Nitartha Digital Library
Tibetan
འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ།


  collapse section
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆོ་འཕྲུལ་ཟླ་བའི་བུམ་སྒྲུབ་ཆེན་མོའི་ཞལ་བཀོད་སྟོང་ཐུན་ཉུང་གསལ།


 
previousཆོ་འཕྲུལ་ཟླ་བའི་བུམ་སྒྲུབ་ཆེན་མོའི་ཞལ་བཀོད་སྟོང་ཐུན་ཉུང་གསལ།no next

ཆོ་འཕྲུལ་ཟླ་བའི་བུམ་སྒྲུབ་ཆེན་མོའི་ཞལ་བཀོད་སྟོང་ཐུན་ཉུང་གསལ།

ན་མོ་པདྨ་སཾ་བྷ་ཡེ། མི་ཤིགས་ཁ་སྦྱོར་བདུན་གྱི་མཚན་དཔེའི་དཔྱིད། །གྲུབ་གཉིས་ལང་ཚོས་སྒེག་པའི་ཡེ་ཤེས་སྐུ། །ཟག་བྲལ་ཡོན་ཏན་བྱེ་བའི་གཏེར་བརྙེས་པ། །འཆི་མེད་པདྨ་ཀ་རས་ཤིས་པ་སྩོལ། །འདི་ན་མཆོག་ཐུན་འདོད་དགུ་སྒྲུབ་པའི་སླད། །ཡན་ལག་བཞི་ལྡན་ཆོ་གའི་ཐབས་ཚུལ་ལ། །འཇུག་པའི་ལག་ལེན་གསལ་བྱེད་སྟོང་ཐུན་གྱི། །ཟིན་བྲིས་དམ་པའི་ཞལ་ལུང་འདིར་བཀོད་བྱ། དེ་ལ་འདིར་བསླབ་གསུམ་ཡོན་ཏན་གྱི་ཕུང་པོ་རྒྱ་ཆེ་ཞིང་། མཁྱེན་བརྩེ་ཡེ་ཤེས་ཀྱི་སྤྱན་རས་མཆོག་ཏུ་གསལ་བ། རིམ་གཉིས་ཏིང་འཛིན་གྱི་དགོངས་སྤྱོད་མཁའ་ལྟར་ཡངས་པའི་མཆོག་གི་སྤྲུལ་པའི་སྐུ་དམ་པ་རྣམས་ཀྱིས་གཙོར་མཛད། རིག་གྲོལ་ཡོན་ཏན་རྒྱ་མཚོའི་མངའ་བདག་འདུས་པ་རྒྱ་མཚོ་ལྟ་བུའི་སྙན་ལམ་དུ་ཞུ་བྱ་ལ། སྤྱིར་གཏམ་ལ། ཡས་གཏམ་ལྷ་ཆོས་ཀྱི་ལོ་རྒྱུས། མས་གཏམ་འཇིག་རྟེན་གྱི་རྣམ་བཞག་སོགས་རྒྱ་ཆེ་བ་ཡོད་ཀྱང་། ད་ལམ་གདན་ས་ཆེན་པོ་འདིར། མཆོག་གཟིགས་གྲུབ་བརྙེས་ཀྱི་གདན་རབས་གོང་མ་རིམ་བྱོན་རྣམས་ཀྱི་ཕྱག་བཞེས་སུ་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་དང་འབྲེལ་བའི་ལོ་རྒྱུས་ཞལ་བཀོད་རྒྱས་བསྡུས་འཚམས་པ་རེ་གསུང་སྲོལ་ཡོད་པས་ས་བཅད་མི་སྟོང་ཙམ་ཞུ་ན། ཡིད་ཆེས་བརྒྱུད་པའི་ལོ་རྒྱུས། དངོས་གཞི་བསྐྱེད་རྫོགས་ཀྱི་སྟོང་ཐུན། བསླབ་བྱ་སྒྲིག་ལམ་གྱི་རྣམ་བཞག་སྟེ་ཆིངས་ཆེན་པོ་གསུམ་དུ་འདུས་པ་ལས། དང་པོ་ནི། ཇི་སྐད་དུ། ཡིད་ཆེས་ངེས་པ་སྦྱིན་པའི་ཕྱིར། ཐོག་མར་བརྒྱུད་པའི་ལོ་རྒྱུས་བཤད། ཅེས་པ་ལྟར། ཐོག་མར་ལོ་རྒྱུས་ཀྱི་རྣམ་བཞག་ལ་སྤྱིར་མདོ་སྔགས་བཀའ་གཏེར་གྱི་བརྒྱུད་པའི་བབས་སོ་དུ་མ་ཡོད་ཀྱང་། ད་ལམ་ཟབ་པའི་མཐར་ཐུག་བླ་མ་དཀོན་མཆོག་སྤྱི་འདུས་ཀྱི་ངོ་བོར་བསྒྲུབ་པའི་རིམ་པ་འདི་ཡི་ལོ་རྒྱུས་མདོ་ཙམ་ཞིག་ཞུས་ན། གཞི་དབྱིངས་འོད་གསལ་སྤྲོས་པ་དང་བྲལ་བའི་ཞིང་ན། གཞི་སྣང་ཡེ་ཤེས་ཀྱི་བཀོད་པ་རྣམ་ཀུན་མཆོག་ལྡན་གྱི་ཕྱག་རྒྱར་རང་ཤར་བའི་སྟོན་པ་འོད་མི་འགྱུར་བ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལས། མི་ཟད་པ་རྒྱན་གྱི་འཁོར་ལོའི་སྒྱུ་འཕྲུལ་ཁ་སྦྱོར་བདུན་ལྡན་ཡེ་ཤེས་སྒྱུ་མའི་རྣམ་རོལ། ངེས་པ་ལྔ་ལྡན་ཚངས་པ་རྔ་སྒྲའི་ཞིང་ཁམས་ཆེན་པོ་རྟེན་དང་བརྟེན་པའི་སྣང་ཆར་བཞེངས་པ་གསུང་རྡོ་རྗེ་འོད་དཔག་མེད་སོགས། ལྷུན་རྫོགས་ལོངས་སྐུའི་སྟོན་པ་རིགས་ལྔ་གངས་ཆེན་མཚོའི་སྣང་ཚུལ་དུ་སྣང་བར་མཛད་ཅིང་། དེ་ལས་གང་འདུལ་གྱི་ཐུགས་རྗེ་ཆེན་པོའི་རྣམ་པར་འཕྲུལ་པ་ཚད་མེད་པའི་རང་གཟུགས། སྤྲུལ་སྐུ་ཐུབ་པ་དྲུག་སོགས་བཟོ་དང་སྐྱེ་བ་བྱང་ཆུབ་མཆོག་གི་ཚུལ་དང་ཕྱོགས་དང་རིས་མེད་པའི་འཇིག་རྟེན་གྱི་སྒྲོན་མེ་རྣམ་པར་བཀོད་པ་ལས། གསུང་གི་རྡོ་རྗེ་འོད་སྣང་མཐའ་ཡས་པའི་རྒྱལ་བ་ཉིད་ཀྱིས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་གདུལ་བྱའི་ཡུལ་ལ་རྣམ་བཅས་སྒྱུ་མའི་མཚན་དཔེར་རང་ཤར་བའི་བདེ་གཤེགས་གསུང་གི་སེམས་དཔའ་ཆེན་པོ་འཕགས་མཆོག་ཁ་སར་པ་ཎི་དང་། དེ་ཉིད་སླར་ཡང་འཛམ་གླིང་སྤྱི་དང་། ཁྱད་པར་བྱང་ཕྱོགས་གངས་ལྡན་གྱི་གདུལ་བྱའི་དོན་དུ། ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོར་འདབ་སྟོང་པདྨའི་སྙིང་པོར། རིག་པ་ཐོལ་སྐྱེས་ཀྱི་ཚུལ་དུ་སྐུ་འཁྲུངས་པའི་ཚུལ་བསྟན་ཅིང་། སྣང་སྲིད་གཞིར་བཞེངས་ཀྱི་དགོངས་སྤྱོད་ཀློང་དུ་གྱུར་པས། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་གསང་གསུམ་ཡེ་ཤེས་ཀྱི་དགོངས་ཀློང་གཅིག་ཏུ་འདྲེས་པའི་བདག་ཉིད་དུ་བཞུགས་པ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་གནས་གསུམ་ཌཱཀྐིའི་ཚོགས་རྗེ། སྣང་སྲིད་ཟིལ་གནོན་གྱི་སྤྱི་དཔལ་ཆེན་པོ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཏེ། དེ་ལྟར་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་དེ་དག་ཟབ་གསལ་འགྱུར་བ་མེད་པའི་དགོངས་པ་མཉམ་ཉིད་འདུས་མ་བྱས་སུ་ལྷུན་གྱིས་གྲུབ་པའི་བདག་ཉིད་ནམ་མཁའི་ཟླ་བ་དང་ཆུ་ཟླའི་ཚུལ་ལྟར། གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་ཁྱབ་བདག་ཏུ་མངའ་དབང་རྫོགས་པའི་ཚུལ་དུ་བཞུགས་པ་ཙམ་ལ་རྒྱལ་བ་དགོངས་བརྒྱུད་དུ་གྲགས་ཤིང་། སློབ་དཔོན་ཆེན་པོ་ཉིད་རྣམ་པ་མཐར་ལམ་ལ་གནས་པའི་རིག་འཛིན་ཆེན་པོའི་ཚུལ་དུ་བཞུགས་ཤིང་། རིག་འཛིན་གྱི་རྒྱལ་པོ་རྡོ་རྗེ་ཆོས་སོགས་ཀྱིས་རྗེས་སུ་བཟུང་བའི་ཚུལ་བསྟན་པའི་དཔལ་ཨོ་རྒྱན་གྱི་སློབ་དཔོན་པདྨ་སཾ་བྷ་ཝ་དེ་ཉིད་ཀྱིས། ཟབ་ལམ་བླ་མའི་སྒྲུབ་པ། ཕྱི་ནང་གསང་བའི་ཆོས་སྐོར་བསམ་གྱིས་མི་ཁྱབ་པ་གཏན་ལ་ཕབ་སྟེ། དེ་དག་གི་ཡང་སྙིང་བཅུད་དུ་དྲིལ་བའི་བསྐྱེད་རྫོགས་ཀྱི་ཆོས་བཀའ་ཟབ་མོ་འདི་ཉིད། དབྱིངས་ཕྱུག་ཌཱཀྐིའི་རྗེ་མོ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་དང་། ཐུགས་སྲས་ཀྱི་ཐུ་བོ་འོད་གསལ་རྫོགས་ཆེན་གྱི་ལམ་ལས་སྣང་བཞིའི་ཕ་རོལ་དུ་སོན་པས། གདོས་བཅས་འོད་སྐུར་གཤེགས་པའི་གྲུབ་ཆེན་བརྒྱ་དང་རྩ་བརྒྱད་ཀྱི་ནང་ཚན། ཏིང་འཛིན་ཟག་མེད་འོད་གསལ་ཆེན་པོར་དབང་བསྒྱུར་བའི་ཉང་བན་ཆེན་པོ་ཏིང་ངེ་འཛིན་རབ་ཏུ་བཟང་པོ་ལ་གནང་ཞིང་། སླར་ཡང་སྙིགས་དུས་ཀྱི་གདུལ་བྱ་ལ་ཐུགས་བརྩེ་བས་སྨོན་ལམ་གྱི་གཏད་རྒྱ་དང་བཅས་ཏེ་ཟབ་མོའི་གཏེར་དུ་རྒྱས་བཏབ་པ་ཉིད། ཕྱིས་གདུལ་བྱའི་འགྲོ་དོན་དུས་