cover

བར་དོ་ཐོས་གྲོལ་ཆེན་མོའི་གཏེར་གསར་ཆོས་སྐོར་དང་བར་དོ་དྲུག་གི་ཆོས་ཚན་སྤྱི་དང་སྨོན་ལམ་གྱི་སྐོར།

དེབ་བདུན་པ།

ཆོས་རྒྱལ་གླིང་པ། ཉག་བྱམས་འབྱོར་དགོན་བླ་མ་ལེགས་བཤད། རྒྱལ་སྲས་རྡོ་རྗེ་གླིང་པ། སྟག་ཤམ་ནུས་ལྡན་རྡོ་རྗེ། རྩེ་ལེ་སྣ་ཚོགས་རང་གྲོལ། དཔལ་སྤྲུལ་ནམ་མཁའ་འཇིགས་མེད། ཀརྨ་གླིང་པ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།

བླ་རུང་སྔ་འགྱུར་དཔེ་ཚོགས་རྩོམ་སྒྲིག་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྩོམ་སྒྲིག་པའི་གསལ་བཤད།

༼ ༽མི་འདྲ་བ་ཐེ་ཚོམ་ཅན་འདམ་ངའི་རྟགས། { }ལྷག་མོ་ཡིན་ནམ་སྙམ་པའི་རྟགས། ---མ་དཔེ་མི་གསལ་བའི་རྟགས། [ ]མ་དཔེ་ལས་ཆད་པ་ཡིན་སྙམ་པའི་རྟགས། ()གོ་བ་ལེན་བདེ་བའི་ཆེད་དུ་གསར་དུ་བསྣན་རྟགས།

༈ དེ་ཡང་བར་དོ་ཐོས་གྲོལ་གྱི་ཆོས་སྐོར་འདི་དག་ནི་འཛམ་གླིང་མཁས་པ་དག་གིས་གདེང་འཇོག་མཐོན་པོར་གནང་བའི་ཆོས་ཚུལ་ཁྱད་པར་ཅན་ཞིག་ཡིན་པ་དང་། འདིའི་དབང་ལུང་དང་ཁྲིད་རྒྱུན་ཆོ་གའི་ཕྱག་བཞེས་སོགས་ད་དུང་རྒྱུན་མ་ཆད་པར་དར་ཁྱབ་ཆེ་བས། ཟབ་ཆོས་འདིའི་ཕྲིན་ལས་ཕྱོགས་བཅུར་རྒྱས་པའི་ཕྱིར། གསུང་འདི་དག་གལ་ཆེ་བའི་གནས་སུ་བཟུང་ནས་མ་དཔེ་འཚོལ་སྡུད་སོགས་ལ་དཀའ་ངལ་མང་ཙམ་བྱས་ཏེ་དེབ་འདི་དག་བསྐྲུན་པ་ཡིན་ཀྱང་མ་དཔེ་ཇི་བཞིན་མ་ཆོད་པ་སོགས་སྐྱོན་དུ་མ་ཡོད་སྲིད་པས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་དེ་ལུགས་ཐུགས་ངེས་དགོས་ཤིང་། གཞན་ཡང་གཏེར་ཁ་གསར་རྙིང་གི་ཐོས་གྲོལ་གྱི་ཆོ་གའི་སྐོར་གྱི་ཡི་གེ་དག་ནི་དར་ཁྱབ་ཆེ་བས་འདིར་འགྲེལ་བཤད་དག་གི་གཞི་བྱས་པའི་ཆོ་གའི་གཞུང་ཉུང་བསྡུས་ཙམ་ལས་མ་བཀོད་ལ། དེ་མིན་དབང་དང་འགྲེལ་བཤད་ཁྲིད་ཡིག་རྒྱབ་ཆོས་ཀྱི་ཆོས་ཚན་གང་རྙེད་མཐའ་དག་ཕྱོགས་བསྡུས་བྱས་ཡོད་པ་ཡིན་ནོ།། །།

བླ་རུང་སྔ་འགྱུར་དཔེ་ཚོགས་རྩོམ་སྒྲིག་པས།

བླ་མ་བརྒྱུད་པའི་གསོལ་འདེབས་ནོར་བུའི་ཕྲེང་བ།

༈ རིག་འཛིན་ཆོས་རྒྱལ་གླིང་པའི་གཏེར་གསར་ཐོས་གྲོལ་གྱི་ཆོས་ཚན་འགའ་དང་བསྙེན་ཡིག་སྐོར།

བླ་མ་བརྒྱུད་པའི་གསོལ་འདེབས་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དེ་ཝ་མནྚ་ལེ་བྷྱ། རྣམ་གསུམ་ཡོ་གའི་རྒྱུད་སྡེ་རྒྱ་མཚོ་ཡི། །སྙིང་པོ་ཞི་ཁྲོ་འདུས་པའི་གཞུང་བཟང་གི ། ཟབ་མོ་རྫོགས་རིམ་ཕྱོགས་ཀྱི་གདམས་པའི་སྲོལ། །མཆོག་གྱུར་གང་ལས་ཇི་ལྟར་བརྒྱུད་པའི་ཚུལ། །ཀུན་བཟང་རིགས་ལྔ་དཔལ་ལྡན་རྡོ་རྗེ་སེམས། །དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང་། །ཤྲཱི་སིངྷ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྒྱ་ཆེན་བསྐྱེད་པའི་ཕྱོགས་ཀྱི་གདམས་པའི་སྲོལ། །གང་ལས་བརྒྱུད་ཚུལ་ཀུན་བཟང་རྡོ་རྗེ་སེམས། །ཞི་དང་ཁྲོ་ཚོགས་སྟོན་པ་ཤཱཀྱ་ཐུབ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྒྱལ་ཀུན་གསང་གསུམ་ངོ་བོ་རིགས་གསུམ་མགོན། །སྐལ་ལྡན་དམ་པའི་རིགས་ཅན་དྲ་མ་ལྔ། །མཐའ་ཡས་རྒྱུད་སྡེའི་བཀའ་བབ་རྒྱལ་པོ་ཛཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཨུ་པ་རཱ་ཛ་ཨིནྡྲ་བོ་དྷི་དང་། །པུ་ཏྲ་རྣམ་གསུམ་ཀུ་ཀུ་རཱ་ཛའི་ཞབས། །དགའ་རབ་བཞད་པ་རྩལ་དང་མཚོ་སྐྱེས་རྗེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གཞན་ཡང་ལུས་དཀྱིལ་ཨ་ནུའི་གདམས་པ་སོགས། །རྒྱུད་དང་སྒྲུབ་སྡེ་ཆོས་ཚུལ་སྔ་ཕྱི་ཀུན། །འདུས་པའི་བཀའ་བབས་པདྨ་ཐོད་ཕྲེང་རྩལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཡེ་ཤེས་མཚོ་རྒྱལ་བཻ་རོ་ཁྲི་སྲོང་སྟེ། །རྗེ་འབངས་གྲོགས་གསུམ་ཞེས་གྲགས་ནང་གསེས་སུ། །འབངས་ཀྱི་ཟུང་གཅིག་དཔལ་གྱི་དབང་ཕྱུག་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གྲུབ་པའི་གཙུག་རྒྱན་མ་ཏི་རཏྣའི་ཞབས། །རྗེ་དེའི་རྣམ་འཕྲུལ་ཟབ་གཏེར་རྒྱ་མཚོ་ལ། །དབང་བསྒྱུར་ཆོས་ཀྱི་རྒྱལ་པོ་གླིང་པའི་མཚན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཚེ་དབང་རྣམ་རྒྱལ་བསོད་ནམས་རྒྱལ་མཚན་པ། །ཀུན་བཟང་རྣམ་རྒྱལ་མདོ་སྔགས་རྒྱ་མཚོའི་སྡེ། །ཚེ་དབང་ནོར་བུ་ཀརྨ་གྲགས་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇིགས་མེད་ཆོས་མཆོག་ཀུན་བཟང་དཔལ་འབྱོར་ཞབས། །གང་དེས་རྗེས་བཟུང་པདྨ་འཇིགས་མེད་སོགས། །དངོས་བརྒྱུད་བླ་མ་དམ་པའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བསྐྱེད་རིམ་ཁྱད་པར་བཞི་ལྡན་རྣལ་འབྱོར་གྱིས། །རྒྱུད་སྨིན་དམིགས་བཅས་རྫོགས་རིམ་རྟོགས་པ་སྐྱེས། །དེ་ལས་དམིགས་མེད་རྫོགས་པ་ཆེན་པོའི་དོན། །རྟོགས་ནས་ཀ་དག་གཞི་ཐོག་ཕེབས་པར་ཤོག །ཅེས་སྤྱི་དང་། བྱེ་བྲག་ཏུ་གསོལ་བ་འདེབས་ན་རྣམ་ཐར་བསྡུས་དོན་དང་སྦྲེལ་བ་འདི་ལྟ་སྟེ།

༈ སྤྲུལ་པའི་གཏེར་སྟོན་ཆོས་རྒྱལ་གླིང་པ་ལ་གསོལ་བ་འདེབས་པ་བྱིན་རླབས་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི་སིདྡྷི། དམ་པའི་རིགས་ཅན་བློ་གྲོས་ཐབས་ལྡན་དང་། །དངོས་གྲུབ་མཆོག་བརྙེས་དཔལ་གྱི་དབང་ཕྱུག་གི །རྣམ་འཕྲུལ་ཟབ་གཏེར་བཀའ་བབས་རིག་པ་འཛིན། །ཆོས་རྒྱལ་གླིང་པའི་ཞབས་ལ་གསོལ་བ་འདེབས། །མཁྱེན་པས་ཤེས་བྱ་ཟབ་མོའི་གནས་ལུགས་གཟིགས། །བརྩེ་ཆེན་ཐུགས་རྗེས་འགྲོ་འདུལ་ཕྲིན་ལས་རྒྱས། །ནུས་པས་ཡིད་སྲུབས་དཔུང་ཚོགས་མཐར་མཛད་པ། །ནམ་མཁའ་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །སྐྱབས་གནས་ཀུན་འདུས་པདྨའི་རྒྱལ་ཚབ་ཆེར། །རྩེ་གཅིག་གུས་པས་གསོལ་བ་བཏབ་པའི་མཐུས། །ཡེ་ཤེས་གཟིགས་པས་རྟག་ཏུ་རྗེས་བཟུང་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་བསྟོད་ཡུལ་དམ་པ་གང་དེའི་རིགས་ཆོས་ཀྱི་བརྒྱུད་འཛིན་རྒྱལ་སྲས་བསོད་ནམས་སྟོབས་རྒྱལ་གྱི་བཞེད་སྐོང་དུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །

ཞི་བ་གོང་ནས་བསྙེན་ཀྱང་འགྲོ་བའི་ངོར། །གང་འདུལ་དེར་སྣང་དུ་མའི་གར་དང་ནི། །བློ་གྲོས་རིན་ཆེན་རྣམ་པ་འཕྲུལ་པའི་གར། །གར་དབང་ཆོས་རྒྱལ་གླིང་པར་གསོལ་བ་འདེབས། །སྨོན་ལམ་སྟོབས་ཀྱིས་དགེ་བའི་ཆར་བཟང་པོས། །ཕྱོགས་བརྒྱའི་གདུལ་དཀའི་ཐ་བ་རབ་བརླན་ནས། །བྱང་ཆུབ་མྱུ་གུ་སྨིན་མཛད་གང་དེ་ཡི། །ཐུགས་བསྐྱེད་བསྟན་འགྲོའི་གསོས་སུ་སྨིན་པར་ཤོག །ཅེས་ཀུ་ལི་བ་ཀུན་བཟང་འཇིགས་མེད་རྡོ་རྗེས་རྒྱལ་འཕགས་རི་ཁྲོད་དུ་གུས་པས་གསོལ་བ་བཏབ་པ་དགེའོ། །དེ་ལྟར་དམ་པ་ཟུང་གི་གསུང་དང་སྦྲེལ་བའི་བརྒྱུད་པའི་གསོལ་འདེབས་འདི་ཡང་ཐམས་ཅད་མཁྱེན་པ་མཚོ་སྐྱེས་དགྱེས་པའི་ཞབས་རྡུལ་གཙུག་ཏུ་འཆང་བ་བསོད་ནམས་སྟོབས་རྒྱལ་གྱིས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག། །།

འཆི་ཁ་བར་དོའི་ངོ་སྤྲོད།

བཀའ་རྫོགས་པ་ཆེན་པོ་བླ་མ་ཀུན་འདུས་ཀྱི་ཆ་ལགས་ཐོས་ཆོག་ལྟ་བ་རང་གྲོལ་ངན་སོང་སྒྲིབ་སྦྱང་གི་འཆི་ཁ་བར་དོའི་ངོ་སྤྲོད་བཞུགས་སོ༔ རྒྱ་གར་སྐད་དུ༔ ན་མོ་གུ་རུ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཛྙཱ་ན་དྷར་དུ་ཨ༔ བོད་སྐད་དུ། བླ་མ་ཀུན་བཟང་བྱང་ཆུབ་སེམས་ཀྱི་བདེ་བ་ཆེན་པོ་ཡེ་ཤེས་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ༔ ཙིཏྟ་ཀློང་ནས་ཐོས་ཆོག་ལྟ་བ་རང་གྲོལ་ལས༔ ངན་སོང་སྒྲིབ་སྦྱང་གི་འཆི་ཁ་བར་དོའི་ངོ་སྤྲོད༔ ཚིག་ཉུང་ལ་དོན་འདུས་པ༔ དུས་ཀྱི་རིག་པ་གོ་སླ་བ༔ འདི་ལྟར་བསྟན༔ ཚེ་ལས་འདས་པ་ཆེ་གེ་མོ་མགོ་བྱང་དུ་བསྟན་ཞིང་༔ ཁ་མིག་ནུབ་ཏུ་བསྟན་ལ༔ ལུས་སྤྲུག་བསིག་མི་བྱ་བར༔ ཉེ་འདུན་དང་༔ ནོར་རྫས་རྩར་མི་བཞག༔ སྨྲེ་སྔགས་མི་འདོན་གལ་ཆེའོ༔ ཕྱི་དབུག་ཆད་པའི་དུས་སུ་ནང་དབུགས་ཡོད་སྐབས་སུ་འདུན་པ་རྩེ་གཅིག་གིས༔ རྣ་བུག་གཡོན་པའི་ནང་དུ་སྒྲ་ཕྲ་བར་བོས་ལ་འདི་སྐད་དོ༔

འོ་རིགས་ཀྱི་བུ་ཆེ་གེ་མོ་མ་ཡེངས་པར་ང་ལ་ཉོན་ཅིག༔ འོ་ད་སྐབས་སུ་ཁྱོད་ཀྱི་བེམ་རིག་བྲལ་བར་ཡིན་ངེས་པའི་འདུན་པ་རྩེ་གཅིག་ཏུ་ང་ལ་ཉོན་ཅིག༔ འོ་ང་ཡང་ཐ་མལ་གྱི་སྐྱེས་བུ་ངན་པ་མ་ཡིན་པ༔ སྤྲུལ་པའི་སྐུ་མཆོག་གུ་རུ་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ ཞལ་གཅིག་ཕྱག་གཉིས་དབུ་ལ་པད་ཞུ་སྒྲོ་དར་གྱིས་བརྒྱན་པ༔ སྐུ་ལ་ཟ་འོག་ཆོས་གོས་གསེར་གྱི་པ་ཊ་རི་མནབ་པ༔ ཐུགས་ཀར་རྡོ་རྗེ་དྲིལ་བུ་བསྣོལ་ཞིང་༔ རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ༔ སྤྱི་བོར་མདའ་གང་ཙམ་གྱི་མཚམས་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ༔ དྲུག་པ་རྡོ་རྗེ་འཆང་ཆེན༔ སྟོན་པ་རྡོ་རྗེ་སེམས་དཔའ༔ ཀུན་བཟང་ཞི་ཁྲོའི་དམ་པ་རིགས་བརྒྱའི་ལྷ་ཚོགས་བཀྲ་ལྷང་ངེར་གསལ་བར་བསྒོམ་ཞིང་༔ འདུན་པ་རྩེ་གཅིག་ཏུ་གསོལ་བ་བཏབ་པའི་མོས་པ་མཛོད་ལ༔ མི་རྟག་དྲན་པའི་ངོ་སྤྲད་པ་ནི༔ འོ་རིགས་ཀྱི་བུ་ཚེ་ལས་འདས་པ་ཆེ་གེ་མོ་མ་ཡེངས་པར་ང་ལ་ཉོན་དང་མི་རྟག་པ་ཁྱོད་ལ་བཤད༔ འོ་འཇིག་རྟེན་འདི་ནས་རྟག་པར་མི་འདུག་པའི༔ འཁོར་བ་པ་ནི་སྡུག་བསྔལ་གཞི་ལས་བྱུང་༔ མི་རྟག་པའི་ཁང་ཁྱིམ་བང་ཞིང་ལ་མ་ཆགས་མ་ཞེན་ཅིག༔ ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་ཤི་བ་ཡིན་པས༔ བུ་དང་བུ་མོ་ཆུང་མ་ལ་སོགས་ཉེ་བ་གཉེན་འདུན་རྣམས་ལ་མ་ཆགས་མ་ཞེན་ཅིག༔ ནོར་རྫས་བེའུ་ལུག་དང་༔ རྟ་གོས་ཟས་འབྲུ་ལ་སོགས་མི་རྟག་ཅིང་༔ ཆགས་པ་མེད་པས་མ་ཆགས་མ་ཞེན་ཅིག༔ འོ་རིགས་ཀྱི་བུ་ཚེ་ལས་འདས་པ་ཆེ་གེ་མོ་མ་ཡེངས་པར་ཉོན་ཅིག༔ སྔར་སོང་གི་འཇིག་རྟེན་བྲང་ང་ཁམས་ན་ཁང་ཁྱིམ་ནོར་རྫས་ཉེ་འདུན་མང་སྟེ༔ སུ་ཡང་ཆགས་པ་མེད་པར་འགྲོ་དགོས་པའི་དུས་ལ་བབ་ནས༔ འདུན་པ་དཀོན་མཆོག་གསུམ་ལ་གཏད་ནས་འགྲོའོ༔ འོ་རིགས་ཀྱི་བུ་ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་གཅིག་པུར་མ་ཡིན་པས༔ ཀུན་འགྲོ་དགོས་པ་ཡིན༔ ད་རིག་པ་སྒྲིམས་ཤིག༔ ཤི་བ་སླེབ་པ་ཡིན་ནོ༔ ཁྱོད་རང་དཀོན་མཆོག་གསུམ་ལ་འདུན་པ་རྩེ་གཅིག་ཏུ་གཏོད་ཅིག༔

བེམ་རིག་བྲལ་ཚུལ་ངོ་སྤྲོད་ནི༔ འོ་རིགས་ཀྱི་བུ་ཚེ་ལས་འདས་པ་ཆེ་གེ་མོ་མ་ཡེངས་པར་ཉོན་ཅིག༔ ཁྱོད་རང་གི་ལུས་འདི་འབྱུང་ལྔ་ལ་གཡར་པོ་ཡིན་པས༔ ཕུང་པོ་འཇིག་ཚུལ་ཅི་བྱུང་ཡང་མ་འཇིགས་མ་སྐྲག་མ་སྔངས་ཤིག༔ འབྱུང་བ་ནམ་མཁའ་འཇིག་པའི་དུས་སུ་རྟགས་ལ་འོད་ཐམས་ཅད་མཐིང་ཀ་རུ་འཆར༔ དེ་རིག་པ་ཆོས་སྐུའི་འོད་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ འོད་ཆེན་པོ་ཁྲོ་བོའི་སྐུ་རི་རབ་ཙམ་དང་༔ ཞིང་ཁམས་ཐམས་ཅད་མཐིང་ག་འཆར་བའི་དུས་སུ༔ རང་སྟོང་པའི་ཁམས་སུ་གཡེང་བ་ལྟ་བུའི་སྣང་བ་འོང་༔ དེ་ཆོས་ཀྱི་དབྱིངས་རང་སྒྲ་རང་གཟུགས་སུ་ཡིན་པས་དེ་ལ་མ་འཇིགས་མ་སྐྲག་མ་སྔངས་ཤིག༔ འབྱུང་བ་ས་འཇིག་པའི་དུས་སུ་རྟགས་ལ་འོད་ཁྱིམ་ཐམས་ཅད་སེར་པོ་རུ་འཆར་བའི་དུས་སུ༔ དེ་རང་རིག་ཆོས་སྐུའི་འོད་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ འོད་ཆེན་པོ་ཁྲོ་བོའི་སྐུ་རི་རབ་ཙམ་དང་ཞིང་ཁམས་ཐམས་ཅད་སེར་པོ་རུ་འཆར་བའི་དུས་སུ༔ རང་ས་འོག་མནན་པ་ལྟ་བུའི་སྣང་བ་འོང་༔ དེ་ཆོས་ཉིད་རང་སྒྲ་རང་གཟུགས་སུ་ཡིན་པས༔ དེ་ལ་མ་འཇིགས་མ་སྐྲག་མ་སྔངས་ཤིག༔ འབྱུང་བ་ཆུ་འཇིག་པའི་དུས་སུ་རྟགས་ལ་འོད་ཐམས་ཅད་སྔོན་པོ་རུ་འཆར༔ དེ་རིག་པ་ཆོས་སྐུའི་འོད་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ འོད་ཆེན་པོ་ཁྲོ་བོ་སྐུ་རི་རབ་ཙམ་དང་ཞིང་ཁམས་ཐམས་ཅད་སྔོན་པོ་རུ་འཆར་བའི་དུས་སུ༔ རང་རྒྱ་མཚོ་ཆུ་ཡི་ནང་དུ་ལྷུང་བའི་སྣང་བ་འོང་༔ དེ་ཆོས་ཉིད་རང་སྒྲ་རང་གཟུགས་སུ་ཡིན་པས་མ་སྐྲག་ཅིག་མ་འཇིགས་མ་སྔངས་ཤིག༔ འབྱུང་བ་མེ་འཇིག་པའི་དུས་སུ་རྟགས་ལ་འོད་ཐམས་ཅད་དམར་པོ་རུ་འཆར༔ དེ་རིག་པ་ཆོས་སྐུའི་འོད་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ འོད་ཆེན་པོ་ཁྲོ་བོའི་སྐུ་རི་རབ་ཙམ་དང་ཞིང་ཁམས་ཐམས་ཅད་དམར་པོ་རུ་འཆར་བའི་དུས་སུ༔ རང་མེ་འོད་དུ་བསྲེགས་པ་ལྟ་བུའི་སྣང་བ་འོང་༔ དེ་ཆོས་ཉིད་རང་སྒྲ་རང་གཟུགས་སུ་ཡིན་པས༔ དེ་ལ་མ་སྐྲག་མ་འཇིགས་མ་སྔངས་ཤིག༔ འབྱུང་བ་རླུང་འཇིག་པའི་དུས་རྟགས་ལ་འོད་ཐམས་ཅད་ལྗང་གུ་རུ་འཆར༔ དེ་རིག་པ་ཆོས་སྐུའི་འོད་ཡིན་པས་ངོ་ཤེས་པར་གྱུར་ཅིག༔ འོད་ཆེན་པོ་ཁྲོ་བོའི་སྐུ་རི་རབ་ཙམ་དང་ཞིང་ཁམས་ལྗང་གུ་རུ་འཆར་བའི་དུས་སུ༔ རང་རླུང་གིས་གཡབ་ཅིང་སྤྲུག་བསིག་བྱེད་པ་ལྟ་བུའི་སྣང་བ་འོང་༔ དེ་རིག་པ་ཆོས་ཉིད་རང་སྒྲ་ཡིན་པར་མ་སྐྲག་མ་འཇིགས་མ་སྔངས་ཤིག༔

སྒོ་རྡིབ་དང་རྩ་ཁྲག་དང་བེམ་རིག་བྲལ་བའི་ངོ་སྤྲོད་ནི༔ འོ་རིགས་ཀྱི་བུ་ཚེ་ལས་འདས་པ་ཆེ་གེ་མོ་མ་ཡེངས་བར་ཉོན་ཅིག༔ ལུས་ལ་གྲུབ་པའི་དབང་པོ་སྒོ་རྡིབ་པའི་དུས་སུ༔ མུན་པའི་གླིང་དུ་སླེབ་པ་ལྟ་བུའི་སྣང་བ་འོང་༔ དེ་ལ་མ་འཇིགས་མ་སྐྲག་མ་སྔངས་ཤིག༔ ལུས་ལ་གྲུབ་པའི་རྩ་ཁམས་ཐམས་ཅད་ནས༔ ཁྲག་ནང་དུ་འདུས་པའི་དུས་སུ༔ རི་བོ་ཆེན་པོས་མནན་པ་ལྟ་བུའི་སྣང་བ་འོང་༔ དེ་ལ་མ་འཇིགས་མ་སྐྲག་མ་སྔངས་ཤིག༔ ལུས་ལ་གྲུབ་པའི་ཕ་ལས་ཐོན་པའི་ཐིག་ལེ་མ་ལས་ཐོན་པའི་རཀྟ་དུས་གཅིག་རྣམ་ཤེས་སྟེང་དུ་བབ་པའི༔ འདྲིལ་བའི་དུས་སུ་ས་སྣུལ་མེ་ཚིག་ནང་དུ་ཐོན་པ་ལྟ་བུའི་སྣང་བ་འོང་༔ དེ་ལ་མ་འཇིགས་མ་སྐྲག་མ་སྔངས་ཤིག༔ བེམ་རིག་བྲལ་བའི་དུས་སུ༔ རང་སྣང་ཁོག་ཆེན་པོ་དང་སོ་སོར་བྲལ་ནས༔ རང་སྣང་འཇའ་ཚོན་གྱིས་བསྐོར་བ་ལྟ་བུའི་སྣང་བ་འོང་༔ དེ་ལ་མ་འཇིགས་མ་སྐྲག་མ་སྔངས་ཤིག༔

སྣང་བ་འཆར་འབྱུང་ངོ་སྤྲད་ནི༔ འོ་རིགས་ཀྱི་བུ་ཚེ་ལས་འདས་པ་མ་ཡེངས་པར་ཉོན་ཅིག༔ སྣང་བ་ལ་མི་འཆར་བ་མེད་པར༔ མདངས་ལ་སྨིག་སྒྱུ་མེ་རེ་རེ་དང་༔ མཚོན་ཆའི་ཆར་བབ་པ་ལྟ་བུའི་སྣང་བ་འོང་༔ དེ་ལ་མ་འཇིགས་མ་སྐྲག་མ་སྔངས་ཤིག༔ སྒྲ་འབྲུག་སྟོང་དུ་ལྡིར་བ༔ སོད་སོད་དང་ཆོད་ཆོད་ཀྱི་སྒྲ་སྒྲོགས་པ་ལྟ་བུའི་སྣང་བ་འོང་༔ དེ་ལ་མ་འཇིགས་མ་སྐྲག་མ་སྔངས་ཤིག༔ གློ་བུར་ཧྲཱིལ་གྱི་ཁྲོ་བོའི་སྐུ་འཆར་བ་དང་༔ ལྷ་ཡི་གཟུགས་བརྙན་ཕྱག་མཚན༔ ཅི་ཤར་ཡང་རིག་པ་ལས་གྲུབ་པར་ཡི་དམ་གྱི་ལྷ་ཡིན་པ་ངོ་ཤེས་པར་གྱིས་ཤིག༔ གཞལ་ཡས་ཁང་གཟུགས་སྡུག་པ༔ ཉམས་དགའ་བ༔ ཟ་འོག་གི་བེར་བཤམ་པ་ལྟ་བུ་མཐོང་༔ དེ་ལ་ཆགས་སེམས་དང་འདུན་པ་སོགས་མ་བྱེད༔ འོད་གཟུགས་ཐམས་ཅད་མིག་ལས་བྱུང་༔ སྒྲ་ཐམས་ཅད་རྣ་བ་ལས་བྱུང་༔ མཚོན་ཆ་ཐམས་ཅད་སྐྲ་དང་བ་སྤུ་ལས་འབྱུང་བ་ཡིན༔ སྐྲག་མི་དགོས་པ་ངོ་ཤེས་པར་གྱིས༔ དེ་ལ་མ་འཇིགས་མ་སྐྲག་མ་སྔངས་ཤིག༔ རིག་པ་ཆོས་སྐུ་ཅི་ཤར་ངོ་སྤྲད་ནི༔ འོ་རིགས་ཀྱི་བུ་ཚེ་ལས་འདས་པ༔ ཁྱོད་རང་གི་སྣང་བ་འདུག་ཀློད་མེད་པར་རིག་པ༔ རིག་པ་སྟོང་པ་ཡིན༔ སྟོང་པ་ཆོས་སྐུའི་ངོ་བོ་ཡིན༔ ཞིང་ཁམས་དང་ཞི་སྐུ་ཁྲོ་གཟུགས་ལ་སོགས༔ རིགས་དྲུག་སྣང་བ་ཅི་ཤར་བ་ཐམས་ཅད༔ རྩ་ཁམས་དང་རླུང་གནད་ཀྱི་འཆར་ཚུལ་ཡིན༔ དེ་ལ་མ་འཇིགས་མ་སྐྲག་ཅིག༔ རིག་པ་སྟོང་པར༔ ས་ལེར༔ ཀྱི་ལེར༔ ཡེར་རེ༔ ཧྲིག་གེ་བ་དེར་མ་ཡེངས༔ རང་ཐོག་ཏུ་ལྟོས་ཤིག༔ བལྟས་ན་གསལ་སྟོང་གི་རིག་པ་མཐོང་བར༔ ཆོས་སྐུའི་བདེ་ཉམས་ཀྱི་འོད༔ སྐྱེ་འཆི་མེད་པའི་འོད་ཀྱི་བསུ་མ་འོང་བ་ཡིན་པར༔ ངོ་ཤེས་པར་གྱིས་ཤིག༔

སྒོ་བཀག་བཙན་ས་བསྟན་པའི་ངོ་སྤྲོད་ནི༔ འོ་རིགས་ཀྱི་བུ་ཚེ་ལས་འདས་པ༔ མ་ཡེངས་པར་ཉོན་ཅིག༔ ད་ཁྱོད་རང་གི་རྩ་ཁམས་ཐམས་ཅད་ནི༔ ས་ཆུ་ལ་ཐིམ༔ ཆུ་མེ་ལ་ཐིམ༔ མེ་རླུང་ལ་ཐིམ༔ རླུང་རྣམ་པར་ཤེས་པ་ལ་ཐིམ༔ རིག་པ་ལུས་ཁང་རྒན་གྱི་ནང་དུ༔ མ་འདུག་པར་ཡར་རྙོགས་ཤིག༔ འོག་སྒོ་རུ་བུད་ན༔ དམྱལ་བར་སྐྱེ་བའི་ས་ཡིན༔ དེར་མ་འགྲོ་བར་ཡར་ལ་ཤོག་ཅིག༔ ཆུ་ལམ་མངལ་སྒོ་རུ་བུད་ན༔ སྲིན་རིགས་ཡི་དྭགས་སུ་སྐྱེ་བའི་ས་ཡིན༔ དེར་མ་འགྲོ་ཡར་ལ་ཤོག་ཅིག༔ ལྟེ་བར་སྣ་ལ་བུད་ན༔ བྱོལ་སོང་དུ་སྐྱེ་བའི་ས་ཡིན༔ དེར་མ་འགྲོ་བར་ཤོག་ཅིག༔ ཁ་ནང་དུ་བུད་ན༔ འཐབ་རྩོད་སྲིན་པོར་སྐྱེ་བའི་ས་ཡིན༔ དེར་མ་འགྲོ་ཡར་ཤོག་ཅིག༔ སྣ་གཡས་མིག་གཡོན་དུ་བུད་ན༔ མི་རིགས་མཐོན་པོ༔ སྡུག་གྲགས་ཅན་དུ་སྐྱེ་བའི་ས་ཡིན༔ དེར་མ་འགྲོ་ཡར་ལ་ཤོག་ཅིག༔ སྨིན་མཚམས་སུ་བུད་ན༔ ལྷ་ལ་སྐྱེ་བའི་ས་ཡིན༔ དེར་མ་འགྲོ་བར་ཡར་ཤོག་ཅིག༔ སྤྱི་གཙུག་ཏུ་བུད་ན༔ སྟོང་འཁོར་ལོ་བསྒྱུར་རྒྱལ་དུ་སྐྱེ་བའི་ས་ཡིན་པའི༔ ཡར་ཤོག་ལ་འདུན་པ་རྩེ་གཅིག་ཏུ༔ རིག་པ་བསྒྲིམ་པར༔ མ་ཡེངས་ཤིག༔ བཙན་ཐབས་སུ་རྒྱང་འཕེན་ནི༔ འོ་རིགས་ཀྱི་བུ་ཚེ་ལས་འདས་པ༔ ཆེ་གེ་མོའི་རྣམ་པར་ཤེས་པའི་ངོ་བོ༔ ཨཿདཀར་པོ་གཅིག་ཏུ་གྱུར་པ་ནི༔ སྤྱི་གཙུག་ཚངས་པའི་བུ་ཀར༔ རྒྱ་སྐར་ཁ་ཕྱེ་བ་ལྟ་བུའི་ནང་དུ་ཕྱུང་ནས༔ སྐྱེས་བུའི་མདའ་འཕང་བ་བཞིན་དུ་རྒྱངས་ཀྱི་ཆོས་སྐུ་ཀུན་བཟང་ཡབ་ཡུམ་གྱི་སྦྱོར་མཚམས་སུ་མཁའ་དབྱིངས་དག་པའི་ཞིང་ལ་ཐིམ༔ སངས་རྒྱས་པར་གྱུར་ཅིག༔ ཨཱཿ ཕཊཿཕཊཿཕཊཿ

སྨོན་ལམ་ནི༔ ༀ་ཨཱཿཧཱུྃ༔ འཆི་ཁ་བར་དོ་འཁོར་བ་འཁྱམས་པའི་ཚེ༔ རིག་པ་ཡེ་ཤེས་གསལ་བའི་འོད་ལམ་ལ༔ ཆོས་སྐུ་ཀུན་ཏུ་བཟང་པོས་ལམ་སྣ་དྲོངས༔ ཆོས་དབྱིངས་ཀུན་ཏུ་བཟང་མོས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལམ་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་ཤོག༔ ཨཱཿ ཕཊཿཕཊཿཕཊཿ ཞེས་འཕོ་བ་མ་ཐེབས་བར་དུ་བསྐྱར༔ འཆི་ཁ་བར་དོ་ངོ་སྤྲོད༔ གསལ་གདབ་པ་ཤིན་ཏུ་གལ་ཆེ༔ ངོ་སྤྲོད་ཀུན་ལ༔ རིམ་བཞིན་དཔེར་ན་ཆུ་བོའི་གཞུང་ཆེན་པོ་ལ་གདུང་གྲུ་འཕང་བ་ལྟ་བུ༔ རྩར་བཅད་ནས་སྐམ་སར་ལེན་པ་ལྟ་བུའོ༔ དེ་ལ་བར་དོ་འཕྲང་བགྲོད་པ༔ སྐབས་ཀྱི་ཐིམ་ལྟ་བུ་ཡིན་པས༔ གཅིག་ལ་ངོ་མ་འཕྲོད་ན༔ གཅིག་ལ་ངོ་མི་འཕྲོད་མི་སྲིད་དོ༔ བཤེས་གཉེན་བཟང་པོའི་ངོ་སྤྲོད༔ གསལ་གདབ་འཕོ་བ་སྤར་ན༔ མི་གྲོལ་མི་སྲིད༔ གལ་ཆེ༔ དཀོན་མཆོག་ལ་གསོལ་བ་བཏབ་པའི་རོགས་ལྡན་དང་༔ གཟུངས་སྔགས་བཟླ་ཞིང་སྨོན་ལམ་ཅི་ཤེས་བརྗོད༔ བཏགས་གྲོལ་བཅང་༔ གྲོགས་པོ་སྒྲ་གསལ་བ་གཅིག་གིས་རྒྱུན་དུ་ཀློག་པར༔ ཞག་ཉེར་གཅིག་ཏུ་མི་གྲོལ་མི་སྲིད་༔ ཅེས་ཐོས་ཆོག་ལྟ་བ་རང་གྲོལ་ལས༔ ངན་སོང་སྒྲིབ་སྦྱང་༔ འཆི་ཁ་བར་དོའི་ངོ་སྤྲོད༔ འཁྲུལ་པ་རང་གྲོལ་ཞེས་བྱ་བ༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་ཐུགས་བཅུད་ཟབ་མོ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ༔རྒྱ༔རྒྱ༔

འཁྲུལ་པ་བར་དོའི་ངོ་སྤྲོད།

བཀའ་རྫོགས་པ་ཆེན་པོ་བླ་མ་ཀུན་འདུས་ཀྱི་ཆ་ལག་ཐོས་ཆོག་ལྟ་བ་རང་གྲོལ་ངན་སོང་སྒྲིབ་སྦྱང་གི་འཁྲུལ་པ་བར་དོའི་ངོ་སྤྲོད་བཞུགས་སོ༔ རྒྱ་གར་སྐད་དུ༔ ན་མོ་གུ་རུ༔ བྷོ་དྷི་ཙིཏྟ་མ་ཧ་སུ་ཥ་ཛྙཱ་ན་དྷརྟུ་རུ་ལུ་རུ་ལུ་ཨཱཿ བོད་སྐད་དུ༔ བླ་མ་ཀུན་བཟང་བྱང་ཆུབ་སེམས་ཀྱི་བདེ་བ་ཆེན་པོ༔ ཡེ་ཤེས་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ༔ དེ་ལྟར་འཆི་ཁ་བར་དོ་དང་༔ ཆོས་ཉིད་བར་དོ་གཉིས་མཚམས༔ རིག་པ་འཁྲུལ་སྣང་གི་འོད༔ འཇའ་ཚོན་གྱིས་དེད་པའི་སྣང་བ་འོང་༔ ཡེ་ཤེས་ལྔ་ཡི་ངོ་སྤྲོད་བསྟན༔ ཡན་ཆད་འཆི་ཁ་བར་དོའི་གསལ་གདབ༔ རོ་ཡོད་དམ༔ ཡང་ན་མཚན་དང་ནྲྀ་ལ་བྱིན་གྱིས་རློབས༔ རྟེན་ལ་རྣམ་ཤེས་བསྟིམ་པར་གཤེད་དང་ཕྲལ༔

ཤེས་རིག་གསལ་བར་ངོ་སྤྲོད་ནི༔ འོ་རིགས་ཀྱི་བུ་ཚེ་ལས་འདས་པ་ཆེ་གེ་མོ་མ་ཡེངས་པར་ཉོན་ཅིག༔ ཁྱོད་ཀྱི་གྲོགས་ང་ཡིས་གསལ་གདབ་པ་ཡིན༔ འདུན་པ་རྩེ་གཅིག་ཏུ་དཀོན་མཆོག་གསུམ་ལ་གཏོད༔ འོ་རིགས་ཀྱི་བུ་ཚེ་ལས་འདས་པ༔ ད་ཁྱོད་འཆི་བ་ཡིན་པར་འདི་ཡན་ཆད་ཚབ་ཚུབ་ཤེས་རིག་མི་གསལ་བར༔ སྒྲ་འོད་ཟེར་གསུམ་དང་བཅས་པའི་སྣང་བ་འོང་༔ འཆི་ཁ་བར་དོའི་སྣང་བ་ཡིན་པར་ངོ་ཤེས་ནས༔ ཁྱོད་རང་གི་སྣང་ལ་གྲུབ་པའོ༔ ད་འཇིག་རྟེན་བྲང་ང་ཁམས་འདིར༔ མི་གཙང་བའི་འདམ་རྫབ་དང་༔ དུག་གི་ཆུ་བོ༔ མེ་མ་མུར་གྱི་འོབས་ཆེན་པོ༔ བཙོན་ར་དང་བཙོན་དོང་ལྟ་བུ་ཡིན༔ ཁང་ཞིང་བང་གསུམ༔ ཤ་ཉེ་རིང་ཐང་གསུམ་ལ་མ་ཆགས་ཤིག་མ་ཞེན་ཅིག༔ ཁྱོད་རང་གི་རང་སྣང་ནོན་ཏེ༔ ཤེས་རིག་ཀྱི་ངོ་བོ་སྟོང་སང་ངེ་བ་དེ་ལ༔ འཇའ་ཚོན་གྱི་གུར་ཕུབ་པ་ལྟ་བུའི་སྣང་བ་འོང་༔ དེ་ཡི་ནང་དུ་ཟླ་འོད་ཤར་བ་ལྟ་བུ་ལ༔ འཇའ་དཀར་པོ་སྣམ་བུ་བརྐྱང་བ་འདྲ་བ༔ ཐིག་ལེ་དང་ཐིག་ཕྲན་ཁྲ་ཆེམས་ཆེམས་འོང་བའི་སྣང་བ་དེ་ལ་མ་སྐྲག༔ ངོ་ཤེས་འདུན་པ་གྱིས་ལ༔ དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་ཁམས་ན༔ རྣམ་པར་སྣང་མཛད་ཡབ་ཡུམ་ཀྱིས་ཁྱོད་ལ་བསུ་མ་འོང་བ་ཡིན༔ དེ་ལ་མ་སྐྲག་མ་འཇིགས་ཤིག༔ འོ་ཁྱོད་འགྲོ་དགོས་པའི་དུས་ལ་བབ་པ་ཡིན་པར་སྡུག་སྡུག་མ་བྱེད༔ ཆེ་གེ་མོ་ཁྱོད་ཀྱི་རྣམ་པར་ཤེས་པ༔ ཨཿཡིག་དཀར་པོ་གཅིག་ཏུ་གྱུར་ནས༔ བསམ་གཏན་ཏིང་ངེ་འཛིན་གྱི་ངང་དུ་གྲོགས་བྱེད་ལ༔ དབུས་ཕྱོགས་སྡུག་པོ་བཀོད་པའི་ཞིང་ཁམས༔ སེང་ཁྲི་བསྣོལ་བའི་གདན་སྟེང་དུ༔ ཀུན་བཟང་རྣམ་སྣང་ཡབ་ཡུམ་གྱི་ཞབས་པདྨའི་སྙིང་པོའི་ཟེ་འབྲུ་ལ་ཐིམ༔ སྐྱེ་འཆི་མེད་པའི་འཇའ་ལུས་ཐོབ་ནས་སངས་རྒྱས་པར་གྱུར་ཅིག༔ ཨཱཿཕཊཿ ༀ་ཨཱཿཧཱུྃ༔ གཏི་མུག་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རྣམ་པར་སྣང་མཛད་ལམ་སྣ་དྲོངས༔ ཡུམ་མཆོག་དབྱིངས་ཕྱུག་མ་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལམ་བགྲོད་ནས་ཀྱང་༔ དབུས་ཕྱོགས་སྡུག་པོ་བཀོད་པའི་ཟེ་འབྲུ་ལ༔ བརྫུས་ཏེ་སྐྱེ་བ་མྱུར་དུ་ལེན་པར་ཤོག༔ ཨཱཿཨཱཿ

འོ་རིགས་ཀྱི་བུ་ཆེ་གེ་མོ་མ་ཡེངས་པར་ཉོན་ཅིག༔ ད་འཇིག་རྟེན་བྲང་ང་ཁམས་འདིར༔ མི་གཙང་བའི་འདམ་རྫབ་དང་༔ དུག་གི་ཆུ་བོ་མེ་མ་མུར་གྱི་འོབས་ཆེན་པོ༔ བཙོན་ར་དང་བཙོན་དོང་ལྟ་བུ་ཡིན༔ ད་ཁང་ཞིང་བང་གསུམ་ཤ་ཉེ་རིང་ཐུང་གསུམ་ལ་མ་ཆགས༔ མ་ཞེན་ཅིག༔ འོ་ཁྱོད་རང་གི་རང་སྣང་ནོན་ཏེ༔ ཤེས་རིག་གི་ངོ་བོ་སྟོང་སང་ངེ་བ་དེ་ལ༔ འཇའ་ཚོན་གྱི་གུར་ཕུབ་པ་ལྟ་བུའི་སྣང་བ་འོང་༔ དེ་ཡི་ནང་དུ་ཟླ་འོད་མཐིང་ཀ་ཤར་བ་ལྟ་བུ་ལ་འཇའ་མཐིང་ག་སྣམ་བུ་བརྐྱང་བ་འདྲ་བ༔ ཐིག་ལེ་དང་ཐིག་ཕྲན་ཁྲ་ཆེམས་ཆེམས་འོང་བའི་སྣང་བ་དེ་ལ༔ མ་སྐྲག༔ ངོ་ཤེས་འདུན་པར་གྱིས་ལ༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས༔ རྡོར་སེམས་ཡབ་ཡུམ་ཁྱོད་ལ་བསུ་མ་འོང་བ་ཡིན༔ དེ་ལ་མ་སྐྲག་མ་འཇིགས་ཤིག༔ འོ་ད་ཁྱོད་འགྲོ་དགོས་པའི་དུས་ལ་བབ་པ་ཡིན་པར་སྡུག་སྡུག་མ་བྱེད༔ ཆེ་གེ་མོ་ཁྱོད་ཀྱི་རྣམ་པར་ཤེས་པ་ཨཿཡིག་དཀར་པོ་གཅིག་ཏུ་གྱུར་ནས༔ བསམ་གཏན་ཏིང་ངེ་འཛིན་གྱི་ངང་དུ་གྲོགས་བྱེད་པར༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་༔ གླང་ཆེན་བསྣོལ་བའི་གདན་སྟེང་དུ༔ ཀུན་བཟང་རྡོར་སེམས་ཡབ་ཡུམ་གྱི་ཞབས་པདྨའི་སྙིང་པོའི་ཟེ་འབྲུ་ལ་ཐིམ༔ སྐྱེ་འཆི་མེད་པའི་འཇའ་ལུས་ཐོབ་ནས་སངས་རྒྱས་པར་གྱུར་ཅིག༔ ཨཱཿཕཊཿ ༀ་ཨཱཿཧཱུྃ༔ ཞེ་སྡང་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ མེ་ལོང་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རྡོ་རྗེ་སེམས་དཔས་ལམ་སྣ་དྲོངས༔ ཡུམ་མཆོག་སངས་རྒྱས་སྤྱན་མས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལམ་བགྲོད་ནས་ཀྱང་༔ ཤར་ཕྱོགས་མངོན་པར་དགའ་བའི་ཟེ་འབྲུ་ལ༔ བརྫུས་ཏེ་སྐྱེ་བ་མྱུར་དུ་ལེན་པར་ཤོག༔ ཨཱཿཨཱཿ འོ་རིགས་ཀྱི་བུ་ཆེ་གེ་མོ་མ་ཡེངས་པར་ཉོན་ཅིག༔ ད་འཇིག་རྟེན་བྲང་ང་ཁམས་འདིར་མི་གཙང་བའི་འདམ་རྫབ་དང་༔ དུག་གི་ཆུ་བོ༔ མེ་མ་མུར་གྱི་འོབས་ཆེན་པོ༔ བཙོན་ར་དང་བཙོན་དོང་ལྟ་བུ་ཡིན༔ ད་ཁང་ཞིང་བང་གསུམ་ཤ་ཉེ་རིང་ཐུང་གསུམ་ལ་མ་ཆགས༔ མ་ཞེན་ཅིག༔ འོ་ཁྱོད་རང་གི་རང་སྣང་ནོན་ཏེ༔ ཤེས་རིག་གི་ངོ་བོ་སྟོང་སང་ངེ་བ་དེ་ལ༔ འཇའ་ཚོན་གྱི་གུར་ཕུབ་པ་ལྟ་བུའི་སྣང་བ་འོང་༔ དེའི་ནང་ནས་ཟླ་འོད་སེར་པོ་ཤར་བ་ལྟ་བུ་ལ༔ འཇའ་སེར་པོ་སྣམ་བུ་བརྐྱང་བ་འདྲ༔ ཐིག་ལེ་དང་ཐིག་ཕྲན་ཁྲ་ཆེམས་ཆེམས་འོང་བའི་སྣང་བ་དེ་ལ་མ་སྐྲག་ངོ་ཤེས་པའི་འདུན་པ་གྱིས༔ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནས༔ རིན་ཆེན་འབྱུང་ལྡན་ཡབ་ཡུམ༔ ཁྱོད་ལ་བསུ་མ་འོང་བ་ཡིན་པར༔ དེ་ལ་མ་སྐྲག་མ་འཇིགས་ཤིག༔ འོ་ད་ཁྱོད་འགྲོ་དགོས་པའི་དུས་ལ་བབ་པ་ཡིན་པར་སྡུག་སྡུག་མ་བྱེད༔ ཆེ་གེ་མོ་ཁྱོད་ཀྱི་རྣམ་པར་ཤེས་པ་ཨཿ་ཡིག་དཀར་པོ་གཅིག་ཏུ་གྱུར་ནས༔ བསམ་གཏན་ཏིང་ངེ་འཛིན་གྱི་ངང་དུ་གྲོགས་བྱེད་པར༔ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས༔ རྟ་མཆོག་བསྣོལ་བའི་གདན་སྟེང་དུ༔ ཀུན་བཟང་རིན་འབྱུང་ཡབ་ཡུམ་གྱི་ཞབས་པདྨའི་སྙིང་པོ་ཟེ་འབྲུ་ལ་ཐིམ༔ སྐྱེ་འཆི་མེད་པའི་འཇའ་ལུས་ཐོབ་ནས་སངས་རྒྱས་པར་གྱུར་ཅིག༔ ཨཱཿཕཊ༔

ༀ་ཨཱཿཧཱུྃ༔ ང་རྒྱལ་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ མཉམ་ཉིད་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལམ་སྣ་དྲོངས༔ ཡུམ་མཆོག་མ་མཱ་ཀི་ཡིས་རྒྱབ་ནས་སྐྱོར༔ བར་དོའི་འཇིགས་པའི་འཕྲང་ལམ་བགྲོད་ནས་ཀྱང་༔ ལྷོ་ཕྱོགས་དཔལ་ལྡན་པདྨའི་ཟེ་འབྲུ་ལས༔ བརྫུས་ཏེ་སྐྱེ་བ་མྱུར་དུ་ལེན་པར་ཤོག༔ ཨཱཿཨཱཿ འོ་རིགས་ཀྱི་བུ་ཆེ་གེ་མོ་མ་ཡེངས་པར་ཉོན་ཅིག༔ ད་འཇིག་རྟེན་བྲང་ང་ཁམས་འདིར་མི་གཙང་བའི་འདམ་རྫབ་དང་༔ དུག་གི་ཆུ་བོ་མེ་མ་མུར་གྱི་འོབས་ཆེན་པོ༔ བཙོན་ར་དང་བཙོན་དོང་ལྟ་བུ་ཡིན༔ ད་ཁང་ཞིང་བང་གསུམ་ཤ་ཉེ་རིང་ཐུང་གསུམ་ལ་མ་ཆགས༔ མ་ཞེན་ཅིག༔ ཁྱོད་རང་གི་རང་སྣང་ནོན་ཏེ༔ ཤེས་རིག་གི་ངོ་བོ་སྟོང་སང་ངེ་བ་དེ་ལ༔ འཇའ་ཚོན་གྱི་གུར་ཕུབ་པ་ལྟ་བུའི་སྣང་བ་འོང་༔ དེ་ཡི་ནང་ནས་ཟླ་འོད་ཤར་བ་ལྟ་བུ་འཇའ་དམར་པོ་སྣམ་བུ་བརྐྱང་བ་འདྲ་བ༔ ཐིག་ལེ་དང་ཐིག་ཕྲན་ཁྲ་ཆེམས་ཆེམས་འོང་བའི་སྣང་བ་དེ་ལ་མ་སྐྲག་ངོ་ཤེས་པའི་འདུན་པ་གྱིས༔ ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་ཁམས༔ སྣང་མཐའ་ཡབ་ཡུམ་ཁྱོད་ལ་བསུ་མ་འོང་བ་ཡིན༔ དེ་ལ་མ་འཇིགས་ཤིག༔ འོ་ད་ཁྱོད་འགྲོ་དགོས་པའི་དུས་ལ་བབ་པ་ཡིན་པར་སྡུག་སྡུག་མ་བྱེད༔ ཆེ་གེ་མོ་ཁྱོད་ཀྱི་རྣམ་པར་ཤེས་པ་ཨ་ཡིག་དཀར་པོ་གཅིག་ཏུ་གྱུར་ནས༔ བསམ་གཏན་ཏིང་ངེ་འཛིན་གྱི་ངང་དུ་གྲོགས་བྱེད་པར༔ ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་ཁམས༔ རྨ་བྱ་བསྣོལ་བའི་གདན་སྟེང་དུ༔ ཀུན་བཟང་སྣང་མཐའ་ཡབ་ཡུམ་གྱི་ཞབས༔ པདྨའི་སྙིང་པོ་ཟེ་འབྲུ་ལ་ཐིམ༔ སྐྱེ་འཆི་མེད་པར་འཇའ་ལུས་ཐོབ་ནས་སངས་རྒྱས་པར་གྱུར་ཅིག༔ ཨཱཿཕཊ༔ ༀ་ཨཱཿཧཱུྃ༔ འདོད་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ སོར་རྟོག་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་སྣང་བ་མཐའ་ཡས་ལམ་སྣང་དྲོངས༔ ཡུམ་མཆོག་གོས་དཀར་མོ་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལམ་བགྲོད་ནས་ཀྱང་༔ ནུབ་ཕྱོགས་པདྨ་བརྩེགས་པའི་ཟེ་འབྲུ་ལ༔ བརྫུས་ཏེ་སྐྱེ་བ་མྱུར་ལེན་པར་ཤོག༔ ཨཱཿཨཱཿ འོ་རིགས་ཀྱི་བུ་ཆེ་གེ་མོ་མ་ཡེངས་པར་ཉོན་ཅིག༔ ད་འཇིག་རྟེན་བྲང་ང་ཁམས་འདིར་མི་གཙང་བའི་འདམ་རྫབ་དང་༔ དུག་གི་ཆུ་བོ་མེ་མ་མུར་གྱི་འོབས་ཆེན་པོ་བཙོན་ར་དང་བཙོན་དོང་ལྟ་བུ་ཡིན༔ ད་ཁང་ཞིང་བང་གསུམ་ཤ་ཉེ་རིང་ཐུང་གསུམ་ལ་མ་ཆགས་མ་ཞེན་ཅིག༔ ཁྱོད་རང་གི་རང་སྣང་ནོན་ཏེ་ཤེས་རིག་གི་ངོ་བོ་སྟོང་སང་ངེ་བ་དེ་ལ་འཇའ་ཚོན་གྱི་གུར་ཕུབ་པ་ལྟ་བུའི་སྣང་བ་འོང་༔ དེ་ཡི་ནང་དུ་ཟླ་འོད་ལྗང་གུ་ཤར་བ་ལྟ་བུ་ལ་འཇའ་ལྗང་གུ་སྣམ་བུ་བརྐྱང་བ་ལྟ་བུ་འདྲ་བ༔ ཐིག་ལེ་དང་ཐིག་ཕྲན་ཁྲ་ཆེམས་ཆེམས་འོང་བའི་སྣང་བ་དེ་ལ་མ་སྐྲག་ངོ་ཤེས་འདུན་པ་གྱིས་ཏེ༔ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ནས༔ དོན་འགྲུབ་ཡབ་ཡུམ་ཁྱོད་ལ་བསུ་མ་འོང་བ་ཡིན་པར་དེ་ལ་མ་སྐྲག་མ་འཇིགས་ཤིག༔ འོ་ཁྱོད་འགྲོ་དགོས་པའི་དུས་ལ་བབ་པ་ཡིན་པར་སྡུག་སྡུག་མ་བྱེད༔ ཆེ་གེ་མོ་ཁྱོད་ཀྱི་རྣམ་པར་ཤེས་པ་ཨ་ཡིག་དཀར་པོ་གཅིག་ཏུ་གྱུར་ནས༔ བསམ་གཏན་ཏིང་ངེ་འཛིན་གྱི་གྲོགས་བྱེད་པར༔ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས༔ ཤང་ཤང་བསྣོལ་བའི་གདན་སྟེང་དུ༔ ཀུན་བཟང་དོན་གྲུབ་ཡབ་ཡུམ་གྱི་ཞབས་པདྨའི་སྙིང་པོ་ཟེ་འབྲུ་ལ༔ འཆི་མེད་འཇའ་ལུས་ཐོབ་ནས་སངས་རྒྱས་པར་གྱུར་ཅིག༔ ཨཱཿཕཊ༔ ༀ་ཨཱཿཧཱུྃ ༔ ཕྲག་དོག་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ བྱ་གྲུབ་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་དོན་ཡོད་གྲུབ་པས་ལམ་སྣ་དྲོངས༔ ཡུམ་མཆོག་དམ་ཚིག་སྒྲོལ་མས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལམ་བགྲོད་ནས་ཀྱང་༔ བྱང་ཕྱོགས་ལས་རབ་པདྨའི་ཟེ་འབྲུ་ལ༔ བརྫུས་ཏེ་སྐྱེ་བ་མྱུར་དུ་ལེན་པར་ཤོག༔ ཨཱཿཨཱཿ ཞེས་ངོ་སྤྲོད་ཀློག་པར་འབད༔ འཕོ་བ་ཡང་ཡང་གསལ་གདབ༔ ཐེབ་ན་སྤྱི་གཙུག་སྐྲ་ནུལ༔ ཆུ་སེར་འཛག༔ དྲོད་རླུང་མདའ་ལྟར་འགྲོ༔ དབྱར་རོ་མི་རུལ༔ དགུན་མི་གྲང་བྱུང་ན༔ བཙན་ས་ཟིན་པའི་རྟགས༔ དམན་པ་རྣམས་ཀྱིས་འགུགས་པ་མི་བྱ༔ ངོ་སྤྲོད་རིམ་བཞིན་བཏགས་གྲོལ་བཀླག་ཅིང་༔ བསྔོ་བ་སྨོན་ལམ་རྒྱས་གདབ༔ ཡང་ངོས་མ་ཟིན་འཕོ་བ་མ་ཐེབས་ན༔ ཆོས་ཉིད་བར་དོ་དང་༔ སྲིད་པ་བར་དོ་མ་རྫོགས་བར་དུ་ངོ་སྤྲོད་འབད་པར་བྱ༔ ཨུ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་བཅུད༔ འཁྲུལ་བ་བར་དོའི་ངོ་སྤྲོད༔ ཡེ་ཤེས་རང་གྲོལ་འདི༔ སྐལ་ལྡན་བུ་དང་འཕྲད་ནས་འཁོར་བ་མ་སྟོང་བར་དུ་ཆོས་འདི་མ་རྫོགས་སོ༔ ས་མ་ཡཱ༔ རྒྱ༔རྒྱ༔རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བཀའ་རྒྱ༔ དམ་རྒྱ༔ གསང་རྒྱ༔ གཏད་རྒྱ༔རྒྱ༔རྒྱ༔ རྒྱ༔ མདོ་ཁམས་སྨད་པ་བ་ཐིམས་ཤིང་། ཁྲོ་བཅུའི་བྲག་ནས། བྱི་བའི་ལོ་ཧོར་ཟླ་བ་གསུམ་པའི་དུས། མ་ནིང་སྡེ་ལྔས་སྤྱན་དྲངས་པར། བདག་ཆོས་རྒྱལ་གླིང་པ་ལ་གཏད། ལོ་གསུམ་ལ་བཀའ་རྒྱ་ཡོད་པ། ཤོག་སེར་ངོས་ལས་དག་པར་ཕབ། ཡི་གེ་རིས་བྱེད་པྲ་ཛྙཱ་རསྨྲིས་སོ། །དགེའོ།། །།

ཆོས་ཉིད་བར་དོའི་ངོ་སྤྲོད།

བཀའ་རྫོགས་པ་ཆེན་པོ་བླ་མ་ཀུན་འདུས་ཀྱི་ཆ་རྐྱེན་ཐོས་ཆོག་ལྟ་བ་རང་གྲོལ་ངན་སོང་སྒྲིབ་སྦྱང་གི་ཆོས་ཉིད་བར་དོའི་ངོ་སྤྲོད་བཞུགས་སོ༔ རྒྱ་གར་སྐད་དུ༔ ན་མོ་གུ་རུ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཛྙཱ་ན་དྷརྟུ་རུ་ལུ་རུ་ལུ་གྷ་ན་ཡ༔ བོད་སྐད་དུ༔ བླ་མ་ཀུན་བཟང་བྱང་ཆུབ་སེམས་ཀྱི་བདེ་བ་ཆེན་པོ༔ ཡེ་ཤེས་ཆོས་ཀྱི་དབྱིངས་ལ་སྐྱེ་མེད་ཚོགས་ལ་ཕྱག་འཚལ་ལོ༔ འཆི་ཁ་བར་དོ་རྫོགས་པའི་ངོ་སྤྲོད་ཚར་ནས༔ ཞག་གསུམ་ཡན་ཆད་རིགས་ལྔའི་ངོ་སྤྲོད་ཀློག་པར་བྱའོ༔ འདི་ཆོས་ཉིད་བར་དོ་ཞག་ཉེར་གཅིག་ཡན་ཆད་ཡིན་པས་འདི་ཚིག་ཉུང་ལ་དོན་འདུས་པ་གསལ་བར་ངོ་སྤྲོད་དོ༔

འོ་རིགས་ཀྱི་བུ་ཚེ་ལས་འདས་པ་ཆེ་གེ་མོ་མ་ཡེངས་པར་ཉོན་ཅིག༔ སྔར་ལུས་མི་རྟག་པ་དེ་བཞིན་མང་སྟེ༔ ད་ཤི་བ་ཡིན་པས་སྡུག་སྡུག་མ་བྱེད༔ ཤེས་རིག་གསལ་པོར་མི་དྲན༔ མི་ཤེས་མེད་པ་རིག་རིག་ཏུར་ཏུར་པོ་དེ་ལ་ལྟོས་ཤིག༔ འདི་ཡན་ཆད་མ་རིག་པའི་འཐིབ་སྟོང་དང་༔ འཁྲུལ་པའི་སྣང་བ་སྒྲ་འོད་ཟེར་གསུམ་ལ་སོགས་མེད་བཞིན་འོང་བ༔ དེ་ཆོས་ཉིད་ཀྱི་རང་སྒྲ་ཡིན་པས་ད་འཁྲུལ་བ་ཆོད་ཅིག༔ དཀོན་མཆོག་གསུམ་ལ་འདུན་པ་རྩེ་གཅིག་ཏུ་གཏོད་ཅིག༔ འོ་རིགས་ཀྱི་བུ་ཚེ་ལས་འདས་པ་ཆེ་གེ་མོ་མ་ཡེངས་པར་ཤེས་རིག་ལ་ལྟོས་ཤིག༔ ཁྱེད་རང་ཡང་སྣང་བ་འགྲོ་ས་མང་བ་ནམ་མཁའི་དབྱིངས༔ རི་རབ་ཀྱི་ཁོང་སེང་རྒྱ་མཚོའི་གཏིང་ལ་སོགས་ནགས་ཚལ་གྱི་གསེབ་ཏུ་ཉུལ་བ་ལྟ་བུའི་སྣང་བ་འོང་༔ དེ་རང་སྣང་འཁྲུལ་པ་ཡིན་པས་ཤེས་རིག་ལ་ལྟོས་ཤིག༔ མ་ཡེངས་ཤིག༔ རི་ཐང་ཆེན་པོའི་དཀྱིལ་ནས༔ འཁྱམས་ཤིང་ཡིད་མི་དགའ་བ༔ རང་ལ་ཚིག་པ་ཟ་ཞིང་༔ སྤྲིན་རླུང་དང་སྨིག་རྒྱུ་ཐལ་ཐོལ་མཐོང་བའི་སྣང་བ་འོང་༔ དེ་ལ་མ་སྐྲག་ཅིག་མ་སྔངས་པར་ལྟོས་ལ༔ རང་གི་རིག་པ་ཆོས་ཉིད་ཀྱི་སྣང་བ་ཡིན་ནོ༔ རང་ཉེ་འདུན་ལ་སོགས་ཀྱི་རྩར་ཕེབས་ཤིང་༔ ཚིག་བཏང་བ་ལ་ལན་མེད་པར་ཁྱོད་སྡུག་སྡུག་བསམ་པ་དེ༔ ཤི་བ་ཡིན་པའི་སེམས་ཀྱིས་ཚིག་བསྒྲགས་པ༔ ཉེ་འདུན་གྱིས་མི་གོ་བར༔ དེ་བས་ཀྱང་ཤེས་རིག་རྟེན་ས༔ དཀོན་མཆོག་གསུམ་ལ་འདུན་པ་རྩེ་གཅིག་ཏུ་གཏོད་ཅིག༔ མི་རྟག་ཁང་ཞིང་བང་གསུམ༔ ནོར་རྫས་ལ་སོགས་པ་ཤུལ་དུ་ཡོད་པ་དེ༔ ཉེ་འདུན་རྣམས་ཀྱིས་བགོ་རུ་བཏང་ནས༔ རོགས་ལྡན་བྱེད་པ་ཡིན༔ དེ་ལ་མ་ཆགས༔ དྲན་བསམ་མེད་པར་གྱིས་ལ་རང་གི་ཤེས་རིག་ལ་ལྟོས་ཤིག༔ དེ་ལྟར་བལྟས་ནས་ཀྱང་༔ ཁྱོད་ཀྱི་མི་ཚོར་བ་མེད་པ་ལྷ་ཆའི་སྒྲ་ལྟ་བུ་དང་༔ འུར་འུར་ཆོམས་ཆོམས་ལ་སོགས་འབྲུག་གི་ང་རོ་ལྡིར་བ་ལྟ་བུ་སྒྲ་ཅི་བྱུང་ཡང་༔ ཆོས་ཉིད་རང་སྒྲ་ཡིན་པའི་ངོ་ཤེས་པར་གྱིས་ཤིག༔ ཁྱོད་རང་གི་མི་མཐོང་བ་མེད་པ་འོད་དཀར་པོ་དང་སེར་པོ་དང་༔ དམར་པོ་དང་སྔོ་ལྗང་ལ་སོགས་པའི་བསྒྲིབས་ནས་ཡོད་པ༔ དེ་ཞིང་ཁམས་སུ་གྱུར་ནས༔ ལྷ་ཡི་སྐུ་གཟུགས་དཔག་ཏུ་མེད་པ་ཀུན་བཟང་ཞི་བའི་ལྷ་ཚོགས་ཀྱི་རང་ཉིད་བསུ་མ་འོང་བ་ཡིན་པས༔ ངོ་ཤེས་ཡིད་ལ་འདུན་པ་གཏོད་ཅིང་༔ ཁྱོད་རང་གི་སྣང་བ་ལ་ཐིག་ལེ་ཐིག་ཕྲན་ཟེར་རལ་གྲི་ལྟ་བུ༔ ལྕགས་ཀྱུ་ལྟ་བུ་སྐྱ་ཤར་ཤར༔ འཕྲོས་པ་མེ་ལྕེ་དམར་ཤར་ཤར་ལྟ་བུ༔ རང་རང་ཟེར་གྱི་སྣང་བ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ དེ་ལྟར་ཁྱོད་རང་གིས་ངོ་ཤེས་ནས༔ འདི་མན་ཆད་བར་དོ་བགྲོད་མི་དགོས་པ་ཤེས་རིག་ལ་ལྟོས་ཤིག༔ མ་ཡེངས་བར༔ ད་འཁོར་བར་མ་འཁྱམས་ལ་འོད་ཅིག་གསལ་བ་ལ་རིག་པ་གཏད་དེ༔ འོད་ཁྱིམ་སྦ་ཕུབ་ཙམ་གྱི་ནང་དུ༔ ཐིག་ལེ་འཇའ་ཚོན་བཀྲ་བའི་དབུས་སུ་རྣམ་སྣང་ཡབ་ཡུམ༔ ཤར་དུ་རྡོ་རྗེ་རིགས་ཀྱི་གཙོ་འཁོར་དྲུག༔ ལྷོ་རུ་རིན་ཆེན་རིགས་ཀྱི་གཙོ་འཁོར་དྲུག༔ ནུབ་ཏུ་པདྨ་རིགས་ཀྱི་གཙོ་འཁོར་དྲུག༔ བྱང་དུ་ལས་ཀྱི་རིགས་ཀྱི་གཙོ་འཁོར་དྲུག༔ ལྷ་དེ་རྣམས་ཤར་ནས་འོང་སྟེ་འདུན་པ་གཏོད་ལ༔ ཕྱག་འཚལ་བ་དང་༔ མཆོད་པ་འབུལ་བ་དང་༔ རྩེ་གཅིག་ཏུ་གུས་པར་གྱིས་ཤིག༔ དེའི་རྗེས་སུ་འོད་དྲུག་ལ༔ སྤྲུལ་སྐུ་ཐུབ་དྲུག་གི་ལྷ་ཚོགས་འཆར་བ་དང་༔ ཁྲོ་བོ་བཞི་ཡབ་ཡུམ་སྦྱོར་ནས་འཇིགས་སུ་རུང་བའི་ཚུལ་དུ་འོང་སྟེ༔ དེ་ལ་མ་འཇིགས་ཡི་དམ་གྱི་ལྷ་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ ཁྱོད་རང་གི་ཤེས་རིག༔ ལྷ་དེ་རྣམས་དང་གཉིས་སུ་མེད་པར་བསྒོམ་སྟེ༔ ང་ཡི་གྲོགས་ལྡན་བྱེད་པའི་ཚིག་འདི་ལ་འདུན་པ་གཏོད་ཅིག༔ འོ་ཚེ་ལས་འདས་པ་ཁྱོད་ཀྱི་རྣམ་པར་ཤེས་པའི་ངོ་བོ༔ བྱ་མ་གསར་གྱི་སྒོ་ང་ཙམ༔ འོད་ལྷང་ངེར་གྱུར་ནས༔ ལྷ་ངོ་སྤྲད་དེ་སངས་རྒྱས་དེ་རྣམས་ཀྱི་ཞིང་ཁམས་དབུས་རོལ་དུ༔ སྤྱི་མྱེས་ཀུན་བཟང་ཡབ་ཡུམ་གྱི༔ སྐུའི་དགོངས་པ་མངོན་པར་རྫོགས་ནས༔ སྐྱེས་བུས་མདའ་འཕང་བ་བཞིན་དུ་སངས་རྒྱས་པར་གྱུར་ཅིག༔ ཨཱཿཕཊཿཕཊཿཕཊཿ ཅེས་ཞག་ཉེར་གཅིག་ཡན་ཆད་ན༔ བཤེས་གཉེན་བཟང་པོའི༔ རྣམ་ཤེས་རྟེན་ལ་བསྟིམས་ནས༔ ཉིན་མཚན་གཉིས་ལ་ལན་རེ་ཀློག་ཅིང་བསྒྲག་ན༔ མི་གྲོལ་མི་སྲིད་དོ༔ ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་ཐུགས་བཅུད༔ ཆོས་ཉིད་བར་དོའི་ངོ་སྤྲོད་འདི༔ སྙིང་གི་བུ་དང་འཕྲད་ནས༔ འཁོར་བ་མ་སྟོངས་བར་དུ་ཆོས་འདི་མ་རྫོགས་སོ༔ ས་མ་ཡཱ༔ རྒྱ༔རྒྱ༔རྒྱ༔

སྲིད་པ་བར་དོའི་ངོ་སྤྲོད།

བཀའ་རྫོགས་པ་ཆེན་པོ་བླ་མ་ཀུན་འདུས་ཀྱི་ཆ་རྐྱེན་ཐོས་ཆོག་ལྟ་བ་རང་གྲོལ་ངན་སོང་སྒྲིབ་སྦྱང་གི་སྲིད་པ་བར་དོའི་ངོ་སྤྲོད་བཞུགས་སོ༔ རྒྱ་གར་སྐད་དུ༔ ན་མོ་གུ་རུ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཛྙཱ་ན་དྷརྟུཨཱཿ བོད་སྐད་དུ༔ བླ་མ་ཀུན་བཟང་བྱང་ཆུབ་སེམས་ཀྱི་བདེ་བ་ཆེན་པོ་ཡེ་ཤེས་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ༔ དེ་ལ་དང་པོ་སྤྱི་དོན་དྲུག་གི་ལས་མཐའ༔ སྲིད་པ་བར་དོའི་ངོ་སྤྲོད་གཟུགས་བརྙན་རང་གྲོལ་ལ༔ ཆོས་ཉིད་བར་དོའི་ངོས་མ་ཟིན་ན༔ ཞག་ཉེར་གཅིག་ཕྱིན་ཆད་འདི་ཀློག་པར་བསྒྲག་གོ༔

འོ་རིགས་ཀྱི་བུ་ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་མ་ཡེངས་པར་ཉོན་ཅིག༔ ད་ཁྱོད་འཆི་བ་ཡིན་པར༔ ཞག་ཉེར་གཅིག་ན་སླེབ་པ་ཡིན༔ འདི་ཡན་ཆད་འཐིབ་སྟོངས་སྒྲ་འོད་ཟེར་གསུམ་གྱི་སྣང་བ་ལ་སོགས་སྙིང་གར་ཞི་བའི་ལྷ་བཞི་བཅུ་རྩ་གཉིས་ཐལ་ནས་བསུ་མ་འོང་བ་ཡིན་པས༔ ངོ་མ་ཤེས་ན༔ ད་ཞི་བས་མི་འདུལ་ཁྲོ་བོའི་སྐུ་བསྟན་ནས་འོང་སྟེ་ངོ་ཤེས་པར་གྱིས་ལ་ཁྱེད་ཀྱི་ཡི་དམ་གྱི་ལྷ་ཡིན་པས་མ་འཇིགས་ཤིག༔ མ་སྐྲག་ལ་རང་གི་ཤེས་རིག་གི་ངོ་བོ་ལ་ལྟོས་དང་༔ ཞིང་ཁམས་ཐམས་ཅད་འཇིགས་སུ་རུང་བ་མེ་དཔུང་དུད་ཁ་འཁྲིགས་པའི་ནང་དུ༔ དབུས་སུ་བུདྡྷ་ཁྲག་འཐུང་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་སྨུག་ནག་འཇིགས་པའི་ཆ་ལུགས་ལ༔ དབུས་ཀྱི་ཁྲག་འཐུང་མགོ་བརྙན་ལྷ་ཚོགས་ཀྱིས་བསྐོར་ཞིང་འཆར་ནས་འོང་བ་དེ་ལ་མ་འཇིགས་ཤིག༔ མ་སྐྲག་ཅིག༔ རང་གི་ཡི་དམ་གྱི་ལྷ་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ ཤར་དུ་ཁྲག་འཐུང་རིགས་ཀྱི་གཙོ་བོ་བཛྲ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་མཐིང་ནག་འཇིགས་པའི་ཆ་ལུགས་ལ༔ ཤར་དུ་ཁྲག་འཐུང་མགོ་བརྙན་ལྷ་ཚོགས་ཀྱིས་བསྐོར་ཞིང་འཆར་ནས་འོང་བ་དེ་ལ་མ་འཇིགས་ཤིག༔ མ་སྐྲག་ཅིག༔ རང་གི་ཡི་དམ་གྱི་ལྷ་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ ལྷོ་རུ་ཁྲག་འཐུང་རིགས་ཀྱི་གཙོ་བོ་རཏྣ་ཧེ་རུ་ཀ་སྐུ་མདོག་སེར་ནག་འཇིགས་པའི་ཆ་ལུགས་ལ་ལྷོ་རུ་ཁྲག་འཐུང་མགོ་བརྙན་ལྷ་ཚོགས་ཀྱིས་བསྐོར་ཞིང་འཆར་ནས་འོང་བ་དེ་ལ་མ་འཇིགས་ཤིག༔ མ་སྐྲག་ཅིག༔ རང་གི་ཡི་དམ་གྱི་ལྷ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ནུབ་ཏུ་ཁྲག་འཐུང་རིགས་ཀྱི་གཙོ་བོ་པདྨ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་དམར་ནག་འཇིགས་པའི་ཆ་ལུགས་ལ༔ ནུབ་ཏུ་ཁྲག་འཐུང་མགོ་བརྙན་ལྷ་ཚོགས་ཀྱིས་བསྐོར་ཞིང་འཆར་ནས་འོང་བ་དེ་ལ་མ་འཇིགས་མ་སྐྲག་ཅིག༔ རང་གི་ཡི་དམ་གྱི་ལྷ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ བྱང་དུ་ཁྲག་འཐུང་རིགས་ཀྱི་གཙོ་བོ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་ལྗང་ནག་འཇིགས་པའི་ཆ་ལུགས་ལ༔ བྱང་དུ་ཁྲག་འཐུང་མགོ་བརྙན་ལྷ་ཚོགས་ཀྱིས་བསྐོར་ཞིང་༔ འཆར་ནས་འོང་བ་དེ་ལ་མ་འཇིགས་མ་སྐྲག་ཅིག༔ རང་གི་ཡི་དམ་གྱི་ལྷ་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ ད་ལྟར་ཁྲག་འཐུང་རིགས་ལྔ་ངོ་མ་ཤེས་ན༔ དེ་རྣམས་ཁྲོ་བོ་གཅིག་ལ་རྫོགས་ནས༔ ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་སྔོ་ནག་འབར་བ་གད་རྒྱང་ཅན༔ ཧ་ཧའི་སྒྲ་སྒྲོགས་པ ༔ འཇིགས་པའི་ཆ་ལུགས་ཅན་གྱིས༔ ཁྱེད་རང་བཀབ་ནས་འོང་བ་ལྟ་བུའི་སྣང་བ་འཆར་ནས་འོང་༔ དེ་ལ་མ་འཇིགས་ཤིག་༔ མ་སྐྲག་ཅིག༔ རང་གི་ཡི་དམ་ཀུན་གྱི་གཙོ་བོ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ དེ་ངོ་མ་ཟིན་ན༔ སྟག་གཟིག་དོམ་དྲེད་གླང་མགོ་ཅན་དང་༔ བྱ་སྤྲེའུ་སྦྲུལ་གྱི་མགོ་ཅན་རྣམས་ཀྱིས༔ སོད་སོད་ཆོད་ཆོད་ཀྱི་སྒྲ་སྒྲོག་ཅིང་༔ མཚོན་ཆའི་ཆར་ཕབ་ནས་དེད་པའི་སྣང་བ་འོང་སྟེ༔ དེ་ལ་མ་འཇིགས་མ་སྐྲག་ཅིག༔ རང་གི་ཡི་དམ་གྱི་ལྷ་ཞི་ཁྲོའི་མགོ་བརྙན་རྣམས་ཀྱི་ཆོ་འཕྲུལ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ འོ་འདི་ལྟར་ཁྱོད་རང་གིས་ངོ་ཤེས་ནས༔ འདུན་པ་རྩེ་གཅིག་ཏུ་གཏོད་ལ༔ གཤིན་རྗེའི་ཆ་ལུགས་རྣམས་རང་སར་གྲོལ་ནས༔ རང་གིས་གང་མོས་ཀྱི་ཡེ་ཤེས་འཆར་ནས་སྐུ་གསུམ་དང་གཉིས་སུ་མེད་པར་སངས་རྒྱས་པར་འགྱུར་རོ༔ འོ་དེ་ལྟར་སངས་རྒྱས་ནས༔ ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་རང་གི་རྣམ་པར་ཤེས་པ་ཨ་དཀར་པོ་གཅིག་ལ་གཏད་དེ༔ ང་ཡི་གྲོགས་བྱེད་ལ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་དང་གཉིས་སུ་མེད་པར་སངས་རྒྱས་པར་གྱུར་ཅིག༔ ཨཱཿཕཊ༔ ཅེས་ཏིང་ངེ་འཛིན་ངང་དུ་དམིགས་མེད་དུ་བཞག་གོ༔ ཐོས་ཆོག་ལྟ་བ་རང་གྲོལ་ལས༔ ངན་སོང་སྒྲིབ་སྦྱང་གི་སྲིད་པ་བར་དོའི་ངོ་སྤྲོད༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་ཐུགས་བཅུད༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་ནས་འཁོར་བ་མ་སྟོངས་བར་དུ་ཆོས་འདི་མ་རྫོགས་སོ༔ ས་མ་ཡཱ༔ རྒྱ༔རྒྱ༔རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བཀའ་རྒྱ༔ དམ་རྒྱ༔ གསང་རྒྱ༔ གཏད་རྒྱ༔རྒྱ༔རྒྱ༔རྒྱ༔

ཕན་ཡོན་གོ་ཆ་རང་གྲོལ།

བཀའ་རྫོགས་པ་ཆེན་པོ་བླ་མ་ཀུན་འདུས་ཀྱི་ཆ་རྐྱེན་ཐོས་ཆོག་ལྟ་བ་རང་གྲོལ་ངན་སོང་སྒྲིབ་སྦྱང་གི་ཕན་ཡོན་གོ་ཆ་རང་གྲོལ་བཞུགས་སོ༔ རྒྱ་གར་སྐད་དུ༔ ན་མོ་གུ་རུ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཛྙཱ་ན་དྷརྟུ་རུ་ལུ་རུ་ལུ་ཨཱཿ བོད་སྐད་དུ༔ བླ་མ་ཀུན་བཟང་བྱང་ཆུབ་སེམས་ཀྱི་བདེ་བ་ཆེན་པོ་ཡེ་ཤེས་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ༔ ཐོས་ཆོག་ལྟ་བ་རང་གྲོལ་ལས༔ ངན་སོང་སྒྲིབ་སྦྱང་རྒྱུད་འདི་ལ༔ སངས་རྒྱས་ཆེན་པོ་བསྒོམ་མི་དགོས་པའི༔ རྟོགས་པ་རང་གྲོལ་ཞེས་བྱ་བ་འདི་ལ་གསུམ་མོ༔ བཏགས་གྲོལ་ཤན་པ་རང་གྲོལ་དང༔ ཞེན་ཆོད་ལྟ་བ་རང་གྲོལ་དང༔ བྲིས་ཐབས་གོ་ཆ་རང་གྲོལ་དང་གསུམ་མོ༔ འདི་ལ་གཉིས་ཏེ༔ བཏགས་གྲོལ་ཤན་པ་རང་གྲོལ་དང༔ ཞེན་ཆོད་ལྟ་བ་རང་གྲོལ་གཉིས་བྲིས་ནས༔ གླེགས་བམ་སོར་བཞི་པའི་ཚད་དུ་ཕབ་ནས༔ མཐིང་ཤོག་སྔོན་པོ་ལ༔ རབ་རིན་པོ་ཆེ་གསེར་དངུལ་ཞུན་མ༔ འབྲིང་མཚལ་རིགས༔ ཐ་མ་རྒྱ་སྣག་ཞུན་ཁུ་ཡིས་འ བྲི་བར་བྱ༔ རབ་གནས་འཐོར་ཞིང་དར་ཚོན་སྣ་ལྔའི་ལེགས་པར་དྲིལ་ལ༔ རིན་པོ་ཆེ་ཟ་མ་ཏོག་གི་ནང་དུ་སྦ་བར་བྱ༔ མགུལ་ན་ཕོ་ལ་གཡོན༔ མོ་ལ་གཡས་ལ༔ རོ་འམ་བཅིངས་བར་འཐད་དོ༔ འགྱུར་ཆེ་བ་དུས་ཚོད་ཆེན་པོ་བརྒྱད་ཡོད༔ དང་པོ་ཟླ་བ་གཟའ་འཛིན་གྱི་དུས་སུ༔ རྣལ་འབྱོར་ཡང་དག་ལྔ་ཡི་ཕྱི་ནང་གཞུང་གི་མཆོད་བཤམས་དང༔ ཚོགས་འཁོར་བསྐོར་ཞིང་རང་ཉིད་རྣམ་སྣང་ཡབ་ཡུམ་བསྒོམ༔ ལྗགས་ལ་འཁོར་ལོ་དཀར་པོ་རེ༔ བསམ་ཞིང་བཀླག་པར་གྱུར་ན༔ སྒྲ་འོད་ཁྱབ་ཚད་གྲོལ་བར་འགྱུར༔ གཉིས་པ་ས་གཡོ་འབྱུང་བའི་དུས༔ རང་ཉིད་མི་སྐྱོད་རྡོ་རྗེ་བསྒོམ༔ ལྗགས་ལ་གསེར་གྱི་རྡོརྗེ་རྩེ་ལྔ་རེ་བསྒོམ་ཞིང༔ ཡང་དག་རྣལ་འབྱོར་བདུན་གྱིས་བཀླག་པར་གྱུར་ན༔ ས་འགུལ་ཐད་ཐོས་ཚད་གྲོལ་བར་འགྱུར་རོ༔ གསུམ་པ་འོད་ཆེན་འབྱུང་བའི་དུས༔ རང་ཉིད་རིན་ཆེན་འབྱུང་ལྡན་བསྒོམ༔ ལྗགས་ལ་རིན་ཆེན་འབར་བ་རེ་བསྒོམ་ཞིང༔ རྣལ་འབྱོར་དགུ་ཡི་བཀླག་པར་གྱུར་ན༔ དགོས་འདོད་དངོས་གྲུབ་ཐོབ་ཅིང༔ འོད་འབྱུང་ཐོས་ཚད་གྲོལ་བར་འགྱུར༔ བཞི་པ་སྒྲ་ཆེན་འབྱུང་བའི་དུས༔ རང་ཉིད་སྣང་བ་མཐའ་ཡས་བསྒོམ་ཞིང༔ ལྗགས་ལ་པདྨ་འདབ་བརྒྱད་རེ་བསྒོམ་ཞིང༔ དགེ་སློང་ལྔ་དང་བུ་མོ་ལྔ་ཡི་ལན་བརྒྱ་བཀླག་ན༔ མཁའ་ལ་སྒྲ་སྒྲོགས་པས༔ སྒྲ་དེ་ཐོས་ཚད་སེམས་ཅན་མ་ལུས་གྲོལ་བར་འགྱུར༔ ལྔ་པ་སེར་བ་བྱུང་བའི་དུས་སུ༔ རང་ཉིད་དོན་ཡོད་གྲུབ་པ་བསྒོམ༔ ལྗགས་ལ་རྒྱ་གྲམ་དྲིལ་བུ་བསྒོམ་ཞིང༔ རྣལ་འབྱོར་སྔགས་པ་བཅུ་གཅིག་གི༔ བཀླག་ཅིང་ཉེར་གཅིག་བཟླས་གྲངས་ཚར་ནས༔ སེར་བ་བཟློག་ཅིང་སེམས་ཅན་མ་ལུས་ཀུན༔ སྡུག་བསྔལ་དང་བྲལ་ནས་གྲོལ་བར་འགྱུར་རོ༔ དྲུག་པ་ནད་རིམས་འབྱུང་བའི་དུས་སུ༔ རང་ཉིད་སྒྲོལ་མ་བསྒོམ་ཞིང༔ ལྗགས་ལ་ལྕགས་ཀྱུ་འཕྲོས༔ བུད་མེད་སྒྲ་སྙན་རྒྱན་ཡོད་བདུན་གྱི་ནི༔ མཆོད་ཅིང་ལྔ་ཡི་དག་པར་ཀློག་ན༔ སྐྱེ་འགྲོ་ནད་ཀྱིས་ཐེབས་ཚད་རྣམས༔ སོས་ཤིང་གྲོལ་བར་ཐེ་ཚོམ་མེད༔ བདུན་པ་མུག་ནད་འབྱུང་བའི་དུས་སུ༔ རང་ཉིད་ཀུན་བཟང་ཡབ་ཡུམ་བསྒོམ༔ ལྗགས་ལ་ཟླ་ཕྱེད་ཨ་ཡིག་རེ་བསྒོམ་ཞིང༔ རྣལ་འབྱོར་སྔགས་པ་བདུན་གྱིས༔ སྒྲ་དག་ཉེར་གཅིག་བཀླག་པར་བྱས་ན༔ མུ་གེ་ཞི་ཞིང་བཀྲེས་སྐོམ་སེལ་ནས་གྲོལ་བར་ཐེ་ཚོམ་མེད༔ བརྒྱད་པ་ཕྱུགས་ནད་འབྱུང་བའི་དུས་སུ༔ རང་ཉིད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་བསྒོམ༔ ལྗགས་ནི་རྡོ་རྗེ་དཀར་པོ་བསྒོམ་ཞིང༔ རྣལ་འབྱོར་དགུ་ཡི་ཉེར་གཅིག་ཀློག་ན༔ ཕྱུགས་ནད་ཞི་ཞིང་རིགས་དྲུག་སེམས་ཅན་རྣམས༔ གྲོལ་ནས་ཡེ་ཤེས་ཆེན་པོ་འགྱུར༔ དེ་ནི་དུས་ཆེན་བརྒྱད་པོ་ཡི༔ འདི་ནི་ཀུན་ལ་རུང་བར་བཤད༔ རི་བོ་མཐོན་པོའི་རྩེ་འམ༔ རླུང་འཁོར་བསྐོར་ཞིང་སེམས་བསྐྱེད་ན༔ རླུང་ཕོག་ཚད་སེམས་ཅན་སངས་རྒྱས་འགྱུར༔ ཆུ་ལ་བསྐོར་ཞིང་ཟམ་ཁར་སློང་ན༔ ཆུ་དེ་འཐུང་ཚད་སེམས་ཅན་གྲོལ་ནས་སངས་རྒྱས་སོ༔ བཟླས་པའི་བྱིན་རླབས་ཁ་ཆུ་དང ༔ དབུགས་འགྲོ་རླུང་འཁོར་ཆུ་བོའི་རྦ་ལ་བཏབ༔ ཆུ་དེ་ངུབ་ཚད་སངས་རྒྱས་འགྱུར༔ ཨེ་མ་འདི་འཕྲད་ལས་ཅན་སྐལ་བར་ལྡན༔ མ་བསྒོམ་སངས་རྒྱས་བྱ་བ་མེད༔ བསྒོམ་མི་དགོས་པའི་བཏགས་གྲོལ་འདི་ཡིན་ནོ༔ འདི་འཕྲད་དམྱལ་བར་འཕང་ན་ཡང༔ མི་འགྲོ་ཐེ་ཚོམ་ཆོད་པ་ཡིན༔ སྣང་རིག་བདེ་སྟོང་ངང་དུ་ནི༔ ཀུན་ཏུ་བཟང་པོ་ང་དང་ནི༔ གཉིས་སུ་མེད་པའི་ཀ་དག་ཏུ༔ གྲོལ་བར་སངས་རྒྱས་ངེས་པར་ཐོབ༔ ཤུལ་དུ་ཡོད་པའི་ཕུང་པོ་ལ༔ ཞེན་པ་མི་ལོག་དྲི་བཟང་ཚོར༔ རོ་སྟོང་འཇའ་ཚོན་ཁྱབ་པ་མཐོང༔ ཕོ་མོ་རེ་གྷ་ཙམ་རེ་ལ༔ ཞི་ཁྲོའི་དཀྱིལ་འཁོར་འཇའ་ཚོན་ནང་ནས་གསལ༔ ནམ་མཁའ་དྭངས་ཤིང་སྤྲིན་ནི་ཁོལ༔ སེར་རླུང་མི་འབྱུང་ཞིང་ཁམས་དྲོད༔ མེ་ཏོག་འབབ་ཅིང་ལྷ་སྐུ་མཇལ༔ བསྲེགས་ནས་དུད་པ་དབུས་སུ་འགྲོ༔ དབུས་ཕྱོགས་སྡུག་བཀོད་ཞིང་ཁམས་ཉུལ༔ ཤར་དུ་འགྲོ་ཞིང་འཇའ་དུད་འཕྲོས༔ མངོན་པར་དགའ་བའི་ཞིང་ཁམས་ཉུལ༔ ལྷོ་རུ་འགྲོ་ཞིང་འཇའ་དུད་འཕྲོས༔ དཔལ་དང་ལྡན་པའི་ཞིང་ཁམས་ཉུལ༔ ནུབ་ཕྱོགས་འགྲོ་ཞིང་འཇའ་དུད་འཕྲོས༔ བདེ་བ་ཅན་གྱི་ཞིང་ཁམས་ཉུལ༔ བྱང་དུ་འགྲོ་ཞིང་འཇའ་དུད་འཕྲོས༔ ལས་རབ་རྫོགས་པའི་ཞིང་ཁམས་ཉུལ༔ ཆོས་ཉིད་ངང་དུ་རང་དབང་ཆེ༔ གདུང་ལ་རིང་བསྲེལ་མཐོང་བར་འགྱུར༔ འགྲོ་དོན་དགོས་པའི་རྟགས་ཡིན་ནོ༔ འཇའ་ཚོན་ལུག་རྒྱུད་ནམ་མཁའ་དང ༔ ཕྱིར་མི་ལྡོག་པའི་ས་ཐོབ་རྟགས༔ བདེ་སྟོང་པདྨའི་ཟེ་འབྲུ་ལ༔ བརྫུས་ཏེ་སྐྱེ་ནས་སྐྱེ་འཆི་བྲལ༔ ཀ་དག་ཀློང་ཡང་ངང་དུ་ནི༔ བསམ་གཏན་ཆེན་པོའི་ས་གནོན་ལ༔ རྟག་ཏུ་ཏིང་འཛིན་སྐྱོང་བར་འགྱུར༔ ཞེས་ཐོས་ཆོག་ལྟ་བ་རང་གྲོལ་ལས༔ ངན་སོང་སྒྲིབ་སྦྱང་གི་རྒྱུད་འདི་ལ༔ བཏགས་གྲོལ་བྲིས༔ བདེ་བཀོད་དུ་བསྟན༔ ཕན་ཡོན་ཆེན་པོ་ཨུ་རྒྱན་པདྨ་འབྱུང་གནས་ཀྱི་ཐུགས་བཅུད༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་ནས༔ འཁོར་བ་མ་སྟོང་བར་དུ་མི་རྫོགས་པའི་ཆོས༔ ས་མ་ཡ༔ རྒྱཿརྒྱཿརྒྱཿ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བཀའ་རྒྱ༔ དམ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ མདོ་ཁམས་བ་གནས་ཤར་སྒོ་ཁྲོ་བཅུའི་བྲག་མི་མངོན་དབྱིངས་ཀྱི་དཀྱིལ་འཁོར་ནས། རྫུ་འཕྲུལ་ཤུགས་ཀྱི་དུས་ལ་བབ། བྱི་བའི་ལོ་ཧོར་ཟླ་གསུམ་པའི་དུས། མགོན་པོ་མ་ནིང་སྡེ་ལྔས་སྤྱན་དྲངས་ནས། བདག་སྔགས་འཆང་ཆོས་རྒྱལ་རིན་ཆེན་གླིང་པ་ལ་གཏད་ནས། ལོ་གསུམ་བཀའ་རྒྱ་བསྡམས། ཤོག་སེར་ངོས་ནས་དག་པར་ཕབ་པ་ཡི་གེ་རིས་བྱེད་པྲཛྙཱ་རསྨྲིའོ།། །།

བཏགས་གྲོལ་ཉོན་མོངས་རང་གྲོལ།

བཀའ་རྫོགས་པ་ཆེན་པོ་བླ་མ་ཀུན་འདུས་ཀྱི་ཆ་རྐྱེན་ཐོས་ཆོག་ལྟ་བ་རང་གྲོལ་གྱི་བཏགས་གྲོལ་ཉོན་མོངས་རང་གྲོལ་གྱི་ཐིག་ལེ་བཞུགས་སོ༔ རྒྱ་གར་སྐད་དུ༔ ན་མོ་གུ་རུ་བྷོ་དྡྷི་ཙིཏྟ་མ་ཧཱ་སུ་ཀ་ན་དྷརྟུ་ཨཱཿ བོད་སྐད་དུ༔ བླ་མ་ཀུན་བཟང་བྱང་ཆུབ་སེམས་ཀྱི་བདེ་ཆེན་ཡེ་ཤེས་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ༔ ཐོས་ཆོག་ལྟ་བ་རང་གྲོལ་ལས༔ ངན་སོང་སྒྲིབ་སྦྱང་གི༔ ཉོན་མོངས་རང་བཟློག་གི་གནད་ཤེས་ནས༔ བཏགས་གྲོལ་བྲི་བ་བཅང་བའི་གནད་ཤེས་སོ༔ མཐིང་ཤོག་སྔོན་པོ་རྒྱ་གྲུ་བཞི་པའི་གཞི་ལ་གསེར་དངུལ་ལམ༔ ལི་ཁྲི་དབང་གི་རྒྱལ་པོའམ༔ གནད་ཆེ་བ་པདྨ་མཁའ་འགྲོའི་མཚལ་གྱིས་བྲི་བར་བྱའོ༔ མུ་ཁྱུད་དབུ་མ་ལ་ཐིག་ལེ་འོད་ཁྱིམ་ལྟར༔

ཡབ་ཡུམ་སྦྱོར་ཐབས་ཀྱི་སྙིང་པོ་ལ༔ སྐྱེ་མེད་ཀྱི་ཡི་གེ་བཞི་ཡི་མགོ་ནང་དུ་བསྐོར་ལ་བྲི༔ འཆང་བ་པོ་ལ་གཞི་འཛིན་གྱི་རྟོག་པ་དང་བྲལ་ནས༔ ཀུན་བཟང་ཡབ་ཡུམ་དང་གཉིས་སུ་མེད་པ་ཀ་དག་ངང་དུ་གྲོལ་ནས་སངས་རྒྱས་པར་གྱུར་ཅིག༔ དེ་ཡི་ཕྱི་རིམ་མུ་ཁྱུད་ཀྱི་རྒྱར་གྲུ་ཐིག་ལེ་ལྔ་ལ་ཡབ་ལྔ་ཡུམ་ལྔའི་ས་བོན་འབྲུ་བཅུ་སྦྱོར་ཐབས་སུ་བྲི་ལ༔ རང་རང་ཚིག་གི་བསྙེན་པས་བསྐོར་བར་བྲིས༔ འཆང་བ་པོ་ལ་ཉོན་མོངས་དུག་ལྔ་རང་སར་དག་ནས་རིགས་ལྔ་ཡབ་ཡུམ་དང་གཉིས་སུ་མེད་པར་འོད་ལྔའི་ངང་དུ་གྲོལ་ནས་སངས་རྒྱས་པར་གྱུར་ཅིག༔ དེའི་ཕྱི་རིམ་མུ་ཁྱུད་བསྐོར་བའི་རྒྱར་གྲུ་བརྒྱད་དུ་ཐིག་ལེ་ལ༔ སེམས་དཔའ་ཡབ་ཡུམ་བརྒྱད་ཀྱི་ས་བོན་ལ་རང་རང་གི་ཚིག་གི་བསྙེན་པས་བསྐོར་བར་བྲི་ཞིང༔ འཆང་བ་པོ་ལ་རྟོག་ཚོགས་བརྒྱད་ཀྱི་འཛིན་པ་དང་བྲལ་ནས༔ མཚན་སོ་སོར་བརྗོད་ལ་གཉིས་སུ་མེད་པར་འོད་ཀྱི་ངང་དུ་གྲོལ་ནས་སངས་རྒྱས་པར་གྱུར་ཅིག༔ དེ་ཡི་ཕྱི་རིམ་མུ་ཁྱུད་རྒྱར་གྲུ་དྲུག་པའི་ཐིག་ལེ་ལ་ཐུབ་དྲུག་གི་ས་བོན་བྲི་ཞིང་རང་རང་ཚིག་གི་བསྙེན་པའི་བསྐོར་བ་བྲིས༔ འཆང་བ་པོ་ལ་ཚོགས་དྲུག་སྒོ་ཡི་འཛིན་པ་དང་བྲལ་ནས་ཐུབ་པ་དྲུག་པོའི་མཚན་བརྗོད་ལ་གཉིས་སུ་མེད་པར་འོད་ཀྱིས་ངང་དུ་གྲོལ་ནས་སངས་རྒྱས་པར་གྱུར་ཅིག༔ དེ་ཡི་ཕྱི་རིམ་རྒྱར་གྲུ་བཞི་པའི་ཐིག་ལེ་ལ༔ སྒོ་བ་ཡབ་ཡུམ་བརྒྱད་ཀྱི་ས་བོན་བྲི་ཞིང༔ རང་རང་གི་ཚིག་གི་བསྙེན་པས་བསྐོར་བར་བྲིས༔ འཆང་བ་པོ་ལ་སྒོ་འཛིན་གྱི་རྟོག་པ་བྲལ་ནས༔ སྒོ་བ་ཡབ་ཡུམ་གྱི་མཚན་སོ་སོར་བརྗོད་ལ་གཉིས་སུ་མེད་པའི་འོད་ཀྱི་ངང་དུ་སངས་རྒྱས་པར་གྱུར་ཅིག༔ དེའི་ཕྱི་རིམ་མུ་ཁྱུད་ལ་རྒྱར་གྲུ་དྲུག་པའི་ཐིག་ལེ་ལ༔ ཁྲག་འཐུང་ཡབ་དྲུག་ཡུམ་དྲུག་གི་ས་བོན་སྦྱོར་ཐབས་སུ་བྲི་ཞིང༔ རང་རང་བསྙེན་པས་བསྐོར་བར་བྲིས༔ འཆང་བ་པོ་ལ་འཁྲུལ་སྣང་གི་རྟོག་པ་དང་བྲལ་ནས་ཁྲག་འཐུང་སོ་སོའི་མཚན་བརྗོད་ལ༔ གཉིས་སུ་མེད་པའི་འོད་ཀྱི་ངང་དུ་གྲོལ་ནས་སངས་རྒྱས་པར་གྱུར་ཅིག༔ དེའི་ཕྱི་རིམ་མུ་ཁྱུད་རྒྱར་གྲུ་ཐིག་ལེ་བརྒྱད་ལ་ཀོོའུ་རི་མ་བརྒྱད་ཀྱི་ས་བོན་བྲི་ཞིང༔ རང་རང་ཚིག་གི་བསྙེན་པས་བསྐོར་བར་བྲིས༔ འཆང་བ་པོ་ལ་ཚོགས་བརྒྱད་འཁྲུལ་པའི་རྟོག་པ་དང་བྲལ་ནས་ཀོོའུ་རི་སོ་སོའི་མཚན་བརྗོད་ལ་གཉིས་སུ་མེད་པ་འོད་ཀྱི་ངང་དུ་སངས་རྒྱས་པར་གྱུར་ཅིག༔ དེའི་ཕྱི་རིམ་མུ་ཁྱུད་རྒྱར་གྲུ་ཐིག་ལེ་བརྒྱད་ལ༔ སིདྷ་མ་བརྒྱད་ཀྱི་ས་བོན་བྲི་ཞིང་རང་རང་གི་ཚིག་གི་བསྙེན་པས་བསྐོར་བར་བྲི༔ འཆང་བ་པོ་ལ་ཡུལ་བརྒྱད་འཁྲུལ་པའི་རྟོག་པ་དང་བྲལ་ནས་སིང་ཧ་བརྒྱད་ཀྱི་མཚན་སོ་སོར་བརྗོད་ལ་གཉིས་སུ་མེད་པའི་འོད་ཀྱི་ངང་དུ་གྲོལ་ནས་སངས་རྒྱས་པར་གྱུར་ཅིག༔ དེའི་ཕྱི་རིམ་མུ་ཁྱུད་རྒྱར་གྲུ་ཐིག་ལེ་བཞི་ལ་མགོ་ཅན་བཞི་ཡི་ས་བོན་བྲི༔ རང་རང་ཚིག་གི་བསྙེན་པས་བསྐོར་བར་བྲིས༔ འཆང་བ་པོ་ལ་སྐྱེ་མཆེད་བཞི་ཡི་རྟོག་པ་དང་བྲལ་ནས༔ གདོང་བཞི་སོ་སོའི་མཚན་བརྗོད་ལ་གཉིས་སུ་མེད་པའི་འོད་ཀྱི་ངང་དུ་གྲོལ་ནས་སངས་རྒྱས་པར་གྱུར་ཅིག༔ དེ་ཡི་ཕྱི་རིམ་མུ་ཁྱུད་རྒྱར་གྲུ་ཐིག་ལེ་ཉེར་བརྒྱད་ལ་མཚམས་བཞིར་བགོས་ལ་དབང་ཕྱུག་ཉེར་བརྒྱད་ས་བོན་སོ་སོར་བྲི་ཞིང་རང་རང་གི་ཚིག་གི་བསྙེན་པས་བསྐོར་བར་བྲིས༔ འཆང་བ་པོ་ལ་གཟུགས་བརྙན་འཁྲུལ་པའི་རྟོག་པ་དང་བྲལ་ནས༔ དབང་ཕྱུག་ཉེ་བརྒྱད་ཀྱི་མཚན་སོ་སོར་བརྗོད་ལ་གཉིས་སུ་མེད་པའི་འོད་ཀྱི་ངང་དུ་གྲོལ་ནས་སངས་རྒྱས་པར་གྱུར་ཅིག༔ དེ་ཡི་ཕྱི་རིམ་མུ་ཁྱུད་འཁོར་ཡུག་ཏུ༔ ཉེས་པ་བཤག་པའི་སྙིང་པོ་དང༔ ཨ་ལི་ཀ་ལི་དང༔ ཚིག་སྐང་ཡེ་ཤེས་བརྟན་པ༔ ཡེ་དྷརྨ་བྲིས༔ དེ་ཡི་ཕྱི་རིམ་འཇའ་ཚོན་འཁོར་ཡུག་གསལ་བ༔ སྤྲོས་པ་ལྟར་ན༔ ལྷ་ཡི་ཕྱག་མཚན་ར་བ་འཐད༔ དུས་ཚོད་བཟང་པོའི་ཉི་མ་ལ༔ བཤེས་གཉེན་བཟང་པོས་རབ་གནས་འཐོར༔ སྐྱེ་བདུན་ལ་སོགས་རྟེན་གྱི་ཚོམ་བུ་བཞག་པར་གཅེས༔ ཨེ་མ་བཏགས་གྲོལ་བཅང་ཐབས་འདི་ལྟར་བསྟན༔ དར་ཚོན་ལྔ་དྲིལ་རིན་ཆེན་གྱི༔ ཟ་མ་ཏོག་ཏུ་ལག་བཙལ་ལ༔ རང་དང་མི་འབྲལ་བཅང་བར་བྱ༔ འགྲོ་འདུག་ཉལ་གསུམ་སྤྱོད་པ་གར་འགྲོ་འཆང༔ ཕྱག་བསྐོར་བཟླས་ན་འདིའམ་ནི༔ ཁྲུས་སམ་ཆུ་བརྒལ་མེ་མཆོག་ཀྱང༔ ཆོས་སྐུ་འདི་དང་བྲལ་མི་རུང༔ སྐྱེ་བོའི་མཆན་ཁུང་གཡོན་དུ་བཅང་༔ བུད་མེད་མཆན་ཁུང་གཡསསུ་བཅང་༔ འདི་འཆང་སྐལ་ལྡན་སངས་རྒྱས་སོ༔ རྨི་ལམ་ཉམས་སྣང་བདེ་སྡུག་གི༔ སྣང་བ་འོད་ཁྱིམ་ལུག་རྒྱུད་འབྱུང་༔ མི་མཐུན་གནོད་པ་ཀུན་ལ་སྲུང༔ ཤི་ན་རོ་དང་བྲལ་མི་བྱ༔ ཕོ་མོའི་བཟང་པའི་སྙིང་གར་བཅང༔ སྐྱེས་པ་བུད་མེད་མགྲིན་པར་བཅང༔ སྡིག་ཅན་ཕོ་མོ་དཔྲལ་བར་བཅང༔ འདི་འཕྲད་ངན་སོང་ལྟུང་མི་སྲིད༔ དགའ་བ་བསྐྱེད་ལ་གུས་པར་གྱིས༔ བཅང་ཐབས་རྒྱུད་ཀྱི་ཆོས་སྐུ་འདི༔ ཀུན་ཏུ་བཟང་པོའི་ཨ་ཏིའི་ཚིག༔ འཇིགས་མེད་ཆོས་སྐུའི་བསུ་མ་ཡིན༔ ཀ་དག་ངང་དུ་གྲོལ་བར་འགྱུར༔ ཐོས་ཆོག་ལྟ་བ་རང་གྲོལ་ལས༔ ངན་སོང་སྒྲིབ་སྦྱང་གི་རྒྱུད་འདི་ལས༔ བཏགས་གྲོལ་བྲིས་ཐབས་ཨ་ཏི་བསྲུང༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་ཐུགས་བཅུད༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ སྐལ་པ་མ་སྟོངས་བར་དུ་མི་རྫོགས་པའི་ཆོས༔ ས་མ་ཡ༔ རྒྱཿརྒྱཿརྒྱཿ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བཀའ་རྒྱ༔ དམ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ མདོ་ཁམས་བ་གནས་ཀྱི་ཤར་སྒོ་ཁྲོ་བཅུའི་བྲག མི་མངོན་དབྱིངས་ཀྱི་དཀྱིལ་འཁོར་ནས། རྫུ་འཕྲུལ་ཤུགས་ཀྱི་དུས་ལ་བབ། བྱི་བའི་ལོ་ཧོར་ཟླ་གསུམ་པའི་དུས། མགོན་པོ་མ་ནིང་སྡེ་ལྔས་སྤྱན་དྲངས་ནས། བདག་གསང་སྔགས་ཆོས་རྒྱལ་རིན་ཆེན་གླིང་པ་ལ་གཏད་ནས། ལོ་གསུམ་ལ་བཀའ་རྒྱ་བསྡམས་ཏེ། ཤོག་སེར་ངོས་ལ་དག་པར་ཕབ་པ། ཡི་གེ་རིས་བྱེད་པྲཛྙཱ་རསྨྲིའོ།། །།

བསྐྱེད་རྫོགས་ཆུང་ངུ་ཙིཏྟ་རང་གྲོལ།

བཀའ་རྫོགས་པ་ཆེན་པོ་བླ་མ་ཀུན་འདུས་ཀྱི་ཆ་རྐྱེན་ཐོས་ཆོག་ལྟ་བ་རང་གྲོལ་ངན་སོང་སྒྲིབ་སྦྱང་གི་བསྐྱེད་རྫོགས་ཆུང་ངུ་ཙིཏྟ་རང་གྲོལ་བཞུགས་སོ༔ ༔ རྒྱ་གར་སྐད་དུ༔ ན་མོ་གུ་རུ་བྷོདྷི་ཙིཏྟ་མ་ཧ་སུ་ཀ་ཛྙཱན་དྷརྟུ་ཧྲཱིཿཨཱཿ བོད་སྐད་དུ༔ བླ་མ་ཀུན་བཟང་བྱང་ཆུབ་སེམས་ཀྱི་བདེ་བ་ཆེན་པོ་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ༔ ཐོས་ཆོག་ལྟ་བ་རང་གྲོལ་ལས༔ ངན་སོང་སྒྲིབ་སྦྱང་གི་བསྐྱེད་རྫོགས་ཆུང་ངུ་ཙིཏྟ་རང་གྲོལ༔ གང་ཟག་དང་ཕོ་མོ་དང༔ ཤན་པ་ལ་སོགས་ཁྱད་ཆོས་མེད་པ༔ ཨ་ཏི་རང་བྱུང་ཚིག་ཉུང་ལ་དོན་འདུས་པ་ལས་དོན༔ དང་པོ་བསྟན་པར་བྱའོ༔ དེ་ནས་ལས་གཞུང་གི་བསྒྲུབ་ཆེན་བཙལ་བ་དང༔ འཛོམ་རྩལ་མཐུན་པ་ཁོག་མི་དགོས་པ༔ དཀྱིལ་འཁོར་དང་གཏོར་མ་ལ་བརྟེན་ཀྱང་བསྒྲུབ་པ་ཟབ༔ ལུས་ངག་སེམས་སུ་དབབ་ཕྱིར་བདེ་བ་བསྐྱེད་པའམ༔ གནས་ས་ཆུ་ཁར་ལམ་སོར་ཁྱད་ཆོས་མེད་པ་ཉམས་སུ་ལེན་པ༔ དང་པོ་སྐྱབས་སུ་འགྲོ་བའི་ཆོས་འདི་སྐད་དོ༔

ༀ་ཨཱཿཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུ་ཀུན་ཏུ་བཟང༔ ལོངས་སྐུ་ཉི་འོད་ལྟ་བུ་རིགས་ལྔ་གསལ༔ བདེ་གཤེགས་རྒྱལ་བ་ཞི་ཁྲོ་རང་བྱུང་ཚོགས༔ བདག་སོགས་འགྲོ་ཀུན་ཁྱེད་ལ་སྐྱབས་སུ་མཆིཿ སེམས་བསྐྱེད་པའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ སེམས་བསྐྱེད་དྲག་པོས་འགྲོ་བའི་དོན་ལ་བསྒོམ༔ བདེ་གཤེགས་ཞི་ཁྲོའི་རྒྱལ་བ་རྒྱ་མཚོ་བསྒྲུབ༔ རང་བཞིན་འགྲོ་བའི་དོན་ལ་སྤྱན་འདྲེན་གཤེགས༔ འབྲལ་བ་མེད་པར་ཐུགས་རྗེས་བཟུང་དུ་གསོལ༔ ཡན་ལག་བདུན་པའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུ་གནས་འདིར་བྱོན༔ ཙིཏྟ་སྨུག་པོའི་གདན་ལ་བཞུགས་སུ་གསོལ༔ འདུ་འབྲལ་མེད་པའི་ངང་དུ་ཕྱག་འཚལ་ལོ༔ བདག་གཞན་འཛིན་མེད་ལུས་ཀྱི་མཆོད་པ་འབུལ༔ བཀའ་ལ་འགལ་བ་འགྱོད་ཅིང་མཐོལ་ལོ་བཤགས༔ ཨ་ཏི་ཆེན་པོ་དགའ་བའི་རྗེས་ཡི་རང་༔ ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་ཞིང་མཆོག་བླ་མེད་སར༔ བདེ་གཤེགས་ཞི་ཁྲོའི་གོ་འཕང་ཐོབ་པར་ཤོག༔ ༀ་ཨཱཿཧཱུྃ༔ བྷོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཛྙཱན་དྷརྟུ་ཨཱཿ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ༔

བགེགས་ལ་བཀའ་བསྒོ་བའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ སྟོང་ཁམས་ཉུལ་བའི་འདྲེ་བོ་ཆེ༔ ཀ་དག་ཆོས་ཀྱི་དོན་ལ་ཉོན༔ འདི་རུ་མ་འདུག་རང་སར་དེངས༔ ཨ་ཏི་རང་བྱུང་ཚིག་གིས་བསྐྲད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨུ་ཙ་ཏ་ཡ་ཧཱུྃ་ཕཊཿ མཚམས་བཅད་པའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཁྲོ་བོ་ཁྲོ་མོ་དཔག་ཏུ་མེད༔ རིགས་ལྔའི་ཕྱག་མཚན་སོ་སོར་འཕྲོས༔ རིམ་དྲུག་མེ་རིའི་གུར་དུ་བསྒོམ༔ ༀ་བཛྲ་རཏྣ་པདྨ་ཀརྨ་ཙཀྲ་རཾ་ཧཱུྃ་ཕཊཿ བྱིན་ཕེབས་པའི་ཆོ་ག་ནི༔ ༀ་ཨཱཿཧཱུྃ༔ སྟོང་པའི་རིག་ཚོགས་འོག་མིན་གནས༔ སྨྲ་བསམ་བརྗོད་དུ་མེད་པའི་ངང་༔ ཡེ་ནས་མ་སྐྱེས་ཀུན་ཏུ་བཟང༔ བསམ་སྟོང་བློ་ལ་གང་ཤར་བ༔ ཐམས་ཅད་བདེ་གཤེགས་ཞི་ཁྲོའི་ཚོགས༔ གནས་མཆོག་འདི་རུ་བྱིན་གྱིས་རློབས༔ བསྒྲུབ་པ་པོ་ལ་དབང་བཞི་སྐུར༔ མོས་པའི་བུ་ལ་ཐུགས་རྗེས་གཟིགས༔ འཁོར་བ་དོང་ནས་སྤྲུག་པར་མཛོད༔ ཧཱུྃ་བཛྲ་ཙིཏྟ་ཛྙཱན་རུ་ལུ་རུ་ལུ་བྷྱོཿ ཨ་བེ་ཤ་ཡ་ཨ་ཨཿ སྣང་སྲིད་མཆོད་རྫས་གདབ་པའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ སྣང་སྲིད་ཐམས་ཅད་འཁོར་འདས་ཚོགས༔ རཾ་ཡཾ་ཁཾ༔ གསུམ་མེ་རླུང་ཆུ༔ རྟོག་འཛིན་རྒྱུ་ཡི་དྲི་མ་སྦྱང་༔ མེ་རླུང་ཆུ་གསུམ་འོད་དུ་ཞུ༔ སྨན་རཀ་གཏོར་གསུམ་མཆོད་རྫས་གྱུར༔ ༀ་ཨཱཿཧཱུྃ༔ སྭ་བྷ༔ ཝ༴ ༀ་ཨཱཿཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ༀ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ཛཱ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ ༀ་ཨཱཿཧཱུྃ༔ མ་ཧཱ་བཱ་ལིངྟ་ཏེ་ཛྭ་བྷ་ལིངྟ་བྷ་ལ་བྷ་ཏི་གྷུཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ༀ་ཨཱཿཧཱུྃ༔ མ་ཧཱ་མཾ་ས་རཀྟ་ཀིང་ནི་རི་ཏི་སརྦ་པུཙྪ་ཧོ༔ ༀ་བྷོ་དྷི་ཙིཏྟ་གྷ་ན་གྷུཧྱ་མ་ཧ་པུ་ཙ་ཧོ༔ ༀ་ཨཱཿཧཱུྃ༔ པུཥྤེ་དྷུཔྤེ་ཨ་ལོ་ཀེ་གྷནྡཻ་ནེ་བེ་ཏེ་ཤབྷ་པུཙྪ་ཧོཿ བརྡ་ཕྱག་བཤགས་པ་བྱ་བའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ རང་ལུས་རྒྱལ་བའི་དཀྱིལ་འཁོར་ལ༔ ཀུན་བཟང་ཞི་ཁྲོ་རིགས་བརྒྱ་ཤར༔ འབྲལ་མེད་ཆོས་སྐུ་ཕོ་བྲང་མཇལ༔ ལྟ་བའི་ཀློང་དུ་ཕྱག་འཚལ་ལོ༔ ཉེས་པ་ཨ་ཏིའི་ཚིག་ཏུ་བཤགས༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཨ་ཏི་པུ་ཧོཿ པྲ་ཏི་ཛ་ཧོཿ ༀ་བཛྲ་སཏྭ་ཧཱུྃ༔

སྔོན་དུ་འགྲོ་བའི་ལས་རིམ༔ དེ་ལ་གཉིས་མེད་ཉམས་ལེན་དངོས་གཞིའི་རིམ་པ་ཏིང་འཛིན་རྣམ་གསུམ་བསྒོམ་པའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ ༀ་དང་ཨཱཿདང་ཧཱུྃ་དང་གསུམ༔ སྐུ་གསུམ་སྙིང་པོ་ཨ་ཏིའི་ཚིག༔ ངོ་བོ་རང་བཞིན་ཀ་ནས་དག༔ ཐམས་ཅད་སྟོང་པའི་རང་བཞིན་ལ༔ བདེ་གསལ་མི་རྟོག་ཏིང་འཛིན་བསྒོམ༔ ༀ་ཨཱཿཧཱུྃ༔ སྨྲ་བསམ་བརྗོད་དུ་མེད་པ་དེ༔ ཀུན་ཏུ་བཟང་པོ་སྙིང་རྗེའི་ཚུལ༔ བློ་འདས་ཆོས་སྐུ་མི་འགྱུར་བ༔ འགྲོ་ལ་ཐེག་པའི་སྙིང་རྗེ་བསྒོམ༔ ༀ་ཨཱཿཧཱུྃ༔ བདག་ཉིད་ཐ་མལ་རང་གི་ལུས༔ ཨ་ལས་ཨེཿཡཾཿཁཾཿསུཾཿབྷྲཱུྃ༔ ནམ་མཁའི་རླུང་དང་ཆུ་དང་ས༔ བྷྲུཾ་ལས་འོག་མིན་གཞལ་ཡས་ཁང༔ གྲུ་བཞི་ལོག་བརྒྱད་སྒོ་བཞི་གསལ༔ སྟོང་པའི་ངང་དུ་འཇའ་ལྟར་ཤར༔ ༀ་ཛྙཱ་ན་ཙིཏྟ་བྷྲཱུྃ༔ བདག་ཆོས་སྐུ་གསལ་བའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ སྐད་ཅིག་པད་ཉི་ཟླ་བའི་སྟེང༔ རང་སེམས་ཆོས་སྐུ་ཀུན་ཏུ་བཟང༔ ཞལ་གཅིག་ཕྱག་གཉིས་མཉམ་བཞག་མཛད༔ ཆོས་དབྱིངས་བཟང་མོ་སྐུ་མདོག་དཀར༔ ཡབ་ལ་འཁྱུད་ཅིང་བདེ་ཉམས་བསྐྱེད༔ ཐབས་དང་ཤེས་རབ་བཞུགས་པར་བསྒོམ༔ རང་བཞིན་དག་པའི་དཀྱིལ་འཁོར་ལ༔ དབུས་དང་ཤར་ལྷོ་ནུབ་བྱང་དུ༔ སེངྒེ་གླང་རྟ་རྨ་བྱ་ཤང༔ པད་ཟླ་བརྩེགས་པའི་ཁྲི་སྟེང་དུ༔ རྣམ་སྣང་དབྱིངས་ཕྱུག་སྐུ་མདོག་དཀར༔ སྣང་ལ་རང་བཞིན་དཀྱིལ་འཁོར་དབུས༔ གཙོ་བོ་བརྒྱན་པའི་ཚུལ་དུ་བསྒོམ༔ རྡོར་སེམས་སྤྱན་མ་སྐུ་མདོག་མཐིང༔ ས་ཡི་སྙིང་པོ་བྱམས་པ་དཀར༔ ལ་སྱ་མ་དང་པུཥྤེ་དཀར༔ རྡོ་རྗེ་རིགས་ཀྱི་གཙོ་འཁོར་བསྒོམ༔ རིན་འབྱུང་མ་ཀི་སྐུ་མདོག་སེར༔ ཀུན་བཟང་སེར་དང་ནམ་སྙིང་སེར༔ མ་ལྱ་སེར་དང་དྷུཔྤེ་སེར༔ རིན་ཆེན་རིགས་ཀྱི་གཙོ་འཁོར་སྒོམ༔ སྣང་མཐའ་གོས་དཀར་སྐུ་མདོག་དམར༔ སྤྱན་གཟིགས་འཇམ་དཔལ་དཀར་སེར་མདོག༔ གྷིརྟི་དམར་དང་ཨ་ལོ་དམར༔ པདྨ་རིགས་ཀྱི་གཙོ་འཁོར་བསྒོམ༔ དོན་གྲུབ་སྒྲོལ་མ་སྐུ་མདོག་ལྗང༔ སྒྲིབ་སེལ་ཕྱག་ན་རྡོ་རྗེ་ལྗང༔ ནིརྟི་མ་དང་གྷནྷེ་ལྗང་༔ ལས་ཀྱི་རིགས་ཀྱི་གཙོ་འཁོར་སྒོམ༔ བརྒྱ་བྱིན་དཀར་ལ་ཐག་བཟང་ལྗངཿ ཤཀ་ཐུབ་སེར་ལ་སེངྒེ་མཐིང༔ ཁ་འབར་དམར་ལ་ཆོས་རྒྱལ་ནག༔ སྤྲུལ་སྐུ་ཐུབ་དྲུག་ཆེན་པོ་སྒོམ༔ རྣམ་རྒྱལ་དཀར་ལ་ལྕགས་ཀྱུ་ཡུམ༔ གཤིན་རྗེ་སེར་ལ་ཞགས་པ་ཡུམ༔ རྟ་མགྲིན་དམར་ལ་ལྕགས་སྒྲོག་ཡུམ༔ བདུད་རྩི་ལྗང་ལ་དྲིལ་བུ་ཡུམ༔ སྒོ་སྲུང་ཆེན་པོ་བརྒྱད་དུ་སྒོམ༔ ཀུན་བཟང་ཆེ་མཆོག་ཧེ་རུ་ཀ༔ ཁྲོ་མོ་དབྱིངས་ཕྱུག་ཡུམ་དང་སྦྱོར༔ བྷུདྡྷ་ཆེ་མཆོག་ཧེ་རུ་ཀ༔ བྷུདྡྷ་ཀྲོ་ཏི་ཡུམ་དང་སྦྱོར༔ བཛྲ་ཆེ་མཆོག་ཧེ་རུ་ཀ༔ བཛྲ་ཀྲོ་ཏི་ཡུམ་དང་སྦྱོར༔ རཏྣ་ཆེ་མཆོག་ཧེ་རུ་ཀ༔ རཏྣ་ཀྲོ་ཏི་ཡུམ་དང་སྦྱོར༔ པདྨ་ཆེ་མཆོག་ཧེ་རུ་ཀ༔ པདྨ་ཀྲོཏི་ཡུམ་དང་སྦྱོར༔ ཀརྨ་ཆེ་མཆོག་ཧེ་རུ་ཀ༔ ཀརྨ་ཀྲོཏི་ཡུམ་དང་སྦྱོར༔ ཁྲག་འཐུང་གཙོ་བོ་བཅུ་གཉིས་སྒོམ༔ ཀོའུ་རི་མ་བརྒྱད་སིངྷ་བརྒྱད༔ གདོང་ཅན་བཞི་ཡི་སྒོ་སྲུང་དང༔ ཞི་བའི་ལས་མཛད་དབང་ཕྱུག་བདུན༔ རྒྱས་པའི་ལས་མཛད་དབང་ཕྱུག་བདུན༔ དབང་གི་ལས་མཛད་དབང་ཕྱུག་བདུན༔ དྲག་པོའི་ལས་མཛད་དབང་ཕྱུག་བདུན༔ མུ་རན་འཁོར་གྱི་ལྷ་ཚོགས་བསྒོམ༔ ཀུན་བཟང་བླ་མ་ཆོས་ཀྱི་སྐུ༔ ཅི་ཤར་རྟོག་པའི་ཞི་ཁྲོའི་ལྷ༔ ཐམས་ཅད་སྟོང་པའི་རང་བཞིན་ཏུ༔ རང་ཉིད་སེམས་དང་དབྱེར་མེད་སྒོམ༔ ༀ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཛྙཱན་དྷརྟུ་ཨཱཿ ༀ་རུ་ལུ་རུ་ལུ་སརྦ་ས་མ་ཡ་ཛ་ཛ༔

སྤྱན་འདྲེན་པའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ ནམ་མཁའ་ལྟ་བུའི་ངང་ཉིད་ལ༔ ཟང་ཐལ་དྲི་མས་མ་གོས་པ༔ སྣང་སྟོང་ཡབ་ཡུམ་ཀུན་ཏུ་བཟང༔ བརྗོད་མེད་བསམ་གཏན་ངང་ལ་གནས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྐུ་ལྔ་དག་པའི་སངས་རྒྱས་ལྔ༔ འབྱུང་ལྔ་དག་པའི་ཡུམ་ལྔ་འཁྲིལ༔ ཚོགས་བརྒྱད་གནས་དག་སེམས་དཔའ་བརྒྱད༔ ཡུལ་བརྒྱད་དག་པའི་ཡུམ་དང་སྦྱོར༔ འགྲོ་དོན་མཛད་པའི་ཐུབ་པ་དྲུག༔ སྒོ་བ་ཡབ་ཡུམ་ཆེན་པོ་བརྒྱད༔ ཞི་བའི་ལྷ་ཚོགས་གཤེགས་སུ་གསོལ༔ ཞི་བའི་མི་འདུལ་ཧེ་རུ་ཀ༔ ཁྲོ་མོ་ཆེན་མོ་ཡུམ་དང་སྦྱོར༔ དུག་ལྔ་གཞོམ་ཕྱིར་ཁྲག་འཐུང་ཚོགས༔ ཀོའུ་རི་སིངྷ་གདོང་ཅན་བཞི༔ ཤར་ན་གནས་པའི་དབང་ཕྱུག་བདུན༔ ལྷོ་ན་གནས་པའི་དབང་ཕྱུག་བདུན༔ ནུབ་ན་གནས་པའི་དབང་ཕྱུག་བདུན༔ བྱང་ན་གནས་པའི་དབང་ཕྱུག་བདུན༔ ཁྲག་འཐུང་དྲུག་ཅུ་གཤེགས་སུ་གསོལ༔ ༀ་བྷོདྷི་ཙིཏྟ་མ་ཧཱ་སུ་ཀ་ཛྙཱན་དྷུརྟུ་ཨཱཿ ༀ་རུ་ལུ་རུ་ལུ་སརྦ་ས་མ་ཡ་ཛ་ཛཿ

བཞུགས་སུ་གསོལ་བའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ ཕུང་ཁམས་དག་པའི་དཀྱིལ་འཁོར་དུ༔ ཐབས་ཤེས་པདྨ་ཉི་ཟླའི་སྟེང༔ མ་བཅོས་ལྷུན་གྲུབ་ཀུན་དུ་བཟང༔ བཅོམ་ལྡན་ཞི་ཁྲོ་ལྷ་ཚོགས་རྣམས༔ སྤྱན་འདྲེན་གདན་ལ་བཞུགས་སུ་གསོལ༔ ༀ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཛྙཱན་དྷརྟུ་རུ་ལུ་རུ་ལུ་སརྦ་ས་མ་ཡ་ཏིཥྛ་ལྷན༔

ཕྱག་འཚལ་བའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ བསམ་བརྗོད་བྲལ་བའི་ངང་ཉིད་ལ༔ ཅི་ཤར་རྟོག་པ་སོ་མའི་ངང༔ ཐམས་ཅད་ཀུན་བཟང་ཞི་ཁྲོའི་ཚོགས༔ ཆོ་འཕྲུལ་དྲན་བརྗོད་ཨ་ཏིའི་ཚོགས༔ རང་བྱུང་རྩལ་ལ་ཕྱག་འཚལ་ལོ༔ ༀ་བྷོདྷི་ཙིཏྟ་མ་ཧཱ་སུ་ཀ་ཛྙཱན་དྷརྟུ་རུ་ལུ་རུ་ལུ་སརྦ་ས་མ་ཡ་ཨ་ཏི་པུ་ཧོཿ པྲ་ཏི་ཛ་ཧོ༔ ཕྱི་མཆོད་འབུལ་བའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ སྣང་སྟོང་རིག་སྟོང་གསལ་བ་སྟོང༔ བདེ་སྟོང་དྲན་སྟོང་གྲགས་ཆ་སྟོང༔ ཚོར་སྟོང་ཐམས་ཅད་མཆོད་པའི་ཚོགས༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་རྣམ་པ་ལྔ༔ ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ དགྱེས་སྟོང་ངང་དུ་བཞེས་སུ་གསོལ༔ ༀ་བཛྲ་པུཥྤེ་དྷུཔྤེ་ཨ་ལོ་ཀེ་གྷནྡཻ་ནེ་བེ་ཏེ་ཤབྟ་པུ་ཙ་ཧོ༔ ནང་མཆོད་འབུལ་བའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ སྣང་སྲིད་དག་པའི་སྣོད་བཅུད་དུ༔ ལྷ་རྫས་ནང་གི་མཆོད་པ་ནི༔ གཟུགས་སྒྲ་དྲི་རོ་རེག་བྱ་དང༔ ཐམས་ཅད་སྟོང་པའི་རང་བཞིན་ལ༔ ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ དགྱེས་སྟོང་ངང་དུ་བཞེས་སུ་གསོལ༔ ༀ་མ་ཧཱ་སརྦ་པཉྩ་པུཙྪ་ཧོ༔ གསང་མཆོད་འབུལ་བའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ གཞི་སེམས་ཟུང་འཇུག་དཀྱིལ་འཁོར་དུ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ དགའ་བདེའི་ལམ་ལ་བརྟེན་པ་ཡི༔ མཐར་ཕྱིན་འབྲས་བུ་ཐོབ་པའི་ཕྱིར༔ དཀར་དམར་མདངས་ཀྱི་ཁུ་བ་དང༔ ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ དགྱེས་སྟོང་ངང་དུ་བཞེས་སུ་གསོལ༔ ༀ་བྷོདྷི་ཙིཏྟ་མཧཱ་པུཙྪ་ཧོ༔

སྨན་རག་གཏོར་གསུམ་འབུལ་བའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ དུག་ལྔ་གནས་དག་བདུད་རྩི་དང༔ རྒྱུ་ལྔ་གནས་དག་རཀྟ་དང༔ འདོད་དོན་སྤྲིན་གྱི་གཏོར་མ་འབར༔ རྒྱུ་རྐྱེན་རྣམ་པར་དག་པའི་རྫས༔ ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ དགྱེས་སྟོང་ངང་དུ་བཞེས་སུ་གསོལ༔ ༀ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་ལ་ཁ་ཁ་ཁཱ་ཧི༔ བསྟོད་པ་བྱ་བའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ བསམ་དུ་མེད་པའི་ངང་ཉིད་ལ༔ ཀ་ནས་དག་པའི་ཆོས་ཀྱི་སྐུ༔ སྣང་སྟོང་མཐར་ཕྱིན་འབྲས་བུ་སྟོན༔ ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་སྐུ་ནམ་མཁའ་ལྟ་བུ་ལ༔ ལོངས་སྐུ་ཉི་འོད་བཞིན་ཏུ་སྤྲོས༔ ཉི་ཟེར་ལྟ་བུ་འགྲོ་དོན་ཅན༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་བསྟོད༔ ཞི་བའི་རང་བཞིན་ཐུགས་རྗེ་ཅན༔ མཚན་དང་དཔེ་བྱད་བགྲེས་རྒུད་མེད༔ ལྷུན་སྡུག་གཟི་བརྗིད་འོད་ཟེར་འབར༔ གཉེན་ལྕུག་འཁྲིལ་ལྡེམ་མཛེས་ཚུལ་ཅན༔ ཞི་བའི་ལྷ་ཚོགས་སྐུ་ལ་བསྟོད༔ ཞི་བའི་མི་འདུལ་ཧེ་རུ་ཀ༔ དཔའ་རོལ་འཇིགས་ཚུལ་རྔམ་པའི་སྐུ༔ གར་དགུ་ཐེག་པའི་རྣམ་ཐར་བརྒྱན༔ ཐམས་ཅད་རོལ་པའི་ཆོ་འཕྲུལ་སྟེ༔ ཁྲག་འཐུང་ལྷ་ཚོགས་སྐུ་ལ་བསྟོད༔ ལས་སུ་སངས་རྒྱས་བསྟན་བསྲུང་ཕྱིར༔ དམ་ཚིག་ཅན་གྱི་བྱ་ར་མཁན༔ ཟས་སུ་ཤ་དང་ཁྲག་ལ་དགྱེས༔ ཐམས་ཅད་ཞི་ཁྲོ་བསྟན་པ་སྲུང༔ བསྟན་སྲུང་རྫོགས་ལ་ཕྱག་འཚལ་བསྟོད༔ ཅེས་ཆོས་སྐྱོང་གསོལ་མཆོད་བྱ༔ བཤགས་པ་བྱ་བའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ བླ་མ་ཀུན་བཟང་ཞི་ཁྲོ་དགོངས༔ བདག་ནི་མི་ཤེས་དབང་སོང་བས༔ མི་དགེ་དམ་ཚིག་ཅི་འགལ་བ༔ རང་གནོང་འགྱོད་པའི་མཐོལ་ལོ་བཤགས༔ ༀ་བཛྲ་སཏཱ་ས་མ་ཡ༴

འཛབ་བཟླས་བྱ་བའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ བདག་ཉིད་རྡོ་རྗེ་སེམས་དཔའ་ཡི༔ ཐུགས་ཀར་ཙིཏྟའི་གཞལ་ཡས་སུ༔ རྡོ་རྗེ་འབར་བའི་ལྟོ་བ་ན༔ ཆོས་སྐུ་མི་འགྱུར་སྐུ་མདོག་མཐིང༔ ཆོས་དབྱིངས་མི་འགྱུར་སྐུ་མདོག་དཀར༔ ཡབ་ཡུམ་འཁྲིལ་སྦྱོར་བཞུགས་པ་ལ༔ བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་ཀྱི༔ རང་རང་སྙིང་པོ་བཟླས་པ་ལ༔ གཡས་སུ་འཁོར་ཞིང་བསྐོར་བར་བསྒོམ༔ བསྙེན་པ་ནི༔ ཧཱུྃ་བཛྲ་ཙིཏྟ་ཨཿ ཛྙཱན་ས་མནྟ་བྷ་ཏྲ་ༀ༔ བསྒྲུབ་པ་ནི༔ ༀ་བྷོདྷི་ཙིཏྟ་མ་ཧཱ་སུ་ཀ་ཛྙཱན་དྷུརྟུ་ཨཱཿ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ༔ ལས་སྦྱོར་ཤམ་བུ་ཙིཏྟ་རང་གྲོལ་དུ་འཇུག་པར་བྱའོ༔ འདི་འཕྲད་སེམས་ཅན་སྐལ་པ་ཅན༔ བློ་ལ་ཆུད་ཅིང་བསྒྲུབ་པར་བརྩོན༔ བཟླས་ནས་འཁོར་བ་དོང་ནས་སྤྲུགས༔ འགྲུབ་པར་འགྱུར་བ་ཐེ་ཚོམ་མེད༔ འདི་ཡན་ཆད་སྔོན་དུ་འགྲོ་བའི་དངོས་གཞི་ཆོས་ཐུན་ནོ༔ རྗེས་ཀྱི་རིམ་པ་ལ༔ ཚོགས་ལ་བགེགས་བསྐྲད་ཅིང་དྲི་མ་སྦྱང་བའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ རཾ་ལས་མེ་འབར་ཏ་ལ་ལ༔ ཡཾ་ལས་རླུང་འབྱུང་བ་ར་ར༔ ཁཾ་ལས་ཆུ་འབྱུང་ཤ་ར་ར༔ མེ་རླུང་ཆུ་གསུམ་འོད་དུ་ཞུ༔ མི་གཙང་དྲི་ཀུན་སྟོང་པ་ཉིད༔ རཾ་ཡཾ་ཁཾ༔ བྱིན་གྱིས་བརླབ་པའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ གྷ་ན་ཚོགས་ཀྱི་ལོངས་སྤྱོད་ལ༔ ཡི་གེ་གསུམ་གྱིས་བྱིན་གྱིས་རློབས༔ བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ འདོད་ཡོན་གཟི་བརྗིད་ཁ་དོག་འབར༔ རོལ་པའི་འཁོར་བ་དོང་ནས་སྤྲུག༔ ༀ་ཨཱཿཧཱུྃ༔ ཞེས་སྤྱན་འདྲེན་པའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ རྒྱལ་བ་དགོངས་བརྒྱུད་གཤེགས་སུ་གསོལ༔ དག་པ་དབྱིངས་ཀྱི་ཕོ་བྲང་ནས༔ རིག་འཛིན་བརྡ་བརྒྱུད་གཤེགས་སུ་གསོལ༔ ཟངས་མདོག་དཔལ་རིའི་ཕོ་བྲང་ནས༔ གང་ཟག་སྙན་བརྒྱུད་གཤེགས་སུ་གསོལ༔ རང་ལུས་རྣམ་དག་ཕོ་བྲང་ནས༔ ཞི་ཁྲོའི་ལྷ་ཚོགས་གཤེགས་སུ་གསོལ༔ དག་པ་མཁའ་སྤྱོད་ཕོ་བྲང་ནས༔ མ་རྒྱུད་མཁའ་འགྲོ་གཤེགས་སུ་གསོལ༔ དམ་ཚིག་གཏེར་གྱི་ཕོ་བྲང་ནས༔ གཏེར་སྲུང་ལྷ་ཚོགས་གཤེགས་སུ་གསོལ༔ ཚོགས་ཁང་གདན་ལ་བཞུགས་སུ་གསོལ༔ གུ་རུ་དྷེ་ཝ་ཌཀྐི་ནི་གྷ་ན་ས་མ་ཡ་ཛ་ཛཿ ཚོགས་ཕུད་འབུལ་བའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ ཀུན་ཁྱབ་ཀློང་ཡངས་ཆོས་ཀྱི་དབྱིངས༔ བླ་མ་ཀུན་ཏུ་བཟང་པོ་ལ༔ བདེ་བཤེགས་ཞི་ཁྲོའི་ལྷ་ཚོགས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ གྷ་ན་ཙཀྲ་པུ་ཙ་ཁཱ་ཧི༔ བར་པ་བཤགས་པ་འབུལ་བའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ སྣང་སྲིད་འཁོར་འདས་ཐམས་ཅད་དུ༔ བདག་དང་སེམས་ཅན་མ་ལུས་ཀྱི༔ སྡིག་སྒྲིབ་ཅི་བསགས་བག་ཆགས་རྣམས༔ འདོད་ཡོན་ཚོགས་ཀྱིས་བཤགས་པར་བགྱི༔ ༀ་བཛྲ་སཏྭ་ས་མ་ཡ༴ ཡི་གེ་བརྒྱ་བ་བརྗོད༔ བསྐང་བའི་ལས་སུ་འཇུག་ཤེས་པར་བྱའོ༔

བསྒྲལ་བའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པའི་ཏིང་ངེ་འཛིན༔ རྟོག་པ་ཐམས་ཅད་ཧེ་རུ་ཀ༔ ཁྲོས་པའི་ཕྱག་མཚན་ཕྱར་བ་ཡི༔ མ་རིག་དམ་སྲི་ཐལ་བར་རློགས༔ ༀ་ཨཱཿཧཱུྃ་ཕཊཿ བསྟབ་པའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ ཕྱེས་ཤིག་ཕྱེས་ཤིག་སྐྱེ་བ་མེད་པའི་ལྷ༔ མ་རུངས་གནོད་བྱེད་བསྒྲལ་གྱུར་ནས༔ ཤ་ཁྲག་རུས་གསུམ་སྤུངས་པ་འདི༔ ཡེ་ཤེས་ལྷ་ཚོགས་ཞལ་དུ་བཞེས༔ དགྲ་བགེགས་ཀྱི་ཤ་ཁྲག་ལ་ཁ་ཁ་ཁཱ་ཧི༔ ཚོགས་དྲང་བ་དངོས་གྲུབ་ཀྱི་ཚུལ་དུ་བླང་བ་ནི༔ ༀ་ཨཱཿཧཱུྃ༔ དཔལ་ལྡན་བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས༔ བྱིན་གྱིས་བརླབ་པའི་མྱོང་གྲོལ་དམ་རྫས་འདི༔ སྐྱེ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ དེ་མ་ཐག་ཏུ་བླང་བའི་དམ་ཚིག་སྟེ༔ ཞལ་དུ་རོལ་པའི་མཆོག་ཐུན་དངོས་གྲུབ་ཐོབ༔ མི་འགྱུར་གནས་པའི་དངོས་གྲུབ་སྩལ་དུ་གསོལ༔ ཀ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཨཱཿ དེ་ནས་ལྷག་མ་བསྔོ་བའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ ཀུན་བཟང་ཞི་ཁྲོའི་དཀྱིལ་འཁོར་དུ༔ ལྷག་ལ་དབང་བའི་བཀའ་ཉན་རྣམས༔ རྡོ་རྗེ་རིན་ཆེན་པདྨ་ཀར༔ དབང་ཕྱུག་གིང་དང་མུ་རན་སྐྱོང༔ འབྱུང་པོ་ཡང་གཡོག་འཁོར་བཅས་རྣམས༔ ལྷག་གཏོར་ལོངས་ལ་སྔོན་གྱི་བཀའ༔ ཅི་བཅོལ་མ་ལུས་འགྲུབ་པར་མཛོད༔ ཅེས་ཚོགས་རོལ་ལ༔ ལྷག་མ་མེད་པར་བྱ༔ དངོས་གྲུབ་ལེན་པའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ ཀུན་བཟང་ཞི་ཁྲོའི་དཀྱིལ་འཁོར་དུ༔ མི་འགྱུར་སྐུ་ཡི་དངོས་གྲུབ་སྩོལ༔ མི་འགྱུར་གསུང་གི་དངོས་གྲུབ་སྩོལ༔ མི་འགྱུར་ཐུགས་ཀྱི་དངོས་གྲུབ་སྩོལ༔ མི་འགྱུར་ཡོན་ཏན་དངོས་གྲུབ་སྩོལ༔ མི་འགྱུར་ཕྲིན་ལས་དངོས་གྲུབ་སྩོལ༔ ཀ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཨ་ཧཱུྃ་ཧྲཱིཿ ཞེས་བསྐུལ་པ་བྱ༔ ཆད་མདོ་བྱ་བའི་ཆོས་ནི༔ ཧཱུྃ་བྷྱོཿ ཀ་དག་ལྷུན་གྲུབ་ཆོས་ཀྱི་སྐུ༔ རྒྱལ་བ་དགོངས་བརྒྱུད་དུས་ཀྱི་ཚེ༔ གཉུག་མ་ཡེ་ཤེས་འབྲས་བུའི་ངང༔ ཀུན་ཀྱང་བསམ་གཏན་ངང་ལ་གནས༔ ཞི་བའི་མི་འདུལ་ཁྲོ་རྒྱལ་བསྟན༔ དངོས་གྲུབ་འབྱུང་བའི་དུས་ཀྱི་ཚེ༔ རུ་ཊ་འདུལ་བའི་བྱང་ཆུབ་བཀོད༔ དེ་ཡང་བསམ་གཏན་ངང་ལ་གནས༔ རྡོ་རྗེ་རྣམ་གཉིས་དགའ་རབ་དང༔ བཤེས་གཉེན་ཤྲི་སིང་རྒྱ་གར་དུ༔ བསམ་གཏན་ཆེན་པོའི་ངང་ལ་གནས༔ རྫོགས་པ་ཆེན་པོ་བརྡ་ཡིས་སྐྱོང༔ ཡེ་གྲོལ་གཏོར་མ་མ་ཆད་པར༔ རྒྱལ་བའི་ཞལ་བཞེས་འཕྲིན་ལས་མཛོད༔ ༀ་ཨཱཿཧཱུྃ༔ བར་དུ་རྒྱ་གར་བལ་བོད་དུ༔ སྐྱེ་འཆི་བྲལ་བའི་རྡོ་རྗེ་ཡི༔ དགོངས་པ་བསམ་གཏན་ངང་ལ་གནས༔ མ་འདུལ་འདུལ་དཀའ་གྲོལ་བའི་ཚེ༔ དུར་ཁྲོད་བརྒྱད་དང་ཡང་ལེ་ཤོད༔ མ་ག་ཏ་དང་ཨ་སུ་ར༔ སེངྒེའི་ཁྲོད་དང་མཆིམས་ཕུ་བྲག༔ ཧས་པོ་རི་ལ་སོགས་པའི་གནས༔ ལྷ་སྲིན་སྡེ་བརྒྱད་གཉའ་ནོན་ཁོལ༔ སྲོག་སྙིང་ཕུལ་ནས་ཐ་ཚིག་བཀོད༔ རྒྱལ་བའི་ཞལ་བཞེས་གཉན་པོ་བསྲུང༔ ཡེ་གྲོལ་གཏོར་མ་མ་ཆད་པར༔ གནས་ལུགས་མཁན་གྱི་ཕྲིན་ལས་མཛོད༔ ༀ་ཨཱཿཧཱུྃ༔ རྫོགས་པ་ཆེན་པོ་པདྨ་འབྱུང༔ སློབ་མ་མ་ཅིག་ལོ་ཙ་སོགས༔ སྙན་བརྒྱུད་ཟབ་མོས་ཞལ་ཕྱེས་ཚེ༔ དགོངས་པ་བསམ་གཏན་ངང་ལ་གནས༔ མ་མོ་ཆེན་མོ་བསྲུང་མར་བཀོལ༔ ཡེ་གྲོལ་གཏོར་མ་མ་ཆད་པས༔ འདི་ཡི་ངང་ལ་བར་ཆད་བཟློག༔ ༀ་ཨཱཿཧཱུྃ༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ དཔལ་རི་འོད་དུ་པདྨ་འབྱུང༔ སློབ་མ་རྫོགས་པ་ཆེན་པོ་ཡི༔ སྙན་བརྒྱུད་ཟབ་མོ་ཞལ་ཕྱེས་ནས༔ སྤེལ་ནས་འགྲོ་བ་སྐྱོང་བའི་དུས༔ དགོངས་པ་བསམ་གཏན་ངང་ལ་གནས༔ མ་མོ་ཚོགས་ཀྱི་བར་ཆད་སྲུངས༔ ཡེ་གྲོལ་གཏོར་མ་མ་ཆད་པར༔ བྱ་ར་མཁན་གྱི་ཕྲིན་ལས་མཛོད༔

བརྟན་མ་སྐྱོང་བ་ནི༔ ༀ་ཨཱཿཧཱུྃ༔ ཨ་སུ་ར་དང་བོད་ཀྱི་ཚལ༔ རྡོ་རྗེ་འཛིན་པ་ཆེན་པོ་ཡི༔ བཀའ་དང་དམ་ལ་བཏགས་པའི་རིགས༔ བརྟན་མ་བཅུ་གཉིས་དགེ་བསྙེན་ཚོགས༔ བོད་ཡུལ་སྐྱོང བའི་བྱ་ར་མ༔ ཤ་ཁྲག་དམར་གྱི་གཏོར་མ་ལོངས༔ བསྟན་པ་བསྲུང་དང་བཀོར་ཁང་བསྲུང༔ ཚེ་བསྲིངས་བར་ཆད་རྐྱེན་ངན་བཟློག༔ རྫོགས་པ་ཆེན་པོའི་འཕྲིན་ལས་མཛོད༔ བྷ་ལིངྟ་ཁ་ཁ་ཁཱ་ཧི༔ གཏོར་མ་བརྡབ༔ བྲོ་ར་བརྡུང་བ་ནི༔ ༀ་ཨཱཿཧཱུྃ༔ བྲོ་ནི་ཏིང་ངེ་འཛིན་གྱི་བྲོ༔ བསམ་གཏན་ཆེན་པོའི་དུས་ལ་བབ༔ མ་རིག་རྒྱུ་ལ་འཛིན་པའི་འདྲེ༔ སྟོང་ཉིད་ཆེན་པོའི་ངང་དུ་བཅོམ༔ ༀ་ལཾཿ ཨཱཿལཾ༔ ཧཱུྃ་ལཾ༔ སྟཾ་བྷ་ཡ་ནན༔ བཤགས་པ་བྱ་བའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་དུ༔ ཆོ་ག་ལྷག་ཆད་ཅི་སོང་བ༔ ཆོས་དབྱིངས་ཀློང་དུ་གསོལ་གྱུར་ཅིང༔ སྤྲོས་བྲལ་སྐྱེ་མེད་ཀློང་དུ་བཤགས༔ ཞེས་ཡི་གེ་བརྒྱ་པ་བཟླས༔ སྨོན་ལམ་བྱ་བའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ རབ་ཏུ་དགེ་བ་འདི་ཡི་མཐུས༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ ཀ་དག་ཆེན་པོའི་ཀློང་ཡངས་སུ༔ བསྡུས་ཏེ་སྐྱེ་བ་ལེན་པར་ཤོག༔ བཀྲ་ཤིས་བྱ་བའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ སྟོང་ཉིད་རྨད་བྱུང་ལུ་གུ་རྒྱུད༔ བླ་མ་ཀུན་བཟང་ཐིག་ལེ་སྐུ༔ འོད་ཟེར་སྤྲོས་བཅས་ཞི་ཁྲོའི་ལྷ༔ སྐྱེ་མེད་མཆོག་གི་བཀྲ་ཤིས་ཤོག༔ བསྡུས་ཆོག་བྱ་བའི་ཆོས་ནི༔ ༀ་ཨཱཿཧཱུྃ༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས༔ དྲན་སྟོང་བདེ་ཆེན་ཀློང་དུ་ནི༔ ཆུ་ལ་ཆུ་བུར་ཐིམ་པ་ལྟར༔ ཆོས་སྐུ་སྐྱེ་མེད་ངང་དུ་བཞག༔ ཨ་ཨ་ཨཱཿ དམིགས་མེད་ངང་དུ་ཏིང་ངེ་འཛིན་གྱིས་རྒྱས་གདབ༔ ཨེ་མ་བདག་འདྲ་ཨུ་རྒྱན་པདྨ་ནི༔ ཆོས་སྐུ་གཞི་ལ་རང་དབང་ཆེ༔ ལྟ་བ་ཨ་ཏི་ཚིགས་སུ་བསྡུས༔ ཉམ་ཐག་སེམས་ཅན་མ་ལུས་དོན༔ ཐོས་ཆོག་ལྟ་བ་རང་གྲོལ་ལས༔ ངན་སོང་སྒྲིབ་སྦྱང་ཞེས་བྱ་་འདི༔ གཅིག་ཏུ་དྲིལ་ནས་འགྲོ་དོན་བསྔགས༔ འདི་འཕྲད་སེམས་ཅན་སྐལ་བ་སྐྱིད༔ འཕྲད་ཀྱང་འདི་འདྲའི་ཟབ་ཆོས་དཀོན༔ བཻ་རོ་ཙ་ན་ཁྱོད་ལ་གཏད༔ མ་སྤེལ་རིན་ཆེན་གཏེར་དུ་སྦོས༔ སྐལ་ལྡན་བུ་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ བཀའ་རྒྱ༔ དམ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ མདོ་ཁམས་བ་གནས་ཀྱི་ཤར་སྒོ་ཁྲོ་བཅུའི་བྲག མི་མངོན་དབྱིངས་ཀྱི་དཀྱིལ་འཁོར་ནས། རྫུ་འཕྲུལ་ཤུགས་ཀྱི་དུས་ལ་བབ། བྱི་བའི་ལོ་ཧོར་ཟླ་གསུམ་པའི་དུས། མགོན་པོ་མ་ནིང་སྡེ་ལྔས་གདན་དྲངས་ནས། བདག་སྔགས་འཆང་ཆོས་རྒྱལ་རིན་ཆེན་གླིང་པ་ལ་གཏད་ནས། ལོ་གསུམ་ལ་བཀའ་རྒྱ་བསྡམས། ཤོག་སེར་ངོས་ལས་དག་པར་ཕབ་པ། ཡི་གེ་རིས་བྱེད་པྲཛྙཱ་རསྨྲིའོ། དགེའོ།། །།

ༀ་ཨཱཿཧཱུྃ། ཀུན་བཟང་རིགས་ལྔ་རྡོར་འཆང་རྡོ་རྗེ་སེམས། །དགའ་རབ་འཇམ་དཔལ་ཤྲི་སིང་པདྨ་འབྱུང་། །ཡེ་ཤེས་མཚོ་རྒྱལ་བཻ་རོ་ཆོས་རྒྱལ་ཁྲི། །དཔལ་ལྡན་དབང་ཕྱུག་རིག་འཛིན་ཆེན་པོ་དང་། །རྩ་བ་བརྒྱུད་པའི་བླ་མ་བཀའ་དྲིན་ཅན། །ཡི་དམ་མཁའ་འགྲོ་དམ་པ་རིགས་བརྒྱའི་ཚོགས། །ཆོས་སྐྱོང་མ་མགོན་སྲུང་མ་གཏེར་གྱི་བདག །གསོལ་བ་འདེབས་སོ་སྣང་རིག་བྱིན་གྱིས་རློབས། །དེ་ལྟར་གསོལ་བཏབ་འཁྲུལ་པ་ཞི་ནས་ཀྱང་། །ཚེ་འདི་བསྒྲུབ་ལ་ནུས་པར་བྱིན་གྱིས་རློབས། །བསྒྲུབ་ལ་བར་ཆད་མེད་པར་བྱིན་གྱིས་རློབས། །སྨིན་གྲོལ་མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཅེས་ཁོ་བོ་བདག་ལ་ལྷོ་རུང་བྷོ་དྷི་ཆོས་དབང་རྒྱ་མཚོས་བསྐུལ་བའི་ངོར་དུ་བྱོན་པ་ཡི་གེ་རིས་བྱེད་ལྷོ་འབྲས་གཤོང་པ་ཨུ་རྒྱན་རྡོ་རྗེའོ། །

རང་ཉིད་རྡོ་རྗེ་སེམས་དཔའ་གསལ་བའི་ཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས༔ མདུན་གྱི་ལྷ་རྣམས་ཀྱི་ཐུགས་ཀར་ཕོག་ནས༔ རང་རང་རྒྱུ་ཡི་ས་བོན་ལ་རྩ་སྔགས་ཀྱི་གཡས་སུ་འཁོར་བར་བསམ༔ ༀ་ཨཱ༔ ཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་མཾ་ས་རཀྟ་ཀིང་ནི་རི་ཏི་བྷོ་དྷི་ཙིཏྟ་མ་ཧཱ་སརྦ་པུ་ཙ་ཧོཿ ༀ་ཨཱཿཧཱུྃ༔ རྟོག་བྲལ་གྱུར་པ་ཆོས་ཀྱི་སྐུ་རུ་གསལ༔ ཉག་གཅིག་ཐིག་ལེ་འོད་ཁྱིམ་ལུ་གུ་རྒྱུད༔ ཐམས་ཅད་སྣང་སྟོང་ཞི་ཁྲོའི་ཆོ་འཕྲུལ་ལྷ༔ ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་བསྟོད༔ མདུན་གྱི་ལྷ་སོ་སོར་གྱི་ཐུགས་ཀར༔ སྐྱེ་མེད་ཨ་ལས་བྷོདྷི་ཙིཏྟ་རུ་ལུ་རུ་ལུའི་སྔགས་ཀྱིས་འཁོར་བར་བསམ༔

ཞི་ཁྲོའི་ལོ་རྒྱུས་བསྡུས་པ།

ཞི་ཁྲོའི་ལོ་རྒྱུས་བསྡུས་པ་བཞུགས་སོ༔

དེ་ཡང་དང་པོ་རྒྱུད་འདི་ཡི་འབྱུང་ཁུངས་ནི༔ འོག་མིན་སྡུག་པོ་བཀོད་པའི་སྟེང་ཕྱོགས་སུ༔ དུར་ཁྲོད་མེ་རི་འབར་བའི་ཀློང་དུ་ཁྲོ་བོ་ཁྲོ་མོའི་ཚོགས་དཔག་ཏུ་མེད་པའི་འཁོར་དང་ལྡན་པ་རིག་འཛིན་ཆེན་པོའི་ས་ཐོབ་པ་མ་གཏོགས་པར༔ གཞན་གནས་པར་མི་ནུས་པའི་ཞིང་མཆོག་དམ་པ་དེ་ན༔ ཆོས་སྐུ་སྟོན་པ་ཀུན་ཏུ་བཟང་པོ་དེ་ཉིད༔ ཆེ་མཆོག་ཧེ་རུ་ཀའི་སྐུར་བཞེངས་ནས་ཚོགས་བརྒྱད་ལ་ཧེ་རུ་ཀ་བརྒྱད་སོགས༔ རྒྱུད་སྡེ་དུ་མའི་ལྷར་སྤྲུལ་ནས༔ རང་རང་གི་རྒྱུད་གསུངས་པ་དང༔ བཅོམ་ལྡན་འདས་ཐུབ་པ་ཆེན་པོ་རྡོ་རྗེ་འཆང་གི་སྐུར་བཞེངས་ནས་རྒྱུད་སྡེ་ཆེན་པོ་བཞི་དྲུག་ལ་སོགས་སྡེ་སྣོད་དཔག་ཏུ་མེད་པ་གསུངས་པ་རྣམས་མཁའ་འགྲོ་མ་ལས་ཀྱི་དབང་པོ་ཆེ་དང༔ བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལྷ་དང་མི་ཡི་འཁོར་རྣམས་ཀྱིས་བཀའ་ཡི་བསྡུ་བ་བྱས་ཏེ༔ མཆོད་རྟེན་བདེ་བྱེད་བརྩེགས་པ་ལ་སོགས་པའི༔ གནས་ཆེན་པོ་རྣམས༔ སྲིད་གསུམ་ཐམས་ཅད་གཏེར་གྱིས་བཀང་སྟེ་སྦས་པ་རྣམས༔ དུས་ལ་བབ་ཚེ་རྒྱ་གར་གྱི་རིག་འཛིན་ཆེན་པོ་རྣམས་དང༔ ཁྱད་པར་ཨོ་རྒྱན་རིན་པོ་ཆེའི་གཏེར་ནས་བཏོན་ཏེ༔ རྒྱ་གར་ཤར་ནུབ་ལ་སོགས་རིག་འཛིན་གྲུབ་ཐོབ་ཐམས་ཅད་ཀྱི་ཐུགས་བཅུད་མ་ལུས་བླངས་ཤིང་གཅིག་ཏུ་བསྡུས་ཏེ༔ བོད་ཡུལ་ཁ་བ་ཅན་གྱི་ཞིང་ཁམས་ལ༔ གདུལ་བྱ་གཟིགས་ནས་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་བཏུལ༔ མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་རྣམས་བཞེངས༔ བོད་ཀྱི་རྗེ་འབངས་ཐམས་ཅད་འཁོར་བཅས་ཆོས་ལ་བཙུད༔ ས་རྡོ་རི་བྲག་ཐམས་ཅད་བསྒྲུབ་པའི་ཆོས་གནས་སུ་བྱིན་གྱིས་བརླབས༔ ཁམས་མུན་པའི་གླིང་དུ་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་མཛད༔ བསམ་ཡས་ལ་སོགས་གནས་རྣམས་སུ༔ ཐེག་པ་རིམ་དགུའི་དཀྱིལ་འཁོར་དཔག་ཏུ་མེད་པ་ཞལ་ཕྱེ༔ རྗེ་འབངས་ཐམས་ཅད་སྨིན་པར་མཛད༔ རྒྱ་དཔེ་ཐམས་ཅད་གཏེར་དུ་སྦས་ཤིང་མ་འོངས་བོད་ཀྱི་བཙས་སུ་བཞག༔ དེ་ཡི་ཚེ་སྡིག་བློན་ཤན་ཏ་ཞེས་པའི༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཆོས་བྲོས་ལ་བྱོན་པ་ལ༔ ཆད་པ་དུ་མ་བཅད་པའི་རྣམ་སྨིན་གྱིས༔ བློན་པོ་དམྱལ་བ་ཆེན་པོ་མནར་མེད་དུ་སྐྱེས་པ༔ དེ་འདྲེན་པའི་ཕྱིར་དུ་ཡེ་ཤེས་མཚོ་རྒྱལ་དམྱལ་བར་བྱོན་ནས༔ ཅི་ལྟར་བྱས་པའི་ཐབས་ཡོད་དམ༔ ཞེས་གཤིན་རྗེ་ལས་མཁན་རྣམས་ལ་དྲིས་པས༔ འདིར་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་ན་ཐར༔ གཞན་ཅི་བྱས་ཀྱང་ཐར་པའི་ཐབས་མེད་ཟེར་བ་ལ་བརྟེན་ནས༔ ཡེ་ཤེས་མཚོ་རྒྱལ་གྱིས་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་པ་ཙམ་གྱིས་ལྕགས་བསྲེགས་ཀྱི་ཁང་པ་ཡང་ཞིག༔ ལྕགས་བསྲེགས་ཀྱི་ས་གཞི་ཡང་བསིལ་བར་གྱུར༔ བློན་པོ་ཤན་ཏིའི་གཙོར་བཅས་པའི་འབུམ་ཚོ་ལྔ་དྲངས་སོ༔ དམྱལ་དཔོན་གྱི་ལྷ་ལྕམ་ལ་ཕྱག་འཚལ་ལོ༔ ཁྱོད་ནི་རྒྱལ་བ་ཀུན་ལས་ཐུགས་རྗེ་ཆེ་བའི་སེམས་མ་ཁྱེད༔ མི་ཡི་ཡུལ་དུ་ཞི་ཁྲོའི་དཀྱིལ་འཁོར་དར་བར་གྱིས་ཤིག༔ ཅེས་བཀའ་བསྒོས་སོ༔ ཆོས་འདི་ནི༔ ཆོས་སྐུ་ཀུན་ཏུ་བཟང་པོ༔ ལོངས་སྐུ་རྒྱལ་བ་རིགས་ལྔ༔ དྲུག་པ་རྡོ་རྗེ་འཆང་ཆེན༔ སྟོན་པ་རྡོ་རྗེ་སེམས་དཔའ་ལ་དགོངས་པའི་བྱིན་གྱིས་བརླབས༔ དེ་ལ་རྒྱལ་བ་དགོངས་པའི་བརྒྱུད་པ་ཞེས་བྱའོ༔ དེ་ནས་དགའ་རབ་རྡོ་རྗེ༔ ཤྲྀ་སེང་ཧ༔ པདྨ་འབྱུང་གནས་ལ་བརྡའ་ཡི་སྒོ་ནས་བསྟན་པ་རིག་འཛིན་བརྡའ་ཡི་བརྒྱུད་པ་ཞེས་བྱའོ༔ དེ་ནས་ཨོ་རྒྱན་ཆེན་པོས་བོད་གངས་ཅན་ལྗོངས་འདིར་བྱོན་ནས་རྗེ་འབངས་རྣམས་ལ་ཆོས་འདི་སྙན་བརྒྱུད་དུ་གནང་བའི་གང་ཟག་སྙན་བརྒྱུད་ཅེས་བྱའོ༔ དེ་ནས་ཆོས་འདི་ཤིན་ཏུ་ཟབ་པས་ནུབ་ཀྱིས་དོགས་ནས་ཞི་ཁྲོ་བཀའ་མ་ཡང་དར་བར་མཛད་ཅིང༔ གཏེར་ཁ་ཡང་མང་དུ་སྦས༔ ཐོས་གྲོལ་འདི་ནི་མ་བསྒོམ་པ་སངས་རྒྱས་ཐོབ་པའི་ཆོས༔ ཐོས་པ་ཙམ་དུ་གྲོལ་བ་ཐོབ་པའི་ཆོས༔ སྡིག་པོ་ཆེ་གསེབ་ལམ་དུ་ཁྲིད་པའི་ཆོས༔ སྐད་ཅིག་གཅིག་གིས་བྱེ་བྲག་བྱེད་པའི་ཆོས༔ སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པའི་ཆོས་ཟབ་མོ་ཡིན་ཏེ༔ འདི་སློབ་པའི་སེམས་ཅན་ངན་སོང་དུ་འགྲོ་བར་མི་སྲིད་དོ༔ མཚམས་མེད་པ་ལྔ་བསགས་པའི་མི་ཡི་རྣ་ལམ་དུ་ཐོས་ན་ཡང༔ ངེས་པར་གྲོལ་བར་འགྱུར༔ འཆི་ཁ་སངས་རྒྱས་པའི་མན་ངག་དུས་གསུམ་སངས་རྒྱས་རྣམས་ཀྱིས་བཙལ་ཀྱང་འདི་ལས་ལྷག་པའི་ཆོས་རྙེད་མི་སྲིད་དོ༔ ཞེས་དང༔ གཞན་ཡང་དཀྱིལ་འཁོར་གྱི་ལྷ་འདི་རྣམས་ཀྱི་མཚན་ལན་གཅིག་རྣ་བར་ཐོས་པས་ཀྱང༔ ངན་སོང་གི་གནས་སུ་མི་སྐྱེ་ཞིང་མཐར་འཚང་རྒྱ་བར་གསུངས་ཏེ༔ དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱི་ཞལ་ནས་ཀྱང༔ གལ་ཏེ་རྣལ་འབྱོར་ཕོ་མོ་གང་ཞིག་གི༔ དཀྱིལ་འཁོར་གྱི་ལྷ་འདི་རྣམས་ཀྱི་མཚན་རྣ་བར་ལན་གཅིག་ཐོས་པ་ཙམ་གྱིས་ཀྱང༔ ན་རག་ཆེན་པོར་མི་ལྟུང་ངོ༔ ཞེས་གསུངས་པ་ལྟར་རོ༔ ཡང་ཡིད་བཞིན་སྒྱུ་འཕྲུལ་དཀྱིལ་འཁོར་ལས༔ གང་ཞིག་གུས་པར་ཕྱག་འཚལ་ན༔ ཉམས་ཆག་ཀུན་ཀྱང་བྱང་བར་འགྱུར༔ དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ༔ ཅེས་གསུངས་སོ༔

ཐོས་ཆོག་ལྟ་བ་རང་གྲོལ་ངན་སོང་སྒྲིབ་སྦྱང་གི་ལོ་རྒྱུས་ཟབ་མོ་ལྡེ་མིག

ཐོས་ཆོག་ལྟ་བ་རང་གྲོལ་ངན་སོང་སྒྲིབ་སྦྱང་གི་ལོ་རྒྱུས་ཟབ་མོ་ལྡེ་མིག་བཞུགས་སོ༔

རྒྱ་གར་སྐད་དུ༔ ན་མོ་གུ་རུ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཛྙཱན་དྷརྡྷུ་གྷ་ན་ཡ༔ བོད་སྐད་དུ༔ བླ་མ་ཀུན་བཟང་བྱང་ཆུབ་སེམས་ཀྱི་བདེ་བ་ཆེན་པོ་ཆོས་ཀྱི་དབྱིངས་ཀྱི་ཚོགས་ལ་ཕྱག་འཚལ་ལོ༔ ཐོས་ཆོག་ལྟ་བ་རང་གྲོལ་ལས་ངན་སོང་སྒྲིབ་སྦྱང་གིི་གཞི་ཡི་གནས་ལུགས༔ ལམ་གྱི་ཚིག་བསྒྲོས་འབྲས་བུ་ཐོབ་ལུགས་སོགས༔ ཨུ་རྒྱན་པདྨ་འབྱུང་གནས་བསམ་ཡས་མཆིམས་ཕུ་རུ་བཞུགས་པའི་དུས༔ བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་མཎྜལ་བཀོད་ཅིང་ཞུས་པ༔ ཀྱེ་སློབ་དཔོན་གུ་རུ་རིན་པོ་ཆེ༔ འགྲོ་བའི་སྐྱབས་གཅིག་མགོན་གྱུར་པ༔ ཐུགས་རྗེས་བཟུང་བར་གསོན་ཅིག་ལགས༔ ཐོག་མའི་མགོན་པོ་ཆོས་ཀྱི་སྐུ༔ ཡབ་ཡུམ་གཞི་ཡི་གནས་ལུགས་འདི༔ ཇི་ལྟར་གནས་དང་ལུགས་སུ་ཡོད༔ ཅེས་ཞུས་ཏེ༔ འདི་གསུངས༔ བུད་མེད་ལུས་ལ་གཞི་སེམས་ཅན༔ མཚོ་རྒྱལ་ཌཱཀྐི་ང་ལ་ཉོན༔ ཐོག་མའི་མགོན་པོ་ཀུན་ཏུ་བཟང༔ སངས་རྒྱས་སྤྱི་མེས་ཀུན་གྱི་ཡབ༔ གཞི་ཡི་གནས་ལུགས་འདི་ལྟར་མོད༔ གཞི་ལ་འཁྲུལ་པ་མེད་པའོ༔ སྐུ་ནི་ཟང་ཐལ་དྲི་མ་མེད༔ མི་མངོན་དབྱིངས་ནས་འཇའ་ལྟར་ཤར༔ གཟུགས་ཅན་དངོས་ཡོད་མ་གྲུབ་པ༔ མདོག་ནི་ནམ་མཁའ་ལྟ་བུའི་དབྱིབས༔ ཡོད་ཀྱང་གཟུགས་སུ་སྟོང་པའོ༔ སྣང་བའི་སྐུ་ལ་བགྲེས་རྒུད་མེད༔ གཞི་ལ་བདེ་བའི་གནས་ལུགས་སྟོང༔ གསལ་སྟོང་རྙོག་པ་མེད་པ་ཆེ༔ སྤྲོས་སུ་བྲལ་བ་ཀ་དག་ངང༔ ཅིས་ཀྱང་གཡོ་བ་མེད་པའོ༔ གཞི་ཡི་མིང་དུ་བཏགས་པ་མོད༔ གནས་ནས་སྐྱེ་མེད་སྟོང་པའི་ངང༔ སྨྲ་བསམ་བརྗོད་ལས་འདས་པ་ཆེ༔ སྟོང་སྟོང་སྟོང་དང་མི་སྟོང་སྟོང༔ སྣང་བའི་ཡུམ་དང་གཉིས་སུ་མེད༔ གནས་པའི་མིང་བཏགས་ལུགས་སུ་ཡོད༔ ལུགས་ནི་འགྱུར་བ་མེད་པའོ༔ ཆོས་སྐུའི་མིང་དུ་བཏགས་པ་ཡོད༔ ཡུམ་གྱི་གནས་ལུགས་དེ་ལྟར་མོད༔ ཡབ་ཡུམ་ཁྱད་པར་གཞི་ལ་མོད༔ གནས་ལུགས་སྣང་སྟོང་ཐབས་ཤེས་ངང༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ ཟུང་འཇུག་ཉི་ཟླ་ལྟ་བུ་ལྟར༔ ནམ་མཁའི་ཁམས་ལ་གསལ་གྱུར་པའི༔ སྟོང་ཆ་གསལ་ཆ་སྤར་མི་ཚུད༔ འོད་ནི་ཀུན་ལ་ཁྱབ་པ་ལྟར༔ སངས་རྒྱས་ཀུན་གྱི་ཡབ་དང་ཡུམ༔ འོད་མི་འགྱུར་བ་ཆོས་ཀྱི་སྐུ༔ གཉིས་སུ་མེད་པར་རང་ལ་ཡོད༔ རྟོགས་དང་མ་རྟོགས་ཁྱད་པར་ཡིན༔ ཆོས་སྐུ་གཞི་ཡི་གནས་ལུགས་སོ༔ བུད་མེད་མཚོ་རྒྱལ་ཐུགས་ལ་རློན༔ ཡང་བུད་མེད་མཚོ་རྒྱལ་གྱིས་ཞུས་པ༔ ཨུ་རྒྱན་གུ་རུ་རིན་པོ་ཆེ༔ གཞི་ཡི་གནས་ལུགས་དེ་ལྟར་ཞིང༔ ཀུན་བཟང་ཆོས་སྐུ་ཡུམ་ཆེན་གྱི༔ ལམ་གྱི་འཁྲུལ་པ་ཇི་ལྟར་ཟད༔ ཇི་ལྟར་བྱུང་ཡང་ཇི་ལྟར་ཆོད༔ ཅེས་ཞུས༔ གསུངས་པ༔ བུད་མེད་མཚོ་རྒྱལ་སྙན་གསན་ལ༔ ཆོས་སྐུ་ཡབ་ཡུམ་ལམ་ལ་གནས༔ འཁྲུལ་པ་གཅིག་ཀྱང་མི་འབྱུང་ངོ༔ འབྱུང་ཡང་རང་ཤར་རང་གྲོལ་དུ༔ འཁྲུལ་པ་ཀ་ནས་ཟད་གྱུར་པའི༔ འོད་མི་འགྱུར་བ་ཆོས་སྐུ་ལ༔ རྟོག་པ་བུར་མར་བྱུང་གྱུར་པ༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གཏིབ༔ དྲན་པ་སྣང་བའི་ལམ་དུ་ཆོད༔ སྣང་བ་སྟོང་པའི་ལམ་དུ་ཆོད༔ གསལ་བ་འོད་ཀྱི་ལམ་དུ་ཆོད༔ དཔེར་ན་ནམ་མཁའ་ལྟ་བུ་ལ༔ ཅི་ཤར་རྟོགས་པ་ཁོང་ཡང་འགྲོ༔ གཏི་མུག་མ་སྤང་རང་གྲོལ་ལམ༔ ཆོས་དབྱིངས་ཡེ་ཤེས་ལམ་གྱི་ངང༔ ཞེ་སྡང་མ་སྤང་རང་གྲོལ་ལམ༔ མེ་ལོང་ཡེ་ཤེས་ལམ་གྱི་ངང༔ ང་རྒྱལ་མ་སྤང་རང་གྲོལ་ལམ༔ མཉམ་ཉིད་ཡེ་ཤེས་ལམ་གྱི་ངང༔ འདོད་ཆགས་མ་སྤང་རང་གྲོལ་ལམ༔ སོར་རྟོག་ཡེ་ཤེས་ལམ་གྱི་ངང༔ ཕྲག་དོག་མ་སྤང་རང་གྲོལ་ལམ༔ བྱ་གྲུབ་ཡེ་ཤེས་ལམ་གྱི་ངང༔ ལམ་ལ་འཁྲུལ་པ་མི་འབྱུང་ཞིང༔ འཁྲུལ་པ་འབྱུང་བ་ཡེ་ཤེས་ལྔ༔ དུག་ལྔ་དུག་གསུམ་མ་སྤང་གྲོལ༔ སྐུ་གསུམ་ལམ་དུ་ཆད་དུ་བཞག༔ མ་ཊཾ་རུ་ཏྲ་འཁྲུལ་པའི་དོན༔ འཁྲུལ་པའི་ལམ་དུ་ཁྲོས་པ་སྟེ༔ ཆེ་མཆོག་དཔལ་ཆེན་ཧེ་རུ་ཀ༔ དེ་ལས་ཁྲག་འཐུང་ལྷ་ཚོགས་ཤར༔ ཁྲོས་པ་ཡིན་ཏེ་སྐྱེ་མེད་དོན༔ གཞི་ལམ་འཁྲུལ་པ་མེད་པའོ༔ ཆོས་སྐུ་ཡབ་ཡུམ་ལམ་ཡིན་ནོ༔ བུད་མེད་མཚོ་རྒྱལ་ཐུགས་ལ་རློན༔ ཅེས་གསུངས༔ ཡང་བུད་མེད་མཚོ་རྒྱལ་གྱིས་ཞུས་པ༔ ཨུ་རྒྱན་གུ་རུ་རིན་པོ་ཆེ༔ ལམ་གྱི་གསུངས་སྒྲོས་དེ་ལྟར་ལགས༔ ཆོས་སྐུ་ཡབ་ཡུམ་འབྲས་བུ་ནི༔ རང་བྱུང་ཇི་ལྟར་ཐོབ་ལུགས་ལགས༔ ཞེས་ཞུས་ནས་འདི་ལྟར་གསུངས༔ བུད་མེད་མཚོ་རྒྱལ་སྙན་གསོན་ལ༔ ཆོས་སྐུ་ཡབ་ཡུམ་འབྲས་བུ་ནི༔ ཆོས་སྐུའི་འབྲས་བུ་ལོགས་ན་མེད༔ སྣང་སྟོང་ཀུན་བཟང་འབྲས་བུ་ལུགས༔ སྣང་བ་ཡབ་ཀྱི་འབྲས་བུ་ལ༔ སྟོང་པ་ཡུམ་གྱི་འབྲས་བུའོ༔ བདེ་བ་མ་སྤང་རང་གྲོལ་ནི༔ བདེ་བ་སྤྲུལ་སྐུ་ལོགས་སུ་མེད༔ གསལ་བ་མ་སྤང་རང་གྲོལ་ནི༔ གསལ་བ་ལོངས་སྐུ་ལོགས་སུ་མེད༔ སྟོང་པ་མ་སྤང་རང་གྲོལ་ནི༔ སྟོང་པ་ཆོས་སྐུ་ལོགས་སུ་མེད༔ དགོངས་པའི་ཀ་དག་འབྲས་བུ་ལ༔ དཔེར་ན་མན་ཤེལ་ལྟ་བུ་ལ༔ འཇའ་ཚོན་སྣ་ལྔ་འཕྲོས་པ་བཞིན༔ ཡེ་ཤེས་ལྔ་ཡི་ལོགས་སུ་མེད༔ འབྲས་བུ་ཆོས་སྐུ་རང་ལ་འདུས༔ རྡུལ་གཞོང་ནང་དུ་དངུལ་ཆུ་ལྟར༔ ཉོན་མོངས་སྐྱོན་གྱིས་མ་གོས་པར༔ ཆོས་སྐུ་ཅིར་མཐོང་འབྲས་བུ་འོ༔ བུད་མེད་མཚོ་རྒྱལ་ཐུགས་ལ་རློན༔ ཅེས་གསུངས༔ བུད་མེད་མཚོ་རྒྱལ་གྱིས་ཞུས་པ༔ ཨུ་རྒྱན་གུ་རུ་རིན་པོ་ཆེ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་གྱི༔ ལྟ་སྒོམ་སྤྱོད་གསུམ་གང་ཤར་ལགས༔ ཞུས་པའི་འདི་གསུངས་སོ༔ བུད་མེད་མཚོ་རྒྱལ་སྙན་གསོན་ལ༔ ཆོས་སྐུ་ཡབ་ཡུམ་ལྟ་བ་སྒོམ༔ ལྟ་བ་ནམ་མཁའ་ལྟ་བུ་ལ༔ སུས་ཀྱང་སྤར་གྱིས་མི་ཚུད་པ༔ བཀྱག་པར་སུས་ཀྱང་མི་ནུས་ཏེ༔ དྲིལ་བའི་ཐབས་ནི་ག་ལ་ཡོད༔ མཐོ་བའི་ནོན་པར་མི་འདུག་པར༔ ལྟ་བ་གཡོ་འགུལ་མེད་པ་མོད༔ བསྒོམ་པ་ཉི་འོད་ལྟ་བུ་ལ༔ རང་ཤར་རང་གྲོལ་ལུགས་སུ་མོད༔ ཤར་བ་སུས་ཀྱང་མི་ཁོག་སྟེ༔ གྲོལ་བ་ཅིས་ཀྱང་སྟོང་གསལ་ངང༔ ཆོས་སྐུ་ལུགས་ལ་བསྒོམ་པ་མེད༔ ནམ་མཁའི་ཁམས་ལ་ནམ་མཁའ་མེད༔ རྒྱ་མཚོ་ཆུ་བས་ཆུ་ཡང་མེད༔ ས་གཞི་ས་གཞི་ས་ཡང་མེད༔ དྲོད་སྐྱེས་མེ་བས་མེ་ཡང་མེད༔ སྐྱོད་བྱེད་རླུང་བས་རླུང་ཡང་མེད༔ ཆོས་སྐུ་བསྒོམ་མེད་ས་རུ་ཡིན༔ ཆོས་སྐུའི་སྤྱོད་པ་ཉི་ཟེར་ལྟར༔ སྣང་སྟོང་གསལ་བའི་ལམ་ལ་སྤྱོད༔ ཡབ་ཡུམ་བདེ་ཉམས་ལམ་དུ་སྤྱོད༔ སྐུ་གསུམ་ཁྱབ་པའི་ལམ་དུ་སྤྱོད༔ ཡེ་ཤེས་ལྔ་ཡི་ལམ་དུ་སྤྱོད༔ ཆོས་སྐུའི་ཆོས་སྐུ་ཀུན་ཏུ་བཟང༔ ཆོས་སྐུའི་ལོངས་སྐུ་རྡོ་རྗེ་འཆང༔ ཆོས་སྐུའི་སྤྲུལ་སྐུ་རྡོ་རྗེ་སེམས༔ ལོངས་སྐུའི་ཆོས་སྐུ་རྣམ་སྣང་མཛད༔ ལོངས་སྐུའི་ལོངས་སྐུ་རིན་ཆེན་འབྱུང༔ ལོངས་སྐུའི་སྤྲུལ་སྐུ་ཕྱག་རྡོར་ཏེ༔ སྤྲུལ་སྐུའི་ཆོས་སྐུ་རྡོར་སེམས་རྗེ༔ སྤྲུལ་སྐུའི་ལོངས་སྐུ་རིག་གསུམ་མགོན༔ སྤྲུལ་སྐུའི་སྤྲུལ་སྐུ་ཐུབ་པ་དྲུག༔ རྫུས་སྐྱེས་སྤྲུལ་སྐུ་པདྨ་དང༔ ཆོས་སྐུའི་སྤྱོད་པ་བསམ་མི་ཁྱབ༔ ཆོས་སྐུའི་ཆོ་འཕྲུལ་ཞི་ཁྲོ་སྤྱོད༔ ཞི་ཁྲོ་སྤྱོད་པ་དགོངས་བརྒྱུད་ནི༔ ཀུན་བཟང་མ་རྒྱུད་སངས་རྒྱས་མོད༔ བཟང་མོ་མ་རྒྱུད་མཁའ་འགྲོ་མོད༔ ཆོས་སྐུའི་སྤྱོད་པ་གསུང་དུ་ཁྱབ༔ མ་ཧཱ་ཨ་ནུ་ཨ་ཏི་ཡོ་ཀ་སོགས༔ ཆོས་སྐུའི་གསུང་གི་ཆོས་སྐུ་འོ༔ ཀྲི་ཡ་ཨུ་པ་ཡ་དང་ཡོ་ག་གསུམ༔ ཆོས་སྐུའི་ལོངས་སྐུ་གསུང་གི་ལུང༔ འདུལ་བ་མདོ་སྡེ་མངོན་པ་སྟེ༔ ཆོས་སྐུའི་སྤྲུལ་སྐུ་གསུང་གི་སྤྲུལ༔ ཐེག་པ་རིམ་པ་རྫོགས་པའི་ཆོས་སྐུའི་ཐུགས༔ རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་ཐུགས༔ བསྒོམ་མེད་རྫོགས་པ་སྨྲ་བསམ་བརྗོད༔ ཆོས་སྐུ་ལོངས་སྐུ་ཐུགས་སུ་ཁྱབ༔ ཆོས་སྐུའི་ལྟ་བསྒོམ་སྤྱོད་པ་ཆེ༔ བུད་མེད་མཚོ་རྒྱལ་ཐུགས་ལ་རློན༔ ཅེས་གསུངས་སོ༔ ཡང་བུད་མེད་མཚོ་རྒྱལ་གྱིས་ཞུས་པ༔ ཨུ་རྒྱན་གུ་རུ་རིན་པོ་ཆེ༔ གསུང་མཆོག་གསུངས་དང་མཛད་པ་སྟེ༔ བསྡུས་པ་པོ་དང་དར་ཁྱབ་ནི༔ རྗེ་རིན་པོ་ཆེའི་གསུང་དུ་གསོལ༔ ཞུས་པས༔ འདི་སྐད་གསུངས༔ བུད་མེད་མཚོ་རྒྱལ་སྙན་གསོན་ལ༔ ཨ་ནུ་ཨ་ཏི་ཡོ་ག་གསུམ༔ གསུང་པ་ཆོས་ཀྱི་སྐུ་ཡི་གསུངས༔ མཛད་པ་རྡོར་འཆང་རྡོར་སེམས་སོགས༔ བསྡུས་པ་རྡོར་སེམས་ཕྱག་ན་རྗེ༔ འཆད་པ་ལྷ་ཡི་ཡུལ་དུ་ན༔ ལྷ་ཡི་བུ་ཆུང་ངན་སོང་ལྟུང༔ དེ་ཡི་དོན་དུ་གསུངས་པའོ༔ དེ་ལྟར་སེམས་ཅན་ཐམས་ཅད་ཀུན༔ ངན་སོང་འདོན་པའི་ཕྱིར་དུ་གསུངས༔ ཀྲི་ཡ་ཨུ་པ་ཡ་དང་ཡོ་ག་གསུམ༔ ཆོས་སྐུའི་ལོངས་སྐུ་གསུངས་པའོ༔ མཛད་པ་རྡོ་རྗེ་སེམས་དཔའ་སྟེ༔ བསྡུས་པ་ཕྱག་ན་རྡོ་རྗེ་ཡིན༔ འཆད་པ་ལྷ་བུ་འདོན་པའི་ཕྱིར༔ དེ་ལྟར་ཀུན་གྱི་དོན་དུ་གསུངས༔ འདུལ་བ་མདོ་སྡེ་མངོན་པའི་ཆོས༔ གསུངས་པ་ཡུམ་ཆེན་བརྒྱུད་མའི་གསུངས༔ མཛད་པ་བཅོམ་ལྡན་འདས་ཀྱིས་མཛད༔ བསྡུས་པ་ཉན་ཐོས་སེམས་དཔའི་བསྡུས༔ འཆད་པ་ལྷ་དང་མི་མ་ཡིན༔ འཁོར་འདས་ཀུན་གྱི་དོན་དུ་གསུངས་པའོ༔ ཆོས་སྐུའི་གདུལ་བྱ་ཁྱབ་པའོ༔ ལོངས་སྐུ་སྤྲུལ་སྐུ་ཁྱད་པར་མེད༔ ཐམས་ཅད་ཆོས་སྐུའི་འབྱུང་བའོ༔ བུད་མེད་མཚོ་རྒྱལ་ཐུགས་ལ་རློན༔ ཅེས་གསུངས་ནས༔ ཆོས་སྐུ་གཞི་ཡི་གནས་ལུགས་དང༔ ལམ་གྱི་ཚིག་སྒྲོས་འབྲས་བུ་ཡོད་ལུགས་སོགས༔ ལྟ་བསྒོམ་སྤྱོད་གསུམ་དང༔ གསུངས་མཛད་བསྡུས་ཁྱབ་ཀྱི་དོན་དུ་འདི༔ ཐོས་ཆོག་ལྟ་བ་རང་གྲོལ་གྱི་ཆ་ལག་གཞག་པར་བྱའོ༔ འདི་བཞག་ནས་ཀྱང་མ་འོངས་པའི་དུས་སུ་སྦ་བར་བྱ་བའི་སྙིང་གི་བུ་དང་འཕྲད་པར་བསྟན་པ་དར་ཁྱབ་དང༔ འདྲེན་སྟོབས་ཆེ་བ༔ དུས་སྙིགས་མ་ལ༔ ལས་ལྡན་རེ་འགའ་ཙམ་གྱི་ལྟ་བའི་ཡུལ་དུ་བཀོད་པར་གྱིས་ཤིག༔ ཐོས་ཆོག་རང་གྲོལ་ལས༔ ངན་སོང་སྒྲིབ་སྦྱང་གི་ཆ་ལག་ཨུ་རྒྱན༔ གུ་རུ་པདྨ་འབྱུང་གནས་ཀྱི་ཐུགས་བཅུད༔ མ་འོངས་སྙིང་གི་བུ་དང་འཕྲད་ནས༔ འཁོར་བ་མ་སྟོངས་བར་དུ་ཆོས་འདི་མ་རྫོགས་སོ༔ ས་མ་ཡཱ༔ རྒྱཿརྒྱཿརྒྱཿ གཏེར་རྒྱཿ སྦས་རྒྱ༔ ཟབ་རྒྱ༔ བཀའ་རྒྱ༔ དམ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ རྒྱཿརྒྱ་ཿརྒྱཿ མདོ་ཁམས་སྨད་པ་བ་གནས་ཀྱི་ཤར་སྒོ་ཁྲོ་བཅུའི་བྲག་ནས། མི་མངོན་དབྱིངས་ཀྱི་དཀྱིལ་འཁོར་ནས་རྫུ་འཕྲུལ་ཤུགས་ཀྱི་དུས་བབ། བྱི་བའི་ལོ་ཧོར་ཟླ་གསུམ་པའི་དུས། མགོན་པོ་མ་ནིང་སྡེ་ལྔས་སྤྱན་དྲངས་ནས། བདག་སྔགས་འཆང་ཆོས་རྒྱལ་གླིང་པ་ལ་གཏད་ནས། ལོ་གསུམ་བཀའ་རྒྱས་བསྡམས་ནས། གསང་སྔགས་བདེ་ཆེན་གླིང་དུ། ཤོག་སེར་ངོས་ལ་དག་པར་ཕབ་པ། ཡི་གེ་རིས་བྱས་ལྷོ་འབྲས་གཤོང་པ་དྷརྨ་མུ་ཏྲའོ།། །།

རྫོགས་ཆེན་སྐྱེ་མེད་ཆོས་སྐུ་ཞལ་མཇལ།

བཀའ་རྫོགས་པ་ཆེན་པོ་བླ་མ་ཀུན་འདུས་ཀྱི་ཆ་ལག་ཐོས་ཆོག་ལྟ་བ་རང་གྲོལ་ངན་སོང་སྒྲིབ་སྦྱང་གི་རྫོགས་ཆེན་སྐྱེ་མེད་ཆོས་སྐུ་ཞལ་མཇལ་བཞུགས་སོ༔

རྒྱ་གར་སྐད་དུ༔ ན་མོ་གུ་རུ་བྷོདྷི་ཙིཏྟ་མ་ཧཱ་སུ་ཀ་ཛྙཱ་ན་དྷརྟུ་གྷ་ན་ཡཱཿ བོད་སྐད་དུ༔ བླ་མ་ཀུན་བཟང་བྱང་ཆུབ་སེམས་ཀྱི་བདེ་བ་ཆེན་པོ་ཆོས་ཀྱི་དབྱིངས་ཀྱི་ཚོགས་ལ་འདུད༔ ཐོས་ཆོག་ལྟ་བ་རང་གྲོལ་ལས༔ ངན་སོང་སྒྲིབ་སྦྱང་གི་གནད་དོན༔ མ་རིག་རིག་པ་བསྟན༔ ཉོན་མོངས་ཀྱི་དམག་ཚོགས་བཤིག་པ༔ སྐྱེ་མེད་ཆོས་སྐུའི་ཞལ་མཇལ་བའི་གདམས་ངག༔ ཚིག་ཉུང་ལ་དོན་འདུས་པ༔ རྒན་མོ་མཛུབ་ཁྲིད༔ བྱ་ཐེ་བ་ཚང་དུ་འཇུག་པ་ལྟ་བུའི་ཐེ་ཚོམ་མེད་པའི་ཆོས༔ དུས་ངན་སྙིགས་མ་རྩོད་པའི་དུས་སུ༔ བསྒོམ་ལུགས་དང་དབེན་ཁྲོད་དུ་ཡུན་རིང་དུ་འདུག་མི་ཐུབ་པ་རྣམས་ལ༔ དོན་ཁྲིད་དཔེ་རྩར་མི་བཅད་པར་དམར་ཁྲིད་ཆོས༔ ས་མ་ཡཱ༔ རྒྱཿརྒྱཿརྒྱ༔

དང་པོ་ལ་སྤྱི་དོན་བདུན་པ༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ སྔོན་འགྲོ་ལ་གཉིས༔ རང་རྒྱུད་སྦྱོང་བ༔ གཞི་འདུལ་བ་གཉིས་སོ༔ སྦྱང་བ་ལས་མང་རིམ༔ སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད༔ སྒྲིབ་གཉིས་སྦྱང་བ་ཡི་གེ་བརྒྱ་བའི་ཁྲིད༔ ཚོགས་གཉིས་རྫོགས་པ་མཎྜལ་ཚོགས་བསགས་པའི་ཁྲིད༔ བླ་མ་ལ་གསོལ་བ་མ་བཏབ་ན༔ བྱིན་རླབས་མི་འབྱུང་བས༔ བྱིན་རླབས་འབྱུང་ཤེས་པ་བླ་མའི་རྣལ་འབྱོར་གྱི་ཁྲིད༔ དེ་ལ་དོན་གསུམ་པ་སྙིང་ཐིག་ནང་དུ་འཇུག་ཤེས་པར་བྱའོ༔ དང་པོ་ལ་གསུམ༔ མ་དག་པའི་སེམས་འཛིན་པ༔ ཤིང་བུ་རྡེའུ་ལ་འཛིན་པ༔ དག་པ་ལྷ་ལ་འཛིན་པ༔ བསྲུང་དྲན་སྟོན་རྩི་ལ་འཛིན་པ་དང་གསུམ་ལས༔ མ་དག་པའི་སེམས་འཛིན་པ་ཤིང་བུ་རྡེའུ་དང་༔ སྨིན་མཚམས་ཐིག་ལེ་སྙིང་ག་ལ་སེམས་འཛིན་ནས་འདུལ་བ༔ དག་པ་སེམས་འཛིན་པ་ཆོས་སྐུ་ལ་འཛིན་པ་དང་༔ ལོངས་སྐུ་ལ་འཛིན་པ་དང༔ སྤྲུལ་སྐུ་ལ་འཛིན་པ་དང་གསུམ་ཡིན་ནོ༔ དེ་ལ་གསུམ༔ རླུང་སེམས་རྣམ་རྟོག་ཁོ་རང་དང༔ འགྱུ་བ་ལ་སེམས་འཛིན་པ་དང༔ ངོ་ཟིན་ནས་འབྲས་བུ་སྐྱེ་མེད་རྡོ་རྗེ་བཟླས་པའི་སེམས་འཛིན་པ་དང་གསུམ་མོ༔ དེ་ལ་མཚན་མ་མེད་པའི་སེམས་བསྒྲིམ་ཀློད་བསླབ་པའོ༔ དེ་ལ་ཞག་རེ་སྦྱངས་བར་བྱས་ལ༔ དྲན་སེམས་འདུག་ཀློད་མེད་པ་རིག་རིག་ཏུར་ཏུར༔ མི་ཤེས་དགུ་ཤེས་པ་རྩར་བཅད་ན༔ སེམས་བརྟན་པར་འཇུག་གོ༔ དེ་ལ་སྦྱངས་ནས་ཞི་གནས་ཀྱི་ཉམས་བདེ་ཀློད་ཆེན་མོ་འབྱུང་བ༔ བསམ་བློ་སྟོང་སེམས་སྒོ་གསུམ༔ རྣལ་དུ་ཕབ་པ༔ ཞི་གནས་ལ་དངོས་པོ་སྟོང་པའོ༔ དེ་ལ་གནད་དབབ་གསུམ༔ ལུས་དྲང་པོར་གནད་དབབ༔ སེམས་འཛིན་པ་གནད་དབབ༔ ཉམས་འཆར་བ་གནད་དབབ༔ བྱ་བ་དགུ་ཕྲུགས་སུ་བཏང་བའོ༔ ཞི་གནས་གཉིས་མཚན་པ་བཅའ་བའོ༔ ཞི་གནས་ཁྲིད་མཚན་མ་མེད་པའི་ཞི་གནས་ཀྱི་ཁྲིད་ཤེས་པར་གོ་བརྩེགས་བཏང་བའོ༔ དེ་ལ་སེམས་ཅི་ཤར་རྟོགས་པ་ཆུད་ཟོས་སུ་མི་བཏང་བར༔ འདུལ་སྟོབས་སྦྱར་ལ༔ ལྷག་མཐོང་གི་བདེ་ཉམས་འབྱུང་བའི་སྟོང་ཆ་ངོ་སྤྲོད་པ༔ གསལ་ཆ་ངོ་སྤྲོད་པ༔ རིག་པ་ངོ་ཟིན་པ༔ བདེ་ཉམས་རྟོགས་པ༔ ཤར་གྲོལ་དུ་ཁྲིད་དགོས་པ་བློ་བསྐྱེད་དོ༔ དེ་ལ་རབ་ཏུ་མིང་བཏགས་པའི་ཚིག༔ འདི་ལྟར་ངོ་སྤྲད་པ་གལ་ཆེ༔ དེ་ལ་ཚིག་ཏུ་ཕབ་པའི་སློབ་བུ་མ་ཡེངས་ཉོན༔ ཨེ་མ་སྔོན་འགྲོ་བདུན་གྱི་ཆོས་སོང་ནས༔ དང་པོ་སྐྱེ་དཀའ་སྐྱེ་བའི་ས༔ ལྷོ་རྒྱལ་འཛམ་བུ་གླིང་དུ་འཁྲུངས༔ ཐོབ་དཀའ་དལ་འབྱོར་རྙེད་དཀའ་བ༔ མི་ལུས་རིན་ཆེན་འབྱོར་ལྡན་ཐོབ༔ འཕྲད་དཀའ་དམ་པའི་ཆོས་ལ་སོགས༔ མཇལ་དཀའ་སྐུ་གསུམ་ངོ་བོ་མཐོང༔ ཀུན་བཟང་ང་ཡི་དགོངས་པ་ཡིན༔ བུ་ཁྱོད་ཀྱི་སེམས་ནི་དྲི་མ་མེད༔ རྡོ་རྗེ་སེམས་དཔའ་ཐུགས་ཀྱི་རྟེན༔ མེ་ལོངས་ཕྱི་གསལ་ནང་གསལ་འདི༔ བུ་ཁྱོད་ཀྱི་སེམས་ནི་འདི་ལྟར་མཚུངས༔ སངས་རྒྱས་འོད་ཀྱི་ཕུང་པོ་ལ༔ སྟོང་གསལ་དང་བ་སྣང་བའི་ཉམས༔ སྣང་སྟོང་གཉིས་སུ་མ་མཆིས་ཏེ༔ གཉིས་སུ་མིང་བཏགས་སངས་རྒྱས་ཡིན༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ སྣང་བ་ཆོས་སྐུའི་ངོ་བོ་ཡིན༔ སྟོང་པ་ཡུམ་གྱི་ངོ་བོ་སྟེ༔ ཆོས་སྐུ་ཡབ་ཡུམ་རྟོགས་པར་མཛོད༔ ཆོས་ཀྱི་སྐུ་ལ་མདུན་རྒྱབ་མེད༔ སེམས་ལ་སེམས་གཉིས་མ་མཆིས་ཏེ༔ སྟོང་གསལ་འགག་མེད་རིག་པ་མཆིས༔ གཅིག་པུར་ཆོས་སྐུའི་རིག་ཐོག་ཆོད༔ སྟོང་པ་དངོས་ཡོད་མ་མཆིས་ཏེ༔ ཆོས་སྐུའི་མིང་ནི་བཏགས་པའོ༔ རིག་པ་འོད་ཀྱི་སྣང་བ་ལ༔ དངས་ཤིང་གསལ་ལ་རྙོག་མེད་པ༔ ཕུང་ཁམས་ལྷ་ཡི་རྐྱེན་བྱས་ནས༔ ཅི་ཤར་རྟོགས་པའི་ངང་དུ་སྙོམས༔ གཅིག་པུར་་ལྔ་ལྔ་མ་མཆིས་ཏེ༔ རྐྱེན་ནི་དུག་ལྔ་སོ་སོར་མཆིས༔ བདུད་ཀྱི་རྐྱེན་གྱིས་མི་ཟིན་པ༔ དུག་ལྔ་ཞི་བའི་ཕུང་པོ་འོད༔ སྐུ་གསུམ་སྐུ་ལྔ་ཁྱད་པར་མེད༔ འདུན་པ་གཅིག་གིས་ཆོད་པར་གྱིས༔ སྐུ་གསུམ་ངོ་བོ་ངོ་སྤྲོད་ན༔ ཅིར་མི་དགོངས་ལ་བདེ་བ་དེ༔ སྤྲུལ་སྐུ་མིང་དུ་བཏགས་པ་ཡིན༔ ཅིར་མི་དགོངས་ལ་གསལ་བ་དེ༔ ལོངས་སྐུའི་མིང་དུ་བཏགས་པ་ཡིན༔ ཅིར་མི་དགོངས་ལ་སྟོང་པ་དེ༔ ཆོས་སྐུའི་མིང་དུ་བཏགས་པ་སྟེ༔ གཟུགས་སྟོང་གཟུགས་ཀྱི་འཛིན་པ་ཆོད༔ གྲགས་སྟོང་སྒྲ་ཡི་འཛིན་པ་ཆོད༔ དྲི་སྟོང་དྲི་ཡི་འཛིན་པ་ཆོད༔ མྱོང་སྟོང་རོ་ཡི་འཛིན་པ་ཆོད༔ འཇམ་རྩུབ་རེག་བྱའི་འཛིན་པ་ཆོད༔ ཚོགས་བརྒྱད་རྟོགས་པ་ཅི་ཤར་ཡང༔ སྟོང་པའི་ངང་དུ་ཚོགས་སུ་སྡུས༔ ཆུ་ལ་ཆུ་བུར་ཐིམ་པ་ལྟར༔ ཤེས་པ་སོ་མའི་ངང་དུ་ཞོག༔ ཅེས་གསུངས༔ ཆོས་སྐུ་སངས་རྒྱས་ཀྱི་ཐུགས་ཞེས་བྱ་བ་ཤེས་ན་འདི་ཁོ་ནའོ༔ སེམས་ཅན་གྱི་སེམས་རང་འཛིན་གྱི་སངས་རྒྱས་མཁན༔ འཁོར་བར་འཁྱམས་མཁན༔ བདེ་བ་སྤྱོད་མཁན༔ སྡུག་ཏུ་བཙུད་མཁན༔ མཁན་པོ་ཐམས་ཅད་འདི་ཁོ་ན་མོད༔ འདི་ཡང་མེད་ན༔ བདེན་རྫུན་སངས་རྒྱས་སེམས་ཅན་གཉིས་སུ་མེད་པའོ༔ དཔེར་ན་སྟོང་ཐལ་དུ་ཅི་བྱེད༔ འདི་སུས་ཀྱང་མ་བཅོས་པ༔ རང་བྱུང་ཡེ་སངས་སུ་ལྷུན་གྲུབ་ཏུ་ཡེ་ཤེས་ཞེས་བྱ་བའོ༔ རིག་པ་འདི་བླ་མའི་གདམས་ངག་ཟབ་ཀྱང་བྱུང་བ་མ་ཡིན༔ ཁྱོད་རང་ཐབས་མཁས་པའི་སྟོབས་ལས་བྱུང་བ་མ་ཡིན༔ རྣམ་རིག་སྲ་བ་དང༔ སྟོབས་རྫུ་ཆེ་བས་བྱུང་བ་མ་ཡིན༔ སེམས་ཁོ་རང་གདོད་མ་ནས་ཆོས་སྐུའི་དབྱིངས་སུ་གྲུབ་ནས༔ རང་གི་རང་ཤེས་བསྒྱུར་ཏེ༔ དེ་ཀ་ངོ་ཤེས་པའོ༔ ད་ཡན་ཆད་དང་སྔར་ལྷན་ཅིག་སྐྱེ་ནས༔ མ་རིག་པས་བསྒྲིབས་ནས་ངོ་མ་ཤེས༔ ཐག་མ་ཆོད༔ ཞེ་མ་ཚིམ༔ ཡིད་ལ་མ་ཆེས་པར་འཁོར་བར་འཁྱམས་པའོ༔ སྔོན་གྱི་སྡུག་བསྔལ་དེ་ལྟ་བུ་བསམ་ལ༔ རང་ངོ་ཤེས༔ རང་མཚང་རང་གིས་རིག་ནས༔ སེམས་ངོ་སྤྲད་པས་ཡུན་དུ་ལྟོས་ཤིག༔ སངས་རྒྱས་ཐམས་ཅད་མཛད་པའི་ཕྲིན་ལས་སྐྱོབ་པའི་ཐུགས་རྗེ་ཡོད་པའི་དོན་འདི་ལྟར༔ སྟོང་གསལ་གྱི་རིག་པ་ཧྲིག་གེ་སྐྱོང་བ་རྒྱུན་ཆད་མེད་པར་མྱོང་བ༔ བྱམས་པའི་སེམས་འདུལ་བའི་ཐབས་སུ་བཀོད་པའོ༔ བདེ་གཤེགས་སྙིང་པོ༔ ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི༔ ཨ་ཏི་སོ་མ་ཡིད་ལ་འཆོང་ཞིག༔ ཅེས་གསུངས༔ མདོ་འབུམ་རྒྱུད་ལས༔ རང་གི་རང་རིག་རྣམ་དག་པ༔ མ་སྐྱེ་མི་འགག་ནམ་མཁའི་ངོ་བོ་ཉིད༔ སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ༔ དུས་གསུམ་རྒྱལ་བའི་ཡུམ་ལ་ཆོས་སྐུ་སྟོང༔ ཞེས་གསུངས༔ ཀྲི་ཡ་ཡང་དག་གི་རྒྱུད་ལས༔ བླ་མའི་ཐུགས་ནི་ནམ་མཁའ་ལྟར༔ འཁྲུལ་པ་མེད་དེ་ཆོས་ཀྱི་སྐུ༔ དེ་ལྟར་རང་ལ་ཡོད་པའོ༔ ཞེས་གསུངས་སོ༔ མདོ་རིན་ཆེན་སྤངས་པ་ལས༔ སངས་རྒྱས་ལོག་ན་བཙལ་དུ་མེད༔ རང་གི་སེམས་ལ་ལྟོས་ནས་ཀྱང༔ སངས་རྒྱས་མ་གྱུར་གང་ཡང་མེད༔ ཞེས་གསུངས་སོ༔ ཐིག་ལེ་རྣམ་དབྱིངས་ལས༔ ཀུན་ཏུ་བཟང་པོ་རང་ལ་གནས༔ སློབ་དཔོན་གཞན་བརྟེན་འཁྲུལ་པ་ཡིན༔ རང་ངོ་མ་ཤེས་པ་ཡི་སྐྱོན༔ ཅེས་གསུངས༔ གསང་བདག་ཀྲི་ཡའི་རྒྱུད་ལས༔ སངས་རྒྱས་ཤ་ཁྲག་ལྤགས་ཀྱིས་བཏུམ༔ རང་གིས་རང་བཙུར་སྙིང་རེ་རྗེ༔ ལྷོད་ལ་སངས་རྒྱས་རང་ལ་ལྟོས༔ ཞེས་གསུངས༔ ཉི་མའི་སྙིང་པོ་ལས༔ སངས་རྒྱས་ཐུགས་བཅུད་རང་ལ་གནས༔ ངོ་མ་ཤེས་པའི་སེམས་ཅན་རྣམས༔ རང་ངོ་མ་ཤེས་སྙིང་རེ་རྗེ༔ ཞེས་གསུངས༔ ལུང་ཡེ་ཤེས་མར་མེའི་རྒྱུད་ལས༔ རང་གི་སྙིང་གི་དཀྱིལ་ཡང་དག་པར་ཕ་རོལ་ཕྱིན་ནོ༔ ཞེས་གསུངས༔ མཚན་མ་མེད་པའི་རྒྱུད་ལས༔ སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ༔ ཡང་དག་པ་རང་ལ་གནས་སོ༔ ཞེས་གསུངས༔ གསང་བའི་ཐུགས་བཅུད་ལས༔ ཀུན་ཏུ་བཟང་པོའི་གསུང་བདག་ལ་ཉོན་ཅིག༔ ང་ཡི་རང་བཞིན་འདི་ལྟ་སྟེ༔ ཡོད་པ་གཅིག་ལ་མེད་པ་ཡིན༔ བསྟན་ནི་རྣམ་པ་གཉིས་སུ་བསྟན༔ བྱུང་བ་ཐེག་པ་དགུ་ལ་བྱུང༔ འདུས་ནི་རྫོགས་པ་ཆེན་པོར་འདུས༔ ཡིན་ནི་བྱང་ཆུབ་སེམས་ཀྱི་རིག༔ བཅོམ་ནི་ཉོན་མོངས་ངར་འཛིན་བཅོམ༔ གནས་ནི་ཆོས་དབྱིངས་ཡེ་ཤེས་གནས༔ ཐོབ་ནི་འབྲས་བུ་སྐུ་གསུམ་ཐོབ༔ གཅིག་ལ་སོ་སོའི་མིང་བཏགས་སོ༔ ཞེས་གསུངས༔ རྒྱུད་འཐོར་བུ་ལས༔ གནས་ནི་ཡེ་ཤེས་ལུས་ལ་གནས༔ བསླབ་ནི་བླ་མའི་གདམས་ངག་གོ༔ ཞེས་གསུངས༔ རྒྱུད་ནོར་བུ་ཕྲ་བཀོད་ལས༔ ཏིལ་དང་ཕྱུགས་ཀྱི་ལུས་གསེང་ནས༔ མར་ཉིད་ཡེ་ནས་འབྱུང་བ་བཞིན༔ སེམས་ཅན་ལུས་ལྟར་སྣང་བ་ལ༔ ཕ་རོལ་ཕྱིན་པ་ཀུན་ལ་གནས༔ ཞེས་གསུངས༔ གསང་བའི་རྒྱུད་ལས༔ ལྤགས་པས་ཤ་བཏུམས་ཁོང་དཀྱིལ་ནས༔ ཙིཏྟ་རིན་ཆེན་ཟུར་གསུམ་བརྒྱད༔ བུམ་པའི་ནང་ནས་མར་མེ་བསྒྲོན་པ་ལྟར༔ ཤ་ཡི་སྒྲོན་མ་ཡེ་ཤེས་གནས་པའོ༔ ཞེས་གསུངས༔ སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས༔ སྤྱི་གཙུག་ཙིཏྟའི་རྩ་ནང་ནས༔ མ་བཅོས་དག་པ་སངས་རྒྱས་གཞན༔ ཞེས་གསུངས༔ སེང་གེ་རྩལ་རྫོགས་ཀྱི་རྒྱུད་ལས༔ སྙིང་པོ་ཡེ་ཤེས་གསུམ་བརྩེགས་དེ༔ རང་རང་སྙིང་གི་དཀྱིལ་ན་གནས༔ ཞེས་གསུངས༔ སྤྱོད་པ་རྩ་བའི་རྒྱུད་ལས༔ མ་གོ་མ་ཤེས་དྲེད་པོ་ཡི༔ སངས་རྒྱས་གར་གནས་མི་ཤེས་པ༔ ཁ་ནས་ཆོས་བཤད་ཆུ་བོའི་གཞུང༔ འོ་ཅིང༔ སངས་རྒྱས་རང་ལ་གནས་པ་ཡིན་པ༔ དེས་ཕྱི་ལ་བསྒྲགས་ནས༔ ནང་དུ་ཕེབས་ན་སངས་རྒྱས་ཟེར༔ ཞེས་གསུངས༔ ཡང་སེངྒེ་རྩལ་རྫོགས་ཀྱི་རྒྱུད་ལས༔ མ་དག་སེམས་ཅན་རེ་རེ་ཡི༔ ཐབས་ཤེས་བརྟེན་པའི་སྒྲོ་སྐུར་འདེབས༔ མ་གོ་རིག་པ་ཡེ་ཤེས་བདེ༔ ཟུང་འཇུག་གསལ་སྟོང་ཡབ་ཡུམ་ཚུལ༔ ཀུན་གྱིས་བརྟེན་ན་སངས་རྒྱས་ཐོབ༔ ཅེས་གསུངས༔ ཡང་ནོར་བུ་ཕྲ་བཀོད་ལས༔ རིག་པའི་གནས་ལུགས་མང་དུ་བྱ༔ ཡབ་དང་ཡུམ་གྱི་ཚུལ་དུ་གནས༔ ཞེས་གསུངས༔ ཡང་ནོར་བུ་སྒྲོན་མའི་རྒྱུད་ལས༔ ཡབ་དང་ཡུམ་གྱི་དཔེ་མཚན་པ༔ རྡོ་རྗེ་དྲིལ་བུ་བཤམས་པའོ༔ ཞེས་གསུངས༔

མྱུར་བའི་རྒྱུད་ལས༔ ཙིཏྟ་སྙིང་གི་གཞལ་ཡས་ན༔ ངོ་བོ་ཡེ་ཤེས་ཀ་ནས་དག༔ ཅེས་གསུངས༔ རང་ཤར་རྒྱུད་ལས༔ མུན་ཁང་ནང་གི་སྒྲོན་མེ་ལྟར༔ འོད་ཀྱི་ནང་དུ་སངས་རྒྱས་གནས༔ ཞེས་གསུངས༔ སྙིང་གི་ཐིག་པའི་མེ་ལོང་གི་རྒྱུད་ལས༔ གནས་ནི་སངས་རྒྱས་སྙིང་གི་དཀྱིལ༔ བརྟེན་ནི་རིག་མ་མཁའ་ན་བདེ༔ ཞེས་གསུངས༔ རྩ་རྒྱུད་འབར་བའི་རྒྱུད་ལས༔ རྩ་ཐམས་ཅད་རྒྱལ་ཁང་ཕུབ་པ་ལྟ་བུར༔ རྒྱལ་བློན་གསལ་བ་ལྟར༔ སངས་རྒྱས་བཞུགས་སོ༔ ཞེས་གསུངས༔ ཡང་མེ་ལོང་རྒྱུད་ལས༔ རིག་པ་གནས་ནི་སྙིང་ལ་གནས༔ སུས་ཀྱང་བཟུང་དུ་མེད་པ་ནི༔ ལྕགས་ཀྱི་པ་ཏྲ་ལྷན་མི་ཐུབ༔ རང་སར་བཞག་ན་ཉི་ཟླའོ༔ ཞེས་གསུངས་སོ༔ སྒྲོན་མེའི་རྒྱུད་ལས༔ ཡེ་ཤེས་སེམས་ཀྱི་འགྲོ་ལམ་ནི༔ དཔེར་ན་རྒྱལ་ཁམས་བ་གམ་ལྟར༔ ཞེས་གསུངས༔ དེས་མེ་ལོང་རྒྱུད་ལས༔ སེམས་ནི་མེ་ལོང་འདི་ལྟར་རོ༔ ཡུན་དུ་སྐྱོང་སྟེ་མེ་ལོང་ཕྱིས་པ་ལྟར༔ ཞེས་གསུངས༔ འཁྲུལ་ཆོད་ཀྱི་རྒྱུད་ལས༔ རིག་པ་ཕྲ་མོ་ཏུར་ཏུར་པོ༔ འགྲོ་ས་མང་སྟེ་གནས་ཏེ་སྒུག༔ དཔེར་ན་ཆུ་བོ་རང་འཁོར་ལྟར༔ ཞེས་གསུངས༔ གསང་བདག་ཛམ་ལྷའི་རྒྱུད་ལས༔ མ་གོ་སེམས་ཅན་མང་པོ་ཡིས༔ བླ་མའི་ཐུགས་ན་ནོར་བུ་གནས༔ ཟེར་ཞིང་བླ་མའི་ཐུགས་ལ་བསྟོད་ནས༔ རང་ལ་ཡོད་པ་མ་གོའོ༔ ཞེས་གསུངས༔ དེ་ལྟར་སེམས་ཞེས་བྱ་བ་རང་གི་གཏན་དུ་གནད་དབབ་ཐབས་སུ༔ བརྩོན་འགྲུས་ཀྱིས་འདུལ་བ༔ བླ་མའི་གདམས་ངག་གིས་འདུལ་བ༔ དབྱིབས་ངོ་ཤེས་པ༔ ཐེ་ཚོམ་གྱི་རྒྱུད་འཁོར་ནས༔ དཔེ་ཡིག་ཆ་རྒྱུད་ཀུན་ལ་འདི་ལྟར་ལྟའོ༔ དེ་ལྟར་སེམས་རྣལ་དུ་དབབ་ནས༔ ཡེ་ཤེས་སྣང་བ་དང་གཉིས་སུ་མེད་པའི་ས་ལམ་གྱི་སྒྲིབ་པ་སྦྱངས༔ སྐུ་གསུམ་གྱི་འབྲས་བུ་ཐོབ་པར་འགྱུར་རོ༔

