དཀར་ཆགབསྟོད་ཚོགས་ཀྱི་སྐོར་ཚོ།

ཕྱོགས་བཅུའི་སངས་རྒྱས་ལ་བསྔགས་པ་སྤྲིན་གྱི་རྔ་སྒྲ།

ཨོཾ་སྭ་སྟི། ཐུགས་རྗེའི་གདུགས་དཀར་ཡངས་པའི་མཆོག་གཅིག་གིས། །སྲིད་དང་ཞི་བའི་གདུང་བ་ཀུན་སྐྱོབ་ཅིང་། །སྤྱོད་པ་བརྒྱད་ཁྲི་བཞི་སྟོང་འཁྲུགས་པའི་གཡུལ། །ཐབས་མཁས་དཔུང་གིས་བཅོམ་པར་མཛད་ལ་འདུད། །རླབས་ཆེན་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ཏེ། །རྗེས་བརྩེའི་གཟིགས་པ་དམ་པའི་གྲུ་ཆེན་གྱིས། །སྲིད་གསུམ་འཁོར་བའི་ཆུ་གཏེར་ཆེན་པོ་ལས། །སྒྲོལ་མཛད་འཇིག་རྟེན་འདྲེན་པ་དེར་ཕྱག་འཚལ། །ཡིད་ལ་ཡེ་ཤེས་མཆོག་གི་གཏེར་བརྙེས་པས། །ཇི་ལྟ་ཇི་སྙེད་མ་འདྲེས་མངོན་སུམ་མཛད། །ཟབ་ཅིང་རྒྱ་ཆེའི་ཆོས་ཀུན་འགྲོ་འདི་ལ། །མངོན་སྟོན་འཕགས་པའི་རྒྱལ་པོ་ལ་ཕྱག་འཚལ། །འཁོན་དང་རྒྱགས་སོགས་ཉོན་མོངས་ཉེས་པའི་ཚོགས། །བྱམས་ཆེན་ཡེ་ཤེས་མཐུ་ཡིས་བཅོམ་ནས་སླར། །བདུད་དང་མུ་སྟེགས་རྣམ་གནོན་ཆོས་ཆེན་གྱི། །རྒྱལ་ཐབས་ལ་བཞུགས་འདྲེན་པ་ཁྱོད་ཕྱག་འཚལ། །སྐྱོབ་པ་རིན་ཆེན་གསེར་གྱི་མཆོད་སྡོང་ནི། །མཚན་སྟོང་རྣམ་པར་མཛེས་པའི་གཟུགས་ཀྱི་ཕུལ། །འོད་ཟེར་བཀོད་པ་སྟོང་གིས་ཉེར་སྤྲས་པའི། །འོད་སྣང་ཚད་མེད་རྒྱལ་བ་དེར་ཕྱག་འཚལ། །རྨོངས་པའི་རྒྱུ་མཐུན་ཡིད་གཉིས་འཁྲུགས་པའི་བློ། །ཀུན་ནས་འཇོམས་མཛད་ཐུགས་རྗེ་ཐབས་ཆེན་གྱིས། །ཕ་རོལ་སྒྲིབ་གཉིས་དཔུང་ཚོགས་ཇི་སྙེད་པ། །རྣམ་གནོན་དཔའ་བོ་ཆེ་ལ་ཕྱག་འཚལ་ལོ། །སྲིད་པའི་འཁོར་ལོ་རྣམ་པར་བཅོམ་མཛད་ཅིང་། །བླ་ན་མེད་པའི་ཚངས་ཆེན་ཆོས་འཁོར་གྱིས། །ངེས་འབྱུང་ལམ་ལ་འགྲོ་བ་ཀུན་སྒྲོལ་བའི། །དཔལ་གྱི་འབྱུང་གནས་རྒྱལ་བ་དེར་ཕྱག་འཚལ། །ཐུགས་བསྐྱེད་རིན་ཆེན་གདུགས་ཀྱི་གྲིབ་བསིལ་དུ། །འགྲོ་ཁམས་རྒྱ་མཚོ་བཟུང་ནས་འཕགས་ལམ་གྱི། །བདེ་མཆོག་སྣང་བ་སྦྱིན་མཛད་འཇིག་རྟེན་མགོན། །ཡོན་ཏན་ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ཀྱི་བདུད་རྩིའི་བཅུད་མཆོག་གིས། །མི་བཟད་ལས་ཉོན་ཟུག་རྔུ་དྲུང་ཕྱུང་ནས། །དཔའ་ཆེན་སྤྱོད་པ་ཟབ་མོའི་འདུལ་ཐབས་ཀྱིས། །འགྲོ་བའི་རྒྱུད་སྦྱོང་མཚན་རྫོགས་ཁྱོད་ཕྱག་འཚལ། །སྲིད་དང་ཞི་བའི་མཐའ་ལ་མངོན་ཞེན་དང་། །འཇིགས་སྐྲག་མངོན་བཅོམ་གཉིས་མེད་ཡེ་ཤེས་ཉི། །རབ་གསལ་དེ་བརྙེས་གཏི་མུག་མུན་བྲལ་བའི། །ཏིང་འཛིན་མངོན་འཕགས་རྒྱལ་ལ་ཕྱག་འཚལ་ལོ། །མགོན་པོ་སྲིད་པ་ཀུན་ལས་རྣམ་གྲོལ་ཞིང་། །སོ་སོ་རིག་བཞིའི་ཕ་རོལ་ཕྱིན་གྱུར་པས། །འགྲོ་བློའི་ཐེ་ཚོམ་འཆིང་བ་གཅོད་མཛད་པ། །རྒྱལ་བ་དྲི་མེད་སྤྱན་ལྡན་ཁྱོད་ཕྱག་འཚལ། །དེ་ལྟར་ཕྱོགས་བཅུའི་རྣམ་འདྲེན་མཆོག་དག་ལ། །གཅིག་ཏུ་གུས་པའི་བསྔགས་བརྗོད་པདྨོའི་ཕྲེང་། །ལེགས་པར་སྤེལ་ལས་རྣམ་དཀར་གང་ཐོབ་དེས། །འགྲོ་ཀུན་བདེ་གཤེགས་ཤེས་རབ་མཆོག་ཐོབ་ཤོག །བདག་ཀྱང་དེང་ནས་སྐྱེ་བ་ཐམས་ཅད་དུ། །རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །ཐབས་མཁས་སྤྱོད་པ་དམ་པའི་རྗེས་འགྲོ་བས། །འགྲོ་བའི་དོན་ཀུན་རྫོགས་པར་སྒྲུབ་བྱེད་ཤོག །

བདེ་བར་གཤེགས་པ་སུམ་ཅུ་སོ་ལྔ་ལ་བསྟོད་པ་ལྷའི་རོལ་མོ།

ན་མོ་སརྦ་བུདྡྷ་དྷརྨ་སདྒྷ་ཡེ། བགྲངས་ཡས་ཚོགས་གཉིས་ལས་འཁྲུངས་མཚན་དཔེའི་སྐུ། །ཟབ་རྒྱས་ཆོས་ཕུང་གྲངས་མེད་སྟོན་པའི་གསུང་། །རྣམ་པར་མི་རྟོག་ཤེས་བྱ་ཀུན་མཁྱེན་ཐུགས། །དུས་གསུམ་ཕྱོགས་བཅུའི་རྒྱལ་རྣམས་ཕྱག་གི་གནས། །ལེགས་བྱས་མཚོ་ཆེན་བརྩོན་པའི་དྲི་བཞོན་གྱིས། །བསྲུབས་ལས་ལེགས་འཁྲུངས་མཁྱེན་བརྩེའི་ཉི་ཟླ་ནི། །སྐྱེ་རྒུའི་ནང་གི་མུན་སེལ་སྒྲོན་མེའི་ཕུལ། །སྟོན་མཆོག་ཤཱཀྱའི་རྒྱལ་པོ་ལ་ཕྱག་འཚལ། །རྡོ་རྗེ་ཡེ་ཤེས་སྣང་བའི་གཟི་བྱིན་གྱིས། །སངས་རྒྱས་སྙིང་པོ་འགེབས་པའི་སྒྲིབ་གཉིས་དཔུང་། །རབ་ཏུ་འཇོམས་མཛད་སྟོབས་བཅུའི་ཕ་རོལ་ཕྱིན། །སྐྱོབ་པ་མཚུངས་མེད་ཁྱེད་ལ་ཕྱག་མཚལ་ལོ། །ཐུགས་རྗེ་རིན་ཆེན་སྤྲིན་གྱི་གདུགས་དཀར་པོ། །སྲིད་ཞིའི་མཁའ་དབྱིངས་མཛེས་པར་ཡོངས་བཀོད་དེ། །ཐབས་མཁས་འོད་ཀྱི་ཞགས་པས་ས་གསུམ་འགྲོ། །སྒྲོལ་སླད་རྣམ་པར་འཕྲོ་ལ་ཕྱག་འཚལ་ལོ། །ཚོགས་གཉིས་ཆུ་གཏེར་ལ་གནས་ཡོན་ཏན་ལུས། །ཕུལ་བྱུང་གྲགས་པ་དམ་པའི་གདེངས་ཀ་ཅན། །རྣམ་གྲོལ་ཆོས་ཀྱི་སྤྲིན་ཆེན་འབྱུང་བའི་གནས། །རྒྱལ་བ་ཀླུ་དབང་རྒྱལ་པོ་ལ་ཕྱག་འཚལ། །བདུད་བཞིའི་དཔུང་ཆེན་ཤིན་ཏུ་ཤུགས་དྲག་པ། །ཐབས་སྟོབས་ཕུལ་བྱུང་རྡོ་རྗེའི་འཕྲུལ་འཁོར་གྱིས། །ཐལ་བར་བརླགས་མཛད་མཚུངས་མེད་དཔའ་བོའི་སྡེ། །རྣམ་འདྲེན་ཕུལ་བྱུང་ཁྱོད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཡོན་ཏན་དུ་མའི་གངས་ཆེན་མཚོ། །ཡེ་ཤེས་ཀླུ་དབང་རོལ་བའི་འཇིངས་ཟབ་ཅན། །རྟག་པར་གཞན་དོན་ལ་དགྱེས་སྲིད་དང་ཞིའི། །ཕན་བདེ་ཀུན་གྱི་འབྱུང་གནས་ལ་ཕྱག་འཚལ། །ཐུགས་བསྐྱེད་རིན་ཆེན་འབར་བའི་གདེངས་ཀ་ལས། །ཕན་བདེའི་འདོད་པ་མ་ལུས་སྦྱིན་པ་དང་། །ཆབས་ཅིག་ཡེ་ཤེས་མེ་ཡིས་ལས་ཉོན་གྱི། །རྒྱུ་བ་ཀུན་སྲེག་ཁྱོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་རིན་ཆེན་སྙིང་པོ་ལས་འོངས་པའི། །ཟབ་རྒྱས་ཆོས་ཀྱི་སྣང་ཆེན་ཚད་མེད་པས། །འགྲོ་བའི་མུན་སེལ་ཐུགས་རྗེའི་ཟླ་བ་ནི། །ཕན་བདེའི་འོད་སྟོང་འབར་ལ་ཕྱག་འཚལ་ལོ། །ཀུན་ཏུ་ཤེས་བྱའི་གནས་ཚུལ་དེ་ཁོ་ན། །སྒྲིབ་མེད་མཐོང་བ་དམ་པའི་ཕ་རོལ་ཕྱིན། །ཐུགས་རྗེའི་རྒྱུ་མཐུན་རྣམ་མང་མཛད་པ་ཀུན། །རྟག་ཏུ་དོན་ཡོད་ཁྱོད་ལ་ཕྱག་འཚལ་ལོ། །རིན་ཆེན་དུ་མའི་ཁམས་འཛིན་མཚོ་ཆེན་པོ། །བསྲུབས་པའི་དཔལ་ལས་ཉེར་འཐོན་ཟླ་ཤེལ་བཞིན། །བསོད་ནམས་ཡེ་ཤེས་ཚད་མེད་རྒྱུ་མཐུན་ལས། །ཡོན་ཏན་གཏེར་བརྙེས་རྒྱལ་བ་ཁྱེད་ཕྱག་འཚལ། །སྒྲིབ་གསུམ་དྲི་མ་རྟག་ཏུ་ཉེར་ཞི་བའི། །ཟག་པ་མེད་ཐུགས་ཕུལ་བྱུང་མ་དྲོས་མཚོ། །གཟུངས་དང་ཏིང་འཛིན་པདྨོས་ཡོངས་གང་བའི། །རྒྱལ་བ་འཇིག་རྟེན་འདྲེན་པ་ལ་ཕྱག་འཚལ། །སྲིད་དང་ཞི་བའི་ཕན་བདེ་ཀུན་ཀྱི་དཔལ། །ལུང་རྟོགས་རིན་ཆེན་མཛོད་ཀྱི་བགོ་སྐལ་ནི། །མཐའ་ཀླས་འགྲོ་ལ་ཕངས་པ་མེད་སྦྱིན་པའི། །སྐྱེ་རྒུའི་སྐྱོབ་པ་མཚུངས་མེད་ཁྱོད་ཕྱག་འཚལ། །ལྷ་བརྒྱས་ཞབས་ཀྱི་པདྨོར་མངོན་མཆོད་ཅིང་། །ཚད་མེད་ཡོན་ཏན་རིན་ཆེན་རྒྱན་གྱིས་སྤྲས། །ཐུགས་རྗེའི་ཟླ་ཤེལ་གསལ་བའི་ཅོད་པན་ཅན། །རྒྱལ་བ་ཚངས་པ་ཞེས་གྲགས་དེར་ཕྱག་འཚལ། །མཚུངས་པ་མེད་པའི་ཡོན་ཏན་ཀུན་གྱི་གཏེར། །མཚུངས་པ་མེད་པའི་གྲགས་ལྡན་ལྷའི་ཡང་ལྷ། །མཛད་པའི་གཟི་བྱིན་ཕྱོགས་ཀྱི་མཐར་ཁྱབ་པའི། །རྒྱལ་བ་འཇིག་རྟེན་སྒྲོན་མེ་ལ་ཕྱག་འཚལ། །ཐུགས་རྗེའི་ཆུ་ཀླུང་དཔག་མེད་འབབས་ལྡན་ཞིང་། །མཁྱེན་རབ་ལུས་མཆོག་ཡོངས་སུ་རྫོགས་པ་ལ། །ཡོན་ཏན་མཐའ་ཡས་རིན་ཆེན་རྒྱན་འཛིན་པའི། །རྒྱལ་བ་ལྷ་བརྒྱའི་མགོན་ལ་ཕྱག་མཚལ་ལོ། །ཆུ་གཏེར་ལ་གནས་གདེངས་ཅན་གཙོ་རྣམས་དང་། །ལྷ་དང་དྲང་སྲོང་ལྷ་མིན་མི་ཡི་གཙོ། །ཀུན་གྱིས་རབ་མཆོད་ལྷའི་ཡང་ལྷར་གྱུར་པ། །སྟོབས་བཅུ་མངའ་བ་ཁྱོད་ལ་ཕྱག་འཚལ་ལོ། །དཔལ་གྱི་འཁྲི་ཤིང་གཡོ་བའི་གྲིབ་བསིལ་དུ། །སྲིད་དང་ཞི་བའི་རྒུད་པ་མི་གནས་པའི། །ཡོན་ཏན་ཡལ་འདབ་ཕྱོགས་བརྒྱར་རྒྱས་པ་ཅན། །རྒྱལ་བ་བྱང་ཆུབ་ལྗོན་བཟང་ལ་ཕྱག་འཚལ། །གྲགས་པ་མཐའ་ཡས་ཙན་དན་སྤོས་ཀྱི་དྲིས། །ཕྱོགས་མཐར་གཏུགས་པའི་ཞིང་མང་ཡོངས་ཁྱབ་ཅིང་། །དོན་གཉིས་དཔལ་གྱིས་འགྲོ་ཀུན་ཡོངས་སྐྱོབ་པའི། །རྒྱལ་བ་འཇིག་རྟེན་རྣམ་འདྲེན་ཁྱེད་ཕྱག་འཚལ། །སྤངས་རྟོགས་ཕུན་སུམ་ཚོགས་པའི་ཆོས་ཀྱི་ལྷུན། །མཁྱེན་བརྩེའི་ཉི་ཟླ་རབ་ཏུ་གསལ་ལྡན་ཞིང་། །ཟབ་རྒྱས་ཡོན་ཏན་གཟི་བརྗིད་མཐའ་ཡས་པའི། །རྒྱལ་བ་འཇིག་རྟེན་རྒྱན་གྱུར་ལ་ཕྱག་འཚལ། །ཆོས་ཀུན་གཟིགས་པའི་མཁྱེན་བཟང་ལྷའི་ཟླ་བ། །ཐུགས་རྗེའི་འོད་དཀར་གདུལ་བྱའི་མཁར་ཁྱབ་ཅིང་། །སྲིད་གསུམ་གདུང་བ་སེལ་བའི་དཔལ་གྱུར་པའི། །རྒྱལ་བ་སྐྱེ་དགུའི་སྒྲོན་མེ་ཁྱོད་ཕྱག་འཚལ། །མྱ་ངན་ཀུན་བྲལ་ཟག་མེད་བདེ་བའི་མཆོག །ཉེ་བར་ཐོབ་ནས་སྲིད་གསུམ་གདུལ་བྱ་ལ། །དགེ་ཞིང་ཤིས་པའི་དཔལ་ཀུན་བརྩམས་མཛད་པ། །རྒྱལ་བ་བདེ་བའི་འབྱུང་གནས་ཁྱོད་ཕྱག་འཚལ། །སྟོབས་བཅུའི་འཇུག་པ་རྫོགས་པའི་གོམ་སྟབས་ཀྱིས། །སྲིད་པའི་ཁྱོན་ཀུན་གདུལ་བྱར་དབང་མཛད་ནས། །ཡིད་སྲུབ་དཔུང་བཅས་མྱ་ངན་སའི་རུམ་དུ། །རྣམ་གནོན་སྲེད་མེད་བུ་ཞེས་གྲགས་དེར་འདུད། །ཐུགས་བསྐྱེད་ཁོ་ལག་ཡངས་པ་ལྷའི་ལྗོན་བཟང་། །གཞན་ཕན་ཡལ་འདབ་མེ་ཏོག་རབ་རྒྱས་ཤིང་། །ཡིད་ལ་འདོད་དགུ་སྦྱིན་པའི་དཔལ་ཡོན་ཅན། །རྒྱལ་བ་དཔག་བསམ་དབང་པོ་ལ་ཕྱག་འཚལ། །ཚངས་པའི་དབང་པོ་བདེ་འབྱུང་གདེངས་ཅན་སོགས། །སྲིད་ན་ཆེ་དགུའི་རལ་བའི་ཅོད་པན་ལ། །ཞབས་སེན་ནོར་བུའི་འོད་ཟེར་རྣམ་པར་རོལ། །རྒྱལ་བ་མངོན་པར་མཁྱེན་པའི་དཔལ་ལ་འདུད། །འདབ་སྟོང་པདྨའི་ཚལ་ན་འཆར་ཀའི་འོད། །རྣམ་གསལ་ཟེར་གྱིས་རྣམ་པར་མཛེས་པ་བཞིན། །ཐུགས་རྗེའི་རོལ་བ་སྲིད་པའི་ཞིང་ཀུན་ན། །རྣམ་མཛེས་མངོན་པར་མཁྱེན་པ་ལ་ཕྱག་འཚལ། །ཡོན་ཏན་ཟག་མེད་ནོར་བུའི་ཏོག་མཛེས་ཤིང་། །ཕུལ་བྱུང་ཐུགས་བསྐྱེད་གསེར་གྱི་ཡུ་བ་བརླིང་། །རྣམ་འཕྲུལ་མཛད་བརྒྱའི་དར་གྱི་འཕྱང་འཕྲུལ་ཅན། །དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་དེར་ཕྱག་འཚལ། །དྲན་དང་བློ་གྲོས་ཐོགས་པ་མེད་པའི་མཐུས། །ཆོས་ཚུལ་རྒྱ་མཚོའི་ཕ་རོལ་ཕྱིན་གྱུར་ཅིང་། །རྟག་ཁྱབ་ལྷུན་གྱིས་གྲུབ་པའི་འཕྲིན་ལས་ནི། །གདུལ་བྱའི་དཔལ་དུ་གྱུར་ལ་ཕྱག་འཚལ་ལོ། །མཚན་དཔེའི་དཔལ་གྱིས་ཤིན་ཏུ་མཛེས་པའི་སྐུ། །བལྟ་བས་མི་ངོམས་གསེར་གྱི་རི་འདྲ་ཞིང་། །རྒྱལ་བ་རྒྱ་མཚོས་ཡོངས་སུ་བསྔགས་པའི་སྤྲིན། །མཐའ་ཡས་གྲགས་ལྡན་རྒྱལ་བ་ཁྱོད་ཕྱག་འཚལ། །ལྷ་ཡི་དབང་པོའི་ཐོར་ཚུགས་ནོར་བུའི་ཏོག །གང་གི་ཞབས་ཀྱི་མཚན་དཔེ་ལ་རེག་པ། །སྔ་ན་མེད་པའི་རྒྱལ་མཚན་མཆོག་གྲུབ་པའི། །དབང་གི་རྒྱལ་པོ་རྒྱལ་བ་ཁྱེད་ཕྱག་འཚལ། །ཤིན་ཏུ་བཟོད་དཀའི་བདུད་དཔུང་འཁྲུགས་པའི་གཡུལ། །བྱམས་པའི་སྟོབས་ཀྱིས་རྣམ་པར་གནོན་མཛད་དེ། །མཁྱེན་དང་བརྩེ་བའི་དཔལ་གྱིས་རང་གཞན་གྱི། །དོན་གཉིས་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། །བརྒྱད་ཁྲི་བཞི་སྟོང་ཉོན་མོངས་གཡུལ་ཆེན་ལས། །ཤེས་རབ་ཐབས་ཀྱི་མཚོན་ཆེན་འཕྲུལ་འཁོར་གྱིས། །ཤིན་ཏུ་རྣམ་པར་རྒྱལ་བའི་མཆོག་བརྙེས་པ། །རྒྱལ་བ་ལྷ་ཡི་གཙོ་བོ་ཁྱོད་ཕྱག་འཚལ། །མ་འདྲེས་སྟོབས་ཀྱིས་ལྷ་དང་ཚངས་པ་དང་། །དགེ་སློང་བྲམ་ཟེར་བཅས་པ་མ་ལུས་ཀུན། །རྣམ་པར་གནོན་པ་སྲིད་དང་ཞི་བའི་ཡང་། །ཕ་རོལ་གཤེགས་པའི་དཔལ་ལ་ཕྱག་འཚལ་ལོ། །ཀུན་ནས་ཉེ་བར་ཞི་བའི་མཁྱེན་དབྱིངས་སུ། །ཆོས་ཀུན་གཟིགས་པའི་ཡེ་ཤེས་དཀྱིལ་འཁོར་རྒྱས། །སོ་སོ་རིག་བཞིའི་སྣང་ཆེན་བྱེ་བ་འབུམ། །ཡོངས་སུ་བཀོད་པའི་དཔལ་ལ་ཕྱག་འཚལ་ལོ། །ཉི་ཟླ་རིན་ཆེན་འབུམ་གྱི་མཛེས་པ་ཀུན། །མཚན་དཔེའི་ཞལ་གྱི་པདྨས་རྣམ་པར་གནོན། །འཇིག་རྟེན་ཀུན་ན་མཚུངས་པ་མེད་པ་ཡི། །རྒྱལ་བ་མཛེས་པར་གཤེགས་ལ་ཕྱག་འཚལ་ལོ། །བླ་ན་མེད་པའི་ཆོས་མཆོག་རིན་པོ་ཆེ། །ཉེ་བར་བརྙེས་པ་དྲི་མེད་པདྨ་ལྟར། །སྐྱོན་བྲལ་ཞི་བའི་ས་ལ་རབ་ཏུ་བཞུགས། །རྫོགས་པའི་སངས་རྒྱས་རི་དབང་རྒྱལ་པོར་འདུད། །གཞན་ཡང་ཕྱོགས་བཅུའི་ཞིང་མང་མཐའ་ཡས་སུ། །ཡོན་ཏན་རྒྱ་མཚོ་མཚུངས་མེད་གཏེར་བརྙེས་པའི། །རྒྱལ་དང་རྒྱལ་སྲས་མ་ལུས་ཇི་སྙེད་པ། །དུས་གསུམ་གཤེགས་བཞུགས་འབྱོན་གྱུར་ཀུན་ལ་འདུད། །རྒྱལ་བ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་སྤྱོད་ཡུལ་མངོན་དུ་གཟིགས་མོད་ཀྱང་། །རྨོངས་པའི་མུན་འཐིབས་བསྐལ་ངན་སའི་རུམ་དུ། །རྣམ་པར་འཐུམ་བདག་རང་གི་ལས་ཀྱིས་འདོང་། །ཀྱེ་མ་ཀྱེ་མ་རྒྱལ་བ་ཐུགས་རྗེ་ཅན། །ལས་ཀྱིས་མནར་བའི་སྡུག་ལྡན་བདག་འདྲ་ལ། །མགོན་པོའི་ཐུགས་རྗེའི་གཟིགས་པ་མི་འཇུག་ན། །ལོང་བའི་དེད་དཔོན་གཞན་ཞིག་གང་དུ་འཚོལ། །ཀྱི་ཧུད་དུག་མེ་མཚོན་དང་གཡང་ས་སོགས། །འཇིགས་པ་གང་གིས་ཕྱོགས་ཙམ་མི་མཚོན་པའི། །ལས་ཀྱི་གཡུལ་ཆེན་ཤིན་ཏུ་མི་བཟད་པ། །འདི་སྐྱོབ་རྒྱལ་བ་ཁྱེད་མིན་གཞན་སུ་ཞིག །ནད་ཐེབས་བུ་ལ་མ་ཇི་བཞིན། །ལྷག་པར་བརྩེ་བའི་ཡུལ་ཉིད་དུ། །གྱུར་བདག་ཡལ་བར་དོར་ན་ཁྱེད། །སྙིང་རྗེའི་མངའ་བདག་ཇི་ལྟར་རུང་། །བདག་གི་ལུས་དང་ངག་ཡིད་ཀྱིས། །ཉེས་དང་མི་བཟད་གང་བགྱིས་པ། །ཤིན་ཏུ་འགྱོད་པས་སེམས་གཟིར་བའི། །སྨྲེ་ངག་དང་བཅས་བཤགས་ལགས་ན། །ལྟུང་ལྡན་ཀུན་གྱི་མགོན་པོ་རྣམས། །མཐུ་ཆེན་ཐུགས་རྗེའི་ཤུགས་བསྐྱེད་དེ། །འགྱོད་པ་མི་བཟད་མེ་ཡི་དཔུང་། །མཐའ་དག་མྱུར་དུ་ཞི་བར་མཛོད། །གང་གི་རང་བཞིན་རྟག་ཏུ་ཡང་། །ཉེས་པ་ཀུན་དང་མཛའ་མིན་པའི། །འོད་གསལ་རྣམ་ཀུན་མཆོག་ལྡན་གྱི། །གནས་འདི་མྱུར་དུ་མཐོང་བ་སྩོལ། །ཇི་ལྟར་དུག་ལས་ཐར་བ་དང་། །ཉེས་ཅན་བཅིངས་ལས་ཐར་བ་དག །གནས་དེར་སླར་ཡང་འཇུག་མིན་ལྟར། །སྲོག་ལ་ཐུག་ཀྱང་སྡིག་མི་བྱེད། །བདག་གི་ལུས་དང་ངག་གི་ལས། །རྟག་ཏུ་གཞན་ལ་སྨན་པ་དང་། །ཡིད་ནི་རྟག་ཏུ་གཞན་དོན་ལས། །ནམ་ཡང་ཕྱིར་ཕྱོགས་མ་གྱུར་ཅིག །གཞན་གྱི་དོན་ཕྱིར་ལུས་དང་ནི། །སྲོག་ཀྱང་ཡོངས་སུ་བཏང་སྤྲོ་བས། །ཡོངས་སུ་བཟུང་བ་གང་དང་གང་། །གཞན་ཕྱིར་རྟག་ཏུ་གཏོང་བར་ཤོག །ས་དང་རི་གླིང་རྒྱ་མཚོ་དང་། །ཉི་ཟླ་ནམ་མཁའ་ཇི་བཞིན་དུ། །སྐྱོ་དང་ངལ་བ་ཀུན་སྤངས་ཏེ། །ལུས་ཅན་ཀུན་གྱི་ཉེར་འཚོར་གྱུར། །བདག་ནི་དེང་ནས་དུས་ཀུན་ཏུ། །ཡིད་བཞིན་ནོར་དང་བུམ་པ་བཟང་། །དཔག་བསམ་གྱི་ནི་ཤིང་ཇི་བཞིན། །འགྲོ་བའི་རེ་སྐོང་ཉིད་གྱུར་ཅིག །དེ་ལྟར་བདེ་གཤེགས་འཇིག་རྟེན་སྒྲོན་མེ་སྲས་བཅས་ལ། །རབ་ཏུ་དད་བརྒྱའི་བསྟོད་དབྱངས་ལྷ་ཡི་རོལ་མོ་ནི། །ཡོངས་སུ་སྒྲོག་ལས་རྣམ་དཀར་ཕུང་པོ་གང་ཐོབ་པ། །དེས་ཀྱང་འགྲོ་ཀུན་སྟོབས་བཅུའི་གོ་འཕང་མཆོག་འགྲུབ་ཤོག །

