Nitartha Digital Library
Tibetan
འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ།


  collapse section
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་མཆན་འགྲེལ་རྒྱུད་དོན་རབ་གསལ་ཉི་ཟླའི་སྣང་བ།
   


 
previousའཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་མཆན་འགྲེལ་རྒྱུད་དོན་རབ་གསལ་ཉི་ཟླའི་སྣང་བ།next

འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་མཆན་འགྲེལ་རྒྱུད་དོན་རབ་གསལ་ཉི་ཟླའི་སྣང་བ།

ན་མོ་མཉྫུ་ཤྲཱི་ཡེ། རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་གཅིག་བསྡུས་པ། །རྨད་བྱུང་བློ་གྲོས་མཆོག་གཏེར་ངག་གི་དབང་། །གསང་རྒྱུད་རྒྱ་མཚོའི་མངའ་བདག་བཱི་མ་ལ། །གང་དང་དབྱེར་མེད་ཁྱབ་བདག་བླ་མར་འདུད། །ཟབ་ཅིང་རྒྱ་ཆེ་སྒྱུ་འཕྲུལ་དྲྭ་བའི་རྒྱུད། །ཇི་བཞིན་རྣམ་འགྲེལ་འཕགས་བོད་གཞུང་ཀུན་གྱི། །ཕུལ་དུ་རབ་བསྔགས་དོན་གསལ་སྒྲོན་མེའི་ངག །མ་ནོར་མཆན་དུ་དགོད་ལ་གནང་བ་སྩོལ། དེ་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་ཇི་ལྟར་ཡིན་པ་རྟོགས་པར་འདོད་པའི་རྣལ་འབྱོར་པ་དབང་པོ་རབ་འབྲིང་གསུམ་དུ་འགྱུར་ཏེ། རབ་ལ་བཀའ་རྒྱུད་མདོའི་བདག་ཉིད་ཅན་འདིའི་མཚན་བཤད་པར་བྱ། འབྲིང་ལ་གཞུང་དབུ་ཞབས་ཀྱི་དབྱེ་བ་བསྟན་པར་བྱ། ཐ་མ་ལ་ཡི་གེ་འབྲུ་རེ་རེ་ནས་བསྟན་པར་བྱའོ། དེ་ལ་དྲི་བ་དང་ལན་གྱི་ཚུལ་དུ་བཤད་པ། མཐའ་སྡུད་ཀྱི་ཚུལ་དུ་བཤད་པ་དང་གསུམ་ནི་དོན་གནས་སྐབས་སུ་སྦྱར་བར་བྱའོ། དེ་ལ་དབང་པོ་རབ་མགོ་སྨྲོས་པས་གོ་བ་རྣམས་ཀྱི་དོན་དུ་རྒྱུད་ཀྱི་མཚན་བསྟན་པ་ནི། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སདྒ་ཏི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ། ཞེས་པ་འདིས་བསྟན་ཏེ། དེ་ལ་འཕགས་པ་ནི་གཉིས་ཏེ། བརྗོད་བྱ་དོན་གྱི་སྒོ་ནས་འཕགས་པ་ནི། རྗེ་བཙུན་ཉིད་འཁོར་བའི་མཐའ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་ལས་འཕགས་པས། མཐའ་གཉིས་ལ་ཞེན་པའི་སྒྲིབ་པ་མེད་པ་ཡིན་ཏེ། འདི་ཉིད་ལས། སྒྲིབ་པ་ཀུན་ལས་ངེས་པར་གྲོལ། མཁའ་ལྟར་མཉམ་པ་ཉིད་ལ་གནས། ཞེས་འབྱུང་ངོ་། རྗོད་བྱེད་ཚིག་གི་སྒོ་ནས་འཕགས་པ་ནི་ཐབས་ཀྱི་ཐེག་པ་འདི་ཉིད་ཡིན་ཏེ། ཐབས་མང་བ་དང་། ཐབས་མཁས་པ་དང་། ཐབས་སླ་བ་དང་། ཐབས་མྱུར་བ་དང་བཞིས་འཕགས་ཏེ། དེ་ཡང་། དོན་གཅིག་ན་ཡང་བྱེ་བྲག་ནི། ཐབས་མང་བ་དང་མཁས་པ་དང་། དེ་བཞིན་སླ་དང་མྱུར་བ་ཡིས། སྔགས་ཀྱི་བསྟན་པ་ཁྱད་པར་འཕགས། ཞེས་འབྱུང་ངོ་། དེ་ལ་ཐབས་མང་བ་ནི། གདུལ་བྱ་རྣམས་ཀྱིས་ཇི་ལྟར་མོས་པ་ལས་མ་བཟློག་པར་གྲོལ་བའི་ཐབས་མཐའ་ཡས་པ་སྟོན་པའོ། དེ་ཡང་། ངེས་འབྱུང་ཀུན་གྱི་ལམ་ལ་གནས། ཞེས་སོ། ཉོན་མོངས་མ་སྤངས་ཀྱང་གྲོལ་བའི་ཐབས་ཤེས་པས་ཐབས་མཁས་པའོ། དེ་ཡང་། མཁས་པ་ཆེན་པོ་ཐབས་ཆེ་བ། ཞེས་པའོ། སྒོ་གསུམ་དཀའ་ཐུབ་ཀྱིས་མ་གཟིར་བར་འདོད་པའི་ལོངས་སྤྱོད་ལ་གནས་བཞིན་དུ་གྲོལ་བའི་ཐབས་སྟོན་པས་ཐབས་སླ་བའོ། དེ་ཡང་། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། ཞེས་སོ། ཐབས་ཀྱི་ཐེག་པའི་རིགས་ཅན་གྱིས་ཐམས་ཅད་གཉིས་མེད་དུ་རྟོགས་པས་ཚེ་འདི་ཉིད་ལ་བྱང་ཆུབ་འགྲུབ་པས་ཐབས་མྱུར་བའོ། དེ་ལ་འཇམ་དཔལ་ནི་དབྱེ་ན་རྣམ་པ་ལྔ་སྟེ། རང་བཞིན་རྒྱུའི་འཇམ་དཔལ་དང་། སྒོམ་པ་ལམ་གྱི་འཇམ་དཔལ་དང་། མཐར་ཐུག་འབྲས་བུའི་འཇམ་དཔལ་དང་། གདུལ་བྱ་ལས་དག་པ་ལ་སྣང་བའི་འཇམ་དཔལ་དང་། རྣམ་པའི་བདག་ཉིད་དུ་སྣང་བའི་འཇམ་དཔལ་ལོ། དེ་ལ་རང་བཞིན་རྒྱུའི་འཇམ་དཔལ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་དེ་བཞིན་ཉིད་ཀྱིས་ཁྱབ་པའོ། དེ་ལ་མཚན་རྟོག་གི་ཟུག་རྔུ་བྲལ་བ་དང་། རྟོགས་ན་ཀུན་གྱི་དཔལ་དུ་གྱུར་པས་དེ་སྐད་ཅེས་བྱའོ། སྒོམ་པ་ལམ་གྱི་འཇམ་དཔལ་ནི། བསྐྱེད་རྫོགས་སོགས་ལམ་གྱི་ཆོས་སུ་གྱུར་པ་རྣམས་ཡིན་ཏེ། དེ་ཉིད་ཀྱི་གནས་སྐབས་ནས་རྟོག་པའི་ཟུག་རྔུ་རྣམས་ནི་སྤངས་ལ་སླཔཕསླཔཕཤས་ཤིག་ནི་སྤོང་པ་ལ་ཞུགས་པས་འཇམ་ལ། དེ་ལས་བདག་དང་གཞན་གྱི་དོན་འབྱུང་བས་དཔལ་ལོ། མཐར་ཐུག་འབྲས་བུའི་འཇམ་དཔལ་ནི། སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ལ། མཆོག་གི་དང་པོ་སྐུ་གསུམ་འཆང་། ཞེས་འབྱུང་ངོ་། དེ་ལ་སྐུ་གསུམ་ནི་ཐུན་མོང་གི་དབང་དུ་བྱས་ན། ཆོས་སྐུ་སྐྱེ་མེད་ནམ་མཁའ་ལྟ་བུ་ལ། ལོངས་སྤྱོད་རྫོགས་སྐུ་རྣམ་པར་སྣང་མཛད་སྤྲིན་ལྟ་བུ་འབྱུང་བ་དེ་ལས། སྤྲུལ་སྐུ་ཤཱཀྱ་ཐུབ་པ་ཆར་ལྟ་བུས་འགྲོ་བའི་དོན་མཛད་པའོ། ཁྱད་པར་གྱི་དབང་དུ་བྱས་ན། རིག་པ་རང་བཞིན་གྱིས་འོད་གསལ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ། རིག་པ་སྣ་ཚོགས་སུ་འཆར་བ་སྤྲུལ་བའི་སྐུ། ཇི་ལྟར་སྣང་ཡང་དོན་སྐྱེ་མེད་ལས་མ་འདས་པ་ཆོས་ཀྱི་སྐུའོ། དེ་ལ་ཡེ་ཤེས་ལྔ་ནི། ཆོས་ཉིད་སྐྱེ་འགག་མེད་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་ཉིད་གསལ་ལ་རྟོག་པ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས། དེ་གཉིས་སུ་དབྱེར་མེད་ཅིང་བླང་དོར་མེད་པས་མཉམ་པ་ཉིད་ཀྱི་ཡེ་ཤེས། ཆོས་སྤྱི་དང་རང་གི་མཚན་ཉིད་མ་འདྲེས་པར་གསལ་བ་ནི་སོ་སོར་རྟོགས་པའི་ཡེ་ཤེས། བདག་དང་གཞན་གྱི་དོན་རྩོལ་བ་མེད་པར་གྲུབ་པས་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། དེ་ཡང་འདི་ཉིད་ལས། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདགཅེས་འབྱུང་ངོ་། གདུལ་བྱ་ལས་དག་པ་ལ་སྣང་བའི་འཇལ་དཔལ་ནི། རྣལ་འབྱོར་པ་ཏིང་ངེ་འཛིན་གོམས་པའི་མཐུས་ལྷ་སྐུའི་ཞལ་མཐོང་བའོ། རྣམ་པའི་བདག་ཉིད་དུ་སྣང་བའི་འཇམ་དཔལ་ནི། སྐུའི་གཟུགས་བརྙན་དུ་གྱུར་པ་རས་བལ་ལ་རི་མོ་བྲིས་པ་དང་། ཟངས་ལྕགས་ལ་འབུར་དུ་བཏོད་པ་རྣམས་སོ། གྱི་ཞེས་པ་འབྲེལ་བའི་ཡི་གེ་སྟེ་ཇི་སྐད་སྨོས་པའི་ཡོན་ཏན་རྣམས་དང་། ཡོན་ཏན་ཅན་རྗེ་བཙུན་འཇམ་དཔལ་དུ་འབྲེལ་བར་སྟོན་ཏེ། བརྒྱ་བྱིན་གྱི་བ་ཕྲ་མོ་ཞེས་བྱ་བ་ལྟ་བུའོ། མཚན་ཡང་དག་པར་བརྗོད་པ་ཞེས་པའི་མཚན་ནི་འོག་ནས་འབྱུང་བའི་ཡོན་ཏན་གྱི་ཆོས་རྣམས་ཡིན་ལ། ཡོན་ཏན་དེ་དག་དང་རྗེ་བཙུན་ཉིད་ལྡན་ལ། ལྡན་པ་ཁོ་ན་ལྟར་བརྗོད་པའོ། ཚུལ་ཇི་ལྟར་བརྗོད་ན་གཉིས་ཏེ། ཟབ་པ་དོན་གྱི་སྒོ་ནས་བརྗོད་པ་དང་། རྒྱ་ཆེ་བ་ཚིག་གི་སྒོ་ནས་བརྗོད་པའོ། དོན་གྱི་སྒོ་ནས་བརྗོད་པ་ནི་དོན་གཉིས་སུ་མེད་པའི་ཡེ་ཤེས་སུ་གསལ་བའོ། ཚིག་གི་སྒོ་ནས་བརྗོད་པ་ལ་གསུམ་སྟེ། མཚན་ཉིད་གཉིས་སུ་མེད་པའི་ཚུལ་དུ་བརྗོད་པ་དང་། གསང་སྔགས་ཀྱི་ཚུལ་དུ་བརྗོད་པ་དང་། ཡོན་ཏན་གྱི་ཚུལ་དུ་བརྗོད་པའོ། དེ་ལ་དང་པོ་མཚན་ཉིད་གཉིས་སུ་མེད་པའི་ཚུལ་དུ་བརྗོད་པ་ནི། རང་གི་སེམས་ཀྱི་མཚན་ཉིད་གཉིས་སུ་མེད་པའི་ཡེ་ཤེས་སུ་ངོ་ཤེས་པར་བྱས་ལ་མཚན་བརྗོད་པར་བྱ་སྟེ། བརྗོད་པའི་སྒྲ་དེ་དག་བྱུང་ཡང་སྐྱེ་འགག་མེད་པའི་ངང་ལས་བྱུང་ལ་ཐིམ་ཡང་དེ་ཉིད་དུ་ཐིམ་སྟེ། མདོར་ན་ཆོས་ཀྱི་རང་སྒྲར་ཤེས་པར་བྱའོ། འདི་ཉིད་ལས། གཉིས་མེད་གཉིས་སུ་མེད་པར་སྟོན། ཡང་དག་མཐའ་ལ་རྣམ་པར་གནས། ཞེས་འབྱུང་ངོ་། གཉིས་པ་མཚན་གསང་སྔགས་ཀྱི་ཚུལ་དུ་བརྗོད་པ་ནི། བདག་ཉིད་རྗེ་བཙུན་འཇམ་དཔལ་དུ་བསྒོམས་ཏེ་མཚན་བརྗོད་པས་ཐུགས་ཀའི་མུཾ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད་པ་དང་། སེམས་ཅན་གྱི་དོན་བྱས། སླར་རང་གི་ཐུགས་ཀར་ཐིམ། ཡང་སྔ་མ་ལྟར་སྤྲོ་ཞིང་བསྡུས་ཏེ། མཚན་ཀློག་པ་མ་ཐོན་གྱི་བར་དུ་ཅི་རིགས་སུ་བྱ་བའོ། དེ་ཡང་འདི་ཉིད་ལས། གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། ཞེས་འབྱུང་ངོ་། མཚན་ཡོན་ཏན་གྱི་ཚུལ་དུ་བརྗོད་པ་ནི། རྗེ་བཙུན་འཇམ་དཔལ་ཉིད་ལ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ་མཚན་བརྗོད་པར་བྱ་སྟེ། འདི་ཡང་ཁྱོད་ཀྱི་ཡོན་ཏན་ཞེས་དམིགས་པའོ། དེ་ཡང་འདི་ཉིད་ལས། དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། ཞེས་འབྱུང་ངོ་། དེ་དག་ཀྱང་བསྡུ་ན། དོན་ཟབ་པ་དང་། ཚིག་རྒྱ་ཆེ་བ་གཉིས་ཏེ། འདི་ཉིད་ལས། ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། ཞེས་འབྱུང་ངོ་། བར་ཆད་ཉེ་བར་ཞི་བའི་ཕྱིར་ཕྱག་འཚལ་བ་བསྟན་པ་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ཞེས་སྨོས་ཏེ་ཕྱག་ན་རྡོ་རྗེས་ཤཱཀྱ་ཐུབ་པ་ལ་ཞུས་ནས་གླེགས་བམ་དུ་སྡུད་པའི་དུས་སུ་ཀླད་དུ་ཡི་དམ་གྱི་ལྷ་ལ་ཕྱག་མཛད་པ་ཡིན་ཏེ། འོ་ན་ཕྱག་ན་རྡོ་རྗེ་ལ་ཡང་བར་ཆད་འབྱུང་ངམ་ཞེ་ན། མ་ཡིན་ཏེ་རྗེས་འཇུག་གི་དོན་དུ་དགོངས་པའོ། དེ་ཡང་འཇམ་དཔལ་ནི་གོང་དུ་བཤད་ཟིན་ཏོ། སྐུ་དུས་གསུམ་དུ་བགྲེས་རྒུད་མི་མངའ་བས་གཞོན་ནུ་སྟེ། རྟག་ཏུ་ད་ལྟར་འབྱུང་བ་ལྟ་བུའི་ཚུལ་དུ་བཞུགས་པའོ། ལ་ནི་བཀར་བའི་ཡི་གེ་སྟེ་འཇམ་དཔལ་ཉིད་ལའོ། ཕྱག་འཚལ་ལོ་ཞེས་ཟབ་པ་རྟོགས་པའི་ཕྱག་དང་། རྒྱ་ཆེ་བ་ལུས་ངག་ཡིད་གསུམ་གུས་པའི་ཚུལ་གྱིས་ཕྱག་འཚལ་བའོ། ད་ནི་དབང་པོ་འབྲིང་གི་དོན་དུ་དབུ་ཞབས་ཀྱི་དབྱེ་བ་བསྟན་པ་ནི། བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲང་ནས་ལེའུ་བཅུ་བཞིར་སྟོན་པ་ལས། དང་པོར་ཞུས་པའི་ལེའུ་བསྟན་པའི་ཕྱིར་རྩ་བའི་རྒྱུད་བཤད་པའི་རྗེས་སུ། དེ་ནས་རྟོགས་པ་བདག་གི་དཔལ་དང་ཐུགས་རྗེ་གཞན་གྱི་དཔལ་གཉིས་དང་ལྡན་པས་དཔལ་ལྡན་ཟབ་པ་དོན་གྱི་རྡོ་རྗེ་ཡེ་ཤེས་ལྔ་དབྱེར་མི་ཕྱེད་པ་འཆང་བའི་རྟགས་སུ་རྒྱ་ཆེ་བ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་བསྣམས་པས་རྡོ་རྗེ་འཆང་ངོ་། ཚངས་པ་དང་ཁྱབ་འཇུག་ལ་སོགས་ཏེ་གདུལ་དཀའ་བ་རྣམས་འདུལ་བ་ལ་སངས་རྒྱས་ཐམས་ཅད་འདུས་ནས་རི་རབ་ཀྱི་རྩེ་མོར་ཕྱག་ན་རྡོ་རྗེ་ལ་དབང་བསྐུར་བས་དེ་འདུལ་བྱེད་རྣམས་ཀྱི་མཆོག་ཅེས་བྱའོ། རང་འཇིགས་པ་དང་བྲལ་ཞིང་གཞན་གྱི་དཔུང་འཇོམས་པས་དཔའ་བོ་ས་འོག་གི་བདག་པོ་མ་ཧཱ་དེ་བ། ས་སྟེང་གི་བདག་པོ་ཁྱབ་འཇུག ས་བླའི་བདག་པོ་ཚངས་པ་གསུམ་ནི་ཕྱི་རོལ་བའི་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་ཡིན་ལ་དེ་གསུམ་བཏུལ་བས་འཇིག་རྟེན་གསུམ་ལས་རྒྱལ་བའོ། གསང་སྔགས་ཀྱི་སྡུད་པ་པོ་རྡོ་རྗེ་ཐེག་པའི་མངའ་བདག་ཏུ་གྱུར་པས་རྡོ་རྗེ་དབང་ཕྱུག་གསང་བའི་དམ་ཚིག་དང་ལྡན་ཞིང་ནང་གི་ཉོན་མོངས་པ་དང་། གདུག་པ་ཅན་རྣམས་ལས་རྒྱལ་བས་གསང་བའི་རྒྱལ་ཞེས་བྱའོ། སྐྱོན་གྱིས་མ་གོས་པས་པདྨ་ཉོན་མོངས་པ་མེད་པས་དཀར་པོ་སྤྱན་ཀུན་ཏུ་ཟླུམ་པས་རྒྱས་འདྲའི་སྤྱན་ནོ། པདྨ་རྒྱས་པའི་གདན་ལ་བཞུགས། རང་གི་ལག་གིས་དོན་གྱི་རྟགས་སུ་བྱུང་བའི་རྡོ་རྗེ་མཆོག་ཡང་དང་ཡང་དུ་གསོར་བ་བྱེད་པ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་ཡང་ནས་ཡང་དུ་སྐོར་ཅིག་ཅེས་ཞུ་བ་འབུལ་བའི་བརྡ་ཡང་ཡིན། ཐུགས་རྗེ་རྒྱུན་མི་ཆད་པས་འགྲོ་བ་འདྲེན་པའི་བརྡ་ཡང་ཡིན། གདུག་པ་ཅན་རྒྱུན་མི་ཆད་པར་འདུལ་བའི་བརྡ་ཡང་ཡིན། ནང་ན་ཡེ་ཤེས་རྒྱུན་མི་ཆད་པར་མངའ་བའི་བརྡ་ཡང་ཡིན། དེ་ཡིས་གྲོགས་གང་དང་ལྷན་ཅིག་ཞུས་ཞེ་ན། མཆེ་བ་གཙིགས། སྤྱན་ཟློག །སྨིན་མ་བསྡུས། འབྲི་གུ་ཏ་གྱེན་དུ་འགྲེང་བ་སོགས་ཀྱི་ཁྲོ་གཉེར་རིམ་པར་ལྡན་པ་ལ་སོགས་པ་ཁྲོ་བོའི་ཚོགས་ཀྱི་འཁོར། ལག་ན་རྡོ་རྗེ་ཡོན་ཏན་མཐུ་མཐའ་ཡས་པ་དང་ལྡན་པ་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཞུས་པའོ། དེ་དག་གིས་ཕྲིན་ལས་ཅི་མཛད་ཅེ་ན། གང་ལའང་མི་འཇིགས་ཤིང་བདུད་དཔུང་འཇོམས་པས་དཔའ་བོ་གདུལ་དཀའ་བཙན་ཐབས་ཀྱིས་འདུལ་བ་པོ། འཇིགས་སུ་རུང་དང་དཔའ་བྱེད་ཀྱི་ཉམས་ཅན། ཁྲོ་བོའི་ཆ་བྱད་དང་ལྡན་པའོ། དེ་དག་གི་ཕྱག་མཚན་ཅི་ཞེ་ན་རྡོ་རྗེའི་རྩེ་མོ་ལས་རྡོ་རྗེ་ཕྲ་མོ་རབ་ཏུ་འཕྲོ་བས་གདུག་པ་ཅན་འདུལ་བ། རང་གི་ལག་གིས་གསོར་བར་བྱེད་པའོ། འགྲོ་བ་རྣམས་ལ་སྙིང་རྗེ་ཆེན་པོ་དང་ལྡན་པ་ནི་རྒྱ་ཆེ་བ་དང་། ཤེས་རབ་ཀྱིས་ཆོས་རྣམ་པར་འབྱེད་པ་ནི་ཟབ་པ་དང་། ཟབ་ཅིང་རྒྱ་ཆེ་བའི་ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག་གོ། འགྲོ་བའི་དོན་བྱེད་པ་ལ་དགའ། སྟོན་པ་མཐོང་བས་མགུ། ཆོས་བཤད་པས་རྗེས་སུ་ཡི་རང་བའི་བསམ་པ་ཅན། རྒྱན་དང་རང་བཞིན་ཁྲོ་བོར་གནས་པས་ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། མཛད་པ་བཅུ་གཉིས་སམ་འཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་མཛད་པས་སངས་རྒྱས་འཕྲིན་ལས་བྱེད་པའི་མགོན། ཁྲོ་བོ་དེ་རྣམས་ཀྱིས་ཀྱང་བག་མེད་དུ་མ་ཡིན་ཏེ་ཤིན་ཏུ་གུས་པའི་ཚུལ་གྱིས། ལུས་བཏུད་པ་རྣམས་དང་ལྷན་ཅིག་ཏུ། དེ་བཞིན་ཉིད་དུ་གཤེགས་པ་དང་། འགྲོ་བའི་དོན་ལ་གཤེགས་ཤིང་བདུད་བཞི་བཅོམ། ལེགས་པའི་ཡོན་ཏན་དྲུག་དང་ལྡན་པ་ཆེ་བའི་ཡོན་ཏན་ཐམས་ཅད་རྫོགས་པ། མ་རིག་པའི་སྒྲིབ་པ་སངས་ཤིང་ཡེ་ཤེས་རྒྱས་པ་སྟེ་དེ་ལྟ་བུའི་བཅོམ་ལྡན་འདས་རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། རྡོ་རྗེ་དང་བཅས་པའི་ཐལ་མོ་སྦྱར་བར་བྱས་ནས་ནི། སྤྱན་སྔར་ཙོག་པོར་འདུག་སྟེ་འདི་སྐད་གསོལ། བརྟན་གཡོ་ཀུན་ལ་ཁྱབ་པས་ཁྱབ་བདག་ཞེས་སྟོན་པ་ལ་བོས་ནས་འཁོར་བདག་ཅག་རྣམས་ལ་སྨན་པ་དང་། བདག་ཅག་གི་དོན་དུ་བདག་ལ་ཐུགས་བརྩེའི་ཕྱིར། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བས་སྒྱུ་འཕྲུལ་དྲྭ་བ་སྟེ་དེའི་སྒོ་ནས་མངོན་པར་རྫོགས་པའི་བྱང་ཆུབ་ཅི་ནས་བདག་གིས་ཐོབ་པར་མཛོད། ཅེས་པ་སྟེ་རང་དོན་གཞན་དོན་དང་འབྲེལ་བའོ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་ནི་བྱང་ཆུབ་སེམས་ཆུ་རྙོག་པ་ལྟ་བུར་དཀྲུགས་ཤིང་། དེ་ཁོ་ན་ཉིད་མི་ཤེས་ཏེ་གླང་པོ་ཆེ་འདམ་དུ་ཚུད་པར་ལྟར་སྡུག་བསྔལ་གྱི་རྒྱ་མཚོར་བྱིངས་པ་ཡི་སེམས་ཅན་ཀུན་ལ་དེ་ལས་བཟློག་ནས་ཚེ་འདིར་སྨན་པ་དང་། ཕྱི་མ་བླ་མེད་བྱང་ཆུབ་ཀྱི་འབྲས་བུ་འཐོབ་བྱའི་ཕྱིར་ཡང་བཤད་དུ་གསོལ། སྟོན་པ་གང་ལ་ཞུས་ཤེ་ན། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འགྲོ་བའི་བླ་མ་འགྲོ་བ་རྣམས་ལ་ཆོས་སྟོན་པ་པོ་ལའོ། སྟོན་པ་དེས་མི་མཁྱེན་པ་མི་སྲིད་དམ་ཞེ་ན། དོན་རྟོགས་པ་ལས་མི་འདའ་བས་དམ་ཚིག་ཆེན་པོ་དེ་ཉིད་ཇི་ལྟ་བ་མཁྱེན་པ་གདུལ་བྱའི་དབང་པོའི་བྱེ་བྲག་དང་བསམ་པ་གང་ལ་གང་མོས་མཁྱེན་པ་མཆོག་གིས་སོ། འོ་ན་ཆོས་གང་ཞུ་ཞེ་ན། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ་ནི་མེ་ལོང་ལྟར་ཐམས་ཅད་གསལ་ཞིང་འཆར་བས་མེ་ལོང་ལྟ་བུའི་ཡེ་ཤེས་སོ། གཙུག་ཏོར་ཆེན་པོ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ཀུན་གྱི་སྤྱི་བོའི་གཙུག་ཏུ་བཀུར་བའི་འོས་ཡིན་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། ཚིག་གི་བདག་པོ་ནི་ཆོས་སྤྱི་དང་རང་གི་མཚན་ཉིད་མ་འདྲེས་པར་མཁྱེན་པའི་སྒོ་ནས་ཆོས་ཀྱི་ཚིག་གསུངས་པ་སྟེ་སོ་སོར་རྟོགས་པའི་ཡེ་ཤེས་སོ། ཡེ་ཤེས་སྐུ་སྟེ་ནི་བྱ་བ་གྲུབ་པར་བྱེད་པའི་སྐུ་སྟེ་དེ་ཡང་ཡེ་ཤེས་ལས་གྲུབ་པའི་སྐུ་ཡིན་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ། རང་བྱུང་བ་ནི་སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། ཞེས་པ་ནི་རྩ་བ་བྱང་ཆུབ་ཀྱི་སེམས་ཏེ་ཡེ་ཤེས་ཆེན་པོས་མཉམ་པ་ཉིད་ལ་སེམས་ལ། ཐུགས་རྗེས་འགྲོ་བའི་དོན་ལ་སེམས་པའོ། དེའི་རྟགས་གཟུགས་སྐུར་བྱུང་བ་ལ་ཡང་དེ་སྐད་ཅེས་བྱའོ། ཚིག་དང་དོན་གྱི་སྒོ་ནས་དེའི་མིང་ཡང་དག་པར་བརྗོད་པ་ནི་གཞན་བས་དོན་ཆེ་བས་ན་ཡང་དག་བརྗོད་པའི་མཆོག་གོ། མདོར་ན་ཡེ་ཤེས་ལྔ་བྱང་ཆུབ་སེམས་དང་དྲུག་རོ་གཅིག་པའི་ཆོས་གཅིག་ཞུས་པའོ། འོ་ན་མིང་ལས་དོན་མ་ཞུས་སམ་ཞེ་ན། བརྗོད་བྱའི་དོན་ཟབ་མོ་མཉམ་པ་ཉིད་ཀྱི་དོན་སྟོན་པ་དང་རྣམ་འཕྲུལ་སྣ་ཚོགས་སུ་སྣང་བའི་དོན་ནི་རྒྱ་ཆེ་ཞིང་། གསང་སྔགས་ཀྱི་དོན་ཆེན་པོ་ཆོས་གང་དང་ཡང་མཚུངས་པ་མེད་པ་སྤྲོས་པའི་མཚན་མ་རབ་ཞི་བ། ཐོག་མར་དགེ་བ་ཐོས་པའི་ཤེས་རབ། བར་དུ་དགེ་བ་བསམ་པའི་ཤེས་རབ། མཐར་དགེ་བ་བསྒོམ་པའི་ཤེས་རབ་བོ། ཅིའི་ཕྱིར་དགེ་ཞེ་ན། ཉོན་མོངས་པ་རྩད་ནས་འབྱིན་པས་དགེ་བའོ། དེ་སུས་གསུངས་ཤེ་ན། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། མ་འོངས་རྣམས་ཀྱང་གསུང་འགྱུར་ལ། ཞེས་པ་ནི་རྒྱལ་བ་ཤཱཀྱ་ཐུབ་པས་རི་བོ་བྱ་རྐང་ཅན་དུ་ཕྱག་ན་རྡོ་རྗེ་ལ་འདི་གསུངས་པའི་དུས་སུ་དེའི་བྱིན་རླབས་ཀྱིས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་པདྨོ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་པདྨོ་མཆོག་ཅེས་བྱ་བས་ཀྱང་། འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་གསུངས་སོ། དེ་བཞིན་དུ་ཕྱོགས་ལྔ་པོར་ཡང་གསུངས་སོ། ཆོས་ཉིད་ཀྱི་མཁའ་རྣམ་པར་དག་པ་ནས་ཀྱང་སངས་རྒྱས་རྡོ་རྗེ་འཆང་གིས་འཁོར་གྱི་དེ་བཞིན་གཤེགས་པ་ལ་འདི་གསུངས་སོ། འོག་མིན་དུ་རྣམ་སྣང་གིས་བྱང་ཆུབ་སེམས་དཔའི་འཁོར་དང་། རི་རབ་ཀྱི་རྩེར་སྤྲུལ་སྐུ་འཁོར་ལོས་བསྒྱུར་བ་ལྟ་བུས་ཀྱང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་འདི་གསུངས་སོ། དགའ་ལྡན་དུ་ལྷ་རྣམས་ལ་རྒྱལ་བ་བྱམས་པས་འདི་གསུངས་ཤིང་། དེར་མ་ཟད་ཤིང་དང་རྡེའུ་དང་ནམ་མཁའ་སོགས་ལས་ཀྱང་འདིའི་སྒྲ་གྲག་པར་བྱུང་ངོ་། དེ་ཡང་། སེམས་དཔའ་མཆོག་གི་བསྟན་པ་ནི། དབང་འབྱོར་བ་དང་རྟོགས་པ་དང་། ཁ་དང་གཟུགས་ནི་ཐམས་ཅད་དང་། ནམ་མཁའ་ལས་ཀྱང་གྲག་པར་འགྱུར། ཞེས་འབྱུང་ངོ་། ད་ལྟར་བྱུང་བའི་རྫོགས་པའི་སངས་རྒྱས་སྟོན་པ་ཐུགས་རྗེ་ཅན་གྱིས་འདི་ཉིད་རྩ་རྒྱུད་ཁྲི་དྲུག་སྟོང་པར་ཡང་ལན་གཅིག་བཤད། ཕྱིས་དགའ་བ་སྤྱོད་པ་འདིར་ཡང་ལན་གཅིག་བཤད་པས། ཡང་དང་ཡང་དུ་གསུང་བ་གང་། རྩ་བའི་རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ལས། རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་གིས་ཀྱང་། དོན་དཔག་ཏུ་མེད་པ་རྣམས་ཀྱི་རྡོ་རྗེའི་གླུ་གསུངས་ནས་འཁོར་རྣམས་དགའ་བ་བསྐྱེད་པ་དེ་བཞིན་དུ་རྡོ་རྗེ་འཆང་གིས་གླུ་བླངས་པ་གང་ལགས་པ་བདག་ཅག་ལ་ཡང་བཤད་དུ་གསོལ་ཞེས་པའོ། ཞུས་པའི་དོན་དེ་དག་བཟུང་བར་ཁས་བླང་བ་ནི། མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། གསང་བའི་མཛོད་འཛིན་པར་ཅི་ནས་བདག་འགྱུར་བའི་ཕྱིར། ངེས་པར་འབྱུང་བ་བྱང་ཆུབ་ལ་ཐུག་གི་བར་དུ་ནི། བདག་གི་བསམ་པ་ཐེ་ཚོམ་དང་བརྗེད་པ་མེད་པར་བརྟན་པོས་བཟུང་ངོ་ཞེས་ཁས་བླང་བའོ། གཞན་དོན་དུ་བཤད་པར་ཁས་བླང་བ་ནི། བཟུང་ནས་ཅི་བྱེད་ཅེ་ན། སེམས་ཅན་རྣམས་ཀྱི་ཉོན་མོངས་པ་མ་ལུས་བསལ་བ་དང་དེའི་རྒྱུ་མི་ཤེས་པ་མ་ལུས་སྤང་བའི་ཕྱིར་བཤད་དོ། དེ་ཡང་བསམ་པ་ཇི་ལྟར་མོས་པའི་ཁྱད་པར་ཤེས་པར་བྱས་ཏེ། བསམ་པ་ཇི་བཞིན་དུ་སེམས་ཅན་རྣམས་ལ་བཤད་པར་འཚལ་གྱི་ཐུན་མོང་དུ་ནི་མ་ཡིན་ནོ། ལུས་ངག་ཡིད་གསུམ་གུས་པའི་ཚུལ་གྱིས་ཞུས་པ་ནི། གསང་དབང་ལག་ན་རྡོ་རྗེ་ཡིས། དེ་བཞིན་གཤེགས་ལ་དེ་སྐད་དུ། གསོལ་ནས་ཐལ་མོ་སྦྱར་བྱས་ཏེ། ལུས་གུས་པའི་ཚུལ་གྱིས་བཏུད་ནས་ནི་སྤྱན་སྔར་འདུག་སྟེ་གདན་པདྨ་ལས་ལུས་ཕྱེད་འཕགས་ཏེ་གསོལ་བ་བཏབ་པའོ། ད་ནི་ལན་གསུང་བའི་ལེའུ་བསྟན་པའི་ཕྱིར། སྟོན་པ་ལ་ཞུས་མ་ཐག་པའི་རྗེས་དེ་ནས་བདུད་བཞི་བཅོམ་ཞིང་ལེགས་པའི་ཡོན་ཏན་དྲུག་དང་ལྡན་པ་རྒྱལ་པོ་ཤཱཀྱའི་རིགས་སུ་སྐྱེས་པས་ཤཱཀྱ། སྐུ་གསུང་ཐུགས་མི་དགེ་བའི་ལས་ལ་བསྲུང་མི་དགོས་པར་རང་བཞིན་གྱིས་ཐུབ་པས་ཐུབ་པ། བདག་གཞན་གྱི་དོན་ཐམས་ཅད་རྫོགས་པའི་བདག་ཉིད་སྒྲིབ་པ་སངས་ཤིང་ཡེ་ཤེས་རྒྱས་པ་རྐང་གཉིས་མི་དང་ལྷ་རྣམས་ཀྱི་གཙོ་བོར་གྱུར་པས་མཆོག་གོ། དེས་ཚུལ་ཇི་ལྟར་བཤད་ཅེ་ན། ཉིད་ཀྱི་ཞལ་ནས་ལྗགས་དམ་པའི་ཆོས་ཀྱི་འབྱུང་གནས་ཡིན་པས་བཟང་བ་དང་། མི་དགེ་བའི་ཆོས་མི་གསུངས་པས་བཟང་བ། དེའི་མཚན་ཉིད་ནི་རིང་ཞིང་ཞལ་གྱི་ནང་དུ་ཡངས་པ་ཡི་ལྗགས་བརྐྱང་བར་མཛད་དེ། དེས་ལས་ཅི་མཛད་ཅེ་ན། ལྗགས་ཀྱི་རྩེ་མོ་ལས་འོད་ཟེར་འཕྲོས་ཏེ་དང་པོ་རི་བྱ་རྐང་ཅན་གསལ་བར་བྱས། དེ་ནས་འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་། འོད་ཟེར་གྱིས་བདུད་བཞིའི་དགྲ་རྣམས་འདུལ་བར་བྱེད་པ་དང་། ཁྱད་པར་འོད་ཟེར་ལས་ཁྲོ་ཚོགས་སྤྲོས་ཏེ་རྒྱུད་བཤད་པ་ལ་བར་དུ་གཅོད་པའི་ལྷའི་བུའི་བདུད་བཏུལ། འོད་ཟེར་ཕོག་པས་སེམས་ཅན་རྣམས་ཀྱི་ངན་སོང་གསུམ་སོགས་ཀྱི་སྡུག་བསྔལ་སྦྱང་བར་བྱེད་པའི་འཛུམ་བསྟན་ནས། ཞེས་པས་འཁོར་ལ་འཛུམ་པ་མཛད་པ་དང་། ལྗགས་བརྐྱང་བ་དང་། ལྗགས་ལས་འོད་ཟེར་བཀྱེ་བ་ནི་ཆོས་འབྱུང་བའི་སྔ་ལྟས་གསུམ་ཡིན་ཏེ། མེ་འབྱུང་བའི་སྔ་ལྟས་སུ་དུ་བ་འབྱུང་བ་ལྟ་བུའོ། གསུང་གང་གིས་ཞེ་ན། ཚངས་པའི་དབྱངས་ཀྱི་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་ནི་སྙན་པ་ཡིས། འཇིག་རྟེན་གསུམ་པོ་ཀུན་བཀང་ནས་སོ། འཁོར་གང་ལ་གསུངས་ཤེ་ན། སངས་རྒྱས་ཐམས་ཅད་འདུས་པས་དབང་བསྐུར་བ་ཡིན་ཏེ། དེ་ཡང་། ང་ནི་ཁྲོ་བོ་གོས་སྔོན་ཅན། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། ཞེས་པ་ལྟ་བུའོ། གསང་མཚན་ཏུ་ལག་ན་རྡོ་རྗེ་སྟོབས་པོ་ཆེ་ཞེས་བཏགས་པ། གསང་བའི་དབང་ཐོབ་ཅིང་སྐུ་གསུང་ཐུགས་ཀྱི་གསང་བ་ལ་དབང་བས། གསང་དབང་ལ་སྟོན་པས་གང་དུ་གླུར་བླངས་དེ་ནི་སླར་གསུངས་པའོ། སྙིང་རྗེ་ཆེ་དང་ལྡན་གྱུར་པས། འགྲོ་ལ་འདི་དང་ཕྱི་མར་ཕན་པའི་དོན་དུ་ཁྱོད་ང་ལ་དྲི་བ་ལ་འདི་བཤད་དོ་ཞེས་པའོ། ཡེ་ཤེས་དྲུག་རོ་གཅིག་པའི་ལུས་ཅན་འཇམ་དཔལ་གྱི་མིང་ནས་བརྗོད་པ་ནི་དོན་ཆེ་བའོ། ཅིའི་ཕྱིར་དོན་ཆེ་ཞེ་ན། བཀླག་པ་ཙམ་གྱིས་རང་རྒྱུད་ལ་ཡོད་པའི་སྒྲིབ་པ་ཐམས་ཅད་དག་པར་བྱེད་ཅིང་འཕྲལ་གྱི་སྡིག་པ་ཐམས་ཅད་སེལ་བར་བྱེད་པས་དོན་ཆེ་བའོ། འཁོར་ལ་ཉོན་ཅིག་ཅེས་པར་བསྐུལ་བའི་ཕྱིར། ཤཱཀྱ་ཐུབ་པ་ང་ལས་ཉན་པར་བརྩོན་པ་ནི། ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། ལག་ན་རྡོ་རྗེ་ཁྱོད་ལེགས་སོ། ཅིའི་ཕྱིར་ལེགས་ཤེ་ན། འཇམ་དཔལ་གྱི་དོན་དྲི་བའི་ཕྱིར་རོ། གསང་བའི་བདག་པོ་ཞེས་སྡུད་པ་པོ་ལ་བོས་ནས། མ་འོངས་པའི་སེམས་ཅན་རྣམས་ལ་ཕན་པར་བྱེད་པ་དེའི་ཕྱིར། ངས་ཁྱོད་ལ་མཚན་ཡང་དག་པར་བརྗོད་པ་རིགས་དྲུག་གི་བདག་ཉིད་ཅན་ལེགས་པར་བསྟན་པར་བྱ་ཡིས། ཁྱོད་ནི་རྩེ་གཅིག་པའི་ཡིད་ཀྱིས་ཉོན་ཅིག་ཅེས་བསྐུལ་བའོ། འོ་ན་ཕྱག་ན་རྡོ་རྗེ་ལ་ཡང་བསྐུལ་དགོས་སམ་ཞེ་ན། དེ་དགོས་པ་མ་ཡིན་ཏེ་ཕྱག་ན་རྡོ་རྗེ་ལ་མཚོན་ནས། ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ལ་སྣོད་ཀྱིས་མ་ཟིན་པ་དང་། བརྗེད་པ་དང་། འདྲེས་པ་དང་གསུམ་སྤོང་ལ་ཉོན་ཅིག་ཅེས་པར་གདམས་པའོ། དེ་ལྟར་གསུངས་པས་འཁོར་རྗེས་སུ་ཡི་རང་བ་ནི་བཅོམ་ལྡན་བདག་ཅག་འཇམ་དཔལ་གྱིས་ཆོས་གནང་བ་དེ་ནི་ལེགས་སོ་ཞེས་གསོལ་ཏོ། ཉན་པ་དེ་མ་ཐག་པ་དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ་པས་གསུངས་སོ་ཞེས་སྦྱར་རོ། གསང་སྔགས་རིགས་ཆེན་ཐམས་ཅད་དང་ཞེས་པ་འདིས་ནི་རིགས་བསྡུས་པ་ལ་གཟིགས་པ་བསྟན་ཏེ། གསང་སྔགས་འདི་མནྟྲ་ཞེས་པའི་སྒྲས་སྐྱོབ་པ་ལ་འཇུག་སྟེ། མདོར་ན་ཐབས་དང་ཤེས་རབ་ཁྱད་པར་ཅན་ལ་བྱའོ། རིགས་ལས་བྱུང་བས་ན་རིགས་སོ། རིགས་འཛིན་པས་རིགས་སོ། རིགས་ཐམས་ཅད་ཀྱི་བདག་པོར་གྱུར་ཅིང་རིགས་ཐམས་ཅད་འདུས་པས་ནི་རིགས་ཆེན་ནོ། འདིས་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་ཐེག་པ་རྣམས་བསྐྱེད་པའི་གནས་སུ་གྱུར་པས་ཀྱང་དེ་སྐད་ཅེས་བྱའོ། འདིའི་དགོས་པ་ནི་ཉོན་མོངས་པ་ལྔ་ཆ་མཉམ་དུ་འདུལ་བའི་གཉེན་པོ་སྟེ་མདོར་བསྟན་གྱི་ཚུལ་ལོ། གསང་སྔགས་རིག་སྔགས་འཆང་བའི་རིགས་ཞེས་པ་འདིས་ནི་ལས་ཀྱི་རིགས་ལ་གཟིགས་པ་བསྟན་ཏེ། གསང་སྔགས་ནི་ཕོ་སྟེ་ཐབས་སོ། རིག་སྔགས་ནི་མོ་སྟེ་ཤེས་རབ་བོ། བྱེད་ལས་ནི་གསང་སྔགས་ཀྱིས་ནི་ལོག་པར་རྟོག་པ་སེལ་ལོ། རིག་སྔགས་ཀྱིས་ནི་མ་རིག་པ་སེལ་ལོ། དེ་ཡང་། འདའ་བར་བྱ་བ་མ་ཡིན་ལ། དབྱེ་བར་དཀའ་བ་གསང་བ་ཉིད། གསང་སྟེ་བསྒྲུབ་ཕྱིར་སྔགས་པ་ནི། གསང་སྔགས་ཞེས་བྱའི་ངེས་པར་བརྗོད། ཅེས་པ་དང་། ངག་གི་རིག་མཆོག་བསྒྲུབ་པ་དང་། དངོས་གྲུབ་འདོད་པ་ཡོད་པ་སྟེ། དེ་ཕྱིར་རིག་སྔགས་ཞེས་བྱའོ། ཞེས་གསུངས་པ་ལྟ་བུའོ། འཆང་བ་ནི་འཛིན་པའོ། འདིའི་དགོས་པ་ནི། གདུལ་བྱ་ཕྲག་དོག་དང་ལེ་ལོ་ཤས་ཆེ་བ་རྣམས་འདུལ་བའོ། སྐུ་གསུང་ཐུགས་ཀྱི་རིགས་གསུམ་འདུས་པ་རྣམ་སྣང་གི་རིགས་ལ་ནི་རྣམ་པར་གཟིགས་སོ། འདིའི་དགོས་པ་ནི་གཏི་མུག་ཤས་ཆེ་བ་རྣམས་འདུལ་བའོ། འདིས་ནི་དེ་བཞིན་གཤེགས་པའི་རིགས་ལ་གཟིགས་པ་བསྟན་ཏོ། ད་ནི་པདྨའི་རིགས་ལ་གཟིགས་པ་བསྟན་ཏེ། སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་མཁྱེན་ཏེ། དེ་ཡང་གཉིས་སུ་སྣང་ལ་གཉིས་སུ་མ་ཞེན་པའི་ཚུལ་དུ་མཁྱེན་ནོ། དེས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ཀའི་རིགས་སོ། འདིའི་དགོས་པ་ནི་འདོད་ཆགས་ཤས་ཆེ་བ་རྣམས་འདུལ་བར་བྱེད་དོ། རྡོ་རྗེའི་རིགས་ལ་གཟིགས་པ་བསྟན་པ་ནི། འཇིག་རྟེན་གྱི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་མེ་ལོང་གི་གཟུགས་བརྙན་ལྟར་རྟོགས་པས། འཇིག་རྟེན་སྣང་བར་བྱེད་པ་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོར་གྱུར་པས་རིགས་ཆེན་དང་། འདིའི་དགོས་པ་ཞེ་སྡང་ཤས་ཆེ་བ་རྣམས་འདུལ་བར་བྱེད་དོ། ད་ནི་རྩ་བ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རིགས་བསྟན་ཏེ། ཕྱག་རྒྱ་ལ་སྤྱིར་དུ་མ་ཡོད་ཀྱང་འདིར་རྒྱས་འདེབས་པའི་ཕྱིར་ཕྱག་རྒྱ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པས་རྒྱས་འདེབས་པའི་ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། འདིའི་དགོས་པ་ནི་སྤྲོས་པའི་མཚན་མ་ཐམས་ཅད་འཇོམས་པར་བྱེད་དོ། རིན་ཆེན་རིགས་ལ་གཟིགས་པ་བསྟན་པ་ནི། རིན་ཆེན་འབྱུང་ལྡན་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བའི་རིགས་ཡིན་པས། རིགས་ཆེན་ཡོན་ཏན་གྱིས་མཐོ་བར་བྱས་པས་གཙུག་ཏོར་ཆེར་གཟིགས་ནས་ཞེས་པ་མིང་གི་རྣམ་གྲངས་ཏེ་གཟིགས་ཞེས་བྱ། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅེས་བྱའོ། དེ་ཡང་ཚུལ་ཇི་ལྟར་གཟིགས་ན། ཡེ་ཤེས་ཀྱི་སྤྱན་གྱིས་ཟབ་པ་ཇི་ལྟ་བའི་དོན་ལ་གཟིགས་པ་དང་། ཐུགས་རྗེའི་སྤྱན་གྱིས་རྒྱ་ཆེ་བ་ཇི་སྙེད་པ་ལ་གཟིགས་པའོ། ཡང་གསུམ་སྟེ། སྤང་བྱ་ཉོན་མོངས་པ་དང་། དེ་སྤོང་བའི་གཉེན་པོ་ལྷའི་རིགས་དང་། ལྷའི་རྟོག་པ་ཟློག་པར་བྱེད་པ་ཡེ་ཤེས་ལ་གཟིགས་པ་རྣམས་སུ་ཡང་སྦྱར་རོ། ད་ནི་སྒྱུ་འཕྲུལ་དྲྭ་བ་མན་ངག་གི་ལེའུ་བསྟན་པའི་ཕྱིར་ཐམས་ཅད་ལ་བསྟོད་པ། བཅོམ་ལྡན་འདས་གསུང་གི་མངའ་བདག་ཡིན་པས་ཚིག་གི་བདག་པོས་རིགས་ལ་གཟིགས་པ་ཐུགས་ལ་རྟོགས་ནས་རིགས་དྲུག་གི་བདག་ཉིད་ཚེག་བར་བདུན་པ་ཉིད་དུ་ཚིགས་སུ་བཅད་པའོ། བཛྲ་ཏཱིཀྵ་ན་ལ་སོགས་པ་ཡེ་ཤེས་སེམས་དཔའ་དྲུག་གི་གསང་སྔགས་རྒྱལ་པོ་དྲུག་དང་ལྡན་ཞིང་གཟུང་འཛིན་གཉིས་སུ་མེད་པར་ཡེ་ཤེས་ཀྱི་སྐུའི་བདག་ཉིད་དུ་འབྱུང་བ་དང་། རིག་པ་རང་གསལ་བ་དེ་ཡང་སྐྱེ་མེད་ཀྱི་རང་བཞིན་དུ་གནས་པས་མི་སྐྱེའི་ཆོས་ཅན་འབྲས་བུའི་མཆོག་འདི་གསུངས་པ། འབྲས་བུ་ལ་དྲོད་པ་བསྐྱེད་པའི་ཕྱིར་འབྲས་བུའི་ས་བསྟན་པ་ནི། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨོཾ་ཨཱཿ དེ་ཡང་དབྱངས་བཅུ་གཉིས་སོ། འབྲས་བུའི་ས་བཅུ་གཉིས་དང་སྦྱར་ཏེ་གསུངས་པས། སངས་རྒྱས་ཀྱི་ས་བཅུ་གཉིས་ལ་མཐོ་དམན་དང་རིམ་པ་ཡོད་པ་མ་ཡིན་ཏེ། ཡེ་ཤེས་གཅིག་ལ་ཡོན་ཏན་གྱི་བྱེ་བྲག་བཅུ་གཉིས་སུ་བསྟན་པའོ། དེ་ཡང་སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་ཀྱིས་མ་རིག་པ་བཅོམ་ནས་ཤེས་བྱ་གསལ་བར་སྣང་བ་དང་། ཉོན་མོངས་པ་མ་སྤངས་པར་ཡེ་ཤེས་སུ་གསལ་བ་དང་། མཐའ་དང་དབུས་མེད་པ་དང་། མི་འགྱུར་ཞིང་དབྱེར་མི་ཕྱེད་པ་དང་། སེམས་ཅན་གྱི་དགོས་འདོད་ཐམས་ཅད་འབྱུང་བ་དང་། འགྲོ་བའི་དོན་མཛད་ཀྱང་སྐྱོན་གྱིས་མ་གོས་པ་དང་། རྩོལ་བ་མེད་པར་གཞན་དོན་འགྲུབ་པ་དང་། ཡང་དག་པར་དཔེས་མཚོན་པ་དང་བྲལ་བ་དང་། ཕྱོགས་འདྲ་ཙམ་གྱིས་མཚོན་དུ་བཏུབ་པ་དང་། རིག་པ་རང་བཞིན་གྱིས་འོད་གསལ་བ་དང་། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་དང་། སོ་སོ་རང་རིག་པ་གཉིས་སུ་མཁྱེན་པའོ། དེ་རྣམས་སུ་སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་འདུས་པར་ཤེས་པར་བྱའོ། དེ་ཡང་འདི་སྐད་དུ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཀུན་ཏུ་འོད་ཀྱི་ས་ཆེན་པོ། དེ་ནི་ཉི་མའི་དཀྱིལ་འཁོར་འདྲ། བདུད་རྩི་འོད་ནི་གཉིས་པ་སྟེ། ཤིན་ཏུ་འོད་གསལ་ཟླ་བ་འདྲ། ནམ་མཁའ་འོད་ནི་གསུམ་པ་སྟེ། ནམ་མཁའ་ཇི་བཞིན་རབ་ཏུ་གནས། རྡོ་རྗེ་འོད་ནི་བཞི་བ་སྟེ། ས་དེ་ཉིད་ནི་ཡིད་དགའ་བའོ། ལྔ་པ་རིན་ཆེན་འོད་ཅེས་པ། དབང་བསྐུར་བ་ལ་རབ་ཏུ་གནས། པདྨའི་འོད་ནི་དྲུག་པ་སྟེ། པདྨ་བཞིན་དུ་རབ་ཏུ་གྱེས། བདུན་པ་ལས་ཀྱི་འོད་ཅེས་བྱ། སངས་རྒྱས་ཕྲིན་ལས་བྱེད་པར་འདོད། བརྒྱད་པ་དཔེ་མེད་ཅེས་པ་སྟེ། དོན་ལ་དཔེ་དང་མཉམ་པ་མིན། དཔེ་ལྡན་ཞེས་པ་དགུ་པ་ཡིན། ཐམས་ཅད་དཔེ་ནི་སོ་སོར་འབིགས། བཅུ་པ་ཤེས་རབ་འོད་ཅེས་པ། སངས་རྒྱས་ས་ནི་བླ་ན་མེད། བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། ས་ཆེན་རབ་ཏུ་འོད་གསལ་བ། བཅུ་གཉིས་སོ་སོར་རང་རིག་པ། སངས་རྒྱས་ཡེ་ཤེས་རབ་ཏུ་རྫོགས། ཞེས་འབྱུང་བས་གསལ་ལོ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད་དུ་འཇམ་དཔལ་ཉིད་བསྟན་པའི་ཕྱིར། སྠི་ཏོ་ཧྲཱི་དི་ཐུགས་ཀར་གནས་པའོ། ཛྙཱ་ན་མུརྟི་ཡེ་ཤེས་ཀྱི་སྐུའོ། ར་ཧཾ་བྷུདྡྷོ་དུས་གསུམ་གྱི་སངས་རྒྱས་སོ། བྷུདྡྷ་ནཱཾ་བདག་ཉིད་སངས་རྒྱས་ཡིན་ནོ། ཏྱཻ་དྷཱ་བརྟི་ནཾ་དུས་གསུམ་དུ་བཞུགས་པའོ། མཐའ་བསྡུས་པས་ནི་དུས་གསུམ་དུ་བཞུགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཐུགས་ལ་གནས་པའི་སངས་རྒྱས་ཡིན་ཞེས་པའོ། དེ་ལ་ཤེས་རབ་ཡེ་ཤེས་ཀྱི་འཁོར་ལོ་བསྒོམ་པ་བསྟན་པ་ནི། ཨོཾ་བཛྲ་ཏཱིཀྵྞ་རྡོ་རྗེ་རྣོན་པོ། དུཿཁཙྪེ་ད་སྡུག་བསྔལ་གཅོད་པའོ། པྲཛྙཱ་ཛྙཱ་ན་མཱུརྟ་ཡེ་ཡེ་ཤེས་ཀྱི་གཙུག་ཏོར་རོ། ཛྙཱ་ན་ཀཱ་ཡ་ཡེ་ཤེས་ཀྱི་སྐུ་ཅན་ནོ། ཝཱ་གཱི་ཤྭ་ར་ངག་གི་དབང་ཕྱུག ཨ་ར་པ་ཙ་ན་ཡ་ཏེ་ན་མཿསྐྱེ་བ་མེད་པའི་ཤེས་རབ་ཆགས་པ་མེད་པའི་སྤྱོད་ཡུལ་ཞེས་པའོ། དེ་དག་ནི་པདྨ་དང་རྡོ་རྗེ་དང་དེ་བཞིན་གཤེགས་པ་དང་། ལས་དང་རིན་པོ་ཆེ་དང་། བྱང་སེམས་རྡོ་རྗེའི་རིགས་ཏེ་གོ་རིམ་བཞིན་དུ་སྦྱར་བར་བྱའོ། བསྒོམ་ཞིང་སྔགས་བཟླས་པའི་ཚེ་ན་ནི་བདག་ཉིད་རྗེ་བཙུན་དུ་བསྒོམས་པའི་ཐུགས་ཀར་འཁོར་ལོ་རྩིབས་དྲུག་མུ་ཁྱུད་ལྡན་པ་ལ་སྔགས་དྲུག་པོ་བཀོད་ལ་སྤྲོ་བསྡུ་བྱ་ཞིང་བཟླས་པས། མཚན་བརྗོད་འདོན་པའི་དུས་སུ་ནི། འདི་རྣམས་མིང་གི་གཙོ་བོ་རྣམས་ཀྱི་སྒོ་ནས་བསྟོད་པ་ཡིན་པར་ཤེས་པར་བྱའོ། ད་ནི་རྩ་བ་བྱང་ཆུབ་སེམས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་ལེའུ་བསྟན་པ་ནི། མཚན་རྒྱས་པར་བཤད་པ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། རྫོགས་པའི་སངས་རྒྱས་ཆོས་སྐྱེ་བ་མེད་པ་བསྒོམས་པ་ལས་འབྱུང་བས་ཨ་ལས་བྱུང་ཞེས་བྱའོ། འོ་ན་ཡི་གེ་ཨ་གཅིག་པུ་ལས་འབྱུང་བ་ཅི་ཞེ་ན། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག ཅིའི་ཕྱིར་མཆོག་ཡིན་ཞེ་ན། ཆོས་ཀྱི་དོན་ཆེན་པོ་སྟོན་པའི་ཡི་གེ་དམ་པ་ཡིན་ནོ། ཅིའི་ཕྱིར་དམ་པ་ཡིན་ཞེ་ན། ཡི་གེའི་སྐྱེ་གནས་ལྕེ་རྐན་སོགས་ལ་རག་མ་ལས་པར་ཁོང་ནས་རང་བྱུང་དུ་འབྱུང་བ་དོན་ཆེན་པོ་སྐྱེ་བ་མེད་པའི་དོན་སྟོན་པས་ཡི་གེ་རྣམས་ཀྱི་དམ་པའོ། དེ་ཉིད་ལ་བརྗོད་དུ་མེད་པར་གནས་པས་ཚིག་ཏུ་བརྗོད་པ་སྤངས་པ་སྟེ་ཞེས་བྱའོ། བརྗོད་པའི་སྒྲ་ཐམས་ཅད་ཀྱི་རྒྱུའི་གཙོ་བོར་གྱུར་ཏེ་ངག་ཐམས་ཅད་ལ་འཇུག་པར་བྱེད་པས། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག ཚིག་ཀུན་རབ་ཏུ་གསལ་བར་བྱེད། འོ་ན་ཉོན་མོངས་པ་ཇི་ལྟར་སྤངས་ཞེ་ན། མཆོད་པ་ནི་ལྷ་མཉེས་པར་བྱེད་པའི་ཕྱིར་ན་མཆོད་པ་སྟེ། འདིར་ཉོན་མོངས་པ་མ་སྤངས་པར་ཡེ་ཤེས་སུ་གྲུབ་པ་དགོས་པ་མཐུན་ཏེ་རང་གིས་མཆོད་པའོ། ཆེན་པོའི་སྒྲ་ནི་དུག་སེལ་བའི་སྔགས་ལ་དུག་སྔགས་ཟེར་བ་ལྟར་མི་མཐུན་པའི་ཕྱོགས་འཇོམས་པས་ཆེན་པོའོ། འདི་ནི་འོག་མ་རྣམས་ལ་ཡང་སྦྱར་རོ། མཆོད་པ་ཆེན་པོ་ཆོས་མཉམ་པ་ཉིད་ལ་ངང་གིས་ཆགས་པས་འདོད་ཆགས་ཆེ། དེས་ལོག་པའི་འདོད་ཆགས་སེལ་བར་བྱེད་ཅིང་ཟག་མེད་ཀྱི་དགའ་བ་སྐྱེད་པར་བྱེད་པས་སེམས་ཅན་ཐམས་ཅད་དགའ་བར་བྱེད་པའོ། མཆོད་པ་ཆེན་པོ་རྣམ་པར་རྟོག་པ་འཇོམས་པའི་ཞེ་སྡང་ཆེ། ཞེ་སྡང་རང་ག་མ་འཇོམས་པས་ཉོན་མོངས་ཀུན་གྱི་དགྲ་ཆེ་བ། མཆོད་པ་ཆེན་པོ་གཏི་མུག་ཆེ། གཏི་མུག་བློ་སྟེ་ཞེས་པ་ཆོས་ཐ་དད་དུ་བྱེད་པ་མེད་པའི་དོན་གྱི་གཏི་མུག་དང་ལྡན་པས་གཏི་མུག་རང་ག་མ་སེལ་བའོ། མཆོད་པ་ཆེན་པོ་ཉོན་མོངས་པ་སྐྱེར་མི་སྟེར་བས་ཁྲོ་བ་ཆེ། ཁྲོ་བ་ཆེན་པོ་དེས་ཁོང་ཁྲོ་རང་ག་མ་འཇོམས་པས་དགྲ་ཆེ་བའོ། མཆོད་པ་ཆེན་པོ་ཟག་མེད་ཀྱི་བདེ་བ་ལ་ཆགས་པ་ཆེ། སེར་སྣའི་ཆགས་པ་རང་ག་མ་ཐམས་ཅད་སེལ་བར་བྱེད་པའོ། དེ་དག་ལ་མན་ངག་ཏུ་སྦྱར་ན། ཉོན་མོངས་པ་དེ་དག་ལ་ཞེན་པའི་གདུལ་བྱ་ལ་དེ་དག་མ་སྤངས་པར་རྗེས་སུ་མཐུན་པའི་སྤྱོད་པའི་ཐབས་ཀྱིས་གྲོལ་བར་བྱེད་པས་སྤྱོད་མཐུན་གྲོལ་བའི་མཆོད་པ། ཉོན་མོངས་པ་ཡེ་ཤེས་ལྔར་གནས་གྱུར་པས་གནས་གྱུར་ཡེ་ཤེས་ཀྱི་མཆོད་པ། ཉོན་མོངས་པ་ལྔ་ལས་གྲོལ་བས་རིགས་ལྔའི་སྐུ་ཕྱག་རྒྱ་ཆེན་པོ་ཐོབ་པས་གྲོལ་མཐར་ཕྱག་རྒྱའི་མཆོད་པ། ཉོན་མོངས་པ་ལ་བརྟགས་ན་ངོ་བོ་གྲུབ་པ་མེད་དེ་ཆོས་ཉིད་དུ་གནས་པས་རང་བཞིན་དག་པའི་མཆོད་པའོ། སེམས་ཅན་ཐར་པ་འདོད་པ་ཆེན་པོའི་བློ་ཡོད་པ་ཐར་པའི་བདེ་བ་ཆེན་པོ་སྐྱེད་པར་བྱེད་ཅིང་ཆོས་བསྟན་པས་དགའ་བ་ཆེན་པོ་བསྐྱེད་ལ་དོན་རྟོགས་པས་མགུ་བ་ཆེན་པོའི་སྦྱིན་པའོ། སྣང་ལ་རང་བཞིན་མེད་པའི་གཟུགས་ཆེ་བ་གདོས་པོ་ཅན་གྱི་ལུས་ལྟ་བུར་སྤྲུལ་ཏེ། དེ་ཡང་ཡེ་ཤེས་ལས་གྲུབ་པ་ཡིན་པས་ལུས་ཀྱང་ཆེ་བ་སྟེ། ནང་ན་ཡེ་ཤེས་གསལ་བའི་རྟགས་སུ་སྐུ་གཟི་མདངས་དང་ལྡན་པས་ཁ་དོག་ཆེ་ཞིང་གཞན་ཟིལ་གྱིས་གནོན་པས་ལུས་བོང་ཆེ་བའོ། གྲགས་པ་ཆེན་པོ་ཡོད་པས་མིང་ཡང་ཆེ་ཞིང་བསོད་ནམས་ཀྱི་ཚོགས་རྒྱས་པས་རྒྱ་ཆེ་བའོ། འདིར་ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པ་དང་། ནོ་པི་ཀ་མཐའ་དག་འབྱུང་བས་དཀྱིལ་འཁོར་ཆེན་པོ་ཀུན་ལ་ཁྱབ་པ་དང་གང་ཡང་བཀག་པ་མེད་པས་ཡངས་པ་ཡིན། དེ་ལ་ཡེ་ཤེས་ཀྱི་ཁྱད་པར་ནི་ཤེས་རབ་ཀྱི་མཚོན་ཆེན་འཆང་བས་ཉོན་མོངས་པ་འཇོམས་ཏེ། དཔེར་ན་ཉོན་མོངས་པ་གླང་པོ་ཆེ་སྨྱོན་པ་ལ་ཡེ་ཤེས་ལྕགས་ཀྱུས་འདུལ་བ་ལྟ་བུ་དང་ལྡན་པས། ཉོན་མོངས་ཆེན་པོའི་ལྕགས་ཀྱུ་མཆོག དེ་ཡང་ཁམས་གསུམ་དུ་གྲགས་པ་ཁྱད་པར་ཅན་ཡོད་པས་གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། ནང་དུ་ཡེ་ཤེས་གསལ་བའི་རྟགས་སུ་ཕྱིར་འོད་ཟེར་གསལ་བས་བསྐོར་བ་ནི་སྣང་བ་ཆེན་པོ་གསལ་བ་ཆེའོ། འགྲོ་བ་ལ་ཚོགས་གཉིས་རྫོགས་པར་བྱེད་པའི་ཐབས་ལ་མཁས་པ་སྒྱུ་མ་ལྟ་བུའི་རྣམ་པར་འཕྲུལ་པ་ཆེན་པོ་འཆང་བས་སྒྱུ་འཕྲུལ་ཆེན་པོ་འགྲོ་བའི་དོན་སྒྲུབ་པར་མཛད་པ་ཐུགས་རྗེས་འགྲོ་བའི་དོན་ལ་དགའ་ཞིང་། ཤེས་རབ་ཀྱིས་གཉིས་མེད་ཀྱི་དོན་ལ་དགའ་བས། སྒྱུ་འཕྲུལ་ཆེན་པོའི་དགའ་བས་དགའ་ཞེས་བྱའོ། སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན་ནི་མེད་པ་འཕྲུལ་ཞིང་ཡོད་པ་བསྒྱུར་བ་དང་འདྲ་སྟེ་དོན་ཟབ་མོ་མ་རྟོགས་པ་རྣམས་ལ་མིག་འཕྲུལ་བསྟན་ནས་དངོས་འཛིན་ཟློག་པའོ། དེས་ཐུན་མོང་གི་ལམ་ཇི་ལྟ་བུ་སྟོན་ཞེ་ན། འཁོར་གསུམ་ཡོངས་སུ་དག་པ་གཏོང་བས་སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། ཉེས་བྱས་མི་འབྱུང་བས་ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག མཚན་མས་མི་འཁྲུགས་པས་བཟོད་ཆེན་འཆང་བ་བརྟན་པ་པོ། རྟོག་པས་མ་གོས་པས་བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན་ལ། གཡེང་བ་ཉིད་ལ་རྡོ་རྗེར་བཤད། ཅེས་པ་ལྟ་བུའོ། དེ་ཡང་དོན་གྱི་སྒོ་ནས་བག་ཆགས་ཐམས་ཅད་འཇོམས་པས་དྲག་པོ་ཆེན་པོ། རྟགས་ཀྱི་སྒོ་ནས་གདུག་པ་འདུལ་བར་བྱེད་པའི་དྲག་པོའི་གཟུགས་སུ་སྤྲུལ་པས་དྲག་ཤུལ་ཆེ། དེས་གང་འཇིགས་པར་བྱེད་ན་ཁྱབ་འཇུག་དང་མ་ཧཱ་དེ་བ་ལ་སོགས་པ་འཇིགས་ཆེན་རྣམས་རྗེ་བཙུན་གྱིས་འཇིགས་པར་བྱེད་པས་ན་འཇིགས་པར་བྱེད་པ་པོའོ། ཁྱད་པར་གྱི་ལམ་གྱི་ཚུལ་གང་ཞེ་ན། གདུལ་བྱའི་མགོན་སྐྱབས་མཛད་པའི་མགོན་པོ་སྐུ་གསུང་ཐུགས་ཀྱི་ལྷའི་རིགས་ལས་མཆོག་ཏུ་གྱུར་པས་རིགས་མཆོག་ཆེན་པོ་སྟེ། འགྲོ་བ་ལ་དམ་པའི་ཆོས་ཉེ་བར་སྟོན་པས་བླ་མ། ཐབས་དང་ཤེས་རབ་ཁྱད་པར་ཅན་སྟོན་པས་གསང་སྔགས་ཆེ་བའི་མཆོག་གོ། དོན་གཅིག་ན་ཡང་མ་རྨོངས་དང་། ཐབས་མང་དཀའ་བ་མེད་པ་དང་། དབང་པོ་རྣོན་པོའི་དབང་བྱས་ནས། ས་དང་ཕ་རོལ་ཕྱིན་པ་ལས། སྔགས་ཀྱི་བསྟན་པ་ཁྱད་པར་འཕགས། ཞེས་གསུངས་པ་ལྟ་བུའོ། དེ་ཡང་ཐེག་པ་ཆེན་པོ་ནི་ཤེས་རབ་དང་སྙིང་རྗེའི་ཁྱད་པར་དུ་བྱས་པའོ། སྐལ་བ་ཅན་དེ་ལ་གཟུད་པའི་ཕྱིར་རང་ཉིད་ཀྱང་ཐེག་པ་ཆེན་པོའི་ཚུལ་ལ་གནས་པར་སྟོན་པའོ། སྣ་ཚོགས་སྟོན་པར་ཐབས་ཆེ་བ་ཡིན་ལ། ཐབས་དང་ཤེས་རབ་ནི་ཁྱབ་ཆེ་སྟེ་ལམ་དང་འབྲས་བུས་བསྡུས་པ་ཡོངས་ལ་གནས་སོ། འོ་ན་རྫུ་འཕྲུལ་གྱི་སྒོ་ཇི་ལྟ་བུས་དོན་མཛད་ཅེ་ན། སྟོད་ནས་མེ་འབར་སྨད་ནས་ཆུ་འབྲུབ་པ་དང་། གཅིག་དུ་མར་བྱེད། དུ་མ་གཅིག་ཏུ་བྱེད། སྟོང་གསུམ་ཕྱག་རྒྱར་ཤོང་བ། ཕྱག་རྒྱ་སྟོང་གསུམ་དུ་སྤྲུལ་པ་ལ་སོགས་པ་རྫུ་འཕྲུལ་ཆེན་པོ། ཚུར་མི་བརྫི་བ་དང་གཞན་ཕར་འཇོམས་པས་སྟོབས་དང་ལྡན་པ། འགྲོ་བའི་དོན་བྱེད་པ་ལ་ཡིད་ལྟར་མགྱོགས་པའི་ཤུགས་དང་ལྡན་པས་ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། དེ་ལྟ་བུའི་རྫུ་འཕྲུལ་ཆེན་པོ་དེ་ཉིད་ཉན་རང་དང་འཇིག་རྟེན་དང་བྱང་སེམས་རྣམས་ལ་ཆེར་གྲགས་པའོ། ཡེ་ཤེས་ཀྱི་སྟོབས་ཆེན་པོས་ཕ་རོལ་བདུད་བཞི་ཟིལ་གྱིས་གནོན་པ་པོ་ཞེས་བྱའོ། ཡང་ནས་ཡང་དུ་འགྲོ་བ་དྲུག་ཏུ་སྐྱེ་བས་སྲིད་པ་རི་བོ་ལྟར་གཞོམ་དཀའ་བས་རི་བོ་ཆེན་པོ་གཉིས་མེད་རྟོགས་པས་འཇོམས་པར་བྱེད་པའོ། དེ་ཡི་མཚན་ཉིད་མི་འགྱུར་བས་མཁྲེགས་ཤིང་། སྟོང་པ་ཉིད་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པས་རྡོ་རྗེ་ཆེན་པོ་འཆང་ཞེས་བྱའོ། མི་ཕྱེད་མི་ཆོད་མི་ཤིགས་པའི་སྟོང་པར་དགྲ་མེད་པས་བསམ་གཏན་ཆེན་པོའི་ཏིང་འཛིན་གནས། གཉིས་མེད་རྟོགས་པས་ཤེས་རབ་ཆེན་པོའི་ལུས་འཆང་བ། བདུད་ཀྱི་དཔུང་འཇོམས་པས་སྟོབས་པོ་ཆེ་ལ་བདག་དང་གཞན་གྲོལ་བར་བྱེད་པའི་ཐབས་སྣ་ཚོགས་མངའ་བས་ཐབས་ཆེ་བ། བདག་དང་གཞན་གྲོལ་བར་བྱེད་པའི་སྨོན་ལམ་མངའ་བས་སྨོན་ལམ་དང་། ཡེ་ཤེས་རྒྱ་མཚོ་སྟེ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མངའ་བ། རྒྱ་ཆེ་བ་དང་སྣང་ལ་ཞེན་པ་མེད་པ་རྒྱ་མཚོ་དང་འདྲའོ། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་བཅུ་དང་རྗེ་བཙུན་ལྡན་ལ་གཞན་ལ་ཡང་སྟོན་པར་མཛད་དོ། འགྲོ་བ་ལ་བུ་གཅིག་པའི་མ་བཞིན་དུ་བྱམས་པ་དེ་ཉིད་ལ་མ་ཞེན་པས་ཆེན་པོའི་རང་བཞིན་རིས་སུ་མ་ཆད་པ་དང་རེས་འཇོག་མེད་པས་དཔག་ཏུ་མེད་པའོ། འགྲོ་བ་ལ་སྙིང་རྗེ་རྒྱུན་མི་ཆད་པས་ཆེན་པོ་དེ་ཉིད་ལ་མ་ཞེན་པས་བློ་ཡི་མཆོག་གོ། ཐབས་དང་ཤེས་རབ་ཀྱི་ཁྱད་པར་ཅི་ཞེ་ན། ཆོས་རབ་ཏུ་རྣམ་པར་ཕྱེ་ནས་གཉིས་མེད་རྟོགས་པའི་ཤེས་རབ་ཆེན་པོ་དེས། འགྲོ་བའི་དོན་བྱེད་པའི་བློ་ཆེན་པོ་དང་ལྡན་པའི་སྒོ་ནས་ཐབས་ཀྱི་བྱ་བ་ལ་མཁས་པ་ཆེན་པོ་གདུལ་བྱའི་བསམ་པ་དང་སྦྱར་ནས། གང་ལ་ཇི་ལྟར་འདུལ་བའི་ཐབས་ཐེག་པ་ཆེན་པོ་འདིའི་ཚུལ་གྱི་འཁོར་འདས་དབྱེར་མེད་དུ་སྟོན་པས་ཕ་རོལ་ཏུ་ཕྱིན་པ་ལས་མཆོག་ཏུ་གྱུར་ཏོ། ད་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ཕྱིར། སྒྲིབ་པ་སངས་ཤིང་ཡེ་ཤེས་རྒྱས་པས་གདུལ་བྱ་ལ་རྣམ་པར་སྣང་བ་སྣ་ཚོགས་སུ་མཛད་ལ་གཞན་དོན་མཛད་པས་ཆེ་བའོ། སྐུ་གསུང་ཐུགས་མི་དགེ་བའི་ལས་ལ་བསྲུང་མི་དགོས་པར་རང་གིས་ཐུབ་པས་ཐུབ་པ་ཆེན་པོ་དེ་ཡང་དུས་རྟག་ཏུ་མཉམ་པར་བཞག་པས་ཐུབ་ཆེན་ལྡན་ནོ། གཞན་ལ་བསྟན་པ་མ་ཡིན་པས་གསང་བ་བསམ་གྱིས་མི་ཁྱབ་པའི་མཐུ་སྟོན་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྲོག་བསྐུལ་བས་ན་སྔགས་ཚུལ་ཆེན་ནི་ལམ་སྟེ་དེ་ལས་སངས་རྒྱས་བྱུང་བའོ། རྗེ་བཙུན་ཉིད་གསང་སྔགས་ཀྱི་ངོ་བོ་ཉིད་དུ་བཞུགས་པས་གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། ཐུན་མོང་གི་ལམ་གང་ཞེ་ན་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་དབང་ཐོབ་པ་སྟེ། གཞན་དེ་ལ་གཟུད་པའི་ཕྱིར་རང་ཡང་ཕ་རོལ་ཕྱིན་པ་བཅུ་ལ་གནས་པའི་ཚུལ་སྟོན་པ་དང་། དེ་རྣམས་ལ་མ་ཞེན་པས་ཕ་རོལ་ཕྱིན་བཅུ་དག་པ་སྟེ། ཕ་རོལ་ཕྱིན་པ་བཅུ་པོ་དེ་ཡི་ཚུལ་ལ་མཁས་པའོ། མགོན་པོ་འཇམ་དཔལ་ནི་ས་བཅུ་ལ་དབང་བསྒྱུར་བས་ས་བཅུའི་དབང་ཕྱུག་སྟེ། གཞན་དེ་ལ་གཟུད་པའི་ཕྱིར་ས་བཅུ་ལ་ནི་གནས་པའི་ཚུལ་སྟོན་པ་པོ། དེར་ཡང་མ་ཟད་དེ་ཆེ་བའི་ཡོན་ཏན་དུ་མར་སྣང་བའི་ཕྱིར། ཤེས་པ་བཅུ་བོ་རང་བཞིན་མེད་པར་ཤེས་པས་རྣམ་པར་དག་པའི་བདག་ཉིད་ཅན་ཞེས་བྱ་སྟེ། ཤེས་པ་བཅུ་ནི། ཆོས་ཤེས་པ། རྗེས་སུ་འགྲོ་བ་ཤེས་པ། ཕ་རོལ་གྱི་སེམས་ཤེས་པ། སྡུག་བསྔལ་ཤེས་པ། ཀུན་འབྱུང་ཤེས་པ། འགོག་པ་ཤེས་པ། ལམ་ཤེས་པ། ཟད་པ་ཤེས་པ། མི་སྐྱེ་བ་ཤེས་པའོ། དེ་རྣམས་གཞན་ལ་སྟོན་པས་ཤེས་བཅུ་རྣམ་དག་འཆང་བ་པོ་ཞེས་བྱའོ། རྣམ་པ་བཅུ་བོ་ནི་འཁོར་བའི་ཆོས་ཕུང་པོ་ལྔ། ཉོན་མོངས་པ་ལྔ་ཏེ་འཁོར་བའི་ཆོས་ཐམས་ཅད་བསྡུས་ན་དེར་འདུས་ཤིང་དེ་དག་རྣམ་པར་དག་པས་དོན་བཅུ་སྟེ་རིགས་ལྔ་ཡེ་ཤེས་ལྔའོ། དེ་བཅུ་ནི་དོན་དུ་གཉེར་བར་བྱ་བའི་འོས་ཡིན་པས་དོན་ཞེས་བྱའོ། ཐུབ་པ་ནི་རྒྱལ་བ་རྣམས་ཏེ། དེ་རྣམས་ཀྱི་གཙོ་བོར་གྱུར་པས་ཐུབ་དབང་། གནས་དང་གནས་མིན་མཁྱེན་པ་ལ་སོགས་པའི་སྟོབས་བཅུ་དེ་ཡང་ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ་པའི་བདག་ཉིད་དུ་བཞུགས་པའོ། ཐུགས་རྗེས་ཁྱབ་པ་ཙམ་མ་ཡིན་ཏེ་གདུལ་བྱ་ཀུན་གྱི་དོན་ནི་མ་ལུས་པར་ཇི་ལྟར་འཚམས་པར་བྱེད་པའོ། ཚེ། སེམས། ཡོ་བྱད། ལས། སྐྱེ་བ། རྫུ་འཕྲུལ། མོས་པ། སྨོན་ལམ། ཡེ་ཤེས། ཆོས་ཏེ་དབང་རྣམ་པ་བཅུ་ཡི་དབང་དང་ལྡན་པའི་ཆེ་བ་པོ། དེ་ལྟར་ན་མཚན་མ་ཅན་གྱི་སྐྱོན་དུ་མི་འགྱུར་རམ་ཞེ་ན། ཆོས་ཉིད་ལ་ཐོག་མ་དང་མཐའ་མ་མེད་པ་ལ་བརྟགས་པའི་མཐའ་ཐམས་ཅད་དང་བྲལ་བས་སྤྲོས་པ་མེད་པའི་བདག་ཉིད་འགྱུར་བ་མེད་པས་དེ་བཞིན་ཉིད་བདག་གཟུང་འཛིན་གྱི་དྲི་མ་མེད་པས་དག་པའི་བདག་གོ། དེ་ལྟར་ན་གཞན་གྱི་དོན་ལ་ཇི་ལྟར་འཇུག་ཅེ་ན། གཞན་མི་བསླུ་བར་དོན་དང་མཐུན་པར་བདེན་པར་སྨྲ་ཞིང་དམ་བཅས་པའི་ཚིག་གཞན་དུ་མི་འགྱུར་བའོ། ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུ་ཡིན་ནོ་ཞེས་ཇི་སྐད་སྨྲས་པ་དེ་བཞིན་དུ་རང་ཡང་སྤྱོད་པར་བྱེད་དོ། གཉིས་སུ་མེད་པར་གཟིགས་པ་དང་རང་གིས་ཇི་ལྟར་གཟིགས་པའི་གཉིས་སུ་མེད་དོན་སྟོན་པར་མཛད་པའོ། དེས་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པར་བསྟན་པ་ནི། ཡང་དག་པའི་མཐའ་གཉིས་མེད་ལ་རྣམ་པར་གནས་པས། བདག་དང་བདག་གིར་མངོན་ཞེན་མེད་པའི་ཆོས་ཀྱི་སེང་གེའི་སྒྲ་འཇིགས་པ་མེད་པར་སྒྲོག་པ་དང་ལྡན་པས་ལྟ་བ་ལོག་པ་བདག་ཏུ་རྟོགས་ཅིང་། ནང་བ་ལ་སྨོད་པའི་མུ་སྟེགས་ཀྱི་རི་དྭགས་ངན་པ་རྣམས་འཇིགས་ཤིང་སྐྲག་པར་བྱེད་ཅིང་། དུས་ཀུན་ཏུ་འགྲོ་བའི་དོན་ཡོད་པ་སྟེ་སྐྱེས་བུ་ཆེན་པོའི་སྟོབས་ལྟར་སྣང་ནས་དོན་མཛད་དོ། དེ་ཡང་འགྲོ་བའི་དོན་ལ་དེ་ཀ་བཞིན་དུ་གཤེགས་པའི་ཚུལ་དཔེར་ན་ཡིད་ལྟར་མགྱོགས་པའོ། དེ་ལ་སྐུའི་ཡོན་ཏན་ཇི་ལྟར་སྣང་ན། ཡོན་ཏན་གྱི་བགོ་སྐལ་གྱིས་མ་ཕམ་པས་རྒྱལ་བ། རྣམ་པར་རྟོག་པ་ལས་རྒྱལ་བས་དགྲ་རྒྱལ་བདུད་བཞི་ལས་རྣམ་པར་རྒྱལ་བ་སྟེ། འཇིག་རྟེན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར་སྤྲུལ་ནས་འགྲོ་བའི་དོན་མཛད་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་པས་འགྲོ་བའི་ཁ་ལོ་བསྒྱུར་བ་དང་། དཀྱིལ་འཁོར་གྱི་གཙོ་བོ་མཛད་པས་ཀྱང་འཁོར་ལོས་བསྒྱུར་བ་སྟེ་གཞན་གྱི་དཔུང་འཇོམས་པས་སྟོབས་པོ་ཆེའོ། ཉན་ཐོས་ཀྱི་ཚོགས་ཀྱི་སློབ་དཔོན། རང་རྒྱལ་འདྲེན་པས་ཚོགས་ཀྱི་མཆོག བྱང་ཆུབ་སེམས་དཔའི་ཚོགས་རྗེ། དེ་བཞིན་གཤེགས་པ་ཚོགས་ཀྱི་བདག་པོ་རྣམས་ལ་དབང་བསྒྱུར་བའི་མཐུ་དང་ལྡན་པའོ། དེར་ཡང་མ་ཟད་དེ་གཟུང་འཛིན་འཇོམས་པའི་མཐུ་ཆེན་པོ་མངའ་བས་ཤིན་ཏུ་གཅེས་པའི་ཆོས་གཉིས་སུ་མེད་པ་གཅེས་པར་འཛིན་པ་སྟེ། དེས་ན་གསང་སྔགས་ཀྱི་ཚུལ་ཆེན་པོ་ནི་ལམ་ལ་བགྲོད་དུ་མེད་པས་གཞན་གྱི་དྲིང་མི་འཇོག་སྟེ་གཞན་གྱིས་བཀྲི་མི་དགོས་པའོ། དེ་ལ་གསུང་གི་ཡོན་ཏན་ཇི་ལྟ་བུ་འབྱུང་ཞེ་ན། དོན་སོ་སོ་ཡང་དག་པར་རིག་པས་ཚིག་རྗེ། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་ཚིག་བདགཆོས་སོ་སོ་ཡང་དག་པར་རིག་པས་སྨྲ་མཁས་པ། སྤོབས་པ་སོ་སོ་ཡང་དག་པར་རིག་པས་ཚིག་ལ་དབང་བ། སྒྲ་སྐད་སྣ་ཚོགས་ཀྱི་དོན་མཛད་པས་ཚིག་མཐའ་ཡས་སོ། མི་བསླུ་བའི་ཆོས་གསུངས་པས་ཚིག་བདེན་པ་དང་བདེན་པར་སྨྲ་བ་བདེན་པ་གཉིས་དང་། བདེན་པ་བཞི་ནི་ཕྱེ་ནས་ཀྱང་སྟོན་པ་པོ་ངེས་པར་འབྱུང་བའི་ཆོས་སུ་ཇི་ལྟར་སྣང་ཞེ་ན། སྤྱིར་བཟོད་པ་ཐོབ་ནས་ངན་སོང་དུ་མི་ལྡོག ས་དང་པོ་ཐོབ་ནས་འཁོར་བར་མི་ལྡོག བརྒྱད་པ་ནོན་ནས་ཐེག་དམན་དུ་མི་ལྡོག་སྟེ། དེ་ཕྱིན་ཆད་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་འཁོར་བར་ཕྱིར་མི་འོང་ངོ་། འགྲོ་བའི་དོན་དུ་སྤྲུལ་པ་ནི་མ་གཏོགས་སོ། འདྲེན་པ་རང་རྒྱལ་ནེ་ཙོ་ལྟར་ཚོགས་སྤྱོད། གཅིག་པུར་གནས་པ་བསེ་རུའི་ཚུལ་ནི་བསེ་རུ་ལྟ་བུའོ། རྗེ་བཙུན་དེ་དག་ཏུ་སྤྲུལ་པའོ། དེར་མ་ཟད་ཐེག་པ་སྣ་ཚོགས་ཀྱི་སྒོ་ནས་གང་ལ་གང་གིས་འདུལ་བ་དང་ཁམས་གསུམ་ལས་ངེས་པར་འབྱུང་བའི་ལམ་སྣ་ཚོགས་སྟོན་པར་མཛད་པས་གདུལ་བྱ་རྣམས་ངེས་པར་འབྱུང་བ་ལ་འགོད་པའོ། འབྱུང་བ་ཆེན་པོ་ལྔར་སྣང་ནས་ཀྱང་དོན་མཛད་དེ། དེ་དག་གི་རྒྱུ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པས་རྒྱུ་གཅིག་པོ་ཞེས་བྱའོ། དགེ་བ་ལམ་དུ་སློང་ཞིང་ཉོན་མོངས་པའི་དགྲ་བཅོམ་པ་སྲིད་པར་སྐྱེ་བའི་ཟག་པ་ཟད་པ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་བྲལ་བས་སྤྱོད་ཡུལ་གྱིས་མི་གོས་ཏེ་མིག་ལ་སོགས་པའི་དབང་པོ་ཡུལ་ལྔ་ལ་མི་ཆགས་པས་ཐུལ་བའོ། ཟག་པ་མེད་པའི་བདེ་བ་རྙེད་པས་སྲིད་པའི་སྡུག་བསྔལ་གྱིས་འཇིགས་པ་མེད་པ་ཐོབ་པའོ། དེ་འཆད་པ་པོའི་ཚུལ་ཅི་འདྲ་ཞེ་ན། བསིལ་བ་ཆུ་ལྟ་བུར་གྱུར་པའི་ཆོས་ཉིད་ཀྱིས་ཉོན་མོངས་པའི་གདུང་བ་སེལ་ཞིང་། གློ་བུར་གྱི་རྣམ་པར་རྟོག་པ་དྲི་མ་ཆུའི་རྙོག་པ་ལྟ་བུ་མེད་པའོ། མིག་དང་འདྲ་བའི་ལྟ་བ་རིག་པ་དང་ནི་རྐང་པ་དང་འདྲ་བའི་སྤྱོད་པར་ཟུང་འབྲེལ་དུ་ལྡན་པས། འཁོར་བའི་སྡུག་བསྔལ་དང་བྲལ་བས་བདེ་བར་གཤེགས་པ། སེམས་ཅན་གྱི་ལས་འཕྲོ་དང་མོས་པ་དང་། སྣོད་དུ་རུང་མི་རུང་དང་འདུལ་བའི་དུས་ལ་བབ་མ་བབ་མཁྱེན་པས། ཉན་ཐོས་དང་རང་རྒྱལ་ལས་ཁྱད་པར་དུ་འཕགས་པས་འཇིག་རྟེན་རིག་པའི་མཆོག་གོ། མངོན་སུམ་དུ་སྣང་བ་འདི་སྒྱུ་མ་ལྟ་བུར་མཁྱེན་པས་ཕྱི་ཡུལ་ལ་བདག་གིར་མི་འཛིན་ནང་སེམས་ལ་ངར་མི་འཛིན་ཏེ། རང་དོན་དང་གཞན་དོན་གྱི་དབང་གིས་བདེན་པ་གཉིས་ཀྱི་ཚུལ་ལ་གནས་པར་བྱེད་དོ། འོ་ན་འཁོར་བར་མི་འགྱུར་རམ་ཞེ་ན། འཁོར་བའི་ཕ་རོལ་མཐར་སོན་པ་སྟེ། བྱ་བ་བྱས་པས་སྟོབས་དང་ལྡན་པ་འདམ་ནས་འཐོན་པ་ལྟར་སྐམ་སར་གནས་པའོ། དེའི་རྒྱུ་ཤེས་པ་འབའ་ཞིག་ངེས་གསལ་བ། ཞེས་གཉིས་སུ་མེད་པར་རྟོགས་པའི་ཡེ་ཤེས་ལས་གཟུགས་སྐུ་གཉིས་འབྱུང་བའོ། དེས་བསྟན་པའི་ཆོས་གང་ཞེ་ན། ཤེས་རབ་མཚོན་ཆ་ལྟ་བུས་ཉོན་མོངས་པ་རྣམ་པར་འཇོམས་པ། དམ་པའི་ཆོས་ཆོས་ཀྱི་རྒྱལ་པོ་ལྟ་བུ་ཐུགས་ལ་གསལ་བར་ལྡན་པས། འཇིག་རྟེན་པ་ལ་ཡེ་ཤེས་སྣང་བར་བྱེད་པའི་བདག་ཉིད་ཐར་པ་མཆོག་ལ་སྦྱོར་བའོ། དེས་གཞན་དོན་འབྱུང་བའི་ཚུལ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་རྗེ་བཙུན་ཉིད་དབང་བསྒྱུར་བས་ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ་བའོ། དེས་གདུལ་བྱ་རྣམས་ཉོན་མོངས་པ་ལས་རྒྱལ་བར་བྱས་ནས་ཕྱིན་ཅི་མ་ལོག་པར་ལེགས་པའི་ལམ་ཇི་ལྟར་འཚམས་པར་བསྟན་ཏེ། སེམས་ཅན་གྱི་དོན་དང་བསམ་པ་འགྲུབ་པར་བྱེད་པས། ལེགས་པའི་ལམ་ནི་སྟོན་པ་པོ། དོན་འགྲུབ་བསམ་པ་འགྲུབ་པ་སྟེ། ཞེས་བྱའོ། འོ་ན་རྗེ་བཙུན་ཉིད་རྟོག་བཅས་སུ་མི་འགྱུར་རམ་ཞེ་ན། གཞན་དོན་མཛད་ཀྱང་ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་པ་སྟེ་ཡང་དག་པའི་ཡེ་ཤེས་ལོག་རྟོག་དང་འགལ་བའི་ཕྱིར་རོ། རྣམ་པར་མི་རྟོག་ཀྱང་དབྱིངས་ལས་ཡོན་ཏན་མི་ཟད་པ་འབྱུང་སྟེ། ཡོན་ཏན་གྱི་འབྱུང་ཁུངས་ཆོས་ཀྱི་དབྱིངས་དམ་པ་ལ་ཡོན་ཏན་ཟད་མི་ཤེས་པ་ལྡན་པའོ། དེས་ཚོགས་ཇི་ལྟར་རྫོགས་ཤེ་ན། རྗེ་བཙུན་ཉིད་ཡེ་ནས་བསོད་ནམས་ཀྱི་ཚོགས་དང་ལྡན་པ་ཡིན་ཡང་གཞན་དེ་ལ་གཞུག་པའི་ཕྱིར་ཉིད་ཀྱང་བསོད་ནམས་ཀྱི་ཚོགས་གསོག་པའི་ཚུལ་སྟོན་པའོ། ཡེ་ཤེས་ཀྱི་ཚོགས་དང་ཡང་ལྡན་ཏེ། དེ་ཡང་ཉན་རང་གི་ཡེ་ཤེས་ལས་ཀྱང་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཡོན་ཏན་གྱི་འབྱུང་གནས་ཁྱད་པར་ཆེ་སྟེ། དེ་ལས་ཀྱང་ཁྱད་པར་དུ་གྱུར་པ་སངས་རྒྱས་ཀྱི་ཡེ་ཤེས་དང་ལྡན་པ། ཡོད་པ་ཇི་སྙེད་པའི་ཆོས་ཅན་མེད་པ་ཇི་ལྟ་བའི་ཆོས་ཉིད་ཤེས་པའོ། དེ་ལྟར་ཚོགས་གཉིས་རྫོགས་པས་ཚོགས་གཉིས་ཚོགས་ནི་བསགས་པ་པོ་ཞེས་ཚོགས་ལས་འབྱུང་བར་བསྟན་པའོ། ཚོགས་བསགས་པ་ལས་སངས་རྒྱས་ཀྱི་སྐུ་ཇི་ལྟར་འབྱུང་ཞེ་ན། དོན་དམ་པ་ཆོས་ཀྱི་སྐུ་མི་འགྱུར་བ་དེ་རྣམ་རྟོག་གི་དགྲ་ལས་རྒྱལ་བས་རྟག་པ་ཀུན་རྒྱལ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བས་རྣལ་འབྱོར་ཅན་ཏེ། འདི་སྐད་དུ། ཐབས་དང་ཤེས་རབ་སྙོམས་འཇུག་པ། རྣལ་འབྱོར་ཞེས་སུ་བརྗོད་པ་ཡིན། ཞེས་གསུངས་པ་ལྟ་བུའོ། རྣམ་པར་མི་རྟོག་པའི་སྙིང་པོ་ལ་རྣམ་པར་རྟོག་པས་མི་གཡོ་བས་བསམ་གཏན་སངས་རྒྱས་དོན་དུ་གཉེར་བ་རྣམས་ཀྱིས་བསམ་པར་བྱ་བའི་འོས་ཡིན་པས་བསམ་བྱ་གཉིས་མེད་རྟོགས་པས་བློ་ལྡན་མཆོག་གོ། ཆོས་སྤྱི་དང་རང་གི་མཚན་ཉིད་མ་འདྲེས་པར་སོ་སོར་རང་གིས་རིག་པ་དེ་ལ་མ་ཞེན་པ་ནི་མི་གཡོ་བའོ། དེ་ལྟ་བུ་ནི་སྐུ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་མཆོག་གི་སྐུའི་བྱེ་བྲག་གཞན་འབྱུང་བ་ལ་དང་པོ་དེ་ཐོབ་དགོས་པས། དང་པོ་སྐུ་གསུམ་འཆང་བ་ནི་དེའི་ཡོན་ཏན་གྱི་ཁྱད་པར་སྐུ་གསུམ་དུ་སྣང་བའོ། དེ་ལ་སྐུ་དང་ཡེ་ཤེས་ཀྱི་བྱེ་བྲག་ཇི་ལྟར་འབྱུང་ཞེ་ན། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན་ནི་སྐུ་གསུམ་མི་འགྱུར་རྡོ་རྗེ་མངོན་པར་བྱང་ཆུབ་སྟེ་ལྔའོ། ཁྱབ་བདག་ནི་ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་པ་སྟེ། ཡེ་ཤེས་ལྔ་ཡི་བདག་ཉིད་རྣམ་སྣང་ལ་སོགས་པའི་སངས་རྒྱས་ལྔ་བདག་ཡེ་ཤེས་ལྔ་ལས་སངས་རྒྱས་ལྔས་བརྒྱན་པའི་ཅོད་པཎ་ཅན་ཞེས་བྱའོ། སྤྱན་ལྔ་ནི་ཤའི་སྤྱན། ལྷའི་སྤྱན། ཤེས་རབ་ཀྱི་སྤྱན། ཆོས་ཀྱི་སྤྱན། སངས་རྒྱས་ཀྱི་སྤྱན་ཏེ་དེ་རྣམས་ལ་ཐོགས་པ་མེད་ཅིང་ཆགས་པ་མེད་པ་འཆང་བའོ། སངས་རྒྱས་ཐམས་ཅད་སྐྱེད་པ་པོ། ཞེས་པ་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་རྟོགས་ནས་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་དུ་འགྱུར་ཞིང་། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ཀྱི་སྲས་ཡིན་པས་སངས་རྒྱས་སྲས་པོ། སྙིང་རྗེ་དང་ཤེས་རབ་ཆེན་པོས་སངས་རྒྱས་ཀྱི་རིགས་འཛིན་ཅིང་མཛད་པ་སྒྲུབ་པས་དམ་པའི་མཆོག་ཅེས་བྱ་སྟེ། དེ་ཡང་གནས་སྐབས་སུ་རྗེ་བཙུན་ཉིད་བྱང་ཆུབ་སེམས་དཔའི་གཟུགས་སུ་བཞུགས་ནས་འགྲོ་བའི་དོན་མཛད་པས་དེ་སྐད་ཅེས་བྱའོ། དེས་མཛད་པ་ཅི་མཛད་ཅེ་ན། དེ་ཁོ་ན་ཉིད་ཤེས་པས་སྲིད་པ་ལས་འབྱུང་སྟེ་འཁོར་བར་སྐྱེ་བའི་གནས་མེད་དོ། ཆོས་ཀྱི་སྐུ་རྟོགས་པ་ལས་ཡེ་ཤེས་འབྱུང་བ་སྟེ་དེས་སྲིད་པ་འབྱུང་བའི་རྒྱུ་ལས་དང་ཉོན་མོངས་པ་སེལ་ལོ། གང་གིས་སེལ་ན་ཡེ་ཤེས་དྲུག་རོ་གཅིག་པས་གཅིག་པུ་གཞན་གྱིས་མི་ཤིགས་མི་ཕྱེད་པས་སྲ་མཁྲེགས་རྡོ་རྗེའི་བདག་ཉིད་དེས་སེལ་ལོ། དུས་ནམ་སེལ་ན་སྐྱེས་མ་ཐག་ཏུ་སེལ་ནས་འགྲོ་བའི་བདག་ཉིད་ཆེན་པོར་འགྱུར་བའོ། འགྲོ་བའི་བདག་ཉིད་ཆེན་པོ་དེ་ལ་ཡེ་ཤེས་ལྔ་ཡི་ཚུལ་གྱིས་གཞན་གྱི་མ་རིག་པ་ཇི་ལྟར་སེལ་ན། ཆོས་ཀྱི་དབྱིངས་ནམ་མཁའ་དང་འདྲ་བ་ལས་བྱུང་བ་རང་བྱུང་བ་སྟེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། ཤེས་རབ་དམ་པ་རྟོགས་ཏེ་གསལ་ལ་རྟོག་པ་མེད་པའི་ཡེ་ཤེས་ཀྱི་མེ་བོ་ཆེ་ཡི་མེས་རྩྭ་སྦུར་སྲེག་པ་ལྟར་སྒྲིབ་པའི་ཚོགས་འཇོམས་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། འོད་ཆེན་པོ་འབར་བས་གདུལ་བྱ་ལ་ཆེ་བའི་ཡོན་ཏན་སྣ་ཚོགས་རྣམ་པར་སྣང་བར་བྱེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། སོ་སོར་རྟོགས་པའི་ཡེ་ཤེས་སྤྲིན་མེད་པའི་ནམ་མཁའ་ལ་སྐར་མའི་ཚོགས་གསལ་བ་ལྟར་ཡེ་ཤེས་ཀྱི་སྣང་བ་ལམ་མེ་གསལ་བ་ནི་ཆོས་རྣམས་ཀྱི་མཚན་ཉིད་མ་འདྲེས་པ་རྟོགས་པ་སོ་སོར་རྟོགས་པའི་ཡེ་ཤེས་སོ། བྱ་བ་གྲུབ་པའི་ཡེ་ཤེས་འགྲོ་བའི་མ་རིག་པའི་མུན་པ་སེལ་བས་མར་མེ་ལྟ་བུ་ཡེ་ཤེས་སྣང་བ་གསལ་བའི་སྒྲོན་མེ་ཆེན་པོའོ། གཞན་ཟིལ་གྱིས་གནོན་པའི་གཟི་བརྗིད་ཀྱི་ཕུང་པོ་ཆེན་པོ་མངའ་ཞིང་ནང་ན་ཡེ་ཤེས་གསལ་བའི་རྟགས་སུ་ཕྱི་རོལ་གྱི་འོད་ཁ་དོག་ལྔ་གསལ་བའོ། སྔགས་ཀྱི་མཆོག་ཏུ་གྱུར་པ་གསང་སྔགས་རིག་སྔགས་ཡིན་ལ། དེའི་མངའ་བདག་ཏུ་གྱུར་པ་དང་རིག་སྔགས་ཀྱི་རྒྱལ་པོ་ཤེས་རབ་དང་ཡེ་ཤེས། གསང་སྔགས་ཀྱི་རྒྱལ་པོ་ཐབས་དང་ཤེས་རབ་ཁྱད་པར་ཅན་ཡིན་པས། སྐལ་བ་ལྡན་པ་ལ་དེ་གཉིས་ཀྱི་སྒོ་ནས་དོན་ཆེན་བྱེད་པའོ། དེ་ནི་རྨད་དུ་བྱུང་བའི་ཆོས་ཡིན་པས་གཙུག་ཏོར་ལྟར་ཀུན་གྱིས་སྤྱི་གཙུག་ཏུ་བཀུར་བར་འོས་པའི་ཕྱིར་གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག དེ་ཙམ་དུ་མ་ཟད་འཕྲུལ་པ་སྣ་ཚོགས་སུ་འབྱུང་བའི་ཟད་པ་རང་གི་དོན་ནམ་མཁའི་བདག་པོའི་ནམ་མཁའི་བདག་ཉིད་ནམ་མཁའ་ལྟ་བུ་ལས་རྒྱ་ཆེ་བ་གཞན་གྱི་དོན་སྣ་ཚོགས་སྟོན་པའོ། སངས་རྒྱས་ཀུན་གྱི་བདག་ཉིད་དངོས་མཆོག་ནི་སྐུ་དྲུག་པོ་རོ་གཅིག་པའོ། དེས་འགྲོ་བའི་དོན་ལ་གཟིགས་ཏེ་འགྲོ་ཀུན་ཇི་ལྟར་དགའ་བའི་གཟུགས་སྣ་ཚོགས་མཛད་ཚུལ་མཁྱེན་པའི་མིག་དང་ལྡན་པ་སྟེ། མདོར་ན་བྱང་ཆུབ་ཀྱི་སེམས་སྣ་ཚོགས་པའི་གཟུགས་ཅན་དུ་སྤྲུལ་ནས་གདུལ་བྱ་ལ་ཡོན་ཏན་སྐྱེད་པའོ། དེ་ཉིད་དོན་དང་ལྡན་པས་གཞན་གྱིས་བཀུར་བའི་འོས་སུ་གྱུར་པའི་ཕྱིར། ལྷ་དང་བཅས་པས་མཆོད་ཅིང་བརྗོད་པ་དྲང་སྲོང་ཆེན་པོ། སྐུ་གསུང་ཐུགས་ཀྱི་རིགས་གསུམ་འཆང་བ་ཐབས་ཤེས་ཁྱད་པར་ཅན་འཆང་བ་གསང་སྔགས་ཅན། དོན་ལས་མི་འདའ་བས་དམ་ཚིག་ཆེན་པོ་གསང་སྔགས་ཀྱི་སྒོ་ནས་གདུལ་བྱ་རྗེས་སུ་འཛིན་པའོ། རྩ་བ་བྱང་ཆུབ་སེམས་ཏེ་ཆོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས། གཙོ་བོ་དཀོན་མཆོག་གསུམ་གྱི་ཚུལ་འཛིན་ཅིང་གཞན་ལའང་འཛིན་དུ་འཇུག་པར་མཛད་པ། དེ་ཡང་རྒྱ་ཆེ་བའི་དཀོན་མཆོག་ནི་སྤྱི་དང་མཐུན། ཟབ་པའི་དབང་དུ་བྱས་ནས། བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པས་སངས་རྒྱས་དཀོན་མཆོག དེའི་དོན་རྟོགས་པས་ཆོས་དཀོན་མཆོག རྗེས་སུ་སྒྲུབ་པས་ནི་དགེ་འདུན་དཀོན་མཆོག་གོ། ཆོས་ཀྱི་སྒོ་མོ་ཇི་སྙེད་པ་ཡང་ཐེག་པ་གསུམ་དུ་འདུས་ཏེ་གདུལ་བྱ་རྗེས་སུ་བཟུང་བའི་ཕྱིར། ཐེག་པ་མཆོག་གསུམ་གདུལ་བྱའི་བློ་དང་སྦྱར་ནས་གང་མོས་པ་ལ་སྟོན་པ་པོ་སྟེ་འགྲོ་བའི་དོན་ཡོད་པར་མཛད་པ་ནི་ཞགས་པ་དང་འདྲ་བས། གདུལ་བྱ་རྗེས་སུ་བཟུང་ནས་འཁོར་བ་ལས་རྣམ་པར་རྒྱལ་བར་བྱེད་དོ། ཐུགས་རྗེའི་ཞགས་པས་གདུལ་བྱ་རྗེས་སུ་འཛིན་པ་ཆེན་པོ་ཆོས་སྐུ་རྡོ་རྗེ་ལྟ་བུ་རྟོགས་པ་ལས་བྱུང་བས་རྡོ་རྗེ་ཞགས་པ་ཞེས་བྱའོ། ཐུགས་རྗེས་གདུལ་བྱ་རྗེས་སུ་འཛིན་པས་རྡོ་རྗེ་ལྕགས་ཀྱུ་དང་འདྲ། ཉོན་མོངས་པ་རྣམས་འཆིང་བས་ཞགས་པ་དང་འདྲ་ཞིང་དེ་ཉིད་ལའང་མ་ཞེན་པས་ཆེ་ཞེས་བྱའོ། ད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ཕྱིར་འདིར་ཁྲོ་བོ་གཤིན་རྗེའི་མིང་བསྟན་ཏེ། དེ་ཡང་རྡོ་རྗེའི་རིགས་ཡིན་པས་རྡོ་རྗེ་ཤིན་ཏུ་འཇིགས་པར་བྱེད་པའི་ཆ་བྱད་དུ་བསྟན་ནས་མ་ཧཱ་དེ་བ་ལ་སོགས་པ་དང་ལས་ཀྱི་གཤིན་རྗེ་རྣམས་ཞི་བས་མི་འདུལ་བ་དེ་དག་འཇིགས་ཤིང་སྐྲག་པར་བྱེད་པས་འདུལ་བའོ། ད་ནི་ཡོན་ཏན་རྟགས་ཀྱི་ཕྱག་རྒྱ་བསྟན་ཏེ་ཁྲོ་བོ་ནི་གསོད་པ་དང་སྐྲོད་པ་ལ་སོགས་པ་དྲག་པོའི་ཆ་བྱད་དུ་སྟོན་པ་སྟེ། དེ་ཡང་། གསོད་དང་སྐྲོད་དང་དྲག་པོར་སྟོན། འདི་ནི་ཁྲོ་བོའི་དོན་དུ་བརྗོད། ཞེས་པ་ལྟ་བུའོ། དེས་ནང་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཉོན་མོངས་པ་ཞེ་སྡང་ལ་སོགས་པ་བཅོམ་པའི་རྟགས་སོ། དེ་ནི་ཁྲོ་བོ་རྣམས་ཀྱི་ནང་ན་གཙོ་བོར་གྱུར་པས་ཁྲོ་བོའི་རྒྱལ་པོ་རིགས་དྲུག་དང་ལྡན་པའི་རྟགས་སུ་གདོང་དྲུག་འཇིགས། ཡེ་ཤེས་དྲུག་དང་ལྡན་པའི་རྟགས་སུ་མིག་དྲུག ཕར་ཕྱིན་དྲུག་དང་ལྡན་པའི་རྟགས་སུ་ལག་དྲུག གདུག་པ་འཇོམས་པར་བྱེད་པའི་སྟོབས་དང་ལྡན་པ་མི་མགོ་སྐམ་རློན་གྱིས་བརྒྱན་པས། ཀེང་རུས་ངེས་པར་འབྱེད་པའི་ཤེས་རབ་རྣོན་པོས་ཉོན་མོངས་པ་འཇོམས་ཤིང་གདུག་པ་ཅན་འདུལ་བའི་རྟགས་སུ་མཆེ་བ་གཙིགས་པ་པོ། འདིས་ནི་འཇིགས་བྱེད་ཆེན་པོའི་རྒྱན་བསྟན་ཏེ་ཧ་ལ་ཧ་ལ་དུག་སྟེ་མཐོང་རེག་ཁ་ཆུ་དང་ཁའི་རླངས་པ་སྟེ་དུག་བཞི་དང་ལྡན་པའི་སྦྲུལ་གྱིས་ལུས་དང་ཡན་ལག་བརྒྱན་པས་སྦྲུལ་གདུག་པའི་གདེངས་ཀའི་གདོང་བརྒྱ་དང་ལྡན་པ། འདིས་སྐུའི་འཕྲིན་ལས་བསྟན་ཏེ། འདི་ལས་ཀྱི་གཤིན་རྗེ་རྣམས་འདུལ་བའི་གཤེད་པོ་བྱི་ན་ཡ་ཀ་དང་། ཚོགས་བདག་གླང་སྣ་ལ་སོགས་པ་འདུལ་བར་བྱེད་པས་བགེགས་ཀྱི་རྒྱལ་པོའོ། རྡོ་རྗེ་ལྟར་ཕྲིན་ལས་ཐོགས་པ་མེད་པར་མཛད་པའི་རྡོ་རྗེ་ཤུགས་ཅན་ཏེ། དེའི་སྒོ་ནས་གདུག་པ་ཅན་རྣམས་འཇིགས་ཤིང་སྐྲག་པར་བྱེད་པའོ། རྡོ་རྗེའི་གྲགས་པའི་ཁྱད་པར་ཅི་ཙམ་ཞེ་ན། ཆོས་ཐམས་ཅད་རྡོ་རྗེ་ལྟར་དབྱེར་མི་ཕྱེད་ཅིང་འཇིག་རྟེན་གསུམ་དུ་གྲགས་པ། ཆོས་ཐམས་ཅད་ཀྱི་འཕྲོ་གཞིར་གྱུར་པས་སམ་ཐུགས་རྡོ་རྗེའི་རིགས་ཡིན་པས་ཀྱང་རྡོ་རྗེའི་སྙིང་པོའོ། སྒྱུ་མ་ལྟ་བུའི་རྣམ་པར་འཕྲུལ་ཞིང་རྡོ་རྗེའི་སྐུ་དེ་ཡང་ནང་དུ་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱིས་གང་བའི་རྟགས་སུ་གསུས་ཁྱིམ་ཆེ་བས་གསུས་པོ་ཆེའོ། དེའི་རྒྱུ་ཅི་ཞེ་ན། རྒྱུ་ནི་ཆོས་རྡོ་རྗེ་ལྟ་བུ་རྟོགས་པ་ལས་སྐྱེས་ཏེ་རིགས་ཐམས་ཅད་ཀྱི་གཙོ་བོར་གྱུར་པས་རྡོ་རྗེའི་བདག་པོའོ། དེའི་དཔེ་ནི་རྡོ་རྗེའི་སྙིང་པོ་ནི་དངོས་པོ་མེད་པ་དང་ཀུན་ལ་ཁྱབ་པ་དང་། ཆོ་འཕྲུལ་མི་འགག་པའི་ཕྱིར་ནམ་མཁའ་འདྲ་བའོ། འོ་ན་མཚན་མ་ཅན་དུ་མི་འགྱུར་རམ་ཞེ་ན། འདིས་ནི་ཡོན་ཏན་གྱི་རྒྱན་བསྟན་ཏེ་མཚན་མའི་རྣམ་པར་རྟོག་པས་མི་གཡོ་ཞིང་གཉིས་སུ་མེད་པར་རྟོགས་པའི་རྟགས་རལ་པ་ཐོར་ཚུགས་གཅིག་གིས་བསྒྱིངས་པའོ། ཐེག་པ་མཆོག་དང་ལྡན་པའི་རྟགས་སུ་གླང་ཆེན་གྱི་ཀོ་རློན་གོས་སུ་གྱོན་པའོ། ཁྲོ་བོའི་གསུང་ཇི་ལྟ་བུ་ཞེ་ན། འགྲོ་བའི་དོན་མཛད་པ་ལ་དགྱེས་པས་གྲགས་ཆེན་ཧ་ཧ་ཞེས་པའི་སྒྲ་སྒྲོགས་པ། ཧི་ཧི་ཞེས་སྒྲོགས་པས་མ་རུངས་པ་རྣམས་འཇིགས་པར་བྱེད་ཅིང་བརྒྱལ་བར་བྱེད་པའི་གད་མོ་ཆེན་པོ་གད་རྒྱངས་ཅན། རྡོ་རྗེ་དང་འདྲ་བ་གཞན་གྱིས་བར་དུ་མི་ཆོད་པས། འཇིག་རྟེན་གསུམ་ན་ཐོས་པའི་རྡོ་རྗེའི་གད་མོ་ཆེར་སྒྲོགས་པའོ། འོ་ན་ཐུགས་ཀྱི་རང་བཞིན་ཇི་ལྟ་བུ་ལགས་ཤེ་ན། རྡོ་རྗེ་ལྟར་མི་ཕྱེད་པའི་ཐུགས་ཡེ་ཤེས་ཆེན་པོ་ཆོས་ཀྱི་དབྱིངས་ལ་སེམས་པས་ན་སེམས་དཔའ། ཐུགས་རྗེས་འགྲོ་བའི་དོན་ལ་སེམས་དཔས་སེམས་དཔའ་ཆེ་སྟེ། དེའི་གོང་ན་གཞན་མེད་པས་རྡོ་རྗེ་རྒྱལ་པོ་ཟག་པ་མེད་པའི་བདེ་བ་ཆེན་པོ་མངའ་བས་བདེ་བ་ཆེ། གདུག་པ་ཅན་འཇོམས་པའི་ཐུགས་མངའ་བས་རྡོ་རྗེ་དྲག་པོ་དེས་སེམས་ཅན་རྣམས་ཀྱི་དགའ་བ་ཆེན་པོ་སྐྱེད་པར་མཛད་པས་དགའ་བ་ཆེའོ། རྡོ་རྗེ་ལྟ་བུ་ཐུགས་སུ་ཆུབ་པའི་སྒོ་ནས་རྡོ་རྗེ་ཧཱུྃ་སྟེ་ཧཱུྃ་ཞེས་པའི་སྒྲ་སྒྲོགས་ཤིང་གདུག་པ་ཅན་ཚར་གཅོད་པར་མཛད་དོ། ཁྲོ་བོ་དེས་ལས་ཅི་མཛད་ཅེ་ན། ཕྱག་མཚན་མཚོན་དུ་ཉོན་མོངས་པ་འབིགས་པའི་ཐབས་དང་ཤེས་རབ་ཀྱི་རྡོ་རྗེའི་མདའ་གཞུ་ཐོགས་པ། རྣམ་པར་རྟོག་པ་གཅོད་པར་བྱེད་པའི་རྡོ་རྗེ་རལ་གྲིས་མཚན་རྟོག་མ་ལུས་པ་གཅོད་པར་བྱེད་པ། དུག་ལྔ་ཆོམ་པའི་རྟགས་རྡོ་རྗེ་ཀུན་འཆང་རྡོ་རྗེ་ལྟར་གཞན་འཇོམས་པའི་མཐུ་དང་ལྡན་པས་རྡོ་རྗེ་ཅན། དེ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་གཅིག་པུ་བ། བདུད་བཞི་དང་གདུག་པ་ཅན་འཇོམས་ཤིང་གཡུལ་སེལ་བར་བྱེད་པའོ། རྒྱན་གྱི་སྒོ་ནས་ཁྱད་པར་གྱི་ཡོན་ཏན་བསྟན་པ་ནི། རྡོ་རྗེ་འབར་བ་ལྟ་བུའི་དྲག་པོའི་སྤྱན་མིག་ཤིན་ཏུ་མི་བཟད་པ་འཇིགས་པ་མངའ་ཞིང་། དབུ་སྐྲ་ཡང་རྡོ་རྗེ་འབར་བ་སྟེ། གཞན་གྱི་རྒྱུད་ལ་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་ཡེ་ཤེས་འབེབས་པ་རྣམ་པར་རྟོག་པ་མེད་པ་འབེབས་པ་ཆེའོ། མིག་བརྒྱ་པ་སྟེ་ཞེས་པ་མཚོན་པ་ཙམ་སྟེ། ཐམས་ཅད་དུ་མ་འགགས་པ་ཤེས་རབ་ཀྱི་སྤྱན་དབྱེར་མི་ཕྱེད་པ་དང་ལྡན་པས་རྡོ་རྗེའི་མིག་གོ། ལུས་ལ་ནི་རྡོ་རྗེའི་བ་སྤུ་དངོས་སུ་འཁྱིལ་བ་ཅན། རྡོ་རྗེའི་སྤུ་དེ་ནི་གཉིས་སུ་མེད་པའི་གཅིག་པུས་སྐུ་ལུས་ལ་བརྒྱན་པའོ། རིགས་ལྔ་ཡེ་ཤེས་ལྔ་དབྱེར་མི་ཕྱེད་པའི་རྟགས་སུ་སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། ཐམས་ཅད་གཉིས་སུ་མེད་པར་བསྡུས་པའི་རྟགས་སུ་རྡོ་རྗེའི་སྙིང་པོ་པགས་པ་སྲ་མཁྲེགས་འཐས་པ་མངའ་བའོ། རྡོ་རྗེའི་ཕྲེང་བ་ཐོགས་ནས་གཞན་དོན་མཛད་པས་དཔལ་དང་ལྡན་པའོ། ཆེ་བའི་ཡོན་ཏན་ཕྲེང་བ་བརྒྱུས་པ་ལྟར་རྒྱུན་མི་ཆད་པ་དང་ལྡན་པའི་རྟགས་སོ། རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། ཞེས་ད་ལྟར་ཁྱད་པར་གྱི་རྒྱན་རྡོ་རྗེས་བརྒྱན་པའི་སྒོ་ནས་ཆེ་བའི་ཡོན་ཏན་རྣམས་བསྟན་པ་ཡིན་ཏེ། ཐུགས་རྡོ་རྗེའི་རིགས་ཡིན་པའི་ཕྱིར་རོ། འོ་ན་གསུང་གི་སྒོ་ནས་འགྲོ་བ་འདུལ་བའི་ཡོན་ཏན་གང་ཞེ་ན། འགྲོ་བའི་དོན་མཛད་པ་ལ་དགྱེས་པའི་གད་རྒྱངས་ཧ་ཧ་ཞེས་ངེས་པར་སྒྲོག་པ། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ་ནི་རྒྱས་པར་ཡི་གེ་དྲུག་པའི་སྔགས། དེ་ལས་བསྡུ་ན་ཝཱ་གི་ཤཱ་རི་འབྲུ་དྲུག་པའོ། དེ་གཉིས་ནི་གསང་སྔགས་རྡོ་རྗེའི་ཐེག་པའི་སྒྲའོ། འཇམ་དབྱངས་ཆེན་པོའི་གསུང་དོན་ཆེན་པོ་སྟོན་པས་སྒྲ་ཆེ་བ། གང་དུ་སྒྲོག་ན་འཇིག་རྟེན་གསུམ་ནའོ། སྒྲ་གཅིག་པ་ནི་གཉིས་སུ་མེད་པ་སྟོན་པའི་སྒྲ་ཡིན་པ་དང་། ཡང་ཇི་སྙེད་ཅིག་བསྒྲགས་ཀྱང་འགྲོ་བ་འདྲེན་པར་གཅིག་པ་དང་། སྒྲ་དེ་ལ་ཡང་འགྲན་ཟླ་མེད་པས་ཀྱང་ངོ་། དེ་ཇི་ཙམ་དུ་སྒྲོག་ཅེ་ན། ནམ་མཁའི་མཐའ་ཀླས་ཁྱབ་པར་སྒྲ་སྒྲོགས་པའོ། སྒྲ་རྣམས་ཀྱི་ནང་ནས་ཆོས་ཀྱི་དོན་དང་ལྡན་པ་འདི་ནི་སྒྲ་རྣམས་ཀྱི་མཆོག་གོ། སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ཕྱིར། དེ་ལ་གསུང་གི་རྒྱུ་ནི་ཡང་དག་བདག་མེད་དེ་བཞིན་ཉིད་དོ། ཡང་དག་མཐའ་སྟེ་དེ་ནི་ཡི་གེ་རྣམས་ཀྱིས་བརྗོད་དུ་མེད་པའོ། སྟོང་ཉིད་དུ་སྨྲ་བ་ནི་སྨྲ་བའི་ཁྱུ་མཆོག་སྟེ། ཅིའི་ཕྱིར་མཆོག་ཡིན་ན། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་སྒྲ་སྒྲོག་པའི་ཕྱིར་རོ། ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན་པས་བདུད་བཏུལ་ནས་ཆོས་ཀྱི་གཎྜི་ལྟ་བུའི་སྒྲ་བོ་ཆེ་ཡིས་འཁོར་བསྡུས་ནས་མཐའ་གཉིས་ལ་མི་གནས་པའི་མྱ་ངན་འདས་པ་ཆེན་པོ་ནི་ཆོས་སྟོན་པ། རྒྱ་ཇི་ཙམ་ཆེ་ན་ཕྱོགས་བཅུ་ཐམས་ཅད་དུ་ཁྱབ་པའི་ཆོས་ཀྱི་རྔ་བོ་ཆེ་སྒྲོག་པའོ། དེ་ལ་ཀུན་འབྱུང་བའི་གཞི་གང་ཞེ་ན། ཆོས་སྐུ་ངོ་བོ་ཉིད་མ་གྲུབ་པས་གཟུགས་མེད་དེའི་བྱིན་རླབས་ལས་ལོངས་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་གཟུགས་བཟང་དམ་པ་སྟེ། སྤྲུལ་སྐུ་སྣ་ཚོགས་གཟུགས་ཅན་ཏེ་ཡིད་ཡེ་ཤེས་སུ་གྲོལ་བ་ལས་སྐྱེས་པའོ། དེ་ལས་ཉན་རང་བྱང་སེམས་ཚངས་པ་ཁྱབ་འཇུག་ལ་སོགས་པའི་གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ་ཏེ་སྤྲུལ་པའི་གཟུགས་བརྙན་མ་ལུས་པ་འཆང་བ་པོ། ཚོགས་གཉིས་ཡོངས་སུ་རྫོགས་པའི་དབང་གིས་གཉེན་པོ་གང་གིས་ཀྱང་ཚུགས་པ་མེད་ཅིང་། བདུད་དང་མུ་སྟེགས་ལ་སོགས་པ་གང་གིས་ཀྱང་ཟིལ་གྱིས་མི་གནོན་པས་ན་ཆེ་བར་གྲགས་ཤིང་ཁམས་གསུམ་གྱི་དབང་ཕྱུག་ཆེན་པོ་སྟེ། དེ་ཡང་འཕགས་པའི་ལམ་ལས་ཤིན་ཏུ་མཐོ་བར་གྱུར་པ་གཉིས་སུ་མེད་པའི་ཡེ་ཤེས་ལ་གནས་པའོ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་མཁྱེན་པས་དར་བ་ཆེན་པོ་གཉིས་སུ་མེད་པ་ནི་རྩེ་མོར་གྱུར་པས་ཆོས་ཀྱི་ཏོག་གོ། དེ་གདུལ་བྱ་ལ་ཇི་ལྟར་མོས་པར་སྣང་བ་ནི་བྱང་ཆུབ་སེམས་དཔས་འདུལ་བ་རྣམས་ལ་བགྲེས་རྒུད་མི་མངའ་སྟེ། རྟག་ཏུ་བྱིས་པ་ལོ་བརྒྱད་པ་ལྟར་གཞན་གྱི་ཡིད་འཕྲོག་པར་བྱེད་པ་འཇིག་རྟེན་གསུམ་ན་གཞོན་ནུར་གྱུར་པའི་ལུས་གཅིག་ཏུ་སྟོན་ཞིང་དོན་མཛད་དོ། ཉན་ཐོས་ཀྱིས་འདུལ་བ་རྣམས་ལ་གནས་བརྟན་རྒན་པོ་རབ་འབྱོར་ལྟ་བུར་སྤྲུལ། རང་རྒྱལ་པས་འདུལ་བ་རྣམས་ལ་རང་རྒྱལ་རྒན་པོ་རྫུ་འཕྲུལ་ཆེར་སྟོན་ལྟ་བུར་སྤྲུལ་ནས་དོན་མཛད། སྣ་ཚོགས་ཀྱིས་འདུལ་བ་ལ་སྐྱེ་དགུའི་བདག་པོར་སྤྲུལ་ནས་དོན་མཛད་པ་ལྟ་བུའོ། ཕྱག་ཞབས་འཁོར་ལོའི་མཚན་ལ་སོགས་པ་ཐུན་མོང་གི་མཚན་སུམ་ཅུ་རྩ་གཉིས་འཆང་བ་དང་། ཁྱད་པར་གྱི་དབང་དུ་བྱས་ན། དཔལ་རྣམ་པར་སྣང་མཛད་ལ་རྒྱུའི་སེམས་དཔའ་བཅུ་དྲུག