འོ་སངས་རྒྱས་ཐམས་ཅད་རང་ངོ་རང་ལ་ལྟ་ཞིང༔ དུས་རྒྱུན་ཆད་མེད་པ༔ སངས་རྒྱས་ཀྱི་མིང་བཏགས་པའོ༔ དེ་ལྟར་བླ་མའི་སློབ་བུ་ལ་ངོ་སྤྲད་ཅིང༔ སྐུ་གསུམ་ཁྱབ་བདལ་ལྷུན་གྲུབ་ཏུ་རིག་པ་གཏད༔ འོད་གསལ་དང་འཆར་སྒོ་ལ་སོགས་པ༔ སྤྱི་ཡི་རྫོགས་པ་ཆེན་པོ་རྣམས་ལ་ཁྲིད༔ དེ་ལྟར་ཉམས་སུ་བླང་སྟེ༔ འཆི་ཁ་བར་དོ་ན༔ ངང་ཕྲུག་མ་དང་འཕྲད་པ་ལྟ་བུ་ངོ་ཟིན་ནས༔ འཁྲུལ་པ་རང་སར་ཞི་ནས༔ ཆོས་ཀྱི་སྐུ་དང་འདུ་འབྲལ་མེད་དོ༔ ཐོས་ཆོག་ལྟ་བ་རང་གྲོལ་ལས༔ ངན་སོང་སྒྲིབ་སྦྱང་གི་སྤྱི་དོན༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་ཐུགས་བཅུད༔ མ་འོངས་སྙིང་གི་བུ་དང་འཕྲད་ནས༔ འཁོར་བ་མ་སྟོངས་བར་དུ་ཆོས་འདི་མ་རྫོགས་སོ༔ ས་མ་ཡཱཿ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བཀའ་རྒྱ༔ དམ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ དགེའོ།། །།

རིག་པ་ངོ་སྤྲོད།

བཀའ་རྫོགས་པ་ཆེན་པོ་བླ་མ་ཀུན་འདུས་ཀྱི་ཆ་རྐྱེན་ཐོས་ཆོག་ལྟ་བ་རང་གྲོལ་ངན་སོང་སྒྲིབ་སྦྱང་གི་རིག་པ་ངོ་སྤྲོད་བཞུགས་སོ༔

རྒྱ་གར་སྐད་དུ༔ ན་མོ་གུ་རུཿབྷོ་དྷི་ཙིཏྟ་མ་ཧཱ་སུ་ཥ་ཛྙཱ་ན་དྷརྟུ་ཨཱཿ བོད་སྐད་དུ༔ བྱང་ཆུབ་རིག་པ་ཡེ་ཤེས་སྐྱེ་བ་མེད་ལ་ཕྱག་འཚལ་ལོ༔ ཐོས་ཆོག་ལྟ་བ་རང་གྲོལ་ལས༔ ཏིང་འཛིན་བརྟན་ཆ་རྫོགས་པའི་ངོ་སྤྲོད༔ ཚིག་ཉུང་ལ་དོན་འདུས་པ༔ པདྨའི་གསུང༔ ཨ་ཏི་རང་བྱུང་གི་ལྟ་བ་ཡོད་པ༔ བག་ཆགས་འོད་གསལ་སྦྱང་ཆ་ཅན༔ འཆི་ན་ངོ་སྤྲོད་གལ་ཆེའོ༔ རང་གི་སློབ་བརྒྱུད་དང༔ མཆེད་གྲོགས་གདུང་བ་རྣམས༔ གསལ་ཆ་མ་བུ་འཕྲད་པ་ལྟ་བུའོ༔ འཆི་ཁ་བར་དོ་ནི༔ ན་བའི་སྐབས་དང༔ བེམ་རིག་བྲལ་བའི་རྗེས་ཡན་ཆད་དོ༔ ན་བའི་དུས་སུ་རྣ་ལམ་དུ་ཀློག་ཅིང༔ ནང་དབུགས་ཡོད་སྐབས་སུ༔ གསལ་གདབ་གལ་ཆེའོ༔ བེམ་པོ་མི་བསྒུལ་ཞིང༔ རྣ་བ་གཡོན་པའི་ནང་དུ་ལན་གསུམ་བོས་ལ་འདི་སྐད་དོ༔ འོ་ཞིང་ཁམས་འདི་ནས་ཚེ་ཕ་རོལ་དུ་འགྲོ་བྱེད༔ རིགས་ཀྱི་བུ་བློ་ལ་མ་ཡེངས་པར་དགོངས༔ ཁྱོད་རང་གི་སྒྱུ་མའི་གདོས་བཅས་ཀྱི་ཤ་ཁྲག་ད་བསྐྱུར་དགོས་པའི་དུས་ལ་བབས༔ བེམ་རིག་བྲལ་ལ་ཁད་དུ་ཡོད་དོ༔ དགོངས་ཤིག་མ་ཡེངས་བར་ང་ཡི་གསལ་གདབ༔ འོ་རྒྱལ་བ་གོང་མའི་བླ་མ་རྣམས་ཀྱི་གསུངས་བར༔ དལ་འབྱོར་རྙེད་དཀའ༔ ལུས་ཐོབ་བསམ་གྱིས་ཚུལ་དུ༔ འཆི་བ་མི་རྟག་པ་བསྒོམ༔ ད་རང་ཐོག་ཏུ་སླེབ་པ་སྐྲགས་མི་དགོས༔ རང་ཐོག་ཏུ་རིག་པ་གསལ་བར་ནོན༔ ཅི་ཤར་གྱི་རྟོག་པ་ཐམས་ཅད་རང་གྲོལ་དུ་ཐོངས༔ ཡིད་གདུང་བ་ང་ཡི་ངག་ལ་ཉོན་ཅིག༔ ཀྱེ་འོ་སྐལ་ལྡན་སྐྱེས་བུ་ཚུར་གསོན་ལ༔ སེམས་ཞེས་བྱ་བ་ཡོངས་གྲགས་ཕོད་པ་ཅན༔ མ་རྟོགས་ལོག་རྟོགས་དེ་བཞིན་མ་གཏོགས་པས༔ གྲུབ་མཐའ་ལོག་པར་འདོད་པ་སེམས་ལས་བྱུང༔ སྐྱེ་བོ་ལ་ལས་སྡུག་སྲན་ཐ་མལ་བའི༔ རང་རིག་རང་ངོ་རང་གི་མ་ཤེས་ན༔ འཇིག་རྟེན་འདི་ནི་མི་གཙང་འདམ་དུ་ཟུག༔ དེ་ཡང་རང་སེམས་རིག་པ་མ་རྟོགས་སྐྱོན༔ འཇིག་རྟེན་སྤྱོད་བཞིན་ཕྱི་མའི་འདུན་པ་བོར༔ དེ་ཡང་རང་སེམས་རིག་པ་མ་རྟོགས་སྐྱོན༔ འཛིན་པའི་དྲི་མ་ཆོས་ལ་ཞེན་པ་མེད༔ དེ་ཡང་རང་སེམས་རིག་པ་མ་རྟོགས་སྐྱོན༔ འཆི་ཁ་བར་དོའི་འཁྲུལ་པ་རིམ་བཞིན་འོང༔ དེ་ཡང་རང་སེམས་རིག་པ་མ་རྟོགས་སྐྱོན༔ གཉིས་མེད་དོན་ལ་གཉིས་སུ་ཕྱེ་བས་གོལ༔ དེ་ཡང་རང་སེམས་རིག་པ་མ་རྟོགས་སྐྱོན༔ གཉིས་མེད་གཅིག་ཏུ་མ་གྱུར་སངས་མི་རྒྱས༔ རང་རིག་སྐུ་གསུམ་རྩོལ་མེད་ལྷུན་གྲུབ་ནི༔ སངས་རྒྱས་རིག་པ་བློ་ལ་དགོངས་པའོ༔ དེ་ཕྱིར་མ་ཡེངས་རིག་པ་གཅེར་ལ་ལྟོས༔ སེམས་ཞེས་བྱ་བའི་རིག་རིག་ཏུར་ཏུར་པོ༔ ཡོད་ནི་དངོས་ཅན་ཡོད་པ་མ་ཡིན་ཏེ༔ སྣ་ཚོགས་བདེ་སྡུག་གཉིས་ཀྱི་རྩོད་པར་འབྱུང༔ འདོད་ནི་འདོད་པའི་དབྱངས་ལ་འཁོར་བར་འཁྱམས༔ གཅིག་པུར་སེམས་ལ་ཀུན་གྱི་མིང་དུ་བཏགས༔ བློ་སྣང་མཁན་གྱིས་དྲན་པའི་དྲན་པ་ལ༔ དེ་ལྟར་མ་ཡེངས་ཆོས་སྐུའི་མིང་བཏགས་ནས༔ དབུ་མ་ཤེས་རབ་ཕ་རོལ་ཕྱིན་པ་དང༔ བདེ་གཤེགས་སྙིང་པོ་ཕྱག་རྒྱ་ཆེན་པོ་དང༔ ཉག་གཅིག་ཐིག་ལེ་ཆོས་དབྱིངས་ཡེ་ཤེས་དང༔ ཀུན་གཞི་ཕུལ་ཕྱིན་ཐ་མལ་ཤེས་རིག་པོ༔ དེ་ལྟར་སྟོབས་ཆེར་ཁྱོད་ཀྱི་ཤེས་རིག་འཚོ༔ བློ་འདས་ངང་དུ་རྗེས་འཚོལ་མེད་པ་ལ༔ མ་འོངས་རྟོག་པ་མ་སྐྱེ་སོ་མ་འདིར༔ ད་ལྟར་རང་ཐོག་གནས་ལུགས་ཕོབ་ལ་ལྟོས༔ ས་ལེ་སང་ངེ་ཧྲིག་གེ་གསལ་ལེ་བ༔ ཅི་ཤར་རྟོག་པ་རང་སར་མ་བཅོས་ཤིག༔ འཁྲུལ་སྣང་ལ་སོགས་སེམས་ཀྱི་ཆོ་འཕྲུལ་ཡིན༔ འཁྲུལ་པ་རང་སར་ཆོད་ལ་མ་ཡེངས་ཤིག༔ དེ་ལྟར་ཆོད་པ་བདེ་སྟོང་གསལ་ལེ་བ༔ སྐུ་གསུམ་ཡིན་པར་འདུན་པ་གསལ་བར་བསྒོམ༔ དེ་ནས་བེམ་རིག་བྲལ་བའི་སྣང་བ་ལ༔ སྐད་ཅིག་ཡིད་མི་དགའ་དང་ཚབ་ཚུབ་འོང༔ ཞིང་ཁམས་རིགས་མི་འདྲ་བ་སྣ་ཚོགས་ཏེ༔ ལག་པ་བརྐྱང་བསྐུམ་ཙམ་ཡང་མ་ཡེངས་བར༔ འཆི་ཁ་བར་དོར་གྲོལ་མ་ཐག་ཏུ་ནི༔ ཁྱོད་ཀྱི་ཤེས་རིག་གསལ་པོ་ཤེལ་སྒོང་ལྟར༔ རིག་པའི་རྟགས་ལ་རྡོ་རྗེ་ལུ་གུ་རྒྱུད༔ ཡེ་ཤེས་རྟགས་ལ་ཐིག་ལེ་ཐིག་ཕྲན་དང༔ དབྱིངས་ཀྱི་རྟགས་ལ་འོད་ཁྱིམ་ལྷུན་སྡུག་འབར༔ དེ་ལྟར་ངོ་ཤེས་ཁྱོད་ཀྱི་བསུ་མ་ཡིན༔ མ་ཡེངས་དྲན་པ་རང་རིག་སེམས་ལ་ལྟོས༔ ཞིང་ཁམས་ལྔ་དང་ཡེ་ཤེས་རིགས་ལྔ་འཆར༔ སྣང་རིག་སྟོང་གསལ་འོད་ལ་གྲུབ་པ་ཡིན༔ རང་རིག་ཡེ་ཤེས་ལྔ་དང་གཉིས་སུ་མེད༔ མ་བུ་འཕྲད་པ་ལྟ་བུའི་འདུན་པ་གྱིས༔ ཆོས་ཉིད་བར་དོ་སྣང་བ་ཡིན་པའི་མཚམས༔ མ་ཡེངས་དྲན་པའི་སྒོ་ནས་ཧྲཱིག་གེར་ལྟོས༔ རིག་པའི་འོད་གསལ་ཞིང་ཁམས་ཆེན་པོ་དང༔ བརྩོན་མེད་རྟག་ཏུ་དུར་ཁྲོད་མཐོང་བ་ཙམ༔ རང་རིག་ཡི་དམ་ལ་སོགས་སྐུ་དང་མཇལ༔ མ་སྐྲག་རང་གི་ལྷ་ཡིན་སེམས་ལ་ལྟོས༔ དེ་ཚེ་སེམས་ལ་ལྟོས་ཤིག་རང་དབང་ཐོབ༔ རང་ལ་རང་དབང་ཐོབ་པ་རིགས་ཀྱི་བུ༔ ད་ནི་མ་ཡེངས་སྐྱེ་མེད་ཨཱ་གཅིག་ལ༔ ཤེས་རིག་གཏོད་ལ་འོད་ཀྱི་ངང་དུ་ནི༔ ཐི་བ་ཚང་དུ་འཇུག་པ་ལྟ་བུའི་ངང༔ ཆོས་ཀྱི་སྐུ་དང་གཉིས་སུ་མེད་པ་ལ༔ དགོངས་པ་གྲོལ་བའི་གནས་ལུགས་ངང་ལ་ཞོག༔ ཨཱཿཨཱཿཨཱཿ ༀ་ཨཱཿཧཱུྃ༔ བསམ་གཏན་བར་དོ་སྟོང་འབྱམས་འཁོར་བའི་ཚེ༔ ཏིང་འཛིན་ཡེ་ཤེས་གསལ་བའི་འོད་ལམ་ལ༔ ཆོས་སྐུ་འོད་མི་འགྱུར་བའི་ལམ་སྣ་དྲོངས༔ བདེ་སྤྱོད་ཀུན་བཟང་ཡུམ་གྱིས་རྒྱབ་ནས་སྐྱོར༔ ཡེ་ཤེས་ལྔ་ལྡན་རིགས་ལྔས་མཐའ་ནས་བརྟེན༔ བར་དོའི་འཇིགས་པའི་འཕྲང་ལམ་བགྲོད་ནས་ཀྱང༔ ཡང་དག་རྫོགས་པའི་སངས་རྒྱས་གནས་གྱུར་ཅིག༔ དེ་ལྟར་ཡང་ཡང་གསལ་གདབ༔ གཞུང་གི་ལས་བྱང་སྐྱོང་ཞིང༔ བཏགས་གྲོལ་དང་བསྐང་ཚོགས་ལ་སོགས༔ གྲོགས་མཆེད་རྣམས་ཀྱིས་རོགས་ལྡན་བྱ༔ ཞེས་ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་ཐུགས་བཅུད་ཟབ་མོ༔ མ་འོངས་སྙིང་གི་བུ་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱཿརྒྱཿརྒྱཿ

གཞི་ལམ་འབྲས་གསུམ་ལྟ་སྒོམ་སྤྱོད་གསུམ་གྱི་དོན།

བཀའ་རྫོགས་པ་ཆེན་པོ་བླ་མ་ཀུན་འདུས་ཀྱི་ཆ་རྐྱེན་ཐོས་ཆོག་ལྟ་བ་རང་གྲོལ་ངན་སོང་སྒྲིབ་སྦྱང་གི་གཞི་ལམ་འབྲས་གསུམ་ལྟ་སྒོམ་སྤྱོད་གསུམ་གསུང་མཛད་བསྡུས་ཁྱབ་ཀྱི་དོན་བཞུགས་སོ༔ རྒྱ་གར་སྐད་དུ༔ ན་མོ་གུ་རུ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཛྙཱ་ན་དྷརྟུ་གྷ་ན་ཡ༔ བོད་སྐད་དུ༔ བླ་མ་ཀུན་བཟང་བྱང་ཆུབ་སེམས་ཀྱི་བདེ་བ་ཆེན་པོ་ཆོས་དབྱིངས་ཚོགས་ལ་ཕྱག་འཚལ་ལོ༔ ཐོས་ཆོག་ལྟ་བ་རང་གྲོལ་ལས༔ ངན་སོང་སྒྲིབ་སྦྱོང་གི་གཞི་ཡི་གནས་ལུགས༔ ལམ་གྱི་ཚིག་སྒྲོས༔ འབྲས་བུའི་ཐོབ་ལུགས་སོགས༔ ཨུ་རྒྱན་པདྨ་འབྱུང་གནས༔ བསམ་ཡས་མཆིམས་ཕུ་རུ་བཞུགས་པའི་དུས་སུ༔ བུད་མེད་ཡེ་ཤེས་མཚོ་རྒྱལ་གྱི་མཎྜལ་བཀོད་ཅིང་ཞུས་པ༔ ཀྱཻ་ཨུ་རྒྱན་གུ་རུ་རིན་པོ་ཆེ༔ འགྲོ་བའི་སྐྱབས་ཅིག་མགོན་གྱུར་པ༔ ཐུགས་རྗེས་བཟུང་བར་གསོན་ཅིག་ལགས༔ ཐོག་མའི་མགོན་པོ་ཆོས་ཀྱི་སྐུ༔ ཡབ་ཡུམ་གཞི་ཡི་གནས་ལུགས་འདི༔ ཅི་ལྟར་གནས་དང་ལུགས་སུ་ཡོད༔ ཅེས་ཞུས་ཏེ༔ འདི་གསུངས་སོ༔ བུད་མེད་ལུས་ལ་གཞི་སེམས་ཅན༔ མཚོ་རྒྱལ་ཌཱཀྐི་ང་ལ་ཉོན༔ ཐོག་མའི་མགོན་པོ་ཀུན་ཏུ་བཟང་༔ སངས་རྒྱས་སྤྱི་མྱེས་ཀུན་གྱི་ཡབ༔ གཞི་ཡི་གནས་ལུགས་འདི་ལྟར་མོད༔ གཞི་ལ་གྲུབ་པ་མེད་པའོ༔ སྐུ་ནི་ཟང་ཐལ་དྲི་མ་མེད༔ མི་མངོན་དབྱིངས་ནས་འཇའ་ལྟར་ཤར༔ གཟུགས་ཅན་དངོས་ཡོད་མ་གྲུབ་པ༔ མདོག་ནི་ནམ་མཁའ་ལྟ་བུའི་དབྱིབས༔ ཡོད་ཀྱང་གཟུགས་སུ་སྟོང་པའོ༔ སྣང་བའི་སྐུ་ལ་བསྒྲེས་རྒུད་མེད༔ གཞི་ལ་བདེ་བའི་གནས་ལུགས་སྟོང་༔ གསལ་ལ་རྙོག་པ་མེད་པ་ཆེ༔ སྤྲོས་སུ་བྲལ་བ་ཀ་དག་ངང་༔ ཅིས་ཀྱང་གཡོ་བ་མེད་པའོ༔ གཞི་ཡི་མིང་དུ་བཏགས་པ་མོད༔ གནས་ནི་སྐྱེ་མེད་སྟོང་པའི་ངང་༔ སྨྲ་བསམ་བརྗོད་ལས་འདས་པ་ཆེ༔ སྟོང་སྟོང་སྟོང་དང་མི་སྟོང་སྟོང་༔ སྣང་བའི་ཡུམ་དང་གཉིས་སུ་མེད༔ གནས་པའི་མིང་བཏགས་ལུགས་སུ་མོད༔ ལུག་ནི་འགྱུ་བ་མེད་པའོ༔ ཆོས་སྐུའི་མིང་དུ་བཏགས་པ་ཡོད༔ ཡུམ་ནི་གནས་ལུགས་དེ་ལྟར་མོད༔ ཡབ་ཡུམ་ཁྱད་པར་གཞི་ལ་མེད༔ གནས་ལུགས་སྣང་སྟོང་ཐབས་ཤེས་ངང་༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ ཟུང་འཇུག་ཉི་ཟླ་ལྟ་བུར་ཤར་༔ ནམ་མཁའི་ཁམས་ལ་གསལ་གྱུར་པ༔ སྟོང་ཆ་གསལ་ཆ་སྤར་མི་ཚུད༔ འོད་ནི་ཀུན་ལ་ཁྱབ་པ་ལྟར༔ སངས་རྒྱས་ཀུན་གྱི་ཡབ་དང་ཡུམ་༔ འོད་ནི་འགྱུར་བ་ཆོས་ཀྱི་སྐུ༔ གཉིས་སུ་མེད་པའི་རང་ལ་ཡོད༔ རྟོགས་དང་མ་རྟོགས་ཁྱབ་པར་ཡིན༔ ཆོས་སྐུའི་གཞི་ཡི་གནས་ལུགས་སོ༔ བུད་མེད་མཚོ་རྒྱལ་ཐུགས་ལ་རློན༔ ཡང་བུད་མེད་མཚོ་རྒྱལ་གྱིས་ཞུས་པ༔ ཨུ་རྒྱན་གུ་རུ་རིན་པོ་ཆེ༔ གཞི་ཡི་གནས་ལུགས་དེ་ལྟར་ཞིང་༔ ཀུན་བཟང་ཆོས་སྐུ་ཡབ་ཡུམ་གྱི༔ ལམ་གྱི་འཁྲུལ་པ་ཅི་ལྟར་ཟད༔ ཅི་ལྟར་བྱུང་ཡང་ཅི་ལྟར་ཆོད༔ ཅེས་ཞུས༔ གསུང་པ༔ བུད་མེད་མཚོ་རྒྱལ་སྙན་གསོན་དང་༔ འཁྲུལ་པ་གཅིག་ཀྱང་མི་འབྱུང་ངོ་༔ ཆོས་སྐུ་ཡབ་ཡུམ་ལམ་ལ་ནི༔ འབྱུང་ཡང་རང་ཤར་རང་གྲོལ་དུ༔ འཁྲུལ་པ་ཀ་ནས་ཟད་གྱུར་པས༔ འོད་མི་འགྱུར་བའི་ཆོས་སྐུ་ལ༔ རྟོགས་པ་སུན་མར་བྱུང་གྱུར་པ༔ ཀུན་ཏུ་བཟང་མོའི་མཆོད་སྤྲིན་གཏིབས༔ དྲན་པ་སྣང་བའི་ལམ་དུ་ཆོད༔ སྣང་བ་སྟོང་པའི་ལམ་དུ་ཆོད༔ དཔེར་ན་ནམ་མཁའ་ལྟ་བུ་ལ༔ ཅི་ཤར་རྟོག་པ་ཁོངས་ཡང་འགྲོ༔ གཏི་མུག་མ་སྤང་རང་གྲོལ་ལམ༔ ཆོས་དབྱིངས་ཡེ་ཤེས་ལམ་གྱི་ངང་༔ ཞེ་སྡང་མ་སྤང་རང་གྲོལ་ལམ༔ མེ་ལོང་ཡེ་ཤེས་ལམ་གྱི་ངང་༔ ང་རྒྱལ་མ་སྤང་རང་གྲོལ་ལམ༔ མཉམ་ཉིད་ཡེ་ཤེས་ལམ་གྱི་ངང་༔ འདོད་ཆགས་མ་སྤང་རང་གྲོལ་ལམ༔ སོར་རྟོགས་ཡེ་ཤེས་ལམ་གྱི་ངང་༔ ཕྲག་དོག་མ་སྤང་རང་གྲོལ་ལམ༔ བྱ་གྲུབ་ཡེ་ཤེས་ལམ་གྱི་ངང་༔ ལམ་ལ་འཁྲུལ་པ་མི་འབྱུང་ཞིང་༔ འཁྲུལ་པ་བྱུང་བ་ཡེ་ཤེས་ལམ༔ དུག་ལྔ་དུག་གསུམ་མ་སྤང་གྲོལ་༔ སྐུ་གསུམ་ལམ་དུ་ཆད་དུ་བཞག༔ མ་ཊཾ་རུ་ཊ་འཁྲུལ་པའི་དོན༔ འཁྲུལ་པའི་ལམ་དུ་ཁྲོས་པ་སྟེ༔ ཆེ་མཆོག་དཔལ་ཆེན་ཧེ་རུ་ཀ༔ དེ་ལ་ཁྲག་འཐུང་ལྷ་ཚོགས་ཤར༔ འཕྲོས་པ་ཡིན་ཏེ་སྐྱེ་མེད་དོན༔ གཞི་ལམ་འཁྲུལ་པ་མེད་པའོ༔ ཆོས་སྐུ་ཡབ་ཡུམ་ལམ་ཡིན་མོད༔ བུད་མེད་མཚོ་རྒྱལ་ཐུགས་ལ་རློན༔ ཞེས་གསུངས༔ ཡང་བུད་མེད་མཚོ་རྒྱལ་གྱིས་ཞུས་པ༔ ཨུ་རྒྱན་གུ་རུ་རིན་པོ་ཆེ༔ ལམ་གྱི་གསུང་སྒྲོས་དེ་ལྟར་ལགས༔ ཆོས་སྐུ་ཡབ་ཡུམ་འབྲས་བུ་ནི༔ རང་བྱུང་ཅི་ལྟར་ཐོབ་ལུགས་ལགས༔ ཞེས་ཞུས་ནས་འདི་ལྟར་གསུངས་སོ༔ བུད་མེད་མཚོ་རྒྱལ་སྙན་གསོན་དང་༔ ཆོས་སྐུ་ཡབ་ཡུམ་འབྲས་བུ་ནི༔ ཆོས་སྐུའི་འབྲས་བུ་ལོགས་ན་མེད༔ སྣང་སྟོང་ཀུན་བཟང་འབྲས་བུའི་ལུགས༔ སྣང་བ་ཡབ་ཀྱི་འབྲས་བུ་ལ༔ སྟོང་པ་ཡུམ་གྱི་འབྲས་བུའོ༔ བདེ་བ་མ་སྤང་རང་གྲོལ་ནི༔ བདེ་བ་སྤྲུལ་སྐུའི་ལུགས་སུ་མོད༔ གསལ་བ་མ་སྤང་རང་གྲོལ་ནི༔ གསལ་བ་ལོངས་སྐུའི་ལུགས་སུ་མོད༔ སྟོང་པ་མ་སྤང་རང་གྲོལ་ནི༔ སྟོང་པ་ཆོས་སྐུའི་ལུགས་སུ་མོད༔ དགོངས་པ་ཀ་དག་འབྲས་བུ་ལ༔ དཔེར་ན་མན་ཤེལ་ལྟ་བུ་སྟེ༔ འཇའ་ཚོན་སྣ་ལྔ་འཕྲོས་པ་བཞིན༔ ཡེ་ཤེས་ལྔ་ཡི་ལུགས་སུ་མོད༔ འབྲས་བུ་ཆོས་སྐུ་རང་ལ་འདུས༔ རྡུལ་གཞོང་ནང་དུ་དངུལ་ཆུ་ལྟར༔ ཉོན་མོངས་སྐྱོན་གྱིས་མ་གོས་པ༔ ཆོས་སྐུ་བདེ་མཐོང་འབྲས་བུའོ༔ བུད་མེད་མཚོ་རྒྱལ་ཐུགས་ལ་རློན༔ ཅེས་གསུངས༔ ཡང་བུད་མེད་མཚོ་རྒྱལ་གྱིས་ཞུས་པ༔ ཨུ་རྒྱན་གུ་རུ་རིན་པོ་ཆེ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་གྱི༔ ལྟ་སྒོམ་སྤྱོད་གསུམ་གང་ལྟར་ལགས༔ ཞུས་པ༔ འདི་གསུངས༔ བུད་མེད་མཚོ་རྒྱལ་སྙན་གསོན་ལ༔ ཆོས་སྐུ་ཡབ་ཡུམ་ལྟ་སྒོམ་སྤྱོད༔ ལྟ་བ་ནམ་མཁའ་ལྟ་བུ་ལ༔ སུས་ཀྱང་སྤར་གྱིས་མི་ཚུད་པ༔ བཀྱག་པར་སུས་ཀྱང་མི་ནུས་ཏེ༔ དྲིལ་བའི་ཐབས་ནི་ག་ལ་ཡོད༔ མཐོ་བས་ནོན་པར་མི་འདུག་པས༔ ལྟ་བ་གཡོ་འགུལ་མེད་པ་ཡོད༔ བསྒོམ་པ་ཉི་འོད་ལྟ་བུ་ལ༔ རང་ཤར་རང་གྲོལ་ལུགས་སུ་མོད༔ ཤོར་བས་སུས་ཀྱང་མི་ཁོག་སྟེ༔ གྲོལ་བ་ཅིས་ཀྱང་སྟོང་གསལ་ངང་༔ ཆོས་སྐུའི་ལུགས་ལ་བསྒོམ་པ་མེད༔ ནམ་མཁའི་ཁམས་ལ་ནམ་མཁའ་མེད༔ རྒྱ་མཚོ་ཆུ་བས་ཆུ་ཡང་མེད༔ ས་གཞི་ས་བས་ས་ཡང་མེད༔ དྲོད་སྐྱེ་མེ་བས་མེ་ཡང་མེད༔ བསྐྱོད་མེད་རླུང་བས་རླུང་ཡང་མེད༔ ཆོས་སྐུ་སྒོམ་བྱེད་ས་རུ་ཡིན༔ ཆོས་སྐུའི་སྤྱོད་པ་ཉི་ཟེར་ལྟར༔ སྣང་སྟོང་གསལ་བའི་ལམ་ལ་སྤྱོད༔ ཡབ་ཡུམ་བདེ་ཉམས་ལམ་དུ་སྤྱོད༔ སྐུ་གསུམ་ཁྱབ་པའི་ལམ་དུ་སྤྱོད༔ ཡེ་ཤེས་ལྔ་ཡི་ལམ་དུ་སྤྱོད༔ ཆོས་སྐུའི་ཆོས་སྐུ་ཀུན་ཏུ་བཟང་༔ ཆོས་སྐུའི་ལོངས་སྐུ་རྡོ་རྗེ་འཆང་༔ ཆོས་སྐུའི་སྤྲུལ་སྐུ་རྡོ་རྗེ་སེམས༔ ལོངས་སྐུའི་ཆོས་སྐུ་རྣམ་སྣང་མཛད༔ ལོངས་སྐུའི་ལོངས་སྐུ་རིན་ཆེན་འབྱུང་༔ ལོངས་སྐུའི་སྤྲུལ་སྐུ་དོན་ཡོད་གྲུབ༔ ལོངས་སྐུའི་སྤྲུལ་སྐུ་ཕྱག་རྡོར་སྟེ༔ སྤྲུལ་སྐུའི་ཆོས་སྐུ་རྡོར་སེམས་རྗེ༔ སྤྲུལ་སྐུའི་ལོངས་སྐུ་རིགས་གསུམ་མགོན༔ སྤྲུལ་སྐུའི་སྤྲུལ་སྐུ་ཐུབ་པ་དྲུག༔ བརྫུས་སྐྱེས་སྤྲུལ་སྐུ་པདྨ་དང་༔ ཆོས་སྐུའི་སྤྱོད་པ་བསམ་མི་ཁྱབ༔ ཆོས་སྐུའི་ཆོ་འཕྲུལ་ཞི་ཁྲོ་ཀུན༔ ཆོས་སྐུའི་སྤྱོད་པ་དགོངས་བརྒྱུད་ནས༔ ཀུན་བཟང་ཕ་རྒྱུད་སངས་རྒྱས་མོད༔ བཟང་མོ་མ་རྒྱུད་མཁའ་འགྲོ་མོད༔ ཆོས་སྐུའི་སྤྱོད་པ་གསུང་དུ་ཁྱབ༔ མ་ཧཱ་ཨ་ནུ་ཨ་ཏི་ཡོ་ག་སོགས༔ ཆོས་སྐུའི་གསུང་གི་ཆོས་སྐུའོ༔ ཀྲི་ཡ་ཨུ་པ་ཡ་དང་ཡོ་ག་གསུམ༔ ཆོས་སྐུའི་ལོངས་སྐུ་གསུང་གི་ལུང་༔ འདུལ་བ་མདོ་སྡེ་མངོན་པའི་སྡེ༔ ཆོས་སྐུའི་སྤྲུལ་སྐུ་གསུང་གི་སྤྲུལ༔ ཐེག་པ་རིམ་པ་རྫོགས་པ་ཆོས་སྐུའི་ཐུགས༔ རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་ཐུགས༔ བསྒོམ་མེད་ས་རྫོགས་སྨྲ་བསམ་བརྗོད༔ ཆོས་སྐུའི་སྤྲུལ་སྐུ་ལོངས་སྐུའི་ཐུགས་སུ་ཁྱབ༔ ཆོས་སྐུའི་ལྟ་སྒོམ་སྤྱོད་པ་ཆེ༔ བུད་མེད་མཚོ་རྒྱལ་ཐུགས་ལ་རློན༔ ཞེས་གསུངས༔ ཡང་བུད་མེད་མཚོ་རྒྱལ་གྱིས་ཞུས་པ༔ ཨོ་རྒྱན་གུ་རུ་རིན་པོ་ཆེ༔ གསུང་མཆོག་གསུང་དང་མཛད་པ་སྟེ༔ བསྡུ་བ་པོ་དང་དར་ཁྱབ་ནི༔ རྗེ་རིན་པོ་ཆེ་ཡིས་གསུང་དུ་གསོལ༔ ཞུས་པས༔ འདི་སྐད་གསུང་༔ བུད་མེད་མཚོ་རྒྱལ་སྙན་གསོན་དང་༔ ཨ་ནུ་ཨ་ཏི་ཡོ་ག་གསུམ༔ གསུང་མཆོག་ཆོས་ཀྱི་སྐུ་ཡི་གསུང་༔ མཛད་པ་རྡོར་འཆང་རྡོར་སེམས་སོགས༔ བསྡུ་བ་ཕྱག་ན་རྡོར་སེམས་རྗེ༔ འཆད་པ་ལྷ་ཡི་ཡུལ་དུ་ནི༔ ལྷ་ཡི་བུ་ཆུང་ངན་སོང་ལྟུང་༔ དེ་ཡི་དོན་དུ་གསུངས་པའོ༔

དེ་ལྟར་སེམས་ཅན་ཐམས་ཅད་ཀུན༔ ངན་སོང་འདོན་པའི་ཕྱིར་དུ་གསུངས༔ ཀྲི་ཡ་ཨུ་པ་ཡ་དང་ཡོ་ག་གསུམ༔ ཆོས་སྐུའི་ལོངས་སྐུ་གསུངས་པའོ༔ མཛད་པ་རྡོ་རྗེ་སེམས་དཔའ་སྟེ༔ བསྡུ་བ་ཕྱག་ན་རྡོ་རྗེ་ཡིན༔ འཆད་པ་ལྟ་བུ་འདོན་པའི་ཕྱིར༔ དེ་ལྟར་ཀུན་གྱི་དོན་དུ་གསུངས༔ འདུལ་བ་མདོ་སྡེ་མངོན་པའི་ཆོས༔ གསུང་པ་ཡུམ་ཆེན་རྒྱུད་མའི་གསུངས༔ མཛད་པ་བཅོམ་ལྡན་འདས་ཀྱིས་མཛད༔ བསྡུ་བ་ཉན་ཐོས་སེམས་དཔས་བསྡུས༔ འཆད་པ་ལྷ་དང་མི་དང་ལྷ་མ་ཡིན༔ འཁོར་འདས་ཀུན་གྱི་དོན་དུ་གསུངས་པའོ༔ ཆོས་སྐུའི་གདུལ་བྱ་ཁྱབ་པའོ༔ ལོངས་སྐུའི་སྤྲུལ་སྐུ་ཁྱད་པར་མེད༔ ཐམས་ཅད་ཆོས་སྐུའི་འབྱུང་བའོ༔ བུད་མེད་མཚོ་རྒྱལ་ཐུགས་ལ་རློན༔ ཞེས་གསུངས་ནས༔ བུད་མེད་མཚོ་རྒྱལ་ན་རེ༔ ཆོས་སྐུ་གཞི་ཡི་གནས་ལུགས་དང་༔ ལམ་གྱི་ཚིག་སྒྲོས༔ འབྲས་བུ་ཡེ་ཡོད་ལུགས་སོགས༔ ལྟ་སྒོམ་སྤྱོད་གསུམ་དང་༔ གསུང་མཛད་བསྡུས་ཁྱབ་ཀྱི་དོན་དང་༔ ཐོས་ཆོག་ལྟ་བ་རང་གྲོལ་གྱི་ཆ་རྐྱེན་བཞག་པར་བྱའོ༔ འདི་བཞག་ནས་ཀྱང་༔ མ་འོངས་པའི་དུས་སུ་སྦ་བར་བྱས་པས༔ སྙིང་གི་བུ་དང་འ ཕྲད་དེ༔ དར་ཁྱབ་དང་འདྲེན་སྟོབས་ཆེ་བ༔ དུས་སྙིགས་མ་ལ་ལས་ལྡན་རེ་འགའ་ཙམ་གྱིས་ལྟ་བའི་ཡུལ་དུ་བཀོད་པར་གྱིས༔ ཐོས་ཆོག་ལྟ་བ་རང་གྲོལ་ལས༔ ངན་སོང་སྒྲིབ་སྦྱང་གི་ཆ་རྐྱེན༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་ཐུགས་བཅུད༔ མ་འོངས་སྙིང་གི་བུ་དང་འཕྲད་ནས༔ འཁོར་བ་མ་སྟོངས་བར་དུ་ཆོས་འདི་མ་རྫོགས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བཀའ་རྒྱ༔ དམ་རྒྱ༔ གསང་རྒྱ༔ གཏད་རྒྱ༔རྒྱ༔རྒྱ༔རྒྱ༔ མདོ་ཁམས་བ་གནས་ཀྱི་ཤར་སྒོ། ཁྲོ་བཅུའི་བྲག མི་མངོན་པའི་དབྱིངས་ཀྱི་དཀྱིལ་འཁོར་ནས། རྫུ་འཕྲུལ་ཤུགས་ཀྱི་དུས་བབ། བྱི་བའི་ལོ་ཧོར་ཟླ་གསུམ་པའི་དུས། མགོན་པོ་མ་ནིང་སྡེ་ལྔས་སྤྱན་དྲངས་ནས། བདག་སྔགས་འཆང་ཆོས་རྒྱལ་རིན་ཆེན་གླིང་པ་ལ་གཏད་ནས། ལོ་གསུམ་ལ་བཀའ་རྒྱ་བསྡམས། ཤོག་སེར་ངོས་ལས་དག་པར་ཕབ་པ། གསང་སྔགས་བདེ་ཆེན་གླིང་དུ་དག་པར་ཕབ་པ། ཡི་གེ་རིས་བྱེད་ལྷོ་འབྲས་གཤོང་པ་དྷརྨ་མུ་ཏྲའོ།། །།

བཏགས་གྲོལ་ཤན་པ་རང་གྲོལ།

བཀའ་རྫོགས་པ་ཆེན་པོ་བླ་མ་ཀུན་འདུས་ཀྱི་ཆ་རྐྱེན་ཐོས་ཆོག་ལྟ་བ་རང་གྲོལ་ངན་སོང་སྒྲིབ་སྦྱང་གི་བཏགས་གྲོལ་ཤན་པ་རང་གྲོལ་བཞུགས་སོ༔

རྒྱ་གར་སྐད་དུ༔ ན་མོ་གུ་རུ་བྷོདྡྷི་ཙིཏྟ་མ་ཧཱ་སུ་ཀ་ཛྙཱ་ན་དྷརྟུ་ཨ༔ བོད་སྐད་དུ༔ བླ་མ་བྱང་ཆུབ་སེམས་དཔའ་ཆེན་པོ༔ བདེ་བ་ཅན་གྱི་ཡེ་ཤེས་དབྱིངས་ལ་ཕྱག་འཚལ་འདུད༔ ཐོས་ཆོག་ལྟ་བ་རང་གྲོལ་ལས༔ ངན་སོང་སྒྲིབ་སྦྱང་གི་བཏགས་གྲོལ་ཤན་པ་རང་གྲོལ་རྒྱ་གར་གྱི་ཚིག་གནད་ཆེ་བ༔ སྔགས་ཀྱི་མིང་བཏགས་པ༔ ཞི་ཁྲོ་དམ་པ་རིགས་བརྒྱ་ཡེ་ཤེས་སྙིང་པོ༔ ཨ་ཏི་རང་བྱུང་དུ་བབ་པ༔ ས་མ་ཡཱ༔ རྒྱཿརྒྱཿརྒྱ༔

འདི་ལ་དང་པོ་ཁོག་ཆེ་བ་བདག་ཉིད་རྡོ་རྗེ་སེམས་དཔའ་བསྒོམས་ཤིང་༔ ལྗགས་རྡོ་རྗེའི་རང་བཞིན་དུ༔ པད་དཀར་འདབ་ལྔའི་དབུས་སུ༔ ཨ་གསལ་བར་བསྒོམས་ལ་ཆོས་འདིའོ༔ ༀ་ཨཱཿཧཱུྃ༔ བདག་ཉིད་རྡོ་རྗེ་སེམས་དཔའ་ཆེ༔ སྐུ་མདོག་དཀར་པོ་ཤེལ་གྱི་མདོག༔ རྡོ་རྗེ་དྲིལ་བུ་དཀུ་ལ་བརྟེན༔ ལྗགས་ནི་རྡོ་རྗེ་འབར་བ་ལ༔ ལྟེ་བར་པད་དཀར་འདབ་ལྔའི་དབུས༔ ཨ་ལས་རང་བྱུང་ཡེ་ཤེས་འབར༔ ཞི་ཁྲོའི་དཀྱིལ་འཁོར་གསལ་བར་བསྒོམ༔ ཐ་མལ་སེམས་ཀྱི་གནད་དུ་བསྒྱུར༔ གཟུགས་སྣང་ཐམས་ཅད་ཀུན་བཟང་སྐུ༔ གྲགས་སྟོང་ཐམས་ཅད་ཀུན་བཟང་གསུང་༔ དྲན་སྟོང་ཐམས་ཅད་ཀུན་བཟང་ཐུགས༔ ཀུན་བཟང་ཡབ་ཀྱི་དགོངས་པ་འདི༔ ཨ་ཏི་རང་བྱུང་ལྗགས་ལ་བྱོན༔ ༀ་ཨཱཿཧཱུྃ༔ བཛྲ་ཙིཏྟ་ཨཿ ཨེ་མ་ཀི་རི་ཀི་རི༔ མསྟ་བྷ་ལི་བྷ་ལི༔ ས་མི་ཏ་སུ་རུ་སུ་རུ༔ ཀུནྡྷ་ལི་མ་སུ་མ་སུ༔ ཨེ་ཀ་རི་ལི༔ སུ་བྷསྟ་ཡེ༔ ཙ་ཀི་ར་བྷུ་ལི་ཏ༔ ཙ་ཡེ་ས་མནྟ༔ ཙཪྱ་སུ་གྷ་ཡེ༔ བྷི་ཏི་ས་ན་བྷྱ་གྷུ་ལི༔ ཨེ་པ་ཀ་རི་དྷུ་ཀ་ནི༔ མ་ཏ་རི་བྷི་ཀ་མ་ཧཱ་བྷོ་རི་ཏ་ན༔ པ་ར་ལི་ཧི་ས་ན་མ་ཁར་ཏེ༔ ཀེ་ལ་ན༔ སུམྦྷུ་ར་ཏ་མེ་ཀ་ཙ་ར་ཏམྤ༔ ཨུརྒྱ་ག་ཏ་ར༔ ཨེ་པ་ཤ་ན༔ ན་ར་བྷི་ཏི༔ ས་གུ་ཏི་པ་ཡ༔ གྷུ་ར་གྷུ་ར༔ སཀ་ཁ་ར་ན་ལཾ༔ ན་ར་ན་ར༔ ཨེ་ཐ་ར་པ་ཊ་ལཾ༔ སིརྣ་སིརྣ༔ བྷེ་ས་རསྤ་ལཾ༔ བྷུདྡྷ་བྷུདྡྷ་བྷུ་ཚེ་ཥ་པཱ་ཀྱེ་ལཾ༔ ས་སཱ་རི་རི་ལ་ཁེ་ཨེ་ཨཱེ་མ་མཱ་ར་ར་ལ་ཧ་ཛྙཱ་ན་ཨ༔ ༀ་ཨཱཿཧཱུྃ༔ ཀུན་བཟང་ཡབ་ཀྱི་དགོངས་པ་འདིས༔ བདེ་རྩུབ་གཉིས་ཀྱི་ཐེ་ཚོམ་ཆོད༔ བཟླས་ནས་ས་ལམ་བགྲོད་མི་དགོས༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ ཀུན་ཏུ་བཟང་དང་གཉིས་མེད་གྲོལ༔

ༀ་ཨཱཿཧཱུྃ༔ ཀུན་བཟང་ཡུམ་གྱི་དགོངས་པ་འདི༔ དགའ་བཞི་དར་ལ་གསལ་ཆ་དངས༔ ཨ་ཏི་རང་བྱུང་ལྗགས་ལ་བྱོན༔ ༀཨཱཿཧཱུྃ༔ ཛྙཱ་ན་ས་མུནྟ་བྷ་ཏྲ་ༀ༔ ཨེ་མ་ཀི་རི་ཀི་རི༔ མསྟ་བྷ་ལི་བྷ་ལི༔ ས་མི་ཏ་སུ་རུ་སུ་རུ༔ ཀུཎྜ་ལི༔ མ་སུ༔ ཨེ་ཀ་རི་ལི༔ བྷསྟ་ཡེ༔ ཙ་ཏ་བྷུ་ལི་ཏ༔ ལྕེ་ཡི་ས་མུནྟ༔ ཙཪྱ་སུ་གྷ་ཡེ༔ བྷི་ཏི་ས་ན་བྷྱ་གྷུ་ཡེ༔ ཀི་རི་དྷ་ཀ་རི༔ དྷ་ཀ་མ་ཧཱ་བྷོ་རི༔ ཏ་ན་པ་ར་ལི་ཧི༔ ས་ན་ཁ་ར་ཏ་ཀེ་ལ༔ སམྦྷུ་ར་ཏ་མེ་ཀ་ཙ་ར་པ་ཏཾ༔ ཏ་པ་སུཪྱ་གྷ་ཏ་ར༔ ཨ་མ་ན་པ་ར་བྷི་ཧོ༔ ཏཾ་གྷུ་ར་ལ་མསྨྀ་ས་གྷུ་ཏི་ལ༔ ཏ་ཡ་གྷུ་ར་གྷུ་ར༔ རླུང་ག་ཁ་ལ་རཏྣ་ལཾ༔ ན་ར་ན་ར་ལཾ༔ ཨེ་ཐ་ར་པ་ཏ་ལཾ༔ སིརྣ་སིརྣ་བྷེ་ས་རས་པ་ལཾ༔ པ་ཀེ་ལཾ༔ ས་སཱ༔ རི་རཱི༔ ལི་ལཱི༔ ཨི་ཨཱི༔ མ་མཱ༔ ར་རཱ༔ ཛྙཱ་ན་བྷ་ཏྲ་ༀ༔ ༀ་ཨཱཿཧཱུྃ༔ ཀུན་བཟང་ཡུམ་གྱི་དགོངས་པ་འདིས༔ བདེ་སྡུག་གཉིས་ཀྱི་ཐེ་ཚོམ་ཆོད༔ དགའ་བཞི་ཉམས་ཀྱི་ས་ལམ་ལ༔ ཐིག་ལེ་ཟང་ཐལ་ལུག་རྒྱུད་དུ༔ ཆོས་དབྱིངས་མོ་དང་དབྱེར་མེད་གྲོལ༔ ༀ་ཨཱཿཧཱུྃ༔ ཀུན་ཏུ་བཟང་པོའི་ཡོན་ཏན་ལ༔ སྔགས་འབྲས་ཚིག་གི་རྟོག་པ་ཆོད༔ སྡིག་ཅན་ཤན་པ་གྲོལ་བའི་ཕྱིར༔ ཨ་ཏི་རང་བྱུང་ལྗགས་ལ་བྱོན༔ དུག་ལྔ་བདུད་ཀྱི་ཞེན་པ་བཟློག༔ ༀ་ཨཱཿཧཱུྃ༔ ཨེ་མ་ཨཿ ཀརྨ་རཀྴ་གྷི་ཧཾ་ཏི༔ བྷེ་ག་རཏྣ་སོ་གད་གླིང་༔ བྷུ་ག་རི་ལ་བྷ་དྷུ་ཏྲི༔ རམྤ་ཀ་ལ་ས་མི་ཁྱེ༔ མ་ཏཾ་ཕ་ཕེར་ར་མི་ཏི༔ ཁ་ཏྲ་རེ་ཀྵ་ས་མི་རླང་༔ ཨེ་ཀ་ར་ན་བྷེ་ཙཀྵ༔ ཡ་རི་མུ་ཏྲ་ས་གྷུ་ལི༔ ཡ་སིང་ར་རླུང་པ་ལ་ཡ༔ མ་མ་ཀོ་ལིཾ་ས་མནྟ༔ གྷ་རེ་ཡཾ་པ་རི་མཾ་ཏི༔ བུ་ག་སིངྷ་ཕངྒ་ལཾ༔ རསྨྀ་སི་པི་ཁེ་ཏ་པ༔ བྷེ་ཁུ་མ་ལ་པ་ཏཾ་ཀེ༔ ས་མ་ཉེ་ཝ་དྷེ་ར་པ༔ བཛྲ་ས་ཏྭ་ཌི་ཌྷྲོ་མེ༔ གྷེ་པ་སུ་གྷ་རྣ་མ་ཡེ༔ དྷརྨ་པ་ཏི་ས་གྷུ་ལི༔ རསྨི་ས་མ་ཁརྒད་ཚེ༔ རུས་པ་ས་མི་མི་ཏ་ལཾ༔ ང་ཏི་པ་ལ་ཀི་ལི་ས༔ གྷཙྪ་པ་ཡཾ་ས་ཨི་ཏཾ༔ ཀརྨ་ཨེ་ཀ་ཨ་ནུ་ས༔ སནྡྲི་མ་མ་ཀརྨ་ཏཾ༔ ང་ལ་ཁེ་པ་ཀི་ལི་ས༔ བྷོ་དྷི་སུ་ཀ་མ་ཧཱ་ཨ༔ ༀ་ཨཱཿཧཱུྃ༔ བླ་མ་ཀུན་བཟང་ཡབ་ཡུམ་གྱི༔ དགོངས་པ་གཅིག་ཏུ་དྲིལ་བའི་སྙིང་༔ ཨ་ཏི་རང་བྱུང་ལྗགས་ལས་གྲུབ༔ ཞེན་པ་ཐམས་ཅད་ཆོད་པ་དང་༔ བསམ་གཏན་ཆེན་པོའི་ས་གནོན་ནོ༔ ཀུན་བཟང་ཡབ་ཡུམ་གཉིས་མེད་གྲོལ༔ ༀ་ཨཱཿཧཱུྃ༔ ཞི་ཁྲོ་དམ་པ་རིགས་བརྒྱ་ཡི༔ སྤྲུལ་པའི་དཀྱིལ་འཁོར་ཆེན་པོ་ཤར༔ ཞི་བ་བཞི་བཅུ་རྩ་གཉིས་ཀྱི༔ རང་བྱུང་དགོངས་པ་ལྗགས་ལ་བྱོན༔ ཨཱོཾ་ཨཱཿཧཱུྃ༔ བྷོ་དྷོ་ཙིཏྟ་མ་ཧཱ་སུ་ཀ་ཛྙཱ་ན་དྷརྟུ་ཨཱཿ ཨཱོཾ་ཨཱཿཧཱུྃ༔ ཞི་བ་བཞི་བཅུ་རྩ་གཉིས་ཀྱི༔ དགོངས་པ་གཅིག་ཏུ་དྲིལ་བའི་སྙིང་༔ འཁྲུལ་བ་རང་སར་ཆོད་པ་དང་༔ ཞི་བ་སངས་རྒྱས་གཉིས་མེད་གྲོལ༔ ༀ་ཨཱཿཧཱུྃ༔ ཀུན་བཟང་ཡབ་ཡུམ་གཉིས་མེད་ཀྱི༔ བདུད་ལྔ་འཇོམས་པའི་ཞི་སྙིང་ཆེ༔ ཡབ་ལྔ་ཡུམ་ལྔའི་ས་བོན་འཕྲོས༔ རང་བྱུང་དགོངས་པ་ལྗགས་ལ་བྱོན༔ ཨོཾ་ཛི་ན་ཛིཀ྄༔ མུཾ་དྷ་དུ་ཤྭ་རི་སྟྭཾ༔ ཧཱུྃ་བཛྲ་དྷྲྀཀ༔ ལཾ་ཏི་ཤྭ་ར་ཏི་སྟྭཾ༔ སྭ་རཏྣ་དྷྲྀཀ༔ མཾ་མོ་ཧ་ར་ཏི་སྟྭཾ༔ ཨཾ་ཨ་རོ་ལྀཀ༔ པྱཾ་ར་ག་ར་ཏི་སྟྭཾ༔ ཧ་པྲཛྙ་དྷྲྀཀ༔ ཏྱཾ་བཛྲ་ར་ཏི་སྟྭཾ༔ ༀ་ཨཱཿཧཱུྃ༔ ཀུན་བཟང་རིགས་ལྔ་ཡབ་ཡུམ་གྱི༔ དགོངས་པ་གཅིག་ཏུ་དྲིལ་བའི་སྙིང་༔ དུག་ལྔའི་འཛིན་པ་ཆོད་པ་དང་༔ ཡེ་ཤེས་ལྔ་ལྡན་སངས་རྒྱས་སྲས༔ ཡབ་ཡུམ་ལྔ་དང་གཉིས་མེད་གྲོལ༔ ༀ་ཨཱཿཧཱུྃ༔ ཀུན་བཟང་ཡབ་ཡུམ་རྟོག་ཚོགས་ལ༔ སེམས་དཔའ་བརྒྱད་དང་སེམས་མ་བརྒྱད༔ ཡབ་ཡུམ་གཉིས་མེད་ས་བོན་འཕྲོས༔ རང་བྱུང་དགོངས་པ་ལྗགས་ལ་བྱོན༔ ཀྵི་ཧི་ར་ཙ་ཡེ་སྭཱ་ཧཱ༔ ཧཱུྃ་ལ་སེ་ས་མ་ཡ་སྟྭཾ༔ མཻ་ཏྲི་དྷ་ར་ནི་སྭཱ་ཧཱ༔ ཧཱུྃ་པུཥྤེ་ཨ་ཝེ་ཤ་ཡ་སྟྭཾ༔ ཧཱུྃ་སྭཱ་ར་ཙ་ཡ་སྭཱ་ཧཱ༔ ཏྲྃ་མ་ལེ་ས་མ་ཡ་སྟྭཾ༔ ཏྲཾ་ཨ་གརྦྷ་ཡེ་སྭཱ་ཧཱ༔ ཛ་དྷུཔྤེ་པྲ་ཝེ་ཤ་ཡ་སྟྭཾ༔ ཧྲཱིཿཧ་ཧཱུྃ་པདྨ་བྷ་ཏ་མ་སྭཱ་ཧཱ༔ ཧྲཱིཿགིརྟི་ར་ག་ཡ་མེ་སྟྭཾ༔ མུཾ་ཝཀྐི་ཤྭ་རི་སྭཱ་ཧཱ༔ བཾ་དྷི་བཾ་སུ་ཀི་ནི་ས་མ་ཡ་སྟྭཾ༔ ཐླྷི་ཾས་རཾ་པ་ཡ་སྭཱ་ཧཱ༔ ཧོ་གྷནྡྷེ་ཙིཏྟ་ཡ་སྟྭཾ༔ ཛྷི་ཾཀུ་རུ་པ་ཎི་ཧྲཱིཿསྭཱ་ཧཱ༔ ཨ་ནིརྟི་ར་ག་ཡ་མེ་སྟྭཾ༔ ༀ་ཨཱཿཧཱུྃ༔ སེམས་དཔའ་ཡབ་ཡུམ་བརྒྱད་རྣམས་ཀྱི༔ དགོངས་པ་གཅིག་ཏུ་དྲིལ་བའི་སྙིང་༔ ཡུལ་ཚོགས་རྟོག་པ་ཆོད་པ་དང་༔ སེམས་དཔའ་ཡབ་ཡུམ་གཉིས་མེད་གྲོལ༔ ༀ་ཨཱཿཧཱུྃ༔ ཀུན་བཟང་ཡབ་ཡུམ་འགྲོ་དོན་ལ༔ སྤྲུལ་སྐུ་ཆེན་པོ་ཐུབ་པ་དྲུག༔ རིགས་དྲུག་འདུལ་བའི་ས་བོན་འཕྲོས༔ རང་བྱུང་དགོངས་པ་ལྗགས་ལ་བྱོན༔ ༀ་མུ་ནེ་ཀྲེ་ཾསྭཱ་ཧཱ༔ ༀ་མུ་ནེ་སྲེེ་ཾསྭཱ་ཧཱ༔ ༀ་མུ་ནེ་ཏྲཾ་སྭཱ་ཧཱ༔ ༀ་མུ་ནེ་ཀྵཾ་སྭཱ་ཧཱ༔ ༀ་མུ་ནེ་སྲུཾ་སྭཱ་ཧཱ༔ ༀ་མུ་ནེ་ཡེ་སྭཱ་ཧཱ༔ ༀ་ཨཱཿཧཱུྃ༔ སྤྲུལ་སྐུ་ཐུབ་པ་དྲུག་པོ་ཡི༔ དགོངས་པ་གཅིག་ཏུ་དྲིལ་བའི་སྙིང་༔ རིགས་དྲུག་སྐྱེ་སྒོ་གཅོད་པདང་༔ ཐུབ་དྲུག་སྐུ་དང་གཉིས་མེད་གྲོལ༔ ༀཨཱཿཧཱུྃ༔ ཀུན་བཟང་ཞི་བ་བཞི་ཚོགས་ཀྱི༔ སྒོ་བཞི་བསྲུང་བའི་ཡབ་ཡུམ་བརྒྱད༔ འཛིན་སྒོ་ཆོད་པའི་ས་བོན་འཕྲོས༔ རང་བྱུང་དགོངས་པ་ལྗགས་ལ་བྱོན༔ ༀ་བཛྲ་ཀྲོ་ཏ་བྷི་ཛ་ཡ་ཧཱུྃ༔ ༀ་བཛྲ་ཨཾ་གུ་ཤ་ཛ༔ ༀ་བཛྲ་ཀྲོོ་ཏ་ཡ་མནྟ་ཀ་ཧཱུྃ༔ ༀབཛྲ་པ་ཤ་ཧཱུྃ༔ ༀོཾ་པདྨ་ཀྲོ་ཏ་ཧྱ་གྷྱྀ་ཝ་ཧཱུྃ་ཕཊ༔ ༀ་བཛྲ་སྤོོ་ཊ་བཾ༔ ༀ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ ༀ་བཛྲ་གནྡྷེ་ཧོ༔ ༀ་ཨཱཿཧཱུྃ༔ སྒོ་བ་ཡབ་ཡུམ་བརྒྱད་པོ་ཡི༔ དགོངས་པ་གཅིག་ཏུ་དྲིལ་བའི་སྙིང་༔ ངན་སྒོ་ལམ་དུ་ཆོད་པ་དང་༔ སྒོ་བསྲུང་བརྒྱད་དང་གཉིས་མེད་གྲོལ༔ ༀ་ཨཱཿཧཱུྃ༔ ཀུན་ཏུ་བཟང་པོ་ཧེ་རུ་ཀ༔ ཁྲག་འཐུང་གཙོ་བོ་ཡབ་ཡུམ་གྱི༔ ཁྲོ་བོའི་སྐུར་སྟོན་ས་བོན་འཕྲོས༔ རང་བྱུང་དགོངས་པ་ལྗགས་ལ་བྱོན༔ ༀ་མ་ཧཱ་ཀྲོ་ཏ་མ་ཧཱ་ཤྲཱྀ་ཧེ་རུ་ཀ་ཧཱུྃ་ཕཊ༔ ༀ་མ་ཧཱ་ཀྲོ་ཏི་ཤྭ་རི་སྟྭཾ༔ ༀོཾ་བྷུདྡྷ་ཀྲོ་ཏ་མ་ཧཱ་ཤྲཱྀ་ཧེ་རུ་ཀ་ཧཱུྃ་ཕཊ༔ ༀ་བྷུ དྡྷ་ཀྲོ་ཏི་ཤྭ་རི་སྟྭཾ༔ ༀོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱྀ་ཧེ་རུ་ཀ་ཧཱུྃ་ཕཊ༔ ༀ་བཛྲ་ཀྲོ་ཏི་ཤྭ་རི་སྟྭཾ༔ ༀ་རཏྣ་ཀྲོ་ཏ་མ་ཧཱ་ཤྲཱྀ་ཧེ་རུ་ཀ་ཧཱུྃ་ཕཊ༔ ༀ་རཏྣ་ཀྲོ་ཏི་ཤྭ་རི་སྟྭཾ༔ ༀོཾ་པདྨ་ཀྲོ་ཏ་མ་ཧཱ་ཤྲཱྀ་ཧེ་རུ་ཀ་ཧཱུྃ་ཕཊ༔ ༀ་པདྨ་ཀྲོ་ཏི་ཤྭ་རི་སྟྭཾ༔ ༀོཾ་ཀརྨ་ཀྲོ་ཏ་མ་ཧཱ་ཤྲཱྀ་ཧེ་རུ་ཀ་ཧཱུྃ་ཕཊ༔ ༀ་ཀརྨ་ཀྲོ་ཏི་ཤྭ་རི་སྟྭཾ༔

ༀ་ཨཱཿཧཱུྃ༔ ཁྲག་འཐུང་ཡབ་ཡུམ་བཅུ་གཉིས་ཀྱི༔ དགོངས་པ་གཅིག་ཏུ་དྲིལ་བའི་སྙིང་༔ འཁྲུལ་སྣང་གཡང་ས་ཆོད་པ་དང་༔ ཁྲག་འཐུང་ཡབ་ཡུམ་གཉིས་མེད་གྲོལ༔ ༀ་ཨཱཿཧཱུྃ༔ ཀུན་ཏུ་བཟང་པོའི་ཆོ་འཕྲུལ་ལས༔ ཀོའུ་རི་མ་མོ་བརྒྱད་དུ་ཤར༔ ཚོགས་བརྒྱད་དག་པའི་ས་བོན་འཕྲོས༔ རང་བྱུང་དགོངས་པ་ལྗགས་ལ་བྱོན༔ ༀོཾ་བཛྲ་ཀོའུ་རི་ཧ༔ ༀ་བཛྲ་ཙོའུ་རི་ཧ༔ ༀ་བཛྲ་པྲ་མོ་ཧེ་ཧ༔ ༀ་བཛྲ་བཻ་ཏ་ལི་ཧ༔ ༀ་བཛྲ་པུསྐ་སི་ཧ༔ ༀ་བཛྲ་ཙཎྜ་ལི་ཧ༔ ༀ་བཛྲ་ཀརྨ་རི་ཧ༔ ༀ་བཛྲ་སྨེ་ཤ་ནི་ཧ༔ ༀ་ཨཱཿཧཱུྃ༔ ཀོའུ་རི་མ་མོ་བརྒྱད་རྣམས་ཀྱི༔ དགོངས་པ་གཅིག་ཏུ་དྲིལ་བའི་སྙིང་༔ འཁྲུལ་བའི་རང་རྒྱུད་ཁུང་དུ་གཅད༔ ཀོའུ་རི་བརྒྱད་དང་གཉིས་མེད་གྲོལ༔ ༀ་ཨཱཿཧཱུྃ༔ ཀུན་ཏུ་བཟང་པོའི་ཆོ་འཕྲུལ་ལས༔ སིངྷ་མ་མོ་བརྒྱད་དུ་ཤར༔ ཡུལ་ཀུན་དག་པའི་ས་བོན་འཕྲོས༔ རང་བྱུང་དགོངས་པ་ལྗགས་ལ་བྱོན༔ ༀོཾ་བཛྲ་སིང་ཧ་མུ་ཁ་ཧེ༔ ༀ་བཛྲ་བྱ་ཀྲི་མུ་ཁ་ཧེ༔ ༀ་བཛྲ་སྲྀ་ལ་མུ་ཁ་ཧེ༔ ༀ་བཛྲ་ཤྭ་ན་མུ་ཁ་ཧེ༔ ༀ་བཛྲ་ཀྲྀ་ཏ་མུ་ཁ་ཧེ༔ ༀ་བཛྲ་ཀཾ་ཀ་མུ་ཁ་ཧེ༔ ༀ་བཛྲ་ཁ་ཁ་མུ་ཁ་ཧེ༔ ༀ་བཛྲ་ཧུ་ལུ་མུ་ཁ་ཧེ༔ ༀ་ཨཱཿཧཱུྃ༔ སིངྷ་མ་མོ་བརྒྱད་རྣམས་ཀྱི༔ དགོངས་པ་གཅིག་ཏུ་དྲིལ་བའི་སྙིང་༔ ཡུལ་བརྒྱད་རྟོག་འཛིན་ཁུང་དུ་བཅད༔ སིངྷ་བརྒྱད་དང་གཉིས་མེད་གྲོལ༔ ༀ་ཨཱཿཧཱུྃ༔ ཀུན་ཏུ་བཟང་པོའི་ཆོ་འཕྲུལ་ལས༔ སྒོ་མ་གདོང་ཅན་བཞི་རུ་ཤར༔ ཡུལ་བཞི་དག་པའི་ས་བོན་འཕྲོས༔ རང་བྱུང་དགོངས་པ་ལྗགས་ལ་བྱོན༔ ༀ་བཛྲ་ཨཾ་ཀུ་ཤ་ཛ༔ ༀ་རཏྣ་པ་ཤ་ཧཱུྃ༔ ༀ་པདྨ་སྤོ་ཊ་བཾ༔ ༀ་ཀརྨ་གནྡྷེ་ཧོ༔ ༀ་ཨཱཿཧཱུྃ༔ སྒོ་མ་རྟ་གདོང་མ་བཞི་ཡི༔ དགོངས་པ་གཅིག་ཏུ་དྲིལ་བའི་སྙིང་༔ རྟག་ཆད་བདག་འཛིན་རྟོག་པ་འཇོམས༔ སྒོ་མ་བཞི་དང་གཉིས་མེད་གྲོལ༔ ༀ་ཨཱཿཧཱུྃ༔ ཀུན་ཏུ་བཟང་པོའི་ཆོ་འཕྲུལ་ལས༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཤར༔ འཁྲུལ་པ་རྟོག་ཆོད་ས་བོན་འཕྲོས༔ རང་བྱུང་དགོངས་པ་ལྗགས་ལ་བྱོན༔ ༀ་མ་ནུ་རཀྴ་སི་བྷྱོ༔ ༀ་པྲ་མ་ནི་བྷྱོ༔ ༀ་རེའུ་ཏྲི་མ་ནི་བྷྱོ༔ ༀ་བྷ་ན་བྷེ་བྷྱོ༔ ༀ་ཀོའུ་རི་མ་བྷྱོ༔ ༀ་ཨེནྟྲ་ཡ་ནི་བྷྱོ༔ ༀ་སིང་ཧ་མུ་ཁ་བྷྱོ༔ ༀ་ཡ་མ་ནི་བྷྱོ༔ ༀ་བེའུ་ནི་བྷྱོ༔ ༀ་ཏ་ན་ཧ་བྷྱོ༔ ༀ་རཀྴ་སི་བྷྱོ༔ ༀ་བཀྴ་སི་ཏུ་བྷྱོ༔ ༀ་ར་ཏྲི་མ་བྷྱོ༔ ༀ་ར་ཏི་མ་བྷྱོ༔ ༀ་ཨེ་ཀ་ཙ་ར་མ་བྷྱོ༔ ༀ་མ་མུ་ཏ་ཧ་ར་མ་བྷྱོ༔ ༀ་སི་ཏི་ཀ་བྷྱོ༔ ༀ་བྷ་ཡེ་བྷེ་བྷྱོ༔ ༀ་མ་ཧཱ་རཏྣ་མ་ར་བྷྱོ༔ ༀ་ཨ་ཀ་ལ་མ་ནི་བྷྱོ༔ ༀ་པ་ར་ཧི་ནི་བྷྱོ༔ ༀ་ཙ་མུན་ཏྲི་ན་བྷྱོ༔ ༀ་སུ་ཏ་ན་བྷྱོ༔ ༀ་མ་ནི་བཛྲ་ཡེ་བྷྱོ༔ ༀ་མ་ཧཱ་ཀ་ལ་མ་བྷྱོ༔ ༀ་ཙ་ཀ་ལི་བཛྲ་བྷྱོ༔ ༀ་སུ་ཀ་རཏྣ་བྷྱོ༔ ༀ་བཛྲ་ལཾ་པོ་ཏ་ར་མ་བྷྱོ༔ ༀ་ཨཱཿཧཱུྃ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི༔ དགོངས་པ་གཅིག་ཏུ་དྲིལ་བའི་སྙིང་༔ འཁྲུལ་པའི་རྟོག་ཚོགས་མ་ལུས་གཅོད༔ དབང་ཕྱུག་མ་དང་གཉིས་མེད་གྲོལ༔

ཨེ་མ་ཧོ༔ ཞི་བས་མི་འདུལ་དྲག་པོའི་ངང་༔ ཁྲོ་ཆེན་བཞི་ཡི་ཡང་སྙིང་འདིར༔ བདུད་བཞི་འཇོམས་པའི་ས་བོན་འཕྲོས༔ རང་བྱུང་གཅིག་ཏུ་བསྡུས་པའོ༔ ༀ་བཛྲ་ཀྲོ་ཏ་ཀྱེ་མ་ཀྱེ་རི༔ ཀ་རི་མཥྚ་བྷ་ལི་བྷ་ལི༔ ཨ་ཏ་ཨེ་ཀ་ར་སུ་ལི་བྷས་ཏི༔ ཨེ་ནི་ལ་ནི་ལ༔ ཀ་ཡ་ཨ་བྷི་ན་ཨ་བྷི་ཥིཉྩ་ༀ༔ ༀ་བཛྲ་ཀྲོ་ཏ་མ་ཧཱ་མུ་ཏྲ༔ ཛྙཱ་ན་ཨ་ཇི་ཏི་སྥ་ར་ན་ཧཱུྃཿསྥ་ར་ན་ཕཊ་སྭཱ་ཧཱ༔ ༀ་བཛྲ་ཀྲོ་ཏ་ཨ་མྀར་ཏ་ཀུཎྜ་ལི་ཧཱུྃ༔ ཚིནྡྷ་ཚིནྡྷ༔ བྷིནྡྷ་བྷིནྡྷ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ༀ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ༀ་ཨ་ཡུ་ཛྙཱ་ན་མ་ཧཱ་པུཎྱེ་ཏིཥྚ་ༀ༔ ཁྲོ་བོ་ཆེན་པོ་བཞི་ཡི་ནི༔ གཅིག་ཏུ་དྲིལ་བར་དགོངས་པའོ༔ བདུད་བཞི་གྲོལ་ནས་སྐུ་བཞི་ཐོབ༔ དུད་པ་འཇའ་ཚོན་སྒྲིལ་མར་འབྱུང་༔ ༀ་ཨཱཿཧཱུྃྃ༔ ཀུན་ཏུ་བཟང་པོའི་ཆོ་འཕྲུལ་ལས༔ རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ཤར༔ ཉམས་ཆགས་མ་ལུས་བཤགས་པའི་ཐབས༔ རང་བྱུང་དགོངས་པ་ལྗགས་ལ་བྱོན༔ ༀ་ཨཱཿཧཱུྃ༔ ཨཱོཾ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡཱ༔ བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ༔ ཌི་དྡྷྲོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷིམྨེ་པྲ་ཡཙྪ༔ སརྦ་ཀརྨཱ་སུཙྪ་མེ་ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝན༔ སརྦ་ཏ་ཐཱ་ག་ཏ༔ ཧྲཱི༔ ད་ཡ༔ བཛྲ་མཱ་མེ་མུཉྩ༔ བཛྲི་བྷ་ཝ༔ མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ ༀ་ཨཱཿཧཱུྃ༔ ཀུན་བཟང་རྡོ་རྗེ་སེམས་དཔའ་ཡི༔ དགོངས་པ་གཅིག་ཏུ་དྲིལ་བའི་སྙིང་༔ ཉམས་ཆགས་མ་ལུས་བཤགས་པ་དང་༔ རྡོ་རྗེ་སེམས་དང་གཉིས་མེད་གྲོལ༔ ༀ་ཨཱཿཧཱུྃ༔ ཀུན་ཏུ་བཟང་པོའི་ཆོ་འཕྲུལ་ལས༔ སྐྱེ་མེད་གྲོལ་བྱེད་ཡང་སྙིང་ཤར༔ ཉམས་ཆག་རྩར་བཅད་ས་བོན་འཕྲོས༔ རང་བྱུང་དགོངས་པ་ལྗགས་ལ་བྱོན༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨཱ༔ ༀ་ཨཱཿཧཱུྃ༔ སྐྱེ་མེད་ཡི་གེ་བཅུ་དྲུག་གི༔ ཚིག་པར་རྡོ་རྗེ་དྲིལ་བུ་སྒྲ༔ སྒྲ་འོད་གདུག་པ་ཁོང་དུ་བཅད༔ སྐྱེ་མེད་དབྱིངས་སུ་གཉིས་མེད་གྲོལ༔ ༀ་ཨཱཿཧཱུྃ༔ ཀུན་ཏུ་བཟང་པོའི་ཆོ་འཕྲུལ་ལས༔ འགག་མེད་རང་གྲོལ་ཡང་སྙིང་ཤར༔ བསྟན་པ་མི་འགྱུར་ས་བོན་འཕྲོས༔ རང་བྱུང་དགོངས་པ་ལྗགས་ལ་བྱོན༔ ཀ་ཁ་ག་གྷ་ང་༔ ཙ་ཚ་ཛ་ཛྙཱ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ ༀ་ཨཱཿཧཱུྃ ༔ འགག་མེད་ཡི་གེ་སོ་དྲུག་གི༔ ཚིག་པར་རྡོ་རྗེ་དབྱིངས་སུ་ཆོད༔ བསྟན་པ་མི་འགྱུར་ཡང་སྙིང་ཐོབ༔ རྡོ་རྗེ་སྒྲ་དང་གཉིས་མེད་གྲོལ༔ ༀ་ཨཱཿཧཱུྃ༔ ཀུན་ཏུ་བཟང་པོའི་ཆོ་འཕྲུལ་ལས༔ བྱམས་པ་གྲོལ་བའི་ཡང་སྙིང་ཤར༔ རབ་ཏུ་བརྟན་པའི་ས་བོན་འཕྲོས༔ རང་བྱུང་དགོངས་པ་ལྗགས་ལ་བྱོན༔ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུན་ཏེ་ཥནྟཱ་ཐཱ་ག་ཏོ་ཧྱ་ཝ་དཏ༔ ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ༔ ༀཨཱཿཧཱུྃ༔ རྒྱུད་དྲུག་ཡིག་འབྲུ་སོ་བདུན་འདི༔ རབ་ཏུ་གནས་པའི་རྡོ་རྗེ་སྙིང་༔ ཡེ་ཤེས་བརྟན་པ་ཚིག་གི་མཆོག༔ ཤམ་བུ་འདི་དང་གཉིས་མེད་གྲོལ༔ ༀ་ཨཱཿཧཱུྃ༔ ཀུན་ཏུ་བཟང་པོའི་ཆོ་འཕྲུལ་ལ༔ ལས་བཞི་གྲུབ་པའི་སྙིང་པོ་ཤར༔ ཅི་བསམ་འགྲུབ་པའི་ས་བོན་འཕྲོས༔ རང་བྱུང་དགོངས་པ་ལྗགས་ལ་བྱོན༔ ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ པུཥྚི་ཾ ཀུ་རུ་ཡེ་སྭཱ་ཧཱ༔ ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མ་ར་ཡ་ཧཱུྃ་ཕཊཿསྭཱ་ཧཱ༔ ༀཨཱཿཧཱུྃ༔ ཕྲིན་ལས་བཞི་ཡི་ཤམ་བུ་ཡིས༔ ནད་གདོན་གདུག་པ་ཞི་གྱུར་ཅིག༔ ཚེ་དང་བསོད་ནམས་རྒྱས་གྱུར་ཅིག༔ ཁམས་གསུམ་དབང་དུ་བསྡུས་གྱུར་ཅིག༔ གནོད་པར་བྱེད་པ་བརླག་གྱུར་ཅིག༔ ༀ་ཨཱཿཧཱུྃ༔ བདག་ཉིད་ཕུང་ཁམས་ཡུལ་སྣོད་དུ༔ བདག་འཛིན་རྟོག་པ་རབ་བྲལ་ནས༔ བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་དང་༔ གཉིས་སུ་མེད་པར་སངས་རྒྱས་ནས༔ འཇའ་འོད་འཁྱིལ་པའི་ཀློང་དཀྱིལ་དུ༔ ཀ་དག་ངང་དུ་གྲོལ་བར་ཤོག༔ ཅེས་བཏགས་གྲོལ་ཤན་པ་རང་གྲོལ་འདི༔ ཆོས་སྐུ་སྐྱེ་མེད་རྡོ་རྗེའི་སྒྲ༔ ཀློག་པ་རབ་ཏུ་འདོད་ན་ནི༔ གདུང་དང་རིང་བསྲེལ་འཇའ་ཚོན་འབྱུང་༔ ཕྱི་མ་སངས་རྒྱས་ངེས་པར་ཐོབ༔ བསམ་གཏན་ཀ་དག་ངང་དུ་གྲོལ༔ དོན་དུ་ཡིད་བཞིན་ནོར་བུ་འདི༔ ཚེ་འདི་ནད་མེད་ཉམས་སྣང་བདེ༔ འདི་འཕྲད་སྡིག་ལ་འཛེམ་པར་བྱ༔ དགེ་བ་གང་བྱེད་འཕེལ་སྟོབས་ཆེ༔ སྡིག་པ་གང་བྱེད་དེ་དང་མཚུངས༔ འདི་འཕྲད་ལས་ལྡན་སྐྱེས་བུ་རྣམས༔ མཚམས་མེད་སྡིག་པ་ལྔ་སྤྱོད་ཀྱང་༔ འདི་འཕྲད་ངན་སོང་ལྟུང་མི་སྲིད༔ དགའ་བ་བསྐྱེད་ལ་གུས་པར་གྱིས༔ བྲིས་ཀློག་མཐོང་ཐོས་སངས་རྒྱས་སོ༔ རབ་ཏུ་ཡིད་ལ་ཚུད་པ་དང་༔ བཅིངས་ཤིང་སྡིག་ལ་འཛེམ་སྤྱོད་ན༔ ཆོས་མ་བྱས་ཀྱང་སངས་རྒྱས་ཡིན༔ བསྒོམ་མི་དགོས་ཏེ་སྒོམ་གྲོལ་ཡིན༔ བསྐྱེད་མི་དགོས་ཏེ་ཀློང་གྲོལ་ཡིན༔ བསྒྲུབ་མི་དགོས་ཏེ་འགྲུབ་གྲོལ་ཡིན༔ སྐྱེས་བུ་ལས་ཅན་མ་གཏོགས་པ༔ རབ་ཏུ་སྦ་ཞིང་གསང་བ་གྱིས༔ གསོན་ཚེ་ལྗགས་དང་འབྲལ་མེད་གྱིས༔ ཤི་ཚེ་རོ་དང་འབྲལ་མེད་གྱིས༔ སྲེག་ཚེ་རུས་དང་འབྲལ་མེད་གྱིས༔ སངས་རྒྱས་སངས་རྒྱས་ཡང་དག་གོ༔ བསྐུར་བ་བཏབ་ན་ངན་སོང་འགྲོ༔ དེ་ཕྱིར་བསྟན་པ་མི་འདྲ་བ༔ ལས་མེད་འདི་དང་འཕྲད་མི་འགྱུར༔ འཕྲད་ཀྱང་མི་གྲོལ་མི་སྲིད་དོ༔ ཐོས་ཆོག་ལྟ་བ་རང་གྲོལ་ལས༔ ངན་སོང་སྒྲིབ་སྦྱང་གི་བཏགས་གྲོལ་ཤན་པ་རང་གྲོལ་ཞེས་བྱ་བ༔ ཨུ་རྒྱན་ཆེན་པོའི་ཐུགས་བཅུད༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ འཁོར་བ་མ་སྟོང་བར་དུ་ཆོས་འདི་མ་རྫོགས་སོ༔ ས་མ་ཡ༔ རྒྱཿརྒྱཿརྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བཀའ་རྒྱ༔ དམ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ མདོ་ཁམས་བ་གནས་ཀྱི་ཤར་སྒོ་ཁྲོ་བཅུའི་བྲག མི་མངོན་དབྱིངས་ཀྱི་དཀྱིལ་འཁོར་ནས། རྫུ་འཕྲུལ་ཤུགས་ཀྱི་དུས་ལ་བབ། བྱི་བའི་ལོ་ཧོར་ཟླ་གསུམ་པའི་དུས། མགོན་པོ་མ་ནིང་སྡེ་ལྔས་སྤྱན་དྲངས་ནས། བདག་སྔགས་འཆང་ཆོས་རྒྱལ་རིན་ཆེན་གླིང་པ་ལ་གཏད་ནས། ལོ་གསུམ་ལ་བཀའ་རྒྱ་བསྡམས་ཤིང་། ཤོག་སེར་ངོས་ནས་དག་པར་ཕབ་པར། ཡི་གེ་རིས་བྱེད་པྲ་ཛྙཱ་རསྨྲིའོ།། །།

བསྙེན་ཡིག་རྡོ་རྗེ་འབར་བ།

རིག་འཛིན་ཆོས་རྒྱལ་གླིང་པའི་ཐོས་གྲོལ་བསྙེན་ཡིག་རྡོ་རྗེ་འབར་བ་ཞེས་བྱ་བ།

ན་མོ་གུ་རུ་བིདྱ་དྷ་ར་ཡེ། བདེན་པ་རང་བྱུང་འགྲན་གྱི་ཟླ་མེད་པ། །དགའ་བཞི་བདེ་གར་སྔགས་ཀྱི་བསྟན་པ་འཛིན། །ཟབ་གཏེར་སྒོ་འབྱེད་ཆོས་རྒྱལ་གླིང་པར་འདུད། །གདམས་པ་སེམས་ལ་དབང་མཆོག་བསྐུར་དུ་གསོལ། །དེ་ཡང་བསྙེན་མཚམས་ཞེས་པ་གསང་སྔགས་ཀྱི་བསྐྱེད་རྫོགས་བཟླས་གསུམ་ཉམས་སུ་ལེན་པ་པོ་རང་ཉིད་དང་པོ་མཚན་ལྡན་གྱི་བླ་མ་བསྟེན་ཏེ། ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོའི་སྦྱང་པ་མཐར་ཕྱིན་ནས། གཟོད་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་བསྐྱེད་རྫོགས་ཀྱི་གདམས་ཁྲིད་མཐར་ཆགས་སུ་ཐོབ་པར་བྱ་དགོས་པའི་ཕྱག་ལེན་མ་འཁྲུགས་པར་ཉམས་སུ་ལེན་པའི་ཚེ། རྒྱལ་བའི་ཞབས་ཀྱིས་བཅགས་པའམ་དབེན་གནས་ཡིད་དང་མཐུན་པར། དུས་ཚེས་གཟའ་སྐར་བཟང་པོ་ལ་དབུ་བཟུང་། གསེར་སྐྱེམས་སྡེ་བརྒྱད་བསང་མཆོད་དང་། རང་གཞུང་གི་སྐྱབས་སེམས་ནས་དཀར་གཏོར་མཆོད། བགེགས་བསྐྲད་བསྲུང་འཁོར་གྱི་རྗེས་ལ། སྒོ་དྲུང་དུ་ཕྱིན་ནས་ཐོ་དཀར་པོ་བརྩིགས་པ་ལ་རྒྱལ་ཆེན་གྱི་སྔགས་བྱང་བཙུགས། མཆོད་གཏོར་བཤམས། རཾ་ཡཾ་ཁཾ་ༀ་ཨཱཿཧཱུྃ། ༀ་སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་གསལ་བར་གྱུར། བཛྲ་ས་མཱ་ཛ༔ ཛ་ཧཱུྃ་བཾ་ཧོ༔ མ་ཧཱ་ར་ཛ་ཨརྒྷཾ་སོགས་ནས། ཤབྟའི་བར་གྱིས་མཆོད། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ནས། བྷ་ལིན་ཏ་སྭཱ་ཧཱས་གཏོར་མ་འབུལ། དྲི་ཟ་གྲུལ་བུམ་ཀླུ་དབང་དང་། །གནོད་སྦྱིན་སྡེ་དཔོན་རྒྱལ་ཆེན་བཞི། །བཙུན་མོ་སྲས་དང་བློན་པོ་བཅས། །མཆོད་ཅིང་བསྟོད་ཏེ་ཕྱག་ཀྱང་འཚལ། །ཕྱོགས་བཞིའི་བགེགས་ཀྱིི་མཚམས་ཆོད་ཅིག །ༀ་དྷྲི་ཏ་རཥྚ་ཡ་སྭཱ་ཧཱ། ༀ་བུ་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ། ༀ་བུ་རཱུ་པཀྵ་ཡེ་སྭཱ་ཧཱ། ༀ་བཻ་ཤྲ་བ་ཎཱ་ཡེ་སྭཱ་ཧཱ། ཏིཥྛ་བཛྲ། ཟབ་ཅིང་རྒྱ་ཆེན་གཟིགས་པ་པོ། །སོགས་དང་། བཀྲ་ཤིས་ཤོག །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་གཏོར་མ་འབུལ། རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །སོགས་ནས། མཛད་དུ་གསོལ། ཞེས་བརྗོད་ལ་བསྲུང་འཁོར་བསྟན་པོར་བསྒོམས། མཚམས་གཡོག་སོགས་གཏུག་དགོས་ཡོད་པའང་བསྲུང་འཁོར་དུ་ཚུད་པར་འདུས། ཉེ་བར་མ་འདུས་ན་རྡོ་དཀར་ལ་མིང་བྲིས་པ་བཞག་ལ་དེ་དང་དེར་མོས། དེ་ལས་གཞན་དང་ངག་རིང་བཅད་བྱ། ཕར་མཐོང་ཚུར་མཐོང་དང་བཅའ་ལག་གཏོང་ལེན་མི་བྱ། སྐྲ་སེན་མི་འབྲེག་ཅིང་། གདན་གྱི་དྲོད་མ་ཡལ་བ། ལུས་ཚུགས་བསྲང་བ་སོགས་གསང་བ་སྤྱི་ལྟར་བྱ་སྟེ། རང་གི་མལ་སའི་འོག་ཏུ་གཡུང་དྲུང་དཀར་པོ་གཡས་འཁོར་བྲིས་པའི་སྟེང་སྟན་བདེ་བ་ལ་འདུག་ནས། དེ་ཉིན་ལས་བྱང་མི་འདོན་པར། རང་ཉིད་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་གསལ་ལ། བོ་དྷི་ཙིཏྟ་བརྒྱ་རྩ་ཙམ་བཟླ། དེ་ནས་ཞག་འགའ་ལ་སྔོན་འགྲོ་བློ་ལྡོག་རྣམ་བཞི་དང་། སྐྱབས་སེམས། ཡིག་བརྒྱ། མཎྜལ། བླ་མའི་རྣལ་འབྱོར་གསོལ་འདེབས་བཅས་སེམས་རྒྱུད་ལ་འདྲིས་ངེས་ཀྱི་ཐུན་བཞི་རེ་བཅད། འདིས་རང་རྒྱུད་འབྱོངས་ཤིང་བར་ཆད་མི་འཇུག་པ་དང་། བྱིན་རླབས་ཀྱི་ཚན་ཁ་ཆེ་བ་སོགས་ཀྱིས་ཕྱག་ལེན་མཛད་པ་གནད་ཤིན་ཏུ་ཆེ་བ་ཡིན་ནོ། །རང་གི་མདུན་ཕྱོགས་སུ་ཞི་ཁྲོའི་ཐང་ཀ་བཤམས་ཤིང་། སྒྲུབ་གཏོར་མར་ཟན་ལས་བྱས་པས་གཡས་སྨན། གཡོན་རཀྟ། མདུན་དུ་རྣམ་ལྔ། ཆད་བརྟན་རྒྱུན་བཞག་དང་། མར་མེ་རྒྱུན་བཞག་གཅིག གཞན་ཡང་ཚོགས་རྫས་རྡོར་དྲིལ་སོགས་ཡོ་བྱད་ཚང་བར་བྱ། སེམས་ལ་ངེས་འབྱུང་དང་དད་པ་དྲག་ཏུ་བསྐྱེད་ལ། འཇིག་རྟེན་ཆོས་བརྒྱད་མགོ་སྙོམ། བདག་གིས་ད་རེས་བསྙེན་མཚམས་མ་གྲོལ་བར་དུ་རྐྱེན་དབང་མི་གཏོང་ངོ་། །ན་ན་ཡང་ན་གོ་ཆོད། ཤི་ན་ཡང་ཤི་གོ་ཆོད། སྔར་གྱི་མི་ལུས་ཐོབ་པར་ཕལ་ཆེར་དོན་མེད་དུ་སོང་བ་ལ། ད་ལྟ་ཡི་དམ་གྱི་ལྷ་འདི་ལྟ་བུ་བསྒྲུབ་ཏུ་ཡོད་པ་ནི་བདག་སྐལ་བ་རེ་བཟང་སྙམ་པའི་མོས་གུས་ཀྱིས་འབད་རྩོལ་བྱ་བའི་ཞེ་བཅད་ཆེན་པོ་བྱས་པས། བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་ཐོབ་པའི་དགོས་པ་ཡོད། དེ་ལྟར་ཞེ་བཅད་དམ་བཅའ་མི་ནུས་པར་བློ་སྟོབས་ཆུང་ངུས། འགལ་རྐྱེན་འདྲ་བྱུང་ན་མཚམས་འདྲལ་བསམ་པ་ལ་ནི་བར་ཆད་འབྱུང་ངེས་པས། དང་པོ་ནས་ཕོ་ཚོད་བློ་སྟོབས་ཆེར་བསྐྱེད་པ་ནི་ཐེག་ཆེན་ཀུན་ལ་མེད་དུ་མི་རུང་བའོ། །དེ་ཡན་ཆད་ཀྱིས་སྦྱོར་བ་སྔོན་དུ་འགྲོ་བའི་ཆོས་སོང་། །

དངོས་གཞི་ལ་འཇུག་ཚེ། ཕྱི་ཐུན་ནས་མགོ་བརྩམས། སྔོན་འགྲོ་ཆོས་སྤྱོད། དཀར་བགེགས་གཏོར་མ་གཏོང་བ་ནས། ཉིན་ཞག་རེ་ལ་ཐུན་བཞི་རེ་གཏོང་ཚུལ་གྱི་འདོན་འགྲིགས་ཡོངས་གྲགས་ལྟར་ཁྲིགས་སུ་འཛུད་པ་སྟེ། ཕྱིར་ཉིན་ནས་དཀར་གཏོར་འདོན་མི་དགོས། བགེགས་གཏོར་ཡོད་ན་སྔ་ཐུན་སྐབས་སུ་གཏོང་། མེད་ཀྱང་ཆོག ཕྱིར་ཆོ་ག་འདི་ནི་གཞི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་བཞུགས་ཚུལ་ཨ་ཏི་རྫོགས་པ་ཆེན་པོའི་རྒྱུད་སྡེ་ནས་གསུངས་པའི་དོན་ལ་གནས་ཏེ། བཀའ་རྫོགས་པ་ཆེན་པོ་བླ་མ་ཀུན་འདུས་ཀྱི་ཆ་ལག་ཐོས་ཆོག་ལྟ་བ་རང་གྲོལ་ཞེས་པའི་མཚན་དོན་དང་གཞུང་ཚིག་གིས་གསལ་བས། ཕྱི་དཀྱིལ་ཙམ་མ་ཡིན་པར། ནང་ལུས་སེམས་ཀྱི་དཀྱིལ་འཁོར་ཀུན་བཏགས་ལ་ཡོངས་གྲུབ་ཀྱིས་རྒྱས་འདེབས་བྱེད་པ་སྟེ། རྟོག་པ་རགས་པའི་ངོར་སྤྱན་འདྲེན་སོགས་བརྡ་ཙམ་བསྟན་པར་ཟད་དོ། །དེ་ཡང་ཐོར་ཐུན་ལ་གཏི་མུག་གཉིད་དཀྲོགས་འདོན་གྱིན་བཞེངས་ཏེ། རླུང་རོ་བསལ། ངག་བྱིན་རླབས་བྱ། སྔོན་འགྲོ། དེང་སང་ལངས་མ་ཐག་ཏུ་རྔ་མི་བརྡུང་། མི་ཚུགས་པ་ལྟར་ན། རྒྱུན་གྱི་སྔོན་འགྲོ་དང་། ཡི་དམ་ལ་རྔ་བླངས་རྗེས། འདི་ནས་འཇུག ཡང་ན་ཙིཏྟ་རང་གྲོལ་གྱི་བཀའ་བསྒོ་ནས་བཤགས་པའི་བར་རྔ་ཆོག་བྱ། ནམ་ལངས་བསྙེན་པའི་མཆོད་བསྟོད་ལ་རྔ་བརྡུང་། མཆན། མདུན་གྱི་ནམ་མཁར་པད་ཉི་སོགས་དང་། སྐྱབས་སེམས་ཆོས་སྐུ་ནམ་མཁའ་ལྟ་བུ་ནས་གཞུང་རྐྱང་དེད་ཀྱིས་བསྙེན་པ་སྟོང་ཕྲག་ལྔ་ལས་མི་ཉུང་བའི་མཐར། ལྷག་ཆད་བསྐང་ཞིང་མཆོད་བསྟོད་དངོས་གྲུབ་བླང་པ་ནས་བཀྲ་ཤིས་བསྡུ་རིམ་བར་བྱས་ལ་ཐུན་གྲོལ། ཐུན་མཚམས་ཀྱིི་ཆོས་སྤྱོད་གང་འོས་བྱ། སྔ་ཐུན་ལ་ཚིག་བདུན་གསོལ་འདེབས་དང་། ལས་བྱང་ལ་གསོལ་འདེབས་དབང་བཞི་ལེན་པ་སྦྱར་ལ། བསྙེན་པ་ཅི་འགྲུབ་ཀྱི་ཐུན་བསྡུ་རིམ་སྔར་ལྟར་གྱིས་གྲོལ། ལྟུང་བཤགས་སོགས་ཆོས་སྤྱོད་བྱ། ཕྱི་ཐུན་ལ་ལས་བྱང་རྐྱང་དེད་ཀྱི་ཐུན་མཐར་ཚོགས་མཆོད་གཞུང་རྐྱང་ཙམ་རེ་བྱ། བསྐུལ། ཆད་བསྟན་མི་དགོས། གཏེར་སྲུང་གཏོར་བསྔོ་སོགས་བྱ། སྲོད་ཐུན་ལ་གཞུང་རྐྱང་དེད་ཀྱི་ཐུན་མཐར་རྫོགས་རིམ་གཉུག་བསྲིང་ལ་བསྔོ་སྨོན་གཟབ། ཉལ་བའི་ཚེའང་བསྲུང་འཁོར་དང་དམ་བཅའ་མི་བརྗེད་པར། ཀུན་བཟང་བླ་མ་སྙིང་དབུས་སུ་འོད་གསལ་བ་ལ་རྣལ་དུ་འབྱོར་བཞིན་པ་ལས་གཞན་དུ་མ་ཡེངས་བར་གཉིད་དུ་འགྲོ་བར་བྱ། ནང་པར་སད་མ་ཐག་ཀུན་བཟང་བླ་མ་དྲན་བཞིན་དུ་བཞེངས་ཚུལ་སྔར་བཞིན་ནོ། །ཡང་མཚན་ཐུན་སྐབས་འདོན་ཆ་མང་བ་མི་བདེ་ན། ཀུན་བཟང་རིགས་ལྔའི་གསོལ་འདེབས་དང་། སྐྱབས་སེམས་མཐར་ཏིང་འཛིན་རྣམ་གསུམ་ནས། རང་ཉིད་སེམས་དང་དབྱེར་མེད་བསྒོམ༔ བར། དེ་ནས་རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། ཙིཏྟ་སྨུག་པོའི་འོད་ཀློང་དབུས། །རྡོ་རྗེ་འབར་བའི་ལྟོ་བ་རུ། །རྒྱུ་ཡི་ཡི་གེ་སྐྱེ་མེད་ཨཿ སྙིང་པོ་སྔགས་ཀྱིས་གཡས་བསྐོར་ཏུ། །མི་ཆད་བར་མ་ཆད་དུ་འཁོར། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །རྒྱལ་བ་མཉེས་པའི་མཆོད་པ་འབུལ། །བདག་གཞན་ཐུན་མོང་དོན་བྱས་ནས། །མཆོག་གི་དངོས་གྲུབ་ཐོབ་པར་བསྒོམས། །ཞེས་པས་བསྙེན་མཐར། ལྷག་ཆད་བསྐང་ལ། ཨརྒྷ་སོགས་ཀྱིས་མཆོད། རྟོག་བྲལ་གྱུར་པས་བསྟོད། དངོས་གྲུབ་བཤགས་པ་སོགས་སྔར་བཞིན་གྱིས་ཐུན་གྲོལ། ནམ་ཡང་སྔ་ཞོག་ལ་བགྲང་ཕྲེང་བྱིན་བརླབ་རེ་བྱ་སྟེ། རང་གི་ལག་གཡོན་ཉི་མ། གཡས་ཟླ་བར་བསམ་པའི་བར་དུ། ཕྲེང་བ་དམ་པ་རིགས་བརྒྱར་བསྒོམ་ལ་ཐལ་མོ་སྤྱི་བོར་སྦྱར། ངག་ནས་ཨཱ་ལི་ཀཱ་ལི་ཚར་གསུམ་དང་། ༀ་རུ་ཙཱི་རཱ་མ་ཎི་པྲ་ཝརྟ་ཡ་ཧཱུྃ་ཕཊ༔ ཞེས་ལན་བདུན་དང་། ཡེ་དྷར་ལན་གསུམ་བཟླས་པས། ལྷ་འོད་དུ་ཞུ་ནས་ཕྲེང་བ་ལ་ཐིམ་པའི་རྐྱེན་གྱིས། མདོ་འཛིན་སུམ་བརྩེགས་ༀ་ཨཱཿཧཱུྃ་དུ་གྱུར། ཕྲེང་ལྡོག་རྣམས་ཨཱ་ལི་ཀཱ་ལིར་གྱུར་ནས་སྔགས་སྒྲ་གྲགས་པར་བསམ། དེས་ནི་བཟླས་པ་བྱེ་བ་གྲངས་མེད་དུ་འགྱུར་རོ། །བསྙེན་པའི་ཚད་ནི། རབ་མཚན་མའི་བསྙེན་པ་ཞེས་དངོས་གྲུབ་ཀྱི་རྟགས་མཐོང་བ། འབྲིང་དུས་ཀྱི་བསྙེན་པ་ཞེས་ཟླ་བ་དྲུག་ལས་མི་ཐུང་བ། ཐ་མ་གྲངས་ཀྱི་བསྙེན་པ་ཞེས་སྔགས་རིང་ཐུང་འབྲུ་བཅོ་ལྔ་ཚུན་ཆད་ལ་འབྲུ་འབུམ་བསྒྲངས་པ་ལས་རུང་སྟེ། དེའང་དུས་ཀྱི་དབང་གིས་བཞི་འགྱུར་དགོས་གསུངས། གཞུང་ཚད་བཞི་འགྱུར་ལས་རུང་དུ་བཞེད་པའང་སྣང་སྟེ། སྤྱིར་ཞི་དྲག་སོ་སོར་ཕྱེས་ནས་གཙོ་འཁོར་གྱི་རིམ་པ་ལྟར་བསྙེན་གྲངས་བྱ་ཚུལ་སྣང་མོད། འདིར་ཡོངས་སུ་གྲགས་པ་ཞི་དྲག་སྟབས་གཅིག་ཏུ་བསྙེན་པ་དང་། སྒྲུབ་པ་དང་། ལས་སྦྱོར་གསུམ་ལས། བསྙེན་པ་ནི། ཧཱུྃ་བཛྲ་ཙིཏྟ་ཨ༔ ཛྙཱ་ན་ས་མནྟ་བྷ་ཏྲ་ༀ༔ ཞེས་པ་འབུམ་ཕྲག་དྲུག་བཟླ་སྟེ། ཡབ་ཀྱི་འབྲུ་འབུམ་གྱིས་ཆོག་པར་གསུངས། འདིའི་ཚེ་ནའང་ཐུན་གྲོལ་ཁར་སྒྲུབ་སྔགས་དང་ལས་སྔགས་གདགས། དེ་ནས་སྒྲུབ་སྔགས་ཞི་དྲག་སྤྱི་དྲིལ་བྷོ་དྷི་རུ་ལུ་འབུམ་ཕྲག་བཅུ་བཟླ་བའི་ཚེའང་བསྙེན་སྔགས་དང་ལས་སྔགས་ཅུང་ཟད་རེ་བཟླ། ལས་སྦྱོར་ཤམ་བུ་ཅན་ༀ་ཨཱཿཧཱུྃ་ཧྲཱི༔ སོགས་རྒྱས་པ་དང་། ༀ་བྷོ་དྷི༴ ༀ་ཧཱུྃ་སྭཱ་ཨཾ་སོགས་འབྲིང་པོ་གཉིས་རེས་མོས་གང་བདེའི་ཚུལ་ཏུ་བཟླས་པ་ཁྲི་ཕྲག་གཅིག་སྟེ་བཏགས་གྲོལ་ཚར་རེ་གདགས། དེ་ལྟར་བསྙེན་པ་ཟླ་བ་གཅིག སྒྲུབ་པ་ཟླ་གཉིས། ལས་སྦྱོར་ཞག་བཅུ་སྟེ། ཞག་བརྒྱ་ནི་གྲངས་བསྙེན་ཉུང་མཐའོ། །སྤྱིར་གཞི་བསྙེན་ཞེས་པ་ཡི་དམ་གང་རུང་གི་བསྙེན་པ་བྱེ་ཆེན་ལས་མི་ཉུང་བ་ཚད་དུ་འཁྱོལ་བ་ཞིག་ཡོད་ཕྱིན་ཆད། གཤིན་དོན་དང་། དབང་བསྐུར་སོགས་ལས་ལ་རུང་བའི་བསྙེན་པ་དགོས་གལ་བྱུང་ན་ཟླ་མཚམས་སོགས་ཡུན་ཐུང་གྲངས་ཉུང་རུང་གི གཞི་བསྙེན་མེད་ན་དང་པོ་ནས་ཉུང་ངུར་བསྙེན་པས་མི་འོང་གསུངས།

༈ དེ་ལྟར་འདོན་འགྲིགས་དང་མཐུན་པར་དམིགས་པའི་རིམ་པ་ནི། དང་པོ་ཚོགས་ཤིང་བཛྲ་ས་མན་ཛས་སད་པར་བྱས་པའི་སྐྱབས་ཡུལ་གྱི་ལྷ་ལ་བདག་སོགས་འགྲོ་ཀུན་ཞེས་སྐྱེས་བུ་ཆེན་པོའི་བློས་སྐྱབས་སུ་འགྲོ་ཞིང་། སེམས་བསྐྱེད་ཀྱི་དཔང་པོར་དམིགས་ལ་ཐུགས་རྗེས་བསྐུལ་ཏེ་དམ་བཅའ་བཟུང་། ཚོགས་གསོག་ཡན་ལག་བདུན་པའི་མཐར། སྙིང་པོ་བརྗོད་པ་ཙམ་གྱིས་ཚོགས་ཞིང་རྣམས་རང་ལ་བསྟིམ་པས་དབང་དང་བྱིན་རླབས་ཐོབ་པར་བསམ། དེའི་རྐྱེན་གྱིས་རང་ཉིད་སྐད་ཅིག་གིས་གསང་བའི་བདག་པོ་རྡོ་རྗེ་ཧེ་རུ་ཀའི་སྐུར་གྱུར་ཏེ། དྲང་དོན་དུ་འདྲེ་བགེགས་ལ་རྡོ་རྗེའི་ཚིག་གིས་བཀའ་བསྒོས་ནས་ཕྱིར་བཏང་ལ། ཁྲོ་མཚོན་མེའི་ཚྭ་ཚྭས་ཕ་མཐར་བསྐྲད་པར་བསམ། ངེས་དོན་དུ་མ་རྟོགས་བདག་ཏུ་འཛིན་པའི་འདྲེ་གང་། ཨ་ཏིའི་ཚིག་གི་སྒོ་ནས་རང་ས་ཀ་དག་གི་ངང་དུ་དེངས་པས་བགེགས་ཞེས་བྱ་བའི་མིང་ཡང་མེད་པར་བསམ་ལ། རང་ཉིད་ཡི་དམ་ལྷའི་ཏིང་ངེ་འཛིན་དང་མི་འབྲལ་བ་ནི་གསང་བའི་མཚམས་གཅོད་ཡིན། ཡེ་ཤེས་དང་དམ་ཚིག་གི་ཁྲོ་བོ་ཁྲོ་མོ་མང་པོས་བསྲུང་བར་བསྒོམ་པ་ནི་ནང་མཚམས། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། འོག་ཐམས་ཅད་རྡོ་རྗེ་རྒྱ་གྲམ་གྱི་ས་གཞི། ཕྱོགས་མཚམས་ཐམས་ཅད་དུ། རྡོ་རྗེ། འཁོར་ལོ། རལ་གྲི། རྒྱ་གྲམ། ཕུར་པ། ཐོ་བ་རྣམས་ཀྱིས་རྩིག་པ་རིམ་པ་དྲུག་གི་མཐར། ཡེ་ཤེས་ཀྱི་མེ་ཁ་དོག་སྣ་ལྔ་འུ་རུ་རུ་འབར་བས། འདྲེ་བགེགས་ཉུལ་བར་མ་ཟད་རླུང་ཡང་རྒྱུ་བར་མི་འགྱུར་བའི་སྲུང་གུར་བརྟན་པོར་བསྒོམས་པ་ཕྱི་མཚམས་ཏེ། འདི་ནི་མཚམས་སྒོ་མ་གྲོལ་བར་དུ་ཐུན་མཚམས་རྣམས་སུའང་བསྒོམས་པས་བར་ཆད་ཀྱིས་མི་ཚུགས་སོ། །བྱིན་འབེབས་ཀྱི་ཚེ། བསྒྲུབ་པའི་གུར་ཁང་དེར་བདག་དང་སྒྲུབ་རྫས་རྣམས་ལ་རྒྱལ་བའི་བྱིན་རླབས་ཕེབས་པས། དབང་བྱིན་རླབས་གཟི་བརྗིད་དང་ལྡན་པར་གྱུར། དེའི་མཐུས་དངོས་སུ་བཤམས་པའི་མཆོད་རྫས་རྣམས་ཀྱང་མ་ཚང་བ་མེད་པ་ཟག་མེད་ཀྱི་མཆོད་སྤྲིན་དུ་གྱུར་པར་བསམ་བཞིན་དུ་ཚིག་ཀྱང་བརྗོད། བརྡ་ཕྱག་ནི། བདེ་གཤེགས་སྙིང་པོ་དོན་གྱི་ལྷ་ཚོགས་ཡེ་ནས་རང་ལ་ཡོད་ཀྱང་མ་མཇལ་བ། དེང་དབང་དང་དམ་ཚིག་གིས་སྒོ་ཕྱེས་ནས་མཇལ་སྙམ་པའི་གུས་སྤྲོ་དང་། སྔར་མ་རྟོགས་པ་ལ་བཤགས་པ་བརྡ་ཙམ་བྱས་པའོ། །དེ་རྣམས་ཀྱིས་སྔོན་འགྲོ་གྲུབ་ནས། དངོས་གཞི་ཏིང་འཛིན་རྣམ་གསུམ་སྐབས་བློ་ཕབ་སྟེ། སྔར་རང་ལ་བླ་མས་ངོ་སྤྲད་པའི་རྫོགས་པ་ཆེན་པོ་ཀ་དག་གི་ལྟ་དོན་ལྷུན་གྲུབ་ནང་གསལ་སྐུ་གསུམ་གྱི་བདག་ཉིད་ཅན། སངས་རྒྱས་ཀྱིས་མ་མཛད། སེམས་ཅན་གྱིས་མ་བསླད་པ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་ཡུན་དུ་མཉམ་པར་བཞག དེ་ནི་བསྐྱེད་རྫོགས་ཀྱི་སྐབས་ཐམས་ཅད་དུ་མི་འགྱུར་བར་ཡོད་དགོས་པས་ན་དགོངས་པ་མི་འགྱུར་བའི་གཟེར་ཞེས་བྱ་སྟེ། འདིའི་ངང་ནས་གཞལ་ཡས་ཁང་ལྷ་དང་བཅས་པ་བསྐྱེད་ཚད་ཞུ་བདེ་སྟོང་ཉིད་ཀྱི་རང་བཞིན་ཅན་ཏེ། མཐར་བསྡུ་རིམ་གྱིས་རྫོགས་པའི་སྐབས་སུའང་འདི་ག་རྗེན་པར་གྱུར་པ་ལས་གཞན་མིན་པས། དག་རྫོགས་ཀྱི་ཡེ་ཤེས་ལམ་དུ་བྱེད་པ་འདིའི་སྨིན་བྱེད་དུ་གསུངས། འདི་དང་བྲལ་ན་བསྐྱེད་བཟླས་ཀྱི་གོ་མི་ཆོད་པས། དང་པོར་ཡོབ་ཙམ་བྱས་པས་ཆོག་པར་མི་སེམས་སོ། །དགོས་པ་ནི་དེ་ཏིང་གིས་འཆི་སྲིད་ཆོས་སྐུར་སྦྱོང་། ཀུན་སྣང་གིས་བར་སྲིད་ལོངས་སྐུར་སྦྱོང་། རྒྱུ་ཏིང་གིས་སྐྱེ་སྲིད་སྤྲུལ་སྐུར་སྦྱོང་པ་སྟེ། ༀ་དང་ཨཱཿདང་སོགས་ཚིག་གིས་རིམ་པར་གསལ་གདབ་ཅིང་། སྟོང་ཆེན་དེའི་ནང་གདངས་མ་རྟོགས་པའི་སེམས་ཅན་ལ་ཁྱབ་པར། དམིགས་མེད་ཀྱི་སྙིང་རྗེ་རྩོལ་བ་མེད་པར་རྣམ་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་བསྒོམ་ལ། དེས་འཕངས་པའི་ཕྱིར་གདངས་སུ་ཤར་བ་ནི། རང་སེམས་ཐ་མལ་གྱི་ཤེས་པ་རྟེན་སྐུ་ལུས་དང་བཅས་པའི་ངོ་བོ་རྒྱུའི་ཡི་གེ་ཨཿམཐིང་ག་ཤིན་ཏུ་གསལ་བ་ཞིག་བར་སྣང་དུ་ལེང་ངེར་བསྒོམ་པ་རྒྱུའི་ཏིང་ངེ་འཛིན་ཏེ་ནུས་པ་ཆེར་འབར་ནས་རིམ་གྱིས་ཨཿདེ་ལས་ཨེ་ཡཾ་སོགས་ཆད་དེ། འབྱུང་བ་རིམ་བརྩེགས་ཀྱི་གཞལ་ཡས་ཁང་མཚན་ཉིད་ཚང་བར་བསྒོམ་པ་ནི་གཞུང་དོན་དེ། ལུས་གཞལ་མེད་ཁང་དང་སེམས་ལྷ་ཚོགས་སུ་གནས་ཚུལ་ལོ། །དེའི་དབུས་སུ་པད་ཉི་ཟླ་བའི་ཁྲི་ལ་ཨཿདེ་ཉིད་ཡོངས་སུ་གྱུར་པ་ལས། བདག་ཉིད་རྡོ་རྗེ་སེམས་དཔའ་གསལ་བའི་སྙིང་ཁར་ཞི་བའི་ལྷ་ཚོགས། དུང་ཁང་དུ་ཁྲག་འཐུང་ལྷ་ཚོགས་རྣམས། རྩ་གནས་ལུས་ལ་ཡེ་ནས་ཁྱབ་ཅིང་གནས་ཚུལ་དང་མཐུན་པར་ལས་བྱང་ཆེ་བ་ལྟར་བསྒོམ་ན། འོག་གི་བཟླས་དམིགས་དང་ཡང་འབྱོར་ཆེ་བས། རང་བཞིན་དག་པའི་རྩ་ཡི་དཀྱིལ་འཁོར་ལ་ཞི་བའི་གཙོ་བོ་ཀུན་བཟང་ཡབ་ཡུམ་གྱི་མདུན་དུ། གཙོ་བོ་གཉིས་པ་རྣམ་སྣང་གིས་བརྒྱན་པ་ནི། རྒྱུད་ལས། འཆད་པའི་སྐྱེས་བུ་མདུན་ན་བཞུགས། །ཞེས་གསུངས་པ་དང་། འདིར་ཡང་། ཙིཏྟ་སྙིང་གི་དབུས་ཕྱོགས་ཀུན་བཟང་མདུན༔ སྐད་ཅིག་དྲན་རྫོགས་རྣམ་པར་སྣང་མཛད་དཀར༔ ཞེས་པའི་དོན་ཏེ་གཙོ་བོ་གཉིས་ཀའི་ཞལ་ཐལ་ལེ་བའམ་ཤར་ཕྱོགས། རིགས་བཞིའི་ཞལ་གཙོ་བོ་ལ་ཀྱུ། སྒོ་བའི་རིགས་ཞལ་ཕྱིར་གཟིགས་པ་སྟེ། རང་སེམས་གཙོ་བོའི་རོལ་པ། ཅི་ཤར་རྟོག་པ་ཞི་ཁྲོའི་ལྷ༔ ཞེས་པ་སྐུ་གསུམ་ཆོ་གར། རང་རིག་གཙོ་ལ་རང་མདངས་འཁོར༔ ཞེས་དང་། དགོངས་པ་རང་གྲོལ་དུ། ལྷ་ཉིད་ཀུན་ཀྱང་རང་སྣང་ལ༔ ཞེས་དགོངས་པ་མཐུན་ནོ། །མདུན་བུམ་གཉིས་ཀ་མི་དགོས། བདག་བསྐྱེད་ལྷ་ཚོགས་ཡོངས་རྫོགས་གསལ་བ་དམ་ཚིག་པ་དང་། རྟོག་ཅན་གྱི་ངོར་ཡེ་ཤེས་པ་སྤྱན་འདྲེན་བརྡ་ཙམ་གྱིས་སད་པར་བྱེད་ཚེ། སྲོག་ཡིག་གི་འོད་ཟེར་དང་སྙིང་པོ་བརྗོད་པ་ཙམ་གྱིས་མདུན་མཁར་བྱོན་པ་ཉིད། རང་ལུས་ཕུང་ཁམས་དག་པའི་དཀྱིལ་འཁོར་དུ༔ བཞུགས་གསོལ་གྱི་ཚིག་གིས་དམ་ཡེ་གཉིས་མེད་དུ་བསྟིམ་སྟེ། བཟང་ངན་མེད་པ་ལ་ཕྱག་འཚལ་བའི་ཆོ་འཕྲུལ་དྲན་ཙམ་ལས་དམིགས་རྣམ་མི་དགོས་གསུངས། དེ་དང་དེ་དག་གི་སྒོ་ནས་ལྷ་ཐམས་ཅད་བློ་ངོའི་རི་མོ་ཙམ་མ་ཡིན་པར། ལྷ་དངོས་བྱོན་པ་ལྟར་བྱིན་རླབས་ཡེ་ཤེས་ཀྱི་ཕུང་པོར་བསམ་སྟེ། འདོད་སྣམ་ལ་གནས་པ་དང་རང་ལས་སྤྲུལ་པའི་མཆོད་ལྷ་རྣམས་ཀྱིས། ཕྱི་མཆོད་དང་ནང་མཆོད་ཕུལ་བ་རྣམས་ལྷ་ཚོགས་ཀྱི་དབང་པོ་སོ་སོར་ཐིམ། གསང་མཆོད་དང་སྨན་རཀ་གཏོར་མ་རྣམས་ལྗགས་ལ་ཕུལ་བས། དགྱེས་པར་བཞེས་ཏེ་ཤིན་ཏུ་མཉེས་པས་དབང་བཞིའི་དམ་ཚིག་བསྐང་བར་བསམ་ཞིང་། བསྐལ་བ་མ་སྟོང་གི་བར་དུ་མཆོད་པའི་རྒྱུན་མི་ཆད་པར་བསམ་མོ། །

བསྟོད་པ་ལ། ཆོས་སྐུར་དགོངས་བསྟོད་ནི། བསམ་དུ་མེད་པའི༴ ལོངས་སྐུར་རྫོགས་བསྟོད་ནི། ཆོས་སྐུ་ནམ་མཁའ༴ སྤྲུལ་སྐུར་རྟགས་བསྟོད་ནི༴ ཞི་བས་མི་འདུལ༴ ཆོས་སྐྱོང་ལ་ལས་བསྟོད་ནི། ལས་སུ་སངས་རྒྱས༴ བསྟོད་པར་བྱས་པས་དགྱེས་པའི་བྱིན་རླབས་གཟི་བྱིན་འབར་བར་བསམ། གསོལ་བ་འདེབས་པས་ཐུགས་རྗེའི་རྒྱུན་མ་ཆད་པར་བསམ་ཞེས་གསུངས།

༈ དེ་ནས་བསྙེན་པ་ལ་བསྙེན་སྒྲུབ་ཡན་ལག་བཞིའམ། བསྙེན་སྒྲུབ་ལས་གསུམ་གྱི་དང་པོ་བསྙེན་པ་ནི་བཟླས་རྐྱང་ཙམ་མ་ཡིན་པར། སེམས་ཉིད་ལྷ་ཁོ་ནར་བསྙེན་པའམ་བསྟེན་པ་ཡིན་པས། སྔགས་མ་བཟླས་གོང་དུ་ལུས་སེམས་ཕབ་ནས་འདུག་སྟེ། སྔར་བསྒོམས་པའི་བསྲུང་འཁོར་གཞལ་ཡས་ཁང་ལྷ་ཚོགས་དང་བཅས་པར་གསལ་ཏེ། ཞི་བ་རྣམས་ཞི་བའི་ཚུལ་དགུ་དང་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ། ཁྲོ་བོ་རྣམས་གར་གྱི་ཉམས་དགུ་དང་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ། སྣང་ཆ་ནས་སྤྱན་གྱི་དཀར་ནག་ཚུན་ཆད་མ་འདྲེས་ཡོངས་རྫོགས་སུ་གསལ། སྟོང་ཆ་ནས་དངོས་མཚན་དུ་གྲུབ་པ་རྡུལ་ཙམ་མེད་པ་འཇའ་འོད་ཀྱི་སྐུ་ལ་ཡེ་ཤེས་ཀྱི་ཐུགས་དང་ལྡན་པ། སྟོང་པའི་རང་བཞིན་གཟུགས་བརྙན་ལྟར་བཀྲ་དཔུང་ངེ་བསྒོམས་པས་ངེས་ཤེས་འདྲོང་བ་ལ། ཏིང་ངེ་འཛིན་ལྷ་ཡི་གཟེར་ཞེས་བྱ་སྟེ། དང་པོ་གཙོ་བོ་ཙམ་ལ་སེམས་འཛིན། དེ་ཟིན་ནས་རིམ་པར་ལྷ་ཚོགས་ཐམས་ཅད་སེམས་ལ་འཆར་བདེ་མོ་གསལ་བརྟན་གྱི་ཚད་བརྒྱད་དུ་བསྟན་པ་ལྟར་བྱང་ཞིང་གོམས་སུ་འཇུག་པ་ལ་རྣམ་པ་གསལ་བ་ཟེར། གསལ་བའི་སྐུ་མདོག་ཕྱག་མཚན་ལ་སོགས་པ་ཐམས་ཅད་དོན་མེད་མ་ཡིན་པར། རྣམ་པར་བྱང་བའི་ཆོས་རྣམས་ཀྱི་བརྡ་དང་རྟགས་སུ་ཤར་བ་ཁོ་ནར་ལྟ་སྟེ། ཕུང་པོ་ལྔ་དག་པས་རྒྱལ་བ་རིགས་ལྔ་སོགས་དང་། ཞལ་གཅིག་པ་ནི་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་བརྡའ། ཞལ་གསུམ་པནི་སྐུ་གསུམ་གྱི་རྟགས་ལ་སོགས་པ་དྲན་པར་བྱ་སྟེ། ཆོས་སྐུ་ཐབས་དང་ཆོ་འཕྲུལ་དཔག་ཏུ་མེད༔ ཅེས་པའི་དོན་ཡིན་པར་ལྟ་བ་ལ་རྣམ་དག་དྲན་པ་ཟེར། རྣམ་དག་དེའང་གཞན་ཞིག་མ་ཡིན་པར་རང་གི་སེམས་ཉིད་ཡེ་ནས་ལྷར་གནས་པས་ན། བདག་ཉིད་ཡེ་ནས་རྡོ་རྗེ་སེམས་དཔའ་སྟེ༔ སྐུ་གསུམ་ལྷུན་གྲུབ་རྫོགས་པའི་ང་རྒྱལ་གྱིས༔ ཞེས་ཡེ་ནས་ཡིན་པ་ལ་ཡིན་པའི་ཚུལ་གྱིས་གསལ་འདེབས་བྱེད་པ་ཡིན་གྱི། མ་གྲུབ་པ་ལ་ཀུན་བཏགས་ཀྱིས་གྲུབ་པར་རློམ་པ་མིན་པས། ཐེ་ཚོམ་མེད་པར་ང་རང་ལྷ་ཡིན་ནོ་སྙམ་དུ་བསྒོམ་པ་ལ་ང་རྒྱལ་བརྟན་པ་ཟེར། དེ་ལྟར་གསལ་དག་བརྟན་གསུམ་གོམས་པའི་དགོས་པ། འཁྲུལ་སྣང་ནི་ལྷར་རྣམ་པ་གསལ་བས་སྦྱོང་། དངོས་མཚན་དུ་རྟོག་པ་ནི་རྣམ་དག་དྲན་པས་སྦྱོང་། ང་རུ་ཞེན་པ་ནི་ང་རྒྱལ་བརྟན་པས་སྦྱོང་བ་སྟེ། ཕྱོགས་མཐུན་གྱི་སྒོ་ནས་ལམ་དུ་བྱེད་པ་ན་ཡུལ་གསུམ་གྱད་དུ་གྱུར་པ་ཡིན། དེས་ན་ཐ་མལ་སེམས་ཀྱིས་གནད་དུ་བསྒྱུར༔ གཟུགས་སྟོང་ཐམས་ཅད་ཀུན་བཟང་སྐུ༔ གྲགས་སྟོང་ཐམས་ཅད་ཀུན་བཟང་གསུང་༔ དྲན་རྟོག་ཐམས་ཅད་ཀུན་བཟང་ཐུགས༔ ཞེས་ཁྱེར་སོ་གསུམ་དང་མ་བྲལ་བའི་ངང་ནས་འཛབ་ལ་འཇུག་པར་བྱ་སྟེ།

༈ བཟླས་དམིགས་ནི། བདག་ཉིད་རྡོ་རྗེ་སེམས་དཔའ་ཡི༔ ཐུགས་ཀར་ཙིཏྟ་༴ ཞེས་སོགས་ཀྱི་དོན་བསྡེབས་ན། བདག་ཉིད་རྡོ་རྗེ་སེམས་དཔའ་ཤེལ་གྱི་མདོག༔ ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས་པར་བརྒྱན༔ ཐུགས་ཀར་ཙིཏྟ་རྩ་ཀ་ཏི། ཤེལ་གྱི་སྦུག་ཅན། གཞལ་ཡས་སུ༔ ཉག་གཅིག་ཐིག་ལེ་བླ་མ་ཀུན་ཏུ་བཟང་༔ སྟོང་པའི་འོད་ཀྱི་རིག་མ་ཡབ་ལ་འཁྲིལ༔ ཡེ་ཤེས་ལྔ་ལྡན་བཅོམ་ལྡན་ཞི་ཁྲོའི་ཚོགས༔ ཐམས་ཅད་ཡེ་ཤེས་སུ་གསལ་ལ། གཙོ་བོ་ཡབ་ཡུམ་གཉིས་སུ་མེད་པའི་ཐུགས། ཙིཏྟ་སྨུག་པོ་འོད་ཀློང་དབུས༔ པད་ཟླའི་གདན་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཚོན་གང་འོད་འབར་བའི་ལྟོ་བ་རུ། ཟླ་གདན་སྲན་མ་ཕྱེད་པ་ཙམ་ལ། རྒྱུ་ཡི་ཡི་གེ་སྐྱེ་མེད་ཨ༔ མཐིང་ག་སྤུ་ཡིས་བྲིས་པ་ཙམ་གསལ་བ་ལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་ཀྱི་ཐུགས་བརྒྱུད་བསྐུལ་ནས་ཨཿལ་ཐིམ་པས་བྱིན་རླབས་ཤིན་ཏུ་འབར་བར་བསྒོམ་པའི་ཏིང་ངེ་འཛིན་ཡུན་བསྲིང་བ་བསྙེན་པ། ཨཿདེའི་མཐར་མདུན་ནས་བརྩམས་ཏེ་སྔགས་ངོ་ཕྱིར་བསྟན་གཡོན་བསྐོར་ཏུ། ཧཱུྃ་བཛྲ་ཙིཏྟ་ཨ༔ ཛྙཱ་ན་ས་མནྟ་བྷ་ཏྲ་ༀ༔ ཞེས་གཟབ་ཡིག་མཐིང་ཀའི་སྔགས་ཕྲེང་གཅིག་བཀོད། དེ་བཞིན་དུ་གཙོ་བོ་གཉིས་པ་རྣམ་སྣང་ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཀར་པད་ཟླར་རྡོ་རྗེའི་ལྟོ་བར་ཟླ་གདན་ལ་ༀཿམཱུཾ་གྱི་མཐར། ཨཱོཾ་ཛི་ན་ཛིཀ༔ མཱུཾ་དྷ་དུ་ཤྭ་རི་སྟྭཾ༔ སྔགས་ཕྲེང་དཀར་པོ། རྡོར་སེམས་ཡབ་ཡུམ་གྱི་ཐུགས་ཀར་ཧཱུྃཿལཱཾ། རིན་འབྱུང་ཡབ་ཡུམ་ལ་སྭཱཿམཱཾ། སྣང་མཐའ་ཡབ་ཡུམ་ལ་ཨཱཾ་པཱཾ། དོན་གྲུབ་ཡབ་ཡུམ་ལ་ཧཱ་ཏཱཾ༔ རང་སྔགས་རང་མདོག་གིས་བསྐོར་བ། འཁོར་ཞི་བ་རྣམས་ཀྱིས་ཐུགས་ཀར་ཟླ་གདན་ལ། རང་རང་གི་ས་བོན་རང་སྔགས་ཀྱིས་བསྐོར་བ་དང་། ཁྲོ་ཚོགས་ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཀར་ཉི་གདན་ལ་ས་བོན་སྒྲིལ་མའི་མཐར་ཡབ་ཡུམ་གཉིས་ཀའི་རང་སྔགས་དང་། མ་ཚོགས་སོ་སོར་རང་སྔགས་རྐྱང་པ་སྟེ། མཐར་གྱི་སྒོ་མ་སྦྲུལ་གདོང་མའི་ཐུགས་ཀར་བྷྱོཿལྗང་ལ་ༀ་བཛྲ་ལཾ་པོ་ཏ་ར་མ་བྷྱོཿས་བསྐོར་བའི་བར། སྔགས་ཕྲེང་རྣམས་ཤིན་ཏུ་ཕྲ་བ། རང་རང་རྒྱུ་ཡི་ས་བོན་ཡིག་འབྲུ་ལ༔ སྙིང་པོ་སྔགས་འབྲས་རྡོ་རྗེ་ལུག་རྒྱུད་ཀྱིས༔ བསྐོར་བ་ཟླ་བ་སྐར་ཕྲེང་ལྟར་གསལ་ཅི་ཐེབས་དང་ཿ ཁྱད་པར་གཙོ་སྔགས་ལ་དམིགས་པ་གཅུར་ནས༔ ཧཱུྃ་བཛྲ་ཙིཏྟ་ཨ༔ ཛྙཱ་ན་ས་མནྟ་བྷ་ཏྲ་ༀ༔ ཞེས་པ་ཡིད་བཟླས། འགོག་བཟླས། ཤུབ་བུར་བཟླས་པ་སོགས་གང་མོས། མི་ཚིག་གིས་བར་མ་བཅད་པར་བཟླས་པའི་སྟོབས་ཀྱིས། སྔགས་ཕྲེང་བྱིན་རླབས་ནུས་པ་ཆེར་འབར་བས་གདན་ལས་ཅུང་ཟད་འཕར་ཏེ་ཕྱི་ནས་བལྟས་ན་འདོན་ཆོག་པ་ལྟར་རང་སྒྲ་དང་བཅས་པ་བར་མ་ཆད་པར། གཡས་སུ་འཁོར་ཞིང་གསལ་འཚེར་གཟི་བརྗིད་བསྒོམ་པ་ནི་ཉེ་བསྙེན། དེ་ལས་གཞན་དུ་མ་ཡེངས་པར་ཉམས་ལེན་ཐུན་དུ་བཅད་པ་ལ། བཟླས་པ་སྔགས་ཀྱི་གཟེར་ཞེས་བྱ་སྟེ་སྔགས་ཀྱི་མཐུ་བསྐྱེད་པའོ། །ནམ་ཡང་བཟླས་པ་ཕྲེང་སྐོར་རེ་སོང་ནས་ལྷའི་གསལ་འདེབས་བློ་གཞུར་བ་རེ་དང་། བླ་མ་ལ་མོས་གུས། སེམས་ཅན་ལ་སྙིང་རྗེ་དུང་ངེ་བ་རེ་མ་བརྗེད་པར་གཅུར་ནས་བྱས་པས། ཇི་ཞིག་ན་རྩོལ་མེད་རང་ཤུགས་སུ་འཆར་བར་འགྱུར་གསུངས། ཐུན་འཇོག་ཁར་འོད་ཟེར་འཕྲོ་འདུ་དྲན་ཙམ་རེ་ལས་མང་པོ་མི་དགོས། ཡེངས་ཤོར་ན་དམིགས་རིམ་དུམ་ཆོད་བྱ་སྟེ། རེས་ལྷ་རེ་རེ་ནས་གསལ། རེས་མཉམ་པར་འཇོག རེས་ལྷ་ཡོངས་རྫོགས་ལྷང་ངེར་གསལ། དེ་ལྟ་བུས་བསྙེན་གྲངས་དྲུག་འབུམ་མཆོད་བསྟོད་དང་བཅས་པ་ཐེམས་ནས། སྒྲུབ་པའི་ཚེ། གཙོ་བོ་ཀུན་བཟང་གི་ཐུགས་ཀར་ཨཿཡི་མཐར་ཧཱུྃ་བཛྲ་ཙིཏྟ་ཨ༔ ཛྙཱ་ན་ས་མནྟ་བྷ་ཏྲ་ༀ༔ ༀ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་པའི་སྔགས་ཕྲེང་མཐིང་ག་ཕྱི་ནང་རིམ་པ་སུམ་བསྐོར་དུ་བཀོད་དེ། གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་རང་རང་གི་སྙིང་པོ་སྔར་བཞིན་ནུས་ལྡན་དུ་འཁོར་ཞིང་བཟླ་བར་བསྒོམས་ལ། དཔེར་ན་རྣམ་སྣང་ཡབ་ཡུམ་གྱི་ཞལ་ནས་ༀ་ཛི་ན་ཛིཀ྄ མཱུཾ་དྷ་ཏུ་ཤྭ་རི་སྟཾ། ཞེས་སྒྲོག ཀོ་རི་མས། ༀ་བཛྲ་ཀོ་རི་ཧཱ༔ སྒྲོགས་པ་ལྟར་རང་རང་གི་སྲོག་སྙིང་རང་རང་གིས་བཟླ་བར་བསྒོམ་པ་ཡིན། མཆན། བྷོ་དྷི་དང་རུ་ལུ་ཁོ་ན་བཟླ། སྐབས་སྐབས་སུ་སྔགས་ཕྲེང་ལས་རྒྱལ་པོའི་ཕོ་ཉ་ལྟར་འོད་ཟེར་འཕྲོས་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཡི་དམ་རྩ་བ་གསུམ་གྱི་ལྷ་ཚོགས་ལ་ཕོག མཆོད་པ་འབུལ། ཐུགས་དམ་གྱི་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་ཚུར་འདུས་ནས་སྔགས་ཕྲེང་ལ་ཐིམ་པས། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་ནས་མཆོག་གི་དངོས་གྲུབ་ཆོས་སྐུ་ཐོབ་པར་བསམ་ལ་བཟླ་བ་སྒྲུབ་པ། ཡང་སྐབས་སུ་སྔགས་ལས་འོད་ཟེར་འཕྲོས། ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་དག་པའི་གཞལ་ཡས་ཁང་དུ་གྱུར། ནང་བཅུད་ཀྱི་སེསམ་ཅན་ཐམས་ཅད་ལ་ཕོག་པས། ལས་ཉོན་སྡིག་སྒྲིབ་ཐམས་ཅད་སྐད་ཅིག་གིས་དག་ནས། སེམས་ཅན་ རེ་རེ་བཞིན་དམ་པ་རིགས་བརྒྱ་རེ་མཆན། ཐམས་ཅད་ཀྱང་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱི་སྐུ་ཤ་སྟག་ཏུ་གྱུར་ཏེ། ཞལ་ནས་སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་ལྟར་དི་རི་རི་སྒྲོག་པར་བསམ་ལ་བཟླ། འོད་ཟེར་དེས་ལམ་གྱི་གདུག་པ་ཅན་ཐམས་ཅད་ཚར་བཅད་ནས། ཚུར་འདུས་སྔགས་ལ་ཐིམ་པས་རང་གི་ཉམས་ཆག་རྟོག་སྒྲིབ་དག་ནས་གཞན་དོན་གཟུགས་སྐུའི་རྟེན་འབྲེལ་འགྲིགས། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་འཁོར་ལོར་གྱུར་པར་བསམ་ལ་བཟླ་བ་སྒྲུབ་ཆེན་ཏེ། མ་ཡེངས་དྲན་པ་འཕྲོ་འདུས་ངང་ལ་ཞོག༔ ཅེས་རེས་འགའ་ལྷ་དང་སྔགས་ཕྲེང་ལ་དམིགས་པ་གཏད་ནས་བཟླ། རེས་འགའ་འོད་ཟེར་སྤྲོ་བསྡུ་བསྐྱར་ནས་བཟླ་སྟེ། དེ་ཐམས་ཅད་ཀྱི་ཚེ་ན་ལྟ་དོན་ལས་གཞན་ཨ་འཐས་སུ་མ་ཡེངས་པ་ལ་དགོངས་པ་མི་འགྱུར་བའི་གཟེར་ཞེས་བྱའོ། །སྒྲུབ་སྔགས་མཆོད་དང་བཅས་པ་གྲངས་ཐེམས་ནས། ལས་སྦྱོར་ཤམ་བུ་ཅན་བཟླ་བའི་སྐབས། གཙོ་བོ་ཡབ་ཀྱི་ཐུགས་ཀར་སྔར་ལྟར་བྷོ་དྷི་དང་རུ་ལུའི་སྔགས་ཕྲེང་འཁོར་བཞིན་པར་ༀ་ལས་ༀ་ཆད་པ་སོགས་སྔགས་འབྲུ་རང་རང་ལས་གཉིས་པ་རེ་ཐ་ར་ར་ཆད་པའི་སྔགས་ཕྲེང་ལུ་གུ་རྒྱུད་དུ་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། མཁའ་གསང་ནས་ཐུགས་ཀའི་སྲོག་ཡིག་ཨཿལ་ཐིམ་པ། མགལ་མེའི་འཁོར་ལོ་ལྟར་ཧྲི་ལི་ལི་འཁོར་བ་ལས་འོད་ཟེར་འཕྲོས། འཁོར་གྱི་ལྷ་རྣམས་ལ་ཕོག་པས་བདེ་བ་ཆེན་པོས་དགྱེས་པ་བསྐྱེད་ཅིང་གཟི་བྱིན་ལྷག་པར་འབར་ཏེ། ལྷ་ཚོགས་ཐམས་ཅད་ཀྱིས་སྔགས་སྒྲ་དི་རི་རི་བཟླས་པར་བསམ་ལ། རང་གིས་ཀྱང་སྔགས་སྒྲ་དག་པར་བཟླས་པའི་ནུས་པས། ལྷ་ཚོགས་ཐམས་ཅད་ཀྱི་སྔགས་ཕྲེང་ལས་འོད་ཟེར་ཁ་དོག་ལྔ་ལྡན་མཆོད་པའི་སྤྲིན་ཕུང་ཅན་ཡར་འཕྲོས། རྩ་གསུམ་རྒྱལ་བ་རབ་འབྱམས་མཆོད་པས་མཉེས་ནས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ༀ་ཨཱཿཧཱུྃ་གི་རྣམ་པ་འོད་ཟེར་དང་བཅས་པ་རང་ལ་ཐིམ་པས། སྤྲོས་བཅས་བུམ་དབང་། གཏུམ་པོ་གསང་དབང་། ཤེས་རབ་ཡེ་ཤེས། རིག་པ་རྩལ་དབང་རྣམས་ཐོབ་པར་བསམ་ལ་བཟླ། ཡང་འོད་ཟེར་མར་འཕྲོས། སྣོད་བཅུད་མ་དག་པ་ཐམས་ཅད་སྦྱངས་ནས་དག་པ་རབ་འབྱམས་སུ་གྱུར་པར་བསམ་ལ་བཟླ། ཡང་འོད་ཟེར་དཀར་པོས་ཞི་བའི་ཕྲིན་ལས་སྒྲུབ། སེར་པོས་རྒྱས་པའི་ཕྲིན་ལས་སྒྲུབ། དམར་པོས་དབང་གི་ཕྲིན་ལས་སྒྲུབ། ལྗང་གུས་དྲག་པོས་ཕྲིན་ལས་སྒྲུབ། མཐིང་གས་མཆོག་གི་ཕྲིན་ལས་ཏེ་དམིགས་ཡུལ་གཙོས་པའི་འགྲོ་ཀུན་རྒྱལ་བ་ཞི་ཁྲོའི་གོ་འཕང་ལ་འགོད་པར་བསམ་ནས་བཟླའོ། །འདིར་བཏགས་གྲོལ་ཆེ་བའང་ཚར་རེ་བཀླག་སྟེ་ཕན་ཡོན་ལ་ངེས་ཤེས་བསྐྱེད། འདི་དག་ལ་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་ཞེས་བྱ་སྟེ། སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པའི་གཟེར་གྱིས། ལུས་ངག་ཡིད་གསུམ་བྱ་བ་དང་བཅས་པ་ལ་ཐེབས་པར་བྱ་བ་ནི་གནད་ཆེ་བར་གསུངས། དེ་ལྟར་ལྷ་སྔགས་ཐམས་ཅད་ཨ་འཐས་སུ་མ་སོང་བར། དགོངས་པ་མ་བཅོས་ལྷུག་པར་ལྷོད། ཅེས་པ་ནི་འཇའ་སྤྲིན་འཁྲིགས་བཞིན་དུ་ནམ་མཁའ་མ་འགྱུར་བ་ལྟ་བུའོ། །ཐུན་མཐའ་རྣམས་སུ་རིགས་དྲུག་གནས་འགྱུར་གྱི་ལྷ་རྣམས་རྟེན་དང་བཅས་པ་དཀྱིལ་འཁོར་པ་ལ་བསྡུས་ནས། ཆད་ལྷག་སྐོང་བའི་ཨཱ་ལི་ཀཱ་ལི་ཡིག་བརྒྱ་རྟེན་སྙིང་ལན་གསུམ་རེ་དང་། དངོས་གྲུབ་འདོད་པའི་གསོལ་བ་གདབ། མཆོད་བསྟོད་དང་དངོས་གྲུབ་བླང་བ་དམིགས་རྣམས་སྦྲག བཤགས་པས་ཆོ་ག་ཉམས་པ་སོར་ཆུད་པར་བསམ།

བསྡུ་རིམ་ནི། གཞལ་ཡས་ཁང་འོད་དུ་ཞུ་ནས། འཁོར་གྱི་ལྷ་རྣམས་ལ་ཐིམ། ལྷ་རྣམས་ཀྱང་གཙོ་བོ་ལ་ཐིམ། གཙོ་བོ་ཐུགས་སྲོག་ཨཿལ་ཐིམ། ཨཿཆོས་ཉིད་ཀྱི་དབྱིངས་སུ་ཐིམ་པས། སྟོང་ཉིད་དམིགས་མེད་ཀྱི་ངང་དུ་ལྷན་ནེར་བཞག གནས་ཡུན་རིང་ཐུང་རང་ཉམས་དང་བསྟུན་ལ། མི་གནས་པའི་ཚེ་རྟོག་པ་ཤར་བ་དེ་ག་རང་ཉིད་ཡི་དམ་གྱི་ལྷ་རྡོ་རྗེ་སེམས་དཔའ་གཟི་བརྗིད་དང་ལྡན་པར་བསམ་ལ། སྲུང་གུར་གསལ་ཡང་གདབ་བྱ། དགེ་རྩས་འགྲོ་ཀུན་ཀ་དག་ནང་དབྱིངས་བུམ་སྐུར་བརྫུས་སྟབས་སུ་སྨིན་པའི་བསྔོ་སྨོན་གྱིས་རྒྱས་གདབ། མཁའ་དབྱིངས་ནས་ལྷུན་གྲུབ་ལམ་སྣང་གིས་བསྡུས་པའི་ཤེས་བརྗོད་ཀྱི་མེ་ཏོག་འབེབས་པར་བསམ། དེ་ནས་ཀྱང་སྤྱོད་ལམ་ཐམས་ཅད་བླ་མ་ཀུན་བཟང་ཞི་ཁྲོའི་སྐུ་གསུང་ཐུགས་སུ་ལམ་དུ་འཁྱེར་བ་ལ་རྗེས་ཐོབ་ཟེར་ཏེ། ཐུན་ནང་གི་ཏིང་ངེ་འཛིན་དེའི་རྗེས་ལས་ཐོབ་པའི་ཤེས་པ་ཡིན་པའི་ཕྱིར་རོ། །བསྒོམ་དོན་གྱི་ངད་དང་བྲལ་བའི་འཁྲུལ་རྟོག་ཁ་ཡན་ལ་རྗེས་ཐོབ་ཀྱི་མིང་མི་ཐོགས་པས་དྲན་ཤེས་གཟབ་བོ། །ནམ་བསྙེན་སྒྲུབ་ལས་གསུམ་གྲུབ་པའི་ཕྱི་ཐུན་ནས་མཆོད་གཏོར་དང་ཚོགས་མཆོད་རྒྱས་པར་གཏོང་། ཕྱིར་ནངས་ཐོར་ཐུན་ནས་མཆོད་གཏོར་རྒྱ་ཆེར་བཤམས་ལ་ལས་བྱང་གི་བཟླས་དམིགས་ཀྱི་སྐབས་སུ་སྒྲུབ་གཏོར་ལྷར་གསལ་བ་ལ། འོད་ཟེར་འཕྲོ་འདུས་དངོས་གྲུབ་བསྡུ་ཞིང་བསྟིམ་བཞིན། སྤྱིར་འཛབ་ལ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཨཱཿཧཱུྃ་ཧྲཱིཿབཏགས་ལ་བཟླས། གཏེར་སྲུང་གཏོར་བསྔོ་དང་། ཚོགས་མཆོད། རྒྱུན་བཞག་གི་ཆད་བརྟན་གཏོར་སྐྱོང་བྱ། དེ་དག་གི་ཕྱག་ལེན་དང་དམིགས་རིམ་གཞན་ནས་ཤེས། དེ་ནས་སྒྲུབ་གཏོར་ལྷ་ཚོགས་ལ་མཆོད་བསྟོད། ཡིག་བརྒྱ་མང་དུ་བརྗོད་ལ་བཤགས་པ་བྱ། ཀུན་བཟང་རིགས་ལྔ་རྡོ་རྗེ་འཆང་སོགས་ཀྱིས་གསོལ་བ་དྲག་ཏུ་གདབ། རྒྱུན་བཞག་གི་མར་མེ་དང་། སྒྲུབ་གཏོར། བདུད་རྩི་སྨན་ཐོད་བཅས་སྤྱི་བོར་བླང་ལ། ལྷ་ཚོགས་རྣམས་ཀྱི་སྤྱི་བོ་ནས་ༀ་འཕྲོས། རང་གི་སྤྱི་བོར་ཐིམ་པས་སྤྲོས་བཅས་བུམ་པའི་དངོས་གྲུབ་ཐོབ། མགྲིན་པ་ནས་ཨཱཿའཕྲོས། རང་གི་མགྲིན་པར་ཐིམ་པས་གཏུམ་མོ་མེ་དྲོད་ཀྱི་དངོས་གྲུབ་ཐོབ། ཐུགས་ཀ་ནས་ཧཱུྃ་འཕྲོས། རང་གི་སྙིང་ཀར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ། གནས་གསུམ་ནས་ༀཨཱཿཧཱུྃཿཧྲཱིཿའཕྲོས་པས་ཧྲཱིཿགཅིག་ཏུ་གྱུར། ཧྲཱིཿརང་གི་རིག་པ་ལ་ཐིམ་པས། རིག་པ་རྩལ་དབང་ཡོངས་རྫོགས་མཆོག་གི་དངོས་གྲུབ་ཐོབ་པར་བསམས། ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམས། ཐུན་མོང་གི་དངོས་གྲུབ་རྣམས་བཀྲ་ཤིས་པའི་རྫས་ཀྱི་རྣམ་པར་ཐོབ་པར་བསམས་ལ། ༀཨཱཿཧཱུྃ༔ བླ་མ་ཀུན་བཟང་ཡབ་ཡུམ་དང་༔ བདེ་གཤེགས་རྒྱལ་བའི་ཚོགས་དང་བཅས༔ རྒྱལ་བའི་དཀྱིལ་འཁོར་གཉེན་པོ་རུ༔ ད་ལྟ་རྣལ་འབྱོར་བདག་ཅག་གིས༔ གདུང་བ་དྲག་པོའི་ཡིད་ཀྱིས་ཀྱང་༔ རྟག་པར་བསྐུལ་ཡང་མི་ཞུ་སྟེ༔ དེ་རིང་དངོས་གྲུབ་གནད་ནས་བསྐུལ༔ སྒྲུབ་པའི་ཞག་གྲངས་ཐེམས་ལགས་ཀྱི༔ ཆོ་ག་ལྷག་ཆད་མེད་པར་རྫོགས༔ སྙིང་པོ་སྔགས་ཀྱིས་གནད་བསྐུལ་འགྲུབ༔ བྱིན་རླབས་རྒྱུན་མི་ཆད་པར་ཉེ༔ ཡིད་འཛིན་རྟོག་སྒྲིབ་ཀ་ནས་དག༔ བསམ་གཏན་ཆེན་པོ་ས་གནོན་དུ༔ ཀུན་བཟང་ཁྱེད་དང་དབྱེར་མེད་གྲོལ༔ ད་ལྟ་རྗེས་སུ་ཡི་རང་བར༔ དེང་སང་སྐྱ་རེངས་དང་པོ་ཤར༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ༔ རྒྱལ་བའི་ཐུགས་རྗེས་དགོངས་ནས་ཀྱང་༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ བྱིན་ཆེན་དབབ་པའི་དུས་ལ་བབ༔ དབང་བཞི་བསྐུར་བའི་དུས་ལ་བབ༔ ཡིད་འཛིན་གྲོལ་བའི་དུས་ལ་བབ༔ ཉོན་མོངས་ཟློག་པའི་དུས་ལ་བབ༔ རྟོགས་གྲོལ་གསལ་བའི་དུས་ལ་བབ༔ འཁྲུལ་པ་དག་པའི་དུས་ལ་བབ༔ བར་ཆད་སྲུང་བའི་དུས་ལ་བབ༔ རྐྱེན་ངན་ཟློག་པའི་དུས་ལ་བབ༔ སྦྱོར་ངན་ཟློག་པའི་དུས་ལ་བབ༔ ལྟས་ངན་ཟློག་པའི་དུས་ལ་བབ༔ བྱད་ཁ་ཟློག་པའི་དུས་ལ་བབ༔ ད་ལྟ་དུས་ལ་བབ་པར་བསྐུལ༔ ཐུན་མོང་དངོས་གྲུབ་ཐོབ་པ་དང་༔ མཆོག་གི་དངོས་གྲུབ་ད་ལྟར་སྩོལ༔ བྱིན་རླབས་ཆུ་རྒྱུན་འབེབས་པ་ལ༔ རྒྱུན་ཆད་མེད་པ་ད་ལྟར་སྩོལ༔ དབང་གི་ཆུ་རྒྱུན་བབ་པ་ལ༔ མཆོག་གི་དབང་བཞི་ད་ལྟར་སྩོལ༔ ཡིད་འཛིན་རྟོག་སྒྲིབ་གྲོལ་བ་ལ༔ ཉམས་དབྱངས་ཆུ་རྒྱུན་ད་ལྟར་སྩོལ༔ མི་མཐུན་སྦྱོར་ངན་ཟློག་པ་ལ༔ བར་ཆད་རིགས་སོགས་ད་ལྟར་ཟློག༔ གང་བསམ་འགྲུབ་པའི་ཞི་ཁྲོའི་ལྷ༔ མི་འགྱུར་སྐུ་ཡི་དངོས་གྲུབ་སྩོལ༔ མི་འགགས་གསུང་གི་དངོས་གྲུབ་སྩོལ༔ མི་འཁྲུལ་ཐུགས་ཀྱི་དངོས་གྲུབ་སྩོལ༔ མི་ཟད་ཡོན་ཏན་དངོས་གྲུབ་སྩོལ༔ ཚད་མེད་ཕྲིན་ལས་དངོས་གྲུབ་སྩོལ༔ དུས་ལས་མ་འདའ་དངོས་གྲུབ་སྩོལ༔ རྟག་ཏུ་མི་ཟད་གཏེར་ལ་སྤྱོད༔ ༀ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷར་ཏུ་རུ་ལུ་རུ་ལུ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨཱཿ ཞེས་པས་གནས་གསུམ་དུ་གཏུགས་ཏེ་རྫས་ལ་རོལ་པས་བདེ་ཆེན་གྱི་ཡེ་ཤེས་འབར་བར་བསམ། དེ་ནས་ཨརྒྷཾ་སོགས་ཀྱིས་མཆོད། ཐིག་ལེ་ཉག་གཅིག་གིས་བསྟོད། ཁ་སྐོང་ཞི་བའི་སྦྱིན་སྲེག་གྲངས་ཀྱང་བསྙེན་པའི་གྲངས་ཀྱི་བཅུ་ཆ་དགོས་གསུངས་པ། དེ་ཉིན་དང་ཕྱི་ཉིན་ནས་བྱ། རྗེས་ཆོག་བསྡུ་རིམ་བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱ། དེ་ནས་ཀྱང་ཞག་ཤས་ལ་ཕྱི་རོལ་དུ་རྒྱུ་འགྲུལ་མི་བྱ་བར། ནང་དུ་ཐུན་མ་ཆག་ཙམ་རེ་གུ་ཡངས་སུ་སྤྱོད། གང་ཚེ་རྒྱལ་ཐོའི་མདུན་དུ་དཀར་གཏོར་གསེར་སྐྱེམས་བཤམས་ལ། རཾ་ཡཾ་ཁཾ། ༀཨཱཿཧཱུྃ༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ནས་བྷ་ལིན་ཏ་སྭཱ་ཧཱ། བཛྲ་ཨརྒྷཾ་སོགས་ནས་ཤབྟའི་བར་གྱིས་མཆོད། ཀྱེ་སྔོན་ནས་ཐུགས་བསྐྱེད་བསྟན་དང་འགྲོ་བའི་མགོན། །བསྟན་སྲུང་རྒྱལ་ཆེན་སྡེ་བཞི་འཁོར་དང་བཅས། །སྔར་བྱས་ལས་ཀྱི་གཏང་རག་མཆོད་གཏོར་བཞེས། །རྣམ་དག་རང་བཞིན་ཀློང་དུ་བཛྲ་མུཿ ཞེས་རང་གནས་སུ་གཤེགས་པར་བསམ་ལ། སྐུ་གསུམ་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཅེས་སོགས་ཤེས་པར་བརྗོད་ནས་ཐོ་བྱང་བསྡུ། དེ་ནས་ཕྱི་རོལ་གྱེན་དུ་ཅུང་ཟད་འགྲོ་ཞིང་མིག་ཉི་མ་ལ་བལྟ་བ་རྟེན་འབྲེལ་ཡིན་གསུངས། དང་པོར་དམ་ཚིག་གཅིག་པའི་གྲོགས་དང་འཕྲད་པར་བྱ་ཞིང་། སྔར་དུས་མི་འདྲ་བའི་རྗེས་ཐོབ་རྒྱུན་སྐྱོང་དང་། ཕྱིས་ཀྱང་བསྒྲུབ་འདུན་གྱི་བག་ཆགས་བཞག་པས་གྲུབ་པའོ། །སྨྲས་པ། འོད་སྟོང་ལྡན་པའི་མཁས་མང་མཐོ་དྲགས་པས། །དམུན་པོའི་ཁུང་བུར་གསལ་བྱེད་ཐབས་ཆག་ཚེ། །སྲིན་བུ་མེ་ཁྱེར་རང་སྔུན་རང་གསལ་ཙམ། །འདི་ལ་ལྷ་དང་བླ་མས་སྙིང་རྗེ་འཚལ། །ཇི་སྐད་བཤད་པའི་རིམ་པ་དང་། ཞུ་དག་ཆོག་པའི་ཉམས་ལེན་ནི། །རང་གི་རྔོ་མི་ཐོགས་བཞིན་དུ། །དཔེ་ཐོག་བྲོ་བརྡུང་བྱས་པ་བཤགས། །རྣམ་དག་ཆོས་ལ་དད་པའི་ཉེར་ལེན་གྱིས། །རྣམ་དཀར་ཕྲ་མོ་བརྩམས་པའི་བསིལ་ཟེར་གང་། །རྣམ་རྟོག་ལས་ཀྱིས་སྤྲུལ་པའི་ལུས་ཅན་ཀུན། །རྣམ་མཁྱེན་ཡང་སངས་རྒྱས་པའི་རྒྱུར་གྱུར་ཅིག །

ཅེས་པ་འདི་ནི་བསྙེན་སྒྲུབ་རྣལ་དུ་འབྱོར་བ་རྣམས་ལ་མ་ཡིན་ཏེ། དབང་གི་དམ་ཚིག་བསྙེན་འདོད་ཅན་རང་དོན་ཉི་ཚེ་དང་། འདི་ཉིད་སྒྲུབ་འདུན་ཡོད་པའི་མཆེད་གྲོགས་གསར་བུ་དང་སློབ་ཕྲུག་འགའ་ལའང་སྨན་པར་ཤེས་ནས། གཏེར་ཆེན་རང་གི་ཆོས་གཞུང་ལྷའི་གནྡྷེ་ལ་གཞི་བྱས། བསྙེན་ཡིག་གཞན་ནས་ཟུར་བརྒྱན། རྩ་བའི་དགོངས་པ་གུང་བསྡེབས་ཏེ། ཆ་ཚང་བར་འབྲི་བ་པོ་བྱམས་འབྱོར་རྨོངས་རྒན་སཱུཀྟ་སྟེ། ཕྱོགས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།

༈ ཙིཏྟ་རང་གྲོལ་གྱིས་ཏིང་འཛིན་རྣམ་གསུམ་སྟོང་ཐུན། ༀ་ཆོས་སྐུ་དང་། ཨཱཿལོངས་སྐུ་དང་། ཧཱུྃ་སྤྲུལ་སྐུ་སྟེ། དེ་ལའང་ཕྱིའི་སྐུ་གསུམ་དང་། ནང་གི་སྐུ་གསུམ་དང་། གསང་བའི་སྐུ་གསུམ་དུ་དབྱེ་བ་དང་། རྒྱུད་གསང་བ་འདུས་པ་ལས། བསྐྱེད་པ་ལ་སོགས་དམ་ཚིག་དག །རྡོ་རྗེ་མི་བྱེད་གསུམ་བསྒོམ་པས། །ཞེས་དང་། བདེ་གཤེགས་འདུས་པའི་རྒྱུད་ལས། རིགས་བརྒྱ་རིགས་ལྔ་རིགས་གཅིག་རྣམས། །གསང་ཆེན་རིགས་གཅིག་འདི་ལ་འདུས། །སྙིང་པོ་ཡི་གེ་འབྲུ་གསུམ་གྱིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། །ཅེས་སོགས་གསུངས་ཏེ། འདིར་ཐེག་རྩེ་རྫོགས་པ་ཆེན་པོའི་ལུགས་ལ་གཞི་གནས་སྐུ་གསུམ་གྱི་སྙིང་པོ་འབྲུ་གསུམ་ནི་ཨ་ཏི་རང་བྱུང་གི་ཚིག་བརྗོད་མེད་བརྗོད་པ་ཆེན་པོ་སྟེ། འདས་རྗེས་ལས། རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་གསུམ་དུ་ཤར། །ཞེས་དང་། སྔ་མ་ལས། འབྲུ་གསུམ་རྒྱུ་བ་དང་བཅས་པ། །རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས། །རང་བཞིན་ཉིད་དུ་ཡེ་ནས་གནས། །འཁོར་འདས་མ་ལུས་ཀུན་གྱི་སྲོག །གཅིག་ཏུ་གནས་པ་ཁོ་ན་སྟེ། །ཞེས་སོ། །དེའང་ནང་གསལ་ཕྲ་བའི་ཡེ་ཤེས་སུམ་ལྡན་ཞེས་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་སྟེ། རིག་པ་སྐུ་གསུམ་གྱི་བདག་ཉིད་ཀ་ནས་དག་པའི་གནས་ལུགས་ཆོས་ཀྱི་སྐུ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་སྟོང་པའི་རང་བཞིན་ཡིན་པ་ལ་ཡིན་པའི་ཚུལ་གྱིས་བཞག་པའོ། །བཞག་ཚུལ་ཡང་བདེ་གསལ་མི་རྟོག་ཤེས་ཉམས་ཅན་མ་ཡིན་པར། ནང་གསལ་སྐུ་གསུམ་གྱི་བདག་ཉིད་ཅན་ཏེ། བདེ་བ་སྤྲུལ་སྐུའི་ཏིང་ངེ་འཛིན། གསལ་བ་ལོངས་སྐུའི་ཏིང་ངེ་འཛིན། མི་རྟོག་པ་ཆོས་སྐུའི་ཏིང་ངེ་འཛིན་བསྒོམ་པ་ནི། ཡང་གསང་བླ་མེད་འདིར་སྟོང་པ་ཀ་དག་མི་གཙོ་ལྷུན་གྲུབ་གཙོ་བའི་ཕྱིར། གཞན་དུ་ཤུ་ནྱ་ཏས་སྟོང་པ་ཙམ་དང་མི་འདྲ་བའི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཁྱད་པར་བའོ། །དེ་ཏིང་སྨྲ་བསམ་བརྗོད་དུ་མེད་པ་དེའི་རང་མདངས་གསལ་བའི་ཆ་ལོངས་སྐུ་ནི། རྣམ་པ་ཀུན་ཏུ་སྣང་ལ་བཟང་པོ་མཆོག་དང་ལྡན་པ་སྙིང་རྗེའི་ངང་ཚུལ་ཅན་རང་བཞིན་ལྷུན་གྲུབ་ཏུ་ཤར་བའི་ཚེ་ན་ཡང་། འཆར་གཞི་བློ་ནས་འདས་པའི་ཆོས་སྐུའི་ངང་ལས་གཞན་དུ་མི་འགྱུར་བ་དེ་ནི་དམིགས་པ་མེད་པའི་སྙིང་རྗེ། འགྲོ་ལའམ་སེམས་ཅན་ལ་དམིགས་པའི་སྙིང་རྗེ། ཐེག་པའམ་ཆོས་ལ་དམིགས་པའི་སྙིང་རྗེ་སྟེ་ཆོས་ཁམས་བདེ་གཤེགས་སྙིང་པོས་རང་ཆས་སུ་ཁྱབ་ཡོད་ནའང་རང་ངོ་མ་རྟོགས་པ་ལ། ཀུན་སྣང་གི་ཏིང་ངེ་འཛིན་བསྒོམ་པའོ། །སྙིང་རྗེ་དེའི་གདངས་རྩལ་མ་འགགས་པ་ཐུགས་རྗེ་ཕྱི་གསལ་སྤྲུལ་པའི་སྐུ་ནི། བདག་གི་སེམས་ཉིད་ཐ་མལ་གྱི་ཤེས་པའམ་ད་ལྟའི་རིག་པ་རང་གི་སྐུའམ་རྡོ་རྗེའི་ལུས་ཡེ་ཤེས་ཀྱི་རྩ་ཡིིག་རྙིང་གཞན་ན་བདག་ཉིད་ཐ་མལ་རང་གི་སེམས་ཞེས་སྣང་ན་སེམས་ཉིད་ཨ་མཐིང་ག་སོགས་སྤྱི་འགྲོའོ། །འཁོར་ཅན་གྱི་ངོ་བོ་ཡི་གེ་ཨ་མཐིང་གསལ་གྱི་རྣམ་པར་བསྒོམ་པ་ནི་རྒྱུའི་ཏིང་འཛིན་ནོ། །བསྐྱེད་བཟླས་ཐམས་ཅད་སྐུ་གསུམ་གྱི་ཏིང་ངེ་འཛིན་འདིའི་ངང་ལས་ཤར། འདིའི་ངང་ལ་གནས། འདིའི་ངང་དུ་ཐིམ་པས་རྩལ་སྦྱང་པ་ནི་སྐུ་གསུམ་འབྲས་བུ་རྫོགས་པ་ཆེན་པོ་ཆོས་སྐུ་སྨིན་པར་བྱེད་པའོ།། །།

རྒྱུད་ཆེན་ལྟ་བ་ཀློང་ཡངས་ཀྱི་མན་ངག་བར་དོ་བཞིའི་གདམས་ངག

རྒྱུད་ཆེན་ལྟ་བ་ཀློང་ཡངས་ཀྱི་མན་ངག་བར་དོ་བཞིའི་གདམས་ངག་བཞུགས་སོ༔

ཨོ་རྒྱན་པདྨ་འབྱུང་གནས་ངས༔ རྡོ་རྗེ་འཆང་གི་ལུང་བཞིན་དུ༔ སྐྱེ་གཉིས་བར་དོར་སངས་རྒྱས་ནས༔ ངེས་པའི་འབྲས་བུ་སུས་འདོད་པ༔ ང་ཡི་བསྟན་གྱིས་ལེགས་པར་ཉོན༔ ཡང་དག་ཟང་ཐལ་ངོ་བོ་ཉིད༔ འཁོར་འདས་ཀུན་གྱི་ལམ་ཆེན་པོ༔ དེ་ཉིད་བགྲོད་པར་བྱ་བའི་ཕྱིར༔ བར་དོའི་དབྱེ་བསལ་ས་མཚམས་དང༔ གནས་ལུགས་འཆར་ལུགས་བཞི་རུ་འདུས༔ རང་བཞིན་སྐྱེས་གནས་བར་དོ་དང་༔ འཆི་ཁ་མ་ཡི་བར་དོ་དང་༔ ཆོས་ཉིད་ཞི་ཁྲོའི་བར་དོ་དང་༔ སྲིད་པར་འཁྱམས་པའི་བར་དོའོ༔ སྐྱེས་གནས་བར་དོ་འདི་ལྟ་སྟེ༔ མ་ལས་སྐྱེས་ནས་མ་ཤིའི་བར༔ རང་ལུས་འདོམ་གང་གྲུ་བཞི་འདི༔ ཁམས་རྣམས་དང་ནི་ཕུང་པོ་དང༔ སྐྱེ་མཆེད་དང་ནི་དབང་པོ་དང༔ ཡུལ་དང་ཡུལ་ཅན་ཤེས་པ་རྣམས༔ ཅི་ལྟར་གནས་པ་གཏན་ལ་དབབ༔ འདི་དག་ཤེས་པའི་རྣལ་འབྱོར་པས༔ སྣང་བ་ཐམས་ཅད་དབང་བསྒྱུར་ནུས༔ ཁམས་ལ་རྣམ་པ་གཉིས་ཡིན་ཏེ༔ ཕྱི་ཡུལ་གྱིས་བསྡུས་པའི་ཁམས་དང་གཉིས༼གཅིག༽༔ ནང་སེམས་ཀྱིས་བསྡུས་པའི་ཁམས་དང་གཉིས༔ ཕྱི་ཡུལ་གྱིས་བསྡུས་པའི་ཁམས་རྣམས་ནི༔ ས་ཁམས་གཞི་རྣམས་སྐྱེད་པར་བྱེད༔ ཆུ་ཡི་ཁམས་ཀྱིས་ནི་མིང་རྣམས་འཛིན༔ མེ་ཡི་ཁམས་ཀྱིས་ཡུལ་རྣམས་སྨིན༔ རླུང་གི་ཁམས་ཀྱིས་གཡོ་ཞིང་འཇིག་རྟེན་འདེགས༔ ནམ་མཁའི་ཁམས་ཀྱིས་གཞི་ཡང་འཛིན༔ དེ་ནི་ཕྱི་ཡུལ་ཁམས་ལྔ་ཡིན༔ སེམས་ཀྱི་ཁམས་ལ་གཉིས་ཡིན་ཏེ༔ སེམས་ཅན་སྡུད་བྱེད་སྣོད་ཀྱི་ཁམས༔ སེམས་ཉིད་ལས་བྱུང་བཅུད་ཀྱི་ཁམས་ཉིད་དོ༔ སེམས་དྲན་པས་གཞི་བྱས་གཟུགས་ཀྱི་ཁམས༔ དྲན་པ་མཐའ་ཡས་གཟུགས་མེད་ཁམས༔ དྲན་པ་བདག་༼རགས༽འཛིན་འདོད་པའི་ཁམས༔ ཁམས་གསུམ་དག་པ་ཡེ་ཤེས་ཞིང་༔ སེམས་ཉིད་ལས་བྱུང་ཁམས་ཞེས་བྱ་༼པ༽༔ ཤེས་པ་རང་གསལ་མིག་གི་ཁམས༔ ཤེས་པ་རྩེ་གཅིག་རྣ་བའི་ཁམས༔ ཤེས་པ་མཐའ་ཡས་སྣ་ཡི་ཁམས༔ ཤེས་པ་གཅིག་སྡུད་ལྕེ་ཡི་ཁམས༔ ཤེས་པ་ཀུན་ལ་ཁྱབ་པ་ཡིད་ཀྱི་ཁམས༔ ཤེས་པ་ཀུན་འཇུག་ཡིད་ཀྱི་ཁམས༔ དབང་པོ་ཚོགས་དྲུག་ཁམས་དྲུག་གོ༔ མིང་གཟུགས་འཛིན་པ་མིག་གི་རྣམ་ཤེས༔ སྒྲ་རྣམས་འཛིན་པ་རྣ་བའི་རྣམ་ཤེས༔ གཞན་རྗེས་འཛིན་པ་སྣ་ཡི་རྣམ་ཤེས༔ དངོས་སུ་མྱོང་བ་ལྕེ་ཡི་རྣམ་ཤེས༔ ཀུན་ལ་ཁྱབ་པ་ཡིད་ཀྱི་རྣམ་ཤེས༔ ཐམས་ཅད་འདུས་པ་ལུས་ཀྱི་རྣམ་ཤེས༔ དེ་ལྟར་རྣམ་ཤེས་ཁམས་དྲུག་གོ༔ དངོས་པོ་ཐམས་ཅད་ལོག་རྟོག་འཛིན་ཅིང་ཡུལ་བསྒྲུབ་པས༔ མིག་གི་འདུས་ཏེ་རེག་པའི་ཁམས་དང་གཅིག༔ སྣང་བ་ཡུལ་ལ་འཛིན་ཅིང་འཕྲོག་༼ཕྲག་དོག་༽བྱེད་པས༔ རྣ་བའི་འདུས་ཏེ་རེག་པའི་ཁམས་དང་གཉིས༔ འཐོར་བའི་རྣམ་ཤེས་གཅིག་ཏུ་སྡུད་བྱེད་ཅིང་༔ གཞན་གྱི་ཡིད་འཕྲོག་སྣ་ཡི་འདུས་ཏེ་རེག་པའི་ཁམས་དང་གསུམ༔ གང་གི་དངོས་པོ་རྗེས་སུ་འཛིན་ཅིང་ལེན༔ ལྕེ་ཡི་འདུས་ཏེ་རེག་པའི་ཁམས་དང་བཞི༔ དྲན་པའི་དབང་པོ་ཐམས་ཅད་གཅིག་ཏུ་སྡུད་བྱེད་ཅིང༔ ཡུལ་སྣང་ཀུན་ལ་འཇུག་པས་ན༔ ཡིད་ཀྱི་འདུས་ཏེ་རེག་པའི་ཁམས་དང་ལྔ༔ རང་ས་ཐམས་ཅད་འཛིན་ཅིང་འབྱུང་སྡུད་པས༔ ལུས་ཀྱི་འདུས་ཏེ་རེག་པའི་ཁམས་དང་དྲུག་གོ༔ ཁམས་ཀྱི་རྣམ་པ་དེ་དག་ཀྱང་༔ ཡུལ་ཀུན་འཛིན་པས་རང་འཁྲུལ་པའོ༔ རྟོག་པ་དང་བཅས་ཕུང་པོ་ནི༔ དངོས་པོ་ཐམས་ཅད་གཅིག་ཏུ་སྡུད་ཅིང་བསྒྲུབ་པས་ན༔ གཟུགས་ཀྱི་ཕུང་པོ་ཞེས་བྱའོ༔ ཉོན་མོངས་ཐམས་ཅད་གཅིག་ཏུ་སྡུད་[ཅིང་ཚོར་བས་མྱོང་བས་ན༔ དེ་ལ་ཚོར་བའི་ཕུང་པོ་ཞེས་བྱའོ༔ དབང་པོའི་བྱེ་བྲག་གིས་འཛིན་པ་ཐམས་ཅད་གཅིག་ཏུ་བསྡུས་ནས༔ ལེགས་ཉེས་ཀྱི་འདུ་ཤེས་བཟུང་བས་ན༔ དེ་ལ་འདུ་ཤེས་ཀྱི་ཕུང་པོ་ཞེས་བྱའོ༔ ཉོན་མོངས་པ་ཐམས་ཅད་གཅིག་ཏུ་སྡུད་ནས་བྱ་བ་ཐམས་ཅད་བྱས་པས་ན༔ དེ་ལ་] ( ཚིག་འདི་རྣམས་མ་དཔེ་ལས་ཆད་འདུག་པ་ཡི་དམ་དགོངས་འདུས་ལྟར་བྱས་མཆན་) འདུ་བྱེད་ཕུང་པོ་ཞེས་པའོ༔ ཤེས་པ་ཐམས་ཅད་འདུས་པས་ན༔ རྣམ་ཤེས་ཕུང་པོ་ཞེས་པའོ༔ རྟོག་པ་མེད་པའི་ཕུང་པོ་ནི༔ བསམ་གཏན་གཅིག་འདུས་ཏིང་འཛིན་ཕུང་པོ༔ ཟག་པ་ཟད་པ་རྣམ་གྲོལ་ཕུང་པོ༔ སྐྱེ་བ་མེད་པ་ཤེས་རབ་ཕུང་པོ༔ དྲི་མ་དག་པས་ཚུལ་ཁྲིམས་ཕུང་པོ༔ རྣམ་རྟོག་ལས་འདས་རྣམ་གྲོལ་ཕུང་པོ༔ ཡེ་ཤེས་དང་ལྡན་པ་ཡེ་ཤེས་ཀྱི་ཕུང་པོ༔ ཕར་ཕྱིན་དྲུག་གི་ཕུང་པོའོ༔ ས་ཡི་ཆ་འཛིན་མིག་གི་དབང་༔ རླུང་གི་ཆ་འཛིན་རྣ་བའི་དབང་༔ ཆུ་ཡི་ཆ་འཛིན་སྣ་ཡི་དབང་༔ མེ་ཡི་ཆ་འཛིན་ལྕེ་ཡི་དབང་༔ ནམ་མཁའི་ཆ་འཛིན་ཡིད་ཀྱི་དབང་༔ སྣ་ཚོགས་ཆ་འཛིན་ལུས་ཀྱི་དབང་༔ ཤེས་རབ་ཆ་འཛིན་དབང་པོ་ནི༔ གདུང་སེམས་དད་པའི་དབང་པོ་དང་༔ རྣོ་མྱུར་བརྩོན་འགྲུས་དབང་པོ་དང་༔ རྩེ་གཅིག་དྲན་པའི་དབང་པོ་དང་༔ ཆོས་ཉིད་རིག་པའི་དབང་པོ་དང་༔ ལྷ་བསྒོམ་ཉེར་ལེན་དབང་པོ་དང་༔ སེམས་བསྐྱེད་ཞི་བའི་དབང་པོའོ༔

སྐྱེ་མཆེད་བཅུ་གཉིས་འདི་ལྟ་སྟེ༔ བཟུང་བའི་སེམས་དང་འཛིན་པའི་ཡུལ༔ བཟུང་བའི་སེམས་བསྐྱེད་༼སྐྱེ་མཆེད་༽ འདི་ལྟར་རོ༔ གཟུགས་ལ་འདུ་ཤེས་སེམས་དཔའ་དང་༔ སྒྲ་ལ་འདུ་ཤེས་སེམས་དཔའ་དང་༔ དྲི་ལ་འདུ་ཤེས་སེམས་དཔའ་དང་༔ རོ་ལ་འདུ་ཤེས་སེམས་དཔའ་དང་༔ རེག་ལ་འདུ་ཤེས་སེམས་དཔའ་དང་༔ ཆོས་ལ་འདུ་ཤེས་སེམས་དཔའ་དང་༔ མིག་རྣ་བ་སྣ་ལྕེ་ཡིད་ལུས་དྲུག་རང་རང་བཟུང་བའི་ཆ་དང་བཅུ་གཉིས་སོ༔ འཛིན་པའི་སྐྱེ་མཆེད་བཅུ་གཉིས་ནི༔ མིང་གཟུགས་ཁ་དོག་དབྱིབས་རྣམས་དང་༔ ཚིག་དང་ཐད་སྙད་སྣང་མི་སྣང༔ རྟེན་ཅིང་འབྱུང་བ་བཅུ་གཉིས་དང་༔ འདྲ་དང་འདྲ་མིན་རྣམ་པ་གཉིས༔ ཐམས་ཅད་འདུ་ཤེ ས་སེམས་དཔའ་དང༔ ཉེར་ལེན་རྒྱུ་རྐྱེན་འབྱུང་དུས་དང་༔ འཛིན་པ་སྐྱེ་མཆེད་བཅུ་གཉིས་ཡིན༔ ཡུལ་ལ་གཉིས་དེ་དངོས་དང་དངོས་མ་ཡིན༔ དངོས་པོའི་ཡུལ་ནི་འདི་ལྟ་སྟེ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ འབྱུང་བཞི་ལ་སོགས་འཇུག་པའི་རྐྱེན༔ དངོས་པོ་མེད་པའི་ཡུལ་རྣམས་ནི༔ སྟོང་ཉིད་མཐར་ཕྱིན་འཛིན་བྲལ་ལོ༔ མ་ཡེངས་ཡུལ་ནི་རྣམ་པ་གཉིས༔ མཐའ་ལས་འདས་དང་ལྟ་བ་དང་༔ དངོས་པོ་བདག་ཏུ་མེད་པ་ནི༔ མཐའ་ལས་འདས་པའི་སྟོང་བ་ཉིད༔ ཆོས་རྣམས་ཐམས་ཅད་འདུས་མ་བྱས༔ མ་བཅོས་ཐིག་ལེ་ཉག་གཅིག་ཏུ༔ བྱུང་ཚོར་སྒོ་བཅད་གསལ་སྟོང་དང་༔ ཡུལ་ཅན་ཐམས་ཅད་རྣམ་པར་དག༔ དག་ཞེས་བྱ་བ་ཆོས་ཟད་དོ༔ ལྟ་བ་ལས་འདས་སྟོང་པ་ནི༔ བརྗོད་དུ་མེད་པའི་མཚན་ཉིད་ཡིན༔ རྒྱུ་རྐྱེན་ཀུན་ལས་འདས་པའོ༔ མཐའ་ནི་གང་ཡང་མི་འབྱེད་དེ༔ མཐའ་བཞིའི་དྲི་མ་རང་སངས་ཉིད༔ རྩིས་གདབ་ཀུན་ལས་འདས་པའོ༔ ས་མ་ཡ༔

ཉོན་མོངས་དྲུག་ནི་འདི་ལྟར་རོ༔ མ་རིག་པ་ཡི་འཁྲུལ་རྟོག་ཡིན༔ གཏི་མུག་ཤེས་རབ་ཆ་ལས་འཁྲུལ༔ ཞེ་སྡང་བསྐྱེད་རིམ་ཆ་ལས་འཁྲུལ༔ ང་རྒྱལ་ལྟ་བའི་ཆ་ལས་འཁྲུལ༔ འདོད་ཆགས་སྣང་བའི་ཆ་ལས་འཁྲུལ༔ ཕྲག་དོག་རྟོག་པའི་ཆ་ལས་འཁྲུལ༔ དེ་ལ་སོགས་ཏེ་ཉོན་མོངས་སེམས༔ གཟུང་འཛིན་མཚམས་སྦྱར་བག་ཆགས་དང༔ ཡུལ་དང་ཡུལ་ཅན་འཛིན་པ་ཀུན༔ དེ་ལ་རྟོག་པའི་སྐྱེ་བོ་སྟེ༔ ཨ་ནུ་མན་ཆད་འདོད་གཞུང་ངོ་༔ ལོག་པར་རྟོག་པའི་ལྟ་བ་ནི༔ རྟག་ཆད་བདག་འཛིན་ཡིད་དཔྱོད་བཞི༔ ཡོད་དང་མེད་པར་ལྟ་བ འོ༔ དེ་ནི་ཉོན་མོངས་འཁྲུལ་རྟོག་གོ༔ ས་མ་ཡ༔

གླུ་ར་ཐོཾ༔ དུག་ལྔ་དུག་གསུམ་ཉོན་མོངས་ཀུན༔ སྤོང་དང་སྒྱུར་དང་གཉེན་པོ་མེད༔ དེ་བཞིན་ཉིད་དུ་མ་རྟོགས་ན༔ མ་རིག་པ་དང་རིག་པ་གཉིས༔ ལུས་དང་གྲིབ་མའི་ཚུལ་དུ་ཡོད༔ མི་སྤངས་མི་སྦྱངས་རིག་མ་རྟོགས༼གཏོགས༽༔ གཉེན་པོའི་སྤངས་བླངས་ག་ལ་ཡོད༔ འབད་རྩོལ་དམིགས་པས་གྲོལ་མི་འགྱུར༔ མ་བཙལ་རང་དག་མ་ཤེས་པར༔ གཙང་མར་འདོད་ན་ཆུ་རྙོག་བཞིན༔ ཕྱི་ཕྱིར་དྭངས་པ་མ་ཡིན་ནོ༔ འདི་ཡི་མཚན་ཉིད་མ་ཤེས་ན༔ གྲུབ་མཐའ་མ་གྱུར་སྣང་བ་སྟེ༔ མངོན་ཞེན་བཟློག་པ་མ་ཡིན་ནོ༔ ཉོན་མོངས་གྲོལ་བར་འདོད་པ་ན༔ འབད་བཅས་རྣམས་ནི་རང་སར་བཞག༔ རང་གཞག་རང་སངས་ཉིད་དུ་གྲོལ༔ རང་གིས་ཤར་གྲོལ་རང་ཉིད་བལྟ༔ རང་ཁ་མ་ཉིད་རང་སར་གྲོལ༔ ལྕགས་ཀྱིས་ལྕགས་རྣམས་འཇོམས་པ་ལྟར༔ རང་གི་གཉེན་པོར་རང་ཉིད་ཆེ༔ ཉོན་མོངས་གཉེན་པོར་ཉོན་མོངས་རང་༔ གཅེར་གྱིས་བལྟས་པས་ཐམས་ཅད་གྲོལ༔ ཡེ་གྲོལ་ཡོངས་གྲོལ་བསྐྱར་གཞི་བྲལ༔ རང་བཞིན་གནས་ལུགས་སུས་རྟོགས་པ༔ ཐོག་མའི་མགོན་པོ་དྲི་མེད་ཡིན༔ མ་བཙལ་བ་ཡི་དོན་རྣམས་རྙེད༔ མ་བསྒོམ་བཞག་པས་བདེ་བ་ཐོབ༔ རང་བཞིན་ཉིད་དུ་མངོན་སུམ་རིག༔ མ་བཅིངས་པས་ནི་ཐམས་ཅད་གྲོལ༔ སྐད་ཅིག་འདི་ལ་སུས་གོམས་པ༔ མཚན་མེད་ལྔ་ཡི་སྡིག་པ་ཡང་༔ ཐམས་ཅད་བྱང་བར་ཐེ་ཚོམ་མེད༔ ས་མ་ཡ༔

དེ་དག་བཤད་པ་ཐམས་ཅད་ཀྱང་༔ རང་བཞིན་གནས་པའི་བར་དོར་གྲོལ༔ སེམས་ཀྱིས་བསྡུས་པའི་སེམས་ཅན་ལ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ རྒྱུ་ནི་བཟང་ངན་མེད་པར་གནས༔ ཏིལ་ལ་མར་ཁུས་ཁྱབ་བཞིན་དུ༔ བདེ་གཤེགས་སྙིང་པོས་འགྲོ་ལ་ཁྱབ༔ སེམས་ཅན་སངས་རྒྱས་སྙིང་པོ་ཅན༔ སྐུ་དང་ཡེ་ཤེས་ཐིག་ལེ་དང་༔ འོད་དང་རང་རིག་ངོ་བོར་གནས༔ སྐུ་ནི་རྣམ་པ་གསུམ་དུ་འདུས༔ རིག་པ་རང་སྣང་སྐུ་དང་གཅིག༔ དངས་མ་འདུས་པའི་སྐུ་དང་གཉིས༔ མཚན་ཉིད་འཛིན་པའི་སྐུ་དང་གསུམ༔ རིག་པ་རང་སྣང་སྐུ་རྣམས་ནི༔ དབང་པོ་ལྔ་དང་ཕུང་པོ་ལྔ༔ ཁམས་ལྔ་སྐྱེ་མཆེད་ཡུལ་ཅན་ནི༔ ཉོན་མོངས་ལ་སོགས་རྣམ་རྟོག་གོ༼པར་དག༽༔ ལྷ་དང་ལྷ་མོའི་རང་བཞིན་ཡིན༔ དངས་མ་འདུས་པའི་སྐུ་རྣམས་ནི༔ རང་རང་མཚན་ཉིད་འཛིན་པའི་སྐུ༔ ཡེ་ཇི་བཞིན་པའི་སྐུ་གཉིས་སོ༔ མཚན་ཉིད་འཛིན་པའི་སྐུ་རྣམས་ནི༔ རྣམ་པར་མི་ཕྱེད་རོལ་བའི་སྐུ༔ དག་པ་སྤྱི་ཕུད་ཆེན་པོའི་སྐུ༔ རིག་པ་རྗེས་སུ་འཛིན་པའི་སྐུ༔ ཡེ་ཇི་བཞིན་པའི་སྐུ་རྣམས་ནི༔ ཀ་དག་ཆེན་པོའི་སྐུ་དང་གཅིག༔ ཡེ་ཐོག་དང་པོའི་སྐུ་དང་གཉིས༔ ཡེ་ཐོག་མི་འགྱུར་སྐུ་དང་གསུམ༔ སྐུ་གསུམ་རང་རྫོགས་སྐུ་དང་བཞི༔ འབྲས་བུ་རྫོགས་ལྡན་སྐུ་དང་ལྔའོ༔ འདི་རྣམས་ཀུན་ཀྱང་སྐུ་གསུམ་མོ༔ ཆོས་སྐུ་སྤྲོས་པ་མེད་རྣམས་དང་༔ ལོངས་སྐུ་འཛིན་མེད་ཆེན་པོ་དང་༔ སྤྲུལ་སྐུ་འགགས་མེད་ཆེན་པོ་དང་༔ རྣམ་པ་གསུམ་དུ་འདུས་པའོ༔ རེ་རེ་ལའང་གསུམ་གསུམ་སྟེ༔ དགུ་ཕྲུགས་དག་ཏུ་ངོ་ཡང་སྤྲད༔ མི་འགྱུར་རང་དག་རིག་པའི་སྐུ༔ བརྡལ་ཁྱབ་ཆེན་པོའི་རང་བཞིན་སྐུ༔ ཀུན་ཟླུམ་ཉག་གཅིག་ཐིག་ལེའི་སྐུ༔ སྣ་ཚོགས་རང་གྲོལ་ལྷུན་གྲུབ་སྐུ༔ མཚན་ཉིད་འཛིན་པ་རིགས་ལྔའི་སྐུ༔ རང་གསལ་མ་འདྲེས་ཡོངས་རྫོགས་སྐུ༔ མ་དག་པ་ཡི་སྤྲུལ་སྐུ་དང་༔ འགྲོ་དྲུག་འདུལ་བའི་སྤྲུལ་སྐུ་དང་༔ རང་བཞིན་སྤྲུལ་པའི་སྐུ་དང་གསུམ༔ འདི་རྣམས་སྐུ་ཡི་ངོ་བོ་ཡིན༔ རང་བཞིན་གནས་པའི་སྐུ་རྣམས་སོ༔ ས་མ་ཡ༔ ཡེ་ཤེས་ལ་ཡང་རྣམ་པ་གཉིས༔ གཞི་གནས་རང་བབ་ཡེ་ཤེས་དང༔ མཚན་ཉིད་འཛིན་པའི་ཡེ་ཤེས་སོ༔ གཞི་གནས་ཡེ་ཤེས་རྣམ་པ་གསུམ༔ ངོ་བོ་ཀ་དག་ཡེ་ཤེས་དང་༔ རང་བཞིན་ལྷུན་གྲུབ་ཡེ་ཤེས་དང་༔ ཐུགས་རྗེ་རང་སྣང་ཡེ་ཤེས་སོ༔ མཚན་ཉིད་འཛིན་པ་རྣམ་པ་ལྔ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་༔ མེ་ལོང་མཉམ་ཉིད་སོ་སོར་རྟོག༔ བྱ་གྲུབ་ཡེ་ཤེས་རྣམ་ལྔའོ༔ འོད་ལ་རྣམ་པ་གཉིས་སུ་འདུས༔ རང་གསལ་ཁ་དོག་འཛིན་པའི་དོན༼འོད༽༔ དཀར་སེར་དམར་ལྗང་མཐིང་ཀའོ༔ མི་གནས་རང་སར་དག་པ་ནི༔ རང་རིག་དྲི་མ་མེད་པ་ཡིན༔ སྣང་བ་གང་ཡང་མེད་པས་དཀར༔ རིག་པ་མ་བཙལ་བཞག་པ་སྟེ༔ ཡུལ་སྣང་རང་སར་དག་པས་སེར༔ རང་རིག་ཆགས་པ་མེད་པ་སྟེ༔ ཤེས་པ་གང་ཡང་མི་དམིགས་དམར༔ བྱ་བྱེད་ཀུན་ལས་འདས་པས་ལྗང་༔ དམིགས་གཏད་བྲལ་བས་མཐིང་ཀའོ༔ ཐིག་ལེའང་ག སུམ་དུ་འདུས་སོ༔ གཞི་འཛིན་སྣང་ལམ་འབྲས་བུའོ༔ གཞི་འཛིན་ཐིག་ལེ་རྣམ་པ་གཉིས༔ རང་བཞིན་འོད་ཀྱི་ཐིག་ལེ་དང་༔ མ་བཅོས་ཀུན་བཟང་ཐིག་ལེའོ༔ སྣང་བ་ལམ་གྱི་ཐིག་ལེ་ནི༔ ཀུན་རྫོབ་རྒྱུ་ཡི་ཐིག་ལེ་དང་༔ གནས་པ་དོན་གྱི་ཐིག་ལེའོ༔ འབྲས་བུ་སྨིན་པའི་ཐིག་ལེ་གསུམ༔ འོད་ཟེར་སྨིན་པའི་ཐིག་ལེ་དང་༔ ཡེ་ཤེས་སྨིན་པའི་ཐིིག་ལེ་དང་༔ རིག་པ་སྨིན་པའི་ཐིག་ལེའོ༔ ཀུན་རྫོབ་ཐིག་ལེ་འདི་ལྟ་སྟེ༔ ཕོ་གཡས་མོ་གཡོན་རྩ་ལ་གནས༔ ཕ་ཡི་རྒྱུ་དང་མ་ཡི་མངལ༔ འབྱུང་བ་འདུས་པའི་དངས་མ་སྟེ༔ འདོད་ཆགས་ཀུན་གྱི་རང་བཞིན་ཡིན༔ དེ་རྣམས་ཀུན་ལ་དམར་པོར་འབྱུང་༔ ཕ་ཡི་དངས་མ་རུས་པ་སྟེ༔ མ་ཡི་དངས་མ་ཤ་དང་ཁྲག༔ སྙིགས་མ་འདུས་པའི་ཐིག་ལེ་ནི༔ ཕོ་ལ་དཀར་པོ་འབྱུང་བའོ༔ དེ་ཕྱིར་འབྱུང་བ་འདུས་པས་གཟུགས་སུ་སྨིན༔ བྱང་ཆུབ་སེམས་ཀྱི་ཐིག་ལེ་དང་༔ དྲན་བསམ་བྱུང་ཚོར་རིག་པར་ཤར༔ སྐྱེ་བ་རྣམ་བཞི་ཐམས་ཅད་ཀྱང་༔ འབྱུང་བ་འདུས་པའི་ས་བོན་དང་༔ བྱང་ཆུབ་སེམས་ཀྱི་ས་བོན་གཉིས༔ རང་ཆས་ཉིད་དུ་འཛོམ་པ་ལས༔ སྐྱེ་བ་ཉིད་ནི་ལེན་པའོ༔ དེ་ཡང་ལུས་ཅན་ཐམས་ཅད་ཀུན༔ ཐིག་ལེ་དཀར་དམར་གཉིས་ལས་བྱུང་༔ དེ་ལྟར་ཕུང་པོའི་རྟེན་གཞི་ནི༔ ཀུན་རྫོབ་རྒྱུ་ཡི་ཐིག་ལེ་ཡིན༔ ཆགས་འཛིན་དར་རྒུད་ཐམས་ཅད་ཀྱང་༔ དཀར་དམར་ཐིག་ལེ་གཉིས་པོ་ཡི་༼ཡིན༽༔ དོན་དམ་ཐིག་ལེ་རྣམ་པ་གཉིས༔ རང་གནས་རྒྱུ་ཡི་ཐིག་ལེ་དང་༔ སྣང་སྟོང་དག་པའི་ཐིག་ལེའོ༔ དེ་ཡང་དེ་གཉིས་གཅིག་གི་ཚུལ༔ སེམས་ཅན་ཀུན་གྱི་སྙིང་གི་ནང་༔ འོད་ཟེར་འདུས་པའི་ཐིག་ལེ་ནི༔ ཚོན་སྣ་ལྔ་ཡི་གྲུ་གུ་བཞིན༔ ཁྲ་ཡི་མིག་གམ་སྟག་གི་མིག༔ རྨ་བྱའི་མདངས་ལྟར་ཡོད་པའོ༔ སྐྱེས་བུ་གོམས་པ་ཐམས་ཅད་ལ༔ དང་པོ་འོད་ཀྱི་སྣམ་བུར་གསལ༔ གཉིས་པ་འོད་ཀྱི་ཟེར་ཐག་ལ༔ གསུམ་པ་ཐིག་ལེའི་མུ་ཁྱུད་འཆར༔ དེ་ནི་དོན་དམ་གནས་ལུགས་སོ༔ ས་མ་ཡ༔

འོད་ཟེར་སྨིན་པའི་ཐིག་ལེ་ནི༔ གྱེན་ལ་འགྲེངས་ཏེ་འཇའ་ཚོན་འདྲ༔ འདི་ལ་གོམས་པས་འཇའ་ཚོན་མཐོང༔ ཡེ་ཤེས་སྨིན་པའི་ཐིིག་ལེ་ནི༔ རྩིབས་ཤར་ཉི་མའི་དཀྱིལ་འཁོར་འདྲ༔ འདི་ལ་གོམས་པས་རང་སྣང་མཐོང་༔ རིག་པ་སྨིན་པའི་ཐིག་ལེ་མུ་ཁྱུད་བཅས༔ རང་གསལ་ཟླུམ་པོ་འདི་ལ་གང་གོམས་པ༔ དག་པ་ཆེན་པོའི་སྣང་བ་མཐོང་༔ ཐིག་ལེ་རྣམས་ཀྱི་ཕྱི་དབྱིབས་ཟླུམ༔ འདི་ལ་གོམས་པས་འབྲས་བུ་ཐོབ༔ འདི་ནི་ཐིག་ལེའི་ངོ་སྤྲོད་དོ༔

རིག་པ་ལ་ཡང་རྣམ་པ་གཉིས༔ གཞི་འཛིན་པ་དང་མཚན་ཉིད་འཛིན༔ གཞི་འཛིན་རིག་པ་ལུ་གུ་རྒྱུད༔ འདི་ནི་ཡེ་ཤེས་ཆེན་པོའོ༔ མཚན་ཉིད་འཛིན་པའི་རིག་པ་ནི༔ ཡེ་ཤེས་ཀུན་ལ་ཁྱབ་པར་གནས༔ ཞེས་པས་རང་ལུས་གྲུ་བཞི་ལ༔ སྐུ་དང་ཡེ་ཤེས་ཐིག་ལེ་དང་༔ འོད་དང་རང་རིག་གནས་པའི་ཚུལ༔ ངོ་སྤྲོད་ཡང་དག་བཤད་པའོ༔ ས་མ་ཡ༔ སྦས་རྒྱ༔ ཟབ་རྒྱ༔

འདི་ཡི་གཟུགས་ཀྱིས་དཔེའུ་རིས་ཤོག་ཁྲའི་ནང་དུ་ངོ་ཡང་སྤྲད༔ དེས་ན་སེམས་ཅན་ཐམས་ཅད་ལ༔ སྐུ་དང་ཡེ་ཤེས་འོད་ཐིག་ལེ༔ རིག་པ་རང་བྱུང་གནས་མོད་ཀྱང་༔ དེ་ཡི་དོན་ཉིད་མ་རྟོགས་པས༔ འཁྲུལ་བའི་རྒྱུར་གྱུར་འཁོར་བར་འཁྱམས༔ དེ་ཉིད་རྟོགས་པར་བྱ་བ་ལ༔ ཐབས་ཀྱི་ཡན་ལག་འདི་རྣམ་གཅེས༔ ཐོས་པས་ཕྱི་ཡི་སྒྲོ་འདོགས་ཆོད༔ བསམ་པས་ནང་གི་སྒྲོ་འདོགས་ཆོད༔ བསྒོམ་པས་གསང་བའི་སྒྲོ་འདོགས་ཆོད༔ དེ་ལ་སྤྱོད་པ་གལ་ཆེ་བས༔ འཁོར་འདས་རུ་ཤན་ཕྱེ་བ་དང་༔ བརྟུལ་ཞུགས་ལམ་དུ་བསླངས་བ་གཉིས༔ འདིར་ནི་བརྟུལ་ཞུགས་ལམ་བསླངས་ཀྱི༔ སྤྱོད་པ་བྱེ་བྲག་བསྟན་པར་བྱ༔ བུང་བ་ལྟ་བུའི་སྤྱོད་པ་ཡིས༔ ཆོས་རྣམས་ཀུན་གྱི་རོ་ལ་མྱོང་༔ རི་དྭགས་ལྟ་བུའི་སྤྱོད་པ་ཡིས༔ འཁྲུལ་པའི་རྐྱེན་གྱུར་ཡུལ་རྣམས་སྤངས༔ ལྐུགས་པ་ལྟ་བུའི་སྤྱོད་པ་ཡིས༔ འཁྲུལ་བའི་ངག་ནི་རྣམ་པར་སྤངས༔ ཐི་བྱ་ལྟ་བུའི་སྤྱོད་པ་ཡིས༔ གསང་བ་སྔགས་ཀྱི་ཐེ་ཚོམ་བཅད༔ སྨྱོན་པ་ལྟ་བུའི་སྤྱོད་པ་ཡིས༔ གཅིག་ཏུ་གནས་པའི་ཡུལ་རྣམས་སྤངས༔ སེང་གེ་ལྟ་བུའི་སྤྱོད་པ་ཡིས༔ འཇིགས་པའི་སེམས་སྤངས་དུར་ཁྲོད་རྒྱུ༔ ཁྱི་ཕག་ལྟ་བུའི་སྤྱོད་པ་ཡིས༔ གཙང་སྨེའི་རྣམ་པར་རྟོག་པ་སྤངས༔ དོམ་བུ་ལྟ་བུའི་སྤྱོད་པ་ཡིས༔ དྲན་བསམ་ཐོག་བབ་ཉིད་དུ་སྤྱོད༔ བུ་ཆུང་ལྟ་བུའི་སྤྱོད་པ་ཡིས༔ འཁྲུལ་བའི་ཞེན་པ་རྒྱང་རིང་སྤངས༔ ངང་བ་ལྟ་བུའི་སྤྱོད་པ་ཡིས༔ མཐུན་པའི་ཚིག་གིས་འཇིག་རྟེན་དྲངས༔ གླང་ཆེན་ལྟ་བུའི་སྤྱོད་པ་ཡིས༔ འཁོར་བའི་གཡུལ་རྣམས་རབ་གནས་བཟློགཿ རི་སྐེག་ལྟ་བའི་སྤྱོད་པ་ཡིས༔ བུ་དང་དགྲ་ཡི་འདུ་ཤེས་སྤངས༔ རྒྱལ་པོ་ལྟ་བུའི་སྤྱོད་པ་ཡིས༔ འདོད་པའི་ཆོག་ཤེས་དུས་ཚོད་བཅད༔ དྲེའུ་མོ་ལྟ་བུའི་སྤྱོད་པ་ཡིས༔ འཁོར་བའི་ས་བོན་སྤེལ་མི་བྱ༔ བྲམ་ཟེ་ལྟ་བུའི་སྤྱོད་པ་ཡིས༔ གཞན་གྱི་ལོངས་སྤྱོད་ཟས་རྣམས་སྤངས༔ དཔའ་བོ་ལྟ་བུའི་སྤྱོད་པ་ཡིས༔ འཁོར་འདས་གཉིས་ཀྱི་རུ་ཤན་དབྱེ༔ ཆུ་མིག་ལྟ་བུའི་སྤྱོད་པ་ཡིས༔ དྲན་པ་དེ་ཉིད་རང་སར་བཞག༔ མཁའ་ལ་མདུང་བསྐོར་སྤྱོད་པ་ཡིས༔ དངོས་པོ་རྣམས་ལ་ཟང་ཐལ་སྤྱོད༔ བར་སྣང་རླུང་གི་སྤྱོད་པ་ཡིས༔ བཟུང་དང་འཛིན་པའི་རྟོག་པ་སྤངས༔ བྱ་ཁྱུང་ལྟ་བུའི་སྤྱོད་པ་ཡིས༔ གཡང་ས་རྣམས་ལ་རླབས་ཀྱིས་བཅད༔ རི་བོ་ལྟ་བུའི་སྤྱོད་པ་ཡིས༔ འགྱུར་མེད་རང་ཐོག་གཅིག་ཐག་ཆོད༔ ཐེག་ཆེན་ལྟ་བུའི་སྤྱོད་པ་ཡིས༔ སྣང་བ་ཕྱིར་མི་བཟློག་པར་བཅད༔ དེ་ལྟར་སྤྱོད་པ་ཉེར་གསུམ་གྱིས༔ གོ་ལོག་ཚུལ་དུ་མ་ཡེངས་པར༔ རིམ་པ་བཞིན་དུ་བཅད་༼སྤྱད་༽ པར་བྱ༔ སྤྱོད་པ་ལོག་ན་ཆོས་ཉིད་འཆལ༔ ས་མ་ཡ༔

འཁོར་འདས་རུ་ཤན་དབྱེ་བའི་སྤྱོད་པ་ནི༔ སྤྱིར་ན་ཐོད་རྒལ་ཐམས་ཅད་ཡིན༔ མདོར་བསྡུས་སྤྱོད་པ་གསུམ་དུ་འདུས༔ མ་ཆགས་འཛིན་པའི་སྤྱོད་པ་དང་༔ དགག་བསྒྲུབ་མེད་པའི་སྤྱོད་པ་དང་༔ ཆགས་མེད་ཞེན་མེད་སྤྱོད་པའོ༔ མ་ཆགས་འཛིན་པའི་སྤྱོད་པ་ནི༔ མཚན་ཉིད་ཐེག་པའི་སྤྱོད་པ་སྟེ༔ དོན་ལ་ཆགས་པ་ཆེན་པོས་བཅིངས༔ ཐབས་མེད་གྲོལ་བར་ག་ལ་འགྱུར༔ དོན་མེད་སྤྱོད་པ་ཆགས་པ་ཡི༔ འཛིན་པའི་སྤྱོད་པས་རང་རྒྱུད་བཅིངས༔ གྲོལ་བར་མི་ནུས་ཡུན་རིང་གནས༔ ཚུལ་འཆོས་དག་གི་སྤྱོད་པའོ༔ ས་མ་ཡ༔

དགག་བསྒྲུབ་མེད་པའི་སྤྱོད་པ་ནི༔ གསང་སྔགས་ཕྱི་ནང་སྤྱོད་པ་སྟེ༔ ཉོན་མོངས་དག་པར་མི་འདོད་ཅིང་༔ ཡེ་ཤེས་བསྒྲུབ་པར་མི་འདོད་ལ༔ ཚིག་དོན་འབྲེལ་བའི་སྤྱོད་པའོ༔ དོན་གྱི་ཆགས་མེད་མ་ཡིན་ཏེ༔ ཐབས་རྣམས་སྤྱོད་པའི་ཁྱད་པར་འཕགས༔ ཐབས་ཆེན་འཛིན་སྤྱོད་དེ་བཞིན་ནོ༔ དེ་ནི་སྤྱོད་པའི་རྣལ་འབྱོར་ཡང་༔ ཡང་དག་ཨ་ཏིའི་སྤྱོད་པ་མིན༔ ཐབས་ཀྱི་ཁྱད་ཀྱིས་བྱང་ཆུབ་འབྱུང༔ ཁྱད་པར་གཅིག་གི་ངོ་བོ་ལ༔ ཡེ་ཤེས་རྟོགས་པས་འདུ་འབྲལ་མེད༔ ས་མ་ཡ༔ ཆགས་མེད་ཞེན་མེད་སྤྱོད་པ་ནི༔ རྫོགས་ཆེན་ཨ་ཏིའི་སྤྱོད་པ་སྟེ༔ བྱར་མེད་བྱས་མེད་བྱུང་བ་མེད༔ འགྲོ་མེད་འོང་མེད་བྱས་པ་མེད༔ བག་ཆགས་ཐུགས་ལ་ཡེ་ཤེས་འཆར༔ རྒྱུ་བོར་ཡེ་ཤེས་ཞེན་པ་མེད༔ སྣང་བའི་ཡུལ་ལ་སྒྲོན་མ་འཆར༔ སྣང་བཀག་སྒྲོན་མ་ཞེན་པ་མེད༔ ཆགས་མེད་ཞེན་མེད་སྤྱོད་པ་འདི༔ བློ་རྩལ་ལྡན་པའི་སྤྱོད་པ་ཡི༔ ཡང་དག་དོན་རྟོགས་ཞེན་མེད་གནས༔ ཆགས་ཀྱང་ཞེན་མེད་སྤྱོད་པ་ཆེན་པོ་ཡིན༔ འཛིན་པའི་ཡུལ་མེད་ཞེན་པའི་མཐའ་ལས་གྲོལ༔ མ་རིག་གནས་མེད་རྣམ་རྟོག་སེམས་ལས་གྲོལ༔ ས་མ་ཡ༔

སྤྱོད་པའི་རིམ་པ་སོང་ནས་ཀྱང་༔ སྒོམ་པའི་རིམ་པ་འདི་ལྟར་རོ༔ ཡི་གེ་ཨཱ༔ ལ་སེམས་གཏད་པས༔ དངོས་པོའི་ཞེན་པ་རང་སར་བཟློག༔ བསྐྱེད་པ་ལྷ་ལ་སེམས་གཏད་པས༔ ལུས་ཀྱི་དྲི་མ་དག་པར་བྱེད༔ རྡོ་རྗེའི་གླུ་ལ་སེམས་གཏད་པས༔ རང་གཞན་ཡིད་ནི་ཚིམ་པར་བྱེད༔ ཡི་གེ་ཧཱུྃ་ལ་སེམས་གཏད་པས༔ ངག་གི་དྲི་མ་ཐམས་ཅད་སྦྱངས༔ ཡི་གེ་རཾ་ལ་སེམས་གཏད་པས༔ དངོས་པོའི་དྲི་མ་ཐམས་ཅད་སྦྱངས༔ ཡི་གེ་ཧ་ལ་སེམས་གཏད་པས༔ གཏི་མུག་ཐམས་ཅད་ཟད་པར་བྱེད༔ ཡི་གེ་ཕཊཿལ་སེམས་གཏད་པས༔ ལུས་ངག་ཡིད་ལ་གནོད་པ་སྦྱངས༔ སྨིན་མཚམས་ཡི་གེ་སུཾ་བསྒོམ་པས༔ ཡེ་ཤེས་རླུང་ལ་གོམས་པར་འགྱུར༔ ལུ་གུ་རྒྱུད་ལ་སེམས་གཏད་པས༔ དབང་པོ་ལྔ་ཡི་སྒོ་རྣམས་ཁེགས༔ སྣ་རྩེ་སེམས་རྩེ་གཅིག་གཏད་པས༔ འབྱུང་བཞི་འཐོར་བ་རང་སར་སྡུད༔ ལུས་བརྟན་༼རྐྱེན་༽ རང་འོད་སེམས་གཏད་པས༔ བར་དོའི་འོད་ལ་གོམས་པར་འགྱུར༔ མཁའ་ལ་སེམས་ནི་གཏད་པ་ཡིས༔ ཆོས་ཉིད་སྟོང་པ་ཉིད་ལ་གོམས༔ རྣ་བའི་སྒྲ་ལ་སེམས་གཏད་པས༔ སྒྲ་རྣམས་ཐམས་ཅད་ཇི་དགར་སྤྱོད༔ སྙིང་གར་སེམས་ནི་སུས་གཏད་པས༔ བསམ་པ་རང་སར་གནས་པར་སྤྱད༔ སྟོང་ཉིད་ཧད་པོ་༼ཧར་སངས་༽སུས་བསྒོམ་པ༔ དྲན་པ་ཐམས་ཅད་རང་སར་སྟོང་༔ མི་རྟག་པ་ནི་སུས་བསྒོམ་པ༔ འཁོར་བའི་ཆོས་ལ་ཞེན་པ་བཟློག༔ འབྱུང་བ་ལྔ་ལ་སུས་བསྒོམ་པ༔ དེ་ཡིས་སྒྲ་བཞིའི་དོན་ཀུན་རིགས༔ མི་རྟོག་ཡེ་ཤེས་གང་བསྒོམ་པ༔ མཚན་མའི་ཞེན་པ་ཐམས་ཅད་འགག༔ གཉིས་མེད་བདེ་བ་སུས་བསྒོམ་པ༔ འདོད་ཡོན་ཐམས་ཅད་ལམ་དུ་ཁྱེར༔ བར་སྣང་ཁམས་སུ་༼སྟོང་པ་༽ སུས་བསྒོམ་པ༔ རང་གི་སེམས་ལ་དབང་བསྒྱུར་ནུས༔ ཕྱག་རྒྱ་ཆེན་པོ་སུས་བསྒོམ་པ༔ རང་གི་ས་ལ་དབང་བསྒྱུར་ནུས༔ རང་བཞིན་ཤུགས་ཀྱིས་བསྒོམ་པ་ཡིས༔ ལུས་ངག་ཡིད་གསུམ་རྣལ་དུ་ཕེབས༔ རང་བྱུང་ལྟ་བ་བསྒོམ་པ་ཡིས༔ ཉོན་མོངས་ཀུན་གྱི་མགོ་ཡང་གནོན༔ མ་བཅོས་བཞག་པས་བྱུང་ཚོར་འགགས༔ མ་བསྒོམ་གནས་པས་དྲོད་ཚད་རྙེད༔ ཡང་གཅིག་བསྒོམ་པའི་རིམ་པ་ནི༔ བྱང་ཆུབ་སེམས་དཔའི་བསྒོམ་པ་དེ༔ སེམས་འཛིན་པ་ནི་མ་ཡིན་ཞིང་༔ ངང་ངམ་ཤུགས་ཀྱིས་སྐྱེ་བའོ༔ བསྒོམ་གནས་ཀློང་དུ་གྱུར་པའོ༔ ཟས་ཀྱི་འདུ་ཤེས་སྤངས་པའོ༔ སེམས་ལ་གནས་པ་རྣམས་ཀྱིས་སྤྱོད༔ རྣམ་རྟོག་ངང་གིས་མེད་པའོ༔ དེས་ཀྱང་དོན་ཆེན་མཚོན་མི་ནུས༔ ཁ་སྣའི་དབུགས་ནི་བསྡམས་བྱས་ནས༔ རྟོག་མེད་ཡིད་ལ་འགྱུ་བ་ནི༔ ཤེས་པ་གཅིག་གི་ངོ་བོ་སྟེ༔ འཕྲལ་གྱི་རྣམ་རྟོག་མེད་ན་ཡང་༔ ཡང་དག་དོན་གྱིས་མཚོན་མི་ནུས༔ དེ་བཞིན་གཤེགས་པའི་བསྒོམ་པ་ནི༔ ནམ་མཁའི་མཐོངས་སུ་ཤེས་པར་གྱིས༔ དེ་ལ་གོམས་པར་གྱུར་པས་ན༔ ཡེ་ཤེས་སྣང་བ་ལྷུག་པར་འཆར༔ ཡང་དག་ལམ་ཡང་དེ་བཞིན་ནོ༔ འཛིན་མེད་ལམ་ཡང་དེ་བཞིན་ལ༔ བསྒོམ་མེད་ཡེངས་མེད་ངང་ལ་གནས༔ སལ་ལེ་ཧྲིག་གེ་ཝལ་ལེ་བ༔ ཡང་དག་ཆེན་པོའི་བསྒོམ་པའོ༔ ད་ནི་ལྟ་བ་བཤད་པར་བྱ༔ ལྟ་བ་ལ་ཡང་རྣམ་པ་གསུམ༔ ཆེན་པོས་༼ཆོས་ཅན་༽ ལྟ་བའི་ལྟ་བ་དང་༔ ཆོས་ཉིད་ལྟ་བའི་ལྟ་བ་དང་༔ རང་རིག་ལྟ་བའི་ལྟ་བའོ༔ ཆོས་ཅན་མཚན་མར་སྣང་བ་དང་༔ མིག་གི་དབང་པོ་མ་འགགས་པས༔ སེམས་ཀྱིས་ལྟ་བ་ལེགས་པ་ཡིན༔ རང་སྣང་རང་གིས་ལྟ་བ་ཡིན༔ ཆོ་འཕྲུལ་ཕྱི་ཡི་སྣང་བ་སྟེ༔ དམིགས་པ་མེད་པའི་ཡུལ་རྣམས་ཀུན༔ རང་བཞིན་མེད་པར་གང་གོམས་པ༔ འདི་ནི་སྣང་སྟོང་གཉིས་སུ་མེད༔ ཚོགས་དྲུག་མ་འགགས་ལྷུག་པའོ༔ རྟོག་མེད་གསལ་བའི་ངོ་བོ་ལ༔ རང་བྱུང་ཆེན་པོ་ཤེས་གྱུར་ན༔ ཆོས་ཅན་ཕྱི་ཡི་ལྟ་བ་ཡིན༔

ད་ནི་ཆོས་ཉིད་ནང་གི་ལྟ་བ་བཤད༔ ཆོས་ཉིད་རིག་པ་སྐྱེ་མེད་ལ༔ རྣམ་རྟོག་མཚན་མ་ངང་གིས་མེད༔ རིག་པ་དགག་བསྒྲུབ་མེད་པ་ལ༔ ཞེན་པའི་སྤྱོད་པ་ག་ལ་ཡོད༔ ཆོས་ཉིད་རྟོག་པར་བྱེད་པ་ནི༔ བྱར་མེད་ངང་དུ་ཤེས་པར་བྱ༔ བྱ་བྱེད་བྲལ་བའི་རིག་པ་ནི༔ གང་གི་ཕྱོགས་སུ་མ་ལྷུང་ན༔ ལྟ་བ་ཆེན་པོ་ཞེས་བྱའོ༔ དེ་ཡང་རྟོགས་བྱེད་འདི་ལྟ་སྟེ༔ འདུ་ཤེས་གཅིག་པའི་ཤེས་རབ་ཀྱིས༔ བློ་གདེང་ཡིད་ཆེས་གྱུར་པ་དང་༔ ཆོས་ཉིད་སྐྱེ་མེད་རྟོགས་གྱུར་ན༔ ཡེ་ཤེས་ཆེན་པོ་སྐྱེ་བར་འགྱུར༔ ཆོས་ཉིད་སྐྱེ་མེད་སྣང་བ་ལ༔ སྐྱེ་བྱ་སྐྱེ་བྱེད་གཉིས་ལྟར་སྣང་༔ དེ་ཡང་ཆོས་ཉིད་ཆེན་པོ་ནི༔ གཅིག་མ་ཤེས་པས་གཉིས་སུ་བྱུང་༔ གཅིག་ཤེས་ན་ནི་ཀུན་ཀྱང་གྲོལ༔ དེ་ལྟར་སྐྱེ་མེད་དོན་རྟོགས་ན༔ ཆོས་ཉིད་ལྟ་བའི་ལྟ་བར་འདོད༔ ས་མ་ཡ༔ རང་རིག་ལྟ་བ་འདི་ལྟར་རོ༔ ཤེས་པ་ངང་གིས་མ་གཡོས་པས༔ དབྱིངས་དང་རིག་པ་སུས་མཐོང་བ༔ དེ་ནི་སངས་རྒྱས་ས་ལ་གོམས༔ བཞག་པ་རྣམས་ཀྱི་རང་རྒྱས་ཐེབ༔ དགོངས་པ་རྣམས་ཀྱི་དུས་ཚོད་བསྟན༔ ཟད་པ་རྣམས་ཀྱི་དག་པ་བསྟན༔ རྟེན་པའི་གདེང་གིས་མི་༼བརྟན་པས་གདེང་གི་ཕྱིར་༽ བཟློག་རྟགས༔ དབྱིངས་ཀྱི་སྒྲོན་མ་སུས་མཐོང་བ༔ ཆོས་ཀྱི་དབྱིངས་ལ་མངོན་དུ་སྤྱོད༔ ཐིག་ལེའི་སྒྲོན་མ་སུས་མཐོང་བ༔ རྩོལ་བྱས་རྣམས་ཀྱི་དྲོད་གནས་ཐོབ༔ ཤེས་རབ་སྒྲོན་མ་སུས་མཐོང་བ༔ ཕྱི་དང་ནང་དང་ཆོས་ཉིད་རྟོགས༔ ༼སྤྱི་དང་རང་གི་མཚན་ཉིད་རྟོགས༔ ༽ ཆུ་ཡི་སྒྲོན་མ་སུས་མཐོང་བ༔ དབང་པོ་རྣམས་ལ་ཐོགས་མེད་འཆར༔ ལུ་གུ་རྒྱུད་ལ་སུས་གོམས་པ༔ རིག་པ་རྣམས་ཀྱི་སྲང་ལ་ཐེབས༔ འདི་རྣམས་ཀུན་གྱི་བྱུང་བ་ནི༔ གནས་ནི་ཙིཏྟའི་ནང་ན་གནས༔ ལམ་ནི་རྩ་གཞི་༼བཞི་༽འགྱུ་བྱེད་རླུང་༔ འཆར་བྱེད་སྒོ་ནི་མིག་ལགས་སོ༔ ནམ་མཁའ་དངས་པའི་ཡུལ་ལ་འཆར༔ དེ་ནི་སྐུ་ལྔའི་དཀྱིལ་འཁོར་རོ༔ དུས་ནི་བར་དོའི་དུས་སུ་འཆར༔ ངོ་བོ་འགྱུར་མེད་ཆེན་པོའི་ས༔ རང་བཞིན་འགགས་མེད་ཀུན་ལ་ཁྱབ༔ ཐུགས་རྗེའི་སྣང་བ་མ་འགགས་འཆར༔ རྒྱུ་ནི་ཀུན་ལ་དེ་བཞིན་གནས༔ རྐྱེན་ནི་ངོ་སྤྲོད་ཉེར་གཅིག་གོ༔ རྒྱུ་རྐྱེན་འཛོམས་ན་རང་རིག་རྟོགས༔ རྟོག་མེད་གསལ་བའི་ངོ་བོ་ལ༔ འཛིན་པའི་རྣམ་རྟོག་ངང་གིས་མེད༔ འཛིན་མེད་རང་གསལ་དེ་བཞིན་ནོ༔ འཛིན་མེད་འགྲོ་འོང་མེད་པའི་ཆོས༔ སངས་རྒྱས་ཀུན་གྱི་དགོངས་པ་ཡིན༔ རང་གསལ་རྟོག་མེད་ཆེན་པོ་ནི༔ མ་བསྐྱེད་མཁའ་ལ་གསལ་བའོ༔ དེ་ལྟར་རྟོགས་པའི་རྣམ་པ་དེ༔ རང་རིག་ལྟ་བའི་ལྟ་བ་ཡིན༔ འདི་ཉིད་རྣམ་པ་ཐམས་ཅད་ཀུན༔ རང་བཞིན་གནས་པའི་བར་མ་དོར༔ འདི་རྣམས་གོམས་པའི་སྐྱེས་བུ་དེ༔ འབྱུང་བ་ཐམས་ཅད་རང་དེངས་སོ༔ རང་ལུས་འོད་སྐུར་ཡལ་བའོ༔ ཀློང་ཡངས་སྲོག་གི་ཡང་བཅུད་དང་༔ དབང་བཞི་དོན་གྱི་རྒྱབ་ཡིག་ཡིན༔ ཁྱད་པར་ཚིག་དབང་ངོ་སྤྲོད་དོ༔ ངོ་སྤྲོད་ཉག་༼ཉེར་༽ གཅིག་གི་རྒྱབ་ཆོས༔ ས་མ་ཡ༔ ངོ་སྤྲོད་ཐམས་ཅད་ཚར་ནས་བར་དོའི་ཆོས་འདི་བཤད༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྐྱེ་གནས་བར་དོར་རང་སྣང་ཐག་ཀྱང་བཅད་༔ སྐྱེ་གཉིས་བར་དོར་མངོན་སངས་རྒྱས༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏེར་སྟོན་རྡོ་རྗེ་གླིང་པས་བཏོན༔

