Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
  expand section
  expand section
   
   
   
   
   
   
བླ་མའི་གསོལ་འདེབས་བཀྲ་ཤིས་དགེ་ལེགས།
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མའི་གསོལ་འདེབས་བཀྲ་ཤིས་དགེ་ལེགས།next

བླ་མའི་གསོལ་འདེབས་བཀྲ་ཤིས་དགེ་ལེགས།


ZP04_Page_657
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་གསོལ་འདེབས་བཀྲ་ཤིས་དགེ་ལེགས་བཞུགས་སོ། །བསྐལ་མང་གོང་ནས་མངོན་པར་སངས་རྒྱས་ཀྱང་། །མཐའ་ཡས་འགྲོ་ལ་རྗེས་སུ་བརྩེ་བའི་མཐུས། །ཡང་ཡང་བྱང་ཆུབ་སྤྱོད་པའི་ཚུལ་སྟོན་པ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །གང་ཁྱོད་མཁའ་མཉམ་འགྲོ་བའི་མགོན་གཅིག་པུ། །ཁྱད་པར་གངས་རིའི་ཁྲོད་འདིའི་འགྲོ་རྣམས་ཀྱི། །ཐུན་མོང་མིན་པའི་སྐྱབས་སུ་ངེས་པའི་ཕྱིར། །རྟག་ཏུ་ཐུགས་རྗེས་སྐྱོང་བར་གསོལ་བ་འདེབས། །མེས་དཔོན་གསུམ་སོགས་ཆོས་སྐྱོང་རྒྱལ་པོ་དང་། །དགེ་བའི་བཤེས་གཉེན་དུ་མའི་རྣམ་རོལ་གྱིས། །ཁྱོད་ཀྱི་སྤྲུལ་པའི་བཀོད་པ་མཐའ་ཡས་པ། །ལྗོངས་འདིར་རྒྱུན་མི་འཆད་ལ་གསོལ༴ ཁྱད་པར་སྙིགས་མའི་དུས་འདིར་མགོན་པོ་ཁྱོད། །བྱང་ཆུབ་སེམས་གཉིས་སྦྱོང་བའི་རྣམ་རོལ་གྱིས། །ཟབ་ལམ་ཐེག་རྩེའི་བསྟན་པ་གསལ་མཛད་ཕྱིར། །འཇིགས་མེད་གླིང་བར་བསྟན་ལ་གསོལ༴ ཤིན་ཏུ་གདུལ་དཀའ་ཉོན་མོངས་རག་པའི་འགྲོ། །རྒྱུ་འབྲས་ལམ་གྱིས་གདུལ་དཀའི་ཚུལ་མཁྱེན་ནས། །བརྟུལ་ཞུགས་མཆོག་གི་ཐབས་ཀྱིས་དྲང་བའི་ཕྱིར། །སླར་ཡང་སྤྲུལ་པའི་རོལ་ལ༴ འདི་འོག་ཡེ་ཤེས་རྡོ་རྗེའི་རྣམ་རོལ་གྱིས། །རྡོ་རྗེ་སྙིང་པོའི་རིང་ལུགས་བསླང་ནས་སླར། །གཤེ་ཞིང་སྐུར་པ་འདེབས་


ZP04_Page_658
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འདུལ་མཛད་ཕྱིར། །ཁྱོད་གསུངས་མངོན་དུ་གྱུར་ལ་གསོལ༴ ཡང་དག་དབེན་པ་མཐོང་བའི་ཆོས་ཉིད་ལ། །གཟུང་འཛིན་འཁྲུལ་པ་མེད་ཕྱིར་རྒྱུ་འབྲས་ལམ། །དག་གྲོལ་ཞེན་རྣམས་བརྟུལ་ཞུགས་སྤྱོད་མཆོག་གིས། །འདུལ་བའི་སྨོན་པ་གྲུབ་ལ༴ དེ་ཚེ་གང་ཞིག་གཤེའམ་སྨོད་ཀྱང་རུང་། །མཉམ་པ་ཆེན་པོའི་བཟོད་ཐོབ་བྱང་ཆུབ་སེམས། །མི་སློབ་ལམ་གྱི་དངོས་གཞི་ཡིན་གཟིགས་ནས། །གང་ཐུགས་སྤྱོད་པ་སྐྱོང་ལ༴ ཞི་དུལ་སྤྱོད་པས་ཐར་པའི་ས་བོན་ཙམ། །འདེབས་པའི་གཞན་དོན་ཐེག་པ་དམན་པར་ཡང་། །ཡོད་པར་དགོངས་ནས་ཤིན་ཏུ་དཔག་དཀའ་བའི། །བྱང་ཆུབ་སྤྱོད་པར་དགྱེས་ལ༴ དད་རྣམས་ལྟ་ཅི་གཤེ་དང་སྐུར་བ་དང་། །ལོག་པར་ལྟ་རྣམས་སྨོན་ལམ་ལ་དབང་བའི། །དབང་གིས་འདུལ་འདི་རྒྱལ་བའི་སྲས་རྣམས་ཀྱི། །ཁྱད་པར་ཆོས་སུ་གཟིགས་ལ༴ དགེ་དང་མི་དགེ་མཉམ་པ་ཉིད་གཟིགས་ནས། །སྦྱོར་དང་སྒྲོལ་བ་ངོ་མཚར་ཐབས་ཆེན་པོས། །ངན་འགྲོའི་རྒྱུན་ཅན་སྐད་ཅིག་གཅིག་ཁོ་ནར། །འདྲེན་པའི་ཐབས་མཁས་མངའ་ལ། །མཐུན་པས་མཐུན་པ་འདུལ་བའི་ཚུལ་མཁྱེན་པས། །ཆགས་དང་སྡང་དང་ཆོས་བརྒྱད་ཞེན་པའི་ཐུགས། །གང་ལ་མེད་ཀྱང་ཡོད་ལྟའི་སྒྱུ་འཕྲུལ་གྱིས། །མཐུན་པའི་འགྲོ་དོན་མཛད་ལ༴ རྣམ་པར་མི་རྟོག་ཆོས་ཉིད་བདེན་