འབྲས་བུའི་སེམས་དཔའ་བཅུ་དྲུག་གིས་བརྒྱན་པ་ལ་བཤད་དོ། དེ་ལྟར་ཡིད་དུ་འོང་བས་སྡུག་གུ་འཇིག་རྟེན་གསུམ་ན་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ་འདུན་པ་སྐྱེ་བའི་གནས་སུ་གྱུར་པའོ། དེས་འཇིག་རྟེན་པ་ཇི་ལྟར་སྐྱོབ་ཅེ་ན། འཇིག་རྟེན་པའི་སྨན་དང་བཟོ་ལ་སོགས་པའི་ཤེས་བྱ་ཡང་རྗེ་བཙུན་ཉིད་ཀྱིས་ལེགས་པར་བསླབ་པས་སློབ་དཔོན་ཏེ། འཇིག་རྟེན་པའི་སློབ་དཔོན་ཐ་སྙད་ཀྱི་རིགས་པ་ལྡན་པ་སུས་ཀྱང་ཟིལ་གྱིས་མི་གནོན་པས་འཇིགས་པ་མེད་པ་དང་། དེ་དག་ལ་ཕན་པར་མཛད་པས་མགོན་སྐྱོབ། འཇིག་རྟེན་གྱི་ཡིད་དང་མཐུན་པར་འཇུག་པས་ཡིད་གཅུགས་པ། སྔར་ཡང་སྐྱབས་པ་དང་ཕྱིས་ཀྱང་སྐྱོབ་པ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མཛད་དོ། འོ་ན་ཐུགས་ཀྱི་མཁྱེན་ཚད་ཅི་མངའ་ཞེ་ན། ཆོས་ཀྱི་སྐུ་ནམ་མཁའི་མཐའ་ལྟ་བུ་ལ་ལོངས་སྤྱོད་ཅིང་རྟོགས་པས་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་མངའ་བའོ། དེའི་བྱེད་ལས་གང་ཞེ་ན། གཉིས་སུ་མེད་པའི་དོན་རྟོགས་པས་མ་རིག་པ་སྒོ་ངའི་ཤུན་ལྤགས་འདྲ་བ་སྦུབས་འབྱེད་པ། སྲིད་པའི་ལས་ཉོན་གྱི་དྲ་བ་འཇོམས་པ་པོ། ཉོན་མོངས་ཤིང་སྡུག་བསྔལ་བ་མ་ལུས་པ་ཞི་བར་བྱེད་པ། འཁོར་བའི་རྒྱ་མཚོ་ཕ་རོལ་དུ་ཕྱིན་པར་བྱེད་པའོ། དེ་རྟོགས་པའི་ཕན་ཡོན་ནི་གཉིས་སུ་མེད་པའི་དོན་རྟོགས་པས་ཉོན་མོངས་པ་ལྔ་མ་སྤངས་རང་སར་གྲོལ་ཏེ། ཡེ་ཤེས་ལྔར་སྣང་བ་སྟེ་བུམ་པ་ལ་སོགས་པའི་དབང་ལ་ལྟོས་པ་མ་ཡིན་པས་ཡེ་ཤེས་གཅིག་རྫོགས་ཀྱི་དབང་བསྐུར་བ་ཞེས་བྱ་སྟེ། གཞི་རིག་པ་གཅིག་ལ་སྣང་ཚུལ་ཡེ་ཤེས་ཀྱིས་བརྒྱན་པ་དེ་ཤིན་ཏུ་མཛེས་པའི་ཕྱིར་ཅོད་པན་ཅན་ནོ། དེ་ཡང་། སེམས་ཀྱི་ཆོས་ལ་དབང་ཐོབ་ན། རྫས་ཚིག་མཚན་མའི་དབང་རྣམས་ཀུན། མ་བསྐུར་ཀྱང་ནི་ཐོབ་པར་འགྱུར། ཞེས་པ་ལྟར་རོ། ཡེ་ཤེས་ལྔའི་གཟུགས་བརྙན་རྫོགས་པའི་སངས་རྒྱས་ལྔར་ཤར་ཏེ་གསལ་ཞིང་མཛེས་པའི་ཕྱིར་རྒྱན་དུ་ཐོགས་ཞེས་སོ། སྲིད་པའི་སྡུག་བསྔལ་ཐམས་ཅད་སྡུག་བསྔལ་གསུམ་གྱིས་མ་བསྡུས་པ་མེད་པས་སྡུག་བསྔལ་དེ་གསུམ་ཞི་ཞིང་། ཉོན་མོངས་པ་རྣམས་ཀྱང་དུག་གསུམ་དུ་འདུས་པས་དེ་གསུམ་སེལ་ཞིང་འགྲོ་བ་མཐའ་ཡས་པའི་དོན་བྱས་ནས་གྲོལ་བ་ཉན་རང་བྱང་སེམས་གསུམ་ཐོབ་པའོ། ཉོན་ཤེས་ཀྱི་སྒྲིབ་པ་ཀུན་ལས་ངེས་པར་གྲོལ་ནས་ནམ་མཁའ་ལྟར་མཉམ་པ་ཉིད་ལ་གནས་ཏེ། དེ་ཕན་ཆད་ཉོན་མོངས་པའི་དྲི་མ་ཀུན་ལས་འདས་པའོ། དེ་ལྟར་རྟོགས་པའི་ངོ་བོ་ཅི་ཞེ་ན། མཉམ་པ་ཉིད་ལ་དུས་གསུམ་གྱི་དུས་སུ་དབྱེར་མེད་དེ། མདོ་ལས། འདས་པའི་དེ་བཞིན་ཉིད་གང་མ་འོངས་དེ་བཞིན་ཉིད། ད་ལྟར་དེ་བཞིན་ཉིད་འདི་ཐམས་ཅད་བྱེ་བྲག་མེད། ཅེས་པ་ལྟ་བུ་རྟོགས་པ་པོ་དེ་ནི་སེམས་ཅན་ཀུན་གྱི་གཙོ་བོར་གྱུར་པས་ཀླུ་ཆེན་པོ་ལྟ་བུ། འཇིག་རྟེན་པ་ཉན་རང་བྱང་སེམས་རྣམས་སྔ་མ་ལས་ཕྱི་མ་རྣམས་ཡོན་ཏན་ཆེ་ལ། དེ་དག་ཐམས་ཅད་ལས་དེ་བཞིན་གཤེགས་པ་ཡོན་ཏན་མཆོག་ཏུ་གྱུར་པས་ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད་ལྟར་མཛེས་ཤིང་རབ་ཏུ་གྱུར་པ་ནི་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་སྐུར་གྱུར་པ་འཇམ་དཔལ་ཉིད་དོ། ཉོན་མོངས་ཤིང་སྡུག་བསྔལ་བའི་འགྲོ་བ་མ་ལུས་ཀུན་ཏུ་སྐྱེ་བ་ལས་རྣམ་པར་གྲོལ་བ། ནམ་མཁའ་ལྟ་བུའི་ཡེ་ཤེས་ཀྱི་ལམ་ལ་རབ་ཏུ་གནས་པ། འོ་ན་འགྲོ་བའི་དོན་ཇི་ལྟར་མཛད་ན། ཡིད་བཞིན་ནོར་བུ་ཆེན་པོ་དང་མཚུངས་པའི་ཡོན་ཏན་འཆང་བ་སྟེ་ཡིད་བཞིན་ནོར་བུ་ལ་ཡོན་ཏན་གྱི་ཆོས་བརྒྱད་ཡོད་དེ། སེམས་ཅན་གྱི་དགོས་འདོད་འབྱུང་བ། དེ་ཡང་གསོལ་བ་བཏབ་ན་འབྱུང་། མ་བཏབ་ན་མི་འབྱུང་བ། དུས་སུ་འབྱུང་བ། ཇི་ལྟར་འཚམས་པར་འབྱུང་བ། ཟད་མི་ཤེས་པར་འབྱུང་བ། རྟོག་པ་མེད་པར་འབྱུང་བ། ལན་ལ་རེ་བ་མེད་པའོ། དེ་དང་འདྲ་བའི་ཡོན་ཏན་དེས་ཀུན་ལ་ཁྱབ་པའི་བདག་ཉིད་རིན་ཆེན་ཀུན་གྱི་མཆོག་ཅེས་བྱའོ། ཡང་དཔག་བསམ་གྱི་ཤིང་ཆེན་རྒྱས་པ་དང་འདྲ་སྟེ། དཔག་བསམ་གྱི་ཤིང་ནི་ནོར་བུ་ལ་ཡོད་པའི་ཆོས་སྔ་མ་བརྒྱད་ཀྱི་ཁར། བསིལ་བ་དང་། འགྲོ་བ་ངལ་སོས་པའི་གནས་སུ་གྱུར་པ་དང་བཅུ་དང་ལྡན་པའོ། ཡང་བུམ་པ་བཟང་པོ་ཆེ་བའི་མཆོག་ལྟ་བུ་སྟེ་ནོར་བུའི་ཆོས་བརྒྱད་ཀྱི་ཁར་བསྒྲུབ་ན་འབྱུང་ལ། མ་བསྒྲུབ་ན་མི་འབྱུང་བ་དང་ཆོས་བཅུའོ། དེའི་བྱེད་པ་སེམས་ཅན་ཀུན་དོན་བྱེད། ཡང་བུ་གཅིག་པའི་མ་ལྟར་སེམས་ཅན་ཀུན་ལ་ཕན་འདོད་སེམས་ཅན་མཉེས་གཤིན་པ། དེས་གདུལ་བྱའི་བསམ་པ་ཇི་ལྟར་མཁྱེན་ཞེ་ན། ལས་བཟང་ངན་ཤེས་ཤིང་དེའི་འབྲས་བུ་དུས་ཇི་ཙམ་ན་འབྱུང་བའི་དུས་ཤེས་ལ། ཐུགས་རྗེས་ཀུན་ལ་ཁྱབ་པའི་བདག་པོ་གཞན་གྱི་དམ་ཚིག་ཀྱང་ཤེས་ལ་རང་ཡང་དེ་ཁོ་ན་ལས་མི་འདའ་བའི་དམ་ཚིག་དང་ལྡན་པའོ། དོན་མཛད་པའི་དུས་ཚོད་ཤེས་ཤིང་སེམས་ཅན་དབང་པོ་རབ་འབྲིང་ཐ་མ་དང་དད་པ་དང་བརྩོན་འགྲུས་རབ་འབྲིང་ཐ་མའི་དོན་ཤེས་པའོ། དེ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བས་ཉན་ཐོས་རང་རྒྱལ་ཐེག་པ་ཆེན་པོ་དང་རྣམ་གྲོལ་གསུམ་ལ་མཁས་པ་པོ། སྐུ་དང་ཡེ་ཤེས་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་དང་རྗེ་བཙུན་ཉིད་ཀྱང་ལྡན་ཞིང་ཉན་རང་ལ་སོགས་པའི་རྒྱུད་ལ་ཡོད་པའི་ཡོན་ཏན་རྣམས་ཀྱང་ཤེས་པའོ། དེ་ལྟར་གྱུར་པའི་བཀྲ་ཤིས་པའི་དམ་པར་བསྟན་པའི་ཕྱིར། དེ་ལྟར་ཆོས་ཀྱི་དོན་ཤེས་པས་ཚེ་འདིར་ཡང་ལེགས་པའི་ཡོན་ཏན་ཀུན་འབྱུང་བས་བཀྲ་ཤིས་ལ། ཕྱི་མར་ཡང་ལེགས་པའི་ཡོན་ཏན་ཀུན་འབྱུང་བས་བཀྲ་ཤིས་འབྱུང་བའོ། འཇིག་རྟེན་པའི་ནོར་དང་རིགས་རྒྱུད་འཕེལ་བ་ལ་སོགས་པ་བཀྲ་ཤིས་ཀུན་གྱི་ནང་ན་ཡང་བཀྲ་ཤིས་པ་དམ་པར་གྱུར་པའོ། ཁམས་གསུམ་དུ་གྲགས་ཤིང་ལེགས་པའི་ཡོན་ཏན་འབྱུང་བས་གྲགས་པའི་བཀྲ་ཤིས། མི་དགེ་བ་ལས་ལོག་ནས་དགེ་བ་སྣ་ཚོགས་ལ་ཞུགས་པས་སྙན་གྲགས་དགེ་བའོ། འགྲོ་བ་རྣམས་ཐར་པའི་ལམ་དུ་དབུགས་འབྱིན་ཆེན་པོ་སྦྱིན་པས་ཀུན་དགའ་བའི་ཆོས་ཀྱི་དགའ་སྟོན་ཆེན་པོ་མཛད་ཅིང་། ཟག་མེད་ཀྱི་བདེ་བ་ཆེན་པོ་ཐོབ་པས་དགའ་ཆེན། འདོད་པའི་ཡོན་ཏན་མི་སྤོང་བས་རོལ་མོ་ཆེན་པོ་ཞེས་བྱ་སྟེ། དེས་འགྲོ་བ་སྐྱོབ་པའི་ཚུལ་ནི། ཀུན་གྱིས་བཀུར་སྟི་རིམ་གྲོ་བྱ་བའི་འོས་སུ་གྱུར་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཏེར་དུ་གྱུར་པའོ། མཆོག་ཏུ་འགྲོ་བའི་དོན་ལ་དགའ་བ་ཁམས་གསུམ་དུ་གྲགས་པའི་མངའ་བདག་ཚོགས་གཉིས་རྫོགས་པས་དཔལ་ཏེ་ཡོན་ཏན་གྱི་སྐལ་པ་མཆོག་དང་ལྡན་ཞིང་མཆོག་སྦྱིན་པའི་གཙོ་བོ་སྟེ། དེས་སྡུག་བསྔལ་བ་རྣམས་འཁོར་བའི་འཇིགས་པ་ལས་སྐྱོབ་ཅིང་དེ་ལས་ལྷག་པ་མེད་པས་སྐྱབས་ཀྱི་དམ་པ་སྐྱབས་སུ་འོས་པའོ། འཇིག་རྟེན་གྱི་རྟོག་པ་དགྲ་ཞེས་བྱ་སྟེ་དེ་ལས་སྐྱོབ་པའོ། དེ་ཡང་འཇིག་རྟེན་ལས་རབ་ཏུ་གྱུར་པས་ཉན་ཐོས་སོ། དེ་ལས་རབ་ཏུ་གྱུར་པས་རང་རྒྱལ་ལོ། དེ་ལས་རབ་ཏུ་གྱུར་པས་བྱང་ཆུབ་སེམས་དཔའ། དེ་དག་ལས་ཀྱང་མཆོག་ཏུ་གྱུར་པ་རྗེ་བཙུན་ཉིད་ཡིན་པས་རབ་ཀྱི་མཆོག་ཅེས་བྱའོ། དེ་ནི་བདུད་དང་སྡུག་བསྔལ་གྱི་འཇིགས་པ་མ་ལུས་པ་སེལ་བར་བྱེད་པའོ། མུ་སྟེགས་ཀྱི་ཆ་བྱད་ཀྱིས་འདུལ་བ་ལ་དེར་སྤྲུལ་ནས་འགྲོ་བའི་དོན་མཛད་པའི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ནས་སྤྱི་བོར་གཙུག་ཕུད་ཙམ་འཛིན་པ་དང་། ཕུད་བུ་ནི་སྐྲ་གཞན་བྲེགས་ནས་དཔྲལ་བར་བཅིངས་པ་དང་། ལྕང་ལོ་ཅན་ནི་སྐྲ་སིལ་བུ་རིང་བ་དང་། རལ་པ་ནི་རལ་པ་སོགས་ཁ་ནོན་པ་ལྷ་ཆེན་པོ་ལ་དད་པ་རྣམས་སོ། མུཉྫུ་ནི་རྐེད་སོར་སླེབ་པའི་རལ་པ་སྐེ་རགས་སུ་བཅིངས་པ་དང་། ཅོད་པན་ཐོགས་ནི་དར་ལ་སོགས་པ་ཐོད་དུ་བཅིང་བའི་ཐ་མ་ཅོད་པན་དུ་འཕུར་བའོ། གདོང་ལྔ་ནི་ཚངས་པ། གཙུག་ཕུད་ལྔ་དང་ལྡན་ནི་གཟེགས་ཟན། མགོ་ལ་རིན་པོ་ཆེའི་ཟུར་ཕུད་ལྔ་དང་ལྡན་པ་དྲི་ཟ་དང་། ཡང་མེ་ཏོག་གི་ཐོད་བཅིངས་པ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོ་སྟེ་ཇི་སྐད་བཤད་པའི་གཟུགས་དེ་དག་གིས་འདུལ་བ་ལ་དེ་དང་དེའི་གཟུགས་སུ་སྤྲུལ་ནས་དོན་མཛད་པའོ། འོ་ན་སངས་རྒྱས་པའི་བརྟུལ་ཞུགས་ཇི་ལྟར་འཛིན་ཞེ་ན། ཤཱཀྱ་ཐུབ་པ་ལྟ་བུའི་རབ་ཏུ་བྱུང་བས་འདུལ་བ་ལ་མགོ་ཟླུམ་དུ་སྤྲུལ་ནས་གནོད་པ་ལས་བཟློག་པའི་བརྟུལ་ཞུགས་ཆེན་པོ་འཛིན་པར་མཛད་པ། ཡང་ཚངས་པར་སྤྱོད་པའི་སྡོམ་པ་ལ་གནས་པའི་བརྟུལ་ཞུགས་མཆོག་གིས་འདུལ་བ་ལ་དེར་སྟོན་ཏོ། དཀའ་ཐུབ་མཐར་ཕྱིན་པས་འདུལ་བ་ལ་དཀའ་ཐུབ་ཆེན་པོ་དང་ལྡན་པར་སྟོན་པ་དང་། གཙང་སྦྲ་ལ་གནས་པ་དམ་པ་རྒྱལ་རིགས་གོའུ་ཏམ་ནི་ཤཱཀྱའི་རིགས་དང་། རང་བཞིན་གྱིས་དཀའ་ཐུབ་དང་གཙང་སྦྲ་ལ་གནས་པ་བྲམ་ཟེ་ལྟ་བུར་ཡང་སྤྲུལ་པ་དང་། ཉིད་ལ་ཉེས་པས་མ་གོས་པ་ཚངས་པ། གཞན་སྐྱོན་དང་བྲལ་བའི་ཐབས་ཤེས་པས་ཚངས་པ་ཤེས་ཞེས་བྱའོ། དེ་ལྟར་སྤྲུལ་བའི་ཕན་ཡོན་ཅི་ཞེ་ན། འཁོར་བའི་སྡུག་བསྔལ་དང་བྲལ་བས་མྱ་ངན་ལས་འདས་པ། དེ་ཉིད་ལ་ཞེན་པ་དང་བྲལ་བས་ཚངས་པ་ཐོབ་པའོ། འཆིང་བ་མཐའ་དག་ལས་གྲོལ་བའི་ཐར་པ། རྣམ་པར་གྲོལ་བའི་ཡེ་ཤེས་ཡོན་ཏན་ཐམས་ཅད་འབྱུང་བའི་རྟེན་བྱེད་པས་ལུས་ཞེས་བྱའོ། དེ་ལྟར་ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་ཞི་བ་སྤྲོས་པའི་མཚན་མ་ཐམས་ཅད་ཉེ་བར་ཞི་བས་ཞི་བ་ཉིད་དོ། དེ་ལས་མྱ་ངན་ལས་འདས་པའི་ཆོས་ཀྱི་ཡོན་ཏན་རྣམས་འབྱུང་སྟེ། ཉན་ཐོས་ཀྱི་ལམ་གྱིས་མྱ་ངན་འདས་ཞིང་རང་རྒྱལ་བའི་ལམ་གྱིས་མྱ་ངན་ལས་འདས་པ། ཐེག་པ་ཆེན་པོའི་ལམ་གྱིས་ལེགས་པར་མྱ་ངན་འདས་དང་ཉེ་བའོ། དེ་ནི་བདེ་བ་མྱང་འདས་ཀྱི་མཐའ་དང་སྡུག་བསྔལ་འཁོར་བའི་མཐའ་གཉིས་སེལ་བ་མཐར་གྱུར་པའི་ཡེ་ཤེས་དང་ལྡན་པ་ནི་སངས་རྒྱས་ཉིད་དོ། གཞིའི་གནས་ལུགས་རྣམ་པར་དག་པའི་ངོ་བོ་ཉིད་དུ་བསྟན་པའི་ཕྱིར། ཡུལ་རྣམས་ལ་ཆགས་པའི་བློ་དང་བྲལ་བའི་ཡེ་ཤེས་སུ་སྣང་བས་ལུས་ལས་འདས་པ་པོའོ། དེ་ཉིད་མི་མཐུན་པའི་ཕྱོགས་ཀྱིས་མི་བརྫི་བས་ཐུབ་པ་མེད་པ། གང་དང་ཡང་མཉམ་པ་མེད་པས་དཔེ་མེད་པ། མཚན་ཉིད་དང་མཚན་གཞི་མི་མངོན་ལ་མཚན་མ་གང་དུ་ཡང་མི་སྣང་ཞིང་རང་བཞིན་གྱིས་འོད་གསལ་བས་གསལ་བྱེད་གཞན་དགོས་པ་མིན་ལ། འདུས་མ་བྱས་པས་མི་འགྱུར་བའི་བདེ་གཤེགས་སྙིང་པོ། ཀུན་གྲོལ་དེས་ཀུན་ལ་འགྲོ་ཞིང་ཁྱབ་པ་པོ། རྟུལ་པོས་མི་ཤེས་པས་ཕྲ་ཞིང་ཟག་པ་མེད་ལ་སྲིད་པར་སྐྱེ་བའི་ས་བོན་མ་རིག་པ་བདག་ཏུ་འཛིན་པ་དང་བྲལ་བའོ། དེ་ལྟར་གཞི་ལ་རྣམ་པར་རྟོག་པའི་རྡུལ་དག་ནས་མེད་ལ། དེ་མ་རྟོགས་པའི་བློ་ཡང་དེ་ཉིད་རྟོགས་ན་རྟོག་པའི་རྡུལ་དང་བྲལ་བར་འགྱུར་ལ་དེ་ཉིད་ལ་ཡང་མ་ཞེན་པ་དྲི་མ་རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་དུ་གནས་པས་དོན་ལ་མེད་པའོ། དེ་ལྟར་སྒྲིབ་གཉིས་སྤངས་པས་ཉེས་པ་སྤངས་པ་སྐྱེ་རྒ་ན་འཆིའི་སྐྱོན་མེད་པ། དོན་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་ཚུལ་ནི། སྒྲིབ་པ་གཉིས་ལས་ཤིན་ཏུ་སད་པ་སད་པའི་བདག་ཉིད་དམ། ཡང་ན་སྣང་བ་ཡེ་ཤེས་སུ་སད་ཅིང་སེམས་སྟོང་པར་སད་པས། ཇི་སྙེད་པ་ཀུན་ཤེས་ཤིང་ཇི་ལྟ་བ་ཀུན་རིག་པ་དེ་ཡང་དབྱེར་མེད་དུ་ཤེས་པས་དམ་པ་པོ་ཞེས་བྱའོ། དེ་ལྟར་རྟོག་པ་དང་བྲལ་བས་རྣམ་པར་ཤེས་པའི་ཆོས་ཉིད་ཀྱི་ཀློང་དུ་འདས་པའོ། འདས་པ་ཙམ་ན་ཡེ་ཤེས་གཉིས་མེད་ཚུལ་འཆང་བའོ། རྣམ་པར་རྟོག་པ་དང་བྲལ་བའི་ཡེ་ཤེས་རྒྱུ་རྐྱེན་མེད་པར་ལྷུན་གྱིས་གྲུབ་པ་སྟེ་ངོ་བོ་ལྷུན་གྲུབ་དེ་ལ་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པ་ཡོན་ཏན་ལྷུན་གྲུབ་བོ། རྒྱུ་རྐྱེན་གྱིས་ཇི་ལྟར་མ་བསྐྱེད་ཅེ་ན། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་སེམས་ཅན་འདྲེན་པའི་ལས་བྱེད་པ། སངས་རྒྱས་ཐོག་མ་འདི་ནས་བྱུང་བྱ་བ་དང་། ཐ་མ་འདིར་སོང་བྱ་བ་མེད་དེ། དང་པོའི་སངས་རྒྱས་རྒྱུ་མེད་པ། དེ་ལ་གཉིས་འཛིན་གྱི་དྲི་མ་མེད་པས་ཡེ་ཤེས་མིག་གཅིག་དྲི་མ་མེད། ཡེ་ཤེས་དྲུག་རོ་གཅིག་པའི་ལུས་ཅན་དེ་བཞིན་གཤེགས། ཟབ་ཅིང་རྒྱ་ཆེ་བའི་ཆོས་གསུངས་པས་ཚིག་གི་དབང་ཕྱུག་སྨྲ་བ་ཆེའོ། མུ་སྟེགས་ཀྱི་སྨྲ་བ་ལས་མཆོག་ཏུ་གྱུར་པས་སྨྲ་བའི་སྐྱེས་མཆོག ཉན་ཐོས་ཀྱི་སྨྲ་བ་ཟིལ་གྱིས་གནོན་པས་སྨྲ་བའི་རྒྱལ་པོ། རང་རྒྱལ་བའི་སྨྲ་བ་ལས་འཕགས་པས་སྨྲ་བའི་དམ་པ། སྐྱེ་མེད་ཀྱི་སྒྲ་ཆོས་སྨྲ་བའི་གོང་ན་གཞན་མེད་པས་མཆོག་གི་གནས། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་དེ་ནི་སེདྒེ་དང་འདྲ་སྟེ་བདུད་དང་མུ་སྟེགས་ཀྱི་རྒོལ་བས་ཚུགས་པ་མེད་པའོ། འོ་ན་སྐུ་ཡི་ཆེ་བ་ཅི་འདྲ་ཞེ་ན། ཤེས་རབ་དམ་པས་དོན་ལ་ལྟ་ཞིང་། ཐུགས་རྗེ་དམ་པས་འགྲོ་ལ་གཟིགས་པའམ་ཀུན་ཏུ་ལྟ་བས་བདེ་བ་ཆེན་པོ་མངའ་བ་ནི་མཆོག་ཏུ་དགའ་བའོ། གཟི་བརྗིད་ཆེན་པོ་གཞན་ཡིད་དུ་འོང་ཞིང་མཛེས་པའི་འོད་ཀྱི་ཕྲེང་བ་ལྟ་ན་སྡུག་པ། ནང་ན་ཡེ་ཤེས་དྲུག་འབར་བས་མ་རིག་པའི་མུན་པ་སེལ་བའི་རྟགས་སུ་ཕྱི་རུ་འོད་ཁ་དོག་དྲུག་འབར་བས་འོད་བཟང་པོ་འབར་བ། མཚན་ཐུན་མོང་མ་ཡིན་པ་ཐུགས་ཀ་ན་དཔལ་གྱི་བེའུས་བརྒྱན་པའོ། ལག་ན་འོད་འབར་སྣང་བ་པོ་སྟེ་ཕྱག་ལས་འོད་ཟེར་འབར་ཏེ་ཞི་བས་འདུལ་བ་རྣམས་འདུན་པ་སྐྱེད་པར་བྱེད་ལ། དེས་མི་འདུལ་བ་རྣམས་ཚར་གཅོད་པར་བྱེད་དོ། དེས་འགྲོ་བའི་ནད་ཇི་ལྟར་སེལ་ཞེ་ན། ཉོན་མོངས་པའི་ནད་ཆེན་པོ་སེལ་བར་བྱེད་པའི་སྨན་པ་ཆེ་མཆོག་གཙོ་བོ་སྟེ། བདག་མེད་ཀྱི་དོན་བསྟན་ནས་བདག་འཛིན་གྱི་ཟུག་རྔུ་འབྱིན་པ་བླ་ན་མེད་པའོ། སྨན་རྣམས་མ་ལུས་ལྗོན་པའི་ཤིང་། ཞེས་པ་ནི་སྨན་གྱི་དཔེ་ནི་ལྗོན་ཤིང་དང་འདྲ་སྟེ། རྩ་བ་ཡལ་ག་ལོ་འདབ་མེ་ཏོག་ལ་བརྟེན་ནས་འབྲས་བུ་འབྱུང་བ་ལྟར། རྩ་བ་ནི་བྱང་ཆུབ་སེམས་སོ། ཡལ་ག་ནི་རྟོགས་པར་བྱེད་པའི་ཐབས་ཀྱི་ཡན་ལག་རྣམས་སོ། ལོ་མ་ནི་འདིར་ཐེག་པ་སོ་སོའི་ཆོས་ཀྱང་བཀག་པ་མེད་པའོ། མེ་ཏོག་ནི་རྟོགས་པའི་ཉམས་མྱོང་ངོ་། འབྲས་བུ་དེ་མཐར་ཕྱིན་པའོ། སྨན་རྣམས་མ་ལུས་ཞེས་པས་སྨན་སྣ་ཚོགས་སུ་ཡང་སྤྲུལ་ཏེ་དེས་ཕྱི་ནང་གི་སྡུག་བསྔལ་གྱི་ཟུག་རྔུ་བསྐྱེད་པའི་ནད་དོ་ཅོག་གི་གཉེན་པོ་བྱེད་པས་དགྲ་ཆེ་བ། སེམས་ཅན་གྱི་ངོར་སྡུག་ཅིང་མཛེས་པར་སྤྲུལ་ནས་དོན་མཛད་པས་སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག་ཅེས་བྱའོ། རྒྱུ་སྐར་རྣམས་ཀྱི་ནང་ན་ཟླ་བ་ལྟར་ལྷ་དང་མི་རྣམས་ཟིལ་གྱིས་གནོན་པས་དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། དེས་སྐྱོབ་པའི་ཐུགས་རྗེ་ཇི་ལྟ་བུ་ཞེ་ན། ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པར་སྒྲོག་པའི་དམ་པའི་ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་ཤིང་སྲིད་པའི་འགྲོ་བ་འདི་ན་སྐྱོབ་པའི་ཐུགས་རྗེ་གདུགས་གཅིག་ཡངས་པ་ལྟ་བུ་སྟེ། བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན་ཏེ་རྗེ་བཙུན་ཉིད་ཡིན་ནོ། ཉེས་པའི་སྐྱོན་གྱིས་མ་གོས་པས་དཔལ་ལྡན་པདྨ་འགྲོ་བ་འདྲེན་པའི་ཐབས་སྣ་ཚོགས་སུ་བསྒྱུར་བས་གར་གྱི་བདག་སྟེ་ཐབས་ལ་མཁས་པའི་རྣམ་འཕྲུལ་སྣ་ཚོགས་སུ་བསྒྱུར་བའོ། ཁྱབ་བདག་ཆེན་པོ་ཡོན་ཏན་རིན་ཆེན་གདུགས་ཏེ་ཡོན་ཏན་ཚད་མེད་པ་དང་ལྡན་ཞིང་འགྲོ་བ་སྐྱོབ་པའོ། གནས་སྐབས་ཐེག་པ་སྣ་ཚོགས་ཇི་ལྟར་བསྟན་ཡང་ངེས་པའི་ལམ་གཅིག་ལས་མེད་པའི་ཕྱིར་རྗེ་བཙུན་ཉིད་ལ་སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེན་པོ་མངའ་ཞིང་། སངས་རྒྱས་ཀུན་གྱི་སྐུ་རྣམ་པ་གསུམ་འཆང་བ་སྟེ་ཐམས་ཅད་རྗེ་བཙུན་གྱི་སྤྲུལ་པ་ཡིན་པའི་ཕྱིར་རོ། སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ་སྟེ་ཐབས་དང་ཤེས་རབ་ཀྱི་གཙོ་བོར་ཡང་ཞུགས་ལ། སངས་རྒྱས་ཀུན་གྱིས་བསྟན་པའི་ཆོས་ཇི་སྙེད་ཅིག་གསུངས་ཀྱང་ཡང་དག་པར་ན་གཉིས་སུ་མེད་པར་བསྟན་པའི་ཐེག་པ་གཅིག་ལས་མེད་དེ། དེ་ཡང་། ཐེག་པའི་སྒོ་མོ་བསམ་ཡས་ཀྱང་། ངེས་པའི་དོན་དུ་གཅིག་ལས་མེད། ཅེས་པ་ལྟ་བུའོ། རྡོ་རྗེ་རིན་ཆེན་ནི་ཚུར་མི་ཚུགས་པ་དང་། ཕར་ཤེས་བྱ་འབིག་པར་བྱེད་པ་སྟེ་ཆོས་ཀྱི་དབྱིངས་རྟོགས་པ་ལ་དབང་བསྐུར་བའི་དཔལ་དང་ལྡན་ཞིང་དབང་ཐོབ་པས་མེ་ལོང་ལྟ་བུའི་ཡེ་ཤེས་མི་བསྐྱོད་པའི་ངོ་བོ་སྟེ། དེས་ཞེ་སྡང་རང་ག་མ་འདུལ་བར་བྱེད་པའོ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ཏེ་ཡོན་ཏན་རིན་ཆེན་ཀུན་ལ་དབང་བསྒྱུར་བའི་བདག་པོ་ནི་དབང་ཕྱུག་མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་སྟེ། དེས་ང་རྒྱལ་དང་སེར་སྣ་རང་ག་མ་འདུལ་བར་བྱེད་པའོ། འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱི་ངོ་བོ་སོ་སོར་མ་འདྲེས་པ་གསལ་བ་ལ་དབང་བསྒྱུར་བས་དབང་ཕྱུག་ཀུན་གྱི་བདག་པོ་ནི་སོ་སོར་རྟོགས་པའི་ཡེ་ཤེས་སྣང་བ་མཐའ་ཡས་ཀྱི་ངོ་བོ་སྟེ། དེས་འདོད་ཆགས་རང་ག་མ་འདུལ་ལོ། རྡོ་རྗེ་ལྟར་ཕྲིན་ལས་ཐོགས་པ་མེད་པར་འཆང་བ་ཀུན་གྱི་རྗེ་ནི་བྱ་བ་གྲུབ་པའི་ཡེ་ཤེས་དོན་ཡོད་གྲུབ་པའི་ངོ་བོ་སྟེ། དེས་ཕྲག་དོག་དང་ལེ་ལོ་རང་ག་མ་འདུལ་ལོ། སངས་རྒྱས་ཀུན་གྱི་ཐུགས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཆེ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པར་སྣང་མཛད་ཀྱི་ངོ་བོ་སྟེ། དེས་གཏི་མུག་རང་ག་མ་འདུལ་ལོ། དེ་དག་ཀྱང་སྐུ་གསང་ཐུགས་སུ་འདུལ་ཚུལ་བསྟན་པའི་ཕྱིར། རྗེ་བཙུན་གྱི་ཐུགས་ནི་ཡེ་གེ་དྲུག་པོ་གཅིག་ཅིང་མཉམ་པ་སྟེ་སངས་རྒྱས་ཀུན་གྱི་ཐུགས་ལ་ཁྱབ་ཅིང་གནས་པའོ། དེ་ཡང་ཤེས་བྱ་མ་ལུས་པ་མཁྱེན་ཅིང་རིག་པས་ན་ཐུགས་སོ། སངས་རྒྱས་ཀུན་གྱི་སྐུར་སྤྲུལ་པ་ཡང་རྗེ་བཙུན་ཉིད་ཡིན་པས་སྐུ་རྣམས་ཀྱི་ནང་ན་སྐུ་ཆེ་བའོ། དེ་ཡང་ཁྱབ་ཅིང་རྟེན་བྱེད་པ་དང་སྣང་བས་ན་སྐུའོ། སངས་རྒྱས་ཀུན་གྱི་གསུང་འབྱུང་བའི་རྒྱུ་དང་ངོ་བོ་ཉིད་དུ་ཡང་རྗེ་བཙུན་ཉིད་འགྱུར་བ་ཡིན་ཏེ་གསལ་བ་དང་གོ་བར་བྱེད་པ་དང་གྲགས་པའི་ཕྱིར་ན་གསུང་ངོ་། དེས་གཞན་གྱི་མུན་པ་སེལ་ཞིང་མ་གོས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་སྲིད་པའི་རྒྱ་མཚོ་སྐེམས་པས་རྡོ་རྗེ་ཉི་མ་སྣང་བ་ཆེའོ། མ་རིག་པའི་མུན་པ་སེལ་བས་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་དང་། ཆགས་པ་རང་ག་མ་དང་བྲལ་ཞིང་ཆགས་བྲལ་ལ་སོགས་པས་འདུལ་བ་ལ་དེ་ལྟར་སྟོན་པ་དོན་དང་གདུལ་བྱ་ལ་ཆགས་པ་ཆེ་བའོ། ནང་ན་ཡེ་ཤེས་དང་ཐུགས་རྗེའི་འོད་འབར་བའི་རྟགས་སུ་ཕྱི་རོལ་དུ་ཁ་དོག་སྣ་ཚོགས་འབར་བའི་འོད་འཕྲོ་བའོ། ཐབས་དང་ཤེས་རབ་དབྱེར་མེད་པའི་རྟགས་སུ་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ་རྫོགས་པའི་སངས་རྒྱས། སངས་རྒྱས་རྣམས་ཀྱིས་འགྲོ་བ་ལ་བྱམས་པའི་ཆོས་འཛིན་པ་ནི་ཐུགས་མི་རྟོག་པའི་རང་སྒྲར་ཤར་བ་ལ་བྱའོ། དོན་གཉིས་ཀྱི་དཔལ་དང་ལྡན་པའི་སངས་རྒྱས་རྣམས་ནི་པདྨ་ལྟར་གོས་པ་མེད་པའི་ཆོས་རྣམས་ལས་སྐྱེས་པས་པདྨ་སྐྱེས་ཞེས་བྱའོ། ཚུལ་ཇི་ལྟ་བུ་ཞེ་ན། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པས་ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། ཡོན་ཏན་གྱི་བགོ་སྐལ་ལས་རྒྱལ་བ་དང་བདུད་ལས་རྒྱལ་བས་རྒྱལ་པོ། སྒྱུ་མ་ལྟ་བུའི་ཆོ་འཕྲུལ་སྣ་ཚོགས་ཏེ་འདུལ་བའི་ཐབས་སྣ་ཚོགས་འཆང་། སློབ་དཔོན་སངས་རྒྱས་གསང་བས། སངས་རྒྱས་ཀྱི་རིག་སྔགས་ནི་གཟུངས་རྣམ་པ་བཞི་སྟེ། ཆོས་དང་། དོན་དང་། སྔགས་དང་། བཟོད་པའི་མཚན་ཉིད་རྣམས་སོ། དེ་རྣམས་འཛིན་པས་ཆེ་བ་སངས་རྒྱས་རིག་སྔགས་འཆང་ངོ་། འོ་ན་ཤེས་རབ་ཀྱི་ལས་གང་ཞེ་ན། གཉིས་སུ་མེད་པའི་ཡེ་ཤེས་རལ་གྲི་དང་འདྲ་བས་བདག་ཏུ་རྟོགས་པ་ཐམས་ཅད་གཅོད་པས་རྡོ་རྗེ་རྣོན་པོ་རལ་གྲི་ཆེའོ། དོན་མི་འགྱུར་བའི་ཡི་གེ་དང་འདྲ་བའི་ཕྱིར་ཡི་གེ་མཆོག་སྟེ་རྣམ་པར་དག ཤེས་རབ་དང་སྙིང་རྗེའི་ཁྱད་པར་དུ་བྱས་པ་ཐེག་པ་ཆེན་པོ་དེ་རྟོགས་པས་སྡུག་བསྔལ་ཐམས་ཅད་གཅོད་པའོ། དེ་གཅོད་པའི་མཚོན་ཆ་ཆེན་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པས་རྡོ་རྗེ་ཆོས་སོ། དེ་ལྟ་བུའི་ཟབ་མོ་ནི་རྒྱལ་བའི་ཡང་རྒྱལ་པོ་ཡིན་པས་རྡོ་རྗེ་ཟབ་མོ་ཛི་ན་ཛིཀ་སྟེ། ཛི་ན་ཛིཀ་ནི་རྒྱལ་བའི་རྒྱལ་བ་ཞེས་པའི་དོན་ཡིན་པས་སོ། རྡོ་རྗེ་བློ་གྲོས་ནི་ཤེས་རབ་ཆེན་པོའི་བློ་དང་ལྡན་པས་ཤེས་བྱ་ཇི་ལྟ་བ་དོན་བཞིན་རིག་པའོ། དེ་ལྟར་རིག་པས་གདུལ་བྱ་ལ་རྒྱུ་འབྲས་ཀྱི་ཐེག་པ་སྟོན་པ་ནི། རྗེ་བཙུན་ཉིད་ལ་ཕ་རོལ་ཏུ་ཕྱིན་པ་ཀུན་རྫོགས་པར་མངའ་ལ། ས་བཅུ་པོ་རྣམས་ཀུན་གྱི་ཡོན་ཏན་གྱི་རྒྱན་དང་ལྡན་པའོ། མ་གོས་པས་རྣམ་པར་དག་པ་བདག་མེད་ཆོས་སོ། ཡང་དག་པའི་ཡེ་ཤེས་ཟླ་བའི་འོད་ལྟ་བུ་ཤིན་ཏུ་བཟང་པོ་དང་ལྡན་པས་མ་རིག་པ་དང་གདུང་བ་སེལ་ཞིང་། འགྲོ་བའི་དོན་དུ་བརྩོན་འགྲུས་ཆེན་པོ་དང་ལྡན་པས་སྒྱུ་མ་ལྟ་བུའི་རྣམ་འཕྲུལ་སྣ་ཚོགས་སྟོན་ཅིང་དྲྭ་བ་སྣང་སྟོང་ཟུང་དུ་འཇུག་པ་སྟེ། དེ་ལྟ་བུའི་སྒྱུ་འཕྲུལ་དྲྭ་བ་དེས་རྒྱུད་ཐམས་ཅད་ཀྱི་སྙིང་པོ་མཆོག་ཏུ་གྱུར་པ་གཉིས་སུ་མེད་པའི་ཡེ་ཤེས་སྟོན་པས། རྒྱུད་ཀུན་གྱི་ནི་བདག་པོ་མཆོག་གོ། གཞི་ཆོས་སྐུ་རྡོ་རྗེ་ལྟ་བུའི་གདན་ནི་ཡོན་ཏན་གྱི་ཆོས་མ་ལུས་པ་དང་ལྡན་ཞིང་། ཡེ་ཤེས་ཀྱི་སྐུ་རྣམས་མ་ལུས་འཆང་བའོ། དེ་ཉིད་ལ་བཟང་ངན་བླང་དོར་གང་ཡང་མེད་པས་ཀུན་ཏུ་བཟང་པོ་བདག་དང་གཞན་ལ་ཕན་པས་བློ་གྲོས་བཟང་པོ། ས་བཞིན་ཏུ་གཞན་ལ་ཕན་པའི་ཡོན་ཏན་བསྐྱེད་པའི་ཕྱིར་དང་། སྣོད་ཀྱི་འཇིག་རྟེན་དུ་སྤྲུལ་ནས་འགྲོ་བའི་དོན་མཛད་པའི་ཕྱིར། ས་ཡི་སྙིང་པོ་འགྲོ་བ་འཛིན་ཞེས་བྱའོ། སངས་རྒྱས་ཀུན་གྱི་སྤྲུལ་པ་འབྱུང་བའི་སྙིང་པོ་ཆེ་རུ་གྱུར་པའོ། སྙིང་པོ་དེ་ལས་སྤྲུལ་པ་ཇི་ལྟར་འབྱུང་བ་ནི་རིག་པ་བྱང་ཆུབ་སེམས་ཅིར་ཡང་འཆར་བས་སྒྲུབ་ཐབས་ཀྱི་བྱེ་བྲག་སྣ་ཚོགས་འབྱུང་བ་ཡིན་ལ། དེར་ཡང་མ་ཟད་སྐུ་གསུང་ཐུགས་ཀྱི་སྤྲུལ་བའི་འཁོར་ལོ་སྣ་ཚོགས་འཆང་ཞིང་། སྣོད་བཅུད་ཀྱི་དངོས་པོ་ཀུན་གྱི་རང་བཞིན་སྐྱེ་མེད་དུ་གནས་པས་མཆོག་གོ། དོན་སྐྱེ་བ་མེད་པས་ཀྱང་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་ལྟ་བུར་མ་འགགས་པར་ཤར་བས་དངོས་པོ་ཀུན་གྱི་རང་བཞིན་འཛིན་ནོ། མདོར་ན་ཟབ་པར་སྐྱེ་བ་མེད་ཀྱང་ཆོས་ཉིད་དེ་ལས་རྒྱ་ཆེ་བ་སྣ་ཚོགས་པའི་དོན་ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པས་ཐེག་པ་ཐམས་ཅད་ཀྱི་མཆོག་ཅེས་བྱའོ། ཤེས་རབ་དམ་པའི་ངོ་བོ་ཅི་ཞེ་ན། ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་ཀུན་གྱི་ངོ་བོ་ཉིད་ནི་མཉམ་པ་ཆེན་པོ་ཡིན་ལ། དེ་ཇི་ལྟར་རྟོགས་པའམ་འཆང་བ་ནི། ཤེས་རབ་ཆེན་པོས་སྐད་ཅིག་ལ་ཤེས་བྱའི་ཆོས་ཀུན་ཁོང་དུ་ཆུད་པ་འཆང་བ་ནི་ཆོས་ཀུན་མངོན་སུམ་དུ་མ་འཁྲུལ་བར་རྟོགས་པ་སྟེ། ལུས་ངག་ཡིད་གསུམ་མི་དགེ་བའི་ལས་ལ་ཐུབ་པ། ཆོས་ཉིད་རྟོགས་པའི་བློ་མཆོག་ཡོད་པས་རྣམ་རྟོག་གི་གནོད་པ་འབྱུང་བའི་གནོད་པ་ལྟ་བུ་མཐའ་དག་སེལ་བའོ། མཚན་མ་གང་གིས་ཀྱང་མི་གཡོ་བར་ཆུ་རབ་ཏུ་དྭངས་པ་འདྲ་བའི་བདག་ཉིད་གསལ་ལ་རྟོག་པ་མེད་པ་ནི། རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་འཆང་བ་སྟེ། དེ་ཡང་ལམ་ལ་གནས་པའི་རྣལ་འབྱོར་པས་ནི་མཆོག་མཁྱེན་ལ། སངས་རྒྱས་ཀུན་གྱི་ཡེ་ཤེས་ནི་མངོན་སུམ་པའོ། ཡེ་ཤེས་དེའི་དཔེ་ནི་མེ་ལྕེ་འོད་རབ་ཏུ་གསལ་བ་དང་འདྲ་ལ། མ་རིག་པ་སེལ་བ་དང་། ཉོན་མོངས་པ་སེལ་བ་དང་། སྲིན་བུ་མེ་ཁྱེར་ལ་སོགས་པའི་འོད་ཟིལ་གྱིས་གནོན་པ་དང་། ཞིང་ཁམས་གྲངས་མེད་པ་སྣང་བར་བྱེད་པའོ། དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ཕྱིར། མཐོ་རིས་དང་ཐར་པ་འདོད་པའི་སྐྱེ་བོ་རྣམས་ཀྱི་དོན་སྦྱིན་པ་ལ་སོགས་པའི་སྒོ་ནས་གྲུབ་པ་མཛད་པའི་ཕན་བདེའི་འབྱུང་གནས་དམ་པ་སྟེ། ངན་སོང་དུ་སྐྱེ་འགྱུར་གྱི་ལས་ངན་ཅན་ཐམས་ཅད་ལ་ཐར་པ་དང་རྗེས་སུ་མཐུན་པའི་ཆོས་རྣམས་བསྟན་ནས་རྒྱུ་དང་འབྲས་བུ་རྣམ་པར་སྦྱོང་བར་མཛད་ནས་འགྲོ་བ་སྐྱོབ་པའི་མགོན་པོ་སེམས་ཅན་ཀུན་གྱི་དོན་བྱེད་པས་མཆོག་གོ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་མཁྱེན་པས་བློའི་རིམ་པ་དང་སྦྱར་ནས་ཉོན་མོངས་པའི་འཆིང་བ་རབ་ཏུ་གྲོལ་བར་བྱེད་པའོ། ཆོས་ཀྱི་ཕུང་པོ་མཐའ་དག་ཉོན་མོངས་པའི་གཡུལ་དུ་འཇོམས་པའི་གཉེན་པོར་གཅིག་ཏུ་དཔའ་བ་ཡིན་ལ་མུ་སྟེགས་ལ་སོགས་པ་ཟིལ་གྱིས་གནོན་པས་མི་ཤེས་དགྲ་ཡི་དྲེགས་པ་འཇོམས། ཞེས་སོ། གཞན་གྱི་ཉོན་མོངས་པ་དེ་ལྟར་འཇོམས་ན། འོ་ན་གཞན་འདུལ་བའི་གཟུགས་སུ་ཇི་ལྟར་སྟོན་ཞེ་ན། བདག་དང་གཞན་གྱི་དཔལ་དུ་གྱུར་པས་ཤེས་རབ་ཆེན་པོའི་བློ་དང་ལྡན་པ་བསྟན། མཛེས་པར་མཛད་པས་སྒེག་འཆང་དཔལ་དང་ལྡན། དོན་མི་འགྱུར་བ་བརྟན་པོ་ཞི་བས་མི་འདུལ་བ་ལ་བདུད་ལ་སོགས་པ་བཟློག་པའི་འཇིགས་སུ་རུང་བ་མི་སྡུག་པའི་གཟུགས་འཆང་བའོ། དེ་ཡང་གར་ལ་མོས་པ་ལ་གར་དུ་སྟོན་པའི་ཕྱིར། ཚངས་པ་འདུལ་བའི་གར་ལག་པ་བརྒྱར་སྤྲུལ་ཏེ་ལག་པ་བརྒྱ་བོ་ཀུན་བསྐྱོད་ཅིང་བསྒྱུར་ཏེ། གོམ་པའི་སྟབས་ཀྱིས་གར་བྱེད་པ་དང་། ཚོགས་གཉིས་རྫོགས་པའི་དཔལ་དང་ལྡན་པས་ལག་པ་བརྒྱས་གང་བར་སྤྲུལ་ལ། ནམ་མཁའ་ཁྱབ་པར་གར་བྱེད་པའི་ཚུལ་གྱིས་འགྲོ་བའི་དོན་མཛད་པ། གླིང་བཞིའི་ཁྱབ་འཇུག་གིས་འདུལ་བ་དེའི་གཉེན་པོར་ས་ཡི་དཀྱིལ་འཁོར་གླིང་བཞི་ཡི་ཁྱོན་རི་རབ་དང་བཅས་པ་རྐང་པ་ཡ་གཅིག་གི་མཐིལ་གྱིས་གནོན་ཏེ། གླིང་བཞི་ཆུང་དུ་མ་སོང་། ཞབས་ཆེ་རུ་མ་སོང་ངོ་། གྱེན་ལ་ནི་རྐང་མཐིལ་སེན་མོའི་ཁྱོན་གྱིས་ཀྱང་ཚངས་པའི་ཡུལ་ས་རྩེ་ནས་གནོན་ཡང་སྔ་མ་ལྟར་ཆེ་ཆུང་དུ་མ་སོང་བའི་རྫུ་འཕྲུལ་སྟོན་ཏོ། དོན་དམ་པ་གཅིག་པུ་གཉིས་སུ་མེད་པ་ནི་ཆོས་ཀྱི་སྐུའི་དོན་དམ་པའི་དོན་ནི་གཞན་ཤེས་རྒྱུད་དང་ལྡན་པའི་དངོས་པོ་འཁོར་བའི་སེམས་ཅན་རྣམས་ཀྱི་དོན་མ་ལུས་རྣམས་ལ་ཐུགས་དགྱེས་པས་དགའ་བའོ། དོན་དམ་པར་སྟོང་པ་ཉིད་ལ་དགའ་ཞིང་ཆགས་པའི་བློས་ཁམས་གསུམ་གྱི་འདོད་ཆགས་རང་ག་མའི་བློ་དང་བྲལ་བའོ། ཤེས་རབ་ཆེན་པོས་སྲིད་པ་ལས་གྲོལ་ཡང་ཐུགས་རྗེས་དེར་སྤྲུལ་ནས་གདུལ་བྱ་རྣམས་སྲིད་པའི་འདོད་ཆགས་སོགས་སྤངས་པ་ལ་འགོད་པར་མཛད་པས་སྲིད་གསུམ་གྱི་གདུལ་བྱའི་དོན་ལ་དགའ་བ་ཆེན་པོ་སྟེ། དོན་མཛད་པའི་ཚེ་སྐུའི་གཟི་མདངས་ཅི་འདྲ་ཞེ་ན། ཉེས་པས་མ་གོས་པའི་མཚན་མ་འོད་ཁ་དོག་སྤྲིན་དཀར་དག་པ་བཞིན་དུ་དཀར་ཞིང་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བའི་དཔེ་འོད་བཟང་སྟོན་ཀའི་ཟླ་བའི་འོད་ལྟ་བུས་མ་རིག་པའི་མུན་པ་སེལ་ཞིང་གདུང་བ་ཚིམ་པར་བྱེད་པའོ། དེ་ལས་ཀྱང་ཡེ་ཤེས་རོ་གཅིག་པའི་རྟགས་སུ་འོད་ཁ་དོག་དྲུག་དང་ལྡན་པའི་སྐུ་མངའ་བས་ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས་པའོ། འགྲོ་བ་ལ་ཐུགས་རྗེས་ཆགས་པའི་རྟགས་སུ། སེན་མོའི་འོད་ནི་ཤས་ཆེར་དམར་བའོ། མཐའ་གཉིས་ལས་རྒྱལ་བའི་རྟགས་སུ་དབུ་ལ་རིན་པོ་ཆེའི་ཅོད་པན་བཟང་པོ་མཛེས་ཤིང་ནོར་བུ་མཐོན་ཀའི་རྩེ་མོས་བརྒྱན་པའི་སྐྲ་མཆོག་མཐོན་ཀ་ཆེན་པོ་ལྟ་བུ་ཁ་དོག་ཅན་འཆང་བ། འགྲོ་བའི་དོན་མཛད་པའི་རྟགས་སུ་ཐུགས་ཀར་ནོར་བུ་ཆེན་པོ་འོད་ཆགས་པའི་དཔལ་གྱིས་བརྒྱན་པ། སངས་རྒྱས་ཀྱི་སྤྲུལ་པ་དཔག་ཏུ་མེད་པ་མངའ་བའི་རྟགས་སུ་སྤྲུལ་པ་རེ་རེ་ལ་ཡེ་ཤེས་སེམས་དཔའ་རེ་རེ་གསལ་ཞིང་མཛེས་པས་སྤྲུལ་པའི་རྒྱན་དང་ལྡན་པའོ། དེ་ལྟ་བུ་ལ་ལམ་གྱི་ཁྱད་པར་ཇི་ལྟ་བུ་མངའ་ཞེ་ན། འཇིག་རྟེན་ཁམས་བརྒྱ་ནི་མཚོན་པ་ཙམ་སྟེ་མཐའ་ཡས་པ་ཀུན་བསྐྱོད་པར་མཛད་པའོ། བསྐྱོད་ནས་ཅི་མཛད་ཅེ་ན། རྫུ་འཕྲུལ་གྱི་རྐང་པའི་སྟོབས་ཆེན་པོ་བཞི་སོགས་དང་ལྡན་པའི་སྒོ་ནས་འགྲོ་དོན་མཛད་པ་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདུན་པའི་ཏིང་ངེ་འཛིན་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ། སེམས་ཀྱི་ཏིང་ངེ་འཛིན་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པ། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པ། དཔྱོད་པའི་ཏིང་ངེ་འཛིན་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པའོ། དེ་ཉིད་ཀྱི་དོན་མི་བསྙེལ་བའི་དྲན་པ་ཆེན་པོ་འཆང་བ་སྟེ། དྲན་པ་བཞི་ནི་ལུས་ཚོར་སེམས་ཆོས་དྲན་པ་ཉེར་བཞག་རྣམས་ཏེ་བཞི་པོ་དེ་ལ་ཡང་མ་ཞེན་པས་ཏིང་འཛིན་རྒྱལ་ཞེས་སོ། དེ་ལ་མཐོང་ལམ་གྱི་གནས་སྐབས་ན་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་སོ། དེ་ལྟ་བུའི་སྒོ་ནས་འགྲོ་བའི་དོན་བྱེད་པ་དང་འཕགས་པ་རྣམས་མཉེས་པར་བྱེད་པས་མེ་ཏོག་སྤོས་ཞེས་སོ། དེར་ཡང་མ་ཟད་དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ཙམ་གྱི་གཞིར་གྱུར་པ་རྗེ་བཙུན་ཉིད་དོ། གཞན་ཡང་སྒོམ་ལམ་གྱི་གནས་སྐབས་ན་ལམ་གྱི་ཡན་ལག་བརྒྱད་པ་སྟེ། ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་ཏེ་དེ་ལྟ་བུའི་ཚུལ་རིག་ནས་འགྲོ་བ་འདྲེན་པར་མཛད་དོ། དེ་ལྟར་རིག་པ་ནི་ཡང་དག་པར་སངས་རྒྱས་ཀྱི་ལམ་རིག་པའོ། དོན་མཛད་པ་ལ་སྔོན་དུ་ཐུགས་རྗེ་དགོས་པའི་ཕྱིར། སེམས་ཅན་ཀུན་ལ་བུ་གཅིག་པའི་མ་ལྟར་ཐུགས་རྗེ་ཤས་ཆེར་ཆགས་པའོ། འོ་ན་མཚན་མར་མི་འགྱུར་རམ་ཞེ་ན། དོན་ནམ་མཁའ་ལྟ་བུར་མཁྱེན་པས་ཆགས་པ་རང་ག་མ་མེད་པའོ། དེ་ཡང་སེམས་ཅན་ཀུན་གྱི་ཡིད་ལ་ཁྱབ་པར་འཇུག་ཅིང་། སེམས་ཅན་ཀུན་གྱི་དོན་ལ་བརྩོན་འགྲུས་ཡིད་ལྟར་མགྱོགས་པར་མཛད་དོ། དེ་ཡང་དོན་བྱ་བའི་ཡུལ་མཁྱེན་པ་བསྟན་པའི་ཕྱིར། སེམས་ཅན་ཀུན་གྱི་དབང་པོ་རབ་འབྲིང་ཐ་མ་ཤེས་ཤིང་དོན་གང་ལ་མོས་པ་རྣམས་ཤེས་པའོ། སྐུ་ལྟ་བས་ཆོག་མི་ཤེས་པ་སྟོན་པས་སེམས་ཅན་ཀུན་གྱི་ཡིད་འཕྲོག་ལ། ཡིད་རྟོག་བཅས་རྟོག་མེད་དུ་བཟློག་པས་ཀྱང་སེམས་ཅན་ཀུན་གྱི་ཡིད་འཕྲོག་པའོ། ཕུང་པོ་ལྔའི་དོན་ཀུན་རྫོབ་སྒྱུ་མ་ལྟ་བུར་ཤེས་ལ། དེ་ཁོ་ན་ཉིད་དུ་སྐྱེ་བ་མེད་པར་ཤེས་པའོ། དེ་ཡང་རྣམ་པར་དག་པའི་ཕུང་པོ་ལྔ་འཆང་བ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། འོ་ན་དོན་བྱེད་པའི་ཐབས་ཇི་ལྟར་མཁྱེན་ཞེ་ན། ཁམས་གསུམ་པ་ལས་ངེས་པར་འབྱུང་བའི་ཆོས་ཀུན་གྱི་མཐའ་ལ་སྟེ་མཐར་ཐུག་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ཞིང་། དེ་ལ་རྗེ་བཙུན་ཉིད་ངང་གིས་གནས་ཤིང་། ངེས་པར་འབྱུང་བ་ཐོབ་པའི་ཆོས་ཀུན་སྟོན་པ་ལ་ཡང་མཁས་པའོ། ཉིད་ཀྱང་ངེས་འབྱུང་ཀུན་གྱི་ལམ་ལ་གནས་པའི་ཚུལ་སྟོན་ཏེ། གདུལ་བྱ་ལ་ཇི་ལྟར་འཚམས་པར་ངེས་པར་འབྱུང་བ་ཐོབ་པའི་ལམ་ཀུན་སྟོན་པའོ། དེས་གཞན་དོན་ཇི་ལྟར་མཛད་ན་རྟེན་ཅིང་འབྲེལ་བར་འབྱུང་བ་མ་རིག་པ་ནས་རྒ་ཤིའི་བར་གྱི་ཡན་ལག་བཅུ་གཉིས་ཀྱི་བདག་ཉིད་སྲིད་པའི་རྩ་བ་ནི་མ་རིག་པ་ཡིན་ཏེ། མ་རིག་པ་འགག་ན་དེ་རྣམས་འགག་པར་འགྱུར་བའི་ཕྱིར། གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོས་མ་རིག་པ་རྩ་བ་ནས་བཏོན་པའོ། མིག་སོགས་སྐྱེ་མཆེད་བཅུ་གཉིས་དག་པས་དག་པ་རྣམ་པ་བཅུ་གཉིས་འཆང་བའོ། ཡང་སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་སྟེ། བདེན་པ་བཞིའི་ཚུལ་གྱི་རྣམ་པ་བཅུ་དྲུག་ཅན་ཏེ་དེ་དག་ཐུན་མོང་གི་ལམ་མོ། དེས་ཀྱང་སེམས་ཅན་རྣམས་ཁྲིད་པར་མཛད་པའོ། ཁྱད་པར་གྱི་ལམ་ནི་རྣམ་པར་ཤེས་པ་ཚོགས་བརྒྱད་པོ་སྐྱེ་མེད་དུ་རྟོགས་པ་འཆང་བ་སྟེ། དེ་ཡང་། འདི་སྐད་དུ། བརྒྱད་པོ་སྐྱེ་མེད་ཤེས་པ་ཡིས། དགོངས་པ་རྒྱལ་བ་ཀུན་དང་མཉམ། ཞེས་པ་ལྟ་བུའོ། ཡང་དག་པའི་བདེན་དོན་སངས་རྒྱས་ཀྱི་སའི་ཡོན་ཏན་རྣམ་པ་བཅུ་གཉིས་དང་ཡང་ལྡན་ཏེ་རིགས་ལྔ། ཡེ་ཤེས་ལྔ། ཤེས་རབ་དང་སྙིང་རྗེ་ཁྱད་པར་ཅན་ནོ། དེ་ཉིད་རྣམ་པ་ནི་ནང་སྟོང་པ་ཉིད་ལ་སོགས་པ་བཅུ་དྲུག་རིག དེ་ཡང་མ་རྟོགས་པ་སེམས་ཅན་གྱི་དུས་ན། ས་སོགས་འབྱུང་བ་ལྔ་དང་། གཟུགས་སོགས་ཕུང་པོ་ལྔ་དང་། འདོད་ཆགས་སོགས་ཉོན་མོངས་ལྔ་དང་། མིག་སོགས་དབང་པོ་ལྔར་སྣང་བ་སྟེ་དོན་རྟོགས་པའི་དུས་ན་རྣམ་པ་དེ་དག་ཀྱང་རིགས་ལྔ་ཡེ་ཤེས་ལྔར་ཤར་ཏེ། སངས་རྒྱས་ཀྱི་ཆོས་ཀྱང་དེ་དག་ཏུ་འདུས་པས་རྣམ་པ་ཉི་ཤུ་པོ་དེ་དག་ཉིད་ཀྱིས་གྲོལ་ནས་སངས་རྒྱས་ཀྱི་བྱང་ཆུབ་འགྲུབ་པ་ཡིན་པས་མཆོག་གོ། དེ་ཡང་འདི་སྐད་དུ། འབྱུང་བ་ལྔ་དང་ཉོན་མོངས་ཕུང་པོ་ལྔ། དབང་པོ་རྣམ་ལྔའི་ཞེན་པ་དང་བྲལ་ནས། རིགས་ལྔ་ཡེ་ཤེས་ལྔར་སྣང་ལ། རྫོགས་སངས་རྒྱས་པའི་བྱང་ཆུབ་ཡིན། ཞེས་གསུངས་པ་ལྟ་བུའོ། དེ་ལྟ་བུའི་སངས་རྒྱས་ལ་རྣམ་པ་ཐམས་ཅད་མཁྱེན་བའི་ཡེ་ཤེས་མངའ་བས་རྣམ་པར་སངས་རྒྱས་ཀུན་རིག་མཆོག་ཅེས་བྱའོ། དེ་ལྟར་རིག་ནས་སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ་བྱེ་བ་དཔག་མེད་འགྱེད་པས་སེམས་ཅན་གྱི་དོན་མཛད་པའོ། དེ་ཡང་གདུལ་བྱའི་བློ་དང་འཚམས་པའི་ཐེག་པ་སྟོན་པའི་ཕྱིར། སྐད་ཅིག་གིས་གདུལ་བྱའི་བསམ་པ་དང་བག་ལ་ཉལ་ཐམས་ཅད་མངོན་པར་རྟོགས་ནས་དོན་མཛད་ཏེ། འོ་ན་རྟོག་བཅས་སུ་ཐལ་ལོ་ཞེ་ན། རྟོགས་བྱེད་སེམས་ཀྱི་སྐད་ཅིག་རང་ཡང་སྐྱེ་བ་མེད་པའི་དོན་ཀུན་རིག་ནས་ཐེག་པ་སྣ་ཚོགས་པའི་ཐབས་ཚུལ་གྱིས་འགྲོ་བའི་དོན་ལ་རྟོགས་པ་པོ་ཞེས་བྱ་སྟེ། དེ་ཡང་གདུལ་བྱ་ཐེག་པ་གསུམ་གྱིས་འདུལ་བ་ལ། ཉན་ཐོས་དང་། རང་རྒྱལ་དང་། ཐེག་པ་ཆེན་པོ་བསྟན་ཏོ། ཡང་དག་པར་ཐེག་པ་གཅིག་སྟེ་འབྲས་བུ་རྡོ་རྗེའི་ཐེག་པའོ། དེ་ཡང་འབྲས་བུ་སངས་རྒྱས་ན་ཇི་ལྟར་གནས་པ་དང་། ད་ལྟ་ཉིད་ནས་ལམ་དུ་ཁྱེར་ནས་འབྲས་བུར་གནས་ཞེས་བྱའོ། ཐེག་པ་འདི་ཀུན་ཡང་དག་པའི་ཐེག་པ་ལས་གཞན་མ་ཡིན་པས་ཐེག་པ་གསུམ་གྱིས་འཁོར་བ་ལས་ངེས་པར་འབྱུང་བར་བྱེད་པའི་རྒྱུ་བསྟན་པ་ལ་ཐེག་པ་གཅིག་གིས་བྱང་ཆུབ་ཀྱི་འབྲས་བུར་གནས་པ་སྟོན་ནོ། དེ་ཡང་། རྒྱུ་ལ་སྤྱོད་པ་རྒྱུ་ཡི་ཆོས། འཁོར་ལོ་ཤིན་ཏུ་བསྐོར་བྱས་ནས། འབྲས་བུའི་ཐེག་པའི་ཉེ་ལམ་ཞིག