བདག་འདྲ་པདྨ་འབྱུང་གནས་ངས༔ ཨ་ཏི་རྒྱུད་ཀྱི་ཁོང་སྙིང་ཕྱུང་༔ འདི་ནི་འཆི་ཁའི་བར་དོའོ༔ བར་དོ་གཉིས་པ་ཞེས་སུ་གྲགས༔ གང་ཞིག་སྐྱེས་བུ་དེ་ཉིད་ནི༔ འཆི་རྐྱེན་ནད་ཀྱིས་འབྱུང་བ་འཁྲུགས༔ ལུས་ངག་ཡིད་གསུམ་སྡུག་བསྔལ་ལོ༔ དུས་ཆེན་མ་བྱུང་འཆི་རྟགས་ལ༔ ཆོ་ག་རིམ་གྲོས་འཆི་བ་བཟློག༔ དུས་ཆེན་བབ་པར་གྱུར་པ་ལ༔ སུས་ཀྱང་མི་བཟློག་ཐམས་ཅད་འགྲོ༔ ལུས་འདི་མི་རྟག་མགྲོན་པོ་འདྲ༔ མགྲོན་པོ་ཡུན་རིང་བསྡད་པ་མེད༔ ངག་འདི་མི་རྟག་བྲག་ཆ་འདྲ༔ བྲག་ཆས་གཏན་སྐད་ཐུབ་པ་མེད༔ སེམས་འདི་མི་རྟག་བྱིའུ་ཆུང་འདྲ༔ བྱིའུ་ཆུང་ཤིང་ཁར་གཏན་མི་གནས༔ དབུགས་འདི་མི་རྟག་ནམ་མཁའི་ན་བུན་འདྲ༔ ན་བུན་ནམ་ཡལ་ཅི་ཆ་ཡོད༔ བློ་འདི་བར་སྣང་འཇའ་དང་འདྲ༔ འཇའ་ཚོན་ནམ་མཁར་ནམ་ཡལ་ལམ༔ རྣམ་ཤེས་ནམ་མཁའི་བྱ་སྒྲོ་འདྲ༔ བྱ་སྒྲོ་རླུང་གིས་ནམ་ཁྱེར་རམ༔ གཉེན་བཤེས་ཚོང་དུས་མགྲོན་པོ་འདྲ༔ ལུས་པ་ཐམས་ཅད་ནམ་བྲལ་ལམ༔ ནོར་རྫས་རྩ་ཁའི་ཟིལ་པ་འདྲ༔ ཟིལ་པ་ཉི་མའི་ནམ་སྐེམ་མམ༔ བདག་འཛིན་མགར་བའི་ལྕམ་པ་འདྲ༔ ལྕམ་པའི་ཁ་འདི་ནམ་བྲལ་ལམ༔ ཚེ་འདི་མི་རྟག་རྨི་ལམ་འདྲ༔ རྨི་ལམ་དངོས་པོར་གྲུབ་པ་མེད༔ ཚེ་འདི་མི་རྟག་འབབ་ཆུ་འདྲ༔ འབབ་ཆུ་བཞིན་དུ་སྡོད་པ་མེད༔ ཚེ་འདི་མི་རྟག་རླུང་དང་འདྲ༔ རླུང་ནི་སྐྱེས་བུས་བཟུང་བ་མེད༔ ཚེ་འདི་ཡུན་ཐུང་སྤྲུལ་པ་འདྲ༔ སྤྲུལ་པ་རྟག་ཏུ་གནས་པ་མེད༔ ཚེ་འདི་མི་རྟག་སྒྱུ་མ་འདྲ༔ སྒྱུ་མ་གཏན་ས་བཟུང་བ་མེད༔ ཚེ་འདི་མི་རྟག་ཆར་སྤྲིན་འདྲ༔ ཆར་སྤྲིན་དུས་ཚོད་བཟུང་བ་མེད༔ གང་ཞིག་བདུད་ཀྱི་ལམ་ཞུགས་ཚེ༔ རྒྱལ་པོས་ཁ་དྲག་རྩོད་པ་མེད༔ འཆི་བདག་བདུད་ཀྱིས་བཟུང་ནས་འགྲོ༔ ཁ་དམན་ཞུ་བ་འབུལ་ས་མེད༔ ཤ་ཟ་སྲིན་པོས་དེད་ནས་འགྲོ༔ བཟུར་མེད་གཤིན་རྗེའི་འཕྲང་ལ་འགྲོ༔ འཇིགས་པའི་བདུད་གྱིས་ལམ་མཁན་བྱེད༔ ཕོ་ཉའི་ཚོགས་ཀྱིས་རྒྱབ་ནས་དེད༔ དེ་ཚེ་སྐྱབས་གནས་རེ་ས་མེད༔ བར་ལམ་གཅིག་པའི་འཕྲང་གཅིག་དེ་ན་མཆིས༔ དེ་དུས་བླ་མའི་གདམས་ངག་དགོས༔ བར་དོའི་ཡེ་ཤེས་ངོས་གཟུང་བྱ༔ དཀོན་མཆོག་གསུམ་ལ་རྒྱབ་བརྟེན་བྱ༔ གང་ཞིག་སྐྱེ་བོ་ཕོ་མོ་རྣམས༔ འཆི་ལུགས་བསམ་གྱིས་མི་ཁྱབ་སྟེ༔ གནས་ལུགས་འཆི་དང་དྲག་པོར་འཆི༔ ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཡིས༔ བར་ཆོད་བྱས་ནས་འཆི་བ་སྟེ༔ ལ་ལ་མེ་དང་ཆུ་ལ་འཆི༔ ལ་ལ་བྲག་དང་ས་ཡིས་འཆི༔ ལ་ལ་ཤིང་དང་རླུང་གིས་འཆི༔ ལ་ལ་གྲི་དང་མཚོན་གྱིས་འཆི༔ ལ་ལ་དུག་དང་དམར་གྲིར་འཆི༔ ལ་ལ་རླུང་མཁྲིས་བད་ཀན་འཆི༔ ལ་ལ་སྡེ་བརྒྱད་དྲག་པོས་གསོད༔ རྒས་ཤིང་འཆི་བ་རེ་རེ་ཙམ༔ དེ་ལྟར་འཆི་ལུགས་གཅིག་ལ་ནི༔ མི་འཆི་བ་ནི་གཅིག་ཀྱང་མེད༔ ཐམས་ཅད་ལམ་ཆེན་དེར་འགྲོ་བས༔ དེ་ལ་སྔ་ཟོན་འདི་ལྟར་བྱ༔ དབེན་པའི་གནས་སམ་ལུང་སྟོང་དུ༔ འཆི་བའི་དུས་ཚོད་རྟགས་རྣམས་འབྱུང་༔ སྤྱིར་ན་འབྱུང་བཞིའི་ཕུང་པོ་འདི༔ སྟོབས་ཆུང་དབང་པོ་མི་གསལ་ཞིང་༔ ལུས་ངག་སེམས་ཚིག་ཟ་བ་དང་༔ ནོར་དང་ལོངས་སྤྱོད་གོད་པ་དང་༔ རང་སེམས་ཕྱད་ཕྱོད་རྨི་ལམ་འཁྲུག༔ གཤིས་ལུགས་ཤ་མདོག་འགྱུར་བ་རྣམས༔ བར་ཆོད་འབྱུང་བའི་སྔ་རྟགས་ཡིན༔ ཕྱི་རྟགས་བལྟས་པས་ཐམས་ཅད་ནི༔ གཞན་དང་མཐུན་པར་རང་ཆོག་བྱ༔ ཡན་ལག་སེན་མོའི་བཀྲག་མེད་ན༔ ཟླ་བ་བདུན་ནས་འཆི་བར་ངེས༔ སྐྱེས་བུའི་མིག་གི་སྤྲིས་ཡལ་ན༔ ཟླ་བ་ལྔ་ནས་འཆི་བར་ངེས༔ འཆི་བདག་གཤིན་རྗེ་ཉིད་ལ་ངན༔ ཅིས་ཀྱང་མི་བཟློག་ཉེར་གཅིག་འཆི༔ རྐང་པའི་ལོང་བུ་ཕྱིར་ལོག་ན༔ ཟླ་བ་གཅིག་ནས་འཆི་བར་ངེས༔ ལྟག་སྐྲ་གྱེན་ལ་ལོག་པ་ནི༔ ཟླ་བ་གསུམ་ནས་འཆི་བར་ངེས༔ གང་ཞིག་རྨི་ལམ་དག་ལ་ཡང་༔ ཟས་སུ་མི་གཙང་ཟ་བ་དང་༔ གོས་སུ་རེ་བ་གོན་པ་དང་༔ མེ་ཏོག་དམར་པོ་ཐུ་བ་དང་༔ བོང་ནག་ཕྱིར་ལོག་ཞོན་པ་དང་༔ སྤྲེལ་དཀར་ཁྱི་དཀར་སྣ་དམར་ཞོན༔ བྲ་བོ་ཁུར་ནས་ནུབ་ལ་བརྒལ༔ སྟག་གཟིག་ཟ་འོག་ལྷམ་ཁྲ་གྱོན༔ མགོ་ལ་དར་ནག་ཕོད་དམར་བཙུགས༔ འདི་རྣམས་རིམ་པར་བྱུང་ཡང་འཆི༔ གང་ཞིག་ནད་ཀྱིས་ཐེབས་པ་ལ༔ སོ་ལ་དྲེག་པ་ནག་པོར་ཆགས༔ ཞག་པོ་དགུ་ལ་འཆི་བའོ༔ སྣ་ཞོམ་སྣ་ནས་གཏམ་བྱུང་བ༔ ཞག་གཅིག་དག་ནས་འཆི་བར་བྱུང་༔ ཡན་ལག་ཡང་ཡང་བརྐྱང་བསྐུམ་བྱེད༔ དེ་ཡང་ཉི་མ་བདུན་ནས་འཆི༔ མིག་གཉིས་འབྲུ་ཚུགས་བལྟ་བ་ན༔ ཞག་པོ་དགུ་ནས་འཆི་བར་འགྱུར༔ མིག་གིས་ཚིག་༼ཚུགས་༽ རྣམས་ཕར་ཚུར་འཁྲུགས༔ དེ་ཡང་མྱུར་དུ་འགུམ་པའོ༔ འགྲམ་པ་གཉིས་ཀྱི་ཤ་ཤོར་ན༔ ཟླ་བ་ཕྱེད་ནས་ངེས་པར་འཆི༔ དབུགས་ནི་མི་སྡུད་ཡང་ཡང་རྒོད༔ དེ་ཡང་ཟླ་བ་དྲུག་ནས་འཆི༔ སྣ་ཡི་རྐ་བ་ཞོམ་པ་ན༔ ཞག་པོ་བདུན་ནས་ངེས་པར་འཆི༔ ལྕེ་ནི་ནང་སྡུད་བརྟིབ་པ་ནི༔ ཞག་པོ་བཞི་ལ་ངེས་པར་འཆི༔ སྟེང་འོག་སོ་གཉིས་འཐམ་གྱུར་ན༔ ཞག་པོ་གསུམ་ནས་ངེས་པར་འཆི༔ འགྲམ་གཡོན་ལྕེ་རྩ་ནག་པ་ན༔ ཞག་པོ་གཉིས་ན་ངེས་པར་འཆི༔ རྣ་བ་མགོ་ལ་འབྱར་བ་ན༔ ཞག་གཅིག་ནས་ནི་འཆི་བར་ངེས༔ རྣ་བའི་འུར་སྒྲ་ཆད་ནས་ཞག་གཉིས་ཐུབ༔ ལངས་འདུག་བྱ་བ་སྤོ་ན་མོད་ལ་འཆི༔ བྲང་གིས་ལྷེན་སྣ་ཞོམ་ན་ཞག་པོ་དྲུག་ནས་འཆི༔ གཉིད་ལོག་རྩ་ཉིད་མེད་གྱུར་ན༔ དེ་ཡང་ཟླ་བ་ཕྱེད་ནས་འཆི༔ གླུ་ལེན་འཛུམ་མདངས་ཆེ་བ་ནི༔ མོད་ལ་འགུམ་པར་ཤེས་པར་བྱ༔ གལ་ཏེ་རང་དོན་ལྷུར་ལེན་ན༔ བརྟགས་པའི་རིམ་པ་འདི་ལྟར་བྱ༔ སྤྲིན་མེད་ནམ་མཁའ་དྭངས་པ་ལ༔ ཟླ་བ་ཉ་རྒྱས་དྭངས་པའི་དུས༔ རང་ཉིད་གཅེར་བུར་ཕྱུང་བྱས་ནས༔ གྲིབ་མའི་སྙིང་གར་མདུང་གཅིག་བཞག༔ དེ་ལ་མིག་གཉིས་འབྲུ་ཚུགས་བལྟ༔ མ་བཟོད་པ་དང་ནམ་མཁའ་ལ༔ ཡར་ཡར་བཏེག་ལ་བལྟས་གྱུར་ན༔ རང་གཟུགས་མ་ཚང་མགོ་མེད་ན༔ དེ་ཡང་འཆི་བའི་ཆོ་ག་འབད༔ ལག་ངར་གྱེན་ལ་བསླངས་ནས་ནི༔ རང་ཉིད་སྨིན་ཕྲག་གཅར་ལ་བལྟ༔ རྦད་ཀྱིས་ཆད་པར་གྱུར་པ་ན༔ ཞག་པོ་དགུ་ནི་དག་ལ་འཆི༔ རང་ཉིད་དྲི་ཆུ་སངས་གྱུར་ན༔ དེ་ཡང་མོད་ལ་འཆི་བར་འགྱུར༔ ཆུ་ཟང་ནང་དུ་རང་ཉིད་བལྟ༔ གཟུགས་སུ་མེད་ན་མོད་ལ་འཆི༔ མིག་གཉིས་མནན་ལ་བཙིར་བ་ཡི༔ འོད་ཀོར་མེད་ན་ཞག་གསུམ་དག་ནས་འཆི༔ ནང་པར་ནམ་ལངས་ཉི་ཤར་དུས༔ ཁ་ནུབ་དག་ཏུ་བལྟས་བྱས་ནས༔ རང་ཉིད་སྤྱི་བོའི་དུད་རླངས་བརྟགས༔ དུ་རླངས་མེད་ན་མོད་ལ་འཆི༔ རང་ཉིད་ཐིག་ལེ་གཏན་འཛག་ན༔ དེ་ཡང་མོད་ལ་འཆི་བར་འགྱུར༔ རྩ་སྒོ་མི་ཐུབ་ཆུ་ཤོར་ན༔ དེ་ཡང་མོད་ལ་འཆི་བར་འགྱུར༔ སྤྱི་དང་བྱེ་བྲག་ཐམས་ཅད་དུ༔ ལུས་ཅན་ཀུན་ལ་རྟགས་ཚང་ན༔ འཆི་བར་ངེས་སོ་གདོན་མི་ཟ༔ འཆི་རྟགས་འདི་རྣམས་མཁས་པས་བརྟགས༔ ཡུན་ནི་རིང་ཐུང་འཆི་རྟགས་ལྟོས༔ དེ་ལྟར་རྟགས་རྣམས་ཚངས་གྱུར་ན༔ འཆི་བ་བསླུ་བའི་ཆོ་ག་བྱ༔ ས་མ་ཡ༔ ཀློང་ཡངས་ཨ་ཏི་བཀོད་པ་ལས༔ གང་ཟག་འཆི་ཁའི་བར་དོ་བསྟན༔ གོང་དུ་བཤད་པ་གཞུང་གི་ཚུལ༔ འདི་ཉིད་ངེས་པར་གཏན་ལ་ཕེབས༔ དགའ་རབ་རྡོ་རྗེའི་ཞལ་ཆེམས་སོ༔ ཨོ་རྒྱན་ང་ཡིས་གནད་བསྟན་བཤད༔ གང་དག་སྐྱེ་བོ་ཕོ་མོ་རྣམས༔ འཆི་ལུགས་རྣམ་པ་གཉིས་སུ་འདུས༔ དུས་མ་ཡིན་དང་འབྱུང་བ་ཟད༔ ཐལ་ལུགས་ནང་ནས་མེ་སྟག་ཡར༔ དེ་ལ་བརྟགས་པ་བདག་གཞན་གཉིས༔ དང་པོ་ལ་ནི་འདི་ལྟར་རོ༔ སེན་མོའི་བཀྲག་མདངས་དམར་པོ་ཤོར༔ ཟླ་དགུ་ཉིན་ཕྱེད་ནད་བཏབ་འཆི༔ མིག་མཐའི་དཀར་པོ་ཡལ་བ་ན༔ ཟླ་བ་ལྔ་ལ་ངེས་པར་འཆི༔ ལྟག་ཁུང་སྐྲ་མཚམས་གཅིག་ལོག་ན༔ ཞག་ནི་ཉེར་གཅིག་དག་ལ་འཆི༔ རྐང་པའི་ལོང་བུ་དོན་པ་ན༔ ཟླ་བ་གཅིག་ནས་འཆི་བ་ཡིན༔ ནང་དུ་རྟགས་རྣམས་གོང་དང་མཐུན༔ མིག་གཉིས་དཀར་པོ་ལོག་ལོག་བལྟ༔ ཟླ་བ་གཅིག་ནས་འཆི་བའོ༔

མིག་གཉིས་མཆི་མ་མ་ཐུབ་ན༔ ཞག་པོ་ལྔ་ལ་འགུམ་བའོ༔ ཨེའུ་མང་ཞིང་རླུང་གྱུར་ན༔ མོད་ལ་སྲོག་རྩ་འགགས་ནས་འཆི༔ འགྲུལ་ངོ་འདྲེ་ཁ་ཡོངས་གྱུར་ན༔ དེ་ཡང་མོད་ལ་འགུམ་པའོ༔ ལུས་ལ་ཤིག་རྡུལ་དྲི་མ་མནམ༔ དེ་ཡང་མོད་ལ་འགུམ་པར་འགྱུར༔ ལར་ཡང་ལུས་ངག་ཡིད་གསུམ་རྨུགས༔ ཤིང་ལྟར་རིང་དང་རྡོ་ལྟར་མཁྲེགས༔ ཆུ་ལྟར་རྒྱས་དང་རླུང་ལྟར་གཡོ༔ ས་ལྟར་བརྟན་པའི་ནད་བྱུང་ན༔ དེ་ཡང་མོད་ལ་འཆི་བའོ༔ ས་མ་ཡ༔

ཤིན་ཏུ་དབེན་པའི་གནས་ཉིད་དུ༔ མཆོད་གཏོར་བཤམས་ལ་གསོལ་བ་བཏབ༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ ནམ་དང་ཉི་མ་འདས་པའི་དུས༔ སྔ་དྲོ་ཕྱི་དྲོ་སེར་བུ་མེད༔ ནམ་མཁའ་འཇམ་པའི་དུས་ཚོད་དུ༔ ལག་པ་གཉིས་སུ་དབྱུག་ཕྲེང་ཐོགས༔ ཡན་ལག་བཞི་པོ་བསྒྲད་ནས་ལངས༔ རང་ཉིད་གྲིབ་མའི་སྙིང་ཁ་རུ༔ ཐུགས་རྗེ་ཆེན་པོའི་སྐུ་གཅིག་བཞག༔ དེ་ལ་ཡུན་རིང་མིག་གཉིས་གཏད༔ དེ་ནས་ཤེས་པ་ནམ་མཁར་འཕངས༔ རང་གཟུགས་ནམ་མཁར་འཆར་བ་དེ༔ རང་ཉིད་གོས་དང་ཁ་དོག་ཐུབ༔ ལུས་པོ་མ་ཚང་མེད་གྱུར་ན༔ ཚེ་ལ་བར་ཆད་མེད་པ་ཡིན༔ ལག་པའི་ཕྱག་མཚན་མ་ཚང་ན༔ བརྟེན་པའི་ལྷ་དང་བྲལ་བ་ཡིན༔ ལོ་ནི་བདུན་ནས་འཆི་བར་ངེས༔ ལག་གཡས་མེད་ན་ལོ་ལྔ་ཐུབ༔ ལག་གཡོན་མེད་ན་ལོ་གསུམ་ཐུབ༔ རྐང་གཉིས་ཆད་ན་ལོ་གཉིས་ཐུབ༔ རྐང་གཡས་ཆད་ན་ཟླ་བརྒྱད་ཐུབ༔ རྐང་གཡོན་ཆད་ན་ལོ་གཅིག་ཐུབ༔ གློ་གཡས་མེད་ན་ཟླ་དགུ་ཐུབ༔ ཁོག་སྟོད་མེད་ན་ཟླ་བ་གསུམ༔ ཁོག་སྨད་མེད་ན་ཟླ་བ་གཅིག༔ གཞོགས་གཡས་མེད་ན་ཞག་ཉེར་གཅིག༔ གཞོགས་གཡོན་མེད་ན་ཟླ་གཅིག་གོ༔ དབྱིབས་ནི་གྲུ་བཞི་བསླུ་བས་བཟློག༔ ཟླུམ་པོ་ཟླ་གམ་ནར་མོ་གསུམ༔ བསླུ་བས་བཟློག་པར་ཤེས་པར་བྱ༔ གྲུ་གསུམ་བྱུང་ན་མི་བཟློག་གོ༔ ཁ་དོག་དཀར་པོ་དབུས་ནས་ཡལ༔ ཀླུ་དང་རྒྱལ་པོས་ཟིན་པའི་རྟགས༔ སྔོན་པོ་རྐང་ནས་ཡལ་བ་ན༔ ཀླུ་དང་མཚོ་སྨན་གནོད་པའོ༔ ནག་པོ་གཡས་སུ་ཡལ་བ་ན༔ བདུད་དང་མ་མོས་ཟིན་པའི་རྟགས༔ དམར་པོ་གཡས་སུ་ཡལ་བ་ན༔ བཙན་དང་འགོ་ལྷས་ཟིན་པའི་རྟགས༔ སེར་པོ་མགོ་ནས་ཡལ་བ་ན༔ ཀླུ་བཙན་རྒྱལ་འགོངས་གནོད་པའི་རྟགས༔

བན་ ནག་པོ་ བུན་ མ་མོ་དང་གཤིན་རྗེས་གནོད་ བྲང་ སེར་པོ་བྲིང་ས་བདག་གནོད་ ཁྲི་ ཁ་དོག་སྣ་ཚོགས་ ཁྲག་ ཤི་འདྲེ་གནོད་རྟགས་ ཁྱུགས༔ སྡེ་བརྒྱད་ལ་སོགས་གཤིན་རྗེའི་རྟགས༔ འདི་རྣམས་ཞིབ་པར་བརྟག་པར་བྱ༔ དབེན་པར་སོས་དལ་ཡང་ཡང་བརྟགས༔ གོས་ཀྱང་དམར་པོ་གོན་ནས་བཟུང་༔ དཀར་པོ་གང་རུང་འཆར་བར་གསལ༔ ཁྲུས་བྱས་གོས་གོན་རྒྱན་མེད་བྱས༔ ཉི་མའི་ནུབ་ཡང་གསལ་བའོ༔ ཉི་མ་ཕྱེད་ཀྱི་དུས་ཚོད་ལ༔ ཁ་ནི་ལྷོ་ཡི་ཕྱོགས་སུ་བལྟས༔ ལག་པ་གཡས་གཡོན་གྲུ་མོ་པུས་ཁར་བསླང་༔ ཁུ་ཚུར་བཅངས་ལ་སྨིན་ཕྲག་བཟུང་༔ མིག་གཉིས་ཟུར་གྱིས་ཁྲིད་ལ་བལྟས༔ ཤིན་ཏུ་ཕྲ་བར་འོངས་པ་སྟེ༔ ཆད་ནས་བཅུ་དགུ་དག་ནས་འཆི༔ ཆུ་རྗིང་ལྡིང་ཀ་ཡོད་པའི་སར༔ ཉི་ནུབ་ནམ་མཁའ་དངས་པའི་དུས༔ ཆུ་འོད་རི་ལ་ཕོག་པ་དང་༔ རང་ཉིད་ལངས་ནས་བལྟས་པ་ཡིས༔ ཆུ་ལ་གྲིབ་མ་ཉིས་བརྩེགས་འཆར༔ དེ་ཡི་སྟེང་ནས་མེད་གྱུར་ན༔ ཆུ་ཡི་མི་ཆུང་སྟོར་བས་དེ༔ བཅུ་དྲུག་ཉི་མ་ཕྱེད་ནས་འཆི༔ ཟས་ལྐུགས་སྤྱོད་ངན་ཐམས་ཅད་སྤངས༔ ཞག་གཅིག་བསྒོམ་ལ་ནམ་ལངས་ཚེ༔ མཁར་ལྡེར་གཙང་མར་ཆུ་བཏང་ལ༔ ཉི་མའི་ཟེར་ལ་བརྟགས་པ་ཡིས༔ དུད་རླངས་སྔོ་དམར་བྱུང་གྱུར་ན༔ དེ་ནི་མི་འཆི་སྐྱོན་མེད་ཡིན༔ མེད་ན་ཞག་པོ་དགུ་ན་འགུམ༔ ནག་པོ་ཧྲལ་ཞག་གཅིག་འགུམ ཧྲོལ་དམར་པོ་ཐིག་ལེ་ཟུར་གསུམ་འདྲ་མོད་ལ་འགུམ་ཅན༔ ཟུར་གསུམ་རོ་འདྲ་མོད་ལ་བརྩི༔ གཞན་ནི་གོང་ལྟར་བྱུང་ཡང་བཟོད༔ ཉི་མ་རྩེ་ཤར་དུས་ཚོད་ལ༔ དྲི་མ་གཙང་སར་དོར་བ་དེ༔ རླངས་མེད་ཞག་པོ་དགུ་ལ་འགུམ༔ དེ་ནི་ས་དུད་ཡལ་བའོ༔ འབྱུང་བ་ཟད་པ་བྱ་བ་ཡིན༔

བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཨ་ཏི་བཀོད་པ་ཆེན་པོ་ལས༔ འཆི་བ་བསླུ་བའི་ཆོ་ག་བསྟན༔ རྡོ་རྗེ་འཆང་གི་གསུང་ལས་བཀོད༔ གྲོ་ག་རས་སམ་ཤིང་ཤུན་ལ༔ འབྱུང་བ་ལྔ་ཡི་འཁོར་ལོ་ནི༔ རྩིབས་བཞི་ལྟེ་བ་མུ་ཁྱུད་བཅས༔ ས་ཆུ་མེ་རླུང་ནམ་མཁའ་དང་༔ འཁོར་ལོ་དག་ནི་ལྔ་བྱས་ལ༔ ཁ་དོག་ལྔ་ནི་འབྱུང་བ་ཕྱེ༔ ལྟེ་བ་རྩིབས་བཞི་ལྔ་ལ་ཡང་༔ རང་རང་ས་བོན་རེ་རེ་བཀོད༔ མུ་ཁྱུད་ཨཱ་ལི་ཀཱ་ལི་བཀོད༔ དེ་ལྟར་འཁོར་ལོ་ལྔ་བྲིས་ལ༔ མཎྜལ་ཕྱོགས་དང་དབུས་ལྔ་རུ༔ ཤར་ཆུ་ལྷོ་མེ་ནུབ་ཏུ་ས༔ བྱང་དུ་རླུང་ལ་དབུས་སུ་ནམ་མཁའོ༔ དེ་ནས་ལྷ་ཡི་བསྐྱེད་རིམ་ནི༔ ཤར་དུ་ཆུ་ལྷ་དཀར་པོ་བུམ་ཆུ་ཐོགས༔ ཆུ་འཁོར་དེ་ལ་བསྟིམ་བྱས་ལ༔ ཁཾ་ཞེས་ན ད་པའི་ལོ་གྲངས་བརྗོད༔ ལྷོ་རུ་མེ་ལྷ་དམར་པོ་ནི༔ མེ་ཡི་སྒྲོན་ཤིང་དམར་པོ་ཐོགས༔ མེ་འཁོར་དེ་ལ་བསྟིམ་བྱས་ལ༔ རཾ་ཞེས་ནད་པའི་ལོ་གྲངས་བརྗོད༔ ནུབ་ཏུ་ས་ཡི་ལྷ་མོ་སེར་མོ་ནི༔ ཕྱག་ན་རིན་ཆེན་བསྣམས་པ་གཅིག༔ ས་འཁོར་དེ་ལ་བསྟིམ་བྱས་ནས༔ ལཾ་ཞེས་ནད་པའི་ལོ་གྲངས་བརྗོད༔ བྱང་དུ་རླུང་ལྷ་ལྗང་ཀུ་བ་དན་ཕྱར༔ རླུང་འཁོར་ལ་བསྟིམ་ཡཾ་ཉིད་བཟླ༔ དབུས་སུ་གནམ་ལྷ་སྔོན་པོ་ནི༔ ཆོས་འབྱུང་ཨེ་ཡི་མཚན་པ་བསྣམས༔ ཨེ་ཞེས་ནད་པའི་ལོ་གྲངས་བརྗོད༔ ནམ་མཁའི་འཁོར་ལོ་དེ་ལ་བསྟིམ༔

དེ་ནས་ངག་ཏུ་ཚིག་འདི་བརྗོད༔ ཧཱུྃ༔ འབྱུང་བ་སྐྱེས་པའི་ལྷ་ཚོགས་རྣམས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ འབྱུང་བ་ཕྱི་ནང་འཁྲུགས་པ་རྣམས༔ ཆོ་ག་འདི་ཡིས་མཐུན་པར་ཤོག༔ དམིགས་པའི་མི་འདི་བསླུ་བའོ༔ ནད་གདོན་སྡིག་སྒྲིབ་རྣམ་རྟོག་རྣམས༔ ད་ལྟ་ཉིད་དུ་བྱང་ནས་ཀྱང་༔ འཆི་བའི་རྐྱེན་རྣམས་བཟློག་ཏུ་གསོལ༔ འདོད་ཡོན་མཆོད་པ་རྣམ་པ་ལྔ༔ འབྱུང་ལྔ་བསྐྱེད་པའི་ལྷ་ལ་འབུལ༔ མཆོད་པ་བཞེས་ལ་དགྱེས་པར་རོལ༔ དེ་ནས་འཁོར་ལོ་ལྔ་པོ་དེ༔ ཁམ་ཕོར་ཁ་སྦྱོར་ནང་དུ་བཅུག༔ ཚོན་སྐུད་སྣ་ལྔས་རྒྱ་གྲམ་བཅིངས༔ དེ་ཡང་གདན་གྱི་དབུས་སུ་བཞག༔ ཤིང་སྣ་ལྔ་དང་མེ་སྣ་ལྔ༔ ས་སྣ་ལྔ་དང་ཆུ་སྣ་ལྔ༔ སེམས་ཅན་རིགས་ནི་མི་གཅིག་པའི༔ ཁ་རླངས་དག་ལ་བསྒྲེས་པའི་ཟན༔ དེ་རྣམས་བསྲེས་ལ་ངར་མི་ཁྲུ་གང་བྱ༔ དབང་པོ་ལྔ་ལ་ཡི་གེ་ལྔ༔ མིག་ཏུ་རཾ་ལ་རྣ་བར་ཡཾ༔ ཁ་ལ་བཾ་ལ་ལྕེ་ལ་ལཾ༔ སྙིང་ཁར་ཨེ་བྲིས་གཞུག་པར་བྱ༔ འདི་ཉིད་གའུའི་རྒྱབ་ཏུ་བཞག༔ ངར་མི་དེ་ཡི་ཐ་མ་རུ༔ གང་ལ་དམིགས་པ་དེ་ཡི་ཟག་རྫས་ནི༔ མཆིལ་སྣབས་སྐྲ་སེན་དྲི་མ་དང་༔ དྲི་ཆེན་དྲི་ཆུ་རིན་ཆེན་དང་༔ འབྲུ་སྣ་ལྔ་དང་ཁམ་ས་ལ ༔ ངར་གླུད་ལོ་གྲངས་བྱས་ལ་བསྐོར༔ ཁ་དོག་སྣ་ལྔ་ཁྲ་བོ་དང་༔ ཚོན་གྱིས་ལེགས་པར་བསྒྱུར་ལ་བསྐོར༔ དར་ཟབ་བལ་ཚོན་སྣ་ལྔ་ཡང་༔ གཟུགས་ཀྱི་ཁ་དོག་དག་དང་བསྟུན༔ ཕོད་དང་རྒྱང་བུ་བྱས་པས་བརྒྱན༔ མགོ་ལ་ལྟས་ངན་སྣ་ཚོགས་སྒྲོ༔ ལུས་ལ་དར་གོས་གོན་པར་བྱ༔ དེ་དག་རེ་རེའི་མདུན་ན་ཡང་༔ གཏོར་མ་གཟུགས་ཀྱི་ཁ་དོག་ལྟར༔ ཤ་མར་བརྒྱན་ལ་བསྐོར་བར་བྱ༔ ངར་ཟན་ཆང་བུ་ལོ་ཡི་གྲངས་༔ གཟུགས་བརྙན་དེ་ལ་བསྐོར་བར་བྱ༔ དེ་ལ་ཟས་ཕུད་འབྲུ་ཡིས་བྲན༔ སྔགས་དྲུག་ཕྱག་དྲུག་གིས་བྱིན་བརླབས༔ རྡོ་རྗེའི་ཤྭ་ལོ་ཀ་འདི་ཉིད༔

ངར་གླུད་རེ་ལ་གསུམ་གསུམ་བརྗོད༔ ཧཱུྃ༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ སྲིད་དང་ཆགས་དང་ཞེན་པ་རྣམས༔ དྲན་དང་བསམ་དང་བཟུང་དང་རེག༔ ཀློད་དང་གྲོལ་དང་ཞི་བར་མཛོད༔ དེ་ནས་གླུད་རྣམས་ཆུ་གཞུང་བསྐྱུར༔ འཁོར་ལོ་རྟེན་འབྲེལ་རབ་གནས་བྱ༔ ནད་པའི་མགུལ་དུ་གདགས་པར་བྱ༔ དེས་ནི་ལོ་གསུམ་འཆི་བ་བཟློག༔ ལོ་རེ་ལན་རེ་བྱས་ན་བཟང་༔ འདི་ལས་ཟབ་པ་ཡོད་རེ་ཀན༔ ཤི་ན་རཀ་ཀེཤིཐཾ༔ རྡོ་རྗེའི་ཚིག་གོ༔ རྒྱ་རྒྱ་རྒྱ༔

སྒོས་སུ་ཚེ་བསླུ་འདི་ལྟར་རོ༔ འབྱུང་བ་ལྔ་ཡི་འཁོར་ལོ་ཡི༔ རང་གི་དབང་པོ་ལྔ་པོ་ལ༔ དབང་བསྐུར་བྱིན་གྱིས་བརླབ་པར་བྱ༔ འབྱུང་ལྔའི་ལྷ་དང་ཡི་གེ་བསྒོམ༔ འདི་ནི་ཀུན་ལ་དགོས་པའོ༔ རྒྱ་དྷྱ་དྒྱཿ

སེན་མོའི་བཀྲག་རྩི་ཡལ་བ་ན༔ དགེ་སློང་བདུན་ལ་ཆོས་སྟོན་བྱ༔ སྡོམ་པ་བླངས་ལ་གོས་སེར་གྱོན༔ མིག་གི་དཀར་པོ་ཡལ་བ་ལ༔ ཚ་ཚ་དཀར་པོ་ལོ་གྲངས་བཏབ༔ བསྐོར་བ་བདུན་བྱས་ཆུ་གཞུང་བསྒྱུར༔ ས་མ་ཡ༔ ལྟག་སྐྲ་གྱེན་ལ་ལོག་པ་ལ༔ འབྲུ་ནག་དགུ་ལ་ཟན་བྱས་ཏེ༔ རང་གཟུགས་ཁྲུ་གང་བ་གཅིག་བྱས༔ སྙིང་གར་ལོང་ཏང་ལོ་གྲངས་བཅུག༔ རང་སྐྲ་བྲེག་ལ་དེ་ཡི་སྐྲ༔ རང་ཁྲག་ཕྱུངས་ལ་དེ་ཡི་གདོང་༔ རང་གོས་ཕྱུངས་ལ་དེ་ལ་བསྐོན༔ རང་གི་ཁྱིམ་ནས་གོམ་པ་འཇལ༔ ཉེར་གཅིག་ས་རུ་གྲུ་གསུམ་བྲུ༔ འབྱུང་བའི་སྙིང་པོ་བགྲངས་ལ་མནན༔ བདུད་ཕོ་འདི་ཁྱེར་ཅིག་ཁ་ཆེའོ༔ ཁ་ཆེའོ༔ ཁ་ཆེའོ༔ དེང་དེར་དར་ཟན་སྟེང་དུ་དྲི་ཆེན་བཏང་༔ སས་བྱིབ༔ རང་ཉིད་བྲོས་པར་བྱ༔ དེ་ལྟར་བྱས་པས་བཟློག་སྲིད་དོ༔ རྒྱ་རྒྱ་རྒྱ༔ རྐང་པའི་ལོང་མོ་དོན་པ་ལ༔ ཉི་མ་གྲིབ་ཆུང་བྱུང་དུས་སུ༔ གཅེར་མོར་གོས་ཕུད་ཁྱི་མཇུག་ལྟར༔ མདུན་དུ་དྲི་ཆེན་བཞག་པར་བྱ༔ ཁམས་སུ་ཟོས་ལ་ཁྱི་སྐད་ལན་གསུམ་འདོན༔ དེ་ལྟར་ལན་གསུམ་བྱས་ན་བཟློག༔ ས་མ་ཡ༔

སོ་དྲེག་ནག་པོ་ཆགས་པ་ལ༔ གཅེར་བུ་ར་ཡི་པགས་པ་གོན༔ ཤར་དུ་ཁ་བལྟས་ར་ཡི་སྐད༔ ལན་གསུམ་བྱས་པས་བཟློག་པའོ༔ རྒྱ་རྒྱ་རྒྱ༔ སྣ་ཞོམས་པ་ཡི་ཆོ་ག་ནི༔ སྣ་རྩེར་ཡི་གེ་ཨཱ་བསྒོམ་ལ༔ ཨཱ་ཡི་དབང་བསྐུར་ཉེར་གཅིག་བཟླས༔ ལུས་པོ་ཆུ་སྣ་དགུ་ལས་སྟོན་༼བཏོན་༽༔ དེ་ཡིས་བཟློག་གོ་ས་མ་ཡཱ༔ ཡན་ལག་བརྐྱང་བསྐུམ་བྱེད་པ་ལ༔ ཡན་ལག་བཞི་ལ་རྒྱ་སྐེགས་ཀྱིས༔ འབྱུང་བཞིའི་འཁོར་ལོ་བྲི་བར་བྱ༔ རྣམ་འཇོམས་ལོ་གྲངས་བཟླས་ལ་བཀྲུ༔ བཀྲུ་སྔགས་ལོ་གྲངས་བྱས་ལས་ཕན༔ མིག་ནི་འབྲུ་ཚུགས་བལྟ་བ་ལ༔ མིག་ཏུ་ཧ་དཀར་བསྒོམ་ལ་བཟླས༔ དགེ་འདུན་བཞི་སྡེར་སྟོན་མོ་བྱ༔ བྱིས་པ་ལོ་གྲངས་སྟོན་མོ་བྱ༔ གོས་དམར་པོ་བསྐུར་བ་བཟློག༔ རྒྱ་རྒྱ་རྒྱ༔ འགྲམ་པའི་ཤ་རྣམས་ཤོར་བ་ལ༔ ཚ་ཚ་ཆུ་གཏོར་སྦྱིན་བསྲེག་བྱ༔ ཨ་དང་ཨེ་གཉིས་ལོ་གྲངས་བཟླས༔ ངར་གླུད་ལྗང་ཀུས་དར་ལྗང་ཕྱར༔ ལོ་གྲངས་བྱས་ལ་ལྷོ་ནུབ་ལ༔ དེ་ཡིས་བཟློག་གོ་ས་མ་ཡ༔ དབུགས་རྒོད་པ་བུ་རམ་ལ༔ ཡཾ་ཞེས་བརྒྱ་རྩ་བཟླས་ལ་བྱིན༔ འགྲམ་པའི་སྟེང་དུ་ཨཱཿདཀར་བསྒོམ་ཞིང་བཟླས༔ སྣ་གཡོན་མེད་པར་གྱུར་པ་ལ༔ སྣ་རྩེ་ལ་ནི་ཧཱུྃ་བསྒོམ་བཟླས༔ མིག་ཆུ་མི་ཐུབ་བྷྲཱུཾ་བསྒོམ་བཟླས༔ འགྲམ་གཡོན་ཤ་ཤོར་རཀྵ་བསྒོམ་ཞིང་བཟླས༔ ལྕེ་ལ་ཐིག་ལེ་བྱུང་བ་ན༔ ཧཱུྃ་དང་ཨཱ་ལི་བསྒོམ་བཟླས་བྱ༔ རྣ་བ་འབྱར་ན་མུཾ་བསྒོམ་བཟླས༔ སོ་ཐམ་ན་ནི་ཨ་ལི་དང་༔ ཤུམ་བཟླས་ཏེ་བསྒོམ༔ བྲང་གིས་ལྷེའུ་སྣ་ཞོམ་པ་ན༔ ༀ་དང་ཨ་ཨ་ཡུ་བསྒོམ་མོ༔ རྩིའུ་ཆུང་གཉིས་མི་འགུལ་ན༔ ཧྲཱིཿདང་ཧཱུྃ་ཉིད་བསྒོམ་པར་བྱ༔ ཡི་གེ་དེ་དག་དྲི་བཟང་གིས༔ རང་རང་གནས་སུ་བྲི་དང་བཀླག༔ རྟེན་འབྲེལ་ཕན་པར་བཤད་པའོ༔ ནམ་མཁར་གཟུགས་བརྙན་བརྟགས་པ་ལ༔ ཕྱག་མཚན་ཕྱག་གཡོན་མ་ཚང་ན༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ ཚོགས་གཏོར་བརྒྱ་རྩ་བཏང་བར་བྱ༔ ལག་པ་གཡས་པ་མ་ཚང་ན༔ འབྲུ་སྣའི་ངར་གླུད་ཁྲུ་གང་ལ༔ མགོ་ལ་སེང་གེ་ཁ་གདངས་བྱ༔ དེ་ལ་སེ་བྱའི་སྤུ་བྱའི་སྤུ་གང་རྙེད་ལ་བྱ་ལོ་གྲངས༔ བརྒྱན་ལ་བྱང་གི་ཕྱོགས་སུ་ནི༔ རྒྱལ་པོའི་ཕོ་བྲང་གནས་སུ་བསྐྱལ༔ ལག་པ་གཡོན་པ་མེད་པ་ན༔ སྲེ་མོང་ཟེར་མོའི་བླུད་བུ་ལ་བྱེད་གི་བླུད་བུའི་ནང་དུ་ནི༔ ཁྱི་ཕག་སྟག་གིས་མཆེ་བ་བཅུག༔ དེ་དག་རང་གི་དྲི་མ་བསྒྲེས༔ ངར་གླུད་བཅུག་ལ་ཆུ་ལ་བོར༔ རྐང་པ་གཡས་པ་མེད་པ་ན༔ ནམ་གྱི་སྲོད་ལ་ནུབ་ཕྱོགས་སུ༔ རྒྱ་ཤུག་གམ་ནི་སེང་ལྡེང་མེ༔ ལོ་གྲངས་ཙམ་གྱིས་བཏང་བས་བཟློག༔ རྐང་པ་གཡོན་པ་མེད་པ་ལ༔ གླུད་དཀར་ཁྲུ་གང་ཙམ་གཅིག་ལ༔ སྙིང་དཀར་སྟག་པ་ནག་པོ་སོར་བཞི་ལ༔ ལོ་གྲངས་ཉ་ག་བྱས་ལ་བཙུགས༔ ནམ་མཁར་སྐྱ་རེང་ཤར་བ་དང་༔ བསྐོར་ཁང་ནང་དུ་བསྐྱལ་བར་བྱ༔ མགོ་གཞོག་གཡས་པ་མེད་པ་ན༔ ཕུང་ཤུལ་ས་སྣ་དགུ་བླང་ཏེ༔ ཤིང་ནག་འབྲས་བུ་དག་དང་སྦྱར༔ རྫ་ཡི་གའུ་ནང་དུ་བཅུག༔ གླང་མའི་བྱང་བུ་བཅུ་གཉིས་བཅུག༔ ལོ་སྐོར་བཅུ་གཉིས་མིང་གི་མཐར༔ ལོ་ཡི་རྒྱལ་པོས་བྱུར་ཁྱེར་ཅིག་བྲི༔ ཁ་བཅད་སྐུད་པས་དམ་དུ་བཅིངས༔ ཚེར་མ་ཅན་གྱི་ཤིང་རྙེད་ཚེར༔ འགལ་སའི་ནང་དུ་དྲིལ་ནས་ནི༔ ནམ་ཕྱེད་རང་ཉིད་གོས་ནག་གོན༔ རྫས་དེ་དུར་ཁྲོད་གནས་སུ་བསྐྱལ༔ མགོ་གཞོག་གཡོན་པ་མེད་པ་ན༔ འབྲུ་སྣ་ཉི་ཤུ་རྩ་ལྔ་ཡི༔ ངར་ཟན་བྱས་ལ་སྙིང་ག་རུ༔ མི་རྟ་ཁྱི་གསུམ་རུས་པ་བཅུག༔ ངར་གོས་བསྐོན་ལ་མདུན་དུ་བཞག༔ ལྷོ་ཕྱོགས་གོམས་པ་བརྒྱད་ཅུའི་སར༔ གཞན་གྱིས་དོང་དུ་མནན་པར་བྱ༔ མིང་ནས་བོས་ལ་ལན་གསུམ་དུ༔ བྲོ་བརྡུང་ཆོ་ངེས་བཏབ་པའོ༔

སྐེད་པ་ཡན་ཆད་ཆད་པ་ན༔ ཤར་ལྷོར་ཚེར་ཅན་ཤིང་ལ་ཧོམ༔ རང་ལོ་ཙམ་པའི་གྲངས་སུ་བརྩིགས༔ ཧོམ་རེ་བསྲེགས་ཤིང་རཾ་ཉིད་ལ༔ ལོ་གྲངས་ཙམ་རེ་བཟླས་ལ་བསྲེགས༔ ཕྲག་པ་མན་ཆད་སུས་སོང་ན༔ རང་ལུས་རོ་སོལ་ནག་པོས་བྱུག༔ སྐྲ་ནི་སྤྱི་བོར་བཅིངས་ནས་སུ༔ ཤོག་བུ་སོར་བཞི་པ་གཅིག་ལ༔ རང་ལོ་གནམ་ལོ་མིང་གཉིས་བྲི༔ ཕྱོགས་བཞིར་རཾ་ཡཾ་ཁཾ་གསུམ་བྲི༔ གུ་གུལ་དག་གིས་ཏང་སྣར་སྦྱར༔ ཚེས་དགུའི་ནམ་གུང་ཕྱོགས་བཞིར་རྒྱུགས༔ ཁ་ནས་ལོ་ཁྱེར་ལོ་ཁྱེར་བརྗོད༔ དེ་ནས་ཤིན་ཏུ་དུར་ཁྲོད་སྦ༔ རོ་སྟོད་ཡན་ཆད་མེད་པ་ན༔ སེང་ལྡེང་ཤུག་པའི་མེ་ཧོམ་ལ༔ ལོ་སྐོར་བཅུ་གཉིས་གཟུགས་བྲིས་བསྲེགས༔ ཚ་ཚ་ཆུ་གཏོར་ལོ་གྲངས་བྱ༔ ཁོག་སྨད་མེད་ན་དུར་ཁྲོད་དུ༔ རུས་པ་སྣ་ཚོགས་དུད་པ་བཏང་༔ ལུས་ཀྱི་གཞོག་གཡས་མེད་པ་ན༔ གཙུག་ཏོར་ཚ་ཚ་ཚེ་དཔག་མེད༔ ལོ་གྲངས་གྱུར་པ་བརྗོད་པར་བྱ༔ གཞོག་གཡོན་མེད་ན་གཟུངས་གྲ་ལྔ་ལོ་གྲངས་འདོན༔ གནམ་སའི་འབྲེལ་ཐག་ཆད་པ་ན༔ གསུང་རབ་ཀློག་ཅིང་དགེ་བར་འབད༔ ལྗོན་ཤིང་ཆད་ན་རླུང་བསྒོམ་སྨན་སྦྱོར་བརྟེན༔ ཆུ་ཡི་སྤྲིས་ཡལ་ཁམ་ས་ལ༔ ལོ་སྐོར་བཅུ་གཉིས་གཟུགས་བྱས་ཚ་ཚ་དང་༔ གླུད་རེ་བརྟགས་པའི་ཧོམ་རེ་རྣམས༔ ཉི་མ་རྒས་ཁར་བྱང་ཤར་དུར་ཁྲོད་བསྐྱལ༔ ནག་པོ་ཧྲལ་ཧྲོལ་བྱུང་བ་ན༔ ལྕགས་ཕྱེ་ཟངས་ཕྱེ་འབྲུ་སྣ་བསྲེས༔ ཕྱོགས་བཞི་དག་ཏུ་གཏོར་མས་བཟློག༔ དམར་པོ་ཐིག་ལེ་བྱུང་བ་ན༔ ངར་གླུད་ལོ་གྲངས་བྱས་པ་ལ༔ གཟི་མོ་བྱི་ཐུར་རེ་རེ་གཟུག༔ རུས་པ་སྣ་ཚོགས་དག་དང་སྡེབ༔ ཤར་ཕྱོགས་རྒྱ་ལམ་སུམ་མདོར་བསྐྱལ༔ དུད་རླངས་ཆད་ན་རྟ་ཐོད་ལ༔ འབྱུང་བ་བཞི་ཡི་ས་བོན་བྲིས༔ ཉི་མ་མདུང་གང་ཙམ་ལ་ནུབ་དུ་བསྐྱལ༔ རྟ་སྐད་སྣ་ཚོགས་འདོན་པར་བྱ༔ རྣ་བའི་འུར་སྒྲ་ཆད་པ་ན༔ སྙིང་ནང་ཡཾ་བསྒོམ་མིག་གྱེན་བཟློག༔ གཟུངས་སྔགས་ཆུ་ཡིས་མགོ་ལུས་བཀྲུ༔ རྣ་བ་ཤྭ་ཤྭ་ཟེར་བ་ན༔ ཟས་སྣའི་གཏོར་མ་ལོ་གྲངས་དང་༔ རང་ལོ་གནམ་ལོའི་མིང་དང་བཅས༔ ཤིང་སྡོང་རྐང་གཅིག་ས་རུ་བསྐྱལ༔ ནང་གི་འཆི་ལྟས་བྱུང་བ་ལ༔ རླུང་ནི་བུམ་པ་ཅན་དུ་བསྒོམ༔ གཞན་ཡང་ལག་ངར་ཆད་པ་དང་༔ རྐྱག་པ་རླངས་པ་མེད་པ་དང་༔ ཆུ་དྲི་ངན་དང་གྲིབ་མ་མེད་ལ་སོགས༔ ལར་ཡང་འཆི་བསླུ་ཐམས་ཅད་ལ༔ འཆི་ངོ་ཤེས་པའི་སྲོག་ཡང་བསླུ༔ མཆོད་རྟེན་རྙིང་གསོ་ན་བཟའ་གསོལ༔ ལམ་འཕྲང་བསལ་ཞིང་དར་མ་ཀློག༔ སཱཙྪ་ཆུ་གཏོར་ཚོགས་བརྒྱ་རྩ༔ སྣང་སྲིད་ཐམས་ཅད་མདོས་ཀྱིས་བསྐང་༔ ཚེ་སྒྲུབ་ཚེ་ཆོག་སྤོང་དག་བྱ༔ ལར་ནི་དགེ་རྩ་འགྲུབ་ཚད་བྱ༔ དེ་ནི་ཆོ་གའི་རིམ་པ་ཡིས༔ འཕྲལ་གྱི་བར་ཆད་ཕྲན་བུ་ལས༔ དེ་ལྟར་བྱས་པས་བླུ་བའོ༔ དུས་ཆེན་བྱུང་བའི་རྟགས་རྣམས་ལ༔ རྟེན་འབྲེལ་བྱས་ཀྱང་ཕན་པ་མེད༔ དེས་ན་མཁས་པས་བརྟག་པར་བྱ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ འཆི་རྟགས་བསླུ་བའི་མན་ངག་བསྟན༔ ཀློང་ཡངས་སྲོག་གི་སྙིང་པོའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔

སྐྱེས་བུའི་ལུས་ལ་ནད་བཏབ་ནས༔ རྟགས་འདི་སུ་ལ་བྱུང་བ་དེ༔ འཆི་བའི་དུས་ལ་བབ་པ་ཡིན༔ སེམས་ཅན་དབུགས་ནི་འཕོ་བའི་ཚེ༔ ཕྱི་འབྱུང་ལྔ་པོ་ནང་དུ་སྡུད༔ ནང་འབྱུང་ལྔ་པོ་གསང་བར་ཐིམ༔ གསང་འབྱུང་ལྔ་པོ་ཡོངས་སུ་རྫོགས༔ ཡང་དག་ལམ་ཆེན་ཉིད་ལ་ཐིམ༔ འབྱུང་ལྔའི་འཕོ་འཇུག་འདི་ལྟར་རོ༔ ཤ་ནི་ས་ལ་ཐིམ་པ་དང་༔ དེ་བཞིན་ཆུ་དང་མེ་དང་རླུང་༔ སོ་སོ་རང་རང་ཐིམ་པ་དང་༔ སྐྱེས་བུའི་ལུས་ལ་འདི་ལྟར་རོ༔ ནང་གི་ས་ནི་ཤ་རུས་ཡིན༔ དེ་ནི་ཕྱི་ཡི་ས་ལ་ཐིམ༔ དེ་ཡི་རྟགས་སུ་འདི་ལྟར་འོང་༔ ལུས་ནི་ལྕི་ཞིང་ཟས་མི་ལོན༔ ལུས་སྟོབས་ཤོར་ཞིང་ཤེས་པ་རྨུགས༔ ལངས་མི་ནུས་ཤིང་ས་རྡོ་འདྲ༔ ནང་གི་ཆུ་ནི་ཁྲག་ཆུ་སེར༔ དེ་ནི་ཕྱི་ལ་ཐིམ་པའི་རྟགས༔ ཁ་ཆུ་སྣ་ཆུ་འཛག་པར་བྱེད༔ ཆུ་ངན་མི་ཐུབ་གྲེ་ལྕེ་སྐམ༔ མིག་ཀྱང་གྱེན་དུ་ལོག་ལོག་སོང་༔ ནང་གི་མེ་ནི་དྲོད་ཡིན་ཏེ༔ ཕྱི་ཡི་མེ་ལ་ཐིམ་པའི་རྟགས༔ ཁ་སྣ་སྐམ་ཤིང་ལུས་དྲོད་ཤོར༔ ཤེས་པ་རེས་གསལ་རེས་མི་གསལ༔ ཕྱི་ནང་བར་གསུམ་དྲོད་མི་འཆོར་༼ཚོར་༽ ༔ ནང་གི་དབུགས་ནི་རླུང་ཡིན་པས༔ ཕྱི་ཡི་རླུང་ལ་ཐིམ་པའི་རྟགས༔ དབུགས་ནི་ངར་ངར་ཡན་ལག་ཕྲ༔ མིག་ཀྱང་གྱེན་ལ་བཟློག་པའོ༔ བཀྲག་མདངས་ཐམས་ཅད་ཉམས་ནས་འགྲོ༔ ཟས་ཀྱི་ཐ་མ་ཤི་ཟས་ཟ༔ གཏམ་གྱི་ཐ་མ་ཁ་ཆེམས་བཞག༔ གོས་ཀྱི་ཐ་མ་རེ་གོས་གོན༔ གནས་ཀྱི་ཐ་མ་དུར་ཁྲོད་འགྲོ༔ གཉེན་ཀྱི་ཐ་མས་ངུ་བྲང་བརྡུངས༔ དེ་ཡི་མཐའ་ལ་ཐུག་པའི་ཚེ༔ ཕྱི་དབུགས་ཁྲོག་གིས་ཆད་ནས་འགྲོ༔ རྟགས་འདི་སུ་ལ་བྱུང་བ་དེ༔ མི་དེ་འདི་རུ་མི་གནས་ཕ་རོལ་དུ༔ ངེས་པར་ཡང་དག་འགྲོ་བས་ན༔ དེ་དུས་བླ་མའི་གདམས་ངག་རྣམས༔ རང་གིས་རྒྱུད་ལ་དྲན་པར་བྱ༔ དེ་དུས་སྣང་བ་འདི་ལྟར་འོང་༔ ཕྱི་ཡི་དབང་པོ་དྲན་ཉམས་བྱེད༔ མུན་སྲོས་བཞིན་དུ་འུབ་ཀྱིས་འདུས༔ རིག་པ་སྙིང་གི་དཀྱིལ་དུ་གནས༔ སྨྲ་མི་ཤེས་ཤིང་དྲན་པ་ཉམས༔ དེ་དུས་ལུས་ཀྱི་ཁྲག་འདུས་ནས༔ སྲོག་རྩའི་ནང་ནས་སྙིང་ནང་སྡོད༔ ཁ་གདངས་མིག་ནི་སྐྱ་ལོག་འགྲོ༔ དབུགས་ནི་ཁྲུ་གང་ཙམ་དུ་ཆད༔ དེ་དུས་ཁྲག་ཐིག་གཅིག་བརྒྱབ་པས༔ མགོ་བཀུག་དབུགས་ནི་མདའ་གང་ཆད་པའོ༔ དེ་ནས་ཁྲག་ཐིག་གསུམ་བརྒྱབ་པས༔ ཨིག་འབྱིན་ཁོང་པ་ཁྲོལ་ཟེར་འོང་༔ དབུགས་ནི་མདའ་གང་ས་ནས་ཆད༔ དེ་ནས་ཕྱི་དབུགས་ཆད་པ་དང་༔ རིག་པ་སྙིང་དཀྱིལ་གནས་ནས་ཡོད༔ དེ་དུས་འཕོ་བ་བཏབ་ན་ཐེབས༔ བླ་མའི་གདམས་ངག་གསལ་ཡང་གདབ༔ མི་དེ་ཕྱི་དབུགས་ཆད་པའི་དུས༔ རིགས་དྲུག་རྟགས་ནི་འདི་ལྟར་འབྱུང་༔ ལག་པ་གཡས་པ་གཡོབ་པ་དང་༔ ཁ་ནས་ཅལ་ཅོལ་འདོན་པ་དང་༔ མཆན་ཁུང་གཡས་སུ་དྲོད་འདུས་ན༔ མི་དེ་ལྷ་མིན་གནས་སུ་སྐྱེ༔ ཚིགས་ལ་དྲན་པ་ཉམས་པ་དང་༔ མིག་ཏུ་དྲོད་རྣམས་འདུས་པ་ནི༔ མི་དེ་མི་ཡི་གནས་སུ་སྐྱེ༔ ཁ་ནས་སེམས་ཅན་སྒྲ་སྐད་འདོན༔ མཚན་མར་དྲོད་རྣམས་འདུས་པ་ནི༔ དེ་ནི་བྱོལ་སོང་གནས་སུ་སྐྱེ༔ ལུས་ནི་སེར་པོ་བཀྲག་མེད་དང་༔ ཁ་ལ་དྲོད་རྣམས་འདུས་པ་ནི༔ མི་དེ་ཡི་དྭགས་གནས་སུ་སྐྱེ༔ རྐང་པ་གཡས་པ་ས་ལ་རྡེབ༔ རྐང་པའི་མཐིལ་དུ་དྲོད་འདུས་ན༔ མི་དེ་དམྱལ་བའི་གནས་སུ་སྐྱེ༔ རྟགས་ཚད་འདི་རྣམས་ཁོ་ན་བདེན༔ དེ་ལ་ཐུགས་རྗེས་བཟུང་བའི་ཕྱིར༔ ལུས་པོ་སེང་གེའི་ཉལ་ཐབས་བཅོལ༔ མགོ་བྱང་རྐང་པ་ལྷོ་ལ་བསྟན༔ རིག་པ་འདི་ཉིད་མིག་ལ་གཏད༔ སལ་ལེ་ཧྲིག་གེ་སེང་ངེ་བཞག༔ སྒྲ་རྣམས་ཐམས་ཅད་རང་གི་སྒྲ༔ འོད་ཟེར་ཐམས་ཅད་རང་གི་ཟེར༔ སྣང་བ་ཐམས་ཅད་རང་སྣང་ངོ་༔ གསལ་སྟོང་འཛིན་པ་མེད་པར་བྱ༔ དབྱིངས་དང་རིག་པ་མ་འགྱུར་ན༔ མི་དེ་བར་དོ་མེད་པར་རྒྱས༔ གལ་ཏེ་དབྱིངས་རིག་མ་གསལ་ན༔ བླ་མས་བར་དོའི་འོད་སྣང་རྣམས༔ སྤྱི་བོར་ཁ་གཏད་ཡང་དག་བཤད༔ བཏགས་གྲོལ་རྒྱུད་དང་གདམས་པ་རྣམས༔ རྣ་བར་སྦུ་གུ་བཅུག་ལ་བཤད༔ དེས་ནི་བདེན་པ་མཐོང་བར་འགྱུར༔ ལྷ་མིན་རྟགས་ཏེ་སུ་ལྡན་པ༔ དེ་ཉིད་དྲངས་པའི་རྣལ་འབྱོར་པས༔ རོ་ཡི་ལྟེ་བར་ཨཱཿདཀར་བསྒོམ༔ སྤྱི་བོར་ཁ་གཏད་དབུགས་ཀྱིས་དྲངས༔ ཨ་ཨ་ཅེས་པ་ཉེར་གཅིག་བརྗོད༔ བུམ་དབང་སྤྱི་བོར་བཞག་པར་བྱ༔ བུམ་པ་ཉིད་ཀྱང་ཨཱ་རུ་བསྒོམ༔ མཆན་ཁུང་གཡས་པར་ཡི་གེ་ཀྵ༔ དཀར་པོ་མིག་ལ་ཉེར་གཅིག་བགྲངས༔ བུམ་པ་ཀཾ་བསྒོམ་མཆན་ཁུང་བཞག༔ གང་ཞིག་མི་ཡི་རྟགས་བྱུང་ན༔ མིག་དང་སྤྱི་བོ་གང་རུང་དུ༔ ཡི་གེ་ཏཾ་བསྒོམ་གསལ་བར་བསྒོམ༔ དབུགས་ནི་ཉེར་གཅིག་སྤྱི་བོར་དྲངས༔ བུམ་པ་ཏཾ་བསྒོམ་མིག་ལ་བསྐུར༔ གང་དག་བྱོལ་སོང་རྟགས་བྱུང་ན༔ མཚན་མར་ཡི་གེ་རྒྱ་སེར་བསྒོམ༔ དབུགས་དང་བཅས་པས་ལན་དགུ་དྲངས༔ བུམ་པ་རྒྱ་བསྒོམ་མཚན་མར་བཞག༔ གང་དག་ཡི་དྭགས་རྟགས་བྱུང་ན༔ ཁོ་ཡི་རྣམ་ཤེས་བྷྱ་རུ་བསྒོམ༔ ལྕེ་ལ་བུམ་པ་བྷྱ་བསྒོམ་བཟླས༔ དབུགས་དང་བྷྱ་ཡིས་ལན་བདུན་དྲངས༔

གང་དག་དམྱལ་བའི་རྟགས་བྱུང་ན༔ རོ་ཡི་རྣམ་ཤེས་ཡི་གེ་གསུམ༔ སྤྱི་བོར་མགྲིན་པ་སྙིང་ཁ་རུ༔ ༀ་དཀར་ཨཱཿདམར་ཧཱུྃ་མཐིང་བསྒོམ༔ རང་ཡང་བསྒོམ་ལ་རོ་ཡང་བསྒོམ༔ ཚིག་འདི་རྣ་བར་གསལ་བར་གདབ༔ རང་དང་སྤྲད་དེ་དབུགས་དང་བསྟུན༔ རྣམ་ཤེས་ཡིག་འབྲུ་གསུམ་དུ་བསྒོམ༔ ལན་གྲངས་ཉི་ཤུ་རྩ་གཅིག་ཏུ༔ དབུགས་དང་བསྒོམ་བསྟུན་རེ་ལ་གཞུག༔ གཞན་ཡང་ཡེ་ཤེས་རང་འོད་སྤྲད༔ དེས་ནི་རིགས་དྲུག་བྲོས་ཁུང་ཁོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ད་ནི་རྣམ་ཤེས་ནམ་མཁར་ཐིམ༔ དོན་ལ་རླུང་ལྔ་འཕྲོས་པ་ཡིན༔ ཡུལ་མེད་རིག་པ་ནམ་མཁར་ཐིམ༔ ཀུན་ཁྱབ་ནམ་མཁའ་སྒྲོན་མར་ཐིམ༔ མ་འདྲེས་ནམ་མཁའ་དབྱིངས་སུ་ཐིམ༔ དོན་མཚོན་ནམ་མཁའ་ཤེས་རབ་ཐིམ༔ ཐམས་ཅད་ལྷུན་གྲུབ་ཆེན་པོར་ཐིམ༔ སྙིང་གི་དཀྱིལ་གྱི་རིག་པ་ཡང་༔ ཐིག་ལེ་ཉིད་ལ་ཐིམ་པའོ༔ ཐིག་ལེ་ཉིད་ཀྱང་རྩ་ལམ་ལ་ཕྱུངས་ནས༔ སྒྲོན་མ་རྣམས་པ་བཞི་ལ་ཐིམ༔ སྒྲོན་མ་བཞི་པོ་འོད་ལྔར་ཐིམ༔ འོད་ཟེར་ལྔ་ནི་སྐུ་ལ་ཐིམ༔ སྐུ་རྣམས་ཚོམ་བུ་ལྔ་ལ་ཐིམ༔ ཚོམ་བུ་ཡེ་ཤེས་གཉིས་ལ་ཐིམ༔ ཡེ་ཤེས་ལྷུན་གྲུབ་དག་ལ་ཐིམ༔ ལྷུན་གྲུབ་ཀ་དག་ཀློང་དུ་ཐིམ༔ དེ་ནས་རང་ས་ཟིན་པའོ༔ རྐྱེན་དབང་དག་ཏུ་འཆི་བ་སྟེ༔ འཆི་ཁའི་བར་དོ་ངེས་པ་མེད༔ ཡང་ཡེངས་ཟ་ཟི་ཕྱ་ཕྱོ་སྟེ༔ སྡུག་བསྔལ་ཉམས་ཐག་ཤི་ཁའོ༔ གང་ཟག་འཆི་ཁའི་བར་དོ་འདི༔ བླ་མ་མཆེད་གྲོགས་དམ་ལྡན་གྱིས༔ གདམས་པ་གསལ་གདབ་ཆགས་མེད་བསྒོམས༔ སྔར་གྱི་གདམས་ངག་ཐམས་ཅད་ཀུན༔ ཡང་ཡང་བློ་ལ་བརྟེན་པར་བྱ༔ འཇིག་རྟེན་བྱ་བ་ཐམས་ཅད་ཀུན༔ བློ་ཡི་ལིངས་ཀྱིས་རྒྱབ་ཏུ་བོར༔ ཤི་ལུང་དེ་ལྟར་མེད་པ་ལ༔ ཞག་གྲངས་ཉི་ཤུ་རྩ་གཅིག་ལ༔ གཤིན་ཆོག་དག་ལ་འབད་པར་བྱ༔ ལམ་སྣ་ཨེ་ཟིན་དེ་ལ་རགས༔ གང་ཟག་འཆི་ཁའི་བར་དོ་ཞེས་བྱ་བ་རྫོགས་སོ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔

ཆོས་ཉིད་བར་དོ་འདི་ལྟར་རོ༔ ཕུང་པོ་མེད་ཅིང་ཟག་བཅས་བྲལ༔ སྣང་བ་ཐམས་ཅད་བདེན་པའི་ཞིང་༔ རང་སྣང་དག་པར་ཀུན་སྣང་སྟེ༔ འདི་ལ་ཐེ་ཚོམ་སུས་ཟ་བ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་བསྒྲིབས༔ རང་བཞིན་དག་པའི་སྣང་བ་འདི༔ རྣམ་པར་ཤེས་པ་འོད་གསལ་ཐིམ༔ དབུགས་ཕྱི་ནང་གཉིས་ཀྱི་འགྲུལ་ཐང་ཆད༔ ལུས་དང་སེམས་ཀྱི་འབྲེལ་པ་ཆད༔ དབུགས་ནི་རང་སྣང་ཁམས་སུ་ཆད༔ ལུས་ནི་བེམ་པོར་ལིངས་ཀྱིས་འགྲོ༔ རིག་པ་མེ་སྟག་ཡར་བ་ལྟར༔ འོད་གསལ་ཆོས་ཉིད་ས་རུ་སླེབས༔ དེ་ལ་ཆོས་ཉིད་བར་དོ་འཆར༔ སྔར་གྱི་ལུས་ཀྱི་བག་ཆགས་ཀྱིས༔ དངོས་པོ་ཐམས་ཅད་ཡོད་པར་སྙམ༔ གདོས་བཅས་ལུས་ནི་མི་སྣང་སྟེ༔ འོད་གསལ་ལུས་ནི་གསལ་བའོ༔ དེ་ཡི་དུས་སུ་རྟོག་པ་འགགས༔ ཕྲ་རགས་རྟོག་སེམས་མི་འགྱུ་སྟེ༔ དེ་ཚེ་མིག་སྔར་གྱུར་ཚད་རྣམས༔ འོད་ཟེར་ལྔ་ཡི་ད་ལར་འཆར༔ གདོས་བཅས་ས་རྡོ་ལ་སོགས་པའི༔ འབྱུང་བཞིའི་སྣང་བ་ཐམས་ཅད་དང་༔ ནང་བཅུད་སེམས་ཅན་ལ་སོགས་པའི༔ རྟོག་པའི་ངོ་བོ་གཅིག་ཀྱང་མེད༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ བར་མཚམས་མེད་པར་འོད་ལྔའི་ཞིང་༔ སྣང་བ་མཐོང་བ་དེ་དག་ནི༔ ཕྱི་ནས་བལྟས་ནས་ནང་ཡང་གསལ༔ ནང་ནས་བལྟས་ན་ཕྱི་ཡང་གསལ༔ ཕྱི་ནང་མེད་པར་ཟང་ཐལ་ལེ༔ ལྡེམ་ལྡེམ་བཞིན་ནམ་མེར་མེར་བཞིན༔ མནན་ན་ནེམ་ནེམ་བྱེད་པ་སྙམ༔ བཏེགས་ན་འཕར་འཕར་བྱེད་པ་སྙམ༔ ཤིན་ཏུ་ཡིད་དུ་འོང་བ་དང་། ཁ་དོག་ལྔ་རུ་གསལ་བ་དང་༔ སོ་སོར་མ་འདྲེས་རང་སར་གསལ༔ ཕྲ་བ་མགུལ་བ་འཕྲིག་པ་དང་༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འཕྲོ༔ སྣུམ་ལ་འདྲིལ་ཞིང་རབ་ཏུ་ཕྲ༔ རྒྱ་ཆེ་ཁོག་ཡངས་དཔངས་ཀྱང་མཐོ༔ རྩེ་མོ་ཡངས་པ་ཞེས་བྱ་སྟེ༔ དཀྱིལ་འཁོར་ཀུན་གྱི་འབྱུང་གནས་སུ༔ བྱས་པ་མེད་པར་རང་བྱུང་བཞུགས༔ དེ་ཡང་ཁ་དོག་སྣ་ལྔ་སྟེ༔ དཀར་པོ་རང་གསལ་མདངས་ཟེར་འཕྲོ༔ སེར་པོ་རང་གསལ་འོད་མདངས་འཕྲོ༔ དམར་པོ་རང་གསལ་མདངས་ཟེར་འཕྲོ༔ ལྗང་ཀུ་རང་གསལ་མདངས་ཟེར་འཕྲོ༔ མཐིང་ཀ་རང་གསལ་མདངས་ཟེར་འཕྲོ༔ དེ་དག་འབྱར་ལ་མ་རེག་པ༔ ཁ་དོག་སོ་སོ་རང་སར་གསལ། ཤིན་ཏུ་ལྷུན་སྟུག་ཚུལ་དུ་གནས༔ འགགས་པར་མི་ནུས་བསམ་ཡུལ་འདས༔ འོད་སྣང་འཁྲུགས་པའི་བསམ་སྣང་ནི༔ བདག་འཛིན་ལུས་ཀྱི་རྟེན་སོར་གནས༔ ཆོས་ཉིད་དོན་ལ་སྤྱོད་པའོ༔ ཕྲ་རགས་རྟོག་པ་ཀུན་འགགས་ཏེ༔ དབང་པོ་ཀུན་ལྡན་འོད་ཀྱི་ལུས༔ ལུས་དང་གྲིབ་མའི་ཚུལ་དུ་གྱུར༔ དེ་ལྟར་འོད་སྣང་ཤར་བ་དེ༔ མིང་ནི་རིག་པ་འོད་ལ་ཐིམ་པའོ༔

ད་ནི་འོད་སྣང་དེ་དག་ནི༔ ཟུང་འཇུག་དག་ལ་ཐིམ་པ་ནི༔ གོང་གི་འོད་སྣང་ཐམས་ཅད་ཀྱང་༔ སྐུ་ཡི་སྣང་བར་འཆར་བ་སྟེ༔ འོད་ཁྱིམ་གནས་པ་དེ་དག་ལ༔ རིགས་ལྔ་ཡབ་ཡུམ་ཚོམ་བུར་གསལ༔ དཔག་མེད་གྲངས་ལས་འདས་པ་ལས༔ ཁ་དོག་ཕྱག་རྒྱ་རྒྱན་དང་ལྡན༔ སེམས་དཔའ་དང་ནི་སེམས་མར་བཅས༔ དཀྱིལ་འཁོར་གཅིག་རྫོགས་ཉིད་དུ་འཆར༔ མི་ཆེ་བ་དང་མི་ཆུང་བ༔ གདན་ཁྲི་རྒྱབ་ཡོལ་བཅས་པ་སྟེ༔ གསལ་འཚེར་ལྷུན་སྟུག་གཟི་བརྗིད་འཕྲོ༔ མཉེན་ལྕུགས་འཁྲིལ་ལྡེམ་གཞོན་ཚུལ་ཅན༔ ཞི་བའི་ལྷ་སྐུ་དེ་དག་ཀྱང་༔ ལྔ་ཚན་རེ་ལ་འོད་ལྔའི་ཚུལ༔ མུ་ཁྱུད་འོད་ལྔ་བསྐོར་བ་འཆར༔ ཡབ་དང་ཡུམ་གྱི་ཆ་འཛིན་དང་༔ སྣང་བ་ཐམས་ཅད་སྐུ་རུ་འཆར༔ དེ་དུས་རང་གི་ཐུགས་ཀ་ནས༔ འོད་ཟེར་ཤིན་ཏུ་ཕྲ་བ་དག༔ ཉི་མའི་ཟེར་ཐག་ལྟ་བུར་འཆར༔ འོད་ཟེར་དེ་དག་ཐམས་ཅད་ནི༔ ལྷ་སྐུ་ཀུན་གྱི་གཟུགས་དང་འབྲེལ༔ འདི་ཉིད་རང་གི་ཤེས་པས་ཟིན༔ རང་སྣང་ཡིན་པར་ཤེས་གྱུར་ན༔ མི་རྟོག་ཏིང་འཛིན་བསམ་གཏན་ལ༔ རང་བཞིན་དུ་ནི་གནས་པའོ༔ དེ་ནི་རིག་པ་འོད་ལ་ཡལ༔ འཇུག་པ་ཞེས་སུ་གྲགས་པའོ༔ དེ་ཚེ་རང་གི་སྙིང་ག་ནས༔ ཟེར་ཐག་འོད་ཀྱི་ལུ་གུ་རྒྱུད༔ ཚོམ་བུའི་ཐུགས་ཀར་འབྲེལ་སྙམ་ནས༔ དེ་དག་ཐིག་ལེ་རབ་བརྒྱན་སྣང་༔ ཤེས་པས་ཟིན་པས་བསམ་གཏན་སྐྱེ༔ ཟེར་ཐག་དེ་དག་ཐམས་ཅད་ལ༔ ཐིག་ལེ་ཕྲ་མོ་གྲངས་མེད་འཆར༔ དེ་ཡང་འཇུག་པའི་གནད་ཅིག་ཡིན༔ ས་མ་ཡ༔ དེ་ནས་རང་གིས་སྙིང་ག་ནས༔ འོད་ཟེར་ཚོན་སྐུད་དྲ་བ་གཅིག༔ ཚོམ་བུའི་ལྷ་ཚོགས་ཐུགས་ཀར་འབྲེལ༔ དེ་དུས་ཚོམ་བུའི་ལྷ་ཚོགས་རྣམས༔ རང་ལ་ཐིམ་པའི་སྣང་བ་འཆར༔ དེ་ནི་འོད་ཟེར་རིག་པ་ལ༔ ཚུར་ལ་འཇུག་པ་ཞེས་བྱ་སྟེ༔ དེ་ཡང་འཇུག་པའི་གནད་ཅིག་ཡིན༔ དེ་ཡི་དུས་ལ་བབས་ཙམ་ན༔ རང་སྣང་ཡིན་པར་ཐག་ཀྱང་བཅད་༔ རང་རིག་ཡིན་པར་ངོ་ཤེས་ཏེ༔ མ་པང་བུ་འཇུག་གདམས་ངག་ནི༔ ཡིད་ཆེས་ཐག་ཆོད་དྲན་པར་བྱ༔

ད་ནི་གྲོལ་ལུགས་འདི་ལྟ་སྟེ༔ ཕུང་པོ་ལྔ་ཡི་གཟུང་འཛིན་དེ༔ ལོངས་སྤྱོད་རྫོགས་པའི་སྐུ་རུ་གྲོལ༔ འབྱུང་བ་ཉོན་མོངས་རང་གྲོལ་བས༔ འོད་གསལ་རིག་པ་ཆོས་སྐུར་ཤར༔ འོད་གསལ་བདེ་ཆེན་ཀློང་དུ་གྲོལ༔ རིག་པ་ཡེ་ཤེས་མ་བུ་འཕྲོད༔ ཕྲག་དོག་རྣམ་རྟོག་ཐམས་ཅད་སྤངས༔ མ་ཡེངས་མ་ནོར་རང་ངོས་བཟུང་༔

འདི་དུས་ཡེ་ཤེས་བཞི་སྦྱོར་སྣང་བ་གཅིག༔ རང་གི་སྙིང་ཀར་འཆར་བ་ནི༔ རྡོ་རྗེ་སེམས་དཔའི་ཁོང་སེང་ལམ༔ རིག་པའི་སྣ་ཐག་ཞེས་ཀྱང་བྱ༔ འོད་ཀྱི་ཐག་པ་ཤིན་ཏུ་ཕྲ༔ དེ་ནི་སྟེང་གི་ནམ་མཁའ་ལ༔ གྱེན་ལ་ཁྲུ་གང་ས་རུ་སྣང་༔ དེ་ལ་མ་ཡེངས་བལྟས་པ་ཡིས༔ སྣང་བ་རྒྱ་ཆེར་མཆེད་པ་དང་༔ ཡང་གསང་ཤིན་ཏུ་མཐའ་ཡས་པ༔ བློ་རྒྱ་ཤིན་ཏུ་མཐའ་ཡས་པ༔ དེ་ཡང་དང་པོ་འོད་མཐིང་ཀ༔ སྣམ་བུ་བརྐྱང་པ་ལྟ་བུའི་ཁར༔ ཐིག་ལེ་ཟེར་དང་ལྡན་པ་ནི༔ མེ་ལོང་ཁ་སྦུབ་གནས་པ་ལྟར༔ ཤིན་ཏུ་གསལ་ཞིང་འཚེར་བ་ལ༔ རང་བཞིན་ཐིག་ལེ་ལྔ་ལྔས་བརྒྱན༔ དེ་སྟེང་དཀར་པོའི་སྣམ་བུ་ལ༔ ཐིག་ལེ་གོང་དང་འདྲ་བའོ༔ དེ་སྟེང་དམར་པོའི་སྣམ་བུ་སྟེ༔ ཐིག་ལེ་གོང་དང་འདྲ་བའོ༔ དེ་ཡི་སྟེང་དུ་འོད་ཟེར་ནི༔ གསལ་ལ་ཟླུམ་པ་གདུགས་ལྟར་འཆར༔ དེ་དག་ཡེ་ཤེས་བཞི་སྦྱོར་སྣང་བ་སྟེ༔ བྱ་བ་གྲུབ་པའི་ཡེ་ཤེས་ཀྱི༔ རྩལ་མ་རྫོགས་པས་མི་སྣང་སྟེ༔ འདི་ལྟར་སྣང་བ་མཐོང་བའི་དུས༔ རང་རིག་ཅིར་ཡང་མི་འགྱུར་བས༔ གསེར་གྱི་ཐུར་མ་ལྟ་བུ་ཡིས༔ མཆོག་ཏུ་དྲན་པ་གལ་ཆེའོ༔ དེ་ལ་ཡིད་ཆེས་ལན་གསུམ་བསྐྱེད༔ མཐར་ཕྱིན་དུས་སུ་སྐྱེ་བའོ༔ རང་རིག་སྔར་བསྒོམ་གདམས་ངག་དང་༔ ཞི་ཁྲོ་རང་གསལ་སུན་མ་གཉིས༔ གཉིས་མེད་གཅིག་གི་རང་བཞིན་རིགས༔ མ་དང་བུ་གཉིས་འཕྲད་པ་དང་༔ ཆུ་དང་འོ་མ་འདྲེས་པའམ༔ ཆུ་བྲན་རྒྱ་མཚོར་སླེབ་པ་བཞིན༔ རང་དོན་རང་གིས་ཤེས་པར་བྱ༔ འདི་ཡི་དུས་སུ་རིག་པ་ནི༔ ལྷུན་གྲུབ་ཆེན་པོའི་སྐུ་ལ་ཐིམ༔ འདི་ཡི་དུས་སུ་འདི་ལྟར་འབྱུང་༔ རང་རིག་སྣང་བ་ཐམས་ཅད་ནི༔ ཁ་དོག་མཐིང་ཀ་མུ་ཁྱུད་ལྡན༔ ཉི་མ་ལ་ནི་འཇའ་འཁྱིལ་བཞིན༔ དེ་ཡི་སྟེང་དུ་ཉི་ལྟར་ཟླུམ༔ གདུགས་ཀྱི་ཚུལ་དུ་གནས་པའོ༔ འདི་ཡི་དུས་སུ་འཆར་ལུགས་བརྒྱད༔ ཐམས་ཅད་དུས་མཉམ་འཆར་བའོ༔ ཞི་ཁྲོ་ཡེ་ཤེས་བཞི་ལྡན་དང༔ ལྷུན་གྲུབ་ཤར་ལུགས་བརྒྱད་སོགས་རྣམས༔ དུས་མཉམ་འཆར་རོ་ས་མ་ཡཱ༔ དམ་དུམ་སྔ་ཕྱི་ཡོད་པར་གསུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ཕྲ་རགས་རྟོག་པ་འགགས་པའི་དུས༔ ནམ་མཁའ་རང་རིག་འོད་སྣང་ཐིམ༔ ཁ་དོག་ལྔ་ལྡན་འོད་དང་ཟེར༔ མ་ངེས་འཇའ་ཚོན་རིས་སུ་སྣང་༔ དེ་ཚེ་སྒྲ་འོད་ཟེར་གསུམ་འཁྲིགས༔ དེ་ལ་འོད་གསལ་གཉིས་མེད་ངང་༔ ལྷུན་གྲུབ་ཞི་ཁྲོའི་ལྷ་ཚོགས་འཆར༔ ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ནི༔ དཀྱིལ་འཁོར་ཕོ་བྲང་དག་ལ་རྫོགས༔ ཞི་བ་དང་ནི་ཁྲོ་བོའི་སྐུ༔ ཆེ་བའི་ཚད་ནི་ནམ་མཁའ་ཙམ༔ ཆུང་བའི་ཚད་ནི་ཡུངས་འབྲུ་ཙམ༔ འབྲིང་པོ་རི་རབ་ཙམ་པ་འཆར༔ མང་ཉུང་དཔག་ཏུ་མེད་པ་སྟེ༔ མགོ་བརྙན་མཚོན་ཆ་སྣ་ཚོགས་འཆར༔ འོད་ཟེར་ཉི་མ་འབུམ་ཤར་ཙམ༔ རང་གི་ཕྱོགས་སུ་རུབ་པ་སྙམ༔ ཞི་ཁྲོའི་དཀྱིལ་འཁོར་ཆེན་པོ་དེར༔ ཆོས་ཉིད་རང་སྒྲ་འབྲུག་སྟོང་ལྡིར༔ མི་སྙན་སྒྲ་སྐད་སྣ་ཚོགས་འཆར༔ སྐུ་ཡི་སྣང་བས་སྐྲག་པར་བྱེད༔ སྒྲ་སྐད་སྣང་བས་སྔངས་པར་བྱེད༔ ཟེར་གྱིས་སྣང་བས་འཆར་༼འཇིགས་པར ༽བར་བྱེད༔ ཞི་ཁྲོ་གཉིས་པོ་དུས་གཅིག་འཆར༔ དེ་ནི་ཡེ་ཤེས་བཞི་སྦྱོར་རོ༔ ལས་ངན་ཅན་ལ་ཁྲོ་བོ་སྔོན་ལ་འཆར༔ གཞན་སྣང་གཅིག་ཀྱང་མེད་པའོ༔ རང་བཞིན་འཆར་ལུགས་འདི་ལྟར་རོ༔ འོད་སྣང་སྔོན་ལ་འཆར་བའོ༔ དེ་ནི་ཞི་བའི་ཚོམ་བུར་གྱུར༔ དེ་ནས་ཡེ་ཤེས་བཞི་ལྡན་འཆར༔ དེ་ནས་ཁྲོ་བོའི་དཀྱིལ་འཁོར་འཆར༔ དེ་ནས་ཀ་དག་རང་ས་ཟིན༔ འཆར་ལུགས་བརྒྱད་པོ་དུས་གཅིག་གོ༔

ད་ནི་རང་གི་ཤེས་པ་ནི༔ ལྷུན་གྲུབ་ཆེན་པོར་ཐིམ་པའི་དུས༔ འཆར་ལུགས་བརྒྱད་ནི་འདི་ལྟར་འཆར༔ དེ་ཡང་རང་རིག་ཡེ་ཤེས་འདི༔ ཐུགས་རྗེ་ལྟ་བུར་ཤར་བས་ན༔ འཁོར་འདས་གཉིས་པོ་རྒྱ་མ་ཆད༔ རང་རིག་འོད་ལྟར་ཤར་བས་ནི༔ སྣང་བ་ཐམས་ཅད་ནང་ནས་གསལ༔ རང་རིག་སྐུ་ལྟར་ཤར་བས་ན༔ ཤེས་པའི་ཁ་ནི་ཕྱིར་མ་ཤོར༔ རང་རིག་ཡེ་ཤེས་ལྟར་ཤར་བས༔ སྣང་བ་ཐམས་ཅད་ཟང་ཐལ་ཉིད༔ རང་རིག་གཉིས་མེད་ལྟར་ཤར་བས༔ རང་གི་ཤེས་པ་རྩེ་གཅིག་གནས༔ རང་རིག་མཐའ་གྲོལ་ལྟར་ཤར་བས༔ མཐའ་ནི་གང་ལ་ཡང་མི་གནས་སོ༔ མ་དག་འཁོར་བའི་སྒོ་ལྟར་ཤར༔ སྲིད་པའི་འབྱུང་ཁུང་མི་འགགས་སོ༔ དག་པ་ཡེ་ཤེས་སྒོ་ལྟར་ཤར༔ ཆོས་ཉིད་མ་དང་བུ་འབྲེལ་ལོ༔ ཨེ་མ་འཁོར་འདས་གཉིས་མེད་འཆར༔ འོད་གསལ་ཟུང་འཇུག་ཏུ་འཆར༔ ཟུང་འཇུག་ཡེ་ཤེས་སུ་འཆར༔ ཡེ་ཤེས་གཉིས་མེད་དུ་འཆར༔ གཉིས་མེད་མཐའ་གྲོལ་དུ་འཆར༔ མཐའ་གྲོལ་འཁོར་བར་འཆར༔ འཁོར་བ་ཆོས་ཉིད་དུ་འཆར་རོ༔ ཤར་ལུགས་བརྒྱད་ཤེས་པའོ༔ ཤར་ལུགས་བརྒྱད་པོ་བྱུང་བའི་ཚེ༔ ཕྱིར་མི་ལྡོག་པ་དཔག་ཆེན་མདའ༔ ཐོག་པ་མེད་པ་འཕངས་བཞིན་འཆར༔ དྲན་བསམ་ཐོགས་པ་མེད་པ་རུ༔ སྐད་ཅིག་ཉིད་ལ་རང་སྣང་ཞིང་༔ ལྷུན་གྲུབ་ཆེན་པོའི་ཐེག་པར་གནས༔ ཅི་ལྟ་བར་ནི་ཐམས་ཅད་ཀུན༔ རང་རིག་རྩལ་སྣང་ཡིན་པར་ཤེས༔ སྤྲོ་རྟོག་མ་བྱེད་ཐག་ཆོད་ཅིག༔ འདི་དུས་མངོན་ཤེས་དྲུག་ཀྱང་འཆར༔ སྔོན་གྱི་སྐྱེས་གནས་ཤེས་དང་གཅིག༔ འཆི་འཕོ་གར་སྐྱེ་ཤེས་དང་གཉིས༔ མི་མངོན་པ་དང་མངོན་པ་ཤེས༔ རིགས་དྲུག་རྣམས་ཀྱི་མཚན་ཉིད་ཤེས༔ ཆོས་ཀྱི་རྒྱུད་ལུང་ཐམས་ཅད་ཤེས༔ དག་པ་ཡེ་ཤེས་ཞིང་ཁམས་ཤེས༔ དེ་ཡང་མངོན་ཤེས་དགུ་རུ་ཕྱེ༔ སྐུ་གསུང་ཐུགས་ཀྱི་མངོན་ཤེས་དགུ༔ སྐུ་ཡི་མངོན་ཤེས་གསུམ་པོ་ནི༔ ཆོས་སྐུ་སྐྱེ་བ་མེད་པར་ཤར༔ ལོངས་སྐུ་ཚོམ་བུ་རང་གསལ་ཤེས༔ སྤྲུལ་སྐུ་རིགས་དྲུག་སྐྱེ་གནས་ཤེས༔ གསུང་གི་མངོན་ཤེས་གསུམ་པོ་ནི༔ གྲགས་སྟོང་ཆོས་ཀྱི་ཕུང་པོ་ཤེས༔ བར་སྡེ་སྣོད་རིམ་དགུའི་ཆོས་རྣམས་ཤེས༔ ཐ་མ་རིགས་དྲུག་སྒྲ་སྐད་ཤེས༔ ཐུགས་ཀྱི་མངོན་ཤེས་གསུམ་པོ་ནི༔ ཆོས་སྐུའི་ཐུགས་ནི་ཀ་དག་ཆེན་པོར་ཤེས༔ ལོངས་སྐུའི་ཐུགས་ནི་ལྷུན་གྲུབ་ཆེན་པོར་ཤེས༔ སྤྲུལ་སྐུའི་ཐུགས་ནི་འཁོར་འདས་མཉམ་པར་ཤེས༔ དེ་ནི་རྣམ་ཤེས་དགུ་ཕྲུགས་ཡིན༔ ཨོ་རྒྱན་ང་ཡི་འདོད་གཞུང་ནི༔ སྐད་ཅིག་མ་ནི་དང་པོ་ལ༔ མངོན་པར་ཤེས་པ་དྲུག་ཕྲག་དྲུག༔ ཤིན་ཏུ་གསལ་བར་འཆར་བའོ༔ དབང་པོའི་མངོན་པར་ཤེས་པ་དྲུག༔ སེམས་ལས་སུ་རུང་བའི་མངོན་པར་ཤེས་པ་དྲུག༔ ཤེས་རབ་དབང་པོའི་མངོན་པར་ཤེས་པ་དྲུག༔ ཡེ་ཤེས་མཐོང་བ་རྣམ་པར་དག༔ ཟང་ཐལ་ཆེན་པོའི་མངོན་ཤེས་དྲུག༔ ཆོས་ཉིད་ཕྱིན་ཅི་མ་ལོག་པར༔ མཐོང་བའི་མངོན་པར་ཤེས་པ་དྲུག༔ སངས་རྒྱས་མཁྱེན་པ་ཕྱིན་ཅི་མ་ལོག་པ༔ ཡང་དག་མཐོང་བའི་མངོན་པར་ཤེས་པ་དྲུག༔ མངོན་པར་ཤེས་པ་དེ་དག་རྣམས༔ རྗེས་དྲན་དྲུག་པོ་དག་ལས་བྱུང་༔ འཇམ་དཔལ་དྲ་བ་སྡོམ་པ་ལས༔ མངོན་ཤེས་དྲུག་དང་རྗེས་སུ་དྲན༔ བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་༔ ཅེས་པ་ལ་སོགས་ལུང་དང་མཐུན༔ ཡི་དམ་ལྷ་ཚོགས་རྗེས་དྲན་པས༔ ཞི་ཁྲོའི་ལྷ་ཚོགས་སྐུ་ཞལ་མཐོང་༔ ལམ་ཉིད་རྗེས་སུ་དྲན་པ་ཡིས༔ བར་དོར་ཆོས་ཉིད་དབང་བསྒྱུར་ནུས༔ སྐྱེས་གནས་རྗེས་སུ་དྲན་པ་ཡིས༔ དབང་པོ་ཐ་མལ་པ་རྣམས་ནི༔ སྤྲུལ་པ་སྐུ་ཡི་ཞིང་དུ་སྐྱེ༔ བསམ་གཏན་རྗེས་སུ་དྲན་པ་ཡིས༔ ཞག་ལྔ་བསམ་གཏན་གནས་པར་བྱེད༔ བླ་མའི་གདམས་ངག་རྗེས་དྲན་པས༔ རང་སྣང་ཡེ་ཤེས་ཟང་ཐལ་རྟོགས༔ ལྟ་བ་རྗེས་སུ་དྲན་པ་ཡིས༔ ལྷུན་གྲུབ་འོད་སྐུའི་དཀྱིལ་འཁོར་རྟོགས༔ སྔར་འདྲིས་མི་དང་འཕྲད་པ་ལྟར༔ རང་ངོ་རང་གིས་ཤེས་པ་ལྟར༔ འདི་དུས་མི་བརྗེད་གཟུངས་རྣམས་ཀྱང་༔ རང་གི་རྒྱུད་ལ་སྐྱེ་བར་འགྱུར༔

སྔོན་གྱི་ཆོས་རྣམས་རྒྱུད་ལ་འཆར༔ དེ་བཞིན་སྔར་མ་མཐོང་བ་ཡི༔ དམ་ཆོས་རྣམས་ཀྱང་རྒྱུད་ལ་འཆར༔ དེ་ནི་ཆོས་ཉིད་བར་དོ་ཟེར༔ ཏིང་འཛིན་རྒྱུད་ལ་འཆར་བ་དང་༔ མ་དག་པ་ཡི་རྟོག་སེམས་རྣམས༔ གཏན་ནས་སྐྱེ་བར་མི་འགྱུར་རོ༔ འདི་དུས་དབང་པོ་རབ་འབྲིང་མཐའ༔ ཉེར་གཅིག་བར་དུ་བརྟན་པ་ཐོབ༔ སྣང་ཚུལ་ཉེར་གཅིག་མཐོང་བའོ༔ རབ་ནི་སྐད་ཅིག་གསུམ་ལ་གྲོལ༔ འབྲིང་ནི་ཞག་པོ་ལྔ་ལ་གྲོལ༔ སྐད་ཅིག་ཉི་ཤུ་རྩ་གཅིག་ལ༔ དེ་ནི་གྲོལ་བ་འབྲིང་བའོ༔ ཐ་མ་སྤྲུལ་སྐུའི་ཞིང་ཁམས་སུ༔ བར་དོ་མེད་པར་སངས་རྒྱས་སོ༔ དབང་པོ་རབ་ཀྱི་བྱེ་བྲག་གིས༔ ཆོས་ཉིད་བར་དོ་དག་ལ་ནི༔ ཞག་པོ་ཉེར་གཅིག་བཤད་པར་འདུག༔ འདི་ལ་དུས་ནི་རྣམ་པ་གསུམ༔ འཇུག་པའི་དུས་དང་གྲོལ་བའི་དུས༔ མཐའ་རུ་ཕྱིན་པའི་དུས་དང་གསུམ༔ འཇུག་པ་ལ་ཡང་རྣམ་པ་གཉིས༔ རིག་པ་འོད་གསལ་ཕར་འཇུག་དང་༔ འོད་ནི་རིག་པ་ཚུར་འཇུག་གོ༔ གྲོལ་བ་ལ་ཡང་རྣམ་པ་གསུམ༔ རིག་པ་རྐྱེན་རྣམས་ཀུན་དང་བྲལ༔ འབྱུང་བ་གཞན་ལས་གྲོལ་བ་དང་༔ རིག་པ་དྲི་མ་མེད་པས་ན༔ ཉོན་མོངས་ཀུན་ལས་གྲོལ་བ་དང་༔ རིག་པ་ཕྱོགས་ལྷུང་མཐའ་གྲོལ་བས༔ ཕྱི་ནང་ཆོས་ལས་གྲོལ་བའོ༔ མཐའ་རུ་ཕྱིན་པ་འདི་ལྟར་རོ༔ རིག་པ་ཉིད་ནི་ཆོས་ཐམས་ཅད༔ སྣང་བ་དུས་གཅིག་གྲོལ་བའོ༔ གྲོལ་བའི་ཐིམ་ལུགས་བརྒྱད་འབྱུང་སྟེ༔ ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པས༔ ཉི་མ་ནུབ་ཀའི་ཟེར་ཐག་ལྟར༔ གཟིགས་སྣང་ཀུན་ལས་འདས་པའོ༔ ཡེ་ཤེས་ཡེ་ཤེས་ལ་ཐིམ་པས༔ མ་པང་བུ་ཚུད་ལྟ་བུ་སྟེ༔ ཆོས་ཉིད་མ་དང་རིག་པ་བུ༔ ལྷུན་གྲུབ་སྦུབས་སུ་འཛོམས་པའོ༔ འོད་ཉིད་འོད་ལ་ཐིམ་པ་ཡང་༔ འཇའ་ཚོན་ནམ་མཁར་ཡལ་བ་ལྟར༔ འོད་སྣང་ལྔ་ཡང་ནམ་མཁར་འདུས༔ སྐུ་ཉིད་སྐུ་ཐིམ་བུམ་སྐུ་འདྲ༔ ཤེས་བྱ་ནང་དུ་གསལ་བས་ན༔ ཕྱི་རུ་མཚན་མ་ཞལ་ཕྱག་མེད༔ རང་ངོ་རྣམ་པར་དག་པའོ༔ གཉིས་མེད་གཉིས་མེད་ལ་ཐིམ་པས༔ ཆུ་ལ་ཆུ་བོ་ཐིམ་པ་ལྟར༔ རྟོག་པའི་ཡུལ་མེད་རང་སངས་ཉིད༔ མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པས༔ ནམ་མཁའ་ནམ་མཁའ་ལ་ཐིམ་བཞིན༔ རྟོག་པའི་ཡུལ་མེད་ཀ་ནས་དག༔ མ་དག་དག་པར་ཐིམ་པ་སྟེ༔ སྦྲ་ཡི་ཆོན་ཐག་བསྡུས་པ་ལྟར༔ ཐིག་ལེ་ཉག་གཅིག་ངང་དུ་རྫོགས༔ དག་པ་ཡེ་ཤེས་ཆེན་པོ་ནི༔ ངོ་བོ་སྐུ་ལ་ཐིམ་པ་སྟེ༔ སེང་གེས་གངས་ལ་ཟིན་པ་ལྟར༔ ཡ་ངའི་རྟོག་པ་ཀུན་དང་བྲལ༔ ལྷུན་གྲུབ་ཀ་དག་རང་གྲོལ་ལོ༔ ཆོས་ཉིད་བར་དོའི་འཆར་ཚུལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ་༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱའོ༔

ཀློང་ཡངས་སྲོག་གི་སྙིང་བཅུད་ལས༔ ལོགས་སུ་གབ་པ་བར་དོའི་ཆོས༔ དབང་པོའི་བྱེ་བྲག་རབ་འབྲིང་གསུམ༔ འཆར་ཚུལ་ལེགས་པར་བྲི་བར་བྱ༔ དབང་པོ་རབ་འབྲིང་ཐ་མ་གསུམ༔ རེ་རེ་ལ་ཡང་བདུན་བདུན་སྟེ༔ བྱེ་བྲག་ཉི་ཤུ་རྩ་གཅིག་ཕྱེ༔ རབ་ཀྱི་ཐ་མ་རབ་ཀྱི་འབྲིང་༔ རབ་ཀྱི་ཕུལ་དང་རབ་ཀྱི་རྩེ༔ རབ་ཀྱི་མཐའ་རུ་ཕྱིན་དང་བདུན༔ དེ་ཡང་མཐོང་ཚུལ་རེ་རེ་སྟེ༔ ཡེ་ཤེས་སྣང་བ་སྐྱེ་ཚུལ་རེ༔ རྟོགས་པའི་ཚད་དེ་སྣང་ཚུལ་རེ༔ གོ་བའི་སྐྱེ་ཚུལ་རེ་རེ་དང་༔ ཤེས་པ་ཡི་ནི་བལྟ་ལུགས་རེ༔ ཤར་ནས་རང་རང་སྣང་བ་ལ༔ བརྟན་པ་ཐོབ་ནས་གྲོལ་བའོ༔ དབང་པོ་འབྲིང་གི་ཐ་མ་དང་༔ འབྲིང་གི་འབྲིང་དང་འབྲིང་གི་རབ༔ འབྲིང་གི་རྩེ་མོ་འབྲིང་མཐར་ཕྱིན༔ དེ་ལྟ་ཡང་ནི་གོང་ལྟ་བུ༔ སྣང་བ་ཡེ་ཤེས་རེ་རེར་འཆར༔ དབང་པོ་ཐ་མ་ཐ་མའི་འབྲིང་༔ ཐ་མའི་རབ་དང་ཐ་མའི་མཆོག༔ ཐ་མའི་ཕུལ་དང་ཐ་མའི་རྩེ༔ ཐ་མའི་ཕུལ་དུ་ཕྱིན་པའོ༔ དེ་ཡང་དབང་པོ་རབ་ནི་སྐད་ཅིག་མ༔ རྣམ་པ་གསུམ་ལ་སངས་རྒྱས་ནས༔ སྤྲུལ་སྐུའི་རང་བཞིན་འཆར་བའོ༔ སྐད་ཅིག་གཅིག་ལ་འོད་སྣང་འགགས༔ སྐད་ཅིག་གཉིས་ལ་ལྷུན་གྲུབ་འཆར༔ སྐད་ཅིག་གསུམ་ལ་ཀ་དག་ཐོབ༔ ཀ་དག་ཐོབ་ནས་སྤྲུལ་པ་ནི༔ ཉི་ཟེར་སྐར་མདའ་ལྟ་བུ་རུ༔ རང་བཞིན་མ་འགགས་རྩལ་ཤར་ནས༔ ཞག་པོ་གསུམ་ལ་འགྲོ་དོན་ནུས༔ དབང་པོ་རབ་ཀྱི་རྩེ་མོ་ནི༔ ཞག་གཅིག་འོད་སྣང་བར་དོ་སྡོད༔ དེ་ནས་ཡེ་ཤེས་བཞི་སྦྱོར་མཐོང་༔ དེ་དུས་རང་གི་མིག་གཉིས་ནས༔ ཡེ་ཤེས་མེ་དཔུང་གཉིས་བྱུང་ནས༔ མཚོན་ཆར་བབ་ཅིང་ཀུན་ཚིག་སྟེ༔ སྣང་བ་ཐམས་ཅད་མེད་པར་ཤར༔ དེ་ལ་རང་གི་ཤེས་པ་དང་༔ རང་ཡུལ་མཐོང་སྟེ་ལྷུན་གྲུབ་ཏུ༔ ཀ་དག་ས་ནས་སྤྲུལ་སྐུ་འགྱེད༔ དེ་ཡང་ཉི་ཟེར་སྐར་མདའ་ལྟར༔ རབ་ཀྱི་མཆོག་ནི་ཞག་གཅིག་ནས༔ སངས་རྒྱས་སྤྲུལ་པ་འགྱེད་པར་ནུས༔ ཞག་གཅིག་འོད་མཚོན་སྣང་བ་འཆར༔

དེ་ནས་རང་གི་སྙིང་ག་ནས༔ ཡེ་ཤེས་ཉི་མ་གཅིག་ཤར་ཏེ༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ འོད་ཟེར་རྩེ་མོ་རེ་རེ་ལ༔ ཞི་ཁྲོ་རིགས་བརྒྱའི་སྐུ་རེ་འཆར༔ སྣང་བ་ཐམས་ཅད་སྐུ་རུ་མཐོང་༔ དེ་ནས་ལྷུན་གྲུབ་ཆེན་པོའི་སར༔ ངེས་པ་རྙེད་ནས་ཀ་དག་ཐོབ༔ ཞག་པོ་གཉིས་ནས་འགྲོ་དོན་བྱེད༔ ཞག་པོ་བདུན་ནས་སྤྲུལ་པ་འགྱེད༔ ཉི་ཟེར་སྐར་མདའ་ལྟ་བུའོ༔ རབ་ཀྱི་ཕུལ་ནི་ཞག་གསུམ་བར་དོར་སྡོད༔ ཞག་གཅིག་འོད་ཚོམ་སྣང་བ་འཆར༔ གཉིས་པར་སྐུ་ཡི་སྣང་བ་འཆར༔ གསུམ་པར་ལྷུན་གྲུབ་ཀ་དག་ཐོབ༔ འགྲོ་དོན་ཞག་པོ་བཅུ་གཅིག་ནས༔ ཉི་ཤར་སྐར་མདའ་ལྟ་བུར་ཤར༔ དབང་པོ་རབ་ཀྱི་རབ་ལ་ནི༔ ཞག་གཅིག་བར་དོར་སྡོད་པ་སྟེ༔ རང་གི་མདུན་དུ་ཚོམ་བུ་ལྔ༔ བཀྲག་དང་ལྡན་པའི་སྣང་བ་འཆར༔ དེ་ལ་ཡིད་སད་སྣང་བ་ནི༔ ཤར་ནས་རིམ་བཞིན་ཚོམ་བུ་དང་༔ ཞག་གཅིག་འཆར་༼ཆགས་༽ནས་འདུག་པའོ༔ དེ་ནས་ལྷུན་གྲུབ་ངེས་པར་ཐོབ༔ ཀ་དག་འགྲོ་དོན་ཞག་བཅུ་བཞི༔ ཉི་ཟེར་སྐར་མདའ་ལྟ་བུ་རུ༔ དབང་པོ་རབ་ཀྱི་འབྲིང་པོ་ནི༔ ཞག་ལྔ་བར་དོར་སྡོད་པའོ༔ ཞག་བཞི་ཚོམ་བུ་བཞི་ལ་སྡོད༔ ལྔ་ལ་རང་གི་སྙིང་ག་ནས༔ འོད་ཟེར་རྟ་རྔ་ཙམ་པ་གཅིག༔ ནམ་མཁའི་དབྱིངས་སུ་ཚོམ་བུར་སྣང་༔ དེ་ལ་ཡིད་ཆེས་རབ་སྐྱེས་ནས༔ ཀ་དག་ལྷུན་གྲུབ་ངོ་འཕྲོད་དོ༔ འགྲོ་བའི་དོན་ལ་ཉེར་གཅིག་ནས༔ ཉི་ཟེར་སྐར་མདའ་ལྟ་བུར་ནུས༔ དབང་པོ་རབ་ཀྱི་ཐ་མ་ནི༔ ཚོམ་བུ་ལྔ་ལ་ཞག་ལྔ་སྡོད༔ ཡེ་ཤེས་སྣང་བ་ཞག་གཅིག་གོ༔ དེ་དུས་རང་གི་མིག་གཉིས་ནས༔ ཡེ་ཤེས་མེ་ལོང་གཉིས་ཤར་ནས༔ དེ་ལ་སྣང་བ་དཔག་མེད་འཕྲོ༔ ཚོམ་བུ་གཅིག་གི་སྟེང་དུ་འཆར༔ གཅིག་ནི་རང་གི་མདུན་དུ་འཆར༔ དེ་ལྟར་ཤར་བའི་དུས་དེ་རུ༔ རང་རིག་ཡིན་པས་ཐག་ཀྱང་བཅད༔ སྒྲ་འོད་ཟེར་ལ་མ་སྐྲག་ཅིག༔ དེ་རྣམས་ནི་དབང་པོ་རབ་བདུན་གྱི་གྲོལ་ལུགས་སོ༔

དབང་པོ་འབྲིང་གི་གྲོལ་ལུགས་ནི༔ དབང་པོ་འབྲིང་གི་མཐར་ཕྱིན་ཏེ༔ ཞག་བདུན་དག་ལ་ངེས་པ་རྙེད༔ འོད་ཚོམ་ལྔ་ལ་ཞག་ལྔ་ཆགས༔ ཞག་གཅིག་ཆོས་དབྱིངས་ཡེ་ཤེས་སོ༔ ཞག་གཅིག་མེ་ལོང་ཡེ་ཤེས་སོ༔ དེ་ལྟར་ཞག་བདུན་སྡོད་པའོ༔ དེ་དུས་རང་ཉིད་སྙིང་ཀ་ནས༔ སྐུ་གཅིག་བྱུང་བ་དེ་ཉིད་ལས༔ ལྷ་སྐུ་ཞི་ཁྲོ་གྲངས་མེད་འཕྲོ༔ དེ་ནས་ལྷུན་གྲུབ་ངེས་པ་རྙེད༔ འགྲོ་བའི་དོན་ཡང་ཉེར་དྲུག་ནས༔ ཉི་ཟེར་སྐར་མདའ་ལྟ་བུར་གནས༔ དབང་པོ་འབྲིང་གི་རྩེ་མོ་ནི༔ ཚོམ་བུ་ལྔ་ལ་ཞག་ལྔ་སྡོད༔ ཡེ་ཤེས་བཞི་ལ་ཞག་གསུམ་གནས༔ དེ་དུས་རང་གི་སྟེང་དུ་ནི༔ ཡེ་ཤེས་བཞི་ཡི་འོད་སྐུ་ལྔ༔ དཔག་ཏུ་མེད་པའི་འོད་སྐུ་མཐོང་༔ དེ་ནས་ལྷུན་གྲུབ་ཀ་དག་རང་ངོ་ཤེས༔ འགྲོ་བའི་དོན་ལ་ཉེར་དྲུག་ནས༔ ཉི་ཟེར་སྐར་མདའ་ལྟ་བུར་ནུས༔ འབྲིང་གི་མཆོག་ནི་འདི་ལྟར་རོ༔ ཚོམ་བུ་ལྔ་ལ་ཞག་ལྔ་ཆགས༔ ཡེ་ཤེས་བཞི་ལ་ཞག་བཞི་ཆགས༔ དེ་ནས་ལྷུན་གྲུབ་རང་ངོ་ཤེས༔ ཅིར་སྣང་ཐམས་ཅད་མེ་ལོང་ལྟར༔ གསལ་ལ་འཛིན་པ་མེད་པར་རྟོགས༔ འགྲོ་བའི་དོན་ལ་སུམ་ཅུ་གནས༔ ཉི་ཞུར་སྐར་མའི་ཟེར་ལྟར་ནུས༔ དབང་པོ་འབྲིང་གི་ཡུལ་ནི་འདི་ལྟར་རོ༔ འོད་ཚོམ་བུ་ལྔ་ལ་ཞག་ལྔ་ཆགས༔ དེ་ནས་ལྷུན་གྲུབ་རང་ངོ་ཤེས༔ སྤྲུལ་སྐུའི་འགྲོ་དོན་ཞག་སུམ་ཅུ༔ རྩ་གཅིག་དག་ནས་ནུས་པའོ༔ དབང་པོ་འབྲིང་གི་རབ་ལ་ནི༔ ཚོམ་བུ་ལྔ་ལ་ཞགས་ལྔ་ཆགས༔ ཡེ་ཤེས་ལྔ་ལ་ཞག་ལྔ་ཆགས༔ ལྷུན་གྲུབ་སྦུབས་སུ་ཞག་བཞི་ཆགས༔ སྣང་བ་ཐམས་ཅད་འོད་ཁྱིམ་དུ༔ ཀ་དག་ས་ལ་ངེས་པ་རྙེད༔ འགྲོ་བའི་དོན་ལ་སོ་བཞི་གནས༔ ཉི་ཟེར་སྐར་མདའ་ལྟ་བུར་ནུས༔ དབང་པོ་འབྲིང་གི་འབྲིང་པོ་ནི༔ ཚོམ་བུ་ལྔ་ལ་ཞག་ལྔ་ཆགས༔ ལོངས་སྤྱོད་ཞི་ཁྲོ་ཞིང་ལ་གཅིག༔ ཡེ་ཤེས་ལྔ་ལ་ཞག་ལྔ་ཆགས༔ ལྷུན་གྲུབ་སྣང་བ་ཞག་གཅིག་སྟེ༔ བཅུ་གཉིས་ཞག་ལ་ངེས་པ་རྙེད༔ འགྲོ་བའི་དོན་ཡང་སོ་བདུན་གནས༔ ཉི་ཞུར་སྐར་མདའ་ལྟ་བུར་འཆར༔ དབང་པོ་འབྲིང་གི་ཐ་མ་ནི༔ ཚོམ་བུ་ལྔ་ལ་ཞག་ལྔ་སྟེ༔ ཡེ་ཤེས་ལྔ་ལ་ཞག་ལྔ་དང་༔ ལྷུན་གྲུབ་དག་ལ་ཞག་གསུམ་ཆགས༔ དེ་ནས་སྐད་ཅིག་རང་ངོ་ཤེས༔ སྤྲུལ་པའི་འགྲོ་དོན་སོ་བརྒྱད་ནས༔ ཉི་ཟེར་སྐར་མདའ་ལྟ་བུར་གྱུར༔ ཡར་ལ་འགྲོ་ལུགས་བསྟན་པའོ༔

དབང་པོ་ཐ་མ་བདུན་པོ་ནི༔ གྲོལ་ལུགས་ཆེན་པོ་འདི་ལྟར་རོ༔ ཐ་མའི་མཐར་ཕྱིན་འདི་ཉིད་ནི༔ ཚོམ་བུ་ལྔ་ལ་ཞག་དྲུག་ཐོག༔ ཡེ་ཤེས་ལྔ་ལ་ཞག་ལྔ་ཐོག༔ ལྷུན་གྲུབ་ལམ་ལ་ཞག་ལྔ་ཐོག༔ དེ་ནས་རང་སྣང་ངོ་ཤེས་ནས༔ ཡང་དག་རྫོགས་པའི་སངས་རྒྱས་ཐོབ༔ སྤྲུལ་པའི་འགྲོ་དོན་ཞེ་གཅིག་གནས༔ ཉི་ཟེར་སྐར་མདའ་ལྟ་བུར་རོ༔ དབང་པོ་ཐ་མའི་རྩེ་མོ་ནི༔ ཚོམ་བུ་ལྔ་ལ་ཞག་དྲུག་ཐོག༔ ཡེ་ཤེས་ལྔ་ལ་ཞག་ལྔ་ཐོག༔ ལྷུན་གྲུབ་ལམ་ལ་ཞག་ལྔ་ཐོག༔ བཅོ་ལྔ་དག་ནས་རང་ངོ་ཤེས༔ སྤྲུལ་པའི་སྐུ་ཡང་ཞེ་གསུམ་གནས༔ ཉི་ཟེར་སྐར་མདའ་ལྟ་བུའོ༔ ཐ་མའི་མཆོག་ནི་འདི་ལྟ་སྟེ༔ ཚོམ་བུ་ལྔ་ལ་ཞག་དྲུག་ཐོག༔ ཡེ་ཤེས་ལྔ་ལ་ཞག་ལྔ་ཐོག༔ ལྷུན་གྲུབ་དག་ལ་ཞག་ལྔ་ཐོག༔ བཅུ་དྲུག་ཞག་ལ་བརྟན་པ་ཐོབ༔ སྤྲུལ་པའི་སྐུ་ཡང་ཞེ་བདུན་གནས༔ ཉི་ཟེར་སྐར་མདའ་ལྟ་བུར་འགྲུབ༔ ཐ་མའི་ཕུལ་ལ་དེ་དང་འདྲ༔ དབང་པོ་ཐ་མའི་རབ་ལ་འདི་ལྟ་སྟེ༔ འོད་ཚོམ་ལྔ་ལ་ཞག་དྲུག་ཐོག༔ ཡེ་ཤེས་ལྔ་ལ་ཞག་བརྒྱད་སྡོད༔ ལྷུན་གྲུབ་དག་ལ་ཞག་བཞི་གནས༔ བཅོ་བརྒྱད་དག་ནས་རང་ངོ་ཤེས༔ སྤྲུལ་པའི་སྐུ་ལ་ཞག་བཅུ་གནས༔ སེམས་ཅན་ཀུན་གྱི་དོན་བྱེད་ནུས༔ ཐ་མའི་འབྲིང་ནི་འདི་ལྟ་སྟེ༔ སྲིད་པ་བར་དོའི་ཞག་དང་མཐུན༔ འོད་ཚོམ་དག་ལ་ཞག་བཅུ་གཉིས༔ ཡེ་ཤེས་ལྔ་ལ་ཞག་བཞི་གནས༔ ལྷུན་གྲུབ་དག་ལ་ཞག་ལྔ་གནས༔ སྤྲུལ་པའི་སྐུ་ཡང་ཉེར་གཅིག་གནས༔ ཉི་ཟེར་སྐར་མདའ་ལྟ་བུར་ནུས༔ དབང་པོ་ཐ་མའི་ཐ་མ་ནི༔ དེ་ལྟར་རང་མདངས་འཆར་བའི་ཕྱིར༔ འོད་སྐུ་མཐའ་མེད་པ་ཡི་ཡུལ༔ ཡང་དག་པ་ལྷུན་གྲུབ་ཆེན་པོ་ངོ་ཡིས་ཟུངས་ཤིག༔ ཆོས་ཉིད་ཞི་ཁྲོའི་བར་དོ་ཞེས་བྱ་བ་རྫོགས་སོ༔ ས་མ་ཡ༔

དབང་པོ་ཐ་འབྲིང་མན་ཆད་རྣམས༔ སྤྲུལ་པ་སྐུ་ཡི་ཞིང་ཁམས་སུ༔ རིགས་ཀྱིས་བདག་པོ་རྣམ་པ་ལྔའི༔ བྱིན་རླབས་དབང་བསྐུར་ལུང་བསྟན་ཏེ༔ ལས་ཟད་འཛིན་པ་དག་ནས་ཀྱང་༔ བར་དོ་མེད་པར་སངས་རྒྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཀློང་འབྱམས་སྲོག་གི་ཡང་བཅུད་ལས༔ སྲིད་པ་བར་དོའི་གྲོལ་ཚུལ་བསྟན༔ གོང་གི་ཆོས་ཉིད་བར་དོ་ལ༔ རང་ངོ་མ་ཤེས་རང་རྒྱུད་འཁྲུལ༔ འཁྲུལ་ལུགས་ཉི་ཤུ་རྩ་གཅིག་སྟེ༔ ལ་ལ་རྣམ་པ་ཀུན་ལས་འཁྲུལ༔ ལ་ལ་ཉམས་ལས་འཁྲུལ་པའོ༔ ལ་ལ་མ་དག་པ་ལས་འཁྲུལ༔ ལ་ལ་དམིགས་པ་དག་ལས་འཁྲུལ༔ ལ་ལ་ཅི་ཡང་མེད་སྙམ་འཁྲུལ༔ ལ་ལ་ཡུལ་ལས་འཁྲུལ་པའོ༔ ལ་ལ་ཡུལ་ནི་དག་ལས་འཁྲུལ༔ ལ་ལ་སྙིང་པོ་དག་ལས་འཁྲུལ༔ ལ་ལ་མ་རིག་པ་ལས་འཁྲུལ༔ ལ་ལ་རྐྱེན་ལས་འཁྲུལ་པའོ༔ ལ་ལ་རྟོག་པ་དག་ལས་འཁྲུལ༔ ལ་ལ་གཞི་ལས་འཁྲུལ་པའོ༔ ལ་ལ་ངོ་མ་ཤེས་པས་འཁྲུལ༔ ལ་ལ་འཛིན་པ་དག་ལས་འཁྲུལ༔ ལ་ལ་འདུ་བྱེད་དག་ལས་འཁྲུལ༔ ལ་ལ་རྒྱུ་ལས་འཁྲུལ་བ་དང་༔ ལ་ལ་སྐད་ཅིག་མ་ལས་འཁྲུལ༔ ལ་ལ་ཆད་པར་འཁྲུལ་བ་དང་༔ ལ་ལ་གཟུགས་སོགས་འཁྲུལ་པའོ༔ སྲིད་པ་བར་དོའི་འཁྲུལ་ལུགས་ནི༔ ཉི་ཤུ་རྩ་གཅིག་དག་ཏུ་བཤད༔ རང་ངོ་མ་ཤེས་རང་སྣང་འཁྲུལ༔ སྲིད་པ་བར་དོ་ཞེས་བྱ་བ༔ ཤ་ཁྲག་རང་གི་ལུས་དང་བྲལ༔ སྒྱུ་མ་ཡིད་ཀྱི་གཟུགས་ཅན་ཏེ༔ མངོན་སུམ་སྲིད་པའི་ཤ་གཟུགས་ཅན༔ དབང་པོ་ཀུན་ཚང་ཐོགས་མེད་རྒྱུ༔ ཆོས་ཉིད་བདེན་པའི་དོན་མ་མཐོང་༔ འོད་སྣང་ཀུན་ལ་བྲེད་སྔངས་ནས༔ འཁོར་བའི་ལམ་ཟིན་སྔར་ཞེན་གྱིས༔ བག་ཆགས་དེ་ལ་ཨ་འཐས་པས༔ རང་ལུས་མེད་ཀྱང་ཡོད་སྙམ་འཆར༔ དེ་ཡང་ཡིད་ལ་ཆགས་པའི་ལུས་ཡོད་པས༔ དབང་པོ་ཚང་ནས་གར་ཡང་རྒྱུ༔ བྱ་སྒྲོ་རླུང་གིས་ཁྱེར་བ་བཞིན༔ ཕྱད་ཕྱོད་ཡད་ཡུད་སྙམ་ཞིང་འཇུག༔ སྔར་གྱི་ཆགས་པ་ཐམས་ཅད་ཀུན༔ སྤྱོད་ཅིང་འཇུག་པ་སྙམ་བྱེད་འཆར༔ སེར་སྣའི་རྨི་ལམ་རྨི་ལམ་ཙམ༔ བན་བུན་ལོང་ལོང་འཆར་བའོ༔ དེ་ཡང་རིག་པ་ཡུལ་དང་བྲལ༔ བེམས་རིག་བྲལ་བའི་གནད་ཀྱིས་སུ༔ ས་གཅིག་མི་སྡོད་ཚིག་པ་ཟ༔ སྙིང་རླུང་ལངས་ཤིང་ཕྱད་ཕྱོད་དོ༔ དབང་པོ་རེས་གསལ་རེས་མི་གསལ༔ དེ་ནས་བསམ་བློ་སྐད་ཅིག་པས༔ ཤི་འདུག་བསམ་པ་ཡིད་ལ་སྐྱེ༔ དེ་དུས་སྙིང་རྩ་ཆད་པ་མོད༔ ད་ནི་ཅི་བྱེད་བྱེད་སྙམ་པའི༔ མི་དགའ་རྟོག་པ་བྲེང་གིས་འཆར༔ བསམ་པ་མགོ་འཐིམ་སྙིང་རྩ་དྲངས༔ སྡུག་བསྔལ་དྲག་པོ་དཔག་མེད་སྐྱེ༔ སྔར་བས་དྲན་པ་བདུན་འགྱུར་གསལ༔ རིགས་དྲུག་སོ་སོའི་སྣང་བ་འཆར༔ འདོད་པ་ཁམས་ཀྱི་ཕྱི་སྣོད་དང་༔ ནང་བཅུད་རང་གིས་རིག་ཅིང་གསལ༔ རང་ཉིད་གར་སྐྱེའི་སྣོད་བཅུད་ཀྱང་༔ ཤིན་ཏུ་གསལ་བར་འཆར་བའོ༔ རྫུ་འཕྲུལ་ཡན་ལག་ཀུན་རྫོགས་ནས༔ དངོས་པོ་ཀུན་ལ་ཐོགས་མེད་ཅིང་༔ རི་བྲག་ཀུན་ལ་ཟང་ཐལ་འཇུག༔ དེ་ཡི་དུས་སུ་ཚེ་ཚད་ནི༔ ཉི་ཤུ་རྩ་གཅིག་ཚེ་ཚད་ཡིན༔ བྱིས་པ་ལོ་བརྒྱད་ལོན་པའམ༔ ལོ་བཅུ་ལོན་པའི་ལུས་ཚད་དུ༔ རྨི་ལམ་ལྟ་བུའི་གཟུགས་སུ་གནས༔ སྐྱེ་བའི་གནས་ནི་རྣམ་བཞི་སྟེ༔ ངེས་མེད་བསམ་གཏན་དག་ལ་རེ༔ སྤྱོད་པ་ཉིད་ནི་ཀུན་ལ་སྤྱོད༔ འོད་ཟེར་ཉིད་ནི་རྣམ་པ་དྲུག༔ ལས་ཉོན་ཅན་ལ་དམྱལ་རང་ཁམས༔ དྲན་པ་རྨུགས་ནས་རྡོ་རྗེའོ༔ དྲན་པ་གསལ་པོ་དེ་ཡི་དུས༔ ཕོ་མོ་ཆགས་པ་སྤྱོད་པའི་སྣང་བ་འཆར༔ དེ་ཡི་དུས་སུ་དྲན་པ་ལེགས་པར་བཟུང་༔ བླ་མ་ཡི་དམ་དྲན་བྱས་ལ༔ འདོད་ཆགས་ཞེ་སྡང་ཕྲག་དོག་དང་༔ མིག་སེར་འཁྲིག་ཆགས་མེད་པ་རུ༔ རང་སེམས་རྣམ་དག་སྤྲོས་བྲལ་ངང་༔ ཡི་དམ་ཡབ་ཡུམ་སེམས་ཟིན་ནས༔ མངལ་ཁ་བསྡམ་པ་ཡོད་པའོ༔ འདོད་ཆགས་དེ་ལ་མི་ཆགས་པར༔ ཞེན་ལོག་བསྒོམས་ནས་ལུས་མི་ལེན༔ དེ་དུས་རིགས་དྲུག་ཞིང་ཁམས་ནི༔ བདེ་དང་ལྡན་པར་འཆར་བའོ༔ ལྷ་ཡི་འོད་ནི་དཀར་པོ་བཀྲག་མེད་དང་༔ ལྷ་ཁང་འཁོར་ལོ་བུམ་པ་དང་༔ ལྷ་ཡི་རྣམ་པ་སྣ་ཚོགས་འཆར༔ དེ་ཡི་དཀྱིལ་དུ་སེམས་གཏད་པས༔ མི་དེ་ལྷ་ཡི་གནས་སུ་སྐྱེ༔ ལྷ་མིན་འོད་ནི་སེར་མོག་ལ༔ དེ་ཡི་ནང་དུ་གོ་ཁྲབ་དང་༔ རྫོངས་དང་དམག་གི་འཁྲུག་རྩོད་དར༔ དེ་ཡི་གསེབ་ཏུ་སེམས་ཞུགས་ན༔ མི་དེ་ལྷ་མིན་གནས་སུ་སྐྱེ༔ མི་ཡི་འོད་ནི་དམར་མོག་ལ༔ དེ་ཡི་ནང་དུ་ཡུལ་གྲོང་དང་༔ སྐྱེ་བོ་ཕོ་མོ་མང་པོ་དང་༔ ཁྱད་པར་སྦྱོར་བ་བྱེད་པ་མཐོང་༔ སྦྱོར་བ་བྱེད་པ་ཐམས་ཅད་ལ༔ སེམས་ཀྱིས་ཆགས་པར་གྱུར་པ་ན༔ མི་དེ་མངལ་དུ་འཇུག་པ་སྟེ༔ བླ་མ་མི་ཆེན་དཔོན་པོ་རྣམས༔ སྦྱོར་བ་བྱེད་པའི་མདུན་དུ་བསྡད༔ དེ་ནས་མངལ་སྒོ་བདམས་པ་གཅེས༔ ཞེན་ཆགས་མེད་ན་མངལ་མི་འཇུག༔ གལ་ཏེ་ལས་ཀྱིས་མཚམས་སྦྱར་ནས༔ གདམས་ངག་མེད་པའི་སེམས་ཅན་ནི༔ དེ་ནས་མངལ་གྱི་སྒོར་ཚུད་ནས༔ ཕ་དང་མ་ཡི་རྒྱུ་རྐྱེན་ལས༔ མེར་མེར་པོ་དང་ནུར་ནུར་པོ༔ གོར་གོར་པོ་དང་ཉ་ལྟ་བུ༔ རུས་སྦལ་བཞིན་དང་སྦལ་བ་བཞིན༔ མཁྲེངས་འགྱུར་ལ་སོགས་བདུན་ཕྲག་བདུན༔ ལྟེ་བ་ལས་ནི་ལུས་རྣམས་བསྐྱེད༔ ཟླ་དགུ་དེ་བཞིན་ངོ་བཅུ་ནས༔ ལུས་པོ་མ་ཡི་མངལ་ནས་ཐོན༔ དེ་ལྟར་གཟུགས་ནི་ཐ་དད་ནི༔ འཁོར་བ་ཉིད་ནས་འཁོར་བའོ༔ མི་འཁོར་ཡེ་ཤེས་འདི་ལྟ་སྟེ༔ ནམ་མཁའ་ལམ་དུ་སུས་བྱེད་པ༔ འདི་ལ་རྣལ་འབྱོར་རྫོགས་པའོ༔ སྔགས་ཀྱི་དམ་པ་ཟིན་ནས་བཟློག༔ བྱོལ་སོང་འོད་ནི་སེར་མོག་ལ༔ དེ་ཡི་ནང་དུ་ཁང་སྟོང་དང་༔ སྨུག་པ་ཁ་ཆུར་བུ་ཡུག་དང་༔ བྱོལ་སོང་རྣམ་པ་སྣ་ཚོགས་མཐོང་༔ དེ་ཡི་གསེབ་ཏུ་སེམས་བཅུག་ནས༔ མི་དེ་བྱོལ་སོང་གནས་སུ་སྐྱེ༔ ཡི་དྭགས་ལུས་ནི་དུད་ཁ་བ༔ དེ་ཡི་ནང་དུ་བྲག་ཕུག་དང་༔ ཡི་དྭགས་རྣམ་པ་སྣ་ཚོགས་དང་༔ དེ་ཡི་ནང་དུ་སེམས་ཚུད་ནས༔ མི་དེ་ཡི་དྭགས་གནས་སུ་སྐྱེ༔ དམྱལ་བའི་འོད་ནི་མུན་ནག་གཏིབས༔ བལ་ནག་གཡེངས་འདྲ་སྡོང་དུམ་བྱེད༔ དེ་ཡི་གསེབ་ཏུ་དམྱལ་བའི་གནས༔ ཚ་གྲང་ལྕགས་ཁང་སྡུག་བསྔལ་མཐོང་༔ དེ་ཡི་གསེབ་ཏུ་སེམས་ཆགས་ན༔ ཨ་པ་སྙམ་ནས་ཆགས་པའོ༔ ཡང་ན་བང་ན་གཤེས་ལོག་མཐོང་༔ དེ་ལ་སེམས་ཡིད་ཆགས་གྱུར་ན༔ མི་དེ་དམྱལ་བའི་གནས་སུ་སྐྱེ༔ རིགས་དྲུག་ཡུལ་དུ་སེམས་ཆགས་ནས༔ འགྲོ་བར་འདོད་ཀྱང་རྒྱས་འཐུམས་ནས༔ ཐོག་པ་ཉིད་དང་བཅས་པའོ༔ དེ་ནས་རྩལ་ནི་མོས་༼མེས་༽བཟུང་ངང་༔ འདམ་གྱིས་རྡུལ་རྣམས་བཟུང་བ་ལྟར༔ བྱ་འགྲོ་འདོད་ཀྱང་གཟན་བུའི་དབང་༔ ས་ཁུང་བྲུབ་པས་སྙིངས་ཟིན་ལྟར༔ དབང་མེད་འཁོར་བའི་རྒྱ་ལ་ཚུད༔ སྡུད་པ་ལས༔ འགྲོ་བ་འཁྲུལ་པ་རི་དྭགས་རྒྱར་ཚུད་འདྲར་ཤེས་ནས༔ ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ད་ནི་རིགས་དྲུག་ལམ་དགག་ཕྱིར༔ གོང་གི་རིགས་དྲུག་ཡུལ་སྣང་དྲུག༔ དེ་དག་དྲུག་པོ་ཤར་བ་འདིས༔ ཡི་དམ་ཞི་ཁྲོ་གང་རུང་གཅིག༔ འདུན་པ་རྩེ་གཅིག་གཏད་གྱུར་ན༔ དེ་ཡི་བྱིན་རླབས་དྲག་པོ་ཡིས༔ ལས་དང་ལྡན་པ་ཉིད་དུ་སྐྱེ༔ ཡང་གཅིག་དཀོན་མཆོག་གསུམ་པོ་ལ༔ སྐྱབས་འགྲོ་མོས་གུས་དྲག་པོ་བྱ༔ རྩེ་གཅིག་དཀོན་མཆོག་གསུམ་དྲན་ནས༔ དེ་ཡི་བྱིན་རླབས་དྲག་པོ་ཡིས༔ དལ་འབྱོར་མི་ལུས་གཙང་མ་ཐོབ༔ བླ་མ་དམ་པ་རྣམས་དང་མཇལ༔ ཉམས་སུ་བླངས་ནས་སངས་རྒྱའོ༔

བག་ཆགས་ལས་ངན་སྡིག་ཅན་རྣམས༔ ཆོས་ཉིད་བར་དོར་ཁ་འཁྱམས་ནས༔ རིགས་དྲུག་སྣང་ལུགས་སྣ་ཚོགས་འཆར༔ ཡིད་དུ་མི་འོང་མངལ་དུ་འཇུག༔ ཤིན་ཏུ་ལས་ངན་ཆེ་བ་ལ༔ ཤི་མ་ཐག་ཏུ་དམྱལ་བ་ཉིད༔ དགེ་སྡིག་རྡེལ་བུ་འགྲིམ་པ་ལ༔ ལྷ་དང་བདུད་གཉིས་འཐེན་རེས་བྱེད༔ ཤགས་འདེབས་བདེན་རྫུན་མ་ཕྱེད་ནས༔ གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཡིས༔ ལས་ཀྱི་མེ་ལོང་བསྟན་པ་དང་༔ དགེ་སྡུག་ཐམས་ཅད་ས་ལེར་གསལ༔ དེ་ནས་ལྷ་དེ་སྐྱེངས་བ་དང་༔ རང་བཞིན་མཁའ་ལ་ཡལ་ཏེ་སོང་༔ བདུད་དེ་རྒྱལ་ནས་ལེགས་པར་བཟུང་༔ ཐོ་བ་ཅན་གྱིས་རྒྱབ་ནས་བཅོམ༔ ལྕགས་ཀྱུས་སྙིང་བཟུང་ཞགས་པས་ཁྲིད༔ ཚ་གྲང་སྡུག་བསྔལ་བསམ་ལས་འདས༔ དེ་ལས་ཐུགས་རྗེས་སྐྱོབ་པ་དཀའ༔ ཀློང་ཆེན་ཡངས་པའི་སྲོག་གི་ཡང་བཅུད་ལས༔ སྲིད་པ་བར་དོའི་གྲོལ་འཁྲུལ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ བར་དོ་བཞི་ཡི་འཆར་ཚུལ་ངོ་སྤྲད་པ་ཡང་དག་པ༔ ཨ་ཏི་བཀོད་པ་ཆེན་པོ༔ རྡོ་རྗེ་འཆང་གི་དགོངས་པ་དགའ་རབ་རྡོ་རྗེའི་གསུང་༔ ཤྲཱི་སེང་ཧའི་ཞལ་གདམས༔ པད་འབྱུང་ང་ཡིས་དོན་རྣམས་བསྡུས་པ༔ རྒྱ་བོད་གཉིས་ན་མེད་པའི་གདམས་པའོ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ ཨེ་མ་ཧོ༔ ཇོ་སྲས་རྡོ་རྗེ་གླིང་པ་ངས ༔ ཐེག་མཆོག་ཀློང་ཆེན་ཆོས་སྐོར་རྣམས༔ གནམ་ལྕགས་བྲག་ནས་རྒྱ་བཀྲོལ་ནས༔ བུ་སློབ་དོན་དུ་པཎྚི་ཏའི༔ ཡིག་རིས་མི་གཅིག་གསུམ་ལས་ཕབ༔ དར་ཞིང་རྒྱས་པར་གཏེར་སྲུང་རྣམས༔ ཁ་ཐཾ༔ རྫོགས་སོ༔ རྒྱལ་སྲས་རྡོ་རྗེ་གླིང་པས་གཏེར་ནས་བཏོན་པའོ༔ བཀྲ་ཤིས་པར་གྱུར་ཅིག༔

བར་དོ་མུན་སེལ་སྒྲོན་མེ།

སྙིང་ཐིག་ལས་བར་དོ་མུན་སེལ་སྒྲོན་མེ་བཞུགས་སོ༔

ཨཐྎ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་པ་གང་ཞིག་ཚེ་འདིར་གཡེང་བས་ཁྱེར་ནས༔ སྙིང་ཐིག་འདི་ཉམས་སུ་མ་ལོན་ན་བར་དོ་སྐད་ཅིག་མའི་ཤེས་པ་ངོས་བཟུང་སྟེ༔ སངས་རྒྱས་པའི་ཐབས་འདི་ལ་གསུམ་སྟེ༔ དང་པོ་རང་བཞིན་གནས་པའི་བར་དོ་ངོ་སྤྲད་པ་དང་༔ སྐྱེ་ཤི་བར་དོ་ལ་ཉམས་སུ་བླངས་ཤིང་འདྲིས་པར་བྱ་བ་དང་༔ སྲིད་པའི་བར་དོ་ངོས་ཟིན་ན་འབྲས་བུ་ཐོབ་ཚུལ་བསྟན་པའོ༔

དང་པོ་ནི་ཡེ་གདོད་མ་ནས་རང་རིག་ཡེ་ཤེས་ལྔ་ལྡན་ལྷུན་གྲུབ་ཏུ་གནས་ཏེ༔ རྒྱུད་ཀློང་གསལ་ལས༔ ཐོག་མ་ཐ་མ་མེད་དུས་ནས༔ རང་ལ་རང་ཆས་གནས་པའི་ཕྱིར༔ ཅེས་སོ༔ དེ་ལ་དཔེ་དོན་རྟགས་གསུམ་གྱིས་ངོ་སྤྲད་དེ༔ དཔེ་ནི་རྡོ་རྗེ་སེམས་དཔའི་སྐུ་ཚབ་མན་ཤེལ་དྭངས་པ་གཅིག་ལ་དབང་པོ་གཏད་པས༔ ཤེལ་དེ་དག་པ་གསལ་བ་བཟུང་དུ་མེད་པ་རྟོག་པ་མེད་ཅིང་༔ མ་འགག་པ༔ འོད་ལྔ་ཕྲ་ལ་གསལ་ལ་འཚེར་བ༔ རང་བཞིན་གྱིས་བཀྲག་ལ་ཉམ་ང་བ༔ ཝལ་ལེ་ཁྱུག་གེ་བ་འདི་དཔེར་བྱས་ན་( ནས་)དོན་རང་ཐོག་ཏུ་ངོ་སྤྲད་པ་ནི༔ གོང་གི་དཔེ་བཞིན་དུ༔ རང་རིག་ཡེ་ཤེས་ལྔ་ལྡན་དེ་ཡང་གོང་དང་འདྲ་བར༔ གསལ་ལ་དྭངས་པ་ཡེ་ཤེས་ལྔའི་ངོ་བོ་འོད་ལྔའི་རང་བཞིན༔ འཛིན་མེད་དུ་ཝལ་ལེ་ས་ལེ་བ་འདི༔ ཙིཏྟ་རིན་པོ་ཆེ་གུར་ཕུབ་པའི་ནང་དུ་གནས་པའི་ཚུལ་གྱིས་གནས་ཏེ༔ རྒྱུད་ལས་མཁའ་དང་འཇའ་ཚོན་གྱི་ཚུལ་དུ་གནས་སོ༔ དེ་ཉིད་གསུམ་པ་རྟགས་ཀྱིས་ངོ་སྤྲད་པ་ནི༔ རྐྱེན་རྡོ་རྗེ་སེམས་དཔའི་སྐུ་ཚབ་ལ་དབང་པོ་གཏད་ནས་བལྟས་པས༔ འོད་དང་ཟེར་ཀྱི་ཚུལ་དུ་གནས་ཞིང་སྤྲིན་བྲལ་གྱི་མཁའ་ལ་གཏད་པས་རང་རིག་ཡེ་ཤེས་ལྔའི་གསལ་མདངས༔ མ་འགགས་པར་སྐུ་དང་ཚོམ་བུའི་རྣམ་པ་དབང་པོས་དངོས་སུ་མཐོང་བ་འདི་ཁོ་ནའོ༔ དེ་ནི་ཆོས་སྐུ་ཡིན་པས་རང་རིག་ཡེ་ནས་རང་ལ་གནས་པའི་བརྡའོ༔ དེ་ལྟར་རང་བཞིན་གནས་པའི་བར་དོ་དཔེ་དོན་རྟགས་གསུམ་གྱིས་ངོ་སྤྲད་ནས༔ གཉིས་པ་སྐྱེ་ཤིའི་བར་དོར་ཉམས་སུ་བླང་པའི་ཐབས་བསྟན་པ་ནི༔ ཉིན་མོ་སྒྱུ་མའི་འདུན་པས་བར་དོ་སྦྱངས་པ་དང་༔ མཚན་མོ་འོད་གསལ་གྱི་བར་དོ་སྦྱངས་ལ༔ གནས་སྐབས་སུ་སྒྲ་འོད་ཟེར་ལ་སྦྱངས་ཏེ༔ དང་པོ་ནི་ཉིན་པར་ས་མཐོ་ཞིང་ཐམས་ཅད་གསལ་བར་ཕྱིན་ལ༔ ཕྱི་སྣོད་ནང་བཅུད་རི་དང་རི་ཕྲན་རྩི་ཤིང་ནགས་ཚལ་གནམ་ས་ཉི་ཟླ་མི་དང་དུད་འགྲོ་ཁ་དོག་སྣ་ཚོགས༔ ཡུལ་ཁམས་དང་སྐད་རིགས་དགའ་དང་མི་དགའ་༔ ང་སྣང་སྲིད་ཐམས་ཅད་དོན་ལ་མ་གྲུབ༔ རང་རིག་འཛིན་རྟོག་སེམས་ཀྱི་ཆོ་འཕྲུལ་ཡིན༔ མི་བདེན་བཞིན་དུ་སྣང་བ་སྒྱུ་མ་ཡིན༔ སྔར་བྱུང་བ་ནི་མི་རྟག་མི་བདེན༔ ཕྱིས་འབྱུང་བ་ནི་མི་རྟག་མི་བདེན༔ ད་ལྟ་ཡང་རང་སྣང་འཁྲུལ་བའི་བློས་བཅོས་པ་མིན་པར་དོན་ལ་མེད་བློས་ཐག་རྦད་ཀྱིས་བཅད་པ་བློ་ཐག་ཆོད་ཆོད་དུ་སྦྱངས༔ དེ་ལྟར་རྩེ་གཅིག་ཏུ་བསྒོམ་པས་རང་ཡང་ཡོད་སྙམ་མི་བྱེད་པར་དྲན་མེད་དུ་འཁྱམས་འགྲོ་རྒྱུན་འབྱུང་སྟེ༔ དེ་ནས་གདམས་པའི་སྟོབས་ལ་བསྟེན་ནས༔ ཆོས་ཉིད་དང་སྲིད་པའི་བར་དོ་ལ་ཡང་གང་ཤར་ཐམས་ཅད་མི་བདེན་སྒྱུ་མར་ཤེས་པས༔ དུས་དེར་སངས་རྒྱས་པར་འགྱུར་རོ༔ མཚན་མོ་འོད་གསལ་སྦྱངས་པ་ནི་རང་གི་ཐུགས་ཀར་དཀྱིལ་དུ་བླ་མ་སྐུ་མདོག་ཤེལ་ལྟ་བུ་གཅིག་བསྒོམ༔ དེའི་ཐུགས་ནས་འོད་འཕྲོས་པས༔ སྣོད་བཅུད་སྣང་སྲིད་ཐམས་ཅད་བླ་མའི་རང་བཞིན་དུ་གྱུར༔ གཉིད་དུ་འགྲོ་ཁར་འོད་ཀྱིས་སྣང་སྲིད་བླ་མའི་རང་བཞིན་དུ་ཚུར་འདུས་ཏེ་ཐུགས་ཀའི་བླ་མ་ལ་ཐིམ་པས༔ སྣང་སྲིད་བླ་མའི་རང་བཞིན་ལས་གཞི་ཅི་ཡང་མི་དམིགས་པའི་ངང་ནས༔ སྙིང་གའི་བླ་མའི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དཀར་མེར་གྱིས་ཡོད་པ་ལ་རྩེ་གཅིག་ཏུ་གཏད་ནས་གཉིད་ལོག་པས་འོད་གསལ་དུ་འགྲོ་ཞིང ༔ རྨི་ལམ་དུའང་གོང་གི་རྨི་ལམ་དུ་དམིགས་པ་ལ་གཅིག་ཏུ་འཇུག་པ་ལ་སློབ་བོ༔ དེས་ཉིན་མཚན་གྱི་འཁྲུལ་པ་ཆོད་དོ༔

བར་དོར་ཁྱུང་ཕྲུག་སྒོང་རྒྱ་དང་བྲལ་བ་ལྟར་གྲོལ་ལོ༔ གནས་སྐབས་སུ་ཤེལ་ལ་སྦྱངས་ཏེ་སུཪྱའི་མར་མེ་ལ་སྦྱང་མན་ཤེལ་ལ་དབང་པོ་གཏད་པས་འོད་ཁ་དོག་མ་འདྲེས་པར་གསལ༔ མདོངས་ཀྱི་འོད་དེ་ལ་འདྲེས་པར་བྱས་པས༔ ཆོས་ཉིད་ཀྱི་བར་དོ་རང་རིག་ཡེ་ཤེས་རང་འོད་དེ་ཁོ་ན་ལྟར་དེར་གནས་ཤིང༔ མཚང་གོ་བས་གྲོལ་བར་འགྱུར་རོ༔ ཡང་གནས་སྐབས་སུ་སྒྲ་ལ་སྦྱང་སྟེ༔ རང་དབེན་པར་སོང་ལ༔ ཧ་ཧ་ཧི་ཧི་དང་ངུ་བ་དང༔ རྒོད་པ་སོད་རྒྱོབ་སྣ་ཚོགས་སུ་བརྗོད་ལ༔ རྗེས་སུ་དེ་རྣམས་ཀྱང་རང་གི་བློའི་འཛིན་པ་དོན་སྟོང་པའི་རང་སྒྲ༔ བདེན་མེད་སྐྱེ་མེད་དུ་དོན་ལ་མ་གྲུབ་པར་ཐག་རྦད་ཀྱིས་བཅད་ཅིང༔ རང་གི་ཤེས་རྒྱུད་ལ་བཀལ་ཞིང་བལྟའོ༔ དེ་ལྟར་འདྲིས་པས་བདེན་མེད་གཏན་མེད་དུ་འགྲོ་ཞིང༔ དེ་ལྟར་འཆི་ཁའི་བར་དུ་ཉམས་སུ་བླངས་པས༔ བར་དོར་སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན་དུ༔ སྐད་ཅིག་མ་ལ་རང་རིག་གི་རྩལ་ཡིན་པར་མཚང་རིག་ནས༔ དུས་དེར་གྲོལ་བར་ཐེ་ཚོམ་མེད་དོ་ས་མ་ཡ༔ རྒྱ༔ དོན་གསུམ་པ་བར་དོར་འབྲས་བུ་ཐོབ་ཚུལ་བསྟན་པ་ཡིན༔ རྣལ་འབྱོར་པ་ལུས་རྒྱ་དང་བྲལ་ནས་འཆར་བ་ཡིན་ཅིང༔ དེ་ལ་ཕྱི་དབུགས་ཆད་དེ་ནང་དབུགས་མ་ཆད་པའི་བར་དེར༔ རྡོ་རྗེ་སེམས་དཔའི་གསང་ལམ་ཞེས་པ་རང་གི་མིག་གཉིས་ནས་འོད་ཟེར་ཀ་བ་ལྟ་བུའམ༔ དུང་གི་ཐག་པ་ལྟ་བུ་གཅིག་ཟང་ཐལ་ལེ་བ་ལ་རིག་པ་རྩེ་གཅིག་ཏུ༔ ཨ་ཕ་ད་འཆི་བར་འདུག་པས༔ རྡོ་རྗེ་སེམས་དཔའི་སྣ་ཐག་ཏུ་བྱུང་བས་ངོ་ཤེས་ཤིང་རྩེ་གཅིག་ཏུ་གཏད་པའི་འདུན་པ་དྲག་པོས་ཡར་གྱི་ཟང་ཐལ་ལ་རང་རིག་རྩེ་གཅིག་ཏུ་གཏད་པས༔ སྐད་ཅིག་ལ་གྲོལ་ཏེ་བར་དོ་མེད་པར་སངས་རྒྱས་པར་གདོན་མི་ཟ་སྟེ་ངོ་མཚར་ཆེའོ༔ ས་མ་ཡ༔ རྒྱ༔

དེ་ནས་ཆོས་ཉིད་ཀྱི་བར་དོ་ནི༔ ལུས་རྒྱ་གྲོལ་བའི་གནད་ཀྱིས་ཤེས་པ་གསལ་ཞིང༔ ཡེ་ཤེས་འོད་ལྔ་ཁ་དོག་གསལ་བ་ཕྲ་བ༔ འཕྲིགས་པས་གསལ་ལ་འཚེར་བ༔ ཉམས་ང་བ༔ ཐང་ཆེན་པོ་ལ་སོས་ཀའི་སྨིག་རྒྱུ་བ་ལྟར་དུ༔ ཞིང་ཁམས་ཐམས་ཅད་ཁེངས་པ༔ འོད་ཀྱི་རྩེ་མཚོན་ཆའི་རྣམ་པར་བྱུང་ནས༔ རང་ལ་གཏད་པ་དང༔ མདོར་ན་ཉམས་ང་བ་འཇིགས་པ་དང༔ སྐྱེ་བ་དང་སྣང་བ་འཕྱོ་བ་དང༔ དྲན་པ་རང་ལ་རང་དབང་མི་ཐོབ་པ་དང༔ ཆོས་ཀྱི་རང་སྒྲས་ཡང་རྒྱོབ་སོད་དང༔ སྣ་ཚོགས་སུ་སྟོང་གསུམ་འུར་སྒྲ་དང་བཅས་པ༔ བསྲན་མི་བཟོད་པ་འབྱུང་བས་དེ་རྣམས་ལ་རང་སྣང་འཁྲུལ་པར་ཤེས་པས་མི་སྐྲག༔ མི་སྔངས་བར་ཆོས་ཉིད་ཀྱི་རང་འོད་དང་རང་སྒྲར་ཤེས་པར་བྱའོ༔ དེ་ལྟར་སྣ་ཚོགས་སུ་གསལ་བས་དེ་ལ་དེར་འཛིན་གྱི་ཤེས་པ་མི་གཞུག་པར་རང་སྣང་འཁྲུལ་པར་ཐག་རྦད་ཀྱིས་བཅད་ལ༔ སྐད་ཅིག་མ་དེ་ལ་གྲོལ་བར་འགྱུར་བས་ན༔ ད་ལྟ་ནས་ཉིན་ནུབ་ཀྱི་དྲན་འཛིན༔ རྡོ་རྗེ་སེམས་དཔའི་སྐུ་ཚབ་དང་༔ ཟེར་གཉིས་ལ་འདྲེས་པར་བྱེད་པ་གནད་ཡིན་ནོ༔ ས་མ་ཡཱ་རྒྱ༔ དེ་ལྟར་ཉམས་སུ་བླངས་པས་འབྲས་བུ་ཐོབ་ཚུལ་ནི༔ སྒྲ་འོད་ཟེར་གསུམ་འོད་ལྔའི་རང་བཞིན་དེ་ལ་དེར་གསལ་དེ་ལ་དེར་འཛིན་གྱི་ཤེས་པས་མ་ཞུག་ན་ཆོས་སྐུ་མངོན་དུ་གྱུར་པ་ཡིན་ནོ༔ འོད་ལྔ་དེ་རང་སྣང་དུ་ཤེས་ཤིང་ཞེན་འཛིན་མེད་ན་ལོངས་སྐུ་ཐོབ་པ་ཡིན་ནོ༔ དེ་ཡང་མཐིང་ག་མཐོང་ཚེ་འདི་ཁོ་ན་རང་རིག་སྟོང་པ་ཆེན་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་པར་ཤེས་ཤིང༔ དེ་ལ་མ་ཞེན་པར་རྡོ་རྗེ་སེམས་དཔའ་འཁོར་བཅས་འགྲུབ་ཅིང༔ ཞིང་ཡང་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་བུདྡྷའོ༔ དེ་བཞིན་དུ་འོད་དཀར་པོ་མཐོང་ཚེ་འདི་ཀ་རང་རིག་པའི་ངོ་བོ་ཆོས་དབྱིངས་ཡིན་པར་ཤེས་པས༔ རྣམ་སྣང་འཁོར་བཅས་གྲུབ་ཅིང༔ མཐའ་དབུས་མེད་པའི་ཞིང་དུ་བུདྡྷའོ༔ དེ་བཞིན་དུ་འོད་སེར་པོ་མཐོང་ཚེ་མཉམ་ཉིད་ཡེ་ཤེས་ཡིན་པར་ཤེས་པས༔ རིན་འབྱུང་འཁོར་བཅས་གྲུབ་ཅིང༔ དཔལ་དང་ལྡན་པར་བུདྡྷའོ༔ འོད་དམར་པོ་མཐོང་ཚེ་སོར་རྟོག་ཡེ་ཤེས་ཡིན་པར་ཤེས་པས༔ སྣང་བ་མཐའ་ཡས་འཁོར་བཅས་གྲུབ་ཅིང༔ ནུབ་བདེ་བ་ཆེན་པོར་བུ དྡྷའོ༔ འོད་ལྗང་གུ་མཐོང་ཚེ་བྱ་གྲུབ་ཡེ་ཤེས་ཡིན་པས༔ དོན་གྲུབ་འཁོར་བཅས་འགྲུབ་ཅིང་བྱང་ལས་རབ་རོལ་པར་བུདྡྷའོ༔ སངས་རྒྱས་པར་འགྱུར་རོ༔ ས་མ་ཡཱ༔ རྒྱ༔

དེ་དག་ཀྱང་དོན་ལ་ལོག་ནས་རྙེད་ཅིང་འགྲུབ་པ་ནི་མ་ཡིན་ཏེ༔ རང་ལ་གནས་ཤིང་རང་ཐོག་བབ་པས་ན༔ རྒྱུད་ལས༔ རང་ལས་རྙེད་པའི་འབྲས་བུ་ནི༔ ཐོག་མ་ཐ་མ་མེད་དུས་ནས༔ རང་ལ་རང་ཆས་ཡོད་པའི་ཕྱིར༔ རང་ངོ་ཤེས་ཤིང་རྟོགས་པས་ཆོག༔ རྨི་ལམ་སད་པའི་དུས་བཞིན་ནོ༔ ཅེས་གསུངས་སོ༔ དེ་ནས་རང་རིག་གཅིག་པུའི་རྩ་བ་ཆོད་པས༔ སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐད་ཅིག་ཏུ་གྲོལ་བར་འགྱུར་རོ༔ ས་མ་ཡ་རྒྱ༔

ཨེ་མ་བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དམ་ཆོས་ཀློང་གསལ་སྙིང་ཐིག་ལས༔ གཏེར་ཆོས་འདི་སྤྱོད་ལས་ཅན་ལ༔ ཞལ་ཐེམ་བཤད་ཀྱིས་འདི་ལྟར་སྤྱོད༔ བླ་མ་སངས་རྒྱས་བལྟ་ཞིང་བསྒྲུབ་ལ་བརྩོན༔ མོས་གུས་ཐང་ལྷོད་མེད་ཅིང་ཞབས་ཏོག་བསྒྲུབ༔ ཉམས་ལེན་མནའ་རྒྱ་ནུས་ལ་ཆོས་འདི་སྦྱིན༔ རང་ཉམས་མ་ལོན་གཞན་ལ་དཔེ་རྒྱ་སྡོམ༔ དེ་ལྟར་མ་ཡིན་སྣོད་ངན་སློབ་མ་སྤོངས༔ མུ་སྟེགས་ལོག་པར་ལྟ་ལ་ཆོས་འདི་སྦོས༔ བླ་མ་ཟོལ་འགྲོགས་མཁན་ལ་ཆོས་མི་བསྟན༔ ནོར་བུ་འདམ་གཡོག་མཁན་ལ་ཆོས་འདི་སྦོས༔ ཉན་ཐོས་ཁྲིིམས་བཅིངས་བ་ལ་འདི་མི་བསྟན༔ སྟོན་པ་ཚིག་ཕྱིར་འབྲང་ལ་ཆོས་འདི་སྦོས༔ དད་པ་འདུན་པ་མེད་ལ་ཆོས་མི་བསྟན༔ ཁ་གསག་སྟོང་ཞུས་མཁན་ལ་ཆོས་འདི་སྦོས༔ ནམ་མཁའ་ཡར་ཆོད་མཁན་ལ་ཆོས་མི་བསྟན༔ དྲེད་པོ་ཁ་ཆོས་མཁན་ལ་ཆོས་འདི་སྦོས༔ བབ་ཆོས་གསང་སྒོ་འཆོལ་ལ་ཆོས་མ་བསྟན༔ མ་གོ་འཆད་རིངས་པོ་ལ་ཆོས་འདི་སྦོས༔ མདོ་མེད་རྟོག་འདོད་མཁན་ལ་ཆོས་མི་བསྟན༔ ཉམས་ལེན་ཕྱི་དུས་མཁན་ལ་ཆོས་འདི་སྦོས༔ གདམས་པའི་བཀའ་རྒྱ་འདི་དང་མ་ལྡན་ན༔ སྤྲེལ་ལག་མེ་སྒྲོན་བསྐུར་བས་རང་གཞན་ཕུང༔ དེ་ཕྱིར་པད་འབྱུང་སྙིང་ཉེའི་གསུང་ཡིན་པས༔ ཤ་ཚའི་གསང་གཏམ་སྙིང་ལ་བཅང་བར་གྱིས་ཤིག༔ ཆོས་འདི་མཁའ་འགྲོའི་སྙིང་པོ་ཟབ་གཏེར་ཡིན༔ ལན་ཅིག་བཀའ་ཤོག་མཐོང་ངམ་འཆང་ཡང་རུང༔ ཨོ་རྒྱན་བདག་དང་འབྲེལ་ལྡན་ཐུགས་སྲས་ཡིན༔ ཉམས་སུ་ལེན་རྣམས་ལོ་དྲུག་སངས་རྒྱས་འགྲུབ༔ ལུང་ཐོབ་ཙམ་གྱིས་བདེ་ཆེན་ཞིང་དུ་བསྒྲོད༔ བསླུས་ན་པད་འབྱུང་ཞན་ནོ་རྗེས་འཇུག་རྣམས་༔ སྐལ་ལྡན་ལས་ཅན་གཅིག་དང་འདི་འཕྲད་ནས༔ སྐལ་ལྡན་དེ་དང་འབྲེལ་ཚད་དོན་ལྡན་ཡོང༔ རྡོ་དང་ནོར་བུ་ངོ་ཤེས་ཉུང་བར་ངེས༔ མིང་ཅན་ཁྱོད་དང་འདི་འཕྲད་ཤོག༔ སྨོན་ལམ་བཙན་པས་ཁྱོད་ལ་གཏད་དོ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ མཎྚ་གྷུ་ཧྱ༔ ཨེ་མ་འདི་འདྲའི་མན་ངག་གཏེར་ནས་བཏོན༔ སྣོད་ལྡན་འདྲ་བ་ཅི་ཡོད་དམ༔ འགྲོ་དོན་རྒྱ་ཆེན་སྨོན་ལམ་འཚལ༔ མངྒ་ལམ།། །།

སྐྱེ་གནས་བར་དོའི་ངོ་སྤྲོད་ཐོས་གྲོལ་ཆེན་མོ་དང་བར་དོ་སྤྱི་ཡི་རྣམ་བཤད།

ཡི་དམ་དགོངས་འདུས་རྟ་མཆོག་རོལ་བ་ལས་སྐྱེ་གནས་བར་དོའི་ངོ་སྤྲོད་ཐོས་གྲོལ་ཆེན་མོ་དང་བར་དོ་སྤྱི་ཡི་རྣམ་བཤད་བཅས་བཞུགས་སོ༔

བཅོམ་ལྡན་འདས་སྲིད་པའི་འཁྲུལ་སྣང་རབ་ཏུ་ཞི་བར་མཛད་པ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ཡི༔ ཨ་ཏི་འཁོར་འདས་རང་གྲོལ་གྱི༔ བར་དོ་བཞི་ཡི་གདམས་པ་འདི༔ ལྷ་མོ་ཙན་དྷའི་བཀའ་ལུང་བཞིན༔ སྐྱེ་གནས་བར་དོར་གྲོལ་བ་དང་༔ བར་དོར་སངས་རྒྱས་ཐོབ་པའི་ཕྱིར༔ ལེགས་པར་གཏན་ལ་ཕབ་དེ་བཤད༔ ས་མཱ་ཡ༔ ཨཐྎ༔ གྷུ་ཧྱ༔ ཟབ་རྒྱ༔

དེ་ཡང་རྟ་མཆོག་རོལ་པ་གསང་བ་མན་ངག་གི་རྒྱུད་ལས༔ ཧོ་ཉོན་ཅིག་ཡུམ་ཆེན་མཁའ་འགྲོ་མ༔ བར་དོ་ཞེས་པ་ཆོས་སྤྱིའི་སྐད༔ འདི་རུ་མ་འདུས་ཆོས་གཞན་མེད༔ དེའང་རྣམ་པ་བཞི་ཡིན་ཏེ༔ དབྱེ་བ་ཆོས་ཉིད་ས་མཚམས་དང༔ སྣང་ལུགས་དག་གིས་བསྡོམ་སྟེ་བསྟན༔ ཅེས་གསུངས་པས༔ སྤྱིར་ཡང་ཆོས་སྒོ་ཅི་སྙེད་ཅིག༔ ཡོད་ཀྱང་བར་དོ་བཞི་ལ་འདུས༔ ཡང་དག་ཟང་ཐལ་ངོ་བོ་ཉིད༔ འཁོར་འདས་ཀུན་ཀྱི་ལམ་ཆེན་ནོ༔ དེ་ཉིད་བགྲོད་པར་བྱེད་པའི་ཕྱིར༔ བར་དོ་དབྱེ་བ་ས་མཚམས་དང༔ གནས་ལུགས་འཆར་ལུགས་བཞི་ལ་འདུས༔ དེ་ཡང་མན་ངག་རྒྱུད་ཆེན་ལས༔ དབྱེ་བ་ལའང་བཞི་ཡིན་ཏེ༔ རང་བཞིན་སྐྱེ་གནས་བར་དོ་དང༔ འཆི་ཁ་སྡུག་བསྔལ་བར་དོ་དང་༔ ཆོས་ཉིད་ཞི་ཁྲོའི་བར་དོ་དང་༔ སྲིད་པར་འཁྱམས་པའི་བར་དོའོ༔ ཅེས་གསུངས་པས༔ དེ་ཡང་རྣམ་པ་བཞི་ཡིན་ཏེ༔ རང་བཞིན་སྐྱེ་གནས་བར་དོ་དང་གཅིག༔ འཆི་ཁ་བར་དོ་དང་གཉིས༔ ཆོས་ཉིད་ཞི་ཁྲོའི་བར་དོ་དང་གསུམ༔ ལུགས་འབྱུང་སྲིད་པའི་བར་དོ་དང་བཞིའོ༔ དེ་ལའང་དབྱེ་བ་ས་མཚམས་གནས་ལུགས༔ འཆར་ལུགས་དང་བཞི་རུ་འདུས་ཏེ༔ དང་པོ་སྐྱེ་གནས་བར་དོ་ནི༔ མན་ངག་རྒྱུད་ཆེན་ལས༔ གཉིས་པ་བར་དོའི་མཚན་ཉིད་ནི༔ རང་ལུས་འདོམ་གང་གྲུ་བཞི་འདི༔ ཁམས་རྣམས་དང་ནི་ཕུང་པོ་དང༔ སྐྱེ་མཆེད་དབང་པོ་ཡུལ་ཡུལ་ཅན༔ ཉོན་མོངས་ཅི་ལྟར་གནས་གཏན་དབབ༔ འདི་དག་ཤེས་པའི་རྣལ་འབྱོར་པས༔ སྣང་བ་ཀུན་ལ་དབང་སྒྱུར་ནུས༔ ཅེས་གསུངས་པས༔ དེ་ཡང་དང་པོ་སྐྱེ་གནས་བར་དོའི་ས་མཚམས་ནི༔ མ་ལ་སྐྱེས་ནས་མ་ཤི་བའི་བར་དུའོ༔ གནས་ལུགས་རང་ལུས་འདོམ་གང་གྲུ་བཞི་ཁམས་དང༔ ཕུང་པོ་དང༔ སྐྱེ་མཆེད་དང༔ དབང་པོ་དང༔ ཡུལ་དང༔ ཡུལ་ཅན་རྣམས་སོ༔ དེ་ཡང་མན་ངག་རྒྱུད་ལས༔ དབང་པོ་ཁམས་ལ་རྣམ་པ་གཉིས༔ ཡུལ་གྱིས་བསྡུས་པ་ཕྱི་ཡི་ཁམས༔ སེམས་ཀྱིས་བསྡུས་པ་ནང་གི་ཁམས༔ ཅེས་གསུངས་པས༔ ཁམས་ལ་རྣམ་པ་གཉིས་ཏེ༔ ཕྱི་ཡུལ་གྱིས་བསྡུས་པའི་ཁམས་དང་གཅིག༔ ནང་སེམས་ཀྱིས་བསྡུས་པའི་ཁམས་དང་གཉིས་སོ༔

དེ་ཡང་ཕྱི་ཡུལ་གྱིས་བསྡུས་པའི་ཁམས་ལ་ལྔ་སྟེ༔ མན་ངག་རྒྱུད་ལས༔ ཕྱི་ཡི་ཡུལ་ཁམས་ལྔ་ཡོད་དེ༔ ས་ཆུ་མེ་རླུང་ནམ་མཁའ་འོ༔ ཅེས་གསུངས༔ དེ་ཡང་ས་ཡི་ཁམས་ཀྱིས་གཞི་རྣམས་བསྐྱེད་པར་བྱེད༔ ཆུ་ཡི་ཁམས་ཀྱིས་མིང་རྣམས་འཛིན་པར་བྱེད༔ མེ་ཡི་ཁམས་ཀྱིས་ཡུལ་རྣམས་སྨིན་པར་བྱེད༔ རླུང་གི་ཁམས་ཀྱིས་འཇིག་རྟེན་གཡོ་ཞིང་འདེགས་པར་བྱེད༔ ནམ་མཁའི་ཁམས་ཀྱིས་གཞི་རྣམས་སྐྱེད་པར་བྱེད་པའོ༔ དེ་ནི་ཕྱིའི་ཡུལ་གྱི་ཁམས་ལྔའོ༔ གཉིས་པ་ནང་སེམས་ཀྱི་ཁམས་ལའང་གཉིས་ཏེ༔ སེམས་ཅན་སྡུད་བྱེད་སྣོད་ཀྱི་ཁམས་དང༔ སེམས་ཉིད་ལས་བྱུང་བཅུད་ཀྱི་ཁམས་ཉིད་དོ༔ དེ་ཡང་མན་ངག་རྒྱུད་ལས༔ སེམས་ཀྱི་ཁམས་ལ་གཉིས་ཡིན་ནོ༔ སེམས་ཅན་སྡུད་བྱེད་སྣོད་ཀྱི་ཁམས༔ སེམས་ཉིད་ལས་བྱུང་ཁམས་ཡིན་ནོ༔ སྡུད་བྱེད་ཁམས་ལ་གསུམ་ཡིན་ཏེ༔ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས༔ སེམས་ཉིད་ལས་བྱུང་ཁམས་ལ་ནི༔ མིག་དང་རྣ་བ་སྣ་དང་ལྕེ༔ ལུས་དང་ཡིད་སོགས་ཚོགས་དྲུག་ཁམས༔ ཚོགས་དྲུག་རྣམ་པར་ཤེས་པ་རུ༔ ཡིད་ཀྱི་ཁམས་དང་བཞི་ཤེས་ཏེ༔ ཚོགས་བརྒྱད་དག་གི་ཁམས་སུ་བཤད༔ དེ་ལ་ཡུལ་དང་དབང་པོ་དང༔ རྐྱེན་དང་སྒྲིབ་བྱེད་མེད་པ་ཡིས༔ འདུས་ཏེ་རེག་པའི་ཁམས་སུ་བྱུང༔ ཁམས་ཀྱི་རྣམ་པ་དེ་དག་ལ༔ ཡུལ་ཀུན་ང་དང་བདག་ཏུ་བཟུང༔ སྔ་ཕྱིའི་ཉེར་ལེན་བརྩིས་པས་འཁྲུལ༔ ཅེས་གསུངས༔ དེ་ལ་སེམས་དྲན་པས་གཞི་བྱས་པས་གཟུགས་ཀྱི་ཁམས༔ དྲན་པ་མཐའ་ཡས་པ་ནི་གཟུགས་མེད་ཀྱི་ཁམས༔ དྲན་པ་རགས་པར་འཛིན་པ་འདོད་པའི་ཁམས༔ དེ་ལྟར་ཁམས་གསུམ་དག་པས་ཡེ་ཤེས་ཀྱི་ཞིང༔ མ་དག་པས་འཁོར་པའི་གནས་སོ༔ གཉིས་པ་སེམས་ཉིད་ལས་བྱུང་གི་ཁམས་ནི༔ ཤེས་པ་རང་ལ་( གསལ་)མིག་གི་ཁམས༔ ཤེས་པ་རྩེ་གཅིག་ལ་རྣ་བའི་ཁམས༔ ཤེས་པ་མཐའ་ཡས་པ་སྣ་ཡི་ཁམས༔ ཤེས་པ་གཅིག་ཏུ་འཚོགས་པ་ལྕེ་ཡི་ཁམས༔ ཤེས་པ་ཀུན་ལ་ཁྱབ་པ་ལུས་ཀྱི་ཁམས༔ ཤེས་པ་ཀུན་ལ་འཇུག་པ་ཡིད་ཀྱི་ཁམས༔ དེ་ནི་དབང་པོ་ཚོགས་དྲུག་ལ་ཁམས་དྲུག་གོ༔ དེ་ཡང་རྣམ་པར་ཤེས་པའི་ཁམས་དྲུག་ནི༔ མིང་དང་གཟུགས་འཛིན་པ་མིག་གི་རྣམ་པར་ཤེས་པའི་ཁམས༔ སྙན་དང་མི་སྙན་པའི་སྒྲ་རྣམས་འཛིན་པ་རྣ་བའི་རྣམ་པར་ཤེས་པའི་ཁམས༔ དྲི་བཟང་ངན་དང་གཞན་རྗེས་འཛིན་པ་སྣ་ཡི་རྣམ་པར་ཤེས་པའི་ཁམས༔ རོ་ཞིམ་བཙོག་སོགས་དངོས་སུ་མྱོང་བ་ལྕེ་ཡི་རྣམ་པར་ཤེས་པའི་ཁམས༔ ཀུན་ལ་ཁྱབ་ཅིང་རྟོག་པར་བྱེད་པ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས༔ རེག་བྱ་སོགས་ཀུན་ལ་འཇུག་པར་བྱེད་པ་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་དྲུག་གོ༔

རེག་བྱའི་ཁམས་ལའང་དྲུག་སྟེ༔ དེ་ཡང་དངོས་པོ་ཐམས་ཅད་ལ་ལོག་རྟོག་འཛིན་ཅིང་ཡུལ་སྒྲུབ་པས༔ མིག་གི་འདུས་ཏེ་རེག་པའི་ཁམས་དང་གཅིག༔ སྣང་བ་ཡིད་ལ་འཛིན་ཅིང་ཕྲག་དོག་བྱེད་པ་རྣ་བའི་འདུས་ཏེ་རེག་པའི་ཁམས་དང་གཉིས༔ ཐར་པའི་( འཐོར་བ་) རྣམ་ཤེས་གཅིག་ཏུ་བསྡུས་ཤིང་གཞན་གྱི་ཡིད་འཕྲོག་སྣ་ཡི་འདུས་ཏེ་རེག་པའི་ཁམས་དང་གསུམ༔ གང་གི་དངོས་པོ་ཐམས་ཅད་རྗེས་སུ་འཛིན་ཅིང་ལེན་པར་བྱེད་པ་ལྕེའི་འདུས་ཏེ་རེག་པའི་ཁམས་དང་བཞི༔ དྲན་པའི་དབང་པོ་ཐམས་ཅད་གཅིག་ཏུ་བསྡུས་པར་བྱེད་ཅིང༔ ཡུལ་སྣང་ཀུན་ལ་འཇུག་པ་ཡིད་ཀྱི་འདུས་ཏེ་རེག་པའི་ཁམས་དང་ལྔ༔ རང་ས་ཐམས་ཅད་འཛིན་ཅིང་འབྱུང་བ་སྡུད་པར་བྱེད་པ་ལུས་ཀྱི་འདུས་ཏེ་རེག་པའི་ཁམས་དང་དྲུག་གོ༔ ཁམས་ཀྱི་རྣམ་པ་དེ་དག་ཀྱང༔ ཡུལ་དང་ཡུལ་ཅན་གཉིས་སུ་འཛིན་ནས༔ ང་དང་བདག་ཏུ་བཟུང་སྟེ༔ དགྲ་གཉེན་ཉེ་རིང་གི་ཆགས་སྡང་ཆེན་པོས་སྔ་ཕྱི་ཉེར་ལེན་བརྩིས་པས་འཁྲུལ་པའོ༔ དེ་ལྟར་ཁམས་རྣམས་བཤད་ནས༔ ད་ནི་ཕུང་པོ་དང་དབང་པོའི་བྱེ་བྲག་བཤད་པ་ནི༔ མན་ངག་རྒྱུད་འཁོར་འདས་རང་གྲོལ་ལས༔ རྟོག་པ་དང་བཅས་ཕུང་པོ་ནི༔ དངོས་པོ་གཅིག་བསྡུས་གཟུགས་ཀྱི་ཕུང༔ ཉོན་མོངས་གཅིག་བསྡུས་ཚོར་བའི་ཕུང༔ འཛིན་པ་གཅིག་བསྡུས་འདུ་ཤེས་ཕུང༔ ཕྲ་རགས་གཅིག་བསྡུས་འདུ་བྱེད་ཕུང་༔ རྣམ་ཤེས་གཅིག་བསྡུས་ཕུང་པོ་ལྔའོ༔ རྟོག་པའི་ཕུང་པོའི་ཁམས་ལ་ནི༔ བསམ་གཏན་གཅིག་བསྡུས་ཏིང་འཛིན་ཕུང་༔ ཟག་པ་ཟད་པ་རྣམ་གྲོལ་ཕུང༔ སྐྱེ་བ་མེད་པ་ཤེས་རབ་ཕུང༔ དྲི་མ་མེད་པ་ཚུལ་ཁྲིམས་ཕུང༔ རྣམ་རྟོག་ལས་འདས་རྣམ་ཤེས་ཕུང༔ ཕར་ཕྱིན་དྲུག་ཀྱང་ཕུང་པོའོ༔ ཅེས་གསུངས་པས༔ རྟོག་པ་དང་བཅས་པའི་ཕུང་པོ་ནི༔ དངོས་པོ་ཐམས་ཅད་གཅིག་ཏུ་སྡུད་ཅིང་སྒྲུབ་པས་ན༔ དེ་ལ་གཟུགས་ཀྱི་ཕུང་པོ་ཞེས་བྱའོ༔ ཉོན་མོངས་པ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་ཚོར་བས་མྱོང་བས་ན༔ དེ་ལ་ཚོར་བའི་ཕུང་པོ་ཞེས་བྱའོ༔ དབང་པོའི་བྱེ་བྲག་གིས་འཛིན་པ་ཐམས་ཅད་གཅིག་ཏུ་བསྡུས་ནས༔ ལེགས་ཉེས་ཀྱི་འདུ་ཤེས་བཟུང་བས་ན༔ དེ་ལ་འདུ་ཤེས་ཀྱི་ཕུང་པོ་ཞེས་བྱའོ༔ ཉོན་མོངས་པ་ཐམས་ཅད་གཅིག་ཏུ་སྡུད་ནས་བྱ་བ་ཐམས་ཅད་བྱས་པས་ན༔ དེ་ལ་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱ་བའོ༔ ཤེས་པ་ཐམས་ཅད་གཅིག་ཏུ་སྡུད་ཅིང་རྣམ་པར་རྟོག་པ་སྣ་ཚོགས་དང་ལྡན་པས་ན༔ དེ་ལ་རྣམ་ཤེས་ཀྱི་ཕུང་པོ་ཞེས་བྱ་བའོ༔

གཉིས་པ་རྟོག་པ་མེད་པའི་ཕུང་པོ་ནི༔ བསམ་གཏན་ཐམས་ཅད་གཅིག་ཏུ་འདུས་པ་ཏིང་ངེ་འཛིན་ནི༔ ཏིང་ངེ་འཛིན་གྱི་ཕུང་པོའོ༔ ཟག་པ་ཐམས་ཅད་ཟད་པས་ཉོན་མོངས་པ་ལས་རྣམ་པར་གྲོལ་བས་མཁྱེན་པའི་ཡེ་ཤེས་བརྙེས་པ་ནི་རྣམ་གྲོལ་གྱི་ཕུང་པོའོ༔ སྐྱེ་བ་མེད་པའི་དོན་རྟོགས་པས་མཁྱེན་པ་གཉིས་ལྡན་དུ་གྱུར་ཅིང་ཡེ་ཤེས་རྒྱས་པས་ཤེས་རབ་ཀྱི་ཕུང་པོའོ༔ དྲི་མ་ཐམས་ཅད་དག་ཅིང་ལུས་ངག་ཡིད་གསུམ་གྱི་ཚུལ་ལ་ཁྲིམས་དང་ལྡན་པས་ཚུལ་ཁྲིམས་ཀྱི་ཕུང་པོའོ༔ རྣམ་པར་རྟོག་པ་ཐམས་ཅད་ལས་འདས་ནས་ཆོས་སྐུའི་རང་བཞིན་དུ་གནས་པ་ནི་ཆོས་ཀྱི་ཕུང་པོ་ཞེས་བྱ་བའོ༔ གཉིས་འཛིན་གྱི་རྟོག་པ་ཐམས་ཅད་གཉིས་མེད་རོ་གཅིག་ཏུ་གྱུར་ནས་ཡེ་ཤེས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ནི་ཡེ་ཤེས་ཀྱི་ཕུང་པོ་སྟེ༔ དེ་ནི་ཕ་རོལ་དུ་ཕྱིན་པ་དྲུག་གི་ཕུང་པོའོ༔ གཉིས་པ་དབང་པོ་དྲུག་ནི༔ མན་ངག་རྒྱུད་འཁོར་འདས་རང་གྲོལ་ལས༔ གཟུགས་ཀྱི་ཆ་འཛིན་དབང་པོ་ནི༔ ས་ཡི་ཆ་འཛིན་མིག་གི་དབང་༔ རླུང་གི་ཆ་འཛིན་རྣ་བའི་དབང༔ ཆུ་ཡི་ཆ་འཛིན་སྣ་ཡི་དབང༔ མེ་ཡི་ཆ་འཛིན་ལྕེ་ཡི་དབང༔ ནམ་མཁའི་ཆ་འཛིན་ཡིད་ཀྱི་དབང༔ སྣ་ཚོགས་ཆ་འཛིན་ལུས་ཀྱི་དབང༔ དབང་པོ་ལྔ་ཞེས་དེ་ལ་བྱ༔ ཅེས་གསུངས༔ དེ་ཡང་འདི་དག་ནི་འཇིག་རྟེན་འཁྲུལ་པའི་དབང་པོ་ཞེས་བྱ་སྟེ༔ དེ་ཡང་མིག་གི་དབང་པོས༔ གཟུགས་ཐམས་ཅད་འཛིན་པར་བྱེད་དེ༔ དེ་ལ་ལེགས་ཉེས་ཀྱི་བདེན་པར་འཛིན་ནས་འཁྲུལ་ལོ༔ རྣ་བའི་དབང་པོས་སྒྲ་ཐམས་ཅད་གོ་ཞིང་ཐོས་པར་བྱེད་དེ༔ དེ་ལ་ཆགས་སྡང་གིས་བདེན་པར་འཛིན་པས་འཁྲུལ་ལོ༔ སྣ་ཡི་དབང་པོས་དྲི་ཐམས་ཅད་སྣོམ་ཞིང་ཚོར་བར་བྱེད་དེ༔ དེ་ལ་བཟང་ངན་གྱི་བདེན་པར་འཛིན་ནས་འཁྲུལ་ལོ༔ ལྕེ་ཡི་དབང་པོས་རོ་ཐམས་ཅད་མྱོང་ཞིང་ལེན་པར་བྱེད་དེ༔ དེ་ལ་ཞིམ་པ་དང་མི་ཞིམ་པ་ལ་བདེན་པར་འཛིན་པས་འཁྲུལ་ལོ༔ ཡིད་ཀྱི་དབང་པོས་བརྟག་དཔྱོད་རྣམ་པར་རྟོག་པ་སྣ་ཚོགས་སྤྱོད་ཅིང་བསམ་པར་བྱེད་དེ༔ ཉོན་མོངས་རྣམ་པར་རྟོག་པ་བརྒྱད་ཁྲི་ལ་བདེན་པར་འཛིན་པས་འཁྲུལ་ལོ༔ ལུས་ཀྱི་དབང་པོས་རེག་བྱ་ཚོར་བ་གཟུང་འཛིན་ཉོན་མོངས་པ་སྣ་ཚོགས་བསྐྱེད་དེ༔ འཇིག་རྟེན་འཁྲུལ་པའི་བྱ་བ་ཀུན་ལ་བདེན་པར་འཛིན་པས་འཁྲུལ་ལོ༔ མྱ་ངན་ལས་འདས་པ་ཡང་དག་པའི་དབང་པོ་ནི༔ མན་ངག་རྒྱུད་འཁོར་འདས་རང་གྲོལ་ལས༔ ཤེས་རབ་ཡང་དག་དབང་པོ་དང༔ གདུང་སེམས་དད་པའི་དབང་པོ་དང༔ རྣོ་མྱུར་བརྩོན་འགྲུས་དབང་པོ་དང༔ རྩེ་གཅིག་དྲན་འཛིན་དབང་པོ་དང༔ ཆོས་ཉིད་རིག་པའི་དབང་པོ་དང༔ བསོད་ནམས་ཞི་བའི་དབང་པོ་དང༔ ཡང་དག་དབང་པོ་དྲུག་ཡིན་ནོ༔ ཞེས་གསུངས་པས༔ དེ་ལ་དབང་པོ་འདི་དྲུག་ཀ་དག་དང་ལྡན་པ་དེ་ནི་ས་བཅུ་རྒྱུན་གནས་ཀྱི་བྱང་ཆུབ་སེམས་དཔའ་ཡིན་ཏེ༔ རེ་རེ་ཙམ་ཡོད་པའི་སྐྱེས་བུ་དེ་ཡང་གང་ཟག་ལམ་པོ་བ་ལ་ཚད་མེད་དེ༔ དེ་ཡང་གདུང་སེམས་དད་པའི་དབང་པོས་ནི་མྱ་ངན་ལ་འདས་པར་འདོད་པའི་གདུང་སེམས་ཀྱིས༔ ཆོས་དང་རྡོ་རྗེ་སློབ་དཔོན་ལ་མི་ཕྱེད་པའི་དད་པ་དང་ལྡན་པའི་དབང་པོའོ༔ བརྩོན་འགྲུས་ནི་ཆོས་ཀྱི་ཕྱོགས་ལ་ལེ་ལོ་མེད་ཅིང་བརྩོན་འགྲུས་མྱུར་བའི་དབང་པོ་དང་ལྡན་པའོ༔ རྩེ་གཅིག་དྲན་པའི་དབང་པོ་ནི༔ ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་གང་ལའང་ཐོགས་པ་མེད་པའི་ཤེས་རབ་དང་ལྡན་ཅིང་མི་བརྗེད་པའི་གཟུངས་དང་ལྡན་པའི་དབང་པོའོ༔ ཆོས་ཉིད་རིག་པའི་དབང་པོ་ནི༔ རིག་རྩལ་སྣ་ཚོགས་དང་ལྡན་ཞིང་ཁྱད་པར་འཆད་རྩོད་རྩོམ་པའི་དབང་པོ་དང་ལྡན་པའོ༔ བསོད་ནམས་ཞི་བའི་དབང་པོ་ནི༔ ཏིང་ངེ་འཛིན་དང་ལྟ་སྒོམ་མཆོག་གི་བསམ་གཏན་དང་ལྡན་པའི་དབང་པོའོ༔ ཤེས་རབ་ཡང་དག་དབང་པོ་ནི༔ ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ནས་མྱ་ངན་ལས་འདས་པའི་དབང་པོ་དང་ལྡན་པའོ༔ དེ་ནས་སྐྱེ་མཆེད་བཅུ་གཉིས་ལའང་གཉིས་ཏེ༔ མན་ངག་རྒྱུད་ལས༔ སྐྱེ་མཆེད་བཅུ་གཉིས་འདི་ལྟ་སྟེ༔ བཟུང་བའི་སྐྱེ་མཆེད་དྲུག་དང་ནི༔ འཛིན་པའི་སྐྱེ་མཆེད་དྲུག་ཡིན་ལ༔ གཟུགས་ལ་འདུ་ཤེས་སེམས་དཔའ་དང༔ སྒྲ་དང་དྲི་རོ་རེག་བྱ་ཆོས༔ མིག་སྣ་རྣ་ལྕེ་ཡིད་ལུས་དྲུག༔ རང་རང་གཟུང་ཆ་བཅུ་གཉིས་ཏེ༔ འཛིན་པའི་སྐྱེ་མཆེད་བཅུ་གཉིས་ནི༔ མིང་གཟུགས་ལ་སོགས་དབྱིབས་(ཁ་དོག་)རྣམས་དང༔ ཚིག་དང་ཐ་སྙད་སྣང་མི་སྣང༔ རྟེན་ཅིང་འབྲེལ་བ་བཅུ་གཉིས་དང༔ བདག་དང་བདག་མེད་རྣམ་པ་གཉིས༔ ཐམས་ཅད་འདུ་ཤེས་སེམས་དཔའ་དང༔ ཉེར་ལེན་རྒྱུ་རྐྱེན་འབྱུང་དུས་དང༔ འཛིན་པའི་སྐྱེ་མཆེད་བཅུ་གཉིས་ཡིན༔ ཅེས་གསུངས་པས་གསལ་ལོ༔ དེ་ཡང་བཟུང་པའི་སེམས་སུ་གྱུར་པའི་སྐྱེ་མཆེད་བཅུ་གཉིས་ནི༔ གཟུགས་ལ་འདུ་ཤེས་སེམས་པ་དང༔ སྒྲ་ལ་འདུ་ཤེས་སེམས་པ་དང༔ དྲི་ལ་འདུ་ཤེས་སེམས་པ་དང༔ རོ་ལ་འདུ་ཤེས་སེམས་པ་དང༔ རེག་ལ་འདུ་ཤེས་སེམས་པ་དང༔ ཆོས་ལ་འདུ་ཤེས་སེམས་པ་དང་དྲུག་ནི་ཡུལ་བཟུང་བའི་སེམས་སོ༔ མིག་སྣ་རྣ་བ་ལྕེ་ལུས་ཡིད་གནས་པའི་སྙིང་དང་དྲུག་ནི་དབང་པོ་སྒོ་དྲུག་ནང་གི་གནས་ཏེ༔ དེ་ལྟར་སྒོ་དྲུག་ཡུལ་དུ་སེམས་དྲུག་བྱུང་བས༔ དེས་རང་རང་བཟུང་བའི་ཆ་དང་བཅུ་གཉིས་བྱུང་བའོ༔

འཛིན་པའི་ཡུལ་གྱི་སྐྱེ་མཆེད་བཅུ་གཉིས་ནི༔ མིང་གི་བྱེ་བྲག༔ གཟུགས་ཀྱི་བྱེ་བྲག༔ ཁ་དོག་གི་བྱེ་བྲག༔ དབྱིབས་ཀྱི་བྱེ་བྲག༔ ཚིག་གི་ཚོགས༔ ཐ་སྙད་ཀྱི་ཚོགས༔ སྣང་བ་དང༔ མི་སྣང་བ་དང་རྟེན་ཅིང་འབྲེལ་འབྱུང་དང་བཅས་པ་ཐམས་ཅད་དང༔ བདག་དང་བདག་མེད་པ་དང་བཅས་པ་ལ༔ ཉེར་ལེན་རྒྱུ་རྐྱེན་སོགས་ཡུལ་ཀུན་ལ་འདུ་ཤེས་སེམས་པ་ནི༔ འཛིན་པའི་ཡུལ་གྱི་སྐྱེ་མཆེད་བཅུ་གཉིས་སོ༔ དེ་ལའང་ཡུལ་ལ་རྣམ་པ་གཉིས་ཏེ༔ མན་ངག་རྒྱུད་ལས༔ ཡུལ་ལ་དངོས་པོའི་ཡུལ་དང་ནི༔ དངོས་པོ་མེད་པའི་ཡུལ་གཉིས་སོ༔ ཡུལ་སྣང་ཐམས་ཅད་རྣམ་པར་དག༔ དག་ཅིང་བྱ་བ་ཆོས་ཟད་དོ༔ ཞེས་གསུངས་པས༔ ཡུལ་ལ་གཉིས་ཏེ་དངོས་པོ་དང་དངོས་འཛིན་མ་ཡིན་པའི་ཡུལ༔ དངོས་པོ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་སོགས་དང༔ འབྱུང་བ་བཞི་ལ་སོགས་ཀུན་ལ་འཇུག་པའི་རྐྱེན་གྱུར་དངོས་པོ་ཐ་དད་དོ༔ དངོས་པོ་མེད་པའི་ཡུལ་ནི་བསམ་གཏན་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ནམ༔ སྟོང་པ་ཉིད་ཀྱི་ཡུལ་ལོ༔ སྟོང་པ་ཉིད་ཀྱི་ཡུལ་ལའང་གཉིས་ཏེ༔ ཏིང་ངེ་འཛིན་དང་སྟོང་ཉིད་མཐར་ཕྱིན་པའོ༔ ཏིང་ངེ་འཛིན་ལའང་བསྒོམ་པ་མཐའ་ལས་འདས་པ་དང༔ ལྟ་བ་མཐའ་ལས་འདས་པའོ༔ དང་པོ་བདག་ཏུ་མེད་པ་ནི༔ དངོས་པོ་ཀུན་ཀྱི་དམིགས་ཡུལ་མཐའ་ལས་འདས་པའི་སྟོང་པ་ཉིད༔ ཆོས་ཐམས་ཅད་འདུས་མ་བྱས་པ༔ མ་བཅོས་ཐིག་ལེ་ཉག་གཅིག་གི་ངང་དུ་བྱུང་ཚོར་སྒོ་བཅད་གསལ་སྟོང་གི་ངང་དུ་མཉམ་པར་བཞག་པས༔ ཡུལ་ཅན་ཐམས་ཅད་རྣམ་པར་དག་པ་རྟོགས་པར་འགྱུར་བ་ནི༔ ཆོས་ཐམས་ཅད་ཟད་པའི་མཐའ་ལ་ཐུགས་པའོ༔ ལྟ་བ་ལས་འདས་པའི་སྟོང་པ་ནི༔ བརྗོད་དུ་མེད་པའི་མཚན་ཉིད་དེ་རྒྱུ་རྐྱེན་ལས་འདས་པ་རང་སེམས་འདུས་མ་བྱས་པའི་དོན་དམ་རྟོགས་ཏེ༔ མཐའ་ནི་གང་ཡང་མ་ཕྱེས་པ༔ མཐའ་བཞིའི་དྲི་མ་རང་སངས་སུ་དེངས་པས༔ མཚོན་དུ་མེད་ཅིང་རྩིས་གདབ་ཀུན་ལས་འདས་པའི་དོན་རྟོགས་པའོ༔ ཨཐྎ སཱ་མཱ་ཡ༔ རྒྱ་རྒྱ་རྒྱ༔

དེ་ཡང་ཉོན་མོངས་པ་དྲུག་ནི༔ མན་ངག་རྒྱུད་འཁོར་འདས་རང་གྲོལ་ལས༔ ཉོན་མོངས་རྣམ་པ་དྲུག་པོ་ནི༔ མ་རིག་གཏི་མུག་ཞེ་སྡང་དང༔ ང་རྒྱལ་འདོད་ཆགས་ཕྲག་དོག་གོ༔ ཞེས་གསུངས་པས༔ དེའང་མ་རིག་པས་ཐམས་ཅད་འཁྲུལ་པའི་གཞི་མ་བྱས་ནས་དུག་རྣམ་པ་ལྔ་བྱུང་སྟེ༔ དེ་ཡང་གཏི་མུག་ཤེས་རབ་ཆ་ལས་འཁྲུལ༔ ཞེ་སྡང་བསྐྱེད་རིམ་ཆ་ལས་འཁྲུལ༔ ང་རྒྱལ་ལྟ་བའི་ཆ་ལས་འཁྲུལ༔ འདོད་ཆགས་སྣང་བའི་ཆ་ལས་འཁྲུལ༔ ཕྲག་དོག་རྟོག་པའི་ཆ་ལས་འཁྲུལ༔ དེ་དག་ལས་གྱེས་པའི་ཉོན་མོངས་པའི་སེམས་བརྒྱད་ཁྲི་བཞི་སྟོང་བྱུང་བའོ༔ དེ་ཐམས་ཅད་གཟུངས་མཚམས་སྦྱར་བའི་བག་ཆགས་དང༔ ཐེ་ཚོམ་གཞིར་གྱུར་པའི་བག་ཆགས་དང༔ ཡུལ་དང་ཡུལ་ཅན་སོགས་གཉིས་ཆོས་ཐམས་ཅད་འབྱུང་བའི་བག་ཆགས་དང་གསུམ་གྱིས་མཚམས་སྦྱར་ནས་འཁྲུལ་གཞི་ཀུན་ཏུ་གྱུར་ནས་དོན་མ་རྟོགས་པའི་སྐྱེ་བོ་དང༔ མ་རྟོགས་པ་ལ་ལོག་པར་རྟོགས་པའི་མུ་སྟེགས་ཏེ༔ རྟག་ཆད་གཉིས་འཛིན་ཐེ་ཚོམ་ཡིད་དཔྱོད་དང༔ གཞི་ཡོད་པར་ལྟ་བ་དང༔ མེད་པར་ལྟ་བ་ལ་སོགས་དེ་དག་ཐམས་ཅད་ཉོན་མོངས་འཁྲུལ་པའི་ལོག་རྟོག་གོ༔ དེ་ལྟར་ཡང་ཇི་སྐད་དུ༔ དུག་ལྔ་དུག་གསུམ་ཉོན་མོངས་རྣམས༔ སྒྱུར་དང་སྦྱང་དང་གཉེན་པོ་མེད༔ དེ་བཞིན་ཉིད་དུ་མ་རྟོགས་ན༔ མ་རིག་པ་དང་རིག་པ་གཉིས༔ ལུས་དང་གྲིབ་མའི་ཚུལ་དུ་ཡོད༔ མི་སྤངས་མི་སྦྱང་གཉེར་མེད་དུ༔ གཉེན་པོའི་སྤངས་བླང་ག་ལ་ཡོད༔ འབད་རྩོལ་དམིགས་པས་གྲོལ་མི་འགྱུར༔ མ་བཙལ་རང་དག་མ་ཤེས་པར༔ གཙང་མ་འདོད་པས་ཆུ་སྙོག་( རྙོག) བཞིན༔ ཕྱི་ཕྱིར་དངས་མ་མ་སྙོག་ཡིན( པ་མ་ཡིན་ནོ)༔ འདི་ཡི་མཚན་ཉིད་མ་ཤེས་ན༔ གྲུབ་མཐའ་མ་གྱུར་སྣང་བ་དེ༔ མངོན་ཤེས་བདོག་( ཞེན་བཟློག་) པ་མ་ཡིན་ནོ༔ ཉོན་མོངས་གྲོལ་བར་འདོད་པ་ན༔ འབད་བཅས་རྣམས་ནི་རང་སར་བཞག༔ རང་བཞག་རང་སངས་ཉིད་དུ་འགྲོ༔ རང་གིས་ཤར་གྲོལ་རང་ཉིད་བལྟ༔ རང་ཁ་མཉམ་ཉིད་རང་སར་གྲོལ༔ ལྕགས་ཀྱིས་ལྕགས་རྣམས་འཇོམས་པ་ལྟར༔ རང་གི་གཉེན་པོར་རང་ཉིད་ཆེ༔ ཉོན་མོངས་གཉེན་པོར་ཉོན་མོངས་རང་༔ གཅེར་གྱིས་བལྟས་པས་ཐམས་ཅད་གྲོལ༔ ཡོངས་གྲོལ་ཡེ་གྲོལ་བསྐྱར་གཞི་བྲལ༔ རང་བཞིན་གནས་ལུགས་རྟོགས་པས་ན༔ ཐོག་མའི་མགོན་པོ་དྲི་མེད་ཡིན༔ མ་བཙལ་པ་ཡི་དོན་རྣམས་རྙེད༔ མ་བསྒོམ་བཞག་པས་བདེ་བ་ཐོབ༔ རང་བཞིན་ཉིད་དུ་མངོན་སུམ་རིག༔ མ་བཅིང་བས་ནི་ཐམས་ཅད་གྲོལ༔ སྐད་ཅིག་འདི་ལ་སུས་བསྒོམ་པ༔ དེ་མ་ཐག་ཏུ་གྲོལ་བར་འགྱུར༔ སངས་རྒྱས་ཐོབ་པར་ཐེ་ཚོམ་མེད༔ སྐྱེས་ནས་མ་ཤིའི་བར་དག་ཏུ༔ འཇིག་རྟེན་ཚེ་འདིའི་བྱ་བ་དོར༔ ཐོས་བསམ་སྒོམ་གསུམ་སྒྲོ་འདོགས་ཆོད༔ ཤེས་ཚད་རང་གི་རྒྱུད་ཐོག་ཁོལ༔ ཁྲེགས་ཆོད་ཐོད་རྒལ་ཉམས་སུ་ལོངས༔ མི་ལུས་ཐོབ་པ་དོན་ལྡན་སྒྲུབ༔ ཅེས་ཚིགས་སུ་བཅད་པ་དེ་ནི་ལྷ་མོ་ཙནྚ་ལིའི་བཀའ་ལས་བྱུང་བའོ༔ སྐྱེ་གནས་བར་དོ་ལས༔ ལུས་ཀྱི་སྲིད་པ་བསྟན་པའི་སྐབས་སོ༔ སབྷྀ༔ སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས་ཅིག༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ཨཐྎ༔ གྷུ་ཧྱ༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ དྷཐྀཾ༔

དེ་ནས་བར་དོ་སྤྱི་ཡི་མཚན་ཉིད་བསྟན་པ་ནི༔ སྐྱེ་གནས་བར་དོའི་མཚན་ཉིད་ནི༔ དང་པོ་བར་དོའི་རྣམ་པར་ཤེས་པ་འཁྱམས་པོ་དེ་ཕ་མའི་འདོད་སྲེད་བྱས་པའི་མངལ་རྒྱར་འཐུམ་སྟེ༔ ཟླ་དགུ་ངོ་བཅུ་ནས་ཕྱིར་འབྱིན་པ༔ ལུས་སེམས་ཕ་མས་བསྐྱེད་ནས་ཆེ་བར་བྱས་པ་དེ༔ ཆུང་དུས་བྱིས་པ་རྩེད་མོ་སོགས་མཚར་མཚར་འདོད་སྲེད་ལ་གཡེང༔ དགའ་སླ་སྡུག་སླ་རྣམ་འགྱུར་ཡི་དྭགས་འདྲ༔ དར་ལ་བབ་ཚེ་གཟུང་འཛིན་ཆགས་སྡང་གི་འདམ་དུ་ཚུད༔ ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུ་འཚུབ༔ དུག་ལྔ་དུག་གསུམ་རི་ལྟར་བརྩེགས་ནས་མི་དགེ་བ་བཅུ་ཡི་རྦ་ལ་གཡེང༔ གཉེན་སྐྱོང་དགྲ་འདུལ་བུ་ཚའི་གཉེན་ཚེས་བྱེད༔ འཁོར་བའི་ཆོས་ཀྱིས་རང་མགོ་འཁོར༔ སྡིག་པ་བསགས་པའི་དེད་དཔོན་བྱེད༔ ལ་ལས་སངས་རྒྱས་བསྟན་པ་སྐྱོངས༔ ལ་ལས་ཆོས་བརྒྱད་ཆེ་ཐབས་བརྩོན༔ ལ་ལས་རང་དོན་སྒྲུབ་ལ་བརྩོན༔ ལ་ལས་འཇིག་རྟེན་སོ་ནམ་བྱེད༔ ལ་ལས་དོན་རྙེད་སངས་རྒྱས་འགྲུབ༔ ལ་ལས་ཐར་མེད་སྡིག་དཔོན་བྱེད༔ ལ་ལས་གྲྭ་སྐྱོང་དགོན་སྡེ་འཛིན༔ ལ་ལས་སྲིད་སྐྱོང་དམག་ཁྲིམས་བྱེད༔ ལ་ལས་ཕ་ཆོས་ཚོགས་པར་འཛིན༔ ལ་ལས་ཡུལ་གཏོར་ཉེ་བ་ཕུང༔ ལ་ལས་རང་ཆུས་སོ་ནམས་བྱེད༔ ལ་ལས་ཚོང་དང་ཁེ་སྤོག་བྱེད༔ ལ་ལས་གྱོང་དང་ཁ་མཆུ་བྱེད༔ ལ་ལས་གཞན་དོན་ཁོ་ན་བརྩོན༔ ལ་ལས་རང་དོན་ཁོ་ན་བྱེད༔ ལ་ལས་གྲགས་པ་གང་ཆེ་བྱེད༔ ལ་ལས་དགེ་སྡིག་འཆོལ་མར་བྱེད༔ ཐམས་ཅད་འཇིག་རྟེན་ཆོས་ཀྱི་སླེབ༔ མི་ཆོས་འཁོར་བའི་ལས་ལ་གཡེང༔ དེ་རྣམས་ཐམས་ཅད་འཁྲུལ་པའི་རྒྱུ༔ དེ་ནི་སྐྱེ་གནས་མཚན་ཉིད་དོ༔ གཉིས་པ་འཆི་ཁ་བར་དོ་ནི༔ མན་ངག་རྒྱུད་འཁོར་འདས་རང་གྲོལ་ལས༔ འཆི་ཁ་མ་ཡི་ཆོས་ཉིད་ནི༔ འཆི་རྐྱེན་ནད་ཀྱིས་འབྱུང་བ་འཁྲུག༔ ལུས་ངག་ཡིད་གསུམ་སྡུག་བསྔལ་ཆེ༔ འཛིན་ཆགས་ཞེན་པའི་མཚོ་རྡོལ་ནས༔ ལུས་སེམས་བྲལ་ནི་དོག་པ་ཡིས༔ སྡུག་བསྔལ་ཤིན་ཏུ་རགས་པ་སྟེ༔ བན་བུན་དང་ནི་ལང་ལོང་དང༔ ཤེས་པ་གཅིག་ཏུ་མི་གནས་པའོ༔ ཞེས་གསུངས་པས་གསལ་ལོ༔

གསུམ་པ་ཆོས་ཉིད་བར་དོའི་མཚན་ཉིད་ནི༔ མན་ངག་རྒྱུད་འཁོར་འདས་རང་གྲོལ་ལས༔ ཆོས་ཉིད་བར་དོའི་ས་མཚམས་ནི༔ ཕུང་པོ་མེད་ཅིང་ཟག་བཅས་བྲལ༔ ཞི་བའི་སྐུ་དང་ཁྲོ་བོའི་སྐུ༔ ཡེ་ཤེས་འོད་དང་ཁ་དོག་དང༔ ཐིག་ལེ་མཆེད་པ་འབྱུང་སྣང་དང༔ སྣང་བ་ཐམས་ཅད་བདེ་ཆེན་ཞིང༔ རང་སྣང་དག་པ་ཀུན་སྣང་སྟེ༔ ཅི་སྣང་ཆོས་ཉིད་གཞལ་ཡས་སོ༔ ཞེས་གསུངས་པས་གསལ་ལོ༔ སྲིད་པ་བར་དོའི་མཚན་ཉིད་ནི༔ ཡང་མན་ངག་རྒྱུད་ལས༔ སྲིད་པ་བར་དོའི་མཚན་ཉིད་ནི༔ ཤ་ཁྲག་རང་གི་གཟུགས་བྲལ་ནས༔ སྒྱུ་མ་ཡིད་ཀྱི་གཟུགས་ཅན་དེ༔ ཆོས་ཉིད་བདེན་པའི་དོན་མ་མཐོང༔ འོད་སྣང་ཀུན་ལ་བྲེད་སྔངས་ནས༔ སྟོང་གསུམ་ཀུན་ཏུ་ཡིད་ཀྱིས་རྒྱུ༔ བྱ་སྒྲོ་རླུང་གིས་ཁྱེར་བ་བཞིན༔ ཕྱད་ཕྱོད་ཡད་ཡུད་སྙོམས་ཞིང་འཇུག༔ བན་བུན་ལང་ལོང་རྨི་ལམ་འདྲ༔ ས་གཅིག་མི་ཚུགས་ཚིག་པ་ཟ༔ དཀར་ལམ་ལ་སོགས་རིགས་དྲུག་འོད༔ སོ་སོའི་དམིགས་པ་སྣང་བའོ༔ ཞེས་གསུངས་པས་གསལ་ལོ༔ ས་མཚམས་ནི༔ སྐྱེ་གནས་བར་དོ་ནི༔ མ་ལ་སྐྱེས་ནས་འཆི་རྐྱེན་གྱིས་ནད་དེས་བཏབ་པ་ཚུན་ཆད་དོ༔ འཆི་ཁ་བར་དོའི་ས་མཚམས་ནི༔ ནད་ཐེབས་ནང་དབུགས་ཆད་པའི་ཚུན་ཆད་དོ༔ ཆོས་ཉིད་བར་དོའི་ས་མཚམས་ནི༔ དབུགས་ཆད་ནས་སྒྲ་འོད་ཟེར་གསུམ་ཞི་ཁྲོའི་སྣང་བ་མ་རྫོགས་ཀྱི་བར་དུའོ༔ སྲིད་པ་བར་དོའི་ས་མཚམས་ནི༔ ཆོས་ཉིད་རྫོགས་མཐའ་ནས་སྲིད་པར་སྤྱོད་ཅིང་མངལ་སོགས་སྐྱེ་གནས་བཞི་ལ་འཇུག་ནས་ལུས་མ་བླང་གི་བར་དུའོ༔ དེ་ལྟར་བར་དོ་བཞི་ལ་སྣང་ལུགས་བཞི་ནི༔ མན་ངག་རྒྱུད་ལས༔ སྣང་ལུགས་གདམས་པ་བཞི་ཡིན་ཏེ༔ རང་བཞིན་སྐྱེ་གནས་བར་དོ་ལ༔ ཤེས་བྱའི་ཕུ་ཐག་གཅོད་པར་བྱ༔ འཆི་ཁ་མ་ཡི་བར་དོ་ལ༔ གདམས་པ་རྣམས་ཀྱང་གསལ་གདབ་སྟེ༔ ཆོས་ཉིད་ཞི་ཁྲོའི་བར་དོ་ལ༔ རང་སྣང་ཀུན་ལ་ཡིད་ཆེས་བྱ༔ སྲིད་པར་འཁྱམས་པའི་བར་དོ་ལ༔ ལས་ཀྱི་འཕྲོ་མཐུད་ཞེན་ཆགས་སྤངས༔ ཞེས་གསུངས༔ དེ་ལྟར་བར་དོ་ཐམས་ཅད་གྲོལ་བར་བྱེད་པ་ལ༔ གདམས་པ་ཟབ་མོ་རྩ་རླུང༔ ཁྲེགས་ཆོད༔ ཐོད་རྒལ༔ བསྐྱེད་རྫོགས་ཀྱི་ཉམས་ལེན་ལ་བརྩོན་འགྲུས་ལྕག་གིས་བསྐུལ༔ ལེ་ལོ་གཡེང་བ་མེད་པར་འཇིག་རྟེན་འདི་ཡི་ཆོས་ཅི་ལའང་མ་ཆགས་པར་སྒྲུབ་པ་རང་ལ་གཙོར་བརྟེན་ཅིང་སྙིང་རུས་ཨུ་ཙུག་ལ་འབུངས་ཤིག༔ དེ་ཐམས་ཅད་ད་ལྟ་སྐྱེ་གནས་བར་དོའི་སྐབས་འདིར་འབད་པ་གལ་ཆེ་སྟེ༔ མན་ངག་རྒྱུད་ལས༔ དང་པོ་སྐྱེ་གནས་བར་དོ་ལ༔ ཤེས་བྱའི་གྲོས་ཐག་གཅོད་པ་ལ༔ ཐོས་པས་ཕྱི་ཡི་སྒྲོ་འདོགས་གཅོད༔ སྒོམ་པས་ནང་གི་སྒྲོ་འདོགས་གཅོད༔ ཤེས་བྱས་ཕྱི་ཡི་གྲོས་ཐག་གཅོད༔ འདུན་པས་སེམས་ལ་གྲོས་ཐག་གཅོད༔ གསང་བ་ཁྲེགས་ཆོད་གཏན་ལ་དབབ༔ ཡང་གསང་ཐོད་རྒལ་གཏན་ལ་དབབ༔ བཏགས་གྲོལ་རེག་གྲོལ་འབྲལ་མི་བྱ༔ ལྟ་སྒོམ་སྤྱོད་འབྲས་རྣལ་འབྱོར་བཞི༔ རྟགས་ཚད་གདེང་དང་ལྡན་པར་བྱ༔ དབང་པོ་ཡང་རབ་རྣམ་འབྱོར་པས༔ རང་རིག་བལྟ་ན་འདི་ལ་ལྟོས༔ ཤེས་པ་རང་གིས་མ་ཡེངས་པར༔ དབྱིངས་དང་རིག་པ་སུས་མཐོང་བ༔ འདི་ནི་སངས་རྒྱས་ས་ལ་གོམས༔ བཞག་པ་རྣམས་ཀྱི་རང་རྒྱས་ཐོབ༔ དགོངས་པ་རྣམས་ཀྱི་དུས་ཚད་བསྟན༔ ཟད་པ་རྣམས་ཀྱི་དག་པ་བསྟན༔ བསྟན་པ་གདེང་གི་མི་རྟོག་བཏག༔ དབྱིངས་ཀྱི་སྒྲོན་མ་སུས་མཐོང་བ༔ ཆོས་ཀྱི་དབྱིངས་ལ་མངོན་སུམ་སྤྱོད༔ ཐིག་ལེ་སྟོང་སྒྲོན་སུས་མཐོང་བ༔ རྩོལ་བྱ་རྣམས་ཀྱི་རིགས་གནས་ཐོབ༔ ཤེས་རབ་སྒྲོན་མ་སུས་མཐོང་བ༔ སྤྱི་དང་རང་གི་ཆོས་ཉིད་རྟོགས༔ ཆུ་ཡི་སྒྲོན་མ་སུས་མཐོང་བ༔ དབང་པོ་རྣམས་ལ་ཐོགས་མེད་འཆར༔ ལུ་གུ་རྒྱུད་ལ་སུས་གོམས་པ༔ རིག་པ་རྣམས་ནི་སྲང་ལ་ཐེབ༔ འདི་རྣམས་ཀུན་ཀྱི་འབྱུང་ས་ཡིན༔ གནས་ནི་ཙིཏྟའི་ནང་ན་གནས༔ ལམ་ནི་རྩ་བཞི་འགྱུ་བྱེད་རླུང༔ འཆར་བྱེད་སྒོ་ནི་མིག་སོགས་ཡིན༔ ནམ་མཁའ་དངས་པའི་ཡུལ་ལ་འཆར༔ དེ་ནི་སྐུ་ཡི་དཀྱིལ་འཁོར་རོ༔ དུས་ནི་བར་དོའི་དུས་སུ་འཆར༔ ངོ་བོ་འགྱུར་མེད་ཆེན་པོ་ཡིན༔ རང་བཞིན་གནས་མེད་ཀུན་ལ་ཁྱབ༔ ཐུགས་རྗེའི་སྣང་བ་འགགས་མེད་འཆར༔ རྒྱུ་ནི་ཀུན་ལ་དེ་བཞིན་གནས༔ རྐྱེན་ནི་ངོ་སྤྲོད་ཉེར་གཅིག་གོ༔ རྒྱུ་རྐྱེན་འཛོམ་ན་རང་རིག་རྟོགས༔ རྟོག་མེད་གསལ་བའི་ངོ་བོ་ལ༔ འཛིན་པའི་རྣམ་རྟོག་ངང་གིས་མེད༔ འཛིན་མེད་རང་གྲོལ་ཡིད་བཞིན་ནོར༔ འཛིན་མེད་འགྲོ་འོང་མེད་པའི་ཆོས༔ སངས་རྒྱས་ཀུན་གྱི་དགོངས་པ་ཡིན༔ རང་གསལ་རྟོག་མེད་ཆེན་པོ་ནི༔ མ་བསྐྱེད་མཁའ་ལ་གསལ་བའོ༔ དེ་ལྟར་རྟོགས་པའི་རྣལ་འབྱོར་དེ༔ རང་རིག་ལྟ་བའི་ལྟ་བ་ཡིན༔ འདི་ཉིད་རྣམ་པ་ཐམས་ཅད་དུ༔ རང་བཞིན་གནས་པའི་བར་མ་དོ༔ འདི་རྣམས་སྒོམ་པའི་རྣལ་འབྱོར་དེ༔ འབྱུང་བ་ཐམས་ཅད་རང་དེང་ངོ༔ རང་ལུས་འོད་སྐུར་ཡལ་བར་འགྱུར༔ ཞེས་པས༔ དེ་ལྟར་སྐྱེ་གནས་བར་དོ་ལ༔ གནས་པའི་སྐལ་ལྡན་གདུལ་བྱ་རྣམས༔ ཉོན་དང་བདག་འདྲ་པད་འབྱུང་གིས༔ ཚིགས་སུ་བཅད་པ་འདི་སྐད་སྨྲས༔