ZP04_Page_659
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི། །ཡེ་ཤེས་མཆོག་གིས་འཇིགས་པ་ལྔ་སྤང་སྟེ། །ཀུན་ཏུ་འགྲོ་བའི་ཆོས་ཉིད་ལེགས་གཟིགས་པ། །འཇིགས་མེད་ཡེ་ཤེས་རྡོ་རྗེར༴ དེ་ཚེ་འཇིག་ཚོགས་ལྟ་དང་ཐེ་ཚོམ་དང་། །སྣ་ཚོགས་ལྟ་བས་བསྡུས་པའི་མཐོང་སྤང་གྲངས། །བརྒྱ་དང་བཅུ་གཉིས་ཇི་སྙེད་མ་ལུས་པའི། །སྒྲིབ་པའི་དྲི་མ་མེད་ལ༴ རང་དང་གཞན་དང་འཁོར་འདས་མཉམ་པ་ཉིད། །རང་དོན་གཞན་དོན་མཉམ་པར་གྲུབ་ཟིན་ནས། །རབ་ཏུ་དགའ་བའི་ས་མཆོག་ལེགས་བརྙེས་པ། །དགའ་རབ་དཔའ་བོའི་ཞབས་ལ༴ སླར་ཡང་གོམས་པའི་ལམ་དུ་སྣ་ཚོགས་པའི། །སྤྲུལ་པའི་སྤྱོད་པས་འགྲོ་བ་འདུལ་བའི་ཕྱིར། །བྱང་ཆུབ་སྤྱོད་པས་འགྲོ་ལ་རྗེས་ཆགས་པ། །སྟོན་མཛད་ཨ་ཙར་དམར་པོར༴ སྣ་ཚོགས་ཕྲིན་ལས་ཀུན་ལ་དབང་འབྱོར་བས། །སྣ་ཚོགས་མཛད་པའི་རྣམ་རོལ་དཔག་ཡས་ཀྱིས། །སྣ་ཚོགས་གདུལ་བྱ་འདྲེན་པའི་ཐབས་མཁས་ཅན། །ཁྲག་འཐུང་ལས་ཀྱི་དཔའ་བོར༴ མཛད་པ་གཟི་བརྗིད་ཆེན་པོའི་འོད་སྣང་གིས། །ལོག་ལྟ་མེ་ཁྱེར་མིག་གིས་བཟོད་དཀའ་ཡང་། །འཁོར་འདས་ཡིད་ཀྱིས་བསྒྱུར་བའི་མཐུ་མངའ་བ། །ཁྲག་འཐུང་རྔམ་པའི་རྒྱལ་པོར༴ བདེ་ཆེན་སྒྱུ་མའི་གར་གྱིས་ཞི་བའི་དབྱིངས། །སྐད་ཅིག་འཁོར་བའི་རྣམ་པར་ལེགས་བསྒྱུར་ཏེ། །སྐལ་མེད་འགྲོ་ཡང་ཐབས་ཀྱིས་་


