Nitartha Digital Library
Tibetan
འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ།


  collapse section
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
  collapse section
འདོན་ཆོག་གི་སྐོར་ཚོ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའདོན་ཆོག་གི་སྐོར་ཚོ།no next

འདོན་ཆོག་གི་སྐོར་ཚོ།

བླ་མའི་རྣལ་འབྱོར་བྱིན་རླབས་སྤྲིན་ཕུང་།

རྒྱལ་བ་ཀུན་གྱི་སྤྱི་གཟུགས་མཆོག །ཁྱབ་བདག་དཔལ་ལྡན་བླ་མ་ལ། །དངོས་པོ་ཀུན་གྱིས་ཕྱག་འཚལ་ཏེ། །དེ་ཉིད་སྒྲུབ་པའི་རིམ་པ་འབྲི། །ཐོག་མར་སྐྱབས་སུ་འགྲོ་བ་ནི། ན་མོ། བླ་མ་བདེ་གཤེགས་འདུས་པའི་གཙོ། །གདོད་ནས་དག་པའི་སེམས་ཉིད་དང་། །འདུ་འབྲལ་མེད་པའི་རང་བཞིན་ལ། །འཛིན་ཞེན་བྲལ་བས་སྐྱབས་སུ་མཆི། ཧོ། ཐམས་ཅད་ཡེ་ནས་སངས་རྒྱས་ངང་། །གཟུང་དང་འཛིན་པའི་བློ་བྲལ་བ། །མཉམ་རྫོགས་འགྱུར་མེད་ཐིག་ལེ་ཆེ། །རང་གྲོལ་རྟོགས་པར་སེམས་བསྐྱེད་དོ། དངོས་གཞི་རྣལ་འབྱོར་གསལ་གདབ་ནི། ཨེ་མ་ཧོ། ཆོས་ཀུན་གདོད་ནས་རྣམ་དག་པའི། །མི་འགྱུར་ལྷུན་རྫོགས་ཡེ་ཤེས་གདངས། །སྣང་སྟོང་ཟང་ཐལ་གཉུག་མའི་དལ། །མ་བསྐྱེད་ཡོངས་གྲུབ་ཆེན་པོའི་ཚུལ། །སྣང་སྲིད་དག་པ་པདྨ་འོད། །བཀོད་པ་རབ་རྫོགས་ཞིང་གི་དབུས། །ཆུ་སྐྱེས་ཉིན་བྱེད་གདན་སྟེང་དུ། །གཞི་ལུས་ཡེ་ཤེས་ཌཱཀྐིའི་སྐུ། །བདེ་སྟོང་ཉམས་འགྱུར་རབ་རྫོགས་ཤིང་། །རིན་ཆེན་རུས་པའི་རྒྱན་གྱིས་སྤྲས། །གྲི་ཐོད་བརྐྱང་བསྐུམ་དོར་སྟབས་མཛེས། །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །ངོ་བོ་འགྱུར་མེད་ཆོས་སྐུའི་ཀློང་། །རང་བཞིན་འོད་གསལ་ལོངས་སྤྱོད་རྫོགས། །ཐུགས་རྗེ་འགགས་མེད་སྤྲུལ་བའི་སྐུ། །སྐུ་གསུམ་དབྱེར་མེད་དོན་གྱི་ལྷ། །རྡོ་རྗེ་འཆང་དངོས་གཞན་ཕན་པ། །མཛེས་འཛུམ་པཎྜི་ཏ་ཡི་ཆས། །སེམས་ཉིད་ངལ་གསོའི་ཕྱག་རྒྱ་ཅན། །སྣང་སྟོང་འགྱུར་མེད་ཡེ་ཤེས་ཀྱི། །རང་རྩལ་མ་འགག་རྩ་བ་གསུམ། །གང་འདུལ་རྣམ་རོལ་ཕྱོགས་དུས་ཀྱི། །རྒྱལ་བ་རབ་འབྱམས་སྲས་དང་བཅས། །མ་ཚང་མེད་པའི་ངོ་བོར་རྫོགས། །གནས་གསུམ་ཡི་གེ་གསུམ་གྱིས་མཚན། །དེ་ལས་འཕྲོས་པའི་འོད་ཟེར་གྱིས། །སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས། །མ་ལུས་སྤྱན་དྲངས་དབྱེར་མེད་བསྟིམས། །རང་སྣང་རྣམ་དག་ཕོ་བྲང་དང་། །ལྔ་ལྡན་པདྨ་བཀོད་པ་ནས། །རྗེ་བཙུན་བླ་མ་སྤྱན་འདྲེན་ན། །ཐུགས་རྗེས་བུ་བཞིན་དགོངས་མཛོད་ལ། །རྩ་གསུམ་རྒྱལ་བ་སྲས་བཅས་དང་། །དབྱེར་མེད་རིགས་ཀྱི་བདག་པོ་རུ། །སྤྱི་གཙུག་འཁོར་ལོའི་རྒྱན་དུ་གཤེགས། །འདི་ནས་བྱང་ཆུབ་མ་ཐོབ་བར། །འབྲལ་མེད་རྗེས་སུ་བཟུང་ནས་ཀྱང་། །གསང་བ་གསུམ་གྱི་བྱིན་ཆེན་ཕོབ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། མ་ཧཱ་གུ་རུ་ས་མ་ཡ་ཛཿཀྱེ། བླ་མ་རྡོ་རྗེ་འཆང་ཆེན་པོ། །བདག་སོགས་མགོན་མེད་རྣམས་ཀྱི་སྐྱབས། །ཁྱོད་ལས་རེ་ས་གཞན་མེད་པས། །གདུང་བ་དྲག་པོས་གསོལ་བ་འདེབས། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །སྡིག་ལྟུང་ཀུན་བཤགས་དུས་གསུམ་གྱི། །དགེ་ལ་ཡི་རང་ཆོས་འཁོར་བསྐུལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བས་བྱང་ཆུབ་མཆོག་ཐོབ་ཤོག །རྒྱལ་དང་རྒྱལ་སྲས་ཇི་སྙེད་ཀྱིས། །གདུལ་བར་མ་ནུས་སྐལ་ངན་བདག །ཁྱེད་ཀྱིས་ཐུགས་རྗེས་མ་བཟུང་ན། །ངན་འགྲོའི་གཡང་ལས་སུ་ཡིས་སྐྱོབ། །ཀྱེ་མ་དྲིན་ཅན་ཆོས་ཀྱི་རྗེ། །བཟོད་དཀའ་སྲིད་པའི་ཆུ་གཏེར་དུ། །བྱིངས་པ་བདག་འདྲ་མི་སྐྱོབ་ན། །སྙིང་རྗེའི་མངའ་བདག་ཇི་ལྟར་རུང་། །ངེས་པར་ཐུགས་རྗེའི་སྤྱན་གྱིས་གཟིགས། །བྱམས་ཆེན་སྙིང་རྗེའི་ཐུགས་ཀྱིས་དགོངས། །ཐབས་མཁས་ནུས་པའི་སྟོབས་བསྐྱེད་དེ། །བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །ཨ་འཐས་འཁྲུལ་སྣང་སྒྱུ་མའི་ཚུལ། །གཏད་མེད་རང་སར་གྲོལ་བ་དང་། །ཞེན་འཛིན་བློ་ཡི་འཆིང་བ་ཀུན། །ཡེ་གྲོལ་ཆེན་པོར་རྟོགས་པར་མཛོད། །རྡོས་བཅས་ལུས་དང་རླུང་ཁམས་དག །རང་དང་ཆོས་ཉིད་ཆེན་པོ་རུ། །གདོད་ནས་གྲོལ་བའི་གཤིས་ཐོག་ཏུ། །ཚེ་འདིར་ཕྱིན་པར་བྱིན་གྱིས་རློབས། །ཨེ་མ་རང་བྱུང་རྡོ་རྗེ་སེམས། །ངོ་བོ་ཉིད་སྐུའི་བླ་མའི་ཞལ། །བློས་བྱས་ཉམས་ཀྱིས་མ་བཅིང་བར། །མངོན་སུམ་རྗེན་པར་རྟོགས་བྱིན་རློབས། ཞེས་མོས་གུས་དྲག་པོས་གསོལ་འདེབས་ལ་བརྩོན་པ་གལ་ཆེ་ཞིང་། གྲངས་བསགས་ན། ཨེ་མ་ཧོ། སྐྱབས་གནས་ཀུན་གྱི་མཁྱེན་བརྩེའི་གཏེར། །དྲིན་ཆེན་བླ་མ་རྡོ་རྗེ་འཆང་། །སྙིང་ནས་གུས་པས་གསོལ་བ་འདེབས། །ཚེ་རབས་ཀུན་ཏུ་ཐུགས་རྗེས་ཟུང་། །དགོངས་བརྒྱུད་རྟོགས་པའི་བྱིན་ཆེན་ཕོབ། །ཉིད་དང་དབྱེར་མེད་རོ་གཅིག་མཛོད། མ་ཧཱ་གུ་རུ་པཱ་ར་ཧི་ཏ་པྲ་བྷ་སརྦ་སིདྡྷི་ཨཱཿཧཱུྃ༔ ཞེས་པས་གསོལ་བཏབ་བླ་མ་ཡི། །གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་ལས། །འོད་ཟེར་རིམ་དང་གཅིག་ཆར་འཕྲོས། །བདག་གཞན་ལུས་ངག་ཡིད་ལ་ཐིམ། །སྒོ་གསུམ་ལས་སྒྲིབ་བག་ཆགས་སྦྱངས། །དབང་བཞིའི་ལམ་གྱི་ཡེ་ཤེས་དང་། །རྣམ་གྲོལ་སྐུ་བཞི་མངོན་གྱུར་བསམ། །བསམ་བརྗོད་བྲལ་བའི་གཤིས་ཉིད་དུ། །ངེས་ཤེས་སྙེམས་བྲལ་སོ་མར་གློད། །བླ་མ་ཆོས་སྐུའི་རང་ཞལ་བལྟ། རྗེས་ལ་བསྔོ་སྨོན་བྱ་བ་ནི། ཧོ། སྣང་སྲིད་ཡེ་ནས་དག་པ་ཆེ། །བླ་མ་མཆོག་གི་དགོངས་ཀློང་ལས། །གཡོ་མེད་མོས་གུས་མཐར་ཕྱིན་པས། །ཚེ་འདིར་གདོད་མར་གྲོལ་བར་ཤོག །དེ་ལས་སླར་ཡང་གང་འདུལ་གྱི། །ཐུགས་རྗེའི་རྣམ་འཕྲུལ་ཚད་མེད་པས། །འཁོར་བ་སྟོངས་ཀྱི་བར་དག་ཏུ། །རླབས་ཆེན་འགྲོ་དོན་མཐར་ཕྱིན་ཤོག །གཞན་ཡང་མཐོང་ཐོས་དྲན་རེག་གཙོས། །མཁའ་མཉམ་ཡིད་ཅན་མ་ལུས་པ། །འདྲེན་པའི་དེད་དཔོན་བདག་གྱུར་ཏེ། །ཐམས་ཅད་སངས་རྒྱས་སར་འགོད་ཤོག དེ་སྐད་བླ་མའི་རྣལ་འབྱོར་འདི། །རྡོ་རྗེའི་མཆེད་ཀྱི་བཀས་སྐུལ་ཏེ། །ཀུན་རྨོངས་ནཱ་ཐའི་མིང་ཅན་གྱིས། །དད་པའི་གསོས་སུ་མདོ་ཙམ་བྲིས། །སརྦ་དཱ་ཀཱ་ལྱཱ་ཎཾ་བྷ་ཝནྟུ། །

བླ་མའི་རྣལ་འབྱོར་ཡེ་ཤེས་མཆོག་གཏེར།

ན་མ་སརྦ་གུ་རུ་བྷེ། དངོས་གྲུབ་ཀུན་བདག་བླ་མ་ལ། །བཏུད་དེ་དེ་ཉིད་སྒྲུབ་པའི་ཐབས། །ཡེ་ཤེས་མཆོག་གཏེར་འདིར་དགོད་བྱ། །དད་དམ་ཆོས་གུས་སྲོག་འཛིན་པ། །སྐལ་ལྡན་ཚེ་འདིར་གྲོལ་འདོད་པའི། །བླ་མ་སྒྲུབ་པའི་རིམ་པ་ལ། །རྒྱུན་གྱི་རྣལ་འབྱོར་འདི་ལྟར་བསྒོམ། ཧོ། སྐུ་གསུམ་སྤྱི་གཟུགས་བླ་མ་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །འགྲོ་རྣམས་སངས་རྒྱས་སར་འགོད་ཕྱིར། །ཟབ་མོའི་རྣལ་འབྱོར་བསྒོམ་པར་བགྱི། ཨཱཿ སྣང་སྲིད་དག་པ་ཡུམ་ལྔའི་ཀློང་། །གནས་ཡུལ་རང་སྣང་པདྨ་འོད། །རྒྱན་བཀོད་ཕུན་སུམ་ཚོགས་པའི་དབུས། །ཆུ་སྐྱེས་འདབ་སྟོང་ཉི་མའི་སྟེང་། །རང་ཉིད་མཚོ་རྒྱལ་དཀར་མོ་ནི། །གཞོན་ཚུལ་རིན་ཆེན་རུས་པས་བརྒྱན། །དབུ་སྐྲ་ཕྱེད་བཅིང་ཟལ་བུ་འཁྲོལ། །ཕྱག་གཡས་གསེར་གྱི་རྡོ་རྗེ་དང་། །གཡོན་པས་ཚེ་ཡི་བུམ་པ་བསྣམས། །ཞབས་གཉིས་བརྐྱང་བསྐུམ་གར་སྟབས་ཚུལ། །དེ་ཡི་སྤྱི་བོར་པད་ཟླའི་སྟེང་། །ཁྱབ་བདག་དཔལ་ལྡན་བླ་མ་ནི། །ཨོ་རྒྱན་ཧེ་རུ་ཀ་ཡི་ཚུལ། །གཡས་པས་ཅང་ཏེའུ་ནམ་མཁར་འཁྲོལ། །གཡོན་པ་མཉམ་བཞག་བྷནྡྷ་འཛིན། །རུས་རྒྱན་ཐོར་ཚུགས་སྟག་ཤམ་སྤྲས། །སྣང་སྲིད་ཟིལ་གནོན་ཡེ་ཤེས་སྐུ། །སྣང་སྟོང་ཆུ་ཟླ་ལྟ་བུར་གསལ། །དེ་ཡི་མཐའ་བསྐོར་འོད་ལྔའི་ཀློང་། །བརྒྱུད་གསུམ་བླ་མ་ཡི་དམ་ལྷ། །སངས་རྒྱས་བྱང་སེམས་མཁའ་འགྲོར་བཅས། །དཔག་ཡས་ནམ་མཁའི་དབྱིངས་ཁྱབ་བསྒོམ། །གནས་གསུམ་ཡི་གེའི་འཕྲོ་འདུ་ལས། །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་དང་། །ཁྱད་པར་རྔ་ཡབ་དཔལ་རི་ནས། །རིག་འཛིན་བླ་མ་འཁོར་དང་བཅས། །སྤྱན་དྲངས་དམ་ཡེ་དབྱེར་མེད་གྱུར། ཧཱུྃཿ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སོགས། གུ་རུ་པདྨ་སིདྡྷི་ཧཱུྃཿ ཧོ། སངས་རྒྱས་ཀུན་གྱི་ཡེ་ཤེས་གཅིག་བསྡུས་པ། །བཀའ་དྲིན་མཚུངས་མེད་དཔལ་ལྡན་བླ་མ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བའི་ཚོགས། །ཕྱི་ནང་མཆོད་སྤྲིན་རྒྱུན་མི་ཆད་པར་མཆོད། །དུག་གསུམ་དབང་གྱུར་ཉེས་ལྟུང་སོ་སོར་བཤགས། །རླབས་ཆེན་འགྲོ་དོན་མཛད་ལ་རྗེས་ཡི་རང་། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ལེགས་བྱས་འདིས་མཚོན་དུས་གསུམ་དགེ་བའི་ཚོགས། །གཞན་དོན་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །སྐྱེ་ཀུན་བླ་མ་མཆོག་གིས་རྗེས་བཟུང་སྟེ། །སྨིན་གྲོལ་བདུད་རྩིའི་བཅུད་ལ་ལོངས་སྤྱོད་ནས། །ནམ་ཞིག་དགོངས་ཀློང་རོ་གཅིག་འདྲེས་པར་ཤོག ཧོ། སངས་རྒྱས་ཀུན་དངོས་རིགས་ཀྱི་བདག །བཀའ་དྲིན་སུམ་ལྡན་བླ་མ་རྗེ། །ཁྱེད་ལས་རེ་ས་གཞན་མེད་པས། །ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ། །འཁོར་ཚེ་ཐོག་མ་མེད་པ་ནས། །ལས་ཉོན་སྡིག་པས་ཟིལ་གནོན་ཅིང་། །སྡུག་བསྔལ་གསུམ་གྱི་ཆུ་གཏེར་ཆེར། །རྣམ་པར་འཁྱམས་པའི་མགོན་མེད་བདག །འདི་ནས་བྱང་ཆུབ་མ་ཐོབ་བར། །སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་། །ཡིད་ཆེས་མོས་གུས་རྩེ་གཅིག་པས། །མགོན་པོ་ཁྱོད་ལ་གསོལ་འདེབས་ན། །སྙིང་རྗེའི་གཏེར་ཆེན་བདག་གི་ཡབ། །ཐུགས་རྗེ་བཏང་སྙོམས་མ་མཛད་པར། །བདག་རྒྱུད་བྱིན་གྱིས་རླབས་ཏུ་གསོལ། །སྒོ་གསུམ་སྡིག་སྒྲིབ་དག་པ་དང་། །དབང་བཞི་བསྐུར་བར་མཛད་དུ་གསོལ། །ལམ་བཞི་འབྱོངས་པར་མཛད་དུ་གསོལ། །སྐུ་གསུམ་ཐོབ་པར་མཛད་དུ་གསོལ། །མི་བཟད་སྙིགས་མའི་མཐར་སྐྱེས་ཤིང་། །རྒྱལ་དང་རྒྱལ་སྲས་གཞན་སུས་ཀྱང་། །གདུལ་བར་མ་ནུས་སྐལ་ངན་བདག །ཁྱོད་ཀྱི་ཐུགས་རྗེས་མ་བཟུང་ན། །ངན་འགྲོ་གདུག་པའི་གཡང་ས་ལས། །སྐྱོབ་པའི་དེད་དཔོན་སུ་ཞིག་འཚོལ། །ཀྱེ་མ་དྲིན་ཆེན་ཆོས་ཀྱི་རྗེ། །གདུལ་དཀའ་འདུལ་བའི་ཐབས་མཁས་མཐུ། །དེ་རིང་བཏང་སྙོམས་མ་མཛད་པར། །ཡེ་ཤེས་ཐུགས་རྗེའི་ཤུགས་བསྐྱེད་དེ། །བདག་རྒྱུད་སྨིན་ཅིང་གྲོལ་བར་མཛོད། ཅེས་པས་གསོལ་བཏབ་གདུང་ཤུགས་བསྐྱེད། །ལམ་དབང་ཟབ་མོ་འདི་བཞིན་བླང་། །ཁྱབ་བདག་བླ་མ་ཧེ་རུ་ཀའི། ཨོཾ ། སྐུ་ཡི་སྨིན་མཚམས་ཨོཾ་དཀར་ལས། །འོད་ཟེར་ཟླ་ཞུན་ལྟར་འཕྲོས་པས། །སྤྱི་བོར་ཐིམ་པས་ལུས་སྒྲིབ་དག །སྐུ་ཡིས་བྱིན་རླབས་བུམ་དབང་ཐོབ། །སྣང་སྟོང་བསྐྱེད་རིམ་བསྒོམ་ལ་དབང་། །ལུས་རྩ་སྤྲུལ་བའི་སྐུ་རུ་སྨིན། ཨཱཿ གསུང་གི་ཨཱ་ཡིག་དམར་གསལ་ལས། །འོད་ཟེར་པད་རག་ལྟ་བུ་འཕྲོས། །མགྲིན་པར་ཐིམ་པས་ངག་སྒྲིབ་དག །གསུང་གིས་བྱིན་རླབས་གསང་དབང་ཐོབ། །བཟླས་བརྗོད་ལ་དབང་གསལ་སྟོང་རྟོགས། །རླུང་ཁམས་ལོངས་སྤྱོད་རྫོགས་སྐུར་སྨིན། ཧཱུྃཿ ཐུགས་ཀའི་ཧཱུྃ་མཐིང་འོད་འབར་ལས། །འོད་ཟེར་མཐིང་ཞུན་ལྟ་བུ་འཕྲོས། །སྙིང་གར་ཐིམ་པས་ཡིད་སྒྲིབ་དག །ཐུགས་ཀྱིས་བྱིན་རླབས་ཤེར་དབང་ཐོབ། །བདེ་སྟོང་གཏུམ་མོ་བསྒོམ་ལ་དབང་། །ཐིག་ལེ་ཆོས་ཀྱི་སྐུ་རུ་སྨིན། །སླར་ཡང་ཁྱབ་བདག་ཧེ་རུ་ཀའི། །རྡོ་རྗེའི་སྐུ་ཡི་གནས་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །བདག་གི་སྒོ་གསུམ་དབྱེར་མེད་འདྲེས། །ཤེས་སྒྲིབ་དག་ནས་ཐུགས་རྡོ་རྗེའི། །བྱིན་རླབས་ཡེ་ཤེས་དབང་བཞི་ཐོབ། །བརྗོད་བྲལ་ལྷན་སྐྱེས་དོན་རྟོགས་ཤིང་། །འོད་གསལ་རྫོགས་ཆེན་བསྒོམ་ལ་དབང་། །ངོ་བོ་ཉིད་སྐུའི་ས་བོན་སྨིན། །མཐར་ནི་གཞི་ལུས་རྣལ་འབྱོར་མ། །འོད་ཞུ་བླ་མའི་ཐུགས་ཀར་ཐིམ། །བློ་བྲལ་རིག་སྟོང་རྗེན་པའི་ངང་། །བཅས་བཅོས་མེད་པར་མཉམ་པར་བཞག །ཧོ། བྱིན་རླབས་འབྱུང་གནས་བླ་མ་རྡོ་རྗེ་འཆང་། །མོས་གུས་དད་པས་ཚུལ་བཞིན་གསོལ་བཏབ་མཐུས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །སྐུ་གསུམ་དབྱེར་མེད་བླ་མའི་ས་ཐོབ་ཤོག །དེ་མ་ཐོབ་པའི་ཚེ་རབས་ཀུན་ཏུ་ཡང་། །དཔལ་ལྡན་བླ་མ་མཆོག་གིས་རྗེས་བཟུང་སྟེ། །སྨིན་གྲོལ་ཆོས་ཀྱི་བདུད་རྩིས་རྒྱུད་སྨིན་ཅིང་། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག ཚུལ་འདི་མོས་ལྡན་རེ་བསྐང་སླད། །རྒན་པོ་གུ་ཎས་གང་ཤར་བྲིས། །དགེ་བས་འགྲོ་ཀུན་ཕྱམས་ཅིག་ཏུ། །ཡེ་ཤེས་བླ་མའི་ས་ཐོབ་ཤོག །

བླ་མའི་རྣལ་འབྱོར་བདེ་སྟོང་ལམ་གྱི་བོགས་འབྱིན།

བླ་མ་དཀྱིལ་འཁོར་ཐམས་ཅད་ཀྱི། །དབང་ཕྱུག་ཆེན་པོར་ཤེས་པའི་བློས། །བསྙེན་ཅིང་གསོལ་འདེབས་སྒྲུབ་པའི་ཐབས། །དངོས་གྲུབ་མཆོག་སྟེར་འདིར་དགོད་བྱ། །ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ནི། ཧོ། སྐྱབས་གནས་ཀུན་འདུས་ཐུགས་རྗེའི་གཏེར། །དཔལ་ལྡན་བླ་མར་སྐྱབས་སུ་མཆི། །འགྲོ་ཀུན་སངས་རྒྱས་སར་འགོད་ཕྱིར། །ཟབ་མོའི་རྣལ་འབྱོར་བསྒོམ་པར་བགྱི། ཡན་ལག་བདུན་པ་ནི། ཧོ། སངས་རྒྱས་ཀུན་དངོས་རིགས་ཀྱི་བདག །ཁྱབ་བདག་དཔལ་ལྡན་བླ་མ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །སྡིག་ལྟུང་ཀུན་བཤགས་དུས་གསུམ་གྱི། །ལེགས་བྱས་རྒྱ་མཚོར་རྗེས་ཡི་རང་། །སྨིན་གྲོལ་ཆོས་འཁོར་བསྐོར་བར་བསྐུལ། །འགྲོ་དོན་མཛད་ཕྱིར་བཞུགས་གསོལ་འདེབས། །དགེ་ཚོགས་འགྲོ་ཀུན་སྒྲོལ་ཕྱིར་བསྔོ། །ཀུན་ཀྱང་བླ་མེད་བྱང་ཆུབ་ཤོག ཨཱཿ ཐ་མལ་སྣང་ཞེན་རྨི་ལམ་སད་པ་བཞིན། །ཡེ་ཤེས་རང་སྣང་པདྨོ་བཀོད་པའི་ཞིང་། །ངོ་མཚར་དཔག་ཡས་མཆོད་པའི་སྤྲིན་གྱི་དབུས། །དྭངས་གསལ་ཆུ་སྐྱེས་ཉི་མའི་གདན་གྱི་སྟེང་། །རང་ཉིད་ཡེ་ཤེས་ཌཱཀྐི་མཚོ་རྒྱལ་མ། །དཀར་མཛེས་ཡིད་འཕྲོག་གཞོན་ཚུལ་མཚན་ལྡན་གཟུགས། །ཞབས་ཟུང་བརྐྱང་བསྐུམ་བདེ་བའི་གར་གྱིས་རོལ། །ཕྱག་གཉིས་གྲི་ཐོད་ཐོར་ཚུགས་རུས་པས་བརྒྱན། །དེ་ཡི་སྤྱི་བོར་འདབ་སྟོང་པད་ཟླའི་དབུས། །ཁྱབ་བདག་བླ་མ་ཡོན་ཏན་མགོན་པོ་ནི། །སངས་རྒྱས་ཀུན་དངོས་པདྨ་སམྦྷའི་ཚུལ། །དཀར་དམར་མདངས་ལྡན་གཞོན་ནུའི་ཤ་ཚུགས་ཅན། །པན་ཞུ་རྣ་རིང་ཆོས་གོས་མཐང་ཤམ་གསོལ། །ཐབས་ཤེས་ཕྱག་གིས་རྡོ་རྗེ་བྷནྡྷ་འཛིན། །ཞབས་གཉིས་ཕྱེད་སྐྱིལ་མུ་མེད་འོད་ཟེར་འཕྲོ། །སྐྱབས་ཀུན་འདུས་པའི་བདག་ཉིད་ཆེན་པོར་གསལ། དེ་ནས་མོས་གུས་སྤྱན་དྲངས་པ་ནི། ཧྲཱི། མ་ཆགས་པདྨ་ཅན་གྱི་ཞིང་ཁམས་ནས། །འོད་སྣང་དཔག་མེད་མགོན་པོ་ཚེ་མཐའ་ཡས། །སིདྡྷུའི་པད་མཚོར་མཚན་དཔེའི་སྐུར་བཞེངས་པ། །རིག་འཛིན་རྒྱལ་པོ་རང་བྱུང་པདྨའི་ཞབས། །དེང་འདིར་དཔལ་ལྡན་བླ་མའི་གསང་གསུམ་གྱི། །ཡེ་ཤེས་ཕུང་པོར་འདུ་འབྲལ་མ་དམིགས་པའི། །ཡིད་ཆེས་དད་པས་སྙིང་ནས་གསོལ་འདེབས་ན། །གཅིག་དང་དུ་མར་མི་དམིགས་ཐུགས་རྗེའི་གར། །མོས་པའི་ཡིད་མཁར་གང་འདུལ་དེར་སྣང་ཚུལ། །མྱུར་དུ་ཞལ་སྟོན་མཆོག་ཐུན་དངོས་གྲུབ་སྩོལ། མ་ཧ་གུ་རུ་བཛྲ་ས་མ་ཡ་ཛ་ཛ༔ བཞུགས་གསོལ་འདེབས་ཤིང་ཚོགས་བསགས་རྒྱུད་བསྐུལ་ནས། ཧོ། དཔག་ཡས་བསྐལ་པ་རྒྱ་མཚོའི་སྔོན་རོལ་ནས། །གཞན་ལ་ཕན་དགོངས་ཐུགས་བསྐྱེད་སྨོན་པའི་འབྲས། །དེང་འདིར་བདག་སོགས་གདུལ་བྱའི་འགྲོ་རྣམས་ལ། །ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིང་དགོངས་སུ་གསོལ། །ཚད་མེད་ཐུགས་རྗེ་ཆེན་པོས་རྟག་པར་ཡང་། །མགོན་མེད་བདག་སོགས་སྨིན་ཅིང་གྲོལ་བར་དུ། །ཟབ་གསང་བདུད་རྩིའི་གཏེར་གྱིས་རྗེས་བཟུང་སྟེ། །སྐྱེ་ཀུན་འབྲལ་མེད་བུ་བཞིན་སྐྱོང་དུ་གསོལ། །བདག་སོགས་ལུས་དང་ལོངས་སྤྱོད་དགེ་ཚོགས་བཅས། །ཀུན་བཟང་མཆོད་པའི་སྤྲིན་ལྟར་རབ་དམིགས་ཏེ། །རྣམ་གསུམ་དད་པའི་ཚུལ་གྱིས་ལེགས་འབུལ་ན། །མོས་ལྡན་བསོད་ནམས་སྤེལ་སླད་བཞེས་སུ་གསོལ། །རྣམ་མང་ལུས་བཏུད་བསྟོད་དབྱངས་རྒྱ་མཚོར་བཅས། །ཞིང་རྡུལ་གྲངས་མཉམ་དད་པས་ཕྱག་འཚལ་ཞིང་། །ཐོག་མེད་སྡིག་ལ་འགྱོད་པའི་སྨྲེ་ངག་གིས། །གདུང་བའི་ང་རོས་སྙིང་ནས་མཐོལ་ཞིང་བཤགས། །རླབས་ཆེན་ཐུགས་བསྐྱེད་མཐུ་ཡིས་གདུལ་དཀའི་འགྲོ། །དཔག་མེད་དོན་མཛད་འཕགས་པའི་རྣམ་ཐར་ལ། །དད་གུས་དང་བས་སྙིང་ནས་ཡི་རང་ཞིང་། །རྒུད་པ་མང་ལྡན་འགྲོ་འདི་ཇི་སྲིད་བར། །ཐུགས་རྗེ་མཆོག་གིས་སྐྱོང་སྟེ་བཞུགས་གསོལ་འདེབས། །ལོང་བ་ལྟ་བུའི་མགོན་མེད་གདུལ་བྱ་ལ། །ཟབ་ཅིང་རྒྱ་ཆེའི་ཆོས་ཉིད་སྣང་ཆེན་གྱིས། །གནས་སྐབས་མཐར་ཐུག་ཕན་བདེའི་མཆོག་སྩོལ་བའི། །འཇིག་རྟེན་སྒྲོན་མེ་མཛད་དེ་རྟག་བཞུགས་གསོལ། ཀྱེ། བཀའ་དྲིན་སུམ་ལྡན་ཁྱབ་བདག་རྡོ་རྗེ་འཆང་། །ཐུགས་རྗེའི་སྤྱན་གྱིས་བུ་བཞིན་བདག་ལ་གཟིགས། །རྒྱལ་དང་རྒྱལ་སྲས་མང་པོས་ལན་བརྒྱར་ཡང་། །གདུལ་བར་མ་ནུས་མགོན་མེད་བདག་ཅག་ལ། །སྐྱབས་དང་རེ་ས་གཞན་ན་མ་མཆིས་པས། །སྙིང་རྗེའི་མངའ་བདག་ཁྱོད་ཀྱིས་གདུལ་དཀའི་འགྲོ། །ཡལ་བར་མ་འདོར་ཐུགས་རྗེའི་ཤུགས་བསྐྱེད་ལ། །དོན་བརྒྱུད་དགོངས་པའི་བྱིན་ཆེན་དུས་འདིར་ཕོབ། །བློས་བྱས་འཁྲུལ་པའི་འཆིང་བ་རང་སར་གྲོལ། །སྣང་སེམས་གཏད་མེད་ཟང་ཐལ་འབྱམས་ཀླས་པའི། །མཉམ་རྗེས་རེས་འཇོག་མེད་པའི་རྟོགས་ཚད་སྤོར། །གཞི་གྲོལ་ཆོས་ཉིད་ཆེན་པོར་བྱང་ཆུབ་སྟེ། །མགོན་པོ་ཁྱོད་ཀྱི་དགོངས་ཀློང་རོ་གཅིག་ཤོགབཛྲ་གུ་རུ་འཛབ་ཏུ་བཟླ། །མཐར་ནི་གསོལ་གདབ་དབང་བཞི་བླང་། །ཐུགས་ཡིད་བསྲེས་ཏེ་མཉམ་པར་བཞག །དགེ་བ་བསྔོ་ཞིང་སྨོན་ལམ་གདབ། །སྤྱོད་ལམ་གནས་སྐབས་ཐམས་ཅད་དུ། །བླ་མའི་སྣང་བ་མ་བྲལ་ན། །ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ། །དེ་སྐད་མོས་ལྡན་དག་སྣང་ཅན། །འགའ་ཡི་བཞེད་ངོ་མི་བཟློག་ཙམ། །དུས་མཐར་སྐྱེས་པའི་སྙོམ་ལས་པ། །རྟ་མགྲིན་མགོན་པོས་གང་ཤར་བྲིས། །དགེ་བས་དོན་གཉིས་མཐར་ཕྱིན་ཤོག །

བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཚོགས་མཆོད་བསྡུས་པ་དཔལ་གྱི་བུམ་བཟང་།

བསོད་ནམས་ཚོགས་ཀྱི་ཞིང་ཀུན་ལས། །མཆོག་ཏུ་བསྔགས་པ་རྩ་གསུམ་གྱི། །སྤྱི་གཟུགས་དཔལ་ལྡན་བླ་མ་ལ། །བརྟེན་ནས་ཚོགས་གཉིས་སྤེལ་བའི་ཐབས། །དོན་གཉིས་དཔལ་ཀུན་འཇོ་བའི་གཞི། །ཚོགས་མཆོད་དཔལ་གྱི་བུམ་བཟང་བསྟན། །མོས་གུས་དམ་ཚིག་སྲོག་འཛིན་པའི། །སྐལ་ལྡན་འདུས་པ་ཕོ་མོ་ཡིས། །ཐབས་ཤེས་བཟའ་བཅའི་རིགས་སོ་ཅོག །བླང་དོར་མེད་པའི་ལོངས་སྤྱོད་དུ། །འབྱོར་ཚད་བཤམས་ཏེ་མོས་གུས་དང་། །སྣང་སྲིད་གཞིར་བཞེངས་ཏིང་འཛིན་གདེང་། །ཟུང་དུ་འབྲེལ་བས་འདི་སྐད་དོ། ཨཱཿ སྟོང་ཆེན་རྡོ་རྗེ་བཙུན་མོའི་བྷ་ག་རུ། །སྣང་རིག་བདེ་ཆེན་ཐབས་ཀྱི་རྫས་སྦྱར་ཏེ། །ཟུང་འཇུག་ལྷན་སྐྱེས་འོད་གསལ་མཆོག་དགའི་སྤྲིན། །ནམ་མཁའ་མཛོད་ཀྱི་གཏེར་ཆེན་འབྱམས་སུ་ཀླས། ཨ་ཧོ་མ་ཧ་སུ་ཁ་མེ་གྷ་ལ་མུ་ཏྲ་ཡོ་ཀི་བྷྲཱུྃ། ཧྲཱི། གཞི་དབྱིངས་མི་འགྱུར་དག་པ་ཆེན་པོ་ལས། །གཞི་སྣང་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་གར། །ཁྱབ་བདག་བླ་མ་དཀྱིལ་འཁོར་ཀུན་གྱི་གཙོ། །རྩ་གསུམ་རབ་འབྱམས་རྒྱ་མཚོའི་ཚོགས་དང་བཅས། །བདེ་སྟོང་ཚོགས་ཀྱི་འདུ་བར་སྤྱན་འདྲེན་ན། །འཁོར་འདས་རོ་མཉམ་སྒྱུ་མའི་རོལ་རྩེད་ཀྱིས། །དགའ་ཆེན་ཆགས་པའི་རོལ་མོ་ཅི་དང་ཅིས། །དགྱེས་ཉམས་ཟག་མེད་ཆེན་པོར་སྐུ་བསྐྱོད་འཚལ། ཨ་ལ་ལ་ཧོ་ས་མ་ཡཱ་ཛ་སིདྡྷི་ཧོ། ཧོ། མི་ཤིགས་དཔྱིད་ཀྱི་ཐིག་ལེའི་བཅུད་རྫོགས་པའི། །ལྷན་སྐྱེས་ཟག་མེད་དགའ་བ་ནམ་མཁའི་གཟུགས། །མཁའ་ཁྱབ་ཡེ་ཤེས་འཁོར་ལོའི་དམ་ཚིག་གིས། །བླང་དོར་བྲལ་བའི་ཐུགས་དམ་དགྱེས་པར་བསྐྱེད། མ་ཧ་སུ་ཁ་ཛྙཱ་ན་ར་ག་ཡ་མི་སྟི། ཨཱཿ རང་གཞན་རྣམ་པར་དག་པའི་ཡེ་ཤེས་ལ། །ཀུན་རྟོག་འཆལ་བར་སྤྱོད་པའི་བློས་བྱས་ཀྱིས། །སྤང་བླང་མཚན་མར་གོལ་པའི་རྟོག་སྒྲིབ་ཚོགས། །གཉིས་མེད་མཉམ་པ་ཆེན་པོར་སྦྱངས་ཤིང་བཤགས། ས་མ་ཡ་ཤུ དྡྷེ་ཨ། ཧཱུྃཿ སྐྱེ་མེད་ཞི་བ་ཆེན་པོའི་ངང་ཉིད་ལས། །འགག་མེད་ཐུགས་རྗེ་ཐབས་ཀྱི་སྐུར་ཤར་བའི། །བླ་མ་ཧེ་རུ་ཀ་དཔལ་དགོངས་སྤྱོད་ཀྱིས། །གཟུང་འཛིན་དགྲ་གདོན་མཉམ་ཉིད་དབྱིངས་སུ་བསྒྲལ། །བག་ཆགས་སྣང་ཞེན་དབུ་མའི་ངང་དུ་སྦྱོར། ཏ་ན་ག་ན་ཨ་ལ་ལ་ཧོ། ཨེ་མ་ཧོ། ཡུལ་དང་དབང་པོ་སྦྱོར་བ་ལས། །སྣང་སྟོང་ཡེ་ཤེས་ལྷན་སྐྱེས་རོ། །ཟག་མེད་བདེ་ཆེན་ཐིག་ལེ་རུ། །དགྱེས་པ་མཆོག་གིས་ལོངས་སྤྱོད་རོལ། ཨ་ལ་ལ་ཧོ། ཧྲཱི་བྷྱོ། རིག་རྩལ་རོལ་བའི་ལྷག་སྡུད་ཚོགས། །འདིར་གཤེགས་དཔལ་གྱི་དམ་ཚིག་དགོངས། །སྣང་ཞེན་བག་ཆགས་ལྷན་སྐྱེས་ཀྱི། །ཁུ་རྡུལ་རླུང་སེམས་ཕྲ་བའི་ཆ། །དུས་གསུམ་དུས་མེད་དྷུ་ཏིའི་དབྱིངས། །རང་སར་དྭངས་པའི་འཕྲིན་ལས་མཛོད། ས་མ་ཡ་ཙིཏྟ་ཨ་ནུ་པཱ་ལ་ཧཱུྃ། ཧོ། རྡོ་རྗེ་གདན་གསུམ་གྲོང་ཁྱེར་དུ། །དགྱེས་མཉམ་ཚོགས་ཀྱི་མཆོད་པ་ཡིས། །ལྷན་སྐྱེས་འདུ་བ་མཉེས་གྱུར་ནས། །འཁོར་ལོ་ཚོགས་ཆེན་འབྲས་སྨིན་ཤོག ཨ་ཧོ། དགའ་བ་ཆེན་པོ་ཟག་པ་མེད། །བདེ་བ་ཆེན་པོ་འདུས་མ་བྱས། །བདེ་མཆོག་འགྱུར་མེད་བླ་མའི་ཞལ། །འདུ་འབྲལ་མེད་པའི་བཀྲ་ཤིས་ཤོག རྡོ་རྗེ་ཆགས་པའི་དམ་ཚིག་གིས། །ཟག་བཅས་རྒྱུ་འབྲས་སྦྱངས་པའི་ཐབས། །མཆོག་ཏུ་གསང་བའི་མན་ངག་འདི། །སྐལ་བ་ཅན་གྱི་དཔལ་དུ་གྱུར། །མོས་ལྡན་རེ་བ་བསྐང་བའི་ཕྱིར། །ནཱ་ཐའི་མིང་གིས་ཐོལ་བྱུང་བྲིས། །དགེ་བས་ཁམས་གསུམ་ཡོངས་སྒྲོལ་ཤོག །

ཡང་ཟབ་རྡོ་རྗེའི་ཚེ་སྒྲུབ་འཆི་མེད་བཅུད་ལེན།

དྷྲིཿ འཆི་མེད་ཚེ་ཡི་ལྷ་ལ་འདུདཿ དུས་མཐར་ལས་ཅན་སྐྱེས་བུ་ཡིཿདུས་མིན་འཆི་བའི་འཇིགས་སྐྱོབ་ཅིངཿ རྡོ་རྗེའི་ཚེ་མཆོག་སྒྲུབ་པའི་ཐབསཿཡང་སྙིང་འཆི་མེད་བཅུད་ལེན་ནིཿ སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་བསྟནཿསྐྱབས་སེམས་ཚོགས་བསགས་སྤྱི་ལྟར་བྱཿ ཧྲཱིཿ ཆོས་ཀུན་གདོད་ནས་སྐྱེ་འགགས་བྲལཿ དབྱིངས་ཀྱི་རང་རྩལ་ཡེ་ཤེས་དལཿ མཁའ་ལ་འཇའ་ཚོན་ཤར་བ་ལྟརཿ ཕྱི་སྣོད་འོད་ལྔའི་གཞལ་ཡས་ཁངཿ རྒྱ་ཁྱོན་ཚད་མེད་རྒྱན་བཀོད་རྫོགསཿ དེ་དབུས་པད་ཉི་དགྲ་བགེགས་སྟེངཿ འགྱུར་མེད་རིག་སྟོང་ཧྱ་གྷྲཱིཿ དུས་མཐའི་མེ་འདྲའི་གཟི་བྱིན་འབརཿ མི་བཟད་གར་དགུའི་ཉམས་ཀྱིས་སྒེགཿ རྡོ་རྗེ་ཐོད་དབྱུག་ཐོད་ཁྲག་འཛིནཿ རང་སྣང་དཔལ་གྱི་ཆས་བཅུས་སྤྲསཿ དེ་ཡི་སྤྱི་བོར་པད་ཟླའི་སྟེངཿ འཆི་མེད་རིག་འཛིན་པདྨ་འབྱུངཿདམར་གསལ་ལོངས་སྤྱོད་རྫོགས་སྐུའི་ཆསཿ མཉམ་བཞག་ཚེ་ཡི་བུམ་པ་འཛིནཿསྲིད་ཞིར་མི་གནས་སྐྱིལ་ཀྲུང་བཞུགསཿ རང་འོད་བདེ་ཆེན་གོས་དཀར་མོཿགསང་བ་ཡེ་ཤེས་མཚོ་རྒྱལ་ཡུམཿ དམར་གསལ་སྒེག་ཆགས་རུས་པས་བརྒྱནཿམདའ་དར་ཚེ་བུམ་བསྣམས་པས་འཁྲིལཿ ཡབ་ཡུམ་སྣང་སྟོང་འདུ་འབྲལ་མེདཿརྩ་གསུམ་རབ་འབྱམས་འདུས་པའི་སྐུཿ མ་བསྐྱེད་ཡོངས་གྲུབ་ཆེན་པོར་གསལཿསྤྱན་འདྲེན་མཆོད་བསྟོད་སྤྲོས་པ་བྲལཿ ཡེ་གྲུབ་རང་ངོ་ཤེས་པ་ནིཿ རིག་པའི་མཇལ་ཕྱག་ཆེན་པོ་སྟེཿ ཚོགས་ཆེན་ཡེ་རྫོགས་ཨེ་མ་ཧོཿ ཐུགས་ཀར་ཉི་ཟླའི་གའུའི་དབུསཿ མི་ཤིགས་སྙིང་པོ་ཡེ་གེ་ཧྲཱིཿ ཐ་མར་སྔགས་ཀྱི་ཕྲེང་བས་བསྐོརཿ འོད་ཟེར་འཕྲོས་པས་སྲིད་དང་ཞིའིཿ བརྟན་གཡོའི་དྭངས་བཅུད་ཚེ་དཔལ་སྟོབསཿ བཀྲག་དང་གཟི་མདངས་རླུང་སེམས་བཅུདཿ བསྡུས་ནས་ཐུགས་སྲོག་ཧྲཱིཿལ་བསྟིམཿ ཁྱད་པར་བན་བོན་སྡེ་བརྒྱད་ཀྱིསཿ བསྡུས་འཕྲོག་འཁྱམས་དང་ཡལ་བ་ཡིཿ བླ་ཚེ་འོད་མདངས་ཡལ་རྣམས་བསྡུསཿཐུགས་སྲོག་ལ་བསྟིམ་བཅུད་དུ་དྲིལཿ ཚེ་བཅུད་དཀར་དམར་བདུད་རྩིའི་རྒྱུནཿརིགས་བདག་ཡབ་ཡུམ་སྦྱོར་མཚམས་ནསཿ སྤྱི་བོར་བབས་པས་ལུས་ཀུན་བཀངཿ རྡོ་རྗེའི་ཚེ་ལ་དབང་ཐོབ་བསམཿ ཨོཾ་ཧྲཱིཿམ་ཧ་གུ་རུ་ཨ་ཡུ་སིདྡྷི་བཾ་བྷྲཱུྃ་སྭ་ཧཱཿ ཧྲཱིཿ ཟླ་གམ་དབང་གི་དཀྱིལ་འཁོར་ནསཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེདཿ བདེ་སྟོང་ཡུམ་ཆེན་གོས་དཀར་མོཿ གསང་བའི་ཕོ་ཉ་མགྱོགས་མ་བཅསཿ འགྱུར་མེད་སོར་རྟོགས་ཡེ་ཤེས་ཀྱིཿ དབྱིངས་ལས་མ་གཡོས་ཐུགས་རྗེའི་རྩལཿ མཐུ་སྟོབས་ནུས་པའི་ཤུགས་བསྐྱེད་ལཿ སྐུ་གསུམ་ཡེ་ཤེས་འཁོར་འདས་ཀྱིཿ མི་ཤིགས་ཚེ་དང་ཡོངས་གྲུབ་སྲོགཿ རྟག་པ་རྒྱུན་གྱི་དཔལ་དང་སྟོབསཿ འབྱུང་ལྔའི་དྭངས་མ་ཁམས་ལྔའི་བཅུདཿ བླ་ཚེ་ཆད་ཉམས་ཡལ་བ་དངཿ བན་བོན་སྡེ་བརྒྱད་ལྷ་སྲིན་གྱིསཿ བརྐུས་འཕྲོག་དབང་དུ་བྱས་པའི་རིགསཿ ཕྲིན་ལས་བཞི་ཡི་ཕྱག་རྒྱ་དངཿ སྣང་སྲིད་དབང་བསྒྱུར་རྩལ་ཤུགས་ཀྱིསཿ བདུད་རྩི་འོད་ཀྱི་རྣམ་པར་བསྡུསཿ རྣལ་འབྱོར་ནང་གི་ལུས་ལ་བསྟིམཿ མི་ཤིགས་རྡོ་རྗེའི་ཀློང་ཉིད་དུཿ འགྱུར་མེད་ཚེ་ཡི་དབང་མཆོག་བསྐུརཿ སྐྱེ་ཤི་མེད་པའི་དངོས་གྲུབ་སྩོལཿ གཞོམ་གཞིག་བྲལ་བའི་སྲོག་ཏུ་སྒྲུབཿ མི་ཤིགས་རྡོ་རྗེ་སྐུ་ལྔའི་ཀློངཿ དབྱིངས་ལྔ་སྟོང་ཆེན་ཕྱག་རྒྱ་ཡིསཿ འཕོ་འགྱུར་མེད་པར་རྒྱས་བཏབ་པསཿ སྐྱེ་འཆི་འགྱུར་མེད་ཡེ་ཤེས་ཀྱིཿ རང་བཞིན་རྟག་བརྟན་རྡོ་རྗེའི་ཆོསཿ འདུས་མ་བྱས་པར་སིདྡྷི་བྷྲཱུྃཿ ཨོཾ་ཨཱཿགུ་རུ་དེ་ཝ་ཌཱཀྐི་ནི་ཨཱ་ཡུ་ཛྙཱ་ན་སིདྡྷི་བྷྲཱུྃ་དྷརྨ་དྷརྟུ་རཀྵ་ཨཱཿ མི་ཤིགས་སྐུ་ཡི་དཀྱིལ་འཁོར་ནསཿ སྣང་སྟོང་རྡོ་རྗེ་ཚེ་ཡི་བདགཿ བཅོམ་ལྡན་མགོན་པོ་ཚེ་མཐའ་ཡསཿ རྡོ་རྗེ་ཚེ་ཡི་མགྱོགས་མ་བཅས༴ ཨཱཿའགགས་མེད་གསུང་གི་དཀྱིལ་འཁོར་ནསཿ བདེ་སྟོང་འགགས་མེད་ཚེ་ཡི་ལྷཿགསང་བའི་ཡུམ་མཆོག་གོས་དཀར་མོཿ པདྨ་ཚེ་ཡི་ཌཱཀྐི་བཅས༴ ཧཱུྃཿའགྱུར་མེད་ཐུགས་ཀྱི་དཀྱིལ་འཁོར་ནསཿ རིག་སྟོང་ཡེ་ཤེས་ཚེ་ཡི་བདགཿཆོས་སྐུ་ཀུན་ཁྱབ་ཚེ་ཡི་ལྷཿ ཚེ་ལྷ་རིག་འཛིན་མགྱོགས་མ་བཅས༴ སྭཱཿལྷུན་འགྲུབ་ཡོན་ཏན་རྡོ་རྗེའི་ཚེཿ གསང་གསུམ་ཡོངས་གྲུབ་སྐུ་གསུམ་གྱིཿདངོས་གྲུབ་མཆོག་གི་གཏེར་ཆེན་པོཿ དེང་འདིར་སྒྲུབ་མཆོག་བདག་ལ་སྩོལཿཧཱཿ ཕྲིན་ལས་བྱ་གྲུབ་ཡེ་ཤེས་ཀྱིཿ རང་རྩལ་ལས་བཞིའི་དཔལ་ཡོན་དངཿརྟག་ཁྱབ་ལྷུན་གྲུབ་བདེ་བ་ཆེའིཿ དངོས་གྲུབ་འཛད་མེད་དུས་འདིར་སྩོལཿཨོཾ་མ་ཧཱ་སིདྡྷི་པུཥྚིཾ་ཀུ་རུ་བྷྲཱུྃ་ཛྙཱ་ན་དྷརྟུ་ཨཱཿཧཱུྃཿ འཆི་མེད་རྡོ་རྗེའི་ཚེ་སྒྲུབ་པའིཿལས་རིམ་སྙིང་པོར་དྲིལ་བ་འདིཿ ཉེར་མཁོའི་དོན་དུ་ནཱ་ཐ་ཡིསཿ ཀུན་རྟོག་གང་ཤར་བཅོས་མེད་བྲིསཿ དགེ་བས་རྡོ་རྗེའི་ཚེ་ཐོབ་ཤོགཿ སརྦ་མདྒ་ལཾ་དཱ་ནཱ་ཤུ་བྷཾ་བི་ཛ་ཡནྟུ། །

ཚེ་ཕུར་བསྒྲགས་མའི་རྣལ་འབྱོར་ཟབ་མོ།

ཧེ་རུ་ཀ་ལ་ཕྱག་འཚལ་ལོཿ བླ་མེད་ཡང་གསང་ཐུགས་ཀྱི་བཅུདཿ རྡོ་རྗེ་ཚེ་ཡི་མན་ངག་ནིཿ ཨཱཿ རིག་སྟོང་ཀ་དག་ངང་ཉིད་ལསཿ ཐབས་མཆོག་བཛྲ་ཀི་ལ་ཡཿ དཀར་པོ་རྡོ་རྗེ་ཕུར་པ་འདྲིལཿ ཧེ་རུ་ཀ་ཡི་ཆས་བཅུ་རྫོགསཿསྐུ་སྨད་རྣོ་དབལ་ཕུར་བ་ཡིསཿ ཚེ་བདུད་བྱད་མའི་སྙིང་ལ་གཟིརཿ ཐུགས་ཀར་ཐིག་ལེ་འོད་ལྔའི་ཀློངཿ ཡེ་ཤེས་སེམས་དཔའ་ཚེ་དཔག་མེདཿ དཀར་གསལ་ལོངས་སྐུ་ཚེ་བུམ་འཛིནཿ དེ་ཡི་ཐུགས་ཀར་སྲིད་དང་ཞིའིཿ དྭངས་བཅུད་ཉི་ཟླའི་གའུའི་ནངཿ མི་ཤིགས་སྙིང་པོ་ཡི་གེ་ཧྲཱིཿ རྩ་བའི་སྔགས་ཀྱིས་བསྐོར་བ་ལསཿ འོད་འཕྲོས་སྲིད་ཞིའི་ཚེ་བཅུད་དངཿ བན་བོན་སྡེ་བརྒྱད་ཀྱིས་འཕྲོག་དངཿ ཡལ་དང་འཁྱམས་པའི་བླ་ཚེ་བཀུགཿ འོད་དམར་རྣམ་པས་ཧྲཱིཿ ལ་བསྟིམཿ འཆི་མེད་རྡོ་རྗེའི་སྲོག་འགྲུབ་འགྱུརཿ ཨོཾ་ཧྲཱིཿཀི་ལ་ཡ་བྷྲཱུྃ་སིདྡྷི་ཧཱུྃཿ ཞེས་བཟླས་མཐར་ནི་ཁམས་ལྔའི་སྲོགཿ སྟོང་ཆེན་ཡུམ་ལྔའི་དབྱིངས་སུ་སྦཿ གཞོམ་བྲལ་ཆོས་དབྱིངས་རང་གདངས་སྐྱོངཿ དུས་མིན་འཆི་བའི་འཇིགས་པ་སེལཿ མཆོག་གི་ཚེ་འགྲུབ་མངོན་འཚང་རྒྱཿབདག་འདྲ་ས་མནྟ་བྷ་དྲསཿ གང་ཤར་རྡོ་རྗེའི་ཚིག་ཏུ་བསྐུལཿ རང་ལ་ཉེར་མཁོའི་དོན་དུ་བཀོདཿ ཨི་ཐིཿ རྒྱ་རྒྱཿ མ་ཧཱ་ས་མནྡྷ་ས་ཡ་བྷྱཿ གུ་ཎ་ནཱ་ཐ་ཙི ཏྟ་ནི་དྷི་ག་ག་ན་ཀ་ཥོ་གམྦྷི་ར་དྷརྨ་གུ་ཧྱཿ ཨ་ཀྵ་ར་སྲཽ་ཝ་བྷ་སྭ་རའོ་ཤུ་བྷཾཿདཔལ་ཆེན་རྡོ་རྗེ་སྲིན་པོའི་སྤྲོས་མེད་རྒྱུན་གྱི་རྣལ་འབྱོར། །གསང་བ་བླ་མེད་ཨཱ་ཏིའི་ལུགསཿ སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་ནིཿ ཨཱཿམ་ཧཱ་ཤྲཱི་ཧེ་རུ་ཀཿ བདག་ཉིད་སྐད་ཅིག་དྲན་རྫོགས་སུཿ དཔལ་ཆེན་རྡོ་རྗེ་སྲིན་པོའི་སྐུཿ མཐིང་ནག་ཞལ་གསུམ་ཕྱག་དྲུག་པཿ སོགས་གཞུང་ལྟར་ལསཿདགའ་བཞི་བདེ་བ་ཆེན་པོར་རོལཿ རང་བྱུང་ཡེ་ནས་འདུས་མ་བྱསཿ མ་བསྐྱེད་ཡོངས་རྫོགས་དོན་གྱི་ལྷཿ རང་ཤར་ཡེ་ཤེས་ཀློང་དགུའི་རྩལཿ བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་ཀུནཿ ཉི་ལས་འོད་ཟེར་ཇི་བཞིན་དུཿ སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགསཿ མ་འདྲེས་ཡོངས་རྫོགས་ཆེན་པོར་གསལཿ དེ་ཡི་ཐུགས་ཀར་འོད་ལྔའི་ཀློངཿ དབྱིངས་རིག་འགྱུར་མེད་ཐིག་ལེའི་སྐུཿ གདོད་མའི་མགོན་པོ་སྟང་དཔྱལ་གྱི༔ སྲོག་གི་གོ་རུ་ཨཱོ ཧཱུྃཿ ཡེ་ཤེས་འོད་ལྔའི་འཕྲོ་འདུ་ལསཿ སྣང་སྲིད་ཡེ་ཤེས་རོལ་བར་རྫོགསཿ ཨོཾ་ཨཱཿཧཱུྃཿབཟླའོཿ ཡེ་ཤེས་སྲོག་གི་ཐིག་ལེ་ནིཿ ཐབས་ཤེས་མ་ཆད་སུམ་བརྩེགས་འབརཿ མི་ཕྱེད་རྡོ་རྗེ་རྩེ་དགུ་བཿ དབུས་དང་ཕྱོགས་མཚམས་འབར་བའི་རྭཿཡི་གེ་འཁོར་ལོའི་དལ་དུ་གྲུབཿ སྤྲོ་བསྡུ་ཏིང་འཛིན་རོལ་བ་ཡིསཿ སྡུག་བསྔལ་བདེ་བ་ཆེན་པོར་སྦྱོརཿ འཁོར་བ་ཆོས་ཀྱི་དབྱིངས་སུ་སྒྲོལཿ མཆོག་ཐུན་ཡེ་གྲུབ་ཆེན་པོ་རྫོགསཿ ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་ཏ་ཙི ཏྟ་ཧཱུྃཿ འཁོར་སྔགས་དངཿ ལས་སྦྱོར་སྔགས་ཀྱང་ཅི་རིགས་བཟླའོཿ ཟབ་པའི་ཡང་སྙིང་བཅུད་དྲིལ་བཿ སྤྲོས་མེད་གསང་བའི་ལས་རིམ་ནིཿ སྐལ་བ་ལྡན་པའི་ནོག་ཆོས་ཏེཿ ཡང་མཛོད་དམར་པོ་ཨ་ཐཾ་རྒྱཿ

ཡང་གསང་འཛིན་པ་རང་གྲོལ་གྱི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཆར་འབེབས།

གཞི་དབྱིངས་མི་འགྱུར་དོན་གྱི་འོག་མིན་ནས། །ཁྱབ་བདག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །དབྱིངས་ཀྱི་ཡུམ་ཆེན་ཤེས་རབ་ཕར་ཕྱིན་མར། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །ལྔ་ལྡན་སྒྱུ་འཕྲུལ་དྲྭ་བའི་ཕོ་བྲང་ནས། །ལོངས་སྤྱོད་ཡོངས་རྫོགས་རིགས་ལྔ་གངས་ཆེན་མཚོ། །སྟང་དཔྱལ་ཉིད་ལས་མི་གཞན་རིགས་ཀྱི་འཁོར། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །གང་འདུལ་སྤྲུལ་སྐུའི་ཞིང་ཁམས་རྒྱ་མཚོ་ནས། །མངོན་རྫོགས་རྒྱལ་པོ་སྟོན་པ་བཅུ་གཉིས་དང་། །ཞི་ཆགས་ཁྲོ་བོའི་འཁོར་ཚོགས་བསམ་མི་ཁྱབ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །བདེ་སྟོང་འགྱུར་བ་མེད་པའི་ཕོ་བྲང་ནས། །ཌཱཀྐིའི་གཙོ་མོ་གསང་བ་ཡེ་ཤེས་ཡུམ། །རྡོ་རྗེ་ཕག་མོ་ཁྲོས་མ་ལྷ་ལྔའི་ཚོགས། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །གསང་ཆེན་དྷུ་མ་ཐ་ལའི་གྲོང་ཁྱེར་ནས། །དགའ་རབ་དཔའ་བོ་སྟོན་པ་དྲི་མ་མེད། །བརྟུལ་ཞུགས་གྲུབ་བརྙེས་ཨ་ཙར་དམར་པོ་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །ཧེ་རུ་ཀ་ཡི་ཚོགས་ཁང་ཆེན་པོ་ནས། །ཐོད་ཕྲེང་རིགས་ལྔ་ཤནྟ་རཀྵི་ཏ། །པདྨ་ཐོད་ཕྲེང་དགྱེས་ཡུམ་མནྡ་ར། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །དུར་ཁྲོད་མཁའ་འགྲོའི་སྤྲིན་ཕུང་འཁྲིགས་པ་ནས། །བརྟུལ་ཞུགས་གྲུབ་བརྙེས་དམ་པ་ནག་པོ་དང་། །ཌཱཀྐིའི་རྗེ་མོ་ལབ་ཀྱི་སྒྲོལ་མ་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །ཟབ་གཏེར་སྨིན་གྲོལ་ཆོས་ཀྱི་ཕོ་བྲང་ནས། །སྔགས་འཆང་གཏེར་ཆེན་ཉི་མ་འོད་ཟེར་དང་། །ཟིལ་གནོན་དཔའ་བོ་རྡོ་རྗེ་ཐོགས་མེད་རྩལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །སྣང་སེམས་རོ་གཅིག་རྟོགས་པའི་ཕོ་བྲང་ནས། །ཧེ་རུ་ཀ་དཔལ་ཁྲག་འཐུང་དཔའ་བོ་དང་། །གསང་བའི་ཡུམ་ཆེན་དྷརྨ་ཏཱ་རེ་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །འཁྲུལ་སྣང་རང་སར་གྲོལ་བའི་ཕོ་བྲང་ནས། །ཐུགས་ཀྱི་སྲས་མཆོག་རིག་པའི་རལ་གྲི་དང་། །ཆོས་ཀྱི་བདག་པོ་འོད་ཟེར་མཐའ་ཡས་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །གཉིས་འཛིན་རང་སར་ཞིག་པའི་ཕོ་བྲང་ནས། །ཁྱབ་བདག་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་། །འཁྲུལ་ཞིག་གཅོད་སྨྱོན་ཆོས་དཔལ་བཟང་པོའི་ཞབས། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །དད་དམ་འགྱུར་བ་མེད་པའི་ཕོ་བྲང་ནས། །སྨིན་གྲོལ་མཆོག་སྩོལ་ཡོན་ཏན་མགོན་པོ་དང་། །ལས་ཅན་བརྒྱུད་འཛིན་རིམ་པར་བྱོན་རྣམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །མཆོག་ཐུན་སྤྲིན་བཞིན་འཐིབས་པའི་གཞལ་ཡས་ནས། །ཡི་དམ་ཁྲོས་མ་བདུད་འདུལ་མཁའ་འགྲོའི་ཚོགས། །བཀའ་དང་གཏེར་གྱི་སྲུང་མ་དམ་ཚིག་ཅན། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །དེ་ལྟར་མི་ཕྱེད་གདུང་བའི་ཤུགས་དྲག་པོས། །རྣམ་གསུམ་དད་པས་གསོལ་བ་བཏབ་པའི་མཐུས། །སྐྱབས་ཡུལ་རྣམས་ཀྱི་ཐུགས་རྗེའི་ཤུགས་བསྐྱེད་ལ། །གསང་གསུམ་ཡེ་ཤེས་བྱིན་ཆེན་དབབ་ཏུ་གསོལ། །ཨ་འཐས་སྒྱུ་ལུས་རྡོས་བཅས་ཕུང་པོའི་ཁམས། །ཟག་པ་རང་ཟད་འོད་ཀྱི་སྐུར་སྨིན་ཞིང་། །ལས་རླུང་འགྱུ་བ་དབུ་མའི་དབྱིངས་སུ་ཐིམ། །གཟུང་འཛིན་ཡེ་གྲོལ་ཆོས་ཟད་མཐར་ཕྱིན་ཤོག །ཁྱད་པར་རོ་སྙོམས་ཆེན་པོའི་བརྟུལ་ཞུགས་ཀྱིས། །རེ་དོགས་བླང་དོར་ཞེན་པ་རང་ཟད་དེ། །སྣང་སེམས་དབང་བསྒྱུར་འབྲས་བུའི་དེ་ཉིད་མཐོང་། །བློ་བྲལ་རྟོགས་པའི་རྩལ་ཆེན་རྫོགས་པར་ཤོག །དེ་ལས་སླར་ཡང་གདུལ་དཀའི་འགྲོ་རྣམས་ལ། །རླབས་ཆེན་སྦྱོར་སྒྲོལ་མངོན་ཕྱུང་སྤྱོད་པ་ཡིས། །འབྲེལ་ཚད་དོན་ལྡན་འཁོར་བ་དོང་སྤྲུགས་ཀྱིས། །མཛད་སྤྱོད་རྒྱ་མཚོ་མཐའ་རུ་ཕྱིན་པར་ཤོག །མདོར་ན་བཟང་ངན་ལས་ཀྱིས་འབྲེལ་བ་ཀུན། །ཤ་ཟ་སྲིན་པོའི་གྲོང་ཁྱེར་དཔལ་གྱི་རིར། །པདྨ་ཐོད་ཕྲེང་སྲས་ཀྱི་ཐུ་བོ་རུ། །སྐྱེས་ནས་ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག །ཡང་ཟབ་འཛིན་པ་རང་གྲོལ་གྱི། །གསོལ་འདེབས་བྱིན་རླབས་ཆར་འབེབས་འདི། །གཏེར་ཆེན་འོད་གསལ་རྡོ་རྗེ་ཡི། བཀའ་གནང་རྟེན་འབྲེལ་མི་བཟློག་ཙམ། །ཚུལ་འདིར་མོས་ལྡན་རྣལ་འབྱོར་པ། །འཇིགས་མེད་ཡོན་ཏན་མགོན་པོ་ཡིས། །གང་ཤར་ཐོལ་བྱུང་ཚུལ་དུ་བཀོད། དགེ་བས་འཁོར་བ་དོང་སྤྲུགས་ཤོག །དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ཙི་ནྷཱེ་ཤ་ཛ་ཡནཱ་མཱ་ཧ་སྱ་ཤ་ཡནཱ་བྷོ་ག་ཙ་སཾ་བནྡྷ་སྱ་པཱུ་ཛ་བིདྷི་བི་ཧ་ར་ཏི་སྨ། །

