Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
གསུང་ཡོན་ཏན་རྒྱ་མཚོའི་ཆེ་བ་ལ་བསྔགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསུང་ཡོན་ཏན་རྒྱ་མཚོའི་ཆེ་བ་ལ་བསྔགས་པ།next

གསུང་ཡོན་ཏན་རྒྱ་མཚོའི་ཆེ་བ་ལ་བསྔགས་པ།

༈ གསུངས་ཡོན་ཏན་རྒྱ་མཚོའི་ཆེ་བ་ལ་བསྔགས་པ་ཆུན་འཕྱངས་བདུན་པ། སྟོན་པ་བདེ་བར་གཤེགས་པའི་གསུང་ཡོན་ཏན་རྒྱ་མཚོའི་ཆེ་བ་ལ་བསྔགས་པ་མུཀྟི་ཀའི་ཆུན་འཕྱངས་ཞེས་བྱ་བ། དཔལ་དོན་ཀུན་གྲུབ་པ་ལ་ཕྱག་འཚལ་ལོ། །གང་གི་སྲིད་པའི་དྲྭ་བ་གཅོད་དོན་དུ། །ཐོག་མར་ཞི་བའི་བདུད་


ZP01_Page_171
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་བརྙེས་མཛད་ནས། །གོ་འཕང་འཆི་བ་མེད་པར་འགྲོ་བ་ཀུན། །སྦྱོར་མཛད་ལེགས་གསུང་མངའ་ལ་ཕྱག་འཚལ་ལོ། ༡ །རྟག་ཏུ་མཉམ་བཞག་དགོངས་པ་གཡོ་མེད་པ། །ཆོས་སྐུའི་ཀློང་ནི་ཚིག་དང་ཡི་གེ་ལས། །རྣམ་པར་འདས་ཀྱང་སྣ་ཚོགས་གསུང་གི་ཚུལ། །སྲིད་པར་ཡོངས་སྣང་གསུང་གི་ཆེ་བ་ཡིན། ༢ །སྲིད་ཞིའི་སྒྲར་གྱུར་མ་ལུས་ཟིལ་གནོན་ཞིང་། །དུས་གཅིག་ཉིད་དུ་མར་གསུངས་མཛད་ལ། །དུས་རྣམས་ཀུན་ཏུ་རྒྱུན་ཆད་མེད་གསུང་བ། །མོས་པ་རྒྱ་མཚོའི་སྣོད་དང་མཐུན་པར་སྣང་། ༣ །སྙན་ཞིང་ཡིད་འོང་ཐུབ་པ་ཆེན་པོའི་གསུང་། །ཉན་པའི་ཡིད་ལ་ཀུན་དགའི་དཔལ་སྦྱིན་ཞིང་། །སྐྱོ་དང་བག་མེད་མ་གུས་མེད་གྱུར་པ། །རྒྱལ་བའི་གསུང་ནི་ཐོག་མར་དགེ་བ་ཡིན། ༤ །གསུང་དེས་རྗེས་སུ་གང་ཞིག་གུས་སྦྱོར་བ། ངལ་བ་མེད་པར་མཐའ་གཉིས་རྣམ་སྤངས་ནས། །དབུ་མའི་ལམ་ལ་ཡང་དག་བརྟེན་འགྱུར་ཕྱིར། །ཐུབ་པ་ཁྱོད་གསུང་བར་དུ་དགེ་བ་ལགས། ༥ །ཤིན་ཏུ་དྲི་མེད་ཤིན་ཏུ་མཐར་ཕྱིན་ཞིང་། །འདོད་ཆགས་དང་བྲལ་ཆགས་བྲལ་མཐར་ཐུག་པ། །རྣམ་པ་ཀུན་ཏུ་འབྲས་བུ་མཆོག་སྦྱིན་ཕྱིར། །ཁྱེད་ཀྱི་གསུང་ནི་ཐ་མར་དགེ་བ་ཡིན། ༦ །མཐོ་རིས་ཡོན་ཏན་དཔལ་མང་སྦྱིན་པ་དང་། །ངན་འགྲོའི་སྡུག་བསྔལ་གཅད་ཕྱིར་ཕན་པ་སྟེ། །རྗེས་བསླབ་བདེ་ནས་བདེ་བའི་གནས་འགྲོ་བའི། །བསླུ་མེད་བརྗོད་དོན་བཟང་


ZP01_Page_172
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མངའ་བ་སྟེ། ༧ །ཉམས་པ་མེད་པར་ཚིག་གི་ཟུར་ཕྱིན་ཞིང་། །ལེགས་པར་སྦྱར་བས་མཁས་པ་མགུབ་སྐྱེད། །ཤིན་ཏུ་སྒྲོས་གཙང་སྙན་པའི་སྡེབ་མངའ་བ། །རྒྱལ་བའི་གསུང་ནི་ཚིག་འབྲུ་བཟང་པོ་ཡིན། ༨ །རྟག་ཆད་བདག་རྟོག་དམ་པའི་ལམ་མིན་པ། །རྟོག་གེ་ཕྱི་རོལ་གཡོ་རྒྱུའི་རྡུལ་སྤངས་ཤིང་། །ཐུབ་ཚུལ་ཡང་དག་ཀུན་ལས་ཁྱད་འཕགས་ཕྱིར། །འདྲེན་པ་ཁྱོད་གསུང་མ་འདྲེས་པ་ཉིད་ཡིན། ༩ །སྣ་ཚོགས་མོས་ཁམས་རྒྱ་མཚོའི་རྡུལ་ཇི་སྙེད། །དེ་སྙེད་ཡང་དག་ལམ་ལ་ཚད་མེད་ཅིང་། །ཀུན་ཀྱང་རང་འབྲས་བླ་ན་མེད་ལྡན་པ། །རྣམ་པ་ཀུན་ཏུ་ཡོངས་སུ་རྫོགས་པ་ཡིན། ༡༠ །ཡེ་ནས་དག་པ་གསུང་གི་རང་བཞིན་ཏེ། །འདུས་མ་བྱས་པ་ལྷུན་གྲུབ་གཡོ་མེད་པ། །རྣམ་རྟོག་སྐྱོན་གྱིས་བསྐུལ་བ་ཉིད་མིན་ཕྱིར། །ཐུབ་པའི་གསུང་ནི་ཡོངས་སུ་དག་པ་ཡིན། ༡༡ །ཇི་སྙེད་ཉོན་མོངས་སྲིད་པའི་སྐྱོན་མང་པོ། །སྤང་བའི་ཡེ་ཤེས་ཐམས་ཅད་མཁྱེན་བརྙེས་པའི། །མཆོག་གི་གནས་ལས་བདུད་རྩིའི་ཚུལ་སྦྱིན་པ། །སྐྱོབ་པ་ཁྱོད་གསུང་རྣམ་པར་བྱང་བ་ཡིན། ༡༢ །སྲིད་ཁམས་བསོད་ནམས་ཕུང་པོ་གཞལ་བྲལ་བའི། །རྒྱལ་བའི་དཔེ་བྱད་མཚན་དང་མཚན་མཆོག་གི །བསོད་ནམས་དེས་ཀྱང་བསྐྲུན་དུ་མེད་པ་ཡི། །རྒྱུས་བསྐྱེད་ཚངས་དབྱངས་གསུང་གི་ཁྱད་ཆོས་ལགས། ༡༣ །ཞེན་པའི་ཀུན་དཀྲིས་མདུད་པ་ཆེས་དམ་པས། །རྣམ་པར་འཆིང་ལྡན་དགའ་བོ་ལྟ་བུ་