བདེ་བར་གཤེགས་པ་བརྒྱད་ལ་བསྟོད་པ་ཚངས་པའི་དབྱངས་སྙན།

ན་མོ་རཏྣ་ཏྲ་ཡཱ་ཡ། ཡིད་འོང་བཻཌཱུར་ཞུན་མའི་ལྷུན་པོ་ལ། །ཉི་མ་བྱེ་བའི་འོད་ཀྱིས་མཛེས་པ་བཞིན། །ལྟ་བས་མི་ངོམས་མཚན་སྟོང་གཟི་འབར་བའི། །བཅོམ་ལྡན་སྨན་གྱི་བླ་མ་ལ་ཕྱག་འཚལ། །དག་གསལ་དྲི་མ་མེད་པའི་བདུད་རྩིའི་གཏེར། །བརྒྱད་ཁྲི་བཞི་སྟོང་རིན་ཆེན་མཛོད་ཀྱིས་གཏམས། །སྲིད་ཞིའི་ཕན་བདེ་ཀུན་གྱི་འབྱུང་གནས་སུ། །གྱུར་གང་ཁྱོད་གསུང་ཆོས་ཀྱི་རྒྱ་མཚོར་བསྔགས། །རྣམ་པར་རྟོག་པའི་དྲི་མ་ཉེར་ཞི་བའི། །ཟག་མེད་ཐུགས་ཀྱི་ཡེ་ཤེས་ནམ་མཁའི་ཁྱོན། །མཁྱེན་གཉིས་ཉི་ཟླ་གསལ་བའི་སྣང་བ་ཅན། །ཐུགས་ཀྱི་གསང་བ་རྨད་བྱུང་དེར་ཕྱག་འཚལ། །མཚན་བཟང་པདྨའི་འདབ་སྟོང་འཛུམ་པའི་ཚལ། །དཔེ་བྱད་བཟང་པོའི་གེ་སར་རྣམ་བཀྲ་ཞིང་། །ཞི་བའི་འོད་བཟང་མཛེས་པའི་མདངས་གསལ་བ། །མཚན་ལེགས་ཡོངས་གྲགས་དཔལ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་སྤྲིན་ཆེན་གདུལ་བྱའི་མཁར་ཁྱབ་སྟེ། །ཟབ་ཡང་ཆོས་ཀྱི་འབྲུག་སྒྲ་སྙན་སྒྲོག་པས། །འགྲོ་ཀུན་གཏི་མུག་གཉིད་ལས་སློང་མཛད་པའི། །མཚུངས་མེད་གསུང་མངའ་ཁྱོད་ལ་ཕྱག་འཚལ་ལོ། །ཇི་ལྟ་ཇི་སྙེད་ཆོས་ཚུལ་ནམ་མཁའི་ཁྱོན། །རབ་གསལ་ཡེ་ཤེས་མཆོག་གི་དཀྱིལ་འཁོར་ནི། །སྒྲིབ་གཉིས་སྤྲིན་གྱི་དྲི་བྲལ་རྣམ་པར་མཛེས། །སྤངས་རྟོགས་མཐར་ཕྱིན་བརྙེས་ལ་ཕྱག་འཚལ་ལོ། །གཟུགས་སྐུའི་དཀྱིལ་འཁོར་མཚན་དཔེའི་ཆ་གང་ཞིང་། །ལྟ་ན་རབ་ཞིའི་འོད་ཀྱི་ཕྲེང་ཚོགས་ཅན། །ལྷ་བརྒྱས་ཞབས་ཀྱི་པདྨོར་ཉེར་བཏུད་པའི། །རྒྱལ་བ་སྒྲ་དབྱངས་རྒྱལ་པོ་ལ་ཕྱག་འཚལ། །ཞལ་བཟང་དྲི་མེད་སྟོན་ཁའི་ཟླ་ཤེལ་ལས། །མཆོག་ཏུ་ཞི་བསིལ་ཆོས་ཀྱི་འོད་དཀར་འབུམ། །སྲིད་པའི་གདུང་བ་འཕྲོག་པའི་བྱེད་པོ་རུ། །སྤྲོ་མཁས་དྲི་མེད་གསུང་མངའ་ཁྱོད་ཕྱག་འཚལ། །རྟག་ཏུ་མཉམ་པར་བཞག་པའི་དགོངས་ཀློང་ནི། །ཟབ་གསལ་རྣམ་པར་མི་རྟོག་ཕ་རོལ་ཕྱིན། །ཟག་པ་མེད་པའི་ཡོན་ཏན་ཀུན་གྱི་གཏེར། །གང་གིས་བརྙེས་པ་དེ་ལ་ཕྱག་འཚལ་ལོ། །རིན་ཆེན་རྡུལ་མང་བརྩེགས་པའི་ལྷུན་པོ་ལ། །ཉི་མ་འབུམ་གྱི་འོད་སྤྲིན་མཛེས་པ་ལྟར། །མཐོང་ན་མི་མཐུན་མེད་པའི་གཟི་བྱིན་ཅན། །གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །ཀ་ལ་པིངྐའི་དབྱངས་ཀྱི་རྗེས་འགྲོ་བའི། །སྙན་དང་དོན་གསལ་ཡོན་ཏན་ཚད་མེད་ཅིང་། །ཐོས་པ་ཙམ་གྱིས་སྲིད་པ་ཐ་མ་རུ། །བགྱིད་ལ་རིངས་པའི་གསུང་བརྙེས་ཁྱོད་ཕྱག་འཚལ། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །རྣམ་པ་ཀུན་གྱི་མཆོག་ལྡན་ཡེ་ཤེས་དབྱིངས། །ཟག་མེད་ཆོས་ཕུང་མ་ལུས་རྫོགས་པའི་གཏེར། །གང་གིས་བརྙེས་པ་དེ་ལ་ཕྱག་འཚལ་ལོ། །རྡུལ་བྲལ་དྭངས་པའི་མཁའ་ལ་ཟླ་བ་ལྟར། །མཛེས་འཛུམ་འོད་ཟེར་སྟོང་གི་དྲ་བ་ཅན། །སྐྱེ་དགུའི་སྒྲོན་མེ་མཚུངས་མེད་ལྷའི་ཡང་ལྷ། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །འཁོར་གྱི་དཀྱིལ་འཁོར་གཅིག་ཏུའང་མ་འདྲེས་གསུང་། །དུས་གཅིག་ཁོ་ནར་གདུལ་བྱའི་བློ་རིམ་བཞིན། །ཆོས་ཀྱི་ཕུང་པོ་དུ་མ་སྟོན་མཛད་པའི། །གསུང་གི་ཆོ་འཕྲུལ་རྫོགས་ལ་ཕྱག་འཚལ་ལོ། །གནས་དང་གནས་མིན་ཤེས་བྱའི་རྒྱུ་འབྲས་ཚུལ། །རྣམ་པར་འབྱེད་ལ་མཚུངས་མེད་བློ་གྲོས་སྟོབས། །བློ་མཆོག་རྣམས་ཀྱིས་བསམ་པར་མི་ནུས་པའི། །ཡེ་ཤེས་ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །རྣམ་གསལ་ཉིན་བྱེད་ཟེར་གྱིས་མི་འཕྲོག་ཅིང་། །སྣང་བ་དམ་པའི་མཐར་སོན་ཡེ་ཤེས་སྐུ། །བལྟར་མི་མངོན་པའི་འོད་ཀྱི་ཕུང་པོ་འབར། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །དོན་དང་ཚིག་འབྲུ་ཕུན་སུམ་ཚོགས་པའི་གསུང་། །ཉེ་རིང་མི་མངའ་གདུལ་བྱའི་རྗེས་འགྲོ་ཞིང་། །ཀུན་གྱི་ཡིད་འཕྲོག་ཕུལ་བྱུང་ཚངས་དབྱངས་ཀྱི། །ཡོན་ཏན་རྫོགས་པར་བརྙེས་ལ་ཕྱག་འཚལ་ལོ། །བསྙེངས་བ་ཀུན་བྲལ་ཡེ་ཤེས་རྡོ་རྗེ་ཡིས། །སྒྲིབ་གཉིས་བྲག་རི་རྩད་ནས་བརླགས་མཛད་དེ། །སྲིད་ཞིའི་འཇིགས་པ་ཀུན་ལས་རྣམ་གྲོལ་བའི། །མི་གནས་ཡེ་ཤེས་བརྙེས་ལ་ཕྱག་འཚལ་ལོ། །ཡིད་བཞིན་རིན་ཆེན་ལྷུན་པོ་ལྟར་བརྗིད་ཅིང་། །ལྷར་བཅས་ཞིང་ན་ཀུན་གྱིས་རབ་བསྔགས་པའི། །བསོད་ནམས་རྒྱ་མཚོའི་གཟི་བྱིན་མཐའ་ཡས་པ། །བདེར་གཤེགས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་བརྗོད་པ་ཀུན་བྲལ་ཡང་། །གདུལ་བྱའི་ཡུལ་ལ་བརྗོད་པའི་ཆོ་འཕྲུལ་དུ། །སྣང་བའི་ངོ་མཚར་བསམ་འདས་གསུང་གི་དབྱངས། །ཐེག་པ་ཀུན་གྱི་དོན་སྟོན་དེར་ཕྱག་འཚལ། །རྟག་ཏུ་ཞི་ལས་གཡོ་བ་མི་མངའ་བ། །འཇུག་དང་ལྡང་བའི་རྩོལ་བ་ཀུན་བྲལ་ཡང་། །བྱེ་བ་ཕྲག་བརྒྱའི་ཏིང་འཛིན་སྐད་ཅིག་རེར། །མངོན་དུ་མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཤིན་ཏུ་གདུལ་དཀའ་ལྔ་བདོའི་དུས་ཀྱི་འགྲོ། །གང་གིས་སྐྱོབ་པའི་ཐུགས་བསྐྱེད་སྨོན་པའི་སྟོབས། །ཕྱོགས་བཅུའི་རྒྱལ་ཀུན་མགྲིན་གཅིག་བསྔགས་པའི་གནས། །ཐུབ་དབང་པདྨ་དཀར་པོ་ཁྱོད་ཕྱག་འཚལ། །རྒྱལ་བ་ཁྱོད་མཚན་བདུད་རྩིའི་ཟེགས་མ་ཙམ། །གང་གི་རྣ་བར་ལན་གཅིག་ལྷུང་བས་ཀྱང་། །སྒྲིབ་གསུམ་ནད་སེལ་ཟག་མེད་བདེ་བའི་མཆོག །རབ་ཏུ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །དགའ་ལྡན་ལྷ་བརྒྱའི་དབུས་ནས་གཟིགས་པ་ལྔས། །སེར་སྐྱའི་གྲོང་ཁྱེར་སྐྱོང་བའི་མི་དབང་གི། །བཙུན་མོ་བསོད་ནམས་བྱེ་བའི་ལྷུམས་ཡངས་པར། །གླང་ཆེན་ཐལ་དཀར་ལྟར་གཤེགས་ཁྱོད་ཕྱག་འཚལ། །ལྷ་མང་དགའ་བའི་མཆོད་སྤྲིན་བྱེ་བ་བརྒྱས། །ཤིན་ཏུ་མཛེས་བྱས་ལུམྦིའི་ཚལ་ཆེན་པོར། །མཚན་དཔེའི་འོད་སྟོང་གསར་དུ་འཆར་བའི་མོད། །ངོ་མཚར་ལྟས་བཟང་སྣང་བར་མཛད་ལ་འདུད། །སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་མཐར་སོན་པ། །དྲེགས་ལྡན་འབུམ་གྱི་ཁེངས་པའི་སྟོབས་འཕྲོགས་ཏེ། །འགྲན་ཟླ་བྲལ་བའི་ངོ་མཚར་དཀར་ཕྱོགས་ལྷས། །རབ་ཏུ་བསྔགས་པ་ཁྱོད་ལ་ཕྱག་འཚལ་ལོ། །ལྟ་ན་སྡུག་པའི་བཙུན་མོའི་འཁོར་རྣམས་ལ། །ཡིད་སྲུབས་མཐུ་བཅོམ་སྒྱུ་མའི་རོལ་རྩེད་ཀྱིས། །འཇིག་རྟེན་ཆོས་དང་མཐུན་པར་བསྐྱངས་མཛད་པས། །སྒྲོ་སྐུར་སྤངས་པའི་ཐབས་མཁས་སྟོན་ལ་འདུད། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་རླབས་འཁྲུགས་པའི། །སྲིད་བའི་ཆུ་གཏེར་ཆེ་ལས་ཐུགས་དབྱུང་སྟེ། །དྲང་སྲོང་སྤྱོད་པ་དམ་པའི་རྗེས་འགྲོ་བས། །ཞི་བའི་ནགས་སུ་གཤེགས་ལ་ཕྱག་འཚལ་ལོ། །མཆོག་ཏུ་རྙེད་དཀའི་གོ་འཕང་བདུད་རྩིའི་གནས། །གཡེང་བཅས་འབད་པ་ཟུག་རྔུས་རྙེད་མིན་ཞེས། །སྟོན་སླད་དཀའ་ཐུབ་ཕུལ་བྱུང་ལ་བསྟེན་ནས། །བསམ་གཏན་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། །བྱེ་བ་ཕྲག་བརྒྱའི་བདུད་སྡེ་འཁྲུགས་པའི་གཡུལ། །བྱམས་པའི་མཚོན་གྱིས་རྣམ་པར་བཅོམ་ནས་སླར། །བདུད་ཀྱི་བུ་མོའི་བསླུ་བའི་སྒྱུ་ཐབས་ཀྱང་། །ཏིང་འཛིན་མཐུ་ཡིས་ཕམ་པར་མཛད་ལ་འདུད། །མ་ག་ངྷཱ་ཡི་བྱང་ཆུབ་ཤིང་དྲུང་དེར། །སྲིད་པའི་དྲི་མ་ཤིན་ཏུ་ཕྲ་བ་ཡང་། །རྡོ་རྗེ་ལྟ་བུའི་ཏིང་འཛིན་མཐུས་བཅོམ་ནས། །བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། །ཞི་བསིལ་ཚངས་པའི་འཁོར་ལོ་ཟླ་མེད་པ། །ཚངས་དབང་ལྷས་བསྐུལ་ཝ་ར་ཎ་སི་སོགས། །ཁྱད་འཕགས་གནས་སུ་སྐལ་བཟང་འགྲོ་རྣམས་ལ། །ཡོངས་སུ་སྣང་བར་མཛད་ལ་ཕྱག་འཚལ་ལོ། །ཆོས་ཀུན་སྒྱུ་མ་སྙིང་པོ་མེད་པའི་དོན། །རྟོགས་པའི་མཐུ་དང་ཐབས་མཁས་ཆོ་འཕྲུལ་གྱིས། །སྟོན་པ་དྲུག་སོགས་ལོག་སྨྲའི་སྡེ་རིས་ཀུན། །ཡོངས་སུ་ཕམ་པར་མཛད་ལ་ཕྱག་འཚལ་ལོ། །བདེ་གཤེགས་སྤྱོད་ཡུལ་ཉམས་པར་མི་མངའ་ཞིང་། །སྐྱེ་རྒ་ན་འཆིའི་སྐྱོན་གྱིས་གཡོ་མིན་ཡང་། །རྟག་འཛིན་ཅན་གྱི་འགྲོ་མང་ཞི་བ་ལ། །བསྐུལ་སླད་མྱ་ངན་འདའ་སྟོན་དེར་ཕྱག་འཚལ། །ལས་ཀྱིས་སྒྲིབ་པའི་འགྲོ་མང་ཇི་ལྟར་ཡང་། །མཚན་དཔེའི་སྐུ་མཆོག་མཐོང་བར་ནུས་མིན་པས། །དེ་དག་བསོད་ནམས་ཕུང་པོ་སྤེལ་བའི་སླད། །སྐུ་གདུང་རིང་བསྲེལ་གྲངས་མེད་སྟོན་ལ་འདུད། །དེ་ལྟར་བདེ་གཤེགས་ཡོན་ཏན་རྒྱ་མཚོ་ལས། །ཆ་ཙམ་བླངས་ཏེ་སྙན་ཚིག་ཚངས་པའི་དབྱངས། །སྙན་པའི་ང་རོར་སྦྱར་བའི་བསྔགས་བརྗོད་ནི། །ཚངས་པའི་སྒྲ་དབྱངས་རྒྱ་མཚོསསླབསླབ་ལེགས་པར་སྟོན། །དེ་ལས་ཐོབ་པའི་ལེགས་བྱས་ལྷའི་ཟླ་བ། །ཆོས་དབྱིངས་ནམ་མཁའི་རྒྱན་དུ་གྲུབ་པ་ལས། །ཕན་བདེའི་འོད་ཀྱི་སྣང་ཆེན་ཚད་མེད་པས། །མ་ལུས་ཕྱོགས་ཀྱི་ཁྱོན་ཀུན་མཛེས་པར་ཤོག །བདེ་གཤེགས་ཁྱོད་ཀྱི་སྐུ་དང་ཞིང་ཁམས་དང་། །འཁོར་དང་མཛད་པ་ཐུགས་བསྐྱེད་སྨོན་པའི་སྟོབས། །མཚན་དང་རྣམ་འཕྲུལ་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྲུབ་པར་ཤོག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ། །

རང་བྱུང་པདྨ་རྒྱལ་པོའི་མཛད་པའི་ཆ་ཤས་ལ་བསྔགས་པ་ཨུཏྤལ་གཞོན་ནུའི་ཕྲེང་བ།

ན་མོ་པདྨ་སཾ་བྷ་ཝ། དྭངས་གསལ་སིནྡྷུའི་རྒྱ་མཚོ་འཁྱིལ་བའི་ཀློང་། །གེ་སར་འདབ་སྟོང་བཀྲ་བའི་ལྷུམས་ཡངས་པོར། །མཚན་དཔེ་རབ་རྫོགས་རྡོ་རྗེའི་སྐུ་བརྙེས་པའི། །འགྲོ་བའི་སྐྱབས་གཅིག་མཚོ་སྐྱེས་རྡོ་རྗེར་འདུད། །ཡེ་ཤེས་སྒྱུ་མར་རོལ་བའི་མཚན་དཔེའི་གར། །ཞི་ཆགས་ཁྲོ་བོའི་རྣམ་རོལ་དེ་དང་དེར། །སྣང་བས་གདུལ་དཀའི་འགྲོ་མང་ཞི་གླིང་དུ། །སྒྲོལ་མཛད་མཚན་མཆོག་བརྒྱད་ལྡན་ཁྱོད་ལ་འདུད། །གངས་ལྗོངས་མུན་གླིང་མདོ་སྔགས་རྒྱལ་བསྟན་གྱི། །ལེགས་ལམ་ཉིན་དཔལ་སྣང་ཆེན་འབྱམས་ཀླས་པས། །མཛེས་བྱེད་བསྟན་པའི་སྒྲོན་མེ་སྐྱེ་དགུའི་མིག །སངས་རྒྱས་གཉིས་པ་ཁྱོད་མིན་གཞན་སུ་ཞིག །འདྲེ་སྲིན་འཐིབས་པའི་ཚང་ཚིང་ཇི་སྙེད་པ། །བརྟུལ་ཞུགས་མེ་དཔུང་འབར་བའི་ཚ་དབལ་གྱིས། །ལན་བརྒྱར་བསྲེགས་ལས་བྱང་ཕྱོགས་བསིལ་ལྡན་ལྗོངས། །ཞི་འཇམ་མཐོ་རིས་གྲོང་གི་དགའ་བས་བྲེལ། །ཟབ་ལས་ཆེས་ཟབ་སྡེ་གསུམ་ཡོ་གའི་བཅུད། །ཐབས་མཁས་གསང་བའི་བརྡའ་རིས་རྒྱལ་ཀུན་གྱི། །གསང་མཛོད་བཅུད་དུ་འགུགས་པའི་ལྡེ་མིག་ཏུ། །འབྱུང་ལྔའི་ཀློང་ཟབ་དགོངས་པའི་རྩལ་གྱིས་བསྡོམས། །སླར་ཡང་གསང་གསུམ་སྒྱུ་འཕྲུལ་མི་ཟད་སྤྲིན། །བསིལ་ལྡན་སྔགས་རིག་གྲུབ་པའི་གདུང་ཚལ་དུ། །རྨད་བྱུང་རིགས་ཀྱི་ཐིག་ལེར་སྨིན་པའི་གྲངས། །བཅུ་ཕྲག་བཅུ་ཡི་མཐའ་ཡས་རབ་བརྒལ་བས། །ཟབ་གསང་གཏད་རྒྱའི་གདམས་མཛོད་སྒོ་ཕྱེ་ནས། །ལས་སྐལ་རྣམ་པར་དག་པའི་ཚོམ་བུའི་འཁོར། །སྨིན་གྲོལ་རྣམ་པ་གཉིས་ཀྱི་གསང་ལམ་ནས། །གྲུབ་གཉིས་རྟོགས་པའི་རྒྱལ་སར་འགོད་ལ་རིངས། །དེ་ལས་བོད་ཁམས་འཛིན་མའི་མཐའ་དབུས་ཁྱོན། །ཆོས་དང་སྲིད་ཀྱི་ཕུན་ཚོགས་བྱེ་བ་བརྒྱས། །འགེངས་པའི་ངོ་མཚར་མཐོ་རིས་ལྷའི་མདུན་སར། །རྨད་བྱུང་ཕུན་ཚོགས་གཏམ་གྱི་གླེང་གཞིར་བྱེད། །རྒྱལ་བ་རྒྱ་མཚོའི་ཡོན་ཏན་གངས་ཆེན་མཚོ། །མཁྱེན་པའི་སྟེགས་སུ་འཁྱིལ་བའི་དགེ་མཚན་ལས། །རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཁྱོད་གཅིག་ཅེས། །སྙན་པར་གྲགས་པའི་གཏམ་ནི་ཡོངས་ལ་སྙན། །གནས་མིན་འདོད་པས་ཟོལ་བསྔགས་གཅམ་བུའི་ངག །རང་གར་ཅ་ཅོས་བྲེལ་མིན་དོན་ལྡན་གྱི། །བསྔགས་བརྗོད་གེ་སར་ཆུན་པོ་འདི་ཙམ་ཡང་། །བསོད་ནམས་རྒྱ་མཚོའི་དབྱིག་གི་སྙིང་པོར་གྲུབ། །དེ་ལས་ཐོབ་པའི་ལེགས་བྱས་ལྷའི་ཟླ་བ། །བསྟན་འགྲོའི་ལེགས་ཚོགས་ཆུ་གཏེར་སྤེལ་བའི་སླད། །ཡོངས་སུ་གང་བའི་དཔལ་ལས་ཕན་དང་བདེའི། །ཀུནྡའི་ཚལ་རབ་འཕེལ་བའི་གཞིར་གྱུར་ཅིག །ཚུལ་འདི་བློ་གསལ་དྷརྨ་བྷཱུ་ཏི་ཡིས། །དོན་གཉེར་ངག་གི་དྲི་བཞོན་གྱིས་བསྐུལ་ཏེ། །གཤིས་ངན་སྦྲུལ་གྱིས་འཁྲིལ་བའི་ཙན་དན་ལྟའི། །ངན་སྤྱོད་མཁན་ངས་སྙན་ཚིག་བསུང་ཞིམ་སྤྲོས། །མངྒ་ལཾ། །

དཔལ་ཨཽ་ཌི་ཡཱ་ནའི་སློབ་དཔོན་ཆེན་པོ་ལ་བསྟོད་པ་སྙན་ཚིག་ཡིད་འཕྲོག་པདྨ་དཀར་པོའི་ཆུན་པོ།