དུས་ཚིགས་ཕྱི་མར་འབྱུང་བར་འགྱུར། ཞེས་པ་ལྟ་བུའོ། དེ་ལ་ཡང་སྤངས་པའི་ཁྱད་པར་བསྟན་པའི་ཕྱིར། གཉིས་མེད་རྟོགས་པས་ཉོན་མོངས་ཁམས་རྣམས་དག་པའི་བདག་ཉིད་དོ། ལས་ངན་སློང་བྱེད་ཀྱི་སེམས་མེད་པས་ལས་ཀྱི་ཁམས་རྣམས་ཟད་པར་བྱེད་པའོ། འཁོར་བའི་སྤྱོད་ཡུལ་ཇི་སྙེད་པ་རྣམས་ནི་ཆུ་བོ་དང་འདྲ་སྟེ་རྒྱུན་རིང་བ་དང་རྒྱུན་ཕྱོགས་སུ་ཁྱེར་བར་བྱེད་པ་ཡིན་ལ། རྒྱ་མཚོ་དང་འདྲ་སྟེ་རྒལ་དཀའ་བ་དང་མང་བའི་ཕྱིར། དེ་ཀུན་ལས་བརྒལ་ཞིང་དོན་ལ་སྦྱོར་བའི་ཡེ་ཤེས་ནི་རྟོགས་པ་ལས་དབེན་པས་དགོན་པ་ལས་བྱུང་བ་ཞེས་བྱའོ། ཉོན་མོངས་པའི་རྩ་བ་དྲུག་དང་ཉེ་བའི་ཉོན་མོངས་ཉི་ཤུ་དང་ཀུན་ནས་ཉོན་མོངས་པ་སྡུག་བསྔལ་རྣམས་དང་བག་ཆགས་ས་བོན་བཅས་པ་གཏན་ནས་སྤངས་པའོ། དེ་ཉིད་ཐབས་དང་ཤེས་རབ་དམ་པ་དང་ཇི་ལྟར་ལྡན་ཞེ་ན། སྙིང་རྗེ་ཆེན་པོ་དང་ལྡན་པས་ཞི་མཐར་མི་གནས་ཤིང་། ཤེས་རབ་ཆེན་པོས་སྲིད་ལ་མི་གནས་ཏེ་ཐབས་དེ་ལྟ་བུས་དོན་ཡོད་འགྲོ་བའི་དོན་བྱེད་པའོ། འོ་ན་མཚན་མར་འཛིན་པ་ཅན་དུ་མི་འགྱུར་རམ་ཞེ་ན། འདུ་ཤེས་ནི་ཡུལ་ལ་མཚན་མར་འཛིན་པ་སྟེ་སྐྱེ་བ་མེད་པར་རྟོགས་པས་དེ་ཀུན་གྱི་དོན་ནམ་རང་བཞིན་ལ་མངོན་ཞེན་སྤངས་ཤིང་། རྣམ་ཤེས་ཟག་བཅས་ཀྱི་དོན་ནི་སྐྱེ་མེད་དུ་རྟོགས་པས་འགག་པར་བྱེད་པའོ། དེ་ལྟར་རང་རྟོགས་པ་མ་ནོར་བས་གཞན་ལམ་ལ་འགོད་པའི་ཕྱིར་སེམས་ཅན་ཀུན་གྱི་ཡིད་ཡུལ་དང་མཐུན་པར་ལྡན་པས་དོན་མཛད་པའོ། དེ་ཡང་སེམས་ཅན་ཀུན་གྱི་ཡིད་རིག་པ་དེ་སངས་རྒྱས་ཀྱི་ཐུགས་མི་རྟོག་པར་རིག་པའི་སྒོ་ནས་མཛད་དེ། སེམས་ཅན་ཀུན་གྱི་ཡིད་ལ་ཁྱབ་པར་གནས་ཤིང་། དེ་དག་གི་སེམས་དང་མཐུན་པར་འགྲོ་བའི་དོན་ལ་འཇུག་སྟེ། ཞུགས་ནས་སེམས་ཅན་ཀུན་གྱི་ཡིད་ལ་ཇི་ལྟར་འདོད་པ་བཞིན་དུ་ཚིམ་ཞིང་དགའ་བས་སིམ་པར་བྱེད་དོ། སེམས་ཅན་ཀུན་གྱི་ཡིད་དགའ་བ། གྲུབ་པ་དེ་ཉིད་མཐར་ཕྱིན་པར་བྱེད་ཅིང་དེ་ཡང་འཁྲུལ་བ་མེད་པའམ། ནོར་བ་ཐམས་ཅད་རྣམ་པར་སྤངས་ནས། དྲང་བའི་དོན་དང་། ངེས་པའི་དོན་དང་། ཐེག་པ་སྣ་ཚོགས་ཀྱི་དོན་གསུམ་ལ་ཐེ་ཚོམ་མེད་པའི་བློ་གྲོས་ཀྱིས་གྲུབ་པའི་མཐའ་རྣམས་ངེས་པར་ཤེས་པའི་ཕྱིར་རོ། སེམས་ཅན་ཀུན་གྱི་དོན་དུ་གྱུར་པའི་ཡོན་ཏན་སྐུ་གསུང་ཐུགས་གསུམ་གྱི་བདག་པོར་གྱུར་པའོ། འདི་ཉིད་ལས་ཀྱང་སངས་རྒྱས་ཀུན་གྱི་ཐུགས་ལ་གནས། སངས་རྒྱས་ཀུན་གྱི་སྐུ་ཆེ་བ། སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། ཞེས་འབྱུང་ངོ་། རྒྱུའི་དུས་ན་ཕུང་པོ་ལྔའི་དོན་ལ་དུས་གསུམ་དུ། སྐད་ཅིག་མའི་རིགས་པས་གཞིགས་ནས་ཐམས་ཅད་བྱེ་བྲག་ཕྱེད་དེ་མུ་སྟེགས་ཀྱི་བདག་པོ་ལ་སོགས་པ་བྱེད་དེ། འབྲས་བུའི་དུས་ན་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པ་ལ་རིམ་པ་ཡོད་པ་མ་ཡིན་པས་སྐད་ཅིག་གཅིག་གིས་ཀྱང་རྫོགས་སངས་རྒྱས་ཏེ། འདི་ནི་ལས་འཕྲོ་དང་དབང་པོའི་མཆོག་ཏུ་གྱུར་པ་ལ། བྱེད་རྩོལ་གྱི་སྤྲོས་པ་བཅད་དེ་དེ་བཞིན་ཉིད་བསྒོམ་པའི་ལམ་ཉེ་བར་སྟོན་ནོ། དེ་ཡང་བྱེད་རྩོལ་གྱི་སྤྲོས་པ་བཅད་པ་ནི་འདི་སྐད་དུ། ཤེས་རབ་དམ་པས་མ་ཟིན་པའི། ལམ་གྱི་དགེ་བའི་སྟེགས་བཅས་ཀྱང་། མཐོ་རིས་ལྷ་དང་མི་རུ་སྐྱེ། སྐྱེ་ཤི་མེད་པའི་ས་མི་ཐོབ། ཅེས་པ་ལྟ་བུའོ། སངས་རྒྱས་ཀུན་གྱི་རང་བཞིན་མཉམ་ཞིང་ཐུགས་རྗེས་འགྲོ་དོན་མཛད་པར་མཉམ། མཛད་ལུགས་མི་མཉམ། སྐུ་བོང་ཚེ་ཚད་ཚུལ་དང་རིགས་མི་མཉམ་པར་སྣང་ངོ་། དེ་ཡང་རང་བཞིན་སྐྱེ་བ་མེད་པར་འཆར་བར་མཛད་དོ། ཆོས་ཀྱི་སྐུ་ལ་ཟག་བཅས་ཀྱི་ལུས་མེད་པས་ཡེ་ཤེས་ཀྱི་བདག་ཉིད་ཟག་པ་མེད་པའི་ཡོན་ཏན་གྱི་རྟེན་དུ་གྱུར་པའི་ལུས་ཏེ་དེའི་བྱིན་རླབས་ལས། ལོངས་སྤྱོད་རྫོགས་པའི་སྐུ་ལུས་ཀྱི་མཆོག་ཏུ་འབྱུང་ངོ་། ལུས་ཐམས་ཅད་ཀྱི་མཐའ་ནི་སྐྱེ་མེད་དུ་རྟོགས་པ་པོ་སྟེ། དེ་ལས་སྤྲུལ་པའི་སྐུའི་གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན་པས། ནོར་བུ་ཆེན་པོ་རིན་ཆེན་ཏེ་འདོད་འབྱུང་དབང་གི་རྒྱལ་པོ་ལྟར་གདུལ་བྱའི་འདོད་པ་སྐོང་བས་རབ་ཏུ་གྱུར་པའམ་ཏོག་ཅེས་བྱའོ། དེ་ཡང་ལོངས་སྐུ་ནི། རྣམ་པ་ངེས་པ། གནས་ངེས་པ། འཁོར་ངེས་པ། ཆོས་ངེས་པ། དུས་ངེས་པ་སྟེ་ངེས་པ་ལྔ་དང་ལྡན་ལ། སྤྲུལ་སྐུ་ནི་རྣམ་པ་གནས་འཁོར་ཆོས་དུས་ཐམས་ཅད་མ་ངེས་པའོ། ད་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པར་བྱ་སྟེ། དེ་ཡང་འཕྲིན་ལས་ཀྱི་རྒྱུ་གང་ཞེ་ན། ཆོས་ཀྱི་སྐུ་གཉིས་མེད་ནི་སངས་རྒྱས་ཀུན་གྱིས་རྟོགས་པར་བྱ་བའི་ཆོས་ཆེན་པོ་ཡིན་ལ། དེ་རྟོགས་ནས་སངས་རྒྱས་ཀྱི་བྱང་ཆུབ་བླ་ན་མེད་པའོ། ཐབས་དང་ཤེས་རབ་ཁྱད་པར་ཅན་གྱི་གསང་སྔགས་ལས་བྱུང་བའི་ཆོས་ཀྱི་ངོ་བོ་ཉིད་བརྗོད་དུ་མེད་པས་ཡི་གེ་མེད་པའོ། རྒྱུ་ཆེ་བ་གསང་སྔགས་ཆེན་པོ་ལས་འབྲས་བུ་ཆེ་བ་སྐུ་གསུང་ཐུགས་ཀྱི་རིགས་གསུམ་ལྷུན་གྱིས་གྲུབ་པ། དེས་གསང་སྔགས་ཀྱི་དོན་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་ཀུན་གཞན་གྱི་རྒྱུད་ལ་བསྐྱེད་པ་པོ་ཞེས་བྱའོ། དོན་དམ་པར་ཐིག་ལེ་ནི་ཆོས་ཉིད་མི་འགྱུར་བ། དེ་ཁྱབ་ཅིང་གདལ་བ་ཆེན་པོ་ངོ་བོ་ཚིག་གིས་བརྗོད་དུ་མེད་པས་ཡི་གེ་མེད་པའོ། སྟོང་པ་ཆེན་པོ་ཆོས་ཀྱི་སྐུ་དེ་ཉིད་དེ་བཞིན་གཤེགས་པ་ལྔའི་ས་བོན་ཡི་གེ་ལྔ་མ་འགགས་པར་ཤར་བ་ནི་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལྔའོ། ཐིག་ལེ་སྟོང་པ་སྐྱེ་བ་མེད་པ་ལས་ཡི་གེ་བརྒྱ་སྟེ། དེ་ལ་བརྟེན་ནས་སྒྲུབ་ཐབས་འབྱུང་བ་སྟེ། དོན་དུ་ན་ཆོས་ཀྱི་སྐུ་ལ་ཕྱོགས་རིས་མེད་ཅིང་འགགས་པ་མེད་པའི་མཐུའོ། འོ་ན་ཐུགས་ཀྱི་སྤྲུལ་པ་གང་ཞེ་ན། ཀུན་རྫོབ་ཏུ་མཚན་དང་དཔེ་བྱད་ལ་སོགས་ཏེ་སྣོད་བཅུད་ཀྱི་རྣམ་པ་ཀུན་དང་ལྡན་ལ་དོན་དམ་པར་སྣང་བའི་ངོ་བོ་ཉིད་མེད་པས་རྣམ་པ་མེད་པའོ། དབྱངས་ཀྱི་ཡི་གེ་བཅུ་དྲུག་གི་ཕྱེད་བརྒྱད་དང་བརྒྱད་ཀྱི་ཕྱེད་ཐིག་ལེ་ཅན་ནི་ཡི་གེ་བཞི་སྟེ་ཨ་ཨཱ་་ཨཱ་ཞེས་པའོ། དེ་བཞི་ནི་མཚོན་བྱེད་དུ་གྱུར་པ་ཡིན་ཏེ། ཅི་མཚོན་ན། རྣམ་པར་ཐར་པའི་སྒོ་བཞི་མཚོན་ཏེ། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་དང་། མཚན་མ་མེད་པའི་རྣམ་པར་ཐར་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པ་དང་། ཐབས་ལ་མཁས་པའི་རྣམ་པར་ཐར་པའོ། དེ་ཡང་སྟོང་པ་ཉིད་ཀྱིས་ནི་དངོས་པོ་ལས་འབྱིན་པར་བྱེད་དོ། མཚན་མ་མེད་པས་ནི་མཚན་མ་ཕྲ་མོའི་ཞེན་པ་ལས་ཀྱང་འབྱིན་བར་བྱེད་དོ། སྨོན་པ་མེད་པས་ནི་འབྲས་བུ་རེ་སྨོན་གྱི་མཐའ་ལས་འབྱིན་པར་བྱེད་པའོ། ཐབས་ལ་མཁས་པས་ནི་ཐབས་དམན་ཞིང་མི་མཁས་པ་རྣམས་ལས་འབྱིན་པར་བྱེད་དོ། དེ་བཞི་ཡང་སྤྲོས་པ་ཕྱོགས་རེ་བཅད་པའི་ཡེ་ཤེས་ཀྱི་ཆ་ནས་བཞིར་བཤད་ཀྱིས། དོན་དུ་ན། ཐིག་ལེ་ཆེན་པོ་ཡི་གེ་མེད་པའོ། ཡང་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ན། བྱང་ཆུབ་ཀྱི་སེམས་ཐིག་ལེ་ཆ་བཅུ་དྲུག་ཏུ་གནས་ཏེ། དེ་ལས་ཀྱི་ཕྱག་རྒྱའི་ཐབས་ཀྱི་བྱེ་བྲག་རྣམས་ལ་བརྟེན་ཏེ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་ཐིག་ལེ་བཅུ་དྲུག་པོ་བཞུ་བའི་ཐིག་ལེ་ཕྱེད་བརྒྱད་པོ་སྙིང་ག་ཆོས་ཀྱི་འཁོར་ལོར་ཕབ། དེ་བཞུ་བའི་ཕྱེད་ལྟེ་བ་སྤྲུལ་པའི་འཁོར་ལོར་ཕབ། དེའི་ཕྱེད་གསང་བ་བདེ་སྐྱོང་གི་འཁོར་ལོར་ཕབ་སྟེ། གཉིས་ཤོར་གཉིས་མཉམ་གྱི་དུས་སུ་ངོས་བཟུང་ངོ་། དེ་ཡང་དང་ཡང་དུ་གོམས་པར་བྱས་པས་མཐར་དེའི་ཞེན་པ་བག་ཙམ་ཡང་བྲལ་ཏེ་ཐིག་ལེ་ཆེན་པོ་ཡི་གེ་མེད་པ་རྟོགས་པར་འགྱུར་རོ། དེ་ཡང་ཇི་སྐད་དུ། ཟབ་མོ་རྣམ་པར་ཐར་པ་བཞིས། རྣོན་པོའི་དོན་དུ་བཤད་པ་ཡིན། འཁོར་ལོ་བཞིན་དུ་བསྐོར་བྱེད་པ། རྟུལ་པོའི་དོན་དུ་ཤེས་པར་བྱ། ཞེས་འབྱུང་ངོ་། དེ་ལྟར་བསྒོམ་པས་རྣམ་རྟོག་གི་ཡན་ལག་མེད་པའི་ཕྱིར་བརྗོད་པའི་རྩིས་ལས་འདས་པའོ། བསམ་གཏན་བཞི་བ་ཤེས་རབ་ཀྱི་མཐར་ཕྱིན་པའི་རྩེ་མོ་ཅན་ཏེ་བསམ་གཏན་བཞི་ཤེས་པ་དང་། རང་ཉིད་ཀྱང་བསམ་གཏན་དང་ལྡན་ཞིང་གཞན་གྱི་བསམ་གཏན་གྱི་ཡན་ལག་བཅོ་བརྒྱད་ཀུན་ཤེས་ཤིང་། དེ་ཡང་འདོད་པའི་ཁམས་ནི་ལྷག་མཐོང་ཤས་ཆེ་བས་བསམ་གཏན་སོགས་ཤེས་པའོ། གཞན་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་བསྒྱིངས་བའི་ཏིང་ངེ་འཛིན་དང་། ཟླ་བའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་འཛིན་བརྒྱ་རྩ་གཅིག་ཀྱང་རིག་པ་དང་གང་ཟག་གི་བསམ་པ་དང་བག་ལ་ཉལ་དང་སྐྱེ་གནས་ཀྱི་རྒྱུད་ཀྱིས་བསྡུས་པ་རྣམས་ཀྱང་རིག་ཅིང་མཁྱེན་པའོ། འོ་ན་ལོངས་སྐུའི་མཚོན་པ་ཅི་ཞེ་ན། ཏིང་འཛིན་ལུས་ཅན་ཆོས་ཀྱི་སྐུ་སྟེ། སྐུ་དེ་ཉིད་ཀྱི་རྟེན་བྱེད་ཅིང་ལུས་ཀྱི་མཆོག་དེ་ནི་གཞིའོ། དེ་ལས་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ་པོ། སྐུ་རྣམ་པར་སྣང་མཛད་དུ་སྣང་སྟེ། དེ་ཡང་ངེས་པ་ལྔ་དང་ལྡན་ཞིང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་བུར་བཞུགས་པ་སྟེ། དེ་ཡང་། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་འདོད། ཅེས་པ་ལྟ་བུའོ། དེ་ལ་སྤྲུལ་པའི་སྐུའི་མཛད་སྤྱོད་ཅི་ཞེ་ན། དེ་ཡང་རྒྱལ་བ་སྤྲུལ་པའི་སྐུ་སྟེ་འཁོར་རིགས་དྲུག་གི་སེམས་ཅན་དང་། ཉན་རང་རྣམས་ལ་གསུང་གི་མཛད་སྤྱོད་རྣམ་པར་དག་པའི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དེ་སྤྲུལ་སྐུ་མ་དག་པ་ལས་མཆོག་ཏུ་གྱུར་པས་སྤྲུལ་པའི་སྐུ་ཡི་མཆོག་སྟེ། སངས་རྒྱས་སྤྲུལ་པའི་སྐུ་རྣམ་པར་གཟིགས་སོགས་སྟོང་རྩ་གཉིས་ཀྱི་རྒྱུད་འཆང་བའོ། སྤྲུལ་ནས་གང་དུ་འགྱེད་ཅེ་ན། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད་དོ། བཀྱེས་ནས་དོན་ཅི་མཛད་ཅེ་ན། ཇི་ལྟར་འཚམས་པ་བཞིན་འགྲོ་བའི་དོན་བྱེད་པའོ། གཞན་འཕྲུལ་དབང་བྱེད་ལ་སོགས་པ་ལྷ་དང་། ལྷ་ཡི་དབང་པོ་ཁྱབ་འཇུགལྷ་ཡི་ལྷ་ཚངས་པ་དང་། ལྷ་ཡི་དབང་པོ་བརྒྱ་བྱིན་དང་། ལྷ་མིན་བདག་པོ་ཐག་བཟང་རིས་དང་། འཆི་མེད་དབང་པོ་འཐབ་བྲལ་སོགས་ཀྱི་རྒྱལ་པོ་དང་། ལྷ་ཡི་བླ་ནི་གཞན་འཕྲུལ་དབང་བྱེད། འཇོམས་བྱེད་ནི་དྲག་པོ་འཇིགས་བྱེད་དང་། འཇོམས་བྱེད་དབང་ཕྱུག་པོ་ནི་མ་ཧཱ་དེ་བའོ། དེ་རྣམས་ཀྱིས་འདུལ་བ་ལ་དེ་རྣམས་སུ་སྤྲུལ་ནས་དོན་མཛད་དོ། ཆོས་ཀྱི་སྦྱིན་པའི་ཚུལ་ནི། སྲིད་པ་ནི་ཉེས་པའི་འབྱུང་གནས་ཡིན་ཏེ། དགོན་པ་ནི་དེ་ལས་དབེན་པའོ། དེ་ལས་བརྒལ་ཏེ་དོན་གཉིས་མེད་རྟོགས་པས་སྲིད་ཞི་གཉིས་ལས་གྲོལ་བའོ། སྟོན་པ་གཅིག་པུ་འགྲོ་བའི་སྟོན་པར་གྱུར་པས་ན་བླ་མ། འཇིག་རྟེན་ཕྱོགས་བཅུར་ཆོས་ཀྱི་སྦྱིན་པ་རབ་ཏུ་གྲགས་པ་དང་ལྡན་པའི་ཆོས་ཀྱི་སྦྱིན་བདག་ཆེ་བ་པོ་དེ་ཡང་རློམ་པ་ལྟ་བུ་མ་ཡིན་ཏེ། བྱམས་པའི་གོ་ཆ་སྲ་བ་གོན་ནས་ཆས་པ་སྟེ། སྙིང་རྗེ་ཡི་ནི་ཡ་ལད་ཁྲབ་བགོས་པའོ། དེ་ལ་མཚོན་ཆ་ནི་ཉོན་མོངས་པ་གཅོད་པ་ཤེས་རབ་ཀྱི་རལ་གྲི་དང་ཐབས་ཤེས་འདུ་འབྲལ་མེད་པའི་མདའ་གཞུ་ཐོགས་ནས། ཉོན་མོངས་དང་མི་ཤེས་པའི་གཡུལ་ངོ་སེལ་ལོ། མཐུ་སྟོབས་ལྡན་པས་དཔའ་བོ་གང་ལས་དཔའ་ན་བདུད་དགྲ་རུ་གྱུར་པ་བདུད་སྡེའི་གཤེད་བདུད་རྣམས་འདུལ་བ་སྟེ། བདུད་བཞིའི་འཇིགས་པ་ཐམས་ཅད་སེལ་བར་བྱེད་པ། ཕྱོགས་གཅིག་སེལ་བ་ཙམ་མ་ཡིན་པ་བདུད་ཀྱི་དཔུང་སྡེ་དང་བཅས་པ་རྣམས་ཕམ་པར་བྱེད་པ། དེ་གང་སེམས་སྐྱེ་བ་མེད་པ་རྟོགས་པས་ཉོན་མོངས་པའི་བདུད་བཅོམ། སེམས་ཉིད་ལ་རྒས་རྒུད་མེད་པས་ཕུང་པོའི་བདུད་བཅོམ། སེམས་ཉིད་ལ་སྐྱེ་ཤི་མེད་པས་འཆི་བདག་གི་བདུད་བཅོམ། སེམས་ཉིད་རྟོགས་པས་ཐེ་ཚོམ་དང་བྲལ་ཏེ་ལྷའི་བུའི་བདུད་བཅོམ། དེ་ཡང་ཇི་སྐད་དུ། གལ་ཏེ་བདུད་ཀྱི་ཚོགས་ནི་བྱེ་བ་དག སངས་རྒྱས་སྐུར་བསྒྱུར་བར་ཆད་སྨྲ་བྱས་ཀྱང་། ཆོས་ལ་མཁས་པས་ཆོས་ཉིད་རབ་ཐོབ་སྟེ། དེ་དག་བྱང་ཆུབ་ལས་ནི་བཟློག་མི་ནུས། ཞེས་པ་ལྟ་བུའོ། དེ་ལྟ་བུ་དེ་མཆོད་འོས་སུ་བསྟན་པའི་ཕྱིར། རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་འཇིག་རྟེན་པ་རྣམས་ཐར་པའི་གནས་སུ་འདྲེན་པས། མཆོད་པར་འོས་པ། བསྟོད་པའི་འོས་སུ་གྱུར་པ། ཕྱག་བྱ་བ་དང་སྐུ་གཟུགས་བྲིས་ཏེ་མཆོད་པ་ལ་སོགས་པ་དག་གི་གནས་སུ་གྱུར་པ། རྟག་ཏུ་རི་མོར་བྱ་བའི་འོས། བཀུར་འོས་ཡོན་ཏན་བསྒྲགས་ཏེ་རྗེད་པར་བྱ་བའི་མཆོག ཕྱག་བྱར་འོས་པ་བླ་མའི་རབ་ཏུ་གྱུར་པའོ། དེའི་མཁྱེན་པའི་བྱེ་བྲག་ཅི་འདྲ་ཞེ་ན། འཇིག་རྟེན་གསུམ་པོ་མཁྱེན་པའི་གོ མ་སྟབས་གཅིག་གིས་བགྲོད་ལ། རྟགས་རྫུ་འཕྲུལ་གྱི་གོམས་པས་བགྲོད་པའོ། ནམ་མཁའ་ལྟར་ཆོས་ཀྱི་སྐུ་མཐའ་མེད་པར་རྟོགས་པས་ཉོན་མོངས་པ་རྣམ་པར་གནོན་པར་བྱེད་དོ། དེ་ལས་ཕྱི་སྡེ་སྣོད་གསུམ་རིག་ལ། ནང་དུ་སྐུ་གསུང་ཐུགས་གསུམ་རིག་སྟེ་བདག་གཞན་གྱི་དྲི་མ་དང་བྲལ་བས་གཙང་མ་དག་པ་སྟེ། གཞན་ཡང་མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག་དང་ལྡན་པའོ། ཤེས་རབ་དམ་པ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་རང་དོན་ཡིན་ལ། སེམས་དཔའ་ཆེ་གཞན་དོན་ནོ། དེ་ཡང་བྱང་ཆུབ་ནི་ནམ་མཁའ་ལྟ་བུའི་ཆོས་སྐུ་ལ། སེམས་དཔའ་ནི་དེ་རྟོགས་པར་འདོད་པའི་འདུན་པ་ཡོད་པ་དང་། གཞན་གྱི་དོན་ལ་དཔའ་བའོ། དེ་ཡང་འདི་སྐད་དུ། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། གང་ཞིག་དེ་རྟོགས་འདོད་པ་དེ། བྱང་ཆུབ་སེམས་དཔའ་ཞེས་བྱའོ། ཞེས་པ་ལྟ་བུའོ། དེ་ཡང་རྫུ་འཕྲུལ་ཆེན་པོའི་འཇིག་རྟེན་ལས་འདས་པའོ། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ་སྟེ། མཐར་ཐུག་པ་ནི་དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཏེ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ་པའང་རྟོགས་པར་བྱེད་དོ། དེ་ཉིད་དཔེ་ལས་འདས་པར་བསྟན་པའི་ཕྱིར། ཇི་ལྟ་བ་བདག་གི་དོན་རིག ཇི་སྙེད་པ་གཞན་གྱི་དོན་རིག་པས་ཐམས་ཅད་མཁྱེན་པ་སྟེ། དེའི་སྒོ་ནས་ཀུན་ལ་ཕན་པར་མཛད་པའི་གང་ཟག་ལྟར་སྤྲུལ་ཡང་གང་ཟག་སུ་མ་གྲུབ་པ་སྒྱུ་མ་ལྟ་བུའི་རྣམ་པར་འཕྲུལ་པ་ནི་མཆོག་ཅེས་བྱའོ། ཅུང་ཟད་དུ་ཡང་མཉམ་པ་མེད་པས་དཔེར་བྱ་ཀུན་ལས་འདས་པ་སྟེ། ཤེས་པར་བྱེད་དང་ཤེས་པར་བྱ་བའི་བདག་པོ་མཆོག་ཏུ་གྱུར་པ། གང་གི་སྒོ་ནས་ཤེས་པར་བྱེད་ཅེ་ན། རྗེ་བཙུན་ཉིད་སངས་རྒྱས་ཀྱི་གཙོ་བོ་གྱུར་པས་གཙོ་བོ་ཆོས་ཀྱི་སྦྱིན་བདག་ཅེས་བྱ་སྟེ། དེས་ཕྱག་རྒྱ་བཞི་པོའི་དོན་སྟོན་པ་སྟེ། དེ་ཡང་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ནི་ཐེག་དམན་གྱིས། མི་རྟག་སྡུག་བསྔལ་སྟོང་བ་བདག་མེད་དོ། དེ་ཡང་མི་རྟག་སྡུག་བསྔལ་སྟོང་དང་བདག་མེད་པ་དེ་ནི་རྫོགས་སངས་རྒྱས་ཀྱིས་གསུངས་པའི་ཆོས། ཞེས་འབྱུང་ངོ་། འདི་ཉིད་ལས་ཀྱང་། བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། ཞེས་འབྱུང་ངོ་། ཐེག་ཆེན་གྱི་དབང་དུ་བྱས་ན་བཀའ་ལ་སྣང་། དོན་དང་མཐུན། རིགས་པ་དང་འཐད། གཏན་ཚིགས་ཀྱི་རྒྱས་འཐད་པའོ། དེ་ཡང་། བཀའ་དོན་རིགས་པ་གཏན་ཚིགས་དང་། སྣང་དང་མི་འགལ་རྒྱས་འཐད་ཡིན། ཞེས་པ་ལྟ་བུའོ། དེ་ལ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་བཞི་ནི། སྐུ་ཕྱག་རྒྱ་ཆེན་པོ། གསུང་ཆོས་ཀྱི་ཕྱག་རྒྱ། ཐུགས་དམ་ཚིག་གི་ཕྱག་རྒྱ། འཕྲོ་འདུ་ལས་ཀྱི་ཕྱག་རྒྱའོ། གདུལ་བྱ་ལམ་གྱི་ཕྱག་རྒྱ་བཞི་ནི། ལས་ཀྱི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ། དམ་ཚིག་གི་ཕྱག་རྒྱའོ། དེ་ལྟར་སྟོན་པ་ནི་འགྲོ་བའི་བསྙེན་བཀུར་བའི་གནས་ཀྱི་མཆོག་གོ། ངེས་པར་འབྱུང་བྱེད་ཐེག་པ་གསུམ་པོ་བགྲོད་པ་རྣམས་ཀྱི་འབྲས་བུ་དོན་གྱི་མཐར་ཐུག་པ་ནི། དོན་གྱི་དམ་པ་སྒྲིབ་པ་གཉིས་དག་པས་རྣམ་པར་དག་ལ་བདག་དང་གཞན་གྱི་དཔལ་དུ་གྱུར་ཏེ། འཇིག་རྟེན་གསུམ་ན་སྐལ་བ་བཟང་པོ་མཆོག་ཏུ་གྱུར་པས་ཆེ་བའོ། དེ་ལྟ་བུའི་སྟོན་པ་དེ་གང་ཞེ་ན། ཚོགས་གཉིས་རྫོགས་ཤིང་བདག་གཞན་གྱི་དཔལ་དུ་གྱུར་པ་ནི་དཔལ་ལྡན་ཆོས་དང་ཟང་ཟིང་གི་འབྱོར་བ་ཀུན་སྟེར་བར་བྱེད་པ་སྟེ། འཇམ་དཔལ་དཔལ་དང་ལྡན་པའི་མཆོག་ཅེས་བྱའོ། ད་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་བསྟོད་པ་བསྟན་པའི་ཕྱིར། དེ་ཡང་འདིས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་སྟེ་མཆོག་ཏུ་གྱུར་པའི་ཆོས་ཀྱི་དབྱིངས་གཞན་ལ་སྦྱིན་པར་བྱེད་པ་པོ། སྐུ་གསུང་ཐུགས་རྡོ་