སྡེ་དགེའི་བཀའ་འགྱུར་པོད་ང་བརྒྱད་པ།མདོ་སྡེ། ཕ༽སངས་རྒྱས་ཤཱཀྱ་ཐུབ་པ།Nitartha Internationalམཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། དང་པོ་ཐམས་ཅད་མཁྱེན་པ་སེམས་རིན་པོ་ཆེ་ཡོངས་སུ་སྦྱང་བའི་ལེའུ།― DKG058_Page_0002 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱ་གར་སྐད་དུ། ཨཱཪྱ་སཱ་ག་ར་མ་ཏི་པ་རི་པྲཱིཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་དེ་བཞིན་གཤེགས་པའི་གནས། བསོད་ནམས་ཆེན་པོའི་རྒྱན་གྱི་ཚོགས་བསགས་པ། སྤྱོད་པ་ཆེན་པོའི་རྒྱུ་འཐུན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྣམ་པར་སྨིན་པས་མངོན་པར་གྲུབ་པ། བྱང་ཆུབ་སེམས་དཔའ་ཆེན་པོའི་གནས། བསྟན་པ་མཐའ་ཡས་པ། དེ་བཞིན་གཤེགས་པས་རྣམ་པར་སྤྲུལ་པས་བྱིན་གྱིས་བརླབས་པ། ཆགས་པ་མེད་པའི་སྤྱོད་ཡུལ་གྱི་ཡེ་ཤེས་ལ་འཇུག་པ། དགའ་བ་རྒྱ་ཆེན་པོ་བསྐྱེད་པ། དྲན་པ་དང་། བློ་གྲོས་དང་། རྟོགས་པས་འཇུག་པ། ཀུན་ནས་མ་སྨད་པ། ― DKG058_Page_0003 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡེ་ཤེས་ཀྱིས་རྣམ་པར་དཔྱད་པ་དེ་ལ་མ་ཆགས་པར་རྟོགས་པས་འཇུག་པ། བསྐལ་པ་མུ་མེད་པར་མངོན་པར་བསྟོད་པ། ཡོན་ཏན་གྱི་ཚོགས་ཐམས་ཅད་དཔག་ཏུ་མེད་པ་ན་བཞུགས་ཏེ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས། ཆོས་ཀྱི་འཁོར་ལོ་ནི་ཤིན་ཏུ་བསྐོར། སློབ་མ་ཤིན་ཏུ་དུལ་བ་མཐའ་ཡས་པའི་ཚོགས་ནི་མངའ། ཆོས་ཐམས་ཅད་ལ་མངའ་དབང་ནི་བརྙེས། སེམས་ཅན་ཐམས་ཅད་ཀྱི་བསམ་པ་སྒྲུབ་པ་ནི་ལེགས་པར་མཁྱེན། དབང་པོའི་དམ་པའི་ཕ་རོལ་ཏུ་ཕྱིན་པ་ནི་བརྙེས། བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་འཇོམས་པ་ལ་ནི་མཁས། སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་ནི་རྒྱུན་མ་ཆད་ཅིང་། དགེ་སློང་འབུམ་ཕྲག་དྲུག་ཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་སྟེ། ཐམས་ཅད་ཀྱང་ཅང་ཤེས་ཀྱི་སེམས་དང་ལྡན་པ། ཉོན་མོངས་པ་ཐམས་ཅད་ཀྱི་བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་འཇོམས་པ་ལ་བརྩོན་པ། ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པའི་སྲས། ཆོས་ཟབ་མོ་ལ་གནས་པ། དམིགས་པ་མེད་པའི་ཆོས་ཀྱིས་ངེས་པར་བྱུང་བ། སྤྱོད་ལམ་མཛེས་པ་ཕུན་སུམ་ཚོགས་པ། སྦྱིན་གནས་ཆེན་པོར་གྱུར་པ། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཤ་སྟག་གོ །བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་པ་མེད་པའི་བྱང་ཆུབ་སེམས་དཔའི་བཟོད་པ་རབ་ཏུ་ཐོབ་པ། དབང་བསྐུར་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ས་ལ་ཞུགས་པ། མངོན་པར་འདུ་བྱེད་པ་མེད་པའི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པས་རྣམ་པར་རྩེན་པ། བྱང་ཆུབ་སེམས་དཔའི་གཟུངས་ ― DKG058_Page_0004 ―
[མ་དཔེ་གཟིགས་ན་འདིར་གནོན།]
མི་ཟད་པའི་ཟ་མ་ཏོག་རབ་ཏུ་ཐོབ་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དཔའ་བར་འགྲོ་བ་ལ་དབང་ཐོབ་པ། བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ་རྗེས་སུ་ཐོབ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལྷུན་གྱིས་གྲུབ་པས་ངེས་པར་བྱུང་བ་བཀོད་པའི་རྒྱན་གྱི་ལྷག་པའི་བསམ་པ་ལ་ཤིན་ཏུ་གནས་པ། ཚད་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། དཔག་ཏུ་མེད་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཛོད་མི་ཟད་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཚད་མེད་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་མཐའ་ཡས་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་པ་མེད་པའི་བསམ་གཏན་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་གོང་ན་མེད་ཅེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བློ་གྲོས་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱུན་མི་འཆད་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆགས་པ་མེད་པའི་མི་འཇིགས་པ་བརྩེགས་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ངེས་པར་བརྟགས་ཏེ་བལྟ་བ་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། དཔག་ཏུ་མེད་པ་དག་དང་ཡང་ཐབས་ཅིག་གོ །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པས་ངེས་པར་འབྱུང་བ་སྒྲིབ་པ་མེད་པའི་སྒོ་བྱང་ཆུབ་སེམས་དཔའི་ལམ་བཀོད་པ་ལ་དམིགས་པ། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་འགྲུབ་པའི་ཡེ་ཤེས་ཀྱི་འབྱུང་གནས་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་གཟུངས་ཀྱི་ཕྱག་རྒྱའི་སྒོར་འཇུག་པ། སོ་སོ་ཡང་དག་པར་རིག་པས་རྣམ་པར་གདོན་ ― DKG058_Page_0005 ―
[མ་དཔེ་གཟིགས་ན་འདིར་གནོན།]
མི་ཟ་བ་ལ་འཇུག་པའི་སྒོ། མངོན་པར་ཤེས་པ་ཆེན་པོའི་ཡེ་ཤེས་ལ་འབབ་པས་འཇུག་པ་ཕྱིར་མི་ལྡོག་པའི་འཁོར་ལོ་ཕྱིར་མི་ལྡོག་པ་སྟོན་པ། ཐེག་པ་ཐམས་ཅད་མཉམ་པ་ཉིད་དུ་ཡང་དག་པར་འདུ་བ། ཆོས་ཀྱི་དབྱིངས་འདྲེས་པ་མེད་དེ་ཚུལ་གཅིག་པ་རབ་ཏུ་དབྱེ་བ་ལ་འཇུག་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་དབང་པོའི་ཚུལ་ལ་འཇུག་པ་སྟོན་པ། སྙིང་པོ་དང་ལྡན་པ། ཆོས་རྣམ་པར་གདོན་མི་ཟ་བ་དང་། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པ། ཚུལ་བཞིན་དུ་ཆོས་ཀྱི་ཚུལ་ལ་འབབ་ཅིང་འཇུག་པ། ཉོན་མོངས་པ་དང་ལྟ་བར་གྱུར་པ་ཐམས་ཅད་འདུལ་བ། ཆགས་པ་མེད་པའི་ཡེ་ཤེས་ལ་འཇུག་པ། ཀུན་ཏུ་བསྔོ་བའི་ཐབས་ལ་མཁས་པ་ཤེས་པ་སྟོན་པ། སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་འཇུག་པ། ཆགས་པ་མེད་པའི་བྱིན་གྱི་རླབས་ཀྱི་སྒོ་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྣམ་པར་གདོན་མི་ཟ་བ་སྟོན་པ། མི་རྟོག་ཅིང་རྣམ་པར་མི་རྟོག་སྟེ། མཉམ་པ་ཉིད་དུ་འཇུག་པ། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་རྟོགས་པར་བྱེད་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་སོགས་པ། སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་མཉམ་པ་ཉིད་ཀྱི་རྒྱན་དང་ལྡན་པ། དྲན་པ་དང་། བློ་གྲོས་དང་། རྟོག་པ་དང་། མོས་པ་དང་། ཤེས་རབ་མི་ཟད་པ་མངོན་པར་སྒྲུབ་པ། ཉན་ཐོས་ཀྱི་ཐེག་པས་འདུལ་བའི་ཕྱིར་འཕགས་པའི་བདེན་པའི་ཚུལ་ལ་འཇུག་པ། རང་སངས་རྒྱས་ཀྱི་ཐེག་པས་འདུལ་བའི་ཕྱིར་ལུས་དང་སེམས་རབ་ཏུ་དབེན་པར་ཤེས་པ། ཐེག་པ་ཆེན་པོས་འདུལ་བའི་ཕྱིར་ཐམས་ཅད་མཁྱེན་པར་དབང་བསྐུར་བ་རབ་ཏུ་ཐོབ་པ། ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ཚུལ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་པའི་ཕྱིར་གསུང་ངོ་། །སྟོན་ཏོ། །རབ་ཏུ་འཆད་དོ། །འཛིན་དུ་འཇུག་གོ །ཀློག་ཏུ་འཇུག་གོ །ཤེས་པར་མཛད་དོ། །རྣམ་པར་ཤེས་པར་མཛད་དོ། །རབ་ཏུ་ཤེས་པར་མཛད་དོ། །རབ་ཏུ་འགོད་དོ། །རྣམ་པར་འབྱེད་དོ། །རྣམ་པར་འགྲེལ་ཏོ། །གསལ་བར་ ― DKG058_Page_0006 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཛད་དོ། །ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་ཤིན་ཏུ་རྣམ་པར་ངེས་པ་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པས་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འོག་ཏུ་སའི་སྟེང་ནས་བཟུང་བ་ཡན་ཅད་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ཀྱི་གཞི་ལ་ཐུག་པའི་བར་དག་ཏུ་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་གཅིག་ལྟར་ཀུན་ཏུ་སྣང་སྟེ། འདི་ལྟ་སྟེ་དཔེར་ན། བསྲེག་པའི་བསྐལ་པ་འདས་ནས་ཆགས་པ་འབྱུང་བའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཆུས་ཡོངས་སུ་གང་བར་འགྱུར་ཏེ། ཆུའི་དཀྱིལ་འཁོར་གྱིས་ཡོངས་སུ་འཁོར་བ་དེ་བཞིན་དུ། དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་གཅིག་ལྟ་བུར་གནས་པར་ཀུན་ཏུ་སྣང་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ལ་ཡང་སྒྲིབ་པ་མེད་པར་ཀུན་ཏུ་སྣང་ངོ་། །འཛམ་བུའི་གླིང་རྣམས་དང་། གླིང་བཞི་པ་ཆེན་པོ་རྣམས་དང་། རྒྱ་མཚོ་ཆེན་པོ་རྣམས་དང་། རི་རབ་རྣམས་དང་། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ལ་ཡང་སྔོན་ཇི་ལྟར་ཕྱིས་ཀྱང་དེ་བཞིན་དུ་སྒྲིབ་པ་ཅི་ཡང་མེད་པར་དེ་ཁོ་ན་བཞིན་དུ་ཀུན་དུ་སྣང་ངོ་། །ཆུའི་ཕུང་པོ་དེ་ལས་ཀྱང་པད་མ་ཆུ་བ་ནི་བཻ་དཱུཪྱ། སྡོང་བུ་ནི་ཨན་ད་རྙིལ། ལོ་མ་ནི་འཛམ་བུའི་ཆུ་བོའི་གསེར། ཟེ་བ་ནི་དཔལ་གྱི་སྙིང་པོ། སྙིང་པོ་ནི་རྡོའི་སྙིང་པོ་ལས་གྲུབ་པ། མུ་ཏིག་གི་དྲ་བས་ནི་ཁེབས་པར་བྱས་པ། འདབ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་ལྡན་པ། ཚད་ནི་རྒྱང་གྲགས་ཀྱི་ཁྱོན་ཙམ་ཡོད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་བྱུང་སྟེ། དེ་དག་རིན་པོ་ཆེའི་བཀོད་པའི་འཁོར་གྱི་ཁྱམས་ཀྱི་གཞི་ལས་ཐལ་ནས་ཤིང་ཏ་ལའི་སྲིད་དུ་འཕགས་ཏེ། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡང་དེའི་ཚེ་པད་མ་ལ་འཁོད་པར་ཀུན་ཏུ་སྣང་ངོ་། །པད་མ་དེ་དག་ལས་ཀྱང་འོད་གང་དག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པ་དག་སྣང་བ་ཆེན་པོས་ཁྱབ་པར་གྱུར་པའི་འོད་ ― DKG058_Page_0007 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ལྟ་བུ་དག་བྱུང་ངོ་། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ནས་ཇི་ལྟར་སྔ་ལྟས་འདི་དག་ཀུན་ཏུ་སྣང་བ་ལས་ན། ཀྱེ་མའོ་འདི་ནི་ཆོས་བསྟན་པ་ཆེན་པོར་འགྱུར་རོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཆོ་འཕྲུལ་ཆེན་པོ་དེ་མཐོང་ནས་པད་མའི་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་པད་མའི་སྙིང་པོ་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཆབ་ཀྱིས་ཡོངས་སུ་གཏམས་པའི་རྒྱ་མཚོ་གཅིག་ལྟ་བུར་ཀུན་ཏུ་གདའ་བ་དང་། པད་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་མངོན་པར་བྱུང་བ་འདི་དག་དང་། བཅོམ་ལྡན་འདས་སྔོན་མ་མཐོང་མ་ཐོས་པའི་ཆོ་འཕྲུལ་རྒྱ་ཆེན་པོ་འདི་དག་ཀུན་ཏུ་གདའ་བ་འདི་དག་སུའི་སྔ་ལྟས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་འོག་གི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ་ཆེ་དྲི་མ་དང་བྲལ་བ་དཔག་ཏུ་མེད་པ་བཀོད་པས་བརྒྱན་པ་ཞེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱ་མཚོའི་མཆོག་མངའ་བའི་བློས་རྣམ་པར་རོལ་པ་མངོན་པར་འཕགས་པའི་མངོན་པར་མཁྱེན་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་ཡོད་དེ། སངས་རྒྱས་ཀྱི་ཞིང་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པ་དག་དང་ལྷན་ཅིག་ཏུ་ང་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་བསྟན་པ་འདི་ལས་གཏམ་གྱི་རྒྱུད་འགའ་ཞིག་དྲི་བའི་ཕྱིར་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོང་བར་འགྱུར་ཏེ། ― DKG058_Page_0008 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདི་ནི་དེའི་སྔ་ལྟས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ཐག་རིང་པོ་དེ་སྲིད་ཅིག་ན་མཆིས་ཤིང་ཆོས་ཀྱི་རྣམ་གྲངས་འདི་ཉན་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཇི་ལྟར་ངའི་མདུན་ན་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ཡང་འཇིག་རྟེན་གྱི་ཁམས་དེ་ན་འདུག་ཅིང་ཆོས་ཀྱི་རྣམ་གྲངས་འདི་ཉན་ཏོ། །ཤཱ་རིའི་བུ་ཁྱོད་ཀྱིས་ཇི་ལྟར་ང་དང་ཐམས་ཅད་དང་ལྡན་པའི་འཁོར་འདི་མཐོང་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་ཀྱང་ང་དང་ཐམས་ཅད་དང་ལྡན་པའི་འཁོར་འདི་མཐོང་ངོ་། །གསོལ་པ། བཅོམ་ལྡན་འདས་ཀྱེ་མའོ་ཅི་ཙམ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་སྟོབས་འདི་བསམ་གྱིས་མི་ཁྱབ་སྟེ། འདི་ལྟར་ཐག་རིང་པོ་དེ་སྲིད་ན་མཆིས་ཀྱང་མིག་གིས་གཟུགས་མཐོང་བ་ལ་སྒྲིབ་པ་མ་མཆིས་ཤིང་རྣ་བས་སྒྲ་ཐོས་པ་ལ་སྒྲིབ་པ་མ་མཆིས་པ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་བསམ་གྱིས་མི་ཁྱབ་པ་འདི་ཐོས་ནས་སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་བསྐྱེད། གནས་བརྟན་ཤཱ་རིའི་བུས་བསྟན་པ་འདི་བཤད་པའི་ཚེ་ལྷའི་བུ་ཉི་ཁྲི་བཞི་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པ་དག་གིས་ཀུན་ནས་བསྐོར་ཏེ་མདུན་དུ་བདར་ནས་ལྷན་ཅིག་ཏུ། བཅོམ་ལྡན་འདས་རྒྱ་མཚོའི་མཆོག་མངའ་བའི་བློས་རྣམ་པར་རོལ་པ་མངོན་པར་འཕགས་པའི་མངོན་པར་མཁྱེན་པའི་དེ་བཞིན་གཤེགས་པ་དེ་ལ་གསོལ་ནས། བཅོམ་ལྡན་འདས་དེས་གནང་སྟེ། སངས་རྒྱས་རྣམ་པར་རོལ་པའི་རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། མངོན་པར་འདུ་ ― DKG058_Page_0009 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱ་བ་མེད་པའི་རྫུ་འཕྲུལ་དང་། སེམས་གཅིག་གིས་ཐོབ་པའི་དྲན་པས་མིག་ཕྱེ་བ་ཙམ་གྱིས་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ་ཆེའི་དྲི་མ་དང་བྲལ་བ་དཔག་ཏུ་མེད་པ་བཀོད་པས་བརྒྱན་པ་དེ་ནས་མི་སྣང་བར་གྱུར་ནས། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་ཏེ། རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ཀྱི་གཞི་ལས་ཐལ་ནས་ཤིང་ཏ་ལ་བདུན་ཙམ་དུ་མངོན་པར་འཕགས་ཏེ་པད་མའི་སྙིང་པོ་ལ་འདུག་པར་ཀུན་ཏུ་སྣང་ངོ་། །དེ་ལས་གཞན་པའི་པད་མའི་སྙིང་པོ་རྣམས་ལ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་འཁོད་པར་ཀུན་ཏུ་སྣང་ངོ་། །འོག་གི་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པ་དག་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་གྲངས་མེད་དཔག་ཏུ་མེད་པ་དག་ཆོས་ཉན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོའི་ཕྱི་བཞིན་དུ་འབྲང་བར་གྱུར་ཏོ། །དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མ་ལ་འཁོད་པ་དག་གིས་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ཤིན་ཏུ་རྒྱས་པས་མཛེས་ཏེ། ལྷམ་མེ། ལྷན་ནེ། ལྷང་ངེའོ། །དེ་ན་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ཏེ། དགའ་བ་དང་། དང་བ་དང་། རབ་ཏུ་དགའ་བ་ཐོབ་ནས་ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ལ་ཕྱག་འཚལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོས་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ་ཆེ་དྲི་མ་དང་བྲལ་བ་དཔག་ཏུ་མེད་པ་བཀོད་པས་བརྒྱན་པ་ན་ཡོད་པའི་མེ་ཏོག་མྱ་ངན་མེད་ཅིང་ཡིད་དུ་འོང་བ་མཐོང་ན་དགའ་བ་ཞེས་བྱ་བ་འདབ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྡན་པ། ཚད་རྒྱང་གྲགས་ཀྱི་ཁྱོན་ཙམ་ཡོད་པ་དེ་བཞིན་གཤེགས་པ་ལ་མཆོད་པར་འོས་པ། བྱང་ཆུབ་སེམས་དཔའི་བསམ་པས་རྣམ་པར་དག་པ་སྔོན་གྱི་དགེ་བའི་རྩ་བས་ཡོངས་སུ་སྦྱངས་པ། རྣམ་པར་བཀྲ་བ། མིག་ཏུ་སྡུག་པ། འཁོར་ཐམས་ཅད་ཚིམ་པར་བྱེད་པ་ཀུན་ནས་འོད་དང་ལྡན་པ་ཀུན་ནས་ཤིན་ཏུ་ཡིད་དུ་འོང་བའི་དྲི་དང་ལྡན་པའི་མེ་ཏོག་དེ་འདྲ་བ་དག་མཆོད་པའི་ལས་ཀྱི་ཕྱིར་ ― DKG058_Page_0010 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཅོམ་ལྡན་འདས་ཀྱི་སྤྱན་སྔར་མེ་ཏོག་གི་ཆར་ཆེན་པོ་མངོན་པར་ཕབ་སྟེ། མེ་ཏོག་གི་ཆར་དེས་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་སུ་མི་བདུན་གྱི་འཕང་ཙམ་གྱི་མེ་ཏོག་དགྲམ་པ་བཀྲམ་པར་གྱུར་ཏོ། །རབ་ཏུ་དབེན་པའི་བསམ་གཏན་གྱི་ཟས་ཞེས་བྱ་བའི་སིལ་སྙན་ཡང་བསྒྲགས་ཏེ། སིལ་སྙན་གྱི་སྒྲ་དེས་ཐམས་ཅད་དང་ལྡན་པའི་འཁོར་དེ་བསམ་གཏན་ལ་སྙོམས་པར་ཞུགས་པ་བཞིན་དུ་བདག་བདེ་བས་ཚིམ་པར་ཤེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོས་བཅོམ་ལྡན་འདས་ལ་མཆོད་པ་འདི་ལྟ་བུ་འདི་བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་བདུན་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་འདུག་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱ་མཚོའི་མཆོག་མངའ་བའི་བློས་རྣམ་པར་རོལ་པ་མངོན་པར་འཕགས་པའི་མངོན་པར་མཁྱེན་པ་བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས་སླར་རང་རང་གི་སྟན་ལ་འཁོད་དོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པ་ཞེས་བྱ་བ་མྱ་ངན་མེད་པའི་གླིང་བཞི་པ་ཆེན་པོ་ན་གནས་པ། ཚངས་པའི་འཇིག་རྟེན་ན་འདུག་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་གཅིག་ལྟ་བུ་ཡང་མཐོང་། པད་མ་རྣམ་པར་བཀྲ་བ། བལྟ་ན་སྡུག་པ། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་མངོན་པར་བྱུང་བ་ཡང་མཐོང་། རིན་པོ་ཆེ་བཀོད་པ་འཁོར་གྱི་ཁྱམས་བྱང་ཆུབ་སེམས་དཔས་གང་བ་ཡང་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། བསྲེག་པའི་བསྐལ་པ་ནི་མ་བྱུང་ན་ཆུས་འཇིག་པ་འདི་བྱུང་སྟེ། འདི་ལྟ་བུའི་ཆོ་འཕྲུལ་འདི་དག་ཀུན་ཏུ་སྣང་བ་འདི་ལ་རྒྱུ་ ― DKG058_Page_0011 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅི་ཡོད། བདག་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། བཅོམ་ལྡན་འདས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཆེན་པོ་འཇིག་རྟེན་དུ་བྱུང་བའི་རྒྱུ་གང་ལགས། རྐྱེན་གང་ལགས་ཞེས་ཞུའོ་སྙམ་མོ། །དེ་ནས་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པ། ཚངས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱིས་ཡོངས་སུ་བསྐོར་ཏེ། མདུན་དུ་བདར་ནས་ལྷན་ཅིག་ཏུ་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ཏེ། རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་སུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྟེང་གི་བར་སྣང་ལ་འདུག་སྟེ། ལུས་བཏུད་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ཅི་ལགས། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཆབ་ཀྱིས་ཡོངས་སུ་གཏམས་པའི་རྒྱ་མཚོ་གཅིག་ལྟ་བུར་ཀུན་ཏུ་གདའ་བ་དང་། པད་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་འདི་སྙེད་ཅིག་བྱུང་བ་འདི་དང་། དེ་དག་ལ་ཡང་སྐྱེས་བུ་དམ་པ་དག་མཆིས་པ་འདི་ལྟ་བུ་ཀུན་ཏུ་གདའ་ཡང་བཅོམ་ལྡན་འདས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ལ་ཡང་སྒྲིབ་པ་མ་མཆིས་པར་ཀུན་ཏུ་གདའ་བ་དང་། འཛམ་བུའི་གླིང་རྣམས་དང་། གླིང་བཞི་པ་ཆེན་པོ་རྣམས་དང་། རྒྱ་མཚོ་རྣམས་དང་། རི་རབ་རྣམས་དང་། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ལ་ཡང་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་དུ་སྒྲིབ་པ་ཅི་ཡང་མ་མཆིས་པར་དེ་ཁོ་ན་བཞིན་དུ་ཀུན་ཏུ་གདའ་བ་དེ་ལ། བཅོམ་ལྡན་འདས་འདི་སུའི་བྱིན་གྱི་རླབས་ཀྱིས་གྱུར་སྙམ་དུ་བདག་ངོ་མཚར་ཆེར་གྱུར་ན་འདི་སུའི་སྔ་ལྟས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་འདི་ནི་བཅོམ་ལྡན་འདས། དེ་བཞིན་གཤེགས་པ་རྒྱ་མཚོ་མཆོག་མངའ་བའི་ ― DKG058_Page_0012 ―
[མ་དཔེ་གཟིགས་ན་འདིར་གནོན།]
བློས་རྣམ་པར་རོལ་པ་མངོན་པར་འཕགས་པའི་མངོན་པར་མཁྱེན་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ་ཆེ་དྲི་མ་དང་བྲལ་བ་དཔག་ཏུ་མེད་པ་བཀོད་པས་བརྒྱན་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པ་དག་དང་ལྷན་ཅིག་ཏུ་ང་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་ལས་གཏམ་གྱི་རྒྱུད་འགའ་ཞིག་ཡོངས་སུ་དྲི་བའི་ཕྱིར་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོང་བ་ཡིན་ཏེ། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཆུས་ཡོངས་སུ་གང་བར་ཀུན་ཏུ་སྣང་བ་འདི་ལྟ་བུ་འདི་ནི་དེའི་རྣམ་པར་སྤྲུལ་པའི་བྱིན་གྱིས་རླབས་སོ། །གསོལ་པ། བཅོམ་ལྡན་འདས་ད་དུང་ཡང་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འཆང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་དེ་བཞིན་གཤེགས་པའི་སྤོབས་པ་ལ་ནི། རྒྱུན་ཆད་པ་ཆུང་ཟད་ཀྱང་མེད་དེ། གང་གི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཅང་མི་གསུང་བར་གྱུར་པ་མཐོང་བ་དེའི་ཚེ་ན་ཡང་། ད་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་རྣམ་པར་ངེས་པའི་གཏམ་ཡང་དག་པར་རབ་ཏུ་སྟོན་ཏེ། ཚངས་པ་སངས་རྒྱས་ཀྱི་ཡུལ་ནི་དེ་ལྟར་བསམ་གྱིས་མི་ཁྱབ་བོ། །གསོལ་པ། བཅོམ་ལྡན་འདས་གང་འདི་ལྟ་བུ་འདི་རྣམ་པར་སྤྲུལ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ཞེས་བགྱི་བ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཁྱོད་ཀྱིས་པད་མ་དཔག་ཚད་བཅུའི་ཁྱོན་ཙམ་ཡོད་པ་དེའི་དཀྱིལ་ན་པད་མའི་སྙིང་པོ་ལ་རིན་པོ་ཆེ་བཀོད་པའི་སེང་གེའི་ཁྲི་འཕང་དུ་ཤིང་ཏ་ལ་བདུན་ཙམ་པ་སྲོག་ཆགས་བྱེ་བ་ཕྲག་མང་པོས་ཕྱག་བྱས་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཁྱོད་ཀྱིས་སེང་གེའི་ཁྲི་དེ་ལ་བྱང་ཆུབ་སེམས་དཔའ་ལུས་གསེར་གྱི་ཁ་དོག་ཏུ་ ― DKG058_Page_0013 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདུག་པ། ལུས་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ་འདུག་སྟེ། གང་དེ་བཞིན་གཤེགས་པའི་སྐུ་མ་གཏོགས་པར་གཞན་བྱང་ཆུབ་སེམས་དཔའི་ལུས་ཟིལ་གྱིས་མནན་ནས་འདུག་པ། བྱང་ཆུབ་སེམས་དཔའ་མང་པོས་ཕྱག་བྱས་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ཞེས་བྱ་བ་སྟེ། འདི་ནི་དེའི་རྣམ་པར་སྤྲུལ་པའོ། །དེ་ནས་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་ཕྱག་འཚལ་ནས་ཚིག་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱང་རྫུ་འཕྲུལ་གྱི་ཆོ་འཕྲུལ་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག ། གང་དག་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོའི་མིང་ཐོས་པའི་སེམས་ཅན་དེ་དག་ནི་རྙེད་པ་ལེགས་པར་རྙེད་པ་ལགས་སོ། །བཅོམ་ལྡན་འདས་བདག་གིས་ཀྱང་སྐྱེས་བུ་དམ་པ་འདིའི་མིང་ཐོས་ཤིང་གཟུགས་ཀྱི་ལུས་ཀྱང་མཐོང་བས་བདག་གིས་ཀྱང་རྙེད་པ་ལེགས་པར་རྙེད་དོ། །བཅོམ་ལྡན་འདས་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་ཡུན་ཇི་སྲིད་ཅིག་ཏུ་འཆད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཇི་སྲིད་དུ་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་གནས་པ་དང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་བྱང་ཆུབ་སེམས་དཔའ་འདི་དག་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། ཀློག་པ་དང་། ཡང་དག་པར་རབ་ཏུ་སྟོན་པ་དང་། རྒྱས་པར་བྱེད་ཀྱི་བར་དུའོ། །དེ་ཅིའི་ཕྱིར་ཞེ་ན། ཚངས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་འདིའི་ནང་དུ་འདུས་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོས་འཁོར་ཐམས་ཅད་རྒྱ་ཆེར་ཡང་དག་པར་རབ་ཏུ་དགའ་བར་བྱ་བ་དང་། ཚངས་པ་སྙིང་རྗེ་ཆེན་པོ་སེམས་པ་འདུན་པར་བྱ་བ་དང་། ཆོས་ཀྱི་རྣམ་གྲངས་འདི་བརྒྱན་པར་བྱ་བ་དང་། བདག་ ― DKG058_Page_0014 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཉིད་ཀྱི་ཤེས་རབ་ཀྱི་དང་། སྤོབས་པའི་སྟོབས་ཉེ་བར་བསྟན་པའི་ཕྱིར་པད་མ་དང་ལྷན་ཅིག་སེང་གེའི་ཁྲི་དང་ལྷན་ཅིག་ཏུ་སྟེང་གི་བར་སྣང་ལ་ཤིང་ཏ་ལ་བདུན་སྲིད་ཙམ་ན་འདུག་སྟེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཁྲག་ཁྲིག་སངས་རྒྱས་ཞིང་རྡུལ་སྙེད་ཀྱི་ཞིང་རྣམས་འདས་པའི་འོག་ལོགས་ན། །རྫོགས་པའི་བྱང་ཆུབ་སེམས་དཔའ་གནས་ཞིང་ཡོན་ཏན་ཀུན་ལྡན་རབ་མཛེས་པ། །དེ་ན་འདྲེན་པའི་བསྟན་པ་རྒྱ་མཚོས་བློ་ཐུགས་མཚུངས་པ་མེད་བཞུགས་ཏེ། །དེར་ནི་བདག་གིས་ཐུབ་པའི་ཆོས་ཐོས་གྱུར་ཏེ་ཐོས་ནས་དེ་བཞིན་བཟུང་། །བདག་ནི་སྟོབས་བཅུ་ལྡན་ལ་བལྟ་བར་བགྱི་དང་དེ་བཞིན་ཕྱག་བགྱི་དང་། །བྱང་ཆུབ་སེམས་དཔའ་ཁྱུ་མཆོག་འདི་རྣམས་ཕན་ཚུན་དྲི་སླད་འདིར་མཆིས་ཏེ། །སྐྱོབ་ལ་ཕྱག་བགྱི་བས་ནི་ཆོས་རྒྱལ་མཚུངས་མེད་ཁྱོད་ལ་འདིར་ཕྱག་འཚལ། །སངས་རྒྱས་མཆོད་པ་གང་ལགས་རྒྱ་ཆེན་ཤིན་ཏུ་རྒྱས་པས་མཆོད་པ་འཚལ། །གང་གིས་གཟུགས་ལ་གཟུགས་སུ་མི་རྟོག་ཚོར་བ་འདུས་བགྱིས་མ་ལགས་ཤིང་། །རྣམ་པར་ཤེས་པའང་ཚོར་གསུམ་བཞིན་དུ་རྟག་པར་ཤིན་ཏུ་རྣམ་དག་སྟེ། །གང་ཞིག་འདྲེན་ལ་མཚན་དུ་མ་ལགས་སྐྱེས་དང་རིགས་སུ་མ་ལགས་རྟོགས། །མིག་ལྡན་དེས་ནི་ཆོས་ཀྱི་རྒྱལ་པོ་དྲི་མེད་ཡང་དག་དོན་དུ་མཐོང་། །བདག་གམ་བདག་མེད་ཅེས་བྱའི་མཐའ་དེ་གཉི་ག་མི་ལེན་མི་འདོར་ཏེ། །ནང་དུ་གྱུར་པ་ཞི་ཞིང་ཐུགས་ཀྱང་ཞི་སྟེ་ཕྱི་རོལ་རྒྱུ་མི་མངའ། །མི་རྟོག་རྣམ་མི་རྟོག་ཅིང་རྟོག་བྲལ་ཐུབ་པའི་ཐུགས་ནི་ནམ་མཁའ་འདྲ། །དེས་ནི་ཕྱོགས་བཅུའི་བདེ་གཤེགས་ཆོས་ཀྱི་རྒྱལ་མཚན་གསལ་མཛད་རྣམས་ལ་མཆོད། །གང་བློ་སྦྱིན་པ་རྣམས་ལ་འདི་ནི་སྒྱུ་མ་ལེན་པ་སྟོང་པ་ཉིད། །གཡོ་བ་མེད་པའི་ཡིད་ཀྱིས་ནོར་རྣམས་དེ་དག་རེ་བ་མེད་པར་གཏོང་། །བྱང་ཆུབ་དོན་དུ་ངེས་ཀྱི་ལྟ་བར་ངེས་མིན་སྤྲོས་ལ་གནས་མ་ཡིན། །གང་བློ་སེམས་ཅན་ཉེས་པ་མཐར་འབྱིན་དེ་ནི་སྦྱིན་བདག་སེར་སྣ་མེད། །དེ་ནི་རབ་ཏུ་ཞི་བས་ཞི་སྟེ་ངག་མེད་ཡིད་མེད་ལུས་གདུང་མེད། །གདུང་བ་མེད་པས་བཅིང་བ་རྒྱ་ཆེན་བྲལ་ཏེ་དེས་པ་དབང་པོ་ཞི། །བདག་མེད་ཐེག་པར་གནས་ ― DKG058_Page_0015 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནས་བྱང་ཆུབ་དམིགས་པ་མེད་ཅིང་དེ་མི་འདོར། །ཁྲིམས་གནས་བློ་ལྡན་ཁྲིམས་འཆལ་མཐར་བྱེད་འདོད་པ་ཚུལ་ཁྲིམས་དྲི་མ་མེད། །ཆོས་རྣམས་སྐད་ཅིག་པར་ནི་རྟོགས་པར་ཤེས་བྱ་རྣམས་ལ་སྨྲས་པ་མེད། །ནམ་མཁའ་མཚུངས་པའི་ཡིད་ཀྱིས་འགྲོ་བ་འདི་དག་སྒྱུ་མ་ཇི་བཞིན་མཐོང་། །གང་ཞིག་ལུས་ནི་དུམ་བུ་དུམ་བུར་བཅད་ཀྱང་ཡིད་ནི་ཁྲོ་མི་འགྱུར། །གང་ཞིག་བྱང་ཆུབ་བརྟུལ་ཞུགས་གནས་པའི་བློ་ལྡན་མཁས་དེ་བཟོད་པ་སྨྲ། །གང་ཞིག་ཆོས་རྣམས་ཆུ་ཟླ་ཆུ་བུར་མཉམ་ཞིང་སྒྱུ་མ་སྨིག་རྒྱུ་འདྲ། །རྟོགས་ནས་མི་མིན་སྲོག་མ་ཡིན་ཞིང་ཤེད་བུ་ལྡན་པ་མ་ཡིན་མཐོང་། །བྱང་ཆུབ་དང་ནི་སེམས་ཅན་ཚོགས་མི་དམིགས་ཀྱང་བྱང་ཆུབ་གཞན་དོན་བརྩོན། །ཚུལ་འདིར་གང་ཞིག་སྐྲག་པ་མེད་པ་དེ་ནི་བརྩོན་འགྲུས་ཐ་མར་ཕྱིན། །གང་གི་སེམས་ནི་ཡུལ་ལ་ཆགས་པ་མེད་ཅིང་ཐེ་ཚོམ་ཡོད་མིན་ལ། །སེམས་ཅན་གཞན་གྱི་སེམས་ཀྱི་སྤྱོད་པ་དུས་གསུམ་གྱུར་པའང་ཤེས་པ་དང་། །གང་སེམས་སྤྱོད་པར་གྱུར་པ་གང་ཡིན་དེ་ཡི་བདུད་ཀྱིས་མི་ཤེས་པ། །ཕ་རོལ་ཕྱིན་ཐོབ་བསམ་གཏན་དང་ནི་མངོན་པར་ཤེས་ལ་བློ་གྲོས་གནས། །གང་ཞིག་སངས་རྒྱས་རྣམས་ཀྱི་གསུང་ཀུན་ཉན་ཅིང་དེ་བཞིན་འཛིན་བྱེད་པ། །བསྐལ་པ་དཔག་ཏུ་མེད་པར་སྨྲས་ཀྱང་སྤོབས་པ་རྒྱུན་ཆད་མི་འགྱུར་ཏེ། །སངས་རྒྱས་ཆོས་རྟོགས་སེམས་ཅན་མི་ལྟུང་དེ་ནི་གང་དུའང་གནས་མེད་པ། །བཅོམ་ལྡན་ཐུབ་ཉིད་མཁྱེན་གཏེར་ཤེས་རབ་ལྡན་ཞིང་འཇིག་རྟེན་གསུམ་ན་དཔའ། །གང་ཞིག་ཕ་རོལ་ཕྱིན་པའི་ཕ་རོལ་གཤེགས་ཀྱང་གཤེགས་མིན་མ་གཤེགས་མིན། །གང་ཞིག་སེམས་ཅན་སྤྱོད་པ་མཐར་ཕྱིན་མི་གནས་གཡོ་བ་མི་མངའ་ཞིང་། །ཡོན་ཏན་ཀུན་མཐར་གང་ཕྱིན་ཡོན་ཏན་རྣམས་ལ་རློམ་སེམས་མི་མངའ་བ། །ཐུབ་པའི་དབང་པོ་ཤཱཀྱ་སངས་རྒྱས་ཁྱུ་མཆོག་དེ་ལ་མགོ་བོས་འཐུག ། འོད་ཟེར་རྣམ་དག་ཉི་མས་སྲིན་བུ་མེ་ཁྱེར་འོད་རྣམས་ཟིལ་གྱིས་མནན། །མེ་ལྕེ་རྩེ་མཐོན་བསྐལ་མཐའི་མེ་ཡིས་ས་ལ་ཇི་སྙེད་ཡོད་པ་སྲེག ། རི་མཆོག་རི་རབ་ཀྱིས་ནི་ས་ལ་ཡོད་པའི་རི་ཀུན་ཟིལ་གྱིས་མནན། །ཤཱཀྱ་ཁྱུ་མཆོག་སྤུ་འདིས་ ― DKG058_Page_0016 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཇིག་རྟེན་གསུམ་གྱི་འོད་གཞན་ཟིལ་དུ་རླག ། ཞིང་བརྒྱ་དག་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་ཁྱུ་མཆོག་ཇི་སྙེད་པ། །དེ་དག་གཙོ་བོ་ཁྱོད་ཀྱི་མདོག་དང་གཟི་བརྗིད་ཀྱིས་ནི་ཚིམ་པར་གྱུར། །གང་དག་སྨོན་ལམ་ཇི་ལྟར་བཏབ་པ་དེ་ལྟར་ཀུན་གྱིས་འཐུན་པར་མཐོང་། །བདག་ཅག་གང་ནས་མ་འོངས་རང་གི་ཞིང་ཉིད་ན་ནི་འདུག་པར་ཤེས། །ཇི་ལྟར་གང་གིས་རང་རིག་དེ་ལྟར་ཁྱོད་ཀྱི་གསུང་ནི་ཤིན་ཏུ་འཇུག ། སྲིད་པ་གསུམ་ན་སྐད་རྣམས་ཇི་སྙེད་ཅི་མཆིས་དེ་དང་འཐུན་པར་འཇུག ། རྡུལ་གྱི་རྡུལ་དང་མི་རྣམས་ཀྱི་ནི་སེམས་ཀྱི་བསམ་པ་བགྲང་ནུས་སྲིད། །ཐུབ་པའི་གསུང་དབྱངས་ཚད་མེད་ནམ་མཁའ་འདྲ་འདི་བགྲང་བར་ནུས་མ་ལགས། །ནམ་མཁའི་མཐའ་དང་མི་རྣམས་ཀྱི་ནི་མཐའ་མ་བགྲང་བར་མི་ནུས་ཏེ། །འཁོར་བའི་སྔོན་གྱི་མཐའ་མ་ཉིད་ནི་རྣམ་པ་ཀུན་ཏུ་བགྲང་མི་ནུས། །ནམ་མཁའི་མཐའ་དང་འཁོར་བའི་མཐའ་ནི་མི་ཡིས་བགྲང་བར་ནུས་ཀྱང་སྲིད། །སངས་རྒྱས་མཁྱེན་དང་ཏིང་འཛིན་ཚུལ་ཁྲིམས་ཡུལ་ནི་གང་དུའང་ཤེས་མི་ནུས། །གཞལ་ཡས་བསྐལ་པར་གང་གི་བསྔགས་པ་བརྗོད་པར་སླ་བ་མ་ལགས་པ། །ཁྱུ་མཆོག་དཔག་ཡས་ཆོས་ཀྱི་དབང་ཕྱུག་འདྲེན་པ་ཁྱོད་ལ་ཕྱག་འཚལ་ལོ། །སྐྱེ་བོ་གང་དག་ཤེས་དང་མོས་པས་སངས་རྒྱས་ཆེ་བ་རྗེས་རྟོགས་པ། །དེ་དག་གིས་ནི་བློ་གྲོས་བསམ་ཡས་རྨད་བྱུང་ཀུན་ལྷག་འདྲེན་པ་མཐོང་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས་བར་སྣང་དེ་ལས་བབས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ― DKG058_Page_0017 ―
[མ་དཔེ་གཟིགས་ན་འདིར་གནོན།]
བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་དང་དེ་ངས་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱ་ཞེས་བགྱི་བ་མཆིས་ཏེ། ཏིང་ངེ་འཛིན་དེ་ལ་རབ་ཏུ་གནས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་བདག་གིས་ཐོས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་ཇི་ལྟར་འཐོབ་པ་དང་། ཅིའི་སླད་དུ་ཤིན་ཏུ་དཀར་བ་དྲི་མ་མེད་པ་ཞེས་བགྱི་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེ་ལེགས་པར་བཤད་དུ་གསོལ། ཏིང་ངེ་འཛིན་དེ་ལ་འཇུག་པའི་སྒོར་འཇུག་པ་གང་ཐོས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཏིང་ངེ་འཛིན་འདི་འཐོབ་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །ཀྱེ་མ་དྲི་བ་འདི་བཟང་ཞིང་དཔྱོད་པ་དེ་ཚུལ་བཞིན་ཡིན་ཏེ། དེའི་ཕྱིར་རིགས་ཀྱི་བུ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ཇི་ལྟར་འཐོབ་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ ― DKG058_Page_0018 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཚང་རྒྱ་བར་འགྱུར་བ་ངས་བཤད་པར་བྱའོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་རྩ་བས་བསྟན་པ་ཡིན་ཏེ། དགེ་བའི་བསམ་པ་དང་ལྡན་པ། ངེས་པའི་ཕུང་པོ་ལ་རབ་ཏུ་གནས་པ། ཚོགས་བསགས་པ། དབང་པོ་རྣོ་བ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ། རྒྱུའི་སྟོབས་ཅན་ཡིན་ཏེ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད། བསྟི་སྟང་དུ་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་གཟུགས་ཕུན་སུམ་ཚོགས་པ་མཐོང་ཞིང་གསུང་སྙན་པ་ཐོས་ཏེ། འཁོར་ཕུན་སུམ་ཚོགས་པ་ཡང་མཐོང་ཞིང་ཆགས་པ་མེད་པའི་མཁྱེན་པ་ཡང་ཐོས་ལ། རྫུ་འཕྲུལ་གྱི་ཆོ་འཕྲུལ་ལམ། ཀུན་བརྗོད་པའི་ཆོ་འཕྲུལ་ལམ། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་སེམས་ཅན་འདུལ་བ་མཛད་པ་ཡང་མཐོང་ནས་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བརྩོན་འགྲུས་བརྩམས་པ་ཡིན་ཏེ། དགེ་བའི་ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་ཞིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྗེད་པ་མེད་པས་སེམས་ཡོངས་སུ་དག་པར་རྣལ་འབྱོར་དུ་བྱེད་དོ། །དེ་སེམས་ཡོངས་སུ་དག་པས་ཏིང་ངེ་འཛིན་ཡོངས་སུ་དག་པ་རབ་ཏུ་འཐོབ་བོ། །བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན་རིགས་འཕགས་པའི་ནོར་བུ་རིན་པོ་ཆེ་ནོར་བུ་མཁན་མཁས་པའི་ལག་ཏུ་སོན་པ། ཇི་ཙམ་ན་ཡོངས་སུ་དག་པ་དང་། ཤིན་ཏུ་དཀར་བ་དང་། མཐིང་བུ་དང་བྲལ་བ་དང་། སྐྱོན་མེད་པར་གྱུར་པ་དེ་སྲིད་དུ་ཡོངས་སུ་སྦྱངས་ན། སྐྱེས་བུ་མཁས་པ་ནོར་བུ་རིན་པོ་ཆེ་ལ་མཁས་པ་རྣམས་འདུ་བར་འགྱུར་རོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རིགས་འཕགས་པས་ཐམས་ཅད་མཁྱེན་ ― DKG058_Page_0019 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་སེམས་བསྐྱེད་པ་རིན་པོ་ཆེ་བསྐྱེད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ཇི་ཙམ་ན་མཐིང་བུ་དང་བྲལ་ཞིང་རློམ་སེམས་ཀྱི་མཐིང་བུ་དང་བྲལ་བར་འགྱུར་བ་དེ་སྲིད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དགེ་བའི་རྩ་བ་ཡོངས་སུ་སྦྱང་བ་བྱ་བ་དང་། ཐོས་པ་ལ་མཁས་པ་ཡོངས་སུ་སྦྱང་བ་བྱ་བས་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པའི་རིན་པོ་ཆེ་དེ་ཡོངས་སུ་སྦྱངས་ན་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་འདུ་ཞིང་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ཡང་འཐོབ་བོ། །བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། རིགས་འཕགས་པའི་ནོར་བུ་རིན་པོ་ཆེ་དེ་ནི་རིན་པོ་ཆེའི་རིགས་དགུ་ལས་ཤིན་ཏུ་འདས་པར་འབྱུང་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། གསེར་གྱི་རིགས་དང་། དངུལ་གྱི་རིགས་དང་། ཤེལ་གྱི་རིགས་དང་། བཻ་དཱུཪྱའི་རིགས་དང་། རྡོའི་སྙིང་པོའི་རིགས་དང་། སྤུག་གི་རིགས་དང་། མུ་ཏིག་དམར་པོའི་རིགས་དང་། ཀེ་ས་རའི་རིགས་དང་། དཔལ་གྱི་སྙིང་པོའི་རིགས་ཏེ། ནོར་བུ་རིན་པོ་ཆེའི་རིགས་དགུ་པོ་འདི་དག་ལས་ཤིན་ཏུ་འདས་ནས། དྲི་མ་མེད་ཅིང་རྣམ་པར་དག་པའི་འོད་ཅེས་བྱ་བའི་ནོར་བུ་རིན་པོ་ཆེ་ཆེན་པོའི་རིགས་དེ་ལས་དེ་རིན་ཐང་མེད་པའི་ནོར་བུ་རིན་པོ་ཆེར་འགྱུར་ཏེ། དེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཡོངས་སུ་སྤྱད་པར་འགྱུར་གྱི། དེ་མ་ཡིན་པའི་སེམས་ཅན་ཕལ་པ་གཞན་རྣམས་ཀྱི་ནི་མ་ཡིན་ཏེ། ནོར་བུ་རིན་པོ་ཆེ་དེའི་འོད་གང་ཡིན་པ་དེས་ནི་དེ་མ་ཡིན་པའི་ནོར་བུ་རིན་པོ་ཆེ་གཞན་རྣམས་ཀྱི་འོད་མོག་མོག་པོར་བྱེད་དོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རིན་པོ་ཆེ་དེ་ཡང་རིན་པོ་ཆེའི་རིགས་དགུ་ལས་ཤིན་ཏུ་འདས་པར་བྱུང་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། སོ་སོའི་སྐྱེ་བོ་དགེ་བའི་རིན་པོ་ཆེའི་རིགས་དང་། དད་པའི་རྗེས་སུ་འབྲང་བའི་རིན་པོ་ཆེའི་རིགས་དང་། ཆོས་ཀྱི་རྗེས་སུ་འབྲང་བའི་རིན་པོ་ཆེའི་རིགས་དང་། མཚན་མ་མེད་པ་ལ་གནས་པ་རིན་པོ་ཆེའི་རིགས་དང་། རྒྱུན་ཏུ་ཞུགས་པ་རིན་པོ་ཆེའི་རིགས་དང་། ལན་ ― DKG058_Page_0020 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅིག་ཕྱིར་འོང་བ་རིན་པོ་ཆེའི་རིགས་དང་། ཕྱིར་མི་འོང་བ་རིན་པོ་ཆེའི་རིགས་དང་། དགྲ་བཅོམ་པ་རིན་པོ་ཆེའི་རིགས་དང་། རང་སངས་རྒྱས་རིན་པོ་ཆེའི་རིགས་དང་། རིན་པོ་ཆེའི་རིགས་དགུ་པོ་འདི་དག་ལས་ཤིན་ཏུ་འདས་ནས་བཅུ་པ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་ལྷག་པའི་བསམ་པ་སྙིང་རྗེ་ཆེན་པོའི་རིན་པོ་ཆེའི་རིགས་ལས་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་དེ་རིན་པོ་ཆེ་འབྱུང་སྟེ། དེ་ཡོངས་སུ་སྦྱངས་ན་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་ནོན་ཅིང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་རྣམས་ལ་ཡང་སྣང་བར་བྱེད་དོ། །བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་གང་གི་ཚེ། སྦྱང་བཟོད་ཅིང་གནོད་པ་བཟོད་ལ། ཕུགས་ནས་ཀྱང་ཉེས་པར་མ་གྱུར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ནི་འདི་ལྟར་སེམས་ཅན་བསོད་ནམས་བྱས་པ། དགེ་བའི་རྩ་བ་བསྐྱེད་པ་རྣམས་ལ་ཕན་པ་བྱེད་པར་འགྱུར་རོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་ཡང་གང་གི་ཚེ་སྦྱང་བཟོད་ཅིང་གནོད་པ་བཟོད་ལ། ཕུགས་ནས་ཀྱང་ཉེས་པར་མ་གྱུར་ན་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་སྐྱོན་ཐམས་ཅད་དང་བྲལ་བ་དེ་འདི་ལྟར་སེམས་ཅན་ཐམས་ཅད་ལ་ཕན་པ་བྱེད་པར་འགྱུར་རོ། །བློ་གྲོས་རྒྱ་མཚོ་དེ་ལ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་སྦྱང་བ་གང་ཞེ་ན། འདི་ལྟ་སྟེ། སྡོམ་པ་གསུམ་གྱིས་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་དག་པ་དང་། བྱམས་པའི་རྗེས་སུ་འཇུག་པས་སེམས་ཅན་ཐམས་ཅད་ལ་བྱམས་ཤིང་དང་བ་དང་། སྙིང་རྗེའི་རྗེས་སུ་འཇུག་པས་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་སྙམ་པ་ལ་བརྩོན་པ་དང་། དགའ་བའི་རྗེས་སུ་འཇུག་པས་སེམས་ཅན་ཐམས་ཅད་ཆོས་ལ་སྦྱོར་བ་དང་། བཏང་སྙོམས་ཀྱི་རྗེས་སུ་འཇུག་པས་སེམས་ཅན་ཐམས་ཅད་ལ་མི་འཚེ་ཞིང་རྟག་ཏུ་སེམས་དྲང་བ་དང་། གཡོ་དང་སྒྱུ་མེད་པས་ཕན་པའི་དངོས་པོའི་བསམ་པར་གྱུར་པ་དང་། དགེ་བའི་རྩ་བ་ཐམས་ཅད་བརྩམ་པ་ལ་ལྷག་པའི་བསམ་པ་སྦྱོར་བ་དང་། ཅང་ཤེས་ཀྱི་སེམས་ཀྱིས་དྲན་པ་དང་ཤེས་ ― DKG058_Page_0021 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞིན་དང་ལྡན་པ་དང་། སེམས་ཤིན་ཏུ་དུལ་བས་སེམས་ལས་སུ་རུང་བ་དང་། དགང་སླ་བས་སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པའི་ཆོ་ག་དང་ལྡན་པ་དང་། གསོ་སླ་བས་འཕགས་པའི་རིགས་ཆོག་ཤེས་པ་དང་། བླ་མ་དང་སྦྱིན་གནས་རྣམས་ལ་འདུད་ཅིང་རབ་ཏུ་འདུད་པ་དང་། ང་རྒྱལ་མེད་པས་ཁེངས་པ་དང་རྩོད་པ་རྣམ་པར་སྤོང་བ་དང་། སེམས་ངེས་པར་སེམས་པས་ང་རྒྱལ་ལས་ཀྱང་ང་རྒྱལ་རྣམ་པར་སྤོང་བ་དང་། རྙོག་པ་མེད་པས་སེམས་གསལ་བ་དང་། བདག་ལ་མི་སྟོད་པས་བདག་ཤེས་པ་ལ་འཇུག་པ་དང་། གཞན་ལ་མི་སྨོད་པས་སེམས་ཅན་རྗེས་སུ་སྲུང་བ་དང་། སྨན་གྱི་སེམས་ཀྱིས་ཆོས་ལ་གུས་པ་དང་། དེའི་དོན་སོ་སོར་མྱོང་བས་ཆོས་དོན་དུ་གཉེར་བ་དང་། དེ་ལ་གཞོལ་འབབ་བབ་པས་ཆོས་འདོད་པ་དང་། ཉོན་མོངས་པ་མེད་པ་ལ་གནས་པས་ཆོས་ལ་དགའ་བ་དང་། ཆོས་མ་ཡིན་པ་རྣམ་པར་སྤོང་བས་ཆོས་ཡོངས་སུ་ཚོལ་བ་དང་། རྟག་ཏུ་ངོ་ཚ་ཤེས་པས་དཀོན་མཆོག་གསུམ་ལ་དད་པ་རྒྱུན་མི་འཆད་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པས་དགེ་བ་ཐམས་ཅད་ཡིད་ལ་བྱེད་པའི་བྱ་བ་ལ་འཇུག་པ་དང་། དྲང་བས་སྤྱོད་ལམ་སྦས་པ་དང་། ཁེངས་པ་མེད་པས་མཉེན་པ་དང་། ཞི་གནས་ཡོངས་སུ་ཚོལ་བས་རྒོད་པ་དང་བྲལ་བ་དང་། བློ་བརྟན་པས་སྙོམ་ལས་མེད་པ་དང་། རབ་ཏུ་མི་གཡོ་བས་སེམས་རི་དང་མཚུངས་པ་དང་། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བས་སེམས་ས་དང་མཚུངས་པ་དང་། བསམ་པ་དག་པས་སེམས་ཆུ་དང་མཚུངས་པ་དང་། རློམ་སེམས་མེད་པས་སེམས་མེ་དང་མཚུངས་པ་དང་། གནས་མེད་པས་སེམས་རླུང་དང་མཚུངས་པ་དང་། ཤིན་ཏུ་དྲི་མ་མེད་པས་སེམས་ནམ་མཁའ་དང་མཚུངས་པ་དང་། སངས་རྒྱས་ཀྱི་ཚུལ་འཁྲུགས་པ་མེད་པའི་ཕྱིར་རབ་ཏུ་འབྱུང་བ་ལ་གཞོལ་བ་དང་། ལུས་དབེན་པའི་ཕྱིར་དགོན་པ་ལ་དགའ་བ་དང་། སེམས་དབེན་པའི་ཕྱིར་ཆོས་ལ་སྤྱོད་པ་དང་། དེ་བྱེད་ཅིང་ཡང་དག་པར་སྒྲུབ་པའི་ཕྱིར་ཚིག་བདེན་པ་དང་། ཁ་འོག་ཏུ་ ― DKG058_Page_0022 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལུས་འཁྲུས་པར་བྱེད་པའི་ཕྱིར་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང་། ཉོན་མོངས་པས་མི་རྫི་བའི་ཕྱིར་སེམས་དཔའ་བ་དང་། ཤིན་ཏུ་ཉམས་པ་མེད་པའི་ཕྱིར་བསླབ་པ་ཡང་དག་པར་འཛིན་པ་དང་། ཁ་ན་མ་ཐོ་བ་ཕྲ་རབ་ལ་ཡང་འཇིགས་པར་ལྟ་བའི་ཕྱིར་ཚུལ་ཁྲིམས་ལྷོད་པ་མེད་པ་དང་། སྐྱེ་བར་སྨོན་པ་མེད་པའི་ཕྱིར་ཚུལ་ཁྲིམས་སྐྱོན་མེད་པ་དང་། གཅིག་ཏུ་དཀར་པོ་སྤྱོད་པའི་ཕྱིར་ཚུལ་ཁྲིམས་ཐུན་ཚགས་མ་ཡིན་པ་དང་། བྱང་ཆུབ་ཀྱི་ཡན་ལག་སྦྱང་བའི་ཕྱིར་དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། མིག་ཡོངས་སུ་དག་པའི་ཕྱིར་འོད་ཟེར་ཐོགས་པ་མེད་པ་དང་། རྣ་བ་ཡོངས་སུ་དག་པའི་ཕྱིར་སྒྲ་ལ་ཐོགས་པ་མེད་པ་དང་། སྣ་ཡོངས་སུ་དག་པའི་ཕྱིར་དྲི་ལ་ཐོགས་པ་མེད་པ་དང་། ལྕེ་ཡོངས་སུ་དག་པའི་ཕྱིར་རོ་ལ་ཐོགས་པ་མེད་པ་དང་། ལུས་ཡོངས་སུ་དག་པའི་ཕྱིར་རེག་བྱ་ལ་ཐོགས་པ་མེད་པ་དང་། ཡིད་ཡོངས་སུ་དག་པའི་ཕྱིར་ཆོས་ལ་ཐོགས་པ་མེད་པའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་མི་སྡུག་པ་ཤིན་ཏུ་བསྒོམས་པའི་ཕྱིར་འདོད་ཆགས་ཀྱི་གདུང་བ་དང་བྲལ་བ་ཡིན། བྱམས་པ་ཤིན་ཏུ་བསྒོམས་པའི་ཕྱིར་ཞེ་སྡང་གི་གདུང་བ་དང་བྲལ་བ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཤིན་ཏུ་བརྟགས་པའི་ཕྱིར་གཏི་མུག་གི་གདུང་བ་དང་བྲལ་བ་ཡིན། དབང་པོ་རྣམས་ལ་ཤིན་ཏུ་བརྟགས་པའི་ཕྱིར་སྒྲིབ་པ་དང་བྲལ་བ་ཡིན། སྟོབས་ཡོངས་སུ་དག་པའི་ཕྱིར་སྒྲིབ་པ་ཡང་དག་པར་བསལ་བ་ཡིན། འབྱུང་བར་བྱ་བའི་ཁམས་ཡོངས་སུ་དག་པའི་ཕྱིར་ཀུན་ནས་ལྡང་བ་བསལ་བ་ཡིན། ཡང་དག་པར་བསྒྲུབས་པའི་ཕྱིར་འདོད་པ་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པ་དང་། ང་རྒྱལ་དང་བྲལ་བ་ཡིན། ཆོས་ཀྱི་སྦྱིན་པ་ལ་སེར་སྣ་མེད་པ་ཡིན། ཟང་ཟིང་གི་སྦྱིན་པ་ལ་ཀུན་འཛིན་པའི་སེམས་མེད་པ་ཡིན། ཐེག་པ་དམན་པ་ལ་འདོད་པ་མེད་པའི་ཕྱིར་བྱང་ཆུབ་ཀྱི་བསམ་པ་ཡིན། དབང་པོ་སྦས་པའི་ཕྱིར་ནང་ཉེ་བར་ཞི་བ་ཡིན། སྐྱོན་ཤིན་ཏུ་མཐོང་བའི་ཕྱིར་ཕྱི་རོལ་ཉེ་བར་ཞི་བ་ཡིན། སྡིག་པ་ཐམས་ཅད་མི་བྱེད་པའི་ཕྱིར་འཁོར་བས་སྐྲག་པ་ཡིན། དགེ་ ― DKG058_Page_0023 ―
[མ་དཔེ་གཟིགས་ན་འདིར་གནོན།]
བའི་རྩ་བ་སོགས་པས་མི་ངོམས་པའི་ཕྱིར་ཡིད་ཡོངས་སུ་མི་སྐྱོ་བ་ཡིན། ཆུ་བོ་བཞི་ལས་བསྒྲལ་བའི་ཕྱིར་ཆོས་ཀྱི་གྲུ་ཆེན་པོ་ཡང་དག་པར་སྦྱར་བ་ཡིན། ཕ་རོལ་དུ་འགྲོ་བའི་ཕྱིར་སྟེགས་དང་ཟམ་པ་ཤིན་ཏུ་བཅས་པ་ཡིན། ཐང་ལ་ཤིན་ཏུ་གནས་པའི་ཕྱིར་འདམ་དང་འོབས་ལས་བརྒལ་བ་ཡིན་ཏེ། བློ་གྲོས་རྒྱ་མཚོ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ་ཆོས་འདི་ལྟ་བུ་དེ་དག་གིས་དག་པ་དང་། ཡོངས་སུ་དག་པ་དང་། སྦྱིན་པ་འཕགས་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པ་དེ་ནི་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་སྦྱོང་བའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ལུས་དང་ངག་རྣམས་དང་ནི་ཡིད་བསྡམས་ཤིང་། །རྣམ་པར་དག་པའི་ལས་ལམ་བཅུ་ལ་སློབ། །བྱམས་པས་སེམས་ཅན་ཀུན་ལ་ཡང་དག་ལྟ། །འདི་ནི་ཐམས་ཅད་མཁྱེན་པར་སེམས་སྦྱོང་ཡིན། །སྙིང་རྗེ་ལྡན་པས་གཞན་གྱི་བྱ་བར་བརྩོན། །དགའ་དང་ལྡན་པས་ཆོས་ལ་ཕ་རོལ་སྦྱོར། །བཏང་སྙོམས་ལྡན་པས་ཆོས་མཆོག་འཚེ་བ་མེད། །འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན། །རྟག་ཏུ་དྲང་ཞིང་གཡོ་ནི་རྣམ་པར་སྤངས། །གཞན་ལ་ཕན་བྱེད་སྡིག་པ་རྣམ་པར་སྤངས། །ལྷག་བསམ་དགེ་བ་ཅི་ཡོད་རྗེས་སུ་འཇུག ། འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན། །ཤེས་རབ་རབ་འཇུག་དྲན་དང་ཤེས་བཞིན་ཅན། །སེམས་རབ་དུལ་བས་སེམས་ནི་ལས་སུ་རུང་། །སྦྱངས་པའི་ཡོན་ཏན་རྣམས་དང་གསོ་སླ་བ། །འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན། །འཕགས་རིགས་ཆོག་ཤེས་པ་དང་ཚིག་མཉེན་དང་། །བླ་མ་རྣམས་ལ་རྟག་ཏུ་འདུད་བྱེད་དང་། །རྩོད་བརྫུན་ང་རྒྱལ་སྤངས་དང་སྟོབས་ལྡན་དང་། །བརྙས་དང་ལོག་པ་ནམ་ཡང་བྱེད་མ་ཡིན། །སེམས་ནི་ངེས་སེམས་མངོན་པའི་ང་རྒྱལ་བྲལ། །རྙོག་པ་མེད་ཅིང་རབ་ཏུ་དང་ལགས་ལ། །བདག་ཤེས་པ་ལ་རིམ་གྱིས་འཇུག་པར་བྱེད། །གཞན་ལ་མི་བརྙས་སེམས་ཅན་རྗེས་སུ་སྲུང་། །ཆོས་ལ་གུས་པར་དགའ་ཞིང་གུས་དང་བཅས། ། ― DKG058_Page_0024 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྒྲིམས་ཏེ་ཉོན་མོངས་རྣམས་ནི་སྤོང་བར་བྱེད། །ཆོས་དོན་གཉེར་ཞིང་ཆོས་ལ་རྟོན་པར་བྱེད། །རྟག་ཏུ་ཆོས་དོན་གཞོལ་ཞིང་འབབ་པར་བྱེད། །ཆོས་ལ་བརྩོན་ཞིང་ཉོན་མོངས་མེད་པ་བསྒོམས། །ཆོས་མིན་སྤངས་ཤིང་ཆོས་རྣམས་ཡོངས་སུ་ཚོལ། །དཀོན་མཆོག་གསུམ་ལ་དད་པ་མི་ཕྱེད་ལྡན། །འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན། །རྟག་ཏུ་འཛེམ་དང་ལྡན་ཞིང་ཉེས་སྤྱོད་ལྡོག ། དེ་བཞིན་གཤེགས་པ་ཀུན་ལ་ངོ་ཚས་སྡོམ། །ཁྲེལ་ཡོད་ལྡན་ཞིང་འདིར་ནི་དབང་པོ་བསྡམས། །འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན། །རབ་ཏུ་སྦྱོར་བས་ལས་ཀྱི་བྱ་བར་འཇུག ། བག་ཡོད་པས་ན་མཐའ་གཉིས་འཛིན་མི་བྱེད། །མཁས་པ་སྟེན་པའི་ཆོས་རྣམས་རྗེས་རྟོགས་པ། །འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན། །སྤྱོད་ལམ་གྱིས་ནི་དྲང་བའི་དངོས་དང་ལྡན། །ཁེངས་པ་མེད་པས་རྟག་ཏུ་མཉེན་པ་ཉིད། །ཞི་གནས་ཆོ་ག་ལྡན་པས་རྒོད་པ་མེད། །འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན། །བློ་ནི་རབ་ཏུ་བརྟན་པས་ཉམས་པ་མེད། །ལྷག་མཐོང་ལ་ནི་རི་རྒྱལ་ཇི་བཞིན་ཏེ། །དམ་བཅས་བརྟན་ཞིང་བར་སྐབས་ཉམས་པ་མེད། །འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན། །སྡུག་བསྔལ་བདེ་བས་མི་གཡོས་ས་དང་མཚུངས། །བསམ་པ་དག་པས་ཆུ་ལྟར་དྲི་མ་འཁྲུ། །རྟག་ཏུ་རློམ་སེམས་མེད་པས་མེ་དང་མཚུངས། །གནས་མེད་རྒྱུ་བས་རྟག་ཏུ་རླུང་དང་འདྲ། །ཤིན་ཏུ་དྲི་མ་མེད་པས་མཁའ་མཉམ་སེམས། །རབ་ཏུ་བྱུང་བས་སངས་རྒྱས་བསྟན་པ་རྙེད། །ལུས་ནི་དབེན་ཞིང་ཞི་བས་དགོན་པར་དགའ། །སེམས་དབེན་པས་ནི་ཆོས་ཀྱི་མཆོག་ལ་སྤྱོད། །དགེ་བ་བདེན་པར་སྨྲ་དང་ཡང་དག་སྨྲ། །ཇི་སྐད་སྨྲས་པ་དེ་ནི་དེ་བཞིན་བྱེད། །ཉོན་མོངས་མི་རྫི་དགེ་ལ་དཔའ་བོ་མཆོག ། ཤིན་ཏུ་བསླབས་པས་བསླབ་པ་ཡང་དག་འཛིན། །དེ་ལ་ལྷོད་པ་ནམ་ཡང་ཡོད་མ་ཡིན། །ཁ་ན་མ་ཐོ་ཆུང་ལའང་རྟག་ཏུ་འཇིགས། །བྱང་ཆུབ་མཆོག་རྒྱུའི་ཚུལ་ཁྲིམས་ཉམས་པ་མེད། །ཡོན་ཏན་དཀར་སྤྱོད་ཚུལ་ཁྲིམས་འདྲེས་པ་མེད། །དགེ་བའི་ ― DKG058_Page_0025 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཤེས་གཉེན་བསྟེན་ཅིང་སྡིག་པ་མིན། །རྫོགས་པའི་བྱང་ཆུབ་སེམས་སོགས་བྱ་ཕྱིར་བརྟན། །དེ་ལྟར་དེ་ཡི་མིག་ནི་དྲི་མེད་ཀྱིས། །འཇིག་རྟེན་ཀུན་ལ་འོད་ཟེར་མཉམ་པར་ལྟ། །མཁས་པ་དེ་ནི་སྣ་ཚོགས་སྒྲ་ཐོས་ནས། །དགའ་མེད་རངས་པ་མེད་ཅིང་ཞུམ་པ་མེད། །བློ་ལྡན་དེ་ནི་སྒྲ་ཡི་དོན་རྟོགས་ཤེས། །དེ་ཡི་རྣ་བ་དེ་ལྟར་རྣམ་དག་ཉིད། །སྣ་ཡིས་དྲི་དང་ལྕེ་ཡིས་རོ་རྣམས་དང་། །ལུས་ཀྱིས་རེག་དང་ཡིད་ཀྱིས་ཆོས་རྣམས་ལ། །རེག་གནས་མ་ཁེངས་མ་དུད་ཞུམ་པ་མེད། །དེ་ལྟར་དེ་ཡི་དབང་པོ་དག་པ་ཉིད། །ཆགས་པས་མི་ཆགས་སྡང་བས་སྡང་བ་མེད། །གཏི་མུག་མ་རྨོངས་མི་སྡུག་གནས་པ་ཅན། །བྱམས་ལ་དགའ་ཞིང་རྐྱེན་གྱིས་ཆོས་སེམས་པ། །འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན། །སྒྲིབ་པ་ལྔ་པོ་དག་གིས་བསྒྲིབས་པ་མེད། །དེ་ལྟར་དེས་ནི་དབང་པོ་ལྔ་ཡང་བསྒོམས། །དེ་ནི་གང་དུའང་སྒྲིབ་མེད་བཅིངས་པའང་མེད། །སྟོབས་རྣམས་ལྔ་པོ་དག་ལ་རབ་ཏུ་གནས། །ཀུན་ནས་ལྡང་བ་ཤེས་ཤིང་བྱུང་བ་ཉིད། །ཚུལ་བཞིན་མ་ཡིན་སྤངས་ཤིང་ཚུལ་བཞིན་གནས། །དྲན་པ་ཉེ་བར་གཞག་པ་བཞི་ལ་སྟེན། །ཡང་དག་སྤོང་དང་རྫུ་འཕྲུལ་རྐང་པར་ལྡན། །བྱང་ཆུབ་ཡན་ལག་སྟེན་དང་རྟག་ཏུ་ལྡན། །བརྟན་པ་དེ་ནི་ཡན་ལག་བརྒྱད་ལ་མཆོག ། དེ་ནི་འདོད་དང་སྡང་དང་འཇིགས་མི་འགྲོ། །གཏི་མུག་བྲལ་ཞིང་དབང་པོ་ཤིན་ཏུ་བསྡམས། །ཆོས་ཀྱི་སྦྱིན་ལ་དེ་ནི་སེར་སྣ་མེད། །སློབ་དཔོན་ནམ་ཡང་ཆོས་འཆབ་མི་བྱེད་དེ། །ཟང་ཟིང་མེད་པར་ཆོས་ནི་སྟོན་པར་བྱེད། །དེས་ན་དེ་ནི་བྱང་ཆུབ་སེམས་དག་འགྱུར། །དེ་ནི་ཟང་ཟིང་རྣམས་ལ་ཀུན་འཛིན་མེད། །རྣམ་སྨིན་རེ་མེད་འདོད་དགུ་གཏོང་བར་བྱེད། །སྦྱིན་དང་སྙན་དང་དོན་བྱེད་དོན་འཐུན་པས། །དེ་ནི་སེམས་ཅན་བརྒྱ་དག་རབ་ཏུ་སྡུད། །དེ་ཡི་བྱང་ཆུབ་སེམས་ནི་བརྗེད་མི་འགྱུར། །ཐེག་པ་དམན་ལ་ནམ་ཡང་རེ་བ་མེད། །ཇི་ལྟ་ཇི་ལྟར་སངས་རྒྱས་ཡོན་ཏན་མཐོང་། །དེ་ལྟ་དེ་ལྟར་དེ་བསམ་རི་རབ་འདྲ། །ནང་ནི་རབ་ཞི་སྲིད་པའི་ཉེས་པ་མཐོང་། །དེ་ནི་གཞན་གྱི་འཁྲུལ་ལ་ལྟ་མི་བྱེད། །འདུས་བྱས་ཉེས་པ་དག་ཀྱང་ཤིན་ཏུ་མཐོང་། ། ― DKG058_Page_0026 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཁོར་བས་འཇིགས་པས་སྡིག་པ་རྣམས་མི་བྱེད། །ལེགས་སྤྱོད་ཁུར་ཁྱེར་བས་ནི་སྐྱོ་བ་མེད། །ཞིང་རྣམས་སྦྱོང་བར་འདོད་པ་ཉམས་པ་མེད། །ཆོས་རྣམས་ཡོངས་སུ་བཟུང་བས་ཞུམ་པ་མེད། །སེམས་ཅན་ཐར་བྱེད་རྒྱུ་ལ་འཇིགས་པ་མེད། །ཆུ་བོ་བཞི་པོ་དག་ལས་བསྒྲལ་བའི་ཕྱིར། །དེ་ནི་ཆོས་གྲུ་ཡང་དག་སྦྱོར་བར་བྱེད། །ལུས་ཅན་མྱ་ངན་འདས་ལམ་གཟུད་པའི་ཕྱིར། །དེ་ནི་སྟེགས་དང་ཟམ་པ་འཆའ་བར་བྱེད། །འདམ་ལས་འདས་ཤིང་འོབས་ལས་བརྒལ་ནས་ནི། །ཐང་ལ་གནས་ཤིང་དེ་དག་འཇིགས་མེད་གནས། །འཇིགས་པས་གཡེན་སྤྱོ་རྣམས་ལ་འཇིགས་མེད་སྟོན། །བདག་ཉིད་རྒལ་ནས་དེ་དག་གཞན་ཡང་སྒྲོལ། །གང་དག་ཆོས་ཚུལ་འདི་དག་རྣམ་དག་ཅིང་། །རྫོགས་པའི་བྱང་ཆུབ་སེམས་བརྟན་ཁ་ལོ་སྒྱུར། །དེ་དག་བྱང་ཆུབ་སེམས་མཆོག་རྣམ་དག་སྟེ། །ཉོན་མོངས་དྲི་མས་གཞར་ཡང་གོས་མི་འགྱུར། །ཇི་སྟེ་ནམ་མཁའ་ཉོན་མོངས་བྱ་བར་ནུས། །དེ་ལ་རྗེས་ཀྱང་བསྟན་པར་ནུས་སྲིད་ཀྱི། །རང་བཞིན་འོད་གསལ་རྫོགས་པའི་བྱང་ཆུབ་སེམས། །དེ་ནི་ནམ་ཡང་ཉོན་མོངས་བྱར་མི་ནུས། །ཐམས་ཅད་མཁྱེན་པའི་སེམས་རིན་པོ་ཆེ་ཡོངས་སུ་སྦྱང་བའི་ལེའུ་སྟེ་དང་པོའོ།། །། གཉིས་པ། གནོད་པ་བཟོད་པ་དང་ངེས་པར་འབིགས་པ་ཞེས་བྱ་བའི་ལེའུ།― DKG058_Page_0026 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ། བམ་པོ་གཉིས་པ། བློ་གྲོས་རྒྱ་མཚོ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེའི་གནོད་པ་བཟོད་པ་ནི་ཇི་ལྟ་བུ། ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེའི་གནོད་པ་ནི་གང་ཞེ་ན། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་ལྟར་བསྐྱེད་ནས། འཕགས་པ་མ་ཡིན་པ་ཚུལ་ཁྲིམས་འཆལ་པའི་སེམས་ཅན་རྣམས་སམ། བདུད་རྣམས་སམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་སམ། བདུད་ཀྱི་བྱིན་གྱིས་བརླབས་པ་རྣམས་སམ། བདུད་ཀྱི་ཕོ་ཉ་རྣམས་ཀྱིས་གཙེས་སམ། རྣམ་པར་གཙེས་སམ། བསྐྱོད་དམ། ཀུན་ཏུ་བསྐྱོད་དམ། དཀྲུགས་སམ། ཀུན་ཏུ་དཀྲུགས་སམ། བསྡིགས་སམ། བརྡེགས་ཀྱང་བྱང་ཆུབ་ཏུ་བསམ་པའི་སེམས་ ― DKG058_Page_0027 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྐྱེད་པ་དེ་ལས་མི་ཕྱེད་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་སྙིང་རྗེ་ཆེན་པོས་བརྩོན་འགྲུས་བརྩམས་པ་ལས་མི་ཕྱེད་པ་དང་། དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བྱ་བར་བརྩོན་པ་ལས་མི་ཕྱེད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་དགེ་བའི་རྩ་བ་ལ་སྦྱོར་བ་ལས་མི་ཕྱེད་པ་དང་། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་འགྲུབ་པར་འགྱུར་བའི་བསོད་ནམས་ཀྱི་ཚོགས་བསགས་པ་ལས་མི་ཕྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་མངོན་པར་སྒྲུབ་པར་བརྩོན་པ་ལས་མི་ཕྱེད་པ་དང་། ལུས་དང་སྲོག་འདོར་ཞིང་དམ་པའི་ཆོས་ཡོངས་སུ་འཛིན་པར་མངོན་པར་བརྩོན་པ་ལས་མི་ཕྱེད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་མངོན་པར་བརྩོན་ཞིང་བདག་བདེ་བ་ལ་མི་ཆགས་པ་ལས་མི་ཕྱེད་པ་སྟེ། དེ་དེ་ལྟར་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པར་གྱུར་པས་སེམས་ཅན་ཐམས་ཅད་ཀྱིས་དཔྱས་ཀྱང་བཟོད། ཐིང་སླད་བྱས་པ་དང་། སྨད་པ་དང་། བཤུང་བ་བྱས་ཀྱང་བཟོད། སེམས་ཅན་ཐམས་ཅད་ཀྱིས་སྤྱོས་སམ་བསྡིགས་སམ་ངན་དུ་བརྗོད་དམ། ངན་དུ་སྨྲས་པའི་ཚིག་གི་ལམ་ཡང་བཟོད། སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཡང་བཟོད། སེམས་ཅན་ཐམས་ཅད་ཀྱི་ཁུར་ཡང་བཟོད། སྒྲོལ་བས་ཀྱང་སྐྱོ་བ་མེད། ཞུམ་པ་མེད། ཀུན་ཏུ་ཞུམ་པ་མེད། སྒྱིད་ལུག་པ་མེད། ཡི་ཆད་པ་མེད་ཀྱི་སྟོབས་ཉེ་བར་སྟོན་པར་བྱེད། མཐུ་སྐྱེད་པར་བྱེད་ཅིང་བརྩོན་འགྲུས་རྩོམ་ལ་རྟུལ་བས་རྟུལ་བར་བྱེད་དེ། སྤྲོ་བ་སྐྱེད་ཅིང་རྨོངས་པའི་སེམས་མི་འཛིན་ཏོ། །དེ་སྤྱོས་ཀྱང་སླར་མི་གཤེ། བརྡེགས་ཀྱང་སླར་མི་རྡེག ། ཁྲོས་ཀྱང་སླར་མི་ཁྲོ། འཁྲུགས་ཀྱང་སླར་མི་འཁྲུག་སྟེ། དེ་ལྟར་སེམས་ཅན་བགྲང་བའི་གོ་ཆ་གྱོན་ནོ། །འདི་ལྟ་སྟེ། ཐེག་པ་ཆེན་པོ་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་འཐུན་པའི་ཐེག་པའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་ནི་རྒྱུན་གྱི་རྗེས་སུ་འགྲོ་བ་དག་གོ །བདག་ནི་རྒྱུན་ལས་ལྡོག་པར་རྩོལ་བར་འདོད་པའོ། །སེམས་ཅན་དེ་དག་ནི་ཕན་ ― DKG058_Page_0028 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཚུན་མི་འཐུན་པ་དག་གོ །བདག་ནི་སེམས་ཅན་ཐམས་ཅད་ཀྱི་མི་འཐུན་པ་སྤང་བའི་ཕྱིར་གོ་ཆ་བགོས་པའོ། །སེམས་ཅན་དེ་དག་ནི་གནོད་སེམས་ལ་དཔའ་བ་དག་གོ །བདག་ནི་བཟོད་པ་དང་། ངེས་པ་ཡོངས་སུ་ཚོལ་བའོ། །སེམས་ཅན་དེ་དག་ནི་གཅིག་ལ་གཅིག་ཡོངས་སུ་འདྲིད་པར་གནས་པ་དག་གོ །བདག་ནི་ཤེས་རབ་ཀྱིས་ངོམས་པ་ཡོངས་སུ་ཚོལ་བའོ། །གལ་ཏེ་སེམས་ཅན་དེ་དག་ཕྱོགས་བཅུའི་རབ་ཏུ་དབྱེ་བས་རབ་ཏུ་ཕྱེ་བ་ཇི་སྙེད་པ་དེ་དག་ཐམས་ཅད་རལ་གྲི་དང་། མདུང་ཐུང་དང་མདའ་བོ་ཆེ་ལག་ན་ཐོགས་ཏེ། བདག་གི་ཕྱི་བཞིན་འབྲང་ཡང་། ས་ཕྱོགས་གང་དུ་འགྲེང་ངམ་འདུག་གམ་འཆག་གམ་ཉལ་ཡང་རུང་སྟེ། བྱང་ཆུབ་ཀྱི་སེམས་སྐྱེ་བར་འགྱུར་བ་དང་། སྦྱིན་པའི་སེམས་སམ། ཚུལ་ཁྲིམས་ཀྱི་སེམས་སམ། བཟོད་པའི་སེམས་སམ། བརྩོན་འགྲུས་ཀྱི་སེམས་སམ། བསམ་གཏན་གྱི་སེམས་སམ། ཤེས་རབ་ཀྱི་སེམས་སམ། ཐོས་པའི་དགེ་བའི་རྩ་བའི་སེམས་སྐྱེ་བར་འགྱུར་བའི་ས་ཕྱོགས་དེར་ད་བདག་ལུས་རྒྱ་ཤུག་གི་ལོ་མའི་བརྒྱ་ཆ་ཙམ་དུ་གཏུབས་སམ། རྣམ་པར་གཏོར་ཏམ། རྣམ་པར་བཅོམ་མམ། སེམས་ཅན་དེ་དག་ཐམས་ཅད་ལས་གཞན་མི་བྱེད་པར་རྒྱུན་ཏུ་གཤེ་འམ། བསྡིགས་སམ། སྨོད་དམ། བཤུང་ངམ། ཚིག་ངན་པ་དང་ངག་རྩུབ་པོ་སྨྲ་བ་དེ་ལྟར་གྱུར་ཀྱང་བདག་གིས་སེམས་ཅན་འགའ་ལ་ཡང་འཁྲུག་པའི་སེམས་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་མཐའ་ནས་འཁོར་བ་ཚད་མེད་པར་བྱས་ཏེ། གང་དུ་བདག་གིས་ལུས་འདི་སེམས་ཅན་དམྱལ་བར་སོང་ངམ། དུད་འགྲོའི་སྐྱེ་གནས་སུ་སོང་ངམ། གཤིན་རྗེའི་འཇིག་རྟེན་དུ་སོང་ངམ། མིར་གྱུར་ཀྱང་རུང་སྟེ་འདོད་པའི་ཟས་ཀྱི་དྲི་མས་དྲི་མ་ཅན་དུ་གྱུར་ནས་ཆོས་ཐོས་པ་དང་མི་ལྡན་ཞིང་ཡང་བའི་འཚོ་བའི་སྤྱོད་ཡུལ་དོན་མེད་པས་འཚོ་བ་ཅན་དུ་གྱུར་ཏེ་ཡན་ལག་དང་། ཉིང་ལག་བརྒྱར་གཤེགས་ཤིང་གཏུབས་ཏེ་ཕྱེ་ཞིང་ཕྲལ་ལ་བྱ་བ་རྣམ་པ་མང་པོ་བྱས་ཀྱང་བདག་གིས་གཞི་དེ་ལས་བདག་གི་དོན་བྱས་ཀྱིས་གཞན་གྱི་དོན་མ་བྱས་པའི་གལ་ཏེ་སེམས་ཅན་དེ་དག་ཐམས་ཅད་ཀྱིས། ཕྱི་ ― DKG058_Page_0029 ―
[མ་དཔེ་གཟིགས་ན་འདིར་གནོན།]
མའི་མཐར་བདག་གིས་ལུས་གཤེགས་གཏུབས་རྣམ་པར་གཏོར་རྣམ་པར་བཅོམ་པ་དེ་ལྟ་བུར་གྱུར་ཀྱང་བདག་གིས་ཐམས་ཅད་མཁྱེན་པ་ཡོངས་སུ་མི་གཏོང་ངོ་། །སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ངོ་། །དགེ་བའི་ཆོས་ལ་འདུན་པ་ཡོངས་སུ་མི་གཏོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ལུས་གཏུབས་པའི་ལུས་ཀྱི་གནོད་པ་འདི་ལྟ་བུ་ཐམས་ཅད་ནི་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི། བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ། །བདག་ནི་སེམས་ཅན་དམྱལ་བར་གནས་པར་སྤྲོའི། བདག་གིས་སངས་རྒྱས་ཀྱི་ཆོས་གཏང་བར་ནི་མི་བྱའོ། །སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བ་ལ་དམིགས་པའི་སྙིང་རྗེ་ཆེན་པོ་མི་གཏོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་ཏེ། དགེ་བ་ལ་ནི་བར་ཆད་མང་ངོ་། །མི་དགེ་བའི་ཕྱོགས་ལ་ནི་གྲོགས་བྱེད་པ་མང་ངོ་། །དགེ་བའི་ཕྱོགས་ལ་ནི་གྲོགས་བྱེད་པ་ཉུང་ངོ་ཞེས་གསུངས་པས་བདག་གིས་མི་དགེ་བའི་ཕྱོགས་ཀྱི་གྲོགས་མི་བྱའི་དགེ་བའི་ཕྱོགས་ཀྱི་གྲོགས་བྱའོ། །སེམས་ཅན་ཐམས་ཅད་ལ་བཟོད་པར་བྱའི་གནོད་སེམས་སུ་མི་བྱའོ། །སེམས་ཅན་དེ་དག་ལ་གང་ཡོད་པ་དེ་མ་བྱིན་ན་ཡང་བདག་ལ་གང་ཡོད་པ་དེ་བདག་གིས་སྦྱིན་པར་བྱ་སྟེ། སེམས་ཅན་དེ་དག་ལ་གནོད་སེམས་དང་ཁྲོ་བ་དང་། འཁོན་དུ་འཛིན་པ་ཡོད་པ་དེ་དག་དེ་རྣམས་ཀྱིས་མ་བྱིན་ཡང་བདག་ལ་བཟོད་པ་དང་དེས་པ་གང་ཡོད་པ་དེ་བདག་གིས་སྦྱིན་པར་བྱའོ། །བདག་གིས་བཟོད་པའི་སྟོབས་བསྟན་པར་བྱའི་གནོད་སེམས་ནི་མ་ཡིན་ནོ་སྙམ་མོ། །བློ་གྲོས་རྒྱ་མཚོ་ལུས་དང་སྲོག་འདོར་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་པར་དཀའ་བ་མ་ཡིན་ནོ། །གང་གི་གཞི་ལས་གནོད་སེམས་འབྱུང་བའི་ཆོས་དེ་བདག་གིས་སྤང་བར་བྱའོ་སྙམ་མོ། །ཆོས་དེ་གང་ཞེ་ན། འདི་ལྟ་སྟེ་ལུས་ལ་དགའ་བ་དང་། ལུས་ལ་གནས་པ་དང་། ལུས་ལ་ཆགས་པ་སྟེ། ལུས་བཏང་ན་གནོད་སེམས་ཀྱང་གཏོང་ངོ་། །བློ་གྲོས་རྒྱ་མཚོ་དེ་ལྟར་བགྲང་བ་ལ་ཞུགས་པའི་བྱང་ཆུབ་སེམས་ ― DKG058_Page_0030 ―
[མ་དཔེ་གཟིགས་ན་འདིར་གནོན།]
དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་གནོད་པ་བཟོད་དེ་མི་སྐྱོ་མི་ཁྲོའོ། །དེ་གནོད་པ་གསུམ་བཟོད་དེ། གསུམ་གང་ཞེ་ན། ལུས་ཀྱི་གནོད་པ་དང་། ངག་གི་གནོད་པ་དང་། སེམས་ཀྱི་གནོད་པའོ། །བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའི་ལུས་ཀྱི་གནོད་པ་བཟོད་པ་གང་ཞེ་ན། གང་ཡན་ལག་དང་ཉིང་ལག་རྣམས་བཅད་ཀྱང་ཆོས་ཉིད་ལ་རྟོན་ཏེ་གང་དེའི་ལུས་གཅོད་པའི་སེམས་ཅན་དེ་ཉིད་ལ་ལྟ་བའོ། །བློ་གྲོས་རྒྱ་མཚོ་དེ་ལ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི་ལུས་གཅོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བློ་གྲོས་རྒྱ་མཚོ་ཇི་ལྟར་ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི་ལུས་གཅོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། གང་ལུས་འདོར་བ་དང་ལུས་ཡོངས་སུ་གཏོང་བ་དང་ལུས་ལ་མི་ལྟ་བ་འདི་ནི་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་ལུས་གཅོད་པ་ན་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པ་དང་། ཚོར་བ་རྣམས་ཀྱིས་མི་འཕྲོགས་པ་འདི་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ལུས་ཡོངས་སུ་གཅོད་པ་ན་གང་དག་དེའི་ལུས་གཅོད་པ་དེ་དག་ཉིད་རབ་ཏུ་ཐར་བར་བྱ་བའི་ཕྱིར་བཟོད་ཅིང་སེམས་ཀྱི་རྨ་མི་ཕྱིན་ཏེ། བཟོད་པའི་སྟོབས་ཉེ་བར་སྟོན་པ་འདི་ནི་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་གང་གིས་ཐམས་ཅད་མཁྱེན་པ་ཉིད་ལ་འདུན་པ་མི་འདོར་ཞིང་སེམས་ཀྱི་སྟོབས་བསྐྱེད་པ་ཡང་རབ་ཏུ་འཛིན་ལ་འཁོར་བ་ཉིད་དུ་མཚམས་ཀྱང་སྦྱོར་ཞིང་དགེ་བའི་རྩ་བ་བརྩམ་པ་ཡང་རྩོམ་པ་འདི་ནི་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ལུས་རྣམ་པར་འཐོར་བ་ན་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་དེ་མི་བརྗེད་ཅིང་བྱང་ཆུབ་ཉིད་ལ་ལྟ་བ་དང་། ཞི་བ་དང་རབ་ཏུ་ཞི་བ་ལ་སོ་སོར་རྟོག་པ་འདི་ནི་དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ལུས་གཅོད་པ་ན་ལུས་ལ་རྩྭ་དང་། རྩིག་པ་དང་། ཤིང་དང་། རྡོ་དང་། མིག་ཡོར་ལྟ་བུར་སོ་སོར་རྟོག་ཅིང་ལུས་ལ་སྒྱུ་མའི་ཆོས་ཉིད་དུ་འཇུག་པ་དང་། ཡང་དག་པར་ན་མི་རྟག་པ་ཉིད་དང་། ― DKG058_Page_0031 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡང་དག་པར་ན་སྡུག་བསྔལ་བ་ཉིད་དང་། ཡང་དག་པར་ན་བདག་མེད་པ་ཉིད་དང་། ཡང་དག་པར་ན་ཞི་བ་ཉིད་དུ་ལུས་ལ་རྟོག་པ་འདི་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བློ་གྲོས་རྒྱ་མཚོ་དེ་ལྟར་ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི་ལུས་གཅོད་པ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞིང་ཐེག་པ་ཆེན་པོ་དེ་ལས་ཉམས་པར་མི་འགྱུར་ཏེ་འདི་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་གནོད་པ་བཟོད་པའོ། །བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའི་ངག་གི་གནོད་པ་བཟོད་པ་གང་ཞེ་ན། གང་ངན་དུ་བརྗོད་པའི་ཚིག་ཐམས་ཅད་དང་དུ་ལེན་པ་དང་། གཤེ་བ་དང་། བསྡིགས་པ་དང་། སྨད་པ་དང་། བཤུང་བ་དང་། བསྡིགས་མོ་བྱེད་པ་ཐམས་ཅད་བཟོད་པ་དང་། ཡོད་པའམ། མེད་པས་གླེངས་པས་ཀྱང་མི་ཁྲོ་བ་དང་། འཁོན་དུ་མི་འཛིན་པ་དང་། བག་ལ་ཉལ་སྤོང་བའོ། །བློ་གྲོས་རྒྱ་མཚོ་དེ་ལ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངན་དུ་བརྗོད་པ་དང་། ངན་དུ་སྨྲས་པའི་ཚིག་གི་ལམ་དང་། གཤེ་བ་དང་བསྡིགས་པ་དག་ཕ་རོལ་ལས་ཐོས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བློ་གྲོས་རྒྱ་མཚོ་ཇི་ལྟར་ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ངན་དུ་བརྗོད་པ་དང་ངན་དུ་སྨྲས་པའི་ཚིག་གི་ལམ་དང་། གཤེ་བ་དང་བསྡིགས་པ་དག་ཕ་རོལ་ལས་ཐོས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངན་དུ་བརྗོད་པ་དང་ངན་དུ་སྨྲས་པའི་ཚིག་གི་ལམ་དང་། གཤེ་བ་དང་བསྡིགས་པ་དག་ཕ་རོལ་ལས་ཐོས་ན་དྲན་པ་འདི་ལྟ་བུ་རབ་ཏུ་འཐོབ་སྟེ། སེམས་ཅན་འདི་ནི་སྔོན་ནས་སེར་སྣ་ཅན་དུ་གྱུར་པ་འཇུངས་པ་སྟེ། སེར་སྣའི་དྲི་མས་ཀུན་ནས་ཀུན་ཏུ་བསྐོར་བ་དེས་གང་དག་དེའི་གནོད་སེམས་ཀྱི་དྲི་མ་སྤང་བའི་ཕྱིར། ཆོས་སྟོན་པའི་དགེ་བའི་བཤེས་གཉེན་རྣམས་ལ་མ་བསྟེན། གུས་པར་མ་བྱས་བསྙེན་བཀུར་མ་བྱས་པའོ། །བདག་ནི་གཏོང་བ་ལ་མོས་ཤིང་སེར་སྣ་མེད་པར་བྱ། ― DKG058_Page_0032 ―
[མ་དཔེ་གཟིགས་ན་འདིར་གནོན།]
དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱ། བསྙེན་པར་བྱ། བསྙེན་བཀུར་བྱའོ་སྙམ་སྟེ། དེ་དག་བསྲུང་ཞིང་གནོད་སེམས་ཀྱང་སྤོང་བ་འདི་ནི་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་ཚུལ་ཁྲིམས་འཆལ་པ་ལས་མ་མཐོང་བ་སྟེ། དེ་ནི་བདག་ལ་གཤེ་ཞིང་བསྡིགས་པའོ། །བདག་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླངས་པ་ལས་མི་ཉམས་པར་བྱའོ། །གནོད་སེམས་མེད་པར་བྱའོ། །བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྲུང་བར་བྱའོ། །ལས་ཀྱི་རྣམ་པར་སྨིན་པ་ལ་བསྟེན་པར་བྱའོ་སྙམ་པ་འདི་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་ཞེ་སྡང་གི་ཤས་ཆེ་ཞིང་གནོད་སེམས་མང་བ་སྟེ། དེ་ནི་བདག་ལ་གཤེ་ཞིང་བསྡིགས་པའོ། །བདག་ནི་བཟོད་པའི་སྟོབས་མང་དུ་བྱས་ཏེ། བྱམས་པ་ལ་གནས་པར་བྱའོ་སྙམ་པ་འདི་ནི་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་ལེ་ལོ་ཅན་དགེ་བའི་ཆོས་དང་བྲལ་བ་སྟེ་དེ་ནི་བདག་ལ་གཤེ་ཞིང་བསྡིགས་པའོ། །བདག་ནི་བརྩོན་འགྲུས་བརྩམ་པར་བྱ། དགེ་བའི་རྩ་བ་ཡོངས་སུ་བཙལ་བར་བརྩོན་པ་ལ་མི་ངོམས་པར་བྱ་སྟེ། སེམས་ཅན་འདི་བྱང་ཆུབ་ཀྱི་སྙིང་པོར་སྔར་ཇེ་འཇུག་པར་བྱས་ལ་ཕྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ། དེ་ལྟར་གོ་ཆ་གྱོན་པ་འདི་ནི་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་བརྗེད་ངས་པ། ཤེས་བཞིན་མེད་པ། ཉོན་མོངས་པ་ངེས་པར་བསམས་པ་སྟེ། དེ་ནི་བདག་ལ་གཤེ་ཞིང་བསྡིགས་པའོ། །བདག་ནི་ཉོན་མོངས་པ་ངེས་པར་བསམ་པར་བྱ། དྲན་པ་དང་ཤེས་བཞིན་ཅན་དུ་བྱ། རྩེ་གཅིག་ཏུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་བྱ་སྟེ། སེམས་ཅན་མ་དུལ་བ། མ་ཞི་བ། མ་སྦས་པ། ཉེ་བར་མ་ཞི་བ་འདི་ལྟ་བུ་དག་གི་དོན་དུ་བདག་གིས་གོ་ཆ་ཆེན་པོ་བགོས་ཏེ་འདི་ལྟར་སེམས་ངེས་པར་ ― DKG058_Page_0033 ―
[མ་དཔེ་གཟིགས་ན་འདིར་གནོན།]
སེམས་སུ་གཞུག་གོ །སྙམ་པ་འདི་ནི་དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་ཤེས་རབ་འཆལ་པ། བདག་ཏུ་སྨྲ་བ། སེམས་ཅན་དུ་ལྟ་བར་དམིགས་པའི་སྤྱོད་ཡུལ་བ་སྟེ་དེ་ནི་བདག་ལ་གཤེ་ཞིང་བསྡིགས་པའོ། །བདག་ནི་ཆོས་ཉིད་ལ་བསྟེན་པར་བྱའོ་སྙམ་སྟེ་འདི་ལ་གཤེ་བ་དང་ཁྲོ་བ་སུ་ཡིན་ཞེས་དེས་ཡོངས་སུ་ཚོལ་བ་ན་གང་གཤེ་བ་དང་ཁྲོ་བའི་ཆོས་དེ་མི་དམིགས་སོ། །དེ་བདག་དང་གཞན་མི་དམིགས་པར་ལྟ་བ་དང་བྲལ་བར་བཟོད་པ་འདི་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བློ་གྲོས་རྒྱ་མཚོ་དེ་ལྟར་ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ངན་དུ་བརྗོད་པ་དང་ངན་དུ་སྨྲས་པའི་ཚིག་གི་ལམ་དང་། གཤེ་བ་དང་བསྡིགས་པ་དག་ཕ་རོལ་ལས་ཐོས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞིང་ཐེག་པ་ཆེན་པོ་དེ་ལས་ཀྱང་མི་ཉམས་ཏེ་འདི་ནི་བྱང་ཆུབ་སེམས་དཔའི་ངག་གི་གནོད་པ་བཟོད་པའོ། །བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའི་སེམས་ཀྱི་གནོད་པ་བཟོད་པ་གང་ཞེ་ན། གང་བདུད་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སེམས་དེ་ལས་ཕྲལ་ཡང་མི་གཡོ་བ་དང་། ཕས་ཀྱི་རྒོལ་བ་དམིགས་པར་ལྟ་བ་ལ་མངོན་པར་ཞེན་པ་ཐམས་ཅད་ཀྱིས་ཡང་དག་པའི་བསམ་པར་ཞུགས་པ་ཐམས་ཅད་མཁྱེན་པའི་སེམས་དེ་ལས་མོས་པ་བཟློག་ཀྱང་མི་བརྗེད་པ་དང་། སངས་རྒྱས་ཀྱི་གཟུགས་སུ་འདུག་ཀྱང་མི་མཉམ་པ་དང་མཉམ་པའི་སེམས་དེ་ལས་ཉམས་པར་བྱེད་མི་ནུས་ཏེ་བདུད་རྫུ་འཕྲུལ་རབ་ཏུ་ཆེན་པོ་དག་གིས་ཁྱོད་ཀྱིས་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབ་པར་མི་ནུས་ཀྱིས་ཁྱོད་ཀྱིས་གཅེས་པར་བྱ་བ་འདི་ཐོང་ཤིག ། ཁྱོད་ཀྱིས་བརྩོན་འགྲུས་འདི་འོར་ཅིག ། བྱང་ཆུབ་ནི་རྙེད་པར་དཀའ་བ། སངས་རྒྱས་ཀྱི་ཆོས་རྣམས་ནི་རྙེད་པར་དཀའ་བ་སྟེ་འདིར་འཁོར་བའི་སྡུག་བསྔལ་མང་དུ་མྱོང་བར་འགྱུར་རོ། །གང་དག་མྱ་ངན་ལས་འདས་པ་དེ་དག་ནི་བདེ་བ་ཡིན་གྱིས་སྐྱེས་བུ་དམ་པ་ཁྱོད་མྱུར་དུ་མྱ་ངན་ལས་འདས་པར་གྱིས་ཤིག་ཅེས་དེའི་སེམས་སྐུལ་ཞིང་སེམས་དྲན་པར་བྱེད་ལ། བློ་གྲོས་རྒྱ་མཚོ་གལ་ཏེ་བྱང་ཆུབ་ ― DKG058_Page_0034 ―
[མ་དཔེ་གཟིགས་ན་འདིར་གནོན།]
སེམས་དཔའ་སེམས་དཔའ་ཆེན་པོ་ལ་དེ་ལྟར་བྲལ་བར་བྱེད་དེ་ལྟར་མོས་པ་ཟློག་པར་བྱེད་ཀྱང་སྔོན་གྱི་གོ་ཆ་མི་འདོར་ཞིང་བསམ་པ་རྣམ་པར་འཁྲུགས་པར་མི་བྱེད་ཀྱི་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ངེས་པར་བྱང་ཆུབ་ཀྱི་སྙིང་པོ་མནན་པར་བྱ། བདག་གིས་ངེས་པར་བདུད་དཔུང་དང་བཅས་པར་འཕམ་པར་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ། བདག་གིས་ངེས་པར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བྱ། བདག་གིས་ངེས་པར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ཆོས་ཀྱི་གཏམ་ཆེན་པོ་བརྗོད་པར་བྱ། བདག་གིས་སེམས་ཅན་ཐམས་ཅད་མགྲོན་དུ་གཉེར་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བདག་དང་གཞན་གྱི་སེམས་རིག་པའི་ལྷ་རྣམས་ཀྱིས་བྱང་ཆུབ་ཏུ་བསམ་པ་རིག་གིས། བདག་གིས་ཐམས་ཅད་མཁྱེན་པའི་སེམས་ཀྱི་གནོད་པ་བཟོད་པར་བྱའོ། །སངས་རྒྱས་རྣམས་དང་ལྷ་རྣམས་དང་སེམས་ཅན་ཐམས་ཅད་དང་བདག་ལ་བསླུ་བར་མི་བྱའོ་སྙམ་པ་འདི་ལྟ་བུ་ནི། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའི་སེམས་ཀྱི་གནོད་པ་བཟོད་ཅིང་། ཐེག་པ་ཆེན་པོ་དེ་ལས་མི་ཕྱེད་པ་སྟེ། བློ་གྲོས་རྒྱ་མཚོ་འདི་ནི་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེའི་གནོད་པ་བཟོད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་གང་ཡིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གོང་ན་མེད་པ་གང་ཡིན་པ་དང་། ཕ་རོལ་ཏུ་ཕྱིན་པ་འདི་གཉིས་ཡོངས་སུ་རྫོགས་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་སེམས་ཀྱི་གནོད་པ་བཟོད་པའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བྱང་ཆུབ་ལམ་ལས་བསམ་པ་མི་ཕྱེད་ཅིང་། །དེ་ནི་སྙིང་རྗེ་ལས་ཀྱང་ཕྱེད་མ་ཡིན། །བདག་གིས་དཀོན་མཆོག་གསུམ་པོ་བསྲུང་བར་བྱ། །སངས་རྒྱས་ཆོས་རྣམས་ཡང་དག་བསྒྲུབ་པར་བྱ། །སུམ་ཅུ་རྩ་གཉིས་ཁྱད་འཕགས་མཚན་དང་དཔེ་བྱད་བཟང་། །གང་དག་གིས་ནི་སྟོབས་བཅུ་རྣམས་ཀྱིས་ལུས་མཛེས་པ། །དེ་དག་ཡོངས་སུ་བཙལ་ཕྱིར་མཆོད་སྦྱིན་བྱེ་ ― DKG058_Page_0035 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་བྱེད། །གནོད་པ་ཤིན་ཏུ་རྣམ་མང་བཟོད་ཅིང་ཡོན་ཏན་ཕྱུག ། བརྒྱ་ཕྲག་མཐའ་ཡས་ཞིང་རྣམས་དེ་དག་བདག་གིས་སྦྱང་། །རིན་ཆེན་ཆོས་མཆོག་འདི་དག་བདག་གིས་བསྲུང་བར་བྱ། །བརྒྱ་ཕྲག་མཐའ་ཡས་སེམས་ཅན་དེ་དག་བདག་གིས་དགྲོལ། །དེས་ན་གནོད་པ་བཟོད་ཅིང་བསམ་པ་མི་ཕྱེད་དོ། །ཕྱོགས་བཅུའི་སེམས་ཅན་ཁམས་ནི་མཐའ་ཡས་ཇི་སྙེད་པ། །ཐམས་ཅད་འདུས་པར་གྱུར་ནས་ལག་ན་མཚོན་ཐོགས་ཏེ། །དེ་དག་དེ་ལ་འཇིགས་སྦྱིན་གཤེ་ཞིང་བསྡིགས་བྱེད་ཀྱང་། །ཡོན་ཏན་ཕྱིར་ནི་བསྡིགས་དང་འཕྱ་བ་བཟོད་པར་བྱེད། །སྔོན་མཐའི་བསྐལ་པ་བརྒྱ་ཕྲག་མཐའ་ཡས་ཇི་སྙེད་པར། །དེ་དག་རྒྱུན་མི་འཆད་པར་ཚིག་རྩུབ་སྨྲས་ཀྱང་ནི། །བདག་ཉིད་ཆེན་པོ་དེ་བཟོད་མི་ཁྲོ་གཤེ་བ་མེད། །དེ་ལྟར་རྟོགས་པ་རྣམས་ནི་གནོད་པ་དག་པར་འགྱུར། །སེམས་ཅན་དེ་དག་ལག་ན་མཚོན་ཐོགས་ལྷན་ཅིག་ཏུ། །བདག་གི་ལུས་ཀྱི་ཡན་ལག་དུམ་བུ་དུམ་བུར་གཏུབས། །འོན་ཀྱང་བདག་གི་སེམས་ཡིད་ཁྲོ་བར་མི་བྱ་སྟེ། །བྱང་ཆུབ་ཡིད་ལ་བྱས་ན་གནོད་འདི་དག་པར་འགྱུར། །འགྲེང་ངམ་འདུག་གམ་འཆག་གམ་འོན་ཏེ་ཉལ་ཡང་རུང་། །གང་དུ་བྱང་ཆུབ་སེམས་མཆོག་འདི་དག་སྦྱིན་པ་དང་། །དུལ་བའི་སེམས་དང་གཞན་ཡང་དཀར་སེམས་མི་འདོར་བ། །དེར་ནི་དེའི་ལུས་དུམ་བུ་དུམ་བུར་རྣམ་པར་འཐོར། །སེམས་དམྱལ་དུད་འགྲོའི་སྐྱེ་གནས་ཡི་དགས་འཇིག་རྟེན་མིར། །བསྐལ་པ་བརྒྱ་ཕྲག་མཐའ་ཡས་དོན་མེད་ལུས་ཀྱང་གཏུབས། །སངས་རྒྱས་ཡེ་ཤེས་མངོན་པར་འདོད་པས་ལུས་འདོར་ཞེས། །སྐྱེས་བུ་དེས་ནི་ཡིད་ཀྱང་ཡང་དག་ཚིམ་པར་བྱེད། །མི་ཡི་སྡུག་བསྔལ་རྒྱུ་ནི་རྣམ་པ་དུ་མ་དག ། མཚམས་མེད་སྡུག་བསྔལ་བརྒྱ་ཆར་ཉེ་བར་མི་འགྲོ་བའི། །དམྱལ་བ་རྣམས་སུ་བསྐལ་པ་བརྒྱར་ནི་གནས་པར་སྤྲོ། །རྒྱལ་བ་དང་ནི་ཆོས་དང་སེམས་ཅན་མི་གཏོང་ངོ་། །བདག་ལུས་མི་རྟག་རིང་དུ་མི་ཐུབ་སྒྱུ་མ་འདྲ། །ཁམས་བཞི་དེ་དག་གདུག་པའི་སྦྲུལ་དང་འདྲ་བར་གསུངས། །བདག་གིས་ལུས་བོར་བྱས་ཏེ་དུག་མེད་འགྱུར་བར་བྱ། །ཉོན་མོངས་ ― DKG058_Page_0036 ―
[མ་དཔེ་གཟིགས་ན་འདིར་གནོན།]
དུག་ཞི་ནས་ནི་རང་བྱུང་སངས་རྒྱས་འགྱུར། ། སྲིད་གསུམ་འཇིག་རྟེན་འདི་ནི་ལུས་བདེ་འགྱུར་བའི་གཞི། །འདོད་པའི་ཟས་རྒྱུ་ཅུང་ཟད་ཇི་སྙེད་འཇིགས་པ་སྟེ། །བདག་གིས་ལུས་བཏང་འཇིགས་པ་མེད་པར་འགྱུར་བར་བྱ། །བགྲང་བ་འདི་ལ་ཞུགས་པ་དེ་དག་གནོད་པ་བཟོད། །ནག་པོའི་ཕྱོགས་ལ་གྲོགས་ནི་བརྒྱ་སྟོང་ཕྲག་ཀྱང་མང་། །དཀར་པོའི་ཕྱོགས་ནི་གང་ལའང་གྲོགས་པོ་གཅིག་པུར་འགྱུར། །བདག་ནི་མི་དགེ་རྣམས་དང་རྩོད་པར་མི་བྱ་སྟེ། །སངས་རྒྱས་བཟོད་པ་གསུངས་པས་བཟོད་པ་བདག་གི་གྲོགས། །ཕྱོགས་བཅུའི་སངས་རྒྱས་དེ་དག་འདིར་ནི་བདག་གི་དཔང་། །ཇི་ལྟར་སངས་རྒྱས་སྐུ་ལ་སེམས་ནི་མི་ཕྱེད་དེ། །སངས་རྒྱས་དང་ནི་བདག་ཉིད་ཆེ་ལྷ་བདག་གི་གྲོགས། །གནོད་པ་བཟོད་པར་བྱ་ཡི་སྡང་བར་མི་བྱའོ། །གནོད་པ་ལུས་དང་ངག་ཡིད་རྣམ་པ་གསུམ་དུ་གསུངས། །གང་བཟོད་དཔའ་བོ་དེ་ནི་མི་ཕྱེད་བཟོད་པ་ཡིན། །ལུས་ཀྱི་སྡུག་བསྔལ་རྣམ་པ་མཐའ་ཡས་ཡོད་པ་དག ། གལ་ཏེ་ལུས་ལ་བཟོད་པ་ལུས་གནོད་དག་པར་འགྱུར། །ལུས་ནི་དུམ་བུ་དུམ་བུར་གཏུབས་ཏེ་རྣམ་གཏོར་ཚེ། །ཐབས་ལྡན་ཆེ་བའི་བདག་ཉིད་ཕ་རོལ་ཕྱིན་རྫོགས་འགྱུར། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་བསམ་གཏན་དང་། །ཤེས་རབ་ཁྱད་འཕགས་དམ་པ་སྐད་ཅིག་ཙམ་གྱིས་འཛིན། །ལུས་དང་ལུས་ལ་སྲེད་པའི་ཉོན་མོངས་རྣམས་ཀྱང་འདོར། །སྦྱིན་དང་རབ་ཏུ་ལྡན་པའི་ཕ་རོལ་ཕྱིན་པར་འགྱུར། །བྱམས་པས་འཇིག་རྟེན་ཁྱབ་བྱེད་ཚུལ་ཁྲིམས་ཉམས་མི་འགྱུར། །བྱང་ཆུབ་རྗེས་སུ་འགྲོ་བས་ཚུལ་ཁྲིམས་དག་པ་འཛིན། །བཟོད་པའི་སྟོབས་བསྐྱེད་ཡན་ལག་རྣམས་དང་ཉིང་ལག་གཅོད། །དེ་ཡང་དེ་ཡི་བཟོད་པའི་ཕ་རོལ་ཕྱིན་ལ་སྦྱོར། །བརྩོན་འགྲུས་གཅེས་པ་མ་ཞུམ་བར་སྐབས་སྒྱིད་ལུག་མེད། །ལུས་ནི་རྣམ་པར་འཐོར་ཞིང་བརྩོན་འགྲུས་ཕ་རོལ་འགྲོ། །བྱང་ཆུབ་སེམས་ཀྱི་བསམ་པ་དྲན་པ་མི་འདོར་ཞིང་། །ཉོན་མོངས་མུན་པའི་རྡུལ་རྣམས་བསལ་ཕྱིར་རབ་ཏུ་བརྩོན། །ལུས་བཤིག་ནས་ནི་བསམ་གཏན་སྟོབས་དང་རྣམ་ཐར་འཐོབ། ། ― DKG058_Page_0037 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདིར་ཡང་རྡུལ་བྲལ་བསམ་གཏན་ཕ་རོལ་ཕྱིན་ལ་སྦྱོར། །བདག་གི་ལུས་ནི་བདག་མེད་རྨི་ལམ་གློག་དང་འདྲ། །འདི་ལ་བྱེད་པ་པོ་མེད་ཚོར་བ་པོ་ཡང་མེད། །ལུས་ཀྱི་གཟིངས་པས་བཅིངས་པའི་སེམས་ཅན་བདག་གིས་དགྲོལ། །ཤེས་རབ་འདི་ནི་ཁྱད་འཕགས་ཕ་རོལ་ཕྱིན་པ་མཆོག ། གང་ཞིག་འདི་ལ་སྦྱོར་ཞིང་ཚུལ་བཞིན་ཆོས་སེམས་ལ། །ལུས་ཀྱི་གནོད་པ་བཟོད་ཅིང་རབ་སྡང་མི་བྱེད་དེ། །མི་སྙན་པ་དང་སྨད་དང་བཤུང་བའི་ཚིག་ཐོས་ཀྱང་། །དེ་ནི་ཞེ་སྡང་མི་འགྱུར་བྱམས་ལྡན་སེམས་ཀྱང་དུལ། །ཐ་བ་རབ་ཏུ་ཞེ་སྡང་བོར་འདི་སྦྱིན་པ་དག ། བྱམས་པའི་ཡིད་དུ་གྱུར་པ་འདི་ནི་ཚུལ་ཁྲིམས་དག ། བཟོད་པའི་སྟོབས་བསྐྱེད་འདི་ནི་བཟོད་པ་དག་པ་ཡིན། །སངས་རྒྱས་ཡེ་ཤེས་འདོད་ནས་བརྩོན་འགྲུས་ཕྱིར་ཞིང་སྐྱེད། །སེམས་དང་ཡིད་རབ་ཞི་བ་འདི་ནི་བསམ་གཏན་དག ། སྒྲ་སྐད་མི་རྙེད་འདི་ནི་ཤེས་རབ་དག་པ་ཡིན། །མི་ཡི་ཚིག་ཐོས་ནས་ནི་གང་ཆོས་འདི་སེམས་པ། །དེ་འདིར་གནོད་བཟོད་དག་གི་སྐྱོན་ལ་ཆགས་པ་མེད། །བདུད་དང་མུ་སྟེགས་ཅན་གྱི་ལྟ་གྱུར་བརྒྱ་སྟོང་གིས། །གནས་འདི་རྙེད་དཀས་སྦྱོར་བ་འོང་བརྗོད་ཀྱང་། །མི་སྐྲག་ཞུམ་པ་མེད་ཅིང་ཕྱི་ཕྱིར་མཐུ་བསྐྱེད་དེ། །མཁས་པ་དེ་ནི་གནོད་དང་སེམས་གནོད་མཐའ་ཡས་བཟོད། །གང་ཞིག་བཟོད་དང་བརྩོན་འགྲུས་རབ་གནས་རི་རབ་འདྲ། །སེམས་ཅན་ཀུན་ནང་དཔའ་བོ་དེ་འདིར་གནོད་པ་བཟོད། །སྟོབས་བཅུ་རྣམས་ཀྱི་སྦྱང་བ་དང་ནི་གནོད་ཤེས་ནས། །བྱང་ཆུབ་རྗེས་སུ་འགྲོ་བས་ཕྱི་ནས་ལུང་སྟོན་ཏོ། །བློ་གྲོས་རྒྱ་མཚོ་དེ་ལ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེའི་འབིགས་པ་གང་ཞེ་ན། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེས་རློམ་སེམས་སུ་མི་བྱེད་དེ། ཐམས་ཅད་མཁྱེན་པའི་སེམས་དེ་ལ་བརྟེན་པར་མི་བྱེད་གནས་པར་མི་བྱེད། ལེན་པར་མི་བྱེད། འདོར་བར་མི་བྱེད། སྤྲོས་པར་མི་བྱེད། རྟོག་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད་ཀྱི་རྣམ་པར་རྟོག་པར་ཉེ་བར་ཞི་བ་ལ་གནས་པ་ཡིན་ཏེ། དེ་ཆོས་ཟབ་ ― DKG058_Page_0038 ―
[མ་དཔེ་གཟིགས་ན་འདིར་གནོན།]
མོ་རྣམས་ལ་བློས་རྣམ་པར་དཔྱོད་དོ། །ཆོས་ཟབ་མོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ལུགས་སུ་འབྱུང་བ་དང་། རྒྱུ་ལ་དམིགས་པ་ཁོང་དུ་ཆུད་པ་དང་། རྟག་པ་མ་ཡིན་པ་དང་། ཆད་པ་མ་ཡིན་པ་དང་། མཐར་ལྟ་བ་དང་བྲལ་བ་དང་། རང་བཞིན་གྱིས་བདག་མེད་པ་དང་། བདག་ངོ་བོ་ཉིད་མེད་པས་ཆོས་ཐམས་ཅད། ངོ་བོ་ཉིད་མེད་པ་དང་། གདོད་མ་ནས་མ་སྐྱེས་པ་དང་། མ་བྱུང་བ་དང་། སྟོང་པ་ཉིད་ལ་མོས་པ་དང་། མཚན་མ་མེད་པ་ལ་ཡིད་ཆེས་པ་དང་། སྨོན་པ་མེད་པ་ལ་སོམ་ཉི་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་ལ་དེ་ཁོ་ནའི་བློ་དང་ལྡན་པ་དང་། ཤིན་ཏུ་མི་རྟག་པ་ཉིད་དང་། གཟུགས་དབུ་བ་དང་མཚུངས་པ་ཉིད་དང་། ཚོར་བ་ཆུ་བུར་དང་འདྲ་བ་ཉིད་དང་། འདུ་ཤེས་སྨིག་རྒྱུ་དང་མཚུངས་པ་སྟེ་གཉིས་སུ་མེད་པ་ཉིད་དང་། འདུ་བྱེད་རྣམས་ལ་ཆུ་ཤིང་དང་མཚུངས་པར་སོ་སོར་རྟོག་པ་དང་། རྣམ་པར་ཤེས་པ་སྒྱུ་མ་ལྟ་བུའི་ཆོས་ཉིད་དང་། ཁམས་རྣམས་གཡོ་བ་མེད་པ་ཉིད་དང་། སྐྱེ་མཆེད་རྣམས་ཕན་ཚུན་དུ་ཤེས་པ་མེད་པ་ཉིད་དང་། སེམས་གནས་པ་མེད་པ་དང་། ང་རྒྱལ་ཡིད་ལ་མི་བྱེད་པ་དང་། ལྷག་པར་བྱེད་པ་ལྷག་པར་མི་བྱེད་པ་དང་། མཉམ་པ་ཉིད་ལ་མཉམ་པ་ཉིད་དུ་རྟོགས་པ་དང་། ཐ་དད་དུ་བྱ་བ་མེད་པ་དང་། རོ་གཅིག་པ་དང་། བགྲོད་པ་གཅིག་པུའི་ལམ་ལ་རབ་ཏུ་གནས་པ་དང་། ལམ་གྱི་ཚོགས་ཤེས་པ་ཡོངས་སུ་ཚོལ་བ་དང་། ངེས་པའི་དོན་གྱི་དོན་ལ་རྟོན་པ་དང་། དོན་གྱི་རྗེས་སུ་ཞུགས་པའི་བློ་དང་། སྐད་ཐམས་ཅད་ལ་སྐད་མེད་པར་འཇུག་པ་དང་། སྒྲ་ཐམས་ཅད་ལ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པར་ཤེས་པ་དང་། དོན་དང་ཚིག་འབྲུ་གཉིས་སུ་མེད་པ་ལ་འཇུག་པ་ཤེས་པས་དོན་བརྗོད་དུ་མེད་པར་རྟོགས་པ་དང་། སྡུག་བསྔལ་ཤེས་པ་ངར་འཛིན་པ་མེད་པ་དང་། ཀུན་འབྱུང་བ་ཤེས་པ་དེ་ཤིན་ཏུ་ཟད་པ་དང་། འགོག་པ་ཤེས་པ་སྒྲོ་བཏགས་པ་མེད་པ་དང་། ལམ་ཤེས་པ་འདུས་བྱས་དང་། འདུས་མ་བྱས་མཉམ་པ་ཉིད་དུ་འཇུག་པ་དང་། ལུས་ལ་ཞུགས་པའི་ ― DKG058_Page_0039 ―
[མ་དཔེ་གཟིགས་ན་འདིར་གནོན།]
དྲན་པ་སྔོན་གྱི་མཐའ་དང་། ཕྱི་མའི་མཐར་འཕོ་བ་མེད་པ་དང་། ཚོར་བ་ལ་ཞུགས་པའི་དྲན་པ་སྐྱེ་བ་དང་འཇིག་པར་མི་གནས་པ་དང་། སེམས་ལ་ཞུགས་པའི་དྲན་པ་དམིགས་པ་ལ་ཤིན་ཏུ་བརྟགས་པ་དང་། ཆོས་ལ་ཞུགས་པའི་དྲན་པ་ཆོས་ཀྱི་དབྱིངས་ལ་མ་ཡིན་པ་དང་། ཡང་དག་པར་སྤོང་བ་མཉམ་པས་མཉམ་པ་དང་། རྫུ་འཕྲུལ་གྱི་རྐང་པ་སེམས་ལ་དབང་སྒྱུར་བར་གྱུར་པ་དང་། དད་པའི་དབང་པོ་ཆགས་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་དང་། བརྩོན་འགྲུས་ཀྱི་དབང་པོ་དབེན་པས་ངེས་པར་བྱུང་བ་དང་། དྲན་པའི་དབང་པོ་དྲན་པ་མེད་པ་དང་། ཏིང་ངེ་འཛིན་གྱི་དབང་པོ་ཡིད་ལ་བྱེད་པ་མེད་པ་དང་། ཤེས་རབ་ཀྱི་དབང་པོ་སྤྲོས་པ་ལས་ཤིན་ཏུ་འདས་པ་དང་། དད་པའི་སྟོབས་གཞན་གྱི་དྲིང་མི་འཇོག་པ་དང་། བརྩོན་འགྲུས་ཀྱི་སྟོབས་དམིགས་པ་རྟོགས་པ་མེད་པ་དང་། དྲན་པའི་སྟོབས་ཉམས་པ་མེད་པ་དང་ལྡན་པ་དང་། ཏིང་ངེ་འཛིན་གྱི་སྟོབས་ངེས་པར་སེམས་པར་གྱུར་པ་དང་། ཤེས་རབ་ཀྱི་སྟོབས་མི་འཁྲུགས་པའི་རྒྱུ་འཐུན་པ་དང་། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དྲན་པ་མེད་ཅིང་བརྗེད་པ་མེད་པ་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འཇུག་པ་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལེན་པ་མེད་ཅིང་འདོར་བ་མེད་པ་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབའ་རླབས་མེད་པ་དང་། རབ་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལུས་དང་སེམས་ལ་ཞུགས་པ་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མཉམ་པ་ཉིད་ཁོང་དུ་ཆུད་པ་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གཉིས་དང་བྲལ་བ་དང་། ཡང་དག་པའི་ལྟ་བ་ལྟ་བ་ཐམས་ཅད་སྤོང་བ་དང་། ཡང་དག་པའི་རྟོག་པ་རྟོག་པ་དང་རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་ཐམས་ཅད་དང་བྲལ་བ་དང་། ཡང་དག་པའི་ངག་སྒྲ་སྐད་ཐམས་ཅད་མཉམ་པ་ཉིད་ལ་འཇུག་པ་དང་། ཡང་དག་པའི་ལས་ཀྱི་མཐའ་ལུས་དང་། སེམས་ཀྱི་ལས་དང་བྲལ་བ་དང་། ཡང་དག་པའི་འཚོ་བ་ཚོལ་བ་ ― DKG058_Page_0040 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐམས་ཅད་རྒྱུན་བཅད་པ་དང་། ཡང་དག་པའི་རྩོལ་བ་འདེག་པ་མེད་ཅིང་འཇོག་པ་མེད་པ་དང་། ཡང་དག་པའི་དྲན་པ་དགེ་བ་དང་མི་དགེ་བའི་རྣམ་པར་རིག་པ་ལ་མི་འཇུག་པ་དང་། ཡང་དག་པའི་ཏིང་ངེ་འཛིན་སེམས་ཀྱི་དམིགས་པ་མཉམ་པ་ཉིད་ལ་འཇུག་པ་དང་། ཞི་བ་ཞི་གནས་ཀྱི་མཐར་སོང་བ་དང་། ལྷག་མཐོང་ལྟ་བ་རྣམ་པར་དག་པ་དང་། སྐྱེ་བ་མེད་པའི་དོན་མི་རྟག་པའི་དོན་དང་། གདོད་མ་ནས་སྐྱེ་བ་མེད་པའི་དོན་སྡུག་བསྔལ་གྱི་དོན་དང་། རྒྱུ་བ་མེད་པའི་དོན་བདག་མེད་པའི་དོན་དང་། ཉེ་བར་ཞི་བའི་དོན་ཞི་བའི་དོན་དང་། དུལ་བས་སྦྱིན་པ་དང་། བསིལ་བའི་དངོས་པོར་གྱུར་པའི་ཚུལ་ཁྲིམས་དང་། ཟད་པའི་ཆོས་དང་ལྡན་པའི་བཟོད་པ་དང་། ཤིན་ཏུ་རྣམ་པར་ཕྱེ་བས་རྣམ་པར་འབྱེད་པའི་བརྩོན་འགྲུས་དང་། ནད་ཉེ་བར་ཞི་བའི་བསམ་གཏན་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་མཚན་ཉིད་ཀྱི་ཤེས་རབ་དང་། སེམས་ཅན་གདོད་མ་ནས་རྣམ་པར་དག་པའི་བྱམས་པ་དང་། ནམ་མཁའ་དང་མཚུངས་པའི་སྙིང་རྗེ་དང་། དགའ་བ་མེད་པའི་དགའ་བ་དང་། རྩོད་པ་ཐམས་ཅད་རྒྱུན་བཅད་པའི་བཏང་སྙོམས་དང་། ཆོས་ཐམས་ཅད་འཁོར་གསུམ་ཡོངས་སུ་དག་པ་དང་། སྔོན་གྱི་མཐའ་ནས་སྟོང་པ་དང་། ཕྱི་མའི་མཐར་དབེན་པ་དང་། ད་ལྟར་བྱུང་བ་ན་བདག་མེད་པའོ། །བློ་གྲོས་རྒྱ་མཚོ་དེ་ལྟར་གང་ཆོས་ཟབ་མོ་རྒྱུན་ཆད་པ་ཚིག་འབྲུ་དང་བྲལ་བ་ནམ་མཁའ་དང་མཚུངས་པ། འདི་ལྟ་བུ་འདི་དག་རྟོགས་པ་དང་ཁོང་དུ་ཆུད་པ་དང་འཇུག་པ་ཤེས་པ་ལ་དཔྱོད་པ་དང་། སེམས་པ་དང་འཇལ་བ་དང་བགྲང་བ་དང་། ཉེ་བར་རྟོག་པ་དང་ནན་ཏན་བྱེད་པ་འདི་ནི་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་འབིགས་པའོ། །དེ་ལྟར་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་ཕིགས་ན། ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཉིད་ལྷུན་གྱིས་གྲུབ་པ་ཉིད་དུ་འཐོབ་པར་འགྱུར་རོ། །བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། ཟླ་བ་དང་ཉི་མའི་གཞལ་མེད་ཁང་ལྷུན་གྱིས་གྲུབ་པར་རྣམ་པར་རྒྱུ་ཞིང་འཛམ་བུའི་གླིང་ཐམས་ཅད་དུ། སྣང་བར་བྱེད་ཀྱང་ལྷའི་བུ་ཉི་མ་དང་ཟླ་བ་འདི་སྙམ་དུ་བདག་ཅག་འགྲོའམ་ ― DKG058_Page_0041 ―
[མ་དཔེ་གཟིགས་ན་འདིར་གནོན།]
འོན་ཏེ་ལྡོག་སྙམ་དུ་མི་སེམས་པར་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པས་དེ་དག་འགྲོའོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་རབ་ཏུ་ཕིགས་པའི་ཤེས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་ཞིང་ཚད་མེད་པ་དག་ན་སེམས་ཅན་གྱི་དོན་བྱེད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཡང་མངོན་པར་འདུ་བྱེད་པ་མེད་པར་བྱ་བ་དེ་དག་ཀུན་ཏུ་སྟོན་ཏོ། །བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའི་འབིགས་པ་ཤེས་པ་གང་ཡིན་པ་དེ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡོངས་སུ་བཙལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་མཉམ་པར་བཞག་ན་ལྷག་མཐོང་གི་ཆོས་རྣམས་མཐོང་གི་མཉམ་པར་མ་བཞག་པས་ནི་མ་ཡིན་ནོ། །དེའི་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། ཤེས་རབ་དེས་མངོན་སུམ་དུ་འགྱུར་རོ། །གང་མངོན་སུམ་དུ་འགྱུར་ཞེ་ན། ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་མངོན་སུམ་དུ་འགྱུར་རོ། །ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་གང་ཞེ་ན། མཚན་ཉིད་ཀྱི་གཞི་དེ་ལ་ཀུན་ཏུ་མི་སྤྱོད་པའོ། །ཆོས་རྣམས་ཀྱི་མཚན་ཉིད་ཀྱི་གཞི་གང་ཞེ་ན། འདི་ལྟ་སྟེ་རྣམ་པར་རིག་པ་ནི་ཆོས་རྣམས་ཀྱི་མཚན་ཉིད་ཀྱི་གཞིའོ། །རྣམ་པར་རིག་པ་དེའི་ཡང་དག་པ་ཇི་ལྟ་བའི་མཚན་ཉིད་གང་ཡིན་པ་དེ་ཉིད་ནི་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ཅེས་བྱའོ། །གང་གི་ཚེ་ཚོར་བ་ཐམས་ཅད་རྒྱུན་བཅད་པར་གྱུར་པ་དེའི་ཚེ་སྣང་བར་ཡང་མི་བྱེད། མི་སྣང་བར་མི་བྱེད་དོ། །དེ་ལ་སྣང་བ་ནི་གང་། མི་སྣང་བ་ནི་གང་ཞེ་ན། སྣང་བ་ཞེས་བྱ་བ་ནི་སྐྱེ་བའོ། །མི་སྣང་བ་ཞེས་བྱ་བ་ནི་འགག་པའོ། །གང་གི་ཚེ་སྣང་བར་ཡང་མི་བྱེད་མི་སྣང་བར་ཡང་མི་བྱེད་པ་དེའི་ཚེ། སྐྱེ་བར་ཡང་མི་བྱེད་འགག་པར་ཡང་མི་བྱེད་དོ། །གང་གི་ཚེ་སྐྱེ་བར་ཡང་མི་བྱེད་འགག་པར་ཡང་མི་བྱེད་པ་དེའི་ཚེ་ཆོས་ཉིད་ལ་གནས་པ་ཡིན་ཏེ་ཆོས་ཀྱི་དབྱིངས་འཁྲུགས་པར་མི་བྱེད། དེ་བཞིན་ཉིད་ལས་མི་གཡོ། ཡང་དག་པའི་མཐའ་འཇིག་པར་མི་བྱེད་དོ། །དེ་ལ་ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་ ― DKG058_Page_0042 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྟེན་ཅིང་འབྲེལ་པར་འབྱུང་བ་རྗེས་སུ་རྟོགས་པའོ། །དེ་བཞིན་ཉིད་ནི་དེ་ཁོ་ནའི་མཚན་ཉིད་ཁོང་དུ་ཆུད་པའོ། །ཡང་དག་པའི་མཐའ་ནི་གཉིས་སུ་མེད་པའི་ཡང་དག་པར་མངོན་པར་རྟོགས་པའོ། །བློ་གྲོས་རྒྱ་མཚོ་དེ་ལྟར་མངོན་སུམ་དུ་ཤེས་པ་རིག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤིན་ཏུ་ཕིགས་པ་ཤེས་པ་ཞེས་བྱའོ། །སྦྱང་བ་དང་གནོད་པ་དང་ངེས་པར་འབིགས་པའི་ལེའུ་འདི། བཅོམ་ལྡན་འདས་ཀྱིས་བཤད་པའི་ཚེ། ལྷ་དང་མིའི་སྐྱེ་དགུའི་སྲོག་ཆགས་ཁྲག་ཁྲིག་ཕྲག་བཅུ་གཉིས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སྲོག་ཆགས་ཁྲི་དྲུག་སྟོང་གིས་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཆོས་ཀུན་ངེས་པར་རྟོགས་པ་ཡི། །བྱང་ཆུབ་སེམས་ནི་སྒྲོགས་པར་བྱེད། །དེ་ཚེ་དེས་རྟོགས་ཡེ་ཤེས་ཀྱིས། །ཆོས་རྣམས་ཀུན་ལ་ཆགས་པ་མེད། །ཟབ་མོའི་ཆོས་རྣམས་ཁོང་དུ་ཆུད། །མཁས་པ་སྐྲག་པར་འགྱུར་བ་མེད། །སྐྲག་མེད་ཀུན་ཏུ་འཇིགས་མེད་པས། །ཁྱད་པར་འཕགས་པར་འགྱུར་བ་ཡིན། །རྒྱུ་ལ་དམིགས་པའི་ཚུལ་གྱིས་ནི། །བརྟེན་པའི་ཆོས་རྣམས་ཁོང་དུ་ཆུད། །ཤེས་རབ་ལྡན་དེ་རྗེས་འཐུན་བྱེད། །མཐའ་ལྟ་བ་ནི་མི་འཛིན་ཏོ། །རྟག་པ་དང་ནི་ཆད་པ་ལ། །བློ་ནི་ཐོགས་པ་ཡོད་མ་ཡིན། །ཡང་དག་མཐའ་ནི་བསམ་ཡས་པའི། །དབུ་མའི་མཐའ་ནི་རྟོགས་པར་འགྱུར། །བདག་གིས་མཐའ་ཡི་རང་བཞིན་གྱིས། །ཆོས་རྣམས་བདག་མེད་ངོ་བོ་ཉིད། །ཆོས་ཀུན་དེ་ཡི་རང་བཞིན་ཏེ། །གདོད་ནས་མ་སྐྱེས་འགག་པ་མེད། །སྐྱེས་པ་མེད་ཅིང་འབྱུང་བ་མེད། །སྟོང་པ་གཟུང་མེད་དྲི་མ་མེད། །མཚན་མ་མེད་ཅིང་སྤྲོས་པ་མེད། །ནམ་མཁའ་དང་ནི་མཚུངས་ཤིང་འདྲ། །དེ་དག་སེམས་ཀྱིས་མི་སྨོན་པར། །འདོད་ཅིང་ཆགས་པ་རྣམ་པར་སྤངས། །གཟུགས་ཀྱི་རང་བཞིན་མངོན་སུམ་དུ། །དབུ་བ་ལྟ་བུར་རབ་ཏུ་ཤེས། །ཚོར་བ་ཆུ་བུར་འདྲ་བ་སྟེ། །འདུ་ཤེས་སྨིག་རྒྱུའི་མཚན་ཉིད་དོ། །འདུ་བྱེད་ཆུ་ཤིང་སྙིང་པོ་འདྲ། །རྣམ་པར་ཤེས་པ་སྒྱུ་མ་འདྲ། །ཁམས་བཞི་གཡོ་བ་མེད་པ་སྟེ། ། ― DKG058_Page_0043 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནམ་མཁའ་མཚུངས་པའི་ཁམས་ཡིན་ནོ། །གང་དག་སྐྱེ་མཆེད་ཐམས་ཅད་ནི། །བེམས་པོ་ཕན་ཚུན་སྤྱོད་ཡུལ་ལོ། །སེམས་ནི་ནང་ན་མ་ཡིན་ཏེ། །ཕྱི་རོལ་དུ་ཡང་མི་དམིགས་སོ། །ཡིད་ལ་ང་ཡི་ཡོད་མ་ཡིན། །རྣམ་པར་ཤེས་པ་གནས་པ་མེད། །ཆོས་རྣམས་ཡིད་ལ་མི་བྱེད་དེ། །ལྷག་པར་བྱེད་པ་རྣམ་པར་སྤོང་། །ཆོས་རྣམས་ཐམས་ཅད་མཉམ་ཉིད་དུ། །ཡང་དག་ཉིད་དུ་ཁོང་དུ་ཆུད། །ཐ་དད་མེད་ཅིང་རོ་གཅིག་སྟེ། །གཅིག་པུ་བགྲོད་ལམ་མཉམ་པ་ཉིད། །ལམ་གྱི་ཤེས་པ་རབ་ཏུ་རྟོགས། །ངེས་པའི་དོན་གྱི་དོན་རྣམས་མཐོང་། །བློ་ནི་དོན་གྱི་རྗེས་སུ་ཞུགས། །སྐད་ནི་སྐད་མེད་ཁོང་དུ་ཆུད། །སྒྲ་རྣམས་ཀུན་ལ་སྔོན་མཐའ་དང་། །ཕྱི་མའི་མཐའ་མར་ཡོངས་སུ་གཅོད། །དོན་དང་ཚིག་འབྲུ་རྣམས་ལ་མཁས། །ཆོས་རྣམས་གཉིས་སུ་མེད་པར་རྟོགས། །བརྗོད་དུ་མེད་པའི་དོན་ལ་ནི། །འདི་ཉིད་ཡང་དག་ཁོང་དུ་ཆུད། །སྐྱེ་བ་མེད་པར་སྡུག་བསྔལ་ཤེས། །ཀུན་འབྱུང་བ་ལ་མཉམ་པའི་བློ། །འགོག་པ་ཤེས་པ་ཟད་པར་བསྟན། །ལམ་ཤེས་པ་ནི་འདུས་མ་བྱས། །ལུས་དང་ཚོར་བ་སེམས་དང་ནི། །ཆོས་ལ་ཆོས་སུ་རྗེས་སུ་རྟོགས། །དྲན་མེད་ཡིད་ལ་བྱེད་མེད་པའི། །དྲན་པ་ཉེ་བར་གཞག་པ་སྟོན། །ཆོས་ཀྱི་དབྱིངས་ནི་དབྱིངས་མིན་པར། །ཡང་དག་ཉིད་ནི་མཉམ་པས་མཉམ། །སྤོང་བས་སྤང་དུ་མེད་པ་ནི། །ཡང་དག་སྤོང་བར་རབ་ཏུ་བསྟན། །སེམས་ལ་དབང་ནི་ཐོབ་པ་ཡི། །རྫུ་འཕྲུལ་རྐང་པ་རབ་ཏུ་བསྟན། །ཆགས་པ་ཀུན་ལས་རབ་འདས་པ། །དེ་ནི་དད་པའི་དབང་པོ་ཡིན། །ཆོས་རྣམས་ཐམས་ཅད་རྣམ་དབེན་པ། །དེ་ནི་བརྩོན་འགྲུས་དབང་པོ་ཡིན། །དྲན་པ་མེད་ཅིང་དྲན་འཇུག་པ། །དེ་ནི་དྲན་པའི་དབང་པོ་ཡིན། །ཆོས་རྣམས་ཡིད་ལ་མི་བྱེད་པ། །དེ་ནི་ཏིང་འཛིན་དབང་པོ་ཡིན། །སྤྲོས་ལས་ཤིན་ཏུ་རབ་འདས་པ། །དེ་ནི་ཤེས་རབ་དབང་པོ་ཡིན། །ཡང་དག་ཉིད་ནི་རྟོགས་ནས་དེ། །གཞན་གྱི་དད་པས་འགྲོ་མ་ཡིན། །སེམས་ནི་གཡོ་བ་ཡོད་མིན་པ། །དད་པའི་སྟོབས་ནི་འདི་འདྲའོ། །ཡང་དག་ཤེས་ལས་ཉམས་པ་མེད། །དྲན་པའི་སྟོབས་ནི་འདི་འདྲའོ། །ཏིང་ངེ་འཛིན་ ― DKG058_Page_0044 ―
[མ་དཔེ་གཟིགས་ན་འདིར་གནོན།]
གྱི་སྟོབས་མཛོད་ནི། །དེས་པར་སེམས་ལ་དགའ་བ་ཡིན། །མི་རྟོག་རྣམ་པར་མི་རྟོག་པ། །ཤེས་རབ་སྟོབས་ནི་འདི་འདྲའོ། །ཆོས་རྣམས་རྟོགས་པའི་དོན་དུ་ནི། །བྱང་ཆུབ་ཡན་ལག་རབ་ཏུ་བསྟན། །མཉམ་སྟེ་མི་མཉམ་མེད་པའི་ཆོས། །ཡང་དག་ལྟ་བ་ཡིན་ཞེས་བརྗོད། །གཉིས་མེད་ཆོས་ལ་བསྒོམ་པ་ནི། །སྐྱེ་བ་མེད་པའི་ལམ་བསྒོམ་ཡིན། །སྐྱེ་བ་མེད་པ་མི་རྟག་དོན། །འབྱུང་བ་མེད་པ་སྡུག་བསྔལ་ཏེ། །རྒྱུ་བ་མེད་པ་བདག་མེད་དོན། །ཞི་དོན་ཉེ་བར་ཞི་བའི་གནས། །དུལ་བའི་སེམས་ནི་སྦྱིན་པ་ཡིན། །ཞི་བའི་སེམས་ནི་ཚུལ་ཁྲིམས་ལྡན། །ཟད་པའི་ཆོས་རྟོགས་བཟོད་པ་ཡིན། །བརྩོན་འགྲུས་རྣམ་པར་ཕྱེ་བས་རྟོགས། །ཤིན་ཏུ་ཞི་བའི་བསམ་གཏན་ཏེ། །ཤེས་རབ་ཡང་དག་རབ་ཤེས་པ། །སེམས་ཅན་གདོད་ནས་རྣམ་དག་དོན། །བྱམས་པ་ཞེས་ནི་བརྗོད་པ་ཡིན། །སྙིང་རྗེ་ནམ་མཁའ་འདྲ་བ་སྟེ། །དགའ་བ་སྤྱོད་པ་དགའ་བ་ཡིན། །རྩོམ་པ་ཐམས་ཅད་རྒྱུན་ཆད་པ། །བཏང་སྙོམས་ཞེས་ནི་རབ་ཏུ་བསྟན། །འཁོར་གསུམ་ཡོངས་སུ་ཆད་པར་ནི། །ཆོས་རྣམས་ཐམས་ཅད་རབ་ཏུ་ཤེས། །ཆོས་རྣམས་ངེས་པར་འབིགས་འདི་ནི། །ལྟ་བའི་མདུད་པ་གཅོད་པ་ཡིན། །བསམ་གཏན་ཤེས་རབ་གང་ཡིན་པ། །དེར་ནི་ངེས་པར་འབིགས་པ་བསྟན། །ཚད་མེད་པ་ལ་འཇུག་པ་ནི། །ཆོས་ཤེས་པ་ཞེས་བརྗོད་པ་ཡིན། །གནོད་པ་བཟོད་པ་དང་ངེས་པར་འབིགས་པ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ།། །། གསུམ་པ། ཏིང་ངེ་འཛིན་བསྟན་པའི་ལེའུ།― DKG058_Page_0044 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་དེ་ལྟར་ན་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་པ་དང་ཡོངས་སུ་དག་པར་འགྱུར་ཏེ། བསམ་པ་བཅོས་མ་མ་ཡིན་ཞིང་སེམས་ཅན་ཐམས་ཅད་ཀྱིས་གནོད་པར་བྱས་ཀྱང་ཞེ་འགྲས་པ་མེད་ལ། ཤིན་ཏུ་ངེས་པར་ཕིགས་པའི་ཡེ་ཤེས་སུ་གྱུར་ཅིང་། ཤེས་རབ་རྣམ་པར་གདོན་མི་ཟ་བ་ཐོབ་པ་དེའི་ཚེ། ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་རྩ་བའི་གནས་ལ་རབ་ཏུ་གནས་པ་ཡིན་ནོ། །དེ་ལ་ཏིང་ངེ་འཛིན་འདིའི་རྩ་བའི་གནས་གང་ཞེ་ན། ― DKG058_Page_0045 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་ཞེ་སྡང་མེད་པའི་སྙིང་རྗེ་ཆེན་པོའོ། །དེ་སེམས་ཅན་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱས་ཀྱང་ཁེངས་པར་མི་འགྱུར། སེམས་ཅན་ཐམས་ཅད་ཀྱིས་བསྟི་སྟང་དུ་མ་བྱས་ཀྱང་དུད་པར་མི་འགྱུར་རོ། །ཁེངས་པ་མེད་པ་དང་དུད་པ་མེད་པ་དེ་ནི་ཤེས་པ་ལས་ངེས་པར་བྱུང་བ་ཡིན་གྱི་ང་རྒྱལ་ལས་ངེས་པར་བྱུང་བ་ནི་མ་ཡིན་ནོ། །ཁེངས་པ་མེད་པ་དང་དུད་པ་མེད་པ་དེ་ནི་ཆོས་དང་ལྡན་པ་ཡིན་གྱི་གཏི་མུག་དང་ལྡན་པ་ནི་མ་ཡིན་ནོ། །ཆོས་ཐམས་ཅད་ཤེས་པ་ལས་ངེས་པར་བྱུང་བས་ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་ཀྱི་ལས་དང་ལྡན་པ་ཡིན། ཡེ་ཤེས་སྔོན་དུ་འགྲོ་བའི་ངག་གི་ལས་དང་ལྡན་པ་ཡིན། ཡེ་ཤེས་སྔོན་དུ་འགྲོ་བའི་ཡིད་ཀྱི་ལས་དང་ལྡན་པ་ཡིན་ཏེ། དེ་ལུས་སམ་ངག་གམ་ཡིད་ཀྱི་ལས་གང་བྱེད་ཀྱང་དེ་དག་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །དེ་ལ་བྱང་ཆུབ་སེམས་དཔའི་ལུས་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་གང་ཞེ་ན། གང་གཟུགས་ཀྱི་ལས་ཀུན་ཏུ་བསྟན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་འདུལ་བར་བྱེད་དོ། །སྤྱོད་ལམ་ཇི་ལྟ་བུས་སེམས་ཅན་རྣམས་འདུལ་བར་འགྱུར་བ་དེ་ལྟ་བུ་ཉིད་དུ་དེའི་སྤྱོད་ལམ་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་བརྟགས་པ་མེད་པར་ཀུན་ཏུ་གནས་སོ། །ལུས་ཀྱི་སྐྱོན་དང་། ལུས་ལ་ཆགས་པ་དང་། ལུས་ཀྱི་འགྱུར་བ་དང་། ལུས་ཀྱི་ཚུལ་འཆོས་པ་དང་། ལུས་ཀྱི་འཁྲུགས་པ་དང་། ལུས་ཀྱི་ཡོངས་སུ་རྟོགས་པ་གང་ཡིན་པ་དེ་དག་བྱང་ཆུབ་སེམས་དཔའ་དེས་ཡང་དག་པར་བཅོམ་པ་ཡིན་ཏེ། ཤིང་ཏ་ལའི་མགོ་གཅད་པ་བཞིན་དུ་རྩ་བ་ནས་ཆད་ནས་མ་འོངས་པ་ན་མི་སྐྱེ་བའི་ཆོས་ཅན་དུ་འགྱུར་རོ། ། དེ་ལུས་ཡོངས་སུ་དག་པ་ཡིན་ཏེ་ལུས་མཚན་ཉིད་ཀྱིས་ལེགས་པར་བརྒྱན་པ་དང་། ལག་པ་དང་རྐང་པ་འཇམ་ཞིང་མཉེན་པ་དང་། བསོད་ནམས་ཀྱི་རྒྱུ་འཐུན་པའི་ལུས་ཤིན་ཏུ་རྣམ་པར་ཕྱེ་བ་དང་། དབང་པོ་མ་ཚང་བ་མེད་པ་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ཡང་གཟུགས་ཀྱིས་རྒྱགས་ཤིང་དྲེགས་པ་མེད་པ་ཡིན་ཏེ། ལུས་ཆེ་བའི་ཚུལ་དང་ལྡན་པ་མ་ཡིན་ནོ། །དེ་ཆོས་འཛིན་པ་ཉེ་བར་ ― DKG058_Page_0046 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཟུང་ནས་སེམས་ཅན་ཇི་ཙམ་དུ་དམན་པ་གཟུགས་མ་ཚང་བ་རྣམས་ལ་ཡང་འདུད་དོ། །རབ་ཏུ་འདུད་དོ། །དེ་རང་གིས་ལུས་ཀྱི་ཆོས་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ཆོས་མཉམ་པ་ཉིད་དུ་ཤེས་པ་ལ་འཇུག་གོ །དེ་ལུས་ལ་ལུས་ཀྱི་ཆོས་ཉིད་ཤེས་ནས་ཆོས་ཀྱི་ལུས་ཡིན་གྱི་ཟང་ཟིང་གི་ལུས་མ་ཡིན་ནོ། །དེ་ལ་ལུས་ཀྱི་ཆོས་ཉིད་གང་ཞེ་ན། གང་བསམ་གཏན་གྱི་ཟས་ཟ་བ་ཡིན་ཏེ། ཟང་ཟིང་གི་ཟས་ཟ་བ་མ་ཡིན་ཏེ། འཇིག་རྟེན་དང་འཐུན་པར་བྱ་བ་དང་སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་ཟས་ཟའི། ལུས་ཉམ་ཆུང་བའི་ཕྱིར་ནི་མ་ཡིན་ནོ། །དེ་ཆོས་ཀྱི་ལུས་སུ་གྱུར་ནས་ཆོས་ཀྱིས་སྲོག་འཚོའི་ཟང་ཟིང་གིས་སྲོག་འཚོ་བ་ནི་མ་ཡིན་ནོ། །དེ་ལ་ཆོས་ཀྱིས་སྲོག་འཚོ་བ་གང་ཞེ་ན། གང་སྲོག་གི་ཕྱིར་ཡང་བྱ་བ་མ་ཡིན་པར་མི་བྱེད་པ་དང་། འཕགས་པའི་ཚུལ་ལས་མི་འདའ་བའོ། །དེ་ལ་འཕགས་པ་རྣམས་ཀྱི་ཚུལ་གང་ཞེ་ན། འདི་ལྟ་སྟེ། ཆགས་པ་མེད་པ་དང་། སྡང་བ་མེད་པ་དང་། རྨོངས་པ་མེད་པ་དང་། ཉོན་མོངས་པ་ཐམས་ཅད་དང་བྲལ་བ་དང་། ཇི་ལྟར་བསླབ་པ་བཅས་པ་བཞིན་དུ་ཀུན་ཏུ་བསྲུང་བ་དང་། སྦེད་པ་དང་རབ་ཏུ་གནས་པ་འདི་ནི་འཕགས་པ་རྣམས་ཀྱི་ཚུལ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་ཀྱི་ལས་དང་ལྡན་པས་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱི་སྟོབས་ཐམས་ཅད་དང་ལྡན་པ་ཡིན་ཏེ། དེ་ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྣང་བར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་དེ་དག་ན་སེམས་ཅན་དེ་དག་གི། གཟུགས་དང་མཚན་དང་གཟི་བརྗིད་དང་རྒྱན་རྣམས་ཅི་འདྲ་བར་བྱང་ཆུབ་སེམས་དཔའ་དེའི་ཡང་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་བརྟགས་པ་མེད་པར་དེ་འདྲ་བར་གནས་སོ། །དེ་འོད་བཀོད་པའི་ལུས་དང་ལྡན་པ་ཡིན་ཏེ། དེ་གང་གི་ཚེ་ལུས་ལས་འོད་རབ་ཏུ་གཏོང་བ་དེའི་ཚེ་སངས་རྒྱས་ཀྱི་ཞིང་གྲངས་མེད་དཔག་ཏུ་མེད་པ་རྣམས་སྣང་བས་ཁྱབ་པར་བྱེད་དོ། །དེའི་འོད་དེ་ནི་བདེ་བ་སྐྱེད་པ་སྟེ། སེམས་ཅན་དམྱལ་བ་ངན་སོང་བའི་སེམས་ཅན་ཐམས་ཅད་བདེ་བར་བྱེད་པའོ། །དེའི་འོད་དེ་ནི་བདེ་བ་ལ་རེག་པ་བྱེད་པ་སྟེ། ཉོན་མོངས་པས་གདུངས་པའི་སེམས་ཅན་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ། ། ― DKG058_Page_0047 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེའི་འོད་དེ་ནི་རབ་ཏུ་སིམ་པར་བྱེད་པ་སྟེ། སེམས་ཅན་རྣམས་ཀྱི་ལུས་དང་སེམས་དགའ་བ་བསྐྱེད་པའོ། །དེ་ལུས་ཉིད་ཀྱི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བའོ། །བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའི་ངག་གི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་གང་ཞེ་ན། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་ནི་ཚིག་འཁྲུལ་པའི་སྐྱོན་ཐམས་ཅད་སྤངས་པར་ངག་གི་ལས་འབྱུང་ངོ་། །བློ་གྲོས་རྒྱ་མཚོ་དེ་ལ་ཚིག་འཁྲུལ་པའི་སྐྱོན་དེ་དག་གང་ཞེ་ན། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་ནི་ཚིག་འཁྲུལ་པའི་སྐྱོན་དྲུག་ཅུ་རྩ་བཞི་དང་བྲལ་ཞིང་རྣམ་པར་སྤངས་པར་ངག་གི་ལས་འབྱུང་སྟེ། དྲུག་ཅུ་རྩ་བཞི་གང་ཞེ་ན། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་ནི་ཚིག་རྩུབ་པོ་མེད་པ་ཡིན། ཚིག་རྙོག་པ་མེད་པ་ཡིན། གྱོ་མོའི་སྒྲ་ལྟ་བུ་མེད་པ་ཡིན། གྲུམ་པའི་སྒྲ་ལྟ་བུ་མེད་པ་ཡིན། སྒྲ་ཧ་ཅང་ཆེ་བ་མ་ཡིན། སྒྲ་ཧ་ཅང་ཆུང་བ་མ་ཡིན། སྒྲ་ཧ་ཅང་དྲག་པོ་མ་ཡིན། ཚིག་བརླང་པོ་མེད་པ་ཡིན། ཚིག་དིབ་དིབ་པོ་མེད་པ་ཡིན། ཚིག་ཅལ་ཅལ་པོ་མེད་པ་ཡིན། ཚིག་ཏབ་ཏབ་པོ་མེད་པ་ཡིན། ཁས་བུབ་པའི་ཚིག་ལྟ་བུ་མེད་པ་ཡིན། ཚིག་ཉམས་པ་མེད་པ་ཡིན། ཟུར་དབྱུང་དགོས་པའི་ཚིག་མེད་པ་ཡིན། ཚིག་ཞུམ་པ་མེད་པ་ཡིན། ཚིག་སུབ་སུབ་པོ་མེད་པ་ཡིན། བྱིས་པའི་ཚིག་ལྟ་བུ་མེད་པ་ཡིན། ཚིག་ནོག་ནོག་པོ་མེད་པ་ཡིན། འབར་བར་བྱེད་པའི་ཚིག་མེད་པ་ཡིན། ཅོ་འདྲི་བའི་ཚིག་མེད་པ་ཡིན། དུས་མི་ཤེས་པའི་ཚིག་མེད་པ་ཡིན། ཚོད་མི་ཤེས་པའི་ཚིག་མེད་པ་ཡིན། འདོད་ཆགས་ཀྱིས་རྗེས་སུ་ཆགས་པའི་ཚིག་མེད་པ་ཡིན། ཞེ་སྡང་གིས་ཞེ་འགྲས་པའི་ཚིག་མེད་པ་ཡིན། གཏི་མུག་གིས་རྨོངས་ཤིང་ལྐུགས་པའི་ཚིག་མེད་པ་ཡིན། དམན་པའི་ཚིག་མེད་པ་ཡིན། མི་འཐུན་པ་དང་བརྙས་པའི་ཚིག་མེད་པ་ཡིན། འབྱེད་པར་བྱེད་པའི་ཚིག་མེད་པ་ཡིན། གཡོ་དང་འདྲེས་པའི་ཚིག་མེད་པ་ཡིན། ང་རྒྱལ་གྱིས་ཁེངས་པའི་ཚིག་མེད་པ་ཡིན། ཁྱད་དུ་གསོད་པའི་ཚིག་མེད་པ་ཡིན། ངོ་ཟ་རིང་ ― DKG058_Page_0048 ―
[མ་དཔེ་གཟིགས་ན་འདིར་གནོན།]
གི་ཚིག་མེད་པ་ཡིན། ཚིག་མི་སྙན་ཅིང་ཞེར་འདེབས་པའི་ཚིག་མེད་པ་ཡིན། མེད་པས་གླེང་བའི་ཚིག་མེད་པ་ཡིན། འཁྲུལ་ཅིང་གཤེ་བའི་ཚིག་མེད་པ་ཡིན། ཡང་དག་པ་མ་ཡིན་པའི་ཚིག་མེད་པ་ཡིན། འཕྲལ་དུ་བརྫུན་སྨྲ་བའི་ཚིག་མེད་པ་ཡིན། ཕྲ་མའི་ཚིག་མེད་པ་ཡིན། ངག་རྩུབ་པོའི་ཚིག་མེད་པ་ཡིན། ཚིག་ཀྱལ་པའི་ཚིག་མེད་པ་ཡིན། མཛའ་བོ་དང་འབྱེད་པའི་ཚིག་མེད་པ་ཡིན། ཧ་ཅང་རྣོ་བའི་ཚིག་མེད་པ་ཡིན། ཧ་ཅང་མཉེན་པའི་ཚིག་མེད་པ་ཡིན། ཕལ་པའི་ཚིག་མེད་པ་ཡིན། ཀུན་ཏུ་མ་བསྲུངས་པའི་ཚིག་མེད་པ་ཡིན། དུས་ལས་ལྷག་པར་སྨྲ་བའི་ཚིག་མེད་པ་ཡིན། གནོད་སེམས་འབར་བའི་ཚིག་མེད་པ་ཡིན། འཐབ་པ་དང་རྩོད་པ་དང་འགྱེད་པའི་ཚིག་མེད་པ་ཡིན། ཐོབ་ཀྱིས་འཇལ་བའི་ཚིག་མེད་པ་ཡིན། ཚིག་འགྱུར་བ་མེད་པ་ཡིན། ཚིག་མི་བརྟན་པ་མེད་པ་ཡིན། མུ་ཅོར་སྨྲ་བའི་ཚིག་མེད་པ་ཡིན། གར་གྱི་ལྟད་མོའི་ཚིག་ལྟ་བུ་མེད་པ་ཡིན། ཆོས་དང་འགལ་བའི་ཚིག་མེད་པ་ཡིན། གསང་འཕེལ་བའི་ཚིག་མེད་པ་ཡིན། སེམས་ཅན་ལ་གནོད་པའི་ཚིག་མེད་པ་ཡིན། བདག་ལ་སྟོད་པའི་ཚིག་མེད་པ་ཡིན། གཞན་ལ་སྨོད་པའི་ཚིག་མེད་པ་ཡིན། འཕྱ་བ་དང་སྟིང་བའི་ཚིག་མེད་པ་ཡིན། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་འགལ་བའི་ཚིག་མེད་པ་ཡིན། འཕགས་པ་ལ་སྐུར་པ་འདེབས་པའི་ཚིག་མེད་པ་ཡིན། ངོ་མི་ཆོད་པའི་ཚིག་མེད་པ་ཡིན། ཚིག་འཁྲུལ་པའི་སྐྱོན་ཐམས་ཅད་དང་བྲལ་བའི་ཚིག་ཉིད་ནི་ཚིག་དྲུག་ཅུ་རྩ་བཞི་པ་ཡིན་ཏེ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་ངག་གི་ལས་ནི་ཚིག་འཁྲུལ་པའི་སྐྱོན་དྲུག་ཅུ་རྩ་བཞི་པོ་དེ་དག་དང་བྲལ་ཞིང་ཡོངས་སུ་དག་པར་འབྱུང་ངོ་། །དེའི་ངག་དེ་ནི་ཕྱད་པར་ལུང་སྟོན་པ་དང་། ཡང་དག་པར་ལུང་སྟོན་པ་དང་། དེ་ཁོ་ན་ལུང་སྟོན་པ་དང་། བདེན་པ་རྣམ་པར་དགོད་པ་ལུང་སྟོན་པ་དང་། བདེན་པའི་རྗེས་སུ་འབྲང་བ་དང་། སེམས་ཅན་ཐམས་ཅད་ཀྱི་སྐད་ལ་འཇུག་པ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ལུང་སྟོན་པ་དང་། སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ་དང་། སེམས་ཅན་ ― DKG058_Page_0049 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐམས་ཅད་ཀྱི་དབང་པོ་སྐུལ་བར་བྱེད་པ་དང་། ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་དང་། ཆོས་དང་མི་འགལ་བ་དང་། བསོད་ནམས་ཀྱི་རྒྱུ་འཐུན་པ་ཤིན་ཏུ་རྣམ་པར་ཕྱེ་བ་དང་། ཟླ་བ་ལྟར་དྲི་མ་མེད་ཅིང་སྙན་པ་དང་། འདོད་ཆགས་ཀུན་ཏུ་སྐྱེད་པ་མ་ཡིན་པ་དང་། ཚར་གཅད་ནས་ཡོན་ཏན་སྨྲ་བ་དང་། ཞེ་སྡང་མི་སྐྱེད་པ་དང་། ཟབ་ཅིང་གཏིང་དཔག་དཀའ་བ་དང་། གཏི་མུག་ཀུན་ཏུ་མི་སྐྱེད་པ་དང་། ཕྱོགས་བཅུར་གོ་བར་བྱེད་ཅིང་རྒྱས་པར་འགེངས་པ་དང་། ཚིག་དོན་མེད་པ་མ་ཡིན་པ་དང་། ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང་། མངོན་པར་འདུ་བྱ་བ་མེད་པའི་མཚན་ཉིད་དུ་འབྱུང་སྟེ། བློ་གྲོས་རྒྱ་མཚོ་འདི་ནི་བྱང་ཆུབ་སེམས་དཔའི་ངག་གི་ལས་ཡེ་ཤེས་སྔོན་དུ་འགྲོ་བའོ། །བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའི་ཡིད་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་གང་ཞེ་ན། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཀྱི་འཇུག་པ་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་གཡོ་བ་རྣམས་རབ་ཏུ་ཤེས་སོ། །མཉམ་པར་བཞག་ཀྱང་སྤྱོད་ལམ་ཐམས་ཅད་ཀུན་ཏུ་སྟོན་ཅིང་ཏིང་ངེ་འཛིན་དེ་ལས་ལྡང་བའང་མེད་དོ། །དེའི་སེམས་ཀྱི་ལས་ནི་བདུད་ཐམས་ཅད་ཀྱིས་ཀྱང་མི་ཤེས་སོ། །དེའི་སེམས་ཀྱི་འཇུག་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་དེ་ནི་བདག་ལ་གནོད་པར་བྱ་བ་དང་། གཞན་ལ་གནོད་པར་བྱ་བ་དང་། གཉི་ག་ལ་གནོད་པར་བྱ་བ་མི་སེམས་སོ། །དེའི་སེམས་དང་ཡིད་དང་རྣམ་པར་ཤེས་པ་ནི་ཆོས་གང་ལ་ཡང་ཐོགས་པ་མེད་དོ། །དེ་ཆོས་ཐམས་ཅད་རིག་པར་ཡེ་ཤེས་མཐོང་བ་སྐྱེའོ། །སེམས་དང་ཡིད་དང་རྣམ་པར་ཤེས་པ་དེས་རིག་པ་མེད་པར་ཚོར་བ་ཡང་སོ་སོར་མྱོང་ལ། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་མ་རྫོགས་ཀྱི་བར་དུ་ཚོར་བ་འགོག་པ་མངོན་སུམ་དུ་ཡང་མི་བྱེད་དེ། བློ་གྲོས་རྒྱ་མཚོ་འདི་ནི་བྱང་ཆུབ་སེམས་དཔའི་ཡིད་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བའོ། །བློ་གྲོས་རྒྱ་མཚོ་འདི་ནི་ཤིན་ཏུ་དཀར་བའི་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་དེའི་རྩ་བའི་གནས་ཏེ། ― DKG058_Page_0050 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདི་ལྟ་སྟེ། ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་ཀྱི་ལས་དང་། ཡེ་ཤེས་སྔོན་དུ་འགྲོ་བའི་ངག་གི་ལས་དང་། ཡེ་ཤེས་སྔོན་དུ་འགྲོ་བའི་ཡིད་ཀྱི་ལས་སོ། །བློ་གྲོས་རྒྱ་མཚོ་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་དང་ལྡན་པར་གྱུར་པ་དེའི་ཚེ་ཤིན་ཏུ་དཀར་བའི་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་རབ་ཏུ་འཐོབ་བོ། །བློ་གྲོས་རྒྱ་མཚོ་དེ་ལ་ཆོས་བཅུ་ཤིན་ཏུ་དཀར་བའི་ཕྱིར་ཏིང་ངེ་འཛིན་འདི་ནི་ཤིན་ཏུ་དཀར་བ་ཞེས་བྱ་སྟེ། ཆོས་བཅུ་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། བསམ་པ་དང་ལྷག་པའི་བསམ་པ་ཡོངས་སུ་དག་པས་འཇུག་པའི་སྤྱོད་པ་ཤིན་ཏུ་དཀར་བ་ཡིན། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་དག་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཤིན་ཏུ་དཀར་བ་ཡིན། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་དག་པས་དཀར་པོ་རྣམ་པར་མཐོང་བའི་སྤྱོད་པ་ཤིན་ཏུ་རྣམ་པར་དག་པ་ཡིན། གཏན་པ་མེད་པའི་མཆོད་སྦྱིན་བྱེད་པ་ཡོངས་སུ་དག་པས་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱེད་པའི་སྤྱོད་པ་ཤིན་ཏུ་དཀར་བ་ཡིན། ཇི་ལྟར་ཐོས་པའི་ཆོས་བསྒྲུབ་ཅིང་གཞན་ལ་གོ་བར་བྱེད་པ་ལ་མཁས་པ་ཡོངས་སུ་དག་པས་གཟུངས་དང་སྤོབས་པ་རབ་ཏུ་འཐོབ་པའི་སྤྱོད་པ་ཤིན་ཏུ་དཀར་བ་ཡིན། འཁྲུལ་པ་དང་། སྒྲིབ་པ་དང་ཆོད་པ་དང་ཀུན་ནས་ལྡང་བ་ཐམས་ཅད་དང་བྲལ་བ་ཡོངས་སུ་དག་པས་དྲན་པ་དང་། ཏིང་ངེ་འཛིན་དང་། གཡེང་བ་མེད་པའི་ཤེས་པ་ཤིན་ཏུ་དཀར་བ་ཡིན། བག་ཡོད་པ་ཡོངས་སུ་དག་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཤེས་པ་ཤིན་ཏུ་དཀར་བ་ཡིན། སེམས་དང་ཡིད་དང་རྣམ་པར་ཤེས་པ་ཡོངས་སུ་དག་པས་ཞི་གནས་དང་ལྷག་མཐོང་ཤེས་པ་ཤིན་ཏུ་དཀར་བ་ཡིན། ཕྱོགས་དང་མི་འཐུན་པའི་ཕྱོགས་དང་རྒྱུན་ཆད་པ་དང་ཆགས་པ་ལས། ཤིན་ཏུ་འདས་པ་ཡོངས་སུ་དག་པས་ས་བཅུ་གནོན་པའི་ཡེ་ཤེས་ཤིན་ཏུ་དཀར་བ་ཡིན། མི་དགེ་བའི་ཆོས་ཐམས་ཅད་སྤང་བའི་ཕྱིར་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་དག་པས་བྱང་ཆུབ་ཀྱི། སྙིང་པོའི་རྒྱན་གྱི་ཡེ་ཤེས་ཤིན་ཏུ་དཀར་བ་ཡིན་ཏེ། བློ་གྲོས་རྒྱ་མཚོ་ཆོས་བཅུ་པོ་དེ་དག་ཤིན་ཏུ་དཀར་བའི་ཕྱིར་ཏིང་ངེ་འཛིན་འདི་ཤིན་ཏུ་དཀར་ ― DKG058_Page_0051 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་ཞེས་བྱའོ།། །།འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ། བམ་པོ་གསུམ་པ། བློ་གྲོས་རྒྱ་མཚོ་ཅིའི་ཕྱིར་དྲི་མ་མེད་པའི་ཕྱག་རྒྱ་ཞེས་བྱ་ཞེ་ན། བློ་གྲོས་རྒྱ་མཚོ་ཉི་ཤུ་པོ་འདི་དག་ནི་དྲི་མ་མེད་པའི་ཕྱག་རྒྱའི་སྒོ་ཡིན་ཏེ། དེ་དག་གིས་ནི་ཏིང་ངེ་འཛིན་འདི་དྲི་མ་མེད་པའི་ཕྱག་རྒྱ་ཞེས་བྱའོ། །ཉི་ཤུ་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། ངར་འཛིན་པ་ཡོངས་སུ་དག་པས་ནང་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། ང་ཡིར་འཛིན་པ་ཡོངས་སུ་དག་པས་ཕྱི་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། ལྟ་བར་སོང་བ་ཐམས་ཅད་ཡོངས་སུ་དག་པས་འཇིག་ཚོགས་ཀྱི་ངོ་བོ་ཉིད་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། གདོད་མ་ནས་ཡོངས་སུ་དག་པའི་ཕྱིར་སེམས་ཅན་ཐམས་ཅད་བདག་མེད་པ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། རོ་གཅིག་པའི་ཕྱིར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། རྣམ་པར་ཐར་པ་ཐམས་ཅད་ཡོངས་སུ་དག་པའི་ཕྱིར་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། ཤིན་ཏུ་ཡོངས་སུ་དག་པའི་ཕྱིར་ནམ་མཁའ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། ཐ་དད་དུ་བྱ་བ་མེད་པའི་ཕྱིར་སེམས་ཅན་གྱི་ཁམས་དང་ཆོས་ཀྱི་དབྱིངས་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། རང་གི་མངོན་པར་ཤེས་པ་ཡོངས་སུ་དག་པའི་ཕྱིར་མངོན་སུམ་དུ་ལེགས་པར་མཐོང་བ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། རྟག་ཏུ་སྣང་བ་ཡོངས་སུ་དག་པའི་ཕྱིར་ཉི་མའི་དཀྱིལ་འཁོར་ལྟར་རབ་ཏུ་གསལ་བ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། ཆགས་པ་ཐམས་ཅད་དང་བྲལ་བ་ཡོངས་སུ་དག་པའི་ཕྱིར་དུས་གསུམ་ལ་ཆགས་པ་མེད་པའི་ཡེ་ཤེས་མཐོང་བ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། རྣམ་པར་ཤེས་པ་དང་ཡེ་ཤེས་གནས་པ་མེད་པའི་ཕྱིར་རྣམ་པར་རིག་པའི་སྒོ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། འདུས་བྱས་ཀྱི་ངོ་བོ་ཉིད་ཡོངས་སུ་དག་པའི་ཕྱིར་འདུས་མ་བྱས་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། རྐྱེན་ཤིན་ཏུ་བརྟགས་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པ་ཡོངས་སུ་ ― DKG058_Page_0052 ―
[མ་དཔེ་གཟིགས་ན་འདིར་གནོན།]
དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། ཡང་དག་པར་ཤེས་པ་རྫི་བ་མེད་པ་ཡོངས་སུ་དག་པའི་ཕྱིར་སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་ཀྱི་རྗེས་སུ་འགྲོ་བ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། སྔོན་ཡོངས་སུ་སྦྱང་བ་བྱས་པ་ཡོངས་སུ་དག་པའི་ཕྱིར། སངས་རྒྱས་ཀྱི་ཆོས་རྟོགས་པའི་མཚན་ཉིད་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་ཕྱིར་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། མཐའ་ཐམས་ཅད་དང་བྲལ་བ་ཡོངས་སུ་དག་པའི་ཕྱིར། བདུད་དང་ཕྱིར་རྒོལ་བ་བཅོམ་པ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། ཆོས་རྣམས་ཀྱི་རང་བཞིན་ཡོངས་སུ་དག་པའི་ཕྱིར་ཉོན་མོངས་པའི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་འཇོམས་པ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་དང་། ཡང་དག་པར་བླངས་པ་ཡོངས་སུ་རྫོགས་པར་བྱེད་པ་ཡོངས་སུ་དག་པའི་ཕྱིར་སེམས་ཀྱི་སྐད་ཅིག་གཅིག་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྒོ་རྟོགས་པ་ཡོངས་སུ་དག་པ་དྲི་མ་མེད་པའི་ཕྱག་རྒྱ་སྟེ། བློ་གྲོས་རྒྱ་མཚོ་དྲི་མ་མེད་པའི་ཕྱག་རྒྱའི་སྒོ་ཉི་ཤུ་པོ་དེ་དག་གིས་ཏིང་ངེ་འཛིན་འདི་དྲི་མ་མེད་པའི་ཕྱག་རྒྱ་ཞེས་བྱ་སྟེ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས་ཏིང་ངེ་འཛིན་གང་རབ་ཏུ་འཐོབ་པའི་ཏིང་ངེ་འཛིན་འདི་ནི་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱ་ཞེས་བྱའོ། །ཏིང་ངེ་འཛིན་འདི་ཐོབ་མ་ཐག་ཏུ་ཤུགས་ཆེན་པོ་མ་འདྲེས་པ་བརྒྱད་འབྱུང་བར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་རྡོ་རྗེར་གནས་པར་འགྱུར་བ་འདི་ནི་ཤུགས་ཆེན་པོ་མ་འདྲེས་པ་འབྱུང་བ་དང་པོའོ། །ཤིང་ལྗོན་པ་ཐམས་ཅད་ལ་ལོ་མ་དང་། མེ་ཏོག་དང་། འབྲས་བུ་སྣ་ཚོགས་ཆགས་ཏེ་བྱང་ཆུབ་ཀྱི་ཤིང་ག་ལ་བ་དེ་ལོགས་སུ་འདུད་ཅིང་འདུད་ལ་རབ་ཏུ་འདུད་དེ་མངོན་པར་རབ་ཏུ་འདུད་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱང་སྐད་ཅིག་དེ་ལ་ཉོན་མོངས་པ་ཐམས་ཅད་ཀྱི་གནོད་པར་མི་འགྱུར་བ་དང་། ངན་སོང་བའི་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བྱང་ཆུབ་ ― DKG058_Page_0053 ―
[མ་དཔེ་གཟིགས་ན་འདིར་གནོན།]
སེམས་དཔའ་མཐོང་སྟེ། མཐོང་ནས་ཀྱང་བདེ་བ་ཐམས་ཅད་ཀྱིས་ཚིམ་པར་འགྱུར་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་བར་གྱི་འཇིག་རྟེན་གྱི་ཁམས་རྣམས་གསེར་གྱི་ཁ་དོག་ལྟ་བུའི་འོད་ཀྱིས་ཁྱབ་པར་འགྱུར་བ་དང་། ས་གཡོ་བ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་ཞིང་སེམས་ཅན་གང་ལའང་རྣམ་པར་གནོད་པར་མི་འགྱུར་བ་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཞལ་སྟོན་ཅིང་མི་འཇིགས་པས་དབུགས་འབྱིན་པར་མཛད་དེ། དེད་དཔོན་ཆེན་པོ་རྒྱལ་བར་གྱུར་ཅིག ། རྒྱལ་བར་གྱུར་ཅིག་ཅེས་གསུང་བརྗོད་པར་འགྱུར་བ་དང་། སེམས་ཀྱི་སྐད་ཅིག་གཅིག་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཆུབ་པར་འགྱུར་བ་སྟེ། བློ་གྲོས་རྒྱ་མཚོ་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་ཐོབ་མ་ཐག་ཏུ་ཤུགས་ཆེན་པོ་མ་འདྲེས་པ་བརྒྱད་པོ་དེ་དག་འབྱུང་བར་འགྱུར་རོ། །འདི་ལྟར་ཏིང་ངེ་འཛིན་འདིའི་མཐུས་འདིར་ཡོན་ཏན་གྱི་རྒྱུ་དཔག་ཏུ་མེད་པར་ཡང་ཀུན་ཏུ་སྣང་ངོ་། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཆོས་འདི་དྲི་མེད་དག་དགེ་རང་བཞིན་འོད་གསལ་ཏེ། །ནམ་མཁའ་མཚུངས་ཤིང་མཉམ་ལ་གདོད་ནས་བྱུང་བ་མེད། །མ་སྐྱེས་མ་བྱུང་གནས་པ་མེད་ཅིང་འགགས་པ་མེད། །འདི་ནི་རྒྱལ་བའི་ཕྱག་རྒྱ་དྲི་མེད་གཡོ་བ་མེད། །དེ་ཡི་རྩ་བའི་གནས་ནི་དབྱེ་བ་མེད་པའི་གཟུངས། །བྱམས་པ་དང་ནི་སྙིང་རྗེ་སྒོམ་པ་ཟུང་དུ་འབྲེལ། །དེས་ན་འགྲོ་བ་ཀུན་གྱིས་བཀུར་ཀྱང་དགའ་བ་མེད། །བསྟི་སྟང་མ་བྱས་ཡི་འཆད་མེད་དེ་མཉམ་པའི་བློ། །དེ་ནི་མཉམ་པའི་ཆོས་ལས་ཡེ་ཤེས་སྐྱེས་གྱུར་ནས། །གཏི་མུག་མུན་པ་ཐམས་ཅད་བཅོམ་སྟེ་རྨོངས་པ་མེད། །ཡེ་ཤེས་ལྡན་པ་ཡིན་གྱིས་ང་རྒྱལ་ལྡན་པ་མིན། །ངེས་བསམ་མཉམ་ཆོས་ཤེས་ནས་ཤིན་ཏུ་རྣམ་པར་དག ། མཁས་པ་ལུས་ངག་ཡིད་ཀྱིས་ལས་ནི་གང་བྱེད་པ། །ཐམས་ཅད་ཤེས་པས་བྱས་ཏེ་འགྲོ་ལ་བདེ་བ་བྱེད། །དེ་ལུས་རྣམ་པར་དག་པ་སེམས་ཅན་མང་པོས་མཐོང་། །རྒྱལ་བའི་ཡེ་ཤེས་རྡུལ་མེད་བླ་ན་མེད་ལ་སྨོན། །དེ་ཡི་སྤྱོད་ལམ་རྟག་ཏུ་བསྡམས་ཏེ་འཁྲུལ་པ་མེད། །ལྷུན་གྱིས་གྲུབ་ ― DKG058_Page_0054 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྟེ་ཐ་མར་མི་རྟོག་རྣམ་རྟོག་མེད། །ལུས་ཀྱི་ཉེས་པ་མཐའ་ཡས་ཇི་ཙམ་གང་བརྗོད་པ། །དེ་དག་དེ་ལ་ཆད་དེ་གདོད་ནས་སྐྱེས་པ་མེད། །དེ་ལུས་མཚན་གྱིས་བརྒྱན་ཏེ་ཤིན་ཏུ་རྣམ་པར་ཕྱེ། །དེ་ཡི་རྐང་མཐིལ་འཇམ་ཞིང་བསོད་ནམས་རྣམས་ལས་བྱུང་། །དབང་པོ་ཐམས་ཅད་ཡོངས་སུ་རྫོགས་པས་ལུས་མཛེས་ཀྱང་། །མཁས་པ་གཟུགས་ཀྱིས་རྒྱགས་པས་རློམ་སེམས་བྱེད་པ་མེད། །དམན་ཞིང་དབུལ་བས་སྡུག་བསྔལ་སེམས་ཅན་མང་པོ་གང་། །དེ་དག་ལ་ཡང་གུས་བཅས་འདུད་ཅིང་རབ་ཏུ་འདུད། །བདག་ནི་ཆོས་འཛིན་གྱུར་ཅིག་སྙམ་སྟེ་ང་རྒྱལ་མེད། །ཆོས་མཉན་དེས་ནི་བྱང་ཆུབ་དམ་པ་ཐོབ་པར་འགྱུར། །དེ་ཡིས་རང་གི་ལུས་ཀྱི་ཆོས་ཉིད་ཤེས་ནས་ནི། །དེ་ཡི་སེམས་ཅན་ཀུན་ལུས་དེ་ལྟར་རྟོགས་པས་ན། །དེ་ནི་ཆོས་ལུས་རྡུལ་དང་བྲལ་བ་ཐོབ་འགྱུར་ཏེ། །ཟང་ཟིང་ལུས་མིན་ཉོན་མོངས་རྣམས་ལས་ཤིན་ཏུ་གྲོལ། །རྟག་ཏུ་ཏིང་འཛིན་སྤྱོད་ཡུལ་བསམ་གཏན་ཟས་ཅན་འགྱུར། །གཟི་བརྗིད་ཆེན་པོ་ལ་ནི་ཟང་ཟིང་ལུས་མི་སྲིད། །སེམས་ཅན་དོན་དུ་ཁ་ཟས་ཟ་ཡི་སྟོབས་ཕྱིར་མིན། །འཆི་མེད་དོན་དུ་དེ་ནི་ཆོས་ཀྱིས་སྲོག་ཀྱང་འཚོ། །འཕགས་པ་ཚུལ་ནི་རྟག་བསྲུང་ཤིན་ཏུ་རབ་ཏུ་ཞི། །འདོད་ཆགས་ཞེ་སྡང་གཏི་མུག་ཤིན་ཏུ་རྣམ་པར་ཕྱེ། །བསླབ་པ་སྦེད་པར་གནས་ཤིང་རྒོད་མེད་འཐུན་པར་བྱེད། །མཁས་པ་བདག་གཏོང་བྱེད་ཀྱི་སྡིག་པ་བྱེད་མ་ཡིན། །རྫུ་འཕྲུལ་གྱིས་ནི་བྱེ་བ་ཕྲག་མང་ཞིང་སོང་ནས། །སེམས་ཅན་ལུས་དང་འཐུན་པར་བྱས་ཏེ་ཆོས་ཀྱང་སྟོན། །འགྲོ་བའི་གཟུགས་དང་མཚན་དང་རྟགས་ནི་ཅི་འདྲ་བ། །དེ་ཡི་ལུས་ནི་དེ་ལྟ་བུ་དང་མཚུངས་པར་འགྱུར། །དེ་ཡི་ལུས་ལས་ཤིན་ཏུ་རྣམ་དག་འོད་བྱུང་སྟེ། །དེས་ནི་ཕྱོགས་བཅུ་མཐའ་ཡས་ཞིང་རྣམས་ཁྱབ་པར་བྱེད། །དེ་ཡི་འོད་དེ་བསོད་ནམས་གཟི་ལྡན་རེག་ན་འཇམ། །སྲོག་ཆགས་ཉོན་མོངས་གདུང་བ་ཐམས་ཅད་ཞི་བར་བྱེད། །སེམས་དམྱལ་རྣམས་ན་སེམས་ཅན་བརྒྱ་དག་སྡུག་བསྔལ་བ། །དེ་དག་འོད་ཀྱིས་རེག་མ་ཐག་ཏུ་བདེ་བར་འགྱུར། །ལུས་དང་ཡིད་ཀྱང་དགའ་བར་འགྱུར་བ་རབ་ཏུ་འཐོབ། །དེ་ནི་སེམས་ཅན་དམྱལ་ལས་རབ་ཏུ་ཐར་བའི་རྒྱུ། །འདི་དག་དང་ནི་གཞན་ཡང་ལུས་ལས་ཡོངས་སྦྱངས་པ། ། ― DKG058_Page_0055 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཐའ་ཡས་ལུས་རྣམས་ཡེ་ཤེས་ཀྱིས་ནི་རྣམ་པར་ཕྱེ། །མཁས་པ་ཤིན་ཏུ་དུལ་བ་སངས་རྒྱས་མཛད་པ་བྱེད། །རྡུལ་བྲལ་རྣམས་ཀྱི་ལུས་ཀྱི་ལས་འདི་དེ་འདྲའོ། །དེ་དག་ཚིག་ནི་རྣམ་དག་སྒྲ་སྙན་ཡིད་དུ་འོང་། །དེས་ནི་ལྷ་དང་ལྷ་མིན་འགྲོ་ཀུན་ཚིམ་པར་བྱེད། །དེ་སྨྲ་བ་ན་འཆད་པ་དོན་མེད་མི་འགྱུར་ཏེ། །ཐེག་པ་བདུད་རྩི་འདུས་བྱས་མིན་འདིར་ངེས་པར་འབྱུང་། །དག་ལས་ངག་གིས་ཉེས་པ་ངེས་མང་གང་ཡོད་པ། །དེ་དག་དེ་ཡི་བསོད་ནམས་དག་པས་ཀུན་ཏུ་ཆད། །སྐད་རྣམས་མཚུངས་ཤིང་སྒྲ་མཚུངས་གྱུར་པས་སེམས་ཅན་རྣམས། །སྒྲ་དང་ངག་ལས་ཇི་སྙེད་ཀུན་གྱིས་ཚིམ་པར་བྱེད། །དེ་ཡི་ངག་ནི་ཕྱད་ཅིང་མཉམ་ལ་ཡང་དག་མིན། །ཡང་དག་ལུང་སྟོན་བསྒྲིབས་པ་མེད་ཅིང་མཉམ་པར་བཞག ། ཚིག་གང་སྨྲས་པ་དེ་ཡང་དེ་བཞིན་འགྱུར་བ་སྟེ། །བདེན་པའི་རྗེས་སུ་འབྲང་བའི་ཤེས་པས་ཤིན་ཏུ་དག ། ཉོན་མོངས་ཐ་བ་མེད་ཅིང་འདོད་ཆགས་རབ་ཏུ་ཞི། །ཚར་བཅད་ཡོན་ཏན་སྨྲ་ཞིང་སྐྱོན་ལས་ཤིན་ཏུ་གྲོལ། །ཟབ་ཅིང་གཏིང་དཔག་དཀའ་ལ་ཤིན་ཏུ་ཆད་པ་སྟེ། །དོན་རྣམས་བྱེད་ཅིང་ཞིང་སྟོང་དག་ཏུ་ཁྱབ་པར་བྱེད། །རྟོག་པ་མེད་པར་ཚིག་འདི་རབ་ཏུ་སྨྲ་བར་བྱེད། །རང་གི་ངང་གིས་བྱུང་ནས་ཇི་ལྟར་ཐར་འགྱུར་སྨྲ། །རྟག་ཏུ་ས་བཞིན་སེམས་ཅན་དབང་པོ་ཚིམ་པར་བྱེད། །རྣམ་པར་སྤྱོད་བྱེད་ཚིག་མཆོག་འདིས་ནི་ཤེས་པས་བྱས། །དེ་ཡི་ཡིད་ལས་རྟག་ཏུ་བསྒྲིབས་མེད་ལེགས་པར་བྱས། །སེམས་ཀྱི་སྐད་ཅིག་གཅིག་གིས་འགྲོ་བའི་སེམས་རྣམས་ཤེས། །དེ་ནི་གཡེང་མེད་ཏིང་ངེ་འཛིན་ལས་ཉམས་པ་མེད། །ཁྱུ་མཆོག་དེ་ཡི་རྒྱུ་བ་བདུད་ཀྱིས་ཤེས་མ་ཡིན། །དེ་ཡི་སེམས་ཡིད་རྣམ་རྟོག་ཤིན་ཏུ་ཟབ་པ་སྟེ། །རང་རྒྱལ་རྣམས་དང་ཉན་ཐོས་ཀུན་གྱིས་ཤེས་པར་དཀའ། །བདག་དང་གཞན་ལ་རྣམ་པར་མི་འཚེ་རྗེས་ཆགས་མེད། །ཁོང་ཁྲོ་མེད་ཅིང་ཁེངས་པ་མེད་ཅིང་མཉམ་པའི་བློ། །མཁས་པ་དེ་ནི་འགྲོ་ལ་རིགས་བཞིན་ཤེས་པ་འཇུག ། ཚོར་བ་མ་ཡིན་སེམས་པ་མ་ཡིན་རྣམ་རྟོག་མིན། །འཆི་མེད་དོན་དུ་བྱང་ཆུབ་གནས་སུ་ཕྱིན་བར་དུ། །ཚོར་བ་འགོག་ལ་བདེ་བར་རྟོགས་པ་བྱེད་མ་ཡིན། །ཆོས་བཅུ་དེ་དག་གང་ལ་རྟག་ཏུ་དག་ ― DKG058_Page_0056 ―
[མ་དཔེ་གཟིགས་ན་འདིར་གནོན།]
གྱུར་པ། །ཁྱུ་མཆོག་དེ་ལ་ཏིང་འཛིན་འདི་ནི་མངོན་དུ་གྱུར། །གང་ཚེ་འཇུག་པའི་སྤྱོད་པ་རྣམ་པར་སྦྱངས་གྱུར་པ། །དཀར་པོའི་ལམ་རྣམས་ཀུན་གྱིས་འཕགས་ཤིང་ཡོངས་སུ་དག ། ས་རྣམས་ཇི་བཞིན་ཕ་རོལ་ཕྱིན་པ་ཀུན་སྦྱངས་ཏེ། །དགེ་བ་རྒྱ་ཆེན་ཐམས་ཅད་ཀྱིས་ནི་མངོན་པར་འཕགས། །བསོད་ནམས་འབྲས་བུས་མཚན་ཀུན་ཤིན་ཏུ་རྣམ་པར་དག ། སྤོབས་པས་ཀྱང་ནི་གཟུངས་རྣམས་མཐར་ཐུག་མེད་པར་འགྱུར། །མཁས་པ་རྟག་ཏུ་ཐོས་པའི་ཆོས་རྣམས་སྒྲུབ་པར་གནས། །མཁས་པ་རྟག་ཏུ་དྲན་ལ་མཉམ་བཞག་འཁྲུལ་པ་མེད། །དེ་ལ་ཀུན་ནས་ལྡང་བ་རྣམས་དང་འཁྲུལ་པ་ནི། །ཕྲ་རབ་མཐོང་བར་མི་ནུས་སྒྲིབ་ཀུན་རྣམ་པར་དག ། བྱང་ཆུབ་ཕྱོགས་ཆོས་རྒྱ་ཆེན་མཐའ་ཡས་གང་ཡིན་པ། །ཐམས་ཅད་དེ་ཡི་བག་ཡོད་པ་ལ་འདུ་བར་འགྱུར། །ཞི་གནས་མཐར་གྱུར་ལྷག་མཐོང་གིས་ནི་རྟག་ཏུ་ཤེས། །ས་བཅུ་པོ་ནི་གནོན་པར་འགྱུར་ཞིང་ཆགས་པ་མེད། །བྱང་ཆུབ་སྙིང་པོ་སྤྱད་ཕྱིར་ཤིན་ཏུ་རྫོགས་པར་སྨྲ། །དེ་ནི་མི་དགེ་ཀུན་སྤངས་དགྲ་ལས་རྒྱལ་བར་འགྱུར། །དགེ་བའི་ཆོས་རྣམས་ཀུན་གྱིས་འཕགས་པ་རི་རབ་བཞིན། །དེ་ནི་བསམ་ཡས་དྲི་མེད་འོད་འདི་རབ་ཏུ་ཐོབ། །ཏིང་འཛིན་འདི་ཐོབ་མཁས་དེ་བསོད་ནམས་བྱས་ནས་ནི། །ཡོངས་སུ་དག་པའི་ཆོས་མཆོག་ཉི་ཤུ་རབ་ཏུ་འཐོབ། །དེ་དག་གི་ནི་འགྲོ་བ་ཀུན་ནའང་ཉི་བཞིན་ལྷང་། །རྒྱལ་བའི་ཡེ་ཤེས་བླ་ན་མེད་པའི་བྱང་ཆུབ་རེག ། ཤིང་གི་དྲུང་དུ་ཤུགས་བརྒྱད་བསམ་དུ་མེད་ཐོབ་ནས། །དེ་དག་གིས་ནི་ཞིང་བརྒྱ་དག་ན་འགྲོ་དོན་བྱེད། །སངས་རྒྱས་མི་འཇིགས་བྱིན་ཞིང་འགྲོ་བའི་དཔའ་བོ་དེ། །བདུད་རྣམས་བཏུལ་བར་བྱས་ནས་བྱང་ཆུབ་མཆོག་ལ་རེག ། རྒྱལ་བའི་ཕྱག་རྒྱ་སྤྱངས་པ་ཐོབ་པར་གྱུར་ནས་ནི། །ཡོན་ཏན་འདི་འདྲ་དེ་ཀུན་བསམ་གྱིས་མི་ཁྱབ་འགྱུར། །དེ་ལྟ་བས་ན་མི་གང་ཡོན་ཏན་ཕྲེང་འདོད་པ། །དེ་མྱུར་བྱང་ཆུབ་སེམས་ལ་བརྩོན་འགྲུས་བརྟན་པ་བསྐྱེད། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ― DKG058_Page_0057 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆེན་པོ་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ཐོབ་པར་འདོད་པས་རྙོག་པ་མེད་པའི་སེམས་དང་། འཁྲུགས་པ་མེད་པའི་སེམས་ཀྱིས་ཤིན་ཏུ་དཀར་ཞིང་དྲི་མ་མེད་པའི་བློ་དང་ལྡན་པར་བྱའོ། །དེ་ལ་རྙོག་པ་མེད་པའི་སེམས་དེ་ནི་གང་སེམས་རང་བཞིན་གྱིས་འོད་གསལ་བ་ལ་གློ་བུར་གྱིས་ཉོན་མོངས་པ་རྣམས་ཀྱི་སྐབས་མེད་པ་དང་། འོད་གསལ་བའི་ཆོས་མི་འགྱུར་བ་ཉིད་དང་། ཡིད་ལ་བྱེད་པ་ཐམས་ཅད་ཀུན་ཏུ་མི་འབྱུང་བ་དང་། འདོད་ཆགས་དང་བྲལ་ཏེ་རྡུལ་མེད་པ་དང་། ཞེ་སྡང་དང་བྲལ་ཏེ་རྟོག་པ་མེད་པ་དང་། གཏི་མུག་དང་བྲལ་ཏེ་མུན་པ་མེད་པ་དང་། དག་པ་དང་། རྣམ་པར་དག་པ་དང་། ཤིན་ཏུ་དྲི་མ་མེད་པ་དང་། རྣམ་པར་གྲོལ་བ་ལས་བྱུང་བ་དང་། རྣམ་པར་གྲོལ་བ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ། དེ་བཞིན་ཉིད་དང་མཉམ་པའི་རྗེས་སུ་ཞུགས་པ་དང་། རྣམ་པར་གྲོལ་བ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ་ཆོས་ཀྱི་དབྱིངས་དང་མཉམ་པའི་རྗེས་སུ་ཞུགས་པ་དང་། རྣམ་པར་གྲོལ་བ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ། ཡང་དག་པའི་མཐའ་དང་མཉམ་པའི་རྗེས་སུ་ཞུགས་པ་དང་། རྣམ་པར་གྲོལ་བ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ། སྟོང་པ་ཉིད་དུ་མཉམ་པའི་རྗེས་སུ་ཞུགས་ཤིང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། མ་སྐྱེས་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པར་མཉམ་པའི་རྗེས་སུ་ཞུགས་པ་དང་། རྣམ་པར་གྲོལ་བ་ཇི་ལྟ་བར་འདུས་བྱས་ཀྱི་ཆོས་ཐམས་ཅད་དེ་བཞིན་ཏེ། དེ་བཞིན་དུ་འདུས་མ་བྱས་ཀྱི་ཆོས་མཉམ་པ་ཉིད་ཀྱིས་མཉམ་པའི་རྗེས་སུ་ཞུགས་པ་སྟེ། གང་འདི་ལ་མཉམ་པ་ཉིད་ཀྱི་རྗེས་སུ་འགྲོ་བའི་ཡེ་ཤེས་གདེགས་པ་དང་གཞག་པ་མེད་པ་འདི་ནི་རྙོག་པ་མེད་པའི་སེམས་ཞེས་བྱའོ། །གང་གི་ཚེ་ཆོས་འདི་དག་སེམས་ཅན་གཞན་དང་། གང་ཟག་གཞན་དག་ལ་སྟོན་ཀྱང་བདག་དང་གཞན་དུ་རྣམ་པར་འཁྲུགས་པ་མེད་པ་འདི་ནི་རྙོག་པ་མེད་པའི་སེམས་སོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་རྙོག་པ་མེད་ཅིང་འཁྲུགས་པ་མེད་པར་གྱུར་པ་དེའི་ཚེ་ཤིན་ཏུ་དཀར་བ་དྲི་ ― DKG058_Page_0058 ―
[མ་དཔེ་གཟིགས་ན་འདིར་གནོན།]
མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་རབ་ཏུ་འཐོབ་བོ། །བློ་གྲོས་རྒྱ་མཚོས་གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་ཟབ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་གཏིང་མི་དམིགས་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་བལྟ་དཀའ་བ་ལགས་སོ། །བཀའ་སྩལ་པ། གཉིས་དང་བྲལ་བའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་རྟོགས་པར་དཀའ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་རྒྱལ་གྱིས་ལྷག་པར་སེམས་པ་ལྷག་པར་མི་ཕྱེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་རྣམ་པར་འཚལ་བར་དཀའ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་ཤེས་པ་དང་ཡེ་ཤེས་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་གསལ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་རབ་ཏུ་ཐོབ་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་ཤིན་ཏུ་ཕྲ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔེ་རྣམ་པར་གཞག་པ་དང་བྲལ་བའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་སྙིང་པོ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་ལྟ་བུའི་ཡེ་ཤེས་རབ་ཏུ་ཐོབ་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་དབྱེར་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དབྱེར་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་ཆགས་པ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆགས་པའི་ལམ་ཐམས་ཅད་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་སྣང་བར་གྱུར་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཏི་མུག་གི་མུན་པ་དང་བྲལ་བའི་ཕྱིར་རོ། ། གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་རྣམ་པར་དག་པ་ལགས་སོ། །བཅོམ་ ― DKG058_Page_0059 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་དྲི་མ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་ཆགས་ཀྱི་རྡུལ་དང་བྲལ་བའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་རྒྱུ་བ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁམས་གསུམ་དུ་མི་རྒྱུ་བའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་སྤྲོས་པ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་མི་གཡོ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་མཐར་ཐུག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ནི་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའ་དང་མཚུངས་ཤིང་མཉམ་པའི་ཕྱིར་རོ། །བློ་གྲོས་རྒྱ་མཚོས་གསོལ་པ། བཅོམ་ལྡན་འདས་བརྩོན་འགྲུས་བརྩམས་པ་ཅི་འདྲ་བ་ཞིག་གིས་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ཐོབ་པར་ནུས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན། སྐྱེས་བུ་ལ་ལ་ཞིག་ནམ་མཁའ་དང་གཡུལ་འགྱེད་པ་འདོད་པར་གྱུར་ན་དེས་ནམ་མཁའི་གོ་ཆ་ཉིད་བགོ་བར་བྱའོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་ཐོབ་པར་འདོད་པས་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་གོ་ཆ་ཉིད་བགོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་འགོད་པ་ཅི་འདྲ་བར་འཐོབ་པའང་དེ་འདྲ་བའི་ཕྱིར་རོ། །བློ་གྲོས་རྒྱ་མཚོ་དེ་ལ་རྣམ་པར་ཤེས་པ་ནི་འདུས་བྱས་ཀྱི་ས་བོན་ནོ། །རྣམ་པར་རིག་པ་མེད་པ་ནི་འདུས་མ་བྱས་ཀྱི་ས་བོན་ཏེ། ཏིང་ངེ་འཛིན་འདི་ནི་རྣམ་པར་རིག་པ་མེད་པའི་ས་བོན་ནོ། །ཏིང་ངེ་འཛིན་འདི་ནི་མིག་གི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་མ་ཡིན་ནོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ ― DKG058_Page_0060 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤེས་པས་རྣམ་པར་ཤེས་པར་བྱ་བ་མ་ཡིན་ནོ། །ཏིང་ངེ་འཛིན་འདི་ནི་རྣམ་པར་རིག་པས་རྟོགས་པར་བྱ་བ་མ་ཡིན་ནོ། །ཚོར་བས་མ་ཡིན་ཏེ། ཏིང་ངེ་འཛིན་འདི་ནི་ཚོར་བ་དང་། རྣམ་པར་རིག་པ་མེད་པའི་མཚན་ཉིད་དོ། །ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །བློ་གྲོས་རྒྱ་མཚོ་ངས་ནི་མཚན་ཉིད་གཞན་གྱིས་ཀུན་ནས་ཉོན་མོངས་པ་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན། མཚན་ཉིད་གཞན་གྱིས་རྣམ་པར་བྱང་བ་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་ནས་ཉོན་མོངས་པའི་མཚན་ཉིད་གང་ཡིན་པ་དེ་ཉིད་རྣམ་པར་བྱང་བའི་མཚན་ཉིད་དེ་འདི་ལྟ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་མཚན་ཉིད་དོ། །རང་བཞིན་གྱིས་རྣམ་པར་དག་པའི་མཚན་ཉིད་གང་ཡིན་པ་དེ་མཚན་ཉིད་མེད་པའོ། །མཚན་ཉིད་མེད་པ་གང་ཡིན་པ་དེ་མཚན་མ་མེད་པའོ། །མཚན་མ་མེད་པ་གང་ཡིན་པ་དེ་ལ་སོ་སོར་རྣམ་པར་རིག་པ་གང་ཡང་མེད་དོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་རྣམ་པར་རིག་པ་མེད་ཅིང་རྣམ་པར་རིག་པར་བྱ་བ་མ་ཡིན་པའོ། །ཆོས་གང་རྣམ་པར་རིག་པ་མེད་ཅིང་རྣམ་པར་རིག་པར་བྱ་བ་མ་ཡིན་པ་དེ་ལ་ཡི་གེ་རྣམས་ཀུན་ཏུ་མི་འབྱུང་ངོ་། །གང་ལ་ཡི་གེ་རྣམས་ཀུན་ཏུ་མི་འབྱུང་བ་དེ་ཇི་ལྟ་བ་བཞིན་ནོ། །ཇི་ལྟ་བ་བཞིན་གང་ཞེ་ན། སྔོན་གྱི་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་བར་དུ་ཡང་དེ་བཞིན་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་དུས་གསུམ་དུ་སྟོང་པ་ཞེས་བྱའོ། །ཅིའི་ཕྱིར་སྟོང་པ་ཉིད་ཅེས་བྱ་ཞེ་ན། དེ་ནི་མ་བྱས་པ་བྱ་བར་འགྱུར་བ་མ་ཡིན་པ། བྱ་བ་མ་ཡིན་པ་རྣམ་པར་བྱ་བ་མ་ཡིན་པ་སྟེ། དེའི་ཕྱིར་སྟོང་པ་ཉིད་ཅེས་བྱའོ། །བྱ་བ་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། མངོན་པར་འདུ་བྱ་བ་མེད་པ་སྟེ། དེ་ལྟར་མི་བྱེད་པས་བྱས་པའི་ཆོས་གང་ཡང་མེད་དོ། །དེའི་ཕྱིར་དེ་ནི་བྱ་བར་འགྱུར་བ་མེད་པ་ཞེས་བྱའོ། །མངོན་པར་འདུ་བྱ་བ་མེད་པ་གང་ཞེ་ན། གང་ལ་ལུས་ཀྱིས་མངོན་པར་འདུ་བྱ་བ་མེད་པ་དང་། ངག་གིས་མངོན་པར་འདུ་བྱ་བ་མེད་པ་དང་། ཡིད་ཀྱིས་མངོན་པར་འདུ་བྱ་བ་མེད་པ་སྟེ། འདི་ནི་མངོན་ ― DKG058_Page_0061 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་འདུ་བྱ་བ་མེད་པ་ཞེས་བྱའོ། །མངོན་པར་འདུ་བྱ་བ་མེད་པ་གང་ཡིན་པ་དེ་འདུས་མ་བྱས་ཏེ། དེ་ལ་ནི་སྐྱེ་བ་མེད། འཇིག་པ་མེད། གནས་པ་མེད་དོ། །གང་ལ་སྐྱེ་བ་མེད། འཇིག་པ་མེད། གནས་པ་མེད་པ་དེ་དག་གནས་མེད་པའོ། །གང་ལ་གནས་དེ་མེད་ཅེ་ན། མངོན་པར་འདུ་བྱ་བ་ཐམས་ཅད་ལ་གནས་དེ་མེད་དེ། དེའི་ཕྱིར་གནས་དེ་མེད་པ་ཞེས་བྱའོ། །དེ་ལ་ནི་གཟུགས་ལ་སོང་བའི་རྣམ་པར་ཤེས་པ་མི་གནས། ཚོར་བ་ལ་སོང་བ་དང་། འདུ་ཤེས་ལ་སོང་བ་དང་། འདུ་བྱེད་ལ་སོང་བ་དང་། རྣམ་པར་ཤེས་པ་ལ་སོང་བའི་རྣམ་པར་ཤེས་པ་མི་གནས་སོ། །རྣམ་པར་ཤེས་པ་མི་གནས་པ་གང་ཡིན་པ་དེ་ཡེ་ཤེས་དང་ལྡན་པའོ། །ཡེ་ཤེས་དང་ལྡན་པ་གང་ཡིན་པ་དེ་ཡེ་ཤེས་ཀྱིས་རློམ་སེམས་སུ་མི་བྱེད་པའོ། །གང་རློམ་སེམས་སུ་མི་བྱེད་པ་དེ་མངོན་པར་རློམ་སེམས་སུ་མི་བྱེད་དོ། །གང་མངོན་པར་རློམ་སེམས་སུ་མི་བྱེད་པ་དེ་མི་རྩོད་དོ། །གང་མི་རྩོད་པ་དེ་ཀུན་ཏུ་མི་འབར་རོ། །གང་ཀུན་ཏུ་མི་འབར་བ་དེ་ཀུན་ཏུ་གདུང་བ་མ་ཡིན་ནོ། །གང་ཀུན་ཏུ་གདུང་བ་མ་ཡིན་པ་དེ་རབ་ཏུ་འབར་བ་མ་ཡིན་ནོ། །གང་རབ་ཏུ་འབར་བ་མ་ཡིན་པ་དེ་ཞི་བའོ། །ཞི་བ་གང་ཡིན་པ་དེ་རབ་ཏུ་ཞི་བའོ། །རབ་ཏུ་ཞི་བ་གང་ཡིན་པ་དེ་ཉེ་བར་ཞི་བའོ། །ཉེ་བར་ཞི་བ་གང་ཡིན་པ་དེ་ཐུབ་པ་ཞེས་བྱའོ། །སྟོན་པ་ཞེས་བྱའོ། །བློ་གྲོས་རྒྱ་མཚོ་ཆོས་འདི་དག་ནི་འདི་ལྟར་ཟབ་པའོ། །འདི་ལྟར་བལྟ་དཀའ་བའོ། །འདི་ལྟར་རྟོགས་པར་དཀའ་བའོ། །གང་དག་གིས་ཆོས་འདི་དག་ཐོས་ནས་མོས་པར་བྱེད་པ་དེ་དག་ཐམས་ཅད་ཕྱིན་ཅི་ལོག་པ་དང་ཉེ་བའི་ཉོན་མོངས་པ་དང་། ཡོངས་སུ་འཛིན་པ་དང་། འཆིང་བ་ཐམས་ཅད་ལས་རྣམ་པར་གྲོལ་ཏེ། འདི་དག་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་མཛོད་འཛིན་པ་དག་གོ །དེ་དང་དེ་དག་ནི་དེད་དཔོན་ཆེན་པོ་སྟེ། སེམས་ཅན་ཐམས་ཅད་ལ་ལམ་ཚད་མེད་པ་སྟོན་པ་དག་གོ །དེ་དང་དེ་དག་ནི་སྨན་པའི་རྒྱལ་པོ་སྟེ། ཉོན་མོངས་པ་གཟུགས་ཅན་མ་ཡིན་པའི་ནད་ལས་རབ་ཏུ་ཐར་བར་བྱེད་པ་དག་གོ །དེ་དང་ ― DKG058_Page_0062 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་དག་ནི་མཆོད་པ་མཆོག་གིས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱེད་པ་དག་སྟེ། དེ་དག་ནི་རིང་པོ་མི་ཐོགས་པ་ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ཐོབ་པར་འགྱུར་རོ། །དེ་དག་ནི་ཐེག་པ་ཆེན་པོ་འདིར་ངེས་པར་བྱས་པ་དག་གོ །དེ་དག་ནི་ཆོས་ཀྱི་གྲུ་ཆེན་པོ་ཡང་དག་པར་སྦྱར་བ་དག་གོ །དེ་དག་ནི་སེམས་ཅན་ཚད་མེད་པ་དག་འཁོར་བའི་ཆུ་བོ་ཆེན་པོ་ལས་སྒྲོལ་བར་འགྱུར་བ་དག་གོ །དེ་དག་ནི་ཡང་བདུད་ཀྱི་ཡུལ་དུ་བརྗོད་པ་མ་ཡིན་པ་དག་གོ །སྐྱེས་བུ་དམ་པ་དེ་དག་ནི་བདུད་དང་ཕྱིར་རྒོལ་བ་བཅོམ་པ་དག་གོ །ཏིང་ངེ་འཛིན་བསྟན་པའི་ལེའུ་སྟེ། གསུམ་པའོ།། །། བཞི་པ། དཔེ་བསྟན་པའི་ལེའུ།― DKG058_Page_0062 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བདུད་ཕྱིར་རྒོལ་བ་བཅོམ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འཛིན་པ་ཐམས་ཅད་དོན་དུ་མི་གཉེར་བ་དེའི་ཚེ་བདུད་ཕྱིར་རྒོལ་བ་བཅོམ་པ་ཡིན་ནོ། །གང་གི་ཚེ་མཚན་མ་དང་དམིགས་པ་ཐམས་ཅད་དོན་དུ་མི་གཉེར་བ་དེའི་ཚེ་བདུད་ཕྱིར་རྒོལ་བ་བཅོམ་པ་ཡིན་ནོ། །བློ་གྲོས་རྒྱ་མཚོ་བདུད་ནི་བཞི་པོ་འདི་དག་སྟེ། བཞི་གང་ཞེ་ན། ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་དེ་བཞི་པོ་འདི་དག་ནི་བདུད་དོ། །དེ་ལ་སྒྱུ་མའི་ཆོས་སུ་སོ་སོར་རྟོག་པས་ཕུང་པོའི་བདུད་འཇོམས་སོ། །སྟོང་པ་ཉིད་ངེས་པར་སེམས་པ་ལ་སོ་སོར་རྟོག་པས་ཉོན་མོངས་པའི་བདུད་འཇོམས་སོ། །སྐྱེ་བ་མེད་པ་དང་འབྱུང་བ་མེད་པར་སོ་སོར་རྟོག་པས་འཆི་བདག་གིས་བདུད་འཇོམས་སོ། །ང་རྒྱལ་གྱིས་སྒྲོ་བཏགས་པ་ཐམས་ཅད་འགོག་པར་འགྱུར་བའི་ལམ་གྱིས་ལྷའི་བུའི་བདུད་འཇོམས་སོ། །གཞན་ཡང་སྡུག་བསྔལ་ཡོངས་སུ་ཤེས་པས་ཕུང་པོའི་བདུད་འཇོམས་སོ། །ཀུན་འབྱུང་བ་སྤོང་བས་ཉོན་མོངས་པའི་བདུད་འཇོམས་སོ། །འགོག་པ་མངོན་སུམ་དུ་བྱེད་པས་འཆི་བདག་གི་བདུད་འཇོམས་སོ། །ལམ་སྒོམ་པས་ལྷའི་ ― DKG058_Page_0063 ―
[མ་དཔེ་གཟིགས་ན་འདིར་གནོན།]
བུའི་བདུད་འཇོམས་སོ། །གཞན་ཡང་འདུ་བྱེད་ཐམས་ཅད་ལ་སྡུག་བསྔལ་དུ་སོ་སོར་རྟོག་པས་ཕུང་པོའི་བདུད་འཇོམས་སོ། །འདུ་བྱེད་ཐམས་ཅད་ལ་མི་རྟག་པར་སོ་སོར་རྟོག་པས་ཉོན་མོངས་པའི་བདུད་འཇོམས་སོ། །ཆོས་ཐམས་ཅད་ལ་བདག་མེད་པར་སོ་སོར་རྟོག་པས་འཆི་བདག་གི་བདུད་འཇོམས་སོ། །མྱ་ངན་ལས་འདས་པ་ལ་ཞི་བར་སོ་སོར་རྟོག་པས་ལྷའི་བུའི་བདུད་འཇོམས་སོ། །བློ་གྲོས་རྒྱ་མཚོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་ནང་གི་ཉོན་མོངས་པའི་དྲི་མ་སྤངས་ཏེ་བྱང་ཆུབ་ཀྱི་སེམས་མ་བརྗེད་པར་སྦྱིན་པ་བྱིན་ནས། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པ་དེའི་ཚེ་ཕུང་པོའི་བདུད་ཚར་གཅོད་པ་ཡིན་ནོ། །གང་གི་ཚེ་ལུས་ལ་མི་ལྟ་ཞིང་ལུས་ལ་མ་ཆགས་པར་སྦྱིན་པ་བྱིན་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པ་དེའི་ཚེ་ཉོན་མོངས་པའི་བདུད་ཚར་གཅོད་པ་ཡིན་ནོ། །གང་གི་ཚེ་ཀྱེ་མ་ལོངས་སྤྱོད་འདི་དག་ནི་མི་རྟག་པ་ཐུན་མོང་བ་སྟེ། དེ་དག་ལས་བདག་གིས་སྙིང་པོ་བླངས་པར་འགྱུར་རོ་སྙམ་སྟེ་སྦྱིན་པ་བྱིན་ནས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པ་དེའི་ཚེ་འཆི་བདག་གི་བདུད་ཚར་གཅོད་པ་ཡིན་ནོ། །གང་གི་ཚེ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས། སེམས་ཅན་ཐམས་ཅད་བསྡུ་བའི་ཕྱིར་རབ་ཏུ་ཐར་བར་བྱ་བའི་བློས་སྦྱིན་པ་བྱིན་ནས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པ་དེའི་ཚེ། ལྷའི་བུའི་བདུད་ཚར་གཅོད་པ་ཡིན་ནོ། །བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་སྲིད་པར་འགྲོ་བའི་སྐྱེ་བ་ལ་མངོན་པར་འདོད་པ་མེད་པར་ཚུལ་ཁྲིམས་སྲུང་བས་ཕུང་པོའི་བདུད་ཚར་གཅོད་དོ། །བདག་མེད་པར་ལྟ་བ་ལ་གནས་ཏེ་ཚུལ་ཁྲིམས་སྲུང་བས་ཉོན་མོངས་པའི་བདུད་ཚར་གཅོད་དོ། །ཚུལ་ཁྲིམས་ཡོངས་སུ་དག་སྟེ་རྒ་ཤི་ལས་བཟླ་བའི་ཕྱིར་ཚུལ་ཁྲིམས་སྲུང་བས་འཆི་བདག་གི་བདུད་ཚར་གཅོད་དོ། །བདག་གིས་ཚུལ་ཁྲིམས་འཆལ་པའི་སེམས་ཅན་རྣམས་འཕགས་པའི་ཚུལ་ཁྲིམས་ལ་རབ་ཏུ་དགོད་པར་བྱའོ་སྙམ་སྟེ། ཚུལ་ཁྲིམས་སྲུང་བས་ལྷའི་བུའི་བདུད་ཚར་གཅོད་ ― DKG058_Page_0064 ―
[མ་དཔེ་གཟིགས་ན་འདིར་གནོན།]
དོ། །བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་བདག་མི་དམིགས་པར་བཟོད་པ་སྒོམ་པས་ཕུང་པོའི་བདུད་ཚར་གཅོད་དོ། །སེམས་ཅན་མི་དམིགས་པར་བཟོད་པ་སྒོམ་པས་ཉོན་མོངས་པའི་བདུད་ཚར་གཅོད་དོ། །འཁོར་བ་མི་དམིགས་པར་བཟོད་པ་སྒོམ་པས་འཆི་བདག་གི་བདུད་ཚར་གཅོད་དོ། །མྱ་ངན་ལས་འདས་པ་མི་དམིགས་པར་བཟོད་པ་སྒོམ་པས་ལྷའི་བུའི་བདུད་ཚར་གཅོད་དོ། །བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་ལུས་དབེན་པར་བརྩོན་འགྲུས་རྩོམ་པས་ཕུང་པོའི་བདུད་ལས་ཤིན་ཏུ་འདའོ། །སེམས་དབེན་པར་བརྩོན་འགྲུས་རྩོམ་པས་ཉོན་མོངས་པའི་བདུད་ལས་ཤིན་ཏུ་འདའོ། །སྐྱེ་བ་མེད་པ་དང་འབྱུང་བ་མེད་པར་བརྩོན་འགྲུས་རྩོམ་པས་འཆི་བདག་གི་བདུད་ལས་ཤིན་ཏུ་འདའོ། །འཁོར་བས་ཡོངས་སུ་མི་སྐྱོ་བས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བརྩོན་འགྲུས་རྩོམ་པས་ལྷའི་བུའི་བདུད་ལས་ཤིན་ཏུ་འདའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཕུང་པོ་ལ་མི་གནས་པར་བསམ་གཏན་བྱེད་པས་ཕུང་པོའི་བདུད་ལས་ཤིན་ཏུ་འདའོ། །ཁམས་ལ་མི་གནས་པར་བསམ་གཏན་བྱེད་པས་ཉོན་མོངས་པའི་བདུད་ལས་ཤིན་ཏུ་འདའོ། །སྐྱེ་མཆེད་ལ་མི་གནས་པར་བསམ་གཏན་བྱེད་པས་འཆི་བདག་གིས་བདུད་ལས་ཤིན་ཏུ་འདའོ། །བསམ་གཏན་གྱི་ཡན་ལག་དེ་དག་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པས་ལྷའི་བུའི་བདུད་ལས་ཤིན་ཏུ་འདའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱིས་ཕུང་པོ་ལ་མཁས་པར་གྱུར་པས་ཕུང་པོའི་བདུད་ལས་རྒྱལ་ལོ། །ཤེས་རབ་ཀྱིས་ཁམས་ལ་མཁས་པར་གྱུར་པས་ཉོན་མོངས་པའི་བདུད་ལས་རྒྱལ་ལོ། །ཤེས་རབ་ཀྱིས་སྐྱེ་མཆེད་ལ་མཁས་པར་གྱུར་པས་འཆི་བདག་གི་བདུད་ལས་རྒྱལ་ལོ། །ཤེས་རབ་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པར་གྱུར་པས་ཡང་དག་པའི་མཐའ་ཡང་མངོན་སུམ་མི་བྱེད་པས་ལྷའི་བུའི་བདུད་ལས་རྒྱལ་ལོ། །བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་སྟོང་པར་མོས་པས་ཕུང་པོའི་བདུད་ཀྱིས་སྐབས་མི་རྙེད་དོ། །ཆོས་ཐམས་ཅད་ལ་མཚན་མ་མེད་པར་ཡིད་ཆེས་ ― DKG058_Page_0065 ―
[མ་དཔེ་གཟིགས་ན་འདིར་གནོན།]
པས་ཉོན་མོངས་པའི་བདུད་ཀྱིས་སྐབས་མི་རྙེད་དོ། །ཆོས་ཐམས་ཅད་སྨོན་པ་མེད་པར་སོམ་ཉི་མེད་པས་འཆི་བདག་གི་བདུད་ཀྱིས་སྐབས་མི་རྙེད་དོ། །ཆོས་ཐམས་ཅད་ལ་མངོན་པར་འདུ་བྱ་བ་མེད་པར་ཐེ་ཚོམ་མེད་ལ་དགེ་བའི་རྩ་བ་མངོན་པར་འདུ་བྱ་བས་ཀྱང་མི་ངོམས་པས་ལྷའི་བུའི་བདུད་ཀྱིས་སྐབས་མི་རྙེད་དོ། །བློ་གྲོས་རྒྱ་མཚོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་ཞིང་། ལུས་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་ཀྱང་རྣམ་པར་མི་རྟོག་པ་དེའི་ཚེ་ཕུང་པོའི་བདུད་ཡང་དག་པར་འཇོམས་སོ། །གང་གི་ཚེ་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་ཞིང་། ཚོར་བ་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་ཀྱང་རྣམ་པར་མི་རྟོག་པ་དེའི་ཚེ་ཉོན་མོངས་པའི་བདུད་ཡང་དག་པར་འཇོམས་སོ། །གང་གི་ཚེ་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་ཞིང་། སེམས་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་ཀྱང་རྣམ་པར་མི་རྟོག་པ་དེའི་ཚེ་འཆི་བདག་གི་བདུད་ཡང་དག་པར་འཇོམས་སོ། །གང་གི་ཚེ་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་ཞིང་ཆོས་དང་། ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་ཀྱང་རྣམ་པར་མི་རྟོག་ལ་བྱང་ཆུབ་ཀྱི་བསམ་པ་ཡང་འཁྲུགས་པར་མི་བྱེད་པ་དེའི་ཚེ་ལྷའི་བུའི་བདུད་ཡང་དག་པར་འཇོམས་སོ། །བློ་གྲོས་རྒྱ་མཚོ་བདུད་ཀྱི་ལས་འདི་དག་ཐམས་ཅད་ནི་བདག་གིས་ཀུན་ནས་ལྡང་བས་ཀུན་ནས་ལངས་པ་དག་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་བདག་གིས་ཀུན་ནས་ལྡང་བ་ཀུན་ནས་ལངས་པར་མི་བྱེད་དོ། །བདག་གང་ཡིན་པ་དེ་ནི་བདག་མ་ཡིན་ཞིང་བདག་མེད་པ་སྟེ་དེ་ལ་ཆོས་གང་གིས་ཀུན་ནས་ལྡང་བ་ཡང་མེད་དོ། །དེ་དེ་ལྟར་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་རིག་ནས་གང་གི་ཚེ་སེམས་ཅན་མི་ཤེས་པ་རྣམས་ཀྱི་ཆེད་དུ་ཐེག་པ་ཆེན་པོའི་གོ་ཆ་གྱོན་པར་བྱེད་པ་དེའི་ཚེ་བདག་ཏུ་སྒྲོ་འདོགས་པ་དང་། གཞན་དུ་སྒྲོ་འདོགས་པའི་ཕྱིར་གོ་ཆ་མི་གྱོན་ནོ། །གོ་ཆ་བགོས་ནས་ཀྱང་ཇི་ལྟར་ན་བདག་གི་གོ་ཆ་འདི་དོན་ཡོད་པར་འགྱུར་སྙམ་དུ་དཔྱོད་དེ། དེ་ ― DKG058_Page_0066 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདི་སྙམ་དུ་བདག་གི་གོ་ཆ་འདི་ནི་བདག་རྣམ་པར་གཞིག་པའི་ཕྱིར་གོ་ཆ་བགོས་པ་མ་ཡིན། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་རྣམ་པར་གཞིག་པའི་ཕྱིར་བགོས་པ་མ་ཡིན་གྱི་སེམས་ཅན་དག་གང་ལ་བརྟེན་ནས་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་ཏུ་ལྟ་བ་ལ་གནས་པར་བྱེད་པའི་གནས་པ་དེ་བདག་གིས་སྤང་བར་བྱའོ་སྙམ་དུ་སེམས་སོ་གནས་དེ་གང་ཞེ་ན། འདི་ལྟ་སྟེ། ཕྱིན་ཅི་ལོག་ནི་གནས་སོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ནི་གནས་སོ། །དེ་འདི་ལྟར་སེམས་ཕྱིན་ཅི་ལོག་ཏུ་གྱུར་ཏེ་མི་རྟག་པ་ལ་རྟག་པར་འདུ་ཤེས་པ། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ། མི་སྡུག་པ་ལ་སྡུག་པར་འདུ་ཤེས་པ་རྣམས་ལ་འདུ་ཤེས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཆོས་སྟོན་ཏེ། དེ་ལ་འདུ་ཤེས་ཡོངས་སུ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། འཛིན་པ་མེད་པ་དང་། མཆོག་ཏུ་འཛིན་པ་མེད་པའོ། །གང་འཛིན་པ་མེད་པ་དེ་མཆོག་ཏུ་འཛིན་པར་མི་བྱེད་དོ། །གང་མཆོག་ཏུ་འཛིན་པར་མི་བྱེད་པ་དེ་ཀུན་ཏུ་རྨོངས་པ་མེད་དོ། །དེ་ཀུན་ཏུ་རྨོངས་པ་མེད་པས་འདུ་ཤེས་ཡོངས་སུ་ཤེས་སོ། །གསོལ་པ་ཅི་ལགས་འདས་པ་རྣམས་ཀྱིའམ། མ་འོངས་པ་རྣམས་ཀྱིའམ། ད་ལྟར་བྱུང་བ་རྣམས་ཀྱིའམ། འདུ་ཤེས་གང་ཡོངས་སུ་འཚལ། བཀའ་སྩལ་པ། འདས་པ་རྣམས་ཀྱི་ཡང་མ་ཡིན། མ་འོངས་པ་རྣམས་ཀྱི་ཡང་མ་ཡིན། ད་ལྟར་བྱུང་བ་རྣམས་ཀྱི་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདས་པའི་འདུ་ཤེས་ནི་ཟད་པའོ། །མ་འོངས་པ་ནི་མ་ཕྱིན་པའོ། །ད་ལྟར་བྱུང་བའི་འདུ་ཤེས་རྣམས་ནི་གནས་པ་མེད་པ་སྟེ། གང་དུས་གསུམ་དུ་འདུ་ཤེས་མི་དམིགས་པ་ནི་འདུ་ཤེས་ཡོངས་སུ་ཤེས་པའོ། །དེ་འདུ་ཤེས་ཡོངས་སུ་ཤེས་པ་དང་ལྡན་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པ་སྤྱོད་དོ། །དེ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཡང་རབ་ཏུ་ཤེས་སོ། །བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་ནི་ཇི་སྲིད་དུ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་རབ་ཏུ་མི་ཤེས་པ། དེ་སྲིད་དུ་བྱང་ཆུབ་སེམས་དཔའི་ ― DKG058_Page_0067 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྤྱོད་པ་ཡོངས་སུ་དག་པ་ལ་སྤྱོད་པ་མ་ཡིན་ཏེ། གང་གི་ཚེ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་རབ་ཏུ་ཤེས་པ་དེའི་ཚེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པ་ལ་སྤྱད་དོ། །ཇི་ལྟར་དེ་དག་གི་སྤྱོད་པ་རྣམས་རབ་ཏུ་ཤེས་པ་དེ་ལྟར་ཆོས་སྟོན་ཏོ། །སེམས་ཅན་སྤྱོད་པ་ཇི་ལྟ་བ་རྣམས་ཀྱི་སྤྱོད་པ་དེ་བཟློག་པའི་ཕྱིར་ཡང་ཉེ་བར་སྟོན་ཏོ། །བློ་གྲོས་རྒྱ་མཚོ་འདོད་ཆགས་ཀྱི་བསམ་པ་ཅན་ལ་ཞེ་སྡང་ལ་སྦྱོར་བའི་བསམ་པ་ཅན་དག་ཀྱང་ཡོད། ཞེ་སྡང་གི་བསམ་པ་ཅན་ལ་འདོད་ཆགས་ལ་སྦྱོར་བ་དག་ཀྱང་ཡོད། ཞེ་སྡང་གི་བསམ་པ་ཅན་ལ་གཏི་མུག་ལ་སྦྱོར་བ་དག་ཀྱང་ཡོད། གཏི་མུག་གི་བསམ་པ་ཅན་ལ་ཞེ་སྡང་ལ་སྦྱོར་བ་དག་ཀྱང་ཡོད། གཏི་མུག་གི་བསམ་པ་ཅན་ལ་འདོད་ཆགས་ལ་སྦྱོར་བ་དག་ཀྱང་ཡོད། འདོད་ཆགས་ཀྱི་བསམ་པ་ཅན་ལ་གཏི་མུག་ལ་སྦྱོར་བ་དག་ཀྱང་ཡོད། འདོད་ཆགས་དང་ཞེ་སྡང་གི་བསམ་པ་ཅན་ལ་གཏི་མུག་ལ་སྦྱོར་བ་དག་ཀྱང་ཡོད། ཞེ་སྡང་དང་གཏི་མུག་གི་བསམ་པ་ཅན་ལ་འདོད་ཆགས་ལ་སྦྱོར་བ་དག་ཀྱང་ཡོད། གཏི་མུག་དང་འདོད་ཆགས་ཀྱི་བསམ་པ་ཅན་ལ་ཞེ་སྡང་ལ་སྦྱོར་བ་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་འདོད་ཆགས་བཅོས་མ་ཅན་ལ་ཞེ་སྡང་ཚར་གཅད་པར་བྱ་བའི་སེམས་ཅན་དག་ཀྱང་ཡོད། ཞེ་སྡང་བཅོས་མ་ཅན་ལ་འདོད་ཆགས་ཚར་གཅད་པར་བྱ་བ་དག་ཀྱང་ཡོད། ཞེ་སྡང་བཅོས་མ་ཅན་ལ་གཏི་མུག་ཚར་གཅད་པར་བྱ་བ་དག་ཀྱང་ཡོད། གཏི་མུག་བཅོས་མ་ཅན་ལ་ཞེ་སྡང་ཚར་གཅད་པར་བྱ་བ་དག་ཀྱང་ཡོད། གཏི་མུག་བཅོས་མ་ཅན་ལ་འདོད་ཆགས་ཚར་གཅད་པར་བྱ་བ་དག་ཀྱང་ཡོད། འདོད་ཆགས་བཅོས་མ་ཅན་ལ་གཏི་མུག་ཚར་གཅད་པར་བྱ་བ་དག་ཀྱང་ཡོད། འདོད་ཆགས་དང་ཞེ་སྡང་བཅོས་མ་ཅན་ལ་གཏི་མུག་ཚར་གཅད་པར་བྱ་བ་དག་ཀྱང་ཡོད། ཞེ་སྡང་དང་གཏི་མུག་བཅོས་མ་ཅན་ལ་འདོད་ཆགས་ཚར་གཅད་པར་བྱ་བ་དག་ཀྱང་ཡོད། གཏི་མུག་དང་འདོད་ཆགས་བཅོས་མ་ཅན་ལ་ཞེ་སྡང་ཚར་གཅད་པར་བྱ་བ་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་སྔར་འདོད་ཆགས་ཅན་ལ་ཕྱིས་ཞེ་སྡང་ཅན་དང་། སྔར་ཞེ་སྡང་ཅན་ལ་ཕྱིས་འདོད་ཆགས་ཅན་དང་། སྔར་ཞེ་སྡང་ ― DKG058_Page_0068 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅན་ལ་ཕྱིས་གཏི་མུག་ཅན་དང་། སྔར་གཏི་མུག་ཅན་ལ་ཕྱིས་ཞེ་སྡང་ཅན་དང་། སྔར་གཏི་མུག་ཅན་ལ་ཕྱིས་འདོད་ཆགས་ཅན་དང་། སྔར་འདོད་ཆགས་ཅན་ལ་ཕྱིས་གཏི་མུག་ཅན་དང་། སྔར་འདོད་ཆགས་དང་ཞེ་སྡང་ཅན་ལ་ཕྱིས་གཏི་མུག་ཅན་དང་། སྔར་ཞེ་སྡང་དང་གཏི་མུག་ཅན་ལ་ཕྱིས་འདོད་ཆགས་ཅན་དང་། སྔར་གཏི་མུག་དང་འདོད་ཆགས་ཅན་ལ་ཕྱིས་ཞེ་སྡང་ཅན་གྱི་སེམས་ཅན་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་གཟུགས་ལ་འདོད་ཆགས་ཅན་ལ་སྒྲ་ལ་ཞེ་སྡང་ཅན་དང་། སྒྲ་ལ་འདོད་ཆགས་ཅན་ལ་གཟུགས་ལ་ཞེ་སྡང་ཅན་དང་། དྲི་ལ་འདོད་ཆགས་ཅན་ལ་རོ་ལ་ཞེ་སྡང་ཅན་དང་། རོ་ལ་འདོད་ཆགས་ཅན་ལ་དྲི་ལ་ཞེ་སྡང་ཅན་དང་། རེག་པ་ལ་འདོད་ཆགས་ཅན་ལ་ཆོས་ལ་ཞེ་སྡང་ཅན་དང་། ཆོས་ལ་འདོད་ཆགས་ཅན་ལ་རེག་པ་ལ་ཞེ་སྡང་ཅན་གྱི་སེམས་ཅན་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་གཟུགས་ལས་དབེན་པས་འདུལ་བར་འགྱུར་གྱི་སྒྲ་ལས་དབེན་པས་ནི་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། སྒྲ་ལས་དབེན་པས་འདུལ་བར་འགྱུར་གྱི་གཟུགས་ལས་དབེན་པས་མ་ཡིན་པ་དག་ཀྱང་ཡོད། དྲི་ལས་དབེན་པས་འདུལ་བར་འགྱུར་གྱི་རོ་ལས་དབེན་པས་ནི་མ་ཡིན་པ་དག་ཀྱང་ཡོད། རོ་ལས་དབེན་པས་འདུལ་བར་འགྱུར་གྱི་དྲི་ལས་དབེན་པས་མ་ཡིན་པ་དག་ཀྱང་ཡོད། རེག་པ་ལས་དབེན་པས་འདུལ་བར་འགྱུར་གྱི། ཆོས་ལས་དབེན་པས་མ་ཡིན་པ་དག་ཀྱང་ཡོད། ཆོས་ལས་དབེན་པས་འདུལ་བར་འགྱུར་གྱི་རེག་པ་ལས་དབེན་པས་མ་ཡིན་པ་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་ལུས་དབེན་པས་འདུལ་བར་འགྱུར་གྱི་སེམས་དབེན་པས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། སེམས་དབེན་པས་འདུལ་བར་འགྱུར་གྱི་ལུས་དབེན་པས་མ་ཡིན་པ་དག་ཀྱང་ཡོད། ལུས་དབེན་པ་དང་སེམས་དབེན་པས་འདུལ་བར་འགྱུར་བ་དག་ཀྱང་ཡོད། ལུས་དབེན་པ་དང་སེམས་དབེན་པས་འདུལ་བར་འགྱུར་བ་མ་ཡིན་པ་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་མི་རྟག་པའི་སྒྲས་འདུལ་བར་འགྱུར་གྱི་སྡུག་བསྔལ་དང་བདག་མེད་པ་དང་ཞི་བའི་སྒྲ་རྣམས་ཀྱིས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། སྡུག་ ― DKG058_Page_0069 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྔལ་གྱི་སྒྲས་འདུལ་བར་འགྱུར་གྱི་མི་རྟག་པ་དང་བདག་མེད་པ་དང་ཞི་བའི་སྒྲ་རྣམས་ཀྱིས་མ་ཡིན་པ་དག་ཀྱང་ཡོད། བདག་མེད་པའི་སྒྲས་འདུལ་བར་འགྱུར་གྱི་མི་རྟག་པ་དང་སྡུག་བསྔལ་བ་དང་ཞི་བའི་སྒྲ་རྣམས་ཀྱིས་མ་ཡིན་པ་དག་ཀྱང་ཡོད། ཞི་བའི་སྒྲས་འདུལ་བར་འགྱུར་གྱི་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པའི་སྒྲ་རྣམས་ཀྱིས་མ་ཡིན་པ་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་ཀུན་རྗོད་པའི་ཆོ་འཕྲུལ་གྱིས་འདུལ་བར་འགྱུར་གྱི་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་འདུལ་བར་འགྱུར་གྱི་ཀུན་རྗོད་པའི་ཆོ་འཕྲུལ་གྱིས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འདུལ་བར་འགྱུར་གྱི་ཀུན་རྗོད་པ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། ཀུན་རྗོད་པའི་ཆོ་འཕྲུལ་གྱིས་རྣམ་པར་གྲོལ་བར་འགྱུར་བ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་རྣམ་པར་གྲོལ་བར་འགྱུར་བ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་རྣམ་པར་གྲོལ་བར་འགྱུར་བའི་སེམས་ཅན་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་སྦྱོར་བ་མྱུར་ལ་རྣམ་པར་གྲོལ་བ་བུལ་བའི་སེམས་ཅན་དག་ཀྱང་ཡོད། སྦྱོར་བ་བུལ་ལ་རྣམ་པར་གྲོལ་བ་མྱུར་བ་དག་ཀྱང་ཡོད། སྦྱོར་བ་ཡང་བུལ་ལ་རྣམ་པར་གྲོལ་བ་ཡང་བུལ་བ་དག་ཀྱང་ཡོད། སྦྱོར་བ་ཡང་མྱུར་ལ་རྣམ་པར་གྲོལ་བ་མྱུར་བ་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་རྒྱུ་རྣམས་ཀྱིས་རྣམ་པར་གྲོལ་གྱི་རྐྱེན་རྣམས་ཀྱིས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། རྐྱེན་རྣམས་ཀྱིས་རྣམ་པར་གྲོལ་གྱི་རྒྱུ་རྣམས་ཀྱིས་མ་ཡིན་པ་དག་ཀྱང་ཡོད། རྒྱུ་རྣམས་དང་རྐྱེན་རྣམས་ཀྱིས་རྣམ་པར་གྲོལ་བ་དག་ཀྱང་ཡོད། རྒྱུ་རྣམས་དང་རྐྱེན་རྣམས་ཀྱིས་རྣམ་པར་གྲོལ་བ་མ་ཡིན་པ་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་ནང་གི་སྐྱོན་མཐོང་བས་རྣམ་པར་གྲོལ་གྱི་ཕྱི་རོལ་གྱི་སྐྱོན་མཐོང་བས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། ཕྱི་རོལ་གྱི་སྐྱོན་མཐོང་བས་རྣམ་པར་གྲོལ་གྱི་ནང་གི་སྐྱོན་མཐོང་བས་མ་ཡིན་པ་དག་ཀྱང་ཡོད། ནང་གི་སྐྱོན་མཐོང་བ་དང་ཕྱི་རོལ་གྱི་སྐྱོན་མཐོང་བ་རྣམ་པར་གྲོལ་ ― DKG058_Page_0070 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་དག་ཀྱང་ཡོད། ནང་གི་སྐྱོན་མཐོང་བ་དང་ཕྱི་རོལ་གྱི་སྐྱོན་མཐོང་བ་རྣམ་པར་གྲོལ་བ་མ་ཡིན་པ་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་སླ་བའི་ལམ་གྱིས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་གྱིས། དཀའ་བར་འགྱུར་བའི་ལམ་གྱིས་མ་ཡིན་པའི་སེམས་ཅན་དག་ཀྱང་ཡོད། དཀའ་བའི་ལམ་གྱིས་འགྱུར་གྱི་སླ་བའི་ལམ་གྱིས་མ་ཡིན་པ་དག་ཀྱང་ཡོད། དཀའ་བ་དང་སླ་བས་འགྱུར་བ་དག་ཀྱང་ཡོད། སླ་བ་དང་དཀའ་བའི་ལམ་གྱིས་རྣམ་པར་གྲོལ་བ་ཐོབ་པར་མི་འགྱུར་བ་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་མགུར་བསལ་བའི་སྒྲས་འདུལ་བའི་སེམས་ཅན་དག་ཀྱང་ཡོད། རབ་ཏུ་བརྟན་པས་འདུལ་བ་དག་ཀྱང་ཡོད། ཚར་གཅད་པས་འདུལ་བ་དག་ཀྱང་ཡོད། རབ་ཏུ་གཟུང་བས་འདུལ་བ་དག་ཀྱང་ཡོད། སྡུག་པའི་རྣམ་པས་འདུལ་བ་དག་ཀྱང་ཡོད། མི་སྡུག་པའི་རྣམ་པས་འདུལ་བ་དག་ཀྱང་ཡོད། ཞེ་སྡང་གི་རྣམ་པས་འདུལ་བ་དག་ཀྱང་ཡོད། བྱམས་པའི་རྣམ་པས་འདུལ་བ་དག་ཀྱང་ཡོད། སྨ་དབབ་པས་འདུལ་བའི་རྣམ་པ་དག་ཀྱང་ཡོད། རྟེན་ཅིང་འབྲེལ་བར་འབྱུང་བས་འདུལ་བ་དག་ཀྱང་ཡོད། རྗེས་སུ་འཐུན་པར་རྒྱུ་བས་འདུལ་བ་དག་ཀྱང་ཡོད། སྤྱིའུ་ཚུགས་སུ་རྒྱུ་བས་འདུལ་བ་དག་ཀྱང་ཡོད། སྣྲེལ་ཞིར་རྒྱུ་བས་འདུལ་བ་དག་ཀྱང་ཡོད། དྲན་པ་ཉེ་བར་གཞག་པའི་སྒྲས་འདུལ་བ་དག་ཀྱང་ཡོད། ཡང་དག་པར་སྤོང་བའི་སྒྲས་འདུལ་བ་དག་ཀྱང་ཡོད། རྫུ་འཕྲུལ་གྱི་རྐང་པའི་སྒྲས་འདུལ་བ་དག་ཀྱང་ཡོད། དབང་པོའི་སྒྲས་འདུལ་བ་དག་ཀྱང་ཡོད། །སྟོབས་ཀྱི་སྒྲས་འདུལ་བ་དག་ཀྱང་ཡོད། བྱང་ཆུབ་ཀྱི་ཡན་ལག་གི་སྒྲས་འདུལ་བ་དག་ཀྱང་ཡོད། ལམ་གྱི་སྒྲས་འདུལ་བ་དག་ཀྱང་ཡོད། ཞི་གནས་ཀྱི་སྒྲས་འདུལ་བ་དག་ཀྱང་ཡོད། ལྷག་མཐོང་གིས་སྒྲས་འདུལ་བ་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་འཕགས་པའི་བདེན་པ་བསྟན་པའི་སྒྲས་འདུལ་བའི་སེམས་ཅན་དག་ཀྱང་ཡོད་དོ། །བློ་གྲོས་རྒྱ་མཚོ་དེ་ལྟར་ན་སེམས་ཅན་གྱི་སྤྱོད་པ་བསམ་གྱིས་མི་ཁྱབ། སེམས་ཅན་གྱི་བསམ་པ་བསམ་གྱིས་མི་ཁྱབ། སེམས་ཅན་གྱིས་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་བོ། ། ― DKG058_Page_0071 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ལ་བྱང་ཆུབ་སེམས་དཔའ་ཤེས་པ་འཇུག་པ་བསམ་གྱིས་མི་ཁྱབ་པ་ལ་ཞུགས་ནས་སེམས་ཅན་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་སྤྱོད་པ་འཇུག་པ་བསམ་གྱིས་མི་ཁྱབ་པ་ལ་འཇུག་པར་ནུས་སོ། །བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། ཀུན་ནས་ཞགས་པ་ཞེས་བྱ་བའི་དྲ་བ་དེར་སྐྱེས་བུ་ཞིག་བཅུག་པར་གྱུར་ལ། སྐྱེས་བུ་དེས་ཞགས་པ་ཐམས་ཅད་ལས་འབྱིན་པ་ཞེས་བྱ་བའི་སྔགས་ཀྱི་རིག་པའི་སྟོབས་བསྐྱེད་ན་དྲ་བ་དེར་བཅུག་མ་ཐག་ཏུ་སྔགས་ཀྱི་རིག་པའི་སྟོབས་ཀྱིས་ཞགས་པའི་འཆིང་བ་ཐམས་ཅད་བཅད་ནས་གང་དགའ་བ་དེར་འགྲོའོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ལ་ཞུགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་ཀྱི་རིག་པའི་སྟོབས་ཀྱིས་སེམས་ཅན་དེ་དག་ཐམས་ཅད་ཀྱི་ཉོན་མོངས་པའི་འཆིང་བ་ཐམས་ཅད་གཅོད་དེ། སངས་རྒྱས་ཀྱི་ཡེ་ཤེས་དེ་ལ་མ་རེག་ཀྱང་སངས་རྒྱས་ཀྱི་མཛད་པས་སེམས་ཅན་རྣམས་ལ་ཉེ་བར་གནས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་སེམས་ཅན་གྱི་སྤྱོད་པ་ཚད་མ་མཆིས་པ་དང་། ཇི་ཙམ་དུ་སངས་རྒྱས་ཀྱིས་མཁྱེན་པ་བསམ་གྱིས་མི་ཁྱབ་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་གང་གི་ཚེ་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་སེམས་ཅན་གྱི་སྤྱོད་པ་ཚད་མ་མཆིས་པ་དང་། སངས་རྒྱས་ཀྱི་མཁྱེན་པ་ཚད་མ་མཆིས་པ་འདི་དག་ཐོས་ནས་མི་སྐྲག་མི་དངང་དངང་བར་མི་འགྱུར་བ་འདི་ནི་བདག་ལ་ཤིན་ཏུ་ངོ་མཚར་དུ་གདའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། སེང་གེའི་ཕྲུག་གུས་སེང་གེའི་སྒྲ་ཐོས་ན་སྐྲག་པའམ་དངང་བའམ། ཀུན་ཏུ་དངང་བར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡང་དེ་ ― DKG058_Page_0072 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞིན་གཤེགས་པའི་སེང་གེའི་སྒྲ་ཐོས་ན་མི་སྐྲག་མི་དངང་དངང་བར་མི་འགྱུར་རོ། །སེམས་ཅན་གྱི་སྤྱོད་པ་ཚད་མེད་པ་ཐོས་ནས་ཀྱང་འཇིགས་པར་མི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་མེའི་སྣང་བ་ཆུང་ངུ་ཡང་ཤིང་དང་རྩྭ་ཐམས་ཅད་ཀྱིས་མི་སྐྲག་སྟེ། དེ་འདི་སྙམ་དུ་ཚིག་པར་བྱེད་མི་ནུས་སོ་སྙམ་དུ་མི་སེམས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ཤེས་རབ་ཀྱི་སྣང་བ་ཆུང་ངུ་ཡང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་ཀྱིས་མི་སྐྲག་སྟེ། དེ་འདི་སྙམ་དུ་བདག་གིས་ཉོན་མོངས་པ་ཞི་བར་བྱེད་མི་ནུས་སོ་སྙམ་དུ་མི་སེམས་ཀྱི། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དེ་ཉིད་ལ་ཚུལ་བཞིན་དུ་ངེས་པར་བརྟགས་ནས་ཤེས་རབ་ཀྱི་རྒྱུར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ། མེ་དང་། རྩྭ་དང་། ཤིང་དང་། ལོ་མ་དང་། ཡལ་ག་ཐམས་ཅད་འཐབ་ཅིང་རྩོད་པ་ཆེན་པོ་བྱ་བར་བརྩམས་ཏེ། ཉི་མ་བདུན་ན་གཡུལ་ཆེན་པོ་འགྱེད་དོ་སྙམ་ནས། དེ་ན་རྩྭ་དང་ཤིང་དེ་དག་གིས་དེ་ལས་གཞན་པའི་རྩྭ་དང་། ཤིང་ཐམས་ཅད་བསྡུས་ཏེ་ངེད་ཀྱི་དཔུང་གྱིས་ཤིག ། ངེད་ཀྱི་གྲོགས་གྱིས་ཤིག་ཅེས་བྱས་ནས་དེ་ན་རྩྭ་དང་ཤིང་གི་ཕུང་པོ་རི་རབ་ཙམ་བསྡུས་པར་གྱུར་ལ་དེ་ནས་འགའ་ཞིག་མེ་དེའི་གན་དུ་སོང་སྟེ་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་ཁྱོད་དཔུང་མི་སྡུད། ཁྱོད་རྩྭ་དང་ཤིང་འདི་དག་ལས་གཅིག་པུས་རྒྱལ་བར་བྱ་སྙམ་འམ། དེ་ནས་མི་དེས་འདི་སྐད་ཅེས་སྨྲས་སོ། །འདིར་བདག་གིས་དཔུང་བསྡུ་བར་བྱ་མི་དགོས་སོ། །དེ་ཅིའི་ཕྱིར་ཞེ་ན། རྩྭ་དང་ཤིང་ཕྱིར་རྒོལ་བ་དེ་དག་ཉིད་བདག་གི་གྲོགས་ཡིན་ཏེ། ཇི་ལྟ་ཇི་ལྟར་འདི་དག་མང་པོར་གྱུར་པ་དེ་ལྟ་དེ་ལྟར་བདག་སྟོབས་དང་རབ་ཏུ་ལྡན་པར་འགྱུར་རོ། །གལ་ཏེ་འདི་དག་མེད་པར་གྱུར་ན་བདག་ཀྱང་མྱུར་དུ་འཆིའོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཚད་མེད་པ་དག་ལ་ཤེས་རབ་ཀྱི་མེ་ཚད་མེད་པ་རབ་ཏུ་གཏོང་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར་ཏེ། དེ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་ ― DKG058_Page_0073 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་དེ་དག་ལ་ཚུལ་བཞིན་དུ་ཉེ་བར་བརྟགས་ན་ཤེས་རབ་ཀྱི་རྒྱུར་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་རང་གི་ཉོན་མོངས་པ་མེད་པར་བྱ་བར་འདོད་ཅིང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་ཀྱིས་གཡེལ་ན་དེ་མྱུར་དུ་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་རྣམ་གྲངས་འདིས་འདི་ལྟར་རིག་པར་བྱ་སྟེ། ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ལ་ཚུལ་བཞིན་ཡིད་ལ་བྱེད་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་དེ་ལྟ་དེ་ལྟར་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར་ཏེ། གལ་ཏེ་དེ་ལྟ་བུ་ཐོས་ནས་མི་སྐྲག་ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་སྦྲུལ་གདུག་པའི་ཕྲུ་གུ་ནི་གྲོགས་མི་དགོས་པར་ཟའོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡང་གྲོགས་མི་དགོས་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡང་དག་པར་སྡུད་དེ། གཅིག་པུ་གཉིས་སུ་མེད་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡང་དག་པར་སྡུད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྲིན་བུ་མེ་ཁྱེར་བརྒྱ་སྟོང་གིས་ཀྱང་ཉི་མའི་འོད་ཟིལ་གྱིས་གནོན་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ། ཉོན་མོངས་པ་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་འོད་ཟིལ་གྱིས་གནོན་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། དུག་གི་གཉེན་པོ་ནད་མེད་པར་བྱེད་པ་ཆུང་ངུས་ཀྱང་དུག་ཤིན་ཏུ་མང་པོ་ཞི་བར་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ནད་མེད་པ་ཆུང་ངུས་ཀྱང་ཉོན་མོངས་པའི་དུག་མང་པོ་ཤིན་ཏུ་ཞི་བར་བྱེད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། བར་སྣང་ལས་རོ་གཅིག་པའི་ཆུའི་རྒྱུན་འབབ་པ་བབ་ནས་སྣོད་ཀྱི་བྱེ་བྲག་གིས་རོ་བྲོ་བ་ཐ་དད་དུ་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་རྣམ་པར་གྲོལ་བའི་ཡེ་ཤེས་རོ་གཅིག་པ་ཡང་དག་པར་བསྒྲུབས་ཏེ། སེམས་ཅན་གྱི་དབང་པོ་ཐ་དད་པ་རྣམས་ལ་ཆོས་བསྟན་པ་ཐ་དད་པ་སྟོན་ཏོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། གང་དུ་འཛམ་བུའི་ ― DKG058_Page_0074 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆུ་བོའི་གསེར་བྱུང་བ་དེར་རིན་པོ་ཆེ་ཐམས་ཅད་མོག་མོག་པོར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་གང་དུ་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་བྱུང་བ་དེར། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་མོག་མོག་པོར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱུང་བ་དེའི་ཚེ། རྒྱལ་ཕྲན་ཐམས་ཅད་དེ་ལ་ཕྱག་འཚལ་ལོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་གང་གི་ཚེ་ཆོས་ཀྱི་རྒྱལ་པོའི་བུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་ཚེ། ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། བསོད་ནམས་མ་བྱས་པའི་སེམས་ཅན་རྣམས་ལ་དབྱིག་གི་ཆར་མི་འབབ་པོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་དགེ་བའི་རྩ་བ་མ་བསྐྱེད་པའི་སེམས་ཅན་རྣམས་ལ་བྱང་ཆུབ་ཀྱི་སེམས་མི་སྐྱེའོ།། །།འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ། བམ་པོ་བཞི་པ། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། བུ་རམ་ཤིང་གི་ས་བོན་མེད་པར་ཤ་ཁ་ར་མི་འབྱུང་ངོ་། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་མེད་པར་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་འགྲུབ་བོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྨན་གྱི་རྒྱལ་པོ་འཚོ་བྱེད་ཀྱིས་གང་སྨན་དུ་མི་མཐོང་བའི་གཟུགས་སུ་སྣང་བ་དེ་གང་ཡང་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔས་ཀྱང་གང་བྱང་ཆུབ་ཏུ་མི་མཐོང་བའི་ཆོས་སུ་སྣང་བ་དེ་གང་ཡང་མེད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་ཉི་མ་དང་ཟླ་བའི་གཞལ་མེད་ཁང་གི་ལམ་གྱི་རིམ་པ་རྒྱུན་གཅོད་པར་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བདུད་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་ཀྱི་ལམ་ཀུན་ཏུ་གཅོད་པར་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ནི་ནམ་མཁའ་ལ་གཞལ་མེད་ཁང་ན་གནས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཟབ་མོ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཆོས་ཐམས་ཅད་ནམ་ ― DKG058_Page_0075 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཁའ་དང་མཚུངས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་དེ་དང་འདྲ་བ་ཉིད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྣོད་དུ་བྱེད་པ་ཇི་སྙེད་པ་དེ་སྙེད་དུ་ནམ་མཁའ་འཇུག་ཀྱང་ནམ་མཁའ་ནི་བྲི་བའམ་གང་བ་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡོངས་སུ་བསྔོ་བའི་སྟོབས་ཇི་སྙེད་པ་དེ་སྙེད་དུ་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་འཛིན་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ལ་འབྲི་བའམ་གང་བ་མེད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྐྱེས་བུའི་སྟོབས་ཇི་ཙམ་པ་དེ་ཙམ་དུ་ནམ་མཁའ་ལ་མདའ་འཕངས་པ་འགྲོ་ཡང་ནམ་མཁའ་ལ་མཐའ་ཐུག་པ་གང་ཡང་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་དད་པའི་སྟོབས་ཇི་ཙམ་པ་དེ་ཙམ་དུ་སངས་རྒྱས་ཀྱི་ཆོས་རྣམས་ལ་མོས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ལ་མཐའ་ཐུག་པ་གང་ཡང་མེད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། རྫ་མཁན་གྱིས་སྣོད་དུ་མ་བྱས་པ་དག་སྣོད་ཀྱི་མིང་མི་འཐོབ་པོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་དགེ་བའི་རྩ་བ་བྱང་ཆུབ་ཏུ་ཡོངས་སུ་མ་བསྔོས་པ་ཡང་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་པོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སུས་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐོང་བ་དེ་ཕྱིས་རྒྱལ་ཕྲན་ཐམས་ཅད་ལ་རེ་བར་མི་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་སུས་ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་མཐོང་བ་དེ་ཕྱིས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་རེ་བར་མི་བྱེད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། བ་ལང་གི་རྗེས་ཀྱི་ཆུ་ལས་རིན་པོ་ཆེ་ཐམས་ཅད་མི་འབྱུང་ངོ་། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཉན་ཐོས་ཀྱི་ཚུལ་ཁྲིམས་ལས་དཀོན་མཆོག་གསུམ་པོ་དག་མི་འབྱུང་ངོ་། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ལས་རིན་པོ་ཆེ་ཐམས་ཅད་འབྱུང་ངོ་། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་ཐོས་པའི་རྒྱ་མཚོ་ལས་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་སྟེ་དཀོན་མཆོག་གསུམ་པོ་དག་འབྱུང་ངོ་། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། རྒྱལ་པོའི་བུ་བཙས་ནས་རིང་པོ་མ་ལོན་པ་ནི་རྒྱལ་པོ་ཞེའམ་རྒྱལ་པོ་མ་ཡིན་པ་ཞེས་ཀྱང་མི་རྗོད་ ― DKG058_Page_0076 ―
[མ་དཔེ་གཟིགས་ན་འདིར་གནོན།]
དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ལ་ཡང་སངས་རྒྱས་ཞེའམ། སངས་རྒྱས་མ་ཡིན་པ་ཞེས་ཀྱང་མི་རྗོད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་བྱི་དོར་མ་བྱས་པ་ལ་ནི་མངོན་པར་འདུ་བྱ་བར་མི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡང་ཆོས་བསྟན་པ་ལ་འཇིགས་པ་མེད་པ་མ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་བྱི་དོར་བྱས་ཏེ་འོད་གསལ་བ་ནི་དགའ་བ་ཡང་དག་པར་སྐྱེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡུན་རིང་པོ་སྤྱད་པ་ཆོས་བསྟན་པ་རྣམས་ལ་འཇིགས་པ་མེད་པ་ཡང་སེམས་ཅན་ཐམས་ཅད་ཀྱི་དགའ་བ་ཡང་དག་པར་སྐྱེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ནི་ཆུང་ངུ་ཡང་ཁྱད་དུ་མི་གསད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཆུང་དུ་ཟིན་ཀྱང་གནས་ཁང་ངམ་ཁྱིམ་འམ་ཁང་པར་བཅུག་ན་དེ་ཐམས་ཅད་སྣང་བར་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ལ་ཡང་བརྙས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བྱང་ཆུབ་ཐོབ་ནས་སངས་རྒྱས་ཀྱི་འོད་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེངས་པར་འགྱུར་བའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་གང་དག་རིན་ཐང་མེད་པ་དེ་དག་ནི་ཡང་མ་དཔྱད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་དག་ཕྱིར་མི་ལྡོག་པར་འགྱུར་བ་དེ་དག་ང་རྒྱལ་མེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ལོ་ཐོག་ཡོངས་སུ་རྫོགས་པ་ནི་གཡུར་ཟའོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་དཀར་པོའི་ཆོས་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ལ་འདུད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། གང་ས་ཆེན་པོ་འདི་ཚིག་པར་བྱེད་པའི་སྲེག་པའི་བསྐལ་པའི་མེ་དེ་ནི་གང་ནས་ཀྱང་མི་འོང་ངོ་། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་མེ་གང་གིས་བག་ཆགས་ཀྱི་མཚམས་སྦྱོར་བར་གྱུར་པའི་ཉོན་མོངས་པ་རྣམས་བསྲེགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་ ― DKG058_Page_0077 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་དག་གང་ནས་ཀྱང་མི་འོང་ངོ་། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཚིག་པའམ། མ་ཚིག་པ་ཡང་རུང་སྟེ་ནམ་མཁའི་ངོ་བོ་ཉིད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཡང་རུང་མངོན་པར་རྫོགས་པར་འཚང་མི་རྒྱ་ཡང་རུང་སྟེ་ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་ངོ་བོ་ཉིད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་བསྡུ་བའི་ཕྱིར་དེ་བཞིན་གཤེགས་པས་དཔེ་ཉེ་བར་བཀོད་པ་བསྟན་པ་འདི་དག་བྱང་ཆུབ་སེམས་དཔའ་གང་དག་གིས་ཐོས་ནས་མོས་པར་འགྱུར་བ་དེ་དག་ཐམས་ཅད་དཔེ་འདི་ལྟ་བུ་གྲུབ་པ་ཉིད་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དཔེའི་ཕྲེང་བ་བསྟན་པ་འདི་བཤད་པ་ན་སྲོག་ཆགས་ཉི་ཁྲི་བཞི་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སངས་རྒྱས་བྱང་ཆུབ་མཆོག་ཏུ་བལྟ་དཀའ་སྟེ། །ཟབ་ཅིང་ཕྲ་ལ་དྲི་མེད་ཅི་ཡང་མེད། །དེ་བས་མི་གང་རྣམ་འཚང་རྒྱ་འདོད་པ། །དེས་འདིར་ཆོས་རྣམས་ལ་ནི་ཐོགས་མི་བྱ། །ཡེ་ཤེས་ཤིན་ཏུ་དག་ཅིང་བཅོས་མ་མིན། །ཀུན་ཏུ་སྣང་བར་གྱུར་ཅིང་འོད་གསལ་ཏེ། །དྲི་མེད་ཕྱག་རྒྱ་ལ་ནི་རབ་གནས་པས། །བྱང་ཆུབ་དམ་པ་འདི་ལ་རེག་པར་ནུས། །སྔོན་གྱི་མཐའ་འམ་ཕྱི་མའི་མཐའ་ཡང་རུང་། །སེམས་ནི་དག་ཅིང་རང་བཞིན་འོད་གསལ་ལོ། །ཉོན་མོངས་གང་གིས་ཡིད་ནི་ཉེར་ཉོན་མོངས། །དེ་དག་ཚུལ་བཞིན་གྱིས་ནི་ཡོངས་སུ་སྤངས། །འདི་ལ་བྱེད་པོ་མེད་ཅིང་ཚོར་པོ་མེད། །ཆོས་རྣམས་ཐམས་ཅད་རྗེས་མེད་ཡ་མ་བརླ། །གང་ཟག་མེད་ཅིང་བདག་གིས་བདག་མེད་བསྟན། །རྨི་ལམ་ངོ་བོ་ཉིད་དེ་ནམ་མཁའ་འདྲ། །འདི་དག་ལུས་ཀྱི་ལས་ཀྱིས་རབ་ཕྱེ་མིན། །ངག་གམ་སེམས་ཀྱིས་རྣམ་པར་བརྟགས་མ་ཡིན། །ཡང་དག་ཏུ་ན་བྱས་མིན་གཞན་མིན་ཏེ། །དེ་དག་ལ་ནི་དཔེ་བྱར་མི་ནུས་སོ། །ནམ་མཁའ་མཚུངས་ཤིང་དྲི་མེད་ངོ་བོ་ཉིད། །གཟུགས་ཅན་མ་ཡིན་བསྟན་དུ་ཡོད་མ་ཡིན། །མིག་གིས་ ― DKG058_Page_0078 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤེས་བྱ་མ་ཡིན་རྣ་སྣས་མིན། །ལྕེ་དང་ལུས་དང་ཡིད་རྣམས་ཀྱིས་ཀྱང་མིན། །མཚན་ཉིད་མ་ཡིན་མཚན་ཉིད་རྣམ་པར་ལོག། ཞི་བ་གནས་མེད་ཟླ་བའི་གཟུགས་བརྙན་འདྲ། །དེ་ལ་སེམས་མི་རྒྱུ་སྟེ་ཡིད་ཀྱང་མིན། །རྣམ་ཤེས་མ་ཡིན་འདུ་ཤེས་སེམས་པ་མིན། །དེ་དག་ཡེ་ཤེས་ལས་དང་དེ་བཞིན་དུ། །རྣམ་པར་ཤེས་པའི་ལས་ཀྱིས་ཤེས་མི་ནུས། །ཡི་གེ་རྣམས་ཀྱིས་ཆོས་འདི་བསྙད་པ་གང་། །སངས་རྒྱས་ཐུགས་རྗེ་འདི་ནི་བླ་ན་མེད། །སེམས་ཅན་གང་དག་སྔོན་ཆད་བྱས་ལྡན་ཞིང་། །དགེ་བའི་བཤེས་གཉེན་གྱིས་ཀྱང་ཡོངས་སུ་ཟིན། །དེ་དག་འདི་འདྲའི་ཆོས་འདི་ཐོས་ནས་ནི། །དགའ་བ་རྒྱ་ཆེན་ཟང་ཟིང་མེད་པ་འཐོབ། །འདི་ནི་ཅི་སེམས་ཅི་ཞིག་བྱེད་ཅིག་ཅེས། །དེ་དག་བདུད་ཀྱིས་སྐྱོན་ཆགས་མི་རྙེད་དེ། །སེམས་དང་སེམས་ཀྱི་སྤྱོད་ཡུལ་མི་ཤེས་ན། །བར་དུ་བདུད་ལས་བྱེད་པར་ག་ལ་འགྱུར། །བདུད་བཞི་འདི་ལས་ཤིན་ཏུ་འདས་ནས་ནི། །རིགས་པ་དང་ནི་བློ་དང་བསོད་ནམས་དང་། །ཚུལ་གྱིས་སངས་རྒྱས་སྤྱོད་ཡུལ་རབ་གནས་པ། །བྱང་ཆུབ་སྤྱོད་པ་དམ་པ་འདི་ལ་སྤྱོད། །གང་ཞིག་སེམས་ཅན་ཀུན་གྱི་སྤྱོད་ཤེས་པ། །དེ་ནི་བྱང་ཆུབ་སྤྱོད་མཆོག་འདི་ལ་སྤྱོད། །དེ་ཡིས་སྤྱོད་པ་རྣམ་མང་འདི་ཐོས་ནས། །དེ་ཡི་མཚན་ཉིད་ཆོས་ཀྱང་རབ་ཏུ་སྟོན། །འགྲོ་བའི་སྤྱོད་པ་འདི་ནི་སྣ་ཚོགས་ཏེ། །ཕན་ཚུན་དམིགས་པར་ཡང་དག་རབ་ཏུ་ལྡན། །བདག་ཆེན་དེ་དག་སྤྱོད་ཡུལ་དེ་ཤེས་ནས། །ཕྱད་པར་ངེས་པར་བསྟན་པ་ལུང་ཡང་སྟོན། །འདི་ན་སེམས་ཅན་ཆགས་མང་ཆགས་པ་ཡོད། །དེ་དག་ཞེ་སྡང་བག་ཉལ་རྣམ་པ་མང་། །དེ་དག་ཞེ་སྡང་ཉོན་མོངས་གཟིར་བར་སྣང་། །དེ་དག་གཏི་མུག་ཆེན་པོས་གནོད་པར་གྱུར། ། དེ་ལྟར་འགྲོ་བའི་སྤྱོད་པ་སྣ་ཚོགས་ཏེ། །དེ་ལ་འཇུག་པ་དང་ནི་མཚན་མ་དང་། །རྐྱེན་དང་དམིགས་པའང་ཁོང་དུ་ཆུད་བྱས་ལ། །དེ་ཡི་འོག་ཏུ་དེ་ཡི་མཚན་ཉིད་བསྟན། །ཀུན་ནས་ཞགས་པའི་དྲ་བར་རབ་བཅུག་པ། །རིག་པ་འཛིན་པའི་སྐྱེས་བུ་མཁས་པ་གསལ། །དེས་ནི་ཞགས་པ་ཐམས་ཅད་རབ་བཅད་ནས། །ཇི་ལྟར་འདོད་པ་བཞིན་དུ་མ་སྨད་འགྲོ། །དེ་ལྟར་བྱང་ ― DKG058_Page_0079 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆུབ་སེམས་དཔའ་དཔའ་མཁས་པ། །འགྲོ་བ་ཀུན་ལ་སེམས་ཀྱི་བསམ་ཞུགས་ནས། །ཉོན་མོངས་དེ་དག་ཐམས་ཅད་རབ་བཅད་དེ། །སྒྲིབ་པ་མེད་པར་འགྲོ་བ་ཀུན་ལ་སྤྱོད། །ཉི་མའི་འོད་ལ་གྲོགས་ནི་བྱ་མི་དགོས། །སྦྲུལ་གདུག་ལ་ཡང་གྲོགས་བྱ་དགོས་མ་ཡིན། །སེང་གེའི་སྒྲ་ལ་གྲོགས་བྱ་མི་དགོས་ཏེ། །བྱང་ཆུབ་སེམས་དཔའ་ལ་ཡང་གྲོགས་མི་དགོས། །དེ་དག་གྲོགས་མེད་གཅིག་པུ་གཉིས་མེད་པར། །སངས་རྒྱས་ཆོས་མང་ཡང་དག་སྒྲུབ་པར་བྱེད། །བརྩོན་འགྲུས་དང་ནི་མཐུ་དང་སྟོབས་སུ་ལྡན། །འགྲོ་བའི་ཉོན་མོངས་རྣམས་ནི་རབ་ཏུ་འཇོམས། །ཇི་ལྟ་ཇི་ལྟར་མེས་ནི་རྩྭ་རྙེད་པ། །དེ་ལྟ་དེ་ལྟར་དེ་སྟོབས་ཕྱིར་ཞིང་འཕེལ། །ཇི་ལྟར་བྱང་ཆུབ་སེམས་དཔའ་ཉོན་མོངས་སྲིད། །དེ་ལྟ་དེ་ལྟར་ཤེས་རབ་མེ་རབ་འཕེལ། །དཔེ་བསྟན་པའི་ལེའུ་སྟེ། བཞི་པའོ།། །། ལྔ་པ། བརྩོན་འགྲུས་བརྩམས་པའི་ལེའུ།― DKG058_Page_0079 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔས་བརྩོན་འགྲུས་བརྩམ་པར་བྱའོ། །བྱང་ཆུབ་སེམས་དཔས་རྟག་ཏུ་རྟུལ་བ་བརྟན་པ་དང་འདུན་པ་ཆེ་བར་བྱའོ། །གཅེས་པ་མི་འདོར་བར་བྱའོ། །བློ་གྲོས་རྒྱ་མཚོ་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་པར་དཀའ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་གང་ན་བརྩོན་འགྲུས་ཡོད་པ་དེ་ན་བྱང་ཆུབ་ཡོད་དོ། ། ལེ་ལོ་ཅན་རྣམས་ལ་ནི་བྱང་ཆུབ་ཤིན་ཏུ་རིང་ཞིང་རྣམ་པར་རིང་ངོ་། །ལེ་ལོ་ཅན་ལ་སྦྱིན་པ་མེད་དོ། །ལེ་ལོ་ཅན་ལ་ཚུལ་ཁྲིམས་མེད་དོ། །ལེ་ལོ་ཅན་ལ་བཟོད་པ་མེད་དོ། །ལེ་ལོ་ཅན་ལ་བརྩོན་འགྲུས་མེད་དོ། །ལེ་ལོ་ཅན་ལ་བསམ་གཏན་མེད་དོ། །ལེ་ལོ་ཅན་ལ་ཤེས་རབ་མེད་དོ། །ལེ་ལོ་ཅན་ལ་བདག་གི་དོན་མེད་དོ། །ལེ་ལོ་ཅན་ལ་གཞན་གྱི་དོན་མེད་དོ། །བློ་གྲོས་རྒྱ་མཚོ་རྣམ་གྲངས་འདིས་འདི་ལྟར་ཇི་ལྟར་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་དཀའ་བ་མ་ཡིན་པ་དེ་རིག་པར་བྱའོ། །བློ་གྲོས་རྒྱ་མཚོ་སྔོན་བྱུང་བ་འདས་པའི་དུས་ན། ― DKG058_Page_0080 ―
[མ་དཔེ་གཟིགས་ན་འདིར་གནོན།]
གྲངས་མེད་པ་བདུན་པར་གྱུར་པ་དེའི་ཚེ་དེའི་དུས་ན་བསྐལ་པ་མེ་ཏོག་གི་འབྱུང་གནས་ལ་ཤིན་ཏུ་རྣམ་པར་བལྟས་པའི་འཇིག་རྟེན་གྱི་ཁམས་སུ་བཅོམ་ལྡན་འདས་བརྩོན་འགྲུས་འབར་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། །ཅིའི་ཕྱིར་བསྐལ་པ་དེ་མེ་ཏོག་གི་འབྱུང་གནས་ཞེས་བྱ་ཞེ་ན། བློ་གྲོས་རྒྱ་མཚོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཚིག་སྟེ་ཆུས་འཇིག་པ་བྱུང་བ་ན་པད་མ་ལོ་མ་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་ལྡན་པ། རྣམ་པར་བཀྲ་བ་བལྟ་ན་སྡུག་པ་བརྒྱད་ཁྲི་བཞི་སྟོང་བྱུང་ནས་དེ་དག་ཐམས་ཅད་ཀྱིས་ཆུའི་ཕུང་པོ་དེ་རྒྱས་པར་བཀང་སྟེ་གནས་སོ། །དེ་ནས་གནས་གཙང་མའི་རིས་ཀྱི་ལྷ་དག་གིས་པད་མ་དེ་དག་མཐོང་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་པད་མ་འདི་དག་བྱུང་བ་ཇི་སྙེད་པ་དེ་སྙེད་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ཀྱེ་མ་བསྐལ་པ་མེ་ཏོག་གི་འབྱུང་གནས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྟོངས་པར་མི་འགྱུར་རོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ལྟར་ན་མེ་ཏོག་གི་འབྱུང་གནས་མེ་ཏོག་གི་འབྱུང་གནས་ཞེས་བསྐལ་པ་དེའི་མིང་ཆགས་སོ། །བློ་གྲོས་རྒྱ་མཚོ་ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཤིན་ཏུ་རྣམ་པར་བལྟས་པ་ཞེས་བྱ་ཞེ་ན། ཇི་ཙམ་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་ནས་བྱང་ཆུབ་སེམས་དཔའ་གྲངས་མེད་དཔག་ཏུ་མེད་པ་གང་དག་འཇིག་རྟེན་གྱི་ཁམས་དེ་རྣམ་པར་བལྟ་བའི་ཕྱིར་ལྷགས་པ་དེ་དག་གིས་འཇིག་རྟེན་གྱི་ཁམས་དེ་ལ་རྣམ་པར་བལྟས་མ་ཐག་ཏུ། དགའ་བའི་རྣམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་ཐོབ་སྟེ། བདེ་བ་ཐམས་ཅད་ཀྱིས་ཚིམ་པར་འགྱུར་བ་དེ་ཙམ་དུ་འཇིག་རྟེན་གྱི་ཁམས་དེ་ཡོངས་སུ་དག་པར་གྱུར་ཏེ་དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཤིན་ཏུ་རྣམ་པར་བལྟས་པ་ཞེས་བྱའོ། །བློ་གྲོས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་དེ་ན་ ― DKG058_Page_0081 ―
[མ་དཔེ་གཟིགས་ན་འདིར་གནོན།]
རིན་པོ་ཆེ་སྣ་བདུན་ཕྲག་སྟོང་གནས་པར་གྱུར་ཏོ། །རིན་པོ་ཆེའི་ཤིང་ལྗོན་པ་དང་། རིན་པོ་ཆེའི་ཁང་པ་བརྩེགས་པ་རྣམས་ཀྱིས་ཀྱང་ཀུན་ཏུ་གསལ་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེ་ན་བུད་མེད་ཀྱི་བག་མེད་པར་གྱུར་ཅིང་མངལ་ན་གནས་པ་མེད་དེ་སེམས་ཅན་དེ་དག་ཐམས་ཅད་ཀྱང་པད་མ་རྣམས་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་པར་བརྫུས་ཏེ་བྱུང་ངོ་། །འཇིག་རྟེན་གྱི་ཁམས་དེ་ན་ཐེག་པ་ཆེན་པོ་མ་གཏོགས་པར་ཐེག་པ་གཞན་རྣམ་པར་གཞག་པ་མེད་པར་གྱུར་ཏོ། །ལྷ་དང་མི་དེ་དག་ཀྱང་ཡོངས་སུ་སྤྱད་པ་དག་ནི་དགའ་ལྡན་གྱི་ལྷ་དང་འདྲ་བར་བཟའ་བ་དང་བཏུང་བ་ཡང་བསམས་པས་འབྱོར་པ། མངོན་པར་ཤེས་པས་རྣམ་པར་རྩེན་པ། ནམ་མཁའ་ལ་རྒྱུ་བ་དག་གོ །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་འབར་བའི་བྱང་ཆུབ་སེམས་དཔའི་དགེ་འདུན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་བྱུང་བར་གྱུར་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་ཏུ་གྱུར་ཏོ། །དེ་ན་ཁྱིམ་པ་དང་རབ་ཏུ་བྱུང་བ་ཚད་མེད་པ་དག་ཀྱང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་གྱུར་པ་དག་གོ །བློ་གྲོས་རྒྱ་མཚོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་འབར་བ་དེ་ཡང་བྱང་ཆུབ་སེམས་དཔའ་དེ་དག་ལ་སྐྱེས་བུ་དམ་པ་ཁྱོད་ཀྱིས་བརྩོན་འགྲུས་རྩོམས་ཤིག ། ཁྱོད་རྟག་ཏུ་རྟུལ་བ་བརྟན་པ་དང་། འདུན་པ་དྲག་པོར་གྱིས་ཤིག ། རྟག་ཏུ་གཅེས་པ་མ་འདོར་ཅིག་ཅེས་བརྩོན་འགྲུས་དང་ལྡན་པའི་གཏམ་ཉིད་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏོ། །བློ་གྲོས་རྒྱ་མཚོ་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཅ་སྲ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འཁོར་དེར་འདུས་པར་གྱུར་པ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པ་ལགས། དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ལ་གནང་བའི་བརྩོན་འགྲུས་ནི་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བློ་གྲོས་རྒྱ་མཚོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་འབར་བ་དེས། བྱང་ཆུབ་སེམས་ ― DKG058_Page_0082 ―
[མ་དཔེ་གཟིགས་ན་འདིར་གནོན།]
དཔའ་གོ་ཆ་བརྟན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་ནི་བཞི་པོ་འདི་ལྟ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ་རྩོམ་པ་དང་། རྟུལ་བ་དང་། སོ་སོར་རྟོག་པ་དང་། སྒྲུབ་པ་སྟེ། རིགས་ཀྱི་བུ་བརྩོན་འགྲུས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་ཐམས་ཅད་སྡུད་པར་འགྱུར་བའོ། །དེ་ལ་རྩོམ་པ་ནི་གང་། རྟུལ་བ་ནི་གང་། སོ་སོར་རྟོག་པ་ནི་གང་། སྒྲུབ་པ་ནི་གང་ཞེ་ན། རིགས་ཀྱི་བུ་རྩོམ་པ་ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་སྐྱེད་པའོ། །རྟུལ་བ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྒྲུབ་པའོ། །སོ་སོར་རྟོག་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་པའི་དངོས་པོའོ། །སྒྲུབ་པ་ཞེས་བྱ་བ་ནི་དེ་བྱེད་པའི་ཆོས་ལ་བཟོད་པའོ། །གཞན་ཡང་རྩོམ་པ་ནི་ཐོས་པ་ཡོངས་སུ་ཚོལ་བའོ། །རྟུལ་བ་ནི་ཐོས་པ་སྟོན་པའོ། །སོ་སོར་རྟོག་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པའོ། །སྒྲུབ་པ་ནི་འཕགས་པའི་ཡང་དག་པའི་ལྟ་བའོ། །གཞན་ཡང་རྩོམ་པ་ནི་སེར་སྣའི་སེམས་ཚར་གཅོད་པའོ། །རྟུལ་བ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའོ། །སོ་སོར་རྟོག་པ་ནི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱང་ཆུབ་ཏུ་ཡོངས་སུ་སྔོ་བའོ། །སྒྲུབ་པ་ནི་རྣམ་པར་སྨིན་པ་ལ་མི་རེ་བའོ། །གཞན་ཡང་རྩོམ་པ་ནི་གཏོང་བ་ཆེན་པོ་སྒྲོགས་པའོ། །རྟུལ་བ་ནི་གང་སློང་བ་པོ་རྣམས་ལ་དགེ་བའི་བཤེས་གཉེན་དུ་འདུ་ཤེས་པའོ། །སོ་སོར་རྟོག་པ་ནི་ཀྱེ་མའོ། །ལོངས་སྤྱོད་འདི་དག་མི་རྟག་པའོ་སྙམ་པའོ། །སྒྲུབ་པ་ནི་བྱིན་ནས་འགྱོད་པ་མེད་པའོ། །གཞན་ཡང་རྩོམ་པ་ནི་ཆོས་ཀྱིས་ལོངས་སྤྱོད་ཡོངས་སུ་ཚོལ་བའོ། །རྟུལ་བ་ནི་འཚོ་བ་ཡོངས་སུ་དག་པའོ། །སོ་སོར་རྟོག་པ་ནི་བདག་གིས་སྙིང་པོ་བླངས་པར་འགྱུར་རོ་སྙམ་པའོ། །སྒྲུབ་པ་ནི་སྦྱིན་པས་རློམ་སེམས་སུ་མི་བྱེད་པའོ། །གཞན་ཡང་རྩོམ་པ་ནི་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་སེལ་བའོ། །རྟུལ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མ་ཉམས་པའོ། །སོ་སོར་རྟོག་པ་ནི་ཚུལ་ཁྲིམས་འཆལ་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། ། ― DKG058_Page_0083 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྒྲུབ་པ་ནི་ཚུལ་ཁྲིམས་ཀྱི་ཡོན་ཏན་གྱིས་རློམ་སེམས་སུ་མི་བྱེད་པའོ། །གཞན་ཡང་རྩོམ་པ་ནི་ལུས་ཡོངས་སུ་དག་པའོ། །རྟུལ་བ་ནི་ངག་ཡོངས་སུ་དག་པའོ། །སོ་སོར་རྟོག་པ་ནི་སེམས་ཡོངས་སུ་དག་པའོ། །སྒྲུབ་པ་ནི་ཆོས་ཡོངས་སུ་དག་པའོ། །གཞན་ཡང་རྩོམ་པ་ནི་གནོད་སེམས་ཀྱི་སེམས་ཀྱི་སྐབས་མེད་པའོ། །རྟུལ་བ་ནི་བཟོད་པའི་སྟོབས་རྣམས་རྣམ་པར་རིག་པའོ། །སོ་སོར་རྟོག་པ་ནི་བདག་དང་གཞན་སྲུང་བའོ། །སྒྲུབ་པ་ནི་བཟོད་པའི་རློམ་སེམས་སུ་མི་བྱེད་པའོ། །གཞན་ཡང་རྩོམ་པ་ནི་གཤེ་བ་དང་། སྡང་བ་དད་པར་བྱེད་པའོ། །རྟུལ་བ་ནི་གཤེ་བ་དང་སྡང་བ་འདྲིས་པར་མི་བྱེད་པའོ། །སོ་སོར་རྟོག་པ་ནི་ནང་ཡོངས་སུ་གདུང་བ་མེད་པར་བྱེད་པའོ། །སྒྲུབ་པ་ནི་བདག་དང་གཞན་མི་དམིགས་པའོ། །གཞན་ཡང་རྩོམ་པ་ནི་ལེ་ལོའི་དྲི་མ་སེལ་བའོ། །རྟུལ་བ་ནི་བརྩོན་འགྲུས་ཀྱི་དྲི་མ་ལས་དབེན་པའོ། །སོ་སོར་རྟོག་པ་ནི་སེམས་ཅན་ལེ་ལོ་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །སྒྲུབ་པ་ནི་དེའི་བྱ་བ་བྱེད་པའོ། །གཞན་ཡང་རྩོམ་པ་ནི་བྱ་བ་ཡང་དག་པར་སྒྲུབ་པའོ། །རྟུལ་བ་ནི་བྱ་བ་ཉམས་འོག་ཏུ་ཆུད་པར་བྱེད་པའོ། །སོ་སོར་རྟོག་པ་ནི་ཐེག་པ་གཞན་ལ་མི་རེ་བའོ། །སྒྲུབ་པ་ནི་ལས་ཀྱི་རྣམ་པར་སྨིན་པ་ཆུད་མི་གཟོན་པའོ། །གཞན་ཡང་རྩོམ་པ་ནི་དྲན་པའོ། །རྟུལ་བ་ནི་རྟོགས་པའོ། །སོ་སོར་རྟོག་པ་ནི་བློ་གྲོས་སོ། །སྒྲུབ་པ་ནི་མོས་པའོ། །གཞན་ཡང་རྩོམ་པ་ནི་རིག་པའོ། །རྟུལ་བ་ནི་ཚུལ་ལོ། །སོ་སོར་རྟོག་པ་ནི་སྒོའོ། །སྒྲུབ་པ་ནི་འབྱུང་བའོ། །གཞན་ཡང་རྩོམ་པ་ནི་ཚིག་འབྲུ་ཀུན་ཆུབ་པར་བྱེད་པའོ། །རྟུལ་བ་ནི་ཚིག་འབྲུ་འཛིན་པའོ། །སོ་སོར་རྟོག་པ་ནི་ཚིག་འབྲུ་སེལ་བའོ། །སྒྲུབ་པ་ནི་ཆོས་བརྗོད་དུ་མེད་པར་རྟོགས་པའོ། །གཞན་ཡང་རྩོམ་པ་ནི་དགེ་བའི་བཤེས་གཉེན་ལ་རྟེན་པའོ། །རྟུལ་བ་ནི་སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བའོ། །སོ་སོར་རྟོག་པ་ནི་མཛའ་བ་དང་མི་མཛའ་བ་རྣམས་ལ་སེམས་སྙོམས་པའོ། །སྒྲུབ་པ་ནི་ཇི་སྐད་སྨྲས་པའི་ཚིག་དང་མི་འགལ་བར་བྱེད་པའོ། །གཞན་ཡང་རྩོམ་པ་ནི་རབ་ཏུ་བྱུང་བའི་སེམས་སོ། །རྟུལ་བ་ནི་དགའ་བ་དང་མི་དགའ་བ་ལ་མི་ལྟ་བའོ། ། ― DKG058_Page_0084 ―
[མ་དཔེ་གཟིགས་ན་འདིར་གནོན།]
སོ་སོར་རྟོག་པ་ནི་དགེ་བ་ཅི་ཞེས་ཚོལ་བའོ། །སྒྲུབ་པ་ནི་གཞན་ལ་རག་མ་ལུས་པར་ཡེ་ཤེས་རབ་ཏུ་ཐོབ་པའོ། །གཞན་ཡང་རྩོམ་པ་ནི་དགོན་པ་ལ་གནས་པའོ། །རྟུལ་བ་ནི་འདུ་འཛི་ལ་མི་དགའ་བའོ། །སོ་སོར་རྟོག་པ་ནི་དབེན་པར་གནས་པ་ལ་དགའ་བའོ། །སྒྲུབ་པ་ནི་ཉོན་མོངས་པ་མེད་པར་གནས་པའོ། །གཞན་ཡང་རྩོམ་པ་ནི་འདོད་པ་ཆུང་བའོ། །རྟུལ་བ་ནི་ཆོག་ཤེས་པའོ། །སོ་སོར་རྟོག་པ་ནི་དགང་སླ་བའོ། །སྒྲུབ་པ་ནི་རུང་བ་ལ་ཚོད་ཤེས་པའོ། །གཞན་ཡང་རྩོམ་པ་ནི་ལྷག་པའི་ཚུལ་ཁྲིམས་ལ་སློབ་པའོ། །རྟུལ་བ་ནི་ཚུལ་ཁྲིམས་མི་ལྷོད་པའོ། །སོ་སོར་རྟོག་པ་ནི་ལྷག་པའི་སེམས་ལ་སློབ་པའོ། །སྒྲུབ་པ་ནི་ལྷག་པའི་ཤེས་རབ་ལ་སློབ་པའོ། །གཞན་ཡང་རྩོམ་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྟུལ་བ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སོ་སོར་རྟོག་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྒྲུབ་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའོ། །གཞན་ཡང་རྩོམ་པ་ནི་སྦྱིན་པའོ། །རྟུལ་བ་ནི་སྙན་པར་སྨྲ་བའོ། །སོ་སོར་རྟོག་པ་ནི་དོན་བྱེད་པའོ། །སྒྲུབ་པ་ནི་དོན་འཐུན་པའོ། །གཞན་ཡང་རྩོམ་པ་ནི་བྱམས་པ་ཆེན་པོའོ། །རྟུལ་བ་ནི་སྙིང་རྗེ་ཆེན་པོའོ། །སོ་སོར་རྟོག་པ་ནི་དགའ་བ་ཆེན་པོའོ། །སྒྲུབ་པ་ནི་བཏང་སྙོམས་ཆེན་པོའོ། །གཞན་ཡང་རྩོམ་པ་ནི་ཞིང་ཡོངས་སུ་དག་པར་བྱེད་པའོ། །རྟུལ་བ་ནི་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱེད་པའོ། །སོ་སོར་རྟོག་པ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །སྒྲུབ་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །གཞན་ཡང་རྩོམ་པ་ནི་ཕུང་པོའི་བདུད་ཡོངས་སུ་ཤེས་པའོ། །རྟུལ་བ་ནི་ཉོན་མོངས་པའི་བདུད་ལས་ཤིན་ཏུ་འདའ་བའོ། །སོ་སོར་རྟོག་པ་ནི་འཆི་བདག་གི་བདུད་རྣམ་པར་སྤོང་བའོ། །སྒྲུབ་པ་ནི་ལྷའི་བུའི་བདུད་ཕམ་པར་བྱེད་པའོ། །གཞན་ཡང་རྩོམ་པ་ནི་སྡུག་བསྔལ་ཡོངས་སུ་ཤེས་པའོ། །རྟུལ་བ་ནི་ཀུན་འབྱུང་བ་སྤོང་བའོ། །སོ་སོར་རྟོག་པ་ནི་ལམ་སྒོམ་ ― DKG058_Page_0085 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའོ། །སྒྲུབ་པ་ནི་འགོག་པ་མངོན་སུམ་དུ་བྱེད་པའོ། །གཞན་ཡང་རྩོམ་པ་ནི་ལུས་ལ་ཞུགས་པའི་དྲན་པའོ། །རྟུལ་བ་ནི་ཚོར་བ་ལ་ཞུགས་པའི་དྲན་པའོ། །སོ་སོར་རྟོག་པ་ནི་སེམས་ལ་ཞུགས་པའི་དྲན་པའོ། །སྒྲུབ་པ་ནི་ཆོས་ལ་ཞུགས་པའི་དྲན་པའོ། །གཞན་ཡང་རྩོམ་པ་ནི་དད་པའོ། །རྟུལ་བ་ནི་བརྩོན་འགྲུས་སོ། །སོ་སོར་རྟོག་པ་ནི་དྲན་པ་དང་ཏིང་ངེ་འཛིན་ཏོ། །སྒྲུབ་པ་ནི་ཤེས་རབ་བོ། །གཞན་ཡང་རྩོམ་པ་ནི་མི་དགེ་བའི་ཆོས་སྤོང་བའོ། །རྟུལ་བ་ནི་དགེ་བའི་ཆོས་ཡོངས་སུ་རྫོགས་པར་བྱེད་པའོ། །སོ་སོར་རྟོག་པ་ནི་ལུས་དང་སེམས་ལས་སུ་རུང་བར་བྱེད་པའོ། །སྒྲུབ་པ་ནི་མངོན་པར་འདུ་བྱ་བ་མེད་པའི་རྫུ་འཕྲུལ་རབ་ཏུ་ཐོབ་པར་བྱེད་པའོ། །གཞན་ཡང་རྩོམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ལའོ། །རྟུལ་བ་ནི་ལམ་ལའོ། །སོ་སོར་རྟོག་པ་ནི་ཞི་གནས་དང་ལྷག་མཐོང་ལའོ། །སྒྲུབ་པ་ནི་རིག་པ་དང་རྣམ་པར་གྲོལ་བ་ལའོ། །གཞན་ཡང་རྩོམ་པ་ནི་འཇུག་པའི་སྤྱོད་པའོ། །རྟུལ་བ་ནི་དཀར་པོ་རྣམ་པར་མཐོང་བའི་སྤྱོད་པའོ། །སོ་སོར་རྟོག་པ་ནི་སེམས་ཤིན་ཏུ་སྦྱངས་པའོ། །སྒྲུབ་པ་ནི་ཕྱིར་མི་ལྡོག་པའི་ཡེ་ཤེས་སོ། །བློ་གྲོས་རྒྱ་མཚོ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་འབར་བ་དེས། བྱང་ཆུབ་སེམས་དཔའ་གོ་ཆ་སྲ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བརྩོན་འགྲུས་དེ་ནི་གང་ལུས་དང་སེམས་ཡོངས་སུ་སྦྱངས་པའོ། །བརྩོན་འགྲུས་དེ་ནི་གང་རྒྱུ་དང་ལྟ་བ་དང་བྲལ་བའོ། །བརྩོན་འགྲུས་དེ་ནི་གང་མིང་དང་གཟུགས་ཡོངས་སུ་ཤེས་པའོ། །བརྩོན་འགྲུས་དེ་ནི་གང་ངར་འཛིན་པ་དང་། ང་ཡིར་འཛིན་པ་འགོག་པའོ། །བརྩོན་འགྲུས་དེ་ནི་གང་འཛིན་པ་དང་། འཆིང་བ་འདོར་བའོ། །བརྩོན་འགྲུས་དེ་ནི་གང་སྒྲིབ་པ་རྣམས་དང་ཀུན་ནས་ལྡང་བ་རྣམས་རྣམ་པར་སེལ་བའོ། །བརྩོན་འགྲུས་དེ་ནི་གང་འགྱོད་པ་དང་ཐེ་ཙོམ་སྤོང་བའོ། །བརྩོན་འགྲུས་དེ་ནི་གང་མདུད་པ་རྣམས་དང་ཟུག་རྔུ་རྣམས་ཡང་དག་པར་སེལ་བའོ། །བརྩོན་འགྲུས་དེ་ནི་གང་དམིགས་པ་དང་། རྒྱུན་ཆད་པ་ལས་ཤིན་ཏུ་འདའ་བའོ། །བརྩོན་འགྲུས་དེ་ནི་གང་ང་རྒྱལ་དང་ ― DKG058_Page_0086 ―
[མ་དཔེ་གཟིགས་ན་འདིར་གནོན།]
མངོན་པའི་ང་རྒྱལ་རྣམ་པར་སྤོང་བའོ། །བརྩོན་འགྲུས་དེ་ནི་གང་གཞི་དང་གནས་ལས་ཤིན་ཏུ་འདའ་བའོ། །བརྩོན་འགྲུས་དེ་ནི་གང་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་སྤོང་བའོ། །བརྩོན་འགྲུས་དེ་ནི་གང་མ་རིག་པ་དང་། སྲིད་པའི་སྲེད་པ་རབ་ཏུ་སྦྱངས་པའོ། །བརྩོན་འགྲུས་དེ་ནི་གང་ཆགས་པ་དང་ཞེ་སྡང་ཀུན་ཏུ་མི་རྒྱུ་བའོ། །བརྩོན་འགྲུས་དེ་ནི་གང་གཏི་མུག་དང་སོ་སོར་མི་རྟོག་པ་དང་བྲལ་བའོ། །བརྩོན་འགྲུས་དེ་ནི་གང་ནང་དང་ཕྱིའི་སྐྱེ་མཆེད་རྣམས་ཡོངས་སུ་ཤེས་པའོ། །བརྩོན་འགྲུས་དེ་ནི་གང་ཕུང་པོ་དང་ཁམས་རྣམས་གདོད་མ་ནས་སྐྱེ་བ་མེད་པའོ། །བརྩོན་འགྲུས་དེ་ནི་གང་སེམས་ཞི་བ་དང་རབ་ཏུ་ཞི་བ་དང་ཉེ་བར་ཞི་བའོ། །བརྩོན་འགྲུས་དེ་ནི་གང་རྣམ་པར་བསམས་ན་ཆོས་ཐམས་ཅད་མི་དམིགས་པའོ། །བརྩོན་འགྲུས་དེ་ནི་གང་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་པའོ། །བརྩོན་འགྲུས་དེ་ནི་གང་ཆོས་ཉིད་གནས་པར་ཤེས་པའོ། །བརྩོན་འགྲུས་དེ་ནི་གང་འཕྲོ་བ་མེད་ཅིང་མི་འཕྲོ་བ་མེད་པའོ། །བརྩོན་འགྲུས་དེ་ནི་གང་ལེན་པ་མེད་ཅིང་འདོར་བ་མེད་པའོ། །བརྩོན་འགྲུས་དེ་ནི་གང་བྱེད་པ་མེད་ཅིང་བྱེད་པ་དང་བྲལ་བ་མ་ཡིན་པའོ། །བརྩོན་འགྲུས་དེ་ནི་གང་འདེག་པ་མེད་ཅིང་གཞག་པ་མེད་པའོ། །བརྩོན་འགྲུས་དེ་ནི་གང་བླང་བ་མེད་ཅིང་དོར་བ་མེད་པའོ། །བརྩོན་འགྲུས་དེ་ནི་གང་ལ་བཅིང་བ་མེད་ཅིང་གྲོལ་བ་མེད་པའོ། །བརྩོན་འགྲུས་དེ་ནི་གང་ལ་གནོན་པ་མེད་པ་དང་། ཕ་རོལ་གནོན་པ་མེད་པའོ། །བརྩོན་འགྲུས་དེ་ནི་གང་ལ་རྒྱགས་པ་མེད་པ་དང་བག་མེད་པ་མ་ཡིན་པའོ། །བརྩོན་འགྲུས་དེ་ནི་གང་ལ་བྱ་བ་མེད་ཅིང་བྱེད་པ་པོ་མེད་པའོ། །བརྩོན་འགྲུས་དེ་ནི་གང་ལྟ་བར་མི་བྱེད་པ་དང་རྣམ་པར་ལྟ་བར་མི་བྱེད་པའོ། །བརྩོན་འགྲུས་དེ་ནི་གང་ཞི་བར་མི་བྱེད་པ་དང་རབ་ཏུ་འབར་བར་མི་བྱེད་པའོ། །བརྩོན་འགྲུས་དེ་ནི་གང་སྲུང་བར་མི་བྱེད་པ་དང་སྲུང་བ་དང་བྲལ་བ་མ་ཡིན་པའོ། །བརྩོན་འགྲུས་དེ་ནི་གང་ཀུན་ཏུ་མི་འོང་བ་དང་འོང་བ་དང་བྲལ་བ་མ་ཡིན་པའོ། །བློ་གྲོས་རྒྱ་མཚོ་དེ་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་འབར་བས། བརྩོན་འགྲུས་དང་རབ་ཏུ་ལྡན་པའི་གཏམ་འདི་དག་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་པ་ན་སྲོག་ཆགས་ཁྲིས་མི་སྐྱེ་ ― DKG058_Page_0087 ―
[མ་དཔེ་གཟིགས་ན་འདིར་གནོན།]
བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་གོ་ཆ་སྲ་བས་བཅོམ་ལྡན་འདས་དེ་ལས་བརྩོན་འགྲུས་བསྟན་པ་དེ་ཐོས་ནས་དགེ་བའི་ཆོས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་ཏེ། བརྩོན་འགྲུས་བརྩམས་ནས་གནས་པར་གྱུར་ཏོ། །དེ་བརྩོན་འགྲུས་བརྩམས་ཏེ་གཅེས་པ་མ་བོར་བར་ལོ་བྱེ་བ་འདས་པ་དང་ཆུང་ངུའི་རྗེས་སུ་འཐུན་པའི་བཟོད་པ་རབ་ཏུ་ཐོབ་བོ། །དེ་བརྩོན་འགྲུས་བརྩམས་ཏེ་དགེ་བའི་ཆོས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་པས་འདུག་བཞིན་དུ་འཆི་བའི་དུས་བྱས་སོ། །དེ་ཤི་འཕོས་ནས་དེ་བཞིན་གཤེགས་པ་དེ་ཉིད་ཀྱི་སྤྱན་སྔར་བརྫུས་ཏེ་སྐྱེས་པར་གྱུར་ནས་དེས་ཡང་དེ་བཞིན་གཤེགས་པ་དེ་ལས་འདུས་པ་ཆེན་པོའི་ལེའུ་ཡི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་གྱུར་ཏོ། །དེ་ཡང་ཆོས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་པས་འདུག་བཞིན་དུ་འཆི་བའི་དུས་བྱས་པར་གྱུར་ཏོ། །བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་དེས་རྣམ་གྲངས་འདིས་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་དེ་དག་མཉེས་པར་བྱེད་ཅིང་། གང་དག་བསྐལ་པ་མེ་ཏོག་གི་འབྱུང་གནས་དེ་ལ་བྱུང་བ་ཐམས་ཅད་ལས་བརྩོན་འགྲུས་བརྩམས་ཏེ། དགེ་བའི་ཆོས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་པར་གྱུར་ནས་འདུག་བཞིན་དུ་འཆི་བའི་དུས་བྱས་པར་གྱུར་ཏོ། །བློ་གྲོས་རྒྱ་མཚོ་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་གོ་ཆ་སྲ་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སོམ་ཉིའམ་ཡིད་གཉིས་སམ་ཐེ་ཚོམ་ཟ་བར་གྱུར་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་ང་ཉིད་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་གོ་ཆ་སྲ་བ་ཞེས་བྱ་བར་གྱུར་ཏོ། །བློ་གྲོས་རྒྱ་མཚོ་ངས་བརྩོན་འགྲུས་འདི་འདྲ་བས་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་པོ་དག་ཕྱིར་བསྙིལ་ཏོ། །བློ་གྲོས་རྒྱ་མཚོ་ངས་དེ་ཙམ་དུ་བརྩོན་འགྲུས་བརྩམས་པ་དེ་ལྟ་བུ་དེ་དང་ཚེགས་དེ་ལྟ་བུས། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ལ་ལྟོས། གང་དག་ལེ་ལོ་ཅན་དང་བརྩོན་འགྲུས་དམན་པར་གྱུར་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། དེ་དག་ལ་བྱང་ཆུབ་ཡོད་པར་ག་ལ་འགྱུར་ཏེ་དེ་དག་ལ་བྱང་ཆུབ་ཤིན་ཏུ་རིང་ཞིང་རྣམ་པར་རིང་ངོ་། །བློ་ ― DKG058_Page_0088 ―
[མ་དཔེ་གཟིགས་ན་འདིར་གནོན།]
གྲོས་རྒྱ་མཚོ་བསྟན་པ་འདི་ལ་བརྩོན་འགྲུས་བརྩམས་པ་ནི་དག་པར་འགྱུར་གྱི་ལེ་ལོ་ཅན་ནི་མ་ཡིན་ནོ། །བློ་གྲོས་རྒྱ་མཚོ་རྣམ་གྲངས་དེས་ན་འདི་ལྟར་གང་ལ་བརྩོན་འགྲུས་དང་བག་ཡོད་པ་དེ་ལ་བྱང་ཆུབ་ཡོད་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བརྩོན་འགྲུས་དང་རབ་ཏུ་ལྡན་པའི་སྔོན་བྱུང་བའི་ལེའུ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་ལྔ་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །ལྷ་དང་མིའི་སྐྱེ་དགུའི་སྲོག་ཆགས་བདུན་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ངས་དྲན་སྔ་མ་འདས་པའི་དུས་ན་ནི། །བསྐལ་པ་མེ་ཏོག་འབྱུང་གནས་བལྟ་སྡུག་ལ། །ཤིན་ཏུ་རྣམ་བལྟས་འཇིག་རྟེན་ཁམས་མཆོག་ཏུ། །བརྩོན་འགྲུས་འབར་བའི་བདེ་བར་གཤེགས་པ་བྱུང་། །བསྐལ་པ་དེ་ལ་རྒྱལ་བ་གང་བྱུང་བ། །དེ་དག་བརྒྱད་ཁྲི་བཞི་སྟོང་ཐམ་པའོ། །འཇིག་རྟེན་ཁམས་ནི་དགའ་ལྡན་གནས་འདྲ་སྟེ། །མི་ཡི་བཟའ་དང་བཏུང་བ་བསམས་པས་འབྱོར། །བུད་མེད་ཡོད་མིན་མངལ་ན་གནས་པ་མིན། །སེམས་ཅན་ཐམས་ཅད་བརྫུས་ཏེ་སྐྱེ་བར་གྱུར། །ཐེག་པ་དམན་པ་གྲགས་པར་མ་གྱུར་ཏེ། །ཐམས་ཅད་བདག་ཉིད་ཆེ་བའི་ཐེག་ཆེན་ཞུགས། །ཤིན་ཏུ་རྣམ་བལྟས་འཇིག་རྟེན་ཁམས་བལྟའི་ཕྱིར། །བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་ནས་ལྷགས་པ། །དེ་དག་དགའ་བའི་རྣམ་པའི་ཏིང་འཛིན་ཐོབ། །སྔོན་ཆད་མ་མཐོང་བ་ཡི་བདེ་བ་མྱོང་། །རྐང་གཉིས་ཀྱི་ནི་ཚོགས་གྱུར་གྲགས་ཆེན་པོ། །བྱེ་བ་ཕྲག་ནི་སུམ་ཅུ་རྩ་དྲུག་ཡོད། །གཞན་ཡང་ལྷ་དང་མི་ནི་མང་པོ་དག ། སངས་རྒྱས་ཐེག་པ་མཆོག་ལ་ཞུགས་པར་གྱུར། །ཡོན་ཏན་ཡེ་ཤེས་རྒྱ་མཚོ་དྲང་སྲོང་ཆེ། །དེ་ནི་བརྩོན་འགྲུས་བསྔགས་པ་ཡང་ཡང་བརྗོད། །དེ་ནས་བརྩོན་འགྲུས་བརྟན་པ་མཁས་པ་དེ། །ལངས་ནས་དོན་འདི་ཉིད་ནི་རྒྱལ་ལ་ཞུས། །བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་གྱུར་པ། །ཇི་ཙམ་གྱིས་ནི་བརྩོན་འགྲུས་སྟོབས་ལ་གནས། །དེ་དོན་བཅོམ་ལྡན་བདག་ལ་བཤད་དུ་གསོལ། ། བདག་ནི་དེ་ལ་རབ་ཏུ་ནན་ཏན་ ― DKG058_Page_0089 ―
[མ་དཔེ་གཟིགས་ན་འདིར་གནོན།]
བགྱིད། །དེ་ཡི་བསམ་པ་མཁྱེན་ནས་ཆོས་རྗེ་དེས། །བརྩོན་འགྲུས་ལས་བརྩམས་ཡོན་ཏན་རབ་གསུངས་པ། །རྩོམ་པ་དང་ནི་དེ་བཞིན་རྟུལ་བ་དང་། །རྟག་ཏུ་སོ་སོར་རྟོག་དང་སྒྲུབ་པའོ། །རྩོམ་པ་དེ་ནི་བྱང་ཆུབ་སེམས་ཞེས་བྱ། །རྟུལ་བ་དགེ་བ་སྟོང་དག་སྒྲུབ་བྱེད་པ། །སོ་སོར་རྟོག་པ་སེམས་ཅན་ཕན་པའི་དངོས། །སྒྲུབ་པ་དེ་བྱེད་ཆོས་ལ་བཟོད་པ་ཡིན། །རྩོམ་པ་གུས་པར་བྱས་ཏེ་ཐོས་ཚོལ་བ། །རྟུལ་བ་བརྟན་པ་ཡང་དག་སྟོན་བྱེད་པ། །སོ་སོར་རྟོག་པ་འདི་ནི་ཚུལ་བཞིན་བརྗོད། །སྒྲུབ་པ་གང་ཚེ་ཡང་དག་ལྟ་སྐྱེ་བ། །རྩོམ་པ་སེར་སྣའི་དྲི་མ་སེལ་བ་ཡིན། །རྟུལ་བ་བདོག་པ་ཐམས་ཅད་ཡོངས་གཏོང་བ། །སོ་སོར་རྟོག་པ་རྫོགས་པའི་བྱང་ཆུབ་སེམས། །སྒྲུབ་པ་གང་ཚེ་རྣམ་སྨིན་མི་རེ་བ། །རྩོམ་པ་གཏོང་བ་ཆེན་པོ་གང་བསྒྲུབས་པ། །རྟུལ་བ་སློང་བ་རྣམས་ལ་བྱམས་བྱེད་པ། །སོ་སོར་རྟོག་འདི་ལོངས་སྤྱོད་མི་རྟག་སྙམ། །སྒྲུབ་པ་བྱིན་ནས་གདུང་བ་མེད་པ་ཡིན། །རྩོམ་པ་ཆོས་ཀྱིས་ལོངས་སྤྱོད་གང་ཚོལ་བ། །རྟུལ་བ་དེ་ནི་འཚོ་བ་དག་པ་ཡིན། །བདག་གིས་སྙིང་པོ་བླངས་སྙམ་སོ་སོར་རྟོག ། སྒྲུབ་པ་སྦྱིན་པ་སྦྱིན་པས་རློམ་སེམས་མེད། །རྩོམ་པ་འཆལ་བའི་ཚུལ་ཁྲིམས་དྲི་མ་སེལ། །རྟུལ་བ་ཚུལ་ཁྲིམས་བརྟུལ་ཞུགས་ཉམས་པ་མེད། །ཚུལ་ཁྲིམས་འཆལ་པའི་སྦྱིན་བྱེད་སོ་སོར་རྟོག ། སྒྲུབ་པ་གང་ཚེ་ཚུལ་ཁྲིམས་རློམ་སེམས་མེད། །རྩོམ་པ་དག་ནི་ཡོངས་སུ་དག་པ་སྟེ། །རྟུལ་བ་ལུས་ནི་ཡོངས་སུ་དག་པ་ཡིན། །སོ་སོར་རྟོག་པ་གང་ཡིན་འདི་སེམས་དག ། སྒྲུབ་པ་གང་ཡིན་ཆོས་རྣམས་ཡོངས་སུ་དག ། རྩོམ་པ་གནོད་སེམས་གོ་སྐབས་མེད་པ་ཡིན། །རྟུལ་བ་བཟོད་པའི་སྟོབས་ནི་ཉེ་བར་སྟོན། །སོ་སོར་རྟོག་པ་བདག་དང་གཞན་སྲུང་བྱེད། །སྒྲུབ་པ་གང་ཚེ་རློམ་སེམས་གང་མེད་པ། །རྩོམ་པ་གཤེ་ལ་རྟག་ཏུ་དད་བྱེད་པ། ། རྟུལ་བ་དེ་དག་ཐག་རིང་སྤོང་བ་སྟེ། །སོ་སོར་རྟོག་པ་ནང་ནི་ཞི་བ་ཡིན། །སྒྲུབ་པ་བདག་དང་གཞན་དུ་དམིགས་པ་མེད། །རྩོམ་པ་ལེ་ལོའི་དྲི་མ་སེལ་བ་སྟེ། །རྟུལ་བ་བརྩོན་འགྲུས་སྟོབས་དང་མཐུ་ཡིན་ནོ། །ལེ་ལོ་ཅན་དག་སྨིན་བྱེད་སོ་སོར་རྟོག ། དེ་བྱེད་ཆོས་ལ་བཟོད་པ་སྒྲུབ་པ་ཡིན། །རྩོམ་པ་ ― DKG058_Page_0090 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱ་བ་ཡང་དག་སྒྲུབ་བྱེད་པ། །རྟུལ་བ་བྱ་བ་ཉམས་འོག་ཆུད་པར་བྱེད། །ཐེག་པ་གཞན་ལ་མི་རེ་སོ་སོར་རྟོག ། སྒྲུབ་པ་ལས་རྣམས་ཆུད་མི་གསོན་པ་ཡིན། །རྩོམ་པ་ཡང་དག་དྲན་དང་ཤེས་བཞིན་ཅན། །རྟུལ་བ་ཆོས་རྟོགས་པ་ལ་འཇུག་པ་ཡིན། །བློ་གྲོས་ཀུན་ཏུ་བསྲུངས་པ་སོ་སོར་རྟོག ། སྒྲུབ་པ་དེ་ལ་མོས་ཤིང་འགྱུར་བ་མེད། །རྩོམ་པ་རིག་པ་རྟུལ་བ་ཚུལ་ཡིན་ཏེ། །སོ་སོར་རྟོག་པ་དེ་ནི་ཆོས་སྒོ་ཡིན། །སྒྲུབ་པ་དེ་ནི་འབྱུང་བ་རབ་ཏུ་ཤེས། །འདི་དག་བརྩོན་འགྲུས་བརྩམས་པའི་སྦྱོར་བ་ཡིན། །རྩོམ་པ་ཚིག་འབྲུ་ཀུན་ཏུ་འཛིན་པ་སྟེ། །རྟུལ་བ་བསྟན་པ་ཡང་དག་སྟོན་པར་བྱེད། །སོ་སོར་རྟོག་པ་སྒྲ་ནི་སེལ་བྱེད་པ། །སྒྲུབ་པ་ཆོས་རྣམས་བརྗོད་པ་མེད་པ་ཉིད། །རྩོམ་པ་དགེ་བའི་བཤེས་གཉེན་བསྟེན་པ་ཡིན། །རྟུལ་བ་སྡིག་པའི་གྲོགས་པོ་རྣམ་པར་སྤོང་། །ཐོས་ནས་ཆོས་ཉིད་ལ་ནི་སོ་སོར་རྟོག ། སྒྲུབ་པ་ཆོས་རྣམས་དང་ནི་འགལ་མི་བྱེད། །རྩོམ་པ་སངས་རྒྱས་བསྟན་ལ་རབ་ཏུ་འབྱུང་། །རྟུལ་བ་དགའ་བ་ཐམས་ཅད་སྤོང་བ་ཡིན། །དགེ་ལ་གནས་པ་གང་ཡིན་སོ་སོར་རྟོག ། ཆོས་རྣམས་འགལ་བ་མེད་པ་སྒྲུབ་པ་ཡིན། །རྩོམ་པ་དགོན་པར་དགའ་བ་གང་ཐོབ་པ། །རྟུལ་བ་འདུ་འཛི་རྣམ་པར་སྤོང་བ་ཡིན། །དབེན་པར་གནས་པར་དགའ་བ་སོ་སོར་རྟོག ། སྒྲུབ་པ་གང་ཡིན་ཉོན་མོངས་མེད་པར་གནས། །རྩོམ་པ་འདོད་པ་ཆུང་ཞིང་བཀའ་བློ་བདེ། །རྟུལ་བ་དེ་ནི་ཆོག་ཤེས་གྱུར་པ་ཡིན། །དེས་པར་གང་གྱུར་དེ་ནི་སོ་སོར་རྟོག ། སྒྲུབ་པ་གང་ཡིན་རུང་བའི་ཚོད་ཤེས་པ། །རྩོམ་པ་ལྷག་པའི་ཚུལ་ཁྲིམས་སློབ་ཅེས་བྱ། །རྟུལ་བའི་ཚུལ་ཁྲིམས་ལྷོད་པ་མེད་པ་ཡིན། ། ལྷག་པའི་སེམས་སློབ་འདི་ནི་སོ་སོར་རྟོག ། ལྷག་པའི་ཤེས་རབ་སློབ་པ་སྒྲུབ་པ་མཆོག ། རྩོམ་པ་སྦྱིན་དང་དེ་བཞིན་ཚུལ་ཁྲིམས་ཡིན། །རྟུལ་བ་བཟོད་དང་དེ་བཞིན་བརྩོན་འགྲུས་སོ། །སོ་སོར་རྟོག་འདི་བསམ་གཏན་ཤེས་རབ་སྟེ། །སྒྲུབ་པ་ཡེ་ཤེས་དང་ནི་དེ་བཞིན་ཐབས། །རྩོམ་པ་འཇིག་རྟེན་ཟང་ཟིང་ཆོས་སྦྱིན་པ། །སྙན་པར་སྨྲ་བ་དེ་ནི་རྟུལ་བ་ཡིན། །དོན་དཔྱོད་གང་ཡིན་དེ་ནི་སོ་སོར་རྟོག ། སྒྲུབ་པ་དོན་འཐུན་པ་སྟེ་སྙིང་པོ་ཡིན། །རྩོམ་པ་གང་ཡིན་བྱམས་པ་ཡོངས་སུ་དག ། ― DKG058_Page_0091 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྟུལ་བ་དེ་ནི་སྙིང་རྗེ་ལྡན་པ་ཡིན། །དགའ་བ་ཆོས་ལ་སོ་སོར་རྟོག་པ་སྟེ། །བཏང་སྙོམས་ཡེ་ཤེས་སྒྲུབ་པར་བརྗོད་པ་ཡིན། །རྩོམ་པ་ཞིང་ནི་རྣམ་པར་སྦྱོང་བ་སྟེ། །རྟུལ་བ་མཚན་རྣམས་ཡོངས་སུ་རྫོགས་པར་བྱེད། །སོ་སོར་རྟོག་པ་དམ་ཆོས་ཡོངས་སུ་འཛིན། །སྒྲུབ་པ་སེམས་ཅན་ཡོངས་སུ་སྨིན་པར་བྱེད། །རྩོམ་པ་གང་ཡིན་ཕུང་པོ་བདུད་སེལ་བ། །རྟུལ་བ་ཉོན་མོངས་བདུད་ནི་ཚར་གཅོད་པ། །སོ་སོར་རྟོག་པ་འཆི་བདག་ཚར་གཅོད་དེ། །སྙིང་པོ་སྒྲུབ་པ་བདུད་ཀྱིས་ཅི་བྱར་ཡོད། །རྩོམ་པ་སྡུག་བསྔལ་ཡོངས་སུ་ཤེས་པ་སྟེ། །སྲིད་པའི་གནས་མེད་འདི་ནི་རྟུལ་བ་ཡིན། །ལམ་སྒོམ་གང་ཡིན་དེ་ནི་སོ་སོར་རྟོག ། འགོག་པ་ཤེས་པ་སྒྲུབ་པར་བརྗོད་པ་ཡིན། །རྩོམ་པ་ལུས་ལ་དྲན་པ་བཅིངས་པ་མེད། །རྟུལ་བ་ཚོར་བ་ལ་ནི་ལྟ་བ་མེད། །སེམས་ལ་དྲན་པ་འདི་ནི་སོ་སོར་རྟོག ། ཆོས་ལ་དྲན་པ་སྒྲུབ་པ་དམ་པ་ཡིན། །རྩོམ་པ་དད་པའི་སྟོབས་དང་དེའི་དབང་པོ། །རྟུལ་བ་བརྩོན་འགྲུས་སྟོབས་དང་མཐུ་ཡིན་ཏེ། །དྲན་དང་ཏིང་འཛིན་དབང་པོ་སོ་སོར་རྟོག ། ཤེས་རབ་དབང་པོ་སྒྲུབ་པར་བརྗོད་པ་ཡིན། །རྩོམ་པ་མི་དགེ་རྣམ་པར་སྤོང་ཞེས་བརྗོད། །རྟུལ་བ་གང་ཡིན་དགེ་བ་ཆུད་མི་གསོན། །ལུས་དང་སེམས་ཀྱང་གང་ཡིན་སོ་སོར་རྟོག ། སྒྲུབ་པ་རྫུ་འཕྲུལ་རྣམ་པར་འཕྲུལ་ཞེས་བརྗོད། །རྩོམ་པ་མཁས་པ་བྱང་ཆུབ་ཡན་ལག་སྒོམ། །རྟུལ་བ་གང་ཚེ་ལམ་ནི་རྟོག་པ་ཡིན། །ཞི་གནས་ལྷག་མཐོང་དེ་ནི་སོ་སོར་རྟོག ། རིག་དང་རྣམ་གྲོལ་སྒྲུབ་པ་སྙིང་པོ་ཡིན། །རྩོམ་པ་འཇུག་པ་རྟུལ་བ་སྤྱོད་པ་ཡིན། །སོ་སོར་རྟོག་པ་སེམས་ནི་རབ་སྦྱངས་པ། །མཚན་མའི་སྤྱོད་ཡུལ་ཐམས་ཅད་གང་ལོག་པ། །དེ་ནི་སྒྲུབ་པའི་ཚུལ་དུ་བརྗོད་པ་ཡིན། །ལུས་དང་སེམས་ནི་རབ་ཏུ་སྦྱངས་པ་དང་། །རྒྱུ་དང་ལྟ་ལས་རབ་ཏུ་འདའ་བ་དང་། །མིང་དང་གཟུགས་ནི་ཡོངས་སུ་གང་ཤེས་པ། །དེ་ནི་བརྩོན་འགྲུས་མཆོག་ཅེས་འཕགས་པས་བསྔགས། །ང་དང་ང་ཡི་ཞེས་པ་ནམ་འགག་པ། །དེ་ཚེ་བཅིངས་པ་ཀུན་ལས་རྣམ་པར་གྲོལ། །ཀུན་ནས་ལྡང་མེད་སྒྲིབ་པ་ལྔ་ལས་གྲོལ། །མཁས་པ་ཐེ་ཚོམ་དང་ནི་འགྱོད་པ་སྤངས། །མདུད་པ་རྣམས་དང་ཟུག་རྔུ་ ― DKG058_Page_0092 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསལ་བ་གང་། །སྒྲིབ་པ་མེད་ཅིང་རྒྱུན་ཆད་ཡོད་པ་མིན། །ང་རྒྱལ་མངོན་པའི་ང་རྒྱལ་གང་ཚེ་སྤངས། །དེ་ཚེ་བརྩོན་འགྲུས་སྟོབས་ཀྱིས་ལས་བྱས་ཡིན། །མཚན་མ་ཐམས་ཅད་སེལ་བ་གང་ཡིན་དང་། །སྤྲོས་པ་ཐམས་ཅད་འཇུག་པ་མེད་པ་དང་། །ཉོན་མོངས་ཐམས་ཅད་སྤོང་བ་གང་ཡིན་པ། །བརྩོན་འགྲུས་དེ་ནི་མཁས་པ་རྣམས་ཀྱིས་བསྔགས། །བརྩོན་འགྲུས་འབར་བས་རབ་ཏུ་བསྔགས་པའི་ཚེ། །བརྩོན་འགྲུས་ཡོན་ཏན་འདི་དག་ཐོས་ནས་ནི། །གྲགས་པ་ཆེན་པོ་སྟོང་ཕྲག་བཅུ་ཀུན་གྱིས། །མི་སྐྱེའི་བཟོད་པ་རབ་ཏུ་ཐོབ་པར་འགྱུར། །འདི་ཐོས་ནས་ནི་སྟོང་ཕྲག་ལྔ་ཞིག་ཀྱང་། །སངས་རྒྱས་ཞིང་འདིར་བཟོད་པ་རྣམ་པར་སྦྱངས། །མི་དང་ལྷ་དང་ལྷ་མིན་མི་འམ་ཅི། །བདུན་སྟོང་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས། །དེ་ན་གང་གིས་བརྩོན་འགྲུས་མཆོག་རེག་པ། །དགེ་སློང་བརྩོན་འགྲུས་བརྟན་པ་ང་ཡིན་ཏེ། །བརྩོན་འགྲུས་བརྩམས་ནས་ངས་ནི་ལུས་བཏང་སྟེ། །འདུག་བཞིན་དེ་ཚེ་འཆི་བའི་དུས་བྱས་གྱུར། །བརྒྱད་ཁྲི་ལས་ནི་བཞི་སྟོང་ལྷག་པ་ལ། །བདག་གིས་ལུས་ནི་རབ་ཏུ་སྐམས་པར་བྱས། །བསྐལ་པ་གཅིག་ལ་འདྲེན་པ་མཉེས་བྱས་ཏེ། །བདག་གིས་བྱང་ཆུབ་སེམས་དཔའ་ཕྱིར་བསྙིལ་ཏོ། །བརྩོན་འགྲུས་བརྩམས་པའི་ལེའུ་སྟེ་ལྔ་པའོ།། །། དྲུག་པ། སངས་རྒྱས་ཀྱི་ཆོས་བསྟན་པའི་ལེའུ།― DKG058_Page_0092 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནས་ཚངས་པ་ཆེན་པོ་སྙིང་རྗེ་ཆེན་པོ་སེམས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་དེ་ལ་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་ལ་དེ་དག་གང་གི་ཚིག་བླ་དགས་དེ་སྐད་ཅེས་སྨྲས་པ་དང་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཚངས་པ་སངས་རྒྱས་ཀྱི་ཆོས་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་ལ་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་དེ་ནི་ཆོས་ཐམས་ཅད་ཀྱི་ཚིག་བླ་དགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚངས་པ་དེ་བཞིན་གཤེགས་པས་ཡོངས་སུ་ཆད་པའི་རྣམ་པས་ཚད་དང་ལྡན་པར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་གྱི། དེ་བཞིན་གཤེགས་པས་ཡོངས་སུ་མ་ ― DKG058_Page_0093 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆད་པའི་རྣམ་པས་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རྣམ་པས་ཚད་མེད་པར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཚངས་པ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ་ནི་བྱང་ཆུབ་སྟེ། ཚངས་པ་དེའི་ཕྱིར་ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱའོ། །ཚངས་པ་ཆོས་ཐམས་ཅད་ཅི་འདྲ་བའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་དེ་འདྲ་བ་ཉིད་དོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་དབེན་པ་ཉིད་པས་སངས་རྒྱས་ཀྱི་ཆོས་དབེན་པ་ཉིད་དུ་ཁོང་དུ་ཆུད་པར་བྱའོ། །ཆོས་ཐམས་ཅད་སྟོང་པས་སངས་རྒྱས་ཀྱི་ཆོས་སྟོང་པ་ཉིད་དུ་ཁོང་དུ་ཆུད་པར་བྱའོ། །ཚངས་པ་ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དག་སྟེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཁོང་དུ་ཆུད་པ་ནི་བྱང་ཆུབ་བོ། །དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ཇི་ལྟར་གཟིགས་པ་ལྟར་སངས་རྒྱས་ཀྱི་ཆོས་དེ་དག་ཀྱང་དེ་འདྲ་བ་ཉིད་དོ། །ཚངས་པ་སྙིང་རྗེ་ཆེན་པོ་སེམས་པས་སྨྲས་པ། རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་རྣམས་ཁམས་གསུམ་ལས་ཤིན་ཏུ་འདས་པ་མ་ཡིན་ནམ། བློ་གྲོས་རྒྱ་མཚོས་སྨྲས་པ། ཚངས་པ་ཁམས་གསུམ་གྱི་ངོ་བོ་ཉིད་ཀྱིས་མཚན་མ་ཉིད་སངས་རྒྱས་ཀྱི་ཆོས་རྣམས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚངས་པ་སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་ལ་ཐ་མའམ་མཆོག་གང་ཡང་མེད་དོ། །ཚངས་པ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་ཐ་མའམ་མཆོག་གང་ཡང་མེད་དོ། །ཚངས་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་དེ་དག་ནི་ནམ་མཁའ་དང་མཉམ་སྟེ། དེ་དག་ལ་ཡང་ཐ་མའམ་མཆོག་གང་ཡང་མེད་དོ། །ཚངས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དེ་དེ་ལ་ཡང་ཐ་མའམ་མཆོག་གང་ཡང་མེད་དོ། །ཚངས་པ་སངས་རྒྱས་ཀྱི་ཆོས་ཁོང་དུ་ཆུད་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས། རྟོག་པ་མེད་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཆོས་རྣམས་དེ་ལྟར་རྟོགས་པར་བྱའོ། །ཚངས་པ་གཞན་ཡང་སངས་རྒྱས་ཀྱི་ཆོས་རྣམས་ནི་ཡུལ་ན་མི་གནས་པ། ཕྱོགས་ན་མི་གནས་པ། མ་སྐྱེས་པ། མ་འགག་པ། སྔོན་པོ་མ་ཡིན་པ། ― DKG058_Page_0094 ―
[མ་དཔེ་གཟིགས་ན་འདིར་གནོན།]
སེར་པོ་མ་ཡིན་པ། དམར་པོ་མ་ཡིན་པ། དཀར་པོ་མ་ཡིན་པ། ལེ་བརྒན་མ་ཡིན་པ། ཤེལ་དང་དངུལ་གྱི་ཁ་དོག་ལྟ་བུ་མ་ཡིན་པ་དག་སྟེ། དེ་དག་ནི་ཁ་དོག་མེད་པ། དབྱིབས་མེད་པ། རྟགས་མེད་པ་དག་གོ །དེ་དག་ནི་མཚན་མ་མེད་པ་དག་གོ །ཚངས་པ་མཚན་མ་མེད་པའི་དོན་ནི་སངས་རྒྱས་ཀྱི་ཆོས་ཀྱི་ཆོས་ཀྱི་དོན་ནོ། །སངས་རྒྱས་ཀྱི་ཆོས་ཀྱི་ཆོས་ཀྱི་དོན་ནི་འཆི་འཕོ་མེད་པའི་ཚིག་གི་དོན་ནོ། །འཆི་འཕོ་མེད་པའི་ཚིག་གི་དོན་ནི་ཞི་བའི་དོན་ནོ། །ཞི་བའི་དོན་ནི་དབེན་པའི་དོན་ནོ། །དབེན་པའི་དོན་ནི་སྟོང་པའི་དོན་ནོ། །སྟོང་པའི་དོན་ནི་གནས་མེད་པའི་དོན་ནོ། །གནས་མེད་པའི་དོན་ནི་དེ་ཁོ་ནའི་དོན་ནོ། །དེ་ཁོ་ནའི་དོན་ནི་ཤིན་ཏུ་སྐྱེ་བ་མེད་པའི་དོན་ནོ། །སྐྱེ་བ་མེད་པའི་དོན་ནི་འགག་པ་མེད་པའི་དོན་ནོ། ། འགག་པ་མེད་པའི་དོན་ནི་གནས་མེད་པའི་དོན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། མཚན་མ་མེད་པའི་དོན་བརྗོད་འདི། །སངས་རྒྱས་ཆོས་ཀྱི་དམ་པ་སྟེ། །སངས་རྒྱས་ཆོས་དོན་བསྟན་པ་ནི། །འཆི་འཕོ་མེད་པའི་ཚིག་ཅེས་བྱ། །འཆི་འཕོ་མེད་དོན་ཞི་བའི་དོན། །རྣམ་པར་དབེན་པའི་དོན་དུ་བསྟན། །དབེན་པའི་དོན་ནི་སྟོང་པའི་དོན། །སྟོང་པའི་དོན་ནི་གནས་མེད་དོན། །གནས་མེད་དོན་ནི་དེ་ཁོ་ན། །དེ་ཉིད་དོན་ནི་དེ་བཞིན་ཉིད། །ཤིན་ཏུ་སྐྱེ་དང་བྲལ་བ་ནི། །འགག་པ་མེད་པའི་དོན་དུ་བསྟན། །འགག་མེད་དོན་ནི་གནས་མེད་དོན། །གནས་པ་མེད་པའི་ཆོས་དོན་ཚིག ། ཆོས་དབྱིངས་ཇི་ལྟར་གནས་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་ལྟར་གནས། །ཆོས་ཀུན་ཇི་ལྟར་གནས་པ་ལྟར། །སངས་རྒྱས་ཆོས་རྣམས་དེ་ལྟར་གནས། །ཇི་ལྟར་སངས་རྒྱས་ཆོས་གནས་ལྟར། །སློབ་པའི་ཆོས་རྣམས་དེ་ལྟར་གནས། །ཆགས་མེད་ཆོས་ནི་མཚུངས་པའི་དོན། །དེ་ལྟར་དེ་དག་གཞན་མེད་གནས། །རང་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་། །འདིར་ནི་མཉམ་པ་ཇི་བཞིན་གནས། །དེ་ལྟའི་གནས་ལ་གནས་པའི་ཆོས། །སངས་རྒྱས་ཆོས་ཏེ་བླ་ན་མེད། །སངས་རྒྱས་ཆོས་རྣམས་དེ་དག་ནི། །ཡུལ་དང་ཕྱོགས་ན་གནས་པ་མེད། །སྐྱེ་བ་དང་ནི་འཇིག་པ་ཡིས། །ནམ་ཡང་རབ་ཏུ་ཕྱེ་བ་མིན། །གང་དུའང་ཆོས་ ― DKG058_Page_0095 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྣམས་དེ་དག་ལ། །དབྱིབས་དང་ཁ་དོག་རྙེད་མི་འགྱུར། །མཚན་མ་མེད་ཅིང་རྟགས་མེད་པར། །སངས་རྒྱས་ཆོས་རྣམས་རབ་ཏུ་བསྟན། །ཆོས་ཀུན་རང་བཞིན་གང་ཡིན་པ། །སངས་རྒྱས་ཆོས་རྣམས་དེ་ལྟའི་ཚུལ། །དེས་ན་དེ་དག་མཉམ་པར་བསྟན། །ཁྱད་པར་མེད་དེ་མཚན་ཉིད་མེད། །སངས་རྒྱས་ཆོས་རྟོགས་འདོད་པ་ཡིས། །ཆོས་རྣམས་ཀུན་ལ་བལྟ་བར་བྱ། །གང་ཚེ་ཅུང་ཟད་མི་དམིགས་པ། །དེ་ཚེ་རྣམ་པར་བལྟས་པ་ཡིན། །སངས་རྒྱས་དང་ནི་སངས་རྒྱས་ཆོས། །ཆོས་རྣམས་ཀུན་ཀྱང་ཐམས་ཅད་དུ། །བྱང་ཆུབ་སྙིང་པོར་དྲང་སྲོང་ཆེས། །དེ་དག་ཡང་དག་མཉམ་པར་རྟོགས། །སངས་རྒྱས་ཆོས་གང་སངས་རྒྱས་ཀྱིས། །བྱང་ཆུབ་སྙིང་པོར་གང་བལྟས་པ། །སངས་རྒྱས་ཆོས་བསྟན་དེ་དག་ནི། །རྟག་ཏུ་མཉམ་པ་ཉིད་ཀྱིས་མཉམ། །མཉམ་སྟེ་མི་མཉམ་མེད་པའི་ཆོས། །ནམ་མཁའ་ལྟ་བུ་དྲི་མེད་པར། །སངས་རྒྱས་ཀྱིས་ནི་མཁྱེན་པས་རྟོགས། །དེས་འདིར་སངས་རྒྱས་ཡིན་ཞེས་བརྗོད། །རྟེན་ཅིང་འབྲེལ་པར་གང་བྱུང་བ། །དེ་དག་གང་ལའང་རང་བཞིན་མེད། །གང་དག་ངོ་བོ་ཉིད་མེད་པ། །དེ་དག་གང་དུའང་འབྱུང་བ་མེད། །འགྲོ་བ་མཐའ་མེད་མཉམ་པར་ནི། །གང་གིས་མཐའ་འདིར་རབ་ཤེས་པ། །དེ་ཡི་ཡེ་ཤེས་མཐར་སོན་པས། །ཆོས་རྣམས་ཀུན་ལ་འཇུག་པར་འགྱུར། །ཆོས་རྣམས་གང་དག་འདས་པ་དང་། །ཆོས་རྣམས་གང་དག་མ་འོངས་དང་། །ད་ལྟར་བྱུང་བའི་ཆོས་གང་དག ། དེ་རྣམས་སངས་རྒྱས་ཆོས་སུ་འདོད། །དེ་ལྟར་དུས་གསུམ་རྣམས་ལ་ཡང་། །སངས་རྒྱས་ཡེ་ཤེས་ཆགས་པ་མེད། །གང་དུ་ཡི་གེས་མི་ཆགས་པ། །དེ་དག་ཐུབ་པའི་ཆོས་སུ་བསྟན། །སྟོབས་ནི་རྣམ་པ་བཅུ་དག་དང་། །མི་འཇིགས་རྣམ་བཞི་གང་དག་དང་། །སངས་རྒྱས་རྣམས་ཀྱི་མ་འདྲེས་ཆོས། །རྣམ་པ་བཅྭ་བརྒྱད་གང་ཡིན་དང་། །གཞན་ཡང་ཆོས་གང་ཅི་ཡོད་པ། །ཐམས་ཅད་འདིར་ནི་འདུས་པར་འགྱུར། །དེས་ནི་ཆོས་རྣམས་དེ་དག་ཀུན། །སངས་རྒྱས་ཆོས་ཞེས་བརྗོད་པ་ཡིན།། །།འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ། བམ་པོ་ལྔ་པ། ཚངས་ ― DKG058_Page_0096 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་སྙིང་རྗེ་ཆེན་པོ་སེམས་པས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་སྨྲས་སོ། །ཅི་རིགས་ཀྱི་བུ་ཁྱོད་ལ་ཆོས་འདི་དག་མངོན་སུམ་དུ་གྱུར་ཏམ། སྨྲས་པ་ཚངས་པ་ཅི་སངས་རྒྱས་ཀྱི་ཆོས་རྣམས་གཟུགས་སུ་བགྲང་ངམ། སྨྲས་པ་དེ་ནི་མ་ཡིན་ནོ། ། སྨྲས་པ་ཚངས་པ་ཆོས་གང་གཟུགས་མེད་པ་བསྟན་དུ་མེད་ཐོགས་པ་མེད། རྣམ་པར་རིག་པ་མེད་པ་དེ་ལ་གང་ཡང་མངོན་སུམ་དུ་འགྱུར་རམ། སྨྲས་པ་རིགས་ཀྱི་བུ་དེ་ནི་མ་ཡིན་ནོ། །སྨྲས་པ་ཚངས་པ་དེ་ལྟར་ན་ཆོས་ཐམས་ཅད་ནི་མངོན་སུམ་མ་ཡིན་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་གཉིས་སུ་ཆུང་ཟད་ཀྱང་མེད་དེ། ཚངས་པ་ཆོས་ཐམས་ཅད་ནི་གཉིས་སུ་མེད་པའོ། །དེ་ལ་མངོན་སུམ་གང་ཡིན་པ་དེ་ཡང་དེའི་མཚན་ཉིད་ཁོ་ནའོ། །ཚངས་པ་མངོན་སུམ་ཡང་གཞན་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཞན་པ་མ་ཡིན་ཏེ། མངོན་སུམ་དུ་གང་ཡིན་པ་དེ་ཉིད་སངས་རྒྱས་ཀྱི་ཆོས་རྣམས་སོ། །སངས་རྒྱས་ཀྱི་ཆོས་གང་ཡིན་པ་དེ་ཉིད་མངོན་སུམ་ཉིད་དོ། །སྨྲས་པ་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལ་ཡང་སངས་རྒྱས་ཀྱི་ཆོས་རྣམས་མངོན་སུམ་མ་ཡིན་ནམ། སྨྲས་པ་ཚངས་པ་གལ་ཏེ་དེ་བཞིན་གཤེགས་པའམ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་རུང་སྟེ་འགའ་ཞིག་ཡང་དག་པར་ཡོངས་སུ་གྲུབ་པར་གྱུར་ན་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་། དེ་བཞིན་གཤེགས་པ་ལ་མངོན་སུམ་དུ་འགྱུར་རོ། །སྨྲས་པ་རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་གང་ཡང་མེད་དམ། སྨྲས་པ་ཚངས་པ་ཆོས་གང་ཡོངས་སུ་གྲུབ་པ་མེད་པ་དེ་ཡོད་པའམ་མེད་པར་ཁས་བླང་དུ་མེད་དོ། །ཆོས་གང་ཡོད་པའམ་མེད་པར་ཁས་བླང་དུ་མེད་པ་དེ་ལ་མངོན་སུམ་དུ་འགྱུར་བ་གང་ཡང་མེད་དོ། །སྨྲས་པ་འོ་ན་ད་ཇི་ལྟར་སངས་རྒྱས་ཀྱི་ཆོས་ཞེས་བསྟན། སྨྲས་པ་ཚངས་པ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནམ་མཁའ་ཞེས་བསྟན་ཀྱང་ནམ་མཁའ་ལ་ཡང་དག་པར་ཡོངས་སུ་གྲུབ་པ་གང་ཡང་མེད་དོ། །ཚངས་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ལ་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བསྟན་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ལ་ནི་ཡང་དག་པར་ཡོངས་སུ་གྲུབ་པ་གང་ཡང་མེད་དོ། །སྨྲས་པ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་ ― DKG058_Page_0097 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྟན་པ་འདི་ཐོས་ནས་སྐྲག་པར་མི་འགྱུར་གྱི་དེ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཆེད་དུ་གོ་ཆ་གྱོན་པ་ནི་ངོ་མཚར་ཏོ། །སྨྲས་པ་ཚངས་པ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་སེམས་ཅན་རྣམས་བྱང་ཆུབ་ཏུ་སེམས་སྐྱེད་དེ་དེ་དག་སངས་རྒྱས་ཀྱི་ཆོས་ཟབ་མོ་ཐོས་ནས་སྐྲག་པར་མི་འགྱུར་རོ། །ཚངས་པ་འཛིན་པ་དང་མངོན་པར་ཞེན་པར་གྱུར་ན་སྐྲག་པར་འགྱུར་གྱི་འཛིན་པ་མེད་ཅིང་། མངོན་པར་ཞེན་པ་མེད་ན་སྐྲག་པར་མི་འགྱུར་རོ། །གནས་དང་ཆགས་པར་གྱུར་ན་སྐྲག་པར་འགྱུར་གྱི་གནས་མེད་ཅིང་ཆགས་པ་མེད་ན་སྐྲག་པར་མི་འགྱུར་རོ། །ངར་འཛིན་པ་དང་ང་ཡིར་འཛིན་པར་གྱུར་ན་སྐྲག་པར་འགྱུར་གྱི་ངར་འཛིན་པ་དང་ང་ཡིར་འཛིན་པ་དང་བྲལ་ན་སྐྲག་པར་མི་འགྱུར་རོ། །སྨྲས་པ་སྟོབས་གང་དང་ལྡན་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཟབ་མོ་དག་ལ། སྐྲག་པར་མི་འགྱུར་བ་བྱང་ཆུབ་སེམས་དཔའི་སྟོབས་གང་ཡིན། སྨྲས་པ་ཚངས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ནི་བརྒྱད་པོ་འདི་དག་སྟེ། སྟོབས་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་ཟབ་མོ་དག་ལ་སྐྲག་པར་མི་འགྱུར་རོ། །བརྒྱད་གང་ཞེ་ན་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མོས་པས་ཐོགས་པ་མེད་པའི་དད་པའི་སྟོབས་དང་། སྟོན་པ་དང་མཚུངས་པའི་བློས་གུས་པ་ལས་ངེས་པར་བྱུང་བ་དགེ་བའི་བཤེས་གཉེན་གྱི་སྟོབས་དང་། འཇིག་རྟེན་ལས་འདས་པའི་ཆོས་ཡོངས་སུ་རྫོགས་པར་བྱེད་པས་ཐོས་པ་ལས་ངེས་པར་བྱུང་བ་ཤེས་རབ་ཀྱི་སྟོབས་དང་། བསོད་ནམས་ཚད་མེད་པ་ཡོངས་སུ་རྫོགས་པར་བྱེད་པས། བསོད་ནམས་ལས་ངེས་པར་བྱུང་བ་བསྙེན་བཀུར་བྱ་བའི་སྟོབས་དང་། བདུད་ཐམས་ཅད་ངེས་པར་གཞོམ་པའི་ཕྱིར་ཚུལ་བཞིན་ལས་ངེས་པར་བྱུང་བ་ཡེ་ཤེས་ཀྱི་སྟོབས་དང་། ཆོས་རྣམས་བདག་མེད་པ་ལ་དོགས་པ་མེད་པས་བྱམས་པ་ཆེན་པོ་ལས་ངེས་པར་བྱུང་བ། སྙིང་རྗེ་ཆེན་པོའི་སྟོབས་དང་། བྱང་ཆུབ་ཀྱི་སེམས་བརྗེད་པ་མེད་པས་ངེས་པར་སེམས་པ་ལས་ངེས་པར་བྱུང་བའི་སེམས་ཀྱི་སྟོབས་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པས་གཞན་གྱི་དྲིང་མི་འཇོག་པ་ལས་ངེས་པར་བྱུང་བའི་བཟོད་པའི་སྟོབས་སོ། །ཚངས་པ་བརྒྱད་པོ་དེ་ ― DKG058_Page_0098 ―
[མ་དཔེ་གཟིགས་ན་འདིར་གནོན།]
དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ཏེ་སྟོབས་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་ཟབ་མོ་དག་ལ་སྐྲག་པར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི། སྟོབས་དེ་དག་ལེགས་པར་བཤད་པ་ནི་ལེགས་སོ་ལེགས་སོ། །སྟོབས་འདི་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་གང་ཐོས་ནས་སྐྲག་པར་འགྱུར་བའི། སངས་རྒྱས་ཀྱི་ཆོས་དེ་དག་གང་ཡང་མེད་དོ། །བློ་གྲོས་རྒྱ་མཚོས་བསྟན་པའི་སྒྲ་དེ་དག་ཐམས་ཅད་ནི་འཇིགས་པའོ། །བྱང་ཆུབ་ཀྱི་དོན་དམ་པ་གང་ཡིན་པ་དེ་ཡང་བརྗོད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། བརྗོད་དུ་མེད་པ་དེ་ནི་བསྙད་དུ་མེད་པ་སྟེ། དེ་ལ་ནི་ཡི་གེ་རྣམས་ཀུན་ཏུ་མི་རྒྱུའོ། །དེ་ལ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་ཀུན་ཏུ་མི་རྒྱུ་ན་ཡི་གེ་རྣམས་ཀུན་ཏུ་རྒྱུ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། འདི་ལྟར་ཆོས་ཟབ་མོ་ཡི་གེ་མེད་པ། བསྙད་དུ་མེད་པ། བརྗོད་དུ་མེད་པ། སྨྲར་མེད་པ་འདི་ལྟ་བུ་མངོན་པར་རྫོགས་པར་སངས་རྒྱས་ཀྱང་། ཡི་གེའི་རྣམ་པར་རིག་པས་སེམས་ཅན་གཞན་དག་དང་གང་ཟག་གཞན་རྣམས་ལ་སྟོན་ཏེ། སེམས་ཅན་བསམ་གྱིས་མི་ཁྱབ་པ་དག་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ཇི་སྙེད་འཇུག་པ་ལ་ལྟོས། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་གང་ལ་ལ་ཞིག་གིས་ནམ་མཁའ་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། རྣམ་པར་རིག་པ་མེད་པ་འདི་ལ་ཚོན་སྣ་ཚོགས་ཀྱིས་རི་མོ་བྲིས་ཏེ་རྟ་པ་དང་གླང་པོ་ཆེ་དང་ཤིང་རྟ་དང་དཔུང་བུ་ཆུང་དང་། བཞོན་པ་རྣམས་སུ་འདིར་ཉེ་བར་སྟོན་ཏམ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟའི་གཟུགས་རྣམས་འདིར་ཉེ་བར་སྟོན་ན། བློ་གྲོས་རྒྱ་མཚོ་འདི་ལ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་དཀའ་བ་བྱེད་པ་མ་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་དཀའ་བ་བགྱིད་པའོ། །བདེ་བར་གཤེགས་པ་མཆོག་ཏུ་དཀའ་བ་བགྱིད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་སངས་རྒྱས་བཅོམ་ལྡན་འདས་གང་དག་བརྗོད་དུ་མེད་པའི་ ― DKG058_Page_0099 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆོས་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་གཞན་དག་དང་གང་ཟག་གཞན་རྣམས་ལ་བརྗོད་དུ་མེད་པའི་དོན་དེ་བརྗོད་པས་རྣམ་པར་རིག་པར་བྱེད་ཅིང་གོ་བར་བྱེད་པ་ནི་དེ་བས་ཀྱང་ཆེས་དཀའ་བ་མཛད་པའོ། །གང་དག་སངས་རྒྱས་ཀྱི་ཆོས་ཟབ་མོ་འདི་དག་ལ་མི་སྐྲག་མི་དངང་དངང་བར་མི་འགྱུར་བ་དེ་དག་ནི་དེ་བས་ཀྱང་ཆེས་ཤིན་ཏུ་དཀའ་བ་བྱེད་པའོ། །བློ་གྲོས་རྒྱ་མཚོ་གང་དག་སངས་རྒྱས་ཀྱི་ཆོས་ཟབ་མོ་འདི་དག་ལ་སྐྲག་པར་མི་འགྱུར་བའི་སེམས་ཅན་དེ་དག་ནི་དགེ་བའི་རྩ་བ་བསྐྱེད་པ་དང་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པ་ཡིན་ནོ། །བློ་གྲོས་རྒྱ་མཚོ་མདོ་སྡེ་ཟབ་མོ་འཇིག་རྟེན་ཐམས་ཅད་དང་། མི་འཐུན་པ་འདི་དག་རིག་ནས་འཆང་བ་དང་། འཛིན་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དང་དེ་དག་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་འཛིན་པ་དག་གོ །སེམས་ཅན་ཐམས་ཅད་ཀྱི་དགེ་བའི་ཕྱོགས་འཛིན་པ་དག་གོ །བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་གང་གིས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཐམས་ཅད་རིན་པོ་ཆེ་ཐམས་ཅད་ཀྱིས་ཡོངས་སུ་བཀང་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་ཕྱིར་དབུལ་བ་ཕུལ་ན། བློ་གྲོས་རྒྱ་མཚོ་འདི་ལ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་དམ། གསོལ་པ་བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་ཚད་མ་མཆིས་པ་ལགས་སོ། །བསོད་ནམས་ཀྱི་ཕུང་པོ་དེ་ནི་ཇི་ཙམ་དུ་དཔེ་བགྱི་བར་སླ་བ་མ་ལགས་པ་དེ་ཙམ་དུ། བསོད་ནམས་ཀྱི་ཕུང་པོ་དེ་ཚད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་ཁྱོད་མོས་པར་བྱའོ། །ཁྱོད་ཀྱི་ཁོང་དུ་ཆུད་པར་བྱའོ། །གང་དེ་བཞིན་གཤེགས་པའི་བསྟན་པ་ཀུན་ཏུ་བསྲུང་བ་དང་། དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས་མདོ་སྡེ་ཟབ་མོ་འདི་ལྟ་བུ་འདི་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་སྒྲུབ་པར་རིག་ནས་འཛིན་པ་དང་། འཆང་བ་དང་། ཀུན་ཆུབ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ནི་དེ་བས་ཀྱང་ཆེས་བསོད་ནམས་མང་དུ་སྐྱེད་ན་ ― DKG058_Page_0100 ―
[མ་དཔེ་གཟིགས་ན་འདིར་གནོན།]
གང་དེ་བཞིན་ཉིད་དུ་སྒྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་ཟང་ཟིང་གི་སྦྱིན་པ་དེ་ཐམས་ཅད་ནི་འཇིག་རྟེན་ལ་བསྟེན་པའོ། །ཆོས་ཀྱི་སྦྱིན་པ་འདི་ནི་འཇིག་རྟེན་ཐམས་ཅད་ལས་ཤིན་ཏུ་འདའ་བར་འགྱུར་བའོ། །བློ་གྲོས་རྒྱ་མཚོ་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི། ཡོངས་སུ་བཟུང་བ་བཞི་རབ་ཏུ་འཐོབ་སྟེ། བཞི་གང་ཞེ་ན། སངས་རྒྱས་ཀྱིས་ཡོངས་སུ་བཟུང་བ་རབ་ཏུ་འཐོབ་པ་དང་། ལྷས་ཡོངས་སུ་བཟུང་བ་དང་། བསོད་ནམས་ཀྱིས་ཡོངས་སུ་བཟུང་བ་དང་། ཡེ་ཤེས་ཀྱིས་ཡོངས་སུ་བཟུང་བ་འཐོབ་པའོ། །བློ་གྲོས་རྒྱ་མཚོ་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའི་ཁྱད་པར་དུ་འགྱུར་བ་བཞི་སྟེ། བཞི་གང་ཞེ་ན། དེ་བཞིན་གཤེགས་པ་མཐོང་བ་དང་མི་འབྲལ་བར་འགྱུར་བ་དང་། དེ་ལ་བདུད་ཐམས་ཅད་ཀྱིས་གླགས་མི་རྙེད་པར་འགྱུར་བ་དང་། གཟུངས་རབ་ཏུ་ཐོབ་པས་མི་ཟད་པར་འགྱུར་བ་དང་། མངོན་པར་ཤེས་པ་མྱུར་ཏེ་ཕྱིར་མི་ལྡོག་པའི་ས་ཐོབ་པར་འགྱུར་བ་སྟེ། བློ་གྲོས་རྒྱ་མཚོ་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའི་ཁྱད་པར་དུ་འགྱུར་བ་བཞི་པོ་དེ་དག་གོ །བློ་གྲོས་རྒྱ་མཚོ་ལྷས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའི་རྣམ་པར་དག་པར་འགྱུར་བ་བཞི་སྟེ། བཞི་གང་ཞེ་ན། ལྷ་རྣམས་ཀྱིས་དེའི་འཁོར་གྱི་དཀྱིལ་འཁོར་རྣམ་པར་སྦྱོང་བ་དང་། ཆོས་མཉན་པ་ལ་སེམས་རྩེ་གཅིག་ཏུ་བྱ་བར་འཇོག་པ་དང་། དེ་ལ་ཕ་རོལ་གྱི་གནོད་པ་ཐམས་ཅད་མི་འབྱུང་བར་བྱེད་པ་དང་། དེ་ལ་སེམས་མ་དད་པ་ཐམས་ཅད་ཀྱང་ལྷ་རྣམས་ཀྱི་དབང་གིས་དད་པར་བྱེད་པ་སྟེ། བློ་གྲོས་རྒྱ་མཚོ་ལྷས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའི་རྣམ་པར་དག་པར་འགྱུར་བ་བཞི་པོ་དེ་དག་གོ །བློ་གྲོས་རྒྱ་མཚོ་བསོད་ནམས་ཀྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའི་རྒྱན་དུ་འགྱུར་བ་བཞི་སྟེ། བཞི་གང་ཞེ་ན། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པས་ལུས་ཀྱི་རྒྱན་དང་། སེམས་ཅན་ཐམས་ཅད་མགུ་བར་བྱེད་པས་ངག་གི་རྒྱན་དང་། བྱ་བ་ཐམས་ཅད་ཀུན་ཏུ་སྟོན་པས་ཞིང་གི་རྒྱན་དང་། བརྒྱ་བྱིན་དང་ཚངས་པ་དང་ ― DKG058_Page_0101 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཇིག་རྟེན་སྐྱོང་དུ་སྐྱེ་བ་རབ་ཏུ་ཐོབ་པས་སྐྱེ་བའི་རྒྱན་ཏེ། བློ་གྲོས་རྒྱ་མཚོ་བསོད་ནམས་ཀྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའི་རྒྱན་དུ་འགྱུར་བ་བཞི་པོ་དེ་དག་གོ །བློ་གྲོས་རྒྱ་མཚོ་ཡེ་ཤེས་ཀྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའི་སྣང་བར་འགྱུར་བ་བཞི་སྟེ། བཞི་གང་ཞེ་ན། སོ་སོར་ཅི་རིགས་པར་ཆོས་སྟོན་པས་སེམས་ཅན་གྱི་དབང་པོ་སྣང་བ་དང་། ཆོས་ཀྱི་སྨན་ཡང་དག་པར་སྦྱོར་བས་ཉོན་མོངས་པའི་ནད་ཐམས་ཅད་སྣང་བ་དང་། སངས་རྒྱས་ཀྱི་ཞིང་གཞན་དུ་འགྲོ་བས་མངོན་པར་ཤེས་པ་སྣང་བ་དང་། ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པས་ཆོས་ཀྱི་དབྱིངས་སྣང་བ་སྟེ། བློ་གྲོས་རྒྱ་མཚོ་ཡེ་ཤེས་ཀྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའི་སྣང་བར་འགྱུར་བ་བཞི་པོ་དེ་དག་གོ །བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་གྱི་ཕན་ཡོན་འདི་དག་ཡོངས་སུ་འཛིན་པར་འདོད་པས་དམ་པའི་ཆོས་ཡོངས་སུ་བཟུང་བ་ལ་མངོན་པར་བརྩོན་པར་བྱའོ། །བློ་གྲོས་རྒྱ་མཚོ་དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་མངོན་པར་བརྩོན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་གྱི་ཁྱད་པར་ཚད་མེད་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དེ་བཞིན་གཤེགས་པའི་དམ་ཆོས་གང་འཛིན་པ། །དེ་དག་ཕན་ཡོན་རྣམ་པ་མང་འགྱུར་ཏེ། །དེ་ལས་ཕྱོགས་ཙམ་ཡོངས་སུ་བརྗོད་པར་བྱ། །དཔེར་ན་རྒྱ་མཚོའི་ཆུ་ལས་ཐིགས་པ་བཞིན། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་དེ་བཞིན་གཤེགས་ལ་བྱས་གཟོ་ཡིན། །རྒྱལ་བ་རྣམས་ཀྱིས་མཛོད་འཛིན་ཡིད་བརྟན་ཞིང་། །ཕྱོགས་བཅུ་རྣམས་སུ་སངས་རྒྱས་མཆོད་པ་ཡིན། །སངས་རྒྱས་སྤྱན་གྱིས་གཟིགས་པའི་ཞིང་མང་པོ། །རིན་ཆེན་བཀང་སྟེ་དེ་བཞིན་གཤེགས་ལ་ཕུལ། །ཟད་པའི་དུས་ན་ཇི་ལྟར་ཆོས་འཛིན་ལྟར། །བསོད་ནམས་ཕུང་པོ་དེ་ཙམ་འཕེལ་མ་ཡིན། །འཇིག་རྟེན་ཟང་ཟིང་རྒྱལ་ལ་བསྟི་སྟང་བྱས། །འཇིག་རྟེན་བྱེད་ལས་ནམ་ཡང་གྲོལ་མི་འགྱུར། །འཇིག་རྟེན་འདས་པའི་ཆོས་ ― DKG058_Page_0102 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནི་གང་ཚོལ་བ། །མཁས་པ་དེ་ནི་འཇིག་རྟེན་ཆོས་ལས་འདའ། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །རྒྱལ་བ་རྣམས་ཀྱིས་ཡོངས་སུ་བཟུང་བར་འགྱུར། །ལྷ་དང་ཀླུ་དང་མི་འམ་ཅི་རྣམས་དང་། །བསོད་ནམས་ཡེ་ཤེས་ཀྱིས་ནི་ཡོངས་སུ་བཟུང་། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དྲན་ལྡན་བློ་གྲོས་ལྡན་ཞིང་བློ་ལྡན་འགྱུར། །ཤེས་རབ་རྒྱ་ཆེན་ཀུན་ནས་ཡེ་ཤེས་ལྡན། །མཁས་པ་བག་ཆགས་བཅས་པའི་ཉོན་མོངས་སྤོང་། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ལ་བདུད་ཀྱི་སྐྱོན་ཆགས་རྙེད་མི་འགྱུར། །དེ་ལ་འགྱོད་དང་དེ་བཞིན་དོགས་པ་མེད། །དེ་ལ་བཅིངས་མེད་སྒྲིབ་པ་ཅུང་ཟད་མེད། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །ཞིང་སྟོང་དག་ཏུ་ནམ་ཡང་མི་སྐྱེ་སྟེ། །སྐྱེ་བ་ཀུན་ཏུ་དེ་ནི་རྒྱལ་བ་མཐོང་། །མཐོང་ནས་དེ་ལ་དད་པ་རབ་ཏུ་འཐོབ། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །ཆོས་ཀྱི་བདག་ཉིད་ཆེན་པོ་སྐྱེ་དྲན་འགྱུར། །ཡང་དང་ཡང་དུ་རབ་ཏུ་འབྱུང་བ་འཐོབ། །སྤྱོད་པ་ཡོངས་དག་སྒྲུབ་པ་སྙིང་པོར་བྱེད། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །ཚུལ་ཁྲིམས་ཐོས་པས་འཕགས་པའི་ཆོས་སྤྱོད་པ། །མཁས་པ་མངོན་ཤེས་ལྔ་ལ་མྱུར་དུ་རེག ། མ་སྨད་བསམ་གཏན་རྣམ་པར་ཐར་པ་འཐོབ། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་ཟབ་ཆོས་རྟོགས་པར་ཁོང་དུ་ཆུད། །སངས་རྒྱས་སྤྱོད་ཡུལ་སྟོང་ཉིད་ཐེ་ཚོམ་མེད། །སེམས་ཅན་བདག་མེད་པར་ཡང་མོས་པར་འགྱུར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་སོ་སོ་ཡང་དག་རིག་པ་འཐོབ། །འཇིགས་མེད་ཤེས་རབ་རྣོ་ཞིང་ཆགས་མེད་དག ། དེ་ནི་སྲོག་ཆགས་ཀུན་གྱི་ཐེ་ཚོམ་གཅོད། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །མཁས་པ་དེ་ནི་གཟུངས་རྣམས་འཐོབ་པར་འགྱུར། །བསྐལ་པ་བརྒྱར་ཡང་གང་ཐོས་ཆུད་མི་ཟ། །སྤོབས་དང་ལྡན་ཞིང་ཆགས་པ་མེད་པར་འགྱུར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ལ་མཁས་པ་རྟག་ཏུ་དགའ་བར་འགྱུར། །ལྷ་དང་ལྷ་མིན་མི་ཅིའི་ཡིད་དུ་འོང་། །དེ་ལ་སངས་རྒྱས་བུ་གཅིག་བཞིན་ ― DKG058_Page_0103 ―
[མ་དཔེ་གཟིགས་ན་འདིར་གནོན།]
དུ་བསྟོད། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །བརྒྱ་བྱིན་ཚངས་པ་དེ་བཞིན་འཇིག་རྟེན་སྐྱོང་། །འཁོར་ལོས་སྒྱུར་དང་མི་ཡི་རྒྱལ་པོར་འགྱུར། །བདེ་དང་ཡིད་བདེ་བྱང་ཆུབ་དེ་འཚང་རྒྱ། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ལུས་སུམ་ཅུ་རྩ་གཉིས་མཚན་ལྡན་ཞིང་། །མཁས་པ་ཡན་ལག་སྨད་པ་མེད་པར་འགྱུར། །དེ་ལ་ལྟ་བས་ངོམས་པར་ཡོང་མི་འགྱུར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །གང་དག་ཆོས་ཀྱི་ཕྱག་རྒྱ་འདི་སྟོན་པའི། །དགེ་བའི་བཤེས་གཉེན་དེ་ལ་དཀོན་མི་འགྱུར། །ཆོས་མཛོད་ཟད་མི་ཤེས་པ་ཉན་པར་བྱེད། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །ལུས་དང་ངག་དང་ཡིད་ཀྱང་རྣམ་པར་དག ། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རྣམ་པར་དག ། རྣམ་གྲོལ་ཡེ་ཤེས་ཤིན་ཏུ་རྣམ་པར་དག ། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་བྱང་ཆུབ་སེམས་བརྗེད་འགྱུར་བ་མེད། །ཕ་རོལ་ཕྱིན་པ་སྤྱོད་དང་འགལ་མི་འགྱུར། །དགེ་བ་བརྒྱ་རྣམས་ཀྱིས་ཀྱང་རབ་ཏུ་བཟུང་། །དེ་དག་རྣམས་ཀྱི་ཡོན་ཏན་ཕན་ཡོན་རྣམས། །བསྐལ་པ་རྒྱུན་མི་འཆད་པར་རབ་བརྗོད་ཀྱང་། །དམ་ཆོས་འཛིན་པའི་ཕན་ཡོན་འདི་དག་ནི། །བརྗོད་པས་མཐའ་མར་ཕྱིན་པར་མི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། བདུན་པ། ཡོངས་སུ་གཏད་པའི་ལེའུ།― DKG058_Page_0103 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་གྱི་རྒྱལ་པོ་སྣང་བ། ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ངས་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བརྗོད་དུ་མེད་དོ་ཞེས་གསུངས་ན། བཅོམ་ལྡན་འདས་ཆོས་བརྗོད་དུ་མ་མཆིས་པ་ལགས་ན་དམ་པའི་ཆོས་ཡོངས་སུ་བཟུང་བ་ཇི་ལྟ་བུ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཆོས་གང་ངས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བརྗོད་དུ་མེད་དོ། །རིགས་ཀྱི་བུ་འོན་ཀྱང་ཡི་གེའི་ངེས་པའི་ཚིག་གང་དག་གིས་བརྗོད་དུ་མེད་པ་འདུས་མ་བྱས་ཀྱི་ཆོས་དེ་བསྙད་པའི་ ― DKG058_Page_0104 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡི་གེའི་ངེས་པའི་ཚིག་དེ་དག་གང་ལེན་པ་དང་འཛིན་པ་དང་སྟོན་པ་དང་། རབ་ཏུ་ཤེས་པར་བྱེད་པ་དང་། འཇོག་པ་དང་རྣམ་པར་འགྲེལ་པ་དང་། རྣམ་པར་འབྱེད་པ་དང་གསལ་བར་བྱེད་པ་དང་། ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ། །རིགས་ཀྱི་བུ་གཞན་ཡང་ཆོས་སྨྲ་བ་གང་དག་མདོ་སྡེ་འདི་ལྟ་བུ་འདི་དག་འཛིན་པ་དང་། སྟོན་པ་དང་། སྒྲུབ་པའི་ཆོས་སྨྲ་བ་དེ་དག་ལ་གང་བསྙེན་པ་དང་། བསྟེན་པ་དང་། བསྙེན་བཀུར་བྱེད་པ་དང་། ལྡང་བ་དང་། རིམ་གྲོ་བྱེད་པ་དང་། གུས་པར་བྱེད་པ་དང་། ཞེ་ས་བྱེད་པ་དང་། བསྟི་སྟང་བྱེད་པ་དང་། ཀུན་ཏུ་སྲུང་བ་དང་། སྦེད་པ་དང་། ཡོངས་སུ་འཛིན་པ་དང་། གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་སྦྱིན་པ་དང་། ལེགས་སོ་ཞེས་བྱ་བ་སྦྱིན་པ་དང་། རྗེ་བོ་ལྟར་ཀུན་ཏུ་སྲུང་བ་དང་། དགེ་བ་ཀུན་ཏུ་སྲུང་བ་དང་། བསྔགས་པ་བརྗོད་པ་དང་། མི་སྙན་པ་འཆབ་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་གང་སྟོང་པ་ཉིད་ལ་མོས་པ་དང་། མཚན་མ་མེད་པ་ལ་ཡིད་ཆེས་པ་དང་། སྨོན་པ་མེད་པ་ལ་སོམ་ཉི་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་ལ་དེ་ཁོ་ན་ཉིད་དུ་ངེས་པར་སེམས་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་རྩོད་པ་མེད་པ་ལྷུར་ལེན་པ་དང་། ཆོས་མ་ཡིན་པས་རྩོད་པ་རྣམས་ཆོས་དང་འཐུན་པས་ཚར་གཅོད་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་ཞེ་སྡང་མེད་པའི་རྒྱུད་དང་། སེམས་ཅན་བསྡུ་བ་དང་རབ་ཏུ་ཐར་བར་བྱ་བའི་བློ་དང་། ཟང་ཟིང་མེད་པའི་སེམས་ཀྱིས་གཞན་དག་ལ་ཆོས་སྦྱིན་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་ལུས་དང་སྲོག་འདོར་ཞིང་མདོ་སྡེ་འདི་ལྟ་བུ་འདི་དག་ཀུན་ཏུ་སྲུང་བ་དང་། སྦེད་པ་དང་། སྒྲུབ་པར་དགོན་པ་ལ་གནས་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་གང་ཆོས་མཉན་པའི་རྒྱུ་ལས་བྱུང་བའམ། ཆོས་བསྟན་པའི་རྒྱུ་ལས་བྱུང་བས་ཐ་ན་གོམ་པ་གཅིག་འདོར་རམ། ཐ་ ― DKG058_Page_0105 ―
[མ་དཔེ་གཟིགས་ན་འདིར་གནོན།]
ན་དབུགས་འབྱིན་པའམ་རྔུབ་པ་གཅིག་ཀྱང་རུང་སྟེ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་གང་ཆོས་ཐམས་ཅད་ཡོངས་སུ་མི་འཛིན་ཅིང་མི་ལེན་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ། །ཡོན་ཏན་གྱི་རྒྱལ་པོ་སྣང་བ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱའོ། །རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན། དགའ་བ་འཕགས་པའི་བསྐལ་པ་ལ་འཇིག་རྟེན་གྱི་ཁམས་འོད་རྣམ་པར་དག་པར་བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་སྟོབས་བསྒྲགས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། །རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་འོད་རྣམ་པར་དག་པ་དེ་ནི་བཻ་དཱུཪྱ་ལས་གྲུབ་པ། ཤིན་ཏུ་རྣམ་པར་དག་པ། ཕྱོགས་བཅུ་སྣང་བས་རྒྱས་པར་འགེངས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་ཆེན་པོའི་སྟོབས་ཀྱིས་རྣམ་པར་རྩེན་པ། ཆོས་ཟབ་མོ་ལ་ངེས་པར་བྱུང་བ་ཉི་ཚེའི་གནས་སུ་གྱུར་པའོ། །དེའི་ཚེ་སེམས་ཅན་དེ་དག་གི་ལོངས་སྤྱོད་ནི་ལྷའི་བུ་རབ་འཕྲུལ་གྱི་དང་འདྲ་བར་གྱུར་ཅིང་ལྷའི་བུའི་གཟུགས་ཉིད་ཀྱིས་བཅོམ་ལྡན་འདས་དེ་ལ་ཆོས་ཉན་ཏོ། །དེ་ན་ཁྱིམ་པ་དང་རབ་ཏུ་བྱུང་བ་ཐ་དད་དུ་བྱ་བ་མེད་དོ། །བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་སྟོབས་བསྒྲགས་པའི་དེ་བཞིན་གཤེགས་པ་དེས་རིགས་ཀྱི་བུ་དག་ཁྱེད་ཀྱིས་ལུས་སྲོག་འདོར་ཞིང་དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་མངོན་པར་བརྩོན་པར་བྱའོ། །ཞེས་དམ་པའི་ཆོས་ཡོངས་སུ་གཟུང་བའི་གཏམ་ཉིད་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏོ། །དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སྨྲ་བ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ །དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་སྟོབས་བསྒྲགས་པའི་དེ་བཞིན་གཤེགས་པ་དེ་ལ་ ― DKG058_Page_0106 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སྨྲ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས། བྱང་ཆུབ་སེམས་དཔས་གང་ཡོངས་སུ་གཟུང་བར་བགྱི་བའི་ཆོས་དེ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་སྟོབས་བསྒྲགས་པའི་དེ་བཞིན་གཤེགས་པ་དེས་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཀྱེ་མའོ་སེམས་འདི་ནི་ཡུལ་ལ་རབ་ཏུ་འཕྱར་བ་སྟེ། གང་དེ་ཟློག་པ་དང་། ཡོངས་སུ་སྲུང་བ་དང་། རྩེ་གཅིག་ཏུ་འགྱུར་བ་དང་། དུལ་བ་དང་། ཞི་བ་དང་། ཉེ་བར་ཞི་བ་དང་འདུལ་བ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མིག་དང་། གཟུགས་རྣམས་དང་། མིག་གི་རྣམ་པར་ཤེས་པ་ཞེས་བྱ་བ་ཆོས་མ་ཡིན་པ་འདི་ནི་ཆོས་མ་ཡིན་པའོ། །རྣ་བ་དང་། སྒྲ་རྣམས་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣ་དང་། དྲི་རྣམས་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེ་དང་། རོ་རྣམས་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་དང་། རེག་བྱ་རྣམས་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་དང་། ཆོས་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ཆོས་མ་ཡིན་པ་འདི་ནི་ཆོས་མ་ཡིན་པའོ། །གང་མིག་དང་གཟུགས་སྟོང་པར་རིག་ནས་མིག་དང་གཟུགས་རྣམས་ལ་རྣམ་པར་མི་རྟོག་ཅིང་མིག་གི་རྣམ་པར་ཤེས་པ་ལ་གནས་པ་མེད་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །གང་ཡང་དག་པའི་ཡེ་ཤེས་ཀྱིས་དེ་གཞན་དག་ལ་གོ་བར་བྱེད་པ་ལ་མཁས་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །དེ་བཞིན་དུ་རྣ་བ་དང་། སྒྲ་དང་སྣ་དང་། དྲི་དང་ལྕེ་དང་། རོ་དང་ལུས་དང་། རེག་བྱ་དང་ཡིད་དང་། ཆོས་རྣམ་སྟོང་པར་རིག་ནས་ཡིད་དང་ཆོས་རྣམས་ལ་རྣམ་པར་མི་རྟོག་ཅིང་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པ་མེད་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །དེ་ཡང་ཡང་དག་པའི་ཡེ་ཤེས་ཀྱི་གཞན་དག་ལ་གོ་བར་བྱེད་པ་ལ་མཁས་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་ཆོས་གང་གིས་ཆོས་གང་བྱུང་བའི་ཆོས་དེ་ལ་ཡོངས་སུ་ ― DKG058_Page_0107 ―
[མ་དཔེ་གཟིགས་ན་འདིར་གནོན།]
མི་འཛིན་པ་དང་། མི་ལེན་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །ལྟ་བ་གང་གིས་ལོག་པར་ལྟ་བ་ལ་གནས་པར་བྱེད་པའི་ལྟ་བ་དེ་ལ་ཡོངས་སུ་མི་འཛིན་ཅིང་མི་ལེན་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །མི་ཤེས་པ་གཏི་མུག་གི་ལིང་ཏོག་གང་གིས་སེམས་ཡོངས་སུ་དཀར་བར་མི་འགྱུར་བའི་མི་ཤེས་པའི་གཏི་མུག་གི་ལིང་ཏོག་དེ་ལ་གང་ཡོངས་སུ་མི་འཛིན་ཅིང་མི་ལེན་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ། །རིགས་ཀྱི་བུ་གཞན་ཡང་གང་བསྒྲུབས་ནས་སྤང་བར་བྱ་བ་དེ་ནི་ཆོས་མ་ཡིན་འདུལ་བ་མ་ཡིན་ནོ། །གང་བསྒྲུབ་པར་ཡང་མི་བྱ་སྤང་བར་ཡང་མི་བྱ་བ་འདི་ནི་ཆོས་སོ། །དེ་ནི་འདུལ་བའོ་བསྒྲུབས་ནས་སྤང་བར་བྱ་བའི་ཆོས་གང་ཞེ་ན་འདུས་བྱས་ཀྱི་ལམ་སྟེ། བསྒྲུབས་ནས་སྤང་བར་བྱ་བ་དེ་ནི་ཆོས་མ་ཡིན་འདུལ་བ་མ་ཡིན་ནོ། །བསྒྲུབ་པར་བྱ་བ་ཡང་མ་ཡིན་སྤང་བར་བྱ་བ་ཡང་མ་ཡིན་པ་གང་ཞེ་ན། གང་བརྗོད་དུ་མེད་པ་དང་སྐྱེ་བ་མེད་པ་དང་འབྱུང་བ་མེད་པ་སྟེ། དེ་ནི་བསྒྲུབ་པར་བྱ་བ་ཡང་མ་ཡིན་སྤང་བར་བྱ་བ་ཡང་མ་ཡིན་པའོ། །གང་བསྒྲུབ་པར་བྱ་བ་ཡང་མ་ཡིན་སྤང་བར་བྱ་བ་ཡང་མ་ཡིན་པ་དེ་ཆོས་སོ། །དེ་འདུལ་བའོ་ཅིའི་ཕྱིར་དེ་ཆོས་ཡིན་དེ་འདུལ་བ་ཡིན་ཞེ་ན། རང་བཞིན་གྱིས་མ་སྐྱེས་པའི་ཉོན་མོངས་པ་རྣམས་སྐྱེ་བར་མི་བྱེད་པས་དེའི་ཕྱིར་དེ་ཆོས་ཡིན། དེ་འདུལ་བ་ཡིན་ཞེས་བྱའོ། །ཆོས་དང་འདུལ་བ་གང་ཡིན་པ་དེ་ནི་སྐྱེ་བ་མེད་པ་འགག་པ་མེད་པའོ། །གང་སྐྱེ་བ་མེད་འགག་པ་མེད་པ་དེ་ནི་ཟད་པར་མི་འགྱུར་རོ་དེ་ལྟར་ཟད་པ་མེད་པ་དང་། སྐྱེ་བ་མེད་པའི་ཆོས་དང་འདུལ་བ་དེ་ནི་ཇི་ལྟར་འབྱུང་བ་མེད་པ་དེ་ལྟར་ཡོངས་སུ་གཟུང་བ་མེད་དོ། །གང་ཡོངས་སུ་གཟུང་བ་མེད་པ་དེ་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་དེ་ལྟར་བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་སྟོབས་བསྒྲགས་པའི་དེ་བཞིན་གཤེགས་པ་དེས་བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སུམ་ཁྲི་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ཆོས་སྨྲ་བས་བཅོམ་ལྡན་འདས་དེ་ལས་བསྟན་པ་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ་དགའ་བ་དང་ཡིད་བདེ་བ་ ― DKG058_Page_0108 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྐྱེས་ནས། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་འཛིན་པ་འདི་ལེགས་པར་གསུངས་པ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་ཇི་ལྟར་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན་བདག་འདི་སྙམ་བགྱིད་དེ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཆོས་མ་ལགས་སོ། །གང་ཆོས་མ་ལགས་པ་དེ་ནི་ཆོས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མངོན་པར་ཞེན་པས་ཆོས་མ་ལགས་སོ། །གང་མངོན་པར་ཞེན་པ་མ་མཆིས་པ་དེ་ནི་ཆོས་སོ། །བཅོམ་ལྡན་འདས་ཆོས་དང་ཆོས་མ་ལགས་པ་གཉིས་ཀྱི་འདུ་ཤེས་དང་ལྡན་པའི་ཆོས་ཐམས་ཅད་ནི་ཆོས་མ་ལགས་པའོ། །བཅོམ་ལྡན་འདས་འདུ་ཤེས་ཡོངས་སུ་ཤེས་པ་དང་ལྡན་པའི་ཆོས་ཐམས་ཅད་ནི་ཆོས་སོ། །བཅོམ་ལྡན་འདས་དོན་དམ་པར་བསྟན་ན་ཆོས་དང་ཆོས་མ་ལགས་པ་མི་དམིགས་སོ། །གང་ལ་ཆོས་ཀྱི་འདུ་ཤེས་ཀྱང་མ་མཆིས། ཆོས་མ་ལགས་པའི་འདུ་ཤེས་ཀྱང་མ་མཆིས་པ་དེ་ལ་ཆོས་སུ་བགྲང་བ་གང་ཡང་མ་མཆིས་སོ། །གང་ལ་ཆོས་སུ་བགྲང་བ་གང་ཡང་མ་མཆིས་པ་དེ་མཐའ་མ་ལགས་པའོ། །གང་མཐའ་མ་ལགས་པ་དེ་ཡང་དག་པའི་མཐའོ། །དེ་ཅིའི་སླད་དུ་ཞེ་ན། ནམ་མཁའི་མཐའ་ནི་ཡང་དག་པའི་མཐའ་སྟེ། ནམ་མཁའ་ལ་ནི་ཚར་གཅད་པའི་མཐའ་གང་ཡང་མ་མཆིས་སོ། །ཇི་ལྟར་ནམ་མཁའ་ལ་ཚར་གཅད་པའི་མཐའ་གང་ཡང་མ་མཆིས་པ་དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡང་ཚར་གཅད་པའི་མཐའ་གང་ཡང་མ་མཆིས་ཏེ། དེའི་སླད་དུ་ཆོས་ཐམས་ཅད་ནི་ནམ་མཁའི་མཐའ་ཞེས་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དག་གིས་ཡང་དག་པའི་མཐའ་བསྟན་པ་འདི་ཐོས་ནས་དེ་བཞིན་དུ་ཡང་དག་པ་ཉིད་དུ་ཁས་ལེན་པ་དེ་དག་ནི་ཆོས་གང་ལ་ཡང་གཉིས་སུ་དབྱེ་བར་ཁས་ལེན་པ་མ་ལགས་སོ། །བཅོམ་ལྡན་འདས་བདག་གིས་ནི་ཆོས་གང་ཡོངས་སུ་བཟུང་བས་དམ་པའི་ཆོས་ཡོངས་སུ་འཛིན་པ་བསྟན་པའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །བཅོམ་ལྡན་འདས་བདག་གིས་དེ་ལྟར་ ― DKG058_Page_0109 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྟན་ན་དེ་བཞིན་གཤེགས་པས་གསུངས་པ་སྨྲ་བ་དང་། ཆོས་སྨྲ་བ་དང་། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་སུ་ལུང་སྟོན་པ་ལྟ་ལགས་སམ། ཡང་དག་པའི་ལུང་བསྟན་པས་ལུང་སྟོན་པ་ལྟ་ལགས་སམ། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ཡང་དག་པ་སྟེ། དེ་བཞིན་གཤེགས་པས་གསུངས་པ་སྨྲ་བ་དང་། ཆོས་སྨྲ་བ་དང་། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་སུ་ལུང་སྟོན་པ་ཡིན་ནོ། །ཡང་དག་པའི་ལུང་བསྟན་པས་ལུང་སྟོན་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བས་ལུང་བསྟན་པ་འདི་བཤད་པ་ན་ལྷའི་འཁོར་དེ་ལས་ལྷའི་བུ་ཁྲིས་རྗེས་སུ་འཐུན་པའི་ཆོས་ཀྱི་བཟོད་པ་ཐོབ་པར་གྱུར་ཏོ། །ཡོན་ཏན་གྱི་རྒྱལ་པོ་སྣང་བ་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བར་གྱུར་པ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཚོམ་ཟའམ། ཡིད་གཉིས་སུ་གྱུར་ན་དེ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཡོན་ཏན་གྱི་རྒྱལ་པོ་སྣང་བ་ཁྱོད་ཉིད་དེའི་ཚེ་དེའི་དུས་ན་ཆོས་སྨྲ་བའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་གྱུར་ཏོ། །དེའི་ཕྱིར་ཡོན་ཏན་གྱི་རྒྱལ་པོ་སྣང་བ་ངས་བསྐལ་པ་གྲངས་མེད་པ་བྱེ་བར་བསྒྲུབས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཁྱོད་ལ་གཏད་དོ། །གཟུང་བ་དང་། བཅང་བ་དང་། ཀུན་ཆུབ་པར་བྱ་བ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་འཁོར་འདིའི་མདུན་དུ་ངས་ཁྱོད་ལ་བཅོལ་ཏོ། །བཅོམ་ལྡན་འདས་ཀྱིས་གསུང་འདི་གསུངས་མ་ཐག་ཏུ་དེ་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་ཅུ་སྟན་ལས་ལངས་ཏེ་མགྲིན་གཅིག་ཏུ་བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པའི་བྱང་ཆུབ་འདི་གཟུང་བར་བགྱིའོ་ཞེས་སྨྲས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཁྱེད་ཀྱིས་ཆོས་ཇི་ལྟ་བུ་ཞིག་ལ་གནས་ཏེ་ངས་བསྐལ་པ་གྲངས་མེད་པ་བྱེ་བར་བསྒྲུབས་པའི་བྱང་ཆུབ་འདི་འཛིན་པར་བྱེད། དེ་ནས་བྱང་ཆུབ་སེམས་དཔའ་རི་དབང་གི་རྒྱལ་པོ་ཞེས་བྱ་བ་དེར་འདུས་པར་གྱུར་ཏེ་འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ ― DKG058_Page_0110 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསོལ་ཏོ། །བཅོམ་ལྡན་འདས་ལུས་དང་སྲོག་ལ་ལྟ་བས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ལུས་དང་སྲོག་ལ་མི་ལྟ་བར་བགྱིས་ལ་བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བ་དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལ་རེ་བས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ཐམས་ཅད་བོར་ལ་འཕགས་པ་མ་ལགས་པ་དང་བསྟེན་པ་ཐམས་ཅད་ཡོངས་སུ་སྤངས་ཏེ་དེ་བཞིན་གཤེགས་པའི་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་ཏོག་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ཆོས་དང་ཆོས་མ་ལགས་པ་གཉིས་ཀྱི་འདུ་ཤེས་དང་ལྡན་པས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་གཉིས་དང་བྲལ་བ་མཉམ་པ་ཉིད་ཐོབ་པར་བགྱིས་ཏེ་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་དཔལ་སྦས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཉོན་མོངས་པ་རྣམས་ཀྱིས་ཟིལ་གྱིས་ནོན་པས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་འཕགས་པའི་ཤེས་རབ་དང་ཡེ་ཤེས་ཀྱིས་ཉོན་མོངས་པ་ཐམས་ཅད་ཟིལ་གྱིས་མནན་ཏེ་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་སྒྲོན་མ་འཛིན་གྱིས་གསོལ་པ། བཅོམ་ལྡན་འདས་གཏི་མུག་གི་མུན་པའི་སྤྱོད་ཡུལ་གྱིས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཆགས་པ་མ་མཆིས་པའི་ཡེ་ཤེས་ཀྱི་སྣང་བ་ཐོབ་པར་བགྱིས་ལ་ཆོས་ཐམས་ཅད་ལ་གཏི་མུག་གི་མུན་པ་དང་བྲལ་བར་བགྱིས་ཏེ་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་གློག་ལྟས་གསོལ་པ། བཅོམ་ལྡན་འདས་གཞན་ལ་རག་ལས་པའི་ཡེ་ཤེས་ཀྱིས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པར་མངོན་སུམ་གྱི་ཡེ་ ― DKG058_Page_0111 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤེས་ཐོབ་པར་བགྱིས་ཏེ་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་སྦས་ཀྱིས་གསོལ་པ། བཅོམ་ལྡན་འདས་དབང་པོ་ཕལ་པ་དང་འཁྲུལ་པའི་སེམས་ཀྱིས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་དབང་པོ་ཐམས་ཅད་དང་སྒོ་དང་སྐྱེ་མཆེད་ཐམས་ཅད་ཤིན་ཏུ་སྦས་ཤིང་ཤིན་ཏུ་བཏུལ་ལ་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་འོད་དྲི་མ་མེད་པས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་དང་ཆོས་ཐ་དད་པའི་འདུ་ཤེས་དང་ལྡན་པས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཐོབ་པར་བགྱིས་ཏེ། དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་ཁྱད་པར་དུ་འགྲོ་བས་གསོལ་པ། བཅོམ་ལྡན་འདས་མཉམ་པར་མ་བཞག་ཅིང་གཡེང་བའི་སེམས་ཀྱིས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་མཉམ་པར་བཞག་ལ་མི་གཡེང་བའི་སེམས་ཀྱིས་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་དེད་དཔོན་གྱིས་གསོལ་པ། བཅོམ་ལྡན་འདས་ལམ་ཤེས་པའི་ཆོ་ག་མ་འཚལ་ཅིང་ལམ་ངན་པར་ཞུགས་པས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ལམ་ཤེས་པའི་ཆོ་ག་འཚལ་བར་བགྱིས་ལ་སེམས་ཅན་རྣམས་ལམ་ངན་པ་ལས་ཡང་དག་པའི་ལམ་ལ་རབ་ཏུ་དགོད་ཅིང་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་བློ་གྲོས་ལེགས་པས་གསོལ་པ། བཅོམ་ལྡན་འདས་དོགས་པའི་སེམས་ཐེ་ཚོམ་དུ་གྱུར་པས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་དོགས་པ་དང་བྲལ་ཞིང་ཐེ་ཚོམ་ཐམས་ཅད་སྤངས་ལ་དོགས་པའི་ཟུག་རྔུ་ཐམས་ཅད་བསལ་བ་ཐོབ་པར་བགྱིས་ཏེ། དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་རྣམ་པར་སྣང་བྱེད་ཀྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ལ་མི་གནས་ཤིང་སྒྲུབ་པ་ཉམས་པས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། ― DKG058_Page_0112 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཅོམ་ལྡན་འདས་བདག་གིས་ཆོས་ལ་གནས་ཤིང་སྒྲུབ་པ་སྙིང་པོར་བགྱིས་ཏེ་སེམས་ཅན་རྣམས་ཡང་དག་པའི་ནན་ཏན་ལ་རབ་ཏུ་དགོད་ཅིང་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་སྣང་བ་མཐོང་བས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་འཆལ་པ་ཆོས་ཀྱི་སྣང་བ་དང་བྲལ་བས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཤེས་རབ་ཀྱིས་རྣམ་པར་ངེས་པའི་ཡེ་ཤེས་ལ་མཁས་ཤིང་ཆོས་ཀྱི་སྣང་བ་དང་ལྡན་པས་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་ཞེ་འགྲས་པ་མེད་པའི་བློ་གྲོས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཞེ་འགྲས་པའི་སེམས་དང་སེམས་ཅན་རྗེས་སུ་མི་སྲུང་བའི་བློས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཞེ་འགྲས་པ་མ་མཆིས་པའི་སེམས་དང་སེམས་ཅན་རྗེས་སུ་སྲུང་བ་ལ་གནས་པས་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་སྤྱོད་པ་རྣམ་དག་བློ་གྲོས་ཀྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་གྱི་དབང་པོ་ལ་མི་མཁས་ཤིང་སེམས་ཅན་གྱི་སྤྱོད་པའི་ཆོ་ག་མ་འཚལ་བས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་སེམས་ཅན་གྱི་དབང་པོ་དང་སྤྱོད་པ་ཤེས་པ་ལ་ཞུགས་ལ་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་བཀོད་པའི་རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་ཆོས་ལ་ཡོངས་སུ་རྟོག་པའི་འདུ་ཤེས་དང་ལྡན་པས་བདག་དང་སེམས་ཅན་དང་ཆོས་ལ་གནས་པས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་རྟོག་པ་དང་རྣམ་པར་རྟོག་པ་དང་ཡོངས་སུ་རྟོག་པ་ཐམས་ཅད་དང་བྲལ་ཞིང་འཁོར་གསུམ་ཡོངས་སུ་དག་ལ་བདག་དང་སེམས་ཅན་དང་ཆོས་ལ་མི་གནས་པར་བགྱིད་ཅིང་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་སེང་གེའི་ཏོག་གིས་གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་འདི་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་མ་སྐྱེས་པ་དང་མ་བྱུང་བ་ལ་སྐྲག་པའོ། །བཅོམ་ལྡན་འདས་བདག་གིས་ནི་ཆོས་ཐམས་ཅད་མ་སྐྱེས་པ་དང་མ་བྱུང་བར་འཚལ་ ― DKG058_Page_0113 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནས་སྐྲག་པ་མ་མཆིས་ཀུན་ཏུ་སྐྲག་པ་མ་མཆིས་ཤིང་ཆོས་གང་ལ་ཡང་ཉེ་བའམ་རིང་བར་མི་གནས་པར་བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་བྱམས་པས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ལ་རིང་བའི་འདུ་ཤེས་ཅན་གྱིས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་འདི་སྙམ་དུ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ནས་བྱང་ཆུབ་ལུས་དང་སེམས་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པར་མཐོང་ངོ་སྙམ་པ་དེས་དེ་བཞིན་གཤེགས་པའི་དམ་པའི་ཆོས་ཡོངས་སུ་གཟུང་བར་ནུས་སོ། །བྱང་ཆུབ་སེམས་དཔའ་ཡོན་ཏན་གྱི་རྒྱལ་པོ་སྣང་བས་གསོལ་པ། བཅོམ་ལྡན་འདས་ཡོན་ཏན་ལ་མི་གནས་ཤིང་ཡོན་ཏན་དང་བྲལ་ལ་དེ་བཞིན་གཤེགས་པའི་ཡོན་ཏན་དོན་དུ་མི་གཉེར་བས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཡོན་ཏན་ཐམས་ཅད་དང་མ་བྲལ་ཞིང་བྱང་ཆུབ་སེམས་དཔའི་ཡོན་ཏན་ཡང་དག་པ་ལ་གནས་ཏེ་དེ་བཞིན་གཤེགས་པའི་ཡོན་ཏན་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་པས་བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་པ། བཅོམ་ལྡན་འདས་གང་འདི་སྐད་དུ་བདག་གིས་དམ་པའི་ཆོས་ཡོངས་སུ་གཟུང་ངོ་ཞེས་དེ་སྐད་མཆི་བའི་འཇིག་རྟེན་དེ་ནི་རྣམ་པར་སྨྲ་བ་ལེགས་སོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་ནས་ཆོས་གང་མ་བརྙེས་ཤིང་མངོན་པར་རྫོགས་པར་སངས་མ་རྒྱས་པ་དེ་ལ་ཡོངས་སུ་གཟུང་བ་གང་ཡང་མ་མཆིས་སོ། །བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་ཡོངས་སུ་མི་གཟུང་བ་དང་སེམས་ཅན་ཐམས་ཅད་ཡོངས་སུ་འཛིན་པ་འདོར་དུ་སྩལ་བའི་སླད་དུ་སྙིང་རྗེ་ཆེན་པོའི་ཆོས་ཉིད་འདི་གཟུང་བར་བགྱི། ཆོས་གང་ཡང་འཕྲོས་པར་མི་བགྱི། འཕྲོས་པ་དང་བྲལ་བར་ཡང་མི་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་ ― DKG058_Page_0114 ―
[མ་དཔེ་གཟིགས་ན་འདིར་གནོན།]
སོ། །དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། ངས་ཆོས་གང་ཡང་མ་ཐོབ་པར་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གོ །མ་ཐོབ་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ལས་ལངས་སོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་སམ་ཅི་ན་གང་འདི་སྐད་དུ་ངས་མ་ཐོབ་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ལས་ལངས་ཞེས་གསུང་། གལ་ཏེ་བཞུགས་ན་ནི་བྱང་ཆུབ་ལ་གཉིས་འཇུག་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱང་གཞན་ལ་བྱང་ཆུབ་ཀྱི་སྙིང་པོ་ཡང་གཞན་དུ་འཇུག་པར་འགྱུར་རོ། །བཅོམ་ལྡན་འདས་བྱང་ཆུབ་ནི་གཉིས་ཀྱིས་རབ་ཏུ་ཕྱེ་བ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ང་བྱང་ཆུབ་ཀྱི་སྙིང་པོའི་ངོ་བོ་ཉིད་ཀྱི་རྗེས་སུ་ཞུགས་པའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གོ །ངའི་ངོ་བོ་ཉིད་གང་ཡིན་པ་དེ་བྱང་ཆུབ་ཀྱི་སྙིང་པོའི་ངོ་བོ་ཉིད་དེ་བྱང་ཆུབ་ཀྱང་དེའི་ངོ་བོ་ཉིད་སེམས་ཅན་ཐམས་ཅད་ཀྱང་དེའི་ངོ་བོ་ཉིད། ཆོས་ཐམས་ཅད་ཀྱང་དེའི་ངོ་བོ་ཉིད་དོ། །འཇམ་དཔལ་བྱང་ཆུབ་ཀྱི་སྙིང་པོར་གང་ངས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ནི་ངོ་བོ་ཉིད་གཅིག་པའོ། །རོ་གཅིག་པའོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་དེ་བཞིན་གཤེགས་པས་བྱང་ཆུབ་ཀྱི་སྙིང་པོ་ལས་རྣམ་པར་གྲོལ་བའི་ཆོས་གང་ཡང་མ་གཟིགས་སོ། །བྱང་ཆུབ་མཉམ་པ་ཉིད་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མཉམ་པ་ཉིད་ནི་ཆོས་གང་གི་གྲངས་སུ་འགྲོ་བ་ཡང་མ་ཡིན་ཏེ་གྲངས་མེད་པ་གྲངས་དང་བྲལ་བའོ། །དེའི་ཕྱིར་དེ་བཞིན་གཤེགས་པ་འདུས་མ་བྱས་པ་ཞེས་བྱའོ། །འཇམ་དཔལ་དེ་བཞིན་གཤེགས་པ་ནི་འདུས་མ་བྱས་ཐོབ་པ་སྟེ། འདུས་བྱས་ཐམས་ཅད་ལས་ཤིན་ཏུ་འདས་སོ། །འཇམ་དཔལ་གང་དག་དེ་བཞིན་གཤེགས་པའི་བསྟན་པ་འདི་ལ་མོས་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བས་རྣམ་པར་གྲོལ་བར་འགྱུར་རོ། །རྣམ་པར་གྲོལ་ནས་ཆོས་ཉིད་དེ་ལས་འདའ་བར་མི་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་གང་དག་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ལྷགས་པ་དེ་དག་གིས་བསྟན་པ་འདི་ཐོས་ནས་ཚིམ་ཞིང་ ― DKG058_Page_0115 ―
[མ་དཔེ་གཟིགས་ན་འདིར་གནོན།]
མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བདག་ཅག་སངས་རྒྱས་ཀྱི་ཞིང་འདིར་ལེགས་པར་ལྷགས་པ་དང་། བཅོམ་ལྡན་འདས་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། སྐྱེས་བུ་དམ་པ་འདི་དག་ཀྱང་མཐོང་བ་དང་། ཆོས་ཟབ་མོ་བསྟན་པ་འདི་ཡང་ཐོས་པ་ནི་བདག་ཅག་གིས་རྙེད་པ་ལེགས་པར་རྙེད་དོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །གང་དུ་ཆོས་ཀྱི་རྣམ་གྲངས་འདི་གནས་པར་འ གྱུར་བ་དེར་སངས་རྒྱས་བྱུང་བར་བལྟའོ། །གང་དུ་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པར་འགྱུར་བ་དེར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བལྟའོ། །ད་ལྟར་བྱུང་བའམ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། གང་དག་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། ཐོས་ནས་ཀྱང་མོས་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་བའི་སེམས་ཅན་དེ་དག་ཀྱང་རྙེད་པ་ལེགས་པར་རྙེད་པ་དག་གོ །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁྱེད་ཀྱིས་ཇི་ལྟར་བྱང་ཆུབ་སེམས་དཔས་རྙེད་པ་ལེགས་པར་རྙེད་པ་ཤེས་སམ། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྙེད་པ་ལེགས་པར་རྙེད་པ་ནི་བཅུ་པོ་འདི་དག་སྟེ། རྙེད་པ་ཆེན་པོ་བསམ་གྱིས་མི་ཁྱབ་པར་འགྱུར་བ་དག་གོ །བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་རབ་ཏུ་འཐོབ་པ་དང་། མཐོང་ནས་ཀྱང་ལྷག་པའི་བསམ་པས་དེ་ལ་དད་པ་རབ་ཏུ་འཐོབ་པ་དང་། སེམས་དད་ནས་ཀྱང་ཆོས་མཉན་པ་རབ་ཏུ་འཐོབ་པ་དང་། ཆོས་ཐོས་ནས་ཀྱང་ཐེ་ཚོམ་མ་མཆིས་པ་རབ་ཏུ་འཐོབ་པ་དང་། ཐེ་ཚོམ་མ་མཆིས་ནས་ཀྱང་རབ་ཏུ་འབྱུང་བ་རབ་ཏུ་འཐོབ་པ་དང་། རབ་ཏུ་བྱུང་ནས་ཀྱང་འཚོ་བ་ཡོངས་སུ་དག་པ་རབ་ཏུ་འཐོབ་པ་དང་། འཚོ་བ་ཡོངས་སུ་དག་ནས་ཀྱང་ཆོས་བསྟན་པ་ལ་མཁས་པ་རབ་ཏུ་འཐོབ་པ་དང་། ཚེ་རབས་ཚེ་རབས་སུ་བྱང་ཆུབ་ཀྱི་སེམས་རབ་ཏུ་འཐོབ་པ་དང་། བྱང་ཆུབ་ཀྱི་སེམས་མ་བརྗེད་ནས་ཀྱང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་མཉན་པ་རབ་ཏུ་འཐོབ་པ་དང་། བྱང་ཆུབ་ ― DKG058_Page_0116 ―
[མ་དཔེ་གཟིགས་ན་འདིར་གནོན།]
སེམས་དཔའི་སྡེ་སྣོད་ཐོས་ནས་ཀྱང་སྒྲུབ་པ་རབ་ཏུ་འཐོབ་པ་སྟེ། བཅོམ་ལྡན་འདས་རྙེད་པ་བཅུ་པོ་དེ་དག་ནི་རྙེད་པ་ཆེན་པོ་བསམ་གྱིས་མི་ཁྱབ་པར་འགྱུར་བ་དག་གོ །དེ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ནི་རྙེད་པ་ལེགས་པར་རྙེད་པ་ཞེས་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་དག་ཁྱེད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྙེད་པ་དེ་དག་ལེགས་པར་སྨྲས་པ་དེ་ནི་ལེགས་སོ་ལེགས་སོ། །བསྟན་པ་འདི་བཤད་པ་ན་སྲོག་ཆགས་སུམ་ཁྲི་དྲུག་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཡོངས་སུ་གཏད་པའི་ལེའུ་བདུན་པ་རྫོགས་ཏེ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ་ཕྱེད་གོང་མའོ།། །། བརྒྱད་པ། ཆོས་ཀྱི་སྒོའི་ལེའུ།― DKG058_Page_0116 ―
[མ་དཔེ་གཟིགས་ན་འདིར་གནོན།]
བམ་པོ་དྲུག་པ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ལྷ་དང་མིའི་ཕུན་སུམ་ཚོགས་པ་མྱོང་བར་བགྱི་བ་དང་། མྱ་ངན་ལས་འདས་པའི་ཕུན་སུམ་ཚོགས་པ་བླ་ན་མེད་པ་ཐོབ་པར་བགྱི་བའི་སླད་དུ་ཇི་ཙམ་དུ་ཐེག་པ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པར་བགྱིད་པར་གྱུར་པ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་རྣམས་ནི་གང་ལགས། ཐེག་པ་ཆེན་པོ་ལ་གཅེས་སྤྲས་བགྱིད་པའི་ཆོས་རྣམས་ནི་གང་ལགས། ཐེག་པ་ཆེན་པོ་ལ་དཀའ་བ་བགྱིད་པའི་ཆོས་རྣམས་ནི་གང་ལགས། ཐེག་པ་ཆེན་པོ་སྟོན་པར་འགྱུར་བའི་ཆོས་རྣམས་ནི་གང་ལགས་བཅོམ་ལྡན་འདས་ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་རྣམས་ནི་གང་ལགས། བཅོམ་ལྡན་འདས་ཅིའི་སླད་དུ་ཐེག་པ་ཆེན་པོ་ལ་ཐེག་པ་ཆེན་པོ་ཞེས་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་རྒྱ་མཚོ་དེའི་ཕྱིར་ཉོན་ཅིག་དང་བསྟན་པར་བྱའོ། །བློ་གྲོས་རྒྱ་མཚོ་ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་གཅིག་སྟེ། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་བརྗེད་པ་མེད་ཅིང་བག་ཡོད་པ་སྟེ། བློ་གྲོས་རྒྱ་མཚོ་འདི་ནི་ཐེག་པ་ཆེན་པོ་སྡུད་པར་འགྱུར་ ― DKG058_Page_0117 ―
[མ་དཔེ་གཟིགས་ན་འདིར་གནོན།]
བའི་ཆོས་གཅིག་གོ །བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་གཅིག་སྟེ། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། བྱ་བར་འཇུག་པ་ལ་ཞུགས་ཤིང་རྣམ་པར་སྨིན་པ་ལ་ཡིད་ཆེས་པའོ། །གཞན་ཡང་ཆོས་གཅིག་སྟེ། འདི་ལྟ་སྟེ། བསྟན་པའི་ཆོས་དང་མི་འགལ་བ་ཡང་དག་པའི་ལྟ་བའོ། །གཞན་ཡང་ཆོས་གཅིག་སྟེ། དེ་སྡུག་པ་དང་མི་སྡུག་པ་བསལ་ཏེ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དོ། །གཞན་ཡང་ཆོས་གཅིག་སྟེ། ཐམས་ཅད་བསྐྱབ་པ་དང་ལྡན་པའི་བྱམས་པ་ཆེན་པོའོ། །གཞན་ཡང་ཆོས་གཅིག་སྟེ། བདག་བདེ་བ་ལ་མི་ཆགས་པའི་སྙིང་རྗེ་ཆེན་པོའོ། །གཞན་ཡང་ཆོས་གཅིག་སྟེ། སངས་རྒྱས་ཀྱི་སྐུ་འདོད་པའི་སངས་རྒྱས་རྗེས་སུ་དྲན་པའོ། །གཞན་ཡང་ཆོས་གཅིག་སྟེ། ཆོས་སྒྲུབ་པའི་སྙིང་པོར་བྱེད་པའི་ཆོས་རྗེས་སུ་དྲན་པའོ། །གཞན་ཡང་ཆོས་གཅིག་སྟེ། ཕྱིར་མི་ལྡོག་པའི་དགེ་འདུན་དང་ལྡན་པའི་དགེ་འདུན་རྗེས་སུ་དྲན་པའོ། །གཞན་ཡང་ཆོས་གཅིག་སྟེ། ཉོན་མོངས་པ་ཐམས་ཅད་བསལ་བའི་གཏོང་བའི་རྗེས་སུ་དྲན་པའོ། །གཞན་ཡང་ཆོས་གཅིག་སྟེ། བྱང་ཆུབ་ཀྱི་སེམས་མ་བརྗེད་པའི་ཚུལ་ཁྲིམས་རྗེས་སུ་དྲན་པའོ། །གཞན་ཡང་ཆོས་གཅིག་སྟེ། རྣམ་པར་དག་པའི་ཆོས་དང་ལྡན་པའི་ལྷ་རྗེས་སུ་དྲན་པའོ། །གཞན་ཡང་ཆོས་གཅིག་སྟེ། ཕན་པ་དང་བདེ་བ་དང་ལྡན་པའི་ཕན་པར་འདོད་པའོ། །གཞན་ཡང་ཆོས་གཅིག་སྟེ། བསམ་པ་བརྟན་པར་གྱུར་ཅིང་མོས་པ་དྲག་པོའོ། །གཞན་ཡང་ཆོས་གཅིག་སྟེ། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བ་ལ་མཆོག་ཏུ་དགའ་བའོ། །གཞན་ཡང་ཆོས་གཅིག་སྟེ། ཆོས་ཟབ་མོ་ལ་ངེས་པར་འབྱུང་བའི་དམ་པའི་ཆོས་ཡོངས་སུ་ཚོལ་བའོ། །གཞན་ཡང་ཆོས་གཅིག་སྟེ། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྦྱིན་པའོ། །གཞན་ཡང་ཆོས་གཅིག་སྟེ། ཆོས་མཉན་པའི་ཕྱིར་ལྷག་པ་རྣམས་ལ་ནད་པར་འདུ་ཤེས་པའོ། །གཞན་ཡང་ཆོས་གཅིག་སྟེ། ཆོས་ལ་སྨན་དུ་འདུ་ཤེས་པའོ། །གཞན་ཡང་ཆོས་གཅིག་སྟེ། བདག་ལ་སྨན་པར་འདུ་ཤེས་པའོ། ། ― DKG058_Page_0118 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཞན་ཡང་ཆོས་གཅིག་སྟེ། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཀུན་ཏུ་སྲུང་བའོ། །གཞན་ཡང་ཆོས་གཅིག་སྟེ། དཀོན་མཆོག་གསུམ་གྱི་རིགས་མི་གཅོད་པའོ། །གཞན་ཡང་ཆོས་གཅིག་སྟེ། མི་བརྐམ་ཞིང་ངན་ངོན་གྱིས་ཆོག་ཤེས་པའོ། །གཞན་ཡང་ཆོས་གཅིག་སྟེ། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་ཞུམ་པ་མེད་པའོ། །གཞན་ཡང་ཆོས་གཅིག་སྟེ། རང་གི་ཚུལ་ཁྲིམས་ཀྱིས་ཚུལ་ཁྲིམས་འཆལ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །གཞན་ཡང་ཆོས་གཅིག་སྟེ། ཉེས་པར་བྱས་པ་ལ་ཤར་མི་གཉེར་བའི་བཟོད་པའོ། །གཞན་ཡང་ཆོས་གཅིག་སྟེ། ལེགས་པ་བྱས་པ་ལ་ལན་བླན་པའི་བློའོ། །གཞན་ཡང་ཆོས་གཅིག་སྟེ། བྱས་པ་མི་གཟོ་བ་རྣམས་ལ་སྙིང་རྗེ་བའི་བློའོ། །གཞན་ཡང་ཆོས་གཅིག་སྟེ། བྱས་པ་གཟོ་བ་རྣམས་ལ་རིམ་གྲོ་བྱ་བའི་བློའོ། །གཞན་ཡང་ཆོས་གཅིག་སྟེ། མི་ཤེས་པ་རྣམས་ལ་ང་རྒྱལ་མེད་པའོ། །གཞན་ཡང་ཆོས་གཅིག་སྟེ། ཤེས་པ་རྣམས་ཀྱི་རྗེས་སུ་སློབ་པའོ། །གཞན་ཡང་ཆོས་གཅིག་སྟེ། དགེ་བའི་རྩ་བ་ལ་ལྷག་པའི་བསམ་པའི་སེམས་མི་འདོར་བའོ། །གཞན་ཡང་ཆོས་གཅིག་སྟེ། མི་དགེ་བའི་སེམས་ཀྱི་རྗེས་སུ་མི་འཇུག་པའོ། །གཞན་ཡང་ཆོས་གཅིག་སྟེ། ཚུལ་འཆོས་པ་མེད་ཅིང་ཁ་གསག་མེད་པས་སྡོམ་པ་གསུམ་ཡོངས་སུ་དག་པའོ། །གཞན་ཡང་ཆོས་གཅིག་སྟེ། ཆོས་སྨྲ་བ་རྣམས་ལ་སྟོན་པ་དང་བླ་མ་ལྟར་ཕངས་པར་རིམ་གྲོ་བྱེད་པའོ། །གཞན་ཡང་ཆོས་གཅིག་སྟེ། འཇིག་རྟེན་རྒྱང་ཕན་པ་དང་མ་འདྲེས་པ་ལེགས་པར་ཐོས་པའི་ཆོས་ཉན་པའོ། །གཞན་ཡང་ཆོས་གཅིག་སྟེ། དགེ་བའི་རྩ་བ་ཡོངས་སུ་སྦྱང་བ་ཡོངས་སུ་དག་ནས་འཁོར་བ་ན་ཡོངས་སུ་མི་སྐྱོ་བའོ། །གཞན་ཡང་ཆོས་གཅིག་སྟེ། དེ་བཞིན་གཤེགས་པ་བཞུགས་པ་རྣམས་སམ་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་མཆོད་པ་བྱེད་པས་མི་ངོམས་པའོ། །གཞན་ཡང་ཆོས་གཅིག་སྟེ། སེམས་ཅན་ཐམས་ཅད་ཀྱིས་གསོལ་བ་མ་བཏབ་པར་བཤེས་གཉེན་བྱེད་པའོ། །གཞན་ཡང་ཆོས་གཅིག་སྟེ། དངོས་ ― DKG058_Page_0119 ―
[མ་དཔེ་གཟིགས་ན་འདིར་གནོན།]
པོ་ཐམས་ཅད་ལ་མི་གནས་ཤིང་ཡོངས་སུ་མི་འཛིན་མི་ཆགས་པའོ། །གཞན་ཡང་ཆོས་གཅིག་སྟེ། ཁྱིམ་ན་གནས་པའི་སྐྱོན་རིག་ནས་རྟག་པར་རྒྱུན་དུ་རབ་ཏུ་འབྱུང་བ་ལ་གཞོལ་བའོ། །གཞན་ཡང་ཆོས་གཅིག་སྟེ། སྐྱེས་བུ་དམ་པའི་ལས་རྣམས་ལ་ཞུགས་པའོ། །གཞན་ཡང་ཆོས་གཅིག་སྟེ། ངེས་པར་བྱས་པ་ལ་ཞུགས་པའི་བྱང་ཆུབ་ཀྱི་ལམ་གྱི་ཚོགས་སོགས་པའོ། །གཞན་ཡང་ཆོས་གཅིག་སྟེ། ཐེག་པ་མཚུངས་པར་ཡང་དག་པར་ཞུགས་པ་རྣམས་ལ་ཞེ་མི་སྡང་བའོ། །གཞན་ཡང་ཆོས་གཅིག་སྟེ། བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་གཞུག་པ་ལ་ཡོངས་སུ་མི་སྐྱོ་བའོ། །གཞན་ཡང་ཆོས་གཅིག་སྟེ། གསང་བའི་སྔགས་རྣམས་ཀུན་ཏུ་སྲུང་བས་རྣམ་པར་འཕྲོས་པར་མི་བྱེད་པའོ། །གཞན་ཡང་ཆོས་གཅིག་སྟེ། ཆོས་དང་བཟོ་ཡོངས་སུ་བཙལ་བ་ཤེས་པའོ། །གཞན་ཡང་ཆོས་གཅིག་སྟེ། བདེན་པའི་ངག་ལ་རབ་ཏུ་གནས་པས་ཆོས་མཐོང་བའོ། །གཞན་ཡང་ཆོས་གཅིག་སྟེ། ཁ་འོག་ཏུ་ལུས་འཁྲུས་པར་བྱེད་པའོ། །གཞན་ཡང་ཆོས་གཅིག་སྟེ། འགྱོད་པ་མེད་པའི་སེམས་ཀྱིས་སྦྱིན་པ་འགྱེད་པའོ། །གཞན་ཡང་ཆོས་གཅིག་སྟེ། བདུད་ཀྱི་ལས་རྣམས་རྟོགས་ནས་ཡོངས་སུ་སྤོང་བའོ། །གཞན་ཡང་ཆོས་གཅིག་སྟེ། ང་རྒྱལ་དང་བྲལ་བའི་ཡེ་ཤེས་ཀྱི་ལས་སོ། །གཞན་ཡང་ཆོས་གཅིག་སྟེ། ཤེས་ཀྱི་ཁེ་དང་བྲལ་བར་དགོན་པ་ན་གནས་པའོ། །གཞན་ཡང་ཆོས་གཅིག་སྟེ། ལྷག་པའི་ང་རྒྱལ་དང་བྲལ་ཞིང་བདག་ལ་མི་སྟོད་གཞན་ལ་མི་སྨོད་པའོ། །གཞན་ཡང་ཆོས་གཅིག་སྟེ། ཉོན་མོངས་པ་དང་བྲལ་ཞིང་འཇིག་རྟེན་གྱི་རྗེས་སུ་འཐུན་པའོ། །གཞན་ཡང་ཆོས་གཅིག་སྟེ། འཚོ་བ་ཡོངས་སུ་དག་སྟེ་དབེན་པ་ལ་དགའ་བའོ། །གཞན་ཡང་ཆོས་གཅིག་སྟེ། ཚུལ་བཞིན་ལ་བརྩོན་པས་ནང་དུ་ཡང་དག་འཇོག་པའོ། །གཞན་ཡང་ཆོས་གཅིག་སྟེ། མང་དུ་ཐོས་ནས་སེམས་ངེས་པར་སེམས་པའོ། །གཞན་ཡང་ཆོས་གཅིག་སྟེ། ཡང་དག་པར་རབ་ཏུ་བརྩོན་པའི་རྣལ་འབྱོར་སྤྱོད་པའི་སའོ། །གཞན་ཡང་ཆོས་གཅིག་སྟེ། སྟོང་པ་ཉིད་ཀྱི་སྤྱོད་ ― DKG058_Page_0120 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡུལ་གྱི་ཆོས་ལ་སོ་སོར་རྟོག་པའོ། །གཞན་ཡང་ཆོས་གཅིག་སྟེ། རྙེད་པ་དང་མ་རྙེད་པས་ཁེངས་པ་མེད་ཅིང་གདུང་བ་མེད་པའོ། །གཞན་ཡང་ཆོས་གཅིག་སྟེ། འདུ་འཛིས་འཇིགས་ཤིང་སྐྲག་ནས་གཅིག་པུ་དགའ་བའོ། །གཞན་ཡང་ཆོས་གཅིག་སྟེ། ཆོས་ཀྱིས་རྙེད་པ་གཞན་དག་དང་ཀུན་ཏུ་འགེད་པའོ། །གཞན་ཡང་ཆོས་གཅིག་སྟེ། འཕགས་པའི་བདེན་པ་ཤེས་པ་ལ་མཁས་པའོ། །གཞན་ཡང་ཆོས་གཅིག་སྟེ། ཤེས་པ་ཐམས་ཅད་ལ་སློབ་དཔོན་དཔེ་མཁྱུད་མེད་པའོ། །གཞན་ཡང་ཆོས་གཅིག་སྟེ། མ་བསླབས་པ་རྣམས་བསླབ་པ་ལ་སྦྱོར་ཞིང་མི་བརྙས་པའོ། །གཞན་ཡང་ཆོས་གཅིག་སྟེ། རྙེད་པ་དང་མ་རྙེད་པ་རྣམས་ལ་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་ཤིང་ཡོངས་སུ་གདུང་བ་མེད་པའོ། །གཞན་ཡང་ཆོས་གཅིག་སྟེ། གུས་པར་བྱས་ཏེ་ཆོས་ཉན་པ་རྣམས་ལ་ཆོས་སྟོན་པའོ། ། གཞན་ཡང་ཆོས་གཅིག་སྟེ། སྡུག་པ་རྣམས་ལ་རྗེས་སུ་ཆགས་པ་སྤངས་ནས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དོ། །གཞན་ཡང་ཆོས་གཅིག་སྟེ། ཆོས་སྨྲ་བ་རྣམས་ལ་གཡོ་བ་མེད་པར་ལེགས་སོ་ཞེས་བྱ་བ་སྦྱིན་པའོ། །གཞན་ཡང་ཆོས་གཅིག་སྟེ། ཅང་ཤེས་ཀྱི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཁུར་ཁྱེར་བའོ། །གཞན་ཡང་ཆོས་གཅིག་སྟེ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྦྱོར་བ་ཡོངས་སུ་ཚོལ་བའོ། །གཞན་ཡང་ཆོས་གཅིག་སྟེ། བྱང་ཆུབ་ཀྱི་ལམ་གྱི་ཚོགས་སོགས་པའི་བརྩོན་འགྲུས་སོ། །གཞན་ཡང་ཆོས་གཅིག་སྟེ། དད་པའི་རྩ་བ་བརྟན་ཞིང་མི་གཡོ་བའོ། །གཞན་ཡང་ཆོས་གཅིག་སྟེ། ཡུལ་འཁོར་བསོད་སྙོམས་དོན་ཡོད་པར་ཡོངས་སུ་སྤྱོད་པའོ། །གཞན་ཡང་ཆོས་གཅིག་སྟེ། ནོར་བདུན་ཡང་དག་པར་འདུ་བས་དབུལ་བ་མེད་པའོ། །གཞན་ཡང་ཆོས་གཅིག་སྟེ། སྙིང་པོ་བླངས་པའི་སྲོག་གི་དབང་པོའོ། །གཞན་ཡང་ཆོས་གཅིག་སྟེ། ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །གཞན་ཡང་ཆོས་གཅིག་སྟེ། ཆོས་ཀྱི་མཆོད་སྦྱིན་སྦྱིན་པས་བསྡུ་བའི་དངོས་པོའོ། །གཞན་ཡང་ཆོས་གཅིག་སྟེ། རྩོད་པ་མེད་ལ་ལྷུར་ ― DKG058_Page_0121 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལེན་པའི་ཆོས་ཀྱི་གཏམ་མོ། །གཞན་ཡང་ཆོས་གཅིག་སྟེ། ཀླན་ཀ་མི་ཚོལ་བའི་སེམས་ཀྱིས་ཆོས་མཉན་པའོ། །གཞན་ཡང་ཆོས་གཅིག་སྟེ། དགེ་སྦྱོང་གི་དྲི་མ་དང་བྲལ་བའི་དགེ་སྦྱོང་ཉིད་དོ། །གཞན་ཡང་ཆོས་གཅིག་སྟེ། འདྲེ་བ་མེད་པར་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དུ་འཇུག་པའོ། །གཞན་ཡང་ཆོས་གཅིག་སྟེ། རང་གི་འཁྲུལ་པ་ལ་སོ་སོར་རྟོག་པས་སེམས་ཅན་ཐམས་ཅད་ཀུན་སྲུང་བའོ། །གཞན་ཡང་ཆོས་གཅིག་སྟེ། འཇིག་རྟེན་གྱི་སྣ་ཚོགས་ལ་བཏང་སྙོམས་སུ་བྱེད་པའོ། །གཞན་ཡང་ཆོས་གཅིག་སྟེ། དགེ་བའི་བཤེས་གཉེན་རྣམས་ལ་མི་སླུ་བའོ། །གཞན་ཡང་ཆོས་གཅིག་སྟེ། རང་གི་སེམས་ཡོངས་སུ་དག་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཡོངས་སུ་དག་པར་ཤེས་པའོ། །གཞན་ཡང་ཆོས་གཅིག་སྟེ། བཅོས་མ་མ་ཡིན་པས་བསམ་པ་དག་པའོ། །གཞན་ཡང་ཆོས་གཅིག་སྟེ། ཁྱད་པར་དུ་འགྲོ་བས་ལྷག་པའི་བསམ་པ་དག་པའོ། །གཞན་ཡང་ཆོས་གཅིག་སྟེ། ལེགས་པར་བྱེད་པའི་ལས་བྱེད་པས་སྦྱོར་བ་དག་པའོ། །གཞན་ཡང་ཆོས་གཅིག་སྟེ། བསོད་ནམས་ཡོངས་སུ་དག་པས་མཚན་ཡོངས་སུ་དག་པའོ། །གཞན་ཡང་ཆོས་གཅིག་སྟེ། ཤེས་པ་ཡོངས་སུ་དག་པས་ཉོན་མོངས་པ་ཡོངས་སུ་དག་པའོ། །གཞན་ཡང་ཆོས་གཅིག་སྟེ། སེམས་ཅན་ཡོངས་སུ་དག་པས་ཞིང་ཡོངས་སུ་དག་པའོ། །གཞན་ཡང་ཆོས་གཅིག་སྟེ། མཚན་མ་མེད་པ་ལ་སོ་སོར་བརྟགས་ཏེ་ཡོངས་སུ་བསྔོ་བ་ལ་མཁས་པའོ། །གཞན་ཡང་ཆོས་གཅིག་སྟེ། རྗེས་སུ་འཐུན་པའི་ཆོས་ཀྱི་བཟོད་པའོ། །གཞན་ཡང་ཆོས་གཅིག་སྟེ། རྣམ་པར་ཐར་པའི་སྒོ་གསུམ་ཡོངས་སུ་བསྒོམས་ནས་ངེས་པར་གྱུར་པ་ལ་སོ་སོར་རྟོག་པའོ། །གཞན་ཡང་ཆོས་གཅིག་སྟེ། གནས་མེད་པ་ལ་གནས་པས་གནས་བརྟན་པའོ། །གཞན་ཡང་ཆོས་གཅིག་སྟེ། མངོན་པར་ཤེས་པས་རྣམ་པར་རྩེན་ཞིང་ཟག་པ་ཟད་པ་ཤེས་པ་ལ་འཇུག་པའོ། །གཞན་ཡང་ཆོས་གཅིག་སྟེ། ཞི་གནས་དང་ལྷག་མཐོང་གིས་ཡོངས་སུ་སྦྱང་བ་བྱས་པའི་རིགས་པ་དང་རྣམ་པར་གྲོལ་བའོ། །གཞན་ཡང་ཆོས་གཅིག་སྟེ། ཐབས་ཀྱིས་ཡང་ ― DKG058_Page_0122 ―
[མ་དཔེ་གཟིགས་ན་འདིར་གནོན།]
དག་པར་ཟིན་པའི་ཤེས་རབ་བསྒོམས་པའོ། །གཞན་ཡང་ཆོས་གཅིག་སྟེ། ཁམས་གསུམ་གྱི་སྙིང་པོ་ཐོབ་པ་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ནོ། །གཞན་ཡང་ཆོས་གཅིག་སྟེ། འདི་ལྟ་སྟེ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་ཁོང་དུ་ཆུད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་གཅིག་སྟེ། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ་དང་མ་བྱུང་བར་རིག་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པ་སྟེ། བློ་གྲོས་རྒྱ་མཚོ་འདི་ནི་ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་གཅིག་གོ །བློ་གྲོས་རྒྱ་མཚོ་ཆོས་དེ་དག་ནི་ཐེག་པ་ཆེན་པོ་སྡུད་པར་འགྱུར་བ་དང་། འཛིན་པ་དང་གནས་པ་ཐམས་ཅད་འདོད་པར་འགྱུར་བ་དག་གོ །བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག་པ་ཆེན་པོ་ལ་གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ལ་མོས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་རྣམས་ལ་འདོད་པ་མེད་པ་སྟེ། བློ་གྲོས་རྒྱ་མཚོ་ཆོས་གཉིས་པོ་དེ་དག་ནི་ཐེག་པ་ཆེན་པོ་ལ་གཅེས་སྤྲས་བྱེད་པའོ། །བློ་གྲོས་རྒྱ་མཚོ་ཐེག་པ་ཆེན་པོ་ལ་དགའ་བ་བྱེད་པའི་ཆོས་གཉིས་ཏེ། གཉིས་གང་ཞེ་ན། མོས་པས་རྣམ་པར་གྲོལ་བ་དེ་ཀུན་ཏུ་སྲུང་བ་དང་། རྣམ་པར་གྲོལ་བ་དེའི་ཕྱིར་ཆོས་སྟོན་པ་སྟེ། བློ་གྲོས་རྒྱ་མཚོ་ཆོས་གཉིས་པོ་དེ་དག་ནི་ཐེག་པ་ཆེན་པོ་ལ་དགའ་བ་བྱེད་པའོ། །བློ་གྲོས་རྒྱ་མཚོ་ཐེག་པ་ཆེན་པོ་ལ་གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། གཉིས་གང་ཞེ་ན། བྱང་ཆུབ་ཀྱི་སེམས་ལས་མི་ཉམས་པ་དང་། སེམས་ལ་ལྟ་བ་ལ་བརྟན་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བྱང་ཆུབ་ཀྱི་སེམས་ལ་སྒྱུ་མ་ལྟ་བུར་སོ་སོར་རྟོག་པ་དང་། སེམས་ཅན་ཐམས་ཅད་ལ་བདག་མེད་པར་སོ་སོར་རྟོག་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བསམ་པ་མི་འདོར་བ་དང་། སྦྱོར་བ་བཅོས་མ་མ་ཡིན་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། རྩ་བ་ཡོངས་སུ་དག་པའི་བསམ་པ་དང་། བྱེད་པ་མེད་ཅིང་བྱེད་པ་དང་བྲལ་བ་ཡང་མ་ཡིན་པར་བསོད་ ― DKG058_Page_0123 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནམས་སོགས་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། དགེ་བའི་རྩ་བ་རྣམས་ལ་སྦྱོར་བ་དང་། སྦྱོར་བ་ཡང་ཉམས་འོག་ཏུ་ཆུད་པར་བྱེད་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སྤྲོས་པ་མེད་པར་སྦྱོར་བ་དང་། སྦྱོར་བ་ཉམས་འོག་ཏུ་ཆུད་པར་བྱེད་པས་དབེན་པའོ། ། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ལྷག་པའི་བསམ་པས་ཁྱད་པར་དུ་འགྲོ་བ་དང་། ཁྱད་པར་གྱིས་ཁྱད་པར་དུ་ལྷག་པར་དམིགས་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བདག་ཉིད་ཉེས་པ་མི་བྱེད་པ་དང་། གཞན་ཡང་ཉེས་པ་ལས་འབྱིན་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། རྣམ་པར་སྨིན་པ་ལ་མི་རེ་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། མཉམ་པའི་སེམས་གཏོང་བ་དང་། ཡོངས་སུ་བསྔོ་བ་ལ་མཁས་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བསླབ་པ་མ་ཉམས་པ་དང་། སྐྱེ་བར་སྨོན་པ་མེད་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཚུལ་ཁྲིམས་འཆལ་པ་རྣམས་ལ་ཆེར་སྙིང་རྗེ་བ་དང་། བདག་ལ་མི་སྟོད་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བཟོད་ཅིང་དེས་པ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། རྗེས་སུ་ཆགས་པ་འདོར་བ་དང་། རྗེ་བོ་ལ་བཟོད་པ་བསྒོམ་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་བཙལ་བར་རྩོམ་པའི་བརྩོན་འགྲུས་དང་། དགེ་བའི་རྩ་བ་ལ་ཡི་རང་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ལུས་དང་སེམས་དབེན་པ་དང་། སེམས་གནས་པ་ཡོངས་སུ་ཐར་བར་བྱེད་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བསམ་གཏན་གྱི་ཡན་ལག་ཡང་དག་པར་སྡུད་པ་དང་། སེམས་ལས་སུ་རུང་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བསམ་གཏན་ལས་ལྡོག་པ་ཤེས་པ་དང་། འདོད་པའི་ཁམས་ལ་སྨོད་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཆོས་དོན་དུ་གཉེར་བ་དང་ཆོས་འདོད་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཆོས་ལ་ ― DKG058_Page_0124 ―
[མ་དཔེ་གཟིགས་ན་འདིར་གནོན།]
སོ་སོར་རྟོག་པ་དང་། ཆོས་ངེས་པར་སེམས་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། བླ་མ་ལ་གུས་པར་བརྟེན་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། གུས་པ་དང་བཀའ་བློ་བདེ་བའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། དུས་དང་དུས་མ་ཡིན་པར་ཡོངས་སུ་འདྲི་བ་དང་། དོན་མྱོང་བར་བྱེད་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། དོན་ཤེས་པ་དང་། ཆོས་ཤེས་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཐོས་པའི་ནོར་གྱིས་མི་ངོམས་པ་དང་། ཐོས་པའི་ཤེས་རབ་ཀྱིས་ངོམས་མི་མྱོང་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཚུལ་བཞིན་དུ་ཆོས་ལ་སོ་སོར་རྟོག་པ་དང་། ཚུལ་བཞིན་མ་ཡིན་པའི་ཆོས་རྣམ་པར་སྤོང་བའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཆོས་སྟོན་པ་དང་། ཆོས་ཉན་པ་རྣམས་ལ་སྙིང་རྗེ་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སློབ་དཔོན་དཔེ་མཁྱུད་མེད་པ་དང་། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྟོན་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། རྣ་བ་བླགས་ཏེ་ཉན་པ་དང་། ཐམས་ཅད་དུ་སེམས་ཀྱིས་སེམས་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སྒྲིབ་པ་སེལ་བ་དང་། བྱང་ཆུབ་ཀྱི་ཡན་ལག་སྒོམ་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། མཆོག་ཏུ་དགའ་བ་ཐོབ་པ་དང་། དགའ་བ་མྱོང་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། རུང་བ་རྣམས་ལ་ཚོད་ཤེས་པ་དང་། བདག་ཤེས་པ་ལ་འཇུག་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང་། ལེགས་པར་བྱ་བའི་ལས་བྱེད་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ལས་མེད་ཅིང་རྣམ་པར་སྨིན་པ་མེད་པར་མོས་པ་དང་། དགེ་བའི་ཆོས་ཀྱང་སྟོན་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཚིག་བདེན་པ་དང་། འཕགས་པའི་སྐྱེ་བོ་ལ་མི་སླུ་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་དང་། སངས་རྒྱས་ཀྱི་ཚུལ་མི་འཁྲུགས་པར་བྱེད་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ལུས་ ― DKG058_Page_0125 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡོངས་སུ་དག་པ་དང་། མི་དགེ་བ་རྣམ་གསུམ་ཡོངས་སུ་སྤོང་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ལུས་གཟུགས་བརྙན་ལྟ་བུ་དང་། རྩྭ་དང་རྩིག་པ་དང་ཤིང་ལྟ་བུར་སོ་སོར་རྟོག་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ངག་ཡོངས་སུ་དག་པ་དང་། ངག་གི་སྐྱོན་བཞི་ཡོངས་སུ་སྤོང་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཆོས་བརྗོད་དུ་མེད་པར་ཁོང་དུ་ཆུད་པ་དང་། སྒྲ་ཐམས་ཅད་བྲག་ཅ་དང་མཚུངས་པར་ཤེས་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སེམས་ཡོངས་སུ་དག་པ་དང་། བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་ཡོངས་སུ་སྤོང་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ནང་ཉེ་བར་ཞི་བ་དང་། ཕྱི་རོལ་ཏུ་མི་རྒྱུ་བའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བྱམས་པ་སྒོམ་པ་དང་། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ནམ་མཁའ་ལྟར་རྣམ་པར་དག་ཅིང་དྲི་མ་མེད་པའི་བྱམས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་ཡོངས་སུ་སྔོ་བའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སྙིང་རྗེ་ཆེན་པོ་མི་འདོར་བ་དང་། དགེ་བའི་རྩ་བ་ཡོངས་སུ་ཚོལ་བ་ལ་ཡོངས་སུ་མི་སྐྱོ་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སྐྱེ་བ་མེད་པར་སོ་སོར་རྟོག་པ་དང་། ངེས་པར་གྱུར་པ་ཀུན་ཏུ་བསྲུང་བའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཆོས་ལ་དགའ་བས་དགའ་ཞིང་མོས་པ་དང་། མི་དགའ་བ་སྤོང་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། མི་སྨྲ་བའི་བརྟུལ་ཞུགས་ཡོངས་སུ་རྫོགས་པར་བྱེད་པ་དང་། བརྟུལ་ཞུགས་མ་ཡིན་པ་མི་སྤྱོད་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། རྗེས་སུ་ཆགས་པ་འདོར་བ་དང་། ཁོང་ཁྲོ་བ་སྤོང་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བཏང་སྙོམས་སྒོམ་པ་དང་། སེམས་ཅན་ལ་ལྟ་བ་ཡོངས་སུ་སྤངས་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སངས་རྒྱས་རྗེས་སུ་དྲན་པ་སྒོམ་པ་དང་། དྲན་པ་དེ་ལ་གནས་པར་སེམས་བསྐྱེད་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཆོས་ཀྱི་སྐུ་སྒོམ་པ་དང་། མཚན་གྱི་སྐུ་ཡང་སྒྲུབ་པའོ། ། ― DKG058_Page_0126 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཆོས་རྗེས་སུ་དྲན་པ་སྒོམ་པ་དང་། སེམས་ཅན་རྣམས་ཀྱང་ཆོས་ལ་སྦྱོར་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། འདོད་ཆགས་དང་བྲལ་བའི་ཆོས་ཉིད་ལ་སོ་སོར་རྟོག་པ་དང་། འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་ལ་ཆེར་སྙིང་རྗེ་བའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བྱང་ཆུབ་སེམས་དཔའི་དགེ་འདུན་རྗེས་སུ་དྲན་པ་དང་། ཕྱིར་མི་ལྡོག་པའི་དགེ་འདུན་ལ་ཡང་སྟོན་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། འདུས་མ་བྱས་ལ་ཡང་རྟོག་པ་དང་། འབྲས་བུ་ཐོབ་པ་ཡང་ཀུན་ཏུ་སྲུང་བའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། མངོན་པར་འདུ་བྱེད་པ་མེད་པའི་ཚུལ་ཁྲིམས་ལ་སོ་སོར་རྟོག་པ་དང་། ཚུལ་ཁྲིམས་འཆལ་པའི་སེམས་ཅན་སྡུད་ཅིང་ཡོངས་སུ་སྨིན་པར་བྱེད་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། གཏོང་བ་རྗེས་སུ་དྲན་པ་དང་། འགྱོད་པ་མེད་པར་གཏོང་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། རང་གི་ཉོན་མོངས་པ་འདོར་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤོང་བ་སྟོན་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ལྷ་རྗེས་སུ་དྲན་པ་དང་། སྐྱེ་བར་སྨོན་པ་མེད་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། དྲན་པ་དང་ཤེས་བཞིན་དང་། སེམས་གཡེང་བ་རྣམས་དྲན་པ་ལ་འགོད་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་རྣམས་ཀྱི་ཚོགས་སོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། མངོན་པར་འདུ་བྱེད་པ་མེད་པའི་ཡེ་ཤེས་དང་། བསོད་ནམས་ཀྱི་ཚོགས་མ་སྨད་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཆགས་པ་ལས་ཤིན་ཏུ་འདའ་བ་དང་། ཆགས་པས་ཞེན་པ་ཡོངས་སུ་འགྲེལ་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། འདུན་པ་དྲག་པ་དང་། སྒྱུ་མེད་ཅིང་གཡོ་མེད་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བྱས་པ་གཟོ་བ་དང་། བྱས་པ་ཤེས་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། འདུན་པའི་འདོད་ཆགས་སྤོང་བ་དང་། དགེ་བའི་ཆོས་ལ་འདུན་པ་མི་འདོར་བའོ། །གཅེས་ ― DKG058_Page_0127 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྤྲས་བྱེད་པའི་ཆོས་གཉིས་ཏེ། སྡིག་པ་ཐམས་ཅད་འཆགས་པ་དང་། སྡིག་པ་ཐམས་ཅད་མི་བྱེད་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། འགྱོད་པ་མེད་པ་དང་། ཀུན་ནས་ལྡང་བ་མེད་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། གཞན་གྱི་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། རང་གི་བསོད་ནམས་ཀྱིས་མི་ངོམས་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སྡིག་པ་ཐམས་ཅད་ཟད་པ་ཤེས་པ་དང་། བསོད་ནམས་བསགས་པ་ཤེས་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་པ་དང་། ཆོས་ཐམས་ཅད་ཡོངས་སུ་འཛིན་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཆོས་ཀྱི་དབྱིངས་འདྲེས་པ་མེད་པ་དང་། ཚིག་རབ་ཏུ་དབྱེ་བ་ཐམས་ཅད་བསྟན་པ་ཤེས་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཡོངས་སུ་བསྔོ་བ་ལ་མཁས་པ་དང་། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ཡོངས་སུ་བསྔོ་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། མཚན་མ་མེད་པ་འདྲེས་པར་བྱེད་པ་དང་། མཚན་མ་ཐམས་ཅད་རྣམ་པར་འཇིག་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སྟོང་པ་ཉིད་ལ་རྟོག་པ་དང་། སེམས་ཅན་ལ་ཡང་ལྟ་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཤེས་རབ་ཀྱིས་ལྟ་བ་མེད་པ་དང་། ཐབས་ཀྱིས་ལྟ་བ་དང་བཅས་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། དགེ་བའི་རྩ་བ་འདོད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ལ་སེམས་ཅན་ཐམས་ཅད་སྦྱོར་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སྨོན་པ་མེད་པ་སྒོམ་པ་དང་། བསམས་བཞིན་དུ་སྐྱེ་བ་ཤེས་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། དེ་ལ་མ་ཆགས་པ་དང་། མི་གཡོ་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ང་རྒྱལ་མེད་པ་དང་། དེས་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། དགོན་པ་ལ་གནས་པ་དང་། དགོན་པའི་ཡོན་ཏན་མྱོང་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཉོན་མོངས་པ་མེད་པར་གནས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། འདོད་པ་ཆུང་བ་དང་། ཆོག་ཤེས་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ― DKG058_Page_0128 ―
[མ་དཔེ་གཟིགས་ན་འདིར་གནོན།]
རང་གི་ཉོན་མོངས་པ་ཚོལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤོང་བ་ཚོལ་བའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ངེས་པར་སེམས་པ་དང་། སོ་སོར་རྟོག་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། རང་གི་འཁྲུལ་པ་ལ་རྟོག་པ་དང་། གཞན་གྱི་འཁྲུལ་བ་ལ་སྐྱོན་དུ་མི་ལྟ་བའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བདག་ལ་མི་སྟོད་པ་དང་། གཞན་ལ་མི་སྨོད་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བདག་ལ་བདག་མེད་པ་དང་། སེམས་ཅན་ལ་སེམས་ཅན་མེད་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། རང་གི་བྱེད་པ་དང་། གཞན་གྱིས་སྐབས་མི་རྙེད་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། འཁོར་བ་ལས་ལྡོག་པ་དང་། འཁོར་བ་ནས་སེམས་ཅན་ཡོངས་སུ་ཐར་བར་བྱེད་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཚོལ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བཙལ་བ་རྣམས་ལ་ཇི་སྐད་བསྟན་པ་བཞིན་དུ་གནས་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། གཞན་ལ་རག་མ་ལས་པའི་ཤེས་པ་རབ་ཏུ་ཐོབ་པ་དང་། གཞན་དག་ཀྱང་ཤེས་པ་ལ་རབ་ཏུ་སྦྱོར་བའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། འཐོབ་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་དོན་དུ་མི་གཉེར་བ་དང་། དམ་པའི་ཆོས་ཡོངས་སུ་བཙལ་བ་དོན་དུ་གཉེར་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཕན་མ་བཏགས་པ་རྣམས་ལ་ཡང་ཕན་འདོགས་པ་དང་། ཕན་བཏགས་པ་རྣམས་ལ་ཡང་ལྷག་པར་དགའ་བ་མེད་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བྱམས་པ་ཆེན་པོ་ཐུག་པ་མེད་པར་བྱས་པ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་ཆད་པ་མེད་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། རྒལ་ནས་འཇུག་པ་དང་། མ་རྒལ་བ་རྣམས་སྒྲོལ་བའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སེམས་ཅན་ཐམས་ཅད་ཡོན་ཏན་ཡང་དག་པར་འཛིན་དུ་འཇུག་པ་དང་། ཡོན་ཏན་མེད་པའི་སེམས་ཅན་རྣམས་ལ་ཆེར་སྙིང་རྗེ་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སླར་མི་བྱེད་པ་རྣམས་ལ་ཡང་ཕྱིར་བྱེད་པ་དང་། ཕྱིར་བྱེད་པ་རྣམས་ལ་ཡང་རློམ་སེམས་མེད་པའོ། །གཅེས་སྤྲས་བྱེད་པའི་ཆོས་ ― DKG058_Page_0129 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་ཏེ། ལུས་ལ་ཞུགས་པའི་དྲན་པ་ལ་གནས་པ་དང་། ལུས་ཡོངས་སུ་དག་པ་ལ་གནས་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ལུས་ལ་ལུས་ཀྱི་རྗེས་སུ་བལྟ་བ་དང་། ལུས་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་རྣམ་པར་མི་རྟོག་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཚོར་བ་ལ་ཞུགས་པའི་དྲན་པ་ལ་གནས་པ་དང་། བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་གཉིས་ཀྱིས་མི་ཕིགས་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་བལྟ་བ་དང་། ཚོར་བ་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་རྣམ་པར་མི་རྟོག་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སེམས་ལ་ཞུགས་པའི་དྲན་པ་ལ་གནས་པ་དང་། སེམས་ཡོངས་སུ་དག་པ་ལ་གནས་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སེམས་ལ་སེམས་ཀྱི་རྗེས་སུ་བལྟ་བ་དང་། སེམས་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་རྣམ་པར་མི་རྟོག་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཆོས་ལ་ཞུགས་པའི་དྲན་པ་ལ་གནས་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཤེས་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་བལྟ་བ་དང་། ཆོས་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས་རྣམ་པར་མི་རྟོག་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་ཀུན་ཏུ་སྲུང་བའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམས་པ་དང་། རྫུ་འཕྲུལ་གྱི་འདུལ་བའི་སེམས་ཅན་རྣམས་འདུལ་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། མངོན་པར་འདུ་བྱེད་པ་མེད་པའི་རྫུ་འཕྲུལ་རབ་ཏུ་ཐོབ་པ་དང་། ཆོས་ཀྱི་དབྱིངས་ལས་མ་གཡོས་པར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བདག་ཉིད་དད་པ་ལས་མི་ ― DKG058_Page_0130 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཡོ་བ་དང་། མ་དད་པ་རྣམས་ཀྱང་དད་པ་ལ་སྦྱོར་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སེམས་གསལ་བ་དང་། སེམས་མི་གསལ་བ་རྣམས་དང་བར་བྱེད་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བརྩོན་འགྲུས་ཀྱི་དབང་པོ་སྐྱེད་པ་དང་། དྲན་པའི་དབང་པོ་མི་གཡེང་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཤིན་ཏུ་རྣམ་པར་ཕྱེ་བས་རྣམ་པར་འབྱེད་པའི་བརྩོན་འགྲུས་དང་། སྟོང་པ་ཉིད་ཀྱི་རྣམ་པར་མངོན་པར་བསྒྲུབས་པའི་དྲན་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོའི་ཚོགས་ཡོངས་སུ་ཚོལ་བ་དང་། ཚོགས་ཡོངས་སུ་ཚོལ་བས་ཡོངས་སུ་མི་སྐྱོ་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། རྒྱུ་བ་མེད་པ་ཤེས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་ཡང་རྒྱུ་བའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཉོན་མོངས་པ་ཐམས་ཅད་ལ་ཚུལ་བཞིན་གྱིས་སོ་སོར་རྟོག་པ་དང་། ཉོན་མོངས་པ་སྐྱེས་པ་དང་མ་སྐྱེས་པ་རྣམས་ལས་འབྱུང་བ་ཡོངས་སུ་ཚོལ་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཉོན་མོངས་པ་མེད་པས་ཆོས་ཐམས་ཅད་མི་འདྲེ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤོང་བའི་ཕྱིར་ཁམས་གསུམ་དུའང་འདྲེ་བའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བྱང་ཆུབ་ཀྱི་ཡན་ལག་བསྒོམ་པའི་བརྩོན་འགྲུས་དང་། བྱང་ཆུབ་ཀྱི་ཡན་ལག་བསྟན་པའི་ཕྱིར་ལྷག་པའི་བསམ་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཟད་པ་ཤེས་པར་མི་ལྟུང་བ་དང་། མི་སྐྱེ་བ་ཤེས་པ་ལ་བཟོད་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ལམ་བགྲོད་པ་ལ་མཁས་པ་དང་། ལམ་མི་བགྲོད་པ་ལ་མཁས་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ལམ་གྱིས་འགྲོ་བ་ཤེས་པ་དང་། ལམ་རྒྱུན་མི་འཆད་པར་ཤེས་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་རྗེས་སུ་འཐུན་པ་དང་། མཐར་བལྟ་བ་གཉིས་ཀ་ཡོངས་སུ་སྤོང་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། རྒྱུ་གང་དང་རྐྱེན་གང་གིས་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པར་འགྱུར་བ་དང་། རྒྱུ་གང་དང་རྐྱེན་གང་གིས་རྣམ་པར་དག་ ― DKG058_Page_0131 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་འགྱུར་བ་དེ་ཤེས་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བདུད་ཀྱི་ལས་རྟོགས་པ་དང་། བདུད་ཀྱི་ལས་རྣམ་པར་སྤོང་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བདུད་ཐམས་ཅད་ལས་ཤིན་ཏུ་འདའ་བ་དང་། བདུད་ཐམས་ཅད་མི་མཐོང་བའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། མ་སྨས་པ་རྣམས་སྨས་པར་མི་བྱེད་པ་དང་། སྨས་པ་རྣམས་ལ་བཟོད་ཅིང་དེས་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། གདོད་མ་ནས་སྨས་པ་མེད་པ་དང་། སྐད་ཅིག་ཏུ་འཇིག་པར་སོ་སོར་རྟོག་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སེམས་དང་པོ་སྐྱེད་པ་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་བལྟ་བ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་བལྟས་ནས་ཐེག་པ་དམན་པ་མི་འདོད་པའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སེམས་དང་པོ་བསྐྱེད་པ་བྱང་ཆུབ་ཀྱི་སྙིང་པོའི་རྒྱུ་དང་། རྒྱུ་ལས་ཡང་དག་པར་འབྱུང་བའི་དགེ་བའི་སེམས་བསྐྱེད་པ་རྣམས་ལ་མངོན་པར་ཞེན་པ་མེད་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། འཁོར་བའི་རྒྱུན་བྱེད་པའི་ཀུན་ཏུ་སྦྱོར་བ་རྣམས་རྣམ་པར་གཅོད་པ་དང་། དགེ་བའི་རྩ་བའི་རྒྱུན་བྱེད་པའི་སེམས་བསྐྱེད་པ་མི་འདོར་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཡུལ་ན་མི་གནས་ཕྱོགས་ན་མི་གནས་པའི་དགེ་བའི་རྩ་བ་རྣམས་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་སེམས་བསྐྱེད་པ་རྣམས་སྒྱུ་མའི་ཆོས་སུ་སོ་སོར་རྟོག་པའོ། །གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བྱང་ཆུབ་སེམས་ཅན་གྱི་ཁ་ན་ལས་པར་ཡང་དག་པར་རྗེས་སུ་མཐོང་བ་དང་། སེམས་ཅན་རབ་ཏུ་ཐར་པ་བྱང་ཆུབ་ཀྱི་ཁ་ན་ལས་པར་ཡང་དག་པར་རྗེས་སུ་མཐོང་བའོ། །དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བྱང་ཆུབ་མཉམ་པ་ཉིད་པས་སེམས་ཅན་མཉམ་པ་ཉིད་དུ་སོ་སོར་རྟོག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བརྩོན་འགྲུས་མི་འདོར་བའོ། །བློ་གྲོས་རྒྱ་མཚོ་ཐེག་པ་ཆེན་པོ་ལ་གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། གཉིས་གང་ཞེ་ན། དགེ་བའི་ཆོས་ཐམས་ཅད་བསགས་པའི་སེམས་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པའི་ལམ་ལ་རབ་ཏུ་དགོད་པའི་ཕྱིར་ཆེར་སྙིང་རྗེ་བ་སྟེ། བློ་གྲོས་ ― DKG058_Page_0132 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱ་མཚོ་ཆོས་དེ་གཉིས་ནི་ཐེག་པ་ཆེན་པོ་ལ་གཅེས་སྤྲས་བྱེད་པའོ། །བློ་གྲོས་རྒྱ་མཚོ་ཆོས་འདི་གཉིས་ནི་ཐེག་པ་ཆེན་པོ་ལ་དཀའ་བ་བྱེད་པ་སྟེ། གཉིས་གང་ཞེ་ན། སྐྱེ་བ་མེད་པ་ལས་སྐྱེ་བ་དང་། འབྱུང་བ་མེད་པ་ལས་འབྱུང་བ་སྟེ། བློ་གྲོས་རྒྱ་མཚོ་ཆོས་དེ་གཉིས་ནི་ཐེག་པ་ཆེན་པོ་ལ་དཀའ་བ་བྱེད་པའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག་པ་ཆེན་པོ་སྟོན་པར་འགྱུར་བའི་ཆོས་གསུམ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་རྩ་བས་བརྟན་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པས་ཞུམ་པ་མེད་པ་དང་། སྙིང་རྗེ་ཆེན་པོ་ལ་རབ་ཏུ་གནས་པས་ཕྱིར་མི་ལྡོག་པ་སྟེ། བློ་གྲོས་རྒྱ་མཚོ་ཆོས་གསུམ་པོ་དེ་དག་ནི་ཐེག་པ་ཆེན་པོ་སྟོན་པར་འགྱུར་བའོ། །གཞན་ཡང་ཐེག་པ་ཆེན་པོ་སྟོན་པར་འགྱུར་བའི་ཆོས་གསུམ་སྟེ། གསུམ་གང་ཞེ་ན། ཚོགས་ཡོངས་སུ་ཚོལ་བ་དང་། ཚོགས་ལ་སོ་སོར་རྟོག་པ་དང་། ཚོགས་ལ་སེམས་ཅན་སྦྱོར་བ་སྟེ། གསུམ་པོ་དེ་དག་གོ །གཞན་ཡང་གསུམ་སྟེ། གསུམ་གང་ཞེ་ན། སེར་སྣ་ཚར་གཅོད་པ་དང་། གཏོང་བ་འཕེལ་བར་བྱེད་པ་དང་། བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་སྟེ། གསུམ་པོ་དེ་དག་གོ །གཞན་ཡང་གསུམ་སྟེ། ཚུལ་ཁྲིམས་ཡང་དག་པར་འཛིན་པ་དང་། ཚུལ་ཁྲིམས་འཆལ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། བྱང་ཆུབ་ཏུ་ཡོངས་སུ་སྔོ་བའོ། །གཞན་ཡང་གསུམ་སྟེ། ཁོང་ཁྲོ་བ་མེད་པའི་སེམས་དང་། སེམས་ཅན་ཁྲོས་པ་དད་པར་བྱེད་པ་དང་། བྱང་ཆུབ་ཏུ་ཡོངས་སུ་སྔོ་བའོ། །གཞན་ཡང་གསུམ་སྟེ། བརྩོན་འགྲུས་མ་གོད་པ་དང་། སེམས་ཅན་ལེ་ལོ་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང་། བྱང་ཆུབ་ཏུ་ཡོངས་སུ་སྔོ་བའོ། །གཞན་ཡང་གསུམ་སྟེ། བསམ་གཏན་སྐྱེད་པ་དང་། བསམ་གཏན་དེ་ལ་མ་ཆགས་པ་དང་། བྱང་ཆུབ་ཏུ་ཡོངས་སུ་སྔོ་བའོ། །གཞན་ཡང་གསུམ་སྟེ། ཐོས་པ་ཡོངས་སུ་ཚོལ་བ་དང་། ཐོས་པ་ལ་སོ་སོར་རྟོག་པ་དང་། བྱང་ཆུབ་ཏུ་ཡོངས་སུ་སྔོ་བའོ། །གཞན་ཡང་གསུམ་སྟེ། སེམས་ཅན་ལ་དམིགས་པའི་བྱམས་པ་དང་། ཆོས་ལ་དམིགས་པའི་བྱམས་པ་དང་། དམིགས་ ― DKG058_Page_0133 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་མེད་པའི་བྱམས་པའོ། །གཞན་ཡང་གསུམ་སྟེ། རང་གིས་བྱེད་པའི་སྙིང་རྗེ་དང་། གཞན་བྱེད་དུ་འཇུག་པའི་སྙིང་རྗེ་དང་། མཐའ་གཉིས་བསལ་བའི་སྙིང་རྗེ་ཆེན་པོའོ། །གཞན་ཡང་གསུམ་སྟེ། བདག་ལ་ཕན་པའི་ཕྱིར་ཤེས་པ་ཡོངས་སུ་ཚོལ་བ་དང་། གཞན་ལ་ཕན་པའི་ཕྱིར་ཤེས་པ་ཡོངས་སུ་ཚོལ་བ་དང་། གཉི་གའི་དོན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པའོ། །གཞན་ཡང་གསུམ་སྟེ། འདས་པ་ལ་ཟད་པར་ཤེས་པ་དང་། མ་འོངས་པ་ལ་མ་ཕྱིན་པར་ཤེས་པ་དང་། ད་ལྟར་བྱུང་བ་ལ་ཆོས་གནས་པ་མེད་པར་ཤེས་པའོ། །གཞན་ཡང་གསུམ་སྟེ། ངེས་པའི་སེམས་ཅན་རྣམས་ལ་རབ་ཏུ་གྲོལ་བའི་བྱམས་པ་དང་། མ་ངེས་པའི་སེམས་ཅན་རྣམས་ལ་རབ་ཏུ་གྲོལ་བའི་བྱམས་པ་དང་། ལོག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ལ་བསྐྱབ་པ་ཆེན་པོའི་བྱམས་པའོ། །གཞན་ཡང་གསུམ་སྟེ། འགྲོགས་ན་བདེ་བས་ལུས་ལས་སུ་རུང་བ་དང་། ཕ་རོལ་ཀུན་ཏུ་སྲུང་བས་ངག་སྙན་པ་དང་། དྲང་བས་སེམས་ལས་སུ་རུང་བའོ། །གཞན་ཡང་གསུམ་སྟེ། མི་སྡུག་པ་ལ་ཡང་གནས་ལ་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་དང་འགྲོགས་པ་ལ་ཡང་མི་སྨོད་པ་དང་། བྱམས་པ་ལ་ཡང་གནས་ལ་ཞེ་སྡང་ལ་སྤྱོད་པའི་སེམས་ཅན་དང་འགྲོགས་པ་ལ་ཡང་མི་སྨོད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཡང་རྣམ་པར་ལྟ་ལ་གཏི་མུག་ལ་སྤྱོད་པའི་སེམས་ཅན་དང་འགྲོགས་པ་ལ་ཡང་མི་སྨོད་པའོ། །གཞན་ཡང་གསུམ་སྟེ། ལེགས་པར་སྤྱད་པའི་ཕྱིར་ཕན་པ་དང་། ཆོག་ཤེས་པའི་ཕྱིར་རན་པ་དང་། ཕྱིས་འགྱོད་པ་མེད་པའི་ཕྱིར་བཟོད་པའོ། །གཞན་ཡང་གསུམ་སྟེ། ཐོས་པ་ཡོངས་སུ་འཛིན་པ་དང་། ཚིག་དང་ཡི་གེ་རྣམས་འཛིན་པ་དང་། སྒྲ་ལ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པར་ཤེས་པའོ། །གཞན་ཡང་གསུམ་སྟེ། ནོར་བདུན་ཡང་དག་པར་འདུ་བས་དབུལ་བ་མེད་པ་དང་། ཆོས་ཀྱི་སྦྱིན་པ་རྣམ་པར་འགྲེལ་པས་གཏོང་བ་ཆེན་པོ་དང་། ཟང་ཟིང་ཀུན་ཏུ་འགེད་པས་ལོངས་སྤྱོད་ཆེ་བའོ། །གཞན་ཡང་གསུམ་སྟེ། དོན་དམ་པར་བདེན་པས་བདེན་པ་དང་། མི་སླུ་བས་ཡང་དག་པ་དང་། ― DKG058_Page_0134 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་བཞིན་ཉིད་པས་དེ་ཁོ་ནའོ། །གཞན་ཡང་གསུམ་སྟེ། བདག་ཅི་འདྲ་བ་ཞེས་བདག་ཤེས་པ་དང་། གཏམ་ཅི་འདྲ་བ་ཞིག་བྱ་ཞེས་སེམས་ཅན་ཤེས་པ་དང་། དུས་སུ་གནས་པས་དུས་ཤེས་པའོ། །གཞན་ཡང་གསུམ་སྟེ། ཕུང་པོ་རྣམས་ལ་ཆོས་ཀྱི་ཕུང་པོ་དང་མཉམ་པ་ཉིད་དང་། ཁམས་རྣམས་ལ་ཆོས་ཀྱི་དབྱིངས་དང་མཉམ་པ་ཉིད་དང་། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པ་ལྟར་སོ་སོར་རྟོག་པའོ། །གཞན་ཡང་གསུམ་སྟེ། རྒྱུ་ཡིས་འབྲས་བུ་ཆུད་མི་གཟོན་པ་དང་། རྐྱེན་རྣམས་ཀྱིས་འཕེལ་བ་ལ་མཁས་པ་དང་། ཚོགས་ནས་ཕན་ཚུན་ཡང་དག་པར་འདུ་བའོ། །གཞན་ཡང་གསུམ་སྟེ། སངས་རྒྱས་དང་མི་འགལ་བ་དང་། ཆོས་མི་སྤོང་བ་དང་། དགེ་འདུན་ལ་ང་རྒྱལ་མེད་ཅིང་བླ་མར་གུས་པར་བསྙེན་བཀུར་བྱེད་པའོ། །གཞན་ཡང་གསུམ་སྟེ། འདོད་ཆགས་རབ་ཏུ་ཞི་བ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་ཡང་དག་པར་བཅོམ་པའོ། །གཞན་ཡང་གསུམ་སྟེ། ཀུན་རྫོབ་ཀྱི་བདེན་པ་ལ་འཇུག་པ་དང་། མཚན་ཉིད་ཀྱི་བདེན་པ་སྟོན་པ་དང་། དོན་དམ་པའི་བདེན་པ་ལ་གནས་པའོ། །གཞན་ཡང་གསུམ་སྟེ། སེམས་ཅན་རྣམས་ལ་བརྙས་པ་མེད་པ་དང་། སྦྱིན་གནས་རྣམས་ལ་རབ་ཏུ་འདུད་པ་དང་། ཉོན་མོངས་པ་རྣམས་སུ་མི་ལྟུང་བའོ། །གཞན་ཡང་གསུམ་སྟེ། འདོད་པའི་ཁམས་ཀྱིས་མི་གོས་པ་དང་། གཟུགས་ཀྱི་ཁམས་དང་མ་འདྲེས་པ་དང་། གཟུགས་མེད་པའི་ཁམས་ལ་དེ་མ་ཆགས་པའོ། །གཞན་ཡང་གསུམ་སྟེ། མ་རྙེད་པ་དང་མ་གྲགས་པ་དང་སྨད་པ་དང་སྡུག་བསྔལ་རྣམས་ཀྱིས་སྲོ་ཤི་བ་མེད་པ་དང་། རྙེད་པ་དང་གྲགས་པ་དང་བསྔགས་པ་དང་བདེ་བ་རྣམས་ཀྱིས་ཁེངས་པ་མེད་པ་དང་། འཇིག་རྟེན་གྱི་ཆོས་བརྒྱད་དང་མ་འདྲེས་པས་རི་ལྟར་མི་གཡོ་བའོ། །གཞན་ཡང་གསུམ་སྟེ། དབང་པོ་རྣམས་ཤིན་ཏུ་སྦས་པ་དང་། མདུད་པ་རྣམས་ལས་ཤིན་ཏུ་རྣམ་པར་གྲོལ་བ་དང་། སེམས་ཤིན་ཏུ་དུལ་བའོ། །གཞན་ཡང་གསུམ་སྟེ། སའི་ཡོན་ཏན་ལ་གནས་པ་ཤེས་པ་དང་། སའི་ཉེས་པ་ཟློག་པ་ཤེས་པ་དང་། ས་ནས་སར་འཕར་བ་ཤེས་པའོ། །གཞན་ཡང་གསུམ་སྟེ། བསམ་པ་གྱ་ནོམ་པ་ལ་གནས་པ་དང་། ལྷག་པའི་བསམ་པའི་ཁྱད་པར་ལ་ ― DKG058_Page_0135 ―
[མ་དཔེ་གཟིགས་ན་འདིར་གནོན།]
གནས་པ་དང་། སྦྱོར་བ་རྒྱུན་མི་འཆད་པར་གནས་པའོ། །གཞན་ཡང་གསུམ་སྟེ། ཏིང་ངེ་འཛིན་ཡོངས་སུ་དག་པར་བྱ་བའི་ཕྱིར་ལྷག་པའི་ཚུལ་ཁྲིམས་ལ་སློབ་པ་དང་། ཤེས་རབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ལྷག་པའི་སེམས་ལ་སློབ་པ་དང་། རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ལྷག་པའི་ཤེས་རབ་ལ་སློབ་པའོ། །གཞན་ཡང་གསུམ་སྟེ། བདེ་བའི་ཚོར་བ་ལ་རྗེས་སུ་ཆགས་པ་སྤོང་བ་དང་། སྡུག་བསྔལ་གྱི་ཚོར་བ་ལ་ཁོང་ཁྲོ་བ་སྤོང་བ་དང་། སྡུག་བསྔལ་ཡང་མེད་བདེ་བ་ཡང་མེད་པའི་ཚོར་བ་ལ་མ་རིག་པ་སྤོང་བའོ། །གཞན་ཡང་གསུམ་སྟེ། མངོན་པར་འདུ་བྱ་བ་མེད་པས་རྒྱུ་ལས་ལྡོག་པ་དང་། ཡོངས་སུ་མི་རྟོག་པས་ཉོན་མོངས་པ་ལས་ལྡོག་པ་དང་། སྨོན་པ་མེད་པས་ཁམས་གསུམ་ལས་ལྡོག་པའོ། །གཞན་ཡང་གསུམ་སྟེ། སྟོང་པ་ཉིད་ཀྱང་འདྲིས་པར་བྱེད་ལ་ལྟ་བ་དང་ཡང་བྲལ་བ་དང་། མཚན་མ་མེད་པ་ཡང་འདྲིས་པར་བྱེད་ལ་རྣམ་པར་རྟོག་པ་ཡང་ཉེ་བར་ཞི་བ་དང་། སྨོན་པ་མེད་པ་ཡང་འདྲིས་པར་བྱེད་ལ་ཁམས་གསུམ་ཡང་འགོག་པའོ། །གཞན་ཡང་གསུམ་སྟེ། མིག་སྟོང་པ་ཉིད་དང་། གཟུགས་དབེན་པ་ཉིད་དང་། མིག་གི་རྣམ་པར་ཤེས་པ་གནས་པ་མེད་པ་ཉིད་དོ། །གཞན་ཡང་གསུམ་སྟེ། རྣ་བ་སྟོང་པ་ཉིད་དང་། སྒྲ་དབེན་པ་ཉིད་དང་། རྣ་བའི་རྣམ་པར་ཤེས་པ་གནས་པ་མེད་པའོ། །གཞན་ཡང་གསུམ་སྟེ། སྣ་སྟོང་པ་ཉིད་དང་། དྲི་དབེན་པ་ཉིད་དང་། སྣའི་རྣམ་པར་ཤེས་པ་གནས་པ་མེད་པའོ། །གཞན་ཡང་གསུམ་སྟེ། ལྕེ་སྟོང་པ་ཉིད་དང་། རོ་དབེན་པ་ཉིད་དང་། ལྕེའི་རྣམ་པར་ཤེས་པ་གནས་པ་མེད་པའོ། །གཞན་ཡང་གསུམ་སྟེ། ལུས་སྟོང་པ་ཉིད་དང་། རེག་བྱ་དབེན་པ་ཉིད་དང་། ལུས་ཀྱི་རྣམ་པར་ཤེས་པ་གནས་པ་མེད་པའོ། །གཞན་ཡང་གསུམ་སྟེ། ཡིད་སྟོང་པ་ཉིད་དང་། ཆོས་དབེན་པ་ཉིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་གནས་པ་མེད་པའོ། །གཞན་ཡང་གསུམ་སྟེ། ཚུལ་ཁྲིམས་སྦེད་པ་དང་། ཏིང་ངེ་འཛིན་ཀུན་ཏུ་སྲུང་བ་དང་། ཤེས་རབ་ཀྱིས་རབ་ཏུ་རྣམ་པར་འབྱེད་པ་ཤེས་པའོ། །གཞན་ཡང་གསུམ་སྟེ། དྲན་པས་དམ་པའི་ཆོས་ཀུན་ཏུ་འཛིན་པ་དང་། བློ་གྲོས་ཀྱིས་ཚུལ་བཞིན་ ― DKG058_Page_0136 ―
[མ་དཔེ་གཟིགས་ན་འདིར་གནོན།]
དུ་སོ་སོར་རྟོག་པ་དང་། རྟོགས་པས་དོན་གྱི་རྣམ་པར་ཁོང་དུ་ཆུད་པའོ། །གཞན་ཡང་གསུམ་སྟེ། ཉན་ཐོས་རྣམས་ལ་འཕགས་པའི་བདེན་པའི་སྒྲའི་རྗེས་སུ་ཞུགས་པས་རྣམ་པར་གྲོལ་བའི་ཚུལ་སྟོན་པ་དང་། རང་སངས་རྒྱས་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྩེ་གཅིག་ཏུ་བྱ་བས་རྣམ་པར་གྲོལ་བའི་ཚུལ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས་རྣམ་པར་གྲོལ་བའི་ཚུལ་སྟོན་པའོ། །གཞན་ཡང་གསུམ་སྟེ། གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བའོ། །དེ་ལ་གཏོང་བ་ནི་རིན་པོ་ཆེ་ཐམས་ཅད་ཡོངས་སུ་གཏོང་བའོ། །གཏོང་བ་ཆེན་པོ་ནི་ཆུང་མ་དང་། བུ་དང་། བུ་མོ་ཡོངས་སུ་གཏོང་བའོ། །ཤིན་ཏུ་གཏོང་བ་ལ་ནི་ལག་པ་དང་། རྐང་པ་དང་། མགོ་དང་། མིག་ཡོངས་སུ་གཏོང་བའོ། །གཞན་ཡང་གསུམ་སྟེ། དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། ཆོས་སྨྲ་བ་ཡོངས་སུ་འཛིན་པ་དང་། ཐེག་པ་ཆེན་པོ་ཡོངས་སུ་འཛིན་པའོ། །གཞན་ཡང་གསུམ་སྟེ། འཁོར་བའི་རྒྱུན་མི་གཅོད་པ་དང་། འཁོར་བའི་སྐྱོན་ཁོང་དུ་ཆུད་པ་དང་། འཁོར་བའི་སྐྱོན་ཡོངས་སུ་སྤོང་བའོ། །གཞན་ཡང་གསུམ་སྟེ། སྒྲིབ་པ་དང་བྲལ་བའི་སེམས་ཀྱིས་ཆོས་ཉན་པ་དང་། ཀུན་ནས་ལྡང་བ་མེད་པའི་སེམས་ཀྱིས་ནང་དུ་ཡང་དག་པར་འཇོག་པ་དང་། འབྱུང་བའི་སེམས་ཀྱིས་ཡང་དག་པར་བསྒྲུབ་པའོ། །གཞན་ཡང་གསུམ་སྟེ། དོན་ལ་རྟོན་པའི་ཐོས་པ་དང་། ཡེ་ཤེས་ལ་རྟོན་པའི་སོ་སོར་རྟོག་པ་དང་། ཆོས་ལ་རྟོན་པའི་རྣམ་པར་གྲོལ་བའོ། །གཞན་ཡང་གསུམ་སྟེ། མང་དུ་ཐོས་པའི་དགོན་པ་ན་གནས་པ་དང་། དགོན་པ་ན་གནས་ཏེ་ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ལ་རབ་ཏུ་བརྩོན་ཏེ། ཆོས་ཐམས་ཅད་རྗེས་སུ་རྟོག་པའོ། །གཞན་ཡང་གསུམ་སྟེ། མཁས་པ་རྣམས་ལ་བསྙེན་བཀུར་བྱེད་པ་དང་། མང་དུ་ཐོས་པ་རྣམས་ལ་འདྲི་བ་དང་། བསམ་གཏན་པ་རྣམས་ཀུན་ཏུ་བསྲུང་བའོ། །གཞན་ཡང་གསུམ་སྟེ། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྦྱིན་པ་དང་། ཆོས་ཉན་པ་རྣམས་ལ་བྱམས་པ་ཉེ་བར་སྒྲུབ་པ་དང་། ཐམས་ཅད་མཁྱེན་པའི་ ― DKG058_Page_0137 ―
[མ་དཔེ་གཟིགས་ན་འདིར་གནོན།]
སེམས་མངོན་དུ་བྱེད་པའི་ལས་སོ། །གཞན་ཡང་གསུམ་སྟེ། སེམས་མཉམ་པ་ཉིད་པས་སེམས་ཅན་མཉམ་པ་ཉིད་དང་། ཐ་དད་པ་མེད་པ་ཉིད་པས་ཆོས་མཉམ་པ་ཉིད་དང་། ཡེ་ཤེས་མཉམ་པ་ཉིད་པས་སངས་རྒྱས་མཉམ་པ་ཉིད་དོ། །གཞན་ཡང་གསུམ་སྟེ། ཡེ་ཤེས་ཀྱི་དུས་གསུམ་མཉམ་པ་ཉིད་དང་། བློས་རྣམ་པར་ཐར་པ་གསུམ་མཉམ་པ་ཉིད་དང་། ཡོངས་སུ་ཤེས་པས་ཁམས་གསུམ་མཉམ་པ་ཉིད་དོ། །གཞན་ཡང་གསུམ་སྟེ། འདུ་བྱེད་ཐམས་ཅད་ལ་མི་རྟག་པ་དང་སྡུག་བསྔལ་བར་སོ་སོར་རྟོག་པ་དང་། ཆོས་ཐམས་ཅད་ལ་བདག་མེད་པར་སོ་སོར་རྟོག་པ་དང་། མྱ་ངན་ལས་འདས་པ་ལ་ཞི་བར་རྟོག་པའོ། །གཞན་ཡང་གསུམ་སྟེ། ཉམས་འོག་ཏུ་ཆུད་པར་བྱེད་པས་དམ་བཅས་པ་སྙིང་པོ་ཉིད་དང་། ནན་ཏན་བྱེད་པས་ཐོས་པ་སྙིང་པོ་ཉིད་དང་། ཤེས་རབ་ཀྱིས་ཏིང་ངེ་འཛིན་སྙིང་པོ་ཉིད་དོ། །གཞན་ཡང་གསུམ་སྟེ། ལྟུང་བ་མི་འཆབ་པ་དང་། སྡིག་པ་རྣམ་པར་འབྱེད་པ་དང་། ཕྱིན་ཆད་སྡོམ་པར་བྱེད་པའོ། །གཞན་ཡང་གསུམ་སྟེ། འགྱོད་པ་དང་བྲལ་བ་དང་། ཀུན་ནས་ལྡང་བ་དང་བྲལ་བ་དང་། ཐེ་ཚོམ་དང་བྲལ་བའོ། །གཞན་ཡང་གསུམ་སྟེ། དགོན་པ་ལ་གནས་པ་དང་། རབ་ཏུ་དབེན་པ་ལ་དགའ་བ་དང་། དགེ་བའི་ཆོས་འདོད་པའོ། །གཞན་ཡང་གསུམ་སྟེ། ཟབ་མོའི་ཆོས་ལ་བཟོད་པ་དང་། ཆོས་སྣ་ཚོགས་སྟོན་པ་དང་། སྤོབས་པ་ཀུན་ཏུ་འགྲོ་བའོ། །གཞན་ཡང་གསུམ་སྟེ། ཐོས་པ་རྣམ་པར་ངེས་པའི་གཟུངས་དང་། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་སྤོབས་པ་དང་། ལྷས་ཡོངས་སུ་བཟུང་བའི་ཆོས་ཀྱི་གཏམ་མོ། །གཞན་ཡང་གསུམ་སྟེ། ས་ལྟ་བུའི་སེམས་དང་པོ་སྐྱེད་པ་དང་། སྦྱོར་བ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་བྱེད་པའི་དཔྱོད་པ་དང་འབྲེལ་པ་དང་། འདུ་ཤེས་ཐམས་ཅད་ལོག་པའི་ཕྱིར་མི་ལྡོག་པའི་སའོ། །གཞན་ཡང་གསུམ་སྟེ། སྒྲའི་རྗེས་སུ་འགྲོ་བའི་བཟོད་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། བསམས་པ་ལས་བྱུང་བའི་བཟོད་པ་འཕྲོ་བ་མེད་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག་པ་ཆེན་པོ་ ― DKG058_Page_0138 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྟོན་པར་འགྱུར་བའི་ཆོས་གསུམ་སྟེ། གསུམ་གང་ཞེ་ན། ཐབས་དང་ཤེས་རབ་དང་རབ་ཏུ་ལྡན་པའི་ལམ་བསྒོམ་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་རབ་ཏུ་ལྡན་པར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། བརྩོན་འགྲུས་དང་བག་ཡོད་པ་དང་རབ་ཏུ་ལྡན་པར་དམ་པའི་ཆོས་ཡོངས་སུ་འཛིན་པ་སྟེ། བློ་གྲོས་རྒྱ་མཚོ་ཆོས་གསུམ་པོ་དེ་དག་ནི་ཐེག་པ་ཆེན་པོ་སྟོན་པར་འགྱུར་བའོ།། །།འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ། བམ་པོ་བདུན་པ། བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་སྟེ། བཞི་གང་ཞེ་ན། ཉེས་པར་ཐོས་པ་ཉན་པ་སྟེ། འདི་ལྟར་འཇིག་རྟེན་རྒྱང་ཕན་པའི་གསང་ཚིག་ཡོངས་སུ་ཚོལ་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་མི་ཉན་པ་དང་། བདུད་ཀྱི་ལས་ཀུན་ནས་ལངས་པས་མངོན་པའི་ང་རྒྱལ་བྱེད་པ་དང་། ཆོས་ཀྱི་སྒྲིབ་པ་ཀུན་ནས་ལངས་ནས་ཆོས་སྤོང་བ་སྟེ། བློ་གྲོས་རྒྱ་མཚོ་ཆོས་བཞི་པོ་དེ་དག་ནི་ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའོ། །གཞན་ཡང་ཆོས་བཞི་སྟེ། ཆགས་པ་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པས་རྒྱགས་ནས་ཆོས་ཀྱི་ཡོན་ཏན་དོན་དུ་མི་གཉེར་བའོ། །གཞན་ཡང་ཆོས་བཞི་སྟེ། ཕ་རོལ་གྱི་རྙེད་པ་རྣམས་ལ་ཕྲག་དོག་བྱེད་པ་དང་། ཆོས་སྟོན་པ་རྣམས་ལ་གཡོས་སྟོན་པ་དང་། གཟིངས་པའི་བློས་སྒྱུས་ཉེ་བར་སྤྱོད་པ་དང་། སླུ་བས་སེམས་མི་བརྟན་པའོ། །གཞན་ཡང་བཞི་སྟེ། དགེ་བའི་བཤེས་གཉེན་ལ་སྡིག་པའི་གྲོགས་པོར་འདུ་ཤེས་པ་དང་། སྡིག་པའི་གྲོགས་པོ་ལ་དགེ་བའི་བཤེས་གཉེན་དུ་འདུ་ཤེས་པ་དང་། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་དང་། ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་པའོ། །གཞན་ཡང་བཞི་སྟེ། སེར་སྣའི་དྲི་མ་ཅན་གྱི་སེམས་དང་། སློང་བ་རྣམས་ལ་གནོད་པ་དང་ཐ་བ་ཅན་གྱི་སེམས་དང་། བྱིན་ནས་འགྱོད་པའི་སེམས་དང་། ཐམས་ཅད་མཁྱེན་པ་ཉིད་ལ་སེམས་མི་ཕྱོགས་པའོ། །གཞན་ཡང་བཞི་སྟེ། འདུན་པས་སྦྱིན་པ་དང་། ཞེ་སྡང་གིས་སྦྱིན་པ་དང་། གཏི་མུག་གིས་སྦྱིན་ ― DKG058_Page_0139 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་དང་། འཇིགས་པས་སྦྱིན་པའོ། །གཞན་ཡང་བཞི་སྟེ། བརྗོད་པས་སྦྱིན་པ་དང་། གྲགས་པས་སྦྱིན་པ་དང་། སྒྲས་སྦྱིན་པ་དང་། ཚིགས་སུ་བཅད་པས་སྦྱིན་པའོ། །གཞན་ཡང་བཞི་སྟེ། ངོར་བལྟ་བའི་སྦྱིན་པ་དང་། སྐབས་ཆུང་ཟད་ཀྱི་ཕྱིར་སྦྱིན་པ་དང་། བརྙས་ཐབས་སུ་སྦྱིན་པ་དང་། རང་གི་ལག་ནས་སྦྱིན་པ་མ་ཡིན་པའོ། །གཞན་ཡང་བཞི་སྟེ། ངན་པ་སྦྱིན་པ་དང་། མི་བཟོད་པའི་སྦྱིན་པ་དང་། གུས་པར་མ་བྱས་པའི་སྦྱིན་པ་དང་། མངོན་པའི་ང་རྒྱལ་གྱིས་སྦྱིན་པའོ། །གཞན་ཡང་བཞི་སྟེ། མཚོན་ཆ་སྦྱིན་པ་དང་། དུག་སྦྱིན་པ་དང་། རུང་བ་མ་ཡིན་པའི་སྦྱིན་པ་དང་། མི་ཆོག་པར་སྦྱིན་པའོ། །གཞན་ཡང་བཞི་སྟེ། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་ཞེ་སྡང་བ་དང་། ཚུལ་ཁྲིམས་འཆལ་པ་རྣམས་ལ་གནོད་པ་དང་ཐ་བའི་སེམས་དང་ལྡན་པ་དང་། བདག་ཉིད་ལྷོད་པ་དང་། ཚུལ་ཁྲིམས་དང་སྡོམ་པའི་གཏམ་ལ་གསོད་པ་ལྟ་བུར་འདུ་ཤེས་པའོ། །གཞན་ཡང་བཞི་སྟེ། ཡང་བའི་རྙེད་པ་ཡོངས་སུ་ཚོལ་བ་དང་། ཆོས་ཀྱིས་རྙེད་པ་ཀུན་ཏུ་འགེད་པར་མི་བྱེད་པ་དང་། གཞན་གྱི་འཐོབ་པ་གཅོད་པ་དང་། རང་གིས་འཐོབ་པས་ཆོག་མི་ཤེས་པའོ། །གཞན་ཡང་བཞི་སྟེ། སྤྱོད་ལམ་གྱིས་ལུས་ཚུལ་འཆོས་པ་དང་། ལོག་པར་སྨྲ་བས་ངག་ཚུལ་འཆོས་པ་དང་། སྡིག་པ་འདོད་པས་སེམས་ཚུལ་འཆོས་པ་དང་། འཚོ་བ་ཡོངས་སུ་མ་དག་པས་ཐམས་ཅད་དུ་ཚུལ་འཆོས་པའོ། །གཞན་ཡང་བཞི་སྟེ། ཐེག་པ་མཚུངས་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཞེ་སྡང་བ་དང་། བདུད་ཀྱི་ལས་ཁོང་དུ་མ་ཆུད་པས་མངོན་པའི་ང་རྒྱལ་ཅན་དང་། དེ་དག་གི་བསྔགས་པ་མ་ཡིན་པ་བརྗོད་པ་དང་། དེ་དག་གི་བསྔགས་པ་དང་ཡོན་ཏན་གྱིས་ཡིད་མི་བདེ་བར་འགྱུར་བའོ། །གཞན་ཡང་བཞི་སྟེ། ང་རྒྱལ་གྱིས་ཁེངས་ནས་ཆོས་རྣམས་ལ་རིམ་གྲོ་མེད་པ་དང་། ཆོས་སྨྲ་བ་རྣམས་ལ་མི་གུས་པ་དང་། ཕ་མ་དང་སློབ་དཔོན་དང་མཁན་པོ་རྣམས་ལ་མི་འདུད་པ་རྣམས་དང་། ལུས་དང་སེམས་རྩུབ་པས་རྟག་པར་རྒྱུན་དུ་མི་འཐུན་པར་གནས་པའོ། །གཞན་ཡང་བཞི་སྟེ། བདག་གི་ཡོན་ཏན་ ― DKG058_Page_0140 ―
[མ་དཔེ་གཟིགས་ན་འདིར་གནོན།]
བརྗོད་པ་དང་། གཞན་གྱི་ཡོན་ཏན་ལོག་པར་བརྗོད་པ་དང་། ངའོ་སྙམ་པའི་ང་རྒྱལ་འབར་བ་དང་། ཁྲོ་བ་བརྟན་པའོ། །གཞན་ཡང་བཞི་སྟེ། ལེ་ལོ་དང་། སྙོམ་ལས་དང་། བཀའ་བློ་མི་བདེ་བ་དང་། འཐུན་པར་མི་འཛིན་པའོ། །གཞན་ཡང་བཞི་སྟེ། མ་དུལ་བ་དང་། མ་ཞི་བ་དང་། མ་སྦས་པ་དང་། མ་བཏུལ་བའོ། །གཞན་ཡང་བཞི་སྟེ། ཐོས་པ་ཉུང་ངུས་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དུ་འཇུག་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མི་གནས་པར་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་འདོད་པ་དང་། དབང་པོ་རྣམས་ཀྱི་སྒོ་མ་བསྲུངས་པར་བུད་མེད་ལ་ལྟ་བ་དང་། མཉམ་པར་མ་བཞག་པའི་སེམས་ཀྱིས་སེམས་ཅན་གྱི་དབང་པོ་ལ་འཇུག་པའོ། །གཞན་ཡང་བཞི་སྟེ། བསྡུ་བའི་དངོས་པོ་ལ་མི་བརྩོན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་གཡེལ་བ་དང་། ཆོས་སྤོང་གི་ལས་ཀུན་ཏུ་མི་སྲུང་བ་དང་། ཆོས་སྨྲ་བའི་གང་ཟག་རྣམས་ལ་གནོད་པ་བྱེད་པའོ། །གཞན་ཡང་བཞི་སྟེ། གཏི་མུག་གིས་འདོད་པ་ཆེ་བ་དང་། ཞེ་སྡང་གིས་སྡིག་པ་འདོད་པ་དང་། འདོད་ཆགས་ཀྱིས་ཆོག་མི་ཤེས་པ་དང་། ཆགས་པས་ངོམས་མི་མྱོང་བའོ། །གཞན་ཡང་བཞི་སྟེ། མ་དད་པས་མི་འདུན་པ་དང་། སྡིག་པའི་གྲོགས་པོ་དང་སྟེན་པས་སྡིག་པ་ལ་མི་སྨོད་པ་དང་། ལེ་ལོས་དགེ་བའི་ཆོས་ཡོངས་སུ་འགྲིབ་པ་དང་། བག་མེད་པས་དགེ་བའི་རྩ་བ་བྱས་པ་རབ་ཏུ་འཇིག་པའོ། །གཞན་ཡང་བཞི་སྟེ། ནང་དུ་སོ་སོར་མི་རྟོག་པས་ངོ་ཚ་མེད་པ་དང་། སངས་རྒྱས་ལ་མི་རྟོག་པས་ཁྲེལ་མེད་པ་དང་། མཚམས་མེད་པ་དང་མཚུངས་པས་བྱས་པ་མི་གཟོ་བ་དང་། རེ་བས་བྱས་ན་མི་འཇིགས་པའོ། །གཞན་ཡང་བཞི་སྟེ། གནོད་སེམས་དང་། ཁོང་ཁྲོ་བ་དང་། འཁོན་དུ་འཛིན་པ་དང་། རྣམ་པར་འཚེ་བའོ། །གཞན་ཡང་བཞི་སྟེ། འཕགས་པ་རྣམས་ལ་སླུ་བ་དང་། འཕགས་པ་མ་ཡིན་པ་རྣམས་ལ་རྗེས་སུ་མི་སྲུང་བ་དང་། སྦྱིན་པ་པོ་རྣམས་ལ་བརྙས་པ་དང་། སྦྱིན་གནས་རྣམས་ལ་ཁྱད་དུ་གསོད་པའོ། །གཞན་ཡང་བཞི་སྟེ། ལུས་ཀྱི་ལས་ཡོངས་སུ་མ་དག་པ་དང་། ངག་གི་ལས་ཀུན་ཏུ་མི་སྲུང་བ་དང་། སེམས་ཀྱི་ལས་ཞུམ་པ་དང་། ཐེག་པ་ཆེན་པོ་ལ་སྒྱིད་ལུག་ ― DKG058_Page_0141 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའོ། །གཞན་ཡང་བཞི་སྟེ། འདུམ་པ་རྣམས་ལ་དབྱེན་བྱེད་པ་དང་། སློབ་དཔོན་དང་མཁན་པོ་རྣམས་ལ་ཚིག་བརླང་བ་དང་། དགོས་པ་དོན་དུ་གཉེར་བ་རྣམས་ལ་ཚིག་ཀྱལ་པ་སྨྲ་བ་དང་། ལྷ་དང་མི་རྣམས་ལ་སླུ་བའོ། །གཞན་ཡང་བཞི་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་ཀུན་ཏུ་མི་སྲུང་བ་དང་། འཇིག་རྟེན་ཕ་རོལ་ལ་ལོག་པར་བརྗོད་པ་དང་། དགེ་བའི་རྩ་བ་རྣམས་འཇིག་པ་དང་། ཚོགས་བསགས་པ་རབ་ཏུ་འཇིག་པའོ། །གཞན་ཡང་བཞི་སྟེ། རྒོད་པའི་འཁོར་དང་། ཁེངས་ཤིང་འདུས་པ་ལ་ཆགས་པ་དང་། མུ་ཅོར་སྨྲ་བས་ལྟུང་བ་ཤིན་ཏུ་འདའ་བ་དང་། ཆོལ་པའི་ཚིག་གིས་འཇིག་རྟེན་པའི་གསང་ཚིག་བརྗོད་པའོ། །གཞན་ཡང་བཞི་སྟེ། མི་བརྩོམ་པར་དགོན་པ་ལ་གནས་པ་དང་། ཁོང་ཁྲོ་བ་མང་ལ་འདྲེ་ཞིང་གནས་པ་དང་། དགེ་བའི་རྩ་བ་མ་བསྐྱེད་པར་བསོད་ནམས་དང་ལྡན་པར་འདུ་ཤེས་པ་དང་། བྱང་ཆུབ་སེམས་དཔའི་མིང་གིས་ཐོབ་པས་འཚོ་བའོ། །གཞན་ཡང་བཞི་སྟེ། ཅང་ཤེས་མེད་པའི་སེམས་དང་། དམུ་རྒོད་ཀྱི་སེམས་དང་། མ་དུལ་བའི་སེམས་དང་། སེམས་ཅན་རྣམས་ལ་མི་སྙོམས་པའི་སེམས་སོ། །གཞན་ཡང་བཞི་སྟེ། ཚུལ་ཁྲིམས་ཀྱིས་དྲེགས་པ་དང་། མང་དུ་ཐོས་པས་དྲེགས་པ་དང་། དགོན་པ་ལ་གནས་པས་དྲེགས་པ་དང་། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པས་དྲེགས་པའོ། །གཞན་ཡང་བཞི་སྟེ། བདག་ལ་བརྙས་པ་དང་། ཆོས་ལ་བརྙས་པ་དང་། དགེ་བའི་རྩ་བ་ཆུང་ངུ་ལ་བརྙས་ཏེ། བྱང་ཆུབ་ཏུ་ཡོངས་སུ་མི་བསྔོ་བ་དང་། སྐབས་སྐབས་སུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་འདོད་པའོ། །གཞན་ཡང་བཞི་སྟེ། ལུས་དེ་ལ་ཆགས་པ་དང་། སེམས་དེ་ལ་ཆགས་པ་དང་། ཚུལ་ཁྲིམས་དང་ཐོས་པ་དེ་ལ་ཆགས་པ་དང་། ཁྱད་པར་དུ་མི་འགྲོ་བའོ། །གཞན་ཡང་བཞི་སྟེ། མཛའ་བོའི་ཁྱིམ་དང་། སློང་བ་སྟེར་བའི་ཁྱིམ་ཡོངས་སུ་འཛིན་པ་དང་། རྙེད་པ་དང་བཀུར་སྟི་ཡོངས་སུ་བཙལ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་འཆལ་པའི་ཚུལ་ཁྲིམས་ཡོངས་སུ་འཛིན་པ་དང་། གནས་ཡོངས་སུ་འཛིན་པ་དང་། ཚུལ་ཁྲིམས་དང་ལྡན་པ་ལ་ཞེ་སྡང་བས་ ― DKG058_Page_0142 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡང་བའི་བྱ་བས་བཅིངས་པའོ། །གཞན་ཡང་བཞི་སྟེ། བྱ་བ་མང་བ་དང་། རྙེད་པ་མང་བ་དང་། སྨྲ་བ་མང་བ་དང་། བཤེས་པ་མང་བའོ། །གཞན་ཡང་བཞི་སྟེ། བདག་ལ་མངོན་པར་ཞེན་པས་བདག་ཏུ་ལྟ་བ་དང་། སེམས་ཅན་ལ་མངོན་པར་ཞེན་པས་སེམས་ཅན་དུ་ལྟ་བ་དང་། བྱ་བ་མ་ཡིན་པ་ལ་མངོན་པར་ཞེན་པས་ཆད་པར་ལྟ་བ་དང་། སྲོག་དེ་དང་ལུས་དེ་ལ་མངོན་པར་ཞེན་པས་རྟག་པར་ལྟ་བའོ། །གཞན་ཡང་བཞི་སྟེ། རྩོམ་པ་རྒྱུན་གཅོད་པ་དང་། རྒྱུན་ཆད་པས་ཡང་དག་པར་རབ་ཏུ་མི་འཛིན་པ་དང་། ཡང་དག་པར་རབ་ཏུ་མ་བཟུང་བས་ཡོངས་སུ་སྐྱོ་བ་དང་། ཡོངས་སུ་སྐྱོ་བས་ལྡོག་ཅིང་འཇིག་པའོ། །གཞན་ཡང་བཞི་སྟེ། ས་ནས་སར་འཕར་བ་ལ་བརྙས་པ་དང་། བསམ་གཏན་ལས་ཟློག་པ་ལ་མི་མཁས་པ་དང་། སེམས་ཅན་ལ་མི་ལྟ་བར་ཤེས་རབ་ཀྱིས་རྣམ་པར་དཔྱོད་པ་དང་། དམིགས་པ་ཅན་དུ་གྱུར་ལ་ཐབས་ལ་ཁས་འཆེ་བའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་སྟེ། བཞི་གང་ཞེ་ན། ཆོས་ཀྱི་སྒྲིབ་པ་ཀུན་ནས་ལངས་པས་དམན་པ་དང་། ལས་ཀྱི་སྒྲིབ་པ་ཀུན་ནས་ལངས་པས་དགེ་བའི་རྩ་བ་རྣམས་ལ་མི་བརྩོན་པ་དང་། ཉོན་མོངས་པའི་སྒྲིབ་པ་ཀུན་ནས་ལངས་པས་ཕུང་པོ་གསུམ་གྱི་རྗེས་སུ་མི་འཇུག་པ་དང་། བདུད་ཀྱི་ལས་ཀུན་ནས་ལངས་པས་བྱང་ཆུབ་ཀྱི་སེམས་བརྗེད་པ་སྟེ། བློ་གྲོས་རྒྱ་མཚོ་ཆོས་བཞི་པོ་དེ་དག་ནི་ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའོ། །བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་སྡུད་པ་འདི་བཤད་པ་ན་ལྷ་དང་མིའི་སྐྱེ་དགུའི་སྲོག་ཆགས་བཞི་ཁྲི་བཞི་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་ཉི་ཁྲི་བརྒྱད་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་ཏེ། སྣང་བ་ཆེན་པོས་ཀྱང་འཇིག་རྟེན་གྱི་ཁམས་གསལ་བར་གྱུར་ཏོ། །སྟེང་གི་བར་སྣང་ལ་འཁོད་པའི་ལྷའི་བུ་བརྒྱད་སྟོང་དག་ཀྱང་ཨ་ལ་ལ་ཞེས་ཅ་ཅོ་དང་ག་ཞའི་སྒྲ་ཕྱུང་སྟེ། མེ་ཏོག་དག་གི་ཆར་ཡང་རབ་ཏུ་ཕབ། སིལ་སྙན་དང་གླུ་དབྱངས་ཀྱང་ ― DKG058_Page_0143 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱས་ཏེ། ཀྱེ་མའོ་འདི་ནི་ཆོས་ཀྱི་གཏེར་ཆེན་པོ་སྟེ། དེ་བཞིན་གཤེགས་པས་ཕྱེ་བ་ཐུགས་རྗེ་ཆེན་པོ་ལ་གནས་ནས་སེམས་ཅན་ཐམས་ཅད་ལ་ཡང་དག་པར་རབ་ཏུ་བསྟན་པའོ། །བཅོམ་ལྡན་འདས་དེ་ལ་ཆོས་རིན་པོ་ཆེའི་གཏེར་ཆེན་པོ་འདི་ལས་གང་གིས་ཐ་ན་ཆུང་ཟད་ཙམ་ཞིག་ཡོངས་སུ་འཛིན་པ་དེ་དག་ཐམས་ཅད་ཀྱང་ངན་འགྲོར་རྣམ་པར་ལྟུང་བའི་འཇིགས་པ་རྣམས་ལས་ཡོངས་སུ་ཐར་བར་འགྱུར། རིམ་གྱིས་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་བླ་ན་མེད་པ་རབ་ཏུ་བསྐོར་བར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། བཅོམ་ལྡན་འདས་སྐྱེས་བུ་ལ་ལ་ཞིག་གིས་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་གཏེར་ཆེན་པོའི་རིན་པོ་ཆེ་ཐམས་ཅད་ཀྱིས་ཡོངས་སུ་གཏམས་པ་བས་མི་འཚལ་བ་ཞིག་མཐོང་སྟེ། སྐྱེས་བུ་དེ་ཡང་ཕན་པའི་དངོས་པོ་ཕུན་སུམ་ཚོགས་པར་གྱུར་ལ། དེས་གཏེར་ཆེན་པོ་དེ་མཐོང་ནས་ཀྱང་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་དུ་མཆིས་ཏེ་སྐྱེ་བོའི་ཚོགས་ཕལ་པོ་ཆེ་ལ་བསྒོའོ་སྙམ་དུ་བསམས་ནས་སྐྱེས་བུ་ཁྱོད་ཚུར་ཤོག ། ཁྱེད་ཀྱི་ནང་ནས་སུ་ལ་རིན་པོ་ཆེ་དགོས་པ་ལ་ངས་གཏེར་ཆེན་པོ་ཟད་མི་ཤེས་པ་དེ་བསྟན་པར་བྱའོ་ཞེས་བགྱིས་པ་དང་། བཅོམ་ལྡན་འདས་དེའི་ནང་ནས་ཁ་ཅིག་ནི་དེ་ལ་དད་པར་གྱུར། ཁ་ཅིག་ནི་དད་པར་མ་གྱུར་ལ། དེའི་ནང་ནས་གང་དག་དད་པར་གྱུར་པ་དེ་དག་གཏེར་ཆེན་པོའི་གན་དུ་མཆིས་ཏེ་ཁ་ཅིག་ནི་སྟོབས་ཅི་ཙམ་པ་དེ་སྙེད་ཀྱི་རིན་པོ་ཆེ་རྣམས་འཚལ་ཏེ་མཆིས། ཁ་ཅིག་ནི་ཇི་ལྟར་རྟོགས་པ་དེ་འདྲ་བའི་རིན་པོ་ཆེ་འཚལ་ཏེ་མཆིས་ཀྱང་གཏེར་ཆེན་པོ་དེ་བས་པར་མི་འགྱུར་ཞིང་འདི་དག་ལ་ནི་སྩལ་ཏོ། །འདི་དག་ནི་མི་སྩལ་ཏེ། འདི་དག་ནི་འཚལ་ཀྱང་རུང་། འདི་དག་ནི་འཚལ་དུ་མི་རུང་ངོ་སྙམ་དུ་ཡོངས་སུ་མི་རྟོག་གོ །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གཏེར་ཆེན་པོ་དེ་རྣམ་པར་མི་རྟོག་པའི་སླད་དུའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གྲངས་མ་མཆིས་པར་ཆོས་རིན་པོ་ཆེའི་གཏེར་ཆེན་པོ་བླ་ན་མ་མཆིས་པ་འདི་བསྒྲུབས་སོ། །བསྒྲུབས་ནས་ཀྱང་བྱང་ཆུབ་ཀྱི་སྙིང་པོར་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་གྲོང་ ― DKG058_Page_0144 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཁྱེར་བཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བར་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་ཆེན་པོ་རབ་ཏུ་བསྐོར་ཏོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་འདིར་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་ཆོས་རིན་པོ་ཆེའི་གཏེར་ཆེན་པོ་བླ་ན་མ་མཆིས་པ་འདི་ཕྱེ་སྟེ། བཅོམ་ལྡན་འདས་ཀྱིས་བསྲི་བ་མི་མངའ་བའི་ཐུགས་ཀྱིས་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་དེ། ཕན་པའི་དངོས་པོ་ཡང་དག་པར་བསྐྱེད་ནས་ཚངས་པའི་དབྱངས་ཀྱིས་གོ་བར་མཛད་པའི་གསུང་གིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་ཚུར་ཤོག ། ཆོས་རིན་པོ་ཆེའི་གཏེར་ཆེན་པོ་བླ་ན་མེད་པ་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའི་མཐར་འབྱིན་པ་ཟད་མི་ཤེས་པ་བདེ་བ་ཐམས་ཅད་སྦྱིན་པ་འདི་ལོང་ཤིག་ཅེས་གོ་བར་མཛད་པ་དེ་ལ་བཅོམ་ལྡན་འདས་སྐྱེས་བུ་གཏི་མུག་ཅན་མ་དད་པ་ཁ་ཅིག་ནི་མ་མོས་གློ་བ་མི་ཆེས་མི་རྟོག་ཅིང་དད་པར་མི་བགྱིད་དོ། །དད་པ་རྟོག་པའི་རང་བཞིན་ཅན་ཁ་ཅིག་ནི་མོས་ཤིང་གློ་བ་ཆེས། རྟོག་ཅིང་དད་པར་བགྱིད་དེ། དེ་དག་གིས་དེ་བཞིན་གཤེགས་པའི་ཆོས་རིན་པོ་ཆེའི་གཏེར་ཆེན་པོ་ལས་ཅི་ནུས་ཅི་འོས་སུ་ཆོས་རིན་པོ་ཆེ་ལེན་ཅིང་ཐེག་པ་ལ་ཇི་ལྟར་མོས་པ་བཞིན་དུ་རྣམ་པར་འགྲེལ་ཏེ། ཁ་ཅིག་ནི་ཉན་ཐོས་ཉིད་ཀྱི་སླད་དུ། ཁ་ཅིག་ནི་རང་སངས་རྒྱས་ཉིད་ཀྱི་སླད་དུ། ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སླད་དུ་ཞུགས་ཀྱང་དེ་བཞིན་གཤེགས་པའི་ཆོས་རིན་པོ་ཆེའི་གཏེར་ཆེན་པོ་བླ་ན་མ་མཆིས་པ་ནི་ཡོངས་སུ་བས་པར་མི་འགྱུར་ཞིང་ཡོངས་སུ་མི་རྟོག་གོ །བཅོམ་ལྡན་འདས་དེ་ལ་གང་གིས་དེ་བཞིན་གཤེགས་པའི་ཆོས་རིན་པོ་ཆེའི་གཏེར་ཆེན་པོ་འདི་ལྟར་རབ་ཏུ་བཏང་བ་འདི་ལྟར་རྣམ་པར་ཕྱེ་བ་འདི་ལས་ཐ་ན་གང་ཆུང་ཟད་ཙམ་ཡང་མི་འཛིན་པ་དེ་དག་རིན་པོ་ཆེ་ལས་ཡོངས་སུ་ཉམས་ཤིང་རིན་པོ་ཆེ་ལས་སླད་རོལ་དུ་གྱུར་ཏེ། ཡུན་རིང་པོར་ངན་སོང་གསུམ་པོ་དག་ལ་དགའ་བར་འགྱུར་རོ། །བཅོམ་ལྡན་འདས་གང་དག་ཆོས་རིན་པོ་ཆེའི་གཏེར་ཆེན་པོ་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་འཛིན་པ་དེ་དག་ནི་འཕགས་པའི་ནོར་དང་ལྡན་ཏེ་དབུལ་པོ་མ་ལགས་ན། གང་འདུས་པ་ཆེན་པོའི་ལེའུ་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ལེའུ་གཅིག་ཙམ་འཛིན་ཏམ། གཉིས་སམ། གསུམ་འམ། ― DKG058_Page_0145 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞིའམ། ལྔའམ། བཅུའམ། ཉི་ཤུའམ། སུམ་ཅུའམ། བཞི་བཅུའམ། ལྔ་བཅུའམ། དྲུག་ཅུའམ། བདུན་ཅུའམ། མཐའ་དག་རྫོགས་པར་འཛིན་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། སྐྱེས་བུ་དམ་པ་དེ་དག་གི་བསོད་ནམས་ཀྱི་མཐའ་རྟོགས་པར་མི་ནུས་སོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་རབ་ཏུ་ནོན་པ་གང་དག་ཆོས་ཀྱི་སྒོའི་ལེའུ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་། དེ་དག་བདུད་ཆོམས་པ་དང་། དེ་དག་ཐེག་པ་ཆེན་པོ་འདི་ལ་མངོན་པར་ཤེས་པ་ཐོབ་པར་རིག་པར་བགྱིའོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལྷའི་བུ་དག་ཚིག་འདི་ལེགས་པར་སྨྲ་བ་ལེགས་སོ་ལེགས་སོ། །གང་དག་ཆོས་ཀྱི་སྒོའི་ལེའུ་འདི་ཉན་པ་དང་། ཐོས་ནས་ཀྱང་མོས་པ་དང་། མོས་ནས་ཀྱང་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། དེ་བཞིན་ཉིད་དུ་སྒྲུབ་པའི་སྐྱེས་བུ་དམ་པ་དེ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་གཞོལ་བར་བལྟ། དེ་དག་ཡོན་ཏན་ཐམས་ཅད་ལ་གནས་པར་བལྟ། དེ་དག་ཐམས་ཅད་མཁྱེན་པའི་གཙུག་ཏུ་ཕྱིན་པ་དང་། འཇིག་རྟེན་གནས་པ་ལོང་བ་ལ་ཤེས་རབ་ཀྱི་སྒྲོན་མ་བྱེད་པ་དག་ཏུ་བལྟ་སྟེ། དེ་དག་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དེ་དག་ཐེག་པ་ཆེན་པོའི་ཐེག་པ་ལ་ཞོན་པའི་ཕྱིར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སངས་རྒྱས་ཐེག་པ་ཆེན་པོའི་ཐེག་འདི་ཁྱད་པར་འཕགས། །ནམ་མཁའི་དཀྱིལ་དང་འདྲ་སྟེ་འཇིག་རྟེན་ཀུན་ལས་འདས། །སྲིད་པ་གསུམ་ལས་འདས་ནས་བྱང་ཆུབ་སྙིང་པོར་འགྲོ། །ཆགས་པ་མེད་དེ་ཆགས་པ་ཀུན་ལས་ཤིན་ཏུ་འདས། །སྦྱིན་དང་དུལ་དང་ཞི་དང་ཚུལ་བཞིན་བསམ་པ་ཡིས། ། བསྐལ་པ་ ― DKG058_Page_0146 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱེ་བར་རྒྱ་ཆེན་ལས་བྱུང་བསགས་པར་བརྗོད། །ཚུལ་ཁྲིམས་ཀྱིས་ནི་སྡིག་བསལ་ལུས་དང་ངག་དང་སེམས། །སྲིད་པ་ཐམས་ཅད་བོར་ནས་བྱང་ཆུབ་སྙིང་པོར་འགྲོ། །མཉམ་ཞིང་རྗེས་སུ་མཉམ་སེམས་སེམས་ཅན་ཀུན་སྐབས་འབྱེད། །དེ་ལས་གཞན་པའི་ཐེག་དམན་ཇི་སྙེད་ཟིལ་གྱིས་གནོན། །གང་དག་རྫུ་འཕྲུལ་རྐང་གི་རི་རབ་རྒྱལ་མཚན་མཐོ། །ཐེག་པ་ཆེན་པོར་འགྲོ་ཞིང་སེམས་ཅན་ཚིམ་པར་བྱེད། །ཐོས་དང་དུལ་བར་ལྡན་ཞིང་བསམ་གཏན་ཚུལ་ཁྲིམས་ལྡན། །བཟོད་སྟོབས་རབ་ཏུ་ཐོབ་ཅིང་ཤེས་རབ་དབང་བསྐུར་བ། །ཕ་རོལ་ཚོགས་རྣམས་བཅོམ་ཞིང་བདུད་ཀྱི་སྡེ་སྤངས་ནས། །ཆགས་མེད་ཐེག་པ་ཆེ་དང་བྱང་ཆུབ་སྙིང་པོར་འགྲོ། །བྱམས་པའི་གོ་ཆའི་ཆོས་ཀྱི་དགྲ་ཡིས་ཐུབ་པར་དཀའ། །ཆོས་དང་ལྡན་ནས་སྙིང་རྗེ་ཆེན་པོར་རིམ་གྱིས་འགྲོ། །བསམ་གཏན་རྫུ་འཕྲུལ་རྐང་དང་ཚད་མེད་བཞོན་པ་སྟེ། །ལམ་དེ་མི་འདོར་ཁ་ལོ་བསྒྱུར་བ་བྱང་ཆུབ་སེམས། །ཕྱོགས་བཅུ་མཐའ་ཡས་སེམས་ཅན་ཁམས་རྣམས་ཇི་སྙེད་པ། །ཐེག་པ་ཆེན་པོ་འདི་ལ་བསྐྱོན་པ་ཐམས་ཅད་ནི། །གནོད་པ་མེད་ཅིང་འགྲིབ་པ་མེད་ཅིང་གང་བ་མེད། །བདེ་བར་གཤེགས་ཀྱི་ཐེག་པའི་ཆོ་འཕྲུལ་འདི་འདྲའོ། །དྲན་གནས་ཡང་དག་སྦྱོར་དང་སྤོང་བ་བཞི་དག་དང་། །རྫུ་འཕྲུལ་རྐང་པ་བཞི་དང་དབང་པོ་སྟོབས་རྣམས་དང་། །རྒྱལ་བས་བསྔགས་པའི་བྱང་ཆུབ་ཡན་ལག་རིན་ཆེན་བདུན། །ལམ་གྱིས་འགྲོ་བར་ལྡན་པ་བྱང་ཆུབ་སྙིང་པོར་འགྲོ། །ཞི་གནས་ཉོན་མོངས་ཞི་ཞིང་ཆོས་ལ་སྣང་བར་འགྱུར། །རྡུལ་དང་མུན་པ་བསལ་ནས་སྲིད་པ་གསུམ་ན་མཛེས། །བརྒྱ་བྱིན་དང་ནི་ཚངས་པས་སྤྱི་བོས་ཕྱག་བྱས་ཏེ། །ལེགས་སོ་མཚུངས་མེད་ཐེག་འདིར་ཀུན་གྱིས་བཞོན་པར་བགྱི། །ཕ་རོལ་ཕྱིན་པ་གང་དག་སྦྱིན་ཚུལ་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ཤེས་རབ་ཡེ་ཤེས་མངོན་པར་ཤེས། །དེ་བཞིན་ཐབས་དང་བསྡུ་བ་སྙིང་པོ་ལྡན་པ་སྟེ། །བདུད་རྣམས་བརྒྱ་སྟོང་གིས་ཀྱང་གདུལ་ཕྱིར་ཐུབ་པ་མེད། །སེམས་ཅན་གང་དག་ཚུལ་ངན་སྡིག་ལས་བརྩོན་པ་དང་། །བྱང་ཆུབ་སེམས་དཔའ་གང་དག་ཡོན་ཏན་བརྒྱས་འཕགས་དང་། །གང་དག་བྱང་ཆུབ་སེམས་ཀྱི་སེམས་རྒྱ་ཆེར་གྱུར་པ། །ཀུན་ཀྱང་ཐེག་པ་ ― DKG058_Page_0147 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཆོག་ལ་ཞུགས་ནས་མཉམ་པར་མཐོང་། །གང་དག་སྣ་ཚོགས་སྔགས་དང་འཇིག་རྟེན་དོན་ལྡན་དང་། །གང་དག་དགེ་ཆོས་ཡང་དག་འཇིག་རྟེན་འདས་གྱུར་པ། །སློབ་དང་མི་སློབ་གང་དག་རང་རྒྱལ་རྣམས་ཀྱི་དང་། །སྒོ་དེར་སངས་རྒྱས་ཐེག་པ་ཆེ་བའི་བདག་ཉིད་ཞུགས། །གང་དག་ཉོན་མོངས་རྣམ་མང་སྣ་ཚོགས་སེམས་ལྡན་དང་། །སྡུག་བསྔལ་སེམས་ཅན་གང་དག་འདུས་བྱས་འཁོར་གྱུར་པ། །དེ་དག་ཤིན་ཏུ་རབ་ཏུ་ཞི་བར་བྱེད་ཅིང་འགྲོ། །བྱང་ཆུབ་སེམས་དཔའ་ཐེག་པ་མཆོག་ལ་གནས་ནས་སྟོན། །ལེ་ལོ་ཅན་གྱི་མི་གང་ཉམ་ཆུང་མཐུ་ཞན་ལ། །སེམས་ཅན་སྡུག་བསྔལ་ཟད་པར་བྱ་ཕྱིར་སེམས་མི་བསྐྱེད། །བདག་བདེ་ཚོལ་གྱི་སེམས་ཅན་དོན་ལ་མི་བརྩོན་པ། །དེ་དག་ཐེག་པ་མཆོག་ཐོས་ནས་ནི་སེམས་སྐྲག་འགྱུར། །བྱང་ཆུབ་སེམས་དཔའ་མཁས་གསལ་བདག་ཉིད་ཆེན་པོ་གང་། །བརྩོན་འགྲུས་སྟོབས་ལྡན་རྟག་ཏུ་སེམས་ཅན་དོན་བརྩོན་ལ། །སྙིང་རྗེ་ཆེ་དང་ལྡན་ཞིང་བསམ་པ་དག་གྱུར་ལ། །དེ་དག་རབ་ཏུ་དགའ་བའི་སེམས་ཀྱིས་ཐེག་མཆོག་ཞོན། །ཐེག་པ་མཆོག་རབ་གྱ་ནོམ་གཙོ་བོ་འདིར་གནས་ཏེ། །འཇིག་རྟེན་ཀུན་གྱི་སྤྱོད་རྣམས་མཐའ་ཡས་ཇི་སྙེད་དང་། །དབང་པོ་ཐ་མ་འབྲིང་དང་རབ་དང་བསམ་པ་རྣམས། །སྤྱོད་ཀུན་བྱང་ཆུབ་སེམས་དཔས་སྐད་ཅིག་ཙམ་ལས་ཤེས། །རླབས་པོ་ཆེ་ཡི་ཐེག་པ་མཆོག་འདིར་གནས་ནས་ནི། །དེ་ཡི་ལུས་ཀྱི་ཡན་ལག་མཚན་གྱིས་བརྒྱན་པར་འགྱུར། །ཚིག་སྙན་ཡིད་དུ་འོང་ཞིང་འཇིག་རྟེན་ཀུན་ཚིམ་བྱེད། །སེམས་ཡིད་རྣམ་དག་བསམ་གཏན་མངོན་ཤེས་ལྡན་པར་འགྱུར། །འདི་ལས་རྒྱལ་བ་རྣམས་ཀྱི་སངས་རྒྱས་ཚུལ་མི་འཆད། །འདི་ལས་ཆོས་ཚུལ་གྱ་ནོམ་ཚུལ་ཡང་རབ་ཏུ་འབར། །འདི་ལས་འགྲོ་བའི་སྦྱིན་གནས་དགེ་འདུན་འབྱུང་བར་འགྱུར། །དེས་ན་སངས་རྒྱས་ཐེག་འདི་འཇིག་རྟེན་གསུམ་དུ་གྲགས། །ཐེག་པ་འདི་ནི་སྟོང་པའི་ཞིང་དུ་མི་འགྲོ་སྟེ། །རྒྱལ་བ་རྣམས་ཀྱི་འདི་ནི་སྐད་ཅིག་མི་སྣང་འགྲོ། །ཕྱོགས་བཅུར་སོང་ཡང་ཡོངས་སུ་མི་སྐྱོ་འགྲིབ་པ་མེད། །མཚུངས་པ་མེད་པའི་ཐེག་པའི་ཆོ་འཕྲུལ་ཅི་འདྲ་ལྟོས། །འཇིག་རྟེན་ཀུན་ཏུ་བསྐོར་ཀྱང་གང་ཞིག་དེ་འདྲ་འམ། །དེ་ལས་ལྷག་པར་འགྱུར་བའི་སེམས་ཅན་དེ་མི་རྙེད། །བྱང་ཆུབ་ ― DKG058_Page_0148 ―
[མ་དཔེ་གཟིགས་ན་འདིར་གནོན།]
