Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
   
   
   
   
   
   
   
   
  collapse section
གསུང་ཡི་གེའི་ཕྲེང་བ་ལ་བསྔགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསུང་ཡི་གེའི་ཕྲེང་བ་ལ་བསྔགས་པ།next

གསུང་ཡི་གེའི་ཕྲེང་བ་ལ་བསྔགས་པ།

གསུང་ཡི་གེའི་ཕྲེང་བ་ལ་བསྔགས་པ་ཆུན་འཕྱངས་བཞི་པ། སྟོན་པ་བདེ་བར་གཤེགས་པའི་གསུང་ཡི་གེའི་ཕྲེང་བ་ལ་བསྔགས་པ་ཀུ་མུད་དའི་ཆུན་འཕྱངས་ཞེས་བྱ་བ། །དཔལ་ལྷ་མོ་སྒྲ་དབྱངས་ལ་ཕྱག་འཚལ་ལོ། །གཏིང་མཐའ་མི་མངོན་བཻཌཱུར་བདུད་རྩིའི་ཀླུང་། །སྲིད་པའི་སྙན་བཅུད་འཛགས་པའི་ཡིད་འཛིན་མ། །ཕྲོག་པ་མེད་པའི་ཡིད་འབྱུང་ལྷའི་བུ་མོའི། །སྙིང་ལ་ཀཻ་ལ་ཤ་བཞིན་ཁྱེད་བཞེས་ཤིག་༡ །ལེགས་བྱས་བྱེད་པོས་བྲིས་པའི་གཟུགས་གང་ཞིག །ཚོགས་པས་བརྗོད་པའི་དོན་སྟོན་མིང་ཚིག་གཞི། །སྲིད་ན་རྒྱལ་བའི་ཆོས་ཁམས་ངེས་འཛིན་པ། །མི་འགྱུར་མིང་གི་ངེས་པས་ཁྱོད་ཅིག་བཟུངས། ༢ །བརྗོད་མེད་ལུས་ཀྱི་རྣམ་པ་གསལ་བྱེད་གཟུགས། །བརྗོད་པ་སྲོག་གི་འཛིན་པའི་བཅུ་དྲུག་དབྱངས། །བསྡོམ་བའི་ཤེས་བྱའི་དངོས་སུ་གང་མཆིས་པ། །སྨྲ་ལས་བས་བར་ཞེས་ཁྱོད་མི་མཆི། ༣ །བྲིས་པས་དངོས་པོའི་ཕྱོགས་ཞེས་ལམ་མཚོན་ཞིང་། །


ZP01_Page_159
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་མགོ་ལུས་འབྱེད་པའི་རྒྱན་མཚོན་ལ། །བརྗོད་པ་མིང་གི་དངོས་པོ་འཁྱུད་དཀའ་བའི། །གཟུགས་དེ་དང་པོར་གནས་ཞེས་མཁས་པས་གླེང་། ༤ །མ་འདྲེས་བརྗོད་པའི་སྲོག་དུ་ཀུན་ཁྱབ་ཅིང་། །བསྲེས་ན་ཆུ་ལ་ཆུ་བཞིན་གཤིས་མཐུན་པ། །དབྱངས་ལས་རིགས་ཀྱི་དང་པོར་གྲལ་འཛིན་པའི། །གཟུགས་དེ་མཚུངས་པའི་མིང་གིས་ལྷག་པར་སྙན། ༥ །འདྲ་མིན་འདྲེན་པར་གྱུར་ཀྱང་ཁྲོ་མེད་པར། །གཟུགས་གཅིག་སྲོག་ཐག་རིང་བའི་ངང་བསྲིངས་ཏེ། །མཐོ་བའི་བརྗོད་པར་ཆས་པའི་དབྱངས་གང་ཞིག །མཁས་པའི་འདུན་སར་མཚམས་སྦྱོར་མིང་གིས་བཞུགས། ༦ །ཁོང་ནས་བརྗོད་པར་ཆས་པའི་ངག་གང་ཡང་། །ཅུང་ཞིག་དྲི་འཛིན་སྐལ་བའི་ཆར་བྱས་པ། །ང་རོའི་མིང་གིས་བརྗོད་བྱར་དེ་བཞུགས་ཏེ། །དབྱིབས་སུ་ཟླ་བ་ཉ་བའི་དཀྱིལ་འཁོར་བཞིན། ༧ །བརྡར་བ་དཔའ་བོའི་རལ་གྲི་མ་ཡིན་ཡང་། །རྣམ་པར་བཅད་པ་མིང་ཙམ་ཁོ་ནས་ཏེ། །སྲོག་བྲལ་ས་རའི་ལུས་ལ་ཁྱོད་སྐྱེས་ཀྱང་། །བཤིགས་ན་ཕ་རོལ་རྗེས་མཐུན་ཅིར་ཡང་འགྱུར། ༨ །མ་སྐྱེས་དལ་གྱིས་ཆས་པ་དེའི་རང་ལམ། །འགེགས་བྱེད་ལྕེ་མཆུའི་རྩོམ་པ་མི་ཆེ་སྟེ། །ལྷོད་ལྷོད་མགྲིན་པའི་ལམ་ན་གདངས་བཟང་བ། །གང་ཞིག་མཆིས་པར་གྱུར་བ་ཀ་ཡི་སྡེ། ༩ །གཡོ་བའི་དབུགས་ཀྱི་བོས་པ་ལོས་ལགས་ཀྱང་། །གནས་པ་སྐན་ལ་འདི་མཆིས་རྔ་སྒྲ་ལྟར། །བྱེད་པོས་བསྐུལ་བའི་རྐྱེན་ལས་ལེགས་སྐྱེས་