གསོལ་འདེབས་བསམ་པ་ལྷུན་གྲུབ་དང་འབྲེལ་བའི་མཆོད་ཆོག་ཡིད་བཞིན་དབང་རྒྱལ།

ཨེ་མ་ཧོཿ ཟབ་པའི་མཐར་ཐུག་བཅུད་དྲིལ་བའིཿ སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་ཀྱིཿ ལས་ཚོགས་བསྐྱེད་བཟླས་མཆོད་ཆོག་ནིཿ གཏེར་གཞུང་རྩ་བའི་དགོངས་པ་བཞིནཿ དགོད་ལ་བླ་མ་མཁའ་འགྲོ་ཡིསཿ བདག་རྒྱུད་བྱིན་རླབས་གནང་བ་སྩོལཿ དེ་ལ་འདིར་ཡིད་བཞིན་ནོར་བུ་མན་ངག་བཅུ་གསུམ་གྱི་ལས་ཚོགས་ལ་དོན་གསུམཿ སྦྱོར་བ་དངོས་གཞི་རྗེས་སོཿ དང་པོ་ནིཿགནས་བཟང་པོ་ལ་གུ་རུའི་སྣང་བརྙན་རིན་པོ་ཆེའི་འབྱུང་གནས་རས་བྲིས་སོགས་བཀྲམ་པའི་མདུན་དུ་སྟེགས་བུའི་ཁརཿ རྡུལ་ཚོན་འབྲུ་ཚོམ་སྐབས་དང་སྦྱར་ཞིང་དཀྱིལ་འཁོར་གྱི་དབུས་སུ་གཏོར་མ་རིན་ཆེན་འབར་བའི་དབྱིབས་སྨན་རཀྟ་ཆུ་གཉིས་ཉེར་སྤྱོད་སོགས་ཅི་འབྱོར་བའི་མཆོད་པ་བཤམསཿ གཞན་ཡང་མཁོ་བའི་ཡོ་བྱད་འདུ་བར་བྱཿ གཉིས་པ་དངོས་གཞི་ལཿ དང་པོ་སྐྱབས་སུ་འགྲོ་བ་ནིཿམདུན་གྱི་ནམ་མཁར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཕྱོགས་དུས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀྱིས་བསྐོར་བ་མཁའ་ཁྱབ་ཀྱི་རོལ་མོར་སད་པར་གྱུརཿ མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿ ན་མོཿ སྐྱབས་གནས་མཆོག་གི་གུ་རུ་སྤྲུལ་བའི་སྐུཿ བསྐལ་བཟང་སངས་རྒྱས་སྟོང་དང་སེམས་དཔའ་ཡིཿདགོངས་སྤྱོད་གཅིག་གྱུར་ཁྱོད་ལ་གདུང་ཤུགས་ཀྱིསཿ ཕྱག་འཚལ་གུས་པས་སྙིང་ནས་སྐྱབས་སུ་མཆིཿ བདག་སོགས་འགྲོ་ཀུན་ཐུགས་རྗེ་ཆེན་པོ་ཡིསཿཨོ་རྒྱན་མཁའ་འགྲོའི་གནས་སུ་དྲང་དུ་གསོལཿ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ གཉིས་པ་སེམས་བསྐྱེད་ཡན་ལག་བརྒྱད་པ་ནིཿ སྐྱེས་མཆོག་པདྨ་རྒྱལ་པོ་སྤྲུལ་བའི་སྐུཿ གང་གི་ཐུགས་བསྐྱེད་སྨོན་ལམ་ལས་འཕྲོ་ཡིསཿ གདོང་དམར་ཡུལ་དུ་ཁྱེད་ཀྱིས་ཐུགས་བསྐྱེད་ནསཿ བདུད་དང་མུ་སྟེགས་དམ་སྲིའི་བར་ཆད་ཀུནཿ མྱུར་དུ་སྒྲོལ་མཛད་རྗེས་སུ་བདག་སྒྲུབ་ཀྱིཿ ཕྱི་ནང་བར་ཆད་དབྱིངས་སུ་བསལ་དུ་གསོལཿ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿ ཚད་མེད་ཐུགས་རྗེ་ཆེན་པོ་སྤྲུལ་བའི་སྐུཿ མགོན་མེད་སྡུག་བསྔལ་གྱུར་པའི་འགྲོ་རྣམས་ལཿ ཚད་མེད་ཐུགས་རྗེའི་ཤུགས་ཀྱིས་དོན་མཛད་པཿ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིཿ སྡུག་བསྔལ་འཁོར་བའི་རྒྱ་མཚོ་ཆེན་པོ་ལསཿ མྱུར་དུ་བསྒྲལ་ནས་བྱང་ཆུབ་ཐོབ་པར་ཤོགཿ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿདུས་གསུམ་རྒྱལ་སྲས་གཅིག་བསྡུས་སྤྲུལ་བའི་སྐུཿ དད་པའི་ཞིང་འདིར་གུས་པས་སྤྱན་འདྲེན་ནཿ ཉི་ཟླ་པདྨའི་གདན་ལ་གཤེགས་ཤིང་བཞུགསཿ བདག་གི་ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུནཿ མཁའ་འགྲོའི་ཚོགས་བཅས་ཁྱེད་ལ་མཆོད་པ་འབུལཿ སྡིག་པའི་ལས་དང་དམ་ཚིག་སྡོམ་པའི་ཚོགསཿ ཁས་བླངས་དམ་ལས་འདས་པ་མཐོལ་ལོ་བཤགསཿ རང་དང་གཞན་གྱིས་དགེ་བ་ཅི་བསགས་པཿ ཐར་བའི་རྒྱུར་གྱུར་དགའ་བས་ཡི་རང་ངོཿ ཞིང་མཆོག་དམ་པ་ཨོ་རྒྱན་མཁའ་འགྲོའི་གླིངཿ དེར་བཞུགས་བདག་སོགས་རྟག་པར་ཐུགས་རྗེས་གཟིགསཿ མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པུཿ སྐལ་ལྡན་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགསཿ དགེ་བ་མ་ལུས་འགྲོ་བ་ཀུན་དོན་དུཿདམིགས་མེད་རྫོགས་པ་ཆེན་པོའི་ཀློང་དུ་བསྔོཿ བདག་གཞན་ཐམས་ཅད་སངས་རྒྱས་སྐུ་ལྔ་ཡིཿ ཡེ་ཤེས་དམ་པ་མྱུར་དུ་ཐོབ་པར་ཤོགཿ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿ སྔོན་འགྲོའི་ཆོས་གསུམ་རྫོགས་སོཿ གསུམ་པ་བགེགས་ལ་བཀའ་བསྒོ་བ་ནིཿ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧཱུྃ་ཕཊཿ རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མགྲིན་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བྱིན་བསྐལ་བའི་མེ་ལྟར་རབ་ཏུ་འབར་བའི་སྐུར་གྱུརཿ ཨོཾ་སརྦ་བྷུདྡྷ་ཨ་ཀར་ཤ་ཡ་ཛཿ ཨོཾ་སརྦ་བིགྒ་ནན་ན་མཿསརྦ་ཏ་ཐཱ་ག་ཏ༴ སོགས་བྱིན་གྱིས་རླབས་པ་ལན་གསུམཿ ཧཱུྃ་ཧྲཱིཿང་ནི་ཡེ་ནས་མཉམ་ཉིད་ངང་གིས་ཁྲོསཿ མཚན་རྟོག་བགེགས་ཀྱི་གཤེད་དུ་ཆེར་རྔམས་པསཿ གཟུང་འཛིན་གདོན་གྱི་རྣམ་པར་ཤར་བའི་ཚོགསཿ རྡོ་རྗེ་མངོན་སྤྱོད་རོལ་བའི་དྲག་ཤུལ་གྱིསཿ མིང་ཡང་མེད་པར་བརླག་པར་འགྱུར་ཏ་རེཿཔདྨ་ཀྲོ་ཏ་ཧྱ་གྷྲཱི་ཝ་གནོད་བྱེད་འབྱུང་པོ་ཨུཏ་ཙ་ཏ་ཡ་ཕཊཿ བཞི་བ་མཚམས་གཅོད་པ་ནིཿ ཧཱུྃ་ཧྲཱིཿ རང་བྱུང་འོད་གསལ་ཀུན་ཁྱབ་འདུས་མ་བྱསཿ དེ་བཞིན་ཉིད་དབྱིངས་རྣམ་པར་དག་པ་ལཿ བགེགས་ཞེས་བྱ་བ་མིང་ཡང་མ་གྲུབ་པསཿ རིག་རྩལ་འགགས་མེད་ཡེ་ཤེས་རྡོ་རྗེའི་གུརཿ ཡོངས་གྲུབ་གསང་བའི་མཚམས་ལས་འདའ་མ་བྱེདཿ བཛྲ་ཛྙཱ་ན་རཀྵ་བྷྲཱུྃཿ ལྔ་པ་བྱིན་དབབ་པ་ནིཿ སྦྱར་སྤོས་སྣ་ཚོགས་ཀྱི་དུད་པ་དང་དར་གྱི་གཡབ་མོས་སྣ་དྲངས་ཏེ་འདི་སྐད་དོཿ ཧཱུྃ་ཧྲཱིཿ ཡུལ་གྱི་མིང་ནི་རྔ་ཡབ་གླིངཿ པདྨ་འོད་ཀྱི་ཞིང་ཁམས་སུཿཡེ་ཤེས་གཞལ་ཡས་རྒྱ་རེ་ཆེཿ བཀོད་པ་ལྷུན་རྫོགས་དང་རེ་སྤྲོཿ པདྨ་ཉི་ཟླ་བཀྲག་རེ་གསལཿ ལྔ་ལྡན་འོད་ཀྱི་ཀློང་དཀྱིལ་ནཿ རིགས་འདུས་པདྨ་ཐོད་ཕྲེང་དངཿ རྒྱལ་ཡུམ་མཁར་ཆེན་མཚོ་རྒྱལ་ལཿ རིག་འཛིན་རྒྱ་མཚོའི་འཁོར་གྱིས་བསྐོརཿ གནས་གསུམ་མཁའ་འགྲོ་སྤྲིན་བཞིན་གཏིབསཿ བྱིན་ཆེན་ངོ་མཚར་རྨད་དུ་བྱུངཿ རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ནསཿ འདུ་འབྲལ་མེད་པའི་ཡེ་ཤེས་ཀྱིསཿ དབང་ཆེན་དབང་གི་ཆར་རྒྱུན་ཕོབཿ འགྱུར་མེད་དགོངས་པའི་རྩལ་བསྐྱེད་ལཿ སྣོད་བཅུད་དཀྱིལ་འཁོར་གསུམ་དུ་བསྒྱུརཿཐ་མལ་ཞེན་འཛིན་དབྱིངས་སུ་སོལཿ བདེ་ཆེན་འགྱུར་མེད་བྱིན་ཕོབ་ཅིགཿཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་དེ་ཝ་ཌཱཀྐི་ནི་སརྦ་མ་ཡ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ དྲུག་པ་བསྐྱེད་པའི་ཏིང་འཛིན་ནིཿ ཨོཾ་ཨཱཿ་ཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿ རྣམ་དག་འོད་ལྔ་རྡོ་རྗེའི་གཞལ་ཡས་ཁངཿ ཕྱི་ནང་མེད་པ་རིན་ཆེན་ལྔ་ལས་གྲུབཿ གྲུ་བཞི་སྒོ་བཞི་རྟ་བབས་རྒྱན་དང་ལྡནཿ རྩིག་པ་འདོད་ཡོན་ཕ་གུ་དྲ་བར་ལྡནཿདྲ་ཕྱེད་མདའ་ཡབ་ཤར་བུ་ཁ་བད་བཅསཿ གདུགས་དང་རྒྱལ་མཚན་རི་དྭགས་ཕོ་མོས་མཛེསཿ ཤར་ཕྱོགས་དངུལ་ལ་ལྷོ་ཕྱོགས་བཻཌཱུ རྱཿ ནུབ་ཕྱོགས་པད་རག་བྱང་ཕྱོགས་ཨིནྡྲའི་མདོགཿ དབུས་ཉིད་དྭངས་མ་འོད་ཀྱི་དཀྱིལ་འཁོར་སྟེངཿ རིན་ཆེན་པད་སྡོང་འདབ་ལྡན་ཕྱོགས་ཀྱི་མདོགཿ ཡལ་འདབ་རིན་ཆེན་ལྗོན་པས་ཕྱོགས་རྣམས་ཁྱབཿ རིན་ཆེན་མེ་ཏོག་སིལ་མ་ཕྱོགས་ཀུན་བཀྲམཿསྣ་ཚོགས་འོད་ཀྱི་དྲ་བས་ཕྱི་ནང་གསལཿ དེ་དབུས་འདབ་ལྡན་པདྨ་གེ་སར་སྟེངཿཉི་ཟླ་པདྨ་བརྩེགས་པའི་གདན་སྟེང་དུཿ ཧྲཱིཿདམར་མདངས་ལྡན་འོད་ཀྱི་འཕྲོ་འདུ་ལསཿ རང་བྱུང་རྒྱལ་པོ་ཨོ་རྒྱན་རིན་པོ་ཆེཿ སྐུ་མདོག་དཀར་དམར་བཀྲག་མདངས་གཟི་བརྗིད་འབརཿ ཞལ་འཛུམ་སྤྱན་གདངས་ཞི་ཁྲོའི་ཉམས་དང་ལྡནཿདབུ་ལ་འདབ་ལྡན་དར་གྱི་སྙན་ཞུ་གསོལཿ དར་དམར་ཆོས་གོས་ཟ་འོག་བེར་ཆེན་གྱིསཿ སྐུ་ལ་མཛེས་པའི་ཆོས་གོས་ལེགས་པར་བརྒྱནཿ ཕྱག་གཡས་བདུད་རྩིའི་ཐོད་པ་ཐུགས་ཀར་བསྣམསཿ གཡོན་པས་རིན་ཆེན་ཤེལ་གྱི་བུམ་བཟང་ནསཿ ཟག་མེད་བདུད་རྩི་སྨན་གྱི་དངོས་གྲུབ་འབེབཿ ཞབས་གཉིས་སྐྱིལ་ཀྲུང་དྲང་པོའི་སྟབས་སུ་བཞུགསཿ སྐུ་གསུང་ཐུགས་ལས་འོད་ལྔའི་འཕྲོ་འདུ་འཁྲུགསཿ ཐུགས་སྲོག་དྭངས་མ་འོད་ཀྱི་ཚོམ་བུར་གསལཿ དེ་ཡི་ཕྱི་རིམ་ཡེ་ཤེས་འོད་ལྔའི་དལཿ དྭངས་གསལ་རྒྱ་ཁྱོན་བསམ་ལས་འདས་པའི་དབུསཿ རང་ལུས་ཡེ་ཤེས་སྒྱུ་མར་ཤར་བའི་ཚུལཿ ཨོ་རྒྱན་ཞི་ཁྲོ་རབ་འབྱམས་སྐུར་གསལ་བཿ ཆེ་བའི་ཆེ་མཆོག་རྡོ་རྗེ་སྲིན་པོ་ནིཿ གར་དགུའི་ཉམས་བརྗིད་དབུ་དགུ་ཕྱག་བཅོ་བརྒྱདཿ གཡས་རྣམས་རྡོ་རྗེའི་ཐོ་བ་རི་རབ་ཙམཿའཕྱར་ཞིང་སྡིགས་པས་བདུད་དཔུང་ཐལ་བར་བརླགསཿ གཡོན་རྣམས་རྡོ་རྗེའི་ཞགས་ཆེན་གློག་ལྟར་འཁྲུགསཿ བསྟན་གཤེད་ཀླ་ཀློའི་སྡེ་དཔུང་འཆིངས་ཤིང་སྡོམཿ འཇིགས་རུང་སྐུ་ལ་དུར་ཁྲོད་ཆས་ཀྱིས་སྤྲསཿ བ་སྤུའི་བུ་གར་རྡོ་རྗེའི་ཚྭ་ཚྭ་དངཿ བཟོད་དཀའི་དུག་རླངས་འཕྲོས་པས་བདུད་དཔུང་འཇོམསཿསྤྲུལ་པ་ལྷ་སྲིན་སྡེ་བརྒྱད་བྱེ་བ་འབུམཿ ཡེ་ཤེས་གྲུབ་ཀྱང་ལས་ཀྱི་ཕོ་ཉའི་ཚུལཿམངོན་སྤྱོད་ཐོགས་མེད་སྲིད་གསུམ་ཟས་སུ་ཟཿ རྔམ་བརྗིད་དཔལ་འབར་ཆེ་བའི་ཡོན་ཏན་རྫོགསཿ སྡེ་བརྒྱད་རུ་ཏྲའི་གདན་ལ་འགྱིངས་ཤིང་རོལཿ ཨོ་རྒྱན་སྨན་གྱི་བླ་མ་བཅོམ་ལྡན་འདསཿ སུམ་ཅུ་རྩ་གཉིས་མཚན་གྱིས་རབ་བརྒྱན་ཅིངཿདཔེ་བྱད་བརྒྱད་ཅུའི་གཟི་འབར་སྐྱིལ་ཀྲུང་བཞུགསཿ ལྟ་བས་མི་ངོམས་བཻཌཱུར་ལྷུན་པོ་ལཿ ཉི་མ་འབུམ་གྱིས་འཁྱུད་ལྟར་གཟི་བྱིན་རྒྱསཿ ཕྱག་གཡས་མཆོག་སྦྱིན་ཨ་རུ་རྣམ་རྒྱལ་དངཿ གཡོན་པ་མཉམ་བཞག་བཻཌཱུར་ལྷུང་བཟེད་ནིཿའཆི་མེད་བདུད་རྩིའི་བཅུད་ཀྱིས་གང་བ་བསྣམསཿ མཐའ་བསྐོར་བདེ་གཤེགས་བདུན་དང་བྱང་སེམས་ཚོགསཿ དྲང་སྲོང་རིག་འཛིན་སྨན་སྲུང་རྒྱ་མཚོས་བསྐོརཿའདབ་སྟོང་ཟླ་བའི་གདན་ལ་རེག་ཐོགས་མེདཿ མཁའ་ལ་གཟའ་སྐར་བཀྲ་བཞིན་ལམ་མེར་གསལཿ ཨོ་རྒྱན་འདོད་དགུའི་དཔལ་སྟེར་ནོར་གྱི་ལྷཿ རཏྣ་ཐོད་ཕྲེང་བརྗིད་ཆགས་གསེར་གྱི་མདོགཿ ཕྱག་གཡས་རྒྱལ་མཚན་གཡོན་པས་ནེའུ་ལེ་འཛིནཿ དར་ཟབ་བེར་དང་རིན་ཆེན་པྲོག་ཞུས་སྤྲསཿ འཁོར་དུ་ནོར་ལྷ་ཕོ་མོ་བྱེ་བ་འབུམཿ བསོད་ནམས་ཆེན་པོའི་སྤྲིན་གྱི་གདེངས་ཀ་ལསཿ སྲིད་ཞིའི་ཕྱྭ་གཡང་ཆར་དུ་བསྙིལ་བའི་ཚུལཿ སྣ་ཚོགས་རཏྣའི་ཁྲི་ལ་རོལ་སྟབས་བཞུགསཿ ཨོ་རྒྱན་ཡི་དམ་ཚུལ་དུ་སྐུར་སྤྲུལ་པཿ དབང་གི་ལྷ་མཆོག་དཔལ་ཆེན་ཧྱ་གྷྲཱིཿ མདོག་དམར་རབ་འཇིགས་དུར་ཁྲོད་ཆས་ཀྱིས་སྤྲསཿ དབང་ཆེན་རྟ་སྐད་རྔམ་སྒྲོགས་སྲིད་གསུམ་འདརཿ ཕྱག་གཡས་སྡིགས་མཛུབ་དང་བཅས་ཐོད་དབྱུག་འཆརཿ གཡོན་པས་རྡོ་རྗེའི་ཞགས་དམར་བགེགས་དཔུང་འཆིངཿ སྲིད་གསུམ་ཟས་སུ་ཟ་བའི་ཧེ་རུ་ཀཿ ཀླུ་གདོན་རྒྱལ་བསེན་ཕོ་མོའི་གདན་ལ་འགྱིངསཿ པདྨ་རིགས་ཀྱི་ཁྲོ་ཚོགས་བྱེ་བ་འབུམཿ མཆོག་ཐུན་ཀུན་སྩོལ་ལྷག་པའི་ལྷ་རུ་གསལཿ འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་བོ་ལོདཿའཇིགས་རུང་ཞལ་གྱི་ཁྲོ་གཉེར་གློག་ལྟར་གཡོཿ དམར་སེར་རལ་བ་སྤྱི་བོར་འཁྱིལ་ཞིང་གཟེངསཿ དུར་ཁྲོད་ཆས་རྫོགས་ཟབ་བེར་དམར་སྨུག་གསོལཿཕྱག་གཡས་རྡོ་རྗེ་འཕྱར་བས་ཁམས་གསུམ་གནོནཿ གཡོན་པས་གནམ་ལྕགས་ཕུར་བུས་མ་རུང་གཟིརཿ རྔམས་བརྗིད་སྟག་ཆེན་གྲུས་མའི་སྟེང་ན་འགྱིངསཿསྡེ་དཔོན་སུམ་ཅུ་ལ་སོགས་དྲེགས་པའི་འཁོརཿ སྟོང་གསུམ་གཞི་བདག་བསྟན་མའི་ཚོགས་དང་བཅསཿ དག་མཉམ་ཡེ་ཤེས་འཁོར་ལོར་རོ་གཅིག་པསཿཅིར་ཡང་བསྒྱུར་བའི་ཆོ་འཕྲུལ་བསམ་མི་ཁྱབཿ མ་ཆགས་སྐྱོན་བྲལ་འཁོར་ལོ་བདེ་བའི་མཆོགཿ གར་གྱི་དབང་ཕྱུག་པདྨ་བཛྲ་རྩལཿ བདེ་སྟོང་ཉམས་རྒྱས་རུས་པའི་རྒྱན་གྱིས་སྤྲསཿ རལ་པ་ཐོར་ཚུགས་དར་གྱི་ཅོད་པན་ཅནཿ ཕྱག་གཉིས་གྲི་ཐོད་གཟུང་འཛིན་དབྱིངས་སུ་གཅོདཿ དུག་གསུམ་རྩད་གཅོད་ཁ་ཊཱཾ་མཆན་དུ་བརྟེནཿ བདེ་ཆེན་ཆགས་པའི་གར་གྱིས་སྲིད་ཞི་ཀུནཿ ཟག་མེད་བདེ་མཆོག་དབྱིངས་སུ་སྦྱོར་མཛད་པཿ ཆུ་སྐྱེས་རོ་ཡི་གདན་ལ་བརྐྱང་བསྐུམ་ཚུལཿ སྤྲུལ་བ་རིག་འཛིན་དཔའ་བོ་གིང་ཆེན་དངཿ འབུམ་ཕྲག་མཁའ་འགྲོའི་འཁོར་ཚོགས་བསམ་ཡས་པཿ ཉི་མའི་ཟེར་ལ་རྡུལ་འཁྲིགས་ལྟ་བུར་བཞུགསཿ གསང་མཚན་འགྱུར་མེད་རྡོ་རྗེ་ཐོད་པ་རྩལཿ ལག་ན་རྡོ་རྗེ་སྟོབས་ཆེན་ཁྲོས་པའི་སྐུཿ ཕྱག་གཉིས་རྡོ་རྗེ་སྡིགས་མཛུབ་ཞབས་བརྐྱང་བསྐུམཿ ཁྲོ་བོའི་ཆས་རྫོགས་བདུད་བཞིའི་གདན་ལ་རོལཿ རྣ་ལྟག་གཡས་ན་སེང་ཞལ་ངར་སྒྲ་སྒྲོགཿ འཁོར་དུ་ཁྲོ་ཆེན་རྡོ་རྗེ་ཐོ་བ་སོགསཿ འབར་བའི་ཉམས་ལྡན་ཁྲོ་ཚོགས་འབུམ་ཕྲག་དངཿ ཡུམ་ཆེན་བཞི་ཡི་སྒྱུ་འཕྲུལ་འབྱུང་བཞིའི་ལྷཿགྲངས་མེད་རབ་འབྱམས་ཆར་སྤྲིན་ལྟ་བུར་གསལཿ ཡེ་ཤེས་ཞི་བ་ཆེན་པོའི་ངང་ཉིད་ལསཿ གདུག་པ་འདུལ་ཕྱིར་ཁྲོ་ལ་ཁྲོར་སྟོན་པསཿ ས་དགུའི་བག་ཆགས་དབྱིངས་སུ་སྦྱོར་མཛད་ཅིངཿ འཇིགས་བརྒྱད་བར་ཆད་ཐལ་བའི་རྡུལ་དུ་བརླགསཿ འདོད་དགུར་བསྒྱུར་བའི་མཐུ་ལྡན་བཅོམ་ལྡན་འདསཿ ཨོ་རྒྱན་ཆེ་མཆོག་པདྨ་རྒྱལ་པོ་ནིཿ འཁོར་ལོས་སྒྱུར་བའི་ཆོས་རྫོགས་ལས་བཞིའི་ལྷཿཕྱག་གཉིས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་བསྣམསཿ ཟིལ་གནོན་ཡེ་ཤེས་རོལ་བའི་གར་བསྒྱུར་ཞིངཿ ཞི་འཛུམ་ཁྲོས་པའི་ལྟ་སྟངས་ཅིར་ཡང་བསྒྱུརཿསྤྲུལ་པ་ལས་བཞིའི་ཕོ་ཉ་སྒོ་མ་བཞིཿ འགུགས་འཆིང་སྡོམ་མྱོས་ཕྲིན་ལས་གློག་ལྟར་མྱུརཿ བྱམས་པ་ཆེན་པོས་འགྲོ་ཀུན་དབང་དུ་བསྡུདཿ དགའ་ཆེན་ཞགས་པས་སྲིད་ཞི་དབྱིངས་སུ་འཆིངཿ སྙིང་རྗེ་ཆེན་པོས་ཁམས་གསུམ་རྗེས་སུ་འཛིནཿ བཏང་སྙོམས་དྲིལ་བུས་ཆོས་ཀུན་མཉམ་པར་སྦྱོརཿ བདེ་དབྱིངས་འགྱུར་མེད་རིག་པ་དབྱིངས་ཀྱི་ལྷཿ དྲན་པ་ཙམ་གྱིས་འཁོར་བ་མྱང་འདས་སྒྲོལཿམི་ཤིགས་རྡོ་རྗེ་ལྟ་བུའི་དགོངས་སྤྱོད་ཀྱིསཿ མཚན་འཛིན་འཁྲུལ་རྟོག་རྒྱུ་འབྲས་ཚར་གཅོད་པའིཿ རྡོ་རྗེའི་སྐུ་བརྙེས་ཨོ་རྒྱན་ཐོད་ཕྲེང་རྩལཿ རྡོ་རྗེའི་སྤྱན་ཟུང་ནམ་མཁའི་དབྱིངས་སུ་གཟིགསཿ ཟབ་ཆེན་བེར་དང་ཤ་བའི་སྙན་ཞུས་མཛེསཿཞབས་གཉིས་སྐྱིལ་ཀྲུང་ཕྱག་གཉིས་མཉམ་བཞག་ཅནཿ མི་ཕྱེད་རྡོ་རྗེ་འབར་བའི་གུར་གྱི་དབུསཿ རྡོ་རྗེའི་སྐུ་བརྙེས་མི་ཕྱེད་གྲུབ་པའི་བདགཿ རྡོ་རྗེ་ལྟར་བཞུགས་སྐྱེ་འཆིའི་གཡུལ་ལས་རྒྱལཿ རྡོ་རྗེ་ས་གསུམ་གནོན་པའི་ཚུལ་དུ་གསལཿ གཙོ་བོའི་སྤྱི་གཙུག་བདེ་ཆེན་འཁོར་ལོ་རུཿ བདེ་བ་ཆེན་པོ་རིགས་རྣམས་ཀུན་གྱི་བདགཿ ལོངས་སྤྱོད་ཡོངས་རྫོགས་རིགས་ཆེན་རྣམ་པ་ལྔཿགང་འདུལ་ཆས་རྫོགས་གསལ་སྟོང་འོད་ལྔའི་སྐུཿ མ་བཅོས་མཉམ་རྫོགས་ཡེ་ཤེས་རོལ་བར་ཤརཿ དེ་ཡི་དབུ་གཙུག་བདེ་གཤེགས་འོད་མི་འགྱུརཿ གཟི་བརྗིད་དཔག་མེད་རྒྱལ་བ་ཚེ་མཐའ་ཡསཿ སྤྲུལ་སྐུའི་ཆས་རྫོགས་དབྱིངས་ཡེ་འདུ་འབྲལ་མེདཿ སྲིད་ཞི་མཉམ་གདལ་ཆེན་པོའི་ངོ་བོར་བཞུགསཿ ཕྱོགས་མཚམས་སྟེང་འོག་སྒྲུབ་སྡེ་བརྒྱད་ཀྱི་ལྷཿ རིག་འཛིན་བརྒྱུད་པ་སྤྲིན་ལྟར་ཐིབས་སེ་ཐིབཿ ཕྱོགས་བཞིའི་འདབ་མར་ཟླ་སྟེང་ཐིག་ལེ་བཞིཿ ཡོངས་སུ་གྱུར་པས་རིག་འཛིན་མཁའ་འགྲོ་མཿ དཀར་སེར་དམར་ལྗང་ཞལ་གཅིག་ཕྱག་གཉིས་མཿགཡས་པས་ཅང་ཏེའུ་གཡོན་པས་དྲིལ་བུ་གསིལཿ གཡས་བསྐུམ་གཡོན་བརྐྱང་གར་སྟབས་ལམས་སེ་ལམཿ རིན་ཆེན་རུས་རྒྱན་དར་གྱི་ཅོད་པན་འཛིནཿ སྐུ་ལས་མཁའ་འགྲོ་འབུམ་འབུམ་ཕྱོགས་བཅུར་འཕྲོཿ སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱིཿ ཡེ་ཤེས་ཐམས་ཅད་ཁྱེད་ཀྱི་སྐུ་ལ་རྫོགསཿ ཏྲཾ་རཏྣ་མཎྜ་ལ་ཧཱུྃཿ དེ་ནས་སྤོས་དང་རོལ་མོའི་དབྱངས་བཅས་ལྷོ་ནུབ་ལ་ཁ་བལྟས་ཏེ་འདི་སྐད་དོཿ བདུན་པ་སྤྱན་འདྲེན་པ་ནིཿ ཧཱུྃ་ཧྲཱིཿ བཞེངས་ཤིག་བླ་མ་རིག་འཛིན་སྤྲུལ་བའི་སྐུཿ ཞིང་མཆོག་ཨོ་རྒྱན་མཁའ་འགྲོའི་གནས་ནས་བཞེངསཿཛཿཧཱུྃ་བཾ་ཧོ་དད་གུས་མོས་པའི་གནསཿ འདིར་གཤེགས་ཉི་ཟླ་པདྨའི་གདན་ལ་བཞུགསཿ མངོན་སུམ་དད་པས་བདག་ལ་ཞལ་བསྟན་འཚལཿ རིན་ཆེན་ཕོ་བྲང་དམ་པ་ཉམས་རེ་དགའཿ འཇའ་འོད་འཁྲིགས་པའི་ཞིང་ཁམས་དང་རེ་སྤྲོཿཔདྨ་ཉི་ཟླ་བརྩེགས་གདན་འོད་རེ་གསལཿ དཔའ་བོ་མཁའ་འགྲོའི་ཁྲོམ་ཚོགས་བྱིན་རེ་ཆེཿ གླུ་ལེན་གར་བྱེད་རོལ་མོ་ཀྱུ་རུ་རུཿ སྤོས་དང་དྲི་ཞིམ་མཆོད་སྤྲིན་ཐིབས་སེ་ཐིབཿ བཅུ་དྲུག་རིག་མས་གར་བྱེད་ལམས་སེ་ལམཿ གིང་ཆེན་དཔའ་བོ་ཧཱུྃ་སྒྲ་དི་རི་རིཿ དཔའ་བོ་རིག་འཛིན་བརྡ་སྐད་སངས་སེ་སངཿ མ་གཡེལ་མ་གཡེལ་བདག་ཅག་མོས་པའི་བུཿ འདིར་ཚོགས་དད་ལྡན་རྣམས་ལ་ཞལ་བསྟན་འཚལཿ གསུང་མཆོག་གདམས་པའི་གནད་ཀྱི་དོན་སྟོན་འཚལཿའགྲོ་བའི་དོན་དུ་འདིར་བཞུགས་བྱིན་གྱིས་རློབསཿ བརྒྱད་པ་མཆོད་པ་བྱིན་རླབས་ནིཿ ཧཱུྃཿ འབྲུ་གསུམ་འོད་ཀྱིས་བྱིན་རླབས་མཆོད་པའི་ཚོགསཿམི་གཙང་རྟོག་སྒྲིབ་སྦྱང་སྤེལ་བསྒྱུར་བ་དངཿ འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་བྱིན་རླབས་ཀྱིསཿ ཕྱོགས་དུས་ཀུན་ནས་རྒྱས་པར་བྱིན་གྱིས་རློབསཿ རྃ་ཡྃ་ཁྃཿཨོཾ་ཨཱཿཧཱུྃཿ ཞེས་ལན་གསུམ་རེ་བརྗོད་ལཿ དགུ་བ་མཆོད་པ་ནིཿ ཧཱུྃཿབླ་མ་རིག་འཛིན་མཁའ་འགྲོ་ཐམས་ཅད་ལཿ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེཿ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིསཿ གུས་པས་ཕྱག་འཚལ་རབ་ཏུ་མཆོད་པར་བགྱིཿ ཧཱུྃཿ གཙང་མར་སྦྱར་བའི་ཞབས་བསིལ་གདྒའི་རྒྱུནཿ མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དངཿ ཞལ་ཟས་སིལ་སྙན་ཕྱོགས་བཅུར་རབ་བརྒྱན་ནསཿ ཀུན་བཟང་བླ་མ་མཁའ་འགྲོའི་ཚོགས་ལ་འབུལཿ ཨ་ཧཱ་ར་ཨ་ཧཱ་ར་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་ཨ་ཧཱུྃཿ བཛྲ་པུཥྤེ༴ ནས་ཤབྟ་པཱུ་ཛ་ཧོཿ ཧཱུྃཿ ཨོ་རྒྱན་པདྨ་མཁའ་འགྲོའི་ཚོགས་བཅས་ལཿ མཛེས་པའི་གཟུགས་དང་སྙན་པའི་སྒྲ་དང་དྲིཿ རོ་དང་རེག་བྱ་ཆོས་ཡིད་ཚིམ་བྱེད་ཀུནཿཀུན་བཟང་བླ་མ་མཁའ་འགྲོའི་ཚོགས་ལ་འབུལཿ བཛྲ་རཱུ་པ་ཤབྟ་གྷནྡྷེ་རཱ་ས་སྤར་ཤེ་དྷརྨ་པཱུ་ཛ་ཨཱཿཧཱུྃཿ རྩ་བརྒྱད་སྟོང་དང་སྦྱར་བའི་བདུད་རྩི་དངཿ རྨད་བྱུང་གཏོར་མ་རྒྱན་ལྡན་རི་ལྟར་སྤུངསཿ རཀྟའི་རྒྱ་མཚོ་རྒྱ་མཚོའི་ཀློང་ལྟར་བསྐྱིལཿའདོད་ཡོན་ལྔ་ལྔན་ཚོགས་ཀྱི་མཆོད་སྤྲིན་གསལཿ སངས་རྒྱས་ཀུན་འདུས་བླ་མའི་ཐུགས་དམ་བསྐངཿ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐངཿམཁའ་འགྲོ་དམ་ཅན་རྣམས་ཀྱི་ཐུགས་དམ་བསྐངཿ བཀའ་སྲུང་མ་མགོན་སྡེ་བརྒྱད་ཐུགས་དམ་བསྐངཿ གནས་བདག་དབེན་གནས་སྲུང་མའི་ཐུགས་དམ་བསྐངཿ བསྐང་ངོ་བསྐལ་པའི་ལྷ་ཚོགས་ཐུགས་དམ་བསྐངཿ མ་ཧཱ་པཉྩ་བ་ལིདྟ་རཀྟ་ག་ཎ་ཙཀྲ་ཁཱ་ཧི་ཁཱ་ཧིཿ ཧཱུྃཿ སྐྱེ་མེད་ཆོས་སྐུའི་རོལ་པ་འགགས་པ་མེདཿ ཐུགས་རྗེ་སྤྲུལ་སྐུས་འཇིག་རྟེན་ཁྱབ་པར་འགེངསཿ ཞི་དང་ཁྲོ་གར་ཅིར་ཡང་སྟོན་མཛད་པཿ ཕྱག་འཚལ་མཉམ་མེད་ཨོ་རྒྱན་རིན་པོ་ཆེཿ སྟེང་འོག་ཕྱོགས་བཞིར་རྣམ་འཕྲུལ་སྣ་ཚོགས་ཀྱིསཿ སྐུ་གཅིག་མཚན་བརྒྱད་གྲངས་མེད་སྤྲུལ་བར་བཅསཿ ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ཀུན་གྱི་གཙོཿ ཕྱག་འཚལ་མཉམ་མེད་ཨོ་རྒྱན་རིན་པོ་ཆེཿ རྡོ་རྗེ་ཕག་མོ་ལ་སོགས་མཁའ་འགྲོ་ཡིཿཚོགས་ཀྱི་དེད་དཔོན་དངོས་གྲུབ་རྒྱ་མཚོའི་གཏེརཿ སྐལ་ལྡན་བུ་ལ་ཆར་ཆེན་འབེབས་མཛད་པཿ ཕྱག་འཚལ་མཉམ་མེད་ཨོ་རྒྱན་རིན་པོ་ཆེཿ བདག་གི་བླ་མ་ཨོ་རྒྱན་སྤྲུལ་པའི་སྐུཿ ཞིང་མཆོག་ཨོ་རྒྱན་གནས་ནས་འདིར་བྱོན་ལཿགནས་མཆོག་འདི་ལ་བྱིན་ཆེན་བྱིན་ཕོབ་ཅིགཿ སྒྲུབ་མཆོག་བདག་ལ་དབང་ཆེན་དབང་བསྐུར་སྩོལཿ འཁོར་དུ་མཁའ་འགྲོ་འབུམ་སྡེའི་ཚོགས་དང་བཅསཿཞིང་མཆོག་སྒྲུབ་པའི་གནས་འདིར་བྱོན་ནས་ཀྱངཿ གནས་མཆོག་འདི་ལ་བྱིན་ཆེན་བྱིན་ཕོབ་ཅིགཿ སྒྲུབ་མཆོག་བདག་ལ་དབང་ཆེན་དབང་བསྐུར་སྩོལཿདམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་བཅས་རྣམསཿ ཞིང་མཆོག་ཨོ་རྒྱན་གནས་ནས་འདིར་བྱོན་ལཿ གནས་མཆོག་འདི་ལ་བྱིན་ཆེན་བྱིན་ཕོབ་ཅིགཿ སྒྲུབ་མཆོག་བདག་ལ་དབང་ཆེན་དབང་བསྐུར་སྩོལཿ དེ་ནས་བཅུ་བ་འཛབ་བཟླ་བ་ནིཿབདག་མདུན་གནས་གསུམ་འོད་ཀྱིས་སྣང་སྲིད་ཁྱབཿ འཁྲུལ་སྣང་སྣོད་བཅུད་རྨི་ལམ་སད་པ་བཞིནཿ ལྷ་སྔགས་ཡེ་ཤེས་རོལ་བ་ལམ་གྱིས་གསལཿ བདག་དང་བླ་མ་དབྱེར་མེད་བློ་བྲལ་གདངསཿ གདུང་ཤུགས་མོས་པའི་རྩལ་བསྐྱེད་ས་ལེར་བཞགཿ ཨོཾ་ཨཱཿཧཱུྃཿབཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ གསོལ་འདེབས་བསྙེན་པ་སིདྡྷི་ཅི་འགྲུབ་བཟླཿ རིག་འཛིན་སྤྱི་ཡི་འཛབ་དབྱངས་མང་དུ་བཟླཿ བསམ་པ་ལྷུན་གྲུབ་གསོལ་འདེབས་ཡང་ཡང་བྱཿ དེ་ནས་ལས་ཚོགས་སོ་སོའི་བཟླས་དམིགས་ལཿ སླར་ཡང་གདུང་ཤུགས་མཆི་མ་འཁྲུགས་པའི་བློསཿ ཐལ་མོ་སྦྱར་ཏེ་གསོལ་བ་འདི་ལྟར་གདབཿ ཨེ་མ་ཧོཿ དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས་རྗེའི་གཏེརཿ ཁམས་གསུམ་མ་ལུས་སྒྲོལ་བའི་སོགས་ནས་མངོན་སུམ་མིག་གི་བདུད་རྩིར་སྩལ་དུ་གསོལཿ ཞེས་དངཿ ཨེ་མ་ཧོཿ ནུབ་ཕྱོགས་བདེ་བ་ཅན་སོགས་ཤྭ་ལོ་ཀའི་གསོལ་འདེབས་ཁོལ་འདོན་བརྒྱ་རྩ་སོགས་ཀྱི་མཐརཿཧྲཱིཿ དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའཿ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་ཅིང་མཛད་པའི་ཕྲིན་ལས་ལ་ཐ་དད་མི་མངའ་བར་གྱུར་པཿ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོཿ གསོལ་བ་འདེབས་སོཿ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལཿ ཞེས་བླ་མ་དགོངས་འདུས་ལས་བྱུང་བའི་གསོལ་འདེབས་ལན་བདུན་ནམ་གསུམ་སོགས་གསོལ་བ་རྟག་ཏུ་གདབཿ སིདྡྷི་ཅི་འགྲུབ་བཟླཿ ཚོགས་བསགས་ཐམས་ཅད་ཀྱི་སྒོ་ཡན་ལག་བདུན་དུ་འདུ་བསཿཀློང་སྙིང་གི་བླ་སྒྲུབ་སྐབས་ལྟརཿ ཧྲཱིཿ བདག་ལུས་ཞིང་གི་སོགས་ཚང་བར་བརྗོདཿ འདོད་དོན་ཐུགས་དམ་བསྐུལ་བའི་ཚུལ་དུཿ ཨེ་མ་ཧོཿ ཕྱོགས་དུས་རྒྱལ་བ་ཀུན་སོགས་བརྗོདཿ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སོགས་དངཿསྐུ་ནི་ལྷོ་ནུབ་སྲིན་པོའི་སོགས་དངཿ དུས་ངན་སྙིགས་མའི་མཐའ་ལ་སོགས་དངཿལྔ་བརྒྱ་ཐ་མ་སོགས་ཤྭ་ལོ་ཀ་བཞི་ལ་གོང་བཞིན་འགྲེས་གཅིག་པར་བྱཿ སླར་ཡང་མདུན་བསྐྱེད་ཚོགས་ཞིང་གིཿ གུ་རུ་རྡོ་རྗེ་སྲིན་པོ་ཡིསཿ ཕྱག་གཡོན་ཞགས་པས་ཀླ་ཀློའི་དཔུངཿ འགུལ་མེད་ལུས་སེམས་བཅིངས་ཤིང་བསྡོམསཿསྐུ་ལས་དུག་རླངས་མཚོན་ཆའི་ཆརཿ སྤྲོས་པས་དབང་པོ་ཉམས་ཤིང་མྱོསཿསྤྲུལ་པ་ལྷ་སྲིན་སྡེ་བརྒྱད་ཀྱིསཿ འགུགས་བསྒྲལ་སྤར་ཞིང་ཚར་བཅད་བསམཿཧོར་སོགས་འཇིགས་པའི་སོགས་གསོལ་འདེབས་ཁོལ་འདོན་ཅི་འགྲུབ་བྱཿ རྩ་སྔགས་མཇུག་ཏུཿ རུ་ཏྲ་མ་ར་ཡ་བྷྱོ་བཟློག་མ་ར་ཡ་ཕཊཿ ཅེས་བཟླས་གཡུལ་བཟློག་ཐེ་ཚོམ་མེདཿ སླར་ཡང་སྔར་བཞིན་ཚོགས་བསགས་དངཿའདོད་དོན་གསོལ་བཏབ་ཐུགས་རྒྱུད་བསྐུལཿ སླར་ཡང་མདུན་བསྐྱེད་ཚོགས་ཞིང་གིཿ ། ཨོ་རྒྱན་སྨན་གྱི་བླ་མ་ཡིཿ སྐུ་ལས་བདུད་རྩིའི་རྒྱུན་བབས་པསཿརང་དང་བསྒྲུབ་བྱའི་ལུས་ཀུན་གངཿ བཞི་བརྒྱ་རྩ་བཞིའི་ནད་བསལ་ཏེཿདུས་མིན་འཆི་བའི་འཇིགས་སྐྱོབ་བསམཿ སེམས་ཅན་སྒྱུ་ལུས་སོགས་གསོལ་འདེབས་ཁོལ་འདོན་གྲངས་མེད་བྱཿ རྩ་སྔགས་ཤམ་བུར་འདི་བཏགས་བཟླཿཏདྱ་ཐཱཿ ཨོཾ་བཻ་ཥ་ཛྱཻ་བཻ་ཥ་ཛྱཻ་མ་ཧཱ་བཻ་ཥ་ཛྱཻཿ ཨོཾ་རཱ་ཛ་ས་མུདྒ་ཏེ་སྭཱ་ཧཱཿ ཨོཾ་ཚི་བརྟུལ་བརྟུལ་རྨུགས་ཤིག་ཤིགཿ ཏི་ཀྲཾ་ཙ་ཀྲི་རྦད་སོད་རྦདཿ ཧ་ལ་ཡེ་རྦདཿ ཧཱུྃ་ཧཱུྃ་ཧཱུྃ་རཀྵཿ ཚེ་ཟད་མ་ཡིན་བར་ཆད་ལསཿ གྲོལ་འགྱུར་ཐེ་ཚོམ་ཡོད་རེ་སྐནཿ ཚོགས་བསགས་ལ་སོགས་གོང་བཞིན་བསྐྱརཿ སླར་ཡང་མདུན་བསྐྱེད་ཚོགས་ཞིང་གིཿ གུ་རུ་རཏྣ་ཐོད་ཕྲེང་གིཿ ཐུགས་ལས་འོད་ཟེར་གསེར་ཞུན་དངཿ ཉི་ཟེར་ལྟ་བུ་གྲངས་མེད་སྤྲོསཿ ལྷ་ཀླུ་མི་ཡི་དཔལ་འབྱོར་ཀུནཿ བསྡུས་ནས་ཆར་དུ་བབས་པ་ཡིསཿ ཡུལ་དང་གནས་ཁང་ཀུན་གང་བསམཿ འབྱུང་བ་དགྲར་ལང་སོགས་གསོལ་འདེབས་ཁོལ་འདོན་གོང་ལྟར་བྱཿ རྩ་སྔགས་འཇུགཿ བ་སུ་དྷ་རི་ནི་སྭཱ་ཧཱཿ ཛམ་བྷ་ལ་ཛ་ལནྟྲ་ཡེ་སྭཱ་ཧཱཿཞེས་བཟླས་དབུལ་ཕོངས་སྡུག་བསྔལ་སེལཿ ཚོགས་བསགས་འདོད་གསོལ་གོང་བཞིན་འགྲེསཿ སླར་ཡང་མདུན་བསྐྱེད་ཚོགས་ཞིང་གིཿ གུ་རུ་པདྨ་དབང་ཆེན་གྱིཿ ཐུགས་ཀའི་འོད་ཀྱིས་གཏེར་བདག་དངཿ གཞི་བདག་དབང་བསྡུས་དེ་དག་གིསཿ གང་བཅོལ་འདོད་དོན་ཐོགས་མེད་སྒྲུབཿ ཁྱད་པར་ཟས་ནོར་ཟད་མེད་གཏེརཿ བདག་ལ་དངོས་སུ་ཕུལ་བར་བསམཿ ལས་ཅན་འགྲོ་བའི་སོགས་གསོལ་འདེབས་གྲངས་བསགསཿ རྩ་སྔགས་ཤམཿ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛཿཛཿསིདྡྷི་ཕ་ལ་ཧཱུྃཿ ཞེས་བཏགས་མང་དུ་བཟླས་པ་ཡིསཿ རང་སྐལ་དང་འཚམ་ཆོས་ནོར་གྱིཿ བགོ་སྐལ་ལ་དབང་ཐེ་ཚོམ་མེདཿ སླར་ཡང་མདུན་བསྐྱེད་ཚོགས་ཞིང་གིཿ གུ་རུ་རྡོ་རྗེ་གྲོ་ལོད་ཀྱིཿཐུགས་ལས་འོད་ཟེར་གློག་ལྟར་འཕྲོསཿ དྲེགས་པ་སྡེ་བརྒྱད་སྲོག་སྙིང་འཕྲོགཿདམ་འདུས་ཅི་བཅོལ་ཁས་བླངས་ཤིངཿ ཆོས་མཛད་ལམ་སྣ་འདྲེན་པར་བསམཿསྦས་ཡུལ་ནགས་ཁྲོད་སོགས་གསོལ་འདེབས་གྲངས་བསགསཿ རྩ་སྔགས་ཤམ་དུཿ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ལ་ཡ་སྡེ་བརྒྱད་འབྱུང་བ་འཁྲུགས་པའི་ཁ་ཆར་བུ་ཡུག་ཨུ་ར་ཏ་ཡ་ཕཊཿ ཞེས་བཏགས་བཟླས་པས་ཡུལ་བགྲོད་སོགསཿའདོད་དོན་ཐེ་ཚོམ་མེད་པར་འགྲུབཿ སླར་ཡང་མདུན་བསྐྱེད་ཚོགས་ཞིང་གིཿགུ་རུ་པདྨ་བཛྲ་གྱིཿ ཐུགས་ཀའི་འོད་དང་དཔའ་བོ་གིངཿ གྲངས་མེད་སྟོང་གསུམ་གང་བར་སྤྲོསཿ གདུག་པའི་སེམས་ཅན་ཀུན་བསྐྲད་ཅིངཿ སྲུང་སྐྱོབ་བྱིན་གྱིས་རླབས་པར་བསམཿ སྟག་གཟིག་དོམ་དྲེད་སོགས་གསོལ་འདེབས་གྲངས་བསགསཿ རྩ་སྔགས་ཤམ་དུཿ ཧ་རི་ནི་ས་ར་ཙ་ཧྲཱི་ཡ་དུ་ཏྲི་ཨུ་ཙ་ཏ་ཡ་ཕཊཿ ཞེས་བཟླས་གདུག་པའི་སེམས་ཅན་བསྐྲོདཿ གང་འདོད་གནས་བགྲོད་ཐེ་ཚོམ་མེདཿ སླར་ཡང་མདུན་བསྐྱེད་ཚོགས་ཞིང་གིཿ གུ་རུ་རྡོ་རྗེ་གཏུམ་པོ་ཡིཿ ཐུགས་ཀའི་འོད་ཀྱིས་འཁོར་རྣམས་བསྐུལཿ གཙོ་འཁོར་ཐུགས་ལས་འོད་འཕྲོས་པསཿ འབྱུང་བའི་གཡོ་འཁྲུགས་རང་སར་ཞིཿ འཇིགས་མེད་བདེ་བ་ཐོབ་པར་བསམཿ ས་ཆུ་མེ་རླུང་སོགས་གསོལ་འདེབས་གྲངས་བསགསཿརྩ་སྔགས་ཤམ་དུཿ ཨུ་ཙུཥྨ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་སྭཱ་ཧཱཿ ཞེས་བཟླས་འབྱུང་བའི་གནོད་པ་ཞིཿ སླར་ཡང་མདུན་བསྐྱེད་ཚོགས་ཞིང་གིཿ ཨོ་རྒྱན་པདྨ་རྒྱལ་པོ་ཡིཿ ཐུགས་ལས་འོད་ཟེར་ལས་བཞིའི་མདོགཿ སྤྲུལ་བའི་ཕོ་ཉ་བཅས་པར་སྤྲོསཿ གནོད་བྱེད་འགུགས་འཆིང་སྡོམ་མྱོས་ཤིངཿ རྡོ་རྗེའི་བྱེ་མ་རྡུལ་ལྟར་འཁྲུགསཿ དམིགས་བྱའི་མིག་སོགས་དབང་པོ་བསྡམསཿ འགུལ་ཞིང་འཁྱུགས་དབང་མེད་པར་བསམཿ ལམ་འཕྲང་འཇིགས་པའི་སོགས་གསོལ་འདེབས་གྲངས་བསགསཿ རྩ་སྔགས་ཤམ་དུཿ ཨོཾ་མ་ཧཱ་རྦ་མི་ཆོམ་རྐུན་ཆིངསཿ ཞེས་བཟླས་ཆོམ་རྐུན་འཆིང་བར་བྱེདཿ སླར་ཡང་མདུན་བསྐྱེད་ཚོགས་ཞིང་གིཿ ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་གིཿ ཐུགས་ལས་རྡོ་རྗེ་འབར་བའི་ཚོགསཿ གྲངས་མེད་སྤྲོས་པའི་གུར་ཁང་དུཿ རང་དང་བསྲུང་བྱ་ཀུན་ཚུད་དེཿ འཇིགས་བརྒྱད་གཡུལ་ལས་རྒྱལ་བར་བསམཿ གང་ཞིག་གཤེད་མའི་སོགས་གསོལ་འདེབས་གྲངས་བསགསཿ རྩ་སྔགས་མཇུགཿ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃཿ ཞེས་བཟླས་མཚོན་ཆའི་འཇིགས་ལས་སྐྱོབསཿ སླར་ཡང་མདུན་བསྐྱེད་ཚོགས་ཞིང་གིཿ རིགས་བདག་ཐུགས་ཀར་འོད་དམར་གྱིཿ ཐིག་ལེ་འོད་ལྔ་འཕྲོས་པའི་དབུསཿ རང་སེམས་འོད་དམར་ཐིག་ལེར་བསམཿ མོས་གུས་གསོལ་བཏབ་རང་གི་ལུསཿ འོད་དམར་རྣམ་པར་ཐིག་ལེར་བསྟིམཿབརྗོད་བྲལ་བློ་འདས་ངང་ལ་བཞགཿ ནམ་ཞིག་ཚེ་ཟད་སོགས་གསོལ་འདེབས་གྲངས་བསགསཿ རྩ་སྔགས་ཤམ་དུཿ ཨོཾ་ཨ་མི་ཏ་བྷ་ཧྲཱིཿ ཞེས་ཚོགས་བསགས་འདོད་གསོལ་གོང་བཞིན་བྱཿ ཁྱད་པར་ནམ་ཞིག་ཚེ་ཡི་སོགས་ནས་འཁོར་བ་དོང་ནས་སྤྲུགས་པར་མཛད་དུ་གསོལཿ ཞེས་པའི་བར་བརྗོད་ཡིད་ཆེས་བསྐྱེདཿ ལྔ་ལྡན་པདྨོ་བཀོད་པ་རུཿ མངོན་པར་སངས་རྒྱས་ཐེ་ཚོམ་མེདཿསྒྱུ་ལུས་གཡར་པོ་ཞིག་པའི་སོགསཿ གཞན་ཡང་ལས་དང་སོགསཿ འགྲོ་དྲུག་སྡུག་བསྔལ་སོགས་ལ་རྩ་སྔགས་ཤམ་བུརཿ འ་ཨ་ཧ་ཤ་ས་མ་སོགས་སྒྲེ་བ་གནད་དོཿ བར་དོའི་རྩ་ཚིག་དང་སྐུ་གསུམ་གྱི་གསོལ་འདེབས་སྨོན་ལམ་དག་ལ་འབདཿ ཕྱོགས་དུས་རྒྱལ་བ་སོགས་ཀྱི་གསོལ་འདེབས་ཀུན་ལ་སྦྱར་བས་ཆོགཿརྗེས་ལ་ཚོགས་ཀྱི་རིམ་པ་ནིཿ དང་པོ་ཡོ་བྱད་བྱིན་གྱིས་རླབས་པ་ནིཿ ཨོཾ་ཨོཾ་ཨོཾ་ཨཱཿ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུཿ སྲིད་པའི་གཟུང་འཛིན་ཡེ་ཤེ ས་བདུད་རྩིའི་དངོསཿ གདོད་ནས་དག་པའི་རང་བྱུང་དམ་ཚིག་རྫསཿབླང་དོར་བྲལ་པའི་ཆོས་ཉིད་རོལ་པར་སྦྱངསཿ ཨཱཿཨཱཿཨཱཿ སྟོང་པ་རབ་ཏུ་མི་གནས་དབུ་མའི་དབྱིངསཿ བདེ་ཆེན་ཡེ་ཤེས་རོས་གང་དགའ་བཞིའི་དཔྱིདཿའགྱུར་མེད་ལྷན་སྐྱེས་གྲུབ་པའི་དམ་ཚིག་རྫསཿ གང་འདོད་རྣམ་མང་མཆོད་པའི་སྤྲིན་དུ་གྱུརཿ ཧཱུྃ་ཧཱུྃ་ཧཱུྃཿ ཟུང་འཇུག་རྣམ་པ་ཀུན་ལྡན་ཐིག་ལེའི་དངོསཿསྣང་ཡང་དེར་འཛིན་བློ་བྲལ་མཆོད་པའི་རྫསཿ ཐབས་ཤེས་དགྱེས་སྤྲིན་མཆོག་ཐུན་གྲུབ་པའི་དབྱིགཿ ནམ་མཁའ་མཛོད་ཀྱི་ཕྱག་རྒྱས་ཅིར་ཡང་སྤེལཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམཿ གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནིཿཧཱུྃཿ བླ་མ་རིག་འཛིན་མཁའ་འགྲོ་མཿ དཔའ་བོ་གིང་དང་སྲུང་མ་དངཿདམ་ཅན་རྒྱ་མཚོའི་ཚོགས་བཅས་རྣམསཿ ཚོགས་མཆོད་གཏོར་མ་མདངས་དང་ལྡནཿ དངོས་གྲུབ་མཆོག་གི་བཟའ་བཅའ་ཡིནཿ སྒྲུབ་པའི་གནས་མཆོག་བཀོད་རེ་ལེགསཿ དཔལ་ལྡན་མཛེས་པའི་ཕོ་བྲང་ཡིནཿ འདིར་ཚོགས་རྣལ་འབྱོར་ཉམས་རེ་དགའཿ མངོན་པར་དགའ་བའི་གནས་སུ་གཅིགཿ འདོད་ཡོན་རེ་སྐོང་ལྷུན་གྱིས་གྲུབཿ ལས་རབ་རྫོགས་པའི་གནས་ཆེན་འདིརཿ བླ་མ་ཡི་དམ་མཁའ་འགྲོའི་ཚོགསཿ འོག་མིན་གནས་དང་པོ་ཏ་ལཿ ཨོ་རྒྱན་གནས་ནས་གཤེགས་སུ་གསོལཿ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མཿ མངོན་དགའི་ཞིང་ནས་འདི་རུ་བྱོནཿ ཐོར་ཚུགས་རིན་ཆེན་རྒྱན་གྱིས་བརྒྱནཿམདངས་ལྡན་མང་པོའི་འཁོར་བཅས་གཤེགསཿ རིན་ཆེན་རིགས་ཀྱི་ཌཱཀྐི་མཿདཔལ་ལྡན་ཞིང་ནས་འདི་རུ་བྱོནཿ དར་དཔྱངས་རིན་ཆེན་རྒྱན་གྱིས་བརྒྱནཿམདངས་ལྡན་མང་པོའི་འཁོར་བཅས་གཤེགསཿ པདྨ་རིགས་ཀྱི་ཌཱཀྐི་མཿབདེ་ལྡན་ཞིང་ནས་འདི་རུ་བྱོནཿ གཡེར་ཁ་དྲིལ་བུའི་རྒྱན་གྱིས་བརྒྱནཿམདངས་ལྡན་མང་པོའི་འཁོར་བཅས་གཤེགསཿ ལས་ཀྱི་རིགས་ཀྱི་ཌཱཀྐི་མཿལས་རབ་ཞིང་ནས་འདི་རུ་བྱོནཿ རུས་རྒྱན་དུར་ཁྲོད་རྒྱན་གྱིས་བརྒྱནཿམདངས་ལྡན་མང་པོའི་འཁོར་བཅས་གཤེགསཿ བྷུདྡྷ་རིགས་ཀྱི་ཌཱཀྐི་མཿཆོས་ཀྱི་དབྱིངས་ནས་འདིར་བྱོན་ལཿ སྣ་ཚོགས་མཛེས་པའི་རྒྱན་གྱིས་བརྒྱནཿམདངས་ལྡན་མང་པོའི་འཁོར་བཅས་གཤེགསཿ གནས་ཡུལ་དུར་ཁྲོད་བརྒྱད་ཀྱི་ཞིངཿ ཕྱོགས་མཚམས་སྟེང་འོག་ཐམས་ཅད་ནསཿ ལས་དང་ཡེ་ཤེས་གྲུབ་པ་ཡིཿ མཁའ་འགྲོ་ཞིང་སྐྱོང་གནས་འདིར་གཤེགསཿ བཀའ་ཉན་དམ་ཚིག་གཉན་པོའི་ཞིངཿ ཆོས་སྐྱོང་དམ་ཅན་འཁོར་དང་བཅསཿ ལས་དང་དམ་ཚིག་སྐྱོང་བ་རྣམསཿ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལཿ གུ་རུ་དེ་ཝ་ཌཱཀྐི་ནི་བཛྲ་ས་མ་ཡ་ཧཱུྃཿ ཕོ་བྲང་ཡིད་འོང་མཛེས་པའི་ཞིང་ཁམས་འདིརཿ བླ་མ་བདེ་གཤེགས་ཌཱཀྐི་དམ་ཅན་རྣམསཿ བདག་དང་འགྲོ་ལ་བརྩེ་བའི་ཞལ་བསྟན་ཕྱིརཿ པདྨ་ཉི་ཟླའི་གདན་ལ་བཞུགས་སུ་གསོལཿ པདྨ་ཙནྜ་སཱུརྱ་སྟྃཿཧཱུྃཿ སངས་རྒྱས་ཀུན་གྱི་ངོ་བོ་ཉིདཿ གུ་རུ་པདྨའི་སྐུ་ལ་འདུདཿ སྣ་ཚོགས་གང་འདུལ་རེ་བ་སྐོངཿ བདེ་གཤེགས་རིག་འཛིན་རྣམས་ལ་འདུདཿདམ་ཚིག་རྗེས་གཅོད་དངོས་གྲུབ་སྟེརཿ ཌཱཀྐི་མ་ཚོགས་རྣམས་ལ་འདུདཿབཀའ་སྲུང་འཁོར་སྐྱོང་དམ་ཉམས་སྒྲོལཿ དམ་ཅན་སྲུང་མའི་ཚོགས་ལ་འདུདཿན་མོ་གུ་རུ་ཤ་ཡ་ཧོཿ གསུམ་པ་ཚོགས་མཆོད་འབུལ་བ་ནིཿ ཧཱུྃཿ སྟོང་གསུམ་རྣམ་དག་རིན་ཆེན་སྣོད་ནང་དུཿ ཏིང་འཛིན་བྱིན་རླབས་རྨད་བྱུང་ཟག་མེད་རྫསཿ ཨརྒྷཾ་མེ་ཏོག་མར་མེ་དྲི་ཆབ་དངཿ ཞལ་ཟས་རོལ་མོ་མཆོད་སྤྲིན་རྣམས་ཀྱིས་མཆོདཿ ཧཱུྃཿ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བརྒྱ་འབུམཿརེག་འཇམ་ཆོས་དབྱིངས་ཚོགས་དང་གཏོར་མའི་རྫསཿ ནམ་མཁའི་ཁམས་ཀུན་གང་བའི་ཏིང་འཛིན་གྱིསཿ རྗེ་བཙུན་གུ་རུ་འཁོར་དང་བཅས་ལ་འབུལཿ ཧཱུྃཿཙན་དན་གུར་གུམ་ག་བུར་གླ་རྩི་དངཿ གསེར་དངུལ་ཟངས་ལྕགས་མུ་ཏིག་བྱེ་རུ་བཅསཿ ཤ་ལྔ་བདུད་རྩི་དཔལ་གྱི་གཏོར་མ་དངཿ སྨན་རག་བརྒྱན་པའི་མཆོད་སྤྲིན་སྣ་ཚོགས་འབུལཿ ཧཱུྃཿ ཡང་དག་རྟོགས་པའི་ཡེ་ཤེས་རྣམ་པ་ལྔཿ ཞི་གནས་ལྷག་མཐོང་ཏིང་འཛིན་བསམ་མི་ཁྱབཿ དགེ་བཅུ་རྣམ་དག་སྤྱོད་པའི་དགྱེས་མཆོད་འདིཿ རྗེ་བཙུན་གུ་རུ་འཁོར་བཅས་བཞེས་སུ་གསོལཿག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ བཞི་བ་བཤགས་པ་བྱ་བ་ནིཿ ན་མོཿབདག་དང་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིཿ ལུས་ངག་ཡིད་ནི་བག་མེད་དབང་གྱུར་ཏེཿ རིག་འཛིན་བདེ་གཤེགས་མཁའ་འགྲོའི་དམ་ཚིག་དངཿའགལ་བར་གྱུར་པ་ཐམས་ཅད་མཐོལ་ལོ་བཤགསཿ ཕུད་དང་ཚོགས་གཏོར་རྒྱུ་ཆུང་གཙང་སྦྲ་ཉམསཿ ཏིང་འཛིན་མི་གསལ་སྔགས་ཀྱི་གྲྭ་ཉམས་ཏེཿ འཁོར་བའི་ལས་བསགས་སྡིག་སྒྲིབ་མཐོལ་ཞིང་བཤགསཿ ཡེ་ཤེས་སྤྱན་མངའ་མ་བསྒྲིབས་ཀུན་ཏུ་གསལཿ བདག་གིས་མ་གུས་ལེ་ལོ་བག་མེད་དངཿ ཉོན་མོངས་དབང་གྱུར་དུག་ལྔའི་ལས་བསགས་པཿ ཡེ་ཤེས་ཐུགས་རྗེའི་བརྩེ་བས་ཉེར་དགོངས་ནསཿ མཐོལ་བཤགས་ཚངས་པའི་དངོས་གྲུབ་སྩལ་དུ་གསོལཿཨོཾ་་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཧ་རི་ནི་ས་ཨེ་ཧོ་བྷུདྡྷེ་བྷུདྡྷེ་སརྦ་བི་ཤུདྡྷེ་སྭཱ་ཧཱཿ ཞེས་བརྗོད་དེ་ཚོགས་ཀྱི་ལོངས་སྤྱོད་གཏོར་མ་བཏང་ཞིང་བརྒྱ་སྟོང་དུ་བསྐང་ངོཿ དེས་ནི་ཚོགས་རྫོགས་སྒྲིབ་བྱང་བར་ཆད་སེལཿ རྟག་ཏུ་འདི་ལ་ནན་ཏན་བྱ་བ་གཅེསཿས་མ་ཡཿ རྒྱ་རྒྱ་རྒྱཿ ལྔ་བ་ཐུགས་དམ་སྐོང་ཞིང་བཤགས་པ་ནིཿ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་རླབསཿ ཏིང་འཛིན་གཟེངས་བསྟོད་དབྱངས་ཀྱིས་འདི་སྐད་དོཿ ཧཱུྃཿ རིག་འཛིན་བླ་མ་རྣམ་བཞི་དགོངས་སུ་གསོལཿ མཁའ་འགྲོ་དམ་ཅན་མ་ལུས་འདིར་གཤེགས་ཤིགཿ དམ་རྫས་རྨད་བྱུང་དཔལ་གྱི་གཏོར་མ་འདིཿ རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླས་བརྒྱནཿལྷ་མིའི་ལོངས་སྤྱོད་རྒྱ་མཚོའི་གཏིང་ལྟར་ཟབཿ སྤྱན་གཟིགས་དར་འཕན་ནམ་མཁའི་སྐར་ལྟར་བཀྲཿ འདོད་ཡོན་དྲུག་ལྡན་གཏོར་མས་ཐུགས་དམ་བསྐངཿསྨན་རག་རྒྱ་མཚོའི་ཀློང་ཡངས་འཁྱིལ་བ་ལཿ རོ་བཅུད་དྲི་རོ་རེག་བྱ་ཕུན་སུམ་ཚོགསཿ ཏིང་འཛིན་དགོངས་བརྒྱུད་དག་པས་བྱིན་གྱིས་རླབསཿ བླ་མ་རིག་འཛིན་མཁའ་འགྲོའི་ཐུགས་དམ་བསྐངཿ ཞིང་ཆེན་བླ་བྲེ་དར་གྱི་འཕན་ལྡིང་དངཿརྔ་དང་གླིང་བུ་གསུར་ཆེན་དུད་པ་བཅསཿ སྤོས་དང་ཞལ་ཟས་ཞུན་ཆེན་མར་མེ་ཡིསཿ བླ་མ་རིག་འཛིན་མཁའ་འགྲོའི་ཐུགས་དམ་བསྐངཿ སྣ་བདུན་རྒྱལ་སྲིད་བཀྲ་ཤིས་དག་པའི་རྫསཿ རི་གླིང་ཁོར་ཡུག་ལྷ་མིའི་ལོངས་སྤྱོད་དངཿབུ་དང་བུ་མོ་རིགས་ལྡན་མང་པོ་ཡིསཿ བླ་མ་རིག་འཛིན་མཁའ་འགྲོའི་ཐུགས་དམ་བསྐངཿ ཤ་ལྔ་བདུད་རྩི་ལྔ་དང་ཡེ་ཤེས་ལྔཿ སྐུ་ལྔ་ཆོས་ལྔ་རང་བཞིན་དག་པའི་རྫསཿ ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོ་ཡིསཿ བླ་མ་རིག་འཛིན་མཁའ་འགྲོའི་ཐུགས་དམ་བསྐངཿ དབྱེར་མེད་དག་མཉམ་རྟོགས་པའི་དགྱེས་མཆོད་འདིསཿ ཕྱོགས་བཅུ་དུས་གསུམ་བླ་མ་ཡི་དམ་ལྷཿ མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགསཿ སྡེ་བརྒྱད་རིགས་དྲུག་ལན་ཆགས་བགེགས་རིགས་དངཿ ཁས་ཉེན་དབང་ཆུང་གློ་བུར་ལྷག་པའི་མགྲོནཿཐམས་ཅད་མ་ལུས་སྐུ་དང་ཡེ་ཤེས་ཀྱིཿ རོལ་བ་ཆེན་པོ་ཆོས་སྐུའི་ཀློང་དུ་བསྐངཿདངོས་དང་དངོས་མེད་བློ་ལ་སྣང་བ་ཡིཿ མཆོད་སྤྲིན་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐངཿ ཐམས་ཅད་སྟོང་ཉིད་ཡེ་ཤེས་ཆེན་པོའི་ངངཿ རྟོག་ཚོགས་རང་གྲོལ་ཡེ་ཤེས་ཐུགས་དམ་བསྐངཿ གསལ་བ་ཤེས་རབ་སྡུག་བསྔལ་བདེ་ཆེན་ངངཿ སྐྱེ་འགགས་གཉིས་མེད་རོལ་བའི་ཀློང་དུ་བསྐངཿ ཐུགས་དམ་བསྐང་ལ་མཆོག་དང་ཐུན་མོང་གིཿ དངོས་གྲུབ་དམ་པ་དུས་འདིར་སྩལ་དུ་གསོལཿ སརྦ་ག་ཎ་ཙཀྲ་པླུ་ཛ་ཁཱ་ཧིཿ དེ་ནས་སྒོ་གསུམ་སྡིག་པ་འགྱོད་སེམས་ཀྱིསཿ ཨེ་མ་ཧོཿ རང་བཞིན་དག་པའི་རྡོ་རྗེ་རྣལ་འབྱོར་གྱིཿ ལྷ་དང་རིག་འཛིན་སྲུང་མ་དགོངས་སུ་གསོལཿ བདག་ཅག་མ་རིག་སྒོ་གསུམ་ལས་དབང་གིསཿ བག་མེད་ཚུལ་གྱིས་བསགས་པའི་སྡིག་པ་རྣམསཿ ཀུན་བཟང་ཆོས་དབྱིངས་རོལ་བའི་ཀློང་དུ་བཤགསཿ རྡོ་རྗེ་སློབ་དཔོན་མཆེད་ལྕམ་དམ་པའི་ཆོསཿ སྐུར་སྨད་ལོག་རྟོག་དབང་གིས་སྤངས་པ་དངཿ རྩ་བ་ཡན་ལག་དམ་ཚིག་སྡོམ་ལས་འགལཿ དོན་དམ་ཆོས་ཉིད་དག་པའི་ཀློང་དུ་བཤགསཿཚངས་པ་དོན་གྱི་དངོས་གྲུབ་སྩལ་དུ་གསོལཿ གུ་རུ་དཱེ་ཝ་ཌཱཀྐི་ནི་ས་ཏྭ་ས་མ་ཡ་མ་ནུ་པ་ལ་ཡཿ སོགས་བརྗོད་ནས་ཡི་གེ་བརྒྱ་བ་མང་དུ་བཟླཿ དེ་ནས་དྲུག་པ་ཚོགས་ཀྱི་དངོས་གྲུབ་བླང་བ་ནིཿ ཧཱུྃ་ཧྲཱིཿ མཉམ་མེད་གུ་རུ་པདྨ་ཐོད་ཕྲེང་རྩལཿ ལྷ་ལྕམ་ཡུམ་དང་གཉིས་མེད་བདེ་ཆེན་རོལཿ ཐོད་ཕྲེང་རྩལ་བཞི་མཚན་བརྒྱད་ཡུམ་དང་བཅསཿ སྤྲུལ་པ་ཡང་སྤྲུལ་རིག་འཛིན་དུ་མའི་ཚོགསཿདཔའ་བོ་མཁའ་འགྲོ་ཆོས་སྐྱོང་ལྷ་མོར་བཅསཿ སྐུ་གསུང་ཐུགས་ཀྱི་འོད་ཟེར་ཆེན་པོ་ཡིསཿ མོས་པའི་བུ་ལ་མཆོག་དང་ཐུན་མོང་གིཿ དངོས་གྲུབ་དམ་པ་མྱུར་བའི་ཤུགས་ཀྱིས་སྩོལཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་ཛཿ ཀ་ཡ་ཝ ཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃཿ ཞེས་བརྗོད་ནས་ཚོགས་ལ་རོལ་བ་ནིཿ ལས་རྡོར་པསཿ ཀྱེཿ གཟིགས་ཤིག་མཛེས་ལྡན་སོགས་དང་ཚོགས་པས་ལན་དུཿ ཧོཿ བདེ་བར་གཤེགས་པ་སོགས་ནས་ཨ་ལ་ལ་ཧོཿཞེས་གཙང་རྨེ་མེད་པར་ལོངས་སུ་སྤྱོད་པར་བྱའོཿ བདུན་པ་རྗེས་ལ་ལྷག་མ་བསྔོ་བ་ནིཿ ཚོགས་ལྷག་མ་རྡོ་རྗེ་སློབ་དཔོན་གྱི་ཞལ་ཁྲུད་དབབ་ཅིང་བྱིན་གྱིས་རླབས་ཏེ་འདི་སྐད་དོཿ ཧཱུྃ་བྷྱོཿ གཅིག་དང་དུ་མར་འཛིན་པའི་ཀུན་རྟོག་བློཿ འཕོ་བྲལ་དབུ་མའི་སྲོག་ཏུ་སྨིན་པ་ལསཿ རིག་རྩལ་ཡེ་ཤེས་རོལ་བར་ཡོངས་ཤར་བའིཿ གིང་ལང་དབང་ཕྱུག་འབར་མ་དམ་ཅན་ཚོགསཿ ཏིང་འཛིན་དཀྱིལ་འཁོར་ཆེན་པོའི་ཕྱིའི་འདུ་བརཿ གཤེགས་ནས་ཐབས་ཤེས་དམ་ཚིག་བདུད་རྩིའི་རོཿ དཔལ་ཆེན་རོལ་པའི་ཕམ་ཕབ་འདི་བཞེས་ལཿ ཕྱི་རུ་འགལ་རྐྱེན་རིགས་རྣམས་ཚར་གཅོད་ཅིངཿ ནང་དུ་རྡོ་རྗེའི་ལུས་ཁམས་འཁྲུགས་པ་སོལཿགསང་བར་གཟུང་འཛིན་མཚན་རྟོག་ཟད་སར་སྐྱོལཿ སྣང་སེམས་དབུ་མར་གྲོལ་བའི་འཕྲིན་ལས་མཛོདཿ ཨུཥྩི་ཊ་བྷ་ལིངྟ་ཁཱ་ཧིཿ བརྒྱད་པ་རིག་འཛིན་མཁའ་འགྲོའི་བསྐུལ་བ་ནིཿ ཧཱུྃ་ཧཱུྃཿ མ་གཡེལ་མ་གཡེལ་བླ་མ་རིག་འཛིན་མཁའ་འགྲོའི་ཚོགསཿ བཞེངས་ཤིག་བཞེངས་ཤིག་ཆོས་དབྱིངས་བདེ་ཆེན་ངང་ནས་བཞེངསཿ བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་དུ་ཐུགས་རྗེ་རབ་ཏུ་བསྐུལཿནམ་མཁའི་མཐའ་ལྟར་ཞིང་ཁམས་བསམ་ལས་འདསཿ གདུལ་བྱའི་རེ་བ་ཀུན་ཏུ་བསྐང་མཛད་པཿ ཨོ་རྒྱན་སྤྲུལ་བ་བྱེ་བ་ཕྲག་བརྒྱའི་ཚོགསཿ བདག་ཅག་བོད་ཀྱི་སེམས་ཅན་དོན་ལ་བསྐུལཿ ཐུགས་རྗེ་མ་ཆུང་སྔོན་གྱི་ཐུགས་དམ་དགོངསཿ བླ་མ་རིག་འཛིན་སྐར་ཚོགས་ཆེམས་སེ་ཆེམཿ ཡི་དམ་ལྷ་ཚོགས་ཕྱག་རྒྱ་ལམས་སེ་ལམཿ མཁའ་འགྲོ་ཤུགས་འགྲོ་སྤྲིན་ལྟར་ཐིབས་སེ་ཐིབཿཧཱུྃ་དང་ཕཊ་ཀྱི་སྒྲ་སྒྲོག་དི་རི་རིཿ གིང་ཆེན་དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབཿབདུད་དང་འགོང་པོ་ཕྱེ་མར་ཉི་ལི་ལིཿ ཆོས་སྐྱོང་དམ་ཅན་སེར་ཆེན་ཤ་ར་རཿདམ་ཉམས་ལོག་ལྟའི་བདུད་དཔུང་ཆོམས་སེ་ཆོམཿ བདག་དང་ཁམས་གསུམ་འགྲོ་བའི་ནད་གདོན་རྣམསཿ ཐུགས་རྗེའི་ཆུ་ཡིས་སྦྱངས་ཤིང་བཀྲུ་བར་མཛོདཿལས་དང་ཉོན་མོངས་ཤེས་བྱའི་སྡིག་སྒྲིབ་རྣམསཿ ཡེ་ཤེས་མེ་ཡིས་བསྲེག་ཅིང་སྦྱང་དུ་གསོལཿ ཚེ་དང་དབང་ཐང་ལོངས་སྤྱོད་སྙན་དང་གྲགསཿ ཏིང་འཛིན་ལུས་སྟོབས་ཡེ་ཤེས་རྒྱས་པར་མཛོདཿ རྒྱལ་པོ་བཙུན་མོ་བློན་པོ་དམག་མི་དངཿ ལྷ་འདྲེ་མ་ལུས་དབང་བསྡུས་ཟིལ་གྱིས་གནོནཿ བདུད་དང་མུ་སྟེགས་དགྲ་བགེགས་ཞིང་བཅུའི་ཚོགསཿ མཐུ་རྩལ་ཆེན་པོས་ཐལ་བའི་རྡུལ་དུ་རློགསཿཧཱུྃཿ དབུས་ཕྱོགས་དགའ་ལྡན་ཞིང་ཁམས་ནསཿ སངས་རྒྱས་རིགས་ཀྱི་ཌཱཀྐི་མཿ དཀར་མོ་འབུམ་སྡེ་དབྱིངས་ནས་བཞེངསཿ བདེ་ཆེན་ཡེ་ཤེས་ཕྲིན་ལས་མཛོདཿ ཧཿ ཤར་ཕྱོགས་མངོན་དགའི་ཞིང་ཁམས་ནསཿ རྡོ་རྗེ་རིགས་ཀྱི་ཌཱཀྐི་མཿ སྔོན་མོ་འབུམ་སྡེ་དབྱིངས་ནས་བཞེངསཿ ཞི་བའི་ཕྲིན་ལས་འགྲུབ་པར་མཛོདཿ རིཿ ལྷོ་ཕྱོགས་དཔལ་ལྡན་ཞིང་ཁམས་ནསཿ རིན་ཆེན་རིགས་ཀྱི་ཌཱཀྐི་མཿ སེར་མོ་འབུམ་སྡེ༴ རྒྱས་བའི་ཕྲིན་ལས༴ ནིཿནུབ་ཕྱོགས་བདེ་ལྡན་ཞིང་ཁམས་ནསཿ པདྨ་རིགས་ཀྱི༴ དམར་མོ་འབུམ་སྡེ༴དབང་གི་ཕྲིན་ལས༴ སཿ ལས་རྣམས་ལྷུན་གྲུབ་ཞིང་ཁམས་ནསཿཀརྨ་རིགས་ཀྱི༴ ལྗང་མོ་འབུམ་སྡེ༴ དྲག་པོའི་ཕྲིན་ལས༴ ཧྲཱིཿགནས་ཡུལ་ཉེར་བཞི་དུར་ཁྲོད་བརྒྱདཿ གནས་བཞུགས་མཁའ་འགྲོ་དཔའ་བོ་དངཿ དམ་ཅན་སྲུང་མ་ཐམས་ཅད་དངཿ གཏེར་བདག་ལས་བྱེད་དབྱིངས་ནས་བཞེངསཿ ནད་གདོན་དགྲ་བགེགས་གནོད་པ་ཟློགཿ སྲི་ལངས་བདུད་གཅོད་རུ་འཛིང་དངཿ མོ་ངན་བྱད་སྡིགས་ཐམས་ཅད་ཟློགཿ ལྟས་ངན་ཡེ་འབྲོག་ཆོ་འཕྲུལ་ཟློགཿ དགྲ་དཔུང་བགེགས་ཀྱི་སྦྱོར་བ་ཟློགཿ ཨོཾ་ཤིནྟཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་པྲ་མོ་ཧ་རྦོད་ཟོར་བྷྱོ་བྷྱོཿ དེ་ནས་གཏོར་མ་ཕྱིར་བསྐྱལ་ལཿསྨན་རག་ཆུ་གཙང་བྲན་བྱས་ཏེཿ བདག་ཉིད་གུ་རུ་གསལ་བྱས་ལཿ པད་ཞྭ་ཆོས་གོས་ཕོད་ཆེན་གསོལཿ རྡོ་རྗེ་ཕུར་བུ་འཕྱར་བྱས་ཏེཿ དགུ་བ་ཆད་ཐོ་བསྒྲགས་པ་ནིཿ ཧཱུྃ༔ སྔོན་གྱི་བསྐལ་བའི་དང་པོ་ལཿ འོག་མིན་དགའ་ལྡན་གནས་མཆོག་ཏུཿ རྡོ་རྗེ་ཁྲག་འཐུང་སྐུར་བསྟན་ནསཿ དམ་ལ་བཏགས་པའི་མཁའ་འགྲོ་གིངཿ དབང་ཕྱུག་མ་སྲིང་འབར་མ་དངཿ ཕོ་ཉ་ལས་མཁན་དམ་ཚིག་ཅནཿ ཆོས་ཉིད་བདེན་པའི་བཀའ་ལ་ཉོནཿ དམ་རྫས་རྒྱན་གྱི་གཏོར་མ་ལོངསཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ ཧཱུྃ༔ ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུཿ རྡོ་རྗེ་འཆང་གི་སྐུར་བསྟན་ནསཿ དམ་ལ་བཏགས་པའི་གཙང་རིས་ཀྱིཿ མགོན་པོ་བདུན་ཅུ་རྩ་ལྔའི་ཚོགསཿ ཆོས་ཉིད་བདེན་པའི་བཀའ་ལ་ཉོནཿ དམ་ལྡན་རྒྱན་གྱི་གཏོར་མ་ལོངསཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ ཧཱུྃཿ རྒྱ་གར་དུར་ཁྲོད་གནས་བརྒྱད་དུཿ བཀའ་བརྒྱད་ཁྲག་འཐུང་སྐུར་བསྟན་ནསཿ དམ་ལ་བཞག་པའི་ཞིང་སྐྱོང་དངཿབཀའ་སྲུང་མཁའ་འགྲོ་ཆོས་སྐྱོང་ཚོགསཿ ཆོས་ཉིད་བདེན་པའི་བཀའ་ལ་ཉོནཿདམ་རྫས་རྒྱན་གྱི་གཏོར་མ་ལོངསཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿཧཱུྃ༔ ཚ་ཤོད་མང་ཡུལ་དཔལ་མོའི་ཚོགསཿ དབང་ཆེན་རོལ་བའི་སྐུར་བསྟན་ནསཿ དམ་ལ་བཏགས་པའི་དགེ་བསྙེན་དངཿ ཕུད་བདག་བསྟན་མ་བཅུ་གཉིས་ཚོགསཿ ཆོས་ཉིད་བདེན་པའི་བཀའ་ལ་ཉོནཿ དམ་རྫས་རྒྱན་གྱི་གཏོར་མ་ལོངསཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ ཧཱུྃ༔ སིལ་མ་ལ་དང་འུ་ཡུག་དངཿ མལ་གྲོ་ཀོང་སོགས་བོད་ཡུལ་དུཿ ཨོ་རྒྱན་པདྨའི་སྐུར་བསྟན་ནསཿ དམ་ལ་བཏགས་པའི་གནོད་སྦྱིན་དངཿ དགེ་བསྙེན་བྱང་བཙན་འབྲོག་མོ་དངཿ གཉན་ཆེན་ལ་སོགས་དམ་ཚིག་ཅནཿ ཆོས་ཉིད་བདེན་པའི་བཀའ་ལ་ཉོནཿ དམ་རྫས་རྒྱན་གྱི་གཏོར་མ་ལོངསཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ ཧཱུྃཿ ཧས་པོ་རི་དང་ལྷོ་བྲག་དངཿ ཤམ་པོ་གངས་དང་མཁའ་རི་གངསཿ ཏི་སེ་གངས་ལ་གུ་རུ་ཡིསཿ དམ་ལ་བཏགས་པའི་སྡེ་བརྒྱད་ཚོགསཿ ཆོས་ཉིད་བདེན་པའི་བཀའ་ལ་ཉོནཿ དམ་རྫས་རྒྱན་གྱི་གཏོར་མ་ལོངསཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ མཆིམས་ཕུ་ཤེལ་བྲག་སྟག་ཚང་དངཿ ཡོངས་རྫོགས་མཁར་ཆུ་ཀོང་ཡུལ་དངཿ ཁམས་དང་བཅས་པའི་བོད་ཡུལ་དུཿ དམ་ལ་བཏགས་པའི་ལྷ་སྲིན་ཚོགསཿ ཆོས་ཉིད་བདེན་པའི་བཀའ་ལ་ཉོནཿ དམ་ལྡན་རྒྱན་གྱི་གཏོར་མ་ལོངསཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ ཧཱུྃཿ བསམ་ཡས་ཁྲ་འབྲུག་ལྷ་ས་དངཿཟབ་ལུང་ཏི་སྒྲོ་ལ་སོགས་པརཿ དམ་ལ་བཏགས་པའི་གཙང་རིགས་ཀྱིཿམགོན་པོ་བདུན་ཅུ་རྩ་ལྔའི་ཚོགསཿ ཆོས་ཉིད་བདེན་པའི་བཀའ་ལ་ཉོནཿ དམ་ལྡན་རྒྱན་གྱི་གཏོར་མ་ལོངསཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿཧཱུྃཿ གུ་རུ་ཨོ་རྒྱན་མཁའ་འགྲོའི་གླིངཿ ཟངས་མདོག་དཔལ་རིར་སྲིན་པོའི་སྐུརཿ བཞེངས་ནས་དམ་ལ་བཏགས་པ་ཡིཿ སྲིན་པོའི་གདོན་ཚོགས་མ་ལུས་ཀུནཿ ཆོས་ཉིད་བདེན་པའི་བཀའ་ལ་ཉོནཿ དམ་ལྡན་རྒྱན་གྱི་གཏོར་མ་ལོངསཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ ཧཱུྃ༔ ང་ནི་པདྨ་འབྱུང་གནས་ཡིནཿ སྐུ་གསུང་ཐུགས་ནི་རྡོ་རྗེར་གསལཿ ང་ཡི་དབང་དུ་བསྡུས་པ་ལསཿ སུ་ཡང་དམ་ལས་འདའ་མ་བྱེདཿ གལ་ཏེ་དེ་ལས་འདས་གྱུར་ནཿང་ནི་ཡཀྴ་མེ་དབལ་སྐུཿ དམར་ནག་དབུ་དགུ་འཇིགས་བྱེད་ཞལཿ གཡས་དགུའི་ཕྱག་གིས་རྡོ་རྗེས་གཟིརཿ གཡོན་དགུའི་ཕྱག་གིས་སྡིག་པ་འགྱེདཿདམ་ཉམས་སྙིང་རྩ་བཅད་ནས་ཀྱངཿ ཁྲག་རྒྱུན་རྟག་ཏུ་འཐུང་བར་བྱེདཿ དེ་བས་དམ་ལ་མ་འདའ་བརཿ བོད་ཡུལ་བསྟན་པ་སྲུང་བ་དངཿ མཐའ་ཡི་དམག་དཔུང་ཕྱིར་ལ་བཟློགཿ ནད་གདོན་གནོད་པ་སྲུང་བ་དངཿ ཨོ་རྒྱན་ང་ཡི་གཏེར་རྣམས་སྲུངཿ ཁྲི་སྲོང་ལྡེའུ་བཙན་རྒྱུད་པ་སྐྱོངསཿ སད་སེར་མུ་གེ་ཤྭ་ཆུ་སྡོམསཿ བཙན་དང་སྐྱ་ཡུགས་དལ་ཡམས་བཟློགཿ དམག་འཁྲུག་བྱད་ཁ་ཕུར་ཁ་བཟློགཿ དུས་སུ་ཆར་ཕོབ་འབྲུ་དང་ཕྱུགསཿ རིགས་རྒྱུད་བུ་ནོར་སྤེལ་བ་དངཿ དམ་ཆོས་ཀློག་བཤད་སྒྲུབ་བརྒྱུད་སྤེལཿ མདོ་རྒྱུད་བསྟན་བཅོས་དར་བ་དངཿ དགེ་འདུན་སྡེ་དཔུང་ཐོས་བསམ་པརཿ འཇིག་རྟེན་ལེགས་དགུ་ཀུན་འགྲུབ་མཛོདཿ ས་མ་ཡ་དམ་ལས་མ་འདའ་ཞིགཿ ཅེས་གཏོར་མ་འབུལཿ དེ་ལྟར་དམ་བསྒྲགས་བྱ་བའི་ཕྱིརཿ སྔོན་དུ་བསྙེན་སྒྲུབ་མཐར་ཕྱིན་ནསཿ བྱ་བ་གང་ལ་གང་དགོས་སྦྱརཿ མཁར་འདེབས་ཡུལ་འཛུགས་ཤྭ་སེར་བཟློགཿ སྡེ་བཟུང་སྲིད་བཟུང་ཆོས་སྲིད་སྤེལཿ གང་ལའང་འདི་ཡིས་དོན་འགྲུབ་འགྱུརཿ ས་མ་ཡཿ རྒྱ་རྒྱ་རྒྱཿ རྒྱ་རྒྱ་རྒྱཿདགེའོཿ བཅུ་བ་བསྟན་མ་བསྐྱང་བ་ནིཿ ཧཱུྃཿ བཀའ་ཡི་ཚོགས་དང་བཅས་ཉིད་དུཿ ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུཿ ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམསཿ འདིར་གཤེགས་རྒྱན་གྱི་གཏོར་མ་བཞེསཿ བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞིཿ གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞིཿ ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞིཿ བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་པོཿ རིན་ཆེན་ལྷབ་ལྷུབ་མང་པོའི་རྒྱན་དང་བཅསཿ ཕོ་ཉ་ཡང་གཡོག་མང་པོའི་འཁོར་དང་བཅསཿ མཆོད་དང་གཏོར་མ་དམ་པ་འདི་བཞེས་ལཿ བཅོལ་བའི་འཕྲིན་ལས་མ་ལུས་འགྲུབ་པར་མཛོདཿ ཧཱུྃཿབསྟན་མ་ཆེན་མོ་ཁྱེད་རྣམས་ལཿ སློབ་དཔོན་པདྨ་ཐོད་ཕྲེང་གིསཿ རྒྱལ་ཡུལ་དེ་ནི་བསྟན་བཟང་ནཿ ཨ་སུ་ར་ཡི་བྲག་ཕུག་ཏུཿ རྣམ་ལྔ་ཞིང་གི་མཆོད་བཤམས་ནསཿ ཞིང་ཆེན་སྒྲོལ་བའི་གདན་སྟེང་དུཿ དམར་ཆེན་བྷནྡྷའི་མཆོད་བཤམས་ནསཿ ལག་ཏུ་རྡོ་རྗེ་གཏད་ནས་ཀྱངཿ རྣལ་འབྱོར་སྒྲུབ་པའི་གྲོགས་གྱིས་ཞེསཿ ཐར་བ་ཐོབ་ཕྱིར་མིང་བཏགས་ཏེཿ བྲན་གྱི་ཚུལ་དུ་ཁས་བླངས་མཿ དམ་ཚིག་དེ་ལས་ཁྱེད་མ་འདའཿ དམ་ཚིག་དེ་ལས་ཁྱོད་འདས་ནཿབཛྲ་ཡཀྴ་ཁྲོ་མོ་ཡིསཿ སྙིང་གི་དཀྱིལ་ནས་ཁྲག་དྲངས་ཏེཿ འོ་དོད་འབོད་པར་གདོན་མི་ཟཿ དེ་བས་བོད་ཁམས་སྐྱོང་མའི་ཚོགསཿ སྔོན་གྱི་ཐུགས་དམ་རྗེས་དགོངས་ལཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ ལ་ལཱ་ལེ་ལེ་ཏཾ་ཏཾ་ཏེ་ཏེ་རྡོ་རྗེ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃཿ བཅུ་གཅིག་པ་བྲོ་བརྡུང་བ་ནིཿ དེ་ནས་གཏོར་གཞོང་སྒོ་ཁར་ཁ་སྦུབ་པར་རྣལ་འབྱོར་པ་རྣམས་ཀྱིས་བསྐོར་ཞིང་གནོད་བྱེད་མནན་པར་བསམ་ལཿ ཧ྄ཱུྃཿ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀསཿ ཀུན་ཏུ་བཟང་མོའི་མཁའ་དབྱིངས་སུཿ ཁམས་གསུམ་ཡོངས་སྒྲོལ་མཛད་པའི་ཚེཿདཔལ་གྱི་བྲོ་ཆེན་བརྡུངས་པ་ལྟརཿ འབར་བའི་རྣལ་འབྱོར་སྔགས་འཆང་བདགཿདབང་ཆེན་འབར་བའི་གཞལ་ཡས་འདིརཿ རོལ་པའི་བྲོ་ཆེན་ཆེམས་སེ་ཆེམཿཧཱུྃ་གིས་དབང་བསྒྱུར་ཁམས་གསུམ་གཡོཿ ཕཊ་ཀྱི་འཕྲོ་འདུས་འཇིག་རྟེན་འཁྱམསཿ རཾ་གྱིས་མེ་འབར་ཐམས་ཅད་བསྲེགསཿ རྐང་པ་གཡས་པ་ཐབས་ཀྱི་རྒྱསཿ འཁོར་བ་ཆོས་ཉིད་རོལ་པར་མནནཿ རྐང་པ་གཡོན་པ་ཤེས་རབ་རྒྱསཿ མྱ་ངན་འདས་པ་དབྱིངས་སུ་མནནཿ གཟུང་འཛིན་འཁོར་བའི་ཕུང་པོ་ལཿ གཉིས་མེད་ཡེ་ཤེས་བྲོ་བརྡུངས་པསཿ ཐམས་ཅད་རང་བྱུང་ཡེ་ཤེས་ངངཿ སྲིད་གསུམ་ཡེ་ནས་གྲོལ་བར་མནནཿ དུག་ལྔ་འདུས་པའི་ཕུང་པོ་ལཿཡེ་ཤེས་ལྔ་ཡི་བྲོ་བརྡུངས་པསཿ ཉོན་མོངས་རྣམ་དག་ཡེ་ཤེས་ངངཿ རང་བཞིན་འོད་གསལ་ཆེན་པོར་མནནཿ སྣང་སྲིད་སྣོད་བཅུད་ཡངས་པ་ལཿདཀྱིལ་འཁོར་ཆེན་པོའི་བྲོ་བརྡུངས་པསཿ ཐམས་ཅད་འོག་མིན་གཞལ་ཡས་ཁངཿ ཡེ་རྫོགས་ལྷུན་གྱིས་གྲུབ་པར་མནནཿ དབང་ཆེན་གར་གྱི་དཀྱིལ་འཁོར་དུཿ བདུད་བཞི་འཇོམས་པའི་བྲོ་བརྡུངས་པསཿ དགྲ་བགེགས་ཆོས་ཉིད་བརྡལ་བར་མནནཿ ཞི་རྒྱས་དབང་དྲག་ཕྲིན་ལས་རྫོགསཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཨོཾ་ནནཿ ལམ་ནནཿ སྟཾ་བྷ་ཡ་ནནཿ ཞེས་བརྗོད་དོཿ བཅུ་གཉིས་པ་བཟོད་པར་གསོལ་བ་ནིཿ དེ་ནས་དཀྱིལ་འཁོར་མཆོད་ནས་ཐལ་མོ་སྦྱར་ཏེཿ ན་མོཿ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་དུཿ ཚུལ་བཞིན་མཆོད་ཀྱང་འགལ་འཁྲུལ་ཉེས་གྱུར་པཿ གང་ལགས་དེ་ཀུན་བཟོད་པར་བཞེས་ནས་ཀྱངཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ ཅེས་པ་ལན་གསུམ་དང་ཡི་གེ་བརྒྱ་བ་བརྗོདཿ དཀྱིལ་འཁོར་བསྡུ་བ་ནིཿ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ཀུནཿ རྗེས་སུ་མཐུན་པའི་དངོས་གྲུབ་བསྩལ་ནས་ཀྱངཿ རང་གནས་དགེ་བ་རང་བཞིན་གནས་གཤེགས་ཏེཿ སླར་ཡང་ཐུགས་རྗེས་འབྱོན་པར་མཛད་དུ་གསོལཿ ཨོཾ་བཛྲ་མུཿཞེས་བརྗོད་དམ་ཚིག་པ་རང་ལ་བསྡུཿ ཡེ་ཤེས་པ་དབྱིངས་སུ་གཤེགསཿརྡུལ་མཚོན་ནམ་མཁའ་ནས་དབུས་སུ་བསྡུའོཿ བཅུ་བཞི་པ་བསྔོ་བ་ནིཿཕྱོགས་བཅུ་ན་བཞུགས་པའི་བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལཿ བླ་ན་མེད་པའི་དཀྱིལ་འཁོར་མཆོད་ཅིང་བསྙེན་སྒྲུབ་སྤྱད་པ་དང་ཚོགས་ཀྱིས་བསྐངས་ཤིང་དབང་བསྐུར་བ་ལ་སོགས་པའི་རྩ་བ་འདི་ལ་བརྟེན་ནསཿ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་གྱུར་ཅིགཿསེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་གྱུར་ཅིགཿ འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལོ་ཕྱུགས་རྟག་ཏུ་ལེགས་ཤིང་ཆར་ཆུ་དུས་སུ་འབབ་པར་གྱུར་ཅིགཿནད་མཚོན་གྱི་བསྐལ་བ་མེད་ཅིང་འཁྲུགས་པ་དང་འཚེ་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིགཿ ཁྱད་པར་དུ་ཡང་བདག་རྡོ་རྗེ་སློབ་དཔོན་གྲོགས་མཆེད་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་རྐྱེན་དང་བར་ཆད་ཐམས་ཅད་ཞི་བར་གྱུར་ཅིགཿ ཚེ་དཔལ་འབྱོར་བ་ཐམས་ཅད་རྒྱས་པར་གྱུར་ཅིགཿ ལྟ་སྒོམ་དང་ཏིང་འཛིན་འཕེལ་བར་གྱུར་ཅིགཿ འགལ་འཁྲུལ་ཉམས་ཆགས་ཐམས་ཅད་བསྐང་བར་གྱུར་ཅིགཿཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་གྱུར་ཅིགཿ ཧེ་རུ་ཀ་དཔལ་གྲོང་ཁྱེར་དུཿ ཚོགས་ཀྱི་འཁོར་ལོས་མཆོད་པ་ཡིསཿ བདག་དང་འགྲོ་བ་མ་ལུས་པཿ དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོགཿ དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུནཿ བདེ་ཆེན་མཁའ་སྤྱོད་དག་པའི་ཞིང་བགྲོད་དེཿཔདྨ་རྒྱལ་དང་འདུ་འབྲལ་མེད་པ་ཡིསཿ ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་ཤོགཿ ཅེས་པ་ལན་གསུམ་བརྗོད་དོཿ བཅོ་ལྔ་པ་ཤིས་པ་བརྗོད་པ་ནིཿརོལ་མོ་དབྱངས་ཀྱི་འགྱུར་གདངས་བསྒྲགས་ཏེ་བར་མཚམས་རྣམས་སུ་མེ་ཏོག་གི་ཆར་ཕབ་པ་དང་བཅས་པས་འདི་སྐད་དོཿ བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པའི་གཙོཿ ཡོན་ཏན་མཐའ་ཡས་དོན་གཉིས་འབྱུང་བའི་དཔལཿརྒྱལ་བ་རྒྱ་མཚོའི་བཀྲ་ཤིས་གང་ལགས་པཿ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོགཿ ཡེ་ཤེས་རྒྱ་མཚོ་མཁའ་ལྟར་རྒྱ་ཆེ་ཤིངཿ ཐུགས་རྗེ་ཚད་མེད་གདུལ་བྱའི་ཞིང་ཁྱབ་པའིཿ རིམ་གསུམ་བླ་མའི་བཀྲ་ཤིས་གང་ལགས་པཿདམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོགཿ མདངས་ལྡན་དྲི་མེད་པདྨའི་མཚོ་གླིང་དུཿ བཀྲ་ཤིས་རྨད་བྱུང་ཡོན་ཏན་རྫོགས་པའི་སྐུཿ པདྨ་སཾ་བྷའི་བཀྲ་ཤིས་གང་ལགས་པཿ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོགཿ བདེ་སྟོང་འགྱུར་མེད་རྒྱལ་བ་ཀུན་གྱི་ཡུམཿ སོ་སོ་རང་རིག་དགའ་བཞིའི་མཆོག་སྟེར་མཿ མཁར་ཆེན་མཚོ་རྒྱལ་བཀྲ་ཤིས་གང་ལགས་པཿ དམ་པ་དེས་ཀྱང༴བདེ་གཤེགས་སྐུ་གསུམ་གང་ལ་གང་འདུལ་གྱིཿ རྣམ་འཕྲུལ་མི་ཟད་མཆོག་ཐུན་ཀུན་གྱི་གཞིཿ རབ་འབྱམས་ཞི་ཁྲོའི་བཀྲ་ཤིས་གང་ལགས་པཿ དམ་པ་དེས་ཀྱང་༴ ཤེས་རབ་བདེ་བའི་རོས་གང་ལྷན་སྐྱེས་ཀྱིཿ བདེ་མཆོག་གྲུབ་པའི་དཔལ་སྟེར་ཕྱག་རྒྱ་མོཿ གནས་གསུམ་མཁའ་འགྲོའི་བཀྲ་ཤིས་གང་ལགས་པཿདམ་པ་དེས་ཀྱང་༴ ཆོས་ཉིད་ཞི་བ་ཆེ་ལས་མ་གཡོས་ཀྱངཿ གང་འདུལ་སྐུར་སྟོན་གདུག་པ་ཚར་གཅོད་པའིཿ དམ་ཅན་རྒྱ་མཚོའི་བཀྲ་ཤིས་གང་ལགས་པཿདམ་པ་དེས་ཀྱང་༴ དཔག་མེད་བསོད་ནམས་སྤྲིན་ཆེན་བརྩེགས་པ་ལསཿཕུན་ཚོགས་འདོད་དགུའི་དངོས་གྲུབ་ཆར་འབེབ་པའིཿ ནོར་ལྷ་གཏེར་བདག་བཀྲ་ཤིས་གང་ལགས་པཿ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོགཿ ཚེ་རིང་དཔལ་འབྱོར་བདེ་སྐྱིད་ཕུན་སུམ་ཚོགསཿ ཆོས་དང་སྲིད་ཀྱི་མངའ་ཐང་ཟད་མི་ཤེསཿ བཤད་དང་སྒྲུབ་པའི་སྣང་བས་ས་སྟེང་ཁྱབཿ རང་གཞན་དོན་གཉིས་རྫོགས་པའི་བཀྲ་ཤིས་ཤོགཿ ཅེས་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོཿ ཚུལ་འདི་མོས་ལྡན་འགའ་ཡིས་བསྐུལ་བ་དངཿ རང་བྱུང་པདྨའི་ཐུགས་རྗེའི་ཉི་ཟེར་གྱིསཿ བདག་བློའི་པདྨོ་ཅུང་ཟད་འཛུམ་བྱས་པསཿ ཚིག་དོན་རྨད་བྱུང་བདུད་རྩིའི་གཏེར་འདི་སྤྲོསཿ སངས་རྒྱས་པདྨའི་བདེན་གསུང་ཚད་མའི་ལུངཿ གྲུབ་བརྙེས་རྗེ་འབངས་སྐལ་བ་རབ་རྣམས་ཀྱིསཿ མངོན་སུམ་ཐོབ་ནས་ཕྱི་རབས་གདུལ་བྱའི་སླདཿ རྣམ་འཕྲུལ་དུ་མས་དར་ཞིང་རྒྱས་པར་མཛདཿ བདག་འདྲ་སྤྲང་བན་ཡོན་ཏན་མགོན་པོ་ཡིསཿ སྐུ་གསུམ་སྤྱི་གཟུགས་བླ་མ་ཨོ་རྒྱན་རྗེརཿ དད་པས་གསོལ་བཏབ་དེ་ཉིད་མཆོད་པའི་ཐབསཿཟབ་གཏེར་དུ་མའི་བཅུད་དྲིལ་ལེགས་པར་སྦྱརཿ དེ་ལས་ཐོབ་པའི་དགེ་ཚོགས་ལྷའི་ཟླ་བཿ ཆོས་དབྱིངས་ནམ་མཁའི་རྒྱན་དུ་གྲུབ་པ་ལསཿ སྲིད་ཞིའི་རྒུད་པའི་ཚ་གདུང་ཀུན་བསལ་ཏེཿ ཕན་བདེའི་ཆོས་ཀུན་ཕྱོགས་བརྒྱར་རྒྱས་གྱུར་ཅིགཿ གཞན་ཡང་རྒྱལ་བསྟན་རིན་ཆེན་དར་ཞིང་རྒྱསཿ དེ་འཛིན་ཚོགས་རྣམས་བསྐལ་བརྒྱར་ཞབས་བརྟན་ཅིངཿ བཤད་སྒྲུབ་འཁོར་ལོ་གསུམ་གྱིས་སྲིད་མཐའི་བརཿ བསྟན་འགྲོའི་ཕན་བདེ་ཕྱོགས་བརྒྱར་རྒྱས་བྱེད་ཤོགཿ བདག་ཀྱང་དེང་ནས་སྐྱེ་བ་ཇི་སྲིད་བརཿ བླ་མ་ཨོ་རྒྱན་པདྨ་སཾ་བྷ་ཝསཿ རྟག་ཏུ་རྗེས་གཟུང་སྨིན་གྲོལ་བདུད་རྩི་ལཿ ལོངས་སུ་སྤྱོད་པའི་སྐལ་བཟང་ཐོབ་པར་ཤོགཿཚེ་འདི་མི་རྟག་ཆུ་ཡི་ཆུ་བུར་འདྲཿ འཚོ་བའི་འདུ་བྱེད་བཏང་བའི་མོད་ཉིད་ནསཿརིག་འཛིན་རྒྱལ་པོ་པདྨའི་ཞབས་དྲུང་དེརཿ སྐྱེས་ནས་སྤྲུལ་པས་འགྲོ་ཀུན་འདྲེན་པར་ཤོགཿ དགེའོཿ དགེའོཿ དགེའོཿགུ་རུའི་གསོལ་འདེབས་དངོས་གྲུབ་ཆར་འབེབ། །ཨེ་མ་ཧོཿ རང་བྱུང་ལྷུན་གྲུབ་བདེ་ཆེན་པདྨ་འོདཿ མི་ཤིགས་སྙིང་པོ་དོན་གྱི་གཞལ་ཡས་ནསཿ སྟོང་གསལ་རང་རིག་ཁྱབ་བདག་མཚོ་སྐྱེས་ཞལཿ བདེ་སྟོང་ལྷན་སྐྱེས་དབྱིངས་ཡུམ་མཁར་ཆེན་བཟའཿ སྤྲུལ་པ་རིག་འཛིན་རྗེ་འབངས་འཁོར་ཚོགས་བཅསཿ མི་ཕྱེད་དད་པས་སྙིང་ནས་གསོལ་བ་འདེབསཿ ལྔ་ཕྲག་ཐ་མའི་བོད་ཀྱི་གདུལ་བྱ་རྣམསཿ སྐྱབས་དང་རེ་ས་གཞན་ན་མ་མཆིས་པསཿ མྱུར་མགྱོགས་ཐུགས་རྗེ་ནུས་པའི་ཤུགས་བསྐྱེད་ལཿ མ་རུང་རྒྱ་འདྲེ་འགོང་པོ་དམ་ལ་ཐོགསཿ ནད་མཚོན་མུ་གེའི་རྒུད་པ་རང་སར་ཞིཿ ཚེ་ཆོས་ཉམས་རྟོགས་ཡེ་ཤེས་གོང་དུ་འཕེལཿ གཞན་ཕན་མཁྱེན་བརྩེ་ནུས་པའི་རྩལ་ཆེན་བསྐྱེདཿ འབྲེལ་ཚད་དོན་ལྡན་དོན་གཉིས་མཐར་ཕྱིན་ཏེཿ གུ་རུ་རྗེ་དང་དབྱེར་མེད་འཚང་རྒྱར་ཤོགཿ དེ་ལྟར་དགོངས་པའི་བཙན་ས་མ་ཟིན་བརཿ སྐྱེ་ཀུན་མཚོ་སྐྱེས་བླ་མས་རྗེས་བཟུང་སྟེཿ ནམ་ཞིག་འཕོས་ཚེ་ལྔ་ལྡན་པདྨ་འོདཿ ཨོ་རྒྱན་ཡབ་ཡུམ་མངོན་སུམ་བཞུགས་པའི་དྲུངཿ སྐྱེས་ནས་ཐེག་ཆེན་ཆོས་ལ་སྤྱོད་པར་ཤོགཿ དེ་སྐད་ཨོ་རྒྱན་ཡབ་ཡུམ་ལཿ གསོལ་འདེབས་དངོས་གྲུབ་མཆོག་སྟེར་འདིཿ པདྨས་བྱིན་རླབས་རྣལ་འབྱོར་པཿ རྟ་མགྲིན་ཡོན་ཏན་མགོན་པོ་ཡིཿ མོས་གུས་རིག་པའི་རྩལ་ལས་ཤརཿ འབྲེལ་ཚད་པདྨ་འོད་གླིང་དུཿ ཕྱམས་ཅིག་མངོན་འཚང་རྒྱ་བར་ཤོགཿ པདྨ་ས་མ་ཡ་གུ་ཧྱེཿརྒྱཿ རྒྱཿགུ་རུའི་གསོལ་འདེབས་ཐུགས་རྗེའི་གློག་ཞགས། །ཨེ་མ་ཧོ། རྩ་གསུམ་རྒྱལ་བའི་ཡེ་ཤེས་སྤྱི་ཡི་གཟུགས། །གངས་ཅན་བསྟན་འགྲོའི་སྐྱབས་གཅིག་པདྨ་འབྱུང་། །མི་ཕྱེད་དད་པའི་གདུང་ཤུགས་དྲག་པོ་ཡིས། །གསོལ་འདེབས་བུ་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཀྱེ་མ་ཀྱི་ཧུད་ཨོ་རྒྱན་ཐུགས་རྗེ་ཅན། །བདག་སོགས་མཐའ་འཁོབ་བོད་ཀྱི་གདུལ་བྱ་རྣམས། །མགོན་པོ་ཁྱེད་ལས་རེ་ས་གཞན་མེད་པས། །བརྩེ་ཆེན་ཐུགས་རྗེས་མྱུར་དུ་རྗེས་བཟུང་སྟེ། །ཡེ་ཤེས་སྐུ་མཆོག་མངོན་སུམ་ཞལ་སྟོན་ལ། །ཚངས་དབྱངས་གསུང་གི་དབུགས་འབྱིན་དུས་འདིར་སྩོལ། །མཉམ་ཉིད་དགོངས་པའི་བྱིན་བརྒྱུད་སྙིང་ལ་འཕོས། །འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས། །ལྟར་སྣང་ཆོས་བརྒྱད་བདུད་ཀྱི་བསླུ་བྲིད་ཀྱིས། །རྣམ་པར་གཡེངས་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་དཔལ་བློ་གྲོས་ཡར་ངོའི་ཟླ་བཞིན་འཕེལ། །ཐོས་བསམ་བསྒོམ་པའི་ཡོན་ཏན་རྩལ་རྫོགས་ཏེ། །རླབས་ཆེན་བཤད་དང་སྒྲུབ་པའི་འཕྲིན་ལས་ཀྱིས། །བསྟན་དང་འགྲོ་ལ་ཕན་བདེའི་མཆོག་སྟེར་ཞིང་། །རབ་འབྱམས་རྒྱལ་བའི་ཕྲིན་ལས་ཀུན་འཛིན་པ། །རང་གཞན་དོན་གཉིས་རྫོགས་པར་བྱིན་གྱིས་རློབས། །ཁྱད་པར་མི་ཤིགས་གཉུག་མའི་ཡེ་ཤེས་ཀྱི། །རང་བཞིན་བདེ་ཆེན་རྒྱལ་པོ་པདྨའི་ཞལ། །མངོན་སུམ་རྗེན་པར་མཐོང་བའི་བྱིན་རླབས་ཀྱིས། །རྟོགས་གྲོལ་དུས་མཉམ་ཆེན་པོར་བྱང་ཆུབ་སྟེ། །བཟང་ངན་ལས་ཀྱིས་འབྲེལ་བའི་ལུས་ཅན་ཀུན། །ཚེ་འདིར་མི་མཐུན་རྒུད་པ་ཀུན་སྐྱོབ་ཅིང་། །ནམ་ཞིག་འཕོས་ཚེ་པདྨ་འོད་གླིང་དུ། །འདྲེན་པའི་དེད་དཔོན་བདག་གིས་བགྱིད་པར་ཤོག །ཀྱེ་མ་གངས་ཅན་མགོན་པོ་ཨོ་རྒྱན་རྗེའི། །ཐུགས་རྗེའི་ཐུགས་དམ་མ་གཡེལ་དུས་ལ་བབས། །རྒྱ་འདྲེ་དམ་སྲིའི་སྐྱེ་རྒྱུད་རྩ་ནས་ཆོད། །མཐའ་དམག་འགོང་པོའི་གཡུལ་འཁྲུགས་ཆོམ་ལ་ཕོབ། །འགྲོ་རྣམས་བསམ་སྦྱོར་ལོག་པའི་རྒྱུ་རྐྱེན་ལས། །བྱུང་བའི་སད་སེར་ནད་ཡམས་འབྱུང་བཞིའི་དགྲ། །གཟའ་ཀླུ་སྡེ་བརྒྱད་ཆོ་འཕྲུལ་ཉེར་འཚེའི་རིགས། །མིང་ཡང་མེད་པར་ཞི་ཞིང་བཟློག་པ་དང་། །བོད་ཁམས་བསྟན་འགྲོའི་བདེ་སྐྱིད་མགྲོན་དུ་ཁུག །རྫོགས་ལྡན་དཔལ་གྱིས་ལྗོངས་ཀུན་ཁྱབ་པར་མཛོད། །མདོར་ན་ཚེ་འདི་ནས་བཟུང་བྱང་ཆུབ་བར། །གུ་རུ་རྗེ་ལས་རེ་ས་གཞན་མེད་པས། །རྟག་ཏུ་ཐུགས་རྗེས་བུ་བཞིན་སྐྱོང་ནས་ཀྱང་། །འགལ་རྐྱེན་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ། །ཅེས་པའང་གུ་ཎའི་མིང་གིས་སོ། །