སེམས་དཔའ་ཆེ་ཉིད་འགྲོ་བའི་དཔའ་བོ་གཅིག ། ཐེག་པ་མཆོག་ལ་གནས་ནས་བདུད་སྡེ་སྐྲག་པར་བྱེད། །ཐེག་པ་མཆོག་ལ་གནས་ནས་གཟུགས་དང་སྟོབས་མཐུ་དང་། །ལོངས་སྤྱོད་དབང་ཕྱུག་ཐོབ་ཅིང་བརྒྱ་བྱིན་ཚངས་པ་དང་། །འཁོར་ལོས་སྒྱུར་དང་སྐྱོང་དང་གང་ཡང་སྲིད་གསུམ་ན། །ལྷ་དང་མི་ཡི་བདེ་སྐྱིད་སྐྱིད་པ་ཐམས་ཅད་འཐོབ། །ཐེག་པ་མཆོག་ལ་གནས་ནས་སེམས་ཞུམ་བརྒྱ་ལམ་མེད། །གོང་བ་མེད་ལ་ཕངས་ཤིང་ཕངས་པ་རྣམས་ཀྱང་གཏོང་། །བྱིན་ནས་ཞུམ་པ་མེད་ཅིང་མིག་དང་མགོ་བཏང་ནས། །དགའ་ཞིང་བྱམས་པའི་སེམས་སུ་གྱུར་ཏེ་བྱང་ཆུབ་འགྲོ། །ཐེག་པ་མཆོག་ལ་གནས་ནས་དེ་ནི་སྐྱབས་འགྱུར་ཏེ། །ཚུལ་ཁྲིམས་ལྡན་ཞིང་ཚངས་པར་སྤྱོད་པས་ཡོངས་སུ་དག ། ཚུལ་ཁྲིམས་བརྟུལ་ཞུགས་དཀའ་ཐུབ་ཀྱིས་ནི་ཉི་ཟླ་འགོག ། སྲིད་པ་དང་ནི་གཟུགས་དང་ལོངས་སྤྱོད་འདོད་མི་འགྱུར། །མི་སྙན་ཚིག་རྣམས་ཐོས་ཀྱང་མི་ཁྲོ་འཁྲུགས་མི་འགྱུར། །ལུས་ནི་རྣམ་པར་གཏོར་ཀྱང་སེམས་ཅན་རྗེས་སུ་སྲུང་། །བདག་ལུས་རྙེད་སླ་ཆོས་ཀྱི་རྒྱལ་སྲིད་རྙེད་དཀའ་སྙམ། །ཐེག་པ་མཆོག་གནས་བཟོད་པ་དག་པ་འདི་འདྲའོ། །བསྐལ་པ་བརྒྱ་ཕྲག་མཐའ་ཡས་ཇི་སྙེད་འཁོར་གྱུར་པ། །དེ་སྲིད་དུ་ཡང་ངན་སོང་རྣམས་སུ་འཁོར་བྱེད་ཅིང་། །སེམས་ཅན་བསྒྲལ་བའི་ཕྱིར་ནི་བརྩོན་འགྲུས་སྟོབས་བསྐྱེད་དེ། །ཐེག་པ་མཆོག་ལ་གནས་པའི་བརྩོན་འགྲུས་མཐུ་འདི་འདྲ། །ཤིན་ཏུ་རབ་ཞི་མཉེན་དེས་བསམ་གཏན་ཆོ་ག་ཤེས། །འགྲོ་བ་རྣམས་ཀྱི་དོན་ཕྱིར་བྱམས་པའི་བསམ་གཏན་པ། །བསམ་གཏན་བདེ་བ་དེ་ལ་ནམ་ཡང་མི་ཆགས་ཏེ། །དྲན་དང་ལྡན་པ་འདྲེན་པ་རྣམས་ལ་བལྟ་བར་འདོད། །ཆོས་རྣམས་ཐམས་ཅད་རྒྱུ་ལས་འབྱུང་ཞིང་སྟོང་པར་ཤེས། །དེ་ནི་བདག་དང་སེམས་ཅན་ཆོས་རྣམས་མི་དམིགས་ཏེ། །ལྟ་བ་ཡོངས་དག་ཤེས་རབ་ལྡན་ཞིང་སེམས་ཀྱང་དུལ། །ཐེག་པ་མཆོག་གནས་ཤེས་རབ་དག་པ་འདི་འདྲའོ། །གང་ཡང་བདེན་དང་ཚད་མེད་པ་དང་བསམ་གཏན་བཞི། །མངོན་ཤེས་ལྔ་དང་སངས་རྒྱས་ཀྱི་ནི་ཡང་དག་རིག ། རྟོན་པ་བཞི་དང་ཆོས་ཀྱི་སྦྱིན་པ་དམ་པ་རྣམས། །ཐམས་ཅད་སངས་རྒྱས་ཐེག་པ་དམ་པ་འདི་ལས་བྱུང་། །གང་གིས་མི་དབང་སངས་རྒྱས་སེང་གེའི་སྒྲ་སྒྲོགས་པ། །སྟོབས་བཅུའི་ ― DKG058_Page_0149 ―
[མ་དཔེ་གཟིགས་ན་འདིར་གནོན།]
སངས་རྒྱས་ཆོས་རྣམས་མཐའ་ཡས་གང་ཡིན་དང་། །སྨིན་མཚམས་སྤུ་དང་སྤྱི་གཙུག་བལྟར་ནི་མི་མཐོང་བ། །ཐེག་པ་མཆོག་ལ་གནས་པས་རྙེད་པར་དཀའ་མ་ཡིན། །གང་གིས་འགྲོ་བ་འདུལ་ཞིང་བསམ་པ་ཚིམ་བྱེད་པ། །རྒྱལ་བ་རྣམས་ཀྱི་ཆོ་འཕྲུལ་ཁྱད་འཕགས་གསུམ་གང་དང་། །ཐུབ་པའི་བསྟན་པ་གཞར་ཡང་དོན་མེད་མི་འགྱུར་བ། །དེ་དག་ཐེག་པ་མཆོག་ལ་གནས་པ་མྱུར་དུ་འཐོབ། །འཇིག་རྟེན་ཀུན་ན་སྐད་ཀྱི་རྣམ་པ་ཇི་སྙེད་པ། །ཐམས་ཅད་སྟོབས་བཅུའི་གསུང་ནི་འཁྲུལ་པ་མེད་པ་དང་། །མཉེན་འཇམ་ཡིད་འོང་དོན་ལྡན་ཁ་ན་མ་ཐོ་མེད། །ཚངས་དང་མི་ཅིའི་དབྱངས་འདྲ་གསུང་རྒྱ་ཆེན་པོས་ཚིམ། །དེ་འདྲའི་སངས་རྒྱས་གསུང་ནི་མི་རིང་ཐོབ་འགྱུར་ཏེ། །ནམ་མཁའི་དཀྱིལ་ཚད་སངས་རྒྱས་ཞིང་རྣམས་གོ་བར་བྱེད། །ཇི་སྙེད་ཅིག་གིས་ཆོས་དོན་ལྡན་པའི་ཚིག་ཐོས་པས། །ཀུན་གྱིས་ཉོན་མོངས་ཐམས་ཅད་བསལ་ནས་བདེ་བར་འགྱུར། །རྫུ་འཕྲུལ་སྟོབས་ཀྱིས་ནམ་མཁའི་མཐའ་མར་བགྲང་བར་ནུས། །ཕྱོགས་བཅུ་རྣམས་ཀྱི་རྒྱ་མཚོའི་ཆུ་ནི་ཚད་བྱར་ནུས། །སེམས་གཅིག་གིས་ནི་སེམས་ཅན་སྤྱོད་པ་མཐའ་ཡས་ཤེས། །སངས་རྒྱས་ཐེག་པའི་ཡོན་ཏན་བརྗོད་པས་ཟད་མི་འགྱུར། །ལེའུ་བརྒྱད་པའོ།། །། དགུ་པ། ཡོངས་སུ་བསྔོ་བའི་ལེའུ།― DKG058_Page_0149 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ཆོས་ཀྱི་རྣམ་གྲངས་འདི་ཀུན་ཏུ་བསྲུང་བ་དང་། སྦ་བ་དང་། ཡུན་རིང་དུ་གནས་པར་བྱ་བ་དང་། བདག་གི་སེམས་ཡོངས་སུ་དགའ་བར་བྱ་བ་དང་སེམས་ཅན་གཞན་དག་དང་གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པར་བྱ་བའི་ཕྱིར་སྒོའི་ཚིག་དང་། ཕྱག་རྒྱའི་ཚིག་དང་། རྡོ་རྗེའི་ཚིག་འདི་དག་གཟུང་བར་བྱའོ། །བཟུང་ནས་ཀྱང་བརྟག་པར་བྱའོ། །ཤེས་རབ་དང་རབ་ཏུ་ལྡན་པའི་སྦྱོར་བས་ངེས་པར་བསམ་པར་བྱའོ། །བློ་གྲོས་རྒྱ་མཚོ་སྒོའི་ཚིག་རྣམས་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་རིག་པ་ནི་ཆོས་ཐམས་ཅད་ཀྱི་སྒོའི་ཚིག་སྟེ། ཆོས་རྣམས་དབེན་པའི་དོན་དུ་སྟོན་ཏོ། །ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་སྐྱེ་བ་ ― DKG058_Page_0150 ―
[མ་དཔེ་གཟིགས་ན་འདིར་གནོན།]
མེད་པའི་དོན་དུ་སྟོན་ཏོ། །པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་དོན་དམ་པའི་དོན་དུ་སྟོན་ཏོ། །ན་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་མིང་དང་གཟུགས་ཡོངས་སུ་ཤེས་པ་སྟོན་ཏོ། །ད་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་དུལ་བ་དང་ཞི་བ་ཉིད་དུ་སྟོན་ཏོ། །ས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཆགས་པ་ལས་ཤིན་ཏུ་འདས་པར་སྟོན་ཏོ། །ཏཱ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་དེ་བཞིན་ཉིད་ཀྱི་རྗེས་སུ་འགྲོ་བ་སྟོན་ཏོ། །ཀ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ལས་ཀྱི་རྣམ་པར་སྨིན་པ་དང་བྲལ་བར་སྟོན་ཏོ། །ས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་མཉམ་ཞིང་ཁྱད་པར་མེད་པར་སྟོན་ཏོ། །མ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་སྙིང་རྗེ་ཆེན་པོ་སྟོན་ཏོ། །ག་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་ཟབ་ཅིང་གཏིང་དཔག་དཀའ་བ་ཉིད་སྟོན་ཏོ། །ཛ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་རྒ་ཤི་ལས་ཤིན་ཏུ་འདས་པར་སྟོན་ཏོ། །དྷ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་དབྱིངས་འདྲེས་པ་མེད་པར་སྟོན་ཏོ། །ཤ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ལ་ཞི་གནས་ཡོངས་སུ་རྫོགས་པར་བྱ་བར་སྟོན་ཏོ། །ཁ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ནམ་མཁའ་དང་མཚུངས་པར་སྟོན་ཏོ། །ཀྵ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཟད་པ་དང་མི་སྐྱེ་བར་བྱ་བར་སྟོན་ཏོ། །ཛྙཱ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ལ་ཡེ་ཤེས་ཆགས་པ་མེད་པ་ཉིད་སྟོན་ཏོ། །སྠ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་གནས་དང་གནས་མ་ཡིན་པ་ལ་མཁས་པ་སྟོན་ཏོ། །སྐ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་ཕུང་པོ་ཡོངས་སུ་ཤེས་པ་སྟོན་ཏོ། །ཋ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་མཐར་ཐུག་པ་ཉིད་དུ་སྟོན་ཏོ། །ལུས་དབེན་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་འདོད་ཆགས་དང་བྲལ་ ― DKG058_Page_0151 ―
[མ་དཔེ་གཟིགས་ན་འདིར་གནོན།]
བའི་མཐར་སྟོན་ཏོ། །སེམས་དབེན་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་ཞེ་སྡང་དང་གཏི་མུག་འདུལ་བ་སྟོན་ཏོ། །ཉེ་བར་ཞི་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཆགས་པ་མེད་པ་ལ་རྟོན་པ་ཉིད་དུ་སྟོན་ཏོ། །ཚུལ་བཞིན་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་འབྱུང་བའི་མཐའ་སྟོན་ཏོ། །གནས་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་དབྱིངས་གནས་པར་སྟོན་ཏོ། །ལེན་པ་མེད་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་ཐམས་ཅད་ཀྱི་རྣམ་པར་གྲོལ་བའི་མཚན་ཉིད་དུ་སྟོན་ཏོ། །ཡོངས་སུ་མི་འཛིན་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ལ་འཐབ་པ་དང་རྩོད་པ་འདོར་བར་སྟོན་ཏོ། །ཀུན་ནས་ཉོན་མོངས་པ་མེད་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་རྣམ་པར་དག་པའི་མཚན་ཉིད་དུ་སྟོན་ཏོ། །རང་བཞིན་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་འོད་གསལ་བ་ཉིད་དུ་སྟོན་ཏོ། །སྣང་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་ཐམས་ཅད་གསལ་བ་ཉིད་དུ་སྟོན་ཏོ། །བསྒོམ་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་འབྲེལ་བ་སྟོན་ཏོ། །གཞི་མེད་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་འདྲེས་པ་མེད་པ་ཉིད་དུ་སྟོན་ཏོ། །བྱང་ཆུབ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་དང་མཉམ་པ་ཉིད་དུ་སྟོན་ཏོ། །མྱ་ངན་ལས་འདས་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆོས་རྣམས་ཀྱི་ཕུང་པོ་ཐམས་ཅད་སོ་སོར་འདོར་བར་སྟོན་ཏོ། །བློ་གྲོས་རྒྱ་མཚོ་སྒོའི་ཚིག་འདི་དག་ནི་རང་གི་སེམས་ཡོངས་སུ་དག་པར་འགྱུར་རོ། །སེམས་ཅན་གཞན་དག་དང་གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པར་འགྱུར་བའོ། །བློ་གྲོས་རྒྱ་མཚོ་ཕྱག་རྒྱའི་ཚིག་དེ་དག་གང་ཞེ་ན། འདི་ལྟ་སྟེ། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་རྣམ་པར་གྲོལ་བའི་ཕྱག་རྒྱས་བཏབ་པ་སྟེ། གཉིས་སུ་མེད་ཅིང་གཉིས་ཡོངས་སུ་དག་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་མཐའ་དང་མཐའ་ཡས་པ་དང་མཐའ་མེད་པ་ལས་རྣམ་པར་གྲོལ་བའི་ཕྱག་རྒྱས་བཏབ་པ་སྟེ། ཆད་པ་དང་རྟག་པ་ཡོངས་སུ་དག་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཟད་པ་དང་འདོད་ཆགས་དང་བྲལ་ ― DKG058_Page_0152 ―
[མ་དཔེ་གཟིགས་ན་འདིར་གནོན།]
བའི་ཕྱག་རྒྱས་བཏབ་པ་སྟེ། ཟད་པའི་སྒོ་ཟད་པའི་མཐའ་ཟད་པའི་མུར་ཐུག་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་གདེག་པ་མེད་ཅིང་གཞག་པ་མེད་པའི་ཕྱག་རྒྱས་བཏབ་པ་སྟེ། མཉམ་པ་ཉིད་ཀྱི་མཐའ་ཡོངས་སུ་དག་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ནམ་མཁའི་ཕྱག་རྒྱས་བཏབ་པ་སྟེ། མིག་ལྔའི་ལམ་ལས་ཤིན་ཏུ་འདས་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་དང་ནམ་མཁའི་དབྱིངས་ཀྱི་ཕྱིར་ནམ་མཁའི་དཀྱིལ་གྱི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བའི་ཕྱིར་འདྲེས་པ་མེད་པའི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཆོས་འདྲེས་པ་མེད་པའི་མཚན་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐར་དེ་བཞིན་ཉིད་ཀྱི་ཕྱིར་དེ་བཞིན་ཉིད་ཀྱི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་གདོད་མ་ནས་ཤིན་ཏུ་ཡོངས་སུ་དག་པའི་ཕྱིར་ཡང་དག་པའི་མཐའི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་འདུས་བྱས་དང་འདུས་མ་བྱས་མཉམ་ཞིང་མཚུངས་པའི་ཕྱིར་སྟོང་པ་ཉིད་ཀྱི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་དམིགས་པ་ཐ་དད་པ་དང་བྲལ་བའི་ཕྱིར་མཚན་མ་མེད་པའི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྨོན་ལམ་ཐམས་ཅད་དང་བྲལ་བའི་ཕྱིར་སྨོན་པ་མེད་པའི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མེད་པའི་མཚན་ཉིད་ཀྱི་ཕྱིར་མི་རྟག་པའི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཕུང་པོ་ལྔར་ཡོངས་སུ་བསྡུ་བའི་མཚན་ཉིད་ཀྱི་ཕྱིར་སྡུག་བསྔལ་གྱི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་བདག་མེད་པའི་ཕྱིར་བདག་མེད་པའི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཤིན་ཏུ་མི་གཡོ་བའི་ཕྱིར་ཞི་བའི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་དོན་དམ་པའི་བདེན་པར་ཡང་དག་པར་འདུ་བའི་ཕྱིར་བདེན་པའི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ས་བོན་མི་གནས་པའི་ཕྱིར་ ― DKG058_Page_0153 ―
[མ་དཔེ་གཟིགས་ན་འདིར་གནོན།]
དྲི་མ་མེད་པའི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཤིན་ཏུ་ཐུག་པའི་ཕྱིར་མི་འཁྲུགས་པའི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་དག་པའི་ཕྱིར་ཇི་ལྟ་བ་བཞིན་གྱི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཁམས་གསུམ་ཐམས་ཅད་རོ་གཅིག་པའི་ཕྱིར་དུས་གསུམ་མཉམ་པ་ཉིད་ཀྱི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་འབྱུང་བ་མེད་པའི་ཕྱིར་མི་འབྱུང་བའི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྐྱེ་བ་མེད་པའི་ཕྱིར་འགོག་པ་མེད་པའི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ང་རྒྱལ་གྱིས་ལྷག་པར་བྱེད་པ་ལྷག་པར་མི་བྱེད་པའི་ཕྱིར་སྒྲོ་འདོགས་པ་མེད་པའི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་རྣམ་པར་རྟོག་པ་ཐམས་ཅད་ཀུན་ཏུ་རྒྱུ་བ་མེད་པའི་ཕྱིར་སྤྲོས་པ་མེད་པའི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་གཟུགས་མེད་ཅིང་བསྟན་དུ་མེད་པའི་ཕྱིར་མཚན་གྱིས་མཚན་བཏབ་པ་མེད་པའི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་གཞི་ཡང་དག་པར་རབ་ཏུ་ཆད་པའི་ཕྱིར་གོས་པ་མེད་པའི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་གཉེན་པོ་མི་དམིགས་པའི་ཕྱིར་སྐྱོན་དུ་བྱ་བ་མེད་པའི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་མངོན་པར་འདུ་བྱ་བ་ཐམས་ཅད་མེད་པའི་ཕྱིར་ལས་མེད་ཅིང་རྣམ་པར་སྨིན་པ་མེད་པའི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྐྱེ་བ་དང་གནས་པ་དང་བྲལ་བའི་ཕྱིར་འདུས་མ་བྱས་ཀྱི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི། ནམ་མཁའི་དཀྱིལ་དང་བྱེ་བྲག་མེད་པའི་ཕྱིར་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་ཕྱག་རྒྱའི་ཚིག་དེ་དག་ནི་ཕྱག་རྒྱའི་ཚིག་གང་དག་གིས་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཕྱག་རྒྱས་བཏབ་པ་སྟེ། ཕྱག་རྒྱའི་ཚིག་དེ་དག་གིས་ཆོས་ཀྱི་ཕུང་པོ་ ― DKG058_Page_0154 ―
[མ་དཔེ་གཟིགས་ན་འདིར་གནོན།]
བརྒྱད་ཁྲི་བཞི་སྟོང་ཕྱག་རྒྱས་བཏབ་པའོ། །བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་ཕྱག་རྒྱ་དེ་ལྟ་བུས་བཏབ་ན་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱར་ཡང་དག་པར་འདུ་སྟེ་མྱུར་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་འཐོབ་པའོ། །བློ་གྲོས་རྒྱ་མཚོ་ཕྱག་རྒྱའི་ཚིག་དེ་དག་ནི་དགེ་བའི་རྩ་བ་མ་བསྐྱེད་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་གྲག་པར་མི་འགྱུར་རོ། །འདིར་བདུད་ཀྱི་ལས་ཐམས་ཅད་ཚར་བཅད་དོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ཡང་དག་པར་འདུ་བ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་གང་ཡིན་པ་དེ་ཡང་ཕྱག་རྒྱའི་ཚིག་འདི་ཉིད་དུ་འདུ་སྟེ་རྗེས་སུ་ཞུགས་སོ། །བློ་གྲོས་རྒྱ་མཚོ་ཏིང་ངེ་འཛིན་བརྒྱད་ཁྲི་བཞི་སྟོང་དང་སེམས་ཅན་གྱི་སྤྱོད་པ་ལ་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་བརྒྱད་ཁྲི་བཞི་སྟོང་གང་ཡིན་པ་དེ་དག་ཀྱང་ཕྱག་རྒྱའི་ཚིག་འདི་ཉིད་དུ་འདུ་སྟེ་རྗེས་སུ་ཞུགས་སོ། །བློ་གྲོས་རྒྱ་མཚོ་དེ་ལ་རྡོ་རྗེའི་ཚིག་དེ་དག་གང་ཞེ་ན། འདི་ལྟ་སྟེ། རང་བཞིན་གྱིས་འདྲེས་པ་མེད་པའི་ཕྱིར་འཇིག་ཚོགས་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་ལྟ་བ་ཐམས་ཅད་ངེས་པར་རྟོགས་པར་འགྱུར་བའོ། །རིག་པ་ལ་འཇུག་པའི་ཕྱིར་མ་རིག་པ་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་ལྷག་པར་དམིགས་པའི་དངོས་པོ་ཡོངས་སུ་ཤེས་པར་འགྱུར་བའོ། །མངོན་པར་འདུ་བྱེད་པ་མེད་པ་དང་མཉམ་པ་ཉིད་ཀྱི་ཕྱིར་མཚམས་མེད་པའི་མཐའ་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་མངོན་པར་འདུ་བྱེད་པ་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་བའོ། །འདོད་ཆགས་དང་བྲལ་བའི་མཐའ་དང་མཉམ་པ་ཉིད་ཀྱི་ཕྱིར་འདོད་ཆགས་ཀྱི་མཐའ་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་འདོད་ཆགས་དང་བྲལ་བར་འགྱུར་བའོ། །བྱམས་པའི་མཐའ་དང་མཉམ་པ་ཉིད་ཀྱི་ཕྱིར་ཞེ་སྡང་གི་མཐའ་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་ཞེ་སྡང་ཐམས་ཅད་ཡང་དག་པར་འཇོམས་པར་འགྱུར་བའོ། །ཤེས་རབ་ཀྱི་སྣང་བ་དང་མཉམ་པ་ཉིད་ཀྱི་ཕྱིར་གཏི་མུག་གི་མཐའ་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་ ― DKG058_Page_0155 ―
[མ་དཔེ་གཟིགས་ན་འདིར་གནོན།]
མུན་པ་མེད་ཅིང་སྣང་བར་འགྱུར་བའོ། །སེམས་ཅན་ཐམས་ཅད་མཉམ་པ་ཉིད་ལ་འཇུག་པའི་ཕྱིར། སེམས་ཅན་ཐམས་ཅད་སེམས་ཅན་གཅིག་པ་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་སེམས་ཅན་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྗེས་སུ་རྟོགས་པར་འགྱུར་བའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་མཉམ་པ་ཉིད་ལ་འཇུག་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སེམས་རྣམས་སེམས་གཅིག་པ་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་སེམས་རང་བཞིན་གྱིས་འོད་གསལ་བར་རྗེས་སུ་རྟོགས་པར་འགྱུར་བའོ། །དེ་བཞིན་ཉིད་མཉམ་པ་ཉིད་ལ་འཇུག་པའི་ཕྱིར་སངས་རྒྱས་ཐམས་ཅད་སངས་རྒྱས་གཅིག་པ་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྗེས་སུ་རྟོགས་པར་འགྱུར་བའོ། །ཞིང་མི་ཟད་པ་ལ་འཇུག་པའི་ཕྱིར་ཞིང་ཐམས་ཅད་ཞིང་གཅིག་པ་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་ནམ་མཁའ་དང་མཉམ་པ་ཉིད་དེ་རྗེས་སུ་རྟོགས་པར་འགྱུར་བའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ལ་འཇུག་པའི་ཕྱིར་ཆོས་ཐམས་ཅད་གཅིག་པ་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་གཉིས་སུ་མེད་པའི་ཆོས་ཀྱི་སྒོ་རྗེས་སུ་རྟོགས་པར་འགྱུར་བའོ། །ཐམས་ཅད་དུ་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་ལ་འཇུག་པའི་ཕྱིར་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྗེས་སུ་རྟོགས་པར་འགྱུར་བའོ། །བདུད་ཀྱི་ལས་རྗེས་སུ་རྟོགས་པ་ལ་འཇུག་པའི་ཕྱིར་ལས་ཐམས་ཅད་སངས་རྒྱས་ཀྱི་ཕྲིན་ལས་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་བདུད་ཀྱི་ལས་ཐམས་ཅད་ལས་ཤིན་ཏུ་འདའ་བར་འགྱུར་བའོ། །སྐད་ཐམས་ཅད་རྗེས་སུ་རྟོགས་པ་ལ་འཇུག་པའི་ཕྱིར་ཚིག་ཐམས་ཅད་དེ་བཞིན་གཤེགས་པའི་གསུང་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་ཆོས་བརྗོད་དུ་མེད་པར་རྟོགས་པར་འགྱུར་བའོ། །འཆི་འཕོ་མེད་པ་ལ་འཇུག་པའི་ཕྱིར་ཆོས་ཐམས་ཅད་མ་སྐྱེས་པ་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའི་ལམ་ལས་ཤིན་ཏུ་འདའ་བར་འགྱུར་བའོ། །འགོག་པ་མེད་པ་ལ་འཇུག་པའི་ཕྱིར་ཆོས་ཐམས་ཅད་མ་བྱུང་བ་འདི་ནི་རྡོ་རྗེའི་ཚིག་སྟེ། རྡོ་རྗེའི་ཚིག་འདི་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་འགག་པ་མེད་པར་འགྱུར་བའོ། །བློ་གྲོས་རྒྱ་མཚོ་རྡོ་རྗེའི་ཚིག་དེ་དག་ནི་མི་ཕྱེད་པའི་ཚིག ། སྙིང་པོའི་ཚིག ། མཉམ་པའི་ཚིག ། བདེན་པའི་ཚིག ། བརྟན་པའི་ཚིག ། ― DKG058_Page_0156 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐ་དད་པ་མེད་པའི་ཚིག ། རྗེས་སུ་འགྲོ་བའི་ཚིག ། རྒྱུན་ཆད་པ་མེད་པའི་ཚིག ། ཞི་བ་དང་རབ་ཏུ་ཞི་བ་དང་ཉེ་བར་ཞི་བའི་ཚིག ། སྐྱོན་དུ་བྱ་བ་མེད་པའི་ཚིག ། སྒྲོ་བཏགས་པ་མེད་པའི་ཚིག ། འགྲོ་བ་མེད་པ་རྟོག་པ་ལ་འཇུག་པའི་ཚིག ། འགྲོ་བ་མེད་པའི་ཚིག ། དེ་ཁོ་ནའི་ཚིག ། ཡང་དག་པའི་ཚིག ། སངས་རྒྱས་དང་མི་འགལ་བའི་ཚིག ། ཆོས་མི་སྤོང་བའི་ཚིག ། དགེ་འདུན་ཡོངས་སུ་སྡུད་པའི་ཚིག ། ཇི་ལྟ་བ་བཞིན་གྱི་ཚིག ། འཁོར་གསུམ་ཡོངས་སུ་དག་པའི་ཚིག ། དཔའ་བའི་ཚིག ། ཚངས་པའི་ཚིག ། གཡོ་བ་མེད་པའི་ཚིག ། ནམ་མཁའ་དང་མཉམ་པའི་ཚིག ། བྱང་ཆུབ་ཀྱི་རྗེས་སུ་འགྲོ་བའི་ཚིག ། མཚན་མ་མེད་པའི་ཚིག ། ཆོས་ཀྱི་མཚན་ཉིད་མཚན་ཉིད་མེད་པའི་ཚིག ། སེམས་དང་ཡིད་དང་རྣམ་པར་ཤེས་པ་ལ་མི་གནས་པའི་ཚིག ། བདུད་དང་ཕྱིར་རྒོལ་བ་བཅོམ་པའི་ཚིག ། དག་ཅིང་དྲི་མ་མེད་ལ་འོད་གསལ་བའི་ཚིག ། བྱང་ཆུབ་ལ་རྣམ་པར་ལྟ་བའི་ཚིག ། ཤེས་རབ་ཀྱི་སྣང་བའི་ཚིག ། མུན་པ་མེད་ཅིང་བསལ་བའི་ཚིག ། ཤིན་ཏུ་སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཚིག ། རང་གི་ཡུལ་ཡོངས་སུ་དག་པའི་ཚིག ། སངས་རྒྱས་ཀྱི་ཡུལ་ལ་འཇུག་པའི་ཚིག ། མི་རྟོག་ཅིང་རྣམ་པར་མི་རྟོག་ལ་ཡོངས་སུ་མི་རྟོག་པའི་ཚིག ། ཆོས་ཀྱི་དབྱིངས་འདྲེས་པ་མེད་པའི་ཚིག ། གནས་མེད་པའི་གནས་ལ་འཇུག་པའི་ཚིག་རྣམས་སོ། །བློ་གྲོས་རྒྱ་མཚོ་རྡོ་རྗེའི་ཚིག་དེ་དག་བྱང་ཆུབ་སེམས་དཔའ་གང་གིས་ངེས་པར་རྟོགས་པའི་དོན་དུ་ཁོང་དུ་ཆུད་པ་དེ་བྱང་ཆུབ་ཀྱི་སྙིང་པོར་གནས་ཏེ་སེང་གེའི་ཁྲི་ལ་འདུག་པའོ་ཞེས་ང་སྨྲའོ། །བཅོམ་ལྡན་འདས་ཀྱིས་སྒོའི་ཚིག་དང་ཕྱག་རྒྱའི་ཚིག་དང་རྡོ་རྗེའི་ཚིག་འདི་དག་བཤད་པ་ན་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་གིས་ཆོས་ཐམས་ཅད་ཀྱི་ཕྱག་རྒྱའི་སྒོ་ལ་འཇུག་པའི་གཟུངས་ཐོབ་པར་གྱུར་ཏོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་མཉམ་པ་ཉིད་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་ཐོབ་བོ། །དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བསྟན་པ་འདི་ཐོས་ནས་ཚིམ་ཞིང་མགུ་སྟེ་ཡི་རངས་ནས་མངོན་པར་ ― DKG058_Page_0157 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤེས་པའི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སངས་རྒྱས་ཀྱི་ཞིང་གང་དང་གང་ནས་ལྷགས་པ་དེ་དག་འདི་ལྟ་སྟེ། བཅོམ་ལྡན་འདས་ལ་མཆོད་པ་དང་ཆོས་ཀྱི་རྣམ་གྲངས་འདི་ཡང་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་དེ་དག་ན་མེ་ཏོག་དང་སྤོས་དང་ཕྲེང་བ་དང་བྱུག་པ་ཅི་འདྲ་བ་ཡོད་པ་དེ་འདྲ་བའི་མེ་ཏོག་དང་སྤོས་དང་ཕྲེང་བ་དང་བྱུག་པ་དག་གི་ཆར་ཆེན་པོ་མངོན་པར་ཕབ་བོ། །དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་སྒྲ་སྐད་དང་ང་རོ་གཅིག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། གཟུགས་ཀྱི་མཚན་ཉིད་མཚན་གཞི་མེད་གཟིགས་པ། །མཚན་ཉིད་གཅིག་གིས་མཚན་གཞི་བྲལ་སྟོན་པ། །མཚན་ཀུན་མཚན་གཞི་མ་མཆིས་མཚན་གཞི་མཉམ། །ཡང་དག་མཚན་གནས་ཁྱོད་ལ་ཕྱག་འཚལ་ལོ། ། སེམས་ཅན་ཀུན་གྱི་སྐད་དང་སྒྲ་ལ་ཞུགས། །སྐད་ལ་ཞུགས་པའི་ཡེ་ཤེས་དེ་ལའང་ཞུགས། །སྒྲ་སྐད་དབྱངས་རྣམས་ཀུན་ལས་རྣམ་པར་གྲོལ། །སེམས་གྲོལ་མཉམ་པའི་སེམས་ལ་ཕྱག་འཚལ་ལོ། །སེམས་ཀྱི་རྒྱུ་བ་རྒྱ་ཆེན་ཅི་མཆིས་པ། །སྒྱུ་མའི་སེམས་དང་མཉམ་ཉིད་ཐུགས་སུ་ཆུད། །རབ་ཏུ་མི་རྒྱུ་རྒྱུ་མཉམ་རྒྱུ་མི་མངའ། །མཁའ་འདྲའི་ཐུགས་དང་ལྡན་ལ་ཕྱག་འཚལ་ལོ། །མཆིས་དང་མ་མཆིས་མཐའ་དང་མཐའ་མ་ལགས། །ཆོས་དང་ཆོས་མིན་ཡོངས་རྟོག་རྣམ་རྟོག་མཉམ། །སེམས་དང་ཡིད་རྣམས་ཐམས་ཅད་ཉེ་བར་ཞི། །སེམས་ཡིད་ཞི་བར་གྱུར་ལ་ཕྱག་འཚལ་ལོ། །རྒྱུ་དང་རྐྱེན་དང་བྱ་བ་རྣམས་ཀྱང་མཁྱེན། །རྒྱུ་ལས་འབྱུང་བའི་རིམ་པའང་གསུང་བར་མཛད། །རྒྱུ་དང་རྐྱེན་ནི་རྣམ་གྲོལ་མཐའ་ཡས་ཏེ། །ཡང་དག་མཐའ་དང་མཉམ་པར་རབ་ཏུ་མཁྱེན། །འདི་ནི་ཐམས་ཅད་མཉམ་པའི་གཟུགས་སུ་ཞུགས། །བདེ་གཤེགས་སྐུ་ནི་སྐུ་མ་ལགས་པར་མཐོང་། །ཁྱོད་ཀྱི་ཐུགས་ནི་རྣམ་རྟོག་མི་འགྱུར་བར། །ཁྱོད་ནི་རྒྱ་ཆེན་གཟུགས་སྟོན་གཟུགས་མ་མཆིས། །ཕྱོགས་ན་རྒྱལ་བའི་ཞིང་རྣམས་ཇི་སྙེད་པ། །ཞིང་རྣམས་ཐམས་ཅད་ཞིང་འདིར་རབ་ཞུགས་ཀྱང་། །ཞིང་འདིར་རྣམ་པར་འཕེལ་བ་མ་མཆིས་ལ། །དེ་ནས་མ་གཡོས་འཕོས་པའང་མཆིས་མ་ ― DKG058_Page_0158 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལགས། །སེམས་ཀུན་སེམས་མ་མཆིས་པས་མཉམ་པའི་སེམས། །སེམས་ནི་སྒྱུ་མར་འགྱུར་དང་རྟོག་མ་མཆིས། །བྱང་ཆུབ་སེམས་ནི་མཉམ་ཉིད་ཐུགས་སུ་ཆུད། །དེས་ན་སངས་རྒྱས་མཉམ་པའི་ཆོས་ལ་གནས། །ཆོས་དབྱིངས་མཉམ་པའི་དབྱིངས་ལ་རབ་ཏུ་ཞུགས། །ཆོས་རྣམས་ཐམས་ཅད་དངོས་པོར་འཇུག་མ་མཆིས། །དངོས་དང་དངོས་མེད་ཆགས་བྲལ་ཆགས་མཉམ་པ། །འགྲོ་བའི་དོན་མཛད་ཁྱོད་ལ་ཕྱག་འཚལ་ལོ། །གདུགས་དང་དགུང་ཟླ་དོག་སར་ལྷུང་ཡང་གདའ། །བསེར་མ་ཞགས་པས་བཟུང་དུ་རུང་ཡང་གདའ། ། རི་རྒྱལ་ཁ་ཡི་དབུགས་ཀྱིས་གཏོར་དུ་རུང་། །རྒྱལ་བའི་གསུང་ནི་ལོག་པར་གསུང་མི་མངའ། །ཡང་དག་ཁོ་ན་གསུང་ཅན་ཡོངས་སུ་དག ། ཐུགས་དག་ནམ་མཁའ་འདྲ་བའི་ཐུགས་མངའ་བ། །འཇིག་རྟེན་ཆོས་དང་རྙེད་དང་སྲེད་པ་བསལ། །པད་མ་ལྟ་བུར་སྲིད་གསུམ་ཆགས་མི་མངའ། །བསྔགས་པའི་ཕྲེང་བ་གསན་ཀྱང་དགྱེས་མི་འགྱུར། །སྨད་པ་གསན་ཀྱང་ཞེ་སྡང་ཡོང་མི་མངའ། །རི་རབ་ལྟ་བུར་ཡོངས་སུ་རྟོག་ལས་གྲོལ། །འགྲོ་ལ་བདེ་སྩལ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་རིན་པོ་ཆེ་བྱུང་བའོ། །བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་བདེན་པ་བྱུང་བའོ། །དྲན་པ་བྱུང་བའོ། །བློ་གྲོས་བྱུང་བའོ། །རྟོགས་པ་བྱུང་བའོ། །ངོ་ཚ་ཤེས་པ་བྱུང་བའོ། །མོས་པ་བྱུང་བའོ། །སྦྱིན་པ་བྱུང་བའོ། །ཚུལ་ཁྲིམས་བྱུང་བའོ། །བཟོད་པ་བྱུང་བའོ། །བརྩོན་འགྲུས་བྱུང་བའོ། །བསམ་གཏན་བྱུང་བའོ། །ཤེས་རབ་བྱུང་བའོ། །བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་བྱམས་པ་བྱུང་བའོ། །སྙིང་རྗེ་བྱུང་བའོ། །དགའ་བ་བྱུང་བའོ། །བཏང་སྙོམས་བྱུང་བའོ། །དོན་བྱུང་བའོ། །བདེ་བ་བྱུང་བའོ། །ཆོས་བྱུང་བའོ། །བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་ཡང་དག་པར་དགའ་བར་འགྱུར་བའི་ཆོས་བྱུང་བའོ། །དྲན་པ་ཉེ་བར་གཞག་པ་བྱུང་བའོ། ། ― DKG058_Page_0159 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡང་དག་པར་སྤོང་བ་བྱུང་བའོ། །རྫུ་འཕྲུལ་གྱི་རྐང་པ་བྱུང་བའོ། །དབང་པོ་བྱུང་བའོ། །སྟོབས་བྱུང་བའོ། །བྱང་ཆུབ་ཀྱི་ཡན་ལག་བྱུང་བའོ། །ལམ་བྱུང་བའོ། །ཞི་གནས་བྱུང་བའོ། །ལྷག་མཐོང་བྱུང་བའོ། །མངོན་པར་ཤེས་པ་བྱུང་བའོ། །རིག་པ་བྱུང་བའོ། །རྣམ་པར་གྲོལ་བ་བྱུང་བའོ། །བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་དང་དགེ་བའི་ཆོས་ཐམས་ཅད་བྱུང་བའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་བརྩེགས་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གསུང་བའི་དོན་ཇི་ལྟར་བདག་གིས་འཚལ་བ་ལྟར་ན་བདག་འདི་སྙམ་བགྱིད་དེ། བཅོམ་ལྡན་འདས་འདི་ལྟར་སངས་རྒྱས་བྱུང་བ་ནི་འཇིག་ཚོགས་ལ་ལྟ་བ་བྱུང་བའོ། །བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་མ་རིག་པ་དང་སྲིད་པ་དང་སྲེད་པ་བྱུང་བའོ། །བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་བྱུང་བའོ། །བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་ཕྱིན་ཅི་ལོག་བཞི་བྱུང་བའོ། །བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་སྒྲིབ་པ་ལྔ་བྱུང་བའོ། །བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་སྐྱེ་མཆེད་དྲུག་བྱུང་བའོ། །བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་རྣམ་པར་ཤེས་པའི་གནས་བདུན་བྱུང་བའོ། །ལོག་པ་ཉིད་བརྒྱད་བྱུང་བའོ། །གནོད་པའི་དངོས་པོ་དགུ་བྱུང་བའོ། །བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་བྱུང་བའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སྡིག་པ་མི་དགེ་བའི་ཆོས་དེ་དག་སྤང་བའི་སླད་དུ་སངས་རྒྱས་བྱུང་བ་ལགས་ཀྱི་བཅོམ་ལྡན་འདས་སངས་རྒྱས་བྱུང་བ་གཉེན་པོས་རབ་ཏུ་ཕྱེ་བ་ནི་མ་ལགས་ཏེ། བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་གཉེན་པོ་མ་མཆིས་པ་གཉེན་པོ་དང་བྲལ་བའོ། །བཅོམ་ལྡན་འདས་སངས་རྒྱས་བྱུང་བ་ནི་རྗེས་སུ་མཆི་བར་འཚལ་བའི་བྱང་ཆུབ་སེམས་དཔའ་རྗེས་སུ་འགྲོ་བ་མ་མཆིས་པའི་ཚུལ་གྱིས་དེ་ལྟར་སངས་རྒྱས་བྱུང་བའི་རྗེས་སུ་མཆི་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ― DKG058_Page_0160 ―
[མ་དཔེ་གཟིགས་ན་འདིར་གནོན།]
རིགས་ཀྱི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། རྗེས་སུ་འགྲོ་བ་མེད་པའི་ཚུལ་གྱིས་སངས་རྒྱས་བྱུང་བའི་རྗེས་སུ་འགྲོ་བར་བྱ་སྟེ། སངས་རྒྱས་བྱུང་བ་ལ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་བྱུང་བའི་རྗེས་སུ་འགྲོ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་སངས་རྒྱས་འབྱུང་བ་འདི་ལྟ་བུ་འདི་མ་འཚལ་ན། བཅོམ་ལྡན་འདས་དེ་དག་ལ་སངས་རྒྱས་འབྱུང་བ་ལྟ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་ཇི་ལྟར་སེམས་ཡོངས་སུ་དག་པ་བཞིན་དུ་དེ་དག་ལ་ཡང་སངས་རྒྱས་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་ནི་བཞི་པོ་འདི་དག་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དང་། སྤྱོད་པ་ལ་ཞུགས་པ་དང་། ཕྱིར་མི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་སྟེ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་བཞི་པོ་དེ་དག་གོ །བློ་གྲོས་རྒྱ་མཚོ་དེ་ལ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེས་ནི་དེ་བཞིན་གཤེགས་པ་ལ་གཟུགས་དང་མཚན་དུ་མཐོང་ངོ་། །སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེས་ནི་དེ་བཞིན་གཤེགས་པ་ལ་ཡོན་ཏན་ཡོངས་སུ་གྲུབ་པར་མཐོང་ངོ་། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེས་ནི་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བར་མཐོང་ངོ་། །བློ་གྲོས་རྒྱ་མཚོ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེས་ནི་དེ་བཞིན་གཤེགས་པ་ལ་གཟུགས་དང་མཚན་དང་ཡོན་ཏན་ཡོངས་སུ་གྲུབ་པ་དང་སྐྱེ་བ་དང་རིགས་དང་རུས་དང་། ཆོས་ཉིད་དུ་ཁས་མི་ལེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེའི་མིག་ནི་ཤེས་རབ་ཀྱིས་རྣམ་པར་ལྟ་བའོ། །ཤེས་རབ་ལ་གནས་པའོ། །ཤེས་རབ་ཏུ་ཡང་དག་པར་འདུ་བའོ། །ཤེས་རབ་ཀྱང་རྒྱུ་བ་མེད་པ་སྤྲོས་པ་མེད་པ་སྟེ། དེ་ནི་མཐོང་བ་ཡང་མ་ཡིན་མི་མཐོང་བ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མཐོང་བ་ ― DKG058_Page_0161 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་མི་མཐོང་བ་དེ་གཉི་ག་ཡང་མཐའ་སྟེ། མཐོང་བ་དང་མ་མཐོང་བའི་མཐའ་གཉིས་དང་བྲལ་བ་ནི་སངས་རྒྱས་མཐོང་བའོ། །གང་སངས་རྒྱས་མཐོང་བ་དེ་བདག་མཐོང་བ་སྟེ། བདག་མཐོང་བ་རྣམ་པར་དག་པས་སངས་རྒྱས་མཐོང་བ་རྣམ་པར་དག ། སངས་རྒྱས་མཐོང་བ་རྣམ་པར་དག་པས་ཆོས་ཐམས་ཅད་མཐོང་བ་རྣམ་པར་དག་པར་ཁོང་དུ་ཆུད་པར་བྱའོ། །གང་མཐོང་བ་རྣམ་པར་དག་པ་དེ་ལ་ཡེ་ཤེས་མཐོང་བ་འདི་ནི་སངས་རྒྱས་མཐོང་བ་ཞེས་བྱའོ། །བློ་གྲོས་རྒྱ་མཚོ་ངས་ཀྱང་དེ་བཞིན་གཤེགས་པ་མར་མེ་མཛད་དེ་ལྟར་མཐོང་སྟེ། མཐོང་མ་ཐག་ཏུ་ངས་ཐོབ་པ་མེད་པ་དང་མི་དམིགས་པའི་ཚུལ་གྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །བཟོད་པ་ཐོབ་མ་ཐག་ཏུ་ང་ས་ལས་ཤིང་ཏ་ལ་བདུན་ཙམ་དུ་འཕགས་ཏེ། ང་ནམ་མཁའི་དཀྱིལ་དེ་ལ་གནས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱོར་པ་ལ་རྣམ་པར་བརྟགས། ལྟ་བར་གྱུར་པ་ཐམས་ཅད་ཡང་དག་པར་ཆད། རྟོག་པ་དང་རྣམ་པར་རྟོག་པ་དང་ཡོངས་སུ་རྟོག་པ་ཐམས་ཅད་ལས་ཤིན་ཏུ་འདས་ཤིང་རྣམ་པར་ཤེས་པ་ཡུལ་ཐམས་ཅད་ལ་མི་གནས་ཏེ་ཏིང་ངེ་འཛིན་དྲུག་ཁྲི་མངོན་སུམ་དུ་གྱུར་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་དེས་ང་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །ལུང་བསྟན་པའི་བསྟན་པ་དེ་ཡང་ངའི་རྣ་བའི་དབང་པོ་ལ་གྲག་པར་ཡང་མ་གྱུར། ང་ཡེ་ཤེས་གཞན་དུ་རིག་པར་ཡང་མ་གྱུར། ང་ཀུན་ཏུ་རྨོངས་པར་ཡང་མ་གྱུར། དམིགས་པར་ལྟ་བ་ལ་གནས་པ་ཡང་མེད། ང་སངས་རྒྱས་ལ་སངས་རྒྱས་སུ་འདུ་ཤེས་པ་ཡང་མེད། བདག་ལ་བདག་ཏུ་འདུ་ཤེས་པ་ཡང་མེད། ལུང་བསྟན་པའི་བསྟན་པ་ལ་ཡང་ལུང་བསྟན་པའི་བསྟན་པར་འདུ་ཤེས་པ་ཡང་མེད་པར་གྱུར་ཏོ། །བློ་གྲོས་རྒྱ་མཚོ་འདི་ནི་བྱང་ཆུབ་སེམས་དཔའི་འཁོར་གསུམ་ཡོངས་སུ་དག་པའི་ལུང་བསྟན་པ་སྟེ། གང་ལ་སངས་རྒྱས་སུ་འདུ་ཤེས་པ་ཡང་མེད་པ་དང་བདག་ཏུ་འདུ་ཤེས་པ་མེད་པ་དང་ལུང་བསྟན་པའི་བསྟན་པར་འདུ་ཤེས་པ་མེད་པ་འདི་ནི་འཁོར་གསུམ་ཡོངས་སུ་དག་པ་ཞེས་བྱའོ། །བློ་གྲོས་རྒྱ་ ― DKG058_Page_0162 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཚོ་གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། གང་ལ་བདག་ཏུ་འཛིན་པ་མེད་པ་དང་། སེམས་ཅན་དུ་འཛིན་པ་མེད་པ་དང་། ཆོས་སུ་འཛིན་པ་མེད་པའོ། །གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི་གང་ལ་མིང་དུ་འཛིན་པ་མེད་པ་དང་། གཟུགས་སུ་འཛིན་པ་མེད་པ་དང་། དམིགས་པར་འཛིན་པ་མེད་པའོ། །གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི་འདས་པ་ལ་ཟད་པར་ཤེས་པ་དང་། མ་འོངས་པ་ལ་མ་ཕྱིན་པར་ཤེས་པ་དང་། ད་ལྟར་བྱུང་བ་ལ་གནས་པ་མེད་པར་ཤེས་པའོ། །གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི་ལུས་ལ་གཟུགས་བརྙན་ལྟ་བུར་ཤེས་པ་དང་། ངག་ལ་བྲག་ཅ་ལྟ་བུར་ཤེས་པ་དང་། སེམས་ལ་སྒྱུ་མ་ལྟ་བུར་ཤེས་པའོ། །གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི། ཕུང་པོ་རྣམས་ལ་ཆོས་ཀྱི་ཕུང་པོ་དང་མཉམ་པ་ཉིད་དང་། ཁམས་རྣམས་ལ་ཆོས་ཀྱི་དབྱིངས་དང་མཉམ་པ་ཉིད་དང་། སྐྱེ་མཆེད་རྣམས་ལ་གྲོང་སྟོང་ལྟ་བུར་སོར་སོར་རྟོག་པའོ། །གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་ནི་སྟོང་པ་ཉིད་ལ་མོས་པ་དང་། མཚན་མ་མེད་པ་ལ་ཡིད་ཆེས་པ་དང་། སྨོན་པ་མེད་པ་ལ་སོམ་ཉི་མེད་པ་སྟེ། བློ་གྲོས་རྒྱ་མཚོ་འཁོར་གསུམ་ཡོངས་སུ་དག་པ་འདི་ནི་ཆོས་ཐམས་ཅད་ཡོངས་སུ་དག་པར་འགྱུར་བའོ། །བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་འཁོར་གསུམ་ཡོངས་སུ་དག་པའི་ཡེ་ཤེས་ལ་མཁས་པར་བྱའོ།། །། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ། བམ་པོ་བརྒྱད་པ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་སླར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆོས་ཟབ་མོ་འཚལ་བ་དང་ལྡན་པ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་ཆོས་འཚལ་བ་འདི་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཡོངས་སུ་བསྔོ་བ་ལ་མཁས་པ་ཅི་འདྲ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་རྒྱ་མཚོ་ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་སྔོན་གྱི་ཤུགས་ཀྱིས་བྱ་བ་བྱེད་དེ། ― DKG058_Page_0163 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་དག་གང་གི་ཚེ་མཉམ་པར་མ་བཞག་པར་གནས་པ་དེའི་ཚེ་ན་ཡང་སྔོན་འཕངས་པའི་ཡོངས་སུ་བསྔོ་བ་འདི་བརྒྱ་ལམ་ན་ཡང་ཆུད་ཟ་བར་མི་འགྱུར་རོ། །བློ་གྲོས་རྒྱ་མཚོ་དེའི་ཕྱིར་སྐྱེས་བུ་མཁས་པ་ཁ་ཅིག་དཔེ་བསྟན་པས་བཤད་པའི་དོན་ཤེས་པར་འགྱུར་བས་ཁྱོད་ལ་དཔེ་བྱའོ། །བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། གང་གི་ཚེ་བུ་རམ་ཤིང་གི་ཞིང་ངམ། འབྲས་སཱ་ལུའི་ཞིང་ངམ། རྒུན་འབྲུམ་གྱི་ཞིང་རྣང་སྒལ་བྱས་པར་གྱུར་པ་དེ་ལ་མི་ཞིག་གིས་རྣང་ཐམས་ཅད་ལ་ཡུར་བ་ཅི་རིགས་པར་བཏོད་ནས། རྐ་ནས་ཆུ་ཕབ་སྟེ་ཡལ་བར་བོར་ནས་ཉལ་བ་དང་། དེ་ནས་མི་དེ་ཉལ་ཡང་ཡུར་བ་ཇི་ལྟ་བཏོད་པ་བཞིན་དུ་ཆུ་འབབ་སྟེ། དེ་ལ་མི་དེ་བརྩོན་པར་བྱ་མི་དགོས་ཤིང་བསྒྲིམ་མི་དགོས་པར་རྣང་ཐམས་ཅད་ཆུས་གང་བར་འགྱུར་རོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མཉམ་པར་མ་བཞག་ཀྱང་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱི་རྒྱུད་རྣམས་ལ་ཡོངས་སུ་སྔོ་བར་བྱེད་དེ་ཐབས་ཀྱིས་དངོས་པོ་ཇི་ལྟ་བ་བཞིན་དུ་དགེ་བའི་རྩ་བ་དེ་དག་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཕྱིར་ཡོངས་སུ་བསྔོའོ། །དེ་བསམ་པ་ཤིན་ཏུ་ཡོངས་སུ་དག་ཅིང་ཚུལ་ཁྲིམས་ཀྱི་ཕུང་པོ་ཀུན་ཏུ་བསྲུངས་པའི་ཕྱིར་མཉམ་པར་གཞག་པར་གནས་ཀྱང་དགེ་བའི་རྩ་བ་དེ་དག་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཕྱིར་ཡོངས་སུ་སྔོ་ཞིང་། སྔོན་གྱི་སྨོན་ལམ་ལེགས་པར་བཏབ་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་རྣམས་རླན་པར་བྱེད་དོ། །བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་ཇི་ལྟར་བྱང་ཆུབ་སེམས་དཔའ་མཉམ་པར་བཞག་པ་ལས་ལངས་ཀྱང་རུང་སྟེ། དགེ་བའི་རྩ་བ་རྣམས་སྔོན་ཤིན་ཏུ་འཕངས་པ་དང་། སེམས་ལས་སུ་རུང་བ་དང་། དྲན་པ་མི་གཡེང་བ་དང་། ཐེག་པ་དམན་པ་དང་བྲལ་བ་དང་། ཐེག་པ་ཆེན་པོར་སྨོན་ལམ་བཏབ་པའི་ཕྱིར་དགེ་བའི་རྩ་བ་རྣམས་བརྒྱ་ལམ་ན་ཡང་ཐམས་ཅད་མཁྱེན་པར་ཡོངས་སུ་མི་སྔོ་མི་སྲིད་པར་འདི་ལྟར་རིག་པར་བྱའོ། །བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། རི་སུལ་ཆེན་པོ་ཞིག་ན་ཤིང་ཞིག་སྐྱེས་པར་གྱུར་ལ་དེ་མི་ཞིག་གིས་རྩ་བ་ནས་བཅད་པར་བརྩམས་ནས་དེ་ཆོད་མ་ཐག་ཏུ་གང་དུ་ཡོ་བ་དང་། གང་དུ་ཕྱོགས་པ་དེར་འགྱེལ་ ― DKG058_Page_0164 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཡུན་རིང་པོ་ནས་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ། ཐམས་ཅད་མཁྱེན་པ་ཉིད་ལ་འབབ་པས་དགེ་བའི་རྩ་བ་ཐམས་ཅད་བསོགས་ཏེ་བསགས་ནས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་ཡོངས་སུ་སྔོ་བར་བྱེད། དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད། ལུས་ཀྱི་རྒྱན་དང་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད། ཚིག་གི་རྒྱན་དང་ཆོས་བསྟན་པ་དོན་ཡོད་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད། སེམས་ཀྱི་རྒྱན་དང་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ལས་མི་གཡེང་བར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དེ་བསྒྲིམ་པ་མེད་ཅིང་ལྷུན་གྱིས་གྲུབ་པར་དགེ་བའི་རྩ་བ་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོའོ། །སྔོན་ཐབས་ལ་མཁས་པས་ཡོངས་སུ་བསྔོས་པ་དེས་ཐེག་པ་གཞན་དུ་མི་ལྟུང་ཞིང་མཉམ་པར་བཞག་ཀྱང་རུང་ལངས་ཀྱང་རུང་སྟེ། བརྒྱ་ལམ་ན་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམ་པ་ཡོངས་སུ་རྫོགས་པར་མི་འགྱུར་མི་སྲིད་དོ། །བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། དགེ་སློང་འགོག་པ་ལ་སྙོམས་པར་འཇུག་པའི་ཚེ་གཎ་ཌཱིའི་སྒྲ་ལ་གནས་པར་བྱས་ཏེ་སྙོམས་པར་ཞུགས་ན་གཎ་ཌཱིའི་སྒྲ་དེ་དེའི་འགོག་པ་ལ་ཡང་མི་གནས་མ་འབྲེལ་མོད་ཀྱི་གཎ་ཌཱིའི་སྒྲ་དེས་འགོག་པ་ལས་ལྡང་ངོ་། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་ལ་གནས་པར་བྱ་སྟེ། བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱ། ཡོངས་སུ་དགྲོལ་བར་བྱའོ་ཞེས་བྱང་ཆུབ་ཀྱི་རྣམ་པས་མངོན་པར་བསྒྲུབས་པའི་བྱམས་པས་སེམས་ཅན་ཐམས་ཅད་ཁྱབ་པར་བྱས་ནས་ཟབ་པ། ཟབ་མོར་སྣང་བ་སེམས་དང་ཡིད་དང་རྣམ་པར་ཤེས་པ་མི་རྒྱུ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཀྱང་དེ་སྔོན་སེམས་ཅན་རབ་ཏུ་ཐར་བར་བྱ་བའི་སྙིང་རྗེ་ཆེན་པོ་ལ་གནས་པ་དེ་དང་ལྡན་པས་ཉན་ཐོས་ཀྱི་སར་མི་ལྟུང་རང་སངས་རྒྱས་ཀྱི་སར་མི་ལྟུང་སྟེ། དྲན་པ་དང་ཤེས་བཞིན་གྱིས་ཏིང་ངེ་འཛིན་དེ་ལས་ལངས་ ― DKG058_Page_0165 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནས་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་བསྒྲུབ་ཅིང་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །བློ་གྲོས་རྒྱ་མཚོ་འདི་ལྟར་ཞི་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཀྱང་ཉན་ཐོས་ཀྱི་རྣམ་པར་གྲོལ་བའམ། རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བར་མི་ལྟུང་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་སྦྱོང་བ་བྱེད་པའི་ཁྱད་པར་ལ་ལྟོས། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། མི་གཉིས་ཤིག་ཡོད་པ་ལ་དེ་ལ་མི་གཅིག་ནི་བདག་རྡོ་རྗེའི་གོ་ཆ་བགོས་ནས་མེ་འབར་བའི་ནང་དུ་མཆོངས། མི་ཅིག་ཤོས་ནི་བདག་རྩྭ་དང་སོག་མའི་གོ་ཆ་བགོས་ནས་མེ་འབར་བའི་ནང་དུ་མཆོངས་ན། བློ་གྲོས་རྒྱ་མཚོ་འདི་ཇི་སྙམ་དུ་སེམས། མི་དེ་གཉིས་ལས་གང་ཚིག་པར་འགྱུར། གང་ཚིག་པར་མི་འགྱུར། གསོལ་པ། བཅོམ་ལྡན་འདས་མི་གང་རྡོ་རྗེའི་གོ་ཆ་འཚལ་ནས་ཞུགས་འབར་བའི་ནང་དུ་མཆོངས་པ་དེ་ནི་རྡོ་རྗེའི་གོ་ཆ་དེས་ཡོངས་སུ་བསྲུངས་པས་ཞུགས་ཀྱི་ནང་དུ་མཆིས་ཀྱང་མི་འཚིག་གོ །བཅོམ་ལྡན་འདས་མི་གང་རྩྭ་དང་སོག་མའི་གོ་ཆ་འཚལ་ནས་ཞུགས་འབར་བའི་ནང་དུ་མཆོངས་པ་དེ་ནི་དེར་མཆོངས་མ་ཐག་ཏུ་ཚིག་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྩྭ་དང་སོག་མ་ནི་འཚིག་པའི་བདག་ཉིད་ལགས་ཏེ། ཞུགས་ཀྱིས་འཚིག་པ་སྲུང་མི་བཟོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་ཇི་ལྟར་རྡོ་རྗེའི་གོ་ཆ་བགོས་པའི་མི་དེ་མེའི་ནང་དུ་སོང་ཡང་མི་འཚིག་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱམས་པ་ཆེན་པོ་དང་། སྙིང་རྗེའི་གོ་ཆ་དང་། ལྷག་པའི་བསམ་པ་སྲ་བའི་རྡོ་རྗེའི་གོ་ཆ་བགོས་ནས་སེམས་ཅན་རབ་ཏུ་ཐར་པར་བྱ་བར་དམིགས་པ་ལ་གནས་ཏེ། ཆོས་ཐམས་ཅད་ལ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བར་རྟོགས་པ་ཡང་བཏང་ལ་ཞི་བའི་ཏིང་ངེ་འཛིན་དེ་ལ་ཡང་སྙོམས་པར་འཇུག་ཅིང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ངེས་པར་གྱུར་པ་ལ་ཡང་མི་འཇུག་འབྲས་བུ་འཐོབ་པར་ཡང་མི་བྱེད་པར་ཏིང་ངེ་འཛིན་དེ་ལ་ཡང་མྱོང་ཞིང་ཟིལ་གྱིས་མནན་ཏེ་ཡང་མ་ཉམས་མ་སྣད་པར་ལྡང་ངོ་། །ལངས་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་། སངས་རྒྱས་ཀྱི་ ― DKG058_Page_0166 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་དོ། །བློ་གྲོས་རྒྱ་མཚོ་ཇི་ལྟར་རྩྭ་དང་སོག་མའི་གོ་ཆ་བགོས་པའི་མི་དེ་མཆོངས་མ་ཐག་ཏུ་མེས་ཚིག་པར་འགྱུར་བ་དེ་བཞིན་དུ་བློ་གྲོས་རྒྱ་མཚོ་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་འཁོར་བས་འཇིགས་སྐྲག་པ་སྲིད་པ་ལ་ཀུན་ཏུ་འབར་བར་བལྟ་སྟེ། སེམས་ཅན་རྣམས་ཡལ་བར་བོར་ནས་སྙིང་རྗེ་ཆེན་པོ་དང་བྲལ་ཏེ་ཞི་བ་ཞི་བའི་ཏིང་ངེ་འཛིན་ལ་རེག་ནས་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་བརྒྱད་པ་ལ་འབྲས་བུ་མ་ཐོབ་པར་ལྡང་བ་དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་བསགས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་བསགས་པ་སྟེ། དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་མ་རྫོགས་ཀྱི་བར་དུ་བར་སྐབས་སུ་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དོ། །བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བའི་ཆོས་ཐམས་ཅད་ལ་མེ་འབར་བ་ལྟ་བུའི་འདུ་ཤེས་བསྐྱེད་ལ་ཆོས་དེ་དག་ལ་ཡང་སོ་སོར་བརྟག་པར་བྱ། ཆོས་དེ་དག་ཤེས་པ་ལ་ཡང་རྣམ་པར་དཔྱོད་པར་བྱ་ཞིང་ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བྱའོ། །བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་བསྔོ་བ་ལ་མཁས་པར་བྱའོ། །བློ་གྲོས་རྒྱ་མཚོ་ཡོངས་སུ་བསྔོ་བ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཟབ་མོ་རྣམས་ལ་ཡང་སྤྱོད་ལ་བར་སྐབས་སུ་ཡང་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དོ། །བློ་གྲོས་རྒྱ་མཚོ་ཡོངས་སུ་བསྔོ་བ་ཞེས་བྱ་བ་ཅི་ལ་བྱ་ཞེ་ན། འདི་ལྟ་སྟེ། ཐེག་པ་ཆེན་པོ་དེ་ཉིད་ལ་སེམས་གཞོལ་བ་དང་འདུན་པ་དང་མངོན་པར་ཕྱོགས་པ་དང་ཡོངས་སུ་ཕྱོགས་པ་སྟེ་ཐེག་པ་གཞན་དུ་མ་ཡིན་པའོ། །དེའི་ཕྱིར་ཡོངས་སུ་བསྔོ་བ་ཞེས་བྱའོ། །བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། རྫ་མཁན་གྱིས་འཇིམ་པའི་གོང་བུ་འཁོར་ལོའི་སྟེང་དུ་གཞག་ཀྱང་མ་བསྐོར་ན་སྣོད་ཀྱི་མིང་མི་འཐོབ་སྟེ། འཇིམ་པའི་གོང་བུ་ཉིད་ཀྱི་གྲངས་སུ་འགྲོའོ། །གང་གི་ཚེ་བསྐོར་བར་གྱུར་པ་དེའི་ཚེ་སྣོད་ཀྱི་མིང་ ― DKG058_Page_0167 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཐོབ་བོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་དགེ་བའི་རྩ་བ་ཤིན་ཏུ་མང་པོ་བསགས་པ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་ན་ཕ་རོལ་ཏུ་ཕྱིན་པའི་མིང་མི་ཐོབ་ཀྱི་གང་གི་ཚེ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པར་གྱུར་པ་དེའི་ཚེ་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་བོ། །བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། གསེར་དུལ་མའི་གར་བུ་ཡོངས་སུ་མ་བསྒྱུར་ན་རྒྱན་གྱི་མིང་མི་འཐོབ་སྟེ་གསེར་གྱི་གར་བུ་ཉིད་ཀྱི་གྲངས་སུ་འགྲོའོ། །དེ་ཉིད་ཡོངས་སུ་བསྒྱུར་ན་རྒྱན་གྱི་མིང་འཐོབ་བོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡང་ཡོངས་སུ་མ་བསྔོས་ན་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་ཀྱི་དེ་ཉིད་ཡོངས་སུ་བསྔོས་ན་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་བོ། །བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་རྟག་པར་རྒྱུན་ཏུ་འདྲེས་པ་མེད་པའི་ཡིད་ཀྱིས་དགེ་བའི་རྩ་བ་བསགས་ཤིང་བསགས་པ་རྣམས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱའོ། །ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཟབ་མོ་རྣམས་ལ་ཡང་སྤྱོད་ལ་བར་སྐབས་སུ་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དོ། །ཡོངས་སུ་བསྔོ་བའི་ལེའུ་ཞེས་བྱ་སྟེ་དགུ་པའོ།། །། བཅུ་པ། སྔོན་བྱུང་བའི་ལེའུ།― DKG058_Page_0167 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་འཁྲུལ་པ་འདི་སྙེད་ཅིག་བསྲུང་ཡང་འཁྲུལ་པར་མི་འགྱུར་བ་ནི་བགྱི་དཀའ་བ་བགྱིད་པའོ། །བཅོམ་ལྡན་འདས་དེ་ལྟ་ལགས་ཀྱིས་ཀྱང་བྱང་ཆུབ་སེམས་དཔས་ཐམས་ཅད་དུ་ཡོངས་སུ་བསྔོ་བ་ལ་མཁས་པ་དང་། ཐབས་ལ་མཁས་པ་འཚལ་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཐབས་ཀྱིས་ནི་བྱང་ཆུབ་སེམས་དཔའ་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ཀྱང་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་རྣམས་ཀྱིས་འཁྲུགས་པར་མི་འགྱུར་ཏེ། ཐབས་མཁས་པ་དེས་བགྱི་བ་ཐམས་ཅད་ཀྱང་སྟོན་ལ་བགྱི་བར་ལྟུང་བར་ཡང་མི་འགྱུར། ― DKG058_Page_0168 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆོས་མཉམ་པ་ཉིད་ལ་ཡང་གནས་ལ་སེམས་ཅན་ལོག་པ་ཉིད་དུ་མཆིས་པ་རྣམས་ལ་ཡང་དག་པ་ཉིད་ཀྱི་ངེས་པར་གྱུར་པའི་སླད་དུ་ཆོས་ཀྱང་སྟོན་ཅིང་བསམ་པ་ཡོངས་སུ་མ་རྫོགས་ཀྱི་བར་དུ་བདག་ངེས་པར་གྱུར་པ་དེར་ཡང་མི་ལྟུང་ངོ་། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་རྒྱ་མཚོ་དེ་དེ་བཞིན་ནོ། །ཇི་སྐད་དུ་སྨྲས་པ་བཞིན་ཏེ། བྱང་ཆུབ་སེམས་དཔས་ཐམས་ཅད་དུ་ཐབས་ལ་མཁས་པ་འདོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ལ་བྱང་ཆུབ་ཡོད་ཀྱི་ཐབས་ལ་མི་མཁས་པ་ལ་ནི་བྱང་ཆུབ་མེད་དོ། །བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན། སྣོད་གཅིག་གི་ནང་དུ་ཚོན་སྣ་གསུམ་སྟེ། སྣ་གཅིག་ནི་ཁ་དོག་སྔོན་པོ། སྣ་གཅིག་ནི་ཁ་དོག་དམར་པོ། སྣ་གཅིག་ནི་གསེར་གྱི་ཁ་དོག་ལྟ་བུ་སེར་པོ་བླུགས་ལ་ཚོན་གྱི་སྣོད་གཅིག་པུ་དེར་རས་ཁ་བསྒྱུར་བ་གསུམ་སྟེ། གཅིག་ནི་རས་ཤོག་པོ་ཡུག་སྔོན་པོར་ཁ་བསྒྱུར་བ། གཅིག་ནི་རས་ཕྲན་ཡུག་དམར་པོར་ཁ་བསྒྱུར་བ། གཅིག་ནི་རས་བཅོས་བུ་རིན་ཐང་མེད་པ་སེར་པོ་གསེར་གྱི་ཁ་དོག་ལྟ་བུར་ཁ་བསྒྱུར་བ་ཟུང་གཅིག་བཅུག་ལ། དེ་དག་སྣོད་གཅིག་གི་ནང་དུ་བཅུག་སྟེ་བསྩུབས་ན་ཇི་ལྟར་ཁ་བསྒྱུར་བའི་བྱེ་བྲག་བཞིན་དུ་ཚོན་འཛིན་ཏེ། གང་ཚོན་སྔོན་པོས་ཁ་བསྒྱུར་བ་དེ་ནི་ཁ་དོག་སྔོན་པོར་འགྱུར། གང་ཚོན་དམར་པོས་ཁ་བསྒྱུར་བ་དེ་ནི་ཁ་དོག་དམར་པོར་འགྱུར། གང་ཚོན་སེར་པོ་གསེར་ལྟ་བུས་ཁ་བསྒྱུར་བ་དེ་ནི་ཁ་དོག་སེར་པོ་གསེར་ལྟ་བུར་འགྱུར་ཡང་སྣོད་དེ་ལ་ནི་རྣམ་པར་རྟོག་པར་འགྱུར་བ་གང་ཡང་མེད་དོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་སྣོད་གཅིག་ལ་གང་ཟག་གསུམ་སྟེ། གཅིག་ནི་ཉན་ཐོས་ཀྱི་ཐེག་པ་པ། གཅིག་ནི་རང་སངས་རྒྱས་ཀྱི་ཐེག་པ་པ། གཅིག་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་བཙུད་ལ་དེ་དག་ཚུད་པ་དང་། གང་གིས་ཅི་འདྲ་བའི་བསམ་པ་དང་སེམས་ཀྱི་ཚོན་བསགས་པ་དེ་འདྲ་བར་དེ་ཡེ་ཤེས་ཀྱི་ཚོན་ཡོངས་སུ་འཛིན་ཀྱང་སྟོང་པ་ཉིད་དང་མཚན་མ་ ― DKG058_Page_0169 ―
[མ་དཔེ་གཟིགས་ན་འདིར་གནོན།]
མེད་པ་དང་སྨོན་པ་མེད་པའི་སྣོད་ལ་ནི་རྣམ་པར་རྟོག་པ་གང་ཡང་མེད་དོ། །དེ་ལ་རས་ཤོག་པོའི་ཡུག་ལྟ་བུར་ནི་ཉན་ཐོས་ཀྱི་ཐེག་པ་པར་བལྟའོ། །རས་ཕྲན་གྱི་ཡུག་ལྟ་བུར་ནི་རང་སངས་རྒྱས་ཀྱི་ཐེག་པ་པར་བལྟའོ། །རིན་ཐང་མེད་པའི་རས་བཅོས་བུའི་ཟུང་ལྟ་བུར་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་བལྟའོ། །བློ་གྲོས་རྒྱ་མཚོ་ཆོས་རྣམས་ནི་སྙིང་པོ་མེད་པ། བྱེད་པ་པོ་མེད་པ། བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པ། བདག་པོ་མེད་པ་སྟེ། འདི་ལྟར་ཇི་ལྟར་འདོད་པ་དེ་ལྟར་རྣམ་པར་སྒྲུབ་སྟེ་རྣམ་པར་བསྒྲུབས་ཀྱང་སེམས་པ་མ་ཡིན། རབ་ཏུ་རྟོགས་པ་མ་ཡིན་པ་ལ་ལྟོས། བློ་གྲོས་རྒྱ་མཚོ་ཆོས་རྣམ་པར་བསྒྲུབ་པ་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་གང་ལ་ཡང་ཡོངས་སུ་སྐྱོ་བ་མི་བསྐྱེད་དོ། །དེ་དེ་ལྟར་ཡེ་ཤེས་མཐོང་བ་ཤིན་ཏུ་རྣམ་པར་དག་པ་ཡིན་ཏེ། འདིར་གང་ལ་ཡང་ཕན་པའམ་གནོད་པ་མི་བྱེད་དོ། །དེ་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ནི་སྙིང་རྗེ་ཆེན་པོའི་གོ་ཆ་དེ་ཡང་མི་འདོར་རོ། །བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་བཻ་དཱུཪྱ་རིན་ཐང་མེད་པ། ཤིན་ཏུ་བྱང་བ། ཤིན་ཏུ་རྣམ་པར་དག་པ། ཤིན་ཏུ་དྲི་མ་མེད་པ་རྫབ་ཀྱི་ནང་དུ་བཅུག་ནས་ལོ་སྟོང་ལོན་ལ་དེ་ལོ་སྟོང་འདས་ནས་རྫབ་དེ་ནས་ཕྱུང་སྟེ་བཀྲུས་ཤིང་ཡོངས་སུ་སྦྱངས་ཏེ། བྱི་དོར་བྱས་ན་ཤིན་ཏུ་དག་ཅིང་ཤིན་ཏུ་ཡོངས་སུ་དག་ལ་ཤིན་ཏུ་བྱང་ནས་དེ་ཉིད་དག་པ་དྲི་མ་མེད་པའི་ནོར་བུ་རིན་པོ་ཆེའི་རང་བཞིན་མི་འདོར་རོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བར་རབ་ཏུ་ཤེས་ལ་དེ་ཡང་བློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཉོན་མོངས་པ་ཅན་དུ་བྱས་པར་མཐོང་ངོ་། །དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཉོན་མོངས་པ་འདི་དག་ནི་སེམས་ཅན་རྣམས་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བ་ལ་ཞུགས་པ་མེད་ཀྱི་ཉོན་མོངས་པ་དེ་དག་ནི་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་ལས་བྱུང་དུ་ཟད་པས་བདག་གིས་སེམས་ཅན་དེ་དག་གི་བློ་བུར་གྱི་ཉོན་ ― DKG058_Page_0170 ―
[མ་དཔེ་གཟིགས་ན་འདིར་གནོན།]
མོངས་པ་སྤང་བའི་ཕྱིར་ཆོས་བསྟན་ནུས་སོ་སྙམ་ནས་དེ་ཞུམ་པའི་སེམས་མི་སྐྱེད་ཀྱི་དེ་དེ་བས་ཀྱང་ཤས་ཆེར་སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་སེམས་བསྐྱེད་པ་བསྐྱེད་དོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། ཉོན་མོངས་པ་དེ་དག་ལ་ནི་སྟོབས་དང་མཐུ་ཅུང་ཟད་ཀྱང་མེད་དེ། ཉོན་མོངས་པ་དེ་དག་ནི་སྟོབས་མེད་པ་ཉམ་ཆུང་བ་དག་གོ །དེ་དག་ནི་ཡང་དག་པ་ལ་ཅུང་ཟད་ཀྱང་མི་གནས་ཀྱི་ཉོན་མོངས་པ་དེ་དག་ནི་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་དག་སྟེ། དེ་དག་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚུལ་བཞིན་ཡིད་ལ་བྱེད་པས་བརྟགས་ན་འཁྲུགས་པར་མི་འགྱུར་བས་བདག་གིས་དེ་དག་ལ་ཅི་ནས་ཀྱང་འདྲེ་བར་མི་འགྱུར་བ་དེ་ལྟ་དེ་ལྟར་བརྟག་པར་བྱའོ། །ཉོན་མོངས་པ་རྣམས་དང་མི་འདྲེ་བ་ནི་ལེགས་པ་ཡིན་གྱི་འདྲེ་བ་ནི་མ་ཡིན་ནོ། །གལ་ཏེ་བདག་ཉོན་མོངས་པ་རྣམས་དང་འདྲེ་བར་གྱུར་ན་ཉོན་མོངས་པའི་བཅིང་བས་བཅིངས་པའི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་བཅིང་བ་སྤང་བའི་ཕྱིར་ཇི་ལྟར་ཆོས་བསྟན་གྱིས་བདག་ཉོན་མོངས་པ་རྣམས་དང་མི་འདྲེ་བར་བྱས་ལ་ཉོན་མོངས་པའི་བཅིང་བ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་བསྟན་པར་བྱའོ། །བདག་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་གང་དག་འཁོར་བའི་རྒྱུན་བྱེད་ལ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་དེ་དག་དང་ནི་འདྲེ་བར་བྱའོ་སྙམ་མོ། །འཁོར་བའི་རྒྱུན་བྱེད་ལ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་དེ་དག་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་བཙལ་བར་མི་ངོམས་པ་དང་། བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང་། སངས་རྒྱས་དང་ཕྲད་པར་སྨོན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ཡོངས་སུ་མི་སྐྱོ་བ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་བརྩོན་པ་དང་། སེམས་ཅན་གྱི་བྱ་བ་ཅི་ཡོད་སྙམ་པ་ལ་སྤྲོ་བ་དང་། ཆོས་འདོད་པའི་བག་ལ་ཉལ་མི་འདོར་བ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་རྣམས་ཡོངས་སུ་མི་གཏོང་བའོ། །བློ་གྲོས་རྒྱ་མཚོ་དེ་དག་ནི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་རྣམས་ཏེ། བྱང་ཆུབ་ ― DKG058_Page_0171 ―
[མ་དཔེ་གཟིགས་ན་འདིར་གནོན།]
སེམས་དཔའ་ནི་དེ་དག་གིས་འདྲེ་ཡང་ཉོན་མོངས་པའི་སྐྱོན་རྣམས་ཀྱིས་མི་གོས་སོ། །བློ་གྲོས་རྒྱ་མཚོས་གསོལ་པ། བཅོམ་ལྡན་འདས་དགེ་བའི་རྩ་བ་ལགས་ན་ཅིའི་སླད་དུ་ཉོན་མོངས་པ་རྣམས་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་འདི་ལྟར་ཉོན་མོངས་པ་དེ་ལྟ་བུ་དེ་དག་གིས་བྱང་ཆུབ་སེམས་དཔའ་ཁམས་གསུམ་དང་འདྲེ་ཞིང་ཁམས་གསུམ་པ་ནི་ཉོན་མོངས་པ་ལས་བྱུང་བ་ཡིན་ཡང་དེ་ལ་བྱང་ཆུབ་སེམས་དཔའ་ནི་ཐབས་ལ་མཁས་པ་དང་། དགེ་བའི་རྩ་བའི་སྟོབས་བསྐྱེད་པས་བསམས་བཞིན་དུ་ཁམས་གསུམ་དང་འདྲེའོ། །དེའི་ཕྱིར་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཞེས་བྱ་སྟེ། ཁམས་གསུམ་དུ་འདྲེ་བས་དེ་སྐད་བྱ་ཡི། སེམས་ཉེ་བར་ཉོན་མོངས་པས་ནི་མ་ཡིན་ནོ། །བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། ཚོང་དཔོན་ནམ་ཁྱིམ་བདག་ཅིག་ལ་བུ་སྡུག་པ་ཕངས་པ་ཡིད་དུ་འོང་བ་ལྟ་བ་དང་འཐུན་པ་གཅིག་པུ་ཞིག་ཡོད་པར་གྱུར་ལ། ཁྱེའུ་དེ་ཡང་བྱིས་པར་གྱུར་པས་གར་བྱེད་བཞིན་དུ། ཁྲོན་པ་བཙོག་པ་ཞིག་ཏུ་ལྷུང་བ་དང་། དེ་ནས་ཁྱེའུ་དེའི་མ་དང་། མཛའ་བཤེས་དང་། ཉེ་དུ་དག་གིས་ཁྱེའུ་དེ་ཁྲོན་པ་བཙོག་པར་ལྷུང་བར་མཐོང་ལ། མཐོང་ནས་ཀྱང་སྒྲ་ཆེར་ཕྱུང་སྟེ་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་གྱི་ཁྲོན་པ་བཙོག་པ་དེར་ཞུགས་ཏེ་བུ་གཅིག་པ་དེ་མི་འབྱིན་ལ། དེ་ནས་ཁྱེའུ་དེའི་ཕ་འོངས་ཏེ་དེས་བུ་གཅིག་པ་ཁྲོན་པ་བཙོག་པར་ལྷུང་བ་དེ་མཐོང་ལ་མཐོང་ནས་ཀྱང་བུ་གཅིག་པ་དེ་ལ་བསམ་པ་ཐག་པ་ནས་བྱམས་ཤིང་རྗེས་སུ་ཆགས་པས་མི་སྨོད་པར་མྱུར་དུ་སྐྱེན་པར་ལ་གོར་དུ་ཁྲོན་པ་བཙོག་པ་དེར་ཞུགས་ཏེ། བུ་གཅིག་པ་ཕྱུང་བ་འདི་ལྟ་བུ་འདི་ནི་བློ་གྲོས་རྒྱ་མཚོ་ཇི་ཙམ་དུ་དོན་ཤེས་པར་བྱ་བའི་ཕྱིར་དཔེར་བྱས་པ་ཡིན་ནོ། །འདིར་དོན་དུ་ལྟ་བ་གང་ཞེ་ན། བློ་གྲོས་རྒྱ་མཚོ་ཁྲོན་པ་བཙོག་པ་ཞེས་བྱ་བ་ནི་ཁམས་གསུམ་གྱི་ཚིག་བླ་དགས་སོ། །བུ་གཅིག་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་ཚིག་བླ་དགས་ཏེ་དེ་དག་ལ་བྱང་ཆུབ་སེམས་དཔའ་བུ་གཅིག་པ་ལྟར་འདུ་ཤེས་སོ། །མ་དང་མཛའ་བཤེས་དང་ཉེ་དུ་ཞེས་བྱ་བ་དེ་ ― DKG058_Page_0172 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་རྣམས་ཀྱི་ཚིག་བླ་དགས་ཏེ། དེ་དག་ནི་འཁོར་བར་ལྷུང་བའི་སེམས་ཅན་རྣམས་མཐོང་ན་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་གྱི་འབྱིན་ནི་མི་ནུས་སོ། །ཚོང་དཔོན་ནམ་ཁྱིམ་བདག་ཅེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའི་ཚིག་བླ་དགས་ཏེ། དེ་ནི་སེམས་དག་ཅིང་དྲི་མ་མེད་དེ་དྲི་མ་དང་བྲལ་ལ་འདུས་མ་བྱས་ཀྱི་ཆོས་མངོན་སུམ་དུ་གྱུར་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམས་བཞིན་དུ་ཁམས་གསུམ་དུ་མཚམས་སྦྱོར་རོ། །བློ་གྲོས་རྒྱ་མཚོ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་སྟེ། གང་ཉོན་མོངས་པའི་བཅིང་བ་ཐམས་ཅད་ལས་ཤིན་ཏུ་ཡོངས་སུ་གྲོལ་ཡང་ཐབས་མཁས་པས་སྲིད་པར་སྐྱེ་བ་ཉེ་བར་ལེན་ལ་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་རང་གི་ཉོན་མོངས་པ་རྣམས་ཀྱིས་ཀྱང་གནོད་པ་མེད་ཅིང་ཉོན་མོངས་པའི་བཅིང་བ་ཐམས་ཅད་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དྲི་མ་མ་མཆིས་ཤིང་དྲི་མ་དང་བྲལ་ཏེ། དེ་དག་ཀྱང་འཁོར་བ་ལ་མི་སྨོད་ཅིང་ཆོས་ཟབ་མོ་ལ་ཇི་ལྟ་བ་བཞིན་དུ་རྟོགས་པས་ཀྱང་འདུས་མ་བྱས་སུ་མི་ལྟུང་ཞིང་འབྲས་བུ་ཡང་ཐོབ་པར་མི་བགྱིད་པ་ནི་བགྱི་དཀའ་བ་བགྱིད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡན་ལག་གཉིས་དང་རབ་ཏུ་ལྡན་པའི་ལམ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པའོ། །བློ་གྲོས་རྒྱ་མཚོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དྲི་མ་མེད་ཅིང་དྲི་མ་དང་བྲལ་ཏེ་དག་པར་གྱུར་པ་འདི་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བློ་གྲོས་རྒྱ་མཚོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་འཁོར་བ་ལ་མི་སྨོད་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྐྱེ་བར་ཡང་འཛིན་པ་འདི་ནི་དེའི་ཐབས་ལ་མཁས་པའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་འདུ་བྱེད་ཐམས་ཅད་ལ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། མ་ ― DKG058_Page_0173 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྐྱེས་པ་དང་མ་བྱུང་བར་སོ་སོར་རྟོག་པ་འདི་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་གི་ཚེ་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་བའི་སེམས་ཀྱིས་འདུས་མ་བྱས་སུ་མི་ལྟུང་ཞིང་འབྲས་བུ་ཐོབ་པར་ཡང་མི་བྱེད་པ་འདི་ནི་དེའི་ཐབས་ལ་མཁས་པའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་ཐ་དད་དུ་བྱ་བའི་ཆོས་གང་ཡང་མི་མཐོང་སྟེ། ཆོས་ཀྱི་དབྱིངས་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ་སེམས་ཅན་གྱི་ཁམས་ཀྱི་མཉམ་པ། སེམས་ཅན་གྱི་ཁམས་ཀྱི་མཉམ་པ་གང་ཡིན་པ་དེ་མྱ་ངན་ལས་འདས་པའི་དབྱིངས་ཀྱི་མཉམ་པ་མྱ་ངན་ལས་འདས་པའི་དབྱིངས་ཀྱི་མཉམ་པ་གང་ཡིན་པ་དེ་ཆོས་ཀྱི་དབྱིངས་ཀྱི་མཉམ་པ་སྟེ། ཆོས་ཀྱི་དབྱིངས་ལ་འཇུག་པས་མཉམ་པ་ཉིད་ལ་འཇུག་པ་འདི་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་གི་ཚེ་སེམས་ཅན་གྱི་ཁམས་གཅིག་ཏུ་རབ་ཏུ་ཤེས་ཤིང་མྱ་ངན་ལས་འདས་པའི་དབྱིངས་ཀྱང་མངོན་སུམ་དུ་མི་བྱེད་ལ། སེམས་ཅན་གྱི་ཁམས་ལ་ལྟ་བས་ཆོས་ཀྱི་དབྱིངས་ལ་མི་ལྟ་བར་ཡང་མི་འགྱུར་བ་འདི་ནི་དེའི་ཐབས་ལ་མཁས་པའོ། །རིགས་ཀྱི་བུ་གཞན་ཡང་སྦྱིན་པ་དག་པ་ནི་ཤེས་རབ་བོ། །ཡོངས་སུ་བསྔོ་བ་དག་པ་ནི་ཐབས་སོ། །ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དག་པ་ནི་ཤེས་རབ་བོ། །ཡོངས་སུ་བསྔོ་བ་དག་པ་ནི་ཐབས་སོ། །མདོར་བསྡུ་ན་དགེ་བའི་རྩ་བ་ཐམས་ཅད་དག་པ་ནི་ཤེས་རབ་བོ། །ཡོངས་སུ་བསྔོ་བ་དག་པ་ནི་ཐབས་སོ། །བློ་གྲོས་རྒྱ་མཚོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡོངས་སུ་དག་པ་ནི་གང་ལགས། ཡོངས་སུ་བསྔོ་བ་དག་པ་ནི་གང་ལགས། ཤེས་རབ་དག་པ་ནི་གང་ལགས། ཐབས་དག་པ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་དགེ་བའི་རྩ་བ་དག་པ་ནི་གང་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་ཏུ་ལྟ་བ་དང་བྲལ་བར་དགེ་བའི་རྩ་བ་དེ་དག་སོགས་པའོ། །ཡོངས་སུ་བསྔོ་བ་དག་པ་ནི་གང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ཡོངས་སུ་འདྲིས་ ― DKG058_Page_0174 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་དགེ་བའི་རྩ་བ་དེ་དག་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། །ཤེས་རབ་དག་པ་ནི་གང་སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པའི་ཡེ་ཤེས་སོ། །ཐབས་དག་པ་ནི་གང་སེམས་ཅན་ཐམས་ཅད་ལ་སོ་སོ་ཅི་རིགས་པར་ཆོས་སྟོན་པ་ལ་མཁས་པའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་དགེ་བའི་རྩ་བ་དག་པ་ནི་གང་སྲིད་པར་འགྲོ་བའི་སྐྱེ་བ་ཐམས་ཅད་ལ་མི་གནས་པར་དགེ་བའི་རྩ་བ་དེ་དག་ཐམས་ཅད་སོགས་པའོ། །ཡོངས་སུ་བསྔོ་བ་དག་པ་ནི་གང་ཐེག་པ་ཐམས་ཅད་ལ་ཡང་དག་པར་གཞོལ་བས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡིད་ལ་བྱེད་པ་དང་བྲལ་བར་དགེ་བའི་རྩ་བ་དེ་དག་ཐེག་པ་ཆེན་པོར་ཡོངས་སུ་བསྔོ་བའོ། །ཤེས་རབ་དག་པ་ནི་གང་བག་ཆགས་ཀྱི་མཚམས་སྦྱོར་བར་གྱུར་པའི་ཉོན་མོངས་པ་ཐམས་ཅད་ཡང་དག་པར་འཇོམས་པའོ། །ཐབས་དག་པ་ནི་སེམས་ཅན་གང་དག་ཡོངས་སུ་སྨིན་པར་བྱེད་པ་དེ་དག་དོན་འཐུན་པས་ཐེག་པ་ཆེན་པོ་ཡང་དག་པར་འཛིན་དུ་འཇུག་པའོ། །གཞན་ཡང་དགེ་བའི་རྩ་བ་དག་པ་ནི་འདི་ལྟ་སྟེ། ལོངས་སྤྱོད་མི་ཟད་པ་དང་ལག་ན་རིན་པོ་ཆེའོ། །ཡོངས་སུ་བསྔོ་བ་དག་པ་ནི་གང་སེམས་ཅན་ཐམས་ཅད་དང་། སློབ་པ་དང་། མི་སློབ་པ་དང་། རང་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བ་དེས་ཡོངས་སུ་འཛིན་ཅིང་ཡང་དག་པར་འཇུག་པའོ། །ཤེས་རབ་དག་པ་ནི་གང་གཟུངས་ཀྱི་ཕྱག་རྒྱས་བཏབ་ནས་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་ཀུན་ཏུ་འཛིན་ཅིང་ཆུད་མི་ཟ་བར་བྱེད་པའོ། །ཐབས་དག་པ་ནི་གང་སྤོབས་པ་རྒྱུན་མི་འཆད་པ་དང་། སྤོབས་པ་ཆགས་པ་མེད་པ་དང་། ཆོས་བསྟན་པ་དོན་ཡོད་པས་ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཡང་དག་པར་ཚིམ་པར་བྱེད་པའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་དགེ་བའི་རྩ་བ་དག་པ་ནི་གང་ཚེ་རབས་ཚེ་རབས་དག་ཏུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པའོ། །ཡོངས་སུ་བསྔོ་བ་དག་པ་ནི་གང་བྱང་ཆུབ་ཀྱི་སེམས་མ་བརྗེད་པར་དགེ་བའི་རྩ་བ་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བའོ། །ཤེས་རབ་དག་པ་ནི་གང་མི་གནས་ ― DKG058_Page_0175 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་དགེ་བའི་རྩ་བ་དེ་བྱང་ཆུབ་ཀྱི་སེམས་སུ་ཤེས་པའོ། །ཐབས་དག་པ་ནི་བྱང་ཆུབ་ཀྱི་སེམས་མཉམ་པ་ཉིད་ཕ་རོལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཡང་དག་པར་འཛིན་དུ་འཇུག་པའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ཇི་ལྟར་བདག་གིས་འཚལ་བ་ལྟར་ན། བཅོམ་ལྡན་འདས་བདག་འདི་སྙམ་བགྱིད་དེ། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་རྣམས་ཀྱི་བྱང་ཆུབ་ནི་ཀུན་ཏུ་འགྲོ་བ་སྟེ། བཅོམ་ལྡན་འདས་དེ་དག་གི་བྱང་ཆུབ་མ་ལགས་པའི་ཆོས་གང་ཡང་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་ནི་བྱང་ཆུབ་བོ། །བཅོམ་ལྡན་འདས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་བྱང་ཆུབ་ལ་རིང་བའི་འདུ་ཤེས་མི་བགྱིའོ། །ཡུལ་དྲུག་པོ་དག་གི་ནང་ནས་ཆོས་གང་དེ་ལ་སྣང་བར་འགྱུར་བ་དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་བྱང་ཆུབ་བོ། །བཅོམ་ལྡན་འདས་དེ་ལྟར་མོས་པའི་བྱང་ཆུབ་སེམས་དཔའ་ནི་ཐབས་ལ་མཁས་པ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་པ་ཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བློ་གྲོས་རྒྱ་མཚོ་ལེགས་སོ་ལེགས་སོ། །དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། ཡུལ་དྲུག་པོ་དག་གི་ནང་ནས་ཆོས་གང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་རྣམས་ལ་སྣང་བར་འགྱུར་བ་དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་བྱང་ཆུབ་སྟེ། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་དེ་ལྟར་རིག་པར་བྱའོ། །བློ་གྲོས་རྒྱ་མཚོ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་ཤིན་ཏུ་རྒྱས་པ་ཚད་མེད་པ། བསམ་གྱིས་མི་ཁྱབ་པ་མཚུངས་པ་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན་སྐར་མདོག་གི་བསྐལ་པ་ལ་ཤིན་ཏུ་སྤྲུལ་པའི་འཇིག་རྟེན་གྱི་ཁམས་སུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ ― DKG058_Page_0176 ―
[མ་དཔེ་གཟིགས་ན་འདིར་གནོན།]
སངས་རྒྱས་འོད་ཟེར་སྣང་བ་མཐའ་ཡས་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། །ཅིའི་ཕྱིར་དེ་བཞིན་གཤེགས་པ་དེ་འོད་ཟེར་སྣང་བ་མཐའ་ཡས་ཞེས་བྱ་ཞེ་ན། བཅོམ་ལྡན་འདས་དེ་ཐམས་ཅད་མཁྱེན་པ་མ་ཐོབ་ཅིང་བྱང་ཆུབ་སེམས་དཔར་གྱུར་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས་ལུས་ལས་འོད་འདི་ལྟ་བུ་ཕྱུང་སྟེ། འོད་རབ་ཏུ་ཕྱུང་བ་དེས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་བགྲང་བ་ལས་ཤིན་ཏུ་འདས་པ་དག་སྣང་བ་ཆེན་པོས་གསལ་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེ་དག་ན་བྱང་ཆུབ་སེམས་དཔའ་གང་དག་ཕྱིར་མི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་འཁོད་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དེ་མཐོང་ངོ་། །མཐོང་ནས་ཀྱང་བྱང་ཆུབ་སེམས་དཔའ་དེ་ག་ལ་བ་དེ་ལོགས་སུ་མེ་ཏོག་དག་གཏོར་ཏོ། །གཏོར་བ་དང་། སངས་རྒྱས་ཀྱི་མཐུས་འོངས་ནས་བྱང་ཆུབ་སེམས་དཔའ་དེའི་ལུས་ལ་བབ་བོ། །མེ་ཏོག་དེ་དག་གིས་འཇིག་རྟེན་གྱི་ཁམས་ཤིན་ཏུ་སྤྲུལ་པ་དེར་མི་བདུན་གྱི་འཕང་ཙམ་གྱི་མེ་ཏོག་བཀྲམ་པ་གཅིག་པུ་གནས་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེ་ན་དབང་ཆེ་བ་དབང་ཆེ་བར་གྲགས་པའི་ལྷ་གང་དག་དང་། བྱང་ཆུབ་སེམས་དཔའ་གང་དག་འཁོད་པ་དེ་དག་གིས་འོད་དེ་མཐོང་ནས་གང་འདི་ལྟ་བུ་རྣམ་པར་དག་པའི་འོད་བྱུང་བ་ལས་ན་ཀྱེ་མ་འདི་ནི་ད་དེ་བཞིན་གཤེགས་པའི་འོད་ཟེར་སྣང་བ་མཐའ་ཡས་སུ་འགྱུར་རོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། དེ་ལྟར་ན་དེ་བཞིན་གཤེགས་པ་དེའི་མཚན་འོད་ཟེར་སྣང་བ་མཐའ་ཡས། འོད་ཟེར་སྣང་བ་མཐའ་ཡས་ཞེས་བྱ་བར་གྱུར་ཏོ། །ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཤིན་ཏུ་སྤྲུལ་པ་ཞེས་བྱ་ཞེ་ན། འཇིག་རྟེན་གྱི་ཁམས་དེ་ན་འཁོད་པའི་མི་དེ་དག་གི་ལོངས་སྤྱོད་དང་ཡོངས་སུ་སྤྱད་པ་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་རྣམས་ཀྱི་ལོངས་སྤྱོད་དང་ཡོངས་སུ་སྤྱད་པ་ཅི་འདྲ་བ་དེ་འདྲ་བར་གྱུར་པས་དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཤིན་ཏུ་སྤྲུལ་པ་ཞེས་བྱའོ། །ཅིའི་ཕྱིར་བསྐལ་པ་དེ་སྐར་མདོག་ཅེས་བྱ་ཞེ་ན། ― DKG058_Page_0177 ―
[མ་དཔེ་གཟིགས་ན་འདིར་གནོན།]
བློ་གྲོས་རྒྱ་མཚོ་བསྐལ་པ་ཁྲི་འདས་ནས་བསྐལ་པ་དེ་ལ་སངས་རྒྱས་བྱུང་བར་གྱུར་ཏེ། དེ་བཞིན་གཤེགས་པ་སྐར་མ་ལ་དགའ་བ་ཞེས་བྱ་བ་བྱུང་ངོ་། །གང་གི་འོག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་དེས་བྱང་ཆུབ་ཐོབ་པའི་དེ་བཞིན་གཤེགས་པ་དེའི་མཚན་གྱིས་བསྐལ་པ་དེ་སྐར་མདོག་ཅེས་བྱའོ། །བློ་གྲོས་རྒྱ་མཚོ་བསྐལ་པ་དེ་ལ་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བཅུ་བཞི་བྱུང་ངོ་། །བློ་གྲོས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་ཤིན་ཏུ་སྤྲུལ་པ་དེ་ནི་འབྱོར་པ་རྒྱས་པ་ཞི་བ་ལོ་ལེགས་པ་ལྷ་དང་མིས་གང་བ། ཡངས་ཤིང་ཐ་གྲུ་ཆེ་བར་གྱུར་ཏེ། གླིང་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དྲུག་ཡོད་དོ། །གླིང་རེ་རེའི་ཚད་ཀྱང་དཔག་ཚད་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡོད་དོ། །དཔག་ཚད་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རེ་རེ་ལ་ཡང་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་བཞི་སྟོང་ཡོད་པར་གྱུར་ཏོ། །གྲོང་ཁྱེར་རེ་རེ་ཡང་གྲོང་དང་ཚོང་འདུས་དང་རི་འོར་གྱི་གྲོང་བརྒྱད་ཁྲི་བཞི་སྟོང་བཞི་སྟོང་གིས་ཀུན་ནས་བསྐོར་བར་གྱུར་ཏོ། །གྲོང་ཁྱེར་དེ་དག་ཐམས་ཅད་ན་ཡང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་བཅུ་ཡོད་པར་གྱུར་ཏོ། །གྲོང་དང་ཚོང་འདུས་དང་རི་འོར་གྱི་གྲོང་དེ་དག་ཐམས་ཅད་ན་ཡང་མིའི་སྐྱེ་དགུའི་སྲོག་ཆགས་བྱེ་བ་ཕྲག་བརྒྱད་བརྒྱད་གནས་པར་གྱུར་ཏོ། །དབང་ཆེ་བ་དབང་ཆེ་བར་གྲགས་པའི་མི་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟར་འཇིག་རྟེན་གྱི་ཁམས་དེ་རྒྱས་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེ་ནི་གསེར་དང་དངུལ་དང་ཤེལ་དང་བཻ་དཱུཪྱ་དང་རིན་པོ་ཆེ་སྣ་བཞི་ལས་གྲུབ་པར་གྱུར་ཏོ། །དེ་ན་བཟའ་བ་དང་བཏུང་བ་དང་གོས་དང་རྒྱན་དང་ཡོངས་སུ་སྤྱད་པ་དག་བསམས་པ་ཙམ་གྱིས་འབྱོར་ཏོ། །ལྷ་དང་མི་དེ་དག་ཀྱང་ང་ཡི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པར་གྱུར་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་དེའི་ཚེའི་ཚད་ནི་བར་གྱི་བསྐལ་པ་བཅུ་ཐུབ་པར་གྱུར་ཏོ། །དེའི་ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་ནི་ཉན་ཐོས་བྱེ་བ་བརྒྱ་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཡོད་དོ། །བྱང་ཆུབ་སེམས་དཔའི་འདུས་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ་ཕྲག་བཅུ་གཉིས་ཡོད་དོ། །རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་ ― DKG058_Page_0178 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་དེའི་སྐུ་སྐྱེ་བའི་སར་གྱུར་ཏོ། །བཅོམ་ལྡན་འདས་དེ་དེ་ནས་མངོན་པར་བྱུང་ནས་བཅོམ་ལྡན་འདས་དེ་གྲོང་ཁྱེར་ཆེན་པོ་དགའ་བ་འབྱུང་བ་ཞེས་བྱ་བར་གནས་ཏེ་བཞུགས་སོ། །བློ་གྲོས་རྒྱ་མཚོ་དེའི་ཚེ་དེའི་དུས་ན་གྲོང་ཁྱེར་ཆེན་པོ་དགའ་བ་འབྱུང་བ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དབང་ཕྱུག་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཞིག་བྱུང་ངོ་། །དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་སྟེ། འདི་ལྟར་འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་དང་བདུན་ནོ། །རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པར་གྱུར་ཏེ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་སེམས་ཅན་ཐམས་ཅད་ལ་སེམས་ཞེ་འགྲས་པ་མེད་པའོ། །རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་དེའི་བཙུན་མོའི་འཁོར་གྱི་བུད་མེད་ནི་བྱེ་བ་ཕྲག་བཞི་ཡོད་དེ། གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ་ལྷའི་བུ་མོའི་གཟུགས་དང་འདྲ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ཤ་སྟག་གོ །དེ་ལ་བུ་སྟོང་ཡོད་དེ། དཔའ་བ། རྟུལ་ཕོད་པ། ཡན་ལག་བཟང་པོ་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ། སྲེད་མེད་ཀྱི་བུའི་སྟོབས་ཀྱི་ཤུགས་ཕྱེད་བདོག་པ། སྐྱེས་བུ་ཆེན་པོའི་མཚན་ཉི་ཤུ་རྩ་བརྒྱད་ཀྱིས་ཡན་ལག་རྣམ་པར་སྤྲས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ཤ་སྟག་གོ །དེ་ལ་བུ་མོ་བརྒྱད་འབུམ་ཡོད་དེ། གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ་ལྷའི་བུ་མོའི་གཟུགས་འདྲ་བ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ཤ་སྟག་གོ །བློ་གྲོས་རྒྱ་མཚོ་རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་དེ་འཁོར་དང་བཅས་པ་ལ་བར་གྱི་བསྐལ་པ་ ― DKG058_Page_0179 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་ཀྱི་བར་དུ་རུང་བ་ཁ་ན་མ་ཐོ་བ་མེད་པ་དགེ་སྦྱོང་དང་འཐུན་པ་ཡིད་དུ་འོང་བའི་གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་ཡོ་བྱད་རྣམས་ཀྱིས་སྤྱན་དྲངས་པར་གྱུར་ཏོ། །རྒྱལ་པོ་དེས་བཅོམ་ལྡན་འདས་དེ་ལ་མཆོད་པའི་ལས་ཀྱི་ཕྱིར་འཁོར་གྱི་ཁྱམས་ཡངས་ཤིང་ཐ་གྲུ་ཆེ་བ། ཆུ་ཞེང་དཔག་ཚད་ལྔ་འབུམ་ཡོད་པ། ས་ཕྱོགས་ནོར་བུ་རིན་པོ་ཆེ་བཻ་དཱུཪྱས་སྤྲས་པ། རིན་པོ་ཆེ་སྣ་བདུན་གྱི་ཕྱི་རས་བསྐོར་བ། ཙན་དན་དམར་པོ་དང་། ཙན་དན་སྦྲུལ་གྱི་སྙིང་པོ་གཤིབས་ཏེ་སྦྱར་བ་སྣ་ཚོགས་བལྟ་ན་སྡུག་པ། ལྷའི་གཞལ་མེད་ཁང་འདྲ་བར་བྱས་སོ། །གཞན་ཡང་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་སྤྱད་པའི་ཁང་པ་བརྩེགས་པ་ས་ཡ་བྱས་སོ། །བློ་གྲོས་རྒྱ་མཚོ་དེ་ལྟར་རྒྱལ་པོ་ཡུན་ཤིན་ཏུ་རྣམ་པར་དག་པ་ལས་གང་གཞན་མི་བྱེད་པར་རྒྱུན་ཏུ་ཚངས་པར་སྤྱད་པ་ཡང་དག་པར་བླངས། བསླབ་པའི་གནས་ལྔ་ཡོངས་སུ་བཟུང་སྟེ། བཙུན་མོའི་འཁོར་དང་བཅས་རང་གི་སྐྱེ་བོ་དང་བཅས་གཡོག་འཁོར་དང་བཅས་པས་བར་གྱི་བསྐལ་པ་གཉིས་སུ་བཅོམ་ལྡན་འདས་དེ་ལ་བསྙེན་བཀུར་བྱས་ནས་བར་གྱི་བསྐལ་པ་དེ་གཉིས་འདས་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་བདུན་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་གཞན་གྱི་དྲིང་མི་འཇོག་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱད་པར་དུ་མཆི་བས་དེ་ལ་གང་མ་ཆགས་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བློ་མི་གཡོ་མི་འགྱུར་ཞིང་ཤིན་ཏུ་བརྟན་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཡོངས་སུ་དག་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་ ― DKG058_Page_0180 ―
[མ་དཔེ་གཟིགས་ན་འདིར་གནོན།]
དཔའ་རྒྱང་རིང་དུའང་ལྟ་ལ་རྩ་བ་ཡང་མ་ཆད་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡུལ་ཡང་འབྱོར་ལ་བག་མཆིས་པ་ཡང་མི་འདོར་བ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དོན་ཟབ་མོའི་ཚུལ་ལ་མི་སྐྲག་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལ་བྱང་ཆུབ་སེམས་དཔའ་ཡང་དག་པ་རྣམས་ཞེས་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་སྣང་བ་མཐའ་ཡས་དེས་རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ཐེག་པ་ཆེན་པོ་ལ་གཞན་གྱི་དྲིང་མི་འཇོག་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། མོས་པ་ལས་ངེས་པར་བྱུང་བའི་དད་པ་འཕགས་པ་འཇིག་རྟེན་ལས་འདས་པ་དང་། ཕྱིར་མི་ལྡོག་པའི་བརྩོན་འགྲུས་འབར་བས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བརྩོན་པ་དང་། ཤིན་ཏུ་རྣམ་པར་བརྟགས་པའི་བློས་མངོན་པར་ཤེས་པའི་ཡེ་ཤེས་ཀྱིས་རྣམ་པར་རྩེན་པ་དང་། སོ་སོ་ཡང་དག་པར་ཤེས་པ་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ངེས་པར་རྟོགས་པའི་མཚན་ཉིད་དེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཐེག་པ་ཆེན་པོ་ལ་གཞན་གྱི་དྲིང་མི་འཇོག་པ་རྣམས་ཡིན་ནོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ཁྱད་པར་དུ་འགྲོ་བས་དེ་ལ་མ་ཆགས་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། སེམས་ལས་སུ་རུང་བས་བསམ་གཏན་ལས་ལྡོག་པ་ལ་མཁས་པ་རྣམས་ཡིན། གཞན་ལ་བདེ་བ་རབ་ཏུ་སྦྱིན་པས་བདག་བདེ་བ་ལ་མི་ཆགས་པ་རྣམས་ཡིན། སྙིང་རྗེ་ཆེན་པོ་ལ་རབ་ཏུ་གནས་ཤིང་བྱམས་པ་ཆེན་པོ་ལ་གནས་པ་རྣམས་ཡིན། གོང་ནས་གོང་མའི་ཁྱད་པར་འདོད་པས་རྒྱ་ཆེན་པོ་ལ་མོས་པ་རྣམས་ཡིན་ཏེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ― DKG058_Page_0181 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆོས་བཞི་པོ་དེ་དག་དང་ལྡན་ན། ཁྱད་པར་དུ་འགྲོ་བས་དེ་ལ་མ་ཆགས་པ་རྣམས་ཡིན་ནོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་བློ་མི་གཡོ་མི་འགྱུར་ཞིང་ཤིན་ཏུ་བརྟན་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། སྒྱུ་དང་གཡོ་མེད་པའི་བསམ་པ་དང་། བསམ་པ་ཡོངས་སུ་དག་པའི་སྦྱོར་བ་དང་། སྦྱོར་བ་ལས་མི་ལྡོག་པའི་ལྷག་པའི་བསམ་པ་དང་། ལྷག་པའི་བསམ་པ་མ་བོར་བར་བསྒྲུབ་པ་སྟེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་བློ་མི་གཡོ་མི་འགྱུར་ཞིང་ཤིན་ཏུ་བརྟན་པ་རྣམས་ཡིན་ནོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ཐབས་དང་ཤེས་རབ་ཡོངས་སུ་དག་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་བདག་མེད་པར་ཡང་མཐོང་ལ་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་པ་དང་། ཆོས་ཐམས་ཅད་བརྗོད་དུ་མེད་པར་ཡང་རབ་ཏུ་ཤེས་ལ་ཡི་གེ་དང་ངེས་པའི་ཚིག་གིས་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཅིང་དམ་པའི་ཆོས་ཀྱང་ཡོངས་སུ་འཛིན་པ་དང་། སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བར་ཡང་མོས་ལ་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་བསྒྲུབ་པའི་ཕྱིར་བརྩོན་འགྲུས་ཀྱང་ཉམས་པར་མི་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ནམ་མཁའི་ངོ་བོ་ཉིད་དུ་ཡང་རྟོག་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་རྩོལ་བའི་རྒྱུན་ཀྱང་མི་གཅོད་པ་སྟེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཐབས་དང་ཤེས་རབ་ཡོངས་སུ་དག་པ་རྣམས་ཡིན་ནོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་འདི་དག་དང་ལྡན་ན་རྒྱང་རིང་དུ་ཡང་ལྟ་ལ། རྩ་བ་ཡང་མ་ཆད་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། བྱང་ཆུབ་ཀྱི་སྙིང་པོ་ལ་ཡང་ལྟ་ལ་བྱང་ཆུབ་ཀྱི་སེམས་ཀྱང་མི་འདོར་བ་རྣམས་ཡིན། སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་ལྟ་ལ་རང་གི་ཤེས་པས་ཀྱང་ཞུམ་པ་མེད་པ་རྣམས་ཡིན། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ལ་ཡང་ལྟ་ལ་ཇི་ལྟར་ཐོས་པའི་ཆོས་ ― DKG058_Page_0182 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྟན་པས་ཀྱང་ཡོངས་སུ་མི་སྐྱོ་བ་རྣམས་ཡིན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་ཡང་ལྟ་ལ་ཚེ་དང་། འཆི་འཕོ་དང་། སྐྱེ་བ་ལ་ཡང་མི་སྨོད་པ་རྣམས་ཡིན་ཏེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་རྒྱང་རིང་དུ་ཡང་ལྟ་ཞིང་རྩ་བ་ཡང་མ་ཆད་པ་རྣམས་ཡིན་ནོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ཡུལ་ཡང་འབྱོར་ལ་བག་ཡོད་པ་ཡང་མི་འདོར་བ་རྣམས་ཡིན་ནོ། །བཞི་གང་ཞེ་ན། མི་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོར་ཡང་གྱུར་ལ་འདུ་བྱེད་ལ་མི་རྟག་པར་སོ་སོར་རྟོག་པས་ཡུལ་འབྱོར་ཀྱང་བག་མེད་པར་མི་འགྱུར་བ་རྣམས་ཡིན། ལྷ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དུ་ཡང་འགྱུར་ལ་འདུ་བྱེད་ལ་སྡུག་བསྔལ་བར་སོ་སོར་རྟོག་པས་ཡུལ་འབྱོར་ཀྱང་བག་མེད་པར་མི་འགྱུར་བ་རྣམས་ཡིན། བདུད་ཀྱི་རིས་ཀྱི་ལྷ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བདུད་ཉིད་དུ་ཡང་ཉེ་བར་སྟོན་ལ་ཆོས་ལ་བདག་མེད་པར་སོ་སོར་རྟོག་པས་ཡུལ་འབྱོར་ཀྱང་བག་མེད་པར་མི་འགྱུར་བ་རྣམས་ཡིན། ཚངས་རིས་ཀྱི་ལྷ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཚངས་པ་དབང་སྒྱུར་དུ་ཡང་གྱུར་ལ་མྱ་ངན་ལས་འདས་པ་ལ་ཞི་བར་རྟོག་པས་ཡུལ་འབྱོར་ཀྱང་བག་མེད་པར་མི་འགྱུར་བ་རྣམས་ཡིན་ཏེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཡུལ་ཡང་འབྱོར་ལ་བག་ཡོད་པ་ཡང་མི་འདོར་བ་རྣམས་ཡིན་ནོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་དོན་ཟབ་མོའི་ཚུལ་ལ་མི་སྐྲག་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། ཡང་དག་པའི་དགེ་བའི་བཤེས་གཉེན་གང་དག་ཕྱི་རོལ་དུ་མི་བྱེད་པར་རྒྱུན་དུ་སངས་རྒྱས་ཀྱི་བྱང་ཆུབ་ཟབ་མོ་འདི་ཡང་དག་པར་རབ་ཏུ་སྟོན་པ་ལ་བསྟེན་པ་དང་། མདོ་སྡེ་ཟབ་མོ་ཚུལ་འདི་ལྟ་བུ་དེ་དག་མཉན་པའི་ཕྱིར་དཔག་ཚད་བརྒྱར་ཡང་འགྲོ་བ་དང་། ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱི་དོན་ལ་ཚུལ་བཞིན་དུ་དཔྱོད་པ་དང་། དོན་ལ་རྟོན་པ་ཡིན་གྱི་ཚིག་འབྲུ་ལ་རྟོན་པ་མ་ཡིན་པ་སྟེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ ― DKG058_Page_0183 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྡན་ན་དོན་ཟབ་མོའི་ཚུལ་ལ་མི་སྐྲག་པ་རྣམས་ཡིན་ནོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཡང་དག་པ་རྣམས་ཞེས་བྱའོ། །བཞི་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་ཚོལ་བ་ལ་བརྩོན་པའི་བརྩོན་འགྲུས་དང་། སེམས་ཅན་ཐམས་ཅད་ལ་ཡོངས་སུ་སྨིན་པར་བྱ་བ་ལ་བརྩོན་པའི་སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ལ་བརྩོན་པའི་སྟོབས་ཀྱིས་རྣམ་པར་གནོན་པ་དང་། འཁོར་བ་དཔག་ཏུ་མེད་པ་ཡོངས་སུ་འཛིན་པ་ལ་ཡོངས་སུ་མི་སྐྱོ་བར་བརྩོན་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོགས་པ་སྟེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཡང་དག་པ་རྣམས་ཞེས་བྱའོ། །བློ་གྲོས་རྒྱ་མཚོ་དེ་ལྟར་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་དེས་བཞི་པ་བསྒྲུབ་པ་བསྟན་པ་འདི་བཤད་པ་ན། སྲོག་ཆགས་བྱེ་བ་ཁྲག་ཁྲིག་ཕྲག་བཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དགེ་སློང་བྱེ་བ་ཕྲག་བརྒྱད་ལེན་པ་མེད་པས་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །རྒྱལ་བུ་གཞོན་ནུ་དེ་དག་དང་། རྒྱལ་པོའི་བུ་མོ་རྣམས་དང་། རྒྱལ་པོའི་བཙུན་མོའི་འཁོར་ནི་ཆུང་ངུའི་རྗེས་སུ་འཐུན་པའི་ཆོས་ལ་བཟོད་པ་སྐྱེས་སོ། །རྒྱལ་པོ་ཆེན་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་ནི་རྣོ་བའི་རྗེས་སུ་འཐུན་པའི་ཆོས་ལ་བཟོད་པ་སྐྱེས་སོ། །དེ་ནས་རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་རྒྱལ་སྲིད་ཐམས་ཅད་བཅོམ་ལྡན་འདས་དེ་ལ་ཡོངས་སུ་སྤྱད་པའི་ཕྱིར་ཕུལ་ལོ།། །།འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ། བམ་པོ་དགུ་པ། བློ་གྲོས་རྒྱ་མཚོ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་དེས་རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཡོངས་སུ་སྤྱད་པའི་ཕྱིར་རྒྱལ་སྲིད་ཐམས་ཅད་དེ་བཞིན་གཤེགས་པ་ལ་ཕུལ་ཟིན་ན། རྒྱལ་པོ་ཆེན་པོ་ཁྱོད་ ― DKG058_Page_0184 ―
[མ་དཔེ་གཟིགས་ན་འདིར་གནོན།]
དད་པས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཤིག ། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ནི་དོན་ཆེ་བ་ཕན་ཡོན་ཆེ་བ་རྒྱ་ཆེ་བའོ། །རྒྱལ་པོ་ཆེན་པོ་རབ་ཏུ་བྱུང་བར་གཏོགས་པའི་བྱང་ཆུབ་སེམས་དཔའི་འཐོབ་པ་ཆེན་པོ་ནི་ཉི་ཤུ་པོ་འདི་དག་སྟེ། ཐམས་ཅད་མཁྱེན་པ་བླ་ན་མེད་པའི་འཐོབ་པ་ཡོངས་སུ་རྫོགས་པར་འགྱུར་བ་དག་གོ །ཉི་ཤུ་པོ་དེ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་སྲིད་དང་ལོངས་སྤྱོད་དང་གཡོག་འཁོར་དང་དབང་ཕྱུག་འདོར་བས་ང་ཡི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པ་འཐོབ་པ་དང་། ཁྱིམ་ནས་འབྱུང་བ་ལ་གཞོལ་བས་ཉོན་མོངས་པ་ལས་བྱུང་བ་འཐོབ་པ་དང་། ངུར་སྨྲིག་འཛིན་པས་རྙོག་པ་མེད་པའི་སེམས་འཐོབ་པ་དང་། འཕགས་པའི་རིགས་ཆོག་ཤེས་པས་དགང་སླ་བ་དང་། གསོ་སླ་བ་འཐོབ་པ་དང་། སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པ་ཡང་དག་པར་ལེན་པས་འདོད་པ་ཆེ་བ་དང་སྡིག་པ་འདོད་པ་སྤོང་བ་འཐོབ་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པས་ལྷ་དང་མིར་སྐྱེ་བ་འཐོབ་པ་དང་། བྱང་ཆུབ་ཀྱི་སེམས་མི་འདོར་བས་ཕ་རོལ་ཏུ་ཕྱིན་པ་དྲུག་འཐོབ་པ་དང་། དགོན་པ་དབེན་པ་ན་གནས་པས་འདུ་འཛི་དང་མི་འདྲེ་བ་འཐོབ་པ་དང་། གནོད་པ་མེད་པས་ཆོས་སེམས་པའི་བདེ་བ་འཐོབ་པ་དང་། བསམ་གཏན་གྱི་ཡན་ལག་ཡང་དག་པར་བསྒྲུབས་པས་སེམས་ལས་སུ་རུང་བ་འཐོབ་པ་དང་། ཐོས་པ་ཡོངས་སུ་ཚོལ་བས་ཤེས་རབ་ཆེན་པོ་འཐོབ་པ་དང་། ང་རྒྱལ་མེད་པས་ཡེ་ཤེས་ཆེན་པོ་འཐོབ་པ་དང་། དོན་ཉུང་ཞིང་བྱེད་པ་ཉུང་བས་ཆོས་རབ་ཏུ་རྣམ་པར་འབྱེད་པ་འཐོབ་པ་དང་། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་པས་བྱམས་པ་ཆེན་པོ་འཐོབ་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱེད་པའི་སེམས་ཀྱིས་སྙིང་རྗེ་ཆེན་པོ་འཐོབ་པ་དང་། ལུས་དང་སྲོག་ལ་མི་ལྟ་བས་དམ་པའི་ཆོས་ཡོངས་སུ་འཛིན་པ་འཐོབ་པ་དང་། སེམས་རབ་ཏུ་སྦྱངས་པས་མངོན་པར་ཤེས་པ་ཆེན་པོ་འཐོབ་པ་དང་། སངས་རྒྱས་རྗེས་སུ་དྲན་པས་སངས་རྒྱས་མཐོང་བ་འཐོབ་པ་དང་། ཚུལ་བཞིན་གྱིས་ཆོས་ལ་སོ་སོར་རྟོག་པས་མི་ ― DKG058_Page_0185 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་འཐོབ་པ་དང་། ཡོན་ཏན་ཐམས་ཅད་ཡང་དག་པར་འཛིན་པའི་སྤྱོད་པས་མྱུར་དུ་ཐམས་ཅད་མཁྱེན་པ་ཐོབ་པ་འཐོབ་པ་སྟེ། རྒྱལ་པོ་ཆེན་པོ་རབ་ཏུ་བྱུང་བར་གཏོགས་པའི་བྱང་ཆུབ་སེམས་དཔའ་ལ་འཐོབ་པ་ཆེན་པོ་ཉི་ཤུ་པོ་འདི་དག་རྙེད་པར་དཀའ་བར་མི་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན། ཁྱོད་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཤིག ། བློ་གྲོས་རྒྱ་མཚོ་དེ་ནས་བཅོམ་ལྡན་འདས་དེས་རྒྱལ་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་རབ་ཏུ་འབྱུང་བ་ཡང་དག་པར་འཛིན་དུ་བཅུག་པས་རྒྱལ་སྲིད་ཐམས་ཅད་སྤངས། རྒྱལ་སྲིད་ཀྱི་དཔལ་ཡང་སྤངས་ཏེ་ཁྱིམ་ན་གནས་པས་ཡིད་བྱུང་བས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས། བཅོམ་ལྡན་འདས་དེའི་བསྟན་པ་ལ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །དེ་རབ་ཏུ་བྱུང་བར་རིག་ནས་རྒྱལ་པོའི་བཙུན་མོའི་འཁོར་ཀྱང་རབ་ཏུ་བྱུང་ངོ་། །དེ་དག་རབ་ཏུ་བྱུང་བར་རིག་ནས་རྒྱལ་བུ་གཞོན་ནུ་རྣམས་ཀྱང་རབ་ཏུ་བྱུང་ངོ་། །དེ་དག་རབ་ཏུ་བྱུང་བར་རིག་ནས་རྒྱལ་པོའི་བུ་མོ་གཞོན་ནུ་མ་རྣམས་ཀྱང་རབ་ཏུ་བྱུང་ངོ་། །དེ་དག་རབ་ཏུ་བྱུང་བར་རིག་ནས་རྒྱལ་པོའི་ཡུལ་ན་གནས་པའི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་ཡང་རབ་ཏུ་བྱུང་ངོ་། །དེ་ལྟར་དེ་དག་རབ་ཏུ་བྱུང་ནས་དགེ་བའི་རྩ་བའི་ཆོས་ཚོལ་བ་ལ་ཡོངས་སུ་བརྩོན་པའི་བརྩོན་འགྲུས་བརྩམས་ཏེ་གནས་སོ། །བློ་གྲོས་རྒྱ་མཚོ་སེམས་ཅན་བསོད་ནམས་བྱས་པ་ཐམས་ཅད་ཀྱི་གནས་སུ་གྱུར་པས་ཇི་ཙམ་དུ་བཅོམ་ལྡན་འདས་དེའི་གསུང་རབ་མཛེས་པར་གྱུར་པ་ལ་ལྟོས། བློ་གྲོས་རྒྱ་མཚོ་དེ་ནས་རྒྱལ་པོ་ཆེན་པོ་ཡུལ་ཤིན་ཏུ་རྣམ་པར་དག་པ་དེ་ལྟར་རབ་ཏུ་བྱུང་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་མཐའ་ཡས་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གང་ལ་སྒྲུབ་པ་སྙིང་པོར་བགྱིད་པར་གནས་ཤིང་དོན་མཆིས་པར་ཡུལ་འཁོར་གྱི་བསོད་སྙོམས་ཡོངས་སུ་འཚལ་བར་འགྱུར་བའི་གདམས་ངག་དང་རྗེས་སུ་བསྟན་པ་བདག་ལ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ ― DKG058_Page_0186 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེས་དགེ་སློང་ཡུལ་ཤིན་ཏུ་རྣམ་པར་དག་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ཁྱོད་ཀྱི་མིང་ནི་ཡུལ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ། །ཁྱོད་སོང་ལ་རང་གི་ཡུལ་རྣམ་པར་དག་པར་བྱ་བའི་ཕྱིར་བརྩོན་པར་གྱིས་ཤིག ། རང་གི་ཡུལ་ལ་ཚུལ་བཞིན་གྱིས་སོ་སོར་རྟོགས་ཤིག ། ཅི་ནས་ཀྱང་ཡུལ་དྲུག་པོ་དག་གི་ནང་ནས་ཆོས་གང་ཁྱོད་ལ་སྣང་བར་འགྱུར་བ་དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྫོགས་པ་ཁོང་དུ་ཆུད་པས་བྱང་ཆུབ་མཐོང་བར་འགྱུར་བ་དེ་ལྟར་སོ་སོར་རྟོགས་ཤིག ། བྱང་ཆུབ་ལ་རིང་བའི་འདུ་ཤེས་མ་བྱེད་ཅིག ། ཉེ་བའི་འདུ་ཤེས་ཀྱང་མ་བྱེད་ཅིག ། བློ་གྲོས་རྒྱ་མཚོ་དེ་ནས་བཅོམ་ལྡན་འདས་དེས་དགེ་སློང་ཡུལ་ཤིན་ཏུ་རྣམ་པར་དག་པ་ལ་གདམས་ངག་འདིས་གདམས་པ་དང་གཅིག་པུ་དབེན་པར་རྟུན་ཅིང་ཤེས་བཞིན་དང་ལྡན་ལ་བག་ཡོད་པར་གནས་ཏེ་རང་གི་ཡུལ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་གོ །དེའི་ཚུལ་བཞིན་གྱིས་སོ་སོར་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། མིག་གི་ཡུལ་ནི་སྟོང་པ་ཉིད་ཀྱི་ཡུལ་ལོ། །སྟོང་པ་ཉིད་ཀྱི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱི་ཡུལ་ལོ། །སེམས་ཅན་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་ཡུལ་ཏེ་སངས་རྒྱས་ཀྱི་ཡུལ་ལོ། །རྣ་བའི་ཡུལ་ནི་སྟོང་པ་ཉིད་ཀྱི་ཡུལ་ལོ། །སྟོང་པ་ཉིད་ཀྱི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱི་ཡུལ་ལོ། །སེམས་ཅན་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་ཡུལ་ཏེ། སངས་རྒྱས་ཀྱི་ཡུལ་ལོ། །དེ་བཞིན་དུ་སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་ཡུལ་ནི་སྟོང་པ་ཉིད་ཀྱི་ཡུལ་ལོ། །སྟོང་པ་ཉིད་ཀྱི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱི་ཡུལ་ལོ། །སེམས་ཅན་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་ཡུལ་ཏེ། སངས་རྒྱས་ཀྱི་ཡུལ་ལོ། །མིག་གི་ཡུལ་ནི་མཚན་མ་མེད་པའི་ཡུལ་ལོ། །མཚན་མ་མེད་པའི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱི་ཡུལ་ལོ། །སེམས་ཅན་ཐམས་ཅད་ཀྱང་མཚན་མ་མེད་པའི་ཡུལ་ཏེ་སངས་རྒྱས་ཀྱི་ཡུལ་ལོ། །ཡིད་ཀྱི་བར་གྱི་ཡུལ་ནི་མཚན་མ་མེད་པའི་ཡུལ་ལོ། །མཚན་མ་མེད་པའི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱི་ཡུལ་ལོ། །སེམས་ཅན་ཐམས་ཅད་ཀྱང་མཚན་མ་མེད་པའི་ཡུལ་ཏེ་སངས་རྒྱས་ཀྱི་ཡུལ་ལོ། །དེ་བཞིན་དུ་མིག་གི་ ― DKG058_Page_0187 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡུལ་ནི་སྨོན་པ་མེད་པའི་ཡུལ་ལོ། །མངོན་པར་འདུ་བྱ་བ་མེད་པའི་ཡུལ་ལོ། །མ་སྐྱེས་པ་དང་མ་བྱུང་བའི་ཡུལ་ལོ། །མ་བྱུང་བའི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱི་ཡུལ་ལོ། །སེམས་ཅན་ཐམས་ཅད་ཀྱང་མ་བྱུང་བའི་ཡུལ་ཏེ་སངས་རྒྱས་ཀྱི་ཡུལ་ལོ། །དེ་བཞིན་དུ་ཡིད་ཀྱི་བར་གྱི་ཡུལ་དང་སྦྱར་རོ། །བློ་གྲོས་རྒྱ་མཚོ་དེ་ལྟར་དགེ་སློང་ཡུལ་ཤིན་ཏུ་རྣམ་པར་དག་པ་ཡུལ་ལ་འཇུག་པ་འདིས་ལུས་དང་སེམས་ལས་སུ་རུང་སྟེ་འདུན་པ་དང་བརྩོན་འགྲུས་དང་སེམས་དང་། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམས་པས་རིང་པོ་མ་ཐོགས་པར་མངོན་པར་ཤེས་པ་ལྔ་བསྐྱེད་པར་གྱུར་ཏོ། །བག་ཡོད་པའི་སྤྱོད་པ་དེས་ཀྱང་དོན་དང་ངེས་པར་བྱུང་བའི་ཚིག་ཐམས་ཅད་སྡུད་པ་ཞེས་བྱ་བའི་གཟུངས་རབ་ཏུ་ཐོབ་པོ། །བློ་གྲོས་རྒྱ་མཚོ་དེའི་ཚེ་དེའི་དུས་ན་གང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འབྱོར་པ་སྤངས་ཏེ་བཅོམ་ལྡན་འདས་དེའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཡུལ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བའི་དགེ་སློང་དུ་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཡིད་གཉིས་སུ་གྱུར་ཏམ་ཐེ་ཚོམ་ཟ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་ཁྱོད་ཉིད་དེའི་ཚེ་དེའི་དུས་ན་དགེ་སློང་ཡུལ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བར་གྱུར་ཏོ། །བློ་གྲོས་རྒྱ་མཚོ་དེའི་ཚེ་དེའི་དུས་ན་གང་དག་དགེ་སློང་རབ་ཏུ་བྱུང་བ་དེའི་རྗེས་སུ་རབ་ཏུ་བྱུང་བའི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་གྱུར་པ་དེ་དག་གཞན་དག་ཅིག་ཡིན་པ་སྙམ་དུ་ཁྱོད་སེམས་ན། དེ་དེ་ལྟར་མི་བལྟ་སྟེ། ཆོས་མཉན་པའི་ཕྱིར་གང་དག་ཁྱོད་ཀྱི་ཕྱི་བཞིན་འབྲང་བའི་བྱང་ཆུབ་སེམས་དཔའ་འདི་དག་གོ །བཅོམ་ལྡན་འདས་ཀྱིས་སྔོན་བྱུང་བའི་ལེའུ་འདི་བཤད་པ་ན་སྲོག་ཆགས་ཁྲི་བརྒྱད་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་བརྒྱད་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །སྔོན་བྱུང་བའི་ལེའུ་ཞེས་བྱ་སྟེ་བཅུ་པའོ།། །། བཅུ་གཅིག་པ། སངས་རྒྱས་ཀྱི་ཞིང་ཀུན་ཏུ་བསྟན་པའི་ལེའུ།― DKG058_Page_0187 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ ― DKG058_Page_0188 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱང་ཆུབ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྐྱེས་བུ་དམ་པ་ཁྱོད་ཀྱི་རྗེས་སུ་བསླབ་པར་བྱ་སྟེ། བྱང་ཆུབ་སེམས་དཔས་ཚིག་ཏུ་བྱས་ཤིང་ཚིག་ལྷུར་བླང་བར་མི་བྱའི་བྱང་ཆུབ་སེམས་དཔས་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་ཡིན་ཞེ་ན། བློ་གྲོས་རྒྱ་མཚོ་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་བྱ་བའི་ཚིག་འདི་ནི་བརྗོད་པར་སླའི། དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒྲུབ་པ་ནི་དཀའོ་སྙམ་པའོ། །བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་གང་ལ་ལས་ཆོས་ཀྱི་སྦྱིན་པས་སེམས་ཅན་ཐམས་ཅད་མགྲོན་དུ་གཉེར་ཏེ། ཁོ་བོས་སེམས་ཅན་ཁྱེད་ཆོས་ཀྱི་སྦྱིན་པས་ཚིམ་པར་བྱའོ་ཞེས་བྱས་ལ་མང་དུ་ཐོས་པ་དང་། དེ་ལས་གཞན་པ་དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡང་བརྩོན་པར་མི་བྱེད་ན་དེ་སེམས་ཅན་དེ་དག་ལ་སླུ་བ་ཡིན་ཏེ། དེ་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་མ་ཡིན་ནོ། །བློ་གྲོས་རྒྱ་མཚོ་གང་གི་ཚེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་སྦྱིན་པས་སེམས་ཅན་ཐམས་ཅད་མགྲོན་དུ་གཉེར་ཏེ་ཁོ་བོས་སེམས་ཅན་ཁྱོད་ཆོས་ཀྱི་སྦྱིན་པས་ཚིམ་པར་བྱའོ་ཞེས་བྱས་ལ་མང་དུ་ཐོས་པ་དང་། དེ་ལས་གཞན་པ་དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡང་བརྩོན་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔས་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡིན་ནོ། །བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། རྒྱལ་པོའམ་རྒྱལ་པོའི་བློན་པོས་གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་ལ་སང་ཟན་སྦྱིན་ནོ་ཞེས་མགྲོན་དུ་བོས་ལ་ཡལ་བར་བོར་ཏེ། བཟའ་བ་དང་བཏུང་བ་མ་སྦྱར་ན་དེས་སྐྱེ་བོའི་ཚོགས་དེ་ཐམས་ཅད་བསླུས་པ་ཡིན་ཏེ། དེ་དག་ཀྱང་བཟའ་བ་དང་། བཏུང་བའི་ཟས་མ་ཐོབ་པས་འཕྱ་ཞིང་སླར་འོང་བ་དེ་བཞིན་དུ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔས་མ་རྒལ་བ་བསྒྲལ་བ་དང་། མ་གྲོལ་བ་དགྲོལ་བ་དང་། དབུགས་མ་ཕྱིན་པ་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་སེམས་ཅན་ཐམས་ཅད་དབུགས་ཕྱུང་ལ་མང་དུ་ཐོས་པ་དང་། དེ་ལས་གཞན་ ― DKG058_Page_0189 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡང་བརྩོན་པར་མི་བྱེད་ན། བྱང་ཆུབ་སེམས་དཔའ་དེ་ནི་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་མ་ཡིན་ཏེ། ལྷ་དང་བཅས་པའི་འཇིག་རྟེན་ལ་སླུ་བ་ཡིན་ནོ། །དེ་ལྟ་བུ་དེ་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་ཀྱིས་མཐོང་ན་འཕྱ་ཞིང་གཞོགས་འཕྱས་བྱེད་ལ་རྣམ་པར་སྨོད་དེ། གང་དག་མཆོད་སྦྱིན་བྱ་བར་དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པའི་མཆོད་སྦྱིན་གྱི་བདག་པོ་བྱེད་པ་དེ་དག་ནི་དཀོན་ནོ། །དེ་བས་ཀྱང་གང་དག་མཆོད་སྦྱིན་ཆེན་པོ་དེ་བརྩམས་ནས་བླ་ན་མེད་པའི་ཐེག་པ་ཆེན་པོ་ལ་ཡོངས་སུ་སྐྱོ་བར་མི་འགྱུར་བ་དག་ནི་ཆེས་དཀོན་ནོ། །བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔས་གང་གིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་སླུ་བར་འགྱུར་བའི་ཚིག་བརྗོད་པར་མི་བྱའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་ལ་ལ་ཞིག་གིས་བྱང་ཆུབ་སེམས་དཔའ་གང་ལ་ཆོས་ཀྱི་དོན་བྱ་བར་གསོལ་བ་བཏབ་ལ། དེ་ལ་བྱང་ཆུབ་སེམས་དཔའ་ཁོ་བོས་ཁྱེད་ཀྱི་ཆོས་ཀྱི་དོན་འདི་ཡོངས་སུ་ཐོབ་པར་བྱའོ་ཞེས་ཚིག་སྨྲས་པར་གྱུར་ན། བྱང་ཆུབ་སེམས་དཔས་དེ་ལ་ལུས་ནི་ཡོངས་སུ་གཏང་བར་བྱའི་སེམས་ཅན་སླུ་བར་ནི་མི་བྱའོ། །བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱའོ། །བློ་གྲོས་རྒྱ་མཚོ་སྔོན་བྱུང་བའི་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་དཔག་ཏུ་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན། སེང་གེའི་རྒྱལ་པོ་དར་དཀར་ལྟ་བུའི་རལ་པ་ཅན་ཡན་ལག་མ་སྨད་པ་ཞེས་བྱ་བ་སེམས་ཅན་ཐམས་ཅད་ལ་བྱམས་པའི་རྗེས་སུ་ཞུགས་པ་རྩ་བ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་ལ་མོས་པ་ཞིག་རིའི་ཕུག་བགྲོད་དཀའ་བ་ཞིག་ན་གནས་སོ། །རི་ཕུག་བགྲོད་དཀའ་བ་དེ་ན་སྤྲེའུ་ཕོ་མོ་གཉིས་ཤིག་ཀྱང་གནས་སོ། །དེ་ནས་དུས་གཞན་ཞིག་ན་སྤྲེའུ་མོ་དེ་ལ་བུ་འབྲངས་ནས་དེ་ལས་ཕྲུ་གུ་གཉིས་བྱུང་ངོ་། །དེ་ནས་སྤྲེའུ་དེ་དང་སྤྲེའུ་མོ་དེས་ཕྲུ་གུ་དེ་གཉིས་རི་དགས་ཀྱི་རྒྱལ་པོ་སེང་གེ་ལ་བཏམས་ཏེ་སྤྱོད་ཡུལ་དུ་དོང་ངོ་། །དེ་ནས་བྱ་རྒོད་ཀྱི་རྒྱལ་པོ་སྤུ་གྲི་བ་ཞེས་བྱ་བ་སྟེང་གི་བར་སྣང་ལས་བབས་ཏེ་སྤྲེའུའི་ཕྲུ་གུ་དེ་གཉིས་བླངས་ནས་སྟེང་གི་བར་སྣང་ལ་གནས་པར་གྱུར་པ་ ― DKG058_Page_0190 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་། རི་དགས་ཀྱི་རྒྱལ་པོ་སེང་གེས་བྱ་རྒོད་ཀྱི་རྒྱལ་པོ་སྤུ་གྲི་བས་སྤྲེའུའི་ཕྲུ་གུ་དེ་གཉིས་ཁྱེར་བ་མཐོང་ངོ་། །མཐོང་ནས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། བྱ་རྒོད་རྒྱལ་པོ་ཁྱོད་ལ་བདག་གསོལ་བ། །བདག་གི་སྤྲེའུའི་ཕྲུ་གུ་དེ་གཉིས་ཁྱེད་ཀྱིས་ཐོང་། །བདག་ནི་དེ་དག་འཇིགས་མེད་བྱ་ཕྱིར་གནས། །སྐྱབས་སུ་དོང་བ་མ་གསད་ཁྱེད་ཀྱིས་ཐོང་། །དེ་ནས་བྱ་རྒོད་ཀྱི་རྒྱལ་པོས་རི་དགས་ཀྱི་རྒྱལ་པོ་སེང་གེ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། རི་དགས་རྒྱལ་པོ་གལ་ཏེ་ཁྱོད་ནི་བདག་འདོར་ན། །དེ་ལྟར་ན་ནི་འདི་གཉིས་མི་གསད་གཏང་བར་བྱ། །ཁོ་བོས་འདི་གཉིས་ཟོས་ནས་ཁོ་བོ་མཁའ་ལ་གནས། །ཁྱོད་ནི་ཁྲོས་པར་གྱུར་ཀྱང་བདག་ལ་ཅི་བྱར་ཡོད། །རི་དགས་ཀྱི་རྒྱལ་པོས་ཡང་སྨྲས་པ། བདག་ནི་བཏང་གིས་ཡོངས་སུ་བཟའ་བར་གྱིས། །བདག་གི་སྤྲེའུའི་ཕྲུ་གུ་གཉིས་ནི་བཏང་བར་གསོལ། །བྱང་ཆུབ་ཞུགས་པ་དམ་བཅས་སྲུང་བར་བྱེད། །མཁས་པ་དག་ནི་བརྫུན་དུ་སྨྲ་བ་མེད། །བདག་བརྫུན་འགྱུར་དུ་འོང་སྟེ་ལྷག་བསམ་པས། །དེ་ནས་དྲང་སྲོང་ཆེན་པོ་ལུས་འདོར་ཏེ། །དེ་ནས་ལྷག་པའི་བསམ་པས་དགར་གྱུར་ནས། །སེམས་ཅན་རྣམས་ཀྱི་ཆེད་དུ་ལུས་གཏོང་ངོ་། །དེ་ནས་བྱ་རྒོད་ཀྱི་རྒྱལ་པོ་དེས་རྨད་དུ་བྱུང་བ་དེ་མཐོང་ནས་ནམ་མཁའ་ལ་གནས་ཏེ་ཆེད་དུ་བརྗོད་དེ་ཆེད་དུ་བརྗོད་པ། གང་དག་གཞན་ཕྱིར་རང་གི་ལུས་འདོར་བ། ། དེ་དག་འཚོ་བའི་འཇིག་རྟེན་འདིར་བདེར་འཚོ། །ཁོ་བོས་སྤྲེའུའི་ཕྲུ་གུ་འདི་གཉིས་གཏང་བར་བྱ། །ཁྱོད་ཀྱང་འཚོ་ཞིང་རིང་དུ་ཆོས་སྤྱོད་ཅིག ། བློ་གྲོས་རྒྱ་མཚོ་དེའི་ཚེ་དེའི་དུས་ན་རི་དགས་ཀྱི་རྒྱལ་པོ་སེང་གེར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སེམས་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་ང་ཉིད་དེའི་ཚེ་དེའི་དུས་ན་རི་དགས་ཀྱི་རྒྱལ་པོ་སེང་གེར་གྱུར་ཏོ། །འོད་སྲུང་ཆེན་པོ་ནི་སྤྲེའུར་གྱུར་ཏོ། །སེར་སྐྱ་བཟང་མོ་ནི་སྤྲེའུ་མོར་གྱུར་ཏོ། །སྒྲ་གཅན་ཟིན་དང་ཀུན་དགའ་བོ་ནི་སྤྲེའུ་ཕྲུག་ཏུ་གྱུར་ཏོ། །དགེ་སློང་ཕྲེང་བ་བཟང་པོ་ནི་དེའི་ཚེ་དེའི་དུས་ན་བྱ་རྒོད་ཀྱི་རྒྱལ་པོ་སྤུ་གྲི་བ་ཞེས་བྱ་བར་གྱུར་ཏོ། །བློ་གྲོས་རྒྱ་མཚོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ ― DKG058_Page_0191 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལུས་ནི་ཡོངས་སུ་གཏང་བར་བྱའི་སྐྱབས་སུ་དོང་བ་རྣམས་ནི་ཡོངས་སུ་གཏང་བར་མི་བྱ་སྟེ་ཇི་སྐད་སྨྲས་པ་དེ་བཞིན་དུ་བསྒྲུབ་པར་བྱའོ། །དེ་ལ་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་གང་ཞེ་ན། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་སྦྱིན་པ་སྨྲ་བ་ནི་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ། །དེ་ལྟར་ན་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་སྨྲ་བ་ནི་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་ཚུལ་ཁྲིམས་དང་བསླབ་པ་དང་སྦྱངས་པའི་ཡོན་ཏན་ཐམས་ཅད་ཡང་དག་པར་འཛིན་ཅིང་སྤྱོད་པར་ཀུན་ཏུ་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ། །བྱང་ཆུབ་སེམས་དཔའ་བཟོད་པ་སྨྲ་བ་ནི་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་གནོད་སེམས་དང་ཐ་བ་དང་ཞེ་སྡང་སྤོང་བར་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ། །བྱང་ཆུབ་སེམས་དཔའ་བརྩོན་འགྲུས་སྨྲ་བ་ནི་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་ཚོལ་བ་ལ་བརྩོན་འགྲུས་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ། །བྱང་ཆུབ་སེམས་དཔའ་བསམ་གཏན་སྨྲ་བ་ནི་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་རྣམས་ལ་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་སྨྲ་བ་ནི་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་ཚིག་རབ་ཏུ་དབྱེ་བའི་སྤོབས་པ་རྣམ་པར་ངེས་པའི་ཡེ་ཤེས་ལ་མཁས་པར་སྣང་བ་ཉིད་ནི་དེའི་དེ་བཞིན་བྱེད་པའོ། །དེ་བཞིན་དུ་མི་དགེ་བའི་ཆོས་ཐམས་ཅད་ཀྱི་བར་དག་སྤོང་བར་སྨྲ་བ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་སྨྲ་བ་ནི་བྱང་ཆུབ་སེམས་དཔའ་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་དང་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་ཚོལ་བ་ལ་བརྩོན་པར་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ། །གཞན་ཡང་བསམ་པ་ནི་ཇི་སྐད་སྨྲ་བའོ། །གཡོ་མེད་ཅིང་སྒྱུ་མེད་པ་ནི་དེ་བཞིན་བྱེད་པའོ། །སྦྱོར་བ་ནི་ཇི་སྐད་སྨྲ་བའོ། །སྦྱོར་བ་ཉམས་འོག་ཏུ་ཆུད་པར་བྱེད་པ་ནི་དེ་བཞིན་བྱེད་པའོ། །རྩོམ་པ་ནི་ཇི་སྐད་སྨྲ་བའོ། །རྩོམ་པ་ ― DKG058_Page_0192 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་ཞུམ་པ་མེད་པ་ནི་དེ་བཞིན་བྱེད་པའོ། །ལྷག་པའི་བསམ་པ་ནི་ཇི་སྐད་སྨྲ་བའོ། །དེ་ལ་མ་ཆགས་པར་ཁྱད་པར་དུ་འགྲོ་བ་ནི་དེ་བཞིན་བྱེད་པའོ། །དམ་བཅས་པ་ནི་ཇི་སྐད་སྨྲ་བའོ། །དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པ་ནི་དེ་བཞིན་བྱེད་པའོ། །ཐོས་པ་ཀུན་ཏུ་འཛིན་པ་ནི་ཇི་སྐད་སྨྲ་བའོ། །ཐོས་པ་སྒྲུབ་པ་ནི་དེ་བཞིན་བྱེད་པའོ། །ཚིག་གིས་ཡང་དག་པར་བླངས་པ་ནི་ཇི་སྐད་སྨྲ་བའོ། །ལུས་དང་སེམས་ཞུམ་པ་མེད་པ་ནི་དེ་བཞིན་བྱེད་པའོ། །ང་རྒྱལ་མེད་པ་ནི་ཇི་སྐད་སྨྲ་བའོ། །ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པ་ནི་དེ་བཞིན་བྱེད་པའོ། །བསླབ་པ་ཡང་དག་པར་བླངས་པ་ནི་ཇི་སྐད་སྨྲ་བའོ། །བསླབ་པ་མ་ཉམས་པ་ནི་དེ་བཞིན་བྱེད་པའོ། །སེམས་དང་པོ་བསྐྱེད་པ་ནི་ཇི་སྐད་སྨྲ་བའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་སྒྲུབ་པ་ནི་དེ་བཞིན་བྱེད་པའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ནི་ཇི་སྐད་སྨྲ་བའོ། །ཕྱིར་མི་ལྡོག་པའི་ས་ནི་དེ་བཞིན་བྱེད་པའོ། །སྐྱེ་བ་གཅིག་གིས་ཐོགས་པ་ནི་ཇི་སྐད་སྨྲ་བའོ། །བྱང་ཆུབ་ཀྱི་སྙིང་པོར་འདུག་པ་ནི་དེ་བཞིན་བྱེད་པའོ། །ཡང་དག་པར་བླངས་པ་བརྟན་པ་ནི་ཇི་སྐད་སྨྲ་བའོ། །ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་དེ་བཞིན་བྱེད་པའོ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ནི་ཇི་སྐད་སྨྲ་བའོ། །དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བྱེད་པ་ནི་དེ་བཞིན་བྱེད་པའོ། །བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུ་ནི་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་ལྔ་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མ་བཀོད་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་དེ་བཞིན་གཤེགས་པས་ཇི་སྐད་སྨྲས་པ་དེ་བཞིན་བགྱིད་པས་སངས་རྒྱས་ཀྱི་ཆོས་འདི་ཐམས་ཅད་བསྟན་པ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་འདི་ལ་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་གསུང་བསྒྲུབ་པ་འདི་ཡང་ ― DKG058_Page_0193 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཇི་སྐད་སྨྲས་པ་དེ་བཞིན་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་བསྒྲུབ་པ་ཤེས་སམ། གསོལ་པ། བཅོམ་ལྡན་འདས་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་བསྒྲུབ་པ་ལས་རྩོམས་ལ་སྤོབས་པར་གྱིས་ཤིག ། གསོལ་པ། བཅོམ་ལྡན་འདས་བསྒྲུབ་པ་ཞེས་བགྱི་བ་ནི་གང་། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིས་མཉམ་པ་ཉིད་དུ་འཚལ་ནས་ཡང་དག་པ་ཉིད་ཀྱི་ངེས་པར་གྱུར་པ་ལ་འཇུག་པ་ཤེས་པ་ལ་མཁས་ཀྱང་མངོན་སུམ་དུ་ཡང་མི་བགྱིད་པ་འདི་ནི་བྱང་ཆུབ་སེམས་དཔའི་བསྒྲུབ་པ་ཡང་དག་པའོ། །བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་རི་དབང་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་བསྒྲུབ་པ་ལས་བརྩམས་ཏེ་སྤོབས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་སྤོབས་པར་གྱིས་ཤིག ། གསོལ་པ། བཅོམ་ལྡན་འདས་སྒྲུབ་པ་ནི་བསྒྲུབ་པ་མ་མཆིས་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གིས་ཆོས་ཐམས་ཅད་མ་དམིགས་ཏེ། གང་བསྒྲུབ་པ་དང་། གང་ལ་སྒྲུབ་པའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་བ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགས་སོ། །བྱང་ཆུབ་སེམས་དཔའ་ཡོན་ཏན་གྱི་རྒྱལ་པོ་སྣང་བས་གསོལ་པ། བཅོམ་ལྡན་འདས་གང་ལ་སེམས་ཀྱི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་འཇུག་པ་དེ་ལ་སྒྲུབ་པ་ག་ལ་མཆིས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད་ལ་རྣམ་པར་ཤེས་པ་མི་གནས་པ་དེ་ཆོས་གང་ལ་ཡང་མི་གནས་པ་ལགས་སོ། །གང་ཆོས་ཐམས་ཅད་ལ་ཡང་མི་གནས་པ་དེ་ཉིད་དེའི་སྒྲུབ་པ་ཡང་དག་པ་ལགས་སོ། །བྱང་ཆུབ་སེམས་དཔའ་ལྷུན་པོའི་སྒྲོན་མེའི་རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་ལྟ་བ་མ་མཆིས་པ་ནི་སྒྲུབ་པ་ལགས་ཏེ། ལྟ་བ་དང་བཅས་པ་ལ་སྒྲུབ་པ་མ་མཆིས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད་གདེག་ ― DKG058_Page_0194 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་མ་མཆིས་པ་དང་། གཞག་པ་མ་མཆིས་པས་ཆོས་གང་ལའང་མི་ལྟ་བ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགས་སོ། །བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་གནས་པ་ནི་གཡོ་བ་ལགས་ཏེ། མི་གནས་པ་ལ་གཡོ་བ་མ་མཆིས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གནས་པར་མི་བགྱིད་པ་དེ་ནི་མི་གཡོའོ། །གང་མི་གཡོ་བ་དེ་ཆོས་ཐམས་ཅད་ཀྱིས་མི་འཁྲུགས་ཏེ། འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགས་སོ། །བྱང་ཆུབ་སེམས་དཔའ་དཔའ་བོས་གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་ནི་སེམས་ཀྱིས་སྤྱོད་དོ། །བཅོམ་ལྡན་འདས་འཇིག་རྟེན་ནི་སེམས་ཀྱིས་རྒྱུག་གོ །རྗེས་སུ་རྒྱུག་གོ །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སེམས་ཐམས་ཅད་སེམས་མ་མཆིས་པར་གྱུར་པ་དེ་ནི་མི་སེམས་མི་རྟོག་སྟེ། འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགས་སོ། །བྱང་ཆུབ་སེམས་དཔའ་མཐོང་དགས་གསོལ་པ། བཅོམ་ལྡན་འདས་ཚོར་བ་ཐམས་ཅད་ནི་དེ་བཞིན་གཤེགས་པས་སྡུག་བསྔལ་དུ་གསུངས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཚོར་བ་ཐམས་ཅད་ཀྱི་རྒྱུན་བཀུམ་ནས་ཚོར་བ་མ་མཆིས་ཤིང་ལེན་པ་མ་མཆིས་ཀྱང་ཚོར་བ་འགོག་པ་ལ་ཡང་རིག་པར་མི་བགྱིད་ལ་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱང་ཡོངས་སུ་མི་གཏོང་བ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགས་སོ། །བྱང་ཆུབ་སེམས་དཔའ་གླང་ཆེན་སྤོས་ཀྱི་བལ་གླང་གིས་གསོལ་པ། བཅོམ་ལྡན་འདས་བྱིས་པ་སོ་སོའི་སྐྱེ་བོ་དག་ནི་ཕུང་པོ་ལྔ་ལ་ལྟ་བས་གླགས་པར་གྱུར་པས་ཁུར་གྱིས་ནོན་པ་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཕུང་པོ་ལྔ་ཡོངས་སུ་འཚལ་བ་དང་ལྡན་ཏེ་ཁུར་མྱུར་དུ་འདོར་བ་དེ་བྱིས་པ་སོ་སོའི་སྐྱེ་བོ་ཕུང་པོ་ལྔ་ལ་ལྟ་བས་གླགས་པར་གྱུར་པས་ཁུར་གྱིས་ནོན་པ་རྣམས་ཀྱི་ཁུར་སྤང་བའི་ཕྱིར་ཆོས་སྟོན་ཀྱང་ཆོས་ཐམས་ཅད་མ་སྐྱེས་ཤིང་མངོན་པར་གྲུབ་པ་མ་མཆིས་པས་ཆོས་གང་ལ་ཡང་ཡང་དག་པའི་འདུ་ཤེས་སུ་མི་འགྱུར་བ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགས་སོ། ། ― DKG058_Page_0195 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱང་ཆུབ་སེམས་དཔའ་འགྲོ་བ་འཛིན་གྱིས་གསོལ་པ། བཅོམ་ལྡན་འདས་ཡང་དག་པར་སྦྱོར་བའི་སྒྲུབ་པ་ལགས་ཀྱི་ཡ་ང་བའི་སྦྱོར་བའི་མ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཡང་དག་པའི་སྦྱོར་བ་ལ་བརྩོན་པར་བགྱིའོ། །དེ་ལ་ཡང་དག་པའི་སྦྱོར་བ་གང་ཞེ་ན། འདི་ལྟ་སྟེ། ནམ་མཁའ་དང་མཉམ་པ་ཉིད་པས་གང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འཚལ་བ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགས་སོ། །བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་ཀྱིས་མ་སྐྱེས་པ་ལས་ཀྱང་སྐྱེ། མ་བྱུང་བ་ལས་ཀྱང་འབྱུང་ཡང་སྐྱེ་བ་དང་འཇིག་པ་དང་གནས་པ་ལ་མི་གནས་པ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགས་སོ། །བྱང་ཆུབ་སེམས་དཔའ་དཔལ་བརྩེགས་རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སེམས་ཅན་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་ཡང་མཐོང་ལ་སྙིང་རྗེ་ཆེན་པོའི་གོ་ཆ་དེ་ཡང་མི་འདོར་ཞིང་རྩོལ་བ་ཡང་དོན་མཆིས་པར་མཐོང་བ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགས་སོ། །བྱང་ཆུབ་སེམས་དཔའ་འོད་ཟེར་ཐོགས་པ་མེད་པས་གསོལ་པ། བཅོམ་ལྡན་འདས་རྒྱུ་བའི་གནས་ཇི་ཙམ་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ཅི་ཙམ་དུ་བདུད་ཀྱི་ལས་ལགས་པ་དེ་ཙམ་དུ་སྒྲུབ་པ་མ་མཆིས་ཏེ། བཅོམ་ལྡན་འདས་རྒྱུ་བ་མ་མཆིས་པའི་གནས་ལ་གནས་པ་ལ་ནི་བདུད་ཀྱིས་གླགས་མི་རྙེད་དེ། བདུད་ཀྱི་ལམ་ལས་ཤིན་ཏུ་འདས་པའི་བྱང་ཆུབ་སེམས་དཔའ་ནི་སྒྲུབ་པ་ཡང་དག་པ་ལ་གནས་པ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་བརྩོན་འགྲུས་འབར་གྱིས་གསོལ་པ། བཅོམ་ལྡན་འདས་གང་དག་ཆོས་འགའ་ཞིག་ཡོངས་སུ་འགྲུབ་པར་འཚལ་བ་དེ་དག་གི་འབད་པ་དོན་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ཡོངས་སུ་གྲུབ་པ་མ་མཆིས་པར་ཡང་འདིར་འཚལ་ལ་འཚལ་བ་གང་ལགས་པས་ཀྱང་རློམ་སེམས་སུ་མི་བགྱིད་པ་འདི་ནི་ ― DKG058_Page_0196 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེའི་སྒྲུབ་པ་ཡང་དག་པ་ལགས་སོ། །བྱང་ཆུབ་སེམས་དཔའ་ངན་སྤོང་གིས་གསོལ་པ། བཅོམ་ལྡན་འདས་གང་དག་འགྱུར་བ་དང་རྣམ་པར་རྟོག་པ་ལ་སྤྱོད་པ་དེ་དག་ལ་སྒྲུབ་པ་ག་ལ་མཆིས། བཅོམ་ལྡན་འདས་འགྱུར་བ་མ་མཆིས་པ་དང་རྟོག་པ་མ་མཆིས་པ་ནི་སྒྲུབ་པ་སྟེ། གང་འགྱུར་བ་མ་མཆིས་པ་དང་རྣམ་པར་རྟོག་པ་མ་མཆིས་པ་ནི་སེམས་ཅན་གྱི་སེམས་ཀྱི་རང་བཞིན་ལགས་སོ། །སེམས་ཀྱི་རང་བཞིན་ཡོངས་སུ་འཚལ་བ་དང་ལྡན་པ་ནི་སྒྲུབ་པ་ཡང་དག་པ་ལ་གནས་པ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་བསམ་པ་ལེགས་པར་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྗེས་སུ་འཇུག་པར་བགྱི་སྟེ། གང་འདིར་སེམས་ཅན་ཐམས་ཅད་ཀྱི་སེམས་རྣམས་ཀྱང་སེམས་མ་ལགས་པར་སེམས་འཚལ་བ་ལ་འཇུག་པ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགས་སོ། །བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཉེ་བར་ཞི་བ་ནི་སྒྲུབ་པ་ལགས་ཏེ། མ་ཞི་བ་ལ་ནི་སྒྲུབ་པ་མ་མཆིས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སེམས་ཀྱི་དམིགས་པ་ཐམས་ཅད་ལས་ཞི་བ་དང་རབ་ཏུ་ཞི་བ་དང་། ཉེ་བར་ཞི་བ་དེ་རྟོག་པ་དང་སྤོང་བར་མི་བགྱིད་དེ་རྟོག་པ་དང་སྤོང་བ་དང་བྲལ་བ་མཉམ་པ་ཉིད་དུ་རྟོགས་པ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགས་སོ། །བྱང་ཆུབ་སེམས་དཔའ་དེད་དཔོན་བཟང་པོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བས་བརྟན་པ་ནི་སྒྲུབ་པ་ཐོབ་པར་བགྱིད་པ་ལགས་ཏེ། དགེ་བའི་རྩ་བས་མ་བརྟན་པ་ནི་མ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་བསོད་ནམས་ཀྱི་ཚོགས་ཀྱིས་ཀྱང་བརྟན་ཡེ་ཤེས་ཀྱི་ཚོགས་ཀྱིས་ཀྱང་བརྟན་ཏེ། བསོད་ནམས་མཉམ་པ་ཉིད་བས་ཡེ་ཤེས་མཉམ་པ་ཉིད་ཡེ་ཤེས་མཉམ་པ་ཉིད་པས་བསོད་ནམས་མཉམ་པ་ཉིད། བསོད་ནམས་དང་ཡེ་ཤེས་མཉམ་པ་ཉིད་པས་བྱང་ཆུབ་མཉམ་པ་ཉིད། ― DKG058_Page_0197 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱང་ཆུབ་མཉམ་པ་ཉིད་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགས་སོ། ། བྱང་ཆུབ་སེམས་དཔའ་དུས་དཔོག་རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་དབྱེར་མ་མཆིས་པ་ནི་སྒྲུབ་པ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བར་འཚལ་ནས་ཆོས་གང་ཡང་འབྱེད་པར་ཡང་མི་བགྱིད། སྦྱོར་བར་ཡང་མི་བགྱིད་པ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགས་སོ། །བྱང་ཆུབ་སེམས་དཔའ་དོན་ལེགས་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་དོན་ལ་རྟོན་པ་ལགས་ཀྱི་ཚིག་འབྲུ་ལ་མ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དོན་གྱི་རྗེས་སུ་ཞུགས་པའི་བློས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཀུན་ཏུ་འཛིན་པ་དང་སྟོན་པར་བགྱིད་ཀྱང་ཡང་དག་པའི་དོན་བརྗོད་དུ་མ་མཆིས་པ་དེ་ལས་ཀྱང་མི་གཡོ་བ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགས་སོ། །བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་དག་པས་གསོལ་པ། བཅོམ་ལྡན་འདས་ལྷག་པའི་བསམ་པ་ནི་སྒྲུབ་པ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལྷག་པའི་བསམ་པ་ལ་ཞུགས་པ་དེ་ནི་སྐད་དང་ཚིག་དང་བརྗོད་པ་ལྷུར་ལེན་པ་མ་ལགས་ཀྱི་དེ་ནི་ཡང་དག་པའི་སྒྲུབ་པ་ཚོལ་བ་ལགས་ཏེ། ཇི་ལྟར་འགྲོ་བ་དང་འོང་བ་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་ཚོལ་བ་འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགས་སོ། །བྱང་ཆུབ་སེམས་དཔའ་ཤིན་ཏུ་དྲི་མེད་སེམས་པས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། གོས་དྲི་མ་ཅན་བཀྲུ་བར་བགྱིའི་དྲི་མ་མ་མཆིས་པ་ནི་མ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་སེམས་ཡོངས་སུ་མ་དག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པས་ཡོངས་སུ་སྦྱང་བར་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གི་སེམས་དང་ཡིད་ལ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་མི་འཇུག་པ་དེ་དག་པའོ། །དག་པ་གང་ལགས་པ་དེ་སྒྲུབ་པ་ཡང་དག་པ་ལ་ ― DKG058_Page_0198 ―
[མ་དཔེ་གཟིགས་ན་འདིར་གནོན།]
གནས་པ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་འདི་ནི་ཚེགས་ཆུང་ངུས་སྒྲུབ་པ་ཡང་དག་པ་འཕགས་པ་ཐོབ་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དག་ལ་གནས་ཤིང་བདུད་ཀྱི་ལྕགས་ཀྱུ་ལས་མི་འདའ་བ་དེ་དག་ཐམས་ཅད་ནི་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་ལགས་སོ། །གང་དག་བདུད་ཀྱི་ལྕགས་ཀྱུ་ལས་ཤིན་ཏུ་འདའ་བ་དེ་དག་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ལགས་སོ། །བཅོམ་ལྡན་འདས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་བདུད་ཀྱི་ལྕགས་ཀྱུ་ལས་ཤིན་ཏུ་འདའ་བར་འཚལ་བས་དགེ་བའི་བཤེས་གཉེན་རྣམས་ལ་བསྙེན་པར་བགྱི། བསྟེན་པར་བགྱི། བསྙེན་བཀུར་བགྱིའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་ཚེགས་ཆུང་ངུས་སྒྲུབ་པ་ཡང་དག་པར་འཕགས་པ་ཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་བདུད་ཀྱི་ལྕགས་ཀྱུ་རྣམས་ཤེས་སམ། གསོལ་པ། བཅོམ་ལྡན་འདས་བདག་གིས་བདུད་ཀྱི་ལྕགས་ཀྱུ་རྣམས་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་གང་ཐོས་པས་བྱང་ཆུབ་སེམས་དཔའ་རྣམས་ཤིན་ཏུ་འདའ་བར་འགྱུར་ཞིང་བདུད་དང་ཕྱིར་རྒོལ་བ་ཆོམས་ཏེ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་ཁྱོད་བདུད་ཀྱི་ལྕགས་ཀྱུ་བསྟན་པ་ལ་རྩོམ་སྟེ་སྤོབས་པར་གྱིས་ཤིག ། བློ་གྲོས་རྒྱ་མཚོས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། སངས་རྒྱས་ཀྱི་མཐུས་བདག་གིས་བདུད་ཀྱི་ལྕགས་ཀྱུ་བཤད་པར་བགྱིའོ། །བདུད་ཀྱི་ལྕགས་ཀྱུ་རྣམས་གང་ཞེ་ན། བཅོམ་ལྡན་འདས་བདུད་ཀྱི་ལྕགས་ཀྱུ་ནི་བཅུ་གཉིས་པོ་འདི་དག་སྟེ། བཅུ་གཉིས་གང་ཞེ་ན། བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ ― DKG058_Page_0199 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཏུ་ཕྱིན་པ་ལ་སྤྱོད་པ་ནི་མི་ཕངས་པའི་དངོས་པོ་ཡོངས་སུ་བཏང་བའི་སེམས་འཇུག་གི་ཕངས་པའི་དངོས་པོ་ཡོངས་སུ་བཏང་བའི་སེམས་མི་འཇུག་པ་དང་། སེམས་ཅན་གང་དག་དེ་ལ་དགའ་བར་གྱུར་པ་དེ་དག་ལ་ནི་སྦྱིན་པར་བགྱིད་སེམས་ཅན་གང་དག་དགའ་བར་མ་གྱུར་པ་དེ་དག་ལ་ནི་སྦྱིན་པར་མི་བགྱིད་ཅིང་དེས་དངོས་པོ་ཐ་དད་དུ་བགྱིད་སེམས་ཅན་ཐ་དད་དུ་བགྱིད་ན། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་དང་པོའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་ལྡན་ཞིང་དགེ་བའི་ཆོས་ཅན་དུ་གྱུར་ཏེ། སོ་སོར་ཐར་པའི་སྡོམ་པས་བསྡམས། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས། ཁ་ན་མ་ཐོ་བ་ཕྲ་རགས་ལ་ཡང་འཇིགས་པར་ལྟ། འཚོ་བ་ཡོངས་སུ་དག ། བསླབ་པའི་གནས་ཡང་དག་པར་བླངས་པ་རྣམས་ལ་སློབ་སྟེ། དེ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་དང་བྲམ་ཟེ་ལ་བསྙེན་ཅིང་སྟེན་ལ་བསྙེན་བཀུར་བགྱིད་དེ་ཚུལ་ཁྲིམས་འཆལ་པའི་སེམས་ཅན་རྣམས་ལ་ཁྲོ་བ་དང་སྡང་བ་དང་ཞེ་འགྲས་པར་བགྱིད་ཅིང་ཚུལ་ཁྲིམས་དེ་ཉིད་ཀྱིས་བདག་ལ་སྟོད་དེ་གཞན་ལ་སྨོད་ན། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་གཉིས་པའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་བཟོད་པ་སྒྲུབ་སྟེ། ལུས་ཀྱིས་ཀྱང་བཟོད་ངག་གིས་ཀྱང་བཟོད་ན། སེམས་ཀྱིས་གནོད་པ་བགྱིད་དེ། དེ་སེམས་ཅན་སྟོབས་དང་ལྡན་པ་རྣམས་ལ་ནི་བཟོད། སེམས་ཅན་ཉམ་ཆུང་བ་རྣམས་ལ་ནི་མི་བཟོད་པ་སེམས་ཅན་སྟོབས་དང་ལྡན་པ་རྣམས་ལ་ནི་བཟོད་པའི་སྟོབས་ཉེ་བར་སྟོན། སེམས་ཅན་ཉམ་ཆུང་བ་རྣམས་ལ་ནི་གནོད་སེམས་ཀྱི་སེམས་ཀྱི་སྟོབས་ཉེ་བར་སྟོན་ཏེ། དེ་རེ་ཞིག་ནི་བཟོད་རེ་ཞིག་ནི་མི་བཟོད། ཁ་ཅིག་ལ་ནི་བཟོད། ཁ་ཅིག་ལ་ནི་མི་བཟོད་ལ་དེ་གང་གི་ཚེ་བཟོད་པ་དེའི་ཚེ་བཟོད་པས་རྒྱགས་ཏེ་རློམ་སེམས་སུ་བགྱིད། གང་གི་ཚེ་མི་བཟོད་པ་དེའི་ཚེ་ནི་མྱུར་དུ་སོ་སོར་མི་འཆགས་ན། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་ ― DKG058_Page_0200 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཟོད་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་གསུམ་པའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པར་གྱུར་ལ། དེ་བརྩོན་འགྲུས་བརྩམས་པར་གནས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་ཀྱི་ཐེག་པ་ཆེན་པོ་ལ་སེམས་ཅན་ཡོངས་སུ་སྨིན་པར་མི་བགྱིད། ཉན་ཐོས་དང་རང་སངས་རྒྱས་ཀྱི་གཏམ་རྒྱུན་དུ་སྟོན་གྱི་ཐེག་པ་ཆེན་པོའི་གཏམ་འཆབ་པར་བགྱིད། འཇིག་རྟེན་པའི་བགྱི་བ་ལ་ཞལ་ཏ་བགྱིད་པར་བརྩོན་གྱི་འཇིག་རྟེན་ལས་འདས་པའི་ཆོས་ཡོངས་སུ་མི་ཚོལ། དེ་བཞིན་གཤེགས་པ་ལ་མཆོད་པས་དགའ་བ་ཐོབ་སྟེ། འདི་ལྟ་སྟེ། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་པ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པར་བགྱིད་དེ་དེ་ལ་གཞོལ། དེ་ལ་འབབ། དེ་ལ་བབ་པར་གྱུར་ཀྱང་ཐོས་པ་ཡོངས་སུ་བཙལ་བ་དང་། ཐོས་པ་བསྟན་པ་དང་། ཐོས་པ་ལ་སོ་སོར་བརྟག་པ་དང་། ཐོས་པ་སྒྲུབ་པར་བརྩོན་འགྲུས་མི་རྩོམ་ན་བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བཞི་པའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་བསམ་གཏན་བཞི་སྐྱེད། གཟུགས་མ་མཆིས་པའི་སྙོམས་པར་འཇུག་པ་བཞི་སྐྱེད་ཅིང་སྒྲུབ་སྟེ། དེ་དག་ལ་རྒྱུན་དུ་མང་དུ་གནས་པར་གྱུར་ལ། དེ་ཞི་བའི་སྙོམས་པར་འཇུག་པ་དེ་དག་ལ་གནས་ཤིང་། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་ལ་སྨོད། ཆོས་བསྟན་པ་ལ་སྨོད། སེམས་ཅན་དང་འདྲེ་བ་ལ་སྨོད། བསོད་ནམས་ཀྱི་འདུ་བྱེད་རྣམས་ལ་སྨོད་ཅིང་མི་གཡོ་བའི་འདུ་བྱེད་ཀྱི་རོ་མྱོང་བར་བགྱིད་ཅིང་། གཅིག་པུར་དགའ་བས་དགའ་བ་ཐོབ་སྟེ། འབད་པ་ཆུང་ངུར་གནས་པར་གྱུར་ནས། བསམ་གཏན་ལས་ལྡོག་པར་ཡོངས་སུ་མི་ཚོལ་གྱི། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ལ་གསད་པར་འདུ་ཤེས་ཤིང་གཟུགས་མ་མཆིས་པའི་ཁམས་ཀྱི་རོ་མྱོང་བར་བགྱིད་ལ། དེ་ལུས་དམན་པས་གཟུགས་མ་མཆིས་པའི་ཁམས་ ― DKG058_Page_0201 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྣམས་སུ་སྐྱེ་བར་བགྱིད་ཅིང་ལྷ་ཚེ་རིང་པོ་རྣམས་དང་སྐལ་བ་མཉམ་པར་སྐྱེ་སྟེ། དེ་དེར་སྐྱེ་ནས་ཀྱང་གང་སངས་རྒྱས་མང་པོ་དང་། སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་མཉེས་པར་མི་བགྱིད་པ་དེའི་གནས་མཆིས་སོ། །སངས་རྒྱས་མཐོང་བ་དང་། ཆོས་མཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བགྱིད་པ་དང་བྲལ་བར་འགྱུར། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བ་དང་། བསོད་ནམས་ཀྱི་ཚོགས་སོགས་པ་དང་བྲལ་བར་འགྱུར། དེའི་དབང་པོ་རྣམས་བླུན་ཞིང་རྟུལ་བའི་རང་བཞིན་ཅན་དུ་འགྱུར། དེ་ནས་ཤི་འཕོས་ནས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཡང་རྟུལ་བའི་རྒྱུད་ཅན་དུ་འགྱུར་ཞིང་རྨུགས་པ་དང་གཉིད་ཆེ་བར་འགྱུར་བ་འདི་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་བསམ་གཏན་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་ལྔ་པའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་དང་ལྡན་པར་གྱུར་ཏེ་རྐྱེན་ཤིན་ཏུ་མཐོང་བའི་སླད་དུ་རྒྱུ་ཡོངས་སུ་ཤེས་པ་དང་ལྡན་པར་གྱུར། རྒྱུ་མ་མཆིས་པ་དང་རྒྱུ་དང་བྲལ་བ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པར་གྱུར་ཏེ། བསོད་ནམས་ཀྱི་འདུ་བྱེད་རྣམས་ལ་སྨོད་ཐབས་དང་བྲལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་མི་བགྱིད། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་པར་མི་བགྱིད་ལ་དེ་འདི་སྙམ་དུ་སེམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཆོག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཁྱད་པར་དུ་འཕགས་པ་སྟེ། དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་དམན་པའོ་སྙམ་ན་དེའི་དབང་པོ་ཡོངས་སུ་མ་སྨིན་པ་བཏང་སྙོམས་སུ་ལྟུང་བ་སྟེ། བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་མི་སྡུད་ཅིང་སྤྲོས་པ་མ་མཆིས་པ། མངོན་པར་འདུ་བགྱི་བ་མ་མཆིས་པ་དེ་ཉིད་ཀྱི་རོ་མྱོང་བར་བགྱིད་པ་འདི་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཤེས་རབ་དང་རབ་ཏུ་ལྡན་པའི་ ― DKG058_Page_0202 ―
[མ་དཔེ་གཟིགས་ན་འདིར་གནོན།]
བདུད་ཀྱི་ལྕགས་ཀྱུ་སྟེ་དྲུག་པའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་དགོན་པ་པར་གྱུར་ཏེ། བས་མཐའི་གནས་མལ་ལ་མངོན་པར་དགའ་ཞིང་འདོད་པ་ཆུང་ལ་ཆོག་ཤེས་ཏེ། རབ་ཏུ་དབེན་ཅིང་ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་མི་འདྲེ་སྟེ། དེ་དོན་ཉུང་བ་དང་བགྱི་བ་ཉུང་བས་བདེ་བར་གནས་ཏེ་གཡོ་བ་མ་མཆིས་ཀྱང་མང་དུ་ཐོས་པ་ཡོངས་སུ་བཙལ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་དང་། ཆོས་མཉན་པ་ལ་བརྩོན་པར་མི་གནས། ཆོས་ཀྱི་འབེལ་བའི་བཀའ་མཆིད་དང་དོན་རྣམ་པར་ངེས་པའི་བཀའ་མཆིད་བགྱི་བ་ལ་རྒྱུན་དགུམ་པར་སེམས་ཏེ། ཡོངས་སུ་འདྲི་བའི་རང་བཞིན་ཅན་མ་ལགས། དགེ་བའི་ཅི་ཞེས་ཚོལ་བ་ལ་མི་བརྩོན། དེ་དགོན་པ་ལ་གནས་པ་དང་གཅིག་པུར་དགའ་བས་ཉོན་མོངས་པ་རྣམས་ཀུན་ཏུ་མི་རྒྱུ་བ་སྟེ། དེ་ཀུན་ནས་ལྡང་བ་གནོན་པ་ཙམ་གྱིས་དགའ་བ་ཐོབ་ཅིང་བག་ལ་ཉལ་ཡང་དག་པར་གཞོམ་པའི་སླད་དུ་ལམ་སྒོམ་པར་མི་བགྱིད། དེ་དེ་ན་བདག་གི་དོན་དང་གཞན་གྱི་དོན་གྱི་སླད་དུ་བརྩོན་པར་མི་འགྱུར་བ་འདི་དག་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་དགོན་པ་ལ་གནས་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བདུན་པའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་མང་དུ་ཐོས་པར་གྱུར་ཏེ། ཆོས་ཀྱི་གཏམ་ཅན་ནི་ཚིག་མཉན་པར་འོས་པ། ཚིག་གཟུང་བར་འོས་པ། སྙན་པ་སྣ་ཚོགས་ཀྱི་གཏམ་ཅན་དང་སྤོབས་པ་ཕུན་སུམ་ཚོགས་པར་གྱུར་ཀྱང་དེ་ཟང་ཟིང་གི་སླད་དུ་ཆོས་སྟོན་ཏེ། ཟང་ཟིང་མ་མཆིས་པའི་སེམས་ཀྱིས་མ་ལགས། གང་ལས་དེའི་གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་མཆི་བར་འགྱུར་བ་དེ་དག་ལ་ཆོས་སྟོན་གྱི་སེམས་ཅན་གང་དག་དད་པ་དང་ལྡན་ཞིང་དང་བ་མང་བ། ལེགས་པར་བཤད་པའི་དོན་འཚལ་བར་ནུས་ཤིང་སྟོབས་དང་ལྡན་པ་ཟང་ཟིང་གིས་དེ་རྗེས་སུ་འཛིན་པར་མི་བགྱིད་པ་དེ་དག་ལ་ཆོས་མི་སྟོན་པ་དང་། གང་དག་དེ་ལ་འགེད་པར་བགྱིད་པ་ནི་དམན་པ། དམན་པར་གྱུར་པ། གཏི་མུག་གི་རང་བཞིན་ཅན། ཆོས་རྒྱ་ཆེན་པོའི་སྣོད་དུ་མ་གྱུར་པ་ ― DKG058_Page_0203 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་དག་ལ་ཆོས་སྟོན་པ་དང་། དེ་ཟང་ཟིང་གིས་སྦགས་པའི་རྒྱུད་དེས་གང་དག་ཆོས་བསྟན་པར་བགྱི་བ་མ་ལགས་པ། སྣོད་དུ་མ་གྱུར་པ་དེ་དག་ལ་ཆོས་སྟོན་ཅིང་གང་དག་བསྟན་པར་བགྱི་བ་དེ་དག་ལ་མི་སྟོན་པ་འདི་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཆོས་བསྟན་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བརྒྱད་པའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་འཇིག་རྟེན་རྒྱང་པན་པ་ཡོངས་སུ་ཚོལ་ཏེ། དེ་གཞན་དག་ལ་ཟབ་མོའི་བཀའ་མཆིད་རྒྱུན་བཀུམ་ནས་འཇིག་རྟེན་རྒྱང་པན་པའི་བཀའ་མཆིད་སྣ་ཚོགས་སྟོན་ཏེ། དེ་འཇིག་རྟེན་རྒྱང་པན་པའི་བཀའ་མཆིད་སྟོན་པས་འཇིག་རྟེན་དགའ་ཞིང་མངོན་པར་དགའ་བའི་ཚིག་དང་། ལན་གྱི་ཚིག་ལ་མཁས་པས་སེམས་ཅན་རྣམས་དགའ་བར་འགྱུར་ཏེ། དེ་ལ་ལེགས་སོ་ལེགས་སོ་ཞེས་བགྱི་བ་ཡང་སྩོལ་བར་འགྱུར་ལ། དེས་ཀྱང་བྱང་ཆུབ་སེམས་དཔའ་ཡི་རངས་པར་འགྱུར་བ་དང་། ལྷའི་བུ་གང་དག་སྔོན་སངས་རྒྱས་མཐོང་བ། ཆོས་ཟབ་མོ་ལ་མོས་པ། ཆོས་མཉན་པའི་ཕྱིར་དེར་འདུས་པར་གྱུར་པ་དེ་དག་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། ཡི་མ་རངས་ནས་གང་འཇིག་རྟེན་གྱི་དགའ་བས་མངོན་པར་དགའ་བའི་སེམས་ཅན་དེ་དག་ལ་ཟབ་མོའི་གཏམ་གྱི་རྒྱུན་བཅད་དེ་འཇིག་རྟེན་རྒྱང་པན་པའི་གཏམ་སྣ་ཚོགས་སྟོན་པའི་རིགས་ཀྱི་བུ་འདི་ནི་དམ་པའི་ཆོས་ནུབ་པར་བྱེད་པ་ཡིན་གྱི། དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དོན་ཟབ་མོའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་གི། འཇིག་རྟེན་རྒྱང་པན་པའི་གཏམ་སྣ་ཚོགས་ཀྱི་ཕྱིར་མ་ཡིན་ནོ། །ཞེས་མཆི་ཞིང་འཁོར་དེ་ནས་མཆི་བར་འགྱུར་བ་དེ་ལྟ་བུའི་ཚིག་སྨྲའོ། ། བཅོམ་ལྡན་འདས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གང་འཇིག་རྟེན་རྒྱང་པན་པའི་བཀའ་མཆིད་སྣ་ཚོགས་བགྱིད་ཀྱི་ཟབ་མོའི་བཀའ་མཆིད་འཆབ་པ་དེ་ནི་སངས་རྒྱས་འབྱུང་བ་ནུབ་པར་བགྱི་བའི་སླད་དུ་ཞུགས་པ་ལགས་ཏེ། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་བཀའ་མཆིད་ཟབ་མོ་འཆབ་ཅིང་འཇིག་རྟེན་རྒྱང་པན་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་དགུ་པའོ། །བཅོམ་ལྡན་ ― DKG058_Page_0204 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདས་གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལྟར་བཅོས་པ་སྡིག་པའི་གྲོགས་པོ་གང་དག་དེ་ལ་བསྡུ་བའི་དངོས་པོ་རྣམས་ལས་འདུན་པ་ཟློག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་ལས་འདུན་པ་ཟློག་པ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བ་ལས་འདུན་པ་ཟློག་པ་དང་། བསོད་ནམས་ཀྱི་ཚོགས་ལས་འདུན་པ་ཟློག་པ་དང་། རབ་ཏུ་དབེན་པ་ལ་སྦྱོར་བ་དང་། དོན་ཉུང་ཞིང་བགྱིད་པ་ཉུང་བ་ལ་སྦྱོར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་བཀའ་མཆིད་དེ་ལ་རྒྱུན་དུ་མང་དུ་སྟོན་པ་དང་། ཐེག་པ་ཆེན་པོ་དང་ལྡན་པའི་བཀའ་མཆིད་དེ་ལ་མི་སྟོན་པ་དག་ལ་བསྙེན་ཅིང་བསྟེན་ཏེ་བསྙེན་བཀུར་བགྱིད་པ་དང་། གང་གི་ཚེ་བྱང་ཆུབ་སེམས་དཔའ་དབེན་པར་གནས་པས་ཐེག་པ་ཆེན་པོ་ལས་ལྡང་བ་དེའི་ཚེ་བྱང་ཆུབ་སེམས་དཔས་གདོན་མི་ཟ་བར་ཞལ་ཏ་བྱེད་པར་བྱའོ་ཞེས་བྱང་ཆུབ་སེམས་དཔའ་ཞལ་ཏ་བགྱིད་པའི་དྲི་མ་ལ་སྦྱོར་ལ། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཞལ་ཏ་བགྱིད་པའི་དྲི་མ་ལ་སྦྱོར་བ་དེའི་ཚེ། དབེན་པ་ལ་སྦྱོར་ཞིང་མཚན་མ་དང་བཅས་པ་དང་རྒྱུ་དང་བཅས་པའི་བཟོད་པའི་ས་ཉེ་བར་སྟོན་གྱི་བྱང་ཆུབ་སེམས་དཔའི་ལས་ཡང་དག་པ་ཡང་དག་ཕུལ་གང་ལགས་པ་དེ་དག་དེ་ལ་མི་སྟོན་ཏོ། །བྱང་ཆུབ་སེམས་དཔའི་ལས་ཡང་དག་པ་ཡང་དག་ཕུལ་དེ་དག་གང་ལགས་ཞེ་ན། བཅོམ་ལྡན་འདས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ལས་ཡང་དག་པ་ཡང་དག་ཕུལ་ལགས་སོ། །བཅུ་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། དད་པའི་རྩ་བ་ལ་རབ་ཏུ་གནས་ཏེ། དགེ་བའི་བཤེས་གཉེན་རྣམས་ལ་བསྙེན་ཅིང་བསྟེན་ཏེ་བསྙེན་བཀུར་བགྱིད་པ་དང་། མགོ་དང་གོས་ལ་ཞུགས་འབར་བ་བཞིན་དུ་དགེ་བའི་ཆོས་ཅི་ཞེས་ཡོངས་སུ་ཚོལ་བ་དང་། དགེ་བའི་ཆོས་ལ་འདུན་པ་ལ་གནས་ཏེ་ཡང་དག་པའི་བརྩོན་པ་མི་འདོར་བ་དང་། བག་མཆིས་པར་ལས་བགྱིད་པ་ཆུད་མི་གཟོན་པ་དང་། བདག་བདེ་བ་ལ་མི་ཆགས་པར་རྟག་པར་རྒྱུན་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་དང་། ལུས་དང་སྲོག་ལ་མི་ལྟ་བར་དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། མཚན་དང་དཔེ་བྱད་བཟང་པོ་དང་སངས་རྒྱས་ཀྱི་ཞིང་ཡོངས་ ― DKG058_Page_0205 ―
[མ་དཔེ་གཟིགས་ན་འདིར་གནོན།]
སུ་སྦྱང་བའི་སླད་དུ་བསོད་ནམས་ཀྱི་ཚོགས་ཡོངས་སུ་ཚོལ་བས་མི་ངོམས་པ་དང་། གཟུངས་དང་སྤོབས་པ་རབ་ཏུ་ཐོབ་པར་བགྱི་བའི་སླད་དུ་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བ་དང་། སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་སས་མི་གོས་པར་བགྱི་བའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ལས་ཤིན་ཏུ་བཟླ་བའི་སླད་དུ་ཐབས་ལ་མཁས་པ་ཡོངས་སུ་ཚོལ་བ་སྟེ། བཅོམ་ལྡན་འདས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ལས་ཡང་དག་པ་ཡང་དག་ཕུལ་ལགས་ཏེ། གང་དག་ལ་བྱང་ཆུབ་སེམས་དཔས་བསླབ་པར་བགྱི་བ་དེ་དག་དེ་ལ་མི་སྟོན་པ་དང་། དེ་ལ་འདི་སྐད་དུ་བྱང་ཆུབ་ནི་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པའི་ཡིན་གྱི་ལེ་ལོ་ཅན་གྱི་མ་ཡིན་ནོ། །གལ་ཏེ་ཁྱོད་བསྐལ་པ་བརྒྱད་དམ་བཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ན་ཕྱིས་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ་ཞེས་མཆི་ལ། བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་གང་སྒྱིད་ལུག་ནས་འབྲས་བུ་ཐོབ་པར་བགྱིད་པའི་གནས་མཆིས་ན། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལྟར་བཅོས་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བཅུ་པའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ང་རྒྱལ་གྱིས་ཁེངས་ཤིང་ང་རྒྱལ་གྱིས་རེངས་པར་གྱུར་ཏེ། དེ་ང་རྒྱལ་དེས་བླ་མ་རྣམས་དང་། སྦྱིན་གནས་རྣམས་དང་། ཕ་མ་དང་། སློབ་དཔོན་དང་། མཁན་པོ་རྣམས་དང་། དེ་ལས་གཞན་པ་བླ་མ་ལྟ་བུའི་གང་ཟག་རྣམས་ལ་ཀུན་ཏུ་འདུད་པ་དང་། འདུད་པ་དང་། རབ་ཏུ་འདུད་པར་མི་བགྱིད་ཅིང་དེ་ལ་མ་གུས་པར་གྱུར་པ་དང་། གང་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ལ་མཁས་པ། ཁྱད་པར་ཐོབ་པ། གཟུངས་དང་སྤོབས་པ་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའི་བགྱི་བ་ཐམས་ཅད་ཚར་ཕྱིན་པ་དེ་དག་གི་གན་དུ་མི་མཆི། མི་བསྙེན། མི་བསྟེན། བསྙེན་བཀུར་མི་བགྱིད། ཡོངས་སུ་མི་འདྲི། ཡོངས་སུ་འདྲིར་མི་སྩོལ་ཅིང་དེ་ ― DKG058_Page_0206 ―
[མ་དཔེ་གཟིགས་ན་འདིར་གནོན།]
མ་ཐོས་པའི་ཆོས་ཉན་པར་མི་བགྱིད། ཐོས་པའི་ཆོས་རྣམས་ཀྱང་ཡོངས་སུ་དཀར་བར་མི་བགྱིད། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་དག་བདུད་ཀྱི་ལྕགས་ཀྱུས་ཟིན་པ། ཆོས་ངན་པ་ལ་སྤྱོད་པ་དེ་དག་ལ་དགའ་བ་རྙེད་པ་དང་། དེ་དག་ཀྱང་དེ་བཞིན་དུ་དེའི་རྗེས་སུ་འཇུག་པར་གྱུར་པ་དང་། དེ་དམན་པ་ལ་སྟེན་ཅིང་། ཁྱད་པར་དང་བྲལ་བ་འདི་ལྟ་སྟེ་ཞན་པའི་འགྲོ་བ། བླུན་པ། འོན་པ། ལྐུགས་པའི་འགྲོ་བ། འགྲོ་བ་དམན་པ་ཉིད་དུ་མཆི་བར་འགྱུར་རོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་གིས་གྲམ་པའི་ས་ཕྱོགས་སུ་ཤིང་ཙམ་པ་ཀ་བསྐྲུན་ལ་ཆབ་སྩོལ་བར་མི་བགྱིད་ཀྱི། གང་ནས་ཆབ་མཆི་བར་མཐོང་བའི་ཕྱོགས་དེར་ཡང་གོར་མ་དང་གྱོ་མོ་དག་གིས་བཀུམ་ན། བཅོམ་ལྡན་འདས་དེ་ལྟར་ན་ཞུགས་ཤིང་ཙམ་པ་ཀ་ཆབ་དང་བྲལ་བ་དེ་ལ་ཡལ་ག་དང་ལོ་མ་དང་ཡལ་ག་ཕྲེའུ་མ་ཆགས་པ་རྣམས་ཀྱང་ཆགས་པར་མི་འགྱུར། ཡལ་ག་དང་ལོ་མ་དང་ཡལ་ག་ཕྲེའུ་ཆགས་པ་རྣམས་ཀྱང་སྐམས་ཏེ་དོག་ས་ལ་ལྷུང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ཀྱི་སེམས་བསྐྱེད་ལ་ང་རྒྱལ་གྱིས་ཁེངས་ཤིང་ང་རྒྱལ་གྱིས་རེངས་པར་གྱུར་ན། དེ་དགེ་བའི་བཤེས་གཉེན་དང་ཆོས་མཉན་པ་དང་བྲལ་ཏེ། མ་ཐོས་པའི་ཆོས་རྣམས་ཀྱང་མི་ཉན། ཐོས་པའི་ཆོས་རྣམས་ཀྱང་ཡོངས་སུ་དཀར་བར་མི་བགྱིད་དོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། གང་གི་ཚེ་རྒྱ་མཚོ་ཆེན་པོ་མཆིས་པར་གྱུར་པ་དེའི་ཚེ་གཞོལ་བའི་ཕྱོགས་ན་མཆིས་པར་འགྱུར་རོ། །དེ་གཞོལ་བའི་སླད་དུ་ཆུ་ཀླུང་ཐམས་ཅད་དང་ཆབ་མིག་དང་། འབབ་ཆུ་ཐམས་ཅད་ཚེགས་ཆུང་ངུས་དེར་འབབ་བོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ང་རྒྱལ་མ་མཆིས་པ་བླ་མ་དང་། སྦྱིན་གནས་ལ་གུས་པ་ཡང་ཚེགས་ཆུང་ངུས་ཆོས་ཟབ་མོའི་སྒོ་རྣམས་རྣ་བའི་དབང་པོ་ལ་གྲགས་པར་འགྱུར་རོ། །དེ་དྲན་པ་ལ་ཡང་གནས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ང་རྒྱལ་གྱིས་ཁེངས་ང་རྒྱལ་གྱིས་རེངས་པར་གྱུར་ཏེ། བླ་མ་ ― DKG058_Page_0207 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་སྦྱིན་གནས་རྣམས་ལ་ཀུན་ཏུ་མི་འདུད་ཅིང་འདུད་པར་མི་བགྱིད་ལ་རབ་ཏུ་མི་འདུད་ན། བཅོམ་ལྡན་འདས་ཀྱེ་མའོ་བྱང་ཆུབ་སེམས་དཔའ་འདི་ནི་བདུད་ཀྱི་ལྕགས་ཀྱུས་ཟིན་པར་རིག་པར་བགྱི་སྟེ། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་ང་རྒྱལ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བཅུ་གཅིག་པའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་གཟུགས་བཟང་ཞིང་མཛེས་ལ་ཕྱུག་ཅིང་ནོར་ཆེ་བ་དང་། ལོངས་སྤྱོད་ཆེ་བ་ནོར་མང་ལ་མཛོད་དང་བང་བ་མང་པོ་ཕུན་སུམ་ཚོགས་པར་གྱུར་ཏེ་གཟུགས་དང་། ལོངས་སྤྱོད་དང་། རུས་དང་། རིགས་དང་། གཡོག་འཁོར་དང་། བསོད་ནམས་ཀྱི་ཚོགས་ཀྱིས་བརྟན་པར་གྱུར། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་ཞིང་དེ་གཟུགས་དང་། ལོངས་སྤྱོད་དང་། གཡོག་འཁོར་དང་། དབང་ཕྱུག་གི་སྟོབས་ཀྱིས་རྒྱགས་ཤིང་བག་མ་མཆིས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་གང་དག་རབ་ཏུ་བྱུང་བར་གཏོགས་པ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བ་ལ་བརྩོན་པ། གདུགས་དང་བསེར་མས་ཤ་དང་ཁྲག་བསྐམས་པ། རྐེ་བ། ཉམ་ཆུང་བ། ལུས་རྩས་ཡོག་པ། མགོ་དང་གོས་ལ་ཞུགས་འབར་བ་བཞིན་དུ་གདུགས་མཚན་དུ་བརྩོན་འགྲུས་བརྩམས་པ། དགེ་བའི་ཆོས་ཡོངས་སུ་ཚོལ་བ་ལ་རྟག་ཏུ་བརྩོན་པ་དང་ལྡན་པ་དེ་དག་ལ་རྐེ་ཞིང་ཉམ་ཆུང་ལ་མདོག་ངན་ཅིང་མི་སྡུག་པར་རིག་ནས་བརྙས་པར་བྱའོ་སྙམ་དུ་སེམས་ཤིང་། དེ་དག་ལས་ལེགས་པར་བཤད་པ་ཉན་པར་མི་འཚལ་གྱི་དེ་དེ་བས་ཤས་ཆེར་དམན་ཞིང་ཆེས་རྨུགས་པར་འགྱུར་བ་འདི་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་རྒྱགས་པ་དང་བག་མ་མཆིས་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བཅུ་གཉིས་པའོ། །བཅོམ་ལྡན་འདས་བཅུ་གཉིས་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལྕགས་ཀྱུ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ལས་ཤིན་ཏུ་མ་འདས་ན་ཐ་ན་རྗེས་སུ་འཐུན་པའི་བཟོད་པ་ཡང་མི་འཐོབ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ལྟ་སྨོས་ཀྱང་ཅི་ ― DKG058_Page_0208 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཚལ་ཏེ་དེ་ནི་གནས་མ་མཆིས་སོ། །བཅོམ་ལྡན་འདས་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས་བདུད་ཀྱི་ལྕགས་ཀྱུ་འདི་དག་ལས་ཤིན་ཏུ་འདའ་བར་བགྱིའོ།། །།འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ། བམ་པོ་བཅུ་པ་སྟེ་ཐ་མ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལྕགས་ཀྱུ་འདི་དག་ལེགས་པར་བཤད་པ་ལེགས་སོ་ལེགས་སོ། །བློ་གྲོས་རྒྱ་མཚོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བྱང་ཆུབ་སེམས་དཔའ་དག་གང་ལ་གནས་ན་བདུད་ཀྱི་ལྕགས་ཀྱུ་ཐམས་ཅད་ལས་ཤིན་ཏུ་འདའ་བར་འགྱུར་བ་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་ཁྱོད་ལ་བཤད་དོ། །བློ་གྲོས་རྒྱ་མཚོ་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་དེ་དག་གང་ཞེ་ན། བློ་གྲོས་རྒྱ་མཚོ་བཅུ་པོ་འདི་དག་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་པས་སྟོང་པ་ཉིད་ཀྱི་རྣམ་པར་ཞུགས་ཀྱང་བདག་ཉིད་སྐྱབས་བྱེད་པས། སེམས་ཅན་ཐམས་ཅད་ལ་ཆེར་བྱམས་པ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་དང་པོའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་མཚན་མ་མེད་པའི་རང་བཞིན་པས་མཚན་མ་མེད་པའི་རྣམ་པར་ཞུགས་ཀྱང་ཡོངས་སུ་ཐར་བར་བྱེད་པས། སེམས་ཅན་ཐམས་ཅད་ལ་ཆེར་སྙིང་རྗེ་བ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་གཉིས་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་རང་བཞིན་པས་སྨོན་པ་མེད་པའི་རྣམ་པར་ཞུགས་ཀྱང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམས་བཞིན་དུ་སྐྱེ་བ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་གསུམ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་འདོད་ཆགས་དང་བྲལ་བའི་རང་བཞིན་པས་འདོད་ཆགས་དང་བྲལ་བའི་རྣམ་པར་ཞུགས་ཀྱང་འདོད་ཆགས་ ― DKG058_Page_0209 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་སྤྱོད་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་བཞི་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཞེ་སྡང་དང་བྲལ་བའི་རང་བཞིན་པས་ཞེ་སྡང་དང་བྲལ་བའི་རྣམ་པར་ཞུགས་ཀྱང་ཞེ་སྡང་ལ་སྤྱོད་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་ལྔ་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་གཏི་མུག་དང་བྲལ་བའི་རང་བཞིན་པས་གཏི་མུག་དང་བྲལ་བའི་རྣམ་པར་ཞུགས་ཀྱང་གཏི་མུག་ལ་སྤྱོད་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་དྲུག་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པ་མེད་པའི་རང་བཞིན་པས་ཀུན་ནས་ཉོན་མོངས་པ་མེད་པའི་རྣམ་པར་ཞུགས་ཀྱང་ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་བདུན་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྐྱེ་བ་མེད་ཅིང་འབྱུང་བ་མེད་པའི་རང་བཞིན་པས་སྐྱེ་བ་མེད་ཅིང་འབྱུང་བ་མེད་པའི་རྣམ་པར་ཞུགས་ཀྱང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་སྤོང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་བརྒྱད་པའོ། །བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ངང་མཉམ་ཞིང་བྱེ་བྲག་མེད་པའི་རང་བཞིན་པས་ངང་མཉམ་ཞིང་བྱེ་བྲག་མེད་པའི་རྣམ་པར་ཞུགས་ཀྱང་ཐེག་པ་ཆེན་པོའི་བསམ་པ་ཡོངས་སུ་མི་འདོར་བར་སེམས་ཅན་རྣམས་ལ་ཐེག་པ་གསུམ་རྣམ་པར་དགོད་པའི་ཆོས་སྟོན་པ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་དགུ་པའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པ་ལ་ཡང་མི་གནས་ལ། བྱང་ཆུབ་ཀྱི་སེམས་ཀྱང་མི་བརྗེད། རྩོམ་པ་ཐམས་ཅད་དང་ཡང་བྲལ་ལ་སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་རྩོམ་པ་ཡང་མི་འདོར། སྤྱོད་པ་ཐམས་ཅད་ལས་ཀྱང་ཤིན་ཏུ་འདས་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་ཀྱང་མི་ལྡོག་པ་འདི་ནི། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་ ― DKG058_Page_0210 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྒོ་བཅུ་པའོ། །བློ་གྲོས་རྒྱ་མཚོ་བཅུ་པོ་འདི་དག་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་སྟེ་བྱང་ཆུབ་སེམས་དཔའ་དེ་དག་ལ་རབ་ཏུ་སྦྱོར་ན་བདུད་ཀྱི་ལྕགས་ཀྱུ་ཐམས་ཅད་ལས་ཤིན་ཏུ་འདས་པར་འགྱུར་རོ། །བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། བདུད་ཀྱི་གནས་ཐམས་ཅད་མོག་མོག་པོར་གྱུར་ཏེ་རྣམ་པ་དྲུག་ཏུ་གཡོས་སོ། །འདི་ལྟ་སྟེ། དཔེར་ན། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བྱང་ཆུབ་སེམས་དཔའི་མཛོད་སྤུ་ནས་འོད་རབ་ཏུ་བྱུང་བས་བདུད་ཀྱི་གནས་ཐམས་ཅད་མོག་མོག་པོར་གྱུར་པ་དེ་བཞིན་དུ་དེའི་ཚེ་བདུད་ཀྱི་གནས་ཐམས་ཅད་མོག་མོག་པོར་གྱུར་ཏོ། །དེ་ནས་བདུད་སྡིག་ཅན་གྱིས་ལྟས་རྒྱ་ཆེན་པོ་འདི་མཐོང་ནས་རིངས་ཤིང་མྱུར་བར་ལ་གོར་དུ་དཔུང་གི་ཚོགས་ཡན་ལག་བཞི་པ་བསྡུས་ཏེ། བཀོད་པ་ཅི་འདྲ་བས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བྱང་ཆུབ་སེམས་དཔའི་གན་དུ་འགྲོ་བའི་བཀོད་པ་དེ་འདྲ་བའི་དཔག་ཚད་སུམ་ཅུ་རྩ་དྲུག་ཚུན་ཆད་བདུད་ཀྱི་སྡེས་བཀང་ནས་བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་ཁྱམས་ག་ལ་བ་དེར་དོང་བ་དང་། སངས་རྒྱས་ཀྱི་མཐུས་དེར་དེས་བསྒྲིམས་པར་གྱུར་ཏེ། འོངས་ཀྱང་དེ་བཞིན་གཤེགས་པ་དང་། གང་དག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། འཁོར་དེ་ལས་སེམས་ཅན་གང་དག་འདུལ་བར་གྱུར་པ་རྣམས་དང་། གང་དག་སྲིད་པར་ཀུན་ཏུ་སྦྱོར་བ་སྤངས་པའི་དགྲ་བཅོམ་པ་ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་རྣམས་མ་གཏོགས་པར་གང་གིས་ཀྱང་དེ་མ་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་བདུད་སྡིག་ཅན་བཀོད་པ་ཇི་ལྟ་བུ་དང་ལྡན་པས་འོང་བ་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་བདུད་སྡིག་ཅན་འདི་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་བར་ཆད་བྱ་བའི་ཕྱིར་འོངས་ན་འདི་ཅི་ཞིག་བྱ། གསོལ་པ་བཅོམ་ལྡན་འདས་དེང་འདི་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་སུ་འཕང་བར་བགྱིའོ། ། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། བྱང་ ― DKG058_Page_0211 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་ནི་ག་ལ་ཡོད། དེ་ན་ཆོས་སྟོན་པའི་དེ་བཞིན་གཤེགས་པའི་མཚན་ནི་ཅི་ཞིག་བྱ། བློ་གྲོས་རྒྱ་མཚོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་གང་གཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་བདེ་བ་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་རབ་ཏུ་འཇོམས་པ་ཞེས་བྱ་བ་ཆོས་སྟོན་ཏོ། །ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་བདེ་བ་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་ཞེ་ན། བཙུན་པ་ཤ་ར་དྭ་ཏིའི་བུ་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་ན་བདེ་བའི་རྒྱུ་དང་། ཡོན་ཏན་གྱི་རྒྱུ་དང་། བཀོད་པའི་རྒྱུ་བསྐལ་པར་བརྗོད་ཀྱང་ཟད་པར་མི་ནུས་ཏེ། དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་བདེ་བ་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱའོ། །གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་རབ་ཏུ་འཇོམས་པ་དེས་བྱང་ཆུབ་ཐོབ་པ་དེའི་ཚེ། དེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ། ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ལུས་ལས་བདུད་ཀུན་ཏུ་སྐུལ་བ་ཞེས་བྱ་བའི་འོད་ཟེར་བྱུང་ནས་འོད་ཟེར་དེས་བསྐུལ་བས་འཇིག་རྟེན་གྱི་ཁམས་དེ་ན་བདུད་བྱེ་བ་ཕྲག་བརྒྱ་འཁོད་པའི་བདུད་རེ་རེ་ཞིང་ཡང་གཡོག་འཁོར་བྱེ་བ་བརྒྱ་ཕྲག་བཅུ་ཡོད་པ། དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་ལ་བར་ཆད་བྱ་བར་བརྩམས་པ་དང་། བྱང་ཆུབ་སེམས་དཔའ་ལ་བར་ཆད་བྱེད་མ་ནུས་ཏེ། དེ་དག་ངོ་མཚར་དུ་གྱུར་ནས་བཅོམ་ལྡན་འདས་དེའི་ཞབས་གཉིས་ལ་གཏུགས་སོ། །དེས་ཀྱང་ཇི་ལྟ་ཇི་ལྟར་དེ་དག་བསམ་པ་ཐག་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་བདུད་དེ་དག་ལ་ཆོས་བསྟན་ནས་བཅོམ་ལྡན་འདས་དེ་ཕྱིས་བྱང་ཆུབ་ཐོབ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་དེ་བདུད་རབ་ཏུ་འཇོམས་པ་ཞེས་བྱའོ། ། ― DKG058_Page_0212 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་བྱང་ཆུབ་ཐོབ་པའི་མཆོག་གི་ཕྲུགས་དང་། བཟང་པོའི་ཕྲུགས་ཀྱང་བདུད་ལས་བཏུལ་བའི་བྱང་ཆུབ་སེམས་དཔའ་རྣམས་སོ། །རིམ་གྲོ་བ་ཡང་བདུད་ལས་བཏུལ་བའི་བྱང་ཆུབ་སེམས་དཔའ་རྣམས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམས་པ་དེ་ནི་བྱང་ཆུབ་སེམས་དཔའི་གཏམ་འབའ་ཞིག་ཡང་དག་པར་རབ་ཏུ་སྟོན་ཏེ། དེ་ན་ཐེག་པ་གཞན་གྱི་མིང་ཡང་མེད་དོ། །བཙུན་པ་ཤ་ར་དྭ་ཏིའི་བུ་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་ནི་དེ་འདྲ་སྟེ། དེར་འཕངས་ན་ཕྱིས་བདུད་ཀྱི་ལས་བྱེད་པར་མི་འགྱུར་གྱི། བདུད་ལས་བཏུལ་བའི་བྱང་ཆུབ་སེམས་དཔའ་དེ་དག་དང་ལྷན་ཅིག་ཏུ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་བདུད་སྡིག་ཅན་དངངས་སྐྲག་འཇིགས་ཏེ། སྤུ་ཟིང་ཞེས་བྱེད་ནས། འཁོར་དེ་ནས་འགྲོ་བར་འདོད་ན་འགྲོ་མ་ནུས་ཏེ་མི་སྣང་བར་མ་གྱུར་ན། དེ་དེ་བས་ཀྱང་ཆེར་དངངས་ཤིང་སྐྲག་སྟེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འཇིག་རྟེན་གྱི་ཁམས་དེར་འཕང་བར་མི་འགྱུར་བར་བཅོམ་ལྡན་འདས་བདག་ལ་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་བདག་ལ་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་ཅན་མ་འཇིགས་ཤིག ། སྐྱེས་བུ་དམ་པ་འདི་ལྟ་བུ་འདི་དག་ནི་སེམས་ཅན་ལ་རྣམ་པར་འཚེ་བའི་ཕྱིར་གནས་པ་མ་ཡིན་ནོ། །སྡིག་ཅན་ཁྱོད་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་འདི་ལ་བཟོད་པ་གསོལ་ཅིག་དང་། འདི་ཉིད་ཁྱོད་ལ་སྐྱོབ་པར་འགྱུར་རོ། །དེ་ནས་བདུད་སྡིག་ཅན་གྱིས་ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་ཁྱོད་བདག་ལ་བཟོད་པ་མཛད་དུ་གསོལ། བདག་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེར་མི་འཕང་བར་གསོལ། ཇི་ལྟར་གང་ན་སྐྱེས་བུ་དམ་པ་ཁྱོད་ལྟ་བུ་ཆོས་སྟོན་པར་གྱུར་པའི་འཁོར་དེར་བར་ཆད་བགྱི་བའི་སླད་དུ་ལན་འགའ་ཡང་མཆི་བར་མི་འགྱུར་བ་དེ་ལྟར་བགྱིའོ། །བློ་གྲོས་རྒྱ་མཚོས་ ― DKG058_Page_0213 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྨྲས་པ། སྡིག་ཅན་ཁོ་བོ་ལྟ་བུ་དག་ལ་བཟོད་པ་གསོལ་མི་དགོས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་ལ་ཤིན་ཏུ་བཟོད་པ་ཉིད་དོ། །སྡིག་ཅན་ཁྱོད་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེར་སོང་ལ། འཇིག་རྟེན་གྱི་ཁམས་ཀྱི་བཀོད་པ་དེ་དག་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམས་པ་དེ་ལ་ལྟོས་ཤིག་དང་ཁྱོད་ལ་འཚེ་བར་མི་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་ལག་པ་གཡས་པ་གསེར་གྱི་ཁ་དོག་ཅན་བརྐྱང་ནས། བདུད་སྡིག་ཅན་གྱི་སྤྱི་བོར་བཞག་ནས། བདེན་པ་དང་བདེན་པའི་ཚིག་གང་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱི་སེར་སྣ་དང་། སློབ་དཔོན་ཆོས་ཀྱི་དཔེ་མཁྱུད་མེད་པའི་བདེན་པ་དང་བདེན་པའི་ཚིག་དེས་བདག་གིས་རྫུ་འཕྲུལ་གྱི་རྐང་པ་ཅི་འདྲ་བར་བདུད་སྡིག་ཅན་གྱི་ཡང་དེ་དང་འདྲ་བར་གྱུར་ཅིག་ཅེས་དེ་ལྟ་བུའི་བདེན་པའི་བྱིན་གྱི་རླབས་བྱས་སོ། །བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་ཚིག་དེ་སྐད་ཅེས་སྨྲས་མ་ཐག་ཏུ། དེ་ནས་བདུད་སྡིག་ཅན་རྫུ་འཕྲུལ་གྱི་སྟོབས་མཆོག་དང་ལྡན་པར་གྱུར་ཏེ། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་པར་བྱས་ནས་སངས་རྒྱས་ཀྱི་ཞིང་འདི་ནས་མི་སྣང་བར་གྱུར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོའི་བྱིན་གྱི་རླབས་ཀྱིས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེར་གནས་པར་གྱུར་ཏོ། །དེ་ནས་བདུད་སྡིག་ཅན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་རབ་ཏུ་འཇོམས་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་བདུན་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམས་པ་དེའི་སངས་རྒྱས་ཀྱི་ཞིང་དེ་ན་བདུད་ལས་བཏུལ་བའི་བྱང་ཆུབ་སེམས་དཔའ་གང་དག་འཁོད་པ་དེ་དག་གིས་བདུད་སྡིག་ཅན་དེ་མཐོང་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་ ― DKG058_Page_0214 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཇོམས་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་དབང་ཆུང་ཞིང་མདོག་ངན་ལ་མི་སྡུག་པ་འདི་ལྟ་བུ་འདི་གང་ནས་མཆིས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་གང་གཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དོ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་སོ། །འཚོའོ་གཞེས་སོ། །དེ་འདུས་པ་ཆེན་པོའི་ལེའུ་ནི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་སྟོན་ཏོ། །ཡང་དག་པར་རབ་ཏུ་འཆད་དོ། །དེར་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་ཚད་མེད་གྲངས་མེད་ཅིང་བགྲང་བ་ལས་ཤིན་ཏུ་འདས་པ་དག ། ཆོས་ཀྱི་རྣམ་གྲངས་འདི་མཉན་པའི་ཕྱིར་འདུས་སོ། །བྱང་ཆུབ་སེམས་དཔའི་འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ཞེས་བྱ་བ་གོ་ཆ་བསམ་གྱིས་མི་ཁྱབ་པ་བགོས་པ། བཅོམ་ལྡན་འདས་དེ་ལ་ཡོངས་སུ་འདྲི་ཞིང་ཡོངས་སུ་འདྲིར་འཇུག་པ་ཡང་འདུས་པར་གྱུར་ཏོ། །ཆོས་ཀྱི་རྣམ་གྲངས་དེའི་ཐ་མ་བཤད་པའི་ཚེ་བདུད་སྡིག་ཅན་མིག་གིས་མི་རྩོལ་བར་བྱ་བའི་ལས་ཀྱི་ཕྱིར་འོངས་པ་དང་། སྐྱེས་བུ་དམ་པ་དེས་འདུལ་བའི་དབང་ཉེ་བར་བཟུང་སྟེ། བདུད་སྡིག་ཅན་དེ་འཇིག་རྟེན་གྱི་ཁམས་འདིར་འཕངས་སོ། །དེ་ནས་བདུད་ལས་བཏུལ་བའི་བྱང་ཆུབ་སེམས་དཔའ་དེ་དག་གིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཁོ་བོ་ཅག་ཀྱང་ཁྱོད་ཀྱི་གྲོགས་ཡིན་གྱིས། སྡིག་ཅན་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག ། དེ་ཅིའི་ཕྱིར་ཞེ་ན། ཁོ་བོ་ཅག་ཀྱང་བདུད་དུ་གྱུར་ཏེ། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བའི་བར་ཆད་བྱ་བའི་ཕྱིར་ཞུགས་པ་ལས། ཁོ་བོ་ཅག་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ལྟ་བས་ན་སྡིག་ཅན་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག ། དེ་ནས་བདུད་སྡིག་ཅན་གྱིས་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་ ― DKG058_Page_0215 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཚིག་འདི་སྐད་ཅེས་བདག་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཕྱིན་ཆད་བདུད་ཀྱི་ལས་མི་བྱའོ་ཞེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་བདུད་སྡིག་ཅན་རིན་པོ་ཆེ་བཀོད་པའི་སེང་གེའི་ཁྲི་ལ་བཞག་སྟེ། དེ་ན་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་ཀྱི་གཏམ་རྒྱུད་ཅི་འདྲ་བ་ལ་རིགས་ཀྱི་བུ་ཁྱོད་སྤོབས་པར་གྱིས་ཤིག་ཅེས་གསོལ་བ་བཏབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་གང་བདུད་སྡིག་ཅན་སེང་གེའི་ཁྲི་ལ་འདུག་པའི་ཁའི་སྒོ་དང་། བ་སྤུའི་ཁུང་ཐམས་ཅད་ནས་ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འདུས་པ་ཆེན་པོའི་ལེའུ་རབ་ཏུ་བཤད་པ་ལྟ་བུའི་གཏམ་བྱུང་སྟེ། ཡི་གེ་དེ་དག་དང་། ཚིག་དང་། ཡི་གེའི་འབྲུ་དེ་དག་དང་མཉམ་ཞིང་མི་ཉུང་མི་མང་མ་ལྷག་པར་འགྱུར་བ་དེ་ལྟ་བུའི་བྱིན་གྱི་རླབས་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་བདུད་སྡིག་ཅན་དེ་ལས་འདུས་པ་ཆེན་པོའི་ལེའུའི་གཏམ་ཐོས་ནས། ངོ་མཚར་དུ་གྱུར་ཏེ་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་འཇིག་རྟེན་གྱི་ཁམས་མི་མཇེད་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་དེ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་བལྟ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམས་པས་མཛོད་སྤུ་ནས། གཟུགས་ཐམས་ཅད་སྟོན་པ་ཞེས་བྱ་བའི་འོད་ཟེར་ཕྱུང་སྟེ། འོད་ཟེར་ཕྱུང་བ་དེས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་དེ་དག་ལས་འདས་ཏེ་འཇིག་རྟེན་གྱི་ཁམས་མི་མཇེད་འདི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེར་བྱང་ཆུབ་སེམས་དཔའ་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ན་བསྐལ་པ་བརྒྱར་ཡང་བསྔགས་པའི་མཐར་མི་ཕྱིན་པའི་སེང་གེའི་ཁྲི་ཆེན་པོ་ལ་བཞུགས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་ ― DKG058_Page_0216 ―
[མ་དཔེ་གཟིགས་ན་འདིར་གནོན།]
དཔའ་རྣམས་ལ་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ཡང་མཐོང་ངོ་། །འཇིག་རྟེན་གྱི་ཁམས་མི་མཇེད་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་གཅིག་ལྟ་བུར་གནས་པ་འདི་ཡང་མཐོང་ངོ་། །དེ་ནས་སྒྲིབ་པ་ཅི་ཡང་མེད་པར་མཐོང་ངོ་། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་རྒྱང་གྲགས་ཀྱི་ཚད་ཙམ་གྱི་རིན་པོ་ཆེའི་པད་མ་དག་ལ་འཁོད་ཅིང་ཆོས་ཉན་པ་དེ་དག་ཀྱང་མཐོང་ངོ་། །མཐོང་ནས་ཀྱང་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བ་དེ་ལོགས་སུ་མེ་ཏོག་གཏོར་ཏོ། །གཏོར་མ་ཐག་ཏུ་སངས་རྒྱས་ཀྱི་མཐུས་འོངས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱི་གཙུག་གི་མཚམས་སུ་མེ་ཏོག་གི་གདུགས་ཆེན་པོར་གྱུར་ཏོ། །དེར་ཐམས་ཅད་དང་ལྡན་པའི་འཁོར་དེས་མེ་ཏོག་གི་གདུགས་དེ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་མེ་ཏོག་གི་གདུགས་འདི་ལྟ་བུར་གྱུར་པའི་མེ་ཏོག་འདི་དག་གང་ནས་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་མེ་ཏོག་འདི་དག་ནི་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་ནས་འོངས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གིས་ང་ལ་མཆོད་པའི་ལས་ཀྱི་ཕྱིར་གཏོར་ཏོ། །གསོལ་པ་བཅོམ་ལྡན་འདས་བདག་ཅག་གིས་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམས་པ་དེ་དང་། བདུད་སྡིག་ཅན་འཇིག་རྟེན་གྱི་ཁམས་དེ་ན་ཅི་བགྱིད་པ་བལྟ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེས་གསོལ་བ་བཏབ་པ་མཁྱེན་ནས། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམས་པ་དེ་དང་། བདུད་སྡིག་ཅན་དེ་འཁོར་ ― DKG058_Page_0217 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདི་ལ་སྟོན་ཅིག ། དེ་ནས་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་སོར་མོ་བཅུ་ལས་འོད་ཟེར་སྟོང་ཕྲག་བཅུ་ཕྱུང་ནས། འོད་ཟེར་དེ་དག་གིས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་པོ་དེ་དག་ལས་འདས་ནས་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེར་ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམས་པ་དེ་དང་། བདུད་སྡིག་ཅན་ཆོས་ཀྱི་ཁྲི་ཆེན་པོ་ལ་འདུག་སྟེ་འདུས་པ་ཆེན་པོའི་ལེའུའི་གཏམ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ཡང་མཐོང་ངོ་། །མཐོང་ནས་ཀྱང་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ནས་རང་རང་གི་པད་མའི་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམས་པ་དེ་ལ་ཕྱག་འཚལ་ནས། དེ་དག་གིས་མུ་ཏིག་དང་། མེ་ཏོག་གིས་གཏོར་ཏོ། །གཏོར་མ་ཐག་ཏུ་སངས་རྒྱས་ཀྱི་མཐུས་འོངས་ནས་བཅོམ་ལྡན་འདས་ཀྱི་སྤྱི་གཙུག་གི་མཚམས་སུ་མེ་ཏོག་གི་ཁང་པ་བརྩེགས་པ་ཆེན་པོར་གནས་པར་ཀུན་ཏུ་སྣང་ངོ་། །དེ་ནས་བདུད་སྡིག་ཅན་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམས་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གན་དུ་མཆིའོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་དུས་ལ་དབབ་པར་ཤེས་ན་ཁྱོད་སོང་ཤིག ། དེ་ནས་བདུད་སྡིག་ཅན་གྱིས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་བདུན་བསྐོར་བ་བྱས་ནས་སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ཏེ། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོའི་བྱིན་གྱི་རླབས་དང་། རྫུ་འཕྲུལ་གྱིས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་གནས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་ ― DKG058_Page_0218 ―
[མ་དཔེ་གཟིགས་ན་འདིར་གནོན།]
བདུན་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་ཁྱོད་ཀྱིས་འཇིག་རྟེན་གྱི་ཁམས་བདེ་བ་ཐམས་ཅད་ཀྱིས་བརྒྱན་པ་དེ་མཐོང་ངམ། སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་བདག་གིས་འཇིག་རྟེན་གྱི་ཁམས་ཇི་ཙམ་དུ་ཡོངས་སུ་དག་པ་དེ་མཐོང་སྟེ། ཇི་ལྟར་དག་ཅིང་དྲི་མ་མེད་པའི་སེམས་ཅན་མཆོག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་དེ་ངོ་མཚར་ཏོ། །བདག་གིས་དེ་མཐོང་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སྨྲས་པ། གྲོགས་པོ་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཁྱོད་ཀྱང་བདུད་ཀྱི་ལས་ལྟ་བྱེད་དམ། སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ལྷག་པའི་བསམ་པ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གང་གིས་ཀྱང་བདུད་ཀྱི་ལས་བྱེད་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷག་པའི་བསམ་པ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཇི་ལྟ་ཇི་ལྟར་བདུད་ཀྱི་ལས་བྱེད་པ་དེ་ལྟ་དེ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཆེས་སྟོབས་དང་ལྡན་ཞིང་བརྩོན་འགྲུས་རྩོམ་མོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་བདུད་ཀྱི་ལས་བྱེད་པ་དེ་ཉིད། སངས་རྒྱས་ཀྱི་ཕྲིན་ལས་སུ་བརྗོད་ཀྱི་བདུད་ཀྱི་ལས་ནི་མ་ཡིན་པ་དེ་ལྟར་རིག་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཀུན་ཏུ་བསྟན་པ་དང་། བདུད་ཀྱི་ཆོ་འཕྲུལ་བསྟན་པ་འདི་བཤད་པ་ན་འཁོར་དེ་ལས་སྲོག་ཆགས་ཉི་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བདུད་ཀྱི་འཁོར་དེ་ལས་ཀྱང་བདུད་ཀྱི་བུ་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་མགྲིན་གཅིག་ཏུ་བཅོམ་ལྡན་འདས་བདག་ཅག་འཇིག་རྟེན་གྱི་ཁམས་བདེ་བ་ཐམས་ཅད་ཀྱིས་བརྒྱན་པ་དེར་སྐྱེ་བར་གྱུར་ཅིག་ཅེས་ཚིག་དེ་སྐད་ཅེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་ལུང་བསྟན་ཏོ། །སངས་རྒྱས་ཀྱི་ཞིང་ཀུན་དུ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། བཅུ་གཉིས་པ། བྱིན་རླབས་ཀྱི་ལེའུ།― DKG058_Page_0219 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་འདི་ནི་བར་ཆད་མང་བ་ཕྱིར་རྒོལ་བ་མང་བ་ལགས་ན། གང་འདི་ལྟ་བུའི་མདོ་སྡེ་འདི་དག་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ནུབ་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བ་དང་། གང་དག་འཛིན་པ་དང་ཀློག་པ་དང་། སྟོན་པ་དེ་དག་ལ་ཡང་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་བ་དང་། དམ་པའི་ཆོས་ཡུན་རིང་དུ་གནས་པ་དང་མདོ་སྡེ་འདི་ལྟ་བུ་འདི་དག་ཀྱང་ཀུན་ཏུ་བསྲུང་བ་དང་སྦ་བ་དང་། ཡོངས་སུ་གཟུང་བའི་སླད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ལེགས་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་རྒྱ་མཚོ་སེམས་ཅན་གང་དག་མདོ་སྡེ་འདི་ལྟ་བུ་འདི་དག་འཛིན་པ་དང་། སྟོན་པར་འགྱུར་ཞིང་འདོད་པ་བརྩོན་འགྲུས་བརྩམས་པ། དགེ་བའི་རྩ་བ་བསྐྱེད་པ་དེ་དག་འདུལ་བའི་དབང་ཉེ་བར་གཟུང་སྟེ་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་ཟིན་ཏོ། །བློ་གྲོས་རྒྱ་མཚོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཚིག་གང་དག་གིས་རྒྱལ་པོ་ཆེན་པོ་བཞི་དག་བཀུག་ནས་ཆོས་ཀྱི་རྣམ་གྲངས་འདི་ཀུན་ཏུ་བསྲུང་བ་དང་། ཆོས་སྨྲ་བ་དེ་དག་ཀྱང་ཡོངས་སུ་གཟུང་བའི་ཕྱིར་ནན་ཏན་བྱེད་པར་འགྱུར་བའི་རྒྱལ་པོ་ཆེན་པོ་བཞི་དགུག་པའི་ཚིག་རྣམས་བརྗོད་པར་བྱའོ། །བློ་གྲོས་རྒྱ་མཚོ་དགུག་པའི་ཚིག་དེ་དག་གང་ཞེ་ན། འདི་ལྟ་སྟེ། ས་མེ་ས་མ་སན་དྷི། ས་ར་ནེ། ས་ར་པ་ཏི། དྷ་ནེ། དྷ་ན་བ་ཏི། དྷུ་དྷུ་མེ། དྷུ་དྷུ་མ་ཏི། ཨཱ་བརྟེ། ཨ་མ་ལེ། བི་མ་ལེ། བི་ར་ཛེ། ཀ་ཀ་རེ། ཀཱ་རུ་ཎེ། ཧུ་ཧུ། ཧུ་ཧུ་བ་ཏི། ཧུ་ཧུ་སན་དྷི། ནིརྒྷ་ཏ་ནི། ཨ་བཊྚེ། བཱི་བཊྚེ། མ་དྷུ་མ་ཏི་མ་ར་ཛི་ཏེ། བི་ཤུ། བི་ཤུདྷ་བ་ཏི། མི་སི་ལེ། མ་ནོ་ར་ཧ་རེ། བློ་གྲོས་རྒྱ་མཚོ་འདི་དག་ནི་དགུག་པའི་ཚིག་རྣམས་ཡིན་ཏེ། ཚིག་དེ་དག་གིས་རྒྱལ་པོ་ཆེན་པོ་བཞི་བཀུག་ནས་ཆོས་ཀྱི་ ― DKG058_Page_0220 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྣམ་གྲངས་འདི་ཀུན་ཏུ་བསྲུང་བ་དང་། ཆོས་སྨྲ་བ་དེ་ཡང་ཡོངས་སུ་གཟུང་བའི་ཕྱིར་ནན་ཏན་བྱེད་པར་འགྱུར་རོ། །སྔགས་ཀྱི་ཚིག་འདི་རྣམས་ཆོས་སྨྲ་བ་དེས་ལེགས་པར་ཁ་དོན་དུ་བྱས་ཏེ། ཕྱོགས་བཞིར་བྱམས་པས་ཁྱབ་པར་བྱས་ལ་རྒྱལ་པོ་ཆེན་པོ་བཞི་བསམས་ན། སྔགས་ཀྱི་ཚིག་འདི་དག་གིས་རྒྱལ་པོ་ཆེན་པོ་བཞི་བཀུག་ནས་འོང་བར་འགྱུར་རོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེ་དག་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་པོ་ཆེན་པོ་བཞི་པོ་བདག་ཅག་ལྷན་ཅིག་ཏུ་འཐུན་པར་གང་ན་ཡང་དག་པ་དང་ལྡན་པའི་རྒྱུད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་འཆད་པར་འགྱུར་བ་དེར། ཆོས་ཀྱི་རྣམ་གྲངས་འདི་ཡང་ཀུན་ཏུ་སྲུང་བ་དང་ཆོས་སྨྲ་བ་དེ་ཡང་ཡོངས་སུ་གཟུང་བ་དང་། ཅི་ནས་གང་གིས་ཀྱང་མ་བསྒྲིབས་པའམ་གནོད་པར་བགྱིད་པར་མི་འགྱུར་བར་བགྱི་བའི་སླད་དུ་མཆི་བར་བགྱིའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་ལྷའི་དབང་པོ་བརྒྱ་བྱིན་དགུག་པའི་ཚིག་བརྗོད་པར་བྱ་སྟེ། ཚིག་དེ་དག་གིས་ལྷའི་དབང་པོ་བརྒྱ་བྱིན་དགུག་པར་འགྱུར་རོ། །ལྷའི་དབང་པོ་བརྒྱ་བྱིན་དགུག་པར་འགྱུར་བའི་ཚིག་དེ་དག་གང་ཞེ་ན། འདི་ལྟ་སྟེ། ཛ་ཡེ། ཛ་ཡ་མ་ཏི། ཨཊྚེ་མཊྚེ་མྃ་ཀུ་རེ། སིདྡྷ་མ་ཏི། ཤུ་བྷེ་ཤཱནྟི་ཀ་རེ། ན་ད་ནེ། དཱནྟེ། དཱནྟ་མ་ཏི། ཏདྐ་རེ། ཀྵ་ཡེ། ཀྵ་ཡ་མུ་ཁེ། ཨ་བཊྚ་ནི་བི་བཊྚ་ནི་པ་རི་བཊྚ་ནི། པ་རི་ཙྪེ་དེ། ཏི་ཏི་སནྡྷི། ཨཱ་ག་ཙྪ་ཀཽ་ཤི་ཀ ། ནིརྫི་ཏཱ། ཨ་སུ་ར། ཛ་ཡནྟི་དེ་བ། ས་མ་ཡ་སྟེ། ཨ་ར་བ་དྷོ། དྷརྨ་ནིརྫི་ཏོ། །ར་མ་ཧི། སྭཱ་སྟི་ཡ་ནཱ་མ་བྷུ་ཏཱ་ནཱཾ། ཨ་རཀྵ་དྷརྨ་ཙཱ་རི་ཎཱཾ། བློ་གྲོས་རྒྱ་མཚོ་འདི་དག་ནི་ལྷའི་དབང་པོ་བརྒྱ་བྱིན་དགུག་པའི་ཚིག་སྟེ་དེ་དག་གིས་ལྷའི་དབང་པོ་བརྒྱ་བྱིན་དགུག་པར་འགྱུར་རོ། །དེར་ཆོས་སྨྲ་བ་དེས་སྔགས་ཀྱི་ཚིག་འདི་དག་ལེགས་པར་ཁ་ཏོན་དུ་བྱས་ལ་གཙང་བ་དང་། གཙང་སྦྲའི་ཆོ་གས་ཁྲུས་ལེགས་པར་བྱས་ཏེ། གོས་བཟང་པོ་བགོས་ལ། ཤར་ཕྱོགས་སུ་མེ་ཏོག་གཏོར་ཏེ། སངས་རྒྱས་ཐམས་ཅད་བསམ་པའི་དྲན་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་ ― DKG058_Page_0221 ―