རྗེ་དབྱེར་མི་ཕྱེད་པའི་མཆོག་རྗེ་བཙུན་འཇམ་དཔལ་ཁྱོད་ལ་འདུད་དོ། ཡང་དག་པའི་མཐར་གྱུར་པ་ནི་སྐྱེ་བ་མེད་པ་ཁྱོད་ལ་འདུད། སྟོང་པ་ཉིད་ཀྱི་དོན་རྟོགས་པ་ལས་བྱུང་བ་ཁྱོད་ལ་འདུད་དོ། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཀྱི་དམ་པ་ཡིན་པས་ཁྱོད་ལ་འདུད། ད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བསྟན་པའི་ཕྱིར། སངས་རྒྱས་ཀྱི་ཡེ་ཤེས་མེ་ལོང་ལྟ་བུའི་ཆོས་ཀྱི་དབྱིངས་ལ་གནས་ཤིང་ཆགས་པ་ཁྱོད་ལ་འདུད་དོ། སངས་རྒྱས་རྣམས་ཀྱི་ཐུགས་རྗེས་འགྲོ་བ་འདྲེན་པར་འདོད་པ་ཁྱོད་ལ་ཕྱག་འཚལ་འདུད་དོ། སངས་རྒྱས་ཀྱི་ཡེ་ཤེས་མེ་ལོང་ལྟ་བུས་ཆོས་ཀྱི་དབྱིངས་རྟོགས་པས་དགྱེས་པ་ཁྱོད་ལ་འདུད་དོ། སངས་རྒྱས་ཀྱི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལ་རོལ་བ་ཁྱོད་ལ་ཕྱག་འཚལ་འདུད་དོ། ད་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བསྟན་པའི་ཕྱིར། སངས་རྒྱས་ཀྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པས་མཉེས་ནས་འཛུམ་པ་ཁྱོད་ལ་འདུད། སངས་རྒྱས་འགྲོ་བའི་དོན་མཛད་པ་ལ་དགྱེས་ནས་བཞད་ལ་ཕྱག་འཚལ་འདུད། སངས་རྒྱས་གསུང་ཉིད་ཀྱི་སྒོ་ནས་གདུལ་བྱ་ལ་སྣ་ཚོགས་སུ་ཆོས་སྟོན་པ་ཁྱོད་ལ་འདུད། སངས་རྒྱས་ཀྱིས་འགྲོ་བའི་དོན་ལ་ཆོས་སྟོན་པར་མཛད་ཀྱང་ཐུགས་མཉམ་པ་ཉིད་ལས་མ་གཡོས་པ་ཁྱོད་ལ་ཕྱག་འཚལ་འདུད་དོ། ད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བསྟན་པའི་ཕྱིར། ཆོས་ཐམས་ཅད་དངོས་པོ་མེད་པ་རྟོགས་པ་ལས་བྱུང་བ་ཁྱོད་ལ་འདུད། སངས་རྒྱས་འགྲོ་བའི་དོན་དུ་འཇིག་རྟེན་དུ་འབྱུང་བ་ཁྱོད་ལ་འདུད། ཆོས་ཉིད་ནམ་མཁའ་ལྟ་བུ་རྟོགས་པ་ལས་ཆེ་བའི་ཡོན་ཏན་ཐམས་ཅད་བྱུང་བ་ཁྱོད་ལ་འདུད་དོ། མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་བྱུང་བའི་འཇམ་དཔལ་ཁྱོད་ལ་འདུད་དོ། ད་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའི་ཕྱིར། སྒྱུ་མ་ལྟ་བུའི་རྣམ་འཕྲུལ་ཐམས་ཅད་ཐབས་དང་ཤེས་རབ་དྲྭ་བ་ལྟ་བུར་འབྲེལ་བས་མེད་པ་སྤྲུལ་ཞིང་ཡོད་པ་བསྒྱུར་བ་ཁྱོད་ལ་འདུད། འགྲོ་བའི་དོན་དུ་སངས་རྒྱས་ཀྱི་གསུང་ཐུགས་ཀྱི་རོལ་པ་སྣ་ཚོགས་སྟོན་པ་ཁྱོད་ལ་འདུད། ཡོན་ཏན་ཐམས་ཅད་དང་ལྡན་ཞིང་ཡོན་ཏན་ཐམས་ཅད་ཀྱིས་གཞན་དོན་གྲུབ་པར་བྱེད་པ་ཁྱོད་ལ་འདུད་དོ། ཡེ་ཤེས་དྲུག་རོ་གཅིག་པ་ལས་གྲུབ་པའི་སྐུ་ཉིད་འཇམ་དཔལ་ཁྱོད་ཡིན་པས་ཁྱོད་ལ་ཕྱག་འཚལ་འདུད་དོ་ཞེས་བསྟོད་པའོ། ད་ནི་འབད་པ་དོན་ཡོད་པར་བྱ་བའི་ཕྱིར་ཉམས་སུ་བླངས་པའི་ཕན་ཡོན་བསྟན་པ་ནི། ལག་ན་རྡོ་རྗེ་འཆང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་བཅོམ་ལྡན་འདས་ཀྱིས་དབང་བསྐུར་བའི་མིང་ངོ་། ལུས་དང་། ངག་དང་། ཡིད་གསང་བ་ཞེས་པ་ནི། དེ་སྣང་སྟོང་དང་། གྲག་སྟོང་དང་། རིག་སྟོང་དུ་རྟོགས་དཀའ་བས་གསང་བའོ། ལྷག་མ་ནི་གོ་སླའོ། ཆོས་ཐམས་ཅད་ཀྱི་ལུང་ངོ་ཞེས་པ་ནི། མཚན་ཡང་དག་པ་འདི་ཁྱབ་ཆེ་བས་ན་ལུང་ངོ་། མི་བསླུ་བས་ན་ལུང་། གཟུང་སླ་བས་ན་ལུང་ངོ་། ཚངས་པའི་གནས་པ་བཞི་ནི། ཚད་མེད་པ་བཞིའོ། ཀུན་ཏུ་སྦྱོར་བ་ཐམས་ཅད་དང་བྲལ་བ་ནི། རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་། ང་རྒྱལ་བའི་ཀུན་ཏུ་སྦྱོར་བ་དང་། མ་རིག་པའི་ཀུན་ཏུ་སྦྱོར་བ་དང་། ལྟ་བའི་ཀུན་ཏུ་སྦྱོར་བ་དང་། མཆོག་ཏུ་ཀུན་ཏུ་སྦྱོར་བ་དང་། ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་དང་། སེར་སྣའི་ཀུན་ཏུ་སྦྱོར་བ་རྣམས་སོ། རྫས་ཐམས་ཅད་ལས་ཐར་པ་ནི། ཉོན་མོངས་པ་དང་བཅས་པའི་ཕུང་པོ་དང་བྲལ་བའོ། མི་ཁོམ་པ་བརྒྱད་པོ་ནི། སེམས་ཅན་དམྱལ་བར་སྐྱེ་བ་དང་། ཡི་དྭགས་དང་། བྱོལ་སོང་དང་། དབང་པོ་མ་ཚང་པ་དང་། ལྟ་བ་ལོག་པར་འཛིན་པ་དང་། ཡུལ་མཐའ་འཁོབ་ཏུ་སྐྱེས་པ་དང་། སངས་རྒྱས་མི་བཞུགས་པའི་ཞིང་དུ་སྐྱེས་པ་དང་། འདུ་ཤེས་མེད་པའི་སྲིད་པར་སྐྱེས་པའོ། འཇིགས་པ་ཆེན་པོ་བརྒྱད་ནི། སེང་གེ་དང་། སྟག་དང་། གླང་པོ་ཆེ་སྨྱོན་པ་དང་། སྦྲུལ་དང་། རྒྱལ་པོའི་ཆད་པ་དང་། མེ་དང་། ཆུ་དང་། ཤ་ཟའི་འཇིགས་པ་དང་བརྒྱད་དོ། དབང་ཕྱུག་ཕུན་སུམ་ཚོགས་པ་ནི། ཡོན་ཏན་གྱི་དབང་ཕྱུག་བརྒྱད་ལ་བྱ་སྟེ། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་གཞུང་ལས། སྐུ་ཡང་བ་དང་ཕྲ་བ་དང་། གཞན་གྱིས་མཆོད་པ་དང་། བདག་པོར་གྱུར་པ་དང་། ལོངས་སྤྱོད་པ་དང་། གར་ཡང་ཕྱིན་པ་དང་། འདོད་དགུར་ལྡན་པ་དང་། དགའ་མགུར་སྤྱོད་པ་དང་བརྒྱད་དོ། གསང་སྔགས་ཀྱི་གཞུང་ལས། སྐུའི་དབང་ཕྱུག་དང་། གསུང་གི་དབང་ཕྱུག་དང་། ཐུགས་ཀྱི་དབང་ཕྱུག་དང་། རྫུ་འཕྲུལ་གྱི་དབང་ཕྱུག་དང་། ཕྱོགས་ཐམས་ཅད་དུ་སོང་བའི་དབང་ཕྱུག་དང་། འདོད་སྤྱོད་ཀྱི་དབང་ཕྱུག་དང་། ཅི་འདོད་སྦྱིན་པའི་དབང་ཕྱུག་དང་། གནས་ཀྱི་དབང་ཕྱུག་དང་བརྒྱད་དོ། དེ་ཡང་འདི་སྐད་དུ། ཡང་ཞིང་ཕྲ་བ་མཆོད་པའི་འོས། བདག་གྱུར་ལོངས་སྤྱོད་གར་ཡང་ཕྱིན། འདོད་དགུར་ལྡན་ཞིང་དགའ་མགུར་སྤྱོད། དེ་དག་རྒྱལ་པོའི་དབང་ཕྱུག་བརྒྱད། ཅེས་པ་འབྱུང་ངོ་། སྐུ་གསུང་ཐུགས་དང་རྫུ་འཕྲུལ་ཆེ། ཀུན་སོང་འདོད་སྤྱོད་གཞན་ལ་སྦྱིན། གནས་ཀྱི་དབང་ཕྱུག་རྣམ་པ་བརྒྱད། འདི་དག་རྡོ་རྗེ་འཆང་གི་ཆོས། ཞེས་འབྱུང་ངོ་། སྤྱན་ལྔ་ནི་གོང་དུ་བཤད་ཟིན་ཏོ། གྲོང་ནི་ཁང་ཁྱིམ་གཅིག་ཡོད་པའོ། གྲོང་ཁྱེར་ནི་ཁྱིམ་མང་པོ་ཚན་གཅིག་ཏུ་སྤུངས་པའོ། གྲོང་རྡལ་ནི་གྲོང་ཚོམ་བུ་མང་པོ་ཡོད་པའོ། ལྗོངས་ནི་ཡུལ་ལུང་པ་གཅིག་གིས་བསྡུས་པའོ། ཡུལ་འཁོར་ནི་ཡུལ་གྲུ་མང་པོ་ཞིག་ཕྱོགས་གཅིག་ཏུ་བྱས་པའོ། མ་མོ་བདུན་པོ་ནི། ཁྱོ་མེད་མ་བཞི། ཁྱོ་ཅན་མ་གསུམ་སྟེ་བདུན་ལས་ཚངས་པ་མོ་དང་། ཁྱབ་འཇུག་མོ་དང་། དབང་མོ་དང་། གཞོན་ནུ་མ་དང་བཞི་ཁྱོ་མེད་མའོ། དྲག་མོ་དང་། ཕག་མོ་དང་། རྒན་བྱེད་མོ་གསུམ་མ་ཧཱ་དཱེ་བའི་ཆུང་མའོ། སྙིགས་མ་ལྔ་ནི། ལྟ་བའི་སྙིགས་མ་དང་། ཉོན་མོངས་པའི་སྙིགས་མ་དང་། ཚེ་ཡི་སྙིགས་མ་དང་། བསྐལ་བའི་སྙིགས་མ་དང་། དུས་ཀྱི་སྙིགས་མ་དང་ལྔའོ། ལྷག་མ་རྣམས་ནི་གོ་སླ་བས་མ་བཤད་དོ། ད་ནི་ཤིན་ཏུ་བསྡུས་པ་ལས་མཚན་ཐམས་ཅད་བསྡུས་པའི་སྔགས་བསྟན་པའི་ཕྱིར། ཨོཾ་ནི་བཀྲ་ཤིས་པའི་ཚིག་ཀྱང་ཡིན། ཡེ་ཤེས་ལྔ་ཡང་ཡིན། ཕྱག་འཚལ་ཞིང་བྱིན་གྱིས་རློབ་པར་བྱེད་པ་ཡང་ཡིན་ནོ། སརྦ་ནི་ཐམས་ཅད། དྷརྨཱ་ཆོས། བྷཱ་ཝ་དངོས་པོ་མེད་པ། སྭ་བྷཱ་ཝ་རང་བཞིན། བི་ཤུདྡྷེ་རྣམ་པར་དག་པ། བཛྲ་རྡོ་རྗེ། ཙཀྵུ་མིང་། ཨ་ཨཱ་ཨཾ་ཨཿརྣམ་པར་ཐར་པ་བཞི་ཡི་མཚོན་པ་སྟེ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ཐབས་མཁས་པ་དང་བཞི་སྟེ། འདི་བཞི་ཡང་དོན་སྐྱེ་བ་མེད་པར་འདུ་སྟེ། དེ་ལྟར་མཐའ་བསྡུས་པས་ཆོས་ཐམས་ཅད་དངོས་པོ་མེད་པའི་རང་བཞིན་གྱིས་རྣམ་པར་དག་པའི་རྡོ་རྗེའི་མིག་གིས་སྐྱེ་བ་མེད་པ་ཤེས་སོ་ཞེས་བཤད་པ་ཡིན་ནོ། དེ་དག་གིས་རྩ་བའི་སྔགས་བསྟན་ཟིན་ཏོ། པྲ་ཀྲྀ་ཏི་ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པ། པ་རི་ཤུདྡྷཿཡོངས་སུ་དག་པ། སརྦ་དྷརྨཱ་ཆོས་ཐམས་ཅད། ཡ་དུ་ཏི་བསྐྱེད་པ། སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཐམས་ཅད། ཛྙཱ་ན་ཀཱ་ཡ་ཡེ་ཤེས་ཀྱི་སྐུ། མཉྫུ་ཤྲཱི་འཇམ་དཔལ། པ་རི་ཤུདྡྷི་ཏཱ་ཡོངས་སུ་དག་པ། མུ་པཱ་དཱ་ཡ་ཏི་ནི་བྱིན་གྱིས་རློབ་པར་བྱེད་པ་ཞེས་ཀྱང་སྟོན་ནོ། ཁས་བླང་ངོ་། གཟུང་བར་བྱའོ། ཞེས་ཀྱང་སྟོན་ནོ། མཐའ་བསྡུས་པས་ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པ་ཡོངས་སུ་དག་པ་ལས་ཆོས་ཐམས་ཅད་སྐྱེད་པར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་འཇམ་དཔལ་ཡོངས་སུ་དག་པ་ཁས་བླང་གཟུང་བར་བྱ་ཞེས་པའོ། ཨ་ཨཱཿནི་སྐྱེ་འགག་མེད་པ། སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ། ཧྲྀ་ད་ཡ་སྙིང་པོ་སྟེ་ཐུགས། ཧ་ར་ཧ་ར་འཕྲོག་པར་བྱེད་པ། ཨོཾ་ཧཱུྃ་ཧྲཱི་སྐུ་གསུང་ཐུགས་བྱིན་གྱིས་རློབ་པའོ། བྷ་ག་ཝཱན་བཅོམ་ལྡན་འདས། ཛྙཱ་ན་མུ རྟི་ཡེ་ཤེས་ཀྱི་སྐུ། ཝཱ་གི་ཤྭ་ར་ངག་གི་དབང་ཕྱུག མ་ཧཱ་ཝཱ་ཙ་གསུང་བ་ཆེན་པོ། སརྦ་དྷརྨ་ཆོས་ཐམས་ཅད། ག་ག་ནཱ་ནམ་མཁའ་ལྟ་བུ། ཨ་མ་ལ་ནི་དྲི་མ་མེད་པ། སུ་པ་རི་ཤུདྡྷ་ཡོངས་སུ་དག་པའོ། དྷརྨཱ་དྷ་ཏུ་ཆོས་ཀྱི་དབྱིངས། ཛྙཱ་ན་གརྦྷ་ཨཱཿཡེ་ཤེས་ཀྱི་སྙིང་པོའོ། མཐའ་བསྡུས་པས་སྐྱེ་འགག་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་འཕྲོག་པར་བྱེད་པ། སྐུ་གསུང་ཐུགས་བྱིན་གྱིས་རློབ་པར་བྱེད་པ། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྐུ་དང་། གསུང་གི་དབང་ཕྱུག གསུང་བ་ཆེན་པོ། ཆོས་ཐམས་ཅད་ནམ་མཁའ་ལྟར་དྲི་མ་མེད་ཅིང་ཡོངས་སུ་དག་པ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ་སྟེ། དེས་ནི་ལས་སྔགས་བསྟན་ཏེ། བསྡུས་པའི་དོན་ནོ། དེ་ལྟར་སྟོན་པ་ཤཱཀྱ་ཐུབ་པས་ལམ་འབྲས་བུ་དང་བཅས་པའི་ཆོས་ཐུན་མོང་མ་ཡིན་པའི་མཚན་གསུངས་པས་རྗེས་སུ་ཡི་རང་བ་བསྟན་པ་ལ། ཚུལ་ཇི་ལྟར་ཡི་རང་བ་ནི། མཚན་གྱི་གཞུང་རྫོགས་པའི་རྗེས། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། རང་གཞན་གྱི་དོན་ཡོངས་སུ་རྫོགས་པས་དགའ་ཞིང་དེ་བཤད་པའི་སྟོན་པ་ལ་མགུ་ནས་ལུས་ཙོག་པུར་འདུག་ལག་པ་ཐལ་མོ་སྦྱར་ནས་ཡི་རང་ངོ་། འགྲོ་བ་རྣམས་ཀྱི་དོན་མཛད་པས་མགོན་པོ་བདུད་བཞི་བཅོམ། ལེགས་པའི་ཡོན་ཏན་དྲུག་དང་ལྡན་པ་ཟབ་པ་དེ་བཞིན་ཉིད་དང་རྒྱ་ཆེ་བ་འགྲོ་བའི་དོན་ལ་གཤེགས། ཚོགས་གཉིས་རྫོགས་ཤིང་སྤངས་རྟོགས་ཕུན་སུམ་ཚོགས་པའི་སངས་རྒྱས་ལ་ལག་ན་རྡོ་རྗེ་འཁོར་མང་པོ་དང་བཅས་ཏེ་ཕྱག་འཚལ་ནས། དེ་ནི་འགྲོ་བའི་མགོན་པོ་གསང་བའི་བདག་པོ། ལག་ན་རྡོ་རྗེ་ལ་སངས་རྒྱས་ཐམས་ཅད་ཀྱིས་ལས་ཀྱི་ཁྲོ་བོར་དབང་བསྐུར། དབང་རྟགས་སུ་ལག་ཏུ་རྡོ་རྗེ་གཏད། གསང་མཚན་དུ་ལག་ན་རྡོ་རྗེ་ཞེས་བཏགས་པས་ན་ཁྲོ་བོའི་རྒྱལ་པོའོ། ཡོན་ཏན་དང་ལྡན་པའི་འཁོར་ལྔ་བརྒྱ་པོ་སྣ་ཚོགས་གཞན་དང་ལྷན་ཅིག་ཏུ་ཡི་རང་ངོ་། ཚིག་གང་གིས་ཡི་རང་ན་ཞུམ་པ་མེད་པར་གསང་བསྟོད་ནས་ནི་ཚིག་འདི་གསོལ་ལོ། མགོན་པོ་བདག་ཅག་ཡི་རང་ངོ་། ཟབ་པ་རང་གི་དོན་འབྱུང་བས་ལེགས་སོ། རྒྱ་ཆེ་བ་གཞན་གྱི་དོན་འབྱུང་བས་ལེགས་སོ། ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པར་གསུངས་པས་ལེགས་པར་གསུངས་པའོ། དགོས་པ་གང་གི་ཕྱིར་ཡི་རང་ན། ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་བའི་འབྲས་བུ་འཚལ་བའམ་འདོད་པ་ཡི་འགྲོ་མགོན་མེད་པ་རྣམས་དང་ནི། བདག་ཅག་གིས་ཡང་དག་པར་རྫོགས་པ་ཡི་བྱང་ཆུབ་ཐོབ་པའི་དོན་ཆེན་པོ་མཛད་པས་སོ། སྒྱུ་འཕྲུལ་དྲྭ་བའི་ཆོས་ཀྱི་ཚུལ་བསྟན་པ་འདི་ནི་རྣམ་པར་དག་པ་ལེགས་པའི་ལམ། ཟབ་ཅིང་ཡངས་ལ་རྒྱ་ཆེ་བ་དང་། དོན་ཆེན་འགྲོ་བའི་དོན་བྱེད་པ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་གྱི་ཆོས་ཉིད་འདི་ནི། གང་ཟག་གིས་མ་གསུངས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད་པས། རྫུན་དང་ནོར་བ་མི་འབྱུང་བས། ཡིད་ཆེས་པའི་ཕྱིར་རྗེས་སུ་ཡི་རང་ཞེས་བཤད་པ་ཡིན་ནོ། དེ་ཡང་། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། ཉེས་པ་ཟད་པ་རྫུན་གྱི་ཚིག སྨྲ་བར་མི་བྱེད་རྒྱུ་མེད་ཕྱིར། ཉེས་ཟད་ལུང་དུ་ཤེས་པར་བྱ། ཞེས་གསུངས་པ་ལྟ་བུའོ། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད། ཅེས་གསུངས་པའི་དོན་གཞུང་གིས་རྒྱས་པར་བཀྲལ་བའི་སྐབས་སུ་བཤད་ཟིན་ཡང་མདོར་བསྡུས་ཏེ་རྒྱ་ཆེ་བ་དང་ཟབ་པ་གཉིས་ཀྱི་ཚུལ་དུ་བཤད་དེ། རོང་ཟོམ་ཆེན་པོའི་ཞལ་ནས། དེ་ལ་འཇམ་དཔལ་ནི་གཉིས་སུ་མེད་པའི་ཡེ་ཤེས། དེ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདག་ཉིད། བྱང་ཆུབ་སེམས་ཀྱི་ངོ་བོ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དང་ཐ་མི་དད་པ་ཡིན་ཏེ། དེའི་དབང་གིས་གཟུགས་ཀྱི་སྐུ། ལོངས་སྤྱོད་རྫོགས་པ་དག་སྤྲུལ་པའི་བདག་ཉིད་ཅན་ཡེ་ཤེས་ཀྱི་རྟེན་དུ་སྣང་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་རྣམས་སུ་ཐེག་པ་ཆེ་ཆུང་གི་ཚུལ་སྣ་ཚོགས་ལས་གྲགས་པར་སྣང་བའི་བདག་ཉིད་དེ་རྣམས་ཀྱང་འཕགས་པ་འཇམ་དཔལ་ཞེས་འདོད་དེ། ཞེས་དང་། ཆོས་རྣམས་ཀྱི་མིང་ཇི་སྙེད་པ་དེ་ཐམས་ཅད་ནི་འཕགས་པ་འཇམ་དཔལ་གྱི་མཚན་དུ་མ་གྱུར་པ་མེད་དེ། དེ་བས་ན་དེ་དག་ཐམས་ཅད་མཚན་དུ་ཤེས་པར་བྱའོ། ཞེས་པ་ལྟར་ཤེས་པར་བྱ་ཞིང་། ཟབ་པའི་དབང་དུ་བྱས་ནས་ཡི་གེ་སྒྱུ་འཕྲུལ་དྲྭ་བའི་སྐབས་སུ་འདི་ལྟ་བུའི་དོན་གྱིས་འཇམ་དཔལ་ཡེ་ཤེས་རྡོ་རྗེ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པའི་ཡེ་ཤེས་ཀྱི་རྡོ་རྗེའི་རྩེ་མོ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་དེ་ལྟ་བུ་ཡིན་པས། རྣལ་འབྱོར་ཅན་གང་གིས་དེ་ལྟར་ཁོང་དུ་ཆུད་པར་བྱ་སྟེ། ཆོས་ཐམས་ཅད་བསམ་པར་བྱ་བ་དང་བསྒྲུབ་པར་བྱ་བ་ཐམས་ཅད་ལས་འདས་པ་སྟེ། གདོད་མ་ནས་རྣམ་པར་དག་པ། རང་བཞིན་གྱིས་འོད་གསལ་བ། ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པ། རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པ་འདི་ལྟ་བུའི་རང་བཞིན་དུ། མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་པས། འདི་ལྟ་བུའི་ངང་ལ་བློ་བཞག་སྟེ་མཚན་བརྗོད་པ་ཇི་སྙེད་པ་ཡང་། དེ་ལྟ་བུའི་རང་བཞིན་སྟོན་པ་ཤ་སྟག་སྟེ། ཐབས་དང་ཤེས་རབ་སྒྱུ་འཕྲུལ་དྲྭ་བའི་ཚོགས་སུ་གྱུར་པ། ཆོས་ཉིད་ཀྱི་རྒྱན་ཡེ་ཤེས་ཀྱི་རོལ་བ་འགག་པ་མེད་པའི་ཆོ་འཕྲུལ་དུ་རྟོགས་ནས། བླང་དོར་དང་རྩོལ་སྒྲུབ་ཀྱི་རྟོག་པས་མི་གཡོ་བ་བརྗོད་པར་བྱའོ། ཞེས་གསུངས་པ་ལྟར་རོ། དེ་ལྟར་མཚན་ཡང་དག་པར་བརྗོད་པའི་རྒྱུད་ཀྱི་མཆན་འགྲེལ་ཟབ་དོན་གསལ་བར་བྱེད་པའི་ཉི་ཟླའི་སྣང་བ་ཞེས་བྱ་བ་འདི་ཡང་། འཇམ་དཔལ་གཞོན་ནུའི་ཡེ་ཤེས་ཀྱི་རྣམ་རོལ་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་རྣམ་འཕྲུལ། སྤྲུལ་པའི་གཏེར་ཆེན་མངའ་བདག་འོད་གསལ་རྡོ་རྗེ་གླིང་པར་པན་ཆེན་བཱི་མའི་རྒྱུད་འགྲེལ་གྱི་གླེགས་བམ་ཕྱག་ཏུ་འབྱོར་བས་རྐྱེན་བྱས། དག་པའི་སྣང་ཆ་ལ་དྲི་མེད་ཆོས་ཀྱི་བཤེས་གཉེན་གྱིས་མངོན་སུམ་རྗེས་སུ་བཟུང་ཞིང་། རྒྱུད་དོན་མཐའ་དག་ཐུགས་ལ་གཅིག་ཆར་གསལ་བའི་དགོངས་ཉམས་རྨད་དུ་བྱུང་བས་རྟེན་འབྱུང་ཕུན་སུམ་ཚོགས་པ་དང་འབྲེལ་བ་པན་ཆེན་བཱི་མའི་སྐུའི་སྣང་བརྙན་གཏེར་ཆེན་ཉིད་ཀྱི་རྒྱུན་བཞེས། སྣམ་སྦྱར་རྡོར་དྲིལ་བཅས་བདག་ལ་གནང་ནས་མཆན་འགྲེལ་འདི་ལྟར་བྲིས་ཞེས་བཀའི་ཅོད་པན་སྤྱི་བོར་སྩལ་བ་བཞིན། གྲུབ་ཐོབ་རྫོགས་ཆེན་པ་ཡབ་སྲས་ཀྱི་ཞབས་པད་སྤྱི་བོར་མཆོད་པའི་འབངས་མཁན་མིང་སྙོམ་ལས་པ་འཇིགས་མེད་ཡོན་ཏན་མགོན་པོ་ཞེས་འབོད་པས། པན་གྲུབ་ལྔ་བརྒྱའི་གཙུག་རྒྱན་མཁས་པ་ཆེན་པོ་བཱི་མ་ལའི་གསུང་ཇི་ལྟ་བར་རང་བཟོའི་ལྷད་མ་བཅུག་པར་མཆན་འགྲེལ་གྱི་ཚུལ་དུ་ལེགས་པར་བཀོད་པ་འདིས་ཀྱང་གསང་ཆེན་སྙིང་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །ཀུན་ཁྱབ་གདོད་མའི་གཞི་ལ་བྱང་ཆུབ་པའི། །ཁྱབ་བདག་འཇམ་དཔལ་རྡོ་རྗེའི་གསང་བ་གསུམ། །གཞི་ལམ་འབྲས་བུར་རྫོགས་པའི་རྡོ་རྗེའི་མཚན། །ཟབ་གསང་རྡོ་རྗེའི་ཚིག་ཏུ་སྤྲོས་པའི་རྒྱུད། །བསྟན་པ་ཀུན་གྱི་སྙིང་པོར་གྱུར་པའི་གནད། །གབ་སྦས་རབ་གསལ་དྲི་མེད་བཤེས་གཉེན་གྱི། །དགོངས་པའི་བཅུད་དྲིལ་མཆན་འགྲེལ་ནོར་བུའི་ཕྲེང་། །རང་བྱུང་པདྨའི་རྡོ་རྗེའི་ལུང་ཇི་བཞིན། །ལྷ་དང་བླ་མར་གསོལ་བཏབ་རྩེ་གཅིག་བློས། །ཚིག་དོན་མ་ནོར་ཡི་གེའི་རིས་སུ་བཀོད། །བསྟན་འགྲོའི་བཙས་སུ་ཆོས་སྦྱིན་ཕྱི་མོའི་འཕྲུལ། །བཟོད་པའི་གོ་ཆ་ཞེས་བྱས་དད་པས་བསྐྲུན། །དེ་ལས་ཐོབ་པའི་རབ་དགེ་ཀུན་དཱའི་གཉེན། །ཆོས་དབྱིངས་ནམ་མཁའི་རྒྱན་དུ་ཡོངས་བཀོད་ལས། །རྒྱལ་བསྟན་སྤྱི་དང་གསང་ཆེན་རྡོ་རྗེའི་ཐེག །སྲིད་མཐའི་བར་དུ་དར་ཞིང་རྒྱས་པ་དང་། །ཆོས་དང་ཆོས་ཉིད་ཟུང་འཇུག་དོན་དམ་པའི། །འཇམ་དཔལ་རྡོ་རྗེའི་དགོངས་པའི་ཀློང་ཆེན་པོར། །འགྲོ་ཀུན་ཕྱམས་ཅིག་མངོན་པར་བྱང་ཆུབ་སྟེ། །དོན་གཉིས་འཕྲིན་ལས་མཁའ་དང་མཉམ་གྱུར་ཅིག །ཅེས་པའི་སྤར་བྱང་སྨོན་ཚིག་ཉུང་ངུ་མཁན་མིང་ཡོན་ཏན་མགོན་པོས་ཐོལ་བྱུང་དུ་བྲིས་པ་དགེའོ། དགེའོ། དགེའོ། །ཞལ་བཀོད་ཀྱི་སྐོར།

previousའཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་མཆན་འགྲེལ་རྒྱུད་དོན་རབ་གསལ་ཉི་ཟླའི་སྣང་བ།next