རང་བྱུང་པདྨ་རྒྱལ་པོའི་མཛད་པའི་ཆ་ཤས་ལ་བསྔགས་པ་ཨུཏྤལ་གཞོན་ནུའི་ཕྲེང་བ།

ན་མོ་པདྨ་སཾ་བྷ་ཝ། དྭངས་གསལ་སིནྡྷུའི་རྒྱ་མཚོ་འཁྱིལ་བའི་ཀློང་། །གེ་སར་འདབ་སྟོང་བཀྲ་བའི་ལྷུམས་ཡངས་པོར། །མཚན་དཔེ་རབ་རྫོགས་རྡོ་རྗེའི་སྐུ་བརྙེས་པའི། །འགྲོ་བའི་སྐྱབས་གཅིག་མཚོ་སྐྱེས་རྡོ་རྗེར་འདུད། །ཡེ་ཤེས་སྒྱུ་མར་རོལ་བའི་མཚན་དཔེའི་གར། །ཞི་ཆགས་ཁྲོ་བོའི་རྣམ་རོལ་དེ་དང་དེར། །སྣང་བས་གདུལ་དཀའི་འགྲོ་མང་ཞི་གླིང་དུ། །སྒྲོལ་མཛད་མཚན་མཆོག་བརྒྱད་ལྡན་ཁྱོད་ལ་འདུད། །གངས་ལྗོངས་མུན་གླིང་མདོ་སྔགས་རྒྱལ་བསྟན་གྱི། །ལེགས་ལམ་ཉིན་དཔལ་སྣང་ཆེན་འབྱམས་ཀླས་པས། །མཛེས་བྱེད་བསྟན་པའི་སྒྲོན་མེ་སྐྱེ་དགུའི་མིག །སངས་རྒྱས་གཉིས་པ་ཁྱོད་མིན་གཞན་སུ་ཞིག །འདྲེ་སྲིན་འཐིབས་པའི་ཚང་ཚིང་ཇི་སྙེད་པ། །བརྟུལ་ཞུགས་མེ་དཔུང་འབར་བའི་ཚ་དབལ་གྱིས། །ལན་བརྒྱར་བསྲེགས་ལས་བྱང་ཕྱོགས་བསིལ་ལྡན་ལྗོངས། །ཞི་འཇམ་མཐོ་རིས་གྲོང་གི་དགའ་བས་བྲེལ། །ཟབ་ལས་ཆེས་ཟབ་སྡེ་གསུམ་ཡོ་གའི་བཅུད། །ཐབས་མཁས་གསང་བའི་བརྡའ་རིས་རྒྱལ་ཀུན་གྱི། །གསང་མཛོད་བཅུད་དུ་འགུགས་པའི་ལྡེ་མིག་ཏུ། །འབྱུང་ལྔའི་ཀློང་ཟབ་དགོངས་པའི་རྩལ་གྱིས་བསྡོམས། །སླར་ཡང་གསང་གསུམ་སྒྱུ་འཕྲུལ་མི་ཟད་སྤྲིན། །བསིལ་ལྡན་སྔགས་རིག་གྲུབ་པའི་གདུང་ཚལ་དུ། །རྨད་བྱུང་རིགས་ཀྱི་ཐིག་ལེར་སྨིན་པའི་གྲངས། །བཅུ་ཕྲག་བཅུ་ཡི་མཐའ་ཡས་རབ་བརྒལ་བས། །ཟབ་གསང་གཏད་རྒྱའི་གདམས་མཛོད་སྒོ་ཕྱེ་ནས། །ལས་སྐལ་རྣམ་པར་དག་པའི་ཚོམ་བུའི་འཁོར། །སྨིན་གྲོལ་རྣམ་པ་གཉིས་ཀྱི་གསང་ལམ་ནས། །གྲུབ་གཉིས་རྟོགས་པའི་རྒྱལ་སར་འགོད་ལ་རིངས། །དེ་ལས་བོད་ཁམས་འཛིན་མའི་མཐའ་དབུས་ཁྱོན། །ཆོས་དང་སྲིད་ཀྱི་ཕུན་ཚོགས་བྱེ་བ་བརྒྱས། །འགེངས་པའི་ངོ་མཚར་མཐོ་རིས་ལྷའི་མདུན་སར། །རྨད་བྱུང་ཕུན་ཚོགས་གཏམ་གྱི་གླེང་གཞིར་བྱེད། །རྒྱལ་བ་རྒྱ་མཚོའི་ཡོན་ཏན་གངས་ཆེན་མཚོ། །མཁྱེན་པའི་སྟེགས་སུ་འཁྱིལ་བའི་དགེ་མཚན་ལས། །རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཁྱོད་གཅིག་ཅེས། །སྙན་པར་གྲགས་པའི་གཏམ་ནི་ཡོངས་ལ་སྙན། །གནས་མིན་འདོད་པས་ཟོལ་བསྔགས་གཅམ་བུའི་ངག །རང་གར་ཅ་ཅོས་བྲེལ་མིན་དོན་ལྡན་གྱི། །བསྔགས་བརྗོད་གེ་སར་ཆུན་པོ་འདི་ཙམ་ཡང་། །བསོད་ནམས་རྒྱ་མཚོའི་དབྱིག་གི་སྙིང་པོར་གྲུབ། །དེ་ལས་ཐོབ་པའི་ལེགས་བྱས་ལྷའི་ཟླ་བ། །བསྟན་འགྲོའི་ལེགས་ཚོགས་ཆུ་གཏེར་སྤེལ་བའི་སླད། །ཡོངས་སུ་གང་བའི་དཔལ་ལས་ཕན་དང་བདེའི། །ཀུནྡའི་ཚལ་རབ་འཕེལ་བའི་གཞིར་གྱུར་ཅིག །ཚུལ་འདི་བློ་གསལ་དྷརྨ་བྷཱུ་ཏི་ཡིས། །དོན་གཉེར་ངག་གི་དྲི་བཞོན་གྱིས་བསྐུལ་ཏེ། །གཤིས་ངན་སྦྲུལ་གྱིས་འཁྲིལ་བའི་ཙན་དན་ལྟའི། །ངན་སྤྱོད་མཁན་ངས་སྙན་ཚིག་བསུང་ཞིམ་སྤྲོས། །མངྒ་ལཾ། །