ཨེ་མ་ཧོ༔ བར་དོ་བཞི་ལ་གནས་པ་ཡི༔ སེམས་ཅན་བྱ་བ་རིགས་ཀྱི་བུ༔ ལུས་ཅན་དལ་འབྱོར་ཐོབ་པ་རྣམས༔ ཡེང་མ་ལམ་དུ་མ་འདུག་ཅིག༔ གདམས་ངག་བླ་མའི་ཞལ་གདམས་ཉོན༔ སེམས་ཀྱིས་བསྡུས་པའི་སེམས་ཅན་རྣམས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ རྒྱུ་ནི་བཟང་ངན་མེད་པར་གནསཿ ཏིལ་ལ་མར་གྱིས་ཁྱབ་བཞིན་དུཿ བདེ་གཤེགས་སྙིང་པོས་འགྲོ་ལ་ཁྱབཿ སེམས་ཅན་སངས་རྒྱས་སྙིང་པོ་ཅནཿ སྐུ་དང་ཡེ་ཤེས་ཐིག་ལེ་ཅནཿ འོད་དང་རང་རིག་ངོ་བོར་གནསཿ སྐུ་ནི་རྣམ་པ་གསུམ་དུ་འདུསཿ རིག་པ་རང་རྟགས་( སྣང་) སྐུ་དང་གཅིགཿ དངས་མ་འདུས་པའི་སྐུ་དང་གཉིསཿ མཚན་ཉིད་འཛིན་པའི་སྐུ་དང་གསུམཿ རིག་པ་ཡུལ་སྣང་སྐུ་རྣམས་ནིཿ དབང་པོ་ལྔ་དང་ཕུང་པོ་ལྔཿ ཁམས་ལྔ་སྐྱེ་མཆེད་ཡུལ་ཅན་ནིཿ ཉོན་མོངས་ལ་སོགས་རྣམ་པར་དགཿ ལྷ་དང་ལྷ་མོའི་རང་བཞིན་ཡིནཿ དངས་མ་འདུས་པའི་སྐུ་རྣམས་ནིཿ རང་རང་མཚན་ཉིད་འཛིན་པའི་སྐུཿ ཡེ་ཇི་བཞིན་པ་ཡི་སྐུ་གཉིས་སོཿ མཚན་ཉིད་འཛིན་པའི་སྐུ་རྣམས་ནིཿ རྣམ་པར་མི་འབྱེད་རོལ་བའི་སྐུཿ དག་པས་སྤྱི་ཕུད་ཆེན་པོའི་སྐུཿ རིག་པའི་རྗེས་སུ་འཛིན་པའི་སྐུཿ ཡེ་ཅི་བཞིན་པ་ཡི་སྐུ་རྣམས་ནིཿ ཀ་དག་ཆེན་པོའི་སྐུ་དང་གཅིགཿ ཡེ་ཐོག་དང་པོའི་སྐུ་དང་གཉིསཿ ཡེ་ཐོག་མི་འགྱུར་སྐུ་དང་གསུམཿ སྐུ་གསུམ་རང་རྫོགས་སྐུ་དང་བཞིཿ འབྲས་བུ་རྫོགས་ལྡན་སྐུ་དང་ལྔའོཿ འདི་རྣམས་ཀུན་ཀྱང་སྐུ་གསུམ་མོཿ ཆོས་སྐུ་སྤྲོས་པ་མེད་རྣམས་དང་ཿ ལོངས་སྐུ་འཛིན་མེད་ཆེན་པོ་དང་ཿ སྤྲུལ་སྐུ་བདག་མེད་ཆེན་པོ་དང་ཿ རྣམ་པ་གསུམ་དུ་འདུས་པའོཿ རེ་རེ་ལའང་གསུམ་གསུམ་སྟེཿ དགུ་ཕྲག་དག་ཏུ་ངོ་ཡང་སྤྲདཿ མི་འགྱུར་རང་དག་རིག་པའི་སྐུཿ བརྡལ་ཁྱབ་ཆེན་པོའི་རང་བཞིན་སྐུཿ ཀུན་ཟླུམ་ཉག་གཅིག་ཐིག་ལེའི་སྐུཿ སྣ་ཚོགས་རང་གྲོལ་ལྷུན་གྲུབ་སྐུཿ མཚན་ཉིད་འཛིན་པ་རིགས་ལྔའི་སྐུཿ རང་གསལ་མ་འདྲེས་ཡོངས་རྫོགས་སྐུཿ མ་དག་རིགས་དྲུག་སྐུ་རྣམས་དང་ཿ འགྲོ་དྲུག་འདུལ་བའི་སྤྲུལ་སྐུ་དང་ཿ རང་བཞིན་སྤྲུལ་བའི་སྐུ་དང་གསུམཿ འདི་རྣམས་སྐུ་ཡི་ངོ་སྤྲོད་དེཿ རང་བཞིན་གནས་པའི་སྐུ་རྣམས་སོཿ དེ་རྣམས་རང་རིག་སྐུ་ངོ་སྤྲདཿ དེ་ནས་ཡེ་ཤེས་སྐུ་ངོ་སྤྲདཿ ཡེ་ཤེས་ལའང་རྣམ་པ་གཉིསཿ གཞི་གནས་རང་བབ་ཡེ་ཤེས་དང་ཿ མཚན་ཉིད་འཛིན་པའི་ཡེ་ཤེས་སོཿ གཞི་གནས་ཡེ་ཤེས་རྣམ་པ་གསུམཿ ངོ་བོ་ཀ་དག་ཡེ་ཤེས་དང་ཿ རང་བཞིན་ལྷུན་གྲུབ་ཡེ་ཤེས་དང་ཿ ཐུགས་རྗེ་རང་སྣང་ཡེ་ཤེས་སོཿ མཚན་ཉིད་འཛིན་པའི་ཡེ་ཤེས་ལྔཿ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ཿ མེ་ལོང་མཉམ་ཉིད་སོ་སོར་རྟོགཿ བྱ་བ་གྲུབ་པའི་ཡེ་ཤེས་དང་ལྔའོཿ འོད་ལ་རྣམ་པ་གཉིས་སུ་འདུསཿ རང་གསལ་ཁ་དོག་འཛིན་པའི་འོདཿ མི་གནས་རང་གསལ་དག་པའི་འོདཿ རང་གསལ་ཁ་དོག་འཛིན་པ་ནིཿ དཀར་སེར་དམར་ལྗང་མཐིང་ཀའོཿ མི་གནས་རང་སར་དག་པ་ནིཿ རང་རིག་དྲི་མ་མེད་པ་ཡིནཿ སྣང་བ་གང་ཡང་མེད་པས་དཀརཿ རིག་པ་མ་བཙལ་བཞག་པ་སྟེཿ ཡུལ་སྣང་རང་སར་དག་པས་སེརཿ རང་རིག་ཆགས་པ་མེད་པ་སྟེཿ ཤེས་པ་གང་ཡང་མི་དམིགས་དམརཿ བྱ་བྱེད་ཀུན་ལས་འདས་པས་ལྗང་ཿ དམིགས་གཏད་བྲལ་བས་མཐིང་གའོཿ ཐིག་ལེ་ལའང་གསུམ་དུ་འདོདཿ གཞི་འཛིན་ལམ་སྣང་འབྲས་བུའོཿ གཞི་འཛིན་ཐིག་ལེ་རྣམ་པ་གཉིསཿ རང་བཞིན་འོད་ཀྱི་ཐིག་ལེ་དང་ཿ མ་བཅོས་ཀུན་བཟང་ཐིག་ལེའོཿ སྣང་བ་ལམ་གྱི་ཐིག་ལེ་ནིཿ ཀུན་རྫོབ་རྒྱུ་ཡི་ཐིག་ལེ་དང་ཿ གནས་པ་དོན་གྱི་ཐིག་ལེའོཿ འབྲས་བུ་སྨིན་པའི་ཐིག་ལེ་གསུམཿ འོད་ཟེར་སྨིན་པའི་ཐིག་ལེ་དང་ཿ ཡེ་ཤེས་སྨིན་པའི་ཐིག་ལེ་དང་ཿ རིག་པ་སྨིན་པའི་ཐིག་ལེའོཿ ཀུན་རྫོབ་ཐིག་ལེ་འདི་ལྟ་སྟེཿ ཕོ་གཡས་མོ་གཡོན་རྩ་ལ་གནསཿ ཕ་ཡི་རྒྱུ་དང་མ་ཡི་མངལཿ འབྱུང་བ་འདུས་པའི་དངས་མ་སྟེཿ འདོད་ཆགས་ཀུན་གྱི་རང་བཞིན་ཡིནཿ དེ་རྣམས་ཀུན་ལ་དམར་པོ་འབྱུང་ཿ ཕ་ཡི་དངས་མ་འདུས་( རུས་)པ་སྟེཿ མ་ཡི་དངས་མ་ཤ་དང་ཁྲགཿ སྙིགས་མ་འདུས་པའི་ཐིག་ལེ་ནིཿ ཕོ་ལ་དཀར་པོ་འབྱུང་བའོཿ མོ་ལ་དམར་པོ་འབྱུང་བ་ལཿ འབྱུང་བ་འདུས་པས་གཟུགས་སུ་སྨིནཿ བྱང་ཆུབ་སེམས་ཀྱི་ཐིག་ལེ་ནིཿ དྲན་བསམ་བྱུང་ཚོར་རིག་པར་ཤརཿ སྐྱེ་བ་རྣམ་སྣང་ཐམས་ཅད་ཀྱང་ཿ ལུས་པ་འཇུག་པའི་ས་བོན་དང་ཿ བྱང་ཆུབ་སེམས་ཀྱི་ས་བོན་གཉིསཿ རང་ཆས་ཉིད་དུ་འཛོམ་པ་ལསཿ སྐྱེ་བ་ཉིད་ནི་ལེན་པའོཿ དེ་ཡང་ལུས་ཅན་ཐམས་ཅད་ཀུནཿ ཐིག་ལེ་དཀར་དམར་གཉིས་ལས་བྱུང་ཿ དེ་ལྟར་ཕུང་པོར་གཏན་( པོའི་རྟེན་)གཞི་ནིཿ ཀུན་རྫོབ་རྒྱུ་ཡི་ཐིག་ལེ་ཡིནཿ ཆགས་འཛིན་དར་རྒུད་ཐམས་ཅད་ཀུནཿ དཀར་དམར་ཐིག་ལེ་གཉིས་པོ་ཡིནཿ དོན་དམ་ཐིག་ལེ་རྣམ་པ་གཉིསཿ རང་གནས་རྒྱུ་ཡི་ཐིག་ལེ་དང་ཿ སྣང་སྟོང་དག་པའི་ཐིག་ལེའོཿ དེ་ཡང་དེ་གཉིས་གཅིག་གི་ཚུལཿ སེམས་ཅན་ཀུན་གྱི་སྙིང་གི་ནང་ཿ འོད་ཟེར་འདུས་པའི་ཐིག་ལེ་ནིཿ ཚོན་སྣ་ལྔ་ཡི་གྲུ་གུ་བཞིནཿ ཁྲ་ཡི་མིག་གམ་མུ་ཏིག་མིགཿ རྨ་བྱའི་མདངས་ལྟར་ཡོད་པའོཿ སྐྱེས་བུ་གོམས་པ་ཐམས་ཅད་ལཿ དང་པོ་འོད་ཀྱི་སྣམ་བུ་ཤརཿ གཉིས་པ་འོད་ཀྱི་ཟེར་ཐག་གསལཿ གསུམ་པ་ཐིག་ལེ་མུ་ཁྱུད་འཆརཿ དེ་ནི་དོན་དམ་གནས་ལུགས་སོཿ འོད་ཟེར་སྨིན་པའི་ཐིག་ལེ་ནིཿ གྱེན་ལ་འདེག་ཅིང་འཇའ་ཚོན་འདྲཿ འདི་ལ་གོམས་པས་འཇའ་ཚོན་མཐོང་ཿ ཡེ་ཤེས་སྨིན་པའི་ཐིག་ལེ་ནིཿ རྩིབས་ཤར་ཉི་མའི་དཀྱིལ་འཁོར་འདྲཿ འདི་ལ་གོམས་པས་རང་སྣང་མཐོང་ཿ རིག་པ་སྨིན་པའི་ཐིག་ལེ་ནིཿ འོད་ལྔའི་རང་གསལ་མུ་ཁྱུད་ཟླུམ་པོ་འཆརཿ འདི་ལ་གོམས་པའི་སྐྱེས་བུ་དགཿ དག་པ་ཆེན་པོའི་སྣང་བ་མཐོང་ཿ ཐིག་ལེ་རྣམས་ཀྱི་ཕྱི་དབྱིབས་ཟླུམཿ དེ་ལ་གོམས་པས་འབྲས་བུ་ཐོབཿ དེ་ནི་ཐིག་ལེའི་ངོ་སྤྲོད་དོཿ

ད་ནི་རིག་པའི་ངོ་སྤྲོད་ནིཿ རིག་པ་ལའང་རྣམ་པ་གཉིསཿ གཞི་འཛིན་ཉིད་དང་མཚན་ཉིད་འཛིནཿ གཞི་འཛིན་རིག་པ་ལུ་གུ་རྒྱུདཿ འདི་ནི་ཡེ་ཤེས་ཆེན་པོའོཿ མཚན་ཉིད་འཛིན་པའི་རིག་པ་ནིཿ སེམས་ཅན་ཀུན་ལ་ཁྱབ་པར་གནསཿ རང་སེམས་དྲན་པ་དང་བཅས་འདིཿ སངས་རྒྱས་ཀུན་གྱི་རང་བཞིན་ནོཿ དེས་ན་སེམས་ཅན་ཐམས་ཅད་ལཿ སྐུ་དང་ཡེ་ཤེས་འོད་ཐིག་ལེཿ རིག་པ་རང་བྱུང་གནས་མོད་ཀྱང་ཿ དེ་ཡི་དོན་ཉིད་མ་རྟོགས་པསཿ འཁྲུལ་བའི་རྒྱུར་གྱུར་འཁོར་བར་འཁྱམསཿ དེ་ཉིད་རྟོགས་པར་བྱ་བ་ལཿ ཐབས་ཀྱི་ཡན་ལག་འདི་རྣམས་གཅེསཿ ཐོས་པས་ཕྱི་ཡི་སྒྲོ་འདོགས་གཅོདཿ བསམ་པས་ནང་གི་སྒྲོ་འདོགས་གཅོདཿ སྒོམ་པས་གསང་བའི་སྒྲོ་འདོགས་གཅོདཿ ལྟ་བའི་ལ་ཤན་འབྱེད་པར་བྱཿ རྒྱས་པ་ཁྲིད་གཞུང་ཉིད་དུ་ཤེསཿ དེ་ནི་རིག་པའི་ངོ་སྤྲོད་ཡིནཿ དེ་ལ་སྤྱོད་པ་གཙོ་ཆེ་བསཿ འཁོར་འདས་རུ་ཤན་ཕྱེ་བ་དང་ཿ བརྟུལ་ཞུགས་ལམ་དུ་བསླང་བ་གཉིསཿ བརྟུལ་ཞུགས་ལམ་དུ་བསླང་བ་ནིཿ སྤྱོད་པ་ཉིད་ཀྱི་ཆོས་ལས་ཤེསཿ འཁོར་འདས་རུ་ཤན་དབྱེ་བ་ནིཿ སྤྱིར་ན་ཐོད་རྒལ་ཐམས་ཅད་དང་ཿ སྒོས་སུ་ཁྲིད་གཞུང་རྣམས་སུ་ཤེསཿ མདོར་བསྡུས་སྤྱོད་པ་གསུམ་དུ་འདུསཿ མ་ཆགས་འཛིན་པའི་སྤྱོད་པ་དང་ཿ དགག་སྒྲུབ་མེད་པའི་སྤྱོད་པ་དང་ཿ ཆགས་ཞེན་མེད་པའི་སྤྱོད་པའོཿ མ་ཆགས་འཛིན་པའི་སྤྱོད་པ་ནིཿ མཚན་ཉིད་ཐེག་པའི་སྤྱོད་པ་སྟེཿ དོན་ལ་ཆགས་པ་ཆེན་པོས་བཅིང་ཿ ཐབས་མེད་གྲོལ་བར་ག་ལ་འགྱུརཿ དོན་མེད་སྤྱོད་པས་ཆགས་པ་བཅིང་ཿ འཛིན་པའི་སྤྱོད་པས་རང་རྒྱུད་བཅིང་ཿ གྲོལ་བར་མི་འགྱུར་ཡུན་རིང་འགོརཿ དེ་ནི་ཚུལ་འཆོས་སྤྱོད་པའོཿ ཉན་ཐོས་སྤྱོད་ཅེས་ཟེར་པའོཿ དགག་སྒྲུབ་མེད་པའི་སྤྱོད་པ་ནིཿ གསང་སྔགས་ཕྱི་ནང་སྤྱོད་པ་སྟེཿ ཉོན་མོངས་དགག་པར་མི་འདོད་ཅིང་ཿ ཡེ་ཤེས་སྒྲུབ་པར་མི་འདོད་ལཿ ཚིག་དོན་འབྲེལ་བའི་སྤྱོད་པའོཿ དོན་གྱི་ཆགས་མེད་མ་ཡིན་ཏེཿ ཐབས་ཀྱིས་སྤྱོད་པ་ཁྱད་པར་འཕགསཿ ཐབས་ཆེན་འཛིན་སྤྱོད་དེ་བཞིན་ནོཿ ཆགས་ཞེན་མེད་པའི་སྤྱོད་པ་ནིཿ ཡང་དག་ཨ་ཏིའི་སྤྱོད་པ་སྟེཿ ཐབས་ཀྱི་ཁྱད་ཀྱིས་བྱང་ཆུབ་འབྱུང་ཿ ཁྱད་པར་གཅིག་གི་ངོ་བོ་ལཿ ཡེ་ཤེས་རྟོགས་པས་འདུ་འབྲལ་མེདཿ བྱར་མེད་བྱས་མེད་འབྱུང་བ་མེདཿ འགྲོ་མེད་འོང་མེད་གནས་པ་མེདཿ བག་ཆགས་ཐུགས་ལ་ཡེ་ཤེས་འཆརཿ རྒྱུ་བོར་ཡེ་ཤེས་ཞེན་པ་མེདཿ སྣང་བའི་ཡུལ་དུ་སྒྲོན་མ་འཆརཿ སྣང་དགག་སྒྲོན་མ་ཞེན་པ་མེདཿ ཆགས་ཞེན་མེད་པའི་སྤྱོད་པ་འདིཿ བློ་རྩལ་ལྡན་པའི་སྤྱོད་པའོཿ ཡང་དག་དོན་རྟོགས་ཞེན་མེད་གནསཿ ཆགས་ཀྱང་ཞེན་མེད་སྤྱོད་པ་ཡིནཿ འཛིན་པའི་ཡུལ་མེད་ཞེན་པའི་མཐའ་ལས་གྲོལཿ མ་རིག་གནས་མེད་རྣམ་རྟོག་སེམས་ལས་གྲོལཿ འཛིན་མེད་བྱ་བྲལ་ཆགས་མེད་སྤྱོད་པ་ཡིནཿ ཤམཐཿ་་་ཿ ད་ནི་སྒོམ་པའི་རིམ་པ་ནིཿ རྒྱས་པར་ཁྲིད་ཡིག་གཞུང་ཉིད་ཤེསཿ འདི་ཉིད་བར་དོའི་ཆ་རྐྱེན་ནོཿ ཡི་གེ་ཨཱཿལ་སེམས་གཏད་པསཿ དངོས་པོའི་ཞེན་པ་རང་སར་བཟློགཿ བསྐྱེད་པའི་ལྷ་ལ་སེམས་གཏད་པསཿ ལུས་ཀྱི་དྲི་མ་དག་པར་བྱེདཿ རྡོ་རྗེའི་སྐུ་( གླུ་)ལ་སེམས་གཏད་པསཿ རང་གཞན་ཉམས་རྟོགས་སྦར་བར་བྱེདཿ ཡི་གེ་ཧཱུྃ་ལ་སེམས་གཏད་པསཿ ངག་གི་དྲི་མ་ཐམས་ཅད་སྦྱངསཿ ཡི་གེ་ར ཾ་ལ་སེམས་གཏད་པསཿ དངོས་པོའི་དྲི་མ་ཐམས་ཅད་སྦྱངསཿ ཡི་གེ་ཧཱ་ལ་སེམས་གཏད་པསཿ གཏི་མུག་ཐམས་ཅད་དག་པར་བྱེདཿ ཡི་གེ་ཕཊཿལ་སེམས་གཏད་པསཿ ལུས་ངག་ཡིད་གསུམ་སྣོད་ལ་( གནོད་པ་) སྦྱོངསཿ འདི་རྣམས་མཁའ་འགྲོའི་སྐོར་ལས་ཤེསཿ འབྲུ་དྲུག་ཉམས་ལེན་མན་ངག་ལྟརཿ ཟབ་མོ་སྙན་བརྒྱུད་ཉམས་སུ་ལོངསཿ སྨིན་མཚམས་ཐིག་ལེ་སུས་( སུཾ་) བསྒོམ་པཿ ཡེ་ཤེས་རླུང་ལ་གོམས་པར་འགྱུརཿ ལུ་གུ་རྒྱུད་ལ་སེམས་གཏད་པསཿ ལུས་ཀྱི་དབང་པོ་སྒོ་རྣམས་ཁེགསཿ སྣ་རྩེར་སེམས་རྩེ་གཅིག་གཏད་པསཿ འབྱུང་བཞི་འཐོར་བ་རང་སར་སྡུདཿ ལུས་རྐྱེན་རང་འོད་སེམས་གཏད་པསཿ བར་དོའི་འོད་ལ་གོམས་པར་འགྱུརཿ ནམ་མཁའི་སེམས་ལ་( མཁའ་ལ་སེམས་ནི་)གཏད་པ་ཡིསཿ ཆོས་ཉིད་སྟོང་པ་ཉིད་ལ་གོམསཿ རྣ་བའི་སྒྲ་ལ་སེམས་གཏད་པསཿ ཆོས་ཉིད་རང་སྒྲའི་དོན་ལ་གོམསཿ སྙིང་ཁར་སེམས་གཏད་གོམས་པ་ནིཿ བསམ་པ་རང་སར་གནས་པར་བྱེདཿ སྟོང་ཉིད་ཧར་སངས་སུས་བསྒོམ་པཿ དྲན་པ་ཐམས་ཅད་རང་སར་སྟོང་ཿ མི་རྟག་འཆི་བ་སུས་བསྒོམ་པཿ འཁོར་བའི་ཆོས་ལ་ཞེན་པ་ལོགཿ འབྱུང་བ་ལྔ་ལ་སུས་བསྒོམ་པཿ དེ་ཡིས་སྒྲ་བཞིའི་དོན་ཀུན་རིགསཿ མི་རྟོག་ཡེ་ཤེས་དོན་བསྒོམ་པཿ མཚན་མའི་ཞེན་པ་ཐམས་ཅད་འགགཿ གཉིས་མེད་བདེ་བ་སུས་བསྒོམ་པཿ འདོད་ཡོན་མིང་མེད་ལམ་ཁྱེར་རྟོགསཿ བར་སྣང་སྟོང་པ་སུས་བསྒོམ་པཿ རང་གི་སེམས་ཡང་སྟོང་པར་འཆརཿ ཕྱག་རྒྱ་ཆེན་པོ་སུས་བསྒོམ་པཿ རང་གི་ས་ལ་དབང་བསྒྱུར་ནུསཿ རང་བྱུང་ཤུགས་འབྱུང་བསྒོམ་པ་ཡིསཿ ལུས་ངག་ཡིད་གསུམ་རྣལ་དུ་ཕེབསཿ རང་རྒྱུད་ལྟ་བ་བསྒོམ་པ་ཡིསཿ ཉོན་མོངས་ཀུན་གྱི་མགོ་ཡང་གནོནཿ མ་བཅོས་བཞག་པས་བྱུང་ཚོར་འགགཿ མ་བསྒོམ་གནས་པས་སྒོམ་ཚད་རྙེདཿ དེ་ལྟར་སྒོམ་གྱི་རིམ་པ་ཡང་ཿ འགག་དོན་གོམས་འདྲིས་གཅིག་པུར་འདུསཿ ཁྱད་པར་སྒོམ་པའི་རིམ་པ་ནིཿ བྱང་ཆུབ་སེམས་དཔའི་སྒོམ་པ་སྟེཿ སེམས་འཛིན་སོ་མ་མ་ཡེངས་ཤིང་ཿ དད་དམ་( ངང་ངམ་) ཤུགས་ཀྱིས་སྐྱེ་བའོཿ བསྒོམ་དུ་བསྒོམས་ནས་ཀློང་དུ་གྱུར་པ་དང་ཿ ཟས་ཀྱི་འདུ་ཤེས་སྤངས་བའོཿ སེམས་ལ་གནས་པ་རྣམས་ཀྱིས་སྤྱོདཿ རྣམ་རྟོག་ངང་གིས་མེད་པའོཿ དེས་ཀྱང་དོན་ཆེན་མཚོན་མི་ནུསཿ དེ་ལ་ཡུན་དུ་བསྒོམ་པ་ནཿ དོན་དམ་དཔེ་དང་བྲལ་བར་རྟོགསཿ དེ་བཞིན་གཤེགས་པའི་སྒོམ་པ་ནིཿ ནམ་མཁའི་མཐོངས་སུ་ཤེས་པར་གྱིསཿ དེ་ལ་གོམས་པར་གྱུར་པས་ནཿ ཡེ་ཤེས་སྣང་བ་ལྷུག་པར་འཆརཿ ཡང་དག་ལམ་ཀྱང་དེ་བཞིན་ནོཿ འཛིན་མེད་ལམ་ཡང་དེ་བཞིན་ལཿ བསྒོམ་མེད་ཡེངས་མེད་ངང་ལ་གནསཿ གསལ་ལེ་ཧྲིག་གེ་ཝ་ལེ་བཿ ཡང་དག་ཆེན་པོའི་སྒོམ་པའོཿ ཟབ་རྒྱཿ

ད་ནི་ལྟ་བ་བཤད་པར་བྱཿ ལྟ་བ་ཉིད་ལ་རྣམ་པ་གསུམཿ ཆོས་ཅན་ལྟ་བའི་ལྟ་བ་དང་ཿ ཆོས་ཉིད་ལྟ་བའི་ལྟ་བ་དང་ཿ རང་རིག་ལྟ་བའི་ལྟ་བའོཿ ཆོས་ཅན་མཚན་མར་སྣང་བ་དང་ཿ མིག་གི་དབང་པོ་མ་འགག་པསཿ སེམས་ཀྱི་ལྟ་བ་ལེགས་པ་ཡིནཿ རང་སྣང་ངང་གིས་གསལ་བ་ཡིནཿ ཆོ་འཕྲུལ་ཕྱི་ཡི་སྣང་བ་སྟེཿ དམིགས་པ་མེད་པའི་ཡུལ་རྣམས་ཀུནཿ རང་བཞིན་མེད་པར་གང་བསྒོམ་པཿ འདི་ནི་སྣང་སྟོང་གཉིས་སུ་མེདཿ ཚོགས་དྲུག་མ་འགག་ལྷུག་པའོཿ རྟོག་མེད་གསལ་བའི་ངོ་བོ་ལཿ རང་འབྱུང་ཆེན་པོར་ཤེས་གྱུར་ནཿ ཆོས་ཅན་ཕྱི་ཡི་ལྟ་བ་ཡིནཿ ད་ནི་ཆོས་ཉིད་ནང་གི་ལྟ་བ་ནིཿ ཆོས་ཉིད་རིག་པ་སྐྱེ་མེད་ལཿ རྣམ་རྟོག་མཚན་མ་ངང་གིས་མེདཿ རིག་པ་དགག་སྒྲུབ་མེད་པ་ལཿ གཞན་( ཞེན་)པའི་སྤྱོད་པ་ག་ལ་ཡོདཿ ཆོས་ཉིད་རྟོགས་པར་བྱེད་པ་ནིཿ བྱར་མེད་ངང་དུ་ཤེས་པར་བྱཿ བྱ་བྱེད་བྲལ་བའི་རིག་པ་ནིཿ གང་གི་ཕྱོགས་སུ་མ་ལྷུང་བཿ ལྟ་བ་ཆེན་པོ་ཞེས་བྱ་བཿ དེ་ལྟར་(ཡང་) རྟོགས་བྱེད་འདི་ལྟ་སྟེཿ འདུ་ཤེས་གཅིག་པའི་ཤེས་རབ་ཀྱིསཿ བློ་གདེང་ཡིད་ཆེས་འགྱུར་བ་དང་ཿ ཆོས་ཉིད་སྐྱེ་མེད་རྟོགས་པ་ནཿ ཡེ་ཤེས་ཆེན་པོར་སྐྱེ་བར་འགྱུརཿ ཆོས་ཉིད་སྐྱེ་མེད་སྣང་བ་ལཿ བསྐྱེད་བྱ་སྐྱེད་བྱེད་གཉིས་པར་( ལྟར་) སྣང་ཿ དེ་ཡང་ཆོས་ཉིད་ཆེན་པོ་ནིཿ གཅིག་མ་ཤེས་པས་གཉིས་སུ་བྱུངཿ གཅིག་ཤེས་གྱུར་ན་ཀུན་ཀྱང་གྲོལཿ དེ་ལྟར་སྐྱེ་མེད་དོན་རྟོགས་ནཿ ཆོས་ཉིད་ལྟ་བའི་ལྟ་བར་འདོདཿ རང་རིག་ལྟ་བ་འདི་ལྟར་རོཿ ཤེས་པ་ངང་གིས་མ་གཡོས་པསཿ དབྱིངས་ཀྱི་རིག་པ་སུས་མཐོང་བཿ དེ་ནི་སངས་རྒྱས་ས་ལ་གོམསཿ བཞག་པ་རྣམས་ཀྱི་རང་རྒྱས་ཐེབཿ དགོངས་པ་རྣམས་ཀྱི་དུས་ཚོད་བསྟནཿ ཟད་པ་རྣམས་ཀྱི་དག་པ་བསྟནཿ བསྟན་པས་གདེང་གི་ཕྱིར་བཟློག་རྟགསཿ དབྱིངས་ཀྱི་སྒྲོན་མ་སུས་མཐོང་བཿ ཆོས་ཀྱི་དབྱིངས་ལ་མངོན་སུམ་སྤྱོདཿ ཆོས་སྐུའི་ངང་དུ་རྩོལ་མེད་རྒྱཿ ཐིག་ལེའི་སྒྲོན་མ་སུས་མཐོང་བཿ རྩོལ་བཅས་རྣམས་ཀྱི་རིགས་གནས་ཐོབཿ ལོངས་སྤྱོད་རྫོགས་ལ་ལོངས་སྤྱོད་དོཿ ཤེས་རབ་སྒྲོན་མ་སུས་མཐོང་བཿ སྤྱི་དང་རང་གི་མཚན་ཉིད་རྟོགསཿ སྣ་ཚོགས་སྤྲུལ་སྐུས་འགྲོ་དོན་བྱེདཿ ཆུ་ཡི་སྒྲོན་མ་སུས་མཐོང་བཿ དབང་པོ་རྣམས་ལ་ཐོགས་མེད་འཆརཿ མངོན་པར་བྱང་ཆུབ་སྐུ་ངོས་ཟིནཿ ལུ་གུ་རྒྱུད་ལ་སུས་གོམས་པཿ རིག་པ་རྣམས་ནི་སྲང་ལ་ཐེབསཿ ངོ་བོ་ཉིད་སྐུར་རྡོ་རྗེར་འགྱུརཿ དེ་བཞིན་རྒྱུད་ནས་གསུངས་པ་ལྟརཿ གོང་དུ་བཀོད་པས་ཤེས་པར་བྱཿ ལར་ཡང་སྐྱེ་གནས་བར་དོ་ཉིདཿ མི་ལུས་ཆུད་དུ་མ་གསན་ལཿ ཚེ་འདིའི་ཞེན་པ་འཇིག་རྟེན་ཆོསཿ མི་ཆོས་བྱ་བ་རྦད་ཀྱིས་ཆོདཿ ལེ་ལོ་གཡེང་བ་གཉིད་ཆང་དབངཿ དོན་མེད་བྱ་བྱེད་མ་མང་བརཿ དམ་ཆོས་བླ་མའི་བཀའ་ལུང་ཀུནཿ སྒྲོ་འདོགས་དྲུང་ལ་ཆོད་པར་སྐྱོངསཿ ཐག་ཆོད་ཐེ་ཚོམ་མེད་པ་དངཿ སྒྲུབ་གནས་རི་ཁྲོད་གཅིག་པུར་སྡོདཿ སྙིང་རུས་སེམས་ལ་ལྕག་བྲབ་ནསཿ བསྐྱེད་དང་རྫོགས་དང་ཕྱག་རྒྱ་ཆེཿ ཁྲེགས་ཆོད་ལྟ་སྒོམ་དོན་ལ་དྲིལཿ སྟོང་ཉིད་གདེང་ལྡན་མཐར་ཕྱིན་ནསཿ སྣང་སེམས་གཅིག་ཏུ་འདྲེས་པ་དངཿ ཐོད་རྒལ་སྣང་བཞི་མཐར་ཕྱིན་མཛོདཿ མཐར་ཕྱིན་མི་ལ་བར་དོ་མེདཿ མངོན་སུམ་ཙམ་གྱི་གང་ཟག་དེཿ འཆི་ནས་ཆོས་ཉིད་བར་དོ་ལཿ ལོངས་སྤྱོད་རྫོགས་པའི་སྐུར་གྱུར་ནསཿ སངས་རྒྱས་ཐོབ་པར་གདོན་མི་ཟཿ དེ་ཕྱིར་གང་ཟག་སྙིང་མ་རུལཿ དེ་ལ་སྐྱེ་གནས་བར་དོ་ལཿ བར་དོ་སྤྱི་ཡི་རྣམ་བཞག་དངཿ སྐྱེ་གནས་བར་དོའི་གནས་ལུགས་བཅསཿ ཨ་ཏི་བཀོད་པ་ཆེན་པོ་དངཿ མན་ངག་རྒྱུད་དང་རྒྱུད་མང་པོཿ གྲུབ་ཆེན་མང་པོའི་ཞལ་ལུང་ལྟརཿ པདྨ་བདག་གིས་བཀོད་པའོཿ འདི་ནི་སྔགས་ཀྱི་སྲུངས་མས་སྐྱོངསཿ

ད་ལྟ་མངའ་བདག་དམ་འཛིན་དངཿ བྱང་སེམས་སྣུབ་བན་ནམ་མཁའི་སྙིངཿ ཇོ་མོ་མཚོ་རྒྱལ་མ་ལ་གདམསཿ ད་ལྟ་སྤེལ་བའི་གནས་མེད་པསཿ དུར་ཁྲོད་ལྷོ་བོད་ས་ཡི་མཚམསཿ ཡི་དམ་སྐུ་རྟེན་དྲུང་དུ་སྦསཿ མ་འོངས་ལས་འཕྲོ་སྨོན་ལམ་ཅནཿ དཔའ་བོ་དེ་དང་འཕྲད་པར་ཤོགཿ སཱ་མཱ་ཡཱཿ གཏེར་རྒྱཿ སྦས་རྒྱཿ དམ་རྒྱཿ གསང་རྒྱཿ གཉན་རྒྱཿ གཏད་རྒྱཿ ཤམཐཿ རྒྱ་རྒྱ་རྒྱཿ ཟབ་རྒྱཿ

བདག་འདྲ་དཔའ་བོ་སྟག་ཤམ་ནུས་ལྡན་རྡོ་རྗེས། ལྷོ་བོད་ས་ཡི་མཚམས། དུར་ཁྲོད་ཆེན་པོ་དགའ་བ་ཚལ་ནས་འབྲུག་ལོ་ཟླ་བ་བརྒྱད་པ་ལ་གདན་དྲངས་ནས། སླར་སྟག་ལོ་ཟླ་བ་དྲུག་པའི་ཚེས་གཅིག་ལ། ཤོག་སེར་དཀྱུས་སུ་མཐོ་དྲུག་དང་འཁྱུད་གང་། ཞེང་དུ་སོར་ལྔའི་ཕྱི་ནང་ཁེངས་ཙམ་འདུག་པ་ལས་བཤུས་སོཿ དགེ་བས་མ་གྱུར་འགྲོ་བ་ཐམས་ཅད་སྐྱེ་གནས་བར་དོར་གྲོལ་ནས་འཇའ་ལུས་རྡོ་རྗ ེའི་སྐུ་རུ་འགྲུབ་པར་གྱུར་ཅིག །སྭ་སྟི། མངྒ་ལམ།

བར་དོའི་གནད་ཀྱི་གདམས་པ་ཐོས་གྲོལ་གསང་བའི་ཡི་གེ

རྡོ་རྗེ་སེམས་དཔའི་སྙིང་ཐིག་བཅུ་བཞི་མ་ལས་བར་དོའི་གནད་ཀྱི་གདམས་པ་ཐོས་གྲོལ་གསང་བའི་ཡི་གེ་བཞུགས་སོ༔

བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ བར་དོ་གནད་ཀྱི་གདམས་པ་ཞེས་བྱ་བ༔ ཐོས་པས་གྲོལ་བའི་གདམས་པ་འདི་ལ༔ སྤྱི་དོན་རྣམ་པ་གསུམ་ཡིན་ཏེ༔ བར་དོའི་དབྱེ་བ་དང༔ བར་དོའི་འཆར་ཚུལ་དང༔ གནད་ཀྱི་གདམས་པ་བསྟན་པ་དང་གསུམ་མོ༔ དང་པོ་དབྱེ་བ་བྱིངས་ནི༔ དེ་ཡང་རྒྱུད་ལས༔ དབྱེ་ན་སྐྱེ་གནས་འཆི་ཁ་དངཿ ཆོས་ཉིད་སྲིད་པ་བར་དོའོ༔ ཞེས་གསུངས་པས༔ རང་བཞིན་སྐྱེ་གནས་ཀྱི་བར་དོ་དངཿ འཆི་ཁ་སྡུག་བསྔལ་གྱི་བར་དོ་དངཿ ཆོས་ཉིད་འོད་གསལ་གྱི་བར་དོ་དང༔ སྲིད་པ་ལས་ཀྱི་བར་དོ་དང་བཞིའོ༔ དེ་བཞི་ཀ་ལའང་འཆར་ཚུལ་རེ་རེ་དང༔ གནད་ཀྱི་གདམས་པ་རེ་རེ་སྟེ་བཅུ་གཉིས་ཀྱིས་བསྟན་པའོ༔ དང་པོ་རང་བཞིན་སྐྱེ་གནས་ཀྱི་བར་དོ་ནི༔ མངལ་ལས་སྐྱེས་ནས་འཆི་ནད་ཀྱིས་བཏབ་པ་ཚུན་ཆོད་ཡིན་ཏེ༔ དེའི་འཆར་ཚུལ་ནི༔ ལུས་ཅིག་གྲུབ་པ་ཕན་ཆོད་དུ༔ ཕུང་པོ་ལྔ་དང༔ དབང་པོ་ལྔ་གྲུབ་སྟེ༔ ཕུང་པོ་ལྔ་ནི་རིགས་ལྔའི་ངོ་བོ་ཡིན་ལ༔ ཁམས་ལྔ་ནི་ཡུམ་ལྔའི་རང་བཞིན་ཡིན་ཅིང༔ དབང་པོ་ལྔ་དང་ཚོགས་དྲུག་སོགས་ནི༔ སེམས་དཔའ་དང༔ སེམས་མ་དང༔ མཆོད་པའི་ལྷ་མོ་རྣམས་ཡིན་ནོ༔ གདམས་པ་ནི༔ ཕྱི་རོལ་གྱི་སྣང་བ་རྣམས་རྨི་ལམ་སྒྱུ་མ་ལྟར་ཤེས་པ༔ སྣང་ལ་རང་བཞིན་མེད་པར་གྲོལ་བ་ཡིན་ཅིང༔ ཤེས་པས་བསྡུས་པའི་དྲན་བསམ་ཐམས་ཅད་རང་སེམས་ངོས་བཟུང་བྲལ་བ༔ འཛིན་མེད་རང་གྲོལ་དུ་ཉམས་སུ་བླངས་པས༔ སྐུ་གསུམ་དབྱེར་མེད་དུ་ཚེ་འདིར་སངས་རྒྱས་པར་འགྱུར་རོ༔ རྒྱུད་ལས༔ ཐོས་བསམ་བསྒོམ་པས་སྒྲོ་འདོགས་བཅད༔ ཐི་བྱ་ཚང་དུ་འཇུག་པ་ལྟར༔ ཡིད་ཆེས་གདེང་དང་ལྡན་པར་བྱ༔ ཞེས་གསུངས་པས༔ མཚན་ཉིད་དང་ལྡན་པའི་བླ་མ་ལ་ཆོས་འདི་ཞུས་ལ༔ ཐོས་བསམ་སྒོམ་གསུམ་གྱིས་སྒྲོ་འདོགས་ལེགས་པར་གཅོད་དོ༔ དཔེར་ན་ཐི་བྱ་ཚང་དུ་འཇུག་པ་ལ༔ མི་ལ་སོགས་པའི་གནོད་འཚེ་བྱེད་པའི་སྒྲོ་འདོགས་ལེགས་པར་བཅད༔ ཐེ་ཚོམ་མེད་པར་ཚང་དུ་འཇུག་པ་ལྟར༔ འདིར་ཡང་ལྟ་སྒོམ་སྤྱོད་པའི་དོན་རྣམས་ལ་ཐེ་ཚོམ་དང་ཡིད་གཉིས་མེད་པར་ཐག་བཅད་ལ་ཉམས་སུ་བླངས་ཏེ་ཡིད་ཆེས་པའི་གདེང་དང་ལྡན་པར་བྱའོ༔ གཉིས་པ་འཆི་ཁ་སྡུག་བསྔལ་གྱི་བར་དོ་ནི༔ འཆི་ནད་ཀྱིས་བཏབ་ནས་དབུགས་མ་ཆད་ཀྱི་བར་དེར་ཡིན་ཏེ༔ དེ་ཡང་ནད་ཀྱིས་ཟིན་ནས་འབྱུང་བ་ལྔ་པོ་འཁྲུགས་ཏེ༔ ཤིན་ཏུ་ཟུག་གཟེར་གྱིས་གདུང་༔ ཚེ་འདིའི་སྣང་བ་ལ་ཞེན་ཅིང་ཆགས་ཆེར་སོང་བས༔ ཡང་འབྱུང་བའི་སྟོབས་ཟད་པས་འཆི་བར་ངོ་ཤེས་ནས་སྡུག་བསྔལ་ལོ༔

འཆར་ཚུལ་ནི་འབྱུང་བ་འཁྲུགས་པས་ཤེས་པ་གཅིག་ཏུ་མི་གནས་ཏེ༔ སྣང་བ་ཐམས་ཅད་བན་བུན་ལང་ལོང་དུ་འཆར་ནས༔ འབྱུང་བ་རྣམས་རང་རང་ལ་ཐིམ་པའི་རྟགས་ནི༔ ས་ལ་ཤ་ཐིམ་པས་ལུས་ཤིན་ཏུ་ལྗི༔ མགོ་ཡང་མི་ཐེག་ང་ཡར་སློང་ཟེར་བ་འོང༔ ཆུ་ལ་ཆུ་ཐིམ་པས་སྣ་ཆུ་འཛག་ཅིང་ལུས་ཀྱང་ཉལ་ཉོལ་དབང་པོའི་ཟུང་མི་ཐུབ་པར་འགྱུར་རོ༔ མེ་ལ་མེ་ཐིམ་པས་ཁ་སྣ་དང་ལྕེ་སྐམ་སྟེ༔ ལབ་ཟེར་བར་འདོད་ཀྱང་བརྡ་མི་འཕྲོད༔ ལུས་ཀྱི་མཐའ་ནས་འཁྱག༔ བཀྲག་དང་གཟི་མདངས་འཆོར༔ རླུང་ལ་རླུང་ཐིམ་པས་དབུགས་མི་བདེ༔ ནང་དུ་བསྡུ་མི་ཤེས༔ ལུས་ཀྱི་སྟོབས་འཆོར༔ དེ་ལྟར་ཡང་རྒྱུད་ལས༔ དེ་དུས་འབྱུང་བ་རང་སར་ཐིམ༔ ས་ནི་སར་ཐིམ་ལུས་རྣམས་ལྗི༔ ཆུ་ནི་ཆུར་ཐིམ་སྣ་ཆུ་འཛག༔ མེ་ནི་མེར་ཐིམ་ཁ་སྣ་སྐམ༔ རླུང་ནི་རླུང་ཐིམ་དབུགས་མི་བདེ༔ འདི་དུས་ངེས་པར་འཆི་བས་ན༔ ཞེས་གསུངས་སོ༔ གདམས་པ་ནི་རྒྱུད་ལསཿ ཉམས་ལེན་བླ་མའི་གདམས་ངག་རྣམསཿ གསལ་བཏབ་གལ་ཏེ་མ་གསལ་ནཿ བླ་མ་རྡོ་རྗེའི་སྤུན་དང་ནིཿ དམ་ཚིག་གཅིག་པས་གསལ་ཡང་གདབཿ ཅེས་གསུངས་པསཿ འདིའི་དུས་ན་འཇིག་རྟེན་འདིའི་སྣང་ཞེན་དངཿ ཆགས་ཞེན་གྱི་འཁྲི་བ་ཐམས་ཅད་རྦད་ཀྱིས་བཅད་ལཿ ཚེའི་( ཚེ་འདིའི་)འཁྲུལ་གཏམ་དང་ཆགས་སྡང་དུག་ལྔ་ལ་སོགས་མེད་པར་བྱ་སྟེཿ རང་གི་བླ་མ་བཞུགས་ན་གདམས་པ་ཞུ་ཞིངཿ མེད་ན་གྲོགས་དམ་ཚིག་ལ་སེལ་མེད་པ་གཅིག་གིས་གདམས་པ་འདི་རྣམས་གསལ་གདབས་པར་བྱའོཿ དེའི་གནད་ནིཿ ཡང་རྒྱུད་ལསཿ ཕུང་པོ་སེང་གེའི་ཉལ་སྟབས་བཅོསཿ མིག་ལ་རིག་པ་གཅུན་ནས་ནིཿ དབྱིངས་ལ་ས་ལེ་ཧྲིག་གེ་བཞགཿ སྐད་ཅིག་དེ་ལ་གྲོལ་བར་འགྱུརཿ ཞེས་གསུངས་པསཿ ཚེ འདིའི་ལོངས་སྤྱོད་ལ་མ་ཆགས་པར་དངོས་པོ་ཅི་ཡོད་དེ་སྤང་དག་དངཿ ཚོགས་འཁོར་བྱས་ལཿ ནམ་མཁའ་མཐོང་བའི་སར་མལ་ས་བཅོས་ཏེཿ གཞོག་གཡས་ས་ལ་ཕབཿ མགོ་བྱང་དུ་བསྟནཿ རིག་པ་མིག་ལ་གཅུནཿ མིག་བར་སྣང་ལ་གཏདཿ འཕོ་བའི་གདམས་པ་གདབ་ཅིང་དབྱིངས་རིག་གཉིས་མེད་སྟོང་སང་གི་ངང་ལས་ས་ལེ་ཧྲིག་གེ་བཞག་པསཿ སྐད་ཅིག་དེ་ཉིད་ལས་ཡར་གྱི་ཟང་ཐལ་ལ་འགྲོ་བར་འགྱུར་རོཿ གསུམ་པ་འོད་གསལ་ཆོས་ཉིད་བར་དོ་ནིཿ ནང་དབུགས་ཆད་ནསཿ འོད་གསལ་གྱི་སྣང་བ་ཤར་ཚུན་ཡིན་ཏེཿ རླུང་རྣམ་པར་ཤེས་པ་ལ་ཐིམ་པསཿ ནང་དབུགས་ཆདཿ རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་ནསཿ རྣམ་ཤེས་རླུང་གི་རྟ་ལ་ཞོན་ནསཿ བར་སྣང་ལ་ཡལ་མ་ཐག་ཏུ་ཆོས་ཉིད་ཀྱི་བར་དོ་ཤར་བསཿ ནམ་མཁའ་འོད་གསལ་ཐིམ་ཞེས་ཟེརཿ ལུས་ས་རྡོ་ལྟར་མཁྲེགས་པོར་འགྲོཿ འཆར་ཚུལ་ནིཿ རྒྱུད་ལསཿ འཆར་ཚུལ་འོད་ཟེར་ཁ་དོག་ལྔཿ ཕྱོགས་མཚམས་ཀུན་ཏུ་གསལ་བར་སྣངཿ མནན་ན་ནེམ་ལ་བཏེག་ན་འཕརཿ ཡིད་འོང་གསལ་འཚེར་གཟི་བརྗིད་འབརཿ ཁ་དོག་ལྔ་ལྡན་སྣམ་བུ་ནིཿ རང་གི་སྙིང་ག་དག་ལ་འཆརཿ དེ་ཡང་ཐིག་ལེ་ལྔ་ལྡན་ཞིངཿ རིགས་ལྔ་ཡམ་ཡུམ་ཚོམ་བུར་བཅསཿ འཇིག་རྟེན་ཁམས་ཀུན་ཁེངས་པར་འཆརཿ འོད་དང་འོད་ཟེར་སྒྲ་རུ་སྒྲོགསཿ ཞེས་གསུངས་པསཿ དེ་ལྟར་ནང་དབུགས་ཆད་མ་ཐག་ཏུ་འོད་གསལ་གྱི་བར་དོ་འཆར་ཏེཿ སྔར་གྱི་བག་ཆགས་ཀྱིས་ལུས་ཡོད་སྙམ་པ་ནི་འབྱུང་སྟེཿ གདོས་བཅས་ཀྱི་ལུས་ནི་མི་སྣང་འོད་ཀྱི་ལུས་སུ་ཡལ་ལོཿ དེའི་དུས་ན་དབང་པོའི་ཡུལ་དུ་གྱུར་ཚདཿ འོད་ཟེར་ཁ་དོག་རྣམ་པ་ལྔའི་དཀྱིལ་འཁོར་དུ་སྣང་སྟེཿ ཕྱོགས་མཚམས་སྟེང་འོག་གང་ལ་བལྟས་ཀྱངཿ མནན་ན་ནེམ་སྙམ་པཿ བཏེག་ན་འཕར་སྙམ་པཿ ལྡེམ་ལྡེམ་མེར་མེར༔ ཕྱི་ནང་མེད་པར་ཟང་ཐལ་དུཿ ནང་ནས་བལྟས་ན་ཕྱི་གསལ་བཿ ཕྱི་ནས་བལྟས་ན་ནང་གསལ་བཿ ཤིན་ཏུ་གསལ་བཿ ཡིད་དུ་འོང་བ་གསལ་འཚེར་གཟི་བརྗིད་ལྡན་ཞིང་འོད་ཟེར་འཕྲོ་བཿ རྒྱ་ཆེ་ཞིང་ཁོག་ཡངས་པར་འཆར་རོཿ དེའི་དུས་ན་འོད་མཐིང་ག་དངཿ དཀར་པོ་དངཿ སེར་པ ོ་དངཿ དམར་པོ་རྣམས་སྣམ་བུ་བརྐྱང་པ་འདྲ་བཿ བརྩེགས་མར་འཆར་རོཿ དེ་དག་གི་སྟེང་དུ་ཡང་ཐིག་ལེ་མེ་ལོང་ཁ་སྦུབ་ཙམ་གསལ་ལ་འཚེར་བ་ལྔ་ལྡན་འཆར་རོཿ དེ་ནི་རྡོ་རྗེ་སེམས་དཔའི་གསང་ལམ་ཡིན་ནོཿ དེ་ཉིད་ལ་བལྟས་པས་རིགས་ལྔ་ཚོམ་བུ་དངཿ ཡབ་དངཿ ཡུམ་དངཿ སེམས་དཔའ་དངཿ སེམས་མ་དངཿ དཔག་ཏུ་མེད་པ་འོད་ལྔ་མུ་ཁྱུད་དང་བཅས་པ་ཡབ་དང་ཡུམ་རྣམས་ཀྱིས་འཛིན་པཿ སྣང་བ་ཐམས་ཅད་སྐུ་དང་ཞིང་ཁམས་སུ་འཆར་ཏེཿ རང་བཞིན་གྱི་བསམ་གཏན་ལ་གནས་པར་འགྱུར་རོཿ

འདིའི་དུས་སུ་གདམས་པ་ནིཿ རྒྱུད་ལསཿ སྒྲ་དང་འོད་དང་ཟེར་ལ་སོགསཿ རང་ལ་ཡིད་ཆེས་ཐག་ཆོད་བྱཿ ཞེས་གསུངས་པསཿ སྒྲ་དང་འོད་ཟེར་སྐུ་ལ་སོགས་པ་རང་སྣང་དུ་ཡིན་པར་ཡིད་ཆེས་ཐག་ཆོད་པར་བྱ་སྟེཿ མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་ཆོས་ཐབས་མཆོག་དྲན་པ་གལ་ཆེའོཿ དེའི་ཚེ་རིགས་ཀྱི་བུ་དེ་ལ་མངོན་པར་ཤེས་པ་དྲུག་དངཿ རྗེས་སུ་དྲན་པ་དྲུག་ཀྱང་འཆར་ཏེཿ དེ་ཡང་རྒྱུད་ལསཿ མངོན་ཤེས་དྲུག་དང་རྗེས་དྲན་དྲུགཿ སྐད་ཅིག་ཉིད་ལ་གསུམ་ག་འཆརཿ ཞེས་གསུངས་པསཿ མངོན་པར་ཤེས་པ་དྲུག་ནིཿ སྔོན་གྱི་སྐྱེ་གནས་ཤེས་པ་དངཿ སྔོན་འཆི་འཕོ་བ་གར་སྐྱེ་ཤེས་པ་དངཿ མིང་དོན་མངོན་པར་ཤེས་པ་དངཿ རིགས་དྲུག་གི་མཚན་ཉིད་ཤེས་པ་དངཿ ཆོས་ཐམས་ཅད་ཀྱི་རྒྱུད་ལུང་ཤེས་པ་དངཿ དག་པ་ཡེ་ཤེས་ཀྱི་ཞིང་ཁམས་འཆར་བ་ཤེས་པ་དང་དྲུག་འཆར་རོཿ སྐད་ཅིག་མ་གཉིས་པ་ལ་རྗེས་སུ་དྲན་པ་དྲུག་འཆར་ཏེཿ ཡི་དམ་གྱི་ལྷ་རྗེས་སུ་དྲན་པ་དངཿ ལྟ་བ་རྗེས་སུ་དྲན་པ་དངཿ ལམ་རྗེས་སུ་དྲན་པ་དངཿ སྐྱེ་གནས་རྗེས་སུ་དྲན་པ་དངཿ བསམ་གཏན་རྗེས་སུ་དྲན་པ་དངཿ བླ་མའི་གདམས་ངག་རྗེས་སུ་དྲན་པ་དང་དྲུག་འཆར་རོཿ མི་བརྗེད་བའི་གཟུངས་རྒྱུད་ལ་སྐྱེས་པསཿ སྔོན་གྱི་ཆོས་ཐམས་ཅད་དངཿ སྔར་མ་མཐོང་བའི་ཆོས་ཐམས་ཅད་འཆར་བས་ཆོས་ཉིད་བར་དོ་ཡིན་ཏེཿ ཏིང་ངེ་འཛིན་ཡང་རྒྱུད་ལ་སྐྱེས་སོཿ དེ་སྐད་ཀྱངཿ རྒྱུད་ལསཿ དེ་དུས་མི་བརྗེད་པའི་གཟུངས་ཀྱང་འཆར་རོཿ ཞེས་གསུངས་པསཿ དེ་ཡང་འོད་སྣང་དེ་དག་ཀུནཿ རང་གི་སྙིང་གར་ཟུག་པ་ཡིསཿ ཉི་མ་ནུབ་པའི་ཟེར་བཞིན་ཏུཿ གཟིགས་སྣང་ཀུན་ལས་འདས་པ་སྟེཿ མ་པང་བུ་ཚུད་ལྟ་བུ་རུཿ གདོད་མའི་གཞི་ལ་གྲོལ་བར་འགྱུརཿ དེའི་ཚེ་ན་ཆོས་ཐམས་ཅད་ཟད་དེཿ ཀ་དག་གི་ཀློང་དུ་ཐིམ་པའོཿ དེ་ལྟར་དབང་པོའི་བྱེ་བྲག་གིས་སྐད་ཅིག་གཅིག་ལ་ཉི་ཤུ་རྩ་གཅིག་གི་ཞག་ལྔ་བཅུའམ་ཿ ཉི་ཤུ་རྩ་གཅིག་གིས་ངེས་པར་གྲོལ་བར་འགྱུར་རོཿ ཨཐརྒྱཿ ཨྱཐླྷཏྲྱཊཱཐཱཐ

བཞི་པ་སྲིད་པ་ལས་ཀྱི་བར་དོ་ནིཿ ཆོས་ཉིད་ཀྱི་སྣང་བ་ཐམས་ཅད་རྫོགས་ནས་མངལ་དུ་ཚུད་པ་ཚུན་ཆད་ཡིན་ཏེཿ ཆོས་ཉིད་ཀྱི་བར་དོ་དེ་ཡངཿ རང་སྣང་རང་ངོ་རང་གིས་མ་ཤེས་པསཿ སྒྲ་འོད་ཟེར་གསུམ་ལ་དངངས་སྐྲག་སྐྱེས་ནསཿ སྲིད་པ་བར་དོ་རུ་འཁྱམས་པའོཿ དེ་ཡང་རྒྱུད་ལསཿ རང་ངོ་རང་གིས་མ་ཤེས་པསཿ སྒྲ་འོད་ཟེར་ལ་སྐྲག་པ་ཡིསཿ སྲིད་པ་བར་དོར་ཁ་འབྱམ་མོཿ ཞེས་གསུངས་པསཿ འཆར་ལུགས་ནིཿ བར་དོ་ཡིད་ཀྱི་ལུས་ཅན་དབང་པོ་རྣམས་ཚང་ཞིང་སྔར་བཞིན་ཡོད་སྙམ་པ་ལསཿ ཤ་ཁྲག་གདོས་བཅས་ཀྱི་ལུས་མེད་པསཿ དངོས་པོ་གང་ལའང་ཐོགས་པ་མེད་པར་རྒྱུ་ཞིངཿ བྱ་སྒྲོ་རླུང་གིས་ཁྱེར་བ་ལྟར་འདིར་འགྲོ་བའི་གཏད་ས་མེད་དེཿ ཕྱད་ཕྱོད་ཡད་ཡུད་བན་བུན་ལ་ཀུན་ཏུ་འགྲོ་ཞིང་འདུག་མི་ཚུགས་ཏེཿ ཤི་བར་ངོ་ཤེས་ནས་ཤིན་ཏུ་ཡིད་སྐྱོ་ཞིང་སྔར་གྱི་ལས་ངན་སྤྱོད་པ་རྣམས་ལ་བྲེད་ནསཿ ལུས་ཤིག་རྙེད་ན་ཅི་མ་རུང་སྙམ་ནས་སྐྱབས་ཚོལ་ཞིང་ཀུན་ལ་འཇུག་པར་བྱེད་དོཿ དེ་ལྟར་ཡིན་པ་ཡང་རྒྱུད་ལསཿ འཆར་ལུགས་སྔོན་འབྱུང་སྲིད་པའི་གཟུགསཿ དབང་པོ་ཀུན་ཚང་ཐོགས་མེད་རྒྱུཿ བྱ་སྒྲོ་རླུང་གིས་ཁྱེར་བ་བཞིནཿ ཕྱད་ཕྱོད་ཡད་ཡུད་འདུག་མི་ཚུགསཿ སྐྱབས་གནས་ཚོལ་ཞིང་ཀུན་ལ་འཇུགཿ ཅེས་གསུངས་པསཿ དེའི་ཚེ་འདིའི་ལས་དགེ་སྡིག་གི་རྗེས་སུ་འབྲངས་ནསཿ དགེ་བ་སྤྱོད་པ་རྣམས་མཐོ་རིས་གནས་གསུམ་དུ་སྐྱེ་ཞིངཿ སྡིག་པ་སྤྱོད་པ་རྣམས་ངན་སོང་གནས་གསུམ་དུ་སྐྱེ་སྟེཿ དཔེར་ན་ཟོ་ཆུའི་འཁོར་ལོ་བཞིན་དུ་ཡང་དང་ཡང་དུ་འཁོར་བ་ཉིད་དུ་འཁོར་བར་འགྱུར་རོཿ དེ་ལྟར་བསྒོམ་མ་ཤེས་ནཿ དེའི་དུས་སུ་གདམས་པའི་གནད་ནིཿ གོང་གི་རིགས་དྲུག་ཕ་མའི་སྣང་བ་ཤར་བའི་ཚེཿ བདེན་མེད་སྒྱུ་མ་ལྟ་བུ་བསྒོམ་ན་དེ་ཉིད་དུ་གྲོལ་བར་འགྱུར་རོཿ དེ་ལྟར་བསྒོམ་མ་ཤེས་ན་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་མོས་གུས་རྩེ་གཅིག་ཏུ་བྱས་པས་དེའི་བྱིན་རླབས་ཀྱིས་དལ་འབྱོར་གྱི་མི་ལུས་གཙང་མ་ཐོབ་པས་ཆོས་དང་འཕྲད་པར་འགྱུར་རོ༔ སྔར་གྱི་ཡི་དམ་ལྷའི་བསྐྱེད་རྫོགས་ཡོད་ན་དེ་ཉིད་དུ་གསལ་གདབ་པས་གྲོལཿ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ལ་སོགས་པར་འགྲོ་བར་བྱའོ་སྙམ་པའི་འདུན་པ་དྲག་པོས་ཟིན་ན་སྤྲུལ་སྐུའི་ཞིང་ཁམས་སུ་སྐྱེ་ངེས་སོཿ དེ་ཡང་རྒྱུད་ལསཿ དེ་དུས་གནད་ཀྱི་ཉམས་ལེན་ནིཿ ཕ་མ་ལ་སོགས་མཐོང་སྣང་ཀུནཿ བདེན་མེད་སྒྱུ་མ་ལྟ་བུར་བསྒོམཿ ཡི་དམ་བསྐྱེད་རྫོགས་གསལ་བར་བསྒོམཿ འདུན་པས་མངོན་དགའ་ལ་སོགསཔཿ སྤྲུལ་སྐུའི་ཞིང་དུ་འགྲོ་བར་བྱཿ སྙམ་པ་དྲན་པས་ཟིན་གྱུར་ནཿ སྤྲུལ་སྐུའི་ཞིང་དུ་སྐྱེ་བར་འགྱུརཿ ཞེས་གསུངས་པས༔ ཆོས་འདིའི་སྒོར་ཞུགས་པའི་སྐྱེས་བུ་དམ་པ་རྣམས་ནིཿ དབང་གིས་རྒྱུད་སྨིན་པར་བྱས་ནསཿ གྲོལ་བྱེད་ཀྱི་གདམས་པ་ཉམས་སུ་བླངས་པསཿ དབང་པོ་རབ་རྣམས་ཟག་བཅས་ཀྱི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་ཤིངཿ དབང་པོ་འབྲིང་རྣམས་ནི་ཚེ་འདིར་གོམས་འདྲིས་ཐོབ་ནས་ཉམས་ལེན་མཐར་མ་ཕྱིན་ནས་ཚེ་འཕོས་ཀྱང་ཿ ཆོས་ཉིད་འོད་གསལ་གྱི་བར་དོའི་སྣང་བ་མཐོང་ནསཿ རང་ལ་ཡིད་ཆེས་ཏེ་གྲོལ་བར་འགྱུར་རོཿ དབང་པོ་ཐ་མ་རྣམས་ནི་ཉམས་སུ་བླང་ལོང་མ་བྱུང་ཡངཿ ཆོས་འདིས་ངོ་སྤྲོད་པསཿ ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིསཿ སྤྲུལ་པའི་སྐུའི་ཞིང་དུ་སྐྱེ་སྟེཿ རིགས་ལྔའི་སངས་རྒྱས་ལས་ཆོས་ཐོས་ནས་དེ་ཉིད་དུ་སངས་རྒྱས་པར་ངེས་སོཿ དེ་ལྟར་ཡིན་པར་ཡང་རྒྱུད་ལསཿ འདི་ཉིད་བསྟེན་བའི་སྐྱེས་བུ་རྣམསཿ རབ་ནི་ཚེ་འདིར་ལྷག་མེད་འགྲུབཿ འབྲིང་ནི་ཆོས་ཉིད་བར་དོར་གྲོལཿ ཐ་མ་སྤྲུལ་སྐུའི་ཞིང་ཁམས་སུཿ དབུགས་ཕྱུང་ངེས་པར་སངས་རྒྱས་སོཿ ཞེས་གསུངས་སོཿ དེ་བས་ཆོས་འདི་ཉིད་དུ་ཐེག་པ་འོག་མ་བས་ཁྱད་པར་འཕགས་ཏེཿ ཐེག་པ་ཀུན་གྱི་སྙིང་པོ་ཡིན་ནོཿ ཨེ་མ་ཧོཿ རྡོ་རྗེ་སེམས་དཔའ་ཡིཿ ཐུགས་དགོངས་གསང་བ་བླ་མེད་གནདཿ གཞན་དང་མི་འདྲ་ཁྱད་པར་འཕགསཿ ཐོས་པས་གྲོལ་བའི་གདམས་པ་འདིཿ དགའ་རབ་རྡོ་རྗེའི་ཐུགས་ཕྱུང་ནསཿ ཨོ་རྒྱན་པདྨ་ཉིད་ལ་གཏདཿ བདག་གིས་མ་འོངས་སེམས་ཅན་དོནཿ རིན་ཆེན་ས་ཡི་གཏེར་དུ་སྦསཿ ལས་ཅན་སྐྱེས་བུ་གཅིག་དང་སྤྲོདཿ དེ་ཡིས་འགྲོ་བ་ཀུན་འདྲེན་འགྱུརཿ ས་མ་ཡཿ བར་དོ་གནད་ཀྱི་གདམས་པ་ཞེས་བྱ་བ་བཻ་རོ་ཙཱ་ན་ལ་གདམས་པ་རྫོགས་སོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གཏེར་རྒྱཿ སྦས་རྒྱཿ ཟབ་རྒྱཿ རཱ་ཧུ་ལ་ཁ་ཐམཿ རྒྱ་རྒྱ་རྒྱཿ གླང་ལུང་ཁྲ་མོ་ཕུག་ནས་རིག་འཛིན་སྟག་ཤམ་རྡོ་རྗེས་གདན་དྲངས་པའོཿ ཤོག་སེར་དཀྱུས་མཐོ་གསུམ་པའི་ངོས་ནས་བཤུས་སོཿ ཿ

སྐྱེ་གནས་བར་དོའི་ཁྲིད་དུག་ལྔ་ལམ་ཁྱེར་བདུད་དཔུང་ཟིལ་གནོན།

བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་རྫོགས་རིམ་ལྟ་བ་གསང་ཐིག་ལས་སྐྱེ་གནས་བར་དོའི་ཁྲིད་དུག་ལྔ་ལམ་ཁྱེར་བདུད་དཔུང་ཟིལ་གནོན་བཞུགས་སོ༔

བླ་མ་ཡིད་བཞིན་ནོར་བུ་ལ་ཕྱག་འཚལ་ལོ༔ བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས༔ སྐྱེ་གནས་བར་དོ་ཉོན་མོངས་དུག་ལྔ་ཡི༔ བདུད་དཔུང་ལམ་ཁྱེར་ཁྲིད་ཀྱི་རིམ་པ་བསྟན༔ ཨཐྎ༔ ཉོན་མོངས་བདུད་ལྔ་ལམ་ཁྱེར་འདི༔ རྩལ་སྦྱང་རིམ་བཞིན་ཤར་ཚད་དང༔ གཏན་ཕབ་ངོ་བོ་སྐུ་ལྔར་གྲོལ༔ དང་པོ་འདོད་ཆགས་བདུད་དེ་ནི༔ གཞན་གྱི་ཡུལ་ལ་འདོད་པ་འཕྲོས༔ དེ་ལ་ཞེན་པས་ཆགས་པའོ༔ འདོད་པ་ཕར་ལ་བྱས་པ་ཡིས༔ ཞེན་ཞེ་འདོད་པ་ཚུར་ལ་བྱུང་བས་ན༔ རང་ལ་འདོད་ཆགས་བདུད་དུ་བྱུང༔ འདོད་ཆགས་རང་ལ་སྐྱེས་དུས་སུ༔ འདོད་ཆགས་མི་སྤངས་ངོ་བོར་བལྟ༔ འདོད་ཆགས་ཡུལ་དང་ཆགས་མཁན་དང༔ ཆགས་པའི་ངོ་བོ་ཅི་ལྟར་འདུག༔ བལྟས་པས་ཆགས་མཁན་ཆགས་ཡུལ་དང༔ ཆགས་པའི་རང་བཞིན་མ་གྲུབ་པས༔ འདོད་ཆགས་བདེ་སྟོང་ཆེན་པོར་གྲོལ༔ ཁམས་གསུམ་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི༔ འདོད་ཆགས་ཐམས་ཅད་བདག་གི་འདོད་ཆགས་འདིས༔ གོ་ཆོད་པར་གྱུར་ནས་བདེ་སྟོང་སྐྱེས་པར་བསམ༔ སྨོན་ལམ་བཏབ་ཅིང་སྐྱོ་བ་བསྐྱེད༔ ཀུན་རྟོག་ཡེ་ཤེས་ཀློང་དུ་གྲོལ༔ འདོད་ཆགས་པདྨ་གུ་རུར་གྲོལ༔ འདོད་ཆགས་ཐར་ལམ་ཆེན་པོར་རྫོགས༔ འདོད་ཆགས་བདེ་སྟོང་ལམ་ཁྱེར་ཟབ༔ ཨཐྎ༔ གྷུཧྱ༔ གཉིས་པ་ཞེ་སྡང་ལམ་ཁྱེར་ནི༔ དང་པོ་ཞེ་སྡང་བདུད་དེ་ནི༔ ཞེ་བ་སྣང་བའི་ཡུལ་ལ་འཆང༔ སྡང་བ་གཞན་ལ་གནོད་སེམས་བསྐྱེད༔ ཞེ་སྡང་ཕར་ལ་བྱས་པ་ཡིས༔ གནོད་པ་རང་ལ་ཚུར་ལ་ལོག༔ ཞེ་སྡང་རང་ལ་བདུད་དུ་འོང༔ རང་ལ་ཞེ་སྡང་སྐྱེས་དུས་སུ༔ ཞེ་སྡང་མི་སྤངས་ངོ་བོར་བལྟ༔ ཞེ་སྡང་ཡུལ་དུ་ཆགས་མཁན་གང༔ སྡང་བའི་ངོ་བོ་ཅི་ལྟར་འདུག༔ བལྟས་པས་སྡང་མཁན་སྡང་ཡུལ་དང༔ སྡང་བའི་རང་བཞིན་མ་གྲུབ་པས༔ ཞེ་སྡང་སྟོང་གསལ་ཆེན་པོར་གྲོལ༔ ཁམས་གསུམ་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི༔ ཞེ་སྡང་ཐམས་ཅད་བདག་གི་ཞེ་སྡང་འདིས་གོ་ཆོད་པར་གྱུར་ཅིག༔ བྱམས་པ་རྒྱུད་ལ་སྐྱེ་བའི་སྨོན་ལམ་བཏབ་ཅིང་ཞེ་སྡང་སྙིང་རྗེ་བསྐྱེད༔ ཞེ་སྡང་ངོ་བོ་བྱམས་པ་བསྒོམ༔ མེ་ལོང་ཡེ་ཤེས་ངང་དུ་གྲོལ༔ ཞེ་སྡང་བཛྲ་གུ་རུར་གྱུར༔ ཞེ་སྡང་ཐར་ལམ་ཆེན་པོར་རྫོགས༔ ཞེ་སྡང་གསལ་སྟོང་ལམ་ཁྱེར་ཟབ༔ ཨཐྎ༔ གྷུཧྱ༔ གསུམ་པ་གཏི་མུག་ལམ་ཁྱེར་ནི༔ མ་རིག་གཏི་མུག་བདུད་དེ་ནི༔ གཏི་བས་རང་ཉིད་ངོ་མ་ཤེས༔ མུག་པས་གཞན་ལ་མ་རིག་སྒྲིབ༔ ཕར་ལ་གཞན་གྱི་དོན་མ་རྟོགས༔ ཚུར་ལ་རང་སེམས་མ་རྟོགས་པས༔ གཏི་མུག་རང་གི་བདུད་དུ་བྱུང༔ རང་ལ་བླུན་རྨུགས་སྐྱེས་དུས་སུ༔ གཏི་མུག་མི་སྤངས་ངོ་བོར་བལྟ༔ གཏི་མུག་ཡུལ་དང་རྨུགས་མཁན་གང༔ གཏི་མུག་ངོ་བོ་ཇི་ལྟར་འདུག༔ བལྟས་པས་རྨུགས་མཁན་རྨུགས་པའི་ཡུལ༔ རྨུགས་པའི་ངོ་བོ་མ་གྲུབ་པས༔ གཏི་མུག་སྟོང་ཉིད་ཆེན་པོར་ཤར༔ ཁམས་གསུམ་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་གཏི་མུག་ཐམས་ཅད་བདག་གི་གཏི་མུག་འདིས་གོ་ཆོད་པར་གྱུར་ནས་སྟོང་ཉིད་རྒྱུད་ལ་སྐྱེ་བར་གྱུར་ཅིག༔ སྨོན་ལམ་བཏབ་ཅིང་སྙིང་རྗེ་བསྐྱེད༔ གཏི་མུག་སྟོང་ཉིད་ཆོས་དབྱིངས་ངང་དུ་གྲོལ༔ གཏི་མུག་བྷུདྷ་གུ་རུར་གྱུར༔ གཏི་མུག་ཐར་ལམ་ཆེན་པོ་རྫོགས༔ གཏི་མུག་ཐར་པའི་ལམ་ཁྱེར་ཟབ༔ ཨཐྎ༔ གྷུཧྱ༔ བཞི་པ་ང་རྒྱལ་ལམ་ཁྱེར་ནི༔ ང་རྒྱལ་ཉོན་མོངས་བདུད་དེ་ནི༔ ང་ནི་ང་རང་ཆེ་བ་རློམ༔ རྒྱལ་བ་གཞན་ལ་བརྙས་པ་བྱས༔ ང་རྒྱལ་ཕར་ལ་བྱས་པ་ཡིས༔ ལན་པོ་ཚུར་ལ་ལོག་པ་ནི༔ ང་རྒྱལ་རང་གི་བདུད་དུ་བྱུང༔ ང་རྒྱལ་རང་ལ་སྐྱེས་དུས་སུ༔ ང་རྒྱལ་མི་སྤང་ངོ་བོར་བལྟ༔ ང་རྒྱལ་ཡུལ་དང་རྒྱལ་མཁན་གང་༔ ང་རྒྱལ་ངོ་བོ་ཅི་ལྟར་འདུག༔ བལྟས་པས་ང་རྒྱལ་རྒྱལ་མཁན་རྒྱལ་ཡུལ་དང་༔ ང་རྒྱལ་ངོ་བོ་མ་གྲུབ་པས༔ ང་རྒྱལ་ཚོར་སྟོང་ཆེན་པོར་གྲོལ༔ ཁམས་གསུམ་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་ང་རྒྱལ་བདག་གི་ང་རྒྱལ་འདིས་གོ་ཆོད་པར་གྱུར་ནས་སྙིང་རྗེ་རྒྱུད་ལ་སྐྱེ་བར་གྱུར་ཅིག༔ སྨོན་ལམ་བཏབ་ཅིང་སྙིང་རྗེ་བསྐྱེད༔ ང་རྒྱལ་ངོ་བོ་མཉམ་པར་བཞག༔ མཉམ་ཉིད་ཡེ་ཤེས་ངང་དུ་གྲོལ༔ རཏྣ་གུ་རུའི་སྐུ་རུ་གྱུར༔ ང་རྒྱལ་ཐར་ལམ་ཆེན་པོ་རྫོགས༔ ང་རྒྱལ་ཚོར་སྟོང་ལམ་ཁྱེར་ཟབ༔ ཨཐྎ༔ གྷུ་ཧྱ༔ ལྔ་པ་ཕྲག་དོག་ལམ་ཁྱེར་ནི༔ དང་པོ་ཕྲག་དོག་བདུད་དེ་ནི༔ ཕྲག་པ་རང་རྟོག་ངན་པ་དེ༔ དོག་པ་གཞན་སྣང་བློར་མི་ཤོངས༔ ཕྲག་དོག་ཕར་ལ་བྱས་པ་ཡིས༔ ཉེར་ལེན་ཚུར་ལ་བྱུང་བ་ཡིན༔ ཕྲག་དོག་རང་གི་བདུད་དུ་བྱུང་༔ རང་ལ་ཕྲག་དོག་སྐྱེས་དུས་སུ༔ ཕྲག་དོག་མི་སྤངས་ངོ་བོར་བལྟ༔ ཕྲག་དོག་ཡུལ་དང་དོག་མཁན་གང་༔ ཕྲག་དོག་ངོ་བོ་ཇི་ལྟར་འདུག༔ ཁ་དོག་གཟུགས་དབྱིབ་རྩད་མཐའ་ཆོད༔ བལྟས་པས་ཕྲག་དོག་དོག་མཁན་ཡུལ༔ ཕྲག་དོག་རང་བཞིན་མ་གྲུབ་པས༔ ཕྲག་དོག་ཡེ་སྟོང་ཆེན་པོར་གྲོལ༔ མཁའ་མཉམ་སེམས་ཅན་འགྲོ་བ་ཐམས་ཅད་ཀྱི་ཕྲག་དོག་བདག་གི་ཕྲག་དོག་འདིས་གོ་ཆོད་པར་གྱུར་ནས་བཏང་སྙོམས་རྒྱུད་ལ་སྐྱེ་བར་གྱུར་ཅིག༔ སྨོན་ལམ་བཏབ་ཅིང་ཚད་མེད་བསྐྱེད༔ ཕྲག་དོག་ངོ་བོ་བཏང་སྙོམས་ཚད་མེད་བསྒོམ༔ ཕྲག་དོག་བྱ་གྲུབ་ཡེ་ཤེས་གྲོལ༔ ཀརྨཱ་གུ་རུའི་སྐུ་རུ་གྱུར༔ ཕྲག་དོག་ཡེ་སྟོང་ཐར་ལམ་རྫོགས༔ ཕྲག་དོག་མ་སྤངས་ལམ་ཁྱེར་ཟབ༔ ཨཐྎ༔ གཱུ་ཧྱ༔ བདུད་ཞེས་བྱ་བ་ལོགས་སུ་མེད༔ ཉོན་མོངས་རྒྱས་པས་དགེ་བ་བཅོམ༔ འཁྲུལ་རྟོག་རང་གིས་རང་མ་རིག༔ འཁྲུལ་རྟོག་རང་ག་རྒྱས་པ་ཡིས༔ བག་ཆགས་རྗེས་སུ་རབ་འབྲང་པས༔ བདུད་ཅེས་བྱ་བར་མིང་ཡང་བཏགས༔ བསོད་ནམས་སྟོབས་ཀྱིས་ཆོས་བར་བཅད༔ ལྷ་ཡི་བུ་ཡི་བདུད་ཡིན་ནོ༔ དུག་ལྔའི་དབང་སོང་བར་བཅད་པས༔ ཉོན་མོངས་བདུད་ཅེས་བྱ་བའོ༔ ལེ་ལོ་འཁྲུལ་འབྱམས་ཚེ་འདིར་སོང༔ ཕུང་པོའི་བདུད་ཅེས་བྱ་བའོ༔ ནད་དང་འབྱུང་འཁྲུག་འཆི་བ་ལ༔ འཆི་བདག་བདུད་ཅེས་བྱ་བ་ཏེ༔ བདུད་བཞིའི་རྩ་བ་ཉོན་མོངས་ལྔ༔ འདི་ལ་མ་འདུས་མེད་པས་གཟབ༔ བདུད་དེ་རང་གིས་རང་འདུལ་གྱིས༔ སཱ་མཱ་ཡཱ༔ ཨཐྎ༔ གྷུཧྱ༔ རྒྱ་རྒྱ་རྒྱ༔ ཉོན་མོངས་དུག་ལྔ་བདུད་ལྔ་དེ༔ མ་སྤངས་འཁོར་བའི་རྩ་བའོ༔ ལམ་ཁྱེར་ཐར་པ་བདེ་ཆེན་ཐོབ༔ མ་སྤངས་ལམ་ཁྱེར་གནས་སུ་དག༔ དུག་ལྔ་ཡེ་ཤེས་ཀློང་དུ་གྲོལ༔ བདུད་ལྔ་རང་གྲོལ་སངས་རྒྱས་སོ༔ ཚོགས་དྲུག་ཡུལ་སྣང་རེ་རེ་ཞིང༔ ལེགས་པར་བལྟ་ཞིང་རྩལ་སྦྱངས་བྱ༔ རང་གིས་ཉམས་དང་མྱོང་བ་ལ༔ ལེགས་པར་བརྟགས་ཤིང་རྩལ་སྦྱངས་བྱ༔ བཟང་ངན་བར་གསུམ་ཐོག་མཐའ་ལས༔ ལེགས་པར་བརྟགས་ཤིང་རྩལ་སྦྱངས་བྱ༔ སྦྲུལ་མདུད་བཞིན་དུ་རང་སང་གྲོལ༔ དུག་ནི་བདུད་རྩིར་གྱུར་པའོ༔ སེམས་ཉིད་གསལ་སྟོང་ངང་གིས་གསལ༔ ངོ་བོ་སྟོང་པ་ཆོས་སྐུར་རྟོགས༔ རང་བཞིན་གསལ་བ་ལོངས་སྐུར་རྟོགས༔ ཐུགས་རྗེས་ཀུན་ཁྱབ་སྤྲུལ་སྐུར་རྟོགས༔ དུག་ལྔ་སྐུ་གསུམ་རང་ཆས་གྱུར༔ རྐྱེན་ཀྱིས་བསྐུལ་བས་དུག་ལྔ་སྐྱེས༔ ཞེ་སྡང་རང་གར་སྐྱེས་པ་དེ༔ ནང་དུ་ལོགས་ནས་ཞེ་སྡང་ལ་བལྟས་ཏེ༔ ཞེ་སྡང་གཟུགས་དང་ཁ་དོག་མ་གྲུབ་པས༔ གསལ་ལ་མ་འགགས་མེ་ལོང་ཡེ་ཤེས་སོ༔ ཕྱི་རུ་ང་རྒྱལ་རང་གར་སྐྱེས༔ དེ་ཉིད་ནང་ལོགས་བལྟས་པ་ཡིས༔ ང་རྒྱལ་གཟུགས་དང་ཁ་དོག་མ་གྲུབ་པས༔ བདག་གཞན་མཉམ་ལ་མ་འདྲེས་སོ༔ ང་རྒྱལ་མཉམ་ཉིད་ཡེ་ཤེས་ཡིན༔ འདོད་ཆགས་རང་ག་སྐྱེས་པ་དེ༔ ཁ་ནི་ནང་ལོགས་བལྟས་པ་ན༔ འདོད་ཆགས་ངོ་བོ་འཛིན་མཁན་མ་གྲུབ་བོ༔ སོ་སོར་གསལ་ལ་མ་གྲུབ་པས༔ འདོད་ཆགས་སོར་རྟོག་ཡེ་ཤེས་སོ༔ ཕྲག་དོག་གཞན་ལ་དོག་པ་སྐྱེས༔ ཁ་ནང་ལོགས་ནས་དེ་ཉིད་བལྟས་པའི་དུས༔ ཕྲག་དོག་ངོ་བོ་གཟུགས་དང་དབྱིབས་མ་གྲུབ༔ རང་བཞིན་དག་ནས་ནན་ཏན་ཡེ་ཤེས་སོ༔ ཕྱིར་བལྟས་མ་རིག་བདག་ཏུ་འཛིན༔ ནང་དུ་བལྟས་པས་བདག་དང་འཛིན་ཡུལ་མེད༔ ཐམས་ཅད་རང་བཞིན་མེད་པར་ཤེས་པ་དེ༔ གཏི་མུག་ཆོས་དབྱིངས་ཡེ་ཤེས་ཤར༔ དུག་ལྔ་སྣ་ཚོགས་ཕྱིར་སྐྱེས་དུས༔ ནང་དུ་སྐྱེ་མཁན་ངོ་བོར་བལྟས༔ དུག་ལྔའི་ངོ་བོ་མ་གྲུབ་སྟོང༔ སྟོང་གསལ་ཡེ་ཤེས་ལྔ་རུ་གསལ༔ ཆོས་རྣམས་ཐམས་ཅད་རང་བཞིན་མེད་པའི་ཤེས་རབ་གྱིས༔ གཏི་མུག་ཆོམ་པས་བྷུདྡྷ་གུ་རུ་ཡི༔ དགོངས་དོན་རྟོགས་པས་འགྲོ་དོན་བྱེད༔ བདག་གཞན་རང་བཞིན་མེད་པར་རྟོགས་པ་ཡིས༔ འགྲོ་ལ་བྱམས་དང་སྙིང་རྗེ་བསྐྱེད༔ ཞེ་སྡང་བྱམས་པས་ཆོམ་པ་བཛྲ་གུ་རུ་ཡི༔ དགོངས་དོན་འགྲོ་དོན་བྱེད་པའོ༔ བདག་འཛིན་རང་བཞིན་མེད་པར་ཤེས་པ་ཡིས༔ ང་རྒྱལ་བདག་མེད་ཆོམ་པས་རཏྣ་གུ་རུ་ཡི༔ དགོངས་པས་འགྲོ་དོན་བྱེད་པའོ༔ ཡུལ་ལ་རང་བཞིན་མེད་པར་ཤེས་པ་ཡིས༔ ཆགས་ཞེན་གྲོལ་ནས་འདོད་ཆགས་ཆོམ༔ པདྨ་གུ་རུའི་དགོངས་པས་འགྲོ་དོན་བྱེད༔ བདག་གཞན་མ་གྲུབ་རིས་མེད་ཀྱི༔ ཕྲག་དོག་ཆོམ་པས་ཀརྨཱ་གུ་རུའི་དགོངས་པ་ཡིན༔ འགྲོ་དོན་ཕྲིན་ལས་འགྱེད་པའོ༔ དུག་ལྔ་རང་གྲོལ་སྨན་དུ་གྱུར༔ བདག་ཏུ་བཟུང་བ་བཙལ་མི་རྙེད༔ བྱང་ཆུབ་ཆེན་པོའི་བཙན་མཁར་འཛིན༔ བདུད་ཀྱི་དམག་དཔུང་བྱུང་ན་ཡང༔ ཉམ་ང་བག་ཚ་མེད་པའི་ཡོན་ཏན་ལྡན༔ ཀུན་བཟང་པདྨའི་དགོངས་པའོ༔ ཡི་དམ་དགོངས་པ་འདུས་པའི་ཡང་སྙིང་ཡིན༔ ཚེ་གཅིག་ལུས་གཅིག་སྐྱེས་ནས་མ་ཤིའི་བར༔ བསྐྱེད་རྫོགས་ལམ་ཁྱེར་གནས་ལུགས་གཏན་ཕེབས་གཅེས༔ བྱིན་རླབས་བླ་མའི་སྒྲུབ་པ་འདི་ལ་འབུངས༔ པདྨས་ཐུགས་རྗེས་མི་གཏོང་ཐ་ཚིག་ཡིན༔ སཱ་མཱ་ཡཱ༔ ཨཐྎ༔ གྷུ་ཧྱ༔ ཟབ་རྒྱ༔ རྒྱ་རྒྱ་རྒྱ༔

རྨི་ལམ་བར་དོའི་གདམས་པ་བག་ཆགས་དག་བྱེད།

བླ་མ་ཡིད་བཞིན་ནོར་བུའི་རྫོགས་རིམ་ལྟ་བ་གསང་ཐིག་ལས་རྨི་ལམ་བར་དོའི་གདམས་པ་བག་ཆགས་དག་བྱེད་བཞུགས་སོ༔

བླ་མ་ཡིད་བཞིན་ནོར་བུ་ལ་ཕྱག་འཚལ་ལོ༔ བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ཡི༔ རྫོགས་རིམ་ཟབ་མོ་ལྟ་བའི་གསང་ཐིག་ལས༔ བག་ཆགས་དག་བྱེད་རྨི་ལམ་བར་དོའི་ཁྲིད༔ རྨི་ལམ་འོད་གསལ་གདམས་པ་བསྟན་པ་ནི༔ ཨོ་རྒྱན་ཆེན་པོས་བཀའ་སྩལ་བ༔ ཉོན་ཅིག་སྣོད་ལྡན་རྣལ་འབྱོར་མ༔ རྨི་ལམ་བར་དོ་འོད་གསལ་ཁྲིད༔ འདུན་པ་དྲག་པོས་སྦྱངས་པ་ནི༔ རླུང་དང་ཤེས་པ་འདུ་འཕྲོད་དེ༔ ལུས་ཀྱི་རྩ་ནང་འདུས་པ་ལས༔ གཉིད་དུ་འགྲོ་སྟེ་མ་སད་བར༔ རྨི་ལམ་སྒྱུ་མ་བར་དོ་ཡིན༔ དེ་རུ་རྨི་ལམ་རྟོག་པ་ནི༔ བདེ་སྡུག་སྣ་ཚོགས་སེམས་སུ་ཤར༔ ཐམས་ཅད་བག་ཆགས་ཁ་ལོ་སྒྱུར༔ སྔོན་གྱི་ཆོས་ཉིད་དྲན་པ་ནི༔ གནས་ལུགས་གོམས་ཤིང་བརྟན་པ་ན༔ རྨི་ལམ་བར་དོའི་སྡུག་བསྔལ་གྲོལ༔ གནས་ལུགས་མ་དྲན་རྨི་ལམ་དེ༔ འཁྲུལ་རྟོག་བདེ་སྡུག་སྣ་ཚོགས་འོང༔ འདུན་པ་དྲག་པོས་རྩོལ་འཛིན་དགོས༔ ཉིན་སྣང་ཀ་དག་ཉམས་ལེན་དང༔ བདེ་སྡུག་རྫུན་སྣང་རྟོག་པ་ལམ་ཁྱེར་དགོས༔ མཚན་མོ་འོད་གསལ་འདུལ་ཁྲིམས་དགོས༔ ཁྱད་པར་ཐོད་རྒལ་གནད་དུ་ཟབ༔ གནས་ལུགས་ངང་དུ་གོང་ལྟ་བུ༔ བླ་མའི་རྣལ་འབྱོར་མོས་གུས་བྱེད༔ ཉིན་སྣང་རྨི་ལམ་སྦྱོང་བ་ནི༔ འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན༔ མི་རྟག་རྨི་ལམ་ཡིན་པར་ཤེས་པ་བྱ༔ ཉིན་མོ་ལམ་ཁྱེར་འོད་དུ་གསལ༔ དང་པོ་ཉིན་སྣང་ཀ་དག་ངང་༔ དེ་དང་མོས་གུས་འབྲེལ་བས་མཚན་མོའི་དུས༔ རྨི་ལམ་མཚན་མོ་འོད་གསལ་ཁྲིད༔ བག་ཆགས་འབྲེལ་མཚམས་སྦྱོར་བ་ནི༔ མཚན་མོ་གཉིད་ཚེ་མགྲིན་པ་རུ༔ པདྨ་དམར་པོ་ཁ་ཟླུམ་པོ༔ བུམ་སྐུའི་རྣམ་པའི་དབུས་ཉིད་དུ༔ ཐིག་ལེ་དཀར་དམར་དངུལ་ཆུའི་མདོག༔ རྣམ་པ་བུང་བའི་ཚད་ཙམ་ལ༔ རིག་པ་རྩེ་གཅིག་གཏད་པར་བྱ༔ རྨི་ལམ་འོད་གསལ་ཟིན་པར་བྱ༔ སྙམ་པའི་ངང་དུ་གཉིད་ལོག་གོ༔ དེ་ཚེ་རྨི་ལམ་ཟིན་པ་ན༔ རང་ལུས་མེ་དང་ཆུ་ལ་སོགས༔ སྤྲུལ་བསྒྱུར་སྣ་ཚོགས་བྱེད་པའོ༔ ཆུ་དང་འཇིགས་སྐྲག་གཡང་ལ་སོགས༔ གང་བྱུང་རྨི་ལམ་ཤེས་པ་ཡིས༔ བདེན་མེད་ཡིན་པ་དྲན་པས་ཟུངས༔ དྲན་པས་ཟིན་པས་རང་སར་གྲོལ༔ རབ་ཀྱིས་ཉོན་མོངས་དེ་གའི་སྟེང༔ ཀ་དག་ངང་དུ་རང་སར་གྲོལ༔ འབྲིང་གིས་རྨི་ལམ་འོད་གསལ་ཟིན༔ ཐ་མ་རྨི་ལམ་རྨི་ལམ་ཤེས༔ གོང་གིས་རྨི་ལམ་མ་ཟིན་ན༔ མགྲིན་པ་བུམ་སྐུ་ཐིག་ལེའི་ལམ༔ ཐིག་ལེ་འོད་འབར་མར་མེ་ལྟ་བུ་ལ༔ རྨི་ལམ་རྩེ་གཅིག་གཏད་ལ་བཟུང༔ དེ་ལ་ཟིན་ནས་སྣང་སྲིད་རྨི་ལམ་ངོ་བོར་བསམ༔ དེ་རྗེས་ཚུར་འདུས་པདྨ་བུམ་པའི་ནང༔ ཐིག་ལེ་དམར་པོ་སྲན་མ་ཙམ༔ ཡི་གེ་ཨཱཿདམར་མང་པོ་ཡིས༔ གསལ་བསྐོར་ཀྱིལ་ལེར་བྱེད་པར་བསམ༔ འདུན་པ་རྩེ་གཅིག་རབ་ཏུ་གཏད༔ རྨི་ལམ་ཡིན་བསམ་མ་ཡེངས་བྱ༔ ཐམས་ཅད་གནད་དུ་གཉིད་དུས་སུ༔ གཉིད་མཚམས་རྩེ་གཅིག་མ་ཡེངས་པར༔ རྨི་ལམ་ཡིན་ནོ་བདེན་ཡོད་མིན༔ རྩེ་གཅིག་རྟོག་པས་བར་མ་ཆོད༔ ཡེངས་མེད་ངང་དུ་ཉལ་བར་བྱ༔ ཧ་ཅང་བསྒྲིམ་ན་བྱ་ཡར་དོགས༔ དང་པོ་འདུན་པས་མཚམས་བཅོས་ལ༔ གཉིད་དུ་འགྲོ་དུས་རྟོག་མེད་དུ༔ འདུན་པའི་ངང་དུ་གཉིད་ལོག་ན༔ ངེས་པར་ཟིན་པ་གནད་དུ་ཆེ༔ དེ་ལ་ཟིན་ནས་འདུན་པ་བསྒྱུར༔ རྩལ་སྦྱངས་སྤྲུལ་བསྒྱུར་དུ་མ་ཡིས༔ བྱ་ཁྱུང་བྱ་རྒོད་ལ་སོགས་དང༔ ཞིང་ཁམས་ལྔ་དང་ཨོ་རྒྱན་ཡུལ༔ སྟེང་འོག་ལྷ་དང་ལྷ་མིན་ཡུལ༔ གང་འདོད་ཡུལ་དུ་སྤྲུལ་ཞིང་འགྲོ༔ རིག་པ་རྡོ་རྗེ་རྩེ་ལྔ་འབར༔ སྤྲུལ་ཞིང་ལྷོ་ནུབ་ཟངས་མདོག་ཡུལ༔ གུ་རུ་ཉིད་ཀྱི་དྲུང་དུ་འགྲོ༔ ལྷ་དང་ཀླུ་དང་གནོད་སྦྱིན་གྱི༔ བུ་མོ་རྣམས་དང་སྦྱོར་དུ་འགྲོ༔ ཞིང་ཁམས་ལྔ་དང་མཇལ་དུ་འགྲོ༔ ནུབ་ཕྱོགས་བདེ་ཆེན་རི་བོ་ཏ་ལའི་ཞིང༔ དུར་ཁྲོད་བརྒྱད་དང་ཡུལ་ཉི་ཤུ༔ ཞིང་ཁམས་རྣམས་སུ་སྤྲུལ་ཞིང་ཉུལ༔ རང་སེམས་ལྷ་ཡི་ཕྱག་མཚན་རྣམས༔ ཞི་དྲག་གང་དགོས་བསྒྱུར་བ་ཡིས༔ རང་ཤར་དག་སྣང་མཐོང་བར་འགྱུར༔ བར་དོར་ལོངས་སྐུ་རང་དབང་ཐོབ༔ ཀུན་གྱི་གནད་དུ་ཉིན་མོ་བླ་མ་ལ༔ འདུན་པ་རྩེ་གཅིག་མོས་གུས་གནད༔ ཡང་ན་གཉིད་འཚམས་འདུན་པ་ཡིས༔ མགྲིན་པའི་པདྨ་ཐིག་ལེའི་མལ༔ གུ་རུ་ཞི་སྐུ་ཚོན་གང་བ༔ སྐུ་གསུམ་ཆ་བྱད་གང་རུང་ལ༔ མཁའ་འགྲོ་དཀར་མོ་རྒྱན་མེད་པས༔ བསྐོར་བ་ཀྱིལ་ལེ་བྱེད་པར་བསམ༔ གསོལ་བ་བཏབ་ཅིང་རྩེ་གཅིག་གནད༔ རབ་ཀྱིས་རྨི་ལམ་རང་དབང་ཐོབ༔ ཀ་དག་སྟེང་དུ་མཉམ་བཞག་ཐུབ༔ མྱུར་དུ་འོད་གསལ་བརྟན་པ་ཐོབ༔ ཉིན་མཚན་འཁྲུལ་པས་བར་མི་ཆོད༔ ཟུང་འཇུག་འོད་གསལ་ཁ་སྦྱོར་སྟེ༔ བར་དོ་མེད་པར་སངས་རྒྱས་སོ༔ རང་བཞིན་ཀ་ནས་དག་པ་ཡི༔ སྐྱེས་བུས་འོད་གསལ་ཉམས་བླངས་པས༔ རྨི་ལམ་དུ་ནི་དྲན་ཤེས་པའི༔ དེ་ཉིད་མཉམ་པར་སྦྱོར་བ་ནི༔ བཅོ་ལྔའི་ཟླ་ནུབ་ཉི་ཤར་ཚེ༔ དེ་ཚེ་མུན་པས་མི་ཆོད་ལྟར༔ རྣལ་འབྱོར་འཁྲུལ་པའི་གྲོང་ཁྱེར་དུ༔ མི་འཇུག་འདི་ཉིད་སྐད་ཅིག་གྲོལ༔ འཁྲུལ་པའི་གྲོང་ཁྱེར་ག་ལ་འཇུག༔ ཀ་དག་འོད་གསལ་སངས་རྒྱས་སོ༔ ཨེ་མ་ངོ་མཚར་རྨི་ལམ་འོད་གསལ་ཟབ༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ཀྱི་ཐུགས་ལ་ཆོངས༔ ཨཐྎ༔ གྷུ་ཧྱ༔ གཉིས་པ་རྨི་ལམ་རྣལ་འབྱོར་པས༔ རྨི་ལམ་འོད་གསལ་ཀ་དག་ལས༔ ཉིན་སྣང་འདུན་པ་ལམ་ཁྱེར་ནི༔ དང་པོ་འཁོར་འདས་ཆོས་རྣམས་ཀུན༔ རྨི་ལམ་ཡིན་པར་ཤེས་པར་བྱ༔ སྔར་འདས་མ་འོངས་ཆོས་རྣམས་ཀུན༔ རྨི་ལམ་ཡིན་པས་འཇིག་ནས་མེད༔ ད་ལྟའི་ཆོས་རྣམས་ཐམས་ཅད་ཀུན༔ རྨི་ལམ་ལྟ་བུར་རྟག་མི་ཐུབ༔ ཉིན་མོའི་དུས་ཀྱི་བྱ་བ་རྣམས༔ མཚན་མོ་རྨི་ལམ་དུས་སུ་བདེན་མེད་འགྲོ༔ མཚན་དུས་རྨི་ལམ་བྱ་བ་རྣམས༔ ཉིན་མོ་གཉིད་སད་བདེན་མེད་འགྲོ༔ ཉིན་མཚན་གཉིས་ཀ་མི་བདེན་པས༔ ཐམས་ཅད་བདེན་མེད་རྨི་ལམ་ཡིན༔ བདེན་པར་གྲུབ་པ་གང་ཡང་མེད༔ རྨི་ལམ་རྨི་ལམ་མ་ཤེས་པས༔ བདེན་པར་བཟུང་བས་སེམས་ཅན་བྱུང༔ རྟག་མི་ཐུབ་པས་སྡུག་བསྔལ་ཏེ༔ ཟད་མཐའ་མེད་པར་འཁོར་བ་ཡིན༔ དེ་ཕྱིར་འདུན་པས་མི་རྟགས་བསམ༔ རྨི་ལམ་ངོ་ཤེས་སངས་རྒྱས་ཏེ༔ ཇི་ལྟར་ཤར་ཡང་དགག་སྒྲུབ་མེད༔ འོད་གསལ་ངང་ནས་སྤྱོད་པ་ཡིས༔ རྨི་ལམ་ཡིན་པར་ཤེས་པར་བྱ༔ ཨཐྎ༔ གྷུཧྱ༔ གསུམ་པ་སྒྱུ་མ་གཏན་ལ་དབབ་པ་ནི༔ སྣང་གྲག་སྒྱུ་མའི་ལམ་ཁྱེར་རོ༔ ཆོས་རྣམས་རྨི་ལམ་སྒྱུ་མ་སྟེ༔ བདེན་མེད་སྒྱུ་མ་ཡིན་པ་རུ༔ འདི་ཕྱི་བར་དོ་ཐམས་ཅད་ཀུན༔ ད་ལྟ་མངོན་སུམ་གཏན་ལ་དབབ༔ ད་ལྟའི་དངོས་པོའི་སྣང་བ་ཡང༔ དཔེར་ན་ཆུ་ནང་ཟླ་བ་ལྟར༔ གཟུགས་དང་སྐྱེ་མེད་གང་གྱུར་ཀྱང༔ དངོས་པོར་འཛིན་རྒྱུ་སྤུ་ཙམ་མེད༔ དེ་བཞིན་ད་ལྟའི་དངོས་སྣང་ཀུན༔ བརྟགས་ཤིང་དཔྱད་པས་དངོས་པོ་མེད༔ བདེན་མེད་སྒྱུ་མའི་རྣམ་གཟུགས་ཡིན༔ ད་ལྟའི་སྒྲ་སྐད་ཐམས་ཅད་ཀྱང༔ དཔེར་ན་བྲག་ཆའི་སྒྲ་བཞིན་དུ༔ སྣ་ཚོགས་གྲགས་ཀྱང་རང་བཞིན་མེད༔ དེ་བཞིན་སྒྲ་སྣང་ཐོས་པ་རྣམས༔ བརྟགས་ཤིང་དཔྱད་པས་དངོས་པོ་མེད༔ བདེན་མེད་སྒྱུ་མ་འཁྲུལ་སྣང་ཡིན༔ ཡིད་ཀྱི་དྲན་རྟོག་ཐམས་ཅད་ཀྱང༔ དཔེར་ན་ནམ་མཁའི་འཇའ་སྤྲིན་ལྟར༔ མཁའ་ལས་འབྱུང་ཞིང་མཁའ་ལ་ཐིམ༔ མཁའ་ལ་གནས་པ་མ་གཏོགས་པ༔ གཞན་ནས་འཇའ་སྤྲིན་གྲུབ་པ་མེད༔ ཐམས་ཅད་ནམ་མཁའི་འཆར་ཚུལ་ལོ༔ དེ་བཞིན་དྲན་རིག་སྣ་ཚོགས་ཀྱང༔ སེམས་ལ་གནས་ཤིང་སེམས་ལ་ཐིམ༔ སེམས་སུ་གྲོལ་བ་མ་གཏོགས་པ༔ གཞན་ནས་ལོགས་སུ་འབྱུང་བ་མེད༔ ཐམས་ཅད་སེམས་ཀྱི་འཆར་ཚུལ་ཡིན༔ ཤར་ཡང་སེམས་ལ་དངོས་པོ་མེད༔ བདེན་པར་མ་གྲུབ་སྒྱུ་མ་ཡིན༔ དེ་ལྟར་མངོན་སུམ་གཏན་ཕབ་འདུན་པ་བྱ༔ ཁྱད་པར་སྣང་གྲག་ལམ་ཁྱེར་སྦྱང༔ ཐམས་ཅད་སྒྱུ་མར་གཏན་ལ་ཕབ༔ སྒྱུ་མའི་དངོས་པོ་ཅིར་ཡང་འགྱུར༔ དངོས་པོ་ཡིན་ན་བསྒྱུར་མི་བཏུབ༔ དེ་ཕྱིར་རང་གི་སྒྱུ་ལུས་དང༔ དངོས་པོའི་གཟུགས་སྣང་ཐམས་ཅད་ཀུན༔ ལྷ་དང་ལྷ་མོའི་འདུན་པ་ལམ་དུ་བྱས༔ གང་ལྟར་བྱས་པ་དེ་ལྟར་འགྱུར༔ མཚན་མོ་འོད་གསལ་ཟིན་པ་ཡིས༔ ལུས་མེད་ལུས་སྟེ་ལུས་ཀྱི་མཆོག༔ ཡེ་ཤེས་ལུས་ལེན་ཆེ་བའི་མཆོག༔ སྣང་བ་ཐམས་ཅད་ཆོས་སྐུར་འཆར༔ སྒྲ་གྲག་ཐམས་ཅད་གུ་རུའི་གསུང༔ འགག་མེད་ཡི་དམ་ལྷའི་སྙིང་པོ༔ ཆོས་ཉིད་རང་སྒྲར་ཤེས་པར་བྱ༔ གང་ལྟར་ཉན་པ་དེ་ལྟར་འགྱུར༔ གྲགས་སྟོང་ཆོས་ཉིད་གསུང་གི་མཆོག༔ སྒྲ་གྲག་ཐམས་ཅད་ཆོས་སུ་ཐོས༔ ཡིད་ལ་དྲན་རྟོག་ཐམས་ཅད་ཀུན༔ སྟོང་གསལ་སྐྱེ་མེད་ཆོས་སྐུར་བལྟ༔ གང་ལྟར་དྲན་པ་དེ་ལྟ་འགྱུར༔ དྲན་ཚད་ཆོས་ཉིད་རོལ་པར་འཆར༔ ཤར་ཙམ་ཉིད་དུ་རང་སར་གྲོལ༔ རང་གྲོལ་སངས་རྒྱས་དངོས་སུ་འགྱུར༔ གུ་རུའི་སྐུ་གསུང་ཐུགས་ཞིང་ཁམས༔ བླ་མེད་མངོན་པར་རྫོགས་སངས་རྒྱས༔ སྤྲུལ་པ་སྐུ་གསུམ་གང་འདུལ་གྱིས༔ གཞན་དོན་འཁོར་བ་དོང་སྤྲུགས་སོ༔ པདྨ་བདག་དང་མཛད་པ་མཉམ༔ རྨི་ལམ་འོད་གསལ་ཉིན་སྣང་གི༔ འདུན་པ་ལམ་ཁྱེར་ངོ་མཚར་ཟབ༔ ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཆོངས༔ རྨི་ལམ་བར་དོའི་ཁྲིད་རིམ་རྫོགས༔ བྷེ་ཙིཏྟ་དམར་མྱག༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ཨཐྎ༔ གྷུཧྱ༔

འཆི་ཁ་བར་དོའི་གདམས་པ་སྡུག་བསྔལ་རང་གྲོལ་འཆི་ལྟས་དང་བཅས་པ།

བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་རྫོགས་རིམ་ལྟ་བ་གསང་ཐིག་ལས་འཆི་ཁ་བར་དོའི་གདམས་པ་སྡུག་བསྔལ་རང་གྲོལ་འཆི་ལྟས་དང་བཅས་པ་བཞུགས་སོ༔

བླ་མ་ཡིད་བཞིན་ནོར་བུ་ལ་ཕྱག་འཚལ་ལོ༔ བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ཡི༔ རྫོགས་རིམ་ལྟ་བ་གསང་ཐིག་ལས༔ ཐོས་པས་གྲོལ་བའི་གདམས་པ་མཆོག༔ འཆི་ཁ་སྡུག་བསྔལ་བར་དོ་ཡི༔ གདམས་པ་ཟབ་མོ་བཅུད་ཕུར་གྱི༔ འཆི་བ་བརྟགས་པའི་རིམ་པ་ནི༔ ཨོ་རྒྱན་ཆེན་པོས་འདི་ལྟར་གསུངས༔ ཉོན་ཅིག་སྣོད་ལྡན་རྣལ་འབྱོར་མ༔ འདུས་བྱས་མི་རྟག་འཆི་བ་བརྟགས༔ ཕྱི་རྟགས་མི་མཐུན་སྣ་ཚོགས་ལངས༔ ནོར་དང་ལོངས་སྤྱོད་གོད་པ་འབྱུང༔ དབང་པོ་མི་གསལ་ཚིག་པ་ཟ༔ རང་སེམས་ཕྱ་ཕྱོ་རྨི་ལམ་འཁྲུག༔ དགེ་སྦྱོར་མི་འོང་སྡོད་མི་ཚུགས༔ གདམས་ངག་མི་གསལ་གྲོགས་ལ་ཆགས་སྡང་སྐྱེ༔ དེ་བྱུང་བླ་མར་གསོལ་བཏབ་ཚོགས་འཁོར་བྱ༔ བསྐང་བ་དབང་བསྐུར་ཉམས་ལེན་འབད༔ ཡོ་བྱད་ཅི་ཡོད་སྤངས་དག་བྱ༔ ནང་རྟགས་ཚེ་གཟུགས་བརྟགས་པར་བྱ༔ ཡན་ལག་ཁ་དོག་ཉམས་པ་ན༔ འབྱུང་བ་ལྔ་ཡི་འཁོར་ལོས་ཚེ་བཅུད་བསྡུས༔ ངར་གླུད་རྡོ་རྗེའི་ཚིག་གིས་བསྒྱུར༔ གསང་བ་སེམས་ལ་འཆར་བ་འོང༔ ནུས་མཐུ་མ་བསྒྲུབ་བསྟན་པ་འབྱུང༔ བླ་མ་ཡི་དམ་མཁའ་འགྲོས་ལུང་བསྟན་འབྱུང༔ གཡེངས་བ་ཆེ་དང་སྙིང་རྗེ་ཆུང༔ དུག་ལྔ་རྨོངས་སེམས་ཆགས་སྡང་དང༔ དགེ་སྦྱོར་མེད་པར་ཁེ་གྲགས་བདུད་ཀྱིས་ཁྱེར༔ ཐུན་མོང་ཚེ་ཡི་བར་ཆད་རྟགས༔ མཆོག་གི་ལམ་ལ་བར་དུ་གཅོད༔ རྣལ་འབྱོར་དངོས་གྲུབ་རྣམ་གཉིས་རིང་བའི་བདུད༔ དེ་དག་བཟློག་པར་བྱ་བ་ནི༔ རབ་ཀྱིས་ལྟ་བ་ཆོས་ཉིད་རོལ་པར་ཁྱེར༔ འབྲིང་གིས་ཉམས་ལེན་ཆགས་མེད་སྒྱུར་མར་སྦྱངས༔ ཐ་མས་རི་དྭགས་དགྲ་བྲོས་ལྟར༔ དབེན་པའི་ས་ཕྱོགས་རྒྱུས་མེད་སར༔ ཕྱོགས་མེད་བྲོས་ཤིང་ཉམས་ལེན་སྙོམས་པར་བྱ༔ རིག་པས་བཙན་ས་མ་ཟིན་པར༔ ཉམས་ལེན་དོ་རིག་བརྩོན་པར་བྱ༔ དེས་ནི་བཟློག་འགྱུར་གདོན་མི་ཟ༔ རྒྱས་པ་དཀྱུས་ལས་ཤེས་པར་གྱིས༔ ཨཐྎ༔ གྷུཧྱ༔ གཉིས་པ་འཆི་ཁའི་སྡུག་བསྔལ་ནི༔ གལ་ཏེ་ཅིས་ཀྱང་མ་བཟློག་ན༔ བཏགས་པས་གྲོལ་བའི་གདམས་པ་དག༔ རིན་ཆེན་བྲིས་ལ་མགུལ་དུ་བཏགས༔ སྐྱེལ་མ་མྱུར་མགྱོགས་འཕོ་བ་འབད༔ རིག་པ་གཏན་ཕབ་གནས་ལུགས་སྐྱོངས༔ ཐམས་ཅད་མི་རྟག་སྒྱུ་མའི་རང་བཞིན་བསམ༔ ད་ནི་འཇིག་རྟེན་བོར་ནས་འོག་མིན་ན༔ འགྲོ་བས་དགའ་ཡིས་བསམ་པའི་འདུན་པ་དང༔ རྩེ་གཅིག་ཉམས་ལེན་གསལ་བཏབ་བོ༔ ཀྱེ་མ་འཆི་བའི་བར་དོ་འབྱུང་བའི་ཚེ༔ འབྱུང་བ་ལྔ་པོ་སྟོབས་ཟད་འཁྲུགས༔ ཤིན་ཏུ་ཟུག་གཟེར་ནད་ཀྱིས་གདུངས༔ མལ་གྱི་ཐ་མ་འཆི་མལ་ཉལ༔ ཟས་ཀྱི་ཐ་མ་འཆི་ཆུ་འཐུང༔ གཏམ་གྱི་ཐ་མ་ཁ་ཆེམས་འཇོག༔ གོས་ཀྱི་ཐ་མ་འཆི་གོས་གྱོན༔ སྣང་བ་མི་སྡོད་ཤེས་པ་བན་བུན་འཕྱོ༔ དབང་པོའི་དངས་མ་མིག་ཀྱང་འགྲིབ༔ ཆུ་ཡི་དངས་མ་མཆུ་ནི་སྐམ༔ མཚེར་བའི་དངས་མ་ལྕེ་ཡང་དིགས༔ མཆིན་པའི་དངས་མ་མཆི་མ་འདུ༔ མཁལ་མའི་དངས་མ་རྣ་བ་འབྱར༔ གློ་བའི་དངས་མ་སྣ་ཡང་ཞོམ༔ ཁྲག་གི་དངས་མ་འགྲམ་པ་ཤོངས༔ བ་སྤུའི་དངས་མ་སྨིན་མ་འཚུབ༔ རུས་པའི་དངས་མ་སྦོ་ཡང་གནག༔ དབུགས་ཀྱི་དངས་མ་ངར་ཤིང་རྒོད༔ རིག་པ་མི་བཟོད་ཕྱ་ཕྱོ་འཚུབས༔ འདུས་ཤེས་དངས་མ་ལངས་གསལ་འགྲིབ་འདུག་མང་༔ རུས་པའི་དངས་མ་ཧིཀ་ཀ་འབྱིན༔ བློ་སྣ་འཚུབ་ཅིང་ལག་པ་བྲེལ༔ མགོ་ཡང་མི་ཁྱོག་ཡར་བསླངས་ཟེར༔ འཆི་བ་ངོ་ཤེས་སྡུག་བསྔལ་མང༔ ཚེ་འདས་( འདིའི་) སྣང་བ་བག་ཆགས་ཀྱི༔ ཞེན་ཅིང་ཆགས་སེམས་དྲག་པོར་སྐྱེ༔ འབྱུང་བ་ཐིམ་སྡུད་རིམ་པར་འབྱུང༔ ཆུ་ལ་ཆུ་ཐིམ་ཁ་ཆུ་སྣ་ཆུ་འཛག༔ ལྟེ་བའི་རྩ་མདུད་འཇིག་པར་སོང༔ ལུས་ཉམས་དབང་པོ་ཟུང་མི་ཐུབ༔ ས་མལ་འཆུག་ལ་ལུས་གཡོ་ལྕི༔ ཤེས་པ་བྱིང་ཞིང་སྣང་བ་སྨིག་རྒྱུར་འཆར༔ མེ་ལ་མེ་ཐིམ་ལྕེ་དང་ཁ་སྣ་སྐམ༔ སྨྲ་བར་འདོད་ཀྱང་བརྡའ་མི་འཕྲོད༔ ཆུ་ལ་ཆུ་ཐིམ་སྙིང་ཁའི་རྩ་མདུད་འཇིག༔ ཆུ་རླུང་མལ་འཆུག་ཁ་སྐོམ་ཤེས་པ་འཚུབས༔ ལུས་འཁྱག་མདངས་ཤོར་དབུགས་མི་བདེ༔ མེ་ཉིད་རླུང་ཐིམ་མགྲིན་པའི་རྩ་མདུད་འཇིག༔ མེ་རླུང་མལ་འཆུག་དྲོད་སྡུད་དོ༔ སྣང་བ་གསལ་འགྲིབ་སྲིན་བུ་མེ་ཁྱེར་འཆར༔ རྣམ་པར་ཤེས་པ་རླུང་ལ་ཐིམ་པ་ནི༔ གསང་གནས་རྩ་མདུད་འཇིག་ཅིང་རླུང་མལ་འཆུག༔ དབུགས་ལྡོག་ནང་དུ་སྡུད་མི་ཤེས༔ ཤེས་པ་འཁྲུག་ལ་འོད་སྣང་ཅུང་ཟད་འཆར༔ འབྱུང་བ་ཐིམ་པས་དབང་པོ་ཡུལ་ལྔ་འགགས༔ དེ་ཚེ་བླ་མ་བཞུགས་ན་རབ་ཡིན་ངོ་སྤྲོད་གདབ༔ མེད་ན་རྡོ་རྗེ་སྤུན་ཚོགས་ཀྱིས༔ གསལ་གདབ་ངོ་སྤྲོད་ལེགས་པར་བསྐྱར༔ རྩ་དབུ་མའི་མར་སྣའི་ཐིག་ལེ་དངས་མ་ནི༔ ལྟེ་འོག་ཐིག་ལེ་ཨཿའི་རྣམ་པའི༔ གཟུགས་སུ་ཡོད༔ རོ་མའི་ནུས་པ་ཉམས་པས་གྱེན་དུ་རྒྱུག༔ སྣང་བ་དམར་ལམ་འཆར་བ་འོང༔ དེ་ཚེ་འདོད་ཆགས་རྟོག་པ་འགགས༔ དབུ་མའི་ཡར་སྣ་རྩ་ཡི་དངས་མ་ནི༔ ཐིག་ལེ་ཧཾ་མགོ་ཐུར་བསྟན་རྣམ་པའི་གཟུགས༔ རྐྱང་མའི་ནུས་པ་ཉམས་པས་ཐུར་དུ་འབབ༔ སྣང་བ་དཀར་ལམ་ཤར་བའོ༔ དེ་ཚེ་ཞེ་སྡང་རྟོག་པ་འགགས༔ སྤྱི་བོར་ཁྱབ་བྱེད་རླུང་བྲོས་པས༔ ནག་ལམ་ཤར་བས་གཏི་མུག་རྟོག་པ་འགགས༔ དུག་གསུམ་འགགས་པས་ང་རྒྱལ་ཕྲག་དོག་རང་སར་འགགས༔ དུག་གསུམ་རྩ་གསུམ་ལ་འདུས་ཕྱིར༔ དེ་ཚེ་ཕྱི་དབུགས་ཧར་གྱིས་ཆད༔ ཕྱི་དབུགས་ཆད་དང་ནང་དབུགས་བར༔ ཉི་མ་ཡར་འཕར་ཟླ་བ་མར་བབ་ནས༔ སྙིང་ཁར་འདྲེས་པས་དབུ་མར་རླུང་སེམས་ཚུད༔ དུས་གསུམ་དབུ་མར་གནས་ཤིང་རྟོགས་པ་འགགས༔ རྣམ་པར་མི་རྟོག་ཀ་དག་ཡེ་ཤེས་ཆོས་ཀྱི་སྐུ༔ ཀུན་བཟང་དགོངས་པ་སྤྲོས་བྲལ་ལྷག་གེར་ཤར༔ གང་ཟག་དབང་པོ་རབ་ཀྱིས་ངོས་ཟིན་གྲོལ༔ ཡེ་ཤེས་ངོས་ཟིན་སངས་རྒྱས་གནས་ལུགས་ནི༔ གདེང་ལྡན་གོམས་འདྲིས་འདྲིས་པར་བྱས་སྟོབས་ཀྱིས༔ ལམ་གྱི་ནུས་པའི་ཡེ་ཤེས་དང༔ ལྷན་ཅིག་སྐྱེས་པའི་རང་འབྱུང་ཡེ་ཤེས་དེ༔ རང་ངོ་ཤེས་པས་ཆོས་སྐུ་མ་བུ་འཕྲོད༔ རིག་པ་དབྱིངས་ལ་གཏད་པ་ཡིས༔ སངས་རྒྱས་དབྱིངས་སུ་གཤེགས་པ་ཡིན༔ དབང་རབ་བར་དོ་མེད་པར་ཡར་ཟང་ཐལ༔ ཆོས་སྐུ་སྐྱེ་མེད་ཐོབ་པའོ༔ ལིངས་ཀྱིས་བསྐྱུར་བས་སྒྱུ་ལུས་ཡིན༔ ཐིམ་གྱིས་འགགས་པས་འཁྲུལ་སྣང་ཡིན༔ ལྷག་གེར་ཤར་བ་ཡེ་ཤེས་ཡིན༔ ཁྲོལ་གྱིས་གྲོལ་བ་རིག་པ་ཡིན༔ རྣལ་འབྱོར་ལུས་རྒྱ་ཞིག་པ་དང༔ ཡར་གྱི་ཟང་ཐལ་སྐད་ཅིག་དུས་མཉམ་མོ༔ དེ་ཡང་གནད་ཀྱི་གདམས་པ་ནི༔ རབ་ཀྱིས་རྣལ་འབྱོར་ངོ་སྤྲོད་ཙམ་གྱིས་གྲོལ༔ ངོ་སྤྲོད་རྟོགས་པས་གྲོལ་བ་དུས་མཉམ་མོ༔ ཆོས་བོར་འཁྲུལ་རྟོག་འགགས་པ་དུས་མཉམ་མོ༔ འཁྲུལ་རྟོག་འགགས་པས་མ་རིག་སངས་བ་དུས་མཉམ་མོ༔ ཡེ་སངས་རྒྱས་དང་མངོན་པར་རྫོགས་པ་དུས་མཉམ་མོ༔ དཔེར་ན་ཤར་ནས་ཉི་ཤར་ནུབ་ཀྱི་མུན་སངས་མཉམ༔ འབྲིང་གི་རྣལ་འབྱོར་ཉམས་སུ་བླངས་པ་ཡིས༔ བླ་མས་ངོ་སྤྲོད་དོན་རྣམས་གཅིག་ཏུ་དྲིལ་བས་མྱོང༔ མ་ཆོས་ཉིད་ཀྱི་དཀྱིལ་འཁོར་དབྱིངས་ཉིད་ལ༔ བུ་རང་བྱུང་རིག་པའི་དཀྱིལ་འཁོར་ཤར༔ བར་དོའི་སྣང་བ་མེད་པར་སངས་རྒྱས་སོ༔ རྣལ་འབྱོར་རབ་ཀྱི་ཐ་མས་ཀྱང༔ ལུས་བོར་གྲོལ་བ་དུས་མཉམ་མོ༔ གོང་ལྟར་དབུགས་ཆད་ཧ་ཟེར་བས༔ རླུང་སེམས་ནམ་མཁའི་ངང་དུ་སྙིང་ནང་ཟུག༔ དཔེ་ནི་རྟ་ལོང་རྐང་ཅན་སྐྱེས་བུ་མི་ཆགས་ལྟར༔ སེམས་དང་རིག་པ་སོ་སོར་རྒྱབ་གྱེས་སོ༔ དེ་ལས་སྦྱངས་སྟོབས་ཆེ་ཆུང་རྩ་བཟང་ངན༔ རབ་བདུན་འབྲིང་ལྔ་ཐ་མ་ཞག་གསུམ་དུ༔ སྙིང་ནང་ཁྲག་དང་ཆུ་སེར་མེད་པ་ཡི༔ ལྷང་ངེར་དགོངས་པ་བཞུགས་པར་ཡོད༔ བསག་རྒྱ་ཆེ་ཆུང་དགོངས་པས་ཤེས༔ བསག་ཆུང་རྣམས་ལ་སྐད་ཅིག་དག་ལས་མེད༔ དེ་ནས་ལུས་ཀྱི་ཁྲག་རྣམས་སྲོག་དབུགས་སྡུད༔ སྲོག་དབུགས་ཙིཏྟའི་ནང་དུ་སྡོད༔ དེ་ལས་རྩ་དཀར་ཤེལ་གྱི་སྦུ་གུར་སྡུད༔ ལམ་ནི་ཆུ་ཡི་སྒྲོན་མར་ཐོན༔ སྐུ་གསུམ་སྣང་བ་དུས་གཅིག་ཤར༔ ཐུགས་རྗེ་རང་སྣང་ཡིན་པར་ངོ་ཤེས་ན༔ སྐད་ཅིག་མ་ལ་གྲོལ་ཏེ་སྣང་བ་དང༔ རྟོག་གྲོལ་དུས་མཉམ་ཐུགས་རྗེ་ཤར༔ ཐུགས་རྗེ་ཤར་བ་དང་འགྲོ་དོན་དུས་མཉམ་མོ༔ འཆི་ཁ་བར་དོའི་གདམས་པ་ཟབ༔ ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཆོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ཆོས་ཉིད་འོད་གསལ་བར་དོའི་གདམས་པ་ངོ་སྤྲོད།

བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་རྫོགས་རིམ་ལྟ་བ་གསང་ཐིག་ལས་ཆོས་ཉིད་འོད་གསལ་བར་དོའི་གདམས་པ་ངོ་སྤྲོད་ཐོས་གྲོལ་བཞུགས་སོ༔ ༔

བླ་མ་ཡིད་བཞིན་ནོར་བུ་ལ་ཕྱག་འཚལ་ལོ༔ བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས༔ རྫོགས་རིམ་ལྟ་བ་གསང་ཐིག་གི༔ ཆོས་ཉིད་འོད་གསལ་བར་དོ་ཡི༔ གདམས་པ་ཐོས་གྲོལ་བསྟན་པ་ནི༔ ཨོ་རྒྱན་ཆེན་པོས་བཀའ་སྩལ་པ༔ ཉོན་ཅིག་སྣོད་ལྡན་རྣལ་འབྱོར་མ༔ ཆོས་ཉིད་འོད་གསལ་བར་དོ་ནི༔ ནང་དབུགས་ཆད་ནས་འོད་གསལ་སྣང་བ་འཆར༔ རླུང་ནི་རྣམ་པར་ཤེས་པ་ལ་ཐིམ་ནས༔ རྣམ་ཤེས་ནམ་མཁའ་ལ་ཐིམ་པས༔ རྣམ་ཤེས་རླུང་གི་རྟ་ལ་ཞོན༔ བར་སྣང་ཡལ་མ་ཐག་ཉིད་དུ༔ ཆོས་ཉིད་བར་དོ་ཤར་བ་ཡིན༔ ལུས་ནི་རྡོ་ལྟར་མཁྲེགས་པོར་སོང༔ འཆར་ཚུལ་འོད་ཟེར་ཁ་དོག་ལྔ༔ ཕྱོགས་མེད་ཐམས་ཅད་གསལ་བར་འགྱུར༔ ཡིད་འོང་གསལ་འཚེར་གཟི་བརྗིད་འབར༔ སོས་ཀའི་སྨིག་རྒྱུ་ལྟ་བུར་མེ་རེ་འཆར༔ མནན་ན་ནེམ་སྙམ་བཏེག་ན་འཕར༔ ཁ་དོག་ལྔ་ལྡན་དར་ཡུག་ལྟ་བུ་ནི༔ རང་གི་སྙིང་ཁར་ཟུག་ལྟར་འཆར༔ འཇིག་རྟེན་འདུག་པ་ཡུན་རིང་བས༔ གོ་བ་བཟང་ཡང་གོམས་འདྲིས་ཆུང༔ ངོས་མ་ཟིན་པས་མ་གྲོལ་སྲིད༔ ངོ་སྤྲོད་འདི་ཉིད་གསལ་གདབ་བྱ༔ ནང་དབུགས་མ་ཆད་བར་སྐབས་སུ༔ ཕོ་གཡས་མོ་གཡོན་རྣ་བ་ལ༔ སྦུག་མཆུ་གཏད་ལ་འདི་སྐད་བརྗོད༔ ཀྱཻ་རིགས་ཀྱི་བུ་ཁྱོད་འདུན་པ་དྲག་པོས་ཉོན་ཅིག་ཁྱོད་ལ་དུས་འདིར་མི་རྟག་འཆི་བ་བྱུང༔ ལུས་སེམས་བེམ་རིག་བྲལ་བ་ཡིན༔ ད་ལྟ་ཆོས་ཉིད་བར་དོ་ཤར་བ་ཡོད༔ གསལ་འཚེར་ལྷུན་སྡུག་ཕྲ་ལ་དངས༔ རང་བཞིན་བཀྲག་གསལ་ཉམ་ང་བ༔ ལྷུན་སྡུག་མེ་རེ་འཆར་བ་དེ༔ ཆོས་ཉིད་དག་པའི་འོད་གསལ་ཡིན༔ རང་རིག་ཆོས་ཉིད་རང་མདངས་ཤེས་པར་གྱིས༔ རང་ངོ་འཕྲོད་དེ་རང་ས་ཟིན༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔ འོད་ཟེར་མཐིང་ཀ་གསལ་འཚེར་བཀྲག༔ ཆོས་དབྱིངས་ཡེ་ཤེས་འོད་ཡིན་པས༔ དེ་ཉིད་རང་ངོ་ཤེས་པར་གྱིས༔ མ་དག་གཏི་མུག་ཅུང་ཡོད་ན༔ བྱོལ་སོང་འོད་ནག་བཀྲག་མེད་འཆར༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔ འོད་ཟེར་དཀར་པོ་གསལ་འཚེར་བཀྲག༔ མེ་ལོང་ཡེ་ཤེས་འོད་ཡིན་པས༔ དེ་ཉིད་རང་ངོ་ཤེས་པར་གཅེས༔ མ་དག་ཞེ་སྡང་ཅུང་ཡོད་ན༔ དམྱལ་འོད་དུད་ཁ་བཀྲག་མེད་འཆར༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔ འོད་ཟེར་སེར་པོ་གསལ་འཚེར་བཀྲག༔ མཉམ་ཉིད་ཡེ་ཤེས་འོད་ཡིན་པས༔ དེ་ཉིད་རང་ངོ་ཤེས་པར་གྱིས༔ མ་དག་ང་རྒྱལ་ཅུང་ཡོད་ན༔ ལྷ་ཡི་འོད་དཀར་བཀྲག་མེད་འཆར༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔ འོད་ཟེར་དམར་པོ་གསལ་འཚེར་བཀྲག༔ སོར་རྟོག་ཡེ་ཤེས་འོད་ཡིན་པས༔ དེ་ཉིད་རང་ངོ་ཤེས་པར་གྱིས༔ མ་དག་སེར་སྣ་ཅུང་ཡོད་ན༔ ཡི་དྭགས་སེར་མོག་བཀྲག་མེད་འཆར༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔ འོད་ཟེར་ལྗང་ཁུ་གསལ་འཚེར་བཀྲག༔ བྱ་གྲུབ་ཡེ་ཤེས་འོད་ཡིན་པས༔ དེ་ཉིད་རང་ངོ་ཤེས་པར་གྱིས༔ མ་དག་ཕྲག་དོག་ཅུང་ཡོད་ན༔ ལྷ་མིན་དམར་མདོག་བཀྲག་མེད་འཆར༔ དེ་ལ་མ་ཆགས་ཞེན་པ་སྤངས༔ དེ་དག་ཡེ་ཤེས་ལྔ་ཡི་འོད༔ མ་དག་འཁྲུལ་བའི་འོད་ལྔ་དང་༔ མཉམ་དུ་ཤར་བས་ཤན་འབྱེད་གྱིས༔ ཆོས་ཉིད་འོད་གསལ་ལྷུན་གྲུབ་དེས༔ རང་ངོ་འཕྲོད་དེ་སངས་རྒྱས་སོ༔ དེར་ཡང་ཅུང་ཟད་མ་ཟིན་ན༔ ཡེ་ཤེས་ལྔ་ཡི་རང་མདངས་འོད་ལྔའི་ནང༔ ཐིག་ལེ་ཐིག་ཕྲན་འོད་ལྔའི་མུ་ཁྱུད་བཅས༔ གསལ་འཚེར་བཀྲག་མདངས་ཤར་སྟེ་གྲོལ༔ ཐིག་ལེ་ཐིག་ཕྲན་རང་བཞིན་འོད་ལྔས་ཁྱབ༔ ཐིག་ལེ་ལྔ་ལྡན་རིགས་ལྔ་ཡབ་ཡུམ་བཅས༔ འོད་དང་འོད་ཟེར་འཇིག་རྟེན་ཐམས་ཅད་ཁེངས༔ རང་ཉིད་སྙིང་ཁར་ཟུག་པར་འཆར༔ གདོས་བཅས་ལུས་མེད་འོད་ལུས་ལ༔ སྔར་གྱི་བག་ཆགས་ལུས་ཡོད་སྙམ༔ ཕྱི་བལྟས་ནང་གསལ་ཁ་དོག་ལྡན༔ མེར་མེར་ལྡེམ་ལྡེམ་ཕྱི་ནང་ཟང་ཐལ་ལེ༔ ཁ་དོག་ལྔ་ལྡན་ཐིག་ལེ་མེ་ལོང་འདྲ༔ རིགས་ལྔའི་ཚོམ་བུ་ཞི་སྐུ་དཔག་མེད་རྣམས༔ ཡབ་ཡུམ་རོལ་པའི་ཞིང་ཁམས་སྣང་བ་འཆར༔ དེ་ཡི་དུས་སུ་བསམ་གཏན་རང་ཤུགས་གནས༔ དེ་ཉིད་ངོ་ཤེས་ལྷུན་གྲུབ་རང་ས་ཟིན༔ གལ་ཏེ་མ་ཟིན་སྒྲ་འོད་ཟེར་གསུམ་འཆར༔ སྒྲ་ནི་དབྱར་རྒུན་ཤན་འབྱེད་ལྟར༔ འབྲུག་སྟོང་ལྡིར་བ་ཅི་བཞིན་གྲགས༔ འོད་ནི་རིག་པ་རང་མདངས་ཤར༔ འོད་ཀྱི་ནང་ནས་ཟེར་ནི་སྨིག་རྒྱུ་འདྲ༔ རྣལ་འབྱོར་རབ་ནི་འོད་ལྔ་ཤར་མ་ཐག༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར༔ ཡེ་ཤེས་ལྔ་རུ་སངས་རྒྱས་སོ༔ རྣལ་འབྱོར་འབྲིང་ནི་ཚོམ་བུ་ཤར་མ་ཐག༔ རིག་པ་སྐུ་རུ་ཤར་ནས་སངས་རྒྱས་སོ༔ རྣལ་འབྱོར་ཐ་མ་སྒྲ་འོད་ཤར་མ་ཐག༔ ཡི་དམ་དཀྱིལ་འཁོར་ཤར་སྟེ་སངས་རྒྱས་སོ༔ དེ་ཡང་མངོན་ཤེས་དྲུག་ཤར་ཏེ༔ སྔོན་གྱི་སྐྱེ་གནས་ཤེས་པ་དང༔ འཆི་འཕོས་གར་སྐྱེ་ཤེས་པ་དང༔ མཚན་དོན་རྣམ་པར་ཤེས་པ་དང༔ རིགས་དྲུག་སྡུག་བསྔལ་ཤེས་པ་དང༔ ཆོས་ཀྱི་རྒྱུད་ལུང་ཤེས་པ་དང༔ དག་པ་ཡེ་ཤེས་ཞིང་ཁམས་ཤར་དང་དྲུག༔ དེ་ཚེ་སྐད་ཅིག་རྗེས་དྲན་དྲུག་ཤར་སྟེ༔ ཡི་དམ་རྗེས་སུ་དྲན་པ་དང༔ ལྟ་བ་རྗེས་སུ་དྲན་པ་དང༔ ལམ་ཉིད་རྗེས་སུ་དྲན་པ་དང༔ སྐྱེ་གནས་རྗེས་སུ་དྲན་པ་དང༔ ཏིང་འཛིན་རྗེས་སུ་དྲན་པ་དང༔ བླ་མའི་མན་ངག་རྗེས་སུ་དྲན་པ་དྲུག་གོ༔ མི་བརྗེད་གཟུང་ཐོབ་རྒྱུད་ལ་སྐྱེ༔ སྔོན་གྱི་ཆོས་རྣམས་ཐམས་ཅད་དང༔ སྔར་མ་ཐོས་པའི་ཆོས་ཀྱང་ཤེས༔ ཏིང་འཛིན་འབུམ་ཕྲག་བརྟན་པ་ཐོབ༔ གོང་གི་འོད་དང་ཐིག་ལེ་སྐུ༔ རང་གི་སྙིང་ཁར་ཟུག་པ་ཡིས༔ ཉི་མ་ནུབ་པའི་ཟེར་ཐག་བཞིན༔ སྐད་ཅིག་མ་གསུམ་ཚུན་ཆད་ལ༔ འོད་ཟེར་ཚོན་སྐུད་སྦྲེལ་མ་ལྟར༔ ཚོམ་བུ་ཐིག་ལེ་རྣམས་ལ་ཐིམ༔ ཚོམ་བུ་ཐིག་ལེ་སྐུ་ཡི་ཐུགས་ཀར་ཐིམ༔ སྐུ་དང་ཐིག་ལེ་རང་ལ་ཐིམ༔ རིགས་དྲུག་མ་དག་སྣང་བ་མེད༔ གཟུགས་སྣང་ཐམས་ཅད་ལས་འདས་པས༔ མ་ཡི་པང་དུ་བུ་ཚུད་བཞིན༔ གསལ་སྟོང་འཛིན་མེད་ལོངས་སྐུར་གྲོལ༔ དེ་ཉིད་ཆོས་སྐུ་ཀ་དག་ས་ལ་གྲོལ༔ ཆོས་ཟད་གདོད་མའི་ཀློང་དུ་ཐིམ༔ དེ་དག་དབང་པོ་རྣོ་རྟུལ་གྱིས༔ རབ་ཀྱིས་སྐད་ཅིག་རྫོགས་སངས་རྒྱས༔ འབྲིང་གིས་སྐད་ཅིག་དྲུག་གམ་ལྔ༔ རྟོགས་པས་སངས་རྒྱས་ཐེ་ཚོམ་མེད༔ ཐ་མས་ཞག་ནི་ཉེར་གཅིག་ལ༔ ངེས་པར་གྲོལ་འགྱུར་གདོན་མི་ཟ༔ རྣལ་འབྱོར་ལུས་རྒྱ་ཞིག་པའི་ཚེ༔ སྐུ་གསུམ་འགྱུར་མེད་ཀྲོང་ངེ་ཤར༔ ཉོན་མོངས་མ་སྤངས་རང་སར་དག༔ རང་སྣང་ལྷུན་གྲུབ་དཀྱིལ་འཁོར་ཤར༔ སྣང་སྲིད་མ་སྤངས་རང་སར་དག༔ རིག་པ་རང་བྱུང་དཀྱིལ་འཁོར་ཤར༔ དྲི་མ་མེད་པས་རིགས་དྲུག་གི༔ ལས་དང་ཉོན་མོངས་དབང་མི་འགྲོ༔ སེམས་ལ་དགེ་སྡིག་བག་ཆགས་མེད༔ ལས་ཀྱི་རྣམ་སྨིན་དབང་མི་འགྲོ༔ མཐོ་རིས་ངན་སོང་སྐྱེ་བ་མེད༔ རྒྱུ་འབྲས་དབང་དུ་འགྲོ་མི་འགྱུར༔ འཁོར་བའི་ལས་ལ་འཁོར་མི་སྲིད༔ སྣང་སྲིད་འོད་གསལ་ཆེན་པོར་ཤར༔ ལམ་ལ་གོལ་སྒྲིབ་མེད་པ་ཡིས༔ རང་བྱུང་དཀྱིལ་འཁོར་རང་ལ་གསལ༔ ཕྱི་ཡི་སྣང་བ་ཡུལ་དག་པས༔ སྐྱེ་བ་ལེན་པའི་ཡུལ་མེད་དོ༔ ནང་གི་བདག་འཛིན་སེམས་དག་པས༔ སྐྱེ་བ་ལེན་བྱེད་བདག་མེད་དོ༔ རང་སྣང་རིག་པ་རྩལ་རྫོགས་པས༔ རང་རིག་ཡེ་ནས་རང་ས་ཟིན༔ རང་སྣང་དཀྱིལ་འཁོར་ཟང་ཐལ་བས༔ ལུས་སྐྱེ་འཆི་མེད་པར་སངས་རྒྱས་སོ༔ རང་རིག་ཟང་ཐལ་རང་ཤར་བས༔ འཇིག་རྟེན་སྣང་བ་རང་སར་དག༔ ཕྱི་ནང་དག་ནས་སངས་རྒྱས་སོ༔ རིག་པ་ཆོས་ཉིད་རང་ཤར་བས༔ རྣམ་པར་ཤེས་པ་གཞི་ལ་ཐིམ༔ ནང་འཛིན་སེམས་མེད་པར་སངས་རྒྱས་སོ༔ དྲན་འཛིན་མེད་པར་ཤེས་རབ་ཟང་ཐལ་ཤར༔ མ་རིག་སྐད་ཅིག་བཅོམ་ནས་སངས་རྒྱས་སོ༔ དེ་ཡང་རྒྱས་ཚུལ་རྣམ་པ་གསུམ༔ རབ་ཀྱིས་སྐྱེས་བུའི་ལག་པ་ཡི༔ བརྐྱང་བསྐུམ་ཙམ་གྱིས་སངས་རྒྱས་སོ༔ འབྲིང་ནི་གའུ་ལ་སྦྱོར་ཚུལ༔ དེ་དག་ཚུལ་དུ་སངས་རྒྱས་སོ༔ ཐ་མ་དཔག་ཆེན་མདའ་བཀང་ལྟར༔ འཕང་བའི་ཚུལ་དུ་སངས་རྒྱས་སོ༔ འབྲིང་གི་རབ་ནི་མགྲོན་པོ་ཉིད༔ རང་ཡུལ་སླེབ་ལྟར་སངས་རྒྱས་སོ༔ འབྲིང་གི་འབྲིང་ནི་མ་པང་དུ༔ བུ་རྒྱུག་ལྟ་བུར་སངས་རྒྱས་སོ༔ ཐ་མ་ཨ་ནེ་བྱམས་པའི་ཁྱིམ༔ ཚ་བོ་འགྲོ་ལྟར་སངས་རྒྱས་སོ༔ རྒྱས་པ་རྟ་མགྲིན་དཀྱུས་སུ་ཤེས༔ འདི་ནི་གབ་པའི་གསང་ཐིག་ཡིན༔ མ་སྤེལ་སྙིང་ལ་གནག་པར་གྱིས༔ ཨཐྎ༔ གྷུཧྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་གྲོལ་ནས་སངས་རྒྱས་སྤྲུལ་པ་ཡི༔ གཟུགས་སྐུས་འགྲོ་དོན་འགྱེད་ཚུལ་ནི༔ ཐུགས་རྗེའི་འོད་ཟེར་སྤྲུལ་སྐུར་ཤར༔ མི་མཇེད་འཇིག་རྟེན་བྱེ་ཕྲག་བརྒྱར༔ སྤྲུལ་པ་ཞིང་གི་རྡུལ་རྙེད་དུ༔ གང་ལ་གང་འདུལ་དེར་བསྟན་ནས༔ རིགས་དྲུག་སོ་སོའི་ཆོས་གསུང་ཞིང༔ ཐེག་པ་སྣ་ཚོགས་གོང་འོག་བསྟན༔ གང་འདུལ་ཆོས་སྒོ་དུ་མ་གསུངས༔ ཆོས་སྐུ་ནམ་མཁའི་ཁྱབ་ཚད་ཀྱི༔ ལོངས་སྐུ་རང་སྣང་ཁྱབ་ཚད་དང༔ སྤྲུལ་སྐུ་རིག་པས་ཁྱབ་ཚད་དུ༔ འགྲོ་དོན་དཔག་མེད་བྱེད་པའོ༔ ཡེ་སངས་རྒྱས་པ་སྐུ་གསུམ་གྱི༔ ངོ་བོ་སྟོང་པ་ཆོས་སྐུ་ནི༔ ཉ་གང་ཟླ་རྒྱས་ལྟ་བུ་ནི༔ ཕྱི་ནང་མེད་པར་གསལ་བའོ༔ ནང་དུ་ལོངས་སྐུ་འོད་གསལ་ཞིང༔ རིག་པ་སྐུ་རུ་གསལ་བའོ༔ ཐུགས་རྗེ་འགག་མེད་སྤྲུལ་སྐུ་ཡི༔ ཡེ་ཤེས་ལྔ་ཡི་རང་མདངས་ཀྱི༔ ཐུགས་རྗེའི་སྤྲུལ་པ་མང་མཆེད་ནས༔ སེམས་ཅན་རེ་རེའི་སྣང་ཚུལ་དུ༔ སྤྲུལ་པ་རེ་རེ་འགྱེད་པ་ནི༔ ཉ་གང་ཟླ་བའི་དཔེ་བཞིན་དུ༔ ཆུ་འཁྱིལ་ཅི་ཡོད་ཟླ་རེ་བཞིན༔ དེ་བཞིན་ཆོས་ཀྱི་རྒྱུ་འབྲས་བསྟན༔ གང་འདུལ་སྤྲུལ་པས་འགྲོ་དོན་རྫོགས༔ མྱ་ངན་ལས་འདས་སངས་རྒྱས་ཀྱི༔ ཆེ་བའི་ཡོན་ཏན་མཇུག་རྫོགས་ནས༔ རིན་ཆེན་སྦུབས་སུ་ཚུད་པ་སྟེ༔ རང་སྣང་གཞན་དོན་བྱེད་པ་ཡི༔ ཡེ་ནས་ཡུལ་མེད་འདས་པའོ༔ རིག་པ་དྲན་མེད་དབྱིངས་སུ་ཤར༔ སྒོམ་པའི་འཛིན་བྱེད་དྲན་པ་མེད༔ ཐམས་ཅད་མཁྱེན་བཞིན་ཡེ་ཤེས་གསལ༔ དམ་པའི་ཆོས་ཀྱི་སྤྲོ་བ་མེད༔ ཡེ་ཤེས་རང་གསལ་སྐུ་ཡོད་དེ༔ སེམས་ཀྱི་མཐོང་འཛིན་གཟུགས་མེད་དོ༔ སྐྱེ་མེད་རྡོ་རྗེའི་གསུང་ཡོད་དེ༔ སེམས་ཅན་ཚོར་བའི་ངག་མེད་དོ༔ ཐུགས་ཆོས་ཉིད་རིག་པ་རང་གསལ་ཡོད༔ ཕ་རོལ་ཚོར་བའི་འདུ་ཤེས་མེད༔ འབྲས་བུ་རྫོགས་སངས་རྒྱས་པ་ཡིས༔ བདག་ཏུ་འཛིན་པའི་ཡུལ་མེད་དོ༔ སྒོ་ལྔ་དག་པའི་ཡེ་ཤེས་སྤྱན་ཡོད་དེ༔ འཁྲུལ་སྣང་འཛིན་པའི་སྒོ་ལྔའི་རྟེན་མེད་དོ༔ རང་འབྱུང་དཀྱིལ་འཁོར་རང་གསལ་ཏེ༔ ཡིན་མིན་དབྱེར་མེད་བྱ་བྱེད་མེད༔ སྲིད་པའི་རྣམ་རྟོག་ཐམས་ཅད་དག༔ ཆོས་སྐུ་མྱ་ངན་མེད་པ་འབྱུང་༔ མྱ་ངན་འདས་པ་མིང་དུ་བཏགས༔ སྐུ་ལ་སྒྲིབ་གཡོགས་མེད་པ་ཡིས༔ གཟུགས་སྐུ་སྣང་བྱེད་འཁྲུལ་པ་ཞིག༔ དབུགས་ལ་འདོར་ལེན་མེད་པ་ཡིས༔ འབྱུང་བ་གཅེས་པའི་འཁྲུལ་པ་ཞིག༔ ཁམས་གསུམ་བདེ་སྡུག་སྣང་བ་མེད༔ ཟག་བཅས་ཕུང་པོའི་འཁྲུལ་པ་ཞིག༔ དཔེར་ན་ལྷ་ཁང་མར་མེ་སྟོང༔ འོད་ཟེར་ཐམས་ཅད་འདྲེས་པ་བཞིན༔ འོག་མིན་ཆོས་དབྱིངས་ཕོ་བྲང་ཞེས༔ ཀུན་བཟང་དགོངས་པ་དབྱེར་མེད་དོ༔ སངས་རྒྱས་འགྲོ་དོན་མཛད་ཚུལ་ལོ༔ བར་དོའི་དོན་བདུན་གནད་ཟབ་པོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ༔

སྲིད་པ་བར་དོའི་གདམས་པ་སྲིད་པའི་མེ་ལོང་།

བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་རྫོགས་རིམ་ལྟ་བ་གསང་ཐིག་ལས་བར་དོའི་གདམས་པ་ཐོས་གྲོལ་གསང་བའི་ལྟ་ཐིག་སྲིད་པ་བར་དོའི་གདམས་པ་སྲིད་པའི་མེ་ལོང་བཞུགས་སོ༔ ༔

བླ་མ་ཡིད་བཞིན་ནོར་བུ་ལ་ཕྱག་འཚལ་ལོ༔ བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ཡི༔ རྫོགས་རིམ་ལྟ་བ་གསང་ཐིག་གི༔ སྲིད་པ་བར་དོའི་གདམས་པ་ནི༔ ཨོ་རྒྱན་ཆེན་པོས་བཀའ་སྩལ་པ༔ ཉོན་ཅིག་སྣོད་ལྡན་རྣལ་འབྱོར་མ༔ གོམས་ཆ་ཆུང་བའི་དབང་ཐ་རྣམས༔ ཆོས་ཉིད་བར་དོར་མ་གྲོལ་ནས༔ སྲིད་པ་བར་དོ་འཆར་ཚུལ་ལ༔ དོན་མདོར་བསྡུ་བ་བཞི་ཡིས་བཤད༔ སྲིད་པ་འཆར་དང་མངལ་སྒོ་དགག༔ ཕལ་པ་སྐྱེ་བའི་བར་དོ་དང༔ དེ་ལ་ཕན་བྱེད་དགེ་བའོ༔ ཆོས་ཉིད་བར་དོ་རང་སྣང་དེ༔ རང་ངོ་རང་གིས་མ་ཤེས་འཁྲུལ༔ སྒྲ་འོད་ཟེར་གསུམ་སྔངས་སྐྲག་དང༔ སྣང་བ་ཐམས་ཅད་གཤིན་རྗེར་གྱུར༔ འོད་ཟེར་ཐམས་ཅད་མཚོན་ཆར་གྱུར༔ མེ་འབར་ཆུ་འབྲུག་རླུང་འཚུབ་དང༔ རི་ཉིལ་ཐོག་འབེབ་འཇིགས་སྐྲག་འོང༔ སྐྱབས་ཤིག་འཚོལ་བའི་སྣང་བ་ཤར༔ ད་ནི་ཤི་འདུག་ཅི་བྱ་སྙམ༔ སྣང་བ་ཕྱ་ཕྱོ་བན་བུན་དུ༔ འགྲོ་ཞིང་འདུག་པའི་ས་ཚུགས་མེད༔ ཀྱེ་མ་ད་ནི་ཅི་ཚུགས་བྱ༔ ལུས་གཅིག་བླངས་ན་ཅི་མ་རུང༔ སྙམ་ནས་ཀུན་ལ་སྙམ་ཞིང་འཇུག༔ མི་སྲིད་པ་ནི་སྣ་ཚོགས་འཆར༔ བར་དོ་ཡིད་ཀྱི་ལུས་ཅན་ལ༔ ཤ་ཁྲག་གདོས་བཅས་གཟུགས་མེད་དོ༔ སྔོན་གྱི་བག་ཆགས་ལུས་ཡོད་སྙམ༔ ཡིད་ལུས་ཡིན་པར་མ་ཤེས་ནས༔ དབང་པོ་ཀུན་ཚང་ཐོགས་མེད་རྒྱུ༔ དངོས་པོ་ཀུན་ལ་ཐོགས་པ་མེད༔ བྱ་སྒྲོ་རླུང་གིས་ཁྱེར་བ་འདྲ༔ ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན༔ བསྐལ་བ་བཟང་པོའི་ལུས་བཞིན་དུ༔ མངོན་ཤེས་ཕྲ་མོ་ཅུང་ཟད་ཀྱིས༔ ལྷ་མི་དག་པ་གར་སྐྱེ་བའི༔ རིགས་མཐུན་ནང་ཚན་མཐོང་བར་འགྱུར༔ རིག་པ་ཕུང་པོ་རྟེན་དང་བྲལ༔ རི་རབ་ཁང་ཁྱིམ་ས་རྡོ་བྲག༔ མ་ཡི་མངལ་དང་རྡོ་རྗེ་གདན༔ རི་རབ་གླིང་བཞི་སྐད་ཅིག་ལ༔ ལག་པ་བརྐྱང་བསྐུམ་གང་བསམ་འཁོར༔ ཟང་ཐལ་འགྲོ་བའི་སྟོབས་དང་ལྡན༔ ལས་ཀྱི་ཤུགས་ཀྱི་རྫུ་འཕྲུལ་ནི༔ ཡ་མ་ཟུང་ཉིད་སྣ་ཚོགས་སྟོན༔ ནམ་དྲན་ཉིད་དུ་སྟོན་ནུས་སོ༔ ཤེས་པ་བདུན་འགྱུར་གསལ་བའོ༔ རིགས་མཐུན་རིགས་དྲུག་གར་སྐྱེ་བ༔ ཡང་དག་བསམ་གཏན་བསྒོམ་པས་མཐོང༔ རྒྱུན་དུ་མི་མཐོང་འདུན་པ་གཏད་པས་མཐོང༔ དེ་དུས་བླ་མའི་གདམས་པ་གཅེས༔ བསམ་གཏན་ཏིང་འཛིན་གསལ་གདབ་བྱ༔ སྔོན་དུས་གོམས་འདྲིས་ཡོད་པ་ཡི༔ ཆོས་ཉིད་རྩོལ་མེད་ཤར་བ་ཡོད༔ དྲན་པ་དྲུག་པོ་གོང་ལྟར་ཤར༔ དེ་མ་ཐག་ཏུ་གྲོལ་བ་ཡོད༔ སྒྲ་འོད་ཤར་མ་ཐག་ཉིད་དུ༔ ཕལ་ཆེར་ངོ་ཤེས་གྲོལ་བ་སྲིད༔ ཞི་ཁྲོའི་སྣང་བ་ཤར་མ་ཐག༔ ཡི་དམ་ངོ་འཕྲོད་གྲོལ་བ་ཡོད༔ དབང་པོ་ཐ་མའི་རབ་ཀྱི་གྲོལ་ཚུལ་ཡིན༔ རིགས་དྲུག་གར་སྐྱེའི་ལུས་ཉིད་མཐོང༔ བརྫུས་སྐྱེས་ནང་དུ་མཐོང་སྙམ་བྱེད༔ གལ་ཏེ་སྐད་ཅིག་ཉིད་དུ་གྱུར༔ དྲོད་སྐྱེས་ནང་དུ་ཕྱིན་སྙམ་ན༔ གཉིད་སད་ལྟ་བུར་ལུས་གྲུབ་བོ༔ སྒོང་སྐྱེས་མངལ་སྐྱེས་རིགས་མཐུན་ནོ༔ ཕོ་མོ་སྦྱོར་དུས་མ་ཡི་མངལ༔ ཡིད་དུ་འོང་བའི་སྣང་བ་ཡོད༔ མ་ལ་ཆགས་ནས་ཕ་ལ་སྡང༔ མོ་ལུས་དེ་ལས་ལྡོག་པའོ༔ ཕ་ལ་ཆགས་ཤིང་མ་ལ་སྡང༔ ཕོ་ལུས་དེ་ལས་ལྡོག་པའོ༔ ཆགས་སྡང་གཉིས་ཀྱི་སྲེད་ལེན་གྱིས༔ རྣམ་ཤེས་མངལ་དུ་སྐད་ཅིག་ཚུད༔ ཁུ་ཁྲག་བར་དུ་རྣམ་ཤེས་འཐུམ༔ དྲན་པ་ཤོར་ཏེ་རྨོངས་ཤིང་འགྲོ༔ སྐྱེ་བ་ཅི་ལེན་ཆ་མེད་པས༔ རིགས་དྲུག་ཕ་མ་འདུ་འཕྲོད་ཚེ༔ དེ་དུས་བླ་མའི་གདམས་ངག་དགོས༔ བདེན་མེད་སྒྱུ་མ་ལྟ་བུར་བསྒོམ༔ བླ་མ་སྐུ་གསུམ་ཏིང་འཛིན་ནི༔ ཕྱག་རྒྱ་ཆེན་པོའི་གསལ་གདབ་བྱ༔ དེ་ཡིས་གྲོལ་བ་གདོན་མི་ཟ༔ དེ་ལྟར་བསྒོམ་པར་མ་ཤེས་ཀྱང༔ གསེར་གྱི་རྡོ་རྗེ་རྩེ་ལྔ་ཅིག༔ རིགས་པ་གཏད་དེ་མངོན་དགའ་འམ༔ ཞིང་ཁམས་ལྔའམ་པདྨ་འོད༔ གང་མོས་ཞིང་ལ་འདུན་པ་གཏད༔ ཐོགས་མེད་མདའ་ལྟར་འགྲོ་སྙམ་པས༔ ཞིང་ཁམས་སྐྱེ་འགྱུར་ཐེ་ཚོམ་མེད༔ སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ཅིང༔ སྐད་ཅིག་ལོངས་སྐུར་གྲོལ་བ་དང༔ དེ་ཉིད་ཆོས་སྐུ་ཀ་དག་གྲོལ༔ གཞན་དོན་མཛད་པ་འབྱུང་བར་ངེས༔ བློ་མཐའི་འབྲིང་གི་གྲོལ་ཚུལ་ལོ༔ བློ་ནི་ཐ་མའི་ཡང་མཐས་ཀྱང༔ བླ་མ་སྐད་ཅིག་ཙམ་དྲན་པས༔ ལས་འཕྲོ་བཟང་པོར་ངེས་པར་འཇུག༔ ཡུར་བ་ཆད་པར་ཝ་འཛུག་བཞིན༔ གདམས་པ་འདི་ཐོས་མོས་པ་ཡིས༔ སྐྱེས་ངན་རིགས་དྲུག་ལུས་མི་ལེན༔ སྐྱེས་བུ་སྟོབས་ལྡན་བསྐྱེད་རྫོགས་ཀྱི༔ འཕྲོ་འདུ་བྱེད་པའི་མངལ་དུ་ཞུགས༔ ཡབ་ཀྱི་ཡུམ་འཇུག་སྐུ་དབྱིབས་བརྒྱུད༔ ཡུམ་གྱི་པདྨའི་རྫིང་བུར་འཁྱིལ༔ སྐུ་བལྟམས་ཡོན་ཏན་བདུན་ལྡན་དུ༔ སྐྱེས་ཏེ་དལ་འབྱོར་བཅོ་བརྒྱད་ཐོབ༔ བཅུ་གསུམ་བཅོ་བརྒྱད་ཉེར་གཅིག་ཉེར་བརྒྱད་ལ༔ དམ་ཆོས་འདི་འཕྲད་འགྲོ་དོན་བྱེད༔ མཐར་ཐུག་ཕུང་པོ་མངོན་སངས་རྒྱས༔ ཨཐྎ༔ གཉིས་པ་མངལ་སྒོ་བདམ་པའི་གདམས་པ་ནི༔ ཡི་དམ་ལྷ་ཡི་བསྐྱེད་རིམ་བསྒོམ༔ གང་ཡིན་མངལ་དུ་འཇུག་མི་བྱ༔ གྲོང་ཁྱེར་སྟོབས་ཆེན་རྒྱལ་རིགས་སམ༔ ཆོས་རྒྱལ་འཁོར་ལོས་སྒྱུར་བའམ༔ ཆོས་བརྒྱུད་ཁྱད་པར་དྲི་མེད་ཀྱི༔ ཐེག་ཆེན་ཆོས་ཀྱི་བསྟན་པ་དར༔ རིགས་བཟང་མངལ་དུ་འཇུག་པར་བྱ༔ མི་གཙང་གའུ་དེ་ཉིད་ལ༔ དྲི་ཞིམ་འཛིན་པའི་འདུ་ཤེས་སྐྱེས༔ དེ་ལ་ཆགས་སེམས་འཛིན་མེད་དུ༔ སྒྱུ་མ་ལྟ་བུའི་འདུ་ཤེས་ཀྱིས༔ དེ་རྣམས་སྣང་བ་གང་ཤར་དེ༔ དེ་ཉིད་ཆགས་སྡང་འཛིན་མེད་བྱ༔ སེམས་བསྐྱེད་འདུན་པ་འདི་ལྟར་བྱ༔ འགྲོ་བ་སེམས་ཅན་ཐམས་ཅད་དོན༔ ཆོས་རྒྱལ་འཁོར་ལོས་བསྒྱུར་བ་འམ༔ གྲུབ་པ་ཐོབ་པའི་སྐྱེས་བུ་ནི༔ ཐེག་ཆེན་འགྲོ་དོན་བྱེད་པ་ཡི༔ སྟོབས་ལྡན་སྐྱེས་བུའི་སྐྱེ་བ་བླངས༔ དེ་ལ་ཆོས་རྒྱུད་རིགས་མ་ནི༔ བསོད་ནམས་ཅན་གྱི་མངལ་དུ་འཇུག༔ མངལ་དེ་གཞལ་ཡས་ཁང་བྱིན་རློབས༔ རྡོ་རྗེ་སེམས་དཔའ་འཇམ་དཔལ་དང༔ སྤྱན་རས་གཟིགས་དང་ཕྱག་རྡོར་དང༔ སྣང་སྲིད་ཟིལ་གནོན་གུ་རུའམ༔ རྟ་མགྲིན་ལ་སོགས་གང་མོས་སུ༔ གཞལ་ཡས་ཁང་དུ་བྱིན་གྱིས་བརླབས༔ རང་ཉིད་ལྷ་ཡང་དེ་ལྟར་བསྒོམ༔ ཡི་དམ་རྒྱལ་བ་ཡབ་ཡུམ་ལ༔ དབང་བསྐུར་ཞུ་སྙམ་འཇུག་པར་བྱ༔ དེ་ཡིས་འགྲོ་འདུལ་སྤྲུལ་བའི་སྐུ༔ འཁོར་ལོས་སྒྱུར་རྒྱལ་གཟུགས་སྐུའམ༔ ཐུབ་དབང་ལྟ་བུར་འགྲོ་དོན་བྱེད༔ སྤྲུལ་པ་སྣ་ཚོགས་ཕྱོགས་བཅུར་འགྱེད༔ འཁོར་བ་དོང་སྤྲུགས་སྐྱེས་བུར་གྱུར༔ ཨཐྎ༔ གྷུཧྱ༔ གསུམ་པ་སྐྱེ་བོ་ཐ་མལ་པ༔ ཕལ་བའི་བར་དོ་ཤར་ཚུལ་ནི༔ འབྱུང་བཞི་ཐིམ་སྡུད་གོང་བཞིན་ནོ༔ ཆོས་ཉིད་ཀ་དག་བར་དོ་ནི༔ བཟང་ངན་རྩྭ་ཡི་ཁྱད་པར་གྱིས༔ སྐད་ཅིག་བདུན་ཙམ་འཆར་བ་ཡོད༔ ཟན་ཟའི་ཡུན་སོགས་མ་ངེས་སོ༔ འོད་གསལ་ལྷུན་གྲུབ་གོང་ལྟར་དུ༔ ཤར་ཡང་ངོ་མ་ཤེས་པ་ཡོད༔ ང་ལ་སྔར་མེད་བསམ་པ་ཡིས༔ གློ་བུར་ཤར་བས་སྣང་བ་དགྲ་རུ་ལྡང༔ སྒྲ་འོད་ཟེར་གསུམ་སྐྲག་དངངས་འཇིགས༔ ཆོས་ཉིད་རང་སྒྲ་སོད་སོད་དང༔ རྒྱོབ་རྒྱོབ་ཞེས་པའི་སྒྲ་རུ་གྲགས༔ ཡེ་ཤེས་འོད་ལྔ་མཚོན་ཆར་མཐོང༔ ཞི་ཁྲོའི་སྐུ་རྣམས་གཤེད་མར་མཐོང༔ ཞག་ལྔའི་བར་དུ་བརྒྱལ་དུ་འགྲོ༔ བརྒྱལ་སངས་ཐག་ཏུ་གཤིན་རྗེ་ཡི༔ ཡུལ་ཐང་སྐྱ་བོ་སྐྱི་གཡར་སླེབ༔ ཉི་རྒལ་ཤིན་ཏུ་འཇིགས་པ་ཡིས༔ འཇིགས་སྐྲག་འཁྲུག་ཅིང་སྡོད་མི་ཚུགས༔ དེ་ནས་གཤིན་རྗེས་རྒྱབ་ནས་དེད༔ མུན་པ་འཇིགས་པས་སྔོན་ནས་བསུ༔ ལས་རླུང་དྲག་པོས་དྲག་ཏུ་ཕུལ༔ ལྷ་ལམ་དཀར་པོ་གནམ་དུ་ནར་ཙམ་བརྐྱང༔ གཤིན་ལམ་ནག་པོ་མཐུར་དུ་བརྐྱང༔ མཚམས་སུ་གཤིན་རྗེའི་རྒྱལ་པོ་བཞུགས༔ སྐུ་ནི་ཆེ་ཆུང་རི་རབ་ཙམ༔ ཤེལ་མིག་ཡ་སྭོས་མ་མཆུ་མནན༔ དབུ་སྐྲ་སེར་པོ་སྤྱི་བོར་བཅིངས༔ གསུས་ཁྱིམ་ཆེ་ལ་ཡན་ལག་རག༔ ཕྱག་གཉིས་ཐོད་པ་ཁྲམ་ཤིང་ཐོགས༔ ཞལ་ནས་ཁྲག་འཛག་མཆེ་བ་གཙིགས༔ བློན་པོ་སྡིག་པ་སྦྲུལ་ཕག་མགོ༔ གླང་མགོས་རྒྱ་སྲང་མེ་ལོང་བལྟ༔ ལྷན་ཅིག་སྐྱེས་པའི་ལྷ་འདྲེ་གཉིས༔ དགེ་སྡིག་གཉིས་ཀྱི་རྡེའུ་འགྲིམ༔ རང་ཉིད་ཞེད་ཅིང་བྲེད་པ་ཡིས༔ སྡིག་པ་མ་བྱས་རྫུན་གཏམ་བྱེད༔ རྫུན་གྱིས་མི་ཐུབ་མེ་ལོང་གསལ༔ ཁྲིམས་རྡོ་དཀར་ནག་ནག་པོ་མང༔ སྲང་ལ་མགྱོགས་( བཀྱགས་)ཀྱང་ནག་པོ་ལྕི༔ རྫུན་གྱིས་མི་ཐུབ་མངོན་སུམ་འདུག༔ ལྷན་སྐྱེས་ལྷ་ནི་རང་བཞིན་ཡལ༔ ལྷན་སྐྱེས་འདྲེ་ནི་གཤིན་རྗེ་དང༔ བསྡོང་ཟླ་བྱེད་ཅིང་བདུད་ཞགས་བཅིངས༔ སྐེ་བྲེག་སྙིང་བཏོན་ཀླད་པ་ལྡག༔ འཆི་རུ་མི་འདོད་ཡང་སོས་སྦྱོངས༔ དགེ་བ་ཤས་ཆེའི་མི་རྣམ་ལས༔ ལྷན་སྐྱེས་ལྷ་ཡིས་ལག་ནས་འཐེན༔ ལྷ་མོ་བཅུ་དྲུག་རོལ་མོས་བསུ༔ ལྷ་ལམ་དཀར་པོ་མཐོ་རིས་འདྲེན༔ སྡིག་ཆེན་གཤིན་རྗེས་མར་ལ་དེད༔ མར་གྱི་ཟང་ཐལ་འགྲོ་བའང་ཡོད༔ འཁྲུལ་སྣང་བར་དོ་ཞག་ལྔ་གནས༔ དེ་ནས་སྲིད་པ་བར་དོ་ཤར་ཤིང་འཁྱམས༔ ཤེས་པ་ཡད་ཡུད་ཕྱད་ཕྱོད་འཚུབས༔ གཉེན་འདུན་བཟའ་རོགས་བུ་ཕོ་མོ༔ ངུ་འབོད་སྨྲེ་སྔགས་མཆི་མ་འདོན༔ མིང་ནས་འབོད་པ་ཡིད་ཀྱིས་ཚོར༔ ཀྱི་ཧུད་ང་ནི་འཆི་འདུག་བསམ༔ ཅི་བྱེད་བསམ་ནས་སེམས་གྲང་ཧེད༔ ཉ་མོ་བྱེ་ཚན་སྐྱུར་འདྲའི་སྡུག་བསྔལ་མྱོང༔ ཉེ་དྲུང་ངུ་བའི་རྩར་སོང་སྟེ༔ མ་ངུ་ང་ནི་འདིར་ཡོད་སྨྲས༔ འཇུས་ཀྱང་ཚུར་ལ་མི་མཐོང་ཞིང༔ དེ་ལ་སྡུག་བསྔལ་ཆེན་པོས་ནོན༔ ལུས་གཅིག་བླངས་ན་ཅི་སྙམ་སེམས༔ བུག་པ་ཤར་ཚད་ནང་དུ་འགྲོ༔ ཞག་ནི་ཉེར་གཅིག་བར་དུ་འབྱུང༔ དགེ་བ་ཤས་ཆེའི་མི་དག་དང༔ ང་རྒྱལ་ཆེ་བའི་མི་རྣམས་ལ༔ མཐོ་རིས་ལྷ་གནས་སྐྱེ་བའི་རྟགས༔ ལྷ་ཁང་ནང་ངམ་འོད་དཀར་ནང༔ ཚུད་སྙམ་བྱུང་ན་ལྷ་ལུས་ཐོབ༔ ལས་དག་ལྷ་ཡི་གུ་རུ་ཡིས༔ ཆོས་བཤད་དབང་བསྐུར་གྲོལ་བ་ཡོད༔ ལས་ངན་མ་དག་ཚེ་འཕོས་ན༔ དམྱལ་བ་ངན་སོང་མཐའ་མེད་འཁོར༔ ཕྲག་དོག་ཤས་ཆེའི་མི་རྣམས་ལ༔ སྤྲིན་དང་འོད་ལྗང་ན་བུན་དུ༔ ཚུད་སྙམ་བྱུང་ན་ལྷ་མིན་སྐྱེ༔ ལས་ངན་དག་ནས་ལྷ་མིན་གྱི༔ གུ་རུས་དབང་བསྐུར་ཆོས་ཐོས་གྲོལ༔ ལས་ངན་མ་དག་ངན་སོང་ལྟུང༔ འདོད་ཆགས་ཤས་ཆེའི་མི་རྣམས་ལ༔ ཁང་ཁྱིམ་སེར་པོ་ལྗང་དམར་ནང༔ ཚུད་སྙམ་བྱུང་ན་མི་རུ་སྐྱེ༔ ལས་ངན་དག་ནས་མི་ཡི་གུ་རུ་ཡིས༔ གསང་སྔགས་འབྲས་བུའི་དབང་བསྐུར་ཆོས་ཐོབ་གྲོལ༔ ལས་ངན་མ་དག་ངན་སོང་འཁོར་བར་འཁྱམས༔ སྡིག་སྒྲིབ་གཏི་མུག་ཤས་ཆེའི་མི༔ གསེར་མདོག་འོད་དང་བྲག་ཕུག་ནང༔ ཚུད་སྙམ་བྱུང་ན་བྱོལ་སོང་སྐྱེ༔ ལས་ངན་དག་ནས་བྱོལ་སོང་གི༔ གུ་རུའི་གསང་སྔགས་འབྲས་བུའི་ཆོས་བཤད་གྲོལ༔ ལས་ངན་མ་དག་ངན་འགྲོར་འཁོར༔ སྡིག་པ་སེར་སྣ་ཤས་ཆེ་རྣམས༔ ཁང་སྟོང་མི་གཙང་འོད་སྨུག་ནག༔ ས་ཕུག་དོང་རིང་ནང་ཚུད་སྙམ༔ པྲེ་ཏ་ཡི་དྭགས་གནས་སུ་སྐྱེ༔ ལས་ངན་དག་ནས་ཡི་དྭགས་གུ་རུ་ཡིས༔ འབྲས་བུ་གསང་སྔགས་ཆོས་བཤད་དབང་བསྐུར་གྲོལ༔ ལས་ངན་མ་དག་འོག་ཏུ་ཐོན་དཀའ་འགྲོ༔ སྡིག་པ་ཁམས་ཆེན་དམ་ཉམས་སྡོམ་ཤོར་དང༔ ཞེ་སྡང་ཆེ་བའི་མི་རྣམས་ལ༔ བྲག་ཕུག་ཆུ་འཐབས་འོད་ནག་པོ༔ རོ་མྱག་འདམ་དུ་ཚུད་སྙམ་རྣམས༔ དམྱལ་བའི་གནས་སུ་བརྫུས་སྐྱེས་འགྱུར༔ གསོད་གཅོད་སྡུག་བསྔལ་སྣ་ཚོགས་མྱོང༔ ལས་ངན་དག་ནས་དམྱལ་བ་འདུ་བྱེད་ཀྱི༔ གུ་རུའི་གསང་སྔགས་བླ་མེད་འབྲས་བུའི་ཆོས༔ བཤད་དང་དབང་བསྐུར་དམྱལ་བའི་སེམས་ཅན་གྲོལ༔ གལ་ཏེ་ལས་ངན་མ་ཟད་སེམས་ཅན་རྣམས༔ རིག་དྲུག་གནས་སུ་ཐར་མེད་ཡང་ཡང་དུ༔ མི་ཟད་རླུང་འཁོར་ལྟ་བུ་བརྒྱུད་མར་འཁོར༔ དེ་བས་འཁོར་བ་འདི་ལས་ཐར་ཐབས་སྟོན༔ ཨཐྎ༔ བཞི་པ་སེམས་ཅན་བར་དོ་འཁྱམས་པ་རྣམས༔ ཐུགས་རྗེའི་ར་མདའ་དགེ་བ་བྱ་ཐབས་ནི༔ དེ་ཡང་མ་གྲོལ་བར་དོར་འཁྱམས་པ་ཡིས༔ བཤད་ཚོད་ཙམ་དུ་ཞག་གྲངས་སྟོན་པ་ནི༔ ཆོས་ཉིད་བར་དོར་ཞག་བདུན་གནས༔ སྒྲ་འོད་བར་དོར་ཞག་ལྔ་འཁོར༔ འཇིགས་སྐྲག་བར་དོར་ཞག་ལྔ་གནས༔ ནམ་མཁའི་སྣང་བ་ཞག་ལྔ་འཆར༔ ཆུར་ནུབ་སྣང་བ་ཞག་ལྔ་འཆར༔ སས་ནོན་སྣང་བ་ཞག་ལྔ་འཆར༔ རླུང་གཡེང་སྣང་བ་ཞག་ལྔ་འཆར༔ མེས་ཚིག་སྣང་བ་ཞག་ལྔ་འཆར༔ མུན་གླིང་སྣང་བ་ཞག་ལྔ་འཆར༔ བདུན་ཕྲག་བདུན་ལ་ཡིད་ལུས་ཀྱིས༔ བར་དོར་འཁྱམས་པས་སྡུག་བསྔལ་སྦྱངས༔ དགེ་བའི་དངོས་པོ་ཅི་བྱས་ཀྱིས༔ དེ་ཡི་བར་དུ་ཕན་པར་ངེས༔ ཆེ་ཆུང་འབྲིང་དང་འདུས་བྱས་ཀྱི༔ རྒྱུ་ཡི་བསམ་པ་རྣམ་དག་རྣམས༔ གཤིན་དོན་བདུན་ཚིགས་དེ་ལ་འབུངས༔ ངན་སོང་གནས་སུ་ལྟུང་རྒྱུ་ཡང༔ མཐོ་རིས་གནས་སུ་སྐྱེ་བར་འགྱུར༔ ལས་ཀྱི་སྒྱུར་ཀ་གནད་ཆེའོ༔ བདུན་ཚིགས་བཟུང་བའི་བཤེས་གཉེན་གྱིས༔ ཐུགས་རྗེ་ཆེ་བའི་བྱིན་རླབས་སྟོབས༔ རིགས་དྲུག་སྒོ་བཀག་དགོངས་པ་ཡི༔ ཀུན་རིགས་འོད་དཔག་མེད་གཉིས་ཀྱི༔ བདུན་ཚིགས་གནས་སྦྱངས་གནད་དུ་བསྣུན༔ སྤྱིར་ཡང་རང་རང་ཡི་དམ་གྱི༔ རབ་ཀྱི་ཡི་དམ་སྲས་སུ་འཕང༔ སྤྲུལ་སྐུར་དབུགས་དབྱུང་གྲོལ་བ་ཡིན༔ ཀ་དག་ས་ལ་སྐྱེལ་བ་ཡོད༔ འབྲིང་གི་ཆོས་མཛད་ཡབ་ཡུམ་གྱི༔ སྦྱོར་མཚམས་ཚུད་དེ་ལས་ཀྱི་འཕྲོ༔ བཟང་པོ་མཐུད་ནས་ཡར་ལྡན་ཐོབ༔ ཐ་མ་མི་ལུས་གཙང་མའི་རིགས༔ ཐོབ་འགྱུར་བསོད་ནམས་སྨོན་ལམ་སྟོབས༔ དགེ་སྦྱོར་མཐོ་རིས་གནས་སུ་འགྲོ༔ སྡིག་སྤྱོད་མར་མར་ཟོ་ཆུ་འདྲ༔ གྱེན་དུ་འགྲོ་བ་ཤིན་ཏུ་ཉུང༔ ཆུ་བཞིན་ཐུར་དུ་འགྲོ་བ་མང༔ སེམས་ཅན་མ་རིག་ལས་ངན་སྟོབས༔ ལས་ཀྱི་བག་ཆགས་འགོག་པར་དཀའ༔ ཁམས་གསུམ་ངན་སོང་རྫོང་རེ་བཙན༔ འདི་ཉིད་གྲོལ་ཐབས་འབད་པར་གཅེས༔ སྲིད་པ་བར་དོའི་གདམས་པ་ཟབ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ཨཐྎ༔ གྷུ་ཧྱ༔

བར་དོའི་གདམས་པ་ཉུང་ངུ།

བར་དོའི་གདམས་པ་ཉུང་ངུར་ཡིད་དཔྱོད་གང་དྲན་གྱི་རི་མོ་ཞེས་རྨོངས་པ་དག་གི་སྤྱོད་ཡུལ་ལོ། །

དཔལ་གྱུར་འགྲོ་བའི་དོན་མཛད་པ། །པདྨ་གེ་སར་སྙིང་པོ་ལས། །རང་བྱུང་འོད་ཀྱི་སྐུ་རུ་བྱོན། །མཚན་དང་དཔེ་བྱད་ལྟ་མི་ངོམ། །མི་འགྱུར་མི་ཤིགས་རྡོ་རྗེའི་སྐུ། །པདྨ་འབྱུང་གནས་ཞེས་པ་ཡི། །བླ་མ་དེ་ལ་གུས་པས་འདུད། །ཁྱོད་ཀྱི་བར་དོའི་དྲི་བ་གང་། །རིང་མོ་ཞིག་ནས་བསྐུལ་ནའང་། །ལེ་ལོའི་དབང་གྱུར་ལུས་པར་གྱུར། །སྤྱིར་ནི་བར་དོ་དྲུག་བཤད་དེ། །སྐྱེ་གནས་རྨི་ལམ་བསམ་གཏན་དང་། །འཆི་ཁ་ཆོས་ཉིད་སྲིད་པའོ། །སྐྱེ་བོ་རྣམས་ལ་བསམ་གཏན་མེད། །ལས་ངན་རྣམས་ལ་ཆོས་ཉིད་མེད། །དེས་ན་བར་དོ་བཞི་རུ་འཆད། །ཡང་ན་གང་ཟག་ཕལ་ཆེར་ལ། །སྲིད་པ་རྨི་ལམ་བར་དོ་མེད། །ལ་ལར་འཆི་ཁ་བར་དོའང་བྲལ། །དེས་ན་བར་དོ་བཞིའམ་གསུམ། །ཀུན་ལ་འབྱུང་ཞེས་བཤད་པའོ། །དེ་ཡང་བར་དོའི་མཚན་ཉིད་ནི། །རྣམ་པ་བཞི་ཡིས་ཤེས་པར་བྱ། །ངོ་བོ་སྔ་མ་འདས་པའི་རྗེས། །ཕྱི་མ་ས ོ་མས་མ་སླེབ་པར། །བར་དུ་གནས་པའི་རང་བཞིན་དེ། །སྐྱེས་གནས་ཞེས་བྱ་སྐྱེས་གྱུར་ནས། །མ་ཤིའི་བར་དུ་གནས་བྱས་ནས། །མི་ལུས་བྱ་བ་ལས་ལ་སྤྱོད། །དེ་བཞིན་ཀུན་ལ་ཤེས་པར་འདྲེས། །ངེས་ཚིག་མིང་གི་གྲངས་ངེས་ཏེ། །སྐྱེ་གནས་རྨི་ལམ་བསམ་གཏན་དང་། །འཆི་ཁ་ཆོས་ཉིད་སྲིད་པ་དྲུག །དབྱེ་བ་བྱེད་ལུག་སྣ་ཚོགས་ཏེ། །སྐྱེ་གནས་མ་ལས་འཇུག་ཅིང་སྐྱེས། །སྣང་བ་མི་དང་འགྲོགས་ཤིང་གནས། །ལས་ནི་བདེ་སྡུག་སྣ་ཚོགས་མྱོང་། །བྱ་བ་མི་བྱ་གཅིག་ཀྱང་མེད། །རྨི་ལམ་དེ་ནུབ་གཉིད་བྱས་ནས། །ནང་མོ་མ་སད་བར་དུ་རྨི། །སྣང་བ་བག་ཆགས་སྔ་ཕྱིའི་སྤྱོད། །ལས་ནི་གང་བྱུང་གཟུར་མེད་གནས། །བྱ་བ་རྟེན་འབྲེལ་ལས་ལ་བརྩོན། །བསམ་གཏན་མཉམ་པར་བཞག་བྱས་ནས། །ཐུན་ལས་གྲོལ་ནས་རྗེས་སྤྱོད་བར། །སྣང་བ་གང་སེམས་བདེན་པས་འགྲོགས། །ལས་ནི་བསྐྱེད་རྫོགས་ཟུང་འཇུག་སྟེ། །བྱ་བ་བདེན་པ་མཐོང་བར་བྱེད། །འཆི་ཁ་ནད་ཀྱི་སྡུག་བསྔལ་ཏེ། །ཟུག་རྔུ་སྣ་ཚོགས་མྱོང་བ་སྟེ། །སྣང་བ་སྡུག་བསྔལ་རེ་དོག་སྤྱོད ། །ལས་ནི་ནད་ཟུག་ཁུར་བོས་ནོན། །བྱ་བ་ལུས་སེམས་སོ་སོར་བྲལ། །ཆོས་ཉིད་ལུས་རྒྱ་དང་བྲལ་ནས། །སེམས་ནི་ཆོས་ཉིད་མ་ལ་གནས། །སྣང་བ་སྒྲ་འོད་ཟེར་སྣ་ཚོགས། །རིགས་ལྔ་ཞི་ཁྲོའི་སྣང་བའོ། །ལས་ནི་ཉམས་ཀྱི་ཟོ་ལ་སྡོད། །བྱ་བ་བརྟན་པ་ཐོབ་མ་ཐོབ། །སྲིད་པ་འཆི་ནས་མ་འཇུག་བར། །བྱ་སྤྱོད་ལུས་མེད་སྟོང་གཟུགས་དང་། །སྣང་བ་བག་ཆགས་ལུས་དང་འགྲོགས། །ལས་ནི་རྒྱུ་འབྲས་གཉིས་ལ་གནས། །བྱ་བ་མཐོ་རིས་ངན་སོང་སོགས། །གང་དུ་འཇུག་པའི་ཕ་མ་འཕྲད། །ས་མཚམས་སྐྱེ་གནས་བར་དོ་ནི། །མ་ཡི་མངལ་དུ་འཇུག་ཚུན་ནས། །དང་པོ་སྐྱེས་ནས་བར་དུ་དར། །དེ་ནས་ཐ་མ་རྒས་ཤིང་འཁོག །མདོར་ན་འཆི་ནད་བཏབ་ཀྱི་བར། །གནས་ཚུལ་མི་གཅིག་སྣ་ཚོགས་སྤྱོད། །ལ་ལས་མི་ཆོས་བྱ་བ་བྱེད། །ལ་ལས་སྡུག་པའི་ཡོ་ལངས་སྤྱོད། །ལ་ལས་སེམས་ཅན་འགྲོ་དོན་བྱེད། །ལ་ལས་དམ་ཆོས་དགེ་ཚོགས་བསྐྲུན། །འོ་སྐོལ་ཚོ་ཡི་གནས་ཚུལ་ནི། །ཆོས་ཚུལ་འཛིན་ཚུལ་ལེ་ལོའི་ངང་། །ཉིན་མོ་གཡེང་བ་ཟས་སྤྱོད་འཁྱམས། །ནུབ་མོ་གཉིད་དང་ཉལ་འདོད་ཁྱེར། །ལྟོས་དང་དུས་ངན་ཆོས་པ་ཚོ། །ཆགས་སྡང་གཉིས་ཀྱི་ངང་དུ་གདའ། །བསམ་གཏན་བར་དོའི་ས་མཚམས་ནི། །བླ་མ་མཇལ་ནས་སངས་རྒྱས་བར། །དང་པོ་སློབ་གཉེར་བསམ་གཏན་འཇུག །དེ་བཞིན་བསླབ་དོན་རྒྱུ་འབྲས་ཀྱི། །བསམ་གཏན་སྤང་བླང་ཚུལ་བཞིན་སྤྱོད། །དེ་ནས་བསྐྱེད་རྫོགས་རྩ་རླུང་སོགས། །མན་ངག་གང་ཐོབ་སེམས་ལ་བསམ། །བརྟན་པར་གྱུར་ནས་དོན་ལྡན་ཏེ། །གང་བསྒོམ་ཐམས་ཅད་མངོན་གྱུར་ཏེ། །ལ་ལར་ཐུན་ཆུང་ཕྲའུ་ཡོད། །མཉམ་པར་བཞག་པ་མགོ་བཙུག་ནས། །ཐུན་མཚམས་མ་ཡེངས་བར་དུ་ནི། །བསམ་ཞིང་བརྟན་པར་བསམ་གཏན་གྱི། །བར་དོ་ཡིན་ཞེས་སྤྱི་ནས་འཆད། །གནས་ཚུལ་བསྐྱེད་རྫོགས་རྫོགས་ཆེན་དང་། །རྩ་རླུང་ཐིག་ལེའི་གདམས་པ་སྟེ། །བསྐྱེད་ཚེ་རང་སེམས་དྲན་པའི་ངོ་། །ལྷ་དེ་མ་གཏོགས་གཞན་མི་ལྟ། །གསལ་སྟོང་མེ་ལོང་གཟུགས་བརྙན་ལྟར། །གནས་ཚེ་ལྷ་ཡི་བསམ་གཏན་ཞེས། །བསྡུས་ནས་རྗེས་སུ་སྤྱོད་པ་གཞན། །སྤྱོད་ཚེ་བསམ་གཏན་འདས་པ་སྟེ། །དེ་བཞིན་ཕྱག་རྫོགས་ཀུན་ཀྱང་འདྲེས། །ཨ་ལ་མཚར་པོ་དུས་ངན་གྱི། །བསམ་གཏན་བསྒོམ་ཚེ་ངོ་མཚར་ཆེ། །རྣམ་རྟོག་འདོད་ཕྱོགས་སྤངས་བླངས་དང་། །ཐེ་ཚོམ་ཡིད་གཉིས་སྒྲོས་བཏགས་ཀྱི། །སྤྲེའུ་ཤིང་ཁར་ཕྱིན་འདྲའི་སྒོམ། །དེ་ལ་བསམ་གཏན་ཨེ་ཟློ་ན། །རྨི་ལམ་བར་དོའི་ས་མཚམས་ནི། །གང་དག་གཟུགས་དེ་རྙེད་བྱས་ནས། །སད་པར་གྱུར་གྱི་བར་དུ་དེ། །གནས་ཚུལ་བདག་གི་སྙིང་དབུས་སུ། །རང་སེམས་ཁ་དོག་མཐིང་ཀའི་ཚུལ། །སྟེང་དུ་ཕ་ཡི་ཁུ་བ་དཀར། །འོག་ཏུ་མ་ཡི་ཁུ་བ་དམར། །ཨ་ཐུང་གྱེན་ལྡོག་ནུས་པ་ཡི། །ཐིག་ལེ་དཀར་དམར་འཕྲད་ནས་བདེ། །ནང་དུ་སངས་རྒྱས་བཞི་བཅུ་གཉིས། །ཀུན་བཟང་ཀློང་དུ་རོ་གཅིག་གྱུར། །ཐིམ་རིིམ་གསུམ་འཆར་ཧྲུལ་གྱིས་གཉིད། །ལས་རླུང་གིས་སྤྱོད་ཅུང་ཟད་མཆེད། །དེ་ལས་རྨི་ལམ་སྣ་ཚོགས་རྨི། །ཐིག་ལེའི་རྒྱ་འཐུམ་མི་སད་དེ། །ལས་རླུང་སྣ་ཚོགས་བག་ཆགས་དང་། །ཕྲ་རག་རྟོག་པ་སྣ་ཚོགས་བསྐྱེད། །ལ་ལ་འོད་གསལ་ངང་དུ་གནས། །ལ་ལ་མ་རིག་བག་ལ་ཞ། །དེ་དང་དེ་གཉིས་ནོར་ཉེན་ཡོད། །ལ་ལས་སྤྲུལ་བསྒྱུར་སྣ་ཚོགས་སྟོན། །ལ་ལ་འཁྲུལ་སྣང་སྣ་ཚོགས་འཆར། །ལ་ལ་བསམ་གཏན་ཉམས་མྱོང་སྐྱོང་། །ལ་ལས་བག་ཆགས་རྗེས་སུ་འབྲང་། །ལ་ལས་རྨི་ལམ་རང་ངོ་འཕྲོད། །ལ་ལས་སྡིག་སླང་འཚུབ་བར་ལོང་། །ལ་ལ་རྨི་ལམ་རང་དབང་ཐོབ། །ལ་ལ་གཉིས་འཁྲུལ་རྩིབས་ལ་སྐྱོན། །དེ་ལ་སོགས་པ་མཐའ་ལས་འདས། །འཆི་ཁ་བར་དོའི་ས་མཚམས་ནི། །དེ་ཉིན་འཆི་ནད་དེ་ཐོབ་ནས། །ཧ་ཞེས་དབུགས་རྒྱུད་རྦད་ཀྱི་ཆད། །ལུས་ཉིད་རོ་ཡི་ཆོས་ཅན་ནོ། །གནས་ཚུལ་འཆི་ནད་སྣ་ཚོགས་ཏེ། །ལ་ལ་གྲི་མཚོན་གཡང་རྦབ་དང་། །ལ་ལ་རྒྱལ་པོའི་ཆད་པ་དང་། །ལ་ལ་འབྱུང་ལྔའི་ལས་སྦྱར་དངོས། །སྣ་ཚོགས་རྐྱེན་ནི་ངེས་པ་མེད། །གཏོ་དགེ་སྨན་དཔྱད་རིམ་གྲོར་འབད། །ཕན་བྱ་གང་བས་གནོད་ཚབ་ཆེ། །དེ་ནི་ངེས་པར་འཆི་རྐྱེན་ཏེ། །འཆི་ཁ་ཉེ་རིང་འཁོར་གཡོག་དང་། །བརྩེ་བའི་གྲོགས་ཀྱིས་མཐའ་ནས་བསྐོར། །ཀུན་གྱིས་ནད་པའི་གདོང་ལ་ལྟ། །མཆི་མའི་རླན་གྱིས་ངུ་སྐད་འབྱིན། །ཕན་ཚུན་བརྩེ་སེམས་ཟློ་རེས་བྱེད། །བསམ་བསམ་མང་པོ་མལ་དུ་ལུས། །གྱིས་གྱིས་མང་པོའི་ཁ་ཆེམས་བཞག །ཆགས་སེམས་ཀུན་ནས་བསླང་བ་ཡི། །སྡུག་བསྔལ་དྲན་ཀྱང་བཟོད་བླག་མེད། །ཕལ་ཆེར་ནད་དབང་ངང་དུ་འགྲོ། །ཀུན་ཀྱང་སྡུག་བསྔལ་འབའ་ཞིག་སྟེ། །འཆི་ལུག་རྒྱལ་པོ་ལྟ་བུ་དང་། །སྤྲང་པོ་ལྟ་བུ་གཉིས་ལ་འདུས། །ལ་ལ་འཆི་ཁ་དག་སྣང་འཆར། །ཞིང་ཁམས་གང་དུ་འཕོ་རྟགས་འབྱུང་། །ལ་ལ་འཇའ་ལུས་འགྲོ་བའང་ཡོད། །དེ་ནི་ལྷག་མེད་སངས་རྒྱས་ཟེར། །ལ་ལ་ངན་འགྲོའི་རྟགས་ངན་འཆར། །མར་གྱི་ཟང་ཐལ་བྱ་བ་ཡོད། །དེ་སོགས་རྣམ་པ་སྣ་ཚོགས་སོ། །དབུགས་ཆད་རིག་པ་སྙིང་དབུས་བརྒྱལ། །ནག་ལམ་སྐབས་ཞེས་ལ་ལར་གསུངས། །ཡང་ན་ཆོས་ཉིད་མ་ལ་ཞ། །ཞེས་ཀྱང་ཟེར་ཏེ་འཆི་ཁའོ། །ཆོས་ཉིད་བར་དོའི་ས་མཚམས་ནི། །ལུས་དང་སེམས་བྲལ་རིག་པ་ཉིད། །ཕྱི་ཡི་ཆོས་ཉིད་དག་ལ་གནས། །སྲིད་པ་བར་དོ་མ་འཆར་བར། །གནས་ཚུལ་ལས་ཀྱི་རླུང་གིས་བསྐྱོད། །ཚངས་བུག་སོགས་ནས་ཕྱིན་ཐོན་ཏེ། །ཐམས་ཅད་སྟོང་ཉིད་རྗེན་པར་འཆར། །སྟོང་པའི་ངང་ལས་འབྱུང་བ་འཁྲུག ། སྒྲ་འོད་ཟེར་དང་སྐུ་ཡིག་འབྲུ། །ཐིག་ལེ་ཐིག་ཕྲན་རིགས་ལྔའི་དལ། །ཞི་བ་ཡོངས་རྫོགས་ཁྲག་འཐུང་སོགས། །ཞི་ཁྲོ་ཡོངས་སུ་རྫོགས་པར་ཤར། །ལ་ལར་རང་རང་ཡི་དམ་ལྷ། །གོམས་འདྲིས་གང་ཡོད་ལྷ་ཚོགས་རྣམས། །འཆར་ནས་ལུང་བསྟན་དབུག་དབྱུང་སྟེ། །ཞིང་ཁམས་དག་ཏུ་འདྲེན་པར་གསུངས། །དེ་ཡང་བརྟན་པ་ཐོབ་པ་རྣམས། །དེ་ཉིད་རྒྱུ་ནི་སངས་རྒྱས་སྟེ། །དེ་མིན་ལུང་བསྟན་གནང་བ་ཐོབ། །དེར་གནས་ཆོས་ཉིད་ངང་དུ་གནས། །དེས་ན་ཆོས་ཉིད་བར་དོ་བྱ། །སྲིད་པ་བར་དོའི་ས་མཚམས་ནི། །ཆོས་ཉིད་ས་ལ་ལ་ལ་ནི། །དབང་པོའི་སྒོ་ནས་ཕྱིར་ཐོན་ནས། །ཆོས་ཉིད་མི་འཆར་སྲིད་པ་འབྱུང་། །ལ་ལར་གཤིན་རྗེ་གཤེད་དུ་སྣང་། །རྡེའུ་གཤར་མར་འབྱུང་བར་གསུངས། །གོང་ལྟར་ཆོས་ཉིད་དེ་ཡལ་ནས། །མ་ཡི་མངལ་དུ་མ་ཚུད་བར། །སྲིད་པ་བར་དོ་བྱ་བ་སྟེ། །གནས་ཚུལ་བག་ཆགས་ཡིད་ལུས་ལ། །ཕྱ་ཕྱོད་ཡད་ཡུད་འདུག་མི་ཚུགས། །ཕྱོགས་བཅུ་ཀུན་སྤྱོད་སྐྱབས་གནས་ཚོལ། །སྣང་བ་གཉིས་ཆ་བཞི་ཆ་འཆར། །འདས་དང་མ་འོངས་ད་ལྟ་གསུམ། །ལུང་མ་བསྟན་སོགས་བག་ལ་ཉལ། །ཉིན་དང་མཚན་ཞེས་སྣང་བ་ནུབ། །ལས་རླུང་གང་དུ་བསྐྱོད་དེ་འགྲོ། །རང་གི་ཉེ་འཁོར་ཀུན་མཐོང་ཡང་། །དེ་ཚོས་བདག་ཉིད་རིག་མི་འགྱུར། །གལ་ཏེ་མཐོང་ཡང་མིག་འཁྲུལ་ཙམ། །དེ་ཙ་ཁོང་ཚོས་གང་སྨྲ་དང་། །བྱ་བྱེད་མཐོང་བཞིན་ཡི་མ་རངས། །སྙིང་མི་དགའ་ཞིང་ཡིད་ཕྱོ་སྟེ། །ཁོ་ཐག་ཆོད་ནས་ཁ་ཕྱིར་སྟོན། །རུས་( ལུས་) མེད་ཡིད་ཡུལ་བར་དོར་འཁྱམས། །སྣང་བ་ཆ་གཅིག་སྔོན་མ་ཡི། །བག་ཆགས་ལ་སོགས་ཐལ་ཐོལ་འཆར། །ཆ་གཅིག་མ་འོངས་གང་སྐྱེ་ཡི། །སྐྱེ་གནས་བདེ་སྡུག་ཡིད་ལ་སྐྱེས། །ཆ་གཅིག་ད་ལྟའི་སྣང་བརྙན་ཙམ། །དྲི་ཟའི་བྱ་བ་འབའ་ཞིག་སྤྱོད། །ཆ་གཅིག་ལུང་མ་བསྟན་པ་ཡི། །བག་ལ་ཉལ་དུ་གནས་ཞེས་གསུངས། །དེས་ན་སྲིད་པ་ལུགས་འབྱུང་བས། །སྲིད་པ་བར་དོ་ཞེས་བཤད་དོ། །དེ་ལྟར་བར་དོ་དྲུག་པོ་ཡི། །གདམས་པ་ཉམས་སུ་ལེན་ཚུལ་ནི། །ཐོག་མར་སྐྱེ་གནས་བར་དོའི་དུས། །དང་པོ་བླ་མ་མཚན་ལྡན་བརྟེན། །སྤྱོད་ཚུལ་འདུལ་བའི་གཞུང་ལུགས་ལྟར། །བསླབ་གསུམ་སྡོམ་པ་རྒྱན་བཞིན་དུ། །རྒྱུ་འབྲས་ཡིད་ཆེས་སྤང་དང་བླང་། །ཚུལ་བཞིན་མ་ནོར་སྤྱོད་བྱས་ནས། །དབང་དང་མན་ངག་ལུང་ལག་ལེན། །ཐོས་པས་ཕྱི་ཡི་ཁོང་གྲོལ་བ། །ཐི་བྱ་ཚང་འཇུག་ལྟ་བུ་དེར། །བུང་བས་རྩི་བཞིན་གདམས་པ་ཉན། །ཐོས་ཚད་ཁོང་སྲན་མ་སོང་བ། །བསྐྱེད་དང་རྫོགས་དང་རྫོགས་པ་ཆེ། །ཟུང་འཇུག་རྩ་རླུང་ཐིག་ལེ་སོགས། །ཉམས་ལེན་སྲང་དུ་གཅུན་པ་ནི། །དབེན་པར་རི་དྭགས་ལྟ་བུར་སྤྱོད། །བག་ལ་ཉལ་དང་ཐེ་ཚོམ་རྣམས། །མཚངས་ཡུལ་འདོན་ཅིང་ཆོག་ཤེས་ལྡན། །ཐམས་ཅད་བདེན་མེད་སྒྱུ་མ་ལྟར། །སྨྱོན་པའམ་ནི་མཛེ་སྤྲང་ལྟར། །སྤྱོད་པ་གདར་ཤ་ཆོད་པར་བྱ། །མདོར་ན་རྒྱུད་ལུང་མན་ངག་གི། །དཀྱུས་བཞིན་ཚེ་འདིར་གྲོལ་ནུས་གྱིས། །དེ་ནི་ཚེ་གཅིག་སངས་རྒྱས་པས། །བར་དོ་གཞན་རྣམས་སྨྲོས་ཅི་དགོས། །གལ་ཏེ་ཚེ་འདིར་མ་གྲོལ་ན། །འཆི་ཁ་མན་ངག་བླངས་པར་གསུངས། །དེས་ན་འཆི་བའི་ནད་ཐེབས་ནས། །འཆི་ལྟས་འདི་རྣམས་འོང་བར་གསུངས། །ཕྱི་འབྱུང་ལྔ་པོ་ནང་དུ་ཐིམ། །ནང་འབྱུང་ལྔ་པོ་གསང་འབྱུང་ཐིམ། །གསང་འབྱུང་ལྔ་པོ་ཡོངས་སུ་རྫོགས། །དེ་ཡང་ས་ནི་ས་ལ་ཐིམ་པ་དང་། །དེ་བཞིན་ཆུ་དང་མེ་དང་རླུང་། །སོ་སོར་རང་ལ་ཐིམ་པའི་རྟགས། །སྐྱེས་བུའི་ལུས་ལ་འདི་ལྟར་འོང་། །ཤ་ནི་ས་ལ་ཐིམ་པའི་རྟགས། །ལུས་ནི་ལྗིད་ཅིང་ཟས་མི་ལེན། །ལུས་སྟོབས་འཆོར་ཞིང་ཤེས་པ་རྨུག །ལང་མི་ནུས་པ་ས་རྡོ་འདྲ། །དྲོད་ནི་མེ་ལ་ཐིམ་པའི་རྟགས། །ཁ་སྣ་བསྐམས་ཤིང་ལུས་དྲོད་འཆོར། །ཤེས་པ་རེས་གསལ་རེས་མི་གསལ། །ཕྱི་ནང་བར་གསུམ་དྲོད་རྣམས་འཆོར། །དབུགས་ཉིད་རླུང་ལ་ཐིམ་པའི་རྟགས། །དབུགས་ནི་ངར་ངར་ཡན་ལག་གཡོབ། །མིག་ཀྱང་གྱེན་ལ་ལྡོག་པའོ། །བཀྲག་མདངས་ཐམས་ཅད་ཡལ་གྱུར་ཏེ། །ཟས་ཀྱི་ཐ་མ་དུར་བརྒྱག་ཟ། །གཏམ་གྱི་ཐ་མ་ཁ་ཆེམས་འདྲི། །གཉེན་དང་འཕྲད་ཚེ་ངུ་འབོད་འཇུ། །དེ་འདྲ་འབྱུང་བ་ངོ་ཤེས་སམ། །ཁྲག་རྣམས་ཆུ་ལ་ཐིམ་པའི་རྟགས། །ཁ་ཆུ་སྣ་ཆུ་འཛག་པར་བྱེད། །ཆུ་ངན་མི་ཐུབ་གྲེ་ལྕེ་སྐམ། །མིག་བཟློག་དབུགས་རིང་འདོན་པའོ། །དེ་ཡི་མཐའ་ལ་ཐུག་པའི་དུས། །ཕྱི་དབུགས་ཧར་གྱི་ཆད་ནས་འགྲོ། །དེ་དུས་སྔར་གྱི་མན་ངག་རྣམས། །ཡིད་ལ་དྲན་པ་ཙམ་གྱིས་གྲོལ། །གལ་ཏེ་དྲན་པ་འཐོར་བ་ན། །གྲོགས་ཀྱིས་གསལ་བཏབ་འཕོ་བ་བསྒོམ། །རྒྱས་པར་སོ་སོའི་དཀྱུས་ནས་མངོན། །དེ་དུས་སྣང་བ་འདི་ལྟར་འདུ། །ཕྱི་ཡི་དབང་པོ་དྲན་བྱེད་ཉམས། །མུན་སྲོས་ལྟ་བུ་འུབ་ཀྱིས་ནུབ། །རིག་པ་སྙིང་གི་དཀྱིལ་དུ་བརྒྱལ། །སྨྲ་ཡང་མི་ཤེས་དྲན་བསམ་ཉམས། །འདིའི་སྐབས་ཐིག་ལེ་རྩལ་སྦྱངས་པའི། །དགའ་བཞི་ངོ་སྤྲོད་ཐོབ་པ་རྣམས། །དཀར་དམར་འདྲེས་པའི་བདེ་བ་མྱོང་། །སྐད་ཅིག་དེ་ལ་བདེ་ཆེན་ཐོབ། །བདེ་བ་ཅན་དུ་མངོན་སངས་རྒྱས། །གྲོལ་བར་ཐོབ་པ་གོང་མས་གསུངས། །དེ་ནས་འབྱུང་བ་ཐིམ་བསྡུས་ཏེ། །ལུས་ཀྱི་ཁྲག་རྣམས་ཀུན་འདུས་ནས། །སྲོག་རྩའི་ནང་དུ་ཐིམ་པ་ཡིས། །ཁ་གདངས་མིག་ནི་སྐྱ་ལོག་འགྲོ། །སྣང་བ་ཁང་སྟིབ་ལྟ་བུ་འབྱུང་། །དབུགས་ནི་གྲུ་གང་ཙམ་དུ་ཆད། །དེ་ནས་ཁྲག་ཐིག་གཉིས་བརྒྱབ་པས། །མགོ་དགུག་དབུགས་ནི་མདའ་གང་ཆད། །སྣང་བ་གཉིད་ནི་འཐུག་པོ་འདྲ། །དེ་ནས་ཁྲག་ཐིག་གསུམ་བརྒྱབ་པས། །ཨིག་འབྱིན་མན་བྲུམ་ལུས་ཟུང་ཆད། །སྣང་བ་རྨི་ལམ་སྐྲག་ཚད་འདྲ། །དེ་ནས་ཕྱི་དབུགས་ཀུན་ཆད་ནས། །རིག་པ་སྙིང་དཀྱིལ་ཧྲིག་གེར་སྡོད། །སྣང་བ་ཐོ་རེངས་འོད་གསལ་འདྲ། །འདིའི་སྐབས་ཕྱག་རྒྱ་ཆེན་པོ་དང་། །རྩ་རླུང་ཐིག་ལེའི་ཉམས་འཆར་བས། །སྔོན་གོམས་སྐྱེས་བུ་སྦྱངས་སྟོབས་ཅན། །ངོ་འཕྲོད་སྐད་ཅིག་དེ་རུ་གྲོལ། །ངེས་པར་སངས་རྒྱས་གདོན་མི་ཟ། །དེ་ལྟར་གདམས་པ་མི་ལྡན་རྣམས། །འདི་དུས་འཕོ་བ་འདེབས་པ་དང་། །གསལ་འདེབས་ལམ་བསྟན་མཆོག་ཏུ་གཅེས། །འདི་ཕན་འཆི་ཁའི་བར་དོ་ཟེར། །གང་ཟག་འབྲིང་རྣམས་གྲོལ་བའི་ས། །གསུམ་པ་ཆོས་ཉིད་བར་དོ་ནི། །དེ་ནས་རྣམ་ཤེས་ནམ་མཁར་ཐིམ། །དོན་ལ་རླུང་ལྔ་བྲོས་པ་ཡིས། །ཀུན་ཁྱབ་རླུང་ནི་ནམ་མཁར་ཐིམ། །ཤེས་པ་ནག་ལམ་ཞེས་བྱ་བ། །ཐམས་ཅད་མུན་པ་འབའ་ཞིག་འཆར། །གྱེན་རྒྱུའི་རླུང་ནི་རླུང་ལ་ཐིམ། །སྒྲ་སྣང་འབྲུག་སྟོང་ལྡིར་འདྲ་འོང་། །མེ་མཉམ་རླུང་ནི་མེ་ལ་ཐིིམ། །སྲིན་བུ་མེ་ཁྱེར་ལྟ་བུ་དང་། །འོད་ཟེར་རྣམ་པ་སྣ་ཚོགས་འཆར། །ཐུར་སེལ་རླུང་ནི་ཆུ་ལ་ཐིམ། །སྔོན་པོ་མཚོན་ཆ་སྣ་ཚོགས་དང་། །ཆུ་སོགས་འཇིགས་སྣང་མང་པོ་འཆར། །སྲོག་འཛིན་སའམ་མཁའ་ལ་ཐིམ། །ཐམས་ཅད་སྟོང་རྗེན་ལྷང་ལྷང་དང་། །དཀར་ལམ་དམར་ལམ་འོད་སྣང་མཆེད། །འདི་ནས་དབང་པོའི་སྒོ་སོགས་ནས། །རྣམ་ཤེས་དབྱངས་ཀྱི་མཁའ་ལ་ཐིིམ། །འཇའ་འོད་ཟེར་དང་སྒྲོན་མ་དྲུག །ཐིག་ལེ་ཐིག་ཕྲན་སྣམ་བུ་ལྔ། །རིགས་ལྔ་ཡབ་ཡུམ་ཕྱེད་སྐུ་སོགས། །ཞི་ཁྲོ་ཡོངས་རྫོགས་འཆར་བར་གསུངས། །འདི་དུས་རྫོགས་ཆེན་རྣལ་འབྱོར་རྣམས། །མ་པང་བུ་རྒྱུག་ཨ་ལ་ལ། །ཐེག་དམན་ཕལ་གྱི་རྣལ་འབྱོར་འགའ། །ཐེ་ཚོམ་ལོག་ལྟས་འཁོར་བར་འཆིང་། །དེས་ན་གདམས་པ་འདི་ལ་སྦྱང་། །ཤེས་ལྡན་ཐོད་རྒལ་ཉམས་སུ་ལོངས། །ཆོས་ཉིད་མངོན་གསུམ་མཐོང་ཙམ་ནས། །ངན་སོང་གསུམ་སོགས་འཁོར་བ་རུ། །དམྱལ་མཁན་གྱིས་ཁྲིད་སངས་རྒྱས་ཀྱིས། །དེད་ཀྱང་མཐུར་ལ་ཅི་ཕྱིར་འགྲོ། །དེས་ན་ཉམས་ལེན་དཀྱུས་ལ་དྲིལ། །འདི་ཡི་སྣང་བའི་རྟགས་རྫོགས་ནས། །སྲིད་པ་བར་དོ་ཞེས་གྲགས་ཏེ། །སྣང་ཚུལ་འཆར་ཚུལ་གོང་དུ་ཐལ། །ཞིབ་པར་དགོངས་པ་རང་གྲོལ་སོགས། །གོང་མ་རྣམས་ཀྱི་གསུངས་ལ་ལྟོས། །ཉམས་ལེན་བསྐྱེད་རིམ་གོམས་པ་དང་། །སྒྱུ་མ་སྒོམ་པ་མཆོག་ཏུ་གཅེས། །དེས་ན་ད་ལྟའི་དུས་སུ་ནི། །མེ་ལོང་གཟུགས་ལ་རིག་པ་བཅུག །ལྷ་བསྐྱེད་ཕྱི་སྣོད་སྣང་བ་སྦྱོང་། །བདག་ལུས་སྦྱོང་ཤིང་རྩལ་འབྱིན་ན། །བར་དོའི་སྣང་བ་ལང་ལོང་དང་། །བན་བུན་ཕྱད་ཕྱོད་འཆར་བའི་ཚེ། །སྐད་ཅིག་དེ་ལ་གྲོལ་བར་འགྱུར། །དེས་ན་ད་ལྟའི་སྦྱོང་ཚུལ་ལྟ། །འོན་ཀྱང་དེ་ཡིས་མ་གྲོལ་ན། །ཕ་མ་ལ་སོགས་མཐོང་བའི་ཚེ། །ཡི་དམ་བསྒོམ་མམ་སྒྱུ་མར་བསྒོམ། །ཡང་ན་ཕྱག་ཆེན་ངང་དུ་བཞག །ཐ་མ་རྩ་གསུམ་ར་མདའ་སྦྲེང་། །དེ་ཡིས་མངལ་ཁེག་སངས་རྒྱས་གསུངས། །དེས་ན་བར་དོ་སྦྱངས་ཚུལ་ཡང་། །འདི་ལྟར་ཉིན་མཚན་དུས་ཀུན་ཏུ། །བར་དོའམ་ནི་རྨི་ལམ་ཡིན། །ཐམས་ཅད་སྒྱུ་མ་སྨིག་རྒྱུ་འང་། །བདེན་མེད་ཡིད་ལ་འབྱོངས་པ་དང་། །གང་སྣང་ཐམས་ཅད་ལྷར་མོས་ནས། །མེ་ལོང་ལྷ་ཡི་ས་མ་ཏི། །མ་བརྗེད་ལྷང་ལྷང་སྐྱེ་བར་བྱ། །ལ་ལས་འཁྲིག་པ་སྤྱོད་མཐོང་ཚེ། །ངེས་པར་ཡི་དམ་ཡབ་ཡུམ་བསྒོམ། །དེ་ལ་སྟོང་བ་ཉིད་དང་( ངང་)དུ། །མ་ཡེངས་ལྷམ་མེར་བཞག་པ་གནད། །དེ་བཞིན་རང་ཡང་ཕྱི་རོལ་གྱི། །རྐྱེན་གྱིས་ཆགས་པ་སྐྱེས་བའི་དུས། །ཡི་དམ་མེ་ལོང་བློ་བཞག་ནས། །དཔའ་གདེང་ཕྱག་རྒྱ་ཆེན་པོ་སྟེ། །འདོད་ཆགས་སྤངས་བླངས་མ་བསྒྱུར་བར། །སོ་མ་དེ་ཡི་ངོ་བོ་ལ། །རྗེན་ནེ་ཧྲིག་གེ་མེར་རེ་བཞག །དེ་ཡིས་གྲོལ་བ་ཐོབ་པར་གསུངས། །ཁྱད་པར་དུས་བཞི་གཅན་ཟན་དང་། །རི་དྭགས་གཡུང་དྭགས་འདབ་ཆགས་རྣམས། །འཁྲིག་པ་སྤྱོད་པའི་དུས་དག་ཏུ། །དེ་དག་ཡི་དམ་ཡབ་ཡུམ་བསྒོམ། །ཕྱག་རྒྱ་ཆེན་པོའི་རྒྱས་འདེབས་བྱ། །དེ་ནི་འགྲོ་དོན་མཆོག་ཏུ་སྟེ། །བར་དོའི་མངལ་ཁ་སྟོང་པར་བཤད། །དེས་ན་སྟོན་ཁར་རི་དྭགས་དང་། །དཔྱིད་ཁ་འདབ་ཆགས་དབྱར་གཡུང་དག །དགུན་དུས་གཅན་ཟན་ཐམས་ཅད་དེ། །རིམ་བཞིན་ཡི་དམ་ཡབ་ཡུམ་ནི། །ཟླ་རེར་བསྒོམ་ན་འགྲོ་བའི་དོན། །རླབས་ཆེན་འགྲུབ་སྟེ་དེང་ཕྱིན་ཆད། །བདག་ཀྱང་སྲིད་པར་ངེས་པ་ཉིད། །ཕ་མ་མཐོང་མ་ཐག་ཉིད་དུ། །གྲོལ་བར་གྱུར་བར་གདོན་མི་ཟ། །དེ་བཞིན་རྨི་ལམ་བར་དོ་ནི། །རབ་ཀྱི་རང་བཞིན་ཉམས་ལེན་ལ། །བརྟན་པ་ཐོབ་ཚེ་གྲོལ་འགྱུར་ཏེ། །བར་དོའི་ཚད་ཀྱི་རྨི་ལམ་འཛིན། །ཞེས་གསུངས་འབྲིང་གིས་སྒྱུ་མ་སོགས། །རྨི་ལམ་སྦྱངས་ཐབས་ཀུན་ཏུ་གསལ། །བསམ་གཏན་བསྐྱེད་རྫོགས་རྩ་རླུང་དང་། །རྫོགས་ཆེན་རྫོགས་པ་ཆེན་པོ་སོགས། །གང་བྱེད་དེ་ཡི་ཉམས་སུ་གསལ། །དེས་ན་གསང་སྒྲོགས་འགྲོ་ཉེན་ཆེ། །འདི་ན་ཞིབ་པར་མ་སྨོས་སོ། །འོན་ཀྱང་མན་ངག་གཞུང་ལ་ལྟོས། །དེ་ལྟར་བར་དོའི་དྲི་བ་རྣམས། །ཨོ་རྒྱན་བསྟན་འཛིན་གྱིས་བསྐུལ་ངོར། །གང་འདུག་ས་བོན་མ་ནུབ་ཙམ། །གང་དྲན་བསམ་གཏན་རྡོ་རྗེ་ངས། །རྣམ་སྣང་མི་སྤྱོད་ཕོ་ཕྲང་དུ། །སྦྱར་བས་འགྲོ་ཀུན་གྲོལ་གྱུར་ཅིག །ཅེས་སྨྲས་སོ།། །།