བཅོམ་ལྡན་འདས་གསུང་གི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྤྲོས་པ་ཀུན་གྱི་མཐའ་ལ་མི་གནས་རྣམ་ཀུན་མཆོག་ལྡན་སྟོང་པའི་དབྱིངས། །ཟབ་ཅིང་རྒྱ་ཆེའི་ཡོན་ཏན་མི་ཟད་ཡིད་བཞིན་སྤྲིན་གྱི་ཕྲེང་བ་ཅན། །རྣམ་བཞིའི་ཕྲིན་ལས་བདུད་རྩིའི་ཆར་ལྡན་ཚངས་དབྱངས་ཆོས་ཀྱི་འབྲུག་སྒྲ་སྒྲོག །དཔག་མེད་སྐྱེ་རྒུའི་དེད་དཔོན་མཆོག་གཅིག་མཚོ་སྐྱེས་རྒྱལ་བས་ཤིས་པ་སྩོལ། །རྡུལ་བྲལ་ཞིང་གི་སྟོབས་བཅུའི་མངའ་བདག་ཞིང་འདིའི་འགྲོ་ལ་རྗེས་བརྩེ་བས། །སིནྡྷུའི་ཆུ་གཏེར་མདངས་ལྡན་རབ་རྒྱས་རྣམ་པར་རོལ་བའི་སྒེག་མོའི་ལྷུམས། །ཡེ་ཤེས་ཐུགས་རྗེའི་ས་བོན་གྱིས་སྦྲུམ་མཚན་དཔེ་བྱེ་བའི་དཔལ་འབར་བའི། །ཡིད་བཞིན་སྐུ་མཆོག་མཚོ་ལས་སྐྱེས་པའི་རྡོ་རྗེ་ཞེས་གྲགས་ཁྱོད་ལ་འདུད། །འཛམ་གླིང་ཡུལ་གྱི་ལྟེ་བར་རབ་གྲགས་མ་ག་དྷ་ཡི་གནས་མཆོག་ཏུ། །བདུད་བཞིའི་དཔུང་བཅོམ་ཡོན་ཏན་ཀུན་རྫོགས་རྨད་བྱུང་མཚན་དང་དཔེ་བྱད་འབར། །ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་བདུད་རྩིས་འགྲོ་སེམས་དྲི་མ་སྦྱོང་མཛད་པའི། །བསྟན་པའི་བདག་པོ་གཉིས་པར་གྱུར་གང་ཤཱཀྱ་སེདྒེར་གྲགས་ལ་འདུད། །ཐུན་མོང་ཐུན་མིན་ཤེས་བྱའི་རྣམ་གྲངས་མ་ཚང་མེད་པའི་གནས་མཐའ་དག །ཇི་ལྟ་ཇི་སྙེད་ཡེ་ཤེས་གཟིགས་པས་སྤྲོས་དང་སྤྲོས་བྲལ་དེ་ཁོ་ནར། །ཇི་བཞིན་རབ་གཟིགས་ཐམས་ཅད་མཁྱེན་པའི་གྲགས་སྙན་ཕྱོགས་ཀྱི་ཁོར་ཡུག་མཐའ། །ཉུལ་བའི་ངང་ཚུལ་བདེན་པར་སྨྲ་པོ་ཀུན་མཁྱེན་བློ་ལྡན་མཆོག་སྲེད་ཞབས། །ཐུགས་བསྐྱེད་རིན་ཆེན་གསེར་གྱི་རྩིབས་སྟོང་གདུལ་བྱ་གླིང་བཞིའི་མཁར་འགྲོ་ཞིང་། །ཐབས་མཁས་མཛད་བརྒྱའི་བཀའ་ཁྲིམས་ཕུལ་བྱུང་ལས་སྐལ་ལྡན་རྣམས་སྒྲོལ་མཛད་པ། །ཆོས་ཆེན་རྒྱལ་སྲིད་བདག་གིར་བྱེད་ལ་ཁ་སྦྱོར་བདུན་གྱི་སྒྱུ་ཐབས་ཅན། །རང་བྱུང་ལྷུན་གྲུབ་པདྨ་རྒྱལ་པོ་རྒྱལ་བ་རྒྱ་མཚོས་བསྔགས་ཁྱོད་རྒྱལ། །བསྡུ་བཞིའི་གྲིབ་བསིལ་ཕྱོགས་ཀྱི་རྗེས་འགྲོ་གྲོང་ཁྱེར་གསུམ་གྱི་གདུང་བ་འཕྲོག །མཉམ་ཉིད་དགོངས་པ་དབྱིངས་ལས་མི་གཡོ་ཡེ་ཤེས་མཆོག་གི་སྡོང་པོ་བསྟེན། །ཕན་བདེའི་དྲི་བསུང་གདུལ་བྱའི་ཞིང་ཁྱབ་ཟག་པ་མེད་པའི་དགའ་སྟོན་སྦྱིན། །ཡོན་ཏན་མཐའ་ཡས་ཕྱོགས་བཅུར་རབ་གྲགས་དཔལ་ལྡན་པདྨ་སཾ་བྷར་འདུད། །སོ་སོ་རིག་བཞིའི་བློ་གྲོས་དྲི་མེད་ཉི་མ་འབར་བའི་གདེངས་ཀ་ནི། །རྨོངས་དང་ཐེ་ཚོམ་འཐིབས་པོའི་གདུང་སེལ་མ་ཆགས་ཐོགས་མེད་གཟིགས་པ་དག །དཔལ་སྟུག་ཡོངས་ཀྱི་མཁྱེན་པའི་དོ་ཟླར་ཆས་པ་མིན་ནམ་འཕྱང་མོ་ཉུག །ཤེས་བྱ་ཀུན་གཟིགས་ཉི་མ་འོད་ཟེར་མཚུངས་མེད་ཁྱོད་གཅིག་དད་བརྒྱས་བསྟོད། །སྟོབས་བཅུའི་ཡེ་ཤེས་མཚུངས་པ་མེད་པས་བརྒྱད་ཁྲི་བཞི་སྟོང་བདུད་སྡེའི་གཡུལ། །ཕྱེ་མར་བཏགས་ཏེ་དཔའ་ཆེན་གང་གི་ཟབ་དང་རྒྱ་ཆེའི་མཚོན་ཐབས་ཀྱིས། །སྲིད་གསུམ་སྡུག་བསྔལ་ཤིན་ཏུ་རྒྱ་ཆེའི་དཔུང་མང་གཞོམ་ལ་བསྙེངས་བྲལ་བའི། །བདུད་འཇོམས་རིག་སྔགས་བརྟུལ་ཞུགས་མཆོག་གྲུབ་སེདྒེ་སྒྲ་སྒྲོག་ཞབས་ལ་འདུད། །ཚོགས་བརྒྱད་འཁྲུལ་སྟུག་ཕྱེ་མར་བརླག་བྱེད་ཡེ་ཤེས་རྡོ་རྗེའི་འཕྲུལ་འཁོར་ཅན། །སྲིད་གསུམ་དུག་ལྔའི་མེ་དཔུང་གཞིལ་མཛད་ཞི་འཇམ་ཐུགས་རྗེའི་ཆུ་རླབས་ཅན། །བདུད་དང་མུ་སྟེགས་ཚང་ཚིང་ཀུན་སྲེག་དྲག་ཤུལ་འབུམ་གྱི་མེ་ཕྲེང་ཅན། །གཅིག་ཏུ་མ་ངེས་རོལ་བའི་གར་བསྒྱུར་ཆེ་མཆོག་རྡོ་རྗེ་གྲོ་ལོད་རྒྱལ། །ཞི་བའི་ཐུགས་ནི་སྙིང་རྗེའི་ཆུས་གང་ཡོངས་སྨན་ཆོས་ཀྱི་གྲུ་ཆར་འབེབས། །ཚངས་པའི་གསུང་ནི་གདུལ་བྱའི་རྗེས་འགྲོ་ཟབ་ཅིང་རྒྱ་ཆེའི་དབྱངས་སྙན་སྒྲོག །མཚན་དཔེའི་སྐུ་མཆོག་ལྟ་བས་མི་ངོམས་མཛེས་པ་སྟོང་གི་ཆ་ཀུན་བསྡམས། །རྡོ་རྗེ་མཆོག་གསུམ་ཡོན་ཏན་རབ་རྫོགས་པདྨ་འབྱུང་གནས་ཁྱོད་ལ་འདུད། །དེ་ལྟར་བསིལ་ལྡན་སཱ་ལའི་ལྗོངས་འདིར་དོན་ཀུན་གྲུབ་པའི་ལུང་རྟོགས་ཆོས། །ཚང་ལ་མ་ནོར་བསྟན་པ་རྒྱ་མཚོ་ཡིད་བཞིན་རིན་ཆེན་མཆོག་གི་མཛོད། །ཐང་མར་བརྡལ་བའི་བྱེད་པོ་གང་དེ་ལྷུན་གྲུབ་རིག་འཛིན་པདྨའི་ཞལ། །གང་གི་བཀའ་དྲིན་ཚད་དང་དཔེ་ཟླས་ནམ་ཡང་མཚོན་པའི་ཡུལ་མིན་པ། །དེ་གཅིག་རྗེས་དྲན་དད་པ་ཁོ་ནས་རབ་བསྔགས་མེ་ཏོག་ཆུན་པོ་འདི། །སྙན་ངག་ཡིད་འཕྲོགས་མཐོ་རིས་ཚལ་ནས་བློ་གྲོས་སོར་མོའི་རྩེར་བླངས་ཏེ། །ལེགས་པར་སྤེལ་བའི་ལེགས་བྱས་ཕུན་ཚོགས་འཛད་པ་མེད་པའི་ཆུ་ཤེལ་ཁམས། །སྲིད་དང་ཞི་བའི་དཔལ་དུ་འབར་ལས་ཕན་བདེའི་སྣང་ཆེན་རྒྱས་གྱུར་ཅིག །ཚུལ་འདི་གཞོན་ནུའི་བརྫུ་ལ་ཉེར་བརྟེན་ཀྱང་། །ཡེ་ཤེས་རྡོ་རྗེའི་ལང་ཚོ་ཆེར་སྨིན་པའི། །སངས་རྒྱས་ཀུན་གྱི་མེས་པོ་གང་དེ་དང་། །དབྱེར་མེད་ནི རྨ་ཀ་དེའི་བཞེད་བསྐང་སླད། །དུག་ལྔའི་ཆུ་གཏེར་འཁྲུགས་པའི་ཀླུང་ཆེན་པོར། །ཐོག་མ་མེད་ནས་བྱིངས་པའི་ངང་ཚུལ་དེས། །སུན་མིན་སླར་ཡང་སྲེད་པའི་བློ་ཉེས་པོ། །གང་དེས་འབྲས་མེད་ངལ་བའི་ཁུར་དུ་སྤེལ། །

རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ་དབྱིངས་ཕྱུག་བདེ་ཆེན་མཚོ་རྒྱལ་མ་ལ་བསྟོད་པ་དཔྱིད་ཀྱི་དཔལ་མོའི་གླུ་དབྱངས།

ན་མོ་བཛྲ་ཝཱ་ར་ཧི། རྣམ་ཀུན་མཆོག་ལྡན་སྟོང་པའི་དབྱིངས་ནི་རྒྱལ་ཀུན་ཡེ་ཤེས་ཕྱག་རྒྱའི་གཟུགས། །ལྷན་སྐྱེས་བདེ་ཆེན་དགའ་བའི་རོས་གང་ཟག་པ་མེད་པའི་ལང་ཚོ་ཅན། །རྗེས་ཆགས་སྒྱུ་མའི་གར་གྱི་ཞགས་པས་ཆགས་བྲལ་ཞི་བའི་ཡིད་ཀྱང་འཆིང་། །སྐུ་གསུམ་དཀྱིལ་འཁོར་མ་ལུས་བསྐྱེད་མཛད་བདེ་ཆེན་གར་གྱི་དབང་མོར་འདུད། །ཀུན་ཁྱབ་ཆོས་དབྱིངས་ཞི་བའི་མཁའ་ལ་ལྷན་སྐྱེས་སྟོང་གཟུགས་འགྲིབ་པ་མེད། །ཕྱི་གསལ་སྣང་ཆའི་སྤྲོས་པ་ཉེར་ཞི་མཁྱེན་ཆ་སྣང་གསལ་ཆ་ཀུན་རྫོགས། །དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་གང་སྟོང་ཆེན་རྡོ་རྗེ་བཙུན་མོའི་གཟུགས། །མི་ཕྱེད་འགྱུར་མེད་བུམ་སྐུའི་སྲོག་ཏུ་ཡོངས་གྲུབ་ཆོས་སྐུའི་ཡུམ་ཆེན་བསྔགས། །ཁ་སྦྱོར་ཡེ་ཤེས་སྒྱུ་མའི་མཚན་དཔེ་བདེ་མཆོག་དཀྱིལ་འཁོར་ཞི་དང་ཁྲོ། །དགྱེས་མཛད་ཕྱག་རྒྱའི་སྒྱུ་ཐབས་ལ་གནས་དཀྱིལ་འཁོར་ཀུན་གྱི་སྤྲོ་བསྡུའི་བདག །ངེས་པ་ལྔ་ལྡན་སྐུ་དང་ཡེ་ཤེས་ཡོངས་སུ་རྫོགས་པའི་རྣམ་བཅས་གཟུགས། །ལོངས་སྤྱོད་མ་འདྲེས་ཡུམ་ལྔའི་གཙོ་མོ་རྡོ་རྗེ་དབྱིངས་ཕྱུག་མ་ལ་འདུད། །གང་ལ་གང་འདུལ་རྗེས་ཆགས་རོལ་པ་མཐའ་ཀླས་དབང་གི་འཕྲིན་ལས་ཀྱིས། །སྣ་ཚོགས་ཁམས་ཅན་འགྲོ་བའི་ཀུན་རྟོག་ཟག་པ་མེད་པའི་བདེ་མཆོག་ལ། །ཡོངས་སུ་སྦྱོར་བའི་ཤེས་རབ་ཕྱག་རྒྱ་འདས་དང་མ་འདས་སྣ་ཚོགས་གཟུགས། །ཅིར་ཡང་བསྒྱུར་མཛད་སྤྲུལ་སྐུའི་མཁའ་འགྲོ་བདེ་ཆེན་མཚོ་རྒྱལ་ཡུམ་ལ་འདུད། །གསུང་གི་རྡོ་རྗེ་འོད་དཔག་མེད་དངོས་བདེ་གཤེགས་རིག་འཛིན་པདྨའི་ཞལ། །ཟག་བྲལ་མཆོག་དགའི་མཆོད་པས་དགྱེས་བསྐྱེད་རྣམ་བཞིའི་ལས་ཀྱི་ཕོ་ཉ་མོ། །བདེ་གཏེར་གསང་བའི་དཀྱིལ་འཁོར་རབ་རྫོགས་འབྲེལ་ཚད་མཆོག་བདེའི་གོ་འཕང་ལ། །མངའ་དབང་འབྱོར་མཛད་སངས་རྒྱས་པདྨའི་ལྕམ་གྱུར་ཁྱོད་ལ་ལན་བརྒྱར་འདུད། །

འཕགས་པ་འཇམ་དཔལ་ལ་བསྟོད་པ་བཻཌཱུརྱའི་ཆུན་པོ།

ན་མོ་མཉྫུ་ཤྲཱི་ཡེ། གསེར་གྱི་རི་ལ་ཉིན་བྱེད་བརྒྱས། །མཛེས་པ་ཇི་བཞིན་གཟི་འབར་ཞིང་། །བཅུ་དྲུག་ལང་ཚོ་རབ་རྒྱས་པའི། །གཞོན་ནུའི་ཚུལ་འཛིན་ཁྱོད་ལ་བསྟོད། །དྲུག་ཅུའི་དབྱངས་རྫོགས་ཚངས་པའི་གསུང་། །ཇི་སྙེད་ཆོས་ཕུང་རྒྱ་མཚོ་ཡི། །རྗེས་སུ་འགྲོ་བའི་མངོན་བརྗོད་ཅན། །ངག་གི་དབང་ཕྱུག་ཁྱོད་ལ་འདུད། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་རྣམས་ཀུན་གྱི་གཏེར་འཛིན་ཅིང་། །བརྗོད་བྲལ་སོ་སོ་རིག་བཞི་བའི། །ཡེ་ཤེས་སེམས་དཔའ་ཁྱོད་ཕྱག་འཚལ། །ཟབ་ཅིང་རྒྱ་ཆེའི་ཡོན་ཏན་གཏེར། །མཁའ་དང་མཉམ་པའི་རང་བཞིན་ནི། །མ་ལུས་ཕྱོགས་བཅུའི་རྒྱལ་རྣམས་ཀྱིས། །རབ་བསྔགས་ཁྱོད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་དག་གི་ཞིང་རྣམས་སུ། །རྣམ་འཕྲུལ་མི་ཟད་བྱེ་བ་བརྒྱས། །དཔག་མེད་འགྲོ་སྒྲོལ་རྒྱལ་ཀུན་གྱི། །འཕྲིན་ལས་ཀུན་འཛིན་ཁྱོད་ལ་འདུད། །འདབ་རྒྱས་གེ་སར་ལ་གནས་པའི། །འོད་སྟོང་དབང་པོ་ཟླ་ཤེལ་གྱི། །རྣམ་པར་ཁེབས་པའི་འོད་ཀྱི་སྟེགས། །ཁྱོད་ཞབས་སེན་མོའི་འོད་ཀྱིས་གནོན། །མཚམས་ཀྱི་སྤྲིན་དང་འཛམ་བུའི་གསེར། །གུར་གུམ་གཞོན་ནུའི་མདངས་འཕྲོགས་པའི། །མཛེས་སྡུག་གང་གི་སྐུའི་ཆ་ཤས། །མཚན་དཔེའི་འོད་སྤྲིན་མཛེས་ལ་བསྟོད། །ལྷ་བརྒྱས་བསྟོད་པའི་ཡིད་འཕྲོག་སྐུ། །ལྷ་རྫས་གསར་པའི་ཉེ་རེག་དང་། །ལྷ་ཀླུ་མི་ཡི་རིན་ཆེན་རྒྱན། །མཛེས་པར་སྤྲས་ལ་ཕྱག་འཚལ་ལོ། །ཟུར་ཕུད་ཨུཏྤལ་མཐོན་ཀའི་རྩེར། །ནོར་བུ་འབར་བའི་ཏོག་བཀོད་པས། །སྲིད་པ་གསུམ་གྱི་རྨོངས་པའི་མུན། །སེལ་བའི་དགེ་མཚན་འཛིན་ལ་བསྟོད། །སིནྡྷུའི་ཆུ་གཏེར་ལ་འགོང་བའི། །ཞལ་བཟང་ལྟ་བས་མི་ངོམས་པར། །སྙིང་རྗེའི་འཛུམ་ལྡན་སྤྱན་རས་ཟུང་། །ཨུཏྤལ་གསར་པའི་འདབ་ལྟར་མཛེས། །མཆུ་སྒྲོས་པདྨའི་འདབ་ཁྲོད་དེར། །ཚེམས་དཀར་གེ་སར་མཛེས་པ་ལས། །ཟབ་རྒྱས་ཆོས་ཀྱི་ཟིལ་མངར་འབུམ། །སྐལ་བཟང་ཀུན་དགའི་དཔྱིད་དུ་འཇོ། །ལྷུན་ཆགས་མགུལ་གྱི་བུམ་བཟང་ལས། །ཆོས་ཀྱི་བདུད་རྩི་ཡོངས་ལ་སྦྱིན། །གསུང་ཉིད་རྣམ་ཐར་སྒོ་གསུམ་གྱི། །འཁྱིལ་རིས་རྫོགས་ཕྱིར་ཆོས་ཀྱི་དུང་། །གསེར་གྱི་རི་དང་གུར་གུམ་ཚལ། །རྣམ་པར་གནོན་པས་སྐུའི་ཆ་ཤས། །མཛེས་བྱེད་འོད་ཀྱི་སྤྲིན་ཆེན་པོ། །ཉི་མ་བྱེ་བའི་གཟི་ལ་འགོང་། །མཛེས་སོ་པདྨ་རྒྱས་པའི་ཚལ། །སྣང་བྱེད་འོད་ཀྱི་ཕྲེང་བས་ཏེ། །ལྷ་བརྒྱའི་ཐོར་ཚུགས་ནོར་བུའི་ཏོག །ཁྱོད་ཞབས་སེན་མོའི་འོད་ཀྱིས་སོ། །སྣང་བར་བྱས་སོ་གླིང་བཞིའི་ཁྱོན། །འོད་སྟོང་འབར་བའི་ཟེར་གྱིས་ཏེ། །ཇི་སྙེད་ཤེས་བྱའི་ཆོས་སོ་ཅོག །བློ་མཆོག་ཁྱོད་ཀྱི་མཁྱེན་པས་སོ། །དག་པར་བྱས་སོ་ལམ་གསུམ་དྲི། །མེས་པོའི་རལ་བའི་ཀླུང་གིས་ཏེ། །བློ་གཏེར་ཁྱོད་བྱིན་ཆུ་རྒྱུན་གྱིས། །སྲིད་གསུམ་ཡིད་ཀྱི་རྨོངས་ཚོགས་འཁྲུད། །ཇི་སྙེད་ཕྱོགས་བཅུའི་ཞིང་ཀུན་ན། །རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱིས། །ཉིན་རེ་བཞིན་ཡང་ལན་བརྒྱ་རུ། །བསྔགས་ཀྱང་ཁྱོད་ཡོན་བརྗོད་ནུས་མིན། །གསུང་གཅིག་ཤེས་བྱ་ཇི་སྙེད་པ། །མངོན་བརྗོད་གྱུར་ནས་ཤེས་བྱའི་དངོས། །མ་འདྲེས་སོ་སོར་སྟོན་ནུས་པའི། །ཚུལ་འདི་སུ་ཡིས་བརྟགས་པར་ནུས། །གདུལ་བྱ་གང་ལ་གང་དགའ་བའི། །ཆོས་ཀྱི་རྣམ་གྲངས་དེ་དང་དེའི། །གསུང་གི་ཆ་རེ་དུས་གཅིག་ཏུ། །སྟོན་པ་ཁྱོད་དང་ཀུན་མཁྱེན་ཆོས། །འགགས་པ་མེད་དང་སྤྲོས་པ་མེད། །ཚིག་འདས་བརྗོད་པ་ཀུན་གྱི་བདག །ཟད་མེད་རྒྱུ་རྐྱེན་ལས་འདས་པ། །ཁྱོད་ཀྱི་གསུང་ཟབ་བསྙད་པར་དཀའ། །བློ་ལ་མི་གནས་ཤེས་བྱ་མིན། །དག་དང་ཤིན་ཏུ་ཟབ་པའི་བདག །ཟག་པ་མེད་པའི་ཕ་རོལ་ཕྱིན། །རྣམ་གྲོལ་ཞི་བ་ཁྱོད་ལ་འདུད། །དམིགས་སུ་མེད་དང་མཐའ་ལས་འདས། །ཤེས་རབ་ཕ་རོལ་ཕྱིན་པའི་བདག །སྤྲོས་མེད་ཟབ་མོ་རྟོག་ཡུལ་འདས། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །དེ་ལྟར་འཇམ་དབྱངས་མགོན་ཁྱོད་ལ། །རབ་གུས་དད་པས་ཆ་ཙམ་ཞིག །བསྔགས་པ་དེས་ཐོབ་རྣམ་དཀར་ཚོགས། །འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། །འཇམ་དབྱངས་མཆོག་གི་ཐུགས་བསྐྱེད་དང་། །རླབས་ཆེན་རྣམ་ཐར་མཚུངས་མེད་པ། །དེ་འདྲ་ཁོ་ནར་བདག་གྱུར་ཏེ། །འགྲོ་ཀུན་བདག་གིས་འདྲེན་པར་ཤོག །

རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ཨུ་དུམ་ཝ་རའི་ཆུན་འཕྱང་།

ན་མོ་རཏྣ་ཏྲ་ཡཱ་ཡ། ཞི་བའི་མཁའ་ལ་ཐུགས་རྗེའི་ཆུ་འཛིན་འཁྲིགས། །ཚངས་དབྱངས་འབྲུག་སྒྲ་གདུལ་བྱའི་ཞིང་ཁྱབ་ལས། །ཕན་བདེའི་ཆོས་ཆར་རབ་ཏུ་འབེབས་མཁས་པའི། །སྐྱེ་དགུའི་བླ་མ་དོན་ཀུན་གྲུབ་པ་རྒྱལ། །རྒྱལ་གསུང་ཆུ་གཏེར་ཆེ་ལ་དབང་བསྒྱུར་ནས། །ལེགས་བཤད་རིན་ཆེན་འབར་བའི་གདེངས་ཀ་ལས། །སྐལ་བཟང་ཡིད་ཀྱི་འདོད་པ་ཀུན་སྩོལ་བའི། །ཀླུ་སྒྲུབ་ཀླུ་ཡི་དབང་པོར་གུས་པས་འདུད། །བྱམས་ཆོས་ཐུགས་ཀྱི་བུམ་བཟང་ལས་འོངས་པའི། །ཟབ་རྒྱས་ཆོས་ཀྱི་བཅུད་མཆོག་ངོམས་མེད་དུ། །འཐུང་ལས་མཁྱེན་སྟོབས་ཕ་རོལ་ཕྱིན་བརྙེས་པའི། །ཐོགས་མེད་ཆོས་ཀྱི་དབང་ཕྱུག་དེར་ཕྱག་འཚལ། །བློ་གྲོས་དྲི་མེད་ཤེལ་གྱི་མེ་ལོང་དུ། །མཐའ་ཡས་ཆོས་ཚུལ་མ་འདྲེས་ཡོངས་བཀོད་དེ། །སྒྲུབ་དང་སུན་འབྱིན་རིགས་པའི་མཚོན་་རྣོན་པོས། །ཕས་རྒོལ་མཐར་བྱེད་ཨརྱ་དཱེ་ཝ་རྒྱལ། །མང་ཐོས་མཁྱེན་རབ་མ་དྲོས་མཚོ་ཆེན་ལས། །བདེན་བཞིའི་གཞུང་ལུགས་ཁ་འབབ་རྒྱུན་སྤྲོས་པས། །ཀུན་རྨོངས་དྲི་མ་དག་བྱེད་མཁས་པའི་ཕུལ། །སངས་རྒྱས་གཉིས་པ་དབྱིག་གི་གཉེན་ལ་འདུད། །འདུལ་ལུང་དྲི་མེད་ལྷ་ཡི་བདུད་རྩིའི་བཅུད། །བློ་གྲོས་གསེར་གྱི་བུམ་པར་བསྐྱིལ་ནས་སླར། །ཐར་འདོད་ཡིད་ལ་ཞི་བསིལ་ཕན་བདེའི་རོ། །སྟེར་མཁས་ཡོན་ཏན་འོད་ལ་ལྷག་པར་གུས། །ཐུབ་བསྟན་ཀེ་ལ་ཤ་རིའི་ལྷུན་པོའི་སྤོར། །འཆད་རྩོད་རྩོམ་པའི་རྩལ་གསུམ་རབ་རྫོགས་པས། །ལུང་རིགས་སེདྒེའི་ང་རོས་ས་གསུམ་ལྗོངས། །དོག་པོར་བགྱིད་མཛད་ཕྱོགས་གླང་ཞབས་ལ་འདུད། །བསླབ་གསུམ་གསེར་གྱི་ཁང་བཟང་ལ་གནས་པའི། །ཡོན་ཏན་རིན་ཆེན་དུ་མའི་མཛོད་ཆེན་པོ། །བསྟན་འགྲོའི་རྒུད་པ་སེལ་བའི་དཔལ་ཡོན་ཅན། །མཚུངས་མེད་ཤཱཀྱ་འོད་ལ་གུས་པས་བསྙེན། །མཁྱེན་རབ་ཆུ་འཛིན་རོལ་བའི་ལྡིང་ཁང་ནས། །ལུང་རིགས་གློག་ཕྲེང་གཡོ་དང་ཆབས་ཅིག་ཏུ། །བརྒལ་བརྟག་གནམ་ལྕགས་འབར་བའི་འཕྲུལ་འཁོར་གྱིས། །ཕས་རྒོལ་མཐར་བྱེད་ཆོས་ཀྱི་གྲགས་པ་རྒྱལ། །བསིལ་ལྡན་ར་བ་དཀར་པོའི་ནང་ལོགས་སུ། །མདོ་སྔགས་ཆོས་ཚུལ་འོད་ཀྱི་སྣང་ཆེན་འབུམ། །སྤྲོ་མཁས་བསྟན་པ་རྒྱ་མཚོའི་མགོན་གཅིག་པུ། །དྲི་མེད་འོད་ཟེར་རྒྱལ་བ་གཉིས་པར་འདུད། །ཐུན་མོང་ཐུབ་པའི་ལྟ་གྲུབ་པདྨོའི་ཚལ། །རྒྱས་མཛད་མཁྱེན་རབ་ཉིན་བྱེད་འབར་བའི་གཟིས། །རྨོངས་དང་ཐེ་ཚོམ་མུན་པ་དྲུང་འབྱིན་པའི། །སྨྲ་བའི་དབང་ཕྱུག་རོང་ཟོམ་ཆེན་པོར་འདུད། །ལྔ་རིག་ཤེས་བྱའི་པད་ཚལ་ཇི་སྙེད་པ། །བློ་གྲོས་ཟེར་གྱིས་གཅིག་ཆར་ཁ་ཕྱེ་ནས། །ལེགས་བཤད་ཟིལ་མངར་ཕྱོགས་བརྒྱར་སྤྲོ་མཁས་པའི། །གངས་ཅན་མིག་གྱུར་ས་སྐྱ་པན་ཆེན་རྒྱལ། །དེ་ལྟར་འཕགས་བོད་མཁས་དབང་རིམ་བྱོན་ལ། །རབ་བསྔགས་མེ་ཏོག་མཐོན་ཀའི་ཆུན་པོ་ཡིས། །ཆ་ཙམ་བསྟོད་པའི་ལེགས་བྱས་གང་ཐོབ་དེས། །འགྲོ་ཀུན་ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་ཤོག །

ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་ཡིད་འཕྲོག་པདྨ་དཀར་པོའི་ཕྲེང་བ།

