སྨོན་ལམ་གཞན་ཕན་ནོར་བུ།

འགྲོ་ཀུན་སྡུག་བསྔལ་བདག་གིས་སེལ་བྱེད་ཅིང་། །དབུལ་བས་ཉེན་ལ་དཔལ་འབྱོར་འདོད་རྒུ་སྦྱིན། །ནམ་ཞིག་ཤ་ཁྲག་བཅས་པའི་ལུས་འདི་ཡིས། །འགྲོ་ལ་ཕན་པ་སྒྲུབ་པའི་མཐུ་ཐོབ་ཤོག །བདག་ནི་དམྱལ་བར་ཡུན་རིང་གནས་ནས་ཀྱང་། །སེམས་ཅན་རྣམས་ཀྱི་དོན་ཀུན་བྱེད་པ་དང་། །འཇིག་རྟེན་འཇིག་རྟེན་འདས་པའི་འབྱོར་ཚོགས་ཀྱིས། །ལུས་ཅན་རེ་བ་མཐའ་དག་རྫོགས་བྱེད་ཤོག །ནམ་ཡང་གཞན་དོན་ཡལ་བར་འདོར་བ་དང་། །གཅིག་པུར་ཞི་བ་གཉེར་བའི་བློ་སྤངས་ཏེ། །འགྲོ་ཀུན་ཡིད་རབ་ཚིམ་པར་བྱེད་པ་ཡི། །ཆོས་ཀྱི་བདུད་རྩི་རྟག་ཏུ་སྦྱིན་གྱུར་ཅིག །ནམ་ཞིག་རྫོགས་སངས་རྒྱས་ནས་འགྲོ་ཀུན་གྱི། །སྡུག་བསྔལ་མ་ལུས་དྲུང་ནས་འབྱིན་པ་དང་། །དེ་མ་ཐོབ་པའི་སྐྱེ་བ་ཀུན་ཏུ་ཡང་། །གཞན་ལ་ཕན་པ་འབའ་ཞིག་སྒྲུབ་པར་ཤོག །ནམ་ཡང་གཞན་ལ་ཕན་པ་མི་སྒྲུབ་པའི། །ལུས་དང་འཚོ་བ་ནོར་དང་ཤེས་རབ་དང་། །དབང་ཕྱུག་དག་ལ་དགའ་བའི་བློ་སྤངས་ཏེ། །གཞན་གནོད་གཞིར་བཅས་སྤོང་ལ་གོམས་བྱེད་ཤོག །འགྲོ་ཀུན་སྡིག་པའི་འབྲས་བུ་མ་ལུས་པ། །བདག་ལ་སྨིན་ཞིང་ལུས་ཅན་ཇི་སྙེད་པ། །བདག་གི་བདེ་དགེའི་དཔལ་གྱིས་འཚོ་བ་དང་། །བྱང་ཆུབ་བླ་མེད་གོ་འཕང་ཐོབ་པར་ཤོག །ཅེས་པའང་གཅོད་རྒན་འཇམ་དབྱངས་ཀྱི་ངོར་ཡོན་ཏན་མགོན་པོས་འཕྲལ་བཏང་དགེའོ། །