ZP01_Page_173
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །ཐུབ་པའི་གསུང་གཅིག་ཁོ་ནས་རྒྱུད་བསྡམས་པས། །སྲིད་པའི་འཆིང་བ་མ་ལུས་ཡོངས་སུ་གྲོལ། ༡༤ །སྡང་བའི་མཚོན་འཁོར་བསྐྱོད་ལ་མི་ངལ་བའི། །མྱོས་པའི་ནོར་སྐྱོང་སྟབ་པོར་རྒྱུག་པའང་། ཁྱེད་གསུང་བདུད་རྩིའི་ཐིག་པ་གཅིག་བྲན་པས། །དུལ་བ་ཁོ་ནས་འཆི་མེད་གནས་སུ་སོང་། ༡༥ །རྨོངས་པའི་མུན་པ་ཀུན་ཏུ་གཞིག་དཀའ་བ། །རྟུལ་བའི་བློ་གྲོས་བྲམ་ཟེ་ལམ་ཆུང་ཡང་། །རྡུལ་མེད་དྲི་བྲལ་གསུང་གི་འོད་གཅིག་གིས། །ཐོག་མེད་སྒྲིབ་ཕུང་མིང་ཙམ་ཉིད་དུ་བྱས། ༡༦ ། རྒྱལ་རྒྱགས་པས་སྲིད་པའི་རྩེར་འགྱིང་བའི། །བྱེད་པོར་རློམ་ལྡན་ཚངས་དབང་བརྗིད་གྱུར་ཀྱང་། །གསུང་གཅིག་ཆོས་ཀྱིས་དྲེགས་པ་ཀུན་བཅོམ་སྟེ། །འདུད་པའི་ཐོར་གཙུགས་ཞབས་ཀྱི་རྡུལ་འོག་ལྟུང་། ༡༧ །ཕྲག་དོག་རྒྱུས་བསྐུལ་ལུས་མེད་དྲག་པོའི་དཔུང་། །བྱེ་བ་ཁྲག་ཁྲིག་མཚོན་ཆར་འབེབ་བཞིན་པ། །ཡི་གེར་བཅོས་མིན་གསུང་གི་གདངས་གཅིག་གིས། །སེན་རྩིའི་རྡུལ་ལ་སྲིད་མཐའི་རླུང་བཞིན་བྱས། ༡༨ །མི་གསོན་ཐོས་པའི་ཁྲག་གིས་ལུས་རྒྱས་པའི། །གདུག་པའི་འབྲོག་གནས་མཆེ་བ་དམར་གཙིག་ཀྱང་། །ཞི་བའི་གསུང་ལས་འདའ་བར་མ་ནུས་ཏེ། །སྡོམ་པའི་ཀུན་སྤྱོད་སློབ་མ་བཞིན་ཏུ་བླངས། ༡༩ །རྔམ་ཟས་ཁོ་ནར་མི་བཙས་སྲོག་འགམ་ཞིང་། །ལྔ་བརྒྱའི་བུར་བཅས་སྲིད་པའི་ཁམས་རྒྱུ་བའི། །འཕྲོག་མ་སྲིན་མོ་ཐུབ་གསུང་གིས་བཅིངས་པས། །འདུས་པའི་གྲལ་


ZP01_Page_174
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཆང་བུ་ཉུལ་ཞིང་བསྣོམས། ༢༠ །ལམ་གོལ་གོམས་པའི་ཡུན་ཏུ་བསླུས་རབ་བཟང་། །རྒས་པའི་འཁྱོར་གོམ་འཁར་བས་བརྟེན་པ་ལ། །གསུང་གཅིག་ཁོ་ནས་མྱ་ངན་འདས་བྱིན་པས། །ཡང་སྲིད་མེད་དང་རྫུ་འཕྲུལ་སྟོབས་བཅས་གཤེགས། ༢༡ །བསྲིབ་མེད་པར་དམྱལ་གནས་ལ་སྤྱོད་པའི། །བསྲེག་གཏུབ་གཅོད་པའི་ཚོར་བས་མནར་བའང་། །གསུང་གི་འོད་ཀྱིས་སྐད་ཅིག་གཅིག་རེག་པས། །ངལ་བསོའི་བདེ་བ་ལྷ་ཡུལ་ལྷ་བཞིན་མྱོང་། ༢༢ །ཐུབ་པའི་གསུང་ནི་རྣམ་པ་ཐམས་ཅད་དུ། །ཡོན་ཏན་རྒྱ་མཚོའི་ངེས་པར་བཟུང་བ་སྟེ། །སྲིད་ཞིའི་ཁམས་ན་ལེགས་དགུའི་ཆ་ཅི་མཆིས། །མགོན་པོ་ཁྱེད་ཀྱི་གསུང་གི་ཕྲིན་ལས་ཡིན། ༢༣ །གསུང་གི་ཆེ་བ་ཟབ་པས་མཐའ་སྤང་བ། །བརྗོད་པའི་ཡུལ་ཏུ་འཕགས་པས་ཀྱང་མིན་ན། །བླུན་པོ་བདག་ལྟས་སྨྲ་བར་ནུས་མིན་ཡང་། །མོས་པའི་ཡིད་ཀྱིས་ཅུང་ཟད་ཚིག་ཏུ་བསྡེབ། ༢༤ །དགེ་བ་འདི་ཡིས་དམན་པའི་འགྲོ་ཁམས་ཀུན། །ཆེ་བའི་རྒྱལ་པོ་ཐུབ་པའི་དཔལ་བརྙེས་ཤིང་། །ཉེས་པའི་ངག་ཅན་ཨ་བུ་འཆལ་བ་ཡང་། །ཚིག་བཙན་གཏམ་བཙུན་དྲང་སྲོང་བཞིན་གྱུར་ཅིག་༢༥ །སྟོན་པ་བདེ་བར་གཤེགས་པའི་གསུང་ཡོན་ཏན་རྒྱ་མཚོའི་ཆེ་བ་ལ་བསྔགས་པའི་སྐབས་རྫོགས་སོ།། །།


previousགསུང་ཡོན་ཏན་རྒྱ་མཚོའི་ཆེ་བ་ལ་བསྔགས་པ།next