ལ་བབས་པའི་ཚེ། ཉང་བན་ཆེན་པོའི་རྣམ་འཕྲུལ། སྤྲུལ་པའི་གཏེར་སྟོན་ཆེན་པོ་སྔགས་འཆང་ཧཱུྃ་ནག་མེ་འབར་རམ་རིག་འཛིན་འཇའ་ཚོན་སྙིང་པོ། ཨོ་རྒྱན་ལས་འཕྲོ་གླིང་པ་ཞེས་མཚན་གྱི་རྣམ་གྲངས་དུ་མ་དང་ལྡན་པ་དེ་ཉིད་ཀྱིས། ཉང་ཝ་ར་ན་ཧཾ་འཕྲང་ལྕགས་ཀྱི་སྒོ་མོ་ནས་སྤྱན་དྲངས་ཏེ། ཀོང་སྨྱོན་ཧེ་རུ་ཀ་དང་། རིག་འཛིན་ཆོས་ཀྱི་རྒྱལ་པོ་སོགས་ལ་སྨིན་གྲོལ་གྱི་སྒོ་འཕར་ཕྱེས་པ་ནས་བཟུང་། ཟབ་ཆོས་འདི་ལ་བརྟེན་ནས་མཆོག་ཐུན་གྱི་དངོས་གྲུབ་བརྙེས་པའི་མཁས་གྲུབ་གསེར་རིའི་ཕྲེང་བ་བར་མ་ཆད་དུ་བྱོན་པ་དེ་དག་ནི་གང་ཟག་སྙན་བརྒྱུད་དང་། གཞན་ཡང་ཐུགས་རྗེ་བྱིན་རླབས་ཀྱི་བརྒྱུད་པ་དང་། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ་དང་། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ཞེས་གྲགས་པ་རྣམས་ཀྱང་། བརྒྱུད་ཚུལ་འདི་ལ་ཡོངས་སུ་རྫོགས་པ་ལགས་ཏེ། དེ་ལྟར་བརྒྱུད་པ་གསུམ་ལྡན་ནམ་དྲུག་ལྡན་གྱི་ཚུལ་དུ། སྨིན་གྲོལ་གྱི་ཆོས་བཀའ་མ་ཆད། བྱིན་རླབས་ཀྱི་སྤྲིན་ཕུང་མ་ཡལ། དངོས་གྲུབ་ཀྱི་ཆུ་རྒྱུན་མ་སྐེམ། ཕྱག་བཞེས་ཀྱི་སྲོལ་ཁ་མ་ཉམས་པ་བདག་ཅག་གི་ཆོས་སྐལ་དུ་ལེགས་པར་བཞུགས་བཞིན་པ་འདི་ག་ལགས་ཏེ། དེས་ནི་བརྒྱུད་པའི་བྱུང་ཚུལ་མདོ་ཙམ་ཞུས་གྲུབ་ཅིང་། རྩ་བའི་ཆིངས་གཉིས་པ་ནི། ཉམས་ལེན་སྲང་ལ་འཛུད་པའི་ཕྱིར། སྟོང་ཐུན་སྙིང་པོར་དྲིལ་ཏེ་བཤད། ཅེས་པ་ལྟར། ཚོམ་བུ་ཚོགས་སྒྲུབ་ཆེན་མོའི་དངོས་གཞི་སྟོང་ཐུན་གྱི་དབང་དུ་བྱས་ན། སློབ་དཔོན་ཆེན་པོ་སངས་རྒྱས་གསང་བའི་ཞལ་ནས། སྒྲུབ་པའི་དུས་ཀྱི་གཉེན་པོ་ནི། གཞི་དང་གཞུང་གིས་རྫོགས་པར་འགྱུར། ཞེས་པ་ལྟར། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་དང་། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་བ་གཉིས་ལས། དང་པོ་སྒྲུབ་དུས་ཀྱི་ཕུན་སུམ་ཚོགས་པ་ནི། ཇི་སྐད་དུ། ལམ་རིམ་ལས། དེ་ལ་སྔ་མ་གནས་དང་དུས། ཡོ་བྱད་སྟོན་འཁོར་སྒྲུབ་པ་པོ། སྒྲུབ་ཐབས་ཕུན་སུམ་ཚོགས་པ་ཡིས། ཞེས་པ་ལྟར། གང་དུ་སྒྲུབ་པའི་གནས་དང་། ནམ་སྒྲུབ་པའི་དུས་དང་། ཅིས་སྒྲུབ་པའི་ཡོ་བྱད་དང་། གང་གིས་སྒྲུབ་པའི་སྒྲུབ་པ་པོ་དང་། ཇི་ལྟར་སྒྲུབ་པ་སྒྲུབ་པའི་ཐབས་ཏེ་ཕུན་སུམ་ཚོགས་པ་ལྔ་ཡོད་པ་ལས། དང་པོ་གནས་ཕུན་སུམ་ཚོགས་པ། རྣམ་སྣང་གངས་ཆེན་མཚོའི་ཞིང་ཁམས་མི་མཇེད་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱའི་གྲངས་སུ་བཀོད་པ་ལས། ལྷོ་ཕྱོགས་འཛམ་བུ་ཏྲིཀྵས་མཚན་པའི་གླིང་། གནས་ཆེན་པོ་ཉི་ཤུ་རྩ་བཞི། ཡུལ་ཆེན་པོ་སུམ་ཅུ་རྩ་གཉིས། ཧེ་རུ་ཀ་རོལ་བའི་དུར་ཁྲོད་ཆེན་པོ་བརྒྱད་སོགས་ཁྲག་འཐུང་མངོན་སྤྱོད་ཆེན་པོའི་སྟོན་པ་རྣམས་ཀྱིས་སྦྱོར་སྒྲོལ་བླ་ན་མེད་པའི་ཆོས་འཁོར་བསྐོར་ཞིང་། བདེ་ཆེན་ཚོགས་ཀྱི་འདུ་བ་དགྱེས་དགུར་རོལ་བའི་ཞིང་ཁམས་ཆེན་པོར་བྱིན་གྱིས་བརླབས་པའི་ནང་ཚན། བོད་ཆེན་པོའི་ལྗོངས་མདོ་སྨད་གངས་ར་ཉེར་ལྔའི་ཡ་གྱལ། ཡོན་ཏན་གནས་ཀྱི་གཙོ་བོ་རུ་དམ་གངས་ཀྱི་ར་བ། ཨོ་རྒྱན་སངས་རྒྱས་གཉིས་པས་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་ཅིང་། མཐོང་ཐོས་དྲན་རེག་དོན་དང་ལྡན་པའི་ཆོས་གཏེར་ཟད་མི་ཤེས་པའི་མཛོད་དུ་མས་རྒྱས་བཏབ་པ། གསང་ཆེན་བླ་མེད་ཀྱི་གདུལ་བྱ་སྣོད་དུ་རུང་བའི་ཡུལ་གླིང་བཅོ་བརྒྱད་ཀྱི་བཀོད་པ་ཟག་མེད་སྒྱུ་མའི་ཕྱག་རྒྱས་སྟོང་གསུམ་ཡུངས་འབྲུར་འཇུག་པའི་ཚུལ་དུ་རྒྱས་བཏབ་པས་སྒྲུབ་གནས་གཞན་ལས་ཀྱང་ཡ་མཚན་ཁྱད་དུ་འཕགས་ཤིང་། རྒྱུད་སྡེ་ཆེན་པོ་རྣམ་ལས་གནམ་ས་བར་གསུམ་གྱི་གནས་ཀྱི་མཚན་ཉིད་དང་། ཐུན་མོང་ས་ཡི་དཔྱད་ཕུན་སུམ་ཚོགས་པའི་གནས་རུ་དམ་སྐྱིད་ཁྲོམ་གྱི་ལུང་པར་གྲགས་པའི་གདན་ས་ཆེན་པོ། ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གཙུག་ལག་ཁང་ཐུབ་བསྟན་ཡོངས་འདུས་དགའ་ཚལ་ཞེས་མདོ་སྔགས་ཡོངས་སུ་རྫོགས་པའི་ཆོས་ཀྱི་དགའ་སྟོན་ཟད་མི་ཤེས་པའི་འབྱུང་གནས་མཆོག་ཐུན་སྤྲིན་གྱི་གྷན་དྷོ་ལ་ཆེན་པོ། ཁྱད་པར་གསང་ཆེན་བླ་ན་མེད་པའི་སྨིན་གྲོལ་གྱི་ཆོས་འཁོར་རྒྱུན་མི་ཆད་དུ་བསྐོར་བ། ཨོ་རྒྱན་དྷུ་མ་ཐ་ལའི་གཞལ་མེད་ཁང་གཉིས་པར་གྱུར་པ་འདི་ཉིད་གནས་ཕུན་སུམ་ཚོགས་པ་ལགས་ཤིང་། གཉིས་པ་དུས་ཕུན་སུམ་ཚོགས་པ་ནི་རྒྱུད་ལས། དུས་ནི་དབྱར་དགུན་སྟོན་དཔྱིད་ཀྱི། ར་བ་དག་ལ་མཆོག་ཏུ་ཤིས། ཞེས་པ་ལྟར། ལེགས་སྦྱར་གྱི་སྐད་དུ། བྷ་ནུ་ཏཱ་ར་ཞེས་པ། ཉི་མ་སྒྲོལ་བྱེད་དེ་རྒྱ་རྩིས་པའི་ཤིང་ཕོ་སྤྲེལ་ལོའི་དཔྱིད་ཟླ་ར་བའམ་ཧོར་ཟླ་དང་པོ། མཉམ་མེད་ཐུབ་པ་ཆེན་པོས་བསམ་ཡས་རྫུ་འཕྲུལ་གྱི་ནུས་པ་ཚད་མེད་པའི་ཆོ་འཕྲུལ་ཆེན་པོས། མུ་སྟེགས་ཀྱི་སྟོན་པ་སྡེ་དྲུག་ཚར་བཅད་པའི་དུས་ཆེན། རྣམ་དཀར་གྱི་དགེ་བ་གང་བྱས་འབུམ་འགྱུར་དུ་འཕེལ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོ་ནས་དབུ་བརྩམས་ཏེ། ཡར་ངོའི་ཚེས་བཅུར་རྒྱལ་དབང་མཚོ་སྐྱེས་རྡོ་རྗེས་དུར་ཁྲོད་ཆེན་པོ་རོ་གླིང་བསིལ་བའི་ཚལ་དུ་སྦྱོར་སྒྲོལ་བརྟུལ་ཞུགས་ཀྱི་སྤྱོད་པས་མ་མོ་མཁའ་འགྲོ་དབང་དུ་བསྡུས་ནས་། གསང་སྔགས་ཀྱི་ཆོས་འཁོར་ཐོག་མར་བསྐོར་བའི་དུས་ཆེན་དང་འབྲེལ་དངོས་གྲུབ་བླང་བའི་རྗེས་སུ། རྡོ་རྗེའི་གླུ་གར་དང་ཚོགས་ཀྱི་འཁོར་ལོས་མཐའ་རྒྱས་སུ་བྱ་བ་ནི་དུས་ཕུན་སུམ་ཚོགས་པ་ཡིན་ལ། གསུམ་པ་སྒྲུབ་པའི་ཡོ་བྱད་ཕུན་སུམ་ཚོགས་པ་ནི། ལམ་རིམ་ལས། གོས་རྒྱན་བཟའ་བཏུང་གསང་བ་སོགས། སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང་། དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། དངོས་གྲུབ་རྟེན་དང་བར་ཆད་བཟློག