མཁྱེན་བརྩེའི་ཕ་རོལ་ཕྱིན་གྱུར་ཅིང་། །ཡོན་ཏན་ཀུན་གྱི་གཏེར་བརྙེས་པས། །རང་གཞན་དོན་གཉིས་རྫོགས་པའི་དཔལ། །སྐུ་གསུམ་སྤྱི་གཟུགས་བླ་མར་འདུད། །ཟབ་ཞི་སྤྲོས་བྲལ་ཆོས་དབྱིངས་ཆེན་པོ་མི་གནས་ཡེ་ཤེས་འདུས་མ་བྱས་སུ་ལྷུན་གྱིས་གྲུབ། །རྣམ་ཀུན་མཆོག་ལྡན་ཟག་མེད་ཆོས་ཕུང་རྒྱ་མཚོའི་སྤྲིན་ཆེན་བྲལ་སྨིན་འབྲས་བུའི་དཔལ་ཡོན་རྫོགས། །རྟག་ཁྱབ་ལྷུན་གྲུབ་གདུལ་བྱའི་རྗེས་འགྲོ་རྩོལ་མེད་ཡེ་གྲུབ་བྱ་བ་རྫོགས་པའི་ཕྲིན་ལས་ཅན། །ཐེག་མཆོག་སྟོན་པ་ཀློང་ཆེན་རབ་འབྱམས་ཚེ་རབས་ཀུན་ཏུ་སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཀུར། །ཡོད་དང་མེད་སོགས་སྣ་ཚོགས་སྤྲོས་པའི་ཆོས། །གང་དུ་ཉེར་ཞི་མཐའ་བྲལ་ཆོས་དབྱིངས་མཁར། །རྣམ་པར་མི་རྟོག་ཟབ་གསལ་ཡེ་ཤེས་ཀྱི། །གཟིགས་པ་རྫོགས་པ་རྒྱལ་བ་གཉིས་པར་འདུད། །དག་ཆེན་ཡེ་ཤེས་དགོངས་ཀློང་ཟབ་མོར་མཚན་རྟོག་སྤྲོས་པ་ཉེར་ཞི་ཡང་། །སོ་སོ་རང་རིག་གཟིགས་པ་སྒྲིབ་མེད་ཇི་སྙེད་ཤེས་བྱའི་རྗེས་འགྲོ་བ། །རྣམ་པར་མི་རྟོག་རྟོགས་པའི་མཆོག་ནི་ཆོས་དབྱིངས་ཇི་བཞིན་བསམ་ཡུལ་མིན། །དེ་ཕྱིར་ཁྱོད་གཅིག་རྒྱལ་བ་ཀུན་གྱི་སྤྱི་གཟུགས་ལགས་སོ་ཀློང་ཆེན་ཞབས། །སྙིང་རྗེའི་ཟླ་ཤེལ་མཆོག་ཏུ་བསིལ། །བྱམས་ཆེན་བདུད་རྩི་ཡོངས་ལ་སྨན། །དགའ་ཆེན་སྣང་བ་མཆོག་ཏུ་གསལ། །བཏང་སྙོམས་འོད་དཀར་སྤྲོ་ཁྱེད་རྒྱལ། །སྦྱིན་པའི་རང་བཞིན་སྣ་ཚོགས་གཏེར་གྱིས་ས་གསུམ་འགྲོ་ལ་རབ་དགའ་སྦྱིན། །སྙན་པར་སྨྲ་བའི་ཡིད་འཕྲོག་གཏམ་ནི་སྲིད་གསུམ་གདུལ་བྱའི་རྣ་བར་སྙན། །དོན་སྤྱོད་དམ་པའི་རྣམ་ཐར་མཆོག་ནི་བསླབ་གསུམ་དྲི་མེད་རང་བཞིན་དོན། །དོན་མཐུན་ལེགས་ལམ་ཚུལ་བཞིན་འདོམས་མཁས་ངག་གི་དབང་པོར་དད་བརྒྱས་བསྟོད། །གཟུགས་ཕུང་རང་བཞིན་གདོད་ནས་མ་སྐྱེས་པའི། །ངོ་བོ་ཉིད་གཟིགས་མཁའ་ལྟར་རྣམ་མི་རྟོག །སེམས་ཚོར་ཆོས་ཀྱི་དངོས་ལ་དེ་དང་དེར། །དམིགས་པ་ཀུན་བྲལ་བློ་གྲོས་མཆོག་ལྡན་རྒྱལ། །དགེ་ཆོས་རྒྱ་མཚོ་རྣམ་པར་སྤེལ་ཞིང་ཉེས་བརྒྱའི་རྡུལ་གྱི་དྲི་མ་སེལ། །རྣམ་དཀར་ཚོགས་ཆེན་པདྨོའི་འདབ་སྐྱེད་སྡིག་ལྟུང་རྩ་རུལ་དྲུང་ནས་འབྱིན། །གཅིག་ཏུ་བརྩོན་པའི་དབྱངས་ཀྱི་དཔལ་ནི་ལྷར་བཅས་ཀུན་དགའི་དཔལ་ཡོན་ཅན། །བསམ་ཡས་བློ་མངའ་རྒྱལ་སྲས་ཐུ་བོ་བསམ་ཡས་པ་ཞེས་གྲགས་ཁྱོད་རྒྱལ། །བདེན་གཉིས་རང་བཞིན་སྤང་བླང་མ་ངེས་པར། །ཡང་དག་ཉིད་འཇུག་འདུན་སོགས་ཏིང་འཛིན་གྱིས། །བསམ་ཡས་རྫུ་འཕྲུལ་གནས་ལ་དབང་འབྱོར་བའི། །ཡོན་ཏན་མཆོག་བརྙེས་ཚུལ་ཁྲིམས་བློ་གྲོས་རྒྱལ། །ཆེས་དཀར་དད་པའི་ས་གཞི་རྒྱ་ཆེ་དགེ་ཚོགས་མྱུ་གུ་ཟད་མི་ཤེས། །རྨད་བྱུང་བརྩོན་འགྲུས་དམ་པའི་ཕུལ་འགྲོ་ཡང་དག་ཉིད་སེམས་གཡེངས་པ་མེད། །མ་འདྲེས་བློ་གྲོས་དྲི་མ་མེད་བརྙེས་ཇི་བཞིན་གཟིགས་པའི་རྗེས་འགྲོ་བ། །མཁྱེན་རབ་ཉི་མ་ཚད་མེད་འོད་འགྱེད་འོད་ཟེར་གོ་ཆར་གྲགས་ཁྱོད་རྒྱལ། །རྨོངས་དང་མ་དད་བརྗེད་ངེས་ལ་སོགས་ཀྱི། །གཉེན་པོར་ཆེ་བའི་རྣམ་བྱང་ཡོན་ཏན་སྟོབས། །ཕུལ་བྱུང་དེ་བརྙེས་བདུད་ཀྱི་སྤྱོད་ཡུལ་ལས། །རྣམ་པར་རྒྱལ་བའི་རྒྱལ་བ་ཁྱོད་ལ་འདུད། །ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་བློ་དྲི་མེད་འཕགས་པའི་སྤྱོད་ཡུལ་པ། །བརྩོན་དང་ཏིང་འཛིན་རབ་ཏུ་དགའ་སོགས་ཀུན་ནས་ཉོན་མོངས་འཇོམ་བྱེད་ཕུལ། །ཡང་དག་ཡོན་ཏན་རྣམ་བྱང་རྒྱ་མཚོའི་ཕ་རོལ་སོན་པའི་མཆོག་བརྙེས་པ། །རྒྱལ་སྲས་ཐུ་བོ་པདྨ་ལས་འབྲེལ་བྱང་ཆུབ་བར་དུ་གུས་པས་བསྙེན། །ཇི་ལྟ་ཇི་སྙེད་ཆོས་རྣམས་ལ། །ཐོགས་མེད་ལྟ་དང་རྟོགས་སོགས་ཀྱིས། །ཡང་དག་ཡོན་ཏན་ཕ་རོལ་ཕྱིན། །བློ་གཏེར་ངག་གི་དབང་པོ་རྒྱལ། །གང་ལ་ཆགས་དང་སེར་སྣའི་དྲི་བྲལ་གཏོང་ལ་དགའ་བའི་སེམས་ཀྱི་ཁྱད་པར་རིན་ཆེན་གཏེར། །འགྲོ་མང་ཡོངས་སུ་ཚིམ་པར་མཛད་པའི་སྣ་ཚོགས་འབྱོར་བ་ཤིན་ཏུ་རྒྱ་ཆེའི་རླབས་ཕྲེང་ལས། །བླ་ན་མེད་པའི་གོ་འཕང་ཆེ་མཆོག་ཟོངས་སུ་འགུག་པའི་ཕུན་ཚོགས་ནམ་ཡང་ཟད་མི་ཤེས། །ཆོས་ཀྱི་སྦྱིན་བདག་མཚུངས་པ་མེད་གྱུར་རྒྱལ་བ་གཉིས་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོར་འདུད། །ངེས་འབྱུང་བྱང་སེམས་དྲི་བཞོན་གྱིས་དྲངས་པའི། །ཚུལ་ཁྲིམས་དྲི་མེད་སྟོན་ཀའི་ཟླ་ཤེལ་ལས། །གྲགས་པའི་འོད་དཀར་ཕྱོགས་ཀྱི་རྗེས་འགྲོ་བའི། །ངག་གི་དབང་པོ་རྒྱལ་བ་གཉིས་པར་འདུད། །མི་འཁྲུགས་ཟབ་མོའི་ཕ་རོལ་སོན་པའི་བཟོད་ཆེན་རྒྱ་མཚོ་གཏིང་ཟབ་ལས། །གདུལ་དཀའི་འགྲོ་སྒྲོལ་གཞན་ཕན་རླབས་ཆེན་རིན་ཆེན་མཛོད་ཀྱི་གཏེར་སྤྲོ་བས། །མ་ལུས་འགྲོ་ལ་ཤིན་ཏུ་སྨན་མཛད་ཟབ་མོའི་ཡེ་ཤེས་བསྙེངས་བྲལ་བའི། །བསྟན་པ་མཐར་ཕྱིན་རྡོ་རྗེ་གཟི་བརྗིད་ཚེ་རབས་གཏན་གྱི་སྐྱབས་སུ་བསྙེན། །བགྲང་ཡས་བསྐལ་བར་ནམ་ཡང་མི་ངལ་བའི། །རླབས་ཆེན་གོ་ཆ་མཆོག་དང་སྦྱོར་བའི་སྟོབས། །ཤིན་ཏུ་ཕུལ་བྱུང་ཕྱོགས་བཅུའི་ཞིང་མང་ན། །གྲགས་པ་མཐའ་ཡས་ཁྱོད་ལ་མགོས་ཕྱག་འཚལ། །གཡེང་དང་བག་མེད་འདུ་འཛིའི་རླུང་གིས་ནམ་ཡང་གཡོ་བར་ནུས་མིན་པའི། །བསམ་གཏན་མཆོག་གི་རིན་ཆེན་ལྷུན་པོ་ཡོན་ཏན་ལྷ་གནས་འབྱོར་བ་ཅན། །ཇི་ལྟ་ཇི་སྙེད་སོ་སོ་རིག་ཆོས་མཚུངས་མེད་ལྷག་མཐོང་ཉི་ཟླ་གསལ། །ཏིང་འཛིན་དྲི་མེད་ཆོས་ཀྱི་འོད་ཟེར་རྒྱལ་བ་ཀུན་དངོས་ཁྱེད་ལ་འདུད། །ཆོས་དང་ཆོས་ཅན་སྤྲོས་པ་ཀུན་བྲལ་བའི། །དེ་བཞིན་ཉིད་དབྱིངས་རྟག་ཏུ་མཉམ་བཞག་ཀྱང་། །རིག་རྩལ་སྤོབས་པའི་གཏེར་བརྒྱད་ཡོངས་གྲོལ་བས། །ཤེས་བྱ་ཀུན་གཟིགས་བློ་གྲོས་མཆོག་ལྡན་རྒྱལ། །ཟག་མེད་ཡེ་ཤེས་རྡུལ་བྲལ་དེ་བརྙེས་མཆོག་ཏུ་དགའ་བའི་ཕ་རོལ་སོན། །ཀུན་ནས་ཞི་བའི་ཡོན་ཏན་ཡོངས་རྫོགས་སྟོན་ཀའི་ཟླ་ལྟར་རྣམ་པར་དག །ཡེ་ཤེས་སྣང་བ་མཆོག་ཏུ་གསལ་བ་ཉི་མའི་འོད་བཞིན་མཚུངས་པ་མེད། །རྟོགས་པའི་འོད་འཕྲོ་སྒྲིབ་གཉིས་མུན་སེལ་དྲི་མེད་འོད་སྟོང་འབར་ལ་འདུད། །སྦྱངས་དཀའི་དྲི་མ་མཐའ་དག་རིང་དུ་སྤངས། །བྱམས་པའི་སྟོབས་ཀྱིས་བདུད་སྡེའི་གཡུལ་ལས་རྒྱལ། །བསམ་གཏན་མངོན་ཤེས་ཚད་མེད་གཏེར་བརྙེས་པའི། །ཐམས་ཅད་མཁྱེན་པ་དྲི་མེད་འོད་ཟེར་རྒྱལ། །མི་གནས་ཆོས་དབྱིངས་སྤྲོས་པ་ཀུན་བྲལ་ཤིན་ཏུ་ཞི་བ་དམ་པའི་དོན། །སོ་སོ་རང་རིག་བློ་གྲོས་མཆོག་གི་ཕ་རོལ་ཕྱིན་ནས་མངོན་སུམ་ཡང་། །གཅིག་དང་ཐ་དད་མཚན་མའི་དངོས་དང་དེར་ཞེན་བློ་ཡིས་བསམ་མི་ཁྱབ། །འགོག་པ་ཡང་དག་ཞི་བ་ཆེ་བརྙེས་རྒྱལ་སྲས་ཐུ་བོ་ཁྱོད་ཕྱག་འཚལ། །གང་དུ་མཚན་རྟོག་ཆུང་ངུའི་དྲི་མ་ཡང་། །ཡེ་ཤེས་ཆབ་ཀྱིས་ཉེ་བར་སྦྱངས་ནས་སླར། །ཡོན་ཏན་ལུས་རྫོགས་རྟོགས་པའི་གཟི་བྱིན་གྱིས། །ཐེག་དམན་ཟིལ་གནོན་འཕགས་མཆོག་ཁྱེད་ལ་འདུད། །འདུ་ཤེས་སྣ་ཚོགས་རྣམ་པར་བཤིགས་པའི་ཡེ་ཤེས་རྡོ་རྗེ་མི་ཕྱེད་བརྟན། །ཀུན་ནས་ཉོན་མོངས་བག་ལ་ཉལ་ཀུན་ལན་བརྒྱར་གཅོད་བྱེད་ཆེས་རྣོ་བའི། །རྡོ་རྗེའི་རལ་གྲི་ཕུལ་བྱུང་ཡེ་ཤེས་སྟོབས་ཀྱི་ཕ་རོལ་ཕྱིན་བརྙེས་པའི། །སེམས་དཔའ་ཆེན་པོ་དྲི་མེད་འོད་ཟེར་དུས་རྣམས་ཀུན་ཏུ་དད་བརྒྱས་འདུད། །དབང་བཅུའི་མཐར་སོན་ཡོན་ཏན་རྫོགས་པའི་སྐུ། །སོ་སོ་རིག་བཞིའི་མཁྱེན་རབ་མཐའ་ཡས་པས། །ཞིང་དང་ཡེ་ཤེས་སྤྱོད་ཡུལ་རྣམ་དག་པའི། །ཡོན་ཏན་དེ་བརྙེས་དྲི་མེད་འོད་ཟེར་རྒྱལ། །ཤེས་བྱའི་དྲི་མ་ཤིན་ཏུ་ཕྲ་བ་གང་གིས་བཅད་ནས་གཏོར་གྱུར་པས། །དེ་ཡི་མོད་ལ་ཡེ་ཤེས་རྒྱ་མཚོའི་ཕ་རོལ་ཕྱིན་ལ་རབ་འཇུག་པའི། །རྒྱལ་ཚབ་སེམས་དཔའ་ཕྱིར་མི་ལྡོག་གཙོ་དབང་མཆོག་ཉེ་བར་སྦྱིན་ལྡན་པའི། །ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ཁྱོད་གཅིག་སྤྱི་བོའི་ཏོག་ཏུ་གྱུར། །ཚུལ་འདི་བསྟོད་འདོད་གཅམ་བུས་མ་ལགས་རབ་བསྔགས་དོན་དང་ལྡན་པ་སྟེ། །རྒྱལ་སྲས་ཐུ་བོ་ཟུར་ཕུད་ལྔ་པ་མངོན་སུམ་བཤེས་གཉེན་ཚུལ་བཟུང་ཁྱོད། །ས་ལམ་ཡོན་ཏན་རྩེ་མོར་སོན་གྱུར་གདོད་མའི་མགོན་དང་མཚོ་སྐྱེས་རྗེའི། །བདེན་གསུང་ཚད་མ་དཔང་དུ་གྱུར་ན་སུ་ཞིག་སོམ་ཉི་གནས་སྲིད་དམ། །ཡོངས་ཡེ་ཤིན་ཏུ་ཞི་བ་ཆེན་པོའི་ཐུགས། །ཇི་ལྟ་ཇི་སྙེད་ཤེས་བྱའི་རྗེས་འགྲོ་ཡང་། །རྣམ་པར་མི་རྟོག་བསམ་ཡས་ཡོན་ཏན་མཛོད། །ཡོངས་སུ་རྫོགས་པ་ཀུན་མཁྱེན་ཆོས་རྗེ་ཡིན། །ཁྱོད་ཀྱི་ཡོན་ཏན་གངས་ཆེན་མཚོ་ནི་ནམ་མཁའི་མུ་ཁྱུད་ལས་ཀྱང་བརྒལ། །དེ་དེའི་མངོན་བརྗོད་ཕྱོགས་བཅུའི་རྒྱལ་བས་བསྐལ་པར་བགྲངས་ཀྱང་མཐར་གཏུགས་མེད། །དེ་ཕྱིར་ཁྱོད་གཅིག་བསམ་ཡས་པ་ཞེས་གྲགས་པ་དོན་ལྡན་ཀློང་ཆེན་ཞབས། །འོན་ཀྱང་རབ་བསྔགས་མེ་ཏོག་ཕྲེང་བའི་རྒྱན་འདི་དད་པ་ཁོ་ནས་སྦྱར། །ལྗོངས་འདིར་བསྟན་པ་ཡོངས་རྫོགས་ཉེ་ལམ་མཆོག །ཚང་ལ་མ་ནོར་དར་ཞིང་རྒྱས་པའི་དྲིན། །བསམ་བཞིན་བསྟན་པའི་མངའ་བདག་ཁྱོད་ཁོ་ནའི། །མཛད་པའི་ཚུལ་ལ་སླར་ཡང་བསྔགས་པར་སྤྲོ། །ཐུན་མོང་ཐུན་མིན་གཞུང་ལུགས་རབ་འབྱམས་མ་འདྲེས་འཆད་ལ་ཐོགས་མེད་ངག་གི་དབང་ཕྱུག་བརྙེས། །ཕས་རྒོལ་ལོག་རྟོག་བྲག་རི་མཐར་བྱེད་ལུང་རིགས་གནམ་ལྕགས་འཕྲུལ་འཁོར་ཅན། །ཟབ་རྒྱས་གཞུང་ལུགས་ཤིན་ཏུ་རྨད་བྱུང་དབྱངས་ཅན་མགྲིན་པ་རོལ་པའི་དབྱངས། །སྤེལ་མཁས་ཁྱོད་གཅིག་བསིལ་ལྡན་ལྗོངས་ཀྱི་ཤིང་རྟ་ཆེན་པོར་བསྙོན་དང་བྲལ། །ཐོས་པའི་ཆུ་ཀླུང་བྱེ་བ་བརྒྱ། །གང་བློའི་སྟེགས་བུར་ཉེར་ཐོབ་པས། །མང་ཐོས་རྒྱ་མཚོའི་ཐུ་བོ་ཁྱོད། །དབྱིག་གི་གཉེན་དང་སོམ་ཉིར་གྱུར། །བསམ་བྱུང་ཡོན་ཏན་ཕ་མཐའ་མི་མངོན་ཆོས་རྣམས་ཀུན་གྱི་ཡུལ་ཅན་ཉིད། །ཞིབ་མོར་འབྱེད་ལ་འཕགས་བློའི་ཁྱད་ཆོས་ཡོངས་སུ་རྫོགས་པའི་དཔལ་ཡོན་ཅན། །ཁྱོད་བློའི་དོ་ཟླར་བཟོད་པ་མིན་ཞེས་ཕྱོགས་ཀྱི་གླང་པོའི་སྤོབས་པའི་མཐུ། །འཇམ་དབྱངས་མགོན་གྱིས་ལན་བརྒྱར་བསྐྱེད་སྙམ་སོམ་ཉིར་གྱུར་ཏོ་ཀློང་ཆེན་ཞབས། །བསྒོམ་བྱུང་སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས། །ཇི་ལྟ་ཇི་སྙེད་མ་འདྲེས་མངོན་སུམ་གཟིགས། །རྟག་ཏུ་མི་གཡོ་མཉམ་ཉིད་ངང་ལ་བཞུགས། །ཀུན་མཁྱེན་ཆོས་སྐུའི་བླ་མ་ཁྱོད་ཕྱག་འཚལ། །བཅུ་ཕྲག་རིག་གཞུང་རྣམ་པར་འབྱེད་ལ་ཟླ་དང་བྲལ་བའི་སྤོབས་པ་ཅན། །ཕྱི་ནང་གྲུབ་མཐའི་གནས་ཀུན་གཟིགས་པས་ཕྱོགས་ལས་རྣམ་རྒྱལ་གྲགས་པ་འབར། །སྨྲ་མཁས་བྱེ་བའི་གཙུག་གི་རྒྱན་གཅིག་འཛམ་གླིང་ལྗོངས་ན་མཛེས་པའི་རྒྱན། །མི་ཡི་སེདྒེ་ཀློང་ཆེན་ཞབས་ཁྱོད་རྣམ་གསུམ་དད་པས་གཙུག་ཏུ་བཀུར། །རྣམ་གསུམ་ཚུལ་ཁྲིམས་པདྨའི་ཚལ། །བག་ཡོད་ཉི་གཞོན་དང་འགྲོགས་པས། །ཡོན་ཏན་སྦྲང་རྩིའི་ཁུར་དུད་པའི། །ཁྲིམས་ལྡན་བྱེ་བའི་གཙུག་རྒྱན་རྒྱལ། །མཆོག་ཏུ་དགེ་བའི་ཐུགས་ནི་ཉི་མ་བཞིན་དུ་ཀུན་ལ་སྙོམས། །དྲང་པོར་སྨྲ་བའི་གསུང་ནི་བདུད་རྩི་བཞིན་དུ་ཡོངས་ལ་སྨན། །ཞི་འོད་ཆགས་པའི་སྐུ་ནི་ལྟ་བས་མི་ངོམས་ཟླ་ལྟར་མཛེས། །ཀུན་ཏུ་དགེ་བའི་རང་བཞིན་བཟང་པོ་ཀུན་ལྡན་ཁྱོད་ཕྱག་འཚལ། །མཛོད་ཆེན་བདུན་གྱི་ཤིང་རྟའི་སྲོལ་ཕྱེས་ནས། །བསྟན་པ་ཡོངས་རྫོགས་མདོ་སྔགས་ཆོས་ཀྱི་ཚུལ། །ཕྱི་མའི་མཐར་ཡང་དར་ཞིང་རྒྱས་མཛད་པའི། །བསྟན་པའི་མངའ་བདག་ཀུན་མཁྱེན་བླ་མ་ཡིན། །སྣང་ཞེན་ཐ་མལ་ལྷ་སྔགས་ཆོས་ཉིད་འཁོར་ལོ་རུ། །ཡོངས་སུ་སྦྱངས་ལས་སྣང་སྤྱོད་དཀྱིལ་འཁོར་ཕྱག་རྒྱའི་དལ། །ཡོངས་སུ་རྫོགས་པའི་རྣམ་སྨིན་ཚེ་དབང་ཕྱག་རྒྱའི་ལམ། །མཐར་ཕྱིན་ཟུང་འཇུག་རྡོ་རྗེའི་གོ་འཕང་བརྙེས་ལ་འདུད། །རིག་གདངས་ཆོས་ཉིད་མངོན་སུམ་རྟོགས་པ་ལས། །གོང་འཕེལ་ཉམས་ཀྱི་ཡོན་ཏན་མཐར་ཕྱིན་ཅིང་། །ཟུང་འཇུག་རིག་སྟོང་མཉམ་ཉིད་ཚད་ལ་ཕེབས། །ཆོས་ཟད་མངོན་གྱུར་བྱར་མེད་ཀློང་ཡངས་རྒྱལ། །འོད་གསལ་ཐེག་རྩེའི་ཉེ་ལམ་ལ་བརྟེན་གདོད་མའི་གཞི་ལ་བྱང་ཆུབ་པས། །གང་འདུལ་ཡེ་ཤེས་སྒྱུ་མའི་རོལ་པ་སྣ་ཚོགས་རྣམ་འཕྲུལ་མཐའ་ཀླས་ཤིང་། །ཡེ་ཤེས་སྐུ་ཡིས་མངོན་སུམ་རྗེས་བཟུང་སྐལ་བ་རབ་གྱུར་འགྲོ་རྣམས་ཀྱང་། །རྟོགས་གྲོལ་དུས་མཉམ་གོ་འཕང་ལ་སྦྱོར་རྒྱལ་བ་གཉིས་པ་ཁྱོད་མིན་སུ། །མཁྱེན་རབ་ཉི་མ་འབར་བའི་འོད་རྣོན་གྱིས། །སྣ་ཚོགས་ལྟ་གྲུབ་འཐིབས་པོའི་མུན་བསལ་ཏེ། །མཆོག་གསང་ཐེག་རྩེའི་དགོངས་དོན་པདྨའི་ཚལ། །རྒྱས་མཛད་བསྟན་པའི་སྒྲོན་མེ་ཁྱོད་ལ་འདུད། །མདོ་སྔགས་ཆོས་ཚུལ་ཟབ་ཅིང་རྒྱ་ཆེའི་མ་དྲོས་མཚོ། །མཁྱེན་རབ་དྲི་མེད་རིན་ཆེན་སྟེགས་བུ་ཉེར་བཟུང་ནས། །བསྟན་པ་ཡོངས་རྫོགས་ལེགས་བཤད་ཁ་འབབ་རྣམ་བཞིའི་རྒྱུན། །ཅིར་ཡང་འབེབ་མཁས་གདེངས་ཅན་གཙོ་བོ་ཁྱོད་མིན་སུ། །ཁྱད་པར་གསང་ཆེན་ངེས་པའི་མཐར་ཐུག་དོན། །སྙིང་ཐིག་གསང་བའི་ཉེ་ལམ་མ་ནོར་པ། །ལེགས་པར་འདོམས་ལ་འགྲན་ཟླ་ཀུན་བྲལ་བའི། །ཐེག་མཆོག་སྟོན་པ་དྲི་མེད་འོད་ཟེར་རྒྱལ། །ཀུན་གྱིས་རྟོགས་དཀའ་མཆོག་གསང་རྨད་བྱུང་རྡོ་རྗེ་རྩེ་མོའི་སྙན་བརྒྱུད་གསེར་གྱི་ཡང་ཞུན་བཅུད། །འཇའ་ལུས་སྐུ་བརྙེས་བཱི་མ་ལ་དང་ཨོ་རྒྱན་ཡབ་ཡུམ་ཐུགས་ཀྱི་ཐིག་ལེ་མངོན་ཕྱུང་བ། །ཇི་བཞིན་སྟོན་ལ་གདོད་མའི་མགོན་པོ་སླར་ཡང་འདི་ན་བཤེས་གཉེན་ཚུལ་བཟུང་ཀློང་ཆེན་ཞབས། །སྙིང་པོའི་བསྟན་སྲོག་ཡུན་དུ་འཛིན་བཟོད་ཁྱོད་གཅིག་ཁོ་ནར་གཟུར་གནས་ཀུན་གྱིས་ལན་བརྒྱར་བསྔགས། །ས་འདི་རེར་བཅས་སྲང་ལ་གཞལ་བའི་གྲངས། །ཉུང་ངུར་བགྱིད་པའི་ཡོན་ཏན་ཕུང་པོའི་མཐའ། །བློ་མཆོག་བྱེ་བས་གཞལ་བར་ནུས་མིན་ན། །མ་སྦྱང་བདག་ལྟས་ཕྱོགས་ཙམ་དཔོག་པར་དཀའ། །འོན་ཀྱང་ཁྱེད་དྲིན་ནམ་མཁའི་དབྱིངས་དང་ཕྱོགས་ཀྱི་མཐའ་ལ་ཤོང་མིན་པའི། །རང་བཞིན་དེ་ཤེས་དད་པ་ཁོ་ནས་གཅིག་ཏུ་བྲེལ་བས་སྙན་ཚིག་པདྨོའི་ཆུན་པོ་འདི། །མཛེས་པ་མེད་ཀྱང་ལྷག་བསམ་འོ་མས་ཉེ་བར་དྲངས་ནས་ཁྱོད་ཀྱི་མདུན་སར་ལན་བརྒྱར་ཡང་། །བསྟོད་བསྔགས་མཆོད་སྤྲིན་ཡང་ཡང་སྤྲོ་འདིས་སྙིང་རྗེའི་གཏེར་ཁྱོད་ཡུད་ཙམ་དགྱེས་པ་ཡོད་གྱུར་ཅིག །དེ་ལྟར་རྒྱལ་བ་སྲས་བཅས་མ་ལུས་ཀྱི། །མཁྱེན་བརྩེའི་ཕུང་པོ་གཅིག་ཏུ་བསྡོམས་པའི་དཔྱིད། །རྒྱལ་བ་ཀུན་དངོས་ཀུན་མཁྱེན་ཆོས་ཀྱི་རྗེའི། །གསང་གསུམ་ཡོན་ཏན་ཆ་ཙམ་བསྔགས་པ་ལས། །རྣམ་དཀར་ཕུང་པོ་མཁའ་ལྟར་རྒྱ་ཆེ་སྟོན་ཀའི་ཟླ་ལྟར་ཆེས་དཀར་བ། །གང་ཞིག་ཐོབ་དེས་སྲིད་གསུམ་འགྲོ་བློའི་ཉོན་མོངས་མེ་ཚོགས་ཞི་བྱེད་ཅིང་། །རྣམ་བྱང་ཡོན་ཏན་ཤིན་ཏུ་མཐའ་ཡས་རྨད་བྱུང་ཀུནྡའི་ཚལ་རྒྱས་ཏེ། །སྲིད་ཞིར་མི་གནས་འོག་མིན་ཆེན་པོར་ཕྱམས་ཅིག་མངོན་པར་བྱང་ཆུབ་ཤོག །ཕྱོགས་རྣམས་ཀུན་ཏུ་བདེ་ཅན་ཞིང་ཇི་བཞིན། །ཕུན་ཚོགས་ལེགས་བྱས་འབྱོར་བ་མཐའ་ཡས་ཤིང་། །གནས་སྐབས་མཐར་ཐུག་ཕན་བདེའི་ཚོགས་མང་བས། །མ་ལུས་འགྲོ་ཀུན་རབ་ཏུ་དགའ་བྱེད་ཤོག །ཕན་བདེའི་འབྱུང་གནས་ཀུན་མཁྱེན་རྒྱལ་བའི་ལུང་རྟོགས་ཆོས་ཚུལ་དྲི་མ་མེད། །བཤད་དང་སྒྲུབ་པས་སྲིད་མཐའི་བར་དུ་མི་ནུབ་ཕྱོགས་བརྒྱར་དར་ཞིང་རྒྱས། །དེར་འཛིན་མཁས་གྲུབ་བཤེས་གཉེན་ཚོགས་རྣམས་བསྐལ་པ་རྒྱ་མཚོར་ཞབས་བརྟན་ཅིང་། །ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པའི་དཔལ་གྱིས་ཡོངས་སུ་འབྱོར་བར་ཤོག །བདག་ཀྱང་དེང་ནས་སྐྱེ་བ་ཇི་སྲིད་བར། །ཀུན་མཁྱེན་བླ་མའི་བཀའ་བཞིན་སྒྲུབ་བྱེད་ཅིང་། །རླབས་ཆེན་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ཏེ། །མཐར་ཐུག་ཁྱོད་ཀྱི་ཐུགས་ཀློང་རོ་གཅིག་ཤོག །ནམ་ཞིག་བདེ་གཤེགས་རི་རབ་མར་མེའི་རྒྱལ་མཚན་ཞེས་གྲགས་རྒྱལ་བའི་དབང་པོ་འཇིག་རྟེན་འདིར། །འགྲོ་བའི་སྒྲོན་མེར་བྱོན་པ་དེའི་ཚེ་བདག་ཅག་ཐོག་མའི་འཁོར་གྱི་གཙོ་བོ་ཉིད་གྱུར་ཏེ། །བླ་ན་མེད་པའི་གསུང་གི་བདུད་རྩིས་ཡོངས་སུ་སྐྱོང་བའི་སྐལ་བཟང་ཐོབ་དང་ལྷན་ཅིག་པར། །བྱང་ཆུབ་ལུང་བསྟན་ཕྱིར་མི་ལྡོག་གྱུར་དེ་ཡི་དམ་ཆོས་བསྐལ་པ་རྒྱ་མཚོར་འཛིན་གྱུར་ཅིག །བདག་མཐོང་ཐོས་དང་དྲན་རེག་འགྲོ་བ་རྣམས། །སྲིད་པའི་སྡུག་བསྔལ་རྒྱུར་བཅས་ཟད་ནས་སླར། །ཐམས་ཅད་བདག་གི་གདུལ་བྱ་ཉིད་གྱུར་ཏེ། །ཕྱམས་ཅིག་བླ་མེད་བྱང་ཆུབ་ལ་འགོད་ཤོག །

ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཨོ་རྒྱན་འཇིགས་བྲལ་ཆོས་ཀྱི་དབང་པོ་ལ་བསྟོད་བསྔགས་གཞན་གསོས་དགའ་བའི་དབྱངས་སྙན།

ན་མོ་གུ་རུ་བྷྱ། ཚོགས་གཉིས་ཆུ་གཏེར་ལས་འཁྲུངས་མཚན་དཔེའི་སྐུ། །བརྒྱད་ཁྲི་བཞི་སྟོང་ཆོས་དབྱིངས་རྫོགས་པའི་གསུང་། །ཇི་ལྟ་ཇི་སྙེད་མ་འདྲེས་མཁྱེན་པའི་ཐུགས། །རྒྱལ་བ་ཐུབ་དབང་མཆོག་དེས་ཤིས་པ་སྩོལ། །ངག་ལ་ངག་གི་དཔལ་སྟེར་སྨྲ་བའི་ལྷ། །སྙིང་ལ་སྙིང་གི་མུན་སེལ་འཇམ་དཔའི་དཔལ། །དགྱེས་རོལ་རྣམ་པ་ཀུན་ལྡན་བདག་བློའི་མཛོད། །སོ་སོ་རིག་བཞིའི་གཏེར་གྱིས་རྗེས་སྐྱོངས་ཤིག །རྒྱལ་ཀུན་མཁྱེན་པའི་ཆུ་ཀླུང་བྱེ་བ་སྟོང་། །གང་དུ་འདུས་པའི་མཁྱེན་མཆོག་གངས་ཆེན་མཚོ། །རྙོག་བྲལ་ཤེས་བྱ་ཀུན་གྱི་སྣང་བརྙན་འབུམ། །འཛིན་བཟོད་ཡེ་ཤེས་མེ་ལོང་ཞེས་སུ་གྲགས། །གཅིག་ལས་དུ་མ་འཆར་བའི་ཡེ་ཤེས་དབྱིངས། །རྒྱལ་བ་ཀུན་གྱི་ཡབ་ཅེས་མངོན་བརྗོད་ཀྱང་། །རོལ་པ་མཐའ་ཀླས་རྒྱལ་བའི་ཡེ་ཤེས་ཀྱི། །སྤྱི་གཟུགས་ཉག་གཅིག་སུས་ཀྱང་བསྙོན་དང་བྲལ། །དེ་སླད་ཞིང་དང་དུས་ཀྱི་ཆ་ཇི་སྙེད། །སྒྲོན་མེའི་སྣང་བ་དམ་པ་སྦར་བྱེད་པའི། །ངོ་མཚར་གྲགས་པའི་དཔལ་ཀུན་ཁྱེད་ཁོ་ནའི། །རྣམ་པར་རོལ་བ་གཅིག་ཏུ་ངེས་པར་རྙེད། །དེ་ལས་འཕགས་ཡུལ་རིག་པའི་འབྱུང་གནས་སུ། །མཁས་དང་གྲུབ་པའི་གྲགས་སྙན་འཛམ་གླིང་ལྗོངས། །འགེངས་པའི་ངོ་མཚར་དེ་འཛིན་ཞི་བའི་ལྷ། །རྒྱལ་སྲས་སྤྱོད་པའི་མངའ་བདག་དེར་ཕྱག་འཚལ། །བསིལ་ལྡན་ར་བ་དཀར་པོས་མཛེས་པའི་ལྗོངས། །གང་ནས་འཕགས་པའི་ལུང་བསྟན་ཨུ་པ་ལི། །ལྔ་རིག་ཀུན་མཁྱེན་བུདྡྷའི་མཚན་ཅན་སོགས། །མཁས་གྲུབ་དུ་མར་སྣང་བར་མཛད་ལ་འདུད། །ཨོ་རྒྱན་རིག་འཛིན་ཆེན་པོའི་རིང་ལུགས་བསྟན། །ཐེག་མཆོག་སྙིང་པོའི་ལྟ་གྲུབ་སེདྒེའི་སྒྲ། །སྒྲོག་མཁས་ཕྱོགས་ལས་རྣམ་རྒྱལ་པཎྜི་ཏ། །འཇིགས་བྲལ་ཆོས་ཀྱི་དབང་པོར་མགོས་ཕྱག་འཚལ། །ཚུལ་ཁྲིམས་པད་མོའི་འདབ་སྟོང་རྒྱས་པའི་དབུས། །ཏིང་འཛིན་ཟིལ་མངར་བཅུད་ཀྱིས་ཡོངས་གཏམས་ཤིང་། །བློ་གྲོས་བུང་བའི་ལེགས་བྱས་དབྱངས་སྙན་འབུམ། །དམ་པའི་རྣམ་ཐར་ཀུན་གྱི་མཚུངས་དཔེར་གྲུབ། །དཔལ་དང་འབྱོར་བའི་ཕུན་ཚོགས་སྟོན་ཀའི་སྤྲིན། །སྙིང་པོ་མེད་མཐོང་ཐེག་གསུམ་དམ་པའི་ལམ། །ཐོག་མཐའ་བར་དུ་དགེ་ཞིང་ཤིས་པ་དེར། །འབྲེལ་ཚད་ཀུན་འགོད་མཆོག་གི་སྤྲུལ་སྐུ་དངོས། །ཟབ་རྒྱས་ཆོས་ཕུང་ཇི་སྙེད་མཆིས་ཀུན་གྱི། །བརྗོད་དོན་མཐར་ཐུག་སྐྱེ་མེད་ཨ་ཡིག་དོན། །དོན་གྱི་འོད་གསལ་མ་བུ་འདྲེས་པའི་མོད། །འཁྲུལ་རྟོག་ཉོན་མོངས་ཧྲལ་བོར་གྱུར་ལ་འདུད། །འཆད་མཁས་མཚོ་བྱུང་མགྲིན་པར་རོལ་བའི་གླུས། །དཔྱོད་ལྡན་འབུམ་གྱི་བརྟན་པ་འཕྲོག་བགྱིད་ཅིང་། །རྩོམ་མཁས་ལེགས་བཤད་ལྷ་ཡི་དུནྡྷུ་བྷི། །ཐོས་ཙམ་ཁོ་ནས་ཀུན་རྨོངས་གཉིད་ལས་སྒྲོལ། །རྩོད་མཁས་ལུང་རིགས་རྡོ་རྗེའི་མཚོན་འཆང་བས། །མཁས་རློམ་རྟོག་གེའི་གཞུང་སྐྱེས་བྱེ་བ་འབུམ། །རྩོད་པའི་བ་དན་དབྱིངས་སུ་མནལ་བཞིན་དུ། །ཁྱོད་ཞབས་སེན་མོའི་གེ་སར་སྤྱི་བོས་མཆོད། །ཐུན་མོང་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས། །ཐུན་མིན་ཐེག་རྩེའི་དགོངས་དོན་མངོན་དུ་གྱུར། །བསྟན་པ་ཡོངས་རྫོགས་ཆོས་ཀྱི་བདུད་རྩི་ཡིས། །ཕྱོགས་བྲལ་གདུལ་བྱ་སྨིན་མཛད་ཁྱོད་ཕྱག་འཚལ། །ལྗོངས་འདིར་རྒྱལ་བསྟན་ཉི་མའི་སྣང་ཆེན་གྱིས། །ཡོངས་སུ་འགེངས་པའི་ངོ་མཚར་གྲགས་ལྡན་ལྷས། །བསྔགས་འོས་རྒྱལ་བའི་འཕྲིན་ལས་རྨད་བྱུང་ཁུར། །འདེགས་བཟོད་ཆོས་ཀྱི་ཤིང་རྟ་ཁྱོད་མིན་སུ། །སྦྱངས་པའི་ཡོན་ཏན་ཕུལ་བྱུང་ནོར་བུའི་རྒྱན། །འཛིན་བཟོད་སྟོན་པའི་རྒྱལ་ཚབ་འོད་སྲུང་ཞབས། །སླར་ཡང་བསིལ་ལྡན་ལྗོངས་འདིར་ཐུབ་པའི་བསྟན། །གསལ་མཛད་དགེ་བའི་བཤེས་སུ་བྱོན་པ་བཞིན། །ཕྱོགས་རེའི་ལྟ་གྲུབ་ལ་ཞེན་རྟོག་གེའི་ཁྱུ། །ཕལ་ཆེར་ཆགས་སྡང་ཁུར་གྱིས་དུབ་གྱུར་ཚེ། །བསྟན་པ་ཡོངས་རྫོགས་ཕྱོགས་བྲལ་གདུལ་བྱ་ལ། །ལེགས་འདོམས་རྒྱལ་བ་གཉིས་པ་ཁྱོད་ཁོ་ན། །མདོར་ན་མཁས་དང་གྲུབ་པའི་ཡོན་ཏན་ཀུན། །ཁྱོད་ཀྱི་གསང་གསུམ་སྣོད་དུ་ཡོངས་འདུ་བས། །ཡོན་ཏན་རྒྱ་མཚོའི་གཏེར་གྱུར་ཁྱོད་མཚུངས་གཞན། །སྲིད་ན་མེས་པོའི་བློ་ཡིས་བཙལ་ཀྱང་དབེན། །དེ་སླད་དམ་པའི་ཡོན་ཏན་ཀུན་གསལ་ཁྱོན། །བྱིས་བློས་གཞལ་འདོད་མཁས་པའི་བཞད་གད་གནས། །འོན་ཀྱང་ཚེ་རབས་ཀུན་ཏུ་དམ་པའི་མགོན། །འབྲལ་མེད་བསྟེན་པར་སྨོན་བཞིན་ཕྱོགས་ཙམ་བསྔགས། །དེ་ལས་ཐོབ་པའི་རབ་དགེ་ཀུནྡའི་གཉེན། །ཆོས་དབྱིངས་ནམ་མཁའི་རྒྱན་དུ་ཡོངས་གྲུབ་པའི། །དགེ་མཚན་ཕུན་སུམ་ཚོགས་པའི་བསིལ་འོད་ཀྱིས། །འགྲོ་སེམས་སངས་རྒྱས་ཀུནྡ་རྒྱས་བྱེད་ཤོག །གཞན་ཡང་རྒྱལ་བསྟན་ཉི་མ་ཡུན་དུ་གནས། །དེ་འཛིན་ཚོགས་རྣམས་བསྐལ་བརྒྱར་ཞབས་བརྟན་ཅིང་། །བསྟན་ལ་གུས་པའི་འབྱོར་ལྡན་ཚོགས་རྣམས་ཀྱང་། །མངའ་ཐང་མི་ཉམས་ཡུན་དུ་དར་རྒྱས་ཤོག །བདག་ཀྱང་དེང་ནས་སྲིད་པ་ཇི་སྲིད་བར། །འཇམ་མགོན་བླ་མའི་བཀའ་ལུང་ཇི་བཞིན་དུ། །རང་གཞན་དོན་གཉིས་བསྒྲུབ་པས་དུས་འདའ་ཞིང་། །མཐར་ཐུག་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཚུལ་འདི་མོས་ལྡན་རེ་བསྐང་སླད། །ཀུན་རྨོངས་ནཱ་ཐའི་མིང་ཅན་གྱིས། །ཡིད་ལ་གང་དྲན་ཡི་གེར་བཀོད། །དོན་དང་ལྡན་པ་སྲིད་མཐའ་ཙམ། །འོན་ཀྱང་རང་བློ་སྒྱུ་མེད་པའི། །དད་གུས་ཀུན་སློང་མི་དམན་པས། །ངག་འཁྱལ་གཞན་དང་མི་མཚུངས་ཙམ། །ཀུན་གྱིས་ཁྲེལ་བར་མ་གྱུར་ཅིག །སརྦ་མདྒ་ལཾ། །

དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ལ་བསྔགས་པ་དད་པའི་མྱུ་གུ།

ཨོཾ་སྭ་སྟི། སྲིད་པའི་རྒྱ་མཚོར་སེམས་བསྐྱེད་གྲུ་བཙུགས་ཏེ། །འགྲོ་ཁམས་རྒྱ་མཚོ་ཞི་གླིང་ལ་སྒྲོལ་བའི། །ཡོན་ཏན་རྒྱ་མཚོ་མཚུངས་མེད་དགེ་བའི་བཤེས། །འགྲོ་བའི་དེད་དཔོན་གཅིག་པུ་ཁྱོད་ཕྱག་འཚལ། །དཔལ་ལྡན་ཡོན་ཏན་ཀུན་གྱི་མཛོད། །མཆོག་ཏུ་དགེ་བའི་རྣམ་ཐར་ཅན། །ཐུགས་རྗེ་ཐབས་མཁས་སྤྲུལ་བའི་སྐུ། །མཚུངས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཉི་ཟླ་རིན་ཆེན་འབུམ་གྱིས་ཀྱང་། །ཕྱོགས་ཙམ་མཚོན་པར་ནུས་མིན་པའི། །ཆོས་ཀྱི་སྣང་ཆེན་ཟླ་མེད་པ། །འགྲོ་བའི་མུན་སེལ་ཁྱོད་ཕྱག་འཚལ། །ཨོ་རྒྱན་དྲི་མེད་སིནྡྷུའི་མཚོར། །ལེགས་འཁྲུངས་འཇིགས་བྲལ་སློབ་དཔོན་ཆེའི། །རིང་ལུགས་མདོ་སྔགས་ཆོས་ཀྱི་མཛོད། །དབང་བསྒྱུར་མགོན་པོ་ཁྱོད་ཕྱག་འཚལ། །ཟླ་བ་བཞིན་དུ་ཆེས་དཀར་པའི། །ཐུགས་བསྐྱེད་དག་པའི་ཆུ་གཏེར་ལས། །ལེགས་འཁྲུངས་གཞན་ཕན་ནོར་གྱི་གཏེར། །འགྲོ་ཀུན་ཚིམ་མཛད་ཁྱོད་ཕྱག་འཚལ། །རི་རབ་ལྟ་བུར་མི་གཡོ་ཞིང་། །རྒྱ་མཚོ་བཞིན་དུ་ཟབ་པའི་ཐུགས། །མཁྱེན་དང་བརྩེ་བའི་རླབས་ཕྲེང་ཅན། །ཆོས་ཀྱི་རྒྱ་མཚོ་ཁྱོད་ཕྱག་འཚལ། །ཉི་མ་བཞིན་དུ་རབ་གསལ་ཞིང་། །ཤེས་བྱ་ཀུན་གྱི་ཡུལ་ཅན་བརྙེས། །རབ་ཟབ་སྤོབས་པ་དྲི་མ་མེད། །བློ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ལེགས་པར་སྨྲ་བའི་མཆོག་བརྙེས་པས། །ཆོས་ཀུན་མ་འདྲེས་སོ་སོར་སྟོན། །གང་ལའང་ཞེན་པ་མི་མངའ་ཞིང་། །མཉམ་ཉིད་དོན་གཟིགས་ཁྱོད་ཕྱག་འཚལ། །ཕྱི་ནང་རིག་ལམ་པདྨའི་ཚལ། །རྣམ་འབྱེད་ཁྱོད་བློའི་ཉི་མ་ནི། །རྟག་ཏུ་ནུབ་པ་མི་མངའ་ཞིང་། །ཉོན་མོངས་གདུང་སེལ་མཛད་ལ་འདུད། །ཁྱོད་ཀྱི་ཞལ་ལས་ཉེར་འོངས་པའི། །ལེགས་བཤད་བདུད་རྩིའི་ཟེགས་མས་ཀྱང་། །ཐོག་མེད་ལས་ཉོན་གདུང་བ་འབུམ། །གཅིག་ཆར་སེལ་མཛད་ཁྱོད་ཕྱག་འཚལ། །ཁྱོད་ཐུགས་ཡངས་པའི་གོ་སྐབས་ལ། །གཟུངས་དང་ཏིང་འཛིན་མངོན་ཤེས་སོགས། །ཟག་བྲལ་ཡོན་ཏན་ཀུན་ཤོང་བས། །མཁའ་དང་མཉམ་པ་ཁྱོད་ཕྱག་འཚལ། །མཁའ་ལྟར་ཡངས་ཀྱང་སྒྲིབ་པའི་ཆ། །ཕྲ་མོའང་གང་དུ་ཤོང་བ་མིན། །ཤིན་ཏུ་ཕྲ་ཡང་ཆོས་ཀུན་གྱི། །རྗེས་འགྲོ་ཁྱོད་ཐུགས་བསམ་མི་ཁྱབ། །མཁས་པ་རྣམས་ཀྱི་བསྟན་བཅོས་གཞན། །ཕལ་ཆེར་ཕྱོགས་རེའི་གཞུང་ལུགས་ཏེ། །བསྟན་པ་ཡོངས་རྫོགས་གཟུ་བོའི་བློས། །རྣམ་འབྱེད་ཁྱེད་ལ་ཕྱག་འཚལ་ལོ། །རྟོག་གེའི་བློ་ཡིས་ཐུབ་པའི་གསུང་། །རྙོག་མ་ཅན་དུ་བྱས་པའི་ཚེ། །ཤིང་རྟ་ཆེན་པོའི་རིང་ལུགས་བཞིན། །གསལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཕྲ་ཞིང་ཟག་མེད་མཚན་ཉིད་བྲལ། །སྒྲ་རྟོག་ཡུལ་མིན་གསང་བ་ཟབ། །ཡེ་ཤེས་གཟིགས་པའི་སྤྱོད་ཡུལ་ཉིད། །དོན་བཞིན་སྨྲ་བ་ཁྱོད་ཕྱག་འཚལ། །སྤྲོས་ལ་དགྱེས་པ་རྟོག་གེའི་བློ། །གནས་ལུགས་དོན་ལ་རྒྱང་རིང་བས། །རྒྱལ་བའི་ཡེ་ཤེས་བསམ་མི་ཁྱབ། །སྤྱོད་ཡུལ་མིན་ཞེས་ཁྱོད་ཀྱིས་བསྟན། །མཁས་པར་རློམ་པའི་ང་རྒྱལ་གྱིས། །བསྒྲེས་པའི་ཀུན་རྟོག་ངན་སྐྱུག་དྲིས། །རྒྱལ་བའི་གསུང་ཟབ་བདུད་རྩིའི་སྣོད། །བགོས་པའི་རྙོག་མ་ཁྱོད་ཀྱིས་བསལ། །ཞི་བའི་སྤྱོད་ལམ་རྨད་བྱུང་བས། །ཀུན་ལ་ཞེན་པ་རྡུལ་ཙམ་མེད། །དངོས་ཀུན་རྟག་ཏུ་གཞན་ལ་གཏོང་། །རྨི་ལམ་ན་ཡང་རང་དོན་དང་། །ཡོངས་སུ་འཛིན་སྤངས་ཁྱོད་ཕྱག་འཚལ། །ཞི་བའི་སྤྱོད་ལམ་རྨད་བྱུང་བས། །ཀུན་གྱི་ཡིད་ལ་དད་གསུམ་བཅུད། །སྦྱིན་དང་ཆབས་ཅིག་དམ་པའི་ལམ། །མཐུན་པར་འདོམས་མཁས་ཁྱོད་ཕྱག་འཚལ། །ཁྲོ་དང་སྡུག་བསྔལ་མི་འདོད་སོགས། །གང་གིས་མི་ཤིགས་གོ་ཆ་ཅན། །བརྟན་དང་ཤིན་ཏུ་མི་གཡོ་བའི། །བཟོད་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །བསྐལ་པ་མཐའ་ཡས་དེ་སྲིད་དུ། །སྤྱོད་པས་ནམ་ཡང་མི་ངལ་ཞིང་། །གཞན་དོན་ཕྱིར་ན་ལུས་སྲོག་ཀྱང་། །གཏོང་ཕོད་བརྩེ་ལྡན་ཁྱོད་ཕྱག་འཚལ། །རྣམ་པར་གཡེང་བའི་ཚོགས་སྤངས་ཏེ། །ཞི་བའི་ཏིང་འཛིན་ལྷུར་བྱེད་པས། །དགྲ་དང་ཉོན་མོངས་ཉེར་ཞི་བའི། །བསམ་གཏན་མཆོག་བརྙེས་ཁྱོད་ཕྱག་འཚལ། །ཐོས་དང་བསམ་དང་སྒོམ་པའི་བློ། །ཟབ་དང་མྱུར་དང་སྤོབས་པ་ལྡན། །རྣམ་པར་མི་རྟོག་ཕ་རོལ་ཕྱིན། །བློ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །གཏོང་ལ་གོམས་པའི་ཕྱག་རིང་ནི། །གུས་བཅས་སོར་མོའི་འདབ་ཕྲེང་ལས། །གང་འདོད་འཇོ་བའི་དྲི་བསུང་གིས། །གདུལ་བྱའི་བུང་བ་སྡུད་ཁྱོད་བསྔགས། །སྙན་པར་སྨྲ་བའི་སྤྲིན་གྱི་སྒྲ། །སྙན་སྒྲོག་གང་གིས་སྐལ་བཟང་ཡིད། །དད་གསུམ་དང་ལྡན་རབ་དགའི་དཔལ། །རྒྱས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཐུབ་རྣམས་སྤྱོད་པ་རྨད་བྱུང་ཚུལ། །ཐེག་གསུམ་ལམ་གྱི་ལུས་ཇི་བཞིན། །མ་ནོར་འགྲོ་ལ་སྟོན་མཛད་པའི། །བཤེས་གཉེན་ཁྱོད་ལ་ཕྱག་འཚལ་ལོ། །ཐོག་མ་མེད་ནས་བྱང་ཆུབ་པའི། །གོ་འཕང་མཆོག་ལས་གཡོ་མེད་ཀྱང་། །ཐུན་མོང་ལམ་གྱི་རིམ་པ་ཀུན། །ཐབས་ཀྱིས་ལེགས་སློབ་ཁྱོད་ཕྱག་འཚལ། །མདོར་ན་རྒྱལ་དང་རྒྱལ་སྲས་ཀྱི། །རྣམ་པར་བསྔགས་འོས་ཇི་སྙེད་པ། །ཁྱོད་ཀྱི་གསང་གསུམ་ཡོན་ཏན་གྱི། །མཛོད་དུ་མ་ཐོབ་གང་ཡང་མེད། །དེ་སླད་ཕྱོགས་དང་དུས་ཀུན་གྱི། །བློ་མཆོག་ཀུན་གྱི་བློ་གྲོས་མཐུ། །གཅིག་ཏུ་བསྡོམས་ཏེ་ཁྱོད་བསྔགས་ཀྱང་། །ཡོན་ཏན་ཕུང་པོ་གཏུགས་པ་མེད། །བདག་བློ་ཉི་ཚེས་ཕྱོགས་རེའི་མཐའ། །རྙེད་པ་མིན་ཡང་དད་པའི་བློས། །གང་དྲན་བརྗོད་པའང་འབྲས་བཅས་ཏེ། །ནམ་ཞིག་ཁྱོད་ཀྱི་གདུལ་བྱར་འགྱུར། །ཐོས་བསམ་སྒོམ་པའི་ཡོན་ཏན་གྱིས། །རྣམ་པར་དབེན་ཡང་ཟོལ་སྤྱོད་གོས། །རིན་གྱིས་ལྕི་ཡང་དེས་མཚོན་མིན། །ཡོན་ཏན་མགོན་པོར་འབོད་དེས་བྲིས། །དེ་ལས་ཐོབ་པའི་ལེགས་བྱས་ཀྱིས། །སྲིད་པའི་སེམས་ཅན་མ་ལུས་པ། །སྡུག་བསྔལ་རང་བཞིན་སྲིད་འདི་ལས། །རྣམ་གྲོལ་སངས་རྒྱས་ཐོབ་པར་ཤོག །བཀྲ་ཤིས་ཤོག །

