Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐོག་མཐའ་བར་གསུམ་དགེ་བའི་གཏམ་ལྟ་བསྒོམ་སྤྱོད་གསུམ་ཉམས་ལེན་དམ་པའི་སྙིང་ནོར།
   
   
   


 
previousཐོག་མཐའ་བར་གསུམ་དགེ་བའི་གཏམ་ལྟ་བསྒོམ་སྤྱོད་གསུམ་ཉམས་ལེན་དམ་པའི་སྙིང་ནོར།next

ཐོག་མཐའ་བར་གསུམ་དགེ་བའི་གཏམ་ལྟ་བསྒོམ་སྤྱོད་གསུམ་ཉམས་ལེན་དམ་པའི་སྙིང་ནོར།


ZP04_Page_725
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མཐའ་བར་གསུམ་དུ་དགེ་བའི་གཏམ་ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་དམ་པའི་སྙིང་ནོར་ཞེས་བྱ་བ་བཞུགས་སོ།། །།


ZP04_Page_726
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་རཱ་ཡ། གང་མཚན་བདུད་རྩིའི་ཟེགས་མ་གཅིག་ལྷུང་བས། །ཚེ་རབས་དུ་མར་རྣ་བར་ཆོས་ཀྱི་སྒྲས། །འགེངས་པའི་ངོ་མཚར་རིན་ཆེན་རྣམ་གསུམ་ཞེས། །གྲགས་པའི་དཔལ་དེས་ཀུན་ཏུ་ཤིས་གྱུར་ཅིག །གང་ཞིག་སྟོན་གྱི་དུས་ན་ཨ་མྲའི་འབྲས། །ཁ་ཅིག་ནང་མ་སྨིན་ཀྱང་ཕྱི་སྨིན་འདྲ། །སྣང་བ་དེ་ལྟར་ཆོས་པའི་གཟུགས་བརྙན་བདག །སེམས་དང་ཆོས་མ་འདྲེས་ཕྱིར་ཆོས་གཏམ་དཀོན། །དེ་ལྟ་ན་ཡང་དམ་པ་ཁྱེད་ཀྱི་བཀས། །བསྐུལ་བའི་ནན་མ་ལྡོག་ཕྱིར་དྲང་པོའི་ངག །སྙིགས་སྤྱོད་ཕལ་པའི་ཚུལ་དང་མི་མཐུན་པར། །གཡོ་སྒྱུ་མེད་པའི་སེམས་ཀྱིས་གསོལ་འདིར་དགོངས། །དྲང་སྲོང་ཆེན་པོ་ཐུབ་དབང་ལྷའི་ཡང་ལྷས། །དྲང་པོའི་ལམ་ནས་དྲང་པོའི་གོ་


ZP04_Page_727
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་བརྙེས། །དྲང་པོའི་ལམ་བཟང་འགྲོ་ལ་དྲང་པོར་སྟོན། །དེ་སླད་དྲང་སྲོང་ཆེ་ཞེས་གྲགས་མིན་ནམ། །ཀྱེ་མ་སྙིགས་མའི་དུས་འདིར་འགྲོ་བའི་རྒྱུད། །དྲང་པོའི་གཞུང་བཟང་ཉམས་ནས་གཡོ་སྒྱུ་སྤྱོད། །དེ་སླད་འཁྱོག་པོའི་བློ་དང་འཁྱོག་པོའི་ངག །གྱ་གྱུས་གཞན་སེམས་བསླུ་ལ་སུ་ཡིད་གཏོད། །ཀྱེ་ཧུད་སྙིགས་འགྲོ་མཐོང་ནས་བློ་འདི་རྨོངས། །ཀྱེ་མ་སུ་ཡི་ངག་ལ་སུ་ཡིད་རྟོན། །མི་སྲུན་སྲིན་པོའི་གླིང་ན་གནས་འདྲ་འདི། །དགོངས་ནས་རང་དྲིན་རང་ལ་ཆེ་བར་མཛོད། །སྔོན་ཡང་རང་སེམས་རྣམ་ཤེས་གཅིག་པུ་ཞིག །འཁྱམས་ཤིང་ལས་ཀྱིས་བདས་ནས་འདིར་སྐྱེས་ཟིན། །ད་ཡང་མར་གྱི་དཀྱིལ་ནས་སྤུ་བཏོན་ལྟར། །ཐམས་ཅད་བཞག་ནས་རང་ཉིད་གཅིག་པུར་འགྲོ། །རང་


ZP04_Page_728
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རང་ལ་མི་དཀར་ཐབས་མེད་ཀྱིས། །རང་བློ་རང་ལ་མི་དྲང་མི་སྲིད་ཀྱིས། །རང་དོན་སྙིང་པོའི་ལྷ་ཆོས་མ་འགྲུབ་ན། །རང་སྲིད་རང་གིས་བརླག་པ་མ་ཡིན་ནམ། །སྙིགས་མའི་སྐྱེ་བོ་བསམ་སྤྱོད་དམན་ཆེས་པས། །སུས་ཀྱང་རང་ལ་མི་ཕན་གཡོ་སྒྱུས་བསླུ། །སུ་ལའང་རང་གིས་ཕན་པ་འགྲུབ་དཀའ་བས། །འདུ་འཛིའི་འབྲེལ་ཐག་བཅད་ན་མི་ལེགས་སམ། །བཀུར་ཀྱང་གོང་མ་མཉེས་དུས་མི་འོང་གིས། །སྐྱོང་ཡང་འོག་མ་མགུ་དུས་མི་འོང་གིས། །བརྩེ་ཡང་ཕར་བསམ་ཚུར་ལ་མི་སེམས་པའི། །ཚུལ་འདི་དགོངས་ལ་བློ་ཐག་ཆོད་པར་མཛོད། །མཁས་ཀྱང་བསྟན་དོན་མི་འགྲུབ་རྩོད་པ་འཕེལ། །གྲུབ་ཀྱང་གཞན་དོན་མི་འབྱུང་སྒྲོ་སྐུར་མང་། །མཐོ་ཡང་སྡེ་ཆུས་མི་འོང་ཁེངས་ལོག་ཆེ། །ད་ལྟའི་དུས་འདི་དགོངས་ལ་སྐྱོ་བར་མཛོད། །བཤད་ཀྱང་བདེན་དུ་མི་འཛིན་གཞན་དུ་གོ །ཕན་སེམས་གཏིང་ནས་དཀར་ཀྱང་ལོག་པར་འཛིན། །འཁྱོག་པོས་དྲང་པོ་འཁྱོག་པོར་མཐོང་དུས་འདིར། །སུ་ལའང་ཕན་པ་མི་འགྲུབ་རེ་ཐག་ཆོད། །ཆོས་ཀུན་སྒྱུ་མ་ལྟ་བུར་རྒྱལ་བས་གསུངས། །ད་ནི་སྒྱུ་མ་ལས་ཀྱང་སྒྱུ་ཆེན་ཏེ། །གཡོ་སྒྱུའི་སྒྱུ་མ་ཤོམ་པའི་མིག་འཕྲུལ་མཁན། །སྙིགས་སྤྱོད་སྒྱུ་མ་འདི་ལ་འཇིགས་པར་མཛོད། །གཏམ་རྣམས་བྲག་ཅ་ལྟ་བུ་རྒྱལ་བས་གསུངས། །ད་ནི་བྲག་ཅ་ལས་ཀྱང་ཡང་ཅ་སྟེ། །ཁ་དང་དོན་དུ་མི་མཚུངས་


ZP04_Page_729
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་ཅའི་གཏམ། །སླུ་ཚིག་བྲག་ཅ་འདི་ལ་སུན་པ་སྐྱེད། །སུ་མཐོང་མི་མ་ལགས་ཏེ་སླུ་བྱེད་མཁན། །སུས་བཤད་གཏམ་མ་ལགས་ཏེ་བསླུ་བྲིད་ཚིག །ད་ནི་སུ་ལའང་བློ་གཏད་མི་འདུག་གིས། །རང་ཉིད་གཅིག་པུ་རང་དགར་གནས་པར་མཛོད། །ལུས་སྤྱོད་ཆོས་བཞིན་སྤྱོད་ན་ཀུན་དང་འགལ། །ངག་གཏམ་དྲང་པོར་བཤད་ན་ཕལ་ཆེར་ཁྲོ། །སེམས་བཟང་གཏིང་ནས་དཀར་ཀྱང་སྐྱོན་དུ་རྩི། །ད་ནི་རང་ཚུལ་སྦེད་པའི་དུས་ལ་བབ། །ལུས་སྦས་དབེན་པའི་རི་ལ་གཅིག་པུར་སྡོད། །ངག་སྦས་སྨྲ་བ་མ་མང་འབྲེལ་ཐག་ཆོད། །སེམས་སྦས་རང་སྐྱོན་ཁོ་ནར་ཅེར་རེ་ལྟོས། །སྦས་པའི་རྣལ་འབྱོར་ཟེར་ན་དེ་ལ་ཟེར། །སུ་ལའང་བློ་གཏད་མི་འདུག་ཞེ་ལོག་གེ། །གང་ལའང་སྙིང་པོ་མི་འདུག་སྐྱོ་ཆད་དེ། །གང་བསམ་འགྲུབ་དུས་མི་འདུག་རྦད་ཐག་ཆོད། །འདི་གསུམ་གཏན་དུ་འགྲོགས་ན་ཕན་པར་མཆིས། །སྐྱིད་དུས་མི་འདུག་སྐྱིད་པོ་ང་ནི་ཟད། །སྡུག་པོ་མི་འདོད་སྡུག་མཐའ་ཆོས་ཀྱིས་ཆོད། །སྐྱིད་སྡུག་ཅི་འོང་སྔོན་ལས་བཙན་པོས་ཤེས། །ད་ནི་སུ་ལའང་མི་རེ་མི་དོགས་སོ། །མི་ལ་རེ་ཆེ་རེ་ཁ་འཛུམ་མུལ་མུལ། །རང་ལ་དགོས་མང་དགོས་དགོས་སྒྲུབ་པའི་ཤོམས། །འདི་བྱ་འདི་བྱེད་ཕྱི་ཚིས་རེ་དོགས་བློ། །ད་ནི་ཅི་ལ་བབ་ཀྱང་མི་བྱེད་དོ། །དེ་རིང་ཤི་ཡང་མི་འགྱོད་འཁོར་བའི་ཆོས། །ལོ་བརྒྱར་བསྡད་


ZP04_Page_730
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མི་དགའ་ལང་ཚོ་སོང་། །ད་ནི་ཤི་ཡང་གསོན་ཡང་ཚེ་འདིས་ཅི། །ཕྱི་མའི་ཆོས་ཙམ་འགྲུབ་ན་དེ་ག་རང་། །ཀྱེ་མ་བདག་གི་མགོན་གཅིག་ཐུགས་རྗེའི་གཏེར། །རྩ་བའི་བླ་མ་མགོན་པོ་སྤྱན་རས་གཟིགས། །གསུང་གི་སྙིང་པོ་དམ་ཆོས་ཡི་གེ་དྲུག །ད་ནི་རེ་ས་ཁྱེད་ལས་མི་འདུག་གོ །ཤེས་ཚད་གོ་བར་ལུས་ནས་ད་མ་ཕན། །བྱས་ཚད་ཚེ་འདིར་ཤོར་ནས་ད་མ་ཕན། །བསམ་ཚད་འཁྲུལ་པར་སོང་ནས་ད་མ་ཕན། །ཕན་ངེས་ཡིག་དྲུག་བགྲང་བའི་དུས་ལ་བབ། །མི་བསླུ་གཏན་གྱི་སྐྱབས་གཅིག་དཀོན་མཆོག་གསུམ། །དཀོན་མཆོག་ཀུན་འདུས་ངོ་བོ་སྤྱན་རས་གཟིགས། །ཁྱེད་ཤེས་བློ་གཏད་གཅིག་ལས་མི་འགྱུར་བའི། །ངེས་ཤེས་བློ་ཐག་ཆོད་ལ་ཡིག་དྲུག་སྒྲོངས། །ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་སེམས། །སེམས་མཆོག་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ། །ལམ་བཟང་བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །འགྲོ་ལ་སྙིང་རྗེའི་ངང་ནས་ཡིག་དྲུག་སྒྲོངས། །ཐོག་མེད་འཁོར་བར་འཁྱམས་ནས་ད་ཕན་ཆད། །ཅི་བྱེད་སྡིག་ཏུ་སོང་ནས་སྲིད་པར་འཁྱམས། །སྡིག་ལྟུང་སྙིང་ནས་མཐོལ་ཞིང་བཤགས་སེམས་ཀྱིས། །སྟོབས་བཞི་ཚང་བའི་ངང་ནས་ཡིག་དྲུག་སྒྲོངས། །བདག་འཛིན་ཞེན་པའི་བློ་འདི་སྲིད་པའི་རྒྱུ། །དེ་སླད་ལུས་དང་ལོངས་སྤྱོད་དགེ་བའི་ཚོགས། །ཡར་མཆོད་མར་སྦྱིན་འཁོར་འདས་ཀུན་ལ་བསྔོ། །གཅེས་འཛིན་རྐྱངས་ཀྱིས་


ZP04_Page_731
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱུར་ལ་ཡིག་དྲུག་སྒྲོངས། །སངས་རྒྱས་ཀུན་གྱི་ངོ་བོ་བླ་མ་རྗེ། །སྐུ་དྲིན་སངས་རྒྱས་ཀུན་ལས་ལྷག་པའི་མགོན། །བླ་མ་སྤྱན་རས་གཟིགས་དང་དབྱེར་མེད་དུ། །དད་པའི་གདུང་ཤུགས་སྐྱེད་ལ་ཡིག་དྲུག་སྒྲོངས། །སྒྲིབ་བྱང་ལམ་སྒོམ་སྐུ་བཞི་མངོན་དུ་བྱེད། །དབང་བཞིའི་བདག་ཉིད་བླ་མ་སྤྱན་རས་གཟིགས། །རང་སེམས་བླ་མར་ཤེས་ན་དབང་བཞི་རྫོགས། །རང་དབང་རང་ཐོབ་རང་ནས་ཡིག་དྲུག་སྒྲོངས། །འཁོར་བ་རང་སྣང་ཙམ་སྟེ་ལོགས་ན་མེད། །སྣང་སྲིད་ལྷ་རུ་ཤེས་ན་གཞན་དོན་རྫོགས། །དག་སྣང་དབང་བཞི་འགྲོ་ལ་དུས་གཅིག་བསྐུར། །འཁོར་བ་དོང་སྤྲུགས་ངང་ནས་ཡིག་དྲུག་སྒྲོངས། །བསྐྱེད་རིམ་རྣམ་གྲངས་མང་མང་བློར་མི་འཁྱུང་། །བདེ་གཤེགས་གཅིག་བསྒོམ་རྒྱལ་བ་ཀུན་གྱི་ངང་། །གང་སྣང་སྣང་བ་ཐུགས་རྗེ་ཆེན་པོའི་སྐུ། །སྣང་སྟོང་ལྷ་སྐུའི་ངང་ནས་ཡིག་དྲུག་སྒྲོངས། །བཟླས་བརྗོད་བསྙེན་སྒྲུབ་ལས་སྔགས་སྤྲོས་པ་ཙམ། །ཆིག་ཆོད་ཡི་གེ་དྲུག་པ་ཆོས་ཀྱི་སྒྲ། །སྒྲ་གྲགས་འཕགས་པའི་གསུང་དང་འདུ་འབྲལ་མེད། །གྲགས་སྟོང་སྔགས་སུ་ཤེས་པས་ཡིག་དྲུག་སྒྲོངས། །སྒྲིབ་གཉིས་རྣམ་རྟོག་ཞི་ན་ཉམས་རྟོགས་རྒྱས། །རང་སྣང་དབང་དུ་འདུས་ན་དགྲ་བགེགས་ཐུལ། །མཆོག་ཐུན་ཚེ་འདིར་སྩོལ་མཛད་སྤྱན་རས་གཟིགས། །ལས་བཞི་ལྷུན་གྲུབ་ངང་ནས་ཡིག་དྲུག་