ཞེས་པ་ལྟར། རྒྱན་དང་གོས་ཀྱི་ཡོ་བྱད། བཟའ་དང་བཏུང་བའི་ཡོ་བྱད། བྲོ་གར་འདུ་འཕྲོའི་ཡོ་བྱད། གླུ་ཚིག་སྒྲ་ཡི་ཡོ་བྱད། ཨ་ལི་ཀ་ལིའི་ཡོ་བྱད་དེ་སྒྲུབ་པའི་ཡོ་བྱད་ལྔ་ཚང་ཞིང་། གཞན་ཡང་དངོས་གྲུབ་རྟེན་གྱི་ཡོ་བྱད། མཆོད་པ་རྫས་ཀྱི་ཡོ་བྱད། དགྲ་བཟློག་མཚོན་གྱི་ཡོ་བྱད། ནད་བཟློག་སྨན་གྱི་ཡོ་བྱད། བགེགས་བཟློག་རྫས་ཀྱི་ཡོ་བྱད་རྣམས་ཚང་ཞིང་ཕུན་སུམ་ཚོགས་པའོ། བཞི་བ་སྒྲུབ་པ་པོ་ཕུན་སུམ་ཚོགས་པ་ནི། སྟོན་འཁོར་གཉིས་ལས། དང་པོ་སྟོན་པ་རྡོ་རྗེ་སློབ་དཔོན་ནི། རང་བཞིན་བརྒྱད་དང་ལྡན་པ་སྟེ། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། གཉེར་ལྡན་རྒྱུད་དང་ལས་ལ་མཁས། མན་ངག་དྲོད་དང་བརྒྱད་འཆང་བ། ཞེས་པ་ལྟར། ལྟ་སྒོམ་སྤྱོད་པའི་མཛོད་གསུམ་དང་ལྡན་པ། དབང་བཞིའི་ཆུ་བོ་རྫོགས་པ། དོན་གཉིས་སྒྲུབ་པའི་གཉེར་དང་ལྡན་པ། གཞི་ལམ་འབྲས་བུའི་རྒྱུད་དོན་ལ་མཁས་པ། ལས་བཞིའི་འཕྲིན་ལས་ཀྱི་ཕྱག་བཞེས་ལ་མཁས་ཤིང་བྱང་ཆུབ་པ། སྙན་བརྒྱུད་ཀྱི་མན་ངག་རྫོགས་ཤིང་ཉམས་བླངས་ཀྱི་དྲོད་རྟགས་མངོན་དུ་གྱུར་པ་ཞིག་དགོས་པ་ལས། ད་རེས་ཀྱི་སྐབས་སུ། བདེ་གཤེགས་རིན་ཆེན་གཙུག་ཏོར་ཅན་དངོས་སྣང་མི་ཡི་ཟོལ་དུ་ཕེབས་པ། གྲུབ་ཐོབ་རྫོགས་ཆེན་པའི་མཚན་གྱི་ཅོད་པན་གྱིས་མངོན་པར་དབང་བསྐུར་ཞིང་སྐལ་བ་བཟང་པོར་བྱིན་གྱིས་བརླབས་པ། ཁོ་བོ་ཅག་གི་འདུས་པའི་གཙོ་བོའི་ཚུལ་ཙམ་འཛིན་པ་འདི་ཀ་ལགས་ཤིང་། འཁོར་ཕུན་སུམ་ཚོགས་པ་ནི། སྒྲུ་འཕྲུལ་ལས། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། ཞེས་པ་ལྟར་གྱི་ཡོན་ཏན་དྲུག་དང་ལྡན་པ་དགོས་པ་ལ། ད་ལམ་སར་གནས་འཕགས་ཆེན་དུ་མའི་ཐུགས་རྗེ་ཡེ་ཤེས་ཀྱི་རྣམ་རོལ་མཆོག་གི་སྤྲུལ་པའི་སྐུ་དམ་པ་དུ་མ་གདན་འཛོམས་པའི་སྐལ་བ་བཟང་པོ་མངོན་དུ་གྱུར་པས་མཚོན། དམ་ཚིག་ཤེས་རབ། སྙིང་རྗེ་བྱང་སེམས། ཆོ་ག་དབྱངས་རོལ། ཏིང་འཛིན་བཟླས་བརྗོད། ཕྱག་རྒྱ་སྟངས་སྟབས། ཕྱག་བཞེས་ལས་འགྲིགས་སོགས་ལ་མཁས་ཤིང་མངའ་དབང་འབྱོར་བའི་འདུས་ཚོགས་ལྷན་རྒྱས་པ་རྣམས་ལགས་ཤིང་། ལྔ་བ་སྒྲུབ་ཐབས་ཕུན་སུམ་ཚོགས་པ་ནི། རྩ་གསུམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྐལ་ལྡན་མིའི་ཚོགས་འདུས་པ་རྒྱ་མཚོ་ལྟ་བུ། དགྱེས་ལྡན་ལྷའི་ཚོགས། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས། སྔར་སྨོས་པའི་ཡོ་བྱད་རྣམས་ཚོགས་པས། ཚོགས་ཆེན་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པར་བྱེད་པ་སྟེ། དེ་ཡང་རྩ་བ་གསུམ་གྱི་སྒྲུབ་ཐབས་བཀའ་གཏེར་དག་སྣང་གི་ཆོས་བཀའ་ཚད་མེད་པ་ཞིག་བཞུགས་པ་ལས། ད་རེས་སྐབས་སུ་བབས་པ་ནི། ལོ་རྒྱུས་གོང་དུ་ཞུས་པ་ལྟར་གྱི་ཡང་ཟབ་དཀོན་མཆོག་སྤྱི་འདུས་སུ་གྲགས་པ། འོད་གསལ་རྫོགས་པ་ཆེན་པོའི་ཆོས་སྡེ། ལྷུན་གྲུབ་སྣང་སྟོང་དུ་ཤར་བ་ཟབ་མོའི་བསྐྱེད་རིམ་དང་མཚན་མེད་ཡེ་ཤེས་ཆེན་པོའི་རྫོགས་རིམ་གཙོ་བོར་སྟོན་པ། བྱིན་རླབས་ཀྱི་རྩ་བ་བླ་མ་ཐམས་ཅད་རྒྱལ་དབང་པདྨ་འོད་འབར་གྱི་ངོ་བོར་སྒྲུབ་པ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཞི་ཁྲོ་ཐམས་ཅད་དྲག་པོ་དམར་ནག་མེ་ཕྲེང་གི་ངོ་བོར་སྒྲུབ་