གུ་རུའི་གསོལ་འདེབས་བར་ཆད་ལམ་སེལ།

གཟུངས་དང་བདེན་པའི་ཚིག་གྲུབ་པའི། །འཕགས་ཆེན་རྣམས་ཀྱི་གསུང་ཚད་མར། །མཆོག་ཐུན་གང་འདོད་བདེ་བླག་ཏུ། །འཇུག་པའི་བྱིན་ནུས་དངོས་སུ་ཞུགས། །གཞན་དུ་སོ་སྐྱེས་ངག་འཆལ་ལ། །སྙིང་པོ་ཡོད་པ་མ་ལགས་པས། །དེ་འདྲའི་ཚུལ་ལ་སྤྲོ་བ་མེད། །འོན་ཀྱང་སྐུ་ངོ་མི་བཟློག་ཙམ། །ལྷག་བློ་མོས་གུས་དག་པ་ཡིས། །གང་ཤེས་ཚིག་ཕྲེང་ཉུང་ངུ་ཙམ། །བྲིས་ཏེ་ཕུལ་བ་འདི་ལྟར་རོ། ཨེ་མ་ཧོ། དུས་གསུམ་ཀུན་མཁྱེན་ཨོ་རྒྱན་རྡོ་རྗེ་འཆང་། །ཐུགས་ཀྱི་དགྱེས་སྡེ་མཁར་ཆེན་མཚོ་རྒྱལ་དང་། །བཻ་རོ་ཆོས་རྒྱལ་རྗེ་འབངས་རིག་པ་འཛིན། །མ་མགོན་གཟའ་རྡོར་བརྒྱུད་གསུམ་སྲུང་མ་བཅས། །མོས་ལྡན་བུ་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གློག་ལྟར་མྱུར་བའི་རྫུ་འཕྲུལ་ཤུགས་ཆེན་བསྐྱེད། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ། །ཆོས་མཐུན་བསམ་པ་མྱུར་དུ་འགྲུབ་པ་དང་། །ལེགས་ཚོགས་བཀྲ་ཤིས་ནུབ་མེད་རྒྱས་པར་མཛོད། དེ་སྐད་ཉམས་མཚར་གང་དྲན་ཚིག །བྲིས་ལ་དགོས་དོན་འགའ་མེད་ཀྱང་། །ཁྱེད་ཐུགས་དགྱེས་པ་བསྐྱེད་ཕྱིར་ཕུལ། །དབྱིངས་ཁྲེལ་མེད་པའི་བཀྲ་ཤིས་ཤོག །

ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ལ་གསོལ་བ་འདེབས་པ་བྱིན་རླབས་ཆར་འབེབས།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། གཞི་དབྱིངས་རྣམ་ཀུན་མཆོག་ལྡན་ཞིང་ཁམས་ནས། །ཐིམ་ལ་མ་རྨུག་སྤྲོས་ཀུན་ཉེར་ཞིའི་དབྱིངས། །ནང་གསལ་ཟག་མེད་ཆོས་ཕུང་རྫོགས་པའི་དཔྱིད། །ཆོས་སྐུའི་བླ་མ་ཀློང་ཆེན་རབ་འབྱམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །གཞི་སྣང་ཡེ་ཤེས་དྲྭ་བའི་ཞིང་ཁམས་ནས། །ངེས་པ་ལྔ་ལྡན་སྒྱུ་འཕྲུལ་འཁོར་ལོའི་ཚུལ། །དག་ཆེན་ཡེ་ཤེས་རོལ་མོར་ཡོངས་རྫོགས་པའི། །ལོངས་སྐུའི་བླ་མ་རྡོ་རྗེ་གཟི་བརྗིད་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །གང་འདུལ་ཐུགས་རྗེ་ཚད་མེད་ཞིང་ཁམས་ནས། །རྒྱལ་བའི་ཡེ་ཤེས་མཚན་དཔེར་ཤར་བའི་སྐུ། །གསང་རྒྱུད་རྒྱ་མཚོའི་བསྟན་པའི་ཤིང་རྟ་ཆེ། །སྤྲུལ་སྐུའི་བླ་མ་དྲི་མེད་འོད་ཟེར་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །ཟབ་གསལ་རྡོ་རྗེ་རྩེ་མོའི་དགོངས་པའི་མཛོད། །རྟོགས་གྲོལ་དུས་མཉམ་ཡེ་ཤེས་ཆེན་པོའི་དབང་། །གཅིག་ཆར་རྫོགས་ནས་གཟུང་འཛིན་འཆིང་བའི་རྒྱ། །རང་གྲོལ་ཆོས་ཟད་མངོན་སུམ་རྟོགས་པར་ཤོག །སྤྲོས་པ་རང་ཟད་ཀ་དག་དགོངས་པའི་ཀློང་། །སྲིད་ཞི་ཡེ་གྲོལ་གྲུབ་གསལ་འཕོ་འགྱུར་མེད། །རྒྱལ་བ་ཀུན་དང་རྣམ་དབྱེར་མེད་པའི་མགོན། །ཆོས་སྐུའི་བླ་མ་འཇིགས་བྲལ་གླིང་པ་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །མ་འགག་རང་གསལ་ཐིག་ལེ་གདལ་བའི་ཞིང་། །སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་དཔལ། །བདེ་སྟོང་སྒྱུ་འཕྲུལ་རྡོ་རྗེའི་མཚན་དཔེའི་སྐུ། །ལོངས་སྐུའི་བླ་མ་མཁྱེན་བརྩེའི་འོད་ཟེར་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །སྣ་ཚོགས་མ་འདྲེས་ཡེ་ཤེས་རོལ་བའི་རྩལ། །གང་ལ་གང་འདུལ་ཚད་མེད་ཐུགས་རྗེའི་གཏེར། །སྤྲུལ་སྐུའི་བླ་མ་པདྨ་དབང་ཆེན་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །མ་དག་འཁོར་ལྔའི་རྩ་ཁམས་འཆིང་བའི་རྒྱ། །རང་གྲོལ་ཡི་གེ་འཁོར་ལོར་ཡོངས་དག་པས། །ཟབ་རྒྱས་སྤོབས་པའི་གཏེར་བརྒྱད་ཡོངས་གྲོལ་ཏེ། །སྨིན་གྲོལ་འཕྲིན་ལས་མཁའ་དང་མཉམ་པར་ཤོག །སྲིད་པའི་སྣང་ཞེན་མཉམ་ཉིད་ཆེན་པོ་རུ། །རང་གྲོལ་རིག་སྟོང་དོན་གྱི་ཧེ་རུ་ཀ། །སྲིད་ཞིའི་སྤྲོས་པའི་མཚན་མ་ཀུན་བྲལ་བའི། །ཁྲག་འཐུང་དཔའ་བོ་ཡེ་ཤེས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །བླང་དོར་སྤྲོས་པའི་ཉེར་ལེན་ཇི་སྙེད་པ། །སྤྲོས་བྲལ་རིག་སྟོང་ཐིག་ལེར་རོ་གཅིག་པས། །བྱ་རྩོལ་རེ་དོགས་ཞེན་པ་རང་ཟད་དེ། །འཕོ་མེད་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །བདེ་སྟོང་ཡེ་ཤེས་སྒྱུ་མའི་མཚན་དཔེའི་གཟུགས། །དགའ་བཞིའི་ཡེ་ཤེས་རོས་གང་ལྷན་སྐྱེས་བཅུད། །ཟག་བྲལ་དགྱེས་སྤྲིན་རོལ་མོས་རྒྱལ་བ་ཀུན། །དགྱེས་བསྐྱེད་དབྱིངས་ཕྱུག་བློ་གསལ་དབང་མོ་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །ཟག་བཅས་སྙིགས་མའི་རྩ་རླུང་ཐིག་ལེའི་ཁམས། །བདེ་སྟོང་དྷུ་ཏིའི་དབྱིངས་སུ་ཐིམ་པ་ལས། །གཉུག་མའི་ཕུང་ཁམས་ཡེ་ཤེས་རྡོ་རྗེའི་སྐུར། །སྨིན་གྲོལ་རྩལ་ཆེན་རྫོགས་པར་བྱིན་གྱིས་རློབས། །དེ་ལྟར་ཡེ་ཤེས་སྐུ་བརྙེས་རིག་འཛིན་གཙོ། །ཡབ་སྲས་དགྱེས་ཡུམ་ཌཱཀྐིའི་ཚོགས་བཅས་ལ། །མི་ཕྱེད་གདུང་བས་སྙིང་ནས་གསོལ་བཏབ་མཐུས། །ས་ལམ་ཡོན་ཏན་རྩོལ་མེད་ཡེ་རྫོགས་སུ། །མངོན་གྱུར་གདོད་མའི་རྒྱལ་སར་དབུགས་དབྱུང་ནས། །གང་འདུལ་གདུལ་བྱར་ཐབས་མཁས་འཕྲིན་ལས་ཀྱིས། །འཚམ་པར་ཆོས་སྟོན་སྲིད་མཚོ་དོང་སྤྲུགས་ཏེ། །བདག་གཞན་ཕྱམས་ཅིག་མངོན་པར་བྱང་ཆུབ་ཤོག ཅེས་པའི་གསོལ་འདེབས་ཉུང་གསལ་འདི། །མོས་ལྡན་ཁྱུང་རྒྱལ་གྱིས་སྐུལ་ངོར། །སྤྲང་བན་ཡོན་ཏན་མགོན་པོས་བྲིས། །དགེ་བས་མཁའ་མཉམ་ཡིད་ཅན་ཀུན། །བླ་མ་མཁའ་འགྲོས་རྗེས་བཟུང་སྟེ། །མཐར་ཐུག་དགོངས་ཀློང་རོ་གཅིག་ཤོག །