རིགས་བརྒྱའི་ཁྱབ་བདག་བཀའ་དྲིན་སུམ་ལྡན་གྱི་རྡོ་རྗེ་འཆང་ཆེན་པོ་དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་གཞན་ཕན་སྣང་བ་ལ་བསྔགས་པ་ཡོན་ཏན་རྒྱ་མཚོའི་སྤྲིན་ཀུན་ཏུ་བཀོད་པའི་རོལ་མོ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། འགྱུར་མེད་དེ་བཞིན་ཉིད་དབྱིངས་དག་པའི་མཁར། །མི་ཤིགས་སྟོབས་བཅུའི་ཡེ་ཤེས་རྩལ་རྫོགས་པས། །སྒྲིབ་གཉིས་མུན་པའི་དཔུང་ཚོགས་ཕམ་མཛད་ཅིང་། །སྲིད་ཞིའི་དགེ་ལེགས་ཉིན་མོར་བྱེད་དེར་འདུད། །ཤིན་ཏུ་མི་གཡོ་ཞི་བའི་དབྱིངས་ནི་མཁའ་ལྟར་རབ་ཡངས་སྤྲོས་པ་ཀུན་གྱིས་རྣམ་པར་དབེན། །འོད་གསལ་ཐིག་ལེ་ལྷུན་གྱིས་གྲུབ་གང་འདུས་མ་བྱས་པ་སྐུ་དང་ཡེ་ཤེས་ཀུན་གྱི་མཛོད། །ཐུགས་རྗེའི་རང་བཞིན་དཔག་ཡས་རོལ་པ་གང་ལ་གང་འདུལ་མཁའ་ཁྱབ་གདུལ་བྱའི་རྗེས་འགྲོ་བའི། །སྐུ་གསུམ་སྤྱི་གཟུགས་དཔལ་ལྡན་བླ་མ་གཞན་ཕན་སྣང་བས་དེང་འདིར་ཤིས་པའི་མེ་ཏོག་སྩོལ། །རྒྱལ་བ་ཀུན་གྱི་གསང་གསུམ་ཡོན་ཏན་མཐའ་དག་གཅིག་ཏུ་བསྡུས་པའི་དཔྱིད། །ལེགས་དགུའི་གཏེར་ཁྱོད་ཡོན་ཏན་ཕུང་པོ་ནམ་མཁའི་མཐའ་ལྟར་ཚད་མེད་པས། །དོན་བཞིན་རབ་བསྔགས་བདག་འདྲས་ཅི་ཞིག་བློ་མཆོག་རྣམས་ཀྱིའང་སྤྱོད་ཡུལ་མིན། །དེ་ལྟ་ནའང་དད་གུས་རབ་རྒྱས་ཆ་ཙམ་བསྔགས་ལ་བདག་བློ་ཤིན་ཏུ་སྤྲོ་བ་ཐོབ། །གཞན་ཕན་ཐུགས་བསྐྱེད་ཟླ་ཞུན་བསྐྱིལ་བའི་ཆུ་གཏེར་ལས་འཁྲུངས་མཁྱེན་བརྩེའི་འོད་དཀར་རླབས་ཕྲེང་ལས། །ཟབ་རྒྱས་ཆོས་ཀྱི་ག་བུར་བདུད་རྩི་མཆོག་ཏུ་དགེ་བའི་རིན་ཆེན་རྡུལ་མང་བརྩེགས་པ་ཅན། །མ་ལུས་སྐྱེ་དགུའི་ལེགས་ལམ་རབ་སྣང་ཀུན་དགའི་མཚོ་སྐྱེས་རྣམ་པར་འཛུམ་པའི་དགེ་མཚན་འདབ། །མཆོག་ཏུ་རྒྱས་མཛད་རྒྱལ་བ་ཀུན་དངོས་དཔལ་ལྡན་བླ་མར་དད་བརྒྱའི་འདབ་སྟོང་གཡོ་བས་བསྟོད། །སྲིད་པའི་རྒྱ་མཚོར་ཐུགས་བསྐྱེད་རྨད་བྱུང་རིན་ཆེན་གྲུ་བོ་ཉེར་བཀོད་དེ། །མ་ལུས་འགྲོ་ཀུན་སྡུག་བསྔལ་ཆུ་གཏེར་གཏིང་མཐའ་མེད་ལས་ཡོངས་སྒྲོལ་བའི། །དེད་དཔོན་གཅིག་པུ་མཚུངས་མེད་བློ་མངའ་སེམས་དཔའ་ཆེན་པོར་གྲགས་ཆེན་ལྡན། །རྒྱལ་བ་རྒྱ་མཚོས་རབ་བསྔགས་སྤྲིན་འཁྱིལ་དཔལ་ལྡན་བླ་མར་དད་བརྒྱས་བསྟོད། །གཞོན་ནུའི་དུས་ནས་ཉེས་པའི་རོ་དང་ལྷན་ཅིག་མི་གནས་དམ་པའི་མཚོ། །བསླབ་གསུམ་གདེངས་ཅན་རྣམ་པར་རོལ་བའི་དཔལ་གྱིས་ཡོངས་བཟུང་འཇིག་རྟེན་རྒྱན། །གཞན་ཕན་ནོར་བུའི་གདེངས་ཀ་གསལ་བས་སྙིགས་ལྔའི་རྒུད་པ་མིང་མཐར་བྱེད། །ཆོས་ཀྱི་རྒྱ་མཚོ་དཔལ་ལྡན་བླ་མར་དད་བརྒྱའི་བསྟོད་དབྱངས་སྙན་པས་མཆོད། །མང་དུ་ཐོས་པའི་ཆོས་ཀྱི་ཆ་གང་མཁྱེན་དཔྱོད་འོད་ཀྱི་ཁོར་ཡུག་ཅན། །བསམ་བྱུང་རིག་པའི་སྣང་ཆེན་རབ་གསལ་ཏིང་འཛིན་རི་དྭགས་གཟུགས་ཀྱིས་སྒེག །རྒྱལ་གསུང་དགོངས་འགྲེལ་ཚལ་མང་རྒྱས་མཛད་འཇིག་རྟེན་འགྲོ་བའི་མིག་གཅིག་པུ། །སྨྲ་བའི་ཟླ་བ་གཞན་ཕན་སྣང་བས་བྱང་ཆུབ་བར་དུ་བདག་སྐྱོངས་ཤིག །ལེགས་པར་སྨྲ་བའི་ཡོན་ཏན་ཀུན་རྫོགས་ཚངས་དབྱངས་རྒྱ་མཚོའི་རྗེས་འགྲོ་ཞིང་། །སོ་སོའི་སྤྱོད་ཡུལ་གཅིག་ཏུ་འབབ་པའི་ལེགས་བཤད་ཚིག་བཟང་དལ་འགྲོའི་རྒྱུན། །རྣམ་པར་འབེབ་པས་ཆོས་ཕོངས་ལས་ཀྱི་གདུང་བ་ཀུན་སེལ་ཡོངས་ལ་སྨན། །ལེགས་པར་སྨྲ་བའི་རྒྱལ་པོ་ཁྱོད་ལ་དད་བརྒྱས་བསྔགས་པའི་མེ་ཏོག་འཐོར། །ཟབ་ཡངས་མཁྱེན་རབ་སྤྲིན་ཆེན་བརྩེགས་ལས་བརྒལ་བརྟག་རྩོད་པའི་འབྲུག་སྒྲ་སྒྲོག །ལུང་རིགས་ཚད་མའི་གནམ་ལྕགས་མཚོན་ཆས་ཕྱིར་རྒོལ་ལོག་སྨྲའི་མགོ་འགེམས་ཤིང་། །ཕྱོགས་ལས་རྣམ་རྒྱལ་གྲགས་པའི་བ་དན་ཁོར་ཡུག་རི་བོའི་ཁོངས་སུ་བརྗིད། །ཆོས་ཀྱི་གྲགས་པའི་བརྟུལ་ཞུགས་གྲུབ་ཁྱོད་འཛམ་གླིང་མཛེས་པའི་རྒྱན་དུ་གྱུར། །ཐུན་མོང་རིག་གཞུང་རྒྱ་མཚོའི་འཇིངས་ལས་ཚིག་རྒྱན་ནོར་བུའི་ཕྲེང་བསྟར་ཏེ། །ཐུན་མིན་ནང་དོན་ཐེག་དགུའི་ལྟ་གྲུབ་ཐིག་ལེ་མཆོག་མའི་ལུས་རྫོགས་པ། །མཚན་མར་བཀོད་པའི་ལེགས་བཤད་ཕུན་ཚོགས་དཔྱོད་ལྡན་ལྷ་བརྒྱའི་ཡིད་འཕྲོག་པའི། །ངོ་མཚར་དེ་འཛིན་མཁས་པའི་ཁྱུ་མཆོག་མ་ཁོལ་ཞབས་དང་གཉིས་སུ་མེད། །ཇི་སྙེད་ཆོས་ཚུལ་མེས་པོའི་རལ་ཀླུང་རྣམ་དཔྱོད་ཡངས་པའི་ལྟོ་བར་བསྐྱིལ། །སྐལ་བཟང་ཀུན་དགའི་ལེགས་བཤད་རྒྱུན་མཆོག་གདུལ་བྱའི་ཡུལ་ལ་ཅི་དགར་འབེབས། །སྙིགས་མའི་མཐར་ཡང་རྒྱལ་བའི་འཕྲིན་ལས་ཆུད་མི་གསོན་པའི་བྱེད་པོ་ཁྱོད། །མཁས་དང་གྲུབ་པའི་འཁོར་ལོའི་སྒྱུར་ཞེས་གཅམ་བུ་མིན་པའི་ངག་གིས་བསྟོད། །ཉེས་བྲལ་ཁྲིམས་ཀྱི་མཚོ་སྐྱེས་ཚལ་ནི་བག་ཡོད་ཉིན་མོའི་དཔལ་གྱིས་མཛེས། །གཞན་ཕན་སྤྱོད་མཆོག་ལྷ་ཡི་རྫིང་བུ་སྙིང་རྗེའི་ཆུ་བསིལ་གཡོ་བས་གང་། །འདའ་དཀའི་དམ་ཚིག་རྡོ་རྗེའི་ར་བ་མཚན་རྟོག་སེར་བུས་གཡོ་ནུས་མིན། །སྡོམ་གསུམ་ཡོངས་རྫོགས་བཙུན་པའི་མཆོག་ཁྱེད་བསྟན་པ་ཡོངས་ཀྱི་མངའ་བདག་གྱུར། །ཁེངས་དང་ཕྲག་དོག་དྲི་མས་ཡོངས་བཏང་མཆོག་ཏུ་དགེ་བའི་རང་བཞིན་ནི། །ཀུན་གྱི་ཡིད་འཕྲོག་ལྷ་ཡི་ཆུ་བསིལ་དྲི་མ་མེད་པའི་དཔལ་ཇི་བཞིན། །བདུད་དང་བགེགས་སོགས་མ་རུང་སྡང་ལྡན་དེ་དག་ཀྱང་ནི་ཁྱོད་ཀྱི་ཞལ། །མཐོང་བ་ཙམ་ནས་བྱམས་པའི་འཁྲི་ཤིང་ཆེས་ཆེར་རྒྱས་མཛད་བཟང་པོའི་མཆོག །གཏོང་ལ་གོམས་པའི་ཕྱག་རིང་བརྐྱངས་ལས་སྦྱིན་པ་རྣམ་བཞིའི་ཆར་ཆེན་འབེབས། །ལན་དང་རྣམ་སྨིན་བདག་གིར་འཛིན་བློ་གཞར་ཡང་ཉེ་བར་མི་གནས་ཤིང་། །འཁོར་གསུམ་ཡོངས་སུ་རྟོག་པའི་དྲི་མ་བསྐལ་མང་གོང་ནས་ཉེར་ཞི་བའི། །སྦྱིན་ལ་རབ་དགྱེས་འཕགས་མཆོག་ཁྱོད་ལ་རྣམ་གསུམ་དད་པས་རྟག་ཏུ་འདུད། །ཡུལ་ལ་སྡང་བའི་བློ་ལྟ་ནམ་ཡང་ཡིད་ལ་ཉེ་བར་མི་གནས་ཤིང་། །ཆོས་ཆེན་ཟབ་མོར་ཐེ་ཚོམ་མི་མངའ་བློ་མཆོག་ཕ་རོལ་ཕྱིན་བརྙེས་པ། །བཟོད་པའི་མཚོ་ཆེན་རྙོགས་པ་མེད་ལྡན་དམ་པའི་རང་བཞིན་མི་གཡོ་བ། །ཁྱོད་འདྲ་སྲིད་འདིར་སྲིད་པའི་སྐྱོན་བྲལ་སྐྱེ་དགུའི་བཤེས་སུ་གྱུར་པ་ལགས། །ཉེས་པའི་སྐྱོན་བྲལ་ཚུལ་ཁྲིམས་པདྨོ་མཆོག་ཏུ་འཛུམ་པའི་འདབ་སྟོང་ཚལ། །ལེགས་ལམ་ཡོན་ཏན་གེ་སར་ཕུང་པོ་ཡོངས་སུ་རྒྱས་པའི་དཔལ་མངའ་ཞིང་། །གཞན་ཕན་དྲི་བསུང་ཕྱོགས་བརྒྱར་འགྱེད་པས་གདུལ་བྱའི་བུང་བ་ཀུན་དགར་བྱེད། །རྣམ་གསུམ་ཚུལ་ཁྲིམས་ཕུན་སུམ་ཚོགས་ཁྱོད་རྒྱལ་བ་དགྱེས་པའི་རྣམ་ཐར་འཛིན། །གཞན་གྱི་དོན་ཕྱིར་རང་གི་སྲོག་ལའང་ཡོངས་སུ་མི་འཛིན་སྙིང་སྟོབས་མཐུ། །ཕུལ་བྱུང་གང་གིས་ནམ་མཁའི་མཐའ་དང་སྲིད་པའི་ལས་ཉོན་མཐའ་དེ་སྲིད། །སྤྱོད་པ་རྒྱ་མཚོ་ཡོངས་སུ་སྤྱད་པས་ནམ་ཡང་མི་ངལ་བརྩོན་པའི་སྟོབས། །དཔེ་ལས་འདས་ཁྱོད་རྒྱལ་བ་ཀུན་གྱིས་རབ་ཏུ་བསྔགས་སོ་ཆོས་ཀྱི་རྗེ། །ཤིན་ཏུ་ཞི་བའི་ཏིང་འཛིན་ལྷུན་པོ་གཡེང་བའི་རླུང་གིས་མི་གཡོ་ཞིང་། །སྤྱན་དང་མངོན་ཤེས་ཉི་ཟླ་གཟའ་སྐར་རྣམ་གསལ་མཛེས་པའི་སྣང་བ་ཅན། །གཟུངས་དང་ཏིང་འཛིན་ལྷ་གནས་འབྱོར་བ་ཕུལ་བྱུང་ཤིན་ཏུ་རྒྱ་ཆེ་བའི། །བསམ་གཏན་མཆོག་གྲུབ་དྲང་སྲོང་ཆེན་པོ་ཁྱེད་འདྲ་གཉིས་པ་གཞན་ན་མེད། །ཤེས་བྱའི་ཆོས་ཚུལ་སྲིད་དོ་ཅོག་ན་ཁྱོད་བློའི་སྤྱོད་ཡུལ་མིན་པའི་ཆོས། །འགའ་ཡང་སྲིད་མིན་སྡང་ཞེན་མ་ཡིན་མོད་ལ་ཟ་བའི་སྤོབས་པ་ཅན། །འཇིག་རྟེན་འཇིག་རྟེན་འདས་པའི་བློ་གྲོས་མ་ལུས་ཡོངས་ཟླུམ་མཁྱེན་པའི་གཏེར། །འཇམ་དཔལ་གཞོན་ནུའི་ཐུགས་ཀྱི་མཛོད་གཏོལ་ཁྱོད་ལ་བྱིན་སྙམ་འཕྱང་མོ་ཉུག །མཁས་པའི་བསྟི་གནས་འཛམ་གླིང་ས་ཡི་ལྟེ་བ་ཞེས་སུ་རབ་གྲགས་པ། །རྒྱལ་བའི་མཚན་དཔེའི་ཞབས་ཀྱི་འཁོར་ལོས་ཡོངས་སུ་བཟུང་བའི་དགེ་མཚན་དཔལ། །གང་ལ་ཐོབ་པས་སྐལ་བཟང་ཉིད་གྱུར་དཔལ་དང་ལྡན་པའི་ཐིག་ལེ་རུ། །མ་གྷ་དྷ་ཞེས་གྲགས་པའི་ཡུལ་གང་མདོ་སྔགས་བསྟན་པའི་འབྱུང་གནས་གྱུར། །དེ་ལས་འོངས་པའི་གསུང་རབ་ཆོས་ཚུལ་ཡན་ལག་བརྒྱད་ལྡན་གདྒའི་ཀླུང་། །རྣམ་འབྱེད་གཞུང་ལུགས་ཆུ་ཕྲན་འབུམ་དང་ལྷན་ཅིག་བསིལ་ལྡན་སཱ་ལའི་ལྗོངས། །གང་དུ་འབབ་པའི་རྙོགས་བྲལ་ཆོས་ཀྱི་དག་བྱེད་གཏེར་ལ་ངན་རྟོག་དྲིས། །རྙོགས་མར་བྱས་པའི་རང་བཟོའི་ལམ་མང་གངས་ལྡན་ལྗོངས་འདིར་བྱུང་གྱུར་ཀྱང་། །ཆོས་དང་ཆོས་མིན་རྣམ་པར་འབྱེད་ལ་ཕྱོགས་སུ་མ་ལྷུང་བློ་གྲོས་མཐུ། །ཕུལ་བྱུང་དཔྱད་གསུམ་ནོར་བུའི་དཔལ་གྱིས་ཡོངས་སུ་བགྲུངས་ལས་དག་པའི་རབ། །རྒྱ་གར་མཁས་པའི་གཞུང་ལུགས་དྲི་མེད་ཚད་མ་གསུམ་ལྡན་ལྷའི་ཆུ་བོ། །འགྲོ་བློའི་སྒྲིབ་གསུམ་དྲི་མ་དག་བྱེད་ཡོན་ཏན་བརྒྱད་ལྡན་བདུད་རྩིའི་གཏེར། །རྟོག་གེའི་བློ་སྐྱོན་རྙོགས་མས་ཡོངས་བཏང་རྨད་བྱུང་ཟབ་རྒྱས་ཆོས་ཀྱི་ཚུལ། །མདོ་སྨད་བསིལ་ལྡན་འཛིན་མའི་ལྗོངས་འདིར་བཤད་དང་སྒྲུབ་པས་དར་རྒྱས་སུ། །སྤེལ་བའི་རྣམ་པ་གྲགས་ལྡན་ལྷས་བསྟོད་ཤིན་ཏུ་སྙིགས་མའི་དུས་འདིར་ཡང་། །རྒྱལ་བའི་མཛད་པ་དངོས་སུ་སྟོན་པ་ཁྱེད་འདྲ་ཐུབ་པའི་རྒྱལ་ཚབ་དངོས། །བརྒྱུད་གསུམ་མན་ངག་ལྷ་བརྒྱའི་གཙུག་གི་ནོར་བུས་རབ་མཆོད་དབང་སྔོན་ཏོག །བསྟན་པའི་མངའ་བདག་དྲི་མེད་འོད་ཟེར་དོན་བརྒྱུད་རྨད་བྱུང་ཅོད་པན་དུ། །ལེགས་པར་ཐོབ་ལས་ཐེག་པ་མཆོག་གི་ཆོས་ཀྱི་རྒྱལ་ཐབས་ཆེན་པོ་རུ། །མངའ་དབང་རྫོགས་པའི་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་བླ་མ་དད་བརྒྱས་བསྟོད། །སྣང་དང་མི་སྣང་ཆོས་ཚུལ་རྒྱ་མཚོ་སྤྲོས་པ་ཀུན་གྱི་གཞིར་གྱུར་ཀྱང་། །ཇི་བཞིན་མི་གཡོ་ཡེ་ཤེས་གཟིགས་པས་ཡེ་མཉམ་ཕྱམ་གདལ་ཆེན་པོ་རུ། །རྟོག་པ་ཀུན་བྲལ་ཇི་སྙེད་མ་འདྲེས་སོར་རྟོགས་ཡེ་ཤེས་རྒྱ་ཆེ་བས། །རང་བཞིན་འདི་ཞེས་བསམ་པར་མི་ནུས་ཁྱོད་ཀྱི་གསང་བ་འདི་རེ་ཟབ། །གདོད་མའི་མགོན་དང་རྣམ་དབྱེར་མེད་པའི་ཁྱབ་བདག་ཆོས་ཀྱི་རྒྱལ་པོ་མཆོག །ཟབ་གསང་འབྲས་བུའི་ཆོས་ཀྱི་འཁོར་ལོ་མ་འདྲེས་ཡོངས་རྫོགས་སྟོན་པའི་གསུང་། །ལན་གཅིག་ཐོབ་ཀྱང་རྨོངས་པའི་མུན་སེལ་ཡེ་ཤེས་ཆེན་པོར་ངོ་སྤྲོད་པའི། །དོན་བརྒྱུད་བྱིན་རླབས་སྤྲིན་ཕུང་འཁྲིགས་ལྡན་ཁྱོད་ཞབས་དྲན་པས་མཆི་མ་དཀུ། །ཀྱེ་མ་ཀྱི་ཧུད་ཆོས་ཀྱི་རྒྱ་མཚོ་གཡོ་བ་མེད་གང་སྐེམ་པའི་དུས་འདི་ཅང་བདེན་ནམ། །མཁྱེན་བརྩེའི་ཉི་ཟླ་མཆོག་ཏུ་གསལ་གང་ནུབ་རིར་གཟིམས་པ་ཅང་བདེན་ནམ། །ཡོན་ཏན་རིན་ཆེན་ལྗོན་པའི་མཆོག་རབ་མི་སྣང་འགྱེལ་བ་ཅང་བདེན་ནམ། །གཅིག་པུར་འཁྱམས་པའི་ཉམ་ཐག་དུས་འདི་ཁྱོད་ཀྱིས་གཟིགས་སམ་ཆོས་ཀྱི་རྗེ། །ཨེ་མ་དམ་པའི་ཡོན་ཏན་ལྗོན་བཟང་ཆེས་ཆེར་དར་བ་ལས་འོངས་པའི། །གྲགས་པའི་དྲི་བསུང་ཕྱོགས་ཀྱི་རྗེས་འགྲོ་རིན་ཐང་མཚུངས་པ་མེད་པའི་དངོས། །ཡིད་ལ་བཏགས་པའི་དད་གསུམ་ནགས་ཀྱི་རྐང་དྲུག་གཞོན་ནུས་ལན་བརྒྱར་ཡང་། །གཅིག་ཏུ་དགའ་བས་རབ་བསྔགས་བསྟོད་དབྱངས་ཇི་ཙམ་ནུས་བཞིན་ད་དུང་སྤྲོ། །རྣམ་ཐར་སྒོ་གསུམ་གཡས་སུ་འཁྱིལ་བའི་དགེ་མཚན་མི་ཟད་ཆོས་ཀྱི་དུང་། །གསུང་གི་དབྱིངས་སུ་འདུ་འབྲལ་མེད་བརྙེས་རྒྱལ་ཀུན་གསུང་གི་རྡོ་རྗེ་ཞེས། །སོར་རྟོགས་ཡེ་ཤེས་དཀྱིལ་འཁོར་ཀུན་བདག་མ་ཆགས་སྐྱོན་བྲལ་པདྨའི་ཞལ། །བསྟན་པ་རྒྱ་མཚོའི་མགོན་དུ་ཕེབས་པ་ཁྱོད་གཅིག་ཁོ་ནར་ངེས་པ་རྙེད། །དོན་ཀུན་གྲུབ་པའི་མཚན་གྱི་རོལ་མོས་ཞིང་མང་མཐའ་ཡས་མཛེས་བྱས་གང་། །ཤིན་ཏུ་སྙིགས་ལྔའི་རྒུད་པའི་དུས་འདིར་དགེ་བའི་བཤེས་སུ་རྣམ་སྤྲུལ་ནས། །ལུས་ཅན་ཡོངས་སྒྲོལ་བདེན་གསུང་ལུང་གི་རྔ་ཆེན་གསལ་བར་བསྒྲགས་པའི་དོན། །དེང་སང་འདི་ན་མགོན་པོ་ཁྱོད་ཀྱི་རྣམ་ཐར་གཙང་མས་མངོན་སུམ་བྱས། །ཐུགས་རྗེའི་གདུགས་དཀར་མཚུངས་པ་མེད་གང་སྲིད་ཞིའི་གདུང་བ་སྐྱོབ་པའི་ཕུལ། །བྱམས་ཆེན་པདྨོ་མཆོག་ཏུ་རབ་རྒྱས་ཕན་བདེའི་བསུང་ཞིམ་ཕྱོགས་བརྒྱར་འགྱེད། །ལེགས་གསུང་ཆོས་དུང་སྙན་པར་བསྒྲགས་པས་འགྲོ་ཀུན་མ་རིག་གཉིད་ལས་སློང་། །མཁྱེན་རབ་མཆོག་གི་བུམ་པ་བཟང་པོ་ཟག་བྲལ་ཡོན་ཏན་བཅུད་ཀྱིས་གཏམས། །ཐུགས་ཀྱི་དཔལ་བེའུ་གཟུངས་དང་ཏིང་འཛིན་དྲ་བ་གསལ་བས་རྣམ་མཛེས་ཤིང་། །ཆོས་ཀྱི་རྒྱལ་མཚན་ཡོངས་སུ་བསྒྲེངས་པས་སྲིད་ཞིའི་དགེ་ལེགས་ཉིན་མོར་བྱེད། །ལེགས་གསུང་རྒྱ་མཚོ་མཁྱེན་རབ་གསེར་གྱི་ཉ་མོ་རོལ་བས་དབང་བསྒྱུར་ཞིང་། །གཞན་ཕན་འཕྲིན་ལས་གསེར་གྱི་འཁོར་ལོ་ཕྱོགས་བྲལ་གདུལ་བྱའི་ཞིང་ཀུན་བགྲོད། །ཨེ་མ་ངོ་མཚར་དམ་པའི་རང་བཞིན་དྲི་མ་མེད་པའི་མཁའ་འདྲ་ཞིང་། །མཁྱེན་བཟང་ཉི་ཟླ་མཆོག་ཏུ་གསལ་བས་སྐྱེ་དགུའི་ནང་གི་མུན་པ་སེལ། །ཡོན་ཏན་མཐའ་ཡས་རྒྱུ་སྐར་འབུམ་ནི་སྣང་དང་མི་སྣང་ཆོ་འཕྲུལ་འགྱེད། །མཚུངས་མེད་བཤེས་གཉེན་ལྷ་བརྒྱའི་མགོན་ཁྱོད་དེང་བདག་དྲན་པས་ཐལ་མོ་ཟུམ། །ཟླ་བ་མིན་ཡང་ཡོན་ཏན་ཀུན་གྱི་ཆ་ཤས་ཡོངས་སུ་གང་བའི་གཟུགས། །ཉི་མ་མིན་ཡང་གདུལ་བྱའི་པདྨོ་རྣམ་པར་རྒྱས་བྱེད་སྐྱེ་དགུའི་མིག །དཔག་བསམ་མིན་ཡང་ཡོངས་ལ་སྨན་པའི་འདོད་གཏེར་མི་ཟད་དཔལ་ཡོན་ཅན། །ཚེ་རབས་ཀུན་ཏུ་རིགས་ཀྱི་བདག་པོར་གུས་པས་བསྟེན་ནོ་གཞན་ཕན་པ། །ཨེ་མ་སྙིང་རྗེས་འགྲོ་མང་སྒྲོལ་བའི་དམ་བཅའི་ཁུར་ཆེན་འདེགས་བཟོད་པའི། །སྙིང་སྟོབས་ཐེག་པ་མཆོག་ཏུ་བརླིང་ན་ཤིན་ཏུ་བསྐལ་ངན་ལྔ་བདོའི་འགྲོ། །ཡོངས་སུ་བསྐྱངས་ནས་ཕྱི་མཐའི་བར་དུ་གདུལ་དཀའི་ཡུལ་འདི་མི་བཟུང་བར། །སྣང་དང་མི་སྣང་རིས་སུ་ཆད་པའི་མཛད་པ་འདི་འདྲ་ཅུང་རིགས་སམ། །འོན་ཀྱང་མཁའ་ལ་ཟླ་བའི་དཀྱིལ་འཁོར་རྣམ་གསལ་འགྲིབ་པ་མེད་བཞིན་དུ། །ཆུ་སྣོད་དབང་གིས་གཟུགས་བརྙན་སྣ་ཚོགས་གསལ་དང་འགྲིབ་པ་ཇི་བཞིན་དུ། །གདུལ་བྱའི་མོས་དགེ་འཕེལ་འགྲིབ་དབང་གིས་དམ་པའི་མཚན་དཔེ་གསལ་འགྲིབ་ཏུ། །སྣང་བ་དེ་ལྟར་བདག་བློས་ཉེས་མོད་ཁྱོད་ཀྱི་རང་བཞིན་འཕོ་འགྱུར་བྲལ། །གང་དང་འགྲོགས་པས་ཡོན་ཏན་བསུང་ཞིམ་རྣམ་པར་འཕེལ་བའི་རང་བཞིན་ནི། །དམ་པའི་ངང་ཚུལ་མ་ལ་ཡར་འཁྲུངས་རྐང་འཐུང་མཆོག་གི་རྗེས་འགྲོ་བ། །ལགས་མོད་དེ་ཕྱིར་ཁྱོད་རྗེས་སློབ་པའི་ཆོས་ཀྱི་སྲས་གྱུར་ཀུན་ལ་ཡང་། །གཅིག་ཏུ་གུས་པས་དད་བརྒྱའི་ཐལ་མོ་སྤྱི་བོར་ཟུམ་བཞིན་ལན་བརྒྱར་འདུད། །དེ་ལྟར་དགེ་བའི་བཤེས་ནི་རྒྱལ་བ་ཀུན་དང་རྣམ་དབྱེར་མེད་པའི་རྡོ་རྗེ་འཆང་། །གཞན་ཕན་སྣང་བའི་མཚན་གྱི་གླིང་བུ་རྣ་བའི་དཔྱིད་དུ་ལན་འགའ་ཙམ། །ཐོབ་པ་དེས་ཀྱང་སྲིད་པའི་ལས་ཉོན་མཐའ་མར་བྱེད་ན་མཚན་དཔེའི་ཞལ། །དངོས་སུ་བསྟེན་པའི་སྐལ་བཟང་ཐོབ་ལ་རབ་དགའ་མི་བསྐྱེད་གང་སུ་ཞིག །དེང་ནས་བཟུང་སྟེ་སྐྱེ་བའི་ཕྲེང་བ་ཞི་བའི་དབྱིངས་སུ་ཉེ་བར་མ་བརྟུལ་དེ་སྲིད་དུ། །རྫོགས་པའི་སངས་རྒྱས་གཞན་ཕན་སྣང་བའི་ཞབས་ཀྱི་པདྨོར་རྡུལ་བྲལ་ཡིད་བཞིན་མཆོག་གི་དངོས། །སྤྱི་བོའི་རྒྱན་དུ་ནམ་ཡང་མི་འབྲལ་དད་པ་གསུམ་ལྡན་བརྙེས་པ་གསུམ་གྱིས་ལེགས་བསྙེན་ཏེ། །དམ་པའི་བཀའ་བཞིན་རྗེས་སུ་སྒྲུབ་སླད་ལུས་དང་སྲོག་ཀྱང་ཡོངས་སུ་གཏོང་ལ་སྤྲོ་བར་ཤོག །ནམ་ཞིག་མགོན་པོ་ཡེ་ཤེས་སྒྲིབ་མེད་རྒྱལ་བ་མཆོག་གི་མཚན་དཔེའི་སྐུ། །གདུལ་བྱའི་ཡུལ་ལ་རྒྱལ་བར་དངོས་སྣང་སྟོང་ཉིད་སེདྒེའི་ང་རོ་ཡིས། །ཞིང་ཀུན་འགེངས་པའི་མི་ཡི་སེངྒེ་འཇིག་རྟེན་སྒྲོན་མེར་ཕེབས་པའི་ཚེ། །སྲས་ཀྱི་ཐུ་བོར་ངེས་པར་དབང་བསྐུར་འབྲེལ་བཅས་མ་ལུས་དབུགས་འབྱིན་ཤོག །བདག་གི་ལུས་དང་ངག་དང་ཡིད་ཀྱིས་བརྩམས་པ་ཇི་སྙེད་དེ་ཀུན་ཀྱང་། །དེང་ནས་བཟུང་སྟེ་གཞན་ལ་ཕན་པར་རོ་གཅིག་ཉིད་ལས་རང་དོན་གྱི། །བགྱི་བ་ཕྲ་མོའང་ནམ་ཡང་མི་འབྱུང་རྟག་ཏུ་གཞན་ལ་ཕན་བརྩོན་པ། །དཔལ་མགོན་བླ་མའི་ཐུགས་ཀྱི་བཞེད་པ་མ་ལུས་བདག་གིས་བསྒྲུབ་པར་ཤོག །ཚེ་འདིའི་འདུ་བྱེད་ཡ་མན་ཏ་ཀས་མགྲོན་དུ་འབོད་པའི་དུས་བྱུང་ཚེ། །པདྨོ་བཀོད་པའི་འཇིག་རྟེན་ཞིང་ཁམས་དཔལ་ལྡན་པདྨའི་མདུན་ས་དེར། །སྐད་ཅིག་ཉིད་ལ་བརྫུས་ཏེ་སྐྱེས་ནས་དྲིན་ཆེན་མཚོ་སྐྱེས་རྒྱལ་བའི་ཞལ། །མངོན་སུམ་མཐོང་ལས་སྨིན་གྲོལ་བདུད་རྩིའི་དབུགས་འབྱིན་ཆེན་པོ་འཐོབ་པར་ཤོག །དེ་ལྟར་དགེ་བའི་བཤེས་ཀྱི་ཡོན་ཏན་རིན་ཆེན་ཚད་མེད་མཐའ་ཡས་ལས། །རང་བློས་གང་ནུས་ཕྱོགས་གཅིག་དག་ཏུ་སྙན་ཚིག་གསེར་གྱི་སྐུད་པ་ལ། །ལེགས་པར་བསྟར་བའི་བསྟོད་དབྱངས་རྒྱ་མཚོའི་རིན་ཆེན་མཆོག་གི་འཕྱང་འཕྲུལ་འདིས། །རྒྱལ་བ་ཀུན་དངོས་ཆོས་ཀྱི་རྒྱལ་པོ་གང་གི་མདུན་སར་བསྟི་སྟང་བགྱིད། །དེ་ལས་ཐོབ་པའི་ལེགས་བྱས་དྲི་མེད་སྟོན་ཁའི་ཟླ་བའི་རྗེས་འགྲོ་བ། །འཁོར་གསུམ་སྤྲོས་པའི་ཀྩཁྭཀྩཁྭགྲྭ་ཟུར་ཡོངས་ཟླུམ་ཚོགས་གཉིས་ཆ་ཤས་གང་བའི་གཟུགས། །མི་གནས་ཞི་བའི་མཁའ་དང་སྙོམས་འཇུག་མ་ལུས་སྐྱེ་དགུའི་ཕན་བདེའི་མཚོ། །རབ་རྒྱས་སྙིང་པོར་ཀུན་མཁྱེན་གོ་འཕང་ཀུནྡའི་ཕྲེང་ཚོགས་རྒྱས་གྱུར་ཅིག །ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཉི་མ་ནུབ་པ་མེད་པ་ཆེར་གསལ་ཞིང་། །བསྟན་པའི་མངའ་བདག་མཆོག་གི་སྤྲུལ་སྐུ་མཚུངས་མེད་དམ་པ་གང་ཉིད་དང་། །ཕྱོགས་བྲལ་བཤེས་གཉེན་ཇི་སྙེད་དེ་ཀུན་གསང་གསུམ་གཡོ་མེད་རབ་ཏུ་བརྟན། །འཁོར་ལོ་གསུམ་གྱི་མཛད་ཕྲིན་རྒྱ་ཆེ་མཁའ་དང་གདུལ་བྱའི་ཞིང་ཁྱབ་ཤོག །འཇིག་རྟེན་ཀུན་ཏུ་གནས་སྐབས་མཐར་ཐུག་ཕན་བདེའི་ཆར་ཆེན་རྒྱུན་མི་ཆད། །གང་ལས་འབྱུང་བའི་ལེགས་བྱས་རྫོགས་ལྡན་ཡིད་བཞིན་སྤྲིན་གྱི་ཚོགས་འཕེལ་བས། །དག་པའི་ཞིང་བཞིན་རྣམ་མང་བདེ་དགའི་འབྱོར་བ་ཤིན་ཏུ་མཐའ་ཡས་ཤིང་། །སྲིད་པའི་རྒུད་པ་མ་ལུས་ཉེར་ཞི་མཆོག་ཏུ་དགེ་བའི་གནས་ཐོབ་ཤོག །བདག་བློ་ཉེས་བརྒྱའི་མི་གཙང་ཕུང་པོ་ཤིན་ཏུ་སྨད་པའི་རང་བཞིན་ཡང་། །དད་གསུམ་ཆུ་བོས་མངོན་པར་བཏེགས་པའི་རབ་བསྔགས་པདྨོའི་ཕྲེང་བ་འདི། །ཁེངས་དང་ཆགས་སྡང་ཕྲག་དོག་ལ་སོགས་ཉེས་པའི་དྲི་མས་གོས་མིན་པས། །དད་བརྒྱའི་བློ་མིག་ཤིན་ཏུ་གསལ་ལྡན་སྐལ་བཟང་ཚོགས་རྣམས་དགྱེས་པར་མཛོད། །དེ་ལྟར་དཔལ་ལྡན་བླ་མ་དམ་པ་བཀའ་དྲིན་སུམ་ལྡན་གྱི་རྡོ་རྗེ་འཆང་ཆེན་པོ་རྫོགས་པའི་སངས་རྒྱས་གཞན་ཕན་ཆོས་ཀྱི་སྣང་བ་ལ་བསྔགས་པ་ཡོན་ཏན་རྒྱ་མཚོའི་སྤྲིན་ཀུན་ཏུ་བཀོད་པའི་རོལ་མོ་ཞེས་བྱ་བ་འདི་ཡང་། ཆོས་ལྡན་གྱི་གྲོགས་དམ་པ་ནོར་བུ་བཟང་པོས་ལེགས་པར་བསྐུལ་ཞིང་། རང་ཉིད་ཀྱིས་ཀྱང་ཚེ་རབས་ཀུན་ཏུ་བླ་མ་དམ་པའི་ཡོན་ཏན་གྱི་ཕུང་པོ་ཚད་མེད་པར་རྗེས་སུ་བསྔགས་ཤིང་། འཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོར་མངའ་དབང་བསྒྱུར་བས་དོན་གཉིས་ཟད་མི་ཤེས་པའི་དགའ་སྟོན་ལ་ལོངས་སུ་སྤྱོད་པའི་རྟེན་འབྱུང་དང་། ཉེ་ཆར་ཡང་བླ་མ་དམ་པའི་ཡོན་ཏན་རྗེས་སུ་དྲན་པའི་གསོས་སུ་དམིགས་ཏེ། ཆོས་ཀྱི་རྗེ་གང་གི་བཀའ་དྲིན་ཁོ་ནས་ཉེ་བར་འཚོ་བའི་སྤྲང་བན་འཇིགས་མེད་ཡོན་ཏན་མགོན་པོར་འབོད་པའི་གདོལ་སྤྱོད་མཁན་དེ་ཉིད་ཀྱིས། མཚུངས་མེད་བླ་མ་དམ་པའི་ཞབས་པད་ཡིད་ལ་དྲན་བཞིན་དུ་བྲིས་པ་འདིས་མཐོང་ཐོས་དྲན་རེག་གི་འགྲོ་བ་མ་ལུས་པ་དཔལ་ལྡན་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀཱ་ལྱཱ་ཎཾ་བྷ་ཝནྟུ། །