ZP01_Page_160
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དེ་འདྲའི་ངེས་པ་མི་འགོང་ཙ་ཡི་སྡེ། ༡༠། མཐོ་བ་སྤྱི་བོ་ལས་ལྟུང་འདར་གྱུར་པ། །བརྗོད་པ་སྲོག་དང་འཕྲད་ལས་སྡེབ་ཐོན་ཞིང་། །འཕགས་ཡུལ་མཁས་པའི་ངག་ལ་ཁྱེད་འཁྲི་སྟེ། །བྷོ་ཊར་ཁྲོས་པ་བཞིན་གནས་ཊ་ཡི་སྡེ། ༡༡ །སྨྲ་བྱེད་ཟླ་བ་བཀས་འདྲའི་རྩེར་སྐྱེས་ཤིང་། །བརྗོད་བྱེད་དྲི་བཞོན་རྒྱུ་བའི་སྲོག་བྱས་ལས། །ལྡབ་ལྡིབ་མིག་སྨན་ཚོས་ཀྱིས་བསྒྱུར་དཀའ་བ། །ངག་གང་བརྗོད་པ་དག་སྟེ་ཏ་ཡི་སྡེ། ༡༢ །བྱིས་པ་པདྨའི་ཡར་འདབ་འདིར་བཟླུམ་པ། །འོང་བ་ཁྱོད་ཅིག་ཟླ་བའི་སྤུན་ཡིན་ནམ། །ཅི་སླད་དབུགས་ཀྱི་རྒྱུ་ལ་ཁྱོད་ཁྲོ་སྟེ། །ལྕིད་བཅས་མཆུ་ལས་སྐྱེས་པ་ས་ཡི་སྡེ། ༡༣ །དྲུད་པ་གཙུབས་ཤིང་གཙུབས་པའི་མེ་མིན་ཡང་། །དྲོ་བ་དལ་གྱིས་འོང་བའི་དབུགས་ལས་ཏེ། །སྐྱེ་གནས་ཁམས་ཀྱི་བྱེད་པ་སོ་སོ་རང་། །མཐུན་པའི་རང་གྲལ་སྡེབ་པ་ཤཥ་ས། ༡༤ །ཁེངས་པས་ཐོག་མའི་གྲལ་ལ་མི་སྙོགས་ཏེ། །ཁ་ཅིག་བརྗོད་རུང་སྲོག་གྱུར་ཞིག་པ་ལྟའི། །ཐོག་མ་དགྱེས་པའི་གད་མོ་དེ་འོང་བ། །མཐར་གནས་དམན་ས་འཛིན་པ་བཞི་ཞིག་ཡོད། ༡༥ །རྫོགས་པ་ལྔ་བཅུའི་སྤུན་གྱི་ཐ་ཆུང་བ། །འགྱུར་བཅས་ཟད་པ་མཚོན་ཕྱིར་དགག་བྱ་སྟེ། །བསྡུ་བ་ཐ་མའི་སྡུད་པོར་གང་གྱུར་པ། །གཅིག་ཅིག་ཡི་གེའི་མིང་གི་ཕྱེད་ཀྱང་ཡིན། ༡༦ །གཅོད་པ་རལ་གྲིས་བྱེད་པ་གང་འཛིན་པ། །རིང་པོ་རི་མོས་མཚོན་པའི་མདའ་ཡིན་ཏེ། །སྙན་ཚིག་བརྗོད་པ་བདེ་བའི་གྲལ་གཅོད་པ། །བརྗོད་མེད་བརྗོད་པའི་