ZP04_Page_660
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་འཛིན་པ། །ཁྲག་འཐུང་བདེ་བའི་རྡོ་རྗེར༴ ཤེས་རབ་ཡེ་ཤེས་ཆེ་དང་ཐབས་མཁས་པས། །མ་དག་སྲིད་ཞིའི་འགྲོ་ཡང་སྐད་ཅིག་གིས། །རྣམ་དག་ཆོས་སྐུར་སྟོན་པའི་ཐུགས་རྗེ་ཅན། །ཁྲག་འཐུང་ལས་ཀྱི་རྡོ་རྗེར༴ ཡང་དག་ཆོས་ཉིད་གཟིགས་པའི་གཟིགས་ངོ་ན། །འཁོར་འདས་མཉམ་པར་བསྡོམ་པའི་སྟོང་ཉིད་དབྱིངས། །མི་ཕྱེད་རྡོ་རྗེའི་དབྱིངས་ལ་མཉམ་གཞག་པའི། །ཁྲག་འཐུང་རྡོ་རྗེའི་ཞབས་ལ༴ གདུལ་དཀའ་མ་རུང་ཞིང་བཅུ་དྲེགས་པ་ཅན། །དྲེགས་བྱེད་སྲིད་པའི་ལྷ་འདྲེ་གདུག་པ་ཅན། །ཀུན་ཀྱང་དྲག་པོའི་ལས་ཀྱིས་ཚར་གཅོད་པ། །རྡོ་རྗེ་དྲག་པོ་རྩལ་ལ༴ སྔགས་སྐྱེས་ཞིང་སྐྱེས་ཐབས་ཀྱི་སྐལ་བ་ཅན། །ལས་ངན་ལུས་དམན་སྐལ་མེད་རྨོངས་པ་ཅན། །དབྱེ་མིན་ཀུན་ཀྱང་སྤྱོད་པས་རྗེས་འཛིན་ཕྱིར། །ཆགས་པའི་རྡོ་རྗེ་སྟོན་ལ༴ རྒྱུད་དག་ཡེ་ཤེས་གཟིགས་པའི་སྣང་ངོ་ན། །མ་དག་ལུས་འདི་ཁྱོད་ཀྱི་མ་ཡིན་ཏེ། །དག་པའི་ཞིང་ན་སྤྲུལ་པའི་རྣམ་རོལ་བ། །དག་ཆེན་འཇའ་ལུས་རྡོ་རྗེར༴ མཐུ་ཆེན་ལྷ་ཡང་ཁྱོད་མཐུས་བྲན་དུ་བཀོལ། །མཐུ་ལྡན་རྒྱལ་རིགས་ཁྱོད་མཐུས་འབངས་སུ་བྱས། །མཐུ་མེད་མཐུ་སྟོན་ཁྱོད་མཐུས་ཟིལ་གྱིས་གནོན། །ཁྲག་འཐུང་མཐུ་སྟོབས་རྡོ་རྗེར༴ ཁྱོད་ཀྱི་སྐུ་ཡི་བཀོད་པ་སྣ་ཚོགས་ཀྱིས། །འཛམ་གླིང་འགྲོ་སྐྱོང་མ་


ZP04_Page_661
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྲིན་པོའི་ཡུལ། །སྤྲུལ་དང་སྤྲུལ་གཞི་ཐ་དད་མེད་ངེས་ཕྱིར། །པདྨ་ཐོད་ཕྲེང་རྩལ་ལ༴ སྟོང་ཉིད་སྣོད་དུ་སྙིང་རྗེའི་ཁྲག་ལ་རོལ། །རྟོགས་པས་མྱོས་པའི་སྣ་ཚོགས་མཛད་སྤྱོད་ཀྱིས། །མ་རྟོགས་འགྲོ་ལ་སྒྱུ་མའི་ཚུལ་སྟོན་པ། །ཁྲག་འཐུང་སྣ་ཚོགས་རྡོ་རྗེར༴ བདེ་ཆེན་ཞིང་ན་སྡུག་བསྔལ་མིང་མེད་ཕྱིར། །སྡུག་བསྔལ་འགྲོ་ཡང་ཏིལ་ལ་མར་བཞིན་ཏུ། །བདེ་ཆེན་མཆོག་དང་དབྱེ་བ་མེད་གཟིགས་པ། །བདེ་ཆེན་ཆགས་པའི་རྡོ་རྗེར༴ འཛམ་གླིང་འགྲོ་འདི་འདོད་པ་སྣ་ཚོགས་ཏེ། །འདོད་པའི་དོན་ཀུན་གཅིག་གིས་བསྒྲུབ་དཀའ་ཡང་། །སྐྱེས་བུའི་རྩལ་གྱིས་འཕྲལ་ལ་དབང་འབྱོར་པ། །འཛམ་གླིང་སྐྱེས་བུ་མཆོག་ལ༴ ཁྱོད་ཀྱི་མཛད་པ་རྣམ་ཐར་རྒྱ་མཚོ་ཀུན། །སྣ་ཚོགས་མཚན་གྱི་ལེགས་པར་སྟོན་པས་ན། །ཁྱོད་མཚན་རྣམ་གྲངས་ཐོས་པའི་མོས་གུས་ཀྱིས། །ཡིད་ཆེས་འབྲལ་མེད་གཅིག་གིས་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བདེན་མཐུས་བྱིན། །དུས་འདི་ནས་བཟུང་སྐྱེ་དང་ཚེ་རབས་ཀུན། །རིགས་ཀྱི་བདག་པོ་ཁྱོད་དང་མི་འབྲལ་ཞིང་། །ཁྱོད་མཉེས་འབའ་ཞིག་བདག་གིས་འགྲུབ་པར་ཤོག །ཕྱི་སྐྱོན་བདུད་རིགས་ལྷ་འདྲེའི་ཐོ་མི་འཚམས། །ནང་སྐྱོན་ཐེ་ཚོམ་དུག་གི་རོ་མི་ལྡང་། །བར་རྐྱེན་ལས་ངན་གྲོགས་ཀྱིས་དབྱེན་མི་སྦྱོར། །ཕྱི་ནང་