བར་དོ་སྤྱི་ཡི་དོན་ཐམས་ཅད་རྣམ་པར་གསལ་བར་བྱེད་པ་དྲན་པའི་མེ་ལོང་།

བར་དོ་སྤྱི་ཡི་དོན་ཐམས་ཅད་རྣམ་པར་གསལ་བར་བྱེད་པ་དྲན་པའི་མེ་ལོང་ཞེས་བྱ་བཞུགས་སོ། །

ན་མོ་གུ་རུ་བྷྱ༔ གདོད་ནས་རབ་དག་དག་པ་གཉིས་ལྡན་སྲིད་དང་ཞི་བའི་སྤྲོས་པ་ཀུན་བྲལ་ཆོས་ཀྱི་སྐུ། །རང་གདངས་མ་འགགས་འགག་མེད་འཆར་ཚུལ་ཞི་དང་ཁྲོ་གར་ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས། །སྣ་ཚོགས་འགྲོ་འདུལ་འདུལ་ཞིང་གང་འཚམས་སྤྲུལ་བསྒྱུར་བགྲང་ཡས་འདོད་འབྱུང་མཛོད་མངའ་སྤྲུལ་པའི་སྐུ། །དབྱེར་མེད་བླ་མ་མ་ལུས་རྒྱལ་བའི་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རང་རིག་གཉིས་མེད་མཆོད། །འཁོར་འདས་སྣང་སྲིད་གདོད་ནས་ཡང་དག་པའི། །གཤིས་ངོར་སྐྱེ་འཆི་བདེ་སྡུག་མིང་དབེན་ཡང་། །མ་རྟོག་བློ་ལ་འཁྲུལ་སྣང་མཐའ་མེད་ཀྱི། །སྦུབས་ཆུད་སྡུག་བསྔལ་མང་མྱོང་སྙིང་རྗེའི་གནས། །༈ དེ་དག་ཐབས་མང་དུ་མས་བསྒྲལ་སླད་ཆོས། །ཟབ་ཅིང་རྒྱ་ཆེར་མངའ་ལས་སྙིང་པོའི་བཅུད། །མཆོག་གྱུར་བར་དོའི་གདམས་པ་བསམ་ཡས་པར། །བསྒྲུབ་རྒྱུད་གོང་མ་རྣམས་ཀྱིས་གསལ་མཛད་མོད། །༈ དེ་དག་ལས་ལྷག་རྨོངས་པ་བདག་འདྲ་ཡིས། །བརྗོད་དུ་ཅི་མཆིས་བརྗོད་ཀྱང་དགོས་པ་གང། །འོན་ཀྱང་བློ་དང་ལྡན་པ་ཁྱེད་ཉིད་ཀྱིས། །དྲིས་ཕྱིར་གོང་མ་རྣམས་གསུངས་བསྐྱར་བཞིན་བརྗོད། །༈ དེ་ལ་སྤྱིར་སེམས་ཅན་ཐམས་ཅད་ཐོག་མའི་འཁྲུལ་གཞི་ལས་བརྩམས་ཏེ་མཐར་ཐུག་བྱང་ཆུབ་མངོན་དུ་མ་གྱུར་གྱི་བར་ཐམས་ཅད་ནམ་ཡང་བར་མ་དོའི་གནས་སྐབས་ཁོ་ན་ཡིན་ཕྱིར། །གཞི་ལམ་གྱི་ཆོས་ཐམས་ཅད་ལ་བར་མ་དོའི་ཐ་སྙད་གདགས་སུ་རུང་བ་ཁོ་ན་ཡིན་ནའང་། ཐ་མལ་པ་དག་བར་སྲིད་ཀྱི་གནས་སྐབས་གཅིག་པུ་ཁོ་ན་ལ་བར་དོ་ཞེས་སྡུག་སྡུག་པ་གཅིག་ཏུ་འཛིན་ལ། གཞན་ཡང་གསང་སྔགས་རྙིང་མའི་བར་དོ་ཐོས་གྲོལ་གྱི་གདམས་པ་སོགས་སུ་བར་དོའི་རྣམ་གྲངས་དྲུག་ཏུ་འདྲེན་པའི་སྐབས་ཀྱི་ནང་ཚན་ལས། ཏིང་ངེ་འཛིན་བསམ་གཏན་གྱི་བར་དོ་ཞེས་པ་ལ། ཕྱིས་བྱོན་གྱི་མཁས་པ་ལ་ལས་ཐུགས་ལ་མ་ཤོང་བར་དགག་པ་སྣ་ཚོགས་མཛད་པ་སྣང་མོད་ཀྱི། འཁོར་འདས་ཀྱི་ཆོས་ཐམས་ཅད་བར་དོའི་རང་བཞིན་ཡིན་ན་བསམ་གཏན་ཀྱང་བར་དོར་ཅིའི་ཕྱིར་མི་རུང་བར་བྱེད། འདིར་མ་ཟད། རྗེ་མི་ལས་མཁའ་འགྲོ་མ་བཀྲ་ཤིས་ཚེ་རིང་ལ་གནང་བའི་བར་དོ་འཕྲང་སྒྲོལ་དུའང་སྤྱིར་བར་དོ་དྲུག་ཏུ་འདྲེན་ཚུལ་དང་། སྒོས་སུ་བསམ་གཏན། ཏིང་ངེ་འཛིན་གྱི་བར་དོའི་རྣམ་གཞག་མཛད་ལུགས་ཀྱང་ཐོས་གྲོལ་དང་ཐ་མི་དད་པ་དེ་བཞིན་ཡིན་ཚེ། གསར་རྙིང་དགོངས་བཞེད་མཐུན་ལ། སྤྱིར་བར་དོའི་རྣམ་གྲངས་འདྲེན་ཚུལ་ལ་གཞུང་མན་ངག་སོ་སོར་མི་གཅིག་པ་དུ་མ་འབྱུང་སྟེ། རང་བཞིན་སྐྱེ་གནས། འཆི་ཁ་སྡུག་བསྔལ། ཆོས་ཉིད་སྲིད་པ་སྟེ། བར་དོ་གསུམ་དུ་མཛད་པ་དང་། ཡང་། ཟུང་འཇུག་སྐུ་བཞི། རང་རིག་ཡེ་ཤེས། དུས་མཚམས་རང་བཞིན། འཆུག་མེད་རྟེན་འབྲེལ་གྱི་བར་དོ་སྟེ་བཞིར་མཛད་པ་དང་། གཞན་ཡང་། སྐྱེ་གནས། རྨི་ལམ། བསམ་གཏན། འཆི་ཁ། ཆོས་ཉིད། སྲིད་པ་བར་དོ་སྟེ། དྲུག་ཏུ་མཛད་པ་དང་བཅས་པ་སོགས་རྣམ་གྲངས་མང་མོད་ཀྱི། རེ་ཞིག་སྐབས་འདིར་ཉིད་ཀྱིས་དྲིས་པའི་མཐུས། གསར་རྙིང་ཐུན་མོང་ལྟར་གྱི་འགག་དོན་བསྡུས་ཏེ་རྟོགས་བདེ་བའི་སླད་དུ། རང་བཞིན་སྐྱེ་གནས་ཀྱི་བར་དོ་དང་། འཆི་ཁ་སྡུག་བསྔལ་ཀྱི་བར་དོ་དང་། ཆོས་ཉིད་འོད་གསལ་གྱི་བར་དོ་དང་། སྲིད་པ་ལས་ཀྱི་བར་དོ་དང་བཞིར་བསྡུས་ནས་བསྟན་པར་བྱ་སྟེ། དེ་དག་རེ་རེ་ལའང་ངོ་བོ་ངོས་བཟུང་བ། འཆར་ཚུལ་རྒྱས་པར་བཤད་པ། གདམས་ངག་ལམ་དུ་བྱ་བ་དང་གསུམ་གྱིས་འཆད་པ་ལ། དང་པོ་ནི་སྐྱེ་གནས་བར་དོ་ཞེས་གང་ལ་ཟེར་ཞེ་ན། མ་ཡི་མངལ་ནས་བྱུང་སྟེ་མཐར་འཆི་རྐྱེན་གྱིས་མ་ཟིན་པའི་བར་འདི་ལ་ཟེར། འཆར་ཚུལ་ལམ་སྣང་ཚུལ་གང་ལྟ་བུ་ཞེ་ན། གང་ཟག་མཆོག་དམན་གྱི་དབྱེ་བའི་ཁྱད་པར་ཐ་དད་པ་སོ་སོར་སྣང་བ་སྟེ། དེ་ཡང་མཆོག་རབ་ཀྱི་སྐལ་ལྡན་དག་ལ་ནི། སྣང་གྲགས་ལྷ་སྔགས་སོགས་སུ་ཤེས་པས་སྣོད་བཅུད་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་ཅིང་། རྟོག་ཚོགས་ཆོས་ཉིད་ཀྱི་རོལ་པར་ཤར་བས་ཐམས་ཅད་སྐུ་གསུམ་གྱི་རང་བཞིན་ཉིད་དུ་ཡེ་ནས་ཀྱང་ཡིན་ལ། ད་ལྟར་ཡང་སྣང་། མཐར་ཡང་དེ་ཉིད་ཀྱི་ངང་དུ་གྲོལ་ཕྱིར་སྣང་སྲིད་དག་པ་རབ་འབྱམ་མམ། ཅིར་སྣང་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱ་སྟེ། ཚུལ་འདི་ལ་ནི། དཔལ་མཁའ་སྤྱོད་ཞབས་སོགས་ཀྱིས། ཟུང་འཇུག་སྐུ་བཞིའི་བར་དོ་དང་། །རང་རིག་ཡེ་ཤེས་ཀྱི་བར་དོ་སོགས་སུ་མིང་གདགས་པར་མཛད་ཅིང་། སྔར་བཤད་པའི་ཏིང་འཛིན་བསམ་གཏན་གྱི་བར་དོ་ཡང་འདིའི་ཁོངས་སུ་འདུ་བས་ལོགས་སུ་བརྗོད་མ་དགོས་ལ། དེ་ལྟར་མ་རིག་མ་རྟོགས་པའི་ཐ་མལ་གྱི་གང་ཟག་རྣམས་ནི། སྐྱེས་ནས་འཆི་ནད་མ་བྱུང་གི་བར་དེ་སྲིད་དུ་བག་ཆགས་ངན་གོམས་འཁྲུལ་སྣང་ཨ་འཐས་ཀྱི་རྗེས་སུ་འབྲང་སྟེ། མི་བདེན་པ་ལ་བདེན་པར་འཛིན། མི་རྟག་པ་ལ་རྟག་ཏུ་རེ། སྡུག་བསྔལ་བ་ལ་བདེ་བར་ཞེན་ཏེ། དགྲ་འདུལ། གཉེན་སྐྱོང་། ང་ཁྱོད་ཆགས་སྡང་། མ་ཟིན་མ་ཆོག བསགས་བསྲུང་འཚོ་སྐྱོང་། འཇིག་རྟེན་ཆོས་བརྒྱད། དོན་མེད་འཁྲུལ་ཞེན་གྱི་བྱ་བ་ཁོ་ནས་མི་ཚེ་སྟོང་ཟད་དུ་ཕྱལ་གྱིས་གཏོང་བ་འདི་ལྟ་བུ་ནི་སྐྱེ་འགྲོ་ཕལ་མོ་ཆེའི་སྣང་ཚུལ་གྱི་ཆོས་ཉིད་ཡིན་ཚེ། སྐྱེ་གནས་བར་དོའི་རང་བཞིན་ནི་འདི་ལས་མ་འདས་ཤིང་། དེ་སྐབས་ཀྱི་མཚན་མོ་སོགས་ཀྱང་མན་ངག་ཉམས་ལེན་གྱི་གནད་ཀྱིས་མ་ཟིན་ཚེ་གཏི་མུག་རོ་ཉལ་བསམ་མེད་དུད་འགྲོ་ལྟ་བུར་གྱུར་པ་དང་། དེར་ཡང་ཉིང་འཁྲུལ་རྨི་ལམ་གྱི་སྣང་བ་སྣ་ཚོགས་པས་བསྐྱོད་ཅིང་གཟིང་ཕྱིར། བག་ཆགས་རྨི་ལམ་གྱི་བར་དོ་ཡང་སྐྱེ་གནས་བར་དོའི་ཁོངས་འདིར་འདུ་བ་ཉིད་དོ། །ཇི་སྐད་དུ། འཕགས་པ་དཀོན་མཆོག་འབྱུང་གནས་ཀྱི་མདོར། ལོག་པར་རྟོག་ལ་ཆགས་པའི་དབང་གིས་ནི། །འདིར་ནི་འགྲོ་བ་འདི་ཀུན་རབ་ཏུ་འཁྱམས། །སྐྱེས་སུ་གང་ཞིག་ཞི་བའི་ཆོས་རིགས་པ། །དེས་ནི་རང་བྱུང་དེ་བཞིན་གཤེགས་པ་མཐོང་། །ཆོས་མཆོག་ཞི་བ་རྣམས་ཀྱང་རབ་ཏུ་ཤེས། །ཞེས་གསུངས་པ་ལྟར། རྟོགས་མ་རྟོགས་ཀྱི་ཁྱད་པར་ཤིན་ཏུ་ཆེའོ། །སྐྱེ་གནས་བར་དོ་ལམ་དུ་ཁྱེར་ཐབས་ཀྱི་གདམས་ངག་གི་རིམ་པ་ནི། རྙིང་ལུགས་ཀྱི་མན་ངག་དག་ལས། ཐོས་བསམ་གྱི་སྒྲོ་འདོགས་གཅོད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག་ལ་འབད། ཅེས་གསུངས་ཏེ། དེ་ཇི་ལྟར་བྱ་ན། དང་པོར་བླ་མ་མཚན་ཉིད་དང་ལྡན་པ་བཙལ་ལ། སྒོ་གསུམ་ཟོལ་མེད་ཀྱིས་མཉེས་པའི་ཐབས་དུ་མས་བསྟེན། བསྟན་པའི་གཞི་མའམ་ལམ་གྱི་སྲོག་ཤིང་སྡོམ་པ་གསུམ་ལེགས་པར་ནོད་ལ། ཉམས་ཆགས་ཉེས་ལྟུང་གི་དྲི་མ་ཕྲ་མོས་ཀྱང་མ་གོས་པར་བསྲུང་། མདོ་རྒྱུད་དང་ཐེག་པའི་རིམ་པ་མཐའ་དག་ལ་ཐོས་བསམ་ཕྱོགས་མེད་དུ་བྱས་ཏེ་གྲུབ་མཐའི་ཞེན་ཕྱོགས་སྤང་། ཧ་ཅང་ཐོས་པ་ལ་འབྱམས་ཤིང་ཞེན་ན་ཐ་སྙད་ཚིག་མཐར་འཁོར་ནས་དོན་གྱི་སྙིང་པོ་མི་ལོན་པས་གང་ཐོས་རང་གི་རྒྱུད་ལ་བཀལ། ཐོས་བསམ་ཐམས་ཅད་ཀྱི་རྩ་བ་ནི་བླ་མའི་གདམས་ངག་ཁོ་ནར་འདུས་ཕྱིར་མཐར་ཕྱིན་པར་ཞུན་ཐར་བཅད། མི་ཚེ་སྟོང་ཟད་དུ་འགྲོ་བའི་རྒྱུ་ནི་འཇིག་རྟེན་གྱི་བྱ་བ་མ་ཐོང་པ་ཉིད་ལས་འབྱུང་བས་ཚེ་འདིའི་ཞེན་འཁྲིས་རྦད་ཀྱིས་བཅད་དེ་དབེན་པའི་རི་ཁྲོད་འགྲིམ། དབེན་པར་བསྡད་ཀྱང་སྒོ་གསུམ་དགེ་ལ་མི་འབད་ན་བྱ་དང་རི་དྭགས་གཅན་གཟན་གྱི་ཚོགས་དང་འདྲ་བས། ཐ་མལ་སྙོམས་ལས་ཆོས་མིན་གྱི་དབང་དུ་སྐད་ཅིག་ཀྱང་མི་བཏང་བར་འགྱོད་མེད་གདེང་ཐོབ་བྱ། སྟོང་ཉིད་ཀྱི་དོན་རྟོགས་ཀྱང་དགེ་སྡིག་ཁྱད་གསོད་དུ་མ་སོང་བར་བསླུ་མེད་རྒྱུ་འབྲས་རྟེན་འབྲེལ་ལ་ངེས་ཤེས་བརྟན་པོས་རྒྱལ་བའི་བཀའ་དང་མཐུན་པའི་ལྟ་སྤྱོད་ཟུང་འབྲེལ་ལ་བསླབ། ཁྱད་པར་དུ་བར་དོ་འོག་མ་ཐམས་ཅད་ཀྱི་གནད་འགག་འདིར་རག་ལས་ཕྱིར། སྐྱེ་གནས་བར་དོ་ལོང་ཁྱབ་ཡོད་པའི་དུས་འདིར་ཉམས་ལེན་གོམས་ཤུག་དང་ལྡན་པར་མ་གྱུར་ན། ལོང་མེད་འཆི་རྐྱེན་གྱི་འགག་ལ་ཐུག་ཚེ་འགྱོད་ཀྱང་ཕྱིས་ཚར་ཏེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ལོང་ཡོད་པོ་ཚོ་འཆི་ཁར་པྲད་པྲད་༼སྤྲད་སྤྲད་༽ བྱེད༔ ཨ་རེ་འགྱོད་དེ་བག་ཙམ་འཕྱིས་པ་འདྲ༔ ཞེས་གསུངས་པ་བཞིན་འབྱུང་བས། དེས་ན་བར་དོ་ད་ལྟ་ནས་སྦྱོང་བ་གལ་ཆེ། གང་ཟག་སོ་སོའི་སྐལ་བ་དང་མོས་པར་མཐུན་པའི་ཆོས་སྒོ་གང་དང་གང་ལ་ཞུགས་པ་དེ་དང་དེའི་གདམས་པ་ཉམས་སུ་བླངས་ཏེ་རྒྱུད་སྨིན་གྲོལ་དུ་བྱ་དགོས་པའི་ཕྱིར། ཐོག་མར་སྨིན་བྱེད་དབང་གི་རིམ་པ། རྒྱས་བསྡུས་ཅི་རིགས་ཐོབ་ངེས་སུ་བྱ། དབང་དེ་ཡང་དིང་སང་སྙིགས་དུས་ཀྱི་དཔོན་སློབ་རྣམས་སོ་སོའི་དབང་ཆོག་བསྐུར་ཐོབ་ཀྱི་ཚུལ་ཕལ་ཆེར་ནི། རྒྱུད་སྡེ་དང་རིག་འཛིན་གོང་མའི་བཀའ་དང་མཐུན་པ་ནི་ཆེས་དཀོན་པར་གྱུར་ཏེ། བླ་མས་ཀྱང་ཟང་ཟིང་བསྡུ་ཐབས་སམ་ཁེ་གྲགས་སོགས་ཀྱི་སླད་དུ་དབང་བསྐུར་བྱེད་པ་མང་ལ། སློབ་མ་རྣམས་ཀྱིས་ཀྱང་འཕྲལ་རྐྱེན་ནད་གདོན་སོགས་ལ་ཕན་དུ་རེ་བའམ། མི་ཆོས་ཟླ་གྲོགས་ཀྱི་ཞོར་དང་། ལྟད་མོའམ་ཅི་བྱེད་བལྟ་བ་ལྟ་བུའི་བསམ་པས་ཞུས་ཚུལ་བྱེད་པ་མ་གཏོགས། ཡང་དག་གི་དད་པའི་དངོས་པོ་དང་མི་ལྡན་ཞིང་དབང་དོན་ངོ་འཕྲོད་པའི་ཕྱོགས་ཙམ་ཡང་མི་སྲིད་པ་ལྟ་བུར་སྣང་ལ། མདོར་ན་དཔོན་སློབ་གཉིས་ཀས་དབང་གི་ཟོལ་དང་བྱིས་རྩེད་ལད་མོ་བྱེད་པ་འདྲ་བ་འདི་ལྟ་བུས་ནི་གང་ཟག་གི་རྒྱུད་སྨིན་ཐུབ་པའི་ཐབས་མི་འདུག་པར་མངོན་སུམ་དུ་གསལ་མོད། སྣོད་བཅུད་ཚུལ་ལྡན་འཛོམ་པ་ཞིག་ལ་ནི་ཀུན་རྫོབ་ཀྱི་དབང་རྫས་རྣམས་མགོར་བཞག་ཀྱང་རུང་མ་བཞག་ཀྱང་རུང་སྟེ། དབང་དོན་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་ན་ཡང་དག་པའི་དབང་ཐོབ་པའི་མཆོག་ཏུ་གྱུར་པ་སྟེ། རྗེ་ཏིལླི་པས་ན་རོ་པ་ལ་འཆགས་ལྷམ་འཕང་པས་བརྒྱལ་བ་ལས་སླར་སངས་ཚེ་དབང་དོན་མཐར་ཐུག་རྟོགས་པའི་ཚུལ་དང་། པཎ་ཆེན་ཤྲཱྀ་སིང་ཧས་མཁས་པ་བཻ་རོ་ལ་ཤིང་ཐོག་ཀུ་ཤུ་གཅིག་སྦྱིན་པའི་བརྡ་ཐབས་ཀྱིས་རྫོགས་ཆེན་རིག་པའི་རྩལ་དབང་ཡོངས་རྫོགས་ཐོབ་པའི་ཚུལ་སོགས་དང་། གཞན་ཡང་སྐྱོ་སྟོན་བསོད་ནམས་བླ་མས་མ་ཅིག་ལབ་སྒྲོན་ལ་དབང་བསྐུར་དུས་ཀྱི་ལོ་རྒྱུས་སོགས། གྲུབ་ཐོབ་རྣམས་ཀྱི་རྣམ་ཐར་ན་དཔག་ཏུ་མེད་པ་འབྱུང་བས། དོན་ལ་ནི་དབང་ཞུས་མ་ཞུས་གཅིག་པུ་ལ་ཚད་མི་བཟུང་བར་སྨིན་ནུས་མི་ནུས་ལ་གཙོ་བོར་བྱ། དེ་ནས་གྲོལ་བྱེད་ཀྱི་གདམས་པ་དངོས་ལའང་ཞུས་ལོ་དང་ཐོས་ལོའི་རྣམ་གྲངས་ཙམ་གྱིས་ནི་རང་རྒྱུད་གྲོལ་བ་ལྟ་ཞོག ཉོན་མོངས་པ་ཅུང་ཟད་ཙམ་ཁ་བྲི་བའམ། བདག་འཛིན་དང་ཞེན་ཆགས་ཅུང་ཞིག་ཆུང་དུ་འགྲོ་བ་ཡང་ཤིན་ཏུ་དཀའ་བར་མངོན་སུམ་གྱིས་གྲུབ་ཕྱིར། དེས་ན་ཆོས་གང་ལ་ཉམས་ལེན་བྱེད་པ་དེ་ཉིད་ཀྱི་ལམ་རྟགས་རྣམས་ཚུལ་བཞིན་ཤར་ཐུབ་པའམ། མཐའ་ནའང་ཚིག་དོན་ལ་ངེས་པ་རྙེད་པའི་ཐབས་ལ་ནན་ཏན་དུ་བྱ་བ་ནི་སྤྱིར་གཅེས་པ་དང་། ཁྱད་པར་དུ་ནི། གདམས་པའི་བྱེ་བྲག་མཐའ་ཡས་ཀྱང་མདོར་བསྡུ་ན། སྒྲུབ་པ་པོ་རང་ཉིད་ཟབ་ལམ་ཆོས་དྲུག་གམ། ལམ་འབྲས་པ་ལྟ་བུ་ཞིག་ཡིན་པའི་དབང་དུ་བགྱི་ན། གཏུམ་མོ་ལམ་གྱི་གཞུང་ཤིང་ལ་ཉམས་ལེན་བརྩོན་འགྲུས་དྲག་པོས་འབད་ནས། གནས་པ་རྩ་དང་གཡོ་བ་རླུང་། བཀོད་པ་བྱང་ཆུབ་སེམས་ཀྱི་རྩལ་སྦྱོང་ལ་བརྟེན་ནས་ཟག་མེད་ལྷན་སྐྱེས་ཡེ་ཤེས་བདེ་སྟོང་ཟུང་འཇུག་མཆོག་གི་ལམ་ལ་གནད་དུ་བསྣུན་ཏེ། ཀུན་རྫོབ་འབྱུང་འདུས་ཀྱི་ཕུང་པོ་དངས་མ་འཇའ་ལུས་ཀྱི་རང་བཞིན་དུ་སྨིན་ཅིང་། དོན་དམ་ཤེས་རིག་གི་ངོ་བོ་ཆོས་སྐུ་སྐྱེ་མེད་ཀྱི་དབྱིངས་སུ་རོ་གཅིག་པའི་སྐུ་གཉིས་ཟུང་འཇུག་གི་གོ་འཕངས་ཚེ་འདི་ཁོ་ནར་འགྲུབ་པའི་ཐབས་ལ་རབ་ཏུ་བརྩོན་པས་མཐར་ཕྱིན་པར་བྱ་བ་དང་། ཡང་གང་ཟག་དེ་རྫོགས་ཆེན་པ་ལྟ་བུ་ཞིག་ཡིན་ན་སྤྱིར་རྫོགས་ཆེན་ལ་ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག ཡང་གསང་བླ་ན་མེད་པ་དང་ཨ་ཏི་སྤྱི་ཏི་སོགས་རྣམ་གྲངས་བསམ་གྱིས་མི་ཁྱབ་ཀྱང་། བསྡུ་ན་ཁྲེག་ཆོད་རིག་སྟོང་གི་ཉམས་ལེན། ཐོད་རྒལ་སྣང་སྟོང་གི་ཉམས་ལེན་གཉིས་ལ་གནད་ཐམས་ཅད་འདུ་བས། དེ་ཉིད་བཀའ་གཏེར་གང་དང་གང་གི་ལུགས་ལ་ཞུགས་ཀྱང་། དང་པོར་བླ་མ་མཆོག་ལ་མཐར་ཕྱིན་པར་ཞུས་ནས། མི་མེད་ཀྱི་ལུང་སྟོང་དུ་ལུས་ངག་ཡིད་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་ཞིང་འཁོར་འདས་རུ་ཤན་ཕྱེས་ལ། ཉིན་མཚན་ཁ་སྦྱོར་དུ་བྱ་བ་གཞན་དང་སྐད་ཅིག་ཀྱང་མ་འདྲེས་པར་ཉམས་སུ་བླངས་ན། ལུས་ཐོག་འདིར་ཀུན་བཟང་ཆོས་སྐུའི་གོ་འཕངས་མངོན་དུ་འགྱུར་ཞིང་། འདི་ལ་གང་ཟག་དབང་པོ་རབ་འབྲིང་གསུམ་ཚན་དགུར་ཕྱེས་པའི་རབ་ཀྱི་རབ་སྦྲུལ་མདུད་ནམ་མཁར་གྲོལ་བའི་དཔེ་ལྟར། གདམས་པ་ཐོབ་པ་དང་གྲོལ་བའི་དུས་མཉམ་རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེ་ལྟ་བུ། རབ་ཀྱི་འབྲིང་མཚོ་ལ་ཁ་བ་བབ་པ་ལྟར་གང་ཤར་ཆོས་ཉིད་དུ་ཐིམ་ནས་གྲོལ་བ་ནི། འཇམ་དཔལ་བཤེས་གཉེན། ཤྲཱྀ་སེང་ཧ། བི་མ་ལ། པདྨ་འབྱུང་གནས་ལ་སོགས་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ་རྣམས་དང་། རབ་གྱི་ཐ་མ་ཁྱག་རོམ་ཆུར་ཞུ་བ་བཞིན་གདམས་པ་ཉམས་ལེན་ཡུན་དུ་འབད་པས་འཁྲུལ་བའི་བག་ཆགས་དང་གདོས་བཅས་ཀྱི་ཕུང་པོ་རིམ་གྱི་འོད་ཀློང་དུ་༼འོད་ལུས་སུ་༽གྲོལ་བ། མྱང་བན་ཏིང་འཛིན་བཟང་པོ། ལྕེ་བཙུན་སེང་གེ་དབང་ཕྱུག སློབ་དཔོན་ཉིང་སྟོན་སྐུ་མཆེད་ལ་སོགས་ལུས་མ་སྤང་པར་མཁའ་སྤྱོད་འགྲུབ་པ་རྣམས་ལྟ་བུ་སྟེ། མདོར་ན་ཕྱག་རྫོག་ལམ་སྦྱོར་ཞི་གཅོད་ལ་སོགས་གདམས་པ་ཟབ་མོས་ཚེ་འདི་ཉིད་ལ་གྲུབ་པ་མཐར་ཕྱིན་པ་རྣམ་ལ་ནི། བར་དོ་འོག་མ་རྣམས་མཐོང་མི་དགོས་པར་ལུས་ཐོག་འདིར་གྲོལ་བ་ནི་སྐྱེ་གནས་བར་དོའི་ཉམས་ལེན་མཐར་ཕྱིན་པ་ཡིན་ནའང་། དེང་སང་ནི་བཀའ་གསར་རྙིང་སུ་ལ་བལྟས་རུང་དེ་ལྟ་བུ་ཤིན་ཏུ་དཀོན་པར་མཆིས་སོ། །འོན་ཀྱང་རྣམ་གཡེང་སྙོམས་ལས་ཀྱི་དབང་དུ་མ་སོང་བར་ཉམས་ལེན་གྱི་དངོས་གཞི་ནི་ཕྱག་རྫོགས་ལ་ཆིག་དྲིལ་དུ་བྱ་བ་དང་། མཚན་མོའི་ཉམས་ལེན་དུ་རྨི་ལམ་འཛིན་སྦྱོང་དང་འོད་གསལ། ཐུན་མཚམས་ཐམས་ཅད་དུ་སྒྱུ་ལུས་དང་བར་དོ། ཐུན་གྱི་མགོ་མཇུག་རྣམས་སུ་བླ་མ་ཡི་དམ་གྱི་བསྐྱེད་བཟླས་གསོལ་འདེབས་བསྔོ་སྨོན་ལ་སོགས་ཏེ། མདོར་ན་སྤྱིར་གྱི་སྒོ་གསུམ་ཐ་མལ་འཁྲུལ་འབྱམས་ལ་མ་ཤོར་བ་དང་། དགོས་སུ་བར་དོ་འོག་མ་རྣམས་ཀྱི་ཉམས་ལེན་ཐམས་ཅད་ལ་ད་ལྟ་ནས་གོམས་འདྲིས་ཡིད་འཇོག་ནན་ཏན་དུ་བྱ་དགོས་པ་ནི་བཀའ་གསར་རྙིང་ཐམས་ཅད་ཀྱི་དགོང་བཞེད་གཅིག་ཏུ་མཐུན་པའི་གནད་འགག་གལ་པོ་ཆེ་ལེགས་སོ། །འདིར་སྨྲས་པ། ཡིད་བཞིན་ནོར་འདྲའི་དལ་འབྱོར་ལེགས་ཐོབ་ཅིང་། །དགེ་བའི་བཤེས་དང་ཟབ་ཆོས་རྙེད་གྱུར་ཀྱང་། །འཁོར་བ་ཉམས་དགའི་ལྟད་མོ་ལ་ཡེངས་ཏེ། །གཏན་གྱི་འདུན་མ་བསྒྲུབ་པ་ཉིན་སྐར་ཙམ། །ཐོ་ཡོར་ལུས་དང་སེམས་ཀྱི་བྱིའུ་ཆུང་གཉིས། །ཡུད་ཙམ་ཚོགས་འདིར་བྱང་ཆུབ་མི་བསྒྲུབ་ན། །ཐོས་ཐོས་ཤེས་ཤེས་རྣམ་གྲངས་བརྒྱ་ཡོད་ཀྱང་། །འཁོར་བའི་མཚོ་ཆེན་སྒྲོལ་ལ་ཨེ་ཕན་ནམ། །ཕུན་ཚོགས་རང་དབང་ཡོད་དུས་ལེ་ལོར་བསྡད། །ཟློག་མེད་འཆི་བདག་བྱུང་ཚེ་འགྱོད་པས་གཟིར། །རང་ཕུང་རང་སྒྲུབ་སྨྱོན་པ་དུག་འཐུང་འདྲའི། །ཚུལ་འདི་སྐྱེ་གནས་བར་དོའི་སྣང་ཚུལ་ལེགས། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །༈ སྤྱི་དོན་གཉིས་པ་འཆི་ཁ་སྡུག་བསྔལ་གྱི་བར་དོའི་རང་བཞིན་བཤད་པ་ལའང་གསུམ་གྱི། དང་པོ་ངོ་བོ་ངོས་བཟུང་བ་ནི། འཆི་རྐྱེན་གང་ཡིན་པ་དེའི་ནད་ཀྱིས་ཟིན་པ་ནས། བར་དོ་དང་པོ་ཆོས་ཉིད་དོན་གྱི་འོད་གསལ་མ་ཤར་ཚུན་ཆད་ཀྱི་སྐབས་རྣམས་ཡིན་ལ། འདི་སྐབས་ཆོས་སྤྱི་ལས་འོད་གསལ་ཤར་བ་དེ་ཡང་འདིའི་ཁོངས་སུ་ཚུར་བསྡུས་ནས་སྟོན་ཡང་། ད་རེས་འདིར་ནི་རྫོགས་ཆེན་རྣམས་ལས་གསུངས་པ་ལྟར། ཆོས་ཉིད་འོད་གསལ་གྱི་བར་དོ་ནི་འོག་ཏུ་འཆད་ཕྱིར་འདིར་འཆི་ཁ་བར་དོ་ཁོ་ན་བསྟན་པར་བྱའོ། །གཞན་ཡང་གོང་དུ་བརྗོད་པ་ལྟར། གང་ཟག་མཆོག་རབ་ཀྱི་རིགས་ཅན་ལུས་ཐོག་འདིར་གྲོལ་བ་དག་ལ་ནི་བར་དོ་འོག་མ་རྣམས་མི་འབྱུང་སྟེ། དེ་ཡང་རྫོགས་ཆེན་རྣམས་ནས་འདི་ལྟར་གསུངས་ཏེ། རྣལ་འབྱོར་པ་རབ་རྣམས་ལ་འཆི་ལུགས་བཞི་ཡོད་དེ། བུམ་ཆག་ནམ་མཁའ་ཕྱི་ནང་འདྲེས་པ་བཞིན་ལུས་སེམས་ཆོས་སྐུ་སྟོང་ཉིད་དུ་ཐིམ་པ་དང་། དེ་བཞིན་དུ་བུད་ཤིང་ཟད་པས་མེ་དཔུང་དུ་བ་ལྟ་བུ་དང་། ནམ་མཁའ་འོད་ཕུང་གིས་གང་བ་རིག་འཛིན་འཆི་བ་ལྟ་བུ་དང་། ཤི་ཡང་ཕུང་པོ་འདོར་རྒྱུ་མེད་པ་མཁའ་འགྲོ་མ་འཆི་བ་ལྟ་བུ་རྣམས་ནི་རབ་ཀྱི་འཆི་ལུགས་སོ། །ཞེས་པས། འདི་དག་ལ་ནི་ཐིམ་རིམ་གྱི་སྤྲོས་པ་དང་བྲལ་ལ། ཡང་རྣལ་འབྱོར་འབྲིང་ལ་འཆི་ལུགས་གསུམ་སྟེ། འཆི་བའི་དུས་དང་འཆི་མི་འཆིའི་རྩིས་གདབ་མེད་པ་བུ་ཆུང་འཆི་བ་ལྟ་བུ་དང་། ཡུལ་རྐྱེན་ལ་ཉམས་ང་མེད་པ་ཕྱོགས་མེད་སྤྲང་པོ་འཆི་ལུགས་དང་། ཡུལ་རྐྱེན་གྱི་འཁྲི་བ་བཅད་དེ་གངས་ཁྲོད་ལུང་སྟོང་སོགས་སུ་འཆི་བ་སེངྒེ་ལྟ་བུ་རྣམས་འབྲིང་གི་འཆི་ལུགས་སོ། །ཅེས་པ་འདི་དག་ལ་ཡང་། གསོལ་འདེབས་སོགས་ལ་མི་ལྟོས་པར་རྟོགས་པའི་གདེངས་དང་ལྡན་པའི་འཆི་ལུགས་ཡིན་ལ། རྣལ་འབྱོར་པ་ཐ་མ་དང་་གང་ཟག་ཕལ་པ་སྤྱིའི་འཆི་ལུགས་ཀྱི་འཆར་ཚུལ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཕྱི་འབྱུང་བའི་ཁམས་དབང་སྐྱེ་མཆེད་ཐིམ་ཚུལ་དང་། ནང་སྣང་རྟོག་ཕྲ་རག་གི་ཐིམ་ཚུལ་གཉིས་བཤད་ཅིང་། ཞར་ལ་འཕོ་བའི་མན་ངག་གི་སྐབས་དོན་འཆད་པ་དང་བཅས་པའི་དང་པོ་ནི། སྤྱིར་སྐྱེ་འགྲོ་ཐམས་ཅད་དང་པོར་ལུས་ཆགས་པ་ཡང་འབྱུང་བ་ལྔ་ལ་བརྟེན། བར་དུ་ཡང་དེ་དག་ལ་བརྟེན་ཏེ་གནས། མཐར་འཇིག་པ་ཡང་དེ་དག་ཐིམ་སྡུད་ཀྱིས་འཇིག་པ་ཡིན་ཏེ། དེ་ཡང་འཆི་ཁར་ལས་རླུང་གྱེན་ལ་ལོག་ནས་རླུང་ཐམས་ཅད་དེས་དབང་བྱས་ཤིང་། འཁོར་ལོ་ལྔའི་རྩ་མདུད་ཞིག་པ་དང་རླུང་ལྔ་མལ་འཆུག་པས་ཕྱི་ནང་གསང་གསུམ་གྱི་འབྱུང་བ་སོ་སོར་ཐིམ་པ་ཡིན་ཏེ། འདི་དག་གི་ཐིམ་ཚུལ་རྒྱས་པ་ནི་རྫོགས་ཆེན་རིག་པ་རང་ཤར་གྱི་རྒྱུད་སོགས་ལས་རྒྱ་ཆེར་འབྱུང་མོད་ཀྱང་། འདིར་ཡིག་ཚོགས་ལ་འཛེམ་ནས་མ་བརྗོད་ལ། གསར་རྙིང་སྤྱི་མཐུན་ལྟར་གྱི་འགག་བསྡུས་ཏེ་བསྟན་ན། དེ་ཡང་དང་པོར་མཉམ་གནས་ཀྱི་རླུང་མལ་འཆུགས་པའི་རྐྱེན་གྱིས་ཁ་ཟས་མི་འཇུ་ཞིང་དྲོད་མཐའ་ནས་སྡུད། སྲོག་འཛིན་འཆུགས་པས་ཤེས་པ་མི་གསལ་ཞིང་འཚུབས་པ་དང་། ཐུར་སེལ་འཆུགས་པས་གཤང་ལྕི་མི་ཐུབ་པ་དང་། གྱེན་རྒྱུ་འཆུགས་པས་ཟས་སྐོམ་ནང་དུ་མྱིད་མི་ཤེས་ཤིང་དབུགས་སྣ་ཐུང་། ཁྱབ་བྱེད་འཆུགས་པས་ཡན་ལག་ལས་སུ་མི་རུང་ཞིང་རྩ་རྣམས་སྡུད་པར་འགྱུར་ལ། རྩ་འཁོར་རྣམས་འཇིག་པའི་ཐོག་མར་ལྟེ་བའི་རྩ་འཁོར་འཇིག་པར་བཤད་ཅིང་། དེ་ནས་རིམ་པ་ལྟར། འདེགས་བྱེད་ཀྱི་རླུང་བྲོས་པས་ས་ཁམས་ཆུ་ཁམས་ལ་ཐིམ་པས་ཕྱིའི་རྟགས་སུ་ལུས་ཀྱི་སྟོབས་ཤོར་ཏེ། མཇིངས་པས་མགོ་མི་ཐེག རྐང་པས་ལུས་མི་ཐེག ལག་པས་ཟས་སྣོད་མི་ཐེག བྱད་ལ་ཧམ་པ་དང་སོ་ལ་དྲེག་ནག་ཆགས་ཤིང་ཁ་ཆུ་སྣ་ཆུ་མི་ཐུབ་པ་འབྱུང་ལ། ཕྱིའི་རྟགས་དེ་རྣམས་བྱུང་ཚེ་ནང་གི་རྟགས་སུ་ཤེས་པ་རབ་ཏུ་བྱིང་ཞིང་འཐིབས་པའི་དབང་གིས་ཤིན་ཏུ་ཟུབས་པའི་སྣང་བ་ཤར་ཏེ། ལག་པ་ཕྱི་རུ་འདོན་ཞིང་། གོས་གསོལ་བ་དང་། ང་སློང་དང་། ཞེས་ཟེར་ཞིང་མིག་མཐོངས་ཁར་ལྟ་བར་བྱེད་ལ། འདི་དུས་གསང་བའི་རྟགས་སུ་འོད་གསལ་སྨིག་སྒྱུ་ལྟ་བུ་རབ་རིབ་ཏུ་འཆར་བའི་དུས་ཡིན། དེ་ནས་སྙིང་གའི་རྩ་འཁོར་འཇིག་ཅིང་བཀྲག་མདངས་བསྐྱེད་པའི་རླུང་བྲོས་པས། ཆུ་ཁམས་མེ་ལ་ཐིམ། རྟགས་སུ་ཁ་ལྕེ་སྐམ་ཞིང་སྣ་ཞོམ། ལྕེ་རྩེ་རང་གིས་མི་མཐོང་ཞིང་འཁྱོག ནང་རྟགས་སུ་ཤེས་པ་བུན་ཞིང་འཚུབས་པས་ཚིག་པ་ཟ་བ་དང་། གསང་རྟགས་སུ་དུ་བ་ལྟ་བུ་ལང་ལོང་དུ་སྣང་བ་འབྱུང་། དེ་ནས་མགྲིན་པའི་རྩ་འཁོར་འཇིག་ཅིང་དངས་སྙིགས་འབྱིན་པའི་རླུང་བྲོས་ཏེ། མེ་ཁམས་རླུང་ལ་ཐིམ་པའི་ཕྱི་རྟགས་སུ། ཁ་སྣའི་དབུགས་གྲང་སིལ་གྱིས་འགྲོ་ཞིང་། ལུས་ནང་གི་དྲོད་རྣམས་ཕྱིར་འཆོར་བའི་རླངས་པ་ཐོལ་གྱིས་བྱུང་ནས་དྲོད་མཐའ་ནས་ཆད། ནང་རྟགས་སུ་ཤེས་པ་རེས་གསལ་རེས་མི་གསལ་བས། མི་ངོ་ཤེས་ལ་མི་ཤེས་ཙམ་དང་། ཕྱི་རོལ་གྱི་སྣང་བ་འདི་གསལ་པོར་མི་མཐོང་། གསང་རྟགས་སྲིན་བུ་མེ་ཁྱེར་ལྟར་དམར་ཁྱིམ་ཁྱིམ་པ་འཆར། དེ་ནས་གསང་གནས་ཀྱི་རྩ་འཁོར་འཇིག་ཅིང་བསྐལ་པ་ལས་ཀྱི་རླུང་བྲོས་པས། རླུང་ཁམས་རྣམ་ཤེས་ལ་ཐིམ་པས་ཕྱི་རྟགས་སུ་དབུགས་བརྩེགས་མར་འབྱུང་ཞིང་། ཕྱིར་རྒྱུ་བ་རིང་ལ་ནང་དུ་སྡུད་དཀའ་བ་དང་། སྒྲ་ངར་ངར་པོ་འབྱིན་ཅིང་མིག་གྱེན་ལ་ལོག ནང་རྟགས་སུ་ཤེས་པ་འཁྲུལ་ནས་མཐོང་སྣང་སྣ་ཚོགས་འཆར་ཏེ། སྡིག་ཆེན་རྣམས་ལ་གཤིན་རྗེའི་སྣང་བ་མཐོང་བས་ལུས་སྤྲད་སྤྲད་དང་མི་བཟོད་པའི་རྣམ་འགྱུར་བྱེད་ཅིང་འཇིགས་པའི་སྒྲ་སྐད་འདོན། ལས་བཟང་པོ་རྣམས་ལ་ནི་དཔའ་བོ་མཁའ་འགྲོའི་བསུ་མ་དང་དགའ་བའི་སྣང་བ་འཆར་བར་བཤད། གསང་རྟགས་སུ་སྒྲོན་མེ་འབར་བ་ལྟ་བུའི་སྣང་བ་འཆར་ཏེ། དེ་ལྟར་འབྱུང་བ་ལྔ་དང་རླུང་ཆེན་ལྔ་ཐིམ་པ་དེའི་ཚེ། ཡན་ལག་གི་རླུང་ལྔ་ཡང་ཞར་ལ་མལ་འཆུགས་པས་དབང་པོ་སྐྱེ་མཆེད་རྣམས་ཀྱང་རིམ་གྱིས་ཐིམ་པ་སྟེ། མིག རྣ་བ། སྣ། ལྕེ། ལུས་ཀྱི་དབང་པོ་རྣམས་ནུས་པ་ཉམས་ཤིང་ཐིམ་པའི་གནད་ཀྱིས། གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་མི་ཚོར་བའམ། ཅུང་ཟད་ཚོར་བ་དག་ཀྱང་ལོག་པར་ཚོར་ཞིང་བཟང་ངན་གྱི་དབྱེ་བ་སྤུ་རིས་མི་ཕྱེད་པར་འགྱུར། དེ་ནས་རྣམ་ཤེས་ནམ་མཁར་ཐིམ་པ་ཞེས་བྱ་སྟེ་ཕྱི་དབུགས་ཆད་དེ། འདི་དུས་ལུས་ཀྱི་མདོག་སྣུམ་ཞིང་འཇམ་པ་དང་། སྙིང་ཁ་ཡན་ཆད་དུ་དྲོད་ཅུང་ཟད་ཡོད་ལ། བར་དོ་འཕྲང་སྒྲོལ་སོགས་ལས་ནི། འདི་ཡན་ལ་ཐུན་མོང་གི་འཆི་རྟགས་ཞེས་བྱ་བ་ཡིན་པས། ནད་གདོན་གྱི་བྱེད་པས་འགའ་ཞིག་འཚམས་འདི་ནས་ཚུར་ལྡོག་པ་ཡང་འབྱུང་བར་གསུངས་སོ། །དེ་ནས་ཁྱད་པར་གྱི་འཆི་རྟགས་ཅིས་ཀྱང་ལྡོག་མི་སྲིད་པ་ནི་སྣང་རྟོག་ཕྲ་རག་གི་ཐིམ་རིམ་རྣམས་ཡིན་ཏེ། དེ་ཡང་དུས་འཁོར་རྩ་རྒྱུད་ལས། ལུས་ཅན་རྣམས་ནི་འཆི་བ་ན། །ཟླ་བ་བདུད་རྩི་ཐུར་དུ་འགྲོ། །སྟེང་དུ་ཉི་རྡུལ་སྒྲ་གཅན་དང་། །རྣམ་ཤེས་སྲིད་པའི་མཚན་ཉིད་དོ། །ཞེས་པ་ལྟར། སྣང་མཆེད་ཐོབ་གསུམ་ཐིམ་ཞིང་དུག་གསུམ་ལས་གྱུར་པའི་རྟོག་པའི་རང་བཞིན་བརྒྱད་ཅུ་འགག་པས་དཀར་ལམ་སོགས་ཤར་བ་སྟེ། འདི་སྐབས་སུ་དཀར་ལམ་དམར་ལམ་གཉིས་པོ་སྔོན་ལ་འཆར་ཚུལ་ངེས་མེད་བཤད་ཀྱང་། འདིར་དུས་འཁོར་ལུགས་ལྟར་འཆད་པར་བྱ་སྟེ། དེ་ཡང་ལུས་ཅན་རྣམས་ཀྱི་དབུ་མའི་ཡར་སྣ་སྟེ་སྤྱི་བོར་ཕ་ལས་ཐོབ་པའི་ཁམས་ཀུན་རྫོབ་རྒྱུའི་ཐིག་ལེ་དཀར་པོ་ཧཾ་ཡིག་གི་ཚུལ་དུ་གནས་པ་དེ། སྟེང་རླུང་འཆུགས་པའི་གནད་ཀྱིས་དབུ་མའི་ལམ་ནས་ཐུར་དུ་འབྱུང་སྟེ། རང་སྣང་དུ་ཟླ་བ་ཤར་བ་ལྟ་བུ་དཀར་ལམ་གྱི་འཆར་བ་དང་དུས་མཚུངས་པར། ཞེ་སྡང་ལས་གྱུར་པའི་རྟོག་ཚོགས་ཀྱི་བྱེ་བྲག་སུམ་ཅུ་རྩ་གསུམ་རྣམས་འགགས་པར་འགྱུར་བ་སྟེ། དེ་དག་གང་ཞེ་ན། ཆགས་བྲལ་བར་མ་ཆེན་པོ་དང་། །ཡིད་ཀྱི་འགྲོ་དང་འོང་བ་དང་། །མྱ་ངན་ཆུང་འབྲིང་ཆེ་གསུམ་དང་། །ཞི་དང་རྣམ་པར་རྟོག་པ་དང་། །འཇིགས་དང་བར་འཇིགས་ཤིན་ཏུ་འཇིགས། །སྲིད་དང་བར་སྲིད་ཤིན་ཏུ་སྲིད། །ཉེར་ལེན་མི་དགེ་བཀྲེས་དང་སྐོམས། །ཚོར་དང་ཚོར་འབྲིང་ཤིན་ཏུ་ཚོར། །རིག་དང་རིག་སོ་འཛིན་པའི་གཞི། །སོ་སོར་རྟོག་དང་ངོ་ཚ་ཤེས། །སྙིང་རྗེ་བརྩེ་བ་ཆུང་འབྲིང་ཆེ། །དགོས་བཅས་སྡུད་དང་ཕྲག་དོག་སྟེ། །རྣམ་རྟོག་སུམ་ཅུ་རྩ་གསུམ་ཡིན། །ཞེས་པ་རྣམས་འགག་གོ ། དེ་ནས་ཡང་དབུ་མའི་མར་སྣ་སྟེ་ལྟེ་བར་མ་ལས་ཐོབ་པའི་ཁམས་དམར་ཆའི་དྭངས་མ་ཨ་ཤད་ཀྱི་རྣམ་པར་གནས་པ་དེ་ཉིད་འོག་རླུང་འཆུགས་པའི་མཐུས་གྱེན་དུ་འགྲོ་བའི་དུས་སུ་སྣང་བ་དམར་ལམ་པ་གཅིག་འཆར་བ་དང་ལྷན་ཅིག འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་རྣམས་འགགས་ཏེ། གང་ཞེ་ན། ཆགས་པ་དང་ནི་ཞེན་པ་དང་། །དགའ་དང་བར་དགའ་ཤིན་ཏུ་དགའ། །རངས་པ་དང་ནི་རབ་མགུ་དང་། །ངོ་མཚར་ཚིམས་དང་རྒོད་དང་འཁྱུད། །འོ་བྱེད་འཇིབས་དང་བརྟེན་པ་དང་། །བརྩོན་དང་ཁེངས་དང་བྱ་བ་དང་། །འགྲོགས་དང་སྟོབས་དང་སྤྲོ་བ་དང་། །དགའ་ལ་སྦྱོར་བ་ཆུང་འབྲིང་ཆེ། །དྲེག་དང་རྣམ་པར་རྒེག་( རྟོག)པ་དང་། །འགྲེས་དང་དགེ་དང་ཚིག་གསལ་དང་། །བདེན་དང་བདེན་མིན་ངེས་པ་དང་། །ཉེར་ལེན་སྦྱིན་དང་བསྐུལ་དང་དཔའ། །ངོ་ཚ་མེད་དང་ཟིན་དང་གདུག །མི་སྲུན་དང་ནི་གྱ་གྱུའོ། །ཞེས་པ་རྣམས་འགགས་སོ། །དེ་ནས་ཁྱབ་བྱེད་ཀྱི་རླུང་གིས་རིག་པ་བསྐྱོད་དེ་བྱང་སེམས་དཀར་དམར་འཕྲད་པའི་བར་དུ་འཐུམ། འཚམས་དེར་སྣང་བ་ནག་ལམ་པ་ཞིག་འཆར་ཞིང་། གཏི་མུག་ལས་གྱུར་པའི་རྟོག་པ་བདུན་པོ་འགགས་ཏེ། གང་ཞེ་ན། ཆགས་པ་བར་མའི་སྐད་ཅིག་དང། །བརྗེད་ངས་འཁྲུལ་དང་མི་སྨྲར་འགྱུར། །སྐྱོ་དང་ལེ་ལོ་ཐེ་ཚོམ་བདུན། །ཞེས་པ་ཐམས་ཅད་འགགས་ཤིང་། འགའ་ཞིག་ལ་སྐབས་འདིར་ནད་གཅོད་ཀྱི་སྡུག་བསྔལ་དྲག་པོ་མྱོང་བར་ཡང་བཤད་ལ། གཞན་ནི་ཐིམ་པ་རྣམས་རྫོགས་པའི་སྐབས་འདིར་རྩ་རླུང་ཁམས་སེམས་ཀུན་གྱི་དྭངས་མ་སྙིང་ཁར་ལྷན་ཅིག་འཛོམ་པ་ལ་བརྟེན་ནས། ནམ་མཁའ་འོད་གསལ་ལ་ཐིམ་པ་ཞེས་ཀྱང་བྱ་སྟེ། བར་དོ་དང་པོའི་གཞིའི་འོད་གསལ་འཇག་མིག་གི་སྲིན་བུ་ཡན་ཆད་ལ་འཆར་བའོ། །ད་ནི་བར་དོ་འདི་དག་ལམ་དུ་འཁྱེར་ཚུལ་འཆད་དེ། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པའི་ཚུལ་དང་། སྒོས་སུ་རང་ཉིད་ནམ་མཆི་ཆ་མེད་དང་། ཁྱད་པར་དུ་འཆི་དུས་བླ་མའི་གདམས་ངག་མ་གཏོགས་གང་གིས་ཀྱང་མི་ཕན་པའི་ཚུལ་རྣམས་རྟག་ཏུ་ཡིད་ལ་མ་བསམ་ན་ཆོས་ཀྱི་སྣ་ཁ་མང་པོ་ལ་རྟོག་འཇུག་གམ། སྐྱིད་འདོད་ལྟོ་གོས་ཀྱི་རྩོལ་སྒྲུབ་སོགས་བྱེད་པའི་བར་ལ་འཆི་བ་སླེབ་སྟེ་འགྱོད་དགོས་པ་འབྱུང་བ་ཉིད། ཆེད་དུ་བརྗོད་པའི་ཚོམ་ལས། བུ་དང་ནོར་ཕྱུགས་འབྱོར་བ་ལ། །མི་རྣམས་ཡིད་ནི་རྣམས་ཆགས་ནས། །འདི་ནི་བྱས་ཟིན་ད་འདི་བྱ། །དེ་དག་བྱས་ནས་འདི་བྱ་ཞེས། །མི་རྣམས་གཡེང་བས་བསླུས་ཀྱི་བར། །འཆི་བདག་གིས་ནི་བླངས་ནས་འགྲོ། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་མཁས་གྲུབ་རྣམས་ཀྱི་གསུང་མགུར་སོགས་ལས་རྒྱ་ཆེར་འབྱུང་བ་བཞིན། ཆོས་སྙིང་པོར་དྲིལ་བ་གཅིག་མ་བྱས་ན། རྣམ་རིག་དང་ཐོས་བསམ་སོགས་ཀྱིས་དགོས་དུས་བསླུས་པ་མང་ཞིང་། ཁྱད་པར་ཚེའི་དུས་ལ་ནམ་བབ་པའི་སྐབས་དེར་ཡང་ལུགས་གཉིས་ཀའི་བྱ་བྱེད་སྤྲོས་བཅས་རྣམས་ཀྱི་ལྷག་མའམ་འཕྲོ་སོགས་ལུས་པའི་སེམས་འཁྲལ་ལྟ་བུ་དང་། གཉེན་འདུན་མཛའ་གྲོགས་མཐོ་དམན་གང་དང་གང་ལའང་ཆགས་པ་དང་སྡང་བའི་ཡིད་བྱེད་ཐམས་ཅད་རྩ་བ་ནས་ལིངས་ཀྱིས་དོར། ཟང་ཟིང་ཡོ་བྱད་ཀྱི་རིགས་ཀྱང་ཆེ་བ་སྐུ་གསུང་ཐུགས་རྟེན་སོགས་ནས། ཆུང་བ་ཁབ་སྐུད་ཡན་ཆད་རྣམས་ལྟོས་མེད་མཆོད་སྦྱིན་དུ་བྱས་ལ། སེམས་ཀྱི་ལྷག་མ་སྤུ་ཙམ་ཡང་ལུས་རྒྱུ་དང་ཞེན་ཡུལ་མེད་པར་བྱེད་པ་ནི་གལ་ཆེན་གྱི་གནད་དུ་སྣང་བས་བློ་ཐག་ཆོད་པར་བྱ། འཆི་ཁའི་བསམ་པ་སྟོབས་དབང་བཙན་པས། སྡོམ་པ་དམ་ཚིག་སོགས་ལ་ཉེས་ལྟུང་ཕྲ་ཞིང་ཕྲ་བའི་རིགས་ཚོར་བ་དང་མ་ཚོར་བ་མཐའ་དག་དངོས་སམ་ཡིད་ཀྱིས་བཤག་སྡོམ་བྱ་བ་དང་། དངོས་སུ་བླ་མའམ་མ་འཛོམ་ཀྱང་སྐྱབས་ཡུལ་དང་བླ་མའི་རྣལ་འབྱོར་གསལ་ལ་ཏིང་ངེ་འཛིན་གྱི་དབང་དང་སྡོམ་པ་བླངས། །གྲོགས་ཀྱང་དམ་གཙང་ཆོས་མཐུན་གདམས་ངག་གི་གསལ་འདེབས་སོགས་ཤེས་པ་ཡོད་ན་ཤིན་ཏུ་ལེགས་ལ། གཞན་ནི་འཇིག་རྟེན་གྱི་གཉེན་འདུན་སོགས་ངུ་སྐད་དང་མྱ་ངན་གྱི་ཆགས་སྡང་བསྐྱེད་པའི་རྐྱེན་རྣམས་མཐའ་བསྐོར་དུ་མེད་པ་གལ་ཆེ། རབ་ཀྱིས་ནི་སྔར་བཤད་པ་བཞིན། རི་དྭགས་ལྟ་བུའི་འཆི་ལུགས་སོགས་ཁོ་ན་ལེགས་པར་གསུངས་པས་གྲོགས་ཀྱི་སྤྲོས་པ་བཅད། དེ་ནས་ཐིམ་རིམ་རྣམས་ཀྱང་འདིར་བཤད་པ་རྣམས་གང་ཟག་སྤྱི་ཁྱབ་ལ་འབྱུང་ཚུལ་ཙམ་སྟེ། གཞན་ནི་སོ་སོའི་རྩ་རླུང་ཁམས་རིགས་ཀྱི་ཁྱད་པར་ཐ་དད་དང་། ནད་གདོན་རྐྱེན་དབང་སོགས་ཀྱིས་ངེས་མེད་འབྱུང་ཕྱིར། ཐིམ་རིམ་སྔ་རྟིང་སྣ་ཚོགས་དང་། འགའ་ཞིག་ལ་ནི་ཅིག་ཆར་རྩལ་སྤྲུགས་སུ་བསྡུ་བ་ཡང་འབྱུང་བ་ལས་འདི་བཞིན་ཚད་ཅན་དུ་ནི་མི་འབྱུང་སྟེ། གང་ལྟར་ཡང་ཕྱི་ནང་གསང་བའི་རྟགས་སྣང་འབྱུང་ཚུལ་རྣམས་སྔ་གོང་ནས་བློ་ལ་འཇོགས་ཤིང་འདྲིས་པ་གལ་ཆེ། དེ་ནས་དུས་ལ་ནམ་བབ་པའི་ཚེ། ལུས་གནད་རབ་ཀྱིས་ཙོག་པུའམ་མི་ནུས་ན་གཞོག་གཡས་ཕབ་སྟེ། སེངྒེའི་ཉལ་ལུགས་སུ་བྱ་ཞིང་། ཉམས་ལེན་གོམས་འདྲིས་གང་ལ་ཡོད་པ་དེ་ཉིད་ལ་དྲིལ་དགོས་ཕྱིར། ཕྱག་རྒྱ་ཆེན་པོའམ། རྫོགས་ཆེན་ཁྲེགས་ཆོད་པའམ། ཞི་བྱེད་པ་སོགས་མདོར་ན་སྟོང་གསལ་རང་རིག་གི་དྲན་པ་ཉམས་ལེན་གྱི་གཙོ་བོར་བྱེད་པ་ཞིག་ཡིན་ན། འདི་དུས་ཐིམ་རིམ་གང་དང་གང་ཤར་ཐམས་ཅད་གནས་ལུགས་ཆོས་ཉིད་ཀྱི་ངང་ཁོ་ནར་གློད་པ་ལས་གཞན་དུ་མ་ཡེངས་མ་འཁྲུལ་ཙམ་ཁོ་ན་ལ་ཆིག་དྲིལ་དུ་བྱས་ན་གཞིའི་འོད་གསལ་ལ་མ་སླེབ་ཀྱི་བར་དུ་གཞན་གང་ཡང་བྱ་མི་དགོས་ལ། དེར་སླེབ་ནས་ནི་གྲོལ་བ་ལ་ཚེགས་མེད་དོ། །ཡང་སྦྱོར་དྲུག་པའམ། རྫོགས་ཆེན་ཐོད་རྒལ་སྣང་མུན་གཉིས་ཀྱི་འོད་གསལ་ལ་གོམས་པ་ཞིག་ཡིན་ན། འབྱུང་བཞི་ཐིམ་ཚེ་གསང་རྟགས་སུ་དུ་བ་སྨིག་སྒྱུ་སོགས་རིམ་ཅན་དུ་ཤར་བ་མཐའ་དག་རང་རིག་ཆོས་སྐུའི་གསལ་མདངས་ཁོ་ནར་ཐག་ཆོད་པའི་ངེས་པ་དང་། གསལ་སྟོང་ཡེ་ཤེས་ལྷུན་གྲུབ་ཀྱི་ཉམས་ལེན་ལ་རྩེ་གཅིག་ཏུ་འབད། ཡང་ལམ་འབྲས་དང་། ཆོས་དྲུག་སོགས་ཟབ་ལམ་བདེ་སྟོང་ཕྱག་རྒྱ་ཆེན་པོའི་གདམས་པ་ལ་འདྲེས་པའི་ཚེ་ནའང་། དེ་དང་མཐུན་པར་རྩ་འཁོར་སོ་སོའི་རླུང་སེམས་སྡུད་རིམ་ངོས་ཟིན་པར་བྱ་ཞིང་། ཁྱད་པར་དུ་དཀར་ལམ་ཤར་བའི་ཚེ། སྣང་བའི་འོད་གསལ་དུ་ཤེས་པའི་དམ་ཚིག་གི་ཕྱག་རྒྱའི་ལམ་ཁྱེར་དགའ་བའི་ཡེ་ཤེས་ཀྱི་དོན་མངོན་དུ་བྱ་བ་དང་། དེ་བཞིན་དུ། དམར་ལམ་འཆར་ཚེ། མཆེད་པའི་ཉམས་ལས་ཀྱི་ཕྱག་རྒྱ་མཆོག་དགའི་ཡེ་ཤེས་དྲན་པ་དང་། ནག་ལམ་འཆར་དུས་ཐོབ་པའི་ཉམས་ཆོས་ཀྱི་ཕྱག་རྒྱའི་དོན་དགའ་བྲལ་ལམ་ཁྱད་དགའི་ཡེ་ཤེས་ལ་མཉམ་པར་འཇོག་པ་དང་། ཡང་གང་ཟག་དེ་ལྟ་བུའི་ནད་གཅོད་ཀྱི་ཟུག་རྔུ་གང་བྱུང་ཉམས་ལེན་དང་བསྲེས་ལ་ལྷན་སྐྱེས་གཞིའི་འོད་གསལ་མ་ཤར་གྱི་བར་དུ་འཚམས་སྦྱོར་ངན་པ་གཞན་གྱིས་བར་མ་ཆོད་པར་བྱའོ། །ཡང་། གང་ཟག་དེ་ལྟ་བུའི་ཉམས་རྟོག་དང་ལྡན་པ་ཞིག་མིན་ནའང་། བྱིན་རླབས་བླ་མའི་མོས་གུས་ལ་གནད་དུ་བསྣུན་ཏེ། དང་པོར་ས་ཁམས་ཐིམ་ཅིང་འོད་གསལ་སྨིག་སྒྱུ་ལྟར་སྣང་བའི་དུས་ན། སྙིང་གར་བླ་མ་བསྒོམ་ཞིང་མོས་གུས་རྩེ་གཅིག་བྱས་ལ་ཡིད་ཀྱིས་གསོལ་བ་གདབ། ཆུ་ཁམས་ཐིམ་ནས་དུ་བ་ལྟ་བུ་སྣང་དུས་ལྟེ་འཁོར་དུ་བླ་མ་བསྒོམ་པ་དང་། མེ་ཁམས་ཐིམ་ཞིང་མེ་ཁྱེར་ལྟ་བུ་འཆར་ཚེ། དཔྲལ་བར་བླ་མ་བསྒོམ། རླུང་ཁམས་ཐིམ་སྟེ་སྒྲོན་མེ་འབར་བར་སྣང་དུས་གསང་གནས་སུ་བླ་མ་བསྒོམ། འོད་གསལ་དང་པོ་འཆར་བའི་དུས་ཀྱང་བླ་མའི་ཐུགས་ཆོས་ཀྱི་སྐུའི་ངོ་བོར་ངེས་ཤེས་བསྐྱེད་ཅིང་། མདོར་ན་གང་ཟག་འདི་ལྟ་བུ་ལ་ནི་ཁྱད་པར་དུ་དྲན་ཆོག་བླ་མའི་འཕོ་བ་ལ་གནད་དུ་བསྣུན་དགོས་པར་གསུངས་སོ། །ད་ནི་ཞར་ལ་འཕོ་བའི་སྐབས་དོན་བཤད་པ་ལའང་གསུམ་སྟེ། གང་ཟག་གི་ཁྱད་པར་དང་། འཕོ་དུས་དང་། འཕོ་བ་དངོས་དང་གསུམ་ལས། དང་པོ་གང་ཟག་ནི། དེ་ཡང་རྣལ་འབྱོར་རབ་ཚེ་འདིར་ཕྱག་རྫོགས་སོགས་ཀྱི་དོན་མངོན་དུ་གྱུར་ཏེ། ལྷག་མེད་འགྲུབ་པའམ་མ་འགྲུབ་ཀྱང་དབུགས་ཆད་པ་དང་གྲོལ་བ་དུས་མཉམ་གྱི་གདེང་ལྡན་དག་ལ་ནི་འཕོ་བའི་མན་ངག་ལོགས་སུ་སྦྱོང་ཡང་མི་དགོས་ལ། འཕོ་བ་འདེབས་ཀྱང་མི་འཚལ་ཏེ། འོན་ཀྱང་གདུལ་བྱ་གཞན་དྲང་བའི་དོན་ལ་དགོངས་ནས་འཕོ་བའི་ཚུལ་མཛད་པ་ལྟར་སྣང་བ་ནི། རྒྱ་གར་དུ་སློབ་དཔོན་ཀླུ་སྒྲུབ་སོགས་མང་པོ་དང་། བོད་དུའང་རྗེ་མར་པ་མྱ་ངན་ལས་འདའ་ཁར། ཡུམ་བདག་མེད་མ་འོད་ཀྱི་གོང་བུར་གྱུར་ནས་ཐུགས་ཀར་བསྡུས་ཏེ། སྐུ་ལུས་བསྲང་མཛད་ནས། བུ་ཀུན་འཕོ་བ་བྱེད་ན་འདི་ལྟར་གྱིས་ཤིག་གསུངས་ཏེ། དབུ་ཐོད་ཀྱི་ཚལ་བུ་ཡར་བའི་ཤུལ་ནས་འོད་ལྔ་ལྡན་སྒོ་ང་ཙམ་གཅིག་སྟེང་གི་ནམ་མཁར་འཕགས་པའི་སྣང་ཚུལ་བསྟན་པ་དང་། གྲུབ་ཐོབ་མེ་ལོང་རྡོ་རྗེས་ཚོགས་འཁོར་ཀྱི་དབུས་སུ་ཞལ་ཆེམས་ཀྱི་མགུར་གསུངས་པའི་མཐར། དབུ་གཙུག་ནས་འོད་དཀར་པོ་རྫ་མ་ཙམ་ཞིག་ནམ་མཁར་འཕགས་ཤིང་ཇེ་ཆེར་གྱུར་པའི་འཇའ་འོད་དང་ཐིག་ལེས་ནམ་མཁའ་ཁྱབ་པར་མཛད་པ་སོགས། མདོར་ན་གསར་རྙིང་གི་གྲུབ་ཐོབ་སྐྱེས་ཆེན་དུ་མས་འདི་ལྟར་མཛད་ཚུལ་ཤིན་ཏུ་མང་མོད་ཀྱི། འདི་དག་ནི་མིང་འཕོ་བ་རུ་བཏགས་ཀྱང་དོན་ལ་འཇའ་ལུས་དང་ཁྱད་ཆེར་མི་འབྱུང་ལ། ཡང་གང་ཞིག་རྩ་བའི་དམ་ཚིག་ཉམས་པའི་རིགས་ཅན་འགའ་ཞིག་ལ་ནི་འཕོ་བ་བཏབ་ཀྱང་མི་ཐེབ་པར་བཤད། ཅིའི་ཕྱིར་ན། འཕོ་བ་ནི་གདམས་ངག་དང་བྱིན་རླབས་ལ་རག་ཅིང་། དེ་ནི་བླ་མ་ལ་རག་ལས་པས་དེ་ལ་དམ་ཚིག་རྩ་བ་ནས་ཉམས་ཤིང་མ་བཤགས་ན་བྱིན་རླབས་འཇུག་པའི་ཡུལ་མེད་ཕྱིར་འཕོ་བ་ཡང་འབྲས་བུ་མེད་དོ། །འོ་ན་རྡོ་རྗེ་གདན་བཞིའི་རྒྱུད་ལས། མཚམས་མེད་ལྔ་པོ་བྱེད་པ་ཡང་། །འདི་ཡི་ལམ་གྱིས་གྲོལ་གྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་གསུངས་མོད་སྙམ་ན། དེ་ནི་དང་པོ་སྡིག་པ་ལ་སྤྱད་ཀྱང་སླར་ཉམས་ལེན་ལ་ཞུགས་པས་གྲོལ་བ་རྣམས་དང་། དེར་མ་ཟད་རྡོ་རྗེ་སློབ་དཔོན་ལ་དམ་ཚིག་མ་ཉམས་ཤིང་དད་པ་དང་ལྡན་ན་སྡིག་ཅན་ཀྱང་འཕོ་བས་གྲོལ་བ་ལ་དགོངས་པའོ། །དེ་ལྟར་གང་ཟག་ཡར་མར་ཟང་ཐལ་གཉིས་མ་གཏོགས་པའི་བར་པ་ཐམས་ཅད་ལ་འཕོ་བ་འགྲུབ་པའི་སྣོད་རུང་དུ་གསུངས་སོ། །གཉིས་པ་འཕོ་བའི་དུས་ནི། ཕྱི་འབྱུང་རགས་པ་ཐིམ་པ་ཡན་ཆད་ནི་ཚུར་སོས་པ་ཡང་སྲིད་ལ། གང་ཟག་གཞན་ལ་འདེབས་པ་ན། འཕོ་བ་འདེབས་སྔ་ན་དེ་ཁོང་ཁྲོ་སོགས་འཚམས་སྦྱོར་ངན་པ་བྱེད་རྐྱེན་གྱི་ཉེན་ཡང་ཡོད་པ་དང་། གཞན་ཡང་རྒྱུད་ལས། དུས་ལ་བབ་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་བསད་པར་འགྱུར། །ཞེས་སོགས་གསུངས་ཕྱིར་དུས་གནད་གལ་ཆེ་ལ། དུས་གནད་ནི་སྔར་བཤད་པ་ལྟར་གྱི་ཕྱིའི་འབྱུང་བ་རྣམས་ཐིམ་ཞིང་ཕྱི་དབུགས་ཆད་ནས། ནང་གི་སྣང་བ་ཐིམ་རྟགས་དཀར་ལམ་ཤར་བ་དང་། འཕོ་བ་གསལ་བཏབ་ལ། མཆེད་པ་ཐིམ་རྟགས་དམར་ལམ་ཤར་འཚམས་སུ་སྡིག་ཆེན་ལ་གཤིན་རྗེའི་འཇིགས་སྣང་དང་། ལས་དག་པ་རྣམས་ལ་དཔའ་བོ་མཁའ་འགྲོས་བསུ་བའི་བཀོད་པ་འཆར་བས། དེ་དུས་འཕོ་བར་བྱའོ། །འཕོ་བའི་གདམས་པ་དངོས་ནི། །སྦྱོང་བ་དང་ལས་སྦྱོར་གཉིས་ཡོད་པས་དང་པོར་སྦྱོང་བ་གལ་ཆེ་ཞིང་། ཇི་ལྟར་སྦྱང་བའི་ཐབས་ཀྱི་རྣམ་གྲངས་མང་ཡང་བསྡུ་ན་ལྔར་འདུས་ཏེ། ཆོས་སྐུ་གཏད་མེད་ཀྱི་འཕོ་བ། ལོངས་སྐུ་ཟུང་འཇུག་གི་འཕོ་བ། སྤྲུལ་སྐུ་རྩལ་སྦྱོང་གི་འཕོ་བ། བྱིན་རླབས་བླ་མའི་འཕོ་བ། འཆུགས་མེད་མཁའ་སྤྱོད་ཀྱི་འཕོ་བ་དང་ལྔར་གསུངས་པ་ལས། དང་པོ་ཆོས་སྐུའི་དེ་༼དོན་༽ ནི་སྔར་བརྗོད་པའི་ཕྱག་རྫོགས་སོགས་ལ་བརྟན་པ་ཐོབ་པ་དེ་ཉིད་ཡིན་ཚེ་ལོགས་སུ་སྦྱང་མི་འཚལ་ཞིང་། འདི་སྐབས། རྫོགས་ཆེན་སྙིང་ཏིག་དག་ལས་ནི། ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ་བ་རང་རིག་འདི་ཉིད། ལམ་དཀར་འཇམ་རྩའི་སྒྲོན་མ་ནས་བརྒྱུད། སྒོ་རྒྱང་ཞག་ཆུའི་སྒྲོན་མ་ལས་འཐོན་ཏེ། ཡུལ་དབྱིངས་རྣམ་དག་གི་སྒྲོན་མར་འཕོ་ཚུལ་གྱི་བརྡ་ཐབས་རྒྱས་པར་གསུངས་ཕྱིར། ཆོས་དེ་དག་གི་ཉམས་ལེན་ལ་གོམས་པས་ནི་དེ་ལྟར་བྱ་ཞིང་། ཟབ་ལམ་ཆོས་དྲུག་ལས། གཤིས་ལུགས་གཉུགས་མའི་འཕོ་བ་ཞེས་གསུངས་པ་དེ་ཡང་ཆོས་སྐུའི་འཕོ་བ་འདི་ཉིད་དོ། །གཉིས་པ་ལོངས་སྐུ་ཟུང་འཇུག་ནི། གང་ཟག་བསྐྱེད་རིམ་ཚུལ་ལྡན་ལ་རང་དབང་ཐོབ་པའམ། ཆོས་དྲུག་ལྟར་ན་དག་པའི་སྒྱུ་ལུས་ལ་གོམས་པ་མངོན་དུ་གྱུར་པ་རྣམས་ཀྱི་སྤྱོད་ཡུལ་སྟེ། མདོར་ན་ཆོས་སྐུ་གཟུགས་སྐུ་གཉིས་པོ་འདི་ནི་ཚེ་འདིར་རྫོགས་རིམ་དང་བསྐྱེད་རིམ་ལ་རབ་ཏུ་གོམས་པས་དུས་ལ་ནམ་བབ་ཚེགས་མེད་དུ་འགྲུབ་པ་ལས། ཕལ་བ་གཞན་གྱིས་ནི་མ་ཡིན་ཞིང་། དོན་དམ་གསང་ཆེན་གྱི་འཕོ་བ་ཡང་འདིར་འདུས་པ་ཉིད་དོ། །གསུམ་པ་སྤྲུལ་སྐུ་རྩལ་སྦྱོང་གི་འཕོ་བའམ། གསལ་སྣང་མིག་འཕྲུལ་གྱི་འཕོ་བ་ནི་ད་ལྟ་ནས་རྟགས་ཐོན་དུ་བྱང་བ་གལ་ཆེ་སྟེ། ཁྲིད་རིམ་གང་དག་གི་དཀྱུས་ནས་འབྱུང་བ་ལྟར་རམ། འཕོ་བའི་དགོས་ཁྲིད་བྱེད་ཀྱང་རུང་སྟེ། བླ་མ་ཉམས་མྱོང་བྱིན་རླབས་ཅན་གྱི་དྲུང་དུ་ཞུས་ནས་རྟགས་འཐོན་དུ་སྦྱོང་བར་བྱ་སྟེ། དེ་ཡང་སྐྱབས་སེམས་སོགས་སྔོན་དུ་བཏང་ལ། དངོས་གཞི་ནི། བཅའ་བ་ལུས་ཀྱི་གནད། འཕོ་འཇུག་རླུང་གི་གནད། འཕྲུལ་བསྒྱུར་དམིགས་པའི་གནད་རྣམས་ལ་རྩེ་གཅིག་ཏུ་བྱ་ཞིང་། ལུས་ཡི་དམ་གང་རུང་གི་བསྐྱེད་རིམ་དང་ལྡན་པའི་ངང་ནས། འཁོར་བའི་སྒོ་བརྒྱད་དགག་པ་དང་། གསལ་སྟོང་ལུས་ཀྱི་སྟོང་རའི་ནང་དུ་དབུ་མ་རྩའི་སྟོང་ར་གསལ་བ་དང་། ཚངས་བུག་སྐར་ཁུང་གི་སྟེང་ན་འོད་དཔག་མེད་དམ་ལྷག་པའི་ལྷ་གང་མོས་བསྒོམ་པ་དང་། རླུང་སེམས་ཀྱི་ངོ་བོ་ལྷ་སྐུའམ་ཡིག་འབྲུ་ཕྱག་མཚན་འོད་གོང་ལ་སོགས་དབུ་མའི་ལམ་དུ་འགྲིམ་འགྲུལ་སྤར་འབེབས་ཀྱི་རྩལ་སྦྱོང་བ་རྣམས་དང་། ཐུན་མཐར་ཚེ་བསྲིང་གི་མན་ངག་སོགས་མདོར་ན་འཕོ་བའི་གཞུང་གང་བྱེད་དེ་དང་མཐུན་པར་སྦྱོང་ཞིང་། གལ་ཏེ་ལོག་ནོན་དང་ཁ་བསྒྱུར་སོགས་དགོས་པ་བྱུང་ནའང་བླ་མས་ལེགས་པར་བསྟན་ལ་རྟགས་འཐོན་པར་བྱའོ། །བཞི་པ་བྱིན་རླབས་བླ་མའི་འཕོ་བ་ཡང་། སྤྱི་བོའི་ལྷ་དེ་ཉིད་བླ་མར་བསྒོམ་པ་མ་གཏོགས་གཞན་ཕལ་ཆེར་འདི་དང་མཐུན་ལ། འདི་ལ་ནི་ཁྱད་པར་དུ་བླ་མ་ལ་སངས་རྒྱས་དངོས་སུ་ཤེས་པའི་མོས་གུས་གལ་ཆེའོ། །ལྔ་པ་མཁའ་སྤྱོད་ཀྱི་འཕོ་བ་ནི་དག་པའི་ཞིང་ཁམས་སྦྱོང་བ་སྟེ། འདི་ལ་ནི་གང་ཟག་དེ་རྨི་ལམ་སྤྲུལ་བསྒྱུར་འབྱོངས་པ་ཞིག་དགོས་ཤིང་། རྫོགས་ཆེན་དུ་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་དབྱུང་བའི་གདམས་པ་གསུངས་རྣམས་དང་དོན་གཅིག་གོ ། མཐར་འཕོ་བ་ལས་ལ་སྦྱར་བ་ནི། དེ་ལྟ་བུའི་འཕོ་བའི་རིགས་རྣམས་གང་ལྟར་བྱེད་ཀྱང་ཚེ་འདི་སྣང་གི་ཞེན་ཆགས་དང་དུག་གསུམ་སོགས་ཉོན་མོངས་པའི་དབང་དུ་མ་ཤོར་བར། དམིགས་པ་གར་གཏད་ལ་ཡིད་ཆེས་རྩེ་གཅིག་ལས་སུ་རུང་བ་ཞིག་དགོས་ཏེ། མཚམས་སྦྱོར་ངན་པ་ཅུང་ཟད་ཀྱིས་ཀྱང་འཕོ་བའི་གེགས་བྱེད་པས་ངན་རྟོག་གི་དབང་དུ་སྐད་ཅིག་ཀྱང་མི་གཏང་བར། དུས་ལ་ནམ་བབ་ཚེ་དཔག་ཆེན་གྱི་མདའ་ལྟར་དམིགས་པའི་འབེན་ལ་ཐེ་ཚོམ་མེད་པར་འཕངས་ཏེ་ཕྱིར་མི་དབབ་བོ། དེས་ནི་གྲུ་ཁ་སྐྱ་བའམ་རྟ་ཁ་སྲབ་ཀྱིས་བསྒྱུར་བ་བཞིན་གང་འདོད་ཀྱི་དོན་འགྲུབ་སྟེ། ལར་འཕོ་བ་འཕོ་བ་ཟེར་ཡང་། རང་གི་རིག་པ་དྲི་མེད་འདི་ངོས་བཟུང་ནས་འཁྲུལ་པའི་ལམ་དུ་ཁ་ཤོར་དུ་མི་འཇུག་པར་གདམས་ངག་གི་སྲང་ལ་བཅུར་ནས་ཆོས་ཉིད་ཀྱི་དབྱིངས་སུ་བསྟིམ་པ་ལ་ཟེར་བས། ཚེ་རབས་ནས་སྨོན་ལམ་དང་ཚོགས་གཉིས་ཀྱི་བསགས་རྒྱབ་ཅུང་ཞིག་ཡོད་པ་དང་། ཚེ་འདིར་ཡང་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་དང་བླ་མ་ལ་མོས་པ་མ་ལོག་ཅིང་། དམ་ཚིག་ལ་ཉེས་ལྟུང་མེད་པ་ཞིག་གིས་ནི་འགྲུབ་སླ་བར་གདའ་ཡང་། སུ་རུང་རུང་གིས་ཡོང་བར་དཀའ་བ་འདྲ་ཞིང་། སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱ་བ་ཟེར་ཡང་གོང་དུ་བཤད་པ་ལྟར་གྱི་རྟེན་འབྲེལ་འཛོམ་དགོས་པར་གསལ་བས་གདམས་ངག་ཐམས་ཅད་ཀྱི་གོམས་འདྲིས་དང་རྟེན་འབྲེལ་ཀུན་ད་ལྟ་རང་དབང་དང་ལོང་ཁྱབ་དུས་ནས་བསྒྲིགས་པ་ནི་གནད་དམ་པའོ། །འདིར་སྨྲས་པ། རྗེ་རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེ་ལས། །ཆོས་མདོ་རྒྱུད་ཟབ་དོན་གྱི་ཆར་བབས་ཀྱང་། །བློ་འཁྲུལ་ཞེན་ཨ་འཐས་ཀྱི་སེམས་ཅན་ལ། །རྒྱུད་སྨིན་གྲོལ་མྱུ་གུ་ཞིག་འཁྲུང་པར་དཀའ། །ཚེ་འདི་གང་ཆོས་མིན་གྱི་དབང་བཏང་ན། །དོན་དགོས་ངེས་དམ་ཆོས་ཉིད་ཡལ་བར་དོར། །ནམ་འཆི་ཁར་འགྱོད་ཆེན་གྱི་མེ་ལོང་དེ། །རང་གདོང་ལ་རང་ཉིད་ཀྱིས་འཕྱར་ཚེ་འཕྱི། །དྲན་གསལ་པོ་མི་ཆོས་ཀྱི་ཕེར་ཡོང་དང་། །ཚིག་ཁ་བཤད་རྒྱ་འབྱམས་ཀྱི་མཁས་པ་རྣམས། །གག་ཐུག་པོ་ཤི་ནད་ཀྱིས་ཐེབས་དུས་དེར། །གྱོད་ལན་ཉེས་སུ་ཞིག་ལ་འདེད་དམ་སོམས། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དོན་གསུམ་པ་ཆོས་ཉིད་འོད་གསལ་གྱི་བར་དོའི་རང་བཞིན་བཤད་པ་ལ་ཡང་། ངོ་བོ་ངོས་བཟུང་བ་དང་། འཆར་ཚུལ་རྒྱས་པར་བཤད་པ་དང་། གདམས་ངག་ལམ་དུ་ཁྱེར་ཐབས་དང་གསུམ་གྱི་དང་པོ་ངོ་བོ་གང་ཞེ་ན། དེ་ལྟར་གོང་དུ་བཤད་པའི་ཐིམ་རིམ་མཐའ་དག་རྫོགས་པ་དང་། ཁམས་ཀྱི་དྭངས་མ་དཀར་དམར་ཨ་ཧཾ་ཐབས་ཤེས་ཁ་སྦྱོར་གྱི་བར་དུ་རླུང་རིག་འདུས་པའི་རྐྱེན་གྱིས་ཡེ་གདོད་མའི་འོད་གསལ་ཆོས་ཀྱི་སྐུ་སྤྲོས་བྲལ་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོའི་ཡེ་ཤེས་བཅོས་མ་མ་ཡིན་པ་ཞིག་ངེས་པར་འཆར་བ་དེ་ལ། མིང་གི་རྣམ་གྲངས་སུ། རྒྱུའི་ཐེག་པ་རྣམས་ལས་ནི་དོན་དམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཅེས་བྱ་ལ། དབུ་མ་པས་ནི་དོན་དམ་པའི་བདེན་པ་ཅེས་ཟེར། ཕྱག་ཆེན་པ་རྣམས་ནི་མི་རྟོག་པ་ནང་འཕྲོད་པ་ཡང་ཟེར། རྫོགས་ཆེན་སེམས་ཕྱོགས་པས་ནི་རིག་པ་གཤིས་ཐོག་ཏུ་ཕེབ་པ་ཟེར། འོད་གསལ་གསང་སྐོར་རྣམས་ནས་ནི་ལྷུན་གྲུབ་འོད་གསལ་གྱི་བསུན་མ་ཡང་ཟེར། ཟབ་ལམ་པ་རྣམས་ལྷན་སྐྱེས་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོ་ཡང་ཟེར། ཆོས་སྤྱི་ཁྱབ་ཀུན་མཐུན་པར་བར་དོ་དང་པོའི་འོད་གསལ་ཞེས་གྲགས་པ་དེ་ཉིད་དོ། །འཆར་ཚུལ་རྒྱས་པར་བཤད་པ་ལའང་ཐུན་མོང་དང་ཁྱད་པར་གཉིས་ཀྱི་དང་པོ་ནི། དེ་ཡང་རྒྱུད་སྡེ་ཕལ་མོ་ཆེ་རྣམས་ལས་ནི། ཐོག་མར་སྨིག་སྒྱུ་ལ་སོགས་སྔར་བཤད་པ་དེ་རྣམས། རིམ་ཅན་དུ་འཆར་བ་དེ་ལ་སྣང་བའི་འོད་གསལ་དུ་བརྗོད་ལ། ཐིམ་རིམ་རྫོགས་ནས་གཞིའི་འོད་གསལ་དངོས་དེ་ལ་སྣང་མེད་ཀྱིའམ། སྟོང་པའི་འོད་གསལ་ཀྱང་ཟེར། ཡང་འགའ་ཞིག་ལས་ནི། སྣང་མཆེད་ཐོབ་གསུམ་གྱི་འཆར་ཚུལ་དེ་དག་ལ་རྟགས་ཀྱི་འོད་གསལ་དང་། དངོས་གཞི་འདི་ལ་དོན་གྱི་འོད་གསལ་ཞེས་པའི་ཐ་སྙད་ཀྱང་མཛད་ཅིང་། རྒྱུད་གཉིས་མེད་རྣམ་རྒྱལ་ལས་ཀྱང་། དང་པོ་སྨིག་སྒྱུ་དེ་ཉིད་ཀྱང་། །འོད་ཟེར་ལྔ་དང་ལྡན་པར་མཐོང་། །གཉིས་པ་ཟླ་བ་ལྟ་བུ་དང་། །གསུམ་པ་ཉི་མ་ལྟ་བུ་སྟེ། །བཞི་པ་མུན་པ་ལྟ་བུ་དང་། །ཞེས་རྟགས་ཀྱི་འོད་གསལ་རྣམས་བཤད་ནས། ལྔ་པ་སྤྲིན་མེད་ནམ་མཁའ་ལྟར། །མི་རྟོག་མཐའ་དབུས་མེད་པར་འཆར། །ཞེས་དོན་གྱི་འོད་གསལ་དངོས་བསྟན་པའོ། །དེ་དག་ལ་རྟགས་ཀྱི་འོད་གསལ་བརྗོད་པ་ཅི་ཞེ་ན། དང་པོ་སྨིག་སྒྱུ་སོགས་ནི་སྒོ་ལྔའི་རྣམ་ཤེས་ཀུན་གཞིར་ཐིམ་པའི་རྟགས་དང་། དེ་བཞིན་དུ། དཀར་ལམ་ནི་ཉོན་ཡིད་ཀུན་གཞིར་ཐིམ་རྟགས་དང་། དམར་ལམ་ནི་ཡིད་ཤེས་ཐིམ་རྟགས་དང་། ནག་ལམ་ནི་ཀུན་གཞི་མ་རིག་པའི་ཆ་དེ་ཉིད་རང་སར་ཐིམ་པ་དང་། དེ་ཐམས་ཅད་དོན་དམ་ཆོས་དབྱིངས་སུ་ཐིམ་པའི་ཆོས་སྐུའི་ཡེ་ཤེས་དྲི་མ་དངས་པར་འཆར་བ་ཡིན་ལ། དེ་ལྟ་བུའི་གཞིའི་འོད་གསལ་དེ་སྐབས་འདིར་འཆར་བའི་རྒྱུ་ནི། སེམས་ཅན་ཐམས་ཅད་ལ་བདེ་གཤེགས་སྙིང་པོས་ཡེ་ཁྱབ་དུ་གནས་པ་དེ་ཉིད་ལ་ལྷན་ཅིག་སྐྱེས་པའི་མ་རིག་པའམ། ཀུན་གཞི་གཏི་མུག་གི་ཆས་བསྒྲིབས་ཏེ། རང་ལ་ཡོད་པའི་ཡེ་ཤེས་ཡིན་པར་རང་ངོ་མ་ཤེས་པས་རྟག་ཏུ་འཁྲུལ་འབྱམས་སུ་གྱུར་ཅིང་། ཐིམ་རིམ་གྱི་སྐབས་འདིར་སྒྲིབ་ཆ་དེ་དར་ཅིག་རང་སར་ཐིམ་པའི་གནད་ཀྱིས་ཡེ་ཤེས་རྗེན་པར་ཤར་བ་ཡིན་ལ། ཐ་མལ་པ་རྣམས་ལ་ཤར་ཡང་རང་ངོ་མ་ཤེས་པས། སླར་སྒྲིབ་པའི་བག་ཆགས་ལངས་ཏེ་ཡང་ཡང་སྐྱེ་བ་ཕྱི་མའི་འཕྲོ་མཐུད་དེ་འཁོར་བ་ལུ་གུ་རྒྱུད་དུ་གྱུར་པ་ཡིན་པ་དང་། གདམས་པའི་གནད་ལ་གོམས་པ་ཐོབ་པའི་རྣལ་འབྱོར་ལ་ནི། གདོད་མའི་གནས་ལུགས་རང་བཞིན་གྱིས་ཤར་བའི་འོད་གསལ་མ་དེ་དང་། ལམ་ཉམས་སུ་བླངས་པའི་འོད་གསལ་བུ་དེ་གཉིས་སྔར་འདྲིས་ཀྱི་མི་འཕྲད་པའམ། ཆུ་སྣ་རྒྱ་མཚོར་སླེབ་པ་ལྟར་དབྱེར་མེད་དུ་འདྲེས་ཕྱིར་གྲོལ་སླ་བའི་རྒྱུ་མཚན་དེ་ལྟར་ཡིན་པ་སྟེ། འདི་ལ་གསང་སྔགས་གསར་མ་ལྟར་ན། དོན་དམ་པའི་འོག་མིན་ཆོས་ཀྱི་དབྱིངས་རྣམ་དག་གི་ཕོ་བྲང་ན་ཟུང་འཇུག་ཡན་ལག་བདུན་ལྡན་གྱི་སྟོན་པ་རྡོ་རྗེ་འཆང་དབྱིངས་དང་ཡེ་ཤེས་རོ་མཉམ་དུ་གྱུར་པའི་བདག་ཉིད་ཅེས་སོགས་གསུངས་པ་དང་། རྙིང་ལུགས་རྣམས་ནས་ཀྱང་། གདལ་པ་ཆེན་པོ་ཀུན་ཁྱབ་ཀྱི་ཞིང་དུ་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་རང་ཤེས་རིག་པའི་རྒྱལ་པོ་དང་། ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་མཁའ་དབྱིངས་རྣམ་པར་དག་པའི་བདག་ཉིད་གཉིས་དབྱེར་མེད་བདེ་ཆེན་ཀ་དག་གི་ངོ་བོར་དུས་བཞི་མཉམ་ཉིད་འཕོ་འགྱུར་མེད་པར་བཞུགས་སོ། །ཞེས་པ་སོགས་མདོར་ན་གསང་སྔགས་ཟབ་མོའི་རྒྱུད་ཀྱི་གླེང་གཞི་ཐམས་ཅད་གནས་ལུགས་འདིའི་མངོན་རྟོགས་སུ་གསུངས་པ་ཁོ་ན་ཉིད་ལས་མ་འདས་ཡིན་ནའང་། བློ་ཆུང་དང་རྟོག་གེ་བ་རྣམས་ཀྱི་བློར་ཤོང་པ་དཀའ་མོད། ཁྱད་པར་སྐབས་འདིར། ཉིད་ཀྱི་དྲིས་པའི་དངོས་དོན་གྱི་སྙིང་པོ་དང་། འཕྲོས་སུ་རྡོ་རྗེའི་ཚིག་རྐང་དང་སྐྱེས་ཆེན་རྣམས་ཀྱི་གསུང་སྒྲོས་ལུང་འདྲེན་དང་བཅས་པ་མཛད་སྣང་བ་དེ་བཞིན་བདག་གི་ཡིད་ལའང་ཤིན་ཏུ་འབབ་ཅིང་། འདི་སྐབས་ནི་གསར་རྙིང་གི་རྒྱུད་སྡེ་རྣམས་དང་། རིག་འཛིན་གྲུབ་ཐོབ་ཐམས་ཅད་བཞེད་པ་ཡང་ཤིན་ཏུ་མཐུན་པར། གཞིའི་འོད་གསལ་འདི་དོན་དམ་ཆོས་སྐུའི་ངོ་བོའམ་གྲོལ་གཞིར་དགོངས་ཚུལ་མཐུན་ལ། འོན་ཀྱང་། རྗེ་ཇོ་ནང་པའི་ཞལ་ཆེམས་སུ། བླ་མ་གཞན་རྣམས་འོད་གསལ་ཞེས་འདོད་པ་དེ་ནི་ཞི་གནས་ལ་བརྟན་པ་ཅུང་ཟད་ཐོབ་པའི་གང་ཟག་ལ་རླུང་དབུ་མར་ཚུད་པའི་བདེ་སྣང་ཅུང་ཞིག་འཆར་བ་ལ་སེམས་ཆགས་པ་ཡིན་ཏེ། བྲག་ཕུག་འོད་གསལ་ཞེས་བྱ་སྟེ་འོད་གསལ་རྣལ་མར་མི་འདོད། ཅེས་གསུངས་པ་ཡོད་པར་གྲགས་ཀྱང་། དགོས་པའང་སྐབས་དོན་གཞན་ལ་དགོངས་པ་ལྟ་བུ་ཡིན་ལས་ཆེ་ཞིང་། གཞན་ནི་ཆོས་ལུགས་ཐམས་ཅད་འདི་སྐབས་བཞེད་ཚུལ་གཅིག་པར་སྣང་ཀྱང་། གང་ཟག་ཕལ་ཆེར་ནི་ཤར་ཡང་ངོ་མ་ཤེས། ཤེས་ཀྱང་གོམས་ཆ་ཆུང་བས་དེའི་ངང་ལ་གནས་མ་ནུས་པའི་ལན་པ་མ་གཏོག་གྲོལ་གཞི་དངོས་ཡིན་པར་ཐེ་ཚོམ་དང་བྲལ་བ་སྟེ། ཇི་སྐད་དུ། རྫོགས་ཆེན་སེངྒེ་རྩལ་རྫོགས་ཀྱི་རྒྱུད་ལས། སངས་རྒྱས་རྣམས་ཀྱི་དགོངས་པའི་ཆོས་ཉིད་ནི། །འགྲོ་བ་ཀུན་ལ་རང་བཞིན་ཡེ་ནས་ཁྱབ། །གསང་བའི་རིག་པ་ཡུལ་ལ་སྣང་གྱུར་ན། །སྣང་བའི་འོད་ལྔ་མ་བུ་ཕྲད་པའི་ཚུལ། །བུ་ཡི་སྣང་བ་མ་ལ་ཐིམ་པའི་ཚེ། །བྱ་བྱེད་བློ་ཡི་སྣང་བ་ཀུན་སངས་ཏེ། །འཁྲུལ་རྟོག་ལུང་གི་ཐེ་ཚོམ་ཆོད་གྱུར་ནས། །ཡེ་ཤེས་ཉི་ཟེར་ཀུན་ཏུ་སྣང་བ་ཡིས། །མཚན་མའི་དངོས་པོ་རབ་ཏུ་དེངས་པར་འགྱུར། །རྣམ་རྟོག་བློ་ཡི་ཐེ་ཚོམ་བྲལ་བའི་མཐུས། །རིག་པའི་ཡེ་ཤེས་སྟོབས་སུ་གྱུར་ནས་ནི། །བསམ་བྲལ་ངང་ལ་དེ་བཞིན་གནས་པ་འབྱུང་། །སྣང་བ་མེད་པའི་ཡེ་ཤེས་ཅི་ཡང་མཐོང་། །གསང་སྔགས་འབྲས་བུ་བཅུད་དང་ལྡན་གྱུར་ནས། །རིག་པའི་ཡེ་ཤེས་ཐིག་པ་མེད་པར་སྣང་། །དེ་ཚེ་རང་གི་དྲན་པ་སད་ནས་ནི། །ཡུལ་རྐྱེན་འབྱུང་བའི་ངོ་བོ་རྣམ་པར་དག །ཐ་སྙད་བྲལ་བའི་ཡེ་ཤེས་དོན་ལ་སྤྱོད། །གསང་སྔགས་ཚད་མའི་སྣང་བ་མཐོང་བར་འགྱུར། །ཡིན་དང་མིན་པའི་ཤེས་པ་མ་ཞུགས་ན། །ཞག་ལྔ་དག་ན་ཏིང་འཛིན་ཐོབ་པར་འགྱུར། །ཞེས་སོགས་དང་། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། དེ་ཕྱིར་འདི་ལ་གོམས་པའི་ཆོག །རང་ཤར་རང་གྲོལ་སྐྱེ་མེད་ཀློང་། །ལྷུན་གྲུབ་ཀ་དག་ཀློང་དུ་ཐིམ། །རེ་དོགས་གཉིས་ཀྱི་མཐའ་དང་བྲལ། །རྒྱུ་འབྲས་གཉིས་ཀྱི་མཐའ་ཟད་ནས། །དབྱིངས་རིག་གཉིས་མེད་ཀ་དག་གྲོལ། །བྱར་མེད་ལྷུན་རྫོགས་ཆེན་པོའོ། །ཞེས་པ་དང་། གཞན་ཡང་། དུས་འཁོར་རྩ་རྒྱུད་ལས། འོད་གསལ་དེ་ལ་སེམས་ཟིན་ན། །བར་དོ་མེད་པར་མྱ་ངན་དང་། །སྡུག་བསྔལ་ཀུན་ལས་ངེས་པར་གྲོལ། །ཞེས་དང་། གཉིས་མེད་རྣམ་རྒྱལ་ལས་ཀྱང་། འོད་གསལ་ཟིན་པའི་གང་ཟག་ལ། །བར་དོའི་གྲོང་ཁྱེར་དེ་མི་མཐོང་། །གཞན་དོན་གཟུགས་སྐུའི་སྣང་བ་འཆར། །དཔེར་ན་ཡིད་བཞིན་ནོར་བུ་བཞིན། །ཞེས་སོགས་ལུང་མཐའ་ཡས་ཕྱིར་ཐེ་ཚོམ་མི་བྱའོ། །དེས་སྤྱི་མཐུན་ལྟར་བཤད་ནས། ཁྱད་པར་རྫོགས་པ་ཆེན་པོ་མན་ངག་གི་སྡེ་དང་། ཡང་གསང་བླ་ན་མེད་པ་སྙིང་ཏིག་སྐོར་གྱི་ལུགས་ལྟར་ན། ཀ་དག་ཆོས་སྐུའི་འོད་གསལ་དང་། ལྷུན་གྲུབ་ལོངས་སྐུའི་འོད་གསལ་གཉིས་སུ་ཕྱེ་བའི་དང་པོ་དེ་ནི་སྔར་བསྟན་པའི་གནས་ལུགས་གཞིའི་འོད་གསལ་སྤྲིན་མེད་ཀྱི་ནམ་མཁའ་གཡའ་དག་པ་ལྟ་བུར་འཆར་བ་དེ་ཉིད་ཡིན་པས། དེར་རང་ངོ་ཤེས་ན་ཤེས་ཐོག་དེར་གདོད་མའི་ཀ་དག་ཆེན་པོར་འཚང་རྒྱ་བས། འོག་མ་རྣམས་འཆར་བའི་སྤྲོས་པ་དང་བྲལ་ལ། གལ་ཏེ་དེ་ཉིད་ལ་གོམས་པ་ཆུང་བས་གྲོལ་མ་ནུས་ན། དེ་ནས་ནང་དབུགས་ཆད་དེ་དམར་ཆ་སྣ་བུག་གཡས་ནས་ཁྲག་གམ་ཆུ་སེར་གྱི་རྣམ་པར་ཕྱིར་འབྱུང་ལ། དཀར་ཆ་གསང་ལམ་ནས་འཐོན་པ་དང་དུས་མཚུངས་སུ། རིག་པ་མེ་སྟག་ཡར་བ་བཞིན་དུ་མིག་སོགས་སྒོ་གང་རུང་ནས་འཐོན་པ་དང་ཆོས་ཉིད་བར་དོ་འཆར་བ་ཡིན་ལ། དེ་ལ་ཀ་དག་ཆོས་སྐུའི་འོད་གསལ་དེར་མ་གྲོལ་ན། ནམ་མཁའ་འོད་གསལ་ལ་ཐིམ་པའི་མཐར། འོད་གསལ་ཟུང་འཇུག་ལ་ཐིམ་པ་ཞེས་བྱ་སྟེ། སྐད་ཅིག་དེར་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་རྒྱན་དང་ཆ་ལུགས་ཕྱག་མཚན་སྣ་ཚོགས་པ་མགོ་བརྙན་གྱི་རྣམ་པ་མང་པོ་དང་བཅས་པས་འཇིག་རྟེན་གྱི་ཁམས་གང་བར་འཆར་ཞིང་། ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུ་དང་། འོད་དང་ཟེར་གྱི་ཚོགས་མཚོན་ཆའི་ཆར་བབས་པ་ལྟ་བུ་སོགས་འཇིགས་རུང་གི་སྣང་བ་ཚད་མེད་པར་འཆར་བ་འབྱུང་སྟེ། འདི་དུས་ངོ་མ་འཕྲོད་པའི་གང་ཟག་རྣམས་སེམས་རབ་ཏུ་སྐྲག་ཅིང་བརྒྱལ་བར་འགྱུར་ལ། བརྒྱལ་སངས་ཙ་ན་དེ་དག་གར་སོང་ཆ་མེད་དུ་ཡལ་ནས། སླར་ཞི་བའི་ལྷ་ཚོགས་རིམ་གྱིས་འཆར་ཏེ། སྣང་ཡུལ་མཐའ་དག་གདོས་བཅས་ས་རྡོ་རི་བྲག་སོགས་མེད་པར་འཇའ་འོད་ཀྱི་རང་བཞིན་ཀུན་ཏུ་གསལ་ཞིང་འཚེར་བ་རྒྱ་ཆེ་ཞིང་ཐོགས་རྡུག་དང་བྲལ་བ། བཀྲག་གསལ་ལྷུན་སྡུག་ཅིང་མཐའ་ལས་འདས་པའི་རང་བཞིན་དུ་འཆར་ཏེ། དེ་ཚེ་རང་གི་ལུས་ཀྱང་འོད་ལུས་ཀྱི་རྣམ་པར་ཡོད་པ་སྙམ་བྱེད་ཅིང་། ཕྱོགས་མཚམས་སྟེང་འོག་ནམ་མཁས་གར་ཁྱབ་ཏུ་འཇའ་འོད་ལྔ་ལྡན་གྱི་ཐིག་ལེ་རྣམ་པ་གྲངས་མེད་པ་རེ་རེའི་ནང་ནའང་རྒྱལ་བ་རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མ་སོགས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྣམ་འགྱུར་ཆ་ལུགས་ངོ་མཚར་ལྟ་བས་ཆོག་མི་ཤེས་པ་དཔག་ཏུ་མེད་པར་འཆར་བའི་ཐུགས་ཀ་ནས་འོད་ཀྱི་ཟེར་ཐག་ཤིན་ཏུ་ཕྲ་བ་རེ་རེ་རང་གི་སྙིང་ཁར་ཟུག་པ་དང་། སྣང་བ་དེ་དག་ཐམས་ཅད་ཀྱང་ཕྲིག་ཕྲིག་ཏུ་བྱེད་ཅིང་སྙིང་གའི་ཟེར་ཐག་དེ་ལས་ཀྱང་ཐིག་ལེ་ཕྲ་མོ་གྲངས་མེད་པ་འཕྲོ་བར་འཆར་ལ། སླར་སྐུ་དེ་དག་ཐམས་ཅད་རང་ཉིད་ལ་ཐིམ་པར་སྣང་བར་འགྱུར་རོ། །དེ་རྗེས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་ཞེས་བྱ་བ། རང་གི་སྙིང་ཀ་ནས་སྟེང་གི་ནམ་མཁར་འོད་མཐིང་ཁ་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་རྣམས་དར་ཡུག་བརྐྱང་པ་ལྟ་བུ་བརྩེགས་མར་སྣང་ཞིང་། དེ་དག་ལ་རང་རང་གི་ཁ་དོག་དང་མཐུན་པའི་འོད་ཀྱི་ཐིག་ལེ་རེ་རེ་ལ་ཐིག་ཕྲན་ལྔ་ལྔས་བརྒྱན་པ་ཤར་བའི་སྟེང་དུ་འོད་ལྔ་ལྡན་རྨ་བྱའི་གདུགས་ལྟར་བཀྲ་བ་ཞིག་ཀྱང་འཆར་ཏེ། འདི་དག་ལ་ནི་རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་ཞེས་ཀྱང་བྱ་སྟེ། ཡེ་ཤེས་བཞི་སྦྱོར་གྱི་འོད་ལམ་ཡིན་ནོ། །འོད་ལམ་ལྗང་གུ་མི་སྣང་བ་ནི་ཉམས་ལེན་གྱི་རྩལ་མ་རྫོགས་པས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་འོད་མི་སྣང་བར་གསུངས་སོ། །དེ་ནས་ཡེ་ཤེས་ཉིད་ལྷུན་གྲུབ་རིན་པོ་ཆེ་ལ་ཐིམ་པ་ཞེས་བྱ་བ། གོང་གི་འོད་སྣང་དེ་དག་སྟེང་གི་འོད་ལྔ་གདུགས་ལྟར་སྣང་བ་དེ་ཉིད་ལ་འདུས་ཏེ། སླར་རང་སྣང་གི་སྟེང་ཐམས་ཅད་དུ་ཀ་དག་རིག་སྟོང་མཚོན་པའི་ནམ་མཁའ་སྤྲིན་བྲལ་ལྟ་བུ་ཆོས་སྐུའི་སྣང་བ་དང་། བར་དུ་ལྷུན་གྲུབ་གཟུགས་སྐུ་ཁྲོ་བོའི་ཞིང་དང་། ཞི་བའི་ཞིང་ཁམས་དང་། རང་བཞིན་སྤྲུལ་སྐུའི་ཞིང་གི་བྱེ་བྲག་ཐམས་ཅད་སྣང་ལ། འོག་ཏུ་མ་དག་རིགས་དྲུག་གི་འཇིག་རྟེན་ཀྱི་བཀོད་པ་ཐམས་ཅད་ཀྱང་དུས་གཅིག་ཏུ་སྣང་བ་མེ་ལོང་གི་གཟུགས་བརྙན་བཞིན་དུ་འཆར་ཞིང་། འདིའི་སྐབས་སུ་གང་ཟག་དེ་ལ་མངོན་པར་ཤེས་པ་དྲུག་དང་། རྗེས་སུ་དྲན་པ་དྲུག་དང་། མི་བརྗེད་པའི་གཟུངས་དང་། རྒྱུན་ཀྱི་ཏིང་ངེ་འཛིན་རྣམས་ཀྱང་རང་བཞིན་གྱིས་ཤར་བར་འགྱུར་བ་ཆོས་ཉིད་ཡིན་ལ། གཞན་ཡང་སྔར་ཤེས་པ་དང་མི་ཤེས་པའི་ཆོས་ཀྱི་རྣམ་གྲངས་མང་པོ་ཡང་རྒྱུད་ལ་འཆར་བར་གསུངས་ཏེ། མདོར་ན་འདི་དག་གང་དང་གང་ལ་གདམས་པའི་གནད་དྲན་ཅིང་ཉམས་ལེན་གྱིས་སླེབ་ན་ངེས་པར་གྲོལ་ལ། གལ་ཏེ་གོམས་ཤུགས་ཆུང་བས་མ་གྲོལ་ན། སྲིད་པ་བར་དོར་རྨི་ལམ་གྱི་སྣང་བ་ཙམ་ཞིག་མཐོང་ནས་སླར་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་ཕྱུངས་ཏེ་ས་ལམ་རྣམས་མྱུར་དུ་བགྲོོད་པས་འཚང་རྒྱ་བར་གསུངས་སོ། །ད་ནི་ཆོས་ཉིད་ཀྱི་བར་དོ་འདི་དག་གདམས་ངག་གི་ལམ་དུ་ཁྱེར་ཚུལ་ཇི་ལྟར་བྱ་བ་ནི། དེ་ཡང་དང་པོར་འཆི་ཁ་བར་དོ་ནས་བཟུང་སྟེ་འདི་ཡན་ཆད་དུ་ཡུན་རིང་ཐུང་ཇི་ཙམ་གནས་སྙམ་ན། ད་ལྟ་འཆར་ཚུལ་བཤད་པའི་སྐབས་འདིར་ཚིག་གི་བརྗོད་རྒྱུ་མང་ཞིང་ཁ་ཐག་རིང་བ་ལྟ་བུ་འདི། བར་དོ་འདི་རྣམས་ཀྱང་འཆར་ཡུན་རིང་མོ་ཞིག་ཡོང་བ་འདྲ་བར་ཡོད་ནའང་དོན་ལ་ནི་དེ་ལྟར་མི་འགོར་ཏེ། ཐོག་མར་ཐིམ་རིམ་ཕྱི་ནང་རྣམས་ཀྱང་གང་ཟག་སོ་སོའི་རྩ་ཁམས་དང་ནད་རྐྱེན་གྱི་བྱེ་བྲག་གིས་གཅིག་ཏུ་མ་ངེས་མོད་ཀྱང་། ཕལ་ཆེར་ལ་ཡུད་ཙམ་རེ་ལས་མེད་ཅིང་། ཁྱད་པར་དུ་དཀར་ལམ་དམར་ལམ་ནག་ལམ་རྣམས་ནི་བྱ་རྫོགས་ཀྱི་སྐད་ཅིག་རེ་ལས་མི་གནས་པར་གསུངས་ལ། དེ་ནས་འཆི་བ་འོད་གསལ་ཆོས་སྐུ་ལྷན་སྐྱེས་ཀྱི་ཡེ་ཤེས་ཤར་བ་དེ་ཡང་གང་ཟག་ཕལ་པ་སོགས་ཉམས་ལེན་མེད་པ་ཀུན་ལ་ནི་སེ་གོལ་གྱི་ཡུན་ཙམ་ལས་མི་གནས་པ་མང་ལ། ལ་ལར་ཟན་གཅིག་ཟ་ཡུན་ཙམ་གནས་ཐུབ་པ་ཡང་ཡོད་པ་དང་། ཉམས་ལེན་ཅུང་ཟད་ཡོད་པའི་རིགས་ལ་ནི་ད་ལྟ་མཉམ་བཞག་དངོས་གཞིའི་ངང་ལ་ཇི་ཙམ་རང་དབང་ཐོབ་པ་དེ་དང་མཐུན་པར་གནས་པ་དེ་ལ་བསམ་གཏན་གྱི་ཞག་ཅེས་བྱ་བ་དེ་ཉིད་གཅིག་ནས་ལྔའི་བར་ཅི་རིགས་གནས་པར་གསུངས། ཡང་རྣལ་འབྱོར་པ་རྟོགས་པའི་གདེང་ལྡན་དག་ནི་འོད་གསལ་གྱི་ངང་དེར་ཡུན་ཅི་ཙམ་འདོད་པ་མཉམ་པར་འཇོག་ཅིང་། དེ་ལྟ་བུ་རྣམས་ལ་ནི་མཐར་ཡེ་ཤེས་ཀྱི་གཡོན་ཡེ་ཤེས་ཀྱི་རླུང་རྒྱུ་བའི་གནད་ཡོད་པས་སོ། །རླུང་གིས་རིག་པ་སྤྱི་གཙུག་ཏུ་བཏོན་ནས་ཡར་གྱི་ཟང་ཐལ་ཆེན་པོ་འགྲུབ་ལ། དེའི་རྟགས་སུ་བྱང་སེམས་དཀར་པོ་སྤྱི་བོའམ་སྣ་བུག་གཡོན་པར་འཐོན་པ་འབྱུང་བ་དང་། འཕོ་བ་ཐེབ་པ་ཚུལ་ལྡན་གྱི་རྟགས་ལའང་བྱང་སེམས་འཐོན་ལུགས་འདི་བཞིན་འབྱུང་ཡང་། དེང་སང་གི་འཕོ་བ་ཐེབས་ཡོད་ཟེར་བ་ཕལ་ཆེ་བར་རྟགས་འདི་མ་བྱུང་བ་མང་བས་ཐེབས་མ་ཐེབས་ཐེ་ཚོམ་ལ། ཡང་འཇམ་དབྱངས་དཔལ་ལྡན་བཟང་པོ་སོགས་མཁས་གྲུབ་འགའི་གསུངས་ལས། ཕུང་པོ་ལས་རྣམ་ཤེས་མ་ཐོན་པར་ཡུན་རིང་སྡོད་པ་ཐམས་ཅད་རང་ནི་ཐུག་དམ་ལ་བཞུགས་པ་ཚུལ་ལྡན་ཡིན་པར་མ་ངེས་ཏེ། གང་ཟག་ལ་ལ་ཕུང་པོ་ལ་སེམས་ཆགས་ནས་སྡོད་པ་དག་ཀྱང་ཡོད། ཅེས་གསུངས་ལ། གང་ལྟར་ཡང་མཆོག་དམན་སུ་ལའང་ཁམས་དཀར་དམར་སྟེང་འོག་གི་སྒོར་མ་ཐོན་པའི་བར་ལ་ནི་ཕུང་པོ་བསྲེག་སྦྱོང་སོགས་གཏན་ནས་མི་རུང་བ་ཉིད་དེ། ཅིའི་ཕྱིར་ན། ཐུགས་དམ་ལ་བཞུགས་པ་ཡིན་ན་ནི་དེ་ཡི་བར་ཆད་དུ་འགྱུར་ལ། ཕལ་པ་རོ་ལ་ཆགས་པ་ཡིན་པའི་ཚེ་ནའང་རྣམ་ཤེས་མ་ཐོན་ཚེ་གསད་པ་དང་མཚུངས་པར་འགྱུར་བས་སོ། །དེ་ནས་རྫོགས་ཆེན་ལྟར་གྱི་ལྷུན་གྲུབ་འོད་གསལ་གྱི་སྣང་བ་དེ་དག་ཀྱང་གོམས་འདྲིས་ཅུང་ཞིག་ཡོད་པ་དག་ལ་ནི་རང་ཉིད་ཀྱི་གོམས་ཆ་དང་མཚུངས་པའི་བསམ་གཏན་གྱི་ཞག་རེ་རེ་ནས་ལྔའི་བར་དུ་འཆར་ལ། གོམས་མེད་རྣམས་ལ་བྱ་རྫོགས་སྐད་ཅིག་རེ་རེ་ལས་མི་འབྱུང་ཚེ་ཟིན་པ་དཀའ་ཞིང་། ལ་ལ་ནི་སྒྲ་འོད་ཟེར་གསུམ་རང་སྣང་དུ་མ་ཤེས་པར་སྐྲགས་པས་བརྒྱལ་ཐབས་སུ་ཟད་དོ། །དེ་ལྟར་འཕྲོས་དོན་བརྗོད་ནས། སྐབས་དོན་དངོས་གཞི་ནི། དེ་ཡང་བར་དོ་དང་པོ་གཞིའི་འོད་གསལ་འདི་ཉིད་ཟིན་ཅིང་གྲོལ་བར་བྱེད་པའི་ཐབས་ཀྱི་མཆོག་ནི། ད་ལྟ་སྐྱེ་གནས་བར་དོའི་སྐབས་འདིར་སེམས་ཀྱི་གདར་ཤ་ལེགས་པར་བཅད་ཅིང་། གནས་ལུགས་དོན་དམ་ཐ་མལ་ཤེས་པ་བཟོ་མེད་རང་བབས་ཆོས་སྐུ་འཁོར་ཡུག་གི་ཉམས་ལེན་བསྒོམས་ཡེངས་ལས་འདས་པ་ལ་གནད་དུ་བསྣུན་དགོས་པ་ཁོ་ན་སྟེ། འདི་ལ་སྐྱོན་གྱི་སེལ་དང་བློས་བྱས་ཡིད་བྱེད་ཀྱི་དྲི་མས་མ་བསླད་པར་སྐྱོང་ཤེས་ན། བར་དོ་དང་པོ་མ་ཟད་རྣམ་པ་ཀུན་ཏུ་གཅེས་པའི་སྙིང་པོ་ཡིན་པ་དང་། མདོ་རྒྱུད་མན་ངག་མཐའ་དག་གི་དོན་སྙིང་བཅུད་མཆོག་མཐར་ཐུག་པ་ཉིད་དེ། བརྒྱད་ཁྲི་བཞི་སྟོང་གི་ཆོས་ཐམས་ཅད་འདིར་འདུས་ཤིང་རྫོགས་པས་ན་རྫོགས་པ་ཆེན་པོའོ། །ཐམས་ཅད་སྐུ་གསུམ་ལས་འདས་པ་མེད་པས་ཕྱག་རྒྱ་ཆེན་པོ། བློས་བྱས་ཐམས་ཅད་ལས་འདས་པས་ཤེས་རབ་ཕར་ཕྱིན། མཐའ་ཐམས་ཅད་དང་བྲལ་བས་དབུ་མ། ལམ་གྱི་མཆོག་འབྲས་བུ་མངོན་དུ་བྱེད་ཕྱིར་ལམ་འབྲས། ཉོན་མོང་རང་སར་ཞི་བས་ཞི་བྱེད། གཉིས་སྣང་གི་ཞེན་འཛིན་རྩད་ནས་གཅོད་པས་གཅོད་ཡུལ། སངས་རྒྱས་ཀྱི་གོ་འཕང་ལ་དངོས་སུ་སྦྱོར་བས་སྦྱོར་དྲུག མ་རིག་པ་འཁྲུལ་བའི་བློ་རྟོག་སྦྱོང་བས་བློ་སྦྱོང་སོགས། མདོར་ན་ཆོས་ཟབ་དགུའི་རྣམ་གྲངས་མཐའ་ཡས་པའི་དངོས་དོན་གྱི་སྙིང་པོ་འདི་ཁོ་ན་ལས་གཞན་མེད་ཕྱིར། དེ་བས་ན་ངེས་པའི་དོན་ལ་ཆིག་དྲིལ་དུ་མི་འབད་ན། བློ་མང་གི་བྱ་བྱེད་ཀྱིས་དགོས་ཁར་དོན་མི་འགྲུབ་སྟེ། ཀུན་མཁྱེན་རྒྱལ་པོའི་རྒྱུད་ལས། རང་སེམས་དེ་བཞིན་ཉིད་འདི་རྟོགས་གྱུར་ན། །སངས་རྒྱས་ཚིག་གི་ལམ་ལ་གནས་མིན་ཏེ། །ད་ལྟ་ཉིད་ནས་ཤིན་ཏུ་རྣལ་འབྱོར་ཐོབ། །ལས་མེད་སྐལ་བ་དམན་པ་རྣམས་ལ་ནི། །གབ་པ་མངོན་དུ་ཕྱུང་ཡང་མི་གོ་སྟེ། །གང་ཞིག་ནོར་བུ་རིན་ཆེན་འདོད་པ་དེས། །ཤིང་ལ་ཕྱི་དོར་བྱས་པས་མི་འབྱུང་བཞིན། །ཞེས་པ་ལྟར། ད་ལྟ་ནས་མ་ནོར་བའི་དོན་ལ་བརྩོན་པ་གལ་ཆེ་ཞིང་བྱེ་བྲག་ཏུ། ཆོས་དྲུག་དང་ཐོས་གྲོལ་སོགས་མན་ངག་སོ་སོ་ནས་འབྱུང་བ་ལྟར་གྱི་འོད་གསལ་སྦྱངས་པའི་རིམ་པ་རྣམས་ལ་ཡང་ནན་ཏན་དུ་བྱས་ལ། གཉིད་འཐུག་པའི་སྐབས་སོགས་སུ་རྟོགས་པའི་འོད་གསལ་རང་དབང་ཐོབ་ན་འདི་སྐབས་ཀྱི་གཞིའི་འོད་གསལ་ཟིན་པ་ལ་དཀའ་ཚེགས་མེད་ཅིང་། ལར་འོད་གསལ་དང་པོ་ཟིན་ཐུབ་མི་ཐུབ་ཀྱི་ཚད་ནི་ད་ལྟ་ཉིད་ལ་དགེ་སྦྱོར་སླེབ་མི་སླེབ་ཁོ་ནས་ཤེས་པས། དེ་ལྟར་ན་གོང་དུ་བཤད་པའི་ཐུགས་དམ་ལ་བཞུགས་པ་དངོས་དང་། ཕུང་པོ་ལ་ཆགས་ནས་སྡོད་པ་གཉིས་ཀྱི་དབྱེ་བ་ཡང་འདི་ཀས་ཤེས་མོད་ཅིང་། ཐུགས་དམ་ལ་བཞུགས་པ་ཚུལ་ལྡན་སྣང་ན་དེ་ཀའི་གསལ་འདེབས་བཞིན་བྱེད་ཤེས་ན་མ་གཏོགས། གཞན་ནི་མཚན་བཅས་ཀྱི་འཕོ་བའི་རིགས་སོགས་ཀྱང་མི་གདབ་ཅིང་། འདི་ལྟ་བུ་ལ་ནི་སླད་དུ་ཁྲུས་ཆོག་བྱང་བཞུས་སོགས་ལའང་ལྟོས་མི་དགོས་པར་འགྲུབ་བོ། །སྣང་བའི་འོད་གསལ་གྱི་ངོ་སྤྲོད་ནི། ཐབས་ལམ་རིམ་ལྔ་སྦྱོར་དྲུག་སོགས་ལ་འདྲིས་པའི་གང་ཟག་དག་ལ་ནི་སྔར་བཤད་བཞིན་སྨིག་སྒྱུ་སོགས་དང་དཀར་ལམ་སོགས་གང་ཤར་ཐམས་ཅད་རང་རིག་ཆོས་སྐུའི་གདངས་ལས་གཞན་མ་ཡིན་པར་ངོ་འཕྲོད་དགོས་པ་དང་། རྫོགས་ཆེན་ཐོད་རྒལ་བ་རྣམས་ལ་ནི། སྒྲ་འོད་ཟེར་གསུམ་ཞི་ཁྲོའི་ལྷ་དང་ཐིག་ལེ་ཟེར་ཐག་འོད་ལམ་ཞིང་ཁམས་ཅི་ཤར་ཐམས་ཅད་ཀྱང་རིག་པའི་རང་གདངས་ཁོ་ནར་ཡིད་ཆེས་ཤིང་ཐག་ཆོད་པའི་ངང་ལ་མཉམ་པར་འཇོག་པ་ཤིན་ཏུ་གཅེས་ཏེ། དེ་ལྟར་བྱ་ནུས་པའི་ཐབས་སུ་ད་ལྟ་ཁྲེགས་ཆོད་གཞིའི་གནས་ལུགས་ལ་གདར་ཤ་ཆོད་ཅིང་། ཐོད་རྒལ་ལམ་གྱི་ངོ་སྤྲོད་གནད་དུ་བསྣུན་པས་ཉམས་སུ་ལེན་དགོས་མོད་ཀྱི། དེང་སང་གི་སྐབས་འདིར་ནི། ཆོས་སྤྱི་པ་རྣམས་ཀྱིས་ནི་བོན་དང་རྙིང་མ་བ་ཞེས་ཐ་ཆད་ལོག་པའི་ལམ་དུ་འཛིན་པ་མ་གཏོགས། ཆོས་ཀྱི་ཁྱུར་ཡང་མི་འཇུག་ལ། ཁྱད་པར་ཟབ་ཆོས་རྫོགས་པ་ཆེན་པོ་ནི་རྒྱ་གར་དུ་དགའ་རབ་འཇམ་དཔལ་ཤྲཱྀ་སེང་དང་མཁས་པ་ཉེར་ལྔ་སོགས་འོད་ལུས་གྲུབ་པ་མང་མོད་ཀྱི། དེ་དག་གིས་ནི་གསང་བ་སྦས་ཚུལ་དུ་ཐུགས་ཉམས་སུ་བཞེས་པ་གཏོགས་འོ་སྐོལ་བོད་ཀྱི་ལྟར་ཁེ་གྲགས་རྙེད་ཚོལ་གྱི་ཟོང་དུ་མི་མཛད་པས་གྲགས་ཆུང་ལ། རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་སོགས་ཕལ་ཆེར་རྣམས་ཡེ་ཤེས་ཀྱི་མཁའ་འགྲོ་དང་རིག་འཛིན་གྱི་གནས་རྣམས་སུ་བཞུགས་པས་མི་ཡུལ་དུ་བཞུགས་ཚན་ཆུང་བ་དང་། གངས་ལྗོངས་འདིར་ཡང་བསྟན་པ་སྔ་དར་གྱི་དུས་ཨཽ་རྒྱན་བཱི་མ་བཻ་རོ་སོགས་ཀྱི་སྐུ་དྲིན་ལས་སྐལ་ལྡན་མང་པོ་འོད་ལུས་སུ་གྲོལ་ཞིང་སྙན་རྒྱུད་དང་གཏེར་རྒྱུད་མང་པོ་དེང་སང་གི་བར་དུ་ཡོད་ནའང་། འགོས་ལྷས་བཙས་དང་། འབྲི་གུང་དཔལ་འཛིན་སོགས་ཀྱིས་སྣ་དྲངས་པའི་བཤེས་གཉེན་མང་པོས་རྫོགས་ཆེན་རྒྱ་གར་ན་དེང་སང་མི་འདུག་པས་བཀའ་ཚད་མ་མིན་གསུངས་པ་དང་། ཧ་ཤང་གི་ལྟ་བ་ཡིན་པ་སྐད་དུ་མཛད་པ་དང་། བོད་ཀྱི་བརྩམས་ཆོས་ཡིན་པར་འདོད་པ་སོགས་ཀྱི་བཀའ་བཀྱོན་སྣ་ཚོགས་པས་དད་ཅན་མང་པོ་ཉམས་ཉེས་པར་མཛད་ཅིང་། བཀའ་འགྱུར་དང་རྒྱུད་འབུམ་གྱི་ཁྲོད་དུ་དྲི་ཙམ་ཡང་མནམ་དབང་མེད་པར་གྱུར་པའི་མཐུས། གང་ཟག་ཕལ་མོ་ཆེ་ནི་རྫོགས་པ་ཆེན་པོ་སོགས་ཡོ་ག་རྣམ་གསུམ་གྱི་ཆོས་ལ་ནད་ངན་གྱི་ཤི་བའི་རོ་མཐོང་བ་བཞིན་འཛེམས་པར་བྱེད་ལ། རྙིང་ལུགས་པར་ཁས་འཆེ་བ་དག་ནི་བསྲུང་བཟློག་མཐུ་གཏད་སོགས་ཀྱིས་ཡིད་དྲངས་ཤིང་རང་འཁོར་བུ་སྨད་གསོ་ཕྱིར་གྲོང་ཆོག་རྙེད་ཚོལ་སྐྱུར་འབྱམས་ལ་ཉམས་ལེན་བྱེད་པ་མ་གཏོགས། རྫོགས་པ་ཆེན་པོའི་གནད་དོན་ནི་ཡིད་ཀྱི་རྒུ་ལའང་ཐོས་མ་མྱོང་བ་ཤ་སྟག་ཏུ་གྱུར་ཚེ། དེས་ན་གོང་གི་འཕྲོ་ལྟར། ཚེ་འདིར་འོད་ལུས་འགྲུབ་པའམ། འོད་གསལ་དང་པོར་གྲོལ་བ་ལྟ་ཞོག ཆོས་ཉིད་བར་དོ་ངོ་ཤེས་པའི་གོ་རྟོགས་འཇག་པ་ཙམ་ཡོང་བའི་གོ་སྐབས་ཀྱང་མི་སྣང་བར་གསལ་ཏེ། མདོར་ན། རྒྱལ་བ་ཡང་དགོན་པ་ཆེན་པོས། ཆོས་རྫོགས་ཆེན་ཡིན་པས་མི་ཕན། གང་ཟག་རྫོགས་པ་ཆེན་པོར་སོང་བ་ཞིག་དགོས། ཞེས་གསུངས་པ་ཤིན་ཏུ་བདེན་པར་ཟད་དོ། །༈ དེ་ལྟར་སྣང་ཚུལ་གྱི་དྲང་གཏམ་འཕྲོས་དོན་དུ་བརྗོད་ནས། འདི་སྐབས་ཀྱི་དངོས་དོན་ལ། དེ་ཡང་རྫོགས་ཆེན་རང་གཞུང་སོ་སོ་ནས་འབྱུང་བ་ལྟར་གྱི་ཁྲེགས་ཆོད་ལ། ངོ་རང་ཐོག་ཏུ་སྤྲད་པ། ཐག་གཅིག་ཐོག་ཏུ་བཅད་པ། གདེང་གྲོལ་ཐོག་ཏུ་བཅའ་བ་རྣམས་དང་། ཐོད་རྒལ་ལ་སྒྲོན་མ་དྲུག་གི་རང་བཞིན་གཏན་ལ་ཕབས་ཏེ། མི་འགུལ་བ་གསུམ་ལ་གཞི་བྱ་བ། སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེང་བཞིའི་གྲོལ་ཚད་བསྟན་པ་སོགས་ཐམས་ཅད་ཁ་ཚིག་ལ་མ་འབྱམས་པར་དོན་རྒྱུད་ཐོག་ཏུ་ཁེལ་ན། སྣང་བ་བཞི་མཐར་ཕྱིན་ཏེ། རབ་ཀྱིས་ཕུང་པོ་ཟག་མེད་འོད་སྐུར་གྲོལ་བ་དང་། འབྲིང་བུམ་ཆག་ནམ་མཁའ་ཕྱི་ནང་འདྲེས་པ་བཞིན་གཞིའི་འོད་གསལ་ལ་བཙན་ས་ཟིན་པས། སེངྒེ་མངལ་རྒྱ་དང་ཁྱུང་སྒོང་རྒྱ་གྲོལ་བ་ལྟར་རྣམ་སྨིན་ལུས་རྒྱ་གྲོལ་བ་དང་སེམས་ཉིད་ཆོས་སྐུ་འགྲུབ་པ་དུས་མཉམ་དུ་འབྱུང་། ཐ་མ་ཡང་ཆོས་ཉིད་བར་དོར་ལྷུན་གྲུབ་གཟུགས་སྐུའི་འོད་གསལ་འཆར་ཚེ། འོད་གསལ་ཟུང་འཇུག་ལ་ཐིམ་དུས་འཇུག་པ་ཤེས་པའི་གནད་དང་ལྡན་པ་དང་། ཟུང་འཇུག་ཡེ་ཤེས་ལ་ཐིམ་ཚེ་གྲོལ་བས་ལུས་ཀྱི་གནད་དང་། ལྷུན་གྲུབ་རིན་པོ་ཆེ་ལ་ཐིམ་དུས་མཐར་ཕྱིན་ངོ་ཤེས་ཀྱི་གནད་རྣམས་གལ་ཆེ་ཞིང་། ལྷུན་གྲུབ་ཀྱི་སྐབས་འདིར། རྒྱུད་ལས་ཀྱང་། ལྷུན་གྲུབ་རིག་པའི་འཆར་ཚུལ་ནི། །རྣམ་པ་བརྒྱད་དུ་ཤར་བའོ། །ཞེས་པ་བཞིན། རིག་པའི་གདངས་ཉིད་ཐུགས་རྗེ་ལྟར་ཤར་བ་དང་། འོད་ལྟར་ཤར་བ་དང་། སྐུ་ལྟར་ཤར་བ་དང་། ཡེ་ཤེས་ལྟར་ཤར་བ་ད ང་། གཉིས་མེད་ལྟར་ཤར་བ་དང་། མཐའ་གྲོལ་ལྟར་ཤར་བ་དང་། མ་དག་པ་འཁོར་བའི་སྒོ་ལྟར་ཤར་བ་དང་། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བ་སྟེ། དེ་དག་ལ་གདམས་པས་ཟིན་ན་ཐིམ་ལུགས་ཀྱང་རྣམ་པ་བརྒྱད་འབྱུང་ཏེ། ཐུགས་རྗེ་ཐིམ་པས་འཁོར་བའི་སེམས་ཅན་རང་སྣང་དུ་གྲོལ་ཏེ་འཁྲུལ་པའི་མིང་མེད་པ་དང་། དེ་བཞིན་དུ་འོད་ཐིམ་པས་མཚན་མའི་ཁ་དོག་སོགས་རིས་ཅན་དུ་མ་གྲུབ་པར་ཆོས་དབྱིངས་སུ་རོ་གཅིག་པ་དང་། སྐུ་ཐིམ་པས་ཞལ་ཕྱག་གི་སྤྲོས་པ་ལས་འདས་པའི་ངོ་བོར་རྣམ་པར་དག་པ་དང་། ཡེ་ཤེས་ཐིམ་པས་ཆོས་ཉིད་མ་བུ་འདྲེས་པ་དང་། གཉིས་མེད་ཐིམ་པས་སྟོང་ཆེན་ངོ་བོ་ཉིད་དུ་གྲོལ། མཐའ་གྲོལ་ཐིམ་པས་དམིགས་གཏད་ཀྱི་ཡུལ་ཟད། འཁོར་བའི་སྒོ་ཐིམ་པས་སྐྱེ་གནས་འཁྲུལ་པའི་ཡུལ་རྐྱེན་བྲལ། དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཉིད་སྐུ་ལ་ཐིམ་པས་ཀ་དག་ཆོས་ཟད་བློ་འདས་ཆེན་པོར་སངས་རྒྱ་བ་སྟེ། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ཆེན་ལས། རྣག་ཆེན་ལུས་འདི་མ་བོར་བར། སངས་རྒྱས་ཡོན་ཏན་མི་སྣང་སྟེ། །དཔེར་ན་ཁྱུང་ཕྲུག་སྒོ་ངའི་ནང་། །གཤོག་དྲུག་རྒྱས་པར་གྱུར་མོད་ཀྱང་། །མ་ཆགས་བར་དུ་འཕུར་མི་ནུས། །སྒོང་ཆག་འཕུར་ཤེས་དུས་མཉམ་འབྱུང་། །དེ་བཞིན་སངས་རྒྱས་ཡོན་ཏན་ཡང་། །ད་ལྟ་མི་སྣང་ལུས་ཀྱིས་བསྒྲིབ། །རྣམ་སྨིན་ལུས་འདི་བོར་མ་ཐག །སངས་རྒྱས་ཡོན་ཏན་སྣང་བར་འགྱུར། །ཞེས་པ་དང་། དགོངས་པ་ཐིག་འདེབས་ལས་ཀྱང་། རྟོགས་པའི་གདེང་ཆེན་དེ་ལྡན་ན། །སེངྒེ་མཆོང་པས་ས་ཆོད་ལྟར། །ཡེ་ཤེས་ཟང་ཐལ་ཆེན་པོ་ཡིས། །བར་དོ་མེད་པར་སྐད་ཅིག་ལ། །རིན་ཆེན་སྦུབས་སུ་སངས་རྒྱས་འགྱུར། །ཞེས་སོགས་གསུངས་ལ། གྲོལ་ཚད་ཀྱང་། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། དེ་ལྟར་དབང་པོའི་རིམ་པ་ནི་གསུམ་སྟེ། །རབ་ནི་སྐད་ཅིག་མ་གསུམ་ལ་གྲོལ་བར་འགྱུར་རོ། །འབྲིང་ནི་བསམ་གཏན་གྱི་ཞག་ལྔ་ལ་གྲོལ་བ་ཡང་ཡོད་དོ། །སྐད་ཅིག་ཉི་ཤུ་རྩ་བཞི་ལ་ནི་བརྟན་པ་ཐོབ་ངེས་པ་ཡིན་ནོ། །དབང་པོ་ཐ་མ་རྣམས་ནི་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་བྱུང་ནས་བར་དོ་མེད་པར་སངས་རྒྱས་པའོ། །ཞེས་གསུངས་ཏེ། གཙོ་བོར་ད་ལྟའི་ཉམས་ལེན་ལ་རག་ལས་སོ། །ཡང་འདི་སྐབས་སུ་གང་ཟག་ལ་ལའི་བསམ་ཡུལ་དུ། རྫོགས་ཆེན་མ་གཏོགས་པའི་ཆོས་གཞན་ལས་ནི་བར་དོ་དང་པོའི་འོད་གསལ་མ་ཟིན་ན་རྣམ་ཤེས་འཐོན་ཏེ་སྲིད་པ་བར་དོ་འཆར་བར་བཤད་པ་ལས། སྒྲ་འོད་ཟེར་གསུམ་མམ། ཞི་ཁྲོའི་ལྷ་སོགས་འཆར་ཚུལ་མི་འབྱུང་ལ། གལ་ཏེ་འཆར་བ་ཡིན་ནའང་རང་རང་གི་ཆོས་ལུགས་དང་ཉམས་ལེན་གང་བྱེད་དེའི་ལྷ་ཚོགས་ཤར་ན་མ་གཏོགས། ཐམས་ཅད་རྙིང་ལུགས་ཀྱི་ཞི་ཁྲོ་འཆར་བ་མི་སྲིད་སྙམས་པ་སོགས་བྱེད་པ་འབྱུང་མོད་ཀྱི། དེ་ལ་སྤྱིར་ཆོས་ལུགས་སོ་སོའི་ལམ་རིམ་མན་ངག་དེ་དང་ཆ་མཐུན་པར་བར་དོའི་གདམས་པ་ཡང་ཆ་ཚང་འབྱུང་མོད་ལ། རང་རང་གི་རྒྱུད་གཞུང་དེ་ཀའི་དགོངས་དོན་ལྟར་ཉམས་ལེན་གྱི་རྩལ་འདོན་ཕྱོགས་ཀྱང་གང་མང་མཆིས་ཏེ། འགའ་ཞིག་ལ་བསྐྱེད་རིམ་གཙོ་བོ་གསུངས་པ་དང་། ལ་ལར་ཐབས་ལམ་བདེ་སྟོང་གི་ཉམས་ལེན་ལ་རྩལ་དུ་བཏོན་པ་དང་། གཞན་དག་ཏུ་སྤྲོས་མེད་ཁོ་ནར་དྲིལ་བར་གསུངས་པ་སོགས་མཐའ་ཡས་མོད་ཀྱི། ད་ལྟ་ཉམས་ལེན་གང་ལ་གོམས་པ་དེས་བར་དོར་སླེབ་དགོས་པ་གཞིར་བཅས་ཕྱིར། རྫོགས་ཆེན་སྙིང་ཏིག་སོགས་ནི་ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་ཏུ་ཉམས་སུ་ལེན་པའི་སྐབས་ཡིན་པས། ད་ལྟ་དེ་དག་ལ་གོམས་ཚེ་བར་དོ་དེའང་དེ་ལྟར་འཆར་ཞིང་། དེ་ལ་ཉམས་ལེན་གྱིས་སླེབས་ན་གྲོལ་བ་ཡང་གཞི་གྲུབ་ལ། ཆོས་གཞན་ནས་ཐོད་རྒལ་གྱི་ཉམས་ལེན་དངོས་སུ་མ་གསུངས་པས། བར་དོར་དེ་དག་འཆར་བ་ཡང་མ་གསུངས་མོད་ཀྱང་། སྒྲ་འོད་ཟེར་གསུམ་ནི་རླུང་སེམས་དབྱེར་མེད་དངས་མ་ལྔ་འདུས་ཀྱི་རྐྱེན་ལས་ནམ་ཡང་འཆར་ལ། དེ་ཡང་འཕྲང་སྒྲོལ་ཆེན་མོ་སོགས་ནས། དོན་གྱི་རྩ་རླུང་ཐིག་ལེ་རྣམས་ནི་ནམ་དུའང་འབྲལ་བ་མེད་པར་གསུངས་པའི་དོན་དང་། གཞན་ཡང་དུས་འཁོར་སྦྱོར་དྲུག་ནི་རྫོགས་ཆེན་གྱི་སྣང་མུན་ཉམས་སུ་ལེན་ཚུལ་དང་མཐུན་ལ། ལྷ་འཆར་བ་རྣམས་ཀྱང་། འགྲོ་བའི་ཕུང་པོ་ཁམས་དབང་སྐྱེ་མཆེད་ཐམས་ཅད་གཟོད་མ་ནས་དཀྱིལ་འཁོར་ཉིད་དུ་ལྷུན་གྱིས་གྲུབ་ཚུལ་ནི་རྒྱུད་སྡེ་ཀུན་མཐུན་ཏེ། ཕུང་པོ་ལྔ་རྒྱལ་བ་རིགས་ལྔ། འབྱུང་བ་ལྔ་ནི་ཡུམ་ལྔ། ཚོགས་བརྒྱད་སེམས་དཔའ་བརྒྱད། ཡུལ་བརྒྱད་སེམས་མ་བརྒྱད་སོགས་སུ་ཡེ་ནས་ཡིན་ཚེ། དམ་པ་རིགས་བརྒྱར་བཤད་པའི་ཁོངས་སུ་ལྷ་གཞན་ཡང་མ་འདུས་རྒྱུ་མེད་པ་དང་། འོན་ཀྱང་སྐུ་མདོག་ཕྱག་མཚན་སོགས་མི་གཅིག་པ་སྣ་ཚོགས་ནི་སྦྱང་གཞི་སྦྱང་འབྲས་སྦྱོང་བྱེད་ཀྱི་དག་སྦྱོར་སོ་སོ་ལ་བརྟེན་ནས་བཤད་པ་མ་གཏོགས། དོན་དམ་པ་ནི་རང་རིག་སྐུ་གསུམ་དབྱེར་མེད་དམ། སྐུ་གཉིས་ཟུང་འཇུག་ཏུ་མ་འདུས་པའི་ལྷ་དང་དཀྱིལ་འཁོར་ནི་འགའ་ཡང་མེད་པ་དང་། རང་རང་གི་བག་ཆགས་གོམས་འདྲིས་ཀྱི་མཐུ་ལས་ནི་དམ་པ་རིགས་བརྒྱར་མ་ཟད་གཞན་འཆར་བར་ཡང་མ་ངེས་ལ། སྡིག་ཆེན་ལ་གཤིན་རྗེའི་སྐྱེས་བུར་སྣང་བ་ཡང་རང་ཉིད་ཀྱི་ལས་སྣང་དུ་ཟད་ཅིང་། དོན་དུ་ནི་གང་དང་གང་ལྟར་ཤར་ཡང་རང་སྣང་ཉིད་དུ་ཤེས་དགོས་པ་ནི་གནད་ཀྱི་དམ་པའོ། །གཞན་ཡང་ཇི་སྐད་དུ་སྡོམ་འབྱུང་ལས། རྣལ་འབྱོར་པ་རྣམས་འཕོ་བའི་ཚེ། །ཁྲག་འཐུང་ལ་སོགས་རྣལ་འབྱོར་མས། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། རོལ་མོའི་སྒྲ་ནི་སྣ་ཚོགས་ཀྱིས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་གསུངས་པ་འདི་ཡང་རྙིང་ལུགས་ཀྱི་ཆོས་ཉིད་བར་དོ་དང་དགོངས་པ་མཐུན་པར་སྣང་ངོ་། །ལར་ཅིར་སྣང་ལྷ་དང་ལྷ་མོའི་རོལ་པ་དང་དེ་ཡང་རང་རིག་དང་གཉིས་མེད་རོ་མཉམ་ཆེན་པོར་རྟོགས་པའི་གང་ཟག་ལ་ནི་འདི་ཕྱི་བར་དོ་ཁྱད་མེད་དུ་ཆོས་ཉིད་བདེ་བ་ཆེན་པོའི་ཞིང་ལས་མ་གཡོས་མོད་ཀྱི། གཞན་ནི་མཁའ་སྤྱོད་གླུ་ཕྲེང་ལས། མདང་རྨི་ལམ་གཉིད་ཀྱི་འཁྲུལ་ལུགས་ཀྱི། །སང་བར་དོ་འབྱོངས་བ་དཀའ་མོར་མཆིས། །ཞེས་གསུངས་པ་འདི་ཁོ་ན་ཉིད་དོ། །ད་ལྟ་ལུས་ངག་ཡིད་རྣམས་ལྷན་ཅིག་ཏུ་རང་དབང་ཐོབ་དུས་འདིར་ཡང་འཁྲུལ་པ་ཨ་འཐས་ཡང་འཐས་ལ་ཞེན་པས་ཉིན་མཚན་འདའ་ལུགས་འདི་འདྲ་ལ། འཆི་དུས་གནད་གཅོད་ཀྱི་སྡུག་བསྔལ་དང་འཇིགས་སྐྲག་འཁྲུལ་སྣང་རླུང་ལྟར་འཚུབས་དུས་དེ་འདྲར་ཐུགས་དམ་གྱི་སླེབ་རེ་ཨ་ཐང་ཆད་པར་གདའ་བས། གཏན་གྱི་དོན་ཆེན་ད་ལྟ་ནས་གྲབ་ཆུད་ཅིག་ཅིས་ཀྱང་དགོས་པར་སྣང་ངོ་། །འདིར་སྨྲས་པ། གཞི་བདེར་གཤེགས་སྙིང་པོའི་གནས་ལུགས་དང་། །ལམ་རང་བྱུང་ཆོས་སྐུའི་རང་འགྲོས་དང་། །འབྲས་དྲི་བྲལ་མངོན་གྱུར་སངས་རྒྱས་གསུམ། །དོན་དབྱེར་མེད་ད་ལྟའི་རིག་པར་གཅིག །དེ་ཡིན་ཡང་དབུལ་བོའི་ཁྱིམ་གཏེར་བཞིན། །དུས་ཐོགས་མེད་ད་བར་ངོ་མ་ཤེས། །དེ་ཤེས་ཀྱང་རང་བབས་མི་སྐྱོང་བར། །བློ་འཁྲུལ་ཞེན་མང་པོས་བསླད་པས་ཕུང་། །ད་ཡིན་ལུགས་རང་ངོ་རིག་ཐོག་ཏུ། །སྒོམ་བློས་བྱས་ཀྱི་འཇུར་བུས་མ་བཅིངས་པར། །སེམས་གང་ཤར་གྱི་ངོ་བོ་ཡེངས་མེད་སྐྱོངས། །དེས་བར་དོ་ཀུན་བཙན་ཆོད་དུ་འགྱུར་ཏེ་མཆི། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །སྤྱི་དོན་བཞི་པ་སྲིད་པ་ལས་ཀྱི་བར་དོའི་རང་བཞིན་བཤད་པ་ལའང་གསུམ་གྱི་དང་པོ་ངོ་བོ་ངོས་བཟུང་བ་ནི། དེ་ཡང་རྫོགས་ཆེན་གྱི་རྣལ་འབྱོར་རབ་འབྲིང་རྣམས་ནི་སྔར་བཤད་པའི་བར་དོ་གོང་མ་དེ་དག་ཏུ་གྲོལ་ལ། ཐ་མའི་རྣལ་འབྱོར་རྣམས་ཚེ་འདིར་ངོ་སྤྲོད་ཀྱི་སྒོ་མཐོང་ཡང་ཉམས་སུ་མ་བླངས་པས་སྔ་མ་རྣམས་སུ་གྲོལ་བར་མ་ནུས་ཚེ། སྲིད་པ་བར་དོའི་སྣང་བ་རྨི་ལམ་ཙམ་ཞིག་མཐོང་བས་རྐྱེན་བྱས་ཏེ་སྔར་གྱི་གདམས་པ་དྲན་པའི་མཐུ་དང་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས། རང་བཞིན་སྤྲུལ་པའི་ཞིང་ཁམས་སུ་པདྨ་ལས་བརྫུས་ཏེ་སྐྱེས་ནས་རྨི་ལམ་སད་པ་ལྟར་དྲན་པའི་ཏིང་འཛིན་རྙེད་པར་འགྱུར་རོ། །ཤར་མངོན་པར་དགའ་བའི་ཞིང་དུ་མི་བསྐྱོད་རྡོ་རྗེ་རིགས་ཀྱི་སྤྲུལ་པའི་ཞལ་མཐོང་། ལྷོ་དཔལ་དང་ལྡན་པར་རིན་ཆེན་རིགས་ཀྱི་སྤྲུལ་པས་དབང་བསྐུར། ནུབ་པདྨ་བརྩེགས་པར་འོད་དཔག་མེད་ཀྱི་སྤྲུལ་པས་ལུང་བསྟན། བྱང་ལས་རབ་གྲུབ་པར་ཕྲིན་ལས་རིགས་ཀྱི་སྤྲུལ་པས་བག་ཆགས་སྦྱངས། དབུས་ཕྱོགས་འཁོར་བ་ཡོངས་སྒྲོལ་གྱི་ཞིང་དུ་དཔལ་ཧེ་རུ་ཀ་ཁྲོ་བོ་འདུས་པའི་དཀྱིལ་འཁོར་དུ་ཤེས་བྱའི་སྒྲིབ་པ་ཕྲ་མོ་ཚུན་ཆད་ཟད་པར་བྱས་ཏེ། མི་ལོ་ལྔ་བརྒྱ་ན་ཆོས་སྐུ་ཀ་དག་ཆེན་པོར་སངས་རྒྱས་ནས་སྤྲུལ་པ་དུ་མས་འགྲོ་བའི་དོན་བྱེད་ལ། གང་ཟག་འགའ་ཞིག་ནི་ཕྱོགས་བཞིའི་ཞིང་ཁམས་དེ་དག་གང་རུང་གཅིག་ཁོ་ནར་དབང་བསྐུར་ལུང་བསྟན་དབུགས་དབྱུང་ཐོབ་ནས་སངས་རྒྱ་བ་དག་ཀྱང་འབྱུང་བ་སྟེ། མདོར་ན་འདིའི་གང་ཟག་དེ་ལ་ནི་སྲིད་པ་བར་དོའི་སྣང་བ་ཡུད་ཙམ་འཆར་ཡང་དེའི་སྡུག་བསྔལ་རྣམས་མི་མྱོང་ཞིང་མངལ་སྒོར་མི་འཇུག་པར་ཞིང་ཁམས་ཟིན་པ་ཡིན་ཚེ། སྲིད་པ་བར་དོ་དངོས་སུ་མི་བཞེད་དེ། རྒྱུད་ཉི་ཟླ་ཁ་སྦྱོར་ལས། འདི་མཐོང་དབང་པོ་ཐ་མ་ལ། །བར་མ་དོར་ཉིད་སྣང་གྱུར་རམ། །འོན་ཏེ་མི་སྣང་བ་འམ་ཅི། །སྟོན་པས་གསུངས་པ་དེ་སྣང་སྟེ། །རང་གར་འཛིན་པའི་བག་ཆགས་ཟད། །རང་བཞིན་སྤྲུལ་པར་དབུགས་དབྱུངས་ཏེ། །བར་དོ་མེད་པར་ཟང་ཐལ་ཉིད། །ཅེས་གསུངས་ལ། སྲིད་པ་བར་དོ་དངོས་དེ་གང་ཡིན་ཞེ་ན། ལུས་སེམས་སོ་སོར་གྱེས་ནས་ཆོས་ཉིད་འོད་གསལ་སྒྲ་འོད་ཟེར་གསུམ་སོགས་རང་ངོ་མ་ཤེས་པས་ཡལ་ཞིང་འཁྲུལ་པའི་བག་ཆགས་ལངས་པ་ནས་མགོ་བཟུང་སྟེ། ཕྱི་མའི་མངལ་དུ་མ་ཆུད་ཀྱི་བར་སྐབས་དེ་དག་ལ་སྲིད་པ་ལས་ཀྱི་བར་དོ་ཞེས་བྱ་བའོ། །གཉིས་པ་དེ་དག་འཆར་ཚུལ་རྒྱས་པར་བཤད་པ་ལ། དེ་ཡང་གང་ཟག་ཐ་མལ་པ་རྣམས་གདམས་པ་ཟབ་མོའི་གདེངས་དང་ནི་མི་ལྡན། ལས་སྒྲིབ་ཤས་ཆེ་བས་འཕོ་བའི་མན་ངག་སོགས་ཀྱི་མཚམས་སྦྱོར་དང་རྟེན་འབྲེལ་འགྲིགས་པ་ཡང་དཀའ་ལ། གལ་ཏེ་འཕོ་བ་བཏབ་ཀྱང་ངེས་ཤེས་དང་གོམས་འདྲེས་མེད་ཚེ་དམིགས་ཡུལ་དེར་འཕོ་ཐུབ་པ་ཡང་ཤིན་ཏུ་དཀའ་བའི་དབང་གིས། ཐོག་མར་ཐིམ་རིམ་གྱི་ཟུག་རྔུ་རྣམས་ཉམས་སུ་མྱོང་ཞིང་། སླར་གཞིའི་འོད་གསལ་འཆར་བ་དེ་ལ་ཕལ་པ་རྣམས་རྣམ་ཤེས་བརྒྱལ་བ་ཞེས་ཀྱང་ཟེར་ལ། རང་ངོ་མ་ཤེས་པས་བརྒྱལ་བ་ལྟ་བུ་ཞིག་བྱས་ནས། མཐར་ཁམས་དཀར་དམར་སྟེང་འོག་གི་སྒོ་གཉིས་སུ་འཐོན་སྐབས་རྣམ་ཤེས་ཉིད་ཀྱང་ལས་རླུང་གིས་བསྐྱོད་དེ་སྒོ་དགུ་གང་རུང་ཞིག་ནས་འཐོན་པར་འགྱུར་ལ། འདི་དུས་ཆོས་ཉིད་ཀྱི་རང་སྒྲ་ལ་ནི་སྔངས། འོད་གསལ་གྱི་སྣང་བ་ལ་ནི་སྐྲག ཐུགས་རྗེའི་ཟེར་ཐག་ལ་ནི་འབྲོས། ཡེ་ཤེས་རང་བྱུང་གི་ལྷ་ཚོགས་ལ་ནི་གཤིན་རྗེའི་ལས་མཁན་དུ་མཐོང་བས་འཇིགས། ལྷུན་གྲུབ་རིན་པོ་ཆེའི་ཞིང་གི་བཀོད་པ་འཁོར་འདས་ཀྱི་སྣང་བ་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་བཀྲ་ལམ་མེ་མཐོང་ཡང་། ཡར་སྐུ་གསུམ་དག་པའི་ཞིང་ཁམས་རྣམས་ལ་ནི་མིག་གིས་བལྟ་ཡང་མི་ཕོད་པར། མར་རིགས་དྲུག་འཁོར་བའི་སྣང་ཚུལ་དག་ལ་སྔར་ཞེན་གྱི་བག་ཆགས་ངན་གོམས་མཐུ་བརྟས་པའི་དབང་གིས་ཡིད་འཇུག་པར་བྱེད་དོ། །དེ་ཡང་སྔར་རང་བཞིན་བརྒྱད་ཅུའི་རྟོག་པ་དང་འབྱུང་ལྔའི་རླུང་རྣམས་གཞི་ལ་ཐིམ་པའི་གནད་ཀྱིས་རང་བྱུང་གནས་ལུགས་ཀྱི་འོད་གསལ་རྣམས་ཤར་ཡང་ངོ་མ་ཤེས་པའི་མཐུས། ད་ནི་སླར་མ་རིག་པ་ཁྱབ་བྱེད་ཀྱི་རླུང་ལས། རླུང་གི་རླུང་ཚུར་བྱུང་ཞིང་། དེ་ལས་མེའི་རླུང་དང་། དེ་ལས་ཆུ་རླུང་། དེ་ལས་ས་རླུང་བྱུང་སྟེ། འཁོར་བར་འདུ་བྱེད་པ་དང་རྣམ་པར་ཤེས་པ་གསལ་དུ་སོང་བས། གཏི་མུག་ལས་གྱུར་པའི་རྟོག་པ་བདུན་པོ་ཚུར་ལངས། དེ་ལས་ཀྱང་འཁྲུལ་རྟོག་རག་ཏུ་སོང་བས་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་དང་། ཞེ་སྡང་གི་རྟོག་པ་སོ་གསུམ་པོ་ཐམས་ཅད་ལངས་ཏེ། ཁམས་ལྔའི་རླུང་དང་རྣམ་པར་ཤེས་པ་ཟུང་འབྲེལ་དུ་གྲུབ་པའི་མཐུ་ལས། ཡིད་ཀྱི་ལུས་དབང་པོ་ཀུན་ཚང་བའི་སྣང་བ་ཅན་གཅིག་ཏུ་གྱུར་ཅིང་། ལུས་ལ་འོད་ཅུང་ཟད་དང་ལྡན་པ། ཟས་སུ་དྲི་ཟ་ཞིང་གཞན་སེམས་ཤེས་པའི་མངོན་ཤེས་ཕྲ་མོ་ཡོད་པ། མའི་མངལ་དང་རྡོ་རྗེ་གདན་མ་གཏོགས་སྟོང་གསུམ་ཀུན་ཏུ་ཡིད་ལ་བསམ་པ་ཙམ་གྱིས་བགྲོོད་ཐུབ་པ། མངོན་ཤེས་ཅན་དང་རང་གི་རིགས་མཐུན་བར་དོའི་འགྲོ་བ་རྣམས་ཕན་ཚུན་རྣམས་མཐོང་ལ་ལུས་ཅན་གཞན་གྱིས་མི་མཐོང་བ་དེ་ལྟ་བུར་ཀྲོངས་ཀྱིས་གྱུར་ཏེ། དེ་སྐབས་ནི་རང་གི་སྔར་གྱི་རོ་སོགས་མཐོང་ཡང་ད་དུང་རང་ཉིད་ཤི་བ་ནི་མི་ཤེས་ཤིང་། རང་གི་ཁང་ཁྱིམ་ནོར་རྫས་ཡོ་བྱད་སོགས་ལ་ཞེན་པ་ཆེན་པོས་བདག་འཛིན་བྱེད་ལ། གྲོགས་དང་ཉེ་འཁོར་རྣམས་ཀྱིས་རང་ཉིད་ཀྱི་དངོས་པོ་ལོངས་སྤྱོད་པ་སོགས་ལ་འཕང་སེམས་དང་ཁོང་ཁྲོ་སྔོན་ལས་རགས་པ་མང་པོ་བྱེད་ཀྱང་ཁོང་རྣམས་ཀྱིས་ནི་མི་ཤེས། ནང་གི་དངས་མ་དཀར་དམར་མེད་པའི་གནད་ཀྱིས་ཕྱི་རོལ་གང་དུ་ཕྱིན་ཀྱང་ཉི་ཟླའི་སྣང་བ་མེད་པ་དང་། བཀྲེས་སྐོམས་ཀྱིས་རབ་ཏུ་གདུང་ཀྱང་བཟའ་བཏུང་མ་བསྔོས་པ་ལ་སྤྱོད་དབང་མེད་པ་དང་། རྟེན་གཞི་ལུས་དངོས་མེད་པའི་གནད་ཀྱིས་བྱ་སྒྲོ་རླུང་ཁྱེར་བཞིན་རང་དབང་མེད་པ་ཡད་ཡུད་ཕྱད་ཕྱོད་དུ་འཁྱམས་ཤིང་སྡུག་བསྔལ་གྱི་ཚོར་བ་གཞན་ལས་རགས་པ་མང་པོ་འབྱུང་། གཞན་ཡང་དེ་ཚེ་མ་ངེས་པའི་རྟག་དྲུག་འཆར་ཏེ། གནས་ལ་ངེས་པ་མེད་པར་ཡུད་ཙམ་རེ་ལ་འཕོ་འགྱུར་བྱེད་ཅིང་ཁང་སྟོང་བྲག་ཕུག་གྲོག་པོ་ཕུག་རྡུག་ལ་སོགས་ངེས་མེད་དུ་སྡོད་པར་སྣང་བ་དང་། རྟེན་ས་ངེས་མེད་ཟམ་རྒྱུར་( ཟུག་རྔུའི་)ངལ་སྟེགས་མཆོད་རྟེན་རྩ་བརྒྱད་སོགས་ལ་བརྟེན་པ་དང་། སྤྱོད་པ་ངེས་མེད་སྐད་ཅིག་རེ་ལ་སྣ་ཚོགས་བྱེད་པ་དང་། ཁ་ཟས་ངེས་མེད་རིགས་དྲུག་གི་ཟས་བཟང་ངན་སྣ་ཚོགས་མཐོང་ཡང་མ་བསྔོས་ན་མི་ཐོབ། གྲོགས་ངེས་མེད་ལྷ་དང་འདྲེ་སྲིན་བར་དོའི་འགྲོ་བ་སྣ་ཚོགས་དང་ཡུད་ར ེ་འཕྲད་ཅིང་འགྲོགས། སྣང་ཚུལ་ངེས་མེད་ཡིད་ཀྱི་འཆར་སྒོ་བདེ་སྡུག་རྣམ་པ་སྣ་ཚོགས་སྐད་ཅིག་ལ་འགྱུར་ལྡོག་བྱེད་ཅིང་། འཇིགས་སྐྲག་འཁྲུལ་སྣང་ལ་མི་འབྱུང་བའི་སྣ་མེད་པ་མང་པོ་འཆར་བར་འགྱུར་རོ། །གཞན་ཡང་། འཇིགས་པའི་སྒྲ་བཞི་ཞེས་བྱ་བས་རླུང་ལོག་པའི་རྐྱེན་གྱིས་རི་སྙིལ་བའམ་ཁང་པ་རྡིབ་པའི་འོག་ཏུ་ཚུད་པའི་སྣང་བ་དང་། ཆུ་རླུང་ལོག་པས་ཆུ་ཆེན་པོའི་ཀླུང་དུ་ཁྱེར་བའམ་མཚོ་ཆེན་དུ་བྱིང་བའི་ཉམ་སྣང་དང་། མེ་རླུང་ལོག་པས་ནགས་ཚལ་ལམ་ཁང་ཁྱིམ་ཚིག་པའི་དཀྱིལ་དུ་བསྲེགས་པའི་སྣང་བ་དང་། རླུང་གི་རླུང་ལོག་པས་རླུང་འཚུབས་ཆེན་པོས་འཁྱེར་བའི་ཉམས་སྣང་བ་སོགས་འབྱུང་ཞིང་། ཉོན་མོངས་པ་དུག་གསུམ་གྱི་བག་ཆགས་ཀྱི་རང་གཟུགས་ལས་གཡང་ས་ཆེན་པོ་དཀར་དམར་ནག་གསུམ་དུ་ལྷུང་བར་སྣང་བའི་སྡུག་བསྔལ་དང་། ཆར་ལྷག་གིས་བརྡུང་བ་དང་། རྣག་ཁྲག་གི་སེར་བ་འབབ་པ་དང་། ཤ་ཟ་སྲིན་པོ་གཅན་གཟན་འཇིགས་རུང་མང་པོས་དེད་པའི་སྣང་བ་དང་། ཁྱད་པར་དུ་ཉ་པ་རྔོན་པ་ཤན་པ་སོགས་ཚེ་འདིར་སྡིག་ཆེན་གྱི་ལས་གང་དང་གང་ལ་བསགས་པ་དེ་དང་དེ་དག་མང་པོས་ཚུར་བརྡེགས་བརྡུངས་གསོད་གཅོད་ཀྱི་འཁྲུལ་སྣང་ཤེས་ཆེར་འབྱུང་ལ། མདོར་ན་བདུན་ཕྲག་གཅིག་ནས་ཞེ་དགུའི་བར་རམ། ལ་ལ་དག་ལོ་ཟླ་འགའི་བར་དུ་སྲིད་པ་བར་དོའི་སྡུག་བསྔལ་མྱོང་བ་ཡང་ཡོད་པ་དང་། ཕལ་ཆེར་ནི་བདུན་ཞག་མ་ཚང་གི་རིང་ལ་སྡོད་པ་ཤས་ཆེ་ཞིང་། ཞག་བདུན་བདུན་ལ་འཆི་ཐེབས་རེ་བྱེད་པའི་སྣང་བ་དང་ཟུག་རྔུའི་ཚོར་བ་ཉམས་སུ་མྱོང་ལ། ལར་བར་དོ་འདིར་ཡུན་ཇི་ཙམ་གནས་པའི་ཕྱེད་ཚུན་ཆད་ད་ལྟའི་ལུས་དང་སྐྱེ་བ་འདི་ཉིད་ཀྱི་བག་ཆགས་བྱེད་ཅིང་། ཕྱེད་ཕན་ཆད་ནས་སྐྱེ་བ་རྗེས་མ་དེའི་སྣང་བ་ཤེས་ཆེར་འགྱུར་བའོ། །དེ་ནས་ཕྱེད་མཚམས་དེ་ཤེད་དུ་གཤིན་ཡུལ་སྐྱ་མོའི་གླིང་དུ་གཤིན་རྗེ་ཆོས་རྒྱལ་འཁོར་ལས་མཁན་འཇིགས་རུང་མང་པོས་བསྐོར་བའི་མདུན་དུ་སླེབས་ནས་ལྷན་སྐྱེས་ཀྱི་ལྷ་དང་འདྲེས་རྡེའུ་དཀར་ནག་བཤར་ནས་དགེ་སྡིག་གི་ཤན་འབྱེད་བྱེད་པའི་སྣང་བ་ཡང་འབྱུང་བར་བཤད་ལ། ཕྱེད་མཚམས་ཕན་ཆོད་དེ་ནས་བརྩམས་ཏེ། ལས་རླུང་དང་དུག་ལྔའི་བག་ཆགས་ཀྱི་རྟེན་འབྲེལ་རང་གདངས་ལས། རིགས་དྲུག་གང་དུ་སྐྱེ་བའི་སྔ་རྟགས་སུ་རྣམ་བྱང་འོད་ཀྱི་ལམ་ལྔ་གང་རུང་འབྱུང་སྟེ། དེ་ཡང་ལྷར་སྐྱེ་ན་འོད་ལམ་དཀར་པོ་བཀྲག་མེད་དང་། དེ་བཞིན་དུ། ལྷ་མ་ཡིན་ལ་དམར་པོ། མི་ལ་སྔོན་པོ། དུད་འགྲོ་ལ་ལྗང་གུ། ཡི་དགས་ལ་སེར་སྐྱ་རྣམས་འཆར་ལ། དམྱལ་བར་སྐྱེ་བའི་ལས་ངན་ཅན་ཡིན་ན་མར་གྱི་ཟང་ཐལ་མ་གཏོགས་འདི་སྐབས་སུ་སྡོད་པར་མི་འགྱུར་བར་གསུངས་ཤིང་། གཞུང་ལ་ལར་ནི། འོད་ལམ་དུད་ཁ་ལ་ཟིན་ན། དམྱལ་བར་སྐྱེ་བ་རུ་ཡང་བཤད་པས་ངེས་པ་མེད་པར་མངོན་ཞིང་། ཐོས་གྲོལ་སོགས་ལས་ནི། འོད་ལམ་འདི་དག་གོང་དུ་ཡེ་ཤེས་བཞི་སྦྱོར་གྱི་འོད་དང་རིགས་ལྔའི་ལྷ་ཚོགས་འཆར་སྐབས་དེར་ལྷན་ཅིག་ཏུ་འཆར་བར་གསུངས་པ་ནི་གང་ཟག་གི་རིགས་ཐ་དད་ལ་དགོངས་པ་ཡང་ཡིན་མོད་ཀྱི། ལར་ཡང་ཉོན་ཡོངས་པ་དུག་ལྔ་པོ་ལམ་དུ་མ་ལྷོངས་ཤིང་མ་རྟོགས་པའི་ངོར་ནི་འགྲོ་དྲུག་གི་ལས་སྣང་དང་སྐྱེ་གནས་རྣམས་འཆར་ལ། དེ་དག་ཡེ་ཤེས་ལྔའི་རང་བཞིན་དུ་རྟོགས་པའི་རྣལ་འབྱོར་རྣམས་ཀྱི་ངོར་ནི་ཡེ་ཤེས་འོད་ལྔ་དང་རྒྱལ་བ་རིགས་ལྔ་ཤར་ནས་དེ་དག་གི་ངོ་བོར་གྲོལ་བ་ལ་དགོངས་ཤིང་། གཞན་ཡང་། འདི་སྐབས་ཐོས་གྲོལ་སོགས་ལས་ཆོས་ཉིད་བར་དོའི་ཞག་དང་པོ་རྒྱལ་བ་མི་བསྐྱོད་པ་གཙོ་འཁོར་རྣམས་འཆར་བ་དང་། གཉིས་པ་ལ་རིན་འབྱུང་སོགས་ཞག་གྲངས་རིམ་པ་ལྟ་བུར་དགོངས་ཅན་དུ་གསུངས་པ་འདི་ལ་ཉིན་ཞག་དང་པོ་ཡིན་པར་བསམ་པ་བྱེད་མཁན་མང་ཡང་མ་ཡིན་ཏེ། འདི་ནི་གོང་དུ་བརྗོད་པ་བཞིན་བསམ་གཏན་གྱི་ཞག་ཡིན་ཚེ། ཕལ་པ་རྣམས་ལ་ནི་ཡུད་ཙམ་ཞིག་ལས་མི་འཆར་བར་ཤེས་པར་བྱའོ། །༈ དེ་ལྟར་གོང་གི་འཕྲོས་བཞིན། རྣམ་བྱང་ལྔ་གང་རུང་ལ་ཟིན་པར་གྱུར་ནས་ནི་རང་ཉིད་ཤི་བ་ཡིན་པ་ཡང་ཤེས་ལ། བར་དོའི་ཡིད་ལུས་དེས་རབ་ཏུ་སྐྱོ་སྟེ། སྐྱེ་གནས་འཚོལ་བའི་འདུན་པ་ཁོ་ན་བྱེད་པར་འགྱུར་ཞིང་། དེ་ཡི་དབང་གིས་རིགས་དྲུག་གང་དུ་སྐྱེ་བའི་ལས་ཡོད་པ་དེ་དང་དེའི་སྣང་བ་སོ་སོར་འཆར་བ་སྟེ། ལྷར་སྐྱེ་ན་གཞལ་ཡས་ཁང་དུ་འགྲོ་བའི་སྣང་བ་འབྱུང་། ལྷ་མ་ཡིན་ལ་འོད་ཀྱི་འཁོར་ལོ་ལྟ་བུའམ། འགའ་ཞིག་ལ་ནི་དམགས་འཁྲུགས་གི་དཀྱིལ་ན་འགྲོ་བར་སྣང་བ་འབྱུང་། བྲག་ཕུག་གམ་གྲོག་སྟོང་འཇག་སྐྱིལ་སོགས་སུ་མཐོང་ན་བྱོལ་སོང་དང་། སྡོང་དུམ་དང་ནགས་ཁྲོད་དམ། རེ་ཕྱར་གྱི་སྣང་བ་ལྟ་བུས་ཡི་དྭགས་དང་། དམྱལ་བ་ལ་ནི་ས་དུང་ནག་པོར་དབང་མེད་དུ་འཁྲིད་པ་དང་། ལྕགས་ཀྱི་གྲོང་ཁྱེར་ལྟ་བུར་འགྲོ་བའི་སྣང་བ་དང་། ལ་ལ་ཞིག་ལ་ནི་གླུ་དབྱངས་དང་རྩེད་འཇོ་དང་གྲོགས་མཛའ་བས་འབོད་པར་སྣང་བ་ལ་ཞེན་ནས་ཕྱིན་པས་དམྱལ་བར་སྐྱེ་བ་ཡང་ཡོད་དོ། །མི་རྣམས་ལ་ནི་སོ་སོར་སྣང་ཚུལ་ཐ་དད་སྟེ། ངང་པ་ཕོ་མོས་བརྒྱན་པའི་མཚོ་མཐོང་ན་ཤར་ལུས་འཕགས་གླིང་དུ་སྐྱེ་བར་འགྱུར་བ་དང་། རྟ་ཕོ་མོས་བརྒྱན་པའི་མཚོ་ལས་བྱང་སྒྲ་མི་སྙན་དང་། བ་གླང་གིས་བརྒྱན་པའི་མཚོ་ལས་ནུབ་བ་གླང་སྤྱོད་དང་། འཛམ་བུའི་གླིང་འདིར་ཡང་། ན་བུན་ལྟ་བུའི་གསེབ་ཏུ་འགྲོ་བ་སྙམ་བྱེད་ན་མི་ཁོམ་པའི་གནས་སོགས་མི་ལུས་ཙམ་པོ་བར་སྐྱེ་ལ། ཁང་བཟང་གྲོང་ཁྱེར་དང་སྐྱེ་བོ་མང་པོའི་ཁྲོད་དུ་ཕྱིན་པའི་སྣང་བ་ལས་མི་ལུས་རིན་པོ་ཆེ་ཐོབ་པར་འགྱུར་བ་སྟེ། དེར་ཕ་མས་ཆགས་སྤྱོད་མཐོང་བས་རང་ཉིད་ཕོ་མོ་གང་དུ་འགྱུར་བ་དེ་དང་མཐུན་པའི་ཕ་མ་སོ་སོ་ལ་མིག་སེར་དང་ཆགས་སེམས་སྐྱེས་པས་མཚམས་སྦྱར་ནས་མངལ་དུ་འཇུག་པར་འགྱུར་ལ། གཞན་ཡང་བརྫུས་སྐྱེས་སམ། དྲོད་གཤེར་སྐྱེས་སོགས་སུ་འཇུག་པའི་རིགས་རྣམས་ཀྱང་། གནས་དེ་ཉིད་ལ་ཆགས་སྡང་གི་རྣམ་རྟོག་གང་རུང་ཞིག་གིས་རྐྱེན་བྱས་ཏེ་ཞུགས་པར་འགྱུར་བ་ཉིད་དོ། །གསུམ་པ་གདམས་ངག་གི་ལམ་ཁྱེར་བཤད་པས་འགགས་བསྡུ་བ་ནི། དེ་ལྟ་བུ་ཉམ་ང་ཞིང་འཇིགས་སུ་རུང་བའི་སྡུག་བསྔལ་ཟོ་ཆུའི་འཁྱུད་མོ་ལྟ་བུར་ཡང་ཡང་རྒྱུན་མི་ཆད་དུ་འཁོར་བར་འགྱུར་བའི་རྟེན་འབྲེལ་བཅུ་གཉིས་ཀྱི་སྲིད་པའི་འཁོར་ལོ་འདི་ད་རེས་ནས་རྒྱུན་ཆོད་པ་ཞིག་ཅིས་ཀྱང་དགོས་ཕྱིར། གོང་དུ་ཡང་ཡང་བརྗོད་པ་ལྟར་གདམས་པའི་གནད་ལ་ད་ལྟ་ནས་གོམས་དགོས་ཤིང་། མཆོག་ཏུ་རང་སེམས་ལ་རང་དབང་ཐོབ་པའི་ཉམས་ལེན་དྲན་རིག་དང་མ་བྲལ་ན་གདམས་པ་འདི་ཁོ་ནས་ཆོག་གི དེ་ཡང་ཨོ་རྒྱན་རིན་པོ་ཆེ་ཉིད་ཀྱི་ཞལ་ནས། དེ་ལ་བར་དོའི་སྐབས་སུ་སྐད་ཅིག་མ་ལ་ངོས་ཟིན་ཙམ་གྱིས་བརྟན་པ་ཐོབ་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། ད་ལྟ་ནས་སེམས་རིག་ལས་རླུང་གི་རྒྱར་འཐུམས་ཤིང་། ལས་རླུང་གདོས་བཅས་ཤ་ཁྲག་གི་རྒྱར་འཐུམས་པས་རང་དབང་མ་ཐོབ་ལ། ལུས་འདི་བེམས་རིག་བྲལ་ནས་ཕྱི་མའི་ལུས་རྒྱར་མ་འཐུམས་པའི་བར་དེར་རླུང་སེམས་ཆོ་འཕྲུལ་དང་བཅས་པ་ལ་དངོས་ཅན་གྱི་རྟེན་མེད་ཅིང་། དེ་ལ་གདོས་བཅས་ཀྱི་རྟེན་མེད་རང་དབང་སྒྱུར་སླ་སྟེ་ངོས་ཟིན། ངོས་ཟིན་ཙམ་དེས་བརྟན་པ་ཐོབ་ནུས་པ་ནི། དཔེར་ན་བསྐལ་བའི་བར་གྱི་མུན་ནག་ལ་སྒྲོན་མེས་སླེབས་ནས་སྐད་ཅིག་ལ་སེལ་བ་ལྟར་འ གྱུར་པའོ། །བར་དོར་ད་ལྟ་ང ོ་སྤྲད་པའི་དུས་ལྟར་ཟིན་ན་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ། །དེས་ན་ད་ལྟ་ནས་གོམས་འདྲིས་སུ་བྱའོ། །ཞེས་གསུངས་སོ། །ཁྱད་པར་རྨི་ལམ་དང་བར་དོ་སྦྱངས་བ་ཐམས་ཅད་ཀྱི་གནད་ཀྱི་གཙོ་བོར་འདུན་པ་ཁོ་ན་གལ་ཆེ་སྟེ། དེ་ལ་ནི་ད་ལྟ་ཅི་བྱེད་ཐམས་ཅད་རྨི་ལམ་སྒྱུ་མའི་ཚུལ་དང་། བདག་ཤི་ནས་བར་དོར་སླེབ་འདུག སྣང་བ་ཅི་ཤར་འདི་ཐམས་ཅད་བར་དོའི་སྣང་བ་ཡིན། འདི་ལ་ཉམས་ལེན་གྱི་གནད་འདི་དང་འདི་བཞིན་བྱ་སྙམ་པའི་དྲན་འདུན་བར་མ་ཆད་པ་ཡོད་ན་བར་དོ་མི་འབྱོང་བའི་ཐབས་མེད་ཀྱང་། གང་ཟག་ཕལ་མོ་ཆེ་ཀུན་ད་ལྟའི་སྣང་བ་འདི་བདེན་བདེན་པ་ཡིན་ནོ། །མངོན་སུམ་ཡིན་ནོ། །མ་ཤི་བ་ཡིན་ནོ་སྙམ་པའི་ཞེན་པ་ཨ་འཐས་སུ་བྱེད་ལུགས་འདི་འདྲས་ནི་བར་དོ་ཟིན་པའི་ཐབས་རྩ་བ་ནས་ཟད་མོད་ཀྱི། ལར་ཚེ་འདིིའི་སྣང་ཞེན་ཅན་ལ་ཆོས་གང་ཡང་ལམ་དུ་འགྲོ་བར་གང་ནས་ཀྱང་མ་གསུངས་སོ། །དེས་ན་རྗེ་མི་ལས། ང་འཆི་བ་ཁོ་ནས་འཇིགས་འཇིགས་ནས། །སེམས་འཆི་མེད་གཉུག་མའི་ངང་དུ་སྦྱངས། །འཁོར་བ་རང་གྲོལ་གཞི་ཡི་གནད། །སྙིང་པོའི་དོན་ལ་ངོ་སྤྲོད་བགྱིས། །ནང་རིག་པ་རྟེན་མེད་གཅེར་བུ་འདི། །འགྱུ་བ་སྟོང་པ་ལྟ་བའི་གདེངས། །འོད་གསལ་སྟོང་པར་བློ་ཐག་ཆོད། །ད་སྐྱེ་འཆི་གཉིས་ལ་ཉམས་ང་མེད། །ཅེས་གསུངས་པ་ལྟ་བུར་འབད་དགོས་ཤིང་། བྱེ་བྲག་ཏུ། དེ་སྐབས་སུ་རྣམ་བྱང་གི་འོད་གསལ་མ་ཟིན་ཚུན་ཆོད་ནི། འཇིགས་སྐྲག་གི་སྣང་བ་ཅི་ཤར་ཐམས་ཅད་རང་སེམས་ཀྱི་འཆར་སྒོ་རུ་ཐག་ཆོད་པ་ནི་ཤིན་ཏུ་གཅེས་ལ། ཁྱད་པར་མཉམ་མེད་སྒམ་པོ་པའི་མན་ངག་དགྲ་བཞི་ལམ་ཁྱེར་སོགས་ཀྱང་ཤེས་ན་འདི་དུས་མཆོག་ཏུ་གལ་ཆེ་བར་མངོན་ཞིང་། གལ་ཏེ་རང་ཉིད་རྨི་ལམ་གྱི་གདམས་ངག་ལ་ཉམས་མྱོང་རྩལ་དུ་ཐོན་པ་ཞིག་ཡིན་པའི་ཚེ་ན། ད་ལྟ་རྨི་ལམ་སྤྲུལ་བསྒྱུར་རྩལ་སྦྱང་རྣམས་དང་ཁྱད་པར་དག་པ་ཞིང་སྦྱོངས་སོགས་ལ་གོམས་ཚེ། དེ་དག་གི་གནད་དོན་དྲན་པ་ཙམ་གྱིས་གང་འདོད་འགྲུབ་ལ། གོང་དུ་རྫོགས་ཆེན་ཀྱི་སྐབས་སུ་བཤད་པ་ལྟར་རང་སྣང་དག་པའི་ཞིང་ཁམས་ལ་དབང་ཐོབ་ཅིང་། དེར་ཁྱད་པར་གྱི་ས་ལམ་སྦྱངས་ཏེ་མྱུར་དུ་བྱང་ཆུབ་ཆེན་པོ་མངོན་དུ་འགྱུར་བར་ཚེགས་མེད་པ་དང་། མཁའ་སྤྱོད་ཞིང་གི་འཕོ་བ་སོགས་འབྱོངས་ཀྱང་འདི་དང་མཚུངས་སོ། །དེ་དག་གང་ལའང་ད་ལྟའི་བག་ཆགས་ངན་གོམས་ཀྱི་མཐུས་ཟང་ཟིང་གཉེན་འཁོར་སོགས་ལ་ཆགས་ཞེན་དང་། ཤུལ་གྱི་བྱ་བྱེད་བཟང་ངན་གྱི་ཚོགས་གང་མཐོང་ལ་ཆགས་སྡང་གི་རྟོག་པ་མ་ཞུགས་པ་ཞིག་གིས་ནི་ནན་ཏར་གལ་ཆེ་བར་འགྱུར་ཚུལ་གྱི་གཏམ་རྒྱུད་ལོ་རྒྱུས་སོགས་ཤིན་ཏུ་མང་བར་མདོ་རྒྱུད་དག་ལས་འབྱུང་ཕྱིར་གང་ལའང་མ་ཆགས་པར་ཉམས་ལེན་ལ་རྩེ་གཅིག་ཏུ་འབད་པར་བྱ་ཞིང་། གལ་ཏེ་རྣམ་བྱང་གི་འོད་ལ་ཟིན་ཕྱིན་ཆད་དེ་ནས་བཟུང་ཅུང་ཟད་བཟློག་པར་དཀའ་མོད་ཀྱི། འོན་ཀྱང་དེ་ཚེ་སྐྱེ་བ་ཕྱི་མའི་ཕ་མ་སོགས་ཡང་སྲིད་ཀྱི་མཚམས་སྦྱོར་གང་མཐོང་ཡང་། རབ་ཀྱིས་ནི་རིག་སྟོང་རྫོགས་ཆེན་ནམ། བདེ་སྟོང་ཕྱག་ཆེན་ལྷན་སྐྱེས་ཡེ་ཤེས་ཀྱི་ཐོག་ཏུ་མཉམ་པར་བཞག་ན་མངལ་སྒོ་དགག་པའི་ཐབས་ཀྱི་མཆོག་ཡིན་ཏེ། འདི་ལ་ནི་འཇུག་བྱེད་ཀྱི་མཁན་པོ་དགག་པ་ཅེས་བྱ་ལ། ཡང་དེ་ཙམ་ཀྱི་ནུས་པ་མེད་ནའང་བསྐྱེད་པའི་རིམ་པ་རྣམ་དག་ལ་ངེས་ཤེས་རྙེད་པ་ཞིག་ཡིན་ན་དག་པའི་སྒྱུ་ལུས་སམ་བསྐྱེད་རིམ་སྣང་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་སྐུར་ལྡང་ནུས་ནའང་། བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པར་གསར་རྙིང་ཐམས་ཅད་ནས་བཤད་ཅིང་། འདི་ལ་ནི་བསྐྱེད་རིམ་གྱི་བརྡ་དོན་རྟགས་གསུམ་ཇི་ལྟ་བར་ཤེས་པས་ད་ལྟ་ནས་བསྒོམ་པ་གོམས་པ་ཞིག་དགོས་མོད་ཀྱི། དེང་སང་ནི་དུས་དབང་གིས། བསྐྱེད་རིམ་པར་བསླབས་པ་ཕལ་ཆེར་ཨ་འཐས་སམ་ཀུན་བཏགས་ཀྱི་བསྐྱེད་རིམ་ལ་ཞེན་པ་ཆེན་པོས་བསྒོམས་ཤིང་། དེའི་དགོས་པའང་ཚེ་འདིའི་ནད་གདོན་ཞི་བྱེད་དང་ཐུན་མོང་གི་ལས་ཚོགས་ཕྲན་བུ་འགྲུབ་པའི་ནུས་པ་འབྱུང་དུ་རེ་བའི་བསམ་པ་ཁོ་ན་མ་གཏོགས་རྫོགས་བྱང་གི་སླད་དུ་ལྷ་སྔགས་ཀྱི་ཉམས་ལེན་དྲི་མེད་བྱེད་མཁན་ཡང་ཤིན་ཏུ་དཀོན་པར་སྣང་ཚེ། ཨ་འཐས་ཀྱི་བསྐྱེད་རིམ་དེས་ནི་བར་དོར་གྲོལ་བའི་རྒྱུར་འགྱུར་བ་ལྟ་ཞོག ཡི་དྭགས་ཡི་དམ་གྱི་གཟུགས་ཅན་དུ་སྐྱེ་ཚུལ་གྱི་གཏམ་རྒྱུད་རྣམས་དང་མཚུངས་པར་སེམས་ལ། བསྐྱེད་རིམ་ཚུལ་ལྡན་ཤེས་ན་ཕ་མ་སོགས་ཆགས་སྡང་མིག་སེར་གྱི་ཡུལ་རྐྱེན་གང་མཐོང་དེ་དག་ཡབ་ཡུམ་དུ་བསྒོམ་པས་ཀྱང་མངལ་སྒོ་འགག་པའི་ཐབས་མཆོག་ཏུ་འགྱུར་ལ། གལ་ཏེ་བསམ་བཞིན་དུ་མི་ལུས་ཆོས་ལྡན་གྱི་སྐྱེ་བ་ལེན་པར་སྤྲོ་ན་ཡང་རང་དང་ཕ་མ་ལྷར་བསྐྱེད་ཅིང་། མངོན་བྱང་ལྔ་དང་ཆོ་ག་གསུམ་སོགས་ཀྱི་ཏིང་འཛིན་དང་ལྡན་པས་མངལ་དུ་ཞུག་ན་ཇི་ལྟར་འདོད་པའི་དོན་འགྲུབ་པར་འགྱུར་བའོ། །ཡང་གལ་ཏེ་རང་ཉིད་བསླབ་པ་རིན་པོ་ཆེ་ལ་གཅེས་སྤྲས་བྱེད་པའི་དགེ་སྦྱོང་ཞིག་ཡིན་པའི་ཚེ་ན། སྲིད་པའི་མཚམས་སྦྱོར་གྱི་ཕ་མ་མཐོང་བ་དེའི་ཚེ། རང་ཉིད་ཀྱི་ཚུལ་ཁྲིམས་ལ་འདུན་པ་རྩེ་གཅིག་དང་ལྡན་པས་ཆགས་སྡང་གི་སྣང་བ་དང་བསམ་སྦྱོར་རིང་དུ་སྤངས་ལ། ཞེན་ལོག་ངེས་འབྱུང་གི་ཡིད་བརྟན་པ་དང་་ལྡན་ནའང་། འཁོར་བའི་གནས་ངན་སྐྱེ་སྒོ་ཁེགས་པར་ནུས་པས། དེ་ལྟ་བུའི་ཞེ་བཅད་ལ་གོམས་པའི་བློ་ཡང་ད་ལྟ་ནས་བསླབ་སྦྱངས་དང་། གཞན་ཡང་ཉམས་ལེན་དེ་དག་གང་ཡང་མེད་ཀྱང་། བར་དོའི་འཇིགས་སྐྲག་གིས་དབང་མེད་དུ་དེད་ཅིང་སྐྱེ་གནས་ངན་པ་དག་ཏུ་འཁྲི་ས་བྱེད་དགོས་པ་ལྟ་བུ་བྱུང་ཚེ། བླ་མ་དཀོན་མཆོག་རམ་མདར་སྦྲན་ཅིང་སྐྱབས་སུ་སོང་སྟེ་རྩེ་གཅིག་གསོལ་བ་བཏབ་ན། དེ་དག་གི་ཐུགས་རྗེ་བསླུ་མེད་ཀྱི་མཐུས་འཇིགས་སྐྲག་ལས་གྲོལ་ཞིང་། དལ་འབྱོར་ཆོས་ལྡན་གྱི་ལུས་བླངས་ཏེ་རིང་པོར་མི་ཐོག་པར་བྱང་ཆུབ་ཐོབ་པར་འགྱུར་བ་སྟེ། དེ་ལྟར་འོག་མ་འདི་དག་རྣམས་ལ་ནི་འཇུག་ཡུལ་གྱི་སྐྱེ་སྒོ་དགག་པའི་ཐབས་དང་། ཁེགས་པར་མ་ནུས་ན་སྐྱེ་གནས་གདམས་པའི་ཐབས་སོགས་ཏེ། བར་དོའི་སྐབས་དོན་གལ་ཆེ་བ་ཐམས་ཅད་འདི་དག་ཡན་ལ་ཚང་བར་མཆིས་ཤིང་། གཞན་གང་ཟག་ཕལ་པ་སྤྱི་ལ་ནི། འཆི་ཁར་གཞོག་གཡས་ས་ལ་ཕབ་པའི་སྤྱི་བོའི་ཕྱོགས་ནས་སངས་རྒྱས་ཀྱི་མཚན་དང་གཟུངས་སྔགས་བྱིན་རླབས་ཅན་བསྒྲགས་པ་དང་། མན་ངག་འགའ་ཞིག་ནས་འབྱུང་བ་ལྟར་རྫས་ཀྱི་འཕོ་བ་དང་། བྱིན་རླབས་དམ་རྫས་སོགས་མདོར་ན་ངན་འགྲོ་ལས་སྐྱོབ་ཐབས་ཀྱི་རྟེན་འབྲེལ་དུ་མ་དང་། ཤུལ་དུ་ཡང་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་གྱི་ཆོ་ག་རྣམ་དག་དང་། བདེར་གཤེགས་ཀྱི་གསུང་བསྒྲག ཁྲུས་ཆོག་དབང་བསྐུར་བྱང་བུ་བཞུ་བ་སོགས་ཀྱི་ལས་རིམ་རྣམས་ཀྱང་ཇི་ལྟར་འཛོམ་པར་བགྱིས་ན། རྒྱུ་འབྲས་ཀྱི་རྟེན་འབྲེལ་བསླུ་མེད་དང་། རྒྱལ་བའི་ཐུགས་རྗེ་དང་ཆོས་ཉིད་ཀྱི་བདེན་པས་ཕན་པ་རླབས་པོ་ཆེར་འགྱུར་བ་གཞིར་བྱས་ལ། འོན་ཀྱང་ཆོ་ག་སོགས་བྱེད་པ་པོ་རྣམས་ཏིང་ངེ་འཛིན་ཚུལ་དང་ལྡན་པ་ཤེས་མི་ཤེས་ཇི་ལྟར་ཡང་རུང་། ལོག་པའི་བསམ་སྦྱོར་སོགས་ཚུལ་མ་ཡིན་པའི་བྱེད་སྤྱོད་ལས་ནི། ཚེ་འདས་དེ་ཡི་མངོན་པར་ཤེས་པས་མཐོང་བས་རྐྱེན་བྱས་ཏེ་མཚམས་སྦྱོར་ལོག་མིན་དུ་འགྲོ་བའི་ཉེན་ཡང་ཡོད་པས། ལྷག་བསམ་དག་པ་གལ་ཆེ་བ་དང་། ཁྱད་པར་གཤིན་པོ་ལ་དམིགས་པའི་དགེ་བ་མཆོད་སྦྱིན་སོགས་ལ་བསྙད་ནས་སྲོག་གཅོད་བྱེད་པ་སོགས་ནི་ཕན་པ་བས་གནོད་པ་ཆེན་པོར་འགྲོ་བར་མདོ་རྒྱུད་ཀུན་ལས་གསུང་ཕྱིར། ཤུལ་དུ་དགེ་བ་ཆེ་ཆུང་གང་བྱེད་ཀྱང་སྡིག་དང་མ་འདྲེས་པ་ཁོ་ན་གནད་ཆེ་མོད་ཀྱི། གང་ལྟར་ཡང་། ཉམས་ལེན་གྱི་སྒོར་ཞུགས་པའི་གང་ཟག་རྣམས་ནི་ཤི་བའི་ཤུལ་དུ་དགེ་བ་བྱེད་ཀྱང་རུང་མི་བྱེད་ཀྱང་རུང་སྟེ། རང་ཉིད་དེ་དག་ལ་རེ་མི་དགོས་ཙམ་ཞིག་ད་ལྟ་ནས་མི་བྱེད་ན། ཆོས་བྱས་པའི་དགོས་པ་མི་འབྱུང་སྟེ། ཨོ་རྒྱན་གྱིས་གསུངས་པ་ལྟར། མ་ཤི་གོང་ནས་དམ་ཆོས་རེམ་ལ་ཀྱིས། །མཚན་བྱང་མགོ་ལ་དབང་བསྐུར་བྱེད་ཚེ་འཕྱི། །རྣམ་ཤེས་བར་དོར་ཁྱི་གླེན་བཞིན་དུ་འཁྱམས། །མཐོ་རིས་འདྲེན་ཏེ་དེ་ལ་དཀའ་ལས་ཡོད། །ཅེས་གསུངས་པ་དང་། ཞང་རིན་པོ་ཆེས། རྨས་ནས་གོ་ཆ་བསྐྱལ་བ་དང་། །འཆི་ཁར་སྡིག་ལ་འགྱོད་པ་དང་། །ཤི་ནས་རོ་ལ་དབང་བསྐུར་གསུམ། །ཡིན་དང་ཡིན་ཏེ་མ་ཕྱིས་སམ། །ཞེས་གསུངས་པ་བཞིན་དུ་འགྱུར་བས། དེ་བས་ན་ལུས་ཐོག་འདིར་འབུང་དགོས་ཤིང་། ཅིག་དྲིལ་དུ་ཉམས་ལེན་ནུས་ན་ཆོས་ཀྱི་ཐབས་མི་འགགས་ཏེ། ཕ་དམ་པའི་ཞལ་ནས། ཆོས་མ་ཤེས་ནས་ཕུང་བ་མིན་ཏེ་མ་ནུས་པས་ཕུང་བ་ཡིན། ཡིག་དྲུག་མི་ཤེས་མཁན་ག་ལ་འོང་ཏེ་དེ་ཡང་འདྲེན་མ་ནུས་པར་འདུག་མོད། ཅེས་གསུངས་ཕྱིར་ངེས་ཤེས་དང་ལྡན་པས་འབད་དགོས་ཏེ། དམ་པ་ཀུན་དགས་ཀྱང་། ངེས་ཤེས་སྐྱེས་ན་གདམས་པར་མ་གྱུར་མེད། །སྙན་རྒྱུད་གུད་དུ་མ་ཚོལ་དིང་རི་བ། །ཞེས་གསུངས་པ་ལྟར། རང་ཉིད་གང་ལ་མོས་ཤིང་གོམས་པ་དེ་ལ་ཉམས་ལེན་གནད་དུ་བསྣུན་ཏེ། རབ་འཆི་བ་ལ་བྲོད་པ། འབྲིང་མི་འཚེར་བ། ཐ་མ་ཡང་མི་འགྱོད་ཙམ་ཞིག་བྱེད་པ་ནི་གལ་པོ་ཆེའི་གནད་ཀྱི་སྙིང་པོ་དམ་པའོ། །ཀྱེ་མ། ཐོག་མེད་ད་ལྟའི་བར་དུ་འཁོར་བའི་མཚོ། །རྟག་ཏུ་བྱིང་ཡང་ད་དུང་མི་སྐྱོ་བར། །ཚེ་འདིའི་འདུན་མ་བསྒྲུབ་པའི་ཆོས་གཟུགས་རྣམས། །བློ་རྒྱུད་དགེ་ལ་བསྒྱུར་མཛོད་དཀོན་མཆོག་ཚོགས། །ཆོས་མིན་ཆེད་དུ་ལུས་སྲོག་ཅིར་མི་སེམས། །ཆོས་ཀྱི་ཕྱིར་དུ་དཀའ་བ་ཅིས་མི་བཟོད། །སྙིང་སྟོབས་གོ་ལོག་སྨྱོན་པ་ཆུར་འཕྱོང་འདྲའི། །ཆོས་པའི་ཟོལ་གྱིས་ས་སྟེང་ཁྱབ་ལ་གཟིགས། །བསྟན་པར་རློམས་ཀྱང་བསྟན་པའི་ཞབས་འདྲེན་ཞིང་། །བཙུན་པར་བཅོས་ཀྱང་མི་དགེའི་རྒྱུད་ཁེངས་པ། །དུག་ཚེར་དར་གྱི་བཏུམ་འདྲའི་མང་ལུགས་འདིས། །ཐུབ་བསྟན་ཉི་མའང་གཤེགས་པའི་ཐུན་འོད་ཙམ། །དལ་འབྱོར་ལ་ཁའི་ན་བུན་ཡལ་ལ་ཁད། །མི་ཚེ་རི་གཟར་འབབ་ཆུ་མགྱོགས་ལུགས་ལ། །ལོ་བརྒྱར་སྡོད་འདྲའི་ཤོམ་ར་མི་ཁོམ་གྱིས། །འཆི་གྲབས་མྱུར་དུ་ཆུག་དང་ངེས་པར་རན། །མི་ཁྱུར་མ་ཆུད་དོགས་པའི་འདུན་འགྲོས་དང་། །སྒས་ཁར་ལྟོགས་ཀྱིས་དོགས་པའི་རྒྱག་གྲབས་དང་། །ཐ་སྙད་ཤེས་རྒྱ་འདོད་པའི་སློབ་གཉེར་སོགས། །གང་ཡང་བྱེད་པའི་ཁོམ་ལོང་ད་མི་གདའ། །ཀྱེ་ཧོ། སྣ་ཚོགས་སྣང་བ་རྨི་ལམ་ལྟ་བུ་འདི། །བདེན་མེད་སྒྱུ་མ་རང་སྣང་ཉིད་ཤེས་པའི། །གང་ལའང་འཛིན་མེད་རང་རིག་བློ་འདས་སྐྱོང་། །སྐྱེ་གནས་བར་དོའི་ཉམས་ལེན་སྙིང་པོ་ལགས། །མྱུར་དུ་འཆི་ངེས་གང་གིས་ཕན་པར་དཀའ། །འཆི་བར་སྣང་བའང་རང་གི་རྣམ་རྟོག་ཙམ། །རྣམ་རྟོག་བཟོ་མེད་རང་རིག་ཀློང་དུ་བསྐྱུར། །འཆི་ཁ་བར་དོའི་ཉམས་ལེན་སྙིང་པོ་ལགས། །སྣང་དང་མི་སྣང་བཟང་ངན་འཛིན་པ་སེམས། །སེམས་ཉིད་ཆོས་སྐུའི་རང་རྩལ་ཅིར་ཡང་འཆར། །ཤར་ལ་ཞེན་རྟོག་དགག་བསྒྲུབ་མི་བྱ་བར། །ཆོས་ཉིད་བར་དོའི་ཉམས་ལེན་སྙིང་པོ་ལགས། །འཁོར་བ་རང་སེམས་མྱང་འདས་རང་གི་སེམས། །བདེ་སྡུག་འཁྲུལ་སྣང་སེམས་ལས་གཞན་མ་གྲུབ། །རང་སེམས་རང་དབང་རང་གིས་བསྒྱུར་བ་ནི། །སྲིད་པ་བར་དོའི་ཉམས་ལེན་སྙིང་པོ་ལགས། །རང་རིག་སྐུ་གསུམ་འདུ་འབྲལ་ཡེ་མེད་ཕྱིར། །འདི་ཕྱི་བར་དོའི་མཚན་མས་རབ་དབེན་ཀྱང་། །མ་རྟོག་བློ་ལ་བར་དོའི་འཁྲུལ་པ་ཤར། །ཤར་བ་དེ་ཀ་ལམ་དུ་འཁྱེར་བ་གཅེས། །རང་སྣང་སྣ་ཚོགས་རང་ལ་ཤར་བ་ལ། །སྤངས་པས་མི་སྤོངས་བཀག་པས་མི་ཁེགས་ཀྱང་། །རང་མཚངས་རིག་ལ་འཁྲུལ་བའི་རྒྱུ་རྐྱེན་བྲལ། །གནད་དོན་མ་ལུས་འདི་ཉིད་ཁོ་ནར་འདུས། །དེ་ཕྱིར་དམ་པའི་བླ་མ་ལེགས་བརྟེན་ནས། །ཆོས་ཀུན་མདོ་དོན་སྙིང་པོར་སྒྲོ་འདོགས་བཅད། །ཚེ་དང་སྒྲུབ་པ་མཉམ་པའི་བརྟུལ་ཞུགས་ཀྱིས། །རང་གཞན་དོན་གཉིས་མྱུར་འགྲུབ་འབད་པར་འཚལ། །གསང་སྔགས་ངེས་པ་དོན་གྱི་སྙིང་པོའི་ཉམས་ལེན་གནད། །མ་ལུས་བར་དོའི་གནས་སྐབས་བཞི་འདིར་འདུར་རུང་བས། །དེ་དག་དབྱེ་དང་བསྡུ་ཚུལ་གང་ཡིན་སྨྲོས་ཤིག་ཅེས། །སྨོན་ལམ་མཚན་ཅན་གང་གིས་བསྐུལ་ཕྱིར་འདི་བརྗོད་མོད། །བདག་འདྲ་གཞུང་ལུགས་ཐོས་བསམ་མ་བགྱིས་ཤིང་། །བསྒོམ་པའི་ཉམས་མྱོང་ཆ་ཙམ་མེད་བཞིན་དུ། །སྨྲས་འདིའི་གཞན་དག་མགུ་དང་ཕན་ནུས་མིན། །རང་ཉིད་ཡི་གེའི་ངལ་བ་ཙམ་དུ་ཟད། །དེང་སང་རྒྱལ་གསུང་མཁས་གྲུབ་མཛད་གཞུང་གི། །གླེགས་བམ་ཕལ་ཆེར་འབུ་སྲིན་ཚངས་འཆའ་ན། །བདག་འདྲའི་ཕལ་ཚིག་ཡི་གེར་བཀོད་འདི་ལ། །ཤེས་ལྡན་སུ་ཞིག་དགའ་བར་ཅི་ལ་འགྱུར། །འོན་ཀྱང་བསྐུལ་བ་པོ་ཡི་ངག །མི་གཅོག་སླད་དུ་དྲིན་ཅན་གྱི། །རྣམ་འདྲེན་འགའ་གསུང་ཐོས་པ་དག །གང་ནུས་ཡི་གེར་བཀོད་འདི་ཡི། །ནོར་འཁྲུལ་ཀུན་བཤགས་ལྷག་བསམ་དགེ་བ་གང་མཆིས་དེས། །མཐའ་མེད་འཁོར་བའི་མ་རྒན་རྫོགས་བྱང་ཐོབ་གྱུར་ཅིག །རྒྱལ་བསྟན་དྲི་མེད་གདུལ་བྱའི་སྒྲོན་མེར་རྟག་གསལ་བའི། །བཀྲ་ཤིས་བདེ་ལེགས་དུས་ཀུན་ཕྱོགས་མཐར་ཁྱབ་གྱུར་ཅིག །གསང་སྔགས་གསར་རྙིང་ཀུན་གྱི་དགོངས་པ་སྤྱི་མཐུན་དུ་གྱུར་པའི། བར་དོ་ཐམས་ཅད་ཀྱི་འཆར་ཚུལ་སྐྱོན་ཡོན་ཉམས་ལེན་ཇི་ལྟར་དགོས་པ་སོགས་ཞིབ་གསལ་དུ་བཀོད་པ་ཞིག་གྱིས་ཞེས། སེང་གཏམ་གྱི་གནས་ཆེན་ནས། སྐལ་ལྡན་སྨོན་ལམ་པས་ཚོགས་ཀྱི་འཁོར་ལོ་དང་བཅས་ཏེ་བསྐུལ་བར་མཛད་མོད་ཀྱང་། རང་ཉིད་ཐོས་བསམ་གྱི་མིག་རྒྱ་ཞན་ཅིང་། ཅུང་ཟད་ཐོས་པ་རྣམས་ཀྱང་བརྗེད་ངས་ཀྱི་དབང་དུ་གྱུར་པའི་གཤིས་ཀྱིས། མཐའ་ཆོད་པ་ཞིག་སྨྲ་བར་མ་ནུས་ཤིང་། འོན་ཀྱང་ཡིག་ཆ་ཕྲན་བུ་གང་མཐོང་དང་། རྣམ་འདྲེན་དམ་པ་འགའི་སྐུ་དྲིན་གྱི་ཆོས་གང་ཐོབ་རྣམས་ཅི་ཐོན་དུ་བྲིས་པ་འདི་ནི། རྩེ་ལེ་སྣ་ཚོགས་རང་གྲོལ་གྱིས་གནས་ཆེན་དཔལ་རི་གངས་ཀྱི་ལྷོ་ཕྱོགས་རྒོད་ཚངས་དཔལ་གྱི་ཡང་དབེན་དུ། སྟོན་གསུམ་འབྲུ་བཅུད་ཡོངས་སུ་སྨིན་པའི་ཚེ་ཡི་གེར་བཀོད་པ་ལགས་ཤིང་། ཐོས་བསམ་རྣམ་དཔྱོད་ཀྱིས་རྨོངས་ཕྱིར་བརྗོད་བྱ་རྣམས་མི་གཙང་ཞིང་འགལ་ཟློས་སོགས་ཀྱི་སྐྱོན་ཚོགས་མང་བར་མཆིས་ན་མཁས་གྲུབ་དཔྱོད་ལྡན་རྣམས་ཀྱིས་མི་ཁྲེལ་བར་གསོལ་བ་འདེབས་ཤིང་། དགེ་བས་ཁམས་གསུམ་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་དམ་པ་ཐོབ་པར་གྱུར་ཅིག །མསྟུ སརྦཛགཏཾ།། །།

བར་དོ་དྲུག་ཁྲིད་ཀྱི་བསྡུས་དོན་ནོར་བུའི་ཕྲེང་བ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས་བར་དོ་དྲུག་ཁྲིད་ཀྱི་བསྡུས་དོན་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོཿ

ན་མོ་གུ་རུ་པདྨ་ཀཱ་ར་ཡེཿ འདིར་གནད་ལས་གནད་དུ་བསྡུས་པ་ནིཿཐོག་མར་བར་དོ་དང་པོ་སྐྱེ་གནས་བར་དོ་སྦྱོངས་བའི་སྒྱུ་ལུས་དང་བསྐྱེད་རིམ་གཉིས་ལསཿ སྒྱུ་ལུས་ལཿ ལུས་སྒྱུ་མ་ལྟར་སྦྱངས་བཿ ངག་བྲག་ཆ་ལྟརཿ སེམས་ན་བུན་ལྟར་སྦྱངས་བ་གསུམ་ལསཿ དང་པོ་ནིཿ མེ་ལོང་དྭངས་བ་ཞིག་མདུན་དུ་བཤམས་ནསཿ གཟུགས་གཞན་མི་མཐོང་བར་དེ་ལ་བལྟས་ནསཿ ཅི་ཞིག་ན་ཕྱི་ནང་ཐམས་ཅད་དུ་བཙལཿ རང་གི་ལུས་ལ་ཡང་དེ་དང་འདྲ་བར་བློ་སྦྱངསཿ ཡང་བྲག་ཆ་དེ་བྲག་གི་ཕྱི་ནང་ཐམས་ཅད་ལ་བཙལཿ རང་གི་ངག་ཀྱང་དེ་ལྟ་བུར་བཙལ་ནས་འདྲེས་པར་སྦྱངསཿ ཡང་ནམ་མཁའི་སྤྲིན་གྱི་བྱུང་གནས་འགྲོ་གསུམ་དང་སེམས་ཀྱི་བྱུང་གནས་འགྲོ་གསུམ་མཉམ་པར་བཙལ་ཏེ་མཉམ་པར་སྦྱངསཿ དེ་དག་ལ་མཉམ་རྗེས་བསྲེ་ཕྱིརཿ རྗེས་ཐོབ་ཐམས་ཅད་སྒྱུ་མའི་དོན་དེ་གསུམ་གྱི་འདུན་པ་རྒྱུན་བསྲིང་ངོ་ཿ གཉིས་པ་ནིཿ ང་ལྷ་ཡིན་བསམ་ནས་ཡི་དམ་གྱི་འདུན་པ་བྱཿ ཀུན་བཟང་ཡབ་ཡུམ་ཟུང་འཇུག་རྒྱན་མེད་གཅེར་བུའམཿ སྤྲོ་ཞིང་ནུས་ན་ཞི་ཁྲོ་ཡོངས་རྫོགས་ཀྱི་སྐུ་བསྒོམ་མོཿ དེ་ཡང་སྣང་སྟོང་སྒྱུ་མ་ལྟ་བུའི་དྲན་པ་བྱ་བས་རྣམ་དག་དྲནཿ ཆ་ལུགས་འདི་ལྟ་བུའོ་བསམ་པ་ལས་མ་ཡེངས་པས་རྣམ་པ་གསལ་བཿ ཕྱི་ནང་གི་ཆོས་ཐམས་ཅད་ལྷ་དང་ཞིང་ཁམས་སུ་ཤེས་པསཿ གང་ཟག་དང་ཆོས་་ཀྱི་བདག་གཉིས་ཀྱི་འཛིན་པ་སྦྱོང་ངོཿ ༈ གཉིས་པ་རྨི་ལམ་བར་དོ་སྦྱོངས་བ་ནིཿ ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཤེས་པ་ལྟ་བས་ཐག་བཅད་དེཿ འདུན་པས་རྨི་ལམ་བཟུང་ཕྱིར་ཉིན་མོ་དུས་ཀུན་ཏུ་རྨི་ལམ་ངོ་ཤེས་པར་བྱ་བསམ་པའི་བློ་བརྟན་ནསཿ རྨི་ལམ་དུ་ཡང་དེ་འདྲ་འབྱོངས་ལཿ བར་ཞིག་ན་ཉིན་སྣང་ལ་བདེན་འཛིན་དགག་སྒྲུབ་མ་ཤོར་ན་རྨི་ལམ་དང་བར་དོ་དེ་འདྲ་ལཿ བར་ཞིག་ན་རྨི་ལམ་གྱི་དུས་ན་ཐོག་བརྫིས་བྱ་ནུས་པ་ན་བར་དོ་ཆོད་པར་འགྱུར་རོཿ ཁྱད་པར་དུ་ཉལ་ཁ་སྒོམ་བསྐྱེད་རིམ་འོད་གསལ་སོགས་ལ་གནས་པའི་འདུན་པ་རྨི་ལམ་དང་ཡང་འདྲེའོཿ ཡང་ན་སྙིང་ཁར་བླ་མའི་ཐུགས་ཀར་ཨཱཿཡིག་དཀར་པོ་ལ་སེམས་བཟུང་བས་རྨི་ལམ་འོད་གསལ་དུ་འཆར་ཞིང་ཟིན་པར་གསོལ་བ་བཏབཿ གཉིད་ཁར་ཡང་ཡང་འདུན་པ་བསྒྱུར་རོཿ དེའི་སྲབ་མོའི་འོད་གསལ་གྱི་སྣང་བ་མཐོང་བ་དང་ཿ བདེ་གསལ་མི་རྟོག་པ་འཆར་ལཿ འཐུག་པོའི་འོད་གསལ་རང་བཞིན་བརྒྱད་ཅུ་འགགས་ནསཿ གཉིད་འཐུག་གཏི་མུག་གི་སྐྱོན་དང་བྲལ་བའི་རང་བཞིན་དོན་གྱི་འོད་གསལ་འཆར་བ་ཟིན་པར་འགྱུར་རོཿ ཁྱད་པར་ཁྲེགས་ཐོད་ཀྱི་འོད་གསལ་གྱི་ངང་མ་ཤོར་པས་ཟིན་པ་ཐབས་ལམ་རྨད་བྱུང་ངོ་ཿ ༈ གསུམ་པ་བསམ་གཏན་བར་དོ་ཟིན་ཕྱིརཿ རྟེན་ཤིང་བུ་རྡེའུ་ལ་སོགས་པ་ལ་གཏད་པ་དང་ཿ སྐུ་གསུང་ཐུགས་རྟེན་དངོས་ལ་གཏད་པ་དང་ཿ སྐུ་གསུང་ཐུགས་རྟེན་བསྒོམ་ལཿ ལུས་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པས་གནས་ནས་མིག་མི་འགུལ་བར་བརྟན་པོསཿ སེམས་གནས་ཆའི་བསམ་གཏན་གསལ་ཆའི་ལྷག་མཐོང་ངམ་རང་བཞིན་མེད་པར་ཤེས་པའི་ངང་ལས་མ་ཡེངས་པས་ཞི་ལྷག་ཟུང་འཇུག་གོཿ དེ་ལྟ་བུའི་སྐྱོན་བསལ་བའི་ཕྱིརཿ བྱིང་ན་ལྟ་སྟངས་བསྟོད་ནས་འཁྱག་སར་བསྒོམཿ རྒོད་ན་ཕབ་ལ་དྲོ་སར་བསྒོམ་མོཿ ཁྱད་པར་དུ་ལུས་དབུས་སུ་རྩ་གསུམ་འཁོར་ལྔ་གསལ་བས་སྣ་བུག་གཡསཿ གཡོནཿ མཉམ་པར་རླུང་དུག་གསུམ་བསལ་ལཿ རང་ལྷར་གསལཿ འབྲུ་གསུམ་རྡོ་རྗེའི་བཟླས་པས་ངག་བྱིན་གྱིས་བརླབསཿ དེ་ནས་མདུན་དུ་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབསཿ ཁམས་གསུམ་སྣོད་བཅུད་ཀྱི་བཅུད་དང་དྭངས་བྱིན་ནམ་མཁའི་རླུང་གི་རྣམ་པར་སྣ་བུག་ནས་དྲངས་ནས་དབུ་མ་ལ་བཙུད་པས་ལས་རླུང་དབུ་མར་ཚུད་པར་བསམཿ ཕྱིར་རླུང་དུག་གི་རྣམ་པར་འཕང་བ་སྒྲོགས་མདོའི་ཨ་ཤད་ལས་མེ་འབར་བ་གཏུམ་མོཿ ཐིག་ལེ་སྤྱི་བོ་ནས་བབས་པ་འཁོར་ལོ་ལྔར་ཁྱབ་པསཿ གནས་ལྔར་རིགས་ལྔ་མཆོདཿ དབང་ལྔ་ཐོབཿ དགའ་བཞི་དང་སྟོང་བཞི་ལ་སོགས་པ་མངོན་དུ་གྱུརཿ སྒྲིབ་བཞི་དགཿ ཡེ་ཤེས་ལྔ་མངོན་དུ་གྱུར་པར་བསམ་པ་ཐིག་ལེའི་རྣལ་འབྱོར་རོཿ དེ་ཡིས་བདེ་གསལ་རྣམ་པར་མི་རྟོག་པའི་ཏིང་འཛིན་བསམ་གཏན་ཐོབ་བོཿ ༈ བཞི་པ་འཆི་ཁ་བར་དོ་སྦྱོངས་བ་ལཿ ད་ལྟ་དཀར་དམར་ནག་པོ་དང་ཿ ཉིན་མཚན་བར་གསུམ་དང་ཉི་ཟླ་མུན་པ་སོགས་ལ་བར་དོའི་འདུ་ཤེས་བཞག་ལ་ངོ་ཤེས་པར་བྱཿ དཀར་དམར་ལ་སོགས་པའོ་བསམས་ནས་འཕོ་བ་སྦྱངས ཿ དེ་ཡང་བསྐྱེད་རིམ་ལ་གོམས་པས་ལྷ་སྐུ་ལཿ རྫོགས་རིམ་པས་འོད་གསལ་ལཿ རྫོགས་ཆེན་པས་ཀ་དག་ལའམཿ རིག་པ་རྡོ་རྗེ་ཧཱུྃ་མཚན་ཅན་སྤྱི་བོ་ནས་རང་བཞིན་སྤྲུལ་སྐུའི་ཞིང་ལྔའམ་སྤྱི་བོའི་བླ་མ་ལཿ ཐོད་རྒལ་བས་དབྱིངས་ཐིག་ལ་མིག་ནསཿ སྒྱུ་ལུས་བས་རླུང་སེམས་ཀྱི་ཐིག་ལེ་འདུ་ཤེས་བཞི་ལྡན་གྱིས་འཕོའོཿ གསལ་འདེབས་པ་ནི་སོ་སོ་ལྟར་རོཿ ༈ ལྔ་པ་ཆོས་ཉིད་བར་དོ་སྦྱང་བ་ནིཿ ཞི་ཁྲོ་དབྱིངས་ཐིག་སོགས་ཀྱི་བཟོ་སྤྲུལ་སྐུ་ལཿ ཤེལ་མིག་སྦྱར་བས་བལྟས་ཏེ་རང་སྣང་སྐུ་གསུམ་གྱི་བར་དོ་དངོས་ཡིནཿ ངོ་ཤེས་པར་བྱ་སྙམ་པའི་འདུན་པ་དྲག་པོའི་སྦྱངས་བ་དང་ཿ ཡང་ན་གདམས་ངག་གི་སྦྱངས་བ་ནིཿ ཁྲེགས་ཆོད་དང་ཐོད་རྒལ་ཏེཿ དང་པོ་ནིཿ ད་ལྟའི་རང་གི་སེམས་འདི་ཉིད་སྣ་ཚོགས་སུ་སྣང་ཡང་ཡོད་པ་ལྟར་བཟུང་ནས་དགག་སྒྲུབ་སྤང་ལེན་སྣ་ཚོགས་སུ་བྱས་ཀྱང་ཿ ངོ་བོ་ལ་བལྟས་ན་བྱུང་གནས་འགྲོ་གསུམཿ གཟུགས་དབྱིབས་ཁ་དོགཿ ཕྱི་ནང་བར་གསུམཿ ངོས་བཟུང་གི་ཆོས་སུ་གྲུབ་པ་ཅུང་ཟད་ཀྱང་མེད་ལཿ སྟོང་པ་ཕྱང་ཆད་དུ་མ་སོང་བས་རང་བཞིན་རང་གསལཿ གསལ་སྟོང་དབྱེར་མེད་རང་བྱུང་གི་ཡེ་ཤེས་བདེན་པ་དབྱེར་མེད་ཆེན་པོཿ སེམས་ཀྱི་གནས་ལུགས་རང་བཞིན་གྱི་བབས་ནི་གཞི་ཡིན་ལཿ བློས་དགག་སྒྲུབ་སྤང་བླང་འཛིན་སྟངས་ཐམས་ཅད་བོར་བའི་བྱར་མེད་དུ་བཞག་དུསཿ དེའི་གཤིས་ཐོག་ཏུ་སླེབས་པ་ཡིན་པས་བསྒོམ་པ་ངང་བཞག་རྒྱ་ཡན་ཆེན་པོ་སྟེཿ བཞག་ཐབས་ནིཿ ཕྱི་སྣང་བ་ལ་མི་འཛིན་མི་དགག་པས་སྣང་བ་གཅེར་བཞག ནང་ཤེས་པ་བྱིང་རྨུགས་འཐིབ་གསུམ་གྱི་སྐྱོན་དང་བྲལ་བའི་ངང་དྭངས་རང་སངས་རྒྱ་མཚོ་ཅོག་བཞགཿ རྣམ་རྟོག་གི་རླུང་གིས་མི་བསྒུལ་བས་རི་བོ་ཅོག་བཞགཿ ངོ་བོ་ངོས་བཟུང་དགག་སྒྲུབ་སྤང་བླང་མེད་པའི་ཆོས་ཉིད་ཀྱི་རྗེས་སུ་འཇོག་པའི་ཅོག་གཞག་བཞིའིཿ རྣམ་རྟོག་གི་ངོ་བོ་སྤྲོས་པའི་མཐ༵འ་གྲོ༵ལཿ ཐམས་ཅད་ལས་གྲོལ་བར་ཡེ༵་གྲོ༵ལ་ནས་སངས་རྒྱས་པ་དང་ཿ སྐྱེས་པ་ལ་གཉེན་པོ་མི་དགོས་པར་ར༵ང་གྲོལ་མཐོང་ཡལ་ཅེ༵ར་གྲོ༵ལ་ཆེན་པོར་རང་གྲོ༵ལ་བའི་གནདཿ ཡུལ་སེམས་ཀྱི་བར་དུ་རིག་པ་གཅིག་གི་ངང་དུ་གཅི༵ག་གྲོ༵ལ་ཅོག་གེར་བཞག་པས་ཐམས་ཅད་དུས་གཅིག་ཡོ༵ངས་གྲོ༵ལ་ལ་ཟིན་པའོཿ ཡང་ལུས་ཀྱི་འདུག་སྟངས་དང་ཿ མིག་གི་ལྟ་སྟངས་ཀྱིས་སྣང་སེམས་ཀྱི་འཛིན་པ་དབྱིངས་སུ་རང་ཡུལ་ཆེན་པོར་རྒྱས་ཐེབ་ཅིང་ཿ གལ་ཏེ་ཡུལ་སེམས་ལ་གཟུང་འཛིན་སྐྱེས་ན་ཡང་དགག་སྒྲུབ་མི་བྱེད་པར་རིག་པ་ཐོག་བབས་སུ་ཡུལ་ལ་དབབ་ནསཿ རང་གནས་ཡེ་ཤེས་ཀྱི་ངང་ལས་མི་འདའ་བའི་ཏིང་འཛིན་གསུམ་གྱི་གནད་ཚང་ལཿ སྣང་སེམས་རིག་གསུམ་སྤྲོས་བྲལ་དུ་ཤེས་པའི་གདེང་གིས་ཟིལ་གནོན་གསུམ་གྱི་གནད་ཚང་བའོཿ ༈ གཉིས་པ་ཐོད་རྒལ་ནིཿ གཞི་དབྱིངས་རིག་རང་གི་སྙིང་ནང་ན་ཡེ་ཤེས་སུམ་བརྩེགས་ཀྱི་ཚུལ་དུ་ཡོད་པ་དང་ཿ ལམ་རྩ་ནང་དུ་ཤར་བའིཿ འབྲས་བུ་ཉི་ཟླ་མར་མེ་མན་ཤེལ་ནམ་མཁའ་ལྔའི་ཡུལ་ལ་ཆོས་ལོངས་སྤྲུལ་གསུམ་གྱི་ལྟ་སྟངས་གྱེན་དང་ཟླུམ་པོ་སྣ་རྩེར་ཕབ་པ་གསུམཿ མངོན་བྱང་གཡསཿ རྡོ་རྗེ་གཡོན་དུ་མནན་པའི་ཕྱེད་བཙུམ་གྱིསཿ བཞུགས་སྟངས་སེངྒེཿ གླང་ཆེནཿ དྲང་སྲོང་གིས་སྒོ་གསུམ་མི་འགུལ་བར་སྡོད་ཅིང་ཿ རླུང་གནད་མཆུ་སོ་མ་རེག་པའི་བར་ནས་ཡུད་ཙམ་ཕྱིར་རིང་པའིཿ རིག་གནད་དབྱིངས་ཀྱི་དབུས་སུ་སེམས་མི་རྟོག་པར་ལུག་རྒྱུད་བཙོན་དུ་བཟུང་ཿ དབྱིངས་གནད་ཕྱོགས་བཞི་དབུས་ལྔ་གང་ལ་འཆར་བདེ་བ་དེར་ཁྲིད་ཅིང་བལྟས་པསཿ དབྱིངས་མཐིང་ཀ་དང་ཿ ཁ་དོག་སྣ་ཚོགས་པའི་འཇའ་ཚོན་དུཿ ཐིག་ལེ་ཕྱི་ནང་རིམ་པ་ལྔར་འཁོར་བའི་སྟོང་སྒྲོན་རྨ་བྱའི་སྒྲོ་ཐིག་ལྟ་བུ་དང་ཿ རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཆུན་འཕྱང་གི་ཚུལ་དུ་ཡོད་པ་རྣམས་ནང་གི་དབྱིངས་ཐིག་གི་འོད་གདངསཿ སྒོ་འོད་ཀྱི་རྩ་སྣ་རྒྱང་ཞགས་ཆུའི་སྒྲོན་མ་ལས་ཐོན་ཏེ་འཆར་བ་ལཿ མིག་རྒྱ་མཚོ་ཅོག་བཞག་ལྟ་སྟངས་ལས་མི་གཡོ་བརཿ ལུས་རི་བོ་ཅོག་བཞག་བཞུགས་སྟངས་དང་ཿ སེམས་སྣང་བ་ཅེར་བཞག་འོད་སྣང་ལ་སྤུ་རིས་མི་འབྱེད་པར་རང་སར་བཞག་པསཿ ངོ་བོ་སྤྲོས་པ་གང་དུ་ཡང་མ་གྲུབ་པའི་རིག་པ་ཅོག་བཞག་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ངོ་བོ་འཆར་བ་ཡུལ་དང་བཅས་པ་ལཿ དངོས་པོར་མི་འཛིན་པའི་ལྟ་བཿ ངང་ལས་མི་འདའ་པའི་བསྒོམ་པཿ རང་སར་བཞག་པའི་སྤྱོད་པཿ འབྲས་བུ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་སུ་ཤེས་པའི་ངེས་ཤེས་རྒྱུན་དུ་བྱེད་པའི་རྣལ་འབྱོར་བཞིའི་ཉམས་སུ་བླང་བར་བྱའོཿ ༈ དྲུག་པ་སྲིད་པ་བར་དོའི་ཉམས་ལེན་ནིཿ ཉིན་མཚན་ཉི་ཟླ་སོགས་གཡང་ས་གསུམ་དུ་འདུན་པས་སྦྱངས་པ་དང་ཿ གྲགས་པ་ཐམས་ཅད་སྒྲ་བཞིར་འདུན་པས་སྦྱངས་པ་དང་ཿ དྲན་བསམ་ཐམས་ཅད་སྲིད་པ་བར་དོའི་སྣང་བར་འདུན་པས་སྦྱངས་ཤིང་ཿ འཇིགས་སྐྲག་དགའ་དངོས་ཀྱི་གཟུགས་ཐམས་ཅད་ལ་ཆགས་ཞེན་མཁན་པོ་བདག་ཡུལ་དང་བཅས་པ་སྙེམས་བྱེད་དང་ཕུང་པོའི་བདུད་དུ་ཤེས་ཤིང་འཁྲི་བ་བཙན་ཐབས་སུ་བཅདཿ སྤངས་ལེན་འདོད་སྡང་གི་རྣམ་རྟོག་ཐམས་ཅད་ཉོན་མོངས་པའི་བདུད་དང་ལྷ་བདུད་ཀྱི་གཡབ་མོར་ཤེས་པས་འཁྲི་བ་བཙན་ཐབས་སུ་གཅོད་པ་དང་ཿ བརྟུལ་ཞུགས་ཐུག་ཕྲད་ཐོག་བབས་རང་གྲོལ་དུ་རྩལ་སྦྱངས་བའམཿ ཡང་ན་ང་ཤི་འདུག་པས་རང་བཞིན་སྤྲུལ་སྐུའི་ཞིང་དུ་འགྲོའོ་སྙམ་པའི་འདུན་པ་དུང་དུང་ངེ་བའི་ངང་ནས་འཕོ་བའི་སྦྱོར་བ་དྲག་པོ་སྦྱར་བས་གྲོལ་བ་ཐོབ་པར་གདོན་མི་ཟའོཿ ཡང་ཉམས་ལེན་ཉིན་མཚན་ཁ་སྦྱོར་དུ་འདོད་པསཿ རང་གི་སྙིང་ནང་དུ་རྣམ་ཤེས་ཐིག་ལེ་སྟོང་སྒྲོན་དུ་གསལ་བཿ ཧིཀ་གིས་རང་བཞིན་སྤྲུལ་སྐུའི་ཞིང་ལྔར་བླ་མ་རྒྱལ་བ་རིགས་ལྔའི་ཐུགས་ཀར་བསྟིམས་པ་དང་ཿ ཐུགས་ཡེ་ཤེས་ལྔའི་རང་བཞིན་འོད་ཀྱི་ཐིག་ལེ་སླར་བྱུང་ནས་རང་གི་སྙིང་ཀར་གནས་པའི་འོད་ཀྱིསཿ ལུས་དང་སྣང་བ་ཐམས་ཅད་ཁྱབ་པ་ལ་འདུན་པ་བཟུང་ནས་གཉིད་འོད་གསལ་དུ་སྦ་ཞིང་ཤེས་བྱ་བུམ་པར་བསྡུ་བར་འགྱུརཿ ནང་མོ་སད་དུས་དེ་ལས་ཐིག་ལེ་གཉིས་པ་ཞིག་སྣ་རྩེར་ཆད་ནསཿ ཕྱི་རོལ་གྱི་འབྱུང་ལྔ་འོད་དུ་ཞུ་བ་སྣ་རྩེའི་ཐིག་ལེ་ལ་ཐིམ་པར་མོས་པས་དེ་ལ་སེམས་བཟུང་ཿ འབྱུང་ཁམས་དག་སྦྱོར་དུ་ཡང་འགྱུར་རོཿ དེ་ལྟར་མན་ངག་ཀུན་གྱི་གནད་འདུས་པཿ ཚིག་ཉུང་གོ་སླ་ཤིན་ཏུ་ཁྱེར་བདེ་འདིཿ གང་ན་པདྨའི་ཐུགས་རྗེའི་ཉེར་འཚོ་བཿ ག་གཱ་ཨ་བྷྱའི་དུས་བབས་ཕྲིན་ལས་ཏེཿ མར་གྱུར་འགྲོ་བའི་ཉེར་འཚོར་འགྱུར་བར་ཤོགཿ འདི་འདྲ་འབྲི་དགོས་བླ་མའི་བཀའ་ཕེབས་ནསཿ བཟོ་རིགས་འདུ་བྱེད་ཀརྨའི་མིང་གིས་སོཿ ཞེས་རང་གི་ཚེ་རབས་སྔོན་ནས་བླ་མར་གྱུར་པ་སྟུག་རྒྱ་སྤྲུལ་སྐུའི་བཀའ་མ་ལྡོག་པར་ག་གཱས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །

བར་དོ་དྲུག་གི་ཁྲིད་ཡིག་ལས་ཉོན་ཆུ་བོ་རྒྱུན་གཅོད།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས་བར་དོ་དྲུག་གི་ཁྲིད་ཡིག་ལས་ཉོན་ཆུ་བོ་རྒྱུན་གཅོད་ཅེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་སམ་བྷ་ཝེ༔ ཨོ་རྒྱན་མཁན་པོ་པདྨ་ཀཱ་ར་ངས༔ མ་འོངས་སྙིགས་མ་ལྔ་བཅུ་ང་དྲུག་གི༔ སྐྱེ་དགུ་མི་ཡི་ཚེ་ཚད་མཐར་ཕྱིན་དུས༔ ཕྲིན་ལས་སྦས་པའི་རྣལ་འབྱོར་སྐལ་པ་རུ༔ ལས་ངན་ཆུ་བོ་རྒྱུན་ཆོད་འདི་ཉིད་ནི༔ རིགས་དྲུག་སྐྱེ་གནས་བཞི་བོ་དབུགས་དབྱུང་མཆོག༔ སྐྱེ་གཉིས་མི་འཐོག་སངས་རྒྱས་ལེགས་བརྙེས་ཕྱིར༔ བསྟན་པའི་བཙས་སུ་བཞག་གོ་དགའ་སྟོན་མཛོད༔ དེ་ཡང་རྒྱུད་དང་ལུང་དང་མན་ངག་གསུམ༔ རྒྱ་ཆེ་གྲངས་མང་གཏིང་ཟབ་རྟོགས་དཀའ་ཞིང་༔ གཅུས་དཀྲུགས་གབ་པའི་ཁུང་སྙིང་ལེགས་སྡེབ་སྟེ༔ ཤིན་ཏུ་གསལ་ཞིང་བདུད་རྩི་མ་རྙིང་བ༔ དཔའ་བོ་སྟོང་གི་གྲུབ་པ་ཐོབ་པ་འདི༔ དགོས་ཆེད་དོན་གྱི་ཁྱད་པར་བླ་ན་མེད༔ སངས་རྒྱས་ཀུན་གྱི་མཁྱེན་བརྩེ་ནུས་པའི་མཐུ༔ གཅིག་བསྡུས་པདྨ་ང་ཡི་ཁྱད་ཆོས་ཡིན༔ གཞན་གྱི་ལྟར་ན་བསྒྲིགས་ཆོག་འགའ་ཞིག་པ༔ བཀའ་དང་མཐུན་ཡང་སོ་སྐྱེ་སྙན་ཚིག་འཆེལ༔ བྱིན་རླབས་ཚན་ཁ་མེད་ད ང་རྒྱལ་བའི་བཀའ༔ དམ་ཉམས་འགའ་ཡི་སྨེ་བོར་བྱས་པ་ཡི༔ སྔར་བྱོན་དྲང་སྲོང་གཏེར་ཆེན་བརྒྱ་རྩ་དང་༔ ཕྲན་གཏེར་སྟོང་དང་ཡང་གཏེར་བསམ་ལས་འདས༔ བྱིན་རླབས་བཀའ་དང་དག་སྣང་ཉེ་བརྒྱུད་དང་༔ གཞན་ཡང་གློ་བུར་སྐལ་པ་དགེ་ལ་བབས༔ རྟོག་གེ་ངན་པས་བདུད་དུ་བལྟ་བ་ཏེ༔ སངས་རྒྱས་ཕྲིན་ལས་དུས་ལས་མི་ཡོལ་བར༔ བཟློས་བཞིན་ཕྲིན་ལས་རྒྱུན་ཆད་འདོད་པ་དང་༔ བླུན་པོའི་རང་རྟགས་སྟོན་པར་ཐེ་ཚོམ་བྲལ༔ ས་པཎ་ལ་སོགས་མཁས་འགའ་ཞིག་གིས་ནི༔ གཏེར་ནས་བྱུང་བའི་གླེགས་བམ་སྨད་པ་ཡང་༔ བརྒྱུད་པ་རྡོ་རྗེ་འཆང་ལ་འདེད་མིན་པས༔ རྒྱས་པ་འབུམ་དང་ཙུནྡྷ་མ་ཎི་དང་༔ མདོ་སྔགས་ཕལ་ཆེར་གཏེར་ནས་བྱུང་བ་ཀུན༔ དྲི་མ་ཅན་དུ་བྱས་པ་ག་ལ་ཡིན༔ དེ་དག་སྒེར་དུ་མུན་སྤྲུལ་འགའ་ཞིག་ཏུ༔ དགོངས་ནས་ཕུར་བའི་རྩ་དུམ་གཏེར་དུ་བཞེས༔ འདི་ལ་དཔེ་ནི་གཞལ་དུ་མེད་པ་སྟེ༔ རྒྱ་ཆེན་ནམ་མཁའ་ཁབ་མིག་འཛུད་པའི་བློས༔ འཇམ་དབྱངས་པདྨའི་དགོངས་པ་མཐར་ཐུག་མེད༔ གཟུ་བོར་གནས་ན་དམ་ཆོས་མི་སྤོངས་འཚལ༔ ཁྱད་པར་བར་དོ་དྲུག་གི་བསྡུས་པའི་འགྲོ༔ ཡེ་ཤེས་དྲུག་གི་ཀུན་ནས་ཁྱབ་བདལ་བས༔ གདམས་ངག་དྲུག་གི་ཆུ་དྲུག་རྒྱུན་བཟང་པོའི༔ དག་བྱེད་འདི་ནི་སྐབས་སུ་བབས་པའོ༔ དག་ནས་ཐོབ་པ་རང་གནས་འཕྲལ་གསལ་བ༔ ཆོས་རྣམས་ཀུན་གྱི་འབྲས་བུ་མཐར་ཐུག་ནི༔ སྐུ་དང་ཡེ་ཤེས་མཛད་པ་རྨད་དུ་བྱུང་༔ འདི་ལས་ཐོབ་པ་རྡོ་རྗེ་སྙིང་པོ་རྒྱལ༔ ས་མ་ཡ༔ དེ་ལ་གནས་ཕུན་སུམ་ཚོགས་པ་སྤྲོས་བྲལ་དབྱིངས་ཀྱི་བདེ་ཆེན་དུ༔ སྟོན་པ་ཕུན་སུམ་ཚོགས་པ་རིག་སྟོང་པདྨ་འབྱུང་གནས་ཀྱིས༔ འཁོར་ཕུན་སུམ་ཚོགས་པ་རིག་རྩལ་རོལ་པ་རྒྱ་མཚོ་ལ༔ ཆོས་ཕུན་སུམ་ཚོགས་པ་ཡེ་ཤེས་སྣང་བ་གསུམ་གྱི་དགོངས་པ་འཕོས་ནས༔ དུས་ཕུན་སུམ་ཚོགས་པ་མཉམ་ཉིད་རྒྱུད་མི་ཆད་པ་ལ༔ ཕྱི་རྒྱ་རལ་བའི་དབྱིངས་སུ་འཕོས་འཕགས་ཀྱི་ཆེད་དུ་བརྗོད་པ་རྟོན་པ་ཕྱིན་ཅི་མ་ལོགས་པར་ཀུན་ལ་ཕན་པས་བརྡའ་སྡེབ་ཀྱིས་བཀྲོལ་བའི་སྐལ་ལྡན་རིག་པ་དོན་བརྒྱུད་ཁྱད་པར་ཅན་ལས་འཕོས་པས་སྙན་བརྒྱུད་དམར་འབྱིན་ཁྱད་པར་བའི་ཆ་རྐྱེན་གྱི་ཡི་གེ་ནི༔ འབྱུང་བས་ཁུངས་དག་པའི་ད་ལྟ་བ་ཞིག་གོ༔ མན་ངག་འདི་སྔ་ན་འགྲོ་བ་རྒྱུད་སྦྱངས་དབང་གིས་སྨིན་པར་བྱ་དགོས་པས་དེ་དག་གི་རིམ་པ་སྤྱི་ལྟར་གྲུབ་པ་དང་༔ ཐོག་མར་སྦྱང་གཞི་བར་དོ་དྲུག་གི་རྣམ་གྲངས་ཀྱི་གནས་སྣང་༔ སྦྱོང་བྱེད་གདམས་ངག་དྲུག་གི་ཁྱད་པར༔ སྦྱངས་འབྲས་ཡེ་ཤེས་དྲུག་གི་རྒྱན་སྣང་སད་ཚུལ་དེ་གསུམ་གྱིས་བསྡུས་པར་ཤེས་པར་བྱེད་དགོས་སོ༔ དང་པོ་ལ་སྣང་ཚུལ་དང་༔ གནས་ཚུལ༔ སེམས་ཅན་འཁྲུལ་ཚུལ༔ རྣལ་འབྱོར་གྲོལ་ཚུལ་བཞི་ལས༔ དང་པོ་བར་དོ་དྲུག་གི་སྣང་ཚུལ་ལ་བར་དོའི་ངོ་བོ་དང་༔ ངེས་ཚིག༔ དབྱེ་བ༔ ས་འཚམས༔ གྲངས་ངེས༔ གོ་རིམ༔ འཆར་ཚུལ་དང་བདུན་ལས༔ དང་པོ་ནི༔ བར་དོ་ཐམས་ཅད་ཀྱི་ངོ་བོ་ནི་རྣམ་པ་གཉིས་སུ་འདུ་སྟེ༔ ཆོས་ཉིད་རྣམ་དག་གི་སྣང་བ་དག་པ་ཡེ་ཤེས་ཀྱི་བར་དོ་གཞི་སྣང་གཟུགས་སྐུ་གཉིས་སུ་སྟོན་པའི་མཛད་པ་དང་༔ མ་དག་འཁྲུལ་པའི་བར་དོ་གཞི་སེམས་ཅན་དང་༔ མ་དག་དག་པའི་བར་དོ་ལམ་གདུལ་བྱའ་ིསྣང་བའོ༔ དེ་ཡང་གཞི་སྣང་དག་པའི་ཆ་ལ་བདག་ཏུ་བཟུང་བས་ཐག་ཁྲ་སྦྲུལ་ལ་འཁྲུལ་བ་ལྟར་དུ་དག་པའི་བར་དོ་ཉིད་འཁྲུལ་རྐྱེན་དུ་སོང་བ་འདི་འཁོར་འདས་ཀྱི་གྱེས་མདོ༔ གྲོལ་འཁྲུལ་རིག་མ་རིག་གི་ཁྱད་པར་འབྱེད་པའི་གནམ་ཐིག༔ གཞི་ལ་མ་རིག་མེད་ཀྱང་ལམ་ནས་འབྱུང་བས་འཐད་པ༔ འཁྲུལ་པ་ཟད་པ་ཡོད་པའི་ངེས་འབྱེད༔ རྒྱུད་སྡེ་ཐམས་ཅད་ཀྱི་དག་ལྡོག་ལ་དབྱིས་སུ་འབྱིན་པས་རྒྱུད་འགྲོལ་གྱི་ལྡེ་མིག༔ སྣང་བ་སེམས་ཀྱི་འཁྲུལ་སྣང་དུ་ངེས་པའི་ཚད་མ་ལ་སོགས་པར་གནས་ཤིང་མདོར་ན་བར་དོ་ཐམས་ཅད་ཀྱི་ངོ་བོ་ནི་གཞི་སྣང་ཡིན་ལ་དེའི་ངོ་བོ་ཉིད་ནི་བྱང་ཆུབ་ཀྱི་སེམས་ཀ་དག་ཆེན་པོ་ལས་མ་ཉམས་པ་སྟེ་ལྷག་པའི་བདེན་གཉིས་ཀྱི་གནད་ཀྱང་འདི་ནས་འཛིན་ཏོ༔ གཉིས་པ་བར་དོའི་ངེས་ཚིག་ལ༔ སྤྱིར་དབུས་སུ་ཞུགས་པ་ལ་བར་དོའི་སྒྲ་ཞུགས་ལ༔ ནང་དབྱིངས་ཀ་དག་གཞི་འབྲས་ཀྱི་བར་དུ་ཡོད་པས་ཐུགས་རྗེས་གཞན་སྣང་གི་ལམ་ཡང་བར་དོ་ཡིན་ནོ༔ བར་ཞེས་པ་བར་ན་ཡོད་པའི་ཕྱིར་དང་༔ མ་ཞེས་སྣང་བ་དག་མ་དག་འཆར་བའི་ཕྱིར་དང་༔ དོ་ཞེས་དོ་ཐག་གི་གཏོད་ཕུར་བཞིན་དུ་ཐོག་མཐའི་སྦྲེལ་འཛིན་དུ་གྱུར་བའོ༔ ཁྱད་པར་དུ་ནི་རང་བཞིན་སྐྱེ་གནས་ཀྱི་བར་དོ་ཞེས་པ་སྐྱེ་གནས་རིགས་དྲུག་གི་སེམས་ཅན་གྱི་ལུས་རྟེན་བླངས་ནས་མ་ཤིའི་བར་དུ་སྤྱི་བཙན་གྱི་སྣང་བའི་རང་བཞིན་རྣལ་མར་གནས་པ་ནི་སྲིད་པ་བར་དོ་དང་༔ འཆི་ཀའི་དབུས་སུ་ཚུད་པས་ནའོ༔ འཆི་ཀའི་བར་དོ་ནི་སྐྱེ་གནས་དང་ཆོས་ཉིད་ཀྱི་བར་ན་ཆུད་པས་འཆི་མ་རག་པའོ༔ ཆོས་ཉིད་བར་དོ་ནི་མ་དག་འཁྲུལ་བའི་སྣང་བ་དབྱིངས་སུ་ཞིག་ནས་ཆོས་ཉིད་གཞི་སྣང་གི་བཀོད་པ་རབ་འབྱམས་མུ་མཐའ་མེད་པར་འཆར་བ་དང་འཆི་ཀ་དང་སྲིད་པའི་བར་ན་ཡོད་པས་སོ༔ སྲིད་པ་བར་དོ་ནི་སྐྱེ་གནས་དང་ཆོས་ཉིད་ཀྱི་བར་ན་ཡོད་ལ༔ ཡར་རང་བཞིན་སྤྲུལ་སྐུར་སྐྱེ་སྲིད ༔ བར་མཐོ་རིས་གསུམ་དུ་སྐྱེ་སྲིད༔ མར་ངན་སོང་གི་གླིང་གསུམ་དུ་སྐྱེ་སྲིད༔ སྣང་བ་མི་འདྲ་བ་མང་པོ་འཆར་སྲིད༔ བདེ་སྡུག་མ་ངེས་པ་མང་པོ་འབབ་སྲིད་པས་ན་སྲིད་པ་བར་དོ་ཟེར་རོ༔ རྨི་ལམ་བར་དོ་ནི་གཉིད་དུ་སོང་བས་མཆེད་པའི་གདངས་རླུང་གིས་ཁུར་བས་འཁྲུལ་སྣང་ངེས་མེད་རྨི་བ་འཁྲུལ་བ་ལས་ཀྱང་ཉིང་འཁྲུལ་ལམ་ལམ་པར་ཐ་མལ་བས་ཀྱང་བལྟ་བ་ཞིག་སྟེ་གཉིད་དུ་མ་སོང་བ་དང་ས ད་པའི་བར་དེར་ཡོད་པས་ན་བར་དོར་བཞག་ལ༔ བསམ་བསྟན་བར་དོ་ནི༔ བསམ་རྟོག་འགྱུ་འཕྲོའི་ཚོགས་ཀྱི་འཁྲུལ་བ་རྒྱུན་མི་ཆད་པར་སྤེལ་ཞིང་ཕྱི་ཕྱིར་སྟོབས་བརྟས་དེ་ཉིད་ཀྱི་གཉུག་མའི་རང་ཞལ་ལ་འགེབ་པས་ན་ཀུན་རྟོག་གི་རྒྱུན་གཅོད་པས་བསམ་བྱུང་གི་གཏན་ལ་ཕབ་པའི་ཡུལ་ཆོས་ཉིད་ལྷག་མཐོང་གི་དོན་ལ་གཏན་པོར་གནས་པས་རྟེན་གྱི་ལས་ཅན༔ འཁྲུལ་བ་སྔ་མ་འགགས་ནས་ཕྱི་མ་མ་ལྡང་བའི་བར་དེར་ཡོད་པའོ༔ དེ་དག་ནི་ངེས་ཚིག་གོ༔ ས་མ་ཡ༔ དབྱེ་བ་ནི་དྲུག་དུ་བྱེེད་དེ༔ སྤྱིར་བར་དོ་ལ་སྐྱེ་ཤི༔ རྨི་ལམ༔ ཆོས་ཉིད༔ སྲིད་པ་བཞིར་གསུངས༔ ཐེག་པའི་རྒྱལ་བོ་ལས༔ རང་བཞིན་སྐྱེ་གནས་ཀྱི༔ འཆི་ཁ་སྡུག་བསྔལ་གྱི༔ ཆོས་ཉིད་སྐུ་གསུམ་གྱི༔ སྲིད་པ་རྣམ་སྨིན་གྱི་བར་དོ་དང་བཞིར་བཤད་དེ༔ དེའི་སྟེང་དུ་རྨི་ལམ་བག་ཆགས་ཀྱི་བར་དོ་དང་༔ བསམ་གཏན་ཞི་ལྷག་གི་བར་དོ་དྲུག་བྱས་ནས་བསྟན་པར་བྱའོ༔ ས་འཚམས་ནི༔ རིགས་དྲུག་གི་སྐྱེ་གནས་གང་རུང་ཞིག་ཏུ་སྐྱེས་ནས་མ་འཆི་བའི་ཐིམ་རིམ་སྔ་མ་ཉེ་བའི་འཆི་ལྟས་ལ་མ་ཐུག་གི་བར་དུ་སྐྱེ་གནས་བར་དོ་ཡིན༔ འཆི་ནད་ཀྱི་ཐིམ་རིམ་སྔ་མའི་གཏུག་པ་ནས་བཟུང་ཏེ་ནང་དབུགས་ཁྲོག་གིས་མ་ཆད་ཀྱི་བར་འཆི་ཁ་བར་དོ༔ སྟོང་བཞིས་དྲངས་པའི་སྣང་སྟོང་ཡེ་ཤེས་ཀྱི་རྒྱུ་འཕྲུལ་སྣ་ཚོགས་པ་ནས་གཞི་སྣང་ཐིམ་རིམ་གྱི་མཇུག་ཏུ་མིང་བཞི་སྲིད་པའི་ཤ་གཟུགས་ཅན་མ་ཐོབ་ཀྱི་བར་དུ་ཆོས་ཉིད་ཀྱི་བར་དོ༔ མིང་གཟུགས་གྲུབ་བྱེེད་སྔ་མའི་ལུས་ལྟར་ཡོད་པར་གྲུབ་པ་ནས་རྟེན་སྐྱེ་གནས་བཞི་གང་རུང་ལ་རྟེན་མ་འཆོས་ཀྱི་བར་དུ་སྲིད་པའི་བར་དོ་ཡིན་ནོ༔ དེ་ལྟར་སྐྱེ་གནས་དེ་ནས་རང་བཞིན་གྱི་བསམ་གཏན་ཁྲ་ཚང་ན་ཉལ་བ་དང་མདའ་སྲོང་གི་མིག་ལ་ཡོད་པ་ལྟ་བུ་དང་༔ དམིགས་པ་རྒྱུད་བརྟེན་གྱི་བསམ་གཏན་བསམ་གཟུགས་དང་འདོད་སེམས་ཙམ་དང་༔ ཞི་ལྷག་བྱང་སེམས་ཀྱི་བསམ་གཏན་རྒྱུན་ལ་ཅི་ཙམ་གནས་ཀྱི་བར་ཡེངས་འབྱམས་སུ་མ་འཁྲུལ་རིང་དང་༔ དེ་བཞིན་གཤེགས་པའི་དགོངས་པ་བསམ་གཏན་མཆོག་གི་ངང་ཉིད་དུ་ཅི་ཙམ་རང་ས་ཟིན་པའི་བར་དུ་ཡོད་པར་བཤད་དོ༔ བསམ་གཟུགས་ཀྱི་འགྲོ་བའི་རྒྱུད་ལ་ཡོད་པའི་བསམ་གཏན་དེ་ནི་སྔར་གྱི་འཕངས་འབྲས་རྒྱུ་མཐུན་ཏེ༔ སྐྱེ་བ་དེའི་བསྡུས་པ་དང་སླར་གྱི་སྐྱེ་བ་འཁོར་ལོར་རྟག་པའི་རྒྱུར་མི་འགྱུར་བས་ཤས་ཆེར་གྱིས་དབང་བཙན་པས་བསམ་གཏན་བར་དོར་མ་བཞག་གོ༔ དེ་ནི་བསམ་གཏན་བར་དོའི་ས་མཚམས་སོ༔ གཉིད་སད་སྔ་ཕྱིའི་བར་དུ་ཅི་ཙམ་གཏི་མུག་གི་འཇུག་པས་རླུང་སེམས་རྨུགས་རྩར་ཆུད་རིང་རྨི་ལམ་གྱི་བར་དོའི་ས་མཚམས་སུ་ངེས་སོ༔ གྲངས་ངེས་ནི༔ གནས་རིགས་གང་དུའང་སྐྱེ་བ་བླངས་ནས་མཐར་འཆི་བས་གཏུག་ནས་དུས་བྱེད་དེ་བར་དོ་འཆར་ལ༔ དེ་ཡང་སྲིད་པའི་བར་དོ་ཡོད་མེད་ལས་ཡོད་པའི་གཙོ་ཆེ་བས་ཡ་གྱལ་དུ་བྱས་ནས་བཞིར་བཤད་པ་རྩ་བ་ལ༔ གཉིད་དང་བསམ་གཏན་ཡང་རེ་འགའ་བ་བར་དོ་བཞི་པོ་ལ་བསམ་གཏན་སྲིད་པ་དང་༔ གཉིད་ཀྱང་དམྱལ་བ་དང་ཡི་དྭགས་སོགས་ཡོད་མེད་མང་བས་ན་རྣམ་པ་ཀུན་ཏུ་རྩ་བ་མིན་ནོ༔ འོ་ན་དམྱལ་བ་ལ་གནད་གཅོད་ཀྱི་སྡུག་བསྔལ་མེད་པའང་སྡུག་བསྔལ་ཆེ་ཆུང་གི་དགག་སྒྲར་སོང་བ་ཞིག་གོ༔ དེ་བས་ན་གྲངས་དྲུག་ཏུ་ངེས་སོ༔ གོ་རིམ་ནི༔ སྐྱེས་ནས་འཆི༔ ཤི་ནས་འོད་གསལ་ཤར་པ་ལ་བདག་ཏུ་བཟུང་བས་གོ་རིམ་གྱི་ངེས་པ་བཞི་དང་༔ སྐྱེ་གནས་སུ་གཉིད་དང་བསམ་གཏན་ཡོད་མེད་ཀྱི་མ་ངེས་པ་གཉིས་སུ་བཞག་གོ༔ ༈ ད་ནི་བར་དོ་འཆར་ཚུལ་ལམ་སྣང་ཚུལ་བསྟན་པ་དངོས་ལ༔ སྐྱེ་གནས་བར་དོ༔ འཆི་ཀ་བར་དོ༔ ཆོས་ཉིད་བར་དོ༔ སྲིད་པ་བར་དོ་དང་༔ རྨི་ལམ་དང་བསམ་གཏན་གྱི་བར་དོ་གཉིས་དང་དྲུག་གི་འཆར་ཚུལ་ལས༔ སྤྱི་ཚན་དུ་དྲུག་པོ་དེ་དག་གི་འཆར་གཞི་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་བདག་ཏུ་བཟུང་བས་སོ༔ འཆར་ཚུལ་ནི་མེད་ལ་ཡོད་པར་སྣང་བ་སྒྱུ་མ་ལྟ་བུར་སྣང་བའོ༔ མིན་ལ་ཡིན་པར་བཟུང་བ་ཐོ་ཡོར་མིར་འཁྲུལ་བ་ལྟ་བུའོ༔ མི་བདེན་བདེན་པར་བཟུང་བ་རྨི་སེམས་ལྟ་བུའོ༔ མི་གཅིག་གཅིག་པར་བཟུང་བ་ཆུ་བོའི་རྒྱུན་ལྟ་བུའོ༔ མ་ངེས་ངེས་པར་བཟུང་བ་འབྱུང་བ་ལ་འདུ་ཤེས་ཐ་དད་ལྟ་བུའོ༔ ས་མ་ཡཱ༔ སྤྱི་ཚན་ལ་ཁམས་གསུམ་གྱི་སྣང་བ༔ དགོས་བཙན་དུ་གང་ཟག་གི་རང་ངོའི་སྣང་བ༔ ཡང་སྒོས་སུ་བར་དོ་རང་གི་སྣང་བས་ཁྱད་པར་རེ་རེ་མ་ཡིན་ཐ་དད་བསམ་གྱིས་མི་ཁྱབ་པ་ཡོད་དོ༔ ས་མ་ཡཱ༔ བར་དོ་དང་པོ་སྐྱེ་གནས་ཀྱི་བར་དོ་ལ་ཁམས་གསུམ་གང་ལ་འང་༔ ཕུང་པོ་ལྔའི་སྐུ་ལྔ་ལོགས་པར་བསྒྲིབས༔ ཁམས་དང་སྐྱེ་མཆེད་ཀྱིས་འོད་དང་ཁ་དོག༔ ལས་ཉོན་གྱིས་ཡེ་ཤེས་དང་ཆོས་ཉིད་སྒྲིབ་ཏེ་སྣང་ཞེན་གྱི་དབང་གིས་འཁོར་བར་བཅིངས་པས་ཕྱིན་ཅི་ལོག་བཞིའི་ཆུ་ཀླུང་དུ་འཕྱན་ནས་བག་ཆགས་ལས་ཉོན་ལ་སྤྱོད་པ་སྟེ༔ གནས་ཚུལ་གྱི་དབང་གི་ཡེ་ཤེས་ཀྱི་རང་བཞིན་ལས་ཉོན་གྱི་སྦུབས་རྒྱར་བཞུགས་ཚུལ་ལས་གཞལ་ན༔ ཁྱད་པར་དུ་སྙིང་ཀ་ན་ངོ་བོ་སྐུར་བཞུགས༔ རང་བཞིན་འོད་དུ་བཞུགས༔ ཐུགས་རྗེ་འོད་ཀྱི་ཐིག་ལེར་བཞུགས༔ རྟོག་ཚོགས་རྡོ་རྗེའི་དཀྱིལ་འཁོར་དུ་བཞུགས༔ སྤྱིར་བཏང་དུ་ཕུང་པོ་ལྔ་སྐུ་ལྔར་བཞུགས༔ འབྱུང་ལྔ་ཡུམ་ལྔར་བཞུགས༔ རྒྱུད་ཚོགས་བྱང་སེམས་སུ་བཞུགས༔ ལུས་ཀྱི་ཆོས་བཞི་སྒོ་བ་ཡབ་ཡུམ་དུ་གནས་པ་དེ་དག་གནས་འགྱུར་ཁྲག་འཐུང་གི་དཀྱིལ་འཁོར་དུ་སངས་རྒྱས་པར་བཞུགས་པའི༔ ད་ལྟ་སྤྱི་བོ་ན་ཟེར་གྱི་སྐུ༔ སྙིང་ཀ་ན་ངོ་བོའི་སྐུ༔ རྩ་རྣམས་ནས་འཁོར་མཐའ་གྲངས་མེད་དུ་ཐིག་ལེ་དཀར་དམར་ལ་བརྟེན་ནས་མཁའ་འགྲོ་ཡབ་ཡུམ་བསམ་གྱིས་མི་ཁྱབ་པར་བཞུགས་ཚུལ་དང་༔ སྤྱི་བོ་སྐུ༔ མགྲིན་པ་གསུང་༔ སྙིང་ཀ་ཐུགས༔ ལྟེ་བ་ཡོན་ཏན༔ གསང་གནས་ཕྲིན་ལས་ཀྱི་འཁོར་ལོ་ལྔར་བཞུགས་ཚུལ་རྣམས་རྣལ་མར་གསུངས་པ་ལས་དག་བྱ་དང་སྨིན་འབྲས་ལྟར་ལྟ་བ་ནི༔ སྙིང་རྗེའི་གནས་འཁྲུལ་བའི་ཁ་འཛིན༔ ཐེག་དམན་གྱི་རིགས་པདྨའི་དགོངས་པ་ལས་རིང་བར་ཤེས་པར་བྱ་དགོས་སོ༔ དེ་ནི་མྱ་ངན་ལས་འདས་པའི་བཞུགས་ཚུལ་ལོ༔ དེ་ཉིད་མ་དག་སེམས་ཅན་ལ་སྣང་ལུགས་ནི༔ ཡུམ་ཆེན་ལྔ་ཕྱི་ཡུལ་གྱི་བསྡུས་པའི་ཁམས་སུ་སྣང་༔ སྐུ་གསུམ་སེམས་སྡུད་པར་བྱེད་པའི་ཁམས་སུ་སྣང་༔ སྐུ་ལྔ་རྟོག་པས་སྦགས་པས་ཕུང་པོ་རྣམས་དང་༔ དེ་ཉིད་ཟད་པའི་ཡེ་ཤེས་ཀྱི་རང་རྩལ་རྟོག་མེད་ཀྱི་ཕུང་ལྔར་སྣང་༔ བྱང་ཆུབ་ཡབ་ཡུམ་ནི་ཁམས་དང་སྐྱེ་མཆེད་དུ༔ སྒོ་བསྲུང་བཞི་རེག་ཁམས་ཡུལ་ཤེས་སུ་ནི་སྣང་༔ དཔའ་བོ་ཡབ་ཡུམ་རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་དུ་སྣང་༔ ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རྟོག་ཚོགས་ལྔ་བཅུར་སྣང་༔ ཡེ་ཤེས་ལྔ་ཉོན་མོངས་ལྔར༔ རིགས་ལྔ་མི་རིགས་ལྔ༔ ཚད་མེད་བཞི་ཕྱོགས་བཞིར་སྣང་བ་ལ་སོགས་པར་འཁྲུལ་ཞིང་སྣང་བ་ཡིན་ནོ༔ ཡང་གཞི་གནས་ཀྱི་ཡེ་ཤེས་གསུམ་མ་རིག་གསུམ་དུ་སྣང་༔ ཡུལ་ཁྱབ་ཀྱི་ཡེ་ཤེས་གཉིས་ཡོད་མེད་འཛིན་པར་རྟོག་དཔྱོད་ཀྱིས་རང་བཞིན་དུ་སྣང་ངོ་༔ གཉིས་པ་བྱེ་བྲག་ཏུ༔ ལུས་ནི་རགས་པ་འདོད་པའི་སྲིད་པ་ལྷ་མི་སོགས་ན་ཤ་ཁྲག་འབྱུང་བཞིའི་རང་བཞིན་གྱི་གཟུགས་ཆེ་ཆུང་ཚད་མ་ངེས་པ༔ དམྱལ་བ་ན་མྱོང་རིག་སྡུག་བསྔལ་གྱི་ལུས༔ བསམ་གཟུགས་ན་ཏིང་འཛིན་སྟོང་གསལ་རིག་ཡིད་ཀྱི་ལུས་ཡོད་དོ༔ ངག་ནི་འདོད་པ་ན་རགས་པ་ཡོད་ལ། གཞན་ལ་ཕྲ་བ་བག་ཆགས་ཙམ་དུ་ཡོད་དོ༔ སེམས་ནི༔ འདོད་པ་ན་སེམས་དང་ཡིད་དང་རྣམ་ཤེས་རྣམས་ཡོད་ལ༔ གཞན་གཉིས་ན་དེ་ལས་ཚོགས་དྲུག་རགས་པའི་ཕྱོགས་བྲིའི་བར་འཚམས་པར་གོང་འཕེལ་དུ་ཇེ་སྲབས་སོ༔ གནས་ནི༔ འདོད་ཁམས་ཀྱི་མཚེ་མ་ལ་སོགས་པ་བཞི་མ་གཏོགས་པ་ས་ལ་བརྟེན་ཏོ༔ གནས་ཀྱི་ཁྱད་པར་ནི༔ དམྱལ་བ་ལྕགས་བསྲེགས་མེ་འབར༔ ཡི་དྭགས་མྱ་ངན་ནམ་སྐྱི་གཡའ༔ དུད་འགྲོ་བྱིང་གནས་རྒྱ་མཚོ༔ ལྷ་མིན་ཁོང་སེང་མུན་པས༔ ལྷ་རྣམས་བསོད་ནམས་ཁྱད་པར་བས༔ མི་ཡུལ་གླིང་བཞི་ཕྲག་བརྒྱས་སྟེང་གི་ཆ་ལ་བརྟེན་པ་ཞིག་གོ༔ གྲོགས་ནི་རང་རང་དང་བག་ཆགས་མཐུན་པར་སད་པའོ༔ སྣང་བའི་འཆར་ཚུལ་ནི༔ དམྱལ་བ་ལ་ཚ་གྲང་སྡུག་བསྔལ་གྱི་འཁྲུལ་སྣང་༔ ཡི་དྭགས་ལ་བཀྲེས་སྐོམ་འདུ་ཤེས་ལོག་པའི་སྣང་བ༔ དུད་དེ་འགྲོ་བ་ལ་གླེན་ལྐུགས་བཀོལ་སྤྱོད་གཅིག་ཟའི་སྡུག་བསྔལ་གྱི༔ ལྷ་མིན་ཕ མ་རྒྱལ་དགའ་སྡུག་ཕྲག་དོག་མི་བཟད་ཀྱི༔ ལྷ་ལ་བདེ་སྐྱིད་འཕོ་ལྟུང་ཉེན་གྱི་འགྱུར་བ༔ མི་ལ་འདྲེས་མ་སྣ་ཚོགས་སྡུག་བསྔལ་བཅུ་གཅིག་གི་འཁྲུལ་སྣང་རྣམས་ཡོད་པའོ༔ རྒྱས་པ་ཕྱིའི་སྔོན་འགྲོ་ལས་གསལ་ལོ༔ ཀུན་ལའང་ཡུལ་ཡུལ་ཅན་དུ་སྣང་བ་ཤས་ཆེའོ༔ ༈ ལས་ཀྱི་སོགས་ཚུལ་ནི༔ ཤས་ཆེར་འདོད་པ་ན་སྣ་ཚོགས་པ༔ གོང་མ་ན་ཏིང་ངེ་འཛིན་གྱི་བག་ཆགས་སོག་གོ༔ ཁམས་ཟས་རགས་པ་ཡོད་ན་འདོད་པ་ན༔ ཡིད་ཟས་ཕྲ་བ་ལས་མེད་ན་གཟུགས་མེད་པ་རྒྱུའོ༔ རང་བཞིན་བར་དོ་ཞེས་པ་གཙོ་ཆེ་བར་སྐྱེ་གནས་བཞི་གང་རུང་དུ་སྲིད་པ་བཟུང་ནས་ཅི་ཙམ་གནས་ཀྱི་བར་ལ་རིགས་དྲུག་གི་སེམས་ཅན་སོ་སོའི་སྣང་བ་རྣམས་སོ༔ ཚེ་ཚད་ནི་གཟུགས་མེད་བསྐལ་ཆེན་བརྒྱད་ཁྲིར་འགོག་པ་ནས༔ དམྱལ་བ་བསྐལ་པ༔ མི་ཚེ་ལོ་དཔག་མེད་ནས་བཅུ་པའི་བར་སོགས༔ དུད་འགྲོ་རིང་པོ་བསྐལ་པ༔ ཐུང་ངུ་ཉིན་ཞག༔ ལྷ་འདོད་གཟུགས་ཀྱང་བསྐལ་ཕྱེད་དང་རང་ལོ་ལྔ་བརྒྱ་སོགས་མ་ངེས་པའམ༔ རྒྱས་པར་པདྨ་ང་ཡི་མངོན་པའི་ཆོས་ནས་བསྟན་པ་ལྟར་རོ༔ འདིའི་གདམས་པ་ནི་སྐྱེ་གནས་རྣམ་སྦྱོངས་བསྐྱེད་པའི་རིམ་པ་ལྟར་རོ༔ ༈ གཉིས་པ་འཆི་སྲིད་ཀྱི་བར་དོ་འཆར་ཚུལ་ལ༔ འཆི་ངེས་པའི་རྒྱུ་མཚན༔ འཆི་བའི་རྟགས༔ སྡུག་བསྔལ་དངོས་དང་གསུམ་ཡོད་དོ༔ དང་པོ་ནི༔ སྤྱིར་འདུས་བྱས་ཐམས་ཅད་ཀྱི་ནང་ན་རྟག་པར་གནས་པ་གཅིག་ཀྱང་མེད་པས་རང་གི་འདུས་བྱས་རྗེན་པ་ལ་རྟག་པའི་རྒྱུ་མཚན་མེད་ལ༔ བྱེ་ཕྲག་ཏུ་རང་རེ་མི་རྣམས་ཀྱི་སྐྱེ་གནས་འདི་ཡང་ཕ་མའི་ཁུ་ཁྲག་སོགས་རྒྱུ་རྐྱེན་གྱི་འདུ་བྱས་པའི་ཕུང་བོ་གཅིག་ཏུ་མ་གྱུར་བའི་དུ་མ་མ་འཕྲད་མ་རེག་མ་འབྱར་བ་ལ་བདག་ཏུ་བཟུང་བ་ནི་དང་པོ་ཉིད་ནས་མི་རྟག་པ་བདག་གིར་བྱས་ཟིན་པས་རྒྱུ་མཚན་ཡོད་ལ༔ རྐྱེན་གློ་བུར་བ༔ ནད་བཞི་བརྒྱ་རྩ་བཞི༔ གདོན་སྟོང་ཕྲག་བརྒྱད་ཅུཿ ཡེ་འདྲོོག་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་བསམ་གྱིས་མི་ཁྱབ༔ འཚོ་བའི་རྐྱེན་ནི་ཉུང་བ་མ་ཟད་དེ་ཡང་འཆི་རྐྱེན་དུ་ལྡོག་པས་ན་ངེས་པ་མེད་པ༔ འདུ་བ་བཞིའི་ནད་ཁམས་ཀྱི་འབྱུང་བའི་གནོད་པ་རང་བཞིན་གྱི་ཉེན་པ་ན༔ འདི་ལ་རྟག་པ་ཅི་ཡང་མེད་ལ༔ ལོ་བརྒྱ་ལོན་པས་མི་ལ་མ་ཤི་བར་ད་ལྟ་གནས་པ་གཅིག་ཀྱང་མེད་པ་དང་༔ མཐོ་དམན་དྲག་ཞན་ཐམས་ཅད་འཆི་བས་མ་ཟིན་པར་ཚེ་ཐར་ལ་སོང་བ་མེད་པ་དང་༔ རྨི་ལམ་ལྟར་གྲུབ་པ་མེད་པས་མི་རྟག་པ་དང་༔ འབབས་ཆུ་ལྟར་སྡོད་པ་མེད་པས་མི་རྟག་པ་དང་༔ རྫིང་བུ་ལྟར་སྣོན་པ་མེད་པས་མི་རྟག་པ་དང་༔ རླུང་ལྟར་གནས་པ་མེད་པས་མི་རྟག་པ་དང་༔ སྤྲུལ་བ་ལྟར་ཡུན་ཐུང་བས་གནས་པ་མེད་པས་མི་རྟག་པ་དང་༔ སྒྱུ་མ་ལྟར་བདེན་པ་མེད་པས་མི་རྟག་པ་དང་༔ མགྲོན་པོ་ལྟར་སྡོད་པ་མེད་པས་མི་རྟག་པ་དང་༔ སྤྲིན་ལྟར་དུས་ཚོད་གཟུང་བ་མེད་པས་མི་རྟག་པ་དང་༔ དུས་ལ་ངེས་བཟུང་མེད་པས་མི་རྟག་པ་དང་༔ ལུང་བསྟན་གཅིག་ཏུ་གསུང་པས་མི་རྟག་པ་དང་༔ ཕྱིའི་དུས་འགྱུར་བ་མངོན་པས་མི་རྟག་པ་དང་༔ ན་ཚོད་འགྱུར་བ་མྱོང་བས་མི་རྟག་པ་དང་༔ དུས་ལ་གོད་པ་མྱུར་བས་མི་རྟག་པ་དང་༔ ཅིས་ཀྱང་ཕན་པ་མེད་པས་མི་རྟག་པ་དང་༔ སུས་ཀྱང་ཕྱིར་མ་ཟློག་པས་མི་རྟག་པ་དང་བཅས་པར་པདྨ་ང་ཡི་གསང་ཚིག་ངེས་པའོ༔ ས་མ་ཡཱ༔ གཉིས་པ་འཆི་བའི་རྟགས་དང་བསླུ་བ་དང་གདམས་ངག་བསྟན་པ་གསུམ་ལས༔ འཆི་བའི་རྟགས་ལ༔ ཕྱི་ནང་གསང་བ་ཡང་གསང་གི་རྟགས་བཞི་དང་༔ ཉེ་རིང་ཤིན་ཏུ་ཉེ་བའི་རྟགས་གསུམ་དུ་རྒྱུད་དང་མན་ངག་ཐམས་ཅད་ཞལ་མཐུན་པས༔ ཕྱི་རྨི་ལམ་ལས་འཆི་བའི་རྟགས་འབྱུང་བར་འགྱུར་བ་དེ༔ རྒྱ་སྐེགས་ཀྱི་རི་ལ་འཛེགས་པ་རྨིས་པ་ན་འཆི་ལྟས་༡༔ མེ་ཏོག་དམར་པོ་ཐུ་བ་རྨིས་པ་འཆི་ལྟས་༢༔ མཆོད་རྟེན་ལ་འཛེགས་པ༣༔ བྱེ་མའི་རི་ལ་འཛེགས་པ་༤༔ ཐལ་ཕུང་ལ་འཛེགས་པ་༥༔ སྤྲེའུ་ལ་ཁ་ཕྱིར་བལྟས་སུ་ཞོན་པ་༦༔ བོང་བུ་ལ་ཁ་ཕྱིར་བལྟས་སུ་ཞོན་པ་༧༔ ཕག་ལ་ཁ་ཕྱིར་བལྟས་སུ་ཞོན་པ༨༔ རྔ་མོ་ལ་ཁ་ཕྱིར་བལྟས་སུ་ཞོན་པ༩༔ མ་ཧེ་ལ་ཁ་ཕྱིར་བལྟས་སུ་ཞོན་པ༡༠༔ བུད་མེད་ནག་མོ་ངོ་མི་ཤེས་པའི་གོས་ནག་ཅན་ལ་ཉལ་བོ་བྱ་བ༡༡༔ བུད་མེད་ནག་མོའི་བདག་གི་ལྟོ་བ་ཕྲལ་བ༡༢༔ མི་ནག་པོ་དབྱུག་པ་ཅན་གྱིས་གསོད་པ་དང་༡༣ ༔ ཁྱེར་བ་ཁྲིད་པ ༡༤༔ རྒྱུས་མེད་པའི་རྒྱལ་ཁམས་སྟོང་བར་སྐྱི་བུང་བར་འཁྱམས་པ་ལ་སོགས་རྨི་བ་དང་༡༥ ༔ གཅན་གཟན་སོགས་ཀྱིས་སྙིང་ཁྱེར་བ་རྨི་བ་དང་༡༦ ༔ རང་གི་རང་སྲོག་གཅོད་པ་རྨི་བ་དང་༡༧ ༔ ལྷོ་ཕྱོགས་སུ་འགྲོ་བ་རྨི་བ་དང་༡༨ ༔ གཅེར་བུ་ཐལ་བས་བྱུག་པ་དང་༡༩ ༔ ལུས་ལ་རེ་ནག་གྱོན་པ་དང་༢༠ ༔ མགོ་ལ་གྲོད་པུ་ཀླུབ་པ༢༡༔ རྐེ་ལ་ཞགས་པ་བཞག་པ༢༢༔ གཤིན་པོ་མང་པོ་དང་ལྷན་དུ་རྩེ་བ་རྨི་བ༢༣༔ དེ་དག་གི་བཟའ་བཏུང་སྟེར་པ་དང་༢༤༔ ཡང་རྨི་ལམ་དུ་ནམ་རུབ་པ་ཤ་སྟག་རྨི་བ་དང་༢༥ ༔ ཐང་སྟོང་༢༦༔ ལུང་སྟོང་༢༧༔ གྲོག་སྟོང་སོགས་སུ་གཅིག་པུར་སྙིང་མི་དགའ་བར་འདུག་པ༢༨༔ གཞན་དུ་འགྲོ་ཞིང་གནས་ཁང་ཚོལ་བ་དང་༢༩ ༔ གོས་དམར་གྱོན་ནས་ནུབ་ཏུ་འགྲོ་བ༣༠༔ གཞན་གྱིས་སྐྱེལ་ཐུང་བྱེད་པ༣༡༔ ས་མཁར་སྒོ་མེད་དུ་འདུག་པ་རྨི་བ་༣༢ལ་སོགས་པ་འབྱུང་བ་ནི་ལན་རེ་གཉིས་ཙམ་ལ་ངེས་པ་མེད་པའི་ཕྱིར་དང་༔ ཉིང་འཁྲུལ་གྱི་ལམ་ཡིན་པའི་ཕྱིར་དང་༔ ལོ་གསུམ་ཚུན་ཆད་ལ་བལྟའ་བས་ཕྱིའི་རྟགས་ཟེར་རོ༔ ནང་གི་རྟགས་ནི་ལུས་ལ་འབྱུང་བ་སྟེ༔ མ་བརྟགས་པའི་རྟགས་དང་བརྟགས་པའི་རྟགས་གཉིས་སུ་ཡོད་དོ༔ དང་པོ་ནི༔ ནད་མེད་པའི་དུས་སུ་སེན་མོའི་འོད་དང་དམར་མདངས་ཤོར་བས་ཟླ་བ་དགུ་ན་༡འཆིའོ༔ མིག་གི་པྲིས་( སྤྲིིས་)མའམ་མིག་སྐྱགས་མེད་ན་ཟླ་བ་ལྔ་ན་འཆི་བ་༢དང་༔ ལྟག་པའི་བདུད་སྒོ་ནས་སྐྲ་ཚོམ་གྱེན་ལངས་བྱུང་ན་འཆི་བདག་གི་བདུད་ལངས་པ་ཞེས་བྱ་བ་སྟེ་ཞག་ཉེར་གཅིག་ན་༣འཆི༔ དེ་ལ་བཟློག་པའི་ཐབས་ཀྱང་མེད་པར་གསུངས་སོ༔ རྐང་བའི་རྒྱ་ཚིགས་ཀྱི་ལོང་བུ་ཕྱིར་འགྱུར་བ་ནི་ཟླ་བ་གཅིག་ན་མི་གནས་༤སོ༔ ཡང་གཞན་ལ་མིག་གི་བརྟགས་ཀྱང་༔ རང་ལ་མེ་ལོང་གི་ངོས་སུ་བརྟགས་ཀྱང་གང་ལྟར་ཡང་རང་གཞན་ནད་ཀྱི་ཐེབ་པ་དག་ལ༔ སོ་རྩ་ལ་དྲེག་པ་ནག་པོ་སྔར་མེད་ཆགས་ན་ཞག་དགུ་༡ནའོ༔ སྣ་ཡི་གཤོགས་པ་མེད་པར་ཞོམས་ཤིང་ལྡིབ་ན་ཞག་ལྔ་༢ནའོ༔ ཡན་ལག་བརྐྱང་བསྐུམ་ཡང་ཡང་རང་དབང་མེད་ན་ཞག་བདུན་༣ནའོ༔ མིག་འབྲུ་ཚུགས་སུ་བལྟས་ནས་འབྱེད་བཙུམ་མི་ནུས་ན་ཞག་གསུམ་ན་ཏྲོ་ཏ་༤ཧོ༔ མིག་གི་ཚིག་འཁྲུལ་ནས་ལོག་ལོག་བྱེད་ན་ཞག་བཅོ་ལྔ་༥ནའོ༔ འགྲམ་པ་ཡི་རྒྱུད་ཆད་ནས་ཤ་གཤོང་བུར་སོང་ན་ཞག་བཅུ་དགུའི་ནུབ་མོ་ཙམ་༦ལ༔ སྣ་ཡི་མ་སི་ཀི་ཆད་པ་ཞེས་བྱ་བ་སྣ་ཡོ་བར་གྱུར་ན་ཞག་བདུན་ན་འགུམ་པར་འགྱུར་༧རོ༔ མིག་གི་བར་ར་ན་ཆད་པ་ཞེས་བྱ་བ་མཆིལ་མ་རྒྱུན་མི་ཆད་པར་འབབས་པ་ན་ཞག་ལྔ་ན་འགུམ་པར་འགྱུར་༨རོ༔ འགྲམ་པ་གཡོན་པའི་ཤ་ཤོར་ནས་བཤོང་བུར་གྱུར་ནས་གཡས་སུ་ཡོ་ན་ཞག་གཅིག་ལས་མི་༩གནས༔ སྟེང་འོག་གི་སོ་འཐམས་ན་ཞག་གསུམ་ན་གདོན་མི་༡༠ཟའོ༔ ལྕེ་ཐོག་ཏུ་ཐིག་ལེ་ནག་པོ་ཅིག་བབས་ན་ཞག་གཉིས་ན་༡༡དང་༔ རྣ་བ་ལེབ་མོར་གྱུར་ཏེ་མགོ་ལ་འབྱར་ན་དེ་ནི་ནུབ་དེའི་ནམ་ཕྱེད་༡༢དོ༔ བྲང་གི་ལྷེན་སྣ་ཞོམ་ཏེ་སྐོང་བུར་གྱུར་ན་ཟླ་བ་ཕྱེད་པས་འཆི་ལྟས་སུ་གདོན་མི་༡༣ཟའོ༔ རང་གི་མཇིང་བའི་ཕྱི་རོལ་ན་རྩ་གཉིད་ལོག་ཡོད་པ་གཏེམ་ཀྱང་མེད་ན་དེ་ཡང་ཟླ་བ་ཕྱེད་༡༤ནའོ༔ འདི་དག་གི་དོན་ནི་གང་ཉམས་ཀྱང་དེའི་ཐད་ཀྱི་རླུང་དབུ་མར་ཐིམ་ཟིན་པའི་རྟགས་སུ་ངེས་པའོ༔ ཡང་རྒྱུ་མེད་པར་སྐྱེས་པ་ལ་དམར་ཆ་དང་བུད་མེད་ལ་དཀར་ཆ་འཛགས་པ་ཁམས་འཛིན་བྱེད་ཀྱི་རླུང་ཉམས་པ་ལས་བྱུང་༡༥བས་ན་ཟླ་བ་གཅིག་པའི་རྟགས་ཡིན་ནོ༔ སྦྲིད་པ་བྱུང་བ་དང་གཅིན་དང་གཤང་ལྕི་འཆོར་བ་གསུམ་དུས་མཉམ་ན་རླུང་འཆོལ་བ་ཡིན་པས་ན་ཟླ་བ་ཕྱེད་༡༦ནའོ༔ རང་གི་སྣ་རྩེ་རང་གི་མི་མཐོང་བ་༡༧ དང་༔ རང་གི་ལྕེ་རྩེ་རང་གི་མི་མཐོང་བ་༡༨ ༔ གཉིས་ནི་མིག་གི་རླུང་ཉམས་པ་ལས་བྱུང་བས་ན་ཞག་བཅུ་ནའོ༔ ལུས་ལས་འོད་འབྱུང་བ་ནི་དྲན་པ་འོད་རྩ་ལ་རྒྱུ་བ་ཡིན་པས་༡༩ན་ཞག་གསུམ་པས་སོ༔ འདི་འདྲ་རྒྱལ་གདོན་གྱི་ཆོ་འཕྲུལ་དུ་ཡང་སྲིད་པས་ན་ངེས་པ་རླུང་ལས་བཟུང་ངོ་༔ ཡང་གཞན་ནད་བའི་ལུས་ལ་བརྟགས་དུས་གཉིད་ཟིན་པ་དང་༔ རྩ་ལ་བརྟགས་པས་རྩ་ཆད་ན་འཆི་ལྟས་ཟླ་ཕྱེད་༢༠པའོ༔ དེ་ལྟར་ཉི་ཤུ་པོ་ནི་མ་བརྟགས་གསལ་བ་ཞིག་ཡིན་ནོ༔ བརྟགས་པའི་རྟགས་ནི༔ ཚེ་གཟུགས་ལ་དང་༔ ལྗོན་ཤིང་དང་༔ གསང་བ་རླུང་དང་༔ ཡང་གསང་སེམས་དང་ཡེ་ཤེས་ཀྱི་རྒྱུན་དང་གདངས་ལ་དང་༔ ཐོར་བུ་པ་ལ་བརྟགས་པས་གསལ་ཏེ༔ དང་པོ་ལ༔ ནམ་མཁའ་དངས་པའི་ཟླ་འོད་དམ༔ སྨག་ནག་གི་གནམ་ལྡིང་ངམ་ཉི་མ་སོགས་ལ་བརྟགས་པས༔ གཡས་ན་པོ་ཏི༔ གཡོན་ན་ཕྲེང་བ་ཐོགས་ལ་བརྟགས་པས༔ ཟླ་ཉི་ལ་གྲིབ་མ་སྨག་རུམ་ཏུ་གཟུགས་ནམ་མཁའི་ཁམས་ལ་ཤར་བའི་སྙིང་ཀར་མིག་གཏད་དེ་མིག་མི་འཛུམ་པར་གནས་པས་སྦྲིད་ཆལ་བ་བྱུང་དུས་མཁའ་དྭངས་པ་ལ་བལྟས་པས་སྐྱ་ཝ་ལེ་བས་ལུས་ཅི་ལྟ་བས་སྤྱི་རྣམས་ཚངས་ཞིང་ཡིད་དུ་འོང་བ་ཡོད་ན་ནི་ལོ་བདུན་དུ་མི་སྐྱོན་པའི་རྟགས་སོ༔ དེ་ལས་གྲིབ་མ་མེད་ན་ཟླ་བ་གཅིག་གི་འཆི་ཡང་བསྐྱར་བཟློས་ཡང་ཡང་མ་བྱས་ན་བལྟའ་མ་ཐུབ་མ་ཤེས་རྟགས་འཁྲུལ་བའི་ཁ་དམར་ལོག་པར་༡འགྲོའོ༔ མགོ་མེད་ན་ཟླ་བ་༢ལྔ༔ མགོའི་ཕྱེད་ཚལ་གཡས་མེད་ན་ཟླ་བ་༣དགུ༔ གཡོན་མེད་ན་ཟླ་བ་༤བདུན༔ རྐེ་ཡན་ཆད་མེད་ན་ཟླ་བ་༥གསུམ༔ རོ་སྟོད་མེད་ན་ཟླ་བ་༦གཉིས༔ སྨད་མེད་ན་ཟླ་བ་༧གཅིག༔ ལུས་གཡས་མེད་ན་ཞག་ཉེར་༨དགུ༔ གཡོན་མེད་ན་ཉེར་གཅིག་༩གི༔ ལག་གཡས་མེད་ན་ལོ་༡༠ལྔ༔ གཡོན་མེད་གསུམ་༡༡ན༔ རྐང་པའི་པུས་མོ་མཚམས་ནས་སྨད་མེད་ན་ལོ་༡༢གསུམ༔ རྐང་གཡས་མེད་ན་ཟླ་བ་བཅུ་༡༣དྲུག༔ གཡོན་མེད་ན་ཟླ་བ་༡༤བརྒྱད༔ རྐང་ལག་ཐམས་ཅད་མེད་ན་ཟླ་བ་གཅིག་༡༥གོ༔ ལག་ཆ་རྗེན་པ་མེད་ན་ལོ་བདུན་༡༦ནའོ༔ ཡང་འཕྲེད་གཡས་སུ་ཉལ་བའམ་ཡོ་ན་ན་༡༧ངོ་༔ གཡོན་དུ་འཆི་ངོ་ཡོད་ཉེས་བཟློག་༡༨ཡོད༔ མགོ་ཐུར་བསྟན་བཟློག་མེད་ཀྱི་ལྟས་༡༩སོ༔ དབྱིབས་གྲུ་བཞི་ཟླ་གམ་ཟླུམ་པོ་ནར་མོ་རྣམས་བཟློག་ཏུ་ཡོད༔ གྲུ་གསུམ་དང་རོ་བཏུམ་པ་ནི་འདྲ་ན་མི་བཟློག་གོ༔ ཁ་དོག་ལས་གདོན་བརྟགས་པའང་ཡོད་དེ་འདིར་དེ་ཙམ་མོ༔ ཡང་ལྗོན་ཤིང་ལ་བརྟགས་པ་ནི༔ ཉིན་ཕྱེད་ཁ་ལྷོ་བལྟས་སུ་ཙོག་པུར་གནས་པའི་པུས་སྟེང་གྲུ་མོ་བཞག་ལ༔ སྨིན་མཚམས་སུ་ལག་རྐེ་བཞག་པ་ལ་མིག་གཉིས་མཉམ་པར་བལྟས་པས་ཕྲ་མོ་ཙམ་གྱི་རྒྱུན་མ་ཆད་ན་སྐྱོན་མེད༔ ཆད་དེ་ཞག་བཅུ་དགུ་༡ནའོ༔ ཡང་ལག་པ་དང་རྐང་པའི་བླ་རྩ་མེད་ན་ཞག་བདུན་ལས་མི་གནས་༢སོ༔ གསུམ་པ་གསང་བ་རླུང་ལ་བརྟགས་པ་ལ༔ འགྲོ་འོང་གི་རླུང་དང་༔ ཡན་ལག་གི་རླུང་གཉིས་ལས་སྔར་བསྟན་པ་ལྟར༔ གྱེན་རྒྱུའི་རླུང་རྒོད་དེ་བརྩེགས་མར་ཉི་མ་རྩེ་ཤར་ལ་བྱུང་ན་ཟླ་བ་དྲུག་༡ནའོ༔ ཐུར་སེལ་ཉམས་པས་དྲི་བཤང་ཤོར་བ་དབང་མེད་ན་ཟླ་བ་བརྒྱད་༢ ན༔ སྣ་རྩེར་རླུང་གི་ཁ་དོག་ནང་མོ་མེད་ན་ཞག་བདུན་༣ནའོ༔ སྣ་གཡོན་ནས་མང་དུ་རྒྱུ་ན་ཚེ་རིང་༔ གཡས་ནས་མང་ན་ཐུང་བ་སྤྱིར་བཏང་ལ༔ ཁྱད་པར་ཐོ་རེངས་ནས་ཉི་ཤར་བར་དུ་ཚེས་གཅིག་གཉིས་གསུམ་རྣམས་གཡོན་ནས་རྒྱུ་ལ༔ དེ་ཕན་ཞག་གསུམ་ལ་གཡས་ནས༔ དེ་ལྟར་གསུམ་གསུམ་སྤེལ་བས་མར་ངོས་ཚེས་གཅིག་གི་ཉི་མའི་རླུང་རྒྱུ་བའི་བར་དུ་གོ་རིམ་བརྗེ་བ་བཞིན་ནོ༔ སྣ་བུག་གང་རུང་ཞིག་ནས་ཞག་ཁ་ཡར་བཏུད་དེ་རྒྱུ་ན་ཉེས་པ་ཡེ་མེད་ཅིང་༔ གོ་ལྡོག་པ་ལ་ཉེས་པ་ཆེ་སྟེ༔ ཞག་མ་དྲུག་ལ་གོ་ལྡོག་ན་འཐབ་རྩོད་འོང་༔ ཡང་ན་སྡུག་བསྔལ་དྲག་པོ་ཡོང་༔ ཟླ་ཕྱེད་དུ་ན་ནད་གདོན་འབྱུང་༔ ཟླ་གཅིག་ཉེ་བ་འཆི༔ ཟླ་བ་ཕྱེད་གཉིས་ཀྱི་བར་དུ་གོ་ཟློག་ན་ཟླ་བ་དྲུག་གིས་འཆི་བར་༤འགྱུར་རོ༔ ཡང་སྣ་བུག་གཡས་ཁོ་ན་ནས་རླུང་ཞག་གཅིག་རྒྱུ་ན་ལོ་གསུམ་དང་ཟླ་བ་གསུམ་ན་༥འཆི༔ ཞག་ལྔར༔ བཅུ༔ བཅོ་ལྔ༔ ཉི་ཤུ༔ ཉེར་ལྔར་རྒྱུ་ན་རིམ་བཞིན་དུ༔ ༦ལོ་གསུམ༔ ༧གཉིས༔ ༨གཅིག༔ ཟླ་བ་༩དྲུག༔ ༡༠གསུམ་རྣམས་སུ་འཆི༔ ཞག་ཉེར་དྲུག་ནས་སོ་གཅིག་གི་བར་གྱི་རིམ་བཞིན་ཟླ་བ་༡༡གཉིས༔ ༡༢གཅིག༔ ༡༣ཕྱེད༔ ༡༤ཞག་བཅུ༔ ༡༥ལྔ༔ ༡༦གསུམ་དག་ན་འཆི་ལ༔ དེ་ནས་གོ་ལྡོག་སྟེ་གཡོན་ནས་ཞག་གཅིག་རྒྱུ་ནས་དབུ་མར་ཞག་གཅིག་རྒྱུ་ཏེ་འཆིའོ༔ ཡང་གཡོན་ལའང་དེ་འདྲའི་འགྲེས་ཤེས་པར་བྱའོ༔ སྣ་གཤོགས་ཉམས་པ་སོགས་ནི་སྣ་ལ་འབྱུང་ལྔའི་རླུང་གི་ཤས་ཡོད་པ་ནང་སྙིང་ཀའི་རླུང་ལ་ཐིམ་པས་སོ༔ ཡན་ལག་གི་རྒྱུ་བའི་རླུང་དེ་མིག་ལ་གནས་པ་ཉམས་པས་གཟུགས་ལ་སོགས་པ་མི་མཐོང་བ་དང་མིག་གི་དབུས་སུ་སྔར་མེད་པས་རི་མོ་འབྱུང་བ་ཞག་༡༧བཞི༔ རྣམ་རྒྱུ་བ་རྣ་བ་ལ་གནས་པ་ཉམས་པས་སྒྲ་མ་རུང་བ་ཐོས་པ་དང་རང་ཀར་གྱི་སྒྲ་རྒྱང་རིང་བར་གྱུར་པ་འདྲ་བས་ཞག་བདུན་༡༨ན༔ ཡང་དག་པར་རྒྱུ་བ་སྣ་ན་ཡོད་པ་ཐིམ་པས་དྲི་མི་ཚོར་བར་གཤིན་དྲི་མ ནམ་པ་དང་ཞག་༡༩གསུམ་གྱིས་སོ༔ རབ་ཏུ་རྒྱུ་བ་ལྕེ་ན་ཡོད་པ་ཐིམ་པས་རོ་བྲོ་བ་མེད་པ་དང་༔ ལོག་པར་བྲོ་བ༔ སྐྱུག་བསྣངས་བརྫང་བ་རྣམས་༢༠ འབྱུང་༔ ཤིན་ཏུ་རྒྱུ་བ་ལུས་བྱིང་དང་ཁྱད་པར་གསང་གནས་སུ་ཡོད་པས་འཁྲིགས་བདེ་མེད་ན་ཞག་གཅིག་གི་༣༡འགྲོའོ༔ དེ་དག་ནི་ཐུར་སེལ་ནམ་མཁའ༔ མེ་མཉམ་ས༔ སྲོག་འཛིན་ཆུ༔ གྱེན་རྒྱུ་མེ༔ ཁྱབ་བྱེད་རླུང་གི་རླུང་ལྔའི་ཡན་ལག་གི་ཡན་ལག་ཏུ༔ མེ་མཉམ་ལས་རྒྱུ་བ་ས༔ སྲོག་འཛིན་ལས་རྣམ་རྒྱུ་ཆུ༔ ཁྱབ་བྱེད་ལས་ཡང་དག་རྒྱུ་རླུང་༔ གྱེན་རྒྱུ་ལས་རབ་རྒྱུ་མེ༔ ཐུར་སེལ་ལས་ཤིན་ཏུ་རྒྱུ་ནམ་མཁའི་རླུང་རྣམས་བྱུང་ངོ་༔ དེ་ཐམས་ཅད་ཀྱི་རྩ་བ་ནི་སྙིང་ཀ་ན་རྩ་བ་ས་ཆུ་མེ་དང་ནམ་མཁའི་རླུང་ལྔ་ཡོད་པ་དེ་རེད་པས་སྦྲའི་ཆོན་ཐག་བཏུལ་བ་ལྟར་ནང་དུ་སྡུད་པས་བྱེད་ལས་སོ་སོ་ནས་ཀྱང་འགགས་པ་ཡིན་ནོ༔ གཡས་གཡོན་ནས་ཕོ་མོའི་རླུང་རྒྱུ་བས་གཅིག་ཏུ་གོ་ལྡོག་པ་དེ་ཡང་རོ་རྐྱང་གང་རུང་གི་རླུང་དབུ་མར་ཐིམ་པ་ལས་བྱུང་བས་འཆི་ལྟས་དང་༔ ལག་རྐང་རང་རང་གི་ལས་ཤེད་ཡས་པའང་ཁྱབ་བྱེད་ཐིམ་པ་༢༣དང་༔ ཕྱིར་དྲོད་ཁོལ་བུར་འདུ་བའང་མེ་མཉམ་ཉམས་པ་༢༤དང་༔ དཀར་ཆ་མེད་པ་ཐུར་སེལ་ཉམས་པ་༢༥དང་༔ དྲན་པ་འཁྲུལ་བ་སྲོག་འཛིན་ཐིམ་༢༦པའི་སྔ་རབས་ཡིན་པའི་བྱང་བ་གལ་ཆེའོ༔ ༈ ཡང་གསང་སེམས་རིག་ལ་རྟགས་ཡོད་དེ་དང་པོ་ནི་སེམས་ལ་རྒྱུན་འགྱུར་༡བ་ཞེས་སྔར་མི་བརྟན་པོའང་ད་ལྟར་གློ་བུར་དུ་ཡིད་རྩང་བོར་ཐལ་བ༔ རྩང་པོ་བརྟན་པོར་འགྱུར་བ་༢དང་༔ ཡང་རྒྱུད་ལོགས་པ་སྔར་སྡིག་སེམས་ཅན་ཡང་གློ་བུར་ཆོས་དད་ཅན་༣དང་༔ དེ་ལས་ལྡོག་པ་༤ དང་༔ ཡང་རྒྱུད་རྩུབ་པའང་མཉེན་པར་༥ལོགས༔ དེ་ལྡོག་༦དང་༔ ཡང་ཕྱི་ཐག་རིང་བའང་ཐུང་ངུར་༧འགྱུར༔ ཐུང་ངུའང་རིང་༨པོར༔ གཟའ་མའི་མ་མནར་ཡང་ཐག་རིང་དུ་འགྲོ་སྙིང་འདོད་པ་༩དང་༔ གར་འགྲོ་ཆ་མེད་པ་དང་༔ འདུག་སྙིང་མིི་འདོད་པ་རྣམས་འབྱུང་༔ ཁྱད་པར་བསམ་ངན་མི་དགོས་པ་༡༠སྣ་ཚོགས༔ སྔར་གྱི་སྙིང་རྗེ་ཆོས་དད་འཆི་བར་བློ་སྦྱང་པ་ཐམས་ཅད་ཡལ་༡༡བའང་དེ་ལྟར་འཆི་བའི་རྟགས་དེ་ལོ་གཅིག་གཉིས་ཚུན་གྱིས་སོ༔ གཉིས་པ་རིག་པ་ལ་ནི༔ ཡེ་ཤེས་ཀྱི་རང་སྒྲ་རྣ་བ་ན་སྒྲ་ཡོད་པ་མཁའ་འགྲོ་མའི་སྒྲ་ཟེར་བ་དེ་ལག་པས་རྣ་བ་བཀག་པ་ན་རྔ་སྒྲ་དང་འདྲ་ན་སྐྱོན་མེད༔ རླུང་ཆེན་དང་འདྲ་ན་ཞག་བདུན༔ སྒྲ་དེ་མེད་ན་ཞག་ལྔ་ན་༡འཆིའོ༔ ཡེ་ཤེས་ཀྱི་རང་འོད་མིག་གི་སྒྲོན་མ་སྤྱི་དང་ཁྱད་པར་མིག་བཙིར་བས་རི་རྩེའི་ཉི་མ་མི་འགྱུར་བ་ཟེར་བས་འོད་སྐོར་དེ་མེད་ན་ཞག་གསུམ་ནའོ༢༔ དེ་གཉིས་ནི་ཡེ་ཤེས་ཀྱི་གདངས་ནང་དུ་ཐིམ་པའི་རྟགས་ཡིན་ནོ༔ ཁྱད་པར་དུ་ཐོར་བུར་བརྟགས་ན་ནང་བར་ས་སྟེང་དུ་དྲི་མ་བཏང་བ་ལ་རླངས་པ་མེད་ན་དགེ་སྦྱོང་དུ་བ་ཆད་པ་ཟེར་བས་ཞག་༡དགུ༔ འཆི་བ་བརྟགས་ཕྱིར་གནང་བས་ཁམས་ནག་པོ་བབས་ན་ཞག་༢གསུམ༔ མེད་ན་རི་རབ་ཀྱི་རྩེ་༣ནས་སེང་གེ་དཀར་མོ་མི་འབབས་པ་ཟེར་བ་དངོས་འདི་ཡིན་ཡང་དགོངས་བཤད་གཞན་དེ་ཞག་བཅུ་དྲུག་གམ༔ ཞག་གཅིག་ནས་ཀྱང་འཆིའོ༔ དགོངས་བཤད་ལྟར་ཤར་ནས་ཆུ་ལ་ཉི་མ་ཤར་བའི་ནུབ་ངོས་མུན་པའི་གྱང་ལོག་ལ་གཟུགས་བརྙན་འཆར་ཕྱིར་ཆུ་དང་གྱང་གི་བར་དུ་ལངས་སྟབས་ཀྱི་གནས་པས་གྲིབ་མ་ཉིས་བརྩེགས་ཡོད་ན་སྐྱོན་མེད༔ མེད་ན་ཞག་བཅུ་དྲུག་གི་དུས་བྱེད་༤དོ༔ ཡང་ནང་མོ་ཉི་གྲིབ་ཀྱི་སྤྱི་བོ་ན་རླངས་པའི་གྲིབ་མ་མེད་ན་ཟླ་བ་ཕྱེད་པའི་ལྟས་༥སོ༔ ལག་མཐིལ་དུ་ཧས་བཏབས་༦གྲང་༔ ཕུས་བཏབ་༧དྲོ༔ མར་མེ་ཤི་བའི་དྲི་༨མེད༔ སེ་གོལ་གཏོགས་པའི་སྒྲ་མེད་༩པ་དང་༔ གྲིབ་མ་མར་མེ་ལ་༡༠གཉིས་ཡོད་པ༔ གྲིབ་མ་མེད་༡༡པ༔ ཡོད་ཀྱང་སྲབ་༡༢པ༔ རླུང་མིག་སོང་ནས་སིར་༡༣བ༔ ས་འབོལ་ལ་རྐང་རྗེས་མེད་པ་༡༤དང་༔ ཐལ་ཕུང་དུ་མི་དོད་༡༥པ༔ དོད་ཀྱང་ཆད་༡༦པ༔ གསུར་དྲི་ལ་དགའ་གདུང་ཆེ་༡༧བ༔ རྒྱུ་མེད་པར་བག་གྲངས་ཤིང་ངུ་སྙིང་འདོད་པ་༡༨དང་༔ ཡང་ཆུ་ཡི་སྤྲིས་མ་མེད་ན་ཉི་མ་བདུན་༡ནའོ༔ ཆུའི་རླངས་པ་ལ་བརྟགས་པས་སྔོ་དམར་ནི་མི་སྐྱོན༔ རླངས་པ་མེད་ན་ཞག་བཅོ་༢ལྔ༔ རླངས་པ་མདོག་ནག་པོ་ཞག་བཅུ་༣གཅིག༔ དམར་པོ་ཐིག་ལེ་ཅན་ནི་ཞག་༤དགུའོ༔ ཉིན་གོང་སྣ་བུག་གཡས་ནས་ཁྲག་འོང་གྲངས་མང་ན་ཞག་༥བརྒྱ༔ དེ་ལ་སོགས་བསམ་གྱིས་མི་ཁྱབ་བོ༔ དེ་ལྟར་ཕྱི་ནང་གསང་བ་ཡང་གསང་གི་ཁྱད་པར་གྱི་དབྱེ་བས་དུས་རིང་ཐུང་བགོས་པས༔ ཉེ་བ་དང་རིང་བའི་འཆི་ལྟས་ནི་ཐལ་ལོ༔ དེ་ལྟར་རྨི་ལམ་གྱི་ལྟས་སོ་གསུམ༔ ལུས་ཀྱི་མ་བརྟགས་པའི་ཉེར་ལྔ༔ བརྟགས་པའི་ཉེར་གཅིག༔ རླུང་གི་ཉེར་ལྔ༔ སེམས་ཀྱི་བཅུ་གཅིག༔ ཡེ་ཤེས་ཀྱི་གཉིས༔ ཐོར་བུའི་ཉེར་གསུམ་རྣམས་བསྡོམ་པ་བརྒྱ་དང་བཞི་བཅུ་ནི་འབྲིང་བོའི་དབང་དུ་བྱས་ལ་བརྟགས་པའོ༔ གཉིས་པ་བསླུ་བའི་ཐབས་ཅུང་ཟད་ཀྱི ས་ཁུང་ཙམ་དུ་སྲོག་རྩོལ་གྱི་རླུང་ཐུན་བརྒྱ་རེ་ནང་མོ་བཟུང་བ་དང་༔ བུམ་ཅན་གྲངས་བཟུང་བསྒོམ་པས་ཀྱང་བཟློག༔ ནམ་མཁའ་ཟས་སུ་ཟ་བའི་བཅུད་ལེན་གྱིས་ཀྱང་བཟློག༔ རྡོ་རྗེའི་ཚེ་སྒྲུབ་པས་ཀྱང་བཟློག་གོ༔ སོ་སོའི་སྒོས་བཀར་གྱི་འཆི་བ་བསླུ་ཐབས་རྣམས་གཞན་དུ་ཤེས་སོ༔ གསུམ་པ་སྡུག་བསྔལ་དངོས་སྤྱིར་བཤད་པ་དང་༔ འབྱུང་བའི་ཐིམ་ཚུལ་བྱེ་བྲག་ཏུ་བཤད་པ་གཉིས་ལས་དང་པོ་ལ༔ ལུས་ཀྱི་འབྱུང་བ་འཐབ་པས་ཁང་རུལ་ཞིག་པ་ལྟར་སོ་སོར་གྱེས་པས་ཉེར་ལེན་སེམས་ཀྱིས་བྱས་ཏེ་ལུས་སེམས་གཉིས་ཆར་སྡུག་བསྔལ༔ སེམས་ཀྱི་ཚོར་བ་ནི་གནད་གཅོད་བཟོད་པར་དཀའ་བས་གདུང་བའི་རྒྱུ་ངག་གི་རྩ་བ་རླུང་རང་བཞིན་དུ་གནས་པ་བཙན་ཐབས་སུ་ཆད་པ་ལས་སྡུག་བསྔལ་དེ་གཉིས་པོ་ནི་ལུས་ངག་གི་སྡུག་བསྔལ་ལོ༔ བློ་རང་གི་ཆོས་སུ་སྐྱེས་པའི་སྡུག་བསྔལ་ནི་བསམ་གྱིས་མི་ཁྱབ་པ་ཡོད་དེ༔ བསྡུ་ན་ཀྱེ་མ༔ ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ལུས་རྟེན་ཞིག་ལ་འབྲས་བུ་ཐོབ་སླ་བ༔ སྡོམ་གསུམ་གྱི་རྟེན་དུ་རུང་བ༔ ཐར་པ་སྒྲུབ་པའི་སྟོབས་དང་རྣམ་པར་དཔྱོད་པའི་བློ་དཀྱིལ་ལ་བདག་ལས་བཟང་བ་མེད་པའི་མི་ལུས་རིན་པོ་ཆེ་ལྟ་བུ་ཐོབ་པ་བསམ་བཞིན་ཤེས་བཞིན་དུ་ཆུད་ཟོས་སུ་བཏང་བ་འདི་ཕུང་ཆེ་སྙམ་པའི་སྡུག་བསྔལ་ཤིན་ཏུ་འགྱོད་པ་དང་༔ མཇལ་དཀའ་བའི་བླ་མ་དམ་པས་ཟིན་པ་ལ་དད་མོས་ཙམ་ཡང་མ་ནུས་པར་ལོག་ལྟའི་རྒྱུད་བཟུང་༔ ཐོབ་དཀའ་བའི་གདམས་ངག་ཐོབ་པ་དེ་ལ་དོ་ཚགས་མ་བྱས་དགོས་མེད་ཚེ་འདིའི་དོན་དུ་རྣམ་གཡེང་ལ་ཤོར་བ་འདི་ཕུང་ཆེ་སྙམ་པའི་སྡུག་བསྔལ་ཤིན་ཏུ་འགྱོད་པ་དང་༔ ཐ་ན་དགེ་བཅུ་བླང་བ༔ སྡིག་བཅུ་སྤོངས་པ༔ ཕྱག་སྐོར་ཚྭ་ཚྭ༔ ཉ་དང་གྲོག་སྦྱིན༔ ཕན་སེམས་ཡི་རང་ཙམ་དང་༔ མ་ཎི་རྡོག་གཅིག་ཡན་ཆད་ལ་བརྙས་བཅོས་ཀྱིས་མ་བྱས་པ་གསེར་གླིང་ནས་སྟོང་ལོག་བྱས་པ་བས་ཀྱང་ཐུ་བ་འདི་རབ་ཏུ་ཕུང་ཆེ་སྙམ་པའི་བློ་ལྷག་གི་འགྱོད་པའི་སྡུག་བསྔལ༔ ཁྱད་པར་དུ་ད་ང་ལ་ཅུང་ཡོད་ཀྱང་ཕན་པ་ཆོས་ཡིན་ཡང་ཅི་ཡོད་སྙམ་པ་དང་༔ ཅུང་ཟད་གྱིས་ཀྱང་ཤིན་ཏུ་གནོད་པ་སྡིག་པ་ཡིན་པས་ཅི་ཡོད་སྙམ་དུ་བློ་རྒྱུ གས་ཅིག་བླང་བས༔ དགེ་བ་ཁ་གྲངས་ནི་ཉིན་སྐར་བས་ཉུང་༔ སྡིག་པ་ནི་ས་ཆེན་པོའི་རྡུལ་ལས་གྲངས་མང་༔ དགེ་བ་རེ་ཟུང་ཡོད་ཀྱང་ལ་ལ་ཞེ་སྡང་གིས་འཇོམས༔ ལ་ལ་ངོ མ་ཆོས་མངོན་མཚན་གྱིས་འཇོམས༔ ལ་ལ་འགྱོད་པསའཇོམས༔ ལ་ལ་མ་བསྔོས་པས་འཇོམས༔ ལ་ལ་ལོག་བསྔོས་ཀྱིས་འཇོམས༔ ལ་ལ་ཐོག་མའི་ཀུན་སློང་མི་དགེ་བའི་མཚན་ཉིད་པ་དགེ་བར་མ་གྱུར༔ ལ་ལ་བར་དུ་སྡིག་པ་དང་འདྲེས་པས་རྣམ་དག་གི་ཆོས་ཅུང་ཟད་ཀྱང་མ་ལྷག་ལ༔ ལུས་ཀྱི་དངོས་ཤུགས་མཐུན་རྐྱེན་དུ་གྱུར་བ༔ ངག་གི་དངོས་ཤུགས་རྗེས་བརྗོད་དུ་གྱུར་བ༔ སེམས་ཀྱི་དངོས་ཤུགས་ཡི་རང་བྱས་པ་ལ་སོགས་པ་སྡིག་ལྟོས་རི་རབ་བས་ཆེ༔ གཏིང་རྒྱ་མཚོ་བས་ཟབ༔ གྲངས་སྐར་ཚོགས་ལས་མང་༔ རྒྱུན་ཆུ་བོ་ལས་རིང་༔ ད་ཅི་ཚུགས་བྱ་སྙམ་སྟེ་ན ག་ཅན་རྒྱལ་པོས་བཟུང་བ་ལྟར་སྡུག་བསྔལ་ལ༔ ཡང་ཚེ་ད་སྔོན་གྱི་སྐྱིད་པ་དྲན་ནས་དེ་རིང་ཕན་ཆོད་འདུག་དབང་མེད་སྙམ་དུ་ཡུལ་ལ་ཆགས་ཤིང་འགྲོ་མི་ཐུབ་པས་སྡུག་བསྔལ༔ ཕྱོགས་ཐམས་ཅད་ནས་སྐྱབས་མགོན་དཔུང་གཉེན་མ་རྙེད་པས་བྱ་ཐབས་བྲལ་བའི་སྡུག་བསྔལ༔ གཉེན་ཉེ་བ་ལ་འགྲོགས་པའི་བག་ཆགས་ཀྱིས་འབྲལ་དུ་མི་ཕོད་པར་གྱུར་ཀྱང་རང་དབང་མེད་ལ་ད་ཕྱིན་མི་འཕྲད་བའི་སྡུག་བསྔལ༔ རྒྱུ་རྫས་ལོངས་སྤྱོད་སྡིག་གིས་བསགས་ཀྱང་སྤྱོད་དབང་ནི་བྲལ་དེ་རྒྱུ་ནི་མ་སོགས་པ་དང་འདྲ་ལ༔ སྡིག་པ་ནི་སོགས་ཟིན་པས་འགྱོད་པ༔ ནོར་རྫས་ཐམས་ཅད་གཞན་གྱི་ཐོབ་བྱ་བྱེད་པས་ཆགས་ཞེན་བློས་མི་འཁྱུད་པས་སྡུག་བསྔལ༔ ཕར་བལྟས་པས་གཤིན་རྗེ་མི་འགྲེང་བདུན་ཙམ༔ ཤ་ཚུགས་འཇར་འཇུལ་བ་གཅེར་བུ་སྐྲ་དམར་བོ་གནམ་དུ་གཟེང་བ༔ ཨམ་ཚིག་བསྡམ༔ སོ་ཞོ་ངོམས༔ བེ་ཅོན་གྱིས་བསྡིགས༔ ཞགས་ནག་རྐེ་ལ་བཞག༔ མུན་ནག་གིས་སྔུན་བསུས༔ རླུང་ནག་གིས་དེད་པ་ལ་འཇིགས་སྐྲག་བཟོད་བརླག་མེད་པའི་སྡུག་བསྔལ༔ ཡང་ད་སྔོན་གཅེས་པར་བསྐྱང་བའི་ཞེན་འཛིན་གྱི་ལུས་དང་བྲལ་བའི་སྡུག་བསྔལ་ལ་ཚད་བཟུང་གི་ཕ་མཐའ་བྲལ་བའི་སྡུག་བསྔལ༔ དེ་ལས་སྡིག་ཆེན་རྣམས་ཀྱི་དམྱལ་བའི་ལས་མཁན་གྱིས་སོད་རྒྱོབ་ཀྱི་སྒྲ་ཐོས་པས་སྡུག་བསྔལ༔ སེམས་ཅན་གྱི་འོ་དོད་ཀྱི་སྒྲ་ཐོས་པས་སྡུག་བསྔལ༔ མེ་དཔུང་གི་འུར་ཚོགས་ཀྱི་སྒྲ་ཐོས་པས་བྲེད་དངངས་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་ལ༔ གལ་ཏེ་དེ་ལྟ་མིན་ཀྱང་ད་ངན་འགྲོར་ཅི་མྱོང་སྙམ་པའི་སྡུག་བསྔལ་མྱོང་བ་དང་༔ རང་གཅིག་པུར་འགྲོ་དགོས་པས་འཚེར་བ་དང་བཅས་པ་སྟེ༔ ལུས་ཀྱི་སྡུག་བསྔལ་ནི་དཔེར་ན་ནད་ཆེན་པོས་ཐེབ་བའི་བརྒྱ་ཆར་ཡང་མི་ཕོད༔ ངག་གི་སྡུག་བསྔལ་ནི་དཔེར་ན་མཆུ་ལག་པས་བཙུམ་ཏེ་ཐུབ་ཐང་དུ་བསྲན་བའི་བརྒྱ་ཆར་མི་ཕོད༔ སེམས་ཀྱི་སྡུག་བསྔལ་ནི་དཔེར་ན་ཤི་བས་བརྒྱ་ཆར་མི་ཕོད༔ འབྲལ་བའི་སྡུག་བསྔལ་ནི་གཟའ་ཚང་གསོན་པོར་བྲལ་བའི་བརྒྱ་ཆར་མི་ཕོད༔ ལུས་པའི་སྡུག་བསྔལ་ནི་དཔེར་ན་དགྲས་བཅོམ་པའི་བརྒྱ་ཆར་མི་ཕོད༔ བློ་ཉེས་པའི་སྡུག་བསྔལ་ནི་ཕ་ཆུས་ཀྱི་འདུན་མ་ཉེས་པའི་བརྒྱ་ཆར་མི་ཕོད༔ གྲུབ་པའི་སྡུག་བསྔལ་ནི་དུག་ཁོང་དུ་སོང་བའི་བརྒྱ་ཆར་ཡང་མི་ཕོད་དོ༔ ས་མ་ཡཱ༔ གཉིས་པ་འབྱུང་བའི་ཐིམ་ཚུལ་བཤད་པ་ལ༔ ཕྱི་འབྱུང་ནང་འབྱུང་ལ་ཐིམ་པས་འཁོར་བའི་ཆོས་རགས་པ་ཉི་ཤུ་ཐིམ་ཚུལ༔ ནང་འབྱུང་ཕྲ་བའི་ཐིམ་ཚུལ་ཉེར་ལྔ༔ ཡང་ཕྲ་སྟོང་བཞིའི་སྣང་བ་ཀ་དག་ལ་བརྒྱད་རྣམས་ནི་འཆི་སྲིད་ཀྱི་བར་དོ་ཡིན་ལ༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་སོགས་ཆོས་ཉིད་སྣང་བའི་བར་དོར་བཞག་གོ༔ ཀ་དག་སྟོང་བའང་ཐིམ་ཚུལ་གྱི་འཆི་སྲིད་ལུགས་འབྱུང་གི་ཆོས་ཉིད་དེ་ལྟོས་བརྟགས་སོ༔ གཟུགས་ཐིམ་པས་ཕྱི་གཟུགས་འགགས༔ ཚོར་བ་ཐིམ་པས་བདེ་སྡུག་བར་གསུམ་ལ་མི་རྟོག༔ འདུ་ཤེས་ཐིམ་པས་རྒྱ་ཆེ་ཆུང་བར་མར་མི་རྟོག༔ འདུ་བྱེད་ཐིམ་པས་ལུས་སེམས་དཀར་ནག་གི་བྱ་བ་ལ་མི་འཇུག་གོ༔ རྣམ་ཤེས་ཐིམ་སྟེ་ཉེ་བས་འཁོར་བ་སྤྱི་དམིགས་ཀྱི་རྣམ་སྨིན་བསྡུས༔ མིག་དབང་ཐིམ་སྟེ་གཟུགས་དང་རྣམ་ཤེས་ཀྱི་མཚམས་མི་སྦྱོར༔ རྣ་དབང་ཐིམ་པས་སྒྲ་དང་རྣམ་ཤེས་ཀྱི་མཚམས་མི་སྦྱོར༔ སྣ་དབང་ཐིམ་ནས་དྲི་དང་རྣམ་ཤེས་ཀྱི་མཚམས་མི་སྦྱོར༔ ལྕེ་དབང་ཐིམ་ཏེ་རོ་དང་རྣམ་ཤེས་ཀྱི་མཚམས་མི་སྦྱོར༔ ལུས་དབང་ཐིམ་སྟེ་རེག་དང་རྣམ་ཤེས་ཀྱི་འཚམས་མི་སྦྱོར༔ མིག་གི་རྣམ་ཤེས་ཐིམ་ལ་ཉེ་བས་གཟུགས་འབྱེད་པར་མི་འཛིན༔ རྣ་བའིི་རྣམ་ཤེས་ཐིམ་པར་ཉེ་བས་སྒྲ་འབྱེད་པར་མི་འཛིན༔ སྣའི་རྣམ་ཤེས་ཐིམ་པར་ཉེ་བས་དྲི་འབྱེད་པར་མི་འཛིན༔ ལྕེའི་རྣམ་ཤེས་ཐིམ་པར་ཉེ་བས་རོ་འབྱེད་པར་མི་འཛིན༔ ལུས་ཀྱི་རྣམ་ཤེས་ཐིམ་པར་ཉེ་བས་རེག་འབྱེད་པར་མི་འཛིན་ནོ༔ དེ་དག་ནི་འབྱུང་བའི་ཐིམ་རིམ་གྱི་རྒྱུའི་ཕྱི་གསལ་ནང་དུ་བསྡུས་པ་མར་མེའི་རང་འོད་འདུས་པ་ལྟར་ཇེ་ཆུང་ལ་འགྲོ་བ་ཡིན་ལ༔ འབྱུང་ལྔའི་ཐིམ་ཚུལ་ལ༔ ས་ཁམས་ཐིམ་པས་ལུས་ལྕི་ཞིང་ལྡང་དང་འགྲོ་བ་མི་ནུས་པ་དང་༔ ལུས་སྐམ་ཞིང་རིད་པ་དང་༔ ལུས་ས་ལ་བྱིང་ངོ་སྙམ་སྟེ་ཡར་ཁྱོགས་ཟེར་བ་དང་༔ ཆུ་ཁམས་ཐིམ་པས་ཁ་ཆུ་དང་སྣ་ཆུ་ཟག་ཅིང་ཨ་ཆུ་ལ་སོགས་ཟེར་ནས་ལུས་ཆུ་ལ་བྱིང་སྙམ་འབྱུང་ཞིང་དེ་ནས་སྐམ༔ མེ་ཁམས་ཐིམ་པས་ཟས་མི་ཞུ༔ དྲོད་མཐའ་ནས་སྡུད་ཅིང་ཨ་ཚ་སོགས་ཟེར་ཁ་སྣ་སྐམ༔ རླུང་ཁམས་ཐིམ་པས་དབུགས་ངར་ངར་ཁག་ཁག་ཟེར་ཞིང་ཡན་ལག་གཡོབ༔ མིག་གྱེན་ལ་ལྡོག༔ དབུགས་ཕྱིར་རིང་དུ་རྒྱུ་ཞིང་ནང་དུ་རྩུབ་མོ་ལས་སྡུད་མི་ཤེས་སོ༔ ཁྱད་པར་དུ༔ གྱེན་རྒྱུ་ཐིམ་པས་ཕྱིར་རིང་༔ ཐུར་སེལ་མེད་པས་ཁམས་དང་རྩ་ཆུ་ལྷོད༔ སྲོག་འཛིན་ཐིམ་པས་རྒྱུ་བ་ཆད༔ མེ་མཉམ་ཐིམ་པས་བཟའ་བཏུང་མིད་པར་མི་ནུས༔ ཁྱབ་བྱེད་ཐིམ་པས་རྡོ་ལྟར་རེངས་སོ༔ རྒྱུ་བ་རྣམ་རྒྱུ་སོགས་ཉིང་ལག་གི་རླུང་ཐིམ་པས་དབང་ལྔའི་ནུས་པ་ཞན༔ ཡང་ས་རླུང་རྩ་ཕྲན་ནས་དབུ་མར་ཐིམ་པས་བན་བུན་ལང་ལོང་གི་རབ་རིབ་འཆར༔ ཆུ་རླུང་རྩ་ཕྲན་ནས་ཞུགས་པས་སྨིག་རྒྱུ་ལྟ་བུའི་རབ་རིབ་འཆར༔ མེ་རླུང་རྩ་ཕྲན་ནས་ཞུགས་པས་མེ་ཁྱེར་ལྟ་བུའི་གསལ་ལམ་འབྱུང་༔ རླུང་གི་རླུང་རྣམ་པར་ཐིམ་པས་མར་མེ་ལྟར་ཤེས་པ་གསལ་བ་ཡང་འབྱུང་ལ༔ ནང་འབྱུང་ཕྲ་བའི་ཐིམ་ཚུལ་རླུང་ལས་ཕྱེ་བ་ཉེར་ལྔ་ནི་པདྨ་ང་ཡི་སྔར་རང་ཤར་ཆེན་པོ་ལས་བཤད་དེ༔ འདིར་གོ་རྒྱུ་ཆུང་བས་མ་བཟློས་སོ༔ ༈ བརྒྱད་པ་ཡང་ཕྲ་སྟོང་བཞིའི་སྣང་བ་ཀ་དག་ཏུ་ཐིམ་པའི་ཚུལ་ལས༔ དང་པོ་རྣམ་ཤེས་ཏེ་འཇུག་ཤེས་ལྔ་ཡིད་ལ་ཐིམ་པ་དང་༔ ད་ལྟའི་འདི་ལྟར་མ་ཡིན་པའི་གཟུང་བའི་རྣམ་རྟོག་རགས་པ་འགགས་ཤིང་༔ སེམས་ཤིན་ཏུ་གསལ་བར་སྣང་བ་དང་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་ཡིན་པ ས་ན་སྣང༵་བ༵འི་ཡེ༵་ཤེས༵་ཞེས་བྱ༔ ཞེ་སྡང་གི་རྟོག་པ་སོ་གསུམ་དང་གཟུང་རྟོག་རགས་པ་དང་སྒོ་ལྔ་འགགས་པས་སྟོང༵་པའི༵་འོད༵་གས༵ལ་ཟེར༔ རླུང་ལྔ་དབུ་མར་ཞུགས་པས་འོད་ལྔ་འཆར་ཆ་རབ་རིབ་ཏུ་འབྱུང་ངོ་༔ དེ་ནས་དབུ་མའི་ཡར་སྣར་ཕ་ལས་ཐོབ་པའི་ཐིག་ལེ་དཀར་ཆ་ཐུར་དུ་བབས་ནས་སྙིང་ཀར་སླེབ་པ་ན་ཁམས་དཀར་པོ་དང་འབྲེལ་བའི་དབང་གིས་ཟླ་འོད་ལྟ་བུའི་དཀར་ལམ་པ་ཞིག་འབྱུང་བ་སྟེ༔ ལེགས་པར་དཔྱད་ན་སྙིང་ཀའི་ཤར་རྩ་ན་འོད་དཀར་པོ་ཡོད་པའི་གདངས་དང་༔ ཡིད་ཀུན་གཞི་ལ་ཐིམ་པས་ཀྱང་སྣང་བ་མཆེད་པ་ལ་ཐིམ་ཟེར་ལ༔ སེམས་ཤིན་ཏུ་གསལ་བར་སྣང་བས་ཀྱང་མཆེ༵ད་པ༵ས་ཡེ༵་ཤེས་ཀྱི་སྣང་བ་ཟེར་ཏེ༔ སྔར་གྱི་སྣང་བའི་ཡེ་ཤེས་དེ་ལས་ཀྱང་ཆེར་མཆེད་བའི་དབང་གིས་ཡིན་ལ༔ སྣང་བ་འདི་ལ་ཡེ་ཤེས་གོང་འོག་གཉིས་ཀྱི་ཆ་ཡོད་པས་ན་སོར་རྟོགས་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་གསལ་བའི་ཡེ་ཤེས་བྱས་ཀྱང་ཆོག་ལ༔ འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགག་པ་དང་འཛིན་པའི་རྣམ་རྟོག་རགས་པ་དང་བྲལ་བས་ཆེ༵ན་པོ༵་སྟོང༵་པ༵་ཡང་ཟེར་རོ༔ དེ་ནས་མཆེད་པ་ཐོབ་པ་ལ་ཐིམ་པ་ཞེས་བྱ་སྟེ་མ་ལས་ཐོབ་པའི་དམར་ཆ་ཕྱི་ནས་སྙིང་གར་ལྡོག་པ་དང་༔ ནང་ནས་སོར་རྟོགས་བདེ་བའི་ཡེ་ཤེས་འཆར་དེ་དེའི་རྩའི་འོད་གདངས་དམར་སེར་དུ་སྣང་སྟེ་ཉོན་ཡིད་ཀུན་གྱི་གཞི་ལ་ཐིམ་པ་དང་༔ བདེ་གསལ་འཛིན་མེད་ཀྱི་ཡེ་ཤེས་སྐྱེས་ཏེ་གཉིས་འཛིན་ཕྲ་བ་ཡང་འགགས་པའི་ཕྱིར་དང་༔ ཡེ་ཤེས་དེའི་སྟོབས་ཀྱིས་གཏི་མུག་གི་རྟོག་པ་བདུན་བཅོམ་པས་ཤི༵ན་ཏུ༵་སྟོང༵་པ༵་དང་༔ སྤྲོས་བྲལ་གྱི་ཡེ་ཤེས་སུ་སྣང་བའི་སེམས་རང་ས་ན་གསལ་བས་ཐོབ༵་པའི༵་ཡེ༵་ཤེས་བྱའོ༔ ༈ དེ་ནས་དཀར་དམར་སྙིང་ཀར་འདྲེས་པ་དང་མཉམ་དུ༔ ཕྱི་རྟགས་མཐིང་ལྗང་ནག་པོའི་ཤས་ཀྱི་ཆེ་བ་མུན་སྲོས་པ་ལྟ་བུ་བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་ཀྱི་རྩའི་རང་གདངས་དང་༔ དེ་དུས་ཉེ་བ༵ར་ཐོབ༵་པས༵་ཡེ༵་ཤེས༵་རྣམ་པར་མི་རྟོག་པའི་ཏིང་འཛིན་ཞེན་རྟོག་གི་མཐའ་དང་བྲལ་བར་འཆར་བས་ངོ་བོ་སྟེ་ཆོས་དབྱིངས་ཡེ་ཤེས་སུ་བཞུགས་པའི་ཨ་ཧཾ་གི་ནུས་པ་དང་༔ ཀུན་གཞི་ཡང་ཆོས་དབྱིངས་ཡེ་ཤེས་སུ་ཐིམ་པའི་ཕྱིར་དང་གཉིས་འཛིན་དང་གཉིས་སྣང་ཕྲ་བའང་དབྱིངས་སུ་ཞིག་ཏེ་མ་དག་པའི་འཁོར་བའི་བག་ཆགས་ཐམས་ཅད་འོད་གསལ་དུ་ཐིམ་པས་ཐ༵མས་ཅད༵་སྟོང༵་པ༵་ཞེས་བྱ་བའི་འོད་གསལ་སྐད་ཅིག་བཞི་པ་སྟེ༔ མ་དག་པའི་སེམས་སྣང་བཞི་རིམ་གྱིས་འགགས་པས་སྟོང་བཞིའི་ཐིམ་རིམ་བཞི་ཟེར་བ་ལ༔ འོད་གསལ་ཉམས་དམའ་བས་སྣང་བ་སྔ་མ་རྣམས་ཀྱི་ཟད་མཚམས་ལས་ཆེར་བརྒལ་ཏེ་རབ་ཏུ་འཕེལ་བས་སྣང་བའི་ཟད་པ་བཞིར་རྣམ་གྲངས་སྣང་དངོས་བཞིར་བཞག་སྟེ་བརྒྱད་ཀྱི་ཀུན་རྟོག་ཕྲ་རགས་ཐམས་ཅད་ཟད་པ་དང་གདོད་མའི་ཀ་དག་སྤྲོས་མཐའ་བྲལ་བའི་དོན་དམ་པའི་འོད་གསལ་མངོན་པར་གསལ་བ་ནི་སྟོན་གནམ་སློང་རྐྱེན་དང་བྲལ་བ་ལྟ་བུར་ཆོས་སྐུའི་གནས་ལུགས་རྣལ་མ་སྟོང་ཉིད་ཉི་ཤུའི་བདག་ཉིད་པ་ཡེ་ཇི་བཞིན་པ་ལགས་ཀྱིས་འདི་ནི་བར་དོ་དངོས་མིན་ནོཿ དེ་ཡན་ཆད་ཀྱིས་འཆི་སྲིད་ཀྱི་བར་དོའི་གནས་ཅུང་ཟད་བཤད་ཟིན་ཏོ༔ གསུམ་པ་ཆོས་ཉིད་སྐུ་གསུམ་གྱི་བར་དོ་འཆར་ཚུལ་ནི༔ གཞི་གནས་ཆོས་སྐུའི༔ རང་སྣང་ལོངས་སྐུའི༔ རང་བཞིན་སྤྲུལ་སྐུའི་བར་དོ་གསུམ་མོ༔ དང་པོ་ནི༔ སྔར་བཤད་པ་ལྟ་བུ་ཉེ་བར་ཐོབ་པའི་མཐར་ཐུག་ཀ་དག་གི་རང་བཞིན༔ ངོ་བོ་སྟོང་པ་རང་བཞིན་ཐུགས་རྗེ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་མཁའ་དག་ཀློང་ཡངས༔ ལས་དང་བག་ཆགས་ཉོན་མོངས་གཟུང་འཛིན་ཕྲ་བ་ཙམ་ཡང་མེད་པ་སེམས་ཀྱི་ཆོས་ཐམས་ཅད་དང་རྒྱབ་གྱེས་པ་སྟེ༔ སེམས་ཀྱི་རྟ་རླུང་གི་ཆ་མ་ལུས་པ་མྱིད་པ་དཀར་ནག་གི་ལམ་ནས་ཐོན་ཏེ་རིག་གདངས་ནང་དུ་ཐིམ་ནས་སེམས་མེད་པ་དང་༔ བག་ཆགས་ཐམས་ཅད་ཀྱང་མ་སྤང་བ་ཙམ་ལས་མི་ལྡན་པས་ན་གྲོལ་བས་ཀ་དག་དང་ཤེས་རབ་ཆོས་ཀྱི་སྐུར་སྨིན་མ་སྨིན་ལས་ཁྱད་མེད་པ་རྣམ་ཐར་གསུམ་ལྡན་གྱི་རྡོ་རྗེ་བཙུན་མོའི་བྷ་ག་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སངས་རྒྱས་པའི་རྡོ་རྗེའི་གདན་ལ་སླེབ་པ་ཡིན་པས་གཞིའི་འོད་གསལ་དབྱིངས་ཡེ་གཉིས་སུ་མེད་པའི་ཆོས་སྐུ་རང་ལ་ཡོད་པ་དུས་དེ་ཉིད་དུ་གསལ་བའི་རང་བཞིན་གནས་རིགས་ཏེ༔ ཁྲེགས་ཆོད་ཀྱི་གདམས་པའི་ངོ་ཏི་ཟང་མ་ནི་དེ་ཡིན་པས་གོམས་པ་འབྲིང་ཡན་ཆད་ཀྱི་དབང་རྣོན་ཐམས་ཅད་དེ་ཉིད་ངོ་ཤེས་པས་གྲོལ་བའོ༔ དེ་ཡན་ཆད་ཀྱི་སྟོང་བཞི་ཐམས་ཅད་ཀྱང་ཀ་དག་འཆར་རིམ་ལས་ཡིན་པས་ཆོས་སྐུའི་བར་དོར་བཞག་ཀྱང་འགལ་བའང་མེད་དོ༔ གཉིས་པ་གཞི་སྣང་ལོངས་སྐུའི་བར་དོ་ལ་ནི༔ རང་སྣང་ལོངས་སྐུའི༔ ཕྱེད་སྤྲུལ་ལོངས་སྐུའི་གཉིས་སུ་ཡོད་པ་ལས༔ དང་པོ་ལ་འོད་གསལ༔ ཟུང་འཇུག༔ ཡེ་ཤེས༔ ལྷུན་གྲུབ་བཞིའི་སྣང་ལུགས་ལས་ཐོག་མར་འོད་གསལ་ནི༔ དེ་ནས་གཞི་ཀ་དག་གི་ཡེ་ཤེས་ངོ་མ་འཚལ་བས་ནམ་མཁའ་འོད་གསལ་ལ་ཐིམ་པ་ཞེས་བྱ་སྟེ༔ དོན་དུ་སྙིང་ཀའི་འོད་གསལ་ལ་རིགས་ལྔའི་སྐུ་དང་ཞིང་ཁམས་ཡོད་པའི་གནད་དང་༔ ཆོས་ཅན་རང་བཞིན་གནས་རིགས་ཡོད་པ་ལུས་ངག་ཡིད་གསུམ་གྱི་འཆིང་རྒྱ་ལས་གྲོལ་བས་དང་༔ ཡུལ་དང་སྣང་བའི་རྒྱ་ལས་གྲོལ་བས་སྣང་བ་ཡིན་ཏེ༔ དེ་ཡང་༔ ཤར་ཕྱོགས་ཐམས་ཅད་མེ་ལོང་ཡེ་ཤེས་དང་སངས་རྒྱས་སྤྱན་མའི་ངོ་བོ་ས་རྣམ་པར་དག་པའི་འབྱུང་ཆེན་གྱི་རང་གདངས་འོད་དཀར་པོ་ཤིན་ཏུ་གསལ་བ་མཛེས་པ༔ འོད་འཚེར་པ༔ མིག་གིས་མི་བཟོད་པ༔ རྒྱ་ཆེ་བ་ཤར་ཕྱོགས་ཐམས་ཅད་འགེབ་པ༔ འོད་ཟེར་བསྣོལ་མ་དང་༔ གྱེན་བསྒྲེང་དུ་ཡོད་པ༔ རྩིབ་ཤར་དུ་ཡོད་པ༔ མ་ངེས་པ་འགུལ་བཞིན་པ༔ ཕྱི་ནང་ཟང་ཐལ་པ༔ ལྡེམ་བཞིན་དུ༔ མེར་བཞིན་དུ་ཡོད་པ༔ མནན་ན་ནེམ་པར་སྣང་༔ བཏགས་ན་སྤར་བར་སྣང་༔ ཤིན་ཏུ་ཡིད་འཕྲོག་པ༔ ལྷུན་བརྗིད་པའོ༔ དཔག་ཡས་དམིགས་སུ་མེད་པ༔ དཔང་མཐོ་ལ་རྩེ་མོ་ཡངས་པའོ༔ དེ་འདྲ་བསམ་གཏན་གྱི་ཞག་ལ་འཆར་རོ༔ ༈ ཡང་ལྷོ་ཕྱོགས་སུ་མཉམ་ཉིད་ཡེ་ཤེས་ཀྱི་རང་གདངས་རིན་ཆེན་མཁའ་འགྲོ་མ་མ་ཀིའི་ངོ་བོ་ཆུ་རྣམ་དག་གི་འབྱུང་ཆེན་འོད་སེར་པོ་ཤིན་ཏུ་གསལ་བ་མཛེས་པ༔ འོད་འཚེར་པ༔ མིག་གིས་མི་བཟོད་པ༔ རྒྱ་ཆེ་བ་ལྷོ་ཕྱོགས་ཐམས་ཅད་འགེབ་པ༔ འོད་ཟེར་བསྣོལ་མ་དང་༔ གྱེན་བསྒྲེང་དུ་ཡོད་པ༔ རྩིབ་ཤར་དུ་ཡོད་པ༔ མ་ངེས་པ་འགུལ་བཞིན་པ༔ ཕྱི་ནང་ཟང་ཐལ་པ༔ ལྡེམ་བཞིན་དུ༔ མེར་བཞིན་དུ་ཡོད་པ༔ མནན་ན་ནེམ་པར་སྣང་༔ བཏགས་ན་སྤར་བར་སྣང་༔ ཤིན་ཏུ་ཡིད་འཕྲོག་པ༔ ལྷུན་བརྗིད་པའོ༔ དཔག་ཡས་དམིགས་སུ་མེད་པ༔ དཔང་མཐོ་ལ་རྩེ་མོ་ཡངས་པའོ༔ དེ་འདྲ་བསམ་གཏན་གྱི་ཞག་གཅིག་ལ་འཆར་རོ༔ ༈ ཡང་ནུབ་ཕྱོགས་སུ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རང་གདངས་པདྨ་མཁའ་འགྲོ་གོས་དཀར་མོའི་ངོ་བོ་མེ་རྣམ་པར་དག་པའི་འབྱུང་ཆེན་འོད་དམར་པོ་ཤིན་ཏུ་གསལ་བ་མཛེས་པ༔ འོད་འཚེར་པ༔ མིག་གིས་མི་བཟོད་པ༔ རྒྱ་ཆེ་བ་ནུབ་ཕྱོགས་ཐམས་ཅད་འགེབ་པ༔ འོད་ཟེར་བསྣོལ་མ་དང་༔ གྱེན་བསྒྲེང་དུ་ཡོད་པ༔ རྩིབ་ཤར་དུ་ཡོད་པ༔ མ་ངེས་པ་འགུལ་བཞིན་པ༔ ཕྱི་ནང་ཟང་ཐལ་པ༔ ལྡེམ་བཞིན་དུ༔ མེར་བཞིན་དུ་ཡོད་པ༔ མནན་ན་ནེམ་པར་སྣང་༔ བཏགས་ན་སྤར་བར་སྣང་༔ ཤིན་ཏུ་ཡིད་འཕྲོག་པ༔ ལྷུན་བརྗིད་པའོ༔ དཔག་ཡས་དམིགས་སུ་མེད་པ༔ དཔང་མཐོ་ལ་རྩེ་མོ་ཡངས་པའོ༔ དེ་འདྲ་བསམ་གཏན་གྱི་ཞག་ལ་འཆར་རོ༔ ༈ ཡང་བྱང་ཕྱོགས་སུ་བྱ་གྲུབ་ཡེ་ཤེས་ཀྱི་རང་བཞིན་ལས་ཀྱི་ལྷ་མོ་དམ་ཚིག་སྒྲོན་མའི་ངོ་བོ་རླུང་རྣམ་དག་གི་འབྱུང་ཆེན་འོད་ལྗང་གུ་ཤིན་ཏུ་གསལ་བ་མཛེས་པ༔ འོད་འཚེར་པ༔ མིག་གིས་མི་བཟོད་པ༔ རྒྱ་ཆེ་བ་བྱང་ཕྱོགས་ཐམས་ཅད་འགེབ་པ༔ འོད་ཟེར་བསྣོལ་མ་དང་༔ གྱེན་བསྒྲེང་དུ་ཡོད་པ༔ རྩིབ་ཤར་དུ་ཡོད་པ༔ མ་ངེས་པ་འགུལ་བཞིན་པ༔ ཕྱི་ནང་ཟང་ཐལ་པ༔ ལྡེམ་བཞིན་དུ༔ མེར་བཞིན་དུ་ཡོད་པ༔ མནན་ན་ནེམ་པར་སྣང་༔ བཏགས་ན་སྤར་བར་སྣང་༔ ཤིན་ཏུ་ཡིད་འཕྲོག་པ༔ ལྷུན་བརྗིད་པའོ༔ དཔག་ཡས་དམིགས་སུ་མེད་པ༔ དཔང་མཐོ་ལ་རྩེ་མོ་ཡངས་པའོ༔ དེ་འདྲ་བསམ་གཏན་གྱི་ཞག་ལ་འཆར་རོ༔ ༈ ཡང་སྟེང་འོག་དབུས་ཀྱི་ཆ་ཐམས་ཅད་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་སངས་རྒྱས་མཁའ་འགྲོའི་ངོ་བོ་ནམ་མཁའ་རྣམ་དག་གི་འབྱུང་ཆེན་འོད་གདངས་མཐིང་ཀ་ཤིན་ཏུ་གསལ་བ་མཛེས་པ༔ འོད་འཚེར་བ༔ མིག་གིས་མི་བཟོད་པ༔ རྒྱ་ཆེ་བ་{ཤར་ཕྱོགས་}[ སྟེང་འོག་དབུས་ཀྱི་ཆ་] ཐམས་ཅད་འགེབ་པ༔ འོད་ཟེར་བསྣོལ་མ་དང་༔ གྱེན་བསྒྲེང་དུ་ཡོད་པ༔ རྩིབ་ཤར་དུ་ཡོད་པ༔ མ་ངེས་པ་འགུལ་བཞིན་པ༔ ཕྱི་ནང་ཟང་ཐལ་པ༔ ལྡེམ་བཞིན་དུ༔ མེར་བཞིན་དུ་ཡོད་པ༔ མནན་ན་ནེམ་པར་སྣང་༔ བཏགས་ན་སྤར་བར་སྣང་༔ ཤིན་ཏུ་ཡིད་འཕྲོག་པ༔ ལྷུན་བརྗིད་པའོ༔ དཔག་ཡས་དམིགས་སུ་མེད་པ༔ དཔང་མཐོ་ལ་རྩེ་མོ་ཡངས་པའོ༔ དེ་འདྲ་བསམ་གཏན་གྱི་ཞག་ལ་འཆར་རོ༔ འོད་དེ་དག་ཀྱང་མ་འབྱར་ལ་མ་རེག་པ་སོ་སོ་ནས་ཁ་དོག་རང་གསལ་བའོ༔ དེ་དག་ཀྱང་ཡེ་ནས་ཆོས་ཉིད་ལ་དྲི་མ་མེད་པས་དཀར་བོ༔ ཡོན་ཏན་རྫོགས་པས་སེར་བོ༔ ཆགས་པ་བྲལ་ནས་དམར་བོ༔ ཕྲིན་ལས་བཞི་རྫོགས་པས་ལྗང་གུ༔ ལྷུན་གྲུབ་ཀྱི་ཆོས་ཉིད་ཡེ་ནས་རྫོགས་པས་མཐིང་ཀའོ༔ དེ་ནས་དེ་རེ་རེ་ན་དང་མཚམས་རྣམས་སུ་ཡང་རིགས་ཀྱི་ཁ་དོག་ལྔ་ལྔ་ནང་གསལ་དུ་མ་འདྲེས་པར་ཡོད་ཀྱང་གཅིག་གིས་གཅིག་མི་བསྒྲིབ་པ་ཞིག་ཏུ་འགྱུར་བ་ནི་འོད་གསལ་སྣ་ཚོགས་ཀྱི་བར་དོ་ཟེར་རོ༔ ༈ དེ་ནས་འོད་དེ་དག་ལ་ཐིག་ལེའི་བརྒྱན་པར་འཆར་ཏེ༔ དེ་ཡང་ཤར་ན་དཀར་པོ་གཞི་ཆེ་བས་ཐིག་ལེ་ལྔ་ཚོམ་གྱིས་བརྒྱན་པ་ཁ་དོག་སྣ་ལྔ་ཤིན་ཏུ་མཛེས་པ་འཚེར་བ༔ བཀྲག་པ༔ མེར་བ་༔ འགུལ་འཕྲིག༔ ཟེར་འཕྲོ་བ་འཆར་རོ༔ ༈ ལྷོ་ཕྱོགས་ན་སེར་བོ་གཞི་ཆེ་བས་ཐིག་ལེ་ལྔ་ཚོམ་གྱིས་བརྒྱན་པ་ཁ་དོག་སྣ་ལྔ་ཤིན་ཏུ་མཛེས་པ་འཚེར་བ༔ བཀྲག་པ༔ མེར་བ་༔ འགུལ་འཕྲིག༔ ཟེར་འཕྲོ་བ་འཆར་རོ༔ ༈ ནུབ་ཕྱོགས་ན་དམར་བོ་གཞི་ཆེ་བས་ཐིག་ལེ་ལྔ་ཚོམ་གྱིས་བརྒྱན་པ་ཁ་དོག་སྣ་ལྔ་ཤིན་ཏུ་མཛེས་པ་འཚེར་བ༔ བཀྲག་པ༔ མེར་བ་༔ འགུལ་འཕྲིག༔ ཟེར་འཕྲོ་བ་འཆར་རོ༔ ༈ བྱང་ཕྱོགས་ན་ལྗང་གུ་གཞི་ཆེ་བས་ཐིག་ལེ་ལྔ་ཚོམ་གྱིས་བརྒྱན་པ་ཁ་དོག་སྣ་ལྔ་ཤིན་ཏུ་མཛེས་པ་འཚེར་བ༔ བཀྲག་པ༔ མེར་བ་༔ འགུལ་འཕྲིག༔ ཟེར་འཕྲོ་བ་འཆར་རོ༔ ༈ དབུས་ཕྱོགས་ན་མཐིང་ཀ་གཞི་ཆེ་བས་ཐིག་ལེ་ལྔ་ཚོམ་གྱིས་བརྒྱན་པ་ཁ་དོག་སྣ་ལྔ་ཤིན་ཏུ་མཛེས་པ་འཚེར་བ༔ བཀྲག་པ༔ མེར་བ་༔ འགུལ་འཕྲིག༔ ཟེར་འཕྲོ་བ་འཆར་རོ༔ ཐམས་ཅད་བསམ་གཏན་གྱི་ཞག་རེ་ལ་འཆར་རོ༔ དེ་ནི་ཐིག་ལེའི་བར་དོ་ཡིན་ནོ༔ དེས་འོད་གསལ་གྱི་བར་དོ་བཤད་ཟིན་ནས༔ ༈ ད་ནི་ཟུང་འཇུག་གི་བར་དོ་འཆད་དེ༔ དེ་ལ་ཐུགས་ཀྱི་བར་དོ༔ སྐུའི་བར་དོ༔ གསུང་གི་བར་དོ༔ ཡོན་ཏན་གྱི་བར་དོ༔ ཕྲིན་ལས་ཀྱི་བར་དོ་སྟེ་ལྔ་ལ༔ ཞི་ཁྲོའི་དབྱེ་བས་བཅུར་འགྱུར་རོ༔ དེ་ལ་སྔ་བར་ཞི་བ་འཆར་བ་དང་ཁྲོ་བོ་འཆར་བ་གཉིས་ལས་འདིར་ཞི་བ་འཆར་བའི་དབང་དུ་བྱ་བ་སྟེ༔ དང་པོ་ལ་ཐུགས་ཞི་བའི་དཀྱིལ་འཁོར་འཆར་ཏེ༔ དེ་ཡང་ཐིག་ལེ་སྟོང་བའི་སྒྲོན་མ་མཐིང་ཀ་ཁྱབ་པ་ཆེན་པོའི་འོད་ཀྱི་དབུས་སུ་ལྔ་ཚོམས་སུ་བཀྲ་བའི་ནང་དུ་སེང་གེ་བརྒྱད་དང་རིན་ཆེན་ཉི་མ་ཟླ་བ་པདྨ་སྟེ་གདན་ལྔ་བརྩེགས་ཀྱི་སྟེང་དུ་རྣམ་པར་སྣང་མཛད་ཀྱི་སྐུ་ཡུམ་དབྱིངས་ཕྱུག་མ་དང་བཅས་པ་གྲངས་མེད་བསམ་ཀྱིས་མི་ཁྱབ་པ་འཆར་བའི་ཐུགས་ཀར་རྫོགས་པའི་རིག་ཆུང་ལྔ་ཡབ་དང་བཅས་པ༔ ཡུམ་དང་བཅས་པ༔ རྒྱན་དང་བཅས་པ༔ ཆ་ལུགས་ཞི་བ༔ གསལ་བ་འཚེར་བ༔ ལྷུན་སྡུག་པ༔ མཉེན་ལྕུགས་འཁྲིལ་ལྡེམ༔ གཞོན་ཚུལ༔ གསལ་འཚེར་གཟི་བརྗིད་འོད་ཟེར་འཕྲོ་བ་སྟེ༔ ཞི་བའི་ཚུལ་དགུ་དང་༔ རིན་པོ་ཆེའི་རྒྱན་བརྒྱད༔ དར་གྱི་ཆས་གོས་ལྔ་ལ་སོགས་པ་ཞི་བའི་ཆ་ལུགས་ཅན༔ ཁ་དོག་མཐིང་ཀ་རྒྱན་དང་བཅས་པ༔ དེ་ཡང་དང་པོ་ཕྱེད་སྐུ༔ གཉིས་པ་རང་རྐྱང་༔ གསུམ་པ་རྒྱན་དང་བཅས༔ བཞི་བར་ཡུམ་དང་བཅས་ནས་རིམ་པར་རྒྱས་པར་འགྱུར་ལ༔ གཙོ་བོ་ཁྲུ་སུམ་ཅུ་རྩ་གཉིས༔ འཁོར་རྣམས་དེའི་ཕྱེད་ཕྱེད་པ༔ གཙོ་བོ་གཙོ་བོ་ལས་མི་ཆེ་བ༔ འཁོར་འཁོར་ལས་མི་ཆུང་བར་མཉམ་པར་སྣང་ངོ་༔ ༈ གཉིས་པ་སྐུ་ཞི་བའི་དཀྱིལ་འཁོར་འཆར་ཏེ༔ དེ་བཞིན་འོད་དང་ཐིག་ལེ་སྟོང་སྒྲོན་ལྔ་ཚོམ་ལྔ་ཚོམ་གྱི་བཀྲ་བའི་ནང་དུ༔ གླང་ཆེན་རིན་ཆེན་ཉི་ཟླ་པདྨ་སྟེ་གདན་ལྔ་བརྩེགས་ཀྱི་སྟེང་དུ་རྡོ་རྗེ་མི་བསྐྱོད་པའི་སྐུ་གྲངས་མེད་ཡུམ་སངས་རྒྱས་སྤྱན་དང་བཅས་པ་བསམ་གྱིས་མི་ཁྱབ་པ་འཆར་བའི་ཐུགས་ཀར་རྫོགས་པའི་རིགས་ཆུང་ལྔ་ཡབ་དང་བཅས་པ༔ ཡུམ་དང་བཅས་པ༔ རྒྱན་དང་བཅས་པ༔ ཆ་ལུགས་ཞི་བ༔ གསལ་བ་འཚེར་བ༔ ལྷུན་སྡུག་པ༔ མཉེན་ལྕུགས་འཁྲིལ་ལྡེམ༔ གཞོན་ཚུལ༔ གསལ་འཚེར་གཟི་བརྗིད་འོད་ཟེར་འཕྲོ་བ་སྟེ༔ ཞི་བའི་ཚུལ་དགུ་དང་༔ རིན་པོ་ཆེའི་རྒྱན་བརྒྱད༔ དར་གྱི་ཆས་གོས་ལྔ་ལ་སོགས་པ་ཞི་བའི་ཆ་ལུགས་ཅན༔ ཁ་དོག་དཀར་པོ་རྒྱན་དང་བཅས་པ༔ དེ་ཡང་དང་པོ་ཕྱེད་སྐུ༔ གཉིས་པ་རང་རྐྱང་༔ གསུམ་པ་རྒྱན་དང་བཅས༔ བཞི་བར་ཡུམ་དང་བཅས་ནས་རིམ་པར་རྒྱས་པར་འགྱུར་ལ༔ གཙོ་བོ་ཁྲུ་སུམ་ཅུ་རྩ་གཉིས༔ འཁོར་རྣམས་དེའི་ཕྱེད་ཕྱེད་པ༔ གཙོ་བོ་གཙོ་བོ་ལས་མི་ཆེ་བ༔ འཁོར་འཁོར་ལས་མི་ཆུང་བར་མཉམ་པར་སྣང་ངོ་༔ གསུམ་པ་ལ་ཡོན་ཏན་ཞི་བའི་དཀྱིལ་འཁོར་སྣང་བ་ནི༔ དེ་བཞིན་དུ་འོད་དང་ཐིག་ལེ་སྟོང་སྒྲོན་ལྔ་ཚོམ་གྱི་བཀྲ་བའི་ནང་དུ༔ རྟ་མཆོག་རིན་ཆེན་ཉི་ཟླ་པདྨ་སྟེ་གདན་ལྔ་བརྩེགས་ཀྱི་སྟེང་དུ་རིན་ཆེན་འབྱུང་ལྡན་གྱི་སྐུ་གྲངས་མེད་པ་ཡུམ་མ་མ་ཀི་དང་བཅས་པ་གྲངས་མེད་བསམ་ཀྱིས་མི་ཁྱབ་པ་འཆར་བའི་ཐུགས་ཀར་རྫོགས་པའི་རིགས་ཆུང་ལྔ་ཡབ་དང་བཅས་པ༔ ཡུམ་དང་བཅས་པ༔ རྒྱན་དང་བཅས་པ༔ ཆ་ལུགས་ཞི་བ༔ གསལ་བ་འཚེར་བ༔ ལྷུན་སྡུག་པ༔ མཉེན་ལྕུགས་འཁྲིལ་ལྡེམ༔ གཞོན་ཚུལ༔ གསལ་འཚེར་གཟི་བརྗིད་འོད་ཟེར་འཕྲོ་བ་སྟེ༔ ཞི་བའི་ཚུལ་དགུ་དང་༔ རིན་པོ་ཆེའི་རྒྱན་བརྒྱད༔ དར་གྱི་ཆས་གོས་ལྔ་ལ་སོགས་པ་ཞི་བའི་ཆ་ལུགས་ཅན༔ ཁ་དོག་སེར་པོ་རྒྱན་དང་བཅས་པ༔ དེ་ཡང་དང་པོ་ཕྱེད་སྐུ༔ གཉིས་པ་རང་རྐྱང་༔ གསུམ་པ་རྒྱན་དང་བཅས༔ བཞི་བར་ཡུམ་དང་བཅས་ནས་རིམ་པར་རྒྱས་པར་འགྱུར་ལ༔ གཙོ་བོ་ཁྲུ་སུམ་ཅུ་རྩ་གཉིས༔ འཁོར་རྣམས་དེའི་ཕྱེད་ཕྱེད་པ༔ གཙོ་བོ་གཙོ་བོ་ལས་མི་ཆེ་བ༔ འཁོར་འཁོར་ལས་མི་ཆུང་བར་མཉམ་པར་སྣང་ངོ་༔ ༈ བཞི་པ་གསུང་ཞི་བའི་དཀྱིལ་འཁོར་ནི༔ དེ་བཞིན་དུ་སྟོང་སྒྲོན་ལྔ་ཚོམ་གྱི་བཀྲ་བའི་ནང་དུ༔ རྨ་བྱ་རིན་ཆེན་ཉི་ཟླ་པདྨ་སྟེ་གདན་ལྔ་བརྩེགས་ཀྱི་སྟེང་དུ་སྣང་བ་མཐའ་ཡས་ཀྱི་སྐུ་གྲངས་མེད་པ་ཡུམ་གོས་དཀར་མོ་དང་བཅས་པ་གྲངས་མེད་བསམ་ཀྱིས་མི་ཁྱབ་པ་འཆར་བའི་ཐུགས་ཀར་རྫོགས་པའི་རིགས་ཆུང་ལྔ་ཡབ་དང་བཅས་པ༔ ཡུམ་དང་བཅས་པ༔ རྒྱན་དང་བཅས་པ༔ ཆ་ལུགས་ཞི་བ༔ གསལ་བ་འཚེར་བ༔ ལྷུན་སྡུག་པ༔ མཉེན་ལྕུགས་འཁྲིལ་ལྡེམ༔ གཞོན་ཚུལ༔ གསལ་འཚེར་གཟི་བརྗིད་འོད་ཟེར་འཕྲོ་བ་སྟེ༔ ཞི་བའི་ཚུལ་དགུ་དང་༔ རིན་པོ་ཆེའི་རྒྱན་བརྒྱད༔ དར་གྱི་ཆས་གོས་ལྔ་ལ་སོགས་པ་ཞི་བའི་ཆ་ལུགས་ཅན༔ ཁ་དོག་དམར་པོ་རྒྱན་དང་བཅས་པ༔ དེ་ཡང་དང་པོ་ཕྱེད་སྐུ༔ གཉིས་པ་རང་རྐྱང་༔ གསུམ་པ་རྒྱན་དང་བཅས༔ བཞི་བར་ཡུམ་དང་བཅས་ནས་རིམ་པར་རྒྱས་པར་འགྱུར་ལ༔ གཙོ་བོ་ཁྲུ་སུམ་ཅུ་རྩ་གཉིས༔ འཁོར་རྣམས་དེའི་ཕྱེད་ཕྱེད་པ༔ གཙོ་བོ་གཙོ་བོ་ལས་མི་ཆེ་བ༔ འཁོར་འཁོར་ལས་མི་ཆུང་བར་མཉམ་པར་སྣང་ངོ་༔ ༈ ལྔ་པ་ཕྲིན་ལས་ཞི་བའི་དཀྱིལ་འཁོར་ནི༔ ཡང་སྟོང་སྒྲོན་མ་གསལ་བའི་དབུས་བྱང་ཕྱོགས་སུ་རིན་ཆེན་ཤང་ཤང་ཉི་ཟླ་པདྨའི་གདན་ལ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ཡུམ་དམ་ཚིག་སྒྲོལ་མ་དང་བཅས་པ་གྲངས་མེད་བསམ་ཀྱིས་མི་ཁྱབ་པ་འཆར་བའི་ཐུགས་ཀར་རྫོགས་པའི་རིགས་ཆུང་ལྔ་ཡབ་དང་བཅས་པ༔ ཡུམ་དང་བཅས་པ༔ རྒྱན་དང་བཅས་པ༔ ཆ་ལུགས་ཞི་བ༔ གསལ་བ་འཚེར་བ༔ ལྷུན་སྡུག་པ༔ མཉེན་ལྕུགས་འཁྲིལ་ལྡེམ༔ གཞོན་ཚུལ༔ གསལ་འཚེར་གཟི་བརྗིད་འོད་ཟེར་འཕྲོ་བ་སྟེ༔ ཞི་བའི་ཚུལ་དགུ་དང་༔ རིན་པོ་ཆེའི་རྒྱན་བརྒྱད༔ དར་གྱི་ཆས་གོས་ལྔ་ལ་སོགས་པ་ཞི་བའི་ཆ་ལུགས་ཅན༔ ལྗང་གུའི་ཁ་དོག་ཅན་རྒྱན་དང་བཅས་པ༔ དེ་ཡང་དང་པོ་ཕྱེད་སྐུ༔ གཉིས་པ་རང་རྐྱང་༔ གསུམ་པ་རྒྱན་དང་བཅས༔ བཞི་བར་ཡུམ་དང་བཅས་ནས་རིམ་པར་རྒྱས་པར་འགྱུར་ལ༔ གཙོ་བོ་ཁྲུ་སུམ་ཅུ་རྩ་གཉིས༔ འཁོར་རྣམས་དེའི་ཕྱེད་ཕྱེད་པ༔ གཙོ་བོ་གཙོ་བོ་ལས་མི་ཆེ་བ༔ འཁོར་འཁོར་ལས་མི་ཆུང་བར་མཉམ་པར་སྣང་ངོ་༔ རིགས་ལྔ་རེ་རེའི་མཐའ་བསྐོར་དུ་ཕྱོགས་མཚམས་བརྒྱད་དུཿ སེམས་དཔའ་སེམས་མ་བཅུ་དྲུག་དང་སྒོ་བ་ཡབ་ཡུམ་བརྒྱད༔ དེའི་ཁྱམས་སུ་སངས་རྒྱས་སྟོང་གི་དཀྱིལ་འཁོར༔ དེའི་ཡུམ་ལྔའི་ཐུགས་ཀ་ནས་མཁའ་འགྲོ་བྱེ་བ་ས་ཡའི་གཙོ་མོ་རྫོགས་ལ༔ ཁྱམས་གྱི་ནང་གྲུ་ཆད་ཀྱི་ཕྱོགས་འཁོར་ལ་མཁའ་འགྲོ་བྱེ་བ་ས་ཡཿ དཀྱིལ་འཁོར་མ་འདྲེས་ཤིན་ཏུ་ཕྲ་བ་ཏིལ་འབྲུ་བས་ཞིབ་པར་སྣང་ངོ་༔ དེ་དུས་ཙ་ན་རང་ལུས་ཀྱང་འོད་དུ་གསལ་བ་དང་ཿ ཟང་ཐལ་སྒྲིབ་བྲལ་དུ་དག་པ་དང་༔ རྒྱལ་པོ་རྣམས་སྐྱིལ་ཀྲུང་༔ རྒྱལ་མོ་རྣམས་པད་སྐྱིལ༔ བློན་པོ་ཕོ་མོ་རྣམས་རྟ་བབས་བསྣོལ་མར་གྱུར་པ༔ འོད་ཟེར་གྱིས་སྟོང་གསུམ་སྣང་བ་འགོགས་པ་དང་༔ དེའི་སྐུ་ལ་དགའ་ན་འདོད་པར༔ འོད་ལ་བདེ་ན་གཟུགས༔ ཉམས་སྟོང་གསལ་ལས་གཟུགས་མེད་པར་འཁྲུལ་རྒྱུར་འགྲོ་བའམ༔ སྐྲག་ནས་འདམ་ཀར་སྡང་( སྔང་)བའོ༔ དེ་ནས་ཡང་དག་པར་དེ་དག་རེ་རེའང་བསམ་གཏན་གྱི་ཞག་རེ་འཆར་རོ༔ ༈ གཉིས་པ་ལོངས་སྐུ་ཁྲོ་བོའི་འཆར་ཚུལ་ནི༔ དབྱིངས་ཐིག་མི་མགོ་སྐམ་རློན་རྙིད་པས་མཁར་ཐབས་ཕྱི་ནང་ཉིས་རིམ་གྱི་ནང་དུ༔ བྱོལ་སོང་གཙོ་བརྒྱད་པདྨ་ཉི་མ་ཏི་ར་ཕོ་མོ་སྤྱི་འཆིངས་སུ་བརྫིས་པས༔ ཁྲོ་བོ་རོལ་བའི་ཚོགས་ཆེན་པོ་ཆེ་མཆོག་དཔལ་དགུའི་ལྷ་གཙོ་འཁོར་ཡོངས་སུ་རྫོགས་པ་དང་༔ ཁྱད་པར་དུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཞི་བའི་ལྷ་ཚོགས་རྣམས་ཁྲོས་པའི་རང་གདངས༔ ཞག་དང་པོ་ལ་བུདྡྷ་རིགས་ཀྱི་ལྷ་ཚོགས་སྐུ་མདོག་སྨུག་ནག་མེ་རི་དང་མེ་དཔུང་འབར་འཁྲིགས་བསྣོལ་འཛིང་གི་དབུས་སུ་ཡོད་པ༔ ཁྲོ་ཚུལ་དྲུག་ཅུའི་བརྒྱན་པ༔ ཆེ་བ་ནི་རི་རབ་ཙམ༔ ཆུང་བ་ཉུང་འབྲུ་ཙམ༔ ཤིན་ཏུ་མང་པོ་མགོ་བརྙན་སྣ་ཚོགས་པས་མཚོན་ཆ་སྣ་ཚོགས་ཐོགས་པ༔ རང་ཉིད་གང་དུ་འགྲོ་བའི་མདུན་ནས་བལྟས་པ་དང་༔ བདས་པ་དང་༔ བརྡེག་ཆ་སྣ་ཚོགས་པས་བརྡེག་པར་སྣང་བ༔ འོད་ཟེར་མཚོན་ཆ་འདྲ་བ་སྙིང་ལ་གཟིར་བ༔ འོད་ཀྱི་ནང་ན་ད་ལྟ་མཁའ་འགྲོའི་སྒྲ་དེ༔ འབྲུག་སྟོང་དུས་གཅིག་ལ་ལྡིར་བ་ལྟ་བུ༔ སོད་ཅིག༔ རྒྱོབ་ཅིག༔ ཟུང་ཞིག༔ རྡུངས་ཤིག༔ ཆིངས་ཤིག༔ ཟོ་ཞིག༔ གཏུབས་ཤིག་གི་སྒྲ་མི་སྙན་པ་སྣ་ཚོགས་པས་སྐྱི་བུང་བྱེད་པ༔ འོད་ཀྱིས་དངངས༔ སྒྲ་ཡིས་འཇིགས༔ ཟེར་གྱིས་སྐྲག་གོ༔ དེ་ཡང་མ་ཤེས་པ་རྣམས་ལ་འདིར་བདུད་དང་གཤིན་རྗེ་ལ་སོགས་པར་སྣང་ནས་ལྡོག་པའི་ས་ཡོད་དོ༔ དེ་ནི་ཞག་གཅིག་ལ་སྣང་ངོ་༔ ༈ ཞག་གཉིས་པ་ལ་སྐུ་བཛྲ་རིགས་ཀྱི་ལྷ་ཚོགས་སྐུ་མདོག་དཀར་པོ་མེ་རི་དང་མེ་དཔུང་འབར་འཁྲིགས་བསྣོལ་འཛིང་གི་དབུས་སུ་ཡོད་པ༔ ཁྲོ་ཚུལ་དྲུག་ཅུའི་བརྒྱན་པ༔ ཆེ་བ་ནི་རི་རབ་ཙམ༔ ཆུང་བ་ཉུང་འབྲུ་ཙམ༔ ཤིན་ཏུ་མང་པོ་མགོ་བརྙན་སྣ་ཚོགས་པས་མཚོན་ཆ་སྣ་ཚོགས་ཐོགས་པ༔ རང་ཉིད་གང་དུ་འགྲོ་བའི་མདུན་ནས་བལྟས་པ་དང་༔ བདས་པ་དང་༔ བརྡེག་ཆ་སྣ་ཚོགས་པས་བརྡེག་པར་སྣང་བ༔ འོད་ཟེར་མཚོན་ཆ་འདྲ་བ་སྙིང་ལ་གཟིར་བ༔ འོད་ཀྱི་ནང་ན་ད་ལྟ་མཁའ་འགྲོའི་སྒྲ་དེ༔ འབྲུག་སྟོང་དུས་གཅིག་ལ་ལྡིར་བ་ལྟ་བུ༔ སོད་ཅིག༔ རྒྱོབ་ཅིག༔ ཟུང་ཞིག༔ རྡུངས་ཤིག༔ ཆིངས་ཤིག༔ ཟོ་ཞིག༔ གཏུབས་ཤིག་གི་སྒྲ་མི་སྙན་པ་སྣ་ཚོགས་པས་སྐྱི་བུང་བྱེད་པ༔ འོད་ཀྱིས་དངངས༔ སྒྲ་ཡིས་འཇིགས༔ ཟེར་གྱིས་སྐྲག་གོ༔ དེ་ཡང་མ་ཤེས་པ་རྣམས་ལ་འདིར་བདུད་དང་གཤིན་རྗེ་ལ་སོགས་པར་སྣང་ནས་ལྡོག་པའི་ས་ཡོད་དོ༔ ༈ དེ་ནས་ཞག་གསུམ་པ་ལ་ཡོན་ཏན་རཏྣ་རིགས་ཀྱི་ལྷ་ཚོགས་སྐུ་མདོག་སེར་ནག་མེ་རི་དང་མེ་དཔུང་འབར་འཁྲིགས་བསྣོལ་འཛིང་གི་དབུས་སུ་ཡོད་པ༔ ཁྲོ་ཚུལ་དྲུག་ཅུའི་བརྒྱན་པ༔ ཆེ་བ་ནི་རི་རབ་ཙམ༔ ཆུང་བ་ཉུང་འབྲུ་ཙམ༔ ཤིན་ཏུ་མང་པོ་མགོ་བརྙན་སྣ་ཚོགས་པས་མཚོན་ཆ་སྣ་ཚོགས་ཐོགས་པ༔ རང་ཉིད་གང་དུ་འགྲོ་བའི་མདུན་ནས་བལྟས་པ་དང་༔ བདས་པ་དང་༔ བརྡེག་ཆ་སྣ་ཚོགས་པས་བརྡེག་པར་སྣང་བ༔ འོད་ཟེར་མཚོན་ཆ་འདྲ་བ་སྙིང་ལ་གཟིར་བ༔ འོད་ཀྱི་ནང་ན་ད་ལྟ་མཁའ་འགྲོའི་སྒྲ་དེ༔ འབྲུག་སྟོང་དུས་གཅིག་ལ་ལྡིར་བ་ལྟ་བུ༔ སོད་ཅིག༔ རྒྱོབ་ཅིག༔ ཟུང་ཞིག༔ རྡུངས་ཤིག༔ ཆིངས་ཤིག༔ ཟོ་ཞིག༔ གཏུབས་ཤིག་གི་སྒྲ་མི་སྙན་པ་སྣ་ཚོགས་པས་སྐྱི་བུང་བྱེད་པ༔ འོད་ཀྱིས་དངངས༔ སྒྲ་ཡིས་འཇིགས༔ ཟེར་གྱིས་སྐྲག་གོ༔ དེ་ཡང་མ་ཤེས་པ་རྣམས་ལ་འདིར་བདུད་དང་གཤིན་རྗེ་ལ་སོགས་པར་སྣང་ནས་ལྡོག་པའི་ས་ཡོད་དོ༔ ༈ ཞག་བཞི་པ་ལ་ནི་གསུང་པདྨ་ཧེ་རུ་ཀའི་ལྷ་ཚོགས་སྐུ་མདོག་དམར་ནག་མེ་རི་དང་མེ་དཔུང་འབར་འཁྲིགས་བསྣོལ་འཛིང་གི་དབུས་སུ་ཡོད་པ༔ ཁྲོ་ཚུལ་དྲུག་ཅུའི་བརྒྱན་པ༔ ཆེ་བ་ནི་རི་རབ་ཙམ༔ ཆུང་བ་ཉུང་འབྲུ་ཙམ༔ ཤིན་ཏུ་མང་པོ་མགོ་བརྙན་སྣ་ཚོགས་པས་མཚོན་ཆ་སྣ་ཚོགས་ཐོགས་པ༔ རང་ཉིད་གང་དུ་འགྲོ་བའི་མདུན་ནས་བལྟས་པ་དང་༔ བདས་པ་དང་༔ བརྡེག་ཆ་སྣ་ཚོགས་པས་བརྡེག་པར་སྣང་བ༔ འོད་ཟེར་མཚོན་ཆ་འདྲ་བ་སྙིང་ལ་གཟིར་བ༔ འོད་ཀྱི་ནང་ན་ད་ལྟ་མཁའ་འགྲོའི་སྒྲ་དེ༔ འབྲུག་སྟོང་དུས་གཅིག་ལ་ལྡིར་བ་ལྟ་བུ༔ སོད་ཅིག༔ རྒྱོབ་ཅིག༔ ཟུང་ཞིག༔ རྡུངས་ཤིག༔ ཆིངས་ཤིག༔ ཟོ་ཞིག༔ གཏུབས་ཤིག་གི་སྒྲ་མི་སྙན་པ་སྣ་ཚོགས་པས་སྐྱི་བུང་བྱེད་པ༔ འོད་ཀྱིས་དངངས༔ སྒྲ་ཡིས་འཇིགས༔ ཟེར་གྱིས་སྐྲག་གོ༔ དེ་ཡང་མ་ཤེས་པ་རྣམས་ལ་འདིར་བདུད་དང་གཤིན་རྗེ་ལ་སོགས་པར་སྣང་ནས་ལྡོག་པའི་ས་ཡོད་དོ༔ ༈ དེ་ནས་ཞག་ལྔ་པ་ལ་ཕྲིན་ལས་ཀརྨ་རིགས་ཀྱི་ཁྲོ་བོ་སྐུ་མདོག་ལྗང་གུ་མེ་རི་དང་མེ་དཔུང་འབར་འཁྲིགས་བསྣོལ་འཛིང་གི་དབུས་སུ་ཡོད་པ༔ ཁྲོ་ཚུལ་དྲུག་ཅུའི་བརྒྱན་པ༔ ཆེ་བ་ནི་རི་རབ་ཙམ༔ ཆུང་བ་ཉུང་འབྲུ་ཙམ༔ ཤིན་ཏུ་མང་པོ་མགོ་བརྙན་སྣ་ཚོགས་པས་མཚོན་ཆ་སྣ་ཚོགས་ཐོགས་པ༔ རང་ཉིད་གང་དུ་འགྲོ་བའི་མདུན་ནས་བལྟས་པ་དང་༔ བདས་པ་དང་༔ བརྡེག་ཆ་སྣ་ཚོགས་པས་བརྡེག་པར་སྣང་བ༔ འོད་ཟེར་མཚོན་ཆ་འདྲ་བ་སྙིང་ལ་གཟིར་བ༔ འོད་ཀྱི་ནང་ན་ད་ལྟ་མཁའ་འགྲོའི་སྒྲ་དེ༔ འབྲུག་སྟོང་དུས་གཅིག་ལ་ལྡིར་བ་ལྟ་བུ༔ སོད་ཅིག༔ རྒྱོབ་ཅིག༔ ཟུང་ཞིག༔ རྡུངས་ཤིག༔ ཆིངས་ཤིག༔ ཟོ་ཞིག༔ གཏུབས་ཤིག་གི་སྒྲ་མི་སྙན་པ་སྣ་ཚོགས་པས་སྐྱི་བུང་བྱེད་པ༔ འོད་ཀྱིས་དངངས༔ སྒྲ་ཡིས་འཇིགས༔ ཟེར་གྱིས་སྐྲག་གོ༔ དེ་ཡང་མ་ཤེས་པ་རྣམས་ལ་འདིར་བདུད་དང་གཤིན་རྗེ་ལ་སོགས་པར་སྣང་ནས་ལྡོག་པའི་ས་ཡོད་དོ༔ དེ་དག་གི་རྗེས་སུ་ཞག་དྲུག་པ་ལ་ཀོ་རི་བརྒྱད༔ བདུན་པ་ལ་སིདྷ་བརྒྱདཿ བརྒྱད་པ་ལ་སྒོ་མ་བཞི༔ དགུ་པ་ལ་དབང་མོ༔ བཅུ་པར་སྤོར་བྱེད་ཐམས་ཅད་འཆར་བས་ན་གལ་ཏེ་དེ་དག་ལ་སྐྲག་ནས་འབྲོས་པར་བརྩམས་ཀྱང་མི་ཕན་པར་མ་ཟད་གར་ཕྱིན་དུ་སླེབས་སོ༔ དེ་དག་གི་ཐུགས་དཀྱིལ་འཁོར་ཆ་ཚང་རེ་རྫོགས་པའོ༔ ས་མ་ཡཱ༔ དེ་ལ་ཁ་ཅིག་ན་རེ༔ བར་དོ་ཤར་བ་ཐམས་ཅད་བསམ་གཏན་གྱི་ཞག་བདུན་དུ་ཟེར་བས་ཞག་ཐལ་དྲག་ཟེར་ནས་ལོག་པར་ལྟ་སྲིད་མོད་ཏེ༔ དེ་ལ་གཅིག་ཏུ་མ་ངེས་པ་རབ་ཀྱི་རབ་རྩེ་སྐད་ཅིག་གསུམ་ལ་བསམ་གཏན་གྱི་ཞག་དང་མ་འབྲེལ་བར་གྲོལ་བ་དང་༔ ཐ་མའི་འབྲིང་ཞག་བཅུ་དགུ་ལ་ཐོགས་ཏེ་མ་ངེས་པ་ལ་བློ་གྲོས་ཀྱི་མིག་ཟུམ་པའོ༔ ཟུང་འཇུག་ལས་ཡེ་ཤེས་བཞི་སྦྱོར་སྣང་བ་ནི་འདི་ལྟ་སྟེ༔ དེ་ནས་སྐུའི་སྣང་བ་དེ་དག་ལས་དང་པོ་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་འོད་ཟེར་སྔོན་པོའི་ཐག་པ་མིག་གིས་བལྟར་མི་བཟོད་པ་གསལ་བ་ཟེར་འཕྲོ་བ་ཞིག་གི་སྟེང་དུ་ཐིག་ལེ་མུ་མེན་གྱི་ཕོར་བ་ཁ་སྦུབ་པ་ལྟ་བུ་ཞིག་གི་སྟེང་ངམ་ནང་ལ་སྔོན་པོ་ཤས་ཆེ་བའི་ཐིག་ལེ་ཁ་དོག་ལྔ་ལྡན་ལྔ་རེས་བརྒྱན་པ༔ དེ་འདྲ་བའི་ཐིག་ལེ་མཐིང་ཀ་དགུ་རེའི་བརྒྱན་པའི་འོད་ཀྱི་སྣམ་བུ་དེ་ནི་རྣམ་པར་སྣང་མཛད་ཁོང་སེང་གི་ལམ་ཞེས་བྱ་སྟེ༔ དེ་ཉིད་དུ་ཆོས་དབྱིངས་ཡེ་ཤེས་ཀྱི་འོད་ཡིན་པར་ཤེས་ན་དང་༔ དེ་ཉིད་ལ་འཕོ་བའམ་གང་རུང་གིས་ཐུགས་དེ་བཞིན་གཤེགས་པའི་རིགས་སུ་གྲོལ་བར་འགྱུར་བའམ༔ འདི་དང་མཉམ་དུ་དུད་འགྲོའི་འོད་ལམ་སྔོན་པོ་ཐལ་མོག་ཅིག་ཡོད་པ་གཉིས་གཤིབ་ཏེ་ཡོང་པས༔ འོད་ཆེན་པོ་དེས་དངངས༔ ཟེར་གྱིས་འཇིགས་ནས༔ འོད་ངན་པ་དེ་ལ་སྔོན་གྱི་དུད་འགྲོ་དུད་དང་འགྲོའི་རིས་ཀྱི་ལྷ་མིན་དུ་སྐྱེ་བའི་ལས་བསགས་པའི་བག་ཆགས་ཀྱི་དགའ་གདུང་སྐྱེས་ཏེ་ཞེན་ནས་སྐྱེ་བ་འཕེན་པར་འགྱུར་རོ༔ དེའི་སྟེང་དུ་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་དཀར་པོའི་ཐག་པ་མིག་གིས་བལྟར་མི་བཟོད་པ་འཚེར་བ་གསལ་བ་ཟེར་འཕྲོ་བ་ཞིག་གི་སྟེང་དུ་ཐིག་ལེ་ཤེལ་གྱི་ཕོར་བ་ཁ་སྦུབ་པ་ལྟ་བུ་ཞིག་གི་སྟེང་ངམ་ནང་ལ་དཀར་པོ་ཤས་ཆེ་བའི་ཐིག་ལེ་ཁ་དོག་ལྔ་ལྡན་ལྔ་རེ་ཡིས་བརྒྱན་པ༔ དེ་འདྲ་བའི་ཐིག་ལེ་དཀར་པོ་དགུ་རེས་བརྒྱན་པའི་འོད་ཀྱི་སྣམ་བུ་དེ་ནི་རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་ཞེས་བྱ་སྟེ༔ དེ་ཉིད་མེ་ལོང་ཡེ་ཤེས་ཀྱི་འོད་ཡིན་པར་ཤེས་ན་དང་༔ དེ་ཉིད་ལས་འཕོ་བ་གང་རུང་གིས་སྐུ་རྡོ་རྗེ་རིགས་སུ་བྱང་ཆུབ་བར་འགྱུར་རོ༔ དེ་དང་མཉམ་དུ་དམྱལ་བར་སྐྱེ་བའི་འོད་ལམ་དཀར་པོ་ཞིག་ལ་མོག་མོག་པོ་བཀྲག་མེད་པ་ཞིག་འཆར་བ་གཉིས་གཤིབ་དེ་ཡོང་བས༔ འོད་ཆེན་པོ་དེས་དངངས༔ ཟེར་གྱིས་འཇིགས་ནས༔ འོད་ངན་པ་དེ་ལ་སྔོན་དམྱལ་བའི་གནས་སུ་སྐྱེ་བའི་ལས་དང་བག་ཆགས་ཀྱིས་དགའ་གདུང་སྐྱེས་ཏེ་ཞེན་ནས་སྐྱེ་བ་འཕེན་པར་འགྱུར་རོ༔ དེའི་སྟེང་དུ་རིན་ཆེན་འབྱུང་ལྡན་གྱི་ཐུགས་ཀ་ནས་འོད་ཟེར་སེར་པོའི་ཐག་པ་མིག་གིས་བལྟར་མི་བཟོད་པ་འཚེར་བ་གསལ་བ་ཟེར་འཕྲོ་བ་ཞིག་གི་སྟེང་དུ་ཐིག་ལེ་སུ་ཝརྞའི་ཕོར་བ་ཁ་སྦུབ་པ་ལྟ་བུའི་སྟེང་ངམ་ནང་ལ་སེར་བོ་ཤས་ཆེ་བའི་ཐིག་ལེ་ཁ་དོག་ལྔ་ལྡན་རེས་བརྒྱན་པ་དེ་འདྲ་བའི་ཐིག་ལེ་སེར་པོ་དགུས་བརྒྱན་པའི་འོད་ཀྱི་སྣམ་བུ་དེ་ནི་རིན་ཆེན་འབྱུང་ལྡན་ཁོང་སེང་གི་ལམ་ཡིན་པས་ན་མཉམ་ཉིད་ཡེ་ཤེས་ཀྱི་འོད་ལམ་ཡིན་པར་ཤེས་ན་དང་༔ དེ་ཉིད་ལ་འཕོ་བས་ཡོན་ཏན་རིན་ཆེན་རིགས་ཀྱི་ཐུགས་སུ་བྱང་ཆུབ་བོ༔ དེ་དང་མཉམ་དུ་ལྷར་སྐྱེ་བའི་བག་ཆགས་ཀྱི་ལམ་སེར་མོག་པ་འོད་མེད་པ་ཞིག་ཡོད་པ་གཉིས་གཤིབ་དེ་ཡོང་པས༔ འོད་ཆེན་པོ་དེས་དངངས༔ ཟེར་གྱིས་འཇིགས་ནས༔ འོད་ངན་པ་དེ་ལ་སྔོན་ལྷ་དང་ལྷའི་རིས་སུ་གཏོགས་པའི་ལྷ་མིན་དུ་སྐྱེ་བའི་ལས་དང་བག་ཆགས་ཀྱིས་དགའ་གདུང་སྐྱེས་ཏེ་ཞེན་ནས་སྐྱེ་བ་འཕེན་པར་འགྱུར་རོ༔ དེའི་སྟེང་དུ་སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོའི་ཐག་པ་མིག་གིས་བལྟར་མི་བཟོད་པ་འཚེར་བ་གསལ་བ་ཟེར་འཕྲོ་བ་ཞིག་གི་སྟེང་དུ་ཐིག་ལེ་པདྨ་རཱ་གའི་ཕོར་བ་ཁ་སྦུབ་པ་ལྟ་བུ་ཞིག་གི་སྟེང་ངམ་ནང་ལ་དམར་པོ་ཤས་ཆེ་བའི་ཐིག་ལེ་ཁ་དོག་ལྔ་ལྡན་ལྔ་རེས་བརྒྱན་པཿ དེ་འདྲ་བའི་ཐིག་ལེ་དམར་པོ་དགུས་བརྒྱན་པའི་འོད་ཀྱི་སྣམ་བུ་དེ་ནི་སྣང་བ་མཐའ་ཡས་ཁོང་སེང་གི་ལམ་ཞེས་བྱ་སྟེ་སོར་རྟོགས་ཡེ་ཤེས་ཀྱི་འོད་ཡིན་པར་ཤེས་ན་དང་༔ དེ་ཉིད་ལ་འཕོ་བས་གསུང་པདྨའི་རིགས་ཀྱི་ཐུགས་ལ་བྱང་ཆུབ་བར་འགྱུར་རོ༔ གཞན་ཡང་བྱང་ཆུབ་པར་མི་འགྲོ་བའི་འོད་ལམ་ནི༔ དེ་དང་མཉམ་དུ་དམར་སྐྱ་མོག་པོ་ཞིག་ཡོད་པ་ནི་ཡི་དྭགས་ཀྱི་ལས་དང་བག་ཆགས་ཀྱི་ལམ་ཡིན་པས་དེ་ལ་བག་ཆགས་ཡོད་པས་ཞེན་ནས་གཏད་ཆེས་པའི་ཆགས་པས་སྐྱེ་བ་འཕེན་ཏོ༔ བྱ་གྲུབ་ཡེ་ཤེས་ཀྱི་སྣང་བ་ནི་དངོས་སུ་མི་སྣང་བར་ཡང་བཞག་པས་ལྷ་མིན་སྟོད་སྨད་བགོས་ཏེ་རྒྱུད་ལྔར་བསྡུས་པའོ༔ ཡང་པདྨ་ང་ཡི་ཐིག་ལེ་ཀུན་གསལ་དུ་བསྟན་པ་ལྟར་ཡེ་ཤེས་ལྔ་སྦྱོར་དུ་བཤད་ནཿ དེའི་སྟེང་དུ་དོན་ཡོད་གྲུབ་པའི་ཐུགས་ཀ་ནས་འོད་ཟེར་ལྗང་གུའི་ཐག་པ་མིག་གིས་བལྟར་མི་བཟོད་པ༔ འཚེར་བ༔ གསལ་བ༔ ཟེར་འཕྲོ་བ་ཞིག་གི་སྟེང་དུ་ཐིག་ལེ་མར་གད་ཀྱི་ཕོར་བ་ཁ་སྦུབ་པ་ལྟ་བུའི་སྟེང་ངམ་ནང་ལ་ལྗང་གུ་ཤས་ཆེ་བའི་ཐིག་ལེ་ཁ་དོག་ལྔ་ལྡན་རེས་བརྒྱན་པ༔ དེ་འདྲ་བའི་ཐིག་ལེ་ལྗང་གུ་དགུ་དགུས་བརྒྱན་པའི་འོད་ཀྱི་སྣམ་བུ་དེ་ནི་དོན་ཡོད་གྲུབ་པ་ཁོང་སེང་གི་ལམ་ཡིན་པས་ན་བྱ་གྲུབ་ཡེ་ཤེས་ཀྱི་འོད་ལམ་ཡིན་པར་ཤེས་ན་དང་༔ དེ་ཉིད་ལ་འཕོ་བས་ཕྲིན་ལས་ཀྱི་རིགས་ཀྱི་ཐུགས་ལ་བྱང་ཆུབ་བར་འགྱུར་རོ༔ དེ་དང་མཉམ་དུ་ལྷ་མིན་ཏུ་སྐྱེ་བའི་བག་ཆགས་ཀྱི་ལམ་ལྗང་མོག་པ་འོད་མེད་པ་ཞིག་ཡོད་པ་གཉིས་གཤིབ་དེ་ཡོང་བས༔ འོད་ཆེན་པོ་དེས་དངངས་ཟེར་གྱིས་འཇིགས་ནས༔ འོད་ངན་པ་དེ་ལ་སྔོན་གྱི་ལྷ་མིན་དུ་སྐྱེ་བའི་བག་ཆགས་བསགས་པའི་དབང་གིས་དགའ་གདུང་སྐྱེས་ཏེ་ཞེན་ནས་སྐྱེ་བ་འཕེན་པར་འགྱུར་རོ༔ དེའི་རྗེས་སུ་ལོངས་སྐུ་ཐམས་ཅད་ཀྱི་འཆར་གཞི་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ནག་ཡུམ་ཀུན་ཏུ་བཟང་མོ་དང་མཉམ་པར་སྦྱོར་བ་ཞིག་གི་ཐུགས་ཀ་ནས་ཟུང་འཇུག་གི་དུས་སུ་ཞག་གཅིག་ལ་འོད་སྣ་ལྔ་འཕྲོ་བར་འགྱུར་བ་དང་༔ ཡེ་ཤེས་ཀྱི་དུས་སུ་འོད་ལྔའི་གདུགས་གུར་ཐབས་རྨ་བྱའི་རྒྱལ་མཚན་ལྟ་བུར་གྱུར་བ་ལ་མིག་གིས་བལྟར་མི་བཟོད༔ འཚེར་བ༔ གསལ་བ༔ ཟེར་འཕྲོ་བ་ཞིག་གི་སྟེང་དུ་ཐིག་ལེ་ཁ་དོག་སྣ་ལྔའི་ཕོར་བ་ཁ་སྦུབ་པ་ལྟ་བུ་ཞིག་གི་སྟེང་ངམ་ནང་ལ་སྣ་ལྔའི་ཐིག་ལེ་ཁ་དོག་ལྔ་ལྡན་ལྔ་རེས་བརྒྱན་པ༔ དེ་འ དྲ་བའི་ཐིག་ལེ་སྣ་ལྔ་བ་དགུས་བརྒྱན་བའི་འོད་ཀྱི་སྣམ་བུ་དེ་ནི་ཀུན་ཏུ་བཟང་པོ་ཁོང་སེང་གི་ལམ་ཞེས་བྱ་སྟེ་རང་བྱུང་ཡེཤེས་ཀྱི་འོད་ཡིན་པར་ཤེས་ན་དང་༔ དེ་ཉིད་ལ་འཕོ་བས་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་ཐུགས་ལ་བྱང་ཆུབ་པར་འགྱུར་རོ༔ དེ་དང་མཉམ་དུ་མི་ཡི་བག་ཆགས་ཀྱི་ལམ་ཁ་དོག་སྣ་ཚོགས་མོག་མོག་པོ་ཞིག་འཆར་བ་ལ་བག་ཆགས་ཀྱི་དབང་ལས་དགའ་གདུང་སྐྱེས་ཏེ་ཞེན་ནས་སྐྱེ་བ་འཕེན་པར་འགྱུར་རོ༔ གཞན་ཡང་བྱང་ཆུབ་འཁོར་དང་བཅས་པ་ཐམས་ཅད་ཀྱི་ཐུགས་ཀའི་འོད་ལམ་དང་༔ འཇོམས་པ་ཡུམ་དང་བཅས་པའི་ཐུགས་ཀའི་འོད་ལམ་ཡང་མེད་པ་ནི་མིན་ཡང་༔ ཐམས་ཅད་ཀྱང་ཡེ་ཤེས་དྲུག་ཏུ་འུབ་ཆུབ་པས་རིགས་བསྡུས་པ་ཡིན་ནོ༔ དེ་བཞིན་དུ་ཁྲོ་བོ་ཆེན་པོ་རྣམས་ཀྱི་མཚོན་ཆའི་འོད་ཟེར་རྣམས་ཀྱང་ཡེ་ཤེས་དྲུག་གི་སྣང་བ་ཡིན་ཡང་ཞིབ་པར་མ་དབྱེ་བ་ཙམ་མོ༔ སངས་རྒྱས་སྟོང་དང་མཁའ་འགྲོ་ཕོ་མོ་གྲངས་མེད་པ་དག་གི་འོད་ཟེར་ཀྱང་ནི་དེ་བཞིན་ནོ༔ ཡང་ན་ཡེ་ཤེས་བཞི་སྦྱོར་གྱི་རྗེས་སུ༔ རང་ལུས་ལྗང་གུར་གསལ་བའི་སྙིང་ཀ་ནས་ཕྱོགས་བཞིར་དཀར༔ སེར༔ དམར༔ ལྗང་རྣམས་ཀྱི་སྟེང་དུ་གཞན་གསུམ་བརྩེགས་མར་ཡོད་པར་གསུང་བས༔ ལྷོར་དཀར་པོ༔ ནུབ་ཏུ་སེར་པོ༔ བྱང་དུ་དམར་པོ༔ ཤར་དུ་ལྗང་གུ་རྣམས་མི་སྣང་དེ་བཞི་རེ་ལས་མི་སྣང་བར་འོད་གཉིས་འདྲེས་སུ་གྱུར་བ་དང་༔ ཡེ་ཤེས་བཞི་ཀའི་རྩ ལ་མ་རྫོགས་པས་ན་བཞི་རེ་ལས་མི་སྣང་བ་ནི་ཞིབ་པར་བཤད་པའོ༔ འོ་ན་རྩལ་མ་རྫོགས་བྱ་བ་ཅི་ལ་སྣང་ཟེར་ན༔ ཡང་ན་སྔར་འོད་གསལ་དང་ཚོམ་བུའི་དུས་ཀྱི་འོད་ལྗང་དང་༔ དོན་གྲུབ་ཀྱང་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྣང་བ་ཡིན་པར་སུས་འགོག་བསམ་པར་བྱའོ༔ ༈ དོན་གསུམ་པ་ཡེ་ཤེས་ཀྱི་རྗེས་སུ་ལྷུན་གྲུབ་ནི༔ འཆར་ལུགས་དང་ཐིམ་ལུགས་གཉིས་ལས༔ དང་པོ་ནི༔ གཞི་སྣང་ཆེན་པོའི་སྣང་བ་ཞེས་བྱ་བ་གོང་གི་ཡེ་ཤེས་ཀྱི་སྣང་བ་དེ་དག་སྟེང་གི་ཆ་ལ་འདུས་ནས་རང་ས་སྟེང་གི་ཀ་དག་གི་སྣང་བའི་ངང་ལས་ཁྲོ་བོའི་ཞིང་ཁམས༔ ཞི་བའི་ཞིང་ཁམས༔ རང་བཞིན་སྤྲུལ་པ་ཕྱེད་སྤྲུལ་དབུགས་འབྱིན་ལྔ༔ དེའི་འོག་ཏུ་འགྲོ་བ་དྲུག་གི་སྣང་བ་བསམ་གྱིས་མི་ཁྱབ་པ་འཆར་བ་སྟེ༔ དང་པོ་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ནི༔ ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་ཆད་དུ་མ་སོང་༔ འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་གསལ༔ སྐུ་ལྟར་ཤར་བས་ཤེས་པའི་ཁ་ཕྱིར་མ་ཤོར༔ ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ༔ གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་ཏུ་གནས༔ མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལའང་མི་གནས༔ མ་དག་པ་འཁོར་བའི་སྒོ་ལྟར་ཤར་བས་ཤེས་བྱའི་སྲིད་པའི་འབྱུང་ཁུངས་མ་འགགས༔ དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཐམས་ཅད་ཆོས་ཉིད་དུ་འབྲེལ་བའོ༔ སྒོ་བརྒྱད་པོ་དེ་ལས་ལོངས་སྐུའི་དཀྱིལ་འཁོར་ནི་སྔར་ལྟར་ལ༔ གསུམ་པ་སྤྲུལ་སྐུའི་བར་དོ་ནི༔ རང་བཞིན་སྤྲུལ་པ་སྐུའི་སྣང་བ་ཞེས་བྱ་བ་ཕྱོགས་བཞི་ན་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་ཁང་པ་གྲུ་བཞི་སྒོ་བཞི་ལྡན་པ༔ གཞལ་ཡས་ཁང་གི་བཀོད་པ་ཐམས་ཅད་ཡོངས་སུ་རྫོགས་པ༔ གཞལ་ཡས་ཁང་དེའི་ཕྱི་རོལ་གྱི་ས་གཞི་ཐམས་ཅད་རིན་པོ་ཆེ་སྣ་བཞི་རང་རང་དང་རྒྱུ་མཐུན་པ༔ ཡན་ལག་བརྒྱད་ལྡན་གྱི་རྫིང་བུའི་བསྐོར་བ༔ དེའི་ཕྱི་རིམ་ན་མཚོའུ་བརྒྱད་ཡོད་དེ༔ དེའི་ནང་ན་བྱ་སྐད་སྙན་པ་སྣ་ཚོགས་རྩེ་བ༔ རིན་པོ་ཆེ་སྣ་བདུན་གྱི་ལྕགས་རིའི་བསྐོར་བ༔ དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་སྣ་བདུན་གྱི་ཁྲི་ཆོས་འཆད་བའི་སྟན་དང་བཅས་ལྡན་པ་ཡོད་དོ༔ དེ་དག་ཏུ་སྤྲུལ་པའི་སྐུ་རིགས་བཞི༔ སྲོད་ལ་རྒྱུའི་སོགས་ཆོས་ཐུན་བཞི་བཞིར་འཆད་པ་དེ་ན་ཉན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོག་པ་ཤ་སྟགཿ ལོ་ལྔ་བརྒྱ་ཤེས་ཆེར་ཐུབ་པ་ལ་སོགས་པ་ཡོད༔ དེ་ན་གནས་པ་ཐམས་ཅད་ནད་མེད་པས་མཆོག་ཏུ་བདེ་ལ༔ མེ་ཏོག་སྣ་ཚོགས་ཀྱིས་སྤྲུལ་བའི་སྐུ་དེ་དག་ལ་མཆོད་པ༔ ཕྱོགས་བཞི་མཆོད་རྟེན་དང་བཅས་པས་བསྐོར་བ་བཞི་དང་བརྒྱད་ཀྱང་འཆར་རོ༔ འགྲོ་འདུལ་སྤྲུལ་པའི་བར་དོ་ནི༔ དམྱལ་བ༔ ཡི་དྭགས༔ དུད་འགྲོ༔ ལྷཿ ལྷ་མིན༔ མི་རྣམས་ཀྱི་གནས་དང་སྡུག་བསྔལ་ལ་སོགས་པའང་མཐོང་ལ༔ དེ་དག་ཏུ་འགྲོ་བ་འདྲེན་པའི་ཐུབ་པ་ཡང་༔ ཆོས་ཀྱི་རྒྱལ་པོ༔ ཁ་འབར་མ༔ རུ་རུ་རྨུགས༔ ཐག་བཟང་རིས༔ དབང་པོ༔ ཤཱཀྱ་ཐུབ་པ་རྣམས་ཀྱང་རང་རང་གི་ཕྱག་མཚན་ཆ་བྱད་དུ་བཅས་ནས་སྣང་བ་ནི་སྣ་ཚོགས་པའོ༔ དེ་ཐམས་ཅད་ཀྱང་རང་སྣང་གཟུགས་བརྙན་ལྟར་སྣང་བའོ༔ དེ་ལྟ་བུའི་ཆོས་ཉིད་ཀྱི་བར་དོ་འདི་ནི་ཡེ་ནས་གཞི་སྣང་ལ་ལྷུན་གྲུབ་ཏུ་ཡོད་པ་ཉིད་དུས་འདིར་ཤར་བ་ཡིན་གྱི༔ མེད་ན་འཆར་དོན་མེད་ལ༔ དེ་ཉིད་རྣལ་འབྱོར་བས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱིས་ཡུལ་དུ་བྱས་པས་ལམ་གཞན་ལས་ནང་རྒྱུད་མྱུར་བའི་ཐ་ཚིག་དང་༔ སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་གསུང་པ་དང་༔ མ་འོངས་བའི་འབྲས་བུ་སྐུ་ལྔ་ལྷུན་གྱིས་གྲུབ་པའི་གོ་འཕང་ཐོབ་རྒྱུ་ཡོད་པའི་རྒྱུ་མཚན་ཡང་དེ་ཡིན༔ འོད་གསལ་ཐོད་རྒལ་དུ་དེ་ཉིད་གཞི་སྙིང་ཀ་ན་ཡེ་ཤེས་སུམ་བརྩེགས་སུ་ཡོད་པའི་རང་ཞལ་གྱི་མཐོང་བ་ཡེ་ཤེས་ཀྱི་རླུང་གིས་ཕྱེ་བ་དང་༔ རྒྱུད་སྡེ་གཞན་ནས་ཀྱང་རྟགས་བཅུའི་སྟོང་གཟུགས་ལ་དག་གྲོལ་ངེས་འབྱིན་དུ་བྱེད་པའི་རྒྱུ་མཚན་དེ་ཡིན་ནོ༔ གཉིས་པ་ལྷུན་གྲུབ་ཐིམ་ཚུལ་ནི་ཁོ་བོས་བྱས་པའི་དེ་ཉིད་གསལ་བའི་རྒྱན་བཞིན་ནོ༔ དེ་དག་གིས་ཆོས་ཉིད་ཀྱི་བར་དོའི་སྣང་ལུགས་བཤད་ཟིན་ནོ༔ ༈ དོན་བཞི་པ་སྲིད་པ་བར་དོའི་སྣང་ལུགས་བཤད་པ་ལ༔ དེ་ཡི་ཆོས་ཀྱི་ཁྱད་པར་ཉེར་གཉིས་སོགས་བཤད་ཀྱང་༔ འདིར་ནི་ལུས་ཀྱི་སྲིད་པ་རྨི་ལམ་གྱི་སྣང་བ་ལྟར་ས་ཟིན་མེད༔ སེམས་ཀྱི་སྲིད་པ་ཀུན་ཏུ་རྟོག་པ་རླུང་ལྟར་འཚུབས༔ ལུས་སེམས་གཉིས་འདུས་ཀྱི་སྲིད་པ་ཐོགས་མེད་རྫུ་འཕྲུལ་གྱི་ཤུགས་ཅན་སྡུག་བསྔལ་དངངས་སྐྲག་བྲེ་བ་སྟེ་ཡུལ་དྲུག་དགྲར་ལངས་ཀྱི་སྣང་བ༔ ཡ་ང་བའི་གཡང་ས་གསུམ༔ འཇིགས་པའི་སྒྲ་བཞི༔ མ་ངེས་པའི་རྟགས་དྲུག་སྟེ་གསུམ་ལས༔ གཟུགས་ཁམས་དགྲར་ལངས་བའི་དོན་དང་པོ་སྣང་གསུམ་རིམ་པར་མཆེད་དེ༔ ཐོབ་པའི་ནག་ལམ་མུན་པའི་གཡང་ས་གཏི་མུག་གི་རང་བཞིན་གྱིས་བསྐྱེད་པ་མཐོ་ཁྱད་མི་མངོན་པར་ལས་ཀྱི་རླུང་གིས་རྒྱབ་ནས་དེད༔ གོང་དུ་ལྷ་ཚོགས་རྣམས་ཀྱང་རང་སྣང་དུ་མ་ཤེས༔ ཐོག་བརྫིས་སུ་མ་ཆོད་པ་དང་༔ ཐ་ན་འཕོ་བས་ཀྱང་སྟོངས་མ་ཐེབ་པར་འཇིགས་སྐྲག་གིས་ལོག་པར་འཁྲུལ་བའི་དགྲ་གཉེན་མ་ཕྱེད་པ་ལྟར་གྱི་ད་ནི་གཤིན་རྗེའི་སྐྱེས་བུ༔ ལུས་ན་མི་ལུས་འབུམ་ཙམ་ཡོད་པ༔ སྐྲ་དམར་སེར་གྱེན་ལ་ཟེང་བ༔ ཚུགས་འཇལ་འཇུར་ཁྲོ་བོའི་ཉམས་ཅན༔ མཆེ་བ་རི་ཙམ་དུ་གཙིགས་པ༔ མིག་ཁྲག་གིས་བྲིས་པ༔ བ་སྦུ་ཐམས་ཅད་ལྕགས་ཀྱི་རྩངས་ལྟར་རྣོ་བ༔ ལག་ན་དབྱུག་ཏོ་འབར་བ་འཛིན་པ༔ མགོ་བརྒྱ་སྟོང་གྲངས་མེད་པ༔ ལག་པ་བརྒྱ་སྟོང་གྲངས་མེད་པ་མཚོན་ཆ་བརྒྱ་སྟོང་གྲངས་མེད་པར་འཛིན་པ་དང་༔ ཁ་ནས་སོད་རྒྱོབ་གཏུབས་ཆོད་ཟུང་རྡུངས་ལ་སོགས་འབྱིན་པ་བསམ་གྱིས་མི་ཁྱབ་པ་ཆེ་བ་ལ་འབྲུག་སྟོང་ལྟ་བུ༔ མང་བ་ལ་གྲངས་ཀྱིས་མི་ཆོད་པ༔ ངར་བ་ལ་མགོ་བོ་འགེམས་པ་ལྟ་བུའི་ཚགས་དིར་དུ་འཁྲབ་པ༔ ཁྱད་པར་མི་བསད་པའི་ལན་ཆགས་འདེད་པ་མི་ནག་པོ་མཆེ་བ་གཙིགས་པ་དང་༔ འཕྲོག་བཅོམ་དཀོར་དང་བུ་ལོན་སྙོགས་པ་ལག་པ་ཟེད་པ༔ ཆོ་ངེ་འདོན་པའི་བུད་མེད་མ་རུང་བ༔ གཅན་གཟན་གྱི་རིགས་སྣ་ཚོགས་པ༔ མཆེ་སྡེར་བགྲད་དེ་འབྱུང་བ་ལ་སོགས་པས་དེད་དེ་ལྟུང་བ་དང་རྨས་པ་ན་ཚ་སྡུག་བསྔལ་བཟོད་པར་དཀའ་བ་མྱོང་བ་དང་༔ ཡང་ངོ་བོ་འདོད་ཆགས་ཀྱི་རང་གཟུགས་ཐོབ་པའི་དམར་ལམ་དེ་འཁྲུལ་བ་ལས་བྱུང་བ་དམར་ཟེང་ངེ་བ༔ མཐོ་ཁྱད་མི་མངོན་པ་རུ༔ སྐྱེས་བུ་དང་༔ གཅན་གཟན་དང་༔ སྒྲ་དང་༔ ལས་རླུང་དང་༔ ཤ་དེད་དེ་ལྟ་བུས་བདས་པས་ལྟུང་བ་དང་རྨས་པ་ན་ཚ་སྡུག་བསྔལ་བཟོད་པར་དཀའ་བ་མྱོང་བ་དང་༔ ཡང་ངོ་བོ་སྣང་བའི་དཀར་ལམ་དེ་ལས་འཁྲུལ་བས་ཞེ་སྡང་གི་རང་གཟུགས་གཡང་ས་དཀར་ལམ་མེ་བ་ཞིག་ལ་མཐོ་ཁྱད་མི་མངོན་པར་ལས་ཀྱི་རླུང་གིས་རྒྱབ་ནས་དེད༔ གོང་དུ་ལྷ་ཚོགས་རྣམས་ཀྱང་རང་སྣང་དུ་མ་ཤེས༔ ཐོག་བརྫིས་སུ་མ་ཆོད་པ་དང་༔ ཐ་ན་འཕོ་བས་ཀྱང་སྟོངས་མ་ཐེབ་པར་འཇིགས་སྐྲག་གིས་ལོག་པར་འཁྲུལ་བའི་དགྲ་གཉེན་མ་ཕྱེད་པ་ལྟར་གྱི་ད་ནི་གཤིན་རྗེའི་སྐྱེས་བུ༔ ལུས་ན་མི་ལུས་འབུམ་ཙམ་ཡོད་པ༔ སྐྲ་དམར་སེར་གྱེན་ལ་ཟེང་བ༔ ཚུག་འཇལ་འཇུར་ཁྲོ་བོའི་ཉམས་ཅན༔ མཆེ་བ་རི་ཙམ་དུ་གཙིགས་པ༔ མིག་ཁྲག་གིས་བྲིས་པ༔ བ་སྦུ་ཐམས་ཅད་ལྕགས་ཀྱི་རྩངས་ལྟར་རྣོ་བ༔ ལག་ན་དབྱུག་ཏོ་འབར་བ་འཛིན་པ༔ མགོ་བརྒྱ་སྟོང་གྲངས་མེད་པ༔ ལག་པ་བརྒྱ་སྟོང་གྲངས་མེད་པ་མཚོན་ཆ་བརྒྱ་སྟོང་གྲངས་མེད་པར་འཛིན་པ་དང་༔ ཁ་ནས་སོད་རྒྱོབ་གཏུབས་ཆོད་ཟུང་རྡུངས་ལ་སོགས་འབྱིན་པ་བསམ་གྱིས་མི་ཁྱབ་པ་ཆེ་བ་ལ་འབྲུག་སྟོང་ལྟ་བུ༔ མང་བ་ལ་གྲངས་ཀྱིས་མི་ཆོད་པ༔ ངར་བ་ལ་མགོ་བོ་འགེམས་པ་ལྟ་བུའི་ཚགས་དེར་དུ་འཁྲབ་པ༔ ཁྱད་པར་མི་བསད་པའི་ལན་ཆགས་འདེད་པ་མི་ནག་པོ་མཆེ་བ་གཙིགས་པ་དང་༔ འཕྲོག་བཅོམ་དཀོར་དང་བུ་ལོན་སྙོགས་པ་ལག་པ་ཟེད་པ༔ ཆོ་ངེ་འདོན་པའི་བུད་མེད་མ་རུང་བ༔ གཅན་གཟན་གྱི་རིགས་སྣ་ཚོགས་པ༔ མཆེ་སྡེར་བགྲད་དེ་འབྱུང་བ་ལ་སོགས་པས་དེད་དེ་ལྟུང་བ་དང་རྨས་པ་ན་ཚ་སྡུག་བསྔལ་བཟོད་པར་དཀའ་བ་མྱོང་བ་དང་༔ ཡང་གཉིས་པ་འཇིགས་པའི་སྒྲ་བཞི་ཞེས་འབྱུང་བཞི་དགྲར་ལངས་ཀྱི་འཁྲུལ་སྣང་ཡང་འདི་ལྟར་འབྱུང་སྟེ༔ དེ་ཡང་ས་ཁམས་དགྲར་ལངས་ཀྱི་ཕྱོགས་ཀྱི་ས་གཞི་ཐམས་ཅད་ཤིག་ཤིག་ཡོམ་ཡོམ་དུ་འགུལ་བརྡེག་ཞིག་བའི་མཐུག་ཆགས་ཀྱི་སྒྲ་རི་བོ་ཞིག་པའི་སྒྲ་ལྟ་བུ་མགོ་བོ་འགས་པ་ཙམ་དང་༔ རྒྱ་མཚོ་ཆེན་པོའི་རླབས་གཡོ་བ་དང་རྫ་བྲག་གི་བར་ནས་བཏོན་པའི་ཆུ་བོའི་གཤང་ཆལ་གྱི་སྒྲ་ལས་བརྒྱ་འགྱུར་གྱི་ཆེ་ཞིང་རྩུབ་པ་དང་༔ མེ་ཆེན་པོ་འབར་བའི་སྒྲ་ལྟ་བུའི་འུར་ཚག་ཆེམ་པའི་སྒྲ༔ རླུང་ཆེན་པོ་བསྐལ་པ་དུས་མཐའི་འཐོར་བྱེད་ཀྱི་ཤུགས་སྒྲ་ཧས་སྒྲ་འུར་བས་འབུམ་ཆར་དུ་མི་མཚོན་པ་ཞིག་ལྡང་ངོ༔ དེ་དག་ནི་གོང་གི་ཁྲོ་བོའི་སྒྲ་རང་ངོ་མ་ཤེས་པར་དགྲ་རུ་བལྟས་པ་ལས་ཡིན་ཞིང་༔ སྒྲ་ཁམས་དགྲར་ལངས་པའི་སྒྲ་བཞིའི་ཐ་སྙད་དུ་ཐོབ་བོ༔ དེ་ནས་མ་ངེས་པའི་རྟགས་སྣ་ཚོགས་པ་ནི་ཡུལ་གཞན་དང་ཁམས་ལྷག་མ་དགྲར་ལྡང་བའང་ཡིན་ཏེ༔ ༈ དེ་ལ་ནང་གི་ཉི་ཟླ་མེད་པའི་དོན་གྱིས༔ ཕྱི་རོལ་ཏུ་ཉི་མ་དང་ཟླ་བ་མེད་པར་མུན་པས་གཏིབ་པ་དང་༔ རང་ལ་ལུས་མེད་པས་ན་ས་ལ་རྐང་རྗེས་དང་གྲིབ་མ་གཟུགས་བརྙན་མེད་པ་དང་༔ ཡང་རི་བྲག་གི་དངོས་པོ་ཐམས་ཅད་ལ་ཐོགས་རེག་མེད་པར་ཟང་ཐལ་བའི་སྣང་བ་འབྱུང་བ་དང་༔ ཡང་རླུང་ལ་རྟེན་མེད་པས་ཁ་རྒྱལ་དུ་འཕྱོ་བས་ལས་ཀྱི་རླུང་གིས་དེད་དེ་གང་དུའང་ཕྱད་ཕྱོད་ཡད་ཡུད་དུ་རྒྱུ་བ་དང་༔ སྔར་སླེབ་མ་མྱོང་བའི་ཡུལ་རིགས་མི་འདྲ་བར་སྐད་ཅིག་སླེབས་པ་དང་༔ གང་ཡང་མྱུར་བའི་ཤུགས་ཀྱིས་དཔེར་ན་རྨི་ལམ་དུ་འགྲོ་བ་ན་གང་དུའང་བསམ་པས་སླེབས་པ་བཞིན་རྫུ་འཕྲུལ་སྣང་ཤུགས་དང་༔ ཡང་སྐབས་ཤིག་ཏུ་ལུས་ཀྱང་ཡོད་པར་སྣང་ཡང་བར་དོའི་ཡར་ཕྱེད་སྔ་མའི་ལུས་ལྟར་དང་༔ མར་ཕྱེད་དུ་ཕྱི་མ་དམྱལ་བར་སྐྱེ་ན་ཐུར་འཕྱང་༔ ཡི་དྭགས་དང་དུད་འགྲོ་སྣྲེལ་ཞི༔ མཐོ་རིས་མགོ་གྱེན་དུ་བསྟན་པ་ལྟ་བུའི་ལུས༔ ལས་དག་པ་རྣམས་བྱིས་པ་ལོ་བཅུ་དྲུག་ཙམ་པ༔ ལས་མ་དག་པ་རྣམས་ལོ་བརྒྱད་པ་ཙམ་གྱི་ཚད༔ ཁ་དོག་ལྷ་ལ་དཀར་པོ༔ མི་ལ་སྔོ་སྐྱ༔ ལྷ་མིན་ལ་ལྗང་གུ༔ དུད་འགྲོ་ལ་དམར་ནག༔ ཡི་དྭགས་ལ་ཐལ་སྐྱ༔ དམྱལ་བ་ལ་དུད་ཁའི་མདོག་ཅན༔ ཡང་ལས་མ་དག་པའི་འོད་མོག་མོག་པོ༔ དག་པའི་དཔག་ཚད་དུ་འཕྲོ་བའི་ལུས་མེད་ཀྱང་ཡོད་དོ་སྙམ་ནས་དེ་ལ་གནོད་ཀྱིས་དོགས་པས་འཇིགས་སྐྲག་བྲོས་པ་ལ་སོགས་པ་བྱེད་དོ༔ གནས་ཀྱི་ཁྱད་པར་ཡང་གྲོག་སྟོང་བྱུར་བོ་དུར་ཁྲོད་ལ་སོགས་པར་རྒྱུ་བ་དང་༔ ས་གཅིག་ཏུ་མི་ཚུགས་པར་ངེས་མེད་དུ་བག་གྲང་ངེ་གནས་འཆའ༔ ཟས་ཀྱི་ཁྱད་པར་ཡང་མ་བསྔོས་ན་མི་ཐོབ༔ བསྔོས་པ་ཐོབ་ལ་དེ་ཡང་དྲི་གསུར་གྱིས་ཚིམ་པ་ཞིག་ཡོད་དོ༔ གྲོགས་ནི་གཤིན་གསོན་མ་ངེས་པ་ལ་འགྲོགས་པ་དང་༔ དེ་ཡང་གཤིན་པོ་རྣམས་དང་ཕན་ཚུན་མཐོང་ཐོས་གཏམ་བྱ་བའི་སྣང་བ་སོགས་ཀྱང་འཆར་ལ༔ གསོན་པོ་དག་ཕར་མཐོང་ཡང་ཚུར་མི་མཐོང་བ་དང་༔ ངག་ཀྱང་རང་ལ་ཡོད་པར་སྣང་ནས་གསོན་པོ་རྣམས་ཀྱི་དྲུང་དུ་ཕྱིན་ནས་གཏམ་སྨྲས་ཀྱང་མི་ཐོས་པ་ན་ང་ལ་ཁ་ལན་མི་བྱེད་པར་འདུག་སྙམ་དུ་ཞེ་སྡང་བ་དང་༔ ཡང་རང་གི་ཕོར་བ་ཁ་སྦུབ་པ་དང་༔ ཟས་མི་སྟེར་བ་ན་ང་རང་གི་སྐལ་པ་ཅི་ལ་བཅད་སྙམ་སྟེ་ཞེ་སྡང་བ་དང་༔ ཡང་མངོན་ཤེས་ཀྱིས་སྟོང་གསུམ་ཐམས་ཅད་དུས་གཅིག་ལ་མཐོང་བ་དང་༔ དེ་དུས་སུ་དབང་པོ་ལ་སྔར་སྐྱོན་ཆགས་ཀྱང་ད་ནི་མིག་གིས གཟུགས་མཐོང་༔ རྣ་བས་སྒྲ་ཐོས༔ སྣས་དྲི་ཚོར༔ ལྕེས་རོ་མྱོང་༔ ལུས་ཀྱིས་རེག་བྱ་མྱོང་༔ ཡིད་ཀྱི་རྣམ་རིག་ཀྱང་ལས་ངན་ཕལ་ཆེར་མ་གཏོགས་ད་ལྟ་བས་དགུ་འགྱུར་བཀྲའོ༔ དེ་ནས་འདི་ཅི་འདྲ་སྙམ་པའི་དཔྱད་པ་ཞུགས་པ་ན་ཤི་པ་ཡིན་ནམ་སྙམ་དུ་སེམས་པས་ངེས་པར་འདུག་ད་ནི་ཅི་ཚུགས་བྱ་སྙམ་པས་དེ་མ་ཐག་ཏུ་བརྒྱལ་ལོ༔ སངས་པ་ན་ཐབས་སྣ་ཚོགས་སེམས་ཀྱང་བྱ་ཐབས་མེད་པ་ཤེས་ནས༔ མི་ཡི་དབང་དུ་བྱས་ན༔ འོ་བདག་གི་མི་ཡི་ལུས་རྟེན་ཁྱད་པར་བ་དེ་འདྲ་རྙེད་ཀྱང་ཆུད་ཟོས་སུ་བཏང་༔ ད་ནི་སྡིག་པའི་དཔུང་གྲངས་འདི་ཙམ་དུ་བསགས་པས་བློ་ཉེས་ན་འབྲས་བུ་ངན་པ་ཅི་འདྲ་ཡོད་སྙམ་དུ་ཡི་མུག༔ གཉེན་ལ་ཆགས་པས་བློས་མི་ཐོངས་པར་དྲན་པ་ཙམ་གྱིས་སྔར་གྱི་བག་ཆགས་ལས་མཐོང་སྣང་ཤར་ཡང་ཚུར་མི་མཐོང་བས་སྡུག་བསྔལ༔ ལུས་ལ་ཆགས་པས་སྣ་བུག་སོགས་སྒོ་དགུ་ནས་ཕར་འཇུག་ཚུར་ཕྱུང་བས་ལུས་འཁྱགས་པ་རོ་རུ་སོང་བ་དང་༔ རུལ་བ་དང་༔ མེ་ལ་བསྲེགས་པས་ཚིག་སྔ་ཕྱི༔ བྱ་ལ་སྦྱིན་པས་ཟ་སྔ་ཕྱི་ཙམ་ལ་ཡང་དགའ་སྡུག་བྱེད་ཅིང་༔ རྒྱུ་རྫས་སྡིག་གིས་བསགས་པ་ལ་དངུལ་ཞོ་གང་ཙམ་ཁྱེར་དབང་མེད་པའི་སྡུག་བསྔལ༔ གཞན་གྱི་བགོ་བཤའ་བྱེད་པས་ཕྲག་དོག༔ བླ་མ་དང་གྲོགས་མཆེད་ཨ་མཆོད་སོགས་ལ་སྐྱབས་ཚོལ་ཡང་མ་མཐོང་བས་ཡི་མུག༔ ཕར་བསམ་པ་ན་རྣམ་འ གྱུར་གྱི་སྒོ་དང་མངོན་ཤེས་ཕྲ་བས་དེ་དག་གི་རློམ་སེམས་སོགས་བྱེད་པ་དང་སྐྱོན་ལྐོག་གྱུར་ཐམས་ཅད་ཤེས་པར་སྣང་ནས་ཕྱིར་ཞིང་སྡུག་བསྔལ༔ ཁྱད་པར་དུ་ཡང་ལོག་ལྟ་ཅན་ལ་ནི་དད་ཡུལ་གཅིག་ཀྱང་མི་མཐོང་བར་ངན་པ་ཤ་སྟག་མཐོང་བར་འགྱུར་རོ༔ ལར་ད་ལྟ་ནས་དད་པ་འབྱོངས་དགོས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ༔ གཞན་དག་ན་རེ༔ ལར་བར་དོའི་སེམས་ཅན་དང་གསོན་པོ་ལ་མཐུན་སྣང་གི་བག་ཆགས་སད་པ་ཡོད་དམ་མེད༔ ཡོད་ན་ཕར་བར་དོ་བ་མཐོང་དགོས་ལ༔ མེད་ན་ཚུར་མཐོང་བས་ཁྱབ་པ་མེད་དེ༔ དཔེར་ན་བར་དོར་ཡང་རིགས་མཐུན་ནང་ཚན་ལས་མི་མཐོང་བས་ཤེས་སོ༔ ཁྱད་པར་དུ་ཉེ་དུ་སོགས་མཐོང་བ་དང་མངོན་ཤེས་ཀྱིས་སྣོད་བཅུད་ཐམས་ཅད་ཤེས་ན༔ ཉི་ཟླ་རྐྱང་པ་མི་མཐོང་བའི་ཁྱད་པར་ཅི་ཡོད༔ དབང་པོ་ཀུན་ཚངས་ད་ལྟའི་ལུས་རྟེན་ལ་བརྟན་པོར་ཆགས་པས་གཞན་སེམས་མི་ཤེས་ན་བླ་མཆོད་སོགས་ཀྱི་ཤེས་རྒྱུད་དབང་པོ་མེད་པ་དེས་ཀོ་ཅི་ལ་མཐོང་སྟེ་མི་སྲིད་སྙམ་མོ༔ ཀྱཻཻཿ བཞིན་བཟང་དག༔ ལར་རང་གཞན་ཀུན་ལ་མཚུངས་ནས་སྲིད་པ་བར་དོ་འདོད་ན་ལྟག་ཆོད་དེེས་ཀོ་ཅི་བྱ༔ དོག་པ་ཙམ་ལ་བསལ་དུ་ཡོད་དེ༔ ཡང་རང་གཞན་སུས་ཀྱང་རིགས་མཐུན་མཐོང་བར་འདོད་ན༔ དོན་ཡོད་མ་ཡིན་སེམསཉིད་ནི༔ ཕྱི་རོལ་དོན་དུ་སྣང་ངོ་ཟེར་བ་དང་༔ དབུ་མ་རྒྱན་སོགས་ལས་ཀྱང་བཤད་པ་དང་༔ དྲི་ཟ་ཉེ་བར་འཁོར་དུ་ཟེར་བས་དྲི་བསྔོས་པ་དེ་ཐོབ་ཤིང་ཚོར་བས་མཐུན་སྣང་ཁྱད་པར་བ་དག་ཀྱང་སྒྲུབ་ཏུ་ཡོད་དགོས་ལ༔ ཐོགས་མེད་རྒྱུ་བའི་ཡུལ་དེ་ཡང་ཅི་ཡིན་ཆ་གཅོད་རྒྱུ་གཞན་ཞིག་ཀྱང་ཡོད་དེ༔ ཡང་རིགས་མཐུན་དེ་རྒྱུད་གཞན་པ་ཞིག་གམ་མ་ཡིན༔ སྔ་མ་ལྟར་ན་ཐམས་ཅད་སེམས་སྣང་སུ་ངེས་པའི་ཚད་མས་གནོད་ལ༔ ཕྱི་མ་ལྟར་ན་མཐུན་གཞི་མ་གྲུབ་པའི་མགོ་མཚུངས༔ གནད་འདི་ཐམས་ཅད་ཀྱི་རྩ་བ་ནི་རང་སྣང་ཉག་གཅིག་ལས་འཁོར་འདས་རང་རྒྱུད་པར་གྲུབ་པ་མེད་པའི་དོན་དུ་ཐུགས་ལ༔ ཡང་གསོན་པོ་ངེས་པའི་སྣང་བ་དང་༔ གཤིན་པོ་མ་ངེས་པའི་སྣང་བ་ལ་དཔེར་བྱ་རྒྱུ་མེད་པ་དག་ཀྱང་ཕྱོགས་གཅིག་ཏུ་ལྟ་བའི་མིག་རྒྱང་ལ་ལྟོས་ཤིག༔ རྒྱུ་མཚན་ཞིབ་ཏུ་དཔྱད་ན་སྤྲོས་པས་ཆོག་གོ༔ སྲིད་པ་བར་དོ་བ་དེའི་ཆེ་ཚད་ནི༔ འཕོ་ཆེ་ཆུང་གཉིས་ལས༔ ཆུང་བ་ནི་དམྱལ་བ་དང་མཐུན་པར་ཞག་བདུན་རེ་ན་སྔར་གྱི་འཆི་རྐྱེན་དང་འཆི་བ་དྲན་པའི་མོད་དུ་རེ་རེ་འཆི་བ་དང་༔ སྔར་མའི་བག་ཆགས་ཇེ་བརྗེད༔ ཕྱི་མའི་བག་ཆགས་ཇེ་གསལ་དུ་འགྲོ་བ་དང་༔ འཕོ་ཆེན་ནི༔ ཞག་བདུན༔ ཉེར་གཅིག༔ ཞེ་དགུ་ཚུན་ཆད་ལ་ལུས་ལེན་པས་རིང་ཚད་དོ༔ སྐྱེ་བ་ཐམས་ཅད་བརྫུས་ཏེ་སྐྱེ་བ་དང་༔ ལས་ཀྱི་སོག་ཚུལ་ཀྱང་རགས་པ་མངོན་གྱུར་མི་སོག་ཀྱང་༔ ཕྲ་བ་བག་ཉལ་ནི་སོག་གོ༔ བག་ཆགས་ནི་སྔ་མ་གང་ལ་གོམས་པ་དེ་ལ་ཤས་ཆེར་གོམས་སོ༔ དེ་བཞིན་དུ་སྔར་དགེ་བ་བསགས་པ༔ མཆོད་སྦྱིན་བྱས་པ༔ བྱམས་པ་གོམས་པ་རྣམས༔ གྲོགས་ཕན་བྱེད༔ གནས་སྐྱིད་པོ༔ ཡོ་བྱད་སོགས་ཀྱང་ཚིམ་པར་འཕྲད་པ་ཡོད༔ སྔར་མི་དགེ་བ་བྱས་པ་དག་དེ་ལས་ལྡོག་པར་འབྱུང་བས་དགེ་ལས་ཀྱི་ཕན་ཡོན་དང་སྡིག་པའི་ཉེས་དམིགས་སོགས་ཀྱང་དེར་མངོན་ལ༔ གཟུགས་ལས་གཞན་པས་མིང་བཞི་ལ་བརྟེན་པའི་གཟུགས་མེད་པའི་ཆར་གཏོགས་ལ༔ དེ་ནས་སྲིད་པ་བར་དོར་གནས་པར་ཤེས་ནས་སྡུག་བསྔལ་བཟོད་བརླག་མེད་པ་མྱོང་ངོ་༔ ཁྱད་པར་དུ་ད་ནི་སྐྱེ་བ་ཞིག་ཨེ་ལོན་སྙམ་པའི་རེ་དོག་གིས་ཕྱོགས་ཐམས་ཅད་དུ་རྒྱུ་ལ༔ དེ་ནས་སྐྱེ་གནས་གང་དུ་སྐྱེ་བ་ལེན་པའི་སྔ་རྟགས་ཀྱང་འབྱུང་སྟེ༔ མངལ་གང་དུ་སྐྱེ་སྐལ་ཡོད་ཀྱང་དེ་སྡུག་པར་མཐོང་བས་ན་ད་ལྟ་ནས་ཡིད་འོང་ལ་ཆགས་པ་བཅད་དགོས་པའི་རྒྱུ་མཚན་དང་༔ རང་གི་ལུས་ལ་ཡང་རྟགས་ཡོད་དེ༔ མགོ་བོའི་ལྟ་ལུགས༔ ལུས་ཀྱི་ཚད༔ འོད༔ ཁ་དོག་སོགས་བཤད་མ་ཐག་པ་ལྟར་ལ༔ ཉམས་ལ་ཡང་སྐྱེ་རྟགས་ཡོད་དེ༔ འདོད་པར་སྐྱེ་ན་ཡུལ་ལ༔ གཟུགས་སུ་སྐྱེ་ན་འོད་ལ༔ གཟུགས་མེད་དུ་སྐྱེ་ན་ཅི་ཡང་མེད་པའི་སེམས་གནས་ལ་དགའ་གདུང་སྐྱེ་བ་དང་༔ བརྫུས་ཏེ་སྐྱེ་ན་གནས་ལ༔ དྲོད་གཤེར་དུ་སྐྱེ་ན་དྲི་རོ་ལ༔ མངལ་སྒོང་ལས་སྐྱེ་ན་ཕོ་མོ་འདུ་འཕྲོད་ལ་ཆགས་སྡང་བྱེད༔ དེ་ཡང་ཕོར་སྐྱེ་ན་མོ་ལ་ཆགས་ཕོ་ལ་སྡང་༔ མོར་སྐྱེ་ན་ཕོ་ལ་ཆགས་ནས་མོ་ལ་སྡང་༔ དེ་ལྟ་བུའི་སྐྱེ་གནས་དག་ལ་ཆགས་སྡང་བྱུང་མ་ཐག་ཏུ་དེས་ཤི་རྐྱེན་བྱས་ཏེ་ཅུང་ཟད་བརྒྱལ་བ་དང་མཉམ་པོར་སྐྱེ་བ་ལེན་ནོ༔ ཡང་ལུས་འཕགས་པོ་ལ་རྟ་ཕོ་མོ༔ བ་ལང་སྤྱོད་པར་བ་ཕོ་མོཿ སྒྲ་མི་སྙན་པར་ཉའམ་ངང་པ༔ འཛམ་གླིང་དུ་མི་ཕོ་མོ་སྐྱེ་བོ་འཁྲིགས་པ་སྤྱོད་པ་ལ་སོགས་སྣང་ངོ་༔ དེ་དག་ནི་མངལ་དུ་ཆུད་གྲབ་བྱེད་པ་ཡིན་པས་སྒོ་དགག་པ༔ རུ་ལོག་དྲན་པ༔ རང་བཞིན་སྤྲུལ་པར་འཕོ་བ༔ འདམ་པ༔ ཞུགས་པ་རྣམས་བྱ་ཐེབ་ཡོད་དོ༔ དེ་ཡི་རྗེས་སུ་རང་རང་གི་ཡུལ་སོ་སོ་མཐོང་བ་དང་༔ ཁྱད་པར་དུ་ལྷར་སྐྱེ་ན་རིན་པོ་ཆེའི་ཁང་བཟང་གི་ཡང་ཐོག་ཏུ་ཡོད་པ༔ ལྷ་མིན་དུ་འགལ་མེའི་འཁོར་ལོའི་ནང་དང་༔ ཆར་འབེབས་པའི་དཀྱིལ་དུ༔ མི་ལ་རབ་འབྲིང་ཐ་མའི་དབང་ལས༔ སྐྱེ་བོ་འདུས་པའི་ཅ་ཅོའི་ནང་༔ ནམ་རྨུགས་པའི་དཀྱིལ༔ གྲང་ཤུམ་བྱེད་པའི་གནས་སུ་འདུག་པར་སེམས་པ་དག་ནི༔ མངལ་དུ་ཞུགས་ཟིན་པའི་རྟགས་ཡིན་པས་འགྲོ་དབང་མེད་པའོ༔ བྱོལ་སོང་ལ་བྱིལ་བོའམ༔ ཕུག་གམ༔ ན་བུན༔ ཡི་དྭགས་ལ་གྲོག་པོ་ཕུག་རྡུག་གི་ནང་དུ་འདུག་པ་སྙམ་འབྱུང་བ༔ དམྱལ་བ་ལ་ལྕགས་ཁང་གྲུ་བཞི་སོགས་ཀྱི་དབུས་སུ་འདུག་པར་སྣང་བ་དག་ནི་སྐྱེ་བ་བླང་ཚར་བས་མངལ་འདམ་པ་སོགས་ཀྱི་ཐེབ་མེད་པར་ཤེས་སོ༔ དེ་དག་ཏུ་སྐྱེ་བ་ཡང་༔ སྔར་བཤད་ལྟ་བུའི་ཞུགས་ཁའི་སེམས་ཅན་གྲངས་མེད་མངལ་ལ་འདུ་བས་ལས་འཕྲོ་ཅན་མིའི་བཤང་ལམ་ནས་ཞུགས་པར་གསུངས་པ་དང་༔ ཁྱད་པར་ཆགས་སྡང་གི་དབང་གིས་བསྙེགས་ཏེ་སོང་བ་དང་༔ ལས་མཁན་ཁྱི་བྱ་གཅན་རིགས་ཀྱིས་དེད་དེ་དགའ་དུངས་དེ་ལ་སྐྱབས་པའི་བློ་སྐྱེ་ནས་གབ་པ་སོགས་མོས་པས་དེ་མ་ཐག་ཏུ་ཤི་རྐྱེན་དུ་གྱུར་ནས་བར་དོའི་ཡིད་ལུས་ཀྱི་གཡོ་རླུང་ཐིམ་པས་ཀྱང་རང་སྣང་གི་ཐིམ་རིམ་བག་ཙམ་ཡོད་པས་འོད་གསལ་ལས་ཉེར་ཐོབ་མཆེད་པ་དང་མཉམ་དུ་སྐྱེ་བ་ལེན༔ དེ་ལས་རང་བཞིན་བརྒྱད་ཅུ་ལུགས་སུ་འབྱུང་ལ༔ གཞན་ཡང་དེ་ལས་མི་ཡིན་ན་ཁམས་དྲུག་གི་འདུས་པ་སྐྱེ་བའང་ཡིན་ནོ༔ དེ་ཐམས་ཅད་ཀྱང་ནི་ངེས་པའི་ས་ཟིན་མེད་པས་མ་ངེས་པའི་རྟགས་སུ་བཤད་དོ༔ དེ་དག་གིས་སྲིད་པ་བར་དོའི་སྣང་ལུགས་སྨོས་གྲུབ་པའོ༔ ༈ ད་ནི་གནས་སྐབས་ཀྱི་བར་དོ་གཉིས་ནི༔ རྨི་ལམ་གྱི་བར་དོ་དང་༔ བསམ་གཏན་བར་དོ་གཉིས་ཏེ༔ དང་པོ་རྨི་ལམ་བར་དོ་ནི༔ གང་གིས་ཤར་བའི་རྒྱུ་མཚན༔ ཇི་ལྟར་ཤར་བའི་ཚུལ་གཉིས་ལས༔ གང་གིས་ཤར་བའི་རྒྱུ་ནི་ཉེ་རིང་གཉིས་ཏེ༔ གཞི་བདེ་གཤེགས་སྙིང་པོ་ནི་འཆར་བའི་གཞི་ཡིན་ཏེ༔ དེའི་རང་ངོ་ལ་ཤེས་རབ་ཡེ་ཤེས་ཆེན་པོའི་ངང་རྒྱས་པའི་རང་མདངས་མ་རིག་པའི་གཉིད་ཀྱི་ནོངས་ནས་ལས་དང་བག་ཆགས་ཀྱི་མལ་དུ་དུབ་པའི་སྡུག་བསྔལ་འཁོར་བའི་འཁྲུལ་སྣང་གི་རྨི་ལམ་སྣ་ཚོགས་ཤར་བ་ནི་རིང་བའི་རྒྱུ་དེ༔ ཀུན་གཞི་ལ་གནས་དོན་ལུས་གསུམ་གྱི་བག་ཆགས་སྔར་ནས་བཞག་པ་གོམས་དབང་གིས་རྨི་ལམ་སྣ་ཚོགས་པའི་བག་ཆགས་ཀྱི་ལམ་དུ་གནས་སྐབས་སུ་ཡང་འཁྲུལ་བའོ༔ དེ་ཡང་རྒྱས་པར་དབྱེ་ན༔ གཞི་ཡེ་ཤེས་ལྔ་དང་ལྡན་པའི་དཀྱིལ་འཁོར་རང་ངོ་མ་ཤེས་པའི་དུག་ལྔ་དེའི་རྩལ་ལས་གནས་རིགས་ལམ་རྒྱུད་ལྔ་དང་གདོན་ལྔ༔ དེ་ཅི་བཞིན་པའི་སྣང་བ་ལས་ཡེ་ཤེས་དག་བའི་སྣང་བ་སྐུ་ལྔ་ལ་སོགས་པའི་ལྔ་ཚན་ལྔའི་སྣང་བ་རབ་འབྱམས་པ་འཕྲུལ་བ་ཡིན་ཡང་༔ དེ་ལས་ཞིང་ཁམས་གནས་སུ༔ སྐུ་ལུས་སུ༔ གསུང་ངག་ཏུ༔ ཐུགས་ཡིད་དུ་འཁྲུལ་བའི་རིང་རྒྱུ་ལས་རྨི་ལམ་ད་ལྟ་བྱེ་བྲག་པ་འདི་དག་ཀྱང་ཤར་བ་སྟེ༔ ཉེ་བའི་རྒྱུ་ནི་གཉིས་ཏེ༔ རྒྱབ་གཉིད་རྨུགས་ཀྱི་རྩའི་རླུང་གི་བྱེད་པ་སྟོབས་སུ་རྒྱས་པའི་ཐིམ་རིམ་གྱི་གྲངས་ནས་ཐོབ་པའི་ངང་དུ་ལྷན་གྱིས་གནས་པ་ནི་གོ་ཕྱེ་བའི་རྒྱུ༔ སྣང་བ་འབྱེད་པའི་རྒྱུ་ནི༔ དེ་ལས་ཀུན་གཞི་ལས་ཡིད་གཅིག་པོ་ལངས་ནས་རྣམ་ཤེས་སོ་སོར་རྒྱུག་པ་ལ་དཔྱོད་དོ༔ དེ་ཡང་ལུས་ཀྱི་དྭངས་མ་རྩ༔ རྩའི་དཀྱིལ་དུ་ཐིག་ལེ༔ དེ་ལ་སེམས་བརྟེན་པ་ཉིད༔ རྩ་ཡུར་པ་འདྲ༔ རླུང་ཁ་ལོ་འདྲ༔ ཐིག་ལེ་ཆུ་འདྲ་བ་འཁྲིད་པས་སེམས་འདུ་ལུགས་ཀྱིས་འཁོར་འདས་ཀྱི་སྣང་བ་རབ་འབྱམས་པ་འཆར་བ་ཡིན་ནོ༔ དེ་ཡང་ཕྱིར་འཁྲུལ་བ་ནི་བར་དོ་དྲུག་པོ་ཡིན་ཡང་༔ ཇི་ལྟར་ཤར་བའི་རྨི་ལམ་ནི༔ རྟོག་བཅས་དང་རྟོག་མེད་གཉིས་ལས༔ རྨི་ལམ་འདི་རྟོག་མེད་འཁྲུལ་བ་ཡིན་ཡང་རྣམ་པ་རྟོག་རྟོག་ལྟར་ཡོད་དོ༔ སྤྱི་བོར་ལྷ་ཡི་ས་བོན༔ མགྲིན་པར་ལྷ་མིན་གྱི༔ སྙིང་ཀར་མི་ཡི༔ ལྟེ་བར་དུད་འགྲོའི༔ གསང་བར་ཡི་དྭགས་ཀྱི༔ རྐང་མཐིལ་དུ་དམྱལ་བའི་རྩ་་དང་ས་བོན་ཡོད་པས༔ དེ་དག་ཏུ་རླུང་སེམས་འདུས་པའི་རྐྱེན་གྱིས་རིགས་དྲུག་གི་སྣང་བ་འཆར་བ་ཡིན་ནོ༔ སྙིང་ཀའི་དབུས་སུ་རྩ་རྣམ་པ་བརྒྱད་ཡོད་པའི་ནང་དུ་འདུས་པས་འོད་གསལ་ཡེ་ཤེས་ཀྱི་སྣང་བ་དང་༔ སྤྱི་བོར་འདུས་པས་ནི་ཁྲོ་བོའི་དཀྱིལ་འཁོར་འཆར་རོ༔ ལྟེ་བའི་སྟོང་པའི་རྩ་བཞིར་འདུས་པས་དབྱིངས་སྟོང་ཉིད་ཀྱི་ཉམས་དང་༔ མཁའ་འགྲོ་འདུས་པའི་༔ གསང་བ་ཨེ་ཝཾ་དུ་བ དེ་བ་དང་༔ ཆོས་སྐྱོང་༔ མགྲིན་པར་རོ་འབབས་ཀྱི་གནས་སུ་འཁྱིལ་བས་ཏིང་འཛིན་རྟོག་མེད་དང་གསུང་དཀྱིལ༔ ལུས་གནས་སུ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ་གསུམ་སོགས་སུ་འདུས་པས༔ ཡུལ་སུམ་ཅུ་གནས་ཉི་ཤུཿ རོ་རྐྱང་གི་མདུད་མཚམས་བཅུར་ཧེ་རུ་ཀའི་གནས་བཅུ་ལ་སོགས་པ༔ རྩ་ཆེན་པོ་བཞི་ལ་གནས་པས་ནི༔ ཡང་དག་པའི་སྐུ་གསུམ་ཡེ་ཤེས་ལྔའི་སྣང་བ་ནི་ཐིམ་རྗེས་ཅུང་འཆར་བ་ངོས་མི་ཟིན་ནོ༔ ཡང་སྤྱི་བོའི་ཤར་གྱི་རྩ་འདབས་སུ་ནི་ལྷའི་སྣང་བ་དཀར་པོ་རྟ་དཀར་མདུང་དར་ཅན་གྱི་དང་༔ ཡུལ་འཁོར་སྲུང་དྲི་ཟ༔ ལྷོ་ཕྱོགས་སུ་འཕགས་སྐྱེས་པོ་དྲིལ་བུམ༔ ནུབ་ཕྱོགས་དམར་པོའི་སྣང་བ་སྤྱན་མི་བཟང་ཀླུ་དབང་༔ བྱང་ཕྱོགས་སུ་ལྗང་གུ་རྣམ་སྲས་སོགས་ཀྱི་སྣེ་མི་གནོད་སྦྱིན༔ དཀྱིལ་ཀྱི་ཨ་ལ་ཚངས་དབང་བརྒྱ་བྱིན༔ རྒབ་ཀྱི་རྩ་ཆུང་སོ་གཉིས་ལ་ཉེ་དབང་༔ འཁོར་མཐའི་གྲངས་མེད་ལ་ལྷ་ཕྲན་དེ༔ གླུ་གར་རོལ་མོ་རྩེན་པ༔ ལུང་སྟོན་པ༔ འདོད་པའི་ཡོན་ཏན་ལ་སྤྱོད་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་སྣང་ངོ་༔ མགྲིན་པའི་ས་བོན་དུ་ཐག་བཟང་རིས༔ ཤར་དུ་མཐུ་དཔལ་ལྷའི་རིགས༔ ནུབ་ཏུ་གདུག་པ་ཀླུའི་རིགས༔ ལྷོར་ནག་པོ་བདུད་ཀྱི་རིགས༔ བྱང་དུ་སྟོབས་ཆེན་གནོད་སྦྱིན་གྱི་རིགས༔ མཚམས་བཞིར་དེའི་ཚན་དུ་གཏོགས་པ་ཕོ་གདོན་མོ་གདོན་ཀླུ་གདོན་ལ་སོགས་པ་དང་༔ དེའི་སྐབས་སུ་བསམ་གྱིས་མི་ཁྱབ་པའི་གདུག་རྩུབ་ཀྱི་སྡེ་ཚན་འཆར་རོ༔ ཡང་སྙིང་ཀའི་ཤར་དུ་ལུས་འཕགས༔ ལྷོར་འཛམ་གླིང་༔ བྱང་དུ་སྒྲ་ངན༔ ནུབ་གླང་པོ་སྐྱོང་ལ་སོགས་གླིང་ཕྲན་དང་བཅས་པ༔ དེའི་སྒབ་རྩར་གླིང་བཞི་བྱེ་བ་ཕྲག་བརྒྱ་ལ་སོགས་པ་དང་༔ ཁམས་རྩ་རྣམས་སུ་ཕོཿ ཁྲག་རྩར་མོ༔ རླུང་རྩ་རྣམས་སུ་མ་ནིང་གི་སྣང་བ་འཆར་བ་དང་༔ སྙིང་དབུས་སུ་འབྱུང་བཞིའི་རྩ་ལ་ཟད་པར་ཁ་དོག་གི་སྣང་བ༔ སྨིན་ཕྲག་ཏུ་གཟི་མདངས་ཀྱི་རླུང་གི་རྩལ་ལུས་རྒྱན་དང་ལྡན་པ༔ ཕོ་བ་མེ་མཉམ་གྱི་རྩ་ལ་ཚ་ཐིབ་ཀྱི་སྣང་བ༔ གྱེན་དུ་རྒྱུ་བའི་སྟོད་རྩ་ལ་གྱེན་དུ་རྒྱུག་པ༔ ཐུར་སེལ་གྱི་རྩ་ལ་ཐུར་དུ་འབབ༔ ཁྱབ་བྱེད་དུ་ཕྱོགས་ཀུན་ལ་བསྐོར་བསྐོར་དུ་མྱུར་བ༔ འཁོར་ལོ་ལྔའི་ཁྱམས་འབྱུང་བཞིའི་རྩ་དག་ཏུ་དེ་དག་གི་སྣང་བ༔ དེ་བཞིན་དུ་རིགས་དྲུག་གི་རྩ་དབུས་ས་བོན་གྱི་ཕྱིའི་བག་ཆགས་ཀྱི་འོད་ལ་འདུས་པས་སྣང་བ་དང་༔ ཉོན་མོངས་པ་ལྔའི་རྩ་སྨིན་སོ་དྲུག་ལས་སྐྱེ་བ་རྣམས་སུ་ཀུན་འབྱུང་སོ་སོའི་ཁྱད་པར༔ སུམ་སྐོར་དུ་རྒབ་ན་ཀུན་གཞིའི་རྣམ་ཤེས༔ འདོམ་མ་ལ་ཡིད༔ འཁྱིམ་མ་ལས་སྒབ་འཇུག་ཤེས༔ གཏུམ་མ་ལས་སྒབ་རྒྱུ་ཉོན་ཡིད་ཀྱི་རྩ་རྣམས་སུ་འདུས་པས༔ རྟོག་མེད་རྩེ་གཅིག༔ ཡིད་རྟོག་མེད་རྟོག་པར་འཁྲུལ་པ༔ ཤེས་པ་སོ་སོའི་ཡུལ་ཞུགས་པ་བཟང་དགུ་དང་༔ ཉོན་མོངས་སྟོབས་ཕྲ་བར་སྐྱེ་བ་དང་༔ དེ་དག་མི་འགྱུར་བ་དང་༔ དབང་པོ་དྲུག་ཏུ་ཞུགས་པའི་ཡུལ་དྲུག་འབྲིང་དགུ་དང་ངན་དགུ་རྩ་དངས་སྙིགས་ལས་འགྱུར་བ་དང་༔ ལྟེ་བའི་འཁོར་ལོའི་ས་བོན་ལས་དུད་འགྲོ་བྱིང་གནས༔ ཤར་དུ་གཙོ་ཆེར་གླང་པོ༔ ལྷོར་རྟ༔ ནུབ་ཏུ་བྱ༔ བྱང་དུ་ཁྱི་སོགས༔ མདོར་ཤར་དུ་ར་ཆགས༔ ལྷོར་རྔོག་ཆགས༔ ནུབ་ཏུ་མཆུར་ཆགས༔ བྱང་དུ་སྡེར་ཆགས༔ མཚམས་ཐམས་ཅད་དུ་རྨིག་ཆགས་གི་ཚན༔ མཆེ་བ་ཅན་ལ་སོགས་པས་བསྐོར་བ་དེའི་ཡང་མཐའ་ལ་མཁའ་ལ་འཕུར་བ་སྟེང་༔ ས་ལ་འཛུལ་བ་ཞབས་སུ༔ རྐང་བཞི་རྩ་འདོམ་ན༔ རྐང་མེད་རྩ་གཏུམ་ན་ཞུགས་པས་རྨི་བ་དང་༔ ཡང་གསང་གནས་སུ་ཡི་དྭགས་ཀྱི་ས་བོན་དུ་འདུས་པས་ཡི་དྭགས་ཀྱི་ཡུལ་ན་གནས་པ་ཤར་ངོས་ནས་བལྟས་པས་ཕྱིའི་སྒྲིབ་པ༔ ལྷོར་ནང་གི༔ ནུབ་ནས་མེ་ལྕེའི་འཁོར་ལོ༔ བྱང་ནས་སྒོས་ཁུར་གྱི་སྒྲིབ་པ་ཅན༔ འཁོར་མཐར་འདྲེ་རྒྱལ་པོ་བཙན་མ་མོ་གཉན་ཀླུ་བདུད་ཡ་མ་སྣྲེལ་ཞིར་འགྲོ་བ༔ འཇིགས་པའི་གཟུགས་སྟོན་པ༔ རྒྱལ་པོ་བ་བླ་མར་བརྫུ་བ༔ ཡ་མ་མི་སྐྱ་ནག་པོ་དང་དབྱུག་བཟུང་ལ༔ བཙན་བནྡྷེ་ལ༔ མ་མོ་བུད་མེད་ལ་བརྫུས་ནས་སྲོག་ལ་གཟེས་པ༔ བདས་པ་ལ་སོགས་སྣང་བ་དང་༔ རྐང་མཐིལ་དུ་དམྱལ་བ་མནར་མེད་གཡོན་དང་༔ པདྨ་ལྟར་ཆེར་གས་གཡས༔ ཕྱོགས་མཚམས་སུ་གཡོན་དུ་ཚ་དམྱལ་བརྒྱད༔ གཡས་སུ་གྲང་དམྱལ་བརྒྱད༔ ཕྱི་འཁོར་ལ་ཉེ་འཁོར་ལྷག་པ༔ ཉི་ཚེ་བ་སོགས་སུ་རླུང་སེམས་འདུས་པའི་སྣང་བ་དང་༔ དྭངས་མ་འདུས་པའི་རྒྱངས་ཞག་ཏུ་འདུ་ན་གཟུགས་ཁམས་དང་༔ གཟུགས་མཐོང་བ་བར་བ་དང་ཐ་མ༔ རྣ་བ་ལ་དྭངས་མ་ལས་ཆོས་ཀྱི་གཏམ་བྱ་བ༔ སྙིགས་མ་ལས་ཐ་མལ་པ་འབྲིང་ཐ༔ སྣ་ལ་དྲི་ཞིམ་མི་ཞིམ་བར་མ་གསུམ༔ ལྕེ་ལ་རོ་ཞིམ་མི་ཞིམ་བར་མ༔ རེག་རྩ་ལ་འཇམ་རྩུབ་བར་མ༔ གློ་བའི་རྩ་སྦུབས་ན་སེམས་ཡོད་པས༔ དེ་རིང་དུ་འཁོར་མཐའ་ལ་ཁྲིད་པས་ཐག་རིང་པོ༔ འཁོར་དབུས་སུ་ཉེ་བ༔ སྟེང་གྱེན༔ འོག་ཐུར་དུ་འགྲོ་བ༔ རྩ་བསྒལ་བས་ལ་བསྒལ་བ༔ ཁྲག་གི་རྩར་འདུས་པས་ཆུ་ལ་འབོག༔ ཆུ་བོ་དམར་པོ་ལ་སོགས་པར་བྱིང་བ༔ མེའི་རྩ་ལ་འདུ་བས་མེ་ཤོར་བ་རྨི་བས་ཆམ་རིམས་འབྱུང་བ་ཡང་མཁྲིས་པ་མེ་ཁམས་ཡིན་པའི་རྟེན་འབྲེལ༔ ཡང་རོ་མ་ལ་གསལ་བ༔ རྐྱང་མ་ལ་བདེ་བ༔ དབུ་མ་ལ་རྟོག་མེད༔ དེ་དག་གི་གཤམ་གསུམ་ལས་དྲི་གཤང་གི༔ རྩེ་གསུམ་ལས༔ ཟས་དང་༔ སྐད་སྙན༔ ཡེ་ཤེས་ཀྱི་བཀྲ་བ༔ རླུང་གི་རྩ་ལ་ཞུགས་པས་འཕྱོ་རྒོད་ཀྱི་རླུང་ནག་གི་འུར་སྒྲ༔ རྩ་གཏུམ་པ་ལ་ལུང་པ་དེ་དང་༔ འདོམས་པ་ལ་དང་༔ འཁྱིལ་བ་ལ་དང་༔ མདུད་པ་དང་༔ ཐིང་བ་དང་༔ གྲིམ་པ་དང་༔ འབུར་པོ་ལས་རི་སོགས་དང་༔ རྩ་ཡིག་ལས་ཆོས་ཀྱི་རྣམ་གྲངས་དང་༔ གཞན་ཡང་གློ་བའི་རྩ་སྦུབས་ལས་ཁུང་བུ་གཅིག་ནས་གཅིག་འབྲེལ་བརྒྱུད་པ་གནམ་མི་མཐོང་བ་སོགས་རྒྱས་པ་རྩ་གནས་འཁོར་ལོ་ནས་པདྨ་རྡོ་རྗེ་འཆང་བ་བདག་གིས་བཤད་བའི་རྩ་དེ་དག་ཏུ་གང་གནས་ཀྱི་སྣང་བ་འཆར་བར་འགྱུར་བ་ཡིན་ནོ༔ རྒྱུ་རླུང་གི་རྩ་ལ་རྨི་ལམ་མ་ངེས་ཟ་ཟི་ད་ལྟ་བ་ཤ་དག་རྨི་བས་བག་ཆགས་སྲབ་པའི་རྟགས༔ མཁྲིས་པའི་རྩ་ལ་སྔ་མོ་རྣམས་འབྲིང་དུ་གསལ་བ་བག་ཆགས་འབྲིང་༔ བད་ཀན་གྱི་རྩ་ལ་བག་ཆགས་རབ་ཏུ་བརྟན་པས་ཕྱིས་འབྱུང་ཤ་སྟག་གསལ་བ་ཡིན༔ འདི་རྣམས་ཀྱང་དུག་གསུམ་གྱི་ངོ་བོའི་ཁྱད་པར་ཅན་ནོ༔ དེ་དག་ཀུན་གཞིའི་ངང་དུ་ནག་ཐོམ་མེ་བ་གཏི་མུག་གི་ས་བ་ལས་ཡིད་ལངས་པས་དག ག་སྒྲུབ་བྱེད་ལ་མི་བདེན་པ་སྒྱུ་མ་ལྟ་བུ་རྫུན་པ་བསླུ་བ་མི་རྟག་པ་དྲན་བརྗེད་ཀྱི་མཚན་ཉིད་ཅན་ཞིག་གོ༔ དྲུག་པ་བསམ་གཏན་གྱི་བར་དོའི་སྣང་ཚུལ་ནི༔ དམིགས་བའི་ཡུལ་གང་ཞིག་ལ་སེམས་བཟུང་བས་ལྷན་ནེར་གནས་པའི་རང་བཞིན་ཅན་ཏེ༔ དེ་ཡང་བསམ་གཏན་གྱི་ཉེར་བསྡོགས་མི་ལྕོགས་མེད་པ་ནས་བསམ་གཏན་བཞི་གང་རུང་གི་ལྷག་མཐོང་གི་རྟེན་བྱེད་པའི་ཕྱིར་ན༔ རྟོག་དཔྱོད་དགའ་བདེ་ལ་སོགས་པ་ཞི་བས་བསམ་གཏན་མཆོག་ལ་མིན་ཡང་འདོད་སེམས་རྩེ་གཅིག་ཙམ་གྱིས་ཀྱང་ལྷག་མཐོང་གི་རྟེན་ལྕོགས་ཙམ་དང་༔ འདིར་མན་ངག་གི་སྒོ་ནས་རིག་འཛིན་སྔགས་ཀྱི་དགོངས་པ་ནི༔ བསྐྱེད་རིམ་གྱིས་དག་པ་རབ་འབྱམས་ལྷའི་དཀྱིལ་འཁོར་དུ་མཉམ་པར་བཞག་པས་མ་དག་པའི་མཚན་མ་ཞི་བ་དང་༔ རྫོགས་རིམ་སྣང་མེད་ཀྱི་འོད་གསལ་སྤྲོས་པ་དང་བྲལ་བའི་དོན་ལས་མི་གཡོ་བར་བཞག་པ་དང་༔ སྣང་བཅས་རླུང་ལས་སྐྱེས་པའི་མི་རྟོག་པའི་ངང་དང་༔ ཐིག་ལེ་ལས་སྐྱེས་བའི་བདེ་གསལ་གྱི་ངང་ལ་ལྷན་ནེར་གནས་པ་དང་༔ བྱང་ཆུབ་སེམས་དཔའི་ཞེན་པ་བཞི་གཅོད་པས་ཞི་ལྷག་གི་ཏིང་འཛིན༔ དེ་བཞིན་གཤེགས་པའི་དགོངས་པ་ནི་དབྱིངས་རིག་དབྱེར་མེད་སྐུ་གསུམ་ཆོས་ཉིད་ཀྱི་དཀྱིལ་འཁོར་ལ་འབྱམས་ཀླས་པ་བསམ་གཏན་ཐམས་ཅད་པས་རྩེ་མོར་ཕྱིན་པ་ལགས་སོ༔ དེ་དག་གིས་བར་དོ་དྲུག་གི་སྣང་ཚུལ་རྒྱས་པར་བཤད་པའོ༔ གཉིས་པ་བར་དོ་དྲུག་གི་གནས་ཚུལ་ནི༔ དེ་ལྟ་བུའི་བར་དོ་དེ་དག་ཐམས་ཅད་རྒྱུ་འབྲས་ངོ་བོ་ཉིད་ཀྱི་གཏན་ལ་ཕབ་པས༔ ཡེ་ནས་སྟོང་བ་ཉིད་ཀ་དག་ཆེན་པོར་གནས་པ་དེ་ཡེ་གྲོལ་ཆེན་པོའི་བདག་ཉིད་ཟེར་རོ༔ རང་བཞིན་འགགས་མེད་ལྷུན་གྱིས་གྲུབ་པ༔ སྣང་སྟོང་ཟུང་འཇུག་བདེན་པ་དབྱེར་མེད་རང་བྱུང་གི་ཡེ་ཤེས་ཉག་གཅིག་ཏུ་སངས་རྒྱས་པ་ཉིད་ཀྱི་ཚུལ་སྒྱུ་མའི་དཔེ་བཅུ་དྲུག་གིས་གཏན་ལ་ཕབ་པའི་རྙེད་དོན་ལ་གཉིས་མེད་རང་བྱུང་གི་ཡེ་ཤེས་ཞེའོ༔ དེ་གསུམ་ལ་ངོ་བོ་མཐའ་གྲོལ་ཆོས་སྐུ༔ རྟོགས་པ་རང་གྲོལ་རྒྱུད་ཆེན༔ འབྲས་བུ་རང་སངས་རྣམ་དག་གི་ཐ་སྙད་ཀྱང་ཐོབ་ལ༔ རྟོག་པས་གསར་དུ་ཀུན་བརྟགས་མིན་པས་མུ་སྟེགས་ཀྱི་གྲུབ་མཐའི་ཕྱོགས་སུ་མ་ལྷུང་༔ རྡུལ་དང་ཤེས་པའི་ཆོས་སུ་གྲུབ་པ་མེད་པས་སེམས་ཙམ་པ་མན་ཆད་ཀྱི་ཕྱོགས་སུ་མ་ལྷུང་༔ ཅི་ཡང་མི་སྣང་བའི་མཉམ་བཞག་སྤྲོས་བྲལ་ལྐོག་གྱུར་ལ་ཡིད་སྨོན་བྱེད་པའི་དབུ་མའི་ཕྱོགས་སུ་མ་ལྷུང་བས་ན༔ སངས་རྒྱས་ཀྱི་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་གཉིས་ཀྱི་མཁྱེན་པ་རྫོགས་པའི་གནས་ལུགས་འདི་ཡིན་ནོ༔ ཁ་ཅིག་གིས་སྤྲོས་བྲལ་མཁྱེན་པ་དང་༔ དེས་ཀུན་ཏུ་ཁྱབ་པར་གཟིགས་པ་ལ་གསུང་བ་ནི་སྒྲ་ཅི་བ ཞིན་ན༔ སྐུ་དང་ཡེ་ཤེས་རྒྱུན་ཆད་པ་དང་༔ སངས་རྒྱས་ལ་གཉིས་འཛིན་ཡོད་པས་མི་འགྲིགས་སོ༔ བར་དོ་དྲུག་ནི་གནས་ལུགས་དེ་ལྟ་བུ་ལ་བདག་ཏུ་བཟུང་བས་སྣང་ཆ་ཐོ་ཡོར་ལ་མིར་འཁྲུལ་བ་ལྟ་བུ་ཞིག་ཡིན་གྱི༔ གཞན་དུ་སྣང་བ་མི་འབྱུང་བ་རྒྱུ་རྐྱེན་རྟེན་འབྲེལ་མེད་པའི་དངོས་པོ་མི་སྲིད་པས་སོ༔ རྒྱས་པར་འོག་ཏུ་ལྟ་བས་གཏན་ལ་ཕབ་པའི་སྐབས་སུ་འཆད་དོ༔ གོང་གི་བར་དོའི་ངོ་བོ་དང་འདི་གཉིས་གཞི་དང་གཞི་སྣང་གི་ཁྱད་པར་གྱིས་མི་བཟློས་སོ༔ གཉིས་པ་མ་དག་སེམས་ཅན་གྱི་འཁྲུལ་ཚུལ་ནི༔ གཞི་ལས་གཞི་སྣང་ཤར་བ་ཉིད་ངོ་བོ་མི་རྟོག་པའི་ཆ་ལ་བདག་ཉིད་གཅིག་པའི་མ་རིག་པས་སྒྲིབ༔ རང་བཞིན་འོད་ཀྱི་ཆ་ལས་ལྷན་སྐྱེས་ཀྱི༔ ཐུགས་རྗེ་རིག་པའི་ཆ་ལས་ཀུན་བརྟགས་ཏུ་སོང་བས་འཁྲུལ་ཚུལ་སྔར་སྐྱེ་གནས་ཀྱི་བར་དོའི་སྣང་ལུགས་དང་དེ་ཉིད་གསལ་རྒྱན་དུ་ཤེས་པར་གྱིས་ཤིག༔ གསུམ་པ་རྣལ་འབྱོར་གྲོལ་ཚུལ་ནི༔ མ་རིག་གསུམ་སངས་བས་རིག་པ་གསུམ་གྱི་ཁྱད་ཆོས་དྲུག་གི་ཚུལ་གྱིས་སངས་རྒྱས་པ་རྣལ་འབྱོར་རབ་དང་༔ འབྲིང་ལམ་སྣང་སྐུ་གསུམ་གྱི་བར་དོ་ལས་བརྒལ་ཏེ་ལོངས་སྐུར་ལྡང་བ་དང་༔ ཐ་མ་མངལ་གྱི་སྒོ་བཟང་པོ་ལས་ལམ་གྱི་འཕྲོ་མཐུད་པའི་ཚུལ་གྱིས་སམ་གྲོལ་བའི་རྒྱུར་བྱེད་པ་ཙམ་ནི་འོག་ཏུ་འབྲས་བུའི་སྐབས་ལྟར་རོ༔ བར་དོ་དྲུག་པོ་འདི་དག་ནི་གཞི་སེམས་ཅན་གྱི་དུས་སུ་ཡང་སྣང་བས་ན་སྦྱང་གཞིའི་གྲངས་སུ་བཞུགས་ཀྱང་ཞིབ་ཏུ་དཔྱད་ན་སྐུ་གསུམ་གདོད་མའི་གཞི་ནི་སྦྱང་གཞི་ཡིན་ལ༔ དེ་བར་དོ་དྲུག་གི་སྡུག་བསྔལ་དུ་ཞེན་པའི་སྣང་བ་ནི་སྦྱང་བྱའོ༔ དེ་ལྟར་ན་ཆ་གཉིས་སུ་འགྱུར་བ་དཔེར་ན་གཡའ་ཡིས་གོས་པའི་མེ་ལོང་ལ༔ མེ་ལོང་ཕྱིའོ་ཟེར་བ་ལ༔ ཕྱི་གཞི་མེ་ལོང་༔ ཕྱི་རྒྱུ་གཡའ་ཡིན་ཡང་ཆ་མ་ཕྱེས་པ་ལྟ་བུའོ༔ ༈ གཉིས་པ་སྦྱོང་བྱེད་གདམས་ངག་དྲུག་གི་ཁྱད་པར་གྱི་ལམ་ལ༔ སྤྱིར་སྐྱེ་བའི་རིམ་པ་དང་སྐྱེ་གནས་སྦྱོང་བྱེད་ཀྱི་ལམ་ཁྱད་པར་བ་བསྐྱེད་རིམ༔ འཆི་སྲིད་སྦྱོངས་བྱེད་ཀྱི་ལམ་ཁྱད་པར་པ་རྫོགས་རིམ་ཡིན་ཞིང་༔ ཆོས་ཉིད་སྐུ་གསུམ་གྱི་སྣང་བ་སྦྱོང་བྱེད་ཁྱད་པར་བ་རྫོགས་པ་ཆེན་པོ་དང་༔ སྲིད་པ་བར་དོ་སྦྱོང་བྱེད་ཀྱི་ལམ་ལ་ཁྱད་པར་བ་སྒྱུ་ལུས་ཀྱི་བར་དོ་རང་བཞིན་མེད་པར་སྦྱོང༔ བདུད་གཅོད་ཀྱིས་འཇིགས་སྐྲག་ཐོག་བརྫིས་སུ་དགྲོལ་ཞིང་༔ ཆགས་སྡང་གི་བདུད་གཅོད༔ དེ་ནས་སྐྱེ་བ་སྤྲུལ་སྐུར་འབྱིན་པའི་དབང་ཕྱིན་པ་དང་༔ རྨི་ལམ་བར་དོ་སྦྱོང་བྱེད་ཀྱི་བཞི་པོ་དེ་དག་ངོ་ཤེས་པ་དང་༔ ལྷ་དང་༔ འོད་གསལ༔ སྒྱུ་མ༔ རང་བཞིན་སྤྲུལ་བར་སྦྱོང་བསྒྱུར་གྱི་འདྲ་འབག་གི་ངེས་པ་སྟེར་བ་དང་༔ ཉིན་མཚན་ཏིང་འཛིན་ལ་འཁོར་ཡུག་ཏུ་བྱེད༔ བསམ་གཏན་བར་དོའི་ཁྲིད་ཀྱིས་དེ་དག་ཐམས་ཅད་ཀྱི་རྟེན་བྱེད་པ་དང་དྲུག་ཏུ་གནས་ཀྱང་༔ འཕོ་བས་ནི་ཀུན་ལའང་སྟོངས་འདེབས་པ་ཡིན་ན་ཡང་༔ དེ་ཁོང་དོན་དུ་ལྡན་པར་འདིར་ནི་རང་བཞིན་སྐྱེ་གནས་ཀྱི་བར་དོ་ལ་བར་དོ་དྲུག་གི་གཞི་ལྟ་བས་གཏན་ལ་ཕབ་ནས་ཐག་བཅད་པ༔ བསམ་གཏན་ཏིང་འཛིན་གྱི་བར་དོ་ལ་བར་དོ་དྲུག་གི་གདམས་ངག་གི་དགོངས་པའི་ངང་སྐྱོང་བ༔ ཉིང་འཁྲུལ་རྨི་ལམ་གྱི་བར་དོ་ལ་གྲོལ་བའི་ཚད་དྲུག་བཟུང་བ༔ འཆི་སྲིད་སྡུག་བསྔལ་གྱི་བར་དོ་ལ་བར་དོ་དྲུག་གི་འཕོ་བས་སྟོངས་འདེབས་པ༔ ཆོས་ཉིད་སྐུ་གསུམ་གྱི་བར་དོ་ལ་འབྲས་བུ་ཡེ་ཤེས་རང་ས་བཟུང་བ༔ དགུ་སྲིད་སྲིད་པའི་བར་དོ་ལ་གྲོགས་སྤྱོད་པས་འཁོར་བའི་སྐྱེ་རྒྱུན་བཅད་པའོ༔ དང་པོ་བར་དོ་དྲུག་གི་གནས་ལུགས་ལྟ་བས་གཏན་ལ་ཕབ་པ་ལ༔ རྒྱུ་འབྲས་ངོ་བོ་ཉིད་གསུམ་གྱིས་བར་དོ་དྲུག་གི་ངོ་བོ་སྟོང་ཉིད་དུ་གཏན་ལ་ཕབ་པ༔ དཔེ་དོན་རྟགས་གསུམ་གྱིས་བར་དོ་དྲུག་གི་སྣང་ཆ་ལྷུན་གྲུབ་སྐུ་དང་ཡེ་ཤེས་སུ༔ སྒྱུ་མའི་དཔེ་བཅུ་དྲུག་གིས་བར་དོ་དྲུག་སྣང་སྟོང་ཟུང་འཇུག་རང་བྱུང་གི་བྱང་ཆུབ་སེམས་སུ་གཏན་ལ་ཕབ་པའོ༔ དང་པོ་ལ་ནང་བདག་འཛིན་སྟོང་ཉིད་དུ་དང་༔ ཕྱི་བདག་གི་བ་སྟོང་ཉིད་དུ་གཏན་ལ་ཕབ་པ་གཉིས་ཡོད་པ་ལས༔ དང་པོ་རང་ཅག་རྣམས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་འཁོར་བའི་གནས་སུ་ཐར་བའི་གོ་སྐབས་མི་སྟེར་བར་སུས་བཅིང་ན་བདག་ཏུ་འཛིན་པ་འདིས་བཅིང་བ་ཡིན་ཏེ༔ བདག་འཛིན་འདི་ནི་སེམས་ཅན་ཐམས་ཅད་ཀྱི་དགྲ་གཅིག་པུར་གྱུར་བར་རྒྱུད་ལས་བཤད་དེ༔ དེ་ལ་དཔྱད་ན་དང་པོ་རྒྱུ་གང་ལས་ང་ཞེས་བྱ་བ་དེ་བྱུང་བརྟགས་པས་རང་ལས་མི་འབྱུང་སྟེ༔ གྲུབ་ཟིན་པའི་ཕྱིར་དང་༔ གཞན་ལས་མི་འབྱུང་སྟེ༔ རྒྱུ་འབྲས་འགལ་བ་དང་༔ གཉིས་ལ་སྐྱོན་གྱི་ཕྱོགས་གཉིས་ཆར་དང་༔ རྒྱུ་མེད་ནི་གང་གི་རྒྱུར་མི་སྲིད་པའི་ཕྱིར་རི་རྭ་བཞིན་དུ་གྱུར་པ་དང་༔ འཁོར་བའི་ཆོས་ཐམས་ཅད་ང་ལས་འབྱུང་བ་ཡིན་གྱི༔ གཞན་ལས་ང་མ་བྱུང་བར་ཤེས་སོ༔ རྒྱུ་མ་དམིགས་པའི་རྟགས་འདི་བདག་གི་བ་ལའང་མཚུངས་ཏེ༔ རྒྱུ་མཚན་མ་མེད་ཚུལ་ལ་ངེས་ཤེས་སྐྱེ་བར་བྱེད་པའོ༔ གཉིས་པ་ངོ་བོ་སྟོང་པ་ཉིད་དུ་གཏན་ལ་ཕབ་པ་ནི༔ གནས་ས་ལ་བརྟགས་པ་དང་༔ གནས་ཚུལ་ལ་བརྟགས་པ༔ གནས་མཁན་ལ་བརྟགས་པ་གསུམ་ལས༔ དང་པོ་ནི༔ སེམས་ཅན་ཐམས་ཅད་ལ་སེམས་མེད་པའི་གནས་སྐབས་ལྔ་མ་གཏོགས་པར་ངའོ་སྙམ་པའི་འཛིན་པ་རྒྱུན་ཆགས་པ་ཞིག་ཡོད་པ་དེ་ལ་མཁོ་བའི་ཡོ་བྱད་ཐམས་ཅད་ལའང་ངས་སྙམ་དེ་བདག་གིར་འཛིན་པར་བྱེད་པས་གཞི་དེ་ལུས་ངག་ཡིད་གསུམ་གང་ལ་གནས་བརྟགས་པར་བྱ་སྟེ༔ ལུས་ཀྱི་མགོ་མཇུག་ཕྱི་ནང་ཐམས་ཅད་བསིལ་ཏེ་ཞིབ་པར་བཙལ་བ་ནི༔ ནང་ན་གནས་ན་ཕྱིའི་སྣང་བ་ཐམས་ཅད་མི་མཐོང་སྟེ༔ ཁྱིམ་ནང་གི་མིས་ཕྱིའི་སྣང་བ་བཞིན་ནོ༔ ཕྱི་ནས་ནང་མི་མཐོང་བ་མིག་གིས་ནང་ཁྲོལ་བཞིན་ནོ༔ སྟོད་ནས་སྨད་མི་མཐོང་ཏེ་དམྱལ་ཁམས་དང་༔ སྨད་ནས་སྟོད་ལྷ་ཡུལ་བཞིན༔ དེ་ལྟར་ན་ལུས་ཀྱི་ཚ་ན་འཁྱགས་ལྟོགས་ཐམས་ཅད་ཀྱང་སེམས་ཀྱིས་མི་ཚོར་བར་ངེས་ཏེ༔ གང་ན་གནས་པ་དེ་ལས་གཞན་ན་མེད་པས་སོ༔ ཡང་ང་དེ་ལུས་ཐམས་ཅད་ལ་ཁྱབ་པར་གནས་ན་མཛུབ་མོ་བཅད་པ་ལ་ང་ཡི་དུམ་བུ་ཞིག་ཐལ་བ་དང་༔ རྣ་བ་མེད་པ་སོགས་ལ་ང་དུམ་གཅིག་མེད་པ་དང་༔ ཡང་རྨི་ལམ་གྱི་ལུས་ང་དེས་ཁྱབ་བམ་མི་ཁྱབ༔ ཁྱབ་ན་ང་ཡི་ཕྱོགས་གཅིག་ཉིན་དུས་ཀྱི་ལུས་འདི་ལ་མེད་པར་འགྱུར་རམ༔ མི་ཁྱབ་ན་དེའི་བདེ་སྡུག་ཉེ་བར་ལེན་མི་འོས་པའམ༔ ཡང་ན་འདིའང་དེ་ལྟར་མ་ཁྱབ་པར་རུང་བའམ༔ ལུས་ཀུན་ལ་ཁྱབ་པའི་ལུས་ཀྱི་རྡུལ་ཕྲན་རེ་རེ་ནས་ཀྱང་ཐ་དད་པས༔ དེ་རེ་རེ་ནས་ཁྱབ་པས་ང་དེ་ཡང་ཅིའི་ཕྱིར་ཐ་དད་པར་མང་པོ་མེད་དེ༔ དེ་ལྟར་ཅིའི་ཕྱིར་མི་ཤེས༔ གཅིག་གིས་མང་པོ་ཁྱབ་པ་མི་སྲིད་དོ༔ ཡོད་དེ་ལན་ཚྭ་རྡོག་གཅིག་ཆུ་ཕོར་གང་ཁྱབ་པ་འདྲ་ན་སྙམ་པ་ནི་མི་རིགས་ཏེ༔ ལྕེའི་ལྡག་ངོས་གཅིག་གི་ཚའི་རོ་དེས་ཕོར་བ་ཐམས་ཅད་གང་བ་མི་སྲིད་པས་རྡུལ་ཤིན་ཕྲ་མང་པོ་ཡོད་པར་རིགས་སོ༔ འོ་ན་ང་དེ་མགྱོགས་པས་རྒྱུག་པ་ཡིན་ནོ་སྙམ་ན༔ ཤིན་ཏུ་མི་འཐད་དེ༔ བར་གྱི་རྡུལ་དེ་དག་བརྒལ་བ་མི་མྱོང་བའི་ཕྱིར་དང་༔ སྟོད་སྨད་ལྷན་ཅིག་ཏུ་སེན་མོའི་རྩེན་པ་མྱོང་བའི་ཕྱིར་དང་༔ ནང་ནས་ཁོང་སྟོང་དུ་འགྲོ་བའི་ལམ་མེད་པས་དང་༔ ཕྱི་ནས་འགྲོ་བའི་ཤུལ་དུ་ལུས་སེམས་བྲལ་བར་མི་འགྱུར་བའི་ཕྱིར་ཡང་མི་འཐད་དོ༔ ལུས་ལ་མི་གནས་ན༔ ངག་སྟོོང་བ་བྲག་ཆ་ལྟ་བུ་དང་༔ སེམས་སྟོང་ཉིད་ལ་རི་རྭ་ལ་མོ་གཤམ་གྱི་བུའི་ཉལ་པོ་བྱ་བ་ནི་མཚར་རོ༔ དེ་ལྟ་ན་ཡང་ལུས་ལ་གནས་ན༔ ངག་དང་སེམས་ལ་བདག་ཏུ་འཛིན་པར་ཡང་མི་ཐང་ན་དེ་ཡང་འཛིན་པས་མི་འཐད་དོ༔ གཉིས་པ་གནས་ཚུལ་ལ་བརྟགས་པ་ནི༔ འོན་ཀྱང་ད་དུང་བདག་དེ་གནས་ན༔ ལུས་སོགས་དང་གཅིག་གམ་ཐ་དད་དུ་གནས་བརྟགས་ན༔ གཅིག་ཏུ་གནས་ན་མི་འཐད་དེ༔ ལུས་ཤི་བའི་དུས་བདག་མེད་པར་འགྱུར་བའམ༔ ཡང་ན་ནི་འཆི་བ་མེད་པར་གྱུར་ཏམ་ལུས་བེམ་པོ་ལྟ་བུ་ལ་ང་གཅིག་ན་བེམ་པོར་གདོད་མི་ཟ་བ་དང་ང་དངོས་མེད་བརྟགས་ཡོད་དང་གཅིག་པས་ལུས་དངོས་མེད་དུ་གྱུར་བའམ༔ ལུས་ཞེས་བྱ་བ་ནི༔ དུ་མ་གྲངས་མེད་པ་དང་གཅིག་པས༔ ང་དེ་གྲངས་མེད་པར་འགྱུར་བ་དང་༔ ཆ་མེད་ཀྱི་ང་དང་གཅིག་པས་ན་ལུས་མེད་པར་འགྱུར་བ་དང་༔ ཕ་མའི་ཁུ་ཁྲག་གི་རྐྱེན་གློ་བུར་བ་ལས་བྱུང་བའི་ཕྱིར་ང་དེ་འཕྲལ་བྱུང་དུ་འགྱུར་བ་དང་༔ སེམས་སྐད་ཅིག་མའི་ཕྲེང་བ་དང་༔ ངག་སྐད་ཅིག་མའི་སྒྲ་དང་ནི་གཅིག་པ་མ་ཡིན་དེ་དཔྱད་ན་དེ་དག་ཀྱང་མ་གྲུབ་པས་མི་འཐད་དོ༔ འོན་ཀྱང་སེམས་དང་གཅིག་ཡིན་ནམ་སྙམ་ན༔ བློ་ཆོས་ཚོར་འདུ་སེམས་པ་གང་དང་གཅིག་ཡིན་ངོས་བཟུང་རྒྱུ་ཡོད་དགོས་པ་དང་༔ བཟུང་ཡང་སྐད་ཅིག་སྔ་ཕྱིའི་གང་དང་གཅིག་གི་ངོས་བཟུང་དགོས་ལ༔ དེ་ལྟ་ནའང་ཚོགས་པའི་ལུས་སེམས་ལ་བཏགས་སོ་སྙམ་པ་ཞིག་བྱུང་ན༔ དེ་ལྟ་ན་ང་མེད་པར་ཟད་དེ། མིང་གི་ཁྱད་པར་དུ་བྱས་པ་ཕྲེང་བ་དང་འདྲ་བའི་ཕྱིར་རོ༔ དེ་དང་མི་འདྲ་སྟེ་ཤིང་ཞེས་པ་ཐམས་ཅད་པའི་ཤིང་ལ་འཇུག་པ་བཞིན་ནོ་ཞེ་ན༔ དེ་ནི་དེ་འདྲ་སྟེ་མིང་ཙམ་ལས་སྤྱིའི་ཤིང་ཞེས་པས་རྣམ་དབྱེའི་གཞི་ཞིག་ཡོད་ཚེ༔ དངོས་པོ་སྣང་རུང་ལ༔ མ་དམིགས་པས་རྒྱུ་མཚན་ཅི་ཡོད༔ དེས་ན་ཤིང་ཡང་མང་པོའི་སྤྱི་མིང་ཡིན་གྱི༔ དོན་མིན་པས་ན་རིལ་པོ་གཅིག་ཏུ་མི་འགྱུར་བ་ཡིན་ཡང་༔ མིང་སྒྲ་སྤྱི་དངོས་མེད་རྟ་ཡི་རྭ་དང་འདྲ་བ་ལས་གྲུབ་པ་མེད་པས་ང་ཞེས་བྱ་བའི་མིང་ཙམ་དེ་ཡང་རང་མཚན་གྱིས་གྲུབ་པ་མེད་ཅིང་ལུས་སེམས་ཚོགས་པ་ལ་ང་ཞེས་བཏགས་པས་གོམས་ཏེ་ང་བློ་འབྱུང་བ་ནི་དཔེར་ན་མི་ཞིག་ལ་གུ་ཧྱ་ཨ་བྷྱ་ཡ་དང་ཀརྨཱ་སོགས་བཏགས་ཀྱང་ཁོ་རང་གི་སྟེང་ནས་གང་ཡང་མིན་ལ་ཡིན་པར་ཞེན་ནས་ཨ་ལེན་འབྱུང་བ་ལྟ་བུའོ༔ འོན་ཏེ་གཅིག་ཏུ་མི་རིགས་ཀྱང་ཐ་དད་པར་ཡོད་སྙམ་ན༔ ཤིན་ཏུ་ཡང་མི་འཐད་དེ༔ ཕུང་པོ་ལྔ་ལས་ཐ་དད་དུ་ཡོད་ན་སྔ་མའི་ཉེས་པ་ཐམས་ཅད་ཀྱི་སྟེང་དུ༔ རྗེས་སུ་འགྲོ་ལྡོག་གི་འབྲེལ་བ་མེད་པར་འགྱུར་བ་དང་གཅིག༔ བདེ་སྡུག་ཉེར་ལེན་པ་མི་འབྱུང་བ་དང་གཉིས༔ ལུས་ལ་རྨ་སྲོལ་གཏོད་པ་དང་༔ མཚང་འབྲུ་བ་ཐམས་ཅད་ང་ལ་དོན་མ་མཆིས་ཏེ༔ ལྷ་སྦྱིན་དང་མཆོད་སྦྱིན་རྒྱུད་ཐ་དད་པས་སོ༔ འོན་ཀྱང་ང་ཡི་ལུས་ཡིན་པས་སྙམ་ན༔ གཞན་གྱིས་ཁྱོད་ལ་སྦྱིན་ནས་ཐོབ་པ་ཞིག་གམ༔ ཁྱོད་ཀྱི་གནས་རྟེན་ཞིག༔ སྔ་མ་ནི་མ་ཡིན་སུས་ཀྱང་སྦྱིན་པ་མ་བྱས་པས་མ་བྱིན་བླང་བར་གྱུར་ལ༔ རྟེན་ཁང་པ་དང་འདྲ་ན་སྐྱོན་སྔར་བཞིན་ནོ༔ འོན་ཏེ་ཇི་ལྟར་གནས་མི་ཤེས་ཀྱང་ང་ཡོད་ན༔ ལུས་དང་ཕྱི་ནང་དུ་ཡོད་དམ༔ སྟེང་འོག་ཏུ་ཡོད་དམ༔ བསྒྲིགས་ནས་སམ༔ གྲོགས་ཀྱི་ཚུལ་ལམ་བདག་པོར་ཡོད་བརྟགས་ཤིང་དཔྱད་པས་གནས་ཚུལ་འདི་འདྲར་མེད་པར་ཐག་ཆོད་པ་ན༔ ཕྲག་དོག་གིས་ལུས་སེམས་བརྒྱང་བ་ངོ་མཚར་ཡ་མཚན་པས་ལྟ་བའི་དོན་རྒྱུད་ལ་འཁྲུངས་པ་ཁ་ཅིག་གིས་ང་ཡོད་དེ༔ ངས་ཁྱོད་ལ་གནོད་པ་བྱས་ན་ཟེར་ཀྱང་༔ འཇིག་རྟེན་རྒན་པོའི་ངོར་བདག་མེད་བཞིན་བདག་འཛིན་འབྱུང་བའི་གནས་ལུགས་གཏན་ལ་ཕབ་པ་ཡིན་གྱི༔ སྣང་ཚུལ་དེ་མ་ཐག་པ་ནས་འགགས་འགྲོ་དགོས་ན༔ ཁྱོད་ཀྱང་ཆོས་ཐམས་ཅད་མེད་དོ་སྙམ་པར་གཏན་ལ་ཕབ་པ་ལ་བརྒྱུད་ཆུ་ཐོག་ཏུ་འཁྲིད་པ་འདི་མ་གོ་བའམ༔ ཡང་ན་སུན་ཅི་ཕྱིན་གྱི་ཚིག་དོན་ལ་ཐུགས་གཏད་དམ༔ རིག་པས་བཟློག་རིན་མི་ཆོག་གོ༔ གསུམ་པ་གནས་པ་རང་གི་ངོ་བོའམ་མཁན་པོ་ལ་བརྟགས་པར་བྱ་སྟེ༔ མིག་ལ་སོགས་པའི་དབང་པོ་དྲུག་གིས་གཟུགས་ལ་སོགས་བའི་ཡུལ་གྱི་ཚུལ་དུ་མཐོང་ངམ་མ་མཐོང་༔ དང་པོ་ལྟར་ན༔ གཟུགས་དབྱིབས་ཁ་དོག་བྱད་བཞིན་ཆེ་ཆུང་སོགས་ཅི་འདྲ་འདུག་ཁ་ནང་དུ་འཁོར་ནས་དཔྱད་དེ་ཅི་ཡང་མ་མཐོང་ན་ང་ཡོད་པར་གང་གིས་ཤེས༔ རྒྱལ་བ་རྫོགས་བའི་སངས་རྒྱས་ཀྱིས་ང་དེའི་ཚེ་ལ་སོགས་གསུངས་པས་སོ་སྙམ་ན༔ དེ་ནི་ཐ་སྙད་དང་སྒོ་བསྟུན་ནས་དགོས་དབང་གིས་གསུང་པ་ལས༔ སངས་རྒྱས་བདག་མེད་སེང་གེའི་སྒྲ་དང་ལྡན་པ་ལ་སྒྲོ་སུས་གདགས༔ འོན་ཀྱང་སེམས་ཅན་ཐམས་ཅད་ཀྱིས་བདག་ཏུ་འཛིན་པའི་ཕྱིར་ཐེ་ཚོམ་ཟའོ༔ འོ་ན་དྷ་དྷི་ར་ཟོས་པ་ཐམས་ཅད་ཀྱིས་འབུ་སྲིན་མཐོང་བ་དང་༔ སྒྱུ་མ་ཐམས་ཅད་ཀྱིས་མཐོང་བས་ཅི་ཉེས་ནས་དགག༔ ཡང་གལ་ཏེ་ཡོད་པ་ལ་དངོས་པོ་ཞིག་གམ་གཉིས་གཉིས་མིན༔ དངོས་མེད་ཞིག༔ དངོས་པོ་ནི་མེད་དེ་སྣང་རུང་མ་དམིགས་པས་སོ༔ དངོས་མེད་ནི་ཁྱོད་ལ་བསྐལ་དོན་དུ་སོང་ན་ནི་བདག་ཏུ་ཅིའི་ཕྱིར་འཛིན་ཏེ་ཤ་ཟ་བཞིན༔ གཉིས་གཉིས་མིན་ནི་དོན་འགལ་བ་ཕྱོགས་གཅིག་ཏུ་ནམ་ཡང་མི་འདུ་བས་སྲིད་མཐའ་འང་ཁེགས་སོ༔ ཡང་ང་དེ་ལ་ཁྱབ་བྱེད་གཅིག་ཐ་དད་ལས་མི་སྲིད་ན་ཇི་ལྟར་ཡོད༔ གཅིག་ཏུ་ན་དུས་མེད་རིལ་པོའི་བདག་ཉིད༔ གཉིས་སུ་ན་ཕྲེང་བ་ལྟར་མང་པོ་ལས་གང་དུ་ངོས་འཛིན༔ དེ་ལྟར་ཞིབ་ཏུ་རྟོག་དཔྱོད་དྲི་བརྩད་ཀྱི་སྒོ་ནས་གཏན་ལ་ཕེབས་པ་འདི༔ ཐོག་མར་བླ་མ་ལས་ཐོས་པ་ཙམ་གྱིས་བདག་ཏུ་འཛིན་པའི་རི་བོ་འཇོམས་པའི་ཐོ་ཆེན༔ བར་དུ་བསམས་པས་གཏན་ལ་ཞིབ་ཏུ་ཕེབས་ནས་བཟོད་པ་རྗེས་མཐུན་ཐོབ་པའི་མན་ངག་གི་ཟབ་གནད༔ ཐ་མ་གོམས་པས་མཐོང་ལ མ་མྱུར་དུ་ཐོབ་པའི་ཉེ་ལམ་འདི་ཡང་གནས་པ་མེད་པའམ་ངོ་བོ་སྟོང་པ་ཉིད་ཟེར་རོ༔ འདི་ལྟ་བུའི་ངར་འཛིན་ཡེ་ནས་མེད་པ་ལས་ཡོད་པ་ལ་གཞོམ་ཞིང་བཤིག་ཏུ་མ་དགོས་པས་ཡེ་གྲོལ་ལམ་ཤེས་པ་ཙམ་གྱིས་ཆོག་པར་སྟོང་ཉིད་ཀྱི་འབྲས་བུར་གྲུབ་ཟིན་པས་ཐ་མ་འགྲོ་བའམ་སྨོན་པ་མེད་པའོ༔ དེ་ནས་ཕྱི་བདག་གི་བ་སྟོང་ཉིད་དུ་གཏན་ལ་ཕབ་པ་ལ༔ རྒྱུ་འབྲས་ངོ་བོ་ཉིད་གསུམ་སྟེ༔ དང་པོ་ནི༔ དངོས་པོ་དང་ཤེས་པས་བསྡུས་པའི་ཆོས་ཐམས་ཅད༔ བདག་དང་གཞན་དང་གཉིས་གཉིས་མིན་ལས་མི་འབྱུང་བ་སྔར་བསྟན་པ་ལྟར་ལ༔ རྐྱེན་ནི་ཡུལ་དབང་ཤེས་གསུམ་ལ་དཔྱད་པས་འཐུས་པས་ན༔ སྤྱིིར་རྐྱེན་རེ་རེ་བ་ལ་འབྲས་བུ་མེད་པ་དང་༔ ཚོགས་པ་ལ་མེད་པའི་སྤྱི་འགྲོས་ཀྱིས་ཐག་ཆོད་སླའོ༔ དེ་ནི་རྒྱུ་མཚན་མ་མེད་པའོ༔ ངོ་བོ་ལ་དཔྱད་ན༔ སྤྱིར་ཕྱི་དང་ནང་གིས་ཁྱད་པར་དུ་བྱས་པའི་གཟུགས་སྒྲ་དྲི་རོ་རེག་བྱ་ཐམས་ཅད་མེད་དང་མ་གྲུབ་པ་ཞིག་སྟེ༔ ཅིའི་ཕྱིར་ན་གཟུགས་ནི་མི་བདེན་ཏེ༔ མང་པོ་ལ་གཅིག་ཏུ་ཞེན་པས་སྣང་བ་ཡིན་པའོ༔ དེ་ཡང་རགས་པ་ཐམས་ཅད་ལ་ཕྱོགས་དམིགས་ཀྱི་བར་དུ་ཐ་དད་པ་མང་པོ་ཡིན་པ་དང་༔ ཕྱོགས་མེད་ན་མེད་པའི་ཕྱིར་རོ༔ དེ་ལྟར་རི་བོ་ཞེས་སྤོམ་ཡོར་དུ་བཟུང་བ་ཙམ་ལ་དངོས་པོར་ཞེན་པ་ལས་ཞིབ་ཏུ་དཔྱད་ན་ཅུང་ཟད་ཀྱང་གཅིག་ཏུ་གྲུབ་པ་མེད་དོ༔ འོན་ཀྱང་དུ་མ་ཚོགས་པ་ནི་ཡོད་དོ་སྙམ་ན༔ དུ་མ་ནི་དེ་བས་བསགས་གཞི་གཅིག་མེད་པས་བསགས་ཆོས་མེད་པ་འཇིམ་པ་མེད་པའི་བུམ་པ་བཞིན་ནོ༔ འོན་ཀྱང་ཡོད་སྙམ་ན༔ སྣང་བ་ཐམས་ཅད་ནི་དངོས་སུ་གྲུབ་པ་མེད་པའི་སྣང་ཚུལ་ཐ་དད་འོང་བ་ཡིན་ཏེ༔ ཆུ་རང་མཚན་གྱིས་མ་གྲུབ་པས་རིགས་དྲུག་ལ་མཐོང་སྣང་ཐ་དད་པར་ཡོད་པ་དང་༔ མེ་རང་མཚན་གྱིས་མ་གྲུབ་པས་གནས་སུ༔ ཟས་སུ༔ ཚ་བསྲེགས་སུ་འདུ་ཤེས་པ་ལ་སོགས་པ་ཡོད་ལ༔ ས་མ་གྲུབ་པས་ཟས་དང་གནས་དང་ནམ་མཁར་འདུ་ཤེས་པ་ཡོད་པ་དང་༔ ནམ་མཁའ་ལ་སར༔ ནམ་མཁའ་ལ་གནས་སུ༔ ནམ་མཁར་འདུ་ཤེས་པ་ཡོད་པའོ༔ འོ་དེ་ནི་ཡོད་པའི་འབྱུང་བ་བཞི་ལ་མཐོང་ཚུལ་ཡིན་ནོ་སྙམ་པའི་ཐེ་ཚོམ་དུ་གྱུར་ན༔ དེ་ནི་མ་ཡིན་ཏེ༔ ཡོད་ན་མཐོང་ཚུལ་གཅིག་ལས་གཞན་མི་སྲིད་ཀྱང་༔ མེད་པའི་དབང་གིས་གང་ཡང་འཆར་རུང་བ་དང་༔ ཉི་མ་ལ་གནས་སུ༔ སྒྲོན་མེར་མུན་པར་མཐོང་བ་དག་ཀྱང་ཡོད་པའོ༔ གལ་ཏེ་སྣང་བ་ཡོད་ན་རྨི་ལམ་དང་བར་སྲིད་ཀྱི་སྣང་བ་དེ་དག་གང་དུ་ཡོད༔ དམྱལ་བ་ལ་སོགས་པ་ཡང་གསོན་པོར་བལྟར་མེད་པའི་རྒྱུ་མཚན་དང་༔ བར་དོའི་ཉི་ཟླ་སོགས་མི་མཐོང་བའི་རྒྱུ་མཚན་ཡན་གར་བ་ཡོད་དགོས་སོ༔ འོན་ཀྱང་དངོས་པོ་ཡོད་དེ༔ གཟུགས་སོགས་མངོན་སུམ་དུ་མཐོང་ཐོས་སུ་གྲུབ་པའོ་སྙམ་ན༔ ཟླ་གཉིས་དེ་མངོན་སུམ་དུ་མཐོང་བ་ཅིའི་ཕྱིར་མེད༔ དེས་དོན་བྱེད་པར་མི་འགྱུར་ན༔ མིག་ཤེས་བསྐྱེད་པས་སོ༔ གཟུགས་སོགས་ཡོད་དེ་ཆེ་ཆུང་༔ སྒྲ་སྙན་མི་སྙན༔ དྲི་ཞིམ་མི་ཞིམ༔ རོ་ཞིམ་མི་ཞིམ༔ རེག་བྱ་འཇམ་རྩུབ་ལ་སོགས་པ་ཡོད་པས་སོ་སྙམ་ན༔ དེ་ནི་མི་བདེན་ཏེ༔ གཟུགས་མཛེས་པ་ལ་སོགས་པ་ལྟོས་ནས་བཏགས་པ་ཡིན་པའི་ཕྱིར་དང་༔ གཅིག་ལ་མཛེས་བའི་ཉི་ཟླ་འདི་གཅིག་ལ་མི་མཛེས་པ་མུན་པ་དང་༔ ཙུ་ཏ་རྐང་གཅིག་དང་རྐང་གཉིས་བཞིན་ནོ༔ སྒྲ་ནི་སྙན་མི་སྙན་ལ་སོགས་པའང་དེ་ལྟར་རང་ལ་མི་ཤི་བའི་སྐད་ངན་དེ་མི་སྙན་ཡང་དགྲ་ལ་སྙན་པ་དང་༔ ཤ་སྦྲང་སོགས་ལ་རུལ་པས་དྲི་ཞིམ་པ་དང་༔ ཁྱི་ལ་ཚྭ་མི་ཞིམ་པ་དང་༔ མི་ལ་ཞིམ་པ༔ ཕག་ལ་བྲུན་ཞིམ་པ་ལ་སོགས་པའོ༔ འོན་ཀྱང་དབང་པོའི་མངོན་སུམ་མཐོང་ཐོས་སུ་གྱུར་སྙམ་སྟེ༔ དབང་པོ་དེ་ཁང་བ་འདྲ་བ་ལ༔ ཤེས་པ་མི་འདྲ༔ ཡུལ་རྣམས་ཕྱིའི་འདོད་ཡོན་དང་འདྲ་ན༔ དབང་ཤེས་དང་ཡུལ་འཕྲད་ནས་མི་མཐོང་སྟེ་མིག་གི་རང་བཞིན༔ མ་འཕྲད་ནས་མི་མཐོང་སྟེ་དམྱལ་ཡུལ་བཞིན༔ ཕུང་སུམ་མེད་དེ་འགལ་བའི་ཕྱིར༔ གལ་ཏེ་འདུས་པ་ལས་མངོན་ན་འདུས་པའང་མེད་དེ་དབང་པོ་ཡུལ་དང་འདུ་བ་ལ་ཕར་མ་ཕྱིན་ཡུལ་ཚུར་མ་སླེབས་སོ༔ ཤར་བ་ཡིན་ནོ་ཞེ་ན་མིན་ཏེ༔ མིག་ཏུ་ཚུར་སླེབ་ནས་ཤར་ན་ཐག་ཉེ་རིང་གི་གཟུགས་ལ་ཁྱད་མི་འབྱུང་༔ མིག་ཕར་དྲུང་དུ་སླེབ་ནས་ཤར་ན་དེ་འདྲ་ལ༔ སྒྲ་སོགས་ལྷག་མ་ཡང་དེ་བཞིན་ནོ༔ དོན་ཕྱི་རོལ་བ་དག་དང་དབང་པོ་ལ་འབྲེལ་བ་ཡོད་དམ་མེད་ཀྱང་དཔྱད༔ ཡོད་ན་གང་ཡིན༔ དབང་ཤེས་ཀྱི་ཕྱི་ནང་བར་གསུམ་གང་གིས་ཀྱང་ངེས་པས་མཐོང་ཚུལ་མེད་པ་དང་༔ ཡང་རབ་རིབ་དང་སྐྲ་ཤད་དེ་མཐོང་ངམ་མི་མཐོང་༔ མཐོང་བས་ཡོད་དགོས་ན་དེ་ཡང་ཡོད་དོ༔ ཐོས་པས་ཡོད་ན་བྲག་ཆ་དེ་ཡང་ཡོད་དགོས༔ འདུས་པ་གཟུགས་ཀྱང་ཕུང་པོ་ཀུན་བརྟགས་ཙམ་ལ་དཔྱད་ན༔ མགོ་དང་ཡན་ལག་ཕྱི་ཁོག་ནང་ཁྲོལ༔ སོ་སོར་བསལ་བས་གདགས་གཞི་ཡུལ་མེད་པར་གྱུར་པ་དང་༔ སོར་མོ་སོགས་ཀྱང་ཚིག་གི་ཚོགས་ཡིན་པས་ན༔ དེ་ཡང་ཤ་རུས་རྩ་རྒྱུས་ལ་སོགས་པ་ལས་གྲུབ་པ་ལས་འདི་ཞེས་གྲུབ་པ་མེད་པ་དེ་དག་ཀྱང་རྡུལ་ཕྲན་ཙམ་འདུས་པ་ལས་མེད་པས་ན༔ ལུས་ཞེས་པ་ཅུང་ཟད་ཙམ་ཡང་མེད་ལ༔ ཚོར་བ་ལ་སོགས་པ་བློ་ཆོས་དག་མི་རྟག་པ་སྐད་ཅིག་མ་ཡིན་པ་དང་༔ འགྱུར་ཞིང་མི་བདེན་པ་ཞིག་ཡིན་པས་ཀྱང་ཡོད་པ་མ་ཡིན་ནོ༔ ཚོར་བ་ཡུལ་ན་མེད་པའི་རྟགས་སུ་སྣ་དུད་འཐེན་པས་སྡུག་བསྔལ་ཚ་བ་དེ་བདེ་བར་རློམ་པ་དང་༔ མེད་ན་སྡོད་མི་ཚུགས་ཤིང་གཉིད་མི་འོང་བ་དང་༔ ཁ་ཚ་བའི་ཤ་སྨན་ལ་སོགས་པ་བཞིན་དུ་དང་༔ ཡང་གོས་དྲོ་འཇམ་དེ་དགའ་བ་བསྐྱེད་ཀྱང་རེ་ཞིག་དེས་གདུང་བ་ཡོད་པའང་ཚོར་བ་ཡུལ་ན་ཡོད་ན་མི་འགྱུར་བ་ཞིག་གོ༔ བློ་ན་མེད་དེ༔ ཡོད་ན་རྟག་ཏུ་དགའ་གདུང་གང་རུང་ལས་མི་རུང་བ་དང་༔ གཉིས་འགལ་བ་འདུ་བ་གཞི་མི་སྲིད་པར་འགྱུར་བ་དང་༔ སེམས་དང་གཅིག་ཐ་དད་གང་དུའང་མྱོང་བ་མེད་པ་དང་བཅས་པས་ནའོ༔ སེམས་ཀྱི་ཆོས་ཐམས་ཅད་སེམས་དྲན་པ་ཉེར་བཞག་གིས་འཐུས་པས་ན༔ དེ་གཅིག་གཏན་ལ་ཕབ་ཀྱང་༔ སེམས་དེ་ཉིད་ཡོད་པར་གང་གིས་ཤེས༔ དམིགས་པས་སོ་སྙམ་ན༔ ཇི་ལྟར་དམིགས༔ ཡུལ་སྣ་ཚོགས་ཤེས་ཤིང་དམིགས་པས་སྙམ་ན༔ ཡུལ་དེ་གཏན་ལ་ཕབ་ཟིན་པས་དམིགས་བྱ་མེད་པ་དང་༔ ཡུལ་ཤེས་ཐ་དད་ན་དམིགས་མི་སྲིད་པ་རྒྱུད་ཐ་དད་པའི་མི་བཞིན༔ གཅིག་ན་མི་སྲིད་པའི་བེམ་པོ་( ཤེས་པ་) ལ་གཟུགས་ཡོད་པ་དང་༔ རྗེས་སུ་འགྲོ་ལྡོག་གི་ངེས་པ་མེད་པ་དང་༔ ཡུལ་དང་བྲལ་བའི་སེམས་ཡན་ཀར་བ་ནམ་ཡང་མ་དམིགས་ན་དམིགས་པས་ཟེར་བ་ཅི་ཡིན༔ གལ་ཏེ་དམིགས་ན་ཅི་འདྲའི་གཟུགས་དབྱིབས་ཁ་དོག་མགོ་འཇུག་ཕྱི་ནང་སྔུན་རྒྱབ་བྱད་བཞིན་གྱི་ཁྱད་མེད་པ་མི་འཐད་ན་དེ་གང་ལྟར་ཡོད༔ ཡང་དབང་པོ་ལྔའི་སྤྱོད་ཡུལ་དུ་མ་གྱུར་བར་ཁོ་འདི་ན་ཡོད་ཅིའམ༔ འོ་སེམས་ནི་ཡོད་དེ༔ མྱོང་བ་གསལ་རིག་གི་ངོ་བོ་ཅན་དུ་སེམས་ཡོད་དོ་སྙམ་ན༔ ཅི་མྱོང་བ་དེ་རང་ཡིན་གྲངས་ན་དུས་སྐད་ཅིག་མ་གཅིག་ལ་རང་མྱོང་དང་མྱོང་བྱར་ཆ་གཉིས་སུ་ཅི་ལ་འཐད་དེ༔ ལར་སྐད་ཅིག་སྔ་ཕྱིའི་ཕྲེང་བ་མིན་པའི་དངོས་པོ་མི་འགྱུར་བ་མེད་པས་རྣམ་རྟོག་གི་རང་དུས་སུ་རིག་ཏུ་ཆུག་དང་༔ གྲངས་མེད་པ་དེ་ལས་ཁྱོད་ཀྱི་རང་གི་སེམས་ངོས་བཟུང་དགོས་པས་ཁས་བླང་བྱ་དེ་གང་༔ དེ་ཐམས་ཅད་ང་རང་གི་སེམས་ཡིན་སྙམ་ན༔ འཛམ་བུའི་གླིང་གི་ལུས་ཐམས་ཅད་ཁྱོད་ཀྱི་ལུས༔ སེམས་ཅན་ཐམས་ཅད་ཁྱོད་ཀྱི་སེམས་སུ་བདག་ཏུ་འཛིན་པ་ཁྱི་རྒན་གྱིས་གཞིའི་དེ་ཚང་གི་མི་རྒྱུ་ཐམས་ཅད་ངས་ཡིན་སྙམ་པ་འདྲའོ༔ ལུས་སེམས་གཅིག་ཐ་དད༔ སེམས་ཁོ་རང་ཡང་དེ་ལྟར་བརྟགས་པ་ན་མི་སྲིད་དེ་མེད་ལ་ཡོད་པར་བཟུང་བའི་སྣང་བ་རྡུལ་ལ་རིར་བཟུང་བ་ལྟ་བུའི་གཟུགས་དང་༔ ཐིག་པ་ལས་ཆུ་བོར་བཟུང་བ་ལྟ་བུའི་འཁྲུལ་བས་རང་བཅིང་པ་ཞིག་གོ༔ དེ་ལྟར་ཡུལ་དབང་ཤེས་པས་བསྡུས་པའི་ཆོས་ཐམས་ཅད་ལ་ཡུལ་མེད་བཞིན་སྣང་བ་ནི༔ དཔེར་ན་སྨྱོན་པས་ཤ་ཟ་མཐོང་སྣང་ལ་ཤར་བ་དང་གྲིབ་མ་ལྟ་བུ༔ དབང་པོ་མེད་བཞིན་སྣང་བ་ནི་བར་དོའི་མཐོང་བྱེད་ལྟ་བུ༔ ཤེས་པ་མེད་བཞིན་སྣང་བ་ནི་རྨི་སེམས་རྟོག་བཅས་མེད་པ་ལ་ཡོད་པར་འདྲ་བར་སྣང་བ་འོང་བ་ལྟ་བུའོ༔ ཡང་འདི་ལྟར་འཁོར་བའི་ཆོས་ཐམས་ཅད་ལ་གྲུབ་དང་བདེན་པ་ཡོད་དེ༔ གཅིག་ཏུ་དོན་བྱེད་པ་ལ་མི་བསླུ་བའི་ཕྱིར་དང་༔ གཉིས་སུ་ན་གལ་ཏེ་སེམས་ཅན་ཐམས་ཅད་རྒྱུད་གཅིག་ཏུ་འགྱུར་བས་སོ༔ སྙམ་པས་བློ་ཞིག་འབྱུང་བ་ལ༔ གྲིབ་མས་མུན་པར་བྱེད་པ་དང་༔ འཇའ་ཚོན་གྱིས་མིག་ཤེས་བསྐྱེད་པ་ལ་སོགས་པ་སྔར་བསྟན་པ་ལ་བསྐྱར་བཟློས་ཡང་ཡང་མ་བྱས་ན་ལ་ཟློ་དཀའ་བས་ན་འདིར་བརླན་( བསླན་)པར་བྱ་བ་དང་༔ གལ་ཏེ་སེམས་ཅན་དུ་སྣང་བའི་བློ་དེ་ཉིད་དེའི་སེམས་ཡིན་ནམ་མ་ཡིན༔ མ་ཡིན་པར་བེམ་པོའི་ཆོས་སུ་སྣང་བའི་འཛིན་པ་ནི་ནམ་ཡང་མི་སྲིད་པའི་ཕྱིར་ན་འཐད་པ་མེད་པར་འབྲེལ་བས་གྲུབ་ལ༔ དཔེར་བྱས་ནས་མ ཚོན་ན་ཡང་༔ དམྱལ་བའི་གཤིན་རྗེའི་དཔུང་ཚོགས་འཇིགས་པར་རུང་བ་དང་༔ ལྕགས་བསྲེགས་ཀྱི་ས་གཞི་དང་༔ མེ་ལྕེའི་འཁོར་ལོ་དང་༔ ཤལ་མ་རིའི་མོ་ཚོགས་རང་ལ་དགའ་བས་འབོད་པ་དེ་དག་ཡོད་དགོས་ཏེ༔ ཡོད་ན་ཡུལ་ལམ་ཕྱོགས་གང་ན་ཡོད་པ་དང་༔ གལ་ཏེ་ས་འོག་ཏུ་ཡོད་སྙམ་པ་ཞིག་ན་ས་ཆེན་པོ་འདི་ཐལ་བའང་ལུས་པར་མི་འགྱུར་བ་དང་༔ བར་སྣང་སྟོང་བས་ཆོད་དོ་སྙམ་ན༔ དེ་ཡིན་དུ་ཆུག་ཀྱང་༔ ཤལ་མ་རིའི་མོ་ཚོགས་དེ་སྔར་ནས་ཡོད་པའམ་མེད་པའི་བག་ཆགས་ཡིན་དཔྱད་ན༔ ཡོད་ན་ཁྱོད་ལ་དགའ་བའི་ཆགས་ཡུལ་དེ་སྣང་མི་རུང་སྟེ་དེ་མ་ཡིན་པས་སོ༔ མེད་ན་བག་ཆགས་ཀྱི་གནས་དོན་ལུས་སུ་སྣང་བའང་དེ་བཞིན་དུ་འཐད་པ་དང་༔ བར་དོའི་འཇིགས་གཟུགས་ཅན་གྱི་གཤིན་རྗེ་དེ་ལ་སེམས་ཡོད་དམ་མེད༔ ཁྱོད་ལས་རྒྱུད་ཐ་དད་པས་བསྡུས་སམ་མ་བསྡུས༔ རྨི་ལམ་གྱི་སྣང་བའང་དེ་འདྲ་བ་ཞིག་གོ༔ ཁྱད་པར་དུ་ང་མེད་ལ་ཡོད་པར་བཟུང་བས་ཚུར་རི་ལྟ་བུ་སེམས་ཡོད་པར་སྣང་བ་དང་༔ དེ་ལ་ཕན་གནོད་བར་མར་སྣང་བས་རང་གི་གཟུགས་བརྙན་རྣམ་པ་ཆ་འདྲ་བའི་སེམས་ཅན་ཡོད་པར་སྣང་བ་དང་༔ ལུས་མེད་པར་ཡོད་པར་ཞེན་པའི་བེམ་པོའི་གཟུགས་བརྙན་གྱིས་ས་རྡོ་རི་བྲག་ཏུ་སྣང་བ་དག་ལ་འཐད་པའི་ཁྱད་པར་མེད་པ་དང་༔ བདེན་རྫུན་མེད་པའོ༔ གཞན་དང་རང་གི་བདེ་སྡུག་ཐམས་ཅད་འདྲེས་པར་འགྱུར་བ་དང་༔ གོ་ས་ཐ་དད་པ་དང་༔ ཡང་ཡུལ་ཐམས་ཅད་སེམས་ཡིན་ན་བེམ་ཤེས་འཆོལ་བ་དང་༔ རང་ལ་མང་པོ་འགྱུར་བ་དང་༔ བཅོམ་ལྡན་འདས་སངས་རྒྱས་པས་སེམས་ཅན་ཐམས་ཅད་སངས་རྒྱས་པར་ཐལ་བ་དང་༔ བདག་འཁོར་བར་ལྟུང་བས་དུས་གསུམ་གྱི་སྐྱབས་ཡུལ་ལ་འོ་བརྒྱལ་བྱེད་པ༔ རང་ཤི་བས་འཁོར་བ་ཐམས་ཅད་རྒྱུན་ཆད་པ་འདི་མི་རུང་སྙམ་པ་ཞིག་སྣང་ཏེ༔ དེ་ལ་དཔྱད་ན༔ སེམས་ཅན་རང་རྒྱུད་པ་མེད་ན་བདེ་སྡུག་ཐ་དད་པར་ཡོད་པའི་སྒྲུབ་བྱེད་ཡང་དག་པར་འདིའོ་ཟེར་བ་ཞིག་ཀྱང་དགོས་ན༔ དེ་ནི་མི་སྲིད་དོ༔ དེ་ལ་མེ་ལ་བསྲེགས་པ་སོགས་ཀྱིས་འོ་དོད་འབོད་པས་ཤེས་ན༔ འོ་དོད་འབོད་པ་དེ་ཁྱོད་ཀྱི་ཐོས་པ་མེད་པར་སྒྲ་སོགས་བཀག་པ་ལྟ་བུ་ཡིན་པས་འཁྲུལ་སྣང་ཡིན་པར་ཟད་དོ༔ གོ་ས་ཐ་དད་པས་ཐ་དད་པར་ཤེས་ན་ཤེས་པ་སྔ་ཕྱིའང་ཁྱོད་ཀྱི་ཡིན་པར་མི་ངེས་ཏེ༔ དུས་སོགས་གོ་ས་ཐ་དད་པས་སོ༔ ལུས་ཐ་དད་པས་སྐྱེ་བ་སྔ་ཕྱིའི་ལུས་སོགས་ཐ་དད་པ་དང་༔ རྒྱུན་ནི་མི་བདེན་ཏེ་ཆུ་བོ་བཞིན་དང་༔ སྐད་ཅིག་ཏུ་མིན་པས་རྟག་དངོས་མེད་པ་དང་༔ བེམ་ཤེས་གཞི་མཐུན་མེད་ཞེས་པའང་བརྟགས་ན་ནི་མིན་ཏེ༔ གནས་སྐབས་སྣང་ཚུལ་ཙམ་ལ་ངེས་པར་དེ་བདེན་ན་གནས་དོན་ལུས་ཀྱི་བག་ཆགས་བཞག་པའི་ཀུན་གཞི་དེ་ནི་ལུང་མ་བསྟན་ལ་བེམ་པོའི་བག་ཆགས་བཞག་པ་མི་སྲིད་དེ༔ ཁོ་རང་རྟོག་མེད་ཡིན་པས་སོ༔ ཤེས་པས་བཞག་པར་ཐེ་ཚོམ་མེད་དེ༔ བདེ་སྡུག་ལ་སོགས་པ་ཐམས་ཅད་ཀྱི་རྟེན་དང་བྱེད་པ་པོ་ཡིན་པས་སོ༔ དེ་ཡིན་ཕན་ཆད་སེམས་ལས་མ་གཏོགས་མི་རུང་བ་ཡིན་ཏེ༔ འདུ་ཤེས་པའི་བག་ཆགས་ཡིན་བའི་རྒྱུ་མཚན་ནོ༔ སྔར་ངས་ཟླ་བ་གྲགས་པ་ལ་སོགས་པའི་ཚུལ་བསྟན་ནས་སེམས་ཉིད་ཀྱིས་སེམས་ཅན་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་བཀོད་པར་བཤད་པའང་དེའི་ཕྱིར་རོ༔ དེ་ཡང་སྤྱི་འཐུས་( མཐུན་)ཀྱིས་སྣོད་ཀྱི་འཇིག་རྟེན་ཞིག་བཀོད་པ་ནི་མེད་དེ༔ རྨི་ཡུལ་བཞིན་ནོ༔ འཁོར་འདས་རང་སྣང་ཡིན་པས་སྣང་ཚུལ་མང་པོ་ཡང་གནས་ཚུལ་དེ་ལྟར་མ་གྲུབ་པ་ཡིན་ནོ༔ ལར་མང་པོ་ལ་སེམས་གཅིག་པུ་དང་༔ ལུས་གཅིག་ཏུ་བདེན་པར་འཛིན་པ་ལྟར་མི་སྣང་བའང་མིན་ནོ༔ དོན་དུ་གཅིག་གཞིའི་བདག་གམ་སེམས་ཀྱང་མེད་པས༔ སེམས་ཅན་རྒྱུད་གཅིག་ཏུ་དང་༔ རང་མང་པོར་གྱུར་པའང་ག་ལ་ཡིན༔ གཅིག་ཤི་བས་ཐམས་ཅད་འཆི་བར་འགྱུར་བའང་གཞན་འཆི་རྒྱུ་རང་མཚན་པ་མེད་པས་འབྲེལ་མེད་དང་༔ ཡུལ་རང་མཚན་པ་ཡོད་ན་སེམས་ཅན་ཐམས་ཅད་སངས་རྒྱས་པའི་འོག་ཏུ་བརྟན་པའི་སྣོད་ཡོད་པའི་སྟོང་པ་དེ་ཡང་མི་འཐད་པ་དང་༔ རྗེས་སུ་འགྲོ་ལྡོག་མི་བྱེད་པར་སེམས་པ་ཙམ་ལས་ཡུལ་མེད་ན་སུ་ཞིག་འགྲོ༔ སངས་རྒྱས་རང་མཚན་པར་གྲུབ་པར་འདོད་པ་ཡང་ཞེན་སྣང་ཡིན་པས་གོང་གི་བསམ་གཞི་ཐམས་ཅད་དོན་མེད་རྗེན་པར་ངེས་སོ༔ ༈ དེ་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་སྟོང་པ་ཉིད་དུ་གཏན་ལ་ཕེབ་པས་ངེས་པ་ནང་ནས་འདྲེན་མ་ཐུབ་བར་དུ་བསམ་པའི་ཤེས་རབ་ཀྱིས་ནང་ལ་སེམས་པ་ནི༔ ངོ་བོ་སྟོང་པ་ཉིད་དོ༔ གསུམ་པ་འབྲས་བུ་སྨོན་པ་མེད་པ་ནི༔ དེ་ལྟ་བུའི་དངོས་པོ་ཐམས་ཅད་རྒྱུས་འབྲས་བུ་བསྐྱེད་དེ་འབྱུང་བ་མིན་པ་ནི་འབྱུང་བའི་ཚུལ་དུ་སྣང་བའི་དུས་ལ་དཔྱད་ན༔ འབྲས་བུ་ཡོད་མེད་གཉིས་སམ་གཉིས་མིན་ཞིག་བསྐྱེད་པ་མ་ཡིན་ནོ༔ དེ་ལྟར་རྒྱུ་འབྲས་ངོ་བོ་ཉིད་གསུམ་གྱིས་དཔྱད་པས་ཡོད་མེད་སྣང་སྟོང་གང་དུ་གྲུབ་པ་མེད་པར་ཤེས་པར་ནུས་ཀྱང་ཁྱད་པར་རྣམ་གྲངས་ཀྱི་སྟོང་ཉིད་དུ་ངེས་ཤེས་ཡང་དག་པར་འདྲོངས་བར་འགྱུར་རོ༔ མ་ཟད་སྣང་བ་དཀར་དམར་གྱི་ཁམས་སྣ་ཚོགས་པ་འགགས་པ་མེད་པར་སྣང་༔ སྣང་བ་ཉིད་ན་དེའི་རང་བཞིན་སྟོང་ཉིད་དུ་ངེས༔ སྟོང་ཉིད་དང་སྣང་བ་གཉིས་འདུ་འབྲལ་མེད་པར་དཔྱོད་པ་ལ༔ འོག་ཏུ་བཤད་པ་དང་སྦྲེལ་ཤེས་པ་འདི་གལ་ཆེའོ༔ ༈ དོན་གཉིས་པ་དཔེ་དོན་རྟགས་གསུམ་གྱིས་བར་དོ་དྲུག་གི་རང་བཞིན་ལྷུན་གྲུབ་སྐུ་དང་ཡེ་ཤེས་སུ་གཏན་ལ་ཕབས་པ་ལ་གཉིས་ཏེ༔ སྟོང་ཉིད་འགགས་མེད་དུ་གཏན་ལ་ཕབས་པ༔ འགགས་མེད་སྐུ་དང་ཡེ་ཤེས་སུ་བཤད་པ་གཉིས་ལས༔ དང་པོ་ནི༔ གཞི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཞིག་ལ་དབུ་མ་ཟེར་གྱི་དེ་འདྲའི་སྟོང་རྐྱང་ལ་མ་ཡིན་ཏེ༔ གལ་ཏེ་ཡིན་ན་ཐམས་ཅད་སྟོང་པར་ལྟ་བ་དང་ཁྱད་མེད་པས་གནས་ལུགས་ལ་འདི་ལྟར་གཞོལ་བར་བྱ༔ ཀྱཻ་དེ་ལྟར་དཔྱད་ན་ཐམས་ཅད་སྟོང་བར་གྲུབ་པ་ལས་སྣང་བ་རབ་འབྱམས་འདི་འཆར་དོན་མེད་པས་ཅི་ཞིག་ཡིན༔ འཁྲུལ་བའི་རྒྱུའི་གློ་བུར་དུ་སྣང་བ་ཞིག་ན་འཁྲུལ་བ་ཐམས་ཅད་ཟད་བའི་སངས་རྒྱས་དེ་ནམ་མཁའི་ཡིད་ཅན་ཞིག་ཏུ་སུས་འདྲེན༔ འགའ་ཞིག་གིས་སངས་རྒྱས་ཆད་པ་ཉག་གཅིག་ཏུ་ལྟ་ན་དེ་ལས་ཐུ་བ་མེད་པ་ཞིག་ཡིན་ཚུལ༔ སྟོབས་བཅུ་ལ་སོགས་པའི་ཟག་མེད་ཀྱི་ཆོས་ཐམས་ཅད་སངས་རྒྱས་ཁོ་ན་ལས་ཐུན་མིན་དེ་དག་མཁྱེན་བརྩེ་ནུས་གསུམ་གྱིས་བསྡུས་པ་དང་༔ སྐུ་ལྔ་ཡེ་ཤེས་ལྔ་ལ་སོགས་པའི་ཁྱད་པར་དང་༔ མཚན་དཔེ་ལ་སོགས་པ་ཐམས་ཅད་ཆད་པ་ཉག་གཅིག་གི་དབྱིངས་ལ་སྦྱོར་དོན་ཡང་མ་དམིགས་པས་སྒྲོ་འདོགས་སུ་འགྱུར་བ་དང་༔ ཡང་འགགས་པ་མེད་པ་ཟེར་བ་དེ་སྣང་བ་ཅི་ཡང་མི་སྲིད་ན་བརྗོད་གཞི་མེད་པའི་རྗོད་བྱེད་ཞིག་ཀྱང་ཡིན་ཞེས་དཔྱད༔ འཁོར་བའི་ཆོས་སུ་སྣང་བ་ཐམས་ཅད་རྒྱུ་རྐྱེན་ལས་འབྱུང་བ་ལས་འགགས་མེད་དུ་ཡོད་པ་མིན་པ་དང་༔ དག་པ་མྱང་འདས་ཀྱི་ཆོས་ཐམས་ཅད་ཀྱང་ཚོགས་གཉིས་ཀྱི་རྒྱུ་རྐྱེན་དག་པ་ལས་བྱུང་བས་ན་འགགས་མེད་མི་འཐད༔ དེ་ཕྱིར་རྣམ་པ་ཀུན་ཏུ་དོན་དམ་རྟོགས་ན་སྟོང་ཉིད་ཡིན་པ་དང་༔ མ་རྟོགས་ན་ཀུན་རྫོབ་ཡིན་པར་འཛིན་པ་གཅིག་འབྱུང་ཉེ་ཡང་༔ རྒྱུ་རྐྱེན་ཐམས་ཅད་ཕུག་དེད་ན་སྟོང་ཉིད་ལས་རང་ཤར་དུ་འབྱུང་དོན་མེད་པ་ནི་རི་རྭ་ལས་སུ་ཡང་འབྱུང་བ་མེད་པ་དང་༔ སྟོང་བཞིན་དུ་སྣ་ཚོགས་ཀྱི་སྣང་བ་དག་མ་དག་ཐམས་ཅད་བཀག་པ་མེད་པར་སྣང་བ་ཉིད་འགགས་མེད་ཡིན་པའི་གནད་ཀྱིས་སོ༔ དེ་ལྟར་སྟོང་པ་ཉིད་དེ་འཁོར་འདས་ཀྱི་སྣང་བ་འགགས་པ་མེད་པ་དང་༔ འགགས་པ་མེད་པ་དེ་ཐོག་མ་ནས་སྟོང་པ་ཉིད་ཡིན་པ་དང་༔ བཟང་ངན་མེད་པར་གཉིས་ཆར་ཡེ་ནས་མཉམ་པ་ཉིད་དེ་བདེན་གཉིས་ཟུང་འཇུག་བདེན་གཅིག་སྤྲོས་བྲལ་ཆེན་པོ༔ འཕགས་པའི་མཉམ་བཞག་གི་སྤྱོད་ཡུལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་པདྨ་ཀ་ར་ངའི་གཏན་ཚིག་གོ༔ ས་མ་ཡཱ༔ གཉིས་པ་འགགས་མེད་སྐུ་དང་ཡེ་ཤེས་སུ་བཤད་པ་ནི༔ གོང་དུ་བསྟན་པའི་འཁོར་བའི་སྣང་བ་འགགས་མེད་དེ་ལ་སྣང་གཞི་ཞིག་ངེས་པར་ཡོད་པར་འགྱུར་དེ༔ དཔེར་ན་ཐོ་ཡོར་མེད་ན་མིར་འཁྲུལ་བ་མི་གནས་པ་དང་༔ ཐག་ཁྲ་མེད་ན་སྦྲུལ་དུ་དང་༔ ཟླ་བ་མེད་ན་གཉིས་སྣང་དུ་མི་འབྱུང་བ་བཞིན་ནོ༔ དེ་ལ་མ་ངེས་ཏེ་རབ་རིབ་བཞིན་སྙམ་པ་ལ༔ རབ་རིབ་རྒྱུ་མེད་མིན་ཏེ༔ གཞི་ནམ་མཁའ༔ རྐྱེན་ནད་གཞི༔ བདག་རྐྱེན་དབང་པོ་ལས་བློའི་རྣམ་པ་དེ་ལྟར་འབྱུང་གི་གང་རུང་ཞིག་མ་དམིགས་ན་མེད་པའི་ཕྱིར་རོ༔ སྣང་གཞི་དེ་འཁོར་བ་དང་༔ མྱ་ངན་འདས་གང་རུང་ལས་མ་འདས་པས་ཅི་ཡིན་ན༔ འཁོར་བ་མེད་སྣང་ཡིན་པས་ན་དུང་ལ་སེར་འཛིན་ལྟ་བུ་སྟེ་དེ་བས་ན་མྱ་ངན་ལས་འདས་པར་ཤེས་པར་བྱའོ༔ དེ་ཡིན་པའི་གནད་ཀྱིས་སྣང་སྟོང་དང་༔ སྒྱུ་འོད་དང་༔ བསྐྱེད་རྫོགས་སོགས་བསྒོམ་པ་ཐམས་ཅད་དོན་དང་མཐུན་པ་དང་༔ སྒོ་གསུམ་སྐུ་གསུང་ཐུགས་སུ་བཤད་པ་དང་༔ ཕུང་ལྔ་རིགས་ལྔར༔ འབྱུང་ལྔ་ཡུམ་ལྔར༔ ཉོན་མོངས་ཡེ་ཤེས་ཡིན་པས་མི་སྤངས་ཚུལ་ཡང་གསུངས་བ་ལ་སོགས་ཐམས་ཅད་མིན་པ་བྱིན་གྱི་རློབ་བྱེད་རྗེན་པར་བསྒོམ་པ་དང་༔ རྒྱུ་མཚན་དེ་ཉིད་ཀྱིས༔ ལྟ་བ་ནི་སྟོང་ཉིད་རྐྱང་པ་ཡིན་པ་གཉིས་མ་འབྲེལ་བ་འབྲེལ་བར་བསྒོམ་པས་ཅི་ཡང་མི་གྲུབ་སྟེ༔ རྒྱུ་མཚན་དེ་ཉིད་ཀྱིས༔ དེ་དག་རང་ངོ་མ་ཤེས་པས་སྐུ་ལུས་ཀྱི་འཁྲུལ་རྐྱེན་དུ༔ གསུང་ངག་གི༔ ཐུགས་ཡིད་ཀྱི༔ ཡོན་ཏན་ཡུལ་གྱི༔ ཡེ་ཤེས་ཉོན་མོངས་ཀྱི༔ ཕྲིན་ལས་ལས་ཀྱི་འཁྲུལ་རྐྱེན་དུ་སོང་བའི་ཞེན་སྣང་སྦྱོངས་བྱེད་དུ༔ ཕྱག་རྒྱ་བཞིའི་དགོངས་ཀློང་དང་བཅས་པ་གསུངས་པ་དང་༔ སྐུས་རྟེན་བྱེད་ལྟར་ལུས་ཀྱིས་རྟེན་བྱེད༔ སྐུ་ལ་སྤྱན་ནི་མཐོན་མཐིང་སོགས་མཚན་དཔེ་ཡོད་པས་ས་དམིགས་ཀྱི་མིག་སོགས་ལུས་ལ་ཡོད་པས་རྣམ་པ་མཐུན་པ་དང་༔ གསུང་ལ་ངག་གི་སྒྲ་ཐམས་ཅད་ཨ་ལི་ཀ་ལི་ལས་མ་སྐྱེས་པ་མི་སྲིད་པ་དང་བརྡ་སྤྲོད་པ༔ ཐུགས་ལ་ཡིད་ཀྱི་ཤེས་བྱ་སྣང་སྟོང་ཡོད་མེད་མཁྱེན་པའི་ཆ་འདྲ་ཡོད་པ༔ མཁྱེན་པའི་ཡེ་ཤེས་དང་ཆ་མཐུན་པའི་སེམས་ཅན་ཕྲ་བ་ལའང་ཅུང་ཟད་ཤེས་པས་སྲོག་གི་ཕང་པ་ཙམ་ནས་མང་པོ་དང་༔ བརྩེ་བའི་ཐུགས་རྗེའི་རང་བཞིན་ངན་དུ་སོང་བ་ལས་རྣམ་པ་མ་དོར་བ་ནི་རང་གི་བུ་ལ་སྙིང་རྗེ་བ་ལ་སོགས་པ་དང་༔ ནུས་པའི་ཕྲིན་ལས་ངན་དུ་སོང་ཡང་དུད་འགྲོས་ཀྱང་གཡོ་མགུལ་དང་རྩ་འཐུ་བ་ལ་སོགས་པ་དང་༔ ཡང་སྤྲུལ་སྐུ་གཞན་ལ་སྣང་བ་ལྟར་ལུས་རགས་པ་གཞན་ལའང་སྣང་སྲིད་པ་དང་༔ ལོངས་སྐུ་ཕྱེད་སྣང་ལྟར་ངག་ཕྱེད་སྣང་༔ ཆོས་སྐུ་མི་སྣང་བ་ལྟར་སེམས་མི་སྣང་བའི་ཐ་ཚིག་དང་༔ ཁྱད་པར་དུ་འཁོར་འདས་རྫོགས་པ་ཆེན་པོའི་ལྷུན་གྲུབ་སྒོ་བརྒྱད་ལས་བདག་ཏུ་བཟུང་རིམ་གྱིས་འབྱུང་བར་དེ་ཉིད་གསལ་བ་ལས་བསྟན་པས་ཀྱང་ཤེས་སོ༔ ཡང་སངས་རྒྱས་ཀྱི་བཀའ་ཐ་མ་ལས་བསྟན་པ་དེ་ཉིད་གབ་པའི་ཚུལ་དང་༔ རྡོ་རྗེ་ཐེག་པ་ལས་གསལ་བར་བྱས་པ་ཡིན་པས་ན༔ སྒྲུབ་གཞི་རླུང་འོད་ཟེར་ལྔ་པ་དང་༔ མི་ཤིགས་པའི་ཐིག་ལེ་དང་༔ ཀྱཻ་རྡོ་རྗེར་ཡེ་ཤེས་སུམ་བརྩེགས་ལ་སོགས་པར་གསུངས་པ་ཐམས་ཅད་དང་༔ རྫོགས་པ་ཆེན་པོའི་ཡེ་ཤེས་སུམ་བརྩེགས་ལ་སོགས་པ་ཐམས་ཅད་ཀྱང་གནད་གཅིག་པས་ན་ཕན་ཚུན་ཆོས་སྤངས་པའི་ཉམས་ཉེས་ལས་ཕྱག་ག ིས་གཟུང་པའི་གང་ཟག་དཔྱོད་པ་དང་ལྡན་པ་རེ་ཡོད་ན་དུས་མཐའི་སངས་རྒྱས་ཡིན་པར་གོར་མ་ཆགས་སོ༔ དེ་ལྟ་བུའི་ཡེ་ཤེས་འོད་གསལ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་བདག་ཉིད་ནང་ན་ཡོད་པ་ནི་འཆར་གཞི་འམ་འཁྲུལ་བའི་ཆོས་ཐམས་ཅད་ཀྱི་གནས་ལུགས་སངས་རྒྱས་པ་དེ་ཡིན་པ་ལ༔ དེ་དག་བདག་ཏུ་བཟུང་བས་གོལ་བའི་རྒྱུ་ལས་ལུས་ངག་ཡིད་དུ་སྣང་བ་ནི་ཤར་ལུགས་ཡིན་ནོ༔ ལར་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་ལོངས་སྐུ་དང་སྤྲུལ་སྐུ་འབྱུང་བ་ཉིད་ཡེ་ཤེས་སེམས་སུ་འཁྲུལ་ནས་འཁོར་བར་འཁྱམས་པ་ན་སེམས་ཀྱི་རྩལ་སྣང་དུ་ལུས་ངག་གི་སྣང་བ་རྒྱུན་མི་འཆད་པ་འབྱུང་བའི་དོན་ཡང་དེ་ཡིན་པས་དོན་གྱིས་ལུས་སྐུ་རུ་བཤད་པ་ན༔ སྐུ་ཤུལ་དུ་ལུས་འགྲོ་སྙམ་པ་དང་༔ ཕ་མའི་ཁུ་ཁྲག་ལས་གྲུབ་པས་གསར་དུ་གཞན་ལས་འབྱུང་ཟེར་བ་དང་༔ སྐུ་གསུང་ཐུགས་ཡེ་ནས་ཡོད་ན་རྟག་པར་འགྱུར་སྙམ་པས་གཞན་སྟོང་ལ་ཐལ་བ་འཕེན་པ་དང་༔ རང་སྟོང་དུ་གདེང་འཆའ་ནའང་༔ འཁོར་འདས་རང་སྣང་ཡིན་པར་གཏན་ལ་ཕབ་པས་ལུས་ཤུལ་དུ་ལུས་པས་ཤུལ་ཞེས་པ་དང་ཕ་མ་གཞན་དུ་མེད་པའི་དོན་རང་གི་མ་རྟོགས་པའི་མཚང་སྟོན་པ་དང་༔ ལུས་དང་པོ་ལེན་དུ་སྣང་ཡང་རང་བཞིན་གྱིས་མ་གྲུབ་པ་དང་༔ གལ་ཏེ་སངས་རྒྱས་ལོངས་སྐུ་ངེས་པ་ལྔ་ལྡན་གྱི་བདག་ཉིད་འདུས་མ་བྱས་པ་ཉིད་རྒྱུ་རྐྱེན་གྱིས་མ་བསྐྱེད་པར་རྣམ་པ་ཀུན་ཏུ་མེད་ན་འདུས་བྱས་ཀྱི་སངས་རྒྱས་དེ་བསྐུར་འདེབས་ཅིའི་ཕྱིར་མིན་ཏེ༔ རྣམ་མཁྱེན་སོགས་འདུས་བྱས་སུ་འདོད་པ་ནི་འདུས་བྱས་མི་རྟག༔ མི་རྟག་སྡུག་བསྔལ་གྱི་བཀའ་རྟགས་ཀྱི་ཕྱག་རྒྱ་ལ་ངེས་པ་མེད་པར་སྟོན་པས་གང་རུང་གི་ཉེས་པ་ལ་ཐོགས་པར་ངེས་པ་དང་༔ ལོངས་སྐུ་འདུས་བྱས་མི་རྟག་པར་འདོད་པ་མཚན་ཉིད་ཐེག་ཆེན་པས་ཀྱང་མི་བྱེད་ན་དེ་ལ་སུ་ཡིད་རྟོན་སོམས་དང་སྤྲོས་པས་ཆོག་གོ༔ དེ་ལྟར་ངོ་སྤྲད་པའི་ཕྱིར་དཔེ་དོན་རྟགས་ཀྱི་ངོས་ནས་སྤྱིར་སྨོས་ན༔ དོན་ནི་འབྲས་ཆོས་ལྔ་རང་ལ་ཡོད་པ་འདུས་མ་བྱས་ཡིན་པས་གནད་དུ་བསྟན་ཏོ༔ དཔེ་ནི་རས་བྲིས་དང་ཆུ་ཚོན་ལ་སོགས་པའོ༔ རྟགས་ནི་སྒོ་གསུམ་སྐུ་གསུང་ཐུགས་དང་ཆ་མཐུན་ཡོད་པས་སོ༔ དེ་ཡང་དུང་སེར་པོ་མཐོང་ཡང་རྣམ་པ་ཙམ་མི་འདོར་བ་དང་༔ ཉི་མ་སྤྲིན་གྱིས་སྒྲིབ་ཀྱང་མུན་མི་སྲོས་པ་ལྟར་བརྟག་གོ༔ ཡང་རྣམ་ཆ་མ་དོར་བ་ཡོད་དེ༔ ཆོས་སྐུ་རང་ལ་ཡོད་པའི་གནད་ཀྱིས་སྤྲོས་པ་ཐམས་ཅད་དང་བྲལ་བའི་བར་དོ་སྟོང་བཞིའི་མཐའི་ཆོས་སྐུ་ཡང་དག་པར་འཆར་བ་དང་འབྱུང་བ་ཟད་ནས་རྒས་པ་དང་ཕྲ་བ་ནི་ཆོས་སྐུའི་བར་དོ་ལས་རང་སར་མཆེད་པ་དང་༔ རྨི་ལམ་འོད་གསལ་འཆར་རིམ་བསྡུ་རིམ་སོགས་ཡོད་པ་ནི་གཞིའོ༔ ལོངས་སྐུ་རང་ལ་ཡོད་པའི་གནད་ཀྱིས་ཟུང་འཇུག་སྐུ་དང་ཡེ་ཤེས་སུ་འཆར་བ་ཡིན་པའི་ཕྱིར་དང་༔ ད་ལྟ་ལུས་རྫོགས་པ་ན་ཡེ་ཤེས་རྒྱས་པའི་རྟགས་སུ་དཔྱོད་རྒྱ་དང་སེམས་ཤེས་དཀྱིལ་ཡངས༔ ཟུང་དུ་འཇུག་པའི་རྟགས་སུ་ཕོ་མོའི་སྣང་བ་མ་འགགས༔ སྟངས་དཔྱལ་ལས་སྤྲུལ་སྐུ་འགྱེད་པའི་རྟགས་སུ་བུ་ཚའི་དཔལ་བསྐྱེད་པ་དང་༔ འོད་ཟེར་འཕྲོ་བའི་རྟགས་སུ་ཐབས་ཀྱི་རྣམ་པའི་བློ་སྤྲོ༔ ཡོན་ཏན་རྫོགས་པས་ཞིང་ཁམས་བཀོད་ལེགས་པའོ༔ དང་པོ་ལུས་འཁྲུངས་པའི་དུས་སུ་ནི་ས་བཅུའི་རྟོག་པ་སྦྱངས༔ སངས་རྒྱས་པའི་རྟགས་སུ་ཆ་འདྲར་ཟླ་བཅུར་ལྷུམས་སུ་གནས༔ གཞན་དོན་དུ་སྤྲུལ་པ་ལེན་པའ ི་རྣམ་ཆ་བཙས་པར་སྣང་༔ རང་བྱུང་གི་དགེ་སློང་དེ༔ དེ་ཡང་ཆོས་གོས་གསུམ་གྱ ིས་ལུས་ལ་བརྒྱན་པའི་ཆ་འདྲར་ཕྲུ་བའི་ཆོས་གོས་གསོལ༔ སྡེ་སྣོད་གསུམ་གྱིས་ངག་ལ་བརྒྱན་པའི་ཆ་འདྲར༔ ཨ་ཧཾ་སྣང་སྟོང་ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་བ་ཆེན་པོར་སྟོན་པའི་ཆོས་སྒྲ་སྒྲོགས་པས༔ ཚུལ་ལ་གནས་པས་བྱ་བ་ཉུང་༔ ཏིང་ངེ་འཛིན་ལ་གནས་པས་སྣང་བརྟག་བསྲེ་བའི་འཛིན་པ་ཆུང་༔ ཤེས་རབ་ལ་གནས་པའི་རྣམ་ཆར་ཤེས་རིག་བཀྲའོ༔ འདི་ལྟར་དོན་རང་བཞིན་དང་འབྲེལ་བའི་རྟགས་ཀྱི་ངེས་པས་ལམ་གྱིས་བསྒྲུབ་ན་སྒོ་གསུམ་བྱ་བ་དང་བཅས་པ་སྐུ་གསུང་ཐུགས་མཛད་པར་གོ་འཕོ་ཞིང་ཡེ་སངས་རྒྱས་པའི་རང་ཐོག་ཏུ་བཙན་ས་ཟིན་པ་ནི་དཔེར་ན་ནོར་བུའི་འོད་ལ་དོན་དུ་དཔགས་ནས་ཕྱིན་པས་ནོར་བུ་ཐོབ་པ་བཞིན་ནོ༔ གཞན་དུ་སྐུ་གསུམ་འདུས་མ་བྱས་པ་རྒྱུ་རྐྱེན་གྱིས་བསྐྱེད་པར་འགལ་བའི་ཕྱིར་སངས་རྒྱས་མི་ཐོབ་པ༔ དཔྱད་ན་ལྟ་བ་སྤྲོས་བྲལ་ཡིན་པས་དེ་དང་རྗེས་སུ་མཐུན་པར་བསྒོམ་པ་ཙམ་ལས་མི་མཐུན་པས་ལྷའི་ཞལ་ཕྱག་གོམས་པས་འཛིན་པ་དེ་ལ་དོན་མེད་པ་དང་༔ རྒྱུ་ནས་ལྟ་བུའི་འདུས་བྱས་ལས༔ འབྲས་བུ་འདུས་མ་བྱས་པ་འབྱུང་ན་ཧ་ཅང་ཐལ་བ་ནམ་མཁའ་བསྐྱེད་པར་ཟད་དོ༔ འཁོར་བའི་རྣམ་པར་སྣང་བ་ནི་གཤིས་ཀྱི་གནས་ལུགས་མ་ཡིན་པས་ཟད་ཅིང་དག་པ་ཡོད་ལ༔ མྱ་ངན་ལས་འདས་པ་ནི་ཟད་པ་དང་འཕེལ་བ་མེད་པར་གཤིས་སུ་བཞུགས་པས་སོ༔ འབྲས་བུ་མངོན་གྱུར་ཀྱང་དག་པའི་སྣང་བ་གཏན་ནས་མེད་པའི་ཡོད་མིན་མེད་མིན་གྱི་སེམས་ལ་ལྟོས་འཆའ་བའི་ཏིང་ངེ་འཛིན་ཐོབ་པའི་སངས་རྒྱས་ཞིག་ཡིན་པར་མི་འདོད་ཀྱང་ཅི་ལྟར་སྤོང་དུ་ཡོད༔ དེ་བས་ན་སྣང་བ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་གནས་ཆེན་པོ་ལ ༔ འཁོར་བའི་གནས་དོན་ལུས་སུ་སྣང་བའི་ཞེན་སྣང་དང་དེའི་ངོ་བོ་སྟོང་བཞིན་དུ་སྣང་བ་ཡིན་པར་མ་ཤེས་པར་ཡོད་པར་འཛིན་པའི་ཞེན་སྣང་སྦྱོང་བྱེད་དུ་བསྐྱེད་རྫོགས་ཀྱི་ལམ་བསྒོམ་པ་འཛིན་སྟངས་དོན་མཐུན་རྒྱུད་ལ་བརྟེན་པས་ཞེན་སྣང་དེ་ཇེ་དག་ཏུ་སོང་བས་དག་སྣང་ཇེ་མངོན་ལ་འགྲོ་བ་མུན་པའི་རུམ་ན་གནས་པའི་བུམ་པ་དེ་ཉི་མ་ཤར་བས་གསལ་བ་བཞིན་དག་པར་གནས་འགྱུར༔ སངས་རྒྱས་ཀྱི་སར་མཐར་ཐུག་པ་ཡིན་གྱི༔ སེམས་ཅན་གྱི་དུས་ན་ཡིད་ཀྱི་གཟུགས་བརྙན་དུ་གནས་ཚུལ་ལ་ལྷ་མིན་བཞིན་ཆ་ལུགས་ལྷར་བསྒོམ་པས་འཛིན་པ་འཁྲུལ་རྒྱ་ཇེ་ཆེ་ཇེ་བརྟན་ཇེ་སྲ་ཇེ་འཐས་སུ་སོང་ནས་འཁྲུལ་རྟོག་དེའི་བཙན་ས་ཟིན་པར་གྱུར་ཏེ་གོང་དུ་གནས་འགྱུར་དང་སངས་རྒྱས་ཀྱི་གོམས་པ་མཐར་ཐུག་པར་འགྱུར་རོ་སྙམ་པ་ནི་བཞད་གད་ཀྱི་གནས་ཞིག་སྟེ༔ རྣལ་འབྱོར་པས་ཀེང་རུས་གོམས་པ་དེའི་སངས་རྒྱས་ཀྱི་རྣམ་མཁྱེན་དང་༔ འཕགས་པ་བས་གནས་འགྱུར་ལ་བརྟན་པ་མཐར་ཐུག་གི་འཁྲུལ་བ་བསྐྱེད་པར་གདོན་མི་ཟ་བའི་ཁས་བླང་གི་གྲུབ་མཐའ་ཐོབ་བོ༔ ཞེས་པདྨ་ངས་སྨྲའོ༔ རྫོགས་སྨིན་སྦྱངས་གསུམ་མཐར་ཐུག་པའི་སངས་རྒྱས་ཀྱི་གཟིགས་པ་ནི་མཐོང་བ་ཇེ་བཟང་ཡིན་གྱི་འཁྲུལ་སྣང་མིན་པ༔ དཔེར་ན་མིག་ཡོངས་སུ་དག་པའི་གང་ཟག་གིས་གཟུགས་ཀྱི་མཚན་ཉིད་ཚུལ་བཞིན་དུ་དང་༔ ཅུང་ཟད་དག་པས་དབྱིབས་ཙམ་དང་༔ ཤིན་ཏུ་མ་དག་པས་དེ་ཡང་མི་མཐོང་བ་ལྟར་ཡིན་པས་སྟོན་པ་ཡང་དག་པའི་ཚད་མར་གྱུར་པ་ལགས་སོ༔ ས་མ་ཡཱ༔ དེ་ནས་ཡང་རྒྱུད་ཀྱི་དོན་རྣམས་གཅིག་ཏུ་བསྡོམས་ནས༔ དཔེ་དོན་རྟགས་གསུམ་གྱི་རྫོགས་ཆེན་གྱི་རྒྱུད་ལས༔ དཔེ་ནམ་མཁའ་ལྟ་བུ༔ རྟགས་སེམས་ཉིད་འགགས་མེད༔ དོན་རང་བྱུང་གི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་སུ་ཐག་ཆོད་སྟོང་ཕྱོགས་ནས་བསྟན་པ་དང་༔ སྣང་ཕྱོགས་ཀྱི་དཔེ་མན་ཤེལ་གྱི་འོད་ལྔ༔ རྟགས་བ་སྦུའི་བུ་ག་ཐམས་ཅད་དང་༔ ཁ་རླངས་དང་༔ སྤྲིད་པས་རྟགས་སྣ་ནས་འོད་འབྱུང་བ་ནི་ཟེར་རང་ལ་ཡོད་བའི་རྟགས་དང་༔ ཐིག་ལེ་མིག་གི་འོད་གོར་བཙིར་བ་ལས་འབྱུང་བས་དང་༔ སྒྲ་ནི་རྣ་བ་གཏེམ་པས་འུར་འཐུག་གི་རྟགས་ཀྱིས་ཤེས་པར་བྱ་བ་ནི་འབྲས་རྟགས་ཡིན་པས་མར་མེའི་འོད་བཞིན་ནོ༔ རྟགས་བཅུའི་སྟོང་གཟུགས་ཀྱང་འདི་དང་འདྲའོ༔ དོན་ནི་ལྷུན་གྱིས་གྲུབ་པའི་རང་བཞིན་སྐུ་ལྔ༔ གསུང་ལྔ༔ ཐུགས་ལྔ༔ འོད་ལྔ༔ མཁའ་འགྲོ་ལྔ༔ ལ་སོགས་པར་གནས་པའོ༔ ཚུལ་རྒྱས་པར་ཟུར་བ་ལས་ཤེས་དགོས་སོ༔ འདི་དག་གིས་བྱ་བྱེད་ལྟོས་པ་ཆོས་ཉིད་ཀྱི་རིག་པའང་ཤུགས་ལ་ཐལ་ལོ༔ མཆན། ༈ དོན་གསུམ་པ་སྒྱུ་མའི་དཔེ་བཅུ་དྲུག་གིས་བར་དོ་དྲུག་སྣང་སྟོང་ཟུང་འཇུག་རང་བྱུང་ཡེ་ཤེས་སུ་གཏན་ལ་ཕབ་པ་ལ༔ འཁོར་བ་སེམས་སུ༔ མྱང་འདས་རིག་པར༔ སེམས་རིག་དབྱེར་མེད་དུ༔ དབྱིངས་ཡེ་དབྱེར་མེད་དུ་བསམ་པས་ཤེས་རབ་ཀྱིས་གཏན་ལ་ཕབ་པ་བཞི་ལས༔ དང་པོ་ནི༔ དེ་ལྟར་ན་འཁོར་བའི་སྣང་བ་ཐམས་ཅད་སེམས་ཀྱིས་བཟོས་པས་འཁྲུལ་སྣང་སེམས་དང་གཅིག་ཐ་དད་གང་དུ་ཡང་གྲུབ་པ་མེད་པ་ཡིན་ཏེ་དེའི་ངོར་སྣང་བས་འབྲེལ་བ་གྲུབ་པའོ༔ གཉིས་པ་ནི༔ ཇི་ལྟར་མྱ་ངན་ལས་འདས་པའི་སྐུ་དང་ཞིང་ཁམས་ལ་སོགས་པ་ཐམས་ཅད་ཀྱང་ནི་རང་བྱུང་གི་ཡེ་ཤེས་གཅིག་གི་རང་བཞིན་ལས་གཞན་དུ་གྲུབ་པ་མེད་པ་དེའི་སྣང་བ་ཡིན་པས་སོ༔ གསུམ་པ་ནི༔ སེམས་ནི་ཡེ་ཤེས་ཀྱི་རོལ་བའི་རྩལ་དུ་ཤར་བ་ཡིན་པས་ན་ཆུ་བུར་ཆུ་ལས་གཞན་དུ་མ་གྲུབ་པ་ལྟ་བུའོ༔ བཞི་པ་ནི༔ འོ་ན་གོང་དུ་དངོས་པོ་ངོ་བོ་སྟོང་བ་དབྱིངས་རྣམ་པར་དག་པ་ཉིད་དུ་མེད་པར་གཏན་ལ་ཕབ་པ་དེ་དང་༔ དེའི་རྗེས་སུ་ཡེ་ཤེས་ཀྱི་རང་རྩལ་རང་བཞིན་ལྷུན་གྱིས་འགྲུབ་པར་ཡོད་པར་གཏན་ལ་ཕབ་པས་དེ་གཉིས་ཇི་ལྟར་མི་འགལ་སྙམ་ན༔ འགལ་བ་མ་མཐོང་བའི་ཚུལ་དཔེར་བྱས་ཏེ་མཚོན་པ་དང་༔ དོན་དུ་གནད་ལ་ཕབ་པ་གཉིས་ཀྱིས་རྫོགས་པར་འགྱུར་ན༔ དཔེ་ནི༔ སྒྱུ་མ་ནི་སྣང་ཡང་ཡོད་པ་མ་ཡིན༔ མེད་ཀྱང་རྒྱུ་རྐྱེན་རྟེན་འབྲེལ་གྱིས་མི་སྣ ང་བའང་མ་ཡིན་པ་དང་མེད་བཞིན་དུ་སྣང་༔ སྣང་བཞིན་དུ་སྟོང་༔ སྨིག་རྒྱུའམ་གྲིབ་མ༔ རྨི་ལམ༔ གཟུགས་བརྙན༔ དྲི་ཟའི་གྲོང་ཁྱེར༔ ཆུ་ཟླ༔ མིག་ཡོར༔ སྤྲུལ་པ༔ སྒྲ་བརྙན༔ འཇའ་ཚོན་ལྟ་བུ༔ དྷ་དྷུ་ར་ཟོས་པའི་སྣང་བ་ལྟ་བུ་དང་༔ འགལ་མེའི་འཁོར་ལོ་བསྐོར་བས་སྣང་བ་ཀོར་ཀོར་མོར་འབྱུང་བ་ལྟ་བུ་དང་༔ ཐག་སྦྲུལ་དང་ཐོ་ཡོར་ལ་མིར་བཟུང་བ་ལྟ་བུ་དང་༔ ཆང་གིས་བཟི་བས་ཐམས་ཅད་འཁོར་བར་སྣང་བ་ལྟ་བུ་དང་༔ རབ་རིབ་ཀྱི་སྣང་བའི་སྐྲ་ཤད་འཛག་པ་ལྟ་བུ་དང་༔ དུང་ལ་སེར་པོར་སྣང་བ་ལྟ་བུར་སྣང་སྲིད་འཁོར་བ་སྣང་བཞིན་དུ་སྟོང་༔ སྟོང་བཞིན་དུ་སྣང་བ་ནི་ཟུང་འཇུག་དབུ་མ་ཆེན་པོའི་གནས་ལུགས་ཡིན་པས་དེ་ལས་བོགས་དབྱུང་དུ་མེད་པའི་སྤྲོས་བྲལ་ཆེན་པོར་ཤེས་པར་གྱུར་ན་ལྟ་བ་རྟོགས་པ་ཟེར་རོ༔ གཞན་དུ་སྣང་བ་འདི་བཅད་པས་སྤྲོས་བྲལ་གྱི་བློར་འཆོས་པ་ནི་སྣང་བ་མེད་ན་ཆད་པ་ཡིན་པས་མེད་དགག་རྣམ་གྲངས་ཀྱི་དོན་དམ་པར་ངེས་ཏེ༔ དེ་གནས་ལུགས་ཀྱི་ཟུར་གཅིག་གོ༔ མེད་དོ་སྙམ་པའི་འཛིན་སྟངས་དོན་མཐུན་དགོས་ཟེར་བའང་༔ དོན་དང་མི་མཐུན་ཏེ༔ དོན་དེ་སྤྲོས་བྲལ་ཡིན་གྱི་མེད་རྐྱང་མ་ཡིན་པས་སོ༔ སྣང་བ་སྤངས་པའི་སྟོང་ཉིད་ནི་མུ་སྟེགས་ཉི་མ་བའི་ལུགས་ཡིན་ནོ༔ ཡང་དངོས་པོར་ཞེན་ནས་རྟག་པར་བལྟ་ན་གྲངས་ཅན་པའི་ཕྱོགས་ལ་ཉེ་བས་དེ་ལ་དངོས་དངོས་མེད་གཉིས་ཀ་འཇིག་པའི་ཐོ་ལུམ་ནི་སྒྱུ་མའི་དཔེ་འདི་དག་གོ༔ བདེན་སྟོང་ཙམ་ལས་ཁྱད་པར་འཕགས་པ་ཅི་སྙམ་ན༔ དེས་ནི་སྣང་ཡང་བདེན་པ་མེད་པར་བཏགས་པ་ཙམ་ལས༔ སྣང་བཞིན་སྟོང་པར་གྲུབ་པ༔ སྟོང་བཞིན་སྣང་བས་མི་འགགས་པ་དེ་གཉིས་ཟུང་འཇུག་སྤྲོས་བྲལ་ཆེན་པོར་མི་རྟོགས་པས་ཁྱད་པར་དང་གཞན་ཡང་ངོ༔ གཉིས་པ་དོན་གནད་ལ་ཕབ་པ་ནི་འཁོར་བའི་སྣང་བ་ཐམས་ཅད་མེད་བཞིན་དུ་སྣང་བའི་སྣང་སྟོང་ཟུང་འཇུག་དང་༔ འཁོར་བའི་གནས་ཚུལ་སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཡིན་པས༔ དེ་ཡང་སྣང་སྟོང་ཟུང་འཇུག་ཡིན་ལ༔ མདོར་ན་སྣང་སྟོང་ཟུང་འཇུག་མ་ཡིན་པའི་ཆོས་ཅུང་ཟད་ཀྱང་མ་གྲུབ་པ་དང་༔ ཁ་ཅིག་གིས་ཅི་ཡང་མེད་པའི་རང་སྟོང་ཡིན་ཟེར་ནས་གཞན་དག་ལ་རྩོད་དོ༔ ཁ་ཅིག་གིས་ཡོད་པ་རྟག་པ་ཉག་གཅིག་ཟེར་ནས་གཞན་ལ་རྩོད་དོ༔ དེ་ཡང་འཁོར་བ་མེད་སྣང་ལོག་རྟོག་གི་གཟུགས་བརྙན་གྱིས་གནས་ལུགས་ལྷུན་གྱིས་གྲུབ་པ་ལ་སྟོང་བས་གཞན་སྟོང་ཡང་ཡིན་ལ༔ ལྷུན་གྱིས་གྲུབ་པའི་ཆོས་ཉིད་དེའི་ངོ་བོ་སྟོང་ཉིད་ཡིན་པའི་གནད་ཀྱིས་རང་སྟོང་ཡང་ཡིན་ཏེ༔ རང་སྟོང་ཡིན་ན་སྣང་བ་འགག་མེད་དུ་འཆར་མི་སྲིད་པ་མིན་པས་སྐུ་དང་ཡེ་ཤེས་ཡོད་པ་ཙམ་གྱིས་རྟག་དངོས་སུ་མི་འགྱུར་བར་རང་སྟོང་དུ་བཞག་པ་དེ་རྐྱང་བ་ལ་ཁྱད་ཆོས་མེད་པ་དང་༔ སྐུ་དང་ཡེ་ཤེས་མི་རྟག་པ་ཡིན་ན་ཤིན་ཏུ་ཡང་མི་རུང་བ་དང་༔ གཞན་སྟོང་ཡིན་ན་ངོ་བོ་སྟོང་ཉིད་དུ་མི་གནས་པས་ཐ་ཚིག་ཀྱང་མ་གྲུབ་པས་ན༔ ཡབ་མེས་ཀྱི་ལུགས་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པ་ནི་ཡོད་མེད་ཡིན་མིན་རྟག་ཆད་གཅིག་ཐ་དད་ཀྱི་ཕྱོགས་གང་དུའང་མ་གྲུབ་པར་ཤེས་པར་བྱའོ༔ དེ་ཡང་སྐུ་དང་ཡེ་ཤེས་འགོག་པ་མེད་པར་སྣང་བས་ཆད་མཐའ་སེལ༔ དེ་ཉིད་ངོ་བོ་སྟོང་པ་ཉིད་དུ་གྲུབ་པས་རྟག་མཐའ་སེལ༔ སངས་རྒྱས་ཀྱི་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པར་ཡེ་ཤེས་རང་རིག་གི་ཚུལ་གྱི་མཁྱེན་པ་མ་འགགས་ཀྱང་༔ བློ་དེ་ཡང་མི་རྟག་པ་མ་ཡིན་ན༔ ཡུལ་དེར་མི་རྟག་པར་བཞག་ཏུ་མི་བཏུབ་ངེས་པ་ཅན་ཞིག་སྟེ༔ མི་རྟག་པའི་སེམས་ཅན་གྱི་ཁམས་སངས་རྒྱས་ཀྱི་རྣམ་མཁྱེན་གྱིས་མཁྱེན་དུས་གཉིས་སྣང་མེད་པར་བཞག་མི་བཏུབ་ཀྱང་ཡོད་པ་ནི་མིན་པས་མཁྱེན་ཚུལ་ཞིག་ཡོད་པ་བཞིན་དུ་རང་སྣང་ལོངས་སྐུ་ངེས་པ་ལྔ་ལྡན་ཞེས་པ་དང་༔ གཞན་སྟོང་ཞེས་པ་ཙམ་ཚིག་གི་སྤུ་རིས་ལས་དོན་དུ་ཐ་དད་མེད་པའི་གནད༔ སྣང་སྟོང་ཟུང་འཇུག་འདིས་བཟུང་བ་དང་༔ སྟོང་པ་དབྱིངས་དང་འདུ་འབྲལ་མེད་པའི་འགགས་མེད་དོན་དམ་པའི་སྐུ་དང་ཡེ་ཤེས་ནི་དབྱིངས་མ་ཟད་ཀྱི་བར་ལ་འགགས་མི་སྲིད་པ་དང་༔ གལ་ཏེ་འགགས་ན་སྟོང་རྐྱང་གི་ཕྱོགས་སུ་འཇིགས་པས་ན་རྟག་པའང་ཡིན་ལ༔ སོ་སྐྱེས་ཀྱི་ངོར་སྐྱེ་བར་སྣང་དུས་ཉིད་ནས་དོན་ལ་སྐྱེ་བ་མེད་པ༔ འགགས་པར་སྣང་དུས་ཉིད་ནས་སོགས་ཀྱི་གནད་ལ་གཏུག་པར་བྱ་ཡི༔ གདོང་གཏད་རེ་རེ་བས་ཕྱོགས་ཀྱི་བཟུང་བའི་འདོད་ཞེན་སངས་རྒྱས་ཀྱི་དགོངས་པའི་ཕྱོགས་ལས་རིང་བར་གྱུར་པ་ཞིག་གོ༔ དེ་ཡི་ཕྱིར་བར་དོ་དྲུག་གི་ངོ་བོ་སྣང་བ་སྐུ་དང་ཡེ་ཤེས་དང་སྟོང་པ་དོན་དམ་བདེན་པ་གཉིས་དབྱེར་མེད་ངོ་བོ་ཉིད་མེད་པའི་རང་གཞན་( བཞིན)གྱིས་སྟོང་པའི་དབྱིངས་ཡེ་འདུ་འབྲལ་མེད་པའི་རང་བྱུང་གི་ཡེ་ཤེས་ཀྱི་སྣང་སྟོང་ཐ་དད་པའི་ལྡོག་ཆ་ནས་ཡིན་གྱི་གཞན་དུ་སྤྲོས་པ་དང་བྲལ་བའི་གནས་ལུགས་དབྱིས་སུ་ཕྱིན་པར་མི་འགྱུར༔ གྲུབ་མཐའ་རེ་ལ་ཞེན་ཆ་རེ་ཡོད་པ་རྫོགས་པ་ཆེན་པོ་འདིས་བཅད་པར་ཚུལ་བཞིན་གཏན་ལ་ཕེབ་པར་གྱིས་ཤིག༔ དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་ཉིད་དུ་གྲུབ་པར་གཏན་ལ་ཕབས་པའི་རྙེད་དོན་ལ་མེད་པའི་གནས་ལུགས་རྟོགས་པ་ཞེས་བྱ༔ སྟོང་བཞིན་ཏུ་སྣང་བ་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པར་གཏན་ལ་ཕེབས་པའི་རྙེད་དོན་ལ་ལྷུན་གྱིས་གྲུབ་པའི་གནས་ལུགས་རྟོགས་པ་ཞེས་བྱ་བ་དང་༔ དེ་གཉིས་ཀྱང་བདག་ཉིད་ཆེན་པོ་རང་བྱུང་གི་ཡེ་ཤེས་གཅིག་ཏུ་འུབ་ཆུབ་པར་གཏན་ལ་ཕབ་པའི་རྙེད་དོན་ལ་གཅིག་པུའི་གནས་ལུགས་རྟོགས་པ་ཞེས་བྱ་ལ༔ ཡེ་ནས་འཁོར་བ་སྤངས་མི་དགོས་པར་ཀ་ནས་དག་པ་དང་༔ མྱང་འདས་བསྒྲུབ་མི་དགོས་པར་ལྷུན་གྱི་གྲུབ་པ་དངོས་གཅིག་ངོ་བོ་ཉིད་དུ་གདལ་བར་མཉམ་པའི་ཚུལ་གཏན་ལ་ཕེབས་པའི་རྙེད་དོན་དེ་ཕྱལ་བའི་གནས་ལུགས་རྟོགས་པ་ཞེས་བྱ་བས་ན༔ དམ་ཚིག་ཞེས་བྱ་བཞི་པོ་འདིའི་ཕྱག་རྒྱས་བར་དོ་དྲུག་ལ་ཡེ་རྒྱས་ཐེབ་པའི་ཚུལ་གཏན་ལ་འབེབས་བྱེད་ཤེས་རབ་ཀྱི་དབང་པོས་དོན་རང་མཚན་ལ་མི་འཁྲུལ་བར་རྗེས་སུ་དཔོག་ནུས་པ་ཡིན་ནོ༔ འདི་ལྟར་གཏན་ལ་ཕབ་པའི་རྗེས་སུ་བསྒོམ་པའི་དུས་ན་བསྐྱེད་རིམ་ཐམས་ཅད་ལྷུན་གྱིས་གྲུབ་པའི་སྣང་ཆ་ལམ་དུ་བྱེད་པ༔ རྫོགས་རིམ་ཐམས་ཅད་ཀ་དག་གི་ལྡོག་ཆ་ལམ་དུ་བྱེད་པ་ཡིན་པ་དང་༔ དེའི་གེགས་ཐམས་ཅད་གཅོད་པར་བྱེད་པ་ལ་དང་༔ གདམས་པས་རང་རྐྱ་ཐུབ་ན་ངང་དེར་མཉམ་པར་བཞག་པ་དང་༔ སྦྱངས་པ་དམན་ན་འཕོ་བས་སྟོངས་འདེབས་པ་དག་འབྱུང་གི༔ ལྟ་བའི་གཞི་མེད་ན་གྱང་མེད་པའི་རི་མོ་ལྟར་གང་བསྒོམ་པ་དང་༔ གང་ལ་འཕོ་བ༔ གང་ལ་བཙན་ས་འཛིན་པ་དག་མི་འབྱུང་བས་འདི་འབའ་ཞིག་ཐོག་མར་གལ་ཆེ་བས་ན་རང་བཞིན་གྱི་བར་དོ་ལ་བསམ་བྱུང་གི་གཏན་ལ་ཕེབས་ངེས་པ་ཚིག་ཏུ་མ་ལུས་པ་ཞིག་དགོས་ཤིང་༔ གོམས་པའི་མཐུས་རྨི་ལམ་སོགས་ཀྱི་འཇིགས་སྐྲག་སྟོང་ཉིད་དུ་ཆོད་པའམ༔ ཐོག་བརྫིས་ཀྱི་གདེང་མི་འཆོར་བ་ཞིག་ཡོད་ན༔ དེ་ཁོ་ནས་བར་དོའི་སྣང་བ་ཆོད་པ་དང་བཅས་པ་འབྱུང་བ༔ ལེགས་པ་ཐམས་ཅད་ལ་ཞེན་པ་མེད་པའི་བློ་ཐོག་ནས་ཚུལ་ཁྲིམས་སོགས་རྫོགས་པ་འདི་ལ་འབུངས་ཤིག༔ ༈ གཉིས་པ་རང་བཞིན་བསམ་གཏན་གྱིི་བར་དོ་ལ༔ བར་དོ་དྲུག་གི་གདམས་ངག་གི་ངང་སྐྱོང་བ་ལ་དྲུག་ལས༔ གཞི་ཏིང་ངེ་འཛིན་གྱིས་བཟུང་བ༔ དེའི་རྗེས་འབྲེལ་དུ་གདམས་ངག་བསྒོམ་པ་གཉིས་སོ༔ དང་པོ་ནི༔ ཏིང་ངེ་འཛིན་གྱི་སྔོན་འགྲོ་དངོས་གཞི༔ རྗེས་སུ་བོགས་འདོན་པ་གསུམ་ཡོད་དོ༔ དང་པོ་སྔོན་འགྲོ་ལ༔ བྱ་བའི་སྔོན་དུ་འགྲོ་བ་དང་༔ ཐུན་གྱི་སྔོན་དུ་འགྲོ་བ་གཉིས་ལས༔ དང་པོ་ནི༔ གནས་ཤིན་ཏུ་དབེན་པ་སྔོན་གྲུབ་ཐོབ་གོང་མའི་ཞབས་ཀྱིས་བཅག་པའམ༔ མིན་ཀྱང་ཉིན་མོ་མིའི་རྒྱུ་འགྲུལ༔ མཚན་མོ་དགྲའི་གླག་ཅོར་མེད་པ་ཞིག་དགོས་པས་ན༔ ཕྱི་ནང་གི་ཆགས་པ་རང་ཤུགས་ཀྱིས་གྲོལ་བས་ཐབས་ཟབ་མོ་ཞེས་བྱ་སྟེ་དང་པོའོ༔ དེ་ནས་དེ་ལའང་འདམ་ཀའི་རྟེན་འབྲེལ་ཡོད་དེ༔ རི་རྩེ་ནི་ཏིང་ངེ་འཛིན་བྱིང་འཐིབས་ཀྱི་སྐྱོན་དང་བྲལ་བའི་བསྐྱེད་རིམ་བསྒོམ་པའི་གནས་སུ་གསུངས༔ གངས་ཁྲོད་ཤེས་མཐོང་གསལ་བོར་སྐྱེ་བའི་གནས་སུ་དང་༔ ནགས་ཁྲོད་སེམས་གནས་པའི་ཞི་གནས་ཀྱི༔ བྲག་རི་མི་རྟག་སྐྱོ་ཤས་འཕེལ་བས་ཞི་ལྷག་ཟུང་འབྲེལ་ལ༔ ཆུ་ངོགས་ནི་ངེས་འབྱུང་འཕྲལ་ལ་སྐྱེ་བའི་གནས་སུ་དང་༔ དུར་ཁྲོད་ནི་རྐྱེན་སྣང་ཐོག་རྫིས་སུ་གཅོད་པའི་གནས་སུ་བཤད་དོ༔ གཞན་གངས་ལ་བརྟེན་པའི་དུས་དབྱར༔ རོང་ལ་བརྟེན་པའི་དུས་དགུན༔ སྟོན་དཔྱིད་དབང་པོ་ལ་གང་འཚམས༔ མི་ཚ་བ་ཅན་ནམས་ཞེ་སྡང་ཆེ་བས་གངས་ལ༔ གྲང་བའམ་འདོད་ཆགས་ཆེ་བས་རོང་ལ༔ བད་ཀན་ནམ་གཏི་མུག་ཆེ་བས་བྲག་གམ༔ འདུས་པའམ་ང་རྒྱལ་ཆེ་བས་ཆུ་ངོགས་སུ་གནས་པར་བྱའོ༔ ཡང་གྲོང་དང་དགོན་པ་ལ་སོགས་པར་རྣམ་པར་གཡེངས་བ་འདུ་འཛིའི་སར་གཉེན་པོའི་ཟུངས་མ་ཐུབ་ཀྱི་བར་དུ་གནས་པར་མི་བྱའོ༔ ཐོག་མར་ཞི་གནས་བསྒོམ་པ་ལ་གནས་ཁང་ཡང་ཅུང་ཟད་གནག་པ༔ ཕྱིའི་སྒྲ་མི་ཐོས་པའི་འཐུག་པོ་གཉིས་བརྩེགས་སོགས་བརྩིག་གོ༔ དེ་ནས་ཡོ་བྱད་བཞི་ལ་སོགས་ཚང་པར་བྱས་ནས་གནས་དགོས་ལ༔ དེ་ཡང་ཚུལ་ཁྲིམས་དམ་ཚིག་གི་རིམ་པ་མ་བསྲུང་ན་ཏིང་ངེ་འཛིན་མི་འགྲུབ་པས༔ སྔར་ཉམས་ཆགས་ཡོད་པའམ་ད་ལྟ་སྐྱེས་པ་ཐམས་ཅད་བཤགས༔ ཕྱིན་ཆད་འགྱོད་སྡོམ་བྱེད་པ་གལ་ཆེ་བས་ཐུན་ཚོད་དུ་ཡང་ཡང་བཤགས་པ་ལ་སོགས་པ་བྱའོ༔ དེའི་རྗེས་སུ་ཚོགས་བསྐངས་སོགས་རྒྱབ་རིམ་དཔུང་བསྐྱེད་དོ༔ དེ་དག་ནི་བྱ་བའི་སྔོན་འགྲོའོ༔ གཉིས་པ་ཐུན་གྱི་སྔོན་འགྲོ་ནི༔ ཚེ་མི་རྟག་པ་ལ་ངེས་པ་ནང་ནས་མ་སྐྱེས་བར་དུ་ཐོག་མར་བསྒོམས་པས་ཆོས་མཐར་ཕྱིན་པའི་ལྕག་བྱེད༔ བླ་མའི་རྣལ་འབྱོར་བསྒོམ་པས་བར་ཆད་སེལ་ཞིང་དངོས་གྲུབ་འབྱུང་བའི་རྒྱུ་བྱེད་པས་ན་གཉིས་པོ་དེ་ལ་འབད་པར་བྱ་བ་དང་༔ ཁྱད་པར་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་གལ་ཆེ་བས་ན༔ འདི་ལྟར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདག་གི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པས་ཕ་མར་གྱུར་པའི་དུས་ན་དྲིན་ཆེན་པོས་བསྐྱང་བ་ལ་ད་ལྟའི་ཕ་མ་དང་ཁྱད་པར་སྤུ་ཙམ་མེད་པས་མ་རྒན་འདི་རྣམས་སྡུག་བསྔལ་སྣ་ཚོགས་ལ་སྤྱོད་པ་སྙིང་རེ་རྗེ༔ ཁྱད་པར་དུ་ཡང་ང་མེད་པ་ལ་ང་རུ༔ བདག་མེད་པ་ལ་བདག་ཏུ༔ ཕུང་ཡུལ་མེད་པ་ལ་དེ་ལྟར་བཟུང་ནས་རང་གིས་རང་བཅིངས་བའི་སེམས་ཅན་འདི་རྣམས་ལྷག་པར་ཡང་སྙིང་རེ་རྗེ་ཞེས་དེ་ཡང་སྙིང་རྗེ་མ་སྐྱེས་ཀྱི་བར་དུ་བསྒོམས་ནས་ཤས་མི་བཟོད་པ་ཅིག་འབྱུང་བ་ན༔ བདག་གིས་འདི་ཐམས་ཅད་གཏན་བདེ་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པར་བྱ་ཞེས་སྙིང་ཐག་པ་ནས་དམ་བཅའ་བའི་སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད༔ དེའི་ཆེད་དུ་འཁོར་བའི་ཉོན་ཤེས་ཀྱི་ལས་སྒྲིབ་ཐམས་ཅད་མགོ་གནོན་པ་དང་༔ ས་བོན་དྲུངས་ཕྱུང་གི་གཉེན་པོར་ཞི་ལྷག་གི་རྣལ་འབྱོར་བསྒོམ་པར་བྱའོ་སྙམ་དུ་འཇུག་སེམས་བསྐྱེད་དོ༔ དེ་མི་ཉམས་པ་གོང་དུ་འཕེལ་བའི་སླད་དུ་བསྒོམ་པ་དངོས་ལ་འདི་ལྟར༔ དང་པོ་ཕྱི་ནང་གི་རྟེན་འབྲེལ་གཅིག་པས་ཕྱི་ལུས་ལ་བསྒྲིགས་པ་ལ༔ ལུས་ངག་ཡིད་ཀྱི་གནད་བཅུན་པ་ནི༔ ལུས་ཀྱི་གནད་ལ༔ སྒོ་ཡི༔ ལུས་ཀྱི༔ ཡུལ་གྱི་གནད་དོ༔ ལུས་ནི་ཆོས་བདུན་གཡོ་མེད་དུ་བཅིང་པ་སྟེ༔ སྐྱིལ་ཀྲུང་དུ་གནས་པས་ཐུར་སེལ་དབུ་མར་འཇུག་པའི་དགོས་པ་དང་༔ མཉམ་བཞག་ལྟེ་འོག་ཏུ་བཅས་པས་མཉམ་གནས་དབུ་མར་འཇུག་པའི་དགོས་པ༔ སྲོག་འཛིན་དབུ་མར་འཛུད་པའི་གནད་དུ་རྒལ་ཚིག་དུང་ཚེ་བརྩེགས་པ་ལྟར་དྲང་པོར་བསྲིང་༔ གྱེན་རྒྱུ་དབུ་མར་འཛུད་པའི་གནད་དུ་མགྲིན་པ་ཡུད་ཙམ་དགུགས༔ ཁྱབ་བྱེད་དབུ་མར་འཛུད་པའི་གནད་དུ་སྒྱུ་མ་རྒལ་བ་ལ་བཅར་བ་དང་༔ རྒྱུ་བ་དབུ་མར་འཛུད་པའི་གནད་དུ་མིག་སྣ་རྩེ་ལ་ཕབ༔ རྣམ་པར་རྒྱུ་བ་དབུ་མར་འཛུད་པའི་གནད་དུ་རྣ་བ་སྒྲ་ལ་མི་གཏོད་ཕྱིར་ཅུང་ཟད་རོ་སྟོད་དགྱེ༔ ཡང་དག་པར་རྒྱུ་བ་དབུ་མར་འཛུད་པའི་གནད་དུ་རླུང་ཁ་ནས་རང་བབས་སུ་གཏང་༔ རབ་ཏུ་རྒྱུ་བ་དབུ་མར་འཛུད་པའི་གནད་དུ་ལྕེ་ཡ་རྐན་ལ་སྦྱར་བར་བྱ༔ ཤིན་ཏུ་རྒྱུ་བ་དབུ་མར་གཅོད་པའི་སླད་དུ་ཆ་ཆ་ནས་ལྷོད་ཆགས་པ་དང་ཡན་ལག་གི་སོར་མོ་རྣམས་བསྐུམ་པ་ཞིག་དགོས་སོ༔ ཡང་དེའི་དགོས་པ་གཞན་ཡང་༔ སྐྱིལ་ཀྲུང་གིས་ནི་ཕྱི་བདུད་བཞི་འཇོམས་པ༔ ནང་གི་བར་ཆད་སེལ་བ༔ གསང་བ་རྩ་ཐིག་རླུང་གསུམ་དབུ་མར་འཛུད་པ༔ ཁོ་ན་ཉིད་གཟུང་འཛིན་གཉིས་མེད༔ མཐར་ཐུག་ཐབས་ཤེས་གཉིས་མེད་མཉམ་པར་སངས་རྒྱས་པའི་འདུག་སྟངས༔ གསང་བའི་རྩ་མདུད་གྲོལ་བའི་གནད་དོ༔ མཉམ་བཞག་གིས་ནི༔ ལས་ཀྱི་བག་ཆགས་དང་ཉེས་དམིགས་གཅོད་པའི་གནད༔ ཚངས་པའི་མེ་སྦར་བའི་གནད༔ མཐེ་བོང་ལྟོ་སྦྱོར་བ་ནི་སེམས་རྩེ་གཅིག་ཏུ་གནས་པའི་གནད༔ ཁམས་གསུམ་དབང་དུ་སྡུད་པའི་རྟེན་འབྲེལ་ལོ༔ ལྟེ་བའི་རྩ་མདུད་གྲོལ་བའི་གནད་རྒལ་བ་དྲང་པོར་བསྲིང་བས་དྲང་པོ་གསུམ་མམ་བཞི་ལྡན་གྱི་རླུང་སྟོང་བའི་རྩ་ལ་གདབ་པའི་གནད༔ སྐྱོན་ཅན་ཕྱིར་བསལ་བའི་གནད༔ འདུ་འཁྲུགས་བྲལ་བའི་གནད༔ མགྲིན་པ་དགུགས་པས་འཁོར་བའི་རླུང་མ་ལ་གསོད་པའི་གནད༔ ལྐོག་མས་ཨོལ་མདུད་མནན་པས་བཅུད་ལེན་ལ་རང་དབང་ཐོབ་པས་མི་རྟོག་པའི་ཏིང་འཛིན་སྐྱེ་བའི་གནད༔ ལོངས་སྤྱོད་ཀྱི་རྩ་མདུད་གྲོལ་བའིགནད༔ ལུས་བྱིངས་རྒྱུ་ཞབས་རྒལ་བ་ལ་བཅར་བས་རྟོག་པ་འགགས་སྟོབས་ཆེ་བ༔ སྙིང་གའི་རྩ་ཁ་ཕྱེ་བའི་རྩ་གནད༔ ལྕེ་ཡ་རྐན་ལ་སྦྱར་བས༔ ཁམས་གསོ་བའི་གནད༔ ཡ་རྐན་གྱི་བ་འཇོ་བའི་གནད༔ ངག་གི་ལས་དག་བའི་གནད་དང་སླད་ནས་མི་སོགས་པའི་གནད༔ སྒོ་ཡི་གནད་ལ་མིག་སྣ་རྩེ་ལ་ཕབ་པས༔ རྒོད་པ་སེལ་བའི་གནད༔ དབྱིངས་སུ་བསྟོད་པས་བྱིང་བ་གསེང་བའི་གནད༔ ཐད་ཀར་བལྟས་པས་ཞི་ལྷག་ཟུང་འཇུག་གི་གནད་ཡོད༔ སྒོ་གནད་གཞན་ཡང་མིག་གྱེན་ལ་ནམ་མཁའི་དབྱིངས་སུ་འཕང་པས་སྙིང་ཀའི་ཡེ་ཤེས་ཀྱི་རྩ་ཁ་འབྱེད་པའི་གནད་ཀྱིས་གཏི་མུག་འགགས་པས་བྱིང་རྨུགས་དང་གཉིད་སངས་པའོ༔ མིག་ཐད་ཀར་བལྟས་པས་འོད་ཀྱི་རྩ་ཁ་འབྱེད་པས་ལོངས་སྐུའི་ཞིང་ཁམས་ལ་སྤྱོད་ཅིང་ཞེ་སྡང་འགགས་པས་གནོད་སེམས་དང་འགྱོད་པ་སེལ་བའོ༔ ཐུར་སྣ་རྩེར་ཕབ་པས་ཡོན་ཏན་གྱི་རྩ་ཁ་འབྱེད་ཅིང་ཐེ་ཚོམ་དང་ཡུལ་ལ་མི་སྤྱོད་པས་འདོད་ཆགས་སེལ་བས་རྒོད་པ་དང་འདོད་འདུན་མི་འབྱུང་བའོ༔ དེ་ལྟར་སྒྲིབ་པ་ལྔ་པོ་སེལ་བ་ལ་མཆོག་ཏུ་གྱུར་པས་འདི་ཡང་མགོ་གནོན་གྱི་གཉེན་པོའོ༔ ཁྱད་པར་དུ་ཡུལ་གྱི་གནད་ནི་སྣང་བཅས་དང་སྣང་མེད་གཉིས་ལས༔ སྣང་བཅས་ནི༔ སྣ་ཚོགས་པའི་ཡུལ་ལམ་སྐུ་གསུང་ཐུགས་རྟེན་ལ་སེམས་འཛིན་པ་ཡིན་ལ༔ སྣང་མེད་ནི་རྟེན་ཅན་རྟེན་མེད་ལ་སེམས་འཛིན་པའོ༔ དང་པོ་སྣང་བཅས་ཐ་མལ་གྱི་མ་དག་པའི་གཟུགས་སོགས་ཡུལ་ལ་འཛིན་པ་དང་༔ སྣང་བཅས་ཀྱི་དག་པའི་སྐུ་གསུང་ཐུགས་ལ་འཛིན་པའོ༔ དང་པོ་ནི་གཟུགས་སོགས་ཡུལ་ལྔའོ༔ དག་པའི་སྐུ་ལ་འཛིན་པ་ནི༔ བླ་མའི་འདྲ་འབགས་ཡོད་ན་རབ༔ མིན་ཡང་སངས་རྒྱས་ཀྱི་སྐུ་ལའོ༔ གསུང་ནི་ཡི་གེ་འཛིན་པའི་ཡུལ་གང་ཡིན་བྲི་བ་འམ༔ ཐུགས་ནི་མཆོད་རྟེན་བརྩིགས་པ་ལ་སོགས་པའོ༔ ལར་སྣང་བཅས་ཀྱི་དམིགས་པའི་ཡུལ་བྲིས་འབུར་མངོན་དུ་བཞག་བའོ༔ སྣང་མེད་བློའི་བསྒོམ་བའོ༔ རྟེན་མེད་ཅེས་པ་ནི་བཞག་ཐབས་ཀྱི་གནད་ཁྱད་པར་ཅན་ནམ་མཁའ་སུམ་སྤྲུགས་སུ་མཉམ་པར་བཞག་པའོ༔ གཉིས་པ་ཏིང་ངེ་འཛིན་དངོས་བསྒྲུབ་པ་ལ༔ ཞི་ལྷག་གཉིས་ལས༔ ཐོག་མར་ཞི་གནས་སྒྲུབ་པ་ལ༔ རྟེན་དང་དམིགས་པའི་ཁྱད་པར་གྱིས་རིམ་པར་བསྒྲུབ་པ༔ དེས་གྲུབ་པའི་ཏིང་ངེ་འཛིན་དང་གཉིས་ལས༔ དང་པོ་ལ་མ་གྲུབ་པ་གྲུབ་པར་བྱེད་པ༔ གྲུབ་པ་མི་ཉམས་པར་གོང་འཕེལ་དུ་བྱ་བ་གཉིས་ལས༔ དང་པོ་ལ་ཐ་མལ་གྱི་དངོས་པོ་ལ་བཟུང་བ་དང་༔ རྟེན་ཁྱད་པར་ཅན་ལ་བཟུང་བའོ༔ དང་པོ་ནི༔ འདི་ལྟར་མདུན་དུ་གཟུགས་ཅིག་བཞག་ལ་དེ་ལ་སེམས་བཟུང་བ་དང་༔ དེའི་དབྱིབས་ལ་བཟུང་༔ ཁ་དོག་ལ་བཟུང་བ་ལ་སོགས་པར་བྱའོ༔ དེ་བཞིན་དུ་པི་ཝཾ༔ གླིང་བུ༔ རྔ་ཟླུམ་ལ་སོགས་པའི་སྒྲ་ལ་སེམས་བཟུང་བ་དང་༔ ལྷན་སྐྱེས་སྦྱར་བྱུང་གི་དྲི་ལ༔ བུ་རམ་དང་ལན་ཚྭ་ཆང་སྐྱུར་ལ་སོགས་པའི་རོ་ལ༔ གོས་འཇམ་རྩུབ་ལ་སོགས་པའི་རེག་བྱ་ལ་སེམས་བཟུང་བའི་ཕྱག་ལེན་ཚུལ་བཞིན་དུ་བྱའོ༔ ཡང་སྒྲ་བཞི་ལ་བསླབ་པར་བྱ་སྟེ༔ དེ་ཡང་རང་ཉིད་ཀྱིས་མིག་བཙུམས་ཏེ་ལག་པས་ས་ལ་རེག་པས་ལྕི་ཞིང་བསིལ་བས་ཉམས་གྱི་རེག་བྱ་ལས་སེམས་གཞན་དུ་མ་ཡེངས་བར་བཟུང་བ་དང་༔ ཡང་ཆུ་ཡི་སྒྲ་ཉན་པའི་ཕྱིར་སྟོན་དུས་སུ་རྫ་ཆུ་དྲག་པོ་འབབས་པའམ༔ མིན་ཡང་ཆུ་མཐོ་བའི་ཕྱ མ་ནས་དམའ་བའི་དུང་དུ་ལྷུང་ནས་སྒྲ་ཆེན་པོ་གྲགས་ས་ནས་མཉན་ནོ༔ མེའི་སྒྲ་ནི་མདུན་དུ་མེ་ཆེན་པོ་བུས་ལ༔ རྣ་བས་གཏད་དེ་མཉན་པ་དང་༔ རླུང་སྒྲོན་གྱི་དཀར་ཁུང་རང་གིས་བཅའ་བའམ༔ མིན་ཡང་ཤིན་ཏུ་འཁྱག་སར་རླུང་ཆེ་བའི་གསང་ཁ་སོགས་ནས་སྒྲ་ལ་ཉན་པས་ཀྱང་འགྲུབ་ལ༔ ཡང་སྒྲའི་ཁྱད་པར་ནི༔ སའི་སྒྲ་ནི་ལྕི་ཞིང་བསིལ་བ༔ ཆུ་སྒྲ་ནི་བྱིང་ཞིང་གཡེང་བ༔ མེ་སྒྲ་ནི་འུར་ཞིང་འཐུག་པ༔ རླུང་སྒྲ་ཤུགས་པ་བསིལ་དྲག་པ་ལ་བཟུང་བས༔ སས་བྱོལ་སོང་༔ མིས་ཡི་དྭགས་དང་དམྱལ་བ༔ ཆུས་ལྷ༔ རླུང་གིས་མི་དང་ལྷ་མིན་གྱི་སྐད་ཤེས་པས་མངོན་ཤེས་དང་༔ སའི་སྒྲ་མཉན་པས་འབྱུང་བ་ས་ལ་རང་དབང་ཐོབ༔ དངོས་པོ་དངོས་མེད༔ དངོས་མེད་དངོས་པོར་འགྱུར་བ༔ ས་སྤོ་བ༔ བསྒྱུར་བ༔ ས་ལ༔ འཛུལ་བ་ལ་སོགས་པ་སས་མི་ནོན༔ གཡང་ལ་མི་ལྷུང་ངོ་༔ ཆུས་ཆུ་ལ་དབང་༔ མེས་མེ༔ རླུང་གིས་རླུང་ལ༔ མེས་མངོན་ཤེས༔ ཆུས་སྐྱེ་མེད་སྟོང་ཉིད་སྙིང་རྗེའི་སྙིང་པོ་ལ་ཐེ་ཚོམ་ཆོད༔ རླུང་གིས་ཉམས་མྱོང་གོང་དུ་འཕེལ་བའི་སྐལ་བ་རྒྱུད་ལ་ཐེབ་བོ༔ འབྱུང་བའི་གཟུགས་ལ་བསླབ་པ་ནི༔ མིག་གིས་གཏད་དེ་བལྟའ་བ་ལས་མ་ཡེངས་པ་དང་༔ དབྱིབས་ས་གྲུ་བཞི༔ ཆུ་ཟླུམ་པོ༔ མེ་གྲུ་གསུམ༔ རླུང་ཟླ་གམ་དུ་བཟོས་པ་ལ་བསླབ་བོ༔ ཁ་དོག་དཀར་སེར་དམར་ལྗང་ངོ་༔ དེས་ཟད་པར་ཟིལ་གནོན་ཡང་འགྲུབ་བོ༔ བཞུགས་སྟངས་ནི་གླང་ཆེན་ནམ་ཆོས་བདུན་ནོ༔ གཟིགས་སྟངས་སྒྲ་སྦྱངས་ལ་མི་དགོས་ཀྱང་༔ གཟུགས་སྦྱངས་ལ་ཐད་སོར་རོ༔ དེ་དག་ནི་མཐར་ཕྱིན་པའམ༔ མ་བྱས་ཀྱང་ཆོག་ལ༔ ༈ གཉིས་པ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ལ་བཟུང་བ་ལ་གསུམ་ལས་དང་པོ་ནི༔ སྐུ་ཞི་བའི་རྣམ་པ་ཅན་གྱི་ཐང་སྐུ་ནི་ཕུལ་དུ་ཕྱིན་པ་སྟེ༔ བློས་རྣམ་པ་གཉིས་པ་ཞིག་མེད་པར་དེ་ལ་སེམས་གཏད་པར་བྱས་པས་རྣམ་རྟོག་ཞི་བའི་དགོས་པ༔ ཁྲོ་བོའི་རྣམ་པ་ཅན་ལ་བཟུང་བས་ཚེ་འདི་ཕྱིའི་བར་ཆད་སེལ་བའི་དགོས་པ༔ ཡང་ཞི་བ་ལ་བཟུང་བས་ཞེ་སྡང་ང་རྒྱལ་ཕྲག་དོག་ཞི་བ་དང་༔ ཁྲོ་བོས་འདོད་ཆགས་སེར་སྣ་གཏི་མུག་ཞི་བའི་དགོས་པ༔ ཡང་ཞི་བས་ཉོན་མོངས་པ་དང་༔ འཆི་བདག་གི་བདུད་འཇོམས་ལ༔ ཁྲོ་བོས་ལྷ་བདུད་དང་ཕུང་བོ་འཇོམས་སོ༔ ཡང་ཞི་བས་ཐོགས་བཅས་དང་ཐོགས་མེད་འཇིགས་སྐྲག་དང་༔ ཁྲོ་བོས་དགའ་བྲོད་དང་སྙེམས་བྱེད་ཀྱི་རྣམ་རྟོག་བདུད་འཇོམས༔ ཞི་བས་ལྷག་མཐོང་དང་ཐབས༔ ཁྲོ་བོས་ཞི་གནས་དང་ཤེས་རབ༔ དབྱིངས་དང་ཡེ་ཤེས་ཟུང་འཇུག་གི་རང་བཞིན་མངོན་དུ་འགྱུར་བ་ལ་བྱིན་གྱིས་རློབ་པའི་དགོས་པ་ཁྱད་པར་ཅན་ཡོད་པའོ༔ གཉིས་པ་གསུང་ལ་སེམས་བཟུང་བ་ཨ་དཀར་བོ་བྲི་བ་ལ་སོགས་པ་སེམས་འཛིན་ཉེར་གཅིག་གི་ཡི་གེ་རྣམས་སམ་དང་པོ་བདུན་གྱི་གཟུགས་བྲི་བའམ་དེ་ལ་གཏད་པས་སོ་སོའི་ཡོན་ཏན་ཉི་ཟླ་ཁ་སྦྱོར་ནས་གསུངས་པ་ཐོབ་པའོ༔ ཡང་མཆོད་རྟེན་སོགས་ཀྱི་རྣམ་པ་བཟོས་ནས་གཏད་པ་དང་བཅས་པ་ལ་མ་གོམས་བར་དུ་གཏད་དོ༔ ཡང་ན་གོང་གི་རྟེན་བཀྲམ་པ་དེ་འདྲ་བ་ཡིད་ཀྱི་ཡུལ་དུ་བྱས་ཏེ་བསྒོམ་པ་དང་༔ ལུས་ཀྱི་དབུས་སུ་རྩ་གསུམ་འཁོར་ལོ་ལྔ་པ་ཕྱག་མཚན་ཕྲ་མོའི་རྣལ་འབྱོར་དང་༔ སྐུ་དང་༔ གསུང་དང་ཐིག་ལེ་ཕྲ་མོའི་རྣལ་འབྱོར་ལ་སེམས་གཞོལ་བའོ༔ དེ་དག་གོམས་པ་ན༔ སེམས་གང་དུའང་མི་རྟོག་པར་བཞག་པ་དང་ཐབས་ཁྱད་པར་ཅན༔ ནམ་མཁའི་སྒྲ་ལ་སེམས་སྦྱོངས་བ་ཞེས་ཀྱང་བྱ༔ ནམ་མཁའ་སུམ་སྤྲུགས་ཀྱི་དགོངས་པ་ཞེས་ཀྱང་བྱ་བ༔ སེམས་ཕྱིའི་ནམ་མཁའ་དྭངས་པ་ལ་བསྲེ་འཕོ་ཟུང་འཇུག་བྱས་ནས༔ རྟོག་པ་བཙན་ཐབས་སུ་གཅོད་པར་ཀ་མ་ལ་ཤཱི་ལ་ཡིས་ཀྱང་གསུངས༔ རྡོ་རྗེ་འཆང་གི་མཐར་ཐུག་གི་རྒྱུད་བཅུ་བདུན་ལས་ཀྱང་གསུངས་པ་བཞིན་སེམས་བཟུང་བ་དང་བཅས་པ་དག་ཀྱང་༔ ཞལ་ཤེས་ལྟར་ཕྱག་ལེན་ལ་ཐེབ་པ་གལ་ཆེའོ༔ ངག་གི་གནད་ནི་བཟང་ངན་བར་གསུམ་གྱི་ངག་ཐམས་ཅད་སྤངས་བ་དང་༔ ཐ་ན་རླུང་འབྱུང་རྔུབ་ཀྱང་སྒྲ་མི་ཐོས་བར་མཆུ་སོ་མ་རེག་པའི་བར་ནས་བྱ་བའམ་སྣ་ནས་དབྱུང་རྔུབ་བྱ༔ སེམས་ཀྱི་གནད་ནི་ཞི་གནས་རྐྱང་པ་ལ་རྟེན་དེ་ལ་འཛིན་པ་ལས་རྣམ་པར་རྟོག་པ་གཞན་མི་སྐྱེ་བར་བྱ་བ་དང་༔ དྲན་པས་དམིགས་རྣམ་ལ་སེམས་བཟུང་ཞིང་མི་བརྗེད༔ ཤེས་བཞིན་གྱིས་ཡེངས་མ་ཡེངས་རྟོག་པར་བྱས་ནས་བརྩོན་འགྲུས་ཀྱིས་ཡུན་བསྲིང་བ་དང་ཏིང་ངེ་འཛིན་བསྒོམ་པ་ལ་ལེ་ལོ་སྒྱིད་ལུགས་མི་བྱའོ༔ གཉིས་པ་གྲུབ་པ་མི་ཉམས་པར་གོང་དུ་སྤེལ་བ་ལ༔ རྣམ་རྟོག་རྒོད་པའི་དབང་དུ་གྱུར་ནས་སྔར་གྱི་དྲན་པའི་དམིགས་རྣམ་ལས་ཡེངས་ན༔ ཡང་དེ་ལ་སེམས་འཇོག་པ་དང་༔ རྒྱུན་བསྲིངས་ནས་འཇོག་པ་དང་༔ ཕྱིར་འཕྲོ་ན་སེམས་བརླན་ཏེ་འཇོག་པ༔ ཤེས་བཞིན་ཡང་དང་ཡང་དུ་རྟོག་དཔྱོད་བྱ་ར་བྱས་ཏེ་ཕྱི་ཕྱིར་བརྟུན་ཏེ་འཇོག་པ༔ ཏིང་འཛིན་དེ་ལ་དགའ་བ་བསྐྱེད་ནས་འདུལ་བ༔ རྣམ་གཡེང་གི་ཉེས་པ་ཞི་བར་བྱེད་པ༔ གཉིད་རྨུགས་སོགས་བསལ་ནས་རྣམ་པར་ཞི་བར་བྱེད་པ༔ མི་འཕྲོ་བར་རྩེ་གཅིག་ཏུ་བྱེད་པ༔ དེ་ལ་མི་རྩོལ་བར་མཉམ་པར་འཇོག་པ་སྟེ་དགུའི་སྒོ་ནས་མི་ཉམས་གོང་འཕེལ་དུ་བྱེད་དེ་རྒོད་པ་ཞི་བར་བྱས་པས༔ རྒོད་འགྱོད་གནོད་སེམས་འདོད་འདུན་ཐེ་ཚོམ་རྣམས་སེལ་བར་བྱེད་དོ༔ བྱིང་བ་སེལ་ཕྱིར་ཡིད་བྱེད་བཅུ་གཅིག་ནི་ལྷག་མཐོང་གི་སྐབས་སུ་ཤེས་པར་བྱའོ༔ དེས་གྲུབ་པའི་ཏིང་ངེ་འཛིན་ནི་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཏེ༔ སེམས་ལས་སུ་རུང་བར་ཟིན་པའི་ཆ་ནས་ཡིན་གྱི་གཡོ་ཐོབ་གོམས་བརྟན་གྱི་མཐར་ཐུག་པ་ལ་འདོད་སེམས་རྩེ་གཅིག་བཏང་འགྲོ་བཞག་སྡོད་ལ་བཀོལ་དུ་བཏུབ་པ་ཞིག་མ་བྱུང་བར་དེ་བསྒོམ་པ་དེས་ལྷག་མཐོང་གི་རྟེན་ལྕོགས་ཙམ་དང་ཁྱད་པར་ཞི་རགས་རྣམ་ཅན་དུ་གོམས་པས་འདོད་ཉོན་དྲུག་སྤངས་པ་ཉེར་ལྡོག་མི་གཅོག་མེད་པ་དགུ་པ་སྤངས་ནས་བསམ་གཏན་དངོས་གཞིའི་སེམས་ཐོབ་ཕྱིན་ཆད་སྔ་མ་སྔ་མའི་ཕྱི་མ་ཕྱི་མའི་ཉེར་ལྡོག་བྱེད་པ་ནས་འགོགས་པའི་བར་ཡང་འགྲེའོ༔ དེ་དག་ལས་བསམ་གཏན་མ་ཐོབ་ཀྱང་འདོད་སེམས་རྩེ་གཅིག་ཙམ་མེད་པར་གང་ཡང་བསྒོམ་པ་ལ་རང་མི་དབང་བས་ན་དེ་ཉིད་མ་གྲུབ་བར་དུ་གོམས་པར་བྱས་ལ༔ དེ་ནས་སེམས་རྟེན་མེད་གང་དུའང་མི་རྟོག་པར་བཞག་ཀྱང་སྡོད་པའི་ཚེ་སེམས་སེམས་བྱུང་གི་རྣམ་རྟོག་རགས་པ་ཞི་བ་དང་༔ ལྷན་ནེར་གནས་པས་ཞི་གནས་ཟེར་བ་ཡིན་ནོ༔ འདི་བྱང་སེམས་དང་ངེས་འབྱུང་གིས་ཟིན་ཀྱང་བདག་མེད་ཀྱི་ཤེས་རབ་བསྒོམ་པ་དང་མ་འབྲེལ་བའི་ཕྱིར་ན་བྱིས་པ་ཉེར་སྤྱོད་དུ་བཞག་གོ༔ སེམས་སྤྲོ་བསྡུ་མེད་པའི་རང་བཞིན་དེ་ཉིད་ཞི་གནས་ཀྱི་ངོ་བོ་དང་གཙོ་བོ་ཡིན་ལ༔ ཡུལ་གཅིག་ལས་གཞན་ལ་མི་རྟོག་པ་ནི་དེ་གྲུབ་པའི་ཐབས་ཡིན་པས་འཁོར་གྱི་ཚུལ་ལོ༔ དེ་ལྟ་བུའི་ཞི་གནས་གྲུབ་ནས་དེ་ལ་གཞི་བྱས་ཏེ༔ ཀུན་རྫོབ་ཏུ་ཆོས་ཐམས་ཅད་སྒྱུ་མར་སྦྱངས་པ་དཔེ་བཅུ་དྲུག་གི་ཚུལ་དུ་ཉམས་སུ་བླང་བས་ངང་ལ་མཉམ་པར་བཞག༔ དོན་དམ་པར་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག་པ་གཉིས་སྔར་ལྟ་བ་གཏན་ལ་ཕབ་པའི་དུས་སུ་བཤད་པ་དག་ཚིག་ཏུ་མ་ལུས་པར་འདིར་ཉམས་སུ་ལོངས་བར་བྱའོ༔ འདི་དག་འོག་ཏུ་ཅུང་ཟད་འབྱུང་བས་འདིར་དེ་ཙམ་མོ༔ འོན་ཀྱང་ཞི་གནས་དེ་ལྷན་ནེར་གནས་ཆ་ཡིན་པས་དེས་དུས་འདའ་བས་ལྷག་མཐོང་ལ་གནོད་པས་འདྲེ་རུ་གཉིད་རྨུགས་གཉིས་འབྱུང་བས་སོ་སོར་བརྟགས་པས་གང་འདུལ་དུ་ཡིད་ལ་བྱེད་པ་ལ་བཅུ་གཅིག་ཡོད་པས༔ དེའང་སྟོང་རྟེན་འབྱུང་གི་དོན་ལ་རྟོག་དཔྱོད་( རྟོག་པ་)ཡིད་ལ་བྱ༔ ཡང་སེམས་འཕྲོ་ན་ཞི་གནས་ལ་བཞག་ཅིང་དཔྱོད་པ་ཅུང་ཟད་རེ་ཡིད་ལ་བྱ༔ རྣམ་རྟོག་མཆེད་ན་མི་རྟོག་པ་ཡིད་ལ་བྱ༔ མི་རྟོག་པའི་དོན་ལས་མི་ཡེངས་བར་ཡིད་ལ་བྱ༔ ཡང་གསལ་ངར་དང་བཅས་པའི་ལྷག་མཐོང་ཡིད་ལ་བྱ༔ དེའི་ཚེ་གསལ་སྟོང་གཉིས་སུ་མེད་པའི་ཞི་ལྷག་ཟུང་འཇུག་ཡིད་ལ་བྱ༔ དེ་ལ་སེམས་རབ་ཏུ་འཛིན་པའི་རྒྱུ་མཚན་ཡིད་ལ་བྱ༔ ཞི་གནས་ཀྱི་རྒྱུ་མཚན་ཡིད་ལ་བྱ༔ ལྷག་མཐོང་གི་རྒྱུ་མཚན་ཡིད་ལ་བྱ༔ ཟུང་འཇུག་གི་རྒྱུ་མཚན་ཡིད་ལ་བྱ༔ བཏང་སྙོམས་གྱི་རྒྱུ་མཚན་ཡིད་ལ་བྱ་བའི་སྒོ་ནས༔ རྟེན་ཞི་གནས་དབྱིངས་ཀྱི་བྲལ་རྒྱུ་ལ༔ ལྷག་མཐོང་ཡེ་ཤེས་ཀྱི་བྲལ་རྒྱུ་སྐུ་གཉིས་ཀྱི་ཉམས་ལེན་ཟུང་འཇུག་ཏུ་གྲུབ་པའང་ཅུང་ཟད་གོམས་པས་བསྐྱེད་རྫོགས་ལ་སོགས་པ་རྡོ་རྗེ་ཐེག་པའི་ཉམས་ལེན་ཐམས་ཅད་ཀྱང་རྣམ་རྟོག་གི་གཡོ་བའི་དྲི་མ་ཅན་དུ་མི་བྱེད་པ་དང་༔ བདག་འཛིན་དང་གྱ་ནོམ་ལྷར་ཞེན་སྦྱོངས་བ་ལ་ཟབ་མོ་མཐར་ཐུག་པ་དང་༔ འདིའི་ལྷག་མཐོང་གསལ་སྟོང་ཟུང་འཇུག་སྤྲོས་བྲལ་དེ་སྟོང་བ་ཆེན་པོའམ་རྡོ་རྗེ་ལྟ་བུའི་དངོས་རྒྱུའང་ཡིན་པས་སྦྲེལ་དེ་རྫོགས་པའི་རིམ་པས་སྦུབས་ནས་བཏོན་པས་ཟུང་འཇུག་གི་ལྷ་སྐུའི་ཆ་རྐྱེན་དུ་ཡང་གྱུར་པ་དང་༔ བླ་མས་བརྩེ་བར་གདམས་པས་ཐོས་པའི་ཤེས་རབ་དང་༔ བདག་གིས་གཏན་ལ་ཕབ་པས་མཐོང་བའི་རྗེས་ལ་འཇོག་པ་འདི་ལ་མ་བརྟེན་པར་རིག་པ་སྤྱི་བླུགས་སུ་འཇོག་པ་མི་མཐོང་བ་དང་༔ གོལ་པ་དང་༔ ཐེ་ཚོམ་མ་སྤངས་པས་ལྡོག་པ་ཡོང་པས་ན་ཡང་ཤིན་ཏུ་ཟབ་བོ༔ རྗེས་སུ་བོགས་དབྱུང་བ་ནི༔ རང་གི་རྣལ་འབྱོར་རྐྱེན་དང་བསྲེ་བའང་ཡིན་ཏེ༔ རྐྱེན་གང་བྱུང་གི་སྟེང་དུ་སྒྱུ་མ་དང་རྨི་ལམ་དུ་ཤེས་པའི་དྲན་འདུན་གྱིས་སྟོང་ཉིད་དུ་ལ་བཟླས་པའི་ལྷག་མཐོང་ལ་བློ་ཆོད་དུ་ཆེ་བ་ཞིག་གོ་དང་༔ ཞི་གནས་ལ་རྟིང་པ་མེད་བའི་བོགས་འབྱིན་ལ༔ ཡང་གཡོ་བ་མེད་པའི་ངང་ངམ་བབས་ས་ལེ་བ་ཉིད་གཙོ་བོར་བཟུང་བས༔ སེམས་གང་དུའང་མི་རྟོག་པའི་འཁོར་དུ་ལྡན་པའི་བློས་སྟོང་པའི་ཡུལ་དེའི་ཡུལ་མེད་རྟོགས་བའི་སྒོམ་བྱུང་ཆ་འདྲའི་སྟོབས་ཀྱིས་མི་གནོད་པར་མ་ཟད༔ དབང་པོ་མ་འགགས་པར་བཞག་པས་སྤྱན་དང་མངོན་ཤེས་སོགས་རང་ཤུགས་ཀྱིས་འཆར་བ་དང་༔ ཡུལ་སྟོང་གི་བློ་དེའི་ངོ་བོ་ལ་གྲུབ་པ་མེད་པར་གྲྭ་ཟང་ངེར་བདག་མེད་རྟོགས་པའི་སྒོམ་བྱུང་ཆ་འདྲའི་གང་ལ་ཡང་རྟིང་པ་མེད་པར་བོགས་འབྱིན་ནོ༔ ཡང་རྟིང་ན་ལྷག་མཐོང་ལ་རྩལ་སྦྱངས༔ རྒོད་ན་ཞི་གནས་བསྒོམ་པས་བོགས་འདོན་པར་འགྱུར་རོ༔ ཡང་ཞི་གནས་མེད་པ་དང་ལྷག་མཐོང་མི་གསལ་བ་གང་ལའང་རླུང་སྦྱོར་བསྒོམ་པར་གསུངས་ཀྱང་༔ འདིར་དེ་དག་ནི་བསམ་གཏན་གྱི་བར་དོའི་ཉམས་ལེན་དུ་བཞག་པས་འདི་དང་མི་འདྲ་སྟེ༔ རྟེན་དང་བརྟེན་པའི་ཁྱད་པར་ཙམ་དུ་བཞག་པར་བྱའོ༔ འོན་ཀྱང་རྟེན་བརྟན་པོའི་སེམས་གནས་ལ་ཞི་གནས་སུ་བཤད་པ་དང་༔ དེའི་རང་བཞིན་ཡོངས་ཤེས་སྟོང་བ་ཉིད་ཀྱི་གོ་མྱོང་གི་ཐོག་ཏུ་ཅུང་ཟད་རེ་བཞག་པ་ལ་ལྷག་མཐོང་གི་ཡེ་ཤེས་སྟེ༔ ཞི་ལྷག་ཟུང་འཇུག་གི་ཏིང་ངེ་འཛིན་བྱས་( ཞེས་)པ་འདི་རྒྱུ་མཚན་ཉིད་ཐེག་པའི་ཚུལ་དང་མཐུན་པའི་རྟེན་ཞེས་བྱའོ༔ གཉིས་པ་དེའི་རྗེས་འབྲེལ་དུ་གདམས་ངག་བསྒོམ་པ་ལ༔ སྤྱིར་འདུན་པའི་སྒོ་ནས་བར་དོ་དྲུག་སྦྱོངས་བའི་གདམས་ངག༔ བྱེ་བྲག་ཏུ་རང་རང་དང་མཐུན་པའི་ལམ་གྱི་སྒོ་ནས་སྦྱོངས་པ་གཉིས་སུ་ཡོད་པ་ལས༔ དང་པོ་ལ་དྲུག་ལས༔ སྐྱེ་གནས་ཀྱི་བར་དོ་འདུན་པས་སྦྱོངས་པ་ལ༔ ཡུལ་སྣང་སྟོང་དུ་སྦྱང་བ་དང་༔ ཡུལ་ཅན་རིག་སྟོང་དུ་སྦྱངས་བ་སྟེ༔ དང་པོ་ནི༔ སྔ་བར་རང་གི་མདུན་དུ་མེ་ལོང་ཞིག་བཏགས་ནས་དེའི་ནང་དུ་རང་གི་ཁྱིམ་གྱི་ཀ་ཆ་དཀོར་ཆ་ཐམས་ཅད་ཤར་བར་བྱས་སྟེ༔ ལུས་པོ་ཀན་རྐྱལ་གྱིས་གནས་པའི་མིག་གིས་ཆེད་དུ་བལྟས་ན ས་བསམ་བློ་འདི་ལྟར་བྱེད༔ ཨེ་མ༔ འདི་ལྟ་བུའི་སྣང་བ་ལེགས་ཤོས་ལས་བཟུང་ན་ནི༔ མཛེས་ཤིང་ལྟ་ན་སྡུག་པ༔ མིག་ལ་དགའ་བ་སྐྱེད་བར་བྱེད་པ་ཞིག་ཅེས་ཡང་ཡང་གོམས་པས་གཟུགས་བློ་ཡང་དག་པར་འབྱུང་བའི་དུས་སུ་འདི་དག་ང་རང་གི་ཡིན་སྙམ་ནས་བདག་ཏུ་འཛིན་པའི་བློ་འཐིས་པར་བཅག༔ རེ་ཞིག་ན་ཅུང་ཟད་ཆགས་པའི་བློ་བྱུང་ངམ་མ་བྱུང་ཡང་༔ ཨ་ཡེ་ང་འཁྲུལ་བར་འདུག༔ འདི་ལ་སྟོད་སྨད་བར་གྱི་དབྱེ་བ་བསམ་གྱིས་མི་ཁྱབ་པ་ཞིག་མཆི་ཡི༔ བདག་འདིའི་གང་ལ་ཆགས་པར་འདུག་གམ༔ ཡང་ན་འདི་ཅི་འདྲ་བ་སྙམ་དུ་སེམས་པ་ན༔ ལག་པས་རེག་པའི་ཚུལ་ཡང་བྱས་ལ༔ རེག་བྱ་ནི་འདི་ལ་མི་འདུག༔ ད་ཅི་ཤར་གཞི་ནི་མེ་ལོང་འདིར་འདུག༔ འཆར་བ་འདི་ཕྱི་ནང་གང་དུ་འདུག༔ གཟུགས་དང་དབྱིབས་ཁ་དོག་ཏུ་ནི་ངེས་པར་ཡོད་པ་འདིར༔ རེག་པ་ཙམ་མེད་པས་མེད་པར་སུས་བྱེད༔ ད་དུང་ཡང་ངེས་པར་ཡོད་སྙམ་དུ་བསྒོམ་ཤིང་༔ ཤིན་ཏུ་ཡང་བལྟ་ཐུབ་པ་དང་༔ གཟུགས་གཞན་ལ་ཅུང་ཟད་ཀྱང་མ་གཡེངས་པས༔ ངེས་པར་གཟུགས་ལ་མགོ་མཉམ་པ་ཞིག་ནི་འོང་སླ་བས༔ དེ་ལྟར་དཔྱོད་རྟོག་གི་བསམ་བྱུང་ཡང་ཡང་སྦྱང་སྐབས་སུ་འདི་ནི་གཟུགས་བརྙན་ཡིན་པས༔ མི་བདེན་པ་མངོན་སུམ་དུ་གྱུར་ཀྱང་བསླུ་ཚབས་འདི་འདྲ་འདུག་སྙམ་དུ་སེམས་པ་དང་མཉམ་པར་སྤེལ་ཏེ༔ འདི་ལྟར་སྣ་ཚོགས་པའི་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་བ་ལ༔ བྱིས་པས་གཟུགས་བརྙན་ལ་བདེན་པར་བཟུང་བ་དང་འདྲ་བས༔ སེམས་ཅན་འདི་དག་སྙིང་རེ་རྗེ་བསམ་དུ་སྙིང་རྗེ་བསྒོམ༔ འདི་ནི་དགོས་པ་མེད་པའི་ངལ་བ་མིན་ཏེ༔ ཅིའི་ཕྱིར་ན༔ གཟུགས་ཀྱི་སྣང་བ་ནི་འགགས༔ གཟུགས་བརྙན་ནི་མེད་པར་གོམས་སྟོབས་ཆེ་བས་ན་མེད་བཞིན་སྣང་བའི་བློ་ཤུགས་བྱུང་གི་ཡོད་པས༔ དེ་ལ་གཉུག་བསྲིང་བས༔ བར་ཞིག་གཟུགས་དངོས་ལའང་ཆགས་པ་ཇེ་ཆོམ་ལ་འགྲོ་བ་ངེས་པ་ཡིན་པ་དང་༔ དེ་ལས་བྱ་བ་ལ་འཇུག་པ་ན་ཡང་༔ འདི་ལྟ་བུའི་ཆོས་སུ་སྣང་བ་ཐམས་ཅད་གཟུགས་བརྙན་ཡིན་སྙམ་དུ་སྦྱོང་བ་དང་མཉམ་རྗེས་བསྲེ་བས་རྩལ་སྦྱངས་ཀྱིས་གྲོལ་བར་འགྱུར་རོ༔ དེ་བཞིན་དུ་ནང་རང་གི་ལུས་ལ་ཡང་རྩལ་སྦྱངས་ཏེ༔ ལུས་རྒྱན་གྱིས་སྤྲས༔ ཁ་བཞིན་ཡང་མཛེས་པར་བཀྲུས་ལ་ཤར་བ་དེ་ལ་བལྟས་ཤིང་༔ ངའི་ལུས་དང་འདི་གཉིས་ལ་བདེན་རྫུན་ཅི་ཡང་མེད་དེ༔ མེད་བཞིན་སྣང་བ༔ སྣང་བཞིན་མེད་པ་ཞིག་གོ༔ འདི་ནི་ང་རང་གི་ལུས་མ་ཡིན་ཏེ༔ རྒྱུ་རྐྱེན་མེ་ལོང་གི་གཟུགས་བརྙན་དུ་བྱུང་བས་སོ༔ ཡིན་སྙམ་པའི་ལུས་འདི་ཡང་ངའི་མ་ཡིན་ཏེ༔ ཕ་མའི་ཁུ་ཁྲག་གིས་བསྐྱེད་པས་རྒྱུ་རྐྱེན་དུ་གྲུབ་པས་སོ༔ ཁུ་ཁྲག་ལ་རྣམ་པ་འདི་འདྲ་མེད་པའི་ཕྱིར་དང་༔ ཆེ་ཆུང་མི་མཉམ་པའི་ཕྱིར་དང་༔ ཡང་མ་གྲུབ་པའི་ཕྱིར་རོ་སྙམ་སྐབས་སུ་གཟུགས་བརྙན་དེ་ལ་ངར་འཛིན་བྱས་པས་ཀྱང་བདག་འཛིན་ཤུགས་ཀྱིས་ཆོད་ལ༔ ཡང་རང་གི་ལུས་ལ་ཞིབ་བར་བལྟས་པས༔ བ་སྦུའི་ཁུང་བུ་ཡན་ཆད་མ་འདྲེས་པར་མཐོང་བས༔ གཅིག་གི་དངོས་པོ་ཏིལ་ཉག་མ་ཙམ་ཡང་མ་མཐོང་ནས༔ དུ་མ༔ འཐོར་བ༔ མ་འབྱར་བ༔ སྙིང་བོ་མེད་པ་ཆུ་ཤིང་ལྟར་དངོས་པོ་མེད་པར་ངེས་ཤེས་ཐེ་ཚོམ་དང་བྲལ་བར་འབྱུང་བ་དང་༔ ཡང་སྔར་བཞིན་མེ་ལོང་དུ་བལྟ་བ་མ་ཡེངས་བར་རེས་མོས་བསྐོར་བའི་དཔྱད་བསྒོམ་སྤེལ་མའི་རྗེས་སུ་ཡང་ལུས་སྣང་སྟོང་གཟུགས་བརྙན་ལྟ་བུར་འདུ་ཤེས་པ་དང་༔ དེས་ལུས་རང་བཞིན་མེད་པར་རྟོགས་པའི་དགོས་པ་ཡོད་དོ༔ དེ་ནས་ངག་གྲགས་སྟོང་བྲག་ཆ་ལྟ་བུར་ཕྱི་ནང་བསྒོམ་པ་ནི༔ བྲག་རི་བ་གམ་མཐོ་བའི་རྩ་རུ་སླེབས་ནས༔ ཐག་རིང་པོ་ནས་རྔ་སྒྲ་སྒྲོགས་པའི་བརྙན་ལ་ཉན་ནས༔ སྒྲ་དང་བྲག་ཆ་གཉིས་ལ་དཔྱད་དེ༔ སྒྲ་འདི་རྔ་ཡི་ཕྱི་ནང་བར་གསུམ་གང་ནའང་མེད་ལ་རྐྱེན་གྱིས་སྣང་བ་དང་༔ བྲག་ཆ་དེ་བྲག་གི་ཕྱི་ནང་བར་གསུམ་གང་ནའང་མེད་པ་ལ༔ ཁྱད་ཅི་ཡང་མི་དམིགས་པས་བསྲེ་ནས་དཔྱད་བསྒོམ་དང་༔ ནང་རང་གི་ངག་གི་བརྗོད་པས་སེམས་ལ་བབས་ཚད་ཀྱི་སྒྲ་ཚིག་ཐམས་ཅད་བའི་བརྙན་ལའང་ཉན་ཏེ་བྲག་ཆ་ལྟར་སྦྱོང་པས༔ བདག་གཞན་གྱི་ངག་དེ་ལུས་ཀྱི་ཕྱི་ནང་བར་གསུམ་གང་ན་ཡོད་དཔྱད་པའི་སྒོ་ནས༔ བྲག་ཆ་དང་མགོ་མ་མཉམ་བར་མཉན་འཇོག་སྤེལ་ཞིང་ཡང་སྔ་མ་ལྟར་གོམས་ཤིང་ངེས་ཤེས་འདྲེས་པ་ན༔ བསྟོད་སྨད་སྣ་ཚོགས་པ་བྱའོ༔ འོན་ཀྱང་བྲག་ཆའི་སྒྲ་དེ་ལ་བསྟོད་སྨད་གང་ཡང་འདོད་པ་མེད་ཀྱང་རང་ཤར་བ་ལྟར༔ སྒྲ་དངོས་མེད་ལ་ཆགས་ཞེན་གྱི་ཡུལ་མེད་པ་དང་༔ ཆགས་སྡང་གི་བསམ་པ་མེད་པ་དང་༔ གཞི་ཨ་ལི་ཀ་ལི་ནི་བསྟོད་སྨད་གཉིས་ཀ་མ་ཡིན་པ་དང་༔ བསྟོད་སྨད་ཀྱི་སྒྲ་དེ་བདག་གི་ལུས་ངག་ཡིད་གསུམ་དང་འཕྲད་པ་མེད་བར་ཇི་ལྟར་འཇོམས་ཀྱང་མིན་པ་ཡིན་པར་བཟུང་ནས་ཉེ་བར་ལེན་པའི་སེམས་ཅན་འདི་དག་སྙིང་རེ་རྗེ་སྙམ་ནས་ཤུགས་ཀྱིས་འབྱུང་བ་ན་གོམས་པའི་ཚད་དོ༔ རྗེས་ཐོབ་སྒྲ་ཐམས་ཅད་ཀྱང་མགོ་མཇུག་དང་ཕྱི་ནང་འགྲོ་འོང་སྟེང་འོག་གང་མེད་ལ༔ ཆེ་ཆུང་ལྟོས་པས་མེད་པ་དང་༔ སྙན་མི་སྙན་ཡང་མེད་དེ༔ གང་ཟག་གཅིག་ཤི་བའི་སྒྲ་དེ༔ དེའི་དགྲ་ལ་སྙན་པར་སྣང་༔ གཉེན་ལ་མི་སྙན་པར་སྣང་བ༔ བར་མ་ལ་བཏང་སྙོམས་ངག་འཁྱལ་ཙམ་ལས་རང་རྐྱ་མི་ཐུབ་པས་གྲུབ་པ་མེད་པའི་ཚུལ་ལ་སེམས་པའི་བློས་འདུན་པ་མི་ཤོར་བར་དྲན་པའི་ཐག་པས་བཏགས༔ ཤེས་བཞིན་གྱི་བྱ་ར་བཅོལ༔ བརྩོན་འགྲུས་ཀྱི་གུས་རྟག་གིས་ཡང་དག་བར་བསྒྲུབ་པར་བྱའོ༔ དེ་ནས་གསང་བ་སེམས་སྤྲིན་དང་རླུང་ལྟར་སྦྱང་བ་ནི༔ སྤྲིན་འབྱུང་བ་ལ་བརྟགས་ནས་རྒྱུ་རྐྱེན་མེད་བཞིན་དུ་སྣང་བ་འདི༔ དང་པོ་གང་ནས་བྱུང་སོགས་དཔྱད་པ་དང་༔ ཡང་ན་རླུང་འབྱུང་བ་ལ་དཔྱད་དེ༔ ཕྲ་རགས་གི་དངོས་པོ་གང་དུ་ཡང་གྲུབ་པ་མེད་པ་འདི་དང་པོ་བསྐྱེད་པའི་རྒྱུ་རྐྱེན༔ བར་དུ་གནས་བའི་རང་ངོ་༔ ཐ་མ་འགྲོ་བའི་ཡུལ་ལ་བརྟགས་ནས༔ བདག་གི་སེམས་ཀྱང་དེ་དང་ཁྱད་པར་མེད་པའི་དགག་སྒྲུབ་སྣ་ཚོགས་སུ་སྣང་བ་ཐམས་ཅད་ཀྱང་སྤྲིན་དང་རླུང་ལྟ་བུའོ༔ དེའི་རྟགས་སུ༔ འདོད་པ་རང་སྐྱ་ཐུབ་པ་མེད་པས༔ བདག་དང་སྔར་མི་དགའ་བ་ལ་མི་འདོད་པ་བྱུང་ན་དགའ་བའི་གང་ཟག༔ ཕྱིས་དགའ་བར་གྱུར་ཚེ༔ དེ་ལ་མི་འདོད་པ་མི་འདོད་པ་དང་༔ སྡུག་བསྔལ་སོགས་ཀྱང་དེ་བཞིན་དུ་གཞིག་པར་བྱའོ༔ ཡང་སྤྲིན་ནི་དུམ་བུ་བ༔ མི་སྡོད་བ༔ མ་ངེས་པའི་དབྱིབས་ཅན༔ ནམ་མཁའི་ངོས་ལ་མ་འབྱར༔ གཤིས་ལ་མ་གྲུབ་པ་ལྟར༔ སེམས་ཀྱང་མང་པོ་སྣ་ཚོགས་པས་དུམ་བུ་བ༔ སྐད་ཅིག་ཀྱང་སྐྱེ་འགགས་མེད་པར་མི་སྡོད་པ༔ མ་ངེས་པའི་དབྱིབས་སམ་སྣང་བ་དང་༔ འདྲེས་མར་འབྱུང་བ༔ ཆོས་ཉིད་སྤྲོས་བྲལ་གྱི་ངོས་ལ་མ་རེགས་པ༔ གཤིས་ལ་མ་གྲུབ་པ་ཞིག་བས་ན༔ བདག་ཏུ་བཟུང་བས་འཁྲུལ་ཚབས་ལ་སྙམ་དུ་དཔྱད་བསྒོམ་དཔེ་དོན་འདྲེས་པར་བྱ༔ གཉིས་པ་ནི༔ དེ་ནས་དགག་སྒྲུབ་སྣ་ཚོགས་པ་སྤྲོ་བར་བྱས་ལ༔ ཡང་ངལ་ཞིང་ཆད་པས་ལྷ ན་ནེར་གནས་དུས་ངོ་ལ་བལྟས་ཏེ་བཙལ་བས༔ གང་ཡང་མ་རྙེད་པར་བརྗོད་བསམ་ལས་འདས་པར་སོང་བ་ན༔ དྲན་པ་རང་ཟད་ཀྱི་དགོངས་པ་ཟེར་བ་ཡིན་ནོ༔ ཏིང་ངེ་འཛིན་གྱི་བར་དོ་འདུན་པས་སྦྱངས་བ་ནི༔ སྔར་བཤད་པ་ལྟར༔ ཏིང་ངེ་འཛིན་ལ་གནས་པས༔ སྐབས་ཤིག་ཏུ་ནི༔ ཤིན་སྦྱངས་ཐོབ་པས་བདེ་བ་ཁྱད་པར་ཅན་ཞིག་ལ་འབྲལ་མི་ཕོད་པ་ཡང་དང་ཡང་དུ་ཨེ་འཆར་དུ་སྙམ་པ་ཞིག་འབྱུང་དུ་ཡོང་བས༔ དེའི་དུས་སུ་ཆགས་པའི་སྐྱོན་འབྱུང་བས་ལྷ་བདུད་དུ་ཤེས་པས་རང་སར་དཀྲོལ་བ༔ ལོག་པའི་སྐྱོན་གང་བྱུང་འཆོས་བར་བྱའོ༔ དེ་ཡང་བདེ་བ་འདི་ཉིད་ཀྱང་གཅིག་གམ༔ ཐ་དད་པའི་ཡུལ་སེམས་གང་རུང་ཞིག་ནི་ཡོད་གྲང་བས༔ གར་གནས་བརྟགས་ཅིང་བསྒོམ་བཤིག་ལ་བལྟའོ༔ དེ་བཞིན་དུ་རྨི་ལམ་གྱི་བདེ་འབྱོར་ལྟ་བུ་འདིས་ད་སྔོན་འཁོར་བ་ཐོག་མ་མེད་པ་ནས་བདག་ཤིན་ཏུ་བསླུས་སོ༔ ཞེས་རྐྱེན་ངན་དུ་ཤེས་ཤིང་འཁྲི་བ་བཙན་ཐབས་སུ་བཅད་དེ༔ དེའི་འགྲེས་སུ༔ གསལ་ཆགས་གསལ་ལོག༔ མི་རྟོག་ལ་ཆགས་ལོག་ལ་སོགས་པ་ཡང་སྦྱང་བར་བྱའོ༔ འཆི་ཀའི་བར་དོ་མདུན་པས་སྤྱངས་བ་ནི༔ རང་གི་གནས་དབེན་པར་ཁ་སྣ་ལག་པས་བསྡམ་ཏེ་ཅུང་ཟད་རིང་བར་མྱོང་བས་ཅི་ཞིག་ན་སྡུག་བསྔལ་བསམ་དུ་མེད་པ་ནི་འབྱུང་བས༔ འོ་དེ་ལྟ་བུའི་སྡུག་བསྔལ་འདི་སེམས་ཅན་ཐམས་ཅད་ལའང་མེད་པ་གཅིག་ཀྱང་མེད་པས་ཐམས་ཅད་དང་༔ ཁྱད་པར་བདག་གི་ཁ་ལག་སྤྱོད་པས་འབྲེལ་བའི་སེམས་ཅན་རྣམས་ལ་ཡོད་པ་དང་༔ རང་ལའང་ཡོད་ངེས་པ་ཡིན་པ་དང་༔ ད་སྐབས་ངས་ཅུང་ཟད་ལས་མ་མྱོང་བས་ཅི་འདྲ་བ་ལ་ལྟོས་སུ་མེད་ཀྱང་༔ ཆ་ཤས་ཙམ་ཡང་མི་བཟོད་པ་འདི་ལ་ལྟོས༔ སེམས་ཅན་ཐམས་ཅད་སྙིང་རེ་རྗེ༔ བདག་གིས་འཆི་མེད་གཉུག་མའི་རྒྱལ་ས་ལ་འདི་དག་དགོད་པར་བྱའོ་སྙམ་དུ་སེམས་བསྐྱེད༔ དེའི་ཆེད་དུ་བློས་ཀྱང་ད་ནི་བདག་གི་གཡས་གཡོན་མདུན་རྒྱབ་ཐམས་ཅད་ཀྱང་གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ནས་འཆི་རུ་ཡོད་པས༔ ད་ང་ཅི་ལའང་མི་ཆགས་སྙམ་ནས༔ ཡོ་བྱད་ལྷག་མ་གང་ཡོད་སེམས་ཅན་ལ་སྦྱིན་སེམས༔ སངས་རྒྱས་ལ་མཆོད་སེམས་ལ་སོགས་པ་བྱས་ཤིང་༔ དེའི་རྗེས་ཐོག་ཏུ༔ འཆི་བ་འདི་རང་བཞིན་མེད་པ་ཡིན་པས་འཇིགས་པའི་ཡུལ་མེད་ལ༔ འཆི་བ་པོ་ང་ཡང་ལུས་ནི་ཡེ་ནས་བེམ་པོ་ཡིན༔ སེམས་ནི་གཏན་ནས་འཆི་རྒྱུ་མིན་པས༔ ད་ཅི་ལ་སྐྲག་སྙམ་དུ་ལྟ་བའི་གདེང་བསྐྱེད་ནས༔ འཆི་བ་འདི་ཆོས་སྐུ་ཡིན་པར་འདུག་པས༔ སྣང་མཆེད་ཐོབ་གསུམ་ངོས་ཟིན་པར་བྱ༔ དེ་ལ་ང་རང་ལ་སྣང་བ་འདི་ཅི་སྣང་བ་དཀར་ལམ་ཞེས་བྱ་བ་ཞིག་ཡོད་པས་ན༔ དེ་ཉིད་ངོ་མ་ཤེས་པས་འདོད་ཁམས་སུ་གོལ་བར་འགྱུར་བ་དང་༔ ཤེས་པས་སྤྲུལ་སྐུར་དབུགས་འབྱིན་པས་དེ་ཡིན་པ་འདྲ༔ འདི་མེ་ལོང་ཡེ་ཤེས་ཀྱི་སྣང་བ་ཡིན༔ བདག་ཀྱང་འདི་ལ་འཕོའོ་སྙམ་ནས་དཀར་པོ་ཐམས་ཅད་ནམ་མཐོང་ཡང་ངེས་པར་དྲན་པ་ཐ་ན་རྨི་ལམ་དུ་ཡང་དེ་འདྲ་འབྱོང་བར་བྱའོ༔ དེའི་གདམས་ངག་ཏུ་རླུང་བསྒོམ་ན་ཡང་རྗེས་ཐོབ་ཏུ་འདི་ལྟར༔ དཀར་ལམ་ཤར་དུས་རྟོག་པ་ཚོགས་དྲུག་འགགས་པས་རླུང་གི་རྟོག་མེད་ཤར་བ་འདི་དེའི་ཉམས་ཡིན་པར་གོར་མ་ཆགས་པས་ན༔ རྣམ་པ་ཀུན་ཏུ་རྣམ་རྟོག་ཟག་ཙམ་མེད་ཀྱང་དེར་འདུན་པ་བཞག་གོ༔ ཡང་དམར་པོའི་སྣང་བ་མཐོང་ན་འདི་དམར་ལམ་རེད༔ ངོ་མ་ཤེས་ན་གཟུགས་ཁམས་དང་ཤེས་ན་ལོངས་སྐུ་ཡིན་པས༔ ང་ཤི་འགྲོ་བར་འདུག་པས་འདི་སོ་སོར་རྟོགས་པའི་རང་གདམས་སུ་འདུག༔ ངོ་ཤེས་པར་བྱས་ནས་དེའི་ངང་དུ་འཕོའོ་སྙམ་པའི་འདུན་པ་སྔར་ལྟར་འབྱོངས་པར་བྱ༔ དེའི་དུས་སུ་ཡིད་ཀྱང་འགགས་པས་ན་གཟུགས་མེད་དུ་གནས་པ་གང་གི་དུས་ཀྱང་དེར་འདུན་པ་བྱེད༔ དེ་བཞིན་དུ་ལྗང་ནག་སོགས་ཐམས་ཅད་ཀྱང་ཆོས་སྐུའི་སྣང་བ་ཆོས་དབྱིངས་ཡེ་ཤེས་སུ་རྩལ་སྦྱངས༔ དེའི་ཉམས་མི་རྟོག་པ་འཐུམ་པོ་ཞིག་པས་དེ་ཉིད་ངོ་ཤེས་པས་འདུན་པ་བསྒྱུར་རོ༔ ཡང་ནང་སྔ་ནི་ཉི་མ་ཤར་བ་དང་༔ དམར་ལམ་དུ་སྦྱངས༔ ནུབ་མོ་ནི་ཟླ་བ་ཤར་བ་དང་དཀར་ལམ་དུ༔ ནང་ནུབ་ཏུ་མུན་པ་འཆར་བས༔ ཉེར་ཐོབ་ནག་ལམ་དུ་འདུན་པས་སྦྱངས་སོ༔ དེ་ནས་ཆོས་ཉིད་བར་དོ་འདུན་པས་སྦྱོངས་བ་ནི༔ སྔོན་ནམ་མཁའི་སྒྲ་སྦྱོང་བ་དེ་དང་འདྲ་བར་རི་མཐོན་པོ་ལ་ཕྱིན་ཏེ་ཀན་རྐྱལ་དུ་མིག་གིས་ནམ་མཁའ་སྤྲིན་དང་བྲལ་བ་ལ་མ་ཡེངས་པར་བལྟས་ཏེ༔ སྐྱོན་མེད་པའི་ཤེས་པ་རྟོག་བྲལ་དེ་ལ་ཆོས་ཉིད་བར་དོ་དང་པོ་ཆོས་སྐུ་མངོན་སུམ་དུ་ཤར་འདུག་གི༔ ངོ་ཤེས་ནས་ངང་དུ་གྲོལ་བར་བྱ་སྙམ་དུ་འདུན་པ་བྱས་ལ་ཆོས་སྐུ་ཡིན་པའི་ངེས་ཤེས་བྱེད་ཅིང་དེ་ལ་འཕོ་བར་བྱ་བ་སོགས་དང་༔ དེ་ནས་མན་ཤེལ་མིག་ལ་བཙུག་རྒྱུ་གཉིས་མེད་ཀ་མེད་ཡིན་པས༔ དེར་བལྟས་ནས་གནས་པར་བྱས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་འོད་ཀྱིས་གང་བ་ལ་ཆགས་པ་མི་བསྐྱེད་པར༔ འདི་ཅི་བར་དོ་འོད་ཀྱི་ཁང་པ་ཅན་འོད་མཐའ་མེད་པའི་གཞལ་ཡས་ཁང་བྱ་བ་ཞིག་ཡོད་པས་དེར་སླེབ་པར་འདུག་པས༔ ད་ཅི་ཚུག་བྱ་སྙམ་དུ་སེམས་ཤིང་༔ ཤིན་ཏུ་བལྟ་ཐུབ་པའི་གནད་ཀྱིས་བར་དེར་སྣང་བ་འགྱུར་ན༔ འོད་གསལ་གྱི་སྣང་ཆ་ལོངས་སྤྱོད་རྫོགས་པའི་རང་གདངས་ཡིན་པས་འདི་ལ་མ་སྐྲག་མ་དངངས་ན་སངས་རྒྱས་མངོན་དུ་འགྱུར་བའི་སུན་མ་ཡིན་ངེས་པའི་ཕྱིར་ན༔ བདག་ནི་འདི་ལ་འཕོའོ་སྙམ་པའི་མདུན་མ་བསྐྱེད་པ་དང་༔ ཡང་དེ་གོམས་པ་ན་ཐང་སྐུ་ཞི་ཁྲོ་ཐུགས་དམ་གྱི་རྟེན་འདུན་དུ་བཀྲམ་ལ༔ མན་ཤེལ་མིག་ལ་བཙུགས་ནས་བལྟས་ལ༔ ཟུང་འཇུག་གི་བར་དོ་ཡིན་པའི་ངེས་ཤེས་བསྐྱེད་ཅིང་༔ བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཁྱེད་ཀྱི་ཐུགས་རྗེས་ལས་ངན་པ་བདག༔ དབྱེར་མེད་ཡེ་ཤེས་ཆེན་པོའི་དགོངས་ཀློང་དང་༔ གཉིས་སུ་མེད་པར་ལམ་སྣ་དྲངས་པར་མཛད་དུ་གསོལ༔ ཞེས་རྒྱུན་དུ་སྐྱབས་འགྲོ་བརྗོད་པ་དང་༔ འཇའ་ཐག་དཀར་སེར་དམར་མཐིང་བཟོས་ལ༔ དེའི་སྟེང་དུ་ཐིག་ལེ་དགུ་དགུ་བྲིས་ཏེ་རྟེན་གྱི་སྐུ་ལ་བཏགས་ནས༔ དེ་དང་མཉམ་དུ་རས་ཀྱི་ལྕུགས་ཕྲན་དཀར་སེར་དམར་མཐིང་མདོག་ངན་དྲུག་བཞག་ལ༔ སྣ་ཀ་རང་གི་སྙིང་ལ་བཏགས་ནས་མན་ཤེལ་གྱིས་བལྟས་ཏེ༔ འདི་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་དང་༔ མ་དག་འཁོར་བའི་ལམ་དྲུག་གཤིབ་ཡོད་པས༔ མ་དག་འོད་འདི་ལ་བག་ཆགས་ཀྱིས་ཆགས་ནས་སྐྱེ་བ་ལེན་སྲིད༔ ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་འདི་ལ་ཞལ་འདྲིས་མེད་པས་སྐྲག་པ་སྐྱེ་ཉེན་པས་བདག་གིས་འདི་ཡར་དེད་ན་སྣ་ཁ་གོང་དུ་བཅོམ་ལྡན་འདས་རྒྱལ་བ་རིགས་ལྔ་འཁོར་དང་བཅས་པའི་ཐུགས་ཀར་ཟུག་ཡོད་པ་དེ་ཡེ་ཤེས་ཀྱི་ལམ་ཡིན་པས་ན་དེར་འཕོ་བར་བྱ་སྙམ་ཤིང་༔ དེ་དང་མཐུན་པའི་ཚིག་གིས་གསོལ་བ་འདེབས་པར་བྱས་པས་བཙན་ས་ཟིན་པ་དང་༔ ཡང་དེ་ལས་གཞན་མདུན་ནམ་སྟེང་དུ་ཁྲོ་བོའི་སྣང་བརྙན་དྲུག་ཅུ་བཞག་ལ༔ བཟོ་རིགས་ཀྱིས་འོད་ཟེར་རལ་གྲི་ལྟ་བུ་ལ་སོགས་པ་བྱ་བ་དང་༔ དེ་ཐམས་ཅད་རྩེ་མོ་རང་ལ་བསྟན་པ་བཟོས་ལ༔ རྒྱབ་ཏུ་རྔ་ཆེན་པོ་གཅིག་མི་ཞིག་གིས་བརྡུངས་ནས༔ ཕཊ་ཕེམ་སོད་རྒྱོབ་ལ་སོགས་པ་ཆེ་ཆུང་མང་པོ་སྒྲོགས་པ་དང་༔ གྲོགས་མང་ན་དུང་ཆེན་སོགས་འབུད་པ་དང་༔ ཐམས་ཅད་ཀྱིས་ཧཱུྃ་རུ་ལུ་ལ་སོགས་པ་བརྗོད་པ་དང་༔ ཞི་ཁྲོའི་རྒྱན་བྱས་པ་ལ་མན་ཤེལ་བཙུགས་པས་བལྟ་བ་དང་༔ མགོ་བརྙན་སྟོན་པ་སོགས་ཀྱང་ཟབ་པ་ཡིན་ནོ༔ མིན་ཡང་བཞིན་ལ་ཁ་དོག་སྣ་ཚོགས་བྱུག་ལ་ཁྲོ་གཉེར་བཅའ་བ་དང་༔ འདོར་སྟབས་སོགས་ཀྱང་བྱེད༔ དེ་ཀུན་ཀྱང་བར་དོར་ཡི་དམ་ཁྲོ་བོ་སུན་མ་ལ་བྱོན་པ་ཡིན་པར་འདུན་པ་བསྒྱུར༔ འཇིགས་པར་མི་བྱ་འདི་བར་དོ་སྟོང་པའི་རང་གཟུགས་ང་བར་དོ་ལུས་མེད་སེམས་ལ་ཇི་ལྟར་གནོད་སྙམ་དུ་མི་དགའ་བ་དོར་ལ༔ སྐྱབས་འགྲོ་བརྗོད༔ རྗེས་ཀྱང་ཀུན་ལ་བར་དོའོ༔ ངོ་ཤེས་པར་བྱའོ༔ ཞེས་སྦྱར་ནས་ཐ་ན་རྨི་ལམ་དུ་ཡང་ཅུང་ཟད་ཙམ་མི་ཡེངས་བས་བར་དོའོ་སྙམ་པས་འདུན་པ་གོམས་པར་བྱས་ནས་སྐྱབས་འགྲོ་བརྗོད་པ་དང་༔ གོམས་པའི་ཚད་དེ༔ དེའི་བར་དོ་ཆོད་པར་གདོན་མི་ཟའོ༔ དོན་ལྔ་པ་སྲིད་པ་བར་དོ་འདུན་པས་བཅད་པ་ལ༔ སྒྲ་བཞི༔ གཡང་ས་གསུམ༔ རྟགས་དྲུག་ཡོད་པ་ལས༔ དང་པོ་ནི༔ མུན་ཁང་དུ་རང་གི་རྣ་བའི་སྒྲ་གཏེམ་དེ་སྐབས་ཤིག་འཇིགས་པ་སྐྱེ་དུས༔ འདི་སྲིད་པ་བར་དོ་ལ་འཁྱམས་པའི་རྟགས་རེད་པས༔ རི་རབ་འབུམ་ཉིལ་བ་ལྟ་བུའི་ཆགས་སྒྲ་ཡོད་པས་ས་ཡི་སྒྲ་ཡིན༔ ཆུ་བོ་སྟོང་འཁྲུགས་པ་ལྟ་བུའི་ཆལ་སྒྲ༔ དུས་མཐའི་མེ་འབར་བ་ལྟ་བུའི་འུར་སྒྲ་ཡོད༔ བསྐལ་བའི་རླུང་ནག་འཚུབ་པ་ལྟ་བུའི་ལྡིར་སྒྲ༔ ཡང་མཛུབ་མོ་རས་ཀྱི་མགོ་ལ་བྲབ་པས་དུས་སུ་ཐོག་སྟོང་དུས་གཅིག་ལ་འཚེར་བ་ལྟ་བུའི་མཐུག་སྒྲ་ཡོད་པས་འདི་དེ་རེད༔ ད་འབྱུང་བ་དགྲ་ལངས་ཀྱི་བར་དོ་ཡིན་པར་འདུག་པས་བར་དོ་འདི་ལ་རང་མཚན་གྱིས་གྲུབ་པ་མེད་པའི་ཕྱིར་ན་འཇིགས་མི་དགོས༔ ང་ལ་ལུས་ནི་མེད༔ སེམས་ནི་མི་འཆི་སྙམ་པས་དཔའ་གདེང་བསྐྱེད་ལ་དེ་མ་ཐག་ཏུ་བླ་མའི་ཐུགས་ཀར་འཕོ་བ་སོགས་བྱ་བ་དང་༔ དེ་ལྟ་བུའི་སྡུག་བསྔལ་མྱོང་པའི་སེམས་ཅན་ལ་སྙིང་རྗེ་བྱ་བ་དང་གཉིས་ཟུང་འཇུག་གིས་གྲོལ་བ་ཐོབ་པའམ༔ མིན་ཡང་སྐྱེ་གནས་རེ་འདམ་པའི་དབང་ཡོད་པར་འགྱུར་རོ༔ མ་ཎི་འདོན་མི་རྣམས་ཀྱིས་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་པའམ༔ ཞིང་སྒྲུབ་ཐོབ་མི་རྣམས་ཀྱིས་འོད་དཔག་མེད་པ་ལ་ཞིང་ཁམས་གཉིས་པོ་དེར་འདྲེན་པར་འགྱུར་བའི་གསོལ་བ་འདེབས་པ་དང་ཞིང་ཁམས་སུ་འགྲོ་བའི་འདུན་པ་བསྒྱུར༔ གཉིས་པ་ནི༔ ཡང་མིག་བཙུམས་ཏེ་གཅུར་བས་དམར་ལམ་འཆར་ལ༔ མ་གཅུར་བས་ནག་ལམ༔ ཡུན་དུ་གཅུར་ནས་ལྷོད་པས་དཀར་ལམ་འཆར་བ་དག་ཀྱང་བར་དོར་བསྒྱུར་ནསབསྒོམ་ལ་བསྲེ་བ་དང་༔ ཡང་རླུང་དྲག་པོ་གཡོ་བ་ན༔ རྒྱབ་ཏུ་རླུང་སྒྲོན་བྱས་ཏེ༔ དེའི་སྒྲ་དང་བཅས་པ་ལས་འཇིགས་པའི་མུན་ནག༔ ལས་ཀྱི་རླུང་དམར་སོགས་སུ་བློས་བཞག་ནས་དེ་དེ་ངོ་ཤེས་པར་བྱ་བའི་དྲན་འདུན་གྱིས་བླ་མ་དང་མགོན་པོ་འོད་དཔག་ཏུ་མེད་པ་ལ་བདེ་བ་ཅན་དུ་འདྲེན་པར་མོས་གུས་དང་གསོལ་འདེབས་བྱའོ༔ གསུམ་པ་ནི༔ ཡང་གསུར་བདུག་ནས་འདི་བདག་ལ་མ་ངེས་པའི་རྟགས་སོ་སྙམ་པ་དང་༔ སེམས་རིའི་ཕར་ནང་སོགས་སུ་འགྲོ་བར་བྱས་ལ་དེ་ལྟར་བསམ་པ་དང་སྦྱོང་པའི་འདུན་པ་སྔར་ལྟར་རོ༔ དེ་ནས་ང་ལ་ལུས་མེད་པས་འཇིགས་སྐྲག་ཆེ་བ་ཅི་ཙམ་བྱུང་ཡང་༔ མངལ་ངན་པ་ལ་སྐྱེ་བ་ལེན་མི་རུང་སྙམ་ནས་འདུན་པ་སྦྱོང༔ ཕྱི་ནས་ཁྱི་སོགས་ཀྱི་སྒྲ་ཐོས་པ་ན་ཡང་བར་དོའི་ཁྱི་དང་གཤིན་རྗེའི་དེད་པའི་འདུན་པ་བྱས་ལ་འཇིགས་སྐྲག་ལ་ཐོག་བརྫིས་སུ་བྱ་བའམ༔ བླ་མ་ཡི་དམ་ལ་གསོལ་འདེབས་སྐྱབས་འགྲོ་སོགས་བྱ་བ་དང་༔ སྐབས་སུ་ཡང་ཕོ་མོ་ཆགས་པ་སྤྱོད་པ་བླ་མ་ཡབ་ཡུམ་རོལ་བས་ཕྲིན་ལས་བྱེད་པར་བསྒོམ་ལ༔ དེའི་མངལ་གཞལ་ཡས་ཁང་དུ་ཐིག་ལེ་དཀར་དམར་ཉི་ཟླའི་གདན་དུ་བསམ་པར་རྣམ་ཤེས་ཧཱུྃ་གི་རྣམ་པར་ཞུགས་ནས་ཧཱུྃ་དེ་རྡོ་རྗེ་སྔོན་པོ་དེ་ཡི་དམ་གྱི་སྐུར་བསྐྱེད་པ་ལ་འདུན་པ་ཡང་ཡང་བྱ་བ་དེའི་རྗེས་སུ་ཐོབ་པའང་བར་དོ་ཡིན་པར་བློ་བཞག་པར་བྱའོ༔ རྨི་ལམ་བར་དོ་ནི་དངོས་སུ་ཡོད་པས༔ སྣང་བ་ཐམས་ཅད་རྨི་ལམ་དུ་གཏན་ལ་ཕབ་པའི་དོན་ལ་ངེས་ཤེས་བསྐྱེད་ནས་གང་ཡང་རྨི་ལམ་ཡིན༔ ངས་ངོ་ཤེས་པར་བྱ་སྙམ་ནས་ཉིན་པར་འདུན་པ་རྒྱུན་ཆགས་པས་རྨི་ལམ་དུ་ཤེས་པ་འབྱུང་བ་དང་༔ དེ་ནས་འཇིགས་སྐྲག་ལ་ཐོག་བརྫིས་སུ་བྱ་བའི་ཚུལ་ལ་སོགས་པ་རྨི་ལམ་སྦྱངས་བསྒྱུར་བཅད་གསུམ་གྱིས་ཤེས་པར་བྱ་བ་གཞུང་དུ་འབྱུང་བ་ལྟར་རོ༔ གཞན་ཡང་ཐོད་རྒལ་གྱི་རུ་ཤན་ནང་ལྟར་བྱ་བའང་སྐྱེ་གནས་བར་དོ་སྦྱང་པར་འགྲོའོ༔ དེ་ཡན་ཆད་སུས་ཀྱང་ཉམས་སུ་བླངས་ཀྱང་རུང་ལ༔ བྱིན་རླབས་ཕན་ཐོག་ཀྱང་ཤིན་ཏུ་ཆེའོ༔ འདི་མན་གྱི་འདུ་ཤེས་དྲུག་ལྡན་གྱི་འཕོ་བ་མ་གཏོགས་པ་ཐོས་པར་མི་བྱའོ༔ ས་མ་ཡཱ༔ དེ་ནས་བྱེ་བྲག་ཏུ་རང་རང་དང་རྗེས་སུ་མཐུན་པའི་ལམ་བསྒོམ་པ་ནི༔ སྐྱེ་གནས་བཞི་དང་རྗེས་སུ་མཐུན་པར་སྦྱོང་བའི་ལམ་ནི་བསྐྱེད་པའི་རིམ་པ་ཡིན་ཏེ༔ དེ་ཡང་སྐྱེ་གནས་གང་དུ་སྐྱེས་ཀྱང་གནས་དོན་ལུས་གསུམ་དུ་ཞེན་པ༔ ཞིང་ཁམས་གཞལ་ཡས་ཁང་ལྷ་གསུམ་གྱིས་སྦྱངས་པར་བྱས་པས༔ རྣམ་པ་གསལ་བས་མ་དག་པའི་རྣམ་པ་འགོག༔ རྣམ་དག་དྲན་པས་གྱ་ནོམ་ལྷར་ཞེན་པའི་རྟོག་པ་འགོག་སྟེ་ཆོས་ཀྱི་བདག་རང་བཞིན་མེད་པར་འཛིན་སྟངས་འགལ་བ་དང་ངོ་བོ་ལ་སེམས་པས་སྦྱོང་ཞིང་༔ ང་རྒྱལ་བརྟན་པས་ངར་འཛིན་གང་ཟག་གི་བདག་གཅོད་པ་དང་༔ ཡང་རྣམ་དག་དྲན་པས་དེ་ཡང་སྦྱོང་བའི་ཕྱིར་ན་གཞི་འབྲས་ལྟོ་སྦྱོར་དུ་སངས་རྒྱས་རོ་གཅིག་པར་འབྲས་བུ་གཞི་ལ་རྫོ༵གས་པའི་ཁྱད་ཆོས་ཡོད་པ་དང་༔ གཞན་ཡང་སྒོ་གསུམ་བྱ་བ་དང་བཅས་པ་དང་༔ འདོད་ཡོན་ལྔ་ལྷར་དག༵་པར་བྱེད་པ་དང་༔ ལམ་རིམ་རང་རང་གི་ངོ་སྐལ་གྱི་རྫོགས་པའི་རིམ་པའི་སྨི༵ན་བྱེད་དུ་འགྲོ་བ་དང་༔ སྐྱེ་བའི་རིམ་པ་གསུམ་དང་ལུས་རྫོགས་པ་དང་༔ འབྱུང་བ་རྒས་ནས་འཆི་བའི་བར་ཏིང་ངེ་འཛིན་གསུམ་གྱི་མངལ་ནས་འདོན་པས༔ རྡོ་རྗེའི་ཆོ་ག་གསུམ་བསྐྱེད་ལ་སོགས་པས་ལྷ་ལེགས་པར་རྫོགས་ནས༔ མཐར་ཚོགས་མཆོད་འདོད་ཡོན་ལ་དགྱེས་པར་རོལ་བ་སྦྱོར་སྒྲོལ་སོགས་རང་གཞན་གྱི་དོན་དུ་ཕྲིན་ལས་རྣམ་བཞིའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བསྒྱུར་བ་དང་༔ རྗེས་སུ་རིལ་འཛིན་དང་རྗེས་གཞིག་གི་བསྡུ་རིམ་གྱི་བར་བྱ་བ༔ རྒྱས་པར་ཆོ་གའི་དོན་ལྟར་ཤེས་པར་བྱའོ༔ ༈ ལམ་འདིས་ཀྱང་བར་དོ་གཞན་སྦྱོང་ཐུབ་ཀྱང་གཙོ་བོའི་དབང་དུ་བྱས་པ་དང་༔ བསྐྱེད་རིམ་འདི་རྫོགས་རིམ་ཆེ་ཆུང་ཐམས་ཅད་ཀྱི་གཞི་དང་༔ འཕོ་བ༔ བདུད་གཅོད་ཐམས་ཅད་ལ་མེད་ཐབས་མེད་པར་ཤེས་དགོས་སོ༔ ༈ གཉིས་པ་བསམ་གཏན་གྱི་བར་དོ་སྦྱོངས་བའི་གདམས་ངག་ནི༔ བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ཐམས་ཅད་ཀྱང་ཡིན་པས་སྤྱིར་གྱུར་པས་ལོགས་སུ་མ་སྨོས་ཀྱང་༔ ལར་གང་ལ་གསལ་བརྟན་གྱི་ཚད་ཐོབ་ནས་སེམས་ཟིན་ཀྱང་གནས་ཆའི་བསམ་གཏན་དང་༔ དེ་ཉིད་སོ་སོའི་ང་རྒྱལ་ལ་སོགས་པ་མ་བྲལ་བར་སྣང་སྟོང་ཟུང་འཇུག་གི་རྣམ་པ་བཀྲ་པར་ཤེས་མཐོང་གི་ཆ་ནས་ལྷག་མཐོང་ཡིན་པས་ཟུར་བ་མི་དགོས༔ ཡང་བསྐྱེད་རྫོགས་གང་གིས་ཀྱང་བསམ་གཏན་སྐྱེ་བར་ནུས་པས་ནའང་ཟུར་བའི་གོ་ས་མ་ཐོབ་པ་དང་༔ གཞིར་སོང་བ་ནའང་༔ དཔེར་ན་ས་བོན་ལས་འབྲས་བུ་གྲུབ་ཟིན་ནས་ས་བོན་ཟུར་བ་མེད་པ་ལྟ་བུའོ༔ ༈ གལ་ཏེ་ཟུར་བ་སྦྱོར་ན་རླུང་ཁྲིད་ལྟར་ཉམས་སུ་བླང་ངོ་༔ འོན་ཀྱང་འདིར་ནི་མཚན་ཉིད་དང་མཐུན་པའི་ཞི་ལྷག་གི་བསམ་གཏན་གཞིར་ལྡན་གྱི་གསང་སྔགས་བསྒོམ་ན་མཆོག་ཏུ་གྱུར་བའི་ཕྱིར་དང་༔ དབང་པོའི་རིམ་པས་བསམ་གཏན་བསྒྲུབ་ཚུལ་དང་གྲུབ་པ་མདོ་སྔགས་དང་༔ དོན་རབ་འབྱེད༔ དེ་བཞིན་གཤེགས་དགེས༔ རྡོ་རྗེ་ལྟ་བུ་ལ་སོགས་ཏིང་འཛིན་ཚད་མེད་པའི་ངོ་བོ་དང་བྱེད་ལས་ཅན་དེ་དག་རྒྱུ་མེད་དུ་མི་འབྱུང་བས་ཕྱིར་ན་རྟེན་དང་བརྟེན་པ་རྒྱུ་དང་འབྲས་བའི་འབྲེལ་འབྱུང་དང་མཐུན་པར་ཐབས་སྣ་ཚོགས་ཀྱང་འགལ་མེད་དུ་བཤད་པ་ཞིག་ལགས་སོ། །སྐབས་འདི་ནས་ཟུར་པའི་གདམས་ངག་རྣམས་འཕྲོས༔ དེ་དག་གིས་བསམ་གཏན་གྱི་བར་དོ་བཤད་གྲུབ་བོ༔ གསུམ་པ་ཉིང་འཁྲུལ་རྨི་ལམ་གྱི་བར་དོ་ལ་བར་དོ་དྲུག་གི་གྲོལ་ཚད་བཟུང་བ་ནི༔ དེ་ཉིད་ཉམས་སུ་བླངས་བས་བསྐྱེད་རིམ་པས་ལྷ་སྐུར་འོད་གསལ་ལས་རྨི་ལམ་གྱི་ལུས་ལྷར་ལྡང་བ་དང་༔ སླར་ཡང་སྟོང་ཉིད་ལ་འཇུག་པ་སྟེ༔ དེ་དག་གི་གནད་ལ་ནམ་ཡང་མི་འཁྱོལ་བ་ཞིག་བྱུང་དུས་ནི་ངེས་པར་བར་དོ་ལ་སངས་རྒྱས་པའམ་མིན་ཀྱང་སྐྱེ་བ་སྤྲུལ་སྐུ་འགྲུབ་པའི་ཚད་དང་༔ ཡང་རྫོགས་རིམ་པས་དཔེ་དོན་གྱི་ཡེ་ཤེས་གང་རུང་ངོ་འཕྲོད་པས་གདམས་ངག་ལས་མ་འཁྲུལ་ན་དེར་རྒྱ་ཆེན་དུ་ལྡང་ནས་གྲོལ་ལམ་༔ མིན་ཀྱང་འཕོ་བས་ཡང་དག་པར་སྟོངས་ཐེབས་པའི་རྟགས་ཡིན་ནོ༔ ཐ་མས་ཀྱང་རྨི་ལམ་འདི་ངོ་ཤེས་པ་དང་སྦྱངས་བསྒྱུར་བཅད་པའི་ཐོག་བརྫིས་ནུས་དུས༔ ཉིན་སྣང་བར་དོའི་འདུན་པ་བྱས་པས་དེ་རྨི་ལམ་དུ་བྱུང་ནས༔ རྨི་ལམ་ཡིན་པར་ཡང་ངོ་ཤེས་ནས་སྦྱངས་བསྒྱུར་བཅད་པ་སྤོག་པའི་སྟོབས་ཀྱིས་རང་ཉིད་རྡབ་མི་ཤོར་བར་རྨི་ངན་ཆོད༔ དེ་བར་དོར་བསྒྱུར་བས་ཀྱང་བར་དོ་ཆོད་དོ༔ ཡང་ད་ལྟ་གདངས་གཉིས་ཀྱི་ཉམས་ལེན་ཉིན་པར་སྦྱངས་པས་མཚན་མོ་དང་འདྲེས་པས་ཆོས་ཉིད་ཀྱི་བར་དོ་ལ་གྲོལ་བ་ཐོབ་པས༔ ཚུལ་དེ་དག་གི་འདྲ་འབགས་གམ་ཚོད་འཛིན་ནི་རྨི་ལམ་ཡིན་པའི་ཕྱིར༔ ད་ལྟ་རྨི་ལམ་ཇི་ལྟར་ལམ་གོམས་རིམ་གྱིས་ཆོད་པ་དེ་བར་དོ་ཡང་དེ་ཙམ་ཡིན་པའི་རྟགས་སུ་གདོད་མི་ཟའོ༔ ཁྱད་པར་དུ་དང་པོ་རྨི་ལམ་ངན་གོམས་མང་བ༔ བར་དུ་བཟང་ངན་སྤེལ་མ༔ ཐ་མ་དག་པ་མང་བས་ངེས་པའི་ཡིད་ཆེས་སྦྱིན་པའོ༔ ༈ བཞི་པ་འཆི་སྲིད་སྡུག་བསྔལ་གྱི་བར་དོ་ལ་བར་དོ་དྲུག་གི་འཕོ་བས་སྟོངས་འདེབས་པ་ནི༔ ལར་བར་དོའི་གདམས་ངག་གང་ལ་ཡང་བསྐྱེད་རིམ་པས་འདའ་ཀ་འོད་ཀྱི་གོང་བུ་དང་སྒྲའི་འཕོ་བ༔ རྩ་རླུང་བས་དཔེའི་འོད་གསལ་གྱི་ངང་དུ༔ ཁྱད་པར་ཤེར་དབང་འོག་སྒོ་བས་འདའ་ཀ་བདེ་སྟོང་དབྱེར་མེད༔ བཞི་བའི་ལམ་པས་གསང་ཆེན་ཕྱག་རྒྱ་ཆེན་པོའི་ཉམས་ལེན་གྱི་ངང་དུ་འཕོ་བ་ལ༔ འདིར་ནི་དེ་དག་དང་གནད་གཅིག་པར་རྣལ་འབྱོར་བ་བསྐྱེད་རིམ་ཞི་ཁྲོའི་བསྒོམ་ཁོག་ལ་གོམས་འདྲེས་ཡོད་པས་སྐྱེ་གནས་བར་དོའི་ཉམས་ལེན་སྐུ་གསུང་ཐུགས་ཀྱི་ངང་དུ་འཕོ་བ་དང་༔ རྫོགས་རིམ་བསམ་གཏན་གྱི་ཉམས་ལེན་པས་དཔེ་དོན་གྱི་འོད་གསལ་ཅུང་ཟད་ཡོད་པ་དེ་དང་༔ ཁྱད་པར་དུ་ཁྲེགས་ཆོད་ཀྱི་ཉམས་ལེན་ཡོད་པས་གྲོང་འཕོ་གྲོང་འཇུག་དང་༔ ཐོད་རྒལ་བས་ཡུལ་དང་གནས་ལ་འཇུག་པའི་འཕོ་བ་རྣམ་དག་གི་དང་༔ སྲིད་པ་བར་དོ་ལ་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཕོ་བའམ༔ འདུ་ཤེས་དྲུག་ལྡན་གྱི་འཕོ་བ་དག་གི་ལམ་གང་ཡང་རུང་བས་རྨི་ལམ་དུ་འོད་གསལ་འཕོ་བ་དང་བཅས་ཏེ་སྔར་གདམས་ངག་གི་གནད་བཞིན་ནོ༔ ༈ ལྔ་པ་ཆོས་ཉིད་སྐུ་གསུམ་གྱི་བར་དོ་ལ་བར་དོ་དྲུག་གི་འབྲས་བུ་རང་ས་བཟུང་བ་ནི༔ ཡང་དག་པར་གྲོལ་བའི་དབང་དུ་བྱས་ན༔ བསྐྱེད་རིམ་པ་སྣང་བའི་བར་དོ་ལ་ཆོས་ཅན་རྟགས་ཀྱི་ལྷ་སྐུ་སྣང་སྟོང་ཟུང་འཇུག་ཆེན་པོར་གྲོལ་བ་དང་༔ རྫོགས་རིམ་པས་ཆོས་ཉིད་དོན་གྱི་ལྷ་སྐུ་སྐུ་གསུམ་ལྷུན་གྲུབ་གྱི་རང་བཞིན་དུ་སངས་རྒྱས་པ་གཉིས་མཐར་གནད་གཅིག་ཟུང་འཇུག་གི་ངོ་བོ་ཉིད་དུ་བྱང་ཆུབ་པ་ལ་དབྱེ་བ་མེད་པས་ན་མཐར་འབྲས་ལ་ཁྱད་མེད་དོ༔ འདིར་ལམ་གང་ལ་ཞུགས་ཀྱང་རང་དབང་ཐོབ་པ་ལས་བར་དོ་འདིར་གྲོལ་བ་ཡིན་ཏེ༔ ལ་ལ་སྐུ་ལ༔ ལ་ལ་འོད་དུ༔ ལ་ལ་ཐིག་ལེ་ལས༔ ལ་ལ་བཞི་སྦྱོར་དུ༔ ལ་ལ་ལྷུན་གྲུབ་ཏུ་གྲོལ་ལོ༔ དེ་དག་ལ་ཁྱད་པར་ཡེ་མེད་པར་ཆོས་ཉིད་ཀྱི་བར་དོར་གྲོལ་བ་ཐམས་ཅད་སངས་རྒྱས་སུ་འགྲོ་ཡང་༔ ཁྲེགས་ཆོད་ཀྱིས་ནམ་མཁའ་ལ་གྲོལ་བས་རྡོ་རྗེ༔ ཐོད་རྒལ་གྱིས་འོད་གསལ་ཟུང་འཇུག་ཚོམ་བུ་གསུམ་ལ་གྲོལ་བས་མངོན་བྱང་༔ རྫོགས་རིམ་པས་བཞི་སྦྱོར་ལ་གྲོལ་ན་ཆོས་སྐུ༔ བསྐྱེད་རིམ་པས་ལྷུན་གྲུབ་ལ་ལོངས་སྐུ༔ རང་བཞིན་སྤྲུལ་སྐུར་གྲོལ་བ་རྣམས་དངོས་འབྲས་ཐུན་མིན་ཡིན་ཡང་དེ་མ་གཏོགས་ཚེ་དབང་བའང་ཟག་ལྡོག་མེད་པའི་ཕྱིར་ལྡོག་མི་སྲིད་པ་དང་༔ གོང་མ་ལམ་ལ་འབད་རྩོལ་ཞི་བ་རྒྱ་ཆེ་ནའང་ཡོད་པས་ན་སངས་རྒྱས་ཀྱི་ས་ཐོབ་ནས་ད་དུང་སྐུ་གཞན་མི་ཐོབ་པ་མི་སྲིད་པ་དང་༔ ལམ་གྱི་རྣམ་པ་ལ་རྨོངས་པའི་སྒྲིབ་པ་མི་སྲིད་པས་ཐ་དད་དུ་བཞག་དཀའ་བར་གྱུར་ཏོ༔ ༈ དགུ་སྲིད་སྲིད་པའི་བར་དོ་ལ་བར་དོ་དྲུག་གི་གྲོགས་སྤྱོད་པས་འཁོར་བའི་སྐྱེ་རྒྱུན་གཅོད་པ་ནི༔ སྐྱེ་གནས་ངན་པ་ལ་མི་འཇུག་པར་ཆགས་པ་བཅད་ནས་ཞིང་ཁམས་འདམ་པའམ༔ སྐྱེ་བ་བཟང་པོ་བླང་ནས་དེ་ཉིད་ལས་ལམ་དྲུག་གི་གང་གོམས་པའི་རྟགས་སུ་བྱས་ནས་སླན་ཆད་སྐྱེ་བ་ཕྱིར་བསྙིལ་བའོ༔ དེ་དག་གིས་ལམ་བཤད་གྲུབ་བོ༔ ༈ དོན་གསུམ་པ་འབྲས་བུ་བདེ་གཤེགས་དྲུག་གི་རྒྱན་སྣང་སད་ཚུལ་ནི༔ སངས་རྒྱས་ཀྱི་ས་དྲུག་མངོན་དུ་བརྙེས་ནས་རང་ཐོག་ཏུ་རང་ས་ཟིན་པ་ཡིན་ཏེ༔ དེ་ལ་མདོར་བསྟན་རྒྱས་བཤད་དོན་བསྡུ་གསུམ་ལས་དང་པོ་ནི༔ དེ་ཡང་གོང་དུ་བར་དོ་དྲུག་གི་གཞི་ཤེས༔ ལམ་གོམས་པ་སྟོབས་སུ་གྱུར་པས་འཁོར་འདས་དབྱེར་མེད་ཀྱི་འབྲས་བུ་མངོན་དུ་གྱུར་ཏེ་ཡེ་སངས་རྒྱས་པ་ལ་ཡང་སངས་རྒྱས་པའི་ཐ་སྙད་སྒྲིབ་པ་བྲལ་འབྲས་ལས་གཞི་རྒྱུད་མ་འགྱུར་བཞིན་དུ་ཡོད་དེ་ལུས་ངག་ཡིད་གསུམ་གྱིས་སྐུ་གསུང་ཐུགས་དང་སྐུ་གསུམ་ལ་སྒྲིབ་པ་བྲལ་བའི་བུམ་པ་ཆག་པས་ནམ་མཁའ་དང་དབྱེར་མེད་དུ་གྱུར་པ་ལྟ་བུ འམ༔ པདྨ་ཁ་ཕྱེ་བའི་དུས་ནང་གི་སྐུ་མཐོང་བ་ལྟར༔ དབྱིངས་ནང་གསལ་གྱི་སྐུ་དང་ཡེ་ཤེས་དང་༔ དེའི་རྩལ་ལས་གདུལ་བྱ་ཡོད་ན་འདུལ་བྱེད་ཀྱི་མཚན་དཔེ་གཞན་སྣང་གི་ལོངས་སྤྲུལ་དང་བཅས་པ་འབད་རྩོལ་མེད་པར་ལུགས་སུ་རང་བྱུང་སྟེ༔ དེ་ལ་རང་བྱུང་གི་ཡེ་ཤེས་ཀྱི་ནང་དབྱིངས་རང་གསལ་བས་ངོ་བོར་སྐུ་ཡོད་པས༔ ནང་གསལ་གསུམ་ནི་ངོ་བོ་སྟོང་པ་ལས་རྡོ་རྗེ༔ རང་བཞིན་གསལ་བ་ལས་མངོན་བྱང་༔ ཐུགས་རྗེ་ཀུན་ཁྱབ་ལས་ཆོས་སྐུ་སྟེ་གཞན་ལ་མི་སྣང་བར་རགས་པའི་ས་ལས་འདས་པའི་ཀ་དག་གཞོན་ནུ་བུམ་པ་ཆོས་སྐུའི་སྐུ་གསུམ་གྱི་རྒྱན་ལས༔ རང་བཞིན་གསལ་པའི་མདངས་ཡེ་ཤེས་ལྔ་དང་༔ དེའི་རྒྱན་དུ་རང་སྣང་ལོངས་སྐུ་དང་༔ དེའི་རྩལ་ལས་ས་བཅུ་པ་ལ་སྣང་བའི་ཕྱེད་སྤྲུལ་ལོངས་སྐུར་སྣང་ལ༔ དེ་ལས་རོལ་བ་སྤྲུལ་སྐུའི་ཚུལ་རྣམ་བཞི་ནི་ཡེ་ཤེས་མཁྱེན་པ་མ་འགགས་པའི་ཐུགས་རྗེ་ལས་ཕྱི་ནང་ལྟ་བའི་ཡེ་ཤེས་དང་བཅས་པ་ཐམས་ཅད་ཤར་བ་དག་དབྱེར་མེད་པ་གཅིག་དང་དུ་བྲལ་བློ་ལས་འདས་པའི་དབྱིངས་རྟག་པ་རང་བྱུང་གི་ཡེ་ཤེས་འགྱུར་བ་མེད་པའི་ཆོས་ཉིད་ཀྱིས་བསྡུས་པས་ན་ཐམས་ཅད་ཀྱང་མཐར་སྡུད་བུམ་པའི་རྒྱལ་པོར་ལྷུན་གྱིས་གྲུབ་པའོ༔ དེ་ལྟ་ན་ཇི་ལྟ་ཇི་སྙེད་ནང་ལྟ་ནི་ཆོས་སྐུ་འབའ་ཞིག་པའི་ཡེ་ཤེས་ཏེ༔ གནད་འདི་མ་རྟོགས་པར་ཐུགས་རྗེ་སྤྲུལ་སྐུའི་ཡེ་ཤེས་སུ་བྱས་ཏེ་མི་འགྲིགས་པ་མང་པོའི་འགལ་བ་སྡུད་དོ༔ གཉིས་པ་བྱེ་བྲག་ཏུ་བཤད་པ་ནི༔ རྟེན་སྐུ༔ བརྟེན་པ་ཡེ་ཤེས༔ མཛད་པ་ཕྲིན་ལས་ཀྱི་རིམ་པས་རྒྱས་པར་བཤད་པ་གསུམ་ལས༔ དང་པོ་ལ༔ གང་གིས་བསྒྲིབ་པ་ནི༔ སྔར་བཤད་པ་ལྟར་ལ༔ གང་བསྒྲིབ་པའི་སྐུ་ནི་ལྔ་སྟེ༔ དང་པོ་དབྱིངས་ནང་གསལ་གྱི་སྐུ་གསུམ་ནི༔ ཆོས་སྐུ་གཅིག་གི་ལྡོག་པ་ནས་བཏགས་པའི་སྐུ་ཡང་མཚན་ཉིད་པ་མཐར་ཐུག་ཏུ་གནས་སོ༔ ཕྱི་མ་གཉིས་གདུལ་བྱ་ལམ་སྣང་གི་སྐུ་ཡིན་པས༔ མཚན་ཉིད་པ་མིན་ཞིང་བཅོས་མ་བཏགས་པ་ཞིག་གོ༔ དེ་ལ་དང་པོ་མི་འགྱུར་རྡོ་རྗེ་ནི་སྐུ་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་མེད་པའི་ཆོས་ཉིད་ཟག་མེད་བདེ་བ་ཆེན་པོ༔ དབྱེར་མེད་ཐིག་ལེ་ཉག་གཅིག༔ རིག་སྟོང་བྱང་ཆུབ་ལས་ཉམས་པ་དང་འཕོ་འགྱུར་མེད་པའི་དོན་མངོན་དུ་གྱུར་པའོ༔ འདི་ནི་སྐུ་ཕྱི་མ་ཐམས་ཅད་ཀྱི་འཆར་གཞི་དབྱིངས་ཀྱི་ཆར་གནས་སོ༔ གཉིས་པ་མངོན་པར་བྱང་ཆུབ་པའི་སྐུ་ནི༔ རང་གསལ་འགགས་པ་མེད་པ་ལོངས་སྐུའི་འཆར་གཞི་སྒྲིབ་གཉིས་མ་ལུས་པ་བྱང་ཞིང་༔ ཡོན་ཏན་རྫོགས་པར་ཆུབ་པ༔ དེ་ཡང་ཕྱི་གསལ་དུ་ནི་མ་འཕྲོས༔ ནང་ན་སྟོབས་སོགས་ཟག་མེད་ཀྱི་ཆོས་ཀུན་མ་ཚང་བ་མེད་པའི་སྤང་རྟོགས་ཀྱི་ཆ་མངོན་དུ་གྱུར་པའི་ཡོན་ཏན་ཅན་ནོ༔ གསུམ་པ་ཐུགས་རྗེ་ནང་ལྟའི་ངོ་བོ་ཡེ་ཤེས་ཆོས་སྐུ་ནི༔ དབྱིངས་ངོ་བོ་སྟོང་པ་རྟག་ཆད་ཡོད་མེད་གཉིས་གཉིས་མིན་སོགས་ཀྱི་མཐའ་ཐམས་ཅད་དང་བྲལ་ཡང་བེམ་སྟོང་བྱང་ཆད་དུ་མ་སོང་བར༔ ཡེ་ཤེས་འགགས་མེད་གཏིང་གསལ་འཆར་གཞི་ཤིན་ཏུ་ཕྲ་བའི་སྙིང་པོ་ཅན་སྤྲོས་པ་མཐའ་དག་ཞི་ལ༔ མཁྱེན་ཆ་ནང་གསལ་ཐིམ་ལ་མ་རྨུགས་པ་མཉམ་བཞག་གི་ཆ་ཡུལ་ཡུལ་ཅན་གྱི་གཉིས་འཛིན་མེད་པ་རྟོག་མེད་ཀྱི་ཡེ་ཤེས་ཁྱད་པར་ཅན་ཞིག་གོ༔ དེ་དག་ལས་ཤར་བ་ནི་ཡེ་ཤེས་ཕྱི་གསལ་གྱི་སྐུ་གཉིས་སོ༔ ༈ དེ་ལ་བཞི་པ་ལོངས་སྐུ་ནི༔ རང་བཞིན་གསལ་བའི་ཡེ་ཤེས་ཀྱི་རང་མདངས༔ ཡེ་ཤེས་ལྔའི་རྒྱན་སྣང་༔ ཆོས་སྐུའི་ངང་ལས་མན་ཤེལ་གྱི་འོད་ཉི་ཟེར་གྱི་རྐྱེན་དང་འཕྲད་པས་གསལ་བ་ལྟར༔ མཚན་དང་དཔེ་བྱད་ཡོན་ཏན་རྒྱ་མཚོའི་གང་བའམ༔ འབྲས་ཆོས་སྣ་ཚོགས་སུ་ཤར་བས་རྒྱལ་ཚབ་རིགས་ལྔའི་སྟོན་པ་སངས་རྒྱས་ཉིད་ཀྱི་རང་སྣང་སྟོང་གཟུགས་ཀྱི་རྣམ་པས་རྟག་པ་རྒྱུན་གྱི་འཁོར་ལོ་སྤྱོད་པ་ཐུན་མིན་ཏེ་རང་སྣང་ཡུལ་ལ་ཤར་ནས་ཕྱི་གསལ་དུ་གཟིགས་པའི་ཆའོ༔ ༈ ལྔ་པ་ཆོས་སྐུ་ཀུན་ཁྱབ་ཀྱི་ཐུགས་རྗེ་ཕྱི་ལྟའི་ཇི་ལྟ་ཇི་སྙེད་པའི་ཡེ་ཤེས་སྐུར་ཤར་བ་ཅིར་ཡང་སྤྲུལ་པའི་སྐུ་ནི༔ རང་ངོར་ལོངས་སྐུ་ལས་མ་གཡོས་ཀྱང་༔ དེ་དང་རྣམ་པ་མཐུན་པར་གཞན་ས་བཅུའི་སེམས་དཔའ་ལ་དེའི་གཟུགས་བརྙན་དུ༔ ཤར་མངོན་དགའ༔ ལྷོ་དཔལ་ལྡན༔ ནུབ་བདེ་ཆེན༔ བྱང་ལས་རབ་གྲུབ་པ༔ དབུས་སྟུག་པོ་བཀོད་པའི་ཞིང་ལྔར༔ སྟོན་པ་རྣམ་སྣང་༔ རྡོར་སེམས་༔ རིན་འབྱུང་༔ སྣང་མཐའ༔ དོན་གྲུབ་རྣམས་ཀྱིས༔ ཆོས་ཐུན་བཞི་བཞི་སོགས་སྟོན་པ་བཞིའི་སྐབས་སུ་བཤད་པ་ལྟར་སྣང་བ་དང་༔ དེའི་ངང་ལས་འགྲོ་འདུལ་སྤྲུལ་པ་ཐུབ་པ་དྲུག་སོགས་རང་རང་གི་གཙོ་བོའི་ཚུལ་གྱིས་མཛད་པ་བཅུ་གཉིས་སྟོན་པ་དང་༔ གཞན་ཡང་སྐྱེ་བ་ཉ་བོ་ཆེ་དང་རྟ་མཆོག་བ་ལ་ཧ་སོགས་གང་འདུལ༔ བཟོ་སྤྲུལ་པ་རིས་སུ་བྲིས་པ༔ འབུར་དུ་བཏོད་པ་སོགས་དང་༔ སྣ་ཚོགས་སྤྲུལ་པ་དཔག་བསམ་གྱི་ཤིང་དང་སྒྲོན་མེ་གྲུ་གཟིང་ནོར་བུ་སོགས་སེམས་ཅན་གྱི་རེ་བ་སྐོང་བ་དག་འབྱུང་བའོ༔ ༈ གཉིས་པ་བརྟེན་པ་ཡེ་ཤེས་རྒྱས་པར་བཤད་པ་ནི༔ སྒྲིབ་པ་གང་བྲལ་བས་སྣང་བ་དང་༔ རྒྱུ་གང་གིས་བྲལ་བས་དང་༔ འབྲས་བུ་གང་མངོན་དུ་གྱུར་པ་གསུམ་ལས་དང་པོ་ནི༔ རྒྱུ་མ་རིག་པ་གསུམ་ལས༔ བདག་ཉིད་གཅིག་པུས་ངོ་བོ་སྟོང་པ་ལ་བསྒྲིབ་པས་དེ་བྲལ་ནས་ཆོས་སྐུ་མངོན་དུ་གྱུར་པ་དང་༔ ལྷན་སྐྱེས་ཀྱིས་རང་བཞིན་འོད་དང་ལོངས་སྐུ༔ ཀུན་བཏགས་ཀྱིས་ཐུགས་རྗེ་ཐིག་ལེ་དང་རིག་པར་བཞུགས་པ་ལ་བསྒྲིབ་པས་དེ་བྲལ་ནས་སྤྲུལ་སྐུ་མངོན་དུ་གྱུར་པའོ༔ དེ་དག་ལས་གཉིས་པ་ལ་བྱེ་བྲག་ཏུ་ཕྱེ་བས་ཡེ་ཤེས་ལྔ་ཡིས་གཟུགས་དང་གཏི་མུག་གིས་ཆོས་དབྱིངས༔ ཞེ་སྡང་དང་རྣམ་ཤེས་ཀྱིས་མེ་ལོང་༔ ང་རྒྱལ་དང་ཚོར་བས་མཉམ་ཉིད༔ འདུ་ཤེས་དང་འདོད་ཆགས་ཀྱིས་སོར་རྟོགས༔ འདུ་བྱེད་དང་ཕྲག་དོག་གིས་བྱ་གྲུབ་ཡེ་ཤེས་ལ་སྒྲིབ་པ་བྲལ་འབྲས་ལས་རང་ཐད་ཀྱི་ངོ་བོ་མངོན་དུ་གྱུར་བའོ༔ ཡང་ཀུན་གཞིས་ཆོས་དབྱིངས༔ རྣམ་ཤེས་ཀྱིས་མེ་ལོང་༔ ཡིད་ཀྱིས་མ ཉམ་ཉིད༔ ཉོན་ཡིད་ཀྱིས་སོར་རྟོགས༔ སྒོ་ལྔས་བྱ་གྲུབ་ཡེ་ཤེས་བསྒྲིབ་པ་རྣམས་བྲལ་འབྲས་ལས་སོ་སོའི་ཐད་ཀྱི་ཡོན་ཏན་གསལ་ལོ༔ ༈ གཉིས་པ་རྒྱུ་གང་གིས་བྲལ་བ་ནི༔ འོད་གསལ་སྟོང་ཉིད་ཀྱི་དོན་ལ་རྫོགས་རིམ་དང་༔ ཁྲེགས་ཆོད་དུ་མཉམ་པར་བཞག་པས་ངོ་བོ་སྟོང་བའི་ཡེ་ཤེས་དང་མི་འགྱུར་རྡོ་རྗེ༔ བསྐྱེད་རིམ་དང་ཐོད་རྒལ་གྱིས་རང་བཞིན་གསལ་བ་དང་མངོན་བྱང་༔ རྩལ་ཕྱིར་གསལ་གྱི་ལོངས་སྐུ་དང་བཅས་པའི་ཏིང་འཛིན་བསམ་གཏན་སྣ་ཚོགས་པའི་འདུ་འཕྲོ་དང་རྫུ་འཕྲུལ་གྱི་རྐང་པས་ཐུགས་རྗེ་ཀུན་ཁྱབ་ཇི་ལྟ་ཇི་སྙེད་པའི་ཆོས་སྐུ་དང་༔ དེའི་རྩལ་ལས་སྤྲུལ་སྐུ་རྣམ་པ་བཞི་ལ་སོགས་པའི་མཛད་པས་འགྲོ་དོན་ཐོགས་པ་མེད་པ་ལ་དབང་བའི་བྲལ་རྒྱུ་བྱེད་པའོ༔ ཡང་རང་བཞིན་གསལ་བའི་ལྡོག་པས་ནང་གསེས་ལས་བཤད་ན༔ ཆོས་ཀྱི་ཚིག་དོན་འཛིན་པས་མེ་ལོང་ཡེ་ཤེས༔ སེམས་ཅན་ཀུན་ལ་མཉམ་ཉིད་བྱང་ཆུབ་ཀྱི་སེམས་བསྒོམ་པས་མཉམ་ཉིད༔ གཞན་ལ་ཆོས་སྟོན་པས་སོར་རྟོགས༔ གཞན་གྱི་དོན་བྱས་པས་བྱ་གྲུབ༔ ཁོ་ན་ཉིད་ཀྱི་དོན་བསྒོམ་པས་ཆོས་དབྱིངས༔ བདེན་གཉིས་ཟུང་འཇུག་གི་དོན་ལ་ཐོས་བསམ་སྒོམ་གསུམ་གྱིས་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་སྟེ༔ དེ་རྣམས་རྟགས་ཀྱི་ཕྱག་རྒྱར་ཤར་བའི་སྐུ་དང་ཞིང་ཁམས་ལ་སོགས་པའི་རྒྱན་སྣང་བསམ་གྱིས་མི་ཁྱབ་པ་ཡང་སངས་རྒྱས་རང་སྣང་གི་ལོངས་སྤྱོད་དུ་མངོན་པར་སྣང་བ་དང་དེའི་རོལ་བ་ལས་སྤྲུལ་སྐུར་ལྷུན་གྱིས་གྲུབ་པའོ༔ ༈ གསུམ་པ་འབྲས་བུ་གང་མངོན་དུ་གྱུར་པ་ནི༔ ངོ་བོ་སྟོང་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་དབྱིངས་ཡེ་ཟུང་འཇུག་གི་དོན་མཁྱེན་པ་དང་༔ རང་བཞིན་གསལ་བ་འགགས་མེད་ཀྱི་དོན་ཁ་དོག་དབྱིབས་མཚན་ལས་འདས་པ་མཁྱེན་པ་དང་༔ ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཇི་ལྟ་ཇི་སྙེད་ནང་ལྟ་སྟེ༔ ཆོས་ཅན་དོན་དང་ཆོས་ཉིད་ཞི་བའི་རྣམ་པ་མཁྱེན་པའི་ཡེ་ཤེས་གཏིང་གསལ་ཕྱིར་མ་འཕྲོས་པ་མངོན་དུ་གྱུར་པ་དང་༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཤེས་བྱ་ཐམས་ཅད་ལ་ཡོད་ཅིང་༔ སྤྲོས་པ་དང་བྲལ་ཡང་སྣ་ཚོགས་པ་མ་ཡིན་པའི་ཕྱིར༔ བརྗོད་བསམ་ལས་འདས་པའི་ངོ་བོར་མཁྱེན་པའོ༔ མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ནི་ཐམས་ཅད་མཁྱེན་པའི་གཟུགས་བརྙན་སྣ་ཚོགས་པ་བྱུང་ཞིང་༔ ངང་གིས་འོད་གསལ་བར་མངོན་པར་འདུ་བྱ་བ་དང་རྩོལ་བ་མེད་བཞིན་མཁྱེན་པ་དང་༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་མཚན་ཉིད་མེད་པར་ཁོང་དུ་ཆུད་ཅིང་བདེ་བ་དང་སྡུག་བསྔལ་རོ་གཅིག་པར་མཁྱེན་པ་དང་༔ སོར་རྟོགས་ཡེ་ཤེས་ཀྱིས་ནི་སྲིད་ཞིའི་ཕུན་ཚོགས་ཐམས་ཅད་དང་རྒྱུ་དང་འབྲས་བུར་བཅས་པའི་ཤེས་བྱའི་ཆོས་རྣམས་ཀྱང་སྤྱི་དང་རང་གི་མཚན་ཉིད་མ་འདྲེས་པར་མཁྱེན་པའོ༔ ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཕྱིར་ལྟ་བའི་ཇི་སྙེད་པའི་འགྲོ་བའི་ཁམས་དབང་བསམ་པ་ཐབས་ལམ་རྒྱུ་འབྲས་སོགས་མཁྱེན་པ་དང་༔ ཇི་ལྟ་བའི་ངོ་བོ་རྣམ་དག་གཞི་མེད་ནམ་མཁའ་ལྟར་མཁྱེན་པ་དང་༔ དེ་གཉིས་མི་འགལ་བར་བདེན་གཉིས་ཀྱི་རིམ་པའི་ཆོས་སྤང་བླང་ཡོད་མེད་དུ་སྟོན་པའི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སོགས་སྟོན་པ་དང་༔ སྤྲུལ་པའི་རྣམ་པ་གང་འདུལ་གྱིས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་དོན་ཐོགས་པ་མེད་པར་མཛད་པའོ༔ ༈ དོན་གསུམ་པ་མཛད་པ་ཕྲིན་ལས་བཤད་པ་ནི༔ རྒྱ་ཆེ་བ་དང་༔ སྣ་ཚོགས་གྲངས་མང་བ་དང་༔ རྒྱུན་རིང་བ་དང་༔ རླབས་ཆེ་བ་དང་༔ དུས་ལས་མི་ཡོལ་བ་ལྔ་ལས༔ དང་པོ་ནི༔ ནམ་མཁའ་དང་མཉམ་པ་མཐའ་ཡས་པའི་སེམས་ཅན་གྱི་གནས་རིགས་ཐམས་ཅད་ལ་ཁྱབ་པར་འཇུག་པའི་ཕན་པ་དང་བདེ་བའི་དོན་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་མཛད་པའོ༔ གཉིས་པ་ནི༔ དེ་ཡང་ཚུལ་གཅིག་ལྟ་བུ་མ་ཡིན་པར་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པ་དང་༔ རྣམ་པ་ཐམས་ཅད་པའི་སྐུ་རྫུ་འཕྲུལ་གྱི་༔ གསུང་རྗེས་བསྟན་གྱི༔ ཐུགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་སྣ་ཚོགས་པས་ལམ་ཐེག་པ་དགུ་ལ་སོགས་པ་ཚད་མ་ངེས་པ་རྣམ་པ་གྲངས་མང་པོའི་ཁྱད་པར་དུ་བྱས་པ་དང་༔ ལོངས་སྐུ་དང་སྤྲུལ་སྐུ༔ ཞི་བ་དང་ཁྲོ་བོ་ཕྲ་མེན་སྣ་ཚོགས་ཀྱི་གཟུགས་དང་སྤྲུལ་སྐུ་རྣམ་པ་བཞིའི་ཕྲིན་ལས་ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པའི་གདུལ་ཐབས་སྟོན་པ་དང་༔ ཕན་བདེའི་ཐབས་ཚུལ་གྱི་རིམ་པ་ཚད་བཟུང་དུ་མེད་པའི་ཕྲིན་ལས་ལ་མངའ་དབང་བསྒྱུར་བའོ༔ གསུམ་པ་ནི༔ དུས་ཀྱི་ཁྱད་པར་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱ་དང་རྒྱུན་མི་ཆད་པར་རྩོལ་མེད་འགོག་པ་དང་བྲལ་བ་ལྷུན་གྲུབ་ཏུ་འབྱུང་བའོ༔ བཞི་པ་ནི༔ ཐབས་དང་སྟོབས་ཀྱི་རྣམ་པ་ཤུགས་བཙན་པོས་འཁོར་བ་དོང་ནས་སྤྲུགས་པ་སྟེ༔ ལྷ་དང་ཚངས་དབང་མིར་བཅས་འགྲོ་བའི་སྟོབས་དང་༔ ཉན་རང་བྱང་སེམས་ཐམས་ཅད་ཀྱི་ནུས་མཐུ་གཅིག་ཏུ་བསྡོམས་པས་ཀྱང་དེ་བཞིན་གཤེགས་པའི་སྟོབས་ཀྱི་ཆ་ཤས་ཙམ་ལ་ཡང་མཚོན་དུ་མེད་པའོ༔ དེ་ལྟ་བུའི་སྒོ་ནས་ཕན་པ་འབའ་ཞིག་མཛད་དོ༔ ལྔ་པ་ནི༔ དེ་ཡང་ལེ་ལོ་ཕྱི་བཤོལ་མ་བརྟགས་པའི་བཏང་སྙོམས་མི་མངའ་བས་སྐད་ཅིག་ཙམ་ཡང་གདུལ་བྱ་འདུལ་བའི་དུས་ལས་མི་ཡོལ་བར་གང་ལ་གང་གིས་དུས་ནམ་དུ་ཆེ་ཆུང་རིམ་པ་ཇི་ལྟར་མཚམས་པས་འདུལ་བ་དེ་ལྟར་འབྱུང་བའོ༔ དེ་ལས་གཞན་དུ་སྐུ་གསུམ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གནས་ཀྱི་དབྱེ་བ་དང་༔ སྐུ་གསུམ་རེ་རེ་ལ་གསུམ་གསུམ་ཕྱེ་ཞིང་ཕུན་སུམ་ཚོགས་པ་ལྔའི་ཁྱད་པར་གྱི་རྣམ་པར་འཕྲུལ་བའི་དབྱེ་བ་སོགས་ཡོད་ཀྱང་འདིར་འདུས་སོ༔ དེས་མཛད་པས་ཕྲིན་ལས་སྤྲུལ་སྐུའི་རོལ་པ་དང་བཅས་པའི་སྒོ་ནས་བསྟན་པའོ༔ ༈ གསུམ་པ་དོན་བསྡུ་བ་ནི༔ དེ་ལྟར་སྐུ་གསུང་ཐུགས་མཛད་པ་དང་བཅས་པ་ཡང་རང་བྱུང་གི་ཡེ་ཤེས་གཞིར་ལྡན་པའི་ཡེ་ཤེས་དྲུག་གིས་བསྡུས་པ་སྟེ༔ ཆོས་དབྱིངས་ཆོས་སྐུ༔ མེ་ལོང་ལོངས་སྐུ༔ མཉམ་ཉིད་རྡོ་རྗེ༔ སོར་རྟོགས་དང་བྱ་གྲུབ་མངོན་བྱང་སྟེ༔ སྤྲུལ་སྐུའི་རྣམ་པ་ཅན་གྱི་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་ཡིན་ལ༔ ཡང་ཆོས་དབྱིངས་དང་མཉམ་ཉིད་ངོ་བོ་སྟོང་པས༔ མེ་ལོང་རང་བཞིན་གསལ་བ༔ ལྷག་མ་གཉིས་ཐུགས་རྗེ་ཀུན་ཁྱབ་ཀྱིས་བསྡུས་པ་སྟེ༔ ངོ་བོ་གཅིག་ཐ་དད་གང་དུ་ཡང་མ་གྲུབ་པའི་རང་བྱུང་གི་ཡེ་ཤེས་རིགས་ཆེན་གཙུག་ཏོར་རྫོགས་པ་ཆེན་པོ་གཅིག་གིས་བསྡུས་པའི་རྒྱན་སྣང་སད་པའམ་མངོན་དུ་གྱུར་པ་ནི་བར་དོ་དྲུག་གི་གདམས་པ་ཉམས་སུ་བླངས་པའི་འབྲས་བུའོ༔ འདིར་མངོན་བྱང་གི་ཡེ་ཤེས་ལས་སྤྲུལ་སྐུའི་རྣམ་པར་བཞག་པ་དང་༔ སྔ་མ་མངོན་བྱང་ཆོས་སྐུ་ལ་བསྡུས་ཤིང་དེའི་མདངས་ལས་ལོངས་སྐུ་འཆར་བར་བསྟན་པ་ནི༔ རྒྱུད་སྡེའི་དགོངས་པ་ཐ་དད་གཅིག་ཏུ་མི་འགལ་བས་ཀྱང་ཡིན་ལ༔ ནང་གསལ་གྱི་སྐུ་གསུམ་ངོ་བོ་དབྱེར་མེད་པ་ཆོས་སྐུ་གཅིག་གི་ལྡོག་ཆའི་དབྱེ་བས་ཆོས་སྐུ་ལས་སྤྲུལ་སྐུ་ཤར་བ་མི་འགལ་བའི་ཚུལ་ཤེས་པའི་ཆེད་དུ་རྣམ་པར་སྤྲོ་བ་གཞན་ཡིན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་བར་དོ་དྲུག་གི་ཁྲིད་ཡིག་འདི༔ སྔ་ན་མེད་པའི་སར་པ་མ་ཡིན་ཡང་༔ རྒྱལ་བའི་དམ་ཆོས་ཀུན་གྱི་སྙིང་པོ་ནི༔ གཅིག་བསྡུས་མན་ངག་ཁྲིགས་སུ་བསྡེབས་ཏེ་བླངས༔ འདི་ནི་གནད་ཀྱི་རོ་ནུས་ལྷན་ཅིག་པར༔ འགལ་མེད་བསྡེབས་ནས་འཐུས་ཀ་ཚངས་པའི་སླད༔ ཉོན་མོངས་ཉེས་ཀུན་འཇོམས་པའི་ལམ་བདེན་སྨན༔ གཞན་ལས་ཁྱད་པར་འཕགས་པའི་ངེས་པ་ཐོབ༔ གཞུང་མང་ཁུར་གྱིས་དུབ་པའི་མགྲོན་པོ་འགས༔ ཆོས་སྨྲས་གོ་དྲེད་ལྟ་བ་ལོག་པ་དང་༔ ཉམས་ལེན་ནོར་གྱིས་དབུལ་བས་བསྲ་སྲེའི་ངག༔ འཆི་ཁ་ཐ་མལ་ལུས་དང་འདི་མི་འདྲ༔ རྣམ་ཤེས་ཡུལ་དུ་བྱེད་པའི་སྒོམ་ཆེན་གྱིས༔ རྟོག་གཟུགས་གོམས་དེ་ཚད་མེད་འཁྲུལ་བསྐྱེད་པ༔ ཤིང་གི་ནོར་བུའི་དགོས་འདོད་རྩོལ་བ་ཡི༔ རྟོག་ཆེན་དེ་དང་ལྟ་བསྒོམ་འདི་མི་མཚུངས༔ སྔོན་ཞིག་ཡོད་ཀྱང་དམ་ཉམས་བར་གྱིས་ཆོད༔ ད་ལྟ་ཕྱེད་ཡོད་ཕྱེད་ཀྱི་བརྒྱུད་པ་ཆད༔ ཉམས་ལེན་ཡང་དག་ཆོས་ལ་དབང་ཟ་བས༔ བདུད་རྩི་རོ་ཉམས་དེ་དང་འདི་མི་མཚུངས༔ བསམ་གཏན་ཏིང་འཛིན་རྩ་བ་བརྟན་པོ་ལ༔ ཤེས་རབ་ལྷག་མཐོང་འདྲིལ་བའི་སྡོང་པོ་རྒྱས༔ བསྐྱེད་རྫོགས་འབྲས་བཟང་གྲུབ་གཉིས་རོའི་བདའ་བས༔ མན་ངག་འདི་ནི་དཔག་བསམ་རྒྱས་པ་ཡིན༔ མ་རིག་མུན་པར་ཡེ་ཤེས་རྩིས་ཐེབས་པས༔ གཞི་ནས་གཞན་བྱུང་འཁོར་བ་ཀ་ནས་དག༔ སྐུ་གསུམ་ཡོན་ཏན་ལམ་དུ་བྱེད་པའི་ཆོས༔ མན་ངག་འདི་ནི་སྣང་གསལ་ཉི་ཟླ་དངོས༔ གཅིག་ཏུ་མ་ཡིན་བརྡ་དང་གདམས་པའི་ཐབས༔ རེ་རེས་ཀྱང་ནི་སྐུ་གསུམ་ལྷུན་གྱིས་གྲུབ༔ ཡིད་བཞིན་ནོར་བུའི་མཆོག་གྱུར་ཕན་བདེའི་གཞི༔ འབྱུང་བའི་བང་མཛོད་བཟང་པོ་འདི་གཅིག་གོ༔ དེ་ཕྱིར་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན༔ གནས་སྐབས་མཐར་ཐུག་འདོད་པ་འཇོ་བ་དང་༔ འཛད་མེད་གོང་ནས་གོང་དུ་འཕེལ་བ་ཡི༔ གདམས་པ་འདི་ནི་གཏེར་ཆེན་བུམ་བཟང་ཡིན༔ ཀྱཻ་ལགས་སྐལ་བ་བཟང་པོ་དགེར་སད་པས༔ འདི་དང་འཕྲད་པ་དལ་འབྱོར་དོན་ལྡན་ཡིན༔ དུས་གསུམ་རྒྱལ་བའི་སྲས་སུ་འཁྲུངས་པ་ཡིན༔ སྲས་ཀྱི་ནང་ནས་ཐུགས་ལས་སྐྱེས་པ་ཡིན༔ གང་གིས་འདི་ལ་བག་ཆགས་བཟང་འཇོག་པ༔ ཉམས་ལེན་སྙིང་པོའི་དབུལ་བར་གྱུར་ན་ཡང་༔ སྲིད་པ་བར་དོར་གདམས་པ་རྗེས་དྲན་ནས༔ དེང་ནས་ཕྱིན་ཆད་སྐྱེ་བ་གཅིག་གིས་ཐོགས༔ གལ་ཏེ་བསྒོམ་ཞིང་ཉམས་སུ་བླངས་པ་ན༔ མི་ལོ་གསུམ་བདུན་ལྔ་ལས་མི་འགྱང་བར༔ གནས་སྐབས་འབྲས་བུ་སྣང་བཞིའི་རིག་པ་འཛིན༔ མཐར་ཐུག་གདོད་མའི་རྒྱལ་སར་གོམ་གཅིག་བགྲོད༔ མགྱོགས་པའི་ཁྱད་ཀྱང་སྐྱེན་པོའི་མདའ་འཕང་དང་༔ ཉན་རང་སངས་རྒྱས་རྫུ་འཕྲུལ་ཅི་བཞིན་དུ༔ འགྲན་གྱི་ཟླ་མེད་འཕུར་འགྲོའི་བརྟུལ་ཞུགས་རྩེ༔ འཕགས་ལམ་མཆོག་གི་རྩེ་སྦྱོར་མཐར་ཕྱིན་འགྱུར༔ དེ་སྐད་མ་ཧཱ་གུ་རུ་པད་འབྱུང་གིས༔ སྙིགས་མའི་འགྲོ་ལ་རྗེས་སུ་བརྩེ་བས་གདམས༔ སྨོན་ལམ་དབང་བསྐུར་གཏད་རྒྱ་གྲོལ་བ་ལས༔ ག་ག་ཨ་བྷྱ་དེ་ཡི་སྐལ་བར་བབས༔ རྡོ་རྗེ་དབྱུ་གུས་རྔ་ཟླུམ་བརྡུང་བ་བཞིན༔ པདྨ་མ་ཏི་དེ་ཡིས་ཡང་ཡང་བསྐུལ༔ སྙིགས་མའི་སྐྱེ་བོའི་ཐེ་ཚོམ་སྒྲིབ་པ་ཡིས༔ དོན་འགྱུར་མིན་པའི་ཡི་མུག་དང་བཅས་སྨྲས༔ འོན་ཀྱང་སྔོན་ནས་སྨོན་ལམ་ཟབ་ཕྱིར་དང་༔ ཉོན་མོངས་ཞིང་སར་གསང་སྔགས་འབྲས་སྨིན་ཕྱིར༔ ཀུན་བཟང་ཐུགས་བསྟན་དུས་ལ་བབས་ཕྱིར་གྱི༔ པདྨའི་ཕྲིན་ལས་གྱི་ནར་ཆུད་མི་ཟ༔ ཚུལ་འདི་གནས་བརྟན་དོན་གྱི་དགེ་སློང་མཆོག༔ འགྱུར་མེད་རྣམ་པར་རྒྱལ་བའི་མཚན་ཅན་གྱིས༔ ཡི་གེའི་འདུ་བྱེད་བརྒྱུད་འཛིན་གང་ཟག་གི༔ བཙས་སུ་བཞག་ཕྱིར་དག་པར་གཏན་ལ་ཕབ༔ བདག་གཞན་འབྲེལ་བཅས་རྣམ་གཡེངས་མེད་ཡིད་ཀྱིས༔ དོན་མེད་དོན་ལོག་ཐོས་རྩོད་ཀུན་སྤངས་ཏེ༔ བསྒྲུབ་པ་ལྷུར་ལེན་སྙིང་པོ་བསྒྲུབ་བརྒྱུད་ཀྱི༔ རང་ལུགས་དྲི་མེད་སྐྱོང་བའི་འཁྲི་ཤིང་ཡིན༔ དགེ་བས་མཐའ་ཡས་འགྲོ་བ་སེམས་ཅན་ཀུན༔ གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་ནས༔ དོན་གཉིས་ལྷུན་གྲུབ་འབྱོར་བ་རྒྱ་ཆེན་པོ༔ ཡོངས་སུ་གྲུབ་པའི་བཀྲ་ཤིས་རྟག་ཁྱབ་ཤོག༔ དགེའོ༔ ༀསྭསྟི༔ རབ་འབྱམས་རྒྱལ་བའི་མཁྱེན་བརྩེ་ནུས་པའི་དཔལ། །གཅིག་བསྡུས་གངས་ཅན་འགྲོ་བའི་སྒྲོན་མེ་མཆོག །སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི། །ཞབས་ལ་དད་བརྒྱས་གཙུག་གིས་རྟག་ཏུ་བསྙེན། །གང་གི་ཐུགས་རྗེ་སྒྱུ་མའི་རོལ་བ་ལས། །ཟབ་གཏེར་བྱེ་བའི་སྒོ་འབྱེད་རྣམ་འཕྲུལ་བ། །ཁྲག་འཐུང་ནམ་མཁའ་འཇིགས་མེད་ཅེས་བྱ་བའི། །དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས། །བར་དོ་དྲུག་གི་ཁྲིད་རིམ་རབ་གསལ་བ། །ཟབ་དང་རྒྱ་ཆེའི་ཆོས་ཚུལ་རྨད་བྱུང་འདི། །གཅིག་ལས་དུ་མ་འཆར་བའི་དཔར་གྱི་འཕྲུལ། །ཉེ་བར་བསྒྲུབས་པའི་དགེ་འབྲས་གངྒཱའི་རྒྱུན། །རྣམ་མཁྱེན་སྐུ་བཞིའི་རྒྱ་མཚོ་ཆེར་བབས་ཏེ། །མ་ལུས་འགྲོ་བའི་དཔལ་དུ་འགྱུར་བར་ཤོག །ཟབ་མོའི་ཆོས་འདིའི་ཕྲིན་ལས་རབ་དཀར་གྱིས། །ཕྱོགས་ཀྱི་འཁོར་ཡུག་མཐའ་དག་ཀུན་ཁྱབ་སྟེ། །འཁོར་བའི་རྒྱ་མཚོ་མ་སྟོང་བར་དག་ཏུ། །སྲིད་པའི་མགོན་དང་མིག་ཏུ་འགྱུར་བར་ཤོག །སརྦམངྒལཾ་བྷ་ཝནྟུ། དགེའོ། །དགེའོ། །དགེའོ།། །།