ZP04_Page_732
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོངས། །གང་ཤར་གཏོར་མ་ཤར་གྲོལ་མགྲོན་ལ་བསྔོས། །སྣང་སྟོང་གང་སྣང་ས་ལ་འདེབས། །གཉིས་མེད་ལྷ་ཕྱག་སེམས་ཉིད་མགོན་ལ་འཚལ། །ཆོས་སྤྱོད་ཡོངས་རྫོགས་ངང་ནས་ཡིག་དྲུག་སྒྲོངས། །ཞེ་སྡང་དགྲ་བོ་བྱམས་པའི་མཚོན་གྱིས་ཐུལ། །རིགས་དྲུག་གཉེན་འཁོར་སྙིང་རྗེའི་ཐབས་ཀྱིས་སྐྱོངས། །དད་པའི་ཞིང་ལ་ཉམས་རྟོགས་ལོ་ཏོག་རྨོས། །ཚེ་འདིའི་ལས་རྫོགས་ངང་ནས་ཡིག་དྲུག་སྒྲོངས། །བདེན་ཞེན་རོ་རྒན་ཞེན་མེད་མེ་ལ་སྲེགས། །འདིར་སྣང་བདུན་ཚིགས་སྙིང་པོའི་ཆོས་ཀྱིས་དེད། །ཚོགས་བསགས་རོ་བརྒྱགས་ཚེ་རབས་གསུར་དུ་བསྔོས། །གཤིན་པོའི་དགེ་རྫོགས་ངང་ནས་ཡིག་དྲུག་སྒྲོངས། །དད་པའི་བུ་ཚ་ཉམས་ལེན་ཆོས་སྒོར་ཚུད། །འདིར་སྣང་ཁྱིམ་དུ་ཞེན་ལོག་བུ་ཐང་ཞོག། སྙིང་རྗེའི་བུ་མོ་ཁམས་གསུམ་མག་པར་བྱིན། །གསོན་པོའི་ཆུས་རྫོགས་ངང་ནས་ཡིག་དྲུག་སྒྲོངས། །སྣང་ཚད་འཁྲུལ་བ་ལགས་ཏེ་བདེན་པར་མེད། །འཁོར་འདས་རྣམ་རྟོག་ཙམ་སྟེ་ལོགས་ན་མེད། །རྣམ་རྟོག་ཤར་གྲོལ་ཤེས་ན་ས་ལམ་རྫོགས། །གྲོལ་ལུགས་གནད་ཀྱི་ངང་ནས་ཡིག་དྲུག་སྒྲོངས། །རང་སེམས་རིག་སྟོང་གཉིས་མེད་ཆོས་སྐུའི་ངང་། །མ་བཅོས་གཉུག་མར་བཞག་ན་རང་གསལ་འཆར། །བྱར་མེད་ཆིག་ཆོད་ངང་དུ་བྱས་ཆོས་ཟིན། །རིག་སྟོང་རྗེན་བར་


ZP04_Page_733
[མ་དཔེ་གཟིགས་ན་འདིར་གནོན།]

ཞོག་ལ་ཡིག་དྲུག་སྒྲོངས། །གནས་པའི་སྟེང་ནས་འགྱུ་བའི་རྗེས་མཐུད་ཆོད། །འགྱུ་བའི་ངང་ནས་གནས་པའི་རང་ངོ་ལྟོས། །གནས་འགྱུ་གཉིས་མེད་ཐ་མལ་ཤེས་པ་སྐྱོངས། །རྩེ་གཅིག་ཉམས་ཀྱི་ངང་ནས་ཡིག་དྲུག་སྒྲོངས། །ཀུན་རྫོབ་བརྟགས་ནས་དོན་དམ་གཏན་ལ་ཕོབ། །དོན་དམ་ངང་ནས་ཀུན་རྫོབ་འཆར་ཚུལ་ལྟོས། །བདེན་གཉིས་དབྱེར་མེད་བློ་བྲལ་གཉུག་མའི་གཤིས། །སྤྲོས་བྲལ་ལྟ་བའི་ངང་ནས་ཡིག་དྲུག་སྒྲོངས། །སྣང་བའི་སྟེང་དུ་སེམས་ཀྱི་ཞེན་པ་ཆོད། །སེམས་ཀྱི་སྟེང་དུ་སྣང་བའི་རྫུན་ཕུག་རྡིབ། །སྣང་སེམས་གཉིས་མེད་རྒྱ་གྲོལ་ཕྱལ་བ་ཆེ། །རོ་གཅིག་རྟོགས་པའི་ངང་ནས་ཡིག་དྲུག་སྒྲོངས། །སེམས་ཀྱི་རང་བཞིན་རིག་སྟོང་གཉུག་མར་གྲོལ། །རིག་པའི་རང་རྩལ་སེམས་རྟོག་རང་སར་དག །སེམས་རིག་གཉིས་མེད་ཐིག་ལེ་གཅིག་གི་ངང་། །བསྒོམ་མེད་ཆོས་སྐུའི་ངང་ནས་ཡིག་དྲུག་སྒྲོངས། །གཟུགས་སྣང་ལྷ་རུ་ཤེས་ན་བསྐྱེད་རིམ་གནད། །མཛེས་དང་མི་མཛེས་སྣང་ཞེན་རང་སར་གྲོལ། །ཞེན་མེད་སེམས་ཀྱི་སྣང་ཆ་འཕགས་པའི་སྐུ། །མཐོང་སྣང་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས། །སྒྲ་སྣང་སྔགས་སུ་ཤེས་ན་བཟླས་བརྗོད་གནད། །སྙན་དང་མི་སྙན་སྣང་ཞེན་རང་སར་གྲོལ། །ཞེན་མེད་འཁོར་འདས་རང་སྒྲ་ཡིག་དྲུག་གསུང་། །ཐོས་སྣང་རང་གྲོལ་ངང་ནས་ཡིག་དྲུག་


ZP04_Page_734
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོངས། །དྲི་སྣང་སྐྱེ་མེད་ཤེས་ན་རྫོགས་རིམ་གནད། །ཞིམ་དང་མི་ཞིམ་ཞེན་སྣང་རང་སར་གྲོལ། །ཞེན་མེད་དྲི་སྣང་འཕགས་པའི་ཚུལ་ཁྲིམས་དང་། །དྲི་སྣང་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས། །རོ་སྣང་ཚོགས་སུ་ཤེས་ན་མཆོད་པའི་གནད། །བཅུད་དང་མི་བཅུད་ཞེན་སྣང་རང་སར་གྲོལ། །ཞེན་མེད་བཟའ་བཏུང་འཕགས་པ་དགྱེས་པའི་རྫས། །རོ་སྣང་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས། །རེག་སྣང་མཉམ་ཉིད་ཤེས་ན་རོ་སྙོམས་གནད། །འགྲང་ལྟོག་ཚ་གྲང་སྣང་བ་རང་སར་གྲོལ། །ཞེན་མེད་ཕྱི་ནང་རེག་བྱ་ལྷའི་ཕྲིན་ལས། །རེག་སྣང་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས། །ཆོས་ཀུན་སྟོང་པར་ཤེས་ན་ལྟ་བའི་གནད། །བདེན་རྫུན་བློ་ཡི་འཛིན་སྟངས་རང་སར་གྲོལ། །ཞེན་མེད་སྣང་སྲིད་འཁོར་འདས་ཆོས་སྐུའི་ངང་། །རྟོག་ཚོགས་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས། །ཞེ་སྡང་ཡུལ་རྗེས་མི་འབྲང་ཁྲོ་བློ་ལྟོས། །ཁྲོ་སྣང་རང་ཤར་རང་གྲོལ་གསལ་སྟོང་ངང་། །གསལ་སྟོང་མེ་ལོང་ཡེ་ཤེས་ལོགས་ན་མེད། །ཞེ་སྡང་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས། །ང་རྒྱལ་ཡུལ་རྗེས་མ་འཛིན་འཛིན་བློ་ལྟོས། །མཆོག་འཛིན་རང་ཤར་རང་གྲོལ་ཡེ་སྟོང་ངང་། །ཡེ་སྟོང་མཉམ་ཉིད་ཡེ་ཤེས་ལོགས་ན་མེད། །ང་རྒྱལ་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས། །འདོད་ཆགས་ཡུལ་རྗེས་མ་ཞེན་ཞེན་བློ་ལྟོས། །ཞེན་སྣང་རང་ཤར་རང་གྲོལ་བདེ་


ZP04_Page_735
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དང་། །བདེ་སྟོང་སོར་རྟོག་ཡེ་ཤེས་ལོགས་ན་མེད། །འདོད་ཆགས་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས། །ཕྲག་དོག་ཡུལ་རྗེས་མ་འབྲང་དཔྱོད་བློ་ལྟོས། །རྟོག་དཔྱོད་རང་ཤར་རང་གྲོལ་བློ་སྟོང་ངང་། །བློ་སྟོང་བྱ་གྲུབ་ཡེ་ཤེས་ལོགས་ན་མེད། །ཕྲག་དོག་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས། །གཏི་མུག་ཡུལ་ལ་མ་རློམ་རང་ངོ་ལྟོས། །རྟོག་ཚོགས་རང་ཤར་རང་གྲོལ་རིག་སྟོང་ངང་། །རིག་སྟོང་ཆོས་དབྱིངས་ཡེ་ཤེས་ལོགས་ན་མེད། །གཏི་མུག་རང་གྲོལ་ངང་ནས་ཡིག་དྲུག་སྒྲོངས། །གཟུགས་ཕུང་ཡེ་སྟོང་སྐྱེ་མེད་ནམ་མཁའི་ངང་། །སྟོང་ཉིད་རིག་པའི་ཐིག་ལེ་སྤྱན་རས་གཟིགས། །འཕགས་པ་ནམ་མཁའི་རྒྱལ་པོ་ལོགས་ན་མེད། །སྟོང་ཉིད་ལྟ་བའི་ངང་ནས་ཡིག་དྲུག་སྒྲོངས། །ཚོར་བ་ཡུལ་སེམས་གཉིས་སྦྲེལ་འཆིང་བའི་ཞགས། །མཉམ་ཉིད་གཉིས་མེད་རྟོགས་ན་སྤྱན་རས་གཟིགས། །འཕགས་པ་དོན་ཡོད་ཞགས་པ་ལོགས་ན་མེད། །རོ་མཉམ་རྟོགས་པའི་ངང་ནས་ཡིག་དྲུག་སྒྲོངས། །འདུ་ཤེས་མཚན་མར་འཛིན་པ་འཁྲུལ་པའི་བློ། །འགྲོ་ཀུན་སྙིང་རྗེས་འཛིན་ན་སྤྱན་རས་གཟིགས། །འཕགས་མཆོག་འཁོར་བ་དོང་སྤྲུགས་ལོགས་ན་མེད། །དམིགས་མེད་སྙིང་རྗེའི་ངང་ནས་ཡིག་དྲུག་སྒྲོངས། །འདུ་བྱེད་འཁོར་བའི་ལས་ཀྱིས་རིགས་དྲུག་འཁོར། །སྲིད་ཞི་མཉམ་ཉིད་རྟོགས་ན་སྤྱན་རས་གཟིགས། །


ZP04_Page_736
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་འདུལ་ཐུགས་རྗེ་ཆེན་པོ་ལོགས་ན་མེད། །གཞན་ཕན་རོ་གཅིག་ངང་ནས་ཡིག་དྲུག་སྒྲོངས། །རྣམ་ཤེས་སེམས་ཀྱི་རང་བཞིན་ཚོགས་བརྒྱད་ཆ། །སེམས་ཉིད་ཆོས་སྐུར་རྟོགས་ན་སྤྱན་རས་གཟིགས། །འཕགས་མཆོག་རྒྱལ་བ་རྒྱ་མཚོ་ལོགས་ན་མེད། །རང་སེམས་སངས་རྒྱས་ཤེས་པས་ཡིག་དྲུག་སྒྲོངས། །ལུས་སྣང་གདོས་བཅས་འཛིན་པ་འཆིང་བའི་རྒྱུ། །སྣང་སྟོང་ལྷ་རུ་ཤེས་ན་སྤྱན་རས་གཟིགས། །འཕགས་མཆོག་ཁ་སརྤ་ཎི་ལོགས་ན་མེད། །སྣང་སྟོང་ལྷ་སྐུའི་ངང་ནས་ཡིག་དྲུག་སྒྲོངས། །ངག་སྣང་བརྗོད་པའི་སྒྲ་རྟོག་འཁྲུལ་པའི་རྒྱུ། །གྲགས་སྟོང་སྔགས་སུ་ཤེས་ན་སྤྱན་རས་གཟིགས། །འཕགས་མཆོག་སེངྒེ་སྒྲ་ཞེས་ལོགས་ན་མེད། །སྒྲ་གྲགས་སྔགས་སུ་ཤེས་པས་ཡིག་དྲུག་སྒྲོངས། །སེམས་སྣང་བདེན་ཞེན་འཁྲུལ་པ་འཁོར་བའི་རྒྱུ། །རྟོག་བྲལ་གཤིས་ལ་བཞག་ན་སྤྱན་རས་གཟིགས། །འཕགས་མཆོག་སེམས་ཉིད་ངལ་བསོ་ལོགས་ན་མེད། །སེམས་ཉིད་ཆོས་སྐུའི་ངང་ནས་ཡིག་དྲུག་སྒྲོངས། །སྣང་སྲིད་ཡེ་ནས་དག་པ་ཆོས་སྐུའི་ངང་། །ཆོས་སྐུའི་རང་ཞལ་མཇལ་ན་སྤྱན་རས་གཟིགས། །འཕགས་མཆོག་འཇིག་རྟེན་དབང་ཕྱུག་ལོགས་ན་མེད། །དག་པ་རབ་འབྱམས་ངང་ནས་ཡིག་དྲུག་སྒྲོངས། །ལྷ་གཅིག་རྒྱལ་བ་ཀུན་འདུས་སྤྱན་རས་གཟིགས། །སྔགས་གཅིག་སྙིང་པོ་ཀུན་འདུས་ཡི་གེ་དྲུག །ཆོས་


ZP04_Page_737
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བསྐྱེད་རྫོགས་ཀུན་འདུས་བྱང་ཆུབ་སེམས། །གཅིག་ཤེས་ཀུན་གྲོལ་ངང་ནས་ཡིག་དྲུག་སྒྲོངས། །བྱས་པས་ཅི་བྱ་བྱ་བྱེད་འཁོར་བའི་རྒྱུ། །བྱས་ཚད་སྙིང་པོ་མེད་པའི་ཚུལ་ལ་ལྟོས། །ད་ནི་བྱར་མེད་ངང་ལ་བཞག་ན་དགའ། །བྱ་བྱེད་ཅམས་སེ་ཞོག་ལ་ཡིག་དྲུག་སྒྲོངས། །སྨྲས་པས་ཅི་བྱ་སྨྲས་ཚད་བྲེ་མོའི་གཏམ། །འབྲེལ་མེད་རྣམ་གཡེང་སྐྱེད་པའི་ཚུལ་ལ་ལྟོས། །ད་ནི་བརྗོད་མེད་ངང་ལ་གནས་ན་དགའ། །སྨྲ་བརྗོད་རྦད་ཀྱིས་ཆོད་ལ་ཡིག་དྲུག་སྒྲོངས། །སོང་པས་ཅི་བྱ་འགྲོ་འདུག་ངལ་བའི་རྒྱུ། །འཁྱམས་ཤིང་ཆོས་ལས་རིང་བའི་ཚུལ་ལ་ལྟོས། །ད་ནི་གཅིག་ཏུ་སེམས་བག་ཕབ་ན་དགའ། །བག་ཕེབ་ལྷོད་ཀྱིས་སྡོད་ལ་ཡིག་དྲུག་སྒྲོངས། །ཟོས་པས་ཅི་བྱ་ཟོས་ཚད་མི་གཙང་རྒྱུ། །ཟ་འདོད་ཚིམ་པ་མེད་པའི་ཚུལ་ལ་ལྟོས། །ད་ནི་ཏིང་འཛིན་ཟས་སུ་ཟོས་ན་དགའ། །བཟའ་བཏུང་བྱེད་འཕྲོ་བོར་ལ་ཡིག་དྲུག་སྒྲོངས། །བསམ་པས་ཅི་བྱ་བསམ་ཚད་འཁྲུལ་པའི་རྒྱུ། །བསམ་དོན་ཐོག་ཏུ་མི་ཁེལ་ཚུལ་ལ་ལྟོས། །ད་ནི་ཚེ་འདིའི་བློ་སྣ་བསྟུངས་ན་དགའ། །བློ་ཐག་རྦད་ཀྱིས་ཆོད་ལ་ཡིག་དྲུག་སྒྲོངས། །འབྱོར་པས་ཅི་བྱ་ལོངས་སྤྱོད་ཞན་པའི་བློ། །བསགས་ཚད་ཤུལ་དུ་ལུས་པའི་ཚུལ་ལ་ལྟོས། །ད་ནི་བདག་འཛིན་ཞེན་པ་བཅད་ན་དགའ། །གསོག་འཇོག་རྩོལ་སྒྲུབ་བོར་ལ་ཡིག་དྲུག་