ཆོས་ཀྱི་རྗེ་ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ་པོ་མཚུངས་པ་མེད་པ་ཚད་མེད་པའི་ཐུགས་རྗེའི་བདག་ཉིད་དཔལ་མགོན་བླ་མ་དམ་པ་གཞན་ཕན་ཆོས་ཀྱི་སྣང་བ་ལ་བསྟོད་པ་ཡིད་འཕྲོག་པདྨ་དཀར་པོའི་ཆུན་པོ།

བཅོམ་ལྡན་འདས་གསུང་གི་རྡོ་རྗེ་ལ་ཕྱག་འཚལ་ལོ། མཁའ་ལྟར་རབ་ཞི་སྤྲོས་མེད་པའི། །ཡེ་ཤེས་དཀྱིལ་འཁོར་ཆོས་ཀུན་གྱི། །འབྱུང་གནས་ཟག་མེད་ཕ་རོལ་ཕྱིན། །གང་གིས་བརྙེས་པ་དེ་ལ་འདུད། །དཔལ་ལྡན་ཡོན་ཏན་ཀུན་གྱི་གཏེར། །དག་དང་ཤིན་ཏུ་དྲི་མེད་པ། །སངས་རྒྱས་ཀུན་མཉམ་མཚུངས་པ་མེད། །ཁྱབ་བདག་ཁྱོད་ལ་ཕྱག་འཚལ་ལོ། །བསྐལ་པ་ཤིན་ཏུ་མཐའ་ཡས་སུ། །སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ནས། །སྐུ་བཞིའི་དབང་ཕྱུག་མཆོག་བརྙེས་པའི། །ཆོས་ཀྱི་རྒྱལ་པོ་ཁྱོད་ཕྱག་འཚལ། །སྲིད་ལས་འདས་ཀྱང་སྲིད་འདི་ན། །སྣ་ཚོགས་རྣམ་འཕྲུལ་ཚད་མེད་པས། །གདུལ་བྱའི་དོན་མང་རྫོགས་མཛད་པའི། །ཐབས་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ཇི་སྙེད་རྒྱལ་དང་རྒྱལ་བའི་སྲས། །ཀུན་གྱི་མཁྱེན་བརྩེའི་ཆུ་ཀླུང་འབུམ། །ཁྱེད་ཀྱི་ཐུགས་མཚོར་རོ་གཅིག་པའི། །སྤྱི་དཔལ་ཁྱོད་ལ་ཕྱག་འཚལ་ལོ། །བྱང་ཆེན་སྤྱོད་པའི་རྫོགས་ལྡན་སྤྲིན། །ཁྱོད་ཐུགས་ཟབ་ཡངས་ནམ་མཁའི་ཀློང་། །བརྙེས་པས་ཕན་བདེའི་གྲུ་ཆར་ཅན། །བདེ་བའི་འབྱུང་གནས་ཁྱོད་ཕྱག་འཚལ། །སྲིད་པའི་བརླན་བྲལ་སྙིང་རྗེའི་ཆུ། །སྲིད་པའི་གདུང་སེལ་ཡེ་ཤེས་མེ། །མཉམ་སྦྱོར་ཤིན་ཏུ་རྨད་བྱུང་ན། །ཁྱེད་ཀྱི་ཚུལ་འདི་བརྟགས་པར་དཀའ། །འགྲོ་ལ་བརྩེ་བའི་ཆུས་བརླན་ཞིང་། །དམིགས་མེད་ཡེ་ཤེས་དྲོད་ལྡན་པས། །བྱང་ཆུབ་མྱུ་གུ་བསྐྱེད་བསྲིང་བའི། །རྒྱལ་སྲས་གཞོན་ནུའི་ཚུལ་ཡང་བསྟན། །ལ་ལར་སྟོབས་བཅུའི་འཇུག་པ་ཡིས། །ཆོས་རྣམས་ཀུན་ལ་དབང་བསྒྱུར་བའི། །རང་བྱུང་ཉིད་དང་རང་སངས་རྒྱས། །སྣ་ཚོགས་རྣམ་འཕྲུལ་ཕྱག་འཚལ་ལོ། །ལ་ལར་ཞི་དང་ལ་ལར་ཁྲོ། །མ་འདྲེས་སྣ་ཚོགས་རིམ་དང་ནི། །ཅིག་ཆར་སྣང་མཛད་སྤྲོ་བསྡུའི་བདག །ཀུན་གྱི་སྤྱི་གཟུགས་ཁྱོད་ཕྱག་འཚལ། །སྲིད་པའི་འཁྲི་ཤིང་ཡེ་ཤེས་མེས། །ཡོངས་སུ་སྦྱངས་ནས་སྒྱུ་མའི་ཚུལ། །སྲིད་པར་འཇུག་དང་སྐྱེ་བར་སྟོན། །རྨད་བྱུང་ཁྱོད་ལ་ཕྱག་འཚལ་ལོ། །གཞོན་ནུའི་དུས་ནས་ཟབ་མོའི་དོན། །སྟོང་ཉིད་སྨྲ་བའི་སེདྒེའི་སྒྲ། །སྒྲོག་ལ་བསྙེངས་བ་ཀུན་བྲལ་བའི། །བློ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཁྱིམ་ན་གནས་པའི་དུས་ཀྱི་ཚེ། །ཌཱཀྐིའི་ཚོགས་ཀྱིས་བགོ་སྐལ་ཕུལ། །བླང་དོར་བྲལ་བའི་བརྟུལ་ཞུགས་རྫོགས། །གསང་བདག་ཆེན་པོ་ཁྱོད་ཕྱག་འཚལ། །གང་དུ་དམ་པའི་ཉིན་བྱེད་ཀྱིས། །མཁྱེན་རབ་པདྨོ་ཁ་ཕྱེ་ལས། །ལེགས་བཤད་ཟིལ་མངར་འབུམ་སྤྲོ་བས། །སྐལ་བཟང་ཚིམ་མཛད་ཁྱོད་ཕྱག་འཚལ། །ཁྱོད་ཀྱི་ཡོན་ཏན་གཏེར་མཐོང་ནས། །འདི་ཡིས་བསྟན་འགྲོའི་དོན་འབྱུང་ཞེས། །དགེ་བའི་བཤེས་ཀྱིས་ཡང་དང་ཡང་། །རབ་བསྔགས་ཁྱོད་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་དྲི་མེད་པདྨོའི་འདབ། །བག་ཡོད་ཉི་གཞོན་དང་འགྲོགས་པས། །ལྷ་བརྒྱས་བསྟོད་པའི་གྲགས་སྙན་དྲི། །ཕྱོགས་ཀུན་ཡོངས་ཁྱབ་ཁྱོད་ཕྱག་འཚལ། །ཆོས་ལ་མི་རྟོག་ཡེ་ཤེས་སྤྱན། །སྒྲིབ་བྲལ་གང་གིས་ཆོས་ཀུན་ལ། །ཡོངས་སུ་རྟོག་པ་ཀུན་སྤངས་པས། །ཚུལ་ཁྲིམས་ཕར་ཕྱིན་རྫོགས་ལ་འདུད། །བྱང་ཆེན་སྤྱོད་པའི་བདུད་རྩིའི་བཅུད། །ཐུགས་ཀྱི་བུམ་བཟང་ལ་བསྐྱིལ་ནས། །གཞན་ཕན་མཛད་བཟང་ཕྱོགས་བྲལ་གྱིས། །གདུལ་བྱའི་དཔལ་དུ་གྱུར་ལ་འདུད། །ཇི་ལྟ་ཇི་སྙེད་ཤེས་བྱ་ལ། །མ་ཆགས་ཐོགས་པ་མི་མངའ་ཡང་། །ཐོས་དང་བསམ་དང་བསྒོམ་པ་ལ། །ཡང་དང་ཡང་དུ་སློབ་ཚུལ་སྟོན། །མདོ་དང་ཆོས་མངོན་འདུལ་བ་དང་། །དེ་དག་དགོངས་འགྲེལ་བཅས་པ་ལ། །བློ་གྲོས་ཐོགས་པ་མི་མངའ་བའི། །མཁས་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཐུན་མོང་རིག་གཞུང་ཀུནྡའི་ཚལ། །ཁྱོད་བློའི་ཟླ་ཟེར་གྱིས་ཕྱེ་ནས། །ལེགས་བཤད་དྲི་མེད་ཆུ་བསིལ་གྱིས། །བློ་གསལ་ཚིམ་མཛད་ཁྱོད་ལ་འདུད། །བླ་ན་མེད་པའི་དབང་བཞིའི་རྒྱུན། །ལེགས་པར་གསན་པའི་མོད་ཉིད་ནས། །སོ་སོའི་ལམ་གྱི་ཡེ་ཤེས་ལ། །དབང་འབྱོར་ཁྱོད་ལ་ཕྱག་འཚལ་ལོ། །ཆོས་ཀུན་སྒྱུ་མར་གཟིགས་པའི་ཐུགས། །མི་རྟོག་མཁའ་ལྟར་ཉེར་ཞི་བས། །ཐུན་མོང་འཇིག་རྟེན་སྤྲོས་པའི་ཆོས། །གང་ལའང་ཞེན་པ་རྡུལ་ཙམ་མེད། །དེ་ལྟར་ན་ཡང་གང་གི་སྤྱོད། །གདུལ་བྱ་ཁོ་ནར་སྨན་དགོངས་པས། །འགྲོ་གཞན་དབེན་པར་བསྐུལ་བའི་སླད། །དབེན་པར་དགྱེས་པའི་ཚུལ་ཡང་སྟོན། །མ་ལུས་དཀྱིལ་འཁོར་ཐམས་ཅད་ཀྱི། །སྤྲོ་བསྡུའི་བྱེད་པོ་ཁྱོད་ཉིད་ཀྱང་། །ད་དུང་རིམ་གཉིས་ལམ་བཟང་ལ། །འབད་པའི་ཚུལ་འདི་ཐབས་རེ་ཟབ། །ཟབ་ཅིང་རྒྱ་ཆེའི་རྒྱུད་ཀྱི་དོན། །ཤིན་ཏུ་རྟོགས་དཀའ་རྡོ་རྗེའི་གནས། །རྣམ་པར་འབྱེད་ལ་བསྙེངས་བྲལ་བའི། །རྡོ་རྗེ་འཛིན་དབང་ཁྱོད་ཕྱག་འཚལ། །རྒྱུ་དང་འབྲས་བུའི་ཐེག་པ་ལ། །རྣམ་བཞག་མ་འདྲེས་གང་བསྟན་པ། །མཐའ་དྲུག་ཚུལ་བཞི་རྣམ་ཕྱེ་ནས། །ཆོས་ཀུན་འགལ་མེད་གཅིག་ཏུ་སྟོན། །ཆོས་རྣམས་ཀུན་གྱི་གནས་ལུགས་དབྱིངས། །སྤྲོས་བྲལ་བསམ་མི་ཁྱབ་པ་ཞེས། །ཐེག་ཆེན་མདོ་དང་རྒྱུད་ཀུན་ལས། །ལེགས་གསུང་ཇི་བཞིན་ཁྱོད་ཀྱིས་བཤད། །གཞན་དུ་རང་བློས་སྦྱར་བའི་གཞུང་། །ཕལ་ཆེར་ཕྱོགས་རེའི་མིག་ཅན་ཏེ། །ཡོད་དང་མེད་པའི་མཐའ་གཉིས་སུ། །རྣམ་པར་འཁྱམས་ཞེས་ཁྱོད་ཀྱིས་བསྟན། །ཁྱོད་ཀྱིས་གང་བཞེད་ཟབ་མོའི་དོན། །ཐེག་ཀུན་དགོངས་དོན་འདིའོ་ཞེས། །ལེགས་པར་གསུངས་པ་དེ་བཞིན་དུ། །ངེས་དོན་མདོ་རྒྱུད་ཀུན་ལས་གསུངས། །དེ་ཕྱིར་ཁྱོད་གསུང་དྲི་མ་མེད། །དོན་ཟབ་ཚིག་བཟང་མ་འདྲེས་ངག །དྲང་སྲོང་བཞིན་དུ་ཚད་མའི་ཕུལ། །ཤེས་ནས་མཆོག་ཏུ་གུས་པ་ཐོབ། །གཞན་ཕན་ཁོ་ནར་རོ་གཅིག་པའི། །སྙིང་རྗེའི་ཟླ་བ་དྲི་མ་མེད། །ཆོས་ཀྱི་སྣང་བ་མ་འདྲེས་གསལ། །འགྲོ་བའི་སྒྲོན་མེ་ཁྱོད་ཕྱག་འཚལ། །གང་གཞན་བསྐལ་པ་བགྲངས་ཡས་སུ། །འགྲོ་ལ་ཕན་པ་ལྷུར་མཛད་པས། །དེང་འདིར་ཆོས་ཀྱི་སྣང་ཆེན་གྱིས། །འགྲོ་བའི་མུན་སེལ་ཁྱོད་ལ་འདུད། །གཞན་ཕན་ཆུ་གཏེར་ཆེན་པོ་ལས། །ལེགས་འཁྲུངས་བྱམས་པའི་ཟླ་ཤེལ་ནི། །སྒྲིབ་གསུམ་སྨག་རུམ་མི་བཟད་གཡུལ། །གཞོམ་ལ་དཔའ་བའི་གོ་ཆ་བརྟན། །ཕྱོགས་བྲལ་གདུལ་བྱའི་བུང་བ་ཀུན། །ཁྱོད་ཀྱི་ཡོན་ཏན་བསུང་ཞིམ་ལ། །གཅིག་ཏུ་འདུན་པའི་བསྔགས་བརྗོད་དབྱངས། །དར་དིར་སྒྲོག་བཞིན་ཁྱེད་ཞབས་བསྙེན། །ཨེ་མ་མཁྱེན་བརྩེའི་དཀྱིལ་འཁོར་རྒྱས། །ཡོངས་ལ་སྨན་པའི་མཛད་པ་བཟང་། །ཨེ་མ་ཡོན་ཏན་ཆུ་གཏེར་ཟབ། །ཀུན་གྱི་ཡིད་འཕྲོག་གྲགས་ཆེན་ལྡན། །གྲགས་པ་ཤིན་ཏུ་རྨད་བྱུང་བའི། །ལྷ་ཡི་རྔ་ཆེན་མཚུངས་པ་མེད། །སྲིད་པ་གསུམ་ན་རབ་སྙན་པའི། །གྲགས་པ་མཐའ་ཡས་ཁྱོད་ལ་འདུད། །ཁྱོད་ཐུགས་དྲི་མེད་ནམ་མཁའ་བཞིན། །མཁྱེན་བརྩེའི་ཉི་ཟླ་དང་འགྲོགས་པས། །འོད་གསལ་དྲི་མེད་ཡེ་ཤེས་ཀྱིས། །སྤྱོད་ཡུལ་མ་འདྲེས་སོ་སོར་གསལ། །ཁྱོད་ཀྱི་གསུང་གསང་ལྷའི་རོལ་མོ། །ཞིང་མང་མཐའ་ཡས་རྗེས་འགྲོ་བའི། །ཇི་སྙེད་འདས་དང་མ་འདས་པའི། །ཆོས་ཀུན་སྟོན་པའི་བྱེད་པོར་གྱུར། །ཁྱོད་སྐུ་དྲི་མེད་ལྷའི་ཟླ་བ། །འོ་མའི་མཚོ་ཞེས་རབ་འཁྲུལ་བས། །ཡང་དག་ཉིད་དུ་ཀུན་ཀྱང་དབེན། །ཆོས་ཀྱི་རྒྱ་མཚོ་ཁྱོད་མཐོང་ནས། །སོ་སོའི་ཡོན་ཏན་རྨིག་རྗེས་ཆུས། །ཁེངས་པའི་རུ་མཚོན་བསྙིལ་ནས་སླར། །མཁས་མང་ནགས་ཀྱི་མཐོངས་སུ་འགྲོ། །འདི་ན་ཟབ་ཅིང་རྒྱ་ཆེ་བའི། །ཆོས་ཀྱི་ཆུ་ཀླུང་ཇི་སྙེད་པ། །མཁས་པ་ཀླུ་དབང་ཁྱོད་ཁོ་ནས། །དཔལ་ལས་བྱུང་ཞེས་མཁས་རྣམས་གླེང་། །ཨེ་མ་དམ་པའི་ཉིན་བྱེད་གསལ། །འགྲོ་བའི་ལེགས་བྱས་རྒྱ་མཚོའི་གོས། །མ་ལུས་གང་གི་སྣོད་དུ་གྱུར། །ཕྱོགས་ལྷུང་མི་མངའ་ཁྱོད་ལ་འདུད། །བདག་བློ་ཤིན་ཏུ་ཡུན་རིང་ནས། །རྨོངས་པའི་སྨག་དང་འགྲོགས་འགྲོགས་པ། །ཁྱོད་བྱིན་ཉིན་བྱེད་འཆར་ཁའི་ཟེར། །ཆ་གཅིག་ཁོ་ནས་སྣང་བར་བྱས། །ཆུ་ལས་སྐྱེས་པའི་པདྨ་དང་། །གཟའ་བྲལ་རྒྱུ་སྐར་བདག་པོ་བཞིན། །རྣམ་གསལ་ཤིན་ཏུ་རྨད་བྱུང་བའི། །དམ་པའི་ངང་ཚུལ་འདི་རེ་རྨད། །ཟླ་ཤེལ་གླང་པོ་པད་དཀར་འདབ། །དུང་དང་ཀུནྡ་གསར་པ་བཞིན། །གཅིག་ཏུ་དཀར་བའི་མཛད་པ་ཅན། །ཁྱོད་འདྲ་དག་པའི་ཕུལ་དུ་གྲུབ། །རྒྱ་ཆེ་བ་ཡི་རྒྱ་མཚོ་དང་། །དྲི་མ་མེད་པའི་འབྲས་ལྡན་མཁའ། །ཀུན་ལ་སྙོམས་སེམས་ཉི་མ་བཞིན། །ཁྱོད་ཀྱི་མཁྱེན་རབ་མཆོག་ཏུ་བསྔགས། །ཉི་མ་འཆར་ཁའི་འོད་ཀྱི་རྡུལ། །གཅིག་ཏུ་བཞུས་པའི་ཞུན་ཁམས་ཀྱིས། །ལན་བརྒྱར་བྱུགས་པའི་གསེར་གྱི་རི། །ཁྱོད་སྐུ་མཚུངས་པའི་གཟི་བྱིན་འབར། །ཟླ་བ་ཞུན་མའི་ཆུ་གཏེར་ལས། །ཕྱུང་བ་མིན་པའི་ཚེམས་དཀར་ཕྲེང་། །རབ་དཀར་འོད་ཀྱི་དྲ་བ་ཅན། །རྒྱུ་སྐར་དག་གི་རྗེས་སུ་བསྙེགས། །མཆུ་སྒྲོས་པདྨའི་འདབ་བསྐྱོད་པས། །ལེགས་བཤད་ཟིལ་མངར་ཅིར་ཡང་འཇོ། །བདག་བློ་དད་གསུམ་བྷྲ་མ་ར། །བཏུད་ཅིང་བཏུད་ཅིང་དེ་ལ་འཐུང་། །ཆོས་ཀྱི་ཟིལ་མ་རབ་བསིལ་བའི། །དཔལ་འདི་དམ་པའི་ཞལ་གྱི་མཚོ། །རྗེས་བརྩེའི་དྲི་བཞོན་གྱིས་བསྐྱེད་ལས། །བདག་བློའི་གདུང་སེལ་གཉེན་དུ་བབས། །སྣང་བར་བྱས་སོ་ཤེས་བྱའི་ཡུལ། །ཁྱོད་ཀྱི་བློ་གྲོས་ཉི་ཟེར་གྱིས། །གསལ་བར་བྱས་སོ་ལྔ་བདོའི་སྨག །ཁྱོད་མཛད་ཟླ་ཟེར་འབུམ་གྱིས་སོ། །དགའ་བར་བྱས་སོ་སྐལ་བཟང་ཡིད། །སྨིན་གྲོལ་ཆོས་ཀྱི་དགའ་སྟོན་གྱིས། །ཉམས་པར་བྱས་སོ་ཡིད་སྲུབས་དཔུང་། །ཁྱོད་བྱིན་རྩེ་མོ་བརྒྱ་བས་སོ། །བདག་བློ་པདྨའི་སྐྱེད་ཚལ་དུ། །དམ་པའི་ཐུགས་རྗེ་ཉིན་མོའི་དཔལ། །མགྲོན་དུ་ཁུག་ལས་རྣམ་དཔྱོད་ཀྱི། །འདབ་སྟོང་རྣམ་པར་རྒྱས་སོ་ཀྱེ། །གང་ན་དད་གསུམ་རྐང་དྲུག་ཚོགས། །གུས་བཅས་རབ་དགའི་གར་རྩེ་ཞིང་། །དམ་པའི་བྱིན་བཅུད་ཟིལ་མངར་གྱིས། །མྱོས་པའི་ལེགས་བཤད་དབྱངས་སུ་ལེན། །ཚུལ་འདི་བརྗོད་པར་དོན་ལྡན་ཞིང་། །བེམ་མིན་བློ་དང་བརྗོད་པའི་ངག །བསྐུལ་བའི་རོ་འཛིན་ཐོབ་པའི་དོན། །གཏམ་འདིས་ཤིན་ཏུ་དོན་ལྡན་བྱས། །བདག་ཀྱང་དམ་པའི་ཉིན་བྱེད་ཀྱིས། །ཡོངས་སུ་བཟུང་བའི་སྐལ་བཟང་དེས། །འཁོར་བར་ཇི་སྲིད་གནས་ཀྱི་བར། །ནམ་ཡང་བཏང་བ་མེད་གྱུར་ཅིག །ལེགས་བྱས་དྲི་མེད་སྟོན་ཟླའི་དཔལ། །འཕྲོག་ལ་རིངས་པའི་དགེ་མཚན་དེས། །མཐའ་ཡས་ཡིད་ཅན་མ་ལུས་པའི། །སྒྲིབ་གཉིས་མུན་པ་མཐར་བྱེད་ཤོག །ནམ་ཞིག་བདག་དང་འགྲོ་བ་ཀུན། །དཔལ་ལྡན་བླ་མའི་མཁྱེན་བརྩེའི་མཚོར། །རང་གི་ཡེ་ཤེས་དག་བྱེད་རྒྱུན། །རོ་གཅིག་ཉིད་དུ་འདྲེས་གྱུར་ཅིག །དེ་ལྟར་དཔལ་ལྡན་བླ་མ་རྫོགས་པའི་སངས་རྒྱས་གཞན་ཕན་བྱམས་པའི་གོ་ཆའི་ཡོན་ཏན་གྱི་ཆ་ཤས་ལ་གཅིག་ཏུ་དད་པས་ཕྱོགས་ཙམ་བསྔགས་པ་ཡིད་འཕྲོག་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ་འདི་ནི། མཚུངས་མེད་བླ་མ་དམ་པ་ཉིད་ཀྱིས་ཐུགས་བརྩེས་རྗེས་སུ་བཟུང་ཞིང་། ཆོས་ཀྱི་རྗེ་གང་ལ་སྙིང་ནས་གསོལ་བ་འདེབས་པའི་འབངས་ཐ་ཤལ་འཇིགས་མེད་ཡོན་ཏན་མགོན་པོའམ་ཐ་སྙད་རིག་པའི་བཏགས་མིང་དུ་ལེགས་བཤད་དགའ་བའི་གོ་ཆ་ཞེས་འབོད་པས་ཤར་མར་བྲིས་པའི་དགེ་བས་འགྲོ་ཀུན་དཔལ་ལྡན་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །

མཁན་སློབ་ཆོས་གསུམ་ལ་བསྟོད་པ་དད་པའི་མེ་ཏོག

མཐའ་གཉིས་ལས་བསྐལ་ཞི་བའི་ཆུ་གཏེར་གྱི། །ལྦུ་ཕྲེང་ཚུལ་ཁྲིམས་གསུམ་པའི་འཛུམ་དཀར་ལས། །རྒྱལ་བསྟན་རྙོག་མ་དང་པའི་ཀེ་ཏ་ཀ། །རིན་ཐང་ཆེན་པོར་བྱས་པ་ཁྱོད་ཀྱི་དྲིན། །འོད་མཚན་སྟོང་དུ་འབར་བའི་ཡེ་ཤེས་མཚོན། །ཟུག་རྔུའི་དབལ་གྱིས་སྤངས་པའི་མཐུ་སྟོབས་མེ། །སྣང་སྲིད་དྲེགས་པའི་སྙིང་ལ་རབ་འབར་བའི། །སྣང་བརྙན་ཡེ་ཤེས་བྱིན་དང་རབ་འགྲོགས་ཤིག །མཐོན་མཐིང་རལ་བའི་ཟུར་ཕུད་ལ་ཐོད་ཀྱི། །གདེངས་ཀས་བསྒྲིབས་པའི་མོད་ལ་གངས་རིའི་ཁྲོད། །པན་གྲུབ་གཡུལ་གྱི་ཕྲུ་མས་བཏབ་པ་འདི། །ཚངས་པའི་མེ་ཏོག་གསར་པའི་དྲིན་ལས་སོ། །

དབེན་པའི་ཡོན་ཏན་ལ་བསྔགས་པ་ལྷའི་རོལ་མོ།

དྲང་སྲོང་ཆེན་པོ་དོན་ཀུན་གྲུབ་པ་ལ་ཕྱག་འཚལ་ལོ། ནམ་ཡང་སྲིད་པའི་བདེ་ལ་མ་ཆགས་པའི། །དབང་ཕྱུག་བདུན་ལྡན་འཁོར་ལོའི་སྒྱུར་བའི་སྲིད། །མཆིལ་མའི་ཐལ་བ་བཞིན་ཏུ་རབ་སྤངས་ནས། །དབེན་པར་ཞི་བའི་བདུད་རྩི་བརྙེས་དེར་འདུད། །གང་ཞིག་སྲིད་པའི་ཆོས་ལས་ཡིད་བཟློག་སྟེ། །ཞི་བའི་ནགས་སུ་བགྲོད་པར་འདོད་པའི་བློ། །ཕྱོགས་དེར་གོམ་པ་བདུན་ཙམ་བོར་བས་ཀྱང་། །ཚད་མེད་བསོད་ནམས་འཐོབ་ཅེས་རྒྱལ་བས་གསུངས། །དེ་ཕྱིར་ཡོན་ཏན་འབྱུང་གནས་དབེན་པའི་གཏམ། །སྙན་ཚིག་ལྷ་ཡི་རོལ་མོ་རྣ་བའི་བཅུད། །ཐར་འདོད་ཀུན་དགར་བྱེད་པའི་ངོ་མཚར་ཅན། །དེང་འདིར་བདག་གིས་བཤད་ཀྱིས་གུས་པས་ཉོན། །རྩོད་དང་ཉོན་མོངས་འདུ་འཛིའི་རྐྱེན་བྲལ་ཞིང་། །ཉེ་བར་ཞི་བའི་ཡོན་ཏན་རྒྱ་ཆེ་བའི། །དབེན་པའི་གནས་འདི་ལྷ་ཡི་འབྱོར་བས་ཀྱང་། །མཚོན་མིན་ཆོག་ཤེས་ནོར་གྱིས་འབྱོར་བ་ལགས། །དེས་ན་ངལ་བས་མ་བསྒྲུབ་ཕུན་ཚོགས་སྟོང་། །སུས་ཀྱང་མ་བཟུང་རང་དབང་སྤྱོད་ཆོག་པའི། །ཟད་མེད་དགའ་སྟོན་ཁྱད་པར་དུ་མ་ཞིག །དྲང་སྲོང་རྣམས་ལ་མགྲོན་དུ་བསྟབས་པ་བཞིན། །གནམ་སྔོན་བཻཌཱུར་མེ་ལོང་དྭངས་པ་ལ། །ཉི་གཞོན་ཞི་བའི་གསེར་སྦྱངས་ཐིག་བྲན་པས། །ཆུ་བུར་མིག་གིས་ལྟ་བར་མི་བཟོད་པའི། །མཛེས་བཀྲག་མདངས་འཚེར་དབེན་པའི་གནས་སུ་ངོམ། །རབ་དཀར་ཆུ་ཤེལ་བརྩེགས་པའི་བ་གམ་ལྟའི། །མཛེས་མཐོ་གངས་ཀྱི་རི་བོ་ལྷུན་ཆགས་ཤིང་། །དུས་དང་འཚམས་པའི་ན་བུན་གསར་པ་ཡི། །ལྡིང་གུར་དཀར་པོའི་གནམ་གཡོག་འཛིན་པ་ཡོད། །དགུན་དུས་ཁ་བའི་རྡུལ་གྱིས་ཕྱོགས་ཁེབས་པས། །ཟླ་བ་ནོར་བུའི་རྡོ་ལེབ་བཀོད་པ་བཞིན། །བསིལ་བའི་རེག་བྱ་མ་ལ་ཡ་ཡི་རླུང་། །ཕྱོགས་འདིར་འཕོ་བཞིན་ཉམས་སུ་བདེ་བ་ཡོད། །ཉལ་འགྲོ་ཤེལ་གྱི་ཁང་བཟང་བརྟེན་པའི་ཚེ། །ཉམས་དང་མཐོ་དམན་གཅིག་ཏུ་མ་ངེས་པའི། །ཆུ་ཤེལ་གསར་པའི་ཁོར་ཡུག་བཀོད་པ་བཞིན། །ཚུལ་མིན་བགྲོད་པ་ངང་གིས་སྲུང་བ་ཡོད། །ཕྱོགས་རྣམས་བྲག་རིའི་ཕྲེང་བས་མཛེས་པ་ནི། །ལྷུན་མཐོའི་ངོས་ཡངས་ལྟ་ན་སྡུག་པའི་གཞིར། །སྤུ་སྡུག་རི་དྭགས་དགའ་བའི་གར་བྱེད་པའི། །མིག་ལ་ཡ་མཚན་ལྟད་མོ་སྦྱིན་པ་ཡོད། །ནམ་ཟླའི་དཔྱིད་དཔལ་མགྲོན་དུ་ཆས་པའི་ཚེ། །སྔོ་སངས་བཻཌཱུར་གནམ་གཡོག་བཀོད་པ་ལས། །རབ་དཀར་གོས་བཟང་བླ་རེ་བྲེས་པ་བཞིན། །ཆར་ཀྱི་མུ་ཏིག་དྲ་བའི་འཕྱང་འཕྲུལ་ཅན། །རེག་ན་བདེ་བའི་བསིལ་བ་སྟེར་བ་དང་། །རྣམ་གསལ་གློག་གི་སྒྲོན་མེ་འདེགས་པའི་ཚེ། །མཚན་མོའི་དུས་ཀྱང་ཉིན་དཔལ་བཞིན་དུ་བྱེད། །ས་རྣམས་སྔོ་ལྗང་མྱུ་གུས་ཁེབས་པ་ལ། །མདངས་མཛེས་གེ་སར་འཛུམ་པའི་འདབ་ཁྲོད་དུ། །སྙན་སྒྲོག་བུང་བ་མང་པོས་གླུ་ལེན་ཅིང་། །འདབ་ཡངས་བསྐྱོད་པའི་གར་གྱིས་བྲེལ་བ་ཡོད། །ལྕུག་ཕྲན་ལྗོན་པའི་ཡལ་ག་དུད་པའི་ཁྱིམ། །དབྱར་སྐྱེས་འདབ་མ་བདེ་བའི་མལ་སྟན་བཅས། །བསམ་གཏན་པ་དག་སྙོམས་པར་འཇུག་པའི་གནས། །མཐོ་རིས་གྲོང་ནས་འདི་རུ་འོང་བ་བཞིན། །རྐང་འཐུང་ལང་ཚོས་རྒྱགས་པའི་སྙེམས་དང་བཅས། །བསྐྱོད་ཚུལ་གཡོ་འགུལ་དལ་བུའི་བརྡའ་ཐབས་ཀྱིས། །ཞི་བའི་བསམ་གཏན་པ་ཀུན་འདིར་ཤོག་ཅེས། །ཆེད་དུ་བསྐུལ་བ་ཇི་བཞིན་མཛེས་པ་ཡོད། །སྲིད་བཅས་སྙིང་གི་རི་དྭགས་འཆིང་མིན་ཡང་། །རེག་ན་བདེ་བའི་དཔལ་སྟེར་མཚོ་སྐྱེས་ཚལ། །ཉི་གཞོན་ཞུན་མའི་མདངས་ཀྱི་འཕྱོར་ཆས་ཅན། །སྐེད་མེད་འབུམ་གྱི་ལང་ཚོར་ཅོ་འདྲི་བྱེད། །ཡིད་འཕྲོག་ཤར་རིའི་ཕྲག་པར་པདྨོའི་གཉེན། །འཛུམ་པའི་ཟེར་འཕྲེང་མིག་ཟུར་གཡོ་བའི་མདའ། །ཀེ་ལ་ཤ་རིའི་བཞིན་ལ་འཁྱུད་ཙམ་ནས། །དགའ་བའི་འཛུམ་དཀར་གཡོ་དང་ཆབས་ཅིག་ཏུ། །དབང་མེད་སྙིང་གི་བརྟན་པ་འཕྲོག་པའི་རྟགས། །ཕུ་ཆུ་སྙན་པའི་ཅ་ཅོ་སྒྲོགས་དང་བཅས། །ཁེངས་པའི་ཟོལ་སྤྱོད་གཡོ་སྒྱུའི་ན་བུན་གོས། །བཀླུབས་པའི་ཚུལ་གྱིས་སྒྲུབ་ལ་བརྩོན་པ་བཞིན། །མཁའ་དབྱིངས་བཻཌཱུར་ཞུན་མའི་ཆུ་གཏེར་ལ། །སྐར་ཚོགས་པདྨོའི་འདབ་ཕྲེང་ཆེར་འཛུམ་པར། །འདྲེན་བྱེད་བུང་བའི་ཟློས་གར་གཡོ་ཙམ་ན། །བསིལ་བཅུད་ཟིལ་མངར་ཐོབ་པའི་སིམ་པ་བཞིན། །རབ་མཛེས་རྡོ་ཡི་སྙིང་པོའི་བ་གམ་ལ། །མཉེན་ལྕུག་དལ་འགྲོའི་འཕན་འཕུར་མཛེས་པ་དང་། །བགྲང་ཕྲེང་མུ་ཏིག་དྲ་བའི་འཕྱང་འཕྲུལ་ཅན། །མཐོ་རིས་ལྟ་ན་སྡུག་པའི་དཔལ་ལ་འགྲན། །ལྗང་སེར་ལོ་མ་རེག་ན་འཇམ་པའི་རྟགས། །དུས་རླུང་སེར་བུས་ཡིད་ཙམ་གཡོ་ལྡན་པར། །བག་ཕེབས་ལུས་ཀྱི་བདེ་ཉམས་བསྒྱུར་དང་བཅས། །དཔྱིད་ཀྱི་ཉེ་རྒྱུའི་སྙན་གླུ་ཅིར་ཡང་སྒྲོག །འཇའ་ཚོན་གོས་སུ་བཀླུབས་པའི་སྤུ་སྡུག་མདངས། །མིག་གི་བདུད་རྩིར་བྱེད་དང་ལྷན་ཅིག་ཏུ། །འབྱུང་འཇུག་གསལ་སྟོང་ངག་གི་བརྡའ་ཐབས་ཅན། །མཁའ་འགྲོའི་ཚོགས་ལ་རྟག་ཏུ་བསྟེན་པ་ལགས། །ལྷན་སྐྱེས་བསུང་ཞིམ་གཡོ་བའི་སྒྱུ་ཐབས་ཀྱིས། །མི་དང་མི་མིན་གདུང་བའི་ཡིད་འཕྲོག་པའི། །སྤོས་ཀྱི་གླང་པོ་དགའ་བའི་གར་བྱེད་ཅིང་། །ཅ་ཅོ་སྤངས་པའི་སྣང་གླུ་ཅིར་ཡང་ལེན། །གཞན་འཚེའི་བསམ་སྦྱོར་རྩུབ་མོ་རབ་སྤངས་ཏེ། །སྐབས་སུ་ཞི་བའི་བསམ་གཏན་ལྷུར་བྱེད་ཅིང་། །ཆུ་དང་ལོ་མའི་དཀའ་ཐུབ་ཀྱིས་འཚོ་བའི། །རི་སྐྱེས་ཕལ་དག་བག་ཡངས་ཉི་དྲོད་སྐྱོང་། །གནག་སྣུམ་མིག་སྨན་ཞུན་མའི་མདངས་འཛིན་ཅིང་། །བརྟུལ་ཞུགས་རྡོ་རྗེའི་འགྲོས་ཀྱིས་གར་བྱེད་པའི། །གཉིས་སྐྱེས་གཞན་དག་ཉེས་པའི་གཏམ་སྤངས་ཏེ། །གསལ་བྱེད་ཐབས་ཀྱི་བཟླས་པ་གྲངས་སུ་འདྲེན། །དྲངས་ཤིང་ལྡེམ་པའི་རྐང་འཐུང་གེལ་བ་རྣམས། །ཡལ་འདབ་འཚམ་པར་བཀོད་པའི་གྲིབ་བསིལ་ནི། །ཚ་གདུང་སྐྱོབ་པའི་གོས་བཟང་རིན་ཆེན་གདུགས། །ཆེད་དུ་བསྐྲུན་པ་ཇི་བཞིན་གནས་པ་ཡོད། །མདོར་ན་དབེན་པའི་ཕུན་ཚོགས་གང་དང་གང་། །བསགས་དང་བསྲུང་དང་བརླག་པས་མི་གདུང་ཞིང་། །སྲེད་དང་བག་མེད་འཕེལ་བའི་རྐྱེན་མིན་པས། །ཆོས་མཐུན་འབྱོར་བའི་ཡང་རབ་གྱུར་པ་ལགས། །དབེན་པའི་གནས་འདིར་ཡུལ་གྱི་རྣམ་འགྱུར་ཀུན། །དགེ་ལ་བསྐུལ་དང་ངེས་འབྱུང་འདྲེན་པའི་ཐབས། །ཉེས་པའི་རྐྱེན་མིན་རང་བཞིན་དགེ་བས་ན། །རྒྱལ་དང་རྒྱལ་སྲས་ཀུན་གྱིས་བསྟེན་པ་ལགས། །དུས་བཞིའི་འགྱུར་བས་མི་རྟག་སྐྱོ་ཤས་འཕེལ། །འདུ་འཛི་བྲལ་བས་གཅིག་ཏུ་བསྒྲུབ་ལ་གཞོལ། །དགྲ་གཉེན་སྤངས་པས་ཆགས་སྡང་སེམས་ཁྲལ་མེད། །ཇི་ལྟར་བྱས་ཀྱང་རང་བཞིན་བདེ་བ་ལགས། །ནམ་མཁའ་དྭངས་པས་དབྱིངས་སྣང་ལྷག་པར་གསལ། །རླུང་སེམས་དྭངས་པས་དབྱིངས་རིག་ཚད་ལ་ཕེབས། །འདས་ཉམས་བྲལ་བས་མཁའ་འགྲོ་དམ་ཅན་འདུ། །སྣོད་མིན་འགྲུལ་མེད་གསང་སྤྱོད་གང་དགར་རོལ། །སྨྲ་བརྗོད་སྤངས་པས་ལས་རླུང་བག་གིས་འགྲིབ། །ཡེངས་རྐྱེན་མེད་པས་ཏིང་འཛིན་ངང་གིས་འགྲུབ། །སྡིག་གྲོགས་སྤངས་པས་ཉེས་སྐྱོན་ཤུགས་ལ་འགགས། །གང་བྱས་དགེ་བར་ངང་གིས་འབྱུང་བ་ལགས། །དེ་ལྟར་དབེན་པ་ཚུལ་བཞིན་བསྟེན་རྣམས་ལ། །མཐོང་དང་མ་མཐོང་ཡོན་ཏན་ཚད་མེད་དེ། །སྒྲུབ་པ་ལྷུར་ལེན་རང་གཞན་དོན་གཉིས་འགྲུབ། །གོང་མའི་རྗེས་སྙོགས་རྒྱལ་བ་དགྱེས་པ་ལགས། །བདག་ཀྱང་འཆི་བདག་ཕོ་ཉས་མ་བསྐུལ་བར། །དབེན་བའི་གནས་འདིར་སྒྲུབ་པ་ལྷུར་ལེན་ཅིང་། །ཉམས་རྟོགས་ཡོན་ཏན་རྩལ་ཆེན་རབ་རྫོགས་ཏེ། །གདོད་མའི་གཞི་ལ་གཏན་སྲིད་ཟིན་པར་ཤོག །འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོའི་གསུང་འབུམ། འདོན་ཆོག་ཕྱོགས་བསྡུས། འདོན་ཆོག་གི་སྐོར་ཚོ།