Nitartha Digital Library
Tibetan
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དཔལ་ལྡན་བཤད་པའི་རྒྱུད་ཀྱི་རྩ་བ།


   
   
   
   
   
   
   
   
   
ལེའུ་དགུ་པ། ནད་ཀྱི་རྐྱེན་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་དགུ་པ། ནད་ཀྱི་རྐྱེན་བསྟན་པ།next

ལེའུ་དགུ་པ། ནད་ཀྱི་རྐྱེན་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །རྒྱུ་ལ་སྐྱེད་པར་བྱེད་པའི་རྐྱེན་གསུམ་སྟེ། སྐྱེ་མཆེད་གསོག་ལྡང་སློང་རྐྱེན་རྣམ་པ་གསུམ། སྐྱེ་ཞིང་མཆེད་པར་བྱེད་པ་སྐྱེ་མཆེད་དང༌། །གསོག་ཅིང་ལྡང་བར་བྱེད་པས་གསོག་ལྡང་ཞེས། བསགས་པ་སློང་བར་བྱེད་པ་སློང་རྐྱེན་ཡིན། །སྐྱེ་མཆེད་དུས་དང་དབང་པོ་སྤྱོད་ལམ་རྣམས། དམན་ལྷག་ལོག་པས་ནད་རྣམས་སྐྱེད་པར་བྱེད། །དུས་ནི་ཚ་དུས་གྲང་དུས་ཆར་དུས་གསུམ། །དམན་པ་ཚ་གྲང་ཆར་པ་ཆུང་བ་སྟེ། །ལྷག་པ་ཆེ་དྲག་ལོག་པ་མེད་པའོ། །དབང་པོ་ལྔ་དང་དེ་ཡི་ཡུལ་ལྔ་པོ། །ཆུང་ངམ་དེ་ལ་མི་སྦྱོར་དམན་པ་སྟེ། ཤས་ཆེར་གཏད་པ་ལྷག་པའི་སྦྱོར་བ་ཡིན། །ཤིན་ཏུ་ཉེ་དང་རིང་བ་ཆེ་འམ་ཆུང་། །འཇིགས་དང་མི་སྡུག་ལོག་པའི་སྦྱོར་བར་བཤད། །སྤྱོད་ལམ་ལུས་ངག་ཡིད་དང་གསུམ་ཡིན་ཏེ། ཆུང་ངམ་མི་སྦྱོར་འཇུག་པ་དམན་པས་དམན། རྟུན་ངས་འཇུག་པ་ལྷག་པའི་སྦྱོར་བ་སྟེ། ཤུགས་བཀག་བཙིར་གཅུས་མི་དགེ་ལོག་སྦྱོར་རོ། །གསོག་ལྡང་ཞི་གསུམ་རྒྱུ་དང་ངོ་བོ་དུས། །རྒྱུ་ནི་རྩུབ་སོགས་དྲོ་ལྡན་རླུང་གསོག་ལ། །གྲང་བས་ལྡང་ཞིང་སྣུམ་དྲོ་ས་ཞི་བར་འགྱུར། །དེ་བཞིན་རྣོ་སོགས་བསིལ་ལྡན་མཁྲིས་པ་གསོག་ཚ་བས་ལྡང་ཞིང་རྟུལ་སོགས་བསིལ་ལྡན་ཞི། ལྕི་སྣུམ་བསིལ་ལྡན་བད་ཀན་གསོག་འགྱུར་གྱི། དྲོ་བས་ལྡང་ཞིང་རྩུབ་སོགས་ཀྱིས་ཞི་འགྱུར། །ངོ་བོ་རང་གནས་འཕེལ་བ་གསོག་པ་ཡིན། རྒྱུ་ལས་འཁྲུག་བྱེད་མི་མཐུན་ཡོན་ཏན་འདོད། །སྡང་བ་ལོག་པའི་ལམ་ཞུགས་རང་རྟགས་སྟོན། རང་གནས་མཉམ་གནས་ནད་མེད་ཞི་བ་ཡིན། །དུས་ནི་སོ་ག་སོགས་གསུམ་རླུང་གི་སྟེ། །མཁྲིས་པ་དབྱར་དང་བད་ཀན་དགུན་སྨད་དོ། །སོ་གའི་དུས་སུ་ཡང་ལ་རྩུབ་པ་ཡི། །ཡུལ་དང་ལུས་དང་ཟས་སྤྱོད་ཀུན་མཚུངས་པས། །རླུང་གསོག་བྱེད་ཀྱི་དྲོ་བས་ལྡང་མི་འགྱུར། །དབྱར་དུས་ཆར་རླུང་གྲང་བ་སྐྱེས་པས་ལྡང་། །སྟོན་དུས་སྣུམ་ལ་དྲོ་བས་ཞི་བར་འགྱུར། །དབྱར་དུས་སྣུམ་བསིལ་མཁྲིས་གསོག་ལྡང་མི་འགྱུར། །སྣུམ་དྲོས་སྟོན་ལྡང་དགུན་སྟོད་བསིལ་བས་ཞི། །དགུན་སྨད་བསིལ་སྣུམ་ལྕི་བས་བད་ཀན་གསོག