Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
   
   
   
   
   
   
སྟོན་པ་བདེ་བར་གཤེགས་པའི་གསུངས་གསང་བ་བསམ་གྱིས་མི་ཁྱབ་པ་ལ་བསྔགས་པ་པདྨ་དཀར་པོའི་ཆུན་འཕྱངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྟོན་པ་བདེ་བར་གཤེགས་པའི་གསུངས་གསང་བ་བསམ་གྱིས་མི་ཁྱབ་པ་ལ་བསྔགས་པ་པདྨ་དཀར་པོའི་ཆུན་འཕྱངས།next

སྟོན་པ་བདེ་བར་གཤེགས་པའི་གསུངས་གསང་བ་བསམ་གྱིས་མི་ཁྱབ་པ་ལ་བསྔགས་པ་པདྨ་དཀར་པོའི་ཆུན་འཕྱངས།


ZP01_Page_145
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་བདེ་བར་གཤེགས་པའི་གསུངས་གསང་བ་བསམ་གྱིས་མི་ཁྱབ་པ་ལ་བསྔགས་པ་པདྨ་དཀར་པོའི་ཆུན་འཕྱངས་ཞེས་བྱ་བཞུགས་སོ།།


ZP01_Page_146
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཤཱཀྱ་སེངྒེ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་སྟོང་པ་སྤྲོས་པ་ཀུན་བྲལ་བ། །ལྷུན་གྲུབ་མི་གཡོ་རྫོགས་པའི་སངས་རྒྱས་ཏེ། །མཐའ་དག་ཡོན་ཏན་མཆོག་གི་གཏེར་གྱུར་པ། །མཚུངས་མེད་སྐྱོབས་པ་དེ་ལ་ཕྱག་འཚལ་ལོ། ༡ །ཐུབ་པའི་གསུང་ནི་མཚན་མའི་ཡུལ་མིན་ཏེ། །བརྟགས་པར་དཀའ་བ་འདུས་མ་བྱས་པའི་ཀློང་། །བརྗོད་བྲལ་ཉག་གཅིག་བརྗོད་པ་ཀུན་གྱི་གཞི། །ནམ་མཁའི་རང་བཞིན་ཟབ་པར་གྱུར་པ་ལགས། ༢ །མིང་ཚིག་ཡི་གེ་བྱེད་རྩོལ་ཡུལ་དུ་མིན། །སྒྲིབ་གཉིས་དྲི་མ་གཞན་ཡང་མི་དམིགས་པས། །འཁོར་གསུམ་ཡོངས་དག་དག་པ་ཆེན་པོའི་གནས། །སྤྲོས་པའི་ཡུལ་མིན་ཞི་བ་ཆེན་པོ་ལགས། ༣ །རྟག་པར་མ་ཡིན་ཆད་པར་ལྟ་ཅི་ཞིག །གཉིས་དང་གཉིས་མིན་དབྱེ་བ་མི་


ZP01_Page_147
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པའི། །ཐུབ་པའི་གསུང་ནི་བློ་ཡི་ཡུལ་མིན་ཏེ། །ཚིག་དང་དོན་ཞེས་སྤྲོས་པ་ཀུན་དང་བྲལ། ༤ །འགགས་པ་མེད་པ་རྒྱལ་བའི་གསུང་ཡིན་ཕྱིར། །རྨོངས་པའི་མུན་པ་གཤིས་ལ་མི་གནས་པའི། །ལྷུན་གྲུབ་རང་བཞིན་མཚོན་བརྗོད་ཀུན་བྲལ་ལ། །ངང་གིས་འོད་གསལ་མཆོག་ཏུ་ཞི་བར་བཞུགས། ༥ །ལྕེ་མཆུའི་རྩོལ་བས་ཡི་གེ་སྒྲ་བྱུང་ཞིང་། །དེ་ལས་མིང་དང་ཚིག་གི་ཚོགས་འབྱུང་བའི། །ངག་གི་རང་བཞིན་རྒྱལ་བའི་གསུང་མིན་ཏེ། །འདུས་མ་བྱས་པ་རང་བཞིན་བབས་ཀྱིས་སྣང་། ༦ །ཡུལ་དང་ཡུལ་ཅན་བརྗོད་པ་ཚིག་གི་སྒྲར། །འཛིན་པའི་དུག་འདི་འཁྲུལ་པའི་ངག་ལ་སྟེ། །འཁྲུལ་མེད་ཐུབ་དབང་ཡོན་ཏན་མཆོག་གི་མཛོད། །བདུད་རྩི་རྒྱུ་ཡི་ཆོས་མཆོག་སྙོགས་པ་མེད། ༧ །བྱས་པའི་


