Nitartha Digital Library
Tibetan
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དཔལ་ལྡན་བཤད་པའི་རྒྱུད་ཀྱི་རྩ་བ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅུ་དགུ་པ། རོ་དང་ཞུ་རྗེས་བསྟན་པ།
   
   
   
   
   
   
   
   
   
   
   
   


 
previousལེའུ་བཅུ་དགུ་པ། རོ་དང་ཞུ་རྗེས་བསྟན་པ།next

ལེའུ་བཅུ་དགུ་པ། རོ་དང་ཞུ་རྗེས་བསྟན་པ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། སྦྱོར་བ་སྨན་གྱི་གནས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས། སྟོན་པས་གསུངས་པ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ནད་ལ་གསོ་བར་བྱེད་པའི་གཉེན་པོ་ཡི། །སྦྱོར་བ་སྨན་གྱི་གནས་ལ་བསླབ་བྱ་ན། །རོ་དང་ཞུ་རྗེས་ནུས་པ་སྦྱར་ཐབས་བཞི། །དང་པོ་རོ་ལ་རྟེན་དང་དབྱེ་བ་དང༌། །ངོ་བོ་སྡེ་ཚན་ལས་དང་རྣམ་པ་ལྔ་། །རྟེན་ནི་འབྱུང་བ་ལྔ་ལས་སྐྱེ་འགྱུར་ཏེ། །ས་ཡིས་གཞི་རྟེན་ཆུས་རླན་མེ་ཡིས་དྲོད། །རླུང་གིས་བསྐྱོད་བྱེད་ནམ་མཁས་གོ་ཕྱེ་བས། །དེས་བསྐྱེད་གྱུར་ཀྱང་ཤས་ཆེར་རོ་གཅིག་མིན། ས་ཆུ་མེ་ས་ཆུ་མེ་ཆུ་དང་རླུང་། །མེ་རླུང་ས་རླུང་གཉིས་ཀྱིས་རོ་དྲུག་སྐྱེད། །ས་སྨན་ལྕི་བརྟན་རྟུལ་འཇམ་སྣུམ་ལ་སྐམ། ། མཁྲང་ལ་བརྟས་དང་སྡུད་བྱེད་རླུང་ནད་སེལ། །ཆུ་སྨན་སླ་བསིལ་ལྕི་རྟུལ་སྣུམ་ལ་མཉེན། །བརླན་ཞིང་འཇམ་ལ་སྡུད་བྱེད་མཁྲིས་ནད་སེལ། །མེ་སྨན་ཚ་རྣོ་སྐམ་རྩུབ་ཡང་སྣུམ་གཡོ། །དྲོད་སྐྱེད་སྨིན་ཅིང་མདོག་བྱེད་བད་ཀན་སེལ། །རླུང་སྨན་ཡང་གཡོ་གྲང་རྩུབ་སྐྱ་ལ་སྐམ། །སྲ་ཞིང་བསྐྱོད་དང་ཁྱབ་བྱེད་བད་མཁྲིས་སེལ། །ནམ་མཁའ་འབྱུང་བཞིའི་སྨན་ལ་སྤྱིར་ཁྱབ་སྟེ། ཁོང་སྟོང་ཡངས་པའི་གོ་འབྱེད་འདུས་ནད་སེལ། །དེ་བས་དངོས་དང་སྦྱར་བའི་དབང་གྱུར་ལས། །ས་སྟེང་སྨན་མིན་ཅི་ཡང་ཡོད་མ་ཡིན། གྱེན་འདྲེན་སྨན་ནི་མེ་དང་རླུང་ཡིན་ཏེ། །ཐུར་འགྲོ་ས་དང་ཆུ་ལས་བྱུང་བའི་ཕྱིར། བཀྲུ་སྨན་ཕལ་ཆེར་དང་པོའི་རོ་ལས་འབྱུང་། །རོ་ནི་མངར་སྐྱུར་ལན་ཚྭ་ཁ་ཚ་བསྐ། གོ་རིམ་བཞིན་དུ་འཚོ་བྱེད་སྟོབས་ཆེན་ཡིན། །ངོ་བོ་ལྕི་ལ་གསལ་བས་རོ་ཞེས་བྱ། །དེ་ཡང་མངར་བའི་རོ་དེ་མྱངས་པའི་ཚེ། །ཁ་ལ་ཆགས་ཤིང་ཞིམ་པས་སྲེད་པ་སྐྱེ། །སྐྱུར་བ་སོ་བརྩེ་བཞིན་སྡུད་ཁ་ཆུ་འཛག །ལན་ཚ་རེག་ན་ཚ་ཞིང་མཆིལ་མ་འདུ། །ཁ་བ་ཁ་ཡི་དྲི་སྦྱོང་ཡི་ག་ལྡོག །ཚ་བ་ཁ་ལྕེ་བསྲེག་ཅིང་མིག་ཆུ་འཛགབསྐ་བ་ལྕེ་རྐན་ལ་ཆགས་རྩུབ་སྙམ་བྱེད། །རོ་དྲུག་སོ་སོ་སྨན་གྱི་སྡེ་བསྟན་པ། ། ཤིང་མངར་རྒུན་འབྲུམ་གུར་ཀུམ་ཅུ་གང་དང༌། །དོང་ག་ར་མཉེ་ཉེ་ཤིང་ལྕ་བ་དང༌། །ཀ་ར་བུ་རམ་སྦྲང་དང་ཤ་མར་སོགས། །དེ་དང་དེ་འདྲ་མངར་བའི་སྨན་སྡེ་ཡིན། །སེ་འབྲུ་སྟར་བུ་བསེ་ཡབ་སྐྱུ་རུ་ར། །རྒྱ་ཤུག་ད་ཏྲིག་ཞོ་དར་ཆང་དང་རྩབས། །དེ་དང་དེ་འདྲ་ལ་སོགས་སྐྱུར་བའི་སྡེ། །རྒྱམ་ཚྭ་རྒྱ་ཚྭ་ལྕེ་མྱང་ཚྭ་དང་ནི། །རྭ་ཚྭ་ཁ་རུ་ཚྭ་དང་ཙབས་རུ་ཚྭ། །ཟེ་ཚྭ་ལྦ་ཚྭ་མཛེ་ཚྭ་ཐལ་ཚྭ་དང༌། །ཤིང་ཚ་ཡ་བཀྵ་ར་བུལ་ཏོག་རྣམས། །དེ་དང་དེ་འདྲ་ལ་སོགས་ལན་ཚྭའི་སྡེ། །ནིམ་པ་ཏིག་ཏ་བོང་ང་དཀར་པོ་དང༌། །ཧོང་ལེན་གསེར་གྱི་མེ་ཏོག་དུག་མོ་ཉུང༌། །གླ་རྩི་མཁྲིས་པ་སྐྱེར་པ་བ་ཤ་ཀ་།བྲག་ཞུན་ཀྱི་ལྕེ་རེ་སྐོན་ལ་སོགས་པ། །དེ་དང་དེ་འདྲ་ཁ་བའི་སྨན་སྡེ་ཡིན། །ན་ལེ་ཤམ་དང་བཅའ་སྒ་པི་པི་ལིང༌། །སྒེ་གཤེར་ཤིང་ཀུན་སྲུབ་ཀ་ལྕེ་ཚ་བ། །དྭ་བ་བཙོང་དང་སྒོག་སྐྱ་ལ་སོགས་པ། །དེ་དང་དེ་འདྲ་ཚ་བའི་སྨན་སྡེ་ཡིན། །ཙན་དན་ཨ་རུ་ར་དང་བ་རུ་ར། ཨུཏྤལ་ག་དུར་སྨག་དང་མོན་ཆ་ར། །འོམ་བུ་ལ་སོགས་དེ་འདྲར་བསྐ་བའི་སྡེ། །ག་བུར་ཆུ་མ་ཙི་ལ་སོགས་པ་ཡི། །ལྡན་པའི་རོ་རྣམས་དེ་ལས་བསྒྲེས་ཏེ་དཔྱད། །ནད་གང་སེལ་བ་རོ་ཡི་ལས་བསྟན་པ། །མངར་སྐྱུར་ལན་ཚ་ཚ་བས་རླུང་འཇོམས་ཤིང༌། ཁ་དང་མངར་དང་བསྐ་བས་མཁྲིས་པ་སེལ། ཚ་སྐྱུར་ལན་ཚྭས་བད་ཀན་སེལ་བར་བྱེད། ཁྱད་པར་མངར་བས་འཕྲོད་ཅིང་ཟུངས་སྟོབས་སྐྱེད། །རྒས་བྱིས་སྐེམ་པོ་གྲེ་བ་གློ་ལ་ཕན། །ལུས་བརྟས་རྨ་འབྱོར་མདངས་བཀྲ་དབང་པོ་གསལ། །ཚེ་རིང་འཚོ་བྱེད་དུག་དང་རླུང་མཁྲིས་སེལ། །བསྟེན་དྲགས་བད་ཀན་ཚིལ་སྐྱེད་མེ་དྲོད་འབྲི། །ལུས་སྦོམ་གཅིན་ནད་ལྦ་བ་རྨེན་བུ་སྐྱེད། །སྐྱུར་བས་དྲོད་སྐྱེད་ཡི་ག་འབྱེད་པ་དང༌། །ཚིམ་འདྲུལ་གཅོད་བྱེད་འཇུ་ཞིང་རེག་པ་སེལ། །རླུང་འགགས་རྒྱུ་ཞིང་བསྟེན་དྲགས་ཁྲག་མཁྲིས་སྐྱེད། །ལུས་སྟོད་རབ་རིབ་མགོ་འཁོར་སྐྱ་རྦབ་འོར། །མེ་དབལ་གཡན་པ་ཐོར་བུ་སྐོམ་རིམས་སྐྱེད། །ལན་ཚྭས་སྲ་འཁྱིལ་འགགས་པ་འབྱིན་པ་དང༌། །དུགས་ཀྱིས་རྔུལ་དང་དྲོད་སྐྱེད་ཡི་ག་འབྱེད། །བསྟེན་དྲགས་སྐྲ་འབྱི་སྐྲ་དཀར་གཉེར་མ་མང༌། །སྟོབས་འབྲི་སྐོམ་མཛེ་མེ་དབལ་ཁྲག་མཁྲིས་སྐྱེད། །ཁ་བས་ཡི་ག་འཆུས་དང་སྲིན་སྐོམ་དུག །མཛེ་དང་བརྒྱལ་དང་རིམས་རློན་མཁྲིས་པ་འཇོམས། །འདྲུལ་དང་ཚིལ་ཞག་རྐང་མར་བཤང་གཅི་སྐེམ། །ཡིད་གཞུངས་ནུ་མའི་ནད་དང་སྐད་འགགས་སེལ། །བསྟེན་དྲགས་ཟུངས་འཛད་རླུང་དང་བད་ཀན་སྐྱེད། །ཚ་བས་ལྐོག་ནད་གག་པ་མཛེ་འོང་སེལ། །རྨ་འཇིག་དྲོད་སྐྱེད་འཇུ་བྱེད་ཡི་ག་འབྱེད། །ཚིལ་དང་འདྲུལ་བག་སྐེམ་སྦྱོང་རྩ་སྦུབས་འབྱེད། །བསྟེན་དྲགས་ཁུ་བ་སྟོབས་ཟད་ལུས་འཁུམས་འདར། །བརྒྱལ་ཞིང་རྐེད་པ་རྒྱབ་སོགས་ན་བར་བྱེད། །བསྐ་བས་ཁྲག་མཁྲིས་ཚིལ་དང་འདྲུལ་བག་སྐེམ། །རྨ་འཚོ་ཚིལ་དང་ལྤགས་མདོག་དྭངས་པར་བྱེད། །བསྟེན་དྲགས་བེ་སྣབས་འཁྱིལ་དང་བཤང་བ་སྲི། །ལྟོ་སྦོ་སྙིང་ནད་སྐེམ་དང་རྩ་སྒོ་འགག།མདོར་བསྡུས་མངར་བའི་རོ་ཡིས་རླུང་མཁྲིས་སེལ། །ནས་རྙིང་སྐམ་སའི་ཤ་རྣམས་མ་གཏོགས་པ། །ཕལ་ཆེར་བད་ཀན་སྐྱེད་པར་བྱེད་ན་ཡང༌། །གཡག་རྒོད་ཉ་ལུག་ཤ་དང་སྦྲང་རྩི་ཕན། སྐྱུར་བས་བད་ཀན་སེལ་བྱེད་མཁྲིས་སྐྱེད་ཀྱང༌། །སྐྱུ་ར་ར་ཡིས་ཁྲག་མཁྲིས་ཚ་བ་སེལ། ལན་ཚས་རླུང་དང་བད་ཀན་སེལ་བྱེད་ཅིང༌། །ལྕེ་མྱང་རྒྱམ་ཚྭ་མ་གཏོགས་མཁྲིས་པ་སྐྱེད། །ཧ་ཅང་ཐལ་དྲགས་ལྕི་བས་བད་ཀན་སྐྱེད། ཁ་བས་མཁྲིས་སེལ་བད་རླུང་སྐྱེད་ན་ཡང༌། །ཀ་ར་དང་སླེ་ཏྲེས་བད་རླུང་སེལ། །ཚ་བས་རླུང་དང་བད་ཀན་སེལ་བྱེད་ལ། །སྒོག་སྐྱ་པི་པི་ལིང་མིན་མཁྲིས་པ་སྐྱེད། །ཧ་ཅང་ཐལ་དྲགས་ཡང་རྩུབ་རླུང་ཡང་སྐྱེད། །བསྐ་བས་མཁྲིས་སེལ་ཨ་རུ་བ་རུ་ར། །མ་གཏོགས་ཕལ་ཆེར་བད་རླུང་གཉིས་ལ་གནོད། །ཞུ་རྗེས་ཕོ་བའི་མེ་དང་ཕྲད་པའི་ཚེ། །བད་མཁྲིས་རླུང་གིས་རིམ་པར་ཞུ་བ་ལས། །མངར་དང་ལན་ཚྭའི་ཞུ་རྗེས་མངར་བར་ཞུ། །སྐྱུར་བ་རོ་མཚུངས་ཁ་ཚ་བསྐ་གསུམ་ཁ། །ཉེས་པ་གསུམ་པོ་གཉིས་གཉིས་རེ་རེས་སེལ་ཞེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རོ་དང་ཞུ་རྗེས་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།


previousལེའུ་བཅུ་དགུ་པ། རོ་དང་ཞུ་རྗེས་བསྟན་པ།next