ZP01_Page_161
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་གཅོད་ཤད་ཀྱིས་བྱས། ༡༧ །བསྡུས་ན་བརྗོད་པའི་གཟུགས་གྱུར་ལྔ་བཅུ་སྟེ། །བཀྲལ་ན་མི་ཟད་ཤེས་བྱའི་མིང་སྟོན་པ། །དབྱིབས་སུ་དུ་མར་སྣང་བའི་སྤྲུལ་བསྒྱུར་ཅན། །ཐུབ་པའི་གསུང་གི་བྱིན་རླབས་ཁོ་ན་ལགས། ༡༨ །སུ་ཞིག་ཐར་ལམ་སྣང་བ་ཚོལ་བ་དང་། །གང་གི་ཞི་བའི་སྒྲོན་མེ་སྙེད་གྱུར་པ། །དེ་ལ་སྦྱིན་པ་རྩོམ་པའི་ལམ་འདིས་ཏེ། །གཞན་ཏུ་ཤེས་པའི་དངོས་པོ་ཇི་ལྟར་སྟེར། ༡༩ །དོན་དུ་མཚན་མར་གྱུར་པ་མ་ལགས་ཀྱང་། །སྣང་ཙམ་སྐལ་བཟང་སྐལ་པའི་མིག་ཡིན་ཕྱིར། །ལེགས་གསུང་བསྟན་པ་རྒྱ་མཚོའི་དེ་ཉིད་ཀྱང་། །དེང་དུ་བརྗོད་པ་ཡི་གེའི་སྒྲ་ལྟར་སྣང་། ༢༠ །མ་སྐྱེས་རང་བཞིན་ཡི་གེ་ཨ་ཡིན་ཏེ། །དོན་དམ་བདེན་གཅིག་སྤྲོས་པའི་ཡུལ་ལས་འདས། །སྐྱེ་བའི་ཆོ་འཕྲུལ་སྣང་བའི་གཞིར་གྱུར་བ། །བརྗོད་དུ་མེད་བཞིན་བརྗོད་པ་ཀུན་གྱི་གཞི། ༢༡ །རྡུལ་སྙེད་བསྐལ་པར་ཇི་སྙེད་བགྲངས་དཀའ་ཡང་། །གོམས་པར་བྱས་པ་ལེགས་མཛད་ཁོ་ན་སྟེ། །དེ་འདྲ་ལས་སྐྱེས་མགུལ་གྱི་བུམ་བཟང་ལས། །ཐུབ་པའི་གསུངས་ཀྱང་ཡི་གེའི་སྒྲ་བཞིན་སྣང་། ༢༢ །ཡི་གེ་འདུས་ལས་གྲགས་པའི་མིང་བྱུང་སྟེ། །མིང་ལས་ཚིག་བྱུང་དེ་ལས་ཇི་སྙེད་ཆོས། །བརྗོད་པའི་དོན་སྟོན་ཡོན་ཏན་མཛོད་འཛིན་ཕྱིར། །སྤང་བླང་ལེགས་ཉེས་དཀའ་གནས་འདི་ཡིས་སྦྱིན། ༢༣ །སྲིད་པའི་ཁམས་ན་ཕན་བདེའི་དངོས་གྱུར་བ། །གང་ཡང་ཐུབ་པའི་སྤྲུལ་པར་བཀའ་སྩལ་ན། །བློ་མཆོག་བློ་ལ་ཤེས་པའི་མིག་


ZP01_Page_162
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པ། །ཡི་གེའི་གཟུགས་འདི་བཟོ་ཡི་སྤྲུལ་སྐུ་ཡིན། ༢༤ །སྡེ་སྣོད་རིན་ཆེན་ཐུབ་པའི་ལེགས་གསུང་བཀའ། །བཀའ་ཡི་རྗེས་འབྲེལ་ཕུན་ཚོགས་བསྟན་བཅོས་གཞུང་། །ཐར་ལམ་བྱེད་པོ་གཞན་ན་ཡོད་མིན་ཏེ། །རྒྱལ་བ་དངོས་ཞེས་ཐུབ་པ་མཆོག་གིས་གསུངས། ༢༥ །དེ་སླད་ཆོས་ཀྱི་ཉི་མ་འདི་ཡིན་ཏེ། །རྨོངས་པས་འཁོར་བར་ལོང་ལ་འདི་དམིགས་བུ། །ཡང་དག་ཐར་ལམ་ཐེམ་པ་འདིས་བགྱིད་དེ། །མདོར་ན་ལེགས་དགུའི་བྱེད་པོ་གཅིག་ཅིག་ཡིན། ༢༦ །མཚུངས་མེད་ཐུབ་པའི་ལེགས་བཤད་ཡི་གེའི་གཟུགས། །རྗེས་འཇུག་འཕགས་པའི་གསུང་བཅས་མ་ལུས་པའི། །ཡོན་ཏན་ཕྲེང་བར་བསྡུ་བར་དཀའ་མོད་དེ། །མོས་པ་ཁོ་ནས་ཅུང་ཟད་ཚིག་ཏུ་སྡེབ། ༢༧ །དགེ་བ་དེ་ཡིས་རྒྱལ་བསྟན་ཡོངས་འདུའི་ཕྲེང་། །ཉམས་མེད་སྐལ་པའི་མཐར་ཡང་སྲོག་བརླིང་ཞིང་། །གུས་པའི་བློ་ཅན་ཨ་བུ་ཧྲུལ་པོ་ཡང་། །ལྕེ་ལ་དབྱངས་ཅན་ལྷ་མོ་བཞུགས་གྱུར་ཅིག་༢༨ །བདེ་བར་གཤེགས་པའི་གསུང་ཡི་གེའི་གཟུགས་བརྙན་ལ་བསྔགས་པའི་སྐབས་རྫོགས་སོ།། །།


previousགསུང་ཡི་གེའི་ཕྲེང་བ་ལ་བསྔགས་པ།next