ZP04_Page_738
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོངས། །ཉལ་བས་ཅི་བྱ་གཉིད་ཚད་གཏི་མུག་ངང་། །སོས་དལ་མི་ཚེ་འཛད་པའི་ཚུལ་ལ་ལྟོས། །ད་ནི་སྙིང་ནས་བརྩོན་འགྲུས་བསྐྱེད་ན་དགའ། །ཉིན་མཚན་རྣམ་གཡེང་སྤངས་ནས་ཡིག་དྲུག་སྒྲོངས། །ལོང་མེད་ལོང་མེད་སྡོད་པའི་ལོང་མི་འདུག །འཆི་བདག་གློ་བུར་སླེབ་ན་ཅི་ཞིག་བྱ། །ད་ནི་འཕྲལ་ལ་ལྷ་ཆོས་འགྲུབ་ན་དགའ། །ད་ལྟ་ལ་འུར་ཉིད་དུ་ཡིག་དྲུག་སྒྲོངས། །ལོ་དང་ཟླ་གྲངས་ཞག་གི་རྩིས་ཀྱིས་ཅི། །ད་ལྟ་སྐད་ཅིག་འགྱུར་བའི་ཚུལ་ལ་ལྟོས། །སྐད་ཅིག་རེ་རེར་སོང་བཞིན་འཆི་ལ་ཉེ། །ད་ལྟ་ད་ལྟ་ཉིད་ནས་ཡིག་དྲུག་སྒྲོངས། །ཚེ་ནི་ཉི་མ་བཞིན་དུ་ཕར་ཕར་འགྲོ། །འཆི་བདག་གྲིབ་སོ་བཞིན་དུ་ཚུར་ཚུར་འོང་། །ད་ནི་ཚེ་ལྷག་ཉི་རྒས་གྲིབ་སོ་ཙམ། །སྡོད་པའི་ལོང་ཁོམ་མི་འདུག་ཡིག་དྲུག་སྒྲོངས། །ཆོས་སུ་ཡི་གེ་དྲུག་པ་བཟང་མོད་དེ། །ཁ་ཡེངས་མིག་ཡེངས་བཟླས་པས་འབྲས་མི་འབྱིན། །ངག་བཟླས་གྲངས་ལ་ཞེན་པ་ཨ་འཐས་བློ། །རྩེ་གཅིག་སེམས་ལ་ལྟོས་ལ་ཡིག་དྲུག་སྒྲོངས། །ཡང་དང་ཡང་དུ་རང་གི་སེམས་བརྟགས་ན། །ཅི་ལྟར་བྱས་ཀྱང་ཡང་དག་ལམ་ལ་འགྲོ། །གདམས་པའི་གནད་བརྒྱ་འདུས་པ་འདི་ཁོ་ན། །གནད་དོན་གཅིག་ལ་སྒྲིལ་ལ་ཡིག་དྲུག་སྒྲོངས། །དང་པོར་སྙིགས་མའི་སྤྱོད་ལ་སྐྱོ་བའི་གཏམ། །གཏམ་འདི་རང་གིས་རང་ལ་གདམས་པ་སྟེ། །རང་བློ་གཏིང་ནས་འགྱུར་བའི་སྨྲེ་སྔགས་ཚིག །ཁྱེད་


ZP04_Page_739
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་འདྲ་འམ་སྙམ་ནས་ཕུལ་བ་ལགས། །མི་འདྲ་ལྟ་སྒོམ་མཐོན་པོའི་གདེངས་ཚད་དང་། །ལུགས་གཉིས་བྱ་བཞག་འགྲུབ་པའི་རྣམ་དཔྱོད་བློ། །རང་གཞན་བློ་གཏད་ཕེར་བའི་འདུན་གྲོས་ཤོམས། །ཁྱེད་ལ་ཡོད་པར་གྱུར་ན་མཐོལ་ལོ་བཤགས། །བར་དུ་ལྟ་སྒོམ་གཏན་ལ་འབེབས་པའི་གཏམ། །རྟོགས་པའི་ཉམས་མྱོང་བདག་ལ་མེད་མོད་ཀྱང་། །ཀུན་མཁྱེན་ཡབ་སྲས་བརྒྱུད་པ་རིན་གྲོ་ཆེའི། །གསུང་གིས་བསྐྱངས་པའི་གོ་ཡུལ་བཤད་པ་ལགས། །ཐ་མ་ངེས་འབྱུང་ཆོས་ལ་སྐུལ་བའི་གཏམ། །གཏམ་འདི་བརྗོད་དོན་མེད་ཀྱང་ཤུགས་ཀྱིས་ཐལ། །འོན་ཀྱང་སྲས་བཅས་རྒྱལ་བའི་བཞེད་གཞུང་དང་། །མི་འགལ་ཉམས་སུ་བླངས་ན་སྐུ་དྲིན་ཆེ། །དེ་ལྟར་ཐོག་མཐའ་བར་དུ་དགེ་བའི་གཏམ། །བྲག་དཀར་རྩེ་རྒྱལ་གྲུབ་པའི་བྲག་ཟུག་ཏུ། །སྔར་འདྲིས་གྲོགས་ཀྱིས་བསྐུལ་བ་མ་བཟོད་ནས། །དུག་ལྔ་མེ་འབར་ཨ་བུ་ཧྲལ་པོས་བྲིས། །ཁ་བཤད་རྐྱང་པར་སོང་ཡང་ཅི་ཆ་སྟེ། །དོན་བཟང་འཁྲུལ་བ་མེད་པའི་དགེ་ཚོགས་རྒྱུན། །ཁྱེད་དང་བདག་བཅས་ཁམས་གསུམ་འགྲོ་བ་ཀུན། །ཆོས་མཐུན་བསམ་པ་འགྲུབ་པའི་རྒྱུ་རུ་བསྔོ། །དགེའོ། ༈ འདབ་རྒྱས་ཟེའུ་འབྲུ་རྒྱས་པའི་གེ་སར་གྱི་ལང་ཚོ། །ཉ་གང་ཟླ་བས་ནོན་པའི་འོད་དཀར་གྱི་གདན་ལ། །བདེ་སྟོང་ཕྱག་རྒྱའི་རྣམ་


ZP04_Page_740
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་གཡོ་མེད་དུ་བཞུགས་པའི། །ལྷ་གཅིག་བླ་མ་རྡོ་རྗེ་སེམས་དཔའ་དེ་མཁྱེན་ནོ། །ལས་ངན་ཨ་བུ་ཤྲཱི་རྣམ་གཡེངས་ཅན་ཁྱོད་ཉོན་དང་། །སྔར་འཁྲུལ་འཁྲུལ་པས་བསླུས་བསླུས་ཨི་དྲན་ཨི་གོ །ད་འཁྲུལ་འཁྲུལ་པ་འདི་ལ་བག་ཟོན་དགོས་སོ། །སྟོང་ཟོབ་མི་ཚེ་མ་བསྐྱལ་རང་སེམས་བསྐོར་དང་། །དགོས་མེད་བྱ་བློ་མང་པོ་ད་ནི་སྐྱུར་ཐོང་། །བསམ་བརྒྱ་འགྲུབ་དུས་མེད་པའི་རང་སེམས་སྡུག་ཁུར། །བྱས་བྱས་ཟིན་པ་མེད་པའི་རྣམ་གཡེངས་ཆུ་རིས། །རང་མགོ་རང་གིས་མ་བསྐོར་ཁ་རོག་འདུག་དང་། །བརྒྱ་ཐོས་གཅིག་ཀྱང་མ་ཟིན་ཐོས་པས་ཅི་ཕན། །ཐོས་ཀྱང་དགོས་དུས་མི་དྲན་བསམ་པས་མི་ཕན། །ཉོན་མོངས་གཉེན་པོར་མ་སོང་སྒོམ་པ་སྐྱུར་ཐོང་། །བཟླས་གྲངས་བསྙེན་ཚད་སོང་ཡང་བསྐྱེད་རིམ་མ་གོམས། །ཨ་འཐས་ལྷ་སྐུ་གསལ་ཡང་གཉིས་འཛིན་མ་ཞིག །ལྟར་སྣང་འདྲེ་གདོན་འདུལ་ཡང་རང་རྒྱུད་མ་ཐུལ། །བསྙེན་སྒྲུབ་ཁྲིགས་ཆགས་ལེགས་པའི་ཐུན་བཞི་སྐྱུར་ཐོང་། །མཐོ་ན་གསལ་གསལ་འདྲ་ཡང་ལྷོད་ཆ་མ་སྐྱེས། །དམའ་ན་གནས་གནས་འདྲ་ཡང་དངས་ཆ་མ་ཐོན། །ཕུར་ཚུགས་རིག་ཆ་འདྲ་ཡང་གཏད་སོ་མདུང་ཚུགས། །སེམས་འཛིན་རྟོད་ཕུར་བརྟན་པའི་ལྟ་སྟངས་སྐྱུར་ཐོང་། །བཤད་ཡམ་སྙན་སྙན་འདྲ་ཡང་སེམས་ལ་མི་ཕན། །རིགས་ལམ་རྣོ་རྣོ་འདྲ་ཡང་འཁྲུལ་བའི་རུ་མ། །


ZP04_Page_741
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་ཟབ་ཟབ་འདྲ་ཡང་ཉམས་སུ་མི་ལེན། །སེམས་གཡེངས་མིག་ནད་སྐྱེད་པའི་དཔེ་ལྟས་སྒྱུར་ཐོང་། །རྔ་ཆུང་ཏིང་ཏིང་བརྡུངས་ཀྱང་ཉན་ཡུལ་མཛེས་ཆོས། །ཤ་ཁྱེར་ཁྲག་ཁྱེར་ཟེར་ཀྱང་གཅེས་འཛིན་མ་ཞིག །ཏིང་ཤག་སིལ་སིལ་བརྡུང་ཡང་དམིགས་གཏད་མི་འདུག །མཛེས་མཛེས་ལྟར་སྣང་ལེགས་པའི་ཨོ་ཟོས་སྐྱུར་ཐོང་། །ད་ལྟ་སློབ་སློབ་འདྲ་ཡང་ནམ་ཕུག་མི་སྐྱོང་། །དེ་རིང་ཤེས་ཤེས་འདྲ་ཡང་ག་ལེར་རྗེས་མེད། །བརྒྱ་ལ་ལོབ་ནས་སོང་ཡང་སེམས་ལ་མི་སྐོར། །དོ་གལ་ཆེ་མདོག་ཁ་པོའི་སློབ་མ་སྐྱུར་ཐོང་། །ད་ལོ་གཅེས་གཅེས་འདྲ་ཡང་སང་ཕོད་དེ་མེད། །ཉམ་ཆུང་བྱེད་མདོག་ཁ་ཡང་མཐོ་སྣང་ཆེ་འོང་། །ཕར་ལ་བརྩེ་བས་བསྐྱངས་ན་ཕར་ཕར་རིང་བའི། །ཨ་གསར་ཁ་འཛུམ་ངོ་དགའི་སྙིང་གྲོགས་སྐྱུར་ཐོང་། །འཛུམ་ལམ་དགའ་དགའ་འདྲ་ཡང་ཨི་བདེན་མི་ཤེས། །སྐོར་ཅིག་བདེ་སྣང་འཆར་ཡང་ཟླ་དགུའི་སེམས་ནད། །ཟླ་གཅིག་སྟབས་ཀ་བསྒྲིགས་ཀྱང་འགྲིགས་དུས་དཀའ་བས། །མིས་འཕྱ་རང་སེམས་ཁྲེལ་བའི་གྲོགས་མོ་སྐྱུར་ཐོང་། །བཤད་བཤད་ཟིན་དུས་མེད་པའི་ཆགས་སྡང་རུ་མ། །མཚར་མཚར་ཡག་ཡག་འདྲ་ཡང་གཞན་སྐྱོན་རྗེས་ཟློས། །བཤད་ཡུལ་ཉན་ཉན་འདྲ་ཡང་ཞེ་ཁྲེལ་ཕྲོད་འོང་། །དོན་མེད་ཁ་སྐོམ་སྐྱེ་བའི་སྐད་ཆ་སྐྱུར་ཐོང་། །རང་ལ་ཉམས་མྱོང་མེད་པའི་དཔེ་ཐོག་


ZP04_Page_742
[མ་དཔེ་གཟིགས་ན་འདིར་གནོན།]

བྲོ་བརྡུང་། །ཉན་མཁན་མོས་མོས་འདྲ་ཡང་མི་བདེན་ངོ་མ། །ཆོས་འགལ་རང་གིས་བྱས་ན་ག་ལེར་ངོ་ཚ། །ཁ་བཤད་ལེགས་ལེགས་འདྲ་བའི་ཆོས་བཤད་སྐྱུར་ཐོང་། །མེད་དུས་མཁོ་སྣང་འཆར་ཏེ་ཡོད་ན་མི་མཁོ། །ལྡེབ་གྲངས་ཉུང་སྣང་འཆར་ཡང་བྲི་དུས་ཟད་དཀའ། །ས་སྟེང་དཔེ་ཆ་བྲིས་ཀྱང་ཆོག་ཤེས་མི་སྐྱེ། །བེད་མེད་བྲིས་གླ་མེད་པའི་དཔེ་ཆོད་སྐྱུར་ཐོང་། །དེ་རིང་དགའ་དགའ་འདྲ་ཡང་སང་ཉིན་ཁྲོས་ཡོད། །མི་ངོ་དཀར་ནག་འཚོས་འཚོས་དགའ་དུས་མི་འོང་། །དགའ་ཡང་དགོས་དུས་མི་ཕན་ཡི་ཆད་སྣོན་པ། །ངོ་དགའ་ངོ་བསྟོད་དགོས་པའི་ངོ་འཛིན་སྐྱུར་ཐོང་། །ཆོས་དང་འཇིག་རྟེན་བྱ་བཞག་པོ་རབ་ཕྱག་ལེན། །དེ་འདྲའི་ཤག་པོ་མ་རེ་ཨ་བུ་བུ་ལུ། །གླང་རྒན་སླས་ན་ཉལ་བའི་འདུན་ཕུག་ཨེ་གཟིགས། །ཟ་ཉལ་བཤང་གཅི་འདོར་འདི་མི་བྱེད་ཁ་མེད། །བྱ་བྱེད་དེ་ལས་མ་མང་ཁྱོད་ཀྱི་ཡུལ་མིན། །རང་ཚོད་བྱ་བ་གྱིས་ལ་ཁ་རོག་ཉོལ་སྡོད། །སྟོང་གསུམ་མནན་ཁྱོད་ཡོད་དམན་ས་ཟིན་དགོས། །རྒྱལ་ཁམས་གོང་ན་ཡོད་ཀྱི་མཐོ་སྣང་མ་ཆེ། །རང་འདྲར་གཅིག་ཀྱང་མེད་ཀྱིས་ཤག་པོ་མ་མང་། །ལུགས་གཉིས་བྱ་བ་མེད་ཀྱང་ཡོད་དགོས་མ་ཟེར། །ཐམས་ཅད་ཐམས་ཅད་སྐྱུར་ན་མདོ་དོན་དེ་ཡིན། །ཞེས་རྣལ་འབྱོར་དྲི་མེད་བློ་གྲོས་ཀྱིས་རང་གི་རྒྱུད་ཚོད་དང་བསྟུན་པའི་ཞལ་གདམས་ཨ་བུ་ཤྲཱི་སྙིང་དང་འདྲ་བ་ལ་གདམས་པ་ཉམས་


ZP04_Page_743
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལེན་དགོས། །ཉམས་སུ་ལེན་རྒྱུ་ཅང་མེད་ཀྱང་བྱ་བ་ཐམས་ཅད་སྐྱུར་ན་མདོ་དོན་དེ་ཡིན། ཆོས་མ་འགྲུབ་ཀྱང་མ་ཁྲོ། །ཞེས་གསུངས་སོ། ༈ །གང་ཞིག་འཁོར་བར་འཁྱམས་པའི་འགྲོ་མང་ཁམས། །ཐུགས་བསྐྱེད་སྨོན་པས་དུས་ཀུན་མི་གཏོང་བའི། །བྱང་ཆུབ་སེམས་ཀྱི་མངའ་བདག་དམ་པའི་མགོན། །ཀུན་མཁྱེན་ཡབ་སྲས་བརྒྱུད་པར་གསོལ་བ་འདེབས། །རིང་ནས་དྲིན་གྱིས་བསྐྱངས་པའི་མ་རྒན་འགྲོ། །སྣ་ཚོགས་ལས་ངན་ཁུར་གྱིས་ཆེས་ནོན་ཅིང་། །བཟོད་དཀའི་སྡུག་བསྔལ་ཆར་བཞིན་འབབས་མཐོང་ནས། །བདག་གི་སྙིང་འདི་དུམ་བུར་གས་ལ་ཐུག །འཁྲུལ་རྟོག་གྱ་གྱུའི་བློ་སྣ་བསླུ་བྲིད་མཁས། །ལས་ངན་སྡིག་པའི་གྲོགས་པོ་སྤང་རེ་དཀའ། །རང་ཐག་དམ་པའི་ཆོས་སུ་མ་ཆོད་ནས། །བདག་ཀྱང་འཁོར་བའི་བཙོན་རར་ད་དུང་ཉལ། །ཆུང་ནས་གཞན་དབང་སོང་བས་ཆོས་མ་འགྲུབ། །དར་ནས་འདོད་པའི་རྩེ་དགས་ཆོས་མ་འགྲུབ། །རྒས་ནས་ལང་ཚོ་རྒུད་པས་ཆོས་མ་འགྲུབ། །ཀྱེ་མ་ཀྱི་ཧུད་ད་ནི་ཅི་ཞིག་བྱ། །དུས་ངན་སྐྱེ་བོའི་བསམ་སྤྱོད་གྱ་མ་གྱུ། །སུ་དང་བསྟུན་ཀྱང་དམ་པའི་ཆོས་དང་འགལ། །གང་ལྟར་བྱས་ཀྱང་ཀུན་ལ་མགུ་དུས་མེད། །ད་ནི་དབེན་པའི་རི་ཁྲོད་མི་སྙོགས་རེ། །ཅི་ཙམ་འབྱོར་ཀྱང་སེམས་ལ་ཁེངས་དུས་མེད། །གང་ཙམ་བསྒྲུབས་ཀྱང་ལས་ལ་འགྲུབ་དུས་མེད། །སུ་ངོ་ཟིན་ཡང་ཀུན་ངོ་ཟིན་དུས་མེད། །ད་ནི་མཐུན་འཇུག་བློ་སྣ་མི་བསྟུང་རེ། །ཅི་ཙམ་སྤྱོད་ཀྱང་འདོད་