གུ་དྲག་དམག་བཟློག་བདུད་འགོང་ཚར་གཅོད།

ཧྲི་ཧཱུྃཿ སྣང་བའི་དངོས་ཀུན་ཡེ་ཤེས་འོད་ལྔའི་ཞིངཿ སྲིད་པའི་གཟུང་འཛིན་རབ་འབྱམས་རྩ་གསུམ་ལྷཿ རིག་སྟོང་འགྱུར་མེད་མངོན་རྫོགས་ཐོད་ཕྲེང་རྩལཿསྲིད་ཞིའི་སྤྱི་དཔལ་དམར་ནག་མེ་ཕྲེང་ཅནཿ དྲག་རྩལ་སྡེ་ལྔ་སྣང་སྲིད་དྲེགས་པའི་ཚོགསཿ ཐུགས་དམ་རྒྱུད་བསྐུལ་མངོན་སྤྱོད་འཕྲིན་ལས་ཀྱིསཿ བསྟན་གཤེད་བདུད་འགོང་ཀླ་ཀློའི་བསམ་སྦྱོར་ཀུནཿ མིང་ཙམ་མེད་པར་རྩད་ནས་བརླག་པར་མཛོདཿ ནག་ཕྱོགས་བདུད་སྡེའི་ཤེ་མོང་འཐིབས་པོའི་དཔུངཿདབང་དྲག་ཕྲིན་ལས་ཉི་མ་འབུམ་གྱི་གཟིསཿ སྐད་ཅིག་ཉིད་ལ་མིང་མེད་ཚར་བཅད་དེཿ བསྟན་འགྲོའི་ལེགས་ཚོགས་སྣང་ཆེན་རྒྱས་པར་མཛོདཿ མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་ཕྱག་རྒྱ་ཡིསཿ དངོས་དང་དངོས་མེད་ཆོས་ཀུན་རྒྱས་བཏབ་པསཿ ཁམས་གསུམ་ཡོངས་སྒྲོལ་ཕྲིན་ལས་མཐར་ཕྱིན་པཿ ཀུན་བཟང་རྒྱལ་སྲིད་ཆེན་པོར་དབང་བསྒྱུར་ཤོགཿསྔགས་སྲུང་མའི་འཕྲིན་བཅོལ་རླུང་ནག་འཚུབས་མ། །བྷྱོཿ རླུང་ནག་འཚུབས་མའི་དཀྱིལ་འཁོར་ཆེན་པོ་ནས། །མ་ཅིག་དཔལ་ལྡན་བདུད་མོ་རེ་མ་ཏི། །མཐིང་ནག་རྔམ་པ་འཇིགས་པའི་ཆས་དགུ་ལྡན། །དམ་ཚིག་དབང་གིས་འདིར་བྱོན་དགྱེས་པར་བཞུགས། །དམར་གཏོར་ཚིལ་ཆེན་ཤ་སྣ་སྙིང་སྣས་བརྒྱན། །ཛ་གད་རཀྟ་ཕུད་ཀྱིས་བྲན་པ་འདི། །མ་ཅིག་བདུད་མོ་ནག་མོས་བཞེས་མཛོད་ལ། །བསྟན་པའི་དགྲ་ལ་ཁྲག་གི་ན་བུན་ཕོབ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། བཛྲ་རེ་མ་ཏི་ཨི་དམ་བྷ་ལིངྟ་ཁ་ཧི་ཁཱ་ཧི། །ཅེས་སོ། །

སྨོན་ལམ་མཁའ་སྤྱོད་མ།

མཐའ་ཀླས་རྒྱལ་བའི་གསང་གསུམ་ཡེ་ཤེས་ཁམས། །གདུལ་བྱའི་ཡུལ་ལ་དགེ་བའི་བཤེས་ཀྱི་ཚུལ། །བཀའ་དྲིན་མཚུངས་མེད་དཔལ་ལྡན་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དེང་ནས་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་ལུས་ཐོབ་ཐེག་མཆོག་བཤེས་དང་འཕྲད། །སྨིན་གྲོལ་བདུད་རྩིའི་བཅུད་ལ་ལོངས་སྤྱོད་དེ། །དོན་གཉིས་མཐར་ཕྱིན་གོ་འཕང་མཆོག་འགྲུབ་ཤོག །ཟབ་གསང་རྡོ་རྗེ་ཐེག་པའི་ཉེ་ལམ་ལས། །སྒོ་གསུམ་ལྷ་སྔགས་ཡེ་ཤེས་འཁོར་ལོ་རུ། །ཡོངས་ཕྱིན་འབྲེལ་ཚད་དོན་དང་ལྡན་པ་ཡི། །རླབས་ཆེན་སྤྱོད་པས་འགྲོ་ཁམས་སྒྲོལ་བར་ཤོག །འཕུར་འགྲོའི་གྲོང་ཁྱེར་ཌཱཀྐིའི་ཚོགས་དབུས་སུ། །བདེ་སྟོང་སྒྱུ་འཕྲུལ་དྲྭ་བའི་རྩལ་རྫོགས་ཏེ། །བཟང་ངན་འབྲེལ་བས་བསྡུས་པའི་མཁའ་ཁྱབ་འགྲོ། །ཁ་སྦྱོར་བདུན་ལྡན་ས་ལ་དབུགས་འབྱིན་ཤོག །ཅེས་པ་འདི་ཡང་ཁྱབ་བདག་གྲུབ་པའི་སྤྱི་མེས་འཇའ་ལུས་རྡོ་རྗེའི་གདུང་རིགས་ཀྱི་ལྷ་བཙུན་མ་ཟླ་གསལ་དབང་མོ་མཆོག་གི་བཞེད་ངོར་མཁན་མིང་ཡོན་ཏན་མགོན་པོས་བྲིས་ཏེ་ཕུལ། །

སྨོན་ལམ་གཞན་ཕན་ནོར་བུ།

འགྲོ་ཀུན་སྡུག་བསྔལ་བདག་གིས་སེལ་བྱེད་ཅིང་། །དབུལ་བས་ཉེན་ལ་དཔལ་འབྱོར་འདོད་རྒུ་སྦྱིན། །ནམ་ཞིག་ཤ་ཁྲག་བཅས་པའི་ལུས་འདི་ཡིས། །འགྲོ་ལ་ཕན་པ་སྒྲུབ་པའི་མཐུ་ཐོབ་ཤོག །བདག་ནི་དམྱལ་བར་ཡུན་རིང་གནས་ནས་ཀྱང་། །སེམས་ཅན་རྣམས་ཀྱི་དོན་ཀུན་བྱེད་པ་དང་། །འཇིག་རྟེན་འཇིག་རྟེན་འདས་པའི་འབྱོར་ཚོགས་ཀྱིས། །ལུས་ཅན་རེ་བ་མཐའ་དག་རྫོགས་བྱེད་ཤོག །ནམ་ཡང་གཞན་དོན་ཡལ་བར་འདོར་བ་དང་། །གཅིག་པུར་ཞི་བ་གཉེར་བའི་བློ་སྤངས་ཏེ། །འགྲོ་ཀུན་ཡིད་རབ་ཚིམ་པར་བྱེད་པ་ཡི། །ཆོས་ཀྱི་བདུད་རྩི་རྟག་ཏུ་སྦྱིན་གྱུར་ཅིག །ནམ་ཞིག་རྫོགས་སངས་རྒྱས་ནས་འགྲོ་ཀུན་གྱི། །སྡུག་བསྔལ་མ་ལུས་དྲུང་ནས་འབྱིན་པ་དང་། །དེ་མ་ཐོབ་པའི་སྐྱེ་བ་ཀུན་ཏུ་ཡང་། །གཞན་ལ་ཕན་པ་འབའ་ཞིག་སྒྲུབ་པར་ཤོག །ནམ་ཡང་གཞན་ལ་ཕན་པ་མི་སྒྲུབ་པའི། །ལུས་དང་འཚོ་བ་ནོར་དང་ཤེས་རབ་དང་། །དབང་ཕྱུག་དག་ལ་དགའ་བའི་བློ་སྤངས་ཏེ། །གཞན་གནོད་གཞིར་བཅས་སྤོང་ལ་གོམས་བྱེད་ཤོག །འགྲོ་ཀུན་སྡིག་པའི་འབྲས་བུ་མ་ལུས་པ། །བདག་ལ་སྨིན་ཞིང་ལུས་ཅན་ཇི་སྙེད་པ། །བདག་གི་བདེ་དགེའི་དཔལ་གྱིས་འཚོ་བ་དང་། །བྱང་ཆུབ་བླ་མེད་གོ་འཕང་ཐོབ་པར་ཤོག །ཅེས་པའང་གཅོད་རྒན་འཇམ་དབྱངས་ཀྱི་ངོར་ཡོན་ཏན་མགོན་པོས་འཕྲལ་བཏང་དགེའོ། །

བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་གྲིབ་བསིལ།

ན་མོ་ཤཀྱཱ་མུ་ནེ་ཡེ། ཚོགས་གཉིས་རྒྱ་མཚོའི་སྙིང་པོ་ལས། །ཡོན་ཏན་རིན་ཆེན་གཏེར་བརྙེས་ཏེ། །རང་གཞན་དོན་གཉིས་རྫོགས་མཛད་པ། །ཤཱཀྱའི་སྲས་ལ་མགོས་ཕྱག་འཚལ། །གང་གི་རླབས་ཆེན་ཐུགས་བསྐྱེད་མཐུས། །བདག་སོགས་གདུལ་དཀའི་འགྲོ་བ་རྣམས། །ཕན་བདེའི་ས་ལ་འགོད་པའི་དྲིན། །བསམ་བཞིན་དད་གུས་མཆི་མས་བརྣངས། །རྒྱལ་བ་དུས་གསུམ་གཤེགས་ཀུན་གྱི། །མཁྱེན་བརྩེའི་ཕུང་པོ་སྡོམ་པའི་དཔྱིད། །ཞིང་འདིའི་སྟོན་པ་ཟླ་བྲལ་བ། །ཤཱཀྱ་སེདྒེར་དད་བརྒྱས་འདུད། །ཀྱེ་མ་ཧོ་འཇིག་རྟེན་རྣམ་འདྲེན་ཁྱོད། །བདག་ཅག་སྙིགས་ལྔའི་གདུལ་བྱའི་འགྲོ། །སྡུག་བསྔལ་མི་བཟད་དུག་གི་མཚོར། །གཡེངས་པ་ཡལ་བར་འདོར་ཕོད་དམ། །དབང་བཅུའི་ཕ་རོལ་ཕྱིན་པ་ཁྱོད། །རྩྭ་མཆོག་གྲོང་གི་གནས་དེ་རུ། །ཞི་བར་གཟིམས་པ་ཅུང་བདེན་ནམ། །ད་ནི་བདག་ཅག་སུ་ལ་རེ། །སྡུག་བསྔལ་བཟོད་དཀའི་མེ་དོང་དུ། །རྣམ་པར་འཚིག་པའི་འགྲོ་མང་འདི། །མགོན་པོ་ཁྱོད་ཀྱིས་མི་སྐྱོབ་ན། །སྐྱོབ་པ་གཞན་ཞིག་གང་དུ་འཚོལ། །ཀྱེ་ཧུད་རྒྱལ་བ་སྙིང་རྗེའི་གཏེར། །སྙིང་རྗེའི་ཡུལ་དུ་རབ་གདུང་བའི། །སྡུག་བསྔལ་མང་ལྡན་ལྔ་བདོའི་འགྲོ། །གཟིགས་ནས་མི་སྐྱོབ་འདི་ཅི་ཞིག །ཨེ་མ་ཐབས་མཁས་ཕ་རོལ་གཤེགས། །ཁྱོད་འདྲས་བདག་ཅག་མ་བསྒྲལ་ན། །ལྔ་ཕྲག་ཐ་མའི་གདུལ་དཀའི་འགྲོ། །སྐྱོབ་ནུས་གཞན་ཞིག་གང་དུ་འཚོལ། །དེས་ན་བདག་ཅག་མགོན་ཁྱོད་ཀྱི། །བཀའ་དྲིན་རྗེས་སུ་དྲན་པའི་བློས། །ཁྱེད་ཀྱི་རྣམ་ཐར་རྒྱ་མཚོ་ལ། །རྗེས་སུ་སློབ་པའི་འདུན་པ་བསྐྱེད། །ལུས་པ་མེད་པའི་འགྲོ་མང་ཁམས། །མཐའ་ཡས་རབ་ཏུ་སྒྲོལ་བའི་ཕྱིར། །བྱང་ཆུབ་སྤྱོད་པ་རྒྱ་མཚོ་ལ། །བྱང་ཆུབ་བར་དུ་བདག་གིས་སྤྱོད། །དམྱལ་མེ་བཟོད་དཀས་ཆེས་མནར་བའི། །ལུས་ཅན་ཇི་སྙེད་དེ་ཀུན་ལ། །དབུགས་འབྱིན་ཆེན་པོ་བདག་གིས་བསྒྲུབ། །གཞན་ཡང་འགྲོ་གང་སྲིད་ལམ་འདིར། །སྡུག་བསྔལ་གང་དང་གང་ཐོབ་པ། །དེ་ཀུན་བདག་གིས་རྒྱུན་བཅད་དེ། །ཕན་བདེ་མཆོག་ལ་དགོད་པར་བགྱི། །འགྲོ་གང་མཚམས་མེད་ལྔ་བྱེད་དང་། །ཆོས་སྤོང་བྱང་སེམས་འཕགས་པ་ལ། །སྨོད་དང་གནོད་པའི་ལས་བྱེད་པ། །དེ་ཀུན་བདག་གིས་འདྲེན་པར་བགྱི། །གང་དག་ལོག་པར་ལྟ་བ་དང་། །རྩ་བ་ཡན་ལག་དམ་ཚིག་ལས། །ཉམས་པ་ཕྱིར་མི་འཆོས་པ་དག །མྱུར་དུ་བདག་གིས་བསྐྱབ་པར་བགྱི། །སྐལ་བ་ངན་པའི་འགྲོ་རྒྱུད་ལ། །རྒྱལ་བའི་ཕྲིན་ལས་འཇུག་པའི་སྐབས། །རང་གི་ནོངས་པས་བཅད་དེ་ཀུན། །མ་ལུས་བདག་གིས་བསྐྱབ་པར་བགྱི། །འགྲོ་གང་ཤིན་ཏུ་མི་བཟད་པའི། །ལས་ངན་གྱིས་མནར་སུ་ཡང་རུང་། །བདག་གི་མིང་ཙམ་ཐོས་པས་ཀྱང་། །ལས་ཟད་གོ་འཕང་མཆོག་ཐོབ་ཤོག །རྨོངས་པར་གོམས་པའི་རྒྱུ་མཐུན་གྱིས། །ཤིན་ཏུ་བླུན་ཞིང་རྨོངས་པ་རྣམས། །བདག་མིང་ཐོས་པ་ཙམ་ཉིད་ནས། །བློ་མཆོག་ཕ་རོལ་ཕྱིན་པར་ཤོག །འཇིགས་དང་དབུལ་ཕོངས་ནད་གདོན་དང་། །ཡིད་མི་བདེ་གྱུར་སུ་ཡང་རུང་། །བདག་མཐོང་ཐོས་དང་དྲན་པ་ཡིས། །བདེ་ཐོབ་ཐར་ལམ་མཆོག་རྙེད་ཤོག །ཚུལ་ཁྲིམས་འཆལ་དང་དམ་ཚིག་ཉམས། །བཅོས་སུ་མི་རུང་གྱུར་ཀུན་ཀྱང་། །བདག་མཐོང་ཐོས་དང་དྲན་ཙམ་གྱིས། །རྣམ་དག་ཡོན་ཏན་རྫོགས་པར་ཤོག །སུ་ཞིག་བཅས་དང་རང་བཞིན་གྱི། །ཉེས་པར་འཇུག་འདོད་དེའི་དྲུང་དུ། །བདག་ཉིད་མངོན་སུམ་འདུག་ནས་ནི། །ཉེས་པ་བྱེད་ལས་བཟློག་པར་ཤོག །བདག་གི་འཁོར་བ་ཐོག་མེད་ནས། །ཕྱི་མཐའི་བར་གྱི་དགེ་ཚོགས་ཀུན། །སེམས་ཅན་ཀུན་གྱི་རྗེས་འགྲོ་ཞིང་། །འགྲོ་ཀུན་རྟག་ཏུ་བདེ་གྱུར་ཅིག །སྡུག་བསྔལ་ཀུན་གྱི་ཁུར་ཆེན་པོ། །མ་ལུས་བདག་གིས་ཡོངས་བཟུང་སྟེ། །སྲིད་ན་སེམས་ཅན་སུ་ཡང་རུང་། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །བདག་མཐོང་ཐོས་དང་དྲན་པ་དང་། །རླུང་ཕྱོགས་ཙམ་དུ་རེག་པས་ཀྱང་། །སྡིག་དང་ཉོན་མོངས་རབ་ཟད་དེ། །ངན་སོང་སྐྱེ་བ་རྒྱུན་གཅད་ཤོག །བདག་ལ་ཁྲོ་དང་སྨོད་པ་དང་། །བརྙས་དང་ཡོངས་སུ་རྡེག་པ་དང་། །ཅོ་འདྲི་ཕྲག་དོག་བྱེད་ཀུན་ཀྱང་། །གཏན་དུ་ངན་འགྲོའི་རྒྱུན་ཆད་ཤོག །དེ་ལྟར་བདག་གིས་གང་སྨོན་པ། །ཇི་བཞིན་ཡོངས་སུ་མ་རྫོགས་བར། །དེ་སྲིད་བདག་ནི་བླ་མེད་པའི། །གོ་འཕང་འཐོབ་པར་ཡོངས་མི་བགྱིད། །ནམ་ཞིག་བདག་འཚང་རྒྱ་བའི་དུས། །ཞིང་དང་གདུལ་བྱར་མ་གྱུར་པའི། །སེམས་ཅན་འགའ་ཡང་མ་མཆིས་ཤིང་། །དེ་ཀུན་དངོས་ཀྱིས་གདུལ་བར་ཤོག །དེར་ཡང་བླ་མེད་ཚུལ་གཅིག་པས། །སྟོང་ཉིད་ཟབ་མོའི་སེདྒེའི་སྒྲ། །ཀུན་ལ་གཅིག་ཆར་སྟོན་པ་ཡིས། །ཐམས་ཅད་ཐེག་མཆོག་ལ་འགོད་ཤོག །དེ་དག་ས་དང་ལམ་རྣམས་དང་། །སྤྱོད་དང་སྨོན་ལམ་རྒྱ་མཚོ་ཀུན། །སྐད་ཅིག་ཉིད་ལ་རབ་རྫོགས་ཏེ། །འཁོར་བ་དོང་ནས་སྤྲུག་པར་ཤོག །དེ་ལྟར་བདག་གིས་བྱང་ཆུབ་སྤྱོད་པ་ལ། །མངོན་དགའི་སྨོན་པའི་དམ་བཅའ་ལྷུར་བླངས་པ། །དེས་ནི་མཁའ་མཉམ་འགྲོ་བ་མ་ལུས་པ། །ཀུན་མཁྱེན་ཡེ་ཤེས་མཆོག་ལ་རེག་པར་ཤོག །ཅེས་པའི་དམ་བཅའ་ཉུང་ངུའི་སྨོན་ཚིག་འདི་ཡང་བྱང་ཆུབ་སྤྱོད་པ་རྒྱ་མཚོའི་ཚུལ་ལ་སྙིང་ནས་མོས་པའི་བྷུ་སུ་ཀུ་པ་འཇིགས་མེད་ཡོན་ཏན་མགོན་པོའམ་མིང་གཞན་རྒྱལ་སྲས་གཞན་ཕན་ཟླ་བའི་འོད་ཟེར་དྲི་མ་མེད་པའི་དཔལ་ཞེས་འབོད་པ་དེས་རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་གྱི་ཉིན། སྟོན་པ་མཆོག་དེའི་བཀའ་དྲིན་རྗེས་སུ་དྲན་པའི་མོས་གུས་ཀྱིས་མཚམས་སྦྱར་ཏེ་ལེགས་པར་བཀོད་པ་འདིས་ཀྱང་ལུས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་མྱུར་དུ་མངོན་པར་འཚང་རྒྱ་བའི་རྒྱུར་གྱུར་ཅིགསརྦ་མདྒ་ལཾ་བྷུ་བྷཻ་སིདྡྷི་ནུནྟེ། །

བཀྲ་ཤིས་མ་ཆགས་སྐྱོན་བྲལ།

ཧྲཱིཿ མ་ཆགས་སྐྱོན་བྲལ་པདྨ་རིགས་ཀྱི་ལྷ། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་རྫོགས་པའི་དཔལ། །ཚེ་ལྷ་རིགས་ལྔ་ལྷ་མོ་མགྱོགས་མ་བཅས། །རབ་འབྱམས་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག །འཆི་མེད་རྡོ་རྗེའི་ཚེ་ཡི་ཀ་བ་བརྟན། །ཟད་མེད་བསོད་ནམས་དཔལ་གྱི་མངའ་ཐང་རྒྱས། །ཆོས་སྲིད་འབྱོར་བ་རྒྱ་མཚོ་རྒྱུན་མ་ཆད། །བཀྲ་ཤིས་དཔལ་གྱིས་ཕྱོགས་དུས་ཀུན་ཁྱབ་ཤོག །རྒྱུད་འགྲེལ་གྱི་སྐོར།

འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་མཆན་འགྲེལ་རྒྱུད་དོན་རབ་གསལ་ཉི་ཟླའི་སྣང་བ།