བསྒོངས་པས་ལྡང་མིན་དཔྱིད་དུས་ཉི་མའི་འོད།དྲོ་བས་ལྡང་ཞིང་སོ་ག་ཡང་རྩུབ་ཞི། །འོད་ཀྱང་འབྱུང་བའི་དུས་ལ་མ་བབ་ཀྱང༌། །ཟས་སྤྱོད་དབང་གིས་འཕྲལ་ལ་བྱེད་པ་ཡོད། །ཁྱད་པར་སློང་རྐྱེན་ཐུན་མོང་ཁྱད་པར་གཉིས། ནད་ཀུན་སློང་བར་བྱེད་པའི་ཐུན་མོང་རྐྱེན། འབྱུང་བའི་དུས་དང་གདོན་དུག་མི་འཕྲོད་ཟས། །གསོ་བ་ལོག་དང་ལས་ངན་སད་ལས་འབྱུང༌། །ཁྱད་པར་ཁ་དང་ཡང་རྩུབ་བསྟེན་དྲགས་དང༌། །ཆགས་པས་དུབ་དང་ལྟོ་ཆག་གཉིད་ཆག་དང༌། །ལྟོ་སྟོང་ལུས་ངག་བྱ་བ་དྲག་ཤུལ་དང༌། །ཁྲག་མང་ཟགས་དང་འཁྲུ་སྐྱུག་དྲག་པོས་བཏབ། བསེར་བུས་བུས་དང་ག་ཆད་ངུས་པ་དང༌། །མྱ་ངན་སེམས་ལས་ཁ་ལས་ཆེས་པ་དང༌། བཅུད་མེད་ཁ་ཟས་ཡན་ལ་གཏད་པ་དང༌། ཤུགས་བཀག་པ་དང་ནན་གྱིས་བཙིར་བ་ཡི། །རྐྱེན་དེ་རྣམས་ཀྱིས་རླུང་ནད་ལྡང་པར་བྱེད། །ཚ་བའི་རོ་དང་རྣོ་ཚ་སྣུམ་བསྟེན་དྲགས། །རྒྱུད་ལ་ཞེས་སྡང་དྲག་པོ་སྐྱེས་པ་དང༌། །ཚད་དགུང་གཉིད་ལོག་འདུག་རྗེས་དྲག་ཤུལ་བྱས། །མི་ཐེག་ཁུར་དང་ས་སྲན་བརྐོས་པ་དང༌། །གཞུ་སྲན་བཀང་དང་འཛིང་ག་བཀྱེ་བ་དང༌། བང་དང་འགྲོ་ལས་དག་གིས་ཉེན་པ་དང༌། །རྟ་ཡིས་བརྡབས་དང་གཡང་ལ་ལྷུང་བ་དང༌། །འཐིབས་འོག་ཚུད་དང་རྡོ་དབྱུག་བརྡུངས་པ་དང༌། ཤ་མར་བུ་རམ་ཆང་སོགས་བཟའ་བཏུང་དྲགས། །རྐྱེན་དེ་རྣམས་ཀྱིས་མཁྲིས་ཚད་སློང་བར་བྱེད། །ཁ་མངར་ལྕི་བསིལ་སྣུམ་བསྟེན་དྲགས་པ་དང༌། །འགྲངས་རྗེས་དལ་བར་འདུག་དང་ཉིན་གཉིད་ལོག །རླན་སྟེང་ཉལ་དང་ཆུར་ཞུགས་གོས་སྲབ་འཁྱགས། །གྲོ་སྲན་གསར་ཐོག་སེར་ཅན་སུངས་པ་དང༌། །ར་སྐོམ་ཤ་རིད་ཚིལ་བུ་འབྲུ་མར་དང༌། །རྩི་མར་རུལ་པ་ལོ་བཤུར་ལ་ཕུག་རས། །རི་སྒོག་ལ་སོགས་རྗེན་ཟས་མཐའ་དག་དང༌། །མ་འཚོས་འཚིག་དང་ཁེངས་པོའི་ཟས་རྣམས་དང༌། །ར་ཡི་འོ་རློན་ཞོ་དར་ཆུ་གྲང་ཇ་།བཟའ་བཏུང་ཆེས་ཏེ་ཚད་ལས་འདས་པ་འམ། སྔ་མ་མ་ཞུ་ཕྱི་མ་ཟོས་པ་ཡི། །རྐྱེན་དེ་རྣམས་ཀྱིས་བད་ཀན་གྲང་ནད་སློང་། །དེ་དག་འདྲེས་ལས་ལྡན་འདུས་ནད་དུ་འགྱུར།ཞེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ནད་ཀྱི་རྐྱེན་བསྟན་པའི་ལེའུ་སྟེ་དགུ་པའོ།། །།


previousལེའུ་དགུ་པ། ནད་ཀྱི་རྐྱེན་བསྟན་པ།next