ZP04_Page_744
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཆོག་ཤེས་མེད། །གང་མང་ཤེས་ཀྱང་ཚིག་ལ་སྙིང་པོ་མེད། །ཚེ་གཅིག་ཟད་ཀྱང་རྣམ་གཡེངས་ཟད་དུས་མེད། །ད་ནི་བློ་སྣ་འབྲལ་ཆོད་མི་བྱེད་རེ། །ཉམས་སུ་མ་ལོན་ཐོས་པས་ཅི་ཞིག་བྱ། །འཁྲུལ་རྟོག་སྐྱེད་འཕེལ་བསམ་པས་ཅི་ཞིག་བྱ། །གཞི་མེད་རེ་དོགས་སྒོམ་པས་ཅི་ཞིག་བྱ། །ད་ནི་ཆོས་མེད་གཅེར་ཉལ་མི་བྱེད་རེ། །ཚུལ་འཆོས་གཟུགས་བཅོས་འདུལ་བས་ཅི་ཞིག་བྱ། །ཉམས་ལེན་ཁ་བཤད་མདོ་སྡེས་ཅི་ཞིག་བྱ། །དོན་མིང་སྟོང་འདི་ངས་མངོན་པས་ཅི་ཞིག་བྱ། །ད་ནི་སྨྱོན་པ་གང་བདེ་མི་བྱེད་རེ། །བསོག་དཀའ་བསྲུང་དཀའ་འབྱོར་པས་ཅི་ཞིག་བྱ། །མངགས་དཀའ་མགུ་དཀའ་འཁོར་གྱིས་ཅི་ཞིག་བྱ། །འགྲུབ་དཀའ་བསྐྱུར་དཀའ་ཁྱིམ་གྱིས་ཅི་ཞིག་བྱ། །ད་ནི་སྤྲང་པོ་ལམ་ཟན་མི་བསྒུགས་རེ། །སྣང་བ་དགྲར་ལངས་ཉན་ཐོས་དེས་ཅི་བྱ། །རྒན་མོ་བསམ་བཟང་བྱང་སེམས་དེས་ཀོ་ཅི། །ཉོན་མོངས་འཆོལ་ཉོག་གསང་སྔགས་དེས་ཅི་བྱ། །ད་ནི་གུ་ཡངས་ཐ་མལ་མི་སྡོད་རེ། །རང་སྤྱོད་བསམ་ན་རང་ལ་ཁྲེལ་རྒོད་འཆོར། །གཞན་སྤྱོད་བསམ་ན་གཞན་ལ་ཡི་མུགས་སྐྱེ། །ད་ནི་གང་ལ་བསམས་ཀྱང་སྙིང་རླུང་ལྡང་། །ད་ནི་སུ་ལ་བསམས་ཀྱང་ཡི་ཆད་སྐྱེས། །འབྱུང་བ་དགྲར་ལངས་སྣོད་ལ་ཡི་རེ་ཆད། །གཡོ་སྒྱུ་ཟོལ་ཟོག་བཅུད་ལ་ཡི་རེ་ཆད། །ལས་ངན་རྒྱུན་རིང་འགྲོ་ལ་ཡི་རེ་ཆད། །ཚེ་གང་དོན་མེད་ཀུན་ལ་ཡི་རེ་ཆད། །ཡི་ཆད་ཉམས་ཐག་སྡུག་གི་མཆི་མ་འདི། །ཐུགས་རྗེ་ཡས་སྤྲུལ་མགོན་གྱིས་མ་ཕྱིས་ན། །འཁྲུལ་


ZP04_Page_745
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྒྱུན་རིང་འཁོར་བའི་སེམས་ཅན་ལ། །ལས་ངན་སྡུག་བསྔལ་ངལ་གསོ་སུ་ཡིས་སྦྱིན། །ཡོད་ཡོད་མེད་མེད་ཁ་འབྱམས་ཁ་ལ་ཁྱེར། །ཡིན་ཡིན་མིན་མིན་ཚིག་གིས་མགོ་བསྐོར་གཏོང་། །ཏོག་གེ་མགོ་མཁྲེགས་ལྟ་བས་བསླུས་མཐོང་ནས། །ད་ནི་ལྟ་བ་ཕྱགས་མས་འདེགས་སྙིང་འདོད། །ལྷ་མཐོང་འདྲེ་མཐོང་ཉམས་ཀྱིས་སྣང་བ་བྲིད། །ཁ་གདངས་མིག་བགྲད་ལྷ་བསྒོམ་འདྲེ་རུ་ལོག །ཨུ་ཚུགས་གླེན་སྒོམ་སྒོམ་པས་བསླུས་མཐོང་ནས། །ད་ནི་སྒོམ་པ་རླུང་ལ་བསྐུར་སྙིང་འདོད། །ཚེ་འདིར་དོན་གཉེར་འདུལ་སྤྱོད་རྟགས་ལ་རེ། །འདོད་ཆགས་དོན་གཉེར་སྔགས་སྤྱོད་རྐུབ་ལ་རེ། །གནད་མེད་སྟོང་རྒྱུག་སྤྱོད་པས་བསླུས་མཐོང་ནས། །ད་ནི་སྤྱོད་པ་ཆུ་ལ་བསྒྱུར་སྙིང་འདོད། །རང་འདོད་ཕུག་བཅུག་གཞན་ཕན་ཁ་ལ་རེ། །རང་ངོ་མ་འཕྲོད་ངོ་སྤྲོད་རོ་ལ་འདེབས། །རང་དོན་མ་འགྲུབ་གཞན་ཕན་བསླུས་མཐོང་ནས། །ད་ནི་འགྲོ་དོན་གཡངས་ལ་བསྐུར་སྙིང་འདོད། །རྟོག་ངོ་རང་རིག་བཅོས་མའི་གཅེར་ལ་རེ། །གནས་ངོ་རྒྱ་ཡན་ཟིན་བུའི་ཉམས་ཀྱིས་བཅིངས། །ཡིན་རློམ་ང་རྒྱལ་འབྲས་བུས་བསླུས་མཐོང་ནས། །ད་ནི་འབྲས་བུ་ཆུ་ལ་འཕེན་སྙིང་འདོད། །རང་ཉམས་མ་ལོན་གཞན་ལ་ཆོས་བཤད་བྱེད། །ཐོས་པ་དགྲར་ལངས་ལོག་ལྟས་རང་རྒྱུད་སྤོས། །ཚིག་མཐའ་རྒྱང་དེད་ཐོས་པས་བསླུས་མཐོང་ནས། །ད་ནི་ཐོས་བསམ་རྒྱུན་ཐག་བཅད་སྙིང་འདོད། །དབང་མེད་འཁོར་ངན་འཐབ་མོས་རང་སྐྱིད་ཕུད། །ལོག་ལྟ་སྐུར་འདེབས་མི་ཁས་རང་གཞན་ཕུང་། །


ZP04_Page_746
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་མདོ་མེད་ནག་མོས་བསླུས་མཐོང་ནས། །ད་ནི་མཇེ་གོག་རྩད་ནས་བཅད་སྙིང་འདོད། །རང་ལུགས་མི་སྒྲུབ་གཞན་ལུགས་སྒྲུབ་ལ་རྒྱུག །གཅིག་ཉམས་མ་ལོན་གཉིས་སྒྲུབ་ཟབ་ལ་རེ། །བློ་མང་སེམས་གཡེངས་ཡིག་སྣས་བསླུས་མཐོང་ནས། །ད་ནི་ཉམས་ལེན་གཅིག་ལ་དྲིལ་སྙིང་འདོད། །གཏོང་ཕོད་མེད་པའི་ནོར་སྒྲུབ་བསེ་རག་འཁོར། །བྱང་སེམས་མེད་པའི་དབང་སྡུད་རང་དབང་འཆོར། །མཆོག་བོར་ལས་སྒྲུབ་ལྷ་འདྲེས་བསླུས་མཐོང་ནས། །ད་ནི་རང་སེམས་དབང་དུ་སྡུད་སྙིང་འདོད། །གང་ལྟར་བསམས་ཀྱང་འགྲུབ་དུས་མི་འདུག་གི །ཇི་ལྟར་བྱས་ཀྱང་སྙིང་པོ་མི་འདུག་གི །བྱས་བྱས་བསྒྲུབས་བསྒྲུབས་རང་གཞན་བསླུས་མཐོང་ནས། །ད་ནི་བྱར་མེད་འཆི་བ་སྒུགས་སྙིང་འདོད། །རྟོག་གེ་ཟོལ་ཟོག་གསར་མ་བྱེད་རེ་ཤི། །ཟོག་པོ་གཏེར་རྫུན་རྙིང་མ་བྱེད་རེ་ཤི། །ཚུལ་འཆོས་ངོམ་ཁྱེར་ཆོས་པ་བྱེད་རེ་ཤི། །ང་རྒྱལ་མགོ་མཐོ་བླ་མ་བྱེད་རེ་ཤི། །ཟ་འདོད་སྟོང་རྒྱུག་གྲྭ་པ་བྱེད་རེ་ཤི། །ཕྱི་ཆེ་ནང་སྟོང་བླ་བྲང་བྱེད་རེ་ཤི། །རྙེད་མང་ཡོད་ཉུང་གདུལ་བྱ་བྱེད་རེ་ཤི། །རང་གཡེང་གཞན་བསླུ་ཆོས་བཤད་བྱེད་རེ་ཤི། །མགོ་དམ་མཇུག་ལྷོད་དགེ་སློང་བྱེད་རེ་ཤི། །ཁ་འཇམ་རྒྱུད་རྩུབ་བྱང་སེམས་བྱེད་རེ་ཤི། །སྡོམ་ཤོར་སྟུ་དགའ་སྔགས་པ་བྱེད་རེ་ཤི། །རེ་དོགས་ཟད་མེད་སྒྲུབ་པ་བྱེད་རེ་ཤི། །ད་ནི་མི་བྱེད་བྱས་པས་བསླུས་ལ་ལྟོས། །ད་ནི་མི་བསམ་བསམས་པས་འཁྲུལ་ལ་ལྟོས། །ད་ནི་མི་བཤད་བཤད་པས་གཡེངས་ལ་ལྟོས། །ད་ནི་མི་སྒྲུབ་བསྒྲུབས་པས་བཅིངས་ལ་ལྟོས། །ད་ནི་ཁྱི་རྒན་གྲོང་


ZP04_Page_747
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཉུལ་སྙིང་འདོད། །ད་ནི་བ་རྒན་སླས་སུ་ཉལ་སྙིང་འདོད། །ད་ནི་མདོ་མེད་ཅི་དགར་བྱེད་སྙིང་འདོད། །ད་ནི་མངོན་ཆུང་སྤྲང་འཁྱམས་བྱེད་སྙིང་འདོད། །བླ་མ་མི་དགོས་རང་རྒྱུས་རང་གིས་ཤེས། །གྲ་པ་མི་དགོས་རང་གཡོག་རང་གིས་ཐུབ། །བློ་རྩེ་མི་དགོས་སྐྱབས་འགྲོ་ཁ་ཏོན་ཤེས། །ད་ནི་ཅི་བྱུང་གང་བྱུང་ཡིན་པ་སྙམ། །མདོ་མེད་ཤི་རོའི་རང་ཚུགས་དེ་འདྲ་སྟེ། །ཁྱི་རྒན་རུལ་བའི་སྣང་ཚུལ་དེ་ལྟར་ལགས། །ང་རྗེས་མ་སློབ་བསྟན་འཛིན་དམ་པ་རྣམས། །ཡ་རབས་སྤྱོད་ལ་སྤྱན་མིག་ཡངས་པར་མཛོད། །ཕྱི་ཚུལ་སོ་ཐར་ཆོས་གོས་སེར་ཟང་ཟང་། །ནང་ཚུལ་བྱང་སེམས་གཏོང་སྡུད་འཚུབ་ཉིལ་ཉེལ། །གསང་བསྔགས་སྤྱོད་པ་རླ་ཁུག་རློན་ཅ་རེ། །དེ་འདྲའི་སྡོམ་པ་སུམ་ལྡན་མཛད་པར་ཞུ། །རང་དོན་ལྟ་སྒོམ་ལྟ་སྟངས་མཐོ་ཅེར་ཅེར། །གཞན་དོན་ཆོས་བཤད་སྙན་འགྱུར་འུར་ཆེམ་ཆེམ། །གཉིས་དོན་འཁོར་སློབ་འདུ་བ་བྲེལ་ལིང་ལིང་། །དེ་འདྲའི་དོན་གཉིས་མཐར་ཕྱིན་མཛད་པར་ཞུ། །ཆོས་ཕྱོགས་ཐོས་བསམ་སྒོམ་པའི་རྣམ་གྲངས་མང་། །འཇིག་རྟེན་གཡོ་སྒྱུ་སྐོར་མགོའི་བློ་སྣ་རྒོད། །ཟུང་འཇུག་བྱ་བ་ལས་ཀྱི་འཁོར་ལོ་རྒྱས། །དེ་འདྲའི་ལུགས་གཉིས་ཁྱད་འཕགས་མཛད་པར་ཞུ། །མཚན་ཉིད་གཞུང་བཤད་མཁས་མང་ཁ་ལས་ཉོས། །གསང་སྔགས་ཟབ་དོན་ཟབ་གཏེར་རྡོ་


ZP04_Page_748
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བརྐོས། །སྣ་ཚོགས་ཉམས་དབྱངས་ཀློང་རྡོལ་ཐུགས་ལ་ཤར། །དེ་འདྲའི་མཁས་གྲུབ་གཏེར་སྟོན་མཛད་པར་ཞུ། །གྲུབ་མཐའ་ཀུན་ཤེས་ཤེས་ཐོབ་ཡིག་ཚོགས་མང་། །ཡི་དམ་ཀུན་སྒྲུབ་ཐུགས་དམ་རྣམ་གྲངས་མང་། །ཆོས་སྐྱོང་ཀུན་བསྟེན་གཏོར་བསྔོས་སོད་ཁ་མཐོ། །དེ་འདྲའི་བླ་མ་མཚན་ལྡན་མཛད་པར་ཞུ། །ཕྱི་ཚུལ་གཟུགས་མཛེས་སྤྱོད་ལམ་ཆ་ལུགས་གཙང་། །ནང་ཚུལ་བློ་རྣོ་ངོ་དགའ་རྙེད་ཚོལ་མཁས། །བལྟ་དགའ་འགྲོགས་སྐྱིད་སེར་སྣའི་མདུད་བ་གྲོལ། །དེ་འདྲའི་གྲ་པ་མཚན་ལྡན་བསྟེན་པར་ཞུ། །ཆོས་ཕྱོགས་ལག་དམ་མཐུན་འཇུག་རྣམ་གྲངས་མཁས། །རང་དབང་མི་སྦྱིན་དཀོར་ཐོག་འགྱེད་ལ་མཁས། །རྙེད་ལོན་འཕྲལ་སྡུད་འཇའ་ཚོན་བྲིད་མཁས་པའི། །དེ་འདྲའི་ཕྱག་མཛོད་ཚད་ལྡན་བསྟེན་པར་ཞུ། །ཟད་བསྒོམ་མེད་བཟླས་ཐབས་མེད་གཏོང་སྒོ་ཡངས། །བཟང་བཅོད་ངན་འཇོག་ཁངས་དཀའ་སྟོང་པར་སླ། །བཞིན་སྡུད་སྡང་གཟིགས་དམན་ལ་ཕྱག་ཀྱང་འབེབས། །དེ་འདྲའི་གཉེར་པ་ཚད་ལྡན་བསྟེན་པར་ཞུ། །དེ་ལྟར་མཛད་ན་སྤྲུལ་སྐུའི་གྱོང་མ་བརྡབས། །བསླུས་པ་ཁེབ་ཆེ་བླ་བྲང་རྐང་མ་སྟོང་། །གྲ་པའི་མགོ་བདུས་རང་གཞན་དོན་གཉིས་འགྲུབ། །དེ་འདྲའི་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག ༈ །ཆིག་བརྒྱུད་མན་ངག་གི་ཡི་གེ་རིན་པོ་ཆེའི་མཛོད་ཅེས་


ZP04_Page_749
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་བཞུགས་སོ། །བུ་ཤྲཱིའི་ཡིད་ལ་ངེས་རྒྱུ། བརྗེད་མི་ཉན་པ་གསུམ་ཡོད་དེ། བཀའ་དྲིན་ཅན་གྱི་བླ་མ། །ཐུགས་རྗེ་ཅན་གྱི་སངས་རྒྱས། དྲན་པ་དང་ཤེས་བཞིན། དྲན་དགོས་པ་གསུམ་ཡོད་དེ། །བསླབ་པ་སྦྱིན་པའི་མཁན་པོ། བསླབ་པ་སྟོན་པའི་ཆོས། བསླབ་བྱ་དམ་སྡོམ། ཡོད་དགོས་པ་གསུམ་ཡོད་དེ། ལུས་ན་སེམས། མ་ལན་ལུས། སེམས་ན་ལྷོད། བརྗེད་ན་དགའ་བ་གསུམ་ཡོད་དེ། ཁྲོ་བའི་དགྲ། ཆགས་པའི་ཡུལ། གཏི་མུག་གཉིད། འཛིན་ན་དགའ་བ་གསུམ་ཡོད་དེ། ཚོགས་སུ་ཁ། གཅིག་པུར་ལག །ནམ་ཡང་སེམས། གསང་དགོས་པ་གསུམ་ཡོད་དེ། །རང་གི་ཡོན་ཏན། གཞན་གྱི་སྐྱོན། ཕྱིན་ཆད་ཀྱི་བསམ་བློ། ངོམ་མི་ཉན་པ་གསུམ་ཡོད་དེ། གློ་བུར་གྱི་ངེས་འབྱུང་། གཡོ་སྒྱུའི་ཁུག་མགོ །འཕྲལ་གྱི་དགེ་སྦྱོར། འགྲོར་མི་ཉན་པ་གསུམ་ཡོད་དེ། འཁོན་གྱི་གསེབ། མང་པོའི་ཚོགས། རྩེད་མོའི་གྲལ། བཤད་མི་ཉན་པ་གསུམ་ཡོད་དེ། མི་མོས་པ་ལ་ཆོས། མ་འདྲིས་པ་ལ་ལོ་རྒྱུས། མི་སྲིད་པའི་སྐད་ཆ། མི་དགོས་པ་གསུམ་ཡོད་དེ། གྲོགས་ལ་དགའ་སྡུག །གཏམ་ལ་འགྱུར་ལྡོག །ཕྱ་བ་ལ་ངོ་ལྐོག །བྱེད་མི་ཉན་པ་གསུམ་ཡོད་དེ། རང་མཐོང་གི་འགྱིང་། གཞན་གྱི་བླ་བཙག །སུ་ལའང་བརྙས་བཅོས། འཆོར་མི་ཉན་པ་


ZP04_Page_750
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡོད་དེ། མཐོན་པོ་ལ་རྒྱུ། ཟོག་པོ་ལ་དད་པ། སུ་ལའང་སྙིང་གཏམ། བརྟག་མི་ཉན་པ་གསུམ་ཡོད་དེ། མཛེས་མའི་ལུས། གྲོགས་ཀྱི་བྱ་བ། །རང་གི་ཡོན་ཏན། བསྟུན་དགོས་པ་གསུམ་ཡོད་དེ། གཏམ་གྲོགས་དང་བསྟུན། གོས་ཡུལ་དང་བསྟུན། སེམས་ཆོས་དང་བསྟུན། ཉན་མི་ཉན་བ་གསུམ་ཡོད་དེ། གཞན་གྱིས་བསྟོད་པ། ཨ་གསར་གྱི་སྐད་ཆ། ཤེས་མེད་ཀྱི་ཁྱད། ཡིད་ཀྱིས་སྨོན་མི་ཉན་པ་གསུམ་ཡོད་དེ། ཕྱུག་པོའི་རྒྱུ། མཐོན་པོའི་ཐོབ། འཕྱོར་པོའི་རྒྱན། གཏམ་གྱིས་སྨོད་མི་ཉན་པ་གསུམ་ཡོད་དེ། ཡུལ་སྡེས་བརྩི་པའི་མི། གཞན་གྱིས་བཙོང་རྒྱུའི་ནོར། རང་ལ་བརྩེ་བའི་བཤེས། །བསྟོད་མི་ཉན་པ་གསུམ་ཡོད་དེ། ཀུན་གྱིས་སྨད་པའི་མི། རང་མཐོང་ཅན་གྱི་གླེན་པ། ཅང་མི་ཤེས་པའི་བྱིས་པ། བསྟོད་སྨད་གཉིས་ཀ་མི་ཉན་པ་གསུམ་ཡོད་དེ། རང་གི་ཉེ་འབྲེལ། རྒྱུས་མེད་ཀྱི་བླ་མ། ལར་སུ་ལ་ཡང་། དེ་ལ་སོགས་པ་དུ་མ་ཞིག་ཡོད་དེ། མདོར་དྲིལ་ན་དུས་ནམ་ཡང་རང་གྒིས་རང་ལ་ལྟོས། མ་བརྗེད། ཆོས་དང་འཇིག་རྟེན་གཉིས་ཀ་འདིར་འདུས། གདམས་ངག་ཚིག་གཅིག་ཡིན། ཤིན་ཏུ་ཟབ། རྣལ་འབྱོར་བ་དྲི་མེད་བློ་གྲོས་ཀྱིས་བུ་ཤྲཱི་སྙིང་དང་འདྲ་བ་ལ་གདམས་པ་ཡིན་པས་ཉམས་སུ་ལོངས་ཤིག །།དགེའོ།། ཀུན་བཟང་


ZP04_Page_751
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱལ་ལ་གདམས་པ། །རྒྱལ་དང་རྒྱལ་བའི་སྲས་པོ་ཇི་སྙེད་པ།། །།ཀུན་གྱི་ཐུགས་རྗེ་བྱིན་རླབས་འདུས་པའི་དཔྱིད། །དྲིན་ཆེན་བླ་མ་རྫོགས་པའི་སངས་རྒྱས་དགོས། །མི་འབྲལ་སྤྱི་གཙུག་རྒྱན་དུ་རྟག་པར་བཞུགས། །གང་ཞིག་འཁོར་བའི་གནས་ཀུན་ཉེས་པའི་སྣོད། །དུག་སྦྲུལ་གཡབ་དང་འདྲ་བར་ལེགས་མཁྱེན་ནས། །ཡང་དག་ཐར་པའི་ལམ་ལ་འབྱོན་བཞེད་པ། །དེ་དག་ཀུན་གྱི་ལག་ལེན་འདི་ལྟར་ལགས། །དང་པོ་ངེས་འབྱུང་ཆོས་ཀྱི་མགོ་ཡིན་པས། །ཡ་ཀི་དགའ་ལྡན་ལྷ་ཡུལ་མན་ཆད་ནས། །མ་ཀི་ངན་སོང་གནས་གསུམ་ཡན་ཆད་ཀྱི། །འཁོར་བའི་གནས་འདི་མེ་ཡི་འོབས་ལྟ་བུར། །ཤེས་ནས་ཐེག་གསུམ་ལམ་ལ་སློབ་པ་དགོས། །བར་དུ་བྱང་སེམས་ཆོས་ཀྱི་ལུས་ཡིན་པས། །འགྲོ་བ་འདི་ཀུན་ཕ་དང་མར་ཤེས་ནས། །དེ་དག་དོན་དུ་སངས་རྒྱས་ཐོབ་འདོད་བློ། །བཅོས་མ་མིན་པར་སྙིང་ནས་སྐྱེ་བ་དགོས། །ཐ་མ་ཡང་དག་ལྟ་དང་དེའི་ཉམས་ལེན། །ཕར་ལམ་མྱུར་དགྲོད་ཆོས་ཀྱི་རྐང་པ་སྟེ། །སྣང་སྲིད་ཆོས་ཀུན་སྤྲོས་བྲལ་སྟོང་བའི་ངང་། །ལུང་དང་རིགས་པས་གཏན་ལ་འབེབས་པ་ལགས། །འཁོར་འདས་ཆོས་ཀུན་རྩ་བ་རང་གི་སེམས། །སེམས་ནི་དང་པོ་བྱུང་བའི་ཡུལ་མེད་ཅིང་། །བར་དུ་གནས་པའི་གཞི་མེད་སྟོང་པ་ཉིད། །ཐ་མ་འགྲོ་འོང་བྲལ་བ་


ZP04_Page_752
[མ་དཔེ་གཟིགས་ན་འདིར་གནོན།]

གཉུག་མའི་ངང་། །བྱུང་གནས་འགྲོ་གསུམ་དྲལ་བའི་རང་སེམས་ལ། །བལྟར་མེད་རང་ངོ་བལྟས་ན་སྟོང་པར་མཐོང་། །སྟོང་ཉིད་ལེགས་སུ་མེད་དེ་སེམས་ཀྱི་གཤིས། །ཡུལ་མེད་ཟང་ཐལ་མཐོང་ན་ལྟ་བ་ལགས། །གནས་ལུགས་ལྟ་བའི་ཉམས་ལེན་དེའི་ངང་དུ། །རྩལ་སྣང་འཁྲུལ་པའི་རྣམ་རྟོག་ཅི་ཤར་ཡང་། །སྤང་བླང་ཆེད་འཛིན་མེད་པར་ཕྱམ་བརྡལ་བའི། །ཡེངས་སྒོམ་བྲལ་བའི་མཉམ་བཞག་སྒོམ་པ་ལགས། །ཡུལ་སྣང་དགའ་སྡུག་ཆགས་སྡང་རེ་དོགས་བློ། །གང་ལའང་སྤང་བླང་དགག་སྒྲུབ་མི་བྱ་བར། །ཐམས་ཅད་མཉམ་པའི་ངང་ནས་འགྲོ་དང་འདུག །སྒྱུ་མའི་རོལ་པར་འཆར་བ་སྤྱོད་པ་ལགས། །མདོར་ན་རང་ངོ་ཤེས་པ་ལྟ་བ་ལ། །དེ་ཡི་ངང་ལ་གནས་པ་སྒོམ་པ་སྟེ། །དེ་ཉིད་རྐྱེན་དང་བསྲེ་བ་སྤྱོད་པའི་གནད། །ལྟ་སྒོམ་སྤྱོད་འབྲས་ཐ་དད་མེད་པ་ལགས། ལྟ་བ་གང་ཡང་ཞེན་པ་མེད་པ་གཙོ། །སྒོམ་པ་གང་ཡང་འཛིན་པ་མེད་པ་གནད། །སྤྱོད་པ་གང་ཡང་ཆོས་དང་མཐུན་པ་མཆོག །ལྟ་སྒོམ་སྤྱོད་འབྲས་གཅིག་ཏུ་འདྲིལ་བ་གནད། །ཅི་ནས་རང་གི་སེམས་ལ་མི་ཕན་པའི། །ཆོས་དེ་ཁ་ཆོས་ཡིན་གྱི་དོན་ཆོས་མིན། །རང་གི་སེམས་ལ་ཁྱད་པར་མི་འདུག་ན། །ལོ་བརྒྱར་མཚམས་སྒྲུབ་བྱས་ཀྱང་ངལ་བའི་རྒྱུ། །དེ་ཡང་ཡང་དག་ཆོས་ཀྱི་གནད་འགགས་ཀུན། །


ZP04_Page_753
[མ་དཔེ་གཟིགས་ན་འདིར་གནོན།]

དོར་ནས་གཟུགས་བརྙན་སྒྲུབ་པའི་སྒྲུབ་པ་པོས། །ནེ་ཙོའི་འདོན་པ་ལྟ་བུའི་ཉམས་ལེན་འདི། །འཁྲུལ་མེད་རྒྱལ་བསྟན་ཡིན་སྙམ་བདག་ལ་མེད། །ལོ་མཚམས་ཟླ་མཚམས་ཁ་གྲངས་གྲངས་རྫོགས་ཤིང་། །དུང་ཕྱུར་དུང་ཕྱུར་བཟླས་པའི་གྲངས་འཁྱོལ་ཡང་། །སེམས་ལ་ཆགས་སྡང་རྨོངས་གསུམ་མ་བྲི་ན། །ཆོས་དེ་དོན་མེད་ཁོ་ན་ལགས་སྙམ་བགྱིད། །བསྐྱེད་རྫོགས་མེད་པའི་ཆོ་ག་ཐུན་བཞི་དང་། །དྲག་དྲན་མེད་པའི་རྔ་རོལ་འུར་ཆེམས་དང་། །ཏིང་འཛིན་མེད་པའི་བཟླས་བརྗོད་འབུག་འབུག་འདི། །ཐར་པའི་ལམ་ལ་ཕྱོགས་ཙམ་ཉེ་རེ་ཀུན། །གལ་ཏེ་བསྐྱེད་རྫོགས་ཏིང་འཛིན་ཡོད་ན་ཡང་། །ཡང་དག་བྱང་ཆུབ་སེམས་དང་མ་འབྲེལ་ན། །འཁྲུལ་སྣང་འཁོར་བར་སྐྱེ་བའི་ས་བོན་ལས། །རྣམ་མཁྱེན་གོ་འཕང་འཐོབ་ལ་མི་ཕན་ནོ། །དེས་ན་གནད་དོན་མེད་པའི་ཆོས་གཟུགས་དང་། །འཁྲུལ་སྣང་ཚེ་འདི་སྒྲུབ་བའི་བན་འཁྱམས་དང་། །དཀོར་ཟན་དལ་ཁོམ་མེད་པའི་བླ་ཆུང་གི །ལད་མོ་མ་བྱེད་རང་སེམས་ཆོས་ཀྱིས་ཐུལ། །སེམས་ཐུལ་སེམས་ཐུལ་རང་སེམས་ཆོས་ཀྱིས་ཐུལ། །བློ་ལྡོག་རྣམ་བཞིས་རང་གི་སེམས་ཐུལ་ན། །ལྟ་སྒོམ་བཟླས་བརྗོད་བསྐྱེད་རྫོགས་མེད་ན་ཡང་། །ཐར་པའི་ལམ་ལས་གཞན་དུ་འཕྱུགས་པ་མེད། །བློ་སྦྱོངས་


ZP04_Page_754
[མ་དཔེ་གཟིགས་ན་འདིར་གནོན།]

བློ་སྦྱོངས་རང་གི་བློ་འདི་སྦྱོངས། །བྱང་ཆུབ་སེམས་ཀྱིས་རང་གི་བློ་སྦྱངས་ན། །ལུས་ངག་དགེ་བ་སྣ་གཅིག་མ་འགྲུབ་ཀྱང་། །རང་གཞན་དོན་གཉིས་མ་འབད་ཤུགས་ཀྱིས་འགྲུབ། །གལ་ཆེན་བྱང་ཆུབ་སེམས་ལ་་ཐུན་གཅིག་ཀྱང་། །ཉམས་ལེན་མི་བྱེད་བསྐྱེད་རྫོགས་སྒོམ་ལོ་དང་། །བཟླས་བརྗོད་བྱེད་ལོ་ཆོས་པའི་གཟུགས་བརྙན་འདིའི། །ཁ་དེ་གྲོང་ཚོ་དགུ་ཡི་རྐྱགས་པས་ཆོད། །གྲོགས་ཁྱེད་ཡང་དག་ཆོས་ཞིག་སྒྲུབ་དགོངས་ན། །བློ་སྦྱོངས་བློ་སྦྱོངས་སྙིང་རྗེ་བྱང་སེམས་སྦྱོངས། །གལ་ཆེན་ལན་དགུ་བཟླས་འདི་དགོངས་མཛད་ནས། །རང་སེམས་ཆོས་ཀྱིས་ཐུལ་དང་གནད་དེ་ལགས། །ཁོ་བོས་ཡང་དག་བླ་མ་མང་བསྟེན་ཞིང་། །ཕྱོགས་མེད་གྲུབ་མཐར་ཐོས་བསམ་རྒྱ་ཆེར་བྱས། །གནད་དོན་སྙིང་པོར་བཏོན་ན་ཚིག་གཅིག་ཡིན། །ཚིག་འདི་དཔེ་ལ་མ་བཞག་ཉམས་སུ་ལོངས། །ཞལ་གདམས་ཞལ་གདམས་ཟེར་མཁན་མང་ན་ཡང་། །དཔེ་བྲིས་ཤོག་བུར་དྲིལ་ནས་ཉར་ཚག་བྱེད། །དེ་དོན་ཅི་ཡོད་ཙམ་ཡང་མི་ལྟ་ན། །དོན་མེད་ཡི་གེ་བྲིས་པ་ངལ་བའི་རྒྱུ། །དེ་འདྲའི་རང་བཞིན་མ་བྱེད་སྐུ་ཚེ་རིང་། །དེ་དོན་ཉམས་སུ་ལོངས་མཛོད་སྐུ་ཚེ་རིང་། །དེ་འབྲས་འདི་ཕྱིར་མངོན་འོངས་སྐུ་ཚེ་རིང་། །ཞལ་གདམས་དེ་ལས་མེད་དོ་སྐུ་ཚེ་རིང་། །