ZP04_Page_662
[མ་དཔེ་གཟིགས་ན་འདིར་གནོན།]

བར་གསུམ་བར་ཆད་དབྱིངས་སུ་སོལ། །ལོག་པའི་རྟེན་འབྲེལ་རྒྱུ་དང་རྐྱེན་ཟད་ནས། །ལེགས་པའི་རྟེན་འབྲེལ་རྒྱུ་ལ་རྒྱུན་རིང་ཞིང་། །རྟེན་འབྲེལ་ཟབ་མོའི་གནད་ཀུན་ལེགས་རྟོགས་ཏེ། །ལམ་མཆོག་རྟེན་འབྲེལ་མཆོག་ཏུ་འགྲིགས་པར་ཤོག །ཕྱི་ཡི་རྟེན་འབྲེལ་འབྱུང་བ་ཆ་སྙོམས་ཤིང་། །ནང་གི་རྟེན་འབྲེལ་རྣམ་རྟོག་དགེ་བར་འཆར། །བར་གྱི་རྟེན་འབྲེལ་མཐུན་པའི་གྲོགས་འཛོམ་པས། །ཕྱི་ནང་བར་གསུམ་རྟེན་འབྲེལ་དགེ་བར་ཤོག །མདོར་ན་བདག་གི་སྒོ་གསུམ་སྤྱོད་པ་ཀུན། །མགོན་པོ་ཁྱེད་མཉེས་དགྱེས་པའི་མཆོད་སྤྲིན་དུ། །གྱུར་ནས་བྱང་ཆུབ་སྤྱོད་པ་ཡོངས་རྫོགས་ཏེ། །ཆོས་སྐུའི་ཀློང་དུ་ཐུགས་ཡིད་འདྲེས་པར་ཤོག །ཐོགས་མེད་མཁའ་ལ་ཉི་མ་ཤར་བ་བཞིན། །བླ་མའི་མཛད་པར་བར་ཆད་ཡོད་མིན་ཡང་། །སྙིགས་མའི་སྟོབས་ཀྱི་སྒྲིབ་པའི་སྤྲིན་ཚོགས་ཀུན། །བདག་གི་མོས་གུས་རླུང་གིས་གཏོར་བར་ཤོག །རིང་ནས་གོམས་པའི་སྒྲིབ་པའི་བག་ཆགས་ལས། །སྐྱེས་པའི་འགྲོ་བ་བར་ཆད་རང་བཞིན་ཕྱིར། །བདག་གི་རྒྱུད་ཀྱི་ཐར་པའི་བར་ཆད་ཀུན། །བླ་མ་མཆོག་གི་ཐུགས་རྗེས་སེལ་བར་ཤོག །མོས་གུས་སྣོད་དུ་བྱིན་རླབས་ཆར་རྒྱུན་འཁྱིལ། །དམ་ཚིག་ཞིང་སར་དངོས་གྲུབ་འབྲས་བུ་སྨིན། །རྟེན་འབྲེལ་མཆོག་གིས་ཐར་ལམ་ལམ་བདེ་ཞིང་། །མཆོག་གི་དངོས་གྲུབ་ཚེ་འདིར་ཐོབ་


ZP04_Page_663
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཤོག །ལྷ་དང་བླ་མ་དགྱེས་པའི་སྒོ་ཕྱེས་ཤིག །མ་དང་མཁའ་འགྲོ་འདུ་བའི་རྟེན་འབྲེལ་འགྲིགས། །སྣོད་དང་བཅུད་ཀུན་དགེ་མཚན་དཔའ་འབར་ཏེ། །འཕྲལ་ཕུག་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་ཨ་བུ་ཧྲལ་པོས་སྙིང་ཐག་པ་ནས་བྲིས་པ་དགེ། །དགེའོ། །དགེའོ། དགེའོ།། །།


previousབླ་མའི་གསོལ་འདེབས་བཀྲ་ཤིས་དགེ་ལེགས།next