ན་མོ་མཉྫུ་ཤྲཱི་ཡེ། རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་གཅིག་བསྡུས་པ། །རྨད་བྱུང་བློ་གྲོས་མཆོག་གཏེར་ངག་གི་དབང་། །གསང་རྒྱུད་རྒྱ་མཚོའི་མངའ་བདག་བཱི་མ་ལ། །གང་དང་དབྱེར་མེད་ཁྱབ་བདག་བླ་མར་འདུད། །ཟབ་ཅིང་རྒྱ་ཆེ་སྒྱུ་འཕྲུལ་དྲྭ་བའི་རྒྱུད། །ཇི་བཞིན་རྣམ་འགྲེལ་འཕགས་བོད་གཞུང་ཀུན་གྱི། །ཕུལ་དུ་རབ་བསྔགས་དོན་གསལ་སྒྲོན་མེའི་ངག །མ་ནོར་མཆན་དུ་དགོད་ལ་གནང་བ་སྩོལ། དེ་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་ཇི་ལྟར་ཡིན་པ་རྟོགས་པར་འདོད་པའི་རྣལ་འབྱོར་པ་དབང་པོ་རབ་འབྲིང་གསུམ་དུ་འགྱུར་ཏེ། རབ་ལ་བཀའ་རྒྱུད་མདོའི་བདག་ཉིད་ཅན་འདིའི་མཚན་བཤད་པར་བྱ། འབྲིང་ལ་གཞུང་དབུ་ཞབས་ཀྱི་དབྱེ་བ་བསྟན་པར་བྱ། ཐ་མ་ལ་ཡི་གེ་འབྲུ་རེ་རེ་ནས་བསྟན་པར་བྱའོ། དེ་ལ་དྲི་བ་དང་ལན་གྱི་ཚུལ་དུ་བཤད་པ། མཐའ་སྡུད་ཀྱི་ཚུལ་དུ་བཤད་པ་དང་གསུམ་ནི་དོན་གནས་སྐབས་སུ་སྦྱར་བར་བྱའོ། དེ་ལ་དབང་པོ་རབ་མགོ་སྨྲོས་པས་གོ་བ་རྣམས་ཀྱི་དོན་དུ་རྒྱུད་ཀྱི་མཚན་བསྟན་པ་ནི། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སདྒ་ཏི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ། ཞེས་པ་འདིས་བསྟན་ཏེ། དེ་ལ་འཕགས་པ་ནི་གཉིས་ཏེ། བརྗོད་བྱ་དོན་གྱི་སྒོ་ནས་འཕགས་པ་ནི། རྗེ་བཙུན་ཉིད་འཁོར་བའི་མཐའ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་ལས་འཕགས་པས། མཐའ་གཉིས་ལ་ཞེན་པའི་སྒྲིབ་པ་མེད་པ་ཡིན་ཏེ། འདི་ཉིད་ལས། སྒྲིབ་པ་ཀུན་ལས་ངེས་པར་གྲོལ། མཁའ་ལྟར་མཉམ་པ་ཉིད་ལ་གནས། ཞེས་འབྱུང་ངོ་། རྗོད་བྱེད་ཚིག་གི་སྒོ་ནས་འཕགས་པ་ནི་ཐབས་ཀྱི་ཐེག་པ་འདི་ཉིད་ཡིན་ཏེ། ཐབས་མང་བ་དང་། ཐབས་མཁས་པ་དང་། ཐབས་སླ་བ་དང་། ཐབས་མྱུར་བ་དང་བཞིས་འཕགས་ཏེ། དེ་ཡང་། དོན་གཅིག་ན་ཡང་བྱེ་བྲག་ནི། ཐབས་མང་བ་དང་མཁས་པ་དང་། དེ་བཞིན་སླ་དང་མྱུར་བ་ཡིས། སྔགས་ཀྱི་བསྟན་པ་ཁྱད་པར་འཕགས། ཞེས་འབྱུང་ངོ་། དེ་ལ་ཐབས་མང་བ་ནི། གདུལ་བྱ་རྣམས་ཀྱིས་ཇི་ལྟར་མོས་པ་ལས་མ་བཟློག་པར་གྲོལ་བའི་ཐབས་མཐའ་ཡས་པ་སྟོན་པའོ། དེ་ཡང་། ངེས་འབྱུང་ཀུན་གྱི་ལམ་ལ་གནས། ཞེས་སོ། ཉོན་མོངས་མ་སྤངས་ཀྱང་གྲོལ་བའི་ཐབས་ཤེས་པས་ཐབས་མཁས་པའོ། དེ་ཡང་། མཁས་པ་ཆེན་པོ་ཐབས་ཆེ་བ། ཞེས་པའོ། སྒོ་གསུམ་དཀའ་ཐུབ་ཀྱིས་མ་གཟིར་བར་འདོད་པའི་ལོངས་སྤྱོད་ལ་གནས་བཞིན་དུ་གྲོལ་བའི་ཐབས་སྟོན་པས་ཐབས་སླ་བའོ། དེ་ཡང་། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། ཞེས་སོ། ཐབས་ཀྱི་ཐེག་པའི་རིགས་ཅན་གྱིས་ཐམས་ཅད་གཉིས་མེད་དུ་རྟོགས་པས་ཚེ་འདི་ཉིད་ལ་བྱང་ཆུབ་འགྲུབ་པས་ཐབས་མྱུར་བའོ། དེ་ལ་འཇམ་དཔལ་ནི་དབྱེ་ན་རྣམ་པ་ལྔ་སྟེ། རང་བཞིན་རྒྱུའི་འཇམ་དཔལ་དང་། སྒོམ་པ་ལམ་གྱི་འཇམ་དཔལ་དང་། མཐར་ཐུག་འབྲས་བུའི་འཇམ་དཔལ་དང་། གདུལ་བྱ་ལས་དག་པ་ལ་སྣང་བའི་འཇམ་དཔལ་དང་། རྣམ་པའི་བདག་ཉིད་དུ་སྣང་བའི་འཇམ་དཔལ་ལོ། དེ་ལ་རང་བཞིན་རྒྱུའི་འཇམ་དཔལ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་དེ་བཞིན་ཉིད་ཀྱིས་ཁྱབ་པའོ། དེ་ལ་མཚན་རྟོག་གི་ཟུག་རྔུ་བྲལ་བ་དང་། རྟོགས་ན་ཀུན་གྱི་དཔལ་དུ་གྱུར་པས་དེ་སྐད་ཅེས་བྱའོ། སྒོམ་པ་ལམ་གྱི་འཇམ་དཔལ་ནི། བསྐྱེད་རྫོགས་སོགས་ལམ་གྱི་ཆོས་སུ་གྱུར་པ་རྣམས་ཡིན་ཏེ། དེ་ཉིད་ཀྱི་གནས་སྐབས་ནས་རྟོག་པའི་ཟུག་རྔུ་རྣམས་ནི་སྤངས་ལ་སླཔཕསླཔཕཤས་ཤིག་ནི་སྤོང་པ་ལ་ཞུགས་པས་འཇམ་ལ། དེ་ལས་བདག་དང་གཞན་གྱི་དོན་འབྱུང་བས་དཔལ་ལོ། མཐར་ཐུག་འབྲས་བུའི་འཇམ་དཔལ་ནི། སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ལ། མཆོག་གི་དང་པོ་སྐུ་གསུམ་འཆང་། ཞེས་འབྱུང་ངོ་། དེ་ལ་སྐུ་གསུམ་ནི་ཐུན་མོང་གི་དབང་དུ་བྱས་ན། ཆོས་སྐུ་སྐྱེ་མེད་ནམ་མཁའ་ལྟ་བུ་ལ། ལོངས་སྤྱོད་རྫོགས་སྐུ་རྣམ་པར་སྣང་མཛད་སྤྲིན་ལྟ་བུ་འབྱུང་བ་དེ་ལས། སྤྲུལ་སྐུ་ཤཱཀྱ་ཐུབ་པ་ཆར་ལྟ་བུས་འགྲོ་བའི་དོན་མཛད་པའོ། ཁྱད་པར་གྱི་དབང་དུ་བྱས་ན། རིག་པ་རང་བཞིན་གྱིས་འོད་གསལ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ། རིག་པ་སྣ་ཚོགས་སུ་འཆར་བ་སྤྲུལ་བའི་སྐུ། ཇི་ལྟར་སྣང་ཡང་དོན་སྐྱེ་མེད་ལས་མ་འདས་པ་ཆོས་ཀྱི་སྐུའོ། དེ་ལ་ཡེ་ཤེས་ལྔ་ནི། ཆོས་ཉིད་སྐྱེ་འགག་མེད་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་ཉིད་གསལ་ལ་རྟོག་པ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས། དེ་གཉིས་སུ་དབྱེར་མེད་ཅིང་བླང་དོར་མེད་པས་མཉམ་པ་ཉིད་ཀྱི་ཡེ་ཤེས། ཆོས་སྤྱི་དང་རང་གི་མཚན་ཉིད་མ་འདྲེས་པར་གསལ་བ་ནི་སོ་སོར་རྟོགས་པའི་ཡེ་ཤེས། བདག་དང་གཞན་གྱི་དོན་རྩོལ་བ་མེད་པར་གྲུབ་པས་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། དེ་ཡང་འདི་ཉིད་ལས། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདགཅེས་འབྱུང་ངོ་། གདུལ་བྱ་ལས་དག་པ་ལ་སྣང་བའི་འཇལ་དཔལ་ནི། རྣལ་འབྱོར་པ་ཏིང་ངེ་འཛིན་གོམས་པའི་མཐུས་ལྷ་སྐུའི་ཞལ་མཐོང་བའོ། རྣམ་པའི་བདག་ཉིད་དུ་སྣང་བའི་འཇམ་དཔལ་ནི། སྐུའི་གཟུགས་བརྙན་དུ་གྱུར་པ་རས་བལ་ལ་རི་མོ་བྲིས་པ་དང་། ཟངས་ལྕགས་ལ་འབུར་དུ་བཏོད་པ་རྣམས་སོ། གྱི་ཞེས་པ་འབྲེལ་བའི་ཡི་གེ་སྟེ་ཇི་སྐད་སྨོས་པའི་ཡོན་ཏན་རྣམས་དང་། ཡོན་ཏན་ཅན་རྗེ་བཙུན་འཇམ་དཔལ་དུ་འབྲེལ་བར་སྟོན་ཏེ། བརྒྱ་བྱིན་གྱི་བ་ཕྲ་མོ་ཞེས་བྱ་བ་ལྟ་བུའོ། མཚན་ཡང་དག་པར་བརྗོད་པ་ཞེས་པའི་མཚན་ནི་འོག་ནས་འབྱུང་བའི་ཡོན་ཏན་གྱི་ཆོས་རྣམས་ཡིན་ལ། ཡོན་ཏན་དེ་དག་དང་རྗེ་བཙུན་ཉིད་ལྡན་ལ། ལྡན་པ་ཁོ་ན་ལྟར་བརྗོད་པའོ། ཚུལ་ཇི་ལྟར་བརྗོད་ན་གཉིས་ཏེ། ཟབ་པ་དོན་གྱི་སྒོ་ནས་བརྗོད་པ་དང་། རྒྱ་ཆེ་བ་ཚིག་གི་སྒོ་ནས་བརྗོད་པའོ། དོན་གྱི་སྒོ་ནས་བརྗོད་པ་ནི་དོན་གཉིས་སུ་མེད་པའི་ཡེ་ཤེས་སུ་གསལ་བའོ། ཚིག་གི་སྒོ་ནས་བརྗོད་པ་ལ་གསུམ་སྟེ། མཚན་ཉིད་གཉིས་སུ་མེད་པའི་ཚུལ་དུ་བརྗོད་པ་དང་། གསང་སྔགས་ཀྱི་ཚུལ་དུ་བརྗོད་པ་དང་། ཡོན་ཏན་གྱི་ཚུལ་དུ་བརྗོད་པའོ། དེ་ལ་དང་པོ་མཚན་ཉིད་གཉིས་སུ་མེད་པའི་ཚུལ་དུ་བརྗོད་པ་ནི། རང་གི་སེམས་ཀྱི་མཚན་ཉིད་གཉིས་སུ་མེད་པའི་ཡེ་ཤེས་སུ་ངོ་ཤེས་པར་བྱས་ལ་མཚན་བརྗོད་པར་བྱ་སྟེ། བརྗོད་པའི་སྒྲ་དེ་དག་བྱུང་ཡང་སྐྱེ་འགག་མེད་པའི་ངང་ལས་བྱུང་ལ་ཐིམ་ཡང་དེ་ཉིད་དུ་ཐིམ་སྟེ། མདོར་ན་ཆོས་ཀྱི་རང་སྒྲར་ཤེས་པར་བྱའོ། འདི་ཉིད་ལས། གཉིས་མེད་གཉིས་སུ་མེད་པར་སྟོན། ཡང་དག་མཐའ་ལ་རྣམ་པར་གནས། ཞེས་འབྱུང་ངོ་། གཉིས་པ་མཚན་གསང་སྔགས་ཀྱི་ཚུལ་དུ་བརྗོད་པ་ནི། བདག་ཉིད་རྗེ་བཙུན་འཇམ་དཔལ་དུ་བསྒོམས་ཏེ་མཚན་བརྗོད་པས་ཐུགས་ཀའི་མུཾ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད་པ་དང་། སེམས་ཅན་གྱི་དོན་བྱས། སླར་རང་གི་ཐུགས་ཀར་ཐིམ། ཡང་སྔ་མ་ལྟར་སྤྲོ་ཞིང་བསྡུས་ཏེ། མཚན་ཀློག་པ་མ་ཐོན་གྱི་བར་དུ་ཅི་རིགས་སུ་བྱ་བའོ། དེ་ཡང་འདི་ཉིད་ལས། གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། ཞེས་འབྱུང་ངོ་། མཚན་ཡོན་ཏན་གྱི་ཚུལ་དུ་བརྗོད་པ་ནི། རྗེ་བཙུན་འཇམ་དཔལ་ཉིད་ལ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ་མཚན་བརྗོད་པར་བྱ་སྟེ། འདི་ཡང་ཁྱོད་ཀྱི་ཡོན་ཏན་ཞེས་དམིགས་པའོ། དེ་ཡང་འདི་ཉིད་ལས། དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། ཞེས་འབྱུང་ངོ་། དེ་དག་ཀྱང་བསྡུ་ན། དོན་ཟབ་པ་དང་། ཚིག་རྒྱ་ཆེ་བ་གཉིས་ཏེ། འདི་ཉིད་ལས། ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། ཞེས་འབྱུང་ངོ་། བར་ཆད་ཉེ་བར་ཞི་བའི་ཕྱིར་ཕྱག་འཚལ་བ་བསྟན་པ་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ཞེས་སྨོས་ཏེ་ཕྱག་ན་རྡོ་རྗེས་ཤཱཀྱ་ཐུབ་པ་ལ་ཞུས་ནས་གླེགས་བམ་དུ་སྡུད་པའི་དུས་སུ་ཀླད་དུ་ཡི་དམ་གྱི་ལྷ་ལ་ཕྱག་མཛད་པ་ཡིན་ཏེ། འོ་ན་ཕྱག་ན་རྡོ་རྗེ་ལ་ཡང་བར་ཆད་འབྱུང་ངམ་ཞེ་ན། མ་ཡིན་ཏེ་རྗེས་འཇུག་གི་དོན་དུ་དགོངས་པའོ། དེ་ཡང་འཇམ་དཔལ་ནི་གོང་དུ་བཤད་ཟིན་ཏོ། སྐུ་དུས་གསུམ་དུ་བགྲེས་རྒུད་མི་མངའ་བས་གཞོན་ནུ་སྟེ། རྟག་ཏུ་ད་ལྟར་འབྱུང་བ་ལྟ་བུའི་ཚུལ་དུ་བཞུགས་པའོ། ལ་ནི་བཀར་བའི་ཡི་གེ་སྟེ་འཇམ་དཔལ་ཉིད་ལའོ། ཕྱག་འཚལ་ལོ་ཞེས་ཟབ་པ་རྟོགས་པའི་ཕྱག་དང་། རྒྱ་ཆེ་བ་ལུས་ངག་ཡིད་གསུམ་གུས་པའི་ཚུལ་གྱིས་ཕྱག་འཚལ་བའོ། ད་ནི་དབང་པོ་འབྲིང་གི་དོན་དུ་དབུ་ཞབས་ཀྱི་དབྱེ་བ་བསྟན་པ་ནི། བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲང་ནས་ལེའུ་བཅུ་བཞིར་སྟོན་པ་ལས། དང་པོར་ཞུས་པའི་ལེའུ་བསྟན་པའི་ཕྱིར་རྩ་བའི་རྒྱུད་བཤད་པའི་རྗེས་སུ། དེ་ནས་རྟོགས་པ་བདག་གི་དཔལ་དང་ཐུགས་རྗེ་གཞན་གྱི་དཔལ་གཉིས་དང་ལྡན་པས་དཔལ་ལྡན་ཟབ་པ་དོན་གྱི་རྡོ་རྗེ་ཡེ་ཤེས་ལྔ་དབྱེར་མི་ཕྱེད་པ་འཆང་བའི་རྟགས་སུ་རྒྱ་ཆེ་བ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་བསྣམས་པས་རྡོ་རྗེ་འཆང་ངོ་། ཚངས་པ་དང་ཁྱབ་འཇུག་ལ་སོགས་ཏེ་གདུལ་དཀའ་བ་རྣམས་འདུལ་བ་ལ་སངས་རྒྱས་ཐམས་ཅད་འདུས་ནས་རི་རབ་ཀྱི་རྩེ་མོར་ཕྱག་ན་རྡོ་རྗེ་ལ་དབང་བསྐུར་བས་དེ་འདུལ་བྱེད་རྣམས་ཀྱི་མཆོག་ཅེས་བྱའོ། རང་འཇིགས་པ་དང་བྲལ་ཞིང་གཞན་གྱི་དཔུང་འཇོམས་པས་དཔའ་བོ་ས་འོག་གི་བདག་པོ་མ་ཧཱ་དེ་བ། ས་སྟེང་གི་བདག་པོ་ཁྱབ་འཇུག ས་བླའི་བདག་པོ་ཚངས་པ་གསུམ་ནི་ཕྱི་རོལ་བའི་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་ཡིན་ལ་དེ་གསུམ་བཏུལ་བས་འཇིག་རྟེན་གསུམ་ལས་རྒྱལ་བའོ། གསང་སྔགས་ཀྱི་སྡུད་པ་པོ་རྡོ་རྗེ་ཐེག་པའི་མངའ་བདག་ཏུ་གྱུར་པས་རྡོ་རྗེ་དབང་ཕྱུག་གསང་བའི་དམ་ཚིག་དང་ལྡན་ཞིང་ནང་གི་ཉོན་མོངས་པ་དང་། གདུག་པ་ཅན་རྣམས་ལས་རྒྱལ་བས་གསང་བའི་རྒྱལ་ཞེས་བྱའོ། སྐྱོན་གྱིས་མ་གོས་པས་པདྨ་ཉོན་མོངས་པ་མེད་པས་དཀར་པོ་སྤྱན་ཀུན་ཏུ་ཟླུམ་པས་རྒྱས་འདྲའི་སྤྱན་ནོ། པདྨ་རྒྱས་པའི་གདན་ལ་བཞུགས། རང་གི་ལག་གིས་དོན་གྱི་རྟགས་སུ་བྱུང་བའི་རྡོ་རྗེ་མཆོག་ཡང་དང་ཡང་དུ་གསོར་བ་བྱེད་པ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་ཡང་ནས་ཡང་དུ་སྐོར་ཅིག་ཅེས་ཞུ་བ་འབུལ་བའི་བརྡ་ཡང་ཡིན། ཐུགས་རྗེ་རྒྱུན་མི་ཆད་པས་འགྲོ་བ་འདྲེན་པའི་བརྡ་ཡང་ཡིན། གདུག་པ་ཅན་རྒྱུན་མི་ཆད་པར་འདུལ་བའི་བརྡ་ཡང་ཡིན། ནང་ན་ཡེ་ཤེས་རྒྱུན་མི་ཆད་པར་མངའ་བའི་བརྡ་ཡང་ཡིན། དེ་ཡིས་གྲོགས་གང་དང་ལྷན་ཅིག་ཞུས་ཞེ་ན། མཆེ་བ་གཙིགས། སྤྱན་ཟློག །སྨིན་མ་བསྡུས། འབྲི་གུ་ཏ་གྱེན་དུ་འགྲེང་བ་སོགས་ཀྱི་ཁྲོ་གཉེར་རིམ་པར་ལྡན་པ་ལ་སོགས་པ་ཁྲོ་བོའི་ཚོགས་ཀྱི་འཁོར། ལག་ན་རྡོ་རྗེ་ཡོན་ཏན་མཐུ་མཐའ་ཡས་པ་དང་ལྡན་པ་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཞུས་པའོ། དེ་དག་གིས་ཕྲིན་ལས་ཅི་མཛད་ཅེ་ན། གང་ལའང་མི་འཇིགས་ཤིང་བདུད་དཔུང་འཇོམས་པས་དཔའ་བོ་གདུལ་དཀའ་བཙན་ཐབས་ཀྱིས་འདུལ་བ་པོ། འཇིགས་སུ་རུང་དང་དཔའ་བྱེད་ཀྱི་ཉམས་ཅན། ཁྲོ་བོའི་ཆ་བྱད་དང་ལྡན་པའོ། དེ་དག་གི་ཕྱག་མཚན་ཅི་ཞེ་ན་རྡོ་རྗེའི་རྩེ་མོ་ལས་རྡོ་རྗེ་ཕྲ་མོ་རབ་ཏུ་འཕྲོ་བས་གདུག་པ་ཅན་འདུལ་བ། རང་གི་ལག་གིས་གསོར་བར་བྱེད་པའོ། འགྲོ་བ་རྣམས་ལ་སྙིང་རྗེ་ཆེན་པོ་དང་ལྡན་པ་ནི་རྒྱ་ཆེ་བ་དང་། ཤེས་རབ་ཀྱིས་ཆོས་རྣམ་པར་འབྱེད་པ་ནི་ཟབ་པ་དང་། ཟབ་ཅིང་རྒྱ་ཆེ་བའི་ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག་གོ། འགྲོ་བའི་དོན་བྱེད་པ་ལ་དགའ། སྟོན་པ་མཐོང་བས་མགུ། ཆོས་བཤད་པས་རྗེས་སུ་ཡི་རང་བའི་བསམ་པ་ཅན། རྒྱན་དང་རང་བཞིན་ཁྲོ་བོར་གནས་པས་ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། མཛད་པ་བཅུ་གཉིས་སམ་འཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་མཛད་པས་སངས་རྒྱས་འཕྲིན་ལས་བྱེད་པའི་མགོན། ཁྲོ་བོ་དེ་རྣམས་ཀྱིས་ཀྱང་བག་མེད་དུ་མ་ཡིན་ཏེ་ཤིན་ཏུ་གུས་པའི་ཚུལ་གྱིས། ལུས་བཏུད་པ་རྣམས་དང་ལྷན་ཅིག་ཏུ། དེ་བཞིན་ཉིད་དུ་གཤེགས་པ་དང་། འགྲོ་བའི་དོན་ལ་གཤེགས་ཤིང་བདུད་བཞི་བཅོམ། ལེགས་པའི་ཡོན་ཏན་དྲུག་དང་ལྡན་པ་ཆེ་བའི་ཡོན་ཏན་ཐམས་ཅད་རྫོགས་པ། མ་རིག་པའི་སྒྲིབ་པ་སངས་ཤིང་ཡེ་ཤེས་རྒྱས་པ་སྟེ་དེ་ལྟ་བུའི་བཅོམ་ལྡན་འདས་རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། རྡོ་རྗེ་དང་བཅས་པའི་ཐལ་མོ་སྦྱར་བར་བྱས་ནས་ནི། སྤྱན་སྔར་ཙོག་པོར་འདུག་སྟེ་འདི་སྐད་གསོལ། བརྟན་གཡོ་ཀུན་ལ་ཁྱབ་པས་ཁྱབ་བདག་ཞེས་སྟོན་པ་ལ་བོས་ནས་འཁོར་བདག་ཅག་རྣམས་ལ་སྨན་པ་དང་། བདག་ཅག་གི་དོན་དུ་བདག་ལ་ཐུགས་བརྩེའི་ཕྱིར། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བས་སྒྱུ་འཕྲུལ་དྲྭ་བ་སྟེ་དེའི་སྒོ་ནས་མངོན་པར་རྫོགས་པའི་བྱང་ཆུབ་ཅི་ནས་བདག་གིས་ཐོབ་པར་མཛོད། ཅེས་པ་སྟེ་རང་དོན་གཞན་དོན་དང་འབྲེལ་བའོ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་ནི་བྱང་ཆུབ་སེམས་ཆུ་རྙོག་པ་ལྟ་བུར་དཀྲུགས་ཤིང་། དེ་ཁོ་ན་ཉིད་མི་ཤེས་ཏེ་གླང་པོ་ཆེ་འདམ་དུ་ཚུད་པར་ལྟར་སྡུག་བསྔལ་གྱི་རྒྱ་མཚོར་བྱིངས་པ་ཡི་སེམས་ཅན་ཀུན་ལ་དེ་ལས་བཟློག་ནས་ཚེ་འདིར་སྨན་པ་དང་། ཕྱི་མ་བླ་མེད་བྱང་ཆུབ་ཀྱི་འབྲས་བུ་འཐོབ་བྱའི་ཕྱིར་ཡང་བཤད་དུ་གསོལ། སྟོན་པ་གང་ལ་ཞུས་ཤེ་ན། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འགྲོ་བའི་བླ་མ་འགྲོ་བ་རྣམས་ལ་ཆོས་སྟོན་པ་པོ་ལའོ། སྟོན་པ་དེས་མི་མཁྱེན་པ་མི་སྲིད་དམ་ཞེ་ན། དོན་རྟོགས་པ་ལས་མི་འདའ་བས་དམ་ཚིག་ཆེན་པོ་དེ་ཉིད་ཇི་ལྟ་བ་མཁྱེན་པ་གདུལ་བྱའི་དབང་པོའི་བྱེ་བྲག་དང་བསམ་པ་གང་ལ་གང་མོས་མཁྱེན་པ་མཆོག་གིས་སོ། འོ་ན་ཆོས་གང་ཞུ་ཞེ་ན། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ་ནི་མེ་ལོང་ལྟར་ཐམས་ཅད་གསལ་ཞིང་འཆར་བས་མེ་ལོང་ལྟ་བུའི་ཡེ་ཤེས་སོ། གཙུག་ཏོར་ཆེན་པོ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ཀུན་གྱི་སྤྱི་བོའི་གཙུག་ཏུ་བཀུར་བའི་འོས་ཡིན་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། ཚིག་གི་བདག་པོ་ནི་ཆོས་སྤྱི་དང་རང་གི་མཚན་ཉིད་མ་འདྲེས་པར་མཁྱེན་པའི་སྒོ་ནས་ཆོས་ཀྱི་ཚིག་གསུངས་པ་སྟེ་སོ་སོར་རྟོགས་པའི་ཡེ་ཤེས་སོ། ཡེ་ཤེས་སྐུ་སྟེ་ནི་བྱ་བ་གྲུབ་པར་བྱེད་པའི་སྐུ་སྟེ་དེ་ཡང་ཡེ་ཤེས་ལས་གྲུབ་པའི་སྐུ་ཡིན་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ། རང་བྱུང་བ་ནི་སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། ཞེས་པ་ནི་རྩ་བ་བྱང་ཆུབ་ཀྱི་སེམས་ཏེ་ཡེ་ཤེས་ཆེན་པོས་མཉམ་པ་ཉིད་ལ་སེམས་ལ། ཐུགས་རྗེས་འགྲོ་བའི་དོན་ལ་སེམས་པའོ། དེའི་རྟགས་གཟུགས་སྐུར་བྱུང་བ་ལ་ཡང་དེ་སྐད་ཅེས་བྱའོ། ཚིག་དང་དོན་གྱི་སྒོ་ནས་དེའི་མིང་ཡང་དག་པར་བརྗོད་པ་ནི་གཞན་བས་དོན་ཆེ་བས་ན་ཡང་དག་བརྗོད་པའི་མཆོག་གོ། མདོར་ན་ཡེ་ཤེས་ལྔ་བྱང་ཆུབ་སེམས་དང་དྲུག་རོ་གཅིག་པའི་ཆོས་གཅིག་ཞུས་པའོ། འོ་ན་མིང་ལས་དོན་མ་ཞུས་སམ་ཞེ་ན། བརྗོད་བྱའི་དོན་ཟབ་མོ་མཉམ་པ་ཉིད་ཀྱི་དོན་སྟོན་པ་དང་རྣམ་འཕྲུལ་སྣ་ཚོགས་སུ་སྣང་བའི་དོན་ནི་རྒྱ་ཆེ་ཞིང་། གསང་སྔགས་ཀྱི་དོན་ཆེན་པོ་ཆོས་གང་དང་ཡང་མཚུངས་པ་མེད་པ་སྤྲོས་པའི་མཚན་མ་རབ་ཞི་བ། ཐོག་མར་དགེ་བ་ཐོས་པའི་ཤེས་རབ། བར་དུ་དགེ་བ་བསམ་པའི་ཤེས་རབ། མཐར་དགེ་བ་བསྒོམ་པའི་ཤེས་རབ་བོ། ཅིའི་ཕྱིར་དགེ་ཞེ་ན། ཉོན་མོངས་པ་རྩད་ནས་འབྱིན་པས་དགེ་བའོ། དེ་སུས་གསུངས་ཤེ་ན། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། མ་འོངས་རྣམས་ཀྱང་གསུང་འགྱུར་ལ། ཞེས་པ་ནི་རྒྱལ་བ་ཤཱཀྱ་ཐུབ་པས་རི་བོ་བྱ་རྐང་ཅན་དུ་ཕྱག་ན་རྡོ་རྗེ་ལ་འདི་གསུངས་པའི་དུས་སུ་དེའི་བྱིན་རླབས་ཀྱིས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་པདྨོ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་པདྨོ་མཆོག་ཅེས་བྱ་བས་ཀྱང་། འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་གསུངས་སོ། དེ་བཞིན་དུ་ཕྱོགས་ལྔ་པོར་ཡང་གསུངས་སོ། ཆོས་ཉིད་ཀྱི་མཁའ་རྣམ་པར་དག་པ་ནས་ཀྱང་སངས་རྒྱས་རྡོ་རྗེ་འཆང་གིས་འཁོར་གྱི་དེ་བཞིན་གཤེགས་པ་ལ་འདི་གསུངས་སོ། འོག་མིན་དུ་རྣམ་སྣང་གིས་བྱང་ཆུབ་སེམས་དཔའི་འཁོར་དང་། རི་རབ་ཀྱི་རྩེར་སྤྲུལ་སྐུ་འཁོར་ལོས་བསྒྱུར་བ་ལྟ་བུས་ཀྱང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་འདི་གསུངས་སོ། དགའ་ལྡན་དུ་ལྷ་རྣམས་ལ་རྒྱལ་བ་བྱམས་པས་འདི་གསུངས་ཤིང་། དེར་མ་ཟད་ཤིང་དང་རྡེའུ་དང་ནམ་མཁའ་སོགས་ལས་ཀྱང་འདིའི་སྒྲ་གྲག་པར་བྱུང་ངོ་། དེ་ཡང་། སེམས་དཔའ་མཆོག་གི་བསྟན་པ་ནི། དབང་འབྱོར་བ་དང་རྟོགས་པ་དང་། ཁ་དང་གཟུགས་ནི་ཐམས་ཅད་དང་། ནམ་མཁའ་ལས་ཀྱང་གྲག་པར་འགྱུར། ཞེས་འབྱུང་ངོ་། ད་ལྟར་བྱུང་བའི་རྫོགས་པའི་སངས་རྒྱས་སྟོན་པ་ཐུགས་རྗེ་ཅན་གྱིས་འདི་ཉིད་རྩ་རྒྱུད་ཁྲི་དྲུག་སྟོང་པར་ཡང་ལན་གཅིག་བཤད། ཕྱིས་དགའ་བ་སྤྱོད་པ་འདིར་ཡང་ལན་གཅིག་བཤད་པས། ཡང་དང་ཡང་དུ་གསུང་བ་གང་། རྩ་བའི་རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ལས། རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་གིས་ཀྱང་། དོན་དཔག་ཏུ་མེད་པ་རྣམས་ཀྱི་རྡོ་རྗེའི་གླུ་གསུངས་ནས་འཁོར་རྣམས་དགའ་བ་བསྐྱེད་པ་དེ་བཞིན་དུ་རྡོ་རྗེ་འཆང་གིས་གླུ་བླངས་པ་གང་ལགས་པ་བདག་ཅག་ལ་ཡང་བཤད་དུ་གསོལ་ཞེས་པའོ། ཞུས་པའི་དོན་དེ་དག་བཟུང་བར་ཁས་བླང་བ་ནི། མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། གསང་བའི་མཛོད་འཛིན་པར་ཅི་ནས་བདག་འགྱུར་བའི་ཕྱིར། ངེས་པར་འབྱུང་བ་བྱང་ཆུབ་ལ་ཐུག་གི་བར་དུ་ནི། བདག་གི་བསམ་པ་ཐེ་ཚོམ་དང་བརྗེད་པ་མེད་པར་བརྟན་པོས་བཟུང་ངོ་ཞེས་ཁས་བླང་བའོ། གཞན་དོན་དུ་བཤད་པར་ཁས་བླང་བ་ནི། བཟུང་ནས་ཅི་བྱེད་ཅེ་ན། སེམས་ཅན་རྣམས་ཀྱི་ཉོན་མོངས་པ་མ་ལུས་བསལ་བ་དང་དེའི་རྒྱུ་མི་ཤེས་པ་མ་ལུས་སྤང་བའི་ཕྱིར་བཤད་དོ། དེ་ཡང་བསམ་པ་ཇི་ལྟར་མོས་པའི་ཁྱད་པར་ཤེས་པར་བྱས་ཏེ། བསམ་པ་ཇི་བཞིན་དུ་སེམས་ཅན་རྣམས་ལ་བཤད་པར་འཚལ་གྱི་ཐུན་མོང་དུ་ནི་མ་ཡིན་ནོ། ལུས་ངག་ཡིད་གསུམ་གུས་པའི་ཚུལ་གྱིས་ཞུས་པ་ནི། གསང་དབང་ལག་ན་རྡོ་རྗེ་ཡིས། དེ་བཞིན་གཤེགས་ལ་དེ་སྐད་དུ། གསོལ་ནས་ཐལ་མོ་སྦྱར་བྱས་ཏེ། ལུས་གུས་པའི་ཚུལ་གྱིས་བཏུད་ནས་ནི་སྤྱན་སྔར་འདུག་སྟེ་གདན་པདྨ་ལས་ལུས་ཕྱེད་འཕགས་ཏེ་གསོལ་བ་བཏབ་པའོ། ད་ནི་ལན་གསུང་བའི་ལེའུ་བསྟན་པའི་ཕྱིར། སྟོན་པ་ལ་ཞུས་མ་ཐག་པའི་རྗེས་དེ་ནས་བདུད་བཞི་བཅོམ་ཞིང་ལེགས་པའི་ཡོན་ཏན་དྲུག་དང་ལྡན་པ་རྒྱལ་པོ་ཤཱཀྱའི་རིགས་སུ་སྐྱེས་པས་ཤཱཀྱ། སྐུ་གསུང་ཐུགས་མི་དགེ་བའི་ལས་ལ་བསྲུང་མི་དགོས་པར་རང་བཞིན་གྱིས་ཐུབ་པས་ཐུབ་པ། བདག་གཞན་གྱི་དོན་ཐམས་ཅད་རྫོགས་པའི་བདག་ཉིད་སྒྲིབ་པ་སངས་ཤིང་ཡེ་ཤེས་རྒྱས་པ་རྐང་གཉིས་མི་དང་ལྷ་རྣམས་ཀྱི་གཙོ་བོར་གྱུར་པས་མཆོག་གོ། དེས་ཚུལ་ཇི་ལྟར་བཤད་ཅེ་ན། ཉིད་ཀྱི་ཞལ་ནས་ལྗགས་དམ་པའི་ཆོས་ཀྱི་འབྱུང་གནས་ཡིན་པས་བཟང་བ་དང་། མི་དགེ་བའི་ཆོས་མི་གསུངས་པས་བཟང་བ། དེའི་མཚན་ཉིད་ནི་རིང་ཞིང་ཞལ་གྱི་ནང་དུ་ཡངས་པ་ཡི་ལྗགས་བརྐྱང་བར་མཛད་དེ། དེས་ལས་ཅི་མཛད་ཅེ་ན། ལྗགས་ཀྱི་རྩེ་མོ་ལས་འོད་ཟེར་འཕྲོས་ཏེ་དང་པོ་རི་བྱ་རྐང་ཅན་གསལ་བར་བྱས། དེ་ནས་འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་། འོད་ཟེར་གྱིས་བདུད་བཞིའི་དགྲ་རྣམས་འདུལ་བར་བྱེད་པ་དང་། ཁྱད་པར་འོད་ཟེར་ལས་ཁྲོ་ཚོགས་སྤྲོས་ཏེ་རྒྱུད་བཤད་པ་ལ་བར་དུ་གཅོད་པའི་ལྷའི་བུའི་བདུད་བཏུལ། འོད་ཟེར་ཕོག་པས་སེམས་ཅན་རྣམས་ཀྱི་ངན་སོང་གསུམ་སོགས་ཀྱི་སྡུག་བསྔལ་སྦྱང་བར་བྱེད་པའི་འཛུམ་བསྟན་ནས། ཞེས་པས་འཁོར་ལ་འཛུམ་པ་མཛད་པ་དང་། ལྗགས་བརྐྱང་བ་དང་། ལྗགས་ལས་འོད་ཟེར་བཀྱེ་བ་ནི་ཆོས་འབྱུང་བའི་སྔ་ལྟས་གསུམ་ཡིན་ཏེ། མེ་འབྱུང་བའི་སྔ་ལྟས་སུ་དུ་བ་འབྱུང་བ་ལྟ་བུའོ། གསུང་གང་གིས་ཞེ་ན། ཚངས་པའི་དབྱངས་ཀྱི་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་ནི་སྙན་པ་ཡིས། འཇིག་རྟེན་གསུམ་པོ་ཀུན་བཀང་ནས་སོ། འཁོར་གང་ལ་གསུངས་ཤེ་ན། སངས་རྒྱས་ཐམས་ཅད་འདུས་པས་དབང་བསྐུར་བ་ཡིན་ཏེ། དེ་ཡང་། ང་ནི་ཁྲོ་བོ་གོས་སྔོན་ཅན། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། ཞེས་པ་ལྟ་བུའོ། གསང་མཚན་ཏུ་ལག་ན་རྡོ་རྗེ་སྟོབས་པོ་ཆེ་ཞེས་བཏགས་པ། གསང་བའི་དབང་ཐོབ་ཅིང་སྐུ་གསུང་ཐུགས་ཀྱི་གསང་བ་ལ་དབང་བས། གསང་དབང་ལ་སྟོན་པས་གང་དུ་གླུར་བླངས་དེ་ནི་སླར་གསུངས་པའོ། སྙིང་རྗེ་ཆེ་དང་ལྡན་གྱུར་པས། འགྲོ་ལ་འདི་དང་ཕྱི་མར་ཕན་པའི་དོན་དུ་ཁྱོད་ང་ལ་དྲི་བ་ལ་འདི་བཤད་དོ་ཞེས་པའོ། ཡེ་ཤེས་དྲུག་རོ་གཅིག་པའི་ལུས་ཅན་འཇམ་དཔལ་གྱི་མིང་ནས་བརྗོད་པ་ནི་དོན་ཆེ་བའོ། ཅིའི་ཕྱིར་དོན་ཆེ་ཞེ་ན། བཀླག་པ་ཙམ་གྱིས་རང་རྒྱུད་ལ་ཡོད་པའི་སྒྲིབ་པ་ཐམས་ཅད་དག་པར་བྱེད་ཅིང་འཕྲལ་གྱི་སྡིག་པ་ཐམས་ཅད་སེལ་བར་བྱེད་པས་དོན་ཆེ་བའོ། འཁོར་ལ་ཉོན་ཅིག་ཅེས་པར་བསྐུལ་བའི་ཕྱིར། ཤཱཀྱ་ཐུབ་པ་ང་ལས་ཉན་པར་བརྩོན་པ་ནི། ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། ལག་ན་རྡོ་རྗེ་ཁྱོད་ལེགས་སོ། ཅིའི་ཕྱིར་ལེགས་ཤེ་ན། འཇམ་དཔལ་གྱི་དོན་དྲི་བའི་ཕྱིར་རོ། གསང་བའི་བདག་པོ་ཞེས་སྡུད་པ་པོ་ལ་བོས་ནས། མ་འོངས་པའི་སེམས་ཅན་རྣམས་ལ་ཕན་པར་བྱེད་པ་དེའི་ཕྱིར། ངས་ཁྱོད་ལ་མཚན་ཡང་དག་པར་བརྗོད་པ་རིགས་དྲུག་གི་བདག་ཉིད་ཅན་ལེགས་པར་བསྟན་པར་བྱ་ཡིས། ཁྱོད་ནི་རྩེ་གཅིག་པའི་ཡིད་ཀྱིས་ཉོན་ཅིག་ཅེས་བསྐུལ་བའོ། འོ་ན་ཕྱག་ན་རྡོ་རྗེ་ལ་ཡང་བསྐུལ་དགོས་སམ་ཞེ་ན། དེ་དགོས་པ་མ་ཡིན་ཏེ་ཕྱག་ན་རྡོ་རྗེ་ལ་མཚོན་ནས། ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ལ་སྣོད་ཀྱིས་མ་ཟིན་པ་དང་། བརྗེད་པ་དང་། འདྲེས་པ་དང་གསུམ་སྤོང་ལ་ཉོན་ཅིག་ཅེས་པར་གདམས་པའོ། དེ་ལྟར་གསུངས་པས་འཁོར་རྗེས་སུ་ཡི་རང་བ་ནི་བཅོམ་ལྡན་བདག་ཅག་འཇམ་དཔལ་གྱིས་ཆོས་གནང་བ་དེ་ནི་ལེགས་སོ་ཞེས་གསོལ་ཏོ། ཉན་པ་དེ་མ་ཐག་པ་དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ་པས་གསུངས་སོ་ཞེས་སྦྱར་རོ། གསང་སྔགས་རིགས་ཆེན་ཐམས་ཅད་དང་ཞེས་པ་འདིས་ནི་རིགས་བསྡུས་པ་ལ་གཟིགས་པ་བསྟན་ཏེ། གསང་སྔགས་འདི་མནྟྲ་ཞེས་པའི་སྒྲས་སྐྱོབ་པ་ལ་འཇུག་སྟེ། མདོར་ན་ཐབས་དང་ཤེས་རབ་ཁྱད་པར་ཅན་ལ་བྱའོ། རིགས་ལས་བྱུང་བས་ན་རིགས་སོ། རིགས་འཛིན་པས་རིགས་སོ། རིགས་ཐམས་ཅད་ཀྱི་བདག་པོར་གྱུར་ཅིང་རིགས་ཐམས་ཅད་འདུས་པས་ནི་རིགས་ཆེན་ནོ། འདིས་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་ཐེག་པ་རྣམས་བསྐྱེད་པའི་གནས་སུ་གྱུར་པས་ཀྱང་དེ་སྐད་ཅེས་བྱའོ། འདིའི་དགོས་པ་ནི་ཉོན་མོངས་པ་ལྔ་ཆ་མཉམ་དུ་འདུལ་བའི་གཉེན་པོ་སྟེ་མདོར་བསྟན་གྱི་ཚུལ་ལོ། གསང་སྔགས་རིག་སྔགས་འཆང་བའི་རིགས་ཞེས་པ་འདིས་ནི་ལས་ཀྱི་རིགས་ལ་གཟིགས་པ་བསྟན་ཏེ། གསང་སྔགས་ནི་ཕོ་སྟེ་ཐབས་སོ། རིག་སྔགས་ནི་མོ་སྟེ་ཤེས་རབ་བོ། བྱེད་ལས་ནི་གསང་སྔགས་ཀྱིས་ནི་ལོག་པར་རྟོག་པ་སེལ་ལོ། རིག་སྔགས་ཀྱིས་ནི་མ་རིག་པ་སེལ་ལོ། དེ་ཡང་། འདའ་བར་བྱ་བ་མ་ཡིན་ལ། དབྱེ་བར་དཀའ་བ་གསང་བ་ཉིད། གསང་སྟེ་བསྒྲུབ་ཕྱིར་སྔགས་པ་ནི། གསང་སྔགས་ཞེས་བྱའི་ངེས་པར་བརྗོད། ཅེས་པ་དང་། ངག་གི་རིག་མཆོག་བསྒྲུབ་པ་དང་། དངོས་གྲུབ་འདོད་པ་ཡོད་པ་སྟེ། དེ་ཕྱིར་རིག་སྔགས་ཞེས་བྱའོ། ཞེས་གསུངས་པ་ལྟ་བུའོ། འཆང་བ་ནི་འཛིན་པའོ། འདིའི་དགོས་པ་ནི། གདུལ་བྱ་ཕྲག་དོག་དང་ལེ་ལོ་ཤས་ཆེ་བ་རྣམས་འདུལ་བའོ། སྐུ་གསུང་ཐུགས་ཀྱི་རིགས་གསུམ་འདུས་པ་རྣམ་སྣང་གི་རིགས་ལ་ནི་རྣམ་པར་གཟིགས་སོ། འདིའི་དགོས་པ་ནི་གཏི་མུག་ཤས་ཆེ་བ་རྣམས་འདུལ་བའོ། འདིས་ནི་དེ་བཞིན་གཤེགས་པའི་རིགས་ལ་གཟིགས་པ་བསྟན་ཏོ། ད་ནི་པདྨའི་རིགས་ལ་གཟིགས་པ་བསྟན་ཏེ། སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་མཁྱེན་ཏེ། དེ་ཡང་གཉིས་སུ་སྣང་ལ་གཉིས་སུ་མ་ཞེན་པའི་ཚུལ་དུ་མཁྱེན་ནོ། དེས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ཀའི་རིགས་སོ། འདིའི་དགོས་པ་ནི་འདོད་ཆགས་ཤས་ཆེ་བ་རྣམས་འདུལ་བར་བྱེད་དོ། རྡོ་རྗེའི་རིགས་ལ་གཟིགས་པ་བསྟན་པ་ནི། འཇིག་རྟེན་གྱི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་མེ་ལོང་གི་གཟུགས་བརྙན་ལྟར་རྟོགས་པས། འཇིག་རྟེན་སྣང་བར་བྱེད་པ་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོར་གྱུར་པས་རིགས་ཆེན་དང་། འདིའི་དགོས་པ་ཞེ་སྡང་ཤས་ཆེ་བ་རྣམས་འདུལ་བར་བྱེད་དོ། ད་ནི་རྩ་བ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རིགས་བསྟན་ཏེ། ཕྱག་རྒྱ་ལ་སྤྱིར་དུ་མ་ཡོད་ཀྱང་འདིར་རྒྱས་འདེབས་པའི་ཕྱིར་ཕྱག་རྒྱ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པས་རྒྱས་འདེབས་པའི་ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། འདིའི་དགོས་པ་ནི་སྤྲོས་པའི་མཚན་མ་ཐམས་ཅད་འཇོམས་པར་བྱེད་དོ། རིན་ཆེན་རིགས་ལ་གཟིགས་པ་བསྟན་པ་ནི། རིན་ཆེན་འབྱུང་ལྡན་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བའི་རིགས་ཡིན་པས། རིགས་ཆེན་ཡོན་ཏན་གྱིས་མཐོ་བར་བྱས་པས་གཙུག་ཏོར་ཆེར་གཟིགས་ནས་ཞེས་པ་མིང་གི་རྣམ་གྲངས་ཏེ་གཟིགས་ཞེས་བྱ། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅེས་བྱའོ། དེ་ཡང་ཚུལ་ཇི་ལྟར་གཟིགས་ན། ཡེ་ཤེས་ཀྱི་སྤྱན་གྱིས་ཟབ་པ་ཇི་ལྟ་བའི་དོན་ལ་གཟིགས་པ་དང་། ཐུགས་རྗེའི་སྤྱན་གྱིས་རྒྱ་ཆེ་བ་ཇི་སྙེད་པ་ལ་གཟིགས་པའོ། ཡང་གསུམ་སྟེ། སྤང་བྱ་ཉོན་མོངས་པ་དང་། དེ་སྤོང་བའི་གཉེན་པོ་ལྷའི་རིགས་དང་། ལྷའི་རྟོག་པ་ཟློག་པར་བྱེད་པ་ཡེ་ཤེས་ལ་གཟིགས་པ་རྣམས་སུ་ཡང་སྦྱར་རོ། ད་ནི་སྒྱུ་འཕྲུལ་དྲྭ་བ་མན་ངག་གི་ལེའུ་བསྟན་པའི་ཕྱིར་ཐམས་ཅད་ལ་བསྟོད་པ། བཅོམ་ལྡན་འདས་གསུང་གི་མངའ་བདག་ཡིན་པས་ཚིག་གི་བདག་པོས་རིགས་ལ་གཟིགས་པ་ཐུགས་ལ་རྟོགས་ནས་རིགས་དྲུག་གི་བདག་ཉིད་ཚེག་བར་བདུན་པ་ཉིད་དུ་ཚིགས་སུ་བཅད་པའོ། བཛྲ་ཏཱིཀྵ་ན་ལ་སོགས་པ་ཡེ་ཤེས་སེམས་དཔའ་དྲུག་གི་གསང་སྔགས་རྒྱལ་པོ་དྲུག་དང་ལྡན་ཞིང་གཟུང་འཛིན་གཉིས་སུ་མེད་པར་ཡེ་ཤེས་ཀྱི་སྐུའི་བདག་ཉིད་དུ་འབྱུང་བ་དང་། རིག་པ་རང་གསལ་བ་དེ་ཡང་སྐྱེ་མེད་ཀྱི་རང་བཞིན་དུ་གནས་པས་མི་སྐྱེའི་ཆོས་ཅན་འབྲས་བུའི་མཆོག་འདི་གསུངས་པ། འབྲས་བུ་ལ་དྲོད་པ་བསྐྱེད་པའི་ཕྱིར་འབྲས་བུའི་ས་བསྟན་པ་ནི། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨོཾ་ཨཱཿ དེ་ཡང་དབྱངས་བཅུ་གཉིས་སོ། འབྲས་བུའི་ས་བཅུ་གཉིས་དང་སྦྱར་ཏེ་གསུངས་པས། སངས་རྒྱས་ཀྱི་ས་བཅུ་གཉིས་ལ་མཐོ་དམན་དང་རིམ་པ་ཡོད་པ་མ་ཡིན་ཏེ། ཡེ་ཤེས་གཅིག་ལ་ཡོན་ཏན་གྱི་བྱེ་བྲག་བཅུ་གཉིས་སུ་བསྟན་པའོ། དེ་ཡང་སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་ཀྱིས་མ་རིག་པ་བཅོམ་ནས་ཤེས་བྱ་གསལ་བར་སྣང་བ་དང་། ཉོན་མོངས་པ་མ་སྤངས་པར་ཡེ་ཤེས་སུ་གསལ་བ་དང་། མཐའ་དང་དབུས་མེད་པ་དང་། མི་འགྱུར་ཞིང་དབྱེར་མི་ཕྱེད་པ་དང་། སེམས་ཅན་གྱི་དགོས་འདོད་ཐམས་ཅད་འབྱུང་བ་དང་། འགྲོ་བའི་དོན་མཛད་ཀྱང་སྐྱོན་གྱིས་མ་གོས་པ་དང་། རྩོལ་བ་མེད་པར་གཞན་དོན་འགྲུབ་པ་དང་། ཡང་དག་པར་དཔེས་མཚོན་པ་དང་བྲལ་བ་དང་། ཕྱོགས་འདྲ་ཙམ་གྱིས་མཚོན་དུ་བཏུབ་པ་དང་། རིག་པ་རང་བཞིན་གྱིས་འོད་གསལ་བ་དང་། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་དང་། སོ་སོ་རང་རིག་པ་གཉིས་སུ་མཁྱེན་པའོ། དེ་རྣམས་སུ་སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་འདུས་པར་ཤེས་པར་བྱའོ། དེ་ཡང་འདི་སྐད་དུ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཀུན་ཏུ་འོད་ཀྱི་ས་ཆེན་པོ། དེ་ནི་ཉི་མའི་དཀྱིལ་འཁོར་འདྲ། བདུད་རྩི་འོད་ནི་གཉིས་པ་སྟེ། ཤིན་ཏུ་འོད་གསལ་ཟླ་བ་འདྲ། ནམ་མཁའ་འོད་ནི་གསུམ་པ་སྟེ། ནམ་མཁའ་ཇི་བཞིན་རབ་ཏུ་གནས། རྡོ་རྗེ་འོད་ནི་བཞི་བ་སྟེ། ས་དེ་ཉིད་ནི་ཡིད་དགའ་བའོ། ལྔ་པ་རིན་ཆེན་འོད་ཅེས་པ། དབང་བསྐུར་བ་ལ་རབ་ཏུ་གནས། པདྨའི་འོད་ནི་དྲུག་པ་སྟེ། པདྨ་བཞིན་དུ་རབ་ཏུ་གྱེས། བདུན་པ་ལས་ཀྱི་འོད་ཅེས་བྱ། སངས་རྒྱས་ཕྲིན་ལས་བྱེད་པར་འདོད། བརྒྱད་པ་དཔེ་མེད་ཅེས་པ་སྟེ། དོན་ལ་དཔེ་དང་མཉམ་པ་མིན། དཔེ་ལྡན་ཞེས་པ་དགུ་པ་ཡིན། ཐམས་ཅད་དཔེ་ནི་སོ་སོར་འབིགས། བཅུ་པ་ཤེས་རབ་འོད་ཅེས་པ། སངས་རྒྱས་ས་ནི་བླ་ན་མེད། བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། ས་ཆེན་རབ་ཏུ་འོད་གསལ་བ། བཅུ་གཉིས་སོ་སོར་རང་རིག་པ། སངས་རྒྱས་ཡེ་ཤེས་རབ་ཏུ་རྫོགས། ཞེས་འབྱུང་བས་གསལ་ལོ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད་དུ་འཇམ་དཔལ་ཉིད་བསྟན་པའི་ཕྱིར། སྠི་ཏོ་ཧྲཱི་དི་ཐུགས་ཀར་གནས་པའོ། ཛྙཱ་ན་མུརྟི་ཡེ་ཤེས་ཀྱི་སྐུའོ། ར་ཧཾ་བྷུདྡྷོ་དུས་གསུམ་གྱི་སངས་རྒྱས་སོ། བྷུདྡྷ་ནཱཾ་བདག་ཉིད་སངས་རྒྱས་ཡིན་ནོ། ཏྱཻ་དྷཱ་བརྟི་ནཾ་དུས་གསུམ་དུ་བཞུགས་པའོ། མཐའ་བསྡུས་པས་ནི་དུས་གསུམ་དུ་བཞུགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཐུགས་ལ་གནས་པའི་སངས་རྒྱས་ཡིན་ཞེས་པའོ། དེ་ལ་ཤེས་རབ་ཡེ་ཤེས་ཀྱི་འཁོར་ལོ་བསྒོམ་པ་བསྟན་པ་ནི། ཨོཾ་བཛྲ་ཏཱིཀྵྞ་རྡོ་རྗེ་རྣོན་པོ། དུཿཁཙྪེ་ད་སྡུག་བསྔལ་གཅོད་པའོ། པྲཛྙཱ་ཛྙཱ་ན་མཱུརྟ་ཡེ་ཡེ་ཤེས་ཀྱི་གཙུག་ཏོར་རོ། ཛྙཱ་ན་ཀཱ་ཡ་ཡེ་ཤེས་ཀྱི་སྐུ་ཅན་ནོ། ཝཱ་གཱི་ཤྭ་ར་ངག་གི་དབང་ཕྱུག ཨ་ར་པ་ཙ་ན་ཡ་ཏེ་ན་མཿསྐྱེ་བ་མེད་པའི་ཤེས་རབ་ཆགས་པ་མེད་པའི་སྤྱོད་ཡུལ་ཞེས་པའོ། དེ་དག་ནི་པདྨ་དང་རྡོ་རྗེ་དང་དེ་བཞིན་གཤེགས་པ་དང་། ལས་དང་རིན་པོ་ཆེ་དང་། བྱང་སེམས་རྡོ་རྗེའི་རིགས་ཏེ་གོ་རིམ་བཞིན་དུ་སྦྱར་བར་བྱའོ། བསྒོམ་ཞིང་སྔགས་བཟླས་པའི་ཚེ་ན་ནི་བདག་ཉིད་རྗེ་བཙུན་དུ་བསྒོམས་པའི་ཐུགས་ཀར་འཁོར་ལོ་རྩིབས་དྲུག་མུ་ཁྱུད་ལྡན་པ་ལ་སྔགས་དྲུག་པོ་བཀོད་ལ་སྤྲོ་བསྡུ་བྱ་ཞིང་བཟླས་པས། མཚན་བརྗོད་འདོན་པའི་དུས་སུ་ནི། འདི་རྣམས་མིང་གི་གཙོ་བོ་རྣམས་ཀྱི་སྒོ་ནས་བསྟོད་པ་ཡིན་པར་ཤེས་པར་བྱའོ། ད་ནི་རྩ་བ་བྱང་ཆུབ་སེམས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་ལེའུ་བསྟན་པ་ནི། མཚན་རྒྱས་པར་བཤད་པ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། རྫོགས་པའི་སངས་རྒྱས་ཆོས་སྐྱེ་བ་མེད་པ་བསྒོམས་པ་ལས་འབྱུང་བས་ཨ་ལས་བྱུང་ཞེས་བྱའོ། འོ་ན་ཡི་གེ་ཨ་གཅིག་པུ་ལས་འབྱུང་བ་ཅི་ཞེ་ན། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག ཅིའི་ཕྱིར་མཆོག་ཡིན་ཞེ་ན། ཆོས་ཀྱི་དོན་ཆེན་པོ་སྟོན་པའི་ཡི་གེ་དམ་པ་ཡིན་ནོ། ཅིའི་ཕྱིར་དམ་པ་ཡིན་ཞེ་ན། ཡི་གེའི་སྐྱེ་གནས་ལྕེ་རྐན་སོགས་ལ་རག་མ་ལས་པར་ཁོང་ནས་རང་བྱུང་དུ་འབྱུང་བ་དོན་ཆེན་པོ་སྐྱེ་བ་མེད་པའི་དོན་སྟོན་པས་ཡི་གེ་རྣམས་ཀྱི་དམ་པའོ། དེ་ཉིད་ལ་བརྗོད་དུ་མེད་པར་གནས་པས་ཚིག་ཏུ་བརྗོད་པ་སྤངས་པ་སྟེ་ཞེས་བྱའོ། བརྗོད་པའི་སྒྲ་ཐམས་ཅད་ཀྱི་རྒྱུའི་གཙོ་བོར་གྱུར་ཏེ་ངག་ཐམས་ཅད་ལ་འཇུག་པར་བྱེད་པས། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག ཚིག་ཀུན་རབ་ཏུ་གསལ་བར་བྱེད། འོ་ན་ཉོན་མོངས་པ་ཇི་ལྟར་སྤངས་ཞེ་ན། མཆོད་པ་ནི་ལྷ་མཉེས་པར་བྱེད་པའི་ཕྱིར་ན་མཆོད་པ་སྟེ། འདིར་ཉོན་མོངས་པ་མ་སྤངས་པར་ཡེ་ཤེས་སུ་གྲུབ་པ་དགོས་པ་མཐུན་ཏེ་རང་གིས་མཆོད་པའོ། ཆེན་པོའི་སྒྲ་ནི་དུག་སེལ་བའི་སྔགས་ལ་དུག་སྔགས་ཟེར་བ་ལྟར་མི་མཐུན་པའི་ཕྱོགས་འཇོམས་པས་ཆེན་པོའོ། འདི་ནི་འོག་མ་རྣམས་ལ་ཡང་སྦྱར་རོ། མཆོད་པ་ཆེན་པོ་ཆོས་མཉམ་པ་ཉིད་ལ་ངང་གིས་ཆགས་པས་འདོད་ཆགས་ཆེ། དེས་ལོག་པའི་འདོད་ཆགས་སེལ་བར་བྱེད་ཅིང་ཟག་མེད་ཀྱི་དགའ་བ་སྐྱེད་པར་བྱེད་པས་སེམས་ཅན་ཐམས་ཅད་དགའ་བར་བྱེད་པའོ། མཆོད་པ་ཆེན་པོ་རྣམ་པར་རྟོག་པ་འཇོམས་པའི་ཞེ་སྡང་ཆེ། ཞེ་སྡང་རང་ག་མ་འཇོམས་པས་ཉོན་མོངས་ཀུན་གྱི་དགྲ་ཆེ་བ། མཆོད་པ་ཆེན་པོ་གཏི་མུག་ཆེ། གཏི་མུག་བློ་སྟེ་ཞེས་པ་ཆོས་ཐ་དད་དུ་བྱེད་པ་མེད་པའི་དོན་གྱི་གཏི་མུག་དང་ལྡན་པས་གཏི་མུག་རང་ག་མ་སེལ་བའོ། མཆོད་པ་ཆེན་པོ་ཉོན་མོངས་པ་སྐྱེར་མི་སྟེར་བས་ཁྲོ་བ་ཆེ། ཁྲོ་བ་ཆེན་པོ་དེས་ཁོང་ཁྲོ་རང་ག་མ་འཇོམས་པས་དགྲ་ཆེ་བའོ། མཆོད་པ་ཆེན་པོ་ཟག་མེད་ཀྱི་བདེ་བ་ལ་ཆགས་པ་ཆེ། སེར་སྣའི་ཆགས་པ་རང་ག་མ་ཐམས་ཅད་སེལ་བར་བྱེད་པའོ། དེ་དག་ལ་མན་ངག་ཏུ་སྦྱར་ན། ཉོན་མོངས་པ་དེ་དག་ལ་ཞེན་པའི་གདུལ་བྱ་ལ་དེ་དག་མ་སྤངས་པར་རྗེས་སུ་མཐུན་པའི་སྤྱོད་པའི་ཐབས་ཀྱིས་གྲོལ་བར་བྱེད་པས་སྤྱོད་མཐུན་གྲོལ་བའི་མཆོད་པ། ཉོན་མོངས་པ་ཡེ་ཤེས་ལྔར་གནས་གྱུར་པས་གནས་གྱུར་ཡེ་ཤེས་ཀྱི་མཆོད་པ། ཉོན་མོངས་པ་ལྔ་ལས་གྲོལ་བས་རིགས་ལྔའི་སྐུ་ཕྱག་རྒྱ་ཆེན་པོ་ཐོབ་པས་གྲོལ་མཐར་ཕྱག་རྒྱའི་མཆོད་པ། ཉོན་མོངས་པ་ལ་བརྟགས་ན་ངོ་བོ་གྲུབ་པ་མེད་དེ་ཆོས་ཉིད་དུ་གནས་པས་རང་བཞིན་དག་པའི་མཆོད་པའོ། སེམས་ཅན་ཐར་པ་འདོད་པ་ཆེན་པོའི་བློ་ཡོད་པ་ཐར་པའི་བདེ་བ་ཆེན་པོ་སྐྱེད་པར་བྱེད་ཅིང་ཆོས་བསྟན་པས་དགའ་བ་ཆེན་པོ་བསྐྱེད་ལ་དོན་རྟོགས་པས་མགུ་བ་ཆེན་པོའི་སྦྱིན་པའོ། སྣང་ལ་རང་བཞིན་མེད་པའི་གཟུགས་ཆེ་བ་གདོས་པོ་ཅན་གྱི་ལུས་ལྟ་བུར་སྤྲུལ་ཏེ། དེ་ཡང་ཡེ་ཤེས་ལས་གྲུབ་པ་ཡིན་པས་ལུས་ཀྱང་ཆེ་བ་སྟེ། ནང་ན་ཡེ་ཤེས་གསལ་བའི་རྟགས་སུ་སྐུ་གཟི་མདངས་དང་ལྡན་པས་ཁ་དོག་ཆེ་ཞིང་གཞན་ཟིལ་གྱིས་གནོན་པས་ལུས་བོང་ཆེ་བའོ། གྲགས་པ་ཆེན་པོ་ཡོད་པས་མིང་ཡང་ཆེ་ཞིང་བསོད་ནམས་ཀྱི་ཚོགས་རྒྱས་པས་རྒྱ་ཆེ་བའོ། འདིར་ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པ་དང་། ནོ་པི་ཀ་མཐའ་དག་འབྱུང་བས་དཀྱིལ་འཁོར་ཆེན་པོ་ཀུན་ལ་ཁྱབ་པ་དང་གང་ཡང་བཀག་པ་མེད་པས་ཡངས་པ་ཡིན། དེ་ལ་ཡེ་ཤེས་ཀྱི་ཁྱད་པར་ནི་ཤེས་རབ་ཀྱི་མཚོན་ཆེན་འཆང་བས་ཉོན་མོངས་པ་འཇོམས་ཏེ། དཔེར་ན་ཉོན་མོངས་པ་གླང་པོ་ཆེ་སྨྱོན་པ་ལ་ཡེ་ཤེས་ལྕགས་ཀྱུས་འདུལ་བ་ལྟ་བུ་དང་ལྡན་པས། ཉོན་མོངས་ཆེན་པོའི་ལྕགས་ཀྱུ་མཆོག དེ་ཡང་ཁམས་གསུམ་དུ་གྲགས་པ་ཁྱད་པར་ཅན་ཡོད་པས་གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། ནང་དུ་ཡེ་ཤེས་གསལ་བའི་རྟགས་སུ་ཕྱིར་འོད་ཟེར་གསལ་བས་བསྐོར་བ་ནི་སྣང་བ་ཆེན་པོ་གསལ་བ་ཆེའོ། འགྲོ་བ་ལ་ཚོགས་གཉིས་རྫོགས་པར་བྱེད་པའི་ཐབས་ལ་མཁས་པ་སྒྱུ་མ་ལྟ་བུའི་རྣམ་པར་འཕྲུལ་པ་ཆེན་པོ་འཆང་བས་སྒྱུ་འཕྲུལ་ཆེན་པོ་འགྲོ་བའི་དོན་སྒྲུབ་པར་མཛད་པ་ཐུགས་རྗེས་འགྲོ་བའི་དོན་ལ་དགའ་ཞིང་། ཤེས་རབ་ཀྱིས་གཉིས་མེད་ཀྱི་དོན་ལ་དགའ་བས། སྒྱུ་འཕྲུལ་ཆེན་པོའི་དགའ་བས་དགའ་ཞེས་བྱའོ། སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན་ནི་མེད་པ་འཕྲུལ་ཞིང་ཡོད་པ་བསྒྱུར་བ་དང་འདྲ་སྟེ་དོན་ཟབ་མོ་མ་རྟོགས་པ་རྣམས་ལ་མིག་འཕྲུལ་བསྟན་ནས་དངོས་འཛིན་ཟློག་པའོ། དེས་ཐུན་མོང་གི་ལམ་ཇི་ལྟ་བུ་སྟོན་ཞེ་ན། འཁོར་གསུམ་ཡོངས་སུ་དག་པ་གཏོང་བས་སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། ཉེས་བྱས་མི་འབྱུང་བས་ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག མཚན་མས་མི་འཁྲུགས་པས་བཟོད་ཆེན་འཆང་བ་བརྟན་པ་པོ། རྟོག་པས་མ་གོས་པས་བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན་ལ། གཡེང་བ་ཉིད་ལ་རྡོ་རྗེར་བཤད། ཅེས་པ་ལྟ་བུའོ། དེ་ཡང་དོན་གྱི་སྒོ་ནས་བག་ཆགས་ཐམས་ཅད་འཇོམས་པས་དྲག་པོ་ཆེན་པོ། རྟགས་ཀྱི་སྒོ་ནས་གདུག་པ་འདུལ་བར་བྱེད་པའི་དྲག་པོའི་གཟུགས་སུ་སྤྲུལ་པས་དྲག་ཤུལ་ཆེ། དེས་གང་འཇིགས་པར་བྱེད་ན་ཁྱབ་འཇུག་དང་མ་ཧཱ་དེ་བ་ལ་སོགས་པ་འཇིགས་ཆེན་རྣམས་རྗེ་བཙུན་གྱིས་འཇིགས་པར་བྱེད་པས་ན་འཇིགས་པར་བྱེད་པ་པོའོ། ཁྱད་པར་གྱི་ལམ་གྱི་ཚུལ་གང་ཞེ་ན། གདུལ་བྱའི་མགོན་སྐྱབས་མཛད་པའི་མགོན་པོ་སྐུ་གསུང་ཐུགས་ཀྱི་ལྷའི་རིགས་ལས་མཆོག་ཏུ་གྱུར་པས་རིགས་མཆོག་ཆེན་པོ་སྟེ། འགྲོ་བ་ལ་དམ་པའི་ཆོས་ཉེ་བར་སྟོན་པས་བླ་མ། ཐབས་དང་ཤེས་རབ་ཁྱད་པར་ཅན་སྟོན་པས་གསང་སྔགས་ཆེ་བའི་མཆོག་གོ། དོན་གཅིག་ན་ཡང་མ་རྨོངས་དང་། ཐབས་མང་དཀའ་བ་མེད་པ་དང་། དབང་པོ་རྣོན་པོའི་དབང་བྱས་ནས། ས་དང་ཕ་རོལ་ཕྱིན་པ་ལས། སྔགས་ཀྱི་བསྟན་པ་ཁྱད་པར་འཕགས། ཞེས་གསུངས་པ་ལྟ་བུའོ། དེ་ཡང་ཐེག་པ་ཆེན་པོ་ནི་ཤེས་རབ་དང་སྙིང་རྗེའི་ཁྱད་པར་དུ་བྱས་པའོ། སྐལ་བ་ཅན་དེ་ལ་གཟུད་པའི་ཕྱིར་རང་ཉིད་ཀྱང་ཐེག་པ་ཆེན་པོའི་ཚུལ་ལ་གནས་པར་སྟོན་པའོ། སྣ་ཚོགས་སྟོན་པར་ཐབས་ཆེ་བ་ཡིན་ལ། ཐབས་དང་ཤེས་རབ་ནི་ཁྱབ་ཆེ་སྟེ་ལམ་དང་འབྲས་བུས་བསྡུས་པ་ཡོངས་ལ་གནས་སོ། འོ་ན་རྫུ་འཕྲུལ་གྱི་སྒོ་ཇི་ལྟ་བུས་དོན་མཛད་ཅེ་ན། སྟོད་ནས་མེ་འབར་སྨད་ནས་ཆུ་འབྲུབ་པ་དང་། གཅིག་དུ་མར་བྱེད། དུ་མ་གཅིག་ཏུ་བྱེད། སྟོང་གསུམ་ཕྱག་རྒྱར་ཤོང་བ། ཕྱག་རྒྱ་སྟོང་གསུམ་དུ་སྤྲུལ་པ་ལ་སོགས་པ་རྫུ་འཕྲུལ་ཆེན་པོ། ཚུར་མི་བརྫི་བ་དང་གཞན་ཕར་འཇོམས་པས་སྟོབས་དང་ལྡན་པ། འགྲོ་བའི་དོན་བྱེད་པ་ལ་ཡིད་ལྟར་མགྱོགས་པའི་ཤུགས་དང་ལྡན་པས་ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། དེ་ལྟ་བུའི་རྫུ་འཕྲུལ་ཆེན་པོ་དེ་ཉིད་ཉན་རང་དང་འཇིག་རྟེན་དང་བྱང་སེམས་རྣམས་ལ་ཆེར་གྲགས་པའོ། ཡེ་ཤེས་ཀྱི་སྟོབས་ཆེན་པོས་ཕ་རོལ་བདུད་བཞི་ཟིལ་གྱིས་གནོན་པ་པོ་ཞེས་བྱའོ། ཡང་ནས་ཡང་དུ་འགྲོ་བ་དྲུག་ཏུ་སྐྱེ་བས་སྲིད་པ་རི་བོ་ལྟར་གཞོམ་དཀའ་བས་རི་བོ་ཆེན་པོ་གཉིས་མེད་རྟོགས་པས་འཇོམས་པར་བྱེད་པའོ། དེ་ཡི་མཚན་ཉིད་མི་འགྱུར་བས་མཁྲེགས་ཤིང་། སྟོང་པ་ཉིད་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པས་རྡོ་རྗེ་ཆེན་པོ་འཆང་ཞེས་བྱའོ། མི་ཕྱེད་མི་ཆོད་མི་ཤིགས་པའི་སྟོང་པར་དགྲ་མེད་པས་བསམ་གཏན་ཆེན་པོའི་ཏིང་འཛིན་གནས། གཉིས་མེད་རྟོགས་པས་ཤེས་རབ་ཆེན་པོའི་ལུས་འཆང་བ། བདུད་ཀྱི་དཔུང་འཇོམས་པས་སྟོབས་པོ་ཆེ་ལ་བདག་དང་གཞན་གྲོལ་བར་བྱེད་པའི་ཐབས་སྣ་ཚོགས་མངའ་བས་ཐབས་ཆེ་བ། བདག་དང་གཞན་གྲོལ་བར་བྱེད་པའི་སྨོན་ལམ་མངའ་བས་སྨོན་ལམ་དང་། ཡེ་ཤེས་རྒྱ་མཚོ་སྟེ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མངའ་བ། རྒྱ་ཆེ་བ་དང་སྣང་ལ་ཞེན་པ་མེད་པ་རྒྱ་མཚོ་དང་འདྲའོ། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་བཅུ་དང་རྗེ་བཙུན་ལྡན་ལ་གཞན་ལ་ཡང་སྟོན་པར་མཛད་དོ། འགྲོ་བ་ལ་བུ་གཅིག་པའི་མ་བཞིན་དུ་བྱམས་པ་དེ་ཉིད་ལ་མ་ཞེན་པས་ཆེན་པོའི་རང་བཞིན་རིས་སུ་མ་ཆད་པ་དང་རེས་འཇོག་མེད་པས་དཔག་ཏུ་མེད་པའོ། འགྲོ་བ་ལ་སྙིང་རྗེ་རྒྱུན་མི་ཆད་པས་ཆེན་པོ་དེ་ཉིད་ལ་མ་ཞེན་པས་བློ་ཡི་མཆོག་གོ། ཐབས་དང་ཤེས་རབ་ཀྱི་ཁྱད་པར་ཅི་ཞེ་ན། ཆོས་རབ་ཏུ་རྣམ་པར་ཕྱེ་ནས་གཉིས་མེད་རྟོགས་པའི་ཤེས་རབ་ཆེན་པོ་དེས། འགྲོ་བའི་དོན་བྱེད་པའི་བློ་ཆེན་པོ་དང་ལྡན་པའི་སྒོ་ནས་ཐབས་ཀྱི་བྱ་བ་ལ་མཁས་པ་ཆེན་པོ་གདུལ་བྱའི་བསམ་པ་དང་སྦྱར་ནས། གང་ལ་ཇི་ལྟར་འདུལ་བའི་ཐབས་ཐེག་པ་ཆེན་པོ་འདིའི་ཚུལ་གྱི་འཁོར་འདས་དབྱེར་མེད་དུ་སྟོན་པས་ཕ་རོལ་ཏུ་ཕྱིན་པ་ལས་མཆོག་ཏུ་གྱུར་ཏོ། ད་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ཕྱིར། སྒྲིབ་པ་སངས་ཤིང་ཡེ་ཤེས་རྒྱས་པས་གདུལ་བྱ་ལ་རྣམ་པར་སྣང་བ་སྣ་ཚོགས་སུ་མཛད་ལ་གཞན་དོན་མཛད་པས་ཆེ་བའོ། སྐུ་གསུང་ཐུགས་མི་དགེ་བའི་ལས་ལ་བསྲུང་མི་དགོས་པར་རང་གིས་ཐུབ་པས་ཐུབ་པ་ཆེན་པོ་དེ་ཡང་དུས་རྟག་ཏུ་མཉམ་པར་བཞག་པས་ཐུབ་ཆེན་ལྡན་ནོ། གཞན་ལ་བསྟན་པ་མ་ཡིན་པས་གསང་བ་བསམ་གྱིས་མི་ཁྱབ་པའི་མཐུ་སྟོན་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྲོག་བསྐུལ་བས་ན་སྔགས་ཚུལ་ཆེན་ནི་ལམ་སྟེ་དེ་ལས་སངས་རྒྱས་བྱུང་བའོ། རྗེ་བཙུན་ཉིད་གསང་སྔགས་ཀྱི་ངོ་བོ་ཉིད་དུ་བཞུགས་པས་གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། ཐུན་མོང་གི་ལམ་གང་ཞེ་ན་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་དབང་ཐོབ་པ་སྟེ། གཞན་དེ་ལ་གཟུད་པའི་ཕྱིར་རང་ཡང་ཕ་རོལ་ཕྱིན་པ་བཅུ་ལ་གནས་པའི་ཚུལ་སྟོན་པ་དང་། དེ་རྣམས་ལ་མ་ཞེན་པས་ཕ་རོལ་ཕྱིན་བཅུ་དག་པ་སྟེ། ཕ་རོལ་ཕྱིན་པ་བཅུ་པོ་དེ་ཡི་ཚུལ་ལ་མཁས་པའོ། མགོན་པོ་འཇམ་དཔལ་ནི་ས་བཅུ་ལ་དབང་བསྒྱུར་བས་ས་བཅུའི་དབང་ཕྱུག་སྟེ། གཞན་དེ་ལ་གཟུད་པའི་ཕྱིར་ས་བཅུ་ལ་ནི་གནས་པའི་ཚུལ་སྟོན་པ་པོ། དེར་ཡང་མ་ཟད་དེ་ཆེ་བའི་ཡོན་ཏན་དུ་མར་སྣང་བའི་ཕྱིར། ཤེས་པ་བཅུ་བོ་རང་བཞིན་མེད་པར་ཤེས་པས་རྣམ་པར་དག་པའི་བདག་ཉིད་ཅན་ཞེས་བྱ་སྟེ། ཤེས་པ་བཅུ་ནི། ཆོས་ཤེས་པ། རྗེས་སུ་འགྲོ་བ་ཤེས་པ། ཕ་རོལ་གྱི་སེམས་ཤེས་པ། སྡུག་བསྔལ་ཤེས་པ། ཀུན་འབྱུང་ཤེས་པ། འགོག་པ་ཤེས་པ། ལམ་ཤེས་པ། ཟད་པ་ཤེས་པ། མི་སྐྱེ་བ་ཤེས་པའོ། དེ་རྣམས་གཞན་ལ་སྟོན་པས་ཤེས་བཅུ་རྣམ་དག་འཆང་བ་པོ་ཞེས་བྱའོ། རྣམ་པ་བཅུ་བོ་ནི་འཁོར་བའི་ཆོས་ཕུང་པོ་ལྔ། ཉོན་མོངས་པ་ལྔ་ཏེ་འཁོར་བའི་ཆོས་ཐམས་ཅད་བསྡུས་ན་དེར་འདུས་ཤིང་དེ་དག་རྣམ་པར་དག་པས་དོན་བཅུ་སྟེ་རིགས་ལྔ་ཡེ་ཤེས་ལྔའོ། དེ་བཅུ་ནི་དོན་དུ་གཉེར་བར་བྱ་བའི་འོས་ཡིན་པས་དོན་ཞེས་བྱའོ། ཐུབ་པ་ནི་རྒྱལ་བ་རྣམས་ཏེ། དེ་རྣམས་ཀྱི་གཙོ་བོར་གྱུར་པས་ཐུབ་དབང་། གནས་དང་གནས་མིན་མཁྱེན་པ་ལ་སོགས་པའི་སྟོབས་བཅུ་དེ་ཡང་ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ་པའི་བདག་ཉིད་དུ་བཞུགས་པའོ། ཐུགས་རྗེས་ཁྱབ་པ་ཙམ་མ་ཡིན་ཏེ་གདུལ་བྱ་ཀུན་གྱི་དོན་ནི་མ་ལུས་པར་ཇི་ལྟར་འཚམས་པར་བྱེད་པའོ། ཚེ། སེམས། ཡོ་བྱད། ལས། སྐྱེ་བ། རྫུ་འཕྲུལ། མོས་པ། སྨོན་ལམ། ཡེ་ཤེས། ཆོས་ཏེ་དབང་རྣམ་པ་བཅུ་ཡི་དབང་དང་ལྡན་པའི་ཆེ་བ་པོ། དེ་ལྟར་ན་མཚན་མ་ཅན་གྱི་སྐྱོན་དུ་མི་འགྱུར་རམ་ཞེ་ན། ཆོས་ཉིད་ལ་ཐོག་མ་དང་མཐའ་མ་མེད་པ་ལ་བརྟགས་པའི་མཐའ་ཐམས་ཅད་དང་བྲལ་བས་སྤྲོས་པ་མེད་པའི་བདག་ཉིད་འགྱུར་བ་མེད་པས་དེ་བཞིན་ཉིད་བདག་གཟུང་འཛིན་གྱི་དྲི་མ་མེད་པས་དག་པའི་བདག་གོ། དེ་ལྟར་ན་གཞན་གྱི་དོན་ལ་ཇི་ལྟར་འཇུག་ཅེ་ན། གཞན་མི་བསླུ་བར་དོན་དང་མཐུན་པར་བདེན་པར་སྨྲ་ཞིང་དམ་བཅས་པའི་ཚིག་གཞན་དུ་མི་འགྱུར་བའོ། ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུ་ཡིན་ནོ་ཞེས་ཇི་སྐད་སྨྲས་པ་དེ་བཞིན་དུ་རང་ཡང་སྤྱོད་པར་བྱེད་དོ། གཉིས་སུ་མེད་པར་གཟིགས་པ་དང་རང་གིས་ཇི་ལྟར་གཟིགས་པའི་གཉིས་སུ་མེད་དོན་སྟོན་པར་མཛད་པའོ། དེས་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པར་བསྟན་པ་ནི། ཡང་དག་པའི་མཐའ་གཉིས་མེད་ལ་རྣམ་པར་གནས་པས། བདག་དང་བདག་གིར་མངོན་ཞེན་མེད་པའི་ཆོས་ཀྱི་སེང་གེའི་སྒྲ་འཇིགས་པ་མེད་པར་སྒྲོག་པ་དང་ལྡན་པས་ལྟ་བ་ལོག་པ་བདག་ཏུ་རྟོགས་ཅིང་། ནང་བ་ལ་སྨོད་པའི་མུ་སྟེགས་ཀྱི་རི་དྭགས་ངན་པ་རྣམས་འཇིགས་ཤིང་སྐྲག་པར་བྱེད་ཅིང་། དུས་ཀུན་ཏུ་འགྲོ་བའི་དོན་ཡོད་པ་སྟེ་སྐྱེས་བུ་ཆེན་པོའི་སྟོབས་ལྟར་སྣང་ནས་དོན་མཛད་དོ། དེ་ཡང་འགྲོ་བའི་དོན་ལ་དེ་ཀ་བཞིན་དུ་གཤེགས་པའི་ཚུལ་དཔེར་ན་ཡིད་ལྟར་མགྱོགས་པའོ། དེ་ལ་སྐུའི་ཡོན་ཏན་ཇི་ལྟར་སྣང་ན། ཡོན་ཏན་གྱི་བགོ་སྐལ་གྱིས་མ་ཕམ་པས་རྒྱལ་བ། རྣམ་པར་རྟོག་པ་ལས་རྒྱལ་བས་དགྲ་རྒྱལ་བདུད་བཞི་ལས་རྣམ་པར་རྒྱལ་བ་སྟེ། འཇིག་རྟེན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར་སྤྲུལ་ནས་འགྲོ་བའི་དོན་མཛད་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་པས་འགྲོ་བའི་ཁ་ལོ་བསྒྱུར་བ་དང་། དཀྱིལ་འཁོར་གྱི་གཙོ་བོ་མཛད་པས་ཀྱང་འཁོར་ལོས་བསྒྱུར་བ་སྟེ་གཞན་གྱི་དཔུང་འཇོམས་པས་སྟོབས་པོ་ཆེའོ། ཉན་ཐོས་ཀྱི་ཚོགས་ཀྱི་སློབ་དཔོན། རང་རྒྱལ་འདྲེན་པས་ཚོགས་ཀྱི་མཆོག