ZP04_Page_755
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཚེ་རིང་མཛོད་ཀུན་བཟང་ཆོས་རྒྱལ་ཁྱེད། །ལུགས་གཉིས་བྱ་བཞག་བྲལ་བའི་སྤྲང་འཁྱམས་བདག །བླ་མར་མཐོང་ན་ཞལ་གདམས་དེ་ཡིན་ནོ། །གྲོགས་པོར་མཐོང་ན་སྙིང་གཏམ་དེ་ཡིན་ནོ། །རྒྱལ་འཕགས་དགོན་དུ་ཀུན་བཟང་ཆོས་རྒྱལ་ལ་གདམས་པ་དགེ།། །།དགེའོ།། ༈ ལྷུན་གྲུབ་རྡོ་རྗེར་གདམས་པ། རྟག་ཏུ་རྒྱལ་བ་ཀུན་དང་སེམས་ཅན་གྱི། །སྙིང་ལ་བདེ་ཆེན་རོ་གཅིག་ཡེ་ཤེས་སེམས། །འཇམ་པའི་དབྱངས་དེ་ང་དང་ཁྱོད་ཀྱི་ཡང་། །བྱང་ཆུབ་བར་དུ་རིགས་བདག་དགེ་གྱུར་ཅིག །ངན་སྤྱོད་སྣ་དགུ་བག་མེད་བྱུང་རྒྱལ་གྱིས། །རྒྱུས་ཡོད་ཡིད་ལ་སུན་པ་བསྐྱེད་ཟིན་ཀྱང་། །རྒྱུས་མེད་ཡུལ་ནས་ལྷུན་གྲུབ་རྡོ་རྗེ་དེས། །བཟང་པོར་མཐོང་ནས་ཨ་བུ་ཧྲལ་པོ་བཀུར། །མ་སྨིན་སྨིན་འདྲའི་ཕྱི་ཡི་ཚུལ་དཔགས་ནས། །ཨ་མྲའི་རོ་བཞིན་ཆོས་དོན་བླང་འདོད་དེ། །སྤང་བླང་གནས་ལ་རྩོམ་པ་གྱིས་ཤིག་ཅེས། །ནན་གྱིས་བསྒོས་ནས་བྲི་གཞིའི་ལྡེབ་མའང་བྱིན། །དམ་པའི་ཞལ་གདམས་དམན་པས་ཉན་རིགས་ཀྱང་། །གདོལ་པའི་གཏམ་ལ་སུ་ཡིས་ཡིད་ཆེས་འོས། །འོན་ཀྱང་རི་དྭགས་རོ་ལས་གླ་རྩི་བཞིན། །ལེགས་པར་བཤད་པ་ཀུན་ལས་བླང་འོས་ཡིན། །དམ་པ་དུ་


ZP04_Page_756
[མ་དཔེ་གཟིགས་ན་འདིར་གནོན།]

མས་ཐུགས་རྗེས་བཟུང་བ་དང་། །མཁས་པའི་གཞུང་ལ་ཅུང་ཟད་སྦྱངས་བའི་མཐུས། །ཉམས་སུ་མ་བླངས་ནེ་ཙོའི་འདོན་པ་ལྟའི། །ལེགས་བཤད་སྨྲ་བ་ལྷ་ཡུལ་བྱ་བཞིན་དབང་། །དེ་སླད་སྤོབས་པ་བསྐྱེད་དེ་ཐོས་པ་དང་། །བསམ་དང་སྒོམ་པའི་གནས་ལས་ལེགས་བརྩམས་ཏེ། །ཁྱོད་ལ་ཅུང་ཟད་གསོལ་གྱིས་འདིར་གསོན་ལ། །བླང་འོས་ལགས་ན་བུང་བས་སྦྲང་བཞིན་བྱེད། །ཀྱེ་ལགས་ཐོས་པ་རིན་ཆེན་སྒྲོན་མེ་སྟེ། །ཐར་ལམ་སྣང་བྱེད་ལམ་དང་ལམ་མིན་འབྱེད། །བླང་དོར་གོ་འབྱེད་མིག་དང་འདྲ་བས་ན། །ལམ་ཞུགས་རྣམས་ཀྱིས་ཅིས་ཀྱང་བསྟེན་འོས་ཡིན། །དྲུག་པའི་ས་བརྙེས་རྒྱལ་སྲས་ཆེ་རྣམས་ཀྱང་། །ཚིགས་བཅད་གཅིག་ཕྱིར་སྟོང་གསུམ་མེ་མདག་གིས། །གང་ལས་འབོག་ནས་ཐོས་པ་འཚོལ་མཛད་ན། །གནས་འདི་འདོར་ལ་ལམ་བཟང་ཇི་ལྟར་ཡོད། །ཐར་པའི་ཆ་མཐུན་ཚོགས་ཀྱི་ལམ་མཆོག་ཏུ། །ཐོས་པ་ཁོ་ནས་རང་རྒྱུད་གྲོལ་དགོས་ཀྱི། །སྒོམ་པའི་ཡེ་ཤེས་ཅིག་ཅར་སྐྱེ་དཀའ་བས། །ཤེས་རབ་གསུམ་ལས་དང་པོར་ཐོས་པ་བསྔགས། །ཐོས་བྲལ་གང་ཟག་བསམ་དང་སྒོམ་པ་ལ། །སྦྱོར་བར་རློམ་ཡང་ལམ་དང་ལམ་མིན་པ། །ཤེས་པ་མེད་པས་ལམ་གོལ་གཡང་ས་རུ། །མུན་པར་རྡོ་འཕེན་རང་རྒྱུད་བསླུས་པ་མང་། །ཐོས་པ་བྱ་བ་


ZP04_Page_757
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རབ་རིན་པོ་ཆེ། །རྒྱལ་བའི་སྡེ་སྣོད་བྱིན་རླབས་འོད་སྣང་ཅན། །ཚིག་གཅིག་ཐོས་ཀྱང་བསྐལ་མང་སྒྲིབ་སྦྱོང་བའི། །ཁྱད་ཆོས་དགོངས་ལ་ཉན་ཀློག་ལྟ་བ་བརྩོན། །རྒྱལ་དང་རྒྱལ་སྲས་སེམས་དཔའ་ཆེ་རྣམས་ཀྱི། །མཛད་པའི་ཚུལ་དང་བསམ་གྱིས་མི་ཁྱབ་པའི། །ཆོས་ཚུལ་མཐོང་ནས་ཐུན་མོངས་མ་ཡིན་པའི། །མོས་གུས་སྐྱེ་ངེས་ཆོས་ཀྱི་བྱིན་རླབས་ཡིན། །འདི་ལ་མོས་བློ་སྐད་ཅིག་སྐྱེས་པས་ཀྱང་། །བསྐལ་མང་སྒྲིབ་བྱང་ཚེ་རབས་ཐམས་ཅད་དུ། །དཀོན་མཆོག་མི་འབྲལ་རྒྱལ་དང་རྒྱལ་སྲས་དྲུང་། །པདྨོའི་སྟན་གནས་དམ་ཆོས་ཉན་པར་དབང་། །དེ་སླད་གཉིས་སུ་མེད་གསུང་སངས་རྒྱས་ཀྱི། །གསུང་རབ་ཐོག་མཐའ་བར་དུ་དགེ་བ་སྟེ། །འཁྲུལ་མེད་ལེགས་བཤད་གཅིག་པུར་ཤེས་གྱིས་ལ། །ཐོས་པའི་སྒོ་ཆེན་དང་པོ་ཕྱོགས་འདིར་དབྱེ། །བཀའ་ཡི་དགོངས་འགྲེལ་ཕུན་ཚོགས་བསྟན་བཅོས་གཞུང་། །འཕགས་ཡུལ་རྒྱན་དྲུག་ཞི་ལྷ་ཟླ་གྲགས་དང་། །ཡོངས་གྲགས་གྲུབ་བརྙེས་རྒྱལ་བ་དངོས་འདྲ་བའི། །ལེགས་བཤད་ཐོས་བསམ་འཇུག་སྒོ་གཉིས་པར་བཟུང་། །ཁྱད་པར་འཇམ་པའི་དབྱངས་དངོས་ཞི་བ་ལྷའི། །གཞུང་བཟང་བྱང་ཆུབ་ལམ་གྱི་སྲོག་གཅིག་པུར། །བཟུང་ནས་གྲུབ་བརྒྱའི་སྤྱི་མེས་ས་ར་ཧའི། །དོ་ཧའི་སྐོར་ལས་བློ་


ZP04_Page_758
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ཡེ་ཤེས་བཙལ། །ལྔ་རིག་སྣང་བའི་ཉིན་བྱེད་ས་པན་རྗེ། །མདོ་སྔགས་ལེགས་བཤད་འབྱུང་གནས་ཙོང་ཁ་བ། །ཡོངས་རྫོགས་བསྟན་པའི་མངའ་བདག་ཀློང་ཆེན་པ། །གངས་ལྗོངས་འཇམ་པའི་དབྱངས་དངོས་རྣམ་གསུམ་ཡིན། །ཕྱོགས་ལྷུང་གདོན་གྱི་དབང་དུ་མ་གྱུར་བས། །རྣམ་གསུམ་མཁས་པའི་གཞུང་ལ་ལེགས་སྦྱངས་ན། །ཡོངས་རྫོགས་རྒྱལ་བའི་བསྟན་པ་རིན་པོ་ཆེ། །ཇི་སྙེད་གཞུང་དང་སྤོབས་པའི་ཡུལ་དུ་འགྱུར། །མཁས་པའི་གཞུང་ལ་གོམས་པ་ཆེར་བསྐྱེད་ནས། །འཁྲུལ་མེད་ལམ་ལ་ངེས་ཤེས་མ་ཐོབ་བར། །རྟོག་གེ་ཟོལ་མའི་ཆགས་སྡང་བསྟན་བཅོས་དང་། །རྫུན་གཏེར་ཟོག་པོའི་བསླུ་ཆོས་དུག་ལྟར་འཛེམ། །རང་བློ་ཡང་དག་ལམ་ལས་མི་ཕྱེད་ཅིང་། །སྤང་བླང་གནས་ལ་སྤྱོད་པའི་སྐལ་ཐོབ་ཚེ། །ངང་པས་ཆུ་ལས་འོ་མ་ཇི་ལྟ་བར། །ཕྱོགས་མེད་གཞུང་ལས་ལེགས་བཤད་ཆ་ཤས་ལོངས། །དེ་ཚེ་ཐོས་པའི་ཉིན་བྱེད་བཀྲག་འབར་བ། །རྨོངས་བློའི་མུན་པ་འཇོམས་པའི་དཀྱིལ་འཁོར་དེ། །གློ་གྲོས་རླུང་གི་རྟ་བདུན་ལ་ཞོན་ནས། །འཆད་རྩོད་རྩོམ་པའི་གླིང་བཞི་འོས་ཀྱང་བསྐོར། །ཐོས་པའི་ཚིག་གི་གོ་ཡུལ་མང་ན་ཡང་། །བསམ་པས་རང་གི་རྒྱུད་ལ་མ་སྦྱར་ན། །རང་རྒྱུད་ཡང་དག་ལམ་ལས་ཕྱི་རོལ་དུ། །གྱུར་ནས་ངན་འགྲོའི་གཡང་སར་འཁྱམས་


ZP04_Page_759
[མ་དཔེ་གཟིགས་ན་འདིར་གནོན།]

པ་མང་། །དེ་སླད་ཐོས་པའི་ཆོས་རྣམས་རང་རྒྱུད་ལ། །སྦྱར་ནས་ནན་ཏན་བསམ་པས་ཉམས་བླངས་ན། །ཆོས་དང་སེམས་སུ་འདྲེས་ནས་རྒྱུད་གྲོལ་ཞིང་། །ཐོས་པ་མི་བརྗེད་གཟུངས་ཀྱིས་རྒྱས་ཐེབས་འགྱུར། །སྡེ་སྣོད་རྒྱ་ཆེ་གཞུང་ལུགས་གྲངས་མང་ཡང་། །ཀུན་གྱི་སྙིང་པོ་རྒྱལ་བའི་ལམ་དུ་གཅིག །རྒྱལ་བའི་ལམ་བཟང་སྨོན་འཇུག་བྱང་ཆུབ་སེམས། །འདི་ལས་གཞན་མེད་ཆོས་ཀུན་ཉིང་ཁུ་ཡིན། །དམ་ཆོས་འོ་མའི་རྒྱ་མཚོ་བསྲུབས་པའི་སྐྱེས། །བྱང་ཆུབ་སེམས་མཆོག་མར་གྱི་ཉིང་ཁུ་འདི། །ཐར་པའི་སྲོག་གི་ཟུངས་གཅིག་འགྲན་ཟླ་མེད། །དེ་ཕྱིར་ཆོས་ཀྱི་སྡོམ་དུ་བསམ་པར་མཛོད། །ཆོས་གཅིག་བསམས་ན་ཆོས་ཀུན་དེར་འདུ་ཞིང་། །ཆོས་ཀུན་བསམས་ཀྱང་མཐར་ཐུག་དེར་འབབས་པ། །ཆོས་ཀྱི་སྙིང་པོ་སེམས་མཆོག་རིན་པོ་ཆེ། །འདི་ལ་སྤྲོས་ཏེ་ཆོས་རྣམས་བསམ་པར་མཛོད། །དེ་ལྟར་བསམས་ན་རྒྱལ་བའི་ཆོས་མཛོད་ཡིན། །རང་གཞན་གྲུབ་མཐའི་ཆགས་སྡང་རང་སར་ཞི། །བསྟན་པ་ཐམས་ཅད་འགལ་མེད་གཅིག་ཏུ་རྟོགས། །རྒྱལ་བའི་ལམ་དང་ནམ་ཡང་འབྲལ་བ་མེད། །དེ་ལྟར་མ་ཤེས་ཕྱོགས་རེའི་ཐོས་པའི་རྗེས། །བསམས་ཤིང་བསམས་ན་འཆལ་བའི་ཤེས་


ZP04_Page_760
[མ་དཔེ་གཟིགས་ན་འདིར་གནོན།]

རབ་སྐྱེ། །གཞུང་ལུགས་ཐམས་ཅད་འགལ་འདུ་ཁོ་ནར་མཐོང་། །ཆགས་སྡང་དབང་གིས་རང་གཞན་ཕྱོགས་སུ་རྩོད། །ཁྱད་ཆོས་བྱེད་འདོད་ཆོས་སྤངས་ལས་ངན་བསག །ཐ་སྙད་རྟོག་གེའི་རྩོད་པ་རྣམ་འཕེལ་ཏེ། །ཡང་དག་གཞུང་ལུགས་ལོག་པའི་ལམ་དུ་འགྲེལ། །ཆོས་ལ་བརྟེན་ནས་ཆོས་མིན་འཕེལ་བར་འགྱུར། །ཆགས་དང་སྡང་ཞུགས་མི་བཟད་ཀུན་སློང་འཕེལ། །ཆོས་མིན་ཆོས་ལྟར་བཅོས་ནས་སྟོན་པ་དང་། །རྙེད་དང་བཀུར་སྟིའི་ཆེད་དུ་བདག་འཚོང་བའི། །བྱང་ཆུབ་སེམས་དཔའ་ཕམ་པའི་ལག་རྗེས་སུ། །ཤར་བའི་ཡིག་ཕྲན་བདུད་ཀྱིས་བྱས་པ་ན། །རང་སྡེས་མཐོང་ན་ལོག་པའི་ལམ་འགྲོ་ཞིང་། །གཞན་སྡེས་མཐོང་ན་བསྟན་པའི་བླ་འཚོང་ལ། །སུ་ཡིས་མཐོང་ཡང་ཆགས་སྡང་ཁོ་ན་འཕེལ། །དེ་སླད་གསར་ཕྱོགས་རྟོག་གེ་ཟོལ་མ་དང་། །རྙིང་ཕྱོགས་རྫུན་གཏེར་ཟོག་པོའི་བདུད་ལས་འདིས། །ཐར་འདོད་ལོག་ལམ་ཁྲིད་པ་གྲངས་མང་ཞིང་། །བསྟན་སེལ་སྡེ་འཁྲུགས་སློང་བའི་རྗེས་མི་འབྲང་། །ཡང་དག་ལམ་ལ་ཐོས་བསམ་བྱས་པའི་རྗེས། །སྒོམ་པའི་ཉམས་ལེན་བླ་མའི་མན་ངག་བཞིན། །བྱང་ཆུབ་སེམས་ཀྱི་བསླབ་པས་གཞི་བཟུང་ནས། །བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོར་དྲིལ། །བྱང་ཆུབ་སེམས་བྲལ་བསྐྱེད་རྫོགས་སྒོམ་ལོ་ལང་། །