[མ་དཔེ་གཟིགས་ན་འདིར་གནོན།]
པོ་དང་རབ་ཏུ་ལྡན་པས་སེང་གེའི་ཁྲི་ལ་འདུག་སྟེ་ལྷའི་དབང་པོ་བརྒྱ་བྱིན་བསམས་ལ། ཀཽ་ཤི་ཀ་འཁོར་ལེགས་པར་ཡོངས་སུ་གཞག་པའི་ཕྱིར་ཚུར་ཤོག ། སྔགས་ཀྱི་གྲུབ་པ་མངོན་སུམ་དུ་གྱིས་ཤིག་ཅེས་བརྗོད་ན། དེའི་བསམ་པ་ཤིན་ཏུ་རྣམ་པར་དག་ཅིང་ཡོངས་སུ་དག་ལ་ཚུལ་ཁྲིམས་ཡོངས་སུ་དག་པས་བསམས་མ་ཐག་ཏུ་ལྷའི་དབང་པོ་བརྒྱ་བྱིན་འོངས་ནས་འཁོར་ཡོངས་སུ་འཇོག་པར་འགྱུར། སྔགས་ཀྱི་གྲུབ་པ་ཡང་ཉེ་བར་བསྒྲུབ་པར་འགྱུར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ཡོངས་སུ་གཟུང་བ་དང་། ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ་བདག་ཆོས་སྨྲ་བ་དེའི་དྲུང་དུ་མཆི་བར་བགྱི། དེའི་འཁོར་ཀྱང་ཡོངས་སུ་གཞག་པར་བགྱི། སྔགས་ཀྱིས་གྲུབ་པ་ཡང་ཉེ་བར་བསྒྲུབ་པར་བགྱིའོ། །བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ལས་བསྟན་པའི་སླད་དུའོ། །བཅོམ་ལྡན་འདས་བདག་གིས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ལ་གུས་པར་བགྱིས་ཏེ། ཆོས་ཀྱི་རྣམ་གྲངས་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཀཽ་ཤི་ཀ་ཁྱོད་ཀྱིས་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་སེང་གེའི་སྒྲ་བསྒྲགས་པ་ལེགས་སོ་ལེགས་སོ། །དེ་ལྟ་བུ་ནི་ཁྱོད་ཀྱི་བྱ་བའོ། །ལྷའི་དབང་པོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བསམས་ན་ལྷ་རྣམས་ནི་རྒྱལ་ཞིང་ལྷ་མ་ཡིན་རྣམས་ནི་ཕམ་པར་འགྱུར་བར་ཤེས་པར་བྱའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཚར་གཅད་པའི་སྔགས་ཀྱི་ཚིག་འདི་རྣམས་ ― DKG058_Page_0222 ―
[མ་དཔེ་གཟིགས་ན་འདིར་གནོན།]
བརྗོད་པར་བྱ་སྟེ། སྔགས་ཀྱི་ཚིག་དེ་དག་གིས་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཚར་གཅོད་པར་འགྱུར་རོ། །སྔགས་ཀྱི་ཚིག་དེ་དག་གང་ཞེ་ན། འདི་ལྟ་སྟེ། ཤ་མེ། ཤ་མ་བ་ཏི། ཤ་མི་ཏ་ཤ་ཏྲུ། ཨྃ་ཀུ་རེ། ་ཀུ་རེ། མཱ་ར་ཛི་ཏེ། ཀ་རཱ་ཊེ། ཀེ་ཡཱུ་རེ། ཏེ་ཛོ་བ་ཏི། ཨོ་ཧོ་ཀ་མ་ཏི། བི་ཤ་ཋ། ནིརྨ་ལེ། མ་ལཱ་པ་ན་ཡེ། ཨོ་ཁ་རེ། ཨོ་ཁ་རཱ། གྲ་སེ། ཁ་ཡཱ་གྲ་སེ། གྲ་ས་ཏེ། ཧེ་མུ་ཁཱི། པ་རཱ་མུ་ཁི། ཨ་མུ་ཁཱི། ཤ་མི་ཏཱ་ནི། སརྦ་གྲ་ཧ་བནྡྷ་ནཱ་ནི། ནི་གྲཱི་ཧི་ཏྭཱ། སརྦ་པ་ར་པྲ་བཱ་དི་ན། བི་མུཀྟཱ་མཱ་ར་པཱ་ཤཱ། སྠཱ་པི་ཏཱ་བུདྡྷ་མུ་དྲཱ། ས་མུངྒྷ་ཏི་ཏཱཿ། སརྦ་མཱ་རཱ། སུ་ཙ་རི་ཏ་པ་ད་པ་རི་ཤུ། གཙྪནྟུ་སརྦ་མཱ་ར་ཀརྨ་ཎི། བློ་གྲོས་རྒྱ་མཚོ་འདི་དག་ནི་བདུད་ཚར་གཅད་པའི་ཚིག ། ཉོན་མོངས་པ་བསལ་བའི་ཚིག་སྟེ། དེ་དག་ཆོས་སྨྲ་བ་དེས་ལེགས་པར་ཁ་ཏོན་དུ་བྱས་ལ་ཆོས་ཀྱི་ཁྲི་ལ་འདུག་སྟེ། བྱང་ཆུབ་ཀྱི་རྣམ་པས་མངོན་པར་བསྒྲུབས་པའི་བྱམས་པས་འཁོར་ཐམས་ཅད་ལ་ཁྱབ་པར་བྱས་ལ། བདག་ལ་སྨན་པར་འདུ་ཤེས་བསྐྱེད་དེ། ཆོས་ལ་སྨན་གྱི་འདུ་ཤེས་དང་། ཆོས་ཉན་པ་ལ་ནད་པའི་འདུ་ཤེས་དང་། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས་དང་། ཆོས་ཀྱི་ཚུལ་ལ་ཡུན་རིང་དུ་གནས་པའི་འདུ་ཤེས་བསྐྱེད་ལ། སྔགས་ཀྱི་ཚིག་འདི་དག་མངོན་དུ་བྱས་ཏེ། ཆོས་ཀྱི་གཏམ་བྱེད་ན། དེའི་ཁོར་ཡུག་དཔག་ཚད་བརྒྱ་ཚུན་ཆད་དུ་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་མིག་གིས་མི་རྩོལ་བར་བྱ་བའི་ལས་ཀྱི་ཕྱིར་འོང་བར་མི་འགྱུར་རོ། །གང་དག་འོང་བ་དེ་དག་ཀྱང་བར་ཆད་བྱེད་པར་མི་ནུས་སོ། །དེ་ནས་བཅོམ་ལྡན་འདས་ལ་བདུད་སྡིག་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་བདག་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འཇིག་རྟེན་གྱི་ཁམས། བདེ་བ་ཐམས་ཅད་ཀྱིས་བརྒྱན་པར་འཕངས་པ་སྐྱེས་བུ་དམ་པ་དེ་དག་གིས་བྱིན་གྱི་རླབས་དང་། རྫུ་འཕྲུལ་དང་། ཆོ་འཕྲུལ་འདི་བདག་ལ་མངོན་སུམ་དུ་གྱུར་ཏོ། །བཅོམ་ལྡན་འདས་བདག་ ― DKG058_Page_0223 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེང་སླན་ཆད་བདུད་ཀྱི་སུག་ལས་ཐམས་ཅད་འདོར་རོ། །གང་དག་ན་ཆོས་ཀྱི་རྣམ་གྲངས་འདི་སྟོན་པ་དང་། ཡང་དག་པར་རབ་ཏུ་སྟོན་པར་འགྱུར་བའི་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། གཙུག་ལག་ཁང་དེར་ཆོས་མཉན་པའི་སླད་དུ་བདག་ང་རྒྱལ་མ་མཆིས་པ་དང་། གུས་པ་དང་བཅས་ཤིང་ཞེ་ས་དང་བཅས་པས་མཆིས་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་ཅན་ལེགས་སོ་ལེགས་སོ། །ཁྱོད་ཆོས་ལ་གུས་པའི་རྣམ་པར་སྨིན་པ་འདིས་རིམ་གྱིས་བདུད་ཀྱི་ལས་ཐམས་ཅད་ལས་ཤིན་ཏུ་འདས་ཏེ། གང་སྐྱེས་བུ་དམ་པ་དེ་དག་གིས་ཐོབ་པའི་ཆོས་དེ་དག་རྗེས་སུ་འཐོབ་པར་འགྱུར་རོ། །བློ་གྲོས་རྒྱ་མཚོ་གཞན་ཡང་མི་མཇེད་ཀྱི་བདག་པོ་ཚངས་པ་དགུག་པའི་སྔགས་ཀྱི་ཚིག་རྣམས་བརྗོད་པར་བྱ་སྟེ། དགུག་པའི་སྔགས་ཀྱི་ཚིག་དེ་དག་གིས་ཚངས་པ་བཀུག་ནས་ཆོས་སྨྲ་བའི་གན་དུ་འོང་བར་འགྱུར་རོ། །སྔགས་ཀྱི་ཚིག་དེ་དག་གང་ཞེ་ན། འདི་ལྟ་སྟེ། མཻ་ཏྲེ་ཀ་རེ། ཀ་རུ་ཎ་ཀ་རེ། མུ་དི་ཏ་ཀ་རེ། ཨུ་པེ་ཀྵ་ཀ་རེ། བུདྡྷ་ཀ་རེ། དྷརྨ་ཀ་རེ། སཾ་གྷ་ཀ་རེ། སུ་ཀྲཱི་ཏ་བི་ཛ་ཡེ། མ་ཧཱ་བི་ཏཱ་ནེ། ནི་སྥ་རེ། དཱ་གྷེ། ཨོ་ཛོ་བ་ཏི། ཨོ་ཛོ་ག་མེ། དྷརྨཱ་ན། ན་ད་ནེ། ས་ཏྱ་པྲ་ཏིཥྛཱ་ནེ། ཨུ་པ་པ་ཏི། བི་ཤུ་། སྭ་ཙིཏྟ་ཨུ་པ་ཤ་མེ། བྱ་བ་ལོ་ཀ་ཡ་བྲ་ཤྤུ་ཎ། བྱུ་ཏིཥྛ་ན་མ་སྟེ། ཨ་བེ་ཀྵ། སྭ་དྷརྨ་ཙ་ར་། ཀུ་རུ་སདྡྷརྨ་པ་རི་གྲཱ་ཧ་ཎ། ཀྲི་ཏ་མ་ནུ་བཱ་ལ་ཡ། བུདྡྷ་ནེ། ཏྲཱི་མ་མ་བྱ་བ་ཙྪེ། བ་སི། སྨ་ར་ཏ། དྷརྨ་ཙཀྲ་པྲ་བ་། ཀུ་རུ་ས་ཏྭ་བི་ཤོ་དྷ་། པྲ་ཏི་གྲཱི་ཧཱ་ན། དྷརྨཱ་ནཱ་ག་ར་མཱ་ལཱ་། བུདྡྷ་ཨ་དྷིཥྛཱ་། མཱ་བི་ཀ་ཨུ་པ་ཡ། བློ་གྲོས་རྒྱ་མཚོ་མི་མཇེད་ཀྱི་བདག་པོ་ཚངས་པ་དགུག་པའི་ཚིག་འདི་དག་ཆོས་སྨྲ་བ་དེས་ལེགས་པར་ཁ་ཏོན་དུ་བྱས་ལ་ཚངས་པའི་ལམ་ལ་ཤིན་ཏུ་གནས་ཏེ། ཞེ་འགྲས་པ་མེད་པའི། སེམས་ཀྱི་རྒྱུད་དང་། དབང་པོ་ཤིན་ཏུ་སྦས་པ་དང་། ཤིན་ཏུ་བསྲུངས་པའི་དྲན་པ་དང་། ཤིན་ཏུ་དཀར་ ― DKG058_Page_0224 ―
[མ་དཔེ་གཟིགས་ན་འདིར་གནོན།]
བའི་ཕྱག་རྒྱ་དང་། ཤིན་ཏུ་ཡོངས་སུ་དག་པའི་ལུས་ཀྱི་ལས་དང་། ཤིན་ཏུ་དབེན་པས་ཟིན་པའི་ངག་གི་ལས་དང་། ཤིན་ཏུ་བརྟན་པའི་བློ་དང་། ལེགས་པར་བྱས་པའི་བཟོད་པའི་ལས་དང་། ཤིན་ཏུ་ཡོངས་སུ་སྦྱངས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ལེགས་པར་བརྩམས་པའི་བརྩོན་འགྲུས་ཀྱི་སྟོབས་དང་། ཤིན་ཏུ་བསྟེན་པའི་མང་དུ་ཐོས་པ་དང་། ཤིན་ཏུ་ཡོངས་སུ་བསྒོམས་པའི་སེམས་ལས་སུ་རུང་བ་དང་། ཤིན་ཏུ་རྣོ་བའི་ཤེས་རབ་ཀྱི་དབང་པོ་དང་། ཤིན་ཏུ་བརྩོན་པའི་ཡང་དག་པའི་སྦྱོར་བ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་ལེགས་པར་ཟིན་པ་དང་། ཤིན་ཏུ་ཡོངས་སུ་བསྒོམས་པའི་བྱམས་པ་དང་། ཤིན་ཏུ་བརྟན་པའི་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཡང་དག་པར་སྐྱེད་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཤིན་ཏུ་ཡོངས་སུ་དགྲོལ་བའི་ཕྱིར་སེང་གེའི་ཁྲི་ལ་འདུག་སྟེ། མི་མཇེད་ཀྱི་བདག་པོ་ཚངས་པ་བསམས་ལ་ཆོས་ཀྱི་གཏམ་ཡང་དག་པར་རབ་ཏུ་བརྗོད་ན། དེས་བསམས་མ་ཐག་ཏུ་ཚངས་པ་ཚངས་རིས་ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་ཏུ་འོང་བར་འགྱུར་རོ། །བློ་གྲོས་རྒྱ་མཚོ་དེ་ལ་ཚངས་པ་འོང་བར་འགྱུར་བའི་ལྟས་ནི་འདི་ལྟ་བུ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། འཁོར་ཐམས་ཅད་བྱམས་པའི་སེམས་སུ་འགྱུར་བ་དང་། དབང་པོ་ཉམས་པ་མེད་པ་དང་། གཅིག་ལ་གཅིག་མི་གནོད་པར་གནས་པ་དང་། ཆོས་དང་ཆོས་སྨྲ་བ་ལ་སྟོན་པ་དང་། བླ་མ་ལྟར་ཕངས་པར་སེམས་པ་དང་། ཐལ་མོ་སྦྱར་བ་དང་སེམས་རྩེ་གཅིག་པ་དང་། མི་གཡེང་བར་ཡིད་ལ་བྱེད་པ་དང་། རུས་ཤིང་ལྟར་བྱེད་པ་དང་། ཡིད་ལ་བྱེད་པ་དང་། སེམས་ཐམས་ཅད་ཀྱིས་སེམས་པ་དང་རྣ་བ་བླགས་ཏེ་ཉན་པ་དང་། ཆོས་སྨྲ་བ་དེ་ཡང་སྔོན་ལུང་མ་མནོས་པ་དང་། སྔོན་མ་ཐོས་པའི་ཆོས་རྣམས་ཀྱང་མངོན་དུ་འགྱུར་བ་སྟེ། འཁོར་དེར་མི་མཇེད་ཀྱི་བདག་པོ་ཚངས་པ་འོངས་པར་རིག་པར་བྱའོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཚངས་པའི་འཇིག་རྟེན་དུ་གནས་ཏེ། བསམ་གཏན་དང་ཚད་མེད་པའི་བདེ་བ་ལ་གནས་པ་བོར་ལ་གང་ན་ཆོས་ཀྱི་རྣམ་ ― DKG058_Page_0225 ―
[མ་དཔེ་གཟིགས་ན་འདིར་གནོན།]
གྲངས་འདི་སྟོན་པའི་འཁོར་དེར་མཆི་བར་བགྱིའོ། །ཆོས་སྨྲ་བ་དེ་ལ་ཡང་ཆོས་བརྒྱད་བསྒྲུབ་པར་བགྱིའོ། །བརྒྱད་གང་ཞེ་ན། ཇི་ལྟར་ཐོས་པའི་ཆོས་མི་བསྐྱུད་པར་བགྱི་བའི་སླད་དུ་དེ་ལ་དྲན་པ་བསྒྲུབ་པར་བགྱི། ཆོས་ཟབ་མོ་རྟོགས་པར་བགྱི་བའི་སླད་དུ་དེ་ལ་བློ་གྲོས་བསྒྲུབ་པར་བགྱི། དོན་གྱི་རྣམ་པར་རྟོགས་པར་བགྱི་བའི་སླད་དུ་དེ་ལ་རྟོགས་པ་བསྒྲུབ་པར་བགྱི། ཐེ་ཚོམ་ཐམས་ཅད་གཅད་པའི་སླད་དུ་དེ་ལ་སྤོབས་པ་བསྒྲུབ་པར་བགྱི། སྐད་དང་ངེས་པའི་ཚིག་ཐམས་ཅད་ཀྱིས་ཡོངས་སུ་ཚིམ་པར་བགྱི་བའི་སླད་དུ་དེ་ལ་ལུང་བསྟན་པ་ཕུན་སུམ་ཚོགས་པ་བསྒྲུབ་པར་བགྱི། འཁོར་ཐམས་ཅད་ཟིལ་གྱིས་མི་ནོན་པར་བགྱི་བའི་སླད་དུ་དེ་ལ་འདུལ་བ་བསྲུང་བ་བསྒྲུབ་པར་བགྱི། མི་དམན་པར་ལུང་བསྟན་པར་བྱ་བའི་སླད་དུ་དེ་ལ་ཆོས་ཀྱི་སྣང་བ་བསྒྲུབ་པར་བགྱི། དེ་བགྱིད་ཅིང་ཆོས་བསྒྲུབ་པའི་སླད་དུ་དེ་ལ་ངེས་པར་འབྱུང་བའི་སྒོ་བསྒྲུབ་པར་བགྱི་སྟེ། བཅོམ་ལྡན་འདས་ཆོས་སྨྲ་བ་དེ་ལ་ཆོས་བརྒྱད་པོ་འདི་དག་བསྒྲུབ་པར་བགྱིའོ། །ཆོས་སྨྲ་བ་དེ་ལ་བསྲུང་ཞིང་སྦ་བ་དང་། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱི་བྱིན་གྱི་རླབས་ཀྱིས་ཇི་ལྟར་ཆོས་ཀྱི་རྣམ་གྲངས་འདི་རྒྱས་པར་འགྱུར་བ་དེ་ལྟར་བདུད་ཐམས་ཅད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་གཅད་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཏེ། ཐ་མའི་དུས་ཀྱི་ཚེ་ཅི་ནས་དགེ་བའི་རྩ་བ་བསྐྲུན་པའི་སེམས་ཅན་རྣམས་ཀྱི་སུག་པར་མཆི་བ་དང་། མཛོད་དུ་ཆུད་པ་དང་། གླེགས་བམ་དུ་འགྱུར་ཞིང་ནུབ་པར་མི་འགྱུར་བར་བཅོམ་ལྡན་འདས་ཉིད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་གསོལ་བ་བཏབ་པ་མཁྱེན་ནས། མཛོད་སྤུ་ནས་འདི་ལྟ་བུའི་འོད་ཕྱུང་སྟེ། འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོ་ཁྱབ་པར་གྱུར་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ― DKG058_Page_0226 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནགས་ཚལ་དང་། རྡོ་དང་གྱོ་མོ་དང་གཟུགས་སུ་སྣང་བ་གང་དག་ཇི་སྙེད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་གཟུགས་སུ་སྣང་ངོ་། །རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ན་མཆོད་པའི་ལས་བྱིན་གྱིས་བརླབས་པའི་གཟུགས་ཀྱི་རྣམ་པ་གང་དག་ཡོད་པ་དེ་དག་ཀྱང་དེ་བཞིན་གཤེགས་པའི་གཟུགས་ཉིད་དུ་གནས་པར་ཀུན་ཏུ་སྣང་ངོ་། །དེ་བཞིན་གཤེགས་པའི་གཟུགས་དེ་དག་གིས་གསུང་གཅིག་ཏུ། ཀྱེ་མའོ་ཆོས་ཀྱི་རྣམ་གྲངས་འདི་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱིན་གྱིས་བརླབས་སོ། །གང་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་དེ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ། །གང་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དེ་ལ་བདུད་ཐམས་ཅད་ཀྱིས་བར་ཆད་བྱ་བར་མི་ནུས་སོ། །བཅོམ་ལྡན་འདས་གལ་ཏེ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བདུད་དཔུང་དང་བཅས། གཡོག་འཁོར་དང་བཅས་ཏེ། ཆོས་ཀྱི་རྣམ་གྲངས་འདི་ལ་བར་ཆད་བྱ་བར་བརྟུན་ཀྱང་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་བར་ཆད་བྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ས་ནི་འགས་ཀྱང་སྲིད། རྒྱ་མཚོ་ཐམས་ཅད་ནི་སྐམ་ཡང་སྲིད། རི་ཐམས་ཅད་ནི་རྣམ་པར་འཐོར་ཡང་སྲིད། རླུང་ནི་ཞགས་པས་བཅིང་དུ་རུང་ཡང་སྲིད། ཉི་མ་དང་ཟླ་བ་ནི་སའི་སྟེང་དུ་ལྟུང་ཡང་སྲིད། ནམ་མཁའ་ནི་གཟུགས་ཀྱི་རྣམ་པར་བསྟན་དུ་རུང་ཡང་སྲིད། མེ་ནི་ཆུར་འགྱུར་ཡང་སྲིད། ཆུ་ནི་མེར་འགྱུར་ཡང་སྲིད། འབྱུང་བ་ཆེན་པོ་བཞི་ནི་གཞན་དུ་འགྱུར་ཡང་སྲིད། སེམས་ཅན་ཐམས་ཅད་ཀྱི་སེམས་ནི་གཅིག་ཏུ་བྱར་རུང་ཡང་སྲིད། ནམ་མཁའ་དང་ས་ནི་འབྱར་ཡང་སྲིད་ཀྱི། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ནི་སུས་ཀྱང་བསྐྱོད་པའམ་གཡོ་བའམ་འཁྲུགས་པར་བྱེད་མི་ནུས་སོ་ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་སྤྱི་བོར་ཕྱག་བཞག་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ཀྱིས་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བ་ཉེ་བར་བཟུང་སྟེ། ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག ། ཆོངས་ཤིག ། ལྷོགས་ཤིག ། ཀུན་ཆུབ་པར་གྱིས་ཤིག ། གཞན་དག་ལ་ཡང་རྒྱ་ ― DKG058_Page_0227 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དོན་གྱི་དབང་གང་གཟིགས་ནས་དེ་ལ་རྒྱ་མཚོ་དང་མཚོ་ཆེན་པོ་ལྟར། གཏིང་དཔག་དཀའ་བའི་དྲན་པ་དང་བློ་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔའ་གཞན་དག་མཆིས་བཞིན་དུ། དགེ་སློང་ཀུན་དགའ་བོ་ཉི་ཚེ་བའི་འཚལ་བ་དང་ལྡན་པ་ལ་ཆོས་ཀྱི་ལེའུ་འདི་ལྟ་བུ་འདི་ཡོངས་སུ་གཏད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་དགེ་སློང་ཀུན་དགའ་བོ་རང་གི་བློའི་སྟོབས་བསྐྱེད་པས་མདོ་སྡེ་འདི་ལྟ་བུ་འཛིན་པ་མ་ཡིན་གྱི། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་འཛིན་ཏོ། །བློ་གྲོས་རྒྱ་མཚོ་སེམས་ཅན་གང་དག་དགེ་སློང་ཀུན་དགའ་བོ་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན་དགའ་བ་དང་། དད་པ་དང་། མཆོག་ཏུ་དགའ་བ་ཐོབ་པར་འགྱུར་བ་ཡོད་དེ། དེ་དག་འདི་སྙམ་དུ་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་འདི་ལྟར་ཉན་ཐོས་ཀྱང་འདི་ལྟ་བུའི་མདོ་སྡེ་འདི་འཛིན་ཅིང་སྟོན་པ་ནི། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཅི་ཙམ་དུ་བསམ་གྱིས་མི་ཁྱབ་པ་ངོ་མཚར་ཏོ་སྙམ་དུ་སེམས་པར་འགྱུར་རོ། །དེ་ནས་འཁོར་དེ་ལས་ལྷ་དང་མི་ཁ་ཅིག་འདི་སྙམ་དུ་སེམས་ཏེ། ཅི་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་འདི་དྲན་པ་དང་རབ་ཏུ་ལྡན་པ་ཡིན་གྱི། གང་བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པའི་མཆོག་ཏུ་བསྟན་པའི་ཚེ་དང་ལྡན་པ་ཀུན་དགའ་བོ་ནི་དེ་ལྟ་མ་ཡིན་ནོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འཁོར་དེའི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཤེས་ནས་འཁོར་གྱི་སེམས་ཅན་རྣམས་ལ་རྣམ་པར་བལྟས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་འདི་རབ་ཏུ་དྲན་པ་དང་ལྡན་པ་ལགས་ཀྱི་གང་བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཚེ་དང་ལྡན་པ་ཀུན་དགའ་བོ་ནི་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་དག་ན་སེམས་ཅན་ཇི་ཙམ་དུ་བསྡུ་བར་བསྡུས་པའི་སེམས་ཅན་གྱི་ཁམས་ནི་རབ་ཏུ་མང་གི་སའི་ཁམས་ནི་དེ་ལྟ་མ་ཡིན་ནོ། །ཞེས་གང་ ― DKG058_Page_0228 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་སྐད་དུ་བྱ་བ་དེ་ལ་ཇི་སྙམ་དུ་སེམས། འོད་སྲུང་སེམས་ཅན་གྱི་ཁམས་དེ་མང་ངམ། འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་ཚད་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཡོངས་སུ་རྟག་པ་ཉེ་བར་བཟུང་སྟེ། སེམས་ཅན་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། དེ་བཞིན་དུ་ཇི་ལྟར་དགེ་སློང་ཀུན་དགའ་བོ་ལྟར་དྲན་པ་དང་གཟུངས་ཀྱི་སྟོབས་དང་ཡང་ལྡན་པར་གྱུར་ཀྱང་ཀུན་དགའ་བོ་ལྟ་བུའི་སེམས་ཅན་དེ་དག་གིས་དྲན་པ་དང་གཟུངས་ཀྱི་སྟོབས་དེ་ནི། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོའི་དྲན་པ་དང་། གཟུངས་ཀྱི་སྟོབས་བསྐྱེད་པར་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་དཔེའི་བར་དུ་ཡང་མི་བཟོད་དོ། །འོད་སྲུང་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ནི་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་འཛིན་ཏོ། །དེ་བཞིན་གཤེགས་པ་གཅིག་གིས་ཆོས་བསྟན་པས་དེ་བཞིན་གཤེགས་པ་གཉིས་ཀྱིས་ཆོས་བསྟན་པ་ལ་སྒྲིབ་པའམ། ཀུན་ནས་ལྡང་བའི་བྱ་བ་མི་བྱེད་དོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོར་ཤིང་རྟའི་སྲོག་ཤིང་ཙམ་གྱི་ཆར་པའི་རྒྱུན་འབབ་པའི་ཆུའི་རྒྱུན་གཅིག་གིས་ཆུའི་རྒྱུན་གཉིས་པ་ལ་སྒྲིབ་པའམ་ཀུན་ནས་ལྡང་བའི་བྱ་བ་མི་བྱེད་དེ། ཆུའི་རྒྱུན་ཐམས་ཅད་ཀྱང་རྒྱ་མཚོ་ཆེན་པོས་བླངས་ནས་དེ་ལ་འགྲིབ་པའམ་གང་བ་ཡང་མེད་དོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཆོས་བསྟན་པ་ཀུན་ཏུ་འཛིན་ཀྱང་། དེ་བཞིན་གཤེགས་པ་གཅིག་གིས་ཆོས་བསྟན་པས་དེ་བཞིན་གཤེགས་པ་གཉིས་ཀྱིས་ཆོས་བསྟན་པ་ལ་སྒྲིབ་པའམ། ཀུན་ནས་ལྡང་བའི་བྱ་བ་མི་བྱེད་དེ། དེའི་དྲན་པའི་སྟོབས་སྐྱེད་པ་ལ་བྲི་བའམ་གང་བ་ཡང་མེད་དོ། །བསྟན་པ་འདི་བཤད་པ་ན་སྲོག་ཆགས་བརྒྱད་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཚིག་འདི་སྐད་ཅེས་བདག་ཅག་ཀྱང་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོའི་དྲན་པའི་སྟོབས་བསྐྱེད་པ་ཅི་འདྲ་བ་དེ་འདྲ་བར་གྱུར་ཅིག་ཅེས་སྨྲས་སོ། །ཐམས་ཅད་དང་ལྡན་པའི་འཁོར་གྱིས་ལྷའི་དང་། མིའི་མེ་ཏོག་གིས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་ ― DKG058_Page_0229 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཚོ་ལ་གཏོར་མངོན་པར་གཏོར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་པད་མ་བཀོད་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་སྒོའི་ལེའུ་འདི་ཐོས་ནས་མོས་པ་དང་། མོས་ནས་ཀྱང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། འདོན་པ་དང་། རྟོག་པ་དང་། དེ་བཞིན་ཉིད་དུ་ནན་ཏན་བགྱིས་པ་དེ་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་པད་མ་བཀོད་པ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། སྟོང་ཆེན་པོ་ཡི་འཇིག་རྟེན་ཁམས་འདི་ནི། །གསེར་གྱིས་བཀང་སྟེ་བདེ་གཤེགས་ཕུལ་བ་བས། །གང་གིས་ཆོས་ཀྱི་མཛོད་འདི་ཐོས་ནས་ནི། །མོས་པའི་བསོད་ནམས་འདི་ནི་ཁྱད་པར་འཕགས། །གང་གིས་འཇིག་རྟེན་ཁམས་ཁྲི་རིན་ཆེན་བཀང་། །དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བ་བས། །གང་གིས་མདོ་སྡེ་འདི་ལ་འཇུག་བྱས་པ། །བསོད་ནམས་དེ་ལ་སྔ་མས་བསྐྱེད་དུ་མེད། །གང་གིས་འཇིག་རྟེན་ཁམས་ནི་སྟོང་ཕྲག་བཅུ། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པ་བས། །གང་གིས་མདོ་འདི་བཏོན་ནས་སྟོན་པ་ཡི། །བསོད་ནམས་དེ་ཡི་ཆ་ནི་སྔ་མ་མིན། །ཞིང་ནི་བྱེ་བ་ཁྲག་ཁྲིག་སྟོང་གི་རྣམས། །རིན་ཆེན་བཀང་སྟེ་འཇིག་རྟེན་སློབ་དཔོན་སྐྱོབ། །སངས་རྒྱས་རྣམས་ལ་དབུལ་བར་ཕུལ་བ་བས། །གང་གིས་ཚུལ་འདིར་རབ་ཏུ་སྦྱོར་བ་དང་། །ཕྱོགས་བཅུ་རྣམས་སུ་གང་གཱའི་བྱེ་སྙེད་ཞིང་། །རིན་ཆེན་བཀང་སྟེ་རྒྱལ་ལ་ཕུལ་བ་བས། །ཇི་ལྟར་བསྟན་པ་བཞིན་དུ་གང་གནས་པའི། །བསོད་ནམས་དེ་ལ་མཉམ་པ་ཡོད་མ་ཡིན། །རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། ། ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་རྗེ་བ། །ཆོས་བཞི་འདི་དག་བསོད་ནམས་མཐའ་ཡས་ཏེ། །དེ་དག་མཐའ་ནི་བདེ་གཤེགས་མི་གསུང་ངོ་། །ནམ་མཁའི་ཁམས་དང་དེ་བཞིན་སེམས་ཅན་ཁམས། །སངས་རྒྱས་ཡེ་ཤེས་དང་ནི་བྱང་ཆུབ་སེམས། །ཆོས་བཞི་འདི་དག་དཔག་ཏུ་མེད་པ་སྟེ། །མཁས་པ་རྣམས་ཀྱིས་དེ་ཐོས་དོགས་མི་བྱ། །དཀོན་མཆོག་ཆོས་འདི་རབ་ཏུ་བཤད་པ་ན། །ཕྱོགས་བཅུའི་ཞིང་ནི་བྱེ་བ་གཡོས་པར་གྱུར། །སྣང་བ་བྱུང་ཞིང་མེ་ཏོག་ཆར་ཡང་བབ། །སིལ་སྙན་བརྒྱ་དག་མ་དཀྲོལ་སྒྲ་ཡང་བྱུང་། །བྱང་ཆུབ་སེམས་དཔའ་མཁས་པ་དེ་དག་ཀུན། །མགུ་ནས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད། །ཆོས་བསྟན་འདི་འདྲ་འདི་ཐོས་བདག་ཅག་རྣམས། །འཚོ་བ་དོན་ཡོད་རྙེད་པ་ལེགས་པར་རྙེད། །གང་དག་ ― DKG058_Page_0230 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདི་འདྲ་འདི་ནི་ཐོས་གྱུར་པ། །སེམས་ཅན་དེ་དག་རྙེད་པ་ལེགས་པར་རྙེད། །གང་དག་བྱང་ཆུབ་སེམས་ནི་མི་བརྗེད་པ། །དེ་དག་དེ་བཞིན་གཤེགས་པས་ཤིན་ཏུ་བཟུང་། །ཕྱོགས་བཅུའི་སངས་རྒྱས་སྟོང་ཕྲག་བྱེ་བ་རྣམས། །ཕྱག་ནི་གཡས་པ་རབ་ཏུ་རྐྱང་མཛད་དེ། །ཡོན་ཏན་རྒྱ་མཚོའི་སྤྱི་བོར་བཞག་ནས་ནི། །ཤཱཀྱ་སེང་གེའི་བསྐུལ་བ་ལེགས་ཞེས་གསུངས། །ལྷ་དང་ཀླུ་དང་ལྷ་མིན་མི་འམ་ཅི། །དྲི་ཟ་གནོད་སྦྱིན་མཁའ་ལྡིང་ལྟོ་འཕྱེ་ཆེ། །བརྒྱ་བྱིན་ཚངས་པ་འཇིག་རྟེན་སྐྱོང་བ་རྣམས། །ནམ་མཁར་གནས་ཏེ་ཆེད་དུ་བརྗོད་པ་བརྗོད། །ཤཱཀྱ་སེང་གེ་འདི་དང་དགེ་འདུན་དང་། །མདོ་སྡེ་འདི་འདྲ་བ་ནི་འཛིན་བྱེད་པ། །བྱང་ཆུབ་སེམས་དཔའ་དཔའ་བོ་རིང་གནས་གྱུར། །ལེགས་གསུངས་ཆོས་ནི་གཞར་ཡང་ནུབ་མི་འགྱུར། །གང་དག་ཆོས་ཀྱི་ཚུལ་ནི་འདི་འཛིན་པ། །དེ་དག་ལ་ནི་བདག་ཅག་བསྙེན་བཀུར་བགྱི། །བདག་ཅག་ཐམས་ཅད་གུས་དང་བཅས་པར་ནི། །ཀུན་ཏུ་སྲུང་ཞིང་སྤ་བར་སྤྲོ་བར་བགྱི། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་ཆོས་ཀྱི་ཚུལ་ཆོས་ཀྱི་ཕྱག་རྒྱ། ཆོས་བཏུས་པ། ཆོས་རབ་ཏུ་དབྱེ་བ་འདི་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཤད་པ། འཆད་པ་འཆད་པར་འགྱུར་བ་སྟེ། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་དེ་ལ་གུས་པ་དང་བཅས་པ་དང་། ཞེ་ས་དང་བཅས་པ་དང་། སྒྲུབ་པ་སྙིང་པོར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་དང་། ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་དེ་དག་དང་། དགེ་སློང་གི་དགེ་འདུན་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།བྱིན་གྱི་རླབས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ། །འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་ལས། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། བུད་དྷ་པྲ་བྷ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། དང་པོ་གླེང་གཞིའི་ལེའུ།― DKG058_Page_0231 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱ་གར་སྐད་དུ། ཨཱཪྱ་སཱ་ག་ར་ནཱ་ག་རཱ་ཛ་པ་རི་པྲཱིཙྪ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ། དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་མངོན་པར་ཤེས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པ། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ། གཟུངས་དང་མདོ་སྡེ་རྟོགས་པར་ཁོང་དུ་ཆུད་པ། སེམས་ཅན་ཐམས་ཅད་སྤོབས་པས་མགུ་བར་བྱེད་པ། མངོན་པར་ཤེས་པའི་ཡེ་ཤེས་སྟོན་པ་ལ་མཁས་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་ལྡན་པ་ཤེས་པ་ལ་མཁས་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་ལ་སྙན་པར་བརྗོད་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་གྱིས་འགྲོ་བ་ཤེས་པ་ལ་མཁས་པ། བདུད་ཐམས་ཅད་སྐྲག་པར་བྱ་བ་ཤེས་པ་ལ་མཁས་པ། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཤེས་པ་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་ལ་མཁས་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པ་ཤེས་པ་ལ་མཁས་པ། སངས་རྒྱས་ཐམས་ཅད་ཀྱི་མཆོད་པའི་ལས་ཡང་དག་པར་སྒྲུབ་པ་ཤེས་པ་ལ་མཁས་པ། འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མ་གོས་པ། ལུས་དང་ངག་དང་སེམས་ཀྱི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ལ་སྤྲོ་བའི་གོ་ཆ་བགོས་པ། བསྐལ་པ་གྲངས་མེད་པར་བརྩོན་འགྲུས་ཆེན་པོས་ཡིད་ཡོངས་སུ་མི་སྐྱོ་བ། སེང་གེའི་སྒྲ་ཆེན་པོ་བསྒྲགས་པ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱི་ཟིལ་གྱིས་མི་ནོན་པ། ཕྱིར་མི་ལྡོག་པའི་ཆོས་ཀྱི་ཕྱག་རྒྱས་བཏབ་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་དབང་བསྐུར་བ་ཐོབ་པ་ཁྲི་ཉིས་སྟོང་ ― DKG058_Page_0232 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷུན་པོ་དང་། རི་རབ་དང་། ལྷུན་པོ་ཆེན་པོ་དང་། ལྷུན་པོའི་རྩེ་འཛིན་དང་། ལྷུན་པོ་མར་མེའི་རྒྱལ་པོ་དང་། ལྷུན་པོ་བརྩེགས་པ་དང་། ལྷུན་པོའི་རྒྱལ་མཚན་དང་། ལྷུན་པོའི་རྒྱལ་པོ་དང་། ལྷུན་པོའི་རྩེ་མོ་རྡོབ་པའི་རྒྱལ་པོ་དང་། འབྲུག་སྒྲ་དང་། རྔ་སྒྲ་དང་། རིན་ཆེན་འབྱུང་གནས་དང་། རིན་ཆེན་ཏོག་དང་། རིན་ཆེན་རྩེ་མོ་དང་། རིན་ཆེན་དཔལ་དང་། རིན་ཆེན་འབྱུང་དང་། རིན་ཆེན་འོད་དང་། རིན་ཆེན་ཁར་བ་ཅན་དང་། རིན་ཆེན་རྩེ་མོ་དང་། ལག་ན་རིན་ཆེན་ཕྱག་རྒྱ་དང་། རིན་ཆེན་དྲ་བ་དང་། རིན་ཆེན་བཀོད་པ་དང་། རིན་ཆེན་འོད་དང་། རིན་ཆེན་གླིང་དང་། རིན་ཆེན་སྒྲོན་མ་དང་། ལག་ན་རིན་ཆེན་དང་། དགའ་བྱེད་དང་། ཆོས་ལ་དགའ་བ་བཀོད་པ་དང་། བཀོད་པའི་རྒྱལ་པོ་དང་། མཚན་གྱིས་ཡང་དག་པར་བརྒྱན་པ་དང་། ཚིག་བཀོད་པའི་འོད་དང་། ཚིག་རྣམ་པར་དག་པའི་འོད་དང་། གཙུག་ན་རིན་པོ་ཆེ་དང་། ལྷ་བརྩེགས་དང་། རིན་ཆེན་བརྩེགས་དང་། འོད་ཟེར་སྟོང་ལྡན་དང་། མེ་ལྕེ་དང་། སྐར་མ་ལ་དགའ་བ་དང་། ཟླ་འོད་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། གསེར་བཟངས་རྣམ་དག་འོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་རྒྱུན་མི་འཆད་པར་མི་འཇིགས་པ་སྦྱིན་པ་དང་། བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། འཇམ་དཔལ་ལ་སོགས་པ་སེམས་དཔའ་དཔེ་མེད་པ་དྲུག་ཅུ་དང་། བཟང་སྐྱོང་ལ་སོགས་པ་སྐྱེས་བུ་དམ་པ་བཅུ་དྲུག་དང་། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་། ལྷའི་རྒྱལ་པོ་རབ་འཐབ་བྲལ་ལ་སོགས་པ་འཐབ་བྲལ་བའི་ལྷ་རྣམས་དང་། ལྷའི་རྒྱལ་པོ་ཡོངས་སུ་དགའ་ལྡན་ལ་སོགས་པ་དགའ་ལྡན་གྱི་རིས་ཀྱི་ལྷ་རྣམས་དང་། ལྷའི་རྒྱལ་པོ་རབ་འཕྲུལ་དགའ་ལ་སོགས་པ་འཕྲུལ་དགའི་ལྷ་རྣམས་དང་། ལྷའི་རྒྱལ་པོ་དབང་བྱེད་ལ་སོགས་པ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ལྷའི་བུ་དེད་དཔོན་ལ་སོགས་པ་བདུད་ ― DKG058_Page_0233 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀྱི་རིས་ཀྱི་ལྷའི་བུ་དཀར་པོའི་ཕྱོགས་ཐམས་ཅད་དང་། རབ་ཚངས་པ་ལ་སོགས་པ་ཚངས་པའི་མདུན་ན་འདོན་པའི་ལྷ་རྣམས་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་ལ་སོགས་པ་ཚངས་ཆེན་གྱི་རིས་ཀྱི་ལྷ་རྣམས་དང་། ལྷའི་རྒྱལ་པོ་འོད་གསལ་ལ་སོགས་པ་འོད་གསལ་གྱི་ལྷ་རྣམས་དང་། ལྷའི་རྒྱལ་པོ་དགེ་རྒྱས་ལ་སོགས་པ་དགེ་རྒྱས་ཀྱི་ལྷ་རྣམས་དང་། ལྷའི་རྒྱལ་པོ་འབྲས་བུ་ཆེ་ལ་སོགས་པ་འབྲས་བུ་ཆེ་བའི་ལྷ་རྣམས་དང་། ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོ་ལ་སོགས་པ་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་དང་། ལྷའི་རྒྱལ་པོ་དྲི་མེད་འོད་ལ་སོགས་པ་འོག་མིན་གྱི་ལྷའི་བུ་རྣམས་དང་། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ལ་སོགས་པ་ལྷ་མ་ཡིན་གྱི་དབང་པོ་དྲུག་ཁྲི་དང་། མི་འམ་ཅིའི་རྒྱལ་པོ་ལྗོན་པ་ལ་སོགས་པ་མི་འམ་ཅིའི་རྒྱལ་པོ་བཞི་ཁྲི་ཉིས་སྟོང་དང་། དྲི་ཟའི་རྒྱལ་པོ་ཕྲེང་ཐོགས་ལ་སོགས་པ་དྲི་ཟའི་རྒྱལ་པོ་སུམ་ཁྲི་ཉིས་སྟོང་དང་། ཀླུའི་རྒྱལ་པོ་མ་དྲོས་པ་ལ་སོགས་པ་ཀླུའི་རྒྱལ་པོ་བདུན་ཁྲི་ཉིས་སྟོང་དང་། བྱའི་རྒྱལ་པོ་ནམ་མཁའ་ལྡིང་བཞི་སྟོང་དང་། དེ་མ་ཡིན་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་སྟོང་དག་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་འཁོར་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཅིང་། ལྷ་ཐམས་ཅད་ཀྱི་བཀོད་པས་ལེགས་པར་བརྒྱན་པའི་སེང་གེའི་ཁྲི་ལ་རིའི་རྒྱལ་པོ་རི་རབ་རྒྱ་མཚོའི་ནང་ནས་གྱེན་དུ་འཕགས་པ་བཞིན་དུ་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་ལྷ་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ་ལྷམ་མེ་ལྷན་ནེ་ལྷང་ངེ་ཞིང་བཞུགས་སོ། །དེ་ནས་དེ་ལྟར་འདུས་པའི་འཁོར་དེའི་ནང་ན་དེ་བཞིན་གཤེགས་པ་དེ་ལྟར་བཞུགས་པའི་སྟེང་གི་བར་སྣང་ལ་རིན་པོ་ཆེའི་གདུགས་རིན་པོ་ཆེ་ཐམས་ཅད་ཀྱི་འོད་དང་ལྡན་ཞིང་རིན་པོ་ཆེ་ཐམས་ཅད་ཀྱིས་ལེགས་པར་བརྒྱན་པ་ཞིག་བྱུང་སྟེ། རིན་པོ་ཆེའི་གདུགས་དེས་ཐམས་ཅད་དང་ལྡན་པའི་གླིང་བཞི་པ་ཆེན་པོའི་འཇིག་རྟེན་འདི་ཀུན་ཏུ་ཁེབས་པར་གྱུར་ཏོ། ། ― DKG058_Page_0234 ―
[མ་དཔེ་གཟིགས་ན་འདིར་གནོན།]
རིན་པོ་ཆེའི་གདུགས་དེ་ལས་ཀྱང་མུ་ཏིག་ཁ་དོག་དུ་མའི་རྒྱན་ཕྲེང་འབུམ་ཕྲག་དུ་མ་འདི་ལྟ་སྟེ། མུ་ཏིག་དཀར་པོ་དང་། མུ་ཏིག་དམར་པོ་དང་། མུ་ཏིག་དྲི་མ་མེད་པ་དང་། གསེར་ལྟ་བུའི་མུ་ཏིག་དང་། ཟླ་བ་ལྟ་བུའི་མུ་ཏིག་དང་། པད་མ་ལྟ་བུའི་མུ་ཏིག་དང་། ནམ་མཁའ་ལྟ་བུའི་མདོག་ཅན་གྱི་མུ་ཏིག་རྣམས་འཕྱང་ངོ་། །མུ་ཏིག་གི་རྒྱན་ཕྲེང་དེ་དག་ལས་ཀྱང་འོད་ཟེར་དག་བྱུང་ངོ་། །འོད་ཟེར་དེ་དག་ལས་ཀྱང་མེ་ཏོག་ཁ་དོག་སྣ་ཚོགས་པ། ཁ་དོག་འབུམ་ཕྲག་དུ་མ་དྲི་ཞིམ་པ། བལྟ་ན་སྡུག་པ་ཡིད་དུ་འོང་བ་དག་གི་ཆར་མངོན་པར་བབ་བོ། །མེ་ཏོག་དེ་དག་གིས་ཀྱང་འཁོར་གྱི་ཁྱམས་ཐམས་ཅད་པུས་མོ་ནུབ་པ་ཙམ་དུ་གང་བར་གྱུར་ཏོ། །བར་སྣང་ལ་ཡང་འབྲུག་སྒྲ་ཆེན་པོ་གྲགས་པར་གྱུར་ཏོ། །ཨ་ག་རུ་དང་། ཙན་དན་གྱི་ཕྱེ་མ་དག་དང་། ཙན་དན་དུས་ཀྱི་རྗེས་སུ་འབྲང་བའི་ཕྱེ་མ་དག་གི་ཆར་ཡང་བབ་བོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྔོན་མ་མཐོང་མ་ཐོས་པའི་ཆོ་འཕྲུལ་འདི་ལྟ་བུ་གདའ་བ་འདི་དག་སུའི་སྔ་ལྟས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽད་གལ་གྱི་བུ་འདི་ནི་ཀླུའི་རྒྱལ་པོ་རྒྱ་མཚོ་དེ་བཞིན་གཤེགས་པ་ལ་བལྟར་འོང་བ་དེའི་སྔ་ལྟས་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིག་དེ་སྐད་ཅེས་བཀའ་སྩལ་ནས་རིང་པོ་མ་ལོན་པར། ཀླུའི་རྒྱལ་པོ་རྒྱ་མཚོ་ཀླུ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་དང་། ཀླུའི་བུ་མོ་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཀྱིས་བསྐོར་ཅིང་མདུན་དུ་བདར་ཏེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ཐམས་ཅད་དང་། སིལ་སྙན་དང་། ཕེག་རྡོབ་པ་དང་། གླུ་དབྱངས་བརྒྱ་སྟོང་དག་ལེན་ཅིང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ ― DKG058_Page_0235 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཇི་ལྟར་ཐོགས་པའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་ལ་སོགས་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པ་དང་། སིལ་སྙན་དང་། ཕེག་རྡོབ་པ་དང་། གླུ་དབྱངས་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། བཙུན་མོའི་འཁོར་དང་བཅས་པ་དང་། གཉེན་འདབ་ཀྱི་འཁོར་དང་བཅས་པས་དེའི་ཚེ། བཅོམ་ལྡན་འདས་ལ་ཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །འཇིག་རྟེན་དག་ན་འཇིག་རྟེན་ཕན་པར་བཞེད་པ་འཇིག་རྟེན་གྱིས་མཆོད་འཇིག་རྟེན་མིག་སྦྱིན་པ། །འཇིག་རྟེན་དུ་སྐྱེས་འཇིག་རྟེན་དྲི་མ་རྣམས་ཀྱིས་མ་གོས་པད་མ་ཆུས་མི་ཆགས་པ་བཞིན། །འཇིག་རྟེན་སྣང་བ་རྣམ་པར་གཟིགས་པ་སྤྱན་གསུམ་མངའ་བ་འཇིག་རྟེན་བདེ་བ་སྦྱིན་མཛད་པ། །འཇིག་རྟེན་ཉི་མ་རྐྱེན་ལ་མཁས་པ་འཇིག་རྟེན་གཙོ་བོ་ཁྱོད་ལ་དེ་རིང་བདག་ཕྱག་འཚལ། །དུལ་ཞིང་དུལ་བས་ཡོངས་བསྐོར་སྟོབས་བཅུ་མངའ་བ་སྦྱིན་པ་རྣམས་དང་དུལ་བ་རྣམས་ཀྱིས་འཕགས། །འདྲེན་པ་ཉོན་མོངས་རྡུལ་དང་མུན་པ་དང་ནི་དྲི་མ་ཐ་བ་བསྲེགས་ཤིང་མྱུ་གུ་བསྲེགས། །སྙིང་རྗེས་ནོར་གྱི་གཙོ་བོ་བདུན་པོ་སྦྱིན་པར་མཛད་ཅིང་སེམས་ཅན་རྣམས་ལ་བྱམས་པས་འཕགས། །བསོད་ནམས་ཞིང་སྟེ་འཇིག་རྟེན་རྩ་ལག་བརྟན་པོ་ཁྱོད་ལ་བདག་ནི་མགོ་བོས་ཕྱག་འཚལ་ལོ། །ཁྱོད་ཀྱི་ཞལ་གྱི་སྨིན་མཚམས་མཛོད་སྤུ་འབར་བ་མེ་ཏོག་ཀུན་ད་ཟླ་བ་དུང་མདོག་འདྲ། །འདི་ན་ཚངས་པའི་གནས་ན་འཁོད་པའི་ལྷ་རྣམས་ཀྱིས་ཀྱང་ཁྱོད་ཀྱི་སྤྱི་གཙུག་མཐོང་མི་འགྱུར། །ཟླ་བ་ལྟ་བུའི་ཞལ་ནས་བྱུང་བའི་རྨད་བྱུང་འོད་ཀྱིས་འགྲོ་བ་མ་ལུས་སྣང་བར་མཛད། །དེ་ཡིས་རེག་པར་གྱུར་པའི་དབང་གིས་མཚམས་མེད་སེམས་ཅན་རྣམས་ཀྱང་བདེ་བ་ཉིད་དུ་གྱུར། །ཁྱོད་ཀྱི་གསུང་ནི་ཤིན་ཏུ་ཡིད་འོང་ཚིག་སྟེ་ཟླ་བ་བཞིན་དུ་ཡིད་ཀྱང་ཚིམ་པར་བགྱིད། །ལྷ་དང་མི་ཡི་སྒྲ་སྐད་ཟིལ་གྱིས་གནོན་ཅིང་གཅིག་ཏུ་ངེས་པར་དག་ལ་གཙང་བ་སྟེ། །འདོད་ཆགས་ཞེ་སྡང་མུན་པ་རྡུལ་རྣམས་རབ་ཏུ་ཞི་བར་བགྱིད་ཅིང་ཤེས་རབ་གསལ་བར་བགྱིད། །དགའ་དང་མགུ་བགྱིད་བདེ་བ་ཤིན་ཏུ་སྐྱེད་ ― DKG058_Page_0236 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་བགྱིད་ཅིང་ཐར་པ་ཡང་དག་སྟོན་པ་ལགས། །ཁྱོད་ཀྱི་ཡེ་ཤེས་དུས་གསུམ་གཏོགས་པ་ཐོགས་པ་མ་མཆིས་གར་ཡང་ཆགས་པ་མ་མཆིས་ཏེ། །ཁྱོད་ཀྱིས་སེམས་ཅན་རྣམས་ཀྱི་སྤྱོད་པ་ཆུང་དང་འབྲིང་དང་དམ་པ་མ་ལུས་ཐུགས་སུ་ཆུད། །གང་དག་གི་ནི་དབང་པོ་བསམ་པ་དག་དང་འགྲོ་དང་ཐར་པ་ཐ་དད་ཇི་འདྲ་བ། །ཐམས་ཅད་ཁྱོད་ཀྱིས་སྐད་ཅིག་ཙམ་གྱིས་ཐུགས་སུ་ཆུད་པར་དེ་སླད་ཁྱོད་ལ་ཕྱག་འཚལ་ལོ། །རྫོགས་པའི་བྱང་ཆུབ་ཤིང་རྒྱལ་དྲུང་དུ་གླགས་ལྟའི་ཕྱིར་བརྩོན་བདུད་རྣམས་བྱེ་བ་བརྒྱ་ཕྲག་སྙེད། །ཁྱོད་ཀྱི་ཐད་དུ་ལྷགས་པར་གྱུར་ཀྱང་གནས་ལས་མ་གཡོས་ཐུགས་བརྩེར་ལྡན་པའི་བློ་མངའ་བ། །མངའ་བདག་ཁྱོད་ཀྱིས་བདེན་དང་བརྟུལ་ཞུགས་དཔལ་དང་ཡོན་ཏན་རྣམས་དང་བྱམས་པས་ཕམ་པར་མཛད། །དེ་སླད་མི་རྣམས་སུ་ཞིག་དེང་འདིར་ཁྱོད་ལ་མཆོད་པའི་སླད་དུ་ཁྱོད་ལ་ངོམས་པར་འཛིན། །མངའ་བདག་ཁྱོད་ཀྱིས་ཆོས་རྣམས་བྱེད་པ་མེད་དང་ཡ་མ་བརླ་དང་ཟླ་བ་འདྲ་བ་དང་། །དབུ་བ་གློག་སྤྲིན་ཆུ་ཡི་ཆུ་བུར་འདྲ་ཞིང་སྒྱུ་མ་སྨིག་རྒྱུ་ལྟ་བུར་ཐུགས་སུ་ཆུད། །གང་ལ་རྒྱུ་མེད་རྟོག་པ་མི་འབྱུང་ཁྱོད་ཀྱིས་ཆོས་དེ་དག་ནི་རྟག་ཏུ་བདག་མེད་དེ། །དེ་ལྟར་འགྲོ་བའི་འདོད་པ་ལྔ་སྐྱེད་མཛད་པས་མངའ་བདག་ཁྱོད་ནི་ཐར་པ་ལགས་པར་འོས། །གང་གི་དོན་དུ་བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་དཀའ་བ་རྣམས་ནི་བསྟན་པ་དང་། །གང་གི་དོན་དུ་རྟག་ཏུ་འགྲོ་ལ་ཕན་མཛད་འདྲེན་པ་རྣམས་ལ་མཆོད་པ་མཛད་པ་དང་། །གང་གི་དོན་དུ་སྦྱིན་དང་ཡང་དག་སྡོམ་དང་དུལ་དང་བཟོད་པ་རྟག་ཏུ་བསྟེན་པ་ཡི། །རྣམ་འདྲེན་ཁྱོད་ཀྱི་སྨོན་ལམ་ཆེན་པོ་ཤིན་ཏུ་རྨད་དུ་བྱུང་བ་དེ་ནི་རྫོགས་པར་གྱུར། །དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་བཅོམ་ལྡན་འདས་ལ་ཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུ་བར་འཚལ་ལོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ― DKG058_Page_0237 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀླུའི་བདག་པོ་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་དྲིས་ཤིག་དང་། ངས་དྲི་བ་དྲིས་པ་དེ་དང་དེ་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲི་བ་ལུང་བསྟན་པའི་སྐབས་ཕྱེ་ནས། བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ངན་འགྲོ་དང་ངན་སོང་ཐམས་ཅད་ཡང་དག་པར་ཆད་པ་དང་། མི་ཁོམ་པ་བརྒྱད་ལས་འདས་པ་དང་། ལྷ་དང་མིའི་སྐྱེ་བར་འགྲོ་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རྟག་ཏུ་རྒྱུན་མི་འཆད་པར་སངས་རྒྱས་མཐོང་བ་ཐོབ་པ་དང་། དགེ་བའི་བཤེས་གཉེན་དང་ཕྲད་པ་དང་། འཚམ་པའི་ཡུལ་དུ་གནས་པ་འཐོབ་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་དད་པ་དང་། དང་བའི་ཤས་ཆེ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་དང་། མི་དགེ་བའི་ཆོས་ཐམས་ཅད་སྤངས་ནས་དགེ་བའི་ཆོས་ཐམས་ཅད་ཀྱིས་འབོགས་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་དོན་དུ་གཉེར་བ་དང་། ཆོས་འཚལ་བ་དང་། ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་བ་དང་། ཐོས་པ་ཚོལ་བས་ཆོ་ག་མ་འཚལ་བ་དང་། ཐོས་པ་བསྒྲུབས་པས་མངོན་པར་འཕགས་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རབ་ཏུ་འབྱུང་བ་ལ་མོས་པ་དང་། ནགས་དང་། ནགས་འདབ་ན་རྒྱུ་བ་དང་། འཕགས་པའི་རིགས་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ལ་མངོན་པར་དགའ་བ་དང་། རབ་ཏུ་བྱུང་བའི་ཡོན་ཏན་རྣམས་ཡོངས་སུ་རྫོགས་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཟབ་མོའི་ཚུལ་ལ་གནས་པ་དང་། ཆད་པ་དང་རྟག་པར་ལྟ་བ་ཡོངས་སུ་སྤངས་པ་དང་། རྒྱུ་དང་རྐྱེན་གྱི་ཆོས་རྣམས་ལ་ཞུགས་པ་དང་། ལྟ་བའི་རྣམ་པ་ཐམས་ཅད་དང་བྲལ་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་ཤེས་པའི་ཡེ་ཤེས་ཀྱིས་རྣམ་པར་རྩེ་བ་དང་། སྒྲིབ་པ་མ་མཆིས་པའི་ཡེ་ཤེས་མཐོང་བ་ལགས། བཅོམ་ ― DKG058_Page_0238 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་སྤྱོད་པ་དང་། བསམ་པ་དང་། ཆོ་ག་འཚལ་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་སྨིན་པར་བགྱི་བ་དང་། གཟུང་བ་དང་། བཀླག་པ་དང་། བརྡ་སྤྲོད་པ་ལ་མཁས་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བདུད་ཕྱིར་རྒོལ་བ་བཅོམ་པ་དང་། སྐྲག་པ་དང་། འཇིགས་པ་ཐམས་ཅད་དང་བྲལ་ནས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཕྱིར་མི་ལྡོག་པའི་ཆོས་ལ་ཡང་དག་པར་གཞོལ་བ་དང་། བཟོད་པ་ཐོབ་པ་དང་། ལུང་བསྟན་པ་ཐོབ་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་བདག་པོ་ལེགས་སོ་ལེགས་སོ། །ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ནི་ཀླུའི་བདག་པོ་ཁྱོད་ལེགས་སོ། །ཀླུའི་བདག་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། ཀླུའི་རྒྱལ་པོ་རྒྱ་མཚོ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ངན་འགྲོ་དང་ངན་སོང་ཐམས་ཅད་ཡང་དག་པར་ཆད་པར་འགྱུར་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་མེད་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ནས་ཐམས་ཅད་སྲུང་བ་དང་། གཞན་གྱི་ཉེས་པ་མི་གླེང་ཞིང་བརྙས་པར་མི་བྱེད་པ་དང་། བདག་གི་འཁྲུལ་པ་ལ་རྟོག་པར་བྱེད་ཀྱི་གཞན་གྱི་འཁྲུལ་པ་ལ་མི་རྟོག་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ངན་འགྲོ་དང་། ངན་སོང་ཐམས་ཅད་ཡང་དག་པར་ཆད་པར་འགྱུར་རོ། །ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་མི་ཁོམ་པ་ཐམས་ཅད་སྤོང་བར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དཀོན་མཆོག་གསུམ་པོ་འདི་ལྟ་སྟེ། ― DKG058_Page_0239 ―
[མ་དཔེ་གཟིགས་ན་འདིར་གནོན།]
སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་གི་བསྔགས་པ་རྒྱུན་དུ་བརྗོད་པ་དང་། ཆོས་འདོད་པ་རྣམས་གཡེངས་པར་མི་བྱེད་པ་དང་། གཞན་དག་གི་འགྱོད་པ་མི་སྐྱེད་པ་དང་། སེམས་ཅན་འགྱོད་ཅིང་འདུག་པ་རྣམས་ཀྱི་འགྱོད་པ་སེལ་བ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ཁོམ་པ་ཐམས་ཅད་སྤོང་བར་འགྱུར་རོ། །ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ལྷ་དང་མིའི་སྐྱེ་བར་འགྲོ་བར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་མི་གཏོང་ཞིང་གཞན་དག་ལ་ཡང་སྒྲོགས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་པ་མི་གཏོང་ཞིང་ཉམས་པར་མི་བྱེད་པ་དང་། སྨོན་ལམ་ལ་བསམ་པ་རྣམ་པར་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེ་དག་ལ་སྙིང་རྗེ་ཆེན་པོ་སྐྱེད་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ལྷ་དང་མིའི་སྐྱེ་བར་འགྲོ་བར་འགྱུར་རོ། །ཀླུའི་བདག་པོ་ཆོས་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་མཐོང་བ་དང་འབྲལ་བར་མི་འགྱུར་ཏེ། བརྒྱད་གང་ཞེ་ན་འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་ཡིད་ལ་བྱེད་པ་དང་། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་དང་། མཆོད་པ་བྱེད་པ་དང་། དེ་བཞིན་གཤེགས་པའི་བསྔགས་པ་རྒྱུན་དུ་བརྗོད་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་འཇུག་པ་དང་། དེ་བཞིན་གཤེགས་པ་ལྟ་བ་ལ་སེམས་ཅན་རྣམས་ཡང་དག་པར་འཛུད་པ་དང་། སངས་རྒྱས་ཀྱི་ཞིང་གང་ན་དེ་བཞིན་གཤེགས་པ་བཞུགས་པ་ཐོས་པ་དེར་སྐྱེ་བར་སྨོན་ལམ་འདེབས་པ་དང་། རྒྱུད་ཞུམ་པ་མེད་ཅིང་རྒྱ་ཆེན་པོ་ལ་མོས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་འདོད་པ་སྟེ། ཀླུའི་བདག་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་མཐོང་བ་དང་འབྲལ་བར་མི་འགྱུར་རོ། །ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་དགེ་བའི་བཤེས་གཉེན་རྙེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་ལ་སྒྱུ་མེད་པ་དང་གཡོ་ ― DKG058_Page_0240 ―
[མ་དཔེ་གཟིགས་ན་འདིར་གནོན།]
མེད་པར་བསྙེན་བཀུར་བྱེད་པ་དང་། ཆོས་ལ་གཅེས་པ་དང་གུས་པ་དང་རི་མོ་བྱེད་པ་དང་། བཀའ་བློ་བདེ་ཞིང་གསོ་སླ་ལ་དེས་པ་དང་། ང་རྒྱལ་མེད་ཅིང་སྲི་ཞུ་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་དགེ་བའི་བཤེས་གཉེན་རྙེད་པར་འགྱུར་རོ། །ཀླུའི་བདག་པོ་ཆོས་གསུམ་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་འཚམ་པའི་ཡུལ་དུ་གནས་པ་ཐོབ་པར་འགྱུར་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། མི་བརླང་ཞིང་གྱ་གྱུ་མེད་པའི་སེམས་དང་ལྡན་པ་དང་། ཕྲག་དོག་དང་སེར་སྣ་བསལ་བ་དང་། གཞན་དག་གི་རྙེད་པ་དང་བཀུར་སྟི་དང་བདེ་བར་སྦྱར་བ་ལ་དགའ་བ་སྟེ། ཀླུའི་བདག་པོ་ཆོས་གསུམ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་འཚམ་པའི་ཡུལ་དུ་གནས་པ་ཐོབ་པར་འགྱུར་རོ། །ཀླུའི་བདག་པོ་ཆོས་ལྔ་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་དད་པ་དང་ལྡན་པར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། མོས་པའི་སྟོབས་དང་། བསོད་ནམས་ཀྱི་ཚོགས་ཀྱི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་འཇུག་པའི་སྟོབས་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བའི་སྟོབས་དང་། ཆོས་ཉིད་ལ་རྟོན་པའི་སྟོབས་ཏེ། ཀླུའི་བདག་པོ་ཆོས་ལྔ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་དད་པ་དང་ལྡན་པར་འགྱུར་རོ། །ཀླུའི་བདག་པོ་ཆོས་གཉིས་དང་ལྡན་ན་དགའ་བའི་ཤས་ཆེ་བར་འགྱུར་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། རྒྱུའི་སྟོབས་དང་། ཡང་དག་པར་སྦྱོར་བའི་སྟོབས་ཏེ། ཀླུའི་བདག་པོ་ཆོས་དེ་གཉིས་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་དགའ་བའི་ཤས་ཆེ་བར་འགྱུར་རོ། །ཀླུའི་བདག་པོ་ཆོས་གསུམ་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པར་འགྱུར་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ་བདག་མེད་པ་ལ་མོས་པ་དང་། བཟོད་པའི་སྟོབས་དང་། ཡང་དག་པའི་ལས་ལ་ལེགས་པར་བརྩོན་པ་སྟེ། ཀླུའི་བདག་པོ་ཆོས་གསུམ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པར་འགྱུར་རོ། །ཀླུའི་བདག་པོ་ཆོས་གཉིས་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་མི་དགེ་ ― DKG058_Page_0241 ―
[མ་དཔེ་གཟིགས་ན་འདིར་གནོན།]
བའི་ཆོས་ཐམས་ཅད་སྤངས་ནས་དགེ་བའི་ཆོས་ཐམས་ཅད་ཀྱིས་འབོགས་པར་འགྱུར་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་གསུམ་གྱི་ཡོངས་སུ་བསྔོ་བ་དང་ལྡན་པ་དང་། བག་ཡོད་པར་གནས་པ་སྟེ། དེ་གཉིས་སོ། །གཞན་ཡང་གཉིས་ཏེ། འདི་ལྟ་སྟེ། དགེ་བའི་རང་བཞིན་དུ་གྱུར་པ་དང་། རྣམ་པར་སྨིན་པ་ལ་མི་རེ་བ་སྟེ། ཀླུའི་བདག་པོ་ཆོས་དེ་གཉིས་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་མི་དགེ་བའི་ཆོས་ཐམས་ཅད་སྤངས་ནས་དགེ་བའི་ཆོས་ཐམས་ཅད་ཀྱིས་འབོགས་པར་འགྱུར་རོ། །ཀླུའི་བདག་པོ་ཆོས་ལྔ་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་དོན་དུ་གཉེར་བ་ཡིན་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། གཟུགས་དོན་དུ་གཉེར་བ་མ་ཡིན་པ་དང་། སྒྲ་དོན་དུ་གཉེར་བ་མ་ཡིན་པ་དང་། དྲི་དོན་དུ་གཉེར་བ་མ་ཡིན་པ་དང་། རོ་དོན་དུ་གཉེར་བ་མ་ཡིན་པ་དང་། རེག་བྱ་དོན་དུ་གཉེར་བ་མ་ཡིན་པ་སྟེ། ལྔ་པོ་ནི་དེ་དག་ཡིན་ནོ། །ཀླུའི་བདག་པོ་གཞན་ཡང་ཆོས་ལྔ་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་དོན་དུ་གཉེར་བ་ཡིན་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཆོས་དོན་དུ་གཉེར་བ་ཡིན་གྱི་ལུས་དོན་དུ་གཉེར་བ་མ་ཡིན་པ་དང་། ཡོན་ཏན་དོན་དུ་གཉེར་བ་ཡིན་གྱི་སྲོག་དོན་དུ་གཉེར་བ་མ་ཡིན་པ་དང་། ཤེས་རབ་དོན་དུ་གཉེར་བ་ཡིན་གྱི་རེག་པ་དོན་དུ་གཉེར་བ་མ་ཡིན་པ་དང་། དགེ་བ་དོན་དུ་གཉེར་བ་ཡིན་གྱི་ཚོར་བ་དོན་དུ་གཉེར་བ་མ་ཡིན་པ་དང་། སེམས་ཅན་ཡོངས་སུ་བསྐྱབ་པ་དོན་དུ་གཉེར་བ་ཡིན་གྱི། བདག་གི་བདེ་བ་དོན་དུ་གཉེར་བ་མ་ཡིན་པ་སྟེ། ཀླུའི་བདག་པོ་ཆོས་ལྔ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་དོན་དུ་གཉེར་བ་ཡིན་ནོ། །ཀླུའི་བདག་པོ་ཆོས་དྲུག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་འདོད་པ་ཡིན་ཏེ། དྲུག་པོ་དག་གང་ཞེ་ན། འདི་ལྟ་སྟེ་རབ་ཏུ་བྱུང་བའི་ཡོན་ཏན་འདོད་ཀྱི། གོས་ཚོན་ཅན་གྱི་རྟགས་འཛིན་པ་ཙམ་འདོད་པ་མ་ཡིན་པ་དང་། ཆོས་ཉན་པ་འདོད་ཀྱི་འཇིག་རྟེན་རྒྱང་པན་པའི་གསང་ཚིག་ཉན་འདོད་པ་མ་ཡིན་པ་དང་། ཆོས་བསྟན་པ་འདོད་ཀྱི་འཇིག་རྟེན་གྱི་ཟང་ཟིང་འདོད་པ་མ་ཡིན་པ་དང་། ཆོས་ལ་སོ་སོར་རྟོག་པར་ ― DKG058_Page_0242 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདོད་ཀྱི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་འདོད་པ་མ་ཡིན་པ་དང་། ཆོས་བསྒྲུབ་པ་འདོད་ཀྱི་ཡི་གེ་དང་ངེས་པའི་ཚིག་དང་བརྡ་ཡོངས་སུ་ཚོལ་བ་འདོད་པ་མ་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་ཉན་འདོད་ཀྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་འདོད་པ་མ་ཡིན་པ་སྟེ། ཀླུའི་བདག་པོ་ཆོས་དྲུག་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་འདོད་པ་ཡིན་ནོ། །ཀླུའི་བདག་པོ་ཆོས་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་བ་ཡིན་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་གཏམ་ལ་དགའི་ཐེག་པ་དམན་པའི་གཏམ་ལ་མ་ཡིན་པ་དང་། བསྡུ་བའི་དངོས་པོའི་གཏམ་ལ་དགའི་ཕྱིན་ཅི་ལོག་གི་གཏམ་ལ་མ་ཡིན་པ་དང་། ཆོས་ཀྱི་ལུགས་ཀྱི་གཏམ་ལ་དགའི་འཇིག་རྟེན་རྒྱང་པན་པོའི་གཏམ་ལ་མ་ཡིན་པ་དང་། སངས་རྒྱས་ཀྱི་ཆེ་བ་ཉིད་ཀྱི་གཏམ་ལ་དགའི་འཁོར་བ་བཅད་པའི་གཏམ་ལ་མ་ཡིན་པ་དང་། ཟབ་ཅིང་གཏིང་དཔག་དཀའ་བའི་རྟེན་ཅིང་འབྲེལ་པར་འབྱུང་བའི་གཏམ་ལ་དགའི་བདག་ཏུ་ལྟ་བ་འཛིན་པའི་གཏམ་ལ་མ་ཡིན་པ་དང་། ཆོས་བདག་མེད་པའི་རང་བཞིན་དང་རྐྱེན་རྣམ་པར་དག་པའི་གཏམ་ལ་དགའི་ཆད་པ་དང་། རྟག་པ་དང་། བདག་དང་། སེམས་ཅན་དང་། སྲོག་དང་སྐྱེས་བུ་དང་། གང་ཟག་ཏུ་འཛིན་པའི་གཏམ་ལ་མ་ཡིན་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་གཏམ་ཡང་དག་པ་ཇི་ལྟ་བ་ལ་དགའི། དམིགས་པར་ལྟ་བའི་གཏམ་ལ་མ་ཡིན་པ་དང་། རབ་ཏུ་བྱུང་བ་ལ་དམིགས་པ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་བཀོད་པའི་གཏམ་ལ་དགའི། ཞི་བ་ལ་བཏང་སྙོམས་སུ་བྱེད་པའི་གཏམ་ལ་མ་ཡིན་པ་སྟེ། ཀླུའི་བདག་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་བ་ཡིན་ནོ། །ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་དོན་གྱི་དབང་རྣམ་པ་ལྔ་མཐོང་བའི་ཕྱིར་ཐོས་པ་ཡོངས་སུ་ཚོལ་བ་ན་ཆོག་མི་ཤེས་ཏེ། ལྔ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཐོས་པ་ལས་ཤེས་རབ་འབྱུང་བར་ཡང་དག་པར་མཐོང་བའི་ཕྱིར་ཐོས་པ་ཡོངས་སུ་ཚོལ་བ་ན་ཆོག་མི་ཤེས་པ་ ― DKG058_Page_0243 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་། བྱང་ཆུབ་སེམས་དཔའ་རྣམས་ཐོས་པས་འགྱོད་པ་དང་ཐེ་ཚོམ་མེད་པར་འགྱུར་བ་ཡང་དག་པར་མཐོང་བའི་ཕྱིར་ཐོས་པ་ཡོངས་སུ་ཚོལ་བ་ན་ཆོག་མི་ཤེས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཐོས་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་རྟོགས་པར་འགྱུར་བར་ཡང་དག་པར་མཐོང་བའི་ཕྱིར་ཐོས་པ་ཡོངས་སུ་ཚོལ་བ་ན་ཆོག་མི་ཤེས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཐོས་པས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར། ཉོན་མོངས་པ་སྤོང་བར་འགྱུར་བར་ཡང་དག་པར་མཐོང་བའི་ཕྱིར་ཐོས་པ་ཡོངས་སུ་ཚོལ་བ་ན་ཆོག་མི་ཤེས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཐོས་པས་མི་འཇིགས་པར་འགྱུར་ལ་མི་འཇིགས་པ་ལས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཆད་པར་འགྱུར་བར་ཡང་དག་པར་མཐོང་བའི་ཕྱིར་ཐོས་པ་ཡོངས་སུ་ཚོལ་བ་ན་ཆོག་མི་ཤེས་པ་སྟེ་ལྔ་པོ་དེ་དག་གོ །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ནི་དོན་གྱི་དབང་རྣམ་པ་གཉིས་མཐོང་བའི་ཕྱིར་ཐོས་པ་ཡོངས་སུ་ཚོལ་བ་ན་ཆོག་མི་ཤེས་ཏེ་གཉིས་གང་ཞེ་ན། འཕགས་པའི་ཡང་དག་པའི་ལྟ་བ་སྐྱེ་བ་དང་། ཆགས་པ་མེད་པའི་གཟུངས་འཐོབ་པ་སྟེ་དེ་གཉིས་སོ། །ཀླུའི་བདག་པོ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ཐོས་པ་སྒྲུབ་པས་མངོན་པར་འཕགས་པར་འགྱུར་ཏེ་བཅུ་གང་ཞེ་ན། རྙེད་པ་དང་བཀུར་སྟི་རྣམས་ལ་འདོད་པ་ཉུང་ཞིང་ཆོག་ཤེས་པ་དང་། ཡོངས་སུ་ཚོལ་བ་རྣམས་ལ་ལུས་དང་སྲོག་ལ་མི་ལྟ་བ་དང་། སྤྱོད་ལམ་རྣམས་ལ་དྲན་པ་དང་། ཤེས་བཞིན་པ་དང་། ཇི་སྐད་ཐོས་པ་ལ་ཤས་ཆེར་ཡོངས་སུ་རྟོག་པ་དང་། འདུ་འཛི་མེད་པས་བྱ་བ་ཉུང་བ་དང་། སྦྱོར་བ་ལ་བརྩོན་པའི་བརྩོན་འགྲུས་ཀྱིས་ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་ལ་མི་ཉལ་བ་དང་། བླ་མ་ལ་གུས་པ་དང་། རི་མོ་བྱེད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཕུན་སུམ་ཚོགས་པས་དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། སྙིང་རྗེ་ཆེན་པོས་སེམས་ཅན་ལ་ལྟ་བ་དང་། ཡོན་ཏན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འཕགས་པའི་སྐྱེ་བོ་ལ་རིམ་གྲོ་བྱེད་པ་དང་། ཤེས་པས་ལྷ་དང་བཅས་པའི་འཇིག་རྟེན་ཡོངས་སུ་བསྐྱབ་པ་སྟེ། ཀླུའི་བདག་པོ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་ ― DKG058_Page_0244 ―
[མ་དཔེ་གཟིགས་ན་འདིར་གནོན།]
སེམས་དཔའ་རྣམས་ཐོས་པ་སྒྲུབ་པས་མངོན་པར་འཕགས་པར་འགྱུར་རོ། །ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་ཕན་ཡོན་རྣམ་པ་ལྔ་པོ་འདི་དག་ཡང་དག་པར་མཐོང་ནས། རབ་ཏུ་འབྱུང་བ་ལ་མོས་པར་འགྱུར་ཏེ། ལྔ་གང་ཞེ་ན། བདག་གིས་ལས་བྱས་པ་ཆུད་ཟ་བར་མི་འགྱུར་བ་དང་། བདག་གིས་བྱས་པའི་བག་ཆགས་ཀྱིས་བསྒོ་བར་འགྱུར་བ་དང་། ཡོངས་སུ་འཛིན་པ་ཐམས་ཅད་ལ་བདག་གི་སེམས་གཏོང་བར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བདག་སྨད་པར་མི་འགྱུར་བ་དང་། བདག་གྲོལ་ཟིན་ནས་ཀྱང་ཉོན་མོངས་པའི་བཅིང་བ་རྣམས་ཀྱིས་བཅིངས་པའི་སེམས་ཅན་རྣམས་འཆིང་བ་དེ་ལས་རབ་ཏུ་ཐར་བར་བྱ་བའི་ཕྱིར་ཆོས་སྟོན་པར་འགྱུར་རོ་སྙམ་པ་སྟེ་ལྔ་པོ་དེ་དག་གོ །གཞན་ཡང་རྣམ་པ་ལྔ་སྟེ་ལྔ་གང་ཞེ་ན། རབ་ཏུ་འབྱུང་བ་ནི་ཚུལ་ཁྲིམས་འཆལ་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཚུལ་ཁྲིམས་དང་འཐུན་པ་ཡིན་ནོ། །རབ་ཏུ་འབྱུང་བ་ནི་ཐོས་པ་ཉུང་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཐོས་པ་དང་འཐུན་པ་ཡིན་ནོ། །རབ་ཏུ་འབྱུང་བ་ནི་སེམས་རྣམ་པར་གཡེངས་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་དང་འཐུན་པ་ཡིན་ནོ། །རབ་ཏུ་འབྱུང་བ་ནི་ཤེས་རབ་འཆལ་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཤེས་རབ་དང་འཐུན་པ་ཡིན་ནོ། །རབ་ཏུ་འབྱུང་བ་ནི་མྱ་ངན་ལས་འདས་པའི་བདེ་བའི་ལམ་ལ་སེམས་ཅན་དགོད་པར་བྱ་བའི་ཕྱིར་རྣམ་པར་གྲོལ་བའི་ཡེ་ཤེས་དང་འཐུན་པ་ཡིན་ཏེ། ལྔ་པོ་དེ་དག་གོ །གཞན་ཡང་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། རབ་ཏུ་འབྱུང་བ་ནི་ཕུང་པོ་ལྔ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ང་རྒྱལ་བཅོམ་པའོ། །རབ་ཏུ་འབྱུང་བ་ནི་ཀུན་འབྱུང་བ་སྤང་བའི་ཕྱིར་སྲེད་པའི་བག་ལ་ཉལ་སྤོང་བའོ། །རབ་ཏུ་འབྱུང་བ་ནི་འགོག་པ་མངོན་སུམ་དུ་བྱ་བའི་ཕྱིར་ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བར་བྱེད་པའོ། །རབ་ཏུ་འབྱུང་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པའི་ཕྱིར་ལམ་ལ་འཇུག་གོ །རབ་ཏུ་འབྱུང་བ་ནི་འཕགས་པའི་བདེན་པ་རྣམས་ལ་སེམས་ཅན་དགོད་པའི་ཕྱིར་བདེན་པ་ལ་འཇུག་པ་སྟེ། ལྔ་པོ་དེ་དག་གོ །ཀླུའི་བདག་པོ་ཆོས་ ― DKG058_Page_0245 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ནགས་དང་ནགས་འདབ་ན་རྒྱུ་ཞིང་བས་མཐའི་གནས་མལ་དག་ན་གནས་པ་ཡིན་ཏེ། བཞི་གང་ཞེ་ན། ལུས་དང་སྲོག་ལ་མི་ལྟ་བ་དང་། དགེ་བའི་ཆོས་ཐམས་ཅད་ལ་ལྟ་བ་དང་། མངོན་པར་ཤེས་པའི་ཤེས་པ་སྐྱེད་པར་འདོད་པ་དང་། སྤྱོད་ལམ་རབ་ཏུ་ཞི་བས་ལྷ་དང་མི་རྣམས་མགུ་བར་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ནགས་དང་། ནགས་འདབ་ན་རྒྱུ་ཞིང་བས་མཐའི་གནས་མལ་དག་ན་གནས་པ་ཡིན་ནོ། །ཀླུའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་དོན་གྱི་དབང་རྣམ་པ་བཞི་མཐོང་ནས། ནགས་དང་ནགས་འདབ་ན་རྒྱུ་ཞིང་བས་མཐའི་གནས་མལ་དག་ན་གནས་པ་ཡིན་ཏེ། བཞི་གང་ཞེ་ན། དགོན་པ་དང་རབ་ཏུ་དགོན་པ་འདི་དག་ནི་སངས་རྒྱས་ཀྱིས་བསྔགས་པ་ཡིན་ཏེ། དགོན་པ་ནི་གནས་ན་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བ་ལ་དམིགས་པ་ནི་བདག་གིས་བྲེ་མོ་གཏམ་ཟེར་བ་ཡིན་གྱི། ཕྱོགས་གཅིག་ཏུ་གྱུར་པ་ནི་མ་ཡིན་ནོ་སྙམ་པ་དང་། བདག་གིས་ནི་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་བསགས་ཀྱི་ཉོན་མོངས་པ་རྣམས་ནི་མ་ཡིན་ནོ་སྙམ་པ་དང་། བདག་གིས་ནི་ཡོངས་སུ་སྦྱང་བ་བྱས་པའི་བྱང་ཆུབ་སེམས་དཔའ་དུ་མ་དག་གི་རྗེས་སུ་བསླབ་དགོས་སོ་སྙམ་པ་དང་། བདག་དགོན་པ་ན་གནས་ཏེ། ཆོས་ཐམས་ཅད་ཡང་དག་པར་བསྒྲུབས་ནས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་ཡུལ་འཁོར་དང་། ཕོ་བྲང་འཁོར་དག་ཏུ་སོང་སྟེ། སེམས་ཅན་རྣམས་ལ་ཆོས་བསྟན་པར་བྱའོ་སྙམ་པ་སྟེ། ཀླུའི་བདག་པོ་བཞི་པོ་དེ་དག་དང་ལྡན་ན་ནགས་དང་ནགས་འདབ་ན་རྒྱུ་ཞིང་བས་མཐའི་གནས་མལ་དག་ན་གནས་པ་ཡིན་ནོ། །ཀླུའི་བདག་པོ་གསུམ་པོ་འདི་དག་ནི་འཕགས་པའི་རིགས་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་དང་ཕན་ཡོན་ཕུལ་དང་རབ་མཆོག་ཡིན་ཏེ། གསུམ་གང་ཞེ་ན། དགའ་བ་དང་། མི་དགའ་བ་རྣམས་ལ་མི་ལྟ་བའི་ཕྱིར་འདུ་འཛིའི་བྱ་བ་མེད་པ་དང་། སེམས་རག་ལས་པ་མེད་ཅིང་གང་དུ་འདོད་པར་འགྲོར་ཡོད་པའི་ ― DKG058_Page_0246 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕྱིར་རང་ཉམ་དང་། རང་དབང་དང་། ཐ་མལ་པར་གནས་པ་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་སེམས་པའི་ཕྱིར་དེའི་ཏིང་ངེ་འཛིན་མྱུར་དུ་སྐྱེ་བར་འགྱུར་བ་སྟེ། གསུམ་པོ་དེ་དག་གོ །གཞན་ཡང་གསུམ་སྟེ། དེ་ལ་ཚུལ་འཆོས་པ་དང་། ཁ་གསག་མི་འབྱུང་བ་དང་། དེ་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བའི་སེམས་མི་སྐྱེ་བ་དང་། སྒྲུབ་ཅིང་འདུག་པ་ན་ཁྱིམ་ལ་རྗེས་སུ་ལྟ་བར་མི་འགྱུར་བ་སྟེ། ཀླུའི་བདག་པོ་གསུམ་པོ་དེ་དག་ནི་འཕགས་པའི་རིགས་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་དང་། ཕན་ཡོན་ཕུལ་དང་རབ་མཆོག་ཡིན་ནོ། །ཀླུའི་བདག་པོ་ཆོས་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔའི་རབ་ཏུ་འབྱུང་བའི་ཡོན་ཏན་ཡོངས་སུ་རྫོགས་པར་འགྱུར་ཏེ། བརྒྱད་གང་ཞེ་ན། འཕགས་པའི་རིགས་ཀྱིས་ཆོག་པར་འཛིན་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ལ་གནས་པ་དང་། མང་དུ་ཐོས་པ་དང་། སེམས་ངེས་པར་སེམས་པ་ལ་དགའ་བ་དང་། བྱང་ཆུབ་སེམས་དཔའི་བསམ་པ་ལ་ཀུན་ཏུ་རྨོངས་པ་མང་བ་དང་། དྲན་པ་ཉེ་བར་གཞག་པས་གནས་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་སྒོམ་པའི་སྦྱོར་བ་ལ་བརྩོན་པ་དང་། བརྩམས་པ་ཐམས་ཅད་སྒྲུབ་པ་སྙིང་པོར་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའི་རབ་ཏུ་འབྱུང་བའི་ཡོན་ཏན་ཡོངས་སུ་རྫོགས་པར་འགྱུར་རོ། །ཀླུའི་བདག་པོ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཟབ་མོའི་ཚུལ་ལ་གནས་པ་ཡིན་ཏེ། བཅུ་གང་ཞེ་ན། བདག་གི་ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྗེས་སུ་འགྲོ་བ་དང་། བདག་དག་པས་ཆོས་ཐམས་ཅད་དག་པའི་རྗེས་སུ་འཇུག་པ་དང་། བདག་བདག་མེད་པས་ཆོས་ཐམས་ཅད་བདག་མེད་པ་ལ་མོས་པ་དང་། བདག་སྟོང་པས་ཆོས་ཐམས་ཅད་སྟོང་པར་སོམ་ཉི་མེད་པ་དང་། བདག་དབེན་པས་ཆོས་ཐམས་ཅད་དབེན་པ་ལ་འཇུག་པ་དང་། བདག་ཞི་བས་ཆོས་ཐམས་ཅད་ཞི་བར་སོ་སོར་རྟོག་པ་དང་། བདག་ཇི་ལྟ་བ་བཞིན་པས་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་དང་། བདག་ ― DKG058_Page_0247 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཟབ་པས་ཆོས་ཐམས་ཅད་ཟབ་པར་ངེས་པར་སེམས་པ་དང་། བདག་བེམས་པོ་ཡིན་པས་ཆོས་ཐམས་ཅད་བེམས་པོ་ཡིན་པར་ངེས་པར་རྟོག་པ་དང་། བདག་གཟུང་དུ་མེད་པས་ཆོས་ཐམས་ཅད་གཟུང་དུ་མེད་པར་རབ་ཏུ་ཤེས་པ་སྟེ། བཅུ་པོ་དེ་དག་གོ །ཀླུའི་བདག་པོ་གཞན་ཡང་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཟབ་མོའི་ཚུལ་ལ་གནས་པ་ཡིན་ཏེ། བཅུ་གང་ཞེ་ན། རྣམ་པར་བསྒྲུབས་པས་གནས་པའི་མཚན་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རབ་ཏུ་ཤེས་པ་དང་། ཕྱིན་ཅི་ལོག་ལས་བྱུང་བར་མཐོང་བས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རབ་ཏུ་ཤེས་པ་དང་། ཕྱིན་ཅི་ལོག་ཏུ་འདུ་ཤེས་པས་ཆོས་ཐམས་ཅད་སྨིག་རྒྱུ་ལྟ་བུར་རབ་ཏུ་ཤེས་པ་དང་། རྒྱུའི་བྱ་བ་དང་། རྐྱེན་ལ་དམིགས་ཏེ་སྐྱེ་བའི་ཆོས་ཐམས་ཅད་མིག་ཡོར་ལྟ་བུར་རབ་ཏུ་ཤེས་པ་དང་། འཕོ་བ་མེད་པའི་མཚན་ཉིད་ལས་ཕྱིར་མི་ལྡོག་པས་ཆོས་ཐམས་ཅད་ཆུ་ཟླ་ལྟ་བུར་རབ་ཏུ་ཤེས་པ་དང་། ཡུལ་ལ་མི་གནས་ཤིང་ཕྱོགས་ན་མི་གནས་ཏེ་ངོ་བོ་ཉིད་མེད་པས་ཆོས་ཐམས་ཅད་བྲག་ཅ་ལྟ་བུར་རབ་ཏུ་ཤེས་པ་དང་། སྐད་ཅིག་ཀྱང་མི་སྡོད་པས་ཆོས་ཐམས་ཅད་སྤྲིན་དང་གློག་སྣང་བ་ལྟ་བུར་རབ་ཏུ་ཤེས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཆགས་པར་མི་འགྱུར་བས་ཆོས་ཐམས་ཅད་འཇའ་ཚོན་ལྟ་བུར་རབ་ཏུ་ཤེས་པ་དང་། གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཉོན་མོངས་པ་ཅན་དུ་མི་འགྱུར་བས་ཆོས་ཐམས་ཅད་རང་བཞིན་གྱིས་རབ་ཏུ་དག་པར་ཤེས་པ་དང་། སྐྱེ་བ་དང་། འཇིག་པ་དང་། གནས་པ་དང་བྲལ་བས་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་རབ་ཏུ་ཤེས་པ་སྟེ། ཀླུའི་བདག་པོ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཟབ་མོའི་ཚུལ་ལ་གནས་པ་ཡིན་ནོ། །ཀླུའི་བདག་པོ་ཆོས་གཉིས་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ཆད་པར་ལྟ་བར་ལྟུང་བར་མི་འགྱུར་ཏེ། གཉིས་གང་ཞེ་ན། ལས་ཀྱི་བྱ་བ་ལ་འཇུག་པ་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་སྒྲུབ་པ་ཤེས་པ་སྟེ། ཀླུའི་བདག་པོ་ཆོས་དེ་གཉིས་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ཆད་པར་ལྟ་བར་ ― DKG058_Page_0248 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྟུང་བར་མི་འགྱུར་རོ། །ཀླུའི་བདག་པོ་ཆོས་གཉིས་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་རྟག་པར་ལྟ་བར་ལྟུང་བར་མི་འགྱུར་ཏེ། གཉིས་གང་ཞེ་ན། མི་རྟག་པའི་ཆོས་ལ་འཇུག་པ་ཤེས་པ་དང་། སྐྱེས་ནས་ཞིག་ཅིང་ཞུ་སྟེ། མི་གནས་པར་རབ་ཏུ་རྣམ་པར་དབྱེ་བ་ཤེས་པ་སྟེ། ཀླུའི་བདག་པོ་ཆོས་དེ་གཉིས་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་རྟག་པར་ལྟ་བར་ལྟུང་བར་མི་འགྱུར་རོ། །ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་བརྟེན་ཏེ། འབྱུང་བ་ལ་མཁས་པ་ཡིན་ཏེ། མ་རིག་པ་ཀུན་འབྱུང་བ་ནས་རྒ་ཤི་ཀུན་འབྱུང་བའི་བར་ལ་འཇུག་པ་དང་། མ་རིག་པ་འགག་པ་ནས་རྒ་ཤི་འགག་པའི་བར་ལ་འཇུག་པ་དང་། ཆད་པར་ལྟ་བར་ཡང་མི་ལྟུང་བ་དང་། རྟག་པར་ལྟ་བར་ཡང་མི་གནས་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་ལ་མཁས་པ་ཡིན་ནོ། །ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ལྟ་བར་གྱུར་པ་ཐམས་ཅད་དུ་ལྟ་བར་མི་འགྱུར་ཏེ། བཞི་གང་ཞེ་ན། སྟོང་པ་ཉིད་ཤེས་པས་བདག་དང་སེམས་ཅན་དུ་ལྟ་བར་མི་འགྱུར་བ་དང་། མཚན་མ་མེད་པ་ཤེས་པས་སྲོག་དང་གང་ཟག་ཏུ་ལྟ་བར་མི་འགྱུར་བ་དང་། སྨོན་པ་མེད་པ་ཤེས་པས་འབྱུང་བ་དང་འཇིག་པར་ལྟ་བར་མི་འགྱུར་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པས་ཆད་པ་དང་རྟག་པར་ལྟ་བར་མི་འགྱུར་བ་སྟེ། ཆོས་བཞི་པོ་འདི་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ལྟ་བར་གྱུར་པ་ཐམས་ཅད་དུ་ལྟ་བར་མི་འགྱུར་རོ། །ཀླུའི་བདག་པོ་ཆོས་དྲུག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་ཤེས་པའི་ཤེས་པས་རྣམ་པར་རྩེ་བར་འགྱུར་ཏེ། དྲུག་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་ལྟ་བས་དེའི་ལྷའི་མིག་རྣམ་པར་དག་པར་འགྱུར་བ་དང་། ངན་དུ་སྨྲས་པའི་ཚིག་དང་དུ་ལེན་པས་ལྷའི་རྣ་བ་རྣམ་པར་དག་པར་འགྱུར་བ་དང་། སེམས་ཀུན་ནས་ཉོན་མོངས་པ་མེད་པས་གཞན་གྱི་སེམས་ཤེས་པ་རྣམ་པར་དག་པར་འགྱུར་བ་དང་། སྔོན་བྱས་པའི་དགེ་བའི་རྩ་བ་སེམས་ཅན་ཐམས་ ― DKG058_Page_0249 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅད་ལ་གཏོང་བས་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་རྣམ་པར་དག་པར་འགྱུར་བ་དང་། འཐུན་པར་བྱེད་པ་དང་། བཀའ་བློ་བདེ་བ་དང་། ཇི་སྐད་སྨྲས་པ་བཞིན་བྱེད་པས་རྫུ་འཕྲུལ་བྱ་བ་ཤེས་པ་རྣམ་པར་དག་པར་འགྱུར་བ་དང་། ཆོས་རྣམས་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་པས་ཟག་པ་ཟད་པ་ཤེས་པ་རྣམ་པར་དག་པར་འགྱུར་བ་སྟེ། དྲུག་པོ་དེ་དག་གོ །ཀླུའི་བདག་པོ་གཞན་ཡང་མར་མེ་བྱིན་པས་ནི་ལྷའི་མིག་རྣམ་པར་དག་པར་འགྱུར་རོ། །སིལ་སྙན་དང་། ཕེག་རྡོབ་པ་དང་། གླུའི་དབྱངས་ཐམས་ཅད་བྱིན་པས་ནི་ལྷའི་རྣ་བ་རྣམ་པར་དག་པར་འགྱུར་རོ། །ཀུན་ནས་ཉོན་མོངས་པ་མེད་པར་བྱིན་པས་ནི་གཞན་གྱི་སེམས་ཤེས་པ་རྣམ་པར་དག་པར་འགྱུར་རོ། །དགེ་བའི་ཆོས་དྲན་པར་བྱེད་ཅིང་བསྐུལ་བས་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་རྣམ་པར་དག་པར་འགྱུར་རོ། །སྒྲིབ་པ་དང་། འགྱོད་པ་བསལ་བས་ནི་རྫུ་འཕྲུལ་གྱི་བྱ་བ་ཤེས་པ་རྣམ་པར་དག་པར་འགྱུར་རོ། །ཆོས་བྱིན་པས་ནི་ཟག་པ་ཟད་པ་ཤེས་པ་རྣམ་པར་དག་པར་འགྱུར་རོ། །ཀླུའི་བདག་པོ་གཞན་ཡང་དེ་བཞིན་གཤེགས་པ་ལ་ལྟ་བས་ནི་ལྷའི་མིག་རྣམ་པར་དག་པར་འགྱུར་རོ། །དམ་པའི་ཆོས་མཉན་པས་ནི་ལྷའི་རྣ་བ་རྣམ་པར་དག་པར་འགྱུར་རོ། །སེམས་ཀྱིས་ངེས་པར་བརྟགས་པས་ནི་གཞན་གྱི་སེམས་ཤེས་པ་རྣམ་པར་དག་པར་འགྱུར་རོ། །དགེ་འདུན་རྗེས་སུ་དྲན་པས་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་རྣམ་པར་དག་པར་འགྱུར་རོ། །འདུན་པ་དྲག་པོས་ནི་རྫུ་འཕྲུལ་གྱི་བྱ་བ་ཤེས་པ་རྣམ་པར་དག་པར་འགྱུར་རོ། །ཆོས་སྒྲུབ་པས་ནི་ཟག་པ་ཟད་པ་ཤེས་པ་རྣམ་པར་དག་པར་འགྱུར་རོ། །དེ་ལ་མངོན་པར་ཤེས་པས་རྣམ་པར་རྩེ་བ་གང་ཞེ་ན། ཀླུའི་བདག་པོ་འདི་ལ་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དང་། ཕྱི་རོལ་གྱི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ཀྱི་ལྷའི་མིག་གང་ ― DKG058_Page_0250 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡིན་པ་དེ་བས་ནི་བྱང་ཆུབ་སེམས་དཔའི་ལྷའི་མིག་དེ་ཆེས་འདས་པ་དང་། ཆེས་གསལ་བ་དང་། ཆེས་ཁྱད་པར་དུ་འཕགས་པ་དང་། ཆེས་མཆོག་ཏུ་གྱུར་པ་དང་། ཆེས་རྣམ་པར་དག་པ་སྟེ། དེའི་ལྷའི་མིག་དེས་ནི་དེ་བཞིན་གཤེགས་པའི་སྤྱན་གྱི་ཡུལ་མ་གཏོགས་པར་སེམས་ཅན་དུ་སྣང་བའམ། གཟུགས་སུ་སྣང་བའམ། ཆོས་སུ་སྣང་བ་གང་ཡང་མི་རྟོགས་པ་དང་། མི་མཐོང་བ་དང་། མི་ཤེས་པ་ཅི་ཡང་མེད་དོ། །ཀླུའི་བདག་པོ་དེ་ལ་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ལྷའི་རྣ་བ་གང་ཡིན་པ་ནས་མི་དང་མི་མ་ཡིན་པའི་བར་རྣམས་ཀྱི་ལྷའི་རྣ་བ་གང་ཡིན་པ་དེ་བས་ནི་བྱང་ཆུབ་སེམས་དཔའི་ལྷའི་རྣ་བ་དེ་ཆེས་འདས་པ་དང་། ཆེས་གསལ་བ་དང་། ཆེས་ཁྱད་པར་དུ་འཕགས་པ་དང་། ཆེས་མཆོག་ཏུ་གྱུར་པ་དང་། ཆེས་རྣམ་པར་དག་པ་སྟེ། དེ་ལྷའི་རྣ་བའི་དབང་པོ་དེས་ནི་དེ་བཞིན་གཤེགས་པའི་སྙན་གྱི་ཡུལ་མ་གཏོགས་པ་སྒྲར་གྲག་པ་གང་ཡང་ཐོས་པར་མི་འགྱུར་བ་ཅི་ཡང་མེད་དེ། དེས་ནི་སྒྲ་ཐམས་ཅད་ཀྱི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་གཅོད་པ་རབ་ཏུ་ཤེས་སོ། །ཀླུའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔས་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་བ་དང་། སེམས་ཀྱི་དམིགས་པ་དང་། སེམས་ཀྱི་མཚན་མ་དང་། སེམས་ཀྱི་དཔྱོད་པ་དང་། སེམས་ཀྱི་རྒྱུ་དང་། སེམས་ཀྱི་བསམ་པ་དང་། སེམས་ཀྱི་འབྲས་བུ་དང་། སེམས་ཀྱི་ངེས་པ་དང་། སེམས་ཀྱི་བརྟག་པ་དང་། སེམས་ཀྱི་རྣམ་པ་སྣ་ཚོགས་དང་། སེམས་ཀྱི་རྗེས་སུ་ཆགས་པ་དང་། སེམས་ཀྱི་ཁོང་ཁྲོ་བ་དང་། སེམས་རྣམ་པར་གཡེངས་པ་དང་། སེམས་བསྡུ་བ་དང་། སེམས་བྲལ་བར་གཡོ་བ་དང་། སེམས་ལྷག་པར་གཡོ་བ་དང་། སེམས་བསྐུལ་བ་དང་། སེམས་གནས་པ་དང་། སེམས་ཀྱི་སྔོན་གྱི་མཐའ་དང་། སེམས་ཀྱི་ཕྱི་མའི་མཐའ་དང་། སེམས་ཀྱི་ད་ལྟར་བྱུང་བ་དང་། སེམས་ཀྱི་གནས་དང་། སེམས་ཀྱི་གནས་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་དེ་བཞིན་དུ་དེས་སེམས་ཅན་དེ་དག་ལ་ཆོས་དང་ལྡན་པའི་ ― DKG058_Page_0251 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཏམ་འཇུག་པར་བྱེད་དོ། །དེས་སྔོན་གྱི་གནས་རྗེས་སུ་དྲན་པས་བདག་དང་གཞན་རྣམས་ཀྱི་སྔོན་གྱི་མཐའི་མུར་ཐུག་པའི་བར་གྱི་འཆི་འཕོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་དྲན་ཏེ། རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་དང་གཞན་མ་ཡིན་པར་རྗོད་པར་བྱེད་དོ། །རྫུ་འཕྲུལ་གྱི་བྱ་བ་རྣམས་ལ་ཡང་མངོན་པར་འདུ་བྱེད་པ་མེད་པ་ཐོབ་སྟེ་བྱ་བ་ཐམས་ཅད་སྟོན་ཏོ། །ཀླུའི་བདག་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་སྟེ། དེ་ལ་རང་གི་སེམས་ལ་དབང་བྱེད་པས་དོན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་འདི་ནི་དེའི་རྣམ་པར་རྩེ་བ་སྟེ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་ཀུན་ཏུ་སྟོན་ལ་གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་མི་བྱེད་པ་ལྟ་བུའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པ་གང་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ལ་མ་ཆགས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྣམ་པར་གྲོལ་བ་ལ་ལྷག་པར་དམིགས་ཤིང་རང་བཞིན་གྱིས་ཟག་པ་ཟད་པ་ཤེས་ཀྱི་ཤེས་པ་དེ་མངོན་སུམ་དུ་བྱེད་པ་ནི་མ་ཡིན་ལ་སེམས་ཅན་ཐམས་ཅད་ཀྱི་ཟག་པ་ཟད་པར་བྱ་བ་ཁོ་ནའི་ཕྱིར་ཡང་འཁོར་བའི་རྒྱུན་ལ་གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་དྲུག་པའོ། །ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་ཡིན་ཏེ། བཞི་གང་ཞེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཡོངས་སུ་བསྒོས་པའི་མངོན་པར་ཤེས་པ་ལྔ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་སོ་སོ་ཡང་དག་པར་རིག་པ་བཞི་དང་། ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་བསྒོས་པའི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པས་ཡོངས་སུ་བསྒོས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཏེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་ ― DKG058_Page_0252 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་ལྡན་ན་བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་ཡིན་ནོ། །ཀླུའི་བདག་པོ་དེ་ལ་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་གང་ཞེ་ན། ཉོན་མོངས་པ་ཐམས་ཅད་ཀྱང་མཐོང་ལ་བག་ཆགས་ཀྱི་མཚམས་སྦྱོར་བའི་རྣམ་པའི་ཉོན་མོངས་པ་ཐམས་ཅད་ཀྱང་ཡང་དག་པར་བཅོམ་པ་གང་ཡིན་པ་དང་། འཁོར་བ་ཡང་མཐོང་ལ་མྱ་ངན་ལས་འདས་པ་ལ་ཡང་ཡང་དག་པར་གཞོལ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ཡང་མཐོང་ལ་བྱང་ཆུབ་ཀྱི་སྙིང་པོ་ལ་ཡང་ཡང་དག་པར་གཞོལ་བ་དང་། སེམས་ཅན་གྱི་སྤྱོད་པའི་རྗེས་སུ་ཡང་འཇུག་ལ་སེམས་ཅན་གྱི་སྤྱོད་པ་དབེན་པར་ཡང་ཤེས་པ་སྟེ། འདི་ནི་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་ཞེས་བྱའོ། །གཞན་ཡང་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་ནི་འདུས་བྱས་ཀྱི་བྱ་བ་ཐམས་ཅད་ཀྱི་རྗེས་སུ་ཡང་འཇུག་ལ། འདུས་མ་བྱས་པ་ཡང་ཐོབ་པ་གང་ཡིན་པ་དང་། འདུས་བྱས་ཐམས་ཅད་ཀྱི་ཉེ་བར་ཞི་བ་ཡང་མཐོང་ལ་འདུས་མ་བྱས་ཀྱང་ཐོབ་པའོ། །ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ནི་འདུས་བྱས་ལ་སྤྱོད་པ་ན་ཡང་འདུས་མ་བྱས་ཤེས་པས་སྒྲིབ་པ་མེད་པ་ལ། འདུས་མ་བྱས་པ་ཐོབ་པ་ལ་ཡང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱིས་སྒྲིབ་པ་མེད་དེ། དེར་སྒྲིབ་པ་མེད་པའི་ཡེ་ཤེས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་ཞེས་བྱའོ། །ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་སྤྱོད་པ་དང་། བསམ་པ་དང་ཆོ་ག་ཤེས་པ་ཡིན་ཏེ། བཞི་གང་ཞེ་ན། འཇིག་རྟེན་གྱི་རྗེས་སུ་འཇུག་པའི་ཤེས་པ་དང་། སྙོམས་པར་འཇུག་པ་ལ་མཁས་པའི་ཤེས་པ་དང་། ཤེས་པ་དང་། བསམ་པ་ལས་སུ་རུང་བའི་བསམ་པ་དང་། སེམས་ལ་དབང་བྱེད་པའི་ཐབས་ཏེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་སྤྱོད་པ་དང་། བསམ་པ་དང་ཆོ་ག་ཤེས་པ་ཡིན་ནོ། །ཀླུའི་བདག་པོ་ཆོས་ལྔ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ཡིན་ཏེ། ལྔ་གང་ཞེ་ན། བདག་གི་བདེ་བ་ལ་མི་ལྟ་བས་ཡིད་ཡོངས་སུ་མི་སྐྱོ་ ― DKG058_Page_0253 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་དང་། བརྩོན་པ་བརྟན་པས་སེམས་ཅན་ལ་བདེ་བ་སྦྱིན་པ་དང་། སྙིང་རྗེ་ཆེན་པོ་དང་། སེམས་ཅན་རྣམས་ཀྱི་སྤྱོད་པ་ཇི་ལྟ་བ་དེ་ལྟ་བུའི་སྤྱོད་པ་ལ་རྗེས་སུ་འཇུག་པ་དང་། གོང་དུ་ཡང་ཡོན་ཏན་ཁྱད་པར་ཅན་ལ་ཡང་འགོད་པར་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་ལྔ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ། །ཀླུའི་བདག་པོ་ཆོས་དྲུག་དང་ལྡན་ན་བྱང་ཆུབ་སེམས་དཔའ་འཛིན་པ་དང་། ཀློག་པ་དང་། བརྡ་སྤྲོད་པ་ལ་མཁས་པ་ཡིན་ཏེ། དྲུག་གང་ཞེ་ན། གཟུངས་ཐོབ་པ་དང་། དྲན་པ་དང་ཤེས་བཞིན་གྱིས་སྒྲུབ་པ་དང་། ཡང་དག་པ་ལ་ཚུལ་བཞིན་དུ་འཇུག་པ་དང་། སེམས་ཀྱི་རྗེས་སུ་འཇུག་པ་ཤེས་པ་དང་། ཐོགས་པ་མེད་པའི་སྤོབས་པ་ཐོབ་པ་དང་། དགོངས་པའི་ཚིག་སྟོན་པའི་ཤེས་པ་ལ་མཁས་པ་སྟེ། ཀླུའི་བདག་པོ་ཆོས་དྲུག་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་འཛིན་པ་དང་། ཀློག་པ་དང་། བརྡ་སྤྲོད་པ་ལ་མཁས་པ་ཡིན་ནོ། །ཀླུའི་བདག་པོ་ཆོས་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔའ་བདུད་ཕྱིར་རྒོལ་བ་བཅོམ་པ་ཡིན་ཏེ། བརྒྱད་གང་ཞེ་ན། སྒྱུ་མའི་ཆོས་ཉིད་ཕུང་པོ་ལྔ་ཡོངས་སུ་ཤེས་པ་དང་ཡང་ལྡན་ལ་འཇིག་ཚོགས་ལ་ལྟ་བའི་ཉོན་མོངས་པ་དང་བྲལ་ཏེ། སྟོང་པ་ཉིད་ལ་སྤྱོད་ཡུལ་བ་ཡང་ཡིན་པ་དང་། འདུ་བྱེད་ཐམས་ཅད་ཀྱི་སྐྱེ་བ་མེད་པར་ཡང་རབ་ཏུ་ཤེས་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམས་བཞིན་དུ་སྐྱེ་བར་ཡང་བྱེད་པ་དང་། བརྩོན་འགྲུས་བརྟན་པས་བྱང་ཆུབ་ཀྱི་བསམ་པ་ཡང་ཡོངས་སུ་མི་གཏོང་ལ་ཁམས་གསུམ་པས་ཀྱང་ཡིད་རྟག་ཏུ་སྐྲག་པ་དང་། མངོན་པར་འདུ་བྱེད་པ་མེད་པ་ཡང་མི་ལྟུང་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཡོངས་སུ་ཚོལ་བ་དང་། སེམས་ཅན་རྣམས་ལ་ཡང་ལྟ་ལ། བསོད་ནམས་ཀྱི་ཚོགས་ཀྱང་སོགས་པ་དང་། མི་རྟག་པའི་མཚན་ཉིད་ལ་ཡང་ཡིད་ཆེས་ལ་ཡེ་ཤེས་ཀྱི་ཚོགས་ཀྱང་སོགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཤེས་པ་ལ་ཡང་མ་ཆགས་པ་སྟེ། ཀླུའི་བདག་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན་བྱང་ཆུབ་ ― DKG058_Page_0254 ―
[མ་དཔེ་གཟིགས་ན་འདིར་གནོན།]
སེམས་དཔའ་བདུད་ཕྱིར་རྒོལ་བ་བཅོམ་པ་ཡིན་ནོ། །ཀླུའི་བདག་པོ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྐྲག་པ་དང་འཇིགས་པ་ཐམས་ཅད་དང་བྲལ་ཏེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཡིན་ཏེ། བཅུ་གང་ཞེ་ན། སྦྱིན་པས་ཉེ་བར་བརྟན་པ་ཡིན་ཏེ་མཚན་གྱིས་ལེགས་པར་བརྒྱན་པ་དང་། ཚུལ་ཁྲིམས་ལ་གནས་པ་ཡིན་ཏེ་ངན་སོང་ཐམས་ཅད་ཡང་དག་པར་གཅད་པ་དང་། བཟོད་པའི་གོ་ཆ་བགོས་པ་ཡིན་ཏེ་དབང་པོ་མ་ཉམས་པ་དང་། བརྩོན་འགྲུས་བརྟན་པ་ཡིན་ཏེ་དགེ་བའི་རྩ་བའི་ཚོགས་རྣམས་ཀྱིས་ཆོག་མི་ཤེས་པ་དང་། བསམ་གཏན་ལ་གནས་པ་ཡིན་ཏེ་ཅང་ཤེས་ཀྱི་སེམས་དང་ལྡན་པ་དང་། ཤེས་རབ་དང་ལྡན་པ་ཡིན་ཏེ་ཉོན་མོངས་པ་དང་བྲལ་བ་དང་། ཐབས་ལ་མཁས་པ་ཡིན་ཏེ་ཀུན་ཏུ་ཡོངས་སུ་བསྔོ་བ་ཤེས་པ་ལ་མཁས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ་ཡིན་ཏེ་དོན་དང་ཆོས་དང་། ངེས་པའི་ཚིག་དང་སྤོབས་པ་ལ་མཁས་པ་དང་། གཟུངས་ཐོབ་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པ་ལ་མཁས་པ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་ཡིན་ཏེ་དམ་པའི་ཆོས་ཡོངས་སུ་འཛིན་པ་སྟེ། ཀླུའི་བདག་པོ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྐྲག་པ་དང་འཇིགས་པ་ཐམས་ཅད་དང་བྲལ་ཏེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཡིན་ནོ། །ཀླུའི་བདག་པོ་ཆོས་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ཆོས་ལ་ཡང་དག་པར་གཞོལ་བ་ཡིན་ཏེ། བརྒྱད་གང་ཞེ་ན། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་དང་། བདག་གི་འཁྲུལ་པ་ལ་སོ་སོར་རྟོག་པར་བྱེད་ཀྱི། གཞན་གྱི་འཁྲུལ་པ་ལ་མི་རྟོག་པ་དང་། སྲོག་གི་ཕྱིར་ཡང་གཞན་དག་ལ་བརྙས་པར་མི་བྱེད་པ་དང་། རྙེད་པ་དང་བཀུར་སྟི་ཐོབ་པས་ཀྱང་མཐོ་བར་མི་འཛིན་ལ་མ་ཐོབ་པས་ཀྱང་དམའ་བར་མི་འཛིན་པ་དང་། སེམས་ཅན་ཐམས་ཅད་ལ་ཡོན་གནས་ཀྱི་སེམས་བསྐྱེད་དེ་སྦྱིན་པ་སྦྱིན་པ་དང་། བགོ་བཤའི་ངང་ཚུལ་ཅན་ཡིན་ཏེ། ཆོས་ལ་སློབ་དཔོན་དཔེ་མཁྱུད་མི་བྱེད་པ་དང་། གཞན་གྱི་བདེ་བས་དགའ་བ་ཡིན་ཏེ་ཕྲག་དོག་དང་སེར་སྣ་དང་བྲལ་བ་དང་། ― DKG058_Page_0255 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྡུག་པ་དང་མི་སྡུག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་འགྱོད་པ་མེད་པ་སྟེ། ཀླུའི་བདག་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ཆོས་ལ་ཡང་དག་པར་གཞོལ་བ་ཡིན་ནོ། །ཀླུའི་བདག་པོ་ཆོས་ལྔ་དང་ལྡན་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། ལྔ་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ཏེ་ཐབས་ལ་མཁས་པ་དང་། ཆོས་ཐམས་ཅད་ཇི་ལྟ་བ་ལ་མཁས་པ་ཡིན་ཏེ་ཆོས་ཟབ་མོའི་ཚུལ་ལ་གནས་པ་དང་། མངོན་པར་ཤེས་པ་མ་ཉམས་པ་ཡིན་ཏེ་སེམས་ཅན་ཐམས་ཅད་ཀྱི་དབང་པོའི་རིག་པའི་ཆོ་ག་ཤེས་པ་དང་། ལེགས་པར་ཁོང་དུ་ཆུད་པ་ཤེས་པ་ཡིན་ཏེ་ཆགས་པ་མེད་པར་སྤྱོད་པ་དང་། ཟད་མི་ཤེས་པ་མངོན་པར་སྒྲུབ་པས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྤྱོད་པར་བྱེད་ལ་ཟག་པ་ཐམས་ཅད་ཀྱང་ཟད་པར་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་ལྔ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནོ། །ཀླུའི་བདག་པོ་ཆོས་གསུམ་དང་ལྡན་ན་བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་ཡིན་ཏེ། གསུམ་གང་ཞེ་ན། སེམས་ཅན་ཡོངས་སུ་དག་པར་བྱ་བའི་ཕྱིར་བདག་མེད་པ་དང་། ཆོས་ཡོངས་སུ་དག་པར་བྱ་བའི་ཕྱིར་དབེན་པ་དང་། ཡེ་ཤེས་ཡོངས་སུ་དག་པར་བྱ་བའི་ཕྱིར་ཆགས་པ་མེད་པ་སྟེ་གསུམ་པོ་དེ་དག་གོ །གཞན་ཡང་གསུམ་སྟེ། སྔོན་གྱི་མཐའ་རྣམ་པར་དག་པར་བྱ་བའི་ཕྱིར་མི་ཟད་པའི་ཆོས་ཉིད་དང་། ཕྱི་མའི་མཐའ་རྣམ་པར་དག་པར་བྱ་བའི་ཕྱིར་མི་སྐྱེ་བའི་ཆོས་ཉིད་དང་། ད་ལྟར་བྱུང་བའི་ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་ལེགས་པར་གནས་པའི་ཆོས་ཉིད་དེ། གསུམ་པོ་དེ་དག་གོ །ཀླུའི་བདག་པོ་གཞན་ཡང་ཆོས་གསུམ་དང་ལྡན་ན་བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པ་ཡིན་ཏེ། གསུམ་གང་ཞེ་ན། ལུས་ཡོངས་སུ་དག་པར་བྱ་བའི་ཕྱིར་བསོད་ནམས་ཀྱིས་ཉེ་བར་བརྟན་པ་དང་། ངག་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡེ་ཤེས་མཐའ་ཡས་པ་དང་། སེམས་ཡོངས་སུ་དག་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་ལ་དམིགས་པ་སྟེ། ― DKG058_Page_0256 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀླུའི་བདག་པོ་ཆོས་གསུམ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་ཡིན་ནོ། །ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལུང་སྟོན་པར་མཛད་དེ། བཞི་གང་ཞེ་ན། ཆོས་རྣམས་ལ་ལྷག་པའི་བསམ་པས་སྒྲུབ་པ་དང་། དཀར་པོ་རྣམ་པར་མཐོང་བས་སྤྱོད་པ་ལ་སྤྱོད་པ་ཡོངས་སུ་རྫོགས་པ་དང་། སེམས་ཅན་གྱི་བསམ་པ་རྣམས་ལ་ཡེ་ཤེས་ཀྱི་སྟོབས་བསྐྱེད་པ་ཐོབ་པ་དང་། ཤིན་ཏུ་མེད་པའི་ཕྱིར་རང་བཞིན་གྱིས་མ་སྐྱེས་མ་བྱུང་བའི་ཆོས་རྣམས་རབ་ཏུ་ཤེས་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལུང་སྟོན་པར་མཛད་དོ། །བསྟན་པ་འདི་བཤད་པ་ན་ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ཁྲག་ཁྲིག་ཕྲག་བཅུ་གཉིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་བདུན་ཁྲི་ཉིས་སྟོང་གིས་ནི་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་བོ། །དགེ་སློང་ཁྲི་བཞི་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །དགེ་སློང་མ་བརྒྱད་སྟོང་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ལྷའི་བུ་ལྔ་སྟོང་གིས་ནི་འདོད་ཆགས་དང་བྲལ་བ་ཐོབ་བོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་དེའི་ཚེ་རྣམ་པ་དྲུག་ཏུ་གཡོས་སོ། །འཇིག་རྟེན་ཡང་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །མེ་ཏོག་གི་ཆར་ཆེན་པོ་ཡང་བབ་བོ། །ལྷའི་བུ་རྣམས་ཀྱིས་ཀྱང་བར་སྣང་ལས་སིལ་སྙན་བརྒྱ་སྟོང་དག་དཀྲོལ་ཏེ་ཆེད་དུ་བརྗོད་པ་འདི་སྐད་ཀྱང་ཆེད་དུ་བརྗོད་དེ། ཨ་ལ་ལ་དེ་བཞིན་གཤེགས་པས་ནི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་འདི་ཆོས་ཀྱི་རྣམ་གྲངས་འདི་ལས་བསྐོར་ཏོ། །ཡུལ་བཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ་གང་ཡིན་པ་དང་། ཆོས་ཀྱི་རྣམ་གྲངས་འདི་ལས་བསྐོར་བ་གང་ཡིན་པ་འདི་ནི་མཚུངས་སོ། །དེ་ཅིའི་ ― DKG058_Page_0257 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕྱིར་ཞེ་ན། འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ལས་སེམས་ཅན་དཔག་ཏུ་མེད་གྲངས་མེད་པའི་དོན་མཛད་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་དག་ནི་དགེ་བའི་རྩ་བ་ངན་ངོན་མ་ཡིན་པ་དང་ལྡན་པ་ཡིན་ན་སེམས་ཅན་གང་དག་ཐོས་ནས་ཀྱང་འཆང་བར་བྱེད་པ་ལྟ་ཅི་སྨོས་ཏེ། དེ་དག་གིས་ནི་མིར་སྐྱེ་བ་རྙེད་པ་ལེགས་པར་རྙེད་དོ། །དེ་དག་གིས་ནི་དེ་བཞིན་གཤེགས་པ་ལེགས་པར་མཐོང་ངོ་། །དེ་དག་གིས་ནི་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་ཐོས་སོ། །ཆོས་ཀྱི་ཚུལ་གྱི་རྣམ་པ་འདི་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ཡིན་པ་དེ་དག་གི་ངན་སོང་ཐམས་ཅད་ནི་བཀག་པར་གྱུར་ཏོ། །དེ་དག་གི་ལྷ་དང་མིར་སྐྱེ་བའི་སྒོ་རྣམས་ནི་ཕྱེ་བར་གྱུར་ཏོ། །དེ་དག་ནི་ཡོངས་སུ་མྱ་ངན་ལས་འདས་ཟིན་པར་རིག་པར་བྱའོ། །ཞེས་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། གྲོགས་པོ་དག་ལེགས་སོ་ལེགས་སོ། །ཁྱེད་ཀྱིས་ཚིག་འདི་ལེགས་པར་སྨྲས་སོ། །མདོ་སྡེའི་ཚིག་བསྟན་པ་འདི་ལྟ་བུ་དག་ལ་དགའ་བ་ཐོབ་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་དང་། ཐེག་པ་ཆེན་པོས་འདུལ་བ་ཡིན་ནོ། །སེམས་ཅན་དེ་དག་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པ་དང་། ཕྱིར་མི་ལྡོག་པའི་ཕྱག་རྒྱས་བཏབ་པ་ཡིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་ལ་དགའ་བ་ཐོབ་པ་གང་ཡིན་པའི་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་འབའ་ཞིག་ལ། ཡང་དག་པར་གཞོལ་བ་མ་གཏོགས་པ་དེ་དག་འགྲོ་བ་གཞན་དུ་འགྲོ་བར་མི་འགྱུར་ན་གང་དག་བསྔགས་པ་ཐོས་ནས་འཛིན་པར་བྱེད་པ་དང་། དེ་བཞིན་ཉིད་དུ་སྒྲུབ་པ་རྣམས་ལྟ་ཅི་སྨོས། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །། གཉིས་པ། སྨོན་ལམ་གྱི་ལེའུ།― DKG058_Page_0257 ―
[མ་དཔེ་གཟིགས་ན་འདིར་གནོན།]
བམ་པོ་གཉིས་པ། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་བཤད་པ་འདི་ཐོས་ནས། ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས། རྒྱ་མཚོའི་གནས་རྣམ་པར་དག་པར་བྱེད་པའི་རིན་པོ་ཆེའི་བཀོད་པ་ཀུན་ཏུ་འོད་ཟེར་ ― DKG058_Page_0258 ―
[མ་དཔེ་གཟིགས་ན་འདིར་གནོན།]
འབྱུང་བའི་འོད་ཅན་ཞེས་བྱ་བའི་ནོར་བུ་རིན་པོ་ཆེ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རི་བ་གང་ཡིན་པ་དེ་བཅོམ་ལྡན་འདས་ལ་ཆོས་ཀྱི་དགབ་པར་ཕུལ་ལོ། །ནོར་བུ་རིན་པོ་ཆེ་དེའི་འོད་ཀྱིས་ཀྱང་ཉི་མ་དང་ཟླ་བ་གཉིས་ཀྱི་འོད་མོག་མོག་པོར་བྱས་སོ། །འཁོར་ཐམས་ཅད་ཀྱང་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་ཚིག་འདི་སྐད་དུ་ཨ་ལ་ལ་སངས་རྒྱས་བྱུང་བ་ནི་ངོ་མཚར་ཆེ་སྟེ། དེ་བྱུང་བས་ནི་འདི་ལྟར་ཡ་མཚན་དུ་རུང་ཞིང་རྨད་དུ་བྱུང་བའི་ཆོས་དག་ཀྱང་སྣང་ངོ་ཞེས་སྨྲས་སོ། ། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་བཅོམ་ལྡན་འདས་ལ་མངོན་པར་དགབ་པ་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་བའི་རྩ་བ་འདིས་ན་བདག་སངས་རྒྱས་ཀྱི་སྐུའི་འོད་དྲི་མ་མ་མཆིས་པ་ཐོབ་པར་གྱུར་ཅིག ། འོད་དེས་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་གྱུར་ཅིག ། སེམས་ཅན་གང་ལ་འོད་དེས་ཕོག་པ་དེ་དག་ཀྱང་ཉོན་མོངས་པ་ཐམས་ཅད་ཀྱིས་གནོད་པར་མ་གྱུར་ཅིག ། དེ་བཞིན་གཤེགས་པའི་སྨིན་མཚམས་ཀྱི་མཛོད་སྤུ་ཅི་འདྲ་བ་དེ་ལྟ་བུ་ཡང་བདག་གིས་ཐོབ་པར་གྱུར་ཅིག ། བྱང་ཆུབ་ཀྱི་ལམ་ཤེས་པ་སྒྲིབ་པ་མ་མཆིས་པ་ཡང་ཐོབ་པར་གྱུར་ཅིག ། ལམ་ཤེས་པ་དེས་ཀྱང་སེམས་ཅན་ལམ་ལོག་པ་ལ་ཞུགས་པ་རྣམས་ཡང་དག་པའི་ལམ་ལ་འགོད་པར་གྱུར་ཅིག ། བཅོམ་ལྡན་འདས་གཞན་ཡང་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མུན་པ་མུན་ནག་དང་བྲལ་ཏེ། ལམ་ཤེས་པ་ཐོབ་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་རྒྱལ་པོ་འདི་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་དབང་གིས་བྱུང་བ། ཤེས་རབ་ཀྱི་སྒྲོན་མ་ལག་ན་ཐོགས་པ། ཤེས་རབ་ཀྱི་ཤེས་པ་ཅན། ཤེས་རབ་ཀྱི་སྔོན་དུ་འགྲོ་བ། ཤེས་རབ་ཀྱི་མཚོན་ཆ་ཅན། ཤེས་རབ་ཀྱིས་བྱ་བ་བྱེད་པ་དེ་ནི་ཤེས་རབ་ཀྱི་གནས་ལ་གནས་ནས་སྦྱིན་པ་སྦྱིན་པར་བྱེད། ཚུལ་ཁྲིམས་སྲུང་བར་བྱེད། བཟོད་པ་སྒོམ་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། བསམ་གཏན་སྙོམས་པར་འཇུག་པར་བྱེད། ― DKG058_Page_0259 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆོས་རྣམས་ལྷག་པར་མཐོང་བར་བྱེད། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །ཀླུའི་བདག་པོ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་ནས་སྦྱིན་པ་སྦྱིན་པར་བྱེད་ཅེ་ན། ཀླུའི་བདག་པོ་འདི་ལ་སྦྱིན་པ་མཉམ་པ་ཉིད་ཀྱིས་བདག་མཉམ་པ་ཉིད་དོ། །བདག་མཉམ་པ་ཉིད་ཀྱིས་སེམས་ཅན་མཉམ་པ་ཉིད་དོ། །སེམས་ཅན་མཉམ་པ་ཉིད་ཀྱིས་ཆོས་མཉམ་པ་ཉིད་དོ། །ཆོས་མཉམ་པ་ཉིད་ཀྱིས་བྱང་ཆུབ་མཉམ་པ་ཉིད་དེ། མཉམ་པ་ཉིད་འདི་དག་ཀྱང་མི་སྤོང་ལ་སྦྱིན་པ་ཡང་སྦྱིན་པར་བྱེད་དེ། སྦྱིན་པ་དེ་ཡང་ཉོན་མོངས་པའི་དབང་གིས་སྦྱིན་པར་མི་བྱེད་དོ། །དེས་དེ་ཇི་ལྟ་ཇི་ལྟར་ཡོངས་སུ་འཇལ་བ་དེ་ཁོ་ན་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཡོངས་སུ་གཏོང་བར་བྱེད་དེ། ཉོན་མོངས་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། ལྟ་བའི་རྣམ་པ་ཐམས་ཅད་ཉེ་བར་ཞི་བ་དང་། རྩོད་པ་ཐམས་ཅད་འདོར་བ་གང་ཡིན་པ་དེ་ནི་གཏོང་བའི་མཆོག་ཡིན་ཏེ། ཀླུའི་བདག་པོ་འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་སྦྱིན་པ་ཡོངས་སུ་གཏོང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་ཚུལ་ཁྲིམས་གང་ཞེ་ན། ལུས་དང་ངག་དང་སེམས་དབེན་པར་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཡོངས་སུ་སྲུང་བ་སྟེ། ལུས་དང་ངག་དང་སེམས་ལ་ཡང་མི་རྟེན། འཇིག་རྟེན་འདི་ལ་ཡང་མི་རྟེན། འཇིག་རྟེན་ཕ་རོལ་ལ་ཡང་མི་རྟེན། ནང་ལ་ཡང་མི་རྟེན། ཕྱི་རོལ་ལ་ཡང་མི་རྟེན། ཕུང་པོ་ལ་ཡང་མི་རྟེན། ཁམས་ལ་ཡང་མི་རྟེན། སྐྱེ་མཆེད་ལ་ཡང་མི་རྟེན། བྱང་ཆུབ་ལ་ཡང་མི་རྟེན། མྱ་ངན་ལས་འདས་པ་ལ་ཡང་མི་རྟེན། ཆོས་ཐམས་ཅད་ལ་ཡང་མི་རྟེན་པར་ཚུལ་ཁྲིམས་སྲུང་བར་བྱེད་ལ། ཚུལ་ཁྲིམས་དེས་ཀྱང་རློམ་སེམས་སུ་མི་བྱེད་ཅིང་ཤིན་ཏུ་རློམ་སེམས་སུ་མི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་ཚུལ་ཁྲིམས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བཟོད་པ་གང་ཞེ་ན། བཟོད་པ་གང་སྒོམ་པ་ན་བདག་དང་སེམས་ཅན་དང་། སྲོག་ ― DKG058_Page_0260 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་གང་ཟག་ཏུ་མི་དམིགས་ཤིང་། ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་ཡང་མི་གནས་པ་དེ་ནི་ནང་དག་པ་དང་། སེམས་ཅན་དག་པ་དང་། ཆོས་ཐམས་ཅད་དག་པས་བཟོད་པ་སྒོམ་པ་ཡིན་ཏེ། དེ་ནི་བཟོད་པ་ཡང་སྒོམ་ལ། ཆོས་གང་ཡང་སྒོམ་པར་མི་བྱེད། མི་སྒོམ་པར་ཡང་མི་བྱེད་ལ། ཆོས་གང་ཡང་བསྐྱེད་པའི་ཕྱིར་རམ་དགག་པར་བྱ་བའི་ཕྱིར་ཡང་སྒོམ་པར་མི་བྱེད། ཆོས་གང་ཡང་ཟད་པར་བྱ་བའི་ཕྱིར་རམ། ཉེ་བར་ཞི་བར་བྱ་བའི་ཕྱིར་ཡང་སྒོམ་པར་མི་བྱེད། སེམས་ཅན་བདག་མེད་པ་དང་། སེམས་ཅན་དབེན་པས་ཀྱང་མི་སྐྲག་མི་དངང་དངང་བར་མི་འགྱུར་ལ་བཟོད་པ་དེ་ཡང་ལུས་ལ་དམིགས་པ་དང་། ངག་ལ་དམིགས་པ་དང་། སེམས་ལ་དམིགས་པས་བཟོད་པར་མི་བྱེད་པ་དང་། དེ་ལུས་བཤིག་པའམ། ཡན་ལག་དང་། ཉིང་ལག་རྣམས་གཅོད་པ་ན་རྩྭ་དང་། ཤིང་དང་རྩིག་པ་དང་འདྲ་བར་སོ་སོར་རྟོག་ཅིང་བཟོད་པ་དང་། དེ་གཞན་གྱིས་ངན་དུ་སྨྲས་པ་ཐོས་ན་ངག་ཡ་མ་བརླ་དང་ངག་གསོབ་དང་ངག་གསོག་དང་། ངག་གཟུང་དུ་མེད་པ་དང་། ངག་ཞི་བ་དང་། ངག་མི་གནས་པར་ཤེས་ནས་བཟོད་པ་དང་། དེ་སེམས་རྙོག་པ་མེད་པ་དང་། སེམས་གསར་མ་ཡིན་པ་དང་། སེམས་རྙིང་མ་ཡིན་པ་དང་། གཅིག་ལ་གཅིག་མཚམས་སྦྱོར་བ་མེད་པ་དང་། སྐད་ཅིག་གིས་འཇིག་པས་མེད་པར་འགྱུར་བར་སོ་སོར་རྟོག་ཅིང་བཟོད་ལ། མཚམས་སྦྱོར་བ་མེད་པར་མཐོང་བ་འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བཟོད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བརྩོན་འགྲུས་གང་ཞེ་ན། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཐམས་ཅད་རྣམ་པར་འཕེལ་བར་བྱ་བའི་ཕྱིར་བརྩོན་འགྲུས་ཀྱང་རྩོམ་ལ། བརྩོན་འགྲུས་རྣམ་པར་འཕེལ་བ་དེས་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་འཕེལ་བ་དང་ཡོངས་སུ་འགྲིབ་པ་ཡང་དག་པར་རྗེས་སུ་མི་མཐོང་བ་གང་ཡིན་པ་དང་། དེས་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བར་རིག་ནས་ཆོས་གང་ཡང་བདེན་པར་ཡོངས་སུ་གྲུབ་པར་ཡང་དག་པར་རྗེས་སུ་མི་ ― DKG058_Page_0261 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཐོང་ལ། མི་བདེན་པ་ཕྱིན་ཅི་ལོག་ལ་འཇིག་རྟེན་གནས་པ་ཡང་མཐོང་བ་དང་། དེས་དེ་ལྟར་ཤེས་རབ་རྣམ་པར་དག་པའི་སྒོ་ནས་ཆོས་ཐམས་ཅད་ལ་རྣམ་པར་ལྟ་བ་ན་ཆོས་རྣམས་འཕེལ་བར་ཡང་མི་བྱེད། འགྲིབ་པ་ཡང་མི་བྱེད་པ་དང་། ཆོས་ཐམས་ཅད་སྤུངས་པའི་རང་བཞིན་མ་ཡིན་པ་དང་། ཡུལ་ན་མི་གནས་པ་དང་། ཕྱོགས་ན་མི་གནས་པ་དང་། གང་ནས་ཀྱང་མི་འོང་བ་དང་། གང་དུ་ཡང་མི་འགྲོ་བར་རབ་ཏུ་ཤེས་ཏེ། དེ་དེ་ལྟ་བུའི་ཆོས་དང་ལྡན་པས་ཕྱིན་ཅི་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། སེམས་ཅན་རྣམས་ལ་ཆོས་སྟོན་པའི་བརྩོན་འགྲུས་རྩོམ་ལ། སེམས་ཅན་དེ་དག་ཀྱང་ཡང་དག་པར་མི་དམིགས་ཏེ། སེམས་ཅན་མི་དམིགས་པ་གང་ཡིན་པ་དེ་ཉིད་དེའི་ཆོས་ཐམས་ཅད་མི་དམིགས་པའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ལ་མ་གཏོགས་པའི་ཆོས་གང་ཡང་མེད་པ་ལ། ཆོས་ལ་མ་གཏོགས་པའི་སེམས་ཅན་རྣམས་ཀྱང་མེད་མོད་ཀྱི། འོན་ཀྱང་ཆོས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་བདག་གི་ངོ་བོ་ཉིད་དོ། །བདག་གི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་དོ། །ངོ་བོ་ཉིད་མཉམ་པ་ཉིད་འདིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཚོལ་བ་གང་ཡིན་པ་དང་། བཙལ་ནས་ཀྱང་ཆོས་ཀྱང་མི་དམིགས། ཆོས་མ་ཡིན་པ་ཡང་མི་དམིགས་པ་དང་། ཚོལ་བ་ན་ཡང་གང་གིས་བཙལ་བ་དང་། གང་བཙལ་བ་དང་། སུས་བཙལ་བ་དེ་དག་ཐམས་ཅད་མི་དམིགས་པ་འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བརྩོན་འགྲུས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བསམ་གཏན་གང་ཞེ་ན། བསམ་གཏན་རྣམས་ལ་ཡང་སྙོམས་པར་འཇུག་ལ། མཉམ་པ་ཉིད་ལས་ཀྱང་ཉམས་པར་ཡང་མི་འགྱུར། ཕུན་སུམ་ཚོགས་པར་ཡང་མི་འགྱུར་བ་གང་ཡིན་པ་དང་། དེ་བསམ་གཏན་ཀྱང་བསམ་གཏན་དུ་བྱེད་ལ། ཆོས་གང་ཡང་ ― DKG058_Page_0262 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྐྱེད་པར་ཡང་མི་བྱེད། འབྲི་བར་ཡང་མི་བྱེད་པ་དང་། ཡུལ་ཐམས་ཅད་ལ་ཡང་མི་རྟེན་པར་བསམ་གཏན་བྱེད་ལ། ཆོས་ཐམས་ཅད་དང་འཐུན་པ་དང་མི་འཐུན་པ་མེད་པར་ཡང་བསམ་གཏན་བྱེད་པ་དང་། ལུས་དང་སེམས་ཀྱིས་ཀྱང་བསམ་གཏན་གྱི་ཡན་ལག་དང་། བསམ་གཏན་གྱི་བསམ་པ་དང་། བསམ་གཏན་གྱི་སྦྱོར་བ་དེ་དག་མངོན་པར་སྒྲུབ་པར་མི་བྱེད་པ་དང་། དེ་སྙོམས་པར་འཇུག་པ་ན་ཅི་ནས་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ཀྱིས་སྙོམས་པར་འཇུག་པ་དེ་ལྟ་བུས་སྙོམས་པར་འཇུག་པ་དང་། དེ་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དང་། ཆོས་ཐམས་ཅད་ལ་སྒྲོ་མི་འདོགས་པས་སྙོམས་པར་འཇུག་པ་སྟེ། དེ་དེ་ལྟར་ཏིང་ངེ་འཛིན་སྒོམ་པའི་སྦྱོར་བ་ལ་བརྩོན་པ་ན། ནང་དང་ཕྱི་རོལ་གྱི་ལུས་དང་སེམས་ལ་ཡང་མི་གནས་ལ། ཕྱི་རོལ་གྱི་ཡུལ་ལ་ཡང་སེམས་མི་གནས་པ་དེ་ནི་མི་གནས་པའི་རྣམ་པར་ཤེས་པ་སྟེ། དམིགས་པ་ཅན་གྱི་རང་བཞིན་གྱི་སྙོམས་པར་འཇུག་པ་ཐམས་ཅད་ཀྱང་ཟིལ་གྱིས་གནོན་ལ། ཕྱི་རོལ་གྱི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། བསམ་གཏན་དང་། བསམ་གཏན་ལ་སྙོམས་པར་འཇུག་པ་ཐམས་ཅད་ཀྱང་ཟིལ་གྱིས་གནོན་ཏོ། །དེ་དགེ་བའི་རྩ་བ་རྣམས་དང་། བསམ་གཏན་དེ་དག་ཀྱང་ཤེས་རབ་ཀྱི་ཤས་ཆེ་བ་དང་། ལྟ་བའི་ཉོན་མོངས་པ་དང་བྲལ་བ་ཡིན་ལ། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡང་ཡིན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡང་སྒྲུབ་པ་ཡིན་ཏེ། དེ་ལྟ་བས་ན་དེ་བཞིན་གཤེགས་པ་ནི་སྙོམས་པར་འཇུག་པ་གཅིག་གིས་ཡོངས་སུ་མྱ་ངན་ལས་འདའ་བའི་མཐའི་བར་དུ་ཐུག་པར་མཛད་དེ། འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བསམ་གཏན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་ཆོས་ལྷག་པར་མཐོང་བ་གང་ཞེ་ན། དེས་ཆོས་གང་ལྷག་པར་མཐོང་བ་དེ་དག་ཤེས་རབ་ཀྱི་མིག་ཁོ་ནས་ལྷག་པར་མཐོང་གི། ཤའི་མིག་དང་། ལྷའི་ ― DKG058_Page_0263 ―
[མ་དཔེ་གཟིགས་ན་འདིར་གནོན།]
མིག་གིས་ཆོས་དེ་དག་ལྷག་པར་མཐོང་བ་མ་ཡིན་ནོ། །དེ་དག་ཞི་བ་ཁོ་ནར་ལྷག་པར་མཐོང་གི་མ་ཞི་བར་ལྷག་པར་མཐོང་བ་མ་ཡིན་ནོ། །དེ་བཞིན་དུ་ཆོས་རྣམས་རྒྱུ་བ་མེད་པ་དང་། གནས་པ་མེད་པ་དང་། དབེན་པ་དང་། ཡོངས་སུ་གྲུབ་པ་མེད་པར་ལྷག་པར་མཐོང་ངོ་། །དེ་ལྟར་མཐོང་བ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ལྷག་པར་མཐོང་བའོ། །དེས་ཆོས་ཐམས་ཅད་ལྷག་པར་མཐོང་བ་ནི། གལ་ཏེ་ཆོས་འགའ་ཞིག་མཐོང་ན་ནི་ལྷག་མཐོང་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་མཐོང་བས་ནི་ལྷག་མཐོང་སྐྱེས་པ་མ་ཡིན་ལ། ཤེས་པ་ནི་མི་ཤེས་པ་ཡིན་པའི་ཕྱིར་རོ། །མ་མཐོང་བ་ནི་ཆོས་ལྷག་པར་མཐོང་བ་ཡིན་ལ། བདག་མ་མཐོང་བ་དང་། སེམས་ཅན་མ་མཐོང་བ་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་མ་མཐོང་བ་ནི་ཆོས་ལྷག་པར་མཐོང་བ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་ཆོས་དེ་དག་ཀྱང་ཇི་ལྟ་བ་བཞིན་དུ་མཐོང་ལ། སེམས་ཅན་རྣམས་ཀྱང་ཕྱིན་ཅི་ལོག་ཏུ་གྱུར་པར་མཐོང་ནས། དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་ཀྱེ་མ་ཆོས་འདི་དག་ནི་འདི་ལྟར་དག་ན་སེམས་ཅན་འདི་དག་ནི། ཀུན་ནས་ཉོན་མོངས་སོ་སྙམ་ནས་སེམས་ཅན་རྣམས་ལ་ཆེས་བརྟེན་པར་སྙིང་རྗེ་ཆེན་པོ་སྐྱེའོ། །དེ་བས་ན་དེ་སེམས་ཅན་རྣམས་རབ་ཏུ་གྲོལ་བར་བྱ་བའི་ཕྱིར། སྙིང་བརྩེ་བ་ཆེན་པོ་སྐྱེད་དོ། །སེམས་ཅན་དེ་དག་ཀྱང་རྟག་ཏུ་སེམས་ཅན་མེད་པ་ཁོ་ན་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་ཆོས་ལྷག་པར་མཐོང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་གང་ཞེ་ན། ཀླུའི་བདག་པོ་འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་མེད་པའི་ཕྱིར། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སེམས་ཅན་བདག་མེད་པ་དང་། སེམས་ཅན་ལ་སེམས་ཅན་མེད་པ་དང་། སེམས་ཅན་དབེན་པ་དང་། སེམས་ཅན་རང་བཞིན་གྱིས་སེམས་ཅན་དུ་བརྗོད་པ་ཙམ་དུ་ཟད་པ་དང་། སེམས་ཅན་དུ་གདགས་པ་ཙམ་དུ་ཟད་པ་དང་། སེམས་ཅན་སྟོང་པ་དང་། སེམས་ཅན་མཚན་ ― DKG058_Page_0264 ―
[མ་དཔེ་གཟིགས་ན་འདིར་གནོན།]
མ་མེད་པ་དང་། སེམས་ཅན་སྨོན་པ་མེད་པ་དང་། སེམས་ཅན་མངོན་པར་འདུ་བྱེད་པ་མེད་པ་དང་། སེམས་ཅན་ཇི་ལྟ་བ་བཞིན་མ་ཡིན་པ་དང་། སེམས་ཅན་མ་སྐྱེས་པ་དང་། སེམས་ཅན་མ་བྱུང་བ་དང་། སེམས་ཅན་རྣམ་པར་དག་པའི་ཕྱིར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་ཡང་བདག་གཞིག་པའི་ཕྱིར་མ་ཡིན། སེམས་ཅན་གཞིག་པའི་ཕྱིར་མ་ཡིན། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་གཞིག་པའི་ཕྱིར་མ་ཡིན། དངོས་པོ་གཞིག་པའི་ཕྱིར་མ་ཡིན། རྫས་གཞིག་པའི་ཕྱིར་མ་ཡིན་གྱི། ཀླུའི་བདག་པོ་སེམས་ཅན་དེ་དག་གི་ངོ་བོ་ཉིད་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་ཡོངས་སུ་སྨིན་པར་བྱེད་དོ། །སེམས་ཅན་རྣམས་ཀྱི་ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། རང་བཞིན་གྱིས་བདག་མེད་པའི་ངོ་བོ་ཉིད་ནི་ངོ་བོ་ཉིད་མེད་པའོ། །ངོ་བོ་ཉིད་མེད་པ་ནི་སེམས་ཅན་རྣམས་ཀྱི་ངོ་བོ་ཉིད་དོ། །སེམས་ཅན་རྣམས་ཀྱི་ངོ་བོ་ཉིད་གང་ཡིན་པའི་ངོ་བོ་ཉིད་དེ་ཉིད་ནི། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ཉིད་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དེ། དེ་བས་ན་ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་ཞེས་བྱའོ། །ཀླུའི་བདག་པོ་ཆོས་ཐམས་ཅད་ཅེས་བྱ་བ་ནི་མིང་ཙམ་དུ་ཟད་དེ། མིང་དེ་ཡང་མིང་དུ་མི་དམིགས་སོ། །ཀླུའི་བདག་པོ་ཆོས་ཐམས་ཅད་ཅེས་བྱ་བ་བསྟན་པ་ནི་ཆོས་མ་ཡིན་པ་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཅི་ཙམ་དུ་ཆོས་ཐ་དད་དུ་བྱེད་པ་དེ་ཙམ་དུ་ཆོས་མ་ཡིན་པའི་ཕྱིར་རོ། ། དེ་ལ་ཆོས་གང་བརྗོད་པ་དེ་དག་ཐམས་ཅད་ནི་ཆོས་མ་ཡིན་པ་ཁོ་ནའོ། །ཀླུའི་བདག་པོ་ཆོས་ཉིད་དང་ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས་བརྗོད་པའམ་སྨྲ་བར་མི་ནུས་ཏེ། འདི་ལྟར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བརྗོད་དུ་མེད་པ་དང་། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ཡིན་ཏེ། དེ་ལྟ་བས་ན་ཆོས་ཐམས་ཅད་བརྗོད་པར་མི་ནུས་སོ། །ཀླུའི་བདག་པོ་སངས་རྒྱས་ཀྱི་ཆོས་འདི་དག་ནི་རྣམ་གྲངས་འདི་དང་ཚུལ་འདིས་བསྟན་མོད་ཀྱི། འོན་ཀྱང་སངས་རྒྱས་ཀྱི་ཆོས་དེ་དག་ནི་སྒྲའི་རྣམ་པར་རིག་པར་བྱེད་ཀྱིས་རྣམ་པར་རིག་པར་བྱ་བ་མ་ཡིན་ནོ། །ཀླུའི་བདག་པོ་སངས་རྒྱས་ཀྱི་ཆོས་ ― DKG058_Page_0265 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྣམས་ནི་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱིས་རྣམ་པར་རིག་པར་བྱ་བ་མ་ཡིན། གདགས་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་འདུས་བྱས་དང་། འདུས་མ་བྱས་ལ་མ་གཏོགས་པར་གང་གཞན་དུ་བགྲང་དུ་རུང་བའི་ཆོས་ཅི་ཡང་མེད་དོ། །གསོལ་པ། བཅོམ་ལྡན་འདས་འོ་ན་སངས་རྒྱས་ཀྱི་ཆོས་རྣམས་འདུས་མ་བགྱིས་པ་ལགས་སམ། དེ་བཞིན་གཤེགས་པ་ཡང་དེ་ལྟ་བུ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་འདུས་མ་བྱས་པའོ། །དེ་བཞིན་གཤེགས་པ་ཡང་འདུས་མ་བྱས་པའོ། །ཀླུའི་བདག་པོ་དེ་ལ་ཇི་སྙམ་དུ་སེམས། འདུས་མ་བྱས་པ་ལ་གདགས་པ་ཅི་ཡང་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་ཇི་ལྟར་སངས་རྒྱས་ཀྱི་ཆོས་རྣམས་རྣམ་པར་རིག་པར་བྱ་བ་མ་ཡིན་པ་དང་། གདགས་པར་བྱ་བ་མ་ཡིན་པ་དེ་ལྟར་རིག་པར་བྱའོ། །སངས་རྒྱས་ཀྱི་ཆོས་རྣམས་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་དང་འདྲའོ། །ཀླུའི་བདག་པོ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་ཇི་ཙམ་དུ་བསྟན་པ་ལ་ལྟོས། འདི་ལྟར་རྣམ་པར་རིག་པར་བྱ་བ་མ་ཡིན་པ་དང་། གདགས་པར་བྱ་བ་མ་ཡིན་པའི་ཆོས་རྣམས་མིང་དང་བརྡས་འདོགས་པར་མཛད་དེ། ཆོས་འདི་དག་ནི་ཟག་པ་དང་བཅས་པའོ། །ཆོས་འདི་དག་ནི་ཟག་པ་མེད་པའོ། །དེ་བཞིན་དུ་འཇིག་རྟེན་པ་རྣམས་དང་། འཇིག་རྟེན་ལས་འདས་པ་རྣམས་དང་། ཁ་ན་མ་ཐོ་བ་དང་བཅས་པ་རྣམས་དང་། ཁ་ན་མ་ཐོ་བ་མེད་པ་རྣམས་དང་། འདུས་བྱས་རྣམས་དང་། འདུས་མ་བྱས་རྣམས་དང་། ཀུན་ནས་ཉོན་མོངས་པའི་ཕྱོགས་དང་འཐུན་པ་རྣམས་དང་། རྣམ་པར་བྱང་བའི་ཕྱོགས་དང་འཐུན་པ་རྣམས་དང་། བསྟེན་པར་བྱ་བ་རྣམས་དང་། ཡོངས་སུ་སྤང་བར་བྱ་བ་རྣམས་དང་། གདགས་པར་བྱ་བ་རྣམས་དང་། གཞིག་པར་བྱ་བ་རྣམས་དང་། སོ་སོའི་སྐྱེ་བོའི་ ― DKG058_Page_0266 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆོས་རྣམས་དང་། སློབ་པའི་ཆོས་རྣམས་དང་། མི་སློབ་པའི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་འདོགས་པར་མཛད་དེ། ཀླུའི་བདག་པོ་དེ་ལྟར་ན་དེ་བཞིན་གཤེགས་པ་ནི་དེ་ལྟར་ཆོས་རྣམ་པར་གཞག་པ་བསྟན་པ་ཡང་སྟོན་པར་མཛད་ལ། ཆོས་གང་ལ་ཡང་མཚན་མར་ཡང་དག་པར་རྗེས་སུ་མི་གཟིགས་སོ། །ཀླུའི་བདག་པོ་དཔེར་ན་མི་ལ་ལ་ཞིག་སྐྱེས་ལ། དེས་ནམ་མཁའི་ཁམས་གཟུགས་མེད་ཅིང་བསྟན་དུ་མེད་པ་འདི་ལ་ཚོན་རྩི་ཐམས་ཅད་ཀྱིས་རི་མོར་བྲིས་ཏེ། ལྷའི་གཟུགས་རྣམས་ཀྱང་དེར་བསྟན། མིའི་གཟུགས་རྣམས་དང་། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། དཔུང་བུ་ཆུང་དང་། བཞོན་པ་རྣམས་ཀྱང་དེར་བསྟན་ན། ཀླུའི་བདག་པོ་འདི་ཇི་སྙམ་དུ་སེམས། ཅི་མི་དེ་དཀའ་བ་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དཀའ་བ་བགྱིད་པ་ལགས་སོ། །བདེ་བར་གཤེགས་པ་དཀའ་བ་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་དེ་བས་ན་གང་གཟུགས་མེད་ཅིང་བསྟན་དུ་མེད་པ། གཟུང་དུ་མེད་པ། ཡི་གེ་མེད་པ། བརྗོད་དུ་མེད་པའི་ཆོས་འདི་སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་རྣམས་ལ་བརྡ་སྤྲད་ཅིང་ཡི་གེ་རྣམས་ཀྱིས་མཚོན་ཏེ། ཐབས་སྣ་ཚོགས་ཀྱིས་གོ་བར་བྱས་པ་དེ། དེ་བཞིན་གཤེགས་པས་ཆེས་དཀའ་བ་མཛད་པ་ཡིན་ནོ། །ཀླུའི་བདག་པོ་དེ་བས་ཀྱང་གང་དག་འདི་ལྟར་བསྟན་པའི་ཆོས་འདི་དག་ལ་མོས་པར་འགྱུར་བའམ། འཇུག་པར་འགྱུར་བ་དེ་དག་ནི་ཆེས་ངོ་མཚར་ཆེ་བ་བྱེད་པ་ཡིན་ནོ། །ཀླུའི་བདག་པོ་གཞན་ཡང་ཟབ་མོའི་ཚུལ་འདི་ལ་འཇུག་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལ་ཡོངས་སུ་སྦྱང་བ་བྱས་པ་ཡིན་ཏེ། དེ་དག་ལ་ནི་བདུད་སྡིག་ཅན་གྱིས་ཀྱང་གླགས་མི་རྙེད་དོ། །ཀླུའི་བདག་པོ་ངས་མངོན་པར་ཤེས་པ་འདས་པའི་དུས་ན། སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་ངས་མཉེས་པར་བྱས་ཏེ། མཆོད་པ་ཡང་བྱས། དེ་དག་གི་བསྟན་པ་ལ་ཡང་ང་རབ་ཏུ་བྱུང་སྟེ། ― DKG058_Page_0267 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཚངས་པར་སྤྱོད་པ་ཡང་སྤྱད་ན། འོན་ཀྱང་དེ་བཞིན་གཤེགས་པ་དེ་དག་གིས་ང་ལ་འདི་ལྟར་ཟབ་ཅིང་འདི་ལྟར་རྒྱུ་བ་ཆད་པའི་ཆོས་མ་བསྟན་ཏེ། གཞན་དུ་ན་སྦྱོར་བའི་གཏམ་ཉི་ཚེ་དང་། སྦྱིན་པ་དང་། དུལ་བ་དང་། ལེགས་པར་སྡོམ་པ་དང་། དེས་པའི་གཏམ་ཉི་ཚེ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། བཟོད་པ་དང་། བརྩོན་འགྲུས་དང་། བག་ཡོད་པའི་གཏམ་ཉི་ཚེ་དང་། ཚངས་པར་སྤྱད་པ་དང་། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པའི་གཏམ་ཉི་ཚེ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཡོངས་སུ་སྦྱང་བ་མ་བྱས་པའི་ཕྱིར་རོ། །ཀླུའི་བདག་པོ་གང་གི་ཚེ་ང་ཡོངས་སུ་སྦྱང་བ་བྱས་པར་གྱུར་པ་དེའི་ཚེ་ནི་ངས་དེ་བཞིན་གཤེགས་པ་མར་མེ་མཛད་ཆེན་པོ་ལས་ཟབ་མོའི་ཆོས་ཀྱི་ཚུལ་འདི་ཐོས་སོ། ། ཐོས་ནས་ཀྱང་ང་འཐུན་པའི་ཆོས་རྣམས་ལ་བཟོད་པ་སྐྱེས་སོ། །ཀླུའི་བདག་པོ་དེ་ལྟ་བས་ན་རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་ཟབ་ཅིང་ངའོ་སྙམ་པའི་ང་རྒྱལ་ལས་རྣམ་པར་གྲོལ་བ་ཡོངས་སུ་རྟོག་པས་བྱས་པ། རྒྱུ་དང་རྐྱེན་ལས་བྱུང་བ། སེམས་ཅན་དང་སྲོག་དང་། གསོ་བ་དང་། གང་ཟག་ཏུ་རྟོག་པ་མེད་པའི་ཆོས་རྣམས་ལ་མོས་པ་དང་། དད་པ་དང་འཛིན་པ་དང་། གཞན་དག་ལ་ཡང་བརྡ་སྤྲོད་པར་བྱེད་པའི་སེམས་ཅན་དེ་དག་ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལ་ཡོངས་སུ་སྦྱང་བ་བྱས་པ་ཡིན་པ་དང་། དེ་དག་ལ་ནི་བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་བ་དེ་ལྟར་རིག་པར་བྱའོ། །ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་ཕན་པ་དང་བདེ་བའི་དོན་ལ་ཞུགས་པ། གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ལྷ་རྣམས་དང་། མི་རྣམས་ཀྱི་བདེ་བའི་ཡོ་བྱད་ཇི་སྙེད་ཡོད་པའི་བདེ་བའི་ཡོ་བྱད་དེ་སྙེད་སེམས་ཅན་རེ་རེ་ལ་བྱིན་ན། ཀླུའི་བདག་པོ་འདི་ཇི་སྙམ་དུ་སེམས། ཅི་བྱང་ཆུབ་སེམས་དཔའ་དེས་སེམས་ཅན་དེ་དག་ལ་བདེ་བའི་ཡོ་བྱད་མང་པོ་བྱིན་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་ ― DKG058_Page_0268 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱང་ཆུབ་སེམས་དཔས་སེམས་ཅན་དེ་དག་ལ་བདེ་བའི་ཡོ་བྱད་དེ་སྙེད་བྱིན་པ་གང་ཡིན་པ་དང་། དེ་དག་ལ་མི་རྟག་པ་དང་ལྡན་པ་ཚིག་གཅིག་ཙམ་བསྟན་ཏམ། སྡུག་བསྔལ་བ་དང་ལྡན་པའམ། བདག་མེད་པ་དང་ལྡན་པའམ། ཞི་བ་དང་ལྡན་པའམ། སྟོང་པ་ཉིད་དང་ལྡན་པའམ། མཚན་མ་མེད་པ་དང་ལྡན་པའམ། སྨོན་པ་མེད་པ་དང་ལྡན་པའམ། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པ་དང་ལྡན་པའམ། མ་སྐྱེས་མ་བྱུང་བ་དང་ལྡན་པ་ཚིག་གཅིག་ཙམ་བསྟན་ན། དེ་ཉིད་དེས་བདེ་བའི་ཡོ་བྱད་དེ་བས་ཆེས་མང་དུ་བྱིན་པ་ཡིན་ཏེ། བསོད་ནམས་ཀྱང་ཆེས་མང་དུ་འཕེལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་འདུས་བྱས་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་ནི་སེམས་ཅན་རྣམས་ཀྱིས་སྔོན་མྱོང་ཟིན་གྱི་འདུས་མ་བྱས་ཀྱི་བདེ་བའི་ཡོ་བྱད་ནི་སེམས་ཅན་རྣམས་ཀྱིས་སྔོན་མ་མྱོང་བའི་ཕྱིར་རོ། །ཀླུའི་བདག་པོ་དེ་ལ་འདི་ལྟར་ཟབ་པའི་ཆོས་འདི་དག་ཐོས་པ་གང་ཡིན་པ་འདི་ནི་འདུས་མ་བྱས་ཀྱི་བདེ་བའི་ཡོ་བྱད་འདྲེན་པ་ཡིན་ཏེ། དེ་བས་ན་ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་བདག་གི་དོན་དང་། གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱེད་འདོད་པ་རྣམས་ཀྱིས་ནི་ཆོས་ཟབ་མོ་རྣམས་ལ་བརྩོན་པར་བྱའོ། །ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་འཁོར་གྱི་ནང་དུ་འོངས་ལ། འཁོར་གྱི་ནང་དུ་འདུག་ནས་ཟབ་མོའི་གཏམ་གྱི་བར་ཆད་བྱེད་དེ། གཏམ་སྣ་ཚོགས་གླེང་བ་གང་ཡིན་པ་དེ་ནི་དམ་པའི་ཆོས་ནུབ་པར་བྱ་བའི་ཕྱིར་བརྩོན་པ་ཡིན་ན། དེ་ཅིའི་ཕྱིར་ཞེ་ན། འཛམ་བུའི་གླིང་འདིར་ཇི་སྲིད་དུ་ཟབ་མོའི་ཆོས་གྲགས་པ་དེ་སྲིད་དུ་དམ་པའི་ཆོས་ནུབ་པར་མི་འགྱུར་བའི་ཕྱིར་རོ། །ཀླུའི་བདག་པོ་གཞན་ཡང་མི་ཆོས་འདོད་དེ། ཆོས་ཉན་པ་ནི་ཉུང་ལ་མི་མ་ཡིན་པའི་ཆོས་ཉན་པ་ནི་མང་སྟེ། དེར་དམ་པའི་ཆོས་སྨྲ་བ་པོ་གང་གིས་ཟབ་མོའི་གཏམ་ནི་འཆབ་པར་བྱེད་ལ་གཏམ་སྣ་ཚོགས་ནི། གླེང་བར་བྱེད་ན་དེར་ཟབ་མོ་ལ་མོས་པས་ལྷ་རྣམས་ཡི་མ་རངས་པར་གྱུར་ཏེ། འདི་སྐད་དུ་རིགས་ཀྱི་བུ་འདི་ནི་གང་ཁོ་ན་ལ་འཇིག་རྟེན་པ་ཉོན་མོངས་པ་སྤྱོད་པ་དེ་ཉིད་ཀྱི་འཇིག་རྟེན་པའི་གཏམ་གླེང་ཞིང་འདུག་ ― DKG058_Page_0269 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྟེ། ཀྱེ་རེ་ངན་འདི་ན་སངས་རྒྱས་ཀྱི་གསུང་མི་གྲག་གོ་ཞེས་ཚིག་ངན་འཐོན་ནས་དེ་དག་འཁོར་དེ་དག་ལ་མི་དགའ་སྟེ། འདོང་བར་བྱེད་དོ། །སྨོན་ལམ་གྱི་ལེའུ་སྟེ་གཉིས་པའོ།། །། གསུམ་པ། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ལེའུ།― DKG058_Page_0269 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནས་བཅོམ་ལྡན་འདས་ལ། ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་འཇིག་རྟེན་པའི་སྦྱིན་པ་དང་། དུལ་བ་དང་། ལེགས་པར་སྡོམ་པ་དང་། དེས་པའི་གཏམ་དང་། རབ་ཏུ་འབྱུང་བ་དང་། ངེས་པར་འབྱུང་བའི་གཏམ་དང་། ཚངས་པར་སྤྱོད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། བག་ཡོད་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པའི་གཏམ་སངས་རྒྱས་ཀྱི་གསུང་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་ཆོས་གང་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བར་འགྱུར་བ་དང་། འགོག་པར་འགྱུར་བའི་ཕྱིར་སྐྱེ་བ་མ་ཡིན་པ་ཁམས་གསུམ་ན་སྤྱོད་པ་ངེས་པར་འབྱུང་བར་འགྱུར་བ་མ་ཡིན་པ་དེ་དག་ཐམས་ཅད་ནི་འཇིག་རྟེན་པའི་ཡིན་གྱི། དེ་དག་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ། །དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་། འཇིག་རྟེན་པའི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཤེས་པ་དང་། ཡི་གེ་དང་། གྲངས་དང་། བགྲང་བ་དང་། ལག་རྩིས་ཤེས་པ་དང་། འབྱུང་ཁུངས་ཤེས་པ་དང་། སྔགས་དང་། སྨན་དང་། གསོ་བ་ཤེས་པ་དང་། ལས་དང་བཟོའི་གནས་ཤེས་པ་དང་། མཚན་མ་དང་བཅས་པ་དང་། ཆེད་དུ་བྱ་བ་དང་བཅས་པ་དང་། ཟང་ཟིང་དང་བཅས་པ་དང་། རྒྱུ་བ་དང་བཅས་པ་དང་། རྫས་དང་བཅས་པ་ཤེས་པ་དང་། འཇིག་རྟེན་པ་དང་། ཁམས་གསུམ་ན་སྤྱོད་པ་གང་ཡིན་པ་དེ་དག་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ། །ཀླུའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བར་འགྱུར་བའི་ཆོས་སྔོན་མ་ཐོས་པ་ལས་ཐོས་པ་ ― DKG058_Page_0270 ―
[མ་དཔེ་གཟིགས་ན་འདིར་གནོན།]
གང་དག་ཡིན་པ་འདི་ལྟ་སྟེ་མི་རྟག་པའི་དོན་དང་། སྡུག་བསྔལ་བའི་དོན་དང་། བདག་མེད་པའི་དོན་དང་། ཞི་བའི་དོན་དང་། སྡུག་བསྔལ་ཡོངས་སུ་ཤེས་པའི་དོན་དང་། ཀུན་འབྱུང་བ་སྤོང་བའི་དོན་དང་། འགོག་པ་མངོན་སུམ་དུ་བྱ་བའི་དོན་དང་། ལམ་སྒོམ་པའི་དོན་དང་། སྟོང་པ་ཉིད་སྒོམ་པའི་དོན་དང་། མཚན་མ་མེད་པས་ངེས་པར་རྒལ་བའི་དོན་དང་། སྨོན་པ་མེད་པས་ངེས་པར་འབྱུང་བའི་དོན་དང་། མངོན་པར་འདུ་བྱ་བ་མེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བའི་དོན་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་ཞི་གནས་དང་། ལྷག་མཐོང་གི་དོན་དང་། ཇི་ལྟ་བ་བཞིན་དུ་རང་བཞིན་གྱིས་མ་སྐྱེས་པའི་དོན་དང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དབེན་པའི་དོན་དང་། ཆོས་གང་རྗེས་སུ་རྟོགས་ནས་ཆོས་རྣམས་དང་། ཆོས་མ་ཡིན་པ་རྣམས་གཉིས་སུ་མི་འབྱེད་པ་དང་། ཆོས་ཐམས་ཅད་ཀྱང་བསྟན་དུ་མངོན་པར་མི་འགྲུབ་པར་རབ་ཏུ་ཤེས་པ་དང་། སྐྱེ་བ་མེད་པ་དང་། ཆད་པ་མེད་པ་དང་། རྟག་པ་མེད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཐོབ་པ་རྣམས་དང་། རང་བཞིན་གྱིས་འདོད་ཆགས་དང་བྲལ་བ་ཐོབ་པ་རྣམས་དང་། དེ་ལྟར་འདུས་མ་བྱས་པའི་ཆོས་མཐོང་བས་ཡང་དག་པར་ངེས་པ་ལ་འཇུག་ལ། ཆོས་རྣམས་ཀྱི་ངེས་པ་ལ་ཡང་མི་རྟོག་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་ཐམས་ཅད་དང་ཡང་བྲལ་བ་དང་། ཕྲི་བ་ཡང་མེད་བསྣན་པ་ཡང་མེད་པ་དང་། མུན་པ་ཡང་མེད་སྣང་བ་ཡང་མེད་པ་དང་། ནམ་མཁའི་ངོ་བོ་ཉིད་དང་མཉམ་པ་ཉིད་ཐོབ་པ་དང་། རང་བཞིན་གྱི་མཚན་ཉིད་དང་། མཉམ་པའི་མཚན་ཉིད་དང་། མཚན་ཉིད་མེད་པ་དང་། མཚན་ཉིད་མེད་པ་མ་ཡིན་པ་དང་། མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་དང་། འདུ་ཤེས་ཐམས་ཅད་དང་བྲལ་བ་དང་། རིག་པ་མེད་པ་དང་། ཚོར་བ་ཐམས་ཅད་རྒྱུན་གཅད་པ་དང་། ཕྱིན་ཅི་ལོག་མཉམ་པ་ཉིད་དུ་མཐོང་བ་ནི་ཐ་སྙད་ཀྱི་སྒོ་ནས་འབྲས་བུ་ཐོབ་པ་ཞེས་བྱ་སྟེ། དོན་ ― DKG058_Page_0271 ―
[མ་དཔེ་གཟིགས་ན་འདིར་གནོན།]
དམ་པར་ནི་མ་ཡིན་པ་དང་། དེས་ཅི་ཡང་ཐོབ་པ་མེད་ལ། མ་ཐོབ་པ་ཡང་མེད་པ་དང་། བླངས་པ་ཡང་མེད་བོར་བ་ཡང་མེད་པ་སྟེ། ཀླུའི་བདག་པོ་དེ་ལྟར་ན་ངེས་པར་འབྱུང་བའི་ཆོས་གང་དག་ཡིན་པ་རྣམས་སྟོན་ཅིང་འཆད་པ་གང་གིས་ཉན་ཐོས་རྣམས་ཀྱིས་ཉན་ཐོས་ཀྱི་ཤེས་པ་ཐོབ་པ་དང་། རང་སངས་རྒྱས་རྣམས་ཀྱིས་རང་སངས་རྒྱས་རྣམས་ཀྱི་ཤེས་པ་འཐོབ་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་འཐོབ་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འདི་ནི་སངས་རྒྱས་ཀྱི་གསུང་ཞེས་བྱའོ། །དེ་ཡང་ཀུན་རྫོབ་ཀྱི་གཞིའི་གནས་ལས་བརྟེན་པ་ཡིན་གྱི་དོན་དམ་པར་ནི་ཇི་ལྟར་ཡང་སངས་རྒྱས་ཀྱི་གསུང་ཐ་སྙད་དུ་གདགས་པར་མི་ནུས་ཏེ། སངས་རྒྱས་ཀྱི་གསུང་ནི་ཚིག་མེད་པའོ། །སངས་རྒྱས་ཀྱི་གསུང་ནི་ངག་མེད་པ། སྒྲ་མེད་པ། ཚིག་གི་ལམ་མེད་པ། བརྗོད་དུ་མེད་པ། རྣམ་པར་རིག་པར་བྱེད་པ་མེད་པ། གདགས་པ་མེད་པ། མིང་མེད་པ། མཚན་མ་མེད་པ། བྱེ་བྲག་ཕྱེད་པ་མེད་པ། རྣམ་པར་ཤེས་པ་མེད་པ། བསམ་དུ་མེད་པ། བསམ་གྱིས་མི་ཁྱབ་པ་ལ་འཇུག་པ་སྟེ། རབ་ཏུ་དབྱེ་བ་དང་། བརྡ་སྤྲད་པ་དང་། ཉེ་བར་བསྟན་པར་མི་ནུས་སོ། །ཀླུའི་བདག་པོ་སངས་རྒྱས་ཀྱི་གསུང་ནི་དེ་ལྟ་བུ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་ང་ནི་ཡི་གེ་འདོད་པའི་སེམས་ཅན་རྣམས་ལ་ཆོས་མི་སྟོན་མོད་ཀྱི། འོན་ཀྱང་ཡི་གེ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཆོས་སྟོན་ཏེ། དེ་བས་ན་སངས་རྒྱས་ཀྱི་གསུང་ནི་ཡི་གེ་མེད་པའོ། །ཀླུའི་བདག་པོ་ང་ནི་བརྗོད་པ་འདོད་པ་ལ་ཆོས་མི་སྟོན་མོད་ཀྱི། འོན་ཀྱང་བརྗོད་པ་ཐམས་ཅད་བསྩལ་བའི་ཕྱིར་ཆོས་སྟོན་ཏེ། དེ་བས་ན་སངས་རྒྱས་ཀྱི་གསུང་ནི་བརྗོད་དུ་མེད་པའོ། །ཀླུའི་བདག་པོ་ང་ནི་རྣམ་པར་རིག་པར་བྱེད་པ་ལ་མངོན་པར་ཞེན་པར་བྱ་བའི་ཕྱིར་ཆོས་མི་སྟོན་མོད་ཀྱི། འོན་ཀྱང་རྣམ་པར་རིག་པར་བྱེད་པ་དང་། ཡོངས་སུ་རྟོག་པ་ཐམས་ཅད་ཉེ་བར་ཞི་བར་བྱ་བའི་ཕྱིར་ཆོས་སྟོན་ཏེ། དེ་ལྟ་བས་ན་སངས་རྒྱས་ཀྱི་གསུང་ནི་རྣམ་པར་རིག་ ― DKG058_Page_0272 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་བྱེད་པ་མ་ཡིན་ནོ། །ཀླུའི་བདག་པོ་ང་ནི་ཆོས་གཟུང་བར་བྱ་བའི་ཕྱིར་དང་། ཆོས་ལ་མངོན་པར་ཞེན་པར་བྱ་བའི་ཕྱིར་དང་། ཆོས་སྤྲོས་པར་བྱ་བའི་ཕྱིར་དང་། ཆོས་ཡོངས་སུ་བརྟག་པར་བྱ་བའི་ཕྱིར་དང་། ཆོས་བསྐྱེད་པར་བྱ་བའི་ཕྱིར་དང་། ཆོས་དགག་པར་བྱ་བའི་ཕྱིར་དང་། ཆོས་རྣམ་པར་འཇིག་པར་བྱ་བའི་ཕྱིར་དང་། ཆོས་གནས་པར་བྱ་བའི་ཕྱིར་དང་། ཆོས་དམིགས་པར་བྱ་བའི་ཕྱིར་དང་། ཆོས་རློམ་སེམས་སུ་བྱ་བའི་ཕྱིར་དང་། ཆོས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་དང་། ཆོས་བརྟག་པར་བྱ་བའི་ཕྱིར་དང་། ཆོས་མཚན་མར་བྱ་བའི་ཕྱིར་དང་། ཆོས་ལ་སྒྲིམ་པར་བྱ་བའི་ཕྱིར་དང་། ཆོས་འཆད་པར་བྱ་བའི་ཕྱིར་ཆོས་མི་སྟོན་ཏོ། །ཀླུའི་བདག་པོ་ང་ནི་ཆོས་གང་ཡང་སྤང་བར་བྱ་བའམ། དགག་པར་བྱ་བའི་ཕྱིར་ཆོས་མི་སྟོན་མོད་ཀྱི། འོན་ཀྱང་ང་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྒྲོ་བཏགས་པ་མེད་པའི་ཕྱིར་ཆོས་སྟོན་ཏེ། ཀླུའི་བདག་པོ་དེ་ལྟ་བས་ན་ཆོས་ཐམས་ཅད་རང་བཞིན་གྱིས་སྒྲོ་བཏགས་པ་མེད་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་གསུང་ཞེས་བྱའོ། །ཅིའི་ཕྱིར་དེ་ལ་སངས་རྒྱས་ཀྱི་གསུང་ཞེས་བྱ་ཞེ་ན། ཚིག་ཐམས་ཅད་ཀྱི་ཚུལ་ནི་སངས་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང་ཞེས་བྱའོ། །ཚིག་ཐམས་ཅད་ཀྱི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་གཅོད་པ་ནི་སངས་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང་ཞེས་བྱའོ། །ཚིག་ཐམས་ཅད་ཀྱི་ལྡེམ་པོར་དགོངས་པ་སྟོན་པ་ནི་སངས་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང་ཞེས་བྱའོ། །ཚིག་ཐམས་ཅད་ཀྱི་ལན་མཁྱེན་པ་ནི་སངས་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང་ཞེས་བྱའོ། །ཚིག་ཐམས་ཅད་ཀྱི་རྒྱུ་དང་། དམིགས་པ་དང་། ཐ་སྙད་ནི་སངས་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང་ཞེས་བྱའོ། །ཚིག་ཐམས་ཅད་བྲག་ཅ་དང་འདྲ་བར་ཡང་གཞོལ་བར་མཁྱེན་པ་ནི་སངས་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང་ཞེས་བྱའོ། །ཀླུའི་བདག་པོ་གཞན་ཡང་ཡི་གེ་ཅི་ཡང་རུང་བ་དང་། ཚིག་ཅི་ཡང་རུང་བ་དེ་དག་ནི་སངས་རྒྱས་ཀྱི་གསུང་མ་ཡིན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཡི་གེ་དེ་དག་ཉིད་ནི་འདས་པ་དང་། ― DKG058_Page_0273 ―
[མ་དཔེ་གཟིགས་ན་འདིར་གནོན།]
མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་དང་། གསུང་བ་དང་གསུང་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་ཡི་གེ་ཐམས་ཅད་དང་། ཚིག་ཐམས་ཅད་ནི་སངས་རྒྱས་ཀྱི་གསུང་ཡིན་ཏེ། དེ་ལྟ་བུའི་ཚིག་གི་དོན་དེ་ལ་འཇུག་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ཡི་གེ་ཐམས་ཅད་དང་། ཚིག་ཐམས་ཅད་ནི་སངས་རྒྱས་ཀྱི་གསུང་ཡིན་ཏེ། དེ་ལ་ཆོས་ཀྱི་དབྱིངས་དབྱེར་མེད་ཅིང་རོ་གཅིག་པར་ཤེས་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ཡི་གེ་ཐམས་ཅད་དང་། ཚིག་ཐམས་ཅད་ནི་སངས་རྒྱས་ཀྱི་གསུང་ཡིན་ཏེ། དེ་ལ་ཅི་རིགས་པར་ཆོས་ལ་དཔྱོད་པ་ཤེས་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ཡི་གེ་ཐམས་ཅད་དང་ཚིག་ཐམས་ཅད་ནི་སངས་རྒྱས་ཀྱི་གསུང་ཡིན་ཏེ། དེ་ལ་ཅི་རིགས་པའི་གནས་ལས་ཆགས་པ་མེད་པར་སྟོན་པ་ཤེས་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ཀླུའི་བདག་པོ་དེ་ལྟར་ན་སོ་སོ་ཡང་དག་པར་རིག་པ་བཞིས་མ་བསྡུས་པའི་ཆོས་གང་ཡང་མེད་ལ། སོ་སོ་ཡང་དག་པར་རིག་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡང་ཡི་གེ་ཅི་ཡང་རུང་བ་དེ་དང་། ཚིག་ཅི་ཡང་རུང་བ་དེ་དང་། ངེས་པའི་ཚིག་གང་ཡང་རུང་བ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་གསུང་ཡིན་ནོ་ཞེས་བྱ་བ་ལ་འཇུག་སྟེ། དེས་ན་དེ་ནི་ཆགས་པ་མེད་ཅིང་ཐོགས་པ་མེད་པར་བསྐལ་པ་སྟོང་གི་བར་དུ་ཡང་སྟོན་ཅིང་འཆད་དེ་ཐོགས་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་འདི་ནི་མི་ཟད་པའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་ཡིན་ཏེ། གཟུངས་དེ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་ཚིག་དང་ཡི་གེ་མི་ཟད་པའི་མོས་པའི་ཚིག་ལེགས་པ་བྱས་པ་རྣམས་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའི་ཕན་ཚུན་གྱི་ཉེས་པ་སྤངས་པ་རྣམས་དང་། ཐོགས་པ་མེད་པ་རྣམས་དང་། འཐད་པ་རྣམས་དང་། ཀུན་རྫོབ་ཀྱི་བདེན་པས་བརྒྱན་པ་རྣམས་དང་། དོན་ ― DKG058_Page_0274 ―
[མ་དཔེ་གཟིགས་ན་འདིར་གནོན།]
དམ་པ་དང་ལྡན་པ་རྣམས་དང་། རྟེན་རྣམ་པར་དག་པ་རྣམས་དང་། དྲང་བའི་དོན་དང་། ངེས་པའི་དོན་མཉམ་པར་རྟག་པ་རྣམས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གཞི་ཇི་ལྟ་བ་བཞིན་དུ་བསྟན་པ་རྣམས་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་འཇུག་པར་རྟོགས་པའི་བསྟན་པ་འཆད་པ་རྣམས་དང་། དབང་པོ་བརྒྱད་ཁྲི་བཞི་སྟོང་རྐྱེན་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པ་རྣམས་དང་། ཡི་གེ་རྣམས་ཀྱིས་ཀྱང་ཆོས་དེ་དག་གླེང་བར་བྱེད་ན། འོན་ཀྱང་དེའི་ཡི་གེ་ཟད་པའམ། ཆོས་བརྗོད་པ་ཟད་པའམ། དཔེར་བྱ་བ་བཀོད་པ་ཟད་པའམ། དུས་བསྟན་པ་ཟད་པའམ། རྒྱུ་དང་འབྲས་བུ་བསྟན་པ་ཟད་པའམ། ཚོད་དང་གནས་དང་མཚམས་ཟད་པའམ། སེམས་ཀྱི་འཇུག་པ་ཟད་པའམ། ཨ་ཞེས་བྱ་བའི་སྒོའི་ཚིག་ཟད་པའམ། ཨ་ཞེས་བྱ་བའི་མཚམས་སྦྱོར་བའི་ཚིག་ཟད་པའམ། དེ་བཞིན་དུ་སྦྱར་ཏེ། པ་ཞེས་བྱ་བའི་ཟད་པ་ནས་ལ་ཞེས་བྱ་བའི་བར་དུ་ཟད་པའམ། རྣམ་པར་བྱང་བ་རྣམ་པར་གཞག་པའི་བར་དུ་ཟད་པའམ། ཆོས་ཀྱི་ངེས་པའི་ཚིག་གི་གཏམ་ཟད་པའམ། སྣ་ཚོགས་དང་ཟབ་མོའི་གཏམ་ཟད་པའམ། སྣྲེལ་ཞིའི་རྒྱུད་སྟོན་པའི་གཏམ་ཟད་པའམ། སྤྱིའུ་ཚུགས་དང་འཐུན་པའི་གཏམ་ཟད་པའམ། འཐུན་པ་དང་མི་འཐུན་པའི་གཏམ་ཟད་པའམ། ངེས་པའི་ཚིག་མེད་པའི་གཏམ་ཟད་པའམ། སངས་རྒྱས་དང་། ཆོས་དང་དགེ་འདུན་གྱི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་ཟད་པའམ། བདེན་པ་བསྟན་པའི་གཏམ་ཟད་པའམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྟན་པའི་གཏམ་ཟད་པའམ། ལས་ཀྱི་རྣམ་པར་སྨིན་པ་བསྟན་པའི་གཏམ་ཟད་པའམ། ཕ་རོལ་ཏུ་ཕྱིན་པ་བསྟན་པའི་གཏམ་ཟད་པ་མེད་དོ། །ཀླུའི་བདག་པོ་དེ་ལྟར་ན་ཡི་གེ་ཐམས་ཅད་བསྟན་པ་ལ་ཟད་པ་མེད་པ། གང་ཡིན་པ་དེ་ནི་མི་ཟད་པའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་ཞེས་བྱའོ། །ཀླུའི་བདག་པོ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ནི་མི་ཟད་པ་ཉིད་བཞིས་རྟོགས་པར་བྱ་སྟེ། བཞི་གང་ཞེ་ན། སོ་སོ་ཡང་དག་པར་རིག་པ་མི་ཟད་པ་ཉིད་དང་། ― DKG058_Page_0275 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡེ་ཤེས་མི་ཟད་པ་ཉིད་དང་། ཤེས་རབ་མི་ཟད་པ་ཉིད་དང་། གཟུངས་ཀྱི་སྤོབས་པ་མི་ཟད་པ་ཉིད་དེ། བཞི་པོ་དེ་དག་གོ །ཀླུའི་བདག་པོ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ནི་གཏིང་དཔག་དཀའ་བ་བཞིས་རྟོགས་པར་བྱ་སྟེ། བཞི་གང་ཞེ་ན། བསམ་པ་གཏིང་དཔག་དཀའ་བ་དང་། བློ་གཏིང་དཔག་དཀའ་བ་དང་། ཆོས་ལ་འཇུག་པ་གཏིང་དཔག་དཀའ་བ་དང་། སེམས་ཅན་གྱི་སྤྱོད་པ་ལ་འཇུག་པ་གཏིང་དཔག་དཀའ་བ་སྟེ། བཞི་པོ་དེ་དག་གོ །ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་སྙིང་པོ་དང་། ཡི་གེ་ཡིན་པར་རྟོགས་པར་བྱ་སྟེ། བཞི་གང་ཞེ་ན། ཤེས་རབ་ལ་སྙིང་པོར་བྱེད་པ་དང་། སྒྲུབ་པ་ལ་སྙིང་པོར་བྱེད་པ་དང་། བཟོད་པ་ལ་གནས་པ་སྙིང་པོར་བྱེད་པ་དང་། བརྩམས་པ་ཉམས་འོག་ཏུ་ཆུད་པར་བྱེད་པ་སྙིང་པོར་བྱེད་པ་སྟེ། བཞི་པོ་དེ་དག་གོ །ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ངེས་པར་འབྱེད་པ་སྟེ། བཞི་གང་ཞེ་ན། བདེན་པ་ངེས་པར་འབྱེད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ངེས་པར་འབྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ངེས་པར་འབྱེད་པ་དང་། ཐེག་པ་ཐམས་ཅད་ངེས་པར་འབྱེད་པ་སྟེ། བཞི་པོ་དེ་དག་གོ ། ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་སྣང་བ་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྣང་བ་དང་། ཤེས་རབ་ཀྱི་སྣང་བ་དང་། ཤེས་རབ་ཀྱི་མིག་གི་སྣང་བ་དང་། སོ་སོ་ཅི་རིགས་པར་ཆོས་སྟོན་པའི་སྣང་བ་སྟེ། བཞི་པོ་དེ་དག་གོ །ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་རྟུན་པ་ཡིན་ཏེ། བཞི་གང་ཞེ་ན། བརྩོན་འགྲུས་རྟུན་པ་དང་། ཚུལ་ཁྲིམས་རྟུན་པ་དང་། བསོད་ནམས་ཀྱི་ཚོགས་ཡོངས་སུ་ཚོལ་བ་རྟུན་པ་དང་། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བ་རྟུན་པ་སྟེ། བཞི་པོ་དེ་དག་གོ །ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ཆོས་ཡོངས་སུ་ཚོལ་བ་མཐར་ཐུག་པ་མེད་པ་སྟེ། བཞི་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཚོལ་བ་མཐར་ཕྱིན་པ་མེད་པ་དང་། འཁོར་བས་ཡོངས་སུ་མི་སྐྱོ་བ་ཡོངས་སུ་ཚོལ་བ་མཐར་ཕྱིན་པ་ ― DKG058_Page_0276 ―
[མ་དཔེ་གཟིགས་ན་འདིར་གནོན།]
མེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཡོངས་སུ་ཚོལ་བ་མཐར་ཕྱིན་པ་མེད་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་ཚོལ་བ་མཐར་ཕྱིན་པ་མེད་པ་སྟེ། བཞི་པོ་དེ་དག་གོ །ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་ཆོག་མི་ཤེས་པ་སྟེ། བཞི་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་མངོན་སུམ་དུ་ཆོས་མཉན་པས་ཆོག་མི་ཤེས་པ་དང་། སེམས་ཅན་རྣམས་ལ་ཆོས་བསྟན་པས་ཆོག་མི་ཤེས་པ་དང་། དགེ་བའི་རྩ་བ་ཡོངས་སུ་ཚོལ་བས་ཆོག་མི་ཤེས་པ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། བཀུར་སྟི་བྱ་བས་ཆོག་མི་ཤེས་པ་སྟེ། བཞི་པོ་དེ་དག་གོ །ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་ཚུགས་པར་དཀའ་བ་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་ཀྱིས་ཚུགས་པར་དཀའ་བ་དང་། བདུད་ཐམས་ཅད་ཀྱིས་ཚུགས་པར་དཀའ་བ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཚུགས་པར་དཀའ་བ་དང་། གཞན་གྱིས་བྱས་པ་ཐམས་ཅད་ཀྱིས་ཚུགས་པར་དཀའ་བ་སྟེ། བཞི་པོ་དེ་དག་གོ །ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་མ་འདྲེས་པ་སྟེ། བཞི་གང་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་མ་འདྲེས་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ཐམས་ཅད་ཀྱིས་མ་འདྲེས་པ་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་དང་མ་འདྲེས་པ་དང་། སོ་སོའི་སྐྱེ་བོའི་ཉེས་པ་ཐམས་ཅད་དང་མ་འདྲེས་པ་སྟེ། བཞི་པོ་དེ་དག་ནི་མ་འདྲེས་པ་ཡིན་ནོ། །ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་སྨད་དུ་མེད་པ་སྟེ། བཞི་གང་ཞེ་ན། སྐྱེ་བ་སྨད་དུ་མེད་པ་དང་། ཚུལ་ཁྲིམས་འཆལ་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྨད་དུ་མེད་པ་དང་། ཆོས་བསྟན་པའི་བྲེ་མོ་གཏམ་གཅིག་པུ་ལ་སྨད་དུ་མེད་པ་དང་། ཐེག་པ་ཆེན་པོས་སྒྲོལ་བའི་ཕྱིར་སློང་བ་པོ་སྨད་དུ་མེད་པ་སྟེ། བཞི་པོ་དེ་དག་ནི་སྨད་དུ་མེད་པ་ཡིན་ནོ། ། ― DKG058_Page_0277 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་སྟོབས་ཡིན་ཏེ། བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་ཉེས་པ་བྱས་པ་བཟོད་པའི་ཕྱིར་བཟོད་པའི་སྟོབས་དང་། སེམས་ཅན་ཐམས་ཅད་ཀྱི་སོམ་ཉི་གཅོད་པའི་ཕྱིར་ཡེ་ཤེས་ཀྱི་སྟོབས་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཡོངས་སུ་ཤེས་པའི་ཕྱིར་མངོན་པར་ཤེས་པའི་སྟོབས་དང་། སོ་སོ་ཅི་རིགས་པར་ཆོས་སྟོན་པའི་ཕྱིར་ཐབས་ཀྱི་སྟོབས་ཏེ། བཞི་པོ་དེ་དག་ནི་སྟོབས་ཡིན་ནོ། །ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་གཏེར་ཆེན་པོ་མི་ཟད་པ་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པའི་གཏེར་ཆེན་པོ་མི་ཟད་པ་དང་། ཆོས་རྟོགས་པ་ཚད་མེད་པའི་གཏེར་ཆེན་པོ་མི་ཟད་པ་དང་། སེམས་ཅན་ཐམས་ཅད་མགུ་བར་བྱ་བའི་གཏེར་ཆེན་པོ་མི་ཟད་པ་དང་། ནམ་མཁའ་དང་མཉམ་པའི་ཡེ་ཤེས་ཀྱི་གཏེར་ཆེན་པོ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི། གཏེར་ཆེན་པོ་མི་ཟད་པ་ཡིན་ནོ། །ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ཚད་མེད་པ་ཉིད་དེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཐོས་པ་ཚད་མེད་པ་ཉིད་དང་། ཤེས་རབ་ཚད་མེད་པ་ཉིད་དང་། ཡོངས་སུ་བསྔོ་བ་ཚད་མེད་པ་ཉིད་དང་། ངེས་པའི་ཚིག་བསྟན་པ་རྣམས་ལ་སྒྲ་ཚད་མེད་པ་ཉིད་དེ་བཞི་པོ་དེ་དག་གོ །ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་དོན་ཡོད་པ་ཉིད་དེ། བཞི་གང་ཞེ་ན། ཆོས་བསྟན་པ་དོན་ཡོད་པ་ཉིད་དང་། བདེན་པའི་ཚིག་བསྟན་པ་དོན་ཡོད་པ་ཉིད་དང་། ཆོས་ལ་སྦྱོར་བ་རྣམ་པར་དབྱེ་བ་དོན་ཡོད་པ་ཉིད་དང་། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དོན་ཡོད་པ་ཉིད་བཞི་པོ་དེ་དག་གོ །ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་མི་འཇིགས་པ་ཐོབ་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ངན་འགྲོ་ཐམས་ཅད་ཀྱིས་མི་འཇིགས་པ་ཐོབ་པ་དང་། འཁོར་རྣམས་ཀྱི་ནང་དུ་ཟིལ་གྱིས་གནོན་པས་མི་འཇིགས་པ་ཐོབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་སོམ་ཉི་གཅོད་པ་ལ་མི་འཇིགས་ ― DKG058_Page_0278 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་ཐོབ་པ་དང་། སངས་རྒྱས་ཀྱི་ས་ལ་འཇུག་པ་ལ་མི་འཇིགས་པ་ཐོབ་པ་སྟེ། བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་མི་འཇིགས་པ་ཐོབ་པ་ཡིན་པར་རིག་པར་བྱ་སྟེ། ཀླུའི་བདག་པོ་དེ་ལྟར་ན་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ནི་ཡོན་ཏན་བསྟན་པ་ཚད་མེད་པ་དང་། ཤེས་རབ་ལ་འཇུག་པ་ཚད་མེད་པའོ། །ཀླུའི་བདག་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་རྣམས་དང་། བྱང་ཆུབ་སེམས་དཔའི་རྣམ་པར་རྩེ་བ་རྣམས་དང་། བྱང་ཆུབ་སེམས་དཔའི་རྒྱ་ཆེར་རྩེ་བ་རྣམས་དང་། བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་རྒྱན་བཀོད་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ལམ་རྣམས་དང་། བྱང་ཆུབ་སེམས་དཔའི་སྣོད་རྣམས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་རྣམས་དང་། སྡེ་སྣོད་དེ་ལ་འཇུག་པ་རྣམས་དང་། གཟུངས་ཀྱི་སྒོའི་ཕྱག་རྒྱ་ལ་འཇུག་པ་རྣམས་དང་། བསྒྲེ་བ་དང་། བསྒྲེ་བ་མ་ཡིན་པ་ལ་མཁས་པ་དང་། ལུས་དང་ངག་དང་སེམས་ཀྱི་རྒྱན་བཀོད་པ་རྣམས་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་འཛིན་པ་དང་། བྱང་ཆུབ་ཀྱི་སྙིང་པོའི་ཚོགས་བསགས་པ་རྣམས་དང་། སེམས་ཅན་ཡོངས་སུ་སྦྱངས་པའི་ཡེ་ཤེས་ལ་འཇུག་པ་རྣམས་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། འཐུན་པ་དང་། སྟོབས་དང་། བརྩོན་འགྲུས་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཉེ་བར་བརྟན་པ་ཤེས་པ་དང་། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་བཀོད་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཇི་སྙེད་པ་ཞེས་བྱ་བའི་ཚིག་ཏུ་སྨྲ་བ་ན་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཡང་དག་པར་སྨྲ་བས་སྨྲ་བར་བྱའོ། །ཀླུའི་བདག་པོ་སེམས་ཅན་གྱི་བརྡའི་རྗེས་སུ་འཇུག་པའམ། ཆོས་ཀྱི་བརྡའི་རྗེས་སུ་འཇུག་པའི་ཡི་གེ་གང་ཡིན་པ་དེ་དག་ཐམས་ཅད་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་རྗེས་སུ་འཇུག་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔས་ཡི་གེ་དེ་དང་དེ་རྣམས་ཀྱི་ཚུལ་གྱི་དགོངས་པ་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ། ཆོས་ཐམས་ཅད་གཟོད་མ་ནས་དག་པས་ན་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་སླུ་བར་མི་བྱེད་དོ། ། ཆོས་ཐམས་ཅད་དགའ་བས་ན་ཆོས་ཀྱི་ཀུན་དགའ་ལ་དགའ་ ― DKG058_Page_0279 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་ལ་སླུ་བར་མི་བྱེད་དོ། །ཆོས་ཐམས་ཅད་དོན་དམ་པ་ཡིན་པས་ན་ཆོས་ཐམས་ཅད་ཀྱི་ངེས་པའི་དོན་ལ་སླུ་བར་མི་བྱེད་དོ། །ཆོས་ཐམས་ཅད་མིག་ཡིན་པས་ན་ཆོས་ཐམས་ཅད་ཀྱི་སྣང་བ་ལ་སླུ་བར་མི་བྱེད་དོ། །ཆོས་ཐམས་ཅད་མིང་ཙམ་དུ་ཟད་པས་ན་ཆོས་ཐམས་ཅད་ཀྱི་བརྡ་ལ་སླུ་བར་མི་བྱེད་དོ། །ཆོས་ཐམས་ཅད་ཐོབ་པ་ཡིན་པས་ན་ཆོས་ཐམས་ཅད་ཀྱི་དགོངས་པའི་སྦྱོར་བ་ལ་སླུ་བར་མི་བྱེད་དོ། །ཆོས་ཐམས་ཅད་དུལ་བས་ན་ཆོས་ཐམས་ཅད་ཀྱི་ཅང་ཤེས་ཉིད་ལ་སླུ་བར་མི་བྱེད་དོ། །ཆོས་ཐམས་ཅད་ཞི་བས་ན་ཆོས་ཐམས་ཅད་ཀྱི་སྣང་བ་ཉིད་ལ་སླུ་བར་མི་བྱེད་དོ། །ཆོས་ཐམས་ཅད་སྟོབས་དང་བྲལ་བས་ན་ཆོས་ཐམས་ཅད་ཀྱི་སྟོབས་མེད་པ་ཉིད་ལ་སླུ་བར་མི་བྱེད་དོ། །ཆོས་ཐམས་ཅད་ཚིག་མ་ཡིན་པས་ན་ཆོས་ཐམས་ཅད་ཀྱི་མི་སྐྱེ་བ་ཉིད་ལ་སླུ་བར་མི་བྱེད་དོ། །ཆོས་ཐམས་ཅད་དད་པ་དང་ལྡན་པས་ན་ཆོས་ཐམས་ཅད་ཀྱི་མོས་པ་ལ་སླུ་བར་མི་བྱེད་དོ། །ཆོས་ཐམས་ཅད་ཚིག་གི་ལམ་ཡིན་པས་ན་ཆོས་ཐམས་ཅད་ཀྱི་བརྗོད་པ་ལ་སླུ་བར་མི་བྱེད་དོ། །ཆོས་ཐམས་ཅད་དེ་བཞིན་ཉིད་ཡིན་པས་ན་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་འགྲོ་བ་ལ་སླུ་བར་མི་བྱེད་དོ། །ཆོས་ཐམས་ཅད་ཇི་ལྟ་བ་བཞིན་པས་ན་ཆོས་ཐམས་ཅད་ཀྱི་དུས་གསུམ་མཉམ་པ་ཉིད་ལ་སླུ་བར་མི་བྱེད་དོ། །ཆོས་ཐམས་ཅད་གནས་ན་གནས་པས་ན་ཆོས་ཐམས་ཅད་ཀྱི་མི་གཡོ་བ་ཉིད་ལ་སླུ་བར་མི་བྱེད་དོ། །ཆོས་ཐམས་ཅད་ལག་མཐིལ་ན་འདུག་པས་ན་ཆོས་ཐམས་ཅད་ཀྱི་བྱ་བ་ཡོད་པ་ལ་སླུ་བར་མི་བྱེད་དོ། །ཆོས་ཐམས་ཅད་མཉམ་པས་ན་ཆོས་ཐམས་ཅད་ཀྱི་ཁྱད་པར་མེད་པ་ཉིད་ལ་སླུ་བར་མི་བྱེད་དོ། །ཆོས་ཐམས་ཅད་ལམ་ཡིན་པས་ན་ཆོས་ཐམས་ཅད་ཀྱི་ཀུན་ནས་འཇུག་པ་སྟོན་ཏོ། །ཆོས་ཐམས་ཅད་ནམ་མཁའ་ཡིན་པས་ན་ཆོས་ཐམས་ཅད་ཀྱི་ནམ་མཁའ་ལྟ་བུ་ཉིད་སྟོན་ཏོ། ། ཆོས་ཐམས་ཅད་ནན་གྱིས་བྱས་པས་ན་ཆོས་ཐམས་ཅད་ཀྱི་སྒྲོལ་བ་ཉིད་དུ་སྟོན་ཏོ། །ཆོས་ཐམས་ཅད་བླང་དུ་མེད་པས་ན་ཆོས་ཐམས་ཅད་ཀྱི་བདག་པོ་མེད་པ་ཉིད་སྟོན་ཏོ། །ཆོས་ཐམས་ཅད་དྲན་པ་ཡིན་པས་ན་ཆོས་ཐམས་ཅད་ཀྱི་བརྗེད་པ་མེད་པ་སྟོན་ཏོ། ། ― DKG058_Page_0280 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆོས་ཐམས་ཅད་གཟུངས་ཡིན་པས་ན་ཆོས་ཐམས་ཅད་ཀྱི་མི་ཟད་པ་ཉིད་སྟོན་ཏོ། །ཆོས་ཐམས་ཅད་ཞི་བ་ཡིན་པས་ན་ཆོས་ཐམས་ཅད་ཀྱི་ཉེ་བར་ཞི་བ་སྟོན་ཏོ། །ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པས་ན་ཆོས་ཐམས་ཅད་ཀྱི་ཡང་དག་པ་ཉིད་སྟོན་ཏོ། །ཆོས་ཐམས་ཅད་ཟད་པའི་སྒོ་ཡིན་པས་ན་ཆོས་ཐམས་ཅད་ཀྱི་ཟད་པའི་མཐའི་སྒོ་སྟོན་ཏོ། །ཆོས་ཐམས་ཅད་གནས་ན་གནས་པས་ན་ཆོས་ཐམས་ཅད་ཀྱི་གནས་པའི་ཆོས་ཉིད་སྟོན་ཏོ། །ཆོས་ཐམས་ཅད་ཡེ་ཤེས་ལ་འཇུག་པས་ན་ཆོས་ཐམས་ཅད་ཀྱི་གཏི་མུག་དང་བྲལ་བ་ཉིད་སྟོན་ཏོ། །ཆོས་ཐམས་ཅད་ཁོངས་སུ་འདུས་པས་ན་ཆོས་ཐམས་ཅད་ཀྱི་སྣྲེལ་ཞི་ཉིད་སྟོན་ཏོ། །ཆོས་ཐམས་ཅད་དངོས་པོ་དང་བྲལ་བས་ན་ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པ་ཉིད་སྟོན་ཏོ། །ཆོས་ཐམས་ཅད་གཡོ་བ་དང་ལྡན་པས་ན་ཆོས་ཐམས་ཅད་ཀྱི་ཚུལ་བཞིན་མ་ཡིན་པ་ཡོངས་སུ་འཛིན་པ་སྟོན་ཏོ། །ཆོས་ཐམས་ཅད་དྲན་པར་བྱེད་པ་ཡིན་པས་ན་ཆོས་ཐམས་ཅད་ཀྱི་སྔོན་གྱི་གནས་རྗེས་སུ་དྲན་པ་སྟོན་ཏོ། །ཆོས་ཐམས་ཅད་ཡོ་བྱད་མང་བ་ཡིན་པས་ན་ཆོས་ཐམས་ཅད་ཀྱི་སྲིད་པ་ཉིད་སྟོན་ཏོ། །ཆོས་ཐམས་ཅད་ཀྱི་ས་ཞེས་བྱ་བ་ལ་འཇུག་པས་ན་ཆོས་ཐམས་ཅད་ཀྱི་མ་ནིང་གི་ཚིག་བླ་དགས་སྟོན་ཏོ། །ཆོས་ཐམས་ཅད་ཧ་ཞེས་བྱ་བ་དང་། ན་ཞེས་བྱ་བ་ལ་འཇུག་པས་ན་ཆོས་ཐམས་ཅད་ཀྱི་མི་འདྲ་བ་ཉིད་སྟོན་ཏོ། །ཆོས་ཐམས་ཅད་རྒྱ་མཚོ་ལ་འཇུག་པས་ན་ཆོས་ཐམས་ཅད་ཀྱི་དགོངས་པའི་ཚིག་རྒྱ་ཆེན་པོ་སྟོན་ཏོ། །ཆོས་ཐམས་ཅད་ལྷུན་སྟུག་པས་ན་ཆོས་ཐམས་ཅད་ཀྱི་བསྐྱོད་དུ་མེད་པ་ཉིད་སྟོན་ཏོ། །ཆོས་ཐམས་ཅད་གནས་ན་གནས་པས་ན་ཆོས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་གནས་པ་ཉིད་སྟོན་ཏོ། །ཆོས་ཐམས་ཅད་འདྲེན་པ་ཡིན་པས་ན་ཆོས་ཐམས་ཅད་ཀྱི་ཡང་དག་པའི་འདུལ་བ་སྟོན་ཏོ། ། ཆོས་ཐམས་ཅད་འབྲས་བུ་ཐོབ་པ་ཡིན་པས་ན་ཆོས་ཐམས་ཅད་ཀྱི་ཡིད་ལ་བྱེད་པ་མེད་པ་ཉིད་སྟོན་ཏོ། །ཆོས་ཐམས་ཅད་ཕུང་པོ་ཙམ་དུ་ཟད་པས་ན་ཆོས་ཐམས་ཅད་ཀྱི་སྡུག་བསྔལ་ཡོངས་སུ་ཤེས་པ་སྟོན་ཏོ། །ཆོས་ཐམས་ཅད་ཆོམ་རྐུན་ཡིན་པས་ན་ཆོས་ཐམས་ཅད་ཀྱི་གློ་བུར་གྱི་ཉེ་བའི་ཉོན་མོངས་པ་ཉིད་སྟོན་ཏོ། །ཆོས་ ― DKG058_Page_0281 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐམས་ཅད་སྤངས་པ་ཡིན་པས་ན་ཆོས་ཐམས་ཅད་ཀྱི་མངོན་པར་ཞེན་པ་མེད་པ་ཉིད་སྟོན་ཏོ། །ཆོས་ཐམས་ཅད་ད་ཞེས་བྱ་བ་ཡིན་པས་ན་ཆོས་ཐམས་ཅད་ཀྱི་ལམ་ཆད་པ་ཉིད་སྟོན་ཏོ། །ཆོས་ཐམས་ཅད་དྷ་ཞེས་བྱ་བ་ཡིན་པས་ན་ཆོས་ཐམས་ཅད་ཀྱི་མཐའ་ཡས་པ་དང་ཡོངས་སུ་ཆད་པ་མེད་པ་ཉིད་སྟོན་ཏོ། །ཀླུའི་བདག་པོ་འདི་ནི་ཡི་གེའི་བརྡ་ལ་འཇུག་པ་ཞེས་བྱ་བ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་བྱང་ཆུབ་སེམས་དཔས་གཟུངས་ཐོབ་ནས་ཡི་གེ་ཐམས་ཅད་ཀྱི་ངེས་པའི་ཚིག་གི་དགོངས་པ་རྟོག་པར་འགྱུར་བའོ། །ཀླུའི་བདག་པོ་དཔེར་ན་ཡི་གེ་རྣམས་མི་ཟད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་བསྟན་པ་མི་ཟད་དོ། །དཔེར་ན་ཡི་གེ་རྣམས་ནི་ལུས་སམ་སེམས་གང་ནས་ཀྱང་མི་འབྱུང་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་གང་ནས་ཀྱང་མི་འབྱུང་སྟེ། ལུས་ལ་ཡང་མི་གནས་སེམས་ལ་ཡང་མི་གནས་སོ། །དཔེར་ན་ཡི་གེ་རྣམས་ནི་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ་ཀུན་ནས་ཉོན་མོངས་པར་ཡང་བརྗོད་དོ། །རྣམ་པར་བྱང་བར་ཡང་མི་འགྱུར་ལ་རྣམ་པར་བྱང་བ་ཡང་བརྗོད་དོ། །དེ་བཞིན་དུ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཀུན་ནས་ཉོན་མོངས་པ་ཡང་བརྗོད་ལ་ཀུན་ནས་ཉོན་མོངས་པའི་ཆོས་ཀྱིས་ཀྱང་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །རྣམ་པར་བྱང་བའི་ཆོས་ཀྱང་བརྗོད་ལ་རྣམ་པར་བྱང་བའི་ཆོས་ཀྱིས་ཀྱང་རྣམ་པར་དག་པར་མི་འགྱུར་ཏེ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །དཔེར་ན་ཡི་གེ་རྣམས་ནི་གང་ནས་ཀྱང་མ་འཕོས་ལ་གོ་བར་ཡང་བྱེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་གང་ནས་ཀྱང་མ་འཕོས་ལ་གོ་བར་ཡང་བྱེད་དེ། གཞན་གྱི་སེམས་ཀྱང་རྣམ་པར་དག་པར་བྱེད་དོ། །དཔེར་ན་ཡི་གེ་བརྗོད་པ་རྣམས་ཀྱང་ཕྱོགས་དང་ཕྱོགས་མཚམས་སུ་འགྲོ་བ་མེད་ལ་མ་བརྗོད་པ་རྣམས་ཀྱང་ནང་དུ་སོགས་པ་མེད་པ་དེ་བཞིན་དུ་ཆོས་བརྗོད་པའམ། བསྟན་པ་ཐམས་ཅད་ཀྱང་ཕྱོགས་དང་ཕྱོགས་མཚམས་སུ་འགྲོ་བ་མེད་ལ་མ་བསྟན་པ་རྣམས་ཀྱང་ནང་དུ་སོགས་པ་མེད་དོ། །དཔེར་ན་ཡི་གེ་རྣམས་ནི་གཟུགས་མེད་ཅིང་བསྟན་དུ་མེད་པར་འབྱུང་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་གཟུགས་མེད་ཅིང་བསྟན་དུ་མེད་པར་སེམས་ཀྱི་ ― DKG058_Page_0282 ―
[མ་དཔེ་གཟིགས་ན་འདིར་གནོན།]
དམིགས་པ་རྣམས་ལས་འབྱུང་ངོ་། །དཔེར་ན་ཡི་གེ་རྣམས་ནི་སྐད་ཅིག་པ་དང་། ཡ་མ་བརླ་དང་། གསོབ་དང་། གསོག་ཡིན་ལ། དེ་རྣམས་ཀྱི་བྱེད་པ་པོ་འགའ་ཡང་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྐད་ཅིག་པ་དང་། ཡ་མ་བརླ་དང་། གསོབ་དང་། གསོག་ཡིན་ལ་དེ་རྣམས་ཀྱི་བྱེད་པ་པོ་འགའ་ཡང་མེད་དོ། །དཔེར་ན་ཡི་གེ་རྣམས་ནི་ཆགས་པ་ཡང་མེད། སྡང་བ་ཡང་མེད། རྨོངས་པ་ཡང་མེད་པར་འགྱུར་ལ། ཡི་གེའི་རྣམ་པར་རིག་བྱེད་དེས་ཀྱང་བྱིས་པ་རྣམས་རྗེས་སུ་ཆགས་པའམ། ཁོང་ཁྲོ་བའམ། རྨོངས་པར་འགྱུར་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཆགས་པའང་མེད། སྡང་བ་ཡང་མེད། རྨོངས་པ་ཡང་མེད་པར་ཡོངས་སུ་རྟོགས་ལ་མངོན་པར་ཞེན་པས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེ་བར་འགྱུར་རོ། །དཔེར་ན་ཡི་གེའི་བརྡས་ནི་འབྲས་བུ་ཐོབ་པར་ཡང་བསྟན་ལ་ཡི་གེ་རྣམས་ཀྱིས་ཐོབ་པ་ཡང་མེད། མངོན་སུམ་དུ་བྱ་བ་ཡང་མེད་པ་དེ་བཞིན་དུ་ཆོས་རྣམ་པར་གཞག་པས་འབྲས་བུ་ཐོབ་པ་བསྟན་མོད་ཀྱི། འདི་ལ་ཆོས་འགའི་འཐོབ་པའམ། མངོན་སུམ་དུ་བྱ་བ་ཡང་མེད་དོ། །དཔེར་ན་ཆོས་གང་ཡང་ཡི་གེ་རྣམས་ཀྱིས་མ་བསྡུས་པ་མེད་པ་དེ་བཞིན་དུ་ཆོས་གང་ཡང་བྱང་ཆུབ་ཀྱིས་མ་བསྡུས་པ་མེད་དེ། ཀླུའི་བདག་པོ་དེ་ལྟར་ན་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཡི་གེ་རྣམས་ཁོ་ནས་བྱང་ཆུབ་ཚོལ་བར་བྱེད་དོ། །ཡི་གེ་རྣམས་ཁོ་ནས་བྱང་ཆུབ་སྟོན་པར་བྱེད་དོ། །ཡི་གེ་རྣམས་ཁོ་ནས་བྱང་ཆུབ་གླེང་བར་བྱེད་དོ། །ཡི་གེ་རྣམས་ཁོ་ནས་བྱང་ཆུབ་ལ་རེག་པར་བྱེད་དོ།། །།བམ་པོ་གསུམ་པ། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཐོབ་པས་སྟོབས་བཅུ་ཐོབ་པར་འགྱུར་རོ། །མི་འཇིགས་པ་བཞི་དང་། མ་འདྲེས་པ་བཅྭ་བརྒྱད་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། བླ་ན་མེད་པའི་ཤེས་རབ་ཐོབ་པར་འགྱུར་ཏེ། དེའི་ཤེས་རབ་དེ་ཡང་སེམས་ཅན་ཐམས་ཅད་གཟུགས་མེད་པར་སྒྲོལ་བའོ། ། ― DKG058_Page_0283 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཉོན་མོངས་པ་ཐམས་ཅད་སྲེག་པའོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའོ། །ཆུ་བོ་བཞི་ལས་སྒྲོལ་བའོ། །བདུད་བཞི་རྣམ་པར་འཇོམས་པའོ། །སེམས་ཅན་ཐམས་ཅད་ལ་འཛུམ་པའི་བཞིན་སྟོན་པའོ། །སེམས་ཅན་ཐམས་ཅད་མགུ་བར་བྱེད་པའོ། །ཤེས་རབ་རིན་པོ་ཆེའི་སེམས་ཡང་དག་པར་སྐྱེད་པའོ། །དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱེད་པའོ། །ཕས་ཀྱི་རྒོལ་བ་ཐམས་ཅད་ཡང་དག་པར་འཇོམས་པའོ། །ཉོན་མོངས་པའི་མཆེ་བ་ཕྱེ་མར་རློག་པའོ། །གསང་བ་གསུམ་གྱི་གསང་སྔགས་ཀྱིས་ཀུན་ཏུ་སྲུང་བའི་གཟུངས་སོ། །ཆོས་ཐམས་ཅད་ལ་རྣམ་པར་ལྟ་བའོ། །ཉོན་མོངས་པའི་ཁུར་ལས་སྒྲོལ་བའོ། །འཇིགས་པ་དང་སྐྲག་པ་ཐམས་ཅད་དང་བྲལ་བའོ། །རྒྱ་ཆེ་ཞིང་ཟབ་པའི་ཆོས་ལ་ལྟ་བའོ། །སེང་གེའི་རྩལ་སྤྱོད་པའོ། །སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བའོ། །མྱ་ངན་ལས་འདས་པའི་ལམ་དུ་འགྲོ་བའོ། །གཡོན་ཕྱོགས་ཀྱི་ལམ་ཡོངས་སུ་སྤོང་བའོ། །གཡས་ཕྱོགས་ཀྱི་ལམ་དུ་འཛུད་པའོ། །དེ་ལྟར་ཡེ་ཤེས་རིན་པོ་ཆེ་དང་ལྡན་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང་། བསམ་པ་དང་། ཆོ་ག་ཤེས་པའོ། །མངོན་པར་ཤེས་པ་ལྔ་རྟོགས་པར་ཁོང་དུ་ཆུད་པའོ། །བསམ་གཏན་རྩེ་གཅིག་པ་ལ་དགའ་བའོ། །འཕགས་པའི་བདེན་པ་བཞིའི་ཁ་དང་ལྡན་པའོ། །སྤྱན་ལྔའི་མིག་བཟང་པོ་དང་ལྡན་པའོ། །ནམ་མཁའི་དཀྱིལ་མཐའ་དག་གི་ལུས་དང་ལྡན་པའོ། །ཆོས་ཀྱི་དབྱིངས་དང་མཉམ་པའི་དཔྲལ་བ་དང་ལྡན་པའོ། །དེ་བཞིན་ཉིད་ཀྱི་མགྲིན་པ་དང་ལྡན་པའོ། །མི་སྐྱེ་བའི་ལྕེ་དང་ལྡན་པའོ། །མཉམ་པ་ཉིད་དང་རོ་གཅིག་པའོ། །ཆོས་ཐམས་ཅད་ལ་ཐོས་པ་འཛིན་པའོ། །སྒྲ་ཐམས་ཅད་རྟོགས་པའི་ཐོས་པ་དང་ལྡན་པའོ། །དྲི་ལ་རྗེས་སུ་ཆགས་པ་མེད་པའོ། །དྲི་ལ་ཁོང་ཁྲོ་བ་མེད་པའོ། །དྲི་ཐམས་ཅད་རིག་པའོ། །དྲན་པ་ཉེ་བར་གཞག་པ་བཞིའི་མགོ་བོ་དང་ལྡན་པའོ། །ཚངས་པའི་གནས་པ་བཞིའི་སྐྲ་དྲི་ཞིམ་པོ་དང་ལྡན་པའོ། །རྣམ་པར་ཐར་པ་གསུམ་གྱི་གཙུག་ཕུད་དང་ལྡན་པའོ། །ཡང་དག་པར་ ― DKG058_Page_0284 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྤོང་བ་བཞིའི་ཐལ་གོང་ཤིན་ཏུ་རྒྱས་པ་དང་ལྡན་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞིའི་དཔུང་མགོ་དང་ལྡན་པའོ། །སྟོབས་ལྔའི་ཐོང་ཀ་ཤིན་ཏུ་ཡངས་པ་དང་ལྡན་པའོ། །དབང་པོ་ལྔའི་ལྟེ་བ་ཤིན་ཏུ་ཟབ་པ་དང་ལྡན་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ལྟོ་བ་དང་ལྡན་པའོ། །ལམ་ཡན་ལག་བརྒྱད་པའི་སྟ་ཟུར་དང་ལྡན་པའོ། །ཡེ་ཤེས་མཐའ་ཡས་པའི་སྤུའི་ཁུང་བུ་དང་ལྡན་པའོ། །དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་ཐམས་ཅད་འདྲེན་པའི་ལག་པ་དང་ལྡན་པའོ། །དགེ་བ་བཅུའི་ལས་ཀྱི་ལམ་ལེགས་པར་སྲུང་བའི་སོར་མོ་དང་ལྡན་པའོ། །ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་ཆོས་ཉིད་མཐོང་བ་དང་། སྒོམ་པའི་སེན་མོ་དང་ལྡན་པའོ། །ཆོས་ཐམས་ཅད་ལ་སོམ་ཉི་མེད་པའི་རྩིབ་ལོགས་དང་ལྡན་པའོ། །སའི་རིམ་པའི་ཚུལ་ཐོབ་པའི་སྒལ་ཚིགས་དང་ལྡན་པའོ། །དུས་ལས་མི་འདའ་བར་ཆོས་སྟོན་པའི་སྟོབས་དང་ལྡན་པའོ། །བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་ལ་ཡོངས་སུ་སྦྱང་བ་ལེགས་པར་བྱས་པའི་ཞི་གནས་དང་ལྷག་མཐོང་གི་བརླ་དང་ལྡན་པའོ། །ཆོས་ཀྱི་ངེས་པ་ལ་འཇུག་པའི་པུས་མོ་དང་ལྡན་པའོ། །ཆོས་ཇི་ལྟ་བ་བཞིན་དུ་སྟོན་པའི་རྗེ་ངར་དང་ལྡན་པའོ། །ཆོས་རྟོགས་པས་བསྲུངས་པའི་རྣམ་པའི་དྲན་པ་དང་ལྡན་པའོ། །ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལོང་བུ་དང་ལྡན་པའོ། །ཕྱོགས་བཅུར་འགྲོ་བའི་རྐང་པ་དང་ལྡན་པའོ། །བསྟན་པ་མཚམས་འབྱོར་བར་འགྲོ་ཞིང་འོང་བ་དང་ལྡན་པའོ། ། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པའི་གོས་གྱོན་པའོ། །བྱང་ཆུབ་ཀྱི་ཡན་ལག་གི་ཆོས་ཀྱི་མེ་ཏོག་གི་ཕྲེང་བས་བརྒྱན་པའོ། །ཤིན་ཏུ་རྣམ་པར་སྤེལ་བའི་ཚིག་གིས་ཆོས་སྟོན་པའོ། །འཐུན་པ་དང་མི་འཐུན་པ་དང་བྲལ་བའོ། །འཆི་འཕོ་དང་། འགྲོ་བ་དང་། སྐྱེ་བའི་ཤེས་རབ་དང་། ཡེ་ཤེས་དང་། མངོན་པར་ཤེས་པ་ཟབ་མོའི་ཕྱེ་མའི་བསྒོ་བས་བསྒོས་པའོ། །ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་ཡས་པའི་བྱུག་པ་དང་ལྡན་པའོ། །ཚངས་པའི་གཡོག་འཁོར་དང་ལྡན་པའོ། །ཚངས་པའི་ལམ་མྱ་ངན་ལས་འདས་པའི་ལམ་དང་ལྡན་པའོ། ། ― DKG058_Page_0285 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལམ་བཟང་པོ་སྟོན་པའོ། །ཐར་པའི་ལམ་དུ་ཁྲིད་པའོ། །འགྲོགས་ན་བདེ་བའི་མཛའ་བཤེས་དང་། མཛའ་བོའི་མཆོག་དང་ལྡན་པའོ། །སེམས་ཅན་ཐམས་ཅད་ཀྱི་རྩ་ལག་གོ །སྙིང་རྗེ་ཆེན་པོ་དང་ལྡན་པའོ། །སེམས་ཅན་ཐམས་ཅད་ཀྱི་ཕན་པ་ཚོལ་བའོ། །སྐྱེས་བུ་མཆོག་གོ །སྐྱེས་བུ་ཆེན་པོའོ། །སྐྱེས་བུ་དམ་པའོ། །སྐྱེས་བུ་ཁྱུ་མཆོག་གོ །སྐྱེས་བུ་སེང་གེའོ། །སྐྱེས་བུ་པད་མའོ། །སྐྱེས་བུ་པད་མ་དཀར་པོའོ། །སྐྱེས་བུ་གཅེས་པ་འཛིན་པའོ། །སྐྱེས་བུ་གཙོ་བོའོ། །སྐྱེས་བུ་ཅང་ཤེས་སོ། །སེམས་ཅན་ཐམས་ཅད་ཕོངས་པ་དང་། སྡུག་བསྔལ་བ་ལས་ཐར་བར་བྱེད་པའོ། །སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའོ། །སེམས་ཅན་ཐམས་ཅད་ངེས་པར་སྒྲོལ་བའོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་གཅོད་པའོ། །བདུད་རྩིའི་ཆོས་ཀྱི་མཆོག་སྟོན་པའོ། །བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ཡང་དག་པར་འཛིན་པའོ། །ཆོས་ཐམས་ཅད་ལ་དབང་བྱེད་པ་ཐོབ་པའོ། །སེམས་ཅན་ཐམས་ཅད་ཀྱི་བདག་པོའོ། །ཕ་མ་དང་ཉེ་དུར་གྱུར་པའོ། །འཇིག་རྟེན་གྱི་ཆོས་བརྒྱད་ལས་ཡང་དག་པར་འདས་པའོ། །འཇིག་རྟེན་ཐམས་ཅད་ཀྱི་རྗེས་སུ་འཐུན་པའོ། །ཆོས་ཀྱི་དབང་ཕྱུག་གོ །སེམས་ལ་དབང་བྱེད་པའོ། །བསྟན་བཅོས་དང་ཡི་གེ་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ནི་དེའི་སེམས་ཀྱི་གྲོགས་བྱེད་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་གོས་དང་། ཟས་དང་། སྐོམ་དང་། བཟའ་བའི་བྱ་བ་བྱེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་དུས་ཚིགས་ཀྱི་བདེ་བ་བྱེད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་ཐམས་ཅད་ལས་མི་འཇིགས་པར་བྱེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་ལེགས་པར་བྱ་བའི་ལས་བྱེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་འགྱོད་པ་མེད་པར་བྱེད་པ་དང་། ཉེ་བར་ཞི་བར་བྱེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་ཆོས་ཐམས་ཅད་ཡོངས་སུ་དག་པར་བྱེད་པའོ། །ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་གཉི་གའི་དོན་བྱེད་པའོ། ། ― DKG058_Page_0286 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་ཅི་འདོད་པའི་དོན་ཡང་དག་པར་ཐོབ་པར་བྱེད་པའོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་ཉོན་མོངས་པ་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་དུས་གསུམ་ལ་ཡེ་ཤེས་ཐོགས་པ་མེད་པར་བྱེད་པའོ། །བྱམས་པ་ནི་དེའི་སེམས་ཅན་ཐམས་ཅད་ཀྱི་ཕན་པ་སྒྲུབ་པར་བྱེད་པའོ། །སྙིང་རྗེ་ནི་དེའི་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་སེལ་བར་བྱེད་པའོ། །དགའ་བ་ནི་དེའི་རངས་པ་དང་དགའ་བར་བྱེད་པའོ། །བཏང་སྙོམས་ནི་དེའི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོང་བར་བྱེད་པའོ། །བདེན་པའི་གཏམ་ནི་དེའི་འཇིག་རྟེན་ཐམས་ཅད་ལ་མི་སླུ་བར་བྱེད་པ་སྟེ། ཀླུའི་བདག་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ཁ་དོག་ནི་ལུས་ཡིན་ནོ། །བྱང་ཆུབ་སེམས་དཔའ་གང་གཟུངས་འདིས་ཆོས་ཀྱི་ཀུན་དགའ་ལ་དགའ་བ་དེ་ནི་རྒྱལ་པོ་བཙུན་མོའི་འཁོར་གྱི་ནང་ན་མགོ་བོར་གྱུར་པ་ལྟ་བུ་ཡིན་ནོ། །བརྒྱ་བྱིན་རི་རབ་ཀྱི་ཟོམ་ན་བདག་པོར་འགྱུར་བ་ལྟ་བུ་ཡང་ཡིན་ནོ། །ཚངས་པ་ལྟ་བུར་ཚངས་པར་གྱུར་པ་ཡང་ཡིན་ནོ། །ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ལྟ་བུར་ལུས་ཁྱད་པར་དུ་འཕགས་པ་ཡང་ཡིན་ནོ། །རྒྱ་མཚོ་གཏིང་དཔག་དཀའ་ཞིང་མུ་མེད་པ་ལྟ་བུ་ཡང་ཡིན་ནོ། །རི་རབ་ལྟ་བུར་བསོད་ནམས་དག་གིས་མངོན་པར་འཕགས་པ་ཡང་ཡིན་ནོ། །ལྷ་རྣམས་ཀྱི་སྙིང་དུ་སྡུག་པ་དང་། ཡིད་དུ་འོང་བ་ཡང་ཡིན་ནོ། །ཕ་མའི་བུ་གཅིག་པ་ལྟ་བུ་ཡང་ཡིན་ནོ། །ནམ་མཁའི་དཀྱིལ་ན་ཟླ་བ་ཉ་བ་འདུག་པ་ལྟ་བུར་བལྟ་ན་སྡུག་པ་ཡང་ཡིན་ནོ། །སྟོན་པ་ལྟ་བུར་ལྷ་དང་མི་རྣམས་ཀྱིས་ཕྱག་བྱས་པའི་གནས་ཀྱང་ཡིན་ནོ། །ཉི་མ་ཤར་བ་ལྟ་བུར་སྣང་བ་བྱེད་པ་ཡང་ཡིན་ནོ། །ནགས་ན་འདུག་པའི་རྨ་བྱ་ལྟ་བུར་སྐད་སྙན་པ་ཡང་ཡིན་ནོ། །རིའི་ཕུག་ན་འདུག་པའི་སེང་གེ་ལྟ་བུར་ཆོས་ཀྱི་སྒྲ་ཆེན་པོ་སྒྲོགས་པ་ཡང་ཡིན་ནོ། །སེམས་ཤིན་ཏུ་དུལ་བའི་གླང་པོ་ཆེ་ལྟ་བུར་ཅང་ཤེས་ཀྱི་ཟས་ལ་ལོངས་སྤྱོད་པ་ཡང་ཡིན་ནོ། །ཆོས་ཀྱི་རྒྱལ་པོ་འཁོར་ལོས་སྒྱུར་བ་ལྟ་བུར་ཆོས་ཀྱི་རྒྱལ་སྲིད་སྟོན་པ་ཡང་ཡིན་ནོ། །ཀླུའི་ཚོགས་རྩེ་བ་ལྟ་བུར་ཆོས་ཀྱི་སྤྲིན་འགྱེད་པ་ཡང་ཡིན་ནོ། །ཀླུའི་བདག་པོ་ཆར་ཆེན་པོ་འབེབས་པ་ ― DKG058_Page_0287 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྟ་བུར་ཆོས་ཀྱི་འབྲུག་སྒྲ་མངོན་པར་སྒྲོགས་པ་ཡང་ཡིན་ནོ། །བརྒྱ་བྱིན་ལྟ་བུར་དུས་སུ་ཆོས་ཀྱི་ཆར་ཆེན་པོ་འབེབས་པ་ཡང་ཡིན་ནོ། །དཔའ་བོས་གཞན་གྱི་དམག་ལ་བྱ་བ་ལྟ་བུར་མུ་སྟེགས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཡང་ཡིན་ནོ། །ཆུའི་རྒྱུན་གྱིས་མེ་ལ་བྱ་བ་ལྟ་བུར་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡང་ཡིན་ནོ། །རླུང་གིས་ཕུབ་མ་སྤར་གང་ལ་བྱ་བ་ལྟ་བུར་བདུད་ཐམས་ཅད་ཟིལ་གྱིས་གནོན་པ་ཡང་ཡིན་ནོ། །མ་མས་བྱིས་པ་ལ་བྱ་བ་ལྟ་བུར་སེམས་ཅན་ཐམས་ཅད་དང་འཐུན་པར་བྱེད་པ་ཡང་ཡིན་ནོ། །ས་གཞི་རྫས་རྣམས་ཀྱིས་མི་བསྐྱོད་པ་ལྟ་བུར་བདེ་བ་དང་སྡུག་བསྔལ་རྣམས་ཀྱིས་མི་བསྐྱོད་པ་ཡང་ཡིན་ནོ། །རླུང་གིས་ཤིང་གི་ལོ་མ་རྣམས་ལ་བྱ་བ་ལྟ་བུར་ཕས་ཀྱི་རྒོལ་བ་ཐམས་ཅད་གཡོ་བར་བྱེད་པ་ཡང་ཡིན་ནོ། །རྣམ་ཐོས་ཀྱི་བུ་རིན་པོ་ཆེ་ཐམས་ཅད་འབྱོར་བ་ལྟ་བུར་ཆོས་ཀྱི་ནོར་འཐུན་པར་སྦྱིན་པ་ཡང་ཡིན་ནོ། །འགྲོ་བ་ཐམས་ཅད་ཀྱི་བཀོད་པའི་སྙིང་པོ་ཞེས་བྱ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ཡང་ཡིན་ཏེ། ཀླུའི་བདག་པོ་དེ་ལྟར་ན་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པ་ཞེས་བརྗོད་དོ། །ཀླུའི་བདག་པོ་དཔེར་ན་རྒྱ་མཚོ་ཆེན་པོ་ནི་རིན་པོ་ཆེ་ཆེན་པོ་ཐམས་ཅད་ཀྱི་འབྱུང་གནས་དང་། རིན་པོ་ཆེ་ཐམས་ཅད་ཀྱི་ཟ་མ་ཏོག་ཡིན་པ་དེ་བཞིན་དུ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ཀྱི་འབྱུང་གནས་དང་། ཆོས་ཐམས་ཅད་ཀྱི་ཟ་མ་ཏོག་ཡིན་ནོ། །ཀླུའི་བདག་པོ་དཔེར་ན་སྤོས་བརྒྱ་ཕྲག་དུ་མ་ཡོད་པའི་སྤོས་ཀྱི་ཟ་མ་ཏོག་ནི་སེམས་ཅན་ཐམས་ཅད་སྤོས་ཀྱིས་ཡོངས་སུ་མགུ་བར་བྱེད་པ་དེ་བཞིན་དུ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་ལེགས་པར་སྨྲ་བས་ཡང་དག་པར་མགུ་བར་བྱེད་དོ། །ཀླུའི་བདག་པོ་གཞན་ཡང་གཟུངས་འདི་ནི་སྒྲ་ཐམས་ཅད་ལ་འཇུག་པ་སྟེ། འདི་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་རིན་ཆེན་གདུགས་གཅིག་ ― DKG058_Page_0288 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་སངས་རྒྱས་ཀྱི་ཞིང་མི་ཟད་པ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་ན་མཉམ་པར་བཞག་པ་ཞེས་བྱའོ། །འདི་ན་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུའི་སངས་རྒྱས་ཀྱི་ཞིང་ཁྱད་པར་བསྡུས་པའི་འཇིག་རྟེན་གྱི་ཁམས་ན་ཐམས་ཅད་དང་ལྡན་པ་ཞེས་བྱའོ། །འདི་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་གྲུབ་པར་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཞི་བའི་འཇིག་རྟེན་གྱི་ཁམས་ན་གཟི་བྱིན་ཅན་ཞེས་བྱའོ། །འདི་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་མྱ་ངན་དང་བྲལ་བའི་སངས་རྒྱས་ཀྱི་ཞིང་མྱ་ངན་མེད་པའི་འཇིག་རྟེན་གྱི་ཁམས་ན་ལེགས་སོ་ཞེས་བྱ་བའི་ཚུལ་ཞེས་བྱའོ། །འདི་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དྲི་མ་མེད་པའི་ཞལ་གྱི་སངས་རྒྱས་ཀྱི་ཞིང་དྲི་མ་མེད་པའི་འཇིག་རྟེན་གྱི་ཁམས་ན་རྒྱ་ཆེན་པོ་མི་ཟད་པ་དང་ལྡན་པ་ཞེས་བྱའོ། །འདི་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དྲི་མེད་འོད་ཀྱི་སངས་རྒྱས་ཀྱི་ཞིང་ཀུན་ཏུ་སྣང་བའི་འཇིག་རྟེན་གྱི་ཁམས་ན་སྒྲོལ་བར་བྱེད་པ་ཞེས་བྱའོ། །འདི་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་བསྟན་པའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་སྙིང་པོ་ཅན་གྱི་འཇིག་རྟེན་གྱི་ཁམས་ན་ཉེ་བར་ཞི་བར་སྤྱོད་པ་ཞེས་བྱའོ། །འདི་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྤྲིན་གྱི་རྒྱལ་པོ་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་སྤྲིན་དང་ལྡན་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན་ཡོངས་སུ་དག་པ་ཞེས་བྱའོ། །འདི་ན་ཐབས་མཁས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཕྱག་དྲི་མ་མེད་པའི་སངས་རྒྱས་ཀྱི་ཞིང་མཆོག་དམ་པའི་འཇིག་རྟེན་གྱི་ཁམས་ན་འཇིག་རྟེན་དང་འཐུན་པ་ཞེས་བྱའོ། །འདི་ན་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཞེས་བྱ་བ་གང་ཡིན་པ་དེ་དག་ནི་དེ་བཞིན་གཤེགས་པ་དོན་གྲུབ་ཀྱི་སངས་རྒྱས་ཀྱི་ཞིང་ལེགས་པའི་འཇིག་རྟེན་གྱི་ཁམས་ན་ཕན་པ་དང་། ཡིད་དུ་འོང་བ་དང་། ཐུབ་ ― DKG058_Page_0289 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་དང་གཉི་ག་ལས་ཞི་བ་ཞེས་བྱའོ། །འདི་ན་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཞེས་བྱ་བ་གང་ཡིན་པ་དེ་དག་ནི་དེ་བཞིན་གཤེགས་པ་དཔལ་སྲུང་གི་སངས་རྒྱས་ཀྱི་ཞིང་སྨད་དུ་མེད་པའི་འཇིག་རྟེན་གྱི་ཁམས་ན། རྩ་བ་དང་། རྩ་བའི་རྗེས་སུ་འགྲོ་བ་དང་། རྩ་བ་ཟད་པ་དང་། རྩ་བ་ཞི་བར་འགྱུར་བ་ཞེས་བྱའོ། །འདི་ན་དྲན་པ་ཉེ་བར་གཞག་པ་རྣམས་ཞེས་བྱ་བ་གང་ཡིན་པ་དེ་དག་ནི་གཞན་དག་ན་གནས་པ་རྣམས་ཞེས་བྱའོ། །འདི་ན་ཡང་དག་པར་སྤོང་བ་རྣམས་ཞེས་བྱ་བ་གང་ཡིན་པ་དེ་དག་ནི་གཞན་དག་ན་ཁྱད་པར་དུ་གྲོལ་བ་རྣམས་ཞེས་བྱའོ། །འདི་ན་རྫུ་འཕྲུལ་གྱི་རྐང་པ་རྣམས་ཞེས་བྱ་བ་གང་ཡིན་པ་དེ་དག་ནི་གཞན་དག་ན་ཕྱོགས་སུ་འགྲོ་བ་རྣམས་ཞེས་བྱའོ། །འདི་ན་དབང་པོ་རྣམས་ཞེས་བྱ་བ་གང་ཡིན་པ་དེ་དག་ནི་གཞན་དག་ན་རབ་ཏུ་ཤེས་པ་རྣམས་ཞེས་བྱའོ། །འདི་ན་སྟོབས་རྣམས་ཞེས་བྱ་བ་གང་ཡིན་པ་དེ་དག་ནི་གཞན་དག་ན་བསྟན་པ་རྣམས་ཞེས་བྱའོ། །འདི་ན་བྱང་ཆུབ་ཀྱི་ཡན་ལག་རྣམས་ཞེས་བྱ་བ་གང་ཡིན་པ་དེ་དག་ནི་གཞན་དག་ན་རྗེས་སུ་འགྲོ་བ་རྣམས་ཞེས་བྱའོ། །འདི་ན་ལམ་ཞེས་བྱ་བ་གང་ཡིན་པ་དེ་དག་ནི་གཞན་དག་ན་སྒྲོལ་བ་ཞེས་བྱའོ། །འདི་ནསོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་གང་ཡིན་པ་དེ་དག་ནི་གཞན་དག་ན་མངོན་སུམ་གྱི་སྒོ་ཞེས་བྱའོ། །འདི་ན་ཆོས་ཀྱི་སྦྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་གཞན་དག་ན་ལེགས་པར་སྡུད་པ་ཞེས་བྱའོ། །འདི་ན་ཞི་གནས་དང་། ལྷག་མཐོང་ཞེས་བྱ་བ་གང་ཡིན་པ་དེ་དག་ནི་གཞན་དག་ན་ཉེ་བར་ཞི་བ་དང་། རྣམ་པར་ལྟ་བ་ཞེས་བྱའོ། །འདི་ན་རྣམ་པར་ཐར་པ་ཞེས་བྱ་བ་གང་ཡིན་པ་དེ་དག་ནི་གཞན་དག་ན་དོན་ཡོད་པ་ཞེས་བྱའོ། །འདི་ན་བསོད་ནམས་ཞེས་བྱ་བ་གང་ཡིན་པ་དེ་ནི་གཞན་དག་ན་ཕན་པ་ཞེས་བྱའོ། །འདི་ན་ཡེ་ཤེས་ཞེས་བྱ་བ་གང་ཡིན་པ་དེ་ནི་གཞན་དག་ན་རྟོགས་བྱེད་ཅེས་བྱའོ། །འདི་ན་རབ་ཏུ་འབྱུང་བ་ཞེས་བྱ་བ་གང་ཡིན་པ་དེ་ནི་གཞན་དག་ན་ལམ་གྱི་རྗེས་སུ་འགྲོ་བ་ཞེས་བྱའོ། །འདི་ན་བསྙེན་པར་རྫོགས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་གཞན་དག་ན་འདའ་བར་མི་བྱ་ཞེས་བྱའོ། །འདི་ན་མྱ་ངན་ལས་འདས་པ་ཞེས་བྱ་བ་ ― DKG058_Page_0290 ―
[མ་དཔེ་གཟིགས་ན་འདིར་གནོན།]