བྱང་ཆུབ་སེམས་དཔའི་ཚོགས་རྗེ། དེ་བཞིན་གཤེགས་པ་ཚོགས་ཀྱི་བདག་པོ་རྣམས་ལ་དབང་བསྒྱུར་བའི་མཐུ་དང་ལྡན་པའོ། དེར་ཡང་མ་ཟད་དེ་གཟུང་འཛིན་འཇོམས་པའི་མཐུ་ཆེན་པོ་མངའ་བས་ཤིན་ཏུ་གཅེས་པའི་ཆོས་གཉིས་སུ་མེད་པ་གཅེས་པར་འཛིན་པ་སྟེ། དེས་ན་གསང་སྔགས་ཀྱི་ཚུལ་ཆེན་པོ་ནི་ལམ་ལ་བགྲོད་དུ་མེད་པས་གཞན་གྱི་དྲིང་མི་འཇོག་སྟེ་གཞན་གྱིས་བཀྲི་མི་དགོས་པའོ། དེ་ལ་གསུང་གི་ཡོན་ཏན་ཇི་ལྟ་བུ་འབྱུང་ཞེ་ན། དོན་སོ་སོ་ཡང་དག་པར་རིག་པས་ཚིག་རྗེ། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་ཚིག་བདགཆོས་སོ་སོ་ཡང་དག་པར་རིག་པས་སྨྲ་མཁས་པ། སྤོབས་པ་སོ་སོ་ཡང་དག་པར་རིག་པས་ཚིག་ལ་དབང་བ། སྒྲ་སྐད་སྣ་ཚོགས་ཀྱི་དོན་མཛད་པས་ཚིག་མཐའ་ཡས་སོ། མི་བསླུ་བའི་ཆོས་གསུངས་པས་ཚིག་བདེན་པ་དང་བདེན་པར་སྨྲ་བ་བདེན་པ་གཉིས་དང་། བདེན་པ་བཞི་ནི་ཕྱེ་ནས་ཀྱང་སྟོན་པ་པོ་ངེས་པར་འབྱུང་བའི་ཆོས་སུ་ཇི་ལྟར་སྣང་ཞེ་ན། སྤྱིར་བཟོད་པ་ཐོབ་ནས་ངན་སོང་དུ་མི་ལྡོག ས་དང་པོ་ཐོབ་ནས་འཁོར་བར་མི་ལྡོག བརྒྱད་པ་ནོན་ནས་ཐེག་དམན་དུ་མི་ལྡོག་སྟེ། དེ་ཕྱིན་ཆད་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་འཁོར་བར་ཕྱིར་མི་འོང་ངོ་། འགྲོ་བའི་དོན་དུ་སྤྲུལ་པ་ནི་མ་གཏོགས་སོ། འདྲེན་པ་རང་རྒྱལ་ནེ་ཙོ་ལྟར་ཚོགས་སྤྱོད། གཅིག་པུར་གནས་པ་བསེ་རུའི་ཚུལ་ནི་བསེ་རུ་ལྟ་བུའོ། རྗེ་བཙུན་དེ་དག་ཏུ་སྤྲུལ་པའོ། དེར་མ་ཟད་ཐེག་པ་སྣ་ཚོགས་ཀྱི་སྒོ་ནས་གང་ལ་གང་གིས་འདུལ་བ་དང་ཁམས་གསུམ་ལས་ངེས་པར་འབྱུང་བའི་ལམ་སྣ་ཚོགས་སྟོན་པར་མཛད་པས་གདུལ་བྱ་རྣམས་ངེས་པར་འབྱུང་བ་ལ་འགོད་པའོ། འབྱུང་བ་ཆེན་པོ་ལྔར་སྣང་ནས་ཀྱང་དོན་མཛད་དེ། དེ་དག་གི་རྒྱུ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པས་རྒྱུ་གཅིག་པོ་ཞེས་བྱའོ། དགེ་བ་ལམ་དུ་སློང་ཞིང་ཉོན་མོངས་པའི་དགྲ་བཅོམ་པ་སྲིད་པར་སྐྱེ་བའི་ཟག་པ་ཟད་པ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་བྲལ་བས་སྤྱོད་ཡུལ་གྱིས་མི་གོས་ཏེ་མིག་ལ་སོགས་པའི་དབང་པོ་ཡུལ་ལྔ་ལ་མི་ཆགས་པས་ཐུལ་བའོ། ཟག་པ་མེད་པའི་བདེ་བ་རྙེད་པས་སྲིད་པའི་སྡུག་བསྔལ་གྱིས་འཇིགས་པ་མེད་པ་ཐོབ་པའོ། དེ་འཆད་པ་པོའི་ཚུལ་ཅི་འདྲ་ཞེ་ན། བསིལ་བ་ཆུ་ལྟ་བུར་གྱུར་པའི་ཆོས་ཉིད་ཀྱིས་ཉོན་མོངས་པའི་གདུང་བ་སེལ་ཞིང་། གློ་བུར་གྱི་རྣམ་པར་རྟོག་པ་དྲི་མ་ཆུའི་རྙོག་པ་ལྟ་བུ་མེད་པའོ། མིག་དང་འདྲ་བའི་ལྟ་བ་རིག་པ་དང་ནི་རྐང་པ་དང་འདྲ་བའི་སྤྱོད་པར་ཟུང་འབྲེལ་དུ་ལྡན་པས། འཁོར་བའི་སྡུག་བསྔལ་དང་བྲལ་བས་བདེ་བར་གཤེགས་པ། སེམས་ཅན་གྱི་ལས་འཕྲོ་དང་མོས་པ་དང་། སྣོད་དུ་རུང་མི་རུང་དང་འདུལ་བའི་དུས་ལ་བབ་མ་བབ་མཁྱེན་པས། ཉན་ཐོས་དང་རང་རྒྱལ་ལས་ཁྱད་པར་དུ་འཕགས་པས་འཇིག་རྟེན་རིག་པའི་མཆོག་གོ། མངོན་སུམ་དུ་སྣང་བ་འདི་སྒྱུ་མ་ལྟ་བུར་མཁྱེན་པས་ཕྱི་ཡུལ་ལ་བདག་གིར་མི་འཛིན་ནང་སེམས་ལ་ངར་མི་འཛིན་ཏེ། རང་དོན་དང་གཞན་དོན་གྱི་དབང་གིས་བདེན་པ་གཉིས་ཀྱི་ཚུལ་ལ་གནས་པར་བྱེད་དོ། འོ་ན་འཁོར་བར་མི་འགྱུར་རམ་ཞེ་ན། འཁོར་བའི་ཕ་རོལ་མཐར་སོན་པ་སྟེ། བྱ་བ་བྱས་པས་སྟོབས་དང་ལྡན་པ་འདམ་ནས་འཐོན་པ་ལྟར་སྐམ་སར་གནས་པའོ། དེའི་རྒྱུ་ཤེས་པ་འབའ་ཞིག་ངེས་གསལ་བ། ཞེས་གཉིས་སུ་མེད་པར་རྟོགས་པའི་ཡེ་ཤེས་ལས་གཟུགས་སྐུ་གཉིས་འབྱུང་བའོ། དེས་བསྟན་པའི་ཆོས་གང་ཞེ་ན། ཤེས་རབ་མཚོན་ཆ་ལྟ་བུས་ཉོན་མོངས་པ་རྣམ་པར་འཇོམས་པ། དམ་པའི་ཆོས་ཆོས་ཀྱི་རྒྱལ་པོ་ལྟ་བུ་ཐུགས་ལ་གསལ་བར་ལྡན་པས། འཇིག་རྟེན་པ་ལ་ཡེ་ཤེས་སྣང་བར་བྱེད་པའི་བདག་ཉིད་ཐར་པ་མཆོག་ལ་སྦྱོར་བའོ། དེས་གཞན་དོན་འབྱུང་བའི་ཚུལ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་རྗེ་བཙུན་ཉིད་དབང་བསྒྱུར་བས་ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ་བའོ། དེས་གདུལ་བྱ་རྣམས་ཉོན་མོངས་པ་ལས་རྒྱལ་བར་བྱས་ནས་ཕྱིན་ཅི་མ་ལོག་པར་ལེགས་པའི་ལམ་ཇི་ལྟར་འཚམས་པར་བསྟན་ཏེ། སེམས་ཅན་གྱི་དོན་དང་བསམ་པ་འགྲུབ་པར་བྱེད་པས། ལེགས་པའི་ལམ་ནི་སྟོན་པ་པོ། དོན་འགྲུབ་བསམ་པ་འགྲུབ་པ་སྟེ། ཞེས་བྱའོ། འོ་ན་རྗེ་བཙུན་ཉིད་རྟོག་བཅས་སུ་མི་འགྱུར་རམ་ཞེ་ན། གཞན་དོན་མཛད་ཀྱང་ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་པ་སྟེ་ཡང་དག་པའི་ཡེ་ཤེས་ལོག་རྟོག་དང་འགལ་བའི་ཕྱིར་རོ། རྣམ་པར་མི་རྟོག་ཀྱང་དབྱིངས་ལས་ཡོན་ཏན་མི་ཟད་པ་འབྱུང་སྟེ། ཡོན་ཏན་གྱི་འབྱུང་ཁུངས་ཆོས་ཀྱི་དབྱིངས་དམ་པ་ལ་ཡོན་ཏན་ཟད་མི་ཤེས་པ་ལྡན་པའོ། དེས་ཚོགས་ཇི་ལྟར་རྫོགས་ཤེ་ན། རྗེ་བཙུན་ཉིད་ཡེ་ནས་བསོད་ནམས་ཀྱི་ཚོགས་དང་ལྡན་པ་ཡིན་ཡང་གཞན་དེ་ལ་གཞུག་པའི་ཕྱིར་ཉིད་ཀྱང་བསོད་ནམས་ཀྱི་ཚོགས་གསོག་པའི་ཚུལ་སྟོན་པའོ། ཡེ་ཤེས་ཀྱི་ཚོགས་དང་ཡང་ལྡན་ཏེ། དེ་ཡང་ཉན་རང་གི་ཡེ་ཤེས་ལས་ཀྱང་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཡོན་ཏན་གྱི་འབྱུང་གནས་ཁྱད་པར་ཆེ་སྟེ། དེ་ལས་ཀྱང་ཁྱད་པར་དུ་གྱུར་པ་སངས་རྒྱས་ཀྱི་ཡེ་ཤེས་དང་ལྡན་པ། ཡོད་པ་ཇི་སྙེད་པའི་ཆོས་ཅན་མེད་པ་ཇི་ལྟ་བའི་ཆོས་ཉིད་ཤེས་པའོ། དེ་ལྟར་ཚོགས་གཉིས་རྫོགས་པས་ཚོགས་གཉིས་ཚོགས་ནི་བསགས་པ་པོ་ཞེས་ཚོགས་ལས་འབྱུང་བར་བསྟན་པའོ། ཚོགས་བསགས་པ་ལས་སངས་རྒྱས་ཀྱི་སྐུ་ཇི་ལྟར་འབྱུང་ཞེ་ན། དོན་དམ་པ་ཆོས་ཀྱི་སྐུ་མི་འགྱུར་བ་དེ་རྣམ་རྟོག་གི་དགྲ་ལས་རྒྱལ་བས་རྟག་པ་ཀུན་རྒྱལ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བས་རྣལ་འབྱོར་ཅན་ཏེ། འདི་སྐད་དུ། ཐབས་དང་ཤེས་རབ་སྙོམས་འཇུག་པ། རྣལ་འབྱོར་ཞེས་སུ་བརྗོད་པ་ཡིན། ཞེས་གསུངས་པ་ལྟ་བུའོ། རྣམ་པར་མི་རྟོག་པའི་སྙིང་པོ་ལ་རྣམ་པར་རྟོག་པས་མི་གཡོ་བས་བསམ་གཏན་སངས་རྒྱས་དོན་དུ་གཉེར་བ་རྣམས་ཀྱིས་བསམ་པར་བྱ་བའི་འོས་ཡིན་པས་བསམ་བྱ་གཉིས་མེད་རྟོགས་པས་བློ་ལྡན་མཆོག་གོ། ཆོས་སྤྱི་དང་རང་གི་མཚན་ཉིད་མ་འདྲེས་པར་སོ་སོར་རང་གིས་རིག་པ་དེ་ལ་མ་ཞེན་པ་ནི་མི་གཡོ་བའོ། དེ་ལྟ་བུ་ནི་སྐུ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་མཆོག་གི་སྐུའི་བྱེ་བྲག་གཞན་འབྱུང་བ་ལ་དང་པོ་དེ་ཐོབ་དགོས་པས། དང་པོ་སྐུ་གསུམ་འཆང་བ་ནི་དེའི་ཡོན་ཏན་གྱི་ཁྱད་པར་སྐུ་གསུམ་དུ་སྣང་བའོ། དེ་ལ་སྐུ་དང་ཡེ་ཤེས་ཀྱི་བྱེ་བྲག་ཇི་ལྟར་འབྱུང་ཞེ་ན། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན་ནི་སྐུ་གསུམ་མི་འགྱུར་རྡོ་རྗེ་མངོན་པར་བྱང་ཆུབ་སྟེ་ལྔའོ། ཁྱབ་བདག་ནི་ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་པ་སྟེ། ཡེ་ཤེས་ལྔ་ཡི་བདག་ཉིད་རྣམ་སྣང་ལ་སོགས་པའི་སངས་རྒྱས་ལྔ་བདག་ཡེ་ཤེས་ལྔ་ལས་སངས་རྒྱས་ལྔས་བརྒྱན་པའི་ཅོད་པཎ་ཅན་ཞེས་བྱའོ། སྤྱན་ལྔ་ནི་ཤའི་སྤྱན། ལྷའི་སྤྱན། ཤེས་རབ་ཀྱི་སྤྱན། ཆོས་ཀྱི་སྤྱན། སངས་རྒྱས་ཀྱི་སྤྱན་ཏེ་དེ་རྣམས་ལ་ཐོགས་པ་མེད་ཅིང་ཆགས་པ་མེད་པ་འཆང་བའོ། སངས་རྒྱས་ཐམས་ཅད་སྐྱེད་པ་པོ། ཞེས་པ་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་རྟོགས་ནས་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་དུ་འགྱུར་ཞིང་། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ཀྱི་སྲས་ཡིན་པས་སངས་རྒྱས་སྲས་པོ། སྙིང་རྗེ་དང་ཤེས་རབ་ཆེན་པོས་སངས་རྒྱས་ཀྱི་རིགས་འཛིན་ཅིང་མཛད་པ་སྒྲུབ་པས་དམ་པའི་མཆོག་ཅེས་བྱ་སྟེ། དེ་ཡང་གནས་སྐབས་སུ་རྗེ་བཙུན་ཉིད་བྱང་ཆུབ་སེམས་དཔའི་གཟུགས་སུ་བཞུགས་ནས་འགྲོ་བའི་དོན་མཛད་པས་དེ་སྐད་ཅེས་བྱའོ། དེས་མཛད་པ་ཅི་མཛད་ཅེ་ན། དེ་ཁོ་ན་ཉིད་ཤེས་པས་སྲིད་པ་ལས་འབྱུང་སྟེ་འཁོར་བར་སྐྱེ་བའི་གནས་མེད་དོ། ཆོས་ཀྱི་སྐུ་རྟོགས་པ་ལས་ཡེ་ཤེས་འབྱུང་བ་སྟེ་དེས་སྲིད་པ་འབྱུང་བའི་རྒྱུ་ལས་དང་ཉོན་མོངས་པ་སེལ་ལོ། གང་གིས་སེལ་ན་ཡེ་ཤེས་དྲུག་རོ་གཅིག་པས་གཅིག་པུ་གཞན་གྱིས་མི་ཤིགས་མི་ཕྱེད་པས་སྲ་མཁྲེགས་རྡོ་རྗེའི་བདག་ཉིད་དེས་སེལ་ལོ། དུས་ནམ་སེལ་ན་སྐྱེས་མ་ཐག་ཏུ་སེལ་ནས་འགྲོ་བའི་བདག་ཉིད་ཆེན་པོར་འགྱུར་བའོ། འགྲོ་བའི་བདག་ཉིད་ཆེན་པོ་དེ་ལ་ཡེ་ཤེས་ལྔ་ཡི་ཚུལ་གྱིས་གཞན་གྱི་མ་རིག་པ་ཇི་ལྟར་སེལ་ན། ཆོས་ཀྱི་དབྱིངས་ནམ་མཁའ་དང་འདྲ་བ་ལས་བྱུང་བ་རང་བྱུང་བ་སྟེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། ཤེས་རབ་དམ་པ་རྟོགས་ཏེ་གསལ་ལ་རྟོག་པ་མེད་པའི་ཡེ་ཤེས་ཀྱི་མེ་བོ་ཆེ་ཡི་མེས་རྩྭ་སྦུར་སྲེག་པ་ལྟར་སྒྲིབ་པའི་ཚོགས་འཇོམས་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། འོད་ཆེན་པོ་འབར་བས་གདུལ་བྱ་ལ་ཆེ་བའི་ཡོན་ཏན་སྣ་ཚོགས་རྣམ་པར་སྣང་བར་བྱེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། སོ་སོར་རྟོགས་པའི་ཡེ་ཤེས་སྤྲིན་མེད་པའི་ནམ་མཁའ་ལ་སྐར་མའི་ཚོགས་གསལ་བ་ལྟར་ཡེ་ཤེས་ཀྱི་སྣང་བ་ལམ་མེ་གསལ་བ་ནི་ཆོས་རྣམས་ཀྱི་མཚན་ཉིད་མ་འདྲེས་པ་རྟོགས་པ་སོ་སོར་རྟོགས་པའི་ཡེ་ཤེས་སོ། བྱ་བ་གྲུབ་པའི་ཡེ་ཤེས་འགྲོ་བའི་མ་རིག་པའི་མུན་པ་སེལ་བས་མར་མེ་ལྟ་བུ་ཡེ་ཤེས་སྣང་བ་གསལ་བའི་སྒྲོན་མེ་ཆེན་པོའོ། གཞན་ཟིལ་གྱིས་གནོན་པའི་གཟི་བརྗིད་ཀྱི་ཕུང་པོ་ཆེན་པོ་མངའ་ཞིང་ནང་ན་ཡེ་ཤེས་གསལ་བའི་རྟགས་སུ་ཕྱི་རོལ་གྱི་འོད་ཁ་དོག་ལྔ་གསལ་བའོ། སྔགས་ཀྱི་མཆོག་ཏུ་གྱུར་པ་གསང་སྔགས་རིག་སྔགས་ཡིན་ལ། དེའི་མངའ་བདག་ཏུ་གྱུར་པ་དང་རིག་སྔགས་ཀྱི་རྒྱལ་པོ་ཤེས་རབ་དང་ཡེ་ཤེས། གསང་སྔགས་ཀྱི་རྒྱལ་པོ་ཐབས་དང་ཤེས་རབ་ཁྱད་པར་ཅན་ཡིན་པས། སྐལ་བ་ལྡན་པ་ལ་དེ་གཉིས་ཀྱི་སྒོ་ནས་དོན་ཆེན་བྱེད་པའོ། དེ་ནི་རྨད་དུ་བྱུང་བའི་ཆོས་ཡིན་པས་གཙུག་ཏོར་ལྟར་ཀུན་གྱིས་སྤྱི་གཙུག་ཏུ་བཀུར་བར་འོས་པའི་ཕྱིར་གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག དེ་ཙམ་དུ་མ་ཟད་འཕྲུལ་པ་སྣ་ཚོགས་སུ་འབྱུང་བའི་ཟད་པ་རང་གི་དོན་ནམ་མཁའི་བདག་པོའི་ནམ་མཁའི་བདག་ཉིད་ནམ་མཁའ་ལྟ་བུ་ལས་རྒྱ་ཆེ་བ་གཞན་གྱི་དོན་སྣ་ཚོགས་སྟོན་པའོ། སངས་རྒྱས་ཀུན་གྱི་བདག་ཉིད་དངོས་མཆོག་ནི་སྐུ་དྲུག་པོ་རོ་གཅིག་པའོ། དེས་འགྲོ་བའི་དོན་ལ་གཟིགས་ཏེ་འགྲོ་ཀུན་ཇི་ལྟར་དགའ་བའི་གཟུགས་སྣ་ཚོགས་མཛད་ཚུལ་མཁྱེན་པའི་མིག་དང་ལྡན་པ་སྟེ། མདོར་ན་བྱང་ཆུབ་ཀྱི་སེམས་སྣ་ཚོགས་པའི་གཟུགས་ཅན་དུ་སྤྲུལ་ནས་གདུལ་བྱ་ལ་ཡོན་ཏན་སྐྱེད་པའོ། དེ་ཉིད་དོན་དང་ལྡན་པས་གཞན་གྱིས་བཀུར་བའི་འོས་སུ་གྱུར་པའི་ཕྱིར། ལྷ་དང་བཅས་པས་མཆོད་ཅིང་བརྗོད་པ་དྲང་སྲོང་ཆེན་པོ། སྐུ་གསུང་ཐུགས་ཀྱི་རིགས་གསུམ་འཆང་བ་ཐབས་ཤེས་ཁྱད་པར་ཅན་འཆང་བ་གསང་སྔགས་ཅན། དོན་ལས་མི་འདའ་བས་དམ་ཚིག་ཆེན་པོ་གསང་སྔགས་ཀྱི་སྒོ་ནས་གདུལ་བྱ་རྗེས་སུ་འཛིན་པའོ། རྩ་བ་བྱང་ཆུབ་སེམས་ཏེ་ཆོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས། གཙོ་བོ་དཀོན་མཆོག་གསུམ་གྱི་ཚུལ་འཛིན་ཅིང་གཞན་ལའང་འཛིན་དུ་འཇུག་པར་མཛད་པ། དེ་ཡང་རྒྱ་ཆེ་བའི་དཀོན་མཆོག་ནི་སྤྱི་དང་མཐུན། ཟབ་པའི་དབང་དུ་བྱས་ནས། བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པས་སངས་རྒྱས་དཀོན་མཆོག དེའི་དོན་རྟོགས་པས་ཆོས་དཀོན་མཆོག རྗེས་སུ་སྒྲུབ་པས་ནི་དགེ་འདུན་དཀོན་མཆོག་གོ། ཆོས་ཀྱི་སྒོ་མོ་ཇི་སྙེད་པ་ཡང་ཐེག་པ་གསུམ་དུ་འདུས་ཏེ་གདུལ་བྱ་རྗེས་སུ་བཟུང་བའི་ཕྱིར། ཐེག་པ་མཆོག་གསུམ་གདུལ་བྱའི་བློ་དང་སྦྱར་ནས་གང་མོས་པ་ལ་སྟོན་པ་པོ་སྟེ་འགྲོ་བའི་དོན་ཡོད་པར་མཛད་པ་ནི་ཞགས་པ་དང་འདྲ་བས། གདུལ་བྱ་རྗེས་སུ་བཟུང་ནས་འཁོར་བ་ལས་རྣམ་པར་རྒྱལ་བར་བྱེད་དོ། ཐུགས་རྗེའི་ཞགས་པས་གདུལ་བྱ་རྗེས་སུ་འཛིན་པ་ཆེན་པོ་ཆོས་སྐུ་རྡོ་རྗེ་ལྟ་བུ་རྟོགས་པ་ལས་བྱུང་བས་རྡོ་རྗེ་ཞགས་པ་ཞེས་བྱའོ། ཐུགས་རྗེས་གདུལ་བྱ་རྗེས་སུ་འཛིན་པས་རྡོ་རྗེ་ལྕགས་ཀྱུ་དང་འདྲ། ཉོན་མོངས་པ་རྣམས་འཆིང་བས་ཞགས་པ་དང་འདྲ་ཞིང་དེ་ཉིད་ལའང་མ་ཞེན་པས་ཆེ་ཞེས་བྱའོ། ད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ཕྱིར་འདིར་ཁྲོ་བོ་གཤིན་རྗེའི་མིང་བསྟན་ཏེ། དེ་ཡང་རྡོ་རྗེའི་རིགས་ཡིན་པས་རྡོ་རྗེ་ཤིན་ཏུ་འཇིགས་པར་བྱེད་པའི་ཆ་བྱད་དུ་བསྟན་ནས་མ་ཧཱ་དེ་བ་ལ་སོགས་པ་དང་ལས་ཀྱི་གཤིན་རྗེ་རྣམས་ཞི་བས་མི་འདུལ་བ་དེ་དག་འཇིགས་ཤིང་སྐྲག་པར་བྱེད་པས་འདུལ་བའོ། ད་ནི་ཡོན་ཏན་རྟགས་ཀྱི་ཕྱག་རྒྱ་བསྟན་ཏེ་ཁྲོ་བོ་ནི་གསོད་པ་དང་སྐྲོད་པ་ལ་སོགས་པ་དྲག་པོའི་ཆ་བྱད་དུ་སྟོན་པ་སྟེ། དེ་ཡང་། གསོད་དང་སྐྲོད་དང་དྲག་པོར་སྟོན། འདི་ནི་ཁྲོ་བོའི་དོན་དུ་བརྗོད། ཞེས་པ་ལྟ་བུའོ། དེས་ནང་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཉོན་མོངས་པ་ཞེ་སྡང་ལ་སོགས་པ་བཅོམ་པའི་རྟགས་སོ། དེ་ནི་ཁྲོ་བོ་རྣམས་ཀྱི་ནང་ན་གཙོ་བོར་གྱུར་པས་ཁྲོ་བོའི་རྒྱལ་པོ་རིགས་དྲུག་དང་ལྡན་པའི་རྟགས་སུ་གདོང་དྲུག་འཇིགས། ཡེ་ཤེས་དྲུག་དང་ལྡན་པའི་རྟགས་སུ་མིག་དྲུག ཕར་ཕྱིན་དྲུག་དང་ལྡན་པའི་རྟགས་སུ་ལག་དྲུག གདུག་པ་འཇོམས་པར་བྱེད་པའི་སྟོབས་དང་ལྡན་པ་མི་མགོ་སྐམ་རློན་གྱིས་བརྒྱན་པས། ཀེང་རུས་ངེས་པར་འབྱེད་པའི་ཤེས་རབ་རྣོན་པོས་ཉོན་མོངས་པ་འཇོམས་ཤིང་གདུག་པ་ཅན་འདུལ་བའི་རྟགས་སུ་མཆེ་བ་གཙིགས་པ་པོ། འདིས་ནི་འཇིགས་བྱེད་ཆེན་པོའི་རྒྱན་བསྟན་ཏེ་ཧ་ལ་ཧ་ལ་དུག་སྟེ་མཐོང་རེག་ཁ་ཆུ་དང་ཁའི་རླངས་པ་སྟེ་དུག་བཞི་དང་ལྡན་པའི་སྦྲུལ་གྱིས་ལུས་དང་ཡན་ལག་བརྒྱན་པས་སྦྲུལ་གདུག་པའི་གདེངས་ཀའི་གདོང་བརྒྱ་དང་ལྡན་པ། འདིས་སྐུའི་འཕྲིན་ལས་བསྟན་ཏེ། འདི་ལས་ཀྱི་གཤིན་རྗེ་རྣམས་འདུལ་བའི་གཤེད་པོ་བྱི་ན་ཡ་ཀ་དང་། ཚོགས་བདག་གླང་སྣ་ལ་སོགས་པ་འདུལ་བར་བྱེད་པས་བགེགས་ཀྱི་རྒྱལ་པོའོ། རྡོ་རྗེ་ལྟར་ཕྲིན་ལས་ཐོགས་པ་མེད་པར་མཛད་པའི་རྡོ་རྗེ་ཤུགས་ཅན་ཏེ། དེའི་སྒོ་ནས་གདུག་པ་ཅན་རྣམས་འཇིགས་ཤིང་སྐྲག་པར་བྱེད་པའོ། རྡོ་རྗེའི་གྲགས་པའི་ཁྱད་པར་ཅི་ཙམ་ཞེ་ན། ཆོས་ཐམས་ཅད་རྡོ་རྗེ་ལྟར་དབྱེར་མི་ཕྱེད་ཅིང་འཇིག་རྟེན་གསུམ་དུ་གྲགས་པ། ཆོས་ཐམས་ཅད་ཀྱི་འཕྲོ་གཞིར་གྱུར་པས་སམ་ཐུགས་རྡོ་རྗེའི་རིགས་ཡིན་པས་ཀྱང་རྡོ་རྗེའི་སྙིང་པོའོ། སྒྱུ་མ་ལྟ་བུའི་རྣམ་པར་འཕྲུལ་ཞིང་རྡོ་རྗེའི་སྐུ་དེ་ཡང་ནང་དུ་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱིས་གང་བའི་རྟགས་སུ་གསུས་ཁྱིམ་ཆེ་བས་གསུས་པོ་ཆེའོ། དེའི་རྒྱུ་ཅི་ཞེ་ན། རྒྱུ་ནི་ཆོས་རྡོ་རྗེ་ལྟ་བུ་རྟོགས་པ་ལས་སྐྱེས་ཏེ་རིགས་ཐམས་ཅད་ཀྱི་གཙོ་བོར་གྱུར་པས་རྡོ་རྗེའི་བདག་པོའོ། དེའི་དཔེ་ནི་རྡོ་རྗེའི་སྙིང་པོ་ནི་དངོས་པོ་མེད་པ་དང་ཀུན་ལ་ཁྱབ་པ་དང་། ཆོ་འཕྲུལ་མི་འགག་པའི་ཕྱིར་ནམ་མཁའ་འདྲ་བའོ། འོ་ན་མཚན་མ་ཅན་དུ་མི་འགྱུར་རམ་ཞེ་ན། འདིས་ནི་ཡོན་ཏན་གྱི་རྒྱན་བསྟན་ཏེ་མཚན་མའི་རྣམ་པར་རྟོག་པས་མི་གཡོ་ཞིང་གཉིས་སུ་མེད་པར་རྟོགས་པའི་རྟགས་རལ་པ་ཐོར་ཚུགས་གཅིག་གིས་བསྒྱིངས་པའོ། ཐེག་པ་མཆོག་དང་ལྡན་པའི་རྟགས་སུ་གླང་ཆེན་གྱི་ཀོ་རློན་གོས་སུ་གྱོན་པའོ། ཁྲོ་བོའི་གསུང་ཇི་ལྟ་བུ་ཞེ་ན། འགྲོ་བའི་དོན་མཛད་པ་ལ་དགྱེས་པས་གྲགས་ཆེན་ཧ་ཧ་ཞེས་པའི་སྒྲ་སྒྲོགས་པ། ཧི་ཧི་ཞེས་སྒྲོགས་པས་མ་རུངས་པ་རྣམས་འཇིགས་པར་བྱེད་ཅིང་བརྒྱལ་བར་བྱེད་པའི་གད་མོ་ཆེན་པོ་གད་རྒྱངས་ཅན། རྡོ་རྗེ་དང་འདྲ་བ་གཞན་གྱིས་བར་དུ་མི་ཆོད་པས། འཇིག་རྟེན་གསུམ་ན་ཐོས་པའི་རྡོ་རྗེའི་གད་མོ་ཆེར་སྒྲོགས་པའོ། འོ་ན་ཐུགས་ཀྱི་རང་བཞིན་ཇི་ལྟ་བུ་ལགས་ཤེ་ན། རྡོ་རྗེ་ལྟར་མི་ཕྱེད་པའི་ཐུགས་ཡེ་ཤེས་ཆེན་པོ་ཆོས་ཀྱི་དབྱིངས་ལ་སེམས་པས་ན་སེམས་དཔའ། ཐུགས་རྗེས་འགྲོ་བའི་དོན་ལ་སེམས་དཔས་སེམས་དཔའ་ཆེ་སྟེ། དེའི་གོང་ན་གཞན་མེད་པས་རྡོ་རྗེ་རྒྱལ་པོ་ཟག་པ་མེད་པའི་བདེ་བ་ཆེན་པོ་མངའ་བས་བདེ་བ་ཆེ། གདུག་པ་ཅན་འཇོམས་པའི་ཐུགས་མངའ་བས་རྡོ་རྗེ་དྲག་པོ་དེས་སེམས་ཅན་རྣམས་ཀྱི་དགའ་བ་ཆེན་པོ་སྐྱེད་པར་མཛད་པས་དགའ་བ་ཆེའོ། རྡོ་རྗེ་ལྟ་བུ་ཐུགས་སུ་ཆུབ་པའི་སྒོ་ནས་རྡོ་རྗེ་ཧཱུྃ་སྟེ་ཧཱུྃ་ཞེས་པའི་སྒྲ་སྒྲོགས་ཤིང་གདུག་པ་ཅན་ཚར་གཅོད་པར་མཛད་དོ། ཁྲོ་བོ་དེས་ལས་ཅི་མཛད་ཅེ་ན། ཕྱག་མཚན་མཚོན་དུ་ཉོན་མོངས་པ་འབིགས་པའི་ཐབས་དང་ཤེས་རབ་ཀྱི་རྡོ་རྗེའི་མདའ་གཞུ་ཐོགས་པ། རྣམ་པར་རྟོག་པ་གཅོད་པར་བྱེད་པའི་རྡོ་རྗེ་རལ་གྲིས་མཚན་རྟོག་མ་ལུས་པ་གཅོད་པར་བྱེད་པ། དུག་ལྔ་ཆོམ་པའི་རྟགས་རྡོ་རྗེ་ཀུན་འཆང་རྡོ་རྗེ་ལྟར་གཞན་འཇོམས་པའི་མཐུ་དང་ལྡན་པས་རྡོ་རྗེ་ཅན། དེ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་གཅིག་པུ་བ། བདུད་བཞི་དང་གདུག་པ་ཅན་འཇོམས་ཤིང་གཡུལ་སེལ་བར་བྱེད་པའོ། རྒྱན་གྱི་སྒོ་ནས་ཁྱད་པར་གྱི་ཡོན་ཏན་བསྟན་པ་ནི། རྡོ་རྗེ་འབར་བ་ལྟ་བུའི་དྲག་པོའི་སྤྱན་མིག་ཤིན་ཏུ་མི་བཟད་པ་འཇིགས་པ་མངའ་ཞིང་། དབུ་སྐྲ་ཡང་རྡོ་རྗེ་འབར་བ་སྟེ། གཞན་གྱི་རྒྱུད་ལ་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་ཡེ་ཤེས་འབེབས་པ་རྣམ་པར་རྟོག་པ་མེད་པ་འབེབས་པ་ཆེའོ། མིག་བརྒྱ་པ་སྟེ་ཞེས་པ་མཚོན་པ་ཙམ་སྟེ། ཐམས་ཅད་དུ་མ་འགགས་པ་ཤེས་རབ་ཀྱི་སྤྱན་དབྱེར་མི་ཕྱེད་པ་དང་ལྡན་པས་རྡོ་རྗེའི་མིག་གོ། ལུས་ལ་ནི་རྡོ་རྗེའི་བ་སྤུ་དངོས་སུ་འཁྱིལ་བ་ཅན། རྡོ་རྗེའི་སྤུ་དེ་ནི་གཉིས་སུ་མེད་པའི་གཅིག་པུས་སྐུ་ལུས་ལ་བརྒྱན་པའོ། རིགས་ལྔ་ཡེ་ཤེས་ལྔ་དབྱེར་མི་ཕྱེད་པའི་རྟགས་སུ་སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། ཐམས་ཅད་གཉིས་སུ་མེད་པར་བསྡུས་པའི་རྟགས་སུ་རྡོ་རྗེའི་སྙིང་པོ་པགས་པ་སྲ་མཁྲེགས་འཐས་པ་མངའ་བའོ། རྡོ་རྗེའི་ཕྲེང་བ་ཐོགས་ནས་གཞན་དོན་མཛད་པས་དཔལ་དང་ལྡན་པའོ། ཆེ་བའི་ཡོན་ཏན་ཕྲེང་བ་བརྒྱུས་པ་ལྟར་རྒྱུན་མི་ཆད་པ་དང་ལྡན་པའི་རྟགས་སོ། རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། ཞེས་ད་ལྟར་ཁྱད་པར་གྱི་རྒྱན་རྡོ་རྗེས་བརྒྱན་པའི་སྒོ་ནས་ཆེ་བའི་ཡོན་ཏན་རྣམས་བསྟན་པ་ཡིན་ཏེ། ཐུགས་རྡོ་རྗེའི་རིགས་ཡིན་པའི་ཕྱིར་རོ། འོ་ན་གསུང་གི་སྒོ་ནས་འགྲོ་བ་འདུལ་བའི་ཡོན་ཏན་གང་ཞེ་ན། འགྲོ་བའི་དོན་མཛད་པ་ལ་དགྱེས་པའི་གད་རྒྱངས་ཧ་ཧ་ཞེས་ངེས་པར་སྒྲོག་པ། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ་ནི་རྒྱས་པར་ཡི་གེ་དྲུག་པའི་སྔགས། དེ་ལས་བསྡུ་ན་ཝཱ་གི་ཤཱ་རི་འབྲུ་དྲུག་པའོ། དེ་གཉིས་ནི་གསང་སྔགས་རྡོ་རྗེའི་ཐེག་པའི་སྒྲའོ། འཇམ་དབྱངས་ཆེན་པོའི་གསུང་དོན་ཆེན་པོ་སྟོན་པས་སྒྲ་ཆེ་བ། གང་དུ་སྒྲོག་ན་འཇིག་རྟེན་གསུམ་ནའོ། སྒྲ་གཅིག་པ་ནི་གཉིས་སུ་མེད་པ་སྟོན་པའི་སྒྲ་ཡིན་པ་དང་། ཡང་ཇི་སྙེད་ཅིག་བསྒྲགས་ཀྱང་འགྲོ་བ་འདྲེན་པར་གཅིག་པ་དང་། སྒྲ་དེ་ལ་ཡང་འགྲན་ཟླ་མེད་པས་ཀྱང་ངོ་། དེ་ཇི་ཙམ་དུ་སྒྲོག་ཅེ་ན། ནམ་མཁའི་མཐའ་ཀླས་ཁྱབ་པར་སྒྲ་སྒྲོགས་པའོ། སྒྲ་རྣམས་ཀྱི་ནང་ནས་ཆོས་ཀྱི་དོན་དང་ལྡན་པ་འདི་ནི་སྒྲ་རྣམས་ཀྱི་མཆོག་གོ། སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ཕྱིར། དེ་ལ་གསུང་གི་རྒྱུ་ནི་ཡང་དག་བདག་མེད་དེ་བཞིན་ཉིད་དོ། ཡང་དག་མཐའ་སྟེ་དེ་ནི་ཡི་གེ་རྣམས་ཀྱིས་བརྗོད་དུ་མེད་པའོ། སྟོང་ཉིད་དུ་སྨྲ་བ་ནི་སྨྲ་བའི་ཁྱུ་མཆོག་སྟེ། ཅིའི་ཕྱིར་མཆོག་ཡིན་ན། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་སྒྲ་སྒྲོག་པའི་ཕྱིར་རོ། ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན་པས་བདུད་བཏུལ་ནས་ཆོས་ཀྱི་གཎྜི་ལྟ་བུའི་སྒྲ་བོ་ཆེ་ཡིས་འཁོར་བསྡུས་ནས་མཐའ་གཉིས་ལ་མི་གནས་པའི་མྱ་ངན་འདས་པ་ཆེན་པོ་ནི་ཆོས་སྟོན་པ། རྒྱ་ཇི་ཙམ་ཆེ་ན་ཕྱོགས་བཅུ་ཐམས་ཅད་དུ་ཁྱབ་པའི་ཆོས་ཀྱི་རྔ་བོ་ཆེ་སྒྲོག་པའོ། དེ་ལ་ཀུན་འབྱུང་བའི་གཞི་གང་ཞེ་ན། ཆོས་སྐུ་ངོ་བོ་ཉིད་མ་གྲུབ་པས་གཟུགས་མེད་དེའི་བྱིན་རླབས་ལས་ལོངས་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་གཟུགས་བཟང་དམ་པ་སྟེ། སྤྲུལ་སྐུ་སྣ་ཚོགས་གཟུགས་ཅན་ཏེ་ཡིད་ཡེ་ཤེས་སུ་གྲོལ་བ་ལས་སྐྱེས་པའོ། དེ་ལས་ཉན་རང་བྱང་སེམས་ཚངས་པ་ཁྱབ་འཇུག་ལ་སོགས་པའི་གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ་ཏེ་སྤྲུལ་པའི་གཟུགས་བརྙན་མ་ལུས་པ་འཆང་བ་པོ། ཚོགས་གཉིས་ཡོངས་སུ་རྫོགས་པའི་དབང་གིས་གཉེན་པོ་གང་གིས་ཀྱང་ཚུགས་པ་མེད་ཅིང་། བདུད་དང་མུ་སྟེགས་ལ་སོགས་པ་གང་གིས་ཀྱང་ཟིལ་གྱིས་མི་གནོན་པས་ན་ཆེ་བར་གྲགས་ཤིང་ཁམས་གསུམ་གྱི་དབང་ཕྱུག་ཆེན་པོ་སྟེ། དེ་ཡང་འཕགས་པའི་ལམ་ལས་ཤིན་ཏུ་མཐོ་བར་གྱུར་པ་གཉིས་སུ་མེད་པའི་ཡེ་ཤེས་ལ་གནས་པའོ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་མཁྱེན་པས་དར་བ་ཆེན་པོ་གཉིས་སུ་མེད་པ་ནི་རྩེ་མོར་གྱུར་པས་ཆོས་ཀྱི་ཏོག་གོ། དེ་གདུལ་བྱ་ལ་ཇི་ལྟར་མོས་པར་སྣང་བ་ནི་བྱང་ཆུབ་སེམས་དཔས་འདུལ་བ་རྣམས་ལ་བགྲེས་རྒུད་མི་མངའ་སྟེ། རྟག་ཏུ་བྱིས་པ་ལོ་བརྒྱད་པ་ལྟར་གཞན་གྱི་ཡིད་འཕྲོག་པར་བྱེད་པ་འཇིག་རྟེན་གསུམ་ན་གཞོན་ནུར་གྱུར་པའི་ལུས་གཅིག་ཏུ་སྟོན་ཞིང་དོན་མཛད་དོ། ཉན་ཐོས་ཀྱིས་འདུལ་བ་རྣམས་ལ་གནས་བརྟན་རྒན་པོ་རབ་འབྱོར་ལྟ་བུར་སྤྲུལ། རང་རྒྱལ་པས་འདུལ་བ་རྣམས་ལ་རང་རྒྱལ་རྒན་པོ་རྫུ་འཕྲུལ་ཆེར་སྟོན་ལྟ་བུར་སྤྲུལ་ནས་དོན་མཛད། སྣ་ཚོགས་ཀྱིས་འདུལ་བ་ལ་སྐྱེ་དགུའི་བདག་པོར་སྤྲུལ་ནས་དོན་མཛད་པ་ལྟ་བུའོ། ཕྱག་ཞབས་འཁོར་ལོའི་མཚན་ལ་སོགས་པ་ཐུན་མོང་གི་མཚན་སུམ་ཅུ་རྩ་གཉིས་འཆང་བ་དང་། ཁྱད་པར་གྱི་དབང་དུ་བྱས་ན། དཔལ་རྣམ་པར་སྣང་མཛད་ལ་རྒྱུའི་སེམས་དཔའ་བཅུ་དྲུག འབྲས་བུའི་སེམས་དཔའ་བཅུ་དྲུག་གིས་བརྒྱན་པ་ལ་བཤད་དོ། དེ་ལྟར་ཡིད་དུ་འོང་བས་སྡུག་གུ་འཇིག་རྟེན་གསུམ་ན་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ་འདུན་པ་སྐྱེ་བའི་གནས་སུ་གྱུར་པའོ། དེས་འཇིག་རྟེན་པ་ཇི་ལྟར་སྐྱོབ་ཅེ་ན། འཇིག་རྟེན་པའི་སྨན་དང་བཟོ་ལ་སོགས་པའི་ཤེས་བྱ་ཡང་རྗེ་བཙུན་ཉིད་ཀྱིས་ལེགས་པར་བསླབ་པས་སློབ་དཔོན་ཏེ། འཇིག་རྟེན་པའི་སློབ་དཔོན་ཐ་སྙད་ཀྱི་རིགས་པ་ལྡན་པ་སུས་ཀྱང་ཟིལ་གྱིས་མི་གནོན་པས་འཇིགས་པ་མེད་པ་དང་། དེ་དག་ལ་ཕན་པར་མཛད་པས་མགོན་སྐྱོབ། འཇིག་རྟེན་གྱི་ཡིད་དང་མཐུན་པར་འཇུག་པས་ཡིད་གཅུགས་པ། སྔར་ཡང་སྐྱབས་པ་དང་ཕྱིས་ཀྱང་སྐྱོབ་པ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མཛད་དོ། འོ་ན་ཐུགས་ཀྱི་མཁྱེན་ཚད་ཅི་མངའ་ཞེ་ན། ཆོས་ཀྱི་སྐུ་ནམ་མཁའི་མཐའ་ལྟ་བུ་ལ་ལོངས་སྤྱོད་ཅིང་རྟོགས་པས་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་མངའ་བའོ། དེའི་བྱེད་ལས་གང་ཞེ་ན། གཉིས་སུ་མེད་པའི་དོན་རྟོགས་པས་མ་རིག་པ་སྒོ་ངའི་ཤུན་ལྤགས་འདྲ་བ་སྦུབས་འབྱེད་པ། སྲིད་པའི་ལས་ཉོན་གྱི་དྲ་བ་འཇོམས་པ་པོ། ཉོན་མོངས་ཤིང་སྡུག་བསྔལ་བ་མ་ལུས་པ་ཞི་བར་བྱེད་པ། འཁོར་བའི་རྒྱ་མཚོ་ཕ་རོལ་དུ་ཕྱིན་པར་བྱེད་པའོ། དེ་རྟོགས་པའི་ཕན་ཡོན་ནི་གཉིས་སུ་མེད་པའི་དོན་རྟོགས་པས་ཉོན་མོངས་པ་ལྔ་མ་སྤངས་རང་སར་གྲོལ་ཏེ། ཡེ་ཤེས་ལྔར་སྣང་བ་སྟེ་བུམ་པ་ལ་སོགས་པའི་དབང་ལ་ལྟོས་པ་མ་ཡིན་པས་ཡེ་ཤེས་གཅིག་རྫོགས་ཀྱི་དབང་བསྐུར་བ་ཞེས་བྱ་སྟེ། གཞི་རིག་པ་གཅིག་ལ་སྣང་ཚུལ་ཡེ་ཤེས་ཀྱིས་བརྒྱན་པ་དེ་ཤིན་ཏུ་མཛེས་པའི་ཕྱིར་ཅོད་པན་ཅན་ནོ། དེ་ཡང་། སེམས་ཀྱི་ཆོས་ལ་དབང་ཐོབ་ན། རྫས་ཚིག་མཚན་མའི་དབང་རྣམས་ཀུན། མ་བསྐུར་ཀྱང་ནི་ཐོབ་པར་འགྱུར། ཞེས་པ་ལྟར་རོ། ཡེ་ཤེས་ལྔའི་གཟུགས་བརྙན་རྫོགས་པའི་སངས་རྒྱས་ལྔར་ཤར་ཏེ་གསལ་ཞིང་མཛེས་པའི་ཕྱིར་རྒྱན་དུ་ཐོགས་ཞེས་སོ། སྲིད་པའི་སྡུག་བསྔལ་ཐམས་ཅད་སྡུག་བསྔལ་གསུམ་གྱིས་མ་བསྡུས་པ་མེད་པས་སྡུག་བསྔལ་དེ་གསུམ་ཞི་ཞིང་། ཉོན་མོངས་པ་རྣམས་ཀྱང་དུག་གསུམ་དུ་འདུས་པས་དེ་གསུམ་སེལ་ཞིང་འགྲོ་བ་མཐའ་ཡས་པའི་དོན་བྱས་ནས་གྲོལ་བ་ཉན་རང་བྱང་སེམས་གསུམ་ཐོབ་པའོ། ཉོན་ཤེས་ཀྱི་སྒྲིབ་པ་ཀུན་ལས་ངེས་པར་གྲོལ་ནས་ནམ་མཁའ་ལྟར་མཉམ་པ་ཉིད་ལ་གནས་ཏེ། དེ་ཕན་ཆད་ཉོན་མོངས་པའི་དྲི་མ་ཀུན་ལས་འདས་པའོ། དེ་ལྟར་རྟོགས་པའི་ངོ་བོ་ཅི་ཞེ་ན། མཉམ་པ་ཉིད་ལ་དུས་གསུམ་གྱི་དུས་སུ་དབྱེར་མེད་དེ། མདོ་ལས། འདས་པའི་དེ་བཞིན་ཉིད་གང་མ་འོངས་དེ་བཞིན་ཉིད། ད་ལྟར་དེ་བཞིན་ཉིད་འདི་ཐམས་ཅད་བྱེ་བྲག་མེད། ཅེས་པ་ལྟ་བུ་རྟོགས་པ་པོ་དེ་ནི་སེམས་ཅན་ཀུན་གྱི་གཙོ་བོར་གྱུར་པས་ཀླུ་ཆེན་པོ་ལྟ་བུ། འཇིག་རྟེན་པ་ཉན་རང་བྱང་སེམས་རྣམས་སྔ་མ་ལས་ཕྱི་མ་རྣམས་ཡོན་ཏན་ཆེ་ལ། དེ་དག་ཐམས་ཅད་ལས་དེ་བཞིན་གཤེགས་པ་ཡོན་ཏན་མཆོག་ཏུ་གྱུར་པས་ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད་ལྟར་མཛེས་ཤིང་རབ་ཏུ་གྱུར་པ་ནི་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་སྐུར་གྱུར་པ་འཇམ་དཔལ་ཉིད་དོ། ཉོན་མོངས་ཤིང་སྡུག་བསྔལ་བའི་འགྲོ་བ་མ་ལུས་ཀུན་ཏུ་སྐྱེ་བ་ལས་རྣམ་པར་གྲོལ་བ། ནམ་མཁའ་ལྟ་བུའི་ཡེ་ཤེས་ཀྱི་ལམ་ལ་རབ་ཏུ་གནས་པ། འོ་ན་འགྲོ་བའི་དོན་ཇི་ལྟར་མཛད་ན། ཡིད་བཞིན་ནོར་བུ་ཆེན་པོ་དང་མཚུངས་པའི་ཡོན་ཏན་འཆང་བ་སྟེ་ཡིད་བཞིན་ནོར་བུ་ལ་ཡོན་ཏན་གྱི་ཆོས་བརྒྱད་ཡོད་དེ། སེམས་ཅན་གྱི་དགོས་འདོད་འབྱུང་བ། དེ་ཡང་གསོལ་བ་བཏབ་ན་འབྱུང་། མ་བཏབ་ན་མི་འབྱུང་བ། དུས་སུ་འབྱུང་བ། ཇི་ལྟར་འཚམས་པར་འབྱུང་བ། ཟད་མི་ཤེས་པར་འབྱུང་བ། རྟོག་པ་མེད་པར་འབྱུང་བ། ལན་ལ་རེ་བ་མེད་པའོ། དེ་དང་འདྲ་བའི་ཡོན་ཏན་དེས་ཀུན་ལ་ཁྱབ་པའི་བདག་ཉིད་རིན་ཆེན་ཀུན་གྱི་མཆོག་ཅེས་བྱའོ། ཡང་དཔག་བསམ་གྱི་ཤིང་ཆེན་རྒྱས་པ་དང་འདྲ་སྟེ། དཔག་བསམ་གྱི་ཤིང་ནི་ནོར་བུ་ལ་ཡོད་པའི་ཆོས་སྔ་མ་བརྒྱད་ཀྱི་ཁར། བསིལ་བ་དང་། འགྲོ་བ་ངལ་སོས་པའི་གནས་སུ་གྱུར་པ་དང་བཅུ་དང་ལྡན་པའོ། ཡང་བུམ་པ་བཟང་པོ་ཆེ་བའི་མཆོག་ལྟ་བུ་སྟེ་ནོར་བུའི་ཆོས་བརྒྱད་ཀྱི་ཁར་བསྒྲུབ་ན་འབྱུང་ལ། མ་བསྒྲུབ་ན་མི་འབྱུང་བ་དང་ཆོས་བཅུའོ། དེའི་བྱེད་པ་སེམས་ཅན་ཀུན་དོན་བྱེད། ཡང་བུ་གཅིག་པའི་མ་ལྟར་སེམས་ཅན་ཀུན་ལ་ཕན་འདོད་སེམས་ཅན་མཉེས་གཤིན་པ། དེས་གདུལ་བྱའི་བསམ་པ་ཇི་ལྟར་མཁྱེན་ཞེ་ན། ལས་བཟང་ངན་ཤེས་ཤིང་དེའི་འབྲས་བུ་དུས་ཇི་ཙམ་ན་འབྱུང་བའི་དུས་ཤེས་ལ། ཐུགས་རྗེས་ཀུན་ལ་ཁྱབ་པའི་བདག་པོ་གཞན་གྱི་དམ་ཚིག་ཀྱང་ཤེས་ལ་རང་ཡང་དེ་ཁོ་ན་ལས་མི་འདའ་བའི་དམ་ཚིག་དང་ལྡན་པའོ། དོན་མཛད་པའི་དུས་ཚོད་ཤེས་ཤིང་སེམས་ཅན་དབང་པོ་རབ་འབྲིང་ཐ་མ་དང་དད་པ་དང་བརྩོན་འགྲུས་རབ་འབྲིང་ཐ་མའི་དོན་ཤེས་པའོ། དེ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བས་ཉན་ཐོས་རང་རྒྱལ་ཐེག་པ་ཆེན་པོ་དང་རྣམ་གྲོལ་གསུམ་ལ་མཁས་པ་པོ། སྐུ་དང་ཡེ་ཤེས་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་དང་རྗེ་བཙུན་ཉིད་ཀྱང་ལྡན་ཞིང་ཉན་རང་ལ་སོགས་པའི་རྒྱུད་ལ་ཡོད་པའི་ཡོན་ཏན་རྣམས་ཀྱང་ཤེས་པའོ། དེ་ལྟར་གྱུར་པའི་བཀྲ་ཤིས་པའི་དམ་པར་བསྟན་པའི་ཕྱིར། དེ་ལྟར་ཆོས་ཀྱི་དོན་ཤེས་པས་ཚེ་འདིར་ཡང་ལེགས་པའི་ཡོན་ཏན་ཀུན་འབྱུང་བས་བཀྲ་ཤིས་ལ། ཕྱི་མར་ཡང་ལེགས་པའི་ཡོན་ཏན་ཀུན་འབྱུང་བས་བཀྲ་ཤིས་འབྱུང་བའོ། འཇིག་རྟེན་པའི་ནོར་དང་རིགས་རྒྱུད་འཕེལ་བ་ལ་སོགས་པ་བཀྲ་ཤིས་ཀུན་གྱི་ནང་ན་ཡང་བཀྲ་ཤིས་པ་དམ་པར་གྱུར་པའོ། ཁམས་གསུམ་དུ་གྲགས་ཤིང་ལེགས་པའི་ཡོན་ཏན་འབྱུང་བས་གྲགས་པའི་བཀྲ་ཤིས། མི་དགེ་བ་ལས་ལོག་ནས་དགེ་བ་སྣ་ཚོགས་ལ་ཞུགས་པས་སྙན་གྲགས་དགེ་བའོ། འགྲོ་བ་རྣམས་ཐར་པའི་ལམ་དུ་དབུགས་འབྱིན་ཆེན་པོ་སྦྱིན་པས་ཀུན་དགའ་བའི་ཆོས་ཀྱི་དགའ་སྟོན་ཆེན་པོ་མཛད་ཅིང་། ཟག་མེད་ཀྱི་བདེ་བ་ཆེན་པོ་ཐོབ་པས་དགའ་ཆེན། འདོད་པའི་ཡོན་ཏན་མི་སྤོང་བས་རོལ་མོ་ཆེན་པོ་ཞེས་བྱ་སྟེ། དེས་འགྲོ་བ་སྐྱོབ་པའི་ཚུལ་ནི། ཀུན་གྱིས་བཀུར་སྟི་རིམ་གྲོ་བྱ་བའི་འོས་སུ་གྱུར་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཏེར་དུ་གྱུར་པའོ། མཆོག་ཏུ་འགྲོ་བའི་དོན་ལ་དགའ་བ་ཁམས་གསུམ་དུ་གྲགས་པའི་མངའ་བདག་ཚོགས་གཉིས་རྫོགས་པས་དཔལ་ཏེ་ཡོན་ཏན་གྱི་སྐལ་པ་མཆོག་དང་ལྡན་ཞིང་མཆོག་སྦྱིན་པའི་གཙོ་བོ་སྟེ། དེས་སྡུག་བསྔལ་བ་རྣམས་འཁོར་བའི་འཇིགས་པ་ལས་སྐྱོབ་ཅིང་དེ་ལས་ལྷག་པ་མེད་པས་སྐྱབས་ཀྱི་དམ་པ་སྐྱབས་སུ་འོས་པའོ། འཇིག་རྟེན་གྱི་རྟོག་པ་དགྲ་ཞེས་བྱ་སྟེ་དེ་ལས་སྐྱོབ་པའོ། དེ་ཡང་འཇིག་རྟེན་ལས་རབ་ཏུ་གྱུར་པས་ཉན་ཐོས་སོ། དེ་ལས་རབ་ཏུ་གྱུར་པས་རང་རྒྱལ་ལོ། དེ་ལས་རབ་ཏུ་གྱུར་པས་བྱང་ཆུབ་སེམས་དཔའ། དེ་དག་ལས་ཀྱང་མཆོག་ཏུ་གྱུར་པ་རྗེ་བཙུན་ཉིད་ཡིན་པས་རབ་ཀྱི་མཆོག་ཅེས་བྱའོ། དེ་ནི་བདུད་དང་སྡུག་བསྔལ་གྱི་འཇིགས་པ་མ་ལུས་པ་སེལ་བར་བྱེད་པའོ། མུ་སྟེགས་ཀྱི་ཆ་བྱད་ཀྱིས་འདུལ་བ་ལ་དེར་སྤྲུལ་ནས་འགྲོ་བའི་དོན་མཛད་པའི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ནས་སྤྱི་བོར་གཙུག་ཕུད་ཙམ་འཛིན་པ་དང་། ཕུད་བུ་ནི་སྐྲ་གཞན་བྲེགས་ནས་དཔྲལ་བར་བཅིངས་པ་དང་། ལྕང་ལོ་ཅན་ནི་སྐྲ་སིལ་བུ་རིང་བ་དང་། རལ་པ་ནི་རལ་པ་སོགས་ཁ་ནོན་པ་ལྷ་ཆེན་པོ་ལ་དད་པ་རྣམས་སོ། མུཉྫུ་ནི་རྐེད་སོར་སླེབ་པའི་རལ་པ་སྐེ་རགས་སུ་བཅིངས་པ་དང་། ཅོད་པན་ཐོགས་ནི་དར་ལ་སོགས་པ་ཐོད་དུ་བཅིང་བའི་ཐ་མ་ཅོད་པན་དུ་འཕུར་བའོ། གདོང་ལྔ་ནི་ཚངས་པ། གཙུག་ཕུད་ལྔ་དང་ལྡན་ནི་གཟེགས་ཟན། མགོ་ལ་རིན་པོ་ཆེའི་ཟུར་ཕུད་ལྔ་དང་ལྡན་པ་དྲི་ཟ་དང་། ཡང་མེ་ཏོག་གི་ཐོད་བཅིངས་པ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོ་སྟེ་ཇི་སྐད་བཤད་པའི་གཟུགས་དེ་དག་གིས་འདུལ་བ་ལ་དེ་དང་དེའི་གཟུགས་སུ་སྤྲུལ་ནས་དོན་མཛད་པའོ། འོ་ན་སངས་རྒྱས་པའི་བརྟུལ་ཞུགས་ཇི་ལྟར་འཛིན་ཞེ་ན། ཤཱཀྱ་ཐུབ་པ་ལྟ་བུའི་རབ་ཏུ་བྱུང་བས་འདུལ་བ་ལ་མགོ་ཟླུམ་དུ་སྤྲུལ་ནས་གནོད་པ་ལས་བཟློག་པའི་བརྟུལ་ཞུགས་ཆེན་པོ་འཛིན་པར་མཛད་པ། ཡང་ཚངས་པར་སྤྱོད་པའི་སྡོམ་པ་ལ་གནས་པའི་བརྟུལ་ཞུགས་མཆོག་གིས་འདུལ་བ་ལ་དེར་སྟོན་ཏོ། དཀའ་ཐུབ་མཐར་ཕྱིན་པས་འདུལ་བ་ལ་དཀའ་ཐུབ་ཆེན་པོ་དང་ལྡན་པར་སྟོན་པ་དང་། གཙང་སྦྲ་ལ་གནས་པ་དམ་པ་རྒྱལ་རིགས་གོའུ་ཏམ་ནི་ཤཱཀྱའི་རིགས་དང་། རང་བཞིན་གྱིས་དཀའ་ཐུབ་དང་གཙང་སྦྲ་ལ་གནས་པ་བྲམ་ཟེ་ལྟ་བུར་ཡང་སྤྲུལ་པ་དང་། ཉིད་ལ་ཉེས་པས་མ་གོས་པ་ཚངས་པ། གཞན་སྐྱོན་དང་བྲལ་བའི་ཐབས་ཤེས་པས་ཚངས་པ་ཤེས་ཞེས་བྱའོ། དེ་ལྟར་སྤྲུལ་བའི་ཕན་ཡོན་ཅི་ཞེ་ན། འཁོར་བའི་སྡུག་བསྔལ་དང་བྲལ་བས་མྱ་ངན་ལས་འདས་པ། དེ་ཉིད་ལ་ཞེན་པ་དང་བྲལ་བས་ཚངས་པ་ཐོབ་པའོ། འཆིང་བ་མཐའ་དག་ལས་གྲོལ་བའི་ཐར་པ། རྣམ་པར་གྲོལ་བའི་ཡེ་ཤེས་ཡོན་ཏན་ཐམས་ཅད་འབྱུང་བའི་རྟེན་བྱེད་པས་ལུས་ཞེས་བྱའོ། དེ་ལྟར་ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་ཞི་བ་སྤྲོས་པའི་མཚན་མ་ཐམས་ཅད་ཉེ་བར་ཞི་བས་ཞི་བ་ཉིད་དོ། དེ་ལས་མྱ་ངན་ལས་འདས་པའི་ཆོས་ཀྱི་ཡོན་ཏན་རྣམས་འབྱུང་སྟེ། ཉན་ཐོས་ཀྱི་ལམ་གྱིས་མྱ་ངན་འདས་ཞིང་རང་རྒྱལ་བའི་ལམ་གྱིས་མྱ་ངན་ལས་འདས་པ། ཐེག་པ་ཆེན་པོའི་ལམ་གྱིས་ལེགས་པར་མྱ་ངན་འདས་དང་ཉེ་བའོ། དེ་ནི་བདེ་བ་མྱང་འདས་ཀྱི་མཐའ་དང་སྡུག་བསྔལ་འཁོར་བའི་མཐའ་གཉིས་སེལ་བ་མཐར་གྱུར་པའི་ཡེ་ཤེས་དང་ལྡན་པ་ནི་སངས་རྒྱས་ཉིད་དོ། གཞིའི་གནས་ལུགས་རྣམ་པར་དག་པའི་ངོ་བོ་ཉིད་དུ་བསྟན་པའི་ཕྱིར། ཡུལ་རྣམས་ལ་ཆགས་པའི་བློ་དང་བྲལ་བའི་ཡེ་ཤེས་སུ་སྣང་བས་ལུས་ལས་འདས་པ་པོའོ། དེ་ཉིད་མི་མཐུན་པའི་ཕྱོགས་ཀྱིས་མི་བརྫི་བས་ཐུབ་པ་མེད་པ། གང་དང་ཡང་མཉམ་པ་མེད་པས་དཔེ་མེད་པ། མཚན་ཉིད་དང་མཚན་གཞི་མི་མངོན་ལ་མཚན་མ་གང་དུ་ཡང་མི་སྣང་ཞིང་རང་བཞིན་གྱིས་འོད་གསལ་བས་གསལ་བྱེད་གཞན་དགོས་པ་མིན་ལ། འདུས་མ་བྱས་པས་མི་འགྱུར་བའི་བདེ་གཤེགས་སྙིང་པོ། ཀུན་གྲོལ་དེས་ཀུན་ལ་འགྲོ་ཞིང་ཁྱབ་པ་པོ། རྟུལ་པོས་མི་ཤེས་པས་ཕྲ་ཞིང་ཟག་པ་མེད་ལ་སྲིད་པར་སྐྱེ་བའི་ས་བོན་མ་རིག་པ་བདག་ཏུ་འཛིན་པ་དང་བྲལ་བའོ། དེ་ལྟར་གཞི་ལ་རྣམ་པར་རྟོག་པའི་རྡུལ་དག་ནས་མེད་ལ། དེ་མ་རྟོགས་པའི་བློ་ཡང་དེ་ཉིད་རྟོགས་ན་རྟོག་པའི་རྡུལ་དང་བྲལ་བར་འགྱུར་ལ་དེ་ཉིད་ལ་ཡང་མ་ཞེན་པ་དྲི་མ་རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་དུ་གནས་པས་དོན་ལ་མེད་པའོ། དེ་ལྟར་སྒྲིབ་གཉིས་སྤངས་པས་ཉེས་པ་སྤངས་པ་སྐྱེ་རྒ་ན་འཆིའི་སྐྱོན་མེད་པ། དོན་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་ཚུལ་ནི། སྒྲིབ་པ་གཉིས་ལས་ཤིན་ཏུ་སད་པ་སད་པའི་བདག་ཉིད་དམ། ཡང་ན་སྣང་བ་ཡེ་ཤེས་སུ་སད་ཅིང་སེམས་སྟོང་པར་སད་པས། ཇི་སྙེད་པ་ཀུན་ཤེས་ཤིང་ཇི་ལྟ་བ་ཀུན་རིག་པ་དེ་ཡང་དབྱེར་མེད་དུ་ཤེས་པས་དམ་པ་པོ་ཞེས་བྱའོ། དེ་ལྟར་རྟོག་པ་དང་བྲལ་བས་རྣམ་པར་ཤེས་པའི་ཆོས་ཉིད་ཀྱི་ཀློང་དུ་འདས་པའོ། འདས་པ་ཙམ་ན་ཡེ་ཤེས་གཉིས་མེད་ཚུལ་འཆང་བའོ། རྣམ་པར་རྟོག་པ་དང་བྲལ་བའི་ཡེ་ཤེས་རྒྱུ་རྐྱེན་མེད་པར་ལྷུན་གྱིས་གྲུབ་པ་སྟེ་ངོ་བོ་ལྷུན་གྲུབ་དེ་ལ་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པ་ཡོན་ཏན་ལྷུན་གྲུབ་བོ། རྒྱུ་རྐྱེན་གྱིས་ཇི་ལྟར་མ་བསྐྱེད་ཅེ་ན། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་སེམས་ཅན་འདྲེན་པའི་ལས་བྱེད་པ། སངས་རྒྱས་ཐོག་མ་འདི་ནས་བྱུང་བྱ་བ་དང་། ཐ་མ་འདིར་སོང་བྱ་བ་མེད་དེ། དང་པོའི་སངས་རྒྱས་རྒྱུ་མེད་པ། དེ་ལ་གཉིས་འཛིན་གྱི་དྲི་མ་མེད་པས་ཡེ་ཤེས་མིག་གཅིག་དྲི་མ་མེད། ཡེ་ཤེས་དྲུག་རོ་གཅིག་པའི་ལུས་ཅན་དེ་བཞིན་གཤེགས། ཟབ་ཅིང་རྒྱ་ཆེ་བའི་ཆོས་གསུངས་པས་ཚིག་གི་དབང་ཕྱུག་སྨྲ་བ་ཆེའོ། མུ་སྟེགས་ཀྱི་སྨྲ་བ་ལས་མཆོག་ཏུ་གྱུར་པས་སྨྲ་བའི་སྐྱེས་མཆོག ཉན་ཐོས་ཀྱི་སྨྲ་བ་ཟིལ་གྱིས་གནོན་པས་སྨྲ་བའི་རྒྱལ་པོ། རང་རྒྱལ་བའི་སྨྲ་བ་ལས་འཕགས་པས་སྨྲ་བའི་དམ་པ། སྐྱེ་མེད་ཀྱི་སྒྲ་ཆོས་སྨྲ་བའི་གོང་ན་གཞན་མེད་པས་མཆོག་གི་གནས། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་དེ་ནི་སེདྒེ་དང་འདྲ་སྟེ་བདུད་དང་མུ་སྟེགས་ཀྱི་རྒོལ་བས་ཚུགས་པ་མེད་པའོ། འོ་ན་སྐུ་ཡི་ཆེ་བ་ཅི་འདྲ་ཞེ་ན། ཤེས་རབ་དམ་པས་དོན་ལ་ལྟ་ཞིང་། ཐུགས་རྗེ་དམ་པས་འགྲོ་ལ་གཟིགས་པའམ་ཀུན་ཏུ་ལྟ་བས་བདེ་བ་ཆེན་པོ་མངའ་བ་ནི་མཆོག་ཏུ་དགའ་བའོ། གཟི་བརྗིད་ཆེན་པོ་གཞན་ཡིད་དུ་འོང་ཞིང་མཛེས་པའི་འོད་ཀྱི་ཕྲེང་བ་ལྟ་ན་སྡུག་པ། ནང་ན་ཡེ་ཤེས་དྲུག་འབར་བས་མ་རིག་པའི་མུན་པ་སེལ་བའི་རྟགས་སུ་ཕྱི་རུ་འོད་ཁ་དོག་དྲུག་འབར་བས་འོད་བཟང་པོ་འབར་བ། མཚན་ཐུན་མོང་མ་ཡིན་པ་ཐུགས་ཀ་ན་དཔལ་གྱི་བེའུས་བརྒྱན་པའོ། ལག་ན་འོད་འབར་སྣང་བ་པོ་སྟེ་ཕྱག་ལས་འོད་ཟེར་འབར་ཏེ་ཞི་བས་འདུལ་བ་རྣམས་འདུན་པ་སྐྱེད་པར་བྱེད་ལ། དེས་མི་འདུལ་བ་རྣམས་ཚར་གཅོད་པར་བྱེད་དོ། དེས་འགྲོ་བའི་ནད་ཇི་ལྟར་སེལ་ཞེ་ན། ཉོན་མོངས་པའི་ནད་ཆེན་པོ་སེལ་བར་བྱེད་པའི་སྨན་པ་ཆེ་མཆོག་གཙོ་བོ་སྟེ། བདག་མེད་ཀྱི་དོན་བསྟན་ནས་བདག་འཛིན་གྱི་ཟུག་རྔུ་འབྱིན་པ་བླ་ན་མེད་པའོ། སྨན་རྣམས་མ་ལུས་ལྗོན་པའི་ཤིང་། ཞེས་པ་ནི་སྨན་གྱི་དཔེ་ནི་ལྗོན་ཤིང་དང་འདྲ་སྟེ། རྩ་བ་ཡལ་ག་ལོ་འདབ་མེ་ཏོག་ལ་བརྟེན་ནས་འབྲས་བུ་འབྱུང་བ་ལྟར། རྩ་བ་ནི་བྱང་ཆུབ་སེམས་སོ། ཡལ་ག་ནི་རྟོགས་པར་བྱེད་པའི་ཐབས་ཀྱི་ཡན་ལག་རྣམས་སོ། ལོ་མ་ནི་འདིར་ཐེག་པ་སོ་སོའི་ཆོས་ཀྱང་བཀག་པ་མེད་པའོ། མེ་ཏོག་ནི་རྟོགས་པའི་ཉམས་མྱོང་ངོ་། འབྲས་བུ་དེ་མཐར་ཕྱིན་པའོ། སྨན་རྣམས་མ་ལུས་ཞེས་པས་སྨན་སྣ་ཚོགས་སུ་ཡང་སྤྲུལ་ཏེ་དེས་ཕྱི་ནང་གི་སྡུག་བསྔལ་གྱི་ཟུག་རྔུ་བསྐྱེད་པའི་ནད་དོ་ཅོག་གི་གཉེན་པོ་བྱེད་པས་དགྲ་ཆེ་བ། སེམས་ཅན་གྱི་ངོར་སྡུག་ཅིང་མཛེས་པར་སྤྲུལ་ནས་དོན་མཛད་པས་སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག་ཅེས་བྱའོ། རྒྱུ་སྐར་རྣམས་ཀྱི་ནང་ན་ཟླ་བ་ལྟར་ལྷ་དང་མི་རྣམས་ཟིལ་གྱིས་གནོན་པས་དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། དེས་སྐྱོབ་པའི་ཐུགས་རྗེ་ཇི་ལྟ་བུ་ཞེ་ན། ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པར་སྒྲོག་པའི་དམ་པའི་ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་ཤིང་སྲིད་པའི་འགྲོ་བ་འདི་ན་སྐྱོབ་པའི་ཐུགས་རྗེ་གདུགས་གཅིག་ཡངས་པ་ལྟ་བུ་སྟེ། བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན་ཏེ་རྗེ་བཙུན་ཉིད་ཡིན་ནོ། ཉེས་པའི་སྐྱོན་གྱིས་མ་གོས་པས་དཔལ་ལྡན་པདྨ་འགྲོ་བ་འདྲེན་པའི་ཐབས་སྣ་ཚོགས་སུ་བསྒྱུར་བས་གར་གྱི་བདག་སྟེ་ཐབས་ལ་མཁས་པའི་རྣམ་འཕྲུལ་སྣ་ཚོགས་སུ་བསྒྱུར་བའོ། ཁྱབ་བདག་ཆེན་པོ་ཡོན་ཏན་རིན་ཆེན་གདུགས་ཏེ་ཡོན་ཏན་ཚད་མེད་པ་དང་ལྡན་ཞིང་འགྲོ་བ་སྐྱོབ་པའོ། གནས་སྐབས་ཐེག་པ་སྣ་ཚོགས་ཇི་ལྟར་བསྟན་ཡང་ངེས་པའི་ལམ་གཅིག་ལས་མེད་པའི་ཕྱིར་རྗེ་བཙུན་ཉིད་ལ་སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེན་པོ་མངའ་ཞིང་། སངས་རྒྱས་ཀུན་གྱི་སྐུ་རྣམ་པ་གསུམ་འཆང་བ་སྟེ་ཐམས་ཅད་རྗེ་བཙུན་གྱི་སྤྲུལ་པ་ཡིན་པའི་ཕྱིར་རོ། སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ་སྟེ་ཐབས་དང་ཤེས་རབ་ཀྱི་གཙོ་བོར་ཡང་ཞུགས་ལ། སངས་རྒྱས་ཀུན་གྱིས་བསྟན་པའི་ཆོས་ཇི་སྙེད་ཅིག་གསུངས་ཀྱང་ཡང་དག་པར་ན་གཉིས་སུ་མེད་པར་བསྟན་པའི་ཐེག་པ་གཅིག་ལས་མེད་དེ། དེ་ཡང་། ཐེག་པའི་སྒོ་མོ་བསམ་ཡས་ཀྱང་། ངེས་པའི་དོན་དུ་གཅིག་ལས་མེད། ཅེས་པ་ལྟ་བུའོ། རྡོ་རྗེ་རིན་ཆེན་ནི་ཚུར་མི་ཚུགས་པ་དང་། ཕར་ཤེས་བྱ་འབིག་པར་བྱེད་པ་སྟེ་ཆོས་ཀྱི་དབྱིངས་རྟོགས་པ་ལ་དབང་བསྐུར་བའི་དཔལ་དང་ལྡན་ཞིང་དབང་ཐོབ་པས་མེ་ལོང་ལྟ་བུའི་ཡེ་ཤེས་མི་བསྐྱོད་པའི་ངོ་བོ་སྟེ། དེས་ཞེ་སྡང་རང་ག་མ་འདུལ་བར་བྱེད་པའོ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ཏེ་ཡོན་ཏན་རིན་ཆེན་ཀུན་ལ་དབང་བསྒྱུར་བའི་བདག་པོ་ནི་དབང་ཕྱུག་མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་སྟེ། དེས་ང་རྒྱལ་དང་སེར་སྣ་རང་ག་མ་འདུལ་བར་བྱེད་པའོ། འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱི་ངོ་བོ་སོ་སོར་མ་འདྲེས་པ་གསལ་བ་ལ་དབང་བསྒྱུར་བས་དབང་ཕྱུག་ཀུན་གྱི་བདག་པོ་ནི་སོ་སོར་རྟོགས་པའི་ཡེ་ཤེས་སྣང་བ་མཐའ་ཡས་ཀྱི་ངོ་བོ་སྟེ། དེས་འདོད་ཆགས་རང་ག་མ་འདུལ་ལོ། རྡོ་རྗེ་ལྟར་ཕྲིན་ལས་ཐོགས་པ་མེད་པར་འཆང་བ་ཀུན་གྱི་རྗེ་ནི་བྱ་བ་གྲུབ་པའི་ཡེ་ཤེས་དོན་ཡོད་གྲུབ་པའི་ངོ་བོ་སྟེ། དེས་ཕྲག་དོག་དང་ལེ་ལོ་རང་ག་མ་འདུལ་ལོ། སངས་རྒྱས་ཀུན་གྱི་ཐུགས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཆེ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པར་སྣང་མཛད་ཀྱི་ངོ་བོ་སྟེ། དེས་གཏི་མུག་རང་ག་མ་འདུལ་ལོ། དེ་དག་ཀྱང་སྐུ་གསང་ཐུགས་སུ་འདུལ་ཚུལ་བསྟན་པའི་ཕྱིར། རྗེ་བཙུན་གྱི་ཐུགས་ནི་ཡེ་གེ་དྲུག་པོ་གཅིག་ཅིང་མཉམ་པ་སྟེ་སངས་རྒྱས་ཀུན་གྱི་ཐུགས་ལ་ཁྱབ་ཅིང་གནས་པའོ། དེ་ཡང་ཤེས་བྱ་མ་ལུས་པ་མཁྱེན་ཅིང་རིག་པས་ན་ཐུགས་སོ། སངས་རྒྱས་ཀུན་གྱི་སྐུར་སྤྲུལ་པ་ཡང་རྗེ་བཙུན་ཉིད་ཡིན་པས་སྐུ་རྣམས་ཀྱི་ནང་ན་སྐུ་ཆེ་བའོ། དེ་ཡང་ཁྱབ་ཅིང་རྟེན་བྱེད་པ་དང་སྣང་བས་ན་སྐུའོ། སངས་རྒྱས་ཀུན་གྱི་གསུང་འབྱུང་བའི་རྒྱུ་དང་ངོ་བོ་ཉིད་དུ་ཡང་རྗེ་བཙུན་ཉིད་འགྱུར་བ་ཡིན་ཏེ་གསལ་བ་དང་གོ་བར་བྱེད་པ་དང་གྲགས་པའི་ཕྱིར་ན་གསུང་ངོ་། དེས་གཞན་གྱི་མུན་པ་སེལ་ཞིང་མ་གོས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་སྲིད་པའི་རྒྱ་མཚོ་སྐེམས་པས་རྡོ་རྗེ་ཉི་མ་སྣང་བ་ཆེའོ། མ་རིག་པའི་མུན་པ་སེལ་བས་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་དང་། ཆགས་པ་རང་ག་མ་དང་བྲལ་ཞིང་ཆགས་བྲལ་ལ་སོགས་པས་འདུལ་བ་ལ་དེ་ལྟར་སྟོན་པ་དོན་དང་གདུལ་བྱ་ལ་ཆགས་པ་ཆེ་བའོ། ནང་ན་ཡེ་ཤེས་དང་ཐུགས་རྗེའི་འོད་འབར་བའི་རྟགས་སུ་ཕྱི་རོལ་དུ་ཁ་དོག་སྣ་ཚོགས་འབར་བའི་འོད་འཕྲོ་བའོ། ཐབས་དང་ཤེས་རབ་དབྱེར་མེད་པའི་རྟགས་སུ་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ་རྫོགས་པའི་སངས་རྒྱས། སངས་རྒྱས་རྣམས་ཀྱིས་འགྲོ་བ་ལ་བྱམས་པའི་ཆོས་འཛིན་པ་ནི་ཐུགས་མི་རྟོག་པའི་རང་སྒྲར་ཤར་བ་ལ་བྱའོ། དོན་གཉིས་ཀྱི་དཔལ་དང་ལྡན་པའི་སངས་རྒྱས་རྣམས་ནི་པདྨ་ལྟར་གོས་པ་མེད་པའི་ཆོས་རྣམས་ལས་སྐྱེས་པས་པདྨ་སྐྱེས་ཞེས་བྱའོ། ཚུལ་ཇི་ལྟ་བུ་ཞེ་ན། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པས་ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། ཡོན་ཏན་གྱི་བགོ་སྐལ་ལས་རྒྱལ་བ་དང་བདུད་ལས་རྒྱལ་བས་རྒྱལ་པོ། སྒྱུ་མ་ལྟ་བུའི་ཆོ་འཕྲུལ་སྣ་ཚོགས་ཏེ་འདུལ་བའི་ཐབས་སྣ་ཚོགས་འཆང་། སློབ་དཔོན་སངས་རྒྱས་གསང་བས། སངས་རྒྱས་ཀྱི་རིག་སྔགས་ནི་གཟུངས་རྣམ་པ་བཞི་སྟེ། ཆོས་དང་། དོན་དང་། སྔགས་དང་། བཟོད་པའི་མཚན་ཉིད་རྣམས་སོ། དེ་རྣམས་འཛིན་པས་ཆེ་བ་སངས་རྒྱས་རིག་སྔགས་འཆང་ངོ་། འོ་ན་ཤེས་རབ་ཀྱི་ལས་གང་ཞེ་ན། གཉིས་སུ་མེད་པའི་ཡེ་ཤེས་རལ་གྲི་དང་འདྲ་བས་བདག་ཏུ་རྟོགས་པ་ཐམས་ཅད་གཅོད་པས་རྡོ་རྗེ་རྣོན་པོ་རལ་གྲི་ཆེའོ། དོན་མི་འགྱུར་བའི་ཡི་གེ་དང་འདྲ་བའི་ཕྱིར་ཡི་གེ་མཆོག་སྟེ་རྣམ་པར་དག ཤེས་རབ་དང་སྙིང་རྗེའི་ཁྱད་པར་དུ་བྱས་པ་ཐེག་པ་ཆེན་པོ་དེ་རྟོགས་པས་སྡུག་བསྔལ་ཐམས་ཅད་གཅོད་པའོ། དེ་གཅོད་པའི་མཚོན་ཆ་ཆེན་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པས་རྡོ་རྗེ་ཆོས་སོ། དེ་ལྟ་བུའི་ཟབ་མོ་ནི་རྒྱལ་བའི་ཡང་རྒྱལ་པོ་ཡིན་པས་རྡོ་རྗེ་ཟབ་མོ་ཛི་ན་ཛིཀ་སྟེ། ཛི་ན་ཛིཀ་ནི་རྒྱལ་བའི་རྒྱལ་བ་ཞེས་པའི་དོན་ཡིན་པས་སོ། རྡོ་རྗེ་བློ་གྲོས་ནི་ཤེས་རབ་ཆེན་པོའི་བློ་དང་ལྡན་པས་ཤེས་བྱ་ཇི་ལྟ་བ་དོན་བཞིན་རིག་པའོ། དེ་ལྟར་རིག་པས་གདུལ་བྱ་ལ་རྒྱུ་འབྲས་ཀྱི་ཐེག་པ་སྟོན་པ་ནི། རྗེ་བཙུན་ཉིད་ལ་ཕ་རོལ་ཏུ་ཕྱིན་པ་ཀུན་རྫོགས་པར་མངའ་ལ། ས་བཅུ་པོ་རྣམས་ཀུན་གྱི་ཡོན་ཏན་གྱི་རྒྱན་དང་ལྡན་པའོ། མ་གོས་པས་རྣམ་པར་དག་པ་བདག་མེད་ཆོས་སོ། ཡང་དག་པའི་ཡེ་ཤེས་ཟླ་བའི་འོད་ལྟ་བུ་ཤིན་ཏུ་བཟང་པོ་དང་ལྡན་པས་མ་རིག་པ་དང་གདུང་བ་སེལ་ཞིང་། འགྲོ་བའི་དོན་དུ་བརྩོན་འགྲུས་ཆེན་པོ་དང་ལྡན་པས་སྒྱུ་མ་ལྟ་བུའི་རྣམ་འཕྲུལ་སྣ་ཚོགས་སྟོན་ཅིང་དྲྭ་བ་སྣང་སྟོང་ཟུང་དུ་འཇུག་པ་སྟེ། དེ་ལྟ་བུའི་སྒྱུ་འཕྲུལ་དྲྭ་བ་དེས་རྒྱུད་ཐམས་ཅད་ཀྱི་སྙིང་པོ་མཆོག་ཏུ་གྱུར་པ་གཉིས་སུ་མེད་པའི་ཡེ་ཤེས་སྟོན་པས། རྒྱུད་ཀུན་གྱི་ནི་བདག་པོ་མཆོག་གོ། གཞི་ཆོས་སྐུ་རྡོ་རྗེ་ལྟ་བུའི་གདན་ནི་ཡོན་ཏན་གྱི་ཆོས་མ་ལུས་པ་དང་ལྡན་ཞིང་། ཡེ་ཤེས་ཀྱི་སྐུ་རྣམས་མ་ལུས་འཆང་བའོ། དེ་ཉིད་ལ་བཟང་ངན་བླང་དོར་གང་ཡང་མེད་པས་ཀུན་ཏུ་བཟང་པོ་བདག་དང་གཞན་ལ་ཕན་པས་བློ་གྲོས་བཟང་པོ། ས་བཞིན་ཏུ་གཞན་ལ་ཕན་པའི་ཡོན་ཏན་བསྐྱེད་པའི་ཕྱིར་དང་། སྣོད་ཀྱི་འཇིག་རྟེན་དུ་སྤྲུལ་ནས་འགྲོ་བའི་དོན་མཛད་པའི་ཕྱིར། ས་ཡི་སྙིང་པོ་འགྲོ་བ་འཛིན་ཞེས་བྱའོ། སངས་རྒྱས་ཀུན་གྱི་སྤྲུལ་པ་འབྱུང་བའི་སྙིང་པོ་ཆེ་རུ་གྱུར་པའོ། སྙིང་པོ་དེ་ལས་སྤྲུལ་པ་ཇི་ལྟར་འབྱུང་བ་ནི་རིག་པ་བྱང་ཆུབ་སེམས་ཅིར་ཡང་འཆར་བས་སྒྲུབ་ཐབས་ཀྱི་བྱེ་བྲག་སྣ་ཚོགས་འབྱུང་བ་ཡིན་ལ། དེར་ཡང་མ་ཟད་སྐུ་གསུང་ཐུགས་ཀྱི་སྤྲུལ་བའི་འཁོར་ལོ་སྣ་ཚོགས་འཆང་ཞིང་། སྣོད་བཅུད་ཀྱི་དངོས་པོ་ཀུན་གྱི་རང་བཞིན་སྐྱེ་མེད་དུ་གནས་པས་མཆོག་གོ། དོན་སྐྱེ་བ་མེད་པས་ཀྱང་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་ལྟ་བུར་མ་འགགས་པར་ཤར་བས་དངོས་པོ་ཀུན་གྱི་རང་བཞིན་འཛིན་ནོ། མདོར་ན་ཟབ་པར་སྐྱེ་བ་མེད་ཀྱང་ཆོས་ཉིད་དེ་ལས་རྒྱ་ཆེ་བ་སྣ་ཚོགས་པའི་དོན་ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པས་ཐེག་པ་ཐམས་ཅད་ཀྱི་མཆོག་ཅེས་བྱའོ། ཤེས་རབ་དམ་པའི་ངོ་བོ་ཅི་ཞེ་ན། ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་ཀུན་གྱི་ངོ་བོ་ཉིད་ནི་མཉམ་པ་ཆེན་པོ་ཡིན་ལ། དེ་ཇི་ལྟར་རྟོགས་པའམ་འཆང་བ་ནི། ཤེས་རབ་ཆེན་པོས་སྐད་ཅིག་ལ་ཤེས་བྱའི་ཆོས་ཀུན་ཁོང་དུ་ཆུད་པ་འཆང་བ་ནི་ཆོས་ཀུན་མངོན་སུམ་དུ་མ་འཁྲུལ་བར་རྟོགས་པ་སྟེ། ལུས་ངག་ཡིད་གསུམ་མི་དགེ་བའི་ལས་ལ་ཐུབ་པ། ཆོས་ཉིད་རྟོགས་པའི་བློ་མཆོག་ཡོད་པས་རྣམ་རྟོག་གི་གནོད་པ་འབྱུང་བའི་གནོད་པ་ལྟ་བུ་མཐའ་དག་སེལ་བའོ། མཚན་མ་གང་གིས་ཀྱང་མི་གཡོ་བར་ཆུ་རབ་ཏུ་དྭངས་པ་འདྲ་བའི་བདག་ཉིད་གསལ་ལ་རྟོག་པ་མེད་པ་ནི། རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་འཆང་བ་སྟེ། དེ་ཡང་ལམ་ལ་གནས་པའི་རྣལ་འབྱོར་པས་ནི་མཆོག་མཁྱེན་ལ། སངས་རྒྱས་ཀུན་གྱི་ཡེ་ཤེས་ནི་མངོན་སུམ་པའོ། ཡེ་ཤེས་དེའི་དཔེ་ནི་མེ་ལྕེ་འོད་རབ་ཏུ་གསལ་བ་དང་འདྲ་ལ། མ་རིག་པ་སེལ་བ་དང་། ཉོན་མོངས་པ་སེལ་བ་དང་། སྲིན་བུ་མེ་ཁྱེར་ལ་སོགས་པའི་འོད་ཟིལ་གྱིས་གནོན་པ་དང་། ཞིང་ཁམས་གྲངས་མེད་པ་སྣང་བར་བྱེད་པའོ། དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ཕྱིར། མཐོ་རིས་དང་ཐར་པ་འདོད་པའི་སྐྱེ་བོ་རྣམས་ཀྱི་དོན་སྦྱིན་པ་ལ་སོགས་པའི་སྒོ་ནས་གྲུབ་པ་མཛད་པའི་ཕན་བདེའི་འབྱུང་གནས་དམ་པ་སྟེ། ངན་སོང་དུ་སྐྱེ་འགྱུར་གྱི་ལས་ངན་ཅན་ཐམས་ཅད་ལ་ཐར་པ་དང་རྗེས་སུ་མཐུན་པའི་ཆོས་རྣམས་བསྟན་ནས་རྒྱུ་དང་འབྲས་བུ་རྣམ་པར་སྦྱོང་བར་མཛད་ནས་འགྲོ་བ་སྐྱོབ་པའི་མགོན་པོ་སེམས་ཅན་ཀུན་གྱི་དོན་བྱེད་པས་མཆོག་གོ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་མཁྱེན་པས་བློའི་རིམ་པ་དང་སྦྱར་ནས་ཉོན་མོངས་པའི་འཆིང་བ་རབ་ཏུ་གྲོལ་བར་བྱེད་པའོ། ཆོས་ཀྱི་ཕུང་པོ་མཐའ་དག་ཉོན་མོངས་པའི་གཡུལ་དུ་འཇོམས་པའི་གཉེན་པོར་གཅིག་ཏུ་དཔའ་བ་ཡིན་ལ་མུ་སྟེགས་ལ་སོགས་པ་ཟིལ་གྱིས་གནོན་པས་མི་ཤེས་དགྲ་ཡི་དྲེགས་པ་འཇོམས། ཞེས་སོ། གཞན་གྱི་ཉོན་མོངས་པ་དེ་ལྟར་འཇོམས་ན། འོ་ན་གཞན་འདུལ་བའི་གཟུགས་སུ་ཇི་ལྟར་སྟོན་ཞེ་ན། བདག་དང་གཞན་གྱི་དཔལ་དུ་གྱུར་པས་ཤེས་རབ་ཆེན་པོའི་བློ་དང་ལྡན་པ་བསྟན། མཛེས་པར་མཛད་པས་སྒེག་འཆང་དཔལ་དང་ལྡན། དོན་མི་འགྱུར་བ་བརྟན་པོ་ཞི་བས་མི་འདུལ་བ་ལ་བདུད་ལ་སོགས་པ་བཟློག་པའི་འཇིགས་སུ་རུང་བ་མི་སྡུག་པའི་གཟུགས་འཆང་བའོ། དེ་ཡང་གར་ལ་མོས་པ་ལ་གར་དུ་སྟོན་པའི་ཕྱིར། ཚངས་པ་འདུལ་བའི་གར་ལག་པ་བརྒྱར་སྤྲུལ་ཏེ་ལག་པ་བརྒྱ་བོ་ཀུན་བསྐྱོད་ཅིང་བསྒྱུར་ཏེ། གོམ་པའི་སྟབས་ཀྱིས་གར་བྱེད་པ་དང་། ཚོགས་གཉིས་རྫོགས་པའི་དཔལ་དང་ལྡན་པས་ལག་པ་བརྒྱས་གང་བར་སྤྲུལ་ལ། ནམ་མཁའ་ཁྱབ་པར་གར་བྱེད་པའི་ཚུལ་གྱིས་འགྲོ་བའི་དོན་མཛད་པ། གླིང་བཞིའི་ཁྱབ་འཇུག་གིས་འདུལ་བ་དེའི་གཉེན་པོར་ས་ཡི་དཀྱིལ་འཁོར་གླིང་བཞི་ཡི་ཁྱོན་རི་རབ་དང་བཅས་པ་རྐང་པ་ཡ་གཅིག་གི་མཐིལ་གྱིས་གནོན་ཏེ། གླིང་བཞི་ཆུང་དུ་མ་སོང་། ཞབས་ཆེ་རུ་མ་སོང་ངོ་། གྱེན་ལ་ནི་རྐང་མཐིལ་སེན་མོའི་ཁྱོན་གྱིས་ཀྱང་ཚངས་པའི་ཡུལ་ས་རྩེ་ནས་གནོན་ཡང་སྔ་མ་ལྟར་ཆེ་ཆུང་དུ་མ་སོང་བའི་རྫུ་འཕྲུལ་སྟོན་ཏོ། དོན་དམ་པ་གཅིག་པུ་གཉིས་སུ་མེད་པ་ནི་ཆོས་ཀྱི་སྐུའི་དོན་དམ་པའི་དོན་ནི་གཞན་ཤེས་རྒྱུད་དང་ལྡན་པའི་དངོས་པོ་འཁོར་བའི་སེམས་ཅན་རྣམས་ཀྱི་དོན་མ་ལུས་རྣམས་ལ་ཐུགས་དགྱེས་པས་དགའ་བའོ། དོན་དམ་པར་སྟོང་པ་ཉིད་ལ་དགའ་ཞིང་ཆགས་པའི་བློས་ཁམས་གསུམ་གྱི་འདོད་ཆགས་རང་ག་མའི་བློ་དང་བྲལ་བའོ། ཤེས་རབ་ཆེན་པོས་སྲིད་པ་ལས་གྲོལ་ཡང་ཐུགས་རྗེས་དེར་སྤྲུལ་ནས་གདུལ་བྱ་རྣམས་སྲིད་པའི་འདོད་ཆགས་སོགས་སྤངས་པ་ལ་འགོད་པར་མཛད་པས་སྲིད་གསུམ་གྱི་གདུལ་བྱའི་དོན་ལ་དགའ་བ་ཆེན་པོ་སྟེ། དོན་མཛད་པའི་ཚེ་སྐུའི་གཟི་མདངས་ཅི་འདྲ་ཞེ་ན། ཉེས་པས་མ་གོས་པའི་མཚན་མ་འོད་ཁ་དོག་སྤྲིན་དཀར་དག་པ་བཞིན་དུ་དཀར་ཞིང་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བའི་དཔེ་འོད་བཟང་སྟོན་ཀའི་ཟླ་བའི་འོད་ལྟ་བུས་མ་རིག་པའི་མུན་པ་སེལ་ཞིང་གདུང་བ་ཚིམ་པར་བྱེད་པའོ། དེ་ལས་ཀྱང་ཡེ་ཤེས་རོ་གཅིག་པའི་རྟགས་སུ་འོད་ཁ་དོག་དྲུག་དང་ལྡན་པའི་སྐུ་མངའ་བས་ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས་པའོ། འགྲོ་བ་ལ་ཐུགས་རྗེས་ཆགས་པའི་རྟགས་སུ། སེན་མོའི་འོད་ནི་ཤས་ཆེར་དམར་བའོ། མཐའ་གཉིས་ལས་རྒྱལ་བའི་རྟགས་སུ་དབུ་ལ་རིན་པོ་ཆེའི་ཅོད་པན་བཟང་པོ་མཛེས་ཤིང་ནོར་བུ་མཐོན་ཀའི་རྩེ་མོས་བརྒྱན་པའི་སྐྲ་མཆོག་མཐོན་ཀ་ཆེན་པོ་ལྟ་བུ་ཁ་དོག་ཅན་འཆང་བ། འགྲོ་བའི་དོན་མཛད་པའི་རྟགས་སུ་ཐུགས་ཀར་ནོར་བུ་ཆེན་པོ་འོད་ཆགས་པའི་དཔལ་གྱིས་བརྒྱན་པ། སངས་རྒྱས་ཀྱི་སྤྲུལ་པ་དཔག་ཏུ་མེད་པ་མངའ་བའི་རྟགས་སུ་སྤྲུལ་པ་རེ་རེ་ལ་ཡེ་ཤེས་སེམས་དཔའ་རེ་རེ་གསལ་ཞིང་མཛེས་པས་སྤྲུལ་པའི་རྒྱན་དང་ལྡན་པའོ། དེ་ལྟ་བུ་ལ་ལམ་གྱི་ཁྱད་པར་ཇི་ལྟ་བུ་མངའ་ཞེ་ན། འཇིག་རྟེན་ཁམས་བརྒྱ་ནི་མཚོན་པ་ཙམ་སྟེ་མཐའ་ཡས་པ་ཀུན་བསྐྱོད་པར་མཛད་པའོ། བསྐྱོད་ནས་ཅི་མཛད་ཅེ་ན། རྫུ་འཕྲུལ་གྱི་རྐང་པའི་སྟོབས་ཆེན་པོ་བཞི་སོགས་དང་ལྡན་པའི་སྒོ་ནས་འགྲོ་དོན་མཛད་པ་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདུན་པའི་ཏིང་ངེ་འཛིན་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ། སེམས་ཀྱི་ཏིང་ངེ་འཛིན་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པ། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པ། དཔྱོད་པའི་ཏིང་ངེ་འཛིན་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པའོ། དེ་ཉིད་ཀྱི་དོན་མི་བསྙེལ་བའི་དྲན་པ་ཆེན་པོ་འཆང་བ་སྟེ། དྲན་པ་བཞི་ནི་ལུས་ཚོར་སེམས་ཆོས་དྲན་པ་ཉེར་བཞག་རྣམས་ཏེ་བཞི་པོ་དེ་ལ་ཡང་མ་ཞེན་པས་ཏིང་འཛིན་རྒྱལ་ཞེས་སོ། དེ་ལ་མཐོང་ལམ་གྱི་གནས་སྐབས་ན་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་སོ། དེ་ལྟ་བུའི་སྒོ་ནས་འགྲོ་བའི་དོན་བྱེད་པ་དང་འཕགས་པ་རྣམས་མཉེས་པར་བྱེད་པས་མེ་ཏོག་སྤོས་ཞེས་སོ། དེར་ཡང་མ་ཟད་དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ཙམ་གྱི་གཞིར་གྱུར་པ་རྗེ་བཙུན་ཉིད་དོ། གཞན་ཡང་སྒོམ་ལམ་གྱི་གནས་སྐབས་ན་ལམ་གྱི་ཡན་ལག་བརྒྱད་པ་སྟེ། ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་ཏེ་དེ་ལྟ་བུའི་ཚུལ་རིག་ནས་འགྲོ་བ་འདྲེན་པར་མཛད་དོ། དེ་ལྟར་རིག་པ་ནི་ཡང་དག་པར་སངས་རྒྱས་ཀྱི་ལམ་རིག་པའོ། དོན་མཛད་པ་ལ་སྔོན་དུ་ཐུགས་རྗེ་དགོས་པའི་ཕྱིར། སེམས་ཅན་ཀུན་ལ་བུ་གཅིག་པའི་མ་ལྟར་ཐུགས་རྗེ་ཤས་ཆེར་ཆགས་པའོ། འོ་ན་མཚན་མར་མི་འགྱུར་རམ་ཞེ་ན། དོན་ནམ་མཁའ་ལྟ་བུར་མཁྱེན་པས་ཆགས་པ་རང་ག་མ་མེད་པའོ། དེ་ཡང་སེམས་ཅན་ཀུན་གྱི་ཡིད་ལ་ཁྱབ་པར་འཇུག་ཅིང་། སེམས་ཅན་ཀུན་གྱི་དོན་ལ་བརྩོན་འགྲུས་ཡིད་ལྟར་མགྱོགས་པར་མཛད་དོ། དེ་ཡང་དོན་བྱ་བའི་ཡུལ་མཁྱེན་པ་བསྟན་པའི་ཕྱིར། སེམས་ཅན་ཀུན་གྱི་དབང་པོ་རབ་འབྲིང་ཐ་མ་ཤེས་ཤིང་དོན་གང་ལ་མོས་པ་རྣམས་ཤེས་པའོ། སྐུ་ལྟ་བས་ཆོག་མི་ཤེས་པ་སྟོན་པས་སེམས་ཅན་ཀུན་གྱི་ཡིད་འཕྲོག་ལ། ཡིད་རྟོག་བཅས་རྟོག་མེད་དུ་བཟློག་པས་ཀྱང་སེམས་ཅན་ཀུན་གྱི་ཡིད་འཕྲོག་པའོ། ཕུང་པོ་ལྔའི་དོན་ཀུན་རྫོབ་སྒྱུ་མ་ལྟ་བུར་ཤེས་ལ། དེ་ཁོ་ན་ཉིད་དུ་སྐྱེ་བ་མེད་པར་ཤེས་པའོ། དེ་ཡང་རྣམ་པར་དག་པའི་ཕུང་པོ་ལྔ་འཆང་བ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། འོ་ན་དོན་བྱེད་པའི་ཐབས་ཇི་ལྟར་མཁྱེན་ཞེ་ན། ཁམས་གསུམ་པ་ལས་ངེས་པར་འབྱུང་བའི་ཆོས་ཀུན་གྱི་མཐའ་ལ་སྟེ་མཐར་ཐུག་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ཞིང་། དེ་ལ་རྗེ་བཙུན་ཉིད་ངང་གིས་གནས་ཤིང་། ངེས་པར་འབྱུང་བ་ཐོབ་པའི་ཆོས་ཀུན་སྟོན་པ་ལ་ཡང་མཁས་པའོ། ཉིད་ཀྱང་ངེས་འབྱུང་ཀུན་གྱི་ལམ་ལ་གནས་པའི་ཚུལ་སྟོན་ཏེ། གདུལ་བྱ་ལ་ཇི་ལྟར་འཚམས་པར་ངེས་པར་འབྱུང་བ་ཐོབ་པའི་ལམ་ཀུན་སྟོན་པའོ། དེས་གཞན་དོན་ཇི་ལྟར་མཛད་ན་རྟེན་ཅིང་འབྲེལ་བར་འབྱུང་བ་མ་རིག་པ་ནས་རྒ་ཤིའི་བར་གྱི་ཡན་ལག་བཅུ་གཉིས་ཀྱི་བདག་ཉིད་སྲིད་པའི་རྩ་བ་ནི་མ་རིག་པ་ཡིན་ཏེ། མ་རིག་པ་འགག་ན་དེ་རྣམས་འགག་པར་འགྱུར་བའི་ཕྱིར། གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོས་མ་རིག་པ་རྩ་བ་ནས་བཏོན་པའོ། མིག་སོགས་སྐྱེ་མཆེད་བཅུ་གཉིས་དག་པས་དག་པ་རྣམ་པ་བཅུ་གཉིས་འཆང་བའོ། ཡང་སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་སྟེ། བདེན་པ་བཞིའི་ཚུལ་གྱི་རྣམ་པ་བཅུ་དྲུག་ཅན་ཏེ་དེ་དག་ཐུན་མོང་གི་ལམ་མོ། དེས་ཀྱང་སེམས་ཅན་རྣམས་ཁྲིད་པར་མཛད་པའོ། ཁྱད་པར་གྱི་ལམ་ནི་རྣམ་པར་ཤེས་པ་ཚོགས་བརྒྱད་པོ་སྐྱེ་མེད་དུ་རྟོགས་པ་འཆང་བ་སྟེ། དེ་ཡང་། འདི་སྐད་དུ། བརྒྱད་པོ་སྐྱེ་མེད་ཤེས་པ་ཡིས། དགོངས་པ་རྒྱལ་བ་ཀུན་དང་མཉམ། ཞེས་པ་ལྟ་བུའོ། ཡང་དག་པའི་བདེན་དོན་སངས་རྒྱས་ཀྱི་སའི་ཡོན་ཏན་རྣམ་པ་བཅུ་གཉིས་དང་ཡང་ལྡན་ཏེ་རིགས་ལྔ། ཡེ་ཤེས་ལྔ། ཤེས་རབ་དང་སྙིང་རྗེ་ཁྱད་པར་ཅན་ནོ། དེ་ཉིད་རྣམ་པ་ནི་ནང་སྟོང་པ་ཉིད་ལ་སོགས་པ་བཅུ་དྲུག་རིག དེ་ཡང་མ་རྟོགས་པ་སེམས་ཅན་གྱི་དུས་ན། ས་སོགས་འབྱུང་བ་ལྔ་དང་། གཟུགས་སོགས་ཕུང་པོ་ལྔ་དང་། འདོད་ཆགས་སོགས་ཉོན་མོངས་ལྔ་དང་། མིག་སོགས་དབང་པོ་ལྔར་སྣང་བ་སྟེ་དོན་རྟོགས་པའི་དུས་ན་རྣམ་པ་དེ་དག་ཀྱང་རིགས་ལྔ་ཡེ་ཤེས་ལྔར་ཤར་ཏེ། སངས་རྒྱས་ཀྱི་ཆོས་ཀྱང་དེ་དག་ཏུ་འདུས་པས་རྣམ་པ་ཉི་ཤུ་པོ་དེ་དག་ཉིད་ཀྱིས་གྲོལ་ནས་སངས་རྒྱས་ཀྱི་བྱང་ཆུབ་འགྲུབ་པ་ཡིན་པས་མཆོག་གོ། དེ་ཡང་འདི་སྐད་དུ། འབྱུང་བ་ལྔ་དང་ཉོན་མོངས་ཕུང་པོ་ལྔ། དབང་པོ་རྣམ་ལྔའི་ཞེན་པ་དང་བྲལ་ནས། རིགས་ལྔ་ཡེ་ཤེས་ལྔར་སྣང་ལ། རྫོགས་སངས་རྒྱས་པའི་བྱང་ཆུབ་ཡིན། ཞེས་གསུངས་པ་ལྟ་བུའོ། དེ་ལྟ་བུའི་སངས་རྒྱས་ལ་རྣམ་པ་ཐམས་ཅད་མཁྱེན་བའི་ཡེ་ཤེས་མངའ་བས་རྣམ་པར་སངས་རྒྱས་ཀུན་རིག་མཆོག་ཅེས་བྱའོ། དེ་ལྟར་རིག་ནས་སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ་བྱེ་བ་དཔག་མེད་འགྱེད་པས་སེམས་ཅན་གྱི་དོན་མཛད་པའོ། དེ་ཡང་གདུལ་བྱའི་བློ་དང་འཚམས་པའི་ཐེག་པ་སྟོན་པའི་ཕྱིར། སྐད་ཅིག་གིས་གདུལ་བྱའི་བསམ་པ་དང་བག་ལ་ཉལ་ཐམས་ཅད་མངོན་པར་རྟོགས་ནས་དོན་མཛད་ཏེ། འོ་ན་རྟོག་བཅས་སུ་ཐལ་ལོ་ཞེ་ན། རྟོགས་བྱེད་སེམས་ཀྱི་སྐད་ཅིག་རང་ཡང་སྐྱེ་བ་མེད་པའི་དོན་ཀུན་རིག་ནས་ཐེག་པ་སྣ་ཚོགས་པའི་ཐབས་ཚུལ་གྱིས་འགྲོ་བའི་དོན་ལ་རྟོགས་པ་པོ་ཞེས་བྱ་སྟེ། དེ་ཡང་གདུལ་བྱ་ཐེག་པ་གསུམ་གྱིས་འདུལ་བ་ལ། ཉན་ཐོས་དང་། རང་རྒྱལ་དང་། ཐེག་པ་ཆེན་པོ་བསྟན་ཏོ། ཡང་དག་པར་ཐེག་པ་གཅིག་སྟེ་འབྲས་བུ་རྡོ་རྗེའི་ཐེག་པའོ། དེ་ཡང་འབྲས་བུ་སངས་རྒྱས་ན་ཇི་ལྟར་གནས་པ་དང་། ད་ལྟ་ཉིད་ནས་ལམ་དུ་ཁྱེར་ནས་འབྲས་བུར་གནས་ཞེས་བྱའོ། ཐེག་པ་འདི་ཀུན་ཡང་དག་པའི་ཐེག་པ་ལས་གཞན་མ་ཡིན་པས་ཐེག་པ་གསུམ་གྱིས་འཁོར་བ་ལས་ངེས་པར་འབྱུང་བར་བྱེད་པའི་རྒྱུ་བསྟན་པ་ལ་ཐེག་པ་གཅིག་གིས་བྱང་ཆུབ་ཀྱི་འབྲས་བུར་གནས་པ་སྟོན་ནོ། དེ་ཡང་། རྒྱུ་ལ་སྤྱོད་པ་རྒྱུ་ཡི་ཆོས། འཁོར་ལོ་ཤིན་ཏུ་བསྐོར་བྱས་ནས། འབྲས་བུའི་ཐེག་པའི་ཉེ་ལམ་ཞིག དུས་ཚིགས་ཕྱི་མར་འབྱུང་བར་འགྱུར། ཞེས་པ་ལྟ་བུའོ། དེ་ལ་ཡང་སྤངས་པའི་ཁྱད་པར་བསྟན་པའི་ཕྱིར། གཉིས་མེད་རྟོགས་པས་ཉོན་མོངས་ཁམས་རྣམས་དག་པའི་བདག་ཉིད་དོ། ལས་ངན་སློང་བྱེད་ཀྱི་སེམས་མེད་པས་ལས་ཀྱི་ཁམས་རྣམས་ཟད་པར་བྱེད་པའོ། འཁོར་བའི་སྤྱོད་ཡུལ་ཇི་སྙེད་པ་རྣམས་ནི་ཆུ་བོ་དང་འདྲ་སྟེ་རྒྱུན་རིང་བ་དང་རྒྱུན་ཕྱོགས་སུ་ཁྱེར་བར་བྱེད་པ་ཡིན་ལ། རྒྱ་མཚོ་དང་འདྲ་སྟེ་རྒལ་དཀའ་བ་དང་མང་བའི་ཕྱིར། དེ་ཀུན་ལས་བརྒལ་ཞིང་དོན་ལ་སྦྱོར་བའི་ཡེ་ཤེས་ནི་རྟོགས་པ་ལས་དབེན་པས་དགོན་པ་ལས་བྱུང་བ་ཞེས་བྱའོ། ཉོན་མོངས་པའི་རྩ་བ་དྲུག་དང་ཉེ་བའི་ཉོན་མོངས་ཉི་ཤུ་དང་ཀུན་ནས་ཉོན་མོངས་པ་སྡུག་བསྔལ་རྣམས་དང་བག་ཆགས་ས་བོན་བཅས་པ་གཏན་ནས་སྤངས་པའོ། དེ་ཉིད་ཐབས་དང་ཤེས་རབ་དམ་པ་དང་ཇི་ལྟར་ལྡན་ཞེ་ན། སྙིང་རྗེ་ཆེན་པོ་དང་ལྡན་པས་ཞི་མཐར་མི་གནས་ཤིང་། ཤེས་རབ་ཆེན་པོས་སྲིད་ལ་མི་གནས་ཏེ་ཐབས་དེ་ལྟ་བུས་དོན་ཡོད་འགྲོ་བའི་དོན་བྱེད་པའོ། འོ་ན་མཚན་མར་འཛིན་པ་ཅན་དུ་མི་འགྱུར་རམ་ཞེ་ན། འདུ་ཤེས་ནི་ཡུལ་ལ་མཚན་མར་འཛིན་པ་སྟེ་སྐྱེ་བ་མེད་པར་རྟོགས་པས་དེ་ཀུན་གྱི་དོན་ནམ་རང་བཞིན་ལ་མངོན་ཞེན་སྤངས་ཤིང་། རྣམ་ཤེས་ཟག་བཅས་ཀྱི་དོན་ནི་སྐྱེ་མེད་དུ་རྟོགས་པས་འགག་པར་བྱེད་པའོ། དེ་ལྟར་རང་རྟོགས་པ་མ་ནོར་བས་གཞན་ལམ་ལ་འགོད་པའི་ཕྱིར་སེམས་ཅན་ཀུན་གྱི་ཡིད་ཡུལ་དང་མཐུན་པར་ལྡན་པས་དོན་མཛད་པའོ། དེ་ཡང་སེམས་ཅན་ཀུན་གྱི་ཡིད་རིག་པ་དེ་སངས་རྒྱས་ཀྱི་ཐུགས་མི་རྟོག་པར་རིག་པའི་སྒོ་ནས་མཛད་དེ། སེམས་ཅན་ཀུན་གྱི་ཡིད་ལ་ཁྱབ་པར་གནས་ཤིང་། དེ་དག་གི་སེམས་དང་མཐུན་པར་འགྲོ་བའི་དོན་ལ་འཇུག་སྟེ། ཞུགས་ནས་སེམས་ཅན་ཀུན་གྱི་ཡིད་ལ་ཇི་ལྟར་འདོད་པ་བཞིན་དུ་ཚིམ་ཞིང་དགའ་བས་སིམ་པར་བྱེད་དོ། སེམས་ཅན་ཀུན་གྱི་ཡིད་དགའ་བ། གྲུབ་པ་དེ་ཉིད་མཐར་ཕྱིན་པར་བྱེད་ཅིང་དེ་ཡང་འཁྲུལ་བ་མེད་པའམ། ནོར་བ་ཐམས་ཅད་རྣམ་པར་སྤངས་ནས། དྲང་བའི་དོན་དང་། ངེས་པའི་དོན་དང་། ཐེག་པ་སྣ་ཚོགས་ཀྱི་དོན་གསུམ་ལ་ཐེ་ཚོམ་མེད་པའི་བློ་གྲོས་ཀྱིས་གྲུབ་པའི་མཐའ་རྣམས་ངེས་པར་ཤེས་པའི་ཕྱིར་རོ། སེམས་ཅན་ཀུན་གྱི་དོན་དུ་གྱུར་པའི་ཡོན་ཏན་སྐུ་གསུང་ཐུགས་གསུམ་གྱི་བདག་པོར་གྱུར་པའོ། འདི་ཉིད་ལས་ཀྱང་སངས་རྒྱས་ཀུན་གྱི་ཐུགས་ལ་གནས། སངས་རྒྱས་ཀུན་གྱི་སྐུ་ཆེ་བ། སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། ཞེས་འབྱུང་ངོ་། རྒྱུའི་དུས་ན་ཕུང་པོ་ལྔའི་དོན་ལ་དུས་གསུམ་དུ། སྐད་ཅིག་མའི་རིགས་པས་གཞིགས་ནས་ཐམས་ཅད་བྱེ་བྲག་ཕྱེད་དེ་མུ་སྟེགས་ཀྱི་བདག་པོ་ལ་སོགས་པ་བྱེད་དེ། འབྲས་བུའི་དུས་ན་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པ་ལ་རིམ་པ་ཡོད་པ་མ་ཡིན་པས་སྐད་ཅིག་གཅིག་གིས་ཀྱང་རྫོགས་སངས་རྒྱས་ཏེ། འདི་ནི་ལས་འཕྲོ་དང་དབང་པོའི་མཆོག་ཏུ་གྱུར་པ་ལ། བྱེད་རྩོལ་གྱི་སྤྲོས་པ་བཅད་དེ་དེ་བཞིན་ཉིད་བསྒོམ་པའི་ལམ་ཉེ་བར་སྟོན་ནོ། དེ་ཡང་བྱེད་རྩོལ་གྱི་སྤྲོས་པ་བཅད་པ་ནི་འདི་སྐད་དུ། ཤེས་རབ་དམ་པས་མ་ཟིན་པའི། ལམ་གྱི་དགེ་བའི་སྟེགས་བཅས་ཀྱང་། མཐོ་རིས་ལྷ་དང་མི་རུ་སྐྱེ། སྐྱེ་ཤི་མེད་པའི་ས་མི་ཐོབ། ཅེས་པ་ལྟ་བུའོ། སངས་རྒྱས་ཀུན་གྱི་རང་བཞིན་མཉམ་ཞིང་ཐུགས་རྗེས་འགྲོ་དོན་མཛད་པར་མཉམ། མཛད་ལུགས་མི་མཉམ། སྐུ་བོང་ཚེ་ཚད་ཚུལ་དང་རིགས་མི་མཉམ་པར་སྣང་ངོ་། དེ་ཡང་རང་བཞིན་སྐྱེ་བ་མེད་པར་འཆར་བར་མཛད་དོ། ཆོས་ཀྱི་སྐུ་ལ་ཟག་བཅས་ཀྱི་ལུས་མེད་པས་ཡེ་ཤེས་ཀྱི་བདག་ཉིད་ཟག་པ་མེད་པའི་ཡོན་ཏན་གྱི་རྟེན་དུ་གྱུར་པའི་ལུས་ཏེ་དེའི་བྱིན་རླབས་ལས། ལོངས་སྤྱོད་རྫོགས་པའི་སྐུ་ལུས་ཀྱི་མཆོག་ཏུ་འབྱུང་ངོ་། ལུས་ཐམས་ཅད་ཀྱི་མཐའ་ནི་སྐྱེ་མེད་དུ་རྟོགས་པ་པོ་སྟེ། དེ་ལས་སྤྲུལ་པའི་སྐུའི་གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན་པས། ནོར་བུ་ཆེན་པོ་རིན་ཆེན་ཏེ་འདོད་འབྱུང་དབང་གི་རྒྱལ་པོ་ལྟར་གདུལ་བྱའི་འདོད་པ་སྐོང་བས་རབ་ཏུ་གྱུར་པའམ་ཏོག་ཅེས་བྱའོ། དེ་ཡང་ལོངས་སྐུ་ནི། རྣམ་པ་ངེས་པ། གནས་ངེས་པ། འཁོར་ངེས་པ། ཆོས་ངེས་པ། དུས་ངེས་པ་སྟེ་ངེས་པ་ལྔ་དང་ལྡན་ལ། སྤྲུལ་སྐུ་ནི་རྣམ་པ་གནས་འཁོར་ཆོས་དུས་ཐམས་ཅད་མ་ངེས་པའོ། ད་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པར་བྱ་སྟེ། དེ་ཡང་འཕྲིན་ལས་ཀྱི་རྒྱུ་གང་ཞེ་ན། ཆོས་ཀྱི་སྐུ་གཉིས་མེད་ནི་སངས་རྒྱས་ཀུན་གྱིས་རྟོགས་པར་བྱ་བའི་ཆོས་ཆེན་པོ་ཡིན་ལ། དེ་རྟོགས་ནས་སངས་རྒྱས་ཀྱི་བྱང་ཆུབ་བླ་ན་མེད་པའོ། ཐབས་དང་ཤེས་རབ་ཁྱད་པར་ཅན་གྱི་གསང་སྔགས་ལས་བྱུང་བའི་ཆོས་ཀྱི་ངོ་བོ་ཉིད་བརྗོད་དུ་མེད་པས་ཡི་གེ་མེད་པའོ། རྒྱུ་ཆེ་བ་གསང་སྔགས་ཆེན་པོ་ལས་འབྲས་བུ་ཆེ་བ་སྐུ་གསུང་ཐུགས་ཀྱི་རིགས་གསུམ་ལྷུན་གྱིས་གྲུབ་པ། དེས་གསང་སྔགས་ཀྱི་དོན་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་ཀུན་གཞན་གྱི་རྒྱུད་ལ་བསྐྱེད་པ་པོ་ཞེས་བྱའོ། དོན་དམ་པར་ཐིག་ལེ་ནི་ཆོས་ཉིད་མི་འགྱུར་བ། དེ་ཁྱབ་ཅིང་གདལ་བ་ཆེན་པོ་ངོ་བོ་ཚིག་གིས་བརྗོད་དུ་མེད་པས་ཡི་གེ་མེད་པའོ། སྟོང་པ་ཆེན་པོ་ཆོས་ཀྱི་སྐུ་དེ་ཉིད་དེ་བཞིན་གཤེགས་པ་ལྔའི་ས་བོན་ཡི་གེ་ལྔ་མ་འགགས་པར་ཤར་བ་ནི་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལྔའོ། ཐིག་ལེ་སྟོང་པ་སྐྱེ་བ་མེད་པ་ལས་ཡི་གེ་བརྒྱ་སྟེ། དེ་ལ་བརྟེན་ནས་སྒྲུབ་ཐབས་འབྱུང་བ་སྟེ། དོན་དུ་ན་ཆོས་ཀྱི་སྐུ་ལ་ཕྱོགས་རིས་མེད་ཅིང་འགགས་པ་མེད་པའི་མཐུའོ། འོ་ན་ཐུགས་ཀྱི་སྤྲུལ་པ་གང་ཞེ་ན། ཀུན་རྫོབ་ཏུ་མཚན་དང་དཔེ་བྱད་ལ་སོགས་ཏེ་སྣོད་བཅུད་ཀྱི་རྣམ་པ་ཀུན་དང་ལྡན་ལ་དོན་དམ་པར་སྣང་བའི་ངོ་བོ་ཉིད་མེད་པས་རྣམ་པ་མེད་པའོ། དབྱངས་ཀྱི་ཡི་གེ་བཅུ་དྲུག་གི་ཕྱེད་བརྒྱད་དང་བརྒྱད་ཀྱི་ཕྱེད་ཐིག་ལེ་ཅན་ནི་ཡི་གེ་བཞི་སྟེ་ཨ་ཨཱ་་ཨཱ་ཞེས་པའོ། དེ་བཞི་ནི་མཚོན་བྱེད་དུ་གྱུར་པ་ཡིན་ཏེ། ཅི་མཚོན་ན། རྣམ་པར་ཐར་པའི་སྒོ་བཞི་མཚོན་ཏེ། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་དང་། མཚན་མ་མེད་པའི་རྣམ་པར་ཐར་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པ་དང་། ཐབས་ལ་མཁས་པའི་རྣམ་པར་ཐར་པའོ། དེ་ཡང་སྟོང་པ་ཉིད་ཀྱིས་ནི་དངོས་པོ་ལས་འབྱིན་པར་བྱེད་དོ། མཚན་མ་མེད་པས་ནི་མཚན་མ་ཕྲ་མོའི་ཞེན་པ་ལས་ཀྱང་འབྱིན་བར་བྱེད་དོ། སྨོན་པ་མེད་པས་ནི་འབྲས་བུ་རེ་སྨོན་གྱི་མཐའ་ལས་འབྱིན་པར་བྱེད་པའོ། ཐབས་ལ་མཁས་པས་ནི་ཐབས་དམན་ཞིང་མི་མཁས་པ་རྣམས་ལས་འབྱིན་པར་བྱེད་དོ། དེ་བཞི་ཡང་སྤྲོས་པ་ཕྱོགས་རེ་བཅད་པའི་ཡེ་ཤེས་ཀྱི་ཆ་ནས་བཞིར་བཤད་ཀྱིས། དོན་དུ་ན། ཐིག་ལེ་ཆེན་པོ་ཡི་གེ་མེད་པའོ། ཡང་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ན། བྱང་ཆུབ་ཀྱི་སེམས་ཐིག་ལེ་ཆ་བཅུ་དྲུག་ཏུ་གནས་ཏེ། དེ་ལས་ཀྱི་ཕྱག་རྒྱའི་ཐབས་ཀྱི་བྱེ་བྲག་རྣམས་ལ་བརྟེན་ཏེ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་ཐིག་ལེ་བཅུ་དྲུག་པོ་བཞུ་བའི་ཐིག་ལེ་ཕྱེད་བརྒྱད་པོ་སྙིང་ག་ཆོས་ཀྱི་འཁོར་ལོར་ཕབ། དེ་བཞུ་བའི་ཕྱེད་ལྟེ་བ་སྤྲུལ་པའི་འཁོར་ལོར་ཕབ། དེའི་ཕྱེད་གསང་བ་བདེ་སྐྱོང་གི་འཁོར་ལོར་ཕབ་སྟེ། གཉིས་ཤོར་གཉིས་མཉམ་གྱི་དུས་སུ་ངོས་བཟུང་ངོ་། དེ་ཡང་དང་ཡང་དུ་གོམས་པར་བྱས་པས་མཐར་དེའི་ཞེན་པ་བག་ཙམ་ཡང་བྲལ་ཏེ་ཐིག་ལེ་ཆེན་པོ་ཡི་གེ་མེད་པ་རྟོགས་པར་འགྱུར་རོ། དེ་ཡང་ཇི་སྐད་དུ། ཟབ་མོ་རྣམ་པར་ཐར་པ་བཞིས། རྣོན་པོའི་དོན་དུ་བཤད་པ་ཡིན། འཁོར་ལོ་བཞིན་དུ་བསྐོར་བྱེད་པ། རྟུལ་པོའི་དོན་དུ་ཤེས་པར་བྱ། ཞེས་འབྱུང་ངོ་། དེ་ལྟར་བསྒོམ་པས་རྣམ་རྟོག་གི་ཡན་ལག་མེད་པའི་ཕྱིར་བརྗོད་པའི་རྩིས་ལས་འདས་པའོ། བསམ་གཏན་བཞི་བ་ཤེས་རབ་ཀྱི་མཐར་ཕྱིན་པའི་རྩེ་མོ་ཅན་ཏེ་བསམ་གཏན་བཞི་ཤེས་པ་དང་། རང་ཉིད་ཀྱང་བསམ་གཏན་དང་ལྡན་ཞིང་གཞན་གྱི་བསམ་གཏན་གྱི་ཡན་ལག་བཅོ་བརྒྱད་ཀུན་ཤེས་ཤིང་། དེ་ཡང་འདོད་པའི་ཁམས་ནི་ལྷག་མཐོང་ཤས་ཆེ་བས་བསམ་གཏན་སོགས་ཤེས་པའོ། གཞན་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་བསྒྱིངས་བའི་ཏིང་ངེ་འཛིན་དང་། ཟླ་བའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་འཛིན་བརྒྱ་རྩ་གཅིག་ཀྱང་རིག་པ་དང་གང་ཟག་གི་བསམ་པ་དང་བག་ལ་ཉལ་དང་སྐྱེ་གནས་ཀྱི་རྒྱུད་ཀྱིས་བསྡུས་པ་རྣམས་ཀྱང་རིག་ཅིང་མཁྱེན་པའོ། འོ་ན་ལོངས་སྐུའི་མཚོན་པ་ཅི་ཞེ་ན། ཏིང་འཛིན་ལུས་ཅན་ཆོས་ཀྱི་སྐུ་སྟེ། སྐུ་དེ་ཉིད་ཀྱི་རྟེན་བྱེད་ཅིང་ལུས་ཀྱི་མཆོག་དེ་ནི་གཞིའོ། དེ་ལས་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ་པོ། སྐུ་རྣམ་པར་སྣང་མཛད་དུ་སྣང་སྟེ། དེ་ཡང་ངེས་པ་ལྔ་དང་ལྡན་ཞིང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་བུར་བཞུགས་པ་སྟེ། དེ་ཡང་། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་འདོད། ཅེས་པ་ལྟ་བུའོ། དེ་ལ་སྤྲུལ་པའི་སྐུའི་མཛད་སྤྱོད་ཅི་ཞེ་ན། དེ་ཡང་རྒྱལ་བ་སྤྲུལ་པའི་སྐུ་སྟེ་འཁོར་རིགས་དྲུག་གི་སེམས་ཅན་དང་། ཉན་རང་རྣམས་ལ་གསུང་གི་མཛད་སྤྱོད་རྣམ་པར་དག་པའི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དེ་སྤྲུལ་སྐུ་མ་དག་པ་ལས་མཆོག་ཏུ་གྱུར་པས་སྤྲུལ་པའི་སྐུ་ཡི་མཆོག་སྟེ། སངས་རྒྱས་སྤྲུལ་པའི་སྐུ་རྣམ་པར་གཟིགས་སོགས་སྟོང་རྩ་གཉིས་ཀྱི་རྒྱུད་འཆང་བའོ། སྤྲུལ་ནས་གང་དུ་འགྱེད་ཅེ་ན། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད་དོ། བཀྱེས་ནས་དོན་ཅི་མཛད་ཅེ་ན། ཇི་ལྟར་འཚམས་པ་བཞིན་འགྲོ་བའི་དོན་བྱེད་པའོ། གཞན་འཕྲུལ་དབང་བྱེད་ལ་སོགས་པ་ལྷ་དང་། ལྷ་ཡི་དབང་པོ་ཁྱབ་འཇུགལྷ་ཡི་ལྷ་ཚངས་པ་དང་། ལྷ་ཡི་དབང་པོ་བརྒྱ་བྱིན་དང་། ལྷ་མིན་བདག་པོ་ཐག་བཟང་རིས་དང་། འཆི་མེད་དབང་པོ་འཐབ་བྲལ་སོགས་ཀྱི་རྒྱལ་པོ་དང་། ལྷ་ཡི་བླ་ནི་གཞན་འཕྲུལ་དབང་བྱེད། འཇོམས་བྱེད་ནི་དྲག་པོ་འཇིགས་བྱེད་དང་། འཇོམས་བྱེད་དབང་ཕྱུག་པོ་ནི་མ་ཧཱ་དེ་བའོ། དེ་རྣམས་ཀྱིས་འདུལ་བ་ལ་དེ་རྣམས་སུ་སྤྲུལ་ནས་དོན་མཛད་དོ། ཆོས་ཀྱི་སྦྱིན་པའི་ཚུལ་ནི། སྲིད་པ་ནི་ཉེས་པའི་འབྱུང་གནས་ཡིན་ཏེ། དགོན་པ་ནི་དེ་ལས་དབེན་པའོ། དེ་ལས་བརྒལ་ཏེ་དོན་གཉིས་མེད་རྟོགས་པས་སྲིད་ཞི་གཉིས་ལས་གྲོལ་བའོ། སྟོན་པ་གཅིག་པུ་འགྲོ་བའི་སྟོན་པར་གྱུར་པས་ན་བླ་མ། འཇིག་རྟེན་ཕྱོགས་བཅུར་ཆོས་ཀྱི་སྦྱིན་པ་རབ་ཏུ་གྲགས་པ་དང་ལྡན་པའི་ཆོས་ཀྱི་སྦྱིན་བདག་ཆེ་བ་པོ་དེ་ཡང་རློམ་པ་ལྟ་བུ་མ་ཡིན་ཏེ། བྱམས་པའི་གོ་ཆ་སྲ་བ་གོན་ནས་ཆས་པ་སྟེ། སྙིང་རྗེ་ཡི་ནི་ཡ་ལད་ཁྲབ་བགོས་པའོ། དེ་ལ་མཚོན་ཆ་ནི་ཉོན་མོངས་པ་གཅོད་པ་ཤེས་རབ་ཀྱི་རལ་གྲི་དང་ཐབས་ཤེས་འདུ་འབྲལ་མེད་པའི་མདའ་གཞུ་ཐོགས་ནས། ཉོན་མོངས་དང་མི་ཤེས་པའི་གཡུལ་ངོ་སེལ་ལོ། མཐུ་སྟོབས་ལྡན་པས་དཔའ་བོ་གང་ལས་དཔའ་ན་བདུད་དགྲ་རུ་གྱུར་པ་བདུད་སྡེའི་གཤེད་བདུད་རྣམས་འདུལ་བ་སྟེ། བདུད་བཞིའི་འཇིགས་པ་ཐམས་ཅད་སེལ་བར་བྱེད་པ། ཕྱོགས་གཅིག་སེལ་བ་ཙམ་མ་ཡིན་པ་བདུད་ཀྱི་དཔུང་སྡེ་དང་བཅས་པ་རྣམས་ཕམ་པར་བྱེད་པ། དེ་གང་སེམས་སྐྱེ་བ་མེད་པ་རྟོགས་པས་ཉོན་མོངས་པའི་བདུད་བཅོམ། སེམས་ཉིད་ལ་རྒས་རྒུད་མེད་པས་ཕུང་པོའི་བདུད་བཅོམ། སེམས་ཉིད་ལ་སྐྱེ་ཤི་མེད་པས་འཆི་བདག་གི་བདུད་བཅོམ། སེམས་ཉིད་རྟོགས་པས་ཐེ་ཚོམ་དང་བྲལ་ཏེ་ལྷའི་བུའི་བདུད་བཅོམ། དེ་ཡང་ཇི་སྐད་དུ། གལ་ཏེ་བདུད་ཀྱི་ཚོགས་ནི་བྱེ་བ་དག སངས་རྒྱས་སྐུར་བསྒྱུར་བར་ཆད་སྨྲ་བྱས་ཀྱང་། ཆོས་ལ་མཁས་པས་ཆོས་ཉིད་རབ་ཐོབ་སྟེ། དེ་དག་བྱང་ཆུབ་ལས་ནི་བཟློག་མི་ནུས། ཞེས་པ་ལྟ་བུའོ། དེ་ལྟ་བུ་དེ་མཆོད་འོས་སུ་བསྟན་པའི་ཕྱིར། རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་འཇིག་རྟེན་པ་རྣམས་ཐར་པའི་གནས་སུ་འདྲེན་པས། མཆོད་པར་འོས་པ། བསྟོད་པའི་འོས་སུ་གྱུར་པ། ཕྱག་བྱ་བ་དང་སྐུ་གཟུགས་བྲིས་ཏེ་མཆོད་པ་ལ་སོགས་པ་དག་གི་གནས་སུ་གྱུར་པ། རྟག་ཏུ་རི་མོར་བྱ་བའི་འོས། བཀུར་འོས་ཡོན་ཏན་བསྒྲགས་ཏེ་རྗེད་པར་བྱ་བའི་མཆོག ཕྱག་བྱར་འོས་པ་བླ་མའི་རབ་ཏུ་གྱུར་པའོ། དེའི་མཁྱེན་པའི་བྱེ་བྲག་ཅི་འདྲ་ཞེ་ན། འཇིག་རྟེན་གསུམ་པོ་མཁྱེན་པའི་གོ མ་སྟབས་གཅིག་གིས་བགྲོད་ལ། རྟགས་རྫུ་འཕྲུལ་གྱི་གོམས་པས་བགྲོད་པའོ། ནམ་མཁའ་ལྟར་ཆོས་ཀྱི་སྐུ་མཐའ་མེད་པར་རྟོགས་པས་ཉོན་མོངས་པ་རྣམ་པར་གནོན་པར་བྱེད་དོ། དེ་ལས་ཕྱི་སྡེ་སྣོད་གསུམ་རིག་ལ། ནང་དུ་སྐུ་གསུང་ཐུགས་གསུམ་རིག་སྟེ་བདག་གཞན་གྱི་དྲི་མ་དང་བྲལ་བས་གཙང་མ་དག་པ་སྟེ། གཞན་ཡང་མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག་དང་ལྡན་པའོ། ཤེས་རབ་དམ་པ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་རང་དོན་ཡིན་ལ། སེམས་དཔའ་ཆེ་གཞན་དོན་ནོ། དེ་ཡང་བྱང་ཆུབ་ནི་ནམ་མཁའ་ལྟ་བུའི་ཆོས་སྐུ་ལ། སེམས་དཔའ་ནི་དེ་རྟོགས་པར་འདོད་པའི་འདུན་པ་ཡོད་པ་དང་། གཞན་གྱི་དོན་ལ་དཔའ་བའོ། དེ་ཡང་འདི་སྐད་དུ། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། གང་ཞིག་དེ་རྟོགས་འདོད་པ་དེ། བྱང་ཆུབ་སེམས་དཔའ་ཞེས་བྱའོ། ཞེས་པ་ལྟ་བུའོ། དེ་ཡང་རྫུ་འཕྲུལ་ཆེན་པོའི་འཇིག་རྟེན་ལས་འདས་པའོ། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ་སྟེ། མཐར་ཐུག་པ་ནི་དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཏེ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ་པའང་རྟོགས་པར་བྱེད་དོ། དེ་ཉིད་དཔེ་ལས་འདས་པར་བསྟན་པའི་ཕྱིར། ཇི་ལྟ་བ་བདག་གི་དོན་རིག ཇི་སྙེད་པ་གཞན་གྱི་དོན་རིག་པས་ཐམས་ཅད་མཁྱེན་པ་སྟེ། དེའི་སྒོ་ནས་ཀུན་ལ་ཕན་པར་མཛད་པའི་གང་ཟག་ལྟར་སྤྲུལ་ཡང་གང་ཟག་སུ་མ་གྲུབ་པ་སྒྱུ་མ་ལྟ་བུའི་རྣམ་པར་འཕྲུལ་པ་ནི་མཆོག་ཅེས་བྱའོ། ཅུང་ཟད་དུ་ཡང་མཉམ་པ་མེད་པས་དཔེར་བྱ་ཀུན་ལས་འདས་པ་སྟེ། ཤེས་པར་བྱེད་དང་ཤེས་པར་བྱ་བའི་བདག་པོ་མཆོག་ཏུ་གྱུར་པ། གང་གི་སྒོ་ནས་ཤེས་པར་བྱེད་ཅེ་ན། རྗེ་བཙུན་ཉིད་སངས་རྒྱས་ཀྱི་གཙོ་བོ་གྱུར་པས་གཙོ་བོ་ཆོས་ཀྱི་སྦྱིན་བདག་ཅེས་བྱ་སྟེ། དེས་ཕྱག་རྒྱ་བཞི་པོའི་དོན་སྟོན་པ་སྟེ། དེ་ཡང་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ནི་ཐེག་དམན་གྱིས། མི་རྟག་སྡུག་བསྔལ་སྟོང་བ་བདག་མེད་དོ། དེ་ཡང་མི་རྟག་སྡུག་བསྔལ་སྟོང་དང་བདག་མེད་པ་དེ་ནི་རྫོགས་སངས་རྒྱས་ཀྱིས་གསུངས་པའི་ཆོས། ཞེས་འབྱུང་ངོ་། འདི་ཉིད་ལས་ཀྱང་། བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། ཞེས་འབྱུང་ངོ་། ཐེག་ཆེན་གྱི་དབང་དུ་བྱས་ན་བཀའ་ལ་སྣང་། དོན་དང་མཐུན། རིགས་པ་དང་འཐད། གཏན་ཚིགས་ཀྱི་རྒྱས་འཐད་པའོ། དེ་ཡང་། བཀའ་དོན་རིགས་པ་གཏན་ཚིགས་དང་། སྣང་དང་མི་འགལ་རྒྱས་འཐད་ཡིན། ཞེས་པ་ལྟ་བུའོ། དེ་ལ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་བཞི་ནི། སྐུ་ཕྱག་རྒྱ་ཆེན་པོ། གསུང་ཆོས་ཀྱི་ཕྱག་རྒྱ། ཐུགས་དམ་ཚིག་གི་ཕྱག་རྒྱ། འཕྲོ་འདུ་ལས་ཀྱི་ཕྱག་རྒྱའོ། གདུལ་བྱ་ལམ་གྱི་ཕྱག་རྒྱ་བཞི་ནི། ལས་ཀྱི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ། དམ་ཚིག་གི་ཕྱག་རྒྱའོ། དེ་ལྟར་སྟོན་པ་ནི་འགྲོ་བའི་བསྙེན་བཀུར་བའི་གནས་ཀྱི་མཆོག་གོ། ངེས་པར་འབྱུང་བྱེད་ཐེག་པ་གསུམ་པོ་བགྲོད་པ་རྣམས་ཀྱི་འབྲས་བུ་དོན་གྱི་མཐར་ཐུག་པ་ནི། དོན་གྱི་དམ་པ་སྒྲིབ་པ་གཉིས་དག་པས་རྣམ་པར་དག་ལ་བདག་དང་གཞན་གྱི་དཔལ་དུ་གྱུར་ཏེ། འཇིག་རྟེན་གསུམ་ན་སྐལ་བ་བཟང་པོ་མཆོག་ཏུ་གྱུར་པས་ཆེ་བའོ། དེ་ལྟ་བུའི་སྟོན་པ་དེ་གང་ཞེ་ན། ཚོགས་གཉིས་རྫོགས་ཤིང་བདག་གཞན་གྱི་དཔལ་དུ་གྱུར་པ་ནི་དཔལ་ལྡན་ཆོས་དང་ཟང་ཟིང་གི་འབྱོར་བ་ཀུན་སྟེར་བར་བྱེད་པ་སྟེ། འཇམ་དཔལ་དཔལ་དང་ལྡན་པའི་མཆོག་ཅེས་བྱའོ། ད་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་བསྟོད་པ་བསྟན་པའི་ཕྱིར། དེ་ཡང་འདིས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་སྟེ་མཆོག་ཏུ་གྱུར་པའི་ཆོས་ཀྱི་དབྱིངས་གཞན་ལ་སྦྱིན་པར་བྱེད་པ་པོ། སྐུ་གསུང་ཐུགས་རྡོ་རྗེ་དབྱེར་མི་ཕྱེད་པའི་མཆོག་རྗེ་བཙུན་འཇམ་དཔལ་ཁྱོད་ལ་འདུད་དོ། ཡང་དག་པའི་མཐར་གྱུར་པ་ནི་སྐྱེ་བ་མེད་པ་ཁྱོད་ལ་འདུད། སྟོང་པ་ཉིད་ཀྱི་དོན་རྟོགས་པ་ལས་བྱུང་བ་ཁྱོད་ལ་འདུད་དོ། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཀྱི་དམ་པ་ཡིན་པས་ཁྱོད་ལ་འདུད། ད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བསྟན་པའི་ཕྱིར། སངས་རྒྱས་ཀྱི་ཡེ་ཤེས་མེ་ལོང་ལྟ་བུའི་ཆོས་ཀྱི་དབྱིངས་ལ་གནས་ཤིང་ཆགས་པ་ཁྱོད་ལ་འདུད་དོ། སངས་རྒྱས་རྣམས་ཀྱི་ཐུགས་རྗེས་འགྲོ་བ་འདྲེན་པར་འདོད་པ་ཁྱོད་ལ་ཕྱག་འཚལ་འདུད་དོ། སངས་རྒྱས་ཀྱི་ཡེ་ཤེས་མེ་ལོང་ལྟ་བུས་ཆོས་ཀྱི་དབྱིངས་རྟོགས་པས་དགྱེས་པ་ཁྱོད་ལ་འདུད་དོ། སངས་རྒྱས་ཀྱི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལ་རོལ་བ་ཁྱོད་ལ་ཕྱག་འཚལ་འདུད་དོ། ད་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བསྟན་པའི་ཕྱིར། སངས་རྒྱས་ཀྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པས་མཉེས་ནས་འཛུམ་པ་ཁྱོད་ལ་འདུད། སངས་རྒྱས་འགྲོ་བའི་དོན་མཛད་པ་ལ་དགྱེས་ནས་བཞད་ལ་ཕྱག་འཚལ་འདུད། སངས་རྒྱས་གསུང་ཉིད་ཀྱི་སྒོ་ནས་གདུལ་བྱ་ལ་སྣ་ཚོགས་སུ་ཆོས་སྟོན་པ་ཁྱོད་ལ་འདུད། སངས་རྒྱས་ཀྱིས་འགྲོ་བའི་དོན་ལ་ཆོས་སྟོན་པར་མཛད་ཀྱང་ཐུགས་མཉམ་པ་ཉིད་ལས་མ་གཡོས་པ་ཁྱོད་ལ་ཕྱག་འཚལ་འདུད་དོ། ད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བསྟན་པའི་ཕྱིར། ཆོས་ཐམས་ཅད་དངོས་པོ་མེད་པ་རྟོགས་པ་ལས་བྱུང་བ་ཁྱོད་ལ་འདུད། སངས་རྒྱས་འགྲོ་བའི་དོན་དུ་འཇིག་རྟེན་དུ་འབྱུང་བ་ཁྱོད་ལ་འདུད། ཆོས་ཉིད་ནམ་མཁའ་ལྟ་བུ་རྟོགས་པ་ལས་ཆེ་བའི་ཡོན་ཏན་ཐམས་ཅད་བྱུང་བ་ཁྱོད་ལ་འདུད་དོ། མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་བྱུང་བའི་འཇམ་དཔལ་ཁྱོད་ལ་འདུད་དོ། ད་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའི་ཕྱིར། སྒྱུ་མ་ལྟ་བུའི་རྣམ་འཕྲུལ་ཐམས་ཅད་ཐབས་དང་ཤེས་རབ་དྲྭ་བ་ལྟ་བུར་འབྲེལ་བས་མེད་པ་སྤྲུལ་ཞིང་ཡོད་པ་བསྒྱུར་བ་ཁྱོད་ལ་འདུད། འགྲོ་བའི་དོན་དུ་སངས་རྒྱས་ཀྱི་གསུང་ཐུགས་ཀྱི་རོལ་པ་སྣ་ཚོགས་སྟོན་པ་ཁྱོད་ལ་འདུད། ཡོན་ཏན་ཐམས་ཅད་དང་ལྡན་ཞིང་ཡོན་ཏན་ཐམས་ཅད་ཀྱིས་གཞན་དོན་གྲུབ་པར་བྱེད་པ་ཁྱོད་ལ་འདུད་དོ། ཡེ་ཤེས་དྲུག་རོ་གཅིག་པ་ལས་གྲུབ་པའི་སྐུ་ཉིད་འཇམ་དཔལ་ཁྱོད་ཡིན་པས་ཁྱོད་ལ་ཕྱག་འཚལ་འདུད་དོ་ཞེས་བསྟོད་པའོ། ད་ནི་འབད་པ་དོན་ཡོད་པར་བྱ་བའི་ཕྱིར་ཉམས་སུ་བླངས་པའི་ཕན་ཡོན་བསྟན་པ་ནི། ལག་ན་རྡོ་རྗེ་འཆང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་བཅོམ་ལྡན་འདས་ཀྱིས་དབང་བསྐུར་བའི་མིང་ངོ་། ལུས་དང་། ངག་དང་། ཡིད་གསང་བ་ཞེས་པ་ནི། དེ་སྣང་སྟོང་དང་། གྲག་སྟོང་དང་། རིག་སྟོང་དུ་རྟོགས་དཀའ་བས་གསང་བའོ། ལྷག་མ་ནི་གོ་སླའོ། ཆོས་ཐམས་ཅད་ཀྱི་ལུང་ངོ་ཞེས་པ་ནི། མཚན་ཡང་དག་པ་འདི་ཁྱབ་ཆེ་བས་ན་ལུང་ངོ་། མི་བསླུ་བས་ན་ལུང་། གཟུང་སླ་བས་ན་ལུང་ངོ་། ཚངས་པའི་གནས་པ་བཞི་ནི། ཚད་མེད་པ་བཞིའོ། ཀུན་ཏུ་སྦྱོར་བ་ཐམས་ཅད་དང་བྲལ་བ་ནི། རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་། ང་རྒྱལ་བའི་ཀུན་ཏུ་སྦྱོར་བ་དང་། མ་རིག་པའི་ཀུན་ཏུ་སྦྱོར་བ་དང་། ལྟ་བའི་ཀུན་ཏུ་སྦྱོར་བ་དང་། མཆོག་ཏུ་ཀུན་ཏུ་སྦྱོར་བ་དང་། ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་དང་། སེར་སྣའི་ཀུན་ཏུ་སྦྱོར་བ་རྣམས་སོ། རྫས་ཐམས་ཅད་ལས་ཐར་པ་ནི། ཉོན་མོངས་པ་དང་བཅས་པའི་ཕུང་པོ་དང་བྲལ་བའོ། མི་ཁོམ་པ་བརྒྱད་པོ་ནི། སེམས་ཅན་དམྱལ་བར་སྐྱེ་བ་དང་། ཡི་དྭགས་དང་། བྱོལ་སོང་དང་། དབང་པོ་མ་ཚང་པ་དང་། ལྟ་བ་ལོག་པར་འཛིན་པ་དང་། ཡུལ་མཐའ་འཁོབ་ཏུ་སྐྱེས་པ་དང་། སངས་རྒྱས་མི་བཞུགས་པའི་ཞིང་དུ་སྐྱེས་པ་དང་། འདུ་ཤེས་མེད་པའི་སྲིད་པར་སྐྱེས་པའོ། འཇིགས་པ་ཆེན་པོ་བརྒྱད་ནི། སེང་གེ་དང་། སྟག་དང་། གླང་པོ་ཆེ་སྨྱོན་པ་དང་། སྦྲུལ་དང་། རྒྱལ་པོའི་ཆད་པ་དང་། མེ་དང་། ཆུ་དང་། ཤ་ཟའི་འཇིགས་པ་དང་བརྒྱད་དོ། དབང་ཕྱུག་ཕུན་སུམ་ཚོགས་པ་ནི། ཡོན་ཏན་གྱི་དབང་ཕྱུག་བརྒྱད་ལ་བྱ་སྟེ། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་གཞུང་ལས། སྐུ་ཡང་བ་དང་ཕྲ་བ་དང་། གཞན་གྱིས་མཆོད་པ་དང་། བདག་པོར་གྱུར་པ་དང་། ལོངས་སྤྱོད་པ་དང་། གར་ཡང་ཕྱིན་པ་དང་། འདོད་དགུར་ལྡན་པ་དང་། དགའ་མགུར་སྤྱོད་པ་དང་བརྒྱད་དོ། གསང་སྔགས་ཀྱི་གཞུང་ལས། སྐུའི་དབང་ཕྱུག་དང་། གསུང་གི་དབང་ཕྱུག་དང་། ཐུགས་ཀྱི་དབང་ཕྱུག་དང་། རྫུ་འཕྲུལ་གྱི་དབང་ཕྱུག་དང་། ཕྱོགས་ཐམས་ཅད་དུ་སོང་བའི་དབང་ཕྱུག་དང་། འདོད་སྤྱོད་ཀྱི་དབང་ཕྱུག་དང་། ཅི་འདོད་སྦྱིན་པའི་དབང་ཕྱུག་དང་། གནས་ཀྱི་དབང་ཕྱུག་དང་བརྒྱད་དོ། དེ་ཡང་འདི་སྐད་དུ། ཡང་ཞིང་ཕྲ་བ་མཆོད་པའི་འོས། བདག་གྱུར་ལོངས་སྤྱོད་གར་ཡང་ཕྱིན། འདོད་དགུར་ལྡན་ཞིང་དགའ་མགུར་སྤྱོད། དེ་དག་རྒྱལ་པོའི་དབང་ཕྱུག་བརྒྱད། ཅེས་པ་འབྱུང་ངོ་། སྐུ་གསུང་ཐུགས་དང་རྫུ་འཕྲུལ་ཆེ། ཀུན་སོང་འདོད་སྤྱོད་གཞན་ལ་སྦྱིན། གནས་ཀྱི་དབང་ཕྱུག་རྣམ་པ་བརྒྱད། འདི་དག་རྡོ་རྗེ་འཆང་གི་ཆོས། ཞེས་འབྱུང་ངོ་། སྤྱན་ལྔ་ནི་གོང་དུ་བཤད་ཟིན་ཏོ། གྲོང་ནི་ཁང་ཁྱིམ་གཅིག་ཡོད་པའོ། གྲོང་ཁྱེར་ནི་ཁྱིམ་མང་པོ་ཚན་གཅིག་ཏུ་སྤུངས་པའོ། གྲོང་རྡལ་ནི་གྲོང་ཚོམ་བུ་མང་པོ་ཡོད་པའོ། ལྗོངས་ནི་ཡུལ་ལུང་པ་གཅིག་གིས་བསྡུས་པའོ། ཡུལ་འཁོར་ནི་ཡུལ་གྲུ་མང་པོ་ཞིག་ཕྱོགས་གཅིག་ཏུ་བྱས་པའོ། མ་མོ་བདུན་པོ་ནི། ཁྱོ་མེད་མ་བཞི། ཁྱོ་ཅན་མ་གསུམ་སྟེ་བདུན་ལས་ཚངས་པ་མོ་དང་། ཁྱབ་འཇུག་མོ་དང་། དབང་མོ་དང་། གཞོན་ནུ་མ་དང་བཞི་ཁྱོ་མེད་མའོ། དྲག་མོ་དང་། ཕག་མོ་དང་། རྒན་བྱེད་མོ་གསུམ་མ་ཧཱ་དཱེ་བའི་ཆུང་མའོ། སྙིགས་མ་ལྔ་ནི། ལྟ་བའི་སྙིགས་མ་དང་། ཉོན་མོངས་པའི་སྙིགས་མ་དང་། ཚེ་ཡི་སྙིགས་མ་དང་། བསྐལ་བའི་སྙིགས་མ་དང་། དུས་ཀྱི་སྙིགས་མ་དང་ལྔའོ། ལྷག་མ་རྣམས་ནི་གོ་སླ་བས་མ་བཤད་དོ། ད་ནི་ཤིན་ཏུ་བསྡུས་པ་ལས་མཚན་ཐམས་ཅད་བསྡུས་པའི་སྔགས་བསྟན་པའི་ཕྱིར། ཨོཾ་ནི་བཀྲ་ཤིས་པའི་ཚིག་ཀྱང་ཡིན། ཡེ་ཤེས་ལྔ་ཡང་ཡིན། ཕྱག་འཚལ་ཞིང་བྱིན་གྱིས་རློབ་པར་བྱེད་པ་ཡང་ཡིན་ནོ། སརྦ་ནི་ཐམས་ཅད། དྷརྨཱ་ཆོས། བྷཱ་ཝ་དངོས་པོ་མེད་པ། སྭ་བྷཱ་ཝ་རང་བཞིན། བི་ཤུདྡྷེ་རྣམ་པར་དག་པ། བཛྲ་རྡོ་རྗེ། ཙཀྵུ་མིང་། ཨ་ཨཱ་ཨཾ་ཨཿརྣམ་པར་ཐར་པ་བཞི་ཡི་མཚོན་པ་སྟེ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ཐབས་མཁས་པ་དང་བཞི་སྟེ། འདི་བཞི་ཡང་དོན་སྐྱེ་བ་མེད་པར་འདུ་སྟེ། དེ་ལྟར་མཐའ་བསྡུས་པས་ཆོས་ཐམས་ཅད་དངོས་པོ་མེད་པའི་རང་བཞིན་གྱིས་རྣམ་པར་དག་པའི་རྡོ་རྗེའི་མིག་གིས་སྐྱེ་བ་མེད་པ་ཤེས་སོ་ཞེས་བཤད་པ་ཡིན་ནོ། དེ་དག་གིས་རྩ་བའི་སྔགས་བསྟན་ཟིན་ཏོ། པྲ་ཀྲྀ་ཏི་ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པ། པ་རི་ཤུདྡྷཿཡོངས་སུ་དག་པ། སརྦ་དྷརྨཱ་ཆོས་ཐམས་ཅད། ཡ་དུ་ཏི་བསྐྱེད་པ། སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཐམས་ཅད། ཛྙཱ་ན་ཀཱ་ཡ་ཡེ་ཤེས་ཀྱི་སྐུ། མཉྫུ་ཤྲཱི་འཇམ་དཔལ། པ་རི་ཤུདྡྷི་ཏཱ་ཡོངས་སུ་དག་པ། མུ་པཱ་དཱ་ཡ་ཏི་ནི་བྱིན་གྱིས་རློབ་པར་བྱེད་པ་ཞེས་ཀྱང་སྟོན་ནོ། ཁས་བླང་ངོ་། གཟུང་བར་བྱའོ། ཞེས་ཀྱང་སྟོན་ནོ། མཐའ་བསྡུས་པས་ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པ་ཡོངས་སུ་དག་པ་ལས་ཆོས་ཐམས་ཅད་སྐྱེད་པར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་འཇམ་དཔལ་ཡོངས་སུ་དག་པ་ཁས་བླང་གཟུང་བར་བྱ་ཞེས་པའོ། ཨ་ཨཱཿནི་སྐྱེ་འགག་མེད་པ། སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ། ཧྲྀ་ད་ཡ་སྙིང་པོ་སྟེ་ཐུགས། ཧ་ར་ཧ་ར་འཕྲོག་པར་བྱེད་པ། ཨོཾ་ཧཱུྃ་ཧྲཱི་སྐུ་གསུང་ཐུགས་བྱིན་གྱིས་རློབ་པའོ། བྷ་ག་ཝཱན་བཅོམ་ལྡན་འདས། ཛྙཱ་ན་མུ རྟི་ཡེ་ཤེས་ཀྱི་སྐུ། ཝཱ་གི་ཤྭ་ར་ངག་གི་དབང་ཕྱུག མ་ཧཱ་ཝཱ་ཙ་གསུང་བ་ཆེན་པོ། སརྦ་དྷརྨ་ཆོས་ཐམས་ཅད། ག་ག་ནཱ་ནམ་མཁའ་ལྟ་བུ། ཨ་མ་ལ་ནི་དྲི་མ་མེད་པ། སུ་པ་རི་ཤུདྡྷ་ཡོངས་སུ་དག་པའོ། དྷརྨཱ་དྷ་ཏུ་ཆོས་ཀྱི་དབྱིངས། ཛྙཱ་ན་གརྦྷ་ཨཱཿཡེ་ཤེས་ཀྱི་སྙིང་པོའོ། མཐའ་བསྡུས་པས་སྐྱེ་འགག་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་འཕྲོག་པར་བྱེད་པ། སྐུ་གསུང་ཐུགས་བྱིན་གྱིས་རློབ་པར་བྱེད་པ། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྐུ་དང་། གསུང་གི་དབང་ཕྱུག གསུང་བ་ཆེན་པོ། ཆོས་ཐམས་ཅད་ནམ་མཁའ་ལྟར་དྲི་མ་མེད་ཅིང་ཡོངས་སུ་དག་པ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ་སྟེ། དེས་ནི་ལས་སྔགས་བསྟན་ཏེ། བསྡུས་པའི་དོན་ནོ། དེ་ལྟར་སྟོན་པ་ཤཱཀྱ་ཐུབ་པས་ལམ་འབྲས་བུ་དང་བཅས་པའི་ཆོས་ཐུན་མོང་མ་ཡིན་པའི་མཚན་གསུངས་པས་རྗེས་སུ་ཡི་རང་བ་བསྟན་པ་ལ། ཚུལ་ཇི་ལྟར་ཡི་རང་བ་ནི། མཚན་གྱི་གཞུང་རྫོགས་པའི་རྗེས། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། རང་གཞན་གྱི་དོན་ཡོངས་སུ་རྫོགས་པས་དགའ་ཞིང་དེ་བཤད་པའི་སྟོན་པ་ལ་མགུ་ནས་ལུས་ཙོག་པུར་འདུག་ལག་པ་ཐལ་མོ་སྦྱར་ནས་ཡི་རང་ངོ་། འགྲོ་བ་རྣམས་ཀྱི་དོན་མཛད་པས་མགོན་པོ་བདུད་བཞི་བཅོམ། ལེགས་པའི་ཡོན་ཏན་དྲུག་དང་ལྡན་པ་ཟབ་པ་དེ་བཞིན་ཉིད་དང་རྒྱ་ཆེ་བ་འགྲོ་བའི་དོན་ལ་གཤེགས། ཚོགས་གཉིས་རྫོགས་ཤིང་སྤངས་རྟོགས་ཕུན་སུམ་ཚོགས་པའི་སངས་རྒྱས་ལ་ལག་ན་རྡོ་རྗེ་འཁོར་མང་པོ་དང་བཅས་ཏེ་ཕྱག་འཚལ་ནས། དེ་ནི་འགྲོ་བའི་མགོན་པོ་གསང་བའི་བདག་པོ། ལག་ན་རྡོ་རྗེ་ལ་སངས་རྒྱས་ཐམས་ཅད་ཀྱིས་ལས་ཀྱི་ཁྲོ་བོར་དབང་བསྐུར། དབང་རྟགས་སུ་ལག་ཏུ་རྡོ་རྗེ་གཏད། གསང་མཚན་དུ་ལག་ན་རྡོ་རྗེ་ཞེས་བཏགས་པས་ན་ཁྲོ་བོའི་རྒྱལ་པོའོ། ཡོན་ཏན་དང་ལྡན་པའི་འཁོར་ལྔ་བརྒྱ་པོ་སྣ་ཚོགས་གཞན་དང་ལྷན་ཅིག་ཏུ་ཡི་རང་ངོ་། ཚིག་གང་གིས་ཡི་རང་ན་ཞུམ་པ་མེད་པར་གསང་བསྟོད་ནས་ནི་ཚིག་འདི་གསོལ་ལོ། མགོན་པོ་བདག་ཅག་ཡི་རང་ངོ་། ཟབ་པ་རང་གི་དོན་འབྱུང་བས་ལེགས་སོ། རྒྱ་ཆེ་བ་གཞན་གྱི་དོན་འབྱུང་བས་ལེགས་སོ། ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པར་གསུངས་པས་ལེགས་པར་གསུངས་པའོ། དགོས་པ་གང་གི་ཕྱིར་ཡི་རང་ན། ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་བའི་འབྲས་བུ་འཚལ་བའམ་འདོད་པ་ཡི་འགྲོ་མགོན་མེད་པ་རྣམས་དང་ནི། བདག་ཅག་གིས་ཡང་དག་པར་རྫོགས་པ་ཡི་བྱང་ཆུབ་ཐོབ་པའི་དོན་ཆེན་པོ་མཛད་པས་སོ། སྒྱུ་འཕྲུལ་དྲྭ་བའི་ཆོས་ཀྱི་ཚུལ་བསྟན་པ་འདི་ནི་རྣམ་པར་དག་པ་ལེགས་པའི་ལམ། ཟབ་ཅིང་ཡངས་ལ་རྒྱ་ཆེ་བ་དང་། དོན་ཆེན་འགྲོ་བའི་དོན་བྱེད་པ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་གྱི་ཆོས་ཉིད་འདི་ནི། གང་ཟག་གིས་མ་གསུངས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད་པས། རྫུན་དང་ནོར་བ་མི་འབྱུང་བས། ཡིད་ཆེས་པའི་ཕྱིར་རྗེས་སུ་ཡི་རང་ཞེས་བཤད་པ་ཡིན་ནོ། དེ་ཡང་། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། ཉེས་པ་ཟད་པ་རྫུན་གྱི་ཚིག སྨྲ་བར་མི་བྱེད་རྒྱུ་མེད་ཕྱིར། ཉེས་ཟད་ལུང་དུ་ཤེས་པར་བྱ། ཞེས་གསུངས་པ་ལྟ་བུའོ། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད། ཅེས་གསུངས་པའི་དོན་གཞུང་གིས་རྒྱས་པར་བཀྲལ་བའི་སྐབས་སུ་བཤད་ཟིན་ཡང་མདོར་བསྡུས་ཏེ་རྒྱ་ཆེ་བ་དང་ཟབ་པ་གཉིས་ཀྱི་ཚུལ་དུ་བཤད་དེ། རོང་ཟོམ་ཆེན་པོའི་ཞལ་ནས། དེ་ལ་འཇམ་དཔལ་ནི་གཉིས་སུ་མེད་པའི་ཡེ་ཤེས། དེ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདག་ཉིད། བྱང་ཆུབ་སེམས་ཀྱི་ངོ་བོ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དང་ཐ་མི་དད་པ་ཡིན་ཏེ། དེའི་དབང་གིས་གཟུགས་ཀྱི་སྐུ། ལོངས་སྤྱོད་རྫོགས་པ་དག་སྤྲུལ་པའི་བདག་ཉིད་ཅན་ཡེ་ཤེས་ཀྱི་རྟེན་དུ་སྣང་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་རྣམས་སུ་ཐེག་པ་ཆེ་ཆུང་གི་ཚུལ་སྣ་ཚོགས་ལས་གྲགས་པར་སྣང་བའི་བདག་ཉིད་དེ་རྣམས་ཀྱང་འཕགས་པ་འཇམ་དཔལ་ཞེས་འདོད་དེ། ཞེས་དང་། ཆོས་རྣམས་ཀྱི་མིང་ཇི་སྙེད་པ་དེ་ཐམས་ཅད་ནི་འཕགས་པ་འཇམ་དཔལ་གྱི་མཚན་དུ་མ་གྱུར་པ་མེད་དེ། དེ་བས་ན་དེ་དག་ཐམས་ཅད་མཚན་དུ་ཤེས་པར་བྱའོ། ཞེས་པ་ལྟར་ཤེས་པར་བྱ་ཞིང་། ཟབ་པའི་དབང་དུ་བྱས་ནས་ཡི་གེ་སྒྱུ་འཕྲུལ་དྲྭ་བའི་སྐབས་སུ་འདི་ལྟ་བུའི་དོན་གྱིས་འཇམ་དཔལ་ཡེ་ཤེས་རྡོ་རྗེ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པའི་ཡེ་ཤེས་ཀྱི་རྡོ་རྗེའི་རྩེ་མོ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་དེ་ལྟ་བུ་ཡིན་པས། རྣལ་འབྱོར་ཅན་གང་གིས་དེ་ལྟར་ཁོང་དུ་ཆུད་པར་བྱ་སྟེ། ཆོས་ཐམས་ཅད་བསམ་པར་བྱ་བ་དང་བསྒྲུབ་པར་བྱ་བ་ཐམས་ཅད་ལས་འདས་པ་སྟེ། གདོད་མ་ནས་རྣམ་པར་དག་པ། རང་བཞིན་གྱིས་འོད་གསལ་བ། ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པ། རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པ་འདི་ལྟ་བུའི་རང་བཞིན་དུ། མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་པས། འདི་ལྟ་བུའི་ངང་ལ་བློ་བཞག་སྟེ་མཚན་བརྗོད་པ་ཇི་སྙེད་པ་ཡང་། དེ་ལྟ་བུའི་རང་བཞིན་སྟོན་པ་ཤ་སྟག་སྟེ། ཐབས་དང་ཤེས་རབ་སྒྱུ་འཕྲུལ་དྲྭ་བའི་ཚོགས་སུ་གྱུར་པ། ཆོས་ཉིད་ཀྱི་རྒྱན་ཡེ་ཤེས་ཀྱི་རོལ་བ་འགག་པ་མེད་པའི་ཆོ་འཕྲུལ་དུ་རྟོགས་ནས། བླང་དོར་དང་རྩོལ་སྒྲུབ་ཀྱི་རྟོག་པས་མི་གཡོ་བ་བརྗོད་པར་བྱའོ། ཞེས་གསུངས་པ་ལྟར་རོ། དེ་ལྟར་མཚན་ཡང་དག་པར་བརྗོད་པའི་རྒྱུད་ཀྱི་མཆན་འགྲེལ་ཟབ་དོན་གསལ་བར་བྱེད་པའི་ཉི་ཟླའི་སྣང་བ་ཞེས་བྱ་བ་འདི་ཡང་། འཇམ་དཔལ་གཞོན་ནུའི་ཡེ་ཤེས་ཀྱི་རྣམ་རོལ་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་རྣམ་འཕྲུལ། སྤྲུལ་པའི་གཏེར་ཆེན་མངའ་བདག་འོད་གསལ་རྡོ་རྗེ་གླིང་པར་པན་ཆེན་བཱི་མའི་རྒྱུད་འགྲེལ་གྱི་གླེགས་བམ་ཕྱག་ཏུ་འབྱོར་བས་རྐྱེན་བྱས། དག་པའི་སྣང་ཆ་ལ་དྲི་མེད་ཆོས་ཀྱི་བཤེས་གཉེན་གྱིས་མངོན་སུམ་རྗེས་སུ་བཟུང་ཞིང་། རྒྱུད་དོན་མཐའ་དག་ཐུགས་ལ་གཅིག་ཆར་གསལ་བའི་དགོངས་ཉམས་རྨད་དུ་བྱུང་བས་རྟེན་འབྱུང་ཕུན་སུམ་ཚོགས་པ་དང་འབྲེལ་བ་པན་ཆེན་བཱི་མའི་སྐུའི་སྣང་བརྙན་གཏེར་ཆེན་ཉིད་ཀྱི་རྒྱུན་བཞེས། སྣམ་སྦྱར་རྡོར་དྲིལ་བཅས་བདག་ལ་གནང་ནས་མཆན་འགྲེལ་འདི་ལྟར་བྲིས་ཞེས་བཀའི་ཅོད་པན་སྤྱི་བོར་སྩལ་བ་བཞིན། གྲུབ་ཐོབ་རྫོགས་ཆེན་པ་ཡབ་སྲས་ཀྱི་ཞབས་པད་སྤྱི་བོར་མཆོད་པའི་འབངས་མཁན་མིང་སྙོམ་ལས་པ་འཇིགས་མེད་ཡོན་ཏན་མགོན་པོ་ཞེས་འབོད་པས། པན་གྲུབ་ལྔ་བརྒྱའི་གཙུག་རྒྱན་མཁས་པ་ཆེན་པོ་བཱི་མ་ལའི་གསུང་ཇི་ལྟ་བར་རང་བཟོའི་ལྷད་མ་བཅུག་པར་མཆན་འགྲེལ་གྱི་ཚུལ་དུ་ལེགས་པར་བཀོད་པ་འདིས་ཀྱང་གསང་ཆེན་སྙིང་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །ཀུན་ཁྱབ་གདོད་མའི་གཞི་ལ་བྱང་ཆུབ་པའི། །ཁྱབ་བདག་འཇམ་དཔལ་རྡོ་རྗེའི་གསང་བ་གསུམ། །གཞི་ལམ་འབྲས་བུར་རྫོགས་པའི་རྡོ་རྗེའི་མཚན། །ཟབ་གསང་རྡོ་རྗེའི་ཚིག་ཏུ་སྤྲོས་པའི་རྒྱུད། །བསྟན་པ་ཀུན་གྱི་སྙིང་པོར་གྱུར་པའི་གནད། །གབ་སྦས་རབ་གསལ་དྲི་མེད་བཤེས་གཉེན་གྱི། །དགོངས་པའི་བཅུད་དྲིལ་མཆན་འགྲེལ་ནོར་བུའི་ཕྲེང་། །རང་བྱུང་པདྨའི་རྡོ་རྗེའི་ལུང་ཇི་བཞིན། །ལྷ་དང་བླ་མར་གསོལ་བཏབ་རྩེ་གཅིག་བློས། །ཚིག་དོན་མ་ནོར་ཡི་གེའི་རིས་སུ་བཀོད། །བསྟན་འགྲོའི་བཙས་སུ་ཆོས་སྦྱིན་ཕྱི་མོའི་འཕྲུལ། །བཟོད་པའི་གོ་ཆ་ཞེས་བྱས་དད་པས་བསྐྲུན། །དེ་ལས་ཐོབ་པའི་རབ་དགེ་ཀུན་དཱའི་གཉེན། །ཆོས་དབྱིངས་ནམ་མཁའི་རྒྱན་དུ་ཡོངས་བཀོད་ལས། །རྒྱལ་བསྟན་སྤྱི་དང་གསང་ཆེན་རྡོ་རྗེའི་ཐེག །སྲིད་མཐའི་བར་དུ་དར་ཞིང་རྒྱས་པ་དང་། །ཆོས་དང་ཆོས་ཉིད་ཟུང་འཇུག་དོན་དམ་པའི། །འཇམ་དཔལ་རྡོ་རྗེའི་དགོངས་པའི་ཀློང་ཆེན་པོར། །འགྲོ་ཀུན་ཕྱམས་ཅིག་མངོན་པར་བྱང་ཆུབ་སྟེ། །དོན་གཉིས་འཕྲིན་ལས་མཁའ་དང་མཉམ་གྱུར་ཅིག །ཅེས་པའི་སྤར་བྱང་སྨོན་ཚིག་ཉུང་ངུ་མཁན་མིང་ཡོན་ཏན་མགོན་པོས་ཐོལ་བྱུང་དུ་བྲིས་པ་དགེའོ། དགེའོ། དགེའོ། །ཞལ་བཀོད་ཀྱི་སྐོར།