ZP04_Page_761
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་བའི་ལམ་དུ་འགྲོ་བར་དཀའ་བས་ན། །ཡང་དག་རྒྱལ་བའི་ལམ་བཟང་གཞུང་བསྲངས་ཏེ། །ཀུན་ཏུ་བཟང་པོའི་སྤྱོད་ལ་དོན་གཉེར་དགོས། །བསྐྱེད་རིམ་གསང་ཆེན་ལམ་གྱི་གཞི་མ་སྟེ། །གསང་སྔགས་ཐབས་ཀྱིས་ཆེ་བའི་ཁྱད་ཆོས་མཆོག །ཐ་མལ་མཚན་རྡོག་སྡོམ་ལ་མེད་ཐབས་མེད། །དེ་ཕྱིར་འོག་མིན་བགྲོད་པའི་ཐེམ་སྐས་བཞིན། །གཡོ་ཐོབ་གོམས་བརྟན་མཐར་ཕྱིན་གྱུར་གྱི་བར། །རྟོག་པའི་ལྷ་སྐུར་རྩལ་སྦྱོང་ཆོས་ཉིད་དུ། །བསྲེ་བའི་སྣང་སྟོང་ཟུང་འཇུག་རྩལ་འབྱོངས་ནས། །སྲོག་སྡོམ་གཟེར་གཞིའི་མན་ངག་གནད་དུ་བསྣུན། །རྫོགས་རིམ་མཚན་བཅས་རྣམ་པ་གྲངས་མང་ཡང་། །ཀུན་གྱི་རྩ་བ་གཏུམ་མོའི་གནད་ལ་འདུས། །དེ་སླད་མན་ངག་གནད་དང་ལྡན་པ་ཡིས། །དྲོད་ཙམ་དོན་དུ་གཉེར་བ་མ་ཡིན་པར། །རླུང་སེམས་དབུ་མར་འཛུད་པའི་མན་ངག་གིས། །སྣང་གསུམ་དོན་གྱི་འོད་གསལ་ལ་འདྲེས་ན། །རིམ་ལྔ་ཆོས་དྲུག་སྦྱོར་དྲུག་ལ་སོགས་པ། །ཀུན་གྱི་གནད་དོན་གཅིག་ཏུ་འདུས་པ་ཡིན། །རྫོགས་ཆེན་ཀ་དག་ལྷུན་གྲུབ་ཟུང་འཇུག་ལམ། །ཁྲེགས་ཆོད་ཐོད་བརྒལ་གདམས་པའི་ཉམས་ལེན་མཐིལ། །སྙིང་ཏིག་གསང་བའི་མན་ངག་ཇི་ལྟ་བར། །ཚེ་གཅིག་འོད་ལུས་འགྲུབ་པའི་ལམ་ལ་བསླབ། །


ZP04_Page_762
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཐོས་བསམ་སྒོམ་པས་རྒྱལ་བའི་བསྟན། །ཡོངས་རྫོགས་རང་གི་རྒྱུད་ལ་ཉམས་ལེན་པའི། །གནད་དོན་དེ་ལྟར་དགོངས་ན་བསྟན་པ་ཀུན། །འགལ་མེད་ལམ་གྱི་ཆ་ལག་གཅིག་ཏུ་རྟོགས། །དེ་ཕྱིར་རྒྱལ་བའི་བསྟན་པའི་གནད་སྟོན་པའི། །ལེགས་བཤད་ཚིག་འདིས་ཁྱེད་ཐུགས་དགྱེས་སྐྱེད་པའི། །ཆོས་བཞིན་སྨྲ་བའི་ཨ་བུ་ཧྲལ་པོ་ཡང་། །ཆོས་ལ་གོམས་པས་བསྐལ་མང་འདའ་གྱུར་ཅིག །མངྒ་ལམ། བཀའ་དྲིན་མཚུངས་པ་མེད་པའི་ཐུགས་རྗེ་ཅན། །བྱིན་རླབས་བསླུ་བ་མེད་པའི་དཀོན་མཆོག་གསུམ། །ཡིད་ཆེས་ཁྱེད་ཤེས་དད་པས་གསོལ་བ་འདེབས། །རེ་ལྟོས་འགྲོ་བའི་ཤེས་རྒྱུད་ཆོས་ལ་སྒྱུར། །གྲོགས་ཁྱོད་ཡང་དག་ཆོས་ལ་སློབ་འདོད་ན། །སྙིང་ནས་ཡིད་ཆེས་དད་པ་རྩེ་གཅིག་གིས། །བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །བློ་གཏད་བསླུ་བ་མེད་པ་འདི་ལ་གྱིས། །ཆོས་རྣམས་ཀུན་གྱི་གཞི་རྟེན་སྐྱབས་འགྲོ་སྟེ། །སྐྱབས་འགྲོ་མེད་ན་ཐེག་དགུའི་ཆོས་ཤེས་ཀྱང་། །མུ་སྟེགས་ཕྱི་པའི་གཞུང་དང་ཁྱད་པར་མེད། །དེ་ཕྱིར་སྐྱབས་འགྲོ་ཆོས་ཀྱི་རྟེན་གཞིར་ཟུངས། །རྒྱལ་དང་རྒྱལ་སྲས་ཀུན་གྱི་བགྲོད་ཅིག་ལམ། །ཐེག་ཆེན་ལམ་གྱི་བློ་སྦྱོང་འདི་ཡིན་ཏེ། །བྱང་ཆུབ་སེམས་མཆོག་


ZP04_Page_763
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་རིན་པོ་ཆེ། །འདི་ལ་མ་བརྟེན་རྫོགས་པའི་སངས་རྒྱས་མེད། །བྱང་ཆུབ་སེམས་ཀྱིས་མ་ཟིན་བསྐྱེད་རྫོགས་སོགས། །གསང་སྔགས་ལམ་གྱི་ཉམས་ལེན་བྱེད་ལོ་ཡང་། །ཐེག་ཆེན་ལྟ་ཅི་ནང་པའི་ཆོས་སུ་ཡང་། །འགྲོ་དང་མི་འགྲོ་ཤེས་པར་དཀའ་བ་ལགས། །བྱང་ཆུབ་སེམས་དང་ལྡན་ན་ཚེ་རབས་ཀུན། །ངན་འགྲོར་མི་ལྟུང་ཚོགས་གཉིས་ཤུགས་ཀྱིས་རྫོགས། །རང་གཞན་དོན་གཉིས་མ་ལུས་མཐར་ཕྱིན་ནས། །མཐར་ཐུག་རྫོགས་པའི་སངས་རྒྱས་ངེས་པར་ཐོབ། །དེ་ཕྱིར་སྐྱབས་སུ་འགྲོ་དང་སེམས་བསྐྱེད་པ། །འདི་གཉིས་ཆོས་རྣམས་ཀུན་གྱི་མདོ་འགགས་ཏེ། །གཉིས་འདི་ཇི་ལྟར་བཤད་བཞིན་ཉམས་བླང་ན། །སྡོམ་པ་གསུམ་སོགས་ཆོས་ཀྱི་གནད་ཀུན་འདུས། །དེ་བས་གཉིས་འདིར་མ་འདུས་གཞན་པའམ། །གཉིས་པོ་འདི་ལས་ལྷག་པའི་ཉམས་ལེན་ཞིག །ངས་ནི་སྡེ་སྣོད་བལྟས་ཀྱང་མ་མཐོང་ལ། །དམ་པའི་བཤེས་གཉེན་བརྟེན་ཀྱང་མ་ཐོས་སོ། །གང་ཞིག་འཁོར་བ་མེ་དོང་འདྲ་བའི་འོབས། །འདི་རུ་ཆུད་ན་སྡུག་བསྔལ་རང་བཞིན་ཏེ། །བདེ་བའི་གོ་སྐབས་གང་ནའང་མེད་པའི་ཚུལ། །ཡང་དག་ཤེས་ནས་ངེས་འབྱུང་བློ་སྐྱེ་མཛོད། །ངེས་འབྱུང་འདི་ལ་བརྟེན་ནས་རང་དང་


ZP04_Page_764
[མ་དཔེ་གཟིགས་ན་འདིར་གནོན།]

གཞན། །གཉིས་པོའི་དོན་དུ་སྐྱབས་སུ་འགྲོ་བ་དང་། །བླ་ན་མེད་པའི་བྱང་ཆུབ་སེམས་མཆོག་བསྐྱེད། །རྒྱུན་དུ་རང་གི་སེམས་ལ་བརྟགས་བྱ་སྟེ། །རང་རྒྱུད་རྣམ་རྟོག་ཡན་པར་མ་ཤོར་བར། །དགེ་བློ་བསྐྱེད་ཅིང་མི་དགེའི་རྟོག་པ་སྤང་། །གང་ཡང་རང་བཞིན་མེད་པར་ཤེས་པར་བྱ། །རྒྱུན་དུ་རང་གི་སེམས་ལ་མ་བརྟགས་ན། །ཆོས་སྒྲུབ་རློམ་ཡང་ང་རྒྱལ་སྣོན་མ་སྟེ། །གཞན་གྱིས་བསྟོད་ཅིང་དཀོར་ནག་འཕེལ་བའི་རྒྱུས། །ཆོས་དེ་ངན་སོང་སྐྱེ་བའི་སྣོན་མ་ལགས། །གཞན་གྱིས་མི་ཤེས་རང་སེམས་སྐོག་ཏུ་འདུལ། །ཆོས་དང་སེམས་རྒྱུད་དབྱེར་མེད་འདྲེས་པ་དེར། །བསྒོམས་བསྒོམས་བཟླས་བཟླས་ཁ་ཕོ་མེད་ན་ཡང་། །རྒྱལ་བ་རྣམས་ཀྱི་རྗེས་འཇུག་ངེས་པར་ཡིན། །དེ་ཕྱིར་ཁྱེད་ཀྱང་འདི་འདྲའི་ཚུལ་བསླབས་ཏེ། །ཆོས་བརྫུ་ཟོག་པོའི་རྗེས་སུ་མི་འབྲང་བར། །ཆོས་མཛད་དམ་པའི་མཛད་བཟང་ལྟར་བགྱིས་ཏེ། །རང་གཞན་དོན་གཉིས་མཐར་ཕྱིན་མཛད་པར་ཞུ། །ཁོ་བོའི་རྒྱུད་ན་ཡོན་ཏན་སྣ་གཅིག་ཀྱང་། །མེད་མོད་རྩ་བའི་བླ་མ་སངས་རྒྱས་དངོས། །དེ་ཡི་གསུང་སྒྲོས་མང་ཞིག་ཐོས་དེའི་ཕྱིར། །བཤད་པའི་ཚིག་འདི་ཡང་དག་ཆོས་དང་མཐུན། །དེ་སྐད་དམ་པ་གང་གི་བཀས་བསྐུལ་ནས། །མི་འདོད་ལས་ཀྱིས་དེད་པའི་སྒར་གྲལ་ནས། །བརྒྱ་བསམ་གཅིག་


ZP04_Page_765
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མེད་པའི་ལས་ངན་པོ། །ཁྱི་རྒན་དཔལ་དགེ་སྡོམ་པོས་བྲིས་མདོག་བྱས། །དགེའོ། །དགེའོ། །དགེའོ།། ༈ །བླ་མ་ལ་ཕྱག་འཚལ་ལོ། །ཐོག་མཐའ་མི་མངོན་སྲིད་པའི་གྲོང་ཁྱེར་དུ། །སྡུག་བསྔལ་གསུམ་གྱིས་མནར་བའི་འགྲོ་ཁམས་ལ། །གཅིག་ཏུ་བརྩེར་དགོངས་ཡེ་ཤེས་སྒྱུ་མའི་འཕྲུལ། །ཅིར་ཡང་ངོམ་མཛད་དཔལ་མགོན་བླ་མར་འདུད། །མ་རིག་ཤིང་ལ་དུག་ལྔའི་མེས་བཟུང་བའི། །རྨོངས་པའི་ཁ་འདི་ནགས་ཀྱི་མེ་ཆེན་བཞིན། །གདམས་པའི་རླན་བཅུད་སྤྲོ་བ་མ་མཆིས་ཀྱང་། །བསྐུལ་པའི་ཚུལ་གྱིས་རྔ་ལ་དབྱུག་གུ་བཞིན། །རང་ཉམས་མེད་པའི་བཤད་ཡམ་རི་དྭགས་ཁྱུས། །སྙིང་གི་སྡང་ཐང་ལྷས་སུ་བགྱིད་མོད་ཀྱང་། །ཐུགས་ལ་འཕྲོད་པའི་དོན་བཟང་བདུད་རྩིའི་ཞོ། །དམ་པའི་གྲོགས་ལ་དྲང་དུ་མེད་དེས་ནོངས། །དེ་ལྟ་ན་ཡང་གྲུབ་བརྙེས་གོང་མ་རྣམས། །ཕྱི་ཡི་ཡུལ་འདི་དཔེ་ཆར་གསུངས་པས་ན། །དཔེ་ལས་བཤུས་ཏེ་ངེས་ཤེས་དམ་པའི་དག །ཁྱེད་ལ་གསོལ་ན་བརྩེ་བའི་ཐུགས་ཀྱིས་དགོངས། །ཀྱེ་ལགས་ལྟོས་དང་མི་རྟག་སྲིན་མོའི་ཁ། །གླལ་བའི་ཁྱོན་འདི་བདེན་བཞིའི་ཆོས་ཀུན་གྱི། །གླེང་གཞི་ལགས་ཏེ་འཁོར་བའི་གྲོང་ཁྱེར་ན། །སྣོད་


ZP04_Page_766
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་འཇིག་རྟེན་ཟ་བ་པོ་ཡང་འདི། །སྔར་ཞིག་བཀོད་ཅིང་བཀོད་པའི་སྟོང་ཁམས་བརྒྱ། །ཟོས་པའི་སྒྲེགས་སྐད་ཐོས་པ་ཡོད་ལགས་ཀྱང་། །ངེས་འབྱུང་རླུང་གིས་བ་སྤུ་མི་གཡོ་བ། །རྟག་འཛིན་བདུད་འདིས་ཡིད་དབང་འཕྲོག་པས་ལེན། །ཀྱེ་མ་གཅིག་ཏུ་བརྟན་པའི་ནོར་འཛིན་མ། །སྲིད་ན་སྲ་བའི་དཔེ་རུ་བགྱི་མོད་ཀྱང་། །མི་རྟག་སྲིན་མོ་འདི་མཐོང་རླུང་ཤུགས་ཀྱིས། །བཏང་བའི་རང་བཞིན་འདར་བ་གཟིགས་ལགས་སམ། །ཚུལ་འདི་མཁས་པའི་རང་བཞིན་གྲོང་བའི་ཁྱིམ། །གྲུབ་པའི་གདན་སར་བཏགས་པའི་བརྗིད་བག་བརྒྱ། །གཏུབས་ནས་རྡུལ་གྱི་ཕུང་པོར་སྤུངས་པ་འདིས། །སེམས་ཞིག་ཡོད་ན་ངེས་འབྱུང་མགྲོན་དུ་འབོད། །མི་རྟག་སྲིན་མོས་བྱ་གཏོང་འདི་མཐོང་ཡང་། །ད་དུང་སྐྱོ་བ་མེད་པའི་ལུས་ཅན་བ། །རང་གསོད་འཇུར་བུ་བཅའ་བའི་བྲེལ་རྒྱུག་ལས། །ངེས་འབྱུང་ནགས་སུ་མི་འབྲོས་འདི་སྨྱོས་སམ། །ཀྱི་ཧུད་སུན་པ་མེད་པའི་འཁོར་བ་ན། །བྱ་བྱེད་ཡང་པོས་དམྱལ་བའི་འཐབ་མོ་བཞིན། །རང་གཞན་གཉིས་ཕུང་ལན་བརྒྱར་མཐོང་ན་ཡང་། །སྐྱོ་ནས་སྒྱུར་དུ་མེད་པ་འདི་ཅི་ཞིག །གདམས་ཟབ་ཐོང་བཤོལ་ཡོད་དགུའི་རྣོ་སོ་ཡང་། །འདེབས་ས་འདི་སྣང་ཐ་བ་འདི་ལགས་ན། །སྲིད་འབྱོར་རྡུལ་དུ་ཞིག་པའི་ལྟད་མོ་འདི། །གདམས་ཟབ་སྟོང་གི་


ZP04_Page_767
[མ་དཔེ་གཟིགས་ན་འདིར་གནོན།]