གང་ཡིན་པ་དེ་ནི་གཞན་དག་ན་ཉེ་བར་ཞི་བ་ཞེས་བྱའོ། །འདི་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྔགས་པ་མཐའ་ཡས་པ་དང་ལྡན་པའོ་ཞེས་བྱ་བ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་ཁམས་གཞན་དག་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བགེགས་མེད་པའི་ཚུལ་ཅན་ནོ་ཞེས་བྱའོ། །ཀླུའི་བདག་པོ་ངེས་པའི་ཚིག་གི་ཚིག་དང་། བརྡའི་ཚིག་གི་ཚིག་འདི་དག་ནི་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་ཏུ་འབྱུང་སྟེ། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔས་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དེ་དག་གི་ངེས་པའི་ཚིག་ཅེས་བྱའོ། །ཀླུའི་བདག་པོ་ངེས་པའི་ཚིག་གི་ཚིག་དང་། བརྡའི་ཚིག་གི་ཚིག་བསྟན་པ་ཕྱོགས་བཅུ་དག་ཏུ་འབྱུང་བ་གང་ཡིན་པ་དེ་དག་ནི་བསྐལ་པའམ། བསྐལ་པ་ལས་ལྷག་པར་ངས་བསྟན་ཀྱང་སངས་རྒྱས་ཀྱི་ཞིང་གི་ངེས་པའི་ཚིག་གི་ཚིག་དང་། བརྡའི་ཚིག་གི་ཚིག་བསྟན་པ་རྣམས་མཐར་ཐུག་པ་གང་ཡང་མེད་དོ། །མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་བསྟན་པ་ན་བྱང་ཆུབ་སེམས་དཔའ་དྲུག་ཁྲིས་གཟུངས་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་བརྒྱད་སྟོང་གིས་ནི་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །མི་སུམ་ཁྲི་ཉིས་སྟོང་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་པ། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་མུན་པ་མུན་ནག་དང་བྲལ་བའི་ལམ་འདིས་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་སྒྲུབ་པར་བྱེད་དོ། །མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ལེའུ་སྟེ་གསུམ་པའོ།། །། བཞི་པ། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ཕན་ཡོན་གྱི་ལེའུ།― DKG058_Page_0290 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀླུའི་བདག་པོ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ་ཡུན་རིང་པོ་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པའི་སྔོན་རོལ་དུ་གྱུར་པ་དེའི་ཚེ་དེའི་དུས་ན། བསྐལ་པ་རྣམ་པར་སྤྱོད་པ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་ཁྱད་པར་གྱི་ཡོན་ཏན་བཀོད་པ་བསྡུས་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ ― DKG058_Page_0291 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཚངས་པའི་དཔལ་ལྷའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེའི་ཚེ་དེའི་དུས་ན་འཇིག་རྟེན་གྱི་ཁམས་ཁྱད་པར་གྱི་ཡོན་ཏན་བཀོད་པ་བསྡུས་པ་དེ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་བ་དང་། སྐྱེ་བོ་མང་པོ་དང་། ལྷ་དང་། མི་རྣམས་ཀྱིས་གང་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་འདི་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་པ་ཇི་ཙམ་པ་དེ་ཙམ་གྱི་གླིང་བཞི་པར་གྱུར་ལ། དེ་ལྟ་བུའི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་པོ་དེའི་འཇིག་རྟེན་གྱི་ཁམས་ཁྱད་པར་གྱི་ཡོན་ཏན་བཀོད་པ་བསྡུས་པར་གྱུར་ཏེ། དེ་ལྟར་ཐ་གྲུ་ཆེ་ཞིང་ཡངས་པ་དེ་ལྟར་ཚད་མེད་དོ། །འཇིག་རྟེན་གྱི་ཁམས་དེ་ནོར་བུ་རིན་པོ་ཆེ་རྡོ་རྗེའི་འོད་འདྲ་བར་གྱུར་ཏེ། དེ་ཉིད་ཀྱི་སྣང་བས་རྟག་ཏུ་སྣང་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེ་རིན་པོ་ཆེའི་དྲ་བས་ཀུན་ཏུ་ཁེབས་ཤིང་དར་གྱི་ལྡ་ལྡི་མང་པོ་ནི་བཏགས། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བས་ནི་ལེགས་པར་བརྒྱན། བླ་རེ་ཆེན་པོ་རྣམས་ནི་བྲེས། མཚན་མོ་བར་སྣང་ལས་ཀྱང་སིལ་སྙན་བརྒྱ་སྟོང་དག་མ་བརྡུངས་མ་དཀྲོལ་བར་སྒྲ་རང་འབྱུང་སྟེ། སིལ་སྙན་དང་། གླུ་དབྱངས་ཀྱི་སྒྲ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་མངོན་པར་གོ་བར་བྱས་ཏེ། སིལ་སྙན་དང་། གླུ་དབྱངས་ཀྱི་སྒྲ་དེ་དག་ལས་འདོད་པ་དང་ལྡན་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པ་རབ་ཏུ་འབར་བའི་སྒྲ་ནི་མི་འབྱུང་གི། ཞི་བ་དང་། རབ་ཏུ་ཞི་བ་དང་། ཆོས་ཀྱི་དགའ་བ་དང་། མགུ་བ་དང་ལྡན་པའི་སྒྲ་དེ་དག་འབའ་ཞིག་འབྱུང་བར་གྱུར་ཏེ། དེ་ཐོས་པ་ཙམ་གྱིས་ལྷ་དང་མི་དེ་དག་ཐམས་ཅད་ཀྱི་དྲན་པ་དང་། ཉེ་བར་ཞི་བ་དང་། དགའ་བ་དང་། བདེ་ ― DKG058_Page_0292 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་ཐོབ་ལ་ཉོན་མོངས་པ་ཐམས་ཅད་ཀྱིས་ཀྱང་དེ་དག་ལ་གནོད་པར་མ་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེ་ཡང་ལག་མཐིལ་ལྟར་མཉམ་ལ། ཀ་ཙ་ལི་ན་དའི་གོས་ལྟར་འཇམ་ཞིང་རེག་ན་བདེ་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེ་ན་ངན་སོང་ངན་འགྲོར་གདགས་པ་མེད་དེ་ལྷ་དང་མི་དེ་དག་ཀྱང་དག་པ་འབའ་ཞིག་ཏུ་གྱུར་ཏོ། །དེ་དག་ནི་ཕལ་ཆེར་རྒྱ་ཆེན་པོ་ལ་མོས་པ་དང་། ཐེག་པ་ཆེན་པོ་ལ་ཞུགས་པ་ཤ་སྟག་གོ །ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ནི་ཉུང་ངོ་། །དེ་དག་གི་ལོངས་སྤྱོད་ཐམས་ཅད་ཀྱང་ཡིད་ལ་བསམས་པས་འབྱུང་ལ། ལྷ་དང་མི་དེ་དག་བདེ་ཞིང་ལོངས་སྤྱོད་དང་ལྡན་པར་གྱུར་ཏོ། །དེ་ན་སུ་ཡང་སྡུག་པ་དང་དབུལ་པོ་མེད་དེ། དཔེར་ན་དགའ་ལྡན་གྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། ཉེ་བར་སྤྱད་པ་ཇི་ལྟ་བ་བཞིན་དུ་དེ་ན་འཁོད་པའི་མི་རྣམས་ཀྱང་དེ་དང་འདྲ་བར་གྱུར་ཏོ། །དེ་བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་ཀྱང་ལོ་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་ཕྲག་བརྒྱད་དུ་བསྒྲས་པ་སྙེད་དུ་གྱུར་ཏོ། །མི་དེ་དག་གི་ཚེའི་ཚད་ཀྱང་དེ་ཉིད་དོ། །དེ་ན་ཚེའི་མཐར་མ་ཕྱིན་པར་སུ་ཡང་འཆི་བ་མེད་དོ། །དེ་བཞིན་གཤེགས་པ་དེའི་བྱང་ཆུབ་སེམས་དཔའི་འཁོར་ཡང་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་ཡོད་པར་གྱུར་ཏོ། །དེའི་ཉན་ཐོས་ཀྱི་དགེ་འདུན་ནི་ཚད་མེད་དོ། །ཀླུའི་བདག་པོ་དེའི་ཚེ་དེའི་དུས་ན་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་ཆེན་པོ་བཞིའི་དབང་ཕྱུག་གི་རྒྱལ་པོ་བསོད་ནམས་མི་ཟད་པ་ཞེས་བྱ་བ་ཞིག་བྱུང་སྟེ། རྒྱལ་པོ་བསོད་ནམས་མི་ཟད་པ་དེའི་བཙུན་མོ་བུད་མེད་ལྷ་མོ་དང་འདྲ་བ་ཁྲག་ཁྲིག་བརྒྱ་ཕྲག་བརྒྱད་ཅུ་རྩ་བཞི་ཡོད་དེ། དེ་དག་གི་ནང་ན་དེའི་བཙུན་མོ་དམ་པ་ནི་བཞི་ཡོད་པར་གྱུར་ཏེ། འདི་ལྟ་སྟེ། དྲི་མ་མེད་པ་ཞེས་བྱ་བ་དང་། དྲི་མ་མེད་པའི་འོད་ཅེས་བྱ་བ་དང་། དག་པ་ཞེས་བྱ་བ་དང་། དགའ་ལྡན་མ་ཞེས་བྱ་བའོ། །དེའི་བུ་ཡང་བརྒྱད་ཁྲི་བཞི་སྟོང་ཡོད་དེ་ཚན་པོ་ཆེའི་སྟོབས་དང་ལྡན་པ་མཚན་ཉི་ཤུ་རྩ་བརྒྱད་ཀྱི་གཟུགས་དང་ལྡན་པ་ཐེག་པ་ཆེན་པོ་ལ་ཞུགས་པ་ཤ་སྟག་གོ །ཀླུའི་བདག་པོ་རྒྱལ་པོ་བསོད་ནམས་མི་ཟད་པ་དེ་ཡང་གྲོང་ཁྱེར་ཆེན་པོ་དགའ་འབྱུང་ཞེས་བྱ་བ་ན་གནས་སོ། །གྲོང་ཁྱེར་ཆེན་པོ་དེ་ཡང་ཤར་དང་། ནུབ་དང་། ― DKG058_Page_0293 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱང་དང་། ལྷོའི་ངོས་རེ་རེ་ལ་དཔག་ཚད་དྲུག་ཅུ་རྩ་བཞི་བཞི་ཡོད་པར་གྱུར་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་པོ་ཡང་གྲོང་ཁྱེར་ཆེན་པོ་དགའ་འབྱུང་དེ་ཉིད་དུ་སྐུ་བལྟམ་མོ། །གྲོང་ཁྱེར་ཆེན་པོ་དེའི་ནང་དུ་རྒྱལ་པོ་བསོད་ནམས་མི་ཟད་པའི་ཕོ་བྲང་རིན་པོ་ཆེ་སྣ་བདུན་ལས་བྱས་པར་གྱུར་ཏོ། །གྲོང་ཁྱེར་ཆེན་པོ་དེའི་ནང་ན་ལམ་པོ་ཆེ་དང་། སྲང་གི་སྒོ་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་ཡོད་པར་གྱུར་ཏོ། །ལམ་པོ་ཆེ་དང་། སྲང་གི་སྒོ་ཐམས་ཅད་ན་ཡང་ཁྱིམ་བྱེ་བ་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་གནས་སོ། །གྲོང་ཁྱེར་ཆེན་པོ་དེ་ཡང་ར་བ་རིམ་བདུན་དང་། ལན་ཀན་རིམ་བདུན་དང་། ཏ་ལའི་ཕྲེང་རིམ་བདུན་དང་། དྲིལ་བུ་གཡེར་ཀའི་དྲ་བ་རིམ་བདུན་གྱིས་བསྐོར་ཏོ། །སྐྱེད་མོས་ཚལ་ཁྲིས་ཀྱང་བསྐོར་ཏོ། །འོབས་བདུན་རིམ་གྱིས་ཀྱང་བསྐོར་ཏེ། འོབས་དེ་དག་ཀྱང་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་ལ། མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། དྲི་མཆོག་གིས་ཁེབས་པ་ངང་ངུར་ལ་སོགས་པ་རྟག་ཏུ་སྐད་འབྱིན་པར་གྱུར་ཏེ། དེ་ལྟར་གྲོང་ཁྱེར་ཆེན་པོ་དེ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་གྱི་རྒྱན་བཀོད་པ་དང་ལྡན་པར་གྱུར་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་པོ་དེ་ཡང་གྲོང་ཁྱེར་ཆེན་པོ་དགའ་འབྱུང་དེ་ཉིད་ན་ནགས་ཚལ་སྤོས་མཆོག་འོད་ཅེས་བྱ་བ་གང་དུ་རྒྱལ་པོ་བསོད་ནམས་མི་ཟད་པས་བཅོམ་ལྡན་འདས་དེའི་གཙུག་ལག་ཁང་བྱས་པ་ན་བཞུགས་སོ། །རྒྱལ་པོ་བསོད་ནམས་མི་ཟད་པ་བུ་དང་བཅས། བཙུན་མོ་དང་བཅས། གཉེན་འདབ་དང་ཚལ་ཟའི་འཁོར་དང་བཅས་པས་བསྐལ་པ་འབུམ་ཐམ་པའི་བར་དུ་དེ་བཞིན་གཤེགས་པ་དེ་ལ་ཡིད་དུ་འོང་བའི་བདེ་བའི་ཡོ་བྱད་དང་། ལོངས་སྤྱོད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་སོ། །ཀླུའི་བདག་པོ་དེ་ནས་རྒྱལ་པོ་བསོད་ནམས་མི་ཟད་པ་དེ་འཁོར་དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་པོ་ག་ལ་བ་དེར་སོང་ནས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །དེ་འོངས་ ― DKG058_Page_0294 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་ཐུགས་སུ་ཆུད་ནས་དེ་བཞིན་གཤེགས་པ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཆོས་བཞི་དང་ལྡན་ན། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆོས་ཀྱི་དབང་ཕྱུག་ཐོབ་པར་གྱུར་ལ་དགེ་བའི་ཆོས་རྣམས་ཀྱིས་ཀྱང་ཁྱད་པར་དུ་འགྲོ་བར་གྱུར་ཏེ། བཞི་གང་ཞེ་ན། དད་པ་ལ་གནས་ཏེ། དགེ་བ་གང་ཡིན་པ་ཚོལ་ཞིང་ང་རྒྱལ་མེད་པར་འཕགས་པ་དག་གི་ཐད་དུ་འགྲོ་བ་དང་། ཆོས་དོན་དུ་གཉེར་ཏེ། ཆོས་འདོད་ཅིང་ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་སྟེ། རྟག་ཏུ་དོན་གྱི་རྗེས་སུ་ལྟ་བ་དང་། མི་རྟག་པའི་ཆོས་ཉིད་ལ་སོ་སོར་རྟོག་པ་དང་། འདུས་བྱས་ཀྱི་ཉེས་པ་རྟོགས་པ་དང་། ཡོངས་སུ་འཛིན་པ་ཐམས་ཅད་ལ་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ནོ་སྙམ་དུ་དྲན་པས་ཉེ་བར་གནས་པར་བྱེད་པ་དང་བག་ཡོད་པར་བྱེད་དེ། འདོད་པའི་ཡོན་ཏན་ཐམས་ཅད་ལ་ལྷག་པར་ཞེན་པ་མེད་ཅིང་དགེ་བའི་རྩ་བ་ཐམས་ཅད་ཀྱང་ཟད་པར་མི་བྱེད་ལ་གོང་དུ་ཡང་རྣམ་པར་འཕེལ་བར་བྱེད་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་བསམ་པ་ཡང་རྣམ་པར་མི་སྤོང་བ་སྟེ། རྒྱལ་པོ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོས་ཆོས་ཀྱི་དབང་ཕྱུག་ཐོབ་པར་འགྱུར་ལ། དགེ་བའི་ཆོས་རྣམས་ཀྱིས་ཀྱང་ཁྱད་པར་དུ་འགྲོ་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་པོ་ལ་རྒྱལ་པོ་བསོད་ནམས་མི་ཟད་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་གང་དག་དང་ལྡན་ན་བྱང་ཆུབ་སེམས་དཔས་ཆོས་ལ་དབང་ཕྱུག་ཐོབ་པར་འགྱུར་ལགས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཆོས་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔས་ཆོས་ལ་དབང་ཕྱུག་ཐོབ་པར་འགྱུར་ཏེ། བརྒྱད་གང་ཞེ་ན། རྣམ་པར་རྩེ་ཞིང་མི་ཉམས་པར་འགྲོ་བའི་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཡིན། ཆགས་པ་མེད་པ་དང་། ཐོགས་པ་མེད་པ་དང་། བསྐྱོད་དུ་མེད་པའི་ཤེས་རབ་དང་ལྡན་པ་ཡིན། ཡེ་ཤེས་ཀྱིས་བསྡུས་པ་དང་། ཡོངས་སུ་སྦྱང་བར་བྱས་པ་དང་། མངོན་པར་འདུ་བྱེད་པ་མེད་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པ་ཡིན། ― DKG058_Page_0295 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤེས་རབ་དང་ཡེ་ཤེས་ངེས་པ་དང་། ལྟ་བ་དང་། ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པ་ཡིན། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ་དང་། ཆགས་པ་མེད་པའི་བྱིན་གྱི་རླབས་པས་བྱིན་གྱིས་བརླབས་ཀྱི་སྟོབས་དང་ལྡན་པ་ཡིན། བསོད་ནམས་མི་ཟད་པའི་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། སེམས་ཅན་ཐམས་ཅད་མགུ་བར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡང་དག་པར་གཞོལ་བ་དང་། བརྗེད་ངས་པ་མེད་པ་ཡོངས་སུ་དག་པའི་གཟུངས་དང་ལྡན་པ་ཡིན། ཆོས་ཇི་ལྟ་བ་བཞིན་རྗེས་སུ་འགྲོ་བ་དང་། ཚུལ་གཅིག་པའི་ཆོས་ཀྱི་རྗེས་སུ་འགྲོ་བ་དང་། གཉིས་སུ་མེད་པ་ཡང་དག་པའི་མཐའ་ལ་གནས་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་ལྡན་པ་ཡིན་ཏེ། རྒྱལ་པོ་ཆེན་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབང་ཕྱུག་ཐོབ་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་གཞན་ཡང་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་ཡོད་དེ། དེ་ཐོབ་ན་བྱང་ཆུབ་སེམས་དཔས་ཆོས་ཀྱི་དབང་ཕྱུག་ཐོབ་པར་གྱུར་ཏེ། དེ་ལྟར་ན་དེ་བཞིན་གཤེགས་པས་རིན་པོ་ཆེའི་ཟ་མ་ཏོག་གི་གཟུངས་ལས་བརྩམས་ནས། ལོ་འབུམ་གྱི་བར་དུ་རྒྱས་པར་རྣམ་པར་དབྱེ་བས་དེ་ལ་ཡང་དག་པར་བསྟན་ཏོ། །རྒྱལ་པོ་བསོད་ནམས་མི་ཟད་པ་དེ་ཡང་རྒྱལ་པོའི་བྱ་བ་ཐམས་ཅད་བཏང་སྟེ། ལས་གཞན་མི་བྱེད་ལ་སེམས་ཀྱི་རྒྱུད་རྣམ་པར་གཡེངས་པ་མེད་པར་དཔུང་དང་བཅས་འཁོར་དང་བཅས་པས་ཆོས་མཉན་ཏེ། དེས་ལོ་འབུམ་པོ་དེའི་བར་དུ་འདོད་པའི་རྟོག་པའམ། གནོད་སེམས་ཀྱི་རྟོག་པའམ། རྣམ་པར་འཚེ་བའི་རྣམ་པར་རྟོག་པའམ། བུ་དང་། ཆུང་མ་དང་། རྒྱལ་སྲིད་དང་། ཡོངས་སུ་འཛིན་པ་དང་། སྡུག་པ་ཐམས་ཅད་ལ་ངེས་པའི་རྟོག་པ་རྣམས་ལ་བརྟག་པར་མ་བསམས་ཏེ། ཆོས་ལ་སྡུག་པར་ངེས་པ་ཡིད་ལ་བྱེད་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་བསམ་པ་ལ་གནས་པར་གྱུར་པ་དང་། བྱམས་པ་ཆེན་པོས་སེམས་ཅན་ཐམས་ཅད་ལ་ ― DKG058_Page_0296 ―
[མ་དཔེ་གཟིགས་ན་འདིར་གནོན།]
སེམས་སྙོམས་པ་དང་། སྙིང་རྗེ་ཆེན་པོའི་གོ་ཆ་བགོས་ནས་ཆོས་འབའ་ཞིག་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་དེ་ལས་ལོ་འབུམ་ཐམ་པའི་བར་དུ་དམ་པའི་ཆོས་ཉན་ཏེ། ཐོས་ནས་ཀྱང་རིན་པོ་ཆེའི་ཟ་མ་ཏོག་གི་གཟུངས་འདི་ཉིད་ཀྱི་རྩ་བ་ཡོངས་སུ་སྦྱང་བ་བྱས་སོ། །དེ་བསྐལ་པ་ས་ཡ་ཕྲག་བདུན་གྱི་འཁོར་བ་ཕྱིར་བསྙིལ་བར་གྱུར་ཏོ། །བསྐལ་པ་ཁྲིའི་བར་དུ་ལས་ཀྱི་སྒྲིབ་པ་བསགས་པ་ནི་རྣམ་པར་དག་པར་གྱུར་ཏོ། །སངས་རྒྱས་འབུམ་ནི་དེའི་མིག་ལམ་དུ་སྣང་བར་གྱུར་ཏོ། །སངས་རྒྱས་བྱེ་བ་ཕྲག་འབུམ་མངོན་སུམ་དུ་མཐོང་བར་འགྱུར་བའི་དགེ་བའི་རྩ་བ་ཡང་དེས་ཡོངས་སུ་གཟུང་བའོ། །གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་དུ་འགྱུར་བ་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་པའི་དགེ་བའི་རྩ་བ་ཡང་བསྐྱེད་དོ། །དྲན་པ་དག་པ་ཞེས་བྱ་བའི་ཐོས་པའི་གཟུངས་ཀྱང་ཐོབ་སྟེ། ཐོས་པའི་གཟུངས་དེས་ན་སངས་རྒྱས་བརྒྱས་གསུངས་པའི་ཡང་དག་པར་འཛིན་པར་བྱེད་དོ། །གཞོན་ནུ་དེ་དག་དང་དེ་དག་གི་མ་དེ་རྣམས་ཀྱིས་ཀྱང་རྗེས་སུ་འཐུན་པའི་ཆོས་ཀྱི་བཟོད་པ་ཐོབ་བོ། །བཙུན་མོ་དེ་དག་གི་ནང་ནས་ཀྱང་བུད་མེད་བརྒྱད་ཁྲི་བཞི་སྟོང་གིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བུད་མེད་བརྒྱད་ཁྲི་བཞི་སྟོང་གིས་ནི་བཟོད་པ་ཐོབ་པར་གྱུར་ཏོ། །ལྷ་དང་མི་ཁྲག་ཁྲིག་ཕྲག་དགུ་བཅུས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལྷ་དང་མི་བརྒྱད་ཁྲི་བཞི་སྟོང་གིས་བཟོད་པ་ཐོབ་པར་གྱུར་ཏོ། །ཉན་ཐོས་ཀྱི་ཐེག་པ་པ་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་གཉིས་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་པའོ། །དགེ་སློང་ཁྲི་དྲུག་སྟོང་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །རྒྱལ་པོ་བསོད་ནམས་མི་ཟད་པ་ཡང་རྒྱལ་སྲིད་ཐམས་ཅད་སྤངས་ནས་ལྷ་དང་མིའི་འདོད་པ་རྣམས་ལ་དོན་དུ་གཉེར་བ་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་ལ་རྟེན་བཅས་ཏེ། དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །རབ་ཏུ་བྱུང་བ་དེ་ཐོས་ནས་རྒྱལ་པོ་དེའི་བུ་དེ་དག་ཐམས་ཅད་ཀྱང་རབ་ཏུ་བྱུང་ངོ་། །དེ་དག་ཀྱང་རབ་ཏུ་བྱུང་བར་ ― DKG058_Page_0297 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤེས་ནས་ཡུལ་གྱི་མི་དང་འཁོར་དྲུག་འབུམ་རབ་ཏུ་བྱུང་ངོ་། །རྒྱལ་པོའི་བཙུན་མོའི་ནང་ནས་ཀྱང་བཙུན་མོ་དམ་པ་བཞི་རབ་ཏུ་བྱུང་སྟེ། ཀླུའི་རྒྱལ་པོ་དེ་ལྟར་ན་དག་པའི་སེམས་ཅན་དགེ་བའི་རྩ་བ་བསྐྱེད་པ་ཡོངས་སུ་སྦྱང་བ་བྱས་པ་རྣམས་ཀྱི་གནས་སུ་གྱུར་པའི་གསུང་རབ་དེ་དག་དགའ་དགའ་ལྟར་འདུག་པར་གྱུར་ཏོ། །ཀླུའི་བདག་པོ་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་བསོད་ནམས་མི་ཟད་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་སོམ་ཉི་འམ་ཡིད་གཉིས་སམ་ཐེ་ཚོམ་ཟ་བར་གྱུར་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཀླུའི་རྒྱལ་པོ་དེའི་ཚེ་དེའི་དུས་ན་ཁྱོད་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོ་བསོད་ནམས་མི་ཟད་པ་ཞེས་བྱ་བར་གྱུར་ཏོ། །ཀླུའི་བདག་པོ་ཁྱོད་རྒྱལ་པོའི་བུ་དང་རྒྱལ་པོའི་བུའི་མི་དེ་དག་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། འཁོར་འདིར་འདུས་ཤིང་འཁོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ཉིད་ཡིན་ནོ། །ཀླུའི་བདག་པོ་འདི་ཇི་སྙམ་དུ་སེམས། རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་གང་དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་པོ་དེས་རྒྱལ་པོ་བསོད་ནམས་མི་ཟད་པ་དེ་ལ་བསྟན་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ཉིད་དེའི་ཚེ་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱའོ། །ཀླུའི་བདག་པོ་དེ་ལྟར་ན་དེ་བཞིན་གཤེགས་པ་ནི་སངས་རྒྱས་ཀྱི་སྤྱན་ཆགས་པ་མེད་པས་རྣམ་པར་གཟིགས་ནས་སེམས་ཅན་རྣམས་ལ་སྔོན་གྱི་རྒྱུ་ལས་བྱུང་བའི་ཆོས་ཀྱི་གཏམ་བརྗོད་པ་མཛད་དོ། །ཀླུའི་བདག་པོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མང་པོ་ལས་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ཐོས་སོ། །ཁྱོད་ཀྱིས་སངས་རྒྱས་འབུམ་ཕྲག་མང་པོ་ལས་གཟུངས་འདིའི་དོན་ཡང་དང་ཡང་དུ་ཐོས་ཏེ། དེས་ན་ད་ལྟར་ཁྱོད་འདི་ལྟར་དྲན་པ་དང་ལྡན་པ་དང་། འདི་ལྟར་བློ་གྲོས་དང་ལྡན་པ་དང་། འདི་ལྟར་རྟོགས་པ་དང་ལྡན་པ་དང་། འདི་ལྟར་སྤོབས་པ་ཕུན་སུམ་ཚོགས་པ་དང་། འདི་ལྟར་ཤེས་རབ་དང་ཡེ་ཤེས་དང་ལྡན་པ་ཡིན་ནོ། །ཀླུའི་བདག་ ― DKG058_Page_0298 ―
[མ་དཔེ་གཟིགས་ན་འདིར་གནོན།]
པོ་གང་དག་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདིའི་མིང་ཙམ་འམ། བསྟན་པའི་ཕྱོགས་ཙམ་ཐོས་པ་དེ་དག་ཐམས་ཅད་ཀྱང་སྤོབས་པ་མི་ཟད་པར་ངེས་པར་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གཟུངས་འདིའི་རྒྱུ་དང་འཐུན་པ་ནི་དེ་ཡིན་པའི་ཕྱིར་རོ། །ཀླུའི་བདག་པོ་གཟུངས་ཀྱི་ངེས་པར་འབྱུང་བའི་བསྲུང་བ་འདི་ཕྱི་མའི་དུས་ཕྱི་མའི་ཚེ་སྤྱོད་པར་འགྱུར་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཁོ་ན་ལས་གྱུར་པར་བལྟ་བར་བྱའོ། །ཀླུའི་བདག་པོ་དེ་ལ་གཟུངས་འདི་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྒོ་ཡིན་ནོ། །སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ལ་འཇུག་པ་ཡིན་ནོ། །ཏིང་ངེ་འཛིན་བརྒྱད་ཁྲི་བཞི་སྟོང་གི་རྗེས་སུ་འགྲོ་བ་ཡིན་ནོ། །གཟུངས་བརྒྱད་ཁྲི་བཞི་སྟོང་གི་རྩ་བ་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ཉིད་ཡིན་ནོ། །ཀླུའི་བདག་པོ་བྱང་ཆུབ་སེམས་དཔས་ཕྱོགས་བཅུར་ཆགས་པ་མེད་ཅིང་ཐོགས་པ་མེད་པར་སོ་སོ་ཡང་དག་པར་རིག་པ་བཞིས་ཆོས་ཀྱི་ཆར་ཆེན་པོ་རབ་ཏུ་འབེབས་པ་གང་ཡིན་པ་དེ་ཡང་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འབའ་ཞིག་གི་རྒྱུ་དང་འཐུན་པ་ལས་གྱུར་པ་ཡིན་ནོ། །ཀླུའི་བདག་པོ་དེ་ལ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ལ་འཇུག་པའི་ཚིག་རྣམས་དང་། མཚམས་སྦྱོར་བའི་ཚིག་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་གི་བསྲུང་བའི་ཚིག་རྣམས་ངས་བསྟན་པར་བྱའོ། །ཏདྱ་ཐཱ། ཧེ་ཏུ་མ་ཏི། ཤཱ་མ་མ་ཏི། པྲ་སཱ་ད་མ་ཏི། ཨུཛྫུ་མ་ཏི། ཨུཏྟྭ་ར་ཎ་མ་ཏི། ཨ་ཀྵ་ཡ་མ་ཏི། ཨ་ནུ་སན་དྷི། ཨུ་ལ་ཀ་མུ་ཁེ། པྲ་བྷ་མུ་ཀ་ཏེ། པྲ་བྷ་ཀེ་ཏུ། པྲ་ཙཱ་ར་ཀེ་ཏུ། ཏི་ཀ་ར་ཎེ། མ་ཏི་བི་ཤོ་དྷ་ནེ། ག་ཏི་པྲ་བེ་ཤེ། ཤཱུ་ར་བ་ལེ། ཏ་མོ་ནུ་ཏེ། སན་དྷ་ར་ཎི། ཨུཏྟྭ་ར་ཎི། ཤཱན་ཏ་མུ་ཁེ། ཤཱན་ཏ་པྲ་བྷེ་ཤེ། ཤཱན་ཏ་ཀླེ་ཤ ། བཱ་ས་ན་ཨ་པ་ག་ཏེ། ཀུ་ཤ་ལ་བཱ་ས་ནི། ཨ་ནུ་སན་དྷི། བི་སན་དྷི། བི་ག་ཏེ་སྠི་ཏེ། ཨ་ཝ་སྠི་ཏེ། སྠཱ་ན་ཨ་ནུ་ག་ཏེ། ཨ་བ་སྠཱ་ན་ག་ཏེ། ཨ་བི་སཱ་རེ། ཨ་ཤུ་པྲཛྙེ། པྲཛྙཱ་མཱུ་ལེ། མཱུ་ལ་བ་ཏི། ཤ་ཤི་པྲ་བྷེ། སཱུཪྱ་བ་ཏི། ཛྱོ་ཏི་ཥྤྲ་བྷེ། སུ་བི་མ་ལེ། ཨ་མ་ལེ། སརྦ་ཏ་མོ་བི་ཤོ་དྷ་ནི། ― DKG058_Page_0299 ―
[མ་དཔེ་གཟིགས་ན་འདིར་གནོན།]
བུད་དྷ་ཨ་དྷི་ཏེ། སརྦ་དེ་བ་ཏཱ་པ་རི་གྲཱི་ཧཱི་ཏེ། སརྦ་བུད་དྷཱ་། སཱསྟྱ་ཡ་ནེ། ཨ་ནུ་ཛྙཱ་ན་བྲཤྤུ་ཎཱ། པྲ་ཏིཙྪིཏྟ་ཤ་ཀྲེ་ན། པཱ་ལི་ཏ་ལོ་ཀ་པཱ་ལེ། པ་རི་གྲཱི་ཧཱི་ཏ། ཨཱཪྱ་སཾ་གྲཱི་ཧཱི་ཏ། རཱི་ཥི་བི་གཽ་ཏྲ་ན་ཡུཀྟཱ་། མོཀྵ་བུདྡྷཱ་། སྃ་གྲ་ཧོ་དེ་བ་མ་ནུ་ཥྱཱ་། ནི་གྲ་ཧ་ཀླེ་ཤཱ་། ནིརྒྷ་ཏཱ་། མཱ་རཱ་། ཧ་རི་ཥཱ་། ཏཱིརཐི་ཀཱ་། ནི་གྲ་ཧ། སརྦ་པ་ར་པྲ་བཱ་དཱི་། ཙོ་ད་ན་ཨ་བི་མཱ་ནི་ཀཱ་། ཨ་ནུ་པ་ཀྲ་མོ་དྷརྨ་བྷ་ཎ་ཀཱ་། ཨ་བརྫ་ནཱཾ་པ་རི་ཥ་ད། སརྦ་སནྟོ་ཥཱ་། དྷརྨ་ཀཱ་མཱ་ནཱཾ། བ་རི་རཀྵ་དྷརྨ་ཀོ་ཥ་སྱ། ཨ་ནུ་པཙྪེ་ད་སྟྲི་རཏྣ་བི་ད་ཤ་སྱ། མཻ་ཏྲཱི་སརྦ་སཏྭཱ་། སྟུ་ཏ་སརྦ་གུ་ཎ་ཨརཐི་ཀཻཿ། ཀླུའི་བདག་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ཀུན་ཏུ་བསྲུང་བ་དང་། ཡོངས་སུ་བསྲུང་བའི་ཚིག་ཡིན་ཏེ། དེ་དག་བརྗོད་ན་ཆོས་སྨྲ་བ་དེས་མི་འཇིགས་པ་སུམ་ཅུ་རྩ་གཉིས་ཐོབ་པར་འགྱུར་ཏེ། སུམ་ཅུ་རྩ་གཉིས་གང་ཞེ་ན། གཞན་ཡང་དག་པར་དགའ་བར་འགྱུར་བའི་ཕྱིར་ཐོས་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཚིག་འཁྲུལ་པ་མེད་པའི་ཕྱིར་བསྟན་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཚིག་ཟློས་བུ་མེད་པའི་ཕྱིར་ངེས་པའི་ཚིག་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། སྒྲ་ཇི་ལྟ་བ་བཞིན་དུ་འཇུག་པའི་ཕྱིར་བརྟག་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། བྱིན་གྱི་རླབས་སྟོན་པའི་ཕྱིར་སྤོབས་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། འཛིན་པའི་བློ་དང་ལྡན་པའི་ཕྱིར་དྲན་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། གཞན་གྱི་བློ་གྲོས་ཡང་དག་པར་མགུ་བར་བྱེད་པའི་ཕྱིར་བློ་གྲོས་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། སོམ་ཉི་མྱུར་དུ་གཅོད་པའི་ཕྱིར་རྟོགས་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། གཞན་གྱི་ངོར་མི་ལྟ་བའི་ཕྱིར་བློ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཚིག་ཇི་སྐད་སྨྲས་པ་བཞིན་དུ་འགྱུར་བའི་ཕྱིར་འཁྲུལ་པ་མེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཚུལ་ཁྲིམས་ཡོངས་སུ་དག་པའི་ཕྱིར་སྤ་གོང་བ་མེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། བཟོད་པ་ཡོངས་སུ་དག་པའི་ཕྱིར་འཛུམ་པའི་བཞིན་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཡང་དག་པར་དམ་བཅས་པ་ལས་མི་ཉམས་པའི་ཕྱིར་བརྟན་པ་མི་འཇིགས་པ་ཐོབ་པར་ ― DKG058_Page_0300 ―
[མ་དཔེ་གཟིགས་ན་འདིར་གནོན།]
འགྱུར་བ་དང་། ཀླན་ཀ་མི་ཚོལ་བའི་སེམས་དང་ལྡན་པའི་ཕྱིར་ཚིག་གཟུང་བར་འོས་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། འཁོར་མངོན་པར་མགུ་བར་བྱེད་པའི་ཕྱིར་ཚིག་བཙུན་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཟབ་མོའི་ཆོས་གླེང་བའི་ཕྱིར་ཤེས་རབ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཁེངས་པ་མེད་པའི་ཕྱིར་དཔྱོད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པའི་ཕྱིར་སེང་གེའི་སྒྲ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཟང་ཟིང་མེད་པར་ཆོས་སྟོན་པའི་ཕྱིར་སྐུར་བ་མེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཉམས་སུ་ལེན་པ་གཏན་ལ་འབེབས་པའི་ཕྱིར་བསྟན་པ་ཁ་ན་མ་ཐོ་བ་མེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། མཁས་པས་མ་སྨད་པའི་ཕྱིར་སྨད་དུ་མེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། མདོ་སྡེ་དང་མི་འགལ་བའི་ཕྱིར་སྦྱོར་འབྱོར་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། དུས་སུ་ཡང་དག་པར་བསྐུལ་བའི་ཕྱིར་ཡང་དག་པར་སྐུལ་བ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པའི་ཕྱིར་ཕྱིན་ཅི་མ་ལོག་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། སེམས་ཅན་རྣམས་ལ་འདུད་པའི་ཕྱིར་ང་རྒྱལ་མེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། སྔོན་ཐོས་པ་ལེགས་པར་བཟུང་བའི་ཕྱིར་ཚིག་དང་ཡི་གེ་ཟད་མི་ཤེས་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཆོས་ཚད་མེད་པ་རྟོགས་པའི་ཕྱིར་ཐམས་ཅད་ཀྱི་དྲི་བ་སྐབས་འབྱེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། བདག་ཉིད་ཡོངས་སུ་དག་པར་བྱེད་པའི་ཕྱིར་འཁོར་ཐམས་ཅད་མངོན་པར་མགུ་བར་བྱེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཉོན་མོངས་པ་ཐམས་ཅད་ཡོངས་སུ་ཤེས་པའི་ཕྱིར་བདུད་དང་ཕྱིར་རྒོལ་བ་བཅོམ་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཞེ་འགྲས་པ་མེད་པའི་སེམས་དང་ལྡན་པའི་ཕྱིར་བྱམས་པ་ཆེན་པོ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་རྗེས་སུ་བསྲུང་བའི་ཕྱིར་སྙིང་རྗེ་ཆེན་པོ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ― DKG058_Page_0301 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆོས་ཀྱི་རྒྱལ་པོ་བྱེད་པའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་མི་འཇིགས་པ་ཐོབ་པར་འགྱུར་བ་སྟེ། ཀླུའི་བདག་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཉན་པ་དང་། མོས་པ་དང་། སྒྲུབ་པ་ནི་མི་འཇིགས་པ་སུམ་ཅུ་རྩ་གཉིས་པོ་དེ་དག་ཐོབ་པར་འགྱུར་རོ། །མི་འཇིགས་པ་སུམ་ཅུ་རྩ་གཉིས་པོ་དེ་དག་རྒྱུན་མ་ཆད་པས་ན། དེས་མཐར་གྱིས་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་ཐོབ་པར་འགྱུར་ཏེ། མི་འཇིགས་པ་དེ་དག་དང་ལྡན་པས་ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་དེ་བཞིན་གཤེགས་པ་སེང་གེའི་སྒྲ་སྒྲོགས་སོ། །སེམས་ཅན་ཐམས་ཅད་ཀྱི་དྲི་བ་ལུང་བསྟན་པའི་ཕྱིར་ཡང་སྐབས་འབྱེད་དོ། །སེམས་ཅན་གྱི་རིས་ན་གང་དེ་བཞིན་གཤེགས་པ་ལ་ཆོས་དང་འཐུན་པར་རྒོལ་ནུས་པའམ། དེ་བཞིན་གཤེགས་པའི་ཆོས་གསུང་བ་མཛད་པ་ལ་གཅོད་ནུས་པ་དེ་ལྟ་བུའི་སེམས་ཅན་ནི་གང་ཡང་མེད་དོ། །ཀླུའི་བདག་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ལ་སྦྱར་བར་བྱའོ། །ཀླུའི་བདག་པོ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ལ་སྦྱོར་བ་གང་ཞེ་ན། གང་ལ་མིག་ཏུ་སྦྱོར་བ་ཡང་མེད། གཟུགས་སུ་སྦྱོར་བ་ཡང་མེད། མིག་གི་རྣམ་པར་ཤེས་པར་སྦྱོར་བ་ཡང་མེད་པ་དང་། རྣ་བར་སྦྱོར་བ་ཡང་མེད། སྒྲར་སྦྱོར་བ་ཡང་མེད། རྣ་བའི་རྣམ་པར་ཤེས་པར་སྦྱོར་བ་ཡང་མེད་པ་དང་། སྣར་སྦྱོར་བ་ཡང་མེད། དྲིར་སྦྱོར་བ་ཡང་མེད། སྣའི་རྣམ་པར་ཤེས་པར་སྦྱོར་བ་ཡང་མེད་པ་དང་། ལྕེར་སྦྱོར་བ་ཡང་མེད། རོར་སྦྱོར་བ་ཡང་མེད། ལྕེའི་རྣམ་པར་ཤེས་པར་སྦྱོར་བ་ཡང་མེད་པ་དང་། ལུས་སུ་སྦྱོར་བ་ཡང་མེད། རེག་བྱར་སྦྱོར་བ་ཡང་མེད། ལུས་ཀྱི་རྣམ་པར་ཤེས་པར་སྦྱོར་བ་ཡང་མེད་པ་དང་། ཡིད་དུ་སྦྱོར་བ་ཡང་མེད། ཆོས་སུ་སྦྱོར་བ་ཡང་མེད། ཡིད་ཀྱི་རྣམ་པར་ཤེས་པར་སྦྱོར་བ་ཡང་མེད་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ། །ཀླུའི་བདག་པོ་གཞན་ཡང་གང་ལ་གཟུགས་སུ་སྦྱོར་བ་ཡང་མེད། གཟུགས་སྐྱེ་བར་སྦྱོར་བ་ཡང་མེད། གཟུགས་གནས་པར་སྦྱོར་བ་ཡང་མེད། ― DKG058_Page_0302 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཟུགས་འགག་པར་སྦྱོར་བ་ཡང་མེད་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པར་སྦྱོར་བ་ཡང་མེད། རྣམ་པར་ཤེས་པ་སྐྱེ་བར་སྦྱོར་བ་ཡང་མེད། རྣམ་པར་ཤེས་པ་གནས་པར་སྦྱོར་བ་ཡང་མེད། རྣམ་པར་ཤེས་པ་འགག་པར་སྦྱོར་བ་ཡང་མེད་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ། །ཀླུའི་བདག་པོ་གཞན་ཡང་གཟུགས་སྟོང་པ་ཉིད་དུ་སྦྱོར་བ་དང་། གཟུགས་སྟོང་པ་ཉིད་དུ་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་དུ་སྦྱོར་བ་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་དུ་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ། །ཀླུའི་བདག་པོ་གཞན་ཡང་གཟུགས་མཚན་མ་མེད་པར་སྦྱོར་བ་དང་། གཟུགས་མཚན་མ་མེད་པར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མཚན་མ་མེད་པར་སྦྱོར་བ་དང་། རྣམ་པར་ཤེས་པ་མཚན་མ་མེད་པར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ། །ཀླུའི་བདག་པོ་གཞན་ཡང་གཟུགས་སྨོན་པ་མེད་པར་སྦྱོར་བ་དང་། གཟུགས་སྨོན་པ་མེད་པར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྨོན་པ་མེད་པར་སྦྱོར་བ་དང་། རྣམ་པར་ཤེས་པ་སྨོན་པ་མེད་པར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ། །གཟུགས་མངོན་པར་འདུ་བྱེད་པ་མེད་པར་སྦྱོར་བ་དང་། གཟུགས་མངོན་པར་འདུ་བྱེད་པ་མེད་པར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མངོན་པར་འདུ་བྱེད་པ་མེད་པར་སྦྱོར་བ་དང་། རྣམ་པར་ཤེས་པ་མངོན་པར་འདུ་ ― DKG058_Page_0303 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱེད་པ་མེད་པར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ། །གཟུགས་མ་སྐྱེས་པ་དང་། མ་བྱུང་བར་སྦྱོར་བ་དང་། གཟུགས་མ་སྐྱེས་པ་དང་། མ་བྱུང་བར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མ་སྐྱེས་པ་དང་། མ་བྱུང་བར་སྦྱོར་བ་དང་། རྣམ་པར་ཤེས་པ་མ་སྐྱེས་པ་དང་། མ་བྱུང་བར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ། །གཟུགས་དབེན་པར་སྦྱོར་བ་དང་། གཟུགས་དབེན་པར་ཡང་རློམ་སེམས་མི་བྱེད་པར་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དབེན་པར་སྦྱོར་བ་དང་། རྣམ་པར་ཤེས་པ་དབེན་པར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ། །གཟུགས་རང་བཞིན་གྱིས་རྣམ་པར་དག་པར་སྦྱོར་བ་དང་། གཟུགས་རང་བཞིན་གྱིས་རྣམ་པར་དག་པར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རང་བཞིན་གྱིས་རྣམ་པར་དག་པར་སྦྱོར་བ་དང་། རྣམ་པར་ཤེས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡང་རློམ་སེམས་མི་བྱེད་པ་འདི་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ། །ཀླུའི་བདག་པོ་གཞན་ཡང་ཁམས་རྣམས་ལ་ཆོས་ཀྱི་དབྱིངས་སུ་སྦྱོར་བ་དང་། ཆོས་ཀྱི་དབྱིངས་ལ་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དང་། སྐྱེ་མཆེད་རྣམས་ལ་རང་བཞིན་གྱིས་སྟོང་པ་ཉིད་དུ་སྦྱོར་བ་དང་། རང་བཞིན་གྱིས་སྟོང་པ་ཉིད་ལ་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ། །ཆོས་ཐམས་ཅད་ལ་རྟེན་ཅིང་འབྲེལ་པར་འབྱུང་བར་སྦྱོར་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡོངས་སུ་བརྟག་པ་ལ་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དང་། ཆོས་ཐམས་ཅད་ལ་གནས་མེད་པར་སྦྱོར་བ་དང་། གནས་མེད་པར་ཡང་མངོན་པར་ ― DKG058_Page_0304 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞེན་པ་མེད་པའི་སྦྱོར་བ་གང་ཡིན་པ་དང་། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་སྦྱོར་བ་དང་། དེ་བཞིན་ཉིད་དུ་ཡང་མངོན་པར་ཞེན་པ་མེད་པའི་སྦྱོར་བ་གང་ཡིན་པ་དང་། ཆོས་ཐམས་ཅད་ཡང་དག་པའི་མཐའ་ལ་གནས་པར་སྦྱོར་བ་དང་། ཡང་དག་པའི་མཐའ་ལ་གནས་པར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ། །ཀླུའི་བདག་པོ་གཞན་ཡང་སེམས་ཅན་འདོད་ཆགས་སྤྱོད་པ་རྣམས་ཀྱི་འདོད་ཆགས་ཀྱི་སྤྱོད་པ་ཡོངས་སུ་ཤེས་པའི་སྦྱོར་བ་དང་། ཆོས་ཀྱི་དབྱིངས་འདོད་ཆགས་ཀྱི་སྤྱོད་པ་དང་། ཀུན་དུ་སྦྱོར་བ་ཡང་མེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ། །དེ་བཞིན་དུ་སེམས་ཅན་ཞེ་སྡང་སྤྱོད་པ་རྣམས་ཀྱི་ཞེ་སྡང་གི་སྤྱོད་པ་ཡོངས་སུ་ཤེས་པའི་སྦྱོར་བ་དང་། ཆོས་ཀྱི་དབྱིངས་ཞེ་སྡང་གི་སྤྱོད་པ་དང་། ཀུན་དུ་སྦྱོར་བ་ཡང་མེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ། །སེམས་ཅན་གཏི་མུག་སྤྱོད་པ་རྣམས་ཀྱི་གཏི་མུག་གི་སྤྱོད་པ་ཡོངས་སུ་ཤེས་པའི་སྦྱོར་བ་དང་། ཆོས་ཀྱི་དབྱིངས་གཏི་མུག་གི་སྤྱོད་པ་དང་། ཀུན་དུ་སྦྱོར་བ་ཡང་མེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ། །སེམས་ཅན་ཆ་མཉམ་པར་སྤྱོད་པ་རྣམས་ཀྱི་ཆ་མཉམ་པའི་སྤྱོད་པ་ཡོངས་སུ་ཤེས་པའི་སྦྱོར་བ་དང་། ཆོས་ཀྱི་དབྱིངས་ལ་ཆ་མཉམ་པ་ཆད་པ་ཡང་མེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ། ། ཀླུའི་བདག་པོ་མདོར་བསྡུ་ན་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཡོངས་སུ་ཤེས་པའི་སྦྱོར་བ་དང་། ཆོས་ཀྱི་དབྱིངས་ལ་སྦྱོར་བ་ཡང་མེད་པ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ། །ཀླུའི་བདག་པོ་གཞན་ཡང་སྦྱོར་བ་གང་ཡིན་པ་དང་། མི་སྦྱོར་བ་གང་ཡིན་པའི་ཆོས་གང་ཡང་དེ་ལ་སྦྱོར་བ་ཡང་མེད་མི་སྦྱོར་བ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྦྱོར་བ་དེ་ནི་སྣང་བ་ཡང་མ་ཡིན། བརྟགས་པ་ཡང་མ་ཡིན། མཚན་མར་བྱས་པ་ཡང་མ་ཡིན་པའི་ཕྱིར་ཏེ། དེ་བས་ན་སྦྱོར་བ་དེ་ནི་ཡང་དག་པའི་སྦྱོར་བ་ཡིན་ནོ། །ཡང་དག་པའི་སྦྱོར་བ་ཡང་ཆོས་གང་ཡང་འདྲེན་པར་ཡང་མི་བྱེད། མི་འདྲེན་པར་ཡང་མི་བྱེད། འཛིན་ ― DKG058_Page_0305 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་ཡང་མི་བྱེད། གཏོང་བར་ཡང་མི་བྱེད། གནས་པར་ཡང་མི་བྱེད། འགྲོ་བར་ཡང་མི་བྱེད་དེ། དེ་བས་ན་སྦྱོར་བ་དེ་ནི་ཡང་དག་པའི་སྦྱོར་བ་ཞེས་བྱའོ། །ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་དེ་ལྟར་སྦྱོར་བ་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་ཚེ་དེ་ཡིས་གཟུངས་འདི་ཐོབ་གྱུར་ན། །དེ་ཡིས་དྲན་དང་བློ་གྲོས་ཡོངས་སུ་དག ། མདོ་སྡེ་རྟོགས་པ་ཀུན་གྱི་ཕ་རོལ་ཕྱིན། །འགྲོ་བའི་སྐད་དང་སྒྲ་ཡང་རབ་ཏུ་ཤེས། །འགྲོ་བའི་སེམས་དང་སྤྱོད་པ་ངན་པ་དང་། །བཟང་དང་འབྲིང་གི་རྒྱུ་བ་གང་ཡིན་ཤེས། །སྤྱོད་དང་སེམས་ཀྱི་རྒྱུད་རྣམས་ཤེས་ནས་ཀྱང་། །ཇི་ལྟར་འཚམ་པར་ཆོས་ཀྱི་ཚིག་རྣམས་སྟོན། །གང་ཚེ་དེ་ནི་གཟུངས་ལ་རབ་མཁས་ན། །དེ་ནི་རྒྱུ་དང་བྱེད་དང་རྐྱེན་ལ་མཁས། །རྟག་དང་ཆད་པར་ལྟ་བར་མི་འགྱུར་ཏེ། །མཐར་འཛིན་ཐམས་ཅད་རྣམ་པར་སྤངས་པ་ཡིན། །གང་ཚེ་དེ་ཡིས་གཟུངས་འདི་ཐོབ་གྱུར་ན། །ཡི་གེ་དང་ནི་ཚིག་རྣམས་འབྱེད་ལ་མཁས། །སྐད་རྣམས་མང་པོ་དུ་མ་ཐ་དད་ཤེས། །དོན་དང་ཡི་གེ་ལ་ཡང་མཁས་པར་གྱུར། །དེ་ཡི་ལྷ་ཡི་མིག་ཀྱང་དྲི་མེད་འགྱུར། །དེ་ཡི་ལྷ་ཡི་རྣ་བའང་རྣམ་པར་དག ། ཤེས་རབ་མཐའ་ཡས་ཕ་རོལ་སེམས་ལ་མཁས། །འདས་པ་དང་ནི་མ་འོངས་བསྐལ་པ་དྲན། །དེ་བཞིན་རྫུ་འཕྲུལ་རྐང་པ་ཐོབ་གྱུར་ནས། །ཞིང་རྣམས་བྱེ་བ་མཐའ་ཡས་སྐད་ཅིག་འགྲོ། །འཇིག་རྟེན་འདྲེན་རྣམས་ལ་ནི་མཆོད་པ་བྱེད། །དེ་བཞིན་གཟུངས་ལ་ཐོས་པས་ཆོས་ཀྱང་འཛིན། །བདུད་རྣམས་འབུམ་ཕྲག་ཇི་སྙེད་ཡོད་པ་ཡིས། །དེ་ཡི་འགྲོ་བའི་ཡུལ་རྣམས་མི་ཤེས་ལ། །མུན་བསལ་སེམས་ཅན་དག་པ་ཉོན་མོངས་མེད། །མདོ་སྡེ་སྟོང་ཕྲག་ཚད་མེད་སྟོན་པར་བྱེད། །ཆུ་ཡི་ནང་ན་པད་མོ་མ་གོས་བཞིན། །དེ་ནི་འཇིག་རྟེན་ཆོས་རྣམས་གོས་མེད་སྤྱོད། །རྗེས་ཆགས་ཁོང་ཁྲོ་རྣམས་ལས་རྟག་ཏུ་གྲོལ། །འཇིག་རྟེན་ཀུན་ལ་སེམས་ནི་མཁའ་ལྟར་སྙོམས། །མཚན་གྱི་དམ་པ་གཟུགས་འཆང་དག་པ་སྟེ། །དེ་ ― DKG058_Page_0306 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་ལྟ་བས་སྐྱེ་བོ་ཆོག་མི་ཤེས། །སྤྱོད་ལམ་དང་ནི་སྤྱོད་པ་ཤེས་བཞིན་རྒྱུ། །འགྲོ་ལ་ཕན་དོན་བྱེད་ཅིང་འཇིག་རྟེན་རྒྱུ། །གང་ཚེ་གཟུངས་འདི་ཐོབ་པར་གྱུར་པ་ན། །བརྒྱ་བྱིན་དེ་བཞིན་ཚངས་པ་འཇིག་རྟེན་སྐྱོང་། །དེ་ཡི་རྐང་མཐིལ་དུ་ནི་གུས་པར་འདུད། །འོན་ཀྱང་དེ་ཡིད་གང་དུའང་ཁེངས་པ་མེད། །དེ་ནི་སྐད་སྙན་ཚངས་པའི་དབྱངས་དང་ལྡན། །སྐྱེ་བའི་ཡིད་ནི་རྣམ་སྤྱོད་མགུ་བར་བྱེད། །སྐྱོན་མེད་སྙན་ཅིང་དག་ལ་དུས་སུ་སྨྲ། །དེ་ཡི་བསྟན་པ་དོན་མེད་ཡང་མི་འགྱུར། །གང་ཚེ་དེ་ཡིས་གཟུངས་ནི་ཐོབ་གྱུར་ན། །དེ་ནི་འཁོར་གྱི་ནང་དུ་འཇིགས་པ་མེད། །སེང་གེའི་སྒྲ་ཅན་མི་འཇིགས་སྒྲོགས་པར་བྱེད། །ཕ་རོལ་ཚོགས་རྣམས་ཐམས་ཅད་རབ་ཏུ་འཇོམས། །སེམས་ཅན་གཡོ་ཅན་གདུལ་དཀའ་ང་རྒྱལ་ཁེངས། །མངོན་པའི་ང་རྒྱལ་སྐྱོན་ལྡན་གང་ཡིན་པ། །དེ་དག་མཁས་པའི་ཆོས་ནི་ཐོབ་གྱུར་ན། །ང་རྒྱལ་སྤངས་ནས་རྐང་མཐིལ་འདུད་པར་བྱེད། །ཆོས་ཀྱི་དབྱིངས་ནི་རང་བཞིན་ཞི་བ་དང་། །དོན་རྟོགས་དང་ནི་ཆོས་ཉིད་ངེས་པར་ཤེས། །དེ་ཕྱིར་ཆོས་ནི་གཏན་ལ་འབེབས་པ་དང་། །ཡི་གེ་འབྱེད་ལ་དེ་ཡི་ཚིག་མི་ཟད། །སེམས་ཅན་རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས། །དེ་བཞིན་བདག་ཉིད་རྣམ་དག་དེ་ཡིས་ཤེས། །དེ་ལྟར་སེམས་ཅན་དེ་བཞིན་ཉིད་ཤེས་པས། །དེ་ཡི་ཆོས་རྣམས་བསྟན་པ་ཐོགས་པ་མེད། །ཟད་པ་ནམ་ཡང་ཟད་པར་མི་ནུས་ལ། །མི་ཟད་པ་ཡང་ནམས་ཀྱང་ཟད་མི་འགྱུར། །ཆོས་ཉིད་རབ་ཞི་འདི་ནི་རྟོགས་ནས་ཀྱང་། །དེར་ནི་མདོ་སྡེ་བྱེ་བ་མཐའ་ཡས་སྟོན། །ཡི་གེ་འདི་དག་ལུས་ལ་མི་གནས་ཤིང་། །ཡིད་ལ་མི་གནས་སེམས་ལས་མ་བྱུང་སྟེ། །ཇི་ལྟར་བྲག་ཅའི་སྒྲ་ནི་ཐོས་པ་བཞིན། །ཡི་གེ་རྣམས་ཀྱི་རང་བཞིན་སྟོང་ཞིང་དབེན། །གཟུངས་འདི་ཡི་གེ་རྣམས་དང་སྒྲ་ལ་མེད། །ཚིག་གི་ལམ་དང་ལུས་དང་ངག་ལའང་མེད། །དེ་ལྟར་ཡི་གེའི་ཚུལ་རྣམས་རྟོགས་པས་ན། །སྨྲས་ཀྱང་དེ་ཡི་ཚིག་ནི་ཐོགས་པ་མེད། །དེ་ནི་སྟོན་ཀྱང་ཡིད་ལ་རྣམ་རྟོག་མེད། །སེམས་ལའང་རློམ་སེམས་བྱེད་པ་ཡང་མེད་དེ། །འོན་ཀྱང་ཆོས་འདི་རྟོགས་པར་བྱ་བའི་ཕྱིར། །ཆོས་ཉིད་ ― DKG058_Page_0307 ―
[མ་དཔེ་གཟིགས་ན་འདིར་གནོན།]
རབ་ཏུ་འཐད་པའི་ཆོས་ཀྱང་སྟོན། །གང་ཚེ་དེ་ཡིས་གཟུངས་ནི་ཐོབ་གྱུར་ན། །སོ་སོ་ཡང་དག་རིག་བཞི་རྗེས་སུ་རྟོགས། །དོན་ལ་རབ་བསླབས་ཆོས་ཉིད་ཆོ་ག་ཤེས། །སྒྲ་དང་སྐད་དང་ངེས་པའི་ཚིག་ལ་མཁས། །དེ་བཞིན་སྤོབས་པ་ཐོགས་མེད་ཚད་ཀྱང་མེད། །དེ་ནི་ཀུན་རྫོབ་དོན་དམ་ཤེས་པ་སྟེ། །དེ་བཞིན་སྣ་ཚོགས་ཟབ་མོ་བསྟན་པ་ཤེས། །ལུགས་འབྱུང་ལུགས་ལས་བཟློག་པའང་རབ་ཏུ་ཤེས། །མཐོ་དམན་འགྲོ་བ་རྣམས་ལའང་ཕ་མཐར་ཕྱིན། །སེམས་ཞུམ་པ་ན་རབ་ཏུ་འཛིན་ལ་མཁས། །དེ་བཞིན་ཁེངས་རྣམས་ཚར་གཅོད་ཤེས་ལ་མཁས། །བསྟན་པ་དག་ལ་བྱ་བའི་ཚུལ་ཀུན་ཤེས། །ལུས་དང་ངག་དང་སེམས་ཀྱི་ལས་རྣམས་ལ། །ཤེས་པ་ཐོགས་མེད་རྣམ་པར་ངེས་པར་འཇུག ། གཟུངས་དང་ལྡན་པའི་ཚིག་ལ་འཁྲུལ་པ་མེད། །ཉེས་པ་སྤངས་ཤིང་བརྟན་པོར་གྱུར་པ་ཡིན། །སེམས་ཅན་འདུལ་གཟུངས་ཡིད་དང་དྲན་པ་ལ། །ཞུགས་པར་གྱུར་ན་ཆོས་ཞེས་ཞུགས་པ་སྟེ། །ཐོས་པ་གང་ཡིན་ནམས་ཀྱང་ཆུད་མི་ཟ། །ཇི་སྐད་ཐོས་པ་མཚུངས་པར་རིལ་གྱིས་འཛིན། །གཟུངས་ནི་ཆོས་ཉིད་འགལ་བ་མ་ཡིན་ལ། །དེ་ནི་ཆོས་ལའང་ཞི་བ་མ་ཡིན་ཏེ། །ཆོས་དང་ཤིན་ཏུ་མི་མཚུངས་མི་མཉམ་མཉམ། །ཆོས་ཉིད་སྦྱོར་དང་ལྡན་ཕྱིར་གཟོད་ནས་ཞི། །མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་སྦྱོར་བ་འདི་བསྟན་པ་དང་། ཚིགས་སུ་བཅད་པ་མངོན་པར་སྒྲུབ་པ་འདི་བསྟན་པ་ན། ཀླུའི་རྒྱལ་པོ་རྒྱ་མཚོའི་འཁོར་གྱི་ནང་ནས་ཀླུ་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་གིས་ཚིག་འདི་སྐད་དུ་བཅོམ་ལྡན་འདས་བདག་ཅག་ཀྱང་མ་འོངས་པའི་དུས་ན། མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ཐོབ་ནས་ཇི་ལྟར་ད་ལྟར་ན། དེ་བཞིན་གཤེགས་པའི་ཆོས་སྟོན་པ་དེ་ཁོ་ན་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཆོས་སྟོན་པར་གྱུར་ཅིག་ཅེས་ཀྱང་སྨྲས་སོ། །མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ཕན་ཡོན་གྱི་ལེའུ་སྟེ་བཞི་པའོ།། །། ལྔ་པ། ལུང་བསྟན་པའི་ལེའུ།― DKG058_Page_0308 ―
[མ་དཔེ་གཟིགས་ན་འདིར་གནོན།]
བམ་པོ་བཞི་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀླུའི་སྐྱེ་གནས་སུ་སྐྱེས་པ་དག་ཀྱང་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིད་ལ། འདི་ན་མིར་གྱུར་པ་ཁ་ཅིག་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྔོ་མི་ཐོགས་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཀླུ་ཁྲི་ཉིས་སྟོང་བོ་འདི་དག་ནི་དེ་བཞིན་གཤེགས་པ་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་བར་གྱུར་ཏེ། འདི་དག་གིས་དེ་བཞིན་གཤེགས་པ་དེ་ལས་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་གཏམ་ཅིག་ཐོས་སོ། །ཐོས་ནས་ཀྱང་དེ་བཞིན་གཤེགས་པ་དེ་ལ་ལེགས་སོ་ཞེས་བྱ་བ་གསོལ་ཏེ། ཐེག་པ་ཆེན་པོ་ནི་བསམ་གྱིས་མི་ཁྱབ་སྟེ། ལེགས་སོ་ལེགས་སོ་ཞེས་ཚིག་ཏུ་སྨྲས་སོ། །མི་དགེ་བའི་འདུ་འཛི་འདི་ལྟ་སྟེ། མཛའ་བཤེས་ཀྱི་ཁྱིམ་དང་། སློང་མོ་སྟེར་བའི་ཁྱིམ་ཡོངས་སུ་བཟུང་བའི་ཕྱིར་ཚུལ་ཁྲིམས་རྣམས་ཉམས་སུ་མ་བླངས་པར་གྱུར་ཏེ། ཚུལ་ཁྲིམས་ཉམས་པར་བྱས་པ་དེ་ན་འདི་དག་དེ་ནས་ཤི་འཕོས་ནས་ཀླུའི་སྐྱེ་གནས་སུ་སྐྱེས་པར་གྱུར་ཏོ། །འདི་དག་གི་ཐེག་པ་ཆེན་པོའི་གཏམ་དེ་ཐོས་ལ། བཅོམ་ལྡན་འདས་དེ་ལ་ཡང་ལེགས་སོ་ཞེས་བྱ་བ་གསོལ་བའི་རྒྱུ་དེ་དང་རྐྱེན་དེ་དང་དགེ་བའི་རྩ་བ་དེས་ནི་ད་ལྟར་ང་ལས་ཐེག་པ་ཆེན་པོའི་གཏམ་ཐོས་ཏེ། མི་ཟད་པའི་ཟ་མ་ཏོག་གི་གཟུངས་བསྟན་པ་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །ཤཱ་རིའི་བུ་ལྷག་པའི་བསམ་པའི་ཁྱད་པར་ལ་ལྟོས། ངས་འདི་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། བསྐལ་པ་བགྲང་བ་ལས་འདས་པ་དག་ན་དེ་བཞིན་གཤེགས་པ་ཡང་བགྲང་བ་ལས་འདས་པ་དག་ལ་མཆོད་པ་བྱས་ནས་བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་རྣམས་ཡང་དག་པར་བསྒྲུབས་ཏེ། བསྐལ་པ་མངོན་པར་དགའ་བ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་དྲི་མ་མེད་པའི་སྙིང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ཡེ་ཤེས་བླ་མ་ཞེས་བྱ་བ་དང་། བསོད་ ― DKG058_Page_0309 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནམས་བླ་མ་ཞེས་བྱ་བ་དང་། ཆོས་བླ་མ་ཞེས་བྱ་བ་དང་། ཤེས་རབ་བླ་མ་ཞེས་བྱ་བའི་མཚན་འདི་བཞིར་འཐུན་པར་ཤ་སྟག་གི་དེ་བཞིན་གཤེགས་པར་འགྱུར་རོ། །དེ་དག་ཐམས་ཅད་ཀྱང་བསྐལ་པ་གཅིག་ཁོ་ན་ལ་འབྱུང་བར་འགྱུར་ཏེ། དཔེར་ན་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་འབྱུང་བར་འགྱུར་བ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ་བདག་བསྐལ་པའི་དང་པོར་རྒྱ་མཚོ་ཆེན་པོའི་ནང་ན་གནས་པ་དང་། གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོར་བ་འཇིག་འཇིག་རྟེན་དུ་བྱུང་བ་དེའི་ཚེ་ནི་རྒྱ་མཚོ་ཆེན་པོའི་ནང་ན་ཀླུ་དང་། ཀླུའི་བུ་དང་། ཀླུའི་བུ་མོ་དག་ཉུང་བར་གྱུར་ཏེ། བདག་ཀྱང་འཁོར་ཉུང་བར་གྱུར། བཅོམ་ལྡན་འདས་ང་ནི་རྒྱ་མཚོ་ཆེན་པོའི་ནང་ན་ཀླུ་དང་། ཀླུའི་བུ་དང་། ཀླུའི་བུ་མོ་དག་ཀྱང་འདི་ལྟར་ཚད་མ་མཆིས་ཏེ། གྲངས་ཀྱིས་མཐའ་རྟོགས་པར་མི་ནུས་ལགས་ན། བཅོམ་ལྡན་འདས་འདི་ལ་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་གང་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་དག་ལ་ཡོངས་སུ་རྫོགས་པར་མ་བྱས་ཏེ། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པ་དང་། ཚུལ་ཁྲིམས་ཉམས་པ་དང་། ཡོངས་སུ་རྫོགས་པར་མ་བྱས་ལ་དེ་དག་གི་ལྟ་བ་ཡང་དྲང་པོར་གྱུར་ཏེ། དེས་ན་སེམས་ཅན་དམྱལ་བ་རྣམས་སུ་ནི་མི་སྐྱེའི་ཤི་འཕོས་ནས་ཀླུའི་སྐྱེ་གནས་རྣམས་སུ་སྐྱེ་བར་འགྱུར་ཏེ། ཀླུའི་བདག་པོ་དེ་བཞིན་གཤེགས་པ་འཁོར་བ་འཇིག་གི་གསུང་རབ་ལས་ནི་སྲོག་ཆགས་ཁྱིམ་པ་དང་། རབ་ཏུ་བྱུང་བ་བྱེ་བ་ཕྲག་དགུ་བཅུ་རྩ་བརྒྱད་ཆོ་ག་དང་། འཚོ་བ་དང་། ཚུལ་ཁྲིམས་ཉམས་ཏེ། ཤི་འཕོས་ནས་ཀླུའི་སྐྱེ་གནས་རྣམས་སུ་སྐྱེས་སོ། །དེ་བཞིན་གཤེགས་པ་གསེར་ཐུབ་ཀྱི་གསུང་རབ་ལས་ནི་སྲོག་ཆགས་ཁྱིམ་པ་དང་། རབ་ཏུ་བྱུང་བ་བྱེ་བ་ཕྲག་དྲུག་ཅུ་རྩ་བཞི་རབ་ཏུ་བྱུང་བ་ལས་ཚུལ་ཁྲིམས་འཆལ་པར་གྱུར་པས་ཤི་འཕོས་ཏེ། ཀླུ་རྣམས་ཀྱི་སྐྱེ་གནས་སུ་ ― DKG058_Page_0310 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྐྱེས་སོ། །དེ་བཞིན་གཤེགས་པ་འོད་སྲུང་གི་གསུང་རབ་ལས་ནི་སྲོག་ཆགས་ཁྱིམ་པ་དང་། རབ་ཏུ་བྱུང་བ་བྱེ་བ་ཕྲག་བརྒྱད་ཅུ་ཆོ་ག་དང་། འཚོ་བ་དང་། ཚུལ་ཁྲིམས་ཉམས་ཏེ། ཤི་འཕོས་ནས་ཀླུའི་སྐྱེ་གནས་རྣམས་སུ་སྐྱེས་སོ། །ཀླུའི་བདག་པོ་ད་ལྟར་ངའི་གསུང་རབ་འདི་ལས་ནི་སྲོག་ཆགས་ཁྱིམ་པ་དང་། རབ་ཏུ་བྱུང་བ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་རབ་ཏུ་བྱུང་བ་ལས་རྩོད་པ་སྣ་ཚོགས་དང་། འཐབ་པ་སྣ་ཚོགས་དང་། འདུ་འཛི་སྣ་ཚོགས་ཀྱི་ཆོ་ག་དང་། འཚོ་བ་དང་། ཚུལ་ཁྲིམས་ཉམས་ཏེ། ཤི་འཕོས་ནས་ཀླུའི་སྐྱེ་གནས་རྣམས་སུ་སྐྱེ་ཞིང་སྐྱེ་བར་འགྱུར་ཏེ། ཀླུའི་བདག་པོ་རྒྱུ་ནི་དེ་ཡིན་ནོ། །རྐྱེན་ནི་དེ་ཡིན་ཏེ། དེས་ན་ད་ལྟར་ཀླུ་དང་། ཀླུའི་བུ་དང་། ཀླུའི་བུ་མོ་རྣམས་དེ་ལྟར་ཚད་མེད་དོ། །ཀླུའི་བདག་པོ་ད་དུང་ཡང་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཕྱི་མའི་དུས་ཕྱི་མའི་ཚེ་ན་དགེ་སློང་སྡིག་ཅན་རྣམས་དང་། དགེ་སློང་མ་སྡིག་ཅན་རྣམས་དང་། དགེ་བསྙེན་སྡིག་ཅན་རྣམས་དང་། དགེ་བསྙེན་མ་སྡིག་ཅན་རྣམས་ཚུལ་ཁྲིམས་ཉམས་པས་ཀླུའི་སྐྱེ་གནས་རྣམས་སུ་སྐྱེ་བར་འགྱུར་རོ། །དེའི་ནང་ནས་ཁ་ཅིག་ནི་སེམས་ཅན་དམྱལ་བ་རྣམས་སུ་ལྟུང་བར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་རབ་ཏུ་བྱུང་བར་གཏོགས་ལ་ཚུལ་ཁྲིམས་ཉམས་པ་ཀླུའི་སྐྱེ་གནས་རྣམས་སུ་སྐྱེས་པ་དང་། སྐྱེ་བར་འགྱུར་བ་གང་ལགས་པ་དེ་དག་གི་ལས་རྣམས་ལ་ཁྱད་པར་ཅི་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་རབ་ཏུ་འབྱུང་བར་གཏོགས་ལ་ཚུལ་ཁྲིམས་ཉམས་པ་ཀླུའི་སྐྱེ་གནས་རྣམས་སུ་སྐྱེས་པ་དང་། སྐྱེ་བར་འགྱུར་བ་གང་ཡིན་པ་དེ་དག་གི་སྦྱོར་བ་ནི་ཡོངས་སུ་མ་དག་ལ། དེ་བཞིན་གཤེགས་པའི་བསྟན་པ་ལ་ཡིད་ཆེས་པའི་ཕྱིར་དེ་དག་གི་བསམ་པ་ནི་ཡོད་དེ། དེ་དག་ནི་ཀླུའི་སྐྱེ་གནས་དེ་ནས་ཤི་འཕོས་ནས་ལྷག་པའི་བསམ་པ་དེའི་སྟོབས་ཀྱིས་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སུ་འགྱུར་བ་གང་ཡིན་པ་དེའི་དེ་བཞིན་གཤེགས་པ་དེ་དག་གི་བསྟན་པ་ལ་ཐེག་པ་ཇི་ལྟ་བ་བཞིན་དུ་ ― DKG058_Page_0311 ―
[མ་དཔེ་གཟིགས་ན་འདིར་གནོན།]
མོས་པར་འགྱུར་ཏེ། ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་མ་གཏོགས་པར་ཐམས་ཅད་ཀྱང་བསྐལ་པ་བཟང་པོ་འདི་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཀླུའི་བདག་པོ་དེ་བཞིན་གཤེགས་པའི་བསྟན་པའི་ཆེ་བ་ཉིད་དང་། རབ་ཏུ་བྱུང་བའི་ཡོན་ཏན་གྱི་རྒྱུའི་ཁྱད་པར་ལ་ལྟོས། འདི་ལྟར་སེམས་ཅན་དེ་དག་མི་དགེ་བའི་ཆོས་ཐམས་ཅད་སྤངས་ནས་ཁྱད་པར་དུ་འགྲོ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཐོང་བ་དང་ཐོས་པ་དོན་མཆིས་པ་ལགས་ཏེ་ངོ་མཚར་ལགས་སོ། །འདི་ལྟར་སྨད་དུ་མ་མཆིས་པའི་ལས་ཅན་རྣམས་ཀྱིས་སངས་རྒྱས་ལ་དམིགས་པའི་སེམས་གཅིག་ཙམ་བསྐྱེད་པ་ཡང་ཆབ་འཚལ་བར་མི་འགྱུར་ཏེ། དེ་ནི་དེ་དག་གི་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་རྒྱུར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ལྟ་སྟེ། མཐོང་བ་དང་ཐོས་པའི་དོན་མཆིས་པར་སེམས་བསྐྱེད་པར་འཚལ་ལོ། །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་བདག་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་དོན་མཆིས་པར་གྱུར་ཅིག ། བདག་སེམས་རྨོངས་པར་མ་གྱུར་ཅིག ། དགེ་བ་ལ་རྨོངས་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ལ་རྨོངས་པར་མ་གྱུར་ཅིག ། བདག་ཚེ་རབས་ཐམས་ཅད་དུ་སངས་རྒྱས་མཐོང་བ་དང་། ཆོས་ཐོས་པ་དང་། འཕགས་པའི་དགེ་འདུན་ལ་བསྙེན་བཀུར་བགྱིད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་དང་འབྲལ་བར་མ་གྱུར་ཅིག ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བཞིན་བཟངས་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྟེན་གྱི་སེམས་བསྐྱེད་པ་ལེགས་སོ་ལེགས་སོ། །འདི་ལྟ་བུའི་ལྷག་པའི་བསམ་པ་དང་། འདི་ལྟ་བུའི་སྙིང་རྗེ་ཆེན་པོས་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདིའི་དགེ་བའི་རྩ་བའི་རྣམ་པར་སྨིན་པ་དེ་ནི་དེ་བཞིན་གཤེགས་པས་ལོ་བདུན་དང་། ཟླ་བ་བདུན་དང་། ― DKG058_Page_0312 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞག་བདུན་དུ་བཤད་ཀྱང་མཐར་ཕྱིན་པར་བཤད་པར་མི་སྤྱོད་དེ། ཁྱོད་ཀྱིས་དགེ་བའི་རྩ་བའི་ཚོགས་དེ་ཙམ་དུ་ཚད་མེད་པ་འདི་ཡོངས་སུ་བཟུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་ཀྱི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེ་ནས་དེའི་མོད་ལ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཁ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ངོ་། །འོད་ཟེར་དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྣང་བ་ཆེན་པོས་ཁྱབ་པར་བྱས་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ཏེ། ཉི་མ་དང་ཟླ་བ་གཉིས་ཀྱི་གཟི་བརྗིད་དང་། འོད་ཀྱང་མོག་མོག་པོར་བྱས་ནས་ཕྱིར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འཛུམ་པ་མཛད་པའི་དོན་ཚིགས་སུ་བཅད་པས་ཞུས་པ། བདེ་གཤེགས་བསོད་ནམས་བརྒྱས་སྤྲས་སྐུ་མངའ་བ། །མཚན་མཆོག་སུམ་ཅུ་རྩ་གཉིས་ལྡན་པའི་སྐུ། །ཟླ་བ་ལྟ་བུར་དྲི་མེད་དག་པའི་ཞལ། །ཅི་ཡི་སླད་དུ་འཛུམ་པ་སྟོན་པར་མཛད། །བཅོམ་ལྡན་དྲི་མེད་དྲི་མ་གསུམ་བྲལ་བ། །ཐ་བ་མི་མངའ་རྣམ་དག་པད་མའི་སྤྱན། །ལྷ་དང་ལྷ་མ་ཡིན་དང་ཀླུས་མཆོད་པ། །ཅི་ཡི་སླད་དུ་འཛུམ་པ་སྟོན་པར་མཛད། །བཅོམ་ལྡན་ཚེམས་སྙོམས་ཐགས་བཟང་དཀར་བར་ལྡན། །སྟོབས་བཅུ་མངའ་ཞིང་དྲི་བསུང་གདའ་བའི་ཞལ། །རྒ་དང་འཆི་བའི་མཐར་ཐུག་མཛད་པ་པོ། །ཅི་ཡི་སླད་དུ་འཛུམ་པ་སྟོན་པར་མཛད། །ནམ་མཁའི་དཀྱིལ་ལྟར་དྲི་མ་མེད་པའི་ཐུགས། །མགོན་པོ་ཐུགས་ཀྱིས་དགྲ་ཟིན་མཉམ་སྙོམས་པ། ། ― DKG058_Page_0313 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐུགས་ནི་རི་བོ་ལྟ་བུར་མི་གཡོ་བ། །བཅོམ་ལྡན་འཛུམ་པའི་དོན་འདིར་བཀའ་སྩལ་གསོལ། །བཅོམ་ལྡན་ཚངས་པའི་སྒྲ་སྐད་སྒྲོགས་པ་པོ། །མི་འམ་ཅི་དང་ཀ་ལ་པིང་ཀ་དང་། །རྔ་སྒྲ་ལྟ་བུར་སྙན་ཅིང་དགའ་བ་དང་། །མཉེན་པོར་གསུང་བ་འཛུམ་པའི་ཐབས་གསུངས་ཤིག ། འདྲེན་པ་ཐོགས་པ་མེད་པའི་བློ་མངའ་བ། །དུས་གསུམ་འགྲོ་བའི་སྤྱོད་དང་མོས་པ་དང་། །དབང་པོ་རྣམས་ཀྱང་རབ་ཏུ་མཁྱེན་པ་པོ། །ཅི་ཡི་སླད་དུ་འཛུམ་པ་སྟོན་པར་མཛད། །བཅོམ་ལྡན་སྨན་པའི་རྒྱལ་པོ་མི་རྣམས་དང་། །ལྷ་ཀླུ་རྣམས་ཀྱི་ནད་ནི་ཞི་མཛད་པ། །བཅོམ་ལྡན་གཏན་དུ་བདེ་བ་སྟོན་པ་པོ། །ཅི་ཡི་སླད་དུ་འཛུམ་པ་སྟོན་པར་མཛད། །ཡོན་ཏན་མངའ་བ་བདག་ལ་བཀའ་སྩོལ་ཅིག ། ལྷ་དང་མི་རྣམས་ཁྲག་ཁྲིག་ཉན་ཅིང་མཆིས། ། ཐོས་ནས་ཡིད་ནི་རབ་ཏུ་དགའ་འགྱུར་ཞིང་། །ཐམས་ཅད་མཁྱེན་པའི་དགོངས་པ་བགྱིད་པར་འགྱུར། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ཀྱིས་ཀླུའི་རྒྱལ་པོའི་བུ་དཔལ་གྱི་གཟི་བརྗིད་ངའི་མདུན་དུ་འདུག་ནས་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དཔལ་གྱི་གཟི་བརྗིད་འདི་ནི་བསྐལ་པ་གྲངས་མེད་པ་ཕྲག་བརྒྱད་བརྒྱ་ན། བསྐལ་པ་ཀུན་ཏུ་ལྟ་བ་ལ་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་ཅིང་བརྟེན་པར་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ཅེས་བྱ་བར་འགྱུར་ཏེ། འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཀུན་དགའ་བོ་དཔལ་གྱི་གཟི་བརྗིད་འདི་ནི་བྱང་ཆུབ་སེམས་དཔའ་སྤྱོད་པ་དོན་ཡོད་པ་སྤྱོད་ཅིང་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་མཉེས་པར་བྱས་ཏེ། མཆོད་པར་བྱས་ནས་རབ་ཏུ་འབྱུང་སྟེ། ཚངས་པར་སྤྱོད་པར་འགྱུར་རོ། །སེམས་ཅན་ཚད་མེད་པ་ཡང་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་མཐོང་བ་ ― DKG058_Page_0314 ―
[མ་དཔེ་གཟིགས་ན་འདིར་གནོན།]
དོན་ཡོད་ཀྱི་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་ཅིང་བརྟེན་པ་དེ་ཡང་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་བར་འགྱུར་ལ། སྐྱེ་བོ་མང་པོ་དང་། ལྷ་དང་། མི་རྣམས་ཀྱིས་གང་བར་འགྱུར་ཏེ། དཔེར་ན་འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཉེ་བར་སྤྱད་པ་དང་། ལོངས་སྤྱོད་ཇི་ལྟ་བ་བཞིན་དུ་དེ་ན་མི་རྣམས་ཀྱི་ཡང་དེ་དང་འདྲ་བར་འགྱུར་རོ། །དེ་བཞིན་གཤེགས་པ་དེའི་ཚེའི་ཚད་ཀྱང་ལོ་ཁྲི་ཐུབ་པར་འགྱུར་རོ། །དེའི་ཉན་ཐོས་ཀྱི་དགེ་འདུན་ནི་བྱེ་བ་ཕྲག་དྲུག་ཅུ་ཡོད་དོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ནི་འབུམ་ཕྲག་བཅུ་གཉིས་འདུ་བར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་དེ་སེམས་ཅན་གང་དག་གི་མིག་སྔར་སྣང་བ་དེ་དག་ཀྱང་མཐོང་བའི་མོད་ལ་བྱམས་པའི་རྣམ་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ནི་མཐོང་བའི་མོད་ལ་སེམས་ཅན་རྣམས་འདུལ་བར་འགྱུར་རོ། །དེ་ལ་ཉན་ཐོས་ཀྱི་ཐེག་པ་པར་གྱུར་པ་གང་དག་ཡིན་པ་དེ་དག་ནི་དང་པོ་མཐོང་བས་རྒྱུན་དུ་ཞུགས་པར་འགྱུར་རོ། །ལན་གཉིས་མཐོང་བས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་འགྱུར་རོ། །ལན་གསུམ་མཐོང་བས་ནི་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པར་འགྱུར་རོ། །ལན་བཞི་མཐོང་བས་ནི་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཐེག་པ་པར་གྱུར་པ་གང་དག་ཡིན་པ་དེ་དག་ནི་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་དེ་མཐོང་བའི་མོད་ཁོ་ན་ལ་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་འགྱུར་རོ། །ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་ཅིང་བརྟེན་པ་ནི་སེམས་ཅན་སུ་ཡང་ཚུལ་ཁྲིམས་ཉམས་པའམ། ལྟ་བ་ཉམས་པའམ། ཆོ་ག་ཉམས་པའམ། འཚོ་བ་ཉམས་པར་མི་འགྱུར་ཏེ། དེ་དག་ཐམས་ཅད་ཡང་དག་པ་ཉིད་དུ་ངེས་པར་འགྱུར་རོ། །སེམས་ཅན་དེ་ནས་ཤི་འཕོས་པ་སུ་ཡང་ངན་འགྲོར་འགྲོ་བར་མི་འགྱུར་ཏེ། དེ་དག་ཐམས་ཅད་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ་ཡང་སྐྱེ་བར་འགྱུར་རོ། ། ― DKG058_Page_0315 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་ཀྱིས་བདག་ཉིད་ལུང་བསྟན་པ་ཐོས་ནས། ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ནས་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། མུ་ཏིག་གི་དྲ་བ་ནོར་བུ་རིན་པོ་ཆེ་འབུམ་གྱིས་སྤྲས་པ། དེ་བཞིན་གཤེགས་པའི་སྐུ་ལ་གསོལ་ནས་སོར་མོ་བཅུའི་ཐལ་མོ་སྦྱར་ཏེ། མངོན་སུམ་དུ་བཅོམ་ལྡན་འདས་ལ་ཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་པ། མི་དབང་ཟླ་བ་དྲི་མེད་འོད་ཀྱི་ཞལ། །གཟི་བརྗིད་མཐའ་ཡས་ལྷ་དང་མིས་མཆོད་པ། །མཚུངས་མེད་སྟོབས་ལྡན་མཐའ་ཡས་ཤུགས་མངའ་བ། །ཡེ་ཤེས་ཚད་མ་མཆིས་ལ་མགོས་ཕྱག་འཚལ། །ཕན་པར་མཛད་པའི་ཡེ་ཤེས་ཚད་མ་མཆིས། །དེ་བཞིན་ཤེས་རབ་འོད་ཀྱང་བསམ་མི་ཁྱབ། །ཚུལ་ཁྲིམས་དྲི་མེད་རབ་བརྟན་རྣམ་པར་དག ། མི་དབང་མཁའ་དཀྱིལ་འདྲ་ལ་ཕྱག་འཚལ་ལོ། །བསྐལ་པ་དཔག་ཏུ་མེད་པ་མཐའ་ཡས་པར། །སྤྱོད་པ་སྤྱད་ནས་སངས་རྒྱས་ཡེ་ཤེས་བརྙེས། །དེས་ན་འགྲོ་བའི་སྤྱོད་པ་རབ་ཏུ་མཁྱེན། །དེ་བཞིན་དེ་དག་དབང་པོ་བསམ་པ་མཁྱེན། །འཇིག་རྟེན་བཅོམ་ལྡན་གཟུགས་དང་མཚུངས་མ་མཆིས། །དེ་ཕྱིར་འགྲོ་བ་ལྟ་བས་ཆོག་མ་འཚལ། །དེ་ཡི་ཉོན་མོངས་སྐྱེ་བར་མི་འགྱུར་ཞིང་། །དེ་ཚེ་ཉོན་མོངས་ཐམས་ཅད་རབ་ཏུ་ཞི། །ཀ་ལ་པིང་ཀ་ཁུ་བྱུག་མི་འམ་ཅི། །དེ་བཞིན་ཚངས་པའི་སྒྲ་དང་ལྷ་མིན་སྒྲ། །ཕྱོགས་བཅུ་དག་ན་ཡིད་འོང་སྒྲ་དེ་དག ། བདེ་གཤེགས་གསུང་གཅིག་གིས་ནི་ཟིལ་གྱིས་མནན། །མཁའ་ལས་ཟླ་བ་ས་ལ་ལྷུང་ཡང་གདའ། །རྒྱ་མཚོ་སྐམས་ཤིང་རི་རབ་སྙིལ་ཡང་གདའ། །ས་ལ་གནམ་ལྷུང་དུམ་བུ་བརྒྱར་འགྱུར་གདའ། །རྒྱལ་བའི་བཀའ་ནི་གཞན་དུ་ཡོང་མི་གསུང་། །བདེན་པའི་བརྟུལ་ཞུགས་རབ་འབྲེལ་སྟོན་པས་འདིར། །སངས་རྒྱས་ཡེ་ཤེས་གཙོ་བོས་བདག་ལུང་བསྟན། །བདག་ནི་རྒྱལ་བ་རང་བྱུང་ཡོན་གནས་འགྱུར། །བདག་ལ་ཡིད་གཉིས་སོམ་ཉི་དོགས་མ་མཆིས། །ཕྱོགས་བཅུ་དག་ཏུ་རིན་ཆེན་ལེགས་སྤྲས་པ། །བྱེ་བ་མཐའ་ཡས་འདྲེན་པ་རྣམས་ལ་ཕུལ། །བྱང་ཆུབ་སེམས་གཅིག་བསྐྱེད་པ་གང་ལགས་ལ། ། བསོད་ནམས་ ― DKG058_Page_0316 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྔ་མས་འདི་ཡི་ཆར་མི་ཕོད། །གང་ཞིག་བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱི། །དེས་ན་སངས་རྒྱས་མཆོད་པ་མཆོག་ཏུ་འཕགས། །གང་ཞིག་འདྲེན་རྣམས་ཚུལ་འདི་མི་གཅོད་པ། །དེ་ནི་སྟོབས་བཅུ་ཀུན་གྱི་བཀའ་དྲིན་གཟོ། །ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་དེས་ཚིགས་སུ་བཅད་པ་མངོན་པར་བསྒྲུབ་པ་འདི་སྨྲས་པ་ན། སྲོག་ཆགས་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་གིས་ཚིག་འདི་སྐད་དུ་གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་དེས་བྱང་ཆུབ་བརྙེས་པ་དེའི་ཚེ། བདག་ཅག་ཀྱང་བཅོམ་ལྡན་འདས་དང་ཕྲད་དེ། འཇིག་རྟེན་གྱི་ཁམས་ཡོངས་སུ་དག་ཅིང་བརྟན་པ་དེར་སྐྱེ་བར་གྱུར་ཅིག ། དེ་བཞིན་གཤེགས་པ་དེའི་དམ་པའི་ཆོས་ཡོངས་སུ་འཛིན་ཅིང་མཆོད་པ་དང་། བསྙེན་བཀུར་ཡང་བགྱིད་པར་གྱུར་ཅིག ། བཅོམ་ལྡན་འདས་དེའི་འོག་ཏུ་བདག་ཅག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག་ཅེས་ཀྱང་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ཐམས་ཅད་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ཀྱི་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་ལུང་བསྟན་ཏོ། །ལུང་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དྲུག་པ། དགེ་བའི་བཅུའི་ལས་ཀྱི་ལམ་ལ་གནས་པ་ཞེས་བྱ་བའི་ལེའུ།― DKG058_Page_0316 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བའི་སླད་དུ་རྒྱ་མཚོ་ཆེན་པོར་སང་གདུགས་ཚོད་གསོལ་བར་གནང་བར་མཛད་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོའི་ནང་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། དེ་མ་ལགས་པར་ཡང་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སེམས་ཅན་ཚད་མ་མཆིས་པ་དག་མཆིས་ཏེ། དེ་དག་གིས་དེ་བཞིན་གཤེགས་པ་མཐོང་བ་ན་དགེ་བའི་རྩ་བ་དག་བསྐྱེད་པར་འགྱུར་ལ། དམ་པའི་ཆོས་ཐོས་པས་ཀྱང་འཁོར་བ་ཐོག་མ་མ་མཆིས་པའི་མཐའ་རྟོགས་པར་འགྱུར་བ་དང་། བདག་གི་ཀླུའི་རྒྱལ་པོའི་ ― DKG058_Page_0317 ―
[མ་དཔེ་གཟིགས་ན་འདིར་གནོན།]
གནས་ཀྱང་ཡོངས་སུ་ལོངས་སྤྱད་པར་འགྱུར་ཏེ། ལྷ་དང་བཅས་པའི་འཇིག་རྟེན་གྱིས་བརྙས་པར་མི་འགྱུར་ལ། དེ་བཞིན་གཤེགས་པས་ཀྱང་སངས་རྒྱས་ཀྱི་ཆེ་བ་ཉིད་བསྟན་པར་འགྱུར་བ་དང་། བདག་གི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་ལྡན་པའི་ཆོས་ཉེ་བར་བསྟན་པ་བགྱིས་པར་འགྱུར་བའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་ཐུགས་བརྩེ་བ་དང་། སེམས་ཅན་ཚད་མེད་པ་དག་གི་དགེ་བའི་རྩ་བ་འཕེལ་བར་བྱ་བའི་ཕྱིར་གནང་ངོ་། །དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་བཅོམ་ལྡན་འདས་ཀྱིས་གནང་བར་རིག་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ཏེ། དཔུང་དང་བཅས། འཁོར་དང་བཅས་པར་བཅོམ་ལྡན་འདས་ཀྱི་ཐད་ནས་མི་སྣང་བར་གྱུར་ཏེ་རྒྱ་མཚོའི་ནང་དུ་ཕྱིར་སོང་ངོ་། །དེ་ནས་དེར་སྐྱེ་བོའི་ཚོགས་འདུས་པ་ཐམས་ཅད་ལ་འདི་སྐད་ཅེས་སྨྲས་སོ། །བདག་གིས་དེ་བཞིན་གཤེགས་པ་སང་གདུགས་ཚོད་གསོལ་བར་སྤྱན་དྲངས་ཏེ། དེས་ཀྱང་བདག་ལ་ཐུགས་བརྩེ་བའི་ཕྱིར་གནང་གིས་དེར་ཁྱེད་ཀུན་གྱིས་ཀྱང་ལྷན་ཅིག་ཏུ་འཐུན་པ་དང་། ཡང་དག་པར་དགའ་བ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། བསྙེན་བཀུར་ལ་བརྩོན་པར་གྱིས་ཤིག ། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང་། ལྷ་མ་ཡིན་གྱི་དབང་པོ་བདེ་མཆོག་དང་། ཚིམ་བྱེད་དང་། ཐགས་ཟངས་རིས་ལ་སྨྲས་པ། གྲོགས་པོ་དག་ཤེས་པར་གྱིས་ཤིག ། དེ་བཞིན་གཤེགས་པ་རྒྱ་མཚོ་ཆེན་པོ་འདིར་གཤེགས་ཀྱིས། དེར་ཁྱེད་འཁོར་དང་བཅས་པ་ཐམས་ཅད་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར་བདག་གི་སྐབས་ཕྱེ་བ་ལགས་ཀྱིས། བདག་གི་གནས་སུ་སྤྱོན་ཅིག ། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས། ཀླུའི་རྒྱལ་པོ་འཇོག་པོ་དང་། ཁ་དོག་མཐའ་ཡས་དང་། དྲི་མ་མེད་པ་དང་། འོད་ཅན་དང་། རྣམ་པར་རྩེ་དང་། བཀོད་པ་དང་། ལག་ན་རྡོ་རྗེ་དང་། བརྗོད་བྱ་དང་། ཁ་དོག་ཐམས་ཅད་ ― DKG058_Page_0318 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྟོན་པ་དང་། ཙན་དན་གྱི་རྣམ་པ་དང་། དེ་ལ་སོགས་པ་ཀླུའི་རྒྱལ་པོ་འབུམ་ཕྲག་དུ་མ་ལ་སྨྲས་པ། གྲོགས་པོ་དག་ཁྱེད་ཅག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་བདག་གི་གནས་སུ་སྤྱོན་ཅིག ། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་གཞོན་ནུ་དཔལ་གྱི་གཟི་བརྗིད་ལ་བསྒོ་བ། བཞིན་བཟངས་ཁྱོད་སོང་ལ། ཀླུའི་རྒྱལ་པོ་མ་དྲོས་པའི་རྐང་པ་ལ་མགོ་བོས་ཕྱག་འཚོལ་ལ། ངའི་ཕྲིན་འདི་སྐད་ཅེས་གྱིས་ཤིག ། བདག་གི་ཕའི་མཆིད་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་བཤོས་གསོལ་གྱིས་རྒྱ་མཚོ་ཆེན་པོར་སྤྱོན་ཅིག་ཅེས་གྱིས་ཤིག ། ལེགས་སོ་ཞེས་བྱས་ཏེ་མཉན་ནས། ཇི་སྐད་བསྒོ་བ་བཞིན་དུ་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་ཀྱིས་བྱས་སོ། །དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས། ཀླུའི་རྒྱལ་པོ་ཤུགས་དྲག་ལ་སྨྲས་པ། ཤུགས་དྲག་ཁྱོད་སོང་ལ་རི་རབ་ཀྱི་སྟེང་དུ་སོང་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་གཉིས་ཀྱང་བོས་ཤིག ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་ཡང་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། བསྙེན་བཀུར་གྱིས་རྒྱ་མཚོ་ཆེན་པོར་བདག་གི་གནས་སུ་སྤྱོན་ཅིག་ཅེས་གྱིས་ཤིག ། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་ཤུགས་དྲག་ཇི་སྐད་བསྒོ་བ་བཞིན་དུ་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་གཉིས་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཐད་དུ་སོང་ནས། ཇི་སྐད་བསྒོ་བ་བཞིན་དུ་བོས་སོ། །དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་རང་གི་གནས་སུ་འཁོར་གྱི་ཁྱམས་བཀོད་པ་བཻ་དཱུཪྱ་སྔོན་པོ་དག་དང་། འཛམ་བུ་ཆུ་བོའི་གསེར་ལས་བྱས་པ་བཤམས་ཏེ། རིན་པོ་ཆེ་དུ་མས་ནི་སྤྲས། རིན་པོ་ཆེའི་དྲ་བས་ནི་ཁེབས་པར་བྱས། དྲིལ་བུ་གཡེར་ཀའི་དྲ་བ་ནི་དཔྱངས། དར་གྱི་ལྡ་ལྡི་མང་པོ་ནི་བཏགས། བླ་རེ་ནི་བྲེས། རྒྱལ་མཚན་དང་བ་དན་ནི་བསྒྲེང་། རྒྱ་མཚོའི་སྤོས་ཀྱི་མཆོག་གིས་ནི་བདུགས། མེ་ཏོག་སྣ་ཚོགས་ནི་བཀྲམ་སྟེ། འཁོར་གྱི་ཁྱམས་ཡངས་ཤིང་རྒྱ་ཆེ་བ་དེའི་ནང་དུ་བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲི་འཕང་དུ་དཔག་ཚད་བཅུ་གཉིས་པ། རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ། ལྷ་རྫས་ཀྱི་རས་བཅོས་བུ་རྣམ་པ་སྣ་ཚོགས་དུ་ ― DKG058_Page_0319 ―
[མ་དཔེ་གཟིགས་ན་འདིར་གནོན།]
མ་མང་པོ་བཏིང་བ་བླ་རེས་བྲེས་པ་རིན་པོ་ཆེ་སྣ་བདུན་གྱི་སྟེགས་བུས་བསྐོར་བ། རིན་པོ་ཆེའི་དྲ་བས་ཁེབས་པ། དྲིལ་བུ་གཡེར་ཁའི་དྲ་བ་དཔྱངས་པ། དར་གྱི་ལྡ་ལྡི་བཏགས་པས་བརྒྱན་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞིག་བཤམས་སོ། །དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱི་གདན་ཡང་ཇི་ལྟར་འཚམ་པ་བཞིན་དུ་བཤམས་སོ། །རོ་བརྒྱས་བསྒོས་པའི་ཞལ་ཟས་དག་ཀྱང་བཤམས་ཏེ། ཐམས་ཅད་ལེགས་པར་ཟིན་པར་རིག་ནས་བུ་དང་གཉེན་འདབ་དང་འཁོར་དང་བཅས་ཏེ། རིའི་རྒྱལ་པོ་རི་རབ་ཀྱི་བང་རིམ་ལ་འཁོད་ནས། བཅོམ་ལྡན་འདས་ལ་གདུགས་ཚོད་བབ་པའི་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ཆོས་ཀྱི་དབང་ཕྱུག་ཡེ་ཤེས་རྒྱ་ཆེན་ཁྱེད་བརྙེས་པ། །ཡེ་ཤེས་འབྱུང་གནས་མཁའ་འདྲ་ཡེ་ཤེས་མཐའ་ཡས་པ། །འཇིག་རྟེན་འདས་པ་སྤྱན་ཡངས་དག་པའི་སྤྱན་དང་ལྡན། །ཕན་པ་མཛད་པ་གདུགས་ཚོད་བབ་ཀྱིས་གཤེགས་སུ་གསོལ། །ཚངས་པའི་གསུང་དང་རྣམ་དག་གསུང་ལྡན་དབྱངས་སྙན་པ། །ཀ་ལ་པིང་ཀའི་རྔ་སྒྲ་བདུད་རྩིའི་དོན་སྟོན་པ། །སྨན་པའི་མཆོག་སྟེ་ཉོན་མོངས་སྣ་ཚོགས་མུན་སེལ་བ། །སེམས་ཅན་རིན་ཆེན་གདུགས་ཚོད་བབ་ཀྱིས་གཤེགས་སུ་གསོལ། །ཞི་ཞིང་རབ་ཞི་ཐུགས་མངའ་རྟག་ཏུ་ཞི་བར་སྤྱོད། །རྒྱལ་བ་གྲོལ་བ་ལྷ་དང་མི་རྣམས་རབ་གྲོལ་མཛད། །ཆུ་བོ་བཞི་ལས་རྒལ་བ་འགྲོ་བ་སྒྲོལ་བ་པོ། །ཕ་རོལ་གཤེགས་པ་བདེ་སྦྱིན་གདུགས་ཚོད་དུས་ལ་བབ། །སྦྱིན་དུལ་ཡང་དག་སྡོམ་དགྱེས་ཚུལ་ཁྲིམས་ཡོངས་སུ་དག ། བཟོད་པའི་སྟོབས་དང་ལྡན་ཞིང་བརྩོན་འགྲུས་ཆེན་པོ་བརྙེས། །བསམ་གཏན་རྣམ་ཐར་དགྱེས་པ་ཤེས་རབ་ཡོངས་སུ་རྫོགས། །ཞལ་རས་ཟླ་འདྲ་གདུགས་ཚོད་བབ་ཀྱིས་གཤེགས་སུ་གསོལ། །ལམ་མཁྱེན་ལམ་ལ་མཁས་ཤིང་ལམ་སྲང་ངན་པ་སྤངས། །བྱང་ཆུབ་ཡན་ལག་དབང་སྟོབས་བདེན་པ་བཞི་སྟོན་པ། །ཡང་དག་སྤོང་དང་རྫུ་འཕྲུལ་བཞི་དྲན་དང་ལྡན་པ། །ཐམས་ཅད་ཟིལ་གནོན་ཡོན་ཏན་མངའ་བ་གདུགས་ཚོད་བབ། །སུམ་ཅུ་རྩ་གཉིས་མཚན་མངའ་བསོད་ནམས་བརྒྱ་ཡི་ ― DKG058_Page_0320 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཏོག ། བསོད་ནམས་འཚལ་རྣམས་བསོད་ནམས་ཞིང་ཆེན་བཅོམ་ལྡན་འདས། །མཆོད་སྦྱིན་དམ་པ་བཞེས་པའི་འོས་ལགས་ཡོན་གྱི་གནས། །བྱམས་ལ་དགྱེས་པ་གདུགས་ཚོད་བབ་ཀྱིས་གཤེགས་སུ་གསོལ། །ལྷུན་པོ་འདྲ་ཞིང་ས་དང་མཚུངས་ལ་སྦྱོར་བ་སྙོམས། །བྱམས་སྡང་མི་མངའ་ནམ་མཁའི་ངོ་བོ་ཉིད་དང་མཚུངས། །མི་ཡི་དབང་པོ་ཁེངས་པ་མི་མངའ་དམན་མི་མངའ། །སྟོང་དང་རྣམ་པར་ཐར་ལ་དགྱེས་པ་གདུགས་ཚོད་བབ། །ཀུན་མཁྱེན་ཀུན་ལ་མཁས་པ་དུས་དང་ཆོ་ག་མཁྱེན། །ཆོས་རྣམས་དབྱེ་ལ་མཁས་པ་རྟག་ཏུ་དུལ་བཞིན་སྤྱོད། །སེམས་ཅན་བསམ་པ་རབ་མཁྱེན་དོན་རིག་མཁྱེན་པར་ལྡན། །ཆོས་ཀྱི་ངོ་བོ་ཉིད་མཁྱེན་གདུགས་ཚོད་དུས་ལ་བབ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོས་གདུགས་ཚོད་བབ་པ་དེ་ཐུགས་སུ་ཆུད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཀླུའི་རྒྱལ་པོ་རྒྱ་མཚོས་གདུགས་ཚོད་བབ་ཀྱིས་ལྷུང་བཟེད་དང་ཆོས་གོས་ལོང་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་ཡོངས་སུ་ལོངས་སྤྱད་པའི་ཕྱིར་རྒྱ་མཚོ་ཆེན་པོར་འདོང་ངོ་། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ནི་ཡོངས་སུ་བསྐོར། ཉན་ཐོས་ཀྱི་དགེ་འདུན་གྱིས་མདུན་དུ་བདར། ལྷའི་ཚོགས་ཀྱིས་ནི་ཕྱག་བྱས། ལྷ་མ་ཡིན་གྱི་ཚོགས་ཀྱིས་ནི་བསྟོད་དེ། ངང་པའི་རྒྱལ་པོ་བཞིན་དུ་སྟེང་གི་བར་སྣང་ལ་འཕགས་ཏེ། གཤེགས་ནས་འོད་ཟེར་ནི་འགྱེད་སངས་རྒྱས་ཀྱི་ཞིང་རྣམས་ནི་སྣང་བར་མཛད། པད་མའི་ཆར་ནི་འབེབས། སིལ་སྙན་འབུམ་ནི་སྒྲོགས། གླུ་དབྱངས་འབུམ་ནི་གྲགས་པར་མཛད་དེ། རྒྱ་མཚོའི་འགྲམ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་རྒྱ་མཚོའི་འགྲམ་ན་དགའ་བའི་ཚལ་ལྟར་ཉམས་དགའ་བ་ཞེས་བྱ་བའི་ཙམ་པ་ཀའི་ཚལ་ག་ལ་བ་དེར་གཤེགས་སོ། །དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་སོ། །མཆོད་པ་བྱས་ནས་གདུགས་ཚོད་ཕབ་བོ། །དེ་ནས་ ― DKG058_Page_0321 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀླུའི་རྒྱལ་པོ་རྒྱ་མཚོ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས་བདག་གི་གནས་སུ་གཤེགས་པ་དེ་ནི་བདག་གིས་རིག་པ་མ་ཡིན། ཆ་མ་ཡིན་གྱིས། བདག་གིས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར་ཐེམ་སྐས་ཇི་ལྟ་བུ་དག་གིས་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གྱི་གནས་ནས་འཛམ་བུ་གླིང་དུ་གཤེགས་པ་དེ་ཁོ་ན་ལྟ་བུའི་ཐེམ་སྐས་དག་བྱིན་གྱིས་བརླབས་ལ། ཐེམ་སྐས་དེ་དག་ལས་བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོར་གཤེགས་པར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་རྒྱ་མཚོ་ཆེན་པོའི་འགྲམ་ནས། རང་གི་གནས་ཀྱི་བར་དུ་ཐེམ་སྐས་ཀྱི་རིམ་པ་གསུམ་བཤམས་ཏེ། གཅིག་ནི་གསེར་ལས་བྱས། གཅིག་ནི་བཻ་དཱུཪྱ་ལས་བྱས། གཅིག་ནི་མུ་ཏིག་དམར་པོ་ལས་བྱས་ཏེ། རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ། བཀྲ་བ་བལྟ་ན་སྡུག་པ་དག་བཤམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་རྒྱ་མཚོ་ཆེན་པོའི་ཆུའི་ཕུང་པོ་སུས་ཀྱང་མིག་གིས་མ་མཐོང་བ་དང་། ཆུས་ཀྱང་སེམས་ཅན་དག་ལ་གནོད་པར་མི་འགྱུར་བ་དེ་ལྟ་བུའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་སོ། །བཅོམ་ལྡན་འདས་ཀྱི་སྐུ་ལས་ཀྱང་འོད་གང་གིས་རྒྱ་མཚོ་ཆེན་པོ་སྣང་བར་གྱུར་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བར་འགྱུར་བ་དེ་ལྟ་བུའི་འོད་འགྱེད་པར་མཛད་དོ། །རྒྱ་མཚོ་ཆེན་པོ་ན་སེམས་ཅན་གནས་པ་གང་ཡིན་པ་དེ་དག་ཀྱང་འོད་དེས་རེག་པ་ཙམ་གྱིས་བྱམས་པའི་སེམས་དང་། ཕན་པའི་སེམས་དང་། མཉེན་པའི་སེམས་དང་། བདེ་བའི་སེམས་སུ་གྱུར་ཏེ། ཕྱིན་ཅད་སུ་ཡང་ཕན་ཚུན་རྣམ་པར་འཚེ་བ་མེད་ཅིང་གནོད་པ་བྱེད་པ་མེད་དེ། དེ་དག་ཐམས་ཅད་གཅིག་ལ་གཅིག་ཕ་མར་འདུ་ཤེས་པར་གྱུར་ཏོ། །འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱང་ཆོས་མཉན་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་ཀྱི་བཀོད་པ་བལྟ་བར་འདོད་པའི་ཕྱིར་བཅོམ་ལྡན་འདས་ཀྱི་ཕྱིར་བཞིན་འབྲང་ངོ་། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ལ་སོགས་པ་ལྷ་ ― DKG058_Page_0322 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། མི་དང་མི་མ་ཡིན་པ་རྣམས་དགའ་བའི་ཚལ་ལྟར་ཉམས་དགའ་བའི་ཙམ་པ་ཀའི་ཚལ་ནས་ལངས་ཏེ། ཀླུའི་རྒྱལ་པོ་རྒྱ་མཚོས་ཐེམ་སྐས་ཀྱི་རིམ་པ་བཤམས་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས། ཐེམ་སྐས་དབུས་མ་ལ་ནི་བཅོམ་ལྡན་འདས་བཞུགས་སོ། །གཡས་རོལ་ན་ནི་བྱང་ཆུབ་སེམས་དཔའ་རྣམས་འཁོད་དོ། །གཡོན་རོལ་ན་ནི་ཉན་ཐོས་ཆེན་པོ་རྣམས་འཁོད་དོ། །མདུན་ལོགས་ན་ནི་བརྒྱ་བྱིན་བྱེ་བ་ཕྲག་དྲུག་ཅུ་ལག་པ་གཡས་པས་ལམ་མཚོན་པར་བྱེད་དོ། །ཚངས་པ་བྱེ་བ་ཕྲག་དྲུག་ཅུ་ནི་ནམ་མཁའི་དཀྱིལ་ན་འཁོད་དོ། །བཅོམ་ལྡན་འདས་ལ་རིན་པོ་ཆེའི་གདུགས་རྣམས་འཛིན་ཏོ། །ལྷ་བྱེ་བ་ཕྲག་དྲུག་ཅུ་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་འཁོད་དེ། མེ་ཏོག་གི་ཆར་འབེབས་སོ། །འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ནི་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར་སིལ་སྙན་བྱེ་བ་ཕྲག་དྲུག་ཅུ་དཀྲོལ་བར་བྱེད་དོ། །ལྷའི་བུ་མོ་བྱེ་བ་ཕྲག་དྲུག་ཅུ་ནི་བཅོམ་ལྡན་འདས་ཀྱི་ཤུལ་སྤོས་ཆུས་ཆག་ཆག་འདེབས་སོ། །ཀླུའི་བུ་མོ་བྱེ་བ་ཕྲག་དྲུག་ཅུ་ནི་ནམ་མཁའི་དཀྱིལ་ན་འཁོད་དེ། རོ་སྟོད་ཁེབས་པའི་མུ་ཏིག་གི་ཕྲེང་བ་དག་འཕྱང་བར་བྱེད་དོ། །མི་འམ་ཅི་བྱེ་བ་ཕྲག་དྲུག་ཅུ་ནི་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་བརྗོད་པས་སྟོད་པར་བྱེད་དོ། །དྲི་ཟ་བྱེ་བ་ཕྲག་དྲུག་ཅུ་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན། མེ་ཏོག་གི་ཕྲེང་བ་རྣམས་འཕྱང་བར་བྱེད་དོ། །ལྷ་མ་ཡིན་བྱེ་བ་ཕྲག་དྲུག་ཅུ་ནི་རས་བཅོས་བུ་ཁ་དོག་སྣ་ཚོགས་སྟོང་གིས་བཅོམ་ལྡན་འདས་ལ་འགེབས་པར་བྱེད་དོ། །ཀླུའི་རྒྱལ་པོ་མ་དྲོས་པ་ཡང་འཁོར་བྱེ་བ་ཕྲག་བརྒྱ་ནམ་མཁའི་དཀྱིལ་ན་འཁོད་དེ། མེ་ཏོག་དང་། སྤོས་དང་། ཕྱེ་མ་དང་། བྱུག་པ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ཐམས་ཅད་དང་། སིལ་སྙན་དང་། གླུ་དབྱངས་དང་། ཕེག་རྡོབ་པ་དང་། ལྷའི་བཀོད་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་དེ། དེ་ལ་སོགས་པ་ཀླུའི་རྒྱལ་པོ་དྲུག་ཁྲི་བཅོམ་ ― DKG058_Page_0323 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྡན་འདས་ལ་མཆོད་པའི་ལས་བྱེད་པ་ལ་ཞུགས་སོ། །དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ནས་ཀྱང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའི་འཁོར་མང་པོ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཀླུའི་རྒྱལ་པོ་རྒྱ་མཚོ་དགའ་བར་བྱ་བ་དང་། བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར་ལྷགས་སོ། །དེ་དག་གིས་ཀྱང་བཅོམ་ལྡན་འདས་ལ། མཆོད་པའི་བཀོད་པ་སྔ་མ་གང་ཡིན་པ་དེ་མོག་མོག་པོར་བྱེད་ཅིང་མི་མངོན་པར་བྱེད་པ་དེ་ལྟ་བུ་མཆོད་པ་བྱས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཟོད་དཀའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་ནས་ཀྱང་བྱང་ཆུབ་སེམས་དཔའ་འོད་ཀྱི་ཏོག་དང་། འོད་ཀྱི་དཔལ་གཉིས་འོངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་དགའ་ནས་ཀྱང་བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་དང་། གླང་ཆེན་སྤོས་ཀྱི་གླང་པོ་གཉིས་འོངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉི་ཟླའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རྣམ་པར་སྣང་བྱེད་ནས་ཀྱང་བྱང་ཆུབ་སེམས་དཔའ་སེང་གེ་དང་། སེང་གེའི་བློ་གྲོས་གཉིས་འོངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྱན་བཟངས་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མིག་མི་འཛུམས་པ་ནས་ཀྱང་བྱང་ཆུབ་སེམས་དཔའ་ཁ་ལོ་སྒྱུར་བ་དང་། ཆོས་ཐམས་ཅད་ལ་དབང་བྱེད་པ་གཉིས་འོངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་སྣང་བའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་སྣང་བ་ཅན་ནས་ཀྱང་བྱང་ཆུབ་སེམས་དཔའ་རིན་ཆེན་དཀྱིལ་འཁོར་ཅན་དང་། རིན་ཆེན་ཏ་ལ་ལ་གཉིས་འོངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་དཔལ་གྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་དགའ་བའི་སྙིང་པོ་ནས་ཀྱང་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་དང་། རྣམ་པར་གནོན་པ་དོན་ཡོད་གཉིས་འོངས་སོ། ། ― DKG058_Page_0324 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་རྣམ་པར་གཟིགས་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཀུན་ཏུ་ལྟ་བ་ནས་ཀྱང་བྱང་ཆུབ་སེམས་དཔའ་སྤྲིན་གྱི་རྒྱལ་པོ་དང་། ཆོས་ཀྱི་རྒྱལ་པོ་གཉིས་འོངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མཐོང་ན་དགའ་བ་ནས་ཀྱང་བྱང་ཆུབ་སེམས་དཔའ་བདུད་རབ་ཏུ་འཇོམས་པ་དང་། བྲག་འཇོམས་རྒྱལ་པོ་གཉིས་འོངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་གི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རིན་ཆེན་ལྡན་ནས་ཀྱང་བྱང་ཆུབ་སེམས་དཔའ་བློ་གྲོས་རབ་གནས་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་གཉིས་འོངས་སོ། །དེ་ལྟར་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བྱེ་བ་མང་པོ་ཀླུའི་རྒྱལ་པོ་རྒྱ་མཚོ་དགའ་བར་བྱ་བ་དང་། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་བྱ་བའི་ཕྱིར་ལྷགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་མཐུ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོ་འཕྲུལ་ཆེན་པོ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཆེན་པོ་དང་། སངས་རྒྱས་ཀྱི་བཀོད་པ་ཆེན་པོ་དང་། སངས་རྒྱས་ཀྱི་བདག་ཉིད་ཆེན་པོ་དང་། སངས་རྒྱས་ཀྱི་རྣམ་པར་རོལ་པ་ཆེན་པོ་དང་། སངས་རྒྱས་ཀྱི་མཆོད་པ་ཆེན་པོ་དང་། སངས་རྒྱས་ཀྱི་སེང་གེའི་སྒྲ་ཆེན་པོས་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་དག་འོད་ཀྱིས་ཁྱབ་པར་མཛད་དེ། སངས་རྒྱས་ཀྱི་གསུང་གིས་གོ་བར་མཛད་ནས། ལྷ་འབུམ་གྱིས་སིལ་སྙན་དང་། གླུ་དབྱངས་ལེན་ཅིང་མེ་ཏོག་གི་ཆར་འབེབས་ལ། ངན་སོང་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ་རབ་ཏུ་ཞི་བར་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱི་བདེ་བ་དང་། ཡིད་བདེ་བ་བསྒྲུབས་ནས་སྙིང་རྗེ་ཆེན་པོ་བརྟན་པ་ཞེས་བྱ་བའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཀོད་པ་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུས་རིན་པོ་ཆེའི་ཐེམ་སྐས་དེ་དག་ལས་རྒྱ་མཚོ་ཆེན་པོར་གཤེགས་ཏེ། དེ་ལྟ་བུའི་གླུའི་དབྱངས་ལེན་པ་དང་། ཕྱོགས་བཅུའི་སངས་ ― DKG058_Page_0325 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱས་ཀྱི་ཞིང་དཔག་ཏུ་མེད་པར་གསུང་གིས་གོ་བར་མཛད་ནས་སངས་རྒྱས་ཀྱི་མཐུ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་རྒྱ་མཚོ་ཆེན་པོར་གཤེགས་པ་མཐོང་ངོ་། །དེ་ན་ལྷའི་བུ་མོ་དང་། ཀླུའི་བུ་མོ་དང་། གནོད་སྦྱིན་གྱི་བུ་མོ་དང་། ལྷ་མ་ཡིན་གྱི་བུ་མོ་དང་། ནམ་མཁའ་ལྡིང་གི་བུ་མོ་དང་། དྲི་ཟའི་བུ་མོ་དང་། མི་འམ་ཅིའི་བུ་མོ་དང་། ལྟོ་འཕྱེ་ཆེན་པོའི་བུ་མོ་བྱེ་བ་ཕྲག་འབུམ་དག་གིས་སིལ་སྙན་དང་། གླུའི་དབྱངས་ལེན་ཅིང་བཅོམ་ལྡན་འདས་མདུན་ནས་བསུ་ནས་དེའི་ཚེ་རྒྱུད་ཀྱི་སྒྲ་སྐད་ལས་འབྱུང་བའི་ཚིགས་སུ་བཅད་པ་ཁྱད་པར་དུ་འཕགས་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། སྦྱིན་པ་ལས་བྱུང་ཚུལ་ཁྲིམས་མཛེས་དང་ལྡན། །བཟོད་པའི་སྟོབས་ལས་བྱུང་བ་བྱམས་པ་བསྒོམས། །བརྩོན་འགྲུས་ལས་བྱུང་དོན་གྱི་རྒྱ་མཚོ་ལས། །བསམ་གཏན་རྣམ་ཐར་དགྱེས་པ་ཁྱོད་ཕྱག་འཚལ། །ཤེས་རབ་འོད་ལྡན་དགོངས་པ་རྣམ་པར་དག ། འོད་དང་གཟི་བརྗིད་དཔལ་གྱིས་མངོན་པར་བརྒྱན། །རྣམ་པར་གྲོལ་བ་མངོན་སུམ་སྟོན་མཛད་པ། །ཐུབ་པ་ཉོན་མོངས་བསལ་ལ་ཕྱག་འཚལ་ལོ། །བརྟུལ་ཞུགས་ཤིན་ཏུ་རྫོགས་པ་བརྟུལ་ཞུགས་མཆོག ། དཀའ་ཐུབ་མཐར་ཕྱིན་རྟོགས་པར་ཐུགས་སུ་ཆུད། །མིག་ནི་སྦྱིན་པར་མཛད་ཅིང་མིག་སྦྱོང་བ། །འགྲོ་བ་ཀུན་ཏུ་རྒྱུ་བ་འགྲོ་བའི་མཆོག ། དོན་དམ་ཟབ་མོ་ཤིན་ཏུ་སྟོན་པ་པོ། ། གཞན་ལ་ཕན་པ་ཟླ་མེད་ཐུགས་སུ་ཆུད། །ཆགས་པ་མེད་པར་ཚིག་གི་དོན་སྟོན་པ། །གཞན་ལ་ཕན་པ་དཔེ་མེད་འོད་མཛད་པ། །དུས་སྐབས་མཁྱེན་པ་ཀུན་ཏུ་སྟོན་ ― DKG058_Page_0326 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་པོ། །རྒོལ་བ་ངན་པའི་ཚོགས་ཀུན་རབ་འཇོམས་པ། །བརྟུལ་ཞུགས་ཡོངས་སུ་རྫོགས་པ་བརྟུལ་ཞུགས་མཆོག ། བདུད་རྩིའི་བདེ་སྐྱིད་བདེ་བ་སྦྱིན་མཛད་པ། །ནམ་མཁའ་འདྲ་ཞིང་དགོངས་པ་དག་པ་སྟེ། །དྲི་མ་ཀུན་སེལ་རྣམ་པར་འདྲེན་པ་པོ། །ཡོན་ཏན་རྒྱ་མཚོ་བསོད་ནམས་མི་ཟད་པ། །རྒྱ་མཚོར་འཇུག་པ་ཡེ་ཤེས་རྒྱ་མཚོར་ལྡན། །ཆོས་ཀྱི་དབང་ཕྱུག་ཉོན་མོངས་སེལ་མཛད་པ། །ཆོས་ཀྱི་སྦྱིན་བདག་སེར་སྣ་མི་མངའ་བ། །ཆོས་ཀྱི་རིན་ཆེན་ནོར་མཆོག་སྦྱིན་མཛད་པ། །ཆོས་མཆོག་ཡེ་ཤེས་དེ་ཉིད་སྟོན་པ་པོ། །དགའ་བ་སྟོན་པ་བདེ་བ་སྟོན་མཛད་པ། །བག་ལ་ཉལ་གྱི་ཉེས་པ་སྤོང་བ་སྟོན། །རི་ཡི་དབང་པོ་བཞིན་དུ་མི་གཡོ་བ། །དེ་བཞིན་གཤེགས་པ་ཁྱོད་ལ་མགོས་ཕྱག་འཚལ། །མི་དང་ལྷ་དང་མཁའ་ལྡིང་གསང་བ་པ། །ལྷ་མིན་སྲིན་པོ་མི་འམ་ཅི་ཡི་བདག ། ཀླུ་རྣམས་དང་ནི་གྲུལ་བུམ་གནོད་སྦྱིན་རྣམས། །ཁྱོད་ཀྱི་ཞབས་ལ་མགོ་བོས་ཕྱག་ཀྱང་འཚལ། །མཚན་མཆོག་སུམ་ཅུ་རྩ་གཉིས་ལྡན་པ་སྟེ། །རབ་མཛེས་ཤིན་ཏུ་དཔེ་མེད་སྟོན་མཛད་པ། །གསེར་གྱི་མདོག་ཅན་དཔལ་ལྡན་མདོག་སྡུག་པ། །སེན་མོ་ཟངས་འདྲ་མདོག་སྡུག་ཕྱག་མཐིལ་མཉམ། །ཀ་ལ་པིང་ཀའི་གདངས་ཅན་ཡ་མཚན་གསུང་། །ཚངས་པ་ལྷ་དབང་གདངས་ཅན་གདངས་ཀྱི་མཆོག ། གསུང་གིས་སྟོང་གསུམ་སོ་སོར་འགེངས་པར་མཛད། །འཇམ་མཉེན་གསུང་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །དབང་པོ་དུལ་ཞིང་ཐུགས་ཀྱང་དུལ་བ་སྟེ། །ཞལ་རས་ཟླ་བ་འདྲ་ཞིང་སྤྱན་ལེགས་པ། །རྟག་ཏུ་བདེན་པ་གསུང་ཞིང་མཉམ་པར་བཞག ། རྟག་ཏུ་ཆོས་འཛིན་ཁྱོད་ལ་ཕྱག་འཚལ་ལོ། ། རྒ་ནད་སྡུག་བསྔལ་རབ་ཏུ་གྲོལ་མཛད་པ། །འགྲོ་བའི་དོན་མཛད་ཉོན་མོངས་སྤོང་མཛད་པ། །རྒྱལ་བར་འོས་པ་བདུད་འཇོམས་རྒྱལ་བ་པོ། །སྐྱེ་བ་མི་བཟད་དེ་ཉིད་སྟོན་མཛད་པ། །དགྲ་བཅོམ་དགྲ་ཡི་ཚོགས་རྣམས་རབ་འཇོམས་པ། །ལྷ་ལས་འདས་པ་ལྷ་མང་རྣམས་ཀྱིས་མཆོད། །ཁྱོད་ནི་རྟག་ཏུ་བཞེས་པའི་འོས་ཀྱི་མཆོག ། སྐྱེ་དགུ་ཀུན་མཆོག་འདྲེན་པ་བཟང་པོ་ལགས། ། ― DKG058_Page_0327 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནས་ལྷའི་བུ་མོ་དང་། ཀླུའི་བུ་མོ་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། ནམ་མཁའ་ལྡིང་དང་། ལྟོ་འཕྱེ་ཆེན་པོ་དང་། དྲི་ཟའི་བུ་མོ་དེ་དག་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་རྣམས་ཀྱིས་མངོན་པར་བསྟོད་ནས་ཐམས་ཅད་གཅིག་ཏུ་འཐུན་པར་གྱུར་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རང་རང་གི་རྒྱན་རྣམས། བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་མཐར་གྱིས་རྒྱ་མཚོ་ཆེན་པོར་གཤེགས་ཏེ། རྒྱ་མཚོ་ཆེན་པོའི་གཏིང་གི་དཀྱིལ་གྱི་གནས་ཀླུའི་རྒྱལ་པོ་རྒྱ་མཚོའི་འཁོར་གྱི་ཁྱམས་བཀོད་པ་ག་ལ་བ་དེར་གཤེགས་ནས། སེང་གེའི་ཁྲི་དེ་ལ་བཞུགས་སོ། །དགེ་སློང་གི་དགེ་འདུན་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྟན་ཇི་ལྟར་བཤམས་པ་དེ་དག་ལ་འཁོད་དོ། །དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེམས་དཔའ་རྣམས་བཞུགས་པར་རིག་ནས་བུ་དང་བཅས། ཆུང་མ་དང་བཅས། གཉེན་འདབ་དང་འཁོར་དང་བཅས་པས་རང་གི་ལག་གིས་ཞལ་ཟས་རོ་བརྒྱ་དང་ལྡན་པ། བསོད་པ་མང་པོས་ཚིམ་པར་བྱེད་ཅིང་ཅི་བཞེས་པ་སྟོབས་པར་བྱེད་དོ། །ཚིམ་པར་བྱས་ཤིང་ཅི་བཞེས་པ་བསྟབས་ནས་བཤོས་གསོལ་ལགས་ཏེ། བསྩང་ལྡེར་གྱུ་བ་དང་ཕྱག་བཅབས་པར་རིག་ནས་ཆོས་མཉན་པའི་ཕྱིར་ཀླུའི་རྒྱལ་པོ་རྒྱ་མཚོ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་དང་། ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་དེ་ཚོགས་ཏེ་འཁོད་པར་ཐུགས་སུ་ཆུད་ནས་བདེ་བ་དང་། དགའ་བ་དང་། མཆོག་ཏུ་དགའ་བའི་ཆོས་མཉན་པ་ཞེས་བྱ་བའི་འོད་ཟེར་སྐུ་ལས་འགྱེད་པར་མཛད་དེ། འོད་ཟེར་ ― DKG058_Page_0328 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་དག་གིས་རྒྱ་མཚོ་ཆེན་པོའི་ནང་ན་སྲོག་ཆགས་རབ་དང་། འབྲིང་དང་། ཐ་མ་ཇི་སྙེད་གནས་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་མདུན་ན་བཞུགས་པར་མཐོང་བར་གྱུར་ཏེ། བདེ་བ་དང་། དགའ་བ་དང་། མཆོག་ཏུ་དགའ་བ་སྐྱེས་ནས་ཆོས་མཉན་པ་ལ་བྲོད་ཅིང་གུས་པ་དང་བཅས་པས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདུད་ཅིང་འཁོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་པ། ཀླུའི་བདག་པོ་འཇིག་རྟེན་གནས་པ་འདི་ནི་ལས་སྣ་ཚོགས་ཀྱིས་བསྐྱོད་ནས། སེམས་ཀྱི་དམིགས་པ་སྣ་ཚོགས་ཀྱིས་ལས་རྣམ་པ་སྣ་ཚོགས་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་དེ། དེའི་འགྲོ་བ་ཡང་སྣ་ཚོགས་སུ་གྱུར་ཏོ། །ཀླུའི་བདག་པོ་རྒྱ་མཚོ་ཆེན་པོ་འདི་ན་གཟུགས་རྣམ་པ་སྣ་ཚོགས་ཇི་སྙེད་ཡོད་པ་དང་། ཐ་མལ་པ་ཇི་སྙེད་སྣང་བ་ལ་ལྟོས། ཀླུའི་བདག་པོ་འདི་དག་ཐམས་ཅད་ནི་རང་རང་གི་སེམས་དང་། དགེ་བ་དང་མི་དགེ་བའི་རྩ་བའི་ལུས་དང་། ངག་དང་། ཡིད་ཀྱི་ལས་སྣ་ཚོགས་ཀྱིས་སྣ་ཚོགས་སུ་བྱས་པ་དག་གོ །སེམས་ནི་གཟུགས་མེད་པ། བསྟན་དུ་མེད་པ་སྟེ། ཀླུའི་བདག་པོ་དེ་ལྟར་ན་ཆོས་ཐམས་ཅད་ནི་བཅོས་མ་རྣམ་པར་བསྒྲུབས་པས་ཉེ་བར་གནས་པའི་མཚན་ཉིད་དེ། བདག་པོ་མེད་པ་བདག་གི་མེད་པ། ཡོངས་སུ་འཛིན་པ་མེད་པའོ། །དེ་དག་ནི་ལས་ཇི་ལྟར་བསགས་པ་བཞིན་དུ་བསྒྲུབས་པ་སྣ་ཚོགས་སུ་བྱས་པ་དག་སྟེ། འདི་ལ་བྱེད་པ་པོ་གང་ཡང་མེད་དོ། །དེ་ལྟར་ན་ཆོས་འདི་དག་ནི་བསམ་གྱིས་མི་ཁྱབ་པ། སྒྱུ་མའི་མཚན་ཉིད་ཀྱི་ངོ་བོ་ཉིད་དོ། །ཀླུའི་བདག་པོ་དེ་ལ་མཁས་པས་ཆོས་ཐམས་ཅད་རྣམ་པར་བསྒྲུབས་པས་ཉེ་བར་གནས་པའི་མཚན་ཉིད་དུ་ཤེས་ནས་དགེ་བ་མངོན་པར་འདུ་བྱ་བ་དག་ཁོ་ན་མངོན་པར་འདུ་བྱ་སྟེ། དགེ་བ་མངོན་པར་འདུ་བྱ་བ་དག་མངོན་པར་འདུ་བྱེད་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམ་པར་བསྒྲུབས་ནས་ཉེ་བར་གནས་པའི་མཚན་ཉིད་མངོན་པར་འགྲུབ་པ་གང་ཡིན་པ་དེ་དག་མཛེས་ཤིང་གཟུགས་བཟང་ལ་བལྟ་ན་སྡུག་པར་མངོན་པར་འགྲུབ་པར་འགྱུར་རོ། །ཀླུའི་བདག་པོ་དེ་ ― DKG058_Page_0329 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞིན་གཤེགས་པའི་སྐུ་བསོད་ནམས་བྱེ་བ་ཕྲག་འབུམ་གྱིས་ཇི་ལྟར་བརྒྱན་པ་དང་། ཇི་ལྟར་རྣམ་པར་བསྒྲུབས་པ་དང་། གང་གི་ལྷ་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་ནོན་པར་འདུག་པ་དང་། གང་གིས་འབུམ་ཕྲག་བཅུ་ལ་དབང་སྒྱུར་བའི་ཚངས་པ་འདི་དག་ཀྱང་མོག་མོག་པོར་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་བལྟ་བ་ན་ཡང་མིག་ཁྲལ་ཁྲུལ་དུ་གྱུར་པ་ལ་ལྟོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་གི་ལུས་ཀྱི་རྒྱན་གཟུགས་ཀྱི་མཚན་རྣམས་ལ་ལྟོས། འདི་དག་ཐམས་ཅད་ནི་དགེ་བ་མངོན་པར་འདུ་བྱེད་པས་མངོན་པར་འདུས་བྱས་པ་བརྒྱན་པ། རྣམ་པར་བསྒྲུབས་པ་དག་གོ །ཀླུའི་བདག་པོ་ཁྱོད་ཀྱི་བཀོད་པ་འདི་ཡང་བསོད་ནམས་ལས་བྱུང་བ་ཡིན་ནོ། །བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་འདི་རྣམས་ཀྱི་བཀོད་པ་འདི་དག་ཐམས་ཅད་ཀྱང་བསོད་ནམས་ལས་བྱུང་བ་དག་གོ །ཀླུའི་རྒྱལ་པོ་རྒྱ་མཚོ་ཆེན་པོ་འདི་ན་གང་དག་ལུས་སྣ་ཚོགས་གཟུགས་མི་སྡུག་ཅིང་དབྱིབས་མི་ལེགས་པ་དང་། ལུས་རགས་ཤིང་ཆེ་བ་རྣམས་དང་། གང་དག་ལུས་ཕྲ་ཞིང་ཆུང་བ་དེ་དག་ཐམས་ཅད་ཀྱང་རང་རང་གི་སེམས་དང་། དགེ་བ་དང་མི་དགེ་བའི་རྩ་བའི་ལུས་དང་ངག་དང་། ཡིད་ཀྱི་ལས་སྣ་ཚོགས་ཀྱིས་སྣ་ཚོགས་སུ་བྱས་པ་དག་སྟེ། ཀླུའི་བདག་པོ་དེ་ལྟ་བས་ན་ཁྱོད་ཀྱིས་ལས་བདག་གིར་བྱ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པར་འགྱུར་བ་དེ་ལྟར་སློབས་ཤིག་དང་། ལས་བདག་གིར་བྱ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་ཁྱེད། དགེ་བའི་ལས་མངོན་པར་འདུ་བྱ་བ་དག་ལ་བློ་འཇུག་པར་འགྱུར་རོ། །ལྟ་བ་ཆུད་གསོན་པར་བྱེད་པར་མི་འགྱུར་རོ། །ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་ལ་གནས་པར་ཡང་མི་འགྱུར་རོ། །ཁྱོད་ཀྱིས་སྦྱིན་པའི་གནས་རྣམས་མཉེས་པར་གྱིས་ཤིག ། མཉེས་པར་བྱས་ནས་ཀྱང་ཐུགས་ཕྱུང་བར་མ་བྱེད་ ― DKG058_Page_0330 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅིག ། བཀུར་སྟིའི་རྒྱུ་ལས་བྱུང་བའི་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པས་ཀྱང་ལྷ་དང་བཅས་པའི་འཇིག་རྟེན་གྱི་བཀུར་སྟིའི་གནས་སུ་འགྱུར་བར་གྱིས་ཤིག། །། བམ་པོ་ལྔ་པ། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ཆོས་གཅིག་གིས་ངན་སོང་ངན་འགྲོ་ལོག་པར་ལྟུང་བར་སྐྱེ་བ་ཡང་དག་པར་གཅོད་དོ། །ཆོས་གཅིག་པོ་དེ་གང་ཞེ་ན། འདི་ལྟ་སྟེ། བདག་ཇི་ལྟར་གྱུར་ཅིང་ཉིན་མཚན་རྣམས་འདའ་ཞིང་འདུག་སྙམ་དུ་དགེ་བའི་ཆོས་རྣམས་ལ་སོ་སོར་རྟོག་པ་སྟེ། དེ་དགེ་བའི་ཆོས་ལ་སོ་སོར་རྟོག་པ་མང་བས་མི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་གོ་སྐབས་མི་འབྱེད་དོ། །དེ་མི་དགེ་བའི་ཆོས་སྤངས་ཏེ་དགེ་བའི་ཆོས་དང་ལྡན་པས་བསམ་པ་དགེ་བའི་སེམས་ཅན་འདི་ལྟ་སྟེ། སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། འགྲོགས་པ་རྙེད་པར་འགྱུར་རོ། །ཀླུའི་བདག་པོ་དེ་ལ་དགེ་བའི་ཆོས་དེ་དག་གང་ཞེ་ན། དགེ་བའི་ཆོས་རྣམས་ཞེས་བྱ་བ་ནི་ལྷ་དང་མིའི་སྐྱེ་དགུའི་ཕུན་སུམ་ཚོགས་པའི་རྩ་བའི་རྟེན་ཏོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རྩ་བའི་རྟེན་ཏོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བའི་རྟེན་ཏོ། །རྩ་བའི་རྟེན་ཀྱང་གང་ཞེ་ན། འདི་ལྟ་སྟེ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པར་ལེན་པ་སྤོང་བ་དང་། འདོད་པས་ལོག་པར་གཡེམ་པ་སྤོང་བ་དང་། བརྫུན་དུ་སྨྲ་བ་སྤོང་བ་དང་། ཕྲ་མ་སྤོང་བ་དང་། ངག་རྩུབ་པོ་སྤོང་བ་དང་། ཚིག་ཀྱལ་པ་སྤོང་བ་དང་། བརྣབ་སེམས་སྤོང་བ་དང་། གནོད་སེམས་སྤོང་བ་དང་། ལོག་པར་ལྟ་བ་སྤོང་བ་སྟེ། དེ་ནི་རྩ་བའི་རྟེན་ཅེས་བྱའོ། །ཀླུའི་བདག་པོ་དེ་ལ་སྲོག་གཅོད་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་རབ་ཏུ་ཞི་བར་བྱེད་པའི་ཆོས་བཅུ་ཐོབ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། དེས་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་བྱིན་པ་ཡིན། དེའི་སེམས་བྱམས་པར་དམིགས་པ་ལ་ཉེ་བར་གནས་པ་ཡིན། དེའི་ཞེ་སྡང་གི་བག་ཆགས་ཡང་དག་པར་ ― DKG058_Page_0331 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆད་པ་ཡིན། དེས་ནད་ཉུང་བར་འགྱུར་བའི་ལམ་ཡོངས་སུ་བཟུང་བ་ཡིན། དེས་ཚེ་རིང་བར་འགྱུར་བའི་ས་བོན་བཏབ་པ་ཡིན། དེ་ལ་མི་མ་ཡིན་པ་རྣམས་ཀྱང་སྲུང་བ་དང་། བསྐྱབ་པ་དང་། སྦེད་པར་བྱེད་པ་ཡིན། བདེ་བར་ཉལ་ཞིང་བདེ་བར་སད་པ་དང་། སྡིག་པའི་རྨི་ལམ་མི་རྨི་བ་ཡིན། གཉིད་ལོག་པ་ན་ཡང་དེ་ལ་ལྷ་རྣམས་སྲུང་བ་ཡིན། དེ་ལ་ཤར་གཉེར་བ་མེད་པ་ཡིན་ཏེ། དེ་ལ་ཤར་གཉེར་བའི་བག་ལ་ཉལ་བ་མེད་པ་ཡིན། ངན་འགྲོ་ཐམས་ཅད་ཀྱིས་མི་འཇིགས་པ་དང་། ཤི་འཕོས་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བ་ཡིན་ཏེ། རབ་ཏུ་ཞི་བར་བྱེད་པའི་ཆོས་བཅུ་པོ་དེ་དག་འཐོབ་བོ། །སྲོག་གཅོད་པ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་བྱང་ཆུབ་ཐོབ་པ་ན་ཚེའི་ཚད་སེམས་ཀྱི་དབང་དུ་འགྱུར་རོ། །ཀླུའི་བདག་པོ་མ་བྱིན་པར་ལེན་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡིད་བརྟན་པའི་ཆོས་ལྔ་འཐོབ་སྟེ། ལྔ་གང་ཞེ་ན། ལོངས་སྤྱོད་ཆེ་བར་ཡང་འགྱུར་ལ། དེའི་ལོངས་སྤྱོད་དེ་དག་ཀྱང་རྒྱལ་པོ་དང་། ཆོམ་རྐུན་དང་། ཆུ་དང་། མེ་དང་བགོ་སྐལ་ལ་སྤྱོད་པའི་མི་མཛའ་བ་རྣམས་ཀྱིས་མི་འཕྲོགས་པ་ཡིན། སྐྱེ་བོ་མང་པོའི་ཡིད་དུ་འོང་ཞིང་དགའ་བ་ཡིན། དོགས་པ་མེད་པ་ཡིན། ཕྱོགས་དང་ཕྱོགས་མཚམས་སུ་དེའི་བསྔགས་པ་བརྗོད་ཅིང་དེ་ལ་ཕ་རོལ་གྱི་གནོད་པས་འཇིགས་པ་མེད་པ་ཡིན། དེའི་སེམས་སྦྱིན་པའི་བགོ་བཤའ་ལ་འཇུག་པ་ཡིན་ཏེ་ལྔ་པོ་དེ་དག་གོ །མ་བྱིན་པར་ལེན་པ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་དེ་བཞིན་གཤེགས་པ་ཉེ་བའི་ཉོན་མོངས་པ་ཅན་མ་ཡིན་པའི་ཡེ་ཤེས་ཅན་དུ་རང་གིས་མངོན་པར་རྟོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །ཀླུའི་བདག་པོ་འདོད་པས་ལོག་པར་གཡེམ་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་མཁས་པས་བསྔགས་པའི་ ― DKG058_Page_0332 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆོས་བཞི་འཐོབ་སྟེ་བཞི་གང་ཞེ་ན། དབང་པོ་བསྡམས་པ་དང་། རྒོལ་བ་ལས་ཡང་དག་པར་འདས་པ་དང་། འཇིག་རྟེན་ཐམས་ཅད་ཀྱིས་བསྔགས་པ་དང་། ཆུང་མ་མི་འཕྲོགས་པ་སྟེ་བཞི་པོ་དེ་དག་གོ །འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་སྐྱེས་བུ་ཆེན་པོའི་མཚན་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་འཐོབ་བོ། །ཀླུའི་བདག་པོ་བརྫུན་དུ་སྨྲ་བ་སྤངས་པའི་སྐྱེས་བུ་གང་ཟག་ནི་ལྷ་དང་མིས་བསྔགས་པའི་ཆོས་བརྒྱད་འཐོབ་སྟེ། བརྒྱད་གང་ཞེ་ན། ཨུཏྤ་ལའི་དྲི་འབྱུང་བས་ཁ་དོག་ཡོངས་སུ་དག་པ་འཐོབ་པ་དང་། འཇིག་རྟེན་ཐམས་ཅད་ཀྱི་ཚད་མར་འགྱུར་བ་དང་། ལྷ་དང་མི་དགའ་བས་དཔང་གཅིག་པུར་འགྱུར་བ་དང་། ཡང་དག་པའི་བསམ་པ་དང་ལྡན་པས་དོགས་པ་མེད་པར་འགྱུར་བ་དང་། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལུས་དང་ངག་དང་སེམས་ཡོངས་སུ་དག་པར་འགྱུར་བ་དང་། ཚིག་འཁྲུལ་པ་མེད་པས་མཆོག་ཏུ་དགའ་བ་མང་བར་འགྱུར་བ་དང་། ཚིག་གཟུང་བར་འོས་པས་ངག་མཉན་པར་འགྱུར་བ་དང་། ཤེས་རབ་ཐོབ་པས་ལྷ་དང་མིར་སྐྱེས་ན་ཡང་དཔང་གཅིག་པུར་འགྱུར་བ་ཡིན་ཏེ། བརྒྱད་པོ་དེ་དག་གོ །བརྫུན་དུ་སྨྲ་བ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་བདེན་པའི་རྗེས་སུ་འཇུག་པའི་ཚིག་ཏུ་འགྱུར་རོ། །ཀླུའི་བདག་པོ་ཕྲ་མ་སྤངས་པའི་སྐྱེས་བུ་གང་ཟག་ནི་མི་ཕྱེད་པ་ལྔ་འཐོབ་སྟེ། ལྔ་གང་ཞེ་ན། གཞན་གྱིས་གནོད་པར་བྱ་བ་དང་བྲལ་བས་ལུས་མི་ཕྱེད་པ་འཐོབ་པ་དང་། གཞན་དག་གི་ལ་ཆགས་པ་མེད་པས་གཡོག་འཁོར་མི་ཕྱེད་པ་འཐོབ་པ་དང་། ལས་ཀྱི་རྣམ་པར་སྨིན་པ་མཐོང་བས་དད་པ་མི་ཕྱེད་པ་འཐོབ་པ་དང་། སྒྲུབ་པ་སྙིང་པོར་བྱེད་པས་ཆོས་ལས་མི་ཕྱེད་པ་འཐོབ་པ་དང་། མི་སླུ་བས་མཛའ་བཤེས་མི་ཕྱེད་པ་འཐོབ་པ་སྟེ། ལྔ་པོ་དེ་དག་གོ །དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ ― DKG058_Page_0333 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡོངས་སུ་སྔོ་ན། དེས་དེ་གཡོག་འཁོར་མི་ཕྱེད་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། དེའི་འཁོར་བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་དབྱེ་བར་མི་ནུས་སོ། །ཀླུའི་བདག་པོ་ངག་རྩུབ་པོ་སྤངས་པའི་སྐྱེས་བུ་གང་ཟག་ནི་ངག་ཡོངས་སུ་དག་པ་བརྒྱད་འཐོབ་ལ། ཤི་འཕོས་ན་ཡང་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། རན་པའི་ཚིག་དང་། ཕན་པའི་ཚིག་དང་། རིགས་པའི་ཚིག་དང་། འཇམ་པའི་ཚིག་དང་། གཟུང་བའི་ཚིག་དང་། མཉན་པའི་ཚིག་དང་། སྐྱེ་བོ་མང་པོ་དགའ་བའི་ཚིག་དང་། མི་སྨད་པའི་ཚིག་སྟེ། བརྒྱད་པོ་དེ་དག་གོ །དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་ཚངས་པའི་སྒྲ་སྐད་ཀྱི་གདངས་ཅན་གྱི་དེ་བཞིན་གཤེགས་པར་འགྱུར་རོ། །ཀླུའི་བདག་པོ་ཚིག་ཀྱལ་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་གཅིག་ཏུ་ངེས་པ་གསུམ་འཐོབ་སྟེ། གསུམ་གང་ཞེ་ན། མཁས་པ་རྣམས་གཅིག་ཏུ་ངེས་པར་དགའ་བ་དང་། ལན་ལེགས་པར་གློན་པས་གཅིག་ཏུ་ངེས་པར་དེའི་བློ་བདེན་པ་ལ་འགྲོ་བ་དང་། བཅོས་མ་མ་ཡིན་པས་གཅིག་ཏུ་ངེས་པར་ལྷ་དང་མིའི་བདག་ཉིད་ཆེན་པོ་འཐོབ་པ་སྟེ། གསུམ་པོ་དེ་དག་གོ །དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་ཕྱད་པར་ལུང་སྟོན་ཅིང་གཞན་དུ་མི་གསུང་བའི་དེ་བཞིན་གཤེགས་པར་འགྱུར་རོ། །ཀླུའི་བདག་པོ་བརྣབ་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི་བདག་པོའི་ཆོས་ལྔ་འཐོབ་སྟེ། ལྔ་གང་ཞེ་ན། དབང་པོ་མ་ཚང་བ་མེད་པས་ལུས་དང་། ངག་དང་། སེམས་ཀྱི་བདག་པོ་འཐོབ་པ་དང་། དགྲ་ཐམས་ཅད་ཀྱིས་མི་རྫི་བས་ལོངས་སྤྱོད་དང་དབང་ཕྱུག་རྒྱ་ཆེན་པོའི་བདག་པོ་འཐོབ་པ་དང་། བསོད་ནམས་ལ་དབང་བྱེད་པས་དེའི་སེམས་ཉེ་བར་སྤྱད་པ་དང་། ལོངས་སྤྱོད་རྒྱ་ཆེན་པོ་རྣམས་ལ་འཇུག་པ་དང་ཕྱིས་བཀྲབ་པ་ཐོབ་ ― DKG058_Page_0334 ―
[མ་དཔེ་གཟིགས་ན་འདིར་གནོན།]
པས་རྒྱལ་པོ་བདག་པོས་མཆོད་པ་དང་། སྔོན་ཕྲག་དོག་མེད་པས་ལོངས་སྤྱོད་ཇི་ལྟར་སྨོན་པ་རྣམས་འབུམ་གྱུར་དུ་ཁྱད་དུ་འགྱུར་བ་འཐོབ་པ་སྟེ་ལྔ་པོ་དེ་དག་གོ །དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་འཇིག་རྟེན་གསུམ་གྱིས་མཆོད་པའི་དེ་བཞིན་གཤེགས་པ་སྟོན་པ་གཅིག་པུར་འགྱུར་རོ། །ཀླུའི་བདག་པོ་གནོད་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡིད་བདེ་བར་བྱེད་པའི་ཆོས་བརྒྱད་འཐོབ་སྟེ། བརྒྱད་གང་ཞེ་ན། དེའི་སེམས་རྣམ་པར་མི་འཚེ་བ་ལ་འཇུག་པ་དང་། དེའི་གནོད་སེམས་རབ་ཏུ་ཞི་བ་ལ་འཇུག་པ་དང་། དེའི་སེམས་རྩོད་པ་མེད་ཅིང་འཐབ་པ་མེད་པ་ལ་འཇུག་པ་དང་། དེའི་སེམས་འཇམ་པ་དང་མཉེན་པ་དང་། དེས་པ་ལ་འཇུག་པ་དང་། བྱམས་པའི་སེམས་དང་ལྡན་པའི་ཕྱིར་འཕགས་པའི་སྐྱེ་བོས་བཀུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་བདེ་བ་ལ་མངོན་པར་དགའ་བའི་ཕྱིར་ཕན་པའི་དངོས་པོ་མང་བ་དང་། སྐྱེ་བོ་མང་པོས་བཀུར་སྟི་བྱ་བའི་ཕྱིར་མཛེས་པ་དང་། སེམས་འཇམ་ཞིང་ལས་སུ་རུང་བའི་ཕྱིར་དེ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་དཀའ་བ་མེད་པ་སྟེ། བརྒྱད་པོ་དེ་དག་གོ །དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་སེམས་ཐོགས་པ་མེད་པའི་དེ་བཞིན་གཤེགས་པ་ལྟ་བས་ཆོག་མི་ཤེས་པར་འགྱུར་རོ། །ཀླུའི་བདག་པོ་ལོག་པར་ལྟ་བ་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡོན་ཏན་གྱི་ཆོས་བཅུ་འཐོབ་སྟེ། བཅུ་གང་ཞེ་ན། བསམ་པ་དགེ་བར་འགྱུར་ཞིང་གྲོགས་པོ་དགེ་བ་རྙེད་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་ཏེ། སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་པ་དང་། ལྷར་སངས་རྒྱས་འཛིན་ཏེ་གཞན་ལྷར་མི་འཛིན་པ་དང་། དགེ་མཚན་དང་བཀྲ་ཤིས་སུ་འཛིན་པ་མེད་པས་ལྟ་བ་དྲང་བ་དང་། གྲོགས་ལྷ་དང་མི་ཡིན་ཏེ། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་གྲོགས་མ་ཡིན་པ་དང་། བསོད་ནམས་འབར་བས་ཁྱད་པར་དུ་འགྲོ་བ་དང་། ལོག་པ་ཐམས་ཅད་མེད་པས་འཕགས་ ― DKG058_Page_0335 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་ལམ་དུ་ཞུགས་པ་དང་། འཇིག་ཚོགས་ལ་ལྟ་བ་ལས་བསྐྱོད་དེ་སྡིག་པའི་ལྟ་བ་ཐམས་ཅད་དང་བྲལ་བ་དང་། སྒྲིབ་པ་མེད་པར་མཐོང་བ་ཡིན་ཏེ། ཡང་དག་པར་སོང་བ་ཡང་དག་པར་ཞུགས་པ་དང་། ལྷ་དང་མི་རྣམས་ཀྱི་ནང་ན་མི་ཁོམ་པ་དང་བྲལ་བ་ཡིན་ཏེ་བཅུ་པོ་དེ་དག་གོ །ལོག་པར་ལྟ་བ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་བྱང་ཆུབ་ཐོབ་པ་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ་ལ་མངོན་སུམ་དུ་འགྱུར་ཞིང་མངོན་པར་ཤེས་པ་མྱུར་བའི་དེ་བཞིན་གཤེགས་པར་འགྱུར་རོ། །ཀླུའི་བདག་པོ་དེ་ལ་སྲོག་གཅོད་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར་ཞིང་། ཚེ་རིང་བར་ཡང་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་གཞན་གྱིས་གནོད་པར་བྱ་བ་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་རོ། །མ་བྱིན་པར་ལེན་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་ལོངས་སྤྱོད་མི་འཕྲོགས་པར་ཡང་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྒྲུབས་པས་བླ་ན་མེད་པ་ཐོབ་པར་འགྱུར་རོ། །འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར་ཞིང་ཆུང་མ་མི་གཡེམ་པར་ཡང་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་དེའི་མ་དང་། བུ་དང་ཆུང་མ་ལ་སུ་ཡང་ཆགས་པའི་སེམས་ཀྱིས་ལྟ་བར་མི་འགྱུར་རོ། །བརྫུན་དུ་སྨྲ་བ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་ལོངས་སྤྱོད་མི་འཕྲོགས་པ་དང་། སྐུར་པ་འདེབས་པ་མེད་པར་འགྱུར་བའི་ལམ་ཡང་ཡོངས་སུ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་དེ་དམ་བཅས་པ་བརྟན་པར་འགྱུར་རོ། །ཕྲ་མ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར་ཞིང་གཡོག་འཁོར་མི་ཕྱེད་ ― DKG058_Page_0336 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་ཡང་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་བསམ་པ་འཐུན་པས་བྱང་ཆུབ་སེམས་དཔའི་གཡོག་འཁོར་འཐོབ་བོ། །ངག་རྩུབ་པོ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར་ཞིང་ཚིག་བཙུན་པར་འགྱུར་ལ་ཚིག་སུན་དབྱུང་དུ་མེད་པར་ཡང་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་འཁོར་མ་མགུ་བར་སུ་ཡང་མི་འགྲོའོ། །ཚིག་ཀྱལ་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར་ཞིང་ཚིག་སྙན་པར་ཡང་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་ཐེ་ཙོམ་ཐམས་ཅད་གཅོད་པ་ལ་མཁས་པར་འགྱུར་རོ། །བརྣབ་སེམས་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར་ཞིང་ལོངས་སྤྱོད་དང་ཡོངས་སུ་སྤྱད་པ་རྒྱ་ཆེན་པོ་དག་ལ་དེའི་སེམས་འཇུག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་རྒྱ་ཆེན་པོ་ལ་མོས་ཤིང་དབང་ཆེ་བར་གྲགས་པར་འགྱུར་རོ། །གནོད་སེམས་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར་ཞིང་མཛེས་པ་དང་། སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་བར་ཡང་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་བློ་ཐོགས་པ་མེད་ཅིང་སེམས་ཐོགས་པ་མེད་ལ་དབང་པོ་མ་ཚང་བ་མེད་པར་འགྱུར་རོ། །ལོག་པར་ལྟ་བ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར་ཞིང་སངས་རྒྱས་ལ་དད་པ་དང་ཡང་དག་པར་ལྟ་བའི་ཁྱིམ་དུ་སྐྱེའོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་སངས་རྒྱས་ལ་ལྟ་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་འབྲལ་བར་མི་འགྱུར་རོ། །ཀླུའི་བདག་པོ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་སྦྱིན་པས་བརྒྱན་ན་དེ་ལྟར་མཐུ་ཆེ་ཞིང་ཕན་ཡོན་ཆེ་ལ་བྱིན་ཆེ་ཞིང་རྒྱ་ཆེ་བར་འགྱུར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཉིད་ཚུལ་ཁྲིམས་ཀྱིས་བརྒྱན་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྨོན་པ་ཡོངས་སུ་རྫོགས་པར་བྱེད་དོ། །བཟོད་པས་བརྒྱན་ན་ ― DKG058_Page_0337 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཚན་དང་དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་གསུང་གི་གདངས་ཡོངས་སུ་རྫོགས་པར་འགྱུར་རོ། །བརྩོན་འགྲུས་ཀྱིས་བརྒྱན་ན་བདུད་ཕྱིར་རྒོལ་བ་འཇོམས་པ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཐར་ཕྱིན་པར་འགྱུར་རོ། །བསམ་གཏན་གྱིས་བརྒྱན་ན་དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། ངོ་ཚ་ཤེས་པ་དང་། བརྟན་པ་ཡོངས་སུ་དག་པར་འགྱུར་རོ། །ཤེས་རབ་ཀྱིས་བརྒྱན་ན་ལྟ་བ་ཐམས་ཅད་ཡང་དག་པར་འཇོམས་པར་འགྱུར་རོ། །བྱམས་པས་བརྒྱན་ན་སེམས་ཅན་ཐམས་ཅད་དང་ཞེ་འགྲས་པ་མེད་པར་འགྱུར་རོ། །སྙིང་རྗེས་བརྒྱན་ན་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བར་འགྱུར་རོ། །དགའ་བས་བརྒྱན་ན་སེམས་ཞུམ་པ་མེད་པར་འགྱུར་རོ། །བཏང་སྙོམས་ཀྱིས་བརྒྱན་ན་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོང་བར་འགྱུར་རོ། །བསྡུ་བའི་དངོས་པོས་བརྒྱན་ན་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པས་བརྒྱན་ན་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་ལ་མཁས་པར་འགྱུར་རོ། །ཡང་དག་པའི་སྤོང་བས་བརྒྱན་ན་མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པས་བརྒྱན་ན་ལུས་དང་སེམས་ཡང་དག་པར་འགྱུར་རོ། །དབང་པོ་ལྔས་བརྒྱན་ན་དད་པ་བརྟན་པ་དང་། བརྩོན་འགྲུས་བརྟན་པ་དང་། རྨོངས་པ་མེད་པ་དང་། སེམས་ལས་སུ་རུང་བ་དང་། ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་རོ། །སྟོབས་ཀྱིས་བརྒྱན་ན་རྫི་བ་མེད་པ་དང་། དགྲ་དང་འཁྲུག་པ་ཐམས་ཅད་ངེས་པར་འཇོམས་པར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་གིས་བརྒྱན་ན་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་འགྱུར་རོ། །ལམ་གྱིས་བརྒྱན་ན་ཡང་དག་པའི་ཡེ་ཤེས་འདྲེན་པར་འགྱུར་རོ། །ཞི་གནས་ཀྱིས་བརྒྱན་ན་ཉོན་མོངས་པ་ཐམས་ཅད་ཚར་གཅོད་པར་འགྱུར་རོ། །ལྷག་མཐོང་གིས་བརྒྱན་ན་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ ― DKG058_Page_0338 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་འགྱུར་རོ། །ཐབས་ཀྱིས་བརྒྱན་ན་འདུས་བྱས་དང་། འདུས་མ་བྱས་ཀྱི་བདེ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །ཀླུའི་བདག་པོ་མདོར་ན་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཁོ་ནས་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པ་དང་། མི་འཇིགས་པ་བཞི་ཡོངས་སུ་རྫོགས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཏེ། ཀླུའི་བདག་པོ་དེ་ལྟ་བས་ན་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་རྒྱས་པར་རྣམ་པར་དབྱེ་བ་དང་། བརྒྱན་པར་བརྩོན་པར་བྱའོ། །ཀླུའི་བདག་པོ་དཔེར་ན་གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་ཐམས་ཅད་དང་། རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ཤིང་ཐམས་ཅད་དང་། ལས་ཀྱི་མཐའ་ཐམས་ཅད་དང་། ས་བོན་གྱི་ཚོགས་ཐམས་ཅད་དང་། ལོ་ཏོག་ཐམས་ཅད་སྐྱེ་ཞིང་རྨོ་བ་དང་། ཤལ་བས་བཤལ་བ་དང་། འབྱུང་བ་རྣམས་ནི་ས་ལ་གནས་ཏེ། དེ་དག་གི་གནས་ནི་ས་ཡིན་ནོ། །ཀླུའི་བདག་པོ་དེ་བཞིན་དུ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ནི་ལྷ་དང་། མིར་སྐྱེ་བ་དང་། སློབ་པ་དང་། མི་སློབ་པའི་དགེ་སྦྱོང་གི་འབྲས་བུ་འཐོབ་པ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ཡིན་ནོ། །དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ།། །། བདུན་པ། ཀླུ་ཡོངས་སུ་བསྐྱབ་པ་ཞེས་བྱ་བའི་ལེའུ།― DKG058_Page_0338 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་སྒོར་འཇུག་པ་གང་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྔོན་གྱི་ལས་ཀྱི་སྒྲིབ་པའི་ནོངས་པ་རྣམས་སྤོང་ཞིང་ལས་ཀྱི་སྒྲིབ་པ་ཐམས་ཅད་སྤངས་ནས་ཀྱང་ཁྱད་པར་གྱི་གནས་སུ་མཆི་བར་འགྱུར་བའི་ཆོས་ཀྱི་སྒོར་འཇུག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་ཆོས་གཅིག་གིས་ལས་ཀྱི་སྒྲིབ་པ་ཐམས་ཅད་རྒྱུན་ཆད་པར་འགྱུར་ཏེ། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། སྡོམ་པ་ལ་གནས་པ་ཉེས་པ་བྱུང་ ― DKG058_Page_0339 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་འཆགས་པ་སྟེ་གཅིག་ནི་དེ་ཡིན་ནོ། །ཀླུའི་བདག་པོ་ཆོས་གཉིས་ཀྱིས་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར་ཏེ། གཉིས་གང་ཞེ་ན་འདི་ལྟ་སྟེ། ཚུལ་བཞིན་དུ་ཆོས་ལ་སོ་སོར་རྟོག་པ་དང་། ད་ལྟར་བྱུང་བ་མངོན་པར་འདུ་མི་བྱེད་པ་སྟེ། དེ་གཉིས་སོ། །ཀླུའི་བདག་པོ་ཆོས་གསུམ་གྱིས་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། རྐྱེན་གྱི་ཆོས་ལ་འཇུག་པའི་ཤེས་པ་ལ་སོ་སོར་རྟོག་པ་དང་། མི་གསར་མི་རྙིང་བའི་ཆོས་ལ་སོ་སོར་རྟོག་པ་དང་། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ཆོས་རྣམས་ལ་སོ་སོར་རྟོག་པ་སྟེ་གསུམ་པོ་དེ་དག་གོ །ཀླུའི་བདག་པོ་ཆོས་བཞིས་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་ལ་ངེས་པར་སེམས་པ་དང་། མཚན་མ་མེད་པ་ལ་གནས་པ་དང་། སྨོན་པ་དང་བྲལ་བ་དང་། མངོན་པར་འདུ་བྱེད་པ་མེད་པ་ཤེས་པ་སྟེ། བཞི་པོ་དེ་དག་གོ །ཀླུའི་བདག་པོ་ཆོས་ལྔས་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་མེད་པ་ཉིད་དང་། སེམས་ཅན་མེད་པ་ཉིད་དང་། སྲོག་མེད་པ་ཉིད་དང་། གང་ཟག་མེད་པ་ཉིད་དང་། གསོ་བ་མེད་པ་ཉིད་དེ་ལྔ་པོ་དེ་དག་གོ །ཀླུའི་བདག་པོ་ཆོས་དྲུག་གིས་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར་ཏེ། དྲུག་གང་ཞེ་ན། འདི་ལྟ་སྟེ། མོས་པ་དང་། ཡིད་ཆེས་པ་དང་། གཅིག་ཏུ་ངེས་པ་དང་། ཐེ་ཙོམ་མེད་པ་དང་། ཡང་དག་པ་ལ་སོ་སོར་རྟོག་པ་དང་། ལྷག་པའི་བསམ་པས་བྱ་བ་ལ་འཇུག་པ་སྟེ། ཆོས་དྲུག་པོ་དེ་དག་གིས་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱད་པར་དུ་མཆི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཁྱད་པར་དུ་འགྲོ་བར་འགྱུར་ཏེ། བཅུ་ ― DKG058_Page_0340 ―
[མ་དཔེ་གཟིགས་ན་འདིར་གནོན།]
གང་ཞེ་ན་འདི་ལྟ་སྟེ། དེ་ལ་མ་ཆགས་པ་དང་། ལྷག་པའི་བསམ་པ་ཡོངས་སུ་དག་པ་དང་། ཐབས་ལ་མཁས་པས་བརྩོན་འགྲུས་བརྟན་པ་དང་། སེམས་ཅན་ལ་ལྟ་ཞིང་སྙིང་རྗེ་ཆེ་བ་དང་། བསོད་ནམས་ལ་ཆོག་མི་ཤེས་པ་དང་། ཐོས་པ་བཙལ་བ་ལ་ཆོག་མི་ཤེས་པ་དང་། བག་ཡོད་པ་དང་། བྱང་ཆུབ་ཀྱི་སྙིང་པོ་རྗེས་སུ་དྲན་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་མངོན་སུམ་དུ་འཐོབ་པ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ། ཆོས་བཅུ་པོ་དེ་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཁྱད་པར་དུ་འགྲོ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡོན་ཏན་ཐམས་ཅད་ཀྱིས་མངོན་པར་འཕགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མ་ཡིན་གྱི་དབང་པོ་ཆོས་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཡོན་ཏན་ཐམས་ཅད་ཀྱིས་མངོན་པར་འཕགས་པར་འགྱུར་ཏེ། བརྒྱད་གང་ཞེ་ན་འདི་ལྟ་སྟེ། སྒྲ་གཅན་ཐེག་པ་ཆེན་པོ་འདི་ལ་བྱང་ཆུབ་སེམས་དཔའ་ནི་ང་རྒྱལ་མེད་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་འདུད་ཅིང་མངོན་པར་འདུད་པ་དང་། བཀའ་བློ་བདེ་བ་ཡིན་ཏེ། འཐུན་པར་འཛིན་པ་དང་། ཇི་སྐད་སྨྲས་པ་བཞིན་བྱེད་པ་དང་། བླ་མ་རྣམས་ལ་གུས་པ་སྐྱེས་པ་དང་། དགེ་བ་སྤྱོད་པ་ཐམས་ཅད་ལ་སྔོན་དུ་འགྲོ་བ་དང་། དགེ་བའི་ཆོས་རྣམས་ལ་དམ་བཅས་པ་བརྟན་པ་དང་། རྒྱ་ཆེན་པོ་ལ་མོས་པ་ཡིན་ཏེ། སྦྱིན་པ་རྣམ་པ་སྣ་ཚོགས་སྦྱིན་པ་དང་། སྲོག་གི་ཕྱིར་ཡང་གཞན་འཁྲུག་པར་མི་བྱེད་པ་དང་། གོང་དུ་ཡང་སེམས་ཅན་འཇིགས་པ་རྣམས་ལ་མི་འཇིགས་པ་སྦྱིན་ཞིང་སྐྱབས་སུ་འོངས་པའི་སེམས་ཅན་རྣམས་ཡོངས་སུ་མི་གཏོང་བ་དང་། བསོད་ནམས་དང་ཡེ་ཤེས་ཐམས་ཅད་ཡོངས་སུ་ཚོལ་བ་དང་། ཆོག་མི་ཤེས་པ་སྟེ། ཆོས་བརྒྱད་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཡོན་ཏན་ཐམས་ཅད་ཀྱིས་མངོན་པར་འཕགས་པར་འགྱུར་རོ། །དེ་ནས་ ― DKG058_Page_0341 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཅོམ་ལྡན་འདས་ལ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་དུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་ལུས་ཆེ་བ་ཉིད་དང་། གཟུགས་ཆེ་བ་ཉིད་དང་། འཁོར་ཆེ་བ་ཉིད་དང་། སེམས་ཆེ་b བ་ཉིད་ཐོབ་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲ་གཅན་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔས་ལུས་ཆེ་བ་ཉིད་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། གཞན་དག་གི་སྤྱོད་ལམ་ལ་མི་འཕྱ་བ་དང་། དེ་བཞིན་གཤེགས་པའི་སྐུ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དུ་འཇུག་པ་དང་། སེམས་ཅན་བྱེ་བ་དང་། འཐབས་པ་རྣམས་བསྡུམས་ཤིང་འཐུན་པར་བཀོད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཛུད་པ་དང་། སེམས་ཅན་ཐམས་ཅད་ལ་དབང་པོ་ཞེ་འགྲས་པ་མེད་པ་སྟེ། ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔས་ལུས་ཆེ་བ་ཉིད་ཐོབ་པར་འགྱུར་རོ། །ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔས་གཟུགས་ཆེ་བ་ཉིད་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། རྒྱན་རྣམ་པ་སྣ་ཚོགས་སྦྱིན་པ་དང་། ཕངས་པའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་དང་། དེ་བཞིན་གཤེགས་པ་ལ་བྱམས་པའི་མིག་གིས་ལྟ་བ་དང་། གཞན་བྱད་བཞིན་བཟང་པོ་དག་ལ་ཕྲག་དོག་དང་། སེར་སྣ་མི་བྱེད་པ་སྟེ། ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔས་གཟུགས་ཆེ་བ་ཉིད་ཐོབ་པར་འགྱུར་རོ། །ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔས་འཁོར་ཆེ་བ་ཉིད་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཕྲ་མའི་ཚིག་སྤོང་ཞིང་གཞན་གྱི་འཁོར་མི་འབྱེད་པ་དང་། གཞན་གྱི་འཁོར་ལ་དགའ་བ་དང་། བྱང་ཆུབ་ཀྱི་སེམས་ཤིན་ཏུ་བརྟན་པ་དང་། གཞན་དག་བྱང་ཆུབ་ལ་འཛུད་པ་སྟེ། ལྷ་མ་ཡིན་གྱི་དབང་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔས་འཁོར་ཆེ་བ་ཉིད་ཐོབ་པར་འགྱུར་རོ། །ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔས་སེམས་ཆེ་བ་ཉིད་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། ― DKG058_Page_0342 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདི་ལྟ་སྟེ། བསམ་པ་དག་པ་སྟེ་གཡོ་མེད་པ་དང་། སྒྱུ་ཅན་མ་ཡིན་པ་དང་། འདུན་པ་དྲག་པོ་དང་ལྡན་པ་དང་། བར་མ་དོར་སྐྱོ་བ་མེད་པ་དང་། རྒྱ་ཆེན་པོ་ལ་མོས་ཤིང་ཐེག་b པ་དམན་པ་མི་འདོད་པ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ལ་འཇུག་པས་ཆོས་ཟབ་མོའི་ཚུལ་ལ་འཇུག་པ་སྟེ། སྒྲ་གཅན་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔས་སེམས་ཆེ་བ་ཉིད་ཐོབ་པར་འགྱུར་རོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཁོར་སུམ་ཁྲི་ཉིས་སྟོང་དང་བཅས་པ་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་རིན་པོ་ཆེའི་མེ་ཏོག་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ་ཁལ་བཅུ་ཚད་བརྒྱས་བཅོམ་ལྡན་འདས་ལ་གཏོར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དེའི་ཚེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་མངོན་པར་བསྟོད་པ། ཕྱོགས་བཅུ་དག་ན་སེམས་ཅན་ཁམས་རྣམས་མཐའ་ཡས་གང་སུ་དག ། སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་རྒྱལ་བ་མཆོད་བྱེད་དང་། །ཕྱོགས་བཅུ་དག་ན་སེམས་ཅན་གང་དག་བསྐལ་པ་འབུམ་དུ་ཡང་། །མཆོད་ལ་བརྩོན་པའི་སེམས་ཅན་དག་ནི་ཕན་པར་བྱེད་པ་དང་། །བྱམས་དང་བསོད་ནམས་འཕགས་པའི་རང་བཞིན་ལས་བྱུང་མཆོད་པ་རྣམས། །ཅི་འདྲ་བ་དང་མཚུངས་ཤིང་མཉམ་པ་མ་ལགས་ཁྱོད་ལ་འོས། །མཚུངས་མེད་སེམས་ཀྱིས་ཡན་ལག་གནས་ནས་བསྐྱེད་པ་གང་ལགས་པ། །དེ་ནི་སྟོབས་བཅུ་ལྡན་པ་རྣམས་ལ་རྗེད་དང་མཆོད་པ་ལགས། །བདག་ནི་བྱང་ཆུབ་རེག་འགྱུར་སྙམ་སྟེ་དེ་ལ་སྒྲིབ་གནས་ནས། །བདག་ནི་གཡོ་མེད་བྱང་ཆུབ་མཚུངས་མ་མཆིས་ལ་ཞུགས་པ་ལགས། །མི་དབང་ལས་བཞིན་སྲིད་གསུམ་སུ་ཡང་བདག་གི་དབང་མ་མཆིས། །བདག་གི་བསམ་པ་ཅི་འདྲའི་དབང་ནི་སྟོབས་བཅུ་ལྡན་པ་ལགས། །བདག་ནི་ཀུན་ལ་ཤིན་ཏུ་སྡུག་ཅིང་ང་རྒྱལ་བསལ་བ་དང་། །སྦྱིན་དང་དུལ་དང་ལྡན་ཞིང་ཚུལ་ཁྲིམས་ལྡན་ལ་བཟོད་ལྡན་དང་། །བརྩོན་འགྲུས་དྲན་པ་ཏིང་འཛིན་ ― DKG058_Page_0343 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤེས་རབ་རྣམ་དག་གནས་པ་དང་། །བྱམས་དང་སྙིང་རྗེར་ལྡན་ཞིང་བདེན་པའི་ཆོས་ལ་སྤྱོད་གྱུར་ཅིག ། ཕན་བཞེད་རྒྱལ་བ་གལ་ཏེ་བདག་ལ་ལུང་སྟོན་མི་མཛད་ཀྱང་། །མི་ཡི་དབང་པོ་བདག་ནི་རང་གིས་རང་ལ་ལུང་ཡང་བསྟན། །བདག་ནི་རང་བྱུང་མི་འགྱུར་སྙམ་དུ་ཡིད་གཉིས་དོགས་མ་མཆིས། །དེ་ལྟར་བདག་ནི་བསམ་པ་ཐག་པས་བྱང་ཆུབ་ཉིད་སེམས་ངེས། །མི་དབང་འཛུམ་པ་མཛད་ནས་ཟླ་བའི་ཏོག་གིས་ཞུས་པ་ནི། །རང་བྱུང་འཛུམ་པ་མཛད་པ་འདི་ནི་ཅི་ལགས་ལུང་བསྟན་གསོལ། །གང་གི་ཕྱིར་ན་ངས་ནི་དག་པའི་འོད་རྣམས་སྟོན་མཛད་པ། །ཟླ་བའི་ཏོག་ཁྱོད་མཉན་པར་གྱིས་ཞེས་སྟོན་པས་དེ་ལ་གསུངས། །ལྷ་མིན་སྒྲ་གཅན་བདག་ཉིད་ཆེན་པོ་བྱང་ཆུབ་མཆོག་ལ་ཞུགས། །གཡོག་འཁོར་སུམ་ཁྲི་ཉིས་སྟོང་གང་ལགས་རྣམས་ཀྱང་དེ་བཞིན་ཏེ། །བསྐལ་པ་སྟོང་ཕྲག་བརྒྱར་ནི་བྱང་ཆུབ་སྤྱོད་པ་སྤྱད་ནས་ཀྱང་། །ཐམས་ཅད་རྗེས་སུ་འཐུན་པར་བྱང་ཆུབ་གཙོ་བོ་ཐོབ་པར་འགྱུར། །རྒྱལ་བ་གང་གཱའི་བྱེ་མ་སྙེད་རྣམས་ལ་ནི་མཆོད་བགྱིས་ཏེ། །དེ་ནས་སེམས་ཅན་ཤིན་ཏུ་མང་པོ་བྱང་ཆུབ་བཀོད་ནས་ཀྱང་། །དེ་ཡི་འོག་ཏུ་བསྐལ་པ་དགེ་བ་བཀོད་པ་མཛེས་པ་ལ། །བྱང་ཆུབ་རྡུལ་བྲལ་ཞི་བ་མྱ་ངན་མེད་པར་འཚང་ཡང་རྒྱ། །སྒྲ་གཅན་བདག་ཉིད་ཆེན་པོ་འདི་ནི་ཆོས་ཀྱི་རྒྱལ་པོར་འགྱུར། །བརྩོན་འགྲུས་སྟོབས་དང་ལྡན་ཏེ་དབང་པོའི་རྒྱལ་མཚན་ཞེས་ཀྱང་བགྱི། །འཇིག་རྟེན་ཁམས་ཀྱང་དགའ་བ་སྐྱེད་པའི་བཀོད་པ་ཞེས་བགྱི་སྟེ། །དགའ་ལྡན་གནས་དང་འདྲ་བར་འབྱོར་ཅིང་རྒྱས་ལ་ལོ་ཡང་ལེགས། །སྟོབས་བཅུ་ལྡན་གྱི་ཚེ་ནི་ལོ་གྲངས་བྱེ་བ་བདུན་ཅུ་སྟེ། །དགེ་སློང་འཕགས་པའི་དགེ་འདུན་ཁྲག་ཁྲིག་དྲུག་ཅུ་ཐམ་པར་འགྱུར། །བྱང་ཆུབ་སེམས་དཔའི་དགེ་འདུན་ཁྲག་ཁྲིག་ཕྲག་བཅུ་བརྒྱད་ཅུ་སྟེ། །ཐོས་པ་དང་ནི་འདུལ་བ་འཛིན་པ་གཟུངས་ལ་ཤིན་ཏུ་གནས། །བསྐལ་པ་དགེ་བ་བཀོད་པ་ཞེས་བགྱི་མཛེས་པ་དེ་དག་ཏུ། །སེམས་ཅན་བརྒྱ་སྟོང་དག་ནི་བྱང་ཆུབ་བཀོད་པ་བགྱིས་ནས་ཀྱང་། །འདི་དག་ཐམས་ ― DKG058_Page_0344 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅད་རིམ་གྱིས་བྱང་ཆུབ་མཆོག་ཏུ་འཚང་ཡང་རྒྱ། །བྱང་ཆུབ་སེམས་མཆོག་གི་ནི་ཡོན་ཏན་ཁྱད་པར་དག་ལ་ལྟོས། །དེར་ནི་སྒྲ་གཅན་བཟང་པོ་ལུང་བསྟན་ཐོས་པར་གྱུར་ནས་ཀྱང་། །སྲོག་ཆགས་འབུམ་ཕྲག་བཞི་དག་བྱང་ཆུབ་མཆོག་ལ་ཞུགས་པར་གྱུར། །ལེགས་པར་ཡོན་ཏན་འཆང་བ་རྣམས་ཀྱི་བསམ་པའི་ཁྱད་པར་གྱིས། །སྟོང་གསུམ་རབ་གཡོས་ལྷས་ཀྱང་མེ་ཏོག་ཆར་པ་རབ་ཏུ་ཕབ། །དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་མ་དྲོས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བདག་མ་མཆིས་པ་བྱེད་པ་པོ་མ་མཆིས་པ་ལགས་ན། ལུང་བསྟན་པ་ནི་གང་ལགས། དེ་བཞིན་གཤེགས་པ་ནི་གང་ལགས། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་བདག་མེད་པ། བྱེད་པ་པོ་མེད་པ་ཡིན་ཏེ། དེ་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་མོད་ཀྱི། འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག་དང་ལྡན་པ། ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་གནས་པ་རྣམས་སེམས་ཅན་མེད་པ་དག་ལ་སེམས་ཅན་དུ་འདུ་ཤེས་སྐྱེད་པར་བྱེད་དེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྙིང་རྗེ་ཆེན་པོ་བསྐྱེད་ནས་ཕྱིན་ཅི་ལོག་གི་འདུ་ཤེས་སྤོང་དུ་གཞུག་པ་དང་། ངར་འཛིན་པ་དང་། ང་ཡིར་འཛིན་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བྱང་ཆུབ་ཏུ་གོ་ཆ་གྱོན་པར་ཟད་ཀྱི་སྐྱེས་བུ་དམ་པ་དེ་དག་གིས། སེམས་ཅན་མེད་པ་དང་། གང་ཟག་མེད་པ་མི་ཤེས་པ་ནི་མ་ཡིན་ཏེ། བདག་དང་སེམས་ཅན་དང་། སྲོག་དང་གསོ་བ་དང་། སྐྱེས་བུ་དང་། གང་ཟག་ཏུ་ལྟ་བའི་སེམས་ཅན་དེ་དག་ཡོངས་སུ་གྲོལ་བར་བྱེད་དོ། །ཀླུའི་བདག་པོ་ཁྱོད་འདི་སྐད་དུ་འདི་ལ་ལུང་བསྟན་ནས་གཤེགས་ཞེས་ཟེར་བ་གང་ཡིན་པ་དེ་ལ་མངོན་སུམ་དུ་ཆོས་ཁོང་དུ་ཆུད་པ་ནི་ལུང་བསྟན་པའོ། །སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པ་དེ་ལ་ ― DKG058_Page_0345 ―
[མ་དཔེ་གཟིགས་ན་འདིར་གནོན།]
སེམས་ངེས་པར་སེམས་པའི་སེམས་དང་ལྡན་པར་ལུང་བསྟན་པའོ། །མ་བྱུང་བ་དང་། མ་སྐྱེས་པ་དང་། རྩ་བ་མེད་པ་དང་། གནས་མེད་པ་ལ་གནས་པ་ནི་ལུང་བསྟན་པའོ། །སེམས་ཅན་ཐམས་ཅད་མཚུངས་པར་བདག་མེད་པ་ལ་མོས་པ་ནི་ལུང་བསྟན་པའོ། །ཆོས་ཐམས་ཅད་མཚུངས་པར་ཆོས་དབེན་པར་མཐོང་བ་ནི་ལུང་བསྟན་པའོ། །ཞིང་ཐམས་ཅད་ཞིང་དུ་མཚུངས་པར་ནམ་མཁའ་བཞིན་དུ་དག་ཅིང་དྲི་མ་མེད་པའི་སེམས་དང་ལྡན་པ་ནི་ལུང་བསྟན་པའོ། །ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་དང་ཆོས་ཀྱི་དབྱིངས་དང་དབྱེར་མེད་པའི་ཡེ་ཤེས་མཐོང་བ་ནི་ལུང་བསྟན་པའོ། །བདུད་ཐམས་ཅད་དང་མཚུངས་པར་བདུད་ཀྱི་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འགྱུར་ཏེ། རང་བཞིན་གྱིས་ཡོངས་སུ་དག་པའི་སེམས་དང་ལྡན་པ་ནི་ལུང་བསྟན་པའོ། །སྟོང་པ་ཉིད་དང་མཚན་མ་མེད་པ་ལ་མི་རྟོག་པར་རྣམ་པར་མི་རྟོག་ལ་མི་ལེན་མི་འདོར་བ་ནི་ལུང་བསྟན་པའོ། །ཀླུའི་བདག་པོ་དེ་ལྟར་ན་སེམས་དང་། ཡིད་དང་རྣམ་པར་ཤེས་པ་མི་གནས་པ་ལུང་བསྟན་པ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ་དམིགས་སུ་མེད་དོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཇི་ལྟ་བ་བཞིན་དུ། ཁོང་དུ་ཆུད་པ་ནི་བྱང་ཆུབ་ཡིན་ཏེ། དེ་ལ་དོན་དམ་པར་ན་གང་གི་ལུང་བསྟན་པའམ། གང་གི་བྱང་ཆུབ་འམ། གང་ལུང་བསྟན་པར་བྱ་བའམ། གང་གིས་ལུང་བསྟན་པའམ། ཅིས་ལུང་བསྟན་པ་ཅི་ཡང་མི་དམིགས་སོ། །ཀླུའི་བདག་པོ་དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་དངོས་པོ་མེད་པ་སྟེ། རྩ་བ་རྣམས་ཡོངས་སུ་ཆད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་བདག་པོ་མེད་པ་སྟེ། རྒྱུ་དང་རྐྱེན་རྣམས་ལས་འབྱུང་བའི་ཕྱིར་རོ། །ཆོས་ཐམས་ཅད་ནི་གཟུང་དུ་མེད་པ་སྟེ། ངོ་བོ་ཉིད་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་སྟེ། བྲལ་བ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་མ་འོངས་པ་སྟེ། སྔོན་གྱི་མཐའ་ནས་མ་འཕོས་པའི་ཕྱིར་ ― DKG058_Page_0346 ―
[མ་དཔེ་གཟིགས་ན་འདིར་གནོན།]
རོ། །ཆོས་ཐམས་ཅད་ནི་མེད་པར་གྱུར་པ་སྟེ། ཕྱི་མའི་མཐར་མི་འབྱུང་བའི་ཕྱིར་རོ། །ཆོས་ཐམས་ཅད་ནི་མི་གནས་པ་སྟེ། གནས་མི་དམིགས་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་མི་དམིགས་པ་སྟེ། བྱེད་པ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་བྱེད་པ་མེད་པ་སྟེ། ལུས་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་ལུས་མེད་པ་སྟེ། གནས་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་གནས་མེད་པ་སྟེ། རྟེན་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་རྟེན་མེད་པ་སྟེ། མི་གཡོ་བའི་ཕྱིར་རོ། །ཆོས་ཐམས་ཅད་ནི་མི་གཡོ་བ་སྟེ། མི་གནས་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་མི་གནས་པ་སྟེ། བེམས་པོ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་བེམས་པོ་ཡིན་ཏེ། ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་སྟེ། རྣམ་པར་རིག་པར་མི་བྱེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་རྣམ་པར་རིག་པར་མི་བྱེད་པ་སྟེ། སྒྲོ་བཏགས་པ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་སྒྲོ་བཏགས་པ་མེད་པ་སྟེ། ཡིད་ལ་བྱེད་པ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་ཡིད་ལ་བྱེད་པ་མེད་པ་སྟེ། དམིགས་སུ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་དམིགས་སུ་མེད་པ་སྟེ། འགྱུར་བ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་འགྱུར་བ་མེད་པ་སྟེ། རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་རྟོག་པ་མེད་ཅིང་དཔྱོད་པ་མེད་པ་སྟེ། ཞི་བའི་ཕྱིར་རོ། །ཆོས་ཐམས་ཅད་ནི་ཞི་ཞིང་རབ་ཏུ་ཞི་ལ་ཉེ་བར་ཞི་བ་སྟེ། རྒྱུ་ལས་བྱུང་བ་མ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་རྒྱུ་ལས་བྱུང་བ་མ་ཡིན་པ་སྟེ། རང་བཞིན་གྱིས་རྣམ་པར་གྲོལ་བའི་ཕྱིར་རོ། །ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་གྲོལ་བ་སྟེ། རྣམ་པར་གྲོལ་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་རྣམ་པར་གྲོལ་བའི་མཚན་ཉིད་དེ། གཉིས་དང་བྲལ་བའི་ཕྱིར་རོ། །ཆོས་ཐམས་ཅད་ནི་གཉིས་དང་བྲལ་བ་སྟེ། བགྲོད་པ་གཅིག་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་བགྲོད་པ་གཅིག་པ་སྟེ། སོ་སོ་ཐ་དད་པ་དང་བྲལ་བའི་ ― DKG058_Page_0347 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕྱིར་རོ། །ཆོས་ཐམས་ཅད་ནི་སོ་སོ་ཐ་དད་པ་དང་བྲལ་བ་སྟེ། བྱེ་བྲག་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་བྱེ་བྲག་མེད་པ་སྟེ། མཉམ་པ་ཉིད་ཁོང་དུ་ཆུད་པའི་ཕྱིར་རོ། །ཀླུའི་བདག་པོ་དེ་ལྟར་ན་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ་ལ་ནི་ལུང་བསྟན་པར་བྱ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་ཅི་ཡང་མེད་དོ། །ཀླུའི་བདག་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་རྗེ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་སྟོབས་ལ་ལྟོས། གང་ཆོས་འདི་ལྟ་བུ་དག་ལ་མིང་དང་བརྡས་རྣམ་པར་ཕྱེ་ནས་སེམས་ཅན་དག་ལ་གོ་བར་བྱེད་ལ་སེམས་ཅན་ལ་མ་གཏོགས་པའི་ཆོས་རྣམས་ཀྱང་མ་མཐོང་། ཆོས་ལ་མ་གཏོགས་པའི་སེམས་ཅན་རྣམས་ཀྱང་མ་མཐོང་ངོ་། །སེམས་ཅན་རྣམས་ཇི་ལྟ་བ་བཞིན་དུ་ཆོས་རྣམས་ཀྱང་དེ་དང་འདྲའོ། །བྱང་ཆུབ་ཀྱང་དེ་དང་འདྲའོ། །སངས་རྒྱས་ཀྱང་དེ་དང་འདྲའོ། །ལུང་བསྟན་པ་ཡང་དེ་དང་འདྲའོ། །ཆོས་ཐམས་ཅད་ཀྱི་དབྱིངས་ཀྱང་དེ་དང་འདྲ་སྟེ། དེས་ན་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་བཞིན་ཉིད་རྟོགས་པའི་དོན་དང་དེ་བཞིན་ཉིད་ལ་གནས་པའི་དོན་གྱིས་ན་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་མ་བསྒྲིབས་པའི་དོན་དང་། དེ་བཞིན་ཉིད་དབྱེར་མེད་པའི་དོན་དང་། དེ་བཞིན་ཉིད་ཁོང་དུ་ཆུད་པའི་དོན་དེས་ན་དེ་བཞིན་གཤེགས་པ་ཞེས་བྱའོ། ། ཇི་ལྟར་དེ་བཞིན་གཤེགས་པ་དང་དེ་བཞིན་ཉིད་མཚུངས་པར་རབ་ཏུ་ཕྱེ་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་། དེ་བཞིན་ཉིད་དང་མཚུངས་པར་རབ་ཏུ་ཕྱེ་བ་ཡིན་ཏེ། ཀླུའི་བདག་པོ་འདི་ནི་དེ་བཞིན་གཤེགས་པའི་མཉམ་པ་ཉིད་ཀྱི་ས་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་དེ་ལ་གནས་ན་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་ལ་དེ་བཞིན་གཤེགས་པའི་ས་མཉམ་པ་ཉིད་འདི་ཡང་སེམས་ཅན་རྣམས་ལ་གོ་བར་བྱེད་དོ། །བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་སུམ་སྟོང་ཉིས་བརྒྱས་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ཀླུའི་རྒྱལ་པོ་མ་དྲོས་པ་ཡང་ཚིམ་ཞིང་མགུ་ལ་ཡི་རངས་ ― DKG058_Page_0348 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་འཛམ་བུའི་གླིང་རི་བའི་མུ་ཏིག་གི་ཕྲེང་བ་དེ་བཞིན་གཤེགས་པའི་སྐུ་ལ་གསོལ་ཏོ། །དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོ་ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་ཀྱི་ཚ་མོ་རིན་ཆེན་སྣ་ཚོགས་ཅན་ཞེས་བྱ་བ་དེས། ཀླུའི་བུ་མོ་ཁྲི་དང་ལྷན་ཅིག་ཏུ་ལག་པ་གཡས་པས་མུ་ཏིག་གི་ཕྲེང་བ་བླངས་ནས་བཅོམ་ལྡན་འདས་ལ་མིག་མི་འཛུམས་པར་བལྟ་སྟེ། ཕྱག་འཚལ་ཞིང་འདུག་པར་གྱུར་ཏོ། །དེ་ནས་བུ་མོ་རིན་ཆེན་སྣ་ཚོགས་ཅན་དང་ཀླུའི་བུ་མོ་ཁྲི་པོ་དེ་དག་གིས་བཅོམ་ལྡན་འདས་ཀྱི་སྐུ་ལ་མུ་ཏིག་གི་ཕྲེང་བ་དེ་དག་གསོལ་ནས་ཚིག་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་རྣམས་ལྷན་ཅིག་ཏུ་འཐུན་ཞིང་ཡང་དག་པར་དགའ་བ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བདག་ཅག་ཀྱང་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག ། ད་ལྟར་གྱི་དེ་བཞིན་གཤེགས་པ་ཇི་ལྟ་བ་བཞིན་དུ་འདི་འདྲ་བར་ཆོས་ཀྱང་སྟོན་པར་གྱུར་ཅིག ། དགེ་འདུན་ཡང་སྲུང་བར་གྱུར་ཅིག ། དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཀླུའི་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བུད་མེད་ཀྱི་ལུས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཏེ་འགྲུབ་པར་དཀའོ། །དེ་ནས་བུ་མོ་རིན་ཆེན་སྣ་ཚོགས་ཅན་གྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་འོད་སྲུང་ཆེན་པོ་བུད་མེད་ཀྱི་ལུས་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ལ་ལྷག་པའི་བསམ་པ་ལ་ཞུགས་པ་ལ་ཡང་། བྱང་ཆུབ་འགྲུབ་དཀའ་བ་མ་མཆིས་སོ། །བྱང་ཆུབ་སེམས་དཔའི་བྱང་ཆུབ་ནི་སེམས་བསྐྱེད་པ་ལ་རག་ལས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་ཏུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་བཟུང་བར་འགྱུར་རོ། །བཙུན་པས་གང་འདི་སྐད་དུ་བུད་མེད་ཀྱི་ལུས་ཀྱིས་བླ་ན་མེད་པ་ཡང་ ― DKG058_Page_0349 ―
[མ་དཔེ་གཟིགས་ན་འདིར་གནོན།]
དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །ཞེས་གསུངས་པ་དེ་ནི་སྐྱེས་པའི་ལུས་ཀྱིས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་འདི་སྐད་དུ་མིག་ནི་སྐྱེས་པ་ཡང་མ་ཡིན། བུད་མེད་ཀྱང་མ་ཡིན་ནོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་བུད་མེད་ཀྱང་མ་ཡིན། སྐྱེས་པ་ཡང་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །བཙུན་པ་འོད་སྲུང་ཆེན་པོ་དེ་ཅིའི་སླད་དུ་ཞེ་ན། མིག་ནི་སྟོང་པ་སྟེ། སྟོང་པ་གང་ལགས་པ་དེ་ལ་ནི་བུད་མེད་ཀྱང་མ་མཆིས། སྐྱེས་པ་ཡང་མ་མཆིས་པའི་སླད་དུའོ། །བཙུན་པ་འོད་སྲུང་ཆེན་པོ་དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་སྟོང་པ་སྟེ། སྟོང་པ་གང་ལགས་པ་དེ་ལ་ནི་བུད་མེད་ཀྱང་མ་མཆིས། སྐྱེས་པ་ཡང་མ་མཆིས་པའི་སླད་དུའོ། །བཙུན་པ་དེ་ལ་མིག་ཁོང་དུ་ཆུད་པ་གང་ལགས་པ་དེ་ནི་བྱང་ཆུབ་ལགས་སོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཁོང་དུ་ཆུད་པ་གང་ལགས་པ་དེ་ནི་བྱང་ཆུབ་ལགས་སོ། །བྱང་ཆུབ་གང་ལགས་པ་དེ་ལ་ནི་བུད་མེད་ཀྱི་ཆོས་རྣམས་སམ། སྐྱེས་པའི་ཆོས་རྣམས་མ་མཆིས་སོ། །བཙུན་པ་འོད་སྲུང་ཆེན་པོ་དེ་ལྟ་བས་ན་བྱང་ཆུབ་ཀྱི་ངོ་བོ་ཉིད་གང་ལགས་པ་དེ་ནི་བདག་གི་ངོ་བོ་ཉིད་ཀྱང་དེ་ལགས་སོ། །སྨྲས་པ། བུ་མོ་ཅི་ཁྱོད་བྱང་ཆུབ་ཡིན་ནམ། སྨྲས་པ། གནས་བརྟན་དང་བདག་ཅག་གཉིས་ཀ་ཡང་བྱང་ཆུབ་ལགས་སོ། །སྨྲས་པ། བུ་མོ་ཁོ་བོ་ནི་བྱང་ཆུབ་མ་ཡིན་གྱི་ཁོ་བོ་ནི་ཉན་ཐོས་ཡིན་ནོ། །སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་ཁྱོད་སུས་བཏུལ། སྨྲས་པ། བུ་མོ་ཁོ་བོ་ནི་དེ་བཞིན་གཤེགས་པས་བཏུལ་ཏོ། །སྨྲས་པ། གནས་བརྟན་གལ་ཏེ་དེ་བཞིན་གཤེགས་པས་བཏུལ་ན་གལ་ཏེ་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་མ་རྒྱས་སུ་ཟིན་ན། དེ་བཞིན་གཤེགས་པས་གནས་བརྟན་གདུལ་བར་སྤྱོད་དམ། བུ་མོ་དེ་ནི་མ་ཡིན་ནོ། །སྨྲས་པ། བཙུན་པ་འོད་སྲུང་ཆེན་ ― DKG058_Page_0350 ―
[མ་དཔེ་གཟིགས་ན་འདིར་གནོན།]
པོ་དེ་ལྟ་བས་ན་ཁྱོད་ཉིད་ཀྱང་བྱང་ཆུབ་ལགས་ཏེ། བྱང་ཆུབ་མ་ལགས་པའི་ཆོས་ཅི་ཡང་མ་མཆིས་སོ། །སྨྲས་པ། བུ་མོ་ཅི་མཚམས་མེད་པ་རྣམས་ཀྱང་བྱང་ཆུབ་ཡིན་ནམ། སྨྲས་པ། བཙུན་པ་དེ་དེ་བཞིན་ཏེ། མཚམས་མེད་པ་རྣམས་ཀྱང་བྱང་ཆུབ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བྱང་ཆུབ་ནི་མཚམས་མེད་པའི་རང་བཞིན་ཅན་ལགས་ཏེ། མཚམས་མེད་པའི་ཆོས་ཀྱི་སྟོང་པ་ཉིད་ཀྱི་རང་བཞིན་གང་ལགས་པ་དེ་ནི་བྱང་ཆུབ་ལགས་ལ། སྟོང་པ་ཉིད་ཀྱི་ཆོས་ཀྱི་རང་བཞིན་གང་ལགས་པ་དེ་ནི་བྱང་ཆུབ་ལགས་པའི་སླད་དུའོ། །བཙུན་པ་དེ་ལྟར་ན་མཚམས་མེད་པ་ཁོང་དུ་ཆུད་པ་ལས་བྱང་ཆུབ་འབྱུང་ངོ་། །བཙུན་པ་བྱང་ཆུབ་མ་ལགས་པ་གང་ལགས་པ་དེ་ནི་མ་མཆིས་ཏེ། གལ་ཏེ་ཆོས་འགའ་ཞིག་དང་མི་ལྡན་ན་ནི་མ་ལགས་ཀྱི། ཆོས་ཐམས་ཅད་མཉམ་པ་ཉིད་དང་ལྡན་པ་དེ་ནི་བྱང་ཆུབ་ལགས་སོ། །སྨྲས་པ། བུ་མོ་ཁྱོད་ཀྱི་སྤོབས་པ་འདི་སུས་བྱིན། སྨྲས་པ། གནས་བརྟན་གྱིས་སྩལ་ཏོ། །དེ་ཅིའི་སླད་དུ་ཞེ་ན། གལ་ཏེ་གནས་བརྟན་གྱིས་མ་སྨྲས་ན་བདག་གི་སྤོབས་པ་འདི་སྐྱེ་བར་མི་འགྱུར་བའི་སླད་དུའོ། །བཙུན་པ་དཔེར་ན་གལ་ཏེ་མ་སྨྲས་ན་བྲག་ཅའི་སྒྲ་འབྱུང་བར་མི་འགྱུར་བ་དེ་བཞིན་དུ་བཙུན་པ་འོད་སྲུང་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་མ་དྲིས་ཀྱི་བར་དུ་སྤོབས་པ་སྐྱེ་བར་མི་འགྱུར་རོ། །སྨྲས་པ། བུ་མོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཇི་སྙེད་ལ་བསྙེན་བཀུར་བྱས། སྨྲས་པ་གནས་བརྟན་གྱིས་ཉོན་མོངས་པ་ཇི་སྙེད་སྤངས་པ་སྙེད་ལའོ། །སྨྲས་པ། བུ་མོ་ཁོ་བོའི་ཉོན་མོངས་པ་རྣམས་ནི་སྤངས་པ་མེད་དོ། །སྨྲས་པ། བཙུན་པ་ཉོན་མོངས་པ་དང་བཅས་པ་ལགས་སམ། སྨྲས་པ། ཁོ་བོ་ནི་ཉོན་མོངས་པ་དང་བཅས་པ་ཡང་མ་ཡིན། ཉོན་མོངས་པ་རྣམས་སྤངས་པ་ཡང་མ་ཡིན་ནོ། །སྨྲས་པ། ཅི་བཙུན་པ་ཁྱོད་ཀྱིས་ཉོན་མོངས་པ་རྣམས་བཞག་གམ། སྨྲས་པ། བསྐྱེད་པ་ཡང་མེད། འགག་པར་བྱས་པ་ཡང་མེད། བཞག་པ་ཡང་མེད་དེ། དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ཤེས་སོ། ། ― DKG058_Page_0351 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྨྲས་པ། ཅི་དེ་བཞིན་ཉིད་ཤེས་པར་བགྱི་བ་ཞིག་ལགས་སམ་སྨྲས་པ་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅིའི་སླད་དུ་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཉོན་མོངས་པ་ཤེས་སོ་ཞེས་གསུངས། གལ་ཏེ་མཁྱེན་ན་ནི་དེ་བཞིན་ཉིད་མ་ལགས་སོ། །ཇི་སྟེ་མི་མཁྱེན་ན་ནི་དེ་ལྟ་ན་བཙུན་པ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་མི་ཤེས་པ་ཅན་དུ་མཚུངས་སོ། །སྨྲས་པ། བུ་མོ་ཁྱོད་ཀྱི་ཚིག་ཐམས་ཅད་ནི་གཞན་གྱི་ཚིག་གཅོད་པར་བྱེད་པའོ། །སྨྲས་པ། བདག་ནི་ཚིག་གཅོད་པར་ཡང་མི་བགྱིད། བསྒྲུབ་པར་ཡང་མི་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་ཀྱི་དབྱིངས་ནི་གཅད་དུ་མ་མཆིས་པ་ལགས་ལ། ཚིག་ཐམས་ཅད་ནི་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བའི་སླད་དུའོ། །སྨྲས་པ། གང་ཁྱོད་ཀྱིས་བདག་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་མཉམ་སྟེ་བཞག་པ་དེ་ཁྱོད་འགྱོད་པར་མི་འགྱུར་རམ། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་གལ་ཏེ་བདག་གིས་གནས་བརྟན་ཡང་ཐ་དད་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་ཐ་དད་པར་བཞག་པ་ནི་དེ་ལྟར་བདག་འགྱོད་པར་འགྱུར་བ་ཞིག་ན་གང་གི་སླད་དུ་བདག་གིས་གནས་བརྟན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཐ་མི་དད་པར་བཞག་པ་དེས་ན་བདག་འགྱོད་པར་མི་འགྱུར་རོ། །བཙུན་པ་མཚུངས་ཞེས་བགྱི་བ་དེ་ནི་ཆོས་ཐམས་ཅད་ཐ་དད་པ་མ་མཆིས་པ་དང་། ནམ་མཁའ་དང་མཚུངས་པ་ཉིད་ཀྱི་ཚིག་བླ་དགས་ལགས་སོ། །སྨྲས་པ། བུ་མོ་ཅི་ཁྱོད་སོ་སོའི་སྐྱེ་བོ་རྣམས་དང་མཚུངས་སམ་འོན་ཏེ་འཕགས་པ་རྣམས་དང་མཚུངས། སྨྲས་པ། བཙུན་པ་བདག་ནི་སོ་སོའི་སྐྱེ་བོ་རྣམས་དང་མཚུངས་པ་ཡང་མ་ལགས། འཕགས་པ་རྣམས་དང་མཚུངས་པ་ཡང་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གལ་ཏེ་བདག་སོ་སོའི་སྐྱེ་བོ་རྣམས་དང་མཚུངས་ན་ནི་བདག་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དོན་མ་མཆིས་པར་འགྱུར་རོ། །ཇི་སྟེ་འཕགས་པ་རྣམས་དང་མཚུངས་ན་ནི་ཉན་ཐོས་རྣམས་དང་མཚུངས་པར་འགྱུར་ཏེ། དེ་ལྟ་ན་ནི་བདག་སངས་རྒྱས་ཀྱི་ཆོས་རྣམས་ལས་ ― DKG058_Page_0352 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡོངས་སུ་ཉམས་པར་འགྱུར་རོ། །སྨྲས་པ། བུ་མོ་གལ་ཏེ་ཁྱོད་སོ་སོའི་སྐྱེ་བོ་རྣམས་དང་ཡང་མི་མཚུངས་འཕགས་པ་རྣམས་དང་ཡང་མི་མཚུངས་ན། ཅི་ཁྱོད་སངས་རྒྱས་ཀྱི་ཆོས་རྣམས་དང་མཚུངས་སམ། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་བདག་ནི་ད་གཟོད་སངས་རྒྱས་ཀྱི་ཆོས་རྣམས་དང་མཚུངས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བདག་ནི་ཐོག་མ་ནས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་དང་མཚུངས་སོ། །སྨྲས་པ། བུ་མོ་གལ་ཏེ་ཁྱོད་སངས་རྒྱས་ཀྱི་ཆོས་རྣམས་དང་མཚུངས་ན། ཅི་སངས་རྒྱས་ཀྱི་ཆོས་དེ་དག་ཁྱོད་ལ་ཡོད་དམ། སྨྲས་པ། གནས་བརྟན་ཅི་སངས་རྒྱས་ཀྱི་ཆོས་སུ་གདགས་པ་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ཡུལ་ན་གནས་པའམ། ཕྱོགས་ན་གནས་པའམ། སྔོན་པོའམ། སེར་པོའམ། དམར་པོའམ། དཀར་པོའམ། བཙོད་ཀའམ། ཤེལ་གྱི་ཁ་དོག་གམ། དངུལ་གྱི་ཁ་དོག་ལྟ་བུ་ལགས་སམ། སྨྲས་པ། བུ་མོ་སངས་རྒྱས་ཀྱི་ཆོས་རྣམས་གདགས་པ་ནི་ཁ་དོག་དང་། དབྱིབས་ཀྱི་སྒོ་ནས་བསྟན་པར་མི་ནུས་སོ། །སྨྲས་པ། བཙུན་པ་གལ་ཏེ་སངས་རྒྱས་ཀྱི་ཆོས་རྣམས་གདགས་སུ་མ་མཆིས་པ་དང་། གདགས་སུ་མི་རུང་བ་ལགས་ན་ཅིའི་སླད་དུ་བདག་ལ་ཚོར་བར་མཛད། སྨྲས་པ། བུ་མོ་འོ་ན་སངས་རྒྱས་ཀྱི་ཆོས་གང་ལས་བཙལ་བར་བྱ། སྨྲས་པ། ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ལས་བཙལ་བར་བགྱིའོ། །སྨྲས་པ། ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ཀྱང་གང་ལས་བཙལ་བར་བྱ། སྨྲས་པ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ལས་བཙལ་བར་བགྱིའོ། །སྨྲས་པ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་གང་ལས་བཙལ་བར་བྱ། སྨྲས་པ། མཚམས་མེད་པ་ལྔ་ལས་བཙལ་བར་བགྱིའོ། །སྨྲས་པ། མཚམས་མེད་པ་ལྔ་ཡང་གང་ལས་བཙལ་བར་བྱ། སྨྲས་པ། གནས་བརྟན་འོད་སྲུང་ཆེན་པོའི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལས་བཙལ་བར་བགྱིའོ། །སྨྲས་པ། བུ་མོ་ཁྱོད་ཀྱི་གཏམ་འདི་འདྲ་ ― DKG058_Page_0353 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་དེ་ཇི་ལྟ་བུ་ཞིག ། སྨྲས་པ། བཙུན་པ་གཏམ་འདི་ནི་མ་བཅིངས་མ་གྲོལ་བའི་གཏམ་ལགས་སོ། །བླང་དུ་མ་མཆིས་ཤིང་དོར་དུ་མ་མཆིས་ཏེ་རང་བཞིན་གྱིས་ཡོངས་སུ་དག་པའི་གཏམ་ལགས་སོ། །ཆོས་ཐམས་ཅད་ཐ་དད་པ་མ་མཆིས་པའི་གཏམ་ལགས་སོ། །སྨྲས་པ། བུ་མོ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་དང་འཐུན་པ་མ་ཡིན་ནོ། །སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་དེ་ནི་མེད་དེ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་དང་འཐུན་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་བརྗོད་དུ་མ་མཆིས་པ་བསྙད་དུ་མ་མཆིས་པ་ལགས་པའི་སླད་དུའོ། །བཙུན་པ་འོད་སྲུང་ཆེན་པོ་བཤད་པའི་དངོས་པོ་གང་ལགས་པ་དེ་དག་ཐམས་ཅད་ནི་སྒྲས་རྣམ་པར་དབྱེ་བ་ལགས་ལ། བྱང་ཆུབ་གང་ལགས་པ་དེ་ནི་དོན་དམ་པར་སྒྲས་བརྡ་སྤྲད་པར་མི་ནུས་པ་ལགས་སོ། །བཙུན་པ་བྱང་ཆུབ་ཅེས་བགྱི་བ་འདི་ནི་ཉེ་བར་ཞི་བའི་གཞི་ལགས་སོ། །འདི་ནི་ཡི་གེ་མ་མཆིས་པའི་གཞི་ལགས་སོ། །འདི་ནི་ཇི་ལྟ་བ་བཞིན་གྱི་གཞི་ལགས་སོ། །འདི་ནི་གཞི་མ་མཆིས་པའི་གཞི་ལགས་སོ། །སྨྲས་པ། བུ་མོ་གལ་ཏེ་བྱང་ཆུབ་ཀྱི་མཚན་ཉིད་དེ་ལྟ་བུ་ཡིན་ན། དེ་ཇི་ལྟར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་ལུས་དང་སེམས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བྱང་ཆུབ་ནི་ལུས་དང་སེམས་ཀྱི་ངོ་བོ་ཉིད་ཁོ་ན་ལགས་ཏེ། ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ། །སྨྲས་པ། བུ་མོ་ཅི་ཁྱོད་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རམ། སྨྲས་པ། བདག་ཉིད་བྱང་ཆུབ་ལགས་ཏེ། བྱང་ཆུབ་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ལགས་སོ། །སྨྲས་པ། བུ་མོ་གལ་ཏེ་ཁྱོད་ཉིད་བྱང་ཆུབ་ཡིན་ན། ཅི་ཁྱོད་ཀྱི་འཁོར་ལོ་སྐོར་རམ། སྨྲས་པ། བདག་ནི་ཆོས་ཀྱི་འཁོར་ལོ་ ― DKG058_Page_0354 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྐོར་ལགས་སོ། །སྨྲས་པ། ཁྱོད་ཀྱི་ཆོས་ཀྱི་འཁོར་ལོ་སྐོར་བ་ཇི་ལྟ་བུ་ཞིག ། སྨྲས་པ། འཁོར་ལོ་དེ་ནི་རྟེན་ཐམས་ཅད་དང་བྲལ་བའི་སླད་དུ་མི་གཡོ་བ་ལགས་སོ། །འཁོར་ལོ་དེ་ནི་ཆོས་ཀྱི་དབྱིངས་ལ་གནས་པའི་ཚུལ་གྱིས་གནས་པ་མ་མཆིས་པ་ལགས་སོ། །འཁོར་ལོ་དེ་ནི་བྲལ་བ་མ་མཆིས་པའི་ཚུལ་གྱིས་དེ་བཞིན་ཉིད་ལགས་སོ། །འཁོར་ལོ་དེ་ནི་ཡང་དག་པའི་མཐའ་ལ་གནས་པས་མི་གནས་པ་ལགས་སོ། །འཁོར་ལོ་དེ་ནི་གནས་ཐམས་ཅད་ལས་བྱུང་བ་མ་ལགས་པས་གནས་མ་མཆིས་པ་ལགས་སོ། །འཁོར་ལོ་དེ་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བས་གཉིས་སུ་མ་མཆིས་པ་ལགས་སོ། །འཁོར་ལོ་དེ་ནི་གཅིག་དང་ཐ་དད་པ་མི་དམིགས་པས་ཐ་དད་པ་མ་ལགས་སོ། །འཁོར་ལོ་དེ་ནི་སྒྲ་དང་སྐད་དང་ཚིག་གི་ལམ་ཐམས་ཅད་རོ་གཅིག་པས་བརྗོད་དུ་མ་མཆིས་པ་ལགས་སོ། ། འཁོར་ལོ་དེ་ནི་ཤིན་ཏུ་ཀུན་ནས་ཉོན་མོངས་པ་ཅན་མ་ལགས་པས་རྣམ་པར་དག་པ་ལགས་སོ། །འཁོར་ལོ་དེ་ནི་ཆད་པ་དང་རྟག་པ་མི་དམིགས་པས་ཡོད་པ་ཡོངས་སུ་ཆད་པ་མ་ལགས་སོ། །འཁོར་ལོ་དེ་ནི་རྒྱུ་དང་རྐྱེན་ཤིན་ཏུ་བརྟགས་པས་འགལ་བ་མ་མཆིས་པ་ལགས་སོ། །འཁོར་ལོ་དེ་ནི་བདེན་པ་ལགས་སོ། །འཁོར་ལོ་དེ་ནི་མི་སྐྱེ་མི་འགག་པ་ལགས་སོ། །འཁོར་ལོ་དེ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལགས་སོ། །བཙུན་པ་འོད་སྲུང་ཆེན་པོ་འཁོར་ལོ་དེ་འདྲ་བ་གང་ལགས་པ་དེའི་བསྐོར་བ་ཅི་འདྲ་བ་ཞིག་ལགས། སྨྲས་པ། བུ་མོ་ཁྱོད་ཀྱི་བསྟན་པ་འདི་འདྲ་བ་ལགས་ན། ཁྱོད་ནི་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །སྨྲས་པ། གང་གི་ཚེ་གནས་བརྟན་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེའི་ཚེ། བདག་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས་སོ། །སྨྲས་པ། ཁོ་བོ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ནི་གནས་མེད་སྐབས་མེད་དོ། །སྨྲས་པ། དེ་དེ་ལྟ་ ― DKG058_Page_0355 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལགས་ཏེ། བྱང་ཆུབ་ནི་གནས་མ་མཆིས་པ་ལ་གནས་པ་སྟེ། དེ་ནི་སུས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ལགས་སོ། །བུ་མོ་དེས་བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་ལྔ་བརྒྱས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་བུ་མོ་དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བུ་མོ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ཆོས་བསྟན་པ་འདི་ལེགས་པར་སྨྲས་སོ།། །།བམ་པོ་དྲུག་པ། དེ་ནས་འཁོར་དེའི་ནང་ནས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། བུ་མོ་འདི་ཡུན་ཇི་སྲིད་ཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་སྙམ་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་གི་བསམ་པ་ཐུགས་སུ་ཆུད་ནས་དགེ་སློང་དེ་དག་ལ་བཀའ་སྩལ་པ། དགེ་སློང་དག་བུ་མོ་རིན་ཆེན་སྣ་ཚོགས་ཅན་འདི་ནི་བསྐལ་པ་གྲངས་མེད་པ་སུམ་བརྒྱ་ན་བསྐལ་པ་རྣམ་པར་སྦྱོང་བ་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་སྣང་བ་ཅན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་རྣམ་པར་གཟིགས་ཞེས་བྱ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་སྣང་བ་ཅན་དེ་ཡང་དེ་བཞིན་གཤེགས་པ་དེའི་འོད་ཀྱིས་རྟག་ཏུ་སྣང་བར་འགྱུར་རོ། །ཞབས་འབྲིང་བ་བྱང་ཆུབ་སེམས་དཔའ་ནི་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་སུ་འགྱུར་རོ། །དེའི་ཚེའི་ཚད་ནི་བར་གྱི་བསྐལ་པ་བཅུར་འགྱུར་རོ། །དེ་ནས་ཀླུའི་བུ་མོ་ཁྲི་པོ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ་དེ་བཞིན་གཤེགས་པ་ཀུན་ཏུ་རྣམ་པར་གཟིགས་དེས་བྱང་ཆུབ་བརྙེས་པ་དེའི་ཚེ། བདག་ཅག་འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་གྱུར་ཅིག་ཅེས་གསོལ་ནས། དེ་དག་ཀྱང་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་ལུང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷ་ ― DKG058_Page_0356 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདི་དག་ནི་ལྷ་མ་ཡིན་གྱིས་འཇིགས་པས་རྟག་ཏུ་སྐྲག་བཞིན་དུ་གནས་ལ། ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པ་ན་ཡང་ཕན་ཚུན་རྩོད་ཅིང་འགྱེད་པར་བགྱིད་དེ། དེ་བས་ན་བཅོམ་ལྡན་འདས། དེ་བཞིན་གཤེགས་པས་ཅི་ནས་སེམས་ཅན་ཐམས་ཅད་སེམས་འཐུན་པར་འགྱུར་བ་དེ་ལྟ་བུར་ཆོས་བསྟན་ན་ལེགས་སོ་ལེགས་སོ། ། འཁོར་འདིར་ལྷ་དང་ལྷ་མ་ཡིན་འདུས་པ་འདི་དག་ཐམས་ཅད་ཀྱང་། ཅི་ནས་གཅིག་ལ་གཅིག་འཐུན་པར་བགྱིད་པ་དང་། བྱམས་པར་སེམས་པ་དང་། ཕན་པར་སེམས་པ་དང་། གནོད་པར་སེམས་པར་མི་འགྱུར་བ་དེ་ལྟ་བུར་སེམས་དད་པར་བཅོམ་ལྡན་འདས་ཀྱིས་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང་། ལྷ་མ་ཡིན་གྱི་དབང་པོ་བདེ་མཆོག་དང་། ཐགས་ཟངས་རིས་དང་། ལག་བཟངས་དང་། སིམ་བྱེད་རྣམས་ལ་བཀའ་སྩལ་པ། གྲོགས་པོ་དག་བྱམས་པ་ནི་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་སོ། །བྱམས་པའི་རྗེས་སུ་འཇུག་པའི་སྐྱེས་བུ་གང་ཟག་གིས་ནི་ཚེ་འདི་དང་། ཚེ་ཕྱི་མའི་དོན་ཐོབ་པར་འགྱུར་རོ། །གྲོགས་པོ་དག་ཚེ་འདི་ནི་ཡུན་ཐུང་ངོ་། །ཚེ་ཕྱི་མར་ནི་འགྲོ་དགོས་སོ། །འབྱོར་པ་ཐམས་ཅད་ཀྱི་མཐའ་ནི་རྒུད་པའོ། །རྒྱལ་པོའི་ལོངས་སྤྱོད་དང་དབང་ཕྱུག་རྣམས་ནི་མི་རྟག་གིས་ཁྱེད་ལྷན་ཅིག་འཐུན་པ་དང་གནོད་སེམས་མེད་པ་དང་། འཇིག་རྟེན་ཕ་རོལ་ལ་ལྟ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པས་གནས་པར་གྱིས་ཤིག ། བཅོམ་ལྡན་འདས་ཀྱིས་དེ་ལྟར་ཅི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་། ལྷ་མ་ཡིན་དེ་དག་འཐུན་པར་གནས་པར་འགྱུར་བ་དེ་ལྟ་བུའི་སྐྱོ་བའི་གཏམ་མཛད་དོ། །དེ་ནས་ཚིག་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་དེང་སླན་ཆད་མཉེན་པའི་ཚུལ་དུ་བགྱིད་ཅིང་གཅིག་ལ་གཅིག་བྱམས་པའི་སེམས་དང་གནོད་སེམས་མ་མཆིས་པས་གནས་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་ལེགས་སོ་ལེགས་སོ། །བྱམས་པའི་རྣམ་པའི་སེམས་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ ― DKG058_Page_0357 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཆོད་པའི་མཆོག་ཡིན་ནོ། །རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་རྣམས་ཀྱིས་མཆོད་པས་ནི་འདི་ལྟ་སྟེ། བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་དེ་མཆོག་ཡིན་ཏེ། ངས་དེ་ལས་དགོངས་ནས་དེ་སྐད་བསྟན་ཏོ། །གྲོགས་པོ་དག་གཞན་ཡང་བཞི་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཁྱད་པར་དུ་འཕགས་པ་ཡིན་ཏེ། བཞི་གང་ཞེ་ན། བསླབ་པ་ལས་འགལ་བར་མི་བྱེད་པ་དང་། བྱམས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་དང་། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་དང་། ཇི་ལྟར་ཐོས་པའི་ཆོས་ལ་སོ་སོར་རྟོག་པའི་ཆོས་ཀྱི་ནན་ཏན་ཏེ། བཞི་པོ་དེ་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཁྱད་པར་དུ་འཕགས་པའོ། །བསྟན་པ་འདི་ཐོས་ནས་ལྷའི་འཁོར་དང་ལྷ་མ་ཡིན་གྱི་འཁོར་དེ་དག་གི་ནང་ནས་བཞི་ཁྲིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་དབུགས་ཅན་དང་། ཀླུའི་རྒྱལ་པོ་དབུགས་ཅན་ཆེན་པོ་དང་། འཇོག་པོ་དང་། ཁ་དོག་མཐའ་ཡས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོ་འདིའི་ནང་ན་ཀླུའི་རིགས་ཚད་མ་མཆིས་པ་ལས་ཀྱི་རྣམ་པར་སྨིན་པ་སྣ་ཚོགས་ལས་སྐྱེས་པ་དག་མཆིས་ཏེ། དེ་ལ་ཁ་ཅིག་ནི་དབང་ཆེར་གྲགས་པ་ལགས། ཁ་ཅིག་ནི་ལུས་ཉམ་ཆུང་ཞིང་ཆུང་བར་གྲགས་ལ་ལུས་ཆུང་བ་དག་ཀྱང་མཆིས་ཏེ། བཅོམ་ལྡན་འདས་བྱའི་རྒྱལ་པོ་ནམ་མཁའ་ལྡིང་བཞི་དེར་བབས་ནས་ཀླུ་གཞོན་ནུ་དང་། ཀླུའི་བུ་མོ་ལུས་ཉམ་ཆུང་བ་རྣམས་བཏོན་ཏེ་འཚལ་བར་བགྱིད་ལ། རྒྱ་མཚོའི་ནང་གི་ཀླུའི་རིགས་ཐམས་ཅད་ཀྱང་སྐྲག་པར་བགྱིད་ལགས་ན། ཅི་ནས་རྒྱ་མཚོ་ཆེན་པོའི་ཀླུ་དེ་དག་ཐམས་ཅད་ཀྱང་འཇིགས་པ་མ་མཆིས་པ་དང་། སྐྲག་པ་མ་མཆིས་པར་གནས་པར་འགྱུར་བ་དེ་ལྟ་བུར་བཅོམ་ལྡན་འདས་ཀྱིས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་མཛད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རས་ཕྲག་ཟར་ཕྲག་པ་ལས་ཕབ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་ ― DKG058_Page_0358 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་བཀའ་སྩལ་པ། ཀྱེ་ཀླུའི་བདག་པོ་རས་ཕྲག་ཟར་འདི་ལོང་ལ། ཀླུའི་རིགས་ཐམས་ཅད་དང་། ཀླུའི་གནས་ཐམས་ཅད་དུ་དུམ་བུ་དུམ་བུར་གཤེགས་ཏེ་བྱིན་ཅིག་དང་། ཇི་སྲིད་དུ་རས་ཕྲག་ཟར་འདི་ལས་ཐ་ན་ཉག་མ་གཅིག་ཙམ་གནས་པ་དེ་སྲིད་དུ། ཡང་རྒྱ་མཚོ་ཆེན་པོར་ནམ་མཁའ་ལྡིང་ཐམས་ཅད་རྒྱུ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་དེ་བཞིན་གཤེགས་པ་ཚུལ་ཁྲིམས་དང་ལྡན་པའི་མཆོག་གི་ཐུགས་ཀྱིས་སྨོན་པ་ནི་འགྲུབ་པའི་ཕྱིར་རོ། །དེ་ནས་ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་རས་ཕྲག་ཟར་འདི་ལྟར་ཆུང་བ་འདི་རྒྱ་མཚོ་ཆེན་པོའི་ཀླུ་ཐམས་ཅད་ཀྱིས་ཇི་ལྟར་ཐོབ་པར་འགྱུར་སྙམ་སྟེ་ཞུམ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་དེ་རྣམས་ཀྱི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་པ། ཀླུའི་བདག་པོ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས་རས་ཕྲག་ཟར་འདི་ལས་དུམ་བུ་དུམ་བུར་ཁྱེར་དུ་ཟིན་ཀྱང་རས་ཕྲག་ཟར་འདི་ཡོངས་སུ་ཟད་པར་མི་འགྱུར་ཏེ། དེ་དག་གིས་གོས་ཇི་ཙམ་གྱི་ཚད་དུ་འགྱུར་བར་འདོད་ན་ཡང་དེ་ལས་དེ་དག་གི་གོས་དེ་ཙམ་དུ་འགྱུར་ཏེ། ཀླུའི་བདག་པོ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ནི་དེ་ལྟར་བསམ་གྱིས་མི་ཁྱབ་བོ། །དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་རས་ཕྲག་ཟར་དེ་བླངས་ཏེ། དུམ་བུ་འབུམ་ཕྲག་དུ་མར་བྱས་ནས་ཀླུ་ཐམས་ཅད་དང་ཀླུ་གཞོན་ནུ་ཐམས་ཅད་ལ་སོ་སོར་བྱིན་ནོ། །དེར་སུ་ཇི་ཙམ་དུ་འདོད་པ་དེ་ལ་དེ་ཙམ་གྱི་གོས་སུ་མངོན་པར་འགྲུབ་པར་འགྱུར་ཏེ། ཡངས་ཤིང་རྒྱ་ཆེ་བར་འགྱུར་ལ། རས་ཕྲག་ཟར་དེ་ཡང་ཡོངས་སུ་ཟད་པར་མི་འགྱུར་རོ། །དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་ལ་སྨྲས་པ། གྲོགས་པོ་དག་རས་ཕྲག་ཟར་དེ་ལ་སྟོན་པའི་འདུ་ཤེས་དང་། མཆོད་རྟེན་གྱི་འདུ་ཤེས་སྐྱེད་ཅིག ། དེ་ཅིའི་ཕྱིར་ཞེ་ན། རས་ཕྲག་ཟར་འདི་ནི་དེ་བཞིན་གཤེགས་པས་ལོངས་སྤྱད་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་པ་ ― DKG058_Page_0359 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡིན་ནོ། །གྲོགས་པོ་དག་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་གང་ཡིན་པ་དང་། རས་ཕྲག་ཟར་འདི་ལ་མཆོད་པ་བྱེད་པ་གང་ཡིན་པ་དེ་ལ་ནི་བྱེ་བྲག་ཏུ་བྱ་བའམ། ཐ་དད་དུ་བྱ་བ་ཅུང་ཟད་ཀྱང་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཀླུའི་བདག་པོ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་ཏེ། རས་ཕྲག་ཟར་དེ་ལ་མཆོད་པ་བྱེད་པ་གང་ཡིན་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པ་ཡིན་ནོ། །ཀླུའི་བདག་པོ་ཀླུ་དང་། ཀླུ་གཞོན་ནུ་དང་། ཀླུའི་བུ་མོ་ཇི་སྙེད་ཀྱིས་རས་ཕྲག་ཟར་དེ་ལས་དུམ་བུ་དུམ་བུར་ཁྱེར་བ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་དག་ཐམས་ཅད་ནི་བསྐལ་པ་བཟང་པོ་འདི་ཁོ་ན་ལ་ཡོངས་སུ་མྱ་ངན་ལས་འདའ་བར་ངས་ལུང་བསྟན་ཏེ། ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ནི་མ་གཏོགས་སོ། །ཀླུའི་བདག་པོ་དེ་བཞིན་གཤེགས་པ་ནི་དེ་ལྟར་འཇིག་རྟེན་ན་ཡོན་གནས་ཡིན་ཏེ། དེ་ལ་སེམས་གཅིག་བསྐྱེད་པ་ཙམ་ཡང་ཆུད་ཟ་བར་མི་འགྱུར་རོ། །དེ་ནས་རྒྱ་མཚོ་ཆེན་པོའི་ནང་ན་ཀླུ་དང་། ཀླུ་གཞོན་ནུ་དང་། ཀླུའི་བུ་མོ་ཇི་སྙེད་གནས་པ་དེ་དག་ཐམས་ཅད་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་ཚིག་འདི་སྐད་ཅེས་ཀྱང་སྨྲས་སོ། །དེ་བཞིན་གཤེགས་པ་ནི་གཉིས་སུ་མི་གསུང་བའོ། །དེ་བཞིན་གཤེགས་པ་ནི་བདེན་པ་གསུང་བའོ། །ཡང་དག་པར་གསུང་བའོ། །ཕྱིན་ཅི་མ་ལོག་པར་གསུང་བ་སྟེ། དེས་བདག་ཅག་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་ལུང་བསྟན་ཏོ། །བཅོམ་ལྡན་འདས་བདག་ཅག་ནི་སངས་རྒྱས་དང་ཆོས་དང་། དགེ་སློང་གི་དགེ་འདུན་ལ་ཤིན་ཏུ་སྐྱབས་སུ་མཆིའོ། །བསླབ་པའི་གཞི་རྣམས་ཀྱང་གཟུང་བར་འཚལ་ལོ། །དེ་བཞིན་གཤེགས་པ་ལ་ཡང་བཀའ་དྲིན་དུ་གཟོ་བར་འཚལ་ཏེ། དེ་བཞིན་ ― DKG058_Page_0360 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཤེགས་པ་བཞུགས་པ་ན་ཡང་བལྟ་བ་དང་། ཕྱག་འཚལ་བ་དང་བསྙེན་བཀུར་བགྱི་བ་དང་། ཆོས་མཉན་པའི་སླད་དུ་རྒྱུན་མི་འཆད་པར་ཐད་དུ་མཆིའོ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ན་ཡང་སྐུ་གདུང་འཆང་བ་རྣམས་ལ་མཆོད་པ་བགྱིའོ། །བཀུར་སྟི་དང་། རིམ་གྲོ་ཐམས་ཅད་ཀྱང་བགྱིའོ། །ཀླུ་ཡོངས་སུ་བསྐྱབ་པ་ཞེས་བྱ་བའི་ལེའུ་སྟེ་བདུན་པའོ།། །། བརྒྱད་པ། ཀླུའི་རྒྱལ་པོ་རྒྱ་མཚོ་ལུང་བསྟན་པའི་ལེའུ།― DKG058_Page_0360 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནས་བྱའི་རྒྱལ་པོ་ནམ་མཁའ་ལྡིང་བཞིས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་འདི་ཐོས་ནས་མི་དགའ་ཞིང་། རིངས་པའི་ཚུལ་གྱིས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བདག་ཅག་གི་འཚལ་མ་བཀུམ་སྟེ་ཅི་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་ཟས་བཞི་པོ་འདི་དག་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར་བ་ཡིན་ཏེ། བཞི་གང་ཞེ་ན། གྲོགས་པོ་དག་ཟས་གང་སྲོག་ཆགས་གཞན་བསད་པ་དང་། སྲོག་ཆགས་གཞན་ལ་རྣམ་པར་འཚེ་བ་དང་། གཞན་གྱི་སྲོག་བཅད་པས་འཚོ་བ་འདི་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར་བའི་ཟས་དང་པོའོ། །གྲོགས་པོ་དག་གཞན་ཡང་ཟས་གང་མ་བྱིན་པར་ལེན་ཅིང་འཕྲོག་པ་དང་། གཞན་གྱི་ལོངས་སྤྱོད་འཇིག་པར་བྱེད་པ་དང་། དབྱུག་པ་དང་། རལ་གྲི་དང་། མཚོན་ཆ་དང་། ལག་ཆས་འཚོག་པ་འདི་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར་བའི་ཟས་གཉིས་པའོ། །གྲོགས་པོ་དག་གཞན་ཡང་ཟས་གང་ཚུལ་འཆོས་པ་དང་། ཁ་གསག་དང་། ཕ་རོལ་ལ་གནོད་པ་བྱེད་པ་དང་། སྤྱོད་ལམ་ཡང་དག་པར་སྟོན་པ་དང་། ཆོ་ག་ཉམས་ ― DKG058_Page_0361 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་དང་། ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། འཚོ་བ་ཉམས་པ་དང་། ལོག་པ་དང་། ཡང་དག་པ་མ་ཡིན་པའི་ཡོན་ཏན་གྱིས་འཚོ་བ་འདི་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའི་ཟས་གསུམ་པའོ། །གྲོགས་པོ་དག་གཞན་ཡང་ཟས་གང་སྟོན་པ་མ་ཡིན་པ་ལ་སྟོན་པར་ཁས་འཆེ་བ་དང་། ཡང་དག་པར་སོང་བ་མ་ཡིན་པ་ལ་ཡང་དག་པར་སོང་བར་ཁས་འཆེ་བ་དང་། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ་དང་། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བས་འཚོ་བ་འདི་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར་བའི་ཟས་བཞི་པ་སྟེ། གྲོགས་པོ་དག་ང་ནི་ཟས་བཞི་པོ་འདི་དག་ཡང་དག་པར་གཅད་པའི་ཕྱིར་ཆོས་སྟོན་ཏེ། གྲོགས་པོ་དག་ལུས་གསོ་བའི་ཕྱིར་གཞན་གྱི་སྲོག་གཅད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ལ་ནི་སྲོག་གཅེས་ཤིང་ཕངས་པའི་ཕྱིར་ཏེ། གྲོགས་པོ་དག་དེ་ལྟ་བས་ན་བདག་ཉིད་བསྲུང་བའི་ཕྱིར་དང་། འཇིག་རྟེན་ཕ་རོལ་བསྲུང་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་ལ་བདེ་བ་སྦྱིན་པའི་ཕྱིར་མཁས་པས་སྲོག་གི་ཕྱིར་ཡང་གཞན་གྱི་སྲོག་མི་གཅོད་ཅིང་། བྱ་བ་མ་ཡིན་པ་ཐམས་ཅད་མི་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྱའི་རྒྱལ་པོ་ནམ་མཁའ་ལྡིང་བཞི་གཡོག་ས་ཡ་ས་ཡ་དང་ལྡན་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་དེ་བཞིན་གཤེགས་པ་དང་། ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིའོ། །སྔོན་སྡིག་པའི་ལས་བགྱིས་པ་ཡང་སོ་སོར་བཤགས་སོ། །སླན་ཆད་ཀྱང་སྡོམ་པར་འཚལ་ལོ། །ཀླུའི་རིགས་ཐམས་ཅད་ལ་ཡང་མི་འཇིགས་པ་སྩལ་ཏོ། །བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ཡུན་ཇི་སྲིད་གནས་པ་དེ་སྲིད་དུ་ཡང་རྟག་ཏུ་རྒྱུན་མི་ཆད་པར་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ལ་བརྩོན་པར་བགྱིའོ། ། ― DKG058_Page_0362 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནས་བཅོམ་ལྡན་འདས་ཀྱིས་བྱའི་རྒྱལ་པོ་ནམ་མཁའ་ལྡིང་བཞི་པོ་དེ་དག་ལ་བཀའ་སྩལ་པ། གྲོགས་པོ་དག་ཁྱེད་ནི་དེ་བཞིན་གཤེགས་པ་གསེར་ཐུབ་ཀྱི་གསུང་རབ་ལ། དགེ་སློང་བཞིར་གྱུར་ཏེ། དགའ་བྱེད་དང་། དགའ་བྱེད་ཆེན་པོ་དང་། བླ་མ་དང་། བླ་མའི་བཤེས་གཉེན་ཞེས་བྱ་བར་གྱུར་ཏོ། །དགེ་སློང་བཞི་པོ་དེ་དག་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པའི་རྒྱགས་པས་མྱོས་ཤིང་མཛའ་བཤེས་ཀྱི་ཁྱིམ་དང་། སློངས་མོ་སྟེར་བའི་ཁྱིམ་གྱི་རྒྱགས་པས་མྱོས་ལ་བདག་ཉིད་ནི་ཚུལ་ཁྲིམས་དང་། ཆོ་ག་དང་། ལྟ་བ་ཉམས་པས། ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་རྣམས་ལ་ནི་འཁྲུག་པ་དང་། གནོད་པ་བྱས་ཏེ། ལུས་དང་ངག་དང་། ཡིད་མ་བསྡམས་ཤིང་སྡིག་པ་མང་པོ་བྱས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་གསེར་ཐུབ་དེ་ལ་ཡང་དེ་དག་གིས་མཆོད་པ་མང་པོ་བྱས་སོ། །དེས་ན་ཁྱེད་སེམས་ཅན་དམྱལ་བར་མ་སོང་སྟེ། དུད་འགྲོའི་སྐྱེ་གནས་འདིར་སྐྱེས་ནས་འདི་ལྟར་སྡོམ་པས་མ་བསྡམས་པའི་ཕྱིར། ཁྱོད་ཀྱིས་སྲོག་གཅོད་པ་མང་དུ་བྱས་ཤིང་སྡིག་པའི་ལས་མང་དུ་བྱས་ལ། མང་པོ་དག་ཀྱང་འཇིགས་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་བྱའི་རྒྱལ་པོ་ནམ་མཁའ་ལྡིང་བཞི་པོ་དེ་དག་གིས་ཅི་ནས་ཚེ་རབས་དྲན་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་གསེར་ཐུབ་དེ་དང་དེར་དགེ་སྦྱོང་དུ་གྱུར་ནས་ལས་མངོན་པར་འདུ་བྱེད་པ། མངོན་པར་འདུས་བྱས་པ་དེ་དག་ཐམས་ཅད་རྗེས་སུ་དྲན་པར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་མཛད་དོ། །དེ་དག་གིས་ཀྱང་མངོན་སུམ་དུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ནི་དམུ་རྒོད་གདུལ་དཀའ་ཞིང་བསྲུང་དཀའ་བ་ལགས་ཏེ་དེར་བདག་ཅག་གིས་སེམས་བརྐམ་ཆགས་ཅན་དུ་གྱུར་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་ཐུབ་དེ་མ་མཉེས་པར་བགྱིས་ལགས་སོ། །བཅོམ་ལྡན་འདས་བདག་ཅག་གིས། ད་སླན་ཆད་རང་གི་སྲོག་ཀྱང་ཡོངས་སུ་གཏང་བར་འཚལ་གྱིས་སྡིག་ ― DKG058_Page_0363 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་ལས་ནི་མི་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་དེ་དག་ཆོས་ཀྱི་གཏམ་གྱིས་དགའ་བ་བསྐྱེད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོགས་པོ་དག་ཁྱེད་དེ་བཞིན་གཤེགས་པ་བྱམས་པའི་འདུས་པ་དང་པོའི་གྲངས་སུ་གཏོགས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱ་མཚོ་ཆེན་པོར་སེམས་ཅན་གྱི་དོན་ཇི་སྙེད་བྱ་དགོས་པ་དེ་དག་ཐམས་ཅད་མཛད་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་པ། ཀླུའི་བདག་པོ་ཚུར་ཤོག ། ད་རང་མལ་ཆ་དང་སྟན་རྣམས་སྡུས་ཤིག ། ད་ནི་རང་གི་གནས་སུ་འགྲོའོ། །དེ་ནས་བཅོམ་ལྡན་འདས་ཞབས་འབྲིང་བ་དང་བཅས་པར་གདན་དེ་ལས་བཞེངས་ནས་རྒྱ་མཚོ་ཆེན་པོའི་ནང་ནས་ཕྱིར་ཡང་རིན་པོ་ཆེའི་ཐེམ་སྐས་རྣམས་ལས་བཀོད་པ་ཆེན་པོ་དང་། མཆོད་པ་ཆེན་པོ་དང་། སངས་རྒྱས་ཀྱི་ཆེ་བ་ཉིད་ཆེན་པོས་གཤེགས་ནས། མགུར་བསལ་ཏེ། རྒྱ་མཚོའི་འགྲམ་དུ་གཞེས་སོ། །དེ་ནས་རྒྱ་མཚོ་ཆེན་པོའི་ལྷ་མོ་འོད་ལྡན་མས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་པ། སུམ་ཅུ་རྩ་གཉིས་མཚན་མངའ་ལྷ་དང་མིས་མཆོད་པ། །ལྷ་མིན་དབང་པོས་བསྙེན་བཀུར་མི་མཆོག་དེང་ཕྱག་འཚལ། །པད་མ་ལྟ་བུའི་སྤྱན་མངའ་ཞལ་རས་ཟླ་བ་འདྲ། །དགེ་བའི་ཆོས་ཀྱིས་འཕགས་པ་བདེ་སྦྱིན་དེང་ཕྱག་འཚལ། །གཟུགས་མཆོག་སྟོན་པ་བསོད་ནམས་བརྒྱ་ཡི་མཚན་དང་ལྡན། །ཡོན་ཏན་ཡེ་ཤེས་འཕགས་པ་རྣམ་འདྲེན་དེང་ཕྱག་འཚལ། །སྦྱིན་དང་དུལ་བས་འཕགས་པ་ཚུལ་ཁྲིམས་བཟང་པོ་བསྩོགས། །བཟོད་པའི་སྟོབས་ཀྱིས་འཕགས་པ་མི་མཆོག་དེང་ཕྱག་འཚལ། །བརྩོན་འགྲུས་སྟོབས་ཀྱིས་བྱུང་བ་བསམ་གཏན་བློ་གྲོས་སྦྱངས། །ཤེས་རབ་མཁའ་མཚུངས་ཁྱོད་ལ་དེ་རིང་མགོས་ཕྱག་འཚལ། །བྱམས་པས་སྙོམས་པའི་ཐུགས་ལྡན་ཐུགས་རྗེས་འགྲོ་ལ་གཟིགས། །འདྲེན་པ་ཐུགས་དགྱེས་རྟག་ཏུ་བཏང་སྙོམས་ཕ་རོལ་གཤེགས། །ཀ་ལ་པིང་ཀ་ལྟ་བུར་གསུང་སྙན་ཚངས་སྐད་སྟོན། །གསུང་སྙན་སྟོན་པ་ཁྱོད་ལ་དེ་རིང་ ― DKG058_Page_0364 ―
[མ་དཔེ་གཟིགས་ན་འདིར་གནོན།]
མགོས་ཕྱག་འཚལ། །བདུད་དཔུང་འཇོམས་པ་བདུད་སྟོབས་ངེས་པར་འཇོམས་མཛད་པ། །བྱང་ཆུབ་བརྟུལ་ཞུགས་སྒྲུབ་པ་སྲིད་གསུམ་སྲིད་པས་མཆོད། །དྲི་གསུམ་དྲི་མ་སྦྱོང་བ་རྣམ་ཐར་གསུམ་སྟོན་པ། །འཇིག་རྟེན་གསུམ་གྲགས་ཁྱོད་ལ་དེ་རིང་མགོས་ཕྱག་འཚལ། །བདེན་པའི་བརྟུལ་ཞུགས་བཟང་རྟོགས་རྟག་ཏུ་ཆོས་ཀྱིས་འཕགས། །རྟག་ཏུ་དགོན་པ་སྤྱོད་ཡུལ་རྟག་ཏུ་ཡེ་ཤེས་སྦྱོང་། །ཉོན་མོངས་དགྲ་འཇོམས་གཟི་བརྗིད་ལྷག་པར་གཟི་བསྐྱེད་པ། །པད་མ་ལྟ་བུའི་སྤྱན་མངའ་དེང་ཁྱོད་མགོས་ཕྱག་འཚལ། །ལྷུན་པོའི་རྩེ་འདྲ་དགོངས་པ་རྡོ་རྗེ་ལྟ་བུར་བརྟན། །དགོངས་པ་ས་འདྲ་ཡོན་ཏན་རྒྱ་མཚོ་ཕྱག་འཚལ་ལོ། །འགྲོ་ལ་སྟོང་པ་སྟོན་པ་ཞི་གནས་ཕ་རོལ་ཕྱིན། །རབ་ཏུ་ཞི་བའི་ཐུགས་ལྡན་ཁྱོད་ལ་སྐྱབས་སུ་མཆི། །བདུད་རྩི་དམ་པ་སྟོན་པ་འགྲོ་མིན་འགྲོ་བ་གཅོད། །ལྷ་དང་མིས་མཆོད་ཁྱོད་ལ་དེ་རིང་མགོས་ཕྱག་འཚལ། །ས་སྟེང་ལྷ་ཡུལ་གྲགས་པ་སྙན་དང་གྲགས་པ་འཕགས། །ཡོན་ཏན་རྒྱ་ཆེན་མི་ཟད་ཡོན་ཏན་འབྱུང་གནས་འདུད། །ཇི་སྐད་གསུངས་བཞིན་མཛད་ཅིང་ཇི་སྐད་མཛད་བཞིན་གསུང་། །ཇི་སྐད་སྤྱོད་བཞིན་སྐུལ་བ་དེང་ཁྱོད་མགོས་ཕྱག་འཚལ། །རྒ་ཤི་གྲོལ་མཛད་སྨན་པ་འགྲོ་བས་བསྙེན་བཀུར་བ། །ཐར་པའི་ལམ་སྟོན་ཁྱོད་ལ་དེ་རིང་མགོས་ཕྱག་འཚལ། །རྒྱུ་ཡི་བྱེད་པ་རབ་སྟོན་ལྟ་བའི་མུན་པ་སེལ། །ལམ་མཆོག་སྟོན་པ་རྒྱལ་བ་ཁྱོད་ལ་སྐྱབས་སུ་མཆི། །རིན་ཆེན་སྦྱིན་པ་གཅིག་པུ་ཆོས་ཀྱི་དགའ་བ་གསུང་། །ས་འདྲའི་ཐུགས་ལྡན་ཁྱོད་ལ་བདག་ནི་སྐྱབས་སུ་མཆི། །འདྲེན་པ་ཡོན་ཏན་རྒྱ་མཚོ་ཡོན་ཏན་ལས་བསྟོད་པའི། །བདག་གིས་བསོད་ནམས་གང་ལགས་དེས་ནི་ཁྱོད་འདྲར་ཤོག ། དེ་ནས་རྒྱ་མཚོ་ཆེན་པོའི་ལྷ་མོ་འོད་ལྡན་མས་བཅོམ་ལྡན་འདས་ལ་དེ་སྐད་བསྟོད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་སླར་བྱུང་སྟེ་གཤེགས་པས་ད་ནི་རྒྱ་མཚོ་ཆེན་པོ་མི་མཛེས་པ་ལགས་ན། ཅི་ནས་བདག་རྒྱ་མཚོ་མཛེས་པར་བགྱིད་པ་དེ་ལྟ་བུར་བཅོམ་ལྡན་ ― DKG058_Page_0365 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདས་ཀྱིས་རྗེས་སུ་བསྟན་ན་ལེགས་སོ་ལེགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱ་མཚོ་ཆེན་པོའི་ལྷ་མོ་འོད་ལྡན་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་ལྡན་མ་ཆོས་བཅུ་པོ་འདི་དག་ནི་རྒྱན་དུ་འགྱུར་བ་ཡིན་ཏེ། བཅུ་གང་ཞེ་ན་འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱམས་པའི་རྗེས་སུ་འཇུག་པའི་སེམས་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་ལ་རྣམ་པར་མི་འཚེ་བར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་ལ་གནས་པ་དང་། བསམ་པའི་སྦྱོར་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་སེམས་བསྐྱེད་པ་དགའ་བར་གནས་པ་དང་། སྦྱིན་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། རྣམ་པ་སྣ་ཚོགས་ཀྱི་རྒྱན་གྱི་སྨོན་ལམ་ལ་བརྩོན་འགྲུས་བརྟན་པ་དང་། དགེ་བའི་རྩ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དྲན་པ་དང་། ཤེས་བཞིན་དུ་གནས་པ་དང་། སྔོན་གྱི་དགེ་བ་ཆུད་མི་ཟ་བའི་ཕྱིར་དང་། ཤེས་རབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་དང་ལྡན་ཞིང་ཆོས་འདོད་པ་དང་། ཕན་པའི་དངོས་པོས་སེམས་ཅན་ཐམས་ཅད་ལ་ཡོན་ཏན་ཐམས་ཅད་སྐྱེད་པ་དང་། གཉིས་སུ་མེད་པས་གོང་དུ་ཁྱད་པར་རྟོགས་པ་དང་། སངས་རྒྱས་ཀྱི་ཐུགས་སུ་ཆུད་པ་ལ་ཡང་དག་པར་གཞོལ་བས་སངས་རྒྱས་རྗེས་སུ་དྲན་པ་འཐོབ་པ་སྟེ། འོད་ལྡན་མ་ཆོས་བཅུ་པོ་དེ་དག་ནི་རྒྱན་དུ་འགྱུར་བ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། རྒྱ་མཚོ་ཆེན་པོའི་ལྷ་མོ་འོད་ལྡན་མ་ལྷ་མོ་ཁྲི་དང་ལྷན་ཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོའི་རྒྱན་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྒྱན་ལགས་ན། རྒྱ་མཚོ་ཆེན་པོ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། བྱང་ཆུབ་ཀྱི་སེམས་དེ་ནི་སངས་ ― DKG058_Page_0366 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱས་ཀྱི་ཞིང་ཐམས་ཅད་བརྒྱན་པའི་སླད་དུ་བདག་ཅག་གིས་བསྐྱེད་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཞུགས་ཀྱང་རུང་། ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། བདག་ནི་རྒྱ་མཚོ་ཆེན་པོའི་ནང་ན་གནས་བཞིན་དུ་དམ་པའི་ཆོས་ཡོངས་སུ་བསྲུང་བའི་སླད་དུ་རྟག་ཏུ་བརྩོན་པ་ཁོ་ནར་འཚལ་ལོ། །བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པ་ན་ཡང་བཀོད་པ་ཐམས་ཅད་ཉེ་བར་བསྟན་པར་འཚལ་ལོ། །ཆོས་ཀྱི་འབེལ་བའི་གཏམ་མཛད་པ་ན་ཡང་འཁོར་གྱི་ཁྱམས་ཀྱི་བཀོད་པ་སྒྲུབ་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་ལྡན་མ་འདི་ལྟར་ཁྱོད་ཀྱིས་ནི་སངས་རྒྱས་ཁྲི་ལ་མཆོད་པ་བྱས་སོ། །འཁོར་གྱི་ཁྱམས་ཀྱི་བཀོད་པ་ཡང་བསྟན་ཏོ། །དམ་པའི་ཆོས་ཀྱང་ཡོངས་སུ་བསྲུངས་སོ། །འོད་ལྡན་མ་ཁྱོད་ནི་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་མཆོད་པ་བྱེད་པར་འགྱུར་རོ། །དམ་པའི་ཆོས་ཀྱང་ཡོངས་སུ་བསྲུང་བར་འགྱུར་རོ། །ཁྱོད་ནི་བསྐལ་པ་བཟང་པོ་འདི་འདས་པའི་འོག་ཏུ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བར་སྐྱེ་བར་འགྱུར་ཏེ། བུད་མེད་ཀྱི་དངོས་པོ་བརྗེས་ནས་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །ཁྱོད་ནི་དེ་བཞིན་གཤེགས་པ་མི་འཁྲུགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ། །དེ་ནས་རྒྱ་མཚོ་ཆེན་པོའི་ལྷ་མོ་འོད་ལྡན་མས་བཅོམ་ལྡན་འདས་ལས་བདག་ཉིད་ཀྱི་ལུང་བསྟན་པ་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། རྒྱ་མཚོ་ཆེན་པོའི་རིན་པོ་ཆེ་དང་། རིན་ཐང་མཉམ་པའི་རིན་པོ་ཆེའི་ཕྲེང་བ་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ནས་སོར་མོ་བཅུའི་ཐལ་མོ་སྦྱར་ཏེ། དེའི་ཚེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བདག་ནི་ཐུབ་པ་ཡེ་ཤེས་ཡོན་ཏན་ཀུན་གྱི་འབྱུང་གནས་དེ་ཡིས་ལུང་བསྟན་ཏེ། །བདག་ནི་འདྲེན་པར་འགྱུར་བ་དག་ལ་ཡིད་གཉིས་ཐེ་ཙོམ་ཅི་ཡང་ཡོང་མ་མཆིས། ། ― DKG058_Page_0367 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྟོང་གསུམ་ས་གཞི་ཐམས་ཅད་རྣམ་པར་འགས་ཤིང་ཟླ་བ་ས་ལ་ལྷུང་ཡང་གདའ། །ལྷ་ལས་ལྷག་པའི་ལྷས་མཆོད་སངས་རྒྱས་ཕྱིན་ཅི་ལོག་གི་ཚིག་གསུང་ཡོང་མི་གདའ། །བསམ་པ་བྱམས་པ་བརྩོན་འགྲུས་ཡུལ་ལ་ཐུགས་ནི་འཁྲུག་པར་འགྱུར་བ་མི་མངའ་ལྟོས། །བདག་ནི་སྟོང་པའི་ཡེ་ཤེས་ཡུལ་གྱི་ཆོས་རྣམས་དག་ལ་གུས་པར་བྱེད་ལ་ལྟོས། །བདེ་བར་གཤེགས་པའི་ཡང་དག་སྤྱོད་པ་རྣམས་དང་ཡེ་ཤེས་ཐོགས་པ་མི་མངའ་ལྟོས། །དེ་ཡིས་འདིར་ནི་བདག་གི་སེམས་ཀྱི་ཡུལ་བདེན་མཁྱེན་ནས་དེ་བཞིན་ལུང་ཡང་བསྟན། །སྨོན་པ་རབ་མཆོག་བདེ་སྦྱིན་སྡུག་བསྔལ་ཀུན་ལས་གྲོལ་བར་མཛད་ལ་ཕྱག་འཚལ་ལོ། །གནས་དང་སྐྱབས་དང་དཔུང་གཉེན་སྐྱོབ་པ་འཇིགས་པ་རྣམས་ལ་འཇིགས་མེད་སྦྱིན་མཛད་པ། །རྒྱལ་བ་ལམ་མཆོག་དམ་པ་སྟོན་མཛད་ལམ་ངན་ཡོངས་སུ་སྦྱོང་ལ་ཕྱག་འཚལ་ལོ། །འཇིག་རྟེན་རྣམ་པར་གཟིགས་ལ་མཁས་པ་འཇིག་རྟེན་འདས་པའི་འདྲེན་ལ་ཕྱག་འཚལ་ལོ། །འདིར་ནི་ལྷ་དང་མི་རྣམས་གང་དག་སངས་རྒྱས་ཆོས་དང་ཚོགས་རྣམས་ཐོས་པ་དང་། །བྱང་ཆུབ་སྤྱོད་ཅིང་བྱང་ཆུབ་བསམ་པ་སེམས་པ་དེ་དག་རྙེད་པ་ལེགས་པར་རྙེད། །དེ་དག་ལ་ནི་ངན་འགྲོའི་འཇིགས་པ་མེད་དེ་མི་ཁོམ་བརྒྱད་ལས་ཡོངས་སུ་གྲོལ། །དེ་དང་དེ་དག་ལྷ་དང་མི་ཡི་བདེ་བ་ངེས་ཤིང་ཞི་བའི་གོ་འཕང་འཐོབ། །དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མཐོང་དགས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ལགས་པ་མང་པོ་དག་གིས་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིས་ལགས་ན། གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བ་མཛད་ན། བདག་གིས་ཀྱང་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཅུང་ཟད་ཙམ་འཚལ་ཏེ། བདག་གིས་བཅོམ་ལྡན་འདས་ཞབས་འབྲིང་བ་དང་བཅས་པར་རྣམ་པར་རྒྱལ་བྱེད་དང་ ― DKG058_Page_0368 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདྲ་བའི་བཀོད་པ་ཆེན་པོའི་ཁང་བཟངས་ཀྱི་ནང་དུ་བཞུགས་པར་གསོལ་ལ། བྱ་རྒོད་ཀྱི་ཕུང་པོའི་རི་ལ་བསྐྱལ་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ད་དེའི་དུས་ལ་བབ་པར་ཤེས་ན་སྐྱོལ་ཅིག ། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མཐོང་དགས་སངས་རྒྱས་ཀྱི་མཐུ་དང་། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་རྣམ་པར་རྒྱལ་བྱེད་དང་འདྲ་བའི་ཁང་བཟངས་བྱིན་གྱིས་བརླབས་ནས། དེར་བཅོམ་ལྡན་འདས་ཞབས་འབྲིང་དང་བཅས་པར་བཞུགས་པར་གསོལ་ནས་སྟེང་གི་བར་སྣང་ལས་གཤེགས་ཏེ། ཀླུའི་བུ་མོ་བརྒྱད་ཁྲི་བཞི་སྟོང་ཡང་སིལ་སྙན་བྱེད་ཕེག་རྡོབ། གླུ་དབྱངས་ལེན་ཅིང་མེ་ཏོག་གི་ཆར་ཆེན་པོ་འབེབས་ལ། ལྷའི་སྤོས་དང་ཕྱེ་མ་སྣ་ཚོགས་ཀྱི་ཆར་འབེབས་བཞིན་དུ་མཐར་གྱིས་བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ་བསྐྱལ་ཏོ། །དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་བུ་དང་བཅས། ཆུང་མ་དང་གཡོག་འཁོར་དང་བཅས་པས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་བཅོམ་ལྡན་འདས་ལ་བཟོད་པ་གསོལ་ཏེ། བཅོམ་ལྡན་འདས་བདག་ཅག་གིས་མ་འབྱོར་བར་གྱུར་པ་གང་ལགས་པ་རྣམས་བདག་ཅག་ལ་བཟོད་པ་མཛད་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ་དེ་དང་འཚམ་པའི་མཆོད་པའི་འོས་ལགས་ལ། བཅོམ་ལྡན་འདས་ནི་སེམས་ཅན་ཐམས་ཅད་ཀྱི་བླ་ན་མ་མཆིས་པའི་བསོད་ནམས་ཀྱི་ཞིང་རིན་པོ་ཆེ་ལགས་ཏེ། མཆོད་པའི་འོས་ལགས་ན། དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་འབྱོར་པའམ། ཡོངས་སུ་རྫོགས་པར་བགྱིད་པའི་རྔོ་མི་ཐོགས་ཏེ། དེ་བཞིན་གཤེགས་པ་ནི་དེ་ཙམ་ཚད་མ་མཆིས་པའི་མཆོད་པའི་འོས་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཇི་ལྟར་དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ནན་ཏན་ ― DKG058_Page_0369 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱེད་པས་དེ་བཞིན་གཤེགས་པ་ཇི་ལྟར་མཆོད་པ་ཉོན་ཅིག ། བསམ་པ་རྣམ་པར་དག་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། བཅོས་མ་མ་ཡིན་པ་དང་གཡོ་མེད་པའི་ཕྱིར་རོ། །ལྷག་པའི་བསམ་པ་ཡོངས་སུ་དག་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། དགེ་བའི་རྩ་བ་ཐམས་ཅད་ལ་ལྷག་པར་དམིགས་པའི་ཕྱིར་རོ། །ཞེ་འགྲས་པ་མེད་པའི་སེམས་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པའི་ཕྱིར་རོ། །ཚུལ་འཆོས་པ་དང་། ཁ་གསག་ཐམས་ཅད་རྣམ་པར་སྤངས་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། སྤྱོད་ལམ་ཡོངས་སུ་དག་པའི་ཕྱིར་རོ། །ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། འཇིག་རྟེན་ཐམས་ཅད་ལ་མི་སླུ་བའི་ཕྱིར་རོ། །འཕགས་པའི་རིགས་ཀྱིས་ཆོག་པར་འཛིན་ཅིང་སྦྱངས་པའི་ཡོན་ཏན་ཐམས་ཅད་ཡང་དག་པར་བླངས་པ་མི་འདོར་བ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། དམ་བཅས་པ་ལ་བརྟན་པའི་ཕྱིར་རོ། །དབེན་པ་ལ་དགའ་ཞིང་བྲེ་མོའི་གཏམ་ཡོངས་སུ་སྤངས་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། སེམས་ཡོངས་སུ་འདུལ་བའི་ཕྱིར་རོ། །ཇི་སྐད་ཐོས་པའི་ཆོས་ལ་ཚུལ་བཞིན་དུ་སོ་སོར་རྟོག་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པའི་ཕྱིར་རོ། །བདག་མེད་པ་དང་། སེམས་ཅན་མེད་པ་དང་། གསོག་མེད་པ་དང་། གསོབ་མེད་པ་དང་། གང་ཟག་མེད་པར་ཉེ་བར་རྟོགས་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། གཟོད་མ་ནས་མ་བྱུང་བའི་ཕྱིར་རོ། །སྟོང་པའི་ཆོས་ལ་འཇུག་པ་དང་། མཚན་མ་མེད་པ་ལ་ངེས་པར་རྟོགས་པ་དང་སྨོན་པ་དང་བྲལ་བ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། རྣམ་པར་ཐར་པའི་སྒོ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །རྐྱེན་འདི་པ་ཉིད་ལ་འཇུག་ཅིང་མཐར་ལྟ་བ་སེལ་བ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། རྟག་པ་དང་ཆད་པར་ལྟ་བ་ཡོངས་སུ་སྤོང་ ― DKG058_Page_0370 ―
