Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
གསུང་ཟབ་དོན་གསང་བ་ལ་བསྔགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསུང་ཟབ་དོན་གསང་བ་ལ་བསྔགས་པ།next

གསུང་ཟབ་དོན་གསང་བ་ལ་བསྔགས་པ།

༈ གསུང་ཟབ་དོན་གསང་བ་ལ་བསྔགས་པ་ཆུན་འཕྱངས་དྲུག་པ། སྟོན་པ་བདེ་བར་གཤེགས་པའི་གསུང་གི་གསང་བ་གསང་སྔགས་ཀྱི་ཐོར་བུ་ལ་བསྔགས་པ་ཟླ་བ་ཐིག་ལེའི་ཆུན་འཕྱངས་ཞེས་བྱ་བ། དཔལ་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། །འཕོ་མེད་བདེ་ཆེན་ཟླ་བ་བདུད་རྩིའི་ཆུ། །གྱེན་དུ་ནམ་མཁའི་འཁོར་ལོར་རྒྱས་བཏབ་པས། །སྒྲིབ་བྲལ་


ZP01_Page_167
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་དག་པའི་དཔལ་བརྙེས་ཏེ། །ཟུང་འཇུག་འཇུག་པ་མཐོར་གཤེགས་ལ་ཕྱག་འཚལ། ༡ །ཁ་སྦྱོར་བདེ་ཆེན་མཆོག་གི་སྟོན་པ་ལས། །ཉི་ཟླ་ཟབ་ཟབ་པའི་དབང་བརྙེས་ནས། །མཆེད་པའི་བག་ཆགས་ཕྲ་བའི་ཁམས་སྟོང་བས། །རྡོ་རྗེ་གསུང་གི་རང་བཞིན་བརྙེས་པ་ལགས། ༢ །ལྷན་སྐྱེས་བདེ་ཆེན་བརྗོད་པ་བྲལ་བའི་གསུང་། །སྲིད་དང་ཞི་བ་ཡོངས་ཡེ་ཁྱབ་པ་ཡང་། །སྒྲིབ་པའི་སྤྲིན་སྟུག་གང་དུ་བྲལ་གྱུར་བར། །ཐུབ་གསུང་ཉི་འོད་གསལ་བ་བཞིན་དུ་སྣང་། ༣ །མི་ཤིག་ཐིག་ལེ་བདེ་ཆེན་དག་པའི་ཡིད། །ལུས་ཅན་སྙིང་ལ་སྟོན་པ་ཉིད་བཞུགས་ནས། །མཆོག་གི་ཡེ་ཤེས་བསྟན་པ་དམ་པའི་གསུང་། །སྒྲིབ་པའི་སྒྲུབ་ནང་དག་པ་ཆེན་པོར་བཞུགས། ༤ །རྡོ་རྗེ་བཙུན་མོ་གསང་བའི་སྒྱུ་མ་ཡིས། །གང་དུ་དྲང་པ་སྟོན་པའི་ཐིག་ལེ་ནི། །རང་གི་རང་བཞིན་མཚོན་པ་བྲལ་བའང་། །རྡོ་རྗེ་གསུང་གིས་དེ་རུ་སྣང་བར་མཛད། ༥ །བདེ་ཆེན་ཡེ་ཤེས་དག་པའི་སྟོན་འཁོར་གྱིས། །སྣང་བ་གཉིས་ཟོས་མུན་པའི་ལྟ་བྲལ་ནས། །ནམ་མཁའི་ཐིག་ལེ་གཅིག་ལ་ཞུགས་པ་ན། །སྙིང་པོའི་གསུང་ནི་ཡུལ་དང་བྲལ་བར་གསལ། ༦ །གང་གིས་མ་བསྟན་བརྗོད་དུ་མེད་པའི་དོན། །བསྐལ་བཟང་སྙིང་ལ་བྱིན་རླབས་མཐུས་བྱིན་པས། །གསུང་གི་དེ་ཉིད་སྒྲིབ་དང་བྲལ་གྱུར་བ། །ཚིག་ལས་འདས་པ་རང་གི་རང་བཞིན་ཤེས། ༧ །འཁྲུལ་པའི་ངག་ནི་གསུང་གི་རྡོ་རྗེའི་རྒྱུ། །ལྕགས་ལ་རྩི་བཞིན་