ཆོ་འཕྲུལ་ཟླ་བའི་བུམ་སྒྲུབ་ཆེན་མོའི་ཞལ་བཀོད་སྟོང་ཐུན་ཉུང་གསལ།

ན་མོ་པདྨ་སཾ་བྷ་ཡེ། མི་ཤིགས་ཁ་སྦྱོར་བདུན་གྱི་མཚན་དཔེའི་དཔྱིད། །གྲུབ་གཉིས་ལང་ཚོས་སྒེག་པའི་ཡེ་ཤེས་སྐུ། །ཟག་བྲལ་ཡོན་ཏན་བྱེ་བའི་གཏེར་བརྙེས་པ། །འཆི་མེད་པདྨ་ཀ་རས་ཤིས་པ་སྩོལ། །འདི་ན་མཆོག་ཐུན་འདོད་དགུ་སྒྲུབ་པའི་སླད། །ཡན་ལག་བཞི་ལྡན་ཆོ་གའི་ཐབས་ཚུལ་ལ། །འཇུག་པའི་ལག་ལེན་གསལ་བྱེད་སྟོང་ཐུན་གྱི། །ཟིན་བྲིས་དམ་པའི་ཞལ་ལུང་འདིར་བཀོད་བྱ། དེ་ལ་འདིར་བསླབ་གསུམ་ཡོན་ཏན་གྱི་ཕུང་པོ་རྒྱ་ཆེ་ཞིང་། མཁྱེན་བརྩེ་ཡེ་ཤེས་ཀྱི་སྤྱན་རས་མཆོག་ཏུ་གསལ་བ། རིམ་གཉིས་ཏིང་འཛིན་གྱི་དགོངས་སྤྱོད་མཁའ་ལྟར་ཡངས་པའི་མཆོག་གི་སྤྲུལ་པའི་སྐུ་དམ་པ་རྣམས་ཀྱིས་གཙོར་མཛད། རིག་གྲོལ་ཡོན་ཏན་རྒྱ་མཚོའི་མངའ་བདག་འདུས་པ་རྒྱ་མཚོ་ལྟ་བུའི་སྙན་ལམ་དུ་ཞུ་བྱ་ལ། སྤྱིར་གཏམ་ལ། ཡས་གཏམ་ལྷ་ཆོས་ཀྱི་ལོ་རྒྱུས། མས་གཏམ་འཇིག་རྟེན་གྱི་རྣམ་བཞག་སོགས་རྒྱ་ཆེ་བ་ཡོད་ཀྱང་། ད་ལམ་གདན་ས་ཆེན་པོ་འདིར། མཆོག་གཟིགས་གྲུབ་བརྙེས་ཀྱི་གདན་རབས་གོང་མ་རིམ་བྱོན་རྣམས་ཀྱི་ཕྱག་བཞེས་སུ་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་དང་འབྲེལ་བའི་ལོ་རྒྱུས་ཞལ་བཀོད་རྒྱས་བསྡུས་འཚམས་པ་རེ་གསུང་སྲོལ་ཡོད་པས་ས་བཅད་མི་སྟོང་ཙམ་ཞུ་ན། ཡིད་ཆེས་བརྒྱུད་པའི་ལོ་རྒྱུས། དངོས་གཞི་བསྐྱེད་རྫོགས་ཀྱི་སྟོང་ཐུན། བསླབ་བྱ་སྒྲིག་ལམ་གྱི་རྣམ་བཞག་སྟེ་ཆིངས་ཆེན་པོ་གསུམ་དུ་འདུས་པ་ལས། དང་པོ་ནི། ཇི་སྐད་དུ། ཡིད་ཆེས་ངེས་པ་སྦྱིན་པའི་ཕྱིར། ཐོག་མར་བརྒྱུད་པའི་ལོ་རྒྱུས་བཤད། ཅེས་པ་ལྟར། ཐོག་མར་ལོ་རྒྱུས་ཀྱི་རྣམ་བཞག་ལ་སྤྱིར་མདོ་སྔགས་བཀའ་གཏེར་གྱི་བརྒྱུད་པའི་བབས་སོ་དུ་མ་ཡོད་ཀྱང་། ད་ལམ་ཟབ་པའི་མཐར་ཐུག་བླ་མ་དཀོན་མཆོག་སྤྱི་འདུས་ཀྱི་ངོ་བོར་བསྒྲུབ་པའི་རིམ་པ་འདི་ཡི་ལོ་རྒྱུས་མདོ་ཙམ་ཞིག་ཞུས་ན། གཞི་དབྱིངས་འོད་གསལ་སྤྲོས་པ་དང་བྲལ་བའི་ཞིང་ན། གཞི་སྣང་ཡེ་ཤེས་ཀྱི་བཀོད་པ་རྣམ་ཀུན་མཆོག་ལྡན་གྱི་ཕྱག་རྒྱར་རང་ཤར་བའི་སྟོན་པ་འོད་མི་འགྱུར་བ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལས། མི་ཟད་པ་རྒྱན་གྱི་འཁོར་ལོའི་སྒྱུ་འཕྲུལ་ཁ་སྦྱོར་བདུན་ལྡན་ཡེ་ཤེས་སྒྱུ་མའི་རྣམ་རོལ། ངེས་པ་ལྔ་ལྡན་ཚངས་པ་རྔ་སྒྲའི་ཞིང་ཁམས་ཆེན་པོ་རྟེན་དང་བརྟེན་པའི་སྣང་ཆར་བཞེངས་པ་གསུང་རྡོ་རྗེ་འོད་དཔག་མེད་སོགས། ལྷུན་རྫོགས་ལོངས་སྐུའི་སྟོན་པ་རིགས་ལྔ་གངས་ཆེན་མཚོའི་སྣང་ཚུལ་དུ་སྣང་བར་མཛད་ཅིང་། དེ་ལས་གང་འདུལ་གྱི་ཐུགས་རྗེ་ཆེན་པོའི་རྣམ་པར་འཕྲུལ་པ་ཚད་མེད་པའི་རང་གཟུགས། སྤྲུལ་སྐུ་ཐུབ་པ་དྲུག་སོགས་བཟོ་དང་སྐྱེ་བ་བྱང་ཆུབ་མཆོག་གི་ཚུལ་དང་ཕྱོགས་དང་རིས་མེད་པའི་འཇིག་རྟེན་གྱི་སྒྲོན་མེ་རྣམ་པར་བཀོད་པ་ལས། གསུང་གི་རྡོ་རྗེ་འོད་སྣང་མཐའ་ཡས་པའི་རྒྱལ་བ་ཉིད་ཀྱིས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་གདུལ་བྱའི་ཡུལ་ལ་རྣམ་བཅས་སྒྱུ་མའི་མཚན་དཔེར་རང་ཤར་བའི་བདེ་གཤེགས་གསུང་གི་སེམས་དཔའ་ཆེན་པོ་འཕགས་མཆོག་ཁ་སར་པ་ཎི་དང་། དེ་ཉིད་སླར་ཡང་འཛམ་གླིང་སྤྱི་དང་། ཁྱད་པར་བྱང་ཕྱོགས་གངས་ལྡན་གྱི་གདུལ་བྱའི་དོན་དུ། ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོར་འདབ་སྟོང་པདྨའི་སྙིང་པོར། རིག་པ་ཐོལ་སྐྱེས་ཀྱི་ཚུལ་དུ་སྐུ་འཁྲུངས་པའི་ཚུལ་བསྟན་ཅིང་། སྣང་སྲིད་གཞིར་བཞེངས་ཀྱི་དགོངས་སྤྱོད་ཀློང་དུ་གྱུར་པས། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་གསང་གསུམ་ཡེ་ཤེས་ཀྱི་དགོངས་ཀློང་གཅིག་ཏུ་འདྲེས་པའི་བདག་ཉིད་དུ་བཞུགས་པ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་གནས་གསུམ་ཌཱཀྐིའི་ཚོགས་རྗེ། སྣང་སྲིད་ཟིལ་གནོན་གྱི་སྤྱི་དཔལ་ཆེན་པོ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཏེ། དེ་ལྟར་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་དེ་དག་ཟབ་གསལ་འགྱུར་བ་མེད་པའི་དགོངས་པ་མཉམ་ཉིད་འདུས་མ་བྱས་སུ་ལྷུན་གྱིས་གྲུབ་པའི་བདག་ཉིད་ནམ་མཁའི་ཟླ་བ་དང་ཆུ་ཟླའི་ཚུལ་ལྟར། གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་ཁྱབ་བདག་ཏུ་མངའ་དབང་རྫོགས་པའི་ཚུལ་དུ་བཞུགས་པ་ཙམ་ལ་རྒྱལ་བ་དགོངས་བརྒྱུད་དུ་གྲགས་ཤིང་། སློབ་དཔོན་ཆེན་པོ་ཉིད་རྣམ་པ་མཐར་ལམ་ལ་གནས་པའི་རིག་འཛིན་ཆེན་པོའི་ཚུལ་དུ་བཞུགས་ཤིང་། རིག་འཛིན་གྱི་རྒྱལ་པོ་རྡོ་རྗེ་ཆོས་སོགས་ཀྱིས་རྗེས་སུ་བཟུང་བའི་ཚུལ་བསྟན་པའི་དཔལ་ཨོ་རྒྱན་གྱི་སློབ་དཔོན་པདྨ་སཾ་བྷ་ཝ་དེ་ཉིད་ཀྱིས། ཟབ་ལམ་བླ་མའི་སྒྲུབ་པ། ཕྱི་ནང་གསང་བའི་ཆོས་སྐོར་བསམ་གྱིས་མི་ཁྱབ་པ་གཏན་ལ་ཕབ་སྟེ། དེ་དག་གི་ཡང་སྙིང་བཅུད་དུ་དྲིལ་བའི་བསྐྱེད་རྫོགས་ཀྱི་ཆོས་བཀའ་ཟབ་མོ་འདི་ཉིད། དབྱིངས་ཕྱུག་ཌཱཀྐིའི་རྗེ་མོ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་དང་། ཐུགས་སྲས་ཀྱི་ཐུ་བོ་འོད་གསལ་རྫོགས་ཆེན་གྱི་ལམ་ལས་སྣང་བཞིའི་ཕ་རོལ་དུ་སོན་པས། གདོས་བཅས་འོད་སྐུར་གཤེགས་པའི་གྲུབ་ཆེན་བརྒྱ་དང་རྩ་བརྒྱད་ཀྱི་ནང་ཚན། ཏིང་འཛིན་ཟག་མེད་འོད་གསལ་ཆེན་པོར་དབང་བསྒྱུར་བའི་ཉང་བན་ཆེན་པོ་ཏིང་ངེ་འཛིན་རབ་ཏུ་བཟང་པོ་ལ་གནང་ཞིང་། སླར་ཡང་སྙིགས་དུས་ཀྱི་གདུལ་བྱ་ལ་ཐུགས་བརྩེ་བས་སྨོན་ལམ་གྱི་གཏད་རྒྱ་དང་བཅས་ཏེ་ཟབ་མོའི་གཏེར་དུ་རྒྱས་བཏབ་པ་ཉིད། ཕྱིས་གདུལ་བྱའི་འགྲོ་དོན་དུས་ལ་བབས་པའི་ཚེ། ཉང་བན་ཆེན་པོའི་རྣམ་འཕྲུལ། སྤྲུལ་པའི་གཏེར་སྟོན་ཆེན་པོ་སྔགས་འཆང་ཧཱུྃ་ནག་མེ་འབར་རམ་རིག་འཛིན་འཇའ་ཚོན་སྙིང་པོ། ཨོ་རྒྱན་ལས་འཕྲོ་གླིང་པ་ཞེས་མཚན་གྱི་རྣམ་གྲངས་དུ་མ་དང་ལྡན་པ་དེ་ཉིད་ཀྱིས། ཉང་ཝ་ར་ན་ཧཾ་འཕྲང་ལྕགས་ཀྱི་སྒོ་མོ་ནས་སྤྱན་དྲངས་ཏེ། ཀོང་སྨྱོན་ཧེ་རུ་ཀ་དང་། རིག་འཛིན་ཆོས་ཀྱི་རྒྱལ་པོ་སོགས་ལ་སྨིན་གྲོལ་གྱི་སྒོ་འཕར་ཕྱེས་པ་ནས་བཟུང་། ཟབ་ཆོས་འདི་ལ་བརྟེན་ནས་མཆོག་ཐུན་གྱི་དངོས་གྲུབ་བརྙེས་པའི་མཁས་གྲུབ་གསེར་རིའི་ཕྲེང་བ་བར་མ་ཆད་དུ་བྱོན་པ་དེ་དག་ནི་གང་ཟག་སྙན་བརྒྱུད་དང་། གཞན་ཡང་ཐུགས་རྗེ་བྱིན་རླབས་ཀྱི་བརྒྱུད་པ་དང་། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ་དང་། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ཞེས་གྲགས་པ་རྣམས་ཀྱང་། བརྒྱུད་ཚུལ་འདི་ལ་ཡོངས་སུ་རྫོགས་པ་ལགས་ཏེ། དེ་ལྟར་བརྒྱུད་པ་གསུམ་ལྡན་ནམ་དྲུག་ལྡན་གྱི་ཚུལ་དུ། སྨིན་གྲོལ་གྱི་ཆོས་བཀའ་མ་ཆད། བྱིན་རླབས་ཀྱི་སྤྲིན་ཕུང་མ་ཡལ། དངོས་གྲུབ་ཀྱི་ཆུ་རྒྱུན་མ་སྐེམ། ཕྱག་བཞེས་ཀྱི་སྲོལ་ཁ་མ་ཉམས་པ་བདག་ཅག་གི་ཆོས་སྐལ་དུ་ལེགས་པར་བཞུགས་བཞིན་པ་འདི་ག་ལགས་ཏེ། དེས་ནི་བརྒྱུད་པའི་བྱུང་ཚུལ་མདོ་ཙམ་ཞུས་གྲུབ་ཅིང་། རྩ་བའི་ཆིངས་གཉིས་པ་ནི། ཉམས་ལེན་སྲང་ལ་འཛུད་པའི་ཕྱིར། སྟོང་ཐུན་སྙིང་པོར་དྲིལ་ཏེ་བཤད། ཅེས་པ་ལྟར། ཚོམ་བུ་ཚོགས་སྒྲུབ་ཆེན་མོའི་དངོས་གཞི་སྟོང་ཐུན་གྱི་དབང་དུ་བྱས་ན། སློབ་དཔོན་ཆེན་པོ་སངས་རྒྱས་གསང་བའི་ཞལ་ནས། སྒྲུབ་པའི་དུས་ཀྱི་གཉེན་པོ་ནི། གཞི་དང་གཞུང་གིས་རྫོགས་པར་འགྱུར། ཞེས་པ་ལྟར། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་དང་། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་བ་གཉིས་ལས། དང་པོ་སྒྲུབ་དུས་ཀྱི་ཕུན་སུམ་ཚོགས་པ་ནི། ཇི་སྐད་དུ། ལམ་རིམ་ལས། དེ་ལ་སྔ་མ་གནས་དང་དུས། ཡོ་བྱད་སྟོན་འཁོར་སྒྲུབ་པ་པོ། སྒྲུབ་ཐབས་ཕུན་སུམ་ཚོགས་པ་ཡིས། ཞེས་པ་ལྟར། གང་དུ་སྒྲུབ་པའི་གནས་དང་། ནམ་སྒྲུབ་པའི་དུས་དང་། ཅིས་སྒྲུབ་པའི་ཡོ་བྱད་དང་། གང་གིས་སྒྲུབ་པའི་སྒྲུབ་པ་པོ་དང་། ཇི་ལྟར་སྒྲུབ་པ་སྒྲུབ་པའི་ཐབས་ཏེ་ཕུན་སུམ་ཚོགས་པ་ལྔ་ཡོད་པ་ལས། དང་པོ་གནས་ཕུན་སུམ་ཚོགས་པ། རྣམ་སྣང་གངས་ཆེན་མཚོའི་ཞིང་ཁམས་མི་མཇེད་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱའི་གྲངས་སུ་བཀོད་པ་ལས། ལྷོ་ཕྱོགས་འཛམ་བུ་ཏྲིཀྵས་མཚན་པའི་གླིང་། གནས་ཆེན་པོ་ཉི་ཤུ་རྩ་བཞི། ཡུལ་ཆེན་པོ་སུམ་ཅུ་རྩ་གཉིས། ཧེ་རུ་ཀ་རོལ་བའི་དུར་ཁྲོད་ཆེན་པོ་བརྒྱད་སོགས་ཁྲག་འཐུང་མངོན་སྤྱོད་ཆེན་པོའི་སྟོན་པ་རྣམས་ཀྱིས་སྦྱོར་སྒྲོལ་བླ་ན་མེད་པའི་ཆོས་འཁོར་བསྐོར་ཞིང་། བདེ་ཆེན་ཚོགས་ཀྱི་འདུ་བ་དགྱེས་དགུར་རོལ་བའི་ཞིང་ཁམས་ཆེན་པོར་བྱིན་གྱིས་བརླབས་པའི་ནང་ཚན། བོད་ཆེན་པོའི་ལྗོངས་མདོ་སྨད་གངས་ར་ཉེར་ལྔའི་ཡ་གྱལ། ཡོན་ཏན་གནས་ཀྱི་གཙོ་བོ་རུ་དམ་གངས་ཀྱི་ར་བ། ཨོ་རྒྱན་སངས་རྒྱས་གཉིས་པས་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་ཅིང་། མཐོང་ཐོས་དྲན་རེག་དོན་དང་ལྡན་པའི་ཆོས་གཏེར་ཟད་མི་ཤེས་པའི་མཛོད་དུ་མས་རྒྱས་བཏབ་པ། གསང་ཆེན་བླ་མེད་ཀྱི་གདུལ་བྱ་སྣོད་དུ་རུང་བའི་ཡུལ་གླིང་བཅོ་བརྒྱད་ཀྱི་བཀོད་པ་ཟག་མེད་སྒྱུ་མའི་ཕྱག་རྒྱས་སྟོང་གསུམ་ཡུངས་འབྲུར་འཇུག་པའི་ཚུལ་དུ་རྒྱས་བཏབ་པས་སྒྲུབ་གནས་གཞན་ལས་ཀྱང་ཡ་མཚན་ཁྱད་དུ་འཕགས་ཤིང་། རྒྱུད་སྡེ་ཆེན་པོ་རྣམ་ལས་གནམ་ས་བར་གསུམ་གྱི་གནས་ཀྱི་མཚན་ཉིད་དང་། ཐུན་མོང་ས་ཡི་དཔྱད་ཕུན་སུམ་ཚོགས་པའི་གནས་རུ་དམ་སྐྱིད་ཁྲོམ་གྱི་ལུང་པར་གྲགས་པའི་གདན་ས་ཆེན་པོ། ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གཙུག་ལག་ཁང་ཐུབ་བསྟན་ཡོངས་འདུས་དགའ་ཚལ་ཞེས་མདོ་སྔགས་ཡོངས་སུ་རྫོགས་པའི་ཆོས་ཀྱི་དགའ་སྟོན་ཟད་མི་ཤེས་པའི་འབྱུང་གནས་མཆོག་ཐུན་སྤྲིན་གྱི་གྷན་དྷོ་ལ་ཆེན་པོ། ཁྱད་པར་གསང་ཆེན་བླ་ན་མེད་པའི་སྨིན་གྲོལ་གྱི་ཆོས་འཁོར་རྒྱུན་མི་ཆད་དུ་བསྐོར་བ། ཨོ་རྒྱན་དྷུ་མ་ཐ་ལའི་གཞལ་མེད་ཁང་གཉིས་པར་གྱུར་པ་འདི་ཉིད་གནས་ཕུན་སུམ་ཚོགས་པ་ལགས་ཤིང་། གཉིས་པ་དུས་ཕུན་སུམ་ཚོགས་པ་ནི་རྒྱུད་ལས། དུས་ནི་དབྱར་དགུན་སྟོན་དཔྱིད་ཀྱི། ར་བ་དག་ལ་མཆོག་ཏུ་ཤིས། ཞེས་པ་ལྟར། ལེགས་སྦྱར་གྱི་སྐད་དུ། བྷ་ནུ་ཏཱ་ར་ཞེས་པ། ཉི་མ་སྒྲོལ་བྱེད་དེ་རྒྱ་རྩིས་པའི་ཤིང་ཕོ་སྤྲེལ་ལོའི་དཔྱིད་ཟླ་ར་བའམ་ཧོར་ཟླ་དང་པོ། མཉམ་མེད་ཐུབ་པ་ཆེན་པོས་བསམ་ཡས་རྫུ་འཕྲུལ་གྱི་ནུས་པ་ཚད་མེད་པའི་ཆོ་འཕྲུལ་ཆེན་པོས། མུ་སྟེགས་ཀྱི་སྟོན་པ་སྡེ་དྲུག་ཚར་བཅད་པའི་དུས་ཆེན། རྣམ་དཀར་གྱི་དགེ་བ་གང་བྱས་འབུམ་འགྱུར་དུ་འཕེལ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོ་ནས་དབུ་བརྩམས་ཏེ། ཡར་ངོའི་ཚེས་བཅུར་རྒྱལ་དབང་མཚོ་སྐྱེས་རྡོ་རྗེས་དུར་ཁྲོད་ཆེན་པོ་རོ་གླིང་བསིལ་བའི་ཚལ་དུ་སྦྱོར་སྒྲོལ་བརྟུལ་ཞུགས་ཀྱི་སྤྱོད་པས་མ་མོ་མཁའ་འགྲོ་དབང་དུ་བསྡུས་ནས་། གསང་སྔགས་ཀྱི་ཆོས་འཁོར་ཐོག་མར་བསྐོར་བའི་དུས་ཆེན་དང་འབྲེལ་དངོས་གྲུབ་བླང་བའི་རྗེས་སུ། རྡོ་རྗེའི་གླུ་གར་དང་ཚོགས་ཀྱི་འཁོར་ལོས་མཐའ་རྒྱས་སུ་བྱ་བ་ནི་དུས་ཕུན་སུམ་ཚོགས་པ་ཡིན་ལ། གསུམ་པ་སྒྲུབ་པའི་ཡོ་བྱད་ཕུན་སུམ་ཚོགས་པ་ནི། ལམ་རིམ་ལས། གོས་རྒྱན་བཟའ་བཏུང་གསང་བ་སོགས། སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང་། དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། དངོས་གྲུབ་རྟེན་དང་བར་ཆད་བཟློག ཞེས་པ་ལྟར། རྒྱན་དང་གོས་ཀྱི་ཡོ་བྱད། བཟའ་དང་བཏུང་བའི་ཡོ་བྱད། བྲོ་གར་འདུ་འཕྲོའི་ཡོ་བྱད། གླུ་ཚིག་སྒྲ་ཡི་ཡོ་བྱད། ཨ་ལི་ཀ་ལིའི་ཡོ་བྱད་དེ་སྒྲུབ་པའི་ཡོ་བྱད་ལྔ་ཚང་ཞིང་། གཞན་ཡང་དངོས་གྲུབ་རྟེན་གྱི་ཡོ་བྱད། མཆོད་པ་རྫས་ཀྱི་ཡོ་བྱད། དགྲ་བཟློག་མཚོན་གྱི་ཡོ་བྱད། ནད་བཟློག་སྨན་གྱི་ཡོ་བྱད། བགེགས་བཟློག་རྫས་ཀྱི་ཡོ་བྱད་རྣམས་ཚང་ཞིང་ཕུན་སུམ་ཚོགས་པའོ། བཞི་བ་སྒྲུབ་པ་པོ་ཕུན་སུམ་ཚོགས་པ་ནི། སྟོན་འཁོར་གཉིས་ལས། དང་པོ་སྟོན་པ་རྡོ་རྗེ་སློབ་དཔོན་ནི། རང་བཞིན་བརྒྱད་དང་ལྡན་པ་སྟེ། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། གཉེར་ལྡན་རྒྱུད་དང་ལས་ལ་མཁས། མན་ངག་དྲོད་དང་བརྒྱད་འཆང་བ། ཞེས་པ་ལྟར། ལྟ་སྒོམ་སྤྱོད་པའི་མཛོད་གསུམ་དང་ལྡན་པ། དབང་བཞིའི་ཆུ་བོ་རྫོགས་པ། དོན་གཉིས་སྒྲུབ་པའི་གཉེར་དང་ལྡན་པ། གཞི་ལམ་འབྲས་བུའི་རྒྱུད་དོན་ལ་མཁས་པ། ལས་བཞིའི་འཕྲིན་ལས་ཀྱི་ཕྱག་བཞེས་ལ་མཁས་ཤིང་བྱང་ཆུབ་པ། སྙན་བརྒྱུད་ཀྱི་མན་ངག་རྫོགས་ཤིང་ཉམས་བླངས་ཀྱི་དྲོད་རྟགས་མངོན་དུ་གྱུར་པ་ཞིག་དགོས་པ་ལས། ད་རེས་ཀྱི་སྐབས་སུ། བདེ་གཤེགས་རིན་ཆེན་གཙུག་ཏོར་ཅན་དངོས་སྣང་མི་ཡི་ཟོལ་དུ་ཕེབས་པ། གྲུབ་ཐོབ་རྫོགས་ཆེན་པའི་མཚན་གྱི་ཅོད་པན་གྱིས་མངོན་པར་དབང་བསྐུར་ཞིང་སྐལ་བ་བཟང་པོར་བྱིན་གྱིས་བརླབས་པ། ཁོ་བོ་ཅག་གི་འདུས་པའི་གཙོ་བོའི་ཚུལ་ཙམ་འཛིན་པ་འདི་ཀ་ལགས་ཤིང་། འཁོར་ཕུན་སུམ་ཚོགས་པ་ནི། སྒྲུ་འཕྲུལ་ལས། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། ཞེས་པ་ལྟར་གྱི་ཡོན་ཏན་དྲུག་དང་ལྡན་པ་དགོས་པ་ལ། ད་ལམ་སར་གནས་འཕགས་ཆེན་དུ་མའི་ཐུགས་རྗེ་ཡེ་ཤེས་ཀྱི་རྣམ་རོལ་མཆོག་གི་སྤྲུལ་པའི་སྐུ་དམ་པ་དུ་མ་གདན་འཛོམས་པའི་སྐལ་བ་བཟང་པོ་མངོན་དུ་གྱུར་པས་མཚོན། དམ་ཚིག་ཤེས་རབ། སྙིང་རྗེ་བྱང་སེམས། ཆོ་ག་དབྱངས་རོལ། ཏིང་འཛིན་བཟླས་བརྗོད། ཕྱག་རྒྱ་སྟངས་སྟབས། ཕྱག་བཞེས་ལས་འགྲིགས་སོགས་ལ་མཁས་ཤིང་མངའ་དབང་འབྱོར་བའི་འདུས་ཚོགས་ལྷན་རྒྱས་པ་རྣམས་ལགས་ཤིང་། ལྔ་བ་སྒྲུབ་ཐབས་ཕུན་སུམ་ཚོགས་པ་ནི། རྩ་གསུམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྐལ་ལྡན་མིའི་ཚོགས་འདུས་པ་རྒྱ་མཚོ་ལྟ་བུ། དགྱེས་ལྡན་ལྷའི་ཚོགས། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས། སྔར་སྨོས་པའི་ཡོ་བྱད་རྣམས་ཚོགས་པས། ཚོགས་ཆེན་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པར་བྱེད་པ་སྟེ། དེ་ཡང་རྩ་བ་གསུམ་གྱི་སྒྲུབ་ཐབས་བཀའ་གཏེར་དག་སྣང་གི་ཆོས་བཀའ་ཚད་མེད་པ་ཞིག་བཞུགས་པ་ལས། ད་རེས་སྐབས་སུ་བབས་པ་ནི། ལོ་རྒྱུས་གོང་དུ་ཞུས་པ་ལྟར་གྱི་ཡང་ཟབ་དཀོན་མཆོག་སྤྱི་འདུས་སུ་གྲགས་པ། འོད་གསལ་རྫོགས་པ་ཆེན་པོའི་ཆོས་སྡེ། ལྷུན་གྲུབ་སྣང་སྟོང་དུ་ཤར་བ་ཟབ་མོའི་བསྐྱེད་རིམ་དང་མཚན་མེད་ཡེ་ཤེས་ཆེན་པོའི་རྫོགས་རིམ་གཙོ་བོར་སྟོན་པ། བྱིན་རླབས་ཀྱི་རྩ་བ་བླ་མ་ཐམས་ཅད་རྒྱལ་དབང་པདྨ་འོད་འབར་གྱི་ངོ་བོར་སྒྲུབ་པ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཞི་ཁྲོ་ཐམས་ཅད་དྲག་པོ་དམར་ནག་མེ་ཕྲེང་གི་ངོ་བོར་སྒྲུབ་པ། ཕྲིན་ལས་ཀྱི་རྩ་བ་མ་མོ་མཁའ་འགྲོ་ཐམས་ཅད་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གདོང་མའི་ངོ་བོར་སྒྲུབ་པ་སྟེ། དེ་ལྟར་བླ་མ་རྩ་བ་གསུམ་གྱི་རྣམ་པར་སྒྲུབ་པའི་དཀྱིལ་འཁོར་དུ་ཚོགས་ཀྱི་སྒྲུབ་པ་བྱེད་པ་ཡིན་ལ། དེ་ཡང་བླ་མ་སངས་རྒྱས་ཀུན་འདུས་ཡིན་པ། རྒྱུད་ལས། བླ་མ་སངས་རྒྱས་བླ་མ་ཆོས། དེ་བཞིན་བླ་མ་དགེ་འདུན་སྟེ། ཀུན་གྱི་བྱེད་པོ་བླ་མ་ཡིན། བླ་མ་དཔལ་ལྡན་རྡོ་རྗེ་འཆང་། ཞེས་དང་། བླ་མ་རྩ་གསུམ་གྱི་སྤྱི་གཟུགས་ཡིན་པ་ཡང་། སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ངོ་བོ་བླ་མ་ཆོས་སྐུ་ལ། རང་བཞིན་ཡི་དམ་ལོངས་སྤྱོད་རྫོགས། ཐུགས་རྗེ་སྤྲུལ་སྐུ་མཁའ་འགྲོ་མ། ཞེས་དང་། ཁྱད་པར་གུ་རུ་རིན་པོ་ཆེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཡིན་པར། གུ་རུ་ཉིད་ཀྱི་ཞལ་ནས། ང་སྒྲུབ་སངས་རྒྱས་ཐམས་ཅད་འགྲུབ། ང་མཐོང་སངས་རྒྱས་ཐམས་ཅད་མཐོང་། ང་ནི་བདེ་གཤེགས་འདུས་པ་ཡིན། ཞེས་གསུངས་པ་ལྟར་རོ། དེ་ལྟར་ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་བའི་ཚུལ་ཞུས་ཟིན་ནས། ད་ནི་བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་ཚུལ་མདོ་ཙམ་ཞུ་ན། ཕྲིན་སྒྲུབ་ཕྱག་བཞེས་ཀྱི་ཆུ་བོ་མཐོང་བ་བརྒྱུད་པའི་ཕྱག་ལེན་རྒྱུན་མི་ཆད་པའི་ཕྱིར་མོས་སློབ་ཀྱི་ཚུལ་དུ་སྒྲུབ་པའི་དངོས་གཞི་ཞག་བདུན་བྱེད་པའི་དབང་དུ་བྱས་ནས། ནུབ་དང་པོས་ཆོ་ག་སྔོན་དུ་འགྲོ་བས། ཕྱི་མཚམས་རྒྱལ་ཆེན་སྡེ་བཞི་ལ་གཉེར་གཏད། ནང་མཚམས་དམ་སྲི་མནན་ནས་སྒོ་བྱང་ཕྱི་ནང་གདགས། གསང་མཚམས་མ་ཊཱཾ་བསྒྲལ་མནན་དང་། ཁྲོ་བཅུ་རོལ་པས་མཚམས་བཅད། དཀྱིལ་འཁོར་རྒྱན་བཀོད་སོགས་གྲུབ་ནས། རྡོ་རྗེའི་གྲལ་ལ་འཁོད་དེ་ཚོགས་གཞུང་བསྲངས་ནས་བསྙེན་པ་དངོས་ལ་འཇུག་པ་བསྙེན་པ། དེ་ནས་ཞག་གཉིས་ཀྱི་བར་དུ་སྣོད་བཅུད་རྒྱུད་གསུམ་སྦྱང་ཕྱིར་འོད་ཟེར་དཀར་པོའི་འཕྲོ་འདུས་སྣང་སྲིད་སྐུ་དང་ཡེ་ཤེས་ཀྱི་རོལ་བར་སྦྱང་ནས་དངོས་གྲུབ་ཀྱི་སྣོད་རུང་དུ་བྱེད་པ་ཉེ་བསྙེན། དེ་ནས་ཞག་གསུམ་ལ་འོད་ཟེར་དམར་པོའི་འཕྲོ་འདུས་རྒྱལ་བ་མཆོད་ཅིང་དངོས་གྲུབ་བསྡུ་བ། དྲེགས་ཚོགས་དབང་དུ་བསྡུས་ནས་ལས་ལ་བཀོལ་པ། སེམས་ཅན་གྱི་སྒྲིབ་པ་སྦྱོང་ནས་རྡོ་རྗེ་གསུམ་གྱི་གོ་འཕང་ལ་བཀོད་དེ་དངོས་གྲུབ་སྒྲུབ་པ་རྣམས་ནི་སྒྲུབ་པ་དང་། ཐུན་ཐ་མར་འོད་ཟེར་མཐིང་ཀ་བསྡུ་བའི་སྦྱོར་བས། ཐོ་རངས་ཀྱི་དུས་སུ་རང་དོན་དུ་དངོས་གྲུབ་ལེན་པ་དང་། དེ་རྗེས་གཞན་དོན་དུ་དབང་བསྐུར་བ་རྣམས་སྒྲུབ་པ་ཆེན་པོ་སྟེ། མདོར་ན་སྒྲུབ་པའི་དབུ་ཚུགས་ནས་མཇུག་མ་རྫོགས་ཀྱི་བར་དུ། སྒོ་གསུམ་ཐ་མལ་གྱི་དབང་དུ་སྐད་ཅིག་ཀྱང་མི་བཏང་བར། སྣང་བ་སྐུ། གྲགས་པ་གསུང་། དྲན་རྟོགས་ཐུགས་ཏེ་སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་འཁྱེར་སོ་ལས་མ་གཡེང་བའི་ངང་ནས། སིདྡྷིའི་འཛབ་དབྱངས་ཉིན་མཚན་གྱི་ཐུན་བཞིར་རྒྱུན་མི་ཆད་པར་མཛད་དགོས་པ་ལགས་ཏེ། དེ་ལྟར་མཛད་ན་ཚེ་འདིར་བསམ་པ་ཐམས་ཅད་འགྲུབ་ཅིང་། ཕྱི་མ་དག་པའི་ཞིང་ཁམས་རྔ་ཡབ་དཔལ་གྱི་རི་བོར་པདྨ་འོད་ཀྱི་ཕོ་བྲང་དུ། བདག་ཅག་དད་དམ་གཅིག་ཏུ་འབྲེལ་བའི་སྟོན་འཁོར་ཐམས་ཅད་ཚོམ་བུ་གཅིག་ཏུ་འཚང་རྒྱ་བ་ལ་ཐེ་ཚོམ་མེད་པ། རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་བཀའ་ཚད་མ་ཡིན་པས་ཀུན་གྱི་ཐུགས་ལ་ངེས་པར་མཛད་དགོས་པ་ལགས། དེས་ནི་དངོས་གཞིའི་སྟོང་ཐུན་ས་བཅད་མི་སྟོང་ཙམ་ཞུས་པ་ལགས་ཤིང་། རྩ་བའི་ཆིངས་གསུམ་པ། བསྙེན་སྒྲུབ་མཐའ་རུ་དབྱུང་བའི་ཕྱིར། རྒྱུན་གྱི་བསླབ་སྤྱོད་བསྡུས་ཏེ་བཤད། ཅེས་པའི་དོན། བསླབ་བྱ་བཅའ་སྒྲིག་གི་རྣམ་བཞག་ལ། སྤྱིར་དམ་ཆོས་འདུལ་བའི་བཅས་ཁྲིམས་རྣམ་པར་དག་པས་གཞི་བཟུང་། གཞན་ཕན་བྱང་སེམས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུས་ཁོག་དབུབ། གསང་སྔགས་ཕྱི་ནང་གིས་བསྡུས་པའི་དམ་ཚིག་རྡོ་རྗེའི་ཞགས་པས་ཆིངས་སུ་བཅིང་ནས། སྒོ་གསུམ་གྱི་བླང་དོར་བསལ་བ་ལ་བསླབ་དགོས་ཤིང་། བྱེ་བྲག་སྒྲུབ་པ་ཆེན་པོ་འདིའི་སྐབས་སུ། གདན་ས་ཆེན་པོ་འདིར། གྲུབ་པའི་དབང་ཕྱུག་ཆེན་པོ་པདྨ་རིག་འཛིན་ནས་ད་ལྟའི་བར་དུ་ཐུགས་རྗེ་ཡེ་སྤྲུལ་གྱི་སྐྱེས་ཆེན་བསྟན་པའི་མངའ་བདག་རིམ་པར་བྱོན་པ་རྣམས་ཀྱི་བཀའ་ལུང་གསེར་གྱི་ཕྲེང་བ་ཚར་དུ་དངར་བའི་བརྗོད་དོན་བཅའ་སྒྲིག་གི་རྣམ་བཞག་ཐམས་ཅད་ཀྱི་ཐུགས་ལ་མངའ་བཞིན་པ་ལས། དམིགས་བསལ་ཞུ་དགོས་གལ་མི་ཆེ་རུང་། ཕྱོགས་མཚོན་ཙམ་དུ་སྨྲོས་ན། དད་ལྡན་དང་བ་འདྲེན་པའི་མིག་རྒྱན། འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས། ཞེས་པའི་དཔེ་ལྟར། རབ་ཏུ་བྱུང་བའི་རྟགས་ཆ་ལུགས་དམ་པའི་ཚུལ་དང་མཐུན་ཞིང་། ཡ་རབས་ཀྱི་རྗེས་ཟིན་པའི་ཁ་མིག་གྱེན་བལྟས། སྒྲོག་རུས་འཕྲེད་བཅིང་གི་དཔེ་ལྟར་དམ་མ་གོང་མའི་ཕྱག་བཞེས་ཀྱི་རྒྱུན་བསྟན་པ་སྔར་ལམ་ལྟར། མགོ་ཞྭ་འགྲིགས། རྒྱབ་གོས་འགྲིགས། རྐང་ལྷམ་འགྲིགས། ཕྱག་རྡོར་དྲིལ་སོགས་སྒྲིག་ལམ་དང་མི་འགལ་བའི་ཡོ་བྱད། གདངས་དབྱངས་རོལ་མོ། ཕྱག་རྒྱ་སྟངས་སྟབས། བྱོན་བཞུགས་ཀྱི་སྤྱོད་ལམ། ཐ་ན་གསོལ་ཞལ་ཚུན་ཆད་སྔར་ནས་ཇི་ལྟར་དར་བའི་ཕྱག་བཞེས་མཐོང་བ་བརྒྱུད་པའི་རང་ལུགས་མ་ནོར་བ་ཚགས་སུ་ཚུད་པ་དགོས་ཤིང་། གཙོ་ཆེ་བ། རབ་ཀྱིས་ལྷ་སྔགས་ཏིང་འཛིན་ཟུང་དུ་འབྲེལ་བས་བཟླས་པ་ཆུ་བོའི་རྒྱུན་བཞིན་ཉིན་མཚན་གྱི་ཐུན་བཞིར་རྒྱུན་མི་ཆད་པར་མཛད་པ་དང་། འབྲིང་དང་ཐ་མས་ཀྱང་བསྐྱེད་རྫོགས་མོས་པ་ལམ་བྱེད་དང་། དག་སྣང་མོས་གུས་རྩེ་གཅིག་པས་རེས་བབས་ཀྱི་རྒྱུན་ཆགས་མེད་མཛད་དེ་གསོལ་འདེབས་ཀྱི་ཚུལ་དུ་སིདྡྷིའི་བཟླས་པ་ལ་རྒྱུན་དུ་བརྩོན་དགོས་པ་ལས་གཞན་ཚོགས་གྲལ་དུ་དོན་མེད་ཀྱི་ངག་འཁྱལ་དང་། ཕྱི་ནང་ཀུན་དུ་རྩེད་མོ་ཧ་བགད། ཆང་དང་སྣ་དུད། ཤེད་ངོམས་སྤར་འཛིང་། འཐབ་རྩོད་རྒྱུག་མཆོང་སོགས་སྒོ་གསུམ་ཆོས་འགལ་གྱི་བྱ་བ་ནམ་ཡང་བྱེད་མི་ཆོག་པ་ལས་དེ་ལུགས་ཀྱི་བླང་དོར་ཚུལ་བཞིན་མཛད་རྒྱུ་གལ་ཆེ་བ། རང་གཞན་གཉིས་དོན་ལགས་ཕྱིར། དེ་བཞིན་ཀུན་གྱི་ཐུགས་ལ་བཞག་པར་ཞུ། །རྒྱལ་བ་ཀུན་གྱི་སོགས་དང་བྱང་འདྲེན་པས་བསྐུལ་ཏེ། ཨོཾ་ཨཱཿཧཱུྃཿ སྐྱབས་གནས་མ་ལུས་སོགས་སོ། དེ་ལྟར་ལེགས་བཤད་སྤྲིན་གྱི་རྔ་སྒྲའི་གཏམ། །ཐོག་མ ཐའ་བར་དུ་དགེ་ཞིང་ཤིས་པའི་དངོས། །ཚིག་དོན་རྨད་བྱུང་བདུད་རྩིའི་ཟིལ་མ་འབུམ། །སྤྲོས་པའི་དཔལ་འདིས་འཇིག་རྟེན་མཛེས་པར་ཤོག །བརྗོད་དོན་རབ་ཟབ་གསང་ཆེན་ལམ་གྱི་གནད། །འཕགས་ཆེན་དུ་མའི་གསུང་གི་བཅུད་དྲིལ་བ། །བསྟན་པའི་མངའ་བདག་མཆོག་གི་སྤྲུལ་པའི་སྐུའི། །ཐུགས་ཀྱི་གསོས་སུ་ལེགས་བཤད་མཆོད་སྤྲིན་སྤྲོས། །དེ་ལས་ཐོབ་པའི་རབ་དགེ་ཀུན་དཱའི་གཉེན། །མཆོག་ཏུ་དཀར་བའི་ཕུན་ཚོགས་དགེ་མཚན་བརྒྱས། །བདག་སོགས་མཁའ་ཁྱབ་འགྲོ་ཀུན་ཇི་སྙེད་པའི། །ཡིད་ལ་ཡེ་ཤེས་སྣང་བ་འཆར་གྱུར་ཅིག །ཅེས་པའི་ཞལ་བཀོད་ཉུང་བྲིས་འདི་ཡང་། སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་ཡང་སྲིད་མཁྱེན་བརྩེ་ནུས་པའི་གཏེར་ཆེན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་ཉིད། བུམ་སྒྲུབ་ཆེན་མོའི་ཐོག་མའི་ཁྲི་འཛིན་སྐབས་སུ་ཡོངས་འཛིན་མཁན་མིང་ཡོན་ཏན་མགོན་པོས་སྨྲས་པ་ཚེ་རབས་ཀུན་ཏུ་སྐྱབས་མགོན་མཆོག་གིས་དགྱེས་བཞིན་རྗེས་སུ་འཛིན་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ། །ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་གྲགས་གྱུར་ཏེ། བློ་གྲོས་པད་མོ་རབ་ཏུ་རྒྱས་བྱེད་ཅིང༌། སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །རྒྱལ་དབང་ཀློང་ཆེན་པས། མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བ། མཁས་ཤིང་གྲུབ་བརྙེས་རིག་འཛིན་བརྒྱུད་པའི་སྲོལ། ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་པའི། བསྟན་པ་འཕེལ་རྒྱས་འཛམ་གླིང་ཁྱབ་གྱུར་ཅིགའཇམ་མགོན་མི་ཕམ་པས། དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ། འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ། ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིགསྐྱབས་རྗེ་པདྨ་སྐལ་བཟང་གིས། དཔེ་སྒྲིག་ལས་ཁང༌། སྔ་འགྱུར་རྫོགས་ཆེན་དཔེ་ཚོགས་བསྡུ་སྒྲིག་ཁང༌། སྤྱི་ཁྱབ་བསྡུ་སྒྲིག་གཙོ་འགན་པ། རྫོགས་ཆེན་རིན་པོ་ཆེ་བསྟན་འཛིན་ལུང་རྟོགས་ཉི་མ། དཔེ་སྡུར་ཞུ་དག་པ། རྫ་མུ་ར་སྤྲུལ་སྐུ་བསྟན་འཛིན་མཁའ་ཁྱབ་རྡོ་རྗེ། ཨ་སེ་སྤྲུལ་སྐུ། དཔེ་སྒྲིག་པ། དབྱིན་ཇི་བ་པདྨ་མཐུ་སྟོབས། རྩིས་འཕྲུལ་པ། དབྱིན་ཇི་བ་པདྨ་མཐུ་སྟོབས། མདུན་ཤོག་མཛེས་རིས་པ། ཡུས་ཁུ་ཡུས། ལས་སྒྲུབ་པ། ཕུར་བཟང༌། སྐལ་བཟང་དབྱངས་ཅན།

previousའདོན་ཆོག་གི་སྐོར་ཚོ།no next