པ། ཕྲིན་ལས་ཀྱི་རྩ་བ་མ་མོ་མཁའ་འགྲོ་ཐམས་ཅད་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གདོང་མའི་ངོ་བོར་སྒྲུབ་པ་སྟེ། དེ་ལྟར་བླ་མ་རྩ་བ་གསུམ་གྱི་རྣམ་པར་སྒྲུབ་པའི་དཀྱིལ་འཁོར་དུ་ཚོགས་ཀྱི་སྒྲུབ་པ་བྱེད་པ་ཡིན་ལ། དེ་ཡང་བླ་མ་སངས་རྒྱས་ཀུན་འདུས་ཡིན་པ། རྒྱུད་ལས། བླ་མ་སངས་རྒྱས་བླ་མ་ཆོས། དེ་བཞིན་བླ་མ་དགེ་འདུན་སྟེ། ཀུན་གྱི་བྱེད་པོ་བླ་མ་ཡིན། བླ་མ་དཔལ་ལྡན་རྡོ་རྗེ་འཆང་། ཞེས་དང་། བླ་མ་རྩ་གསུམ་གྱི་སྤྱི་གཟུགས་ཡིན་པ་ཡང་། སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ངོ་བོ་བླ་མ་ཆོས་སྐུ་ལ། རང་བཞིན་ཡི་དམ་ལོངས་སྤྱོད་རྫོགས། ཐུགས་རྗེ་སྤྲུལ་སྐུ་མཁའ་འགྲོ་མ། ཞེས་དང་། ཁྱད་པར་གུ་རུ་རིན་པོ་ཆེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཡིན་པར། གུ་རུ་ཉིད་ཀྱི་ཞལ་ནས། ང་སྒྲུབ་སངས་རྒྱས་ཐམས་ཅད་འགྲུབ། ང་མཐོང་སངས་རྒྱས་ཐམས་ཅད་མཐོང་། ང་ནི་བདེ་གཤེགས་འདུས་པ་ཡིན། ཞེས་གསུངས་པ་ལྟར་རོ། དེ་ལྟར་ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་བའི་ཚུལ་ཞུས་ཟིན་ནས། ད་ནི་བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་ཚུལ་མདོ་ཙམ་ཞུ་ན། ཕྲིན་སྒྲུབ་ཕྱག་བཞེས་ཀྱི་ཆུ་བོ་མཐོང་བ་བརྒྱུད་པའི་ཕྱག་ལེན་རྒྱུན་མི་ཆད་པའི་ཕྱིར་མོས་སློབ་ཀྱི་ཚུལ་དུ་སྒྲུབ་པའི་དངོས་གཞི་ཞག་བདུན་བྱེད་པའི་དབང་དུ་བྱས་ནས། ནུབ་དང་པོས་ཆོ་ག་སྔོན་དུ་འགྲོ་བས། ཕྱི་མཚམས་རྒྱལ་ཆེན་སྡེ་བཞི་ལ་གཉེར་གཏད། ནང་མཚམས་དམ་སྲི་མནན་ནས་སྒོ་བྱང་ཕྱི་ནང་གདགས། གསང་མཚམས་མ་ཊཱཾ་བསྒྲལ་མནན་དང་། ཁྲོ་བཅུ་རོལ་པས་མཚམས་བཅད། དཀྱིལ་འཁོར་རྒྱན་བཀོད་སོགས་གྲུབ་ནས། རྡོ་རྗེའི་གྲལ་ལ་འཁོད་དེ་ཚོགས་གཞུང་བསྲངས་ནས་བསྙེན་པ་དངོས་ལ་འཇུག་པ་བསྙེན་པ། དེ་ནས་ཞག་གཉིས་ཀྱི་བར་དུ་སྣོད་བཅུད་རྒྱུད་གསུམ་སྦྱང་ཕྱིར་འོད་ཟེར་དཀར་པོའི་འཕྲོ་འདུས་སྣང་སྲིད་སྐུ་དང་ཡེ་ཤེས་ཀྱི་རོལ་བར་སྦྱང་ནས་དངོས་གྲུབ་ཀྱི་སྣོད་རུང་དུ་བྱེད་པ་ཉེ་བསྙེན། དེ་ནས་ཞག་གསུམ་ལ་འོད་ཟེར་དམར་པོའི་འཕྲོ་འདུས་རྒྱལ་བ་མཆོད་ཅིང་དངོས་གྲུབ་བསྡུ་བ། དྲེགས་ཚོགས་དབང་དུ་བསྡུས་ནས་ལས་ལ་བཀོལ་པ། སེམས་ཅན་གྱི་སྒྲིབ་པ་སྦྱོང་ནས་རྡོ་རྗེ་གསུམ་གྱི་གོ་འཕང་ལ་བཀོད་དེ་དངོས་གྲུབ་སྒྲུབ་པ་རྣམས་ནི་སྒྲུབ་པ་དང་། ཐུན་ཐ་མར་འོད་ཟེར་མཐིང་ཀ་བསྡུ་བའི་སྦྱོར་བས། ཐོ་རངས་ཀྱི་དུས་སུ་རང་དོན་དུ་དངོས་གྲུབ་ལེན་པ་དང་། དེ་རྗེས་གཞན་དོན་དུ་དབང་བསྐུར་བ་རྣམས་སྒྲུབ་པ་ཆེན་པོ་སྟེ། མདོར་ན་སྒྲུབ་པའི་དབུ་ཚུགས་ནས་མཇུག་མ་རྫོགས་ཀྱི་བར་དུ། སྒོ་གསུམ་ཐ་མལ་གྱི་དབང་དུ་སྐད་ཅིག་ཀྱང་མི་བཏང་བར། སྣང་བ་སྐུ། གྲགས་པ་གསུང་། དྲན་རྟོགས་ཐུགས་ཏེ་སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་འཁྱེར་སོ་ལས་མ་གཡེང་བའི་ངང་ནས། སིདྡྷིའི་འཛབ་དབྱངས་ཉིན་མཚན་གྱི་ཐུན་བཞིར་རྒྱུན་མི་ཆད་པར་མཛད་དགོས་པ་ལགས་ཏེ། དེ་ལྟར་མཛད་ན་ཚེ་འདིར་བསམ་པ་ཐམས་ཅད་འགྲུབ་ཅིང་། ཕྱི་མ་དག་པའི་ཞིང་ཁམས་རྔ་ཡབ་དཔལ་གྱི་རི་བོར་པདྨ་འོད་ཀྱི་ཕོ་བྲང་དུ། བདག་ཅག་དད་དམ་གཅིག་ཏུ་འབྲེལ་བའི་སྟོན་འཁོར་ཐམས་ཅད་ཚོམ་བུ་གཅིག་ཏུ་འཚང་རྒྱ་བ་ལ་ཐེ་ཚོམ་མེད་པ། རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་བཀའ་ཚད་མ་ཡིན་པས་ཀུན་གྱི་ཐུགས་ལ་ངེས་པར་མཛད་དགོས་པ་ལགས། དེས་ནི་དངོས་གཞིའི་སྟོང་ཐུན་ས་བཅད་མི་སྟོང་ཙམ་ཞུས་པ་ལགས་ཤིང་། རྩ་བའི་ཆིངས་གསུམ་པ། བསྙེན་སྒྲུབ་མཐའ་རུ་དབྱུང་བའི་ཕྱིར། རྒྱུན་གྱི་བསླབ་སྤྱོད་བསྡུས་ཏེ་བཤད། ཅེས་པའི་དོན། བསླབ་བྱ་བཅའ་སྒྲིག་གི་རྣམ་བཞག་ལ། སྤྱིར་དམ་ཆོས་འདུལ་བའི་བཅས་ཁྲིམས་རྣམ་པར་དག་པས་གཞི་བཟུང་། གཞན་ཕན་བྱང་སེམས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུས་ཁོག་དབུབ། གསང་སྔགས་ཕྱི་ནང་གིས་བསྡུས་པའི་དམ་ཚིག་རྡོ་རྗེའི་ཞགས་པས་ཆིངས་སུ་བཅིང་ནས། སྒོ་གསུམ་གྱི་བླང་དོར་བསལ་བ་ལ་བསླབ་དགོས་ཤིང་། བྱེ་བྲག་སྒྲུབ་པ་ཆེན་པོ་འདིའི་སྐབས་སུ། གདན་ས་ཆེན་པོ་འདིར། གྲུབ་པའི་དབང་ཕྱུག་ཆེན་པོ་པདྨ་རིག་འཛིན་ནས་ད་ལྟའི་བར་དུ་ཐུགས་རྗེ་ཡེ་སྤྲུལ་གྱི་སྐྱེས་ཆེན་བསྟན་པའི་མངའ་བདག་རིམ་པར་བྱོན་པ་རྣམས་ཀྱི་བཀའ་ལུང་གསེར་གྱི་ཕྲེང་བ་ཚར་དུ་དངར་བའི་བརྗོད་དོན་བཅའ་སྒྲིག་གི་རྣམ་བཞག་ཐམས་ཅད་ཀྱི་ཐུགས་ལ་མངའ་བཞིན་པ་ལས། དམིགས་བསལ་ཞུ་དགོས་གལ་མི་ཆེ་རུང་། ཕྱོགས་མཚོན་ཙམ་དུ་སྨྲོས་ན། དད་ལྡན་དང་བ་འདྲེན་པའི་མིག་རྒྱན། འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས། ཞེས་པའི་དཔེ་ལྟར། རབ་ཏུ་བྱུང་བའི་རྟགས་ཆ་ལུགས་དམ་པའི་ཚུལ་དང་མཐུན་ཞིང་། ཡ་རབས་ཀྱི་རྗེས་ཟིན་པའི་ཁ་མིག་གྱེན་བལྟས། སྒྲོག་རུས་འཕྲེད་བཅིང་གི་དཔེ་ལྟར་དམ་མ་གོང་མའི་ཕྱག་བཞེས་ཀྱི་རྒྱུན་བསྟན་པ་སྔར་ལམ་ལྟར། མགོ་ཞྭ་འགྲིགས། རྒྱབ་གོས་འགྲིགས། རྐང་ལྷམ་འགྲིགས། ཕྱག་རྡོར་དྲིལ་སོགས་སྒྲིག་ལམ་དང་མི་འགལ་བའི་ཡོ་བྱད། གདངས་དབྱངས་རོལ་མོ། ཕྱག་རྒྱ་སྟངས་སྟབས། བྱོན་བཞུགས་ཀྱི་སྤྱོད་ལམ། ཐ་ན་གསོལ་ཞལ་ཚུན་ཆད་སྔར་ནས་ཇི་ལྟར་དར་བའི་ཕྱག་བཞེས་མཐོང་བ་བརྒྱུད་པའི་རང་ལུགས་མ་ནོར་བ་ཚགས་སུ་ཚུད་པ་དགོས་ཤིང་། གཙོ་ཆེ་བ། རབ་ཀྱིས་ལྷ་སྔགས་ཏིང་འཛིན་ཟུང་དུ་འབྲེལ་བས་བཟླས་པ་ཆུ་བོའི་རྒྱུན་བཞིན་ཉིན་མཚན་གྱི་ཐུན་བཞིར་རྒྱུན་མི་ཆད་པར་མཛད་པ་དང་། འབྲིང་དང་ཐ་མས་ཀྱང་བསྐྱེད་རྫོགས་མོས་པ་ལམ་བྱེད་དང་། དག་སྣང་མོས་གུས་རྩེ་གཅིག་པས་རེས་བབས་ཀྱི་རྒྱུན་ཆགས་མེད་མཛད་དེ་གསོལ་འདེབས་ཀྱི་ཚུལ་དུ་སིདྡྷིའི་བཟླས་པ་ལ་རྒྱུན་དུ་བརྩོན་དགོས་པ་ལས་གཞན་ཚོགས་གྲལ་དུ་དོན་མེད་ཀྱི་ངག་འཁྱལ་དང་། ཕྱི་ནང་ཀུན་དུ་རྩེད་མོ་ཧ་བགད། ཆང་དང་སྣ་དུད། ཤེད་ངོམས་སྤར་འཛིང་། འཐབ་རྩོད་རྒྱུག་མཆོང་སོགས་སྒོ་གསུམ་ཆོས་འགལ་གྱི་བྱ་བ་ནམ་ཡང་བྱེད་མི་ཆོག་པ་ལས་དེ་ལུགས་ཀྱི་བླང་དོར་ཚུལ་བཞིན་མཛད་རྒྱུ་གལ་ཆེ་བ། རང་གཞན་གཉིས་དོན་ལགས་ཕྱིར། དེ་བཞིན་ཀུན་གྱི་ཐུགས་ལ་བཞག་པར་ཞུ། །རྒྱལ་བ་ཀུན་གྱི་སོགས་དང་བྱང་འདྲེན་པས་བསྐུལ་ཏེ། ཨོཾ་ཨཱཿཧཱུྃཿ སྐྱབས་གནས་མ་ལུས་སོགས་སོ། དེ་ལྟར་ལེགས་བཤད་སྤྲིན་གྱི་རྔ་སྒྲའི་གཏམ། །ཐོག་མ ཐའ་བར་དུ་དགེ་ཞིང་ཤིས་པའི་དངོས། །ཚིག་དོན་རྨད་བྱུང་བདུད་རྩིའི་ཟིལ་མ་འབུམ། །སྤྲོས་པའི་དཔལ་འདིས་འཇིག་རྟེན་མཛེས་པར་ཤོག །བརྗོད་དོན་རབ་ཟབ་གསང་ཆེན་ལམ་གྱི་གནད། །འཕགས་ཆེན་དུ་མའི་གསུང་གི་བཅུད་དྲིལ་བ། །བསྟན་པའི་མངའ་བདག་མཆོག་གི་སྤྲུལ་པའི་སྐུའི། །ཐུགས་ཀྱི་གསོས་སུ་ལེགས་བཤད་མཆོད་སྤྲིན་སྤྲོས། །དེ་ལས་ཐོབ་པའི་རབ་དགེ་ཀུན་དཱའི་གཉེན། །མཆོག་ཏུ་དཀར་བའི་ཕུན་ཚོགས་དགེ་མཚན་བརྒྱས། །བདག་སོགས་མཁའ་ཁྱབ་འགྲོ་ཀུན་ཇི་སྙེད་པའི། །ཡིད་ལ་ཡེ་ཤེས་སྣང་བ་འཆར་གྱུར་ཅིག །ཅེས་པའི་ཞལ་བཀོད་ཉུང་བྲིས་འདི་ཡང་། སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་ཡང་སྲིད་མཁྱེན་བརྩེ་ནུས་པའི་གཏེར་ཆེན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་ཉིད། བུམ་སྒྲུབ་ཆེན་མོའི་ཐོག་མའི་ཁྲི་འཛིན་སྐབས་སུ་ཡོངས་འཛིན་མཁན་མིང་ཡོན་ཏན་མགོན་པོས་སྨྲས་པ་ཚེ་རབས་ཀུན་ཏུ་སྐྱབས་མགོན་མཆོག་གིས་དགྱེས་བཞིན་རྗེས་སུ་འཛིན་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ། །ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་གྲགས་གྱུར་ཏེ། བློ་གྲོས་པད་མོ་རབ་ཏུ་རྒྱས་བྱེད་ཅིང༌། སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །རྒྱལ་དབང་ཀློང་ཆེན་པས། མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བ། མཁས་ཤིང་གྲུབ་བརྙེས་རིག་འཛིན་བརྒྱུད་པའི་སྲོལ། ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་པའི། བསྟན་པ་འཕེལ་རྒྱས་འཛམ་གླིང་ཁྱབ་གྱུར་ཅིགའཇམ་མགོན་མི་ཕམ་པས། དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ། འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ། ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིགསྐྱབས་རྗེ་པདྨ་སྐལ་བཟང་གིས། དཔེ་སྒྲིག་ལས་ཁང༌། སྔ་འགྱུར་རྫོགས་ཆེན་དཔེ་ཚོགས་བསྡུ་སྒྲིག་ཁང༌། སྤྱི་ཁྱབ་བསྡུ་སྒྲིག་གཙོ་འགན་པ། རྫོགས་ཆེན་རིན་པོ་ཆེ་བསྟན་འཛིན་ལུང་རྟོགས་ཉི་མ། དཔེ་སྡུར་ཞུ་དག་པ། རྫ་མུ་ར་སྤྲུལ་སྐུ་བསྟན་འཛིན་མཁའ་ཁྱབ་རྡོ་རྗེ། ཨ་སེ་སྤྲུལ་སྐུ། དཔེ་སྒྲིག་པ། དབྱིན་ཇི་བ་པདྨ་མཐུ་སྟོབས། རྩིས་འཕྲུལ་པ། དབྱིན་ཇི་བ་པདྨ་མཐུ་སྟོབས། མདུན་ཤོག་མཛེས་རིས་པ། ཡུས་ཁུ་ཡུས། ལས་སྒྲུབ་པ། ཕུར་བཟང༌། སྐལ་བཟང་དབྱངས་ཅན།

previousཆོ་འཕྲུལ་ཟླ་བའི་བུམ་སྒྲུབ་ཆེན་མོའི་ཞལ་བཀོད་སྟོང་ཐུན་ཉུང་གསལ།no next