[མ་དཔེ་གཟིགས་ན་འདིར་གནོན།]
བའི་ཕྱིར་རོ། །མ་བྱུང་བ་དང་མ་སྐྱེས་པར་བཟོད་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། རང་བཞིན་གྱིས་མ་བྱུང་བའི་ཕྱིར་རོ། །ཀླུའི་བདག་པོ་དེ་ལྟར་ན་ལུས་དང་ངག་དང་སེམས་ཀྱི་རྩོམ་པ་གང་ཡིན་པ་དེ་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡོངས་སུ་དག་པ་མ་ཡིན་གྱི། གང་ན་ལུས་དང་ངག་དང་སེམས་ཀྱི་རྩོམ་པ་མེད་པ་དེ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡོངས་སུ་དག་པ་ཡིན་ནོ། །མངོན་པར་འདུ་བྱེད་པ་མེད་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པ་དང་། འཁོར་གསུམ་ཡོངས་སུ་དག་པ་དང་། དུས་གསུམ་མཉམ་པ་ཉིད་དང་དྲི་མ་གསུམ་གྱི་དྲི་མ་སེལ་བ་དང་། ཁམས་གསུམ་པ་ལ་མི་རྟེན་པ་དང་རྣམ་པར་ཐར་པའི་སྒོ་གསུམ་ལ་འཇུག་པ་དང་། རིག་པ་གསུམ་གྱི་རིག་པ་ཤེས་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ན་བཟའ་དང་། བཤོས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་སྨན་དང་། ཡོ་བྱད་དང་། སིལ་སྙན་དང་། ཕེག་རྡོབ་པ་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིད་པ་གང་ལགས་པ་དེ་དག་ཀྱང་ཅི་དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིད་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་དེ་ནི་བླ་ན་མེད་པའི་མཆོད་པ་དེ་ཉིད་ཀྱིས་ཡོངས་སུ་སྦྱངས་པ་ཡིན་གྱིས། མཆོད་པ་དེ་ནི་ཤིན་ཏུ་མཐར་ཐུག་པ་དང་། ཤིན་ཏུ་དྲི་མ་མེད་པ་དང་། ཤིན་ཏུ་ཚངས་པར་སྤྱོད་པའི་མཐར་ཐུག་པ་ནི་མ་ཡིན་ནོ། །ཀླུའི་བདག་པོ་དགེ་བའི་རྩ་བ་བསྐྱེད་པའི་སློབ་པ་དེ་དག་ནི་འཕགས་པའི་རྣམ་པར་གྲོལ་བ་ལ། སེམས་གནས་ཀྱི་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི་དེ་ལྟ་མ་ཡིན་ནོ། །ཀླུའི་བདག་པོ་གཞན་ཡང་ཆོས་བཞི་ ― DKG058_Page_0371 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་དག་ཡིན་ཏེ། བཞི་གང་ཞེ་ན། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་བསོད་ནམས་ཀྱི་ཚོགས་སོགས་པ་དང་། སྙིང་རྗེ་ཆེན་པོ་ལ་གནས་པའི་སེམས་ཀྱིས་ཡེ་ཤེས་ཀྱི་ཚོགས་སོགས་པ་དང་། བརྩོན་འགྲུས་ཆེན་པོ་ཤིན་ཏུ་བརྩམས་པའི་སེམས་ཀྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དང་། ཆོས་ཟབ་མོ་རྒྱ་ཆེན་པོ་ལ་སེམས་བསྐྱེད་པས་བཟོད་པ་སྐྱེས་པ་ཐོབ་པ་སྟེ། ཀླུའི་བདག་པོ་ཆོས་འདི་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་ཡིན་ནོ། །དེ་ནས་རྒྱལ་པོའི་ཁབ་ན་གནས་པའི་བྲམ་ཟེ་དང་། རྒྱལ་རིགས་དང་། ཁྱིམ་བདག་རྣམས་དང་། གྲོང་རྡལ་པ་དང་། ཡུལ་གྱི་མི་རྣམས་དང་། རྒྱལ་པོ་མ་སྐྱེས་དགྲ་དང་། བློན་པོ་དང་། ནང་འཁོར་དང་། སྒོ་དཔོན་དང་། འཁོར་དང་། ཚོང་དཔོན་རྣམས་ཀྱིས་དེ་བཞིན་གཤེགས་པ་ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་སུ་བཤོས་གསོལ་ནས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་གཤེགས་སོ། །ཞེས་ཐོས་ནས་དེར་སྲོག་ཆགས་བདུན་ཁྲི་ཉིས་སྟོང་དང་། རྒྱལ་པོ་མ་སྐྱེས་དགྲ་གཡོག་འཁོར་སུམ་ཁྲི་ཉིས་སྟོང་དང་ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ནས་བྱུང་ནས། བྱ་རྒོད་ཕུང་པོའི་རི་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱ་མཚོ་ཆེན་པོར་གཤེགས་ན་ཆབ་ཀྱི་ཚོགས་དེ་ན་མཆིས་པ་དེ་གང་དུ་མཆི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་གི་ཚེ་དགེ་སློང་མེའི་ཁམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བར་མཐོང་ན། དེའི་ཆུའི་ཕུང་པོ་དེ་དག་གང་དུ་སོང་། ― DKG058_Page_0372 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསོལ་པ། བཅོམ་ལྡན་འདས་དེ་ནི་ཏིང་ངེ་འཛིན་ལ་དབང་ཐོབ་པའི་སེམས་དེ་ལྟ་བུར་ལས་སུ་རུང་བར་གྱུར་པ་ལགས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ཉན་ཐོས་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་དབང་ཐོབ་པའི་སེམས་ལས་སུ་རུང་བ་ལས་གྱུར་པར་འདོད་ན་དེ་བཞིན་གཤེགས་པ་རྟག་ཏུ་མཉམ་པར་བཞག་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་མཁས་པ། སེམས་ལ་དབང་ཡོད་པ། ཆོས་ཐམས་ཅད་ཀྱི་དབང་ཕྱུག ། ཆོས་རྣམས་ལ་དབང་ཡོད་པ་ནི་དེ་ལྟར་མི་འདོད་དམ། རྒྱལ་པོ་ཆེན་པོ་གང་གི་ཚེ་ང་རྒྱ་མཚོ་ཆེན་པོར་ཞུགས་པ་དེའི་ཚེ་ཆུ་དེའི་ནང་ན་གནས་པའི་སེམས་ཅན་རྣམས་ནི་བདག་ཉིད་ཆུའི་ནང་ན་གནས་སོ་སྙམ་དུ་འཛིན་ཏོ། །སྐམ་ས་ལ་གནས་པའི་སེམས་ཅན་རྣམས་ཀྱིས་ནི་རྒྱ་མཚོ་ཆེན་པོ་བསྐམས་པར་མཐོང་ངོ་། །ཇི་ལྟར་གཞན་འཕྲུལ་དབང་བྱེད་པའི་ལྷ་རྣམས་ཀྱི་གནས་ཀྱི་བཀོད་པ་རྣམས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དེ་བཞིན་དུ་ཀླུ་དང་དྲི་ཟ་དང་ལྷ་མ་ཡིན་གྱི་གནས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་འོད་ཀྱིས་ཁྱབ་པར་གྱུར་ཏོ། །རྒྱ་མཚོ་ཆེན་པོའི་ནང་གི་སེམས་ཅན་ཐམས་ཅད་ཀྱང་གཅིག་ལ་གཅིག་བྱམས་པའི་སེམས་དང་། ཕན་པའི་སེམས་དང་གནོད་སེམས་མེད་པ་དང་། རྣམ་པར་འཚེ་བ་མེད་པར་གནས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཆེ་བ་ཉིད་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པ་དེ་ཙམ་དུ་བསམ་གྱིས་མི་ཁྱབ་པ་ནི་ངོ་མཚར་ལགས་ཏེ། འདི་ལྟར་ཀླུའི་རྒྱལ་པོ་རྒྱ་མཚོས་དེ་བཞིན་གཤེགས་པ་སྤྱན་དྲངས་ཏེ། དེ་ལྟར་སེམས་ཅན་གྱི་དོན་ཚད་མ་མཆིས་པ་བགྱིས་ན། བཅོམ་ལྡན་འདས་ཀླུའི་རྒྱལ་པོ་རྒྱ་མཚོས་ཡུན་ཇི་སྲིད་ཅིག་ནས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལགས། དེ་བཞིན་གཤེགས་པ་ཇི་སྙེད་ཅིག་ལ་ནི་མཆོད་པ་བགྱིས། ཡུན་ཇི་སྲིད་ཅིག་ན་ནི་ ― DKG058_Page_0373 ―
[མ་དཔེ་གཟིགས་ན་འདིར་གནོན།]
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས། དེ་མངོན་པར་རྫོགས་པར་སངས་རྒྱས་པའི་མཚན་ནི་ཅི་ཞེས་བགྱི་བར་འགྱུར། དེའི་སངས་རྒྱས་ཀྱི་ཞིང་ནི་ཅི་འདྲ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ། བསམ་གྱིས་མི་ཁྱབ་པ། ཡུན་རིང་བ། ཚད་མེད་པའི་སྔ་རོལ་དེའི་ཚེ་དེའི་དུས་ན་བསྐལ་པ་ཡིད་དུ་འོང་ཞིང་ཞི་བ་ཞེས་བྱ་བ་ལ་ཤར་གྱི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་ཞེས་བྱ་བར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་རྣམ་པར་དག་པའི་འོད་ཟེར་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། རྒྱལ་པོ་ཆེན་པོ་འཇིག་རྟེན་གྱི་ཁམས་ལྟ་བ་ཡོངས་སུ་དག་པ་དེའི་བཀོད་པ་བྱུང་བ་དེ་དག་ནི་ངའི་ཚེའི་ཚད་བསྐལ་པར་གནས་སུ་ཟིན་ཀྱང་རྒྱས་པར་བསྟན་པར་ནུས་པར་སླ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷས་བཙའ་ཞེས་བྱ་བ་ཞིག་བྱུང་སྟེ། དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་རྣམ་པར་དག་པའི་འོད་ཟེར་རྒྱལ་པོ་དེ་ལ་ལོ་བཞི་ཁྲི་ཉིས་སྟོང་གི་བར་དུ་མཆོད་པ་བྱས་ཏེ། དགེ་བའི་རྩ་བས་ཉེ་བར་བརྟན་པ་དེ་གཉིད་ལོག་པའི་རྨི་ལམ་དུ་ཚིགས་སུ་བཅད་པ་འདི་གཉིས་ཐོས་སོ། །སྐྱེས་བུ་ཁྱུ་མཆོག་ལ་ནི་མཆོད་ཆེན་མངའ། །དཔག་མེད་རྒྱ་ཆེན་བསམ་ཡས་བྱས་ཟིན་གྱིས། །འགྲོ་བ་དག་ལ་སྙིང་བརྩེ་བསྐྱེད་ནས་ཀྱང་། །རབ་མཆོག་བྱང་ཆུབ་སེམས་ནི་བསྐྱེད་པར་གྱིས། །བྱང་ཆུབ་སེམས་ནི་ཡང་དག་སྒྲུབ་བྱེད་གང་། །དེ་ནི་མཆོད་མཆོག་དམ་པ་ཁྱད་པར་འཕགས། །དེ་ནི་དེ་བཞིན་གཤེགས་རྣམས་བཀུར་སྟི་ཡིན། །དེ་ནི་ཕྱི་མའི་ ― DKG058_Page_0374 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསོད་ནམས་གཟི་བྱིན་ཡིན།། །།བམ་པོ་བདུན་པ་སྟེ་ཐ་མ། རྒྱལ་པོ་ཆེན་པོ་དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷས་བཙའ་དེས་ཚིགས་སུ་བཅད་པ་འདི་གཉིས་ཐོས་ཏེ། དེའི་མཚན་མོ་འདས་ནས་གཡོག་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་རྣམ་པར་དག་པའི་འོད་ཟེར་རྒྱལ་པོ་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེའི་སྤྱན་སྔར་འཁོད་དེ། ཐལ་མོ་སྦྱར་ནས་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གཟུགས་ལ་བརྐམ་དང་སྒྲ་ལ་རྟེན་པ་དང་། །དྲི་དང་རོ་དང་རེག་ལ་གནས་པ་དང་། །འདོད་ལ་བརྐམ་དང་བདེ་བ་དགའ་བ་ཡིས། །བྱང་ཆུབ་མཆོག་འདི་རྟོགས་པར་མི་ནུས་སོ། །ལེ་ལོ་ཅན་དང་དམའ་ལ་བརྩོན་པ་དང་། །སེར་སྣ་ཅན་དང་ཚུལ་ཁྲིམས་མ་བསྡམས་དང་། །སྡང་བའི་སེམས་དང་བློ་ནི་འཁྲུལ་པ་ཡིས། །བྱང་ཆུབ་མཆོག་འདི་རྟོགས་པར་མི་ནུས་སོ། །རང་གི་བདེ་བ་ཐམས་ཅད་སྤངས་པ་དང་། །འགྲོ་བའི་སྡུག་བསྔལ་ཐམས་ཅད་བཟོད་པ་དང་། །བརྩོན་འགྲུས་བརྩམས་ཤིང་རྟག་ཏུ་ཆོས་འདོད་གང་། །དེ་ནི་འཇིག་རྟེན་དེ་འདྲའི་སངས་རྒྱས་འགྱུར། །སངས་རྒྱས་བྱང་ཆུབ་ལ་ནི་བདག་ཞུགས་པ། །སངས་རྒྱས་རྣམས་དང་ལྷ་རྣམས་དཔང་བཙུགས་ཏེ། །ཅི་ནས་བདག་ཚིག་ལོག་པར་མི་འགྱུར་བ། །དེ་ལྟར་སྨན་སླད་སྤྱོད་པ་སྤྱད་པར་བགྱི། །བྱང་ཆུབ་སེམས་ནི་བདག་གིས་རྨི་ལམ་ཐོས། །ཐོས་ནས་བདག་ནི་བྱང་ཆུབ་མཆོག་ལ་ཞུགས། །དེ་ཡི་སླད་དུ་སངས་རྒྱས་མི་ཡི་མཆོག ། ཡེ་ཤེས་ལྡན་པ་དེ་འདྲ་བདག་གིས་བགྱི། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷས་བཙའ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་སོམ་ཉིའམ། ཡིད་གཉིས་སམ། ཐེ་ཚོམ་ཟ་ ― DKG058_Page_0375 ―
[མ་དཔེ་གཟིགས་ན་འདིར་གནོན།]
ན་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཀླུའི་རྒྱལ་པོ་རྒྱ་མཚོ་འདི་ཉིད་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷས་བཙའ་ཞེས་བྱ་བར་གྱུར་ཏོ། །དེ་ཡང་དེའི་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་འདི་སྐད་དུ་ཀླུའི་རྒྱལ་པོ་རྒྱ་མཚོ་འདི་ཡུན་ཇི་སྲིད་ཅིག་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་ཟེར་བ་དེ་ཉོན་ཅིག ། རྒྱལ་པོ་ཆེན་པོ་ཀླུའི་རྒྱལ་པོ་རྒྱ་མཚོ་འདི་ནི་བསྐལ་པ་གྲངས་མེད་པ་ཉིས་བརྒྱ་ན་བསྐལ་པ་དཔལ་གྱི་མེ་ཏོག་ཅེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་ཆོས་ཀྱི་སྒྲ་གྲག་པ་ཞེས་བྱ་བར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཤིན་ཏུ་དྲི་མ་མེད་ཅིང་ཡོངས་སུ་དག་ལ་ཡོན་ཏན་གྱི་ཚོགས་མཐའ་ཡས་པ་ལས་བྱུང་བའི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་འཇིག་རྟེན་གྱི་ཁམས་ཆོས་ཀྱི་སྒྲ་གྲག་པ་དེ་ནི་རིན་པོ་ཆེ་ས་ཡས་སྤྲས་པར་འགྱུར་ཏེ། འཛམ་བུ་ཆུ་བོའི་གསེར་ལས་གྲུབ་པ་རིན་པོ་ཆེ་སྣ་ཚོགས་དུ་མས་བྲིས་ཤིང་མིག་མངས་རིས་སུ་རྣམ་པར་ཕྱེ་ལ། ལག་མཐིལ་བཞིན་དུ་མཉམ་སྟེ། ཀ་ཙ་ལིན་དི་ཀའི་གོས་བཞིན་དུ་འཇམ་ཞིང་རེག་ན་བདེ་ལ་ཡངས་ཤིང་ཐ་གྲུ་ཆེ་སྟེ། གླིང་བྱེ་བ་ཕྲག་འབུམ་དང་ལྡན་ལ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ཡིད་དུ་འོང་བ་སྟེ། ལྷ་དང་མི་མང་པོ་དག་གིས་གང་ལ། གཞན་འཕྲུལ་དབང་བྱེད་པའི་ལྷ་རྣམས་ཀྱི་ཉེ་བར་སྤྱད་པ་དང་ལོངས་སྤྱོད་ཇི་ལྟ་བ་བཞིན་དུ་མི་དེ་དག་གི་ཡང་དེ་དང་འདྲ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཆོས་ཀྱི་སྒྲ་གྲག་པ་ཞེས་བྱ་བ་དེ་ན་རིན་པོ་ཆེ་ཐམས་ཅད་ལས་གྲུབ་པའི་ཤིང་ཏ་ལའི་ཕྲེང་བ་དག་འབྱུང་བར་ ― DKG058_Page_0376 ―
[མ་དཔེ་གཟིགས་ན་འདིར་གནོན།]
འགྱུར་ཏེ། ཤིང་ཏ་ལ་དེ་དག་གི་ལོ་མ་དང་མེ་ཏོག་དང་འབྲས་བུ་ཐམས་ཅད་ལས་ཆོས་ཀྱི་སྒོ་ཁྲག་ཁྲིག་ཕྲག་འབུམ་མང་པོ་དག་འབྱུང་ངོ་། །འཇིག་རྟེན་གྱི་ཁམས་དེ་ན་སྒྲ་ཇི་སྙེད་འབྱུང་བ་འདི་ལྟ་སྟེ། ལྷའི་སྒྲའམ། མིའི་སྒྲའམ། མི་མ་ཡིན་པའི་སྒྲའམ། སྤྲུལ་པའི་སྒྲའམ། བྱའི་སྒྲའམ། རླུང་གི་སྒྲ་ཡང་རུང་སྟེ། སྒྲ་དེ་དག་ཐམས་ཅད་ཆོས་དང་ལྡན་པར་འབྱུང་བར་འགྱུར་རོ། །དེ་བཞིན་དུ་ཞི་བ་དང་ལྡན་པ་དང་། རབ་ཏུ་ཞི་བ་དང་ལྡན་པ་དང་། ཉེ་བར་ཞི་བ་དང་ལྡན་པ་དང་། དགའ་བ་དང་དབེན་པ་དང་ལྡན་པ་དང་། སངས་རྒྱས་ཀྱི་ཆོས་དང་ལྡན་པ་དང་། ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་དང་། བསྡུ་བའི་དངོས་པོ་དང་ལྡན་པ་དང་། ཐབས་ལ་མཁས་པ་དང་ལྡན་པ་དང་། སྐྱོ་བ་དང་། འདོད་ཆགས་དང་བྲལ་བའི་ལྟ་བ་དང་ལྡན་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་ལྡན་པའི་སྒྲ་དག་འབྱུང་བར་འགྱུར་ཏེ། དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེའི་མིང་ཆོས་ཀྱི་སྒྲ་གྲག་པ་ཞེས་བྱ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེར་ལྷ་དང་མི་གང་དག་སྐྱེ་བ་དེ་དག་ཐམས་ཅད་ཀྱང་ཆོས་ཀྱི་དགའ་བའི་ཟས་ཁོ་ན་དང་ལྡན་པར་འགྱུར་ཞིང་མངོན་པར་ཤེས་པའི་ཤེས་པ་ལ་མཁས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐེ་ཚོམ་མེད་པ་ཤ་སྟག་གོ །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་ཏུ་དྲི་མ་མེད་ཅིང་ཡོངས་སུ་དག་ལ། ཡོན་ཏན་གྱི་ཚོགས་མཐའ་ཡས་པ་ལས་བྱུང་བའི་རྒྱལ་པོ་དེ་ཡང་གང་གི་ཚེ་ཆོས་སྟོན་པར་བཞེད་པ་དེའི་ཚེ། དེ་ཉིད་ཀྱི་སྐུ་ལས་འོད་འགྱེད་པར་མཛད་དེ། འོད་དེས་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་འོད་དེ་ལས་ཀྱང་སངས་རྒྱས་བྱེ་བ་ཕྲག་སྟོང་གསུང་བའི་ཆོས་སྟོན་པ་འབྱུང་བར་འགྱུར་རོ། །དེ་ན་ལྷ་དང་མི་རྣམས་ཀྱིས་དེ་བཞིན་གཤེགས་པའི་འོད་དེ་ཡང་མཐོང་ལ་ཆོས་བསྟན་པ་དེ་ཡང་ཐོས་ནས་དགའ་བ་དང་། མཆོག་ཏུ་དགའ་བ་ཆེན་པོ་རྒྱ་ཆེར་སྐྱེས་ཏེ། བཅོམ་ལྡན་འདས་དེ་ ― DKG058_Page_0377 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞིན་གཤེགས་པ་ཤིན་ཏུ་དྲི་མ་མེད་ཅིང་ཡོངས་སུ་དག་ལ། ཡོན་ཏན་གྱི་ཚོགས་མཐའ་ཡས་པ་ལས་བྱུང་བའི་རྒྱལ་པོ་ག་ལ་བ་དེར་དོང་སྟེ་ལྷགས་ནས་དེ་བཞིན་གཤེགས་པ་དེ་ལ་མཆོད་པ་ཚད་མེད་པ་བྱས་ཏེ། རྫུ་འཕྲུལ་དང་མངོན་པར་ཤེས་པའི་སྟོབས་ཀྱིས་ནམ་མཁའི་དཀྱིལ་ན་རིན་པོ་ཆེའི་བཀོད་པ་ཆེན་པོ་དང་ལྡན་པའི་པད་མ་དག་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་ཡང་ནམ་མཁའི་དཀྱིལ་ཉིད་ན་སེང་གེའི་ཁྲི་ལ་བཞུགས་ཏེ་ལྷ་དང་མི་དེ་དག་ལ་ཆོས་སྟོན་ཏོ། །དེ་ཆོས་སྟོན་པ་ན་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་ཚད་མེད་གྲངས་མེད་པ་བརྒྱ་སྟོང་དག་ཆོས་མཉན་པའི་ཕྱིར་འོང་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་སུ་ཡང་ཆོས་ལ་ཞེ་འགྲས་པ་མེད་དོ། །དེ་ན་བདུད་སྡིག་ཅན་དག་དང་གཞན་མུ་སྟེགས་ཅན་དག་གི་སྒྲར་གདགས་པ་ཡང་མེད་དོ། །དེ་བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་ནི་བསྐལ་པ་བཅུར་འགྱུར་རོ། །དེའི་བྱང་ཆུབ་སེམས་དཔའ་ནི་བགྲང་བ་ལས་འདས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟར་ན་སངས་རྒྱས་ཀྱི་ཞིང་དེའི་བཀོད་པ་ནི་བསམ་གྱིས་མི་ཁྱབ་བོ། །ཆོས་བསྟན་པ་ཡང་བསམ་གྱིས་མི་ཁྱབ་བོ། །ཞབས་འབྲིང་བ་འཁོར་བྱང་ཆུབ་སེམས་དཔའ་ཡང་བསམ་གྱིས་མི་ཁྱབ་བོ། །ཀླུའི་རྒྱལ་པོ་རྒྱ་མཚོ་ལུང་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །། དགུ་པ། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པའི་ལེའུ།― DKG058_Page_0377 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་རྒྱུའི་རྗེས་སུ་འབྲང་བ་དང་། རྣམ་པར་བསྒྲུབས་ན་འབྱུང་བའི་མཚན་ཉིད་ལགས་ཏེ། དེ་དག་ནི་ཇི་ལྟ་ཇི་ལྟར་འདོད་པ་དེ་ལྟ་དེ་ལྟར་རྣམ་པར་འགྲུབ་པ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྤྱོད་པ་ནི་མཐའ་ཡས་པ་ལགས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཇི་སྲིད་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་བཟུང་བ་དེ་སྲིད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བགྱིའོ། །བཅོམ་ལྡན་ ― DKG058_Page_0378 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ནི་ཀླུའི་རྒྱལ་པོ་རྒྱ་མཚོའི་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཇི་སྐད་ཟེར་བ་བཞིན་ཏེ། ཆོས་ཐམས་ཅད་ནི་ཡིད་ལ་བྱེད་པ་ལས་འབྱུང་སྟེ། ཆོས་ཐམས་ཅད་བྱེད་པ་མེད་པའི་ཕྱིར་དེ་དག་ནི་ཇི་ལྟར་འདོད་པ་བཞིན་དུ་རྣམ་པར་འགྲུབ་བོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་འདི་སྐད་ཅེས་སྨྲས་སོ། །ཀླུའི་བདག་པོ་གང་ཁྱོད་དེ་བཞིན་གཤེགས་པས་འདི་ལྟར་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་བཀོད་པ་བསམ་གྱིས་མི་ཁྱབ་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ནི་ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་དོ། །དེ་སྐད་ཅེས་སྨྲས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་ཆོས་གང་ཡང་ལུང་བསྟན་དུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་གཟོད་མ་ནས་རྣམ་པར་དག་པའི་ཕྱིར་རོ། །རྒྱལ་པོས་སྨྲས་པ། ཀླུའི་བདག་པོ་སྔོན་དགེ་བའི་རྩ་བ་བསྐྱེད་པ་རྣམས་ཀྱང་ལུང་བསྟན་དུ་མེད་དམ། ཀླུའི་རྒྱལ་པོ་རྒྱ་མཚོས་སྨྲས་པ། རྒྱལ་པོ་ཆེན་པོ་སེམས་ཅན་དུ་གདགས་པ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་སུ་ཟད་ལ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ནི་ལུང་བསྟན་དུ་མེད་དོ། །རྒྱལ་པོ་ཆེན་པོ་མིང་དང་གཟུགས་ལ་སེམས་ཅན་དུ་གདགས་པར་ཟད་ལ། མིང་དང་གཟུགས་ལ་ལུང་བསྟན་དུ་མེད་དོ། །རྒྱུ་དང་། ལྟ་བ་དང་། འདུ་ཤེས་དང་། ཡིད་ལ་བྱེད་པ་ལས་སེམས་ཅན་དུ་གདགས་པར་ཟད་ན། རྒྱུ་དང་། ལྟ་བ་དང་། འདུ་ཤེས་དང་། ཡིད་ལ་བྱེད་པ་དེ་ལ་ཡང་ལུང་བསྟན་དུ་མེད་དོ། །དགེ་བའི་རྩ་བ་གང་དག་གིས་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་ཡང་དག་པར་འགྲུབ་པའི་དགེ་བའི་རྩ་བ་དེ་དག་ཀྱང་ལུང་བསྟན་དུ་མེད་དོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་ལ། སྟོང་པ་ཉིད་ནི་ལུང་ ― DKG058_Page_0379 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྟན་དུ་མེད་དོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པའི་མཚན་ཉིད་ཡིན་ལ་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པའི་མཚན་ཉིད་ནི་ལུང་བསྟན་དུ་མེད་པའོ། །རྒྱལ་པོ་ཆེན་པོ་གཞན་ཡང་སངས་རྒྱས་རྣམས་ཀྱི་སྙིང་རྗེ་ཆེན་པོ་འདི་ནི་བསམ་གྱིས་མི་ཁྱབ་སྟེ། མིང་མེད་པ་དང་། མཚན་མ་མེད་པའི་ཆོས་ཐམས་ཅད་མིང་དང་མཚན་མས་སྟོན་པར་མཛད་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མིང་དང་། མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་ཅན་ཡང་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་ལུང་བསྟན་པ་འདི་ནི་འཇིག་རྟེན་བརྡ་སྤྲད་པར་ཟད་དེ། འདི་ལ་གང་ལུང་བསྟན་པར་བྱ་བའི་ཆོས་གང་ཡང་ནང་ངམ་ཕྱི་རོལ་ན་མི་དམིགས་སོ། །རྒྱལ་པོས་སྨྲས་པ། ཀླུའི་བདག་པོ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུང་བསྟན་པ་མེད་དམ། སྨྲས་པ། རྒྱལ་པོ་ཆེན་པོ་བཟོད་པ་དེ་ཡང་སྐད་ཅིག་པ། ཟད་པའི་མཚན་ཉིད། མི་ཟད་པའི་མཐའ་ཅན། ཡང་དག་པའི་མཐར་ངེས་པ། མཉམ་པའི་མཐའ་ཅན། གཉིས་སུ་མེད་པའི་མཐར་ངེས་པ་སྟེ། གཉིས་སུ་མེད་པའི་མཐའ་ནི་ཡང་དག་པའི་མཐའོ། །ཡང་དག་པའི་མཐའ་ནི་གཏན་དུ་མི་འབྱུང་བའི་མཐའོ། །མཐའ་ཅན་གང་ཡིན་པ་དེ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་སོ། །དེའི་མཐའ་ཅན་ནི་རྣམ་པར་གྲོལ་བའི་མཐའོ། །གང་མཐའ་དེའི་སྒོར་ཞུགས་པ་ནི་གང་དུ་ཡང་མངོན་པར་ཞེན་པ་མེད་དོ། །གང་མངོན་པར་ཞེན་པ་མེད་པ་དེ་ནི་ཐ་སྙད་ཀྱི་བརྡ་ལ་ཆགས་པ་མེད་དོ། །མ་ཆགས་ན་གྲོལ་བར་འགྱུར་རོ། །གྲོལ་ན་ཕྱིན་ཅད་མི་རྒྱུ་རབ་ཏུ་མི་རྒྱུའོ། །མི་རྒྱུ་རབ་ཏུ་མི་རྒྱུ་ན་གང་དུ་ཡང་ཉམས་པར་མི་འགྱུར་རོ། །བློ་མ་ཉམས་ན་ཐམས་ཅད་ལས་ངེས་པར་འབྱུང་བར་མཐོང་སྟེ། ཇི་ལྟར་རྣམ་པར་མི་མཐོང་བ་དེ་ནི་དེ་ལྟར་ཡང་མཐོང་ངོ་། །གང་གི་ཚེ་རྣམ་པར་མི་མཐོང་བ་ ― DKG058_Page_0380 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེའི་ཚེ་གཉིས་སུ་མི་འབྱེད་དོ། །གཉིས་སུ་མེད་པ་ལ་གནས་ན་མཉམ་པ་ཉིད་ལ་འཇུག་གོ །མཉམ་པ་ཉིད་ལ་ཞུགས་ན་མཐོ་བར་ཡང་མི་འགྱུར་དམའ་བར་ཡང་མི་འགྱུར་རོ། །མཐོ་བ་ཡང་མེད། དམའ་བ་ཡང་མེད་ན་མཉམ་པ་ཉིད་ཀྱི་ཆོས་ཀྱིས་རབ་ཏུ་ཕྱེ་བའི་བཟོད་པ་ཐོབ་པར་འགྱུར་ཏེ། དེ་ལ་བཟོད་པ་གང་ཡིན་པ་དང་། ལུང་བསྟན་པ་གང་ཡིན་པ་དང་། གང་ལུང་བསྟན་པར་བྱ་བ་དང་། སུས་ལུང་བསྟན་པ་དང་། ཅིའི་ཕྱིར་ལུང་བསྟན་པའི་ཆོས་དེ་དག་ཐམས་ཅད་ཆོས་མཉམ་པ་དང་། ཆོས་མེད་པའི་ཆོས་ཀྱི་དབྱིངས་སུ་ངེས་པ་དང་། བརྡ་མེད་པ་དང་། འབྱུང་བ་མེད་པ་དང་། དངོས་པོ་དང་། དངོས་པོ་མེད་པ་དང་བྲལ་བ་དང་། གཉིས་སུ་མེད་པའི་མཐའ་ཅན་དེ་དག་གི་དོན་ཡོངས་སུ་གཞལ་ནས། ཆོས་གང་ཡང་བགྲང་བར་མི་བྱེད་དོ། །དཔེར་ན་ནམ་མཁའ་ནི་བགྲང་དུ་མེད་ཅིང་བགྲང་བ་ལས་ཡང་དག་པར་འདས་པ་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །ཀླུའི་རྒྱལ་པོ་རྒྱ་མཚོའི་བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་ཉིས་བརྒྱ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དགེ་སློང་ཉིས་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀླུའི་རྒྱལ་པོ་རྒྱ་མཚོའི་སྤོབས་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདིའི་སྤོབས་པ་ནི་ངོ་མཚར་ཡང་མི་ཆེ་ལ་དཀའ་བ་ཡང་མ་ཡིན་གྱི། ལས་དང་པོ་པ་གང་དག་གིས་བསྟན་པ་འདི་ཐོས་ན་མི་སྐྲག ། མི་དངང་དངང་བར་མི་འགྱུར་བ་འདི་ནི་དེ་དག་གི་ཆེས་ངོ་མཚར་ཆེ་བ་དང་། ཆེས་དཀའ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་དེ་ལྟར་མོས་པར་དཀའ་བ་སྟེ། དེ་ལ་ནི་ལྷ་དང་བཅས་པའི་འཇིག་རྟེན་འཇུག་པར་མི་འགྱུར། འགྲོ་བར་མི་འགྱུར། མོས་པར་མི་འགྱུར། ― DKG058_Page_0381 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡིད་ཆེས་པར་མི་འགྱུར་བའི་ཕྱིར་ཏེ། རྒྱལ་པོ་ཆེན་པོ་རྣམ་གྲངས་འདིས་ཀྱང་གང་དག་ཆོས་ཟབ་མོ་བསྟན་པ་འདི་ལ་མི་སྐྲག ། མི་དངང་ཞིང་དངང་བར་མི་འགྱུར་བའི་སེམས་ཅན་དེ་དག་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་ཡིན་པར་དེ་ལྟར་རིག་པར་བྱའོ། །རྒྱལ་པོ་ཆེན་པོ་གཞན་ཡང་འདི་ཅི་སྙམ་དུ་སེམས། སྐྱེས་བུ་གང་གིས་ནམ་མཁའ་གཟུགས་ཅན་མ་ཡིན་པ་བསྟན་དུ་མེད་པ་འདི་གཟུགས་ཅན་དུ་སྟོན་པར་བྱེད་ན། ཅི་དེ་དཀའ་བར་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མཆོག་ཏུ་དཀའ་བ་ལགས་སོ། །བདེ་བར་གཤེགས་པ་མཆོག་ཏུ་དཀའ་བ་ལགས་སོ། །བཀའ་སྩལ་པ། ཆོས་འདི་ལྟ་བུར་ཟབ་པ། ཟབ་པར་སྣང་བ། ཚོར་བ་ཐམས་ཅད་རྒྱུན་ཆད་པ། བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། གསོ་བ་མེད་པ། གང་ཟག་མེད་པ། རྒྱུ་བ་མེད་པ་འདི་ལ་མོས་ལ་མོས་ནས་ཀྱང་དེ་ཁོ་ན་བཞིན་དུ་སྒྲུབ་པ་གང་ཡིན་པ་དེ་དག་ནི་དེ་བས་ཀྱང་ཆེས་དཀའ་བ་བྱེད་པ་ཡིན་ཏེ། དེ་དག་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་འཐུན་པའི་དགེ་བ་དང་། གྲོགས་དང་། མཛའ་བཤེས་ཡིན་ནོ། །དེ་དག་གིས་ནི་སེམས་ཅན་རྣམས་ཀྱི་ཕྱིན་ཅི་ལོག་སྤང་བའི་ཕྱིར་ཆོས་སྟོན་ནུས་སོ། །དེ་དག་གིས་ནི་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་འདུག་ནས་བདུད་ཀྱི་དཔུང་བྱེ་བ་ཕྲག་བརྒྱ་བྱམས་པ་དང་། ཤེས་རབ་དང་། ཡེ་ཤེས་དང་། བརྩོན་འགྲུས་ཀྱིས་གཞོམ་པར་ནུས་སོ། །དེ་དག་གིས་ནི་ཆོས་ཐམས་ཅད་ལ་དབང་བྱེད་པ་དང་། སེམས་དཔའ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་སུམ་དུ་བྱེད་པ་དང་། སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་སོ། །དེ་དག་གིས་ནི་སེམས་ཅན་ཐམས་ཅད་བརྡ་སྤྲད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ། ཇི་ལྟ་བ་ ― DKG058_Page_0382 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞིན་དུ་ཤེས་པས་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་ནུས་སོ། །དེ་དག་གིས་ནི་ཕས་ཀྱི་རྒོལ་བ་རྣམས་ཚར་གཅད་པ་དང་། མུ་སྟེགས་ཅན་ཐམས་ཅད་ཟིལ་གྱིས་མནན་པ་དང་། དགྲ་ཐམས་ཅད་ཚར་གཅད་པའི་ཕྱིར་ཆོས་ཀྱི་དུང་འབུད་ནུས་སོ། །དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་བསམ་པ་གྲུབ་ཅིང་བརྣག་པ་དང་། ཡིད་ལ་བསམ་པ་ཡོངས་སུ་རྫོགས་ཏེ་རང་གིས་ལུང་བསྟན་པ་ཐོས་ནས་བར་སྣང་ལ་མངོན་པར་འཕགས་ཏེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །བདུད་རྣམས་སྡེ་བཅས་དཔུང་བཅས་ངེས་བཅོམ་ཞིང་། །ལྟ་བ་ངན་པའི་ཚོགས་ཀུན་བཤིག་ནས་ནི། །ཐུབ་པ་ཆེན་པོས་ཆོས་ཀྱི་ཆར་ཕབ་སྟེ། །འཇིག་རྟེན་ཐམས་ཅད་བདུད་རྩིས་ཚིམ་པར་མཛད། །ཁྱོད་ནི་ཆོས་རྒྱལ་མི་འཇིགས་སྩོལ་བ་ལགས། །འདམ་ལས་རྒལ་ཏེ་འཇིགས་མེད་འགྲམ་ན་བཞུགས། །འཇིག་རྟེན་མིག་སྟེ་ལམ་མཆོག་སྟོན་པ་པོ། །སྐྱེ་བོ་སྐྱབས་མ་མཆིས་པའི་མགོན་པོ་ལགས། །སྨན་པའི་རྒྱལ་ཁྱོད་ཟུག་རྔུ་འབྱིན་པ་ཡི། །སྨན་པ་རྒ་ཤི་མེད་པའི་སྨན་སྩོལ་བ། །ཅི་ནས་ཕྱིན་ཆད་ནད་རྣམས་མི་འབྱུང་བར། །ནད་དང་རྒ་བས་གཟིར་རྣམས་གསོ་མཛད་པ། །ཁྱོད་ནི་སྟོན་སྐྱབས་བླ་མ་གཅིག་པུ་ལགས། །གཏན་དུ་བདེ་བ་སྦྱིན་པ་ཁྱོད་ཉག་གཅིག ། ཁྱོད་ནི་རུ་སྐྱ་འཛིན་པ་དོན་དམ་མཁྱེན་པ་ལགས། །འཁོར་བའི་སྡུག་བསྔལ་ལས་ནི་ཟློག་མཛད་པ། །ལྷ་ཡི་ལྷ་སྟེ་འགྲོ་བ་རྣམས་ཀྱི་གཙོ། །འཇིག་རྟེན་ཀུན་གྱི་སྒྲོན་མར་གྱུར་པ་ལགས། །ཁྱོད་དང་མཇལ་ན་འཇིག་རྟེན་ཆུ་ཆེན་རྒལ། །མི་རྣམས་ཀྱི་ནི་མི་མཆོག་ཁྱོད་ཉག་གཅིག ། ཡེ་ཤེས་གཟུགས་དང་ཕ་རོལ་གནོན་པ་ཡིས། །ཐུབ་དབང་ཁྱོད་འདྲ་སུ་ཡང་མ་མཆིས་ཏེ། །ཁྱོད་ནི་ལྷར་བཅས་འཇིག་རྟེན་ཐམས་ཅད་ཀྱི། །སྟོན་པ་པོ་སྟེ་ཐར་པའི་ལམ་མཚོན་ལགས། །ཁྱོད་ནི་ཐམས་ཅད་ཟིལ་མནན་ཀུན་མཁྱེན་མཆོག ། འཇིག་རྟེན་ཆོས་རྣམས་ཀྱིས་ནི་ཁྱོད་མ་གོས། །ཀུན་མཁྱེན་སྲེད་བྲལ་རྣམ་གྲོལ་དཔའ་བ་དང་། །ཡེ་ ― DKG058_Page_0383 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤེས་མཆོག་བརྙེས་ཁྱོད་ལ་བདག་ཕྱག་འཚལ། །ཇི་ལྟར་བར་སྣང་ནམ་མཁའ་རྣམ་པར་དག ། གཟུགས་མེད་གཟུང་དུ་མ་མཆིས་འདུས་མ་བགྱིས། །དེ་བཞིན་ཆོས་རྣམས་དྲི་མེད་རྣམ་པར་དག ། འཇིག་རྟེན་རྣམ་པར་འདྲེན་པས་རབ་ཏུ་བསྟན། །ཡོད་དང་མེད་པར་ལྟ་བ་སྤངས་ནས་ཀྱང་། །རྣམ་དག་ཆོས་རྣམས་བདེ་བར་གཤེགས་པས་གསུངས། །རྐྱེན་དང་བཅས་ཤིང་རྒྱུ་དང་བཅས་པ་སྟེ། །སེམས་ཅན་མ་མཆིས་གང་ཟག་སྲོག་མ་མཆིས། །གཟོད་ནས་རྣམ་དག་ནམ་མཁའི་ངོ་བོ་ཉིད། །སྒྱུ་མ་སྨིག་རྒྱུ་ཆུ་ཟླ་འདྲ་བ་སྟེ། །ཤིན་ཏུ་དག་པ་ནམ་མཁའི་ངོ་བོ་ཉིད། །གནས་པ་མ་མཆིས་གློག་དང་འདྲ་བའི་ཚུལ། །སྔོན་གྱི་མཐའ་སྟོང་ཕྱི་མའི་མཐའ་ཡང་སྟོང་། །སྐྱེ་དང་འཇིག་དང་གནས་པའི་ངོ་བོ་སྟོང་། །འདིར་ནི་འདི་དག་དངོས་མེད་དངོས་མེད་མིན། །འདི་དག་ཐམས་ཅད་རང་བཞིན་མ་མཆིས་སྟོང་། །ཆོས་དབྱིངས་རང་བཞིན་ངོ་བོ་གང་ལགས་དེ། །སེམས་ཅན་ཁམས་ཀྱི་རང་བཞིན་ངོ་བོ་ལགས། །སེམས་ཅན་ཁམས་ཀྱི་རང་བཞིན་ངོ་བོ་གང་། །སངས་རྒྱས་ཆོས་ཀྱི་རང་བཞིན་ངོ་བོ་དེ། །སངས་རྒྱས་ཆོས་ཀྱི་རང་བཞིན་ངོ་བོ་གང་། །དེ་ནི་ཆོས་ཀུན་རང་བཞིན་ངོ་བོ་ཉིད། །ཆོས་ཀུན་རང་བཞིན་ངོ་བོ་གང་ལགས་པ། །སངས་རྒྱས་ཞིང་གི་ངོ་བོ་རང་བཞིན་ཏེ། །སངས་རྒྱས་ཞིང་གི་རང་བཞིན་ངོ་བོ་གང་། །སངས་རྒྱས་བྱང་ཆུབ་རང་བཞིན་ངོ་བོ་དེ། །སངས་རྒྱས་བྱང་ཆུབ་རང་བཞིན་ངོ་བོ་གང་། །དེ་ནི་ཆོས་དབྱིངས་རང་བཞིན་ངོ་བོ་ཉིད། །ཆོས་རྣམས་ཀུན་ལ་རྣམ་པར་དག་པ་འདི། །གང་ཚེ་བྱང་ཆུབ་སེམས་དཔས་དེ་ལྟར་མཐོང་། །དེ་ནས་རྒྱལ་རྣམས་ཡེ་ཤེས་དམ་པ་ཡིས། །བྱང་ཆུབ་མཆོག་ཏུ་དེ་ནི་ལུང་སྟོན་མཛད། །ཆོས་རྣམས་བརྡ་དང་མིང་དང་ཐ་སྙད་ཙམ། །མཉམ་པ་ལགས་ཏེ་མི་བདེན་མིང་དུ་བཏགས། །དེ་དག་སྔོན་ཆད་སུས་ཀྱང་མ་ཐོབ་སྟེ། །དེ་དག་གིས་ནི་མིང་རྣམས་ཀུན་ཏུ་བརྗོད། ། མིང་མ་མཆིས་པར་མིང་ནི་རྣམ་པར་བརྟགས། །ཆོས་རྣམས་སྟོང་སྟེ་རང་བཞིན་རྣམ་པར་ ― DKG058_Page_0384 ―
[མ་དཔེ་གཟིགས་ན་འདིར་གནོན།]
དག ། འཇིག་རྟེན་འདུ་ཤེས་མཁས་པར་རིག་ནས་ནི། །ཐ་སྙད་ཙམ་ལ་ཀུན་ཏུ་སྤྱད་པར་བགྱི། །ཆོས་ཀུན་སྒྱུ་མ་བཞིན་དུ་རིག་ནས་ཀྱང་། །མི་བདེན་སྙིང་པོ་མ་མཆིས་རྨི་ལམ་འདྲ། །རྣམ་སྨིན་རྒྱུ་དང་ཉིང་མཚམས་སྦྱོར་བ་ཙམ། །དེ་ལ་བདེན་པའི་འདུ་ཤེས་ཡོད་མི་བགྱི། །ཆོས་ཀུན་སླུ་བར་བགྱིད་ཅིང་འཇིགས་པ་ལགས། །སྒྱུ་མ་སྨིག་རྒྱུ་འདྲ་སྟེ་མི་བདེན་པ། །མགལ་མེའི་འཁོར་ལོ་གཟུགས་བརྙན་འདྲ་བ་ལགས། །རྟག་ཏུ་བྱིས་པའི་སྐྱེ་བོ་རྨོངས་པར་བགྱིད། །བྱིས་པས་བདག་དང་བདག་གིར་འདིར་བརྟགས་ནས། །བླུན་པོ་སྲེད་པས་གཟིར་བ་འདིར་རྨོངས་ཏེ། །འཁོར་བའི་འཁོར་ལོས་ཡོངས་སུ་འཁོར་བ་ན། །སྡུག་བསྔལ་གྱིས་ནོན་ཞི་བ་འཐོབ་མི་འགྱུར། །འགྲོ་བའི་འཇུག་པ་འདི་ནི་ཡང་དག་མིན། །གང་གི་འཇུག་པ་དེ་ནི་མ་མཆིས་ཏེ། །འཚོ་བའི་འཇིག་རྟེན་ལྟ་བ་གཏི་མུག་ལྡོངས། །རྒྱུན་དུ་ཡང་དང་ཡང་དུ་སྡུག་བསྔལ་རྙེད། །ལྷ་རྣམས་སྡུག་བསྔལ་འཆི་འཕོའི་ཆོས་གཅིག་པ། །མི་རྣམས་ཀྱི་ནི་སྡུག་བསྔལ་ཚོལ་ཁྲོ་ལགས། །དམྱལ་བ་དག་གི་སྡུག་བསྔལ་གནོད་པ་རྣམས། །གཅིག་ལ་གཅིག་འཚལ་དུད་འགྲོ་རྣམས་ཀྱི་ལགས། །ཡི་དགས་སྡུག་བསྔལ་འདི་ན་བཀྲེས་དང་སྐོམ། །འཇིག་རྟེན་ཐམས་ཅད་སྡུག་བསྔལ་རྣམས་སུ་ནུབ། །སྐྱབས་མེད་གྱུར་དང་རྟེན་མེད་གྱུར་པ་ཡི། །འཇིག་རྟེན་སྡུག་བསྔལ་ཐམས་ཅད་གཟིགས་ནས་ནི། །དྲང་སྲོང་ཆེན་པོ་ཐུགས་བརྩེ་ཐུགས་རྗེ་ཅན། །སྡུག་བསྔལ་རྣམ་པར་དགྲོལ་ཕྱིར་འབྱུང་བར་མཛད། །བྱང་ཆུབ་སེམས་དཔའ་བསྐལ་མང་བྱེ་བར་ཡང་། །བརྟུལ་ཞུགས་བརྟན་ཞིང་ཕ་རོལ་ཕྱིན་ལ་བརྩོན། །སྲིད་མ་མཆིས་པ་དེ་འདྲ་མཁྱེན་ནས་ནི། །འདམ་ལས་རྒལ་ཏེ་སེམས་ཅན་རྣམས་ཀྱང་འདུལ། །གངཚེ་ཆོས་རྣམས་གསོག་དང་གསོབ་ཏུ་གཟིགས། །ནམ་མཁའ་ཆང་སྟོང་འདྲ་ཞིང་སྙིང་པོ་མེད། །དེ་དག་བདག་གི་ངོ་བོ་མ་མཆིས་པས། །བདག་མེད་དངོས་མེད་དངོས་པོ་མེད་མ་ལགས། །མཐའ་རྣམས་ཀུན་ཏུ་ལྟ་བ་ཀུན་སྤངས་ན། །བྱང་ཆུབ་རྡུལ་མེད་རྣམ་དག་ཐོབ་པར་ ― DKG058_Page_0385 ―
[མ་དཔེ་གཟིགས་ན་འདིར་གནོན།]
འགྱུར། །སྐྱེ་དང་རྒ་དང་གནོད་པར་བགྱི་བ་གང་། །འཆི་དང་གནས་པ་གང་ལགས་སུ་ཡང་མེད། །གང་འདིར་སྐྱེ་དང་རྒ་དང་ན་དང་འཆི། །ཤེད་ལས་སྐྱེས་དང་ཤེད་བུ་དེ་མ་མཆིས། །འདི་ན་བདག་དང་བདག་གི་མ་མཆིས་ཏེ། །གང་ཟག་ཤེས་སྐྱེས་ཤེད་བུ་ཡོང་མ་མཆིས། །འདི་བརྫུན་བདག་པོ་མ་མཆིས་དབང་མ་མཆིས། །འཚོ་བའི་འཇིག་རྟེན་སྒྱུ་མ་ལྟ་བུར་འཇུག ། བྱེད་པ་མ་མཆིས་ཚོར་བ་པོ་མ་མཆིས། །འོན་ཀྱང་ལས་མཆིས་འབྲས་བུ་དོན་མ་མཆིས། །འགྲོ་བའི་ལས་ཀྱི་རྐྱེན་གྱིས་རང་བཞིན་འབྱུང་། །ཕན་ཚུན་དུ་ནི་རྒྱུ་ལ་རྟེན་པར་འདུས། །དགེ་དང་མི་དགེའི་ལས་གང་བགྱིད་པ་དང་། །གང་ཞིག་བསྒོམས་དང་གང་ཞིག་མང་དུ་བགྱིས། །ཡུལ་ན་མ་མཆིས་ཕྱོགས་ན་མ་མཆིས་ཏེ། །ངོ་བོ་ཉིད་སྟོང་འོན་ཀྱང་རྣམ་པར་སྨིན། །ནང་དང་སླད་རོལ་བར་ན་མི་གནས་ཏེ། །ཆོས་རྣམས་གང་དུའང་འཕུངས་པ་ཡོང་མ་མཆིས། །དེ་དག་གང་ལའང་རྟེན་པ་མ་མཆིས་ལ། །རྣམ་པར་སྨིན་པ་སླུ་བར་ཡོང་མི་བགྱིད། །སྐྱེས་པ་མི་མངའ་འགག་པ་མངའ་མ་ལགས། །མཁས་པ་རྣམས་ནི་གོ་བར་བགྱི་སླད་དུ། །ཉན་པ་ལ་ནི་སྨྲ་བས་ཚིག་ཀྱང་བསྟན། །ལྟ་བ་རྣམ་པར་སྦྱང་བའི་སླད་དུ་བསྟན། །གང་གི་འདུ་ཤེས་འདུ་ཤེས་ཅན་མ་མཆིས། །མྱ་ངན་འདས་མཆིས་སུ་ཡང་ཞི་མ་མཆིས། ། སྐྱེ་བ་མ་མཆིས་མཐའ་གང་མཐའ་དེ་ལགས། །བདག་གི་བདག་མེད་མཐའ་ནི་ནམ་མཁའི་མཐའ། །ཀུན་གྱི་མཐའ་ནི་མཐའ་མཉམ་ཐོབ་པ་དེས། །སངས་རྒྱས་བསམ་གྱིས་མི་ཁྱབ་དམ་པ་འཐོབ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་ནི། །སྐྱེ་བའི་མཐའ་དང་སྐྱེ་བ་མ་མཆིས་མཐའ། །མཐའ་ཀུན་དེ་ལྟར་མཉམ་པར་མཐོང་བ་དང་། །ཆགས་མེད་མཐའ་ཡི་སྒོ་ཤེས་ལྡན་པ་དང་། །དུས་གསུམ་མཐའ་རྣམས་ལ་ནི་མ་ཆགས་དེས། །རྒྱལ་བ་རྣམས་ཀྱི་རིགས་མཆོག་ཐོབ་པར་འགྱུར། །འགྲོ་བ་བཅིངས་ལས་རྣམ་པར་གྲོལ་མཛད་ནས། །ཞི་མཆོག་མྱ་ངན་འདས་པ་བརྙེས་པར་འགྱུར། །འགྲོ་ཀུན་རྨི་ལམ་ལྟ་བུར་དེས་གཟིགས་ནས། །འདིར་ནི་མིང་དང་གཟུགས་ལ་སེམས་མ་ཆགས། །ཆོས་ཀུན་ ― DKG058_Page_0386 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལས་ནི་རྣམ་པར་དག་པའི་མིག། ཞི་བ་དང་ནི་མི་གཡོ་མི་འགུལ་འཐོབ། །ཆོས་རྣམས་ཐམས་ཅད་སྒྲ་མེད་སྐད་མེད་པ། །གཟུང་དུ་མེད་ཅིང་དངོས་མེད་རྣམ་པར་དག ། དེ་བཞིན་རྒྱལ་བ་དམ་པ་རྣམས་ཀྱི་གདུང་། །ཞི་བའི་ངོ་བོ་ཉིད་དེ་སྨོན་པ་སྤངས། །སྐྱོན་མེད་རིམས་ནད་མེད་ཅིང་མྱ་ངན་བྲལ། །སྤྲོས་ཀུན་ཉེ་བར་ཞི་ཞིང་བསམ་མི་ཁྱབ། །རྒྱལ་བ་མཆོག་རྣམས་ཀྱི་ནི་ཆོས་འདི་དག ། གཟུང་བྲལ་རང་བཞིན་སྒྲ་དང་སྐད་མ་མཆིས། །འགྲོ་ལ་སྨན་སླད་སྐྱེས་བུ་དམ་པ་ཡིས། །དེ་ཡང་ཡི་གེ་རྣམས་ཀྱིས་གླེང་ཞིང་བསྟན། །གང་གིས་འཇིག་རྟེན་བླ་མར་རང་འབྱུང་མཐོང་། །མཐོང་ནས་ཀྱང་ནི་ཡིད་ལ་དད་བགྱིད་དང་། །ཁྱད་པར་འགྲོ་བའི་ཆོས་ཀྱང་ཉན་པ་ཡི། །ལྷ་དང་མི་རྣམས་རྙེད་པ་ལེགས་པར་རྙེད། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཆོས་འདི་ནི། །འཇིག་རྟེན་རྣམ་པར་འདྲེན་པས་རབ་ཏུ་བསྟན། །གང་དག་མ་འོངས་སངས་རྒྱས་འགྱུར་བ་རྣམས། །ཐམས་ཅད་ཀྱང་ནི་མཉམ་པའི་ཆོས་སུ་འགྱུར། །སྒྲ་རྣམས་ཐམས་ཅད་བྲག་ཅ་ཙམ་དུ་བས། །དེ་ནི་བརྗོད་ན་རྣ་བར་གྲག་པར་འགྱུར། །དེ་ནི་ཚུལ་བཞིན་ལམ་གྱི་རྒྱུད་འགྱུར་ཏེ། །ཆོས་སོ་འཚལ་གྱི་སླད་དུ་བཏགས་པ་ཙམ། །ཆོས་ཀུན་སྒྱུ་མ་འདྲ་ཞིང་གསོག་ལགས་ཏེ། །དེ་དག་སེམས་ཅན་སླད་དུ་རྣམ་པར་ཕྱེ། །དེ་དག་རང་བཞིན་ངོ་བོ་གང་ཡིན་པ། །དེ་ནི་ནམས་ཀྱང་རྣམ་པར་དབྱེར་མི་རུང་། །འཇིག་རྟེན་ན་ནི་སངས་རྒྱས་ཆོས་རྒྱལ་མཆོག ། ཆོས་ཀྱི་དབང་ཕྱུག་ཀུན་རིག་ཀུན་མཁྱེན་པ། །སྟོན་པ་དེ་ལ་སློབ་ན་དེ་བཞིན་དུ། །འཕགས་པ་ཀུན་གྱིས་དེ་ཉིད་དོན་ཀྱང་རྟོགས། །བྱུང་བ་གང་ལགས་པ་དང་ད་ལྟར་དང་། །མ་འོངས་པ་ན་འབྱུང་བ་གང་ལགས་པ། །ཐམས་ཅད་ལ་ཡང་ཐུབ་པ་སྐྱེས་མཆོག་གི། །ཡེ་ཤེས་འཇུག་སྟེ་ཐོགས་པ་ཡོང་མི་མངའ། །སྐྱེས་བུ་དམ་པ་དེ་ཡིས་དེ་རིང་བདག ། དོགས་མ་མཆིས་པར་བྱང་ཆུབ་མཆོག་ལུང་བསྟན། །བདག་ནི་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྱུར། །བདག་ལ་སོམ་ཉི་མ་མཆིས་དོགས་མ་མཆིས། །ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པའི་ལེའུ་སྟེ་དགུ་པའོ།། །། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།― DKG058_Page_0387 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་བཀའ་སྩལ་པ། སྐྱེས་བུ་དམ་པ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་བྱང་ཆུབ་ཅི་ནས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་མདོ་སྡེ་འདི་ཟུང་ཤིག ། ཁྱོད་ཀྱི་ནང་ནས་སུ་དག་མདོ་སྡེ་འདི་ལྟ་བུ་འདི་དག་གཟུང་བར་སྤྲོ། དེ་ནས་དེར་བྱང་ཆུབ་སེམས་དཔའ་ཉི་ཁྲི་དང་ལྷའི་བུ་ཁྲི་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་མདོ་སྡེ་འདི་ལྟ་བུ་འདི་དག་གཟུང་བར་འཚལ་ལོ། །རྒྱས་པར་ཡང་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་ཀྱིས་ཆོས་བསྒྲུབ་པ་ཇི་ལྟ་བུས་དེ་བཞིན་གཤེགས་པའི་བྱང་ཆུབ་འདི་འཛིན་པར་བྱེད། དེ་ནས་དེར་བྱང་ཆུབ་སེམས་དཔའ་ཡེ་ཤེས་རྒྱལ་མཚན་ཏོག་ཅེས་བྱ་བ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་དམ་པའི་ཆོས་གཟུང་བར་འཚལ་ན། ཅི་བདག་དེ་བཞིན་གཤེགས་པའི་བྱང་ཆུབ་འཛིན་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེ་ལྟར་སྒྲུབ་ན་དེ་བཞིན་གཤེགས་པའི་བྱང་ཆུབ་འཛིན་པ་ཡང་དག་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་མཉམ་པར་ལྟས་གསོལ་པ། བཅོམ་ལྡན་འདས་བདག་གིས་མཚམས་མ་མཆིས་པ་མཉམ་པ་ཉིད་ཀྱིས་བྱང་ཆུབ་མཉམ་པ་ཉིད་དུ་མཐོང་ན། ཅི་བདག་དེ་བཞིན་གཤེགས་པའི་བྱང་ཆུབ་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེ་ལྟར་སྒྲུབ་ན་ངའི་བྱང་ཆུབ་འཛིན་པ་ཡང་དག་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལྟ་བ་མེད་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་མ་མཐོང་། སློབ་པའི་ཆོས་དང་། མི་སློབ་པའི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མ་མཐོང་ན། ཅི་བདག་དེ་བཞིན་གཤེགས་པའི་བྱང་ཆུབ་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ། །བྱང་ཆུབ་སེམས་ ― DKG058_Page_0388 ―
[མ་དཔེ་གཟིགས་ན་འདིར་གནོན།]
དཔའ་ཆོས་ཐམས་ཅད་ལ་ཁས་འཆེ་བ་མེད་པར་ཤིན་ཏུ་གནས་པས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རང་བཞིན་ཅི་ཡང་མ་འཚལ་ཅིང་མི་འཛིན་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ། །བྱང་ཆུབ་སེམས་དཔའ་མིག་མི་འཛུམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་མིག་གིས་མི་ལྟ། སེམས་ཀྱིས་མི་གཏོད། དྲན་པ་མི་སྐྱེད་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ། །བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པས་གསོལ་པ། བཅོམ་ལྡན་འདས་བདག་ཆོས་ཀྱང་མི་སྟོན། ཆོས་མ་ལགས་པ་ཡང་མི་སྟོན། བདག་ལས་ཆོས་ཀྱི་སྒྲ་ཡང་མི་འབྱུང་། ཆོས་ཀྱི་འདུ་ཤེས་པ་ཡང་རྟོག་པར་མི་བགྱིད་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ། །བྱང་ཆུབ་སེམས་དཔའ་མིང་མེད་པས་གསོལ་པ། བཅོམ་ལྡན་འདས་བདག་གང་གི་མིང་དང་མཚན་མ་ཡང་མི་ཉན་ལགས་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ནམ་མཁའི་མཛོད་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་ནམ་མཁའི་ངོ་བོ་ཉིད་དུ་རིག་ནས་གང་ལ་འཛིན་པའི་ཆོས་རྣམས་དང་། ཆོས་མ་ལགས་པ་རྣམས་མི་མཐོང་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ། །བྱང་ཆུབ་སེམས་དཔའ་མི་གཡོ་བའི་སྟབས་ཀྱིས་འགྲོ་བས་གསོལ་པ། བཅོམ་ལྡན་འདས་བདག་ཆོས་ཐམས་ཅད་ལ་མི་དམིགས་མི་གཡོ་མངོན་པར་ཞེན་པ་མ་མཆིས་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ། །བྱང་ཆུབ་སེམས་དཔའ་བདུད་འཇོམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་སངས་རྒྱས་ཀྱི་ཡུལ་ལ་བདུད་ཀྱི་ཡུལ་གྱི་རྗེས་སུ་མཆིས་ལ། བདུད་ཀྱི་ཡུལ་ལ་ཡང་སངས་རྒྱས་ཀྱི་ཡུལ་གྱི་རྗེས་སུ་མཆི་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་ ― DKG058_Page_0389 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ། །བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྟབས་ཀྱིས་འགྲོ་བས་གསོལ་པ། བཅོམ་ལྡན་འདས་གང་ཆོས་ཀྱི་དབྱིངས་ཀྱང་འབྱེད་པར་མི་བགྱིད། སེམས་ཅན་ཁམས་ལ་མ་གཏོགས་པར་ཡང་ཆོས་ཀྱི་དབྱིངས་ལ་འཇུག་པར་མི་བགྱིད་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ། །བྱང་ཆུབ་སེམས་དཔའ་མི་དམིགས་པས་གསོལ་པ། བཅོམ་ལྡན་འདས་གང་ཆོས་ཅི་ཡང་མི་དམིགས་ལ། བ་སྤུའི་ཁུང་བུ་ཐམས་ཅད་ནས་ཀྱང་ཆོས་ཀྱི་སྒྲ་འབྱུང་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ཀུན་ནས་བསྲུངས་པས་གསོལ་པ། བཅོམ་ལྡན་འདས་གང་བདུད་ཀྱི་ཞགས་པས་ཀྱང་མ་བཅིངས་ལ། བྱང་ཆུབ་སེམས་དཔའི་སྤྱད་པ་ཡང་སྤྱོད་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ། །བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་གསོལ་པ། བཅོམ་ལྡན་འདས་གང་ཆོས་ཐམས་ཅད་རྒྱ་མཚོའི་ཕྱག་རྒྱས་ཡང་དག་པར་འདུ་བ་དང་། རྣམ་པར་གྲོལ་བའི་ངོ་བོ་ཉིད་རོ་གཅིག་པར་འཚལ་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ། །ལྷའི་བུ་མཚན་བཟང་གིས་གསོལ་པ། བཅོམ་ལྡན་འདས་གང་སྐྱེ་ཡང་སྐྱེ་ལ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབྱུང་བ་ཡང་མི་འཛིན། འབྱུང་ཡང་འབྱུང་ལ། དེ་སེམས་དང་ཡིད་དུ་འདོགས་པར་ཡང་མི་བགྱིད་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞིན་ནོ། །ལྷའི་བུ་དྲི་མ་མེད་པས་གསོལ་པ། བཅོམ་ལྡན་འདས་གང་ཆོས་ཐམས་ཅད་དྲི་མ་མ་མཆིས་པ་དང་། སྙིགས་མ་མ་མཆིས་པ་དང་། འདོད་ཆགས་ཀྱི་རྡུལ་དང་བྲལ་བར་རིག་ནས། རྒྱུ་ལས་རྣམ་པར་གྲོལ་བར་མི་བགྱིད་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞིན་ནོ། །ལྷའི་བུ་སེམས་ཅན་སྒྲོལ་གྱིས་ ― DKG058_Page_0390 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསོལ་པ། བཅོམ་ལྡན་འདས་གང་སེམས་ཅན་རྣམས་ཀྱང་སྒྲོལ་བར་བགྱིད་ལ། བདག་མ་མཆིས་པ་ཡང་འཚལ། བསྒྲལ་ནས་ཀྱང་འཛུད་པར་བགྱིད་ལ། ཚུ་རོལ་དང་ཕ་རོལ་གྱི་འགྲམ་ན་ཡང་མི་གནས་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞིན་ནོ། །ལྷའི་བུ་དབང་བྱེད་ཀྱིས་གསོལ་པ། བཅོམ་ལྡན་འདས་གང་ཆོས་ཐམས་ཅད་ལ་དབང་ཡང་ཐོབ་ལ། ཆོས་གང་ཡང་སྐྱེ་བར་ཡང་མི་བགྱིད། འགག་པར་ཡང་མི་བགྱིད་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞིན་ནོ། །ལྷའི་བུ་རྒྱལ་པོ་བཟང་གིས་གསོལ་པ། བཅོམ་ལྡན་འདས་གང་སེམས་ཅན་ཐམས་ཅད་སེམས་ཅན་མཉམ་པ་དང་། ཆོས་ཐམས་ཅད་ཆོས་མཉམ་པ་དང་། ཞིང་ཐམས་ཅད་ཞིང་མཉམ་པ་དང་། སངས་རྒྱས་ཐམས་ཅད་སངས་རྒྱས་མཉམ་པར་རྗེས་སུ་སོང་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞིན་ནོ། །ལྷའི་བུ་ལེགས་པར་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ཆོས་ཅི་ཡང་མི་སེམས་ཤིང་སྤྲོས་པར་མི་བགྱིད་དེ། མཚན་མར་མི་བགྱིད་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞིན་ནོ། ། སྲིང་མོ་ཨུད་པ་ལས་གསོལ་པ། བཅོམ་ལྡན་འདས་བདག་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་རྣམས་ལགས་པར་འཚལ་ལ། འོན་ཀྱང་བདག་མངོན་པར་རྫོགས་པར་འཚང་མི་རྒྱ་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། སྲིང་མོ་དེ་ནི་དེ་བཞིན་ནོ། །བུ་མོ་མུ་ཏིག་ཕྲེང་གིས་གསོལ་པ། བཅོམ་ལྡན་འདས་བདག་གིས་བུད་མེད་ཀྱི་ཆོས་རྣམས་ཀྱང་མི་དམིགས། སྐྱེས་པའི་ཆོས་རྣམས་ཀྱང་མི་དམིགས་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་གང་ལགས་པ་དེ་བུད་མེད་དང་། སྐྱེས་པའི་ཆོས་རྣམས་ཀྱི་མཚན་ཉིད་ལགས་ལ། ཆོས་དེ་དག་ཀྱང་ཆོས་ཀྱང་མ་ལགས། ཆོས་མ་ལགས་པ་ཡང་མ་ལགས་ཏེ། དེའི་སླད་དུ་འདི་ལྟར་བདག་ནི་སྐྱེད་པར་ཡང་མི་བགྱིད། ཁས་ལེན་པར་ཡང་མི་བགྱིད་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། བུ་མོ་དེ་ནི་ ― DKG058_Page_0391 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་བཞིན་ནོ། །བུ་མོ་རིན་ཆེན་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་བྱང་ཆུབ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་མ་མཐོང་ལ། སེམས་ཅན་ཐམས་ཅད་ཀྱི་གོ་ཆ་ཡང་བདག་གིས་བགོས། དེ་དག་ཀྱང་གཏན་དུ་བདག་གིས་མ་མཐོང་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། བུ་མོ་དེ་ནི་དེ་བཞིན་ནོ། །བུ་མོ་དྲི་མ་མེད་པའི་འོད་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ཆོས་ཐམས་ཅད་ལ་ཡང་ཆོས་ཀྱི་འདུ་ཤེས་མི་སྐྱེད་ལ། སེམས་ཅན་ཐམས་ཅད་ལ་ཡང་སེམས་ཅན་གྱི་འདུ་ཤེས་མི་སྐྱེད། ཆོས་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ལ་རྣམ་པར་མི་རྟོག་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཁོངས་སུ་ཡང་ཆོས་ཐམས་ཅད་འདུས་པར་ཡང་དག་པར་མཐོང་ལ། དེ་དག་གི་ཁོངས་སུ་ཡང་མ་ཞེན་པར་ཡང་དག་པར་མཐོང་ན། བཅོམ་ལྡན་འདས་བདག་དེ་ལྟར་བརྩོན་ན། ཅི་དམ་པའི་ཆོས་འཛིན་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་མོ་ཁྱོད་དེ་ལྟར་སྒྲུབ་ན་དམ་པའི་ཆོས་འཛིན་པ་ཡང་དག་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་རྣམ་པར་ངེས་པའི་སྤོབས་པ་དང་ལྡན་པའི་བུ་མོ་རྣམས་ཀྱིས་འདིར་རྣམ་པ་དང་སྒྲ་དང་བརྡ་སྣ་ཚོགས་ཀྱིས་ཆོས་ཉིད་དེ་ཁོ་ན་གླེངས་ཏེ། ཆོས་གང་དང་ཡང་འགལ་བར་མི་བགྱིད་ལ། ཆོས་ཐམས་ཅད་ཀྱང་བྱང་ཆུབ་དང་མཉམ་པ་ཉིད་དུ་སྟོན་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་གཞན་ཡང་ཆོས་དེ་ནི་དེ་བཞིན་ཏེ། བུ་མོ་འདི་དག་ནི་བསམ་གྱིས་མི་ཁྱབ་པའི་ཆོས་རྣམ་པར་ངེས་པ་སྟོན་པ་ལ་མཁས་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། བཟོད་པ་ཐོབ་པ་ཤ་སྟག་གོ །ཀཽ་ཤི་ཀ་གཞན་ཡང་ཆོས་ཀྱི་རྣམ་གྲངས་འདི་གཟུང་བ་དང་། གཞན་དག་ལ་ཡང་རྒྱས་པར་བསྟན་པ་དང་། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་མ་འོངས་པའི་སེམས་ཅན་ཆེན་པོ་དམ་པའི་ཆོས་ཀྱི་གྲོང་ཁྱེར་བསྲུང་བ་དེ་དག་ལ་བསྟབས་པའི་ཕྱིར་ཁྱོད་ལ་གཏད་དོ། །དེ་ལྟར་བྱས་ན་ཁྱོད་ ― DKG058_Page_0392 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པའི་མཆོག་བྱས་པར་འགྱུར་རོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་བདག་གིས་གཟུང་ལགས་སོ། །འདི་ནི་བདག་གིས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཁོ་ནས་རྒྱས་པར་བགྱིའོ། །མ་འོངས་པའི་སེམས་ཅན་ཆེན་པོ་དེ་དག་ལ་ཡང་བསྟབས་པར་འཚལ་ལོ། ། དེ་ཅིའི་སླད་དུ་ཞེ་ན་བཅོམ་ལྡན་འདས་བདག་གིས་ནི་དེ་བཞིན་གཤེགས་པ་ལ་བཀའ་དྲིན་བསབས་པའི་རྔོ་མི་ཐོགས་ཏེ། འདི་ལྟར་བདག་ནི་དེ་བཞིན་གཤེགས་པའི་ཆོས་ཀྱིས་ཕན་གདགས་པའི་སླད་དུའོ། །བཅོམ་ལྡན་འདས་གཞན་ཡང་ཅི་ནས་བདུད་དང་། ཕྱིར་རྒོལ་བ་ངེས་པར་བཅོམ་ནས་འདི་འཛམ་བུའི་གླིང་དུ་སྤྱོད་པར་འགྱུར་བ་དེ་ལྟ་བུར་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་སྔགས་དང་། གསང་སྔགས་ཀྱི་གཞིའི་བྱིན་བརླབ་ངས་བསྟན་པར་བྱ་སྟེ། རིག་སྔགས་དང་། གསང་སྔགས་ཀྱི་གཞི་དེ་དག་གིས་བདུད་ཐམས་ཅད་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱང་ཤིན་ཏུ་ཚར་གཅོད་པར་འགྱུར་ལ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྒྲོན་མ་འདི་ཡང་ཡུན་རིང་དུ་གནས་པར་འགྱུར་རོ། །ཏདྱ་ཐཱ། ཨ་བྷ་ཡེ། བྷ་ཡ་བི་ག་ཏེ། བྷ་ཡ་བི་ཤོ་དྷ་ནེ། ཨ་བྷ་ཡ་དཱ་དེ། ནི་རུ་པ་དྲ་བེ། ཨ་ནཱ་ཀུ་ལེ། ཨཱ་ཀུ་ལ་སཾ་ཤོ་དྷ་ནེ། ཨ་གྲ་ཧེ། ཨ་བི་བཱ་དེ། ཨ་ཀལྤེ། ཨ་ཙྱུཏྟེ། ཤུ་བྷ་ཏེ་ཛེ། ཏེ་ཛོ་བ་ཏི། མ་ཧཱ་ཏེ་ཛེ། ཨུ་པ་ཤཱ་མེ། མཻ་ཏྲྱུངྒ་ཏེ། ཤོ་ཥ་ཡ་མཱ་ནེ། སཏྱ་དརྵ་ཎེ། ཨ་བི་རུད་དྷེ་ས་ཧི་ཏ་ཨརྠེ། ཨརྠ་སི། ཨ་མྲཱི་ཏ་བ་ཏེ། སཱ་ག་རེ། སཱ་ག་ར་བ་ཏི། ཨ་བྷི་དེ། བཛྲ་སནྡྷི། ཨཀྵ་ཡེ། ཨཀྵ་ཏ་པྲ་བྷེ། ཛཱ་ཏི་བི་ཤོ་དྷ་ནེ། ཤུ། ཤུ། ཨ་བ་བྷཱ་ས་བ་ཏི། ས་མ་པྲ་ཡོ་གེ། ས་མ་ཙི་ཏེ། ཨ་ནུཏྟ་རེ། བུདྡྷ་ཨ་དྷི་ཥྛཱ་ནེ། ཤཱི་ལ་བི་ཤོ་དྷ་ནེ། ཨནྟི་ཀྲ་མ་ཎེ། ཨ་སཾ་ཧཱ་རྱེ། ནི་གྲཱི་ཧཱི་ཏཾ་མཱ་ར་བ་ལམ། པ་རཱ་ཛ་ཡོ་ཥྚི་ག་ཏཱ་ནཱཾ། ཛྭ་ལཱ་ནཱཾ་དྷརྨོ་ནཱཾ། སཾ་གྲཱི་ཧཱི་ཏཱ་ན། དྷརྨ་ཏཱ་ནཱཾ། ཨུངྒྷ་ཊཱི་ནཱཾ། དྷརྨ་ནི་དྷཱ་ནཱན། ཀཽ་ཤི་ཀ་རིག་སྔགས་དང་། གསང་སྔགས་ཀྱི་གཞི་ནི་འདི་དག་ཡིན་ཏེ། འདས་པ་དང་། མ་འོངས་པ་ ― DKG058_Page_0393 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་གསུངས་སོ། །རིག་སྔགས་དང་། གསང་སྔགས་ཀྱི་གཞི་འདི་དག་གིས་ནི་རྩོད་པའི་བདག་པོ་བདུད་ཐམས་ཅད་ཚར་གཅོད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཀུན་དུ་སྣང་བ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བགྱི། བཅང་བར་བགྱི། རྒྱས་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱས་པ་གཟོ་བ་དང་། བྱས་པ་ཚོར་བ་ནི་དཀར་པོའི་ཆོས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་བསྔགས་པའི་སླད་དུའོ། །བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་བ་དང་། བྱས་པ་ཚོར་བ་རྗེས་སུ་དྲན་ཞིང་རྗེས་སུ་བསྲུང་སྟེ། དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་འདི་གཟུང་བར་བགྱི། ཡོངས་སུ་བསྲུང་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་བསོད་ནམས་འཕགས་ཀྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པའི་ཆོས་བཟུང་ན། བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། སངས་རྒྱས་སྤྱན་གྱིས་ཕྱོགས་བཅུ་ཡི། །ཞིང་རྣམས་ཇི་སྙེད་ངས་མཐོང་བ། །དེ་ཀུན་རིན་ཆེན་གང་བྱས་ནས། །མི་གང་སྦྱིན་པ་སྦྱིན་བྱེད་ལ། །གང་ཞིག་འཇིག་རྟེན་མགོན་པོའི་ཆོས། །སྙིང་ནས་ཡོངས་སུ་འཛིན་བྱེད་ན། །དེ་བས་མི་དེའི་བསོད་ནམས་ནི། །ཤིན་ཏུ་མང་དུ་འཕེལ་བར་འགྱུར། ། བསྐལ་པའི་བར་དུ་བཞུགས་ནས་ནི། །དཔེ་རྣམས་བསྟན་པས་བཤད་ན་ཡང་། །དམ་པའི་ཆོས་ནི་འཛིན་པ་ཡི། །བསོད་ནམས་ཟད་པར་ཡོང་མི་འགྱུར། །ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན་ལྷ་ཁྲག་ཁྲིག་བདུན་ཅུ་རྩ་དྲུག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་དྲུག་ཁྲི་ནི་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་སྐྱེས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་དང་མཚན་མ་ཆེན་པོ་ ― DKG058_Page_0394 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཅྭ་བརྒྱད་དུ་རབ་ཏུ་གཡོས་པར་གྱུར་ཏོ། །འདི་ལྟ་སྟེ། ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའ། ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ། བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའ། དབུས་མཐོ་ན་མཐའ་དམའ། མཐའ་མཐོ་ན་དབུས་དམའ་བར་གྱུར་ཏེ། གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། ལྡེག ། རབ་ཏུ་ལྡེག ། ཀུན་ཏུ་རབ་ཏུ་ལྡེག ། འཁྲུགས། རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །སྣང་བ་ཆེན་པོས་ཀྱང་འཇིག་རྟེན་ཁྱབ་པར་གྱུར་ཏོ། །མེ་ཏོག་གི་ཆར་ཆེན་པོ་ཡང་བབ་བོ། །སིལ་སྙན་དག་ཀྱང་མ་དཀྲོལ་བར་རང་འཁྲོལ་ཞིང་སིལ་སྙན་དང་། གླུའི་དབྱངས་དེ་དག་ལས་ཀྱང་སྒྲ་འདི་ལྟ་བུ་བྱུང་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཚུགས་པར་བྱིན་གྱིས་བརླབས་སོ། །ཆོས་ཀྱི་རྣམ་གྲངས་འདི་རྣམ་པར་དཀྲུག་ཏུ་མེད་པའི་ཚུལ་དུ་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་ལེགས་པར་བཏབ་བོ་ཞེས་བྱུང་ངོ་། །ཀླུའི་རྒྱལ་པོ་རྒྱ་མཚོས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་མུ་ཏིག་གི་ཆར་ཆེན་པོ་ཕབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ལ། གཞན་དག་ལ་ཡང་རྒྱས་པར་ཡང་དག་པར་སྟོན་ཅིག །གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་བདག་གིས་གཟུང་ལགས་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཞེས་བྱ་བར་ཟུང་ཤིག ། ཀླུའི་བདག་པོའི་གཟུངས་ཀྱི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག ། རིན་པོ་ཆེ་ཀུན་ལས་བཏུས་པའི་ཆོས་ཀྱི་སྒོ་ཡོངས་སུ་དག་པའི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག ། བཅོམ་ལྡན་འདས་ཀྱིས་དེ་སྐད་ ― DKG058_Page_0395 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་དང་། རྒྱལ་པོ་མ་སྐྱེས་དགྲ་དང་། ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་དང་། འཁོར་དེ་དག་ཐམས་ཅད་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲ་ཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།― DKG058_Page_0395 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱ་གར་སྐད་དུ། ཨཱཪྱ་སཱ་ག་ར་ནཱ་ག་རཱ་ཛ་པ་རི་པྲིཙྪ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོ་ན་ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་ཀླུའི་རྒྱལ་པོ་རྒྱ་མཚོའི་འཁོར་གྱི་ཁྱམས་བཀོད་པ་ན། དགེ་སློང་བརྒྱད་སྟོང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པ་མངོན་པར་ཤེས་པ་མངོན་པར་ཤེས་པ་རབ་ཏུ་མང་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་དེ་འདུས་པར་མཁྱེན་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་པ། ཀླུའི་བདག་པོ་ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ལས་རྣམ་པ་སྣ་ཚོགས་ཀྱིས་བསྐྱོད་ནས་སེམས་ཀྱི་དམིགས་པ་སྣ་ཚོགས་ཀྱིས་ལས་རྣམ་པ་སྣ་ཚོགས་མངོན་པར་འདུ་བྱ་བ་མངོན་པར་ ― DKG058_Page_0396 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདུ་བྱེད་དེ། དེ་ཡིས་འགྲོ་བ་ཡང་སྣ་ཚོགས་སུ་གྱུར་ཏོ། །ཀླུའི་བདག་པོ་འཁོར་འདི་དང་། རྒྱ་མཚོ་ཆེན་པོ་འདི་ན་གཟུགས་རྣམ་པ་སྣ་ཚོགས་ཇི་སྙེད་པ་དང་། གཟུགས་ཐ་མལ་པ་ཇི་སྙེད་སྣང་བ་ལ་ལྟོས། ཀླུའི་བདག་པོ་འདི་དག་ཐམས་ཅད་ནི་རང་རང་གི་སེམས་དང་། ལུས་དང་། ངག་དང་། ཡིད་ཀྱི་ལས་དགེ་བ་དང་མི་དགེ་བ་སྣ་ཚོགས་སུ་བྱས་པས་སྣ་ཚོགས་སུ་གྱུར་པ་དག་གོ །སེམས་ནི་གཟུགས་མེད་པ། བསྟན་དུ་མེད་པ། གཟུང་དུ་མེད་པའོ། །ཀླུའི་བདག་པོ་འདི་ལྟར་ཐམས་ཅད་ནི་བཅོས་མ་སྒྲུབ་པས་གནས་པའི་མཚན་ཉིད་དེ་བདག་པོ་མེད་པ། བདག་གི་མེད་པ། ཡོངས་སུ་འཛིན་པ་མེད་པའོ། །དེ་དག་ནི་ལས་ཇི་ལྟར་བསགས་པས་བསྒྲུབས་པ་སྣ་ཚོགས་སུ་བྱས་པ་དག་སྟེ། འདི་ལ་བྱེད་པ་པོ་གང་ཡང་མེད་དོ། །ཀླུའི་བདག་པོ་འདི་ལྟར་ཆོས་འདི་དག་ཐམས་ཅད་ནི་བསམ་གྱིས་མི་ཁྱབ་པ་སྒྱུ་མའི་མཚན་ཉིད་ཀྱི་ངོ་བོ་ཉིད་དོ། །ཀླུའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔའ་མཁས་པས་ཆོས་ཐམས་ཅད་བསྒྲུབས་པས་གནས་པའི་མཚན་ཉིད་དུ་ཤེས་ནས་དགེ་བའི་ལས་མངོན་པར་འདུ་བྱ་བ་དག་མངོན་པར་འདུ་བྱའོ། །དེ་དགེ་བའི་ལས་མངོན་པར་འདུ་བྱ་བར་འདུ་བྱེད་ན་བསྒྲུབས་པས་གནས་པའི་མཚན་ཉིད་ཀྱི་ཆོས་རྣམས་ཀྱིས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་གང་དག་མངོན་པར་འགྲུབ་པ་དེ་དག་མཛེས་ཤིང་བལྟ་ན་སྡུག་ལ་གཟུགས་བཟང་བ་དག་ཏུ་མངོན་པར་འགྲུབ་བོ། །ཀླུའི་བདག་པོ་དེ་བཞིན་གཤེགས་པའི་སྐུ་བསོད་ནམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལས་སྐྱེས་པ་མཚན་རྣམས་ཀྱིས་ཇི་ལྟར་བརྒྱན་པ་དང་། ཇི་ལྟར་བསྒྲུབས་པ་དང་། དཔལ་གྱིས་ལྷ་དང་མིར་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་མ་ཆགས་པར་བཞུགས་ཏེ། གང་ན་བརྒྱ་སྟོང་ཕྲག་བཅུ་ལ་དབང་སྒྱུར་བའི་ཚངས་པ་ཆེན་པོ་འདི་དག་མོག་མོག་པོར་གྱུར་ནས་དེ་བཞིན་གཤེགས་པའི་སྐུ་ལ་ལྟ་ན་ཡང་མིག་ཟི་ཟི་པོར་གྱུར་པ་ལ་ལྟོས། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་འདི་དག་གི་གཟུགས་དང་། མཚན་དང་། ལུས་དང་། རྒྱན་རྣམས་ལ་ལྟོས། ཀླུའི་བདག་པོ་དེ་དག་ཐམས་ཅད་ནི་དགེ་བའི་ལས་མངོན་པར་འདུ་བྱ་བ་རྣམས་ཀྱིས་མངོན་པར་ ― DKG058_Page_0397 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདུས་བྱས་པས་བརྒྱན་པར་བསྒྲུབས་པའོ། །ཀླུའི་བདག་པོ་ཁྱོད་ཀྱི་བཀོད་པ་འདི་ཡང་བསོད་ནམས་ཐམས་ཅད་ལས་བྱུང་བའོ། །ཀླུའི་བདག་པོ་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་འདི་དག་གི་བཀོད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་བསོད་ནམས་ལས་བྱུང་བའོ། །ཀླུའི་བདག་པོ་རྒྱ་མཚོ་ཆེན་པོ་འདི་ན་གང་དག་ལུས་སྣ་ཚོགས་གཟུགས་མི་སྡུག་ཅིང་དབྱིབས་མ་ལེགས་པ་དང་། དབྱིབས་ལེགས་པ་དང་། ལུས་རགས་ཤིང་ཆེ་བ་རྣམས་དང་། གང་དག་ལུས་ཕྲ་ཞིང་ཆུང་བ་དེ་དག་ཐམས་ཅད་ཀྱང་རང་རང་གི་སེམས་དང་། ལུས་དང་། ངག་དང་། ཡིད་ཀྱི་ལས་དགེ་བ་དང་། མི་དགེ་བས་སྣ་ཚོགས་སུ་གྱུར་པ་དག་གོ །ཀླུའི་བདག་པོ་དེ་བས་ན་ལས་བདག་གིར་བྱ་བ་ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་སྐྱེ་གནས་པ། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པར་བྱའོ་ཞེས་ཀླུའི་བདག་པོ་ཁྱེད་ཀྱིས་དེ་ལྟར་སློབས་ཤིག་དང་། ལས་བདག་གིར་བྱ་བ་ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་ཁྱེད་དགེ་བའི་ཆོས་མངོན་པར་འདུ་བྱ་བ་ལ་བློ་འཇུག་པར་འགྱུར་རོ། །ལྟ་བ་ཆུད་གསོན་པར་བྱེད་པར་མི་འགྱུར་རོ། །ཆད་པ་དང་རྟག་པར་ལྟ་བ་ལ་གནས་པར་མི་འགྱུར་རོ། །ཁྱེད་ཀྱིས་སྦྱིན་པའི་གནས་རྣམས་མགུ་བར་བྱེད་པར་འགྱུར་རོ། །མགུ་བར་བྱས་ནས་ཀྱང་བསྟི་སྟང་བྱེད་པར་འགྱུར་རོ། །བསྟི་སྟང་བྱས་པའི་རྒྱུ་ལས་བྱུང་བས་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བསྟི་སྟང་བྱས་པར་འགྱུར་རོ། །ཀླུའི་བདག་པོ་ཆོས་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་ངན་འགྲོ་ངན་སོང་མི་ཁོམ་པའི་ལམ་ཐམས་ཅད་ཡང་དག་པར་གཅོད་དོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། བདག་ཇི་ལྟར་གྱུར་ཅིང་ཉིན་ཞག་རྣམས་འགྲོ་ཞིག་གུ་སྙམ་དུ་དགེ་བའི་ཆོས་རྣམས་ལ་རབ་ཏུ་རྟོག་པའོ། །དེ་དེ་ལྟར་དགེ་བའི་ཆོས་ལ་རབ་ཏུ་རྟོག་པ་མང་བས་མི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་གོ་ ― DKG058_Page_0398 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྐབས་མི་འབྱེད་དོ། །དེ་མི་དགེ་བའི་ཆོས་སྤངས་ཏེ་དགེ་བའི་ཆོས་དང་ལྡན་པས་བསམ་པ་དག་པའི་སེམས་ཅན་འདི་ལྟ་སྟེ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་འགྲོགས་པ་རྙེད་པར་འགྱུར་རོ། །ཀླུའི་བདག་པོ། དེ་ལ་དགེ་བའི་ཆོས་རྣམས་གང་ཞེ་ན། དགེ་བའི་ཆོས་རྣམས་ཞེས་བྱ་བ་ནི་ལྷ་དང་མིའི་ཕུན་སུམ་ཚོགས་པའི་རྩ་བ་དང་རྟེན་ཏོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རྩ་བ་དང་རྟེན་ཏོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བ་དང་རྟེན་ཏོ། །དེ་ལ་རྩ་བ་དང་རྟེན་གང་ཞེ་ན། གང་འདི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སོ། །དགེ་བ་བཅུའི་ལས་ཀྱི་ལམ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྤོང་བའོ། །འདི་དག་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་སྟེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་རྣམས་ཀྱི་རྩ་བ་དང་རྟེན་ཏོ། །ཀླུའི་བདག་པོ་དེ་ལ་སྲོག་གཅོད་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་རབ་ཏུ་ཞི་བར་བྱེད་པའི་ཆོས་བཅུ་འཐོབ་བོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། འདིས་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་བྱིན་པ་ཡིན་ནོ། །དེའི་སེམས་སེམས་ཅན་ཐམས་ཅད་ལ་བྱམས་པར་དམིགས་པ་ལ་གནས་པ་ཡིན་ནོ། །དེའི་ཞེ་སྡང་གི་བག་ཆགས་ཡང་དག་པར་ཆད་པ་ཡིན་ནོ། །དེས་ནད་ཉུང་བར་འགྱུར་བར་སྒྲུབ་པ་ཡོངས་སུ་བཟུང་བ་ཡིན་ནོ། །དེས་ཚེ་རིང་བར་འགྱུར་བའི་ས་བོན་བཏབ་པ་ཡིན་ནོ། །དེ་ལ་མི་མ་ཡིན་པ་རྣམས་ཀྱང་སྲུང་བ་དང་། བསྐྱབ་པ་དང་། སྦེད་པར་བྱེད་དོ། །བདེ་བར་ཉལ་ཞིང་བདེ་བར་སད་པ་དང་། སྡིག་པའི་རྨི་ལམ་མི་མཐོང་བ་ཡིན་ནོ། །དེ་ཉལ་བ་ན་ཡང་ལྷ་རྣམས་སྲུང་བར་བྱེད་དོ། །དེ་ལ་ཤར་གཉེར་བ་མེད་པ་ཡིན་ཏེ། ཤར་གཉེར་བའི་བག་ལ་ཉལ་མེད་པ་ཡིན་ནོ། །ངན་འགྲོ་ཐམས་ཅད་ཀྱིས་མི་འཇིགས་པ་དང་། ― DKG058_Page_0399 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤི་འཕོས་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། ཀླུའི་བདག་པོ་སྲོག་གཅོད་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་རབ་ཏུ་ཞི་བར་བྱེད་པའི་ཆོས་བཅུ་པོ་དེ་དག་འཐོབ་བོ། །སྲོག་གཅོད་པ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེ་དགེ་བའི་རྩ་བ་དེས་བྱང་ཆུབ་ཐོབ་པ་ན་སེམས་ཀྱི་དབང་གིས་ཚེ་ཚད་མེད་པར་འགྱུར་རོ། །ཀླུའི་བདག་པོ་མ་བྱིན་པར་ལེན་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡིད་བརྟན་པའི་ཆོས་བཅུ་འཐོབ་བོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ལོངས་སྤྱོད་ཆེ་ཞིང་དེའི་ལོངས་སྤྱོད་དེ་དག་རྒྱལ་པོ་དང་། རྐུན་པོ་དང་། མེ་དང་། ཆུ་དང་། མི་མཛའ་བ་དང་། ཉེ་མཚམས་ཀྱིས་མི་འཕྲོགས་པ་ཡིན་ནོ། །སྐྱེ་བོ་མང་པོའི་ཡིད་དུ་འོང་བས་སྐྱེ་བོ་མང་པོ་དགའ་བ་ཡིན་ནོ། །ཉེ་བའི་ཉོན་མོངས་པ་མེད་པ་ཡིན་ནོ། །ནོར་འབྲེལ་པ་རྣམས་ལ་ཡིད་བརྟན་དུ་རུང་བ་ཡིན་ནོ། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དེའི་བསྔགས་པ་རྗོད་ཅིང་དེ་ལ་ཕ་རོལ་གྱི་གནོད་པའི་འཇིགས་པ་ཐམས་ཅད་མེད་པ་ཡིན་ནོ། །དེའི་དགེ་བ་བརྗོད་པའི་སྒྲ་དང་ཚིགས་སུ་བཅད་པ་མངོན་པར་འཕགས་པར་འགྱུར་རོ། །བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འཇུག་སྟེ་ཞུམ་ཞུམ་པོ་མེད་པར་འགྱུར་རོ། །ཚེ་དང་། སྟོབས་དང་། ཁ་དོག་དང་། བདེ་བ་དང་། སྤོབས་པ་དང་། ལོངས་སྤྱོད་དང་། ཕྱུག་པ་ཕུན་སུམ་ཚོགས་པ་རབ་ཏུ་འཛིན་པར་འགྱུར་རོ། །དེའི་སེམས་སྦྱིན་པ་ཡང་དག་པར་འགེད་པ་ལ་འགྲོ་བར་འགྱུར་རོ། །ལུས་དང་བྲལ་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། ཀླུའི་བདག་པོ་དེ་ལྟར་མ་བྱིན་པར་ལེན་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡིད་བརྟན་པའི་ཆོས་བཅུ་པོ་དེ་དག་འཐོབ་བོ། །མ་བྱིན་པར་ལེན་པ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེ་དགེ་བའི་རྩ་བ་དེས་དེ་བཞིན་གཤེགས་པ་ཉེ་བའི་ཉོན་མོངས་པ་ཅན་མ་ཡིན་པའི་ཡེ་ཤེས་ཅན་དུ་རང་གི་མངོན་པར་ཤེས་ ― DKG058_Page_0400 ―
[མ་དཔེ་གཟིགས་ན་འདིར་གནོན།]
པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀླུའི་བདག་པོ་འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་མཁས་པས་བསྔགས་པའི་ཆོས་བཞི་འཐོབ་བོ། །བཞི་གང་ཞེ་ན། འདི་ལྟ་སྟེ། དབང་པོ་སྡོམ་པ་དང་། རྒོད་པ་ལས་ཡང་དག་པར་འདའ་བ་དང་། འཇིག་རྟེན་ཐམས་ཅད་ཀྱིས་བསྔགས་པ་དང་། ཆུང་མ་མི་འཕྲོགས་པ་སྟེ། ཀླུའི་བདག་པོ་འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་མཁས་པས་བསྔགས་པའི་ཆོས་བཞི་པོ་དེ་དག་འཐོབ་བོ། །འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེ་དགེ་བའི་རྩ་བ་དེས་སྐྱེས་བུ་ཆེན་པོའི་མཚན་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་འཐོབ་བོ། །ཀླུའི་བདག་པོ་བརྫུན་དུ་སྨྲ་བ་སྤངས་པའི་སྐྱེས་བུ་གང་ཟག་ནི་ལྷ་དང་མིས་བསྔགས་པའི་ཆོས་བརྒྱད་འཐོབ་བོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཨུད་པ་ལའི་དྲི་འབྱུང་བས་ཁ་ཡོངས་སུ་དག་པ་འཐོབ་པར་འགྱུར་བ་དང་། འཇིག་རྟེན་ཐམས་ཅད་ཀྱི་ཚད་མར་འགྱུར་བ་དང་། ལྷ་དང་མི་དགའ་བས་དབང་གཅིག་པོར་འགྱུར་བ་དང་། དབུགས་འབྱིན་པས་འབྱུང་པོ་རྣམས་དོགས་པ་མེད་པར་འགྱུར་བ་དང་། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལུས་དང་། ངག་དང་། སེམས་ཡོངས་སུ་དག་པར་འགྱུར་བ་དང་། ཚིག་འཁྲུལ་པ་མེད་པས་མཆོག་ཏུ་དགའ་བ་མང་བར་འགྱུར་བ་དང་། ཚིག་གཟུང་བར་འོས་པས་ངག་ཉན་པར་འགྱུར་བ་དང་། ཤེས་རབ་ཐོབ་པས་ལྷ་དང་མི་རྣམས་ཀྱི་ནང་དུ་ཁ་ན་མ་ཐོ་བ་མེད་པར་འགྱུར་བ་ཡིན་ཏེ། ཀླུའི་བདག་པོ་བརྫུན་དུ་སྨྲ་བ་སྤངས་པའི་སྐྱེས་བུ་གང་ཟག་ནི་ལྷ་དང་མིས་བསྔགས་པའི་ཆོས་བརྒྱད་པོ་དེ་དག་འཐོབ་བོ། །བརྫུན་དུ་སྨྲ་བ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེ་དགེ་བའི་རྩ་བ་དེས་བདེན་པའི་རྗེས་སུ་འཇུག་པའི་ཚིག་ཏུ་འགྱུར་རོ། །ཀླུའི་བདག་པོ་ཕྲ་མའི་ཚིག་སྤངས་པའི་སྐྱེས་བུ་གང་ཟག་ནི་མི་ཕྱེད་པ་ལྔ་འཐོབ་བོ། །ལྔ་གང་ཞེ་ན། ― DKG058_Page_0401 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདི་ལྟ་སྟེ། གཞན་གྱི་གནོད་པའི་འཇིགས་པ་ཐམས་ཅད་ལས་ཤིན་ཏུ་འདའ་བས་ལུས་མི་ཕྱེད་པ་འཐོབ་པ་དང་། གཞན་དག་གི་ལ་ཆགས་པ་མེད་པས་གཡོག་མི་ཕྱེད་པ་འཐོབ་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པས་དད་པ་མི་ཕྱེད་པ་འཐོབ་པ་དང་། སྒྲུབ་པ་སྙིང་པོར་བྱེད་པས་ཆོས་ལས་མི་ཕྱེད་པ་འཐོབ་པ་དང་། མི་སླུ་བས་མཛའ་བོ་མི་ཕྱེད་པ་འཐོབ་པ་སྟེ། ཀླུའི་བདག་པོ་ཕྲ་མའི་ཚིག་སྤངས་པའི་སྐྱེས་བུ་གང་ཟག་ནི་མི་ཕྱེད་པ་ལྔ་པོ་དེ་དག་འཐོབ་བོ། །ཕྲ་མའི་ཚིག་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེ་དགེ་བའི་རྩ་བ་དེས་གཡོག་མི་ཕྱེད་པའི་དེ་བཞིན་གཤེགས་པར་འགྱུར་ཏེ། བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཀྱང་དེ་བཞིན་གཤེགས་པ་དེའི་འཁོར་དབྱེ་བར་མི་ནུས་སོ། །ཀླུའི་བདག་པོ་ཚིག་རྩུབ་པོ་སྤངས་པའི་སྐྱེས་བུ་གང་ཟག་ནི་ངག་གི་ལས་ཡོངས་སུ་དག་པ་བརྒྱད་འཐོབ་བོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ་ཚིག་རན་པ་དང་། ཕན་པའི་ཚིག་དང་། རིགས་པའི་ཚིག་དང་། འཇམ་པའི་ཚིག་དང་། གཟུང་བའི་ཚིག་དང་། མཉན་པའི་ཚིག་དང་། སྐྱེ་བོ་མང་པོ་དགའ་བའི་ཚིག་དང་། མ་སྨད་པའི་ཚིག་ཡིན་ཏེ། ཀླུའི་བདག་པོ་ཚིག་རྩུབ་པོ་སྤངས་པའི་སྐྱེས་བུ་གང་ཟག་ནི་ངག་གི་ལས་ཡོངས་སུ་དག་པ་བརྒྱད་པོ་དེ་དག་འཐོབ་བོ། །ཚིག་རྩུབ་པོ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེ་དགེ་བའི་རྩ་བ་དེས་དེ་བཞིན་གཤེགས་པ་ཚངས་པའི་སྒྲ་སྐད་བསྒྲགས་པའི་དབྱངས་སུ་འགྱུར་རོ། །ཀླུའི་བདག་པོ་ཚིག་ཀྱལ་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་གཅིག་ཏུ་ངེས་པ་གསུམ་འཐོབ་བོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། ཚིག་རན་པས་མཁས་པ་རྣམས་གཅིག་ཏུ་ངེས་པར་དགའ་བ་དང་། ལན་ལེགས་པར་ལོན་པས་གཅིག་ཏུ་ངེས་པར་དེའི་བློ་བདེན་པ་ལ་འགྲོ་བ་དང་། བཅོས་མ་མ་ཡིན་པར་མཛའ་བས་གཅིག་ཏུ་ངེས་པར་ལྷ་དང་མིའི་ཆེ་བ་ཉིད་འཐོབ་པ་ཡིན་ཏེ། ཀླུའི་བདག་པོ་ཚིག་ཀྱལ་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་ ― DKG058_Page_0402 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཅིག་ཏུ་ངེས་པ་གསུམ་པོ་དེ་དག་འཐོབ་བོ། །ཚིག་ཀྱལ་པ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེ་དགེ་བའི་རྩ་བ་དེས་ཕྱད་པར་ལུང་སྟོན་ཅིང་གཞན་དུ་མི་གསུང་བའི་དེ་བཞིན་གཤེགས་པར་འགྱུར་རོ། །ཀླུའི་བདག་པོ་བརྣབ་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི་དབང་པོ་ལྔ་འཐོབ་བོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། དབང་པོ་མ་ཚང་བ་མེད་པས་ལུས་དང་། ངག་དང་། སེམས་ལ་དབང་བ་འཐོབ་པ་དང་། དགྲ་ཐམས་ཅད་ཀྱིས་མི་རྫི་བས་ལོངས་སྤྱོད་དང་དབང་ཕྱུག་ལ་དབང་བ་རྒྱ་ཆེན་པོ་འཐོབ་པ་དང་། བསོད་ནམས་ཀྱི་དབང་གིས་དེའི་སེམས་ལོངས་སྤྱོད་དང་ཡོངས་སུ་སྤྱོད་པ་རྒྱ་ཆེན་པོ་ཐམས་ཅད་ལ་འགྲོ་བ་དང་། དགབ་པ་མཆོག་འཐོབ་པས་རྒྱལ་པོ་དང་དབང་པོས་མཆོད་པ་དང་། སྔོན་ཕྲག་དོག་མེད་པས་ལོངས་སྤྱོད་ཇི་ལྟར་སྨོན་པ་རྣམས་དེ་ལས་སྟོང་ཕྲག་བརྒྱ་འགྱུར་དུ་ཁྱད་པར་དུ་འགྱུར་བ་འཐོབ་པ་སྟེ། ཀླུའི་བདག་པོ་བརྣབ་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི་དབང་པོ་ལྔ་པོ་དེ་དག་འཐོབ་བོ། །བརྣབ་སེམས་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེ་དགེ་བའི་རྩ་བ་དེས་འཇིག་རྟེན་གསུམ་གྱིས་མཆོད་པའི་དེ་བཞིན་གཤེགས་པ་སྟོན་པ་གཅིག་པུར་འགྱུར་རོ། །ཀླུའི་བདག་པོ་གནོད་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡིད་བདེ་བར་བྱེད་པའི་ཆོས་བརྒྱད་འཐོབ་བོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། དེའི་སེམས་རྣམ་པར་མི་འཚེ་བ་ལ་འགྲོ་བར་འགྱུར་བ་དང་། དེའི་སེམས་གནོད་སེམས་རབ་ཏུ་ཞི་བ་ལ་འགྲོ་བར་འགྱུར་བ་དང་། དེའི་སེམས་རྩོད་པ་མེད་ཅིང་འཐབ་པ་མེད་པ་ལ་འགྲོ་བར་འགྱུར་བ་དང་། དེའི་སེམས་དྲང་ཞིང་མཉེན་ལ་དེས་པ་ལ་འགྲོ་བར་འགྱུར་བ་དང་། འཕགས་པའི་སྐྱེ་བོར་གྲགས་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ལ་བདེ་བར་དགའ་ཞིང་བྱམས་པའི་སེམས་ཕན་པའི་དངོས་པོ་མང་བར་འགྱུར་བ་དང་། བདེ་བ་ལ་མངོན་པར་དགའ་ཞིང་དད་པ་མང་ལ་སྐྱེ་བོ་མང་པོས་བསྟི་སྟང་བྱ་བར་འགྱུར་བ་དང་། སེམས་སྣུམ་ཞིང་ལས་སུ་རུང་ ― DKG058_Page_0403 ―
[མ་དཔེ་གཟིགས་ན་འདིར་གནོན།]
བས་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་འཐོབ་པ་མི་དཀོན་པར་འགྱུར་བ་སྟེ། ཀླུའི་བདག་པོ་གནོད་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡིད་བདེ་བར་བྱེད་པའི་ཆོས་བརྒྱད་པོ་དེ་དག་འཐོབ་བོ། །གནོད་སེམས་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེ་དགེ་བའི་རྩ་བ་དེས་སེམས་ཐོགས་པ་མེད་པའི་དེ་བཞིན་གཤེགས་པ་བལྟ་བས་མི་ངོམས་པར་འགྱུར་རོ། །ཀླུའི་བདག་པོ་ལོག་པར་ལྟ་བ་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡོན་ཏན་གྱི་ཆོས་བཅུ་འཐོབ་བོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། བསམ་པ་དགེ་བར་འགྱུར་ཞིང་གྲོགས་པོ་དགེ་བ་རྙེད་པར་འགྱུར་བ་ཡིན། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པས་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་པ་ཡིན། ལྷར་སངས་རྒྱས་འཛིན་གྱི་གཞན་ལྷར་མི་འཛིན་པ་ཡིན། ངོ་མཚར་དང་བཀྲ་ཤིས་དང་བྲལ་བས་ལྟ་བ་དྲང་བ་ཡིན། གྲོགས་ལྷ་དང་མི་ཡིན་གྱི་དུད་འགྲོའི་སྐྱེ་གནས་པ་དང་གཤིན་རྗེའི་འཇིག་རྟེན་པ་གྲོགས་སུ་མི་འགྱུར་བ་ཡིན། བསོད་ནམས་སྦྱངས་པས་ཁྱད་པར་དུ་འགྲོ་བ་ཡིན། ལོག་པ་ཐམས་ཅད་མེད་པས་འཕགས་པའི་ལམ་དུ་ཞུགས་པ་ཡིན། འཇིག་ཚོགས་ལ་ལྟ་བ་དང་བྲལ་ཞིང་སྡིག་པ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན། ཡང་དག་པར་སོང་ཞིང་ཡང་དག་པར་ཞུགས་པས་སྒྲིབ་པ་མེད་པར་མཐོང་བ་ཡིན། ལྷ་དང་མི་རྣམས་ཀྱི་ནང་དུ་མི་ཁོམ་པ་དང་བྲལ་བ་ཡིན་ཏེ། ཀླུའི་བདག་པོ་ལོག་པར་ལྟ་བ་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡོན་ཏན་གྱི་ཆོས་བཅུ་པོ་དེ་དག་འཐོབ་བོ། །ལོག་པར་ལྟ་བ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དགེ་བའི་རྩ་བ་དེས་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་འགྱུར་ཏེ། མངོན་པར་ཤེས་པ་མྱུར་བའི་དེ་བཞིན་གཤེགས་པར་འགྱུར་རོ། །ཀླུའི་བདག་པོ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱི་རྩ་བ་དང་རྟེན་ཏོ། །བཟློག་ ― DKG058_Page_0404 ―
[མ་དཔེ་གཟིགས་ན་འདིར་གནོན།]
ན་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཏེ། དེ་དག་ཤས་ཆེར་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་ན་སེམས་ཅན་དམྱལ་བའི་རྒྱུའོ། །འབྲིང་ནི་དུད་འགྲོའི་སྐྱེ་གནས་ཀྱི་རྒྱུའོ། །ཆུང་ངུ་ནི་གཤིན་རྗེའི་འཇིག་རྟེན་གྱི་རྒྱུའོ། །ཀླུའི་བདག་པོ་དེ་ལ་སྲོག་གཅོད་པ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་ན་སེམས་ཅན་དམྱལ་བར་ཁྲིད་དོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ། ཚེ་ཐུང་བ་དང་། ནད་མང་བར་འགྱུར་བའོ། །མ་བྱིན་པར་ལེན་པས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ། ལོངས་སྤྱོད་ཆུང་བ་དང་། ཐུན་མོང་གི་ལོངས་སྤྱོད་དུ་འགྱུར་བའོ། །འདོད་པ་ལ་ལོག་པར་གཡེམ་པས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ། གཡོག་འཁོར་ཡིད་བརྟན་དུ་མི་རུང་བ་དང་། འགྲན་ཟླ་དང་བཅས་པའི་ཆུང་མར་འགྱུར་བའོ། །བརྫུན་དུ་སྨྲ་བས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ། སྐུར་པ་མང་བ་དང་། གཞན་གྱིས་སླུ་བར་འགྱུར་བའོ། །ཕྲ་མས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ། གཡོག་འཁོར་མི་འདུམ་པ་དང་། གཡོག་འཁོར་ངན་པར་འགྱུར་བའོ། །ཚིག་རྩུབ་པོས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་ ― DKG058_Page_0405 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ། ཡིད་དུ་མི་འོང་བ་ཐོས་པ་དང་། ཐབ་མོའི་ཚིག་ཏུ་འགྱུར་བའོ། །ཚིག་ཀྱལ་པས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ། གཟུང་བར་འོས་པའི་ཚིག་མ་ཡིན་པ་དང་། མ་ངེས་པའི་སྤོབས་པར་འགྱུར་བའོ། །བརྣབ་སེམས་ཀྱིས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ། ཆོག་མི་ཤེས་པ་དང་། འདོད་པ་ཆེ་བར་འགྱུར་བའོ། །གནོད་སེམས་ཀྱིས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ། མི་ཕན་པ་འདོད་པ་དང་། གཞན་གྱིས་གནོད་པ་བྱ་བར་འགྱུར་བའོ། །ལོག་པར་ལྟ་བས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ། ལྟ་བ་ངན་པར་ལྟུང་བ་དང་། གཡོ་སྒྱུ་ཅན་དུ་འགྱུར་བའོ། །ཀླུའི་བདག་པོ་དེ་ལྟར་ན་མི་དགེ་བ་བཅུ་པོ་འདི་དག་གིས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཚད་མེད་པ་ཡང་དག་པར་སྒྲུབ་པར་འགྱུར་རོ། །ཀླུའི་བདག་པོ་དེ་ལ་སྲོག་གཅོད་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར། ལོངས་སྤྱོད་མི་འཕྲོགས་པ་དང་ཚེ་རིང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་གཞན་གྱིས་གནོད་པ་བྱ་བའི་འཇིགས་པ་ལས་ཡང་དག་པར་འདས་པར་འགྱུར་རོ། །ཀླུའི་བདག་པོ་མ་བྱིན་པར་ལེན་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར། ལོངས་སྤྱོད་མི་འཕྲོགས་པ་དང་དངོས་པོ་ཐམས་ཅད་ལ་མི་ལྟ་བར་ཡོངས་སུ་གཏོང་བ་ཅན་དུ་ ― DKG058_Page_0406 ―
[མ་དཔེ་གཟིགས་ན་འདིར་གནོན།]
འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབས་པས་བླ་ན་མེད་པའི་ཆོས་རྙེད་པར་འགྱུར་རོ། །ཀླུའི་བདག་པོ་འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར། ལོངས་སྤྱོད་མི་འཕྲོགས་པ་དང་ཆུང་མ་མི་གཡེམ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་མ་དང་། བུ་དང་། ཆུང་མ་ལ་སུ་ཡང་སྡང་བའི་སེམས་ཀྱིས་ལྟ་བར་མི་འགྱུར་རོ། །ཀླུའི་བདག་པོ་བརྫུན་དུ་སྨྲ་བ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར། ལོངས་སྤྱོད་མི་འཕྲོགས་པ་དང་། སྐུར་པ་འདེབས་པ་མེད་པར་འགྱུར་བ་ནི་ནན་ཏན་སྲུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་ཇི་སྐད་སྨྲས་པ་དེ་བཞིན་བྱེད་དེ་ཡི་དམ་ལ་བརྟན་པར་འགྱུར་རོ། །ཀླུའི་བདག་པོ་ཕྲ་མའི་ཚིག་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར། ལོངས་སྤྱོད་མི་འཕྲོགས་པ་དང་གཡོག་འཁོར་མི་ཕྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་བསམ་པ་འཐུན་པས་བྱང་ཆུབ་སེམས་དཔའི་གཡོག་འཁོར་འཐོབ་བོ། །ཀླུའི་བདག་པོ་ཚིག་རྩུབ་པོ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར། ལོངས་སྤྱོད་མི་འཕྲོགས་པ་དང་། གཟུང་བའི་ཚིག་ཏུ་འགྱུར། བཙུན་པའི་ཚིག་ཏུ་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་འཁོར་མ་མགུ་བར་སུ་ཡང་མི་འགྲོའོ། །ཀླུའི་བདག་པོ་ཚིག་ཀྱལ་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར། ལོངས་སྤྱོད་མི་འཕྲོགས་པ་དང་། མཉན་པར་འོས་པའི་ཚིག་ཏུ་འགྱུར། ཡིད་ཆེས་པའི་ཚིག་ཏུ་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་ཐེ་ཙོམ་ཐམས་ཅད་གཅོད་པ་ལ་མཁས་པར་འགྱུར་རོ། །ཀླུའི་བདག་པོ་བརྣབ་སེམས་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར། ལོངས་སྤྱོད་མི་འཕྲོགས་པ་དང་། ལོངས་སྤྱོད་དང་ཡོངས་སུ་སྤྱོད་པ་རྒྱ་ཆེན་པོ་ལ་དེའི་སེམས་འགྲོ་བར་འགྱུར་རོ། །བྱང་ཆུབ་ ― DKG058_Page_0407 ―
[མ་དཔེ་གཟིགས་ན་འདིར་གནོན།]
སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་རྒྱ་ཆེན་པོ་ལ་མོས་ཤིང་དབང་ཆེ་བར་གྲགས་པར་འགྱུར་རོ། །ཀླུའི་བདག་པོ་གནོད་སེམས་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར། ལོངས་སྤྱོད་མི་འཕྲོགས་པ་དང་། མཛེས་པ་དང་སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་ཐོགས་པ་མེད་པའི་བློ་དང་། ཐོགས་པ་མེད་པའི་སེམས་དང་། དབང་པོ་མ་ཚང་བ་མེད་པར་འགྱུར་རོ། །ཀླུའི་བདག་པོ་ལོག་པར་ལྟ་བ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར། ལོངས་སྤྱོད་མི་འཕྲོགས་པ་དང་། སངས་རྒྱས་ལ་དད་ཅིང་ཡང་དག་པར་ལྟ་བའི་ཁྱིམ་དུ་སྐྱེའོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་སངས་རྒྱས་ལ་ལྟ་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་། བྱང་ཆུབ་ཏུ་སེམས་སྐྱེད་པ་དང་མི་འབྲལ་བར་འགྱུར་རོ། །ཀླུའི་བདག་པོ་དེ་ལྟར་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་སྦྱིན་པས་བརྒྱན་ན་འབྱོར་པ་ཆེན་པོར་འགྱུར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཉིད་ཚུལ་ཁྲིམས་ཀྱིས་བརྒྱན་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་དོན་དུ་སྨོན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཉིད་བཟོད་པས་བརྒྱན་ན་མཚན་དང་། དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་དབྱངས་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ་བརྩོན་འགྲུས་ཀྱིས་བརྒྱན་ན་བདུད་ཕྱིར་རྒོལ་བ་བཅོམ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་འགྱུར་རོ། །བསམ་གཏན་གྱིས་བརྒྱན་ན་དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། ངོ་ཚ་ཤེས་པ་དང་། དགའ་བ་ཡོངས་སུ་དག་པར་འགྱུར་རོ། །ཤེས་རབ་ཀྱིས་བརྒྱན་ན་ལྟ་བ་ངན་པ་ཐམས་ཅད་ཡང་དག་པར་འཇོམས་པར་འགྱུར་རོ། །བྱམས་པས་བརྒྱན་ན་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་སེམས་སུ་འགྱུར་རོ། །སྙིང་རྗེས་བརྒྱན་ན་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བར་འགྱུར་རོ། །དགའ་བས་བརྒྱན་ན་ཞུམ་པ་མེད་པའི་སེམས་སུ་འགྱུར་རོ། ། ― DKG058_Page_0408 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཏང་སྙོམས་ཀྱིས་བརྒྱན་ན་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤོང་བར་འགྱུར་རོ། །བསྡུ་བའི་དངོས་པོས་བརྒྱན་ན་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པས་བརྒྱན་ན་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་ལ་མཁས་པར་འགྱུར་རོ། །ཡང་དག་པར་སྤོང་བས་བརྒྱན་ན་མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པས་བརྒྱན་ན་ལུས་དང་། སེམས་ཡང་བར་འགྱུར་རོ། །དབང་པོ་ལྔས་བརྒྱན་ན་དད་པ་བརྟན་པ་དང་། བརྩོན་འགྲུས་འབར་བ་དང་། རྨོངས་པ་མེད་པ་དང་། སེམས་ལས་སུ་རུང་བ་ལ་མཁས་པ་དང་། ཉོན་མོངས་པ་ཐམས་ཅད་སྤོང་བ་ལ་མཁས་པར་འགྱུར་རོ། །སྟོབས་ཀྱིས་བརྒྱན་ན་རྫི་བ་མེད་ཅིང་དབུལ་བ་དང་ཉེས་པ་ཐམས་ཅད་འཇོམས་པར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་གིས་བརྒྱན་ན་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་འགྱུར་རོ། །ལམ་གྱིས་བརྒྱན་ན་ཡང་དག་པའི་ཡེ་ཤེས་འགྲུབ་པར་འགྱུར་རོ། །ཞི་གནས་ཀྱིས་བརྒྱན་ན་ཉོན་མོངས་པ་ཐམས་ཅད་འཇོམས་པར་འགྱུར་རོ། །ལྷག་མཐོང་གིས་བརྒྱན་ན་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པའི་ཤེས་རབ་དང་ཡེ་ཤེས་སུ་འགྱུར་རོ། །ཐབས་ཀྱིས་བརྒྱན་ན་འདུས་བྱས་དང་འདུས་མ་བྱས་ཀྱི་བདེ་བ་འཐོབ་པར་འགྱུར་རོ། །ཀླུའི་བདག་པོ་མདོར་ན་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་གིས་སྟོབས་བཅུ་ཡོངས་སུ་རྫོགས་པར་འགྱུར་རོ། །མི་འཇིགས་པ་བཞི་འཐོབ་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་འཐོབ་པ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དག་འཐོབ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཀླུའི་བདག་པོ་དེ་བས་ན་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་རྒྱ་ཆེར་རྣམ་པར་དབྱེ་བས་བརྒྱན་པའི་ཕྱིར་བརྩོན་པར་གྱིས་ཤིག ། ཀླུའི་བདག་པོ་འདི་ལྟ་སྟེ། དཔེར་ན་ས་ལ་གནས་པའི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་དང་། རྩྭ་དང་། ― DKG058_Page_0409 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་ཐམས་ཅད་དང་། ལས་ཀྱི་མཐའ་ཐམས་ཅད་དང་། ས་བོན་གྱི་ཚོགས་ཐམས་ཅད་དང་། འབྱུང་བའི་ཚོགས་ཐམས་ཅད་དང་། ལོ་ཏོག་ཐམས་ཅད་སྐྱེད་པ་དང་། རྨོ་བ་བརྐོ་བ་བྱ་བ་འབྱུང་བ་དེ་དག་གི་གནས་ནི་ས་ཡིན་ནོ། །ཀླུའི་བདག་པོ་དེ་བཞིན་དུ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱང་ལྷ་དང་། མིར་སྐྱེ་བའི་རྟེན་ཏོ། །སློབ་པ་དང་། མི་སློབ་པའི་འབྲས་བུ་རྙེད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་རྟེན་ཡིན་པ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་གྱི་རྟེན་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཀླུའི་རྒྱལ་པོ་རྒྱ་མཚོ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། མུ་ནེ་བར་མ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།རྒྱ་གར་སྐད་དུ། ཨཱཪྱ་སཱ་ག་ར་ནཱ་ག་རཱ་ཛ་པ་རི་པྲཱིཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཀླུའི་རྒྱལ་པོ་རྒྱ་མཚོའི་ ― DKG058_Page_0410 ―
[མ་དཔེ་གཟིགས་ན་འདིར་གནོན།]
གནས་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་པ། ཀླུའི་བདག་པོ་ཆོས་ཀྱི་མདོ་བཞི་པོ་འདི་དག་བརྗོད་ན་གང་དག་བརྗོད་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བརྗོད་པར་འགྱུར་བ་རྣམས་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་མི་རྟག་པར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསྟན་པ་མི་ཟད་པའི་ཤེས་པ་རབ་ཏུ་འཇུག་པ་དང་། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་སྡུག་བསྔལ་བར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསྟན་པ་མི་ཟད་པའི་ཤེས་པ་རབ་ཏུ་འཇུག་པ་དང་། ཆོས་ཐམས་ཅད་ལ་བདག་མེད་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསྟན་པ་མི་ཟད་པའི་ཤེས་པ་རབ་ཏུ་འཇུག་པ་དང་། མྱ་ངན་ལས་འདས་པ་ཞི་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསྟན་པ་མི་ཟད་པའི་ཤེས་པ་རབ་ཏུ་འཇུག་པ་སྟེ། ཀླུའི་བདག་པོ་ཆོས་ཀྱི་མདོ་བཞི་པོ་འདི་དག་བརྗོད་ན་གང་དག་བརྗོད་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བརྗོད་པར་འགྱུར་བ་རྣམས་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།― DKG058_Page_0411 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱ་གར་སྐད་དུ། ཨཱཪྱ་ཨ་ན་བ་ཏཔྟ་ནཱ་ག་རཱ་ཛ་པ་རི་པྲཱིཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་ཕྲག་དུ་མས་བསྐོར་ནས་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པ། ཀླུའི་རྒྱལ་པོ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་དང་། ཀླུའི་བུ་མོ་བརྒྱད་ཁྲི་བཞི་སྟོང་གིས་བསྐོར་ཏེ་མདུན་དུ་བདར་ནས་སིལ་སྙན་དང་། གླུ་དབྱངས་ལེན་ཅིང་ཀླུའི་མཐུ་ཆེན་པོ་དང་། ཀླུའི་རྫུ་འཕྲུལ་ཆེན་པོས་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཐོགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། ཇི་ལྟར་ཐོགས་པའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་དང་། ཕེག་རྡོབ་པ་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། གུས་པ་དང་བཅས། ཞེ་ས་དང་བཅས་ཤིང་རང་གི་སྐྱེ་བོའི་འཁོར་དང་ཕྱོགས་གཅིག་ཏུ་འདུག་གོ །འདུག་ནས་ཀྱང་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་བར་གནང་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ ― DKG058_Page_0412 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་ཀླུའི་རྒྱལ་པོ་མ་དྲོས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་བདག་པོ་ཁྱོད་སེམས་ཅན་རྣམས་ཀྱི་ཆེད་དུ་དེ་བཞིན་གཤེགས་པ་ལ་ཅི་འདྲ་བ་ཞིག་ཡོངས་སུ་དྲི་བར་འདོད། གསོལ་པ། བཅོམ་ལྡན་འདས་བདག་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་མཆོག ། སེམས་ཅན་ཆེན་པོ། སྐྱེས་བུ་དམ་པ། སེང་གེ་ལྟར་རྣམ་པར་རྩེན་པའི་སེམས་ཅན་རྣམས་ཀྱི་ཆེད་དུ་དེ་བཞིན་གཤེགས་པ་ལ་ཡོངས་སུ་ཞུ་བར་འཚལ་ལོ། ། བཅོམ་ལྡན་འདས་འཇིག་རྟེན་གྱི་ཡོངས་སུ་འདྲེན་པ། འཇིག་རྟེན་གྱི་ཆོས་ཀྱིས་མ་གོས་པ། སྤྱོད་པ་དང་བསམ་པ་རྣམ་པར་དག་པ། ཕན་པའི་དངོས་པོ་ལ་ཡང་དག་པར་ཞུགས་པ། གསོལ་བ་མ་བཏབ་པར་སེམས་ཅན་ཐམས་ཅད་ལ་དགེ་བའི་བཤེས་གཉེན་བགྱིད་པ། སྟོབས་བཅུའི་སྟོབས་ཀྱི་ཤུགས་ལ་ཡང་དག་པར་ཞུགས་པ། ངན་པའི་ཚོགས་ཅན་གྱི་ཚོགས་ཀྱི་སྨྲ་བ་ཡང་དག་པར་རབ་ཏུ་འཇོམས་པ། བདུད་དང་ཕྱིར་རྒོལ་བ་བཅོམ་པ། སེམས་མ་ཞུམ་པ། བརྩོན་འགྲུས་བརྟན་པའི་གོ་ཆ་ཤིན་ཏུ་བགོས་པ། ཡིད་ཡོངས་སུ་མི་སྐྱོ་བ། དགེ་བའི་རྩ་བའི་ཚོགས་དཔག་ཏུ་མ་མཆིས་པ་བསགས་པ། ཚུལ་ཁྲིམས་དང་ཐོས་པས་མི་ངོམས་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ། ཐ་དད་པའི་འདུ་ཤེས་དང་བྲལ་བ། མཐར་ལྟ་བ་གཉི་ག་དང་བྲལ་བ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་ཤེས་པ་ལ་མཁས་པ། སངས་རྒྱས་ཀྱི་ཆོས་ཀྱི་ཚུལ་ཟབ་མོ་ལ་རབ་ཏུ་ཞུགས་པ། ཟབ་ཅིང་གཏིང་དཔག་དཀའ་བ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བགྱིད་པ་དང་བྲལ་བ། ཐམས་ཅད་མཁྱེན་པའི་སེམས་མ་བསྐྱུད་པ། བསམ་པ་རྡོ་རྗེ་ལྟར་བརྟན་ཏེ་མི་ཕྱེད་པ། བློ་ཟླ་བ་ལྟར་དྲི་མ་མ་མཆིས་ཤིང་ཤིན་ཏུ་དཀར་བ། སེམས་ནམ་མཁའི་དཀྱིལ་དང་མཚུངས་པ། བསྐལ་པ་གྲངས་མ་མཆིས་པར་ཡིད་ཡོངས་སུ་མི་སྐྱོ་བར་འཛིན་པ། སེམས་ས་དང་། ཆུ་དང་། མེ་དང་། རླུང་དང་མཉམ་པ། གནོད་སེམས་དང་། ཐ་བ་དང་། ཞེ་སྡང་དང་། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ཐམས་ཅད་ཡང་དག་པར་ཆད་པ། སྟོང་པ་ཉིད་དང་། ― DKG058_Page_0413 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སྨོན་ལམ་ཤིན་ཏུ་བཏབ་པ། སྒྱུ་མ་དང་། རྨི་ལམ་དང་། མིག་ཡོར་དང་། བྲག་ཅ་དང་། སྨིག་རྒྱུ་དང་། ཆུ་ཟླ་ལྟ་བུའི་ཆོས་ཀྱི་ཚུལ་ལ་ཤིན་ཏུ་ཞུགས་པ། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་གདུང་རིགས་འཛིན་པ། ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བ་དགའ་བ་དང་མཆོག་ཏུ་དགའ་བ་དང་དང་བ་རབ་ཏུ་ཐོབ་པ་ཨུ་དུམ་བཱ་རའི་མེ་ཏོག་ལྟར་འབྱུང་བར་ཤིན་ཏུ་དཀའ་བ། རྩེ་གཅིག་ཏུ་བགྱིད་པ་ཡིད་ལ་བགྱིད་པ་མ་འདྲེས་པ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སེམས་ཅན་རྣམས་ཀྱི་ཆེད་དུ་བདག་དེ་བཞིན་གཤེགས་པ་ལ་ཡོངས་སུ་ཞུ་བར་འཚལ་ལོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བས་ཀྱང་ཁྱད་པར་དུ་འཕགས་པའི་ཆོས་ལ་རབ་ཏུ་ཞུགས་པ་རྣམས་དང་། སེམས་ཅན་རྣམས་ཀྱི་ཆེད་དུ་བདག་དེ་བཞིན་གཤེགས་པ་ལ་ཡོངས་སུ་ཞུ་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཆོས་ཀྱིས་རྣམ་པར་རྩེན་པ། རྡོ་རྗེ་ལྟ་བུའི་ཡོན་ཏན་ལ་འཇུག་པ། སྤྱོད་པ་ཟབ་མོ་དང་གཟུངས་ཀྱི་སྒོའི་དཀྱིལ་འཁོར་ལ་འཇུག་པ་བཤད་དུ་གསོལ། ཉན་ཐོས་གདུལ་བའི་སླད་དུ་བདེན་པ་བཞི་རྣམ་པར་གདོན་མི་འཚལ་བ་ལ་འཇུག་པ། ཤེས་པའི་སྒོ་ལ་འཇུག་པ། རང་སངས་རྒྱས་གདུལ་བའི་སླད་དུ་བརྟེན་པའི་ཆོས་ལ་འཇུག་པ། ཤེས་པའི་སྒོ་ལ་འཇུག་པ། ཐེག་པ་ཆེན་པོ་པ་གདུལ་བའི་སླད་དུ་ཆོས་ཐམས་ཅད་ལ་འཇུག་པ་ཤེས་པའི་སྒོ་ལ་འཇུག་པ། བདུད་ཀྱི་ཕྱོགས་ཚར་གཅོད་པ། ལྟ་བར་གྱུར་པ་ཐམས་ཅད་རྣམ་པར་འཇིག་པ་ཉོན་མོངས་པ་ཐམས་ཅད་དང་བྲལ་བ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རབ་ཏུ་ཤེས་པ། སོ་སོ་ཡང་དག་པར་རིག་པ་ལ་འཇུག་པ། ཆོས་ཐམས་ཅད་རབ་ཏུ་སྟོན་པ། ཇི་ལྟར་མོས་པ་བཞིན་ཆོས་ལས་རྣམ་པར་གྲོལ་བར་བགྱིད་པ་དེ་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་གདགས་པའི་སླད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ང་རྒྱལ་དང་། རྒྱགས་པ་དང་དྲེགས་པ་བཅོམ་པས་ཡེ་ཤེས་ཀྱི་སྟོབས་ཅན་རྣམས་ ― DKG058_Page_0414 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལགས། ཇི་ལྟར་ན་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པས་ཆོས་ཀྱི་སྟོབས་ཅན་རྣམས་ལགས། ཇི་ལྟར་ན་འཇིག་རྟེན་གྱི་ཟང་ཟིང་དང་ཆོས་ཀྱི་སྦྱིན་པ་ལ་སེར་སྣ་མ་མཆིས་པས་སྦྱིན་པའི་སྟོབས་ཅན་རྣམས་ལགས། ཇི་ལྟར་ན་རྣམ་པར་སྨིན་པ་ལ་མི་རེ་བར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་རྣམས་ལགས། ཇི་ལྟར་ན་སྨོན་ལམ་གྱིས་ཡང་དག་པར་སོང་ཞིང་ངན་སོང་ཐམས་ཅད་ཀུན་ཏུ་ཆད་པས་ཚུལ་ཁྲིམས་ཀྱི་སྟོབས་ཅན་རྣམས་ལགས། ཇི་ལྟར་ན་སེམས་ཅན་སྡང་བ་ཐམས་ཅད་དང་དུ་ལེན་པའི་རང་བཞིན་ཅན་པས་བཟོད་པའི་སྟོབས་ཅན་རྣམས་ལགས། ཇི་ལྟར་ན་ལུས་དང་སྲོག་ལ་མི་ལྟ་བས་བརྩོན་འགྲུས་ཀྱི་སྟོབས་ཅན་རྣམས་ལགས། ཇི་ལྟར་ན་རབ་ཏུ་ཞི་བ་ལ་གནས་ཤིང་བསམ་གཏན་ལས་ལྡོག་པ་ཡང་མཁས་པས། བསམ་གཏན་གྱི་སྟོབས་ཅན་རྣམས་ལགས། ཇི་ལྟར་ན་སྡིག་པའི་ལྟ་བ་རྣམས་དང་བྲལ་ཞིང་མ་རིག་པ་དང་གཏི་མུག་གི་མུན་པ་དང་བྲལ་བས་ཤེས་རབ་ཀྱི་སྟོབས་ཅན་རྣམས་ལགས། ཇི་ལྟར་ན་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་ལ་ཡོངས་སུ་སྨིན་པར་བགྱི་བའི་གོ་ཆ་འཚལ་བས་ཐབས་ཀྱི་སྟོབས་ཅན་རྣམས་ལགས། ཇི་ལྟར་ན་ལྷའི་མིག་དང་ལྷའི་རྣ་བ་དང་ཕ་རོལ་གྱི་སེམས་འཚལ་བ་དང་། སྔོན་གྱི་སྐྱེ་བ་དང་། རྫུ་འཕྲུལ་གྱི་བགྱི་བས་རྣམ་པར་རྩེན་པས་མངོན་པར་ཤེས་པ་ཐོབ་པ་རྣམས་ལགས། ཇི་ལྟར་ན་སྤོབས་པ་རྒྱུན་མི་འཆད་ཅིང་ཚིག་དང་ཡི་གེ་མི་ཟད་པས་སྤོབས་པའི་སྟོབས་ཅན་རྣམས་ལགས། ཇི་ལྟར་ན་ཐོས་པ་ཐམས་ཅད་ཀུན་ཏུ་འཛིན་པས་གཟུངས་ཐོབ་པ་རྣམས་ལགས། ཇི་ལྟར་ན་ཆོས་དཀོན་མཆོག་གཅིག་ལ་ཡང་དག་པར་གཞོལ་བར་བསྐྱུད་པ་མ་མཆིས་པ་དང་། རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པ་རྣམས་ལགས། ཇི་ལྟར་ན་སངས་རྒྱས་ལ་ལྟ་བ་རྣམ་པར་དག་པ་ལ་ཡང་དག་པར་གཞོལ་བས་སངས་རྒྱས་རྗེས་སུ་དྲན་པ་བསྐྱུད་པ་མ་མཆིས་པ་རྣམས་ལགས། ཆོས་ལ་ལྟ་བ་རྣམ་པར་དག་པ་ལ་ཡང་དག་པར་གཞོལ་བས་ཆོས་རྗེས་སུ་དྲན་པ་རབ་ཏུ་ཐོབ་པ་རྣམས་ལགས། ཕྱིར་མི་ལྡོག་པའི་དགེ་འདུན་ལ་ཡང་དག་པར་གཞོལ་བས་དགེ་འདུན་རྗེས་སུ་དྲན་པ་རབ་ཏུ་ཐོབ་པ་རྣམས་ལགས། བྱང་ཆུབ་ཀྱི་སེམས་མ་བསྐྱུད་པས་ཚུལ་ཁྲིམས་རྗེས་སུ་དྲན་པ་རབ་ཏུ་ཐོབ་པ་རྣམས་ལགས། ― DKG058_Page_0415 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཇིག་རྟེན་གྱི་ཟང་ཟིང་དང་ཆོས་ཀྱི་སྦྱིན་པ་ལ་སེར་སྣ་མ་མཆིས་པས་གཏོང་བ་རྗེས་སུ་དྲན་པ་རབ་ཏུ་ཐོབ་པ་རྣམས་ལགས། དགའ་ལྡན་གྱི་གནས་སུ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་རྗེས་སུ་དྲན་པས་ལྷ་རྗེས་སུ་དྲན་པ་བསྐྱུད་པ་མ་མཆིས་པ་རྣམས་ལགས། དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པས་བཅོམ་ལྡན་འདས་ལ་ཞུ་བ་འདི་དག་ཞུས་ནས་དེའི་འོག་ཏུ་ཚིགས་སུ་བཅད་དེ་ཞུས་པ། འཇིག་རྟེན་དོན་རྣམས་མཛད་པར་རང་བྱུང་བ། །ལྷག་པའི་བསམ་དང་བསམ་པ་ཅི་འདྲ་དང་། །འཇུག་པའི་སྤྱོད་དང་སྤྱོད་པ་ཅི་འདྲ་བ། །བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་དུ་གསོལ། །བྱམས་པར་སྦྱོར་དང་སྙིང་རྗེར་འཇུག་པ་དང་། །དགའ་ལ་འཇུག་ཅིང་བཏང་སྙོམས་སྒོམ་པ་དང་། །བསམ་གཏན་རྣམ་ཐར་རྣམས་ལ་སྦྱོར་དག་པ། །དེ་ནི་མ་སྨད་བདག་ལ་བཤད་དུ་གསོལ། །ཡང་དག་སྤོང་དང་དྲན་པ་ཉེར་གཞག་དང་། །རྫུ་འཕྲུལ་སྟོབས་དང་དབང་པོ་ལམ་སྒོམ་དང་། །བྱང་ཆུབ་ཡན་ལག་བདེན་དང་ཡང་དག་རིག ། ཡོན་ཏན་འབྱུང་གནས་རྣམས་ལ་བཤད་དུ་གསོལ། །སྦྱིན་དུལ་སྡོམ་དང་ཚུལ་ཁྲིམས་ཕུན་སུམ་ཚོགས། །བཟོད་དང་དེས་དང་དེ་བཞིན་བརྩོན་འགྲུས་དང་། །ཤེས་རབ་ཐོབ་པས་རབ་ཏུ་རྟོགས་པ་རྣམས། །ཇི་ལྟར་འགྱུར་དེ་དེ་དག་བཤད་དུ་གསོལ། །མངོན་ཤེས་རིག་དང་སོ་སོ་ཡང་དག་རིག ། དྲན་དང་ཤེས་བཞིན་དེ་བཞིན་བག་ཡོད་དང་། །ཐབས་དང་ལྡན་དང་ཚུལ་ནི་རྟོགས་པ་རྣམས། །བྱང་ཆུབ་སེམས་དཔའ་རྣམས་ལ་དེ་བཤད་གསོལ། །དགའ་དང་མཆོག་ཏུ་དགའ་དང་ཡོན་ཏན་དགའ། །འཕགས་པའི་སྦྱངས་དང་རིགས་དང་ནོར་བདུན་དང་། །དགོན་པར་གནས་ཤིང་ཉོན་མོངས་མ་མཆིས་གནས། །ཇི་ལྟར་འགྱུར་དེ་དེ་དག་བཤད་དུ་གསོལ། །ཇི་ལྟར་སྤོབས་པ་ཕུན་སུམ་ཚོགས་པ་དང་། །གཟུངས་ལའང་ཤིན་ཏུ་རབ་ཏུ་གནས་པ་དང་། །རྒྱུན་མི་འཆད་པར་ཆོས་ནི་སྟོན་པ་དང་། །བསྐྱུད་པ་མ་མཆིས་ཐོས་པ་འཛིན་པར་འགྱུར། །ཞི་གནས་རྗེས་སུ་འཐུན་དང་ལྷག་མཐོང་དང་། །ཤེས་རབ་ཟབ་དང་ཤིན་ཏུ་བློ་ཡངས་དང་། །ཡེ་ཤེས་མཐའ་ཡས་རྟོགས་པ་མཉམ་མེད་དུ། །བྱང་ཆུབ་སེམས་དཔའ་མཁས་པ་ཇི་ལྟར་འགྱུར། །བདུད་ཀྱི་སྟོབས་བཅོམ་ཤིན་ཏུ་ཐུལ་བར་དཀའ། །ངན་པའི་ཚོགས་ཅན་ཕ་རོལ་སྨྲ་བ་འཇོམས། །རི་རབ་འདྲ་བར་མི་གཡོ་ཤིན་ཏུ་ ― DKG058_Page_0416 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཕགས། །དག་པའི་སེམས་ཅན་ཟླ་བ་ལྟ་བུར་སྤྱོད། །སྟོང་པ་མཚན་མེད་སྨོན་མེད་རྣམ་གྲོལ་དང་། །སྒྱུ་མ་སྨིག་རྒྱུ་ལྟ་བུར་ཆོས་ངེས་དང་། །འདུས་བྱས་རྨི་ལམ་ངོ་བོ་ཉིད་མོས་པ། །དེ་ནི་མ་སྨད་བདག་ལ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་མ་དྲོས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་བདག་པོ་ལེགས་སོ་ལེགས་སོ། །ཀླུའི་བདག་པོ་ཁྱོད་ཇི་ལྟར་སྔོན་གྱི་དགེ་བའི་རྩ་བའི་རྒྱུ་འཐུན་པ་དང་། སྙིང་རྗེ་ཆེན་པོ་མ་བཏང་བ་དང་། གསོལ་བ་མ་བཏབ་པར་སེམས་ཅན་ཐམས་ཅད་ལ་དགེ་བའི་བཤེས་གཉེན་བྱེད་པ་དང་། འཁོར་བ་ན་ཡོངས་སུ་མི་སྐྱོ་བ་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་རིགས་རྒྱུན་མི་གཅོད་པས་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ནི་ཡང་ལེགས་སོ། །ཀླུའི་བདག་པོ་དེའི་ཕྱིར་ལེགས་པར་ཤིན་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་དག་དང་། ཡོན་ཏན་གྱི་ཁྱད་པར་གཞན་དག་ཀྱང་ཐོབ་པར་འགྱུར་བ་ངས་ཁྱོད་ལ་བཤད་དོ། །ཀླུའི་རྒྱལ་པོ་མ་དྲོས་པས་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏེ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཅིག་དང་ལྡན་ན་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་འཛིན་ཏོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་མི་གཏོང་བའི་ཐམས་ཅད་མཁྱེན་པའི་སེམས་སོ། །དེའི་ཐམས་ཅད་མཁྱེན་པའི་སེམས་དེ་ཡང་རྣམ་པ་སུམ་ཅུ་རྩ་གཉིས་ཀྱིས་ཤིན་ཏུ་བསྡུས་པ་ཡིན་ཏེ། སུམ་ཅུ་རྩ་གཉིས་གང་ཞེ་ན་འདི་ལྟ་སྟེ། བསམ་པས་བསྡུས་པ་ཡིན། ལྷག་པའི་བསམ་པས་བསྡུས་པ་ཡིན། བྱམས་པ་ཆེན་པོས་བསྡུས་པ་ཡིན། སྙིང་རྗེ་ཆེན་པོས་བསྡུས་པ་ཡིན། ཡོངས་སུ་མི་སྐྱོ་བས་བསྡུས་པ་ཡིན། སྟོབས་ཀྱིས་བསྡུས་པ་ཡིན། རྣམ་པར་གནོན་པས་བསྡུས་པ་ཡིན། མཐུས་བསྡུས་པ་ཡིན། སོ་སོར་བརྟགས་པས་བསྡུས་པ་ཡིན། དགེ་བའི་བཤེས་གཉེན་གྱིས་བསྡུས་པ་ཡིན། ཆོས་སྤྱོད་པས་བསྡུས་པ་ཡིན། དགེ་བ་སྤྱོད་པས་བསྡུས་པ་ཡིན། བསྡུ་བའི་དངོས་པོས་བསྡུས་པ་ཡིན། སྡོམ་པས་བསྡུས་པ་ཡིན། ཐབས་ཀྱིས་བསྡུས་པ་ཡིན། བཅོས་མ་མ་ཡིན་པས་བསྡུས་པ་ཡིན། ཇི་སྐད་སྨྲས་པ་དེ་བཞིན་ ― DKG058_Page_0417 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱེད་པས་བསྡུས་པ་ཡིན། ཕྱིར་བྱ་བའི་རེ་བ་མེད་པས་བསྡུས་པ་ཡིན། ངོ་ཚ་ཤེས་པས་བསྡུས་པ་ཡིན། ཁྲེལ་ཡོད་པས་བསྡུས་པ་ཡིན། མཆོག་ཏུ་དགའ་བས་བསྡུས་པ་ཡིན། དད་པས་བསྡུས་པ་ཡིན། བརྩོན་འགྲུས་ཀྱིས་བསྡུས་པ་ཡིན། དྲན་པས་བསྡུས་པ་ཡིན། ཏིང་ངེ་འཛིན་གྱིས་བསྡུས་པ་ཡིན། ཤེས་རབ་ཀྱིས་བསྡུས་པ་ཡིན། དགེ་བའི་རྩ་བ་ཐམས་ཅད་ཀྱིས་བསྡུས་པ་ཡིན། ཐེག་པ་དམན་པ་ལ་འདོད་པ་མེད་པས་བསྡུས་པ་ཡིན། རྒྱ་ཆེན་པོ་ལ་མོས་པས་བསྡུས་པ་ཡིན། སེམས་ཅན་ལ་ལྟ་བས་བསྡུས་པ་ཡིན། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་རིགས་མི་གཅོད་པས་བསྡུས་པ་ཡིན་ཏེ། ཀླུའི་བདག་པོ་ཐམས་ཅད་མཁྱེན་པའི་སེམས་དེ་རྣམ་པ་སུམ་ཅུ་རྩ་གཉིས་པོ་དེ་དག་གིས་བསྡུས་ན་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་འཛིན་ཏོ། །ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་དེ་ཚོགས་བསགས་པ་རྣམ་པ་བཅུ་དྲུག་གིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བར་འགྱུར་ཏེ། བཅུ་དྲུག་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཚོགས་བསགས་པ་ཡིན། ཐོས་པའི་ཚོགས་བསགས་པ་ཡིན། ཤེས་རབ་ཀྱི་ཚོགས་བསགས་པ་ཡིན། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བའི་ཚོགས་བསགས་པ་ཡིན། དགོན་པ་ལ་གནས་པའི་ཚོགས་བསགས་པ་ཡིན། ཇི་ལྟར་ཐོས་པའི་ཆོས་སྟོན་པའི་ཚོགས་བསགས་པ་ཡིན། ཚངས་པའི་གནས་པ་བཞིའི་ཚོགས་བསགས་པ་ཡིན། དགའ་བར་འགྱུར་བའི་ཆོས་ཀྱི་ཚོགས་བསགས་པ་ཡིན། དགེ་བ་བཅུའི་ལས་ཀྱི་ལམ་གྱི་ཚོགས་བསགས་པ་ཡིན། ལུས་དང་ངག་དང་སེམས་ཀྱི་རྒྱན་གྱི་ཚོགས་བསགས་པ་ཡིན། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པའི་ཚོགས་བསགས་པ་ཡིན། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་རབ་ཏུ་དབེན་པའི་ཚོགས་བསགས་པ་ཡིན། ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་ཀྱི་ཡོངས་སུ་བསྔོ་བའི་ཚོགས་བསགས་པ་ཡིན། ཞི་གནས་ཀྱི་ཚོགས་བསགས་པ་ཡིན། ལྷག་མཐོང་གི་ཚོགས་བསགས་ ― DKG058_Page_0418 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་ཡིན། དགེ་བའི་རྩ་བ་ཐམས་ཅད་ཀྱི་ཚོགས་བསགས་པ་ཡིན་ཏེ། ཀླུའི་བདག་པོ་ཐམས་ཅད་མཁྱེན་པའི་སེམས་དེ་ཚོགས་བསགས་པ་རྣམ་པ་བཅུ་དྲུག་པོ་དེ་དག་གིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བར་འགྱུར་རོ། །ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་དེ་ལ་མ་ལོག་པ་དང་། ལམ་ངན་པ་ཉི་ཤུ་རྩ་གཉིས་དང་བྲལ་ཏེ་རྣམ་པར་སྤངས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་ཏེ། ཉི་ཤུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་སེམས་དང་བྲལ་བ་ཡིན། རང་སངས་རྒྱས་ཀྱི་སེམས་དང་བྲལ་བ་ཡིན། ང་རྒྱལ་དང་བྲལ་བ་ཡིན། ལྷག་པའི་ང་རྒྱལ་དང་བྲལ་བ་ཡིན། གཡོ་དང་བྲལ་བ་ཡིན། འཇིག་རྟེན་གྱི་གསང་ཚིག་ཀུན་ཏུ་འཛིན་པ་དང་བྲལ་བ་ཡིན། ལོག་པར་ཞུགས་པ་དང་བྲལ་བ་ཡིན། ཡོངས་སུ་སྐྱོ་བ་དང་བྲལ་བ་ཡིན། སྐྲག་པ་དང་བྲལ་བ་ཡིན། ཁེངས་པ་དང་རྩོད་པ་དང་བྲལ་བ་ཡིན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་བྲལ་བ་ཡིན། ལས་ཀྱི་སྒྲིབ་པ་དང་བྲལ་བ་ཡིན། ཆོས་ཀྱི་སྒྲིབ་པ་དང་བྲལ་བ་ཡིན། བདག་ལ་སྟོད་པ་དང་གཞན་ལ་སྨོད་པ་དང་བྲལ་བ་ཡིན། སློབ་དཔོན་ཆོས་འཆབ་པ་དང་བྲལ་བ་ཡིན། བརྗེད་ངས་པའི་འདུ་ཤེས་དང་བྲལ་བ་ཡིན། སྡིག་པའི་གྲོགས་པོ་དང་བྲལ་བ་ཡིན། དགེ་བའི་བཤེས་གཉེན་ལ་འཁུ་བ་དང་བྲལ་བ་ཡིན། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་འཐུན་པའི་ཕྱོགས་དང་བྲལ་བ་ཡིན་ཏེ། འདི་ལྟར་སེར་སྣ་དང་། ངན་པའི་ངང་ཚུལ་དང་། གནོད་སེམས་དང་ལེ་ལོ་དང་གཡེང་བ་དང་འཆལ་བའི་ཤེས་རབ་དང་བྲལ་བ་ཡིན། ཆད་པ་དང་རྟག་པ་དང་བྲལ་བ་ཡིན། ཐབས་མི་མཁས་པའི་བསྡུ་བ་དང་བྲལ་བ་ཡིན། སྡིག་པ་ཐམས་ཅད་དང་བྲལ་བ་ཡིན་ཏེ། ཀླུའི་བདག་པོ་ཐམས་ཅད་མཁྱེན་པའི་སེམས་དེ་ལམ་ལོག་པ་དང་། ལམ་ངན་པ་ཉི་ཤུ་རྩ་གཉིས་པོ་འདི་དག་དང་བྲལ་ཏེ། རྣམ་པར་སྤངས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་དེ་རྒྱལ་མཚན་བཅུ་གཉིས་ཀྱིས་མངོན་ ― DKG058_Page_0419 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་འཕགས་ན་བདུད་ཐམས་ཅད་དང་། བདུད་ཀྱི་རིས་ཐམས་ཅད་དང་། ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་ཐུལ་བར་དཀའ་བ་ཡིན་ཏེ། བཅུ་གཉིས་གང་ཞེ་ན། ཚུལ་ཁྲིམས་ཀྱི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། ཏིང་ངེ་འཛིན་གྱི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། ཤེས་རབ་ཀྱི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། སྙིང་རྗེ་ཆེན་པོའི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། ཐབས་ཀྱི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། སྲོག་ཆགས་རྣམས་ལ་སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པའི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བ་ཁོང་དུ་ཆུད་པས། མཐར་ལྟ་བ་དང་བྲལ་བའི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། རང་གི་སེམས་ཡོངས་སུ་དག་པས་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། ཐམས་ཅད་མཁྱེན་པའི་ཡེ་ཤེས་རློམ་སེམས་དང་། རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་དང་བྲལ་བའི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན་ཏེ། ཀླུའི་བདག་པོ་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་དེ། རྒྱལ་མཚན་བཅུ་གཉིས་པོ་དེ་དག་གིས་མངོན་པར་འཕགས་ན། བདུད་ཐམས་ཅད་དང་། བདུད་ཀྱི་རིས་ཐམས་ཅད་དང་། ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་ཐུལ་བར་དཀའ་བ་ཡིན་ནོ། །ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་དེའི་གནས་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པའི་གནས་དང་། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་གནས་ཏེ། ― DKG058_Page_0420 ―
[མ་དཔེ་གཟིགས་ན་འདིར་གནོན།]
གནས་ནི་གཉིས་པོ་དེ་དག་གོ །ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་དེའི་ཆུད་མི་ཟ་བ་གཉིས་ཏེ། གཉིས་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཞེ་སྡང་བ་མེད་པའི་སེམས་དང་། ལོག་པར་ཞུགས་པ་རྣམས་ལ་ཆེར་སྙིང་རྗེ་བ་སྟེ། གཉིས་པོ་དེ་དག་གོ །ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་དེའི་ཟུང་དུ་འབྲེལ་བའི་ཆོས་གཉིས་ཏེ། དེ་གཉིས་དང་འབྲེལ་ན་ཐམས་ཅད་མཁྱེན་པའི་སེམས་དེས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་ནོན་པར་འགྱུར་ཏེ། གཉིས་གང་ཞེ་ན། ཐབས་དང་། ཤེས་རབ་སྟེ། གཉིས་པོ་དེ་དག་གོ །ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་དེའི་རྟོན་པ་གཉིས་ཏེ། གཉིས་གང་ཞེ་ན། སྒྲུབ་པ་རྣམས་ལ་འགྱོད་པ་མེད་པ་དང་། འགྱུར་བ་ལ་ཡིད་མི་ཆེས་པ་སྟེ། གཉིས་པོ་དེ་དག་གོ །ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་དེའི་ཡི་གེ་གཉིས་ཏེ། གཉིས་གང་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་འདོད་པ་མེད་པ་དང་། ཐེག་པ་ཆེན་པོ་ལ་ཕན་ཡོན་དུ་མཐོང་བ་སྟེ། གཉིས་པོ་དེ་དག་གོ །ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་དེའི་རྒྱུན་ཆད་པ་གཉིས་ཏེ། གཉིས་གང་ཞེ་ན། སྒྱུ་དང་གཡོའི་རྒྱུན་ཆད་པ་དང་། མི་དྲང་བའི་རྒྱུན་ཆད་པ་སྟེ། རྒྱུན་ཆད་པ་གཉིས་པོ་དེ་དག་གོ །ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་དེའི་རྒྱུན་མི་ཆད་པ་གཉིས་ཏེ། གཉིས་གང་ཞེ་ན། དྲན་པ་དང་། སྒྱུ་མེད་པས་རྒྱུན་མི་ཆད་པ་སྟེ། རྒྱུན་མི་ཆད་པ་གཉིས་པོ་དེ་དག་གོ །ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་དེའི་སྒྲིབ་པ་གསུམ་སྟེ། གསུམ་གང་ཞེ་ན། ལུས་ཀྱིས་ཉེས་པར་སྤྱོད་པ་དང་། ངག་གིས་ཉེས་པར་སྤྱོད་པ་དང་། ཡིད་ཀྱིས་ཉེས་པར་སྤྱོད་པ་སྟེ། གསུམ་པོ་དེ་དག་གོ །ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་དེའི་སྒྲིབ་པ་མེད་པ་གསུམ་སྟེ། གསུམ་གང་ཞེ་ན། ལུས་ཀྱིས་ལེགས་པར་སྤྱོད་པ་དང་། ངག་གིས་ལེགས་པར་སྤྱོད་པ་དང་། ཡིད་ཀྱིས་ལེགས་པར་སྤྱོད་པ་སྟེ། སྒྲིབ་ ― DKG058_Page_0421 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་མེད་པ་གསུམ་པོ་དེ་དག་གོ །ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་དེའི་སྒྲིབ་པ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དམ་པའི་ཆོས་སྤོང་བ་དང་། བླ་མ་རྣམས་ལ་མི་གུས་པ་དང་། བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་བ་དང་། བདུད་ཀྱི་ལས་ཁོང་དུ་མི་ཆུད་པ་སྟེ། སྒྲིབ་པ་བཞི་པོ་དེ་དག་གོ །ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་དེའི་སྒྲིབ་པ་མེད་པ་བཞི་སྟེ། བཞི་གང་ཞེ་ན། དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། བླ་མ་རྣམས་ལ་གུས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པ་ལྟར་ཕངས་པར་སེམས་པ་དང་། བདུད་ཀྱི་ལས་ཁོང་དུ་ཆུད་པ་སྟེ། སྒྲིབ་པ་མེད་པ་བཞི་པོ་དེ་དག་གོ །ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་དེའི་རིན་ཐང་མེད་པའི་ཆོས་ཐོབ་པ་ལྔ་སྟེ། ལྔ་གང་ཞེ་ན། རྣམ་པར་སྨིན་པ་ལ་མི་རེ་བར་གཏོང་བ་དང་། སྐྱེ་བ་རྣམས་ལ་མི་གནས་པའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་མི་གཏོང་བའི་སྙིང་རྗེ་ཆེན་པོ་དང་། བྱམས་པ་དང་མི་བྱམས་པ་རྣམས་ལ་མི་ལྟ་བར་ལུས་དང་སྲོག་ཡོངས་སུ་གཏོང་བ་དང་། ཐོབ་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་མི་ཚོལ་བར་ཆོས་སྟོན་པ་སྟེ། ཀླུའི་བདག་པོ་ཐམས་ཅད་མཁྱེན་པའི་སེམས་དེའི་རིན་ཐང་མེད་པའི་ཆོས་ཐོབ་པ་ལྔ་པོ་དེ་དག་གོ །ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་དེའི་རྟུལ་བ་ལྔ་སྟེ། ལྔ་གང་ཞེ་ན། དགེ་བའི་བཤེས་གཉེན་ལ་སྟེན་པ་དང་། འཁོར་བ་ན་ཡོངས་སུ་མི་སྐྱོ་བ་དང་། ཡེ་ཤེས་ལ་མངོན་པའི་ང་རྒྱལ་མེད་པ་དང་། དུས་མ་ཡིན་པར་རྙེད་པ་རྣམ་པར་སྤོང་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་མཐའ་ཡས་པ་ལ་ཞུམ་པ་མེད་པ་སྟེ། ཀླུའི་བདག་པོ་ཐམས་ཅད་མཁྱེན་པའི་སེམས་དེའི་རྟུལ་བ་ལྔ་པོ་དེ་དག་གོ །ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་དེའི་ཁྱད་པར་དུ་འཕགས་པ་གང་དག་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་མེད་པ་ལྔ་སྟེ། ལྔ་གང་ཞེ་ན། ཉན་ཐོས་ལས་རྣམ་པར་གྲོལ་བའི་ཡེ་ཤེས་ཁྱད་པར་དུ་འཕགས་པ་དང་། རང་སངས་རྒྱས་ལས་རྣམ་པར་ ― DKG058_Page_0422 ―
[མ་དཔེ་གཟིགས་ན་འདིར་གནོན།]
གྲོལ་བའི་ཡེ་ཤེས་ཁྱད་པར་དུ་འཕགས་པ་དང་། ཆོས་ཐམས་ཅད་བདག་མེད་པར་ཤེས་པས་ཁྱད་པར་དུ་འཕགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པས་ཁྱད་པར་དུ་འཕགས་པ་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་འཇོམས་པ་ཤེས་པས་ཁྱད་པར་དུ་འཕགས་པ་སྟེ། ཁྱད་པར་དུ་འཕགས་པ་ལྔ་པོ་དེ་དག་གོ །ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་དེའི་མཆོག་ཏུ་དགའ་བ་ལྔ་སྟེ། ལྔ་གང་ཞེ་ན། ངན་འགྲོ་ལས་ཤིན་ཏུ་འདས་པས་མཆོག་ཏུ་དགའ་བ་དང་། ཐམས་ཅད་མཁྱེན་པ་དང་ཉེ་བར་གྱུར་པས་མཆོག་ཏུ་དགའ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་མཐོང་བ་ཡོངས་སུ་རྫོགས་པས་མཆོག་ཏུ་དགའ་བ་དང་། ཚུལ་ཁྲིམས་ལ་ནན་ཏན་བྱེད་པ་ལ་འགྱོད་པ་མེད་པས་མཆོག་ཏུ་དགའ་བ་དང་། སེམས་ཅན་གྱི་དོན་བྱ་བ་མྱོང་བས་མཆོག་ཏུ་དགའ་བ་སྟེ། མཆོག་ཏུ་དགའ་བ་ལྔ་པོ་དེ་དག་གོ །ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་དེའི་སྟོབས་ལྔ་སྟེ། ལྔ་གང་ཞེ་ན། ང་རྒྱལ་བཅོམ་པས་ཡེ་ཤེས་ཀྱི་སྟོབས་དང་། ཐོས་པ་དང་མ་བྲལ་བས་ཤེས་རབ་ཀྱི་སྟོབས་དང་། ཁོང་ཁྲོ་བ་མེད་པས་བྱམས་པའི་སྟོབས་དང་། མཚན་ཡོངས་སུ་རྫོགས་པས་བཟོད་པའི་སྟོབས་དང་། འཁོར་དུ་བག་ཚ་བ་དང་། འཇིགས་པ་དང་བྲལ་བས་མི་འཇིགས་པའི་སྟོབས་ཏེ། སྟོབས་ལྔ་པོ་དེ་དག་གོ །ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་དེའི་རིགས་པ་གང་གིས་རིགས་པ་མ་ཡིན་པར་མི་ལྟུང་བའི་རིགས་པ་ལྔ་སྟེ། ལྔ་གང་ཞེ་ན། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པའི་རིགས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་མི་འགལ་བའི་རིགས་པ་དང་། དུས་དང་དུས་མ་ཡིན་པ་ལ་སོ་སོར་རྟོག་པའི་རིགས་པ་དང་། ཡང་དག་པར་སྦྱོར་བའི་རིགས་པ་དང་། དགེ་བའི་ཆོས་ཐམས་ཅད་སྒྲུབ་པའི་རིགས་པ་སྟེ། རིགས་པ་ལྔ་པོ་དེ་དག་གོ །ཀླུའི་བདག་པོ་གཞན་ཡང་ཐམས་ཅད་མཁྱེན་པའི་སེམས་ཀྱི་ཤིང་ལྗོན་པ་དེའི་སྣང་བ་ལྔ་དང་། ས་བོན་ལྔ་དང་། རྩ་བ་ ― DKG058_Page_0423 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྔ་དང་། སྡོང་པོ་ལྔ་དང་། ཡལ་ག་ལྔ་དང་། ལོ་མ་ལྔ་དང་། མེ་ཏོག་ལྔ་དང་། འབྲས་བུ་ལྔའོ། །དེ་ལ་དེའི་སྣང་བ་ལྔ་གང་ཞེ་ན། ཉོན་མོངས་པ་དང་བྲལ་བའི་སྣང་བ་དང་། རང་གི་སེམས་ངེས་པར་སེམས་པའི་སྣང་བ་དང་། ཤེས་རབ་ཀྱི་སྣང་བ་དང་། མིག་ལྔའི་སྣང་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྣང་བ་སྟེ། སྣང་བ་ལྔ་པོ་དེ་དག་གོ །དེ་ལ་ས་བོན་ལྔ་གང་ཞེ་ན། བསམ་པ་དང་། ལྷག་པའི་བསམ་པ་དང་། སེམས་ཅན་ལ་ལྟ་བ་དང་། མོས་པ་དང་། རྒྱ་ཆེན་པོ་ལ་མོས་པ་སྟེ། ས་བོན་ལྔ་པོ་དེ་དག་གོ །དེ་ལ་རྩ་བ་ལྔ་གང་ཞེ་ན། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགེ་བའི་རྩ་བས་མི་ངོམས་ཤིང་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་སྔོ་བ་དང་། ཉེས་པ་བརྟུལ་བས་འཆགས་པ་དང་། ཐེག་པ་གཞན་མི་འདོད་པ་སྟེ། རྩ་བ་ལྔ་པོ་དེ་དག་གོ །དེ་ལ་སྡོང་པོ་ལྔ་གང་ཞེ་ན། ཐབས་ལ་མཁས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་བས་བཏང་སྙོམས་པ་སྟེ་སྡོང་པོ་ལྔ་པོ་དེ་དག་གོ །དེ་ལ་ཡལ་ག་ལྔ་གང་ཞེ་ན། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་ཏེ། ཡལ་ག་ལྔ་པོ་དེ་དག་གོ །དེ་ལ་ལོ་མ་ལྔ་གང་ཞེ་ན། ཚུལ་ཁྲིམས་དང་། ཐོས་པ་དང་། ཁྱིམ་ནས་འབྱུང་བ་དང་དགོན་པ་ལ་གནས་པ་དང་། འཕགས་པའི་རིགས་ཆོག་ཤེས་པ་སྟེ། ལོ་མ་ལྔ་པོ་དེ་དག་གོ །དེ་ལ་མེ་ཏོག་ལྔ་གང་ཞེ་ན། བསོད་ནམས་བསགས་པས་མཚན་ཕུན་སུམ་ཚོགས་པ་དང་། སྦྱིན་པ་སྣ་ཚོགས་བསགས་པས་དཔེ་བྱད་བཟང་པོ་ཕུན་སུམ་ཚོགས་པ་དང་། སེམས་ངེས་པར་སེམས་པས་བྱང་ཆུབ་ཀྱི་ཡན་ལག་ཕུན་སུམ་ཚོགས་པ་དང་། ཆོས་རྣམ་པར་འགྲེལ་པས་སྤོབས་པ་ཕུན་སུམ་ཚོགས་པ་དང་། གཟུངས་རབ་ཏུ་ཐོབ་པས་བརྗེད་ངས་པ་མེད་པ་ཕུན་སུམ་ཚོགས་པ་སྟེ། མེ་ཏོག་ལྔ་པོ་དེ་དག་གོ །དེ་ལ་འབྲས་ ― DKG058_Page_0424 ―
[མ་དཔེ་གཟིགས་ན་འདིར་གནོན།]
བུ་ལྔ་གང་ཞེ་ན། འདི་ལྟ་སྟེ། སློབ་པའི་འབྲས་བུ་ཐོབ་པ་དང་། མི་སློབ་པའི་འབྲས་བུ་ཐོབ་པ་དང་། རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་པ་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་སའི་འབྲས་བུ་ཐོབ་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པ་སྟེ། འབྲས་བུ་ལྔ་པོ་དེ་དག་གོ །ཀླུའི་བདག་པོ་ཐམས་ཅད་མཁྱེན་པའི་སེམས་ཀྱི་ཤིང་ལྗོན་པ་དེའི་སྣང་བ་ནི་དེ་ལྟ་བུའོ། །ས་བོན་ནི་དེ་ལྟ་བུའོ། །རྩ་བ་ནི་དེ་ལྟ་བུའོ། །སྡོང་པོ་ནི་དེ་ལྟ་བུའོ། །ཡལ་ག་ནི་དེ་ལྟ་བུའོ། །ལོ་མ་ནི་དེ་ལྟ་བུའོ། །མེ་ཏོག་ནི་དེ་ལྟ་བུའོ། །འབྲས་བུ་ནི་དེ་ལྟ་བུའོ། །ཀླུའི་བདག་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པའི་ཤིང་ལྗོན་པ་འདི་ལྟ་བུ་ཡོངས་སུ་འཛིན་པར་འདོད་པས་ཐམས་ཅད་མཁྱེན་པའི་སེམས་མི་བརྗེད་པར་བྱ་སྟེ། ཀླུའི་བདག་པོ་གང་གིས་ཐམས་ཅད་མཁྱེན་པའི་སེམས་ཤིན་ཏུ་བཟུང་བ་དེས་གང་དག་ཡོངས་སུ་ཟིན་པར་མ་གྱུར་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དེ་དག་ངས་མ་མཐོང་ངོ་། །ཀླུའི་བདག་པོ་འདི་ལྟ་སྟེ། དཔེར་ན་གང་གིས་ཤིང་གང་གིས་ས་བོན་བཟུང་བར་གྱུར་པ་དེས་དེའི་རྩ་བ་དང་། སྡོང་པོ་དང་། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་རྣམས་ཀྱང་བཟུང་བ་ཡིན་ནོ། །ཀླུའི་བདག་པོ་དེ་བཞིན་དུ་གང་གིས་ཐམས་ཅད་མཁྱེན་པའི་སེམས་ཤིན་ཏུ་བཟུང་བ་དེས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བཟུང་བ་ཡིན་ནོ། །ཀླུའི་བདག་པོ་དེ་ལྟ་བས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་བྱང་ཆུབ་སེམས་དཔའི་ཡོན་ཏན་ལ་འཇུག་པའི་ཆོས་ཀྱི་སྒོའི་ལེའུ་འདི་ཟུང་ཤིག ། ཆོངས་ཤིག ། ལྷོགས་ཤིག ། འཁོར་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་ཤོད་ཅིག ། ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཀྱི་ལེའུ་འདི་བཤད་པ་ན་འཁོར་དེ་ལས་ཀླུ་བདུན་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དགེ་བའི་རྩ་བ་བསྐྲུན་པའི་ཀླུ་གཞོན་ནུ་རྣམས་དང་། ཀླུའི་བུ་མོ་རྣམས་དང་། ཀླུའི་རྒྱལ་པོ་རྣམས་ནི་ ― DKG058_Page_0425 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྗེས་སུ་འཐུན་པའི་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །སྔར་འདུས་པའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །དེ་ནས་ཀླུའི་བུ་དེ་དག་དང་། ཀླུའི་བུ་མོ་དང་། ཀླུའི་རྒྱལ་པོ་དེ་དག་སྟེང་གི་བར་སྣང་ལ་ལུས་མི་སྣང་བར་འཁོད་དེ། དུས་ཀྱི་རྗེས་སུ་འབྲང་བའི་སྤྲིན་ཆེན་པོ་བྱིན་གྱིས་བརླབས་ནས་བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་ལྷའི་ཙན་དན་སྦྲུལ་གྱི་སྙིང་པོའི་ཕྱེ་མའི་ཆར་རབ་ཏུ་ཕབ་བོ། །མུ་ཏིག་གི་དྲ་བས་ཀྱང་ཐམས་ཅད་དང་ལྡན་པའི་ཡུལ་བྱིང་འཛིན་ཁེབས་པར་བྱས་སོ། །དོ་ཤལ་དང་ཟླ་གམ་ལྟ་བུ་རྣམས་ཀྱིས་ཀྱང་ནམ་མཁའི་ངོས་ཐམས་ཅད་མངོན་པར་ཁེབས་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་མ་དྲོས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་དེ་བཞིན་གཤེགས་པས་བྱང་ཆུབ་ཀྱི་སེམས་དང་། ཐམས་ཅད་མཁྱེན་པའི་སེམས་དང་། ཡོན་ཏན་དག་དང་། རྣམ་པ་དང་། འཇུག་པ་རབ་ཏུ་བཤད་པ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དག་རྣམ་པར་དག་པའི་ལམ་གང་ལ་ཞུགས་ན་ཤིན་ཏུ་མཐར་ཐུག་པ་རབ་ཏུ་ཐོབ་པར་འགྱུར་བ་དང་། སྟོབས་བཅུའི་སྟོབས་ཉིད་དང་། མི་འཇིགས་པ་བཞིའི་འཇིགས་པ་མེད་པ་ཉིད་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་མ་གྱུར་གྱི་བར་དུ་བར་སྐབས་སུ་ཞུམ་པ་དང་གང་བར་མི་འགྱུར་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་དག་པའི་ལམ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཞེས་བགྱི་བ་དེ་བཞིན་གཤེགས་པས་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་མ་དྲོས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་དག་པའི་ལམ་ནི་བརྒྱད་པོ་འདི་དག་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པའི་ལམ་དང་། བསྡུ་བའི་དངོས་པོའི་ལམ་དང་། མངོན་པར་ཤེས་པའི་ལམ་དང་། ཚད་མེད་པའི་ལམ་དང་། ཡན་ལག་བརྒྱད་པའི་ལམ་དང་། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི་ལམ་དང་། རྣམ་པར་ཐར་པ་གསུམ་གྱི་ལམ་དང་། མི་ ― DKG058_Page_0426 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པའི་ལམ་སྟེ། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་དག་པའི་ལམ་ནི་བརྒྱད་པོ་དེ་དག་གོ །དེ་ལ་ཕ་རོལ་ཏུ་ཕྱིན་པའི་ལམ་ནི་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་མི་འཐོབ་བོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་མི་འཐོབ་སྟེ། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་ཞེས་བྱའོ། །དེ་ལ་བསྡུ་བའི་དངོས་པོའི་ལམ་ནི་གཞན་དག་ཆོས་ལ་མོས་པར་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་འདི་ལྟར་བྱང་ཆུབ་སེམས་དཔའ་དེས་སེམས་ཅན་གང་དག་བསྡུ་བའི་དངོས་པོ་བཞི་པོ་དག་གིས་བསྡུས་པར་གྱུར་པ་དེ་དག་དེས་ཆོས་བསྟན་པ་ཀུན་ཏུ་ཤེས་པར་འགྱུར་ཏེ། དེའི་ཕྱིར་གཞན་དག་ཆོས་ལ་མོས་པར་བྱེད་པ་ནི་བསྡུ་བའི་དངོས་པོའི་ལམ་ཞེས་བྱའོ། །དེ་ལ་མངོན་པར་ཤེས་པའི་ལམ་ནི་གང་ལྷའི་མིག་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་མཐོང་། སེམས་ཅན་ཤི་འཕོ་དང་སྐྱེ་བ་ཡང་མཐོང་། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཡང་མཐོང་ངོ་། །དེ་དག་མཐོང་ནས་ཀྱང་རྣམ་པ་གང་དག་ཡོངས་སུ་གཟུང་བར་བྱ་བ་དེ་དག་ནི་ཡོངས་སུ་འཛིན། གང་དག་ཡོངས་སུ་སྤང་བར་བྱ་བ་དེ་དག་ནི་ཡོངས་སུ་སྤང་ངོ་། །གང་ལྷའི་རྣ་བས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་ཐོས་སོ། །ཐོས་ནས་ཀྱང་འཛིན་ཅིང་ཆུད་མི་གསོན་ཏོ། །དེ་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་སེམས་ཀྱི་རྒྱུ་བ་ཡང་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་སོ་སོར་ཅི་རིགས་པར་ཆོས་སྟོན་ཏོ། །དེ་སྔོན་གྱི་གནས་རྗེས་སུ་དྲན་ཏེ། དྲན་ནས་ཀྱང་སྔོན་བྱས་པའི་དགེ་བའི་རྩ་བ་ཆུད་མི་གཟོན་ཏོ། །རྫུ་འཕྲུལ་གྱིས་ཀྱང་སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་དག་ཏུ་འགྲོ་ ― DKG058_Page_0427 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞིང་སེམས་ཅན་གང་དག་རྫུ་འཕྲུལ་གྱིས་འདུལ་བ་དག་ཀྱང་རྫུ་འཕྲུལ་གྱིས་འདུལ་ཏེ། དེའི་ཕྱིར་མངོན་པར་ཤེས་པའི་ལམ་ཞེས་བྱའོ། །དེ་ལ་ཚད་མེད་པའི་ལམ་ནི་གང་སྡུག་པའི་རྣམ་པར་ལྟུང་བའི་ཚངས་པ་རྣམས་དང་། གཟུགས་ན་སྤྱོད་པའི་ལྷ་གཞན་དག་གི་སེམས་ཀྱི་འཇུག་པ་ཡང་རབ་ཏུ་ཤེས་ཏེ། འདི་ནི་བྱམས་པའི་སེམས། འདི་ནི་སྙིང་རྗེ་ཆེན་པོའི་སེམས། འདི་ནི་དགའ་བའི་སེམས། འདི་ནི་བཏང་སྙོམས་ཀྱི་སེམས་སོ་ཞེས་ཇི་ལྟ་བུས་འདུལ་བ་དེ་བཞིན་དུ་རབ་ཏུ་འདྲེན་ཏེ། དེ་ཕྱིར་ཚད་མེད་པའི་ལམ་ཞེས་བྱའོ། །དེ་ལ་ཡན་ལག་བརྒྱད་པའི་ལམ་ནི་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང་། ཉན་ཐོས་ཀྱི་ཐེག་པའི་རྗེས་སུ་སོང་བ་དང་། རང་སངས་རྒྱས་ཀྱི་ཐེག་པའི་རྗེས་སུ་སོང་བ་དང་། ཐེག་པ་ཆེན་པོའི་རྗེས་སུ་སོང་བ་སྟེ། ཐམས་ཅད་ཀྱི་རྗེས་སུ་འགྲོ་བས་དེའི་ཕྱིར་ཡན་ལག་བརྒྱད་པའི་ལམ་ཞེས་བྱའོ། །དེ་ལ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི་ལམ་ནི་འདིའི་ནི་བྱའོ། །འདིའི་ནི་མི་བྱའོ། །འདི་ལ་ནི་བཤད་དོ། །འདི་ལ་ནི་མི་བཤད་དོ། །འདི་ནི་སྦྱིན་གནས་སོ། །འདི་ནི་སྦྱིན་གནས་མ་ཡིན་ནོ་ཞེས་དེ་རྣམ་པར་རྟོག་པ་ལ་མི་སྤྱོད་དེ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཀྱི་རྗེས་སུ་འགྲོ་བས་དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི་ལམ་ཞེས་བྱའོ། །དེ་ལ་རྣམ་པར་ཐར་པ་གསུམ་གྱི་ལམ་ནི་དམིགས་པ་ཐམས་ཅད་སྤང་བའི་ཕྱིར་སྟོང་པ་ཉིད་དང་། རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་དང་། མཚན་མ་དང་། རྣམ་པར་རྟོག་པ་ཐམས་ཅད་སྤང་བའི་ཕྱིར་མཚན་མ་མེད་པ་དང་། ཁམས་གསུམ་པ་ལ་རྟོན་པ་སྤང་བའི་ཕྱིར་སྨོན་པ་མེད་པ་སྟེ། དེའི་ཕྱིར་རྣམ་པར་ཐར་པ་གསུམ་གྱི་ལམ་ཞེས་བྱའོ། །དེ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པའི་ལམ་ནི་བྱང་ཆུབ་སེམས་དཔའ་ལུང་བསྟན་པ་རབ་ཏུ་ཐོབ་པ་ཡིན་ཏེ། མི་སྐྱེ་བ་ལ་བཟོད་པ་དེ་དང་ལྡན་པར་རིག་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏེ། དེའི་ཕྱིར་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ ― DKG058_Page_0428 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐོབ་པའི་ལམ་ཞེས་བྱའོ། །ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་དག་པའི་ལམ་བརྒྱད་པོ་འདི་དག་ནི་གཅིག་པུ་བགྲོད་པའི་ལམ་དུ་ཡང་དག་པར་འདུ་བ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་གྲོགས་མེད་པར་གཅིག་པུ་གཉིས་སུ་མེད་པར་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བྱང་ཆུབ་ཀྱི་སྙིང་པོར་གང་ཐོབ་པར་བྱ་བ་དེ་རྗེས་སུ་འཐོབ་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ཅི་ཞེ་ན། གང་འདི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྗེས་སུ་ཐོབ་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་དག་པའི་ལམ་བརྒྱད་པོ་འདི་དག་ནི་སེམས་ཅན་ཐ་དད་པ་དང་སྣ་ཚོགས་ལ་སྦྱོར་བ་རྣམས་ལ་བསྟན་པ་སྟེ། གང་འདི་མི་དམིགས་པ་ཉེ་བར་བཟུང་ནས་བསྟན་པ་དེ་ཐམས་ཅད་ནི་བསྟན་པ་གཅིག་པའོ། །དེ་ལ་ལམ་དེའི་རྣམ་པར་དག་པ་གང་ཞེ་ན། ལམ་འདི་ནི་རྡུལ་མེད་པས་རྡུལ་དང་བྲལ་བའོ། །ལམ་འདི་ནི་ཤིན་ཏུ་མི་འཁྲུགས་པས་ཞེ་སྡང་མེད་པའོ། །ལམ་འདི་ནི་ཤེས་རབ་ཀྱིས་སྣང་བས་རྨོངས་པ་མེད་པའོ། །ལམ་འདི་ནི་རང་བཞིན་གྱིས་རྣམ་པར་དག་པས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའོ། །ལམ་འདི་ནི་ཕྱིན་ཅི་ལོག་བཞི་ལས་བྱུང་བའི་ཕྱིར་སྐྱེ་བ་མེད་པའོ། །ལམ་འདི་ནི་ངོ་བོ་ཉིད་ཀྱིས་ཡང་དག་པ་མ་ཡིན་པར་མཐོང་བས་ངོ་བོ་ཉིད་མེད་པའོ། །ལམ་འདི་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་རྣམ་པར་ཤེས་པས་ཟག་པ་མེད་པའོ། །ལམ་འདི་ནི་དམིགས་པ་ཐ་དད་པ་དང་བྲལ་བས་ཉེ་བར་ཞི་བའོ། །ལམ་འདི་ནི་གར་ཡང་མི་འགྲོ་ཞིང་གང་ནས་ཀྱང་མི་འོང་བས་འོང་བ་དང་འགྲོ་བ་མེད་པའོ། །ལམ་འདི་ནི་ཉོན་མོངས་པ་ཐམས་ཅད་མི་གནས་པས་ལེགས་པར་གནས་པའོ། །ལམ་འདི་ལ་ནི་བདུད་རྣམས་ཀྱིས་འགྲོ་བ་མེད་པའོ། །ལམ་འདི་ནི་མུ་སྟེགས་ཅན་རྣམས་ཀྱིས་མ་ཡིན་ནོ། །ལམ་འདི་ལ་ནི་མངོན་པའི་ང་རྒྱལ་ཅན་རྣམས་ཀྱི་སྐབས་མེད་དོ། །ལམ་འདིར་ནི་མི་བརྩོན་པ་རྣམས་འཇུག་པ་མ་ཡིན་ནོ། །ལམ་འདི་ནི་དམིགས་པ་ཅན་རྣམས་དང་ཤིན་ཏུ་རིང་ཞིང་རྣམ་པར་རིང་ངོ་། །ལམ་འདི་ ― DKG058_Page_0429 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནི་སྐྱེས་བུ་ངན་པ་རྣམས་ཀྱིས་རྣམ་པར་སྤངས་པའོ། །ལམ་འདི་ནི་སྐྱེས་བུ་དམ་པ་རྣམས་ཀྱིས་བསྟེན་པའོ། །ལམ་འདི་ནི་རྣལ་འབྱོར་སྤྱོད་པ་རྣམས་རྗེས་སུ་འདོང་བའོ། །ལམ་འདི་ནི་ཚུལ་བཞིན་ལ་བརྩོན་པ་རྣམས་ཀྱིས་བགྲོད་པར་བདེ་བའོ། །ལམ་འདི་ནི་ཡང་དག་པར་ལྟ་བ་ལ་ཡང་དག་པར་གནས་པ་རྣམས་ཀྱི་རྣལ་དུ་འཇུག་པའོ། །ལམ་འདི་ནི་བརྩོན་པ་རྣམས་ལ་མི་སྒྲིབ་པས་ཡངས་པའོ། །ལམ་འདི་ནི་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་རྣམས་ལ་མི་སྒྲིབ་པའོ། །ལམ་འདི་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པ་རྣམས་ཀྱི་དྲི་མ་མེད་པའོ། །ལམ་འདི་ནི་ཤིན་ཏུ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་རྣམ་པར་དག་པ་སྟེ། དེའི་ཕྱིར་རྣམ་པར་དག་པའི་ལམ་ཞེས་བྱའོ། །ཀླུའི་བདག་པོ་གང་ལ་ལ་དག་རྣམ་པར་དག་པའི་ལམ་འདི་ལ་ཞུགས་པ་དང་། འཇུག་པ་དང་། འཇུག་པར་འགྱུར་བ་དེ་དག་ཐམས་ཅད་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པས་བདག་གི་དབྱིངས་རྣམ་པར་དག་པར་རྗེས་སུ་རྟོགས་སོ། །བདག་གི་དབྱིངས་རྣམ་པར་དག་པས་ཆོས་ཀྱི་དབྱིངས་རྣམ་པར་དག་པར་རྗེས་སུ་རྟོགས་སོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པས་སེམས་ཅན་གྱི་ཁམས་ཐམས་ཅད་རྣམ་པར་དག་པར་རྗེས་སུ་རྟོགས་སོ། །སེམས་ཅན་གྱི་ཁམས་ཐམས་ཅད་རྣམ་པར་དག་པས་མིག་གི་ཁམས་རྣམ་པར་དག་པར་རྗེས་སུ་རྟོགས་པ་ནས་ཡིད་ཀྱི་ཁམས་ཀྱི་བར་དུ་རྣམ་པར་དག་པར་རྗེས་སུ་རྟོགས་སོ། །ཡིད་ཀྱི་ཁམས་རྣམ་པར་དག་པས་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་རྣམ་པར་དག་པར་རྗེས་སུ་རྟོགས་སོ། །འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་རྣམ་པར་དག་པས་ནམ་མཁའི་ཁམས་རྣམ་པར་དག་པར་རྗེས་སུ་རྟོགས་སོ། །ནམ་མཁའི་ཁམས་རྣམ་པར་དག་པས་ཆོས་ཐམས་ཅད་རྣམ་པར་དག་པར་རྗེས་སུ་རྟོགས་ཏེ། འདི་ལྟར་ནམ་མཁའ་རྣམ་པར་དག་པའི་རྣམ་པར་དག་པ་འདིས་ཆོས་ཐམས་ཅད་མཉམ་མོ། །དེ་ལྟར་ན་ནམ་མཁའ་རྣམ་པར་དག་པ་དང་། ― DKG058_Page_0430 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆོས་ཐམས་ཅད་རྣམ་པར་དག་པ་དང་། བདག་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་དོ། །གཉིས་སུ་མེད་པ་རྣམ་པར་དག་པ་འདིས་ལམ་དེ་རྣམ་པར་དག་སྟེ། དེའི་ཕྱིར་རྣམ་པར་དག་པའི་ལམ་ཞེས་བྱའོ། །དེ་ལ་ཚོར་བ་མེད་པས་ལམ་དེ་ནི་ཚོར་བ་མེད་པ་སྟེ། ཚོར་བ་ཐམས་ཅད་ཀྱི་རྒྱུན་བཅད་པའོ། །དེ་ལ་ནི་མྱ་ངན་ལས་འདས་པའི་ཚོར་བ་ཡང་མེད་དེ། དེའི་ཕྱིར་ཚོར་བ་མེད་པ་ཞེས་བྱའོ། །ལམ་དེ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བས་དེ་ལ་ནི་ཆོས་ལ་སེམས་པ་ཅི་ཡང་མེད་དེ། དེའི་ཕྱིར་རྣམ་པར་དག་པའི་ལམ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་རྣམ་པར་དག་པའི་ལམ་བསྒོམས་པའི་ཡོན་ཏན་གྱི་ལེའུ་འདི་བཤད་པ་ན་ཡོངས་སུ་སྦྱང་བ་བྱས་པའི་སྲོག་ཆགས་ཁྲི་ཉིས་སྟོང་གིས་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་མ་དྲོས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཇི་ལྟར་འཕགས་པའི་ལམ་བསྒོམ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་འདི་ལ་བྱང་ཆུབ་སེམས་དཔའ་འཕགས་པ་རྣམ་པར་དག་པའི་ལམ་བསྒོམ་པར་འདོད་པས་རྣམ་པར་དག་པའི་སྤྱོད་པ་ལ་མཁས་པར་བྱ་སྟེ། དེས་ལུས་ཡོངས་སུ་དག་པར་བྱ། ངག་དང་སེམས་ཡོངས་སུ་དག་པར་བྱའོ། །དེ་ལ་ལུས་ཡོངས་སུ་དག་པ་གང་ཞེ་ན། གང་རང་གི་ལུས་སྟོང་པ་ཉིད་པས་སེམས་ཅན་ཐམས་ཅད་ཀྱི་ལུས་སྟོང་པ་ཉིད་དུ་རྗེས་སུ་རྟོགས་པ་དང་། རང་གི་ལུས་དབེན་པས་སེམས་ཅན་ཐམས་ཅད་ཀྱི་ལུས་དབེན་པ་ཉིད་དུ་རྗེས་སུ་རྟོགས་པ་དང་། རང་གི་ལུས་བེམས་པོ་པས་སེམས་ཅན་ཐམས་ཅད་ཀྱི་ལུས་བེམས་པོར་རྗེས་སུ་རྟོགས་པ་དང་། རང་གི་ལུས་གཡོ་བ་མེད་པས་སེམས་ཅན་ཐམས་ཅད་ཀྱི་ལུས་གཡོ་བ་མེད་པར་རྗེས་སུ་རྟོགས་པ་དང་། རང་གི་ལུས་མིག་ཡོར་དང་འདྲ་བས་སེམས་ཅན་ཐམས་ཅད་ཀྱི་ལུས་མིག་ཡོར་ལྟ་བུར་རྗེས་སུ་རྟོགས་པ་དང་། རང་གི་ལུས་རྣམ་པར་དག་པས་སེམས་ཅན་ཐམས་ཅད་ཀྱི་ལུས་རྣམ་པར་དག་པར་རྗེས་སུ་རྟོགས་པ་སྟེ། འདི་ནི་ལུས་རྣམ་པར་དག་པ་ཞེས་ ― DKG058_Page_0431 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱའོ། །ཀླུའི་བདག་པོ་གཞན་ཡང་ལུས་ཡོངས་སུ་དག་པ་ནི་ལུས་ཀྱི་ལས་ལ་མངོན་པར་འདུ་མི་བྱེད་པར་རྟོགས་པ་སྟེ། དེ་མངོན་པར་འདུ་བྱེད་པ་ལ་ཡང་མངོན་པར་འདུ་བྱེད་པར་རྟོག་ཅིང་མངོན་པར་འདུ་བྱེད་པ་དང་། མངོན་པར་འདུ་མི་བྱེད་པ་ཡང་མཉམ་པར་བྱེད། མངོན་པར་འདུ་མི་བྱེད་པ་དང་། མངོན་པར་འདུ་བྱེད་པ་ཡང་མཉམ་པར་བྱེད་པའོ། །དེ་ལ་ལུས་ཀྱང་ཡོངས་སུ་ཤེས་ཤིང་ལུས་ཀྱི་ཆོས་ཉིད་ཀྱང་རབ་ཏུ་ཤེས་སོ། །དེ་ལ་ལུས་ཀྱི་ཆོས་ཉིད་གང་ཞེ་ན། སྔོན་གྱི་མཐའ་ནས་མ་སྐྱེས་པ་ནི་ཆོས་ཉིད་དོ། །ཕྱི་མའི་མཐར་མི་འཕོ་བ་ནི་ཆོས་ཉིད་དོ། །ད་ལྟར་བྱུང་བ་ན་མིག་ཡོར་ལྟ་བུའི་ཆོས་ཉིད་དེ། འདི་ནི་ལུས་ཀྱི་ཆོས་ཉིད་ཅེས་བྱའོ། །གཞན་ཡང་ལུས་ཀྱི་ཆོས་ཉིད་ནི་རྒྱུ་དང་རྐྱེན་ཚོགས་པའི་ཆོས་ཉིད་དེ། རྒྱུ་དང་རྐྱེན་གང་ཡིན་པ་དེ་དག་ཀྱང་སེམས་པ་མེད་པའི་ཕྱིར་སྟོང་པ། གཡོ་བ་མེད་པ། ངོ་བོ་ཉིད་ཀྱིས་དབེན་པའོ། །ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ལུས་ཀྱི་ཆོས་ཉིད་འདི་ལྟ་བུ་འདི་དག་ལ་རྟོག་པ་གང་ཡིན་པ་འདི་ཡང་ལུས་ཡོངས་སུ་དག་པའོ། །གཞན་ཡང་ལུས་ཡོངས་སུ་དག་པ་ནི་ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་ཟག་པ་མེད་ཅིང་ཁམས་གསུམ་དུ་གཏོགས་པ་མ་ཡིན་པ་དེ་བཞིན་དུ། རང་གི་ལུས་ཀྱང་ཟག་པ་མེད་ཅིང་ཁམས་གསུམ་དུ་གཏོགས་པ་མ་ཡིན་པར་རྟོགས་པ་སྟེ། དེ་ཟག་པ་མེད་པའི་ལུས་ཀྱི་སྲིད་པར་སྐྱེ་བ་སྒྲུབ་ཀྱང་ཟག་པ་མེད་པ་ཡང་དག་པའི་མཐའ་དེ་ཡང་མི་འདོར་རོ། །དེ་ཟག་པ་མེད་པའི་ལུས་ཀྱིས་གཟུགས་ཀྱི་ལུས་ཡོངས་སུ་གྲུབ་པ་ཡང་སྟོན་ལ། རང་བཞིན་གྱིས་ལུས་ཀྱི་ཆོས་ཉིད་ཀྱི་རང་བཞིན་འདི་ཡང་མི་འདོར་རོ། །དེ་དེ་བཞིན་གཤེགས་པའི་སྐུ་རྣམ་པར་དག་པས་རང་གི་ལུས་རྣམ་པར་དག་པར་རྟོགས་པ་དང་། རང་གི་ལུས་རྣམ་པར་དག་པས་སེམས་ཅན་ཐམས་ཅད་ཀྱི་ལུས་རྣམ་པར་དག་པར་རྟོགས་པ་འདི་ཡང་ལུས་ཡོངས་སུ་དག་པའོ། ། དེ་ལ་ངག་ཡོངས་སུ་དག་པ་གང་ཞེ་ན། གང་འཕགས་པ་རྣམས་དང་། གང་འཕགས་པ་མ་ཡིན་པ་རྣམས་ཀྱི་ངག་ཐམས་ཅད་ནི་རྣམ་པར་དག་པ་ཡིན་ན། སྒྲོ་བཏགས་པར་ན་ནི་བྱིས་པ་སོ་ ― DKG058_Page_0432 ―
[མ་དཔེ་གཟིགས་ན་འདིར་གནོན།]
སོའི་སྐྱེ་བོ་རྣམས་ནི་ཀུན་ནས་ཉོན་མོངས་པར་འགྱུར། ལེགས་པར་ཐོས་པ་དང་། ཉེས་པར་ཐོས་པ་རྣམས་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བར་འགྱུར་རོ། །ཡང་དག་པར་ངག་ཐམས་ཅད་ནི་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ་སྟེ། དེ་དག་ལ་འདོད་ཆགས་དང་། ཞེ་སྡང་དང་། རྨོངས་པའི་ཡི་གེ་རྣམས་མི་འབྱུང་བས་དེའི་ཕྱིར་ངག་ཐམས་ཅད་རྣམ་པར་དག་པ་ཞེས་བྱའོ། །ངག་ནི་གསོག་སྟེ། གསོག་ལ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པ་རྣམས་ཀྱིས་ཉོན་མོངས་པར་འགྱུར་བ་མེད་དོ། །ངག་ནི་གཟུང་བ་མ་ཡིན་པ་སྟེ། མིག་གིས་གཟུང་བར་བྱ་བ་མ་ཡིན་པ་ནས་ཡིད་ཀྱི་བར་གྱིས་གཟུང་བར་བྱ་བ་མ་ཡིན་པའོ། །ངག་ནི་རླུང་དང་འདྲ་སྟེ། རླུང་གིས་འགྱུར་བའི་ཚོགས་པ་མེད་པར་མི་འབྱུང་ངོ་། །ངག་ནི་བྲག་ཅ་དང་འདྲ་སྟེ། གང་འཕགས་པ་རྣམས་དང་། གང་འཕགས་པ་མ་ཡིན་པ་རྣམས་ཀྱི་ངག་ནི་ནང་ན་ཡང་མི་གནས་ཕྱི་རོལ་དུ་ཡང་མ་ཡིན། གཉི་ག་མེད་པར་ཡང་མི་དམིགས་ཏེ། རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་གང་དག་གིས་ངག་འབྱུང་བའི་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་དེ་དག་ཀྱང་མི་གནས་པ། གནས་པ་མེད་པ། རྣམ་པར་རིག་པ་མེད་པའོ། །ཀླུའི་བདག་པོ་དེ་ལྟ་བས་ན། དེ་བཞིན་གཤེགས་པའི་གསུང་འབྱུང་བ་གང་ཡིན་པ་དང་། གཞན་སེམས་ཅན་རྣམས་ཀྱི་ངག་གང་ཡིན་པ་དེ་ཐམས་ཅད་ཀྱང་མེད་པ། གསོག ། བརྫུན་པ། སླུ་བའི་ཆོས་ཅན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་གསུང་བ་མ་ལགས་སམ། བཀའ་སྩལ་པ། ཀླུའི་བདག་པོ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་ནི་ཡང་དག་པར་གསུང་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་འདུས་བྱས་ཐམས་ཅད་ནི་མ་བྱུང་བར་མཁྱེན་ཏེ། ཇི་ལྟར་མཁྱེན་པ་དེ་བཞིན་དུ་དེ་སྟོན་ཏོ། །དོན་འདིས་ན་དེ་བཞིན་གཤེགས་པ་ཡང་དག་པ་གསུང་བའོ། །ཀླུའི་བདག་པོ་དེ་བཞིན་གཤེགས་པའི་གསུང་ཡི་གེ་ལ་དཔྱོད་པ་གང་ཡིན་པའི་ཡི་གེ་དེ་དག་ལ་སེམས་ཅན་ཐམས་ ― DKG058_Page_0433 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅད་ཀྱང་དཔྱོད་དེ། དེ་བས་ན་སེམས་ཅན་ཐམས་ཅད་ནི་ཆོས་ཀྱི་འཁོར་ལོ་བསྐོར་ཡང་ཆོས་ཀྱི་ངོ་བོ་ཉིད་མི་ཤེས་སོ། །དེའི་ཕྱིར་དེ་དག་ཡི་གེ་ལ་དཔྱོད་པ་ནི་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་བྱ་བའི་ཕྱིར་འབྱུང་བ་མ་ཡིན་ནོ། །ཀླུའི་བདག་པོ་དེ་ལྟར་ན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་སྒྲ་ཐམས་ཅད་ལ་མངོན་པར་ཞེན་ཏོ། །དེ་དག་ནི་ཐ་སྙད་ཐམས་ཅད་ལ་ཡང་ཉོན་མོངས་པ་རྣམས་དང་མ་འདྲེས་པའི་ངག་འབྱུང་ངོ་། །དེ་དག་ཉོན་མོངས་ཀྱང་ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་པར་འགྱུར་བ་ནི་མ་ཡིན་ནོ། །ངག་ལ་དཔྱོད་ཅིང་རྣམ་པར་བྱང་བར་བྱེད་ཀྱང་ཆོས་ཉིད་ཀྱི་རང་བཞིན་གྱིས་རྣམ་པར་དག་པར་འགྱུར་བ་མ་ཡིན་ཏེ། ཀླུའི་བདག་པོ་འདི་ནི་ངག་ཡོངས་སུ་དག་པ་ཞེས་བྱའོ། །དེ་ལ་སེམས་ཡོངས་སུ་དག་པ་གང་ཞེ་ན། སེམས་ཀྱི་རང་བཞིན་ནི་ཀུན་ནས་ཉོན་མོངས་པར་བྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ནི་རང་བཞིན་གྱིས་འོད་གསལ་ཡང་དེ་ནི་གློ་བུར་གྱི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཉེ་བར་ཉོན་མོངས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་གློ་བུར་གྱི་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་སྐབས་མི་འབྱེད་དེ། དེ་རང་བཞིན་གྱིས་ཤིན་ཏུ་རྣམ་པར་དག་པའི་སེམས་ཀྱི་ལས་གང་གིས་དགེ་བའི་རྩ་བ་དེ་དག་ལ་སོགས་པའི་སེམས་དེ་ཡང་སེམས་ཀྱི་རང་བཞིན་ཉིད་དུ་རབ་ཏུ་ཤེས་སོ། །སེམས་ཀྱི་ལས་གང་གིས་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པའི་སེམས་དེ་ཡང་སེམས་དང་མཉམ་པ་ཉིད་དུ་རབ་ཏུ་ཤེས་སོ། །སེམས་ཀྱི་ལས་གང་གིས་དགེ་བའི་རྩ་བ་ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་སྔོ་བའི་སེམས་དེ་ཡང་བྱང་ཆུབ་དང་མཉམ་པ་ཉིད་དུ་རབ་ཏུ་ཤེས་སོ། །དེ་ལྟར་སེམས་ཡོངས་སུ་དག་པ་འདོད་ཆགས་ལ་སྤྱོད་པ་ཐམས་ཅད་དང་ལྷན་ཅིག་གནས་ཀྱང་འདོད་ཆགས་ཀྱི་དྲི་མས་ཀུན་ཏུ་གོས་པར་མི་འགྱུར་རོ། །དེ་བཞིན་དུ་ཞེ་སྡང་ལ་སྤྱོད་པ་དང་། གཏི་མུག་ལ་སྤྱོད་པ་དང་། ཆ་མཉམ་པ་ལ་སྤྱོད་པའི་སེམས་ཅན་རྣམས་དང་ལྷན་ཅིག་གནས་ཤིང་འདུག་ཀྱང་དེ་དག་གི་དྲི་མས་ཀུན་ཏུ་གོས་པར་མི་འགྱུར་རོ། །དེ་ལྟར་སེམས་ཡོངས་སུ་དག་པ་དེ་འདོད་པའི་ཁམས་སུ་ ― DKG058_Page_0434 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྐྱེ་སྟེ། གཟུགས་ན་སྤྱོད་པའི་ཚངས་པ་རབ་ཏུ་ཞི་བའི་སྤྱོད་ལམ་ཅན་རྣམས་དང་ལྷན་ཅིག་གནས་ཤིང་འདུག་ཀྱང་དེ་དག་གི་ཟིལ་གྱིས་གནོན་མི་ནུས་ཀྱི། བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱིས་ལྷ་དེ་དག་ཟིལ་གྱིས་གནོན་ཏོ། །དེ་ལྟར་སེམས་ཡོངས་སུ་དག་པ་དེ་གཟུགས་ཀྱི་ཁམས་སུ་སྐྱེས་ལ་འདོད་པའི་ཁམས་ཀྱི་སེམས་ཅན་རྣམས་དང་ལྷན་ཅིག་ཏུ་གནས་ཤིང་འདུག་ཀྱང་ཡོངས་སུ་སྐྱོ་བ་མི་སྐྱེད་ཅིང་བདག་བརྗོད་པས་སེམས་ཅན་དེ་དག་ལ་བརྙས་པའི་སེམས་མི་སྐྱེད་དོ། །དེ་ལྟར་སེམས་ཡོངས་སུ་དག་པ་དེ་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་སྙོམས་པར་ཞུགས་ཀྱང་དེ་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དེ་དག་གི་དབང་གིས་མི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་འདི་ལྟར་བྱང་ཆུབ་སེམས་དཔར་དེའི་སེམས་ངེས་པར་སེམས་པ་ཐབས་མཁས་པས་མངོན་པར་སྒྲུབ་པའི་ཕྱིར་རོ། །ཀླུའི་བདག་པོ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམ་པར་དག་པའི་ལམ་འདི་ལ་སྒོམ་པ་རྣམ་པར་དག་པའི་སྤྱོད་པ་ལ་མཁས་པ་ཡིན་ནོ། །ཀླུའི་བདག་པོ་དངོས་པོ་སྒོམ་པས་ལམ་སྒོམ་པ་མ་ཡིན། དངོས་པོ་རྣམ་པར་འཇིག་པས་ལམ་སྒོམ་པ་མ་ཡིན། དངོས་པོ་ཁས་ལེན་པ་མ་ཡིན། དངོས་པོ་ཁས་མི་ལེན་པས་ལམ་སྒོམ་པ་མ་ཡིན། དངོས་པོ་སྲིད་པས་མ་ཡིན། དངོས་པོ་མི་སྲིད་པས་ལམ་སྒོམ་པ་མ་ཡིན། དངོས་པོ་སྐྱེ་བས་མ་ཡིན། དངོས་པོ་འགག་པས་ལམ་སྒོམ་པ་མ་ཡིན། དངོས་པོ་འཛིན་པས་མ་ཡིན། དངོས་པོ་འདོར་བས་ལམ་སྒོམ་པ་མ་ཡིན། བདག་ཏུ་མ་ཡིན། བདག་མེད་པར་མ་ཡིན། སེམས་ཅན་དུ་མ་ཡིན། སྲོག་ཏུ་མ་ཡིན། གསོ་བར་མ་ཡིན། སྐྱེས་བུར་མ་ཡིན། གང་ཟག་ཏུ་མ་ཡིན། ཤེད་ལས་སྐྱེས་སུ་མ་ཡིན། ཤེད་བུ་སྒོམ་པས་ལམ་སྒོམ་པ་མ་ཡིན། ཕུང་པོ་མི་རྟག་པར་སྒོམ་པས་ལམ་སྒོམ་པ་མ་ཡིན། ཕུང་པོ་སྡུག་བསྔལ་བར་སྒོམ་པས་མ་ཡིན། ཕུང་པོ་བདག་མེད་པར་སྒོམ་པས་མ་ཡིན། ཕུང་པོ་ཞི་བར་སྒོམ་པས་མ་ཡིན། ཕུང་པོ་འདོད་ཆགས་དང་བྲལ་བར་སྒོམ་པས་ལམ་སྒོམ་པ་མ་ཡིན། ཕུང་པོ་སྒྱུ་མ་ལྟ་བུར་སྒོམ་པས་ལམ་སྒོམ་ ― DKG058_Page_0435 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་མ་ཡིན། ཕུང་པོ་རྨི་ལམ་ལྟ་བུར་སྒོམ་པས་མ་ཡིན། ཕུང་པོ་མིག་ཡོར་ལྟ་བུར་སྒོམ་པས་མ་ཡིན། ཕུང་པོ་བྲག་ཅ་ལྟ་བུར་སྒོམ་པས་མ་ཡིན། ཕུང་པོ་སྟོང་པ་ཉིད་དུ་སྒོམ་པས་ལམ་སྒོམ་པ་མ་ཡིན། ཕུང་པོ་མཚན་མ་མེད་པར་སྒོམ་པས་ལམ་སྒོམ་པ་མ་ཡིན། ཕུང་པོ་སྨོན་པ་མེད་པར་སྒོམ་པས་ལམ་སྒོམ་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་སྟོང་པ་དེ་ནི་དངོས་པོ་མ་ཡིན། དངོས་པོ་མེད་པ་མ་ཡིན་ནོ། །གང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དེ་ནི་དངོས་པོ་མ་ཡིན། དངོས་པོ་མེད་པ་མ་ཡིན་ཏེ། འདི་ནི་ལམ་སྒོམ་པ་ཞེས་བྱའོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་སྒོམ་པས་ལམ་སྒོམ་པ་མ་ཡིན། མ་རིག་པ་ལ་འདོད་ཆགས་དང་བྲལ་བར་སྒོམ་པས་ལམ་སྒོམ་པ་མ་ཡིན་པ་ནས་རྒ་ཤིའི་བར་ལ་འདོད་ཆགས་དང་བྲལ་བར་སྒོམ་པས་ལམ་སྒོམ་པ་མ་ཡིན་ནོ། །དེ་བཞིན་དུ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་སྒོམ་པས་ལམ་སྒོམ་པ་མ་ཡིན་ཏེ། ཀླུའི་བདག་པོ་གང་ཆོས་ཐམས་ཅད་དངོས་པོར་ཡང་མི་བྱེད། དངོས་པོ་མེད་པར་ཡང་མི་བྱེད་པ་འདི་ནི་ལམ་སྒོམ་པ་ཞེས་བྱའོ། །ཆོས་ཐམས་ཅད་ལ་མི་གནས་པར་སྒོམ་པ་དང་། བླང་བ་མེད་པ་དང་དོར་བ་མེད་པར་སྒོམ་པ་འདི་ནི་ལམ་སྒོམ་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་རྣམ་པར་དག་པའི་ལམ་སྒོམ་པའི་ཡོན་ཏན་གྱི་ལེའུ་འདི་བཤད་པའི་ཚེ་འཁོར་གྱི་དཀྱིལ་འཁོར་དེ་ལས་སྲོག་ཆགས་དགུ་ཁྲི་ཉིས་སྟོང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །སྲོག་ཆགས་ཁྲི་ཉིས་སྟོང་ནི་རྗེས་སུ་འཐུན་པའི་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །སྲོག་ཆགས་བདུན་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏེ། དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་གིས་རྣམ་པར་དག་པའི་ལམ་ ― DKG058_Page_0436 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྒོམ་པ་འདི་མཉན་ཏེ་ཐོས་ནས་མི་དངང་ཞིང་ཁོང་དུ་ཆུད་པར་བྱེད་ལ་འཛིན་པ་དེ་དག་ནི་དེ་བཞིན་གཤེགས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཛིན་པར་འགྱུར་རོ། །དེ་དག་ནི་དེ་བཞིན་གཤེགས་པས་བསྐོར་བའི་ཆོས་ཀྱི་འཁོར་ལོ་རྗེས་སུ་སྐོར་བར་འགྱུར་རོ། །དེ་དག་ནི་དེ་བཞིན་གཤེགས་པའི་དམ་པའི་ཆོས་དཀོན་མཆོག་རྗེས་སུ་སྲུང་བར་འགྱུར་རོ། །དེ་དག་ནི་སེང་གེའི་ཁྲི་ལ་འདུག་ཅིང་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ད་ལྟར་བསྒྲགས་པ་དེ་བཞིན་དུ་སེང་གེའི་སྒྲ་སྒྲོགས་པར་འགྱུར་རོ། །དེ་དག་ནི་བདུད་ཀྱི་དཀྱིལ་འཁོར་ཕམ་པར་བྱེད་པར་འགྱུར་རོ། །དེ་དག་ནི་ཕ་རོལ་རྒོལ་བ་ཐམས་ཅད་ཚར་ཆོད་པར་འགྱུར་རོ། །དེ་དག་ནི་ཆོས་ཀྱི་ཏོག་སྒྲེང་བར་འགྱུར་རོ། །དེ་དག་ནི་ཆོས་ཀྱི་སྒྲོན་མེ་འབར་བར་བྱེད་པར་འགྱུར་རོ། །དེ་དག་ནི་ཆོས་ཀྱི་དུང་རབ་ཏུ་འབུད་པར་འགྱུར་རོ། །དེ་དག་ནི་ཆོས་ཀྱི་རྔ་རྡུང་བར་འགྱུར་རོ། །དེ་དག་ནི་ཆོས་ཀྱི་ཆར་འབེབས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུ་དེ་དག་དང་། འཁོར་བཞི་པོ་དེ་དག་གིས་ལེགས་པར་སྨྲས་པ་ལ་རྗེས་སུ་ཡི་རང་བ་མཛད་ནས། ཀླུའི་རྒྱལ་པོ་མ་དྲོས་པ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། དངོས་པོར་འདུ་ཤེས་གང་གིས་ཀྱང་། །ལམ་བསྒོམ་ནུས་པ་མ་ཡིན་ཏེ། །ལམ་འདི་ལ་ནི་འདི་ལྟ་བུར། །དངོས་པོར་འདུ་ཤེས་ཡོད་མ་ཡིན། །དངོས་པོ་དངོས་པོར་བྱེད་པས་མིན། །དངོས་མེད་དངོས་པོ་མེད་བྱེད་པས། །ནམ་མཁའ་རྣམ་དག་གང་འདྲ་བའི། །ལམ་བསྒོམ་ནུས་པ་མ་ཡིན་ནོ། །གང་ཞིག་ལམ་ནི་དངོས་བྱེད་མིན། །དངོས་མེད་དངོས་པོ་མེད་བྱེད་མིན། །དངོས་དང་དངོས་མེད་བྲལ་བ་དེ། །མཆོག་གི་ལམ་ནི་སྒོམ་པའོ། །བདག་ཏུ་ལམ་སྒོམ་མ་ཡིན་ལ། །བདག་མེད་སྒོམ་པས་མ་ཡིན་ཏེ། །འདི་ལྟར་གཉིས་སུ་མེད་པའི་ལམ། །གྲུབ་ཅིང་བདེ་བ་བླ་ན་མེད། །དེ་བཞིན་སྲོག་དང་གསོ་བ་དང་། །གང་ཟག་ཀྱང་ནི་དེ་བཞིན་ཏེ། །གང་ཟག་མེད་པའི་ལམ་འདི་ནི། །སྲོག་མེད་རབ་ཏུ་གནས་པ་མེད། །སྟོང་པ་ ― DKG058_Page_0437 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཉིད་ལ་གནས་ནས་སུ། །གང་དག་ལ་ལ་ལམ་སྒོམ་པ། །དེ་དག་འཕགས་པའི་ལམ་ལས་རིང་། །དེ་དག་ལམ་སྒོམ་མ་ཡིན་ནོ། །སྟོང་པ་ཉིད་ལ་ལམ་མེད་དེ། །ལམ་སྒོམ་པ་ཡང་ཡོད་མ་ཡིན། །དེ་ལྟར་མཚན་ཉིད་གཅིག་པ་ནི། །མཐའ་འདས་སྟོང་པ་སྟོང་པ་ཉིད། །སྐྱེ་བའི་མཚན་ཉིད་ལམ་མ་ཡིན། །མཚན་ཉིད་མེད་པའང་དེ་མ་ཡིན། །གང་ཞིག་མ་སྐྱེས་མི་འགོག་པ། །དེ་ནི་ལམ་སྒོམ་ཡིན་པར་གསུངས། །ཕུང་པོ་ལྔ་ནི་སྒྱུ་མ་ལྟར། །གང་གིས་འདུ་ཤེས་འཇུག་པ་དང་། །དངོས་པོར་འཛིན་པའི་འདུ་ཤེས་ཅན། །ལམ་ལ་སྒོམ་པ་ག་ལ་ཡིན། །ལམ་འདི་འཇིག་རྟེན་འདས་པ་སྟེ། །འདི་ལ་ཕུང་པོ་དངོས་མེད་ན། །ཕུང་པོ་རྣམ་པར་འཇིག་པའི་ཕྱིར། །སྒོམ་པར་ནུས་པ་མ་ཡིན་ནོ། །ཕུང་པོའི་དེ་བཞིན་ཉིད་དེ་ནི། །དེ་བཞིན་ཉིད་དུ་རབ་ཏུ་བསྟན། །དེ་བཞིན་ཁོ་ན་དེ་ལ་ནི། །གཞན་དུ་འགྱུར་བ་མི་དམིགས་སོ། །དེ་བཞིན་ཉིད་ནི་ལམ་སྒོམ་མིན། །དེ་ལ་ཡོད་དང་མེད་པ་མཉམ། །དེ་བཞིན་ཉིད་ལ་དེ་བཞིན་ཤེས། །དེ་ནི་ལམ་ལ་སྒོམ་པ་ཡིན། །ཆོས་རྣམས་ཀུན་ནི་དེ་བཞིན་ཉིད། །ངས་ནི་དེ་ལྟར་སངས་རྒྱས་ཏེ། །དེ་ཉིད་རྟོགས་པར་བྱ་བའི་ཕྱིར། །ལམ་ལ་སྒོམ་པར་བྱེད་པ་ཡིན། །གང་ཞིག་ལམ་ནི་མི་ཤེས་བཞིན། །ལྷག་པར་བྱེད་ལའང་མ་ཞུགས་པ། །སངས་རྒྱས་ཆོས་རྣམས་ཚོལ་བ་ན། །དེ་ལ་ཐོགས་པ་འབྱུང་བར་འགྱུར། །ངས་ནི་ཇི་ལྟར་ལམ་བསྒོམས་ཤིང་། །ཇི་ལྟ་བུར་ནི་རེག་པ་ལྟར། །དེ་བཞིན་ཉིད་ལ་གནས་ནས་སུ། །དེ་ལྟར་དེ་ནི་བཤད་པར་བྱ། །ཐེག་པ་དམན་པ་འབྱུང་བའི་ཕྱིར། །ལམ་འདི་ཚད་དང་བཅས་པ་ཡིན། །ཐེག་པ་ཆེན་པོ་འབྱུང་བའི་ཕྱིར། །འདི་ནི་ལམ་གྱི་དམ་པ་ཡིན། །གང་དག་ལ་ལ་ལམ་ཐོབ་ལ། །ཐོབ་ནས་རྒྱུན་འཆད་མི་བྱེད་པ། །དེ་དང་དེ་དག་ལམ་ཐོབ་སྟེ། །ལམ་བསྒོམ་པ་ནི་སྒོམ་པར་བྱེད། །མཉམ་སྟེ་མི་མཉམ་མེད་པའི་ལམ། །རྣལ་དུ་འདུག་ཅིང་དྲང་ཤེས་པ། །ངན་པའི་ལམ་ཀུན་རྣམ་སྤངས་ནས། །བྱང་ཆུབ་རྗེས་སུ་ཐོབ་པར་བྱེད། །ཇི་ལྟར་ཀླུ་ཡི་རྒྱལ་ ― DKG058_Page_0438 ―
[མ་དཔེ་གཟིགས་ན་འདིར་གནོན།]
པོ་ཁྱོད། །རང་གི་གནས་ན་འདུག་བྱེད་ཅིང་། །གནས་ནས་གཡོས་པ་མེད་པར་ཡང་། །རྒྱ་མཚོ་འདི་ནི་གང་བར་བྱེད། །དེ་ལྟར་སེམས་ཅན་ཆེན་པོ་དག ། ལམ་བསྒོམ་པ་ནི་བསྒོམས་ནས་སུ། །ཆོས་ཀྱི་དབྱིངས་ལས་མ་གཡོས་པར། །ཡེ་ཤེས་རྒྱ་མཚོ་འགེངས་པར་བྱེད། །ཇི་ལྟར་ཀླུ་ཡི་རྒྱལ་པོ་ཁྱོད། །ས་རྣམས་འདི་དག་ཐམས་ཅད་ལ། །ཆུ་ཡི་རྒྱུན་གྱིས་ངོམས་བྱེད་ཀྱང་། །དེ་ནི་ནང་ན་གནས་པ་མེད། །དེ་ལྟར་སེམས་ཅན་ཆེན་པོ་དག ། བསྒོམ་པ་འདི་ལ་བསྒོམས་ནས་ནི། །སེམས་ཅན་ཆོས་ཀྱིས་ཚིམ་བྱེད་ཀྱང་། །ནང་ན་གནས་པ་མ་ཡིན་ནོ། །ཇི་ལྟར་ཀླུ་ཡི་རྒྱལ་པོ་ཁྱོད། །ཕ་རོལ་གནོན་པས་གདུང་བ་མེད། །དེ་ལྟར་དཔའ་བོ་ལམ་ཐོབ་པ། །ཉོན་མོངས་པས་ནི་གདུང་བ་མེད། །སེམས་ཅན་གང་དག་ལྟ་གནས་ཤིང་། །ལོག་པའི་ལམ་དུ་ལྟུང་བ་དག ། ལམ་འདི་ལ་ནི་རབ་གནས་ན། །དེ་དག་མྱ་ངན་འདའ་བར་འགྱུར། །ལམ་འདི་ལ་ནི་གནས་ནས་སུ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་པོ། །བདུད་སྡིག་ཅན་དང་དེ་བཞིན་དུ། །ཕ་རོལ་མུ་སྟེགས་ཅན་རྣམས་འདུལ། །གང་ཚེ་ལམ་ནི་ཐོབ་གྱུར་པ། །དེ་ཚེ་གཡོ་བ་མེད་པར་འགྱུར། །འཇིག་རྟེན་ཆོས་རྣམས་ཟིལ་མནན་ནས། །པད་མ་ལྟ་བུར་རབ་ཏུ་སྤྱོད། །བྱང་ཆུབ་སེམས་ལས་མ་ཉམས་ཤིང་། །ལམ་འདི་ལ་ནི་མཉམ་གཞག་པ། །སེམས་ཅན་གཞན་རྣམས་སྟོང་དག་ཀྱང་། །བྱང་ཆུབ་ལ་ནི་རབ་ཏུ་འཛུད། །ལམ་འདི་ལ་ནི་རབ་གནས་པ། །མངོན་པར་ཤེས་པ་ལྔ་ཐོབ་ནས། །རྫུ་འཕྲུལ་ཐམས་ཅད་རྣམ་སྤྲུལ་ཞིང་། །སྲོག་ཆགས་རྣམས་ལ་ཆོས་སྟོན་ཏོ། །དེ་དག་ལུས་དང་ངག་དང་ཡིད། །ཐམས་ཅད་དུ་ནི་ཡོངས་དག་ཅིང་། །བསམ་གྱིས་མི་ཁྱབ་སེམས་ཅན་ཁམས། །འཕགས་པའི་ལམ་ལ་རབ་ཏུ་འཛུད། །དམིགས་པ་མེད་པའི་བཟོད་པ་གང་། །རིག་རྟོགས་ཁོང་དུ་ཆུད་རྟོགས་པ། །དེ་བཞིན་གཤེགས་ཀྱི་རྟོགས་ཐོབ་ནས། །སྲོག་ཆགས་རྣམས་ལ་ཆོས་སྟོན་ཏོ། །འཇིག་རྟེན་འདི་འགྲོ་གང་ཡིན་པ། །དེ་བཞིན་གཤེགས་འགྲོ་དེ་ཡིན་ཏེ། །དེ་དག་ཁོང་དུ་ཆུད་ ― DKG058_Page_0439 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྟོགས་ན། །དེ་དག་འགྲོ་བ་མེད་པར་འགྱུར། །སེམས་ཅན་ཀུན་གྱི་འགྲོ་གང་ཡིན། །དེ་དག་འགྲོ་བ་ངེས་འགྲོ་ཞིང་། །སངས་རྒྱས་ཆོས་འདིར་བསླབས་ནས་སུ། །སྒྱུ་མའི་ཆོས་ཀྱིས་རྣམ་པར་སྤྲུལ། །ཇི་ལྟར་ལམ་ནི་འདི་སྒོམ་ཞིང་། །གང་དག་ལམ་ལ་སྒོམ་བྱེད་པ། །དེ་དག་སྔགས་དང་ཡོན་ཏན་རྣམས། །འདྲེན་པ་དག་ནི་ཀུན་གྱིས་གསུངས། །དེ་དག་གི་ནི་ཡོན་ཏན་མཐའ། ། བརྒྱ་ལམ་ན་ཡང་རྟོགས་མི་ནུས། །གང་དག་ལམ་ནི་འདི་སྒོམ་པ། །དེ་དག་དངོས་པོ་མེད་ལ་གནས། །གང་དག་མི་སྐྱེ་མི་འབྱུང་བའི། །ལམ་འདི་ལ་ནི་རབ་ཞུགས་པ། །དེ་ལ་དམིགས་ཅན་ཐམས་ཅད་དང་། །བདུད་ཀྱིས་གཏིང་དཔོགས་མ་ཡིན་ནོ། །དེ་དག་གུས་བཅས་དྲན་པ་དང་། །བློ་གྲོས་རྟོགས་དང་གཟུངས་རྣམས་དང་། །སྤོབས་པ་ཐོབ་ཅིང་ཚུལ་ཁྲིམས་དང་། །ཐོས་དང་གཏོང་བས་རྣམ་པར་འཕེལ། །གང་དག་ལམ་ནི་འདི་སྒོམ་པ། །ལུས་དག་ཅིང་ནི་ངག་དག་ལ། །སེམས་དག་ཤིན་ཏུ་སྦྱངས་པ་རྣམས། །རབ་དག་ཤིན་ཏུ་རྣམ་པར་དག ། གང་དག་ལམ་ནི་འདི་སྒོམ་པ། །འཕགས་པའི་རྟོགས་པ་རྗེས་འཐོབ་ཅིང་། །ཟབ་མོའི་ཚུལ་ལ་མཁས་པ་སྟེ། །ཆགས་མེད་ཡེ་ཤེས་འཁྲུལ་པ་མེད། །གང་དག་འདས་པའི་སངས་རྒྱས་དང་། །གང་དག་མ་འོངས་ད་ལྟར་བྱུང་། །རྫོགས་པའི་སངས་རྒྱས་གང་ཇི་སྙེད། །ལམ་ཐོབ་པས་ནི་མཆོད་པ་ཡིན། །མདོ་སྡེ་འདི་ལ་གང་དགའ་བ། །སེམས་ཅན་དེ་སྙེད་ལེགས་པར་རྙེད། །དེ་བཞིན་གཤེགས་པ་ཤིན་ཏུ་མཐོང་། །དེ་དག་དམ་ཆོས་རབ་ཏུ་ཐོས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་ཀླུའི་རྒྱལ་པོ་མ་དྲོས་པ། ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་། མངོན་པར་འཚལ་བ་མངོན་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་དགུང་ཟླ་གསུམ་བདག་གི་གནས་མ་དྲོས་པར་བཞུགས་པར་ ― DKG058_Page_0440 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཅོམ་ལྡན་འདས་ཀྱིས་གནང་བར་མཛད་དུ་གསོལ། བདག་གིས་རྔོ་ཅི་ཐོགས་སུ་ཀུན་ཏུ་སྤྱོད་པས་བཅོམ་ལྡན་འདས་ལ་བསྙེན་བཀུར་འཚལ་ལོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གང་བདག་གིས་འདི་ལྟ་བུའི་ཆོས་ཐོས་པ་ནི་བདག་གིས་དེ་བཞིན་གཤེགས་པ་ལ་སླར་བགྱི་བའི་རྔོ་མི་ཐོགས་སོ། །དེ་བཞིན་གཤེགས་པ་ལ་མཆོད་པ་དེས་བདག་སླད་ཀྱིས་ཀྱང་འདི་འདྲ་བའི་ཆོས་ཐོས་པ་དང་འབྲལ་བར་མི་འགྱུར་བར་བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བའི་སླད་དུ་གནང་བར་མཛད་དུ་གསོལ། དེ་ལ་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །ཟླ་བ་གཉིས་གསོལ་ཏེ། ཡང་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །ཟླ་བ་ཕྱེད་གསོལ་པ་དང་། ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་དེ་ལ་ཅང་མི་གསུང་བས་གནང་བ་མཛད་དོ། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་གཉེན་དང་འཁོར་དུ་བཅས་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་སྟེ་སྤྲིན་བསྡུས་འབྲུག་བསྒྲགས་ནས་འཛམ་བུའི་གླིང་དུ་ཆར་པའི་རྒྱུན་མངོན་པར་ཕབ་སྟེ་རང་གི་གནས་སུ་ཕྱིན་ཏོ། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པས་བུ་ཐུ་བོ་ལེགས་སྦྱིན་ཞེས་བྱ་བ་ལ་བོས་ནས། ལེགས་སྦྱིན་དང་། ལེགས་གནས་དང་། ཞི་བ་ལྡན་དང་། དབང་པོ་ཞི་དང་། རྣམ་པར་འཕྲུལ་དང་། གཟི་བརྗིད་ཆེ་དང་། གཟི་བརྗིད་དཔག་མེད་དང་། དཔག་མེད་འཛིན་དང་། ཡོན་ཏན་དཔག་མེད་འཛིན་དང་། ཀུན་ནས་ཁ་དོག་དང་། གཟི་བརྗིད་མཆོག་དང་། ནོར་མི་ཟད་དང་། བཟོད་ལྡན་ལ་སོགས་པ་བུ་ལྔ་བརྒྱ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཐམས་ཅད་ལ་བསྒོ་བ། གཞོན་ནུ་ཁྱོད་ཤེས་པར་གྱིས་ཤིག ། ཁོ་བོས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་། མངོན་པར་ཤེས་པ་མངོན་པར་ཤེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་ཟླ་བ་ཕྱེད་སྤྱན་དྲངས་ནས་བཅོམ་ལྡན་འདས་ཀྱིས་ཁོ་བོ་ལ་ཐུགས་བརྩེ་བའི་ ― DKG058_Page_0441 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕྱིར་གནང་ངོ་། །དེ་ལ་ཁྱེད་ཐམས་ཅད་ལྷན་ཅིག་འདུས་ལ་ཀླུའི་རྩེ་བ་དང་། ཀླུའི་དགའ་བ་དང་། ཀླུའི་དབྱིབས་སྤོངས་ཤིག ། འདོད་པ་ལ་རྩེ་བ་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་ལ་མངོན་པར་ཆགས་པ་སྤོངས་ལ་དེ་བཞིན་གཤེགས་པ་མཆོད་པ་ལ་རབ་ཏུ་འདུན་པར་བྱའོ། །དྲན་པ་དང་། ཤེས་བཞིན་དང་། བག་ཡོད་པ་ལ་གནས་པར་གྱིས་ལ་བཅོམ་ལྡན་འདས་ལ་བསྙེན་བཀུར་གྱིས་ཤིག ། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་དེ་ནི་བག་མངའ་བའོ། །འཁོར་ཀྱང་བག་ཡོད་པའོ། །ཅང་མཁྱེན་པའོ། །འཁོར་ཀྱང་ཅང་ཤེས་པའོ། །ཞི་བའོ། །འཁོར་ཀྱང་ཞི་བའོ། །དུལ་བའོ། །འཁོར་ཀྱང་དུལ་བའོ། །དེ་ལ་ཁྱེད་ཟླ་བ་ཕྱེད་ཀྱི་བར་དུ་ཆུང་མའི་འཁོར་གྱི་ནང་དུ་མ་འཇུག་ཤིག་འདོད་པའི་རྣམ་པར་རྟོག་པ་མི་སྐྱེད་ཅིང་རྣམ་པར་རྟོག་པར་མི་བྱའོ། །གནོད་སེམས་ཀྱི་རྣམ་པར་རྟོག་པ་མི་སྐྱེད་ཅིང་རྣམ་པར་རྟོག་པར་མི་བྱའོ། །འཚེ་བའི་རྣམ་པར་རྟོག་པ་མི་སྐྱེད་ཅིང་རྣམ་པར་རྟོག་པར་མི་བྱའོ། །གཞན་ཡང་བཅོམ་ལྡན་འདས་ལ་ཆོས་ཉན་པ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དག་ཀྱང་འོང་གིས། དེ་ལ་ཁྱེད་ཀྱིས་ཇི་ལྟར་ཁོ་བོ་སྨ་བབ་པར་མི་འགྱུར་བ་དེ་ལྟ་བུའི་གནས་དང་བཀོད་པ་སྟོན་ཅིག ། དེ་ལྟར་བཅོམ་ལྡན་འདས་ལ་མཆོད་པ་བྱས་ན་འཁོར་ཡི་རངས་པར་འགྱུར་རོ། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པས་ནང་མི་རྣམས་ལ་བསྒོ་ནས་བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་གངས་ཀྱི་རིའི་རྒྱལ་པོ་དང་མཚོ་ཆེན་པོ་མ་དྲོས་པ་གཉིས་ཀྱི་བར་དུ་འཁོར་གྱི་ཁྱམས་མཐའ་དཔག་ཚད་བདུན་བརྒྱ་པ་བཻ་དཱུཪྱ་སྔོན་པོ་དག་པ་དང་། འཛམ་བུ་ཆུ་ཀླུང་གི་གསེར་གྱིས་སྤྲས་པ་རྡོ་རྗེ་སྣ་ཚོགས་རྣམ་པར་བཀྲ་བ་མངོན་པར་སྤྲུལ་ཏོ། །འཁོར་གྱི་ཁྱམས་དེར་རིན་པོ་ཆེའི་ཤིང་ལྗོན་པ་བརྒྱད་ཁྲི་བཞི་སྟོང་རིན་པོ་ཆེ་ཐམས་ཅད་ཀྱིས་ལེགས་པར་བརྒྱན་པ། མེ་ཏོག་དང་། འབྲས་བུ་ཐམས་ཅད་དང་ལྡན་པ་དག་སྤྲུལ་ཏོ། ། ― DKG058_Page_0442 ―
[མ་དཔེ་གཟིགས་ན་འདིར་གནོན།]
རིན་པོ་ཆེའི་ཤིང་ལྗོན་པ་བརྒྱད་ཁྲི་བཞི་སྟོང་རེ་རེ་ལ་ཡང་ལོ་མ་རིན་པོ་ཆེ་ཐམས་ཅད་ཀྱིས་ལེགས་པར་བརྒྱན་པ། མུ་ཏིག་དམར་པོའི་དོ་ཤལ་དཔྱངས་པ་སྟོང་སྟོང་སྤྲུལ་ཏོ། །འཁོར་གྱི་ཁྱམས་དེར་ཁང་བཟངས་རིན་པོ་ཆེ་ཐམས་ཅད་ཀྱིས་ལེགས་པར་བརྒྱན་པ། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བ་སྟོང་སྤྲུལ་ཏེ། ཁང་བཟངས་དེ་དག་ཐམས་ཅད་དུ་ཡང་སེང་གེའི་ཁྲི་ལྷའི་རས་བཅོས་མ་ཟུང་བྱེ་བ་ཕྲག་དུ་མ་བཏིང་བ་རྩ་བ་གསེར་ལ་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ་བརྒྱད་ཁྲི་བཞི་སྟོང་བཞག་གོ །ཁང་བཟངས་ཐམས་ཅད་དུ་ཡང་ཀླུའི་བུ་མོ་སྟོང་སྟོང་བཀོད་དེ། ཐམས་ཅད་ཀྱང་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ཐོགས་པ་ཤ་སྟག་གོ །སྟེང་གི་བར་སྣང་ཡང་རིན་པོ་ཆེའི་དྲ་བའི་གདུགས་ཀྱིས་མངོན་པར་ཁེབས་པར་བྱས་སོ། །རིན་པོ་ཆེའི་དྲ་བའི་གདུགས་ཐམས་ཅད་ལས་ཀྱང་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་ཀྱི་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ཕལ་པོ་ཆེ་བརྒྱད་སྟོང་མངོན་པར་དཔྱངས་སོ། །བ་དན་ཐམས་ཅད་ལ་ཡང་རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བ་བརྒྱུས་ཏེ། དེ་དག་རླུང་གིས་བསྐྱོད་ན་སྙན་པ་ཡིད་དུ་འོང་བའི་སྒྲ་འབྱུང་ངོ་། །ཞལ་ཟས་རོ་བརྒྱ་དང་ལྡན་པ་ཡང་བཤམས་སོ། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པས་འདི་ལྟ་བུའི་བཀོད་པ་འདི་དག་བྱས་ནས་དེའི་ནུབ་མོ་འདས་པ་དང་། ཉེ་དུ་དང་། འཁོར་དུ་བཅས་པས་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་དུས་སྦྲོན་ཅིང་བསྐུལ་བའི་ཕྱིར་ཚིགས་སུ་བཅད་དེ་གསོལ་པ། ཡེ་ཤེས་འབྱུང་གནས་ཡེ་ཤེས་འབྱོར་པའི་མཛོད། །ཡེ་ཤེས་མཐའ་ཡས་མཁྱེན་པ་ཁྱོད་ལ་གསོལ། །ཡེ་ཤེས་ཆེ་བ་གང་དུའང་ཆགས་མི་མངའ། །ཡེ་ཤེས་སྟོབས་མཆོག་མངའ་བ་གཤེགས་སུ་གསོལ། །ཕྱོགས་བཅུའི་སྲོག་ཆགས་མང་པོ་ཐམས་ཅད་ཀྱི། །སེམས་ཀྱི་སྤྱོད་པ་མཁྱེན་པའི་ཐུབ་ཆེན་པོ། །བདག་གིས་གང་ཟག་མཆོག་ནི་སྤྱན་དྲངས་པ། །དྲང་སྲོང་ཆེན་པོ་ཁྱོད་ལ་བདག་དུས་སྐུལ། །བཞེད་ཉུང་ ― DKG058_Page_0443 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆོག་མཁྱེན་གསོ་སླ་དགང་སླ་བ། །ཤིན་ཏུ་མཁྱེན་ཅིང་སྡུག་བསྔལ་རྣམས་ལས་འགྲོལ། །དོན་མེད་མི་གསུང་སྤྱོད་པའི་ཆོ་ག་མཁྱེན། །བཅོམ་ལྡན་ཕུང་པོ་མི་མངའ་དུས་འདི་ལགས། །ཀུན་དུ་གྲགས་པ་ཡོན་ཏན་ཡེ་ཤེས་འཕགས། །མ་བསྐུལ་རྟག་ཏུ་བྱམས་ཐུགས་བཤེས་གཉེན་མཛད། །ཐུབ་པ་དག་ཅིང་རྣམ་དག་ནམ་མཁའ་བཞིན། །འདྲེན་པ་བཤོས་སྦྱར་ལགས་ཏེ་དུས་འདི་ལགས། །བསྙེངས་པ་མི་མངའ་སྟོབས་བཅུ་ཤུགས་མངའ་བ། །བཅྭ་བརྒྱད་སངས་རྒྱས་ཆོས་རྣམས་རབ་ཏུ་རྫོགས། །སྤྱི་གཙུག་བལྟར་མི་གདའ་བ་ཐུགས་རྗེ་འཕགས། །མགོན་པོ་ཚོགས་དང་ཐབས་ཅིག་གཤེགས་སུ་གསོལ། །གཟུགས་ནི་གཟུགས་མཆོག་མཚན་གྱིས་ཤིན་ཏུ་བརྒྱན། །སྐུ་ནི་དཔེ་བྱད་བཟང་པོས་མཛེས་པར་སྤྲས། །ཕན་པའི་ཆོས་སྟོན་མཆོག་ཏུ་དགའ་མཛད་པ། །བཅོམ་ལྡན་ཐུབ་ཆེན་དུས་དེ་འདི་ལགས་སོ། །ཚངས་པའི་དབྱངས་དང་དབྱངས་སྙན་འཇམ་པའི་དབྱངས། །ཀ་ལ་པིང་ཀ་འཇམ་དབྱངས་སེང་གེ་གནོན། །ཐམས་ཅད་དབྱངས་མཆོག་སྲིད་འཁོད་ཚིམ་མཛད་པ། །བདག་ལ་དགའ་མཛད་གཟིགས་ཤིང་གཤེགས་སུ་གསོལ། །སངས་རྒྱས་ཞིང་འདིར་དེ་བཞིན་གཤེགས་ཀྱི་ཐུགས། །འཚལ་བ་སེམས་ཅན་གང་ཡང་མ་མཆིས་ཏེ། །བཅོམ་ལྡན་འདས་ནི་ཀུན་གྱི་སྤྱོད་པ་མཁྱེན། །རྟག་ཏུ་དུས་སྤྱོད་དུས་དེ་འདི་ལགས་སོ། །འདི་ན་ལྷ་དང་མི་དང་ཀླུ་དག་མང་སྐོམ་ན། །སྟོབས་བཅུའི་སྟོབས་མངའ་ཕ་རོལ་དཔུང་རྣམས་འཇོམས་པ་པོ། །ཐུབ་ཆེན་ཐུགས་མཆོག་ལོག་པའི་ལམ་རྣམས་རྣམ་པར་འཇིག ། དྲན་རྟོགས་བློ་གྲོས་ལྡན་འདིར་རྟོགས་དང་བློ་གྲོས་མཛོད། །ངན་པའི་ཚོགས་ཅན་ཚོགས་འཇོམས་ཁྲེལ་མངའ་དཔལ་མོས་དགྱེས། །ཕན་པ་མཛད་ཅིང་བདེ་མཛད་ཡོན་ཏན་བརྒྱས་གཏམས་པ། །ཐུགས་རྗེ་རབ་ཏུ་བསྐྱེད་ནས་ཀླུ་བརྒྱ་རྣམ་འདུལ་ཞིང་། །མཚུངས་པ་མེད་པའི་མི་མཆོག་འདིར་ནི་གཤེགས་སུ་གསོལ། །ཕན་བློ་ཐུགས་བརྩེ་ལྡན་ཞིང་འགྲོ་ལ་ཕན་དགྱེས་པ། །ཇི་ལྟར་འགྲོ་བ་ཕ་རོལ་སྤྱོད་འབྱེད་ ― DKG058_Page_0444 ―
[མ་དཔེ་གཟིགས་ན་འདིར་གནོན།]
བློ་གྲོས་ཅན། །སྟོབས་བཅུའི་སྤྱོད་པ་རྣམ་པར་འབྱེད་པ་རབ་གསུང་བ། །དྲན་རྟོགས་བློ་གྲོས་ལྡན་འདིར་རྟོགས་དང་བློ་གྲོས་མཛོད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་མ་དྲོས་པས་དུས་བསྐུལ་བར་མཁྱེན་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཀླུའི་རྒྱལ་པོ་མ་དྲོས་པས་དུས་བསྐུལ་གྱིས་གནས་དེར་ཟླ་བ་ཕྱེད་གནས་པ་ལྟར་གཙུག་ལག་ཁང་སྐྱོང་སྐོས་ལ་ཆོས་གོས་དང་། ལྷུང་བཟེད་ཐོགས་ཞེས་བསྒོ་ཤིག ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བདུན་ཁྲི་ཉིས་སྟོང་དང་། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བའི་ཉན་ཐོས་ཉིས་སྟོང་གིས་བསྐོར་ཅིང་མདུན་དུ་བདར་ནས། བྱ་རྒོད་ཕུང་པོའི་རི་ལས་རྫུ་འཕྲུལ་གྱིས་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ནམ་མཁའི་ངོས་ལ་གཤེགས་ནས། འོད་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གསལ་བར་འགྱུར་བ་དེ་ལྟ་བུའི་འོད་སྐུ་ལས་ཕྱུང་བས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དག་གིས་བཅོམ་ལྡན་འདས་ཚོགས་ཆེན་པོས་བསྐོར་ཅིང་ནམ་མཁའི་ངོས་ལས་མཚོ་ཆེན་པོ་མ་དྲོས་པར་གཤེགས་པ་མཐོང་ནས་དེ་དག་འདི་སྙམ་དུ། བཅོམ་ལྡན་འདས་འདི་ལྟ་བུའི་ཚོགས་ཀྱིས་བསྐོར་ཏེ་ཟླ་བ་ཕྱེད་གང་ན་བཞུགས་པ་དེར་ཆོས་སྟོན་དུ་ངེས་སོ་སྙམ་དུ་སེམས་སོ། །དེ་ན་ལྷའི་བུ་བརྒྱ་སྟོང་མང་པོ་ཕྱི་བཞིན་འབྲང་སྟེ། གང་དག་བཅོམ་ལྡན་འདས་ལ་བལྟ་བར་འདོད་པ་དང་། གང་དག་ཆོས་ཉན་པར་འདོད་པ་དང་། གང་དག་ཀླུའི་རྒྱལ་པོ་མ་དྲོས་པའི་གནས་དང་། བཀོད་པ་བལྟ་བར་འདོད་པ་དེ་དག་བཅོམ་ལྡན་འདས་གཤེགས་པའི་རྗེས་བཞིན་དོང་ངོ་། །དེ་ལ་ལྷའི་བུ་ཁ་ཅིག་ནི་ལྷའི་མེ་ཏོག་གི་ཆར་མངོན་པར་འབེབས་ཤིང་བཅོམ་ལྡན་འདས་གཤེགས་པའི་རྗེས་བཞིན་དོང་ངོ་། །ལྷའི་བུ་ཁ་ཅིག་ནི་ཙན་དན་སྦྲུལ་གྱི་སྙིང་པོའི་ཕྱེ་མའི་ཆར་མངོན་པར་འབེབས་ཤིང་བཅོམ་ལྡན་འདས་གཤེགས་པའི་རྗེས་བཞིན་དོང་ ― DKG058_Page_0445 ―
[མ་དཔེ་གཟིགས་ན་འདིར་གནོན།]
ངོ་། །ལྷའི་བུ་ཁ་ཅིག་ནི་སིལ་སྙན་དང་གླུ་དབྱངས་ལེན་ཅིང་བཅོམ་ལྡན་འདས་ཀྱི་བསྔགས་པ་བརྗོད་དེ། བཅོམ་ལྡན་འདས་གཤེགས་པའི་རྗེས་བཞིན་དོང་ངོ་། །ལྷའི་བུ་ཁ་ཅིག་ནི་རང་གི་ལུས་ཀྱི་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་སྒྲེང་བའི་ཆར་འབེབས་ཤིང་བཅོམ་ལྡན་འདས་གཤེགས་པའི་རྗེས་བཞིན་དོང་ངོ་། །གནས་གཙང་མའི་རིས་ཀྱི་ལྷའི་བུ་དག་ནི་ཉི་མ་དང་། ཟླ་བ་དང་། རྒྱུ་སྐར་དང་། སྐར་མ་ཟིལ་དུ་རླག་པར་བྱེད་པའི་ལྷའི་འོད་ཁ་དོག་བཟང་པོ་རབ་ཏུ་ཞི་བ་དང་ལྡན་པའི་ལུས་ཀྱིས་བཅོམ་ལྡན་འདས་གཤེགས་པའི་རྗེས་བཞིན་དོང་ངོ་། །བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཀྱང་རང་རང་གི་བཀོད་པ་རྣམས་ཀྱིས་བཅོམ་ལྡན་འདས་གཤེགས་པའི་རྗེས་བཞིན་དོང་ངོ་། །དེ་ནས་བཅོམ་ལྡན་འདས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཆེན་པོའི་ཚོགས་དུ་མས་བསྐོར་ནས་གངས་རིའི་རྒྱལ་པོའི་ལྷོ་ཕྱོགས་ཀྱི་ངོས་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽད་གལ་གྱི་བུ་ཁྱོད་སོང་སྟེ། ཀླུའི་རྒྱལ་པོ་མ་དྲོས་པ་ལ་དེ་བཞིན་གཤེགས་པ་བྱོན་ན་ཅི་དུས་ལ་བབ་བམ་ཞེས་སྦྲོན་ཅིག ། དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དེའི་ཚེ་ཤིང་ཏ་ལ་བདུན་སྲིད་དུ་ནམ་མཁའ་ལ་མངོན་པར་འཕགས་ནས་བྱའི་རྒྱལ་པོ་ནམ་མཁའ་ལྡིང་གི་གཟུགས་སུ་རང་གི་ལུས་བྱིན་གྱིས་བརླབས་ནས་ཀླུའི་རྒྱལ་པོ་མ་དྲོས་པའི་གནས་ལ་བལྟས་སོ། །དེ་ནས་མ་དྲོས་པ་ན་གནས་པའི་ཀླུ་དང་ཀླུའི་བུ་མོ་དངངས་སྐྲག་སྟེ་སྤུ་ཟིང་ཞེས་བྱེད་ནས། ཕྱོགས་ཕྱོགས་སུ་རབ་ཏུ་འབྲོས་ཤིང་འདི་སྐད་ཅེས་གང་གནས་འདིར་ནམ་མཁའ་ལྡིང་རྒྱུ་བ་དེ་དག་ཐམས་ཅད་གང་ནས་འོངས་ཞེས་འཛེར་ཏོ། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པས་ལག་པ་གཡས་པས་ཀླུ་དང་ཀླུའི་བུ་མོ་དེ་དག་ལ་མ་འཇིགས་མ་འཇིགས། འདི་ནི་བཙུན་པ་མཽད་གལ་གྱི་བུས་རྫུ་འཕྲུལ་རྣམ་པར་སྤྲུལ་པའོ། །ཞེས་དབུགས་འབྱིན་ཅིང་འཇོག ། འགོད་ ― DKG058_Page_0446 ―
[མ་དཔེ་གཟིགས་ན་འདིར་གནོན།]