ཉིང་ཁུ་ཉིད་དུ་དགོངས། །འཁྲུལ་མེད་རྒྱལ་བའི་བཀའ་ཞེས་གྲགས་ན་ཡང་། །དད་མེད་མིག་སྔར་ཤོག་ལོགས་རི་མོ་ཙམ། །ཟབ་གནད་དམ་པའི་གསུང་ཞེས་ཉན་ན་ཡང་། །ངེས་འབྱུང་མེད་ལ་ཞལ་གྱི་རླངས་པར་ཟད། །སྐྱེས་ཚད་འཆི་དང་བསགས་ཚད་འཛད་པ་དང་། །བརྩིགས་ཚད་འགྱེལ་བའི་སྣང་ཚུལ་ཕྱོགས་རེ་ཙམ། །མང་དུ་མཐོང་ཡང་སྙིང་ལ་མ་ངེས་པ། །ཆོས་ཀྱིས་དྲེད་པའི་རང་རྒྱུད་སྲ་བས་ལན། །མི་རྟག་ཡོད་དགུའི་སྣང་ཚུལ་དུས་གཅིག་ཏུ། །ངོམས་པའི་གཤིན་རྗེའི་གར་མཁན་སླེབ་པ་འདི། །དམ་པའི་གསུང་སྒྲོས་སྟོང་གི་བདེན་དབང་དུ། །ངེས་ན་ཡིད་ཆེས་འདི་ལ་འཆའ་བར་རིགས། །སློབ་དཔོན་འདི་ལགས་གདམས་པའི་ཟབ་གནད་འདི། །དྲན་བགྱིད་སྐྱོ་ཤས་བསྐྱེད་བོས་འདི་ལགས་ཏེ། །ད་རེས་གཤིན་རྗེ་གདུག་པའི་གར་སྟབས་འདིས། །མི་རྟག་སྲིན་མོའི་འཇབ་ཁུར་བུད་པ་ལགས། །ཀྱེ་ལགས་ཕུན་ཚོགས་དབེན་པའི་ལྗོངས་ཤིག་ན། །དབེན་གསུམ་གྲིབ་བསིལ་སྣུམ་པའི་རེག་འཇམ་ཅན། །རབ་དགའི་ལྗོན་ཤིང་ལྷ་མོའི་མཛེས་སྡུག་གིས། །ལག་པད་བསྐྱོད་བཞིན་འབོད་པ་དེ་གཟིགས་སམ། །རྒྱང་ནས་མི་རྟག་སྲིན་མོ་འཇབ་འདུག་ཀྱེ། །མཆོངས་པའི་གོམས་སྟབས་ནན་སླེབས་


ZP04_Page_768
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤེས་ཀྱི། །མྱུར་བ་རང་ཅན་ཤོག་ཅེས་དུས་བཞིའི་མགྲོན། །གྲོགས་སུ་སྦྲན་ནས་འབོད་པ་མ་ལགས་སམ། །ལྷ་མོ་མཆོག་འདི་ལྷ་ཡི་ཡང་ལྷ་དེས། །ལྷ་སྲས་སྟོང་གི་མ་མ་ཡིན་སྐད་དེ། །འདི་དྲུང་ཕྱིན་ན་འཁྲུལ་པའི་ཁུར་ཆེན་ཡང་། །ཕོག་ནས་ངལ་བསོའི་སྟེགས་ལ་འགོད་ཅེས་ཐོས། །ངེས་འབྱུང་མདོག་དཀར་ཉམས་ལེན་བཅུད་ཀྱིས་རྒྱས། །དབེན་གསུམ་ཏོག་ལས་གཞིབས་པའི་སྟབས་བདེ་བ། །སྙིང་ལ་ངེས་པར་འབབས་པའི་ལྷ་ཆོས་བཅུད། །རོ་མངར་ནུ་མ་འདི་ཡིས་སྣུན་པར་ངེས། །སྔོན་བྱོན་དམ་པའི་སྐྱེ་བོ་སྟོང་དག་ཀྱང་། །འདི་དྲུང་ཕྱི་ནས་ཉམས་ལེན་བཅུད་གསོལ་ཏེ། །ཡོན་ཏན་ལུས་རྩལ་རྒྱས་པའི་གར་སྟབས་དང་། །རྟོགས་པའི་མྱོས་གླུ་ཅིར་ཡང་ངོམས་ཞེས་གྲགས། །ད་ལྟའི་དུས་ནའང་གཞན་ལ་ཕན་བརྩོན་ཞིང་། །མཐའ་ཡས་ཡོན་ཏན་གཏེར་ལ་དབང་བསྐྱུར་བའི། །དམ་པ་དེ་དག་དབེན་པའི་ནགས་ཚལ་ལ། །གཅིག་ཏུ་དགྱེས་དེས་བསླབ་གསུམ་རྫོགས་པ་ལགས། །དེ་སླད་ཁྱེད་ཀྱང་མཁས་པའི་རྗེས་བསླབས་ཏེ། །འདུ་འཛིའི་གནས་ལས་དབེན་བར་ཕེབས་ཟིན་དེས། །ཡི་རངས་མེ་ཏོག་ཆར་སིལ་འཐོར་བ་ལས། །སྐུལ་འདེབས་ལྷ་ཡི་རྔ་ཆེན་ད་ཅི་བརྡུང་། །འོན་ཀྱང་བག་ཡངས་གནས་ལས་བག་མེད་པས། །སྐྱེ་བ་ངེས་འབྱུང་བདུད་རྩིས་མ་ངོམས་ཤིང་། །སྐུལ་འདེབས་མི་རྟག་ལྕག་གིས་བྲབ་ཉུང་བའི། །


ZP04_Page_769
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ལས་ངེས་པར་འབྱུང་བ་མཁྱེན་པར་མཛོད། །འཆི་བ་མ་དྲན་ཆོས་ཀྱི་གཟུགས་བརྙན་དེས། །འཆི་བདག་དྲུང་ན་ཆོས་གོ་མི་ཆོད་ཀྱི། །སེམས་དང་ཆོས་སུ་འདྲེས་པའི་ནོར་བུ་དེ། །རྟག་ཏུ་ཆོས་དོན་སེམས་པའི་ལག་རྗེས་ལགས། །ངུར་སྨྲིག་འཛིན་པའི་སེམས་ལ་གཡོ་སྒྱུ་དང་། །དབེན་པའི་ནགས་ན་ཚེ་འདི་གཉེར་བའི་ལས། །མཐོང་ནས་ལྷ་ཡི་རྒྱལ་པོས་དམོད་འདོར་བས། །རྟག་ཏུ་རང་སེམས་འདི་ལ་བྱ་ར་མཛོད། །འཁྲུལ་པའི་སེམས་འདི་ངེས་པར་མ་བཏུལ་ན། །མཆུ་འདབ་རླུང་གིས་བསྐྱོད་པའི་བཟླས་བརྗོད་དང་། །ལེགས་སྨོན་དུག་གིས་བསྐྱེད་པའི་སྲུང་སྡོམ་དེ། །འབྲས་བུ་ཐར་མཆོག་བཅུད་དུ་སྨིན་པར་དཀའ། །དྲན་དང་ཤེས་བཞིན་སེམས་ཀྱི་ཁ་ལོ་པ། །བག་ཡོད་སེམས་ཀྱི་སྲུང་མ་དཔའ་བོ་སྟེ། །བྱང་ཆུབ་སེམས་མཆོག་སེམས་ཀྱི་ནོར་བུ་འདི། །ཤེས་ནས་སེམས་འདི་དབྱིག་དང་ལྡན་པར་མཛོད། །སེམས་ཀྱི་བུ་ཆུང་ཡན་པར་ཤོར་བ་འདི། །དྲན་ཤེས་རྒན་པོའི་མིག་ལྕིབས་འགེབས་ཚེར་ཡང་། །ཚུལ་མིན་ཡིད་བྱེད་ཚུལ་ལ་རྒྱུག་འཆོར་བས། །ལས་གཞན་སྤངས་ནས་འདི་ངོ་ཅེར་རི་འཆོས། །ཕྱིན་དྲུག་ལམ་དང་བསྐྱེད་རྫོགས་རྫོགས་ཆེན་དོན། །འདི་ལ་དགོས་ཀྱི་གཞན་དུ་སུ་ཡིས་སྤྱོད། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཆར་པ་ཡང་། །འབེབས་པ་སེམས་ཀྱི་ཞིང་ས་འདི་ཁོ་ན། །


ZP04_Page_770
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་མཐོང་དང་རང་གིས་བགྲང་རྒྱུ་ཡོད། །བྱས་ཡུས་ཅན་གྱི་ཆོས་དེ་གཟུགས་བརྙན་ཙམ། །ལགས་ཏེ་དེ་འདྲ་ང་རྒྱལ་སྣོན་མ་ལས། །ཐར་པའི་ལམ་དང་ཞལ་འདྲིས་མེད་པ་འདྲ། །འཁྲུལ་པའི་སེམས་དང་འཐབ་མོ་རྒྱུན་བསྲིངས་པས། །ཆོས་དང་རང་སེམས་ལྐོག་ནས་འདྲེས་པ་དེ། །ཆོས་བྱས་སྙམ་དུ་རློམ་པ་མི་སྐྱེ་ཡང་། །ལྷ་དང་བླ་མ་དེ་ལ་དགྱེས་པར་འདུག །དེ་སླད་དྲན་པའི་མདུང་རྣོན་དེ་བརྡར་ནས། །རྟག་ཏུ་སེམས་ཀྱི་སྒོ་འདི་བསྲུང་ནུས་ན། །ཐེག་གསུམ་ལམ་གྱི་ཡོན་ཏན་ཇི་སྙེད་པ། །མ་ཚོར་ཤུགས་ཀྱིས་རྒྱུད་ལ་མཛའ་བར་འགྱུར། །ཕྱོགས་འདི་གང་གིས་བཟུང་བའི་འདུས་པའི་སྡེ། །འདི་ན་ལམ་གྱི་སྲོལ་ཆེན་གཉིས་སྣང་སྟེ། །གཅིག་གིས་ཆོས་དང་གཅིག་གིས་རྙེད་པ་ཡིས། །རྙེད་པ་བསྒྲུབ་ལ་ཕྱག་ལེན་གཅིག་ཏུ་མཐུན། །སོ་དཀར་གཞོན་པའི་དུས་ན་འདོད་ལྔའི་ཡུལ། །རང་དགའ་དང་དུ་བླངས་ཏེ་རྩེས་རྩེས་ནས། །ཕྱེད་དཀར་མགོ་སྐྱེས་དུས་ན་སྒྲུབ་པའི་ཟོལ། །དབུ་དཀར་བླ་མའི་རྣམ་རོལ་དང་པོ་ལགས། །ཟ་ཆོག་ཚོགས་གྲལ་འགྲིམ་པ་གཞོན་ནུའི་དུས། །སྐྱ་སེར་གཉིས་གོ་ཆོད་པ་བར་དུ་སྟེ། །ཕྱི་ནས་རྒྱ་དབུས་འགྲིམ་པའི་ཚོང་དཔོན་དུ། །ཆས་པ་ཕྱོགས་འདིའི་ལམ་སྲོལ་གཉིས་པ་ལགས། །གཉིས་པོ་གང་ཡང་བསྟན་པའི་བཅུད་ཆེན་པོ། །འཛིན་པའི་བུམ་བཟང་ལགས་ཞེས་དར་དམར་གྱི། །མགུལ་ཆིངས་སྒྲོན་པའི་འོ་ན་


ZP04_Page_771
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བདག་གིས། །ལྕགས་ཀྱུའི་རྩེ་ཡང་དེ་ལ་ཉེ་བར་གྱུར། །སྔར་ནས་ཆོས་དང་རང་རྒྱུད་མ་བསྲེས་པས། །དེ་བློ་བསྟན་པའི་ཕྱོགས་སུ་ཅི་སྟེ་འགྲོ། །ཚེ་གང་ཚེ་འདིའི་ཕྱོགས་སུ་ཤོར་ཤོར་ནས། །འཆི་ཁ་བྲང་ལག་འཐབ་ཚེ་འགྱོད་ཀྱང་འཕྱིས། །དེ་བས་ཁྱེད་ཀྱང་དབེན་པའི་ནགས་ཁྲོད་དུ། །རང་གི་ཚེ་འདི་དོན་ཡོད་འདའ་བྱས་ན། །འདི་སྣང་ཆེ་དགུས་ཞལ་འཛུམ་མ་སྩལ་ཡང་། །ལྷ་དང་བླ་མ་དབྱིངས་ནས་དགྱེས་པར་ངེས། །རང་དྲིན་རང་ལ་ཆེ་བའི་ཉམས་ལེན་ཞིག །ནུས་ན་དལ་འབྱོར་རིན་ཆེན་དོན་བཅས་ཏེ། །བསྒྲུབས་འབྲས་ཚེ་འདིའི་ཕྱོགས་སུ་ཤོར་བ་ཕལ། །ལམ་རིང་ཕྱི་མའི་རྒྱགས་ཕྱེ་གང་དུ་ཚོལ། །ཀྱེ་མ་བྱང་ཆུབ་སེམས་མཆོག་དམ་པའི་ལམ། །ལམ་འདི་སྲས་བཅས་རྒྱལ་བའི་གཤེགས་ཤུལ་ཏེ། །ལམ་མཆོག་འདི་ལ་བརྟེན་ན་རྣམ་མཁྱེན་ལམ། །རིང་བ་མིན་ཞེས་ལམ་མཐར་ཕྱིན་ཀུན་གསུངས། །དེ་སླད་བདེན་གཉིས་རང་བཞིན་དམ་པའི་སེམས། །སྙིང་གི་བདུད་རྩིར་སྤྱོད་དུ་ཡོད་པ་འདི། །བསྐལ་མང་རྙེད་དཀར་དགོངས་ནས་ཉམས་ལེན་རྒྱུན། །འཆི་བས་གཏུགས་པ་དེ་སྲིད་གཏོད་མི་འཚལ། །དེའང་རྣམ་ལ་ཀུན་ཏུ་དོན་ཆེ་བས། །སྐྱེ་དང་སྐྱེ་བར་འཕགས་པའི་རིགས་སད་ཅིང་། །མཐར་ཐུག་རྣམ་མཁྱེན་ཡེ་ཤེས་སྒྲིབ་བྲལ་དུ། །རྒྱས་ནས་སྲིད་ན་ཆོས་ཆར་འབེབས་པར་འགྱུར། །དེ་ལྟར་གང་གསོལ་འདི་ཡང་


ZP04_Page_772
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བཅས་ཏེ། །མཚུངས་མེད་བླ་མ་སངས་རྒྱས་དངོས་ཞིག་གིས། །གསུང་གིས་བསྐྱངས་ཕྱིར་གསུང་སྒྲོས་ཉག་གཅིག་ཕྱིར། །ཞལ་གྱི་གདམས་པར་བཏགས་ཀྱང་འོས་པ་ཙམ། །གཞན་དུ་རང་རྒྱུད་ཆོས་དང་མ་འདྲེས་པའི། །བག་མེད་བདག་ལྟས་གདམས་ངག་ཅི་འཆད་དེ། །ཁ་སྦུབ་བུམ་པའི་དྲུང་ན་ཞལ་སྐམ་ཡང་། །དེ་ལས་བཏུང་བའི་རེ་བ་སུ་ཞིག་འཆའ། །འདི་ན་མཁས་གྲུབ་ཉི་ཟླའི་དཀྱིལ་འཁོར་ཟུང་། །བཀྲག་ཏུ་འབར་དྲུང་སྲིན་བུའི་འོད་སྣང་ལ། །གཟིགས་པ་རྩེད་མོའི་རྣམ་འགྱུར་ཡིན་མཆི་ཡང་། །འདི་རུ་ཅུང་ཟད་ངལ་ལས་དྲོན་གཞན་མེད། །དེ་སྐད་བུདྡྷའི་མཚན་ཅན་དེས་བསྐུལ་ནས། །ཁམས་གསུམ་ཟ་བར་བྱེད་པ་འཇིགས་བྱེད་དུས། །དུས་ཀྱང་ཟ་བར་བྱེད་པ་འཇམ་པའི་དབྱངས། །དུས་དགྲའི་དབང་པོའི་ཕོ་བྲང་བརྗིད་པ་ནས། །དུག་ལྔའི་མེ་དཔུང་འབར་བའི་འཛུམ་ཟེར་རྩེར། །ཡེ་ཤེས་སྣང་བ་འཆར་བ་ལ་དགའ་ཞིང་། །སྙིང་གི་ཉི་མ་འཇམ་མགོན་སྨྲ་བའི་ལྷར། །གསོལ་བ་འདེབས་པ་ཨ་བུ་ཧྲལ་བོས་བྲིས། །དེ་ལས་རབ་དགེ་ཅུང་ཟད་ཐོབ་སྲིད་ན། །དགེ་བ་དེ་ཡང་གཏམ་འདི་སྐུལ་བ་པོའི། །རྗེས་སུ་འབྲང་ནས་སྐྱེ་དང་ཚེ་རབས་སུ། །སྙིང་པོའི་སྒྲུབ་པ་མཐར་ཕྱིན་གྲོགས་བགྱིད་ཤོག །ཅེས་མདོ་སྨད་ཀྱི་མཁས་པ་ཤུ་བྷཾ་ཤྲཱི་ཞེས་བྱ་བས་སྦྱར་བའོ། །དགེའོ། ༈ འཇམ་པའི་རྡོ་རྗེ་དྲང་སྲོང་ཆེན་པོའི་གསུང་། །


ZP04_Page_773
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རྣམས་རིས་མེད་འགྲོ་ལ་ཆོས་སྦྱིན་སླད། །གཉེར་མཛོད་ཚེ་དབང་རིན་ཆེན་མཆོག་གྲུབ་པས། །སྤར་དུ་བསྒྲུབས་དགེས་འགྲོ་ཀུན་རྣམ་གྲོལ་ཤོག། །།མངྒ་ལཾ།། །།


previousཐོག་མཐའ་བར་གསུམ་དགེ་བའི་གཏམ་ལྟ་བསྒོམ་སྤྱོད་གསུམ་ཉམས་ལེན་དམ་པའི་སྙིང་ནོར།next