ZP01_Page_148
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀུན་འཇིག་པར་འགྱུར་བ་སྟེ། །མ་བྱས་ལྷུན་གྲུབ་སྟོན་པ་མཆོག་གི་གསུང་། །བརྗོད་བྱ་ཙམ་མིན་བརྗོད་པས་མ་ཡིན་པས། །ནམ་ཡང་འགགས་པར་འབྱུང་བ་དམིགས་སུ་མེད། ༨ ། འགགས་མེད་གསུང་ནི་རྒྱུ་ཡིས་མ་བསྐྱེད་དེ། །རྐྱེན་ལས་མ་སྐྱེས་ཆོས་ཉིད་ཟབ་པའི་དབྱིངས། །དུས་གསུམ་དུས་མེད་མཉམ་པར་རོ་གཅིག་པ། །དོན་དམ་དབྱིངས་ཏེ་སྐྱེ་བའི་ཆོས་སུ་མེད། ༩ །སྐྱེ་བ་མེད་པ་ཡི་གེ་ཨ་ཡི་གསུང་། །ཨ་ནི་ཡེ་ནས་སྐྱེ་མེད་མཉམ་པ་སྟེ། །མཉམ་པའི་དབྱིངས་ལས་བརྗོད་པ་ཀུན་འབྱུང་བས། །གསུང་ནི་རང་བཞིན་རྒྱུན་ཆད་ཡེ་ནས་མེད། ༡༠ །ཆད་པ་མེད་པ་དངོས་པོའི་ཆོས་མིན་ཏེ། །ཡོད་མིན་མེད་མིན་བློ་ཡི་ཡུལ་ལས་འདས། །བསམ་ཡུལ་བྲལ་བ་འཛིན་པའི་ཡུལ་མིན་ཕྱིར། །རྟག་པ་མ་ཡིན་རྟག་རྒྱུར་ཡེ་ནས་མེད། ༡༡ །ཐོག་མེད་རང་བཞིན་ཡེ་ནས་ཞི་བའི་གསུང་། །བསམ་མེད་གཉིས་མེད་རྟག་པ་མེད་པ་སྟེ། །གང་ལ་གང་དུ་སྨྲ་བའི་བློ་མེད་པ། །འོང་བ་ཞུད་པ་དུས་གསུམ་རྒྱལ་བའི་གསུང་། ༡༢ །ཟད་པའི་ཐ་མ་གསུང་འདིར་ཡོད་མིན་ཏེ། །སྲིད་པའི་མཐར་ཡང་གསུང་གི་རྒྱུན་གཅིག་པུ། །སྟོང་པ་ཉག་གཅིག་བཟུང་དུ་མེད་པ་ཉིད། །འགྲོ་བ་མེད་པ་གསུང་གི་རང་བཞིན་ཡིན། ༡༣ །དོན་དུ་འཛིན་པ་ཡེ་ནས་མི་དམིགས་ཏེ། །ཤེས་བྱའི་ཆོས་ཀུན་སྟོང་པ་གཅིག་པའི་ཚུལ། །བཏགས་པའི་རྣམ་གྲངས་མཚན་མ་འདིར་ཟད་པའི། །ཐ་དད་དོན་མིན་མཉམ་པ་ཉིད་ཀྱི་ངང་། ༡༤ །གཅིག་ཏུ་འཛིན་པའི་བདག་འཛིན་