རབ་ཏུ་འགོད་དོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བསྐུལ་ནས་སོང་ངོ་། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པ་བུ་དང་བཅས། ཆུང་མ་དང་བཅས། གཉེན་དང་འཁོར་དུ་བཅས་ཏེ་མེ་ཏོག་ཐམས་ཅད་དང་། ཕྱེ་མ་ཐམས་ཅད་དང་། བདུག་པ་ཐམས་ཅད་དང་། བྱུག་པ་ཐམས་ཅད་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་དང་། ཕེག་རྡོབ་པ་ཐོགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་ཅི་རིགས་སུ་མཆོད་པ་བྱས་སོ། །དེ་ནས་བཅོམ་ལྡན་འདས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཆེན་པོ་དུ་མས་བསྐོར་ནས་ཀླུའི་རྒྱལ་པོ་མ་དྲོས་པའི་འཁོར་གྱི་ཁྱམས་སུ་གཤེགས་སོ། །གཤེགས་ནས་སེང་གེའི་ཁྲི་ཇི་ལྟར་བཤམས་པ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །འཁོར་ཐམས་ཅད་ཀྱང་ཁྲི་ལ་སོ་སོར་ཅི་རིགས་པར་འཁོད་དོ། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པས་བཅོམ་ལྡན་འདས་བཞུགས་པར་རིག་ནས་རང་གི་ལག་ནས་བཟའ་བ་དང་། བཅའ་བ་དང་། མྱོང་བ་མིའི་ལས་འདས་པ་ལྷའི་རོ་བྲོ་བ་ཅན་རོ་བརྒྱ་དང་ལྡན་པའི་ཞལ་ཟས་བཟང་པོ་མང་པོས་ཚིམ་པར་བསྟབས་སོ། །ཚིམ་པར་བསྟབས་ནས་ལྷུང་བཟེད་བཞག་སྟེ་ཕྱག་བཅབས་པར་རིག་ནས། བཅོམ་ལྡན་འདས་ལ་ཆོས་བཤད་པར་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་ཆོས་བསྟན་པའི་ཕྱིར་བཞུགས་སོ། །དེ་ནས་སའི་དཀྱིལ་འཁོར་ཀུན་ཏུ་དཔག་ཚད་སྟོང་ནས་བར་སྣང་གི་བར་དུ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དག་གིས་ཡོངས་སུ་གང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་མ་དྲོས་པས་འདི་སྐད་ཅེས་ ― DKG058_Page_0447 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསོལ་ཏོ། །དེ་བཞིན་གཤེགས་པས་འཁོར་འདི་ལས་བྱང་ཆུབ་ཏུ་སེམས་མ་བསྐྱེད་པའི་སེམས་ཅན་རྣམས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ནི་ཕྱིར་མི་ལྡོག་པར་འགྱུར་བ་དང་། འཁོར་བས་སྐྲག་པའི་སེམས་ཅན་རྣམས་ནི་སློབ་པ་ཡང་མ་ལགས་མི་སློབ་པ་ཡང་མ་ལགས་པར་འགྱུར་བ་དང་། སློབ་པ་དང་མི་སློབ་པར་འགྱུར་བ་དང་། འཁོར་བ་ལ་མངོན་དུ་ཕྱོགས་པའི་སེམས་ཅན་རྣམས་ནི་ཡིད་འབྱུང་བར་འགྱུར་བ་དང་། ཀླུ་དང་གནོད་སྦྱིན་གྱི་འཁོར་འདི་ནི་འགྲོ་བ་དམན་པ་དང་བྲལ་ཞིང་རྒྱ་ཆེན་པོའི་འགྲོ་བར་འགྱུར་བ་དང་། ཟབ་མོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་པ་དང་བསམ་པ་རྣམ་པར་དག་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་བཞུགས་ཀྱང་རུང་། ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། བདག་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བར་བགྱི་བའི་སླད་དུ་ཆོས་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་མ་དྲོས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་བདག་པོ་དེའི་ཕྱིར་ལེགས་པར་ཤིན་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏེ། ཀླུའི་རྒྱལ་པོ་མ་དྲོས་པ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན་ལྷ་དང་བཅས་པའི་འཇིག་རྟེན་མངོན་པར་འདུ་བར་འགྱུར་རོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། ཟབ་མོའི་ཆོས་ལ་རབ་ཏུ་སྦྱོར་བའི་བག་ཡོད་པའོ། །དེ་ལ་ཟབ་མོའི་ཆོས་ལ་རབ་ཏུ་སྦྱོར་བའི་བག་ཡོད་པ་གང་ཞེ་ན། ཀླུའི་བདག་པོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་ཅིང་མཐར་ལྟ་བ་གཉི་ག་དང་བྲལ་ལ། ཡོད་པ་དང་མེད་པར་ཁས་མི་ལེན་པས་ཆོས་ཐམས་ཅད་རྐྱེན་གྱི་ཁ་ན་ལས་པར་ཡང་དག་པར་རྗེས་སུ་མཐོང་སྟེ། གང་རྒྱུ་མེད་པ་ལས་བྱུང་བའི་ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་ནས་དེ་འདི་ ― DKG058_Page_0448 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྙམ་དུ་སེམས་ཏེ། ཆོས་གང་རྒྱུའི་ཁ་ན་ལས་པ་དེ་ནི་རྐྱེན་གྱི་ཁ་ན་ལས་པའོ། །གང་རྐྱེན་གྱི་ཁ་ན་ལས་པ་དེ་ནི་མ་སྐྱེས་པའོ། །གང་མ་སྐྱེས་པ་དེ་ནི་སྟོང་པའོ། །གང་སྟོང་པ་དེ་ནི་མཚན་མ་མེད་པའོ། །གང་མཚན་མ་མེད་པ་དེ་ནི་སྨོན་པ་མེད་པའོ། །གང་སྨོན་པ་མེད་པ་དེ་ནི་ཞི་བའོ། །གང་ཞི་བ་དེ་ནི་ཉེ་བར་ཞི་བའོ། །གང་ཉེ་བར་ཞི་བ་དེ་ནི་མི་གཡོ་བའོ། །གང་མི་གཡོ་བ་དེ་ནི་རང་བཞིན་གྱིས་བེམས་པོའོ། །རང་བཞིན་གྱིས་བེམས་པོ་གང་ཡིན་པ་དེ་ནི་རྐྱེན་གྱི་ཁ་ན་ལས་པའོ། །གང་རྐྱེན་གྱི་ཁ་ན་ལས་པ་དེ་ལ་ནི་བདག་མེད། བདག་གི་མེད་དོ། །གང་བདག་མེད་པ་དེ་ནི་ཡོངས་སུ་འཛིན་པ་མེད་པའི་ཚུལ་གྱིས་བརྗོད་དུ་མེད་པའོ། །ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བག་ཡོད་པ་ཅན་ནི་རྟོན་པ་བཞི་ལ་རྟོན་ཏེ། བཞི་གང་ཞེ་ན། དོན་ལ་རྟོན་གྱི་ཚིག་འབྲུ་ལ་མ་ཡིན་པ་དང་། ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མ་ཡིན་པ་དང་། ངེས་པའི་དོན་ལ་རྟོན་གྱི་དྲང་བའི་དོན་ལ་མ་ཡིན་པ་དང་། ཆོས་ཉིད་ལ་རྟོན་གྱི་གང་ཟག་ལ་མ་ཡིན་ཏེ། འདི་ནི་རྟོན་པ་བཞི་ལ་རྟོན་པའོ། །དེ་ལ་དོན་ནི་གང་། ཡེ་ཤེས་ནི་གང་། ངེས་པའི་དོན་ནི་གང་། ཆོས་ཉིད་ནི་གང་ཞེ་ན། དོན་ཅེས་བྱ་བ་ལ་གང་སྟོང་པ་ཉིད་ནི་དོན་ཏེ། དོན་གང་ཡིན་པ་དེ་ལ་ལྟ་བ་རྗེས་སུ་རྒྱས་པར་མི་བྱེད་དོ། །གང་མཚན་མ་མེད་པ་ནི་དོན་ཏེ། དེ་ལ་རྣམ་པར་རྟོག་པ་རྗེས་སུ་རྒྱས་པར་མི་བྱེད་དོ། །གང་སྨོན་པ་མེད་པ་ནི་དོན་ཏེ། དེ་ལ་ཁམས་གསུམ་པ་རྗེས་སུ་རྒྱས་པར་མི་བྱེད་དེ། འདི་ནི་དོན་ཅེས་བྱའོ། །ཀླུའི་བདག་པོ་གཞན་ཡང་དོན་ཅེས་བྱ་བ་ནི་གང་ཆོས་དང་ཆོས་མ་ཡིན་པ་གཉིས་སུ་དབྱེར་མེད་པའོ། །གང་ཆོས་རྣམ་པར་གཞག་པ་བརྗོད་དུ་ཡོད་པ་སྒྲ་དང་ཚིག་གི་ལམ་གྱིས་བརྗོད་དུ་མེད་ཅིང་གནས་པ་མེད་པ་དང་། གང་ཟག་མེད་པའི་དོན་ཏེ། སེམས་ཅན་དང་གང་ཟག་ཏུ་ཐ་སྙད་འདོགས་པ་འདི་ནི་དོན་ཅེས་བྱའོ། །གཞན་ཡང་དོན་ཅེས་བྱ་བ་ནི་གང་ཆོས་དོན་དུ་གཉེར་བ་ཡིན་གྱི་འཐོབ་པ་དོན་དུ་གཉེར་བ་མ་ཡིན་ནོ། ། ― DKG058_Page_0449 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་དོན་དུ་གཉེར་གྱི་འཐོབ་པ་དོན་དུ་གཉེར་བ་མ་ཡིན་ཞེ་ན། གང་མིག་དོན་དུ་གཉེར་བ་མ་ཡིན། གཟུགས་དོན་དུ་གཉེར་བ་མ་ཡིན། རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་དོན་དུ་གཉེར་བ་མ་ཡིན། ཡིད་དོན་དུ་གཉེར་བ་མ་ཡིན། ཆོས་དོན་དུ་གཉེར་བ་མ་ཡིན། གཟུགས་ལ་མངོན་པར་ཞེན་པ་དོན་དུ་གཉེར་བ་མ་ཡིན། ཚོར་བ་ལ་མ་ཡིན། འདུ་ཤེས་ལ་མ་ཡིན། འདུ་བྱེད་ལ་མ་ཡིན། རྣམ་པར་ཤེས་པ་ལ་མངོན་པར་ཞེན་པ་དོན་དུ་གཉེར་བ་མ་ཡིན། འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ལ་མངོན་པར་ཞེན་པ་དོན་དུ་གཉེར་བ་མ་ཡིན། བདག་ལ་མངོན་པར་ཞེན་པ་དོན་དུ་གཉེར་བ་མ་ཡིན། སེམས་ཅན་ལ་མ་ཡིན། སྲོག་ལ་མ་ཡིན། གསོ་བ་ལ་མ་ཡིན། སྐྱེས་བུ་ལ་མ་ཡིན། གང་ཟག་ལ་མངོན་པར་ཞེན་པ་དོན་དུ་གཉེར་བ་མ་ཡིན། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ལ་མངོན་པར་ཞེན་པ་དོན་དུ་གཉེར་བ་མ་ཡིན། ཆོས་ཀྱི་ཡི་གེ་ལ་མངོན་པར་ཞེན་པ་དོན་དུ་གཉེར་བ་མ་ཡིན། དགེ་འདུན་གྱི་ཚོགས་ལ་མངོན་པར་ཞེན་པ་དོན་དུ་གཉེར་བ་མ་ཡིན། སྦྱིན་པ་ལ་མངོན་པར་ཞེན་པ་དོན་དུ་གཉེར་བ་མ་ཡིན། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་ལ་མ་ཡིན། ཤེས་རབ་ལ་མངོན་པར་ཞེན་པ་དོན་དུ་གཉེར་བ་མ་ཡིན་པ་ནས་ཆོས་ཐམས་ཅད་ཀྱི་བར་ལ་མངོན་པར་ཞེན་པ་དོན་དུ་གཉེར་བ་མ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་དོན་དུ་གཉེར་བ་ཞེས་བྱའོ། །གང་དོན་དེ་དག་ལ་དོན་ཅེས་ཚིག་གིས་བརྗོད་དུ་མེད་པ་འདི་ནི་དོན་ཅེས་བྱའོ། །དེ་ལ་ཤེས་པ་གང་ཞེ་ན། སྡུག་བསྔལ་ལ་མི་སྐྱེ་བར་ཤེས་པ་དང་། ཀུན་འབྱུང་བ་ལ་སྒྲོ་བཏགས་པ་མེད་པར་ཤེས་པ་དང་། འགོག་པ་ལ་ཤིན་ཏུ་ཟད་པར་ཤེས་པ་དང་། ལམ་ལ་འོང་བ་དང་འགྲོ་བ་མེད་པར་ཤེས་པ་དང་། ཕུང་པོ་རྣམས་ལ་སྒྱུ་མ་ལྟ་བུར་ཤེས་པ་དང་། ཁམས་རྣམས་ལ་ཆོས་ཀྱི་དབྱིངས་དབྱེར་མེད་པར་ཤེས་པ་དང་། སྐྱེ་མཆེད་རྣམས་ལ་གྲོང་སྟོང་ལྟ་བུར་ཤེས་པ་དང་། ཆོས་ ― DKG058_Page_0450 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྣམས་ལ་རབ་ཏུ་རྣམ་པར་འབྱེད་པ་ཤེས་པ་དང་། སེམས་ཅན་གྱི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཤེས་པ་དང་། དྲན་པ་ལ་བརྗེད་པ་མེད་པར་ཤེས་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པར་ཤེས་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་དགེ་བ་དང་མི་དགེ་བ་རྣམས་སུ་ཡང་དག་པར་ཤེས་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ལུས་དང་སེམས་ཡང་བར་ཤེས་པ་དང་། དབང་པོ་རྣམས་ཀྱི་རིམ་པ་ཤེས་པ་དང་། སྟོབས་རྣམས་ལ་རྫི་བ་མེད་པར་ཤེས་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཆོས་ཐམས་ཅད་རྟོགས་པར་ཤེས་པ་དང་། ལམ་ལ་འདུས་མ་བྱས་པར་ཤེས་པ་དང་། ཞི་གནས་ལ་ཞི་བར་ཤེས་པ་དང་། ལྷག་མཐོང་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པར་ཤེས་པ་དང་། སྔོན་གྱི་མཐའ་ལ་མ་བྱུང་བར་ཤེས་པ་དང་། ཕྱི་མའི་མཐའ་མི་འཕོ་བར་ཤེས་པ་དང་། བར་མ་ལ་མི་གནས་པར་ཤེས་པ་དང་། ལུས་ལ་གཟུགས་བརྙན་ལྟ་བུར་ཤེས་པ་དང་། ཚིག་ལ་བྲག་ཅ་ལྟ་བུར་ཤེས་པ་དང་། སེམས་ལ་སྒྱུ་མའི་ཆོས་ལྟ་བུར་ཤེས་པ་འདི་ནི་ཤེས་པ་ཞེས་བྱའོ། །དེ་ལ་ངེས་པའི་དོན་གྱི་མདོ་སྡེ་གང་ཞེ་ན། གང་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་བསྟན་པ་སྟེ། འདི་ལྟར་མ་རིག་པ་འགགས་པ་ནས་རྒ་ཤི་འགགས་པའི་བར་ལ་བདག་མེད་པར་བསྟན་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པར་ཡོངས་སུ་བསྟན་པ་སྟེ། ཇི་ལྟར་གཟིངས་ལྟ་བུའི་མདོ་ལས་ཆོས་ཀྱང་སྤང་བར་བྱ་ན། ཆོས་མ་ཡིན་པ་ལྟ་ཅི་སྨོས་ཞེས་གསུངས་པ་ལྟ་བུའོ། །དེ་ལ་རྣམ་པར་ཐར་པའི་སྒོ་གསུམ་ཡོངས་སུ་སྟོན་པ་དང་། དུས་གསུམ་མཉམ་པ་ཉིད་དང་། བསླབ་པ་གསུམ་ལ་མི་དམིགས་པར་སློབ་པ་སྟེ། ཇི་ལྟར་འདུ་བྱེད་ཐམས་ཅད་འགྲོ་བ་མེད་པར་མཐོང་ནས་ཡང་དག་པ་ཉིད་མི་འགྱུར་བ་ལ་མི་འཇུག་ཅིང་འཇིག་རྟེན་ལས་འདས་པའི་དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་སེམས་དཔའི་ཤེས་རབ་ལ་འདུ་ཤེས་དང་ ― DKG058_Page_0451 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡིད་ལ་བྱེད་པ་ཐམས་ཅད་མི་འབྱུང་བ་འདི་ནི་ངེས་པའི་དོན་གྱི་མདོ་སྡེའོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་ཆོས་ཉིད་གང་ཞེ་ན། དེ་བཞིན་གཤེགས་པ་བྱུང་ཡང་རུང་། མ་བྱུང་ཡང་རུང་། ཆོས་ཉིད་འདི་ནི་འདུག་པ་ཉིད་དེ། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་དང་། ཆོས་མི་འགྱུར་བ་ཉིད་དང་། ཡང་དག་པའི་མཐའ་ནི་ཆོས་ཉིད་ཅེས་བྱའོ། །གང་དེ་བཞིན་ཉིད་དང་། ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། གཉིས་སུ་མེད་པ་ཉིད་དང་། ཡང་དག་པ་ཉིད་དང་། དེ་ཁོ་ན་ཉིད་དང་། ཡང་དག་པའི་མཐའ་སྔོན་གྱི་མཐའ་མ་ཡིན་པ་དང་། སྔོན་གྱི་མཐའ་ཡང་དག་པའི་མཐའ་མ་ཡིན་པ་འདི་ནི་ཆོས་ཉིད་ཅེས་བྱའོ། །ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་བྱུང་བ་ནི་ཆོས་ཉིད་ཅེས་བྱའོ། །རང་སངས་རྒྱས་ཀྱི་ཐེག་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་བྱུང་བ་དང་། སྒྲའི་རྗེས་སུ་འགྲོ་བ་ལ་མོས་པ་ལས་བྱུང་བ་ཉན་ཐོས་ཀྱི་ཐེག་པ་འདི་ནི་ཆོས་ཉིད་ཅེས་བྱའོ། །ལོངས་སྤྱོད་ཆེན་པོའི་ཕྱིར་སྦྱིན་པ་ཡང་ཆོས་ཉིད་ཅེས་བྱའོ། །མཐོ་རིས་སུ་སྐྱེ་བའི་ཕྱིར་ཚུལ་ཁྲིམས་དང་། ཤེས་རབ་ཆེན་པོའི་ཕྱིར་ཐོས་པ་དང་། མ་བྲལ་བའི་ཕྱིར་སྒོམ་པ་ནི་ཆོས་ཉིད་ཅེས་བྱའོ། །ཀླུའི་བདག་པོ་གཞན་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ་ནི་འཁོར་བའོ། །ཚུལ་བཞིན་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ་ནི་ཆོས་ཉིད་དོ། །ཉོན་མོངས་པའི་སྟོབས་ཅན་ནི་བྱིས་པའོ། །ཤེས་རབ་ཀྱི་སྟོབས་ཅན་ནི་མཁས་པ་སྟེ། འདི་ནི་ཆོས་ཉིད་ཅེས་བྱའོ། །ཆོས་ཉིད་ཅེས་བྱ་བ་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་དབྱིངས་སུ་ཡང་དག་པར་གཞོལ་བའོ། །ཀླུའི་བདག་པོ་དེ་ལྟར་ན་གང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྟོན་པ་དེ་ནི་རྟོན་པ་བཞི་པོ་དེ་དག་ལ་རྟོན་པའོ། །གང་རྟོན་པ་བཞི་པོ་དག་ལ་རྟོན་པ་དེ་ནི་ཆད་པ་དང་རྟག་པ་ལ་རྟོན་པ་མ་ཡིན་ཏེ། དེའི་ཕྱིར་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །སུས་ཆོས་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་ངོ་ཞེས་བྱའོ། །ཀླུའི་ ― DKG058_Page_0452 ―
[མ་དཔེ་གཟིགས་ན་འདིར་གནོན།]
བདག་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི་འབྲེལ་བར་འབྱུང་བ་མ་ཡིན་པའོ། །འབྲེལ་བར་འབྱུང་བ་མ་ཡིན་པ་ནི་མི་སྐྱེ་བའོ། །མི་སྐྱེ་བ་ནི་ཆོས་སོ། །ཆོས་ནི་འདོད་ཆགས་དང་བྲལ་བའོ། །འདོད་ཆགས་དང་བྲལ་བ་ནི་དེ་བཞིན་གཤེགས་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་རྐྱེན་ལས་བྱུང་བ་སྟེ་བརྗོད་དུ་མེད་པའི་ཆོས་ཉིད་དོ། ། ཆོས་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་དེ་བཞིན་གཤེགས་པའོ། །ཀླུའི་བདག་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི་ཤེས་རབ་ཀྱི་མིག་གིས་ཆོས་མཐོང་བ་སྟེ། ཆོས་མཐོང་བ་ནི་དེ་བཞིན་གཤེགས་པའོ། །ཀླུའི་བདག་པོ་ཆོས་ཉིད་དེ་ལྟ་བུ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི་བག་ཡོད་པ་ཞེས་བྱའོ། །ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་བག་ཡོད་པ་ནི་ཉོན་མོངས་པ་རྣམས་ལ་རྒྱུ་བར་མི་བྱེད་པ་དང་། འཕགས་པ་རྣམས་ལ་དད་པར་བྱེད་པ་དང་། འཕགས་པ་མ་ཡིན་པ་རྣམས་ཡོངས་སུ་མི་གཏོང་བ་དང་། འཕགས་པའི་རིགས་ཀུན་ཏུ་སྲུང་བར་བྱེད་པ་དང་། དམ་པའི་ཆོས་ཡོངས་སུ་སྲུང་བར་བྱེད་པ་དང་། མང་དུ་ཐོས་པ་རྗེད་པར་མི་བྱེད་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་འདོར་བར་མི་བྱེད་པ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་ཤིན་ཏུ་དཀར་བར་བྱེད་པ་དང་། ཤེས་རབ་ཀྱི་ཕུང་པོ་ལས་མི་གཡོ་བ་དང་། རྣམ་པར་གྲོལ་བའི་ཕུང་པོ་ཤིན་ཏུ་གནས་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་རབ་ཏུ་གནས་པའོ། །ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་བག་ཡོད་པ་ནི་སངས་རྒྱས་ཀྱི་ཆོས་ཚད་མེད་པ་ལ་མོས་སོ། །སངས་རྒྱས་ཀྱི་ཡེ་ཤེས་ཚད་མེད་པ་ཡོངས་སུ་ཚོལ་ལོ། །སངས་རྒྱས་ཀྱི་སྤོབས་པ་ཚད་མེད་པ་ལ་འཇུག་གོ །སངས་རྒྱས་ཀྱི་སོ་སོ་ཡང་དག་པར་རིག་པ་ཚད་མེད་པ་ལ་འཇུག་གོ །སངས་རྒྱས་ཀྱི་རྣམ་པར་སྤྲུལ་པ་ཚད་མེད་པའི་རྗེས་སུ་འགྲོའོ། །སེམས་ཅན་གྱི་བསམ་པ་ཚད་མེད་པའི་རྗེས་སུ་འཇུག་གོ །སངས་རྒྱས་ཀྱི་ཞིང་ཚད་མེད་པར་འགྲོའོ། །དེ་བཞིན་གཤེགས་པ་ཚད་མེད་པ་མཐོང་ངོ་། །ཆོས་ཚད་མེད་པ་ཉན་ཏོ། །དོན་ ― DKG058_Page_0453 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྟོགས་པ་ཚད་མེད་པའི་རྗེས་སུ་འགྲོའོ། །སེམས་ཅན་གྱི་ཁམས་ཚད་མེད་པ་ཡོངས་སུ་སྨིན་པར་བྱེད་དོ། །སྤྱོད་པ་ཚད་མེད་པ་ལ་འཇུག་གོ །བག་ཡོད་པ་དེ་ནི་བདག་གི་ཁ་ན་ལས་པ་ཡིན་གྱི་གཞན་གྱི་ཁ་ན་ལས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་བག་ཡོད་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་སེམས་ངེས་པར་སེམས་པ་སྟེ། དེས་སེམས་ངེས་པར་སེམས་པ་གསུམ་གྱིས་སེམས་ངེས་པར་བསམ་པར་བྱའོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་ལ་ངེས་པར་སེམས་པ་དང་། ཡུལ་ལ་ངེས་པར་སེམས་པ་དང་། ཉེ་བར་ལེན་པ་ལ་ངེས་པར་སེམས་པ་སྟེ། སེམས་ངེས་པར་སེམས་པ་གསུམ་པོ་དེ་དག་གིས་སོ། །གཞན་ཡང་ངེས་པར་སེམས་པ་གསུམ་སྟེ། གསུམ་གང་ཞེ་ན། ཞི་གནས་ལ་རྩེ་གཅིག་པ་དང་། ལྷག་མཐོང་ལ་མཁས་པ་དང་། ཆོས་ལ་ནན་ཏན་བྱེད་པ་སྟེ་གསུམ་པོ་དེ་དག་གོ །གཞན་ཡང་སེམས་ངེས་པར་སེམས་པ་གསུམ་སྟེ། གསུམ་གང་ཞེ་ན། སེམས་ཞི་བ་དང་། སེམས་དུལ་བ་དང་། སེམས་ཡིད་དུ་འོང་བ་སྟེ་གསུམ་པོ་དེ་དག་གོ །གཞན་ཡང་སེམས་ངེས་པར་སེམས་པ་གསུམ་སྟེ། གསུམ་གང་ཞེ་ན། དྲང་པོ་དང་། སྒྱུ་མེད་པ་དང་། གཉེར་བ་མེད་པ་སྟེ་གསུམ་པོ་དེ་དག་གོ །གཞན་ཡང་གསུམ་སྟེ། གསུམ་གང་ཞེ་ན། ཚུལ་འཆོས་པ་མེད་པ་དང་། མཉེན་པ་དང་། འགྲོགས་ན་བདེ་བ་སྟེ་གསུམ་པོ་དེ་དག་གོ །གཞན་ཡང་གསུམ་སྟེ། གསུམ་གང་ཞེ་ན། སྟོང་པ་ཉིད་ལ་ངེས་པར་སེམས་པ་དང་། མཚན་མ་མེད་པ་ལ་ངེས་པར་སེམས་པ་དང་། སྨོན་པ་མེད་པ་ལ་ངེས་པར་སེམས་པ་སྟེ། སེམས་ངེས་པར་སེམས་པ་གསུམ་པོ་དེ་དག་གོ །གཞན་ཡང་གསུམ་སྟེ། འདུ་བྱེད་ཐམས་ཅད་ལ་མི་རྟག་པར་སེམས་ངེས་པར་སེམས་ཤིང་། འདུ་བྱེད་ཐམས་ཅད་ལ་སྡུག་བསྔལ་བར་སེམས་ངེས་པར་སེམས་པ་དང་། ཆོས་ཐམས་ཅད་ལ་བདག་མེད་པར་སེམས་ངེས་པར་སེམས་པ་དང་། མྱ་ངན་ལས་འདས་པ་ནི་ཞི་བར་སེམས་ངེས་ ― DKG058_Page_0454 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་སེམས་པ་སྟེ། སེམས་ངེས་པར་སེམས་པ་གསུམ་པོ་དེ་དག་གོ །ཀླུའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔའི་སེམས་ངེས་པར་སེམས་པའི་མཆོག་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་དབྱིངས་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ་དང་། བྱམས་པ་ཆེན་པོས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དང་། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་དང་། དགའ་བ་ཆེན་པོས་འཁོར་བ་ན་ཡོངས་སུ་མི་སྐྱོ་བ་དང་། བཏང་སྙོམས་ཆེན་པོས་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་མེད་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བས་རྣམ་པར་སྨིན་པ་ལ་རེ་བ་མེད་པ་དང་། ཚུལ་ཁྲིམས་དང་། བསླབ་པ་དང་། སྦྱངས་པའི་ཡོན་ཏན་ཐམས་ཅད་ཡང་དག་པར་འཛིན་པས་བདག་ལ་མི་སྟོད་ཅིང་གཞན་ལ་མི་སྨོད་པ་དང་། སེམས་ཅན་ཐམས་ཅད་ཀྱིས་ཉེས་པར་བྱས་པ་བཟོད་པ་དང་། དེ་དག་དེ་ལྟར་རབ་ཏུ་ཐར་བར་བྱ་བའི་སེམས་ཀྱིས་བརྩོན་འགྲུས་བརྟན་པ་དང་། དགེ་བའི་རྩ་བ་སྒྲུབ་པའི་ཕྱིར་ལུས་དང་སྲོག་ལ་མི་ལྟ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་སྒྲུབ་པས་སེམས་ལ་བདག་དབང་བ་སྟེ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་དབང་གིས་སྐྱེ་བ་མ་ཡིན་པ་དང་། ཤེས་རབ་དང་། མངོན་པར་ཤེས་པ་དང་། ཡེ་ཤེས་ལ་མཁས་པས་མངོན་པར་འདུ་མི་བྱེད་པ་ལས་མི་ཉམས་པ་དང་། ཐབས་ལ་མཁས་པས་སེམས་ཅན་ཐམས་ཅད་དང་འཐུན་པར་འཇུག་པ་དང་། ཡེ་ཤེས་དང་། རྣམ་པར་གྲོལ་བ་ཀུན་དུ་སྲུང་བས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡེ་ཤེས་དང་། ཐེག་པ་ཆེན་པོ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་སྡུག་བསྔལ་ལ་མི་མཇེད་པ་དང་། ཆོས་ཡང་དག་པར་བསྟན་པའི་ཕྱིར་འཐོབ་པ་དང་བཀུར་སྟི་ཐམས་ཅད་ལ་མི་ཆགས་པ་དང་། མཚན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བསོད་ནམས་ཀྱིས་མི་ངོམས་པ་དང་། ཤེས་རབ་ཡོངས་སུ་སྐྱོང་ ― DKG058_Page_0455 ―
[མ་དཔེ་གཟིགས་ན་འདིར་གནོན།]
བས་ཐོས་པས་མི་ངོམས་པ་དང་། ཐོས་པ་ཡོངས་སུ་སྐྱོང་བས་དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། དགེ་བའི་ཆོས་ཡོངས་སུ་སྐྱོང་བས་གུས་པ་དང་བཅས་པ་དང་། བླ་མ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ང་རྒྱལ་བཅོམ་པ་དང་། ང་རྒྱལ་ཚར་གཅད་པའི་ཕྱིར་བསམ་པ་ཕུན་སུམ་ཚོགས་པ་དང་། ལྷག་པའི་བསམ་པ་ཡོངས་སུ་སྐྱོང་བས་གཡོ་མེད་པ་དང་། གཡོ་དང་བྲལ་བས་ཇི་སྐད་སྨྲས་པ་བཞིན་བྱེད་པ་དང་། དེ་བྱེད་པའི་ཕྱིར་མི་སླུ་བ་དང་། བདེན་པའི་ཚིག་ལ་རབ་ཏུ་གནས་པས་ངག་གི་སྐྱོན་ཐམས་ཅད་རྣམ་པར་སྤངས་པ་སྟེ་བརྫུན་གྱི་ཚིག་དང་བྲལ་བ་དང་། ཡང་དག་པ་དང་ཡང་དག་པ་ལས་སྐྱེས་པ་དང་། བདེན་པ་དང་བདེན་པ་ལས་སྐྱེས་པ་ནི་སེམས་ངེས་པར་སེམས་པའོ། །ཀླུའི་བདག་པོ་འདི་ལྟར་བྱང་ཆུབ་སེམས་དཔའི་སེམས་ངེས་པར་སེམས་པ་དེ་ལྟ་བུ་གང་ཡིན་པ་དེ་ནི་བག་ཡོད་པ་ཞེས་བྱའོ། །ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་བག་ཡོད་པ་ལ་ནི་བདུད་ཀྱིས་ཚད་མི་རྙེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་ཚད་དུ་བྱ་བ་མ་ཡིན་པའི་ཆོས་ལ་སྤྱོད་དོ། །དེ་ལ་ཚད་དུ་བྱ་བའི་ཆོས་རྣམས་གང་ཞེ་ན། འདོད་ཆགས་ནི་ཚད་དུ་བྱ་བའོ། །ཞེ་སྡང་དང་། གཏི་མུག་ནི་ཚད་དུ་བྱ་བའོ། །བྱང་ཆུབ་སེམས་དཔའ་ནི་དེ་ལས་འདས་པས་དེའི་ཕྱིར་ཚད་མེད་པ་ཞེས་བྱའོ། །དམིགས་པར་ལྟ་བ་ནི་ཚད་དུ་བྱ་བའོ། །སྟོང་པ་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་བདུད་ཀྱིས་ཚད་མི་རྙེད་དོ། །རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པའི་མཚན་མ་ཐམས་ཅད་ནི་ཚད་དུ་བྱ་བའོ། །མཚན་མ་མེད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་བདུད་ཀྱིས་ཚད་མི་རྙེད་དོ། །ཁམས་གསུམ་པ་ནི་ཚད་དུ་བྱ་བའོ། །སྨོན་པ་མེད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་བདུད་ཀྱིས་ཚད་མི་རྙེད་དོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ནི་ཚད་དུ་བྱ་བའོ། །ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་ནི་བདུད་ཀྱིས་ཚད་མི་ ― DKG058_Page_0456 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྙེད་དོ། །ཀླུའི་བདག་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་བདུད་ཀྱི་ལས་ནི་གཉིས་པོ་འདི་དག་སྟེ། གཉིས་གང་ཞེ་ན། བླ་མ་རྣམས་ལ་མི་གུས་པ་དང་། བདག་བརྗོད་པས་མངོན་པའི་ང་རྒྱལ་བྱེད་པའོ། །གཉིས་པོ་དེ་དག་ནི་བདུད་ཀྱི་ལས་ཏེ། དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ། །གཞན་ཡང་བདུད་ཀྱི་ལས་གཉིས་ཏེ། གཉིས་གང་ཞེ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕ་རོལ་ཏུ་ཕྱིན་པའི་ལམ་འདོར་བ་དང་། འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་རབ་ཏུ་ལྡན་པའི་མདོ་སྡེ་ཀུན་འཛིན་པའོ། །གཉིས་པོ་དེ་དག་ནི་བདུད་ཀྱི་ལས་ཏེ། དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ། །གཞན་ཡང་གཉིས་ཏེ། གཉིས་གང་ཞེ་ན། ཐབས་དང་བྲལ་བའི་ཤེས་རབ་དང་། ཤེས་རབ་དང་བྲལ་བའི་ཐབས་ཏེ་གཉིས་པོ་དེ་དག་གོ །དེ་ལ་ཐབས་དང་བྲལ་བའི་ཤེས་རབ་ནི་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་མི་ལྟ་ཞིང་འདུས་མ་བྱས་པའི་ཆོས་ལ་རྟོག་པའོ། །ཤེས་རབ་དང་བྲལ་བའི་ཐབས་ནི་འདི་ལྟ་སྟེ། དམིགས་པར་ལྟ་བར་ལྷུང་བའི་བསྡུ་བའི་དངོས་པོ་བཞིའོ། །གཉིས་པོ་དེ་དག་ནི་བདུད་ཀྱི་ལས་ཏེ། དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ། །གཞན་ཡང་བདུད་ཀྱི་ལས་གཉིས་ཏེ། གཉིས་གང་ཞེ་ན། ཐོས་པ་ཉུང་ངུས་བསམ་གཏན་རྙེད་པ་དང་། མང་དུ་ཐོས་ཀྱང་བདག་སྟོད་པའོ། །གཉིས་པོ་དེ་དག་ནི་བདུད་ཀྱི་ལས་ཏེ། དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ། །གཞན་ཡང་བདུད་ཀྱི་ལས་གཉིས་ཏེ། གཉིས་གང་ཞེ་ན། དགེ་བའི་རྩ་བ་དང་བྲལ་བས་སྐྱེ་བ་ཡོངས་སུ་འཛིན་པ་དང་། དགེ་བའི་རྩ་བ་བསགས་ཀྱང་ཐེག་པ་ཆུང་ངུ་འདོད་པའོ། །གཉིས་པོ་དེ་དག་ནི་བདུད་ཀྱི་ལས་ཏེ། དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ། །གཞན་ཡང་བདུད་ཀྱི་ལས་གཉིས་ཏེ། གཉིས་གང་ཞེ་ན། དམ་པའི་ཆོས་མི་སྲུང་བ་དང་། སེམས་ཅན་ ― DKG058_Page_0457 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡོངས་སུ་སྨིན་པར་མི་བྱེད་པའོ། །གཉིས་པོ་དེ་དག་ནི་བདུད་ཀྱི་ལས་ཏེ། དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ། །གཞན་ཡང་བདུད་ཀྱི་ལས་གཉིས་ཏེ། གཉིས་གང་ཞེ་ན། བྱང་ཆུབ་སེམས་དཔའ་ལ་ཞེ་ས་སྤངས་པ་དང་། ཆོས་སྨྲ་བའི་བསྔགས་པ་མི་བརྗོད་པ་དང་གཉིས་པོ་དེ་དག་སྟེ། དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ། །གཞན་ཡང་བདུད་ཀྱི་ལས་གཉིས་ཏེ། གཉིས་གང་ཞེ་ན། དགེ་བའི་རྩ་བ་ཡང་དག་པར་བླངས་པ་འདོར་བ་དང་། མི་དགེ་བའི་སེམས་དང་དུ་ལེན་པ་དང་གཉིས་པོ་དེ་དག་སྟེ། དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ། །གཞན་ཡང་བདུད་ཀྱི་ལས་གཉིས་ཏེ། གཉིས་གང་ཞེ་ན། དགོན་པ་ལ་གནས་ཀྱང་འདོད་པ་དང་། གནོད་སེམས་དང་། འཚེ་བའི་རྣམ་པར་རྟོག་པ་དང་། འཁོར་གྱི་ཚོགས་ཀྱི་ནང་དུ་ཞུགས་ཀྱང་འཐོབ་པ་དང་། བཀུར་སྟིས་བསྐོར་བ་དང་གཉིས་པོ་དེ་དག་སྟེ། དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ། །གཞན་ཡང་བདུད་ཀྱི་ལས་གཉིས་ཏེ། གཉིས་གང་ཞེ་ན། སྣོད་མ་ཡིན་པ་ལ་སྟོན་པ་དང་། སྣོད་དུ་གྱུར་པ་ཁྱད་དུ་གསོད་པ་དང་གཉིས་པོ་དེ་དག་སྟེ། དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ། །གཞན་ཡང་བདུད་ཀྱི་ལས་གཉིས་ཏེ། གཉིས་གང་ཞེ་ན། བདུད་ཀྱི་ལས་འདི་ལྟ་བུ་འདི་དག་ཁོང་དུ་མི་ཆུད་པ་དང་། ཐམས་ཅད་མཁྱེན་པའི་སེམས་ལ་གཡེང་བའོ། །གཉིས་པོ་དེ་དག་ནི་བདུད་ཀྱི་ལས་ཏེ། བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ། །ཀླུའི་བདག་པོ་འདི་ལྟར་བག་ཡོད་པ་འདི་ལྟ་བུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བདུད་ཀྱི་ལས་དེ་ལྟ་བུ་དེ་དག་མི་འབྱུང་ངོ་། །ཀླུའི་བདག་པོ་བག་ཡོད་པའི་བྱང་ཆུབ་སེམས་དཔའ་ནི་སྟོབས་བསྐྱེད་པ་བཅུ་དྲུག་རབ་ཏུ་འཐོབ་བོ། །བཅུ་དྲུག་གང་ཞེ་ན། འདི་ལྟ་སྟེ། དྲན་པའི་སྟོབས་བསྐྱེད་པ་རབ་ཏུ་འཐོབ་པ་དང་། བློ་གྲོས་ཀྱི་སྟོབས་བསྐྱེད་པ་རབ་ཏུ་འཐོབ་པ་དང་། ― DKG058_Page_0458 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྟོགས་པའི་སྟོབས་བསྐྱེད་པ་རབ་ཏུ་འཐོབ་པ་དང་། ངོ་ཚ་ཤེས་པའི་སྟོབས་བསྐྱེད་པ་རབ་ཏུ་འཐོབ་པ་དང་། མོས་པའི་སྟོབས་བསྐྱེད་པ་རབ་ཏུ་འཐོབ་པ་དང་། བསོད་ནམས་ཀྱི་སྟོབས་བསྐྱེད་པ་རབ་ཏུ་འཐོབ་པ་དང་། གཟུངས་ཀྱི་སྟོབས་བསྐྱེད་པ་རབ་ཏུ་འཐོབ་པ་དང་། སྤོབས་པའི་སྟོབས་བསྐྱེད་པ་རབ་ཏུ་འཐོབ་པ་དང་། གཟུགས་ཀྱི་སྟོབས་བསྐྱེད་པ་རབ་ཏུ་འཐོབ་པ་དང་། ལོངས་སྤྱོད་ཀྱི་སྟོབས་བསྐྱེད་པ་རབ་ཏུ་འཐོབ་པ་དང་། ལུས་ཀྱི་སྟོབས་བསྐྱེད་པ་རབ་ཏུ་འཐོབ་པ་དང་། སེམས་ཀྱི་སྟོབས་བསྐྱེད་པ་རབ་ཏུ་འཐོབ་པ་དང་། རྫུ་འཕྲུལ་གྱི་སྟོབས་བསྐྱེད་པ་རབ་ཏུ་འཐོབ་པ་དང་། ཆོས་སྟོན་པའི་སྟོབས་བསྐྱེད་པ་རབ་ཏུ་འཐོབ་པ་དང་། བདུད་ཚར་གཅོད་པའི་སྟོབས་བསྐྱེད་པ་རབ་ཏུ་འཐོབ་པ་དང་། ནན་ཏན་གྱི་སྟོབས་བསྐྱེད་པ་རབ་ཏུ་འཐོབ་པ་དང་། དེ་ལ་དྲན་པའི་སྟོབས་བསྐྱེད་པ་གང་ཞེ་ན། དྲན་པ་གང་གིས་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ། ཀུན་ཏུ་འཛིན་པ་དང་། རབ་ཏུ་འཛིན་པའོ། །བློ་གྲོས་ཀྱི་སྟོབས་བསྐྱེད་པ་ནི། གང་བྱང་ཆུབ་སེམས་དཔའ་དེའི་བློ་གྲོས་དེ་སངས་རྒྱས་ཀྱིས་གནང་བ་དང་། སེམས་ཅན་ཐམས་ཅད་ཀྱིས་མི་ཕྱེད་པ་ཡིན་ནོ། །རྟོགས་པའི་སྟོབས་བསྐྱེད་པ་ནི་གང་སྒྲས་བསྟན་པའི་དོན་ཐམས་ཅད་རྟོགས་པར་འགྱུར་རོ། །ངོ་ཚ་ཤེས་པའི་སྟོབས་བསྐྱེད་པ་ནི་གང་མི་དགེ་བའི་ཆོས་རྣམ་པར་སྤངས་ནས་དགེ་བའི་ཆོས་ཐམས་ཅད་དང་ལྡན་པའོ། །མོས་པའི་སྟོབས་བསྐྱེད་པ་ནི་གང་སྡུག་བསྔལ་རྙེད་ཀྱང་བླའི་བྱ་བ་མ་ཡིན་པ་མི་བྱེད་པའོ། །བསོད་ནམས་ཀྱི་སྟོབས་བསྐྱེད་པ་ནི་གང་བདུད་ཀྱི་སྡེ་བྱེ་བ་བརྒྱས་ཀྱང་ཟིལ་གྱིས་གནོན་མི་ནུས་པའོ། །གཟུངས་ཀྱི་སྟོབས་བསྐྱེད་པ་ནི་གང་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་ཐོས་ཤིང་དེ་ཐམས་ཅད་ཀུན་ཏུ་འཛིན་པ་དང་། མི་བརྗེད་པ་དང་། དེ་གཞན་དག་ལ་ཡང་སྟོན་པའོ། །སྤོབས་པའི་སྟོབས་བསྐྱེད་པ་ནི་གང་ངེས་པའི་ཚིག་གཞན་དང་གཞན་གྱིས་ཐོགས་པ་མེད་ཅིང་རྒྱུན་ཆད་པ་མེད་ལ་ཆགས་པ་མེད་པར་བསྐལ་པ་བརྒྱ་སྟོང་དུ་ ― DKG058_Page_0459 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཆད་པའོ། །གཟུགས་ཀྱི་སྟོབས་བསྐྱེད་པ་ནི་གང་བྱང་ཆུབ་སེམས་དཔའ་དེའི་གན་དུ་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ཉེ་བར་འོངས་ན་མོག་མོག་པོར་འགྱུར་བའོ། །ལོངས་སྤྱོད་ཀྱི་སྟོབས་བསྐྱེད་པ་ནི་གང་ལག་ན་རིན་པོ་ཆེ་དང་ལོངས་སྤྱོད་མི་ཟད་པའོ། །ལུས་ཀྱི་སྟོབས་བསྐྱེད་པ་ནི་གང་ཕ་རོལ་གྱི་གནོད་པ་ཐམས་ཅད་ཀྱིས་མི་རྫི་བའོ། །སེམས་ཀྱི་སྟོབས་བསྐྱེད་པ་ནི་གང་སེམས་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རབ་ཏུ་ཤེས་པའོ། །རྫུ་འཕྲུལ་གྱི་སྟོབས་བསྐྱེད་པ་ནི་གང་རྫུ་འཕྲུལ་གྱིས་འདུལ་བའི་སེམས་ཅན་རྣམས་ལ་རྫུ་འཕྲུལ་དང་ཆོ་འཕྲུལ་ཐམས་ཅད་ཀྱིས་ཆོས་སྟོན་པའོ། །ཆོས་སྟོན་པའི་སྟོབས་བསྐྱེད་པ་ནི་འདི་ལྟ་སྟེ། ཅི་རིགས་པར་ཆོས་བསྟན་པས་གང་བྱང་ཆུབ་སེམས་དཔའི་ཆོས་བསྟན་པ་ཤེས་པ་དེ་དག་ཡང་དག་པར་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་ངེས་པར་འབྱུང་བའོ། །བདུད་ཚར་གཅོད་པའི་སྟོབས་བསྐྱེད་པ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ལ་བྱ་བ་མི་འདོར་བས་སྟོབས་མཉམ་པ་མེད་པ་ཡིན་ནོ། །ནན་ཏན་གྱི་སྟོབས་བསྐྱེད་པ་ནི་འདི་ལྟ་སྟེ། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་སྟེ། དེ་དག་ནི་སྟོབས་བསྐྱེད་པ་རབ་ཏུ་འཐོབ་པ་བཅུ་དྲུག་གོ །ཀླུའི་བདག་པོ་དེ་ལྟར་བྱང་ཆུབ་སེམས་དཔའ་གང་སྟོབས་བསྐྱེད་པ་བཅུ་དྲུག་པོ་དེ་དག་ཐོབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་དེས་རྟག་ཏུ་བག་ཡོད་པར་བྱའོ། །ཀླུའི་བདག་པོ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོར་ཆུ་ཐམས་ཅད་འབབ་པའོ། །ཀླུའི་བདག་པོ་དེ་བཞིན་དུ་བག་ཡོད་པར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འདུའོ། །ཀླུའི་བདག་པོ་འདི་ལྟ་སྟེ། དཔེར་ན་ས་ལ་ས་བོན་ཐམས་ཅད་སྐྱེའོ། །ཀླུའི་བདག་པོ་དེ་བཞིན་དུ་བག་ཡོད་པ་ལ་དགེ་བའི་ཆོས་ཐམས་ཅད་སྐྱེའོ། །ཀླུའི་བདག་པོ་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སེམས་ཅན་ཐམས་ཅད་དགའོ། །ཀླུའི་བདག་པོ་དེ་བཞིན་དུ་བག་ཡོད་པའི་བྱང་ཆུབ་སེམས་དཔའ་ལ་ལྷར་བཅས་པའི་འཇིག་རྟེན་ ― DKG058_Page_0460 ―
[མ་དཔེ་གཟིགས་ན་འདིར་གནོན།]
དགའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བྱང་ཆུབ་སེམས་དཔའ་མཁས་པ་གང་དག་ཅིག ། སངས་རྒྱས་བྱང་ཆུབ་རྗེས་སུ་ཐོབ་འདོད་པ། །དེས་ནི་བག་མེད་སྤྱོད་པ་རྣམ་སྤངས་ནས། །རྟག་ཏུ་བག་ཡོད་པ་ལ་བརྩོན་འགྲུས་བྱ། །མཁས་པ་བསྟེན་པའི་ཆོས་ལ་མོས་པ་དག ། མཐར་ལྟ་བ་ལ་གནས་པར་མི་བྱེད་དེ། །རྒྱུ་མེད་རྐྱེན་མེད་ཆོས་ནི་ཡོད་མ་ཡིན། །ཆོས་ནི་རྒྱུར་བཅས་རྐྱེན་བཅས་རབ་ཏུ་ཤེས། །རྐྱེན་ལས་སྐྱེས་པ་གང་ཡིན་དེ་མ་སྐྱེས། །དེ་ལ་སྐྱེ་བ་ངོ་བོ་ཉིད་ཀྱིས་མེད། །རྐྱེན་ལ་རག་ལས་གང་ཡིན་སྟོང་པར་གསུངས། །སྟོང་ཉིད་གང་ཤེས་དེ་ནི་བག་ཡོད་པའོ། །རྐྱེན་ཁར་གང་ལས་དེ་ནི་མཚན་མ་མེད། །སྨོན་ལམ་ལྡན་པ་ཞི་ཞིང་ཉེ་བར་ཞི། །མི་གཡོ་བེམས་པོ་རྩྭ་དང་ཤིང་ལྟ་བུ། །དེ་ལ་བདུད་ཀྱི་ཡུལ་ནི་ཡོད་མ་ཡིན། །རྐྱེན་གྱི་ཁར་ལས་འདི་ནི་གང་ཤེས་པ། །དེ་འདིར་ང་དང་ང་ཡིར་འབྱུང་མི་འབྱུང་། །དེ་ནི་བདག་མིན་བདག་གི་མ་ཡིན་པར། །དེ་ལྟར་གང་ཤེས་དེ་ནི་བག་ཡོད་པའོ། །རྗེ་ཡོད་མ་ཡིན་ཡོངས་སུ་འཛིན་མེད་པ། །གཟུང་བ་མེད་ཅིང་གྲོལ་བར་བྱ་བ་མེད། །བཅིངས་མེད་གྲོལ་མེད་རང་བཞིན་འོད་གསལ་བར། །ཆོས་རྣམས་རྟག་ཏུ་ཤེས་པ་བག་ཡོད་པའོ། །དོན་ལ་རྟོན་གྱི་ཚིག་འབྲུར་དགའ་མ་ཡིན། །རྟག་ཏུ་ཡེ་ཤེས་སྤྱོད་ཡུལ་རྣམ་ཤེས་གྲོལ། །ངེས་པའི་དོན་གྱི་མདོ་སྡེའི་ཚུལ་ཤེས་པ། །དེ་ནི་ཆོས་ལ་རྟོན་གྱི་གང་ཟག་མིན། །སངས་རྒྱས་བསྟན་འདིར་དོན་ནི་སྟོང་ཉིད་དོན། །དེ་བཞིན་མཚན་མ་མེད་དང་སྨོན་ལས་གྲོལ། །སྲིད་པ་གསུམ་དང་རྟོག་དང་ལྟར་མི་གནས། །མདོ་དོན་གང་ཡིན་དེ་ནི་བག་ཡོད་པའོ། །སྒྲ་དང་བརྗོད་པས་བརྗོད་དུ་མེད་པས་ན། །ཆོས་དང་ཆོས་མིན་གཉིས་སུ་གང་མི་བྱེད། །ཆོས་རྣམས་འཇོག་བྱེད་པ་ཡང་ཡོད་མིན་ཏེ། །གང་ཟག་མེད་པའི་དོན་འདི་བག་ཡོད་པའོ། །ཆོས་དོན་གཉེར་གྱི་ཉོན་མོངས་དོན་གཉེར་མིན། །མིག་གཟུགས་མི་གཉེར་རྣ་དང་ ― DKG058_Page_0461 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྒྲ་ལ་མིན། །སྣ་དྲི་མི་གཉེར་ལྕེ་དང་རོ་ལ་མིན། །ལུས་རེག་མ་ཡིན་ཡིད་དང་ཆོས་ལ་མིན། །གཟུགས་ཀྱི་སྐྱེ་དང་གནས་པ་དོན་མི་གཉེར། །ཚོར་མིན་འདུ་ཤེས་མ་ཡིན་འདུ་བྱེད་མིན། །རྣམ་པར་ཤེས་པའི་གནས་པའང་དོན་མི་གཉེར། །དེ་འདྲ་དེ་ནི་ཆོས་དོན་གཉེར་ཞེས་བྱ། །ཁམས་གསུམ་པ་ཡི་གནས་པའང་དོན་མི་གཉེར། །བདག་དང་སེམས་ཅན་མི་གཉེར་ལྟ་རྨོངས་མིན། །གཟུགས་ལུས་ནམ་ཡང་དོན་དུ་གཉེར་མ་ཡིན། །མིག་བློ་མ་ཡིན་ཡིད་ཀྱང་དོན་མི་གཉེར། །དགེ་འདུན་མི་གཉེར་ཆོས་ཀྱང་དོན་མི་གཉེར། །སྦྱིན་པ་ནམ་དུའང་དོན་དུ་མི་གཉེར་ཞིང་། །ཚུལ་ཁྲིམས་བཟོད་མིན་བརྩོན་འགྲུས་བསམ་གཏན་མིན། །བདག་གི་བྱེ་བྲག་ཤེས་རབ་དོན་མི་གཉེར། །ཆོས་ཀུན་དོན་དུ་མི་གཉེར་གང་ཡིན་པ། །དེ་ནི་རྟག་ཏུ་ཆོས་གཉེར་རྒྱལ་བས་གསུངས། །ནམས་ཀྱང་དོན་རྣམས་མི་གཉེར་གང་ཡིན་པ། །དེ་ནི་སངས་རྒྱས་བསྟན་འདིར་བག་ཡོད་ཡིན། །སྐྱེ་བ་མེད་ཤེས་སངས་རྒྱས་ཡེ་ཤེས་ཏེ། །སྐྱེ་མེད་གང་ཡིན་དེ་ནི་འབྱུང་བ་མིན། །འབྱུང་བ་མེད་ལ་ཞི་བའང་ཡོད་མ་ཡིན། །དེ་ལྟར་གང་ཤེས་དེ་ནི་ལམ་སྒོམ་ཡིན། །ཕུང་པོ་ལྔ་ནི་སྒྱུ་མ་ལྟ་བུར་ཤེས། །ཇི་ལྟར་ཆོས་དབྱིངས་དེ་ལྟར་ཆོས་རྣམས་ཤེས། །ནང་གི་གྲོང་སྟོང་འདྲ་བར་རབ་ཏུ་ཤེས། །དེ་ལྟར་གང་ཤེས་དེ་ནི་བག་ཡོད་པའོ། །ཆོས་ཀྱི་དབྱེར་མེད་པ་དང་དབྱེ་བ་དང་། །དེ་བཞིན་སེམས་ཅན་དབང་པོ་རྣམས་ཀྱང་ཤེས། །དྲན་པ་ཉེ་བར་གཞག་ལ་དྲན་མི་འཇུག ། དེ་འདྲའི་ཡེ་ཤེས་སྟོབས་ཅན་བག་ཡོད་པའོ། །ཡང་དག་སྤོང་ལ་གཉིས་སུ་རབ་ཤེས་དང་། །དེ་ནི་རྫུ་འཕྲུལ་སེམས་སྟོབས་རབ་ཏུ་ཤེས། །སྟོབས་ལ་ཐུལ་བ་ཡོད་པ་མ་ཡིན་དང་། །དབང་པོ་རྣམས་ཀྱི་རིམ་པ་ཤེས་པ་དང་། །བྱང་ཆུབ་ཡན་ལག་བསམ་གཏན་ཁོང་དུ་ཆུད། །མཁས་པ་འདུས་མ་བྱས་པའི་ཆོས་མངོན་ཤེས། །ཞི་གནས་ལ་ནི་སེམས་རབ་ཞི་བར་ཤེས། །ལྷག་མཐོང་གིས་ནི་ཆོས་རྣམས་ ― DKG058_Page_0462 ―
[མ་དཔེ་གཟིགས་ན་འདིར་གནོན།]
དབྱེ་བ་རྟོགས། །ཆོས་རྣམས་སྔོན་གྱི་མཐའ་ནས་བྱུང་བ་མེད། །ཕྱི་མའི་མཐར་ཡང་འཕོ་བ་གང་ཡང་མེད། །དེ་བཞིན་ཆོས་ཀུན་བར་ལའང་གནས་མིན་པར། །དེ་ལྟར་གང་ཤེས་དེ་ནི་བག་ཡོད་པའོ། །ལུས་ནི་སྙིང་པོ་མེད་དེ་གཟུགས་བརྙན་འདྲ། །ངག་ཀྱང་སྟོང་པ་བྲག་ཅ་ལྟ་བུ་སྟེ། །སེམས་ཀྱང་སྒྱུ་མ་ལྟ་བུར་རླུང་འདྲ་བར། །དེ་ལྟར་གང་ཤེས་དེ་ནི་བག་ཡོད་པའོ། །ངེས་པའི་མདོ་ཚུལ་ལ་ནི་རབ་ཤེས་ཤིང་། །བརྟེན་ནས་འབྱུང་ཚུལ་ཁོང་དུ་ཆུད་རྟོགས་ལ། །མ་རིག་པ་དང་སྐྱེ་འཆི་འགོག་པ་དག ། ངེས་དོན་གང་ཤེས་དེ་ནི་བག་ཡོད་པའོ། །རྣམ་པར་ཐར་པའི་སྒོ་དང་དུས་གསུམ་དང་། །བསླབ་པ་གསུམ་དང་དམིགས་པ་མེད་པ་དང་། །བདག་མེད་སེམས་ཅན་སྲོག་མེད་གང་ཟག་མེད། །ཆོས་དང་ཆོས་མིན་གཟིངས་དང་འདྲ་བར་བསྟན། །མ་སྐྱེས་ཐོབ་དང་མི་འགྱུར་འབྱུང་བ་དང་། །འཇིག་རྟེན་འདས་པའི་དབང་པོ་ཤེས་རབ་སྒོམ། །དེ་ལ་སེམས་པ་ཅུང་ཟད་མི་འབྱུང་སྟེ། །དེ་ཡི་ཚུལ་རྟོགས་པ་ནི་བག་ཡོད་པའོ། །སངས་རྒྱས་བྱུང་ངམ་མྱ་ངན་འདས་ཀྱང་རུང་། །ཆོས་དབྱིངས་དེ་ནི་རྟག་ཏུ་གནས་པ་སྟེ། །ཡང་དག་དོན་ནི་རྟག་ཏུ་མཐོང་བ་མཁས། །ཆོས་ཉིད་འདི་ཤེས་པ་ནི་བག་ཡོད་པའོ། །སྔོན་གྱི་མཐའ་གང་དེ་ནི་ཡང་དག་མཐའ། །དེ་ཡི་མཐའ་ནི་རྒྱ་ཆེན་ཆོས་རྣམས་ཀུན། །ནམ་མཁའི་མཐའ་ནི་རྟག་ཏུ་སེམས་ཅན་མཐའ། །ཆོས་ཉིད་འདི་ཤེས་པ་ནི་བག་ཡོད་པའོ། །ཆོས་ཉིད་ལས་ཀྱི་རྣམ་སྨིན་མེད་ཤེས་ཀྱང་། །དགེ་དང་མི་དགེའི་ལས་ནི་ཆུད་མི་ཟ། །ཕ་རོལ་ཕྱིན་ལ་གནས་པ་མ་གཏོགས་པར། །ཡེ་ཤེས་ཀྱིས་ནི་སངས་རྒྱས་ཐེག་མི་མཐོང་། །དབེན་པར་གནས་པར་ང་རྒྱལ་ཐེག་པ་སྟེ། །ཉན་ཐོས་རྣམ་པར་གྲོལ་བའི་སྒྲ་ཕྱིར་འབྲང་། །སྦྱིན་པ་ཡིས་ནི་ལོངས་སྤྱོད་རབ་ཏུ་འཐོབ། །ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་ངེས་པར་འཐོབ། །ཐོས་པས་ཤེས་རབ་དེ་བཞིན་སྒོམ་པ་འཐོབ། །འདུས་བྱས་ཀུན་ནི་ཚུལ་བཞིན་མིན་ལས་བྱུང་། ། ― DKG058_Page_0463 ―
[མ་དཔེ་གཟིགས་ན་འདིར་གནོན།]
གང་དག་མྱ་ངན་འདས་ཀུན་ཚུལ་བཞིན་གྱིས། །འདི་འདྲའི་ཆོས་ཉིད་འདི་ནི་བག་ཡོད་པའོ། །བྱིས་པ་དག་ནི་རྟག་ཏུ་ཉོན་མོངས་ཕྱེ། །མཁས་པ་ཡེ་ཤེས་ཀྱིས་ནི་ཆོས་སྟོན་ཏོ། །ཆོས་དབྱིངས་རྟག་ཏུ་སྒྲིབ་པ་མེད་པ་ལ། ། ཆོས་འདི་ཐམས་ཅད་མཚུངས་པར་རབ་ཏུ་འཇུག ། བརྟེན་ནས་འབྱུང་བ་རབ་ཏུ་ཤེས་པ་ཡི། །དེ་ཡི་ཡོན་ཏན་བཞི་པོ་འདི་ཡིན་ཏེ། །དོན་དང་ཡེ་ཤེས་དེ་བཞིན་ཆོས་ཉིད་དང་། །ངེས་པའི་དོན་ཤེས་དེ་ནི་བག་ཡོད་པའོ། །ཆོས་ཀུན་བརྟེན་པ་ཡིན་པར་གང་ཤེས་པ། །དེས་ནི་ཆོས་མཐོང་བདེ་བར་གཤེགས་ཀྱང་མཐོང་། །དེ་ནི་ཆོས་ཉིད་བརྟེན་ནས་འབྱུང་བར་མཉམ། །ཆོས་ཉིད་རྟག་ཏུ་འདོད་ཆགས་བྲལ་བ་ཐོབ། །བརྟེན་ནས་བྱུང་བས་གནས་ཏེ་ཐོབ་འགྱུར་ཏེ། །ཆོས་ནི་སྒྲ་དང་བྲལ་ཞིང་ཡི་གེ་མེད། །ཆོས་འདི་རྗེས་སུ་རྟོགས་པ་དེ་ཡི་ཕྱིར། །སངས་རྒྱས་ལ་ནི་དེ་བཞིན་གཤེགས་ཞེས་བྱ། །ཤེས་རབ་མིག་གིས་བརྟེན་པ་མཐོང་བ་སྟེ། །མཐོང་བ་མེད་པར་མཐོང་བ་ཆོས་མཐོང་བའོ། །ཤེས་རབ་མིག་གིས་བརྟེན་པ་གང་མཐོང་བ། །དེ་ནི་སངས་རྒྱས་མཐོང་བ་ཡིན་ཞེས་བྱ། །དེ་ནི་ཕྱིར་ཞིང་ཉོན་མོངས་མི་སྤྱོད་དེ། །རྟག་ཏུ་འཕགས་པ་ལ་ནི་དད་པར་བྱེད། །ཞིག་པའི་ཆོས་ཀྱང་འདོར་བ་མ་ཡིན་ཞིང་། །འཕགས་པའི་རིགས་ནི་ཀུན་དུ་སྲུང་བར་བྱེད། །མཁས་པ་ཐོས་པ་བརྗེད་པར་མི་བྱེད་པ། །དེ་ནི་སངས་རྒྱས་བསྟན་པ་ཡོངས་སུ་སྲུང་། །འཕགས་པའི་ཚུལ་ཁྲིམས་སྤོང་བར་མི་བྱེད་དེ། །མཁས་པ་ཏིང་ངེ་འཛིན་ལས་རྟག་མི་ཉམས། །ཤེས་རབ་ཕུང་པོ་ལས་ནི་མཁས་མི་གཡོ། །རྣམ་པར་གྲོལ་བའི་ཕུང་པོར་རྟག་ཏུ་གནས། །རྣམ་གྲོལ་ཡེ་ཤེས་རྣམ་པར་མཐོང་བ་ལ། །རབ་ཏུ་གནས་པར་གང་གྱུར་བག་ཡོད་པའོ། །སངས་རྒྱས་ཆོས་རྣམས་མཐའ་ཡས་རབ་རྟོགས་པ། །དེ་ནི་ཐུབ་པའི་ཡེ་ཤེས་མཐའ་ཡས་ཚོལ། །སངས་རྒྱས་བྱང་ཆུབ་སྤོབས་པ་ཕུན་སུམ་དང་། །སོ་སོར་རིག་དང་སེམས་ཅན་བསམ་པ་ཤེས། །སེམས་ ― DKG058_Page_0464 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅན་དག་གི་བསམ་པ་ཚད་མེད་ཤེས། །སྐད་ཅིག་གཅིག་གིས་མཐའ་ཡས་ཞིང་དུ་འགྲོ། །ཚད་མེད་པ་ཡི་དེ་བཞིན་གཤེགས་མཐོང་ནས། །དེ་དག་ལས་ཐོས་ཆོས་ནི་འཛིན་པར་བྱེད། །ཐོས་ནས་དེ་ནི་དེ་བཞིན་དོན་ཀྱང་རྟོགས། །སེམས་ཅན་ཚད་མེད་ཡོངས་སུ་སྨིན་པར་བྱེད། །དེ་དག་གི་ནི་སྤྱོད་པ་ཚད་མེད་ཤེས། །དྲན་དང་ལྡན་པ་གང་ཡིན་བག་ཡོད་པའོ། །རྟག་ཏུ་བདག་གི་ཁར་ལས་བག་ཡོད་པ། །རང་སེམས་ངེས་པར་སེམས་པ་ཡོན་ཏན་འཇུག ། སེམས་ལ་ངེས་སེམས་ཉོན་མོངས་ཡོད་མ་ཡིན། །དེ་ནི་ནམ་དུའང་ཡུལ་གྱིས་ཉམས་པ་མེད། །སྐྱེ་དང་གནས་དང་འཇིག་པ་ཤེས་པ་ནི། །ཉེ་བར་ལེན་པ་ཀུན་ལས་སེམས་དབེན་ཏེ། །ལྷག་མཐོང་དང་ནི་ཞི་གནས་ལ་ཡང་མཁས། །དེ་ཡི་སྒྲུབ་པ་ཉམས་པར་མི་འགྱུར་རོ། །ཤིན་ཏུ་ཞི་ཞིང་དུལ་སེམས་ལས་སུ་རུང་། །རྟག་ཏུ་དྲང་ཞིང་གཡོ་མེད་ཡོན་པོ་མིན། །ཚུལ་འཆོས་མེད་ཅིང་མཉེན་ལ་དེས་པ་སྟེ། །འདི་ནི་ངེས་པར་སེམས་པའི་ཕན་ཡོན་ནོ། །སྟོང་པ་མཚན་མེད་སྨོན་པ་མེད་ཅིང་དབེན། །འཁོར་བ་སྡུག་བསྔལ་བ་དང་མི་རྟག་ཤེས། །རྟག་ཏུ་ཆོས་བདག་མེད་ཅིང་མྱ་ངན་འདས། །ངེས་པར་སེམས་པའི་སེམས་སྤྱོད་བག་ཡོད་པའོ། །རྟག་ཏུ་ཐམས་ཅད་མཁྱེན་པའི་སེམས་འཛིན་ཅིང་། །སེམས་ཅན་རྣམས་ལ་བྱམས་པའི་སེམས་མཉམ་པ། །སྙིང་རྗེས་སེམས་ཅན་རྣམས་ནི་མི་གཏོང་ཞིང་། །དགའ་བས་འཁོར་བ་ན་ནི་སྐྱོ་བ་མེད། །བཏང་སྙོམས་ཆེན་པོ་སྐྱོན་རྣམས་སྤངས་པ་སྟེ། །ཀུན་གཏོང་འདོད་ཆགས་བྲལ་བ་འདོད་པ་མེད། །སྦྱངས་པ་ཐམས་ཅད་དང་ནི་མི་གཡེང་བསྙེན། །བྱས་དང་མ་བྱས་བཟོད་པས་ཇི་མི་སྙམ། །སེམས་ཅན་ཐར་བར་བྱ་ཕྱིར་ངོམས་མེད་སེམས། །དེ་ནི་རྩོམ་པ་བརྟན་པར་ཞི་བ་ཚོལ། །ལུས་དང་སྲོག་ལའང་དེ་ནི་མི་ལྟ་ཞིང་། ། ཏིང་འཛིན་ཀུན་ལ་རིམ་གྱིས་བསམ་གཏན་བྱེད། །ཏིང་འཛིན་དབང་གིས་དེ་ནི་སྐྱེས་མ་ཡིན། །ཤེས་རབ་ཀྱིས་ནི་འདུས་མ་བྱས་ཤེས་ཀྱང་། །ཐབས་ ― DKG058_Page_0465 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀྱིས་འདུས་མ་བྱས་པར་དེ་མི་ལྟུང་། །མཁས་པ་སེམས་ཅན་ཀུན་དང་འཐུན་པར་འཇུག ། ཉན་ཐོས་རྣམས་ལ་བདེན་པའི་གཏམ་བརྗོད་ཀྱང་། །རྣམ་པར་གྲོལ་ལ་མཁས་པ་དེ་མི་རེག ། སེམས་ཅན་ཐམས་ཅད་ལ་ནི་སྙིང་བརྩེ་ཞིང་། །དེ་ནི་ཐམས་ཅད་མཁྱེན་པ་ཉིད་ལ་རེ། །གང་ལ་འདི་འདྲའི་ཕན་ཡོན་འདི་ཡོད་པ། །སངས་རྒྱས་བསྟན་འདིར་དེ་ནི་བག་ཡོད་ཡིན། །དེ་ནི་དེ་བཞིན་ཆོས་ཉིད་ལ་ཡང་གནས། །དེ་ཡི་སྤྱོད་པ་བདུད་ཀྱིས་ཤེས་མ་ཡིན། །བག་ཡོད་པ་ལ་ཚད་ནི་ཡོད་མིན་ཏེ། །ཉོན་མོངས་མཚན་མ་དག་ལ་ཚད་ཡོད་དོ། །དེ་ནི་མཚན་མ་མེད་ཅིང་ཉོན་མོངས་བྲལ། །དེ་ཡི་ཡུལ་ནི་བདུད་ཀྱིས་ཤེས་མི་ནུས། །གང་རྣམས་གཡོ་ཞིང་རློམ་སེམས་རྟོགས་པ་དག ། དེ་ནི་བདུད་ཀྱི་ལས་སུ་ངས་བཤད་དོ། །དམིགས་པ་ཀུན་ལས་རྣམ་པར་རབ་གྲོལ་བ། །ཐམས་ཅད་བདུད་ཀྱིས་ཐུལ་བ་མ་ཡིན་ནོ། །བག་ཡོད་པ་ལ་དྲན་པ་བརྗེད་པ་མེད། །བག་ཡོད་པ་ལ་བློ་གྲོས་བརྗེད་པ་མེད། །བག་ཡོད་པ་ནི་རྟོགས་དང་མོས་པ་དང་། །ངོ་ཚ་ཤེས་དང་ཁྲེལ་ཡོད་མི་སྤྱོད་མེད། །དེ་ཕྱིར་དེ་བཞིན་གཤེགས་པའི་བསོད་ནམས་དང་། །ཤེས་རབ་དང་ནི་བག་ཡོད་འདི་ཐོས་ནས། །གང་དག་ཆོས་དང་ཆོས་ཉིད་རབ་གནས་པ། །སངས་རྒྱས་ཐམས་ཅད་ཅི་འདྲར་དེ་འགྱུར་རོ། །ཕྱོགས་བཅུའི་སངས་རྒྱས་གང་རྣམས་ཇི་སྙེད་དང་། །བྱང་ཆུབ་སེམས་དཔའ་མཆོད་པར་གང་འདོད་པ། །དེ་དག་གིས་ནི་བག་ཡོད་འདི་ཐོས་ན། །བསམ་པས་ནན་ཏན་སྙིང་པོར་བྱེད་པར་འགྱུར། །གང་དག་གིས་ནི་བག་ཡོད་འདི་ཐོས་ནས། །དགའ་ཞིང་དད་པ་རྒྱ་ཆེ་རྙེད་གྱུར་པ། །རྟག་ཏུ་བག་ཡོད་པར་ནི་རབ་འགྱུར་ཞིང་། ། དེ་དག་རང་བྱུང་སངས་རྒྱས་ཉིད་དུ་འགྱུར། །བཅོམ་ལྡན་འདས་ཀྱིས་བག་ཡོད་པའི་ལེའུ་འདི་བཤད་པའི་ཚེ་སྲོག་ཆགས་བཞི་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སྲོག་ ― DKG058_Page_0466 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆགས་ཁྲི་ཉིས་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །སྲོག་ཆགས་བརྒྱད་སྟོང་ནི་རྗེས་སུ་འཐུན་པའི་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །སྲོག་ཆགས་སུམ་ཁྲི་ཉིས་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །དགེ་སློང་བརྒྱད་བརྒྱ་ནི་མ་ལུས་པར་ཀུན་ཤེས་པ་བརྡ་སྤྲོད་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་ནས་སྣང་བ་ཆེན་པོས་འཇིག་རྟེན་གྱི་ཁམས་འདི་ཁྱབ་པར་གྱུར་ཏོ། །གངས་རིའི་རྒྱལ་པོ་དང་མཚོ་ཆེན་པོ་མ་དྲོས་པ་ཐམས་ཅད་དུ་ཡང་སྔོན་མ་མཐོང་མ་ཐོས་པའི་མེ་ཏོག་གིས་པུས་མོ་ནུབ་པ་ཙམ་དུ་གྱུར་ཏོ། །འདི་ལྟ་སྟེ། སངས་རྒྱས་ཀྱི་མཐུ་དང་། ཀླུའི་རྒྱལ་པོ་མ་དྲོས་པའི་དད་པའི་རྒྱུས་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པའི་ལས་ཀྱི་ཕྱིར་མཚོ་མ་དྲོས་པ་ཐམས་ཅད་རིན་པོ་ཆེའི་པད་མ་དྲི་རབ་ཏུ་ཞིམ་པ་ཁ་དོག་བརྒྱ་སྟོང་དུ་མ་ཚད་ཤིང་རྟའི་འཁོར་ལོ་ཙམ་བརྒྱ་སྟོང་ཕྲག་དུ་མ་མུ་མེད་པས་གང་བར་གྱུར་ཏོ། །དེ་ནས་ཀླུའི་རྒྱལ་པོའི་བུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལྔ་བརྒྱ་པོ་དེ་དག་ཐམས་ཅད་ཀྱིས་སོ་སོ་ནས་བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་རིན་པོ་ཆེའི་གདུགས་རྣམས་ཕུལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་ནི་བདག་ཅག་གི་ཆེད་དུ་བྱུང་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བཅོམ་ལྡན་འདས་བདག་ཅག་འཇིག་རྟེན་ཐམས་ཅད་དང་མི་འཐུན་པའི་ཆོས་འདི་ཐོས་ཀྱང་མ་དངངས་མ་སྐྲག་དངངས་པར་མ་གྱུར་གྱི། འདི་ལྟ་བུའི་ཆོས་ཉན་པ་ལ་སླར་ཞིང་ངོམས་མ་འཚལ་བའི་སླད་དུའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སངས་རྒྱས་འབྱུང་བ་ཅི་འདྲ། ཆོས་ཀྱི་འཁོར་ལོ་སྐོར་བ་ཅི་འདྲ། དམ་པའི་ཆོས་ཡོངས་སུ་གཟུང་བ་ཅི་འདྲ་བ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞིན་བཟངས་དག་དེའི་ཕྱིར་ལེགས་པར་ཤིན་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །བཅོམ་ལྡན་ ― DKG058_Page_0467 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདས་ལེགས་སོ་ཞེས་གསོལ་ཏེ་ཀླུའི་རྒྱལ་པོའི་བུ་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཞིན་བཟངས་དག་དད་པ་འབྱུང་བ་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་འབྱུང་བའོ། །དད་པ་དད་པ་ཞེས་བྱ་བ་དེ་གང་ཞེ་ན། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་པའི་དད་པ་གང་ཞེ་ན། དད་པ་གང་གིས་དགེ་བའི་ཆོས་རྣམས་ཀྱི་སྔོན་དུ་འགྲོ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་དང་། ལས་དང་མི་འགལ་བ་དང་། འཕགས་པ་རྣམས་ལ་སྟེན་པ་དང་། བསྟི་སྟང་དུ་བྱས་ཏེ་དད་པར་གནས་པས་གདུང་བ་མེད་པ་དང་། བསྟི་སྟང་དུ་བྱས་ཏེ་ཆོས་ཉན་པ་དང་། སྒྲིབ་པ་སེལ་བ་དང་། བྱང་ཆུབ་ཀྱི་ཡན་ལག་སྒོམ་པ་དང་། ཆོས་ཡོངས་སུ་ཚོལ་བ་དང་། ལོངས་སྤྱོད་སྦྱིན་ཞིང་བགེད་པ་དང་། ངང་ཚུལ་ངན་པ་ཚུལ་ཁྲིམས་ལ་འགོད་པ་དང་། ཡང་དག་པ་ལ་སྦྱོར་བ་དང་། གཤེ་བ་དང་སྡང་བ་རྣམས་དང་བར་བྱེད་པ་དང་། ཐམས་ཅད་མཁྱེན་པའི་སེམས་ལས་མི་འགོང་བ་དང་། སངས་རྒྱས་ལ་དད་པ་མི་ཕྱེད་པ་དང་། ཆོས་ལ་དད་ཅིང་མི་སྤོང་བ་དང་། དགེ་འདུན་ལ་ཡང་དག་པར་དད་པ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་རྣམ་པར་སྤངས་ནས་སེམས་མཚུངས་པ་དང་། ཡུལ་ལ་ཡེ་ཤེས་ཆགས་པ་མེད་པ་དང་། ལུས་དང་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་སྤྱོད་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང་། བདུད་ཀྱི་ཡུལ་ལས་ཤིན་ཏུ་འདས་པ་དང་། འཕགས་པས་གནང་བའི་ལུས་དང་། ངག་དང་། ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པ་དང་། ཆོག་ཤེས་པས་འཚོ་བ་རྣམ་པར་དག་པ་དང་། ཤེས་པས་ཡང་དག་པར་འཇུག་པས་ཤེས་རབ་ཀྱི་ཕུང་པོའི་རྩ་བ་ཡོངས་སུ་ཚོལ་བ་དང་། ནོར་བདུན་ཡང་དག་པར་འདུ་བ་དང་། སྟོབས་ཀྱི་སྔོན་དུ་དབང་པོ་འགྲོ་བ་དང་། ལོག་པར་ལྟ་བ་ལ་ཁ་ན་མ་ཐོ་བར་འདུ་ཤེས་པ་དང་། ཡང་དག་པར་ལྟ་བ་ལ་ཡང་དག་ ― DKG058_Page_0468 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་སྦྱོར་བ་དང་། རྗེས་སུ་བསྟན་པ་ལ་འཐུན་པར་འཛིན་པ་དང་། གསོ་སླ་ཞིང་དགང་སླ་བ་དང་། དམིགས་པ་མེད་པའི་སེམས་ཀྱིས་བསྟི་སྟང་དུ་བྱས་ཏེ། ཉེ་བར་འགྲོ་བ་དང་། འཁོར་བ་ལ་སྐྱོ་བའི་སེམས་དང་། མྱ་ངན་ལས་འདས་པ་ལ་ཡོན་ཏན་དང་ཕན་ཡོན་དུ་ལྟ་བ་དང་། དམ་པའི་ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་པ་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་ཁྱིམ་ནས་འབྱུང་བའི་སེམས་དང་། ཚངས་པར་སྤྱོད་པར་གནས་པ་ལ་ཆོག་མི་ཤེས་པ་དང་། ཕ་རོལ་རྗེས་སུ་བཟུང་བར་བྱེད་པས་ངེས་པར་སྦྱིན་པ་དང་། བྱས་པ་གཟོ་བ་དང་། བྱས་པ་ཤེས་པ་དང་། བྱས་པ་ལ་རེ་བ་མེད་པ་དང་། བདག་གི་འཐོབ་པས་རློམ་སེམས་སུ་མི་བྱེད་པ་དང་། ཕ་རོལ་གྱི་འཐོབ་པ་ལ་ཕྲག་དོག་མེད་པ་དང་། བཟོད་པ་དང་། དེས་པ་དང་། ཁ་ན་མ་ཐོ་བ་ལ་ཉེས་པར་ལྟ་བ་དང་། ལྟུང་བ་བྱུང་བ་ལ་མི་གླེང་བ་དང་། དབང་པོའི་སྒོ་སྲུང་བ་དང་། མལ་ཆ་སྤོང་ཞིང་གཏོང་བ་དང་། དགོན་པ་ལ་ཕྱོགས་པ་ཡིད་ལ་བྱེད་པ་དང་མ་བྲལ་བས་རྟག་པར་རྒྱུན་དུ་དབེན་པ་ལ་གཞོལ་བ་དང་། ཡང་དག་པར་དགའ་བར་འགྱུར་བའི་ཆོས་རྣམས་ལ་འཛིན་པ་མེད་པའི་སེམས་དང་། རྩོད་པ་མེད་པ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་རྣམ་པར་སྤོང་བ་དང་། བདག་གི་ཉེས་པ་ལ་ལྟ་བ་དང་། ཕ་རོལ་གྱི་ཉེས་པ་བཟོད་པར་བྱེད་པ་དང་། ཚུལ་ཁྲིམས་ཀྱི་ཚོགས་ཡོངས་སུ་ཚོལ་བ་དང་། ཏིང་ངེ་འཛིན་གྱི་ཚོགས་སྒྲུབ་པ་དང་། ལམ་གྱི་ཚོགས་ལ་བརྩོན་པ་འདི་ནི་བཞིན་བཟངས་དག་འཇིག་རྟེན་པའི་དད་པ་ཞེས་བྱ་སྟེ། བཞིན་བཟངས་དག་གང་འཇིག་རྟེན་པའི་དད་པ་འབྱུང་བ་ནི་སངས་རྒྱས་འབྱུང་བ་ཞེས་བྱའོ། །དེ་ལ་འཇིག་རྟེན་ལས་འདས་པའི་དད་པ་གང་ཞེ་ན། དད་པ་གང་གིས་ཆོས་ཐམས་ཅད་སྟོང་པར་ཡིད་ཆེས་པ་དང་། ལྟ་བར་སོང་བ་ཐམས་ཅད་དང་། བྲལ་བ་དང་། ཆོས་ཐམས་ཅད་མཚན་མ་མེད་པ་དང་། སྨོན་པ་མེད་པར་ཡིད་ཆེས་པ་དང་། ཆོས་ཐམས་ཅད་མངོན་པར་འདུས་མ་བྱས་པ་སྟེ། ― DKG058_Page_0469 ―
[མ་དཔེ་གཟིགས་ན་འདིར་གནོན།]
འོང་བ་དང་འགྲོ་བ་ལས་ལོག་པར་ཡིད་ཆེས་པ་དང་། ཆོས་ཐམས་ཅད་ལུས་དང་། ངག་དང་། སེམས་དང་བྲལ་ཞིང་འདོད་ཆགས་དང་བྲལ་བར་ཡིད་ཆེས་པ་དང་། བདག་དང་། སེམས་ཅན་དང་། སྲོག་དང་། གང་ཟག་དང་། འདོད་ཆགས་དང་བྲལ་བ་དང་། ཆོས་ཐམས་ཅད་དེ་བཞིན་ཉིད་ལ་གནས་པར་ཡིད་ཆེས་པ་དང་། བགྲང་བ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་གསོག་དང་། ནམ་མཁའ་ལ་བཅངས་པ་དང་འདྲ་ཞིང་བྱིས་པ་བྲིད་པ་དང་མཚུངས་ལ། གསོབ་དང་འདྲ་བར་ཡིད་ཆེས་པ་དང་། ཆོས་ཐམས་ཅད་སྔོན་གྱི་མཐའ་དང་ཕྱི་མའི་མཐར་ངོ་བོ་ཉིད་མེད་དེ། ཡང་དག་པའི་མཐའ་མ་ཡིན་པ་ལ་གནས་པར་ཡིད་ཆེས་པ་དང་། ཆོས་ཐམས་ཅད་ནམ་མཁའི་མཐའ་དང་འདྲ་ཞིང་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་ལ་དུས་གསུམ་ལས་ཤིན་ཏུ་འདས་ཤིང་ཟག་པ་མེད་པར་ཡིད་ཆེས་པ་དང་། ཆོས་ཐམས་ཅད་འདོད་པའི་སྲེད་པ་ལ་ལྟ་བ་དང་། མ་རིག་པ་དང་བྲལ་ཞིང་ཉེ་བར་ཉོན་མོངས་པ་མེད་པ་ལ་རང་བཞིན་གྱིས་ཡོངས་སུ་དག་ཅིང་རང་བཞིན་གྱིས་འོད་གསལ་བར་ཡིད་ཆེས་པ་དང་། ཆོས་ཐམས་ཅད་གློ་བུར་གྱི་ཉོན་མོངས་པ་ལས་ཀུན་ཏུ་འབྱུང་བ་ལ་མི་ལྟོས་ཤིང་སྤྲོས་པ་ཐམས་ཅད་ཀྱི་སྤྱོད་པ་ཡང་དག་པར་ཆད་ལ་བཏང་སྙོམས་ཤིང་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་ཞིང་བླང་བ་མེད་པར་ཡིད་ཆེས་པ་དང་། ཆོས་ཐམས་ཅད་སེམས་ཀྱིས་སྒྲོ་བཏགས་པ་མེད་ཅིང་དོར་བ་མེད་པར་ཡིད་ཆེས་པ་དང་། ཆོས་ཐམས་ཅད་དངོས་པོ་དང་དངོས་པོ་མེད་པ་ལ་མི་གནས་ཤིང་ཅི་ཡང་མ་ཡིན་ལ་ནུས་པ་ཅུང་ཟད་ཀྱང་མེད་པར་ཡིད་ཆེས་པ་དང་། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་སྟེ། དངོས་པོ་ཐམས་ཅད་ལས་དབེན་ཞིང་གནས་པ་མེད་པར་ཡིད་ཆེས་པ་དང་། གདེག་པ་མེད་པ་དང་། གཞོག་པ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ཆུ་ཤིང་གི་ཕུང་པོ་ལྟར་སྙིང་པོ་མེད་པར་ཡིད་ཆེས་པ་དང་། ཆོས་ཐམས་ཅད་འདུས་མ་བྱས་དང་འདྲ་བར་གྱུར་ལ་མྱ་ངན་ལས་འདས་པ་ ― DKG058_Page_0470 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་མཚུངས་ཤིང་རང་བཞིན་གྱིས་ཉེ་བར་ཞི་བར་ཡིད་ཆེས་པ་འདི་ནི་བཞིན་བཟངས་དག་འཇིག་རྟེན་ལས་འདས་པའི་དད་པ་ཞེས་བྱ་སྟེ། བཞིན་བཟངས་དག་གང་འཇིག་རྟེན་ལས་འདས་པའི་དད་པ་འབྱུང་བ་དེ་ནི་སངས་རྒྱས་འབྱུང་བ་ཞེས་བྱའོ། །བཞིན་བཟངས་དག་སངས་རྒྱས་འབྱུང་བ་ཞེས་བྱ་བ་དེ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་བྱའོ། །བཞིན་བཟངས་དག་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བ་དེ་ནི་མཉམ་པ་ཉིད་ཀྱི་ཚིག་བླ་དགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་འབྱུང་བ་ནི་སངས་རྒྱས་འབྱུང་བ་མ་ཡིན་ནོ། །སངས་རྒྱས་འབྱུང་བ་ནི་གཟུགས་སྐྱེ་བ་མེད་པས་རབ་ཏུ་ཕྱེ་བ་ཡང་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འབྱུང་བ་ནི་སངས་རྒྱས་འབྱུང་བ་མ་ཡིན་ནོ། །སངས་རྒྱས་འབྱུང་བ་ནི་རྣམ་པར་ཤེས་པ་སྐྱེ་བ་མེད་པས་རབ་ཏུ་ཕྱེ་བ་ཡང་མ་ཡིན་ནོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་འབྱུང་བ་ནི་སངས་རྒྱས་འབྱུང་བ་མ་ཡིན་ནོ། །སངས་རྒྱས་འབྱུང་བ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་སྐྱེ་བ་མེད་པས་རབ་ཏུ་ཕྱེ་བ་ཡང་མ་ཡིན་ནོ། །རིག་པ་འབྱུང་བ་དང་། མ་རིག་པ་འབྱུང་བ་ནི་སངས་རྒྱས་འབྱུང་བ་མ་ཡིན་ནོ། །སངས་རྒྱས་འབྱུང་བ་ནི་རིག་པ་དང་མ་རིག་པ་སྐྱེ་བ་མེད་པས་རབ་ཏུ་ཕྱེ་བ་ཡང་མ་ཡིན་ནོ། །རྒ་ཤིའི་བར་དུ་འབྱུང་བ་ནི་སངས་རྒྱས་འབྱུང་བ་མ་ཡིན་ནོ། །སངས་རྒྱས་འབྱུང་བ་ནི་རྒ་ཤི་སྐྱེ་བ་མེད་པས་རབ་ཏུ་ཕྱེ་བ་ཡང་མ་ཡིན་ནོ། །སྐྱེ་བ་སྐྱེ་བ་དང་། མི་སྐྱེ་བ་སྐྱེ་བ་ནི་སངས་རྒྱས་འབྱུང་བ་མ་ཡིན་ནོ། །སངས་རྒྱས་འབྱུང་བ་ནི་སྐྱེ་བ་དང་མི་སྐྱེ་བས་རབ་ཏུ་ཕྱེ་བ་ཡང་མ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་འབྱུང་བ་ནི་སངས་རྒྱས་འབྱུང་བ་མ་ཡིན་ནོ། །སངས་རྒྱས་འབྱུང་བ་ནི་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པས་རབ་ཏུ་ཕྱེ་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་བསྡུས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནས་ལམ་གྱི་བར་དུ་འབྱུང་བ་ནི་སངས་རྒྱས་འབྱུང་བ་མ་ཡིན་ནོ། །སངས་རྒྱས་འབྱུང་བ་ནི་ལམ་སྐྱེ་བ་དང་མི་སྐྱེ་བས་རབ་ཏུ་ཕྱེ་བ་ཡང་མ་ཡིན་ནོ། །ཤེས་རབ་འབྱུང་བ་ནི་སངས་རྒྱས་འབྱུང་བ་མ་ཡིན་ནོ། །སངས་རྒྱས་འབྱུང་བ་ནི་ ― DKG058_Page_0471 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤེས་རབ་འབྱུང་བ་མེད་པས་རབ་ཏུ་ཕྱེ་བ་ཡང་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་སངས་རྒྱས་འབྱུང་བ་འདི་བསྟན་པ་ན་ཀླུ་གཞོན་ནུ་ལྔ་བརྒྱ་པོ་དེ་དག་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དད་པ་འབྱུང་བ་རྒྱལ་བ་འབྱུང་། །འབྱུང་བ་མེད་པས་རབ་ཏུ་ཕྱེ། །གང་དག་དད་པ་མེད་པ་ནི། །དེ་དག་སངས་རྒྱས་མི་འབྱུང་ངོ་། །དད་པ་དཀར་པོའི་ཆོས་རྣམས་ཀྱི། །སྔོན་དུ་འགྲོ་དང་སྐྱེད་པར་གསུངས། །དད་པ་ལས་ཀྱི་རྣམ་སྨིན་དང་། །ལས་དང་འགལ་བར་མི་འགྱུར་བའོ། །དད་ནི་འཕགས་པ་བསྟེན་པ་དང་། ། བསྟི་སྟང་བྱས་ཏེ་བསྙེན་བཀུར་བྱེད། །སེམས་ལ་གདུང་བ་མེད་པ་དང་། །དང་བ་སྐྱེད་པར་བྱེད་པའོ། །བསྟི་སྟང་བྱས་ཏེ་ཆོས་ཉན་ཅིང་། །སྒྲིབ་པ་རྣམ་པར་སེལ་བ་དང་། །བྱང་ཆུབ་ཡན་ལག་སྒོམ་པ་དང་། །ལམ་གྱི་རྗེས་འཐུན་དད་པའོ། །ཆོས་ཀྱིས་ལོངས་སྤྱོད་ཚོལ་བ་དང་། །སྦྱིན་པའི་རྗེས་སུ་བསྔགས་པ་དང་། །ཚུལ་ཁྲིམས་ལྡན་དང་ངང་ཚུལ་ངན། །དེ་ལ་དད་པ་ཡང་དག་འཇུག ། བྱང་ཆུབ་སེམས་ལས་མི་འགོང་ཞིང་། །གཤེ་དང་སྡང་བ་དང་བར་བྱེད། །སངས་རྒྱས་ཆོས་ལ་དད་པར་བྱེད། །དགེ་འདུན་ལ་ཡང་དད་པའོ། །ང་རྒྱལ་ལས་ཀྱང་ང་རྒྱལ་སྤོང་། །ཁྱི་དང་འདྲ་བར་ང་རྒྱལ་མེད། །ཡུལ་ལ་ཆགས་པ་མ་ཡིན་པ། །དེ་ནི་དད་པའི་མཚན་ཉིད་དོ། །དད་དང་ལྡན་པ་བདག་ཤེས་ཏེ། །སྡིག་པའི་ལས་ནི་མི་བྱེད་ཅིང་། །བདེན་པའི་ཚིག་ཏུ་སྨྲ་བྱེད་ལ། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །དད་ལྡན་ཆགས་ལས་རབ་ཏུ་འདས། །དད་ལྡན་ཡིད་ལ་རྙོག་པ་མེད། །དད་ལྡན་ལུས་དང་ངག་དང་ཡིད། །འཕགས་པ་རྣམས་དང་འཐུན་པར་འཇུག ། དད་པས་འཚོ་བ་ཡོངས་སྦྱོང་ཞིང་། །རྟག་ཏུ་ ― DKG058_Page_0472 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡེ་ཤེས་ཚོལ་བར་བྱེད། །ཤེས་རབ་ཕུང་པོའི་རྩ་བ་གང་། །ཐོས་པ་དེ་ཚོལ་དད་པའོ། །སྟོབས་རྣམས་དང་ནི་དབང་པོ་དང་། །ནོར་བདུན་ཡང་དག་འདུ་བ་དང་། །ལོག་པར་ལྟ་བ་རྣམ་སྤོང་ཞིང་། །ཡང་དག་ལྟ་བ་ཚོལ་བར་བྱེད། །བླ་མ་རྣམས་ཀྱིས་བསྟན་པ་ལ། །དད་དང་ལྡན་པ་འཐུན་པར་འཛིན། །གསོ་སླ་ཞིང་ནི་དགང་སླ་སྟེ། །སྡུག་བསྔལ་མེད་པས་ཚོལ་བར་བྱེད། །དམིགས་པ་མེད་པའི་སེམས་ཀྱིས་ནི། །བསྟི་སྟང་བྱས་ཏེ་ཆོས་འདྲི་ཞིང་། །འཁོར་བས་རྟག་ཏུ་སྐྱོ་བ་དང་། །མྱ་ངན་འདའ་བའི་ཡོན་ཏན་དགའ། །བསྟན་ལ་ཁྱིམ་ནས་མྱུར་འབྱུང་དང་། །ཚངས་པའི་སྤྱོད་ལ་མི་ཆགས་དང་། །ཐར་པའི་ཚོགས་ནི་གང་ཡིན་པ། །དེ་དག་དད་དང་ལྡན་པས་ཚོལ། །སེམས་ཅན་མང་པོ་རྗེས་སུ་འཛིན། །ཕན་པ་བྱས་ཤེས་དྲིན་མི་བགྲང་། །དད་དང་ལྡན་པ་བྱས་པ་ལ། །ཕྱིར་བྱ་བར་ནི་སྦྱོར་བ་མེད། །བདག་གིས་འཐོབ་པས་མི་སྙེམས་ཤིང་། །གཞན་གྱི་ཐོབ་ལ་ཕྲག་དོག་མེད། །བཟོད་དང་དེས་པ་ཕུན་སུམ་ཚོགས། །གཡོ་མེད་དྲང་ཞིང་མཉེན་པ་ཡིན། །དད་དང་ལྡན་ནི་མངོན་མཐོང་ཡང་། །གཞན་གྱི་ཉེས་པ་མི་གླེང་ཞིང་། །དབང་པོ་དང་ནི་ཡིད་ཞི་ལ། །དགོན་པར་གནས་ལ་འདུན་པ་ཡིན། །དབེན་པར་གཞོལ་བའི་སེམས་ཀྱིས་ནི། །ཡང་དག་དགའ་བར་འགྱུར་ལ་འདུན། །འཐབ་པ་དང་ནི་རྩོད་མེད་ཅིང་། །བདག་གི་ཉེས་པ་ཡང་དག་མཐོང་། །ཚུལ་ཁྲིམས་སྡོམ་པ་ཡོངས་སུ་ཚོལ། །ཏིང་ངེ་འཛིན་དང་ལམ་སྒོམ་ལ། །རྟག་ཏུ་བརྩོན་ཞིང་དད་ལྡན་པ། །དེ་ནི་དད་ལྡན་མཚན་ཉིད་དོ། །འཇིག་རྟེན་འདས་པ་ཇི་སྙེད་དང་། །དད་པ་དེ་ཡི་རྗེས་སུ་འགྲོ། །སངས་རྒྱས་གསུངས་པ་ཟབ་མོ་ཡི། །ཆོས་ནི་རྣམ་པར་འཇིག་མི་བྱེད། །དད་ལྡན་སྟོང་པར་ཡིད་ཆེས་ཏེ། །དེ་ལ་ལྟ་བ་ཡོད་མ་ཡིན། །ཆོས་ཀུན་མཚན་མ་མེད་པར་ནི། །ཐེ་ཙོམ་མེད་ཅིང་རྣམ་རྟོག་མེད། །སྨོན་ལམ་རྣམ་པར་སྤོང་བྱེད་ཅིང་། །འོང་བ་དང་ནི་འགྲོ་བ་རྟོགས། །ཆོས་རྣམས་ ― DKG058_Page_0473 ―
[མ་དཔེ་གཟིགས་ན་འདིར་གནོན།]
མངོན་པར་འདུ་མི་བྱེད། །ལུས་དང་སེམས་ནི་གཡེལ་མི་གཏོང་། །བདག་དང་སེམས་ཅན་རྡུལ་སེལ་ཅིང་། །འདོད་ཆགས་མེད་པའི་ཆོས་ལ་དད། །དད་པ་དེ་བཞིན་ཉིད་ལ་གནས། །ལམ་གྱི་འགྲོ་བ་ཁོང་དུ་ཆུད། །ཡང་དག་མཐའ་ནི་མཐའ་མིན་ཞིང་། །དེ་ནི་ནམ་མཁའི་མཐའ་འདྲ་བར། །ཆོས་རྣམས་ཀུན་ལ་ཡིད་ཆེས་ཏེ། །ཡེ་ཤེས་དབྱིངས་ལ་མཉམ་པར་གཞག ། ཆོས་ཀུན་ཟག་པ་ཡོད་མིན་ཞིང་། །དུས་གསུམ་ལས་ནི་ཤིན་ཏུ་འདས། །སྲིད་དང་ལས་དང་མ་རིག་དང་། ། ལྟ་བ་དད་ལྡན་མི་འཛིན་ཏོ། །ཆོས་རྣམས་ཐམས་ཅད་འོད་གསལ་ཞིང་། །ཉོན་མོངས་ཅན་མིན་རང་བཞིན་དག ། ཤེས་ནས་ཉོན་མོངས་གློ་བུར་གྱིས། །སེམས་ནི་འབྱུང་བར་བྱེད་མ་ཡིན། །ཆོས་རྣམས་ཐམས་ཅད་ལྟོས་མེད་ཅིང་། །དེ་དག་ལ་ནི་རྒྱུ་བ་མེད། །བཏང་སྙོམས་གྱུར་ཅིང་གཡོ་བ་མེད། །དེ་ནི་ཉེས་པ་མི་འཛིན་ཏོ། །བླང་བ་མེད་ཅིང་དོར་བ་མེད། །གཟུང་བ་མེད་ཅིང་གྲོལ་བ་མེད། །བཅངས་པས་བྱིས་པ་བྲིད་འདྲ་བས། །ཆོས་རྣམས་གསོག་ཏུ་ཡིད་ཀྱང་ཆེས། །གསོབ་དང་གདེག་པ་མེད་པ་དང་། །སྙིང་པོ་མེད་དེ་ཆུ་ཤིང་འདྲ། །རང་བཞིན་གྱིས་ནི་སླུ་བ་སྟེ། །གནས་མེད་ཅིང་ནི་དངོས་པོ་མེད། །ཆོས་ཀུན་ཅི་ཡང་མེད་པ་སྟེ། །དོན་ནི་ཅུང་ཟད་མེད་པར་ཤེས། །ཆོས་རྣམས་ནམ་མཁའ་མཚུངས་པ་དང་། །འདྲ་བར་གྱུར་པས་འདུས་མ་བྱས། །ཆོས་རྣམས་མྱ་ངན་འདས་འདྲ་ཞིང་། །རང་བཞིན་གྱིས་ནི་ཞི་བར་དད། །དད་པར་དེ་ལའང་དད་བྱེད་དེ། །ནམ་མཁར་འཕངས་པའི་རྡོ་བ་བཞིན། །བྱང་ཆུབ་སེམས་དཔའ་གང་ཞིག་ལ། །དད་པ་འདི་འདྲ་འདི་ཡོད་པ། །དེ་ལ་སངས་རྒྱས་རྣམས་འབྱུང་སྟེ། །བསྙེན་བཀུར་བྱ་བའང་དེ་བཞིན་ནོ། །གཟུགས་འབྱུང་བ་ནི་སངས་རྒྱས་དག ། འབྱུང་བར་བསྟན་པ་མ་ཡིན་ནོ། །འགོག་པས་མ་ཡིན་ལྡང་བས་མིན། །འགྲོ་བས་མ་ཡིན་འོང་བས་མིན། །གཟུགས་ཀྱི་སྐྱེ་མེད་གང་ཡིན་དང་། །འགོག་པ་མིན་དང་གནས་མིན་དང་། །འོང་བ་མེད་ཅིང་འགྲོ་ ― DKG058_Page_0474 ―
[མ་དཔེ་གཟིགས་ན་འདིར་གནོན།]
མེད་པ། །འདི་ནི་སངས་རྒྱས་འབྱུང་བར་འདོད། །བྱང་ཆུབ་སེམས་དཔའ་ཤེས་ལྡན་ལ། །དེ་བཞིན་ཕུང་པོ་ལྔ་རྣམས་ཀྱི། །སྐྱེ་བ་མེད་པས་རབ་ཕྱེ་བ། །སངས་རྒྱས་འབྱུང་ཞེས་ངས་བསྟན་ཏོ། །གནས་མེད་པ་ལ་གནས་བཅས་ནས། །ཁམས་དང་སྐྱེ་མཆེད་ཕུང་པོ་ཡི། །སྐྱེ་བ་མེད་པས་རབ་ཕྱེ་བ། །སངས་རྒྱས་འབྱུང་བར་དེ་བསྟན་ཏོ། །རིག་པ་སྐྱེ་བར་གྱུར་ན་ནི། །དེ་ལྟར་འཁོར་བ་འབྲི་འགྱུར་ཏེ། །རྐྱེན་འདི་རབ་ཏུ་བསྟན་པས་ན། །དེས་ནི་སངས་རྒྱས་རབ་ཏུ་ཕྱེ། །མི་སྐྱེ་བ་དང་སྐྱེ་བ་དང་། །འགོག་པ་མེད་ལ་གང་གནས་པ། །དངོས་པོའི་འདུ་ཤེས་ཅན་དེས་ནི། །ང་ལ་བསྙེན་བཀུར་བྱེད་མི་ནུས། །དྲན་པ་འབྱུང་བ་འདི་ཡིས་ནི། །སངས་རྒྱས་འབྱུང་བར་བསྟན་མ་ཡིན། །དྲན་མེད་ཡིད་ལ་བྱེད་མེད་པ། །དེ་ནི་སངས་རྒྱས་ཡིན་པར་བསྟན། །བྱང་ཆུབ་ཕྱོགས་ཀྱི་ཆོས་ཉིད་ཀྱི། །ཕྱོགས་རྣམས་ཀུན་ཀྱང་དེ་བཞིན་ཏེ། །དེ་ཡི་སྐྱེ་མེད་གང་ཡིན་པ། །དེ་ནི་སངས་རྒྱས་འབྱུང་བར་འདོད། །ང་ཡི་སངས་རྒྱས་འབྱུང་འདི་འདྲ། །འདི་ནི་གང་དག་རྟོགས་གྱུར་པ། །དེ་དག་ང་ཡི་བསྟན་ལ་དད། །དེ་དག་ལ་ནི་ཆགས་པ་མེད། །བཞིན་བཟངས་དག་དེ་ལ་བྱང་ཆུབ་སེམས་དཔའི་ཆོས་ཀྱི་འཁོར་ལོ་བསྐོར་བ་གང་ཞེ་ན། བཞིན་བཟངས་དག་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་ནི་གང་འདི་ལྟ་བུའི་ཆོས་འདི་ཁོང་དུ་ཆུད་པ་དང་། དགའ་བ་དང་། མོས་པ་དང་། དད་པ་དང་། འཛིན་པ་དང་། ཀུན་འཛིན་པ་དང་། ལེན་པ་དང་། དྲན་པ་མ་བརྗེད་པ་དང་། ཚུལ་བཞིན་ཡོངས་སུ་རྟོག་པ་དང་། སྙིང་རྗེ་ཆེན་པོ་མི་ཉམས་པ་དང་། ཐམས་ཅད་མཁྱེན་པའི་སེམས་ཀྱིས་གཞན་དག་ལ་འཆད་པ་དང་། སྟོན་པ་དང་། ཡང་དག་པར་རབ་ཏུ་སྟོན་པ་དང་། སྐྱོ་བ་ལ་མི་བརྗེད་པ་དང་། འཐོབ་པ་དང་། བཀུར་སྟི་ལ་མ་ཆགས་པ་དང་། དུས་དུས་སུ་སྐུལ་བ་དང་། དྲན་པར་བྱེད་པ་དང་། ཡོངས་སུ་འཛིན་པ་དང་། རྗེས་སུ་འཛིན་པ་འདི་ནི་ཆོས་ཀྱི་འཁོར་ ― DKG058_Page_0475 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལོ་བསྐོར་བ་ཞེས་བྱའོ། །བཞིན་བཟངས་དག་གཞན་ཡང་ཇི་ལྟར་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཆོས་ཀྱི་འཁོར་ལོ་དེའི་རྣམ་པ་ལ་འཇུག་པ་ཅུང་ཟད་ཙམ་ཞིག་བཤད་པར་བྱའོ། །དེ་བཞིན་གཤེགས་པས་ཆོས་སྐྱེ་བ་དང་། ཆོས་མ་ཡིན་པ་སྐྱེ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་མ་བསྐོར་ཏོ། །ཆོས་གཞིག་པ་དང་། ཆོས་མ་ཡིན་པ་གཞིག་པའི་ཕྱིར་ཆོས་ཀྱི་འཁོར་ལོ་མ་བསྐོར་ཏོ། །དེ་བཞིན་གཤེགས་པས་སོ་སོའི་སྐྱེ་བོའི་ཆོས་ནི་དམན་པ་དང་། འཕགས་པའི་ཆོས་ནི་རྒྱ་ཆེ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་མ་བསྐོར་གྱི། བཞིན་བཟངས་དག་དེ་བཞིན་གཤེགས་པས་སོ་སོའི་སྐྱེ་བོའི་ཆོས་དང་། འཕགས་པའི་ཆོས་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །ཆོས་ཀྱི་འཁོར་ལོ་དེ་ནི་ཡང་དག་པར་ཡོངས་སུ་མ་ཆད་པར་བསྐོར་བས་དེའི་ཕྱིར་དེ་མ་ཆད་པའི་འཁོར་ལོའོ། །ཆོས་ཀྱི་འཁོར་ལོ་དེ་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་འཐུན་པར་བསྐོར་བས་དེའི་ཕྱིར་དེ་ནི་མི་སྐྱེ་བའི་འཁོར་ལོའོ། །འཁོར་ལོ་དེ་གཉིས་ཀྱིས་མི་སྐོར་ཏེ། མིག་དང་གཟུགས་ཀྱིས་བསྐོར་བས་མི་སྐོར་བ་ནས་ཡིད་དང་ཆོས་ཀྱི་བར་གྱིས་བསྐོར་བས་མི་སྐོར་བའི་བར་དུ་སྟེ། དེའི་ཕྱིར་དེ་མི་གཉིས་པའི་འཁོར་ལོའོ། །འཁོར་ལོ་དེ་འདས་པའི་ཆོས་ལ་དམིགས་པའི་རྣམ་པས་མི་སྐོར། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་ལ་དམིགས་པའི་རྣམ་པས་མི་སྐོར་ཏེ། དེའི་ཕྱིར་དེ་མི་དམིགས་པའི་འཁོར་ལོའོ། །འཁོར་ལོ་དེ་བདག་ཏུ་ལྟ་བ་ཀུན་ནས་ལྡང་བས་མི་སྐོར། སེམས་ཅན་དང་། སྲོག་དང་། གསོ་བ་དང་། གང་ཟག་ཏུ་ལྟ་བ་ཀུན་ནས་ལྡང་བས་མི་སྐོར་ཏེ། དེའི་ཕྱིར་དེ་སྟོང་པ་ཉིད་ཀྱི་འཁོར་ལོའོ། །འཁོར་ལོ་དེ་མཚན་མ་ལ་དམིགས་པའི་འདུ་ཤེས་དང་། སྤྲོས་པ་ཡིད་ལ་བྱེད་པས་མི་སྐོར་ཏེ། དེའི་ཕྱིར་དེ་མཚན་མ་མེད་པའི་འཁོར་ལོའོ། །འཁོར་ལོ་དེ་འདོད་པའི་ཁམས་ཐོབ་པར་བྱ་བའི་ཕྱིར་མི་སྐོར། གཟུགས་དང་གཟུགས་མེད་པའི་ཁམས་ཐོབ་པར་བྱ་བའི་ཕྱིར་མི་སྐོར་ཏེ། ― DKG058_Page_0476 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེའི་ཕྱིར་དེ་སྨོན་པ་མེད་པའི་འཁོར་ལོའོ། །འཁོར་ལོ་དེ་འདི་དག་ནི་སོ་སོའི་སྐྱེ་བོའི་ཆོས། འདི་དག་ནི་སློབ་པའི་ཆོས། འདི་དག་ནི་མི་སློབ་པའི་ཆོས། རྣམ་པ་འདི་ལྟ་བུ་འདི་དག་ནི་སངས་རྒྱས་ཀྱི་ཆོས་སོ་ཞེས་ཆོས་ཐ་དད་པའི་ཕྱིར་མི་སྐོར་ཏེ། དེའི་ཕྱིར་ཐ་དད་པ་མེད་པའི་འཁོར་ལོའོ། །འཁོར་ལོ་དེ་ཆོས་ཀྱི་བརྡ་ལ་མི་འཇུག་སྟེ། དེའི་ཕྱིར་དེ་གནས་པ་མེད་པའི་འཁོར་ལོའོ། །བཞིན་བཟངས་དག་ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་དོན་དམ་པའི་འཁོར་ལོ་སྟེ། བདེན་པ་མི་ཕྱེད་པའི་རྣམ་པས་བསྐོར་བའོ། །དུས་གསུམ་མཉམ་པས་ཇི་ལྟ་བ་བཞིན་གྱི་འཁོར་ལོའོ། །དངོས་པོར་ལྟ་བ་ལས་རབ་ཏུ་འདས་པའི་ཕྱིར་དངོས་པོ་མེད་པའི་འཁོར་ལོའོ། །ལུས་དང་སེམས་མ་འདྲེས་ཤིང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བས་དབེན་པའི་འཁོར་ལོའོ། །འགྲོ་བ་ལྔ་དང་ཕྲད་པ་མ་ཡིན་པས་ཀུན་གཞི་མེད་པའི་འཁོར་ལོའོ། །འབྱུང་བ་ཆེན་པོ་ངོ་བོ་ཉིད་ཀྱིས་དངོས་པོ་མེད་པས་ཡང་དག་པའི་འཁོར་ལོའོ། །ཡང་དག་པར་སྦྱོར་ཞིང་སླུ་བ་མ་ཡིན་པས་མཉམ་པའི་འཁོར་ལོའོ། །ཡི་གེ་མི་ཟད་པས་མི་ཟད་པའི་འཁོར་ལོའོ། །ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བས། ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའོ། །སྔོན་གྱི་མཐའ་མ་ཡིན་པར་སྐོར་བས་ཡང་དག་པའི་མཐའི་འཁོར་ལོའོ། །ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མེད་པས་དེ་བཞིན་ཉིད་ཀྱི་འཁོར་ལོའོ། །རང་གི་ཡིད་ལ་བྱེད་པ་རྒྱུན་བཅད་པས་མངོན་པར་འདུ་མི་བྱེད་པའི་འཁོར་ལོའོ། །འཕགས་པའི་སྤྱོད་ཡུལ་ཐོབ་པར་བྱེད་པའི་ཕྱིར་འདུས་མ་བྱས་པའི་འཁོར་ལོའོ། །ནང་ཀུན་ཏུ་སྟོན་པས་སྟོང་པ་ཉིད་ཀྱི་འཁོར་ལོའོ། །ཕྱི་རོལ་ལ་མི་འཇུག་པས་མཚན་མ་མེད་པའི་འཁོར་ལོའོ། །ཕྱི་ནང་གི་དང་མ་འདྲེས་པས་སྨོན་པ་མེད་པའི་འཁོར་ལོའོ། །བརྗོད་པ་མེད་པའི་ཚུལ་གྱིས་བརྗོད་དུ་མེད་པའི་འཁོར་ལོའོ། །བཞིན་བཟངས་དག་ཆོས་ཀྱི་འཁོར་ལོ་དེ་དེ་བཞིན་གཤེགས་པས་སེམས་ཅན་གྱི་དབང་པོ་ལ་བསྐོར་ཀྱང་རུང་། མ་བསྐོར་ཀྱང་རུང་བརྗོད་དུ་མེད་ ― DKG058_Page_0477 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་ཆོས་ཉིད་འདི་མི་འདོར་ཏེ། བཞིན་བཟངས་དག་འདི་ནི་བྱང་ཆུབ་སེམས་དཔའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་བསྟན་པའི་ཚེ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་གིས་ཅ་ཅོ་དང་ག་ཞའི་སྒྲ་ཕྱུང་སྟེ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པས་འདི་འདྲ་བའི་ཆོས་ཀྱི་འཁོར་ལོ་འདི་བསྐོར་ཅིང་ཕ་རོལ་ཤེས་པར་མཛད་པ་ནི་མཛད་དཀའ་བ་མཛད་པའོ། །བཅོམ་ལྡན་འདས་ནམ་མཁའི་འཁོར་ལོ་བསྐོར་བ་དེ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །གང་དག་གིས་འཚལ་བ་དེ་དག་གིས་ཀྱང་དེ་དང་མཉམ་པ་ཉིད་དུ་འཚལ་བ་དང་། བཅོམ་ལྡན་འདས་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་ངོ་། །གང་དག་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ཐོས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དེ་དག་ཀྱང་ཆོས་ཀྱི་འཁོར་ལོ་འདི་ལྟ་བུ་བསྐོར་བར་འགྱུར་རོ། །དེ་ལྟར་བསྟན་པ་འདི་ཐོས་ནས་འཁོར་དེ་ལས་སྲོག་ཆགས་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བཞིན་བཟངས་དག་དེ་ལ་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཡོངས་སུ་འཛིན་པ་གང་ཞེ་ན། བཞིན་བཟངས་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་སྟེ། ཆོས་ཐམས་ཅད་ཡང་དག་པར་སྡུད་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ། །བཞིན་བཟངས་དག་གཞན་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་གང་དེ་བཞིན་གཤེགས་པས་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དེ་དག་སྡུད་པ་དེ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ། །བཞིན་བཟངས་དག་ཇི་ལྟར་དེ་བཞིན་གཤེགས་པས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་བཞིན་ ― DKG058_Page_0478 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཉིད་ཇི་ལྟ་བ་དང་། དེ་བཞིན་ཉིད་གང་ཡིན་པ་དེ་ལ་ཆོས་ཐམས་ཅད་ཀྱི་སྐྱེ་བ་མེད། འགག་པ་མེད་དོ། །གང་མི་སྐྱེ་མི་འགག་པ་དེ་ལ་འཛིན་པ་མེད། འཐབ་པ་མེད། རྩོད་པ་མེད། བསྟན་པ་མེད། ཤིན་ཏུ་བརྗོད་པ་མེད་དོ། །གང་བརྗོད་དུ་མེད་པ་དེ་ལ་དམ་པའི་ཆོས་བསྡུ་བ་གང་ཡང་མེད་དོ། །དེའི་ཕྱིར་བསྡུ་བ་མེད། ཡོངས་སུ་འཛིན་པ་མེད་པ་ནི་དམ་པའི་ཆོས་ཞེས་བྱའོ། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པའི་བུ་མྱ་ངན་མེད་པ་ཞེས་བྱ་བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་སྤོབས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མྱ་ངན་མེད་པ་ཁྱོད་སྤོབས་པར་གྱིས་ཤིག ། གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོ་ན་རིན་པོ་ཆེ་བདག་གི་མ་མཆིས་པ། ཡོངས་སུ་འཛིན་པ་མ་མཆིས་པ། ཡོངས་སུ་གཟུང་བ་མ་མཆིས་པ་གང་དག་མཆིས་པ་དེ་དག་བསྲུང་བར་བགྱི་བ་མ་ལགས་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་དེད་དཔོན་དང་། དེད་དཔོན་ཆེན་པོ་གང་དག་ལུས་དང་སྲོག་ལ་མི་ལྟ་བར་རིན་པོ་ཆེ་ཆེན་པོ་དེ་དག་འཚལ་བའི་སླད་དུ་རྒྱ་མཚོ་ཆེན་པོར་ཞུགས་པ་དེ་དག་འཛམ་བུའི་གླིང་དུ་མ་ཕྱིན་པར་བར་མ་དོར་རྒྱ་མཚོའི་ནང་དུ་འཁྱམས་པར་མི་འགྱུར་བར་ཤིན་ཏུ་བསྲུང་བ་བགྱིས་ཏེ། དེ་དག་རྒྱ་མཚོར་ཞུགས་ཤིང་འོང་བ་དང་འགྲོ་བའི་ཚེ་བསྲུང་བ་ཆེན་པོ་བགྱིས་ནས། དེ་ལྟར་རིན་པོ་ཆེ་དེ་དག་འཛམ་བུའི་གླིང་དུ་ཕྱིན་པ་དང་། སྐྱེ་བོ་མང་པོ་འཚོ་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་དེ་བཞིན་གཤེགས་པས་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ཤིན་ཏུ་མངོན་པར་གྲུབ་པ་མ་མཆིས་ཏེ། དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་གང་གིས་ཀྱང་ཡོངས་སུ་གཟུང་བར་མི་ནུས་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འདི་འདྲ་བའི་ཆོས་དཀོན་མཆོག་དེ་བཞིན་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་མངོན་པར་རྫོགས་ ― DKG058_Page_0479 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་བྱང་ཆུབ་པར་བགྱི་བའི་སླད་དུ་གོ་ཆ་འཚལ་བ་དེ་དག་ཤིན་ཏུ་ཡོངས་སུ་བསྲུང་བར་བགྱིས་ཏེ། སྐྱེས་བུ་དམ་པ་དེ་དག་ཤིན་ཏུ་ཡོངས་སུ་བཟུང་ན་ཐེག་པ་ཆེན་པོ་འདིར་ངེས་པར་འབྱུང་བར་འགྱུར་རོ། །དེ་དག་བྱུང་བར་གྱུར་ན་ཆོས་ཀྱི་འཁོར་ལོ་སྐོར་བར་འགྱུར་ཏེ། དམ་པའི་ཆོས་ཡོངས་སུ་འབར་བར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟ་བས་ན་གང་འདི་ཆོས་སྨྲ་བ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཡོངས་སུ་འཛིན་པ་དང་། སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་དང་། རིམ་གྲོ་བགྱིད་པ་དང་། བླ་མའི་ཡོངས་སུ་སྤྱད་པ་བགྱིད་པ་དེ་ནི་དམ་པའི་ཆོས་ཡང་དག་ཕུལ་ཡོངས་སུ་འཛིན་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་མ་དྲོས་པའི་བུ་མྱ་ངན་མེད་པ་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། མྱ་ངན་མེད་པ་ལེགས་སོ་ལེགས་སོ། །གང་འདི་ཆོས་སྨྲ་བ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཡོངས་སུ་འཛིན་པ་དང་། ཀུན་ཏུ་སྲུང་བ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཡིན་ནོ། །ཆོས་སྨྲ་བ་ཡོངས་སུ་བཟུང་བས་དམ་པའི་ཆོས་ཡོངས་སུ་བཟུང་བ་ཡིན་མོད་ཀྱི། འོན་ཀྱང་མྱ་ངན་མེད་པ་དམ་པའི་ཆོས་ཡོངས་སུ་འཛིན་པ་བཅུ་སྟེ། བཅུ་གང་ཞེ་ན། ཁེངས་པ་མེད་པ་དང་། ལྷག་པའི་ང་རྒྱལ་མེད་པ་དང་། གཡོ་བ་མེད་པ་དང་། ཆོས་དོན་དུ་གཉེར་བ་དང་། ཆོས་འདོད་པ་དང་། ཆོས་ཡོངས་སུ་ཚོལ་བ་དང་། ཆོས་ལ་སོ་སོར་རྟོག་པ་དང་། ཆོས་སྟོན་པ་དང་། ཆོས་ལ་ནན་ཏན་བྱེད་པ་དང་། ཆོས་སྒྲུབ་པར་གནས་ཤིང་མོས་ལ་རྣམ་པར་གྲོལ་བ་སྟེ། བཅུ་པོ་དེ་དག་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །གཞན་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པ་བཅུ་སྟེ། བཅུ་གང་ཞེ་ན། མྱ་ངན་མེད་པ་འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ཆོས་སྨྲ་བ་ཞིག་ཡོད་པར་ཐོས་ན་ཕྱོགས་དེར་ཕྱག་འཚལ་བ་དང་། མཐོང་བར་དགའ་བ་དང་། འོངས་ནས་མགུ་བར་བྱེད་པ་དང་། སྟན་འདིང་ཞིང་གོས་དང་ཟས་སྦྱོར་བ་དང་། ཀུན་ཏུ་སྲུང་བར་བྱེད་ ― DKG058_Page_0480 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་དང་། བསྟི་སྟང་བྱས་ཏེ་བསྙེན་བཀུར་བྱེད་པ་དང་། དེས་བཤད་པ་ཉན་པ་དང་། ཇི་ལྟར་ཐོས་པ་ལྟར་གཞན་དག་ལ་ཡང་སྟོན་པ་དང་། དེའི་མི་སྙན་པ་འགོག་པ་དང་། དེའི་བསྔགས་པ་བརྗོད་པ་སྟེ། མྱ་ངན་མེད་པ་བཅུ་པོ་དེ་དག་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །མྱ་ངན་མེད་པ་གཞན་ཡང་སྦྱིན་པ་བཞི་པོ་འདི་དག་ནི། དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བ་སྟེ། བཞི་གང་ཞེ་ན། གྲོ་ག་དང་། སྣག་ཚ་དང་། སྨྱུག་གུ་དང་། གླེགས་བམ་སྦྱིན་པ་དང་། ཆོས་སྨྲ་བ་རྣམས་ལ་གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་སྦྱིན་པ་དང་། ཆོས་ཐོས་ནས་ཆོས་སྨྲ་བ་རྣམས་ལ་གཡོ་མེད་པར་ལེགས་སོ་ཞེས་བྱ་བ་སྦྱིན་པ་དང་། ཆོས་སྦྱིན་པ་ནི་བཞི་པ་སྟེ། སྦྱིན་པ་བཞི་པོ་དེ་དག་ནི་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བའོ། །མྱ་ངན་མེད་པ་བརྩོན་འགྲུས་བཞི་པོ་འདི་དག་ནི་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བ་སྟེ། བཞི་གང་ཞེ་ན། ཆོས་སྟོན་པའི་བརྩོན་འགྲུས་དང་། ཆོས་ཀུན་ཏུ་ཚོལ་བའི་བརྩོན་འགྲུས་དང་། ཆོས་སྨྲ་བ་ལ་བསྙེན་བཀུར་བྱ་བའི་བརྩོན་འགྲུས་དང་། དམ་པའི་ཆོས་སྤོང་བའི་སེམས་ཅན་རྣམས་ཆོས་དང་འཐུན་པས་ཚར་གཅད་པའི་བརྩོན་འགྲུས་ཏེ། མྱ་ངན་མེད་པ་བརྩོན་འགྲུས་བཞི་པོ་དེ་དག་ནི་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞུས་པ་ལུང་བསྟན་པས་ཀླུ་གཞོན་ནུ་ལྔ་བརྒྱ་པོ་དེ་དག་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། བཅོམ་ལྡན་འདས་ལ་བསྙེན་བཀུར་བྱ་བ་དང་། ཀུན་ཏུ་སྤྱད་པའི་ཕྱིར་གཉེན་དང་འཁོར་དུ་བཅས་པ་དང་། རང་རང་གི་ལུས་ཕུལ་ནས་འདི་སྐད་ཅེས་གསོལ་ཏོ། །དེང་སླན་ཆད་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་བདག་ཅག་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་ན་རྟག་པར་རྒྱུན་དུ་མཆིས་ལ་འདི་ལྟ་བུའི་དམ་པའི་ཆོས་ཀུན་ཏུ་བསྲུང་ཞིང་སྦ་བའི་སླད་དུ་སྤྲོ་བར་བགྱིའོ། །བཅོམ་ལྡན་འདས་བདག་ཅག་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་སྐུ་མ་གྱེས་ཤིང་གཅིག་ཏུ་མཁྲེགས་པ་ ― DKG058_Page_0481 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་མཆོད་པ་བགྱིད་པ་དང་། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བགྱི་བར་འཚལ་ལོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཀླུ་གཞོན་ནུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་ཆེར་ཐུགས་རྗེ་ཆེ་བས་རིང་བསྲེལ་ཡུངས་འབྲུ་ཙམ་བྱིན་གྱིས་བརླབ་པ་མཛད་ན། རིགས་ཀྱི་བུ་དག་ཁྱེད་དེ་བཞིན་གཤེགས་པའི་སྐུ་མ་གྱེས་ཤིང་གཅིག་ཏུ་མཁྲེགས་པ་ལ་མཆོད་པ་བྱའོ། །ཞེས་དེ་སྐད་ཅེས་ཟེར་བ་ནི་སྐྱེ་བོ་ཕལ་པོ་ཆེའི་དགེ་བའི་ཆོས་ཀྱི་བར་ཆད་བྱེད་པར་འདོད་པ་ཡིན་ནོ། །དེ་ནས་ཀླུ་གཞོན་ནུ་ལྔ་བརྒྱ་པོ་དེ་དག་གིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་འོད་སྲུང་ཁྱོད་དེ་སྐད་མ་གསུང་ཤིག ། རང་གི་ཤེས་རབ་དང་། དེ་བཞིན་གཤེགས་པའི་ཤེས་རབ་དང་། ཡེ་ཤེས་མཚུངས་པ་མཉམ་དུ་མ་བསྒྲུན་ཅིག ། དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་སྟེ། བྱིན་གྱི་རླབས་དང་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཡེ་ཤེས་ཀྱི་སྟོབས་ཅན་ཏེ། དེ་བཞེད་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་དང་། ཀླུ་དང་། གནོད་སྦྱིན་གྱི་གནས་ཐམས་ཅད་དུ་མ་གྱེས་ཤིང་གཅིག་ཏུ་མཁྲེགས་པའི་སྐུ་བྱིན་གྱིས་རློབ་སྟེ། དེ་དག་ཐམས་ཅད་ཀྱིས་ཀྱང་གཞན་ནི་མ་ཡིན་གྱི། དེ་བཞིན་གཤེགས་པ་ལ་བདག་ཅག་མཆོད་པ་བྱེད་པར་ཤེས་སོ། །བཙུན་པ་འོད་སྲུང་ཆེན་པོ་ཡང་གང་གི་ཚེ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བ་དེའི་ཚེ་སེམས་ཅན་ཐམས་ཅད་ཀྱི་སེམས་མོས་པས་སྐུ་གདུང་བྱིན་གྱིས་རླབ་བོ། །བཙུན་པ་འོད་སྲུང་ཆེན་པོ་གལ་ཏེ་དེ་བཞིན་གཤེགས་པ་འོག་མིན་གྱི་གནས་སུ་ཡུངས་འབྲུ་ཙམ་གྱི་སྐུ་གདུང་གཅིག་བྱིན་གྱིས་བརླབས་ནས། དེས་འཛམ་བུའི་གླིང་ཐམས་ཅད་དུ་ཁྱབ་པར་སྣང་བ་དེ་ཡང་སངས་རྒྱས་ཀྱི་རྣམ་པར་སྤྲུལ་བའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཀླུའི་རྒྱལ་པོའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་ཡོངས་སུ་ ― DKG058_Page_0482 ―
[མ་དཔེ་གཟིགས་ན་འདིར་གནོན།]
མྱ་ངན་ལས་འདའ་འམ། སྨྲས་པ། བཙུན་པ་རབ་འབྱོར་གང་དག་སྐྱེས་པ་དེ་དག་ཡོངས་སུ་མྱ་ངན་ལས་འདའོ། །སྨྲས་པ། རིགས་ཀྱི་བུ་དག་ཁྱོད་དེ་བཞིན་གཤེགས་པ་སྐྱེས་སོ་སྙམའམ། སྨྲས་པ། དེ་བཞིན་ཉིད་ཇི་ལྟར་བྱུང་བ་དེ་ལྟར་སྐྱེས་སོ། །སྨྲས་པ། གལ་ཏེ་དེ་བཞིན་ཉིད་ཇི་ལྟར་སྐྱེ་བ་དེ་ལྟར་སྐྱེས་ན་དེ་ལ་ནི་ཆོས་གང་གི་སྐྱེ་བ་ཡང་མེད་དོ། །སྨྲས་པ། བཙུན་པ་རབ་འབྱོར་གང་དེ་བཞིན་ཉིད་སྐྱེ་བ་དེ་སངས་རྒྱས་སྐྱེ་བའོ། །སྨྲས་པ། གང་སངས་རྒྱས་སྐྱེ་བ་འདི་འདྲ་ན་ཡོངས་སུ་མྱ་ངན་ལས་འདའ་བ་ཅི་འདྲ། སྨྲས་པ། བཙུན་པ་རབ་འབྱོར་ཇི་ལྟར་སྐྱེ་བ་མེད་པ་དེ་ལྟར་འགག་པ་མེད་དོ། །དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་ལྟར་ཡོངས་སུ་མྱ་ངན་ལས་འདའོ། །བཅོམ་ལྡན་འདས་ཀྱིས་གཏམ་འདི་བཀའ་སྩལ་ཅིང་བཤད་པའི་ཚེ་མཚོ་ཆེན་པོ་མ་དྲོས་པ་རིན་པོ་ཆེའི་པད་མ་ཚད་ཤིང་རྟའི་འཁོར་ལོ་ཙམ་དྲི་རབ་ཏུ་ཞིམ་པ་འདབ་མ་བརྒྱ་སྟོང་དུ་མ་དང་ལྡན་པ་རིན་པོ་ཆེའི་དྲ་བས་གཡོགས་པས་གང་བར་གྱུར་ཏོ། །དེ་དག་གི་ནང་ནས་རིན་པོ་ཆེའི་པད་མ་གཅིག་ཤིན་ཏུ་མཛེས་ཤིང་བལྟ་ན་རབ་ཏུ་སྡུག་ལ་མཆོག་ཏུ་འབར་བར་གྱུར་ཏོ། །ཚེ་དང་ལྡན་པ་ཀུན་དགའ་བོས་པད་མ་བཀོད་པ་དེ་དག་མཐོང་ངོ་། །མཐོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་སུའི་ལྟས་སྔོན་དུ་བྱུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཅུང་ཞིག་སྡོད་ཅིག་དང་མཐོང་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས་རིང་པོར་མ་ལོན་པར་འོག་གི་འཇིག་རྟེན་གྱི་ཁམས་བཅོམ་ལྡན་འདས་རིན་ཆེན་ཏོག་གི་སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་བཀོད་པའི་འཇིག་རྟེན་གྱི་ཁམས་ནས་བྱང་ཆུབ་སེམས་དཔའ་དྲུག་ཁྲི་བྱུང་སྟེ། དེ་དག་རིན་པོ་ཆེའི་པད་མ་དེ་དག་ལ་སྐྱིལ་མོ་ཀྲུང་བཅས་ནས་འཁོད་པར་ཀུན་དུ་སྣང་ངོ་། །པད་མ་དེ་ལ་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་འདུག་པར་ཀུན་དུ་སྣང་ངོ་། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ནས་ ― DKG058_Page_0483 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ལ་ཕྱག་འཚལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་བར་སྣང་ལ་འཕགས་པ་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ལྷ་རྣམས་དེའི་སྟེང་ན་རིན་པོ་ཆེའི་གདུགས་འཛིན་ཅིང་ཕྱག་འཚལ་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དང་ལྷན་ཅིག་ལྷགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ཤིང་ཏ་ལ་བདུན་ཙམ་དུ་ནམ་མཁའ་ལ་འཕགས་ནས་བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་སྔོན་མ་མཐོང་མ་ཐོས་པའི་མེ་ཏོག་གི་ཆར་ནམ་མཁའི་ངོས་ལས་རབ་ཏུ་ཕབ་པོ། །མེ་ཏོག་དེ་དག་ལས་འདི་ལྟ་བུའི་སྒྲ་བྱུང་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་ཏོག་བཅོམ་ལྡན་འདས་དེ་བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོ་བ་དང་། སྟོབས་དང་། བདེ་བ་ལ་རེག་པར་གནས་སམ་ཞེས་སྙུན་གསོལ་ཏོ་ཞེས་དེ་སྐད་གསུང་ངོ་། །འཇམ་དཔལ་གཞོན་ནུར་གྱུར་པ་འདི་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་དང་ལྷན་ཅིག་ཏུ་ཀླུའི་རྒྱལ་པོ་མ་དྲོས་པའི་རྣམ་པར་དག་པའི་ལམ་གྱི་ཆོས་ཀྱི་སྒོའི་ལེའུ་ཉན་དུ་མཆིས་པ་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་བཀའ་མཆིད་ཀྱིས་ཡང་དག་པར་དགའ་བར་མཛོད་ཅིག་ཅེས་སྒྲ་ཕྱུང་ངོ་། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་བར་སྣང་དེ་ལས་བབས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། རིན་པོ་ཆེའི་པད་མ་དེ་དག་ལ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་ཅི་སེམས་ན་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་འདིར་འོངས། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ན་ཆོས་སྟོན་པ་བདག་ཅག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་གི་སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་བཀོད་པའི་འཇིག་རྟེན་གྱི་ཁམས་ན་མཆིས་པས་ཐོས་ནས་ ― DKG058_Page_0484 ―
[མ་དཔེ་གཟིགས་ན་འདིར་གནོན།]
བདག་ཅག་བཅོམ་ལྡན་འདས་ལ་བལྟ་བ་དང་། ཆོས་ཀྱི་རྣམ་གྲངས་འདི་ཉན་པར་འཚལ་བའི་སླད་དུ་འདིར་མཆིས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་གི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་བཀོད་པ་དེ་འདི་ནས་ཐག་ཇི་སྲིད་མཆིས་ན། སྐྱེས་བུ་དམ་པ་འདི་དག་འདི་ལྟར་མྱུར་བར་འདིར་མཆིས། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ། གལ་ཏེ་རྫུ་འཕྲུལ་གྱི་སྟོབས་ཕུན་སུམ་ཚོགས་པ་ཁྱོད་འཇིག་རྟེན་གྱི་ཁམས་དེར་འགྲོ་ན། ཚེའི་ཚད་ཟད་ཅིང་ཡོངས་སུ་མྱ་ངན་ལས་འདས་ཀྱང་སངས་རྒྱས་ཀྱི་ཞིང་དེར་མི་ཕྱིན་ཏེ། འཇིག་རྟེན་གྱི་ཁམས་དེ་འདི་ནས་དེ་སྲིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཆུ་བོ་གང་གཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་བཀོད་པ་ཞེས་བྱ་བ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ལྷགས་སོ། །གནས་བརྟན་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དག་ཇི་སྲིད་ཀྱི་འདིར་མཆིས། འཇམ་དཔལ་གྱིས་སྨྲས་པ། གནས་བརྟན་གྱིས་སེམས་ལེན་པ་མེད་པར་ཟག་པ་ལས་ཇི་སྲིད་ཀྱིས་སེམས་རྣམ་པར་གྲོལ་བ་དེ་སྲིད་ཀྱིས་སོ། །གནས་བརྟན་གྱིས་སྨྲས་པ། སྐྱེས་བུ་དམ་པ་དེ་དག་འདི་འདྲ་བར་མགྱོགས་པར་ལྷགས་པ་ནི་ངོ་མཚར་ཏོ། །འཇམ་དཔལ་གྱིས་སྨྲས་པ། གནས་བརྟན་འོད་སྲུང་ཆེན་པོའི་སེམས་ཇི་སྲིད་ཀྱིས་རྣམ་པར་གྲོལ། སྨྲས་པ། སྐད་ཅིག་པ་འགྱུར་བ་སྲིད་ཀྱིས་སོ། །འཇམ་དཔལ་གྱིས་སྨྲས་པ། གནས་བརྟན་གྱི་སེམས་རྣམ་པར་གྲོལ་ལམ། སྨྲས་པ། འཇམ་དཔལ་རྣམ་པར་གྲོལ་ལོ། །འཇམ་དཔལ་གྱིས་སྨྲས་པ། སེམས་དེ་གང་གིས་བཅིངས་ནས་གང་ལས་རྣམ་པར་གྲོལ། གནས་བརྟན་གྱིས་སྨྲས་པ། འཇམ་དཔལ་གལ་ཏེ་སེམས་བཅིངས་པར་གྱུར་ན་ནི་རྣམ་པར་མི་གྲོལ་ཏེ། རྣམ་ ― DKG058_Page_0485 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་གྲོལ་བའི་ཡེ་ཤེས་མཐོང་བར་མི་འགྱུར་རོ། །སྨྲས་པ། བཙུན་པ་འོད་སྲུང་ཆེན་པོའི་སེམས་བཅིངས་པ་མེད་ན་རྣམ་པར་གྲོལ་བ་གང་ཡིན། སྨྲས་པ། གང་བཅིངས་པ་མེད་པར་ཡོངས་སུ་ཤེས་པ་དེ་རྣམ་པར་གྲོལ་བའོ། །སྨྲས་པ། བཙུན་པ་འོད་སྲུང་ཆེན་པོའི་སེམས་གང་གིས་སེམས་གང་ཡོངས་སུ་ཤེས། འདས་པས་སམ། འོན་ཏེ་མ་འོངས་པས་སམ། འོན་ཏེ་ད་ལྟར་བྱུང་བས་སམ། གང་འདས་པ་དེ་ནི་ཟད་པ། གང་མ་འོངས་པ་དེ་ནི་མ་ཕྱིན་པ། གང་ད་ལྟར་བྱུང་བ་ནི་གནས་པ་མེད་པ་ཡིན་ན་སེམས་གང་གིས་སེམས་གང་ཡོངས་སུ་ཤེས། སྨྲས་པ། འཇམ་དཔལ་འདི་ནི་འགོག་པ་སྟེ། དེ་ལ་སེམས་ཀྱི་བགྲང་བ་གང་ཡང་མེད་དོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་འོད་སྲུང་སེམས་འགོག་པ་ཡོངས་སུ་ཤེས་སམ། སྨྲས་པ། སེམས་འགོག་པ་ནི་ཡོངས་སུ་ཤེས་པར་མི་ནུས་སོ། །སྨྲས་པ། སེམས་དེ་ཐམས་ཅད་འགོག་པར་ལྟུང་བ་སྟེ། དེའི་ཕྱིར་ཅུང་ཟད་ཀྱང་ཡོངས་སུ་ཤེས་པར་འགྱུར་བ་མེད་དོ། །སྨྲས་པ། འཇམ་དཔལ་ཁྱོད་སྤོབས་པར་གྱིས་ཤིག ། ཁོ་བོ་ལ་ནི་ཁྱོད་ལ་ལན་གདབ་པའི་ནུས་པ་མེད་དོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་འདི་ལ་ཇི་སྙམ་དུ་སེམས། བྲག་ཅ་ལ་སྤོབས་པ་ཡོད་དམ། སྨྲས་པ། མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྲག་ཅ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རོ། །སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་ཆོས་ཐམས་ཅད་ཀྱང་བྲག་ཅ་ལྟ་བུ་མ་ཡིན་ནམ། སྨྲས་པ། འཇམ་དཔལ་དེ་དེ་བཞིན་ནོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་འདི་ལ་ཇི་སྙམ་དུ་སེམས། བྲག་ཅའི་སྤོབས་པ་བཅད་ནུས་སམ། སྨྲས་པ། མི་བརྗོད་པས་དེ་བཅད་དོ། །སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་དེ་དེ་བཞིན་ཏེ། ཀུན་མི་འདྲི་བས་བྱང་ཆུབ་སེམས་དཔའི་སྤོབས་པ་ཆད་དོ། །བཙུན་པ་འོད་སྲུང་ཆེན་པོ་གལ་ཏེ་བསྐལ་པར་ཡོངས་སུ་འདྲི་ན་ཡང་ཁོ་བོ་ཡང་བསྐལ་པར་སྤོབས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ ― DKG058_Page_0486 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་དེས་བསྟན་པས་འཁོར་འདི་དག་གི་ཡུན་རིང་པོའི་དོན་དང་། ཕན་པ་དང་བདེ་བར་འགྱུར་བ་དང་། ཆོས་ཉིད་འདི་མངོན་སུམ་དུ་འགྱུར་བར་བགྱི་བའི་སླད་དུ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བསྐུལ་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའི་འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་བརྩེགས་ཞེས་བྱ་བ་འདུས་པར་གྱུར་ཏེ་འདུག་པ་དེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་གནས་བརྟན་འོད་སྲུང་ཆེན་པོ་འདི་ཅིའི་ཕྱིར་སེམས་ཞིང་དམན་པ་དམན་པ་ལྟ་བུས་སྟོན། འདི་ཅིའི་ཕྱིར་གནས་བརྟན་ཞེས་བྱ། འཇམ་དཔལ་གྱིས་སྨྲས་པ། འདི་ནི་ཉན་ཐོས་ཏེ་འཇིགས་པ་མེད་པ་མ་ཡིན་ནོ། །ཤེས་རབ་བརྩེགས་ཀྱིས་སྨྲས་པ། ཅི་འདི་ཐེག་པ་ཆེན་པོ་ལ་མ་ཞུགས་སམ། སྨྲས་པ། རིགས་ཀྱི་བུ་དེ་ནི་མ་ཡིན་ཏེ། འདི་ནི་ཉན་ཐོས་ཀྱི་ཐེག་པས་རྣམ་པར་གྲོལ་བའོ། །སྨྲས་པ། འཇམ་དཔལ་ཉན་ཐོས་ཀྱི་ཐེག་པ་ཞེས་བྱ་བ་འདི་ཇི་ལྟ་བུ། སྨྲས་པ། རིགས་ཀྱི་བུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་ཐེག་པ་གསུམ་ལས་བརྩམས་ཏེ་ཆོས་སྟོན་ཏོ། །གསུམ་གང་ཞེ་ན། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་སྟེ། ཐེག་པ་གསུམ་པོ་དེ་དག་གོ །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་འདི་དག་ནི་དམན་པ་ལ་མོས་པའི་ཕྱིར་རོ། །སྨྲས་པ། འཇམ་དཔལ་སྟོང་པ་ཉིད་ཚད་མེད། མཚན་མ་མེད་པ་ཚད་མེད། སྨོན་པ་མེད་པ་ཚད་མེད་ན་ཅིའི་ཕྱིར་ཉི་ཚེ་བའི་འདུ་ཤེས་སུ་མཛད། སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་ཐབས་ལ་མཁས་པ་སྟེ། གང་གི་ཕྱིར་སྟོང་པ་ཉིད་ཚད་མེད། མཚན་མ་མེད་པ་ཚད་མེད། སྨོན་པ་མེད་པ་ཚད་མེད་ཀྱང་ཉི་ཚེ་བའི་འདུ་ཤེས་ཀྱིས་མོས་པར་མཛད་དོ། །སྨྲས་པ། འཇམ་དཔལ་བདག་ཕྱིར་ཞིང་དམན་པ་ལ་མོས་པའི་སེམས་ཅན་རྣམས་དང་ཕྲད་པར་འགྱུར་དུ་འོང་གིས་འགྲོའོ། །འཇམ་དཔལ་གྱིས་ ― DKG058_Page_0487 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྨྲས་པ། རིགས་ཀྱི་བུ་རེ་ཞིག་སྡོད་ལ་ཀླུའི་རྒྱལ་པོ་མ་དྲོས་པའི་སྤོབས་པ་ཇི་ཙམ་པ་དང་། ཆོས་ཉིད་ཚད་མེད་པ་ཡང་ཉོན་ཅིག། དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་རིན་ཆེན་ཏོག་དེ་ཅི་འདྲ་བའི་ཆོས་སྟོན། སྨྲས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏམ་སྟེ། རོ་གཅིག་པ་དང་། ཚད་མེད་པའི་ཆོས་ལས་བྱུང་བ་དང་། ཕྱིར་མི་ལྡོག་པ་དང་། སངས་རྒྱས་ཉིད་དུ་འགྱུར་བ་དང་། གཞན་ལ་མོས་པ་མ་ཡིན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་ཡང་དག་པར་འདུ་བའོ། །འཇིགས་པ་མེད་པ་མ་ཡིན་པའི་སེམས་ཅན་རྣམས་ནི་དེར་མི་སྐྱེ་སྟེ། བཅོམ་ལྡན་འདས་དེའི་ཆོས་བསྟན་པ་ནི་དེ་འདྲའོ། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པ་གང་ལ་བལྟ་བར་འདོད་དེ་འདིར་འོངས། ཅི་གཟུགས་དེ་བཞིན་གཤེགས་པར་བལྟའམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། ཅི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དེ་བཞིན་གཤེགས་པར་བལྟའམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། ཅི་གཟུགས་ཀྱི་མི་རྟག་པ་དེ་བཞིན་གཤེགས་པར་བལྟའམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། ཅི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་མི་རྟག་པ་དེ་བཞིན་གཤེགས་པར་བལྟའམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། ཅི་གཟུགས་ཀྱི་སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་དང་། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་དེ་བཞིན་གཤེགས་པར་བལྟའམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། ཅི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་སྡུག་བསྔལ་བ་དང་། ― DKG058_Page_0488 ―
[མ་དཔེ་གཟིགས་ན་འདིར་གནོན།]
བདག་མེད་པ་དང་། ཞི་བ་དང་། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་དེ་བཞིན་གཤེགས་པར་བལྟའམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། ཅི་གཟུགས་ཀྱི་མཚན་ཉིད་དེ་བཞིན་གཤེགས་པར་བལྟའམ། རྣམ་པར་ཤེས་པའི་མཚན་ཉིད་ཀྱི་བར་དུ་དེ་བཞིན་གཤེགས་པར་བལྟའམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། ཅི་ཤའི་མིག་གིས་དེ་བཞིན་གཤེགས་པར་བལྟའམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། ཅི་ལྷའི་མིག་གིས་དེ་བཞིན་གཤེགས་པར་བལྟའམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། ཅི་ཤེས་རབ་ཀྱི་མིག་གིས་དེ་བཞིན་གཤེགས་པར་བལྟའམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པ་ལ་བལྟ་བ་ཇི་ལྟ་བུ་ཡིན། འཇམ་དཔལ་གྱིས་སྨྲས་པ། ཀླུའི་བདག་པོ་དེ་བཞིན་གཤེགས་པ་ཅི་འདྲ་བ་དེ་འདྲ་བར་དེ་ལ་བལྟའོ། །སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པ་ཅི་འདྲ། སྨྲས་པ། ཀླུའི་བདག་པོ་དེ་བཞིན་གཤེགས་པ་ནི་མི་མཉམ་པ་དང་མཉམ་པ། མཚུངས་པ་མེད་པ། རབ་ཏུ་འདྲ་བ་མེད་པའོ། །མི་མཉམ་པ་ཞེས་བྱ་བ་ནི། དེ་ལ་གཉེན་པོ་མེད་པའོ། །མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་ནི་དེ་ལ་གཉེན་པོ་མཉམ་པ་ཡང་མེད་པའོ། །མཚུངས་པ་མེད་ཅེས་བྱ་བ་ནི་གཟུགས་ཀྱི་མཚན་ཉིད་མ་ཡིན་པའི་ཕྱིར་རོ། །རབ་ཏུ་འདྲ་བ་མེད་ཅེས་བྱ་བ་ནི་རྟགས་མེད་ཅིང་མཚན་མ་མེད་པའི་ཕྱིར་རོ། །ཀླུའི་བདག་པོ་དེ་བཞིན་གཤེགས་པ་ནི་དེ་འདྲ་སྟེ་དེ་ལྟར་བལྟ་བར་བྱའི། ཤའི་མིག་དང་། ལྷའི་མིག་དང་། ཤེས་རབ་ཀྱི་མིག་གིས་བལྟ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤའི་མིག་ནི་སྣང་བ་མཐོང་བ་ཡིན་ལ། དེ་བཞིན་གཤེགས་པ་ནི་མུན་པ་དང་སྣང་བ་མ་ཡིན་པས་ཤའི་མིག་གིས་དེ་བལྟ་བར་མི་ནུས་སོ། །ལྷའི་མིག་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་ཡིན་ལ། དེ་བཞིན་གཤེགས་པ་ནི་ཤིན་ཏུ་མངོན་པར་འདུས་མ་བྱས་པས་ལྷའི་མིག་གིས་དེ་བལྟ་བར་མི་ནུས་སོ། །ཤེས་རབ་ཀྱི་མིག་གིས་ནི་འབྱུང་བ་ཡོངས་སུ་ཤེས་ ― DKG058_Page_0489 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་མཚན་ཉིད་ཡིན་ལ། དེ་བཞིན་གཤེགས་པ་ནི་ཤིན་ཏུ་མི་འབྱུང་བས་ཤེས་རབ་ཀྱི་མིག་གིས་དེ་བལྟ་བར་མི་ནུས་སོ། །སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པ་མཐོང་བ་ཤིན་ཏུ་རྣམ་པར་དག་པ་ཇི་ལྟ་བུ་ཡིན། སྨྲས་པ། ཀླུའི་བདག་པོ་གང་གི་ཚེ་མིག་གི་རྣམ་པར་ཤེས་པའི་རྣམ་པར་ཤེས་པ་དང་། སེམས་ཀྱང་མི་སྐྱེ་ལ་གཟུགས་ཀྱི་རྣམ་པར་ཤེས་པའི་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པ་ཡང་མི་འགོག་པ་དེ་ཙམ་གྱིས་ན་དེ་བཞིན་གཤེགས་པ་མཐོང་བ་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དེ་བཞིན་གཤེགས་པ་རིན་ཆེན་ཏོག་གི་སངས་རྒྱས་ཀྱི་ཞིང་ནས་ལྷགས་པ་དེ་དག་ངོ་མཚར་དུ་གྱུར་ནས་འདི་སྐད་ཅེས་སྨྲས་སོ། །གང་དག་གིས་ཀླུའི་རྒྱལ་པོས་ཞུས་པ་འདི་ཐོས་པ་དང་། ཐོས་ནས་མོས་པ་དང་། མི་དངང་མི་སྐྲག་ལ་འཛིན་པ་དང་། སྟོན་པའི་སྐྱེས་བུ་དམ་པ་དེ་དག་ནི་དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ། །བདག་ཅག་ཀྱང་འདིར་ལྷགས་ཤིང་ཚུལ་འདི་ཐོས་པས་བདག་ཅག་དོན་མེད་པར་མ་གྱུར་ཏོ། །གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པའི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དེ་དག་ན་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་མི་འདའ་བ་དང་། དམ་པའི་ཆོས་ཀྱང་ནུབ་པར་མི་འགྱུར་བར་རིག་པར་བྱའོ། །ཆོས་ཀྱི་རྣམ་གྲངས་འདིས་བདུད་ཀྱི་དཀྱིལ་འཁོར་ཚར་གཅད་དོ། །མུ་སྟེགས་ཅན་གྱི་གནས་ཐམས་ཅད་ཕམ་པར་བྱས་སོ། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་མི་སྤྱོད་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་རྙེད་དཀའ་བ་མ་ཡིན་ནོ་ཞེས་བྱ་ན། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མི་སྤྱོད་པ་ལ་སྤྱོད་པ་ཞེས་བྱ། འཇམ་དཔལ་གྱིས་སྨྲས་པ། ཀླུའི་བདག་པོ་གཏོང་བ་ཕུན་སུམ་ཚོགས་པ་རྣམས་ཀྱི་སྤྱོད་ ― DKG058_Page_0490 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་སེར་སྣ་ཅན་རྣམས་ཀྱི་སྤྱོད་པའི་སྟོང་པ་ཉིད་དེ། སྤྱོད་པ་མཉམ་པ་དེ་ནི་མི་སྤྱོད་པ་ལ་སྤྱོད་པ་ཞེས་བྱའོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་ཡང་དེ་བཞིན་ནོ། །ཤེས་རབ་དང་ལྡན་པ་རྣམས་ཀྱི་སྤྱོད་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་ཤེས་རབ་འཆལ་པ་རྣམས་ཀྱི་སྤྱོད་པའི་སྟོང་པ་ཉིད་དེ། སྤྱོད་པ་མཉམ་པ་དེ་ནི་མི་སྤྱོད་པ་ལ་སྤྱོད་པ་ཞེས་བྱའོ། ། ཀླུའི་བདག་པོ་གཞན་ཡང་འདོད་ཆགས་ལ་སྤྱོད་པ་རྣམས་ཀྱི་སྤྱོད་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་འདོད་ཆགས་དང་བྲལ་བ་རྣམས་ཀྱི་སྤྱོད་པའི་སྟོང་པ་ཉིད་དེ། སྤྱོད་པ་མཉམ་པ་དེ་ནི་མི་སྤྱོད་པ་ལ་སྤྱོད་པ་ཞེས་བྱའོ། །ཞེ་སྡང་ལ་སྤྱོད་པ་རྣམས་དང་། གཏི་མུག་ལ་སྤྱོད་པ་རྣམས་ཀྱང་དེ་བཞིན་ནོ། །ཆ་མཉམ་པ་ལ་སྤྱོད་པ་རྣམས་ཀྱི་སྤྱོད་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་ཉོན་མོངས་པ་མེད་པ་རྣམས་ཀྱི་སྤྱོད་པའི་སྟོང་པ་ཉིད་དེ། སྤྱོད་པ་མཉམ་པ་དེ་ནི་མི་སྤྱོད་པ་ལ་སྤྱོད་པ་ཞེས་བྱའོ། །ཀླུའི་བདག་པོ་གཞན་ཡང་དེ་བཞིན་གཤེགས་པས་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གང་དག་གསུངས་པ་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་གི་སྤྱོད་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་འཕགས་པ་རྣམ་པར་གྲོལ་བའི་སྤྱོད་པའི་སྟོང་པ་ཉིད་དེ། སྤྱོད་པ་མཉམ་པ་དེ་ནི་མི་སྤྱོད་པ་ལ་སྤྱོད་པ་ཞེས་བྱའོ། །ཀླུའི་བདག་པོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པ་ན་སྤྱོད་པ་དེ་ལ་མི་སྤྱོད་པས་སྤྱོད་དེ། སྤྱད་པ་སྤྱོད་པ་ན་སྤྱོད་པ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ཞིང་མངོན་པར་ཞེན་པ་མེད་པ་ལ་མི་རྟོག་ཅིང་རློམ་སེམས་སུ་མི་བྱེད་དེ། དེའི་ཕྱིར་མི་སྤྱོད་པ་ལ་སྤྱོད་པ་ཞེས་བྱའོ། །སྨྲས་པ། འཇམ་དཔལ་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་མི་སྤྱོད་པ་ལ་སྤྱོད་པ་ཞེས་བྱ། སྨྲས་པ། ཀླུའི་བདག་པོ་གང་བྱང་ཆུབ་སེམས་དཔའི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་དགེ་བའི་སྤྱོད་པ་དང་། མི་སྐྱེ་བའི་སྤྱོད་པ་དང་། དངོས་པོ་མེད་པའི་སྤྱོད་པ་དང་། ― DKG058_Page_0491 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཟུང་བ་མེད་པའི་སྤྱོད་པ་དང་། ཀུན་གཞི་མེད་པའི་སྤྱོད་པ་དང་། ཉོན་མོངས་པ་མེད་པའི་སྤྱོད་པ་དང་། ངོ་བོ་ཉིད་མེད་པའི་སྤྱོད་པ་དང་། འབྱུང་བ་མེད་པའི་སྤྱོད་པ་དང་། རྒྱུ་བ་མེད་པའི་སྤྱོད་པ་དང་། གནས་པ་མེད་པའི་སྤྱོད་པ་དང་། ཡང་དག་པའི་སྤྱོད་པ་དང་། ཆོ་གའི་སྤྱོད་པ་དང་། སྤྱོད་པ་དེ་ལྟ་བུ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི་མི་སྤྱོད་པའི་སྤྱོད་པ་ལ་སྤྱོད་པའོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་སྤྱད་པ་ལ་སྤྱོད་པར་གྱུར་པ་ན་མཚན་ཉིད་མེད་པའི་རྗེས་སུ་སོང་ཞིང་རྒྱུ་བ་མེད་ལ་ཤེས་རབ་ལ་མོས་པས་རྣམ་པར་གྲོལ་ཏེ། རྣམ་པར་གྲོལ་ནས་ཀྱང་གཉིས་སུ་མེད་པའི་མཐའ་ལས་ཀྱང་མི་འདའ་ལ་ཡང་དག་པའི་མཐའ་ཡང་མངོན་སུམ་དུ་འགྱུར་ཞིང་ཡང་དག་པའི་མཐའ་དེ་མངོན་དུ་བྱེད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་འཐོབ་བོ། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པས་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཇི་ལྟ་བུ། སྨྲས་པ། གཟུགས་མི་སྐྱེ་བར་བཟོད་པ་རབ་ཏུ་ཐོབ་པ་ནི་མི་སྐྱེ་བ་ལ་བཟོད་པ་རབ་ཏུ་ཐོབ་པ་ཞེས་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མི་སྐྱེ་བར་བཟོད་པ་རབ་ཏུ་ཐོབ་པ་ནི་མི་སྐྱེ་བ་ལ་བཟོད་པ་རབ་ཏུ་ཐོབ་པ་ཞེས་བྱའོ། །ཆོས་ཐམས་ཅད་ཀྱི་བར་དུ་མི་སྐྱེ་བར་བཟོད་པ་རབ་ཏུ་ཐོབ་པ་ནི་མི་སྐྱེ་བ་ལ་བཟོད་པ་རབ་ཏུ་ཐོབ་པ་ཞེས་བྱའོ། །ཀླུའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་མི་སྐྱེ་བ་ལ་བཟོད་པ་རབ་ཏུ་ཐོབ་པ་དེས་བཟོད་པ་རབ་ཏུ་འཐོབ་སྟེ། དེ་ནི་ཀུན་ཏུ་འགྲོ་བ་ཞེས་བྱའོ། །དེ་རབ་ཏུ་ཐོབ་པས་སེམས་ཅན་ཐམས་ཅད་བཟོད་པ་རབ་ཏུ་ཐོབ་པ་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །ཀུན་ཏུ་འགྲོ་བ་ཡང་མི་སྐྱེ་བ་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །སེམས་ཅན་ཐམས་ཅད་ཀྱང་ངོ་བོ་ཉིད་དུ་མེད་པ་ཡང་དག་པར་རྗེས་སུ་མཐོང་ངོ་། །སེམས་ཅན་ཐམས་ཅད་མ་སྐྱེས་པ་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །སེམས་ཅན་ཐམས་ཅད་དེའི་མཚན་ཉིད་དུ་ཡང་དག་པར་ ― DKG058_Page_0492 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྗེས་སུ་མཐོང་ངོ་། །མཉམ་པ་ཉིད་ལས་གཞན་ཆོས་ཕྲ་རབ་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བཟོད་པ་དེ་ཡང་སྐད་ཅིག་པའོ། །ཅིས་སྐད་ཅིག་པ་ཞེ་ན། མིག་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པ་ནས་ཡིད་དང་། ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱིས་སོ། །ཇི་ལྟར་མིག་ལ་སོགས་པ་སྐད་ཅིག་པ་དེ་བཞིན་དུ་སྔོན་གྱི་མཐའི་བཟོད་པ་ཡང་སྐད་ཅིག་པ། ཕྱི་མའི་མཐའ་དང་ད་ལྟར་བྱུང་བའི་བཟོད་པ་ཡང་སྐད་ཅིག་པའོ། །ཇི་ལྟར་དུས་གསུམ་གྱིས་བཟོད་པ་སྐད་ཅིག་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་སྐད་ཅིག་པའོ། །ཅིས་སྐད་ཅིག་པ་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པ་རྣམས་ཀྱིས་སྐད་ཅིག་པའོ། །ཇི་ལྟར་སེམས་ཅན་ཐམས་ཅད་སྐད་ཅིག་པ་དེ་ལྟར་ཕྱིན་ཅི་ལོག་གིས་ཉོན་མོངས་པ་སྐྱེ་བ་གང་ཡིན་པ་དེ་དག་ཀྱང་སྐད་ཅིག་པའོ། །དེ་ལྟར་ཡེ་ཤེས་དང་ལྡན་པ་མི་སྐྱེ་བ་ལ་བཟོད་པ་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔས་ནི་སེམས་ཅན་ཐམས་ཅད་རྣམ་པར་གྲོལ་ལ་ཉེ་བར་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། བདག་གི་ཉོན་མོངས་པ་ཇི་ལྟར་སྐད་ཅིག་པ་དང་། ཇི་ལྟར་གསོག་ཡིན་པ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཡང་དེ་ལྟར་སྐད་ཅིག་པའོ། །དེ་ལྟར་གསོག་གོ །རྣམ་པར་གྲོལ་བ་ལ་ནི་ཉོན་མོངས་པ་དེ་དག་གི་རྩ་བ་མེད་དོ། །སྟོབས་མེད་དོ། །གལ་ཏེ་དེ་དག་ཤིན་ཏུ་རྣམ་པར་གྲོལ་བ་མ་ཡིན་ན་ནི་སུ་ཡང་མྱ་ངན་ལས་འདའ་བར་མི་འགྱུར་བ་ཞིག་ན། གང་གི་ཕྱིར་དེ་དག་ཤིན་ཏུ་རྣམ་པར་གྲོལ་བ་དེའི་ཕྱིར་དེ་དག་རྣམ་པར་གྲོལ་བའི་ངོ་བོ་ཉིད་དུ་གནས་སོ། །དེ་ལྟར་ཡེ་ཤེས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་སྐྱོ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་བཅིངས་པ་མེད་པས་རང་བཞིན་གྱིས་རྣམ་པར་གྲོལ་བར་ཡང་དག་པར་རྗེས་སུ་མཐོང་བའི་ཕྱིར་རོ། །དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ནི་རང་བཞིན་གྱིས་ཤིན་ཏུ་ ― DKG058_Page_0493 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ལ། རང་བཞིན་གྱིས་རྣམ་པར་གྲོལ་བ་མ་ཡིན་ན་སྒྲོ་བཏགས་པའི་ཉོན་མོངས་པས་ཀུན་ནས་ཉོན་མོངས་སོ། །སེམས་ཅན་འདི་དག་ནི་རང་བཞིན་གྱིས་ཤིན་ཏུ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ལ་རང་བཞིན་གྱིས་རྣམ་པར་གྲོལ་བ་ཡིན་ན་ཡང་དག་པ་མ་ཡིན་པ་ཡོངས་སུ་རྟོག་པས་ཀུན་ནས་ཉོན་མོངས་སོ། །སེམས་ཅན་འདི་དག་ནི་རང་བཞིན་གྱིས་ཤིན་ཏུ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ལ་རང་བཞིན་གྱིས་རྣམ་པར་གྲོལ་བ་ཡིན་ན། འདུ་ཤེས་དང་། སེམས་དང་། ཡིད་ལ་བྱེད་པས་ཀུན་ནས་ཉོན་མོངས་སོ། །ཀླུའི་བདག་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཡུལ་ཡང་མཐོབ། སོ་སོའི་སྐྱེ་བོ་དང་། སློབ་པ་དང་། མི་སློབ་པ་དང་། རང་སངས་རྒྱས་ཀྱི་ཡུལ་ལ་ཡང་མི་གནས། ཡུལ་ཐམས་ཅད་ཀྱང་སྤོང་། ཡུལ་ལ་འདོད་ཆགས་ཀྱིས་ཆགས་པའང་མེད། ཡུལ་ལ་ཞེ་སྡང་གིས་སྡང་བ་ཡང་མེད། ཡུལ་ལ་གཏི་མུག་གིས་རྨོངས་པ་ཡང་མེད་དོ། །ཡུལ་ལ་འདོད་ཆགས་དང་བྲལ་བ་ཐོབ་པ་ཡང་མ་ཡིན་ལ། འདོད་ཆགས་དང་བྲལ་བའི་མཐའ་ལ་ཡང་གནས་ཤིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། རང་གི་ཡུལ་ལ་ཉོན་མོངས་པ་མེད་པར་ལོངས་སྤྱོད་པའི་ཕྱིར་ཡུལ་ཐམས་ཅད་ཀྱང་མི་སྤོང་ངོ་། །དེ་བདུད་ཀྱི་ཡུལ་ལ་ཡང་རྒྱུ་ཞིང་སངས་རྒྱས་ཀྱི་ཡུལ་གྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱང་མི་འདོར་རོ། །ཆོས་ཀྱི་དབྱིངས་ཀྱི་ཡུལ་ཡང་རྣམ་པར་འཁྲུག་པར་མི་བྱེད་ལ་སེམས་ཅན་གྱི་ཁམས་ཀྱི་ཡུལ་ལ་ཡང་གནས་སོ། །ཆོས་ཐམས་ཅད་ཡུལ་མེད་ཅིང་ཡུལ་དང་བྲལ་བར་ཡང་རབ་ཏུ་ཤེས་ཤིང་ལས་ཀྱི་ཡུལ་ལ་ཡང་འཇུག་གོ །ཤེས་རབ་ཀྱིས་ལས་མེད་ཅིང་ལས་ཀྱི་རྣམ་པར་སྨིན་པ་མེད་པར་ཡང་སོ་སོར་རྟོག་ལ་མངོན་པར་འདུ་བྱེད་པའི་ཡུལ་ལ་ཡང་མངོན་པར་འདུ་བྱེད་དོ། །མངོན་པར་འདུ་མི་བྱེད་པའི་ཡུལ་ལ་ཡང་མི་འཇུག་ལ་བཏང་སྙོམས་པ་ཡང་མ་ཡིན་ནོ། །དགེ་བ་མངོན་པར་འདུ་བྱེད་པ་དང་། ཆོས་ཐམས་ཅད་མ་སྐྱེས་པར་ཡང་ཡང་དག་པར་རྗེས་སུ་མཐོང་ལ། འཕགས་པའི་སྐྱོན་ ― DKG058_Page_0494 ―
[མ་དཔེ་གཟིགས་ན་འདིར་གནོན།]
མེད་པ་ལ་འཇུག་པ་ཡང་མ་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་དང་། ཀླུའི་རྒྱལ་པོ་མ་དྲོས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་འཕགས་པའི་སྐྱོན་མེད་པ་ལ་མི་འཇུག་ཅེས་དེ་སྐད་སྨྲ་ན། བྱང་ཆུབ་སེམས་དཔའ་སྐྱོན་མེད་པ་ལ་འཇུག་པ་གང་ཡིན། སྨྲས་པ། ཀླུའི་བདག་པོ་ཕྱིར་མི་ལྡོག་པ་ལ་འཇུག་པའི་བྱང་ཆུབ་སེམས་དཔའ་ནི་སྐྱོན་མེད་པ་ལ་འཇུག་པའོ། །ཀླུའི་བདག་པོ་ཡིད་ལ་བྱེད་པ་ཐམས་ཅད་ལ་ངའི་བ་མེད་པར་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་ཀྱང་ངར་འཛིན་པ་དང་། ང་ཡིར་འཛིན་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་ཆེད་དུ་བརྩོན་འགྲུས་རྩོམ་མོ། །སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ངར་འཛིན་པ་དང་། ང་ཡིར་འཛིན་པ་གང་ལས་རྣམ་པར་གྲོལ་ཏེ། ངར་འཛིན་པ་དང་། ང་ཡིར་འཛིན་པས་བཅིངས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེད་པ་གང་ཡིན། སྨྲས་པ། ཕུང་པོ་ལྔར་སྒྲོ་བཏགས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ངར་འཛིན་པ་དང་། ང་ཡིར་འཛིན་པ་རབ་ཏུ་ཤེས་ཤིང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱིས་རློམ་སེམས་སུ་ཡང་མི་བྱེད་ལ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་གནས་པའི་སེམས་ཅན་རྣམས་ཀྱི་ཆེད་དུ་བསམས་བཞིན་དུ་སྲིད་པའང་ལེན་ཏེ། དེ་སྐྱེ་ལ་འདུ་བྱེད་ཐམས་ཅད་མི་སྐྱེ་བར་ཡང་ཡང་དག་པར་རྗེས་སུ་མཐོང་། སྐྱེ་བ་དང་། མི་སྐྱེ་བའི་ཕྱིར་སྐྱེ་བ་དང་། མི་སྐྱེ་བ་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མཐོང་ངོ་། །ཀླུའི་བདག་པོ་ཤེས་རབ་ཀྱིས་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་སྟེ། ཐབས་ཀྱིས་ཀྱང་ཞུགས་པས་སྲིད་པར་འགྲོ་བ་རྣམས་སུ་ཀུན་ཏུ་སྣང་ངོ་། །ཀླུའི་བདག་པོ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་སྟེ། ཐབས་ཀྱིས་ཀྱང་ཞུགས་པས་ལྟ་བར་ལྷུང་བའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེད་དོ། །མཚན་མ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་སྟེ། ཐབས་ཀྱིས་ཀྱང་ཞུགས་པས་རྣམ་པར་རྟོག་པ་ལ་སྤྱོད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་ ― DKG058_Page_0495 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྐྱེད་དོ། །སྨོན་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་སྟེ། ཐབས་ཀྱིས་ཀྱང་ཞུགས་པས་སྨོན་ལམ་ལ་སྤྱོད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེད་དོ། །ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་བདག་མེད་པའི་ཆོས་ལ་ཡང་འཇུག་ལ་སེམས་ཅན་ཐམས་ཅད་ཀྱང་མི་རྟག་པ་ཉིད་དང་། སྲོག་མེད་པ་དང་། གང་ཟག་མེད་པ་ལ་ཡང་འཇུག་ལ་བྱང་ཆུབ་ཀྱི་སེམས་ཀྱང་མི་བརྗེད་པ་དང་། འདུས་མ་བྱས་པའི་ཆོས་ལ་ཡང་འཇུག་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་དགེ་བའི་རྩ་བ་ཡང་སོགས་པ་དང་། ཤིན་ཏུ་ཞི་ཞིང་ཉེ་བར་ཡང་ཞི་ལ་མ་རིག་པ་ཤིན་ཏུ་མ་ཞི་ཞིང་ཉེ་བར་ཞི་བ་ཡང་མ་ཞི་བ་དང་། བག་ལ་ཉལ་ཡང་དག་པར་འཇོམས་ལ་སྔོན་གྱི་དམ་བཅས་པ་ཡང་མི་འདོར་བ་དང་། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་ཡང་བྲལ་ལ་ཐམས་ཅད་མཁྱེན་པའི་སེམས་ལ་ཡང་མཉམ་པར་གཞག་པ་དང་། ང་རྒྱལ་ཐམས་ཅད་ཀྱང་ཡང་དག་པར་འཇོམས་ལ་སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྟོགས་པ་ལ་ཡང་མཁས་པ་དང་། འཕགས་པའི་ཡོན་ཏན་ཡང་བརྗོད་ལ་འཕགས་པ་མ་ཡིན་པའི་ཆོས་ལ་གནས་པར་ཡང་བརྩོན་པ་དང་། སྤྲོས་པ་ཡང་མེད་ལ་སྤྲོས་པ་ལ་ཡང་འཇུག་པ་དང་། ཉེ་བར་ཡང་ཞི་ལ་ཉེ་བར་མ་ཞི་བ་ཡང་ཡོངས་སུ་འཛིན་པ་དང་། མི་གཡོ་ཞིང་རྣམ་པར་མི་གཡོ་བ་ཡང་རྒྱུན་མི་གཅོད་ལ་སངས་རྒྱས་ཀྱི་ཞིང་གི་རྒྱན་རྣམ་པར་བསྒྲུབ་པར་ཡང་ཉེ་བར་གནས་པ་ནི་ཀླུའི་བདག་པོ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་འཇིག་རྟེན་ལས་འདས་པ་སྟེ། འཇིག་རྟེན་ལས་ལྡོག་པ་ཡང་མ་ཡིན་པའོ། །ཀླུའི་བདག་པོ་དེ་ལྟར་གང་ཤེས་རབ་དང་། ཐབས་དང་ལྡན་པ་དང་འཕགས་པའི་ཏིང་ངེ་འཛིན་འདི་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པའོ། །ཀླུའི་བདག་པོ་འདི་ལྟ་སྟེ། དཔེར་ན་ཉན་ཐོས་ཀྱི་སྐྱོན་མེད་པ་ལ་འཇུག་པ་ནི་ལོག་པར་མི་ལྟུང་བའི་ཆོས་ཏེ་རྒྱུན་དུ་ཞུགས་པ་ཞེས་བྱའོ། །ཀླུའི་བདག་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་ ― DKG058_Page_0496 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནི་ལོག་པར་མི་ལྟུང་བའི་ཆོས་ཏེ་ཕྱིར་མི་ལྡོག་པ་ཞེས་བྱའོ། །ཀླུའི་བདག་པོ་ཉན་ཐོས་ཀྱི་སྐྱོན་མེད་པ་ལ་འཇུག་པ་ནི་མི་འདའ་བ་སྟེ། གདོན་མི་ཟ་བར་འབྲས་བུ་ཐོབ་པར་བྱེད་པའོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་ནི་འདའ་བ་སྟེ། ཉན་ཐོས་ཀྱི་འབྲས་བུ་ཐོབ་པར་མི་བྱེད་ཀྱི་བྱང་ཆུབ་ཀྱི་སྙིང་པོའི་འབྲས་བུ་དང་ཉེ་བར་བྱེད་པའོ། །དེའི་ཕྱིར་ཉན་ཐོས་ཀྱི་སྐྱོན་མེད་པ་ནི་ཚད་དུ་བྱ་བའོ། །བྱང་ཆུབ་སེམས་དཔའི་ནི་ཚད་དུ་བྱ་བ་མ་ཡིན་པའོ། །ཀླུའི་བདག་པོ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་གཉིས་ཤིག་གཡང་ས་ཆེན་པོར་ལྟུང་བ་ལས་དེ་ལ་སྐྱེས་བུ་གཅིག་ནི་འདི་འདྲ་བའི་སྟོབས་དང་། བརྩོན་འགྲུས་དང་། བརྟུལ་བ་དང་། ཐབས་དང་། སྔོན་གྱི་སྦྱོར་བ་དང་། རིགས་པ་དང་ལྡན་པར་གྱུར་པ་ཞིག་པས་ལྟུང་ཡང་བརྩོན་འགྲུས་ཆེན་པོའི་སྟོབས་ཀྱིས་གཡང་ས་ཆེན་པོ་དེ་ནས་དྲངས་ནས་སླར་གཡང་ས་ཆེན་པོ་དེའི་ཁར་ཕྱིན་ཏེ་གནས་སོ། །ཅིག་ཤོས་ནི་སྟོབས་བསྐྱེད་པ་ཆུང་ལ་ཐབས་ལ་མི་མཁས་པས་ལྟུང་བ་དེ་བཞིན་དུ། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ཡང་ཤེས་རབ་ཀྱི་སྟོབས་བསྐྱེད་པས་ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པར་རྣམ་པར་ལྟ་ཞིང་ཉེ་བར་རྟོག་ལ་སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་ཆེན་པོས་ཡང་དག་པར་བཏང་བའི་ཐབས་ལ་མཁས་པས་ཡང་ཐམས་ཅད་མཁྱེན་པའི་སེམས་ལ་གནས་སོ། །ཉན་ཐོས་ཀྱི་ཐེག་པ་ཅན་ནི་ཆོས་ལ་སོ་སོར་བརྟགས་ནས་འབྲས་བུ་མངོན་དུ་བྱེད་དོ། །ཀླུའི་བདག་པོ་གཡང་ས་ཆེན་པོ་ཞེས་བྱ་བ་དེ་ནི་འདུས་མ་བྱས་ཀྱི་ཆོས་ཀྱི་ཚིག་བླ་དགས་སོ། ། བརྩོན་འགྲུས་ཀྱི་སྟོབས་དང་ལྡན་པའི་སྐྱེས་བུ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའི་ཚིག་བླ་དགས་སོ། །གཡང་དུ་ལྷུང་ནས་སླར་བཟློག་མ་ནུས་པ་ཞེས་བྱ་བ་དེ་ནི་ཉན་ཐོས་ཀྱི་ཐེག་པ་ཅན་གྱི་ཚིག་བླ་དགས་སོ། །ཀླུའི་བདག་པོ་གང་དག་སྐྱོན་མེད་པ་འདི་ཐོས་པ་དེ་དག་ནི་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་ཞིང་བྱང་ཆུབ་སེམས་དཔའི་ ― DKG058_Page_0497 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྐྱོན་མེད་པ་དང་ཡང་ཉེ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོའི་བུ་རྣམ་པར་འཕྲུལ་པ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཟང་ཟིང་མ་མཆིས་པའི་སེམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་རིང་དུ་གནས་པར་བགྱི་བ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བའི་སླད་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་སེམས་ཀྱི་རང་བཞིན་གྱིས་བྱང་ཆུབ་ཀྱི་རང་བཞིན་དང་། བྱང་ཆུབ་ཀྱི་རང་བཞིན་གྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་མངོན་པར་ཡང་དག་པར་ཁོང་དུ་ཆུད་པར་བགྱིས་ཏེ་རབ་ཏུ་བཤད་པར་བགྱིའོ། །བཅོམ་ལྡན་འདས་གང་དག་རྣམ་པར་དག་པའི་ལམ་གྱི་ཆོས་ཀྱི་སྒོའི་ལེའུ་འདི་མི་ཉན་པ་དེ་དག་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ལ་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་ནི་འབྱུང་བའི་ལམ་ཐམས་ཅད་དུ་ངེས་པར་འབྱུང་བ་ལགས་པའི་སླད་དུའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཀླུའི་རྒྱལ་པོའི་བུ་རྣམ་པར་འཕྲུལ་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་གང་སེམས་ཀྱི་རང་བཞིན་གྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་བྱ་བ་དེ་ལ་སེམས་ཀྱི་རང་བཞིན་དེ་གང་ཡིན། སྨྲས་པ། བཙུན་པ་རབ་འབྱོར་གྱི་རང་བཞིན་གང་ཡིན་པའི་རང་བཞིན་དེ་སེམས་ཀྱི་རང་བཞིན་ནོ། །སྨྲས་པ། རབ་འབྱོར་གྱི་རང་བཞིན་ཇི་ལྟ་བུ། སྨྲས་པ། གང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རང་བཞིན་ནོ། །སྨྲས་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རང་བཞིན་ཇི་ལྟ་བུ། སྨྲས་པ། རྟོག་པ་དང་། རྣམ་པར་རྟོག་པའི་རང་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལ་ཇི་སྙམ་དུ་སེམས། རྟོག་པ་མེད་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེ་བར་འགྱུར་རམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། གང་མི་རྟོག་ཅིང་རྣམ་པར་མི་རྟོག་པ་དེ་མི་སྐྱེ་བའོ། །གང་མི་སྐྱེ་བ་དེ་རང་བཞིན་ ― DKG058_Page_0498 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཏེ། འདི་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཀྱི་རང་བཞིན་ནོ། །བཙུན་པ་རབ་འབྱོར་གྱིས་སེམས་ཀྱི་རང་བཞིན་ཞེས་བྱ་བ་དེ་གང་ཡིན་ཞེས་སྨྲས་པ་ལ་འོད་གསལ་བ་དེ་ནི་སེམས་ཀྱི་རང་བཞིན་ནོ། །གང་སེམས་ཀྱི་འོད་གསལ་བ་དེ་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མེད་དོ། །སྨྲས་པ། རིགས་ཀྱི་བུ་ཉོན་མོངས་པ་གང་དག་སྐྱེ་བ་དེ་དག་སྐྱེ་བ་ན་གང་ལས་སྐྱེ། སྨྲས་པ། བཙུན་པ་རབ་འབྱོར་ཕྱིན་ཅི་ལོག་ལས་ཉོན་མོངས་པ་རྣམས་སྐྱེ་མོད་ཀྱི། སེམས་ཀྱི་རང་བཞིན་ནི་ནམ་ཡང་ཀུན་ནས་ཉོན་མོངས་པ་མ་ཡིན་ནོ། །བཙུན་པ་རབ་འབྱོར་གལ་ཏེ་སེམས་ཀྱི་རང་བཞིན་ཀུན་ནས་ཉོན་མོངས་པ་ཅན་ཡིན་དུ་ཟིན་ན་ནི་གང་ཡང་ཤིན་ཏུ་རྣམ་པར་དག་པར་མི་འགྱུར་བ་ཞིག་ན། གང་གི་ཕྱིར་སེམས་ཀྱི་རང་བཞིན་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དེའི་ཕྱིར་ཉོན་མོངས་པ་ཡོངས་སུ་ཤེས་པས་རྣམ་པར་དག་པ་ཞེས་བྱའོ། །རབ་འབྱོར་གྱིས་སྨྲས་པ། རིགས་ཀྱི་བུ་ཇི་ལྟར་ན་ཉོན་མོངས་པ་རྣམས་ཡོངས་སུ་ཤེས་པ་གང་ཡིན། སྨྲས་པ། བཙུན་པ་རབ་འབྱོར་རྐྱེན་ཡོད་པར་གྱུར་ན་སྐྱེའི་རྐྱེན་མེད་ན་མི་སྐྱེ་བར་ཚུལ་བཞིན་ཡིད་ལ་བྱེད་པ་ནི་ཉོན་མོངས་པ་རྣམས་ཡོངས་སུ་ཤེས་པའོ། །སྨྲས་པ། རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་བཞིན་ལ་རབ་ཏུ་བརྩོན་པ་ཡིན། སྨྲས་པ། བཙུན་པ་རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སྦྱོར་བ་ཐམས་ཅད་དང་མི་ལྡན་པར་གནས་པ་དེའི་ཚེ་ཚུལ་བཞིན་ལ་བརྩོན་པ་ཡིན་ནོ། །བཙུན་པ་རབ་འབྱོར་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་རྣམ་པར་གྲོལ་བའི་ཆོས་སྟོན་ཀྱང་རྣམ་པར་གྲོལ་བ་དེར་མི་ལྟུང་བ་འདི་ཡང་བྱང་ཆུབ་སེམས་དཔའི་ཚུལ་བཞིན་ལ་སྦྱོར་བའོ། །བཙུན་པ་རབ་འབྱོར་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ཉོན་མོངས་པ་དབེན་པས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དབེན་པར་ཁོང་དུ་ཆུད་པ་དེ་ཡང་དེའི་ཚུལ་བཞིན་ལ་སྦྱོར་བའོ། །གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་ ― DKG058_Page_0499 ―
[མ་དཔེ་གཟིགས་ན་འདིར་གནོན།]
དཔའ་སྦྱོར་བ་ལ་སྦྱོར་བ་མ་ཡིན་པ་དང་། སྦྱོར་བ་མ་ཡིན་པ་ལ་སྦྱོར་བར་མཐོང་བ་དེ་ཡང་བྱང་ཆུབ་སེམས་དཔའི་ཚུལ་བཞིན་ལ་སྦྱོར་བའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཀླུའི་རྒྱལ་པོའི་བུ་རྣམ་པར་འཕྲུལ་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་སྦྱོར་བ་ལ་སྦྱོར་བ་མ་ཡིན་པ་དང་། སྦྱོར་བ་མ་ཡིན་པ་ལ་སྦྱོར་བར་མཐོང་བ་ཇི་ལྟ་བུ། སྨྲས་པ། བཙུན་པ་རབ་འབྱོར་ཆོས་ཀྱི་དབྱིངས་གཉིས་སུ་མེད་པའི་ཚུལ་གྱིས་གང་མིག་དང་། གཟུགས་ནས་ཡིད་དང་ཆོས་ཀྱི་བར་དེ་དག་ནི་སྦྱོར་བ་མ་ཡིན་པར་བལྟའོ། །སྦྱོར་བ་མ་ཡིན་པ་ཞེས་བྱ་བ་ནི་ཁམས་གསུམ་དུ་ཉིང་མཚམས་མི་སྦྱོར་བ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ཐབས་ཀྱིས་ཉིང་མཚམས་སྦྱོར་བ་དེ་ནི་སྦྱོར་བ་ཞེས་བྱའོ། །བཙུན་པ་རབ་འབྱོར་དེ་ལྟར་རབ་ཏུ་བརྩོན་པའི་བྱང་ཆུབ་སེམས་དཔའ་ནི་ཚུལ་བཞིན་ལ་རབ་ཏུ་བརྩོན་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོའི་བུ་དེ་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། སྐྱེས་བུ་དམ་པ་ཁྱོད་ཀྱིས་ཇི་ལྟར་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའི་ཚུལ་བཞིན་ལ་སྦྱོར་བ་འདི་དེ་ལྟར་བསྟན་པ་ནི་ལེགས་སོ་ལེགས་སོ། །བྱང་ཆུབ་སེམས་དཔའ་གང་དག་ཐེག་པ་ཆེན་པོ་འདི་ལ་ཚུལ་བཞིན་དེ་ལྟ་བུ་ལ་རབ་ཏུ་བརྩོན་པ་དེ་དག་ནི་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པ་ཡིན་པར་བལྟའོ། །དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོའི་བུ་རྣམ་པར་འཕྲུལ་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟང་ཟིང་མ་མཆིས་པའི་སེམས་ཀྱིས་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་མཆིས་པ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་གང་གི་ཕྱིར་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པར་ཤེས་ནས་གཟུགས་སུ་མ་ཡིན། མཚན་དུ་མ་ཡིན། ཆོས་སུ་མ་ཡིན་པར་དེ་བཞིན་གཤེགས་པ་ཡང་དག་པར་རྗེས་སུ་མཐོང་བ་དེ་ལྟ་བུ་ནི་ཟང་ཟིང་མེད་པའི་སེམས་ ― DKG058_Page_0500 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀྱིས་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ནོ། །དེ་བཞིན་གཤེགས་པའི་ཆོས་ཉིད་གང་ཡིན་པ་དེ་ནི་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་སྟེ། དེ་ལྟར་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རྗེས་སུ་སོང་བར་མཐོང་བ་དེ་ལྟ་བུ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་ལ་སྐྱབས་སུ་སོང་བ་ཡིན་ནོ། །གང་ཆོས་ཀྱི་དབྱིངས་འདུས་མ་བྱས་པར་རབ་ཏུ་བསྒོམ་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་འདུས་མ་བྱས་པ་སྟོན་པ་དང་། འདུས་བྱས་དང་། འདུས་མ་བྱས་གཉིས་སུ་མེད་པ་འདི་ལྟ་བུ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ། །བསྟན་པ་འདི་བཤད་པའི་ཚེ་ཀླུའི་རྒྱལ་པོའི་བུ་རྣམ་པར་འཕྲུལ་པས་རྗེས་སུ་འཐུན་པའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པ་ཆུང་མའི་འཁོར་དང་བཅས། བུ་དང་བཅས། གཉེན་དང་འཁོར་དུ་བཅས་ཏེ། དངོས་པོ་ཐམས་ཅད་ཀྱིས་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་སོང་ནས་རང་གི་གནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ཕུལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་སྨོན་ལམ་འདེབས་པ་ནི་འདི་ལགས་ཏེ། གང་བདག་གི་གནས་འདི་ནས་ཀླུང་ཆེན་པོ་བཞི་འབབ་པ་རྒྱ་མཚོ་ཆེན་པོ་བཞིར་འབབ་པའི་རྒྱ་མཚོ་ཆེན་པོ་དེ་དག་དང་། བཅོམ་ལྡན་འདས་ཀླུང་ཆེན་པོ་འདི་དག་ལ་འཚལ་བའི་སེམས་ཅན་རྐང་གཉིས་པ་དང་། རྐང་བཞི་པ་དང་། རྐང་མངས་དང་། རི་དགས་དང་། བྱ་གང་ལགས་པ་དེ་དག་རྒྱུ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གྱུར་ཅིག ། གང་དག་བྱང་ཆུབ་ཏུ་སྨོན་པ་དེ་དག་ཀྱང་རྒྱུ་དེས་རྣམ་པར་གྲོལ་བར་གྱུར་ཅིག ། དེ་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེ་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་ཁ་དོག་དུ་མའི་འོད་ཟེར་བྱུང་ནས་མཐའ་ ― DKG058_Page_0501 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་འོད་ཀྱིས་ཁྱབ་པར་བྱས་ཏེ། སླར་ལོག་ནས་དེ་བཞིན་གཤེགས་པའི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། མཚུངས་པ་མ་མཆིས་གཟུགས་མངའ་མཐོང་ན་དགའ། །སྐྱེས་མཆོག་བཅོམ་ལྡན་སྐྱེས་བུ་ཁྱུ་མཆོག་པ། །འཇིག་རྟེན་འདས་ལ་འཇིག་རྟེན་སྒྲོན་མ་ཡི། །འོད་གཟི་བཞད་པའི་དོན་འདི་བདག་ལ་གསུངས། །བསོད་ནམས་བརྒྱ་མངའ་བསོད་ནམས་ལྷག་པ་པོ། །ཡེ་ཤེས་ཀྱིས་འཕགས་ཡེ་ཤེས་སྣང་མཛད་པ། །ཆོས་དབང་མི་མཚུངས་ཆོས་ཀྱི་བཀའ་མཆིད་ཅན། །བཅོམ་ལྡན་ཅི་ཡི་དོན་དུ་བཞད་པ་སྟོན། །བདེན་པ་གཟིགས་ཤིང་རྟག་ཏུ་བདེན་ལ་དགྱེས། །དབང་པོ་ཞི་བ་ཞི་གནས་ཕ་རོལ་ཕྱིན། །ཞི་ལ་རབ་ཞི་ཞི་གནས་དགྱེས་པ་པོ། །བཞད་དོན་ཡོན་ཏན་མཐར་ཕྱིན་བདག་ལ་གསུངས། །འཇམ་པའི་གསུང་ཅན་ཚངས་པའི་དབྱངས་འབྱིན་པ། །བྱ་མཆོག་མང་པོའི་སྒྲ་དང་སིལ་སྙན་སྒྲ། །སྒྲ་དབྱངས་ཡན་ལག་ཐམས་ཅད་རྫོགས་པའི་དབྱངས། །ཐུབ་པ་བཞད་པར་སྦྱོར་བ་བདག་ལ་གསུངས། །ཐུབ་པ་ཤེས་རབ་འབྱུང་གནས་ཤེས་རབ་གྲོལ། །རྟག་ཏུ་མཉམ་གཞག་འཁྲུལ་པའི་ཐུགས་མི་མངའ། །ཐམས་ཅད་མཁྱེན་པ་སེམས་ཅན་སྤྱོད་ལ་མཁས། །མཚུངས་མེད་བཞད་པའི་དོན་ནི་ལེགས་པར་གསུངས། །ཡེ་ཤེས་མི་ཕྱེད་དབང་གི་མཐར་ཕྱིན་པ། །རྫུ་འཕྲུལ་མཐའ་ཡས་པ་ཡི་སྟོབས་སྟོན་ཅིང་། །སྟོབས་བཅུ་མངའ་བ་དབང་གི་ཕ་རོལ་གཤེགས། །བདེ་བར་གཤེགས་ཁྱོད་ཅི་སླད་འདིར་འཛུམ་སྟོན། །སྐུ་འོད་དཔལ་གྱིས་སྣང་བ་མཛད་པ་པོ། །ཁྱོད་ཀྱི་འོད་ཀྱིས་གཞན་འོད་གསལ་མི་འགྱུར། །ཇི་ལྟར་རྒྱལ་བའི་འོད་ནི་མངའ་བ་ལྟར། །ཉི་ཟླ་ཞུགས་དང་ནོར་བུའི་མ་ལགས་སོ། །བསོད་ནམས་ཆེན་པོ་ཐེ་ཙོམ་མི་མངའ་བ། །རྫོགས་པའི་བྱང་ཆུབ་སེམས་དཔའ་ཕྱོགས་གསལ་མཛད། །བཅོམ་ལྡན་ ― DKG058_Page_0502 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅི་སླད་བཞད་པ་སྟོན་པ་དེ། །མི་མཚུངས་ཡེ་ཤེས་མངའ་བས་བདག་ལུང་སྟོན། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཀླུའི་རྒྱལ་པོ་མ་དྲོས་པ་དེ་བཞིན་གཤེགས་པ་ལ་འདི་འདྲ་བའི་བཀོད་པ་འདི་དག་གིས་མཆོད་པ་བྱེད་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་རྒྱལ་པོ་མ་དྲོས་པ་འདིས་བྱང་ཆུབ་བསྒྲུབ་པའི་ཕྱིར་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུའི་གན་དུ་ཚངས་པར་སྤྱོད་པ་སྤྱད་དོ། །གང་གི་ཚེ་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ང་ལ་ཁྱོད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་པ་དེའི་ཚེ་དེའི་དུས་ན་ཀླུའི་རྒྱལ་པོ་འདི་ཚོང་དཔོན་གྱི་བུ་རྣམ་པར་དག་པའི་བློ་གྲོས་ཞེས་བྱ་བར་གྱུར་ཏེ། དེས་ང་ལུང་བསྟན་པ་ཐོས་ནས་སྨོན་ལམ་བཏབ་པ། བདག་ཀྱང་མ་འོངས་པའི་དུས་ན་ཇི་ལྟར་ཁྱེའུ་བློ་གྲོས་བཟང་པོ་འདི་ལུང་བསྟན་པ་བཞིན་དུ་ལུང་སྟོན་པར་གྱུར་ཅིག་ཅེས་སྨྲས་སོ། །ཀུན་དགའ་བོ་ཀླུའི་རྒྱལ་པོ་མ་དྲོས་པ་འདི་ཇི་ལྟར་ད་ལྟར་ང་ལ་འབུལ་བ་དེ་བཞིན་དུ་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་རང་གི་གནས་བརྒྱན་ནས་འབུལ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་ཀྱང་དེའི་ལྷག་པའི་བསམ་པ་མཁྱེན་ནས་རྣམ་པར་དག་པའི་ལམ་གྱི་ཆོས་ཀྱི་རྣམ་གྲངས་འདི་འཆད་པར་འགྱུར་རོ། །ས་ཕྱོགས་འདི་ཉིད་དུ་དེ་བཞིན་གཤེགས་པ་ལོག་པར་དད་སེལ་དང་། གསེར་ཐུབ་དང་། འོད་སྲུང་ཡང་བཞུགས་ནས་རྣམ་པར་དག་པའི་ལམ་གྱི་ཆོས་ཀྱི་སྒོའི་ལེའུ་འདི་གསུངས་སོ། །ཀླུའི་བདག་པོ་མ་དྲོས་པ་འདི་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱེད་པར་འགྱུར་རོ། །ཆོས་ཀྱང་ཉན་པར་འགྱུར་རོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་གྲངས་མེད་པ་མཉེས་པར་བྱེད་པར་འགྱུར། ― DKG058_Page_0503 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཚངས་པར་སྤྱད་པ་ཡང་སྤྱོད་པར་འགྱུར། དམ་པའི་ཆོས་ཀྱང་ཡོངས་སུ་འཛིན་པར་འགྱུར་ཏེ། བསྐལ་པ་གྲངས་མེད་པ་བདུན་སྟོང་ལྔ་བརྒྱ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་དྲོས་པ་ཞེས་བྱ་བ་ཉིད་དུ་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་མ་དྲོས་པ་བྱང་ཆུབ་ཐོབ་པའི་ཚེ་སེམས་ཅན་གང་ཡང་འདོད་ཆགས་ཀྱི་གདུང་བའམ། ཞེ་སྡང་གི་གདུང་བའམ། གཏི་མུག་གི་གདུང་བའམ། ཕ་རོལ་གྱི་གདུང་བས་གདུང་བར་མི་འགྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱང་ངེས་པར་ཚེའི་ཚད་དུ་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་མ་དྲོས་པའི་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་བརྒྱད་ཅུར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་མ་དྲོས་པའི་སངས་རྒྱས་ཀྱི་ཞིང་ནི་བཻ་དཱུཪྱ་ལས་གྲུབ་པར་འགྱུར་ཏེ། ས་ཆེན་པོ་དེ་ནི་འཛམ་བུའི་གླིང་གི་གསེར་གྱི་པད་མས་ཁེབས་པར་འགྱུར། ལྷ་དང་མི་དེ་དག་གི་ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་དང་། བཟའ་བ་དང་། བཏུང་བ་ཡང་བསམས་པ་ཙམ་གྱིས་འབྱོར་བར་འགྱུར། མི་དེ་དག་ཐམས་ཅད་མངོན་པར་ཤེས་པ་ལྔས་ནམ་མཁའ་ལ་འགྲོ་བར་འགྱུར། དགའ་ལྡན་གྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་ཅི་འདྲ་བར་མི་དེ་དག་གི་ཡང་དེ་འདྲ་བར་འགྱུར་རོ། །སེམས་ཅན་དེ་དག་གཉིས་ཀྱིས་གཉིས་སྦྱོར་བ་མ་ཡིན་གྱི། དེ་དག་ཐམས་ཅད་ཆོས་ཀྱི་དགའ་བ་ལ་དགའ་ཞིང་མོས་པར་འགྱུར། ཉོན་མོངས་པ་རྣམས་ཀྱང་རབ་ཏུ་ཞི་བར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་ཡང་ཡོངས་སུ་མི་སྐྱོ་བར་ཆོས་སྟོན་པར་འགྱུར་རོ། །ཇི་ལྟར་ད་ལྟར་ང་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཐམས་ཅད་ཀྱིས་ཆོས་སྟོན་པ་ལྟར་དེ་ཤ་ཐང་བར་ཆོས་སྟོན་པར་མི་འགྱུར་རོ། །སེམས་ཅན་དེ་དག་ཀྱང་ཆོས་བརྗོད་པ་ཙམ་གྱིས་འདུལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ས་འདི་ལྟར་སངས་རྒྱས་ཀྱི་ཞིང་དེ་ན་ལྷ་དང་མི་རྣམས་ལ་ཆོས་ཀྱི་གཏམ་གཅིག་སྟོན་པར་འགྱུར་བའི་ཕྱིར་རོ། །སངས་རྒྱས་ཀྱི་ཞིང་དེ་ན་ཉིན་མཚན་ཞེས་སོ་སོར་བགྲང་དུ་ ― DKG058_Page_0504 ―
[མ་དཔེ་གཟིགས་ན་འདིར་གནོན།]
མེད་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དེ་བཞིན་གཤེགས་པ་མ་དྲོས་པ་དེའི་རང་གི་ལུས་ལས་འོད་བཀྱེ་བས་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་དེ་གསལ་བས་ཁྱབ་པར་འགྱུར་རོ། །དེ་ནས་སེམས་ཅན་དེ་དག་འདི་སྙམ་དུ་དེ་བཞིན་གཤེགས་པ་ཆོས་ཀྱི་བཀའ་མཆིད་མཛད་པར་འགྱུར་རོ་སྙམ་དུ་སེམས་པར་འགྱུར་ཞིང་དེ་དག་འོད་དེས་བསྐུལ་བ་དང་། ཆོས་ཉན་པའི་ཕྱིར་ནམ་མཁའ་ལས་འདོང་བར་འགྱུར་རོ། །དེ་ལྟར་དེ་དག་འདུས་ནས་དེ་བཞིན་གཤེགས་པ་དེ་ཤིང་ཏ་ལ་བདུན་སྲིད་དུ། སྟེང་གི་བར་སྣང་ལ་འཕགས་ཏེ། ནམ་མཁའ་ལ་གནས་པའི་སེང་གེའི་ཁྲི་ལ་འདུག་ནས། སེམས་ཅན་དེ་དག་ལ་ཆོས་སྟོན་པར་འགྱུར་རོ། །དེ་དེར་འདུག་པ་དང་སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་དུ་སྣང་བར་འགྱུར་ཏེ། དཔེར་ན་ཟླ་བ་ཉ་བའི་དཀྱིལ་འཁོར་བཞིན་ནོ། །དེ་ན་དགེ་བའི་རྩ་བ་ཡོངས་སུ་སྨིན་པའི་སེམས་ཅན་དེ་དག་འདི་སྙམ་དུ་ཇི་ལྟར་བཅོམ་ལྡན་འདས་དེའི་སེང་གེའི་ཁྲི་གནས་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་གནས་མེད་དེ་ནམ་མཁའི་ངོ་བོ་ཉིད་དོ་སྙམ་དུ་སེམས་པར་འགྱུར་ཏེ། དེ་དག་དེ་ཉིད་ཀྱིས་མངོན་པར་རྟོགས་པར་འགྱུར། བཟོད་པ་ཡང་རབ་ཏུ་འཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་ནི་རྡོ་རྗེའི་སྒོ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སྟོན་ཏོ། །འདི་ལྟ་སྟེ། དཔེར་ན་རྡོ་རྗེ་ནི་གང་དང་གང་དུ་བབ་པ་དེ་དང་དེ་དག་འཇོམས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དེའི་ཆོས་བསྟན་པ་ཡང་བག་ལ་ཉལ་དང་ཀུན་ནས་ལྡང་བ་ཐམས་ཅད་འཇོམས་སོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་མ་དྲོས་པ་དེ་གང་གི་ཚེ་ཡོངས་སུ་མྱ་ངན་ལས་འདའ་བ་དེའི་ཚེ་བྱང་ཆུབ་སེམས་དཔའ་སྨོན་ལམ་ཁྱད་པར་འཕགས་ཞེས་བྱ་བ་འདི་ངའི་འོག་ཏུ་དེ་བཞིན་གཤེགས་པ་ཀུན་དུ་སྣང་བ་ཞེས་བྱ་བར་འགྱུར་ཏེ། སངས་རྒྱས་ཀྱི་ཞིང་ཡང་འདི་འདྲ་བ་ཉིད་དུ་འགྱུར་རོ། །ཞེས་བྱང་ཆུབ་སེམས་དཔའ་སྨོན་ལམ་ཁྱད་པར་འཕགས་པ་ལུང་བསྟན་ནས་ཡོངས་སུ་མྱ་ངན་ལས་འདའོ། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པའི་བུ་རྟག་ཏུ་དད་ ― DKG058_Page_0505 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་ཐོབ་ཅེས་བྱ་བ་དེས་ནོར་བུ་རིན་པོ་ཆེའི་གདུགས་རིན་པོ་ཆེས་སྤྲས་པ་དེ་བཞིན་གཤེགས་པ་ལ་ཕུལ་ལོ། །ཕུལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་སྨོན་ལམ་ཁྱད་པར་འཕགས་ཞེས་བགྱི་བར་འགྱུར་བ་དེ་གང་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོའི་བུ་རྟག་ཏུ་དད་པ་ཐོབ་ཀྱི་ལྷག་པའི་བསམ་པ་མཁྱེན་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་སྨོན་ལམ་ཁྱད་པར་འཕགས་ཞེས་བྱ་བར་འགྱུར་བ་དེ་གཞན་ཡིན་པ་སྙམ་དུ་ཁྱོད་སེམས་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཀླུའི་རྒྱལ་པོའི་བུ་རྟག་ཏུ་དད་པ་ཐོབ་པ་འདི་ཉིད་དེའི་ཚེ་དེའི་ཚེ་དུས་ན་བྱང་ཆུབ་སེམས་དཔའ་སྨོན་ལམ་ཁྱད་པར་འཕགས་ཞེས་བྱ་བར་འགྱུར་ཏེ། བཅོམ་ལྡན་འདས་མ་དྲོས་པ་དེའི་འོག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་སྣང་བ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་ངོ་། །བཅོམ་ལྡན་འདས་ཀྱིས་ཞུས་པ་ལུང་བསྟན་ཅིང་རྣམ་པར་དག་པའི་ལམ་གྱི་ཆོས་ཀྱི་རྣམ་གྲངས་འདི་མཐར་ཕྱིན་པའི་དུས་ཤེས་ནས་ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་མངོན་པར་དགའ་སྟེ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ལ་ཚུལ་བཞིན་དུ་མཆོད་དེ། རང་རང་གི་སངས་རྒྱས་ཀྱི་ཞིང་དང་རང་རང་གི་གནས་སུ་དོང་ངོ་། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པ་བུ་དང་བཅས། ཆུང་མ་དང་བཅས། གཉེན་དང་འཁོར་དུ་བཅས་ཏེ་ཀླུའི་རྒྱལ་པོ་ལྷ་སྲུང་དུ་མངོན་པར་སྤྲུལ་ནས་བཅོམ་ལྡན་འདས་ཀྱི་གཞལ་མེད་ཁང་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཡང་མངོན་པར་སྤྲུལ་ཏེ། བཅོམ་ལྡན་འདས་དེར་བཞུགས་སུ་གསོལ་ནས། ― DKG058_Page_0506 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་བཀོད་དེ་རང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་སོང་སྟེ། དེས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དང་བཅས། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྱ་རྒོད་ཕུང་པོའི་རི་ལ་བསྐྱལ་ནས་བཅོམ་ལྡན་འདས་ཀྱིས་གནང་སྟེ་རང་གི་གནས་སུ་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག ། གསོལ་པ། བདག་གིས་གཟུང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་རྣམ་པར་དག་པའི་ལམ་གྱི་ཆོས་ཀྱི་རྣམ་གྲངས་འདི་འཁོར་བཞི་པོ་དག་ལ་རྒྱུན་མི་འཆད་པར་སྟོན་ཅིག ། དེ་ལྟར་ན་ཁྱོད་དམ་པའི་ཆོས་ཡོངས་སུ་གཟུང་བ་བྱས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀླུའི་རྒྱལ་པོ་མ་དྲོས་པའི་གནས་ནས་བྱ་རྒོད་ཕུང་པོའི་རི་ལ་གཤེགས་སོ་ཞེས་རྒྱལ་པོའི་ཁབ་ཀྱི་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་ཐོས་ནས་དེ་དག་ཐམས་ཅད་དད་པ་ཐོབ་སྟེ། ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་། །དེ་དག་དེ་ལྟར་ཕྱིན་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྣམ་པར་དག་པའི་ལམ་གྱི་ཆོས་ཀྱི་རྣམ་གྲངས་འདི་ཉིད་ལས་བརྩམས་ཏེ། དེ་ལྟ་དེ་ལྟར་ཆོས་བསྟན་ནས་འཁོར་དེ་ལས་སྲོག་ཆགས་ཁྲིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སྲོག་ཆགས་ལྔ་སྟོང་ནི་ཆོས་ལ་ཆོས་ཀྱི་མིག་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། བན་དེ་ཡེ་ཤེས་སྡེ་དང་། ཡི་གེ་པ་དགོན་གླིང་རྨ་ལ་སོགས་པས་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ་པ།། །། འཕགས་པ་མིའམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།― DKG058_Page_0507 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱ་གར་སྐད་དུ། ཨཱཪྱ་དྲུ་མ་ཀི་ན་ན་ར་རཱ་ཛ་པ་རི་པྲཱིཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་མི་འམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་རི་བྱ་རྒོད་ཀྱི་ཕུང་པོ་ལ་དགེ་སློང་དྲུག་ཁྲི་ཉིས་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕལ་ཆེར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པ་བདུན་ཁྲི་ཉིས་སྟོང་ཐམས་ཅད་ཀྱང་མངོན་པར་ཤེས་པས་མངོན་པར་ཤེས་པ། གཟུངས་རབ་ཏུ་ཐོབ་པ། སྤོབས་པ་ཆགས་པ་མེད་པ། ཏིང་ངེ་འཛིན་རབ་ཏུ་ཐོབ་པ། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། མོས་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཕུན་སུམ་ཚོགས་པ། བསམ་པ་རྡོ་རྗེ་ལྟར་བརྟན་ཞིང་མི་ཕྱེད་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྦྱོར་བ་ཕུན་སུམ་ཚོགས་པ། ལྷག་པའི་བསམ་པ་ཁྱད་པར་དུ་འཕགས་པ་ལ་ཞུགས་པ། བདག་ཉིད་བྱང་ཆུབ་ཀྱི་སེམས་མི་འདོར་བ། སེམས་ཅན་གཞན་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་འཇུག་པ། སྦྱིན་པ་དང་། དུལ་བ་དང་། སྡོམ་པ་དང་། དེས་པ་དང་། བཟོད་པ་དང་། སྡུག་པའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་དང་། ཡོངས་སུ་བསྔོ་བའི་ཆོ་ག་ཤེས་པ། ལུས་དང་། ངག་དང་། སེམས་དང་། ཚུལ་ཁྲིམས་ཀྱི་རྒྱན་གྱིས་ལེགས་པར་བརྒྱན་པ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། བཟོད་པ་དང་། དེས་པའི་སྟོབས་ཀྱི་གོ་ཆ་ཤིན་ཏུ་བགོས་པ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གྲངས་མེད་པར་བརྩོན་འགྲུས་ཤིན་ཏུ་བརྩམས་པ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པའི་ཡེ་ཤེས་ཀྱིས་རྣམ་པར་རོལ་པ། ཚིག་ཐམས་ཅད་རབ་ཏུ་དབྱེ་བ་ལ་སྤོབས་པ་ཆགས་པ་མེད་པའི་ཤེས་རབ་དང་། ཡེ་ཤེས་ལ་མཁས་པ། རི་རབ་ཀྱི་རི་ལྟར་ ― DKG058_Page_0508 ―
[མ་དཔེ་གཟིགས་ན་འདིར་གནོན།]
སེམས་གཡོ་བ་མེད་པ། ས་དང་། ཆུ་དང་། མེ་དང་། རླུང་དང་། རི་ལྟར་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་བ་བྱམས་པ་ཆེན་པོ་ལ་གནས་ཏེ་འོད་ཟེར་ཐོགས་པ་མེད་པ། སྙིང་རྗེ་ཆེན་པོ་ལ་གནས་ཏེ་སེམས་ཅན་ཐམས་ཅད་ཀྱི་བྱ་བ་གཅིག་ལ་བརྩོན་པ། དགའ་བ་ཆེན་པོ་ལ་གནས་ཏེ་ཆོས་ལ་དགའ་ཞིང་མགུ་བ་དང་ལྡན་པ། བཏང་སྙོམས་ཆེན་པོ་ལ་གནས་པར་བརྩོན་པ། གཉིས་སུ་མེད་པའི་ཡེ་ཤེས་རབ་ཏུ་ཐོབ་པ། འཇིག་རྟེན་གྱི་ཆོས་བརྒྱད་པོ་རྙེད་པ་དང་། མ་རྙེད་པ་དང་། གྲགས་པ་དང་། མ་གྲགས་པ་དང་། བསྟོད་པ་དང་། སྨད་པ་དང་། བདེ་བ་དང་། སྡུག་བསྔལ་ལས་རབ་ཏུ་འདས་པ། ཕ་རོལ་རྒོལ་བ་ངན་པའི་ཚོགས་ཅན་གྱི་ཚོགས་ཐམས་ཅད་ཀུན་དུ་རབ་ཏུ་འཇོམས་པ། བདུད་དང་ཕྱིར་རྒོལ་བ་བཅོམ་པ། ཨུ་དུམ་བཱ་རའི་མེ་ཏོག་མཐོང་བ་ལྟར་ཤིན་ཏུ་འབྱུང་བར་དཀའ་བ། གསོལ་བ་མ་བཏབ་པར་སེམས་ཅན་ཐམས་ཅད་ལ་དགེ་བའི་བཤེས་གཉེན་བྱེད་པ། རབ་ཏུ་ཡོངས་སུ་མྱ་ངན་ལས་འདའ་བའི་བཤེས་གཉེན་བྱེད་པ། སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། སངས་རྒྱས་ཀྱི་ཆོས་ཟབ་མོ་དང་མི་འཇིགས་པ་སྒྲོགས་པ། དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་པ། མི་འཁྲུགས་པར་ཕྱད་པར་ལུང་སྟོན་པ། ཇི་ལྟར་སྨྲས་པ། དེ་བཞིན་བྱེད་པ། དེ་ཁོ་ནའི་ཆོས་ཀྱི་ཚུལ་ལ་བརྩོན་པ་འོད་ཀྱིས་ཉི་མ་དང་ཟླ་བ་མོག་མོག་པོར་བྱེད་པ། ཕྱོགས་བཅུར་སྒྲ་བསྒྲགས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སེམས་པ། ཆོས་དཀོན་མཆོག་གི་མཛོད་ཡང་དག་པར་འཛིན་པ། དཀོན་མཆོག་གསུམ་གྱི་རིགས་མི་གཅོད་པར་ཡིད་ལ་བྱེད་པ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་འདའ་བ་ལ་མཁས་པ། ཤིན་ཏུ་རྣམ་པར་ཕྱེ་བ་རྣམ་པར་འབྱེད་པ་གནས་པའི་བློ་དང་ལྡན་པ་མཐོང་བ་དང་། ཐོས་པ་དོན་ཡོད་པས་རྣམ་པར་གནོན་པ། རྟག་པར་རྒྱུན་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་བརྩོན་པ། ཤེས་རབ་དང་ཐབས་ལ་མཁས་པའི་མཆོག་ཐོབ་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པས་ཅི་རིགས་པར་ཆོས་སྟོན་པ། ― DKG058_Page_0509 ―
[མ་དཔེ་གཟིགས་ན་འདིར་གནོན།]
སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་ལྟ་བའི་ཆོ་ག་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་འཇུག་པ་དང་བཏགས་པ་ལ་བདེ་བླག་ཏུ་མཁས་པ། མི་འཇིགས་པ་ཆེན་པོས་འཇིགས་པ་མེད་པ། རྒ་བ་དང་། ན་བ་དང་། འཆི་བ་དང་། ཉོན་མོངས་པ་རབ་ཏུ་ཞི་བར་བྱེད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྲུན་པ། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པའི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་བསགས་པ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་ཐམས་ཅད་ལ་མོས་པ་ལ། སྨོན་པ་མེད་པ་སེམས་ཅན་དང་། ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། ཆུ་ཟླ་དང་། མིག་ཡོར་དང་། བྲག་ཅ་དང་། ནམ་མཁའ་དང་མཚུངས་པར་མོས་པ། སྒྲ་སྐད་ཐམས་ཅད་ངེས་པའི་ཚིག་གིས་སྟོན་པའི་ཡེ་ཤེས་ལ་མཁས་པ། ཆོས་དང་། དོན་དང་ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པ། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་དབང་པོ་མངོན་སུམ་དུ་གྱུར་པ། ཤུགས་ཆེན་པོ་འཛིན་པའི་སྟོབས་བཅུ་ལ་ཉེ་བར་གྱུར་པ། ཤའི་མིག་དང་། ལྷའི་མིག་དང་། ཤེས་རབ་ཀྱི་མིག་དང་། ཆོས་ཀྱི་མིག་དང་། སངས་རྒྱས་ཀྱི་སྤྱན་སྣང་བ་ཐོབ་པ། ལམ་གྱི་ཡན་ལག་གི་ཚོགས་ཤིན་ཏུ་བསགས་པའི་ལམ་ཐམས་ཅད་ལ་འཇུག་པའི་ཡེ་ཤེས་ལ་མཁས་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་སྣང་བ་ལ་འཇུག་པའི་ཆོ་ག་ཤེས་པ། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ། མཚན་ཉིད་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པ། རྡོ་རྗེ་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ལ་འཇུག་པའི་ཡེ་ཤེས་ལ་མཁས་པ། ཆོས་ཐམས་ཅད་ལ་དབང་བྱེད་པའི་ཏིང་ངེ་འཛིན་མངོན་དུ་གྱུར་པ། ཆོས་དཀོན་མཆོག་གི་སྒྲོན་མ་འཛིན་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་རྣམ་པར་ལྟ་བ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་ལ་རྣམ་པར་ལྟ་བར་མཁས་པ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བྱ་བས་སོ་སོར་ཉེ་བར་གནས་པ་རྣམ་ ― DKG058_Page_0510 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་མཆོག་ཐམས་ཅད་དང་ལྡན་པའི་ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ། བསྐལ་པ་ཐམས་ཅད་དུ་བསྔགས་པ་ཡོངས་སུ་བརྗོད་ཀྱང་མཐར་མི་ཕྱིན་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བྱེད་དང་། དགའ་འབྱུང་དང་། ལག་ན་རིན་པོ་ཆེ་དང་། རིན་ཆེན་མེ་ཏོག་དང་། རིན་པོ་ཆེའི་ཏོག་དང་། མཐོང་དགའ་དང་། མིག་གིས་མཐོང་དགའ་དང་། མཛེས་པའི་བློ་གྲོས་དང་། དགའ་ཞིང་མཆོག་ཏུ་དགའ་བྱེད་དང་། ས་འཛིན་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། དཔལ་ཆེན་དང་། བདུད་ཐུལ་དང་། མེ་ཏོག་མན་དཱ་ར་བའི་དྲི་དང་། རླུང་ལྷ་དང་། བདེན་དགའ་དང་། མཉམ་ལྟ་དང་། རི་རབ་རྩེ་འཛིན་དང་། རི་རབ་བརྩེགས་དང་། རི་རབ་མཆོག་དང་། དྲ་བ་ཅན་གྱི་འོད་དང་། རྒྱལ་བའི་བློ་གྲོས་དང་། སྐྱེ་བར་ཚིམ་བྱེད་དང་། འགྲོ་བ་འཛིན་དང་། ལྷའི་རྒྱལ་པོས་མཆོད་དང་། མཆོག་གི་བློ་གྲོས་དང་། ཐོགས་མེད་སེམས་དང་། སྐྱ་རིང་བློ་གྲོས་དང་། མི་སྐྱོབ་པ་དང་། དཔག་མེད་རིན་ཆེན་མཛོད་དང་། འོད་ཀྱི་ཏོག་དང་། འོད་དཔལ་དང་། སྒྲོན་མའི་རྒྱལ་པོ་དང་། བྱང་ཆུབ་བློ་གྲོས་དང་། འོད་ཀྱིས་ཡང་དག་བརྒྱན་དང་། སྣ་ཚོགས་མེ་ཏོག་དང་། ལྷའི་རྒྱལ་པོ་དང་། ལྷའི་ཚུལ་གྱིས་ལྟ་བ་དང་། དཔུང་བཟང་དང་། ལེགས་པར་བསམ་པ་སེམས་པ་དང་། འཁོར་ལོ་རབ་གནས་རྐང་པ་དང་། མི་གཡོ་རྐང་པས་རྣམ་པར་གནོན་དང་། རྡོ་རྗེའི་རྐང་པས་རྣམ་པར་གནོན་དང་། རྐང་པས་འཇིག་རྟེན་གསུམ་རྣམ་པར་གནོན་དང་། དགའ་སྤོབས་དང་། སྤོབས་མྱུར་དང་། སྤོབས་པ་མི་འཆད་པ་དང་། སྤོབས་པ་བྱིན་གྱིས་བརླབས་དང་། འཇམ་སྒྲ་དང་། སེམས་ཅན་ཐམས་ཅད་ཚིམ་བྱེད་དང་། ཚངས་དབྱངས་དང་། བཟང་སྐྱོང་དང་། རིན་ཆེན་འབྱུང་གནས་དང་། དེད་དཔོན་བཟང་པོ་དང་། མིས་བྱིན་དང་། ཆུ་ལྷ་དང་། བྱམས་པ་དང་། འཇམ་དབྱངས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བདུན་ཁྲི་ཉིས་སྟོང་ ― DKG058_Page_0511 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་ཐབས་ཅིག་ཏུ་བཞུགས་སོ། །གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། དེ་ལས་གཞན་པ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་རྣམས་བཅོམ་ལྡན་འདས་ལ་ལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བ་དང་། ཆོས་མཉན་པའི་ཕྱིར་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་ཅོད་པན་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པ་དེས། བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་དེ་འདུས་པར་རིག་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །འཇིག་རྟེན་འདས་པ་འཇིག་རྟེན་སྒྲོན་མ་མཛད། །ཁྱོད་ནི་འཇིག་རྟེན་དོན་མཛད་བློ་གྲོས་ལྡན། །སྣང་བ་བརྙེས་ཤིང་ཉོན་མོངས་དྲི་བསལ་བ། །འཇིག་རྟེན་སྣང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །སྦྱིན་ལ་དགྱེས་ཤིང་སྟོབས་བཅུ་མཆོག་མངའ་བ། །དུལ་བ་འདུལ་བ་གདུལ་བའི་ཕ་རོལ་ཕྱིན། །བཅོམ་ལྡན་ལྷ་དང་མི་དང་ཀླུས་མཆོད་པ། །གདུལ་བའི་མཐར་ཕྱིན་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མཆོག་འགྲོ་བ་མང་པོའི་དོན་མཛད་པ། །འདོམ་གང་འོད་ནི་གསེར་གྱི་ཁ་དོག་ལྟ། །དགེ་བའི་མཚན་གྱི་དམ་པའི་གཟུགས་མངའ་བ། །སྲིད་གསུམ་མཚུངས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཕ་རོལ་ཕྱིན་པས་གཞན་གྱི་ཚོགས་འཇོམས་ཤིང་། །ཕ་རོལ་རྒོལ་བའི་རྒོལ་འཇོམས་མི་གཡོ་བ། །སེམས་ཅན་གཞན་གྱི་སེམས་དང་སྤྱོད་ལ་མཁས། །ཐུགས་རྗེ་མཆོག་མངའ་ཁྱོད་ལ་ཕྱག་འཚལ་ལོ། །དགྲ་བཅོམ་རྒྱལ་པོ་ཉོན་མོངས་རྡུལ་བསལ་བ། །འཚོ་བ་དག་ཅིང་བརྟུལ་ཞུགས་ཚུལ་ཁྲིམས་གནས། །ལྷ་ཡི་ལྷ་མཆོག་དྲི་མེད་དྲི་མ་བྲལ། །ཕ་རོལ་ཚོགས་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །བདེ་གཤེགས་རིན་ཆེན་མཆོག་ཏུ་དགའ་མཛད་པ། །དགོན་པར་རྟག་གནས་རྟག་ཏུ་དགོན་པར་དགྱེས། །རྡུལ་སྐྱོན་གཏི་མུག་རྙོག་པ་མི་མངའ་བ། །ནམ་མཁའ་མཉམ་ཐུགས་ཁྱོད་ལ་ཕྱག་འཚལ་ལོ། །ཆུ་བོ་བཞི་རྒལ་བདེན་བཞི་བཀའ་མཆིད་གསུང་། །མིག་སྦྱིན་བདུད་རྩི་ཆོས་ཀྱི་བཀའ་མཆིད་ཅན། །འགྲོ་བའི་དོན་མཛད་འཇིག་རྟེན་ ― DKG058_Page_0512 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསུམ་རྒྱུ་བ། །འཁོར་ལོ་ཞབས་མངའ་ཁྱོད་ལ་ཕྱག་འཚལ་ལོ། །ལྷ་དང་མིས་མཆོད་པ་ཡི་མཐུ་བོ་ཆེ། །མགོན་པོ་ལྷ་ཡི་དབང་པོ་བདུན་འཇོམས་པ། །མི་དང་ལྷ་ཀླུ་ཚོགས་ཀྱིས་མནོད་པ་ཡི། །མི་མཆོག་དམ་པ་ཁྱོད་ལ་ཕྱག་འཚལ་ལོ། །རྟག་ཏུ་བདེ་སྡུག་དམ་པའི་ཆོས་ལ་དགྱེས། །མཉམ་ཐུགས་འགྲོ་བ་ཀུན་ལ་བྱམས་པའི་ཐུགས། །ཆོས་ལ་མཉམ་གནས་མི་རྣམས་ཁ་ལོ་སྒྱུར། །ཡོན་ཏན་མཐར་ཕྱིན་ཁྱོད་ལ་ཕྱག་འཚལ་ལོ། །སྙན་པའི་སྒྲ་དབྱངས་རྣམ་པར་དག་དང་ལྡན། །ཚངས་པའི་སྒྲ་དབྱངས་ལྟ་བུར་འཇམ་པའི་གསུང་། །ཐམས་ཅད་དབྱངས་ཀྱི་ཡན་ལག་གསུང་ཚུལ་རྫོགས། །བདེན་པ་སྙན་གསུང་ཁྱོད་ལ་ཕྱག་འཚལ་ལོ། །སྟོང་པ་མཚན་མ་མེད་ཅིང་སྨོན་དང་བྲལ། །ཟབ་མོ་བལྟ་དཀའ་ཤིན་ཏུ་རྟོགས་པར་དཀའ། །ཐར་ལ་འཇུག་པར་མཁས་པ་བློ་གྲོས་ལྡན། །ཐར་པའི་ལམ་དགྱེས་ཁྱོད་ལ་ཕྱག་འཚལ་ལོ། །རྒྱུ་ལ་རྟེན་པ་མཁས་པའི་བཅོམ་ལྡན་འདས། །མཐའ་གཉིས་ལྟ་བ་རྟག་ཏུ་མི་མངའ་བ། །ལས་ཀྱི་རྣམ་སྨིན་འབྲས་བུ་ཁོ་ན་གསུང་། །ལྟ་བའི་མུན་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །གང་ནས་མ་བྱོན་གང་དུའང་གཤེགས་མ་ལགས། །རྟག་ཏུ་དབེན་པའི་ཆོས་རྣམས་རབ་གསུང་བ། །སྨིག་རྒྱུ་རྒྱུ་བཞིན་ང་ཡི་མི་མངའ་བ། །དགེ་བའི་ཆོས་ཚུལ་ཁྱོད་ལ་ཕྱག་འཚལ་ལོ། །སྐྱེ་བ་མི་སྐྱེ་གང་དུའང་སྐྱེ་མ་ལགས། །སྐྱེ་དང་འཇིག་དང་གང་དུའང་མི་བས་པ། །ཆོས་ཀྱི་གནས་ཉིད་ཇི་ལྟའི་གནས་ལ་གནས། །གནས་ལ་མི་གནས་རྒྱལ་ལ་ཕྱག་འཚལ་ལོ། །དེ་བཞིན་ཁོ་ན་དེ་བཞིན་ཡང་དག་གསུང་། །རྟག་ཏུ་མི་གཡོ་དེ་བཞིན་ཉིད་ལ་བཞུགས། །རི་རབ་རྒྱལ་མཚན་ ― DKG058_Page_0513 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྡོ་རྗེ་འདྲ་བའི་སྐུ། །མི་གཡོ་རི་རབ་མཚུངས་ལ་ཕྱག་འཚལ་ལོ། །སྐུ་ནི་དབེན་ཞིང་མཉམ་ཐུགས་བློ་ལྡན་པ། །གྲགས་པ་མཐའ་ཡས་འཇིག་རྟེན་གསུམ་གྲགས་པ། །སྐྱེས་བུ་མཆོག་ལ་ཞུ་བ་ཞུས་པ་རྣམས། །འཇིག་རྟེན་ཟླ་བས་མྱུར་དུ་སྐབས་དབྱེར་གསོལ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་ཅོད་པན་གྱིས་ཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བདག་གིས་ཞུས་པ་ལུང་བསྟན་པའི་སླད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྐབས་དབྱེ་བར་གནང་ན་བཅོམ་ལྡན་འདས་ལ་བདག ་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་ཅོད་པན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲི་བ་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་ཅོད་པན་གྱིས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་ཅིང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྤོབས་པ་སྣ་ཚོགས་ཀྱི་རྒྱན་དང་ལྡན་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཟབ་མོ་རྣམ་པར་གདོན་མི་ཟ་བ་ལ་འཇུག་པ་ཤེས་པ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ལགས་པ་ཤེས་པ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སོ་སོ་ཅི་རིགས་པར་ཆོས་སྟོན་པ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་སེམས་ཀྱི་བསམ་པ་མཉམ་ ― DKG058_Page_0514 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞིང་སྤྱོད་པ་ཤེས་པ་ལ་འཇུག་པར་མཁས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྒྱུ་དང་དབྱེ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་འཇུག་པ་ཤེས་པ་ལ་བརྗེད་པ་མ་མཆིས་པར་སྤྱོད་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྦྱིན་པའི་རྒྱན་གྱིས་བརྒྱན་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་རྒྱན་གྱིས་བརྒྱན་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བཟོད་པའི་རྒྱན་གྱིས་བརྒྱན་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་རྒྱན་གྱིས་བརྒྱན་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་རྒྱན་གྱིས་བརྒྱན་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་རྒྱན་གྱིས་བརྒྱན་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཚངས་པའི་ལམ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་ལས་མི་ཉམས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཡུལ་ལས་རྣམ་པར་རྒྱལ་བ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྒལ་ནས་ཕ་རོལ་ཐང་ལ་གནས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་ལམ་ཡང་སྟོན་ལ་མཚུངས་པར་སྤྱོད་པར་ཡང་རྣམ་པར་མི་རྟོག་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འཁོར་བ་ལ་ཡང་ལྟ་ལ་མྱ་ངན་ལས་འདས་པ་ལ་ཡང་མི་གནས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁམས་སྣ་ཚོགས་ལ་ཡང་རྣམ་པར་ལྟ་ལ་ཆོས་ཀྱི་དབྱིངས་ལས་ཀྱང་མི་གཡོ་བ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དོན་ཡང་མི་འདོར་ལ་གནོད་པར་ཡང་ཀུན་དུ་གདའ་བ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ནོར་དང་ལྡན་ལ་ཐབས་ཀྱིས་ནོར་མ་མཆིས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཨ་ཞེས་བགྱི་བའི་སྒོས་རྣམ་པ་མ་མཆིས་པའི་སྒོར་འཇུག་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སངས་ ― DKG058_Page_0515 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱས་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་འགྱུར་བ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་རྣམ་པར་གདོན་མི་ཟ་བ་རྣམས་ལ་རྣམ་པར་ཕྱེ་བ་ཤིན་ཏུ་རྣམ་པར་འབྱེད་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་བྱ་བ་དང་འཐུན་པར་ཞུགས་ཀྱང་ཉོན་མོངས་པ་ཐམས་ཅད་ཀྱིས་མི་གོས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཞན་དག་གིས་བལྟར་མི་མཐོང་བའི་ཆོས་ཀྱི་དབང་ཕྱུག་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་མཐོང་བ་དང་མི་འབྲལ་བ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཤིན་ཏུ་དུལ་ཞིང་མི་འཁྲུགས་པའི་ཆོས་ཅན་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་རྣམས་བླངས་པ་མ་མཆིས་པར་སློབ་དཔོན་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་སྟོན་པར་གྱུར་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་རྗེས་སུ་བསྐོར་བ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཐམས་ཅད་དབང་བསྐུར་བ་ཐོབ་པ་རྣམས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་ཅོད་པན་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེའི་དོན་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་། བདེ་བའི་ཕྱིར་ཞུགས་པ་དང་། རིགས་ཀྱི་བུ་ཁྱོད་ད་ལྟར་གྱི་དང་། མ་འོངས་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བ་དང་། ཐེག་པ་ཆེན་པོ་འདི་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་ལ་གང་དོན་འདི་ཡོངས་སུ་འདྲི་བར་སེམས་པ་ནི་ལེགས་སོ། །རིགས་ཀྱི་བུ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ ― DKG058_Page_0516 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆེན་པོ་ལྷའི་ཅོད་པན་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྤོབས་པ་སྣ་ཚོགས་ཀྱི་རྒྱན་དང་ལྡན་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་འོད་ཟེར་ཐོགས་པ་མེད་པ་རྣམས་རིན་པོ་ཆེ་དང་སྡུག་པའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་ཞིང་ཡིད་འགྱོད་པ་མེད་པ་རྣམས་ཡིན། ཆོས་སྨྲ་བ་གཞན་དག་གིས་བཤད་པ་མི་ཟློག་ཅིང་རྗེས་སུ་ཡི་རང་སྟེ་དགའ་བ་དང་། མགུ་བ་དང་། དང་བ་དང་མཆོག་ཏུ་དགའ་བ་ཐོབ་ནས་ལེགས་སོ་ཞེས་བྱ་བ་སྦྱིན་པ་དང་། ཆོས་མཉན་པའམ། ཆོས་བགྲོ་བའམ། དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་ཕྱིར་རམ། མཚན་མོ་འདུག་པར་བསྐུལ་ན་མཆོག་ཏུ་དགའ་བ་དང་ལྡན་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་ལྷག་པའི་བསམ་པ་དང་། ཟང་ཟིང་མེད་པའི་སེམས་ཀྱི་ཆོས་ཀྱི་སྦྱིན་པ་སྦྱིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་སྤོབས་པ་སྣ་ཚོགས་རྒྱན་དང་ལྡན་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཆོས་ཟབ་མོ་རྣམ་པར་གདོན་མི་ཟ་བ་ལ་འཇུག་པ་ཤེས་པ་ལ་མཁས་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་དང་རྗེས་སུ་འཐུན་པ་དང་། བདག་གི་རང་བཞིན་ལྟར་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་རྟོགས་པ་དང་། འདུ་བྱེད་ཐམས་ཅད་གར་ཡང་མི་འགྲོ། གང་ནས་ཀྱང་མ་འོངས་པར་རབ་ཏུ་ཤེས་པ་དང་། ཆོས་ཐམས་ཅད་ནམ་མཁའི་ཕྱག་རྒྱས་བཏབ་པར་མོས་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་ཆོས་ཟབ་མོ་རྣམ་པར་གདོན་མི་ཟ་བ་ལ་འཇུག་པ་ཤེས་པ་ལ་མཁས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་ལ་མཁས་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་སྒོ་ཤིན་ཏུ་སྦྱངས་པ་དང་། སྒྲིབ་པ་མེད་པའི་སྒོ་མངོན་སུམ་དུ་གྱུར་པ་དང་། མངོན་པར་ཤེས་པས་རྣམ་ ― DKG058_Page_0517 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་རྩེ་བ་ཤེས་པ་དང་། སེམས་ལས་སུ་རུང་ཞིང་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཤེས་པ་ལ་མཁས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སོ་སོ་ཅི་རིགས་པར་ཆོས་སྟོན་པ་ལ་མཁས་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། སོ་སོ་ཡང་དག་པར་རིག་པ་ཤེས་པ་དང་། སེམས་ཅན་གཟུད་པ་ཤེས་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་པ་དང་། བདག་གིས་སེམས་སྦྱངས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་སྦྱངས་པར་རབ་ཏུ་ཤེས་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་སོ་སོ་ཅི་རིགས་པར་ཆོས་སྟོན་པ་ལ་མཁས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སེམས་ཅན་ཐམས་ཅད་ལ་སེམས་ཀྱི་བསམ་པ་མཉམ་ཞིང་སྤྱོད་པ་ཤེས་པ་ལ་འཇུག་པར་མཁས་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། ཤེས་རབ་ཀྱི་འཛུད་པ་དང་། ཡེ་ཤེས་ཆགས་པ་མེད་པ་དང་། ཐབས་ཀྱིས་ཞུགས་པས་སྒྲིབ་པ་ཐམས་ཅད་རྒྱུན་བཅད་པ་དང་། བློ་ཤིན་ཏུ་སྦྱངས་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་སེམས་ཅན་ཐམས་ཅད་ལ་སེམས་ཀྱི་བསམ་པ་མཉམ་ཞིང་། སྤྱོད་པ་ཤེས་པ་ལ་འཇུག་པར་མཁས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་རྒྱུ་དང་། བྱ་བ་དང་ལས་ཀྱི་རྣམ་པར་སྨིན་པ་ལ་འཇུག་པར་ཤེས་པ་ལ་བརྗེད་པ་མེད་པར་སྤྱོད་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། ཆད་པར་སྨྲ་བ་མ་ཡིན་པ་དང་། རྟག་པར་སྨྲ་བ་མ་ཡིན་པ་དང་། རྒྱུ་དང་བྱ་བ་དང་ལས་ཀྱི་འབྲས་བུ་ལ་ཡང་དག་པར་ཇི་ལྟ་བ་བཞིན་དུ་འཇུག་པ་དང་། ཆོས་ལ་ཆོས་ཉིད་དུ་བྱེད་ཅིང་ཆོས་ལ་ཆོས་སུ་སྨྲའི་འདི་ལ་བདག་དང་བདག་གིར་མི་སྨྲ་བ་སྟེ། དེ་ལྟར་བྱ་བ་ལ་འཇུག་པས་རྒྱུ་དང་བྱ་བ་དང་། ལས་ཀྱི་འབྲས་བུ་མ་རུང་བར་མི་བྱེད་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན། རྒྱུ་དང་བྱ་བ་དང་ལས་ཀྱི་རྣམ་པར་སྨིན་པ་ ― DKG058_Page_0518 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་འཇུག་པ་ཤེས་པ་ལ་བརྗེད་པ་མེད་པར་སྤྱོད་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྦྱིན་པའི་རྒྱན་གྱིས་བརྒྱན་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། མཚན་གྱིས་ལེགས་པར་བརྒྱན་པ་རྣམས་ཡིན། དཔེ་བྱད་བཟང་པོས་རྣམ་པར་སྤྲས་པ་རྣམས་ཡིན། གཟུགས་ལྟ་བས་མི་ངོམས་པ་རྣམས་ཡིན། ལག་ན་རིན་པོ་ཆེ་ཐོབ་པས་ལོངས་སྤྱོད་མི་ཟད་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་སྦྱིན་པའི་རྒྱན་གྱིས་བརྒྱན་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། ཚུལ་ཁྲིམས་ཀྱི་རྒྱན་གྱིས་བརྒྱན་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཞིང་བྱང་ཆུབ་ཀྱི་སེམས་ཀྱིས་བརྒྱན་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དུ་འགྱུར་ཞིང་བྱང་ཆུབ་ཀྱི་སེམས་ཀྱིས་བརྒྱན་པ་དང་། མི་མཇེད་ཀྱི་བདག་པོ་ཚངས་པར་འགྱུར་ཞིང་བྱང་ཆུབ་ཀྱི་སེམས་ཀྱིས་བརྒྱན་པ་དང་། ངན་འགྲོ་ཐམས་ཅད་ཡང་དག་པར་བཅད་ནས་ལྷ་དང་མིར་སྐྱེ་བ་ཡོངས་སུ་བཟུང་བར་གྱུར་ཅིང་བྱང་ཆུབ་ཀྱི་སེམས་ཀྱིས་བརྒྱན་པ་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་ཚུལ་ཁྲིམས་ཀྱི་རྒྱན་གྱིས་བརྒྱན་པ་རྣམས་སུ་རིག་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བཟོད་པའི་རྒྱན་གྱིས་བརྒྱན་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། ཚངས་པའི་སྐད་དང་སྒྲ་དབྱངས་ལྟ་བུ་དང་ལྡན་པ་རྣམས་ཡིན། ཀ་ལ་པིང་ཀའི་སྒྲ་དང་། རྔ་སྒྲ་ལྟ་བུ་དང་ལྡན་པ་རྣམས་ཡིན། སྐྱེ་བོ་མང་པོས་མཐོང་ན་སྡུག་ཅིང་ཡིད་དུ་འོང་བ་རྣམས་ཡིན། དགེ་བའི་ཆོས་རྣམས་ལ་ཡི་དམ་ལ་བརྟན་པ་རྣམས་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་བཟོད་པའི་རྒྱན་གྱིས་བརྒྱན་པ་རྣམས་སུ་རིག་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བརྩོན་འགྲུས་ཀྱི་རྒྱན་གྱིས་བརྒྱན་པར་རིག་པར་བྱའོ། །བཞི་གང་ཞེ་ན། དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱ་བའི་ཆོག་ཤེས་པས་དགེ་བའི་ཆོས་རྣམས་ལ་ཡི་དམ་ལ་བརྟན་པ་རྣམས་ཡིན། ཕ་རོལ་གྱིས་མནན་ ― DKG058_Page_0519 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་མེད་པས་རྡོ་རྗེའི་ལུས་རབ་ཏུ་ཐོབ་པ་རྣམས་ཡིན། བྱ་བ་ཅི་ཡོད་ཅེས་བྱ་བ་ལ་མོས་པས་གསོལ་བ་མ་བཏབ་པར་སེམས་ཅན་ཐམས་ཅད་ལ་དགེ་བའི་བཤེས་གཉེན་བྱེད་པ་རྣམས་ཡིན། ཐོས་པའི་ཚོགས་བསགས་པས་མི་ངོམས་པའི་ཕྱིར་ཡིད་ཡོངས་སུ་མི་སྐྱོ་བ་རྣམས་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན། བརྩོན་འགྲུས་ཀྱི་རྒྱན་གྱིས་བརྒྱན་པ་རྣམས་སུ་རིག་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བསམ་གཏན་གྱི་རྒྱན་གྱིས་བརྒྱན་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། མི་རྒོད་པ་རྣམས་ཡིན། མ་ཁེངས་པ་རྣམས་ཡིན། མུ་ཅོར་སྨྲ་བ་མེད་པ་རྣམས་ཡིན། ཅང་ཤེས་ཀྱི་སེམས་མི་འདོར་བ་རྣམས་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་བསམ་གཏན་གྱི་རྒྱན་གྱིས་བརྒྱན་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་ཤེས་རབ་ཀྱི་རྒྱན་གྱིས་བརྒྱན་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། བདག་དང་སེམས་ཅན་དང་། སྲོག་དང་གསོ་བ་དང་། སྐྱེས་བུ་དང་། གང་ཟག་ཏུ་སྨྲ་བ་མེད་པ་རྣམས་ཡིན། སྤོབས་པ་ཆགས་པ་མེད་པ་རྣམས་ཡིན། ཚིག་ཐམས་ཅད་རབ་ཏུ་དབྱེ་བ་བསྟན་པ་ཤེས་པ་ལ་མཁས་པ་རྣམས་ཡིན། ཆོས་ཐམས་ཅད་ལ་སོམ་ཉི་མེད་ཅིང་ཐེ་ཙོམ་དང་བྲལ་བ་རྣམས་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་ཤེས་རབ་ཀྱི་རྒྱན་གྱིས་བརྒྱན་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཚངས་པའི་ལམ་ལ་མཁས་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་དཔུང་གཉེན་བྱ་བའི་ཕྱིར་མངོན་པར་བསྒྲུབས་པའི་བྱམས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མངོན་པར་བསྒྲུབས་པའི་སྙིང་རྗེ་ཆེན་པོ་དང་། ཆོས་ཐམས་ཅད་ལ་དགའ་བས་མངོན་པར་བསྒྲུབས་པའི་དགའ་བ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱིར་མངོན་པར་བསྒྲུབས་པའི་བཏང་སྙོམས་ཏེ། རིགས་ ― DKG058_Page_0520 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་ཚངས་པའི་ལམ་ལ་མཁས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་མངོན་པར་ཤེས་པ་ལས་མི་ཉམས་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། བསམ་གཏན་བཞི་སྡུད་པའི་ཤེས་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྒྲུབས་པའི་ཐབས་ཤེས་པ་དང་། རང་གིས་སེམས་ལ་དབང་སྒྱུར་བའི་ཆོས་ཤེས་པ་དང་། སངས་རྒྱས་ལ་བལྟ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་འགྲོ་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་མངོན་པར་ཤེས་པ་ལས་མི་ཉམས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་གཡུལ་ལས་རྣམ་པར་རྒྱལ་བ་རྣམས་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། ནང་ཉེ་བར་ཞི་བ་དང་། ཕྱི་རོལ་དུ་མི་རྒྱུ་བ་དང་། ཆོས་ཐམས་ཅད་ལ་སྒྱུ་མ་ལྟ་བུ་རབ་ཏུ་རྟོག་པའི་ཤེས་པ་དང་། ཡེ་ཤེས་ཀྱི་སྟོབས་ཅན་ཡིན་གྱི་ཉོན་མོངས་པའི་སྟོབས་ཅན་མ་ཡིན་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་གཡུལ་ལས་རྣམ་པར་རྒྱལ་བ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་རྒལ་ནས་ཕ་རོལ་ཐང་ལ་གནས་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། འདོད་པའི་ཆུ་བོ་ཡང་རབ་ཏུ་ཤེས་ལ་འདོད་ཆགས་དང་བྲལ་བ་ཡང་མངོན་སུམ་དུ་མི་བྱེད་པ་དང་། སྲིད་པའི་ཆུ་བོ་ཡང་རབ་ཏུ་ཤེས་ལ་བསམས་བཞིན་དུ་ཡང་སྐྱེ་བ་དང་། ལྟ་བའི་ཆུ་བོ་ཡང་རབ་ཏུ་ཤེས་ལ་ལྟ་བའི་བཅིང་བས་བཅིངས་པ་ཡང་མི་འདོར་བ་དང་། མ་རིག་པའི་ཆུ་བོ་ཡང་རབ་ཏུ་ཤེས་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་རྗེས་སུ་འཐུན་པར་ཡང་བྱེད་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་རྒལ་ནས་ཕ་རོལ་ཐང་ལ་གནས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་ལམ་ཡང་སྟོན་ལ་མཚུངས་པར་སྤྱོད་པ་ཡང་རྣམ་པར་མི་རྟོག་ ― DKG058_Page_0521 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཤིན་ཏུ་ཡོངས་སུ་བསྒྲུབས་པ་དང་། ཆོས་ཐམས་ཅད་རྣམ་པར་བསྒྲུབས་པས་སོ་སོར་ཉེ་བར་གནས་པའི་མཚན་ཉིད་དུ་ཤིན་ཏུ་བརྟགས་པ་དང་། མངོན་པར་ཤེས་པ་ལྔས་རྣམ་པར་རྩེ་བ་ཤེས་པ་དང་ལྡན་པ་དང་། ཡིད་ཀྱི་ལུས་མངོན་པར་བསྒྲུབས་པ་ལ་མཁས་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་ལམ་ཡང་སྟོན་ལ་མཚུངས་པར་སྤྱོད་པར་ཡང་རྣམ་པར་མི་རྟོག་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་འཁོར་བ་ལ་ཡང་ལྟ་ལ་མྱ་ངན་ལས་འདས་པ་ལ་ཡང་མི་གནས་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་བྱིན་གྱི་རླབས་དང་། སྙིང་རྗེ་ཆེན་པོའི་སེམས་དང་། ཐབས་ལ་མཁས་པ་དང་། སྔོན་གྱི་ཡི་དམ་མི་འདོར་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་འཁོར་བ་ལ་ཡང་ལྟ་ལ་མྱ་ངན་ལས་འདས་པ་ཡང་མི་གནས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཁམས་སྣ་ཚོགས་ལ་ཡང་རྣམ་པར་ལྟ་ལ་ཆོས་ཀྱི་དབྱིངས་ལས་ཀྱང་མི་གཡོའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་རང་བཞིན་མེད་པས་ཆོས་རང་བཞིན་མེད་པར་རྟོག་པ་དང་། ཆོས་རང་བཞིན་མེད་པས་སེམས་ཅན་རང་བཞིན་མེད་པར་རྟོག་པ་དང་། སེམས་ཅན་རང་བཞིན་མེད་པས་སངས་རྒྱས་ཀྱི་ཆོས་རང་བཞིན་མེད་པར་མོས་པ་དང་། སེམས་ཅན་རང་བཞིན་མེད་པ་ལ་སོམ་ཉི་མེད་ཅིང་ཐེ་ཙོམ་དང་བྲལ་བ་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་ཁམས་སྣ་ཚོགས་ལ་ཡང་རྣམ་པར་ལྟ་ལ་ཆོས་ཀྱི་དབྱིངས་ལས་ཀྱང་མི་གཡོའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་དོན་ཡང་མི་འདོར་ལ་གནོད་པར་ཡང་ཀུན་དུ་སྣང་ངོ་། །བཞི་གང་ཞེ་ན། འདི་ལྟ་སྟེ། བསམ་པ་མྱ་ངན་ལས་འདས་པར་སོང་བ་རྣམས་ཡིན། ― DKG058_Page_0522 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྦྱོར་བ་འཁོར་བར་སོང་བ་རྣམས་ཡིན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བསྐང་བ་ལ་བསམ་པ་སོང་བ་རྣམས་ཡིན། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡུལ་ལ་ཡང་ཀུན་ཏུ་སྣང་བ་རྣམས་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་དོན་ཡང་མི་འདོར་ལ་གནོད་པར་ཡང་ཀུན་དུ་སྣང་ངོ་། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བསོད་ནམས་ཀྱིས་ནོར་དང་ལྡན་ལ་ཐབས་ཀྱིས་ནོར་མེད་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྒྱ་ཆེན་པོ་ལ་མོས་པའི་སེམས་ཅན་འདུལ་བའི་ཕྱིར་བསོད་ནམས་ཀྱིས་འཁོར་ལོས་སྒྱུར་བ་དང་། བརྒྱ་བྱིན་དང་ཚངས་པའི་བསོད་ནམས་ཀྱང་ཉེ་བར་སྟོན་པ་དང་། འགྲོ་བ་ཕལ་པ་འདུལ་བའི་ཕྱིར་དབུལ་ཞིང་དམན་པར་ཡང་ཉེ་བར་སྟོན་པ་དང་། སློང་བ་མཐོང་ན་བདོག་པ་ཐམས་ཅད་གཏོང་ཞིང་། ནོར་མེད་པར་ཡང་འགྱུར་བ་དང་། ནོར་ཆེན་པོ་དང་ལྡན་པ་མཐོང་ན་བསོད་ནམས་ཀྱིས་ལོངས་སྤྱོད་ཟད་མི་ཤེས་པར་ཡང་ཉེ་བར་སྟོན་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་བསོད་ནམས་ཀྱིས་ནོར་དང་ལྡན་པ་ཡིན་ལ། ཐབས་ཀྱིས་ནོར་མེད་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཨ་ཞེས་བྱ་བའི་སྒོས་རྣམ་པ་མེད་པའི་སྒོ་ལ་འཇུག་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་མི་རྟག་པར་ཤེས་པ་སྦྱོང་བ་དང་། འདུ་བྱེད་ཐམས་ཅད་གཟོད་མ་ནས་སྡུག་བསྔལ་ལོ་ཞེས་བྱང་ཆུབ་རབ་ཏུ་རྙེད་པ་དང་། ཆོས་ཐམས་ཅད་བདག་མེད་དོ་ཞེས་ལྟ་བར་གྱུར་པ་ཡོངས་སུ་སྦྱོང་བ་དང་། མྱ་ངན་ལས་འདས་པ་ནི་གཟོད་མ་ནས་ཞི་བ་ཞེས་ཡེ་ཤེས་ལ་འཇུག་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན། ཨ་ཞེས་བྱ་བའི་སྒོས་རྣམ་པ་མེད་པའི་སྒོ་ལ་འཇུག་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་འགྱུར་བ་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་མིག་ཤིན་ཏུ་རྣམ་པར་དག་པ་རྣམས་ཡིན། ― DKG058_Page_0523 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆོས་ཀྱི་མིག་གིས་སྣང་བ་ཐོབ་པ་རྣམས་ཡིན། སངས་རྒྱས་ཀྱི་སྤྱན་མངོན་སུམ་དུ་གྱུར་པ་རྣམས་ཡིན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་བསྐུར་བ་ཐོབ་པ་རྣམས་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་འགྱུར་བ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། ཆོས་རྣམ་པར་གདོན་མི་ཟ་བ་རྣམས་ལ་རྣམ་པར་ཕྱེ་བ་ཤིན་ཏུ་རྣམ་པར་འབྱེད་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སོ་སོ་ཡང་དག་པར་རིག་པ་ཤེས་པ་སྒྲིབ་པ་མེད་པ་དང་། བདེན་པ་བཞི་རྣམ་པར་དགོད་པ་ཤེས་པ་དང་། རྟོན་པ་ལ་གནས་སུ་ཤེས་པ་དང་། གཟུངས་ལ་གཡེང་བ་མེད་པར་ཤེས་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་ཆོས་རྣམ་པར་གདོན་མི་ཟ་བ་རྣམས་ལ་རྣམ་པར་ཕྱེ་བ་ཤིན་ཏུ་རྣམ་པར་འབྱེད་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་འཇིག་རྟེན་གྱི་བྱ་བ་དང་། འཐུན་པར་ཞུགས་ཀྱང་ཉོན་མོངས་པ་ཐམས་ཅད་ཀྱིས་མི་གོས་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་གྱི་ཆོས་མངོན་སུམ་དུ་གྱུར་པ་དང་། འཇིག་རྟེན་ལས་སེམས་ཅན་ཡང་དག་པར་སྒྲོལ་བ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོང་བ་དང་། གཟོད་མ་ནས་རྣམ་པར་དག་ཅིང་འོད་གསལ་བས་ཀྱང་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པ་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་འཇིག་རྟེན་གྱི་བྱ་བ་དང་འཐུན་པར་ཞུགས་ཀྱང་ཉོན་མོངས་པ་ཐམས་ཅད་ཀྱིས་མི་གོས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་གཞན་དག་གིས་བལྟར་མི་མཐོང་བའི་ཆོས་ཀྱི་དབང་ཕྱུག་རྣམས་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཀྱི་དབང་ཕྱུག་དང་། ཤེས་རབ་ཀྱི་དབང་ཕྱུག་དང་། ཡེ་ཤེས་ཀྱི་དབང་ཕྱུག་དང་། ཐབས་ཀྱི་དབང་ཕྱུག་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་གཞན་དག་གིས་བལྟར་ ― DKG058_Page_0524 ―