ཞི་ཁྲོའི་མཚམས་སྦྱོར་མཐོང་བ་རང་གྲོལ།

ཞི་ཁྲོའི་མཚམས་སྦྱོར་མཐོང་བ་རང་གྲོལ་ཞེས་བྱ་བ་བཞུགས་སོ༔

ཀུན་བཟང་ཆེ་མཆོག་ཞི་ཁྲོའི་དཀྱིལ་འཁོར་དང་༔ དམ་པ་རིགས་བརྒྱ་འདུས་པའི་ལྷ་ཚོགས་ལ༔ གུས་པས་ཕྱག་འཚལ་བར་དོར་གྲོལ་བའི་སླད༔ གཤིན་གསོན་རྗེས་འཛིན་དབང་གི་མཚམས་སྦྱོར་སྤྲོ༔ ས་མ་ཡཱ༔ དེ་ལ་གཞུང་གི་དཀྱུས་སུ་ལྷན་ཐབས་ཀྱིས༔ སྦྱོར་མཚམས་མ་ནོར་རེ་བཞིན་འདི་སྐད་དུ༔ དང་པོའི་དགོངས་པ་གནས་པར་གསོལ་བ་གདབས༔ ལས་ཀྱི་རྡོ་རྗེར་དབང་སྐུར་རམ་ཉེ་འབྲེལ་གྱིས༔ ཧོ༔ མི་གནས་པའི་ཡེ་ཤེས་ཆེན་པོའི་བདག་ཉིད་ཞི་ཁྲོ་གསང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དང་། རྩ་བ་དང་རང་བཞིན་གྱི་གལ་མདོ་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་བདག་ཉིད་དབང་བསྒྱུར་རིག་པའི་མཆོག་རྣམས་དགོངས་སུ་གསོལ༔ འཇིག་རྟེན་ལྔ་བའི་ལམ་དུ་སོན་པའི་ཚེ་འདས་འདི་ལས་རྐྱེན་ངན་པའི་དབང་དུ་མ་བཏང་བར་ལམ་སྣ་དང་བསུ་མ་མཛད་དུ་གསོལ༔ ཞལ་བསྟན་དུ་གསོལ༔ བྱིན་གྱིས་བརླབ་ཏུ་གསོལ༔ མཐུ་བསྟན་དུ་གསོལ༔ སྒྲིབ་པ་སྦྱང་དུ་གསོལ༔ གནས་སྤར་དུ་གསོལ༔ ༀ་བཛྲ་སརྦ་ཀ་ས་ཛ་ཧཱུྃ༔ རྟེན་བསྐྱེད་འགུགས་གཞུགས་རྒྱས་པའི་མཐར༔ ཞེས་བརྗོད་པས་ཡེ་ཤེས་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་རང་གཟུགས་འོད་སྣང་ཁ་དོག་ལྔ་དང་ལྡན་པའི་ཁྱིམ་མི་ཤིགས་པ་རྡོ་རྗེའི་ཆོས་བདུན་གྱི་མཚན་ཉིད་ཅན་གྱི་ནང་དུ་བཙུད་པས་དངོས་པོ་ཐོགས་མེད་ཀྱི་རྣམ་ཤེས་དེ་ཉིད་ཀྱང་ཡར་གྱི་ཟང་ཐལ་ལས་གར་ཡང་འཁྱར་དབང་མེད་པའི་རྒྱས་གདབ་པར་གྱུར༔ དེ་ནས་གཤེད་དང་ལྕགས་ཕྲལ་ལ༔ དང་པོའི་དབང་དུ་འདི་སྐད་དོ༔ ༀ་སྭ་ཝ་སོགས༴ སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་དུ་ལན་ཆགས་རྐྱེན་གྱི་ཟས་ནོར་འདོད་དགུ་མ་ཚངས་བ་མེད་པའི་སྤྲིན་མྱོང་རེག་མཐོང་ཐོས་གྲོལ་བའི་ནུས་ལྡན་དུ་གྱུར༔ རཾ་ཡཾ་ཁཾ༔ ༀ་ཨཱཿཧཱུྃ༔ བདེན་བརྗོད་མཐར༔ ཚེ་རབས་ཐོག་མ་མེད་པ་ནས་ལས་ཀྱིས་འབྲེལ་བའི་ལན་ཆགས་བགེགས་རིགས་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་མདངས་འཕྲོག་གཤིན་ལྕགས་གསོན་བདུད་ཐམས་ཅད་ཨ་ཀར་ཤ་ཡ་ཛ་ཛ༔ ཞི་དྲག་གིས་སྦྱངས་ལ༔ ས་དང་ལམ་ལ་༴ གལ་ཏེ་མི་ཉན་པའི་རིགས་རྣམས་ལ་བདག་ཉིད་ཀྱི་ཐུགས་ཡེ་ཤེས་ལྔ་ཡི་རང་གདངས་ཁྲོ་བོ་དང་ཁྲོ་མོ་མཚོན་ཆ་དུག་ཐུན་མེ་ཆར་ཆེན་པོས་བསྡིག་བསད་བསྲེག་གཏུབ་བརླག་པར་འགྱུར་ཏ་རེ༔ དེ་བས་ན་རང་རང་གི་གནས་སུ་བདེ་བར་བཞུད་ཅིག༔ ཧཱུྃ༔ ང་ཉིད་ལྷ་ཡི་༴ སོགས། ཧཱུྃ་བཞི་སོགས་ཀྱིས་བགེགས་བསྐྲད་མཐར༔ ༀ་བཛྲ་རཀྵ་རཀྵ༔ ཞེས་བརྗོད་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཕྱག་རྒྱ་ལྔ་རྣམ་པ་ལྔ་དང་ཁྲོ་བོ་ཁྲོ་མོ་མེ་རི་ཕྱིར་འབར་བས་དཀྲིགས་པའི་ཞུན་འཐར་ལས་སུས་ཀྱང་རྒྱུ་བ་དང་གླགས་མེད་པར་གྱུར་པའི་གུར་ཁང་གི་ནང་དུ་ཚེ་འདས་ཀྱི་རྣམ་པར་ཤེས་པ་ལྷ་དང་བླ་མ་དབྱེར་མེད་པའི་བྱིན་རླབས་ཀྱིས་སྐྲག་དངངས་དང་བྲེལ་བ་མེད་ཅིང་བདེ་བ་ཆེན་པོས་ཁྱབ་པས་བག་ཕེབ་པར་ཆོས་ཉན་པར་བསམ༔ ཞེས་པའི་མཐར༔ ཧཱུྃ༔ ཚེ་འདས་ལུས་བརྗེས་༴ དེ་ནས་ཁྲུས་དང་དུག་ཕྱུང་གྲུབ༔ དེ་རྗེས་ཆོས་བཤད་ལོ་རྒྱུས་ནི༔ འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཟུང་འཇུག་གདོད་མའི་མགོན་པོའི་གོ་འཕང་ལ་དཀྲི་བར་བྱ༔ དེའི་ཆེད་དུ་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དུ་འཇུག་པར་བགྱིའོ་སྙམ་དུ་སེམས་བསྐྱེད་འཚལ༔ འདི་ལའང་ཚེ་ཁྲུས་གནས་གསུམ་གྱི་དགོངས་པས་རིགས་དྲུག་གི་གནས་ནས་དྲངས་པས་བསྒྲིབ་པ་གཏོར་བའམ་དྲི་མ་འཁྲུད་པའི་དབང་གི་རིམ་པའི་ལོ་རྒྱུས་དང་༔ སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་བཞིའམ་སྐུ་བཞིའི་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པ་སྟེ་སྐལ་བ་བླུག་པའི་དབང་གི་ལོ་རྒྱུས་དང་༔ དང་པོའི་རྣམ་གྲངས་གི་ནང་ཚན་ལོ་རྒྱུས་ལ༔ སྔོན་བྱུང་གི་དུས་ན་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་རིགས་ཅན་ཤེས་བྱའི་གནས་ལ་མཁས་པའི་ཕུལ་བྱུང་ཆེན་པོ་ཞིག་བས་མཐའི་དུར་ཁྲོད་ཀྱི་གནས་ན་བསྒྲུབ་པ་ཉམས་སུ་བླངས་ཤིང་བཞུགས་པ་ལ༔ ཡུལ་ཁམས་དེའི་རྒྱལ་པོའི་བུས་སློབ་སྦྱོངས་རྫོགས་པར་བྱས་མཐར༔ ད་ནི་བྲམ་ཟེ་འདི་མ་གཏོགས་ངའི་གོང་ན་སུ་ཡང་མེད་པས༔ འདིའང་གནོན་པར་སེམས་པའི་བསམ་ངན་གྱིས་གནས་པ་ན༔ དུང་ཕྲེང་ཅན་ལ་མཁའ་འགྲོའི་ལུང་བསྟན་ནས་བྲོས་ཤིག་པ་ལས༔ བསྒྲུབ་པ་གལ་ཆེན་དུ་མཛད་དེ་བཞུགས་པ་ན་རེ་ཞིག་གི་ཚེ་རྒྱལ་བུས་བྲམ་ཟེ་མགྲོན་དུ་བོས་ནས་མྱོས་ཆང་བླུད་དེ་མིག་ཁབ་ཀྱིས་གཙགས༔ ལྕེ་ལྕགས་ཀྱུས་དྲངས་ཏེ་སྤུ་གྲིས་བཅད་ལུས་རུས་སྦལ་གྱི་ཁྲག་གིས་བྱུག༔ བུད་མེད་མི་གཙང་བས་ལུས་བརྫི་བཅག་མཉེ་གསུམ་བྱས༔ རྐང་ལག་མཚོན་གྱིས་བཅད་དེ་བཞག་པ་ན༔ བྲམ་ཟེ་དྲན་ཉམས་ལས་སླར་སོས་པས༔ བསམ་མནོར་འདི་སྔོན་ལས་སམ་འཕྲལ་རྐྱེན་གང་ཡིན་ཞེས་བརྟག་བཞིན་སྐྱེས་( གཞིག་བྱས)པ་ན་མཉམ་བཞག་གི་ངོ་ནས་བལྟས་པས༔ རྒྱལ་བུའི་ཕྲག་ཏོག་ཏུ་རིག་ནས་སེམས་འཁྲུགས་ཏེ༔ ཀྱེ་མ་ཀྱེ་ཧུད་ལོ་ཟླ་མང་པོར་རིག་པའི་གནས་ལ་མཁས་པར་བྱས་པའི་ཕན་ལན་གནོད་འཇལ་བྱེད་པ་ཁྱོད་ཀྱང་སྐྱེ་བ་འདིར་ཚེ་ཐུང་ནད་མང་ལུས་གཟིར་ལ༔ ཤི་མ་ཐག་ཏུ་སེམས་ཅན་ལུས་སྲུལ་པོ་དམུས་ལོང་ལྐུགས་པ་མཛེ་ལྷོག་གི་ཤ་བཀྲ་བས་ལྡག༔ ཆུ་བུར་དང་རྐང་ལག་ཞ་འཁུམ་དབུལ་བོ་ཉམས་ཐག་ལུས་ལ་ཤ་ཟའི་ཚངས་བཅས་ཤིང་སྡུག་བསྔལ་བར་སྐྱེས༔ དེ་ནས་ཤི་མ་ཐག་ཏུ་དམྱལ་ཁམས་ཁ་འཁོར་དུ་འགྲིམ་པ་དང་༔ དེ་ལས་ཐར་ནས་ཀྱང་རིགས་དྲུག་རིམ་གྱིས་འགྲིམ་པ་དང་༔ སྐྱེ་བ་ཐམས་ཅད་དུ་འཕགས་པའི་ཞལ་མི་མཐོང་བ་དང་༔ བྱང་ཆུབ་གྱི་མྱུ་གུ་སྔོ་སྐམ་དུ་གྱུར་ཅིག་ཅེས་དམོད་པ་བོར་བས་ཤི་ནས་ལུས་སྲུལ་པོ་དང་༔ དེ་མཐར་དམྱལ་བར་སྡུག་བསྔལ་བ་ལས༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་རྐྱེན་དང་འཕྲད་པའི་ཐུགས་རྗེ་སྐྱེས་ནས་ཀུན་བཟང་དང་སྣང་མཛད་ཀྱི་ཐུགས་ལས་རྡོར་སེམས་དང་ཕྱག་རྡོར་གཉིས་སྤྲུལ་ཏེ་འགྱོད་ཚངས་ཀྱིས་བཤགས་པའི་རྒྱལ་པོ་ན་རཀ་དོངས་སྤྲུགས་སྒྲོགས་ཤིག༔ དེས་ཐར་བའི་མྱུ་གུ་སྨིན་པར་འགྱུར་རོ༔ ཞེས་བསྐུལ་ཞིང་མངགས་པས༔ དེ་གཉིས་ཀའི་གསང་སྔགས་དྲུག་གི་འོད་ཟེར་གྱིས་དྲན་པ་རྣམ་གསུམ་གཡོས་ནས་འགྱོད་པ་སྐྱེས་པ་ན་སྨྲེ་སྔགས་ཀྱིས་གསོལ་བ་བཏབ་པས༔ རྡོ་རྗེ་སེམས་དཔས་འགྱོད་བཤགས་བསྒྲག་བཞིན་རིམ་པར་བུམ་སོགས་ལྷ་དབང་བསྐུར་བ་ན་དམྱལ་བ་ནས་དྲངས་ཏེ་ཡི་དྭགས༔ དེ་ལས་གོར་མོ་རྡོའི་འབུ་སོགས་བྱོལ་སོང་རིགས་བཞི་ཀུན་ཏུ་སྐྱེ་བ་དང་༔ དེ་ལས་ཀྱང་ལྷ་མ་ཡིན་སྒྲ་གཅན་ནག་པོ༔ ལྷའི་གནས་སུ་བྲམ་ཟེ་དགེ་བའི་ངང་ཚུལ་ཅན་ལྷ་མོ་བདུན་དང་བརྩེ་བ་ལས༔ མིའི་གནས་སུ་དྲངས་ཏེ་རིག་པའི་བློ་ཅན་དེ་ལ་དབང་བསྐུར་ནས་རིག་འཛིན་གྱི་གྲལ་དུ་འཁོད་པ་ཡིན་ནོ༔ དེ་ལས་གཞན་ཡང་ཐར་པ་ནག་པོས་སློབ་དཔོན་དང་མཆེད་ཀྱི་དམ་ཚིག་ཉམས༔ གསང་སྔགས་ལོག་པར་སྤྱད་པས་རིགས་དྲུག་འགྲིམས་ནས་མཐར་འབྲས་བུ་ཆེ་བ་མན་ཆད་དབང་དུ་བསྡུས་ཤིང་སྲིད་གསུམ་འཇོམས་པའི་གཤེད་པོར་གྱུར་པའི་ཕུང་ཆེན་གཡོས་པ་ན༔ ཐུགས་རྗེ་སྤྲུལ་པའི་ཁྲོ་བོའི་ཚོགས་ཆེན་པོས་རྔམས་པའི་བརྟུལ་ཞུགས་ཀྱི་བརླིང་སྤྱོད་ཟབ་མོས་འདུལ་ཞིང་༔ དེ་མ་ཐག་ལུང་བསྟན་ཐོབ་པའི་བྱིན་རླབས་ངོ་མཚར་ཕུལ་དུ་བྱུང་བའང་ལྷ་ཚོགས་འདི་དག་གི་རྣམ་རོལ་ལས་གཞན་མིན་པའི་ཕྱིར༔ སྐལ་ལྡན་ཁྱོད་ཀྱང་དེ་ལྟ་བུའི་ངང་ཚུལ་གྱིས་རྗེས་སུ་འཛིན་པའི་ཐབས་ཡངས་པ་རྡོ་རྗེའི་ཐེག་པ་ལ༔ རིང་བརྒྱུད་བཀའ་མ༔ ཉེ་བརྒྱུད་གཏེར་མ༔ བྱིན་རླབས་དག་སྣང་མ་སྟེ་གསུམ་ལས་འདིར་ནི་དཔལ་མཆོག་དང་པོའི་རྒྱུད་ལས༔ རྒྱུད་དང་རྒྱུད་གྱི་རྒྱལ་པོ་གང་༔ ཕྱག་ན་རྡོ་རྗེ་ཁྱོད་ཉིད་ཀྱིས༔ གཏེར་ནས་གཏེར་དུ་བྱུང་སྟེ་བསྩལ༔ ཞེས་དང་༔ ཆུ་ཀླུང་རོལ་པའི་རྒྱུད་ལས༔ ང་ཡི་བསྟན་པ་ཐུགས་ཀྱི་གསང་༔ ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦ༔ ཡང་ན་ས་ཡི་སྙིང་པོ་སྦ༔ ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད༔ ངེས་དོན་དཀྲུགས་པར་འགྱུར་ཏ་རེ༔ ཞེས་པའི་ལུང་གི་ཚུལ་ལྟ་བ་བཞིན་གྱི་གཏེར་སྟོན་ག་གེ་མོའི་གཏེར་བྱོན་ཞི་ཁྲོ་མཚན་འདི་ཞེས་ཟེར་བའི་གཞན་ཕན་རྗེས་འཛིན་གྱི་ལུང་འདིའི་རྗེས་སུ་འཛིན་པ་ཡིན་པས་གསོལ་བ་འདི་ལྟར་དུ་ཐོབ་ཅིག་ཅེས་བྱའོ༔

ཡང་བར་དོའི་ངོ་སྤྲོད།

ཡང་བར་དོའི་ངོ་སྤྲོད་ནི༔

༈ འོ་འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་དུས་ལས་འདས་པ་ཁྱོད་ཉོན་ཅིག ད་ལྟ་ཁྱོད་ལ་སྔར་དང་མི་འདྲ་བའི་སྣང་བ་སྣ་ཚོགས་འཆར་བ་འདི་ཁྱོད་བར་དོ་ལ་འཁྱམས་པའི་རྟགས་ཡིན་ནོ། །དེ་ཡང་ཁར་སང་ཕན་ཆད་ཀྱི་འཇིག་རྟེན་འདི་སྣང་གི་ངེས་པ་འགགས་ནས། ལུས་འོད་དུ་སྣང་བ་དང་། ཕྱི་ས་རྡོ་རི་བྲག་སོགས་ཀྱི་དངོས་པོ་ཐམས་ཅད་ཀྱང་འོད་ཁ་དོག་དཀར་སེར་དམར་ལྗང་དུ་སྣང་ཞིང་། དེའི་ནང་དུ་ཐིག་ལེ་དང་ཐིག་ཕྲན་གྱི་དབུས་སུ་སྐུ་ཞི་བ་བཞི་བཅུ་རྩ་གཉིས་དང་། འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་སོགས་ཀྱི་དཀྱིལ་འཁོར། ཆེ་བ་རི་རབ་ཙམ་ནས་ཆུང་བ་ཡུངས་འབྲུ་ཙམ་གྱི་བར་གྲངས་མེད་པའི་སྐུར་སྣང་བས། གསུང་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུའི་མགོ་བོ་འགས་སྙམ་བྱེད་ཅིང་། དེ་དག་གི་ཐུགས་ཀ་ནས་འོད་ཟེར་མཚོན་ཆའི་རྣམ་པ་གསལ་འཚེར་མིག་གིས་མི་བཟོད་པས་ཁྱོད་ལ་གཟས་པར་སྣང་བ་ལོགས་པའི་མ་ངེས་པ་དེ་དག་ནི་ཆོས་ཉིད་ཀྱི་བར་དོ་ཡིན་པས་ངོ་ཤེས་པར་གྱིས་ལ། སྒྲ་ཡིས་མ་དངངས། སྐུ་ཡིས་མ་སྐྲག འོད་ཀྱིས་མ་འཇིག ཟེར་གྱིས་མ་ཞེད་པར། རང་ལ་གནས་པའི་ཡི་དམ་གྱི་ལྷ་རྣམས། བར་དོར་བསུ་མ་ལ་ཕེབས་པ་རེད། སྐྱབས་སུ་མཆི། ཐུགས་རྗེ་མ་ཆུང་བར། སྤྱིར་ཁམས་གསུམ་འཁོར་བ། དགོས་ངན་སོང་གསུམ། ཁྱད་པར་བར་དོ་འཁྲུལ་སྣང་གི་སྡུག་བསྔལ་ལས་སྐྱོབ་ཅིང་། བདེ་ཆེན་དག་པའི་ཞིང་ཁམས་སུ་འདྲེན་པའི་དེད་དཔོན་དམ་པ་མཛད་དུ་གསོལ། ཞེས་གསོལ་བ་ཐོབ་དང་ལྷ་དེ་དག་གི་ཐུགས་དང་དབྱེར་མེད་དུ་གྲོལ་ནས་སངས་རྒྱས་པར་འགྱུར་རོ། །ཞི་ཁྲོའི་ལྷ་ཚོགས་དེ་རྣམས་རང་ངོ་མ་ཤེས་པས། སྒྲ་འོད་ཟེར་གསུམ་ལ་འཇིག་སྐྲག་སྐྱེས་ནས་བྲོས་པར་བརྩམས་ཀྱང་གང་དུ་ཕྱིན་པར་རྗེས་བསྙེགས་ནས་བྱུང་བ་ན། མཐར་རང་སྣང་བདུད་དུ་ལངས་ཤིང་ཞི་བ་རྣམས་མགོན་པོ་ནག་པོ་དང་། ཁྲོ་བོ་རྣམས་གཤིན་རྗེའི་རང་བཞིན་དུ་སྣང་བ་སྟེ། དེ་ཡང་གཤིན་རྗེའི་གྲོང་ཁྱེར་མེ་འབར་བ། དབུས་སུ་ལྕགས་མཁར་འཇིགས་སུ་རུང་བའི་ནང་དུ་བྱོལ་སོང་གཙོ་བོ་བརྒྱད་ཀྱིས་བཏེག་པའི་ཁྲི་སྟེང་དུ་ཆོས་ཀྱི་རྒྱལ་པོ་ཆེན་པོ་མི་ཡི་ལུས་ལ་མ་ཧེའི་གདོང་ཅན། ཤ་ཚུགས་འཇལ་འཇུར་དུ་ཡོད་པ། སྐུ་ཆེ་བ་རི་རབ་ཙམ། ཡ་སོས་མ་མཆུ་མནན་པ། མིག་ཤེལ་མིག་ཏུ་བདོག་པ། སྐྲ་སྤྱི་བོར་བཅིངས་པ། སྐུ་གསུས་པ་ཆེ་ལ་རྐེ་རྩ་ཕྲ་བ། ལག་ན་ཁྲམ་ཤིང་ཐོགས་པ། ཁ་ན་རྒྱོབ་སོད་ཀྱི་སྒྲ་ཐོག་སྟོང་གསུམ་དུས་གཅིག་ཏུ་འཚེར་བ་ལྟར་སྒྲོགས་པ། གཞན་ཡང་ཡཀྴ་ཕག་མགོ། དར་མ་སྤྲེལ་མགོ། གདུག་པ་སྦྲུལ་མགོ། ཨ་ཝ་གླང་མགོ་ལ་སོགས་པ། འབྲིང་པོ་ན་རི་བདུན་ཙམ། ཆུང་བ་ན་རི་ཕྲན་ཙམ་དུ་འཆར་རོ། །དེ་དག་ཀྱང་འཇིགས་སུ་རུང་བའི་གཟུགས་ཅན། མཚོན་ཆ་སྣ་ཚོགས་ཐོགས་པ། རྔམས་སྒྲས་སྲིད་གསུམ་འགེངས་པས། འཇིག་རྟེན་གྱི་ཁམས་གང་ནས་འོང་ངོ་། དེའི་ཚེ་ལྷན་ཅིག་སྐྱེས་པའི་ལྷས་དགེ་བ་བྱས་ཚད་བསགས་ནས་རྡེའུ་དཀར་པོར་བསྒྲང་ཞིང་། མཉམ་པོར་འོང་བའི་བདུད་ཀྱིས་སྡིག་པ་བསྒྲུབ་ཚད་ཀྱི་གྲངས་རྡེའུ་ནག་པོར་བསྒྲང་ངོ་། །དེའི་དུས་སུ་ཁྱོད་ཤིན་ཏུ་བྲེད་པ་དང་། དངངས་པ་དང་། སྐྲག་པ་དང་། འདར་བར་གྱུར་ནས་ངས་སྡིག་པ་མ་བྱས་ཟེར་ནས་རྫུན་ཟེར་རོ། །དེར་ཆོས་ཀྱི་རྒྱལ་པོ་ཆེན་པོ་ན་རེ། ངས་མེ་ལོང་ཡིག་ཆུང་རྒྱ་མ་གསུམ་ལ་དྲི་གསུངས་ནས། ལས་ཀྱི་མེ་ལོང་བསྟན་དུས་དགེ་སྡིག་གང་བཀྲ་ལམ་མེ་གསལ། ཡིག་ཆུང་བཏོན་དུས། ཐ་ན་རྣམ་རྟོག་དཀར་ནག་ཤར་བ་ཡན་ཆད་ཐེབ་འདུག རྡེའི་ཡང་ལྗིད་རྒྱ་མ་ལ་བཏེག་པས་དགེ་སྡིག་གི་ལྕི་ཡང་ལེགས་པར་ཤར་བ་ན་རྫུན་མ་ཤོང་བར་དགེ་བ་བྱས་པ་རྣམས་ནི་དབུགས་དབྱུང་། གཟེངས་བསྟོད་མཛད་དེ་མཐོ་རིས་སམ་དག་པའི་ཞིང་ཁམས་སུ་སྐྱེལ། །དེ་ནས་སྲིད་པའི་བར་དོ་ལ་འཁྱར་ཏེ། གསོན་གྱི་གནས་སྐབས་ན་མིག་མེད་ཀྱང་། ད་ལྟ་གཟུགས་མཐོང་བ། རྣ་བ་མེད་ཀྱང་སྒྲ་ཐོས་པ་སོགས་དབང་པོ་ཀུན་ཚང་བ། ཤེས་པ་སྔར་བས་བདུན་འགྱུར་གྱིས་གསལ་བ། མངོན་ཤེས་རྫུ་འཕྲུལ་ཕྲ་བ་ཡོད་པ། ཕར་གསོན་པོ་ཐམས་ཅད་མཐོང་བ། ཚུར་རང་གི་རིགས་མིན་པས་མི་མཐོང་བ། ཉེ་འབྲེལ་རྣམས་ཀྱི་དྲུང་དུ་སོང་ནས་བོས་ཀྱང་མི་མཐོང་། མི་ཐོས་པ་ན་རང་ཤི་བ་མི་ཤེས་པར་ང་ལ་གཏམ་མི་སྨྲ་བར་འདུག་སྙམ་དུ་ཞེ་སྡང་ལངས། རིག་པ་རྟེན་སའི་ལུས་མེད་པས་གཡོ་བའི་རླུང་ཁ་རྒྱལ་དུ་སོང་ནས་བྱ་སྒྲོ་རླུང་གིས་ཁྱེར་བ་ལྟ་བུ་དང་། གར་བསམ་པའི་ས་ལ་རྨི་ལམ་ལྟ་བུར་སྐད་ཅིག་གིས་སླེབ་པ། རི་དང་ཁང་ཁྱིམ་ས་རྡོ་རི་བྲག་ལ་ཐོགས་པ་མེད་པ། ནང་གི་ཁམས་དཀར་དམར་མེད་པས་ནམ་མཁའ་ལ་ཉི་ཟླ་མེད་པས་སྣང་མུན་འོད་ཀྱི་བར་དོ་བསྐལ་བའི་མུན་ནག་འཁྲིགས་པའི་ཀློང་དུ། རྡོས་བཅས་རགས་པ་མེད་པས་ས་ལ་རྐང་རྗེས་མེད་ཅིང་། ལུས་ལ་གྲིབ་མ་མེད་པ། གནས་ལ་ངེས་པ་མེད་པར་གྲོག་སྟོང་ལ་སོགས་པ་གང་དུའང་སླེབས། རྟེན་ལ་ངེས་པ་མེད་པ་མཆོད་རྟེན་དང་ཟམ་དུར་སོགས་ལ་བརྟེན། སྤྱོད་ལམ་ལ་ངེས་པ་མེད་པར་སྐད་ཅིག་སྐད་ཅིག་གིས་འགྱུར། སྣང་བ་ལ་ངེས་པ་མེད་པ་བདེ་སྡུག་སྣ་ཚོགས་པར་ཤར། གྲོགས་ལ་ངེས་པ་མེད་པ་ཤི་གསོན་ཐམས་ཅད་དང་འགྲོགས། ཟས་ལ་ངེས་པ་མེད་པ་དྲི་དང་གསུར་ཙམ་གྱིས་ཚིམ་པ་འབྱུང་། དེའི་དུས་སུ་ང་ལ་ཅི་བྱུང་སྙམ་དུ་འཁུ་འཕྲིགས་ཟ་བ་ན། ད་གདོད་ཤི་བ་ཡིན་པར་ངོ་ཤེས་ནས་འཇིགས་སྐྲག་གི་ངང་ལ་བརྒྱལ་ལོག་གིས་འགྲོ། ཅི་ཞིག་ན་བརྒྱལ་སང་བ་དང་། ད་ཇི་ལྟར་བྱ་སྙམ་དུ་སྡུག་བསྔལ་དྲག་པོ་ཉ་བྱེ་ཚན་གྱི་ཐང་ལ་འདྲེ་བ་ལྟར་འབྱུང་། རེས་ལས་ཀྱི་གཤིན་རྗེའི་སྐྱེས་བུ་མཚོན་ཆ་ཐོགས་པ་དང་། སྔར་བསད་པའི་སེམས་ཅན་གྱིས་བདས་པ་ན། གཡང་ས་ཆེན་པོ་མཐོ་ཁྱད་རི་རབ་ཙམ་པ། སྐྱ་ཆད་དེ་བ། ནག་ངམ་མེ་བ། དམར་ཟང་ངེ་བ་དག་ལ་ལྟུང་ནས་སྣང་༼སྣད་༽ བའི་སྡུག་བསྔལ། ཡང་ཞག་བདུན་རེའི་མཚམས་ནས། སྔར་གྱི་འཆི་རྐྱེན་དེས་རེ་རེ་འཆི་བའི་སྡུག་བསྔལ། དཀོར་ཟས་དང་ལན་ཆགས་ཀྱི་བདག་པོ་དང་། སྲོག་བཅད་པའི་སེམས་ཅན་དང་། དོམ་དང་བུ་ལོན་གྱི་བདག་པོ་མང་པོའི་ལག་པ་ཟེད་ནས་བདས་པ་དང་། རྗེས་ཟིན་ན། ཤ་སྤར་ཆོད་དུ་ཟ་བ་ལ་སོགས་པས་སྡུག་བསྔལ་ཞིང་། ཡང་ཉེ་འབྲེལ་དང་གདུང་བ་ཀུན་གྱི་དྲུང་དུ་སོང་ནས་ཁྱོད་མ་ངུ་། ང་འདི་ན་ཡོད་ཅེས་སྨྲས་ཀྱང་མ་ཐོས་པས། ད་ནི་ངེས་པར་ཤི་ནས་འདུག་སྙམ་ནས་སྡུག་བསྔལ། ངས་ལུས་ཤིག་ཐོབ་ཐབས་ལ་ཅི་དྲག་སྙམ་ནས་ཐམས་ཅད་དུ་ལུས་ཚོལ་དུ་འགྲོའོ། །ཡང་སྔར་གྱི་ལུས་དེ་ཡོད་དམ་སྙམ་དུ་འོང་ཡང་ལོགས་ས་མ་རྙེད་པས་སྡུག་བསྔལ། ལུས་དེ་མེས་ཚིག་པ། ཆུས་ཁྱེར་འབུས་གཡེང་ནས་མེད་ཅིང་མ་མཐོང་ན་དགའ་སྣང་ཤར། ལུས་མེད་པས་སྡུག་བསྔལ་ནས་རི་བྲག་ས་རྡོ་ཐམས་ཅད་ཀྱི་ནང་དུ་འཚང་ངོ་། །སྐྲག་སྔངས་ཆེ་བས་བླ་མ་དང་མཆོད་གནས་རྣམས་ཀྱི་དྲུང་དུ་ཕྱིན་ཀྱང་མ་མཐོང་ཞིང་། ཕན་མ་བྱུང་བས་ཡིད་ཆད། བླ་མཆོད་ཀྱི་རློམ་སེམས་སྐྱེས་པ་སོགས་བར་དོའི་རྣམ་ཤེས་སྣང་བ་དགུ་འགྱུར་གྱིས་ཤེས་ནས། ལོག་ལྟ་དང་ཞེ་སྡང་། རྒྱུ་རྫས་གཞན་གྱིས་ཐོབ་ཤ་བྱེད་པ་ལ་ཕངས་སེམས་དང་ཁོང་ཁྲོ་སྐྱེ། དེ་ལྟར་སྲིད་པའི་བར་དོ་ཤིན་ཏུ་སྡུག་བསྔལ་བ་ཞག་ཉི་ཤུ་རྩ་ལྔ་གཅིག་ཏུ་འོང་ངོ་། །དེ་ནས་འཁྲུལ་བའི་བར་དོ་ལ་ལུས་འབྱུང་བ་ལྔ་ལ་གཡར་བས། ནམ་མཁའི་སྣང་བ་ལུས་གཡང་ལ་ལྷུང་བ་ལྟ་བུའི་སྡུག་བསྔལ་ཞག་ལྔར་མྱོང་ངོ་། །དེ་ནས་སའི་སྣང་བ་ལུས་ས་འོག་ཏུ་ཆུད་པ་ལྟ་བུ་དང་། རིའི་འོག་ཏུ་ནོན་པའི་སྡུག་བསྔལ་ཀྱང་ཞག་ལྔ། ཆུ་ཆེན་པོའི་ཁྱེར་བ་དང་། ཆུའི་ནང་དུ་ཞག་ལྔར་འཁྱགས་པ་ལ་སྡོད་དོ། །མེ་ཆེན་པོའི་ནང་དུ་ཞག་ལྔར་བསྲེག་གོ ། དེ་ནས་རླུང་གིས་གྲང་ཞིང་ཐམས་ཅད་དུ་ཁུར་བ་ལ་ཞག་ལྔར་སྡོད་དོ། །དེ་ལྟར་ཞག་ཉེར་ལྔ་ལ་སྡུག་བསྔལ་ལོ། །དེ་ནས་རྫོགས་ལྡན་མུན་པའི་རྒྱལ་ཁམས། ཉིན་མཚན་གྱི་སྣང་བ་མེད་པར་མུན་ནག་འཐིབ་པའི་ནང་ན་ཞག་བདུན་དུ་སྡོད་དོ། །དེ་ནས་དམྱལ་བར་སྐྱེ་བའི་སྔ་ལྟས་སུ་ལུས་བལ་ནག་རླུང་གིས་གཡེང་པ་ལྟ་བུ་དང་། མགོ་ཐུར་དུ་བསྟན་ནས་འགྲོ་བའི་སྣང་བ། གནས་མེ་ཆུའི་ནང་དུ་འདུག་པ། སྣང་བ་ཚ་གྲང་ལ་སྲེད་པ། ཡི་དྭགས་སུ་མགོའི་ལྟ་ཕྱོགས་དེ་དང་མཐུན་པ་ལ། ལུས་སྤྲིན་སེར་པོ་ཉི་མ་ཤི་བའི་མདོག གནས་འཇག་མའི་བྱིལ་བུའམ་གྲོག་སྟོང་དུ་ཡོད་པ་དང་། སྣང་བ་ཟས་ལ་འདོད་པ་སྐྱེ་བ། དུད་འགྲོར་སྐྱེ་བའི་སྔ་ལྟས་སུ་མགོ་འཕྲེད་དུ་བལྟ་བ། ལུས་ཁྲག་བཙོའམ། བལ་ནག་རླུང་གིས་གཡེང་བ། གནས་གྲོག་པོ་ཕུག་རྡུགས་སུ་ཚུད་པར་སྣང་བ། བླུན་རྨོངས། ལྷ་མ་ཡིན་ལ་སྐྱེ་བའི་སྔ་ལྟས་སུ། ལུས་མགལ་མེའི་འཁོར་ལོ་ལྟ་བུ། གནས་ཆར་སྨུག་པ། སྣང་བ་ཕྲག་དོག་མནར་སེམས། ལྷར་སྐྱེ་བའི་སྔ་ལྟས་སུ་ལུས་ལོ་བརྒྱད་ལོན་པའི་ན་ཚོད་འདྲ་བ། གོས་དང་བཅས་མགོ་གྱེན་དུ་བལྟ་བ། སྣང་བ་འདོད་ཁམས་སུ་སྐྱེ་ན་གཟུགས་ལ། གཟུགས་ཁམས་འོད་ལ། གཟུགས་མེད་སྟོང་བྱད་༼ཆད་༽ཀྱི་ཉམས་ལ་དགའ་གདུང་སྐྱེ། གཞལ་ཡས་ཁང་གི་ཡང་ཐོག་ན་འདུག་པར་སྣང་བ་དང་། མིར་སྐྱེ་ན། ལུས་མིའི་གཟུགས་མགོ་གྱེན་བསྟན། སྐྱེ་བོ་འདུས་པའི་ཅ་ཅོ་ཐོས་པ། ནམ་རྨུག་པའི་ནང་ན་འདུག་པར་སྣང་ངོ་། །སྐྱེ་གནས་དེ་དག་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པའི་མཚངས་ཤེས་པས་གང་ལའང་མ་ཆགས་པར། ཇི་ལྟར་བསྟན་པའི་ལམ་ལ་ཐེ་ཚོམ་མེད་པར་སོང་ཞིག ཅེས་སོ། །འཕོ་བ་སོགས་དང་སྦྲེལ་ན། མགོན་པོ་འོད་དཔག་མེད་ལ་གནས་པོའི་འདུ་ཤེས་ཞོག་ཅིིག རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚོགས་ལ་བསུ་མའི་འདུ་ཤེས་ཞོག་ཅིག ཁྱོད་རང་གི་རྣམ་ཤེས་ལ་མགྲོན་པོའི་འདུ་ཤེས་བསྐྱེད་ལ། ཞིང་མཆོག་དེ་རུ་ད་ལ་ལ་སོང་ཤིག ལར་བསྐལ་བ་གྲངས་མེད་ནས་སྐྱེ་འཆིའི་འཁོར་བ་ཁ་བརྒྱུད་ཀྱང་ཐམས་ཅད་དོན་མེད་དུ་བས་སོ། །ད་རིས་སངས་རྒྱས་ཀྱི་བསྟན་པ་ཡོད་པའི་ཞིང་དུ་སྐྱེས། དམ་པའི་ཆོས་ཀྱི་རྒྱབ་དཔུང་བསྐྱེད། འཕགས་པའི་དགེ་འདུན་རྣམས་ར་མདར་སྦྲན་དུ་ཡོད་པའི་དུས་སུ་འཆི་འཕོ་བ་འདི་ལ་བརྟེན་ནས། གཏན་བདེ་སངས་རྒྱས་ཀྱི་ས་ལ་བགྲོད་དུ་ཡོད་པ་ལ་དགའ་བ་སྒོམས་ཤིག སེམས་ཁོང་དུ་ཆུད་པར་མ་བྱེད་པར་དཔའ་གདེང་སྐྱེད་ཅིག ཁྱད་པར་དུ་སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་ཆོས། མ་བསྒོམས་པར་གྲོལ་བའི་ཐབས་མཐོང་གྲོལ་འཁོར་ལོ་ཐོས་གྲོལ་འཕོ་བ། བཏགས་གྲོལ་ཙཀྲ། རེག་གྲོལ་མུ་དྲ། མྱོང་གྲོལ་དམ་རྫས་ལྔར་ཡོད་པའི་སྤྱི་ཕུད་ཐུགས་རྗེ་ལྕགས་ཀྱུའི་འཕོ་བ་འདེབས་པའི་སྐབས་སུ་བབས་པས་དམིགས་པ་འདི་བཞིན་དུ་མཛོད་ཅིག །གམ། ཡང་དབང་བཤད་ལྟ་བུ་ལ་སྔར་གྱི་གང་ལའང་མ་ཆགས་པར་ཇི་ལྟར་བསྟན་པའི་ལམ་ལ་ཐེ་ཚོམ་མེད་པར་སོང་ཞིག ཅེས་བརྗོད་དོ། །ཞེས་པ་འདི་ཡང་བཟོ་སྐོམ་ངོར་ག་གས་སོ།། །།

དེ་ཡང་ཨོ་རྒྱན་ཆེན་པོས་སོགས།

༈ དེ་ཡང་ཨོ་རྒྱན་ཆེན་པོས་གསོལ་འདེབས་འདི་འདས་རྗེས་མན་ངག་རྣམས་ལྟར་ལ། བག་ཆགས་རང་གྲོལ་དང་། སྒོམ་རིམ་ལྷན་སྐྱེས་ལས་བྱང་རྣམས། ཚིག་གསུམ་པའི་རྒྱུད་དང་། མན་ངག་སྙིང་དགོངས་ཀློང་གསལ་རབ་འབྱམས། སྒྲོན་མ་སྣང་བྱེད་གསང་སྙིང་དོངས་སྤྲུགས་ལ་སོགས་གསང་བདེ་འཇིགས་བྱེད། ཀྱེ་བདེ་དུས་འཁོར་སོགས་རྒྱུད་མཐའ་དག་གི་དཀྱིལ་འཁོར་རིགས་འདུས་པར་སྡེབ། བརྒྱ་ཕྱག་ནི་ཞི་ཁྲོ་སྤང་སྐོང་དང་བཤགས་རྒྱུད་ལས་སྡེབ། ཀློང་བཤགས་ནི་བཤགས་རྒྱུད་དང་དགོངས་འདུས་ལས་སྡེབ་སྐོང་བཤགས་ནི་དོངས་སྤྲུགས། གཟུངས་མཆོག་དང་། གསང་འདུས་དབང་མཆོག་གི་རྒྱུད་ལས་སྡེབ། ཁྲུས་ཆོག་དབང་དང་བཅས་པ་དོངས་སྤྲུག་དང་། རྫོགས་པ་རང་བྱུང་སོགས་ཀྱི་དོན་བསྡུས་སུ་སྡེབ་སྟེ། སྦྱིན་སྲེག དབང་རྒྱས་འབྲིང་བསྡུས་དེའི་ནང་དུང་ཕྲེང་ལོ་རྒྱུས་བྱུང་མཆན། གསུམ་དང་། བསྐྱེད་རིམ་གྱི་རྒྱུ་ལུས་ཕྱོགས་སུ་ཉམས་སུ་བླངས་ནས། ཉམས་ལེན་ཨ་ཏིའི་མ་ཧཱ་ལྟར་དང་། མཆོག་དབང་གསུམ་དང་། ལུས་དཀྱིལ་སྒོམ་རིམ། བག་ཆགས་རང་གྲོལ། འོག་སྒོ་བདེ་བ་ཆེན་པོ་སོགས་ཨ་ནུའི་ཉམས་ལེན། རིག་པ་རང་གྲོལ། གཅེར་གྲོལ་རང་གྲོལ། བསམ་གཏན་བར་དོའི་ཁྲིད་རྣམས་ཕྱག་རྫོགས་ཐུན་མོང་གི་ཉམས་ལེན། སྐུ་གསུམ་ངོ་སྤྲོད་ཐོད་རྒལ་སྒྲོན་དྲུག་སོགས་ཡང་ཏི་དང་། སྤྱི་ཏི་བཅུ་བདུན་རྒྱུད་ཀྱི་ལུགས་ལྟར་མན་ངག་གི་སྡེའི་ཉམས་ལེན། དེ་དག་ལ་བརྟན་པ་གདེངས་སུ་མ་གྱུར་ན། འདའ་ཀ་མའི་མན་ངག་འཕོ་བའི་སྐོར། འཕོ་བ་མ་ཐེབ་ན་སུན་(བསུ་་) མ་ལྟ་བུའི་ཆོས་ངོ་སྤྲོད་ཐོས་པ་རང་གྲོལ། དེ་དག་དང་མ་འཕྲད་ན་རིགས་དྲུག་གི་གནས་འདྲེན་ཕུང་པོ་བསྲེགས་སྦྱངས་ལས་བཞིའི་སྦྱིན་སྲེགས་རྣམས་ཀྱིས་ལམ་ཁ་ཚང་བ་འདི་མཛད་དེ། དེ་ཡང་བར་དོ་དྲུག་གི་ཉམས་ལེན་ནུས་པའི་བརྩོན་འགྲུས་ཅན་ལ། རང་རྒྱུད་འདུལ་སྦྱོངས་སྔོན་འགྲོའི་རྒྱུད་དག་པར་བསྒྲུབ་སྐྱེ་གནས་བར་དོའི་ཁྲིད་ཀྱིས་ཞི་ལྷག་ངོ་སྤྲད། བསམ་གཏན་གྱིས་ཉམས་ལེན་བསྐྱངས། སྒྲོན་དྲུག་གི་ཁྲིད་ཀྱིས་སྣང་བཞི་ངོ་སྤྲད་དེ། གསལ་བའི་བོག་འདོན་དུ་བྱས། འོག་སྒོས་བདེ་བའི་བོགས་འདོན་དུ་བྱས། གཏི་མུག་ལམ་ཁྱེར་གྱིས་མི་རྟོག་པའི་བོགས་འདོན་ཕྱིར་གསུངས་པས། བསྐྱེད་རིམ་ཀྱིས་སྐྱེ་གནས་སྦྱོངས། རྫོགས་རིམ་འོད་གསལ་གྱིས་འོད་གསལ་སྡུད་རིམ། ཁྲེགས་ཆོད་ཀྱིས་འོད་གསལ་ལས་ཟུང་འཇུག་ཏུ་འཆར་དཀའི་ཀ་དག་གི་འཆར་རིམ། ཐོད་རྒལ་གྱིས་ལྷུན་གྲུབ་སྣང་བའི་བར་དོའི་གདམས་པ། སྲིད་པ་བར་དོའི་ཉམས་ལེན། འོག་སྒོ་མངལ་སྒོ་འདམ་དགགས་རུ་ལོག་གིས་བྱས་དེ་ཀུན་གྱིས་བསྐྱེད་རྫོགས་ཀྱི་གཞི་བསམ་བསྟན་བར་དོའི་ཁྲིད་ཀྱིས་འདིང་ཕྱིར། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་དང་བར་དོའི་རྒྱུད་ལས་ཁ་བསྐང་སྟེ་ཏིང་འཛིན་བར་དོ་བསྟན། ལམ་གྱི་ཚོད་འཛིན་དུ་རྨི་ལམ་བར་དོའི་རྒྱུད་དང་འཇམ་དཔལ་རྩ་རྒྱུད་ལས་སྡེབ་ཏེ་ཁ་བཀང་། ཀུན་གྱི་བློ་ཚོད་འཕོ་བའི་གདམས་པ་འཆི་ཁའི་གདམས་པ་གཙོ་བོར་བྱས་པ་སྟེ། མདོར་ན་ཕ་རྒྱུད་ཀྱི་བསྐྱེད་རིམ་དང་། རླུང་གི་རྫོགས་རིམ་སྒྱུ་ལུས། མ་རྒྱུད་ཀྱི་འོད་གསལ་འཆར་བའི་ཐབས་ཐིག་ལེའི་རྫོགས་རིམ། གཉིས་མེད་རྫོགས་ཆེན་གྱིས་དེ་དག་ཟུང་འཇུག་གི་སྟེང་དུ། ཤིན་ཏུ་རྣམ་པར་དག་པའི་དོན་འོད་དང་ཟུང་འཇུག་གི་སྒྱུ་ལུས་ཀྱིས་མངོན་དུ་བྱེད་པའི་བསྐྱེད་རྫོགས་རིམ་གཉིས་ཟུང་འཇུག་ལ་རིམ་ལྔ་སྦྱོར་དྲུག ཆོས་དྲུག་རྣལ་འབྱོར་བཞི་བསྲེ་བ་སྐོར་དགུ་མ་རྒྱུད་ཀྱི་འཕོ་སྐོར་དགུ། རྫོགས་ཆེན་སྙིང་ཐིག་གི་རྒྱུད་ཐམས་ཅད་ཀྱི་རྩོལ་བཅས་རྩོལ་མེད་རང་བཞག་གི་རྫོགས་རིམ་ཐམས་ཅད་མདོར་འདུས་ལ་ཆིངས་ཆེ་བ་ཁ་འདུམ་ལ་ཆོད་ཆེ་བ། གནད་ཟབ་ལ་ཐབས་བདེ་བླག་ཏུ་རྫོགས་པར་བསྡུས། དཀྱིལ་འཁོར་འདིར་དབང་དང་བསྙེན་སྒྲུབ་ཐད་ན་དཀྱིལ་འཁོར་ཐམས་ཅད་དུ་དབང་ཐོབ། བསྙེན་བསྒྲུབ་ཐེབ་པ་ཡིན་ཏེ། རྣམ་སྣང་གིས་ཀུན་རིགས། རྡོར་སེམས་ཀྱིས་གསང་འདུས། སྣང་མཐས་ཚེ་དབང་ཞིང་དབང། ཆེ་མཆོག་གིས་དུས་འཁོར། བཛྲ་གྱིས་དགྱེས་རྡོར། པདྨས་བདེ་མཆོག ཀརྨས་ཕུར་པ། རཏྣ་དང་འཇམ་དཔལ་ཞི་དྲག་གིས་གཤིན་རྗེའི་གཤེད། ཐུགས་ཆེན་གྱིས་མ་ཎི་དང་དེའི་སྒྲུབ་པ། ཕྱག་རྡོར་གྱིས་དེའི་དབང་བསྒྲུབ། རྟ་མགྲིན་གྱིས་དེའི་དབང་བསྒྲུབ་ཡུམ་ཆེན་ཞི་ཁྲོ་ལྔས་ཕག་མོ། ཁྲོས་མ་ཡུམ་ཆེན་མོ། སྒྲོལ་མའི་མཎྜལ་བཞི་ཆོག་དང་དབང་བསྒྲུབ་རྣམས། སྟེང་མུ་ཁའི་སེང་གདོང་མའི་དབང་བསྒྲུབ། ཐུབ་དྲུག་གིས་སངས་རྒྱས་སྟོང་དབང་དང་སྒྲུབ་པ་དབང་མོས་དྲེགས་པའི་སྡེ་དཔོན་སོགས་ཆོས་སྐྱོང་ཐམས་ཅད་ཀྱི་སྲོག་དབང་ཐོབ་ནས་བསྒྲུབ་པ་ཚངས་སོ། །དེ་ལས་སྒྲུབ་སྡེ་བཀའ་བརྒྱད་ཀྱི་དབང་དང་སྒྲུབ་ཐབས་ཀྱང་རྒྱས་པར་རྫོགས་ཏེ། འཇམ་དཔལ་སྐུ་ནི་རཏྣ། པདྨ་གསུང་ནི་རྟ་མགྲིན། བདུད་རྩི་ཡོན་ཏན་ནི་ཆེ་མཆོག་འཁྱིལ་པ། ཡང་དག་ཐུགས་ནི་བཛྲ། ཕུར་པ་ཕྲིན་ལས་ཀརྨ། དམོད་པ་དྲག་སྔགས་ཀྱི་གཙོ་བོ་སྟོབས་ཆེན། གནས་ཡུལ་སྒོ་དབང་གིས་སྲིད་པ་མ་མོའི་དཀྱིལ་འཁོར་དང་། སྡེ་བདུན་སོགས་ཀྱིས་འཇིག་རྟེན་མཆོད་བསྟོད། ལུས་དཀྱིལ་གྱིས་རིག་འཛིན་དཔའ་བོ་བརྒྱད་དང་། ལྷ་སོ་སོའི་རིགས་བདག་གིས་བླ་མ་རིག་འཛིན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་སྟེ། འདི་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་རིགས་འདུས་པའི་དབང་ཡིན་པས། ཉི་མ་དང་འོད་ཟེར་འདུ་འབྲལ་མེད་པ་ལྟར་རང་རྩལ་གྱི་འཁོར། བཀའ་བརྒྱད་ཀྱི་བདུན་བརྒྱ་ཉེར་ལྔ། དུས་འཁོར་གྱི་སྟོང་དང་བརྒྱད་ཅུ། བདེ་མཆོག་ཡིན་ནམ་དཔྱད། སྡོམ་པ་ཆེ་ཆུང་གི་སོ་དྲུག་དང་དོན་གཉིས། གསང་འདུས་ཀྱི་ཉིས་བརྒྱ་སོ་དྲུག སྒྱུ་འཕྲུལ་གྱི་ཉིས་བརྒྱ་བདུན་ཅུ་རྩ་བཞི་སོགས་ལྷ་ཐམས་ཅད་ཀྱི་དབང་དང་སྒྲུབ་ཕྲིན་འདི་ལ་འདུས་པར་མཛད་ནས། རྒྱུད་ཐམས་ཅད་ཀྱི་སྤྱིའི་ཆོ་གར་བསྒྲིགས་ནས་གཅུས་དཀྲུགས་གབ་པའི་གནད་བསལ་བ། པདྨའི་རང་ལུགས་དམ་པའོ། །ཞེས་པ་ལྟར་དང་། རྡོ་རྗེ་འཆང་གིས། ང་སྤྲུལ་རིག་འཛིན་དམ་པ་སྡེབས། གསུངས་པ་ལྟར་མཛད་དེ། བོད་ཀྱི་རྒྱལ་པོའི་ཐུགས་དམ་དུ་བསྩལ་ཞིང་། སླར་གཏེར་དུ་སྦས་པ། དུས་ཕྱིས་པདྨའི་ཕྲིན་ལས་ཀྱི་སྤྲུལ་པ་ཀརྨ་གླིང་པས་གཏེར་ནས་དྲངས་ཏེ་བསྩལ་བ་འདིའི་དགོས་པ་ནི། ཆུ་ཀླུང་རོལ་པའི་མདོ་ལས། ང་ཡི་བསྟན་པ་ཆོས་ཀྱི་གཞུང་། །ཐུགས་ནས་ཐུགས་ཀྱི་དཀྱིལ་དུ་སྤོས་( སྦོས)། །ཡང་ན་ས་ཡི་སྙིང་པོར་བྱ། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། ངེས་དོན་དཀྲུགས་པར་འགྱུར་ཏ་རེ། དེའི་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད། །ཅེས་དང་། མདོ་ལས། དོན་ལ་ངེས་པའི་གདེངས་རྙེད་ན། །སེམས་ལ་ཆོས་གཏེར་འབུམ་ཕྲག་རྡོལ། །ཞེས་དང་། རྒྱུད་དགོངས་འདུས་ལས། སུ་ཞིག་ཐུགས་ཀྱི་དཀྱིལ་འཁོར་དུ། །གཏེར་དུ་ལྡན་ནོ་སྐལ་བ་ཆེ། །ཞེས་དང་། དཔལ་མཆོག་གི་རྒྱུད་ལས། རྒྱུད་དང་རྒྱུད་ཀྱི་རྒྱལ་པོ་གང་། ཕྱག་ན་རྡོ་རྗེ་ཁྱོད་ཉིད་ཀྱིས། །གཏེར་ནས་གཏེར་དུ་ཕྱུངས་ཤིང་སྩོལ། །ཞེས་པ་ལྟར། དམ་ཉམས་དང་འདྲེས་ཁྱེར་གྱིས་མ་བསླད་པ་སོགས་སོ། །རྡོ་རྗེ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མ་འོངས་སྐྱེ་བོ་འཕྱོལ་རྙོགས་པའི་གཟུ་ལུམ་རས་ཆོད་དར་བའི་ཚེ། ཟབ་ཆོས་ཕལ་གྱི་ནུས་མཐུ་ཡལ། །སྒྲུབ་ཀྱང་དོན་མེད་ངལ་བའི་རྒྱུ། །བརྩེ་ཆེན་འགྲོ་ལ་ཕན་བཞེད་ནས། །ཟབ་མོའི་གདམས་པ་ཇི་སྙེད་པ། །བཀའ་རྒྱས་བཏབ་ནས་གཏེར་དུ་སྦས། །ཞེས་སོ། །དེས་ན་འདི་དོང་སྤྲུགས་དང་། གསང་སྙིང་སོགས་ཕྱོགས་གཅིག་གི་རྒྱུད་དུ་རློམ་པ་ནི་ཤེས་མཐོང་གི་རྒྱ་ཆུང་བ་སྟེ། ཐོས་གྲོལ་འདིའི་ཚིག་དང་བརྗོད་སྒྲོས་རྒྱབ་ལུང་། དེ་དག་དུ་མེད་པའི་རྫོགས་རིམ། དབང་གི་ངོ་སྤྲོད་ཀྱང་ཡེ་ཤེས་མར་མེའི་རྒྱུད་ཀྱི་ཚིག་དངོས་{དངོག་འབྱུང་བའི་དོན་མེད་ལ}། སྣོད་བཅུད་སྣང་སྲིད་སོགས་དང་། གསང་མཆོག་ཀློང་གསལ་སོགས་གྱི་ཚིག་རིས་དངོས་སུ་ཡོད། ལུས་ལ་ལྷ་བཞུགས་པ་བར་དོའི་ནམ་མཁའ་ལ་ཐོན་ནས་འཆར་བར་རྒྱུད་དེ་དག་ཏུ་མ་དམིགས། ལུང་གི་ཧེ་རུ་ཀ་བཞི་མེད་པ་དང་། ལྷའི་ཞལ་ཕྱག་ཀྱང་དོངས་སྤྲུགས་དང་མི་འགྲིགས་ལྷའི་བཀོད་ཚུལ་ཀྱང་ཁྲོམ་དཀྲུགས་ཡིན་ལ། ངོ་སྤྲོད་ཀྱི་ཚིག་དང་གཙོ་བོ་བཀོད་ཚུལ་ཡང་། གསང་སྙིང་མ་ཡིན་པའི་ཉི་ཚེ་བའི་སྒྲུབ་ཐབས་དང་རྒྱུད་དུ་མི་བཟུང་། རྡོ་རྗེ་ཐེག་པ་མཐའ་དག་གི་སྤྱིའི་དཀྱིལ་འཁོར་སྒྲུབ་ཕྲན་དུ་རིག་པའི་ངེས་ཤེས་དང་ལྡན་པའི་ངང་ནས། ཁྱོད་རང་གི། སརྦ་མངྒ་ལཾ།། །།

ཆོས་སྤྱོད་བག་ཆགས་རང་གྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་ཆོས་སྤྱོད་བག་ཆགས་རང་གྲོལ་བཞུགས་སོ། །ཀུན་བཟང་ཆེ་མཆོག་ཞི་ཁྲོའི་ལྷ་ཚོགས་དང་ཿ དམ་པ་རིགས་བརྒྱ་འདུས་པའི་ལྷ་ཚོགས་ལཿ གུས་པས་ཕྱག་འཚལ་བར་དོར་གྲོལ་ནས་ཀྱང་ཿ འགྲོ་ཀུན་སྐུ་གསུམ་དོན་ལ་གནས་གྱུར་ཅིགཿ སྐལ་ལྡན་ལས་ཅན་སྐྱེས་བུ་དད་ལྡན་རྣམསཿ ཞི་ཁྲོ་འདུས་པའི་ཆོས་སྤྱོད་རབ་གསལ་འདིཿ དུས་གསུམ་ཀུན་ཏུ་མ་བརྗེད་བསྒོམ་བཟླས་བྱཿ དང་པོ་ཚོགས་བསགས་ཡན་ལག་བཅུ་པ་ནིཿ སྐྱབས་ཡུལ་དཀོན་མཆོག་གསུམ་དང་རིགས་བརྒྱའི་ལྷཿ མདུན་གྱི་ནམ་མཁར་དམིགས་ནས་འདི་སྐད་དོཿ ༀ་ཨཱཿཧཱུྃ༔ ནམ་མཁའི་མཐར་ཐུག་ཞིང་ཁམས་རབ་འབྱམས་ནཿ བདེ་གཤེགས་རྒྱ་མཚོ་ཞི་ཁྲོ་རབ་འབྱམས་དང་ཿ དཀོན་མཆོག་རིན་ཆེན་གསུམ་དང་ཡི་དམ་ལྷཿ མཁའ་འགྲོ་རྒྱ་མཚོ་དམ་ཅན་ཚོགས་བཅས་ལཿ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་པརཿ འབྲལ་བ་མེད་པར་གུས་པས་སྐྱབས་སུ་མཆིཿ སྐྱབས་སུ་འགྲོ་བའི་ཡན་ལག་གོ ། ཆོས་ཉིད་དབྱིངས་ཀྱིས་རབ་འབྱམས་ཀློང་ཡངས་ནསཿ ཤེས་རབ་ཐབས་དང་ཐུགས་རྗེས་སྐུར་སྤྲུལ་པཿ ཕྱོགས་བཅུ་དུས་བཞིའི་ཞི་ཁྲོ་རབ་འབྱམས་རྣམསཿ གནས་འདིར་འགྲོ་བའི་དོན་དུ་གཤེགས་སུ་གསོལཿ སྤྱན་འདྲེན་བའི་ཡན་ལག་གོ ། སྣང་སྲིད་རྣམ་དག་ཡེ་ཤེས་དཀྱིལ་འཁོར་འདིརཿ རིན་ཆེན་སེང་གེ་ལ་སོགས་ཁྲི་སྟེང་དུཿ ཐབས་ཤེས་དྲི་མེད་ཉི་ཟླ་པདྨའི་སྟེངཿ ཟག་མེད་དགྱེས་པ་ཆེན་པོར་བཞུགས་སུ་གསོལཿ བཞུགས་སུ་གསོལ་བའི་ཡན་ལག་གོ ། ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལཿ ཀུན་ཏུ་བཟང་པོ་ཟག་པ་མེད་པའི་བདེཿ རོལ་བའི་ཡེ་ཤེས་རྒྱལ་བ་ཞི་ཁྲོའི་ཚོགསཿ ཡབ་ཡུམ་སྲས་དང་བཅས་ལ་ཕྱག་འཚལ་ལོཿ ཕྱག་འཚལ་བའི་ཡན་ལག་གོ ། བདེ་གཤེགས་ཞི་ཁྲོ་རྒྱལ་བ་རྒྱ་མཚོ་ལཿ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་རྣམསཿ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེཿ འགྲོ་བའི་དོན་དུ་འབུལ་གྱིས་བཞེས་སུ་གསོལཿ མཆོད་པ་འབུལ་བའི་ཡན་ལག་གོ ། ཐོག་མེད་དུས་ནས་དུག་གསུམ་དབང་གྱུར་པསཿ སྒོ་གསུམ་སྡིག་སྒྲིབ་བག་ཆགས་བཅས་པ་རྣམསཿ ངན་སོང་འཁོར་བའི་རྒྱུ་བསགས་ཐམས་ཅད་ཀུནཿ རབ་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགསཿ སྡིག་སྒྲིབ་སྦྱང་བའི་ཡན་ལག་གོ ། ཆོས་དབྱིངས་ཀུན་ཁྱབ་སྣང་སྲིད་བདེ་ཆེན་ཞིང་ཿ འགྲོ་དོན་མཛད་དང་བསོད་ནམས་བྱང་ཆུབ་སེམསཿ བསོད་ནམས་ཡེ་ཤེས་དོན་འབྱུང་ཐམས་ཅད་ལཿ དགའ་བ་ཆེན་པོའི་རྗེས་སུ་ཡི་རང་ངོ་ཿ རྗེས་སུ་ཡི་རང་བའི་ཡན་ལག་གོ ། ཕྱོགས་བཅུའི་ཞིང་གི་རྡུལ་སྙེད་སྟོན་པ་རྣམསཿ སེམས་ཅན་དོན་དུ་ཐུགས་དམ་རྒྱུད་བསྐུལ་ཏེཿ ནམ་མཁའི་མཐར་ཐུག་དབྱིངས་ཀྱིས་རབ་གང་བའིཿ ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལཿ ཆོས་ཀྱི་འཁོར་ལོ་དམ་པར་བསྐོར་བར་བསྐུལ་བའི་ཡན་ལག་གོ ། ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོངས་པརཿ དེ་སྲིད་འགྲོ་བ་རྒྱ་ཆེན་དོན་མཛད་ཅིང་ཿ མཐའ་ཡས་སངས་རྒྱས་སྟོན་པ་མ་ལུས་ཀུནཿ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབསཿ མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་གོ ། བདག་གི་དུས་གསུམ་དགེ་བ་ཅི་བསགས་པཿ ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་ཀུནཿ བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར་ནསཿ ཞི་ཁྲོ་རབ་འབྱམས་གོ་འཕང་མྱུར་ཐོབ་ཤོགཿ བླ་མེད་ཐེག་པ་ཆེན་པོར་བསྔོ་བའི་ཡན་ལག་གོ ། ༀ་ཨཱཿ ཧཱུྃཿ བོ་དྷི་ཙིཏྟ་མ་ཧཱ་སུ་ཀཱ་ཛྷཱ་ན་དྷརྟུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿ སྐྱེ་མེད་རྣམ་དག་ཆོས་དབྱིངས་ཞིང་ཁམས་ནཿ འགགས་མེད་གསལ་དག་ཐིག་ལེའི་གཞལ་ཡས་སུཿ རིན་ཆེན་ཁྲི་རྐང་པདྨ་ཉི་ཟླའི་སྟེང་ཿ རང་སེམས་མ་བཅོས་སྟོང་པའི་རང་རྩལ་ལསཿ རང་རིག་གསལ་སྟོང་རྡོ་རྗེ་སེམས་དཔའི་སྐུཿ དཀར་གསལ་ཞལ་གཅིག་ཕྱག་གཉིས་འཛུམ་བཅས་བཞདཿ ཕྱག་གཡས་རིག་སྟོང་རྡོ་རྗེ་ཐུགས་ཀར་འཛིནཿ གཡོན་པས་སྣང་སྟོང་དྲིལ་བུ་དཀུ་ལ་བརྟེནཿ དབུ་ལ་བདེ་གཤེགས་རིགས་ལྔའི་སངས་རྒྱས་རྫོགསཿ ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་བརྒྱནཿ གཡས་བརྐྱང་གཡོན་བསྐུམ་རོལ་པའི་སྟབས་ཀྱི་བཞུགསཿ ཐུགས་ཀར་རྡོ་རྗེ་ཧཱུྃ་ལ་ཡིག་བརྒྱའི་བསྐོརཿ ༀ་བཛྲ་ས་ཏྭ་ས་མ་ཡ་སོགས མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ འཕྲོས་འདུས་དོན་གཉིས་བྱས་ནས་རྟོག་སྒྲིབ་སྦྱང་ཿ མ་ཡེངས་དམ་པ་རིགས་བརྒྱའི་ཡང་སྙིང་འདིཿ སྒྲིབ་གཉིས་སྦྱང་ཕྱིར་ཅི་ནུས་བཟླས་པར་བྱཿ དེ་ལྟར་སྒྲིབ་པ་སྦྱོང་བའི་རྗེས་སུ་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་རྣམས་ལུས་དཀྱིལ་དུ་བསྒོམ་ཞིང་གསོལ་བ་བཏབཿ བར་དོའི་སྨོན་ལམ་འདེབས་པར་འདོད་ན་འདི་ལྟར་རོཿདེ་ནས་རང་ཉིད་རྡོ་རྗེ་སེམས་དཔའ་ཡིཿ ཙིཏྟ་རིན་ཆེན་སྙིང་གི་གཞལ་ཡས་སུཿ དྭངས་མ་ལྔ་ལྡན་འོད་ལྔའི་ཐིག་ལེར་གསལཿ ཡེ་ཤེས་ལྔ་ལྡན་གསལ་འཚེར་དཀྱིལ་འཁོར་དུཿ སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་དང་ཿ ཤང་ཤང་པདྨ་ཉི་ཟླ་བརྩེགས་པའི་སྟེང་ཿ སངས་རྒྱས་ཞི་བ་སུམ་ཅུ་སོ་དྲུག་ནིཿ སྟོང་གསལ་མ་འགགས་འོད་ལྔའི་སྐུ་རུ་གསལཿ ༀ་ཨཱཿཧཱུྃཿ ཙིཏྟ་སྙིང་དབུས་ཐིག་ལེའི་མཁའ་ཀློང་དུཿ ཐོག་མའི་མགོན་པོ་འོད་མི་འགྱུར་བའི་སྐུཿ ཆོས་སྐུ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ཿ ཆོས་དབྱིངས་ཀུན་ཏུ་བཟང་མོ་སྐུ་མདོག་དཀརཿ སྐྱིལ་ཀྲུང་མཉམ་བཞག་གཉིས་མེད་འཁྲིལ་སྦྱོར་རོལཿ གསལ་སྟོང་པདྨ་ཉི་ཟླའི་གདན་ལ་བཞུགསཿ དུས་གསུམ་སངས་རྒྱས་སྤྱི་མྱེས་ཆེན་པོ་ལཿ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབསཿ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐགཿ ཆོས་ཉིད་དག་པའི་འོད་གསལ་འཆར་དུས་དེརཿ ཀུན་ཏུ་བཟང་པོ་ཡབ་ཀྱིས་མདུན་བསུས་ཤིགཿ ཀུན་ཏུ་བཟང་མོ་ཡུམ་གྱིས་མཐའ་རྟེན་ཅིགཿ ཀུན་བཟང་དབྱེར་མེད་ས་ལ་དྲང་དུ་གསོལཿ ཚེ་འདས་ཀྱི་དོན་དུ་སྨོན་ལམ་འདེབས་ནཿ བདག་སོགས་ཞེས་པའི་སར་ཚེ་འདས་ཞེས་བཅུག་པར་བྱའོཿ ༀ་ཨཱཿ ཧཱུྃཿ ཙིཏྟ་སྙིང་གི་དབུས་ཕྱོགས་རྩ་འདབ་ལཿ ཆོས་དབྱིངས་ཡེ་ཤེས་གསལ་བའི་འོད་ཀློང་དུཿ རྣམ་སྣང་དབྱིངས་ཕྱུག་དཀར་གསལ་འཁྲིལ་སྦྱོར་རོལཿ འཁོར་ལོ་དྲིལ་འཛིན་སྐྱིལ་ཀྲུང་གསལ་སྟོང་བཞུགསཿ དབུས་ཕྱོགས་སངས་རྒྱས་རིགས་ཀྱི་གཙོ་བོ་ལཿ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབསཿ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐགཿ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེརཿ གཏི་མུག་དྲག་པོས་འཁོར་བར་འཁྱམས་པའི་ཚེཿ ཆོས་དབྱིངས་ཡེ་ཤེས་གསལ་བའི་འོད་ལམ་ལཿ བཅོམ་ལྡན་རྣམ་པར་སྣང་མཛད་ལམ་སྣ་དྲོངསཿ ཡུམ་མཆོག་དབྱིངས་ཕྱུག་མ་ཡིས་རྒྱབ་ནས་སྐྱོརཿ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལཿ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལཿ ༀ་ཨཱཿ ཧཱུྃཿ ཙིཏྟ་སྙིང་གི་ཤར་ཕྱོགས་རྩ་འདབ་ཏུཿ མེ་ལོང་ཡེ་ཤེས་གསལ་བའི་འོད་ཀློང་དུཿ རྡོར་སེམས་སྤྱན་མ་མཐིང་གསལ་འཁྲིལ་སྦྱོར་རོལཿ རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་གསལ་སྟོང་བཞུགསཿ གཡས་སུ་ས་སྙིང་མྱུ་གུ་དྲིལ་འཛིན་དཀརཿ གཡོན་དུ་བྱམས་པ་ཀླུ་ཤིང་དྲིལ་འཛིན་དཀརཿ མདུན་དུ་ལཱ་སེ་མེ་ལོང་ཕྱེད་སྐྱིལ་དཀརཿ རྒྱབ་ཏུ་པུཥྤེ་མེ་ཏོག་ཕྱེད་སྐྱིལ་དཀརཿ རྡོ་རྗེ་རིགས་ཀྱི་གཙོ་འཁོར་དྲུག་པོ་ལཿ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབསཿ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐགཿ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེརཿ ཞེ་སྣང་དྲག་པོས་འཁོར་བར་འཁྱམས་པའི་ཚེཿ མེ་ལོང་ཡེ་ཤེས་གསལ་བའི་འོད་ལམ་ལཿ བཅོམ་ལྡན་རྡོ་རྗེ་སེམས་དཔས་ལམ་སྣ་དྲོངསཿ ཡུམ་མཆོག་སངས་རྒྱས་སྤྱན་མས་རྒྱབ་ནས་སྐྱོརཿ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལཿ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལཿ ༀ་ཨཱཿཧཱུྃཿ ཙིཏྟ་སྙིང་གི་ལྷོ་ཕྱོགས་རྩ་འདབ་ལཿ མཉམ་ཉིད་ཡེ་ཤེས་གསལ་བའི་འོད་ཀློང་དུཿ རིན་འབྱུང་མཱ་ཀི་སེར་གསལ་འཁྲིལ་སྦྱོར་རོལཿ རིན་ཆེན་དྲིལ་འཛིན་སྐྱིལ་ཀྲུང་གསལ་སྟོང་བཞུགསཿ གཡས་སུ་ཀུན་བཟང་སྙེ་མ་དྲིལ་འཛིན་སེརཿ གཡོན་དུ་ནམ་སྙིང་རལ་གྲི་དྲིལ་འཛིན་སེརཿ མདུན་དུ་མཱ་ལེ་ཕྲེང་འཛིན་ཕྱེད་སྐྱིལ་སེརཿ རྒྱབ་ཏུ་དྷུཔྤེ་སྤོས་ཕོར་ཕྱེད་སྐྱིལ་སེརཿ རིན་ཆེན་རིགས་ཀྱི་གཙོ་འཁོར་དྲུག་པོ་ལཿ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབསཿ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐགཿ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེརཿ ང་རྒྱལ་དྲག་པོས་འཁོར་བར་འཁྱམས་པའི་ཚེཿ མཉམ་ཉིད་ཡེ་ཤེས་གསལ་བའི་འོད་ལམ་ལཿ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལམ་སྣ་དྲོངསཿ ཡུམ་མཆོག་མཱ་མ་ཀི་ཡིས་རྒྱབ་ནས་སྐྱོརཿ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལཿ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལཿ ༀ་ཨཱཿཧཱུྃཿ ཙིཏྟ་སྙིང་གི་ནུབ་ཕྱོགས་རྩ་འདབ་ལཿ སོར་རྟོགས་ཡེ་ཤེས་གསལ་བའི་འོད་ཀློང་དུཿ སྣང་མཐའ་གོས་དཀར་དམར་སེར་འཁྲིལ་སྦྱོར་རོལཿ པདྨ་དྲིལ་འཛིན་སྐྱིལ་ཀྲུང་གསལ་སྟོང་བཞུགསཿ གཡས་སུ་སྤྱན་གཟིགས་པདྨ་དྲིལ་འཛིན་དམརཿ གཡོན་དུ་འཇམ་དཔལ་རལ་གྲི་དྲིལ་འཛིན་དམརཿ མདུན་དུ་གཱིརྟི་པི་ཝཾ་ཕྱེད་སྐྱིལ་དམརཿ རྒྱབ་དུ་ཨཱ་ལོ་མར་མེ་ཕྱེད་སྐྱིལ་དམརཿ པདྨ་རིགས་ཀྱི་གཙོ་འཁོར་དྲུག་པོ་ལཿ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབསཿ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐགཿ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེརཿ འདོད་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེཿ སོར་རྟོགས་ཡེ་ཤེས་གསལ་བའི་འོད་ལམ་ལཿ བཅོམ་ལྡན་སྣང་བ་མཐའ་ཡས་ལམ་སྣ་དྲོངསཿ ཡུམ་མཆོག་གོས་དཀར་མོ་ཡིས་རྒྱབ་ནས་སྐྱོརཿ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལཿ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལཿ ༀ་ཨཱཿཧཱུྃཿ ཙིཏྟ་སྙིང་གི་བྱང་ཕྱོགས་རྩ་འདབ་ལཿ བྱ་གྲུབ་ཡེ་ཤེས་གསལ་བའི་འོད་ཀློང་དུཿ དོན་གྲུབ་སྒྲོལ་མ་ལྗང་གསལ་འཁྲིལ་སྦྱོར་རོལཿ རྒྱ་གྲམ་དྲིལ་འཛིན་སྐྱིལ་ཀྲུང་གསལ་སྟོང་བཞུགསཿ གཡས་སུ་སྒྲིབ་སེལ་པོ་ཏི་དྲིལ་འཛིན་ལྗངཿ གཡོན་དུ་ཕྱག་རྡོར་རྡོ་རྗེ་དྲིལ་འཛིན་ལྗངཿ མདུན་དུ་གྷནྡྷེ་དུང་ཕོར་ཕྱེད་སྐྱིལ་ལྗངཿ རྒྱབ་དུ་ནཱིརྟི་ཞལ་ཟས་ཕྱེད་སྐྱིལ་ལྗངཿ ལས་ཀྱི་རིགས་ཀྱི་གཙོ་འཁོར་དྲུག་པོ་ལཿ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབསཿ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐགཿ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེརཿ ཕྲག་དོག་དྲག་པོས་འཁོར་བར་འཁྱམས་པའི་ཚེཿ བྱ་གྲུབ་ཡེ་ཤེས་གསལ་བའི་འོད་ལམ་ལཿ བཅོམ་ལྡན་དོན་ཡོད་གྲུབ་པས་ལམ་སྣ་དྲོངསཿ ཡུམ་མཆོག་དམ་ཚིག་སྒྲོལ་མས་རྒྱབ་ནས་སྐྱོརཿ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལཿ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལཿ ༀ་ཨཱཿཧཱུྃཿ ཙིཏྟ་སྙིང་གི་ཤར་སྒོའི་རྩ་འདབ་ལཿ རྣམ་རྒྱལ་ལྕགས་ཀྱུ་འཁྲིལ་སྦྱོར་འདོར་ཐབས་དཀརཿ ཙིཏྟ་སྙིང་གི་ལྷོ་སྒོའི་རྩ་འདབ་ལཿ གཤིན་རྗེ་ཞགས་པ་འཁྲིལ་སྦྱོར་འདོར་ཐབས་སེརཿ ཙིཏྟ་སྙིང་གི་ནུབ་སྒོའི་རྩ་འདབ་ལཿ རྟ་མགྲིན་ལྕགས་སྒྲོགས་འཁྲིལ་སྦྱོར་འདོར་ཐབས་དམརཿ ཙིཏྟ་སྙིང་གི་བྱང་སྒོའི་རྩ་འདབས་ལཿ བདུད་རྩི་དྲིལ་བུ་འཁྲིལ་སྦྱོར་འདོར་ཐབས་ལྗངཿ སྤྲུལ་པའི་སྒོ་བ་ཡབ་ཡུམ་བརྒྱད་རྣམས་ལཿ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབསཿ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐགཿ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེརཿ བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེཿ ཡེ་ཤེས་བཞི་སྦྱོར་གསལ་བའི་འོད་ལམ་ལཿ ཁྲོ་ཆེན་སྒོ་བ་བཞི་ཡིས་ལམ་སྣ་དྲོངསཿ ཡུམ་མཆོག་སྒོ་མ་བཞི་ཡིས་རྒྱབ་ནས་སྐྱོརཿ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལཿ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལཿ ༀ་ཨཱཿཧཱུྃཿ སྤྱི་གཙུག་བདེ་ཆེན་རྩ་འདབ་འོད་ཀློང་དུཿ དཀར་གསལ་ཐིག་ལེ་གསལ་འཚེར་དཀྱིལ་འཁོར་ནཿ ལྷ་ཡི་ཐུབ་པ་བརྒྱ་བྱིན་པི་ཝཾ་དཀརཿ ང་རྒྱལ་ལྷ་ཡི་སྐྱེ་སྒོ་བཅད་དུ་གསོལཿ ལྟག་རྩ་བ་མེན་རྭ་འདྲའི་འོད་ཀློང་དུཿ ལྗང་གསལ་ཐིག་ལེ་གསལ་འཚེར་དཀྱིལ་འཁོར་ནཿ ལྷ་མིན་ཐུབ་པ་ཐགས་བཟང་གོ་མཚོན་ལྗངཿ ཕྲག་དོག་ལྷ་མིན་སྐྱེ་སྒོ་བཅད་དུ་གསོལཿ སྲོག་རྩ་ཤེལ་གྱི་སྦུ་གའི་འོད་ཀློང་དུཿ སེར་གསལ་ཐིག་ལེ་གསལ་འཚེར་དཀྱིལ་འཁོར་ནཿ མི་ཡི་ཐུབ་པ་ཤཱཀ་ཐུབ་གསེག་པར་སེརཿ འདོད་ཆགས་མི་ཡི་སྐྱེ་སྒོ་བཅད་དུ་གསོལཿ ལྟེ་བ་རྩ་འཁོར་འཁྱིལ་པའི་འོད་ཀློང་དུཿ མཐིང་གསལ་ཐིག་ལེ་གསལ་འཚེར་དཀྱིལ་འཁོར་དུཿ བྱོལ་སོང་ཐུབ་པ་སེངྒེ་པོ་ཏི་མཐིངཿ གཏི་མུག་བྱོལ་སོང་སྐྱེ་སྒོ་བཅད་དུ་གསོལཿ གསང་གནས་བདེ་བསྐྱེད་རྩ་འདབས་འོད་ཀློང་དུཿ དམར་གསལ་ཐིག་ལེ་གསལ་འཚེར་དཀྱིལ་འཁོར་དུཿ ཡི་དྭགས་ཐུབ་པ་ཁ་འབར་སྒྲོམ་བུ་དམརཿ སེར་སྣ་ཡི་དྭགས་སྐྱེ་སྒོ་བཅད་དུ་གསོལཿ རྐང་མཐིལ་རྩ་འཁོར་འཁྱིལ་བའི་འོད་ཀློང་དུཿ ནག་གསལ་ཐིག་ལེ་གསལ་འཚེར་དཀྱིལ་འཁོར་དུཿ དམྱལ་བའི་ཐུབ་པ་ཆོས་རྒྱལ་མེ་ཆུ་ནགཿ ཞེ་སྡང་དམྱལ་བའི་སྐྱེ་སྒོ་བཅད་དུ་གསོལཿ འགྲོ་དོན་མཛད་པའི་སྤྲུལ་སྐུ་ཐུབ་དྲུག་ལཿ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབསཿ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐགཿ སྲིད་པ་བར་དོའི་སྣང་བ་འཆར་དུས་དེརཿ བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེཿ ཡེ་ཤེས་བཞི་སྦྱོར་གསལ་བའི་འོད་ལམ་ལཿ ཐུབ་ཆེན་གོང་མ་གསུམ་པོས་ལམ་སྣ་དྲོངསཿ ཐུབ་ཆེན་འོག་མ་གསུམ་པོས་རྒྱབ་ནས་སྐྱོརཿ མ་དག་རིགས་དྲུག་འོད་ལམ་བསྒྲལ་དུ་གསོལཿ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལཿ ༀ་ཨཱཿཧཱུྃཿ ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ནིཿ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འོད་ཟེར་འབརཿ མཉེན་ལྕུགས་འཁྲིལ་ལྡེམ་གཞོན་ཚུལ་ཞི་བའི་སྐུཿ མཚན་དང་དཔེ་བྱད་རྒྱན་རྣམས་མཛེས་ཚུལ་ལྡནཿ ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ལཿ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབསཿ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐགཿ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེརཿ དུག་ལྔ་དྲག་པོས་འཁོར་བར་འཁྱམས་པའི་ཚེཿ ཡེ་ཤེས་ལྔ་ལྡན་གསལ་བའི་འོད་ལམ་ལཿ ཞི་བ་ཡབ་རྣམས་ཀུན་གྱིས་ལམ་སྣ་དྲོངསཿ དབྱིངས་ཀྱི་ཡུམ་ཆེན་རྣམས་ཀྱིས་རྒྱབ་ནས་སྐྱོརཿ སྒོ་བ་སྒོ་མ་རྣམས་ཀྱིས་མཐའ་ནས་བསྟེནཿ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལཿ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལཿ ༀ་ཨཱཿ་ཧཱུྃཿ སྐྱེ་གནས་བར་དོར་གནས་པའི་དུས་འདི་རུཿ ཞི་བ་བཞི་བཅུ་རྩ་གཉིས་ལྷ་ཚོགས་རྣམསཿ བདག་ལུས་ཙིཏྟ་སྙིང་གི་གཞལ་ཡས་སུཿ འོད་ལྔ་ཚོམ་བུའི་སྐུ་རུ་གསལ་བར་བཞུགསཿ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐགཿ ཞི་བའི་ལྷ་ཚོགས་སྙིང་གི་ནང་ནས་ཐོནཿ མདུན་གྱི་མཁའ་ལ་ནམ་མཁའ་གང་བར་འཆརཿ རྒྱན་དང་ཆ་ལུགས་གཙོ་འཁོར་གྲངས་མེད་པཿ འཇའ་འོད་ཀློང་ནས་གསལ་སྟོང་འོད་ལྔའི་སྐུཿ ཡེ་ཤེས་ལྔ་ཡི་འོད་ལམ་ཟེར་ཐག་འཚེརཿ ལྔ་ལྡན་ཐིག་ལེ་སྒྲ་འོད་ཟེར་དུ་འཕྲོཿ གསལ་འཚེར་ལྷུན་སྡུག་མདངས་ལྡན་རང་སྒྲར་བཅསཿ བདག་གི་སྙིང་ཁར་ཟུག་པའི་ཚུལ་དུ་འཆརཿ ཡེ་ཤེས་ལྔ་ཡི་འོད་དང་ལྷན་གཅིག་ཏུཿ མ་དག་འཁྲུལ་པ་རིགས་དྲུག་འོད་ལམ་དྲུགཿ བདག་ལ་འཆར་བར་གྱུར་པའི་དུས་ཀྱི་ཚེཿ བཅོམ་ལྡན་ཞི་བའི་ལྷ་ཚོགས་ཐུགས་རྗེ་ཅནཿ ཐུགས་རྗེ་ཅན་རྣམས་ཐུགས་རྗེ་དེར་མ་ཆུང་ཿ ཡེ་ཤེས་བཞི་སྦྱོར་ལམ་ལ་བདག་དྲོངས་ཤིགཿ མ་དག་རིགས་དྲུག་ལམ་ནས་བཟློག་ཏུ་གསོལཿ ༀ་ཨཱཿཧཱུྃཿ མགྲིན་པ་ལོངས་སྤྱོད་འཁོརལོའི་རྩ་འདབ་ལཿ འཇའ་དང་འོད་དུ་འཐིབས་པའི་ཀློང་དཀྱིལ་དུཿ ལོངས་སྤྱོད་འཁོར་ལོ་དབུས་ཀྱིས་རྩ་འདབས་ལཿ རྣམ་པར་སྨིན་པའི་རིག་འཛིན་ཆེན་པོ་ནིཿ པདྨ་གར་གྱི་དབང་ཕྱུག་འོད་ལྔའི་མདངསཿ ཡེ་ཤེས་མཁའ་འགྲོ་དམར་གསལ་བདེ་སྟོང་འཁྲིལཿ གྲི་གུག་ཐོད་ཁྲག་ཕྱག་རྒྱ་ནམ་མཁར་བསྒྱུརཿ སྐུ་ཡི་རིག་འཛིན་རྣམས་ཀྱིས་འགྲོ་བ་སྐྱོབསཿ ༀ་ཨཱཿཧཱུྃཿ མགྲིན་པ་ལོངས་སྤྱོད་ཤར་གྱི་རྩ་འདབ་ལཿ ས་ལ་གནས་པའི་རིག་འཛིན་ཆེན་པོ་ནིཿ དཀར་གསལ་འཛུམ་ལྡན་མཁའ་འགྲོ་དཀར་མོ་འཁྲིལཿ གྲི་གུག་ཐོད་ཁྲག་ཕྱག་རྒྱ་ནམ་མཁར་བསྒྱུརཿ ཐུགས་ཀྱི་རིག་འཛིན་རྣམས་ཀྱིས་འགྲོ་བ་སྐྱོབསཿ ༀ་ཨཱཿ་ཧཱུྃཿ མགྲིན་པ་ལོངས་སྤྱོད་ལྷོ་ཡི་རྩ་འདབ་ལཿ ཚེ་ལ་དབང་བའི་རིག་འཛིན་ཆེན་པོ་ནིཿ སེར་གསལ་འཛུམ་མདངས་མཁའ་འགྲོ་སེར་མོ་འཁྲིལཿ གྲི་གུག་ཐོད་ཁྲག་ཕྱག་རྒྱ་ནམ་མཁར་བསྒྱུརཿ ཡོན་ཏན་རིག་འཛིན་རྣམས་ཀྱིས་འགྲོ་བ་སྐྱོབསཿ ༀ་ཨཱཿཧཱུྃཿ མགྲིན་པ་ལོངས་སྤྱོད་ནུབ་ཀྱི་རྩ་འདབ་ལཿ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཆེན་པོ་ནིཿ དམར་གསལ་འཛུམ་མདངས་མཁའ་འགྲོ་དམར་མོ་འཁྲིལཿ གྲི་གུག་ཐོད་ཁྲག་ཕྱག་རྒྱ་ནམ་མཁར་བསྒྱུརཿ གསུང་གི་རིག་འཛིན་རྣམས་ཀྱིས་འགྲོ་བ་སྐྱོབསཿ ༀ་ཨཱཿཧཱུྃཿ མགྲིན་པ་ལོངས་སྤྱོད་བྱང་གི་རྩ་འདབ་ལཿ ལྷུན་གྱིས་གྲུབ་པའི་རིག་འཛིན་ཆེན་པོ་ནིཿ ལྗང་གསལ་ཁྲོ་འཛུམ་མཁའ་འགྲོ་ལྗང་གུ་སྦྱོརཿ གྲི་གུག་ཐོད་ཁྲག་ཕྱག་རྒྱ་ནམ་མཁར་བསྒྱུརཿ ཕྲིན་ལས་རིག་འཛིན་རྣམས་ཀྱིས་འགྲོ་བ་སྐྱོབསཿ ༀ་ཨཱཿཧཱུྃཿ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་བཅས་ལཿ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབསཿ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐགཿ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེརཿ བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེཿ ལྷན་སྐྱེས་ཡེ་ཤེས་གསལ་བའི་འོད་ལམ་ལཿ དཔའ་བོ་རིག་འཛིན་རྣམས་ཀྱིས་ལམ་སྣ་དྲོངསཿ ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོརཿ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལཿ དག་པ་མཁའ་སྤྱོད་ཞིང་ཁམས་དེ་རུ་སྐྱོལཿ ༀ་ཨཱཿཧཱུྃཿ སྐྱེ་གནས་བར་དོ་གནས་པའི་དུས་འདི་རུཿ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་བཅས་རྣམསཿ བདག་ལུས་མགྲིན་པ་ལོངས་སྤྱོད་གཞལ་ཡས་སུཿ འོད་ལྔ་ཚོམ་བུའི་སྐུ་རུ་གསལ་བར་བཞུགསཿ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐགཿ རིག་འཛིན་ལྷ་ཚོགས་མགྲིན་པའི་ནང་ནས་ཐོནཿ ནམ་མཁའ་གང་བར་མདུན་གྱི་མཁའ་ལ་འཆརཿ རོལ་མོའི་སྒྲ་དང་གར་སྟབས་སྣ་ཚོགས་བསྒྱུརཿ འཇིག་རྟེན་ཁམས་ཀུན་ཤིག་ཤིག་ཡོམ་ཡོམ་འགུལཿ ལྷན་སྐྱེས་ཡེ་ཤེས་འོད་ལམ་ཟེར་ཐག་འཚེརཿ གཏི་མུག་དུད་འགྲོའི་ལམ་སྣང་འཆར་དུས་དེརཿ རིག་འཛིན་ལྷ་ཚོགས་ཐུགས་རྗེ་དེར་མ་ཆུང་ཿ གཏི་མུག་དུད་འགྲོའི་ལམ་ནས་བཟློག་ཏུ་གསོལཿ ལྷན་སྐྱེས་ཡེ་ཤེས་ལམ་ལ་འགྲོ་བ་དྲོངསཿ བར་དོར་རང་ངོ་ཤེས་པར་ཐུགས་རྗེས་ཟུངསཿ རིག་འཛིན་རྒྱལ་བའི་སྲས་སུ་དབང་བསྐུར་ཅིགཿ ༀ་ཨཱཿཧཱུྃཿ བདག་ཉིད་རྡོ་རྗེ་སེམས་དཔའི་སྤྱི་བོ་རུཿ ཀླད་པ་དུང་ཁང་འབར་བའི་གཞལ་ཡས་སུཿ འཇའ་འོད་མེ་དཔུང་ཐིག་ལེའི་འོད་ཀློང་དུཿ ཁྲག་འཐུང་ལྷ་ཚོགས་ཚོམ་བུའི་སྐུ་རུ་བཞུགསཿ ༀ་ཨཱཿཧཱུྃཿ ཀླད་པ་དུང་ཁང་དབུས་ཀྱི་རྩ་འདབས་སུཿ འཇའ་འོད་མེ་དཔུང་ཐིག་ལེའི་འོད་ཀློང་དུཿ ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀཿ ཞལ་གསུམ་ཕྱག་དྲུག་སྨུག་ནག་དཀར་དམར་ཞལཿ གཡས་གསུམ་རྡོ་རྗེ་ཁ་ཊཱྃ་རྔེའུ་ཆུང་བསྣམསཿ གཡོན་གསུམ་དྲིལ་བུ་བྷན་དམར་རྒྱུ་ཞགས་བསྣམསཿ ཀྲོ་ཏི་ཤྭ་རི་གཉིས་མེད་དགྱེས་པར་འཁྲིལཿ གཙོ་བོ་ཡབ་ཡུམ་གཉིས་ཀྱིས་འགྲོ་ཀུན་དྲོངསཿ ༀ་ཨཱཿཧཱུྃཿ དུང་ཁང་དབུས་ཀྱི་རྩ་འདབས་ཁྲི་རྐང་སྟེངཿ འཇའ་འོད་མེ་དཔུང་ཐིག་ལེའི་འོད་ཀློང་དུཿ རྣམ་པར་སྣང་མཛད་བྷུདྷ་ཧེ་རུ་ཀཿ ཞལ་གསུམ་ཕྱག་དྲུག་དམར་ནག་དཀར་དམར་ཞལཿ གཡས་གསུམ་འཁོར་ལོ་དགྲ་སྟ་རལ་གྲི་བསྣམསཿ གཡོན་གསུམ་དྲིལ་བུ་ཐོང་གཤོལ་བྷན་དམར་བསྣམསཿ བྷུདྷ་ཀྲོ་ཏི་གཉིས་མེད་དགྱེས་པར་འཁྲིལཿ ཁྲག་འཐུང་བདེ་གཤེགས་རིགས་ཀྱིས་འགྲོ་ཀུན་དྲོངསཿ ༀ་ཨཱཿཧཱུྃཿ ཀླད་པ་དུང་ཁང་ཤར་གྱི་རྩ་འདབ་ཏུཿ འཇའ་འོད་མེ་དཔུང་ཐིག་ལེའི་འོད་ཀློང་དུཿ རྡོ་རྗེ་སེམས་དཔའ་བཛྲ་ཧེ་རུ་ཀཿ ཞལ་གསུམ་ཕྱག་དྲུག་མཐིང་ནག་དཀར་དམར་ཞལཿ གཡས་གསུམ་རྡོ་རྗེ་བྷནྡྷ་དགྲ་སྟ་བསྣམསཿ གཡོན་གསུམ་དྲིལ་བུ་བྷན་དམར་ཐོང་གཤོལ་བསྣམསཿ བཛྲ་ཀྲོ་ཏི་གཉིས་མེད་དགྱེས་པར་འཁྲིལཿ ཁྲག་འཐུང་རྡོ་རྗེ་རིགས་ཀྱིས་འགྲོ་ཀུན་དྲོངསཿ ༀ་ཨཱཿ་ཧཱུྃཿ ཀླད་པ་དུང་ཁང་ལྷོ་ཡི་རྩ་འདབ་ཏུཿ འཇའ་འོད་མེ་དཔུང་ཐིག་ལེའི་འོད་ཀློང་དུཿ རིན་ཆེན་འབྱུང་ལྡན་རཏྣ་ཧེ་རུ་ཀཿ ཞལ་གསུམ་ཕྱག་དྲུག་སེར་ནག་དཀར་དམར་ཞལཿ གཡས་གསུམ་རིན་ཆེན་ཁ་ཊཱྃ་བེ་ཅོན་བསྣམསཿ གཡོན་གསུམ་དྲིལ་བུ་བྷན་དམར་ཏྲི་ཤུལ་བསྣམསཿ རཏྣ་ཀྲོ་ཏི་གཉིས་མེད་དགྱེས་པར་འཁྲིལཿ ཁྲག་འཐུང་རིན་ཆེན་རིགས་ཀྱིས་འགྲོ་ཀུན་དྲོངསཿ ༀ་ཨཱཿཧཱུྃཿ ཀླད་པ་དུང་ཁང་ནུབ་ཀྱི་རྩ་འདབ་ཏུཿ འཇའ་འོད་མེ་དཔུང་ཐིག་ལེའི་འོད་ཀློང་དུཿ སྣང་བ་མཐའ་ཡས་པདྨ་ཧེ་རུ་ཀཿ ཞལ་གསུམ་ཕྱག་དྲུག་དམར་ནག་དཀར་སྔོ་ཞལཿ གཡས་གསུམ་པདྨ་ཁ་ཊཱྃ་དབྱུག་ཏོ་བསྣམསཿ གཡོན་གསུམ་དྲིལ་བུ་བྷན་དམར་རྔེའུ་ཆུང་བསྣམསཿ པདྨ་ཀྲོ་ཏི་གཉིས་མེད་དགྱེས་པར་འཁྲིལཿ ཁྲག་འཐུང་པདྨ་རིགས་ཀྱིས་འགྲོ་ཀུན་དྲོངསཿ ༀ་ཨཱཿཧཱུྃཿ ཀླད་པ་དུང་ཁང་བྱང་གི་རྩ་འདབ་ཏུཿ འཇའ་འོད་མེ་དཔུང་ཐིག་ལེའི་འོད་ཀློང་དུཿ དོན་ཡོད་གྲུབ་པ་ཀརྨ་ཧེ་རུ་ཀཿ ཞལ་གསུམ་ཕྱག་དྲུག་ལྗང་ནག་དཀར་དམར་ཞལཿ གཡས་གསུམ་རལ་གྲི་ཁ་ཊཱྃ་དབྱུག་དོ་བསྣམསཿ གཡོན་གསུམ་དྲིལ་བུ་བྷན་དམར་ཐོང་གཤོལ་བསྣམསཿ ཀརྨ་ཀྲོ་ཏི་གཉིས་མེད་དགྱེས་པར་འཁྲིལཿ ཁྲག་འཐུང་ལས་ཀྱི་རིགས་ཀྱིས་འགྲོ་ཀུན་དྲོངསཿ ༀ་ཨཱཿཧཱུྃཿ ཁྲག་འཐུང་གཙོ་བོ་ཡབ་ཡུམ་བཅུ་གཉིས་ལཿ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབསཿ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐགཿ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེརཿ འཁྲུལ་སྣང་དྲག་པོས་འཁོར་བར་འཁྱམས་པའི་ཚེཿ ཡེ་ཤེས་ལྔ་རྫོགས་གསལ་བའི་འོད་ལམ་ལཿ ཁྲག་འཐུང་ཁྲོ་རྒྱལ་རྣམས་ཀྱིས་ལམ་སྣ་དྲོངསཿ དབྱིངས་ཕྱུག་ཁྲོ་མོའི་ཚོགས་ཀྱིས་རྒྱབ་ནས་སྐྱོརཿ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལཿ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལཿ ༀ་ཨཱཿཧཱུྃཿ དུང་ཁང་ཤར་གྱི་རྩ་འདབས་འོད་ཀློང་དུཿ ཀཽ་རི་དཀར་མོ་ཞིང་དབྱུག་བྷནྡ་འཛིནཿ དུང་ཁང་ལྷོ་ཡི་རྩ་འདབས་འོད་ཀློང་དུཿ ཙཽ་རི་སེར་མོ་མདའ་གཞུ་འགེངས་ཤིང་འཕེནཿ དུང་ཁང་ནུབ་ཀྱི་རྩ་འདབས་འོད་ཀློང་དུཿ པྲ་མོ་དམར་མོ་ཆུ་སྲིན་རྒྱལ་མཚན་ཕྱརཿ དུང་ཁང་བྱང་གི་རྩ་འདབས་འོད་ཀློང་དུཿ བེ་ཏཱ་ནག་མོ་རྡོ་རྗེ་བྷན་དམར་བསྣམསཿ དུང་ཁང་ཤར་ལྷོའི་རྩ་འདབས་འོད་ཀློང་དུཿ པུཀྐ་དམར་སེར་རྒྱུ་མ་འདྲེན་ཅིང་གསོལཿ དུང་ཁང་ལྷོ་ནུབ་རྩ་འདབས་འོད་ཀློང་དུཿ ཀསྨ་ལྗང་ནག་རྡོ་རྗེ་བྷན་དམར་དཀྲུགསཿ དུང་ཁང་ནུབ་བྱང་རྩ་འདབས་འོད་ཀློང་དུཿ ཙནྡྷ་སེར་སྐྱ་ཙིཏྟ་བམ་ཆེན་ཟཿ དུང་ཁང་བྱང་ཤར་རྩ་འདབས་འོད་ཀློང་དུཿ སྨེ་ཤ་མཐིང་ནག་བཾ་རོ་མགོ་ལུས་འབྲལཿ ༀ་ཨཱཿཧཱུྃཿ གནས་ཀྱི་ཀཽ་རི་མ་མོ་བརྒྱད་རྣམས་ལཿ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབསཿ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐགཿ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེརཿ འཁྲུལ་སྣང་དྲག་པོས་འཁོར་བར་འཁྱམས་པའི་ཚེཿ སྒྲ་འོད་ཟེར་གསུམ་གསལ་བའི་འོད་ཀློང་དུཿ ཀཽ་རི་མ་མོ་བཞི་ཡིས་ལམ་སྣ་དྲོངསཿ པུཀྐ་མ་མོ་བཞི་ཡིས་རྒྱབ་ནས་སྐྱོརཿ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལཿ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལཿ ༀ་ཨཱཿཧཱུྃཿ དུང་ཁང་ཤར་གྱི་རྩ་འདབས་ཕྱི་མ་ལཿ སེང་ཧ་སྨུག་ནག་སེང་གདོང་ཁར་རོ་ཐོགསཿ དུང་ཁང་ལྷོ་ཡི་རྩ་འདབས་ཕྱི་མ་ལཿ བྱཱ་གྷྲྀ་དམར་མོ་སྟག་གདོང་ལག་གཉིས་བསྣོལཿ དུང་ཁང་ནུབ་ཀྱི་རྩ་འདབས་ཕྱི་མ་ལཿ སྲྀ་ལ་ནག་མོ་ཝ་གདོང་རྒྱུ་མ་ཟཿ དུང་ཁང་བྱང་གི་རྩ་འདབས་ཕྱི་མ་ལཿ ཤྭ་ན་མཐིང་ནག་སྤྱང་གདོང་བཾ་རོ་འདྲདཿ དུང་ཁང་ཤར་ལྷོའི་རྩ་འདབས་ཕྱི་མ་ལཿ ཀྲྀ་ཏ་དཀར་སེར་རྒོད་མགོ་ཞིང་ཕྲག་གཟརཿ དུང་ཁང་ལྷོ་ནུབ་རྩ་འདབས་ཕྱི་མ་ལཿ ཀང་ཀཱ་དམར་ནག་ཀང་མགོ་ཞིང་ཆེན་ཁུརཿ དུང་ཁང་ནུབ་བྱང་རྩ་འདབས་ཕྱི་མ་ལཿ ཁྭ་ཁ་ནག་མོ་བྱ་རོག་བྷན་གྲི་གདེངསཿ དུང་ཁང་བྱང་ཤར་རྩ་འདབས་ཕྱི་མ་ལཿ ཨུ་ལུ་མཐིང་སྐྱ་འུག་གདོང་རྡོ་རྗེ་འཛིནཿ ཡུལ་བདག་སེང་ཧ་ཕྲ་མེན་བརྒྱད་རྣམས་ལཿ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབསཿ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐགཿ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེརཿ འཁྲུལ་སྣང་དྲག་པོས་འཁོར་བར་འཁྱམས་པའི་ཚེཿ རང་སྣང་ཡུལ་བརྒྱད་དག་པའི་འོད་ལམ་ལཿ སེང་ཧ་ཕྲ་མེན་བཞི་ཡིས་ལམ་སྣ་དྲོངསཿ ཀྲྀ་ཏ་ཕྲ་མེན་བཞི་ཡིས་རྒྱབ་ནས་སྐྱོརཿ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལཿ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལཿ ༀ་ཨཱཿཧཱུྃཿ ཀླད་པ་དུང་ཁང་ཤར་སྒོའི་རྩ་འདབས་ལཿ རྟ་གདོང་དཀར་མོ་ལྕགས་ཀྱུ་བྷནྡྷ་འཛིནཿ ཀླད་པ་དུང་ཁང་ལྷོ་སྒོའི་རྩ་འདབས་ལཿ ཕག་གདོང་སེར་མོ་ཞགས་པ་བྷནྡྷ་འཛིནཿ ཀླད་པ་དུང་ཁང་ནུབ་སྒོའི་རྩ་འདབས་ལཿ སེང་གདོང་དམར་མོ་ལྕགས་སྒྲོགས་བྷནྡྷ་འཛིནཿ ཀླད་པ་དུང་ཁང་བྱང་སྒོའི་རྩ་འདབས་ལཿ སྦྲུལ་གདོང་ལྗང་ཀུ་དྲིལ་བུ་བྷནྡྷ་འཛིནཿ སྤྲུལ་པའི་ཡེ་ཤེས་སྒོ་མ་བཞི་རྣམས་ལཿ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབསཿ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐགཿ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེརཿ འཁྲུལ་སྣང་དྲག་པོས་འཁོར་བར་འཁྱམས་པའི་ཚེཿ སྐྱེ་བ་རྣམ་བཞི་འཁྲུལ་པའི་སྒོ་ཆོད་ལཿ ཕྲིན་ལས་རྣམ་བཞི་དག་པའི་སྒོ་ཕྱེས་ནསཿ ལྕགས་ཀྱུ་ཞགས་པ་མ་ཡིས་ལམ་སྣ་དྲོངསཿ ལྕགས་སྒྲོགས་དྲིལ་བུ་མ་ཡིས་རྒྱབ་ནས་སྐྱོརཿ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལཿ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལཿ ༀ་ཨཱཿཧཱུྃཿ དུང་ཁང་ཤར་གྱི་ཕྱི་ཁྱམས་རྩ་ཕྲན་ལཿ ཞི་བའི་ལས་མཛད་རྣལ་འབྱོར་དབང་ཕྱུག་དྲུགཿ སྲིན་མོ་དཀར་སྨུག་གཡག་གདོང་རྡོ་རྗེ་འཛིནཿ ཚངས་པ་དཀར་སེར་སྦྲུལ་གདོང་པདྨ་འཛིནཿ ལྷ་ཆེན་དཀར་ལྗང་གཟིག་གདོང་དྲི་ཤུལ་འཛིནཿ གཏོགས་འདོད་དཀར་སྔོ་སྲེ་གདོང་འཁོར་ལོ་འཛིནཿ གཞོན་ནུ་དཀར་དམར་དྲེད་གདོང་མདུང་ཐུང་འཛིནཿ བརྒྱ་བྱིན་དཀར་མོ་དོམ་མགོ་རྒྱུ་ཞགས་འཛིནཿ ཤར་ནས་ཞི་བའི་ལས་མཛད་རྣལ་འབྱོར་དྲུགཿ བར་དོར་འཇིགས་སྐྲགས་ཞི་བའི་ལས་མཛོད་ཅིགཿ ༀ་ཨཱཿཧཱུྃཿ དུང་ཁང་ལྷོ་ཡི་ཕྱི་ཁྱམས་རྩ་ཕྲན་ལཿ རྒྱས་པའི་ལས་མཛད་རྣལ་འབྱོར་དབང་ཕྱུག་དྲུགཿ རྡོ་རྗེ་སེར་མོ་ཕ་ཝཾ་སྤུ་གྲི་འཛིནཿ ཞི་བ་དམར་སེར་ཆུ་སྲིན་བུམ་པ་འཛིནཿ བདུད་རྩི་དམར་སེར་སྡིག་གདོང་པདྨ་འཛིནཿ ཟླ་བ་དཀར་སེར་ཁྲ་མགོ་རྡོ་རྗེ་འཛིནཿ བེ་ཅོན་སེར་ལྗང་ཝ་གདོང་དབྱུག་ཏོ་འཛིནཿ སྲིན་མོ་སེར་ནག་སྟག་གདོང་ཐོད་ཁྲག་འཐུང་ཿ ལྷོ་ནས་རྒྱས་པའི་ལས་མཛད་རྣལ་འབྱོར་དྲུགཿ བར་དོ་ཡེ་ཤེས་རྒྱས་པའི་ལས་མཛོད་ཅིགཿ ༀ་ཨཱཿཧཱུྃཿ དུང་ཁང་ནུབ་ཀྱི་ཕྱི་ཁྱམས་རྩ་ཕྲན་ལཿ དབང་གི་ལས་མཛད་རྣལ་འབྱོར་དབང་ཕྱུག་དྲུགཿ ཟ་བ་དམར་ལྗང་རྒོད་མགོ་བེ་ཅོན་འཛིནཿ དགའ་བ་དམར་མོ་རྟ་གདོང་ཁོག་ཆེན་འཛིནཿ སྟོབས་ཆེན་དམར་སྐྱ་ཁྱུང་གདོང་དབྱུག་ཏོ་འཛིནཿ སྲིན་མོ་དམར་མོ་ཁྱི་གདོང་རྡོ་རྗེ་འཛིནཿ འདོད་པ་དམར་མོ་པུ་ཤུད་མདའ་གཞུ་འགེངསཿ ནོར་བསྲུང་དམར་ལྗང་ཤ་མགོ་བུམ་པ་འཛིནཿ ནུབ་ནས་དབང་གི་ལས་མཛད་རྣལ་འབྱོར་དྲུགཿ བར་དོར་རང་དབང་ཐོབ་པའི་ལས་མཛོད་ཅིགཿ ༀ་ཨཱཿཧཱུྃཿ དུང་ཁང་བྱང་གི་ཕྱི་ཁྱམས་རྩ་ཕྲན་ལཿ དྲག་པོའི་ལས་མཛད་རྣལ་འབྱོར་དབང་ཕྱུག་དྲུགཿ རླུང་ལྷ་ལྗང་སྔོན་སྤྱང་གདོང་བ་དན་ཕྱརཿ མི་མོ་ལྗང་དམར་སྐྱིན་མགོ་གསལ་ཤིང་འཛིནཿ ཕག་མོ་ལྗང་ནག་ཕག་གདོང་མཆེ་ཞགས་འཛིནཿ དགའ་བྱེད་ལྗང་དམར་ཁྭ་གདོང་ཞིང་ཆུང་འཛིནཿ སྣ་ཆེན་ལྗང་ནག་གླང་ཆེན་བཾ་ཆེན་འཛིནཿ ཆུ་ལྷ་ལྗང་སྔོན་སྦྲུལ་གདོང་སྦྲུལ་ཞགས་འཛིནཿ བྱང་ནས་དྲག་པོའི་ལས་མཛད་རྣལ་འབྱོར་དྲུགཿ བར་དོར་འཁྲུལ་སྣང་བརླག་པའི་ལས་མཛོད་ཅིགཿ ༀ་ཨཱཿཧཱུྃཿ དུང་ཁང་ཤར་སྒོར་ཁུ་བྱུག་ལྕགས་ཀྱུ་དཀརཿ དུང་ཁང་ལྷོ་སྒོར་ར་གདོང་ཞགས་པ་སེརཿ དུང་ཁང་ནུབ་སྒོར་སེང་གདོང་ལྕགས་སྒྲོགས་དམརཿ དུང་ཁང་བྱང་སྒོར་སྦྲུལ་གདོང་དྲིལ་བུ་ལྗངཿ སྤྲུལ་པའི་ལས་མཛད་དབང་ཕྱུག་སྒོ་མ་བཞིཿ བར་དོར་སྐྱེ་སྒོ་བཀག་པའི་ལས་མཛོད་ཅིགཿ ༀ་ཨཱཿཧཱུྃཿ རྣལ་འབྱོར་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལཿ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབསཿ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐགཿ ཆོས་ཉིད་བར་དོའི་སྣང་བ་འཆར་དུས་དེརཿ འཁྲུལ་སྣང་དྲག་པོས་འཁོར་བར་འཁྱམས་པའི་ཚེཿ སྒྲ་འོད་ཟེར་གསུམ་གསལ་བའི་འོད་ལམ་ལཿ ཤར་གྱི་དབང་ཕྱུག་བདུན་གྱིས་ལམ་སྣ་དྲོངསཿ ལྷོ་ཡི་དབང་ཕྱུག་བདུན་གྱིས་རྒྱབ་ནས་སྐྱོརཿ ནུབ་ཀྱི་དབང་ཕྱུག་བདུན་གྱིས་མཐའ་ནས་བརྟེནཿ བྱང་གི་དབང་ཕྱུག་བདུན་གྱིས་གཤེད་དང་ཕྲོལཿ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལཿ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལཿ ༀ་ཨཱཿཧཱུྃཿ སྐྱེ་གནས་བར་དོར་གནས་པའི་དུས་འདི་རུཿ ཁྲག་འཐུང་དྲུག་ཅུ་ཐམ་པའི་ལྷ་ཚོགས་རྣམསཿ སྤྱི་བོ་ཀླད་པ་དུང་ཁང་གཞལ་ཡས་སུཿ འོད་ལྔ་ཚོམ་བུའི་སྐུ་རུ་གསལ་བར་བཞུགསཿ བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐགཿ ཁྲག་འཐུང་ལྷ་ཚོགས་ཀླད་པའི་ནང་ནས་ཐོནཿ སྟོང་གསུམ་འཇིག་རྟེན་མ་ལུས་གང་བར་འཆརཿ རྒྱན་དང་ཆ་ལུགས་གཙོ་འཁོར་འཇིགས་ཚུལ་ཅནཿ སྒྲ་འོད་ཟེར་གསུམ་ཀློང་ནས་ཁྲོ་བོའི་སྐུཿ སྒེགས་པ་དཔའ་བ་འཇིགས་པའི་ཆ་ལུགས་ཅནཿ རྒོད་དང་གཤེ་དང་རྔམས་པའི་ང་རོ་སྒྲོགསཿ སྙིང་རྗེ་ཁྲོ་དང་གཏུམ་པའི་ཞེ་སྡང་འབརཿ ཐལ་ཆེན་ཁྲག་ཐིག་ཞག་གི་ཟོ་རིས་བརྒྱནཿ ཀོ་རློན་གཡང་གཞི་སྟག་གི་ཤམ་ཐབས་གསོལཿ ཐོད་ཕྲེང་སྦྲུལ་ཆུན་བརྒྱན་ཅིང་མེ་དཔུང་འབརཿ ཧ་ཧ་ཧཱུྃ་ཕཊཿརྒྱོབ་སོད་འབྲུག་སྟོང་ལྡིརཿ མགོ་བརྙན་སྣ་ཚོགས་ཕྱག་མཚན་སྟོན་ཅིང་བསྒྱུརཿ སྟོང་གསུམ་རབ་འབྱམས་ཤིག་ཤིག་ཡོམ་ཡོམ་འགུལཿ སྒྲ་འོད་ཟེར་དང་དངས་སྐྲག་འཇིགས་སྣང་ཀུནཿ བདག་ལ་འཆར་བར་གྱུར་པའི་དུས་ཀྱི་ཚེཿ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཐུགས་རྗེ་ཅནཿ ཐུགས་རྗེ་ཅན་རྣམས་ཐུགས་རྗེ་དེར་མ་ཆུང་ཿ བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེཿ དངངས་སྐྲག་འཇིགས་སྣང་སྤངས་བའི་འོད་ལམ་ལཿ ཁྲག་འཐུང་ཁྲོ་བོའི་ཚོགས་ཀྱིས་ལམ་སྣ་དྲོངསཿ དབྱིངས་ཕྱུག་ཁྲོ་མོའི་ཚོགས་ཀྱིས་རྒྱབ་ནས་སྐྱོརཿ ཀེའུ་སེང་སྒོ་མའི་ཚོགས་ཀྱིས་མཐའ་ནས་བརྟེནཿ སྤོར་བྱེད་ཆེན་པོ་བརྒྱད་ཀྱིས་གནས་ནས་སྤོརཿ དབང་ཕྱུག་མགོ་བརྙན་ཚོགས་ཀྱིས་བར་ཆད་སོལཿ སྒོ་མ་ཆེན་མོ་བཞི་ཡིས་སྐྱེ་སྒོ་ཁོགཿ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལཿ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལཿ ༀ་ཨཱཿཧཱུྃཿ དགའ་བའི་གྲོགས་དང་བྲལ་ནས་གཅིག་པུར་འཁྱམསཿ རང་སྣང་སྟོང་པའི་གཟུགས་བརྙན་འཆར་དུས་དེརཿ སངས་རྒྱས་རྣམས་ཀྱིས་ཐུགས་རྗེའི་ཤུགས་ཕྱུངས་ལཿ སྔངས་སྐྲག་བར་དོའི་འཇིགས་པ་མི་འབྱུང་ཤོགཿ ཡེ་ཤེས་གསལ་བའི་འོད་ལྔ་འཆར་དུས་དེརཿ མི་འཇིགས་མི་སྐྲག་རང་ངོ་ཤེས་གྱུར་ཅིགཿ ཞི་དང་ཁྲོ་བོའི་སྐུ་གཟུགས་འཆར་དུས་དེརཿ མི་འཇིགས་གདེང་ཐོབ་བར་དོ་ངོ་ཤེས་ཤོགཿ ལས་ངན་དབང་གིས་སྡུག་བསྔལ་མྱོང་ཙ་ནཿ ཡི་དམ་ལྷ་ཡིས་སྡུག་བསྔལ་སེལ་བར་ཤོགཿ ཆོས་ཉིད་རང་སྒྲ་འབྲུག་སྟོང་ལྡིར་ཙམ་ནཿ ཐེག་ཆེན་ཆོས་ཀྱི་སྒྲ་རུ་འགྱུར་བར་ཤོགཿ སྐྱབས་མེད་ལས་ཀྱི་རྗེས་སུ་འབྲང་དུས་དེརཿ ཐུགས་རྗེ་ཆེན་པོས་བདག་སོགས་སྐྱབ་ཏུ་གསོལཿ བག་ཆགས་ལས་ཀྱིས་སྡུག་བསྔལ་མྱོང་དུས་དེརཿ འོད་གསལ་བདེ་བའི་ཏིང་འཛིན་འཆར་བར་ཤོགཿ འབྱུང་ལྔའི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་ཿ སངས་རྒྱས་རིགས་ལྔའི་ཞིང་ཁམས་མཐོང་བར་ཤོགཿ བཀའ་བརྒྱུད་བླ་མ་རྣམས་ཀྱི་བྱིན་རླབས་དང་ཿ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཐུགས་རྗེ་དང་ཿ བདག་གི་བསམ་པ་རྣམ་པར་དག་པའི་མཐུསཿ སྨོན་ལམ་ཅི་བཏབ་དེང་འདིར་འགྲུབ་པར་ཤོགཿ ཅེས་པས་ཞི་ཁྲོའི་ཆོས་སྤྱོད་སྨོན་ལམ་དང་བཅས་པ་འདི་ལ་དུས་གསུམ་དུ་བརྩོན་པས་འབད་པར་གྱུར་ནཿ མཚམས་མེད་པ་ལྔ་བྱས་པའི་སྡིག་སྒྲིབ་ཚེ་འདི་ཉིད་ལ་འདག་ཅིང་ཿ ན་རཀ་དམྱལ་བའི་གནས་ཀྱང་དོང་ནས་སྤྲུག་སྟེཿ རིག་འཛིན་རྒྱལ་བའི་ཞིང་དུ་སྐྱེ་བ་ལ་ཐེ་ཚོམ་མེད་དོཿ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱི་བཀའ་ལས་ཀྱང་ཿ གང་གིས་སྒྱུ་འཕྲུལ་ཞི་ཁྲོ་ཡིཿ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ནཿ ཉམས་ཆགས་ཀུན་ཀྱང་བྱང་འགྱུར་ཏེཿ མཚམས་མེད་ལྔ་ཡི་སྡིག་ཀྱང་བྱང་ཿ ན་རཀ་གནས་ཀྱང་དོང་སྤྲུག་སྟེཿ རིག་འཛིན་རྒྱལ་བའི་ཞིང་དུ་གྲགསཿ ཅེས་པ་དངཿ ཆོས་སྤྱོད་དེ་ལྟར་བྱས་པའི་ཕན་ཡོན་དེ་ལྟ་བུ་ཨ་ཅང་ཆེ་སྟེཿ དཀྱིལ་འཁོར་ཀྱི་ལྷ་འདི་རྣམས་ཀྱི་མཚན་ལན་གཅིག་རྣ་བར་ཐོས་པས་ཀྱང་ངན་སོང་གི་གནས་སུ་མི་སྐྱེ་ཞིང་མཐར་མཚང་རྒྱ་བར་འགྱུར་གསུངས་ཏེཿ དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱི་ཞལ་ནས་ཀྱང་ཿ གལ་ཏེ་རྣལ་འབྱོར་ཕོ་མོ་གང་ཞིག་གིས་དཀྱིལ་འཁོར་ཀྱི་ལྷ་འདི་རྣམས་ཀྱི་མཚན་རྣ་བར་ལན་གཅིག་ཐོས་པ་ཙམ་ཀྱིས་ཀྱང་ན་རག་ཆེན་པོར་མི་ལྟུང་ངོཿ ཞེས་གསུངས་པ་དངཿ ཡང་རང་བཞིན་སྒྱུ་འཕྲུལ་དཀྱིལ་འཁོར་ལཿ གང་ཞིག་གུས་པས་ཕྱག་འཚལ་ནཿ ཉམས་ཆགས་ཀུན་ཀྱང་བྱང་བར་འགྱུརཿ དམ་ཚིག་བསྐངས་ནས་དངོས་གྲུབ་ཐོབཿ ཅེས་གསུངས་པའི་ཕྱིརཿ ཕན་ཡོན་བརྗོད་ལས་འདས་པ་ཡོད་པསཿ དེ་བས་ན་བདག་ལུས་ཞི་ཁྲོའི་ལྷ་ཚོགས་སུ་གསལ་གདབ་ཅིང་ཿ ཆོས་སྤྱོད་ལ་བརྩོན་པར་གྱིས་ཤིགཿ ཚེ་འདི་ཉིད་ལ་ཡང་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་ཅིང་ཿ ཚེ་འཕོས་ནས་ཆོས་ཉིད་བར་དོར་ཞི་ཁྲོའི་སྣང་བ་འཆར་བའི་ཚེཿ གཉིས་མེད་དུ་ཐིམས་ནས་སངས་རྒྱ་བར་འགྱུར་རོཿ ཉམས་སུ་ལོངས་ཤིགཿ གཤེད་མ་བརྒྱས་བདས་ཀྱང་འདིའི་ཚིག་ཡིད་ལ་མ་བརྗེད་པར་གྱིས་ཤིགཿ ཟུངས་ཤིགཿ ཆོངས་ཤིགཿ ཀློག་ཤིགཿ ཀུན་ཆུབ་པར་གྱིས་ཤིགཿ ཚུལ་བཞིན་དུ་ཡིད་ལ་གྱིས་ཤིགཿ ༈ ཞི་ཁྲོ་འདུས་པའི་ཆོས་སྤྱོད་རབ་གསལཿ བར་དོ་ཐོས་གྲོལ་གྱི་ཉམས་ལེནཿ ཞི་ཁྲོའི་ལས་བྱང་ཚོར་བ་རང་གྲོལ་གྱི་སྙིང་པོཿ བར་དོ་བདག་དབང་རང་གྲོལ་གྱི་ཆ་རྐྱེེནཿ བསྐང་བཤགས་ཉམས་ཆགས་རང་གྲོལ་གྱི་དངོས་གཞིཿ སྐྱེས་བུ་སྐལ་ལྡན་རྣམས་ཀྱི་ཐར་ལམཿ ཆོས་སྤྱོད་བག་ཆགས་རང་གྲོལ་ཞེས་བྱ་བཿ འཁོར་བ་མ་སྟོངས་ཀྱི་བར་དུ་མ་རྫོགས་སོཿ སཱ་མཱ་ཡཱཿ རྒྱ་རྒྱ་རྒྱཿ ཀརྨ་གླིང་པའི་གཏེར་མའོཿ

ར་མདའ་སྦྲན་པའི་སྨོན་ལམ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ར་མདའ་སྦྲན་པའི་སྨོན་ལམ་བཞུགས་སོ༔

དེའང་རང་ཉིད་འཆི་བའི་དུས་ཀྱི་ཚེའམ་ནམ་ཡང་བྱ་སྟེ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ར་མདའ་སྦྲན་པ་ནི༔ དཀོན་མཆོག་གསུམ་ལ་དངོས་སུ་འབྱོར་པ་དང༔ ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ༔ ལག་ཏུ་སྤོས་དྲི་ཞིམ་པོ་ཐོགས་ཏེ༔ གདུང་བའི་ཤུགས་དྲག་པོས་འདི་སྐད་དོ༔ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ༔ ཐུགས་རྗེ་དང་ལྡན་པ༔ མཁྱེན་པ་དང་ལྡན་པ༔ སྤྱན་དང་ལྡན་པ༔ བརྩེ་བ་དང་ལྡན་པ༔ འགྲོ་བའི་སྐྱབས་སུ་གྱུར་པ་རྣམས༔ ཐུགས་རྗེའི་དབང་གིས་གནས་འདིར་བྱོན་ཅིག༔ དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་བཞེས་ཤིག༔ ཐུགས་རྗེ་ཅན་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས༔ བརྩེ་བའི་ཐུགས་རྗེ༔ མཛད་པའི་ཕྲིན་ལས༔ སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས༔ ཐུགས་རྗེ་ཅན་ཁྱེད་རྣམས་ཀྱིས་ཆེ་གེ་མོ་ཞེས་བྱ་བ་འདི་ནི༔ འཇིག་རྟེན་འདི་ནས་ཕ་རོལ་དུ་ནི་འགྲོ༔ འཇིག་རྟེན་འདི་ནི་བོར༔ སྐྱས་ཆེན་པོས་ནི་འདེགས༔ གྲོགས་ནི་མེད༔ སྡུག་བསྔལ་ནི་ཆེ༔ སྐྱབས་ནི་མེད༔ མགོན་ནི་མེད༔ དཔུང་གཉེན་ནི་མེད༔ ཚེ་འདིའི་སྣང་བ་ནི་ནུབ༔ འགྲོ་བ་གཞན་དུ་ནི་འགྲོ༔ མུན་ནག་འཐུག་པོར་ནི་འཇུག༔ གཡང་ས་ཆེན་པོར་ནི་ལྷུང༔ ནགས་ཁྲོད་འཐུག་པོར་ནི་འཇུག༔ ལས་ཀྱི་དབང་གིས་ནི་དེད༔ དགོན་པ་ཆེན་པོར་ནི་འགྲོ༔ རྒྱ་མཚོ་ཆེན་པོས་ནི་ཁྱེར༔ ལས་ཀྱི་རླུང་གིས་ནི་དེད༔ ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ༔ གཡུལ་ངོ་ཆེན་པོར་ནི་འཇུག༔ གདོན་ཆེན་པོས་ནི་ཟིན༔ གཤིན་རྗེའི་ཕོ་ཉ་ལ་ནི་འཇིགས་ཤིང་སྐྲག༔ ལས་ཀྱི་སྲིད་པ་ལ་ཡང་སྲིད་པ་ལ་ནི་འཇུག༔ དབང་ནི་མེད༔ གཅིག་པུར་གྲོགས་མེད་པར་འགྲོ་དགོས་པའི་དུས་ལ་བབ་ན༔ ཐུགས་རྗེ་ཅན་ཁྱེད་རྣམས་ཀྱིས་ཆེ་གེ་མོ་སྐྱབས་མེད་པ་འདི་ལ་སྐྱབས་མཛོད་ཅིག༔ མགོན་མཛོད་ཅིག༔ དཔུང་གཉེན་མཛོད་ཅིག༔ བར་དོའི་མུན་ནག་ཆེན་པོ་ལས་སྐྱོབས་ཤིག༔ ལས་ཀྱི་རླུང་དམར་ཆེན་པོ་ལས་བཟློག་ཅིག༔ གཤིན་རྗེའི་འཇིགས་སྐྲག་ཆེན་པོ་ལས་སྐྱོབས་ཤིག༔ བར་དོའི་འཕྲང་རིང་ཆེན་པོ་ལས་སྒྲོལ་ཅིག༔ ཐུགས་རྗེ་ཅན་ཁྱེད་རྣམས་ཐུགས་རྗེ་དེ་མ་ཆུང་ཞིག༔ ར་མདའ་མཛོད་ཅིག༔ ངན་སོང་གསུམ་དུ་མ་བཏང་ཞིག༔ སྔོན་གྱི་དམ་བཅའ་མ་གཡེལ་བར༔ ཐུགས་རྗེའི་ཤུགས་མྱུར་དུ་ཕྱུངས་ཤིག༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆེ་གེ་མོ་འདི་ལ་ཐུགས་རྗེ་ཐབས་དང་ནུས་པ་མ་ཆུང་ཞིག༔ ཐུགས་རྗེས་ཟུངས་ཤིག༔ སེམས་ཅན་ལས་ངན་པའི་དབང་དུ་མ་བཏང་ཞིག༔ དཀོན་མཆོག་གསུམ་གྱིས་བར་དོའི་སྡུག་བསྔལ་ལས་བསྐྱབ་ཏུ་གསོལ༔ ཞེས་མོས་གུས་དྲག་པོའི་སྒོ་ནས་བདག་གཞན་ཐམས་ཅད་ཀྱིས་ལན་གསུམ་དུ་བྱའོ༔ དེ་ནས་བར་དོ་ཐོས་གྲོལ་དང༔ བར་དོ་འཕྲང་སྒྲོལ་གྱི་སྨོན་ལམ་སོགས་ཀྱང་གདབ་བོ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ར་མདའ་སྦྲན་པའི་སྨོན་ལམ་ཞེས་བྱ་བ་འདི་ནི་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ༔ འཁོར་བ་མ་སྟོངས་བར་དུ་མ་རྫོགས་སོ༔

སྨོན་ལམ་འཇིགས་སྐྱོབ་མ།

༁ྃ བར་དོའི་སྨོན་ལམ་འཇིགས་སྐྱོབ་མ་ཞེས་བྱ་བ་བཞུགས་སོ༔

ཀྱཻ་མ༔ བདག་ནི་ཚེ་ཡི་འཕེན་པ་ཟད་པའི་ཚེ༔ འཇིག་རྟེན་འདི་ནས་ཉེ་དུས་མི་བསྟོངས་ཏེ༔ རང་ཉིད་གཅིག་པུར་བར་དོར་འཁྱམས་ཙ་ན༔ རྒྱལ་བ་ཞི་ཁྲོས་ཐུགས་རྗེའི་ཤུགས་ཕྱུང་ནས༔ མ་རིག་མུན་པའི་སྨག་རུམ་སེལ་བར་ཤོག༔ དགའ་བའི་གྲོགས་དང་བྲལ་ནས་གཅིག་པུར་འཁྱམས༔ རང་སྣང་སྟོང་པའི་གཟུགས་བརྙན་འཆར་དུས་དེར༔ སངས་རྒྱས་རྣམས་ཀྱི་ཐུགས་རྗེེའི་ཤུག་ཕྱུང་ནས༔ དངངས་སྐྲག་བར་དོའི་འཇིགས་པ་མི་འབྱུང་ཤོག༔ ཡེ་ཤེས་གསལ་བའི་འོད་ལྔ་འཆར་དུས་དེར༔ མི་འཇིགས་མི་སྐྲག་རང་ངོ་ཤེས་གྱུར་ཅིག༔ ཞི་དང་ཁྲོ་བོའི་སྐུ་གཟུགས་འཆར་དུས་དེར༔ མི་འཇིགས་གདེངས་ཐོབ་བར་དོ་ངོ་ཤེས་ཤོག༔ ལས་ངན་དབང་གིས་སྡུག་བསྔལ་མྱོང་ཙམ་ན༔ རྒྱལ་བ་ཞི་ཁྲོས་སྡུག་བསྔལ་སེལ་བར་ཤོག༔ ཆོས་ཉིད་རང་སྒྲ་འབྲུག་སྟོང་ལྡིར་ཙམ་ན༔ ཐེག་ཆེན་ཆོས་ཀྱི་སྒྲ་རུ་འགྱུར་བར་ཤོག༔ སྐྱབས་མེད་ལས་ཀྱི་རྗེས་སུ་འབྲང་དུས་དེར༔ རྒྱལ་བ་ཞི་ཁྲོས་བདག་སོགས་བསྐྱབ་ཏུ་གསོལ༔ བག་ཆགས་ལས་ཀྱི་སྡུག་བསྔལ་མྱོང་ཙམ་ན༔ འོད་གསལ་བདེ་བའི་ཏིང་འཛིན་འཆར་བར་ཤོག༔ སྲིད་པ་བར་དོར་བརྫུས་ཏེ་སྐྱེས་ཙམ་ན༔ ཕྱིན་ལོག་བདུད་ཀྱི་ལུང་བསྟན་མི་འབྱུང་ཤོག༔ གང་དུ་བསམ་པ་དབང་གིས་སླེབ་ཙམ་ན༔ ལས་ངན་འཁྲུལ་པའི་འཇིགས་སྐྲག་མི་འབྱུང་ཤོག༔ གཅན་གཟན་ཁྲོ་བོའི་ངར་སྐད་འདོན་པའི་ཚེ༔ ཡི་གེ་དྲུག་པའི་ཆོས་སྒྲར་འགྱུར་བར་ཤོག༔ ཁ་ཆར་རླུང་དང་མུན་པས་དེད་པའི་ཚེ༔ ཡེ་ཤེས་གསལ་བའི་ལྷ་མིག་མཐོང་བར་ཤོག༔ རིགས་མཐུན་ནང་ཚན་བར་དོའི་སེམས་ཅན་རྣམས༔ མིག་སེར་མེད་ཅིང་མཐོ་རིས་སྐྱེ་བར་ཤོག༔ ཤིན་ཏུ་ཉོན་མོངས་བཀྲེས་ཤིང་སྐོམ་པའི་ཚེ༔ ལྟོག་སྐོམ་ཚ་གྲང་སྡུག་བསྔལ་མི་འབྱུང་ཤོག༔ ཕྱི་མ་ཕ་མའི་འདུ་འཕྲོད་མཐོང་ཙམ་ན༔ རྒྱལ་བ་ཞི་ཁྲོ་ཡབ་ཡུམ་ཉིད་མཐོང་ཤོག༔ གར་སྐྱེས་རང་དབང་ཐོབ་ནས་གཞན་དོན་དུ༔ མཚན་དཔེས་བརྒྱན་པའི་ལུས་མཆོག་ཐོབ་པར་ཤོག༔ བདག་ཉིད་སྐྱེས་པའི་ལུས་མཆོག་ཐོབ་གྱུར་ནས༔ མཐོང་ཐོས་ཐམས་ཅད་མྱུར་དུ་གྲོལ་བར་ཤོག༔ ལས་ངན་ཐམས་ཅད་རྗེས་སུ་མི་འབྲང་ཞིང༔ བསོད་ནམས་གང་ཡོད་འཕེལ་ཞིང་རྗེས་འབྲང་ཤོག༔ གང་དང་གང་དུ་སྐྱེ་བ་དེ་དང་དེར༔ ཚེ་རབས་ཡི་དམ་ལྷ་དང་མཇལ་བར་ཤོག༔ སྐྱེས་མ་ཐག་ཏུ་སྨྲ་ཞིང་འགྲོ་ཤེས་ཏེ༔ སྐྱེ་བ་དྲན་ཅིང་མི་བརྗེད་གཟུངས་ཐོབ་ཤོག༔ ཡོན་ཏན་ཆེ་ཆུང་འབྲིང་དང་སྣ་ཚོགས་པ༔ ཐོས་སམ་མཐོང་བ་ཙམ་གྱིས་ཤེས་གྱུར་ཅིག༔ གང་དུ་སྐྱེ་བའི་ཡུལ་དེར་བཀྲ་ཤིས་ཤིང༔ སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག༔ རྒྱལ་བ་ཞི་ཁྲོ་ཁྱེད་སྐུ་ཅི་འདྲ་དང༔ འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང༔ ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ༔ དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག༔ ཀུན་བཟང་ཞི་ཁྲོ་རབ་འབྱམས་ཐུགས་རྗེ་དང༔ ཆོས་ཉིད་རྣམ་པར་དག་པའི་བདེན་སྟོབས་དང༔ སྔགས་འཆང་རྩེ་གཅིག་བསྒྲུབས་པའི་བྱིན་རླབས་ཀྱིས༔ སྨོན་ལམ་བཏབ་པ་དེ་བཞིན་འགྲུབ་གྱུར་ཅིག༔ བར་དོའི་སྨོན་ལམ་འཇིགས་སྐྱོབ་མ་ཞེས་བྱ་བ་འཁོར་བ་མ་སྟོངས་བར་དུ་མ་རྫོགས་སོ༔

བར་དོ་འཕྲང་སྒྲོལ་གྱི་སྨོན་ལམ།

བར་དོ་འཕྲང་སྒྲོལ་གྱི་སྨོན་ལམ་བཞུགས་སོ༔

བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ བརྩེ་བ་ཆེན་པོས་ལམ་སྣ་དྲངས་དུ་གསོལ༔ བདག་ནི་འཁྲུལ་བས་འཁོར་བར་འཁྱམས་པའི་ཚེ༔ ཐོས་བསམ་སྒོམ་གསུམ་མ་ཡེངས་འོད་ལམ་ལ༔ བཀའ་བརྒྱུད་བླ་མ་རྣམས་ཀྱིས་ལམ་སྣ་དྲོངས༔ ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ གཏི་མུག་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རྣམ་པར་སྣང་མཛད་ལམ་སྣ་དྲོངས༔ ཡུམ་མཆོག་དབྱིངས་ཕྱུག་མ་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཞེ་སྡང་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ མེ་ལོང་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རྡོ་རྗེ་སེམས་དཔས་ལམ་སྣ་དྲོངས༔ ཡུམ་མཆོག་སངས་རྒྱས་སྤྱན་མས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ང་རྒྱལ་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ མཉམ་ཉིད་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལམ་སྣ་དྲོངས༔ ཡུམ་མཆོག་མཱ་མ་ཀི་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོར༔ འདོད་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ སོར་རྟོག་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་སྣང་བ་མཐའ་ཡས་ལམ་སྣ་དྲོངས༔ ཡུམ་མཆོག་གོས་དཀར་མོ་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཕྲག་དོག་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ བྱ་གྲུབ་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་དོན་ཡོད་གྲུབ་པས་ལམ་སྣ་དྲོངས༔ ཡུམ་མཆོག་དམ་ཚིག་སྒྲོལ་མས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ལྷན་སྐྱེས་ཡེ་ཤེས་གསལ་བའི་འོད་ལམ་ལ༔ དཔའ་བོ་རིག་འཛིན་རྣམས་ཀྱིས་ལམ་སྣ་དྲོངས༔ ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ འཁྲུལ་སྣང་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ སྔངས་སྐྲག་འཇིགས་སྣང་སྤང་བའི་འོད་ལམ་ལ༔ བཅོམ་ལྡན་ཞི་ཁྲོའི་ཚོགས་ཀྱིས་ལམ་སྣ་དྲོངས༔ དབྱིངས་ཕྱུག་ཁྲོ་མོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཀྱཻ་མ༔ ནམ་མཁའི་ཁམས་རྣམས་དགྲ་རུ་མི་སྡང་ཞིང༔ སངས་རྒྱས་མཐིང་གའི་ཞིང་ཁམས་མཐོང་བར་ཤོག༔ ཆུ་ཡི་ཁམས་རྣམས་དགྲ་རུ་མི་སྡང་ཞིང༔ སངས་རྒྱས་དཀར་པོའི་ཞིང་ཁམས་མཐོང་བར་ཤོག༔ ས་ཡི་ཁམས་རྣམས་དགྲ་རུ་མི་སྡང་ཞིང༔ སངས་རྒྱས་སེར་པོའི་ཞིང་ཁམས་མཐོང་བར་ཤོག༔ མེ་ཡི་ཁམས་རྣམས་དགྲ་རུ་མི་སྡང་ཞིང༔ སངས་རྒྱས་དམར་པོའི་ཞིང་ཁམས་མཐོང་བར་ཤོག༔ རླུང་གི་ཁམས་རྣམས་དགྲ་རུ་མི་སྡང་ཞིང༔ སངས་རྒྱས་ལྗང་གུའི་ཞིང་ཁམས་མཐོང་བར་ཤོག༔ འཇའ་ཚོན་ཁམས་རྣམས་དགྲ་རུ་མི་སྡང་ཞིང༔ སངས་རྒྱས་སྣ་ཚོགས་ཞིང་ཁམས་མཐོང་བར་ཤོག༔ སྒྲ་འོད་ཟེར་གསུམ་དགྲ་རུ་མི་སྡང་ཞིང་༔ ཞི་ཁྲོ་རབ་འབྱམས་ཞིང་ཁམས་མཐོང་བར་ཤོག༔ དགྲ་རྣམས་ཐམས་ཅད་རང་སྒྲར་ཤེས་པར་ཤོག༔ འོད་རྣམས་ཐམས་ཅད་རང་འོད་ཤེས་པར་ཤོག༔ ཟེར་རྣམས་ཐམས་ཅད་རང་ཟེར་ཤེས་པར་ཤོག༔ བར་དོ་རང་ངོ་རང་གིས་ཤེས་པར་ཤོག༔ སྐུ་གསུམ་ཞིང་ཁམས་མངོན་དུ་འགྱུར་བར་ཤོག༔ ༔

བར་དོ་དྲུག་གི་རྩ་ཚིག

བར་དོ་དྲུག་གི་རྩ་ཚིག་ཅེས་བྱ་བ་བཞུགས་སོ༔

ཀྱཻ་མ༔ བདག་ལ་སྐྱེ་གནས་བར་དོ་འཆར་དུས་འདིར༔ ཚེ་ལ་ལོངས་མེད་ལེ་ལོ་སྤངས་བྱས་ནས༔ ཐོས་བསམ་སྒོམ་གསུམ་མ་ཡེངས་ལམ་ལ་འཇུག༔ སྣང་སེམས་ལམ་བསློང་སྐུ་གསུམ་མངོན་གྱུར་བྱ༔ མི་ལུས་ལན་གཅིག་ཐོབ་པའི་དུས་ཚོད་འདིར༔ ཡེངས་མ་ལམ་ལ་སྡོད་པའི་དུས་ཚོད་མིན༔ ཀྱཻ་མ༔ བདག་ལ་རྨི་ལམ་བར་དོ་འཆར་དུས་འདིར༔ གཏི་མུག་རོ་ཉལ་བག་མེད་སྤངས་བྱས་ནས༔ དྲན་པ་ཡེངས་མེད་གནས་ལུགས་ངང་ལ་འཇོག༔ རྨི་ལམ་བཟུང་ནས་སྤྲུལ་བསྒྱུར་འོད་གསལ་སྦྱངས༔ དུད་འགྲོ་བཞིན་དུ་ཉལ་བར་མ་བྱེད་ཅིག༔ གཉིད་དང་མངོན་སུམ་འདྲེས་པའི་ཉམས་ལེན་གཅེས༔ ཀྱཻ་མ༔ བདག་ལ་བསམ་གཏན་བར་དོ་འཆར་དུས་འདིར༔ རྣམ་གཡེངས་འཁྲུལ་པའི་ཚོགས་རྣམས་སྤངས་བྱས་ནས༔ ཡེངས་མེད་འཛིན་མེད་མཐའ་བྲལ་ངང་ལ་འཇོག༔ བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ་པར་བྱ༔ བྱ་བ་སྤངས་ནས་རྩེ་གཅིག་བསྒོམ་དུས་འདིར༔ ཉོན་མོངས་འཁྲུལ་བའི་དབང་དུ་མ་བཏང་ཞིག༔ ཀྱཻ་མ༔ བདག་ལ་འཆི་ཁ་བར་དོ་འཆར་དུས་འདིར༔ ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས༔ གདམས་ངག་གསལ་བའི་ངང་ལ་མ་ཡེངས་འཇུག༔ རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕོ༔ འདུས་བྱས་ཤ་ཁྲག་ལུས་དང་བྲལ་ལ་ཁད༔ མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ༔ ཀྱཻ་མ༔ བདག་ལ་ཆོས་ཉིད་བར་དོ་འཆར་དུས་འདིར༔ ཀུན་ལ་སྔངས་སྐྲག་འཇིགས་སྣང་སྤངས་བྱས་ནས། གང་ཤར་རང་སྣང་རིག་པར་ངོ་ཤེས་འཇུག༔ བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱ༔ དོན་ཆེན་འགགས་ལ་ཐུག་པའི་དུས་ཤིག་འོང་༼ཚོད་འདིར༽༔ རང་སྣང་ཞི་ཁྲོའི་ཚོགས་ལ་མ་འཇིགས་ཤིག༔ ཀྱཻ་མ༔ བདག་ལ་སྲིད་པ་བར་དོ་འཆར་དུས་འདིར༔ འདུན་པ་རྩེ་གཅིག་སེམས་ལ་བཟུང་བྱས་ནས༔ བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་མཐུད༔ མངལ་སྒོ་བགག་ནས་རུ་ལོག་དྲན་པར་བྱ༔ སྙིང་རུས་དག་སྣང་དགོས་པའི་དུས་ཤིག་ཡིན༔ མིག་སེར་སྤོངས་ལ་བླ་མ་ཡབ་ཡུམ་བསྒོམ༔ འཆི་བ་འོང་སྙམས་མེད་པའི་བློ་རིང་པོ༔ དོན་མེད་ཚེ་འདིའི་བྱ་བ་བསྒྲུབས་བསྒྲུབས་ནས༔ ད་རེས་སྟོང་ལོག་བྱས་ན་ཤིན་ཏུ་འཁྲུལ༔ དགོས་ངོ་ཤེས་པ་དམ་པའི་ལྷ་ཆོས་ཡིན༔ ད་ལྟ་ཉིད་དུ་ལྷ་ཆོས་མི་བྱེད་དམ༔ གྲུབ་ཆེན་བླ་མའི་ཞལ་ནས་འདི་སྐད་གསུངས༔ བླ་མའི་གདམས་ངག་སེམས་ལ་མ་བཞག་ན༔ རང་གིས་རང་ཉིད་བསླུ་བར་མི་འགྱུར་རམ༔ དཀོན་མཆོག་གསུམ་གྱིས་བར་དོའི་སྡུག་བསྔལ་ཆེན་པོ་ལས་སྐྱོབ་པར་མཛད་དུ་གསོལ༔ ཞེས་གསུངས་སོ༔ བར་དོ་ཐོས་གྲོལ་གྱི་རྩ་ཚིག་འདི༔ འཁོར་བ་མ་སྟོང་བར་དུ་མ་རྫོགས་སོ༔ དགེའོ༔

བར་དོའི་གདམས་པ་ཚངས་སྤྲུགས་སུ་གདབ་པ་གནད་ཀྱི་མན་ངག

༈ བར་དོའི་གདམས་པ་ཚངས་སྤྲུགས་སུ་གདབ་པ་གནད་ཀྱི་མན་ངག་བཞུགས།

བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དལ་འབྱོར་རྙེད་ཀྱང་མི་རྟག་འགྲོ་དགོས་པས། །འཆི་ཀའི་གདམས་ངག་སེམས་ལ་འདི་ལྟར་བཞག །སྐྱེ་འཆི་བར་དོ་ད་ལྟའི་གནས་སྐབས་འདིར། །རང་རིག་ཡེ་ཤེས་ཆོས་སྐུར་ཐག་བཅད་དེ། །རང་གདངས་སྒོམ་པ་ངང་དྭངས་ངང་ལ་བསྐྱང་། །ཐམས་ཅད་རང་བྱུང་ཡེ་ཤེས་རྩལ་སྦྱང་བྱ། །འཆི་ཀའི་བར་དོར་འབྱུང་བཞི་སྡུད་པའི་ཚེ། །ཕྱ་ཕྱོ་ཡམ་ཡོམ་བན་བུན་སྒྱུ་མར་སྣང་། །ས་ཆུ་མེ་རླུང་ནམ་མཁར་ཐིམ་པ་སོགས། །དབང་པོ་འགག་ཚུལ་མཐོང་ཚེ་གསལ་གདབ་པ། །ད་ནི་འཆི་སྟེ་འདི་ལ་འཇིགས་མི་དགོས། །གང་འཆི་སུ་འཆི་ཅི་རུ་གྲུབ་པ་ལྟོས། །བེམས་པོ་འབྱུང་བཞིའི་གཡར་པོ་གཏོད་ཙམ་ལས། །རིག་པའི་ངོས་ལ་སྐྱེ་འཆིར་གྲུབ་པ་མེད། །རིག་སྟོང་ཀ་དག་ཆོས་སྐུའི་རང་གཟུགས་ལ། །གང་འཆི་སུ་འཆི་ཅི་རུ་གྲུབ་པ་ལྟོས། །ཅིར་ཡང་མེད་པས་འཆི་བ་རྣམ་བདེན་མིན། །དེ་ཀའི་ངང་ལ་དཔའ་གདེང་ལྡན་པར་བྱ། །རིག་པའི་འཆར་ཚུལ་ཅིར་ཡང་མ་འགགས་པས། །ས་ཆུ་མེ་རླུང་རྣམ་ཤེས་ནམ་མཁར་ཐིམ། །ནམ་མཁའ་འོད་གསལ་དག་ལ་ཐིམ་པའི་ཚེ། །ཚོགས་དྲུག་ཀུན་གཞི་ཆོས་དབྱིངས་ངང་དུ་ཐིམ། །བེམས་རིག་བྲལ་ཏེ་རིག་པ་ཆོས་ཟད་ངང་། །བློ་ཟད་ཆོས་སྐུ་ཀ་དག་ཆེན་པོར་འཆར། །ད་ལྟ་དགེ་སྦྱོར་དེ་རུ་ངོས་ཟིན་པས། །སྐད་ཅིག་གཅིག་ལ་ཡར་གྱི་ཟང་ཐལ་གྲོལ། །དག་པ་གཉིས་ལྡན་ཆོས་སྐུ་ཐོབ་པ་ལགས། །དེ་ལྟར་ཤར་ཡང་རང་ངོས་མ་ཟིན་ན། །དེ་རྗེས་སྣང་བའི་འོད་གསལ་གཞི་སྣང་འཆར། །སྒྲ་འོད་ཟེར་གསུམ་ཞི་ཁྲོས་ནམ་མཁའ་གང་། །སྣང་བ་དེ་ཀུན་རང་སྣང་ངོ་ཤེས་པས། །གདོད་མར་གྲོལ་ཏེ་བྱང་ཆུབ་ཐོབ་པ་ཡིན། །དེ་བས་ཐམས་ཅད་རང་སྣང་ཤེས་པ་གཅེས། །རང་ངོ་ཤེས་པས་སངས་རྒྱས་ཐོབ་པ་ཡིན། །དེ་ལྟར་ཤར་ཡང་རང་ངོ་མ་ཤེས་ན། །སྲིད་པ་བར་དོ་རྨི་ལམ་འདྲ་བ་འཆར། །དེ་ཚེ་དག་པའི་ཞིང་ཁམས་དྲན་པ་དང་། །བླ་མ་ཡི་དམ་ལྷ་ལ་སྐྱབས་སོང་བས། །ཁ་ཅིག་དག་པའི་ཞིང་སྐྱེ་གྲོལ་བར་འགྱུར། །ལ་ལ་མཐོ་རིས་ཡོན་ཏན་བདུན་ལྡན་ལུས། །ཐོབ་ནས་སྐྱེ་བ་ཕྱི་མར་གྲོལ་བར་ངེས། །དེ་ཕྱིར་གདམས་པའི་སྙིང་པོ་ཡང་ཟབ་འདི། །སངས་རྒྱས་ལག་བཅང་ལག་ཏུ་གཏད་པ་ཡིན། །སྐལ་ལྡན་སྙིང་གི་བུ་རྣམས་དགའ་བར་མཛོད། །རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ། །ཀློང་ཆེན་རབ་འབྱམས་བཟང་པོས་ལེགས་པར་བཀོད། །དགེ་བས་མཁའ་མཉམ་འགྲོ་བ་མ་ལུས་པ། །གདོད་མའི་དབྱིངས་སུ་མངོན་པར་སངས་རྒྱས་ཤོག །འཆི་ཀ་མ་ལ་ཚང་སྦུགས་སུ་གདབ་པའི་མན་ངག་གསང་བ་བླ་ན་མེད་པའི་ངོ་སྤྲོད། །རྒྱལ་སྲས་དྲི་མེད་འོད་ཟེར་གྱིས། །དད་ཅན་གྱི་སློབ་མ་འགས་གསོལ་བ་བཏབ་པའི་ངོར། ཁོ་ཐང་རིན་ཆེན་གླིང་གི་དབེན་གནས་སུ་བཀོད་པ་རྫོགས་སོ། །

བར་དོའི་སྨོན་ལམ་ངོ་སྤྲོད།

༈ བར་དོའི་སྨོན་ལམ་ངོ་སྤྲོད་བཞུགས་སོ། །

ༀ་ཨཱཿཧཱུྃ། ཕྱོགས་དུས་རྒྱལ་བ་མ་ལུས་དགོངས་སུ་གསོལ། །བདག་གི་ཐོག་མེད་དུས་ནས་ད་ལྟའི་བར། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་དེས། །བདག་གཞན་མ་ལུས་བྱང་ཆུབ་ཐོབ་པར་ཤོག །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་། །ལམ་ཟབ་རྫོགས་ཆེན་སྙིང་པོའི་དོན་རྟོགས་ནས། །ཆོས་ཉིད་མངོན་སུམ་གོང་འཕེལ་ཚད་ཕེབས་ཤིང་། །ཟག་བཅས་ཕུང་པོ་འོད་སྐུར་གྲོལ་བར་ཤོག །གནད་གཅོད་དྲག་པོའི་སྡུག་བསྔལ་མི་འབྱུང་ཞིང་། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས། །མིག་གི་དབང་པོར་མངོན་སུམ་བྱོན་ནས་ནི། །དབང་བསྐུར་ལུང་སྟོན་མཁའ་སྤྱོད་འཁྲིད་པར་ཤོག །འདུས་བྱས་མི་རྟག་འཆི་བ་བྱུང་ཙ་ན། །འགྱུ་བའི་དབུགས་ཆད་བེམས་རིག་བྲལ་བའི་ཚེ། །ཞེན་ཆགས་འཁྲུལ་པའི་སྣང་བ་མི་འཆར་བར། །གནས་ལུགས་ཆོས་སྐུའི་ངང་ལ་གནས་པར་ཤོག །སྒྱུ་ལུས་གདོས་བཅས་འཇོག་པའི་དུས་བབས་ན། །སྣང་ཕུང་ཕྲ་རགས་རྟོག་པ་འགག་པའི་ཚེ། །འཁྲུལ་མེད་ཁྱབ་གདལ་གདོད་མའི་དབྱིངས་ཆེན་ལ། །བེམས་རིག་བྲལ་མ་ཐག་ཏུ་གྲོལ་བར་ཤོག །མ་དག་འབྱུང་བ་སོ་སོར་དེངས་པའི་ཚེ། །དག་པའི་འོད་ལྔ་མ་འདྲེས་འོད་གསལ་ངང་། །རྟོག་མེད་འོད་ལྔའི་རྡོ་རྗེ་ལུ་གུ་རྒྱུད། །དབྱེར་མེད་གཅིག་འདྲེས་ཆོས་ཉིད་མཐར་ཕྱིན་ཤོག །ཧཱུྃ་ཆེན་ཁྲོས་པ་སྲིན་པོའི་གཟུགས་ལ་སོགས། །ཧཱུྃ་སྒྲས་སྟོང་གསུམ་མ་ལུས་གང་ཙ་ན། །རིག་སྟོང་ཧཱུྃ་སྒྲའི་གནད་དུ་ངོ་ཤེས་ནས། །གྲགས་སྟོང་བྲག་ཅ་ལྟ་བུར་རྟོགས་པར་ཤོག །གཤིན་རྗེའི་གཤེད་མའི་ཚོགས་ཀྱིས་བསྐོར་ཙ་ན། །རྒྱོབ་སོད་འབྲོས་འདེད་འཁྲུལ་པ་དབྱིངས་དག་ནས། །བྲེད་སྔངས་འཁྲུལ་པའི་སྣང་བ་མི་འཆར་བར། །ཡི་དམ་ཞི་ཁྲོའི་སྐུ་རུ་ཤེས་པར་ཤོག །དུང་ཁང་འབར་བའི་བདེ་ཆེན་གཞལ་ཡས་ནས། །ཁྲག་འཐུང་ཁྲོ་བོའི་ཚོགས་རྣམས་གྱེས་པའི་ཚེ། །འཇིགས་གཟུགས་སྲིན་པོའི་སྐུ་རུ་མི་འཆར་བར། །མན་ངག་སྙིང་ཏིག་དགོངས་པའི་དོན་རྟོགས་ཤོག །ཙིཏྟ་རིན་ཆེན་གུར་ཁང་གཞལ་ཡས་ནས། །ཞི་བའི་ཚོགས་རྣམས་དབྱིངས་སུ་ཡལ་བའི་ཚེ། །སྣང་བ་རུ་ལོག་འོད་སྐུར་ཤར་བའི་དུས། །རིག་པ་འོད་ཀྱི་ཀློང་དུ་ཐིམ་པར་ཤོག །མགྲིན་མགུལ་རྩ་ཡི་འཁོར་ལོ་དྲལ་བའི་ཚེ། །འཇིགས་པའི་གད་རྒྱང་འབྲུག་སྟོང་ལྡིར་ཙ་ན། །ཨཱཿཧཱུྃ་ཞི་ཁྲོའི་གདངས་སུ་ངོ་ཤེས་ནས། །རིག་སྟོང་སྐྱེ་མེད་སྒྲ་རུ་གྲོལ་བར་ཤོག །གསང་གནས་བདེ་སྐྱོང་འཁོར་ལོའི་གཞལ་ཡས་ནས། །ཐབས་ཤེས་དཀར་དམར་སྙིང་གར་ཕྲད་ཙ་ན། །བདེ་སྟོང་ཟག་པ་མེད་པའི་གནས་ལུགས་དེ། །རླུང་རིག་དབུ་མའི་ནང་དུ་ཚུད་པར་ཤོག །ཆོས་ཉིད་བར་དོའི་ངང་ལ་གནས་པའི་ཚེ། །ཤེས་རིག་ལུང་མ་བསྟན་དུ་མ་སོང་བར། །རང་གྲོལ་ཀ་དག་ཆེན་པོའི་དོན་རྟོགས་ཏེ། །གཞན་སྟོང་ཆོས་ཟད་ངང་ལ་གནས་པར་ཤོག །ཆོས་ཉིད་མངོན་སུམ་བདེན་པ་མཐོང་བའི་ཚེ། །གཉེན་པོ་དྲན་འཛིན་སྒོམ་པའི་བློ་བྲལ་ནས། །ཀ་དག་ཟད་སར་འཁྱོལ་བའི་དོན་རྟོགས་ཏེ། །རྟོག་མེད་སྤྲོས་བྲལ་ངང་ལ་གནས་པར་ཤོག །འཇའ་ཚོན་སྣ་ལྔ་འདྲེས་པའི་གཞལ་ཡས་ནས། །ཡེ་ཤེས་ལྔ་ཡི་གུར་ཁང་སྒོ་ཕྱེ་སྟེ། །སྐུ་དང་ཐིག་ལེས་ཞིང་ཁམས་གང་བའི་ཚེ། །སྐུ་ལྔ་ཡེ་ཤེས་ལྔ་དང་མཇལ་བར་ཤོག །ཐིག་ལེ་སྟོང་སྒྲོན་འོད་གསལ་གཞལ་ཡས་སུ། །ལྷུན་གྲུབ་སྦུབས་ལ་བརྟན་པ་མཐར་ཕྱིན་ནས། །དབྱིངས་རིག་ནམ་མཁའི་ངང་དུ་འཕོ་བར་ཤོག །ཆོས་སྐུ་སྟོང་གསལ་སྒྲོན་མེ་འབར་བར་ཤོག །སྟོང་ཉིད་རིག་པའི་ཆོས་སྐུ་ཐོབ་པར་ཤོག །འགག་མེད་གཉིས་སྣང་ལོངས་སྐུ་ཐོབ་པར་ཤོག །རང་རིག་མཐར་ཕྱིན་སྤྲུལ་སྐུ་ཐོབ་པར་ཤོག །སྐུ་གསུམ་ཐོབ་ནས་གཞན་དོན་བྱེད་པར་ཤོག །ཅེས་འཆི་ཁ་བར་དོ་དང་ཆོས་ཉིད་བར་དོའི་སྨོན་ལམ་ཐོས་པས་གྲོལ་བ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པ་རྫོགས་སོ།། །།ཨཐྎ།

ཀྱེ་མ་རིགས་ཀྱི་བུ་ཁྱོད་ལེགས་པར་ཉོན། །ཁྱོད་ལུས་གདོས་བཅས་ཕུང་པོ་ཤུལ་དུ་བོར། །ད་ལྟ་རྣམ་ཤེས་རྟེན་མེད་བར་དོར་འཁྱམས། །འདི་དུས་དཀོན་མཆོག་མིན་པ་སྐྱབས་གནས་མེད། །ད་ནི་ཤུལ་གྱི་ཟས་ནོར་ཉེ་དུ་སོགས། །སྐད་ཅིག་ཙམ་ཡང་ཡིད་ལ་མ་བྱེད་པར། །བར་དོའི་དུས་འདིར་བར་དོར་ཤེས་པར་གྱིས། །རང་གི་ཡིད་ལུས་ཡི་དམ་ལྷ་རུ་སྒོམས། །ཅིར་སྣང་མི་བདེན་རྨི་ལམ་སྒྱུ་མར་ལྟོས། །ཕན་གནོད་ལྷ་འདྲེའི་གཟུགས་དང་མི་སྙན་སྒྲ། །ས་གཡོ་རི་འགུལ་ཤིང་འདེགས་མཚོ་འཁྲུག་དང་། །མུན་ནག་སྲོས་དང་གནམ་གྲུམ་སྒྲ་ཆེན་སོགས། །འཇིགས་འཇིགས་འདྲ་བའི་འཁྲུལ་སྣང་མཐོང་བའི་ཚེ། །རྨི་ལམ་སྣང་བ་ཅི་འདྲར་ཤེས་པར་གྱིས། །ནམ་མཁའ་ཅིས་ཀྱང་གཞིག་པར་མི་ནུས་ལྟར། །ཁྱོད་ཀྱི་ཡིད་ལུས་སྟོང་པ་དེ་ལ་ནི། །སྲིད་གསུམ་དགྲ་རུ་ལངས་ཀྱང་ཅི་བྱར་ཡོད། །རང་གིས་རང་ལ་འཁྲུལ་བར་མ་བྱེད་པར། །གཟུགས་སྣང་ཐམས་ཅད་ལྷ་སྐུ་སྒྱུ་མར་ལྟོས། །སྒྲ་ཚོགས་ཅི་གྲགས་ཡི་དམ་ལྷ་ཡི་སྔགས། །རང་སེམས་སྟོང་པ་སྐྱེ་མེད་ཆོས་སྐུར་ཞོག །སྤྱི་བོའི་གཙུག་ཏུ་རྩ་བའི་བླ་མ་སྒོམས། །མི་འབྲལ་གུས་པས་གདུང་ཤུགས་གསོལ་བ་ཐོབ། །སྣོད་བཅུད་རང་གཞན་བཅས་པ་འདི་ཀུན་ཀྱང་། །བརྡར་བརྟགས་ཙམ་སྟེ་གཅིག་དང་ཐ་དད་མེད། །ཐམས་ཅད་རང་སེམས་སྙིང་པོ་གཅིག་ཏུ་དྲིལ། །ཨ་ཡིག་དཀར་པོ་འོད་ཟེར་འབར་བ་ཡིས། །ནུབ་ཕྱོགས་བདེ་བ་ཅན་གྱི་འཇིག་རྟེན་ཁམས། །རྣམ་དག་ཡོན་ཏན་བགྲང་ལས་འདས་པ་དེ། །མིག་གི་དྲུང་ན་འདུག་པ་ལྟ་བུར་ལྟོས། །སངས་རྒྱས་སྣང་བ་མཐའ་ཡས་ཚེ་དཔག་མེད། །འོད་ཟེར་ཉི་མ་འབུམ་གྱི་གཟི་ལྡན་པ། །མཚན་དཔེ་དཔག་ཡས་བལྟར་མི་ངོམས་པ་དེའི། །ཐུགས་ཀའི་དབུས་སུ་རང་སེམས་དབྱེར་མེད་བསྲེས། །ཟབ་མོ་ཆོས་ཀྱི་དབྱིངས་སུ་མཉམ་བཞག་གོ ། ཞེས་རང་གཞན་གྱི་ཡིད་དང་རྣ་བར་ངེས་པར་བྱས་ན་སྲིད་པ་བར་དོར་གྲོལ་བ་ཐོབ་པའི་རྟེན་འབྲེལ་ཡོད་པས་དོ་གལ་གྱིས་ཆེད་དུ་འབད་པར་གྱིས་ཤིག།