ZP01_Page_149
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་བྱུང་སྟེ། །དུ་མའི་གསུང་གིས་སྒྱུ་མའི་ཚུལ་མཚོན་པ། །བློ་དང་དབང་པོ་མོས་པའི་རྗེས་འགྲོ་བར། །ཀུན་མཁྱེན་ཉིད་དེ་བཟུང་བའི་དོན་གཅིག་མིན། ༡༥ །མཉམ་པར་བཞག་པ་རྟག་ཏུ་ཞི་བའི་ཐུགས། །རྒྱལ་བ་ཀུན་གྱི་རང་བཞིན་འདི་ཡིན་ཕྱིར། །ཐུགས་ལས་གསུང་ཞེས་དབྱེ་བའི་གཞི་མེད་པའི། །གསུང་གི་རང་བཞིན་སྨྲ་བར་དཀའ་བ་ལགས། ༡༦ །གསུང་གིས་ཡེ་ནས་མཉམ་ཉིད་གཅིག་གསུང་སྟེ། །མཉམ་པ་ཉིད་དབྱིངས་བློ་ཡི་ཡུལ་མིན་ཕྱིར། །བློ་ལས་འདས་པ་དཔགས་པར་དཀའ་བ་ཉིད། །ཟབ་པའི་ཚུལ་དེ་ཇི་ལྟར་བསམ་དུ་རུང་། ༡༧ །བརྗོད་པའི་ཚིག་གི་ཆོས་ཉིད་མི་མཚོན་ཏེ། །སྤྲོས་པའི་ཡུལ་ལས་རྒྱལ་བའི་གསུང་འདས་ཕྱིར། །ཆོས་སུ་སྣང་བའང་བཏགས་པ་ཙམ་དུ་སྟེ། །ཐུབ་པ་ཆེན་པོའི་གསུང་ནི་བརྗོད་དུ་མེད། ༡༨ །ཤེས་དང་ཤེས་བྱ་ཐ་དད་མ་ཡིན་ཏེ། །གཅིག་ཏུ་འཛིན་པ་ངང་གིས་མི་དམིགས་པ། །སྤྲོས་པ་གཅོད་པ་ཆུ་ཟླ་ལྟ་བུའི་ཚུལ། །རྒྱལ་བའི་གསུང་ནི་ཤེས་རབ་ཕ་རོལ་ཕྱིན། ༡༩ །གསུང་ཙམ་ཉིད་ནས་མ་སྐྱེས་མི་འགགས་ཏེ། །ནམ་མཁའི་རང་བཞིན་ཀུན་ལ་ཁྱབ་གདལ་བ། །ཆོས་རྣམས་ཀུན་གྱི་ངོ་བོ་དེ་བཞིན་ཉིད། །སངས་རྒྱས་ཀུན་གྱི་གསུང་གི་མཐར་ཐུགས་ཡིན། ༢༠ །གཟུང་འཛིན་ཤེས་པས་དམིགས་སུ་མི་རུང་ཡང་། །སོ་སོར་རང་རིག་འཕགས་པ་ཆེན་པོའི་ཐུགས། །རྟོག་བྲལ་བརྗོད་པ་ལྷ་ཡི་རྔ་སྒྲ་བཞིན། །བདེ་གཤེགས་གསུང་ནི་མཚན་ཉིད་མུ་མཐའ་མེད། ༢༡ །ཕལ་བའི་ཡུལ་མིན་གསུང་


ZP01_Page_150
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཟབ་མོའི་དབྱིངས། །དུ་མའི་ཚུལ་དུ་སྣང་བ་མི་འགོག་སྟེ། །ཇི་ལྟ་ཇི་སྙེད་ཡེ་ཤེས་མཆོག་གི་ཚུལ། །དོན་དམ་གཟིགས་པའི་སྤྱོད་ཡུལ་གྱུར་པ་ཡིན། ༢༢ །རྒྱལ་བའི་གསུང་གིས་རྒྱལ་བའི་ལམ་མཚོན་ཏེ། །འབྲས་བུའི་རང་བཞིན་གཞན་དུ་མི་དམིགས་པས། །དུས་གསུམ་རྒྱལ་བའི་རྣམ་གྲོལ་གཞིར་གྱུར་ཕྱིར། །ཡུམ་གྱི་རང་བཞིན་གསུང་ལ་ཕྱག་འཚལ་ལོ། ༢༣ །ཟབ་མོའི་གནས་འདི་དཔགས་པར་དཀའ་བ་སྟེ། །རྒྱལ་བ་དེ་ཡི་གསུང་ལས་རྗེས་སྐྱེས་ཞེས། །བསམ་པའི་བློ་ཉིད་ཡིད་ལ་དབང་བགྱིས་ནས། །བསྟོད་པའི་ཚིག་ཕྲེང་མཁས་པའི་གཞུང་བཞིན་བགྱིས། ༢༤ །དགེ་བ་འདི་ཡིས་རྨོང་པའི་འགྲོ་མང་ཁམས། །ཡེ་ཤེས་མཆོག་གི་ཉི་མ་སྣང་བྱེད་ཅིང་། །འོས་པར་སྨྲ་བའི་ཨ་བུ་རྨོངས་པ་ཡང་། །རྒྱལ་བའི་གསུང་དབྱངས་ཚེ་འདིར་ཐོབ་པར་ཤོག་༢༥ །སྟོན་པ་བདེ་བར་གཤེགས་པའི་གསུང་གསང་བ་བསམ་གྱིས་མི་ཁྱབ་པ་ལ་བསྔགས་པའི་སྐབས་རྫོགས་སོ།། །།


previousསྟོན་པ་བདེ་བར་གཤེགས་པའི་གསུངས་གསང་བ་བསམ་གྱིས་མི་ཁྱབ་པ་ལ་བསྔགས་པ་པདྨ་དཀར་པོའི་ཆུན་འཕྱངས།next