ZP01_Page_168
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱིས་མངོན་བྱེད་པ། །ལམ་གྱི་ལམ་མཆོག་གསུང་གི་སྙིང་པོ་ནི། །གང་ལ་སྣང་བ་སྲིད་པ་ཐ་མར་བྱེད། ༨ །སྟོང་ལས་ངེས་པར་སྙིང་པོའི་དྲངས་བའི་གཟུགས། །སྣང་སྟོང་གཉིས་མེད་གསུང་གི་རྣམ་པ་ནི། །ཟླ་བ་བཞུ་བས་རི་མོ་བྱས་ལྟའི་མདངས། །གསལ་བརྟན་གོམས་ལས་ཡིད་ནི་འཆིང་བར་འགྱུར། ༩ །མ་སྐྱེས་མཚོན་པ་ཡི་གེའི་རྣམ་པ་ལས། །སྤྲོས་པས་ཐབས་མཁས་ནམ་མཁའི་ཁྱོན་འགེངས་ཤིང་། །གང་དུ་བསྡུས་པའི་ཐིག་ལེ་གཅིག་གི་ཀྱང་། །འཕེལ་འགྲིབ་མེད་པ་གཉུག་མ་ཉིད་དུ་གནས། ༡༠ །གསུང་གི་རྣལ་འབྱོར་གོམས་པའི་ཕྲིན་ལས་ཀྱིས། །བཅིངས་པས་འཛིན་གཉིས་བདུད་རྩིའི་དཔལ་འཛིན་ཞིང་། །རྒྱས་དང་སྒྲིབ་འཇོམ་མཐོ་རིས་སྲོག་སྦྱིན་ལ། །སྨོན་པའི་འབྲས་བུ་དུད་པར་བྱེད་པ་ཡིན། ༡༡ །སྟོང་པ་སྲ་ཞིང་འབང་བ་འདིས་བསྲེགས་ཏེ། །གཤེར་གྱུར་འབབ་ལ་བརྟན་པ་འཐོར་ཞིང་གཡེངས། །འཐས་པ་བཤིག་ནས་སྟོང་ཞིང་ལྟུང་བ་སྟེ། །གསུང་གི་ཏིང་འཛིན་འཕྲིན་ལས་བསམ་མི་ཁྱབ། ༡༢ །རིང་ནས་དགུགག་ཤིང་གནས་ལས་སྐྲོད་པ་དང་། །འཆིང་བར་བྱེད་ཅིང་འཆིང་བ་གྲོལ་གྱུར་ལ། །ཤི་བ་སློང་དང་གསོན་པ་མཐར་བྱེད་ཅིང་། །ཕྱོགས་གཉིས་རྒྱལ་དང་ཕམ་པའང་བྱེད་པར་འགྱུར། ༡༣ །གང་གི་ཡིད་ལ་མཆོག་གི་དཔལ་སྦྱིན་པ། །ཤིན་ཏུ་ཡང་དག་དཀྱིལ་འཁོར་འཁོར་ལོ་ནི། །ཡི་གེ་སྤྲིན་གྱི་ཕྲེང་བ་ལས་བཀོད་དེ། །ཐ་མལ་སྣང་བ་རྡོ་རྗེའི་གྲོང་དུ་བྱེད། ༡༤ །གསུང་


ZP01_Page_169
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྙིང་པོ་ཕྲ་ཞིང་གཡོ་བའི་གཟུགས། །སྲོག་གི་དབུས་ན་ཡིད་ནི་དེར་འཆིང་ཞིག །རྩོལ་བས་བཟླས་པའི་ཐུགས་དམ་རྒྱུད་བསྐུལ་ཏེ། །སྐལ་བཟང་དངོས་གྲུབ་སྐལ་བ་སྔོམ་པོར་བྱེད། ༡༥ །གྲུབ་པ་རྣམ་བཞིས་ཡོངས་བྠུང་དག་པའི་ངག །རྡོ་རྗེའི་གསུང་ཞེས་ཅིས་ཕྱིར་འོས་མིན་ཏེ། །སྲིད་པའི་བརྗོད་པ་ཉེས་པའི་འབྲས་བརྡོ་བ། །འགོག་དང་ཡོངས་དག་འདི་ཡིས་བྱེད་པར་འགྱུར། ༡༦ །དགྱེས་དང་དྲག་ཤུལ་རྡོ་རྗེའི་གད་མོ་ནི། །དྲན་པ་ཡིས་ཀྱང་འབྱུང་པོའི་ཚོགས་བྱེར་ཞིང་། །དགོང་གཤེ་དྲག་ཤུལ་ཉམས་བརྒྱའི་ང་རོ་ཡིས། །དུག་གསུམ་རྡུལ་ཀྱང་བསྲེག་ཤིང་ཟད་པར་བྱེད། ༡༧ །ཟླུམ་པོའི་འགྲོས་ཀྱིས་རྟོག་པའི་དུག་སྦྱོང་ཤིང་། །ཐབས་ཤེས་འབྲེལ་བ་མགལ་མེ་ལྟར་རྒྱུ་བས། །བདེ་གསལ་སིམ་པ་སྙིང་ལ་བྱིན་པའི་མོད། །གྲགས་སྟོང་གསུང་ནི་བུང་བ་ཚང་ཞིག་བཞིན། ༡༨ །འཁོར་འདས་བྱིན་བཅུད་ཐབས་ཀྱི་འཕྲོ་བའི་ཁུར། །འཆི་བ་མེད་པའི་བཅུད་དུ་གནས་པའི་དཔལ། །རྣལ་འབྱོར་སྲོག་ལ་བདུད་རྩི་སྦྱིན་ནུས་པ། །སྐུ་ཡི་སྙིང་པོ་ཨཱོཾ་ལས་གཞན་ན་མེད། ༡༩ །ཀུན་རྟོག་སྲོག་རྩ་སྐད་ཅིག་གཅིག་ཁོ་ནར། །གཅོད་པའི་རྣོ་ནུས་ཉི་ཟླའི་ཁྱིམ་བརྒྱུད་ནས། །ཁམས་གསུམ་བསད་ནས་སྒྲ་གཅན་ལྟོར་འདེབས་པ། །གཉིས་སྤང་གྲོགས་དེ་ཨཱཿཡིག་བསྟི་བར་འགྱུར། ༢༠ །སྤྲོས་པས་རི་མོ་ནམ་མཁའི་ཁྱོན་གང་བས། །སྣོད་བཅུད་སྣང་བ་ངེས་པར་རྒྱས་བཏབ་ནས། །སྒྱུ་མའི་གྲོང་


ZP01_Page_170
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་རྣལ་འབྱོར་མངོན་སུམ་དུ། །ཆུ་ཟླ་ལྟ་བུའི་ཧཱུྃ་ཡིག་གཡོ་བས་ངོམས། ༢༡ །གསུང་གི་དཀྱིལ་འཁོར་བཅུ་ཕྲག་གཡོ་བའི་གསུང་། །མས་ནས་ཞུགས་པས་སྲིད་པའི་ཁྱིམ་བཅུ་གཉིས། །ངེས་པར་བཤིག་སྟེ་གཟུང་འཛིན་སྲོག་བཅད་ནས། །ཤིན་ཏུ་དག་པའི་ཡེ་ཤེས་གཅིག་ཏུ་འགྱུར། ༢༢ །གཡོ་བ་དེས་ནི་ཉི་མ་མཁར་སྦས་ནས། །ཟླ་བ་བཞུ་བའི་འགྲོས་བཞིའི་ཤིང་རྟ་ལས། །མཆོག་གི་སྟོན་པ་ཡིད་ཀྱི་གྲོང་དྲངས་བས། །བརྗོད་དུ་མེད་པའི་ཆོས་འཁོར་དེ་རུ་བསྐོར། ༢༣ །ཐབས་ཀྱིས་བཅིང་བས་འཁྲུལ་པའི་ཡི་གེ་ནི། །ལོངས་སྤྱོད་རྫོགས་པ་མཆོག་གི་གསུང་ཁོ་ནར། །ཡུད་ཀྱིས་བྱེད་པ་ལམ་གྱི་ལམ་མཆོག་ནི། །རྒྱལ་བའི་གསང་ཆེན་རྡོ་རྗེ་ཐེག་པར་ངེས། ༢༤ །ངེས་པའི་རང་བཞིན་མངོན་པར་བརྗོད་འདིའི་དགེས། །ཐབས་ཆེན་ལམ་འདིས་སྲིད་པའི་སྲོག་འཇོམས་ཤིང་། །ཉེས་རྟོག་མང་བ་ཨ་བུ་གདོལ་བ་ཡང་། །གཡོ་བའི་ངག་འདི་དབུ་མར་འཆིང་གྱུར་ཅིག་༢༥ །སྟོན་པ་བདེ་བར་གཤེགས་པའི་གསུང་ཟབ་མོའི་གསང་བ་ལ་བསྔགས་པའི་སྐབས་རྫོགས་སོ།། །།


previousགསུང་ཟབ་དོན་གསང་བ་ལ་བསྔགས་པ།next