[མ་དཔེ་གཟིགས་ན་འདིར་གནོན།]
མི་མཐོང་བའི་ཆོས་ཀྱི་དབང་ཕྱུག་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། དེ་བཞིན་གཤེགས་པ་མཐོང་བ་དང་མི་འབྲལ་བ་རྣམས་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་རྣམས་སངས་རྒྱས་མཐོང་བ་ཡང་དག་པར་འཛིན་དུ་འཇུག་པ་དང་། སེམས་ཅན་རྣམས་ཆོས་ཉན་པ་ཡང་དག་པར་འཛིན་དུ་འཇུག་པ་དང་། སེམས་ཅན་རྣམས་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་འཇུག་པ་དང་། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་དང་མི་འབྲལ་བ་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་དེ་བཞིན་གཤེགས་པ་མཐོང་བ་དང་མི་འབྲལ་བ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཤིན་ཏུ་དུལ་ཞིང་མི་འཁྲུགས་པའི་ཆོས་ཅན་རྣམས་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བ་མངོན་སུམ་དུ་གྱུར་པ་དང་། བདེན་པ་ལ་ཉེ་བར་བརྟགས་པས་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་པ་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་གཅོད་པ་ལ་མཁས་པར་གྱུར་པ་དང་། ཉོན་མོངས་པས་མི་འཁྲུགས་པའི་ཆོས་ཅན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཤིན་ཏུ་དུལ་ཞིང་མི་འཁྲུགས་པའི་ཆོས་ཅན་རྣམས་ཡིན་ནོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཆོས་རྣམས་བླངས་པ་མེད་པར་སློབ་དཔོན་རྣམས་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པའི་དངོས་པོ་ཕུན་སུམ་ཚོགས་པ་རྣམས་ཡིན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བརྟན་ཞིང་བསམ་པ་སྒྱུ་མེད་པ་རྣམས་ཡིན། བདག་གིས་བདེ་བ་ལ་མི་ཆགས་པ་རྣམས་ཡིན། གང་ཡེ་ཤེས་ཡོངས་སུ་ཚོལ་བ་དེ་ཡང་། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཡིན་གྱི་བདག་འབའ་ཞིག་གི་ཕྱིར་མ་ཡིན་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་ཆོས་རྣམས་བླངས་པ་མེད་པར་སློབ་དཔོན་རྣམས་ཡིན་ནོ། ། ― DKG058_Page_0525 ―
[མ་དཔེ་གཟིགས་ན་འདིར་གནོན།]
རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སེམས་ཅན་ཐམས་ཅད་ཀྱི་སྟོན་པར་གྱུར་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། བདག་གི་དོན་གཏོང་ཞིང་གཞན་གྱི་དོན་བྱེད་པ་རྣམས་ཡིན། བདག་གི་བདེ་བ་ཐམས་ཅད་གཏོང་ཞིང་། སེམས་ཅན་རྣམས་ལ་ཆོས་ཀྱི་བདེ་བ་སྦྱིན་པ་རྣམས་ཡིན། ཇི་ལྟར་ཐོས་པའི་ཆོས་སྟོན་པ་ལ་ངལ་བ་མེད་པ་རྣམས་ཡིན། ཆོས་ཀྱི་འཚོ་བས་འཚོའི་ཟང་ཟིང་གིས་འཚོ་བ་མ་ཡིན་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་སེམས་ཅན་ཐམས་ཅད་ཀྱི་རྟོན་པར་གྱུར་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་རྗེས་སུ་བསྐོར་བ་རྣམས་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། གཟུངས་རབ་ཏུ་ཐོབ་པ་དང་། སྤོབས་པ་རྒྱུན་མི་འཆད་པ་དང་། སེམས་ཅན་གྱི་བསམ་པ་ཤེས་པ་ལ་འཇུག་པ་དང་། མྱ་ངན་ལས་འདས་པའི་ལམ་དུ་ཁྲིད་ཅིང་མི་ཕྱེད་པའི་ཆོས་སྟོན་པ་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་རྗེས་སུ་བསྐོར་བ་རྣམས་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་བསྐུར་བ་ཐོབ་པ་རྣམས་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སྤྱོད་པ་ཐམས་ཅད་ལས་རབ་ཏུ་འདས་པ་རྣམས་ཡིན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་མི་ལྡོག་ཅིང་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པ་རྣམས་ཡིན། བསམས་བཞིན་དུ་ཚེ་དང་། འཆི་འཕོ་དང་། སྐྱེ་བ་ཡང་སྟོན་ལ་ཕྱིར་མི་ལྡོག་པའི་ཕྱག་རྒྱས་ཀྱང་བཏབ་པ་རྣམས་ཡིན། དེ་བཞིན་གཤེགས་པའི་ཕྱག་རྒྱ་ལ་ཡང་དག་པར་གཞོལ་ཞིང་ས་བཅུར་ངེས་པར་བྱུང་ན། ས་ནས་སར་འཕར་བ་ལ་མཁས་པ་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་འདི་བཞི་དང་ལྡན་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་བསྐུར་བ་ཐོབ་པ་རྣམས་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཞི་པ་བསྒྲུབ་པའི་ཆོས་ཀྱི་རྣམ་གྲངས་འདི་ ― DKG058_Page_0526 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཤད་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ནས་སྣང་བ་ཆེན་པོས་ཀྱང་འཇིག་རྟེན་གྱི་ཁམས་ཁྱབ་པར་གྱུར་ཏོ། །སྟེང་གི་བར་སྣང་ལས་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ལྷའི་གླུ་དབྱངས་བླངས་ཏེ། ལྷའི་མེ་ཏོག་མན་དཱ་ར་བའི་ཆར་རབ་ཏུ་ཕབ་ནས་འདི་སྐད་ཅེས་ཀྱེ་མའོ་བཅོམ་ལྡན་འདས་ཀྱིས་འདིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བཞི་པ་བསྒྲུབ་པའི་ཆོས་ཀྱི་རྣམ་གྲངས་འདི་ལས་བསྟན་པ་འདི་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་ནས་བསྒྲུབས་པ་ལགས་སོ། །བཅོམ་ལྡན་འདས་གང་བཞི་པ་སྒྲུབ་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། མཉན་ནས་མོས་པ་དང་། མོས་ནས་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། གཞན་དག་ལ་ཡང་སྟོན་པ་དང་། བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བའི་སེམས་ཅན་དེ་དག་ནི། དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ལགས་ཏེ། དེ་དག་ནི་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་སེང་གེའི་སྒྲ་སྒྲོག་པ་བཞིན་དུ་ལྷ་དང་། མི་དང་། ལྷ་མ་ཡིན་གྱི་འཇིག་རྟེན་གྱི་མདུན་དུ་སེང་གེའི་སྒྲ་སྒྲོག་པར་འགྱུར་རོ། །བཅོམ་ལྡན་འདས་བདག་ཅག་ཀྱང་བཞི་པ་བསྒྲུབ་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པས་རྙེད་པ་ལེགས་པར་རྙེད་དོ། །ཞེས་ཆེད་དུ་རྗོད་པ་ཆེད་དུ་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་བཞི་པ་བསྒྲུབ་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ལྷ་དང་མིའི་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་ཅོད་པན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ལྟ་བུ་འདི་འཛིན་པ་དང་། གཞན་དག་ལ་རྒྱ་ཆེར་ ― DKG058_Page_0527 ―
[མ་དཔེ་གཟིགས་ན་འདིར་གནོན།]
རབ་ཏུ་སྟོན་པའི་བྱང་ཆུབ་སེམས་དཔའ་དེ་དག་ཆོས་དུ་དང་ལྡན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གང་དག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ལྟ་བུ་འདི་འཛིན་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཆོས་བརྒྱད་དང་ལྡན་པར་འགྱུར་རོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། དེ་དག་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསམ་པ་ངེས་ཏེ། བསམ་པ་ཕུན་སུམ་ཚོགས་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ལ་ཞེ་སྡང་བའི་སེམས་མེད་དེ། ཤིན་ཏུ་བྱམས་པ་བསྒོམ་པ་བསྒོམས་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་གནས་ཏེ། སྙིང་རྗེ་ཆེན་པོ་ལ་གནས་པར་འགྱུར་བ་དང་། ཆོས་འདོད་དེ་ཆོས་དོན་དུ་གཉེར་བར་འགྱུར་བ་དང་། ཐོས་པ་ཚོལ་བས་མི་ངོམས་ཏེ་མཚོ་ཆེན་རྒྱ་མཚོ་ལྟ་བུར་འགྱུར་བ་དང་། ལུས་དང་སྲོག་འདོར་ཞིང་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བ་དང་། བསོད་ནམས་ཀྱི་ཚོགས་བསགས་ཏེ། དགེ་བའི་རྩ་བ་བརྟན་པར་འགྱུར་བ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་ཏེ། སྨོན་ལམ་གྱིས་ཡང་དག་པར་བྱུང་བར་འགྱུར་བ་དང་། འཁོར་གྱི་ནང་དུ་འཇིགས་པ་མེད་པས་བདུད་དང་ཕྱིར་རྒོལ་བ་བཅོམ་པར་འགྱུར་བ་སྟེ། རིགས་ཀྱི་བུ་གང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ལྟ་བུ་འདི་འཛིན་པ་དང་། གཞན་དག་ལ་རྒྱ་ཆེར་སྟོན་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཆོས་བརྒྱད་པོ་འདི་དག་དང་ལྡན་པར་འགྱུར་རོ། །དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གང་དག་ས་ཕྱོགས་མཐོན་དམན་ཅན་དང་། རི་ནག་པོ་དང་། ཆུ་མིག་དང་། མཚོ་དང་། ལྟེང་ཀ་དང་། རྒྱ་མཚོ་ཆེན་པོ་དེ་དག་ཐམས་ཅད་མི་སྣང་བར་གྱུར་ཏོ། །ས་ཆེན་པོ་འདི་ཐམས་ཅད་ཀྱང་ལག་མཐིལ་ ― DKG058_Page_0528 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྟར་མཉམ་པར་གནས་པར་གྱུར་ཏོ། །ཆུ་ན་གནས་པའི་སེམས་ཅན་རྣམས་ལ་ཡང་གནོད་པ་མེད་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཤིང་སྐམ་གང་དག་ལོ་བརྒྱ་ལོན་པ་དེ་དག་ཐམས་ཅད་ལས་ཀྱང་མེ་ཏོག་དང་། འབྲས་བུ་སྣ་ཚོགས་སྐྱེས་པར་གྱུར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་བཏུད་མངོན་པར་བཏུད་ནས་ཕྱག་འཚལ་བར་གྱུར་ཏོ། །དེ་མ་ཡིན་པ་ཤིང་གཞན་ཐམས་ཅད་ལས་ཀྱང་མེ་ཏོག་དང་འབྲས་བུ་སྣ་ཚོགས་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་བཏུད་མངོན་པར་བཏུད་ནས་ཕྱག་འཚལ་བར་གྱུར་ཏོ། །ས་ཆེན་པོ་ལས་པད་མ་ཚད་ཤིང་རྟའི་འཁོར་ལོ་ཙམ་སྣ་ཚོགས་བལྟ་ན་སྡུག་པ་ཁ་དོག་དང་ལྡན་པ་དྲི་དང་ལྡན་པ་ཡིད་དུ་འོང་བ་སྐྱེས་སོ། །སྣང་བ་ཆེན་པོས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གསལ་བར་གྱུར་ཏོ། །མི་སྣང་ཞིང་མ་དཀྲོལ་བར་སྟེང་གི་བར་སྣང་ལས་ལྷའི་སིལ་སྙན་དང་། གླུ་དབྱངས་ཀྱི་སྒྲ་བྱུང་སྟེ་གྲགས་པར་གྱུར་ཏོ། །རིའི་རྒྱལ་པོ་གངས་ཅན་དང་། རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡང་ལས་ཀྱང་ལྷའི་མེ་ཏོག་སྣ་ཚོགས་སྔོན་དྲི་མི་མནམ་པ་རྣམས་ཀྱང་མཆོག་གི་དྲི་ལངས་པར་གྱུར་ཏེ། དྲི་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་དྲི་ཞིམ་པོ་བསྣམ་པར་གྱུར་ཏོ། །རིའི་རྒྱལ་པོ་གངས་ཅན་དང་། རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡང་དེ་ལས་མེ་ཏོག་གི་ཆར་ཆེན་པོ་བབ་སྟེ། དེ་དག་བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་གང་ན་བ་དེར་མངོན་པར་བབས་ནས་ས་ཆེན་པོ་འདིར་མེ་ཏོག་གི་ཆར་དེ་དག་གིས་པུས་མོ་མན་ཅད་ནུབ་པར་གྱུར་ཏོ། །མེ་ཏོག་གི་ཤིང་དེ་དག་ལས་མེ་ཏོག་སྣ་ཚོགས་ཀྱི་ཆར་རབ་ཏུ་འབབ་ཅིང་། སིལ་སྙན་དང་། གླུ་དབྱངས་སྣ་ཚོགས་ཀྱི་སྒྲ་དག་ཀྱང་བྱུང་ངོ་། །སྟེང་གི་བར་སྣང་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་གདུགས་དཔག་ཚད་བརྒྱ་སྟོང་ཕྲག་བཅུའི་ཚད་ཙམ་ཀུན་དུ་གནས་པར་གྱུར་ཏོ། །རིན་པོ་ཆེའི་གདུགས་དེ་ལས་མུ་ཏིག་གི་དོ་ཤལ་དང་། རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲིལ་བུ་སྣ་ཚོགས་ཀྱི་དྲ་བ་འཕྱང་བར་གྱུར་ཏོ། །དྲིལ་བུ་གཡེར་ཀའི་དྲ་བའི་སྒྲ་ཡིད་ ― DKG058_Page_0529 ―
[མ་དཔེ་གཟིགས་ན་འདིར་གནོན།]
དུ་འོང་བ། ཡིད་དགའ་བར་བྱེད་པ། ཆགས་པར་བྱེད་པ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གོ་བར་བྱས་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགའ་བར་བགྱིད་པ། མགུ་བར་བགྱིད་པའི་མཚན་མ་རྒྱ་ཆེན་པོ་འདི་ལྟ་བུ་འདི་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གྱུར་པ་གདའ་བ་འདི་སུའི་སྔ་ལྟས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ནི་མི་འམ་ཅིའི་རྒྱལ་པོ་སྡོང་པོ་རི་སྤོས་ཀྱི་ངད་ལྡང་ནས་འཁོར་མི་འམ་ཅི་སྟོང་ཕྲག་དུ་མ་དང་འཁོར་དྲི་ཟ་སྟོང་ཕྲག་དུ་མ་དང་། འཁོར་ལྷ་སྟོང་ཕྲག་དུ་མ་དང་བཅས་ཏེ་འོང་བ་དེའི་སྔ་ལྟས་སོ། །དེ་སྐད་གསུངས་མ་ཐག་ཏུ་དེ་ནས་སྐད་ཅིག་དེ་ལ་མི་འམ་ཅིའི་རྒྱལ་པོ་སྡོང་པོ་སིལ་སྙན་དང་། གླུ་དབྱངས་ལེན་པ་བརྒྱད་ཁྲི་བཞི་སྟོང་དང་། འཁོར་བརྒྱ་སྟོང་དུ་མས་བསྐོར་ནས་སྟེང་གི་བར་སྣང་ལ་མེ་ཏོག་གི་ཆུ་བོའི་ཆར་འབེབས་ཤིང་། བཅོམ་ལྡན་འདས་ག་ལ་བ་དེར་འོངས་ཏེ་ཕྱིན་ནས་འཁོར་དང་བཅས་པས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མི་འམ་ཅིའི་རྒྱལ་པོ་སྡོང་པོ་བདག་ཉིད་ཀྱིས་པི་བང་གི་ཁོག་པ་བཻ་དཱུཪྱ་ལས་བྱས་པ། འཛམ་བུའི་གླིང་གི་གསེར་གྱི་སབ་ལེའུ་ཅན། ས་ལེ་སྦྲམ་དང་། ནོར་བུ་དང་། རིན་པོ་ཆེ་དུ་མས་སྤྲས་པ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ཡོངས་སུ་སྦྱངས་པ་བླངས་ཏེ། སིལ་སྙན་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་དང་ལྷན་ཅིག་ཏུ་གྲག་པར་བྱེད་དོ། །མི་འམ་ཅིའི་རྒྱལ་པོ་སྡོང་པོས་པི་བང་དེ་བླངས་མ་ཐག་ཏུ་དེ་ནས་པི་བང་གི་སྒྲ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དབྱངས་ཀྱིས་གོ་བར་གྱུར་ཏོ། །པི་བང་གི་སྒྲ་དེས་འདོད་པ་ན་སྤྱོད་པའི་རྒྱུད་ཀྱི་སྒྲ་དང་། གླུའི་སྒྲ་དང་། ལྷའི་གླུ་དབྱངས་ཀྱི་སྒྲ་རྣམས་ཟིལ་གྱིས་མནན་ཏེ་མི་གསལ་བར་གྱུར་ཏོ། ། ― DKG058_Page_0530 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནས་པི་བང་གི་སྒྲ་བསྐུལ་བས་འདོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་གིས། ལྷའི་རོལ་མོ་བོར་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །མི་འམ་ཅིའི་རྒྱལ་པོ་སྡོང་པོས་པི་བང་དེ་བླངས་མ་ཐག་ཏུ་དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་ཤིང་དང་། རིའི་རྒྱལ་པོ་རི་རབ་དང་། གངས་ཅན་དང་། སྤོས་ཀྱི་ངད་ལྡང་དང་། བཏང་བཟུང་དང་། བཏང་བཟུང་ཆེན་པོ་དང་། དེ་མ་ཡིན་པ་གཞན་རི་ནག་པོ་རྣམས་དང་། རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་ཇི་སྙེད་པ་དེ་དག་ཐམས་ཅད་ལྡེག ། རབ་ཏུ་ལྡེག ། ཀུན་ཏུ་རབ་ཏུ་ལྡེག་གོ །གཡོ་རབ་ཏུ་གཡོ། ཀུན་ཏུ་རབ་ཏུ་གཡོའོ། །འགུལ་རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ལོ། །འདི་ལྟ་སྟེ་དཔེར་ན་ཆང་གིས་ར་རོ་བའི་མི་འཁྱར། རབ་ཏུ་འཁྱར། ཀུན་ཏུ་རབ་ཏུ་འཁྱར་བ་དེ་བཞིན་དུ་ཤིང་དེ་དག་ཐམས་ཅད་དང་། རི་ཐམས་ཅད་ཀྱང་འདུད་རབ་ཏུ་འདུད། ཀུན་ཏུ་རབ་ཏུ་འདུད་དོ།། །།བམ་པོ་གཉིས་པ། མི་འམ་ཅིའི་རྒྱལ་པོ་སྡོང་པོས་པི་བང་ཁོག་པ་བཻ་དཱུཪྱ་ལས་བྱས་པ་བླངས་མ་ཐག་ཏུ། དེ་ནས་བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་དེར་འདུས་པའི་ནང་ནས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་མ་གཏོགས་པར་འདོད་ཆགས་དང་བྲལ་བའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། མི་དང་། མི་མ་ཡིན་པ་དང་། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའི་དགྲ་བཅོམ་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་གྱིས་པི་བང་གི་སྒྲ་དེ་ཐོས་པ་དང་། པི་བང་གི་སྒྲ་དེ་མ་བཟོད་ནས་རང་རང་གི་སྟན་ལས་ལངས་ཏེ་འདར། རབ་ཏུ་འདར་ཀུན་ཏུ་རབ་ཏུ་འདར་རོ། །འདུད་རབ་ཏུ་འདུད། ཀུན་དུ་རབ་ཏུ་འདུད་དོ། །གར་བྱེད་རབ་ཏུ་གར་བྱེད། ཀུན་དུ་རབ་ཏུ་གར་བྱེད་དོ། །ཉན་ཐོས་ཆེན་པོ་དེ་དག་ཐམས་ཅད་ཀྱང་རང་རང་གི་སྟན་ལ་མི་དགའ་སྟེ། འགུལ། རབ་ཏུ་འགུལ་ཞིང་སྤྱོད་ལམ་ཡང་འཁྲུགས་ནས་ ― DKG058_Page_0531 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱིས་པ་ཆུང་ངུ་བཞིན་དུ་གར་བྱེད་པ་ལྟ་བུར་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱིས་ཉན་ཐོས་ཆེན་པོ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཉན་ཐོས་ཆེན་པོ་དག་ཉོན་མོངས་པ་དང་བྲལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་བདེན་པ་བཞི་མཐོང་བར་གྱུར་པ་ཡིན་ན། ཅིའི་ཕྱིར་རང་གི་ལུས་འཇོག་པར་མི་ནུས་ཤིང་། ཚེ་དང་ལྡན་པ་དག་བྱིས་པ་ཆུང་ངུ་བཞིན་དུ་གར་བྱེད་པ་ལྟ་བུར་སྟོན། ཉན་ཐོས་ཆེན་པོ་དེ་དག་གིས་སྨྲས་པ། རིགས་ཀྱི་བུ་མི་འམ་ཅིའི་རྒྱལ་པོ་སྡོང་པོས་པི་བང་འདི་བླངས་པ་དང་། སིལ་སྙན་དང་། གླུ་དབྱངས་སྦྱར་བས་པི་བང་གི་སྒྲ་དེས་བདག་ཅག་ལ་དབང་མེད་པར་བདག་ཅག་གི་ལུས། རང་རང་གི་སྟན་ལ་འདུག་པར་མི་དགའ་ཞིང་འདར། རབ་ཏུ་འདར། ཀུན་དུ་རབ་ཏུ་འདར་ཏེ། སེམས་རྣམ་པར་གཞག་པར་ཡང་མ་ནུས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱིས་གནས་བརྟན་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་འོད་སྲུང་ཆེན་པོ་རྒས་གཏུགས་འཁོགས་པ། འདོད་པ་ཉུང་བ་ཆོག་ཤེས་པ། སྦྱངས་པའི་ཡོན་ཏན་འཛིན་པ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་དུ་གྱུར་པ་ཡིན་ན། ཅིའི་ཕྱིར་རང་གི་ལུས་འཛིན་པར་མི་ནུས་ཤིང་། གནས་བརྟན་དུ་གྱུར་ཀྱང་བྱིས་པ་ཆུང་ངུ་བཞིན་དུ་གར་བྱེད་པ་ལྟ་བུར་སྟོན། གནས་བརྟན་འོད་སྲུང་ཆེན་པོས་སྨྲས་པ། རིགས་ཀྱི་བུ་དཔེར་ན་དམུ་རླུང་ཕྱད་པའི་རླུང་ལངས་པ་ན་ཤིང་དང་། ནགས་དང་། རི་ཐམས་ཅད་གང་གིས་བདག་རྣམ་པར་གཞག་པའི་སྟོབས་མེད་མཐུ་མེད་དེ། དེ་དག་ཐམས་ཅད་མི་འདོད་བཞིན་དུ་གཡོ་རབ་ཏུ་གཡོ། འགུལ་རབ་ཏུ་འགུལ་ལོ། །རིགས་ཀྱི་བུ་དེ་བཞིན་དུ་གང་འདི་མི་འམ་ཅིའི་རྒྱལ་པོ་སྡོང་པོས་པི་བང་བླངས་པ་དེའི་སྒྲ་ཐོས་པས་བདག་ཅག་དམུ་རླུང་ཕྱད་པས་རི་ཆེན་པོ་བདས་པ་བཞིན་དུ་བདག་འཛིན་མ་ནུས་པར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་འདིའི་སྨོན་ལམ་དང་། བསོད་ནམས་དང་། ཡེ་ཤེས་ཀྱི་ཁྱད་པར་ནི་འདི་འདྲ་སྟེ། དེས་ཉན་ཐོས་ཀྱི་བསོད་ནམས་ ― DKG058_Page_0532 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་ཡེ་ཤེས་དང་། གཟི་བརྗིད་ཐམས་ཅད་ཟིལ་གྱིས་ནོན་ཏོ། །བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཔལ་དང་། གཟི་བརྗིད་དང་། སྟོབས་ལ་གང་གི་ཕྱིར་པི་བང་གི་སྒྲ་དེས་བསྐུལ་བའམ། བསྐྱོད་པར་མི་ནུས་པས་བཙུན་པ་འོད་སྲུང་ཆེན་པོ་སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེད། དེ་ཅིའི་ཕྱིར་ཞེ་ན། གང་ཉི་ཚེའི་ཡེ་ཤེས་དང་ལྡན་པ་རྣམས་ཀྱི་སྟོབས་དང་། གཟི་བརྗིད་དེ་ནི་པི་བང་གི་སྒྲ་འདིས་ཟིལ་གྱིས་ནོན་ཏོ། །གང་ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ཀྱི་སྟོབས་དང་། གཟི་བརྗིད་དེ་ལ་ནི་ཟིལ་གྱིས་གནོན་པར་མི་ནུས་པ་ལ་ལྟོས། དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོས་པི་བང་གི་སྒྲ་དེ་སྒྲོག་པ་ན་སངས་རྒྱས་ཀྱི་མཐུ་དང་། མི་འམ་ཅིའི་རྒྱལ་པོ་སྡོང་པོའི་སྔོན་གྱི་སྨོན་ལམ་གྱི་བྱིན་གྱི་རླབས་ཀྱིས་པི་བང་དེ་དང་སིལ་སྙན་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་ལས་ཚིགས་སུ་བཅད་པ་འདི་དག་བྱུང་ངོ་། །ཐ་མ་འབྲིང་དང་དེ་བཞིན་མཆོག་རྣམས་ཀྱི། །ཆོས་རྣམས་ཐམས་ཅད་མཉམ་ཞིང་ཆོས་རྣམས་དབེན། །ཞི་བ་སྟོང་པ་མི་འགྱུར་འཁྲུགས་པ་མེད། །གཟོད་ནས་དག་སྟེ་དྲི་མེད་ནམ་མཁའ་བཞིན། །གང་དག་ད་ལྟར་གྱི་དང་འདས་པ་ཡི། །སེམས་ཅན་ཀུན་མཉམ་སེམས་ཅན་སེམས་ཅན་མེད། །སེམས་ཅན་སྐད་དུ་སྒྲ་རྣམས་འབྱུང་བ་ཡང་། །ཆོས་ཀྱི་སྒྲ་དང་མཚུངས་ཏེ་དེ་ཡང་མེད། །ཞིང་རྣམས་ཐམས་ཅད་ཞིང་མཉམ་ཞིང་མིན་ཏེ། །བར་སྣང་དང་ནི་མཚུངས་ཤིང་མཉམ་པར་སྣང་། །འཕེལ་བ་མ་ཡིན་མི་ཟད་མ་སྐྱེས་ཏེ། །གསོབ་གསོག་ནམ་མཁའ་ལྟ་བུར་རྣམ་པར་དག ། སངས་རྒྱས་ཀུན་མཉམ་སངས་རྒྱས་སངས་རྒྱས་མིན། །ཆོས་དབྱིངས་ངེས་པར་འདྲེས་པ་མེད་པ་སྟེ། །ཚུལ་ཁྲིམས་ཤེས་རབ་ཡེ་ཤེས་རྣམ་གྲོལ་མཉམ། །མཚན་ཉིད་གཅིག་སྟེ་མཚན་མཉམ་མཚན་ཉིད་མེད། །ཉོན་མོངས་ཐམས་ཅད་ཉོན་མོངས་མ་ཡིན་གྲོལ། །རྟོག་དང་རྟོག་པ་ཀུན་རྟོག་རྣམ་པར་རྟོག ། ནང་ན་རྒྱུ་བ་མ་ཡིན་ཕྱི་རོལ་མིན། །འདུ་ ― DKG058_Page_0533 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤེས་མདུད་པ་ཕྱིན་ཅི་ལོག་ལས་གྱུར། །རྣམ་པར་རྟོག་པས་ཆོས་དབྱིངས་མིང་བཏགས་པ། །མིང་དེ་ཉིད་ཀྱང་གཞན་མིན་དེ་བཞིན་མིན། །མིང་དང་གཟུགས་ཀྱི་རང་བཞིན་རྗེས་རྟོགས་པ། །དེ་དག་རྟག་ཏུ་མི་ཆགས་འཇིག་རྟེན་སྤྱོད། །གང་རྣམས་འདས་པའི་བདེ་གཤེགས་གྲངས་མེད་པ། །དེ་དག་གིས་ནི་གང་གསུངས་ཆོས་མང་པོ། །གཟོད་ནས་ཟད་ཅིང་དེངས་དང་འཇིགས་ལས་དབེན། །དེ་དག་ཡུལ་དང་ཕྱོགས་སུ་འགྲོ་མ་ཡིན། །ཆོས་འདི་དག་ནི་ཡི་གེ་ལས་བྱུང་སྟེ། །ཡི་གེ་གང་དག་ཟད་ཅན་ཟད་པའི་ཆོས། །ཡི་གེ་ཟད་པའི་ཆོས་ཉིད་ཤེས་པས་ན། །ཆོས་རྣམས་ཀུན་ལ་རྣམ་པར་རྟོག་མི་བྱེད། །སེམས་ཀྱི་རྒྱུད་ནི་རྒྱུད་མཉམ་རྒྱུད་མ་ཡིན། །རང་བཞིན་གཞན་དང་གཞན་ཏེ་ཆགས་པ་མེད། །སེམས་དང་སེམས་བྱུང་ཆོས་མཐའ་མེད་ཤེས་པས། །འཕགས་པ་རྣམས་ནི་མཉམ་པའི་ཆོས་ལ་འཇུག ། མཐའ་དང་མཐའ་མེད་ཀུན་ཆད་རྣམ་པར་ཆད། །ཐོག་མ་ཐ་མ་བར་མ་མཉམ་གྱུར་པ། །དུས་གསུམ་དག་ནི་དབེན་པས་ཤེས་པ་མཉམ། །ཤེས་པ་དེ་ཡང་མཐའ་ཡོད་མ་ཡིན་ནོ། །སྐྱེ་བོ་རྟག་ཏུ་མིང་དང་གཟུགས་ལ་ཆགས། །མཐའ་དང་མཐའ་མེད་ལྟ་བས་གོས་པ་རྣམས། །རྒྱུ་དང་རྐྱེན་ལས་བྱུང་བར་ཤེས་པས་ན། །བདག་དང་སེམས་ཅན་རྣམ་པར་རྟོག་མ་ཡིན། །བདག་ལས་ལྡང་བ་རྟག་ཏུ་ལྡང་མ་ཡིན། །ཆོས་དེ་ཀུན་ནས་བསླང་བ་མེད་པ་སྟེ། །གང་དག་ལྡང་དང་ལྡང་བ་མེད་རྟོག་པ། །དེ་དག་བཟོད་པ་མཉམ་ཉིད་རྗེས་འཐུན་པ། །ཆོས་ཀུན་རྟག་ཏུ་བདག་མེད་རང་བཞིན་ཏེ། །སྤྲིན་དང་གློག་དང་ནམ་མཁའ་ལྟ་བུ་གསོག ། བདག་དང་སེམས་ཅན་རྟག་ཏུ་རང་བཞིན་སྟོང་། །འདི་ནི་གཟུངས་ཀྱི་ཕྱག་རྒྱར་འཇུག་པའོ། །ཆོས་རྣམས་མཚན་ཉིད་གཅིག་སྟེ་མཚན་ཉིད་མེད། །གང་གིས་ཐར་པའི་སྒོ་གསུམ་རྣམ་རྟོགས་ནས། །ཐུག་པ་མེད་པའི་ཆོས་རྣམས་སྟོན་བྱེད་ཀྱང་། །ཆོས་ལ་ཡོངས་སུ་རྟོག་པ་མི་བྱེད་དོ། །ཐ་མ་འབྲིང་དང་དེ་བཞིན་མཆོག་རྣམས་ཀྱི། །ཆོས་འདི་དག་ནི་ཡི་གེ་ལས་བྱུང་སྟེ། །ཡི་གེ་རྣམས་ལ་ ― DKG058_Page_0534 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྣམ་པར་རྟོག་མི་བྱེད། །དེ་ལྟ་བུར་ནི་དོན་རྣམས་བཤད་པ་ཡིན། །དོན་དང་ཚིག་འབྲུ་གཉིས་ལ་མི་འཇུག་སྟེ། །གཉིས་མེད་རྟག་ཏུ་དོན་ནི་སྒྲ་དང་བྲལ། །གང་གིས་མཐའ་འདི་དབེན་པར་ཤེས་པ་ནི། །དེ་ཡི་སྔོན་གྱི་མཐའ་ནི་ཉེ་བར་ཆད། །གང་དག་སྔོན་མཐའ་ཉེ་བར་ཆད་པ་རྣམས། །འགྲོ་བའི་དོན་དུ་འདུས་བྱས་རྣམས་ལ་སྤྱོད། །ཡང་དག་མཐའ་ནི་རྟག་ཏུ་མཐའ་མེད་ཤེས། །དེ་ཡི་བྱམས་དང་སྙིང་རྗེ་ཤིན་ཏུ་དག ། གང་གི་བྱམས་དང་སྙིང་རྗེ་རྣམ་དག་པ། །སྡུག་བསྔལ་དང་ནི་བདེ་བ་མཚུངས་མཉམ་སྦྱོར། །རྒོད་དང་ཁེངས་པ་མ་ཡིན་བརྟན་པ་ཡི། །སྐྱེས་བུ་མཆོག་དེ་དོན་གྱི་ཆོ་ག་ཤེས། །ཆོས་ཀྱི་ཚུལ་འདི་ཞི་ཞིང་དབེན་པ་སྟེ། །འཆང་བ་ན་ནི་དགའ་བ་འཐོབ་པར་འགྱུར། །ནམ་ཡང་འཕེལ་བ་མེད་ཅིང་འབྲི་བ་མེད། །ཆོས་ཉིད་འདི་ནི་ངར་འཛིན་མེད་ཅིང་ཞི། །བར་སྣང་ལམ་གྱི་སྒྲ་ནི་གཟུང་མེད་དེ། །གང་གིས་བཤད་པ་མེད་ཀྱང་གྲགས་པར་གྱུར། །གང་གིས་བཤད་དང་གང་ལ་བཤད་པ་རྣམས། །དེ་དག་ཐམས་ཅད་དབང་ཅན་བརྫུན་པ་ཡིན། །ཚིགས་སུ་བཅད་པ་མངོན་པར་བསྒྲུབ་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཚིགས་སུ་བཅད་པ་འདི་ལྟ་བུ་འདི་དག་ག་ལས་བྱུང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་མི་འམ་ཅིའི་རྒྱལ་པོ་སྡོང་པོ་ལ་དྲིས་ཤིག་དང་། དེས་དེའི་ལན་གློན་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱིས་མི་འམ་ཅིའི་རྒྱལ་པོ་སྡོང་པོ་ལ་འདི་སྐད་ཅེས་སྨྲས་སོ། །མི་འམ་ཅིའི་བདག་པོ་ཚིགས་སུ་བཅད་པ་མངོན་པར་བསྒྲུབ་པ་འདི་དག་ག་ལས་བྱུང་། སྨྲས་པ། སེམས་ཅན་ཐམས་ཅད་ཀྱི་སྒྲ་ག་ལས་བྱུང་ངོ་། །སྨྲས་པ། མི་འམ་ཅིའི་བདག་པོ་སེམས་ཅན་ཐམས་ཅད་ཀྱི་སྒྲ་ག་ལས་བྱུང་། སྨྲས་པ། རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱི་སྒྲ་ནི་ནམ་མཁའ་ལས་འབྱུང་ངོ་། །སྨྲས་པ། མི་འམ་ཅིའི་བདག་པོ་སེམས་ཅན་ཐམས་ཅད་ཀྱི་ ― DKG058_Page_0535 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྒྲ་ཁོང་པའི་ནང་ནས་མི་འབྱུང་ངམ། སྨྲས་པ། རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། སེམས་ཅན་ཐམས་ཅད་ཀྱི་སྒྲ་ལུས་ཀྱི་ནང་གི་ཁོང་ནས་བྱུང་ངམ། འོན་ཏེ་སེམས་ལས་བྱུང་། སྨྲས་པ། མི་འམ་ཅིའི་བདག་པོ་ལུས་ལས་ཀྱང་མ་ཡིན། སེམས་ལས་ཀྱང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ནི་བེམས་པོ་གཡོ་བ་མེད་པ། བྱེད་པ་མེད་པ་རྩྭ་དང་བོང་བ་དང་རྩིག་པ་དང་། ཤིང་དང་། མིག་ཡོར་ལྟ་བུའོ། །སེམས་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། རྣམ་པར་རིག་པ་མེད་པ་སྟེ། སྒྱུ་མ་ལྟ་བུའོ། །སྨྲས་པ། རིགས་ཀྱི་བུ་ལུས་དང་སེམས་མ་གཏོགས་པར་གཞན་གང་ནས་སྒྲ་འབྱུང་བར་འགྱུར། སྨྲས་པ། མི་འམ་ཅིའི་བདག་པོ་སེམས་ཅན་རྣམས་ཀྱི་སྒྲ་ནི་ཡིད་ལ་བྱེད་པ་ལས་འབྱུང་བར་བཏགས་སོ། །སྨྲས་པ། གལ་ཏེ་ནམ་མཁའ་མེད་ན་སྒྲ་ག་ལས་འབྱུང་། སྨྲས་པ། མི་འམ་ཅིའི་བདག་པོ་ནམ་མཁའ་མ་གཏོགས་པར་གཞན་གང་ནས་སྒྲ་འབྱུང་བར་འགྱུར། སྨྲས་པ། རིགས་ཀྱི་བུ་དེའི་ཕྱིར་རྣམ་གྲངས་འདིས་སྒྲ་ཇི་སྙེད་པ་དེ་དག་ཐམས་ཅད་ནི་ནམ་མཁའ་ལས་འབྱུང་བར་རིག་པར་བྱའོ། །ནམ་མཁའི་ངོ་བོ་ཉིད་ནི་སྒྲ་སྟེ། རྣམ་པར་རིག་མ་ཐག་ཏུ་འགག་གོ །འགགས་ནས་ནམ་མཁའི་ངོ་བོ་ཉིད་དུ་ཡང་དག་གནས་སོ། །དེའི་ཕྱིར་ཆོས་ཐམས་ཅད་ནི་ནམ་མཁའ་དང་མཉམ་ཞེས་བྱ་སྟེ་རྣམ་པར་རིག་པ་མེད་པ་རྣམ་པར་ཤེས་པར་བྱ་བ་མ་ཡིན་མོད་ཀྱི་སྒྲ་དང་སྒྲའི་བརྡས་བརྗོད་དོ། །བརྗོད་པ་དེ་ཡང་ཐ་སྙད་དོ། །གང་སྒྲས་བརྗོད་པ་འདི་འདྲ་བར་རབ་ཏུ་ཤེས་པ་དེ་ནི་ཆོས་གང་ལ་ཡང་མངོན་པར་མི་ཆགས་སོ། །གང་མངོན་པར་མི་ཆགས་པ་དེ་ནི་རྣམ་པར་མི་འཕྲོའོ། །གང་རྣམ་པར་མི་འཕྲོ་བ་དེ་མི་འཁོར་རོ། །གང་མི་འཁོར་བ་དེ་མི་ཕྱེད་པའོ། །གང་མི་ཕྱེད་པ་དེ་མི་སྐྱེའོ། །གང་མི་སྐྱེ་བ་དེ་མི་འཇིག་པར་འདོད་དོ། །གང་མི་འཇིག་པ་དེ་དང་བའོ། །གང་དང་བ་དེ་དག་པའོ། །གང་དག་པ་དེ་དྲི་མ་མེད་པའོ། །གང་དྲི་མ་མེད་པ་དེ་འོད་གསལ་བའོ། །གང་འོད་གསལ་བ་དེ་སེམས་ཀྱི་རང་བཞིན་ནོ། །སེམས་ཀྱི་རང་བཞིན་གང་ཡིན་པ་དེ་འཇུག་པའོ། །གང་འཇུག་པ་དེ་མཚན་མ་ཐམས་ཅད་གནོན་པའོ། །གང་མཚན་མ་ཐམས་ཅད་གནོན་པ་དེ་ ― DKG058_Page_0536 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྐྱོན་མེད་པ་ལ་འཇུག་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་གང་ཡིན་པ་དེ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པ་སྟེ། དེས་ན་སྐྱོན་མེད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པ་ཞེས་བྱའོ། །གང་བཟོད་པ་རབ་ཏུ་ཐོབ་པ་དེས་ཐམས་ཅད་བཟོད་དེ། དེ་སྟོང་པར་ཡང་བཟོད་དེ་གང་ཟག་ཏུ་ཡང་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་ལས་སྟོང་པ་གཞན་མ་ཡིན་ཏེ། གང་ཟག་ཉིད་སྟོང་པའོ། །དེ་མཚན་མར་ཡང་བཟོད་དེ་མཚན་མ་མེད་པར་བཟོད་པའོ། །དེ་ཅིའི་ཕྱིར་ཞེ་ན། མཚན་མའི་ངོ་བོ་ཉིད་མཚན་མ་མེད་པའོ། །དེ་སྨོན་པར་ཡང་བཟོད། དེ་སྨོན་པ་མེད་པ་ཡང་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། སྨོན་ལམ་གྱི་ངོ་བོ་ཉིད་ཀྱི་མཚན་ཉིད་སྨོན་པ་མེད་པའོ། །དེ་སེམས་ཅན་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་ཡང་བཟོད་དེ་སེམས་ཅན་རྣམས་འཆི་འཕོ་བ་དང་སྐྱེ་བར་ཡང་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། འཆི་འཕོ་དང་སྐྱེ་བ་ནི་སྒྱུ་མའི་ངོ་བོ་ཉིད་དོ། །རིགས་ཀྱི་བུ་དེ་ལྟར་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་འགག་པ་མེད་པ་སྟེ། ཆོས་ཐམས་ཅད་དང་འགལ་བ་མེད་པ་ཡིན་ནོ། །བདག་བཟོད་པའི་རྗེས་སུ་འགྲོ་ཡང་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་བས་ཀྱང་འགྲོ། བདག་བཟོད་པ་རྗེས་སུ་འགྲོ་ཡང་ཆོས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བས་ཀྱང་འགྲོ་སྟེ། འོང་བ་ཡང་མེད། འགྲོ་བ་ཡང་མེད་དོ། །ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལ་གནས་པར་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཇི་ལྟར་ཆོས་ཀྱི་དབྱིངས་ལ་གནས་པ་དེ་ལྟར་སེམས་ཅན་ཐམས་ཅད་གནས་ཏེ། གང་གི་གནས་དེ་འཐོབ་པའི་གནས་མེད་པའི་ཚུལ་གྱིས་རྗེས་སུ་ཐོབ་པ་དེ་སྒྲའི་བརྡའི་ཐ་སྙད་ཀྱི་སྒྲ་ཉེ་བར་བཟུང་ནས། མི་སྐྱེ་བའི་ཆོས་ལ་བཟོད་པ་དང་ལྡན་པ་ཞེས་བྱའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ནི་གང་གིས་ཀྱང་བརྗོད་པའམ། བསྙད་པའམ། བསྟན་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དོན་དེ་ནི་བརྗོད་དུ་མེད་པ། སྒྲ་མེད་པ། བཤད་དུ་མེད་པ་ཡིན་ཡང་བརྗོད་དུ་མེད་པའི་དོན་བརྗོད་པས་བསྟན་པ་འདི་ནི་རིགས་ཀྱི་བུ་དེ་བཞིན་ ― DKG058_Page_0537 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཤེགས་པའི་ཆེ་བ་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱེ་མ་མི་འམ་ཅིའི་རྒྱལ་པོ་སྡོང་པོ་འདི་ཇི་ཙམ་དུ་ཆོས་ཟབ་མོ་ལ་བཟོད་པ་སྟོན་པར་སྤོབས་པ་དང་། འདི་ལྟ་བུར་རྒྱ་ཆེ་བའི་ཡུལ་ལ་ཉེ་བར་སྤྱོད་ཅིང་ལོངས་སྤྱོད་པས་འབྱོར་བ་དང་། ཆོས་སྟོན་པས་ཟབ་མོའི་བཟོད་པ་འདི་ལྟ་བུ་དང་ལྡན་པ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་མི་འམ་ཅིའི་རྒྱལ་པོ་སྡོང་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་ལ་དགེ་བའི་རྩ་བ་བསྐྲུན་ན་དེས་འདི་སྤོབས་པ་འདི་ལྟ་བུ་གྲུབ་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སྐར་མའི་གཟུགས་ཇི་སྙེད་པ་བགྲང་བའི་ཚུལ་གྱིས་ཚད་གཟུང་བར་ནུས་སམ། དེ་བཞིན་དུ་མི་འམ་ཅིའི་རྒྱལ་པོ་སྡོང་པོ་འདིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་ལ་དགེ་བའི་རྩ་བ་བསྐྲུན་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བཙལ་བའི་ཕྱིར་དེ་བཞིན་གཤེགས་པ་དེ་དག་གི་གན་ན་ཚངས་པར་སྤྱོད་པ་སྤྱད་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་ཚད་གཟུང་བར་མི་ནུས་ཏེ། དེས་ན་འདིའི་སྤོབས་པ་འདི་འདྲའོ། །དེ་ནས་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱིས་མི་འམ་ཅིའི་རྒྱལ་པོ་སྡོང་པོ་ལ་འདི་སྐད་ཅེས་སྨྲས་སོ། །མི་འམ་ཅིའི་བདག་པོ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོ་དེ་དག་ལས་དགེ་བའི་རྩ་བ་བསྐྲུན་པའི་དགེ་བའི་རྩ་བ་མང་པོ་དེ་ལྟ་བུ་བསྡོམས་པས་ཅི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའམ། མི་འམ་ཅིའི་རྒྱལ་པོ་སྡོང་པོས་སྨྲས་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་དགེ་བའི་རྩ་བ་ཡང་དག་པར་སྒྲུབ་པ་ན། གང་དག་གིས་ནམ་དུ་ཡང་ངོམས་པར་མི་འགྱུར་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ངོམས་པ་བཅུ་གཉིས་པོ་འདི་དག་སྟེ། བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བས་མི་ངོམས་ ― DKG058_Page_0538 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་དང་། ཆོས་མཉན་པས་མི་ངོམས་པ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བས་མི་ངོམས་པ་དང་། ཆོས་རྒྱ་ཆེར་རབ་ཏུ་བསྟན་པས་མི་ངོམས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བས་མི་ངོམས་པ་དང་། དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པས་མི་ངོམས་པ་དང་། དགོན་པ་ལ་གནས་པས་མི་ངོམས་པ་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་བསྐང་བས་མི་ངོམས་པ་དང་། ཡེ་ཤེས་མངོན་པར་རབ་ཏུ་དང་ཞིང་ཡོངས་སུ་སྨིན་པར་བྱ་བས་མི་ངོམས་པ་དང་། ཆོས་ངེས་པར་སེམས་ཤིང་ཚུལ་བཞིན་ལ་རབ་ཏུ་སྦྱོར་བས་མི་ངོམས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བཙལ་བས་མི་ངོམས་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པས་མི་ངོམས་པའོ། །རིགས་ཀྱི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པ་ན་གང་དག་ནམ་དུ་ཡང་ངོམས་པར་མི་འགྱུར་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ངོམས་པ་བཅུ་གཉིས་ཏེ། དེས་ན་བྱང་ཆུབ་སེམས་དཔའ་རྣམས་དགེ་བའི་ཚོགས་བསགས་པ་ལ་མི་ངོམས་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་མི་འམ་ཅིའི་རྒྱལ་པོ་སྡོང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་དཀོན་མཆོག་འབྱུང་གནས་ཞེས་བགྱི་བ་མཆིས་ཏེ། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དེ་ལ་བརྟེན་ན་ཡོན་ཏན་རིན་པོ་ཆེའི་ཁྱད་པར་གྱི་ཆོས་ཐམས་ཅད་འཐོབ་པར་འགྱུར་རོ་ཞེས་བགྱི་བ་ཞིག་བདག་གིས་ཐོས་ན། བཅོམ་ལྡན་འདས་གང་ཐོས་པས། བྱང་ཆུབ་སེམས་དཔའ་རྣམས་ཡོན་ཏན་རིན་པོ་ཆེའི་ཁྱད་པར་གྱི་ཆོས་ཐམས་ཅད་འཐོབ་པར་འགྱུར་བར་བགྱི་བའི་སླད་དུ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དཀོན་མཆོག་འབྱུང་གནས་དེ་བཞིན་གཤེགས་པས་ལེགས་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་འམ་ཅིའི་བདག་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དཀོན་མཆོག་འབྱུང་གནས་ངས་ཁྱོད་ལ་བཤད་དོ། །མི་འམ་ཅིའི་རྒྱལ་པོ་སྡོང་པོས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ནས། བཅོམ་ ― DKG058_Page_0539 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མི་འམ་ཅིའི་བདག་པོ་འདི་ལ་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་དཀོན་མཆོག་རྒྱུན་མི་འཆད་པ་དང་། ཆོས་དཀོན་མཆོག་རྒྱུན་མི་འཆད་པ་དང་། དགེ་འདུན་དཀོན་མཆོག་རྒྱུན་མི་འཆད་པར་བྱ་བའི་ཕྱིར་སེམས་བསྐྱེད་པ་རིན་པོ་ཆེ་བརྒྱད་ཅུ་པོ་འདི་དག་ལ་འཇུག་གོ །བརྒྱད་ཅུ་གང་ཞེ་ན། འདི་ལྟ་སྟེ། དེ་ཐམས་ཅད་མཁྱེན་པའི་སེམས་རིན་པོ་ཆེ་མི་བརྗེད་པ་དང་། ལྷག་པའི་བསམ་པའི་སེམས་རིན་པོ་ཆེ་མི་གཏོང་བ་དང་། དགེ་བ་རིན་པོ་ཆེ་ཐམས་ཅད་ཀྱི་སེམས་མི་འདོར་བ་དང་། དགེ་བ་རིན་པོ་ཆེ་ཐམས་ཅད་ལ་རབ་ཏུ་སྦྱོར་བའི་སེམས་མི་འདོར་བ་དང་། ཡི་དམ་ལ་བརྟན་པའི་སེམས་རིན་པོ་ཆེ་ཡོངས་སུ་མི་འདོར་བ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་སེམས་རིན་པོ་ཆེ་བྱང་ཆུབ་ཏུ་ཡོངས་སུ་སྔོ་བས་རྣམ་པར་སྨིན་པ་ལ་མི་རེ་བའི་སེམས་རིན་པོ་ཆེ་ལ་འཇུག་པ་དང་། མི་དགེ་བའི་རྩ་བ་རྣམ་པ་གསུམ་རྣམ་པར་སྤངས་པས། ལུས་ཀྱི་རྒྱན་གྱི་སེམས་རིན་པོ་ཆེ་དང་། ངག་གི་སྐྱོན་རྣམ་པ་བཞི་རྣམ་པར་སྤངས་པས་ངག་གི་རྒྱན་གྱི་སེམས་རིན་པོ་ཆེ་དང་། བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་དང་བྲལ་བས་སེམས་ཀྱི་རྒྱན་གྱི་སེམས་རིན་པོ་ཆེ་དང་། ཚུལ་ཁྲིམས་མ་ཉམས་ཤིང་སྐྱོན་མེད་དེ་འདྲེན་མ་མ་ཡིན་ཞིང་ཐུན་ཚགས་མ་ཡིན་པས་ཚུལ་ཁྲིམས་ཀྱི་རྒྱན་གྱི་སེམས་རིན་པོ་ཆེ་དང་། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པས་ཁོང་ཁྲོ་བ་མེད་པའི་སེམས་རིན་པོ་ཆེ་དང་། སེམས་ཅན་ཐམས་ཅད་ཀྱིས་ཉེས་པར་བྱས་པ་ལ་ཅི་མི་སྙམ་པས་བཟོད་པ་དང་ངེས་པའི་སེམས་རིན་པོ་ཆེ་དང་། བྱང་ཆུབ་ཀྱི་ཡན་ལག་ལ་ལྟ་བས་ལུས་དང་སྲོག་ལ་མི་ལྟ་བའི་སེམས་རིན་པོ་ཆེ་དང་། མཐོ་དམན་མེད་པས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བའི་སེམས་རིན་པོ་ཆེ་དང་། ཞུམ་པ་མེད་པས་བརྩོན་འགྲུས་བརྟན་པའི་གོ་ཆའི་སེམས་རིན་པོ་ཆེ་དང་། ལྷོད་པ་མེད་པའི་བརྩོན་པ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་བྱེད་པའི་སེམས་རིན་པོ་ཆེ་དང་། བྱང་ཆུབ་ཀྱི་ལམ་གྱི་ཚོགས་བསགས་པས་དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། ངོ་ཚ་ཤེས་པ་དང་ ― DKG058_Page_0540 ―
[མ་དཔེ་གཟིགས་ན་འདིར་གནོན།]
མོས་པ་བརྗེད་པ་མེད་པའི་སེམས་རིན་པོ་ཆེ་དང་། སེམས་ལ་དབང་བྱེད་པས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་བསྐྱེད་པའི་སེམས་རིན་པོ་ཆེ་དང་། དམ་པའི་ཆོས་བསགས་པས་ཆོས་ཡོངས་སུ་ཚོལ་བའི་སེམས་རིན་པོ་ཆེ་དང་། འཇིགས་པ་མེད་ཅིང་སྤོབས་པས་ཐོས་པ་འཛིན་པའི་སེམས་རིན་པོ་ཆེ་དང་། སྡིག་པ་འདོད་པ་མེད་པས་ཟང་ཟིང་མེད་པར་ཆོས་སྟོན་པའི་སེམས་རིན་པོ་ཆེ་དང་། ཆགས་པའི་སེམས་མེད་པས་སློབ་དཔོན་ཆོས་མི་འཆབ་པའི་སེམས་རིན་པོ་ཆེ་དང་། ནན་ཏན་སྙིང་པོར་བྱེད་པས་ཚུལ་བཞིན་དུ་ཡང་ཡིད་ལ་བྱེད་པའི་སེམས་རིན་པོ་ཆེ་དང་། དེ་ལྟར་བྱེད་པས་ཇི་ལྟར་ཐོས་པའི་ཆོས་རྣམས་ལ་ནན་ཏན་བྱེད་པའི་སེམས་རིན་པོ་ཆེ་དང་། གཞན་གྱི་དྲིང་ལ་མི་འཇོག་པས་ཤེས་རབ་ཀྱིས་སོ་སོར་རྟོག་པའི་སེམས་རིན་པོ་ཆེ་དང་། སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པས་བྱམས་པ་ཆེན་པོའི་སེམས་རིན་པོ་ཆེ་དང་། སེམས་ཅན་ཐམས་ཅད་ལ་ལྟ་བས་སྙིང་རྗེ་ཆེན་པོའི་སེམས་རིན་པོ་ཆེ་དང་། ཆོས་ལ་དགའ་མོས་དད་པས་དགའ་བ་ཆེན་པོའི་སེམས་རིན་པོ་ཆེ་དང་། ཆོས་ཐམས་ཅད་ངེས་པར་སེམས་པས་བཏང་སྙོམས་ཆེན་པོའི་སེམས་རིན་པོ་ཆེ་དང་། དགེ་བའི་རྩ་བ་བསགས་པས་འཁོར་བ་ན་ཡོངས་སུ་མི་སྐྱོ་བའི་སེམས་རིན་པོ་ཆེ་དང་། བདག་གི་བདེ་བ་ལ་མི་ཆགས་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་སེམས་རིན་པོ་ཆེ་དང་། ཆོས་འཛིན་པས་བསྡུ་བའི་དངོས་པོའི་སེམས་རིན་པོ་ཆེ་དང་། ཐམས་ཅད་དུ་རྣམ་པར་འཕྲུལ་པས་མངོན་པར་ཤེས་པ་ཆེན་པོའི་སེམས་རིན་པོ་ཆེ་དང་། མ་ཐོས་པའི་ཆོས་མཉན་པའི་ཕྱིར་དགེ་བའི་བཤེས་གཉེན་ལ་བསྟེན་པའི་སེམས་རིན་པོ་ཆེ་དང་། དགེ་བའི་རྩ་བ་ཐམས་ཅད་སོགས་པས་སྡིག་པའི་གྲོགས་པོ་སྤོང་བའི་སེམས་རིན་པོ་ཆེ་དང་། ཐ་དད་པ་མེད་པས་སེམས་ཅན་ཐམས་ཅད་ལ་སྦྱོར་བ་མཉམ་པའི་སེམས་རིན་པོ་ཆེ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ལ་འཇུག་པས། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་ཡོངས་སུ་ཤེས་པའི་སེམས་རིན་པོ་ཆེ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་རབ་ཏུ་ཞི་བར་བྱེད་པས་ ― DKG058_Page_0541 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆོས་ཀྱི་སྨན་ཐམས་ཅད་ཡོངས་སུ་ཚོལ་བའི་སེམས་རིན་པོ་ཆེ་དང་། ཆོས་ཀྱི་བདག་ཉིད་པས་མ་བསླབས་པ་རྣམས་ལ་མི་བརྙས་པའི་སེམས་རིན་པོ་ཆེ་དང་། སེམས་ཅན་ཐམས་ཅད་ལ་འདུད་པས་ང་རྒྱལ་མེད་པའི་སེམས་རིན་པོ་ཆེ་དང་། འཆོས་པ་མེད་པའི་གཡོ་དང་སྒྱུ་མེད་པའི་སེམས་རིན་པོ་ཆེ་དང་། དམ་པའི་ཆོས་ཡུན་རིང་དུ་གནས་པས་ཆོས་ལ་དགའ་བའི་སེམས་རིན་པོ་ཆེ་དང་། སངས་རྒྱས་ཐམས་ཅད་ལ་བྱས་པ་གཟོ་བས་དམ་པའི་ཆོས་ཡོངས་སུ་འཛིན་པའི་སེམས་རིན་པོ་ཆེ་དང་། བརྟན་པའི་གྲོགས་པོའི་ཕྱིར་བྱས་པ་ཤེས་ཤིང་བྱས་པ་གཟོ་བའི་སེམས་རིན་པོ་ཆེ་དང་། ལྟོས་པ་མེད་པས་ལན་དུ་ཕན་འདོགས་པ་ལ་མི་རེ་བའི་སེམས་རིན་པོ་ཆེ་དང་། དཀར་པོའི་ཕྱོགས་སྲུང་བས་དགོན་པ་ལ་དགའ་བའི་སེམས་རིན་པོ་ཆེ་དང་། ལས་བྱས་པ་ཆུད་མི་གསོན་པས་རྟག་ཏུ་རབ་ཏུ་འབྱུང་བའི་སེམས་རིན་པོ་ཆེ་དང་། སྡོམ་པའི་སྤྱོད་པ་སོགས་པས་འཕགས་པའི་རིགས་ལ་དགའ་བའི་སེམས་རིན་པོ་ཆེ་དང་། སེམས་ཅན་ཐམས་ཅད་མགུ་བར་བྱེད་པས་སྦྱངས་པའི་ཡོན་ཏན་ཐམས་ཅད་དང་ཡོ་བྱད་བསྙུངས་པའི་སེམས་རིན་པོ་ཆེ་དང་། ཤེས་རབ་ཀྱིས་མི་ངོམས་པས་འདོད་པ་ཆུང་ཞིང་ཆོག་ཤེས་པའི་སེམས་རིན་པོ་ཆེ་དང་། ལུས་དང་སེམས་དབེན་པས་དགའ་བ་ལ་དབེན་པའི་སེམས་རིན་པོ་ཆེ་དང་། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱེད་པས་བསོད་ནམས་ཀྱི་ཚོགས་ཀྱིས་མི་ངོམས་པའི་སེམས་རིན་པོ་ཆེ་དང་། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅད་པའི་ཕྱིར་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བའི་སེམས་རིན་པོ་ཆེ་དང་། སངས་རྒྱས་མཐོང་བ་དང་མི་འབྲལ་བའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པའི་སེམས་རིན་པོ་ཆེ་དང་། ཆོས་མཉན་པ་དང་མི་འབྲལ་བའི་ཕྱིར་ཆོས་རྗེས་སུ་དྲན་པའི་སེམས་རིན་པོ་ཆེ་དང་། ཕྱིར་མི་ལྡོག་པའི་དགེ་འདུན་ལ་གཞོལ་བའི་ཕྱིར་དགེ་འདུན་རྗེས་སུ་དྲན་པའི་སེམས་རིན་པོ་ཆེ་དང་། བྱང་ཆུབ་ཀྱི་སེམས་ལས་མི་གཡོ་བའི་ཕྱིར་ཚུལ་ཁྲིམས་རྗེས་སུ་དྲན་པའི་སེམས་རིན་པོ་ཆེ་དང་། ཉོན་མོངས་པ་ཐམས་ཅད་ཡོངས་སུ་བོར་བས་གཏོང་བ་རྗེས་སུ་དྲན་པའི་སེམས་རིན་པོ་ཆེ་དང་། སྐྱེ་བ་གཅིག་ ― DKG058_Page_0542 ―
[མ་དཔེ་གཟིགས་ན་འདིར་གནོན།]
གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྗེས་སུ་དྲན་པའི་ཕྱིར་ལྷ་རྗེས་སུ་དྲན་པའི་སེམས་རིན་པོ་ཆེ་དང་། མཚུངས་པར་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྗེས་སུ་དྲན་པའི་སེམས་རིན་པོ་ཆེ་དང་། དོན་ཐམས་ཅད་རྟོགས་པས་དོན་སོ་སོ་ཡང་དག་པར་རིག་པའི་སེམས་རིན་པོ་ཆེ་དང་། ཆོས་ཀྱི་དབྱིངས་འདྲེས་པ་མེད་པས་ཆོས་སོ་སོ་ཡང་དག་པར་རིག་པའི་སེམས་རིན་པོ་ཆེ་དང་། སེམས་ཅན་གྱི་ཚིག་ཐམས་ཅད་རྟོགས་པས་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའི་སེམས་རིན་པོ་ཆེ་དང་། ཚིག་འབྲུའི་རང་བཞིན་རྗེས་སུ་རྟོགས་པས་སྤོབས་པ་སོ་སོ་ཡང་དག་པར་རིག་པའི་སེམས་རིན་པོ་ཆེ་དང་། རྣམ་པར་ཤེས་པ་སྒྱུ་མ་ལྟ་བུར་ཡོངས་སུ་ཤེས་པའི་ཚུལ་གྱིས་ཡེ་ཤེས་ལ་རྟོན་པའི་སེམས་རིན་པོ་ཆེ་དང་། བཀྲི་བའི་དོན་གྱི་མདོ་སྡེ་ལས་དང་བྱ་བ་དང་འགལ་བས་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པའི་སེམས་རིན་པོ་ཆེ་དང་། གང་ཟག་གི་རང་བཞིན་རྗེས་སུ་རྟོག་པས་ཆོས་ཉིད་ལ་རྟོན་པའི་སེམས་རིན་པོ་ཆེ་དང་། ཁམས་གསུམ་ཐམས་ཅད་ལ་མངོན་པར་ཞེན་པས་འཇིགས་པའི་ཕྱིར་འདུ་བྱེད་ཐམས་ཅད་ལ་མི་རྟག་པ་དང་། སྡུག་བསྔལ་བར་སོ་སོར་རྟོག་པའི་སེམས་རིན་པོ་ཆེ་དང་། སེམས་ཅན་ཐམས་ཅད་ལ་བདག་མེད་པས་ཆོས་ཐམས་ཅད་ལ་བདག་མེད་པར་སོ་སོར་རྟོག་པའི་སེམས་རིན་པོ་ཆེ་དང་། འདོད་པའི་ཁམས་ལས་ཤིན་ཏུ་འདའ་བས་མི་གཙང་བར་སོ་སོར་རྟོག་པའི་སེམས་རིན་པོ་ཆེ་དང་། ཤིན་ཏུ་ཞི་ཞིང་ཉེ་བར་ཞི་བས་མྱ་ངན་ལས་འདས་པ་ལ་ཞི་བར་སོ་སོར་རྟོག་པའི་སེམས་རིན་པོ་ཆེ་དང་། བདུད་རྩིའི་སྒོ་ལ་ཡང་དག་པར་གཞོལ་བས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་མོས་པའི་སེམས་རིན་པོ་ཆེ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པས་ཆོས་ཐམས་ཅད་ལ་མ་སྐྱེས་པ་དང་མ་བྱུང་བས་མོས་པའི་སེམས་རིན་པོ་ཆེ་དང་། ལྟ་བ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པས་ཆོས་ཐམས་ཅད་ལ་སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། མིག་ཡོར་དང་། རྨི་ལམ་ལྟ་བུར་ཡང་དག་པར་གཞོལ་བའི་སེམས་རིན་པོ་ཆེ་དང་། རྟག་པ་དང་ཆད་པ་དང་བྲལ་བས་རྟེན་ཅིང་འབྲེལ་བར་ ― DKG058_Page_0543 ―
[མ་དཔེ་གཟིགས་ན་འདིར་གནོན།]
འབྱུང་བ་དང་འཐུན་པའི་སེམས་རིན་པོ་ཆེ་དང་། གཉིས་དང་བྲལ་བས་མཐར་ལྟ་བ་ཐམས་ཅད་སེལ་བའི་སེམས་རིན་པོ་ཆེ་དང་། ཐེག་པ་གཅིག་ཏུ་ཁོང་དུ་ཆུད་པས་གཉིས་སུ་མེད་པའི་ཆོས་ཀྱི་སྒོ་ལ་འཇུག་པའི་སེམས་རིན་པོ་ཆེ་དང་། སྐྱོན་མེད་པ་ལ་འཇུག་པས་སྤྱོད་པ་ཐམས་ཅད་ལས་ལྡོག་པའི་སེམས་རིན་པོ་ཆེ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཡང་དག་པར་སྐྱོན་མེད་པ་ལ་སོ་སོར་རྟོག་པའི་སེམས་རིན་པོ་ཆེ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པའི་སེམས་རིན་པོ་ཆེ་སྟེ། འདི་དག་ནི་ཆོས་རིན་པོ་ཆེ་བརྒྱད་ཅུའོ། །མི་འམ་ཅིའི་བདག་པོ་དེ་ལྟར་གང་ཆོས་བརྒྱད་ཅུ་པོ་འདི་ལ་འཇུག་པ་དང་ཐོབ་པ་དང་། ནན་ཏན་བྱེད་པ་དེ་ནི་དཀོན་མཆོག་འབྱུང་གནས་ཏིང་ངེ་འཛིན་ཅེས་བྱའོ། །ཆོས་འདི་དག་ནི་ཏིང་ངེ་འཛིན་སྒྲུབ་པའོ། །བྱང་ཆུབ་སེམས་དཔས་གང་གི་ཚེ་དཀོན་མཆོག་འབྱུང་གནས་ཏིང་ངེ་འཛིན་འདི་རབ་ཏུ་ཐོབ་པར་གྱུར་པ་དེའི་ཚེ། དེས་གང་ལ་དབང་ཐོབ་པར་མ་གྱུར་པའི་རིན་པོ་ཆེའི་འཇིག་རྟེན་གྱིའམ། འཇིག་རྟེན་ལས་འདས་པ་དེ་གང་ཡང་མེད་དོ། །མི་འམ་ཅིའི་བདག་པོ་དེ་ལ་འཇིག་རྟེན་གྱི་རིན་པོ་ཆེ་ནི་གང་། འཇིག་རྟེན་ལས་འདས་པའི་རིན་པོ་ཆེ་ནི་གང་ཞེ་ན། མི་འམ་ཅིའི་བདག་པོ་དེ་ལ་འཇིག་རྟེན་གྱི་རིན་པོ་ཆེ་ནི་འདི་ལྟ་སྟེ། ལྷ་དང་མི་རྣམས་ཀྱི་ཆེ་བ་ཉིད་དང་། བརྒྱ་བྱིན་དང་། ཚངས་པའི་ཆེ་བ་ཉིད་དང་། འཇིག་རྟེན་སྐྱོང་བའི་ཆེ་བ་ཉིད་དང་། འཁོར་ལོས་སྒྱུར་བའི་ཆེ་བ་ཉིད་དང་། ཚོང་དཔོན་དང་། ཁྱིམ་བདག་དང་། བྲམ་ཟེ་དང་། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཆེ་བ་ཉིད་དོ། །དེ་དེ་ལྟར་ལྷ་དང་མི་རྣམས་ཀྱི་ཆེ་བ་ཉིད་རབ་ཏུ་ཐོབ་ཀྱང་རྒྱགས་པ་མི་སྐྱེད། བག་མེད་པ་མི་སྐྱེད་དོ། །དེ་བག་ཡོད་པར་གྱུར་པས། བྱང་ཆུབ་སྒྲུབ་པར་བྱེད་པའི་ཆོས་རྣམས་ཡང་དག་པར་བསྒྲུབ་པ་སྟེ། འདི་ནི་འཇིག་རྟེན་གྱི་རིན་པོ་ཆེ་ཞེས་བྱའོ། །དེ་ལ་འཇིག་རྟེན་ལས་འདས་པའི་རིན་པོ་ཆེ་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་ལས་འདས་པའི་ཆོས་རིན་པོ་ཆེའོ། །འཇིག་རྟེན་ལས་འདས་པའི་ཆོས་ ― DKG058_Page_0544 ―
[མ་དཔེ་གཟིགས་ན་འདིར་གནོན།]
རིན་པོ་ཆེ་གང་ཞེ་ན། ཆོས་གང་འཇིག་རྟེན་ལས་སྒྲོལ་བའོ། །འཇིག་རྟེན་ལས་སྒྲོལ་བའི་ཆོས་གང་ཞེ་ན། འདི་ལྟ་སྟེ། འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་སྟེ། ཤེས་རབ་ཀྱི་འཇིག་རྟེན་ལས་སྒྲོལ་ལོ། །ཤེས་རབ་རིན་པོ་ཆེས་ནི་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་བསྡུས་ཏེ། ཤེས་རབ་ནི་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་གཙོ་བོ་ཡིན་ནོ། །མི་འམ་ཅིའི་བདག་པོ་འདི་ལྟ་སྟེ་དཔེར་ན་ཀླུང་ཐམས་ཅད་ཀྱི་གཙོ་བོ་ནི་རྒྱ་མཚོ་ཆེན་པོའོ། །རི་ཐམས་ཅད་ཀྱི་གཙོ་བོ་ནི་རིའི་རྒྱལ་པོ་རི་རབ་བོ། །སྐར་མ་ཐམས་ཅད་ཀྱི་གཙོ་བོ་ནི་ཟླ་བའོ། །སྣང་བ་ཐམས་ཅད་ཀྱི་གཙོ་བོ་ནི་ཉི་མའོ། །རི་དགས་ཐམས་ཅད་ཀྱི་གཙོ་བོ་ནི་སེང་གེའོ། །སྐྱེ་དགུ་ཐམས་ཅད་ཀྱི་གཙོ་བོ་ནི་རྒྱལ་པོའོ། །སུམ་ཅུ་རྩ་གསུམ་པ་ཐམས་ཅད་ཀྱི་གཙོ་བོ་ནི་བརྒྱ་བྱིན་ནོ། །ཚངས་པ་ལ་དབང་དུ་བྱ་བ་རྣམས་ཀྱི་གཙོ་བོ་ནི་ཚངས་པ་ཆེན་པོའོ། །མི་འམ་ཅིའི་བདག་པོ་དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་གཙོ་བོ་ནི་ཤེས་རབ་སྟེ། དེའི་ཕྱིར་ཤེས་རབ་ནི་ཆོས་ཐམས་ཅད་ཀྱི་རྒྱལ་པོ་ཞེས་བྱའོ། །མུ་སྟེགས་ལ་གནས་པ་བསྒྲལ་བའི་ཕྱིར་བདེ་བར་འགྲོ་བས་ལམ་མོ། །ཉོན་མོངས་པའི་མུན་པ་སེལ་བའི་ཕྱིར་སྒྲོན་མའོ། །གཡུལ་ལས་རྒྱལ་བའི་ཕྱིར་དཔའ་བོའོ། །སྨན་རབ་ཏུ་སྦྱོར་བའི་ཕྱིར་སྨན་པའོ། །གཙུག་ལག་ཐམས་ཅད་ཤེས་པའི་ཕྱིར་སློབ་དཔོན་ནོ། །ཆོས་ཐམས་ཅད་ཕིགས་པའི་ཕྱིར་མདའོ། །ཉོན་མོངས་པ་གཅོད་པའི་ཕྱིར་རལ་གྲིའོ། །ཉོན་མོངས་པའི་ཚང་ཚིང་དྲལ་བའི་ཕྱིར་ཐོང་གཤོལ་ལོ། །མཉམ་པའི་ཕྱིར་མི་འགལ་བའོ། །འཐབ་པ་མེད་པའི་ཕྱིར་རྩོད་པ་མེད་པའོ། །འབྱུང་བ་མེད་པའི་ཕྱིར་མི་འགག་པའོ། །བདེན་པའི་དོན་རྣམས་ཡོངས་སུ་ཤེས་པའི་མཐར་ཐུག་པའི་ཕྱིར་མི་འཁྲུགས་པའོ། ། དྲན་པ་ཉེ་བར་གཞོག་པའི་ཕྱིར་དྲན་པའོ། །ཡང་དག་པར་སྤོང་བ་རྣམས་ལ་མཉམ་པ་ཉིད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་བསྐྱེད་པའོ། །དབང་པོ་རྣམས་སྦེད་པའོ། །སྟོབས་རྣམས་ཀྱིས་མི་རྫི་བའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་རྗེས་སུ་རྟོག་པའོ། །ལམ་སྟོན་པའོ། །ཞི་གནས་ཞི་ ― DKG058_Page_0545 ―
[མ་དཔེ་གཟིགས་ན་འདིར་གནོན།]
བར་བྱེད་པའོ། །ལྷག་མཐོང་རིག་པར་བྱེད་པའོ། །རབ་རིབ་མེད་པའི་ཕྱིར་སྣང་བར་བྱེད་པའོ། །ཆོས་ཀྱི་སྣང་བས་མུན་པ་སེལ་བའོ། །རྡུལ་དང་བྲལ་བའི་ཕྱིར་རྡུལ་མེད་པའོ། །བརྙས་ཐབས་དང་བྲལ་བའི་ཕྱིར་མཐོ་བར་སེམས་པ་མེད་པའོ། །ཡ་ང་བའི་ལམ་ལས་རབ་ཏུ་འདས་པའི་ཕྱིར་ཀུན་ཏུ་མཐོང་བར་བྱེད་པའོ། །ཕྱི་ནང་དང་བྲལ་བའི་ཕྱིར་ཡུལ་མེད་པའོ། །ལྟ་བས་བྱས་པ་མེད་པའི་ཕྱིར་སྟོང་པ་སྒྲོལ་བའོ། །རྣམ་པར་རྟོག་པ་ཉེ་བར་ཞི་བའི་ཕྱིར། མཚན་མ་མེད་པས་རབ་ཏུ་ཕྱེ་བའོ། །ཁམས་གསུམ་པ་ལས་རྣམ་པར་འདས་པའི་ཕྱིར་སྨོན་པ་མེད་པའི་མཚན་ཉིད་དོ། །མཚན་ཉིད་མེད་པའི་ཕྱིར་མཚན་ཉིད་གཅིག་པའོ། །མཚུངས་པ་མེད་པའི་ཕྱིར་ནམ་མཁའི་མཚན་ཉིད་དོ། །བདུད་ཀྱི་ལས་དང་བྲལ་བའི་ཕྱིར་གཡོ་བ་དང་རློམ་སེམས་འཇོམས་པའོ། །མི་རྟོག་པའི་སྦྱིན་པའོ། །མི་གནས་པའི་ཚུལ་ཁྲིམས་སོ། །རབ་ཏུ་མི་གནས་པའི་བཟོད་པའོ། །བླང་བ་མེད་པ་དང་དོར་བ་མེད་པའི་བརྩོན་འགྲུས་སོ། །སྒྲོ་བཏགས་པ་མེད་པའི་བསམ་གཏན་ནོ། །རྣམ་པར་རིག་བྱེད་མ་ཡིན་པའི་སྒོའོ། །ཐམས་ཅད་ལ་མངོན་དུ་ཕྱོགས་པའོ། །ཐབས་དང་འབྲེལ་བའོ། །སེམས་ཅན་ལ་བདག་མེད་པར་ཡང་དག་པར་གཞོལ་བའོ། །དགེ་བའི་རྩ་བ་བསགས་པའོ། །བྱ་བ་མེད་པའོ། །བྱ་བ་དང་བྲལ་བ་སྟེ། མི་འམ་ཅིའི་བདག་པོ་འདི་ནི་ཤེས་རབ་རིན་པོ་ཆེའོ། །ཤེས་རབ་རིན་པོ་ཆེ་འདི་ནི་དཀོན་མཆོག་འབྱུང་གནས་ཏིང་ངེ་འཛིན་ཐོབ་པའི་བྱང་ཆུབ་སེམས་དཔས་འཐོབ་བོ། །འདི་འཐོབ་པ་ན་རིན་པོ་ཆེ་ཐམས་ཅད་ཡང་དག་པར་འདུ་བ་ཡིན་ནོ། །མི་འམ་ཅིའི་བདག་པོ་འདི་ལྟ་སྟེ། དཔེར་ན་ཆུ་བོ་ཐམས་ཅད་ཀྱི་སྒོ་ནི་རྒྱ་མཚོ་ཆེན་པོ་སྟེ། རིན་པོ་ཆེ་ཐམས་ཅད་སོགས་པ་རིན་པོ་ཆེ་ཐམས་ཅད་ཡང་དག་པར་འདུ་བ་སྟེ། དེ་ལས་རིན་པོ་ཆེ་ཐམས་ཅད་འབྱུང་ངོ་། །མི་འམ་ཅིའི་བདག་པོ་དེ་བཞིན་དུ་དཀོན་མཆོག་འབྱུང་གནས་ཏིང་ངེ་འཛིན་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡང་རིན་པོ་ཆེ་ཐམས་ཅད་ཀྱི་སྒོ་ཡིན་ཏེ། ཆོས་དཀོན་མཆོག་ཐམས་ཅད་སོགས་པ་རིན་པོ་ཆེ་ཐམས་ཅད་ཡང་དག་པར་འདུ་ ― DKG058_Page_0546 ―
[མ་དཔེ་གཟིགས་ན་འདིར་གནོན།]
བའོ། །དཀོན་མཆོག་འབྱུང་གནས་ཏིང་ངེ་འཛིན་ལས་དཀོན་མཆོག་གསུམ་འབྱུང་སྟེ། སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་གོ །དེས་ན་དཀོན་མཆོག་འབྱུང་གནས་ཏིང་ངེ་འཛིན་ནི་རིན་པོ་ཆེ་ཐམས་ཅད་སོགས་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མི་འམ་ཅིའི་རྒྱལ་པོ་སྡོང་པོ་འདིས་དཀོན་མཆོག་འབྱུང་གནས་ཏིང་ངེ་འཛིན་འདི་ཐོབ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་དེ་མི་འམ་ཅིའི་རྒྱལ་པོ་སྡོང་པོ་ལ་དྲིས་ཤིག་དང་དེས་ཁྱོད་ལ་སྟོན་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱིས་མི་འམ་ཅིའི་རྒྱལ་པོ་སྡོང་པོ་ལ་འདི་སྐད་ཅེས་སྨྲས་སོ། །མི་འམ་ཅིའི་བདག་པོ་ཁྱོད་ཀྱིས་དཀོན་མཆོག་འབྱུང་གནས་ཏིང་ངེ་འཛིན་འདི་ཐོབ་བམ། སྨྲས་པ། རིགས་ཀྱི་བུ་ཏིང་ངེ་འཛིན་འདི་ནི་ཐོབ་པ་འམ། དམིགས་པར་སོ་སོར་ཉེ་བར་གནས་པ་མ་ཡིན་ནོ། །ཏིང་ངེ་འཛིན་འདི་ནི་སུས་ཀྱང་མི་ཐོབ་བོ། །ཏིང་ངེ་འཛིན་འདི་ནི་གཟུགས་སུ་བགྲང་བའམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པར་བགྲང་བ་མ་ཡིན་ནོ། །ཏིང་ངེ་འཛིན་འདི་ནི་གཟུགས་སུ་སྣང་བ་མ་ཡིན་ནོ། །ཏིང་ངེ་འཛིན་འདི་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་གཟུང་བ་མ་ཡིན། སྐྱེ་བའི་མཚན་ཉིད་མ་ཡིན། འཇིག་པའི་མཚན་ཉིད་མ་ཡིན། གནས་པའི་མཚན་ཉིད་མ་ཡིན། རྒྱུན་འཆད་པའི་མཚན་ཉིད་མ་ཡིན། མཚན་ཉིད་གཅིག་པ་མ་ཡིན། མཚན་ཉིད་ཐ་དད་པ་མ་ཡིན། མཚན་ཉིད་མ་ཡིན། མཚན་ཉིད་དང་བྲལ་བ་མ་ཡིན། མཚན་ཉིད་མེད་པ་ཡང་མ་ཡིན་ཏེ། བརྗོད་པར་བྱ་བ་མ་ཡིན་ནོ། །ཏིང་ངེ་འཛིན་འདི་ནི་ཡོངས་སུ་རྟོགས་པར་མི་ནུས་ཏེ། ཀུན་ཏུ་རྟོགས་པར་མ་ཡིན་རྣམ་པར་རྟོགས་པར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཏིང་ངེ་འཛིན་འདི་ཡོངས་སུ་རྟོགས་པའམ། ཀུན་ཏུ་རྟོགས་པའམ། རྣམ་པར་རྟོགས་པར་ ― DKG058_Page_0547 ―
[མ་དཔེ་གཟིགས་ན་འདིར་གནོན།]
གྱུར་ན་ནི་བརྟག་པའི་གཞི་ཉིད་དུ་འགྱུར་གྱི་ཏིང་ངེ་འཛིན་མ་ཡིན་ནོ། །རིགས་ཀྱི་བུ་ཏིང་ངེ་འཛིན་ཅེས་བྱ་བ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དོ། །ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ་དང་ང་མཉམ་མོ། །དེ་དང་སེམས་ཅན་ཐམས་ཅད་ཀྱང་མཉམ་མོ། །རིགས་ཀྱི་བུ་དེའི་ཕྱིར་ཏིང་ངེ་འཛིན་འདི་དང་སེམས་ཅན་ཐམས་ཅད་མཉམ་མོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ནི་སྟོང་པ་སྟེ། སྟོང་པའི་མཚན་ཉིད་ནི་ཏིང་ངེ་འཛིན་འདིའོ། །སེམས་ཅན་ཐམས་ཅད་ནི་མཚན་ཉིད་མེད་པ་སྟེ། མཚན་ཉིད་མེད་པའི་མཚན་ཉིད་ནི་ཏིང་ངེ་འཛིན་འདིའོ། །སེམས་ཅན་ཐམས་ཅད་ནི་སྨོན་པ་མེད་པ་སྟེ། སྨོན་པ་མེད་པའི་མཚན་ཉིད་ནི་ཏིང་ངེ་འཛིན་འདིའོ། །སེམས་ཅན་ཐམས་ཅད་ནི་དབེན་པ་སྟེ། དབེན་པའི་མཚན་ཉིད་ནི་ཏིང་ངེ་འཛིན་འདིའོ། །སེམས་ཅན་ཐམས་ཅད་ནི་བདག་མེད་པ་སྟེ། བདག་མེད་པའི་མཚན་ཉིད་ནི་ཏིང་ངེ་འཛིན་འདིའོ། །དེ་ནི་ལུས་དང་ངག་དང་སེམས་ཀྱིས་རེག་པར་མི་ནུས་སོ། །གང་ལ་ལ་དག་ཆོས་ལ་རེག་པར་བྱེད་པ་དང་། མཉམ་པར་བྱེད་པ་དང་། མངོན་པར་མཉམ་པར་བྱེད་པ་དེ་དག་ཐམས་ཅད་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ང་རྒྱལ་ཅན་དུ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མི་འམ་ཅིའི་རྒྱལ་པོ་སྡོང་པོའི་སྤྱོད་པ་བག་མཆིས་པ་འདི་ལྟ་བུ་དང་། ཆོས་ལ་སྤོབས་པ་འདི་ལྟ་བུ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱ་བ་ཐམས་ཅད་ཀྱང་ཀུན་ཏུ་སྟོན་ལ་བྱ་བ་ཐམས་ཅད་ཀྱིས་ཀྱང་མི་གོས་པ་འདི་ནི་ཐབས་དང་ཤེས་རབ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སའོ། །རིགས་ཀྱི་བུ་མི་འམ་ཅིའི་རྒྱལ་པོ་སྡོང་པོ་འདིས་རྒྱུད་ཀྱི་སྒྲ་དང་། གླུའི་སྒྲ་དང་། སིལ་སྙན་དང་། ཕེག་རྡོབ་པ་བྱས་པའི་ཚུལ་འདིས་མི་འམ་ཅི་བྱེ་བ་ཕྲག་བདུན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །དྲི་ཟ་བྱེ་བ་ཕྲག་སུམ་ཅུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །ལྟོ་འཕྱེ་ཆེན་པོ་བྱེ་བ་ ― DKG058_Page_0548 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕྲག་བཞི་བཅུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །རང་གི་འཁོར་གྱི་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ཡང་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །ཤེས་རབ་དང་ཐབས་ཀྱི་ཡེ་ཤེས་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་གང་དང་གང་གི་ཚེ་འཁོར་གྱི་ཆེ་བ་ཉིད་ཐོབ་པ་དེ་དང་དེའི་ཚེ། སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་ཡོངས་སུ་སྨིན་པར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྒྱུ་མེད་པར་མེ་མི་འབར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབེན་པ་ན་གནས་པ་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་མི་འབར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྒྱུ་ཡོད་ན་མེ་འབར་རོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བོ་ཕལ་པོ་ཆེའི་ནང་ན་འདུག་ན། སེམས་ཅན་ཡོངས་སུ་སྦྱིན་པར་བྱ་བ་འབར་རོ། །རིགས་ཀྱི་བུ་དེའི་ཕྱིར་རྣམ་གྲངས་འདིས་འདི་ལྟར་བྱང་ཆུབ་སེམས་དཔའ་ཇི་ལྟ་ཇི་ལྟ་བུར་ཡུལ་དང་འཁོར་ཆེན་པོ་འབྱོར་པར་གྱུར་པ། དེ་ལྟ་དེ་ལྟ་བུར་སེམས་ཅན་དཔག་ཏུ་མེད་པ་ཡོངས་སུ་སྨིན་པར་བྱེད་པར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་མི་འམ་ཅིའི་རྒྱལ་པོ་སྡོང་པོས་རྒྱུད་ཀྱི་སྒྲ་དང་། གླུའི་སྒྲ་དང་། སིལ་སྙན་དང་། ཕེག་རྡོབ་པ་བགྱིས་པས་སེམས་ཅན་ཡོངས་སུ་སྨིན་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་མི་འམ་ཅི་དང་། དྲི་ཟ་དང་། ལྟོ་འཕྱེ་ཆེན་པོ་གླུ་དང་། རོལ་མོའི་དབྱངས་སྒྲ་ལ་མོས་པ་རྣམས་ལ་མི་འམ་ཅིའི་རྒྱལ་པོ་སྡོང་པོས་གང་གི་ཚེ་པི་བང་གི་སྒྲ་ཐོས་པར་བྱེད་ཅིང་སིལ་སྙན་དང་། གླུ་དབྱངས་སྦྱོར་བ་དེ་ན་མི་འམ་ཅི་དང་། དྲི་ཟ་དང་། ལྟོ་འཕྱེ་ཆེན་པོ་དེ་དག་དགའ་བ་དང་། རབ་ཏུ་མགུ་བ་ཆེན་པོ་འཐོབ་བོ། །དེ་དག་དགའ་བ་དང་། མོས་པ་དང་། རབ་ཏུ་མགུ་བ་ཐོབ་ནས་རྒྱུད་ཀྱི་སྒྲ་དང་། སིལ་སྙན་གྱི་སྒྲ་དང་། གླུ་དབྱངས་ཀྱི་སྒྲ་དེ་དག་ལས་སངས་རྒྱས་ཀྱི་སྒྲ་འབྱུང་ངོ་། །ཆོས་ཀྱི་སྒྲ་དང་དགེ་འདུན་གྱི་སྒྲ་འབྱུང་ངོ་། །བྱང་ཆུབ་ཀྱི་སེམས་ལ་ ― DKG058_Page_0549 ―
[མ་དཔེ་གཟིགས་ན་འདིར་གནོན།]
དགའ་བ་དང་། ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པར་སྦྱོར་བའི་སྒྲ་འབྱུང་ངོ་། །སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་སྒྲ་འབྱུང་ངོ་། །བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་སྒྲ་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་ཞི་གནས་དང་། ལྷག་མཐོང་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་སྒྲ་འབྱུང་ངོ་། །མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པའི་སྒྲ་འབྱུང་ངོ་། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འབྱུང་བ་མེད་པ་དང་། དངོས་པོ་མེད་པའི་སྒྲ་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་དང་། གཟུངས་དང་རྡོ་རྗེའི་ཚིག་དང་། འཁོར་གསུམ་ཡོངས་སུ་སྦྱོང་བའི་སྒྲ་འབྱུང་ངོ་། །ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་སྒྲ་དང་། ཆོས་ཐམས་ཅད་ལ་རྣམ་པར་གདོན་མི་ཟ་བའི་རྒྱལ་པོའི་ཏིང་ངེ་འཛིན་གྱི་སྒྲ་དང་། རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་སྒྲ་དང་། ཆོས་ཐམས་ཅད་ལ་ཡང་དག་པར་གཞོལ་བའི་ཏིང་ངེ་འཛིན་གྱི་སྒྲ་དང་། ཆོས་ཐམས་ཅད་ལ་དབང་བྱེད་པའི་ཏིང་ངེ་འཛིན་གྱི་སྒྲ་དང་། རྣམ་པར་བཀོད་པའི་ཏིང་ངེ་འཛིན་གྱི་སྒྲ་དང་། རིན་ཆེན་སྒྲོན་མའི་ཏིང་ངེ་འཛིན་གྱི་སྒྲ་དང་། རིན་ཆེན་འབྱུང་གནས་ཏིང་ངེ་འཛིན་གྱི་སྒྲ་དང་། རིན་ཆེན་བརྩེགས་པའི་ཏིང་ངེ་འཛིན་གྱི་སྒྲ་དང་། ཉོན་མོངས་པ་སྤོང་བའི་ཏིང་ངེ་འཛིན་གྱི་སྒྲ་དང་། དགའ་བྱེད་ཏིང་ངེ་འཛིན་གྱི་སྒྲ་དང་། པད་མ་བཀོད་པའི་ཏིང་ངེ་འཛིན་གྱི་སྒྲ་དང་། པད་མ་བླ་མའི་ཏིང་ངེ་འཛིན་གྱི་སྒྲ་དང་། ནམ་མཁའི་མཛོད་ཀྱི་ཏིང་ངེ་འཛིན་གྱི་སྒྲ་དང་། ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་ཏིང་ངེ་འཛིན་གྱི་སྒྲ་དང་། དམ་པའི་ཆོས་པུཎྜ་རཱི་ཀའི་ཏིང་ངེ་འཛིན་གྱི་སྒྲ་དང་། ཁྱད་པར་ཅན་གྱི་ཏིང་ངེ་འཛིན་གྱི་སྒྲ་དང་། རྣམ་པར་རྒྱལ་བར་དབང་བྱེད་ཏིང་ངེ་འཛིན་གྱི་སྒྲ་དང་། ཆེར་བསྒྱིངས་ཏིང་ངེ་འཛིན་གྱི་སྒྲ་དང་། ― DKG058_Page_0550 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྣམ་པ་ལ་སེམས་དབང་བྱེད་པའི་ཏིང་ངེ་འཛིན་གྱི་སྒྲ་དང་། སེང་གེ་བསྒྱིངས་པའི་ཏིང་ངེ་འཛིན་གྱི་སྒྲ་དང་། ཉི་མ་སྒྲོན་མའི་ཏིང་ངེ་འཛིན་གྱི་སྒྲ་དང་། མཐའ་ཡས་འཁྱིལ་པའི་ཏིང་ངེ་འཛིན་གྱི་སྒྲ་དང་། རྒྱུན་གྱི་རྗེས་སུ་སོང་བའི་ཏིང་ངེ་འཛིན་གྱི་སྒྲ་དང་། རྡོ་རྗེའི་དཀྱིལ་འཁོར་ཏིང་ངེ་འཛིན་གྱི་སྒྲ་དང་། རྡོ་རྗེའི་རྒྱལ་མཚན་ཏིང་ངེ་འཛིན་གྱི་སྒྲ་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྒྲ་དང་། རྡོ་རྗེ་ལྟེ་བའི་ཏིང་ངེ་འཛིན་གྱི་སྒྲ་དང་། ས་འཛིན་ཏིང་ངེ་འཛིན་གྱི་སྒྲ་དང་། རི་རབ་སྒྲོན་མའི་ཏིང་ངེ་འཛིན་གྱི་སྒྲ་དང་། རི་རབ་རྒྱལ་མཚན་ཏིང་ངེ་འཛིན་གྱི་སྒྲ་དང་། རིན་ཆེན་མཛོད་ཀྱི་ཏིང་ངེ་འཛིན་གྱི་སྒྲ་དང་། སེམས་ལ་དབང་བྱེད་ཏིང་ངེ་འཛིན་གྱི་སྒྲ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་རྣམ་པར་ལྟ་བའི་ཏིང་ངེ་འཛིན་གྱི་སྒྲ་དང་། སྤྱོད་པ་ཐམས་ཅད་ཀྱི་ཡུལ་ལས་ངེས་པར་འབྱུང་བའི་ཏིང་ངེ་འཛིན་གྱི་སྒྲ་དང་། ཟབ་མོ་སྦེད་པར་སྦྱོར་བའི་ཏིང་ངེ་འཛིན་གྱི་སྒྲ་དང་། སྤོབས་པ་སྣ་ཚོགས་ཀྱི་ཏིང་ངེ་འཛིན་གྱི་སྒྲ་དང་། བལྟར་མི་མཐོང་བའི་ཏིང་ངེ་འཛིན་གྱི་སྒྲ་དང་། ཆོས་ཐམས་ཅད་ལ་རྣམ་པར་ལྟ་བའི་ཏིང་ངེ་འཛིན་གྱི་སྒྲ་དང་། རྣམ་པར་རོལ་བའི་ཏིང་ངེ་འཛིན་གྱི་སྒྲ་དང་། མངོན་པར་ཤེས་པ་ཐམས་ཅད་ལས་ངེས་པར་འབྱུང་བའི་ཏིང་ངེ་འཛིན་གྱི་སྒྲ་དང་། བདུད་ཀྱི་དཀྱིལ་འཁོར་འཇིག་པའི་ཏིང་ངེ་འཛིན་གྱི་སྒྲ་དང་། གཟུགས་ཐམས་ཅད་ཀུན་ཏུ་སྟོན་པའི་ཏིང་ངེ་འཛིན་གྱི་སྒྲ་དང་། སྒྲ་ཐམས་ཅད་ལ་འཇུག་པའི་ཏིང་ངེ་འཛིན་གྱི་སྒྲ་དང་། ལུས་ཐམས་ཅད་རྣམ་པར་གཞིག་པའི་ཏིང་ངེ་འཛིན་གྱི་སྒྲ་དང་། སྤྱོད་པ་ཐམས་ཅད་ལ་དབང་བའི་ཏིང་ངེ་འཛིན་གྱི་སྒྲ་དང་། ཤེས་རབ་སྒྲོན་མའི་ཏིང་ངེ་འཛིན་གྱི་སྒྲ་དང་། ལག་ན་སྒྲོན་མའི་ཏིང་ངེ་འཛིན་གྱི་སྒྲ་དང་། བྱང་ཆུབ་མངོན་སུམ་སྣང་བྱེད་ཏིང་ངེ་འཛིན་གྱི་སྒྲ་དང་། སོ་སོ་ཡང་དག་པར་རིག་པ་ལ་འཇུག་པ་སྟོན་པའི་ཏིང་ངེ་འཛིན་གྱི་སྒྲ་དང་། ཡོན་ཏན་གྱི་རྣམ་པ་ཐམས་ཅད་ལ་འཇུག་པའི་ཏིང་ངེ་འཛིན་གྱི་སྒྲ་འབྱུང་ངོ་། །རིགས་ཀྱི་བུ་དེ་ལྟར་རྒྱུད་ཀྱི་སྒྲ་དང་། སིལ་སྙན་གྱི་སྒྲ་དང་། གླུ་དབྱངས་ཀྱི་སྒྲ་དེ་དག་ལས་ཆོས་ཀྱི་སྒྲ་ ― DKG058_Page_0551 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདི་ལྟ་བུ་འདི་དང་ཏིང་ངེ་འཛིན་གྱི་སྒྲ་འབྱུང་ངོ་། །སྒྲ་དེ་དག་གིས་སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱེད་པར་འགྱུར་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་འདི་ལྟ་བུ་དང་ལྡན་པ་ཡིན་ནོ། །མི་འམ་ཅིའི་རྒྱལ་པོ་སྡོང་པོའི་ཡོན་ཏན་བསྔགས་པ་བསྟན་པ་འདི་བཤད་པ་ན། སངས་རྒྱས་ཀྱི་མཐུས་ཐམས་ཅད་དང་ལྡན་པའི་འཁོར་གྱི་ལག་པར་ལྷའི་མེ་ཏོག་མན་དཱ་རའི་ཕུར་མ་གྲུབ་ནས། དེ་དག་གིས་མེ་ཏོག་གི་ཕུར་མ་དེ་དག་མི་འམ་ཅིའི་རྒྱལ་པོ་སྡོང་པོ་ལ་གཏོར་ཏོ། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོས་བྱིན་གྱི་རླབས་ཇི་ལྟ་བུས་མེ་ཏོག་དེ་དག་ལག་པ་གཡས་པར་བླངས་ཏེ། མེ་ཏོག་གཅིག་ཀྱང་ས་ལ་མ་ལྟུང་བར་དེ་ལྟ་བུའི་བྱིན་གྱི་རླབས་ཀྱི་བྱིན་གྱིས་བརླབས་ནས་མེ་ཏོག་བླངས་པ་དེ་དག་བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏོ། །དེ་ནས་མེ་ཏོག་དེ་དག་གཏོར་མ་ཐག་ཏུ་སངས་རྒྱས་ཀྱི་མཐུས་སྐད་ཅིག་དེ་ལ་སྟོང་གི་འཇིག་རྟེན་གྱི་ཁམས་མེ་ཏོག་རིན་པོ་ཆེའི་གདུགས་གཅིག་གིས་ཁེབས་པར་གྱུར་ཏོ། །མེ་ཏོག་རིན་པོ་ཆེའི་གདུགས་དེ་ལས་མུ་ཏིག་གི་དོ་ཤལ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་རབ་ཏུ་འཕྱང་ངོ་། །མེ་ཏོག་གི་དོ་ཤལ་འཕྱང་བ་རེ་རེ་ལས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་བྱུང་ངོ་། །འོད་ཟེར་ཐམས་ཅད་ཀྱི་རྩེ་མོ་ལས་ཀྱང་པད་མ་སྣ་ཚོགས་བལྟ་ན་སྡུག་པ། ཁ་དོག་དག་དང་ལྡན་པ་དྲི་དང་ལྡན་པ། ཡིད་དུ་འོང་བ་དག་བྱུང་བར་གྱུར་ཏོ། །པད་མ་ཐམས་ཅད་ལ་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཅི་འདྲ་བ་དེ་འདྲ་བའི་དེ་བཞིན་གཤེགས་པའི་སྐུ་སྐྱིལ་མོ་ཀྲུང་བཅས་ཤིང་བཞུགས་པར་ཀུན་ཏུ་སྣང་ངོ་། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་ཀྱང་མི་འམ་ཅིའི་རྒྱལ་པོ་སྡོང་པོ་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། སྐྱེས་བུ་དམ་པ་ཁྱོད་ཀྱིས་སེམས་ཅན་མང་པོ་ཡོངས་སུ་སྨིན་པར་བྱས་སོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གང་ཡུལ་ལས་རྣམ་པར་གྲོལ་ཡང་ཡུལ་ཐམས་ཅད་ཀྱང་སྟོན། འཁོར་བ་ལས་གྲོལ་ཡང་བསམས་བཞིན་དུ་སྲིད་པར་སྐྱེ་བ་ཀུན་ཏུ་སྟོན། མྱ་ངན་ལས་འདས་པའི་སྐྱོན་མེད་པ་ཐོབ་ཀྱང་། ཁམས་གསུམ་ན་ཉེ་བར་སྤྱོད་པ་འདི་ལྟ་བུ་ནི་བྱང་ཆུབ་སེམས་ ― DKG058_Page_0552 ―
[མ་དཔེ་གཟིགས་ན་འདིར་གནོན།]
དཔའི་བྱ་བ་ཡིན་ཏེ། ལེགས་སོ་ལེགས་སོ། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོ་འདི་སྙམ་དུ་སེམས་ཏེ། བདག་གིས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་དབུ་ལ་རིན་པོ་ཆེའི་གདུགས་གཞན་དག་བྱིན་གྱིས་བརླབ་པོ་སྙམ་མོ། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོ་དེའི་ཚེ་རིན་པོ་ཆེའི་གདུགས་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །མི་འམ་ཅིའི་རྒྱལ་པོ་སྡོང་པོ་རིན་པོ་ཆེའི་གདུགས་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབུའི་ཐད་དྲང་གི་སྟེང་ན་རིན་པོ་ཆེའི་གདུགས་རྣམས་གནས་པར་ཀུན་ཏུ་སྣང་ངོ་། །འཁོར་དེར་ཐམས་ཅད་ཀྱི་ལག་པ་གཡས་པ་ནས་ཀྱང་རིན་པོ་ཆེའི་གདུགས་རྣམས་བྱུང་བར་གྱུར་ཏེ། དེ་དག་གིས་རིན་པོ་ཆེའི་གདུགས་དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་མངོན་པར་བཀབ་བོ།། །།བམ་པོ་གསུམ་པ། མི་འམ་ཅིའི་རྒྱལ་པོ་སྡོང་པོ་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་བཅས་པར་བཤོས་ལ་སྤྱན་དྲངས་ཏེ། འདི་ལྟར་བདག་གིས་བཅོམ་ལྡན་འདས་འཁོར་དང་བཅས་པར་རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡང་དུ་བདག་གི་གནས་སུ་གཤེགས་པར་གསོལ་ཏོ། །དེ་ལྟར་ན་བདག་གི་གནས་ཡོངས་སུ་སྤྱད་པར་འགྱུར་རོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་ཚོགས་ཚད་མེད་པ་ལ་ཕན་བཏགས་པར་ཡང་འགྱུར་རོ། །དེ་དག་ཀྱང་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱ་བ་དང་། ཡོངས་སུ་སྤྱད་པར་བྱ་བར་སྤྲོ་བར་འགྱུར་ཏེ། དེའི་ཕྱིར་དེ་དག་གི་ཡུན་རིང་པོའི་དོན་དང་ཕན་པ་དང་། གྲུབ་པ་དང་། བདེ་བ་དང་། བྱང་ཆུབ་སེམས་དཔའི་བསྒྲུབ་པ་འཐོབ་པར་འགྱུར་རོ་སྙམ་མོ། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བ་དང་། ― DKG058_Page_0553 ―
[མ་དཔེ་གཟིགས་ན་འདིར་གནོན།]
སེམས་ཅན་ཚད་མ་མཆིས་པའི་དགེ་བའི་རྩ་བ་སྤེལ་བའི་སླད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་རི་སྤོས་ཀྱི་ངད་ལྡང་གི་ངོས་ལ་བདག་གི་གནས་སུ་དགུང་བདུན་ཞིག་བཞུགས་པར་བདག་ལ་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་བདག་ཅག་ནི་དེ་བཞིན་གཤེགས་པའི་འཁོར་དང་བཅས་པ་ལ་བསྙེན་བཀུར་དང་ཡོངས་སུ་སྤྱད་པར་བགྱི་བར་སྤྲོའོ། །བཅོམ་ལྡན་འདས་ཀྱིས་མི་འམ་ཅིའི་རྒྱལ་པོ་སྡོང་པོ་ལ་ཐུགས་བརྩེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་ཚོགས་དང་བཅས་པ་ལ་ཞག་བདུན་རི་སྤོས་ཀྱི་ངད་ལྡང་གི་ངོས་ལ་བཞུག་པར་གནང་ངོ་། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོས་བཅོམ་ལྡན་འདས་ཀྱིས་གནང་བར་རིག་ནས། ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་དཔུང་དང་བཅས་གཡོག་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ཏེ། སིལ་སྙན་དང་རོལ་མོའི་དབྱངས་སྒྲ་བྱས་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། འཁོར་གྱི་དཀྱིལ་འཁོར་དེ་ནས་སོང་ནས་རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡང་བ་ལ་གནས་སོ། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོས་བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་རང་གི་ཁྱིམ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། འཁོར་གྱི་ཁྱམས་རྒྱར་ཀུན་ནས་དཔག་ཚད་ལྔ་བརྒྱ་པ། བཻ་དཱུཪྱ་སྔོན་པོ་དང་། འཛམ་བུའི་ཀླུང་གི་གསེར་གྱི་པད་མས་ལེགས་པར་བརྒྱན་པ། རིན་པོ་ཆེ་དུ་མས་རྣམ་པར་སྤྲས་པ་བྱས་སོ། །འཁོར་གྱི་ཁྱམས་དེར་གདན་ཁྲི་རྩ་བ་རིན་པོ་ཆེ་ལས་བྱས་པ། ལྷའི་རས་བརྒྱ་སྟོང་བཏིང་བ་བརྒྱ་སྟོང་ཕྲག་མང་པོ་བཤམས་སོ། །བཅོམ་ལྡན་འདས་ཀྱི་གདན་སེང་གེའི་ཁྲི་འཕང་དུ་དཔག་ཚད་བཅུ་གཉིས་པ་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ། རིན་པོ་ཆེའི་ཁ་ཁྱེར་གྱིས་བསྐོར་བ། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བ། སྙིང་པོ་མཆོག་གི་བདུག་པས་བདུགས་པ། བླ་རེ་བྲེས་པ། དར་གྱི་ལྡ་ལྡི་མང་པོ་བྲེས་པ་ལྷའི་མེ་ཏོག་གཏོར་བ་བཤམས་ ― DKG058_Page_0554 ―
[མ་དཔེ་གཟིགས་ན་འདིར་གནོན།]
སོ། །སེང་གེའི་ཁྲི་དེའི་ཕྱོགས་བཞིར་རིན་པོ་ཆེའི་ཤིང་ལྗོན་པ་སྣ་ཚོགས་བལྟ་ན་སྡུག་པ་བཞི་སྤྲུལ་ཏེ། སྐྱེ་བོ་ཐམས་ཅད་བསྡུས་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཨུ་དུམ་བཱ་རའི་མེ་ཏོག་ཇི་བཞིན་དུ། །སངས་རྒྱས་འབྱུང་བ་བརྒྱ་ལམ་རྙེད་འགྱུར་བ། །མི་མཆོག་དེ་ནི་ད་ལྟར་བྱུང་གྱུར་གྱིས། །སྐྱོབ་ལ་གུས་དང་བཅས་པས་མཆོད་པ་གྱིས། །ང་རྒྱལ་དག་དང་རྒྱགས་དང་གཡོ་སྤོངས་ལ། །ཕྲག་དོག་སེར་སྣ་དེ་བཞིན་སྒྱུ་རྣམས་དང་། །རྒོད་པ་ཐམས་ཅད་ཡོངས་སུ་སྤོང་བྱོས་ལ། །སྟོན་ལ་གུས་དང་བཅས་པས་མཆོད་པ་གྱིས། །སྤོས་ངད་ལྡང་བ་འདི་ན་ལྷ་ཡུལ་བའི། །མེ་ཏོག་ཁྱད་པར་འཕགས་པ་ཇི་སྙེད་པ། །དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་སུ། །སྐྱེས་བུ་ཁྱུ་མཆོག་ལ་ནི་མཆོད་པ་གྱིས། །སེམས་ཅན་མཆོག་ལ་མཆོད་པ་བྱ་བའི་ཕྱིར། །དྲི་ཞིམ་ཡིད་འོང་ཁྱད་པར་འཕགས་པའི་དྲི། །དུས་ཀྱི་རྗེས་སུ་འབྲང་བའི་ཙན་དན་གྱིས། །སྤོས་ཀྱི་ངད་ལྡང་འདི་ལ་བདུག་པ་གྱིས། །གླུ་དབྱངས་སིལ་སྙན་རྣམ་མང་ཡིད་འོང་བ། །མི་འམ་ཅི་དག་རྟག་རྩེན་གར་བྱེད་པ། །ལྡན་པར་བྱོས་ལ་དགའ་ཞིང་དང་བ་ཡིས། །རྐང་གཉིས་མཆོག་ལ་མཆོད་པ་རབ་ཏུ་གྱིས། །མཚུངས་པ་མེད་པ་མཐོང་བ་རྙེད་དཀའ་བ། །དེ་བཞིན་གཤེགས་ལ་ལྷ་ཡི་གདུགས་རྣམས་དང་། །བ་དན་དག་དང་རྒྱལ་མཚན་ཆོས་གོས་དང་། །བླ་རེ་མང་པོ་ཡིད་འོང་གཟུང་བར་བྱོས། །སངས་རྒྱས་མཆོད་པས་བདེ་འགྲོར་འགྲོ་བར་འགྱུར། །བརྒྱ་བྱིན་དང་ནི་འཇིག་རྟེན་སྐྱོང་བར་འགྱུར། །ཚངས་པ་དག་དང་དབང་བྱེད་དབང་ཕྱུག་དང་། །ལྷ་དང་མི་ཡི་བདག་པོ་ཆེན་པོར་འགྱུར། །མི་མཆོག་མཆོད་པས་གཟུགས་དང་ཁ་དོག་དང་། །གྲགས་དང་བརྗོད་དང་འཁོར་དང་ལོངས་སྤྱོད་དང་། །དེ་བཞིན་དབང་ཕྱུག་དང་ནི་སྙན་ཚིག་དང་། །དེ་བཞིན་གཟུང་བར་འོས་པའི་ཚིག་ཏུ་འགྱུར། །གང་དག་འདིར་ནི་ལྷ་དང་དེ་བཞིན་དུ། །མི་རྣམས་ཀྱི་ནི་འདུས་བྱས་བདེ་བ་དང་། །བདེ་བ་བདེ་བས་ཚིམ་པར་འདོད་པ་རྣམས། །འཇིག་རྟེན་མགོན་པོ་དེ་ལ་མཆོད་པ་གྱིས། །རང་རྒྱལ་བྱང་ཆུབ་དེ་བཞིན་ཉན་ཐོས་དང་། །དེ་ལྟར་དམ་པ་མཆོག་གི་ཐེག་པ་དང་། །བདུད་ཀྱི་དཔུང་རྣམས་རབ་ ― DKG058_Page_0555 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཇོམས་གང་འདོད་པས། །སེམས་ཅན་མཆོག་དེ་ལ་ནི་མཆོད་པ་གྱིས། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོས་རང་གི་གཡོག་འཁོར་ཐམས་ཅད་ལ་གོ་བར་བྱས་ཏེ། མེ་ཏོག་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་བསྔོགས་ནས་རོ་བརྒྱ་པའི་ཞལ་ཟས་བཤམས་ཏེ། རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡང་གི་ལྷོ་ཕྱོགས་ཀྱི་ངོས་ལ་འདུག་ནས་སིལ་སྙན་དང་གླུ་དབྱངས་བླངས་ཏེ། རྒྱུད་ཀྱི་སྒྲ་དང་གླུའི་སྒྲ་དང་ལྡན་པའི་ཚིགས་སུ་བཅད་པ་འདི་དག་གིས་དབྱངས་ལས་ཚིགས་སུ་བཅད་དེ། བཅོམ་ལྡན་འདས་ལ་དུས་བསྐུལ་བ། ཕན་པ་མཛད་ཅིང་བདེ་མཛད་དགའ་མཛད་བཅོམ་ལྡན་འདས། །ཞལ་ཡང་རབ་འཛུམ་ཟླ་བའི་ངོས་ལྟར་དྲི་མི་མངའ། །སྐྱེ་མཆོག་དགེ་སྦྱོང་དམ་པ་ལྷ་དང་མིས་མཆོད་པ། །བདེ་བར་གཤེགས་ཁྱོད་འདིར་གཤེགས་པ་ཡི་དུས་འདི་ལགས། །སྟོབས་བཅུ་རྣམས་ཀྱི་སྟོབས་མངའ་ཕ་རོལ་དཔུང་འཇོམས་པ། །གཞན་གྱི་ཚོགས་རྣམས་འཇོམས་ཤིང་འགྲོ་ལ་ཕན་པ་མཛད། །འཇོ་དང་རྙོག་པ་རྣམས་དང་དྲི་མ་ཐ་སྤངས་པ། །ཕན་པ་མཛད་པ་ཁྱོད་འདིར་གཤེགས་པའི་དུས་འདི་ལགས། །སྦྱངས་པའི་ཡོན་ཏན་རྡུལ་སྦྱངས་ཐེ་ཚོམ་རྣམ་པར་གཏོར། །དྲན་དང་བློ་གྲོས་བློ་ཡངས་མོས་རྟོགས་བློ་གྲོས་ལྡན། །འགྲོ་རྒྱལ་རྟག་ཏུ་འགྲོ་བ་འགྲོ་མེད་འགྲོ་བ་སྤངས། །ཕན་པ་མཛད་ཅིང་དགའ་མཛད་རབ་ཏུ་དགྱེས་པའི་ཐུགས། །ཉི་མ་ཟླ་བ་ནོར་བུ་གློག་རྣམས་མཛེས་པའི་འོད། །བརྒྱ་བྱིན་ཚངས་པ་སྲིད་གསུམ་ལྷ་ཚོགས་འོད་འཕྲོག་ཅིང་། །འོད་མཛད་དཔལ་སྟུག་ཐུབ་ཁྱོད་འོད་ནི་ཕན་བགྱིད་པས། །འོད་འདི་བསལ་ནས་རྒྱལ་བའི་འོད་ནི་ལྷག་གེ་ཡི། །ཁྱོད་ཀྱི་ལྷ་སྐད་ཀླུ་སྐད་མི་ཅིའི་གླུ་སྒྲ་ཡིས། །ཡང་དང་ཡང་དུ་འབར་བའི་ཉོན་མོངས་ཞི་བར་བགྱིད། །སྐད་མཆོག་ཡངས་པ་ཚངས་པ་རྣམས་ཀྱི་སྒྲ་སྐད་ཀྱིས། །ཉོན་མོངས་ཐམས་ཅད་ཞི་བར་བགྱིད་པས་འབར་མ་ལགས། །སྨན་པ་གང་དག་ཕྱོགས་བཅུར་རྒྱུ་ཡང་དེ་དག་གིས། །གང་དུའང་འགྲོ་བའི་ཉོན་མོངས་ཞི་བར་བགྱིད་མི་ནུས། །སྨན་པའི་རྒྱལ་པོ་བླ་མེད་གང་ཚེ་གསུང་བརྗོད་པ། །དེ་ཚེ་ཉོན་མོངས་ཀུན་ཞི་བདེ་བ་ཐམས་ཅད་སྦྱིན། །ཤིན་ཏུ་ངོ་མཚར་འོད་དང་སྟོབས་མཆོག་ ― DKG058_Page_0556 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཚུངས་མེད་སྟོབས། །གསུང་ནི་སྐྱོན་བྲལ་འཁྲུལ་པ་མི་མངའ་དགྲ་འདུལ་བ། །རྡུལ་མེད་རབ་རིབ་བདག་གི་མུན་པ་ཤིན་ཏུ་བཅོམ། །དགྲ་བྲལ་ཕན་མཛད་ཁྱེད་ཀྱི་དུས་ལགས་འདིར་གཤེགས་གསོལ། །སྦྱིན་དང་དུལ་དང་ལེགས་སྤྱོད་མི་མཉམ་མཚུངས་དང་མཉམ། །ཚུལ་ཁྲིམས་བརྟུལ་ཞུགས་མི་འཁྲུགས་བརྟུལ་ཞུགས་དཀའ་ཐུབ་དགྱེས། །བཟོད་དང་དུལ་དང་ཤིན་ཏུ་དགེ་ལ་ངེས་པའི་ཐུགས། །དགའ་གསུང་དགྲ་རྣམས་ཀྱི་ནི་དགའ་སྤོང་གཤེགས་སུ་གསོལ། །དབང་པོ་སྟོབས་དང་ལམ་དགྱེས་བསམ་གཏན་མངོན་མཁྱེན་རོལ། །དྲན་དང་བློ་གྲོས་རྟོགས་དང་མོས་ལ་གནས་པའི་ཐུགས། །འོད་ནི་རབ་ཏུ་ལྷག་གེ་ཤིན་ཏུ་དགྱེས་པའི་ཐུགས། །ཡོན་ཏན་མངའ་བ་ཁྱོད་འདིར་གཤེགས་པའི་དུས་འདི་ལགས། །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་བསྒོམས་པའི་ཐུགས། །སྐྱོན་གྱི་མུན་པ་བཅོམ་ཞིང་བག་ལ་ཉལ་དང་བྲལ། །ཚངས་པའི་ལམ་ནི་རབ་བསླབས་རྒྱལ་བའི་ལམ་ལ་གནས། །དགའ་མཛད་བདེ་བར་གཤེགས་པ་དུས་ལགས་གཤེགས་སུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་འམ་ཅིའི་རྒྱལ་པོ་སྡོང་པོས་དུས་བསྐུལ་བའི་ཚིགས་སུ་བཅད་པ་གསན་ནས་དགེ་སློང་གི་དགེ་འདུན་ལ་བཀའ་སྩལ་པ། དགེ་སློང་དག་མི་འམ་ཅིའི་རྒྱལ་པོ་སྡོང་པོས་དུས་བསྐུལ་གྱིས་ལྷུང་བཟེད་དང་། ཆོས་གོས་ཐོགས་ལ་ཞག་བདུན་གནས་པའི་གཙུག་ལག་ཁང་སྐྱོང་ཡང་སྐོས་ཤིག ། དེ་ནས་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་གིས་ཁང་པ་བརྩེགས་པ། བཀོད་པ་འདི་ལྟ་བུ་སྤྲུལ་ལ་ཁང་པ་བརྩེགས་པ་དེར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་ཚོགས་དང་བཅས་པ་བཞུགས་ཏེ། རིན་པོ་ཆེ་བཀོད་པའི་སེང་གེའི་ཁྲི་ལ་བཞུགས་པའི་ཁང་པ་བརྩེགས་པ་བདག་གིས་ལག་པ་གཡས་པར་བླངས་ཏེ། ནམ་མཁའི་ངོས་ལས་རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡང་དུ་བཀུར་བར་བྱིན་གྱིས་བརླབ་བོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་དེའི་ཚེ་འདི་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ ― DKG058_Page_0557 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀྱི་སྤྱན་སྔར་ཁང་པ་བརྩེགས་པ་ཚད་དཔག་ཚད་བཅུ་པ་བཀྲ་བ་བལྟ་ན་སྡུག་པ། གྲུ་བཞི་པ། ཀ་བ་བཞི་ཟུག་པ། ཆ་མཉམ་པ། ཤིན་ཏུ་རྣམ་པར་ཕྱེ་བ་བྱུང་ངོ་། །ཁང་པ་བརྩེགས་པ་དེར་སྟོབས་དང་ལྡན་པའི་པད་མ་བཀོད་པའི་ཁྲི་རྣམས་ཀྱང་བྱུང་ངོ་། །ཁང་པ་བརྩེགས་པ་དེར་བཅོམ་ལྡན་འདས་ཀྱི་གདན་རིན་པོ་ཆེའི་པད་མ་བཀོད་པའི་སེང་གེའི་ཁྲི་འཕང་དུ་མི་བདུན་ཡོད་པ་བྱུང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱིས་ཁང་པ་བརྩེགས་པ་བཀོད་པ་དང་། སེང་གེའི་ཁྲི་བཀོད་པ་འདི་ལྟ་བུ་འདི་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ལ་ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཆེན་པོ་འདི་དག་དང་ཐབས་ཅིག་ཏུ་ཁང་པ་བརྩེགས་པ་སེང་གེའི་ཁྲི་བཤམས་པ་འདིར་བཞུགས་སུ་གསོལ། བཅོམ་ལྡན་འདས་བདག་གིས་ཁང་པ་བརྩེགས་པ་འདི་སུག་པ་གཡས་པས་བླངས་ཏེ། རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡང་དུ་འཚལ་ནས་གཞག་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་ལ་ཐུགས་བརྩེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཆེན་པོ་དེ་དག་དང་ཐབས་ཅིག་ཏུ་ཁང་པ་བརྩེགས་པ་དེར་ཇི་ལྟར་ཁྲི་བཤམས་པ་དེ་དག་ལ་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱིས་ཁང་པ་བརྩེགས་པ་དེ་ལག་མཐིལ་གཡས་པར་བླངས་ཏེ། སྟེང་གི་ནམ་མཁའ་ལས་རྫུ་འཕྲུལ་གྱིས་སོང་ངོ་། །དེ་ནས་འདོད་པ་ན་སྤྱོད་པའི་ལྷའི་བུ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་འདི་མཐོང་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་ཅོད་པན་ལ་མཆོད་པའི་ལས་ཀྱི་ཕྱིར་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་ཐམས་ཅད་ཐོགས་ཏེ། སིལ་སྙན་དང་ཕེག་རྡོབ་པ་བྱས་ནས་བཅོམ་ལྡན་འདས་ཁང་པ་བརྩེགས་པ་ན་བཞུགས་ཤིང་། ནམ་མཁའི་ངོས་ལས་གཤེགས་ ― DKG058_Page_0558 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་ལ་མཆོད་པ་བྱས་ཏེ། རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡང་དུ་ཕྱིན་ཏོ། །མི་འམ་ཅིའི་རྒྱལ་པོ་སྡོང་པོས་བཅོམ་ལྡན་འདས་ཁང་པ་བརྩེགས་པ་ན་བཞུགས་ཤིང་ནམ་མཁའི་ངོས་ལས་གཤེགས་པ་མཐོང་ངོ་། །མཐོང་ནས་མི་འམ་ཅི་དང་། དྲི་ཟ་བརྒྱད་ཁྲི་བཞི་སྟོང་གིས་བསྐོར་ཏེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་ཐམས་ཅད་ཐོགས་ནས་སིལ་སྙན་དང་། ཕེག་རྡོབ་པ་དང་གླུ་དབྱངས་ལེན་པའི་བཀོད་པ་བྱས་ཏེ། བཅོམ་ལྡན་འདས་བསུ་བའི་ཕྱིར་བྱུང་ངོ་། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོ་དཔུང་དང་བཅས་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཇི་ལྟར་ཐོགས་པའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དེ་དག་དང་། སིལ་སྙན་དང་། ཕེག་རྡོབ་པ་དང་། གླུ་དབྱངས་ལེན་པས་བཅོམ་ལྡན་འདས་ལ་མཆོད་པ་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དུས་ལ་བབ་པར་མཁྱེན་ནས། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། དེ་མ་ཡིན་པ་གཞན་ལྷའི་བུ་རྣམས་དང་། ཐབས་ཅིག་ཏུ་མི་འམ་ཅིའི་རྒྱལ་པོ་སྡོང་པོས་འཁོར་གྱི་ཁྱམས་བཀོད་པ་ག་ལ་བ་དེར་གཤེགས་ཏེ་རང་གི་སེང་གེའི་ཁྲི་ཇི་ལྟར་བཤམས་པ་ལ་བཞུགས་སོ། །བྱང་ཆུབ་སེམས་དཔའི་ཚོགས་དང་ཉན་ཐོས་ཀྱི་ཚོགས་ཐམས་ཅད་སོ་སོ་ཅི་རིགས་པར་འཁོད་དོ། །མི་འམ་ཅིའི་རྒྱལ་པོ་སྡོང་པོས་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་ལ་སྨྲས་པ། གྲོགས་པོ་དག་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཏུ་གདུགས་ཚོད་གསོལ་གྱིས། ཁྱེད་ཐམས་ཅད་འདུས་ལ་ཚུར་སྤྱོན། དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོ་སླས་དང་བཅས། བུ་དང་བཅས། རང་གི་སྐྱེ་བོ་དང་བཅས། འཁོར་དང་བཅས། གཡོག་དང་བཅས་ཏེ་རང་རང་གི་ལག་གིས་བཟའ་བ་དང་། བཅའ་བ་གྱ་ནོམ་པ་མང་པོ་རོ་དང་ལྡན་པ། རོ་བརྒྱ་པའི་ཞལ་ཟས་སྣ་ཚོགས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའི་ ― DKG058_Page_0559 ―
[མ་དཔེ་གཟིགས་ན་འདིར་གནོན།]
དགེ་འདུན་དང་། དགེ་སློང་གི་དགེ་འདུན་དང་། འཁོར་ལ་བྲིམས་ནས་བདེ་བར་བསྟབས་ཏེ་ཚིམ་པར་བྱས་སོ། །ཚིམ་པར་བྱས་ནས་བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་བཞག་སྟེ། ཕྱག་བཅབས་པར་རིག་ནས། དཔུང་དང་བཅས་གཡོག་དང་བཅས་ཏེ། ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཇི་ལྟར་བདག་ལ་འོས་པའི་སྟན་ལ་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་མི་འམ་ཅིའི་རྒྱལ་པོ་སྡོང་པོ་དང་སྐྱེ་བོའི་ཚོགས་ཕལ་པོ་ཆེ་དེ་དག་ལ་ཆོས་ཀྱི་གཏམ་ཡང་དག་པར་སྟོན་ཏོ། །ཡང་དག་པར་འཛིན་དུ་བཅུག་གོ །གཟེངས་བསྟོད་དོ། །རབ་ཏུ་དགའ་བར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གཏམ་ནི་འདི་ཡིན་ཏེ། མི་འམ་ཅིའི་བདག་པོ་རྣམ་པ་སུམ་ཅུ་རྩ་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །རྣམ་པ་སུམ་ཅུ་རྩ་གཉིས་གང་འདི་ལྟ་སྟེ། མི་འམ་ཅིའི་བདག་པོ་བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པ་ན་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་སྦྱིན་པ་དེ་སྦྱིན་པ་དང་། ཐེག་པ་ཆུང་ངུ་སྤངས་པའི་སེམས་ཀྱིས་སྦྱིན་པ་དེ་སྦྱིན་པ་དང་། སློང་བ་ལ་ཞེ་སྡང་བ་མེད་པའི་སེམས་ཀྱིས་སྦྱིན་པ་དེ་སྦྱིན་པ་དང་། ལེན་པ་རྣམས་ལ་སྦྱིན་གནས་སུ་འདུ་ཤེས་བསྐྱེད་དེ་སྦྱིན་པ་དེ་སྦྱིན་པ་དང་། ལེན་པ་རྣམས་ལ་དགེ་བའི་བཤེས་གཉེན་དུ་འདུ་ཤེས་བསྐྱེད་དེ་སྦྱིན་པ་དེ་སྦྱིན་པ་དང་། ནང་གི་ཀུན་ནས་ཉོན་མོངས་པའི་དྲི་མ་སྤངས་ཏེ་སྦྱིན་པ་དེ་སྦྱིན་པ་དང་། ཀུན་ཏུ་འཛིན་པ་མེད་པའི་སེམས་ཀྱི་དགའ་བ་དང་། དང་བ་དང་མཆོག་ཏུ་དགའ་བ་ཐོབ་ནས་སྦྱིན་པ་དེ་སྦྱིན་པ་དང་། ལག་པ་བརྐྱང་སྟེ་གྲོལ་བས་གཏོང་བ་རྣམ་པར་གཏོང་བ་ལ་དགའ་བས་སྦྱིན་པ་དེ་སྦྱིན་པ་དང་། རྒྱ་ཆེན་པོ་ལ་མོས་ཏེ་ཞུམ་པ་མེད་པའི་སེམས་ཀྱིས་སྦྱིན་པ་དེ་སྦྱིན་པ་དང་། སྣོད་ཐམས་ཅད་ལ་མི་གནས་པར་སྦྱིན་པ་དེ་སྦྱིན་པ་དང་། རྣམ་པར་སྨིན་པ་ལ་རེ་བ་མེད་པར་སྦྱིན་པ་དེ་སྦྱིན་པ་དང་། ལན་ལ་རེ་བ་མེད་པའི་བློས་སྦྱིན་པ་དེ་སྦྱིན་པ་དང་། སངས་རྒྱས་ཀྱི་ཆོས་ཚོལ་བའི་བློས་སྦྱིན་པ་དེ་སྦྱིན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་བསྔོས་ཏེ་སྦྱིན་པ་དེ་ ― DKG058_Page_0560 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྦྱིན་པ་དང་། གདུང་བ་མེད་པའི་སེམས་ཀྱིས་སྦྱིན་པ་དེ་སྦྱིན་པ་དང་། བསྡུ་བའི་དངོས་པོ་སྔོན་དུ་འགྲོ་བས་སྦྱིན་པ་དེ་སྦྱིན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྦྱིན་པ་དེ་སྦྱིན་པ་དང་། ཆོས་འཛིན་པར་གྱུར་ཅིག་སྙམ་སྟེ་སྦྱིན་པ་དེ་སྦྱིན་པ་དང་། དེ་བཞིན་གཤེགས་པའི་གསུང་དང་འཐུན་པར་གྱུར་ཅིག་སྙམ་སྟེ་སྦྱིན་པ་དེ་སྦྱིན་པ་དང་། བདག་བདུད་ཀྱི་ཕྱོགས་ཚར་གཅོད་པར་གྱུར་ཅིག་ཅེས་ཏེ་སྦྱིན་པ་དེ་སྦྱིན་པ་དང་། བདག་བྱང་ཆུབ་ཀྱི་ལམ་རྣམ་པར་སྤྱོད་པར་གྱུར་ཅིག་ཅེས་སྦྱིན་པ་དེ་སྦྱིན་པ་དང་། བདག་སྐྱེས་བུ་དམ་པའི་ལས་བྱེད་པར་གྱུར་ཅིག་ཅེས་སྦྱིན་པ་དེ་སྦྱིན་པ་དང་། བདག་ཡི་དགས་ཀྱི་ལམ་རྣམ་པར་སྤོང་བར་གྱུར་ཅིག་ཅེས་ཏེ་སྦྱིན་པ་དེ་སྦྱིན་པ་དང་། བདག་གི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་རྒྱུར་གྱུར་ཅིག་ཅེས་སྦྱིན་པ་དེ་སྦྱིན་པ་དང་། བདག་གིས་ལོངས་སྤྱོད་ཆེན་པོར་འགྱུར་བའི་བསྒྲུབ་པ་རབ་ཏུ་བཟུང་བར་གྱུར་ཅིག་ཅེས་ཏེ་སྦྱིན་པ་དེ་སྦྱིན་པ་དང་། ཆོས་ལ་དགའ་བར་རབ་ཏུ་གནས་པར་གྱུར་ཅིག་ཅེས་ཏེ་སྦྱིན་པ་དེ་སྦྱིན་པ་དང་། བདག་ལ་དགེ་བའི་བཤེས་གཉེན་དཀོན་པར་མ་གྱུར་ཅིག་ཅེས་ཏེ་སྦྱིན་པ་དེ་སྦྱིན་པ་དང་། བདག་ལ་སེམས་ཅན་ཐམས་ཅད་དགའ་བའི་མིག་དང་ལྡན་པར་གྱུར་ཅིག་ཅེས་ཏེ་སྦྱིན་པ་སྦྱིན་པ་དང་། བདག་གི་སྦྱིན་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་གྱུར་ཅིག་ཅེས་སྦྱིན་པ་སྦྱིན་པ་དང་། བྱང་ཆུབ་སེམས་དཔའ་གཏོང་བ་ཕུན་སུམ་ཚོགས་པ་གཞན་རྣམས་ཀྱི་རྗེས་སུ་སློབ་པར་མ་གྱུར་ཅིག་ཅེས་ཏེ་སྦྱིན་པ་སྦྱིན་པ་དང་། བདག་མཚན་དང་དཔེ་བྱད་བཟང་པོ་བསགས་པ་ཡོངས་སུ་འཛིན་པར་གྱུར་ཅིག་ཅེས་ཏེ་སྦྱིན་པ་སྦྱིན་པ་དང་། བདག་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང་། བདག་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་གྱུར་ཅིག་ཅེས་ཏེ་སྦྱིན་པ་སྦྱིན་པ་སྟེ། མི་འམ་ཅིའི་བདག་པོ་རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་གིས། བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །མི་འམ་ཅིའི་བདག་པོ་རྣམ་པ་སུམ་ཅུ་རྩ་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ ― DKG058_Page_0561 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡོངས་སུ་དག་པ་ཡིན་ནོ། །སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་བྲལ་བས་ལུས་ཡོངས་སུ་དག་པའི་ཚུལ་ཁྲིམས་དང་། བདག་གི་ལྷ་སངས་རྒྱས་ལ་མི་སླུ་བའི་མཚན་ཉིད་ཀྱིས་ངག་ཡོངས་སུ་དག་པའི་ཚུལ་ཁྲིམས་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་མེད་པས་སེམས་ཡོངས་སུ་དག་པའི་ཚུལ་ཁྲིམས་དང་། ལྷ་དང་མིའི་ཕུན་སུམ་ཚོགས་པ་མྱོང་བས་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་དག་པའི་ཚུལ་ཁྲིམས་དང་། ཉི་ཚེ་བའི་ས་ཐམས་ཅད་མི་སྟོན་པས་བྱང་ཆུབ་ཀྱི་སེམས་དང་། བསམ་པ་མི་བརྗེད་པའི་ཚུལ་ཁྲིམས་དང་། ཤིན་ཏུ་ཉམས་པ་མེད་ཅིང་གཡོ་དང་བྲལ་བས་ལྷག་པའི་བསམ་པ་ཡོངས་སུ་དག་པའི་ཚུལ་ཁྲིམས་དང་། སྐྱེ་བོ་ཕལ་པ་ཐམས་ཅད་སྡུད་པས་འཕགས་པའི་སྐྱེ་བོས་བསྔགས་པའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར་བྱམས་པ་སྔོན་དུ་འགྲོ་བའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པས་སྙིང་རྗེ་ཆེན་པོ་ལ་རབ་ཏུ་སྦྱོར་བའི་ཚུལ་ཁྲིམས་དང་། དམ་བཅས་པའི་སྟོབས་ཀྱིས་བསླབ་པ་རྫོགས་པ་མེད་པ་ཡང་དག་པར་འཛིན་པའི་ཚུལ་ཁྲིམས་དང་། ཁ་ན་མ་ཐོ་བ་ཆུང་ངུ་ལ་ཡང་འཇིགས་པར་ལྟ་བས་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ཕུན་སུམ་ཚོགས་པའི་ཚུལ་ཁྲིམས་དང་། ཤིན་ཏུ་མི་གཏོང་བས་སྐྱོན་མེད་པའི་ཚུལ་ཁྲིམས་དང་། སྤྱོད་པ་ཤིན་ཏུ་དག་པས་ཐུན་ཚགས་མ་ཡིན་པའི་ཚུལ་ཁྲིམས་དང་། སངས་རྒྱས་ཀྱི་ཞིང་གཞན་དུ་འགྲོ་བས་རང་གི་རྣམ་པ་མང་པོ་ལ་དབང་བྱེད་པའི་ཚུལ་ཁྲིམས་དང་། སྐྱེ་བོ་མཁས་པས་རིག་པའི་ཕྱིར་སྔགས་པའི་ཚུལ་ཁྲིམས་དང་། ངན་སོང་ངན་འགྲོ་ཐམས་ཅད་ཀྱི་ལམ་ལས་སྒྲོལ་བའི་ཚུལ་ཁྲིམས་དང་། བདེ་བའི་དངོས་པོ་ཐམས་ཅད་ལ་རབ་ཏུ་གནས་པའི་ཚུལ་ཁྲིམས་དང་། སངས་རྒྱས་ཀྱི་ཚུལ་ཁྲིམས་ཡོངས་སུ་རྫོགས་པར་བྱེད་པས་སངས་རྒྱས་ཀྱིས་གནང་བའི་ཚུལ་ཁྲིམས་དང་། ཡི་དམ་ལ་བརྟན་པས་མི་ལྷོད་པའི་ཚུལ་ཁྲིམས་དང་། རང་གི་སེམས་ངེས་པར་སེམས་པས་བདག་ལ་མི་སྟོད་གཞན་ལ་ ― DKG058_Page_0562 ―
[མ་དཔེ་གཟིགས་ན་འདིར་གནོན།]
མི་སྨོད་པའི་ཚུལ་ཁྲིམས་དང་། ཉོན་མོངས་པ་མེད་པས་ངེས་པར་སེམས་པའི་སྙིང་རྗེའི་ཚུལ་ཁྲིམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་ཉེ་བར་བྱེད་པའི་ཚུལ་ཁྲིམས་དང་། རབ་ཏུ་དགའ་བར་བྱེད་པ་ལ་དགའ་བར་བྱེད་པའི་ཚུལ་ཁྲིམས་དང་། འདོད་པ་དང་། ཆགས་པ་མེད་པས་ཆོག་ཤེས་པར་བྱེད་པའི་ཚུལ་ཁྲིམས་དང་། ནན་ཏན་སྙིང་པོར་བྱེད་པས་བསྒྲུབ་པ་རླབས་པོ་ཆེའི་ཚུལ་ཁྲིམས་དང་། ཁྱིམ་གྱི་གནས་ཐམས་ཅད་ལ་མི་ལྟ་བའི་རབ་ཏུ་འབྱུང་བ་ལ་གཞོལ་བའི་ཚུལ་ཁྲིམས་དང་། ཆོས་ཀྱི་དགའ་བ་ལ་དགའ་མོས་པས་དགོན་པ་ལ་དགའ་བ་དང་ལྡན་པའི་ཚུལ་ཁྲིམས་དང་། འཕགས་པའི་རིགས་ལ་རྟོན་པས་འདོད་པ་ཉུང་ཞིང་ཆོག་ཤེས་པ་ལ་ངེས་པའི་ཚུལ་ཁྲིམས་དང་། སྡིག་པ་འདོད་པ་ཐམས་ཅད་དང་བྲལ་བས་སྦྱངས་པའི་ཡོན་ཏན་ལ་ཡང་དག་པར་རབ་ཏུ་སྦྱོར་བའི་ཚུལ་ཁྲིམས་དང་། སེམས་ཅན་མེད་པར་རྣམ་པར་སྤྱོད་པས་དམིགས་པ་མེད་པར་སྦྱོར་བའི་ཚུལ་ཁྲིམས་དང་། ཆད་པ་དང་རྟག་པ་ཡོངས་སུ་སྤོང་བས་ལྟ་བར་སོང་བ་ཐམས་ཅད་དང་གཏི་མུག་སེལ་བའི་ཚུལ་ཁྲིམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་མི་འགལ་བས་བྱང་ཆུབ་ཀྱི་རྗེས་སུ་འཐུན་པའི་ཚུལ་ཁྲིམས་ཏེ། མི་འམ་ཅིའི་བདག་པོ་རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་གིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །མི་འམ་ཅིའི་བདག་པོ་རྣམ་པ་སུམ་ཅུ་རྩ་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། ལུས་ལ་མི་ལྟ་བས་བཟོད་པར་བལྟ་བ་དང་། སྲོག་ལ་མི་ཆགས་པར་བཟོད་པར་བལྟ་བ་དང་། ཞེ་སྡང་བའི་སེམས་མེད་པར་བཟོད་པར་བལྟ་བ་དང་། ཉེས་པར་སྨྲས་པའི་ཚིག་དང་དུ་ལེན་པས་བཟོད་པར་བལྟ་བ་དང་། ཉམ་ཆུང་བའི་སེམས་ཅན་ལ་སྙིང་རྗེ་སྐྱེད་པས་བཟོད་པར་བལྟ་བ་དང་། མ་བསླབས་པ་ལ་མི་བརྙས་པས་བཟོད་པར་བལྟ་བ་དང་། གནོད་པ་བྱེད་པ་རྣམས་ལ་ལན་གླན་པའི་མཐུ་ཡོད་ཀྱང་ལན་མི་ལྡོན་པས་བཟོད་པར་བལྟ་བ་དང་། ཡན་ལག་དང་ཉིང་ལག་ ― DKG058_Page_0563 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐམས་ཅད་བཅད་ཀྱང་མི་འཁྲུགས་ཤིང་གནོད་སེམས་མེད་པས་བཟོད་པར་བལྟ་བ་དང་། བརླང་བ་མེད་པས་བཟོད་པར་བལྟ་བ་དང་། གཤེ་བ་ལ་སླར་མི་གཤེ་བས་བཟོད་པར་བལྟ་བ་དང་། བསམ་པ་དག་པས་བཟོད་པར་བལྟ་བ་དང་། རྙོག་པའི་སེམས་མེད་པས་བཟོད་པར་བལྟ་བ་དང་། དཀྲུགས་པའི་སེམས་མེད་པས་བཟོད་པར་བལྟ་བ་དང་། གཞན་གྱི་སེམས་བསྲུང་བས་བཟོད་པར་བལྟ་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་དངོས་པོས་བཟོད་པར་བལྟ་བ་དང་། སྙིང་རྗེའི་བློ་དང་ལྡན་པས་བཟོད་པར་བལྟ་བ་དང་། ང་རྒྱལ་མེད་པས་བཟོད་པར་བལྟ་བ་དང་། སེམས་ཅན་ཐམས་ཅད་ལ་བརྙས་ཐབས་མེད་ཅིང་འདུད་པས་བཟོད་པར་བལྟ་བ་དང་། འབར་བ་མེད་པས་བཟོད་པར་བལྟ་བ་དང་། ཉེ་བར་ཞི་བས་བཟོད་པར་བལྟ་བ་དང་། ངེས་པར་སེམས་པས་བཟོད་པར་བལྟ་བ་དང་། བདག་གི་འཁྲུལ་པ་ལ་སོ་སོར་རྟོག་པས་བཟོད་པར་བལྟ་བ་དང་། གཞན་གྱི་འཁྲུལ་པའི་སྐྱོན་ལ་མི་ལྟ་བས་བཟོད་པར་བལྟ་བ་དང་། སངས་རྒྱས་རྗེས་སུ་དྲན་པ་བསྒོམས་པས་བཟོད་པར་བལྟ་བ་དང་། ཆོས་ལ་སེམས་སྦྱོར་བས་བཟོད་པར་བལྟ་བ་དང་། དང་བའི་དངོས་པོས་བཟོད་པར་བལྟ་བ་དང་། སེམས་ལ་གདུང་བ་མེད་པས་བཟོད་པར་བལྟ་བ་དང་། བཞིན་འཛུམ་ཞིང་ཁྲོ་གཉེར་མེད་པས་བཟོད་པར་བལྟ་བ་དང་། གསོང་པོ་སྨྲ་བས་བཟོད་པར་བལྟ་བ་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་དངང་བ་མེད་པས་བཟོད་པར་བལྟ་བ་དང་། མ་སྐྱེས་པ་དང་མ་བྱུང་བ་ལ་མོས་པས་བཟོད་པར་བལྟ་བ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པས་བཟོད་པར་བལྟ་བ་སྟེ། མི་འམ་ཅིའི་བདག་པོ་རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་གིས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །མི་འམ་ཅིའི་བདག་པོ་རྣམ་པ་སུམ་ཅུ་རྩ་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། མི་འམ་ཅིའི་བདག་པོ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་རིགས་རྒྱུན་མི་ ― DKG058_Page_0564 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཆད་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། ཆོས་ཀྱི་རིགས་རྒྱུན་མི་འཆད་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། དགེ་འདུན་གྱི་རིགས་རྒྱུན་མི་འཆད་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། སེམས་ཅན་ཚད་མེད་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། འཁོར་བ་ཚད་མེད་པ་ཡོངས་སུ་གཟུང་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། སངས་རྒྱས་ཚད་མེད་པ་ལ་མཆོད་པ་དང་རིམ་གྲོ་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། དགེ་བའི་རྩ་བ་ཚད་མེད་པ་བསགས་པའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། ཐོས་པ་ཚད་མེད་པ་གཟུང་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། སེམས་ཅན་ཐམས་ཅད་ལ་ལེགས་པར་སྨྲ་བ་སྨྲ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། སེམས་ཅན་ཐམས་ཅད་ལ་རབ་ཏུ་གདིང་བར་བྱེད་པའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། སེམས་ཅན་ཐམས་ཅད་ལ་བྱ་བ་ཅི་ཡོད་ཅེས་བྱ་བ་ལ་སྤྲོ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། སེམས་ཅན་ཐམས་ཅད་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གཟུད་པའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། བཟོད་པའི་སྟོབས་ཐམས་ཅད་དང་། དེས་པ་མི་ཉམས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་བསྐྱེད་པའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། ཆགས་པ་མེད་པའི་ཤེས་རབ་མཆོག་ཡོངས་སུ་བསྐང་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཚངས་པའི་གནས་པའི་གནས་པ་ཡོངས་སུ་བསྐང་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། མངོན་པར་ཤེས་པ་ཐམས་ཅད་ལ་བརྩོན་འགྲུས་བསྐྱེད་པའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཡོན་ཏན་བཀོད་པ་རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་བསྡུ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། བདུད་ཐམས་ཅད་གཞོམ་པའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། སྟོབས་བརྟན་པ་ཆེན་པོས་ཕ་རོལ་གནོན་པའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། ཕ་རོལ་རྒོལ་བ་ཐམས་ ― DKG058_Page_0565 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅད་ཆོས་དང་འཐུན་པས་ཚར་གཅད་པའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། སྟོབས་བཅུ་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྐང་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། ལུས་དང་ངག་དང་སེམས་ཀྱི་རྒྱན་གྱི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། བྱ་བ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་བྱེད་ཅིང་བརྩོན་པ་མི་གཏོང་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། སེམས་ཞུམ་པ་མེད་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། ཉོན་མོངས་པ་ཐམས་ཅད་ཀྱིས་མི་རྫི་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། མ་རྒལ་བ་སྒྲོལ། མ་གྲོལ་བ་དགྲོལ། དབུགས་མ་ཕྱིན་པ་དབུགས་དབྱུང་། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། བསོད་ནམས་བརྒྱ་པའི་མཚན་གྱི་ཚོགས་བསགས་པའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་རྫུ་འཕྲུལ་གྱིས་འགྲོ་ཞིང་སངས་རྒྱས་ལ་བལྟ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་། སེམས་དང་ལུས་དབེན་པའི་ཕྱིར་དེའི་བརྩོན་འགྲུས་དེ་དབེན་པ་ལས་ངེས་པར་བྱུང་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཇུག་པའི་ཕྱིར་དེའི་བརྩོན་འགྲུས་དེ་བླང་བ་མེད་ཅིང་དོར་བ་མེད་ལ། གདེག་པ་མེད་ཅིང་གཞག་པ་མེད་དེ། སྐྱེ་བ་མེད་ཅིང་འབྱུང་བ་མེད་པས་བསྡུས་པ་ཡིན་ཏེ། མི་འམ་ཅིའི་བདག་པོ་རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་གིས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །མི་འམ་ཅིའི་བདག་པོ་རྣམ་པ་སུམ་ཅུ་རྩ་གཉིས་ཀྱིས་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཡོངས་སུ་དག་པ་དང་། བློ་གྲོས་ཡོངས་སུ་དག་པ་དང་། རྟོགས་པ་ཡོངས་སུ་དག་པ་དང་། ངོ་ཚ་ཤེས་པ་ཡོངས་སུ་དག་པ་དང་། ཁྲེལ་ཡོད་པ་ཡོངས་སུ་དག་པ་དང་། མོས་པ་ཡོངས་སུ་དག་པ་དང་། བསྔོ་བ་ཡོངས་སུ་དག་པ་དང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ཡོངས་ ― DKG058_Page_0566 ―
[མ་དཔེ་གཟིགས་ན་འདིར་གནོན།]
སུ་དག་པ་དང་། དབང་པོ་སྦས་པ་ཡོངས་སུ་དག་པ་དང་། མི་གནས་པ་ཡོངས་སུ་དག་པ་དང་། དེ་ལ་མ་ཆགས་པ་ཡོངས་སུ་དག་པ་དང་། མངོན་པར་ཤེས་པ་བསྐྱེད་པ་ཡོངས་སུ་དག་པ་དང་། སེམས་ལས་སུ་རུང་བ་ཡོངས་སུ་དག་པ་དང་། ལུས་དབེན་པ་ཡོངས་སུ་དག་པ་དང་། བྲག་ཅ་ཤེས་པ་ཡོངས་སུ་དག་པ་དང་། ནང་ཉེ་བར་ཞི་བ་ཡོངས་སུ་དག་པ་དང་། ཕྱི་རོལ་དུ་མི་རྒྱུ་བ་ཡོངས་སུ་དག་པ་དང་། དམིགས་པའི་ལྟ་བ་སྤོང་བ་ཡོངས་སུ་དག་པ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པར་སོ་སོར་རྟོག་ཅིང་ཁམས་གསུམ་པ་ལ་མི་གནས་པ་ཡོངས་སུ་དག་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་སྒོ་ཡོངས་སུ་དག་པ་དང་། སེམས་ཅན་ལ་ལྟ་བའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང་། ཤེས་རབ་ལ་འཇུག་པས་རབ་རིབ་མེད་ཅིང་སྣང་བ་ཡོངས་སུ་དག་པ་དང་། རྒྱུ་དང་། འབྲས་བུ་དང་། རྣམ་པར་སྨིན་པ་དང་མི་འགལ་བ་ཡོངས་སུ་དག་པ་དང་། ཆོས་ལ་སེམས་པའི་བཟོད་པ་ཡོངས་སུ་དག་པ་དང་། ཚུལ་བཞིན་གྱི་རྣམ་པའི་ཆོས་ལ་སོ་སོར་རྟོག་པ་ཡོངས་སུ་དག་པ་དང་། ཐབས་ལ་མཁས་པ་བསྡུ་བ་ཡོངས་སུ་དག་པ་དང་། བྱང་ཆུབ་ཀྱི་སྙིང་པོ་བསྒྲུབ་པ་ཡོངས་སུ་དག་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་མ་འདྲེས་པ་ཡོངས་སུ་དག་པ་དང་། མི་གཡོ་བའི་བསམ་གཏན་བསྒྲུབ་པ་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཏིང་ངེ་འཛིན་ཐོབ་པ་ལ་མི་གཡེང་བ་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལྟ་བ་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོའི་མཆོག་དང་། མཆོག་མ་ཡིན་པ་ཤེས་ནས་སོ་སོར་ཅི་རིགས་པར་ཆོས་སྟོན་པ་ཡོངས་སུ་དག་པ་སྟེ། མི་འམ་ཅིའི་བདག་པོ་རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་གིས། བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །མི་འམ་ཅིའི་བདག་པོ་རྣམ་པ་སུམ་ཅུ་རྩ་གཉིས་ཀྱིས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ ― DKG058_Page_0567 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྟ་སྟེ། ཐོས་པ་ཚོལ་བས་མི་ངོམས་པས་མང་དུ་ཐོས་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པས་ཆོས་རྣམས་ལ་དཔྱོད་པའི་ཤེས་པ་ལ་མཁས་པ་དང་། བྱང་ཆུབ་མངོན་སུམ་དུ་བྱེད་པའི་བདག་ཉིད་ཆོས་བསྒྲུབ་པ་ཤེས་པ་དང་། ཕུང་པོ་ལ་མཁས་པ་ལ་འཇུག་པས་རྣམ་པར་གྲོལ་བ་ཤེས་པ་དང་། ཆོས་ཀྱི་དབྱིངས་ལ་མཁས་པའི་ཤེས་པ་དང་། སྐྱེ་མཆེད་ལ་མཁས་པའི་ཤེས་པ་དང་། རྒྱུ་དང་བྱ་བ་ཁོང་དུ་ཆུད་པས་སྟོང་པའི་རྣམ་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། བདེན་པ་ལ་མཁས་པའི་ཤེས་པ་དང་། དེར་མི་ལྟུང་བར་སྐྱོན་མེད་པ་ལ་འཇུག་པ་ཤེས་པ་དང་། བསམས་བཞིན་དུ་སྐྱེ་བས་སྐྱེ་བ་ལ་སོ་སོར་མི་རྟོག་པའི་ཤེས་པ་དང་། གཟོད་མ་ནས་རྣམ་པར་དག་པས་ཆོས་ཐམས་ཅད་མི་སྐྱེ་བར་ཤེས་པ་དང་། ཕྱིན་ཅི་ལོག་ཏུ་གྱུར་པ་ཡོངས་སུ་སྨིན་པར་བྱེད་པས་སེམས་ཅན་ཐམས་ཅད་བདག་མེད་པར་ཤེས་པ་དང་། འདོད་ཆགས་དང་བྲལ་བའི་མཐའི་ཕྱིར་ཆོས་ཐམས་ཅད་ཆོས་གཅིག་ཏུ་ཤེས་པ་དང་། ནམ་མཁའ་དང་མཚུངས་པའི་ཕྱིར་ཞིང་ཐམས་ཅད་ཞིང་གཅིག་ཏུ་ཤེས་པ་དང་། ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པས་སངས་རྒྱས་ཐམས་ཅད་སངས་རྒྱས་གཅིག་ཏུ་ཤེས་པ་དང་། ཡི་གེ་ཤེས་པ་ལ་མཁས་པས་ཆོས་ཀྱི་ཚིག་རབ་ཏུ་དབྱེ་བ་བསྟན་པ་ཤེས་པ་དང་། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའི་ཕྱིར་ཆགས་པ་མེད་པའི་སྤོབས་པས་ཆོས་རྒྱ་ཆེར་ཤེས་པ་དང་། ཐོས་པ་ཐམས་ཅད་འཛིན་པས་གཟུངས་བརྗེད་པ་མེད་པའི་ཤེས་པ་དང་། བདུད་དེ་དག་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད་པས། བདུད་ཀྱི་ལས་ཐམས་ཅད་ཁོང་དུ་ཆུད་པའི་ཤེས་པ་དང་། རྣམ་པར་བསྒྲུབས་ཏེ་སོ་སོར་ཉེ་བར་གནས་པར་ཤེས་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོག་པའི་ཤེས་པ་དང་། ཤིན་ཏུ་ཡོངས་སུ་གྲུབ་པ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་རྨི་ལམ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། མིག་ཡོར་དང་། བྲག་ཅ་ལྟ་བུའི་ཚུལ་དུ་སྟོན་པ་ཤེས་པ་དང་། ཤེས་པ་རྣམ་པར་དག་པའི་ཕྱིར་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ཐམས་ཅད་ཁོང་དུ་ ― DKG058_Page_0568 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆུད་པའི་ཤེས་པ་དང་། ཤིན་ཏུ་བསླབས་པའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་བརྟགས་པར་ཤེས་པའི་ཐབས་ལ་མཁས་པ་དང་། རྣམ་པར་ཐར་པའི་སྒོའི་ཕྱིར་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པའི་ཆོས་ཤེས་པ་དང་། གཟོད་མ་ནས་བྲལ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བར་ཤེས་པ་དང་། མ་རིག་པ་དང་། གཏི་མུག་གི་མུན་པ་ཀུན་ཏུ་བཅོམ་པའི་ཕྱིར་ཆོས་ཐམས་ཅད་ལ་རབ་རིབ་མེད་ཅིང་སྣང་བ་ཐོབ་པ་དང་། ཆོས་ཐམས་ཅད་གར་ཡང་མི་འགྲོ་གང་ནས་ཀྱང་མི་འོང་བར་ཤེས་པས་ཤེས་རབ་ཀྱི་འོད་དང་ལྡན་ཞིང་སེམས་ཅན་ཐམས་ཅད་ལ་རྣམ་པར་ཐར་པའི་ཆོས་སྟོན་པ་དང་། ལས་དང་བྱ་བ་ཁོང་དུ་ཆུད་པས་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་འགྲོ་བར་སྐྱེ་བ་སྟོན་པ་དང་། དོན་དང་ཆོས་དང་ངེས་པའི་ཚིག་དང་སྤོབས་པའི་ཚུལ་ལ་མཁས་ཏེ་ཕྱད་པར་དེ་ཁོ་ནའི་ལུང་སྟོན་པས། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་དང་། བདག་དུལ་བ་དང་། ཞི་བ་དང་། གྲོལ་བ་དང་། སྦས་པ་དང་། བྱང་བས་ཡོངས་སུ་མྱ་ངན་ལས་ཟློ་བའི་ཕྱིར་དོན་ཡོད་པའི་ཆོས་སྟོན་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་ཤེས་རབ་ལས་ངེས་པར་བྱུང་བར་རིག་ནས། ཆོས་ཀྱི་གྲོང་ཁྱེར་ཐམས་ཅད་ཡོངས་སུ་སྐྱོང་བར་བྱིན་གྱིས་རློབ་པ་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ལ་ཡང་དག་པར་གཞོལ་ཏེ། མཐའ་ལ་གནས་པའི་ཚུལ་ངེས་པར་བྱས་པས་ལུང་བསྟན་པའི་ས་རབ་ཏུ་ཐོབ་པ་ཡིན་ཏེ། མི་འམ་ཅིའི་བདག་པོ་རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་གིས། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །མི་འམ་ཅིའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམ་པ་སུམ་ཅུ་རྩ་གཉིས་དང་ལྡན་ན་ཐབས་ལ་མཁས་པར་རིག་པར་བྱའོ། །སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་བདག་ཟད་པར་མི་བྱེད་པས་སེམས་ཅན་ལ་ལྟ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསོད་ནམས་ཆེན་པོ་ལ་གནས་པ་དང་། སེམས་ཅན་ཐམས་ ― DKG058_Page_0569 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅད་ཀྱི་སྦྱིན་གནས་ཀྱི་ཕྱིར་སྦྱིན་གནས་མི་ཚོལ་བ་དང་། སེམས་ཅན་དབུལ་པོ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རྒྱ་ཆེན་པོ་དོན་དུ་མི་གཉེར་བ་དང་། སེམས་ཅན་ཐམས་ཅད་ངག་བསྡམ་པ་ལ་སྦྱར་བའི་ཕྱིར། ལྐུགས་པ་དང་། དིག་པ་ལྟ་བུར་སྟོན་པ་དང་། བུད་མེད་དང་བུ་མོ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བུད་མེད་ཡོངས་སུ་འཛིན་པ་དང་། ཁྱེའུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཁྱེའུའི་གཟུགས་སུ་སྟོན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་འཐུན་པར་བྱ་བའི་ཕྱིར། གཟུགས་ཐམས་ཅད་སྟོན་པ་དང་། སེམས་ཅན་མྱོས་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། མྱོས་པ་མ་ཡིན་ཡང་མྱོས་པའི་ལུས་སུ་སྟོན་པ་དང་། དེ་ལ་མོས་པའི་སེམས་ཅན་རྣམས་ལ་ཆོས་སྟོན་པའི་ཕྱིར། སྨྱོན་པ་དང་སེམས་གཡེངས་པའི་གཟུགས་སུ་སྟོན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ལོ་བརྒྱར་བསགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་འདོར་བ་དང་། ཆོས་འཛིན་དུ་གཞུག་པའི་ཕྱིར། སེམས་ཅན་རྣམས་ལ་དགའ་བ་དང་། ཐམས་ཅད་ལ་རྩེ་བ་དང་། ལོངས་སྤྱོད་སྟོན་པ་དང་། དེ་ལ་མོས་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། གཡོན་ཅན་མ་རུངས་པས་འཚོ་བའི་ལུས་སུ་སྟོན་པ་དང་། བུད་མེད་གང་ཚོང་དཔོན་དང་། ཁྱིམ་བདག་དང་། རྒྱལ་པོའི་ཆུང་མར་གྱུར་པ་བུ་མེད་པ་བུའི་ཚེ་འདོད་པའི་མྱ་ངན་གྱི་ཟུག་རྔུ་དང་ལྡན་ཞིང་། སྡུག་བསྔལ་གྱི་ཚོར་བ་མྱོང་བ་ལ་དེ་ན་བྱང་ཆུབ་སེམས་དཔས་དེ་དག་དགེ་བ་ལ་དད་ཅིང་། ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེའི་བུར་ཁས་ལེན་པ་དང་། འབྲོག་དགོན་པར་སོང་བའི་སེམས་ཅན་དབུལ་པོ་ལ་བཟའ་བ་དང་། བཏུང་བ་དང་། ནོར་སྦྱིན་ཞིང་བགོ་བཤའ་བྱ་བའི་ཕྱིར་འགྲོན་པོ་མང་པོའི་ནང་དུ་དེད་དཔོན་དུ་འགྱུར་བ་དང་། གཏེར་ཆེན་པོ་མདུན་དུ་བྱས་ཏེ་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནས་ཆོས་སྟོན་པ་དང་། མྱ་ངན་གྱི་ཟུག་རྔུ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་མྱ་ངན་གྱི་ཟུག་རྔུ་བསལ་ནས། རྫུ་འཕྲུལ་གྱིས་ཆོས་སྟོན་པ་དང་། གཏེར་སྟོར་བའི་སེམས་ཅན་རྣམས་ཀྱི་མདུན་དུ་གཏེར་ཆེན་པོ་ཉེ་བར་བསྟན་ནས་འཚོ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཆོས་སྟོན་པ་དང་། ― DKG058_Page_0570 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་དག་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པའི་ཕྱིར་གཞན་མུ་སྟེགས་ཅན་སྤྱོད་པ་ཅན་དང་། ཀུན་ཏུ་རྒྱུ་བ་རྣམས་ཀྱི་ནང་དུ་རབ་ཏུ་འབྱུང་བ་དང་། སེམས་ཅན་འདོད་ཆགས་ཀྱི་ལྕགས་ཀྱུས་ཟིན་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨད་འཚོང་མའི་ཁྱིམ་དང་། སླས་ཀྱི་ནང་དུ་བུ་མོའི་གཟུགས་མཛེས་པ་བལྟ་ན་སྡུག་པར་སྟོན་པ་དང་། སེམས་ཅན་རྣམས་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱིས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདུས་པ་ཆེན་པོ་དང་། ཚོགས་པ་མང་པོའི་ནང་དུ་རྔ་དང་། རྔ་མྲི་དང་ག་དང་རྔ་པ་ན་བ་དང་དུང་གི་སྒྲས་ས་ཆེན་པོ་མཛེས་པར་བྱས་ནས། བདག་ཉེ་བར་སྟོན་ཅིང་སེམས་ཅན་འདུན་པ་དེ་དག་ལ་རོལ་མོའི་དབྱངས་སྒྲ་དེ་དག་ལས་ཆོས་སྟོན་པའི་སྒྲ་འབྱིན་ཅིང་བཟོའི་གནས་ཐམས་ཅད་ཉེ་བར་སྟོན་པ་དང་། མྱ་ངན་དུ་སོན་པའི་འགྲོན་པ་བཟའ་བ་དང་། བཏུང་བ་ཟད་པ་ལ་མངོན་པར་ཤེས་པ་ཆེན་པོས་རྣམ་པར་རྩེ་ཞིང་དེའི་སྟོབས་ཀྱིས་བཟའ་བ་དང་། བཏུང་བ་བྱིན་ནས་བཀྲེས་པ་དང་བྲལ་ཞིང་སྐོམ་པ་དང་བྲལ་བའི་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། སེམས་ཅན་གང་དག་དམུས་ལོང་དུ་གྱུར་པ་དེ་དག་གི་ནང་དུ་དམུས་ལོང་ལྟ་བུར་གྱུར་ནས། དབུལ་པོ་མིག་མེད་པ་དེ་དག་ལ་རྫུ་འཕྲུལ་གྱི་སྟོབས་ཀྱིས་བཟའ་བ་དང་། བཏུང་བ་འབྱོར་བར་བྱས་ནས། མིག་བྱིན་ཏེ་རང་གི་གཟུགས་བསྟན་ནས། ཇི་ལྟར་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་སྟོན་པ་དང་། རྒྱལ་པོའི་ཁྲི་མོན་དུ་བཅུག་པའི་སྲོག་ཆགས་བརྒྱ་ཕྲག་དུ་མ་གཡོན་ཅན་སྣ་ཚོགས་དང་ལྡན་པ་དེ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བསམས་བཞིན་དུ་བདག་རྐུན་པོར་སྟོན་ཅིང་དེ་གཡོན་ཅན་ནོ་ཞེས་ཤེས་པར་བྱས་ནས། ཁྲི་མོན་དུ་བཅུག་པ་དང་དེ་དེར་ཞུགས་ནས་རྫུ་འཕྲུལ་གྱི་སྟོབས་ཀྱིས་བཅིངས་པ་དེ་དག་གི་ལུས་བཀྲུས་ཤིང་བསྐུས་ཏེ། གོས་བཟང་པོ་བསྐོན་ནས་བཟའ་བ་དང་། བཏུང་བས་ལུས་ཚིམ་པར་བྱས་ཏེ། བཅིངས་པ་དམ་པོ་དེ་དག་ལས་བཀྲོལ་ནས་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དེ་ལྟ་བུར་ཆོས་སྟོན་པ་དང་། སེམས་ཅན་གང་དག་ ― DKG058_Page_0571 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱལ་པོས་གསད་པར་བཀྲི་བ་སྲོག་འཆི་བའི་འཇིགས་པའི་ཐོབ་པ་སྡུག་བསྔལ་གྱིས་ཉམ་ཐག་པ་དེ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྫུ་འཕྲུལ་གྱིས་གཞན་དག་ཅིག་སྤྲུལ་ཏེ། རྫུ་འཕྲུལ་གྱིས་གཤེད་མ་ལ་བཀྲིས་ནས་གསད་པར་འོས་པའི་མི་དེ་དག་བཅིངས་པ་དེ་ལས་བཀྲོལ་ཏེ། འཇིགས་པ་དང་བྲལ་བ་སྲོག་རྙེད་པ་དང་། དབུགས་ཕྱིན་པ་དེ་དག་ལ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དེ་ལྟ་དེ་ལྟ་བུར་ཆོས་སྟོན་པ་དང་། ཕྱོགས་གང་ན་དོན་དང་། ནོར་དང་། ཞིང་དང་། ཁྱིམ་གྱི་དངོས་པོ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། དམག་མིའི་ཕྱིར་འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། མཚང་འདྲུ་བར་གྱུར་པ་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ཀྱིས་དབུས་སུ་འདུག་ནས་རྫུ་འཕྲུལ་གྱིས་དོན་དང་། ནོར་དང་རིན་པོ་ཆེ་ཡོངས་སུ་བཏང་སྟེ། དེ་དག་འདུམ་པར་སྦྱོར་རོ། །དེ་དག་དུམ་པར་རིགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་དང་། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་ཡན་ལག་དང་། ཉིང་ལག་ཐམས་ཅད་ཀྱི་དབང་པོ་ཉམས་པ་མེད་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དབང་པོ་ཉམས་པར་ཡང་སྟོན་པ་དང་། སྤྱོད་ལམ་ཕུན་སུམ་ཚོགས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྤྱོད་ལམ་ཐམས་ཅད་འཁྲུགས་པར་ཡང་བྱེད་པ་དང་། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་གཞན་མུ་སྟེགས་ཅན་སྟོན་པ་དང་། རིང་དུ་གནས་པ་བདུད་ཀྱི་སྤྱོད་ཡུལ་ལ་སྤྱོད་པ་བདུད་ཀྱིས་བྱིན་གྱིས་བརླབས་པའི་མུ་སྟེགས་ཅན་དེ་དག་སངས་རྒྱས་ཀྱི་བསྟན་པ་ལ་དགུག་པའི་ཕྱིར་དེ་དག་གི་མདུན་དུ་དཀོན་མཆོག་གསུམ་གྱི་བསྔགས་པ་བརྗོད་པ་དང་། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ལས་ལོག་ནས་བསམས་བཞིན་དུ་འདོད་པའི་ཁམས་སུ་སྐྱེ་སྟེ། མྱ་ངན་ལས་འདས་པ་འདོད་པ་རྣམས་ལ་སྐྱེ་བའི་སྡུག་ ― DKG058_Page_0572 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྔལ་བསྟན་ནས་དབེན་པ་ཐོབ་པ་རྣམས་བླ་མའི་ལམ་བསྒོམ་དུ་གཟུད་པའི་ཕྱིར། མྱ་ངན་ལས་འདས་པ་སྟོན་པ་དང་། སྐྱོན་མེད་པ་ལ་མ་ཞུགས་པ་ལ་མྱ་ངན་ལས་འདས་པར་འགྲོ་བར་འདུན་པ་རྣམས་ཀྱི་མདུན་དུ། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་སངས་རྒྱས་ཀྱི་སྐུ་སྟོན་པ་དང་། སངས་རྒྱས་ལ་དད་པ་ཐོབ་ཅིང་། སེམས་མཉམ་པར་བཞག་པ་རྣམས་བྱང་ཆུབ་ཀྱི་སེམས་ལེན་དུ་གཟུད་པའི་ཕྱིར། རྐྱེན་འདི་ཤེས་པ་ལ་འཇུག་པ་ཉེ་བར་སྟོན་པ་སྟེ། མི་འམ་ཅིའི་བདག་པོ་རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པར་རིག་པར་བྱའོ། །ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་ལ་འཇུག་པ་ཡོངས་སུ་དག་པའི་ལེའུ་འདི་བསྟན་པ་ན། མི་འམ་ཅིའི་རྒྱལ་པོ་སྡོང་པོའི་འཁོར་དང་། དེ་མ་ཡིན་པ་གཞན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟའི་སྲོག་ཆགས་དགུ་ཁྲི་བརྒྱད་སྟོང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བཅོམ་ལྡན་འདས་ཀྱི་འཁོར་བྱང་ཆུབ་སེམས་དཔའ་ལས་བྱང་ཆུབ་སེམས་དཔའ་ཁྲི་བརྒྱད་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །མི་འམ་ཅིའི་རྒྱལ་པོ་སྡོང་པོ་ནི་ཤེས་རབ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པར་གྱུར་ཏོ། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གཏམ་གྱིས་རབ་ཏུ་དགའ་བར་བྱས། ཡང་དག་པར་འཛིན་དུ་བཙུད། གཟེངས་བསྟོད། ཡང་དག་པར་བསྟན་པས། ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། རིན་ཐང་མེད་པའི་རས་བཅོས་མ་ཕྲུགས་གཅིག་བཅོམ་ལྡན་འདས་ལ་མངོན་པར་བཀབ་བོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་ལ་ཡང་རིན་ཐང་མེད་པའི་གོས་ཀྱིས་སོ་སོར་བཀབ་བོ། །གནས་ཐམས་ཅད་ནི་ཡོངས་སུ་ལོངས་སྤྱད་པའི་ཕྱིར་བཅོམ་ལྡན་འདས་ལ་ཕུལ་ལོ། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོའི་བུ་བརྒྱད་སྟོང་པོས་རིན་པོ་ཆེའི་པད་མ་བཀོད་པ་དང་། རིན་པོ་ཆེའི་གདུགས་བརྒྱད་སྟོང་དུ་ཚང་བས་བཅོམ་ལྡན་འདས་ལ་མངོན་པར་བཀབ་སྟེ། གཏོར་མ་ཐག་ཏུ་ ― DKG058_Page_0573 ―
[མ་དཔེ་གཟིགས་ན་འདིར་གནོན།]
སངས་རྒྱས་ཀྱི་མཐུས་དེ་དག་ཐམས་ཅད་འཁོར་གྱི་ཁྱམས་དེར་བཅོམ་ལྡན་འདས་ཀྱི་དབུའི་དྲང་ཐད་ཀྱི་སྟེང་གི་བར་སྣང་ལ་དཔག་ཚད་སྟོང་ཙམ་ན། རིན་པོ་ཆེའི་གདུགས་གཅིག་ཏུ་གནས་པར་གྱུར་ཏོ། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོའི་བུ་བརྒྱད་སྟོང་པོས་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་ཆེན་པོ་འདི་མཐོང་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་དག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ཐོས་པས་བདག་ཅག་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡང་དག་པར་སྒྲུབ་པར་འགྱུར་བ་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བགྱིད་པའི་ཆོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ཅག་ལ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་མི་འམ་ཅིའི་རྒྱལ་པོ་སྡོང་པོའི་བུ་དེ་དག་གི་ལྷག་པའི་བསམ་པ་མཁྱེན་ནས་ཏ་ལ་བདུན་སྲིད་ཀྱི་སྟེང་གི་བར་སྣང་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ནས་སྐུ་ལས་འདི་ལྟ་བུའི་འོད་ཕྱུང་སྟེ། འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །གང་མི་འམ་ཅི་དང་། དྲི་ཟ་དང་། ལྟོ་འཕྱེ་དེ་དག་དང་། འདོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་གི་རོལ་མོ་སིལ་སྙན་རྣམ་པ་སྣ་ཚོགས་དེ་དག་ཐམས་ཅད་མ་བརྡུངས་མ་དཀྲོལ་བར་མཛེས་པ་དང་ལྡན་པར་འཁྲོལ་ལོ། །རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡང་ན་དྲིའི་ཤིང་དང་མེ་ཏོག་གི་ཤིང་དང་འབྲས་བུའི་ཤིང་ཇི་སྙེད་པ་དེ་དག་ལས་ཀྱང་རོལ་མོ་སིལ་སྙན་གྱི་སྒྲ་བྱུང་ངོ་། །བཅོམ་ལྡན་འདས་ཀྱི་སྤུའི་ཁུང་བུ་ཐམས་ཅད་ནས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱད་སྟོང་བྱུང་ངོ་། །འོད་ཟེར་ཐམས་ཅད་ཀྱི་རྩེ་མོ་ལས་ཀྱང་པད་མ་ཚད་ཤིང་རྟའི་འཁོར་ལོ་ཙམ་དག་བྱུང་ངོ་། །པད་མའི་སྙིང་པོ་ཐམས་ཅད་ལ་ཡང་བྱང་ཆུབ་སེམས་དཔའི་གཟུགས་སྐྱེས་བུ་ཆེན་པོ་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཀུན་ཏུ་བརྒྱན་པའི་ལུས་དག་གནས་པར་ཀུན་ཏུ་སྣང་ངོ་། །སངས་རྒྱས་ཀྱི་མཐུས་རོལ་མོ་སིལ་སྙན་དེ་དག་ལས་ནི་ཡོངས་སུ་འདྲི་བའི་ཚིགས་སུ་བཅད་པ་བྱུང་། བྱང་ཆུབ་སེམས་དཔའ་ ― DKG058_Page_0574 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་དག་ཐམས་ཅད་ནི་སྒྲ་དབྱངས་དང་སྐད་གཅིག་གིས་ཚིགས་སུ་བཅད་ནས་ངེས་པར་ལན་འདེབས་སོ། །དེ་ལ་སིལ་སྙན་ལས་ཚིགས་སུ་བཅད་པ། བླ་ན་མེད་པའི་བྱང་ཆུབ་སེམས། །ཇི་ལྟ་བུར་ནི་སྐྱེད་པ་དང་། །བྱང་ཆུབ་སྙིང་པོར་འདུག་བར་དུ། །སེམས་ནི་བརྗེད་པ་མེད་པར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། སེམས་ཅན་ཀུན་གྱི་ཆེད་ཀྱི་ཕྱིར། །ལྷག་པའི་བསམ་པ་ཕུན་སུམ་ཚོགས། །སྙིང་རྗེ་ཆེ་དང་ལྡན་པ་ནི། །བྱང་ཆུབ་སེམས་བརྗེད་མི་འགྱུར་རོ། །སིལ་སྙན་རྣམས་ཀྱིས་སྨྲས་པ། དེ་དག་བསམ་པ་ཇི་ལྟ་བུ། །རབ་ཏུ་འབྱོར་པ་ཅི་འདྲ་ཞིག ། དེ་དག་སྙིང་རྗེ་ཆེན་པོ་ལ། །ངེས་པར་སེམས་པ་ཇི་ལྟར་སྐྱེ། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། གཡོ་མེད་ལྷག་པའི་བསམ་པ་སྟེ། །དེ་དག་སྦྱོར་བ་བཅོས་མ་མིན། །མྱ་ངན་འདའ་སྒོར་འཇོག་པ་ནི། །དེ་དག་སྙིང་རྗེ་དེ་འདྲའོ། །སིལ་སྙན་རྣམས་ཀྱིས་སྨྲས་པ། དེ་དག་གཏོང་བ་ཇི་ལྟ་བུ། །ཇི་ལྟར་བྱིན་ནས་འགྱོད་མེད་ཅིང་། །རྣམ་སྨིན་དོན་དུ་མི་གཉེར་བར། །བྱང་ཆུབ་ཏུ་ནི་སྔོ་བར་བྱེད། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། དངོས་པོ་ཀུན་ལ་མི་ལྟ་བ། །དེས་ནི་བྱིན་ནས་འགྱོད་པ་མེད། །བྱང་ཆུབ་ལམ་དུ་འཇོག་བྱེད་པ། །དེ་ཕྱིར་རྣམ་སྨིན་རེ་བ་མེད། །སིལ་སྙན་རྣམས་ཀྱིས་སྨྲས་པ། ཇི་ལྟར་ཚུལ་ཁྲིམས་ལྡན་གྱུར་ཀྱང་། །ཚུལ་ཁྲིམས་ཀྱིས་ནི་རློམ་སེམས་མེད། །ཐེག་ཆེན་བླ་ན་མེད་པ་ལ། །ངང་ཚུལ་ངན་ཅན་སྨིན་པར་བྱེད། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། བྱང་ཆུབ་སེམས་ཀྱི་ཚུལ་ཁྲིམས་ལྡན། །སྟོང་པ་ཉིད་ཀྱིས་རློམ་སེམས་མེད། །བྱམས་པ་ཆེན་པོ་སྐྱེད་པ་ནི། །ངང་ཚུལ་ངན་ཅན་ཡོངས་སྨིན་བྱེད། །སིལ་སྙན་རྣམས་ཀྱིས་སྨྲས་པ། ཇི་ལྟར་ན་ནི་སེམས་ཅན་གྱི། །སྤྱོས་ཤིང་བསྡིགས་པ་བཟོད་བྱེད་ཅིང་། །སེམས་ཀྱིས་གནོད་པ་མི་བྱེད་ལ། །མཆོག་ཏུ་དགའ་བ་སྐྱེ་བར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་གསོ་བའི་སྨན་པ་སྙམ། །དེ་དག་ངན་པར་སྨྲས་པ་ཡི། །ཚིག་ཐོས་ཞེ་སྡང་མི་འགྱུར་རོ། །སིལ་ ― DKG058_Page_0575 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྙན་རྣམས་ཀྱིས་སྨྲས་པ། དེ་དག་བརྩོན་འགྲུས་ཇི་ལྟ་བུ། །ཕ་རོལ་གནོན་པའང་ཅི་འདྲ་ཞིག ། ཇི་ལྟར་ཞུམ་པ་མེད་སེམས་ཀྱིས། །བྱང་ཆུབ་སྤྱད་པ་སྤྱོད་པར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། ཆོས་དང་སེམས་ཅན་བསྲུང་བ་ནི། །ཕ་རོལ་གནོན་དང་བརྩོན་འགྲུས་སོ། །དགེ་བའི་རྩ་བས་བརྟན་པ་ནི། །དེས་ན་སེམས་ནི་ཞུམ་མི་འགྱུར། །སིལ་སྙན་རྣམས་ཀྱིས་སྨྲས་པ། དེ་དག་ཇི་ལྟར་དྲན་དང་ལྡན། །བློ་གྲོས་རྟོགས་པར་ཁོང་དུ་ཆུད། །ཇི་ལྟར་བསམ་གཏན་བསམ་གཏན་བྱེད། །དེ་ལ་ཆགས་པ་མེད་པར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། གཡེང་བ་མེད་པ་དྲན་དང་ལྡན། །ཚུལ་འཆོས་མེད་པ་བློ་གྲོས་ལྡན། །ཐབས་ཀྱིས་བསམ་གཏན་བསམ་གཏན་བྱེད། །དེས་ན་དེ་ལ་ཆགས་མི་འགྱུར། །སིལ་སྙན་རྣམས་ཀྱིས་སྨྲས་པ། ཇི་ལྟར་ཤེས་རབ་ལྡན་པ་དང་། །ཡང་དག་ལྟ་བ་དྲང་པོ་དང་། །ཆོས་རྣམས་རྣམ་པར་དབྱེ་བ་ལ། །མཁས་ཤིང་འཇིགས་པ་མེད་པར་འགྱུར། ། བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། ཐོས་པས་ཤེས་རབ་ཀུན་ཏུ་འཕེལ། །རྟེན་པས་ལྟ་བ་དྲང་པོར་འགྱུར། །ཆོས་ཀྱི་སྦྱིན་པས་ངེས་འགྱུར་ཏེ། །ཚུལ་བཞིན་གྱིས་ནི་དོན་རྟོགས་འགྱུར། །སིལ་སྙན་རྣམས་ཀྱིས་སྨྲས་པ། ཇི་ལྟར་ཐོས་པ་བཙལ་བས་ན། །དེ་དག་ཐོས་པ་མང་དུ་འགྱུར། །གང་གིས་ཆེ་བའི་བདག་འགྱུར་བར། །ཐོས་པའི་ཆོས་རྣམས་སྟོན་པར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། གུས་པར་བྱས་ཏེ་ཐོས་ཚོལ་ཞིང་། །སྒྲུབ་པའི་ཐོས་པ་མང་དུ་འགྱུར། །ཟང་ཟིང་མེད་པར་ཆོས་སྦྱིན་པ། །དེས་ནི་ཆེ་བའི་བདག་ཉིད་འགྱུར། །སིལ་སྙན་རྣམས་ཀྱིས་སྨྲས་པ། དེ་དག་བྱམས་པ་ཇི་ལྟ་བུ། །དེ་དག་སྙིང་རྗེ་ཅི་འདྲ་ཞིག ། དེ་དག་དགའ་བ་ཇི་ལྟ་བུ། །བཏང་སྙོམས་ཀྱང་ནི་ཅི་འདྲ་ཞིག ། བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། སེམས་དང་བཏང་སྙོམས་བྱམས་པ་སྟེ། །སེམས་ཅན་འགྲོལ་བའི་སྙིང་རྗེའོ། །སངས་རྒྱས་ཆོས་དགའ་དགའ་བ་སྟེ། །གཉིས་སྤངས་པ་ནི་བཏང་སྙོམས་སོ། །སིལ་སྙན་རྣམས་ཀྱིས་སྨྲས་པ། ― DKG058_Page_0576 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཇི་ལྟར་སངས་རྒྱས་མཐོང་བར་འགྱུར། །སེམས་ཀྱང་ཇི་ལྟར་མཐོང་བར་འགྱུར། །ཆོས་ཐོས་ནས་ནི་ཇི་ལྟ་བུར། །དེ་དག་ཐེ་ཚོམ་སྐྱེ་མི་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། སངས་རྒྱས་རྗེས་སུ་དྲན་བསྒོམས་པ། །དེས་ནི་འདྲེན་པ་མཐོང་བར་འགྱུར། །ཐེ་ཚོམ་མེད་ཅིང་བསམ་དག་པས། །ཆོས་ཐོས་ནས་ནི་སོམ་ཉི་མེད། །སིལ་སྙན་རྣམས་ཀྱིས་སྨྲས་པ། བསོད་ནམས་ཚོགས་ནི་ཇི་ལྟ་བུ། །ཡེ་ཤེས་ཚོགས་ཀྱང་ཅི་འདྲ་ཞིག ། དེ་དག་ཞི་གནས་ལྷག་མཐོང་ལ། །བརྩོན་པ་ཡང་ནི་ཇི་ལྟ་བུ། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། ངོམས་མི་ཤེས་པ་བསོད་ནམས་ཚོགས། །འདྲི་བ་རྣམས་ནི་ཡེ་ཤེས་ཚོགས། །ཞི་བའི་སེམས་ནི་ཞི་གནས་ཏེ། །ཆོས་ཤེས་པ་ནི་ལྷག་མཐོང་ངོ་། །སིལ་སྙན་རྣམས་ཀྱིས་སྨྲས་པ། དེ་དག་གི་ནི་སྤྱོད་ཡུལ་གང་། །དེ་དག་གནས་ཀྱང་ཇི་ལྟ་བུ། །དེ་དག་གནས་པ་ཅི་འདྲ་ཞིག ། དེ་དག་སྦྱོར་བའང་ཇི་ལྟ་བུ། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། དེ་དག་སྤྱོད་ཡུལ་སྟོང་པ་ཉིད། །གནས་ནི་ཕ་རོལ་ཕྱིན་པའི་ལམ། །གནས་པ་བསམ་གཏན་བཞི་རྣམས་ཏེ། །སེམས་ཅན་རབ་གྲོལ་སྦྱོར་བའོ། །སིལ་སྙན་རྣམས་ཀྱིས་སྨྲས་པ། དེ་དག་བདུད་ཀྱི་ལས་གང་ཡིན། །སངས་རྒྱས་ཕྲིན་ལས་ཇི་ལྟ་བུ། །ཅི་འདྲ་བ་ཡི་ལས་བྱས་ན། །བྱང་ཆུབ་ལ་ནི་གཞོལ་བར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། ཐེག་པ་ཆུང་ངུ་བདུད་ཀྱི་ལས། །སངས་རྒྱས་ཕྲིན་ལས་ཐེག་པ་ཆེ། །སྡིག་པ་ཐམས་ཅད་སྤོང་བ་ནི། །བྱང་ཆུབ་གཞོལ་བར་འགྱུར་བའོ། །སིལ་སྙན་རྣམས་ཀྱིས་སྨྲས་པ། དེ་དག་གྲོགས་བསྟེན་ཇི་ལྟ་བུ། །སྡིག་པའི་གྲོགས་པོ་ཅི་འདྲ་ཞིག ། ལོག་པར་ལྟ་ལ་མི་གནས་ཤིང་། །ཇི་ལྟར་ཡང་དག་སོང་བར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། གང་ཞིག་བྱང་ཆུབ་ལམ་སྟོན་པ། །རྟག་ཏུ་བདེ་སྦྱིན་གྲོགས་པོའོ། །བྱང་ཆུབ་སེམས་ལས་གང་ཟློག་པ། །དེ་དག་སྡིག་པའི་གྲོགས་པོར་ཤེས། །སིལ་སྙན་རྣམས་ཀྱིས་སྨྲས་པ། །ལམ་དུ་འཇུག་པར་འགྱུར་བ་ཡི། ། ― DKG058_Page_0577 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྟ་བ་དྲང་པོ་ཇི་ལྟ་བུ། །སྦྱོར་བ་རྣམ་པར་ཤེས་ནས་སུ། །ཇི་ལྟར་ལྟ་དེ་འཇིག་མི་བྱེད། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། ལས་དང་བྱ་བར་འཇུག་པ་ནི། །དེ་དག་དྲང་པོར་ལྟ་བ་ཡིན། །ལོག་པར་སྦྱོར་བ་རྣམ་ཤེས་ནས། །ལྟ་བ་དེ་དག་འཇིག་མི་བྱེད། །སིལ་སྙན་རྣམས་ཀྱིས་སྨྲས་པ། ཇི་ལྟར་དམ་པའི་ཆོས་བསྲུང་ཞིང་། །སེམས་ཅན་ཡོངས་སུ་སྨིན་པར་བྱེད། །ཇི་ལྟ་བུ་ཡི་ཐབས་ཀྱིས་ནི། །དེ་དག་བྱང་ཆུབ་བསྒྲུབ་པར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། བརྩོན་འགྲུས་ཀྱིས་ནི་ཆོས་བསྲུང་སྟེ། །བསྡུ་བས་ཡོངས་སུ་སྨིན་པར་བྱེད། །མཐའ་གཉིས་རྣམ་པར་སྤངས་པས་ནི། །བྱང་ཆུབ་སྒྲུབ་པར་བྱེད་པ་ཡིན། །སིལ་སྙན་རྣམས་ཀྱིས་སྨྲས་པ། དེ་དག་ཤེས་པའི་ལམ་ཅི་འདྲ། །ང་རྒྱལ་ལས་ནི་ཇི་ལྟ་བུ། །ཇི་ལྟར་བཀའ་བློ་བདེ་བ་དང་། །ཐམས་ཅད་དུས་སུ་འཐུན་པར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། རྩོད་པ་མེད་པ་ཤེས་པའི་ལས། །ང་རྒྱལ་ལས་ནི་རྩོད་པ་འབྱུང་། །ངེས་པར་བཀའ་བློ་བདེ་བ་སྟེ། །གུས་པ་ཡིས་ནི་འཐུན་པར་འགྱུར། །སིལ་སྙན་རྣམས་ཀྱིས་སྨྲས་པ། དེ་དག་ལམ་ནི་ཇི་ལྟ་བུ། །ལོག་པའི་ལམ་ཡང་ཅི་འདྲ་ཞིག ། བླ་མེད་བྱང་ཆུབ་ལམ་དུ་ནི། །ཇི་ལྟར་སེམས་ཅན་རབ་ཏུ་འགོད། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། ལམ་ནི་ཕ་རོལ་ཕྱིན་པ་དྲུག ། ཐེག་པ་ཆུང་ངུ་ལོག་པའི་ལམ། །ཤེས་རབ་ཐབས་ལ་བསླབས་པ་ནི། །སེམས་ཅན་ལམ་ལ་འཛུད་པའོ། །སིལ་སྙན་རྣམས་ཀྱིས་སྨྲས་པ། ཇི་ལྟ་བུར་ན་ནོར་ཆེན་འགྱུར། ། དེ་དག་རྙེད་པའང་ཅི་འདྲ་ཞིག ། གཏེར་རྣམས་ཀྱང་ནི་ཇི་ལྟ་བུ། །གང་གིས་དེ་དག་འགྲོ་ཚིམ་བྱེད། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། ནོར་བདུན་དང་ནི་རྟག་ཏུ་ལྡན། །ཆོས་རྙེད་པ་ནི་རྙེད་པའོ། །དེ་དག་གཏེར་ནི་གཟུངས་ཡིན་ཏེ། རབ་ཏུ་རྙེད་ནས་ཚིམ་པར་བྱེད། །སིལ་སྙན་རྣམས་ཀྱིས་སྨྲས་པ། དེ་དག་གི་ནི་ཕ་མ་གང་། །ཉེ་དུའི་ཚོགས་ནི་ཇི་ལྟ་བུ། །གཡོག་རྣམས་ཀྱང་ནི་ཅི་འདྲ་ཞིག ། གང་གིས་མཁས་པ་དེ་དག་མཛེས། ། ― DKG058_Page_0578 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། མ་ནི་ཤེས་རབ་ཕ་ནི་ཐབས། །ཉེ་དུ་བྱང་ཆུབ་ཕྱོགས་རྣམས་ཡིན། །དགེ་བ་རྣམས་ནི་གཡོག་ཡིན་ཏེ། །དེས་ནི་མཁས་པ་དེ་དག་མཛེས། །སིལ་སྙན་རྣམས་ཀྱིས་སྨྲས་པ། ཇི་ལྟར་བདག་མེད་རྟོགས་ནས་ནི། །བྱམས་པས་འགྲོ་བ་ཁྱབ་པར་བྱེད། །བདག་མེད་པ་དང་བྱམས་པ་དག ། དེ་ལ་ཇི་ལྟར་མཚུངས་པར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། གང་དག་སྟོང་ཉིད་རབ་ཤེས་པ། །དེ་ནི་བདག་མེད་ཁོང་དུ་ཆུད། །གང་གིས་འགྲོ་བ་སྟོང་ཤེས་པ། །དེ་ནི་དེ་ཡི་བྱམས་པ་མཆོག ། སིལ་སྙན་རྣམས་ཀྱིས་སྨྲས་པ། འདུ་བྱེད་རྣམས་ནི་རང་བཞིན་གྱིས། །འོང་བ་མེད་ཅིང་འགྲོ་མེད་ན། །ལས་དང་ལས་ཀྱི་རྣམ་པར་སྨིན། །ཇི་ལྟ་བུར་ན་འཐད་པར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། དམ་པའི་དོན་དུ་འོང་མེད་དེ། །གང་དུའང་འགྲོ་བ་ཡོད་མ་ཡིན། །ཀུན་རྫོབ་ཏུ་ན་ལམ་འཇུག་ཅིང་། །རྣམ་པར་སྨིན་པ་ཉེ་བར་སྟོན། །སིལ་སྙན་རྣམས་ཀྱིས་སྨྲས་པ། སྟོང་ཉིད་མཚན་མ་མེད་པ་དང་། །སྨོན་ལམ་རྣམ་པར་སྤངས་པར་ནི། །མཚན་ཉིད་གཅིག་ཏུ་རབ་རྟོགས་ནས། །དེ་ཁོ་ན་ནི་ཇི་ལྟར་ཤེས། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། སྟོང་ཉིད་གང་ཡིན་དེ་མཚན་མེད། །མཚན་མ་དོན་དུ་གཉེར་མེད་པ། །མཚན་ཉིད་གཅིག་ཅིང་དོན་གཅིག་སྟེ། །རྣམ་པར་ཐར་པའི་སྒོ་བསྟན་ཏོ། །སིལ་སྙན་རྣམས་ཀྱིས་སྨྲས་པ། གང་གིས་མྱ་ངན་འདས་འགྲོ་བའི། །སྟོང་པར་རྟོག་པ་ཇི་ལྟ་བུ། །སེམས་ཅན་ལྟ་བ་ཇི་ལྟ་བུ། །ཡོངས་སུ་སྨིན་བྱེད་ཇི་ལྟ་བུ། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། ཤེས་རབ་ཀྱིས་ནི་སྟོང་པར་རྟོགས། །ཐབས་ཀྱིས་སེམས་ཅན་རྣམས་ལ་ལྟ། །སྙིང་རྗེས་ཡོངས་སུ་སྨིན་པར་བྱེད། །དེས་ནི་མྱ་ངན་འདས་པར་འགྲོ། །སིལ་སྙན་རྣམས་ཀྱིས་སྨྲས་པ། ཆོས་འདི་དག་ནི་ཆོས་ཉིད་ཀྱིས། །སྐྱེ་བ་མེད་ཅིང་འབྱུང་མེད་པར། །ཚུལ་མཆོག་འདི་འདྲ་ཤེས་ནས་ནི། །གང་གིས་འཁོར་བར་སྐྱེ་བར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། མི་སྐྱེ་བ་ ― DKG058_Page_0579 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་མི་འབྱུང་བ། །དེ་ནི་ཤེས་རབ་སྤྱོད་ཡུལ་ལོ། །བསམས་བཞིན་དུ་ནི་གང་སྐྱེ་བ། །དེ་ནི་ཐབས་ཀྱི་ཚུལ་ཡིན་ནོ། །སིལ་སྙན་རྣམས་ཀྱིས་སྨྲས་པ། གཏོང་ལ་དགའ་བར་ཇི་ལྟར་འགྱུར། །ཇི་ལྟ་བུར་ནི་ཕྱིར་མི་ལྡོག ། ཇི་ལྟར་བཟོད་པ་ཕུན་སུམ་ཚོགས། །ཇི་ལྟར་རྣམ་པར་ངེས་པར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། མཉམ་པར་གནས་པར་གཏོང་ལ་དགའ། །ཆོས་ཀྱི་དབྱིངས་ལས་ཕྱིར་མི་ལྡོག ། མི་སྐྱེ་བ་ལ་བཟོད་པ་སྟེ། །ཆོས་ཤེས་ནས་ནི་རྣམ་པར་ངེས། །སིལ་སྙན་རྣམས་ཀྱིས་སྨྲས་པ། བྱང་ཆུབ་སྙིང་པོ་སྙིང་པོ་གང་། །རྫོགས་པའི་བྱང་ཆུབ་མཚན་ཉིད་གང་། །ཅི་ཕྱིར་རྫོགས་སངས་རྒྱས་ཤེས་བྱ། །དེ་བཞིན་གཤེགས་པ་ཇི་ལྟར་གྲོལ། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། བྱང་ཆུབ་སྙིང་པོ་ནམ་མཁའ་སྟེ། །བྱང་ཆུབ་ནམ་མཁའི་མཚན་ཉིད་དོ། །གང་ཡང་ཀུན་ནས་གཏི་མུག་མེད། །དེ་བཞིན་ཉིད་ཕྱིར་དེ་བཞིན་གཤེགས། །དེ་ནས་མི་འམ་ཅིའི་རྒྱལ་པོའི་བུ་དེ་དག་གིས་ཚིགས་སུ་བཅད་པ་འདི་དག་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་བོ། །དེ་དག་གིས་བཟོད་པ་རབ་ཏུ་ཐོབ་ནས་རང་རང་གི་གོས་དང་རྒྱན་བཅོམ་ལྡན་འདས་ལ་མངོན་པར་བཀབ་སྟེ། འདི་སྐད་ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས་གང་གི་སླད་དུ་བདག་ཅག་གིས་ཉན་པའི་རྣ་བ་འདི་ལྟ་བུ་ཐོབ་པས་སངས་རྒྱས་ནི་བདག་ཅག་གི་ཆེད་དུ་བྱུང་ངོ་། །བཅོམ་ལྡན་འདས་སིལ་སྙན་དང་གླུ་དབྱངས་འདི་དག་ལས་ཐེ་ཙོམ་འདྲི་བའི་སྒྲ་འདི་ལྟ་བུ་བྱུང་བ་དང་། བྱང་ཆུབ་སེམས་དཔའི་གཟུགས་འདི་དག་གིས་དྲིས་པ་དེ་དག་ཐམས་ཅད་ཀྱི་ལན་བཏབ་པས་འཁོར་འདིའི་དོགས་པ་ཐམས་ཅད་སྤངས་པ་དང་། བདག་ཅག་ཀྱང་ཆོས་ཀྱི་སྣང་བ་དཔག་ཏུ་མ་མཆིས་པ་སྐྱེས་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་སིལ་སྙན་དེ་དག་ལས་སྒྲ་འདི་ལྟ་བུ་བྱུང་བའི་རྒྱུ་ཅི་ལགས། སུའི་བྱིན་གྱི་རླབས་ཀྱིས་ན་བྱང་ཆུབ་སེམས་དཔའི་གཟུགས་འདི་དག་གིས་ལན་འདེབས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞིན་བཟངས་དག་དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱི་བྱིན་གྱི་བརླབས་སུ་བལྟའོ། །བཞིན་ ― DKG058_Page_0580 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཟངས་དག་དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱིས། ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ་འདི་ལྟ་བུ་བྱུང་ན་སིལ་སྙན་ལས་ཆོས་ཀྱི་སྒྲ་ཅི་ཕྱིར་མི་འབྱུང་སྟེ། བཞིན་བཟངས་དག་དེ་ལྟར་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ནི་བསམ་གྱིས་མི་ཁྱབ་བོ། །མི་འམ་ཅིའི་རྒྱལ་པོའི་བུ་དེ་དག་གིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་བྱིན་གྱི་རླབས་བསམ་གྱིས་མི་ཁྱབ་པ་ཐོབ་པར་གྱུར་ཅིག། །། བམ་པོ་བཞི་པ། དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོའི་སླས་མི་འམ་ཅི་མོ་བརྒྱད་ཁྲི་བཞི་སྟོང་མུ་ཏིག་ཁ་དོག་སྣ་ཚོགས་ཀྱི་དོ་ཤལ་ཐོགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཇི་ལྟར་ཐོགས་པའི་མུ་ཏིག་གི་དོ་ཤལ་དེ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བཀབ་བོ། །མུ་ཏིག་གི་དོ་ཤལ་དེ་དག་ཕུལ་མ་ཐག་ཏུ་སངས་རྒྱས་ཀྱི་མཐུས་དེ་དག་བཅོམ་ལྡན་འདས་ཀྱི་དབུ་གཙུག་གི་དྲང་ཐད་ཀྱི་སྟེང་གི་བར་སྣང་ལ་མུ་ཏིག་གི་དོ་ཤལ་གྱི་ཁང་པ་བརྩེགས་པ་བརྒྱད་ཁྲི་བཞི་སྟོང་དུ་གྱུར་ཏེ། ཁང་པ་བརྩེགས་པ་དེ་དག་ཐམས་ཅད་ཀྱང་གྲུ་བཞི་ལྷམ་པ། ཀ་བ་བཞི་ཟུག་པ། ཆ་མཉམ་པ། ངོས་ཤིན་ཏུ་རྣམ་པར་ཕྱེ་བ་ཤ་སྟག་གོ །ཁང་པ་བརྩེགས་པ་དེ་དག་ནི་རིན་པོ་ཆེས་སྤྲས་པའི་ཁྲི་རྩ་བ་ཡང་རིན་པོ་ཆེ་ལས་བྱས་པ། ལྷའི་རས་བཅོས་མའི་ཟུང་དུ་མ་བཀྲམ་པ་དག་བྱུང་བར་གྱུར་ཏོ། །ཁྲི་དེ་དག་ཐམས་ཅད་ལ་ཡང་དེ་བཞིན་གཤེགས་པའི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ་དག་བཞུགས་པར་ཀུན་ཏུ་སྣང་ངོ་། །དེ་ནས་མི་འམ་ཅི་མོ་བརྒྱད་ཁྲི་བཞི་སྟོང་གིས་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་འདི་ལྟ་བུ་འདི་མཐོང་ནས། ཚིམ་ཞིང་མགུ་སྟེ་ཡིད་རབ་ཏུ་དགའ་ནས་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ་བསམ་པ་ཐག་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་དག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དགའ་ཞིང་མཆོག་ཏུ་དགའ་སྟེ་དད་པ་ཐོབ་ནས། ཐམས་ཅད་ཀྱིས་སྒྲ་སྐད་དང་དབྱངས་གཅིག་ཏུ་ཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་ ― DKG058_Page_0581 ―
[མ་དཔེ་གཟིགས་ན་འདིར་གནོན།]
མངོན་པར་བསྟོད་དོ། །བླ་ན་མེད་པའི་དགྲ་བཅོམ་མཆོག་གསུང་བ། །དོན་དགོངས་མཚུངས་པ་མ་མཆིས་བསམ་མི་ཁྱབ། །དོན་དང་ཆོས་དང་འདུལ་བ་རབ་བསླབས་པ། །སེམས་ཅན་མཆོག་ལ་མགོ་བོས་ཕྱག་འཚལ་ལོ། །འདོད་ཆགས་ཞེ་སྡང་གཏི་མུག་ཐ་བ་འཇིག ། དགོན་པར་བཞུགས་དགྱེས་བསྙེངས་པ་མི་མངའ་བ། །རིན་ཆེན་མཛོད་དང་རིན་ཆེན་སྟོན་པ་པོ། ། བཅོམ་ལྡན་རྒྱལ་པོའི་རྒྱལ་ལ་ཕྱག་འཚལ་ལོ། །སྤྱན་སྔར་དྲི་བྲལ་ཉོན་མོངས་མི་མངའ་བ། །ས་ཡི་དབང་པོ་ཕ་རོལ་དགྲ་འཇོམས་པ། །པད་མོ་ལྟ་བུར་སྲིད་གསུམ་མི་གོས་པ། །བདེ་གཤེགས་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །འགྲོ་བའི་ནང་ན་མིག་དང་འདྲར་སྤྱོད་ཅིང་། །ཉི་ཟླ་འདི་ཡི་འོད་ནི་སྤ་བཀོང་བ། །འཁོར་ལོས་སྒྱུར་བའི་རིགས་སུ་རྒྱལ་པོར་སྐྱེས། །འཁོར་ལོ་མཚན་མངའ་ཁྱོད་ལ་ཕྱག་འཚལ་ལོ། །མིང་དང་གཟུགས་ལ་ནམ་ཡང་མི་ཆགས་ཤིང་། །མགོན་དང་དཔུང་དང་སྐྱབས་དང་དཔུང་གཉེན་གྱུར། །ཁྱོད་དང་མཚུངས་མེད་ལྷག་པ་ག་ལ་ཞིག ། མཐའ་ཡས་དབྱངས་ལ་མགོ་བོས་ཕྱག་འཚལ་ལོ། །བརྙེས་དང་མ་བརྙེས་ནམ་ཡང་ཆགས་མི་མངའ། །འཇིག་རྟེན་ཆོས་རྣམས་ཟིལ་གྱིས་མནན་ཏེ་བཞུགས། །ཆགས་སྲེད་འཁྲི་ཤིང་དྲ་བ་གྲོལ་མཛད་པ། །བཅོམ་ལྡན་འཇིག་རྟེན་མགོན་ལ་ཕྱག་འཚལ་ལོ། །དུལ་བ་ཐུགས་ནི་རྟག་ཏུ་མཉམ་པར་གཞག ། ཉོན་མོངས་བསྲེགས་ཏེ་སྟོབས་བཅུས་རབ་བཞུགས་ཤིང་། །འགྲོ་ལ་ཟང་ཟིང་མི་མངའ་སྦྱིན་སྩོལ་པ། །སྦྱིན་པའི་གནས་ལ་མགོ་བོས་ཕྱག་འཚལ་ལོ། །སྨྲ་མཆོག་དམ་པ་མཚན་གྱི་འོད་འཕྲོས་པ། །ལམ་ལོག་ཕྱིན་ཅི་ལོག་ནི་རྣམ་པར་སྤངས། །འཇམ་ཞིང་སྣུམ་ལ་སྙན་པའི་གསུང་གསུང་པ། །སྲིད་པ་གསུམ་ལས་འཕགས་ལ་ཕྱག་འཚལ་ལོ། །མི་མཆོག་གདུང་བས་གདུངས་པ་མི་མངའ་བ། །རྫུ་འཕྲུལ་གྱིས་ནི་བྱེ་བའི་ཞིང་དུ་གཤེགས། །འགྲོ་བ་རབ་ཏུ་སྒྲོལ་བའི་གྲུ་མཛད་པ། །བཅོམ་ལྡན་བྲན་འདྲ་ཁྱོད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་བརྩོན་འགྲུས་དག་ལ་སྟོན་མཛད་པ། །ཆགས་ཤིང་ཞེན་པའི་འགྲོ་དང་མངོན་ཤེས་དྲུག ། ལྡན་ཞིང་མཁས་པའི་ཉན་ཐོས་ ― DKG058_Page_0582 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྣམས་ཀྱང་འགྲེལ། །འགྲོ་དྲུག་ཉེ་གཤེགས་ཁྱོད་ལ་ཕྱག་འཚལ་ལོ། །གསེར་གྱི་ཁ་དོག་འདྲ་ལ་ཕྱག་འཚལ་ལོ། །ཞི་གནས་དབང་པོ་དུལ་ལ་ཕྱག་འཚལ་ལོ། །སྟོན་གྱི་ཟླ་འདྲའི་ཞལ་ལ་ཕྱག་འཚལ་ལོ། །མི་མཆོག་ཡོན་ཏན་མངའ་ལ་ཕྱག་འཚལ་ལོ། །ཉོན་མོངས་བསྲེགས་ཤིང་བསྙེངས་པ་མི་མངའ་བ། །སྐྱེ་དགུ་འདི་དག་བསྒྲལ་དཀའ་ཆུ་བཞི་སྒྲོལ། །བསྒོམས་ཤིང་དབང་པོ་ཐུལ་བའི་བཅོམ་ལྡན་འདས། །ཁྱོད་ལ་སྐྱབས་སུ་མཆི་བར་མཆིད་ཀྱིས་འཚལ། །ཐུབ་པས་སྦྱིན་པ་བསམ་གྱིས་མི་ཁྱབ་སྩལ། །བསླངས་ན་དབང་པོ་དགྱེས་པར་རབ་འགྱུར་བ། །ཕ་རོལ་དག་ལ་སྦྱིན་པ་མཆོག་སྩོལ་བ། །གཏོང་དཔའ་བཅོམ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་ང་རྒྱལ་རྒྱགས་ཁེངས་གཏི་མུག་པ། །རྒྱུ་དང་རྐྱེན་དང་བྱ་བ་འགལ་བགྱིད་རྣམས། །འཕགས་པ་བླ་ན་མེད་པའི་ལམ་མཆོག་ལ། །རྣམ་པར་འདྲེན་པ་ཆེན་པོ་ཁྱོད་ཀྱིས་བཀོད། །ཕུང་པོ་རང་བཞིན་གྱིས་ནི་སྟོང་མཁྱེན་ནས། །ལས་དང་ཉོན་མོངས་ཟིལ་གྱིས་མནན་ཏེ་བཞུགས། །འདྲེན་པ་འགྲོ་བ་རྣམས་ཀྱི་སོམ་ཉི་གཅོད། །བཅོམ་ལྡན་དུས་གསུང་ཁྱོད་ལ་ཕྱག་འཚལ་ལོ། །བདེན་པའི་ཆོས་ལ་དགྱེས་ཤིང་མཉམ་པར་བཞག ། ཆོས་རྣམས་ཀུན་ལ་མངའ་དབང་ཕ་རོལ་ཕྱིན། །བླ་ན་མེད་པ་ཁ་ལོ་སྒྱུར་བ་མཆོག ། བཅོམ་ལྡན་དེད་དཔོན་ཁྱོད་ལ་ཕྱག་འཚལ་ལོ། །འཆོས་པ་མི་མངའ་གཡོ་སྒྱུ་རྣམས་དང་བྲལ། །བདུད་ཀྱི་སྡེ་རྣམས་འཇོམས་པའི་སྟོབས་པོ་ཆེ། །མི་མཆོག་ལམ་དང་ལམ་མ་ལགས་ལ་མཁས། །རླུང་དམར་ལྟ་བུར་ཅི་ལའང་ཆགས་མི་མངའ། །གཟིར་བར་གྱུར་གསལ་ཕ་རོལ་ཤིན་ཏུ་གནས། །ཐུབ་པ་བས་མ་འཚལ་བའི་བང་མཛོད་མངའ། །སྤྱད་པ་སྤྱོད་པའི་ཚེ་ན་གང་གཱ་ཡི། །བྱེ་མ་སྙེད་ཀྱི་མི་མཆོག་རྣམས་ལ་མཆོད། །མཐུ་བརྙེས་མི་གཡོ་བསམ་གྱིས་མི་ཁྱབ་པ། །ཆགས་པའི་སྐྱོན་མི་མངའ་ཞིང་ཐང་ལ་བཞུགས། །གནས་ན་བཞུགས་པའི་རྒྱལ་བ་རྣམས་ཀྱིས་བསྟེན། །དེ་སླད་མི་རྣམས་མཆོག་ལ་ཕྱག་འཚལ་ལོ། །སྐྱེ་དང་ན་དང་རྒ་ཤི་རྣམ་པར་སྤངས། །ཚེ་རབས་བྱེ་བ་བསམ་མི་ཁྱབ་པ་དགོངས། །བཅོམ་ ― DKG058_Page_0583 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྡན་འདས་ཀྱི་མཁྱེན་པའི་གདུགས་འོད་ཀྱིས། །འཇིགས་པ་ཆེན་པོའི་དྲ་བ་རབ་ཏུ་འདྲལ། །འདྲེན་པ་རྨི་འདྲར་ཆོས་རྣམས་ཐུགས་སུ་ཆུད། །ཕྱག་དང་ཞབས་ལ་བཀྲ་ཤིས་མཚན་མངའ་ཞིང་། །བཀྲ་ཤིས་བགྱིད་ལས་འཇམ་པའི་རན་སློང་བ། །བཅོམ་ལྡན་བཀྲ་ཤིས་མཛད་ལ་ཕྱག་འཚལ་ལོ། །གཟུངས་རྣམས་ལ་ནི་དབང་གི་ཕ་རོལ་ཕྱིན། །ཟང་ཟིང་མི་མངའ་ཆོས་ཀྱི་སྦྱིན་པ་སྩོལ། །ཐུབ་པ་ཆོས་ཀྱི་རྔ་ནི་རབ་བརྡུངས་པ། །ཆོས་རྗེ་བཅོམ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ཤཱཀྱའི་རིགས་དུས་རྒྱལ་པོའི་ལས་བྱུང་བ། །དབང་པོ་ཞི་ཞིང་ཐུགས་ཀྱང་རབ་ཏུ་ཞི། །སྟོན་པ་སྲིད་གསུམ་འཇིག་རྟེན་རྣམ་གཟིགས་པ། །བདེ་གཤེགས་ཞི་ཐུགས་ཁྱོད་ལ་ཕྱག་འཚལ་ལོ། །བདུད་རྣམས་དཔུང་དང་བཅས་པས་རྣོ་བ་ཡི། །རལ་གྲི་ཐོགས་ནས་བྱང་ཆུབ་དྲུང་ལྷགས་ཀྱང་། །ཁྱོད་ཀྱི་བ་སྤུ་ཙམ་ཡང་མ་གཡོས་ཏེ། །བཅོམ་ལྡན་རི་རབ་མཚུངས་ལ་ཕྱག་འཚལ་ལོ། །མི་ཡི་དམ་པ་བཟོད་པའི་ཕ་རོལ་ཕྱིན། །སྐུ་རྣམས་ཀུན་ལ་ནོངས་པ་བགྱིས་ཀྱང་བཟོད། །ཡང་འབྱུང་བ་དང་སྐྱེ་དང་འཆི་བས་དཔའ། །བཟོད་གསུང་བཅོམ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །མཐུ་བརྙེས་བདེ་བར་གཤེགས་པ་མི་གཡོ་བ། །གནས་དང་གནས་མིན་མཁས་པ་བསྙེངས་མི་མངའ། །ཁྱོད་ཀྱིས་སེམས་ཅན་མང་པོ་བྱང་ཆུབ་བཀོད། །ཆོས་གནས་རྒྱལ་བ་ཁྱོད་ལ་ཕྱག་འཚལ་ལོ། །འདུས་བགྱིས་ཉམ་ཆུང་སྙིང་པོ་མེད་པར་མཁྱེན། །སྐྱེ་བའི་ཚོགས་ནི་ཉུང་བ་མ་ལགས་སེལ། །ཁྱོད་ཀྱི་མཁྱེན་པ་སྲིད་གསུམ་ཁྱད་པར་འཕགས། །ཡེ་ཤེས་ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །སེམས་ཅན་ལོང་བ་སྡུག་བསྔལ་མགོན་མེད་པ། །དེ་དག་ཁྱོད་ཀྱིས་དཀོན་མཆོག་གསུམ་ཚིམ་བགྱིས། །ཁྱོད་ནི་བདུད་དཔུང་བཅས་པ་སྐྲག་མཛད་པ། །བཅོམ་ལྡན་མགོན་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །སྟོབས་དང་བསམ་གཏན་དང་ནི་དབང་པོ་བསྒོམས། །ཁྱོད་ཀྱིས་བདུད་ནི་དཔུང་དང་བཅས་པ་བཅོམ། །སྲིད་པ་རྣམས་ཀྱི་ནང་ན་མཆོག་གྱུར་པ། །ཐུབ་པ་དབང་པོ་བསྒོམས་ལ་ཕྱག་འཚལ་ལོ། །དད་པའི་རྩ་བ་རྒྱ་ཆེན་ཆོས་བསྟན་པ། །མཚུངས་མེད་བྱང་ ― DKG058_Page_0584 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆུབ་ལ་ནི་ཆགས་མི་མངའ། །གྲིབ་མ་ལྟ་བུར་མཁྱེན་ནས་བདེ་གསུངས་པ། །བཅོམ་ལྡན་གདུགས་འདྲ་ཁྱོད་ལ་ཕྱག་འཚལ་ལོ། །འདྲེན་པ་རྨི་འདྲར་ཆོས་རྣམས་ཐུགས་སུ་ཆུད། །འཕགས་པའི་འཁོར་ལོ་རྨི་འདྲ་རབ་ཏུ་བསྐོར། །འདུས་བགྱིས་ཡང་དག་ཏུ་ནི་རྨི་ལམ་འདྲར། །མཁྱེན་ནས་སེམས་ཅན་མང་པོ་དྲན་པར་མཛད། །ཁྱོད་ཀྱི་ལྗགས་མཆོག་དག་པ་དྲི་མི་མངའ། །ལྗགས་ཀྱིས་རང་གི་ཞལ་གྱི་དཀྱིལ་འཁོར་ཁེབས། །ལྗགས་ནི་པད་མ་འདབ་མ་བརྒྱ་ལྟ་བུ། །ལྗགས་སྐྱོན་མི་མངའ་ཁྱོད་ལ་ཕྱག་འཚལ་ལོ། །སྲིད་གསུམ་ཀུན་ལ་ཆགས་པ་མི་མངའ་བ། །འགྲོ་བ་རྣམས་ལ་འདོད་པའི་སྐྱོན་མི་གསུང་། །འདོད་པའི་ཆགས་བྲལ་སྨད་པ་མ་ལགས་པ། །བྱང་ཆུབ་མཆོག་ལ་སྲོག་ཆགས་མོས་པར་མཛད། །ཉོན་མོངས་དགྲ་དང་སྡིག་པའི་དགྲ་སྤངས་པ། །སེར་སྣའི་འདོད་ཆགས་བྲལ་ཞིང་ཆགས་མི་མངའ། །མི་ཡི་དམ་པ་གསེར་ལྟར་དཔལ་སྟུག་པ། །ཁྱོད་ཀྱི་མཚན་དང་གྲགས་པ་ཆུབ་པར་གྲགས། །གནས་དང་དབང་པོ་རྣམ་པར་འབྱེད་ལ་མཁས། །འདི་ན་བཞུགས་ཤིང་འགྲོ་བའི་མིག་ཏུ་གྱུར། །གནས་དང་ཡིག་འབྲུ་ཚིག་གི་དོན་བསླབས་པས། །ཁྱོད་ཀྱིས་ཆུ་བོ་བཞི་ལ་ཟམ་པ་བཏགས། །གླང་པོ་རིན་ཐང་མ་མཆིས་སྦྱིན་པ་མཛད། །འདྲེན་པ་མི་དང་ལྷ་རྣམས་སྒྲོལ་བ་པོ། །ཁྱོད་ཀྱི་ཡོན་ཏན་མཐའ་མ་མི་རྙེད་དེ། །མགོན་པོ་ཁྱོད་ལ་བདག་ནི་ཐལ་མོ་སྦྱར། །མི་ཡི་མཆོག་ལ་རྡུལ་ནི་སྦྱིན་བྱིན་པས། །མི་མཇེད་འཛམ་བུའི་རྒྱལ་པོར་གྱུར་ལགས་ན། །འདིར་ནི་དབང་པོ་དང་བས་ཐལ་སྦྱར་ནས། །སྐྱབས་སུ་ཉེ་བར་མཆི་བ་སྨོས་ཅི་འཚལ། །ཕུང་པོ་གསོག་སྟེ་ཉམ་ཆུང་སྙིང་པོ་མེད། །སྟོང་པ་སྒྱུ་མ་ཆུ་ཟླ་འདྲ་བར་ནི། །གཽ་ཏམ་ཁྱོད་ཀྱིས་དེ་དག་ཡང་དག་མཁྱེན། །ཕུང་པོ་ཁམས་མཁས་ཁྱོད་ལ་ཕྱག་འཚལ་ལོ། །སྲེད་པའི་སྲད་བུས་དམ་དུ་མདུད་བོར་ཏེ། །སྲིད་པའི་འགྲོ་བར་དྲ་བར་རབ་གྲགས་པ། །སྲིད་པར་འགྲོ་བ་རྣམས་ཀྱི་དྲ་བ་དེ། །བདེ་གཤེགས་ཁྱོད་ཀྱི་མཁྱེན་པའི་འོད་ཀྱིས་དྲལ། །ཚངས་པའི་སྒྲ་སྐད་ལྟ་བུའི་གསུང་བརྗོད་པ། །ཤོ་བེ་མ་ལགས་མི་འགྱུར་འདྲིད་མ་ལགས། ། ― DKG058_Page_0585 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕུན་ཚོགས་གསུང་དེ་དེ་དག་ཐོས་ནས་ནི། །ཐལ་མོ་སྦྱར་ཏེ་སྐྱབས་སུ་ཉེ་བར་མཆི། །ཕྱག་གི་མཐིལ་གྱིས་ས་འདིར་རེག་པ་ན། །ནགས་ཚལ་བཅས་པར་རྣམ་པ་དྲུག་གཡོས་ཀྱང་། །འདིར་ནི་གཞན་ལ་གནོད་པར་འགྱུར་མ་མཆིས། །བདུད་ཕྱོགས་དགྲ་བཅོམ་ཁྱོད་ལ་ཕྱག་འཚལ་ལོ། །ལྷ་ཡི་རྒྱལ་པོ་ཆེ་དང་མཁས་པ་གང་། །ཁྱོད་ཀྱི་ཆོས་དོན་གཉེར་ཞིང་མཆིས་པ་རྣམས། །དེ་དག་སོ་སོར་ཆོས་བསྟན་ཐོས་ནས་སུ། །ཞབས་གཉིས་ལ་ནི་རབ་ཏུ་གཏུགས་པར་བགྱིད། །དེ་ནས་མི་འམ་ཅིའི་རྒྱལ་པོའི་སླས་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་ནས་བུད་མེད་ཀྱི་དངོས་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ན། ཇི་ལྟར་བདག་ཅག་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ། སྐྱེས་པའི་དངོས་པོ་འཐོབ་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟ་བུའི་ཆོས་དེ་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་མི་འམ་ཅིའི་རྒྱལ་པོ་སྡོང་པོའི་སླས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྲིང་མོ་དག་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཇི་ལྟར་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་འཐོབ་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ངས་ཁྱོད་ལ་བཤད་པར་བྱའོ། །མི་འམ་ཅིའི་རྒྱལ་པོའི་སླས་རྣམས་ཀྱིས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྲིང་མོ་དག་ཆོས་གཅིག་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་ཅིང་མྱུར་དུ་བླ་ན་མེད་ ― DKG058_Page_0586 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ཆོས་གཅིག་པོ་དེ་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་བསམ་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་དང་། མི་མཉམ་པ་དང་མཉམ་པའི་སེམས་བསྐྱེད་པ་དང་། འཇིག་རྟེན་གསུམ་ལས་ཁྱད་པར་དུ་འཕགས་པའི་སེམས་བསྐྱེད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ལ་བརྗེད་པ་མེད་པའི་སེམས་བསྐྱེད་པ་སྟེ། སྲིང་མོ་དག་ཆོས་གཅིག་པོ་འདི་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་ལུས་ཐོབ་པར་འགྱུར་རོ། །སྲིང་མོ་དག་གཞན་ཡང་ཆོས་གཉིས་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་ལུས་ཐོབ་པར་འགྱུར་རོ། །གཉིས་གང་ཞེ་ན། འདི་ལྟ་སྟེ། ཕྲག་དོག་མེད་པ་དང་། སེར་སྣ་མེད་པ་སྟེ། སྲིང་མོ་དག་ཆོས་འདི་གཉིས་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །སྲིང་མོ་དག་གཞན་ཡང་ཆོས་གསུམ་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། ལུས་ཀྱི་སྡོམ་པ་གསུམ་ཡོངས་སུ་དག་པ་དང་། ངག་གི་སྡོམ་པ་བཞི་ཡོངས་སུ་དག་པ་དང་། ཡིད་ཀྱི་སྡོམ་པ་གསུམ་ཡོངས་སུ་དག་པ་སྟེ། སྲིང་མོ་དག་ཆོས་གསུམ་པོ་འདི་དག་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །སྲིང་མོ་དག་གཞན་ཡང་ཆོས་བཞི་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། གཡོ་མེད་པར་སྦྱིན་པ་སྦྱིན་པ་དང་། གཡོ་མེད་པར་བསླབ་པའི་གནས་འཛིན་པ་དང་། གཡོ་མེད་པར་ཚུལ་ཁྲིམས་སྟེན་པ་དང་། གཡོ་མེད་པར་ཆོས་ཉན་པ་སྟེ། སྲིང་མོ་དག་ཆོས་བཞི་པོ་འདི་དག་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །སྲིང་མོ་དག་གཞན་ཡང་ཆོས་ལྔ་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་ ― DKG058_Page_0587 ―
[མ་དཔེ་གཟིགས་ན་འདིར་གནོན།]
པོ་ཐོབ་པར་འགྱུར་རོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། ཆོས་དོན་དུ་གཉེར་བ་དང་། ཆོས་ཐོས་ནས་ཚུལ་བཞིན་དུ་སོ་སོར་རྟོག་པ་དང་། བསམ་པ་ཐག་པ་ནས་བུད་མེད་ཀྱི་དངོས་པོ་ལ་སྨོད་པ་དང་། རྟག་པར་རྒྱུན་དུ་སྐྱེས་པའི་ལུས་འཐོབ་པར་སེམས་སྐྱེད་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་སྟེ། སྲིང་མོ་དག་ཆོས་ལྔ་པོ་འདི་དག་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །སྲིང་མོ་དག་གཞན་ཡང་ཆོས་དྲུག་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ། སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །དྲུག་གང་ཞེ་ན། འདི་ལྟ་སྟེ། དྲང་བ་དང་། མཉེན་པ་དང་། སྒྱུ་མེད་པ་དང་། གཡོ་མེད་པ་དང་། བསྩལ་བ་མེད་པ་དང་། བཅོས་པ་མེད་པ་སྟེ། སྲིང་མོ་དག་ཆོས་དྲུག་པོ་འདི་དག་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །སྲིང་མོ་དག་གཞན་ཡང་ཆོས་བདུན་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །བདུན་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་སྐུ་ཐོབ་པར་བྱ་བའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་དང་། སངས་རྒྱས་ཀྱི་ཆོས་ཐོབ་པར་བྱ་བའི་ཕྱིར་ཆོས་རྗེས་སུ་དྲན་པ་དང་། རང་གིས་ཕྱིར་མི་ལྡོག་པའི་དགེ་འདུན་བསྡུ་བའི་ཕྱིར་དགེ་འདུན་རྗེས་སུ་དྲན་པ་དང་། སྨོན་ལམ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། ཉོན་མོངས་པ་ཐམས་ཅད་ཡོངས་སུ་དོར་བའི་ཕྱིར་གཏོང་བ་རྗེས་སུ་དྲན་པ་དང་། བྱང་ཆུབ་ཀྱི་སེམས་རྣམ་པར་དག་པར་བྱ་བའི་ཕྱིར་ལྷ་རྗེས་སུ་དྲན་པ་དང་། དེ་དག་དགྲོལ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་སེམས་པ་སྟེ། སྲིང་མོ་དག་ཆོས་བདུན་པོ་འདི་དག་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །སྲིང་མོ་དག་གཞན་ཡང་ཆོས་བརྒྱད་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཟས་ལ་སྲེད་པ་མ་ཡིན་པ་དང་། སྐོམ་ལ་སྲེད་པ་མ་ཡིན་པ་དང་། མེ་ཏོག་དང་། སྤོས་དང་ཕྲེང་ ― DKG058_Page_0588 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་དང་། བྱུག་པ་དང་། ཕྱེ་མ་ལ་སྲེད་པ་མ་ཡིན་པ་དང་། སྐྱེད་མོས་ཚལ་དུ་འགྲོ་བར་སྲེད་པ་མ་ཡིན་པ་དང་། རྒོད་པ་དང་འཇོ་བ་ལ་སྲེད་པ་མ་ཡིན་པ་དང་། གླུ་དང་གར་དང་རོལ་མོའི་དབྱངས་སྒྲ་ལ་སྲེད་པ་མ་ཡིན་པ་དང་། དགའ་བ་དང་རྩེ་བ་ལ་སྲེད་པ་མ་ཡིན་པ་དང་། རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་ལ་དགའ་བ་ལ་སྲེད་པ་མ་ཡིན་པ་སྟེ། སྲིང་མོ་དག་ཆོས་བརྒྱད་པོ་འདི་དག་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །སྲིང་མོ་དག་གཞན་ཡང་ཆོས་དགུ་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །དགུ་གང་ཞེ་ན། འདི་ལྟ་སྟེ། ཆད་པར་ལྟ་བ་མ་ཡིན་པ་དང་། རྟག་པར་ལྟ་བ་མ་ཡིན་པ་དང་། བདག་ཏུ་སྨྲ་བ་མ་ཡིན་པ་དང་། སེམས་ཅན་དུ་སྨྲ་བ་མ་ཡིན་པ་དང་། སྲོག་ཏུ་སྨྲ་བ་མ་ཡིན་པ་དང་། གང་ཟག་ཏུ་སྨྲ་བ་མ་ཡིན་པ་དང་། འབྱུང་བར་ལྟ་བ་མ་ཡིན་པ་དང་། འཇིག་པར་ལྟ་བ་མ་ཡིན་པ་དང་། རྒྱུ་དང་རྐྱེན་ལ་འཇུག་པ་ལ་མཁས་པ་ཡིན་ཏེ། སྲིང་མོ་དག་ཆོས་དགུ་པོ་འདི་དག་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །སྲིང་མོ་དག་གཞན་ཡང་ཆོས་བཅུ་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་བྱམས་པར་གནས་པ་དང་། གཞན་གྱི་ལོངས་སྤྱོད་ལ་བརྣབ་སེམས་མི་སྐྱེད་པ་དང་། སྐྱེས་པའི་སེམས་སུ་ཡིད་ལ་བྱེད་པ་སྐྱེད་པ་དང་། སྲོག་གི་ཕྱིར་ཡང་རྫུན་གྱི་ཚིག་མི་སྨྲ་བ་དང་། ཕྲ་མའི་ཚིག་མི་སྨྲ་བ་དང་། ཞེ་གཅོད་པའི་ཚིག་མི་སྨྲ་བ་དང་། ཚིག་ཀྱལ་པ་མི་སྨྲ་བ་དང་། ཕ་རོལ་པོ་དགའ་ཞིང་རྩེ་བ་ལ་ཕྲག་དོག་མེད་པ་དང་། གནོད་སེམས་ཀྱི་བག་ལ་ཉལ་མངོན་པར་མི་སྒྲུབ་པ་དང་། ཡང་དག་པར་ལྟ་བ་དང་ལྡན་པར་འགྱུར་བ་དང་རྣམ་པར་སྨིན་པ་ལ་རེ་བ་མེད་པ་སྟེ། སྲིང་མོ་དག་ཆོས་བཅུ་པོ་འདི་དག་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །སྲིང་མོ་དག་གཞན་ཡང་ ― DKG058_Page_0589 ―
[མ་དཔེ་གཟིགས་ན་འདིར་གནོན།]
བུད་མེད་ཟབ་མོ་ལ་མོས་པ་ཡིན་ཏེ། དེ་གཟུགས་ལ་དབུ་བ་རྡོས་པ་ལྟ་བུར་སོ་སོར་རྟོག་ཀྱང་གཟུགས་ཀྱིས་རྒྱགས་ཤིང་མྱོས་པར་མི་འགྱུར་བ་དང་། ཚོར་བ་ལ་ཆུའི་ཆུ་བུར་ལྟ་བུར་སོ་སོར་རྟོག་ཀྱང་བདེ་བའི་ཚོར་བ་ལ་རྗེས་སུ་ཆགས་པ་མེད་པ་དང་། སྡུག་བསྔལ་གྱི་ཚོར་བ་ལ་ཁོང་ཁྲོ་བར་མི་འགྱུར་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བའི་ཀུན་ཏུ་གཏི་མུག་པར་མི་འགྱུར་བ་དང་། འདུ་ཤེས་ལ་སྨིག་རྒྱུ་ལྟ་བུར་སོ་སོར་རྟོག་ཅིང་བུད་མེད་ཀྱི་འདུ་ཤེས་མི་སྐྱེད། སྐྱེས་པའི་འདུ་ཤེས་མི་སྐྱེད་པ་དང་། འདུ་བྱེད་རྣམས་ལ་ཆུ་ཤིང་གི་ཕུང་པོ་ལྟ་བུར་སོ་སོར་རྟོག་སྟེ། འདུ་བྱེད་ཐམས་ཅད་ལ་སྙིང་པོ་མེད་པར་རྟོགས་ནས་འདུ་བྱེད་ཐམས་ཅད་ལ་མི་གནས་ཤིང་དེ་ལ་ཆགས་པ་མི་སྐྱེད་པ་དང་། རྣམ་པར་ཤེས་པ་ལ་སྒྱུ་མ་ལྟ་བུར་སོ་སོར་རྟོག་སྟེ། སེམས་དང་ཡིད་དང་རྣམ་པར་རིག་པ་དེ་སྒྱུ་མ་བྱས་པ་བཞིན་དུ་རྟོགས་ནས་ཆོས་ཐམས་ཅད་ལ་ཆགས་པ་མེད་ཞེ་སྡང་མེད་གཏི་མུག་མེད་པ་དང་། ལུས་ལ་འབྱུང་བ་ཆེན་པོ་བཞི་དང་ལྡན་པར་སོ་སོར་རྟོག་སྟེ། འདི་ལྟ་སྟེ། སའི་ཁམས་དང་ལྡན་པ་དང་། ཆུའི་ཁམས་དང་ལྡན་པ་དང་། མེའི་ཁམས་དང་ལྡན་པ་དང་། རླུང་གི་ཁམས་དང་ལྡན་པར་ལུས་ལ་སོ་སོར་རྟོག་གོ །ལུས་འདི་ནི་བསྡུས་པ་རྩྭ་དང་། ཤིང་དང་། བོང་བ་དང་། རྩིག་པ་དང་། མིག་ཡོར་ལྟ་བུ་སྟེ། འདི་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། སྐྱེས་བུ་མ་ཡིན། གང་ཟག་མ་ཡིན་གྱི་ཕྱིན་ཅི་ལོག་སྔོན་དུ་སོང་བས་རྒྱུ་དང་བྱ་བ་དང་། ལས་ཀྱི་བྱུང་བའོ། །གཞན་ཡང་བུད་མེད་མིག་ལ་ཁ་ཟས་ལས་སྐྱེས་པ་ཤའི་གོང་བུ་ངོ་བོ་ཉིད་ཀྱིས་སྟོང་པ་རང་བཞིན་གྱིས་དབེན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་དང་། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་ངོ་བོ་ཉིད་ཀྱིས་སྟོང་པ་དང་། རང་བཞིན་གྱིས་དབེན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པའོ། །གཞན་ཡང་བུད་མེད་ལུས་ལ་གཟུགས་བརྙན་ལྟ་བུར་འཇུག་པ་དང་། ངག་ལ་བྲག་ཅ་ལྟ་བུར་འཇུག་པ་དང་། སེམས་ལ་སྒྱུ་མ་ལྟ་བུར་འཇུག་པའོ། །སྲིང་མོ་དག་ཆོས་འདི་དག་དང་ལྡན་ན་བུད་མེད་བུད་མེད་ཀྱི་ ― DKG058_Page_0590 ―
[མ་དཔེ་གཟིགས་ན་འདིར་གནོན།]
དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོའི་སླས་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལས་བུད་མེད་ཀྱི་དངོས་པོ་ལས་སྒྱུར་བའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཚིམ་ཞིང་མགུ་སྟེ། ཡི་རངས་ཤིང་རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་ཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། །དྲི་མེད་དྲི་བྲལ་དྲི་མ་གཅོད་མཛད་པ། །རྡུལ་མེད་རྡུལ་བྲལ་ལྷག་པའི་གཟི་བརྗིད་མངའ། །པད་མའི་འདབ་འདྲའི་སྤྱན་དང་མཛེས་པའི་ཐུགས། །དྲི་མེད་ཟླ་ཞལ་ཁྱོད་ལ་ཕྱག་འཚལ་ལོ། །དགའ་མཛད་ཞི་མཛད་ཉོན་མོངས་གཅོད་མཛད་པ། །དགའ་བ་སྟོན་པ་རྟག་ཏུ་དགོན་པར་དགྱེས། །རིན་ཆེན་འབྱུང་གནས་རིན་ཆེན་མཛོད་མངའ་བ། །ཡོན་ཏན་མཆོག་མངའ་ཁྱོད་ལ་ཕྱག་འཚལ་ལོ། །ཕ་རོལ་གཤེགས་པ་གཞན་གྱི་ཚོགས་རྣམས་འཇོམས། །པད་མ་ལྟ་བུར་སྟོང་མཆོག་བཀའ་མཆིད་གསུང་། །ལམ་མཆོག་སྩོལ་ཅིང་དམ་པའི་དོན་སྟོན་པ། །མཆོག་ཏུ་དགའ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཆུ་བོ་བཞི་རྒལ་བདེན་བཞིའི་བཀའ་མཆིད་གསུང་། །ས་ལ་རྒྱུ་བ་འདི་ལ་མིག་སྩོལ་བ། །འཁོར་ལོ་མཆོག་གི་མཚན་ནི་སྟོང་མངའ་བ། །རྡུལ་མེད་ཕན་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཉོན་མོངས་རྡུལ་བསལ་དམ་པ་མཐུ་བོ་ཆེ། །མགོན་པོ་འགྲོ་ལ་མཆོག་གི་དོན་མཛད་པ། །བདུད་ཀྱི་དཔུང་རྣམས་སྟོབས་མེད་འཇིག་མཛད་པ། །བཅོམ་ལྡན་སྟོབས་བཅུ་ཁྱོད་ལ་ཕྱག་འཚལ་ལོ། །སྲེད་པའི་འཁྲི་ཤིང་གཅོད་མཛད་མཉམ་པ་མེད། །བརྙེས་པ་དག་དང་མ་བརྙེས་མཚུངས་མཉམ་ཐུགས། །འཇིག་རྟེན་མཐར་འབྱིན་སྣང་བའི་སྒྲོན་མཛད་པ། །རྒྱ་མཚོ་ལྟ་བུ་ཁྱོད་ལ་ཕྱག་འཚལ་ལོ། །དུལ་ཞིང་སྟོབས་བཅུ་ཆེན་པོ་དམ་པ་མངའ། །སྦྱིན་པ་སྩོལ་ཅིང་རྟག་ཏུ་གཏོང་ལ་དགྱེས། །དུལ་བ་ཞི་གནས་ཡོན་ཏན་ཕ་རོལ་ཕྱིན། །ཉོན་མོངས་རྡུལ་བསལ་ཁྱོད་ལ་ཕྱག་འཚལ་ ― DKG058_Page_0591 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལོ། །མཚན་མཆོག་འགྲོ་བ་ཀུན་ལ་དམ་པ་སྩོལ། །སྐྱེ་བོའི་འདྲེན་པ་ལྷ་ཡི་མཆོག་པས་མཆོག ། བྱམས་དང་སྟོབས་དང་བཟོད་ལ་ངེས་པར་དགྱེས། །མཆོད་འོས་བདེ་གཤེགས་ཁྱོད་ལ་ཕྱག་འཚལ་ལོ། །མར་མེ་ལྟ་བུ་དྲི་མེད་ཟླ་བ་འདྲ། །ཕྱི་ནང་ཉོན་མོངས་དྲི་མ་གཅོད་མཛད་པ། །ཉོན་མོངས་སྤངས་པ་ཡོན་ཏན་བསོད་ནམས་གཏེར། །ཞི་བ་ཐུགས་ཞི་ཁྱོད་ལ་ཕྱག་འཚལ་ལོ། །དད་པ་སྩོལ་བ་དགེ་སྦྱོང་ཞི་མཛད་པ། །སྟོན་པ་སྐྱེ་མཆེད་དྲུག་ལས་ཐར་མཛད་པ། །རྗེས་སུ་དྲན་དྲུག་ཤིན་ཏུ་ཡོངས་དག་དྲན། །རྒྱལ་བ་དགེ་སྦྱོང་རྒྱལ་ལ་ཕྱག་འཚལ་ལོ། །འདོམ་གང་འོད་ནི་གསེར་གྱི་ཁ་དོག་བལྟ། །གསུང་སྙན་དམ་པ་རྣམ་པར་དག་པའི་དབྱངས། །བཅོམ་ལྡན་གང་ཟག་དམ་པ་སྐྱེས་བུ་མཆོག ། སྲིད་གསུམ་ཞི་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཤེས་རབ་མུན་པ་མ་མཆིས་ཕ་རོལ་གཤེགས། །རྟག་ཏུ་དཀའ་ཐུབ་བརྟུལ་ཞུགས་རབ་ཏུ་སྤྱོད། །དེ་བཞིན་ཁོན་གཞན་མིན་དེ་བཞིན་གསུང་། །མུན་པར་སྒྲོན་མ་འཛིན་ལ་ཕྱག་འཚལ་ལོ། །བདེ་གཤེགས་གྲགས་ལྡན་ཡོན་ཏན་བས་མ་འཚལ། །དེ་བཞིན་ཉིད་ཀྱི་ཆོས་ཀྱི་གནས་སྟོན་པ། །ཡོན་ཏན་བརྗོད་པ་མཐོང་ཞིང་གྲགས་བསྒྲགས་པས། །མཆོག་ཏུ་དགའ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །བསྔགས་ལ་གནས་ཤིང་བརྟུལ་ཞུགས་དཀའ་ཐུབ་འཕགས། །ཁེངས་དང་ང་རྒྱལ་རྒྱགས་པ་གཅོད་མཛད་པ། །ཡེ་ཤེས་འབྱུང་གནས་རྡུལ་བྲལ་བློ་གྲོས་མཆོག ། སྐྱེ་བོ་མཐར་ཕྱིན་ཁྱོད་ལ་ཕྱག་འཚལ་ལོ། །ཀ་ལ་ཡིང་ཀ་ཚངས་དབྱངས་ཐུགས་རྗེ་ཅན། །འདོད་པ་རྩོད་བགྱིད་དྲི་མ་སེལ་མཛད་པ། །ཕུང་པོ་ཡོངས་མཁྱེན་མཁས་པ་བདེ་བར་གཤེགས། །ཡོན་ཏན་ཚོགས་མཆོག་མངའ་ལ་ཕྱག་འཚལ་ལོ། །ཡོན་ཏན་སྟོན་པ་ཡོན་ཏན་བསྟོད་མཆོད་པ། །ཟབ་མོ་བལྟ་དཀའ་ཤིན་ཏུ་རྟོགས་པར་དཀའ། །འཛུམ་ཞལ་ཟླ་འདྲ་གསོང་པོར་གསུང་མཛད་པ། །བདུད་སྟོབས་འཇོམས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །མཉམ་ཐུགས་ཁ་ལོ་སྒྱུར་བ་རབ་དུལ་ཐུགས། །ཀུན་གྱིས་མངོན་བསྟོད་མཉམ་པའི་ལམ་ལ་གནས། །ཐུབ་པ་མཆོག་གསུང་བདེན་པའི་བཀའ་མཆིད་ཅན། །བདེ་གཤེགས་མཉམ་ ― DKG058_Page_0592 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐུགས་ཁྱོད་ལ་ཕྱག་འཚལ་ལོ། །ལམ་སྩོལ་སྙན་པ་ཤིན་ཏུ་འཇམ་པའི་དབྱངས། །བདུད་ཀྱི་སྡེ་མང་འཇོམས་མཛད་ང་རྒྱལ་དང་། །ལྷག་པའི་ང་རྒྱལ་མི་མངའ་ཚུལ་མི་འཆོས། །ཐུབ་པ་དགེ་སྦྱོང་རྒྱལ་ལ་ཕྱག་འཚལ་ལོ། །སྟོབས་དང་མཐུ་དང་བརྩོན་འགྲུས་བསམ་གཏན་དགྱེས། །རྟག་ཏུ་འདོད་ཆགས་སྐྱོན་དང་རབ་རིབ་བྲལ། །བདེ་བར་གཤེགས་པ་མི་གཡོ་གནས་ལ་ཞུགས། །སྟོབས་བཅུ་མཆོག་མངའ་ཁྱོད་ལ་ཕྱག་འཚལ་ལོ། །ཕྱག་དང་ཞབས་ནི་དྲི་མེད་དྲ་བས་འབྲེལ། །སྐྱེ་དང་རྒ་དང་འཆི་བ་མི་མངའ་བ། །རྒྱལ་བར་འོས་པ་འགྲོ་བ་ཀུན་ལས་རྒྱལ། །ནམ་མཁའ་མཉམ་ཐུགས་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོའི་སླས་མི་འམ་ཅིའི་བུ་མོ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་གི་ལྷག་པའི་བསམ་པ་མཁྱེན་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ་གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་དུ་མ་ཁ་དོག་སྣ་ཚོགས་བྱུང་སྟེ། འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཤེལ་དང་དངུལ་གྱི་ཁ་དོག་ལྟ་བུའོ། །དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར་འོད་ཀྱིས་ཁྱབ་པར་བྱས་ཏེ། ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ནས་ཉི་མ་དང་ཟླ་བའི་འོད་མོག་མོག་པོར་བྱས་ཏེ། སླར་ལོག་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཞེ་ས་དང་བཅས་ཤིང་གུས་པ་དང་བཅས་པར་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཚིགས་སུ་བཅད་པ་མངོན་པར་བསྒྲུབ་པ་འདིས་བཅོམ་ལྡན་འདས་ལ་འཛུམ་པ་མཛད་པའི་དོན་ཞུས་པ། བདེ་བར་གཤེགས་པ་ཅི་སླད་འཛུམ་སྟོན་པ། །ཟླ་བ་དྲི་མ་མེད་ཞལ་ཁྱོད་ལ་ཞུ། །དྲི་མེད་གཟི་བརྗིད་ ― DKG058_Page_0593 ―
[མ་དཔེ་གཟིགས་ན་འདིར་གནོན།]
མངའ་བ་ཁྱོད་ལ་ཞུ། །གསེར་གྱི་ཁ་དོག་ལྟ་བུ་ཁྱོད་ལ་ཞུ། །བདེ་བར་གཤེགས་པ་ཅི་སླད་འཛུམ་སྟོན་པ། །དམ་པའི་གཟུགས་རྣམས་མངའ་བ་ཁྱོད་ལ་ཞུ། །འགྲོ་བ་རྣམས་ཀྱི་དོན་མཛད་ཁྱོད་ལ་ཞུ། །ལྷ་དང་མི་རྣམས་ཀྱིས་མཆོད་ཁྱོད་ལ་ཞུ། །བདེ་བར་གཤེགས་པ་ཅི་སླད་འཛུམ་སྟོན་པ། །སྦྱིན་དང་དུལ་ལ་དགྱེས་པ་ཁྱོད་ལ་ཞུ། །ཚུལ་ཁྲིམས་ཡོངས་དག་གྱུར་པ་ཁྱོད་ལ་ཞུ། །བཟོད་པའི་སྟོབས་དང་སྟོབས་སྩོལ་ཁྱོད་ལ་ཞུ། །བདེ་བར་གཤེགས་པ་ཅི་སླད་འཛུམ་སྟོན་པ། །བརྩོན་འགྲུས་སྟོབས་དང་མཐུ་མངའ་ཁྱོད་ལ་ཞུ། །བསམ་གཏན་མངོན་ཤེས་དགྱེས་པ་ཁྱོད་ལ་ཞུ། །ཤེས་རབ་ནམ་མཁའ་མཉམ་པ་ཁྱོད་ལ་ཞུ། །བདེ་བར་གཤེགས་པ་ཅི་སླད་འཛུམ་སྟོན་པ། །རྟག་ཏུ་བྱམས་པའི་ཐུགས་ཅན་ཁྱོད་ལ་ཞུ། །རྟག་ཏུ་ཐུགས་རྗེ་ལྡན་པ་ཁྱོད་ལ་ཞུ། །དགའ་དང་བཏང་སྙོམས་དགྱེས་པ་ཁྱོད་ལ་ཞུ། །བདེ་བར་གཤེགས་པ་ཅི་སླད་འཛུམ་སྟོན་པ། །སྲིད་པ་གསུམ་པོ་མཐར་འབྱིན་ཁྱོད་ལ་ཞུ། །སྤྱན་གསུམ་དྲི་མ་མི་མངའ་ཁྱོད་ལ་ཞུ། །བདུད་རྩི་ཆོས་རྣམས་གསུང་བ་ཁྱོད་ལ་ཞུ། །བདེ་བར་གཤེགས་པ་ཅི་སླད་འཛུམ་སྟོན་པ། །བདུད་རྣམས་ཐ་མར་འབྱིན་པ་ཁྱོད་ལ་ཞུ། །ངན་པའི་ཚོགས་རྣམས་འཇོམས་པ་ཁྱོད་ལ་ཞུ། །བདེན་པ་དམ་པ་གཟིགས་པ་ཁྱོད་ལ་ཞུ། །བདེ་བར་གཤེགས་པ་ཅི་སླད་འཛུམ་སྟོན་པ། །སྟོབས་བཅུ་དམ་པ་མངའ་བ་ཁྱོད་ལ་ཞུ། །ཐེ་ཙོམ་དག་ནི་གཅོད་མཛད་ཁྱོད་ལ་ཞུ། །ཡོན་ཏན་སྟོང་གིས་བརྒྱན་པ་ཁྱོད་ལ་ཞུ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ཀྱིས་མི་འམ་ཅིའི་རྒྱལ་པོ་སྡོང་པོའི་སླས་རྣམས་ང་ལས་དགེ་བའི་རྩ་བ་བསྐྱེད་དོ། །བསམ་པ་ཐག་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བུད་མེད་ཀྱི་དངོས་པོ་ལས་བསྒྱུར་ཞིང་སྐྱེས་པའི་དངོས་པོ་ཐོབ་པར་བྱ་བའི་ཕྱིར་ངའི་རྐང་པ་གཉིས་ལ་གཏུགས་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་ ― DKG058_Page_0594 ―
[མ་དཔེ་གཟིགས་ན་འདིར་གནོན།]
བོ་མི་འམ་ཅིའི་སླས་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་གིས་བསམ་པ་ཐག་པ་ནས་དགེ་བའི་རྩ་བ་བསྐྲུན་པ་འདིས་འདི་ནི་ཤི་འཕོས་ནས་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་ལུས་ཐོབ་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། ། དེར་སྐྱེས་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ལྷན་ཅིག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྫོགས་པའི་བྱང་ཆུབ་འདི་ཀུན་འགྲོ་བ་བྱེད་པར་འགྱུར་རོ། །བྱམས་པ་དེ་བཞིན་གཤེགས་པ་བྱང་ཆུབ་ཐོབ་པ་ན་མཉེས་པར་བྱེད་ཅིང་དམ་པའི་ཆོས་ཀྱང་ཀུན་བགྲོ་བ་བྱེད་པར་འགྱུར་རོ། །བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་རིམ་གྱིས་མཉེས་པར་བྱེད་པར་འགྱུར། དེ་དག་གིས་དམ་པའི་ཆོས་ཀྱང་ཀུན་བགྲོ་བ་བྱེད་པར་འགྱུར། འཛིན་པར་འགྱུར་རོ། །དེ་དག་རིམ་གྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡང་དག་པར་བསྒྲུབ་པར་བྱ་བ་ཐམས་ཅད་ཀུན་ཏུ་རྫོགས་པར་བྱས་ནས། གང་གི་ཚེ་མི་འམ་ཅིའི་རྒྱལ་པོ་སྡོང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེའི་ཚེ་དེ་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་ཏེ། དེས་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་ཡང་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་མི་འམ་ཅིའི་རྒྱལ་པོ་སྡོང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བདག་ཅག་ལ་སངས་རྒྱས་ཀྱི་མཛད་པ་མཛད་དོ། །ངན་སོང་ངན་འགྲོ་ཐམས་ཅད་ཀྱི་ལམ་བཀུམ་མོ། །བདེ་འགྲོ་ཐམས་ཅད་ཀྱི་ལམ་རྣམ་པར་སྦྱངས་སོ། །བདག་ཅག་བྱང་ཆུབ་ཀྱི་ལམ་ལ་རབ་ཏུ་བཀོད་དོ། །བདག་ཅག་ལ་ཆོས་ཀྱི་གཏེར་བསྟན་ཏོ། །བདག་ཅག་ཡེ་ཤེས་ཀྱི་ས་ལ་བཀོད་དོ། །དགེ་བའི་རྩ་བ་ཐམས་ཅད་འབར་བར་བགྱིས་སོ། །ཕ་རོལ་ཏུ་ཕྱིན་པའི་ཕྱོགས་བསྟན་ཏོ། །ཐབས་ལ་མཁས་པ་བསྟན་ཏོ། །བདག་ཅག་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་པ་སྩལ་ཏོ། །ཆོས་བསྒྲགས་པས་རབ་ཏུ་དགའ་བར་མཛད་དོ། །དགའ་བ་དང་དང་བ་དང་། མཆོག་ཏུ་དགའ་བ་ཐོབ་པས་གཟེངས་བསྟོད་དོ། །ཆོས་ཟབ་མོའི་བཟོད་པ་ལ་རབ་ཏུ་དགའ་བར་མཛད་དོ། །བདག་ ― DKG058_Page_0595 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅག་ཕྱིར་མི་ལྡོག་པའི་ས་ལ་རབ་ཏུ་བཀོད་དོ། །བདག་ཅག་ནི་བཅོམ་ལྡན་འདས་ལ་བྱས་པ་གཟོ་བ་ལགས་ཀྱི་བྱས་པ་མི་གཟོ་བ་མ་ལགས་ཀྱང་བཅོམ་ལྡན་འདས་བདག་ཅག་གིས་ཤ་དང་ཁྲག་གིས་ཀྱང་དེ་བཞིན་གཤེགས་པ་ལ་ལན་མི་ལོན་ན་གཞན་གྱིས་ལན་ལྡོན་པར་མི་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ། དེ་ནས་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། མ་ལ་མི་འམ་ཅིའི་རྒྱལ་པོ་སྡོང་པོ་འདི་ཇི་སྲིད་ཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། འདིའི་མིང་ནི་ཇི་སྐད་ཅེས་བྱ་བར་འགྱུར། བྱང་ཆུབ་སེམས་དཔའི་དགེ་འདུན་ནི་ཇི་སྙེད་ཅིག་ཏུ་འགྱུར། ལོངས་སྤྱོད་དང་ཡོངས་སུ་སྤྱོད་པ་ནི་ཇི་འདྲ་ཞིག་ཏུ་འགྱུར། དེའི་སེམས་ཅན་བཀོད་པ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ནི་ཇི་འདྲ་བ་ཞིག་ཏུ་འགྱུར་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་ཐུགས་ཀྱིས་ཡོངས་སུ་མཁྱེན་ནས་འཛུམ་པ་མཛད་པ་དང་། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་དུ་མ་ཁ་དོག་ཐ་དད་པ་ཁ་དོག་བརྒྱ་སྟོང་ཕྲག་དུ་མ་བྱུང་སྟེ། ཕྱོགས་བཅུ་ཀུན་གྱི་ཕྱོགས་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བར་བྱས་ཏེ། སེམས་ཅན་རྣམས་ཀྱི་ངན་སོང་གི་སྡུག་བསྔལ་ཐམས་ཅད་ཞི་བར་བྱས་ནས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་འདུན་པར་བྱས་ཏེ་སླར་ལོག་ནས་བཅོམ་ལྡན་འདས་ལ་ལན་སྟོང་དུ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་སྔོན་ཆད་མ་མཛད་པའི་འཛུམ་པ་མཐོང་ནས་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་གསོལ་པ། བདེ་བར་གཤེགས་ཀྱི་འཛུམ་པ་ཅི་འདྲ་བ། །དེ་རིང་ཕྱུང་སྟེ་ཐུག་ ― DKG058_Page_0596 ―
[མ་དཔེ་གཟིགས་ན་འདིར་གནོན།]
མེད་བྱེ་བའི་ཞིང་། །རྒྱ་ཆེན་ཕྱོགས་བཅུའི་གང་གཱའི་རྡུལ་མཐའ་ཡས། །ཁྱབ་པ་དེ་འདྲ་སྔོན་ཆད་ཡོང་མ་མཐོང་། །ཚངས་པ་དེ་བཞིན་འཇིག་རྟེན་སྐྱོང་བ་དང་། །ནོར་བུ་མེ་དང་ཉི་མ་ཟླ་བའི་འོད། །མི་དབང་གཟི་བརྗིད་ཀྱིས་ནི་མོག་མོག་གྱུར། །འཛུམ་མཛད་འདི་ཡི་རྒྱུ་ནི་ལུང་བསྟན་གསོལ། །སུ་ཡི་ཆེད་དུ་དཔའ་བོ་ཁྱོད་ཀྱིས་འོད་ཕྱུང་བས། །འདིར་ནི་ངན་སོང་གསུམ་ཞི་བྱང་ཆུབ་ཡན་ལག་རྫོགས། །ཆོས་ཀྱི་རྗེ་ཡིས་བདག་ཅག་རྣམས་ཀྱི་དོགས་པ་སོལ། །མི་རྣམས་ཀྱི་ནི་ཡིད་གཉིས་མ་ལུས་ལེགས་པར་ཁུམ། །འཁོར་ཀུན་དགའ་བས་རྟོག་བགྱིད་ན། །སུ་སླད་དེ་རིང་འཛུམ་པ་བསྟན། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས་བསྐོར་བ་བྱས་ཏེ་རང་གི་སྟན་ལ་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་གླང་པོ་ཆེའི་ལྟ་སྟངས་ཀྱིས་ཕྱོགས་བཅུར་གཟིགས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ཀྱིས་མི་འམ་ཅིའི་རྒྱལ་པོ་སྡོང་པོ་འདིས་ཚུལ་འདི་ལྟ་བུ་དང་། རྒྱ་ཆེ་བ་འདི་ལྟ་བུ་དང་། རྣམ་པ་འདི་ལྟ་བུ་འདིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་མི་འམ་ཅིའི་རྒྱལ་པོ་སྡོང་པོ་འདི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དཀོན་མཆོག་འབྱུང་གནས་ཞེས་བྱ་བའི་བསྐལ་པ་ལ་འཇིག་རྟེན་གྱི་ཁམས་ཟླ་བ་དྲི་མ་མེད་ཅེས་བྱ་བར་ཡོན་ཏན་གྱི་རྒྱལ་པོར་སྣང་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་འཇིག་རྟེན་དུ་འབྱུང་ངོ་། །ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་ཟླ་བ་དྲི་མ་མེད་པ་དེ་ནི་ལག་ ― DKG058_Page_0597 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཐིལ་ལྟར་མཉམ་པར་འགྱུར་ཏེ། བཻ་དཱུཪྱ་དཀར་པོ་ལས་གྲུབ་པ། ཟླ་བ་ལྟ་བུར་སྣང་བ། ཤིན་ཏུ་དྲི་མ་མེད་པ། ཤིན་ཏུ་རྣམ་པར་དག་པ། མཆིང་བུ་མེད་པའོ། །དེ་བཞིན་གཤེགས་པ་དེའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཡང་ཚད་མེད་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཐོབ་པ་ཤ་སྟག་གོ །བྱང་ཆུབ་སེམས་དཔའ་དེ་དག་ནི་ནམ་མཁའ་ལ་ཁང་པ་བརྩེགས་པ་ན་ལོངས་སྤྱོད་དེ། དེ་དག་ནམ་མཁའ་ལ་ཁང་པ་བརྩེགས་པ་ན་གནས་པ་ན་བཻ་དཱུཪྱ་དཀར་པོ་ལས་གྲུབ་པའི་ས་ཆེན་པོ་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་གྱི་རྒྱལ་པོར་སྣང་བ་དེའི་གཟུགས་བརྙན་མཐོང་བར་འགྱུར་རོ། །དེ་དག་གིས་མཐོང་མ་ཐག་ཏུ་ཆོས་འདི་དག་ཐམས་ཅད་ནི་གཟུགས་བརྙན་ལྟ་བུའོ་ཞེས་དྲན་པ་སྐྱེ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་གང་ཆོས་གང་ལ་ཐེ་ཙོམ་ཟ་བ་ན་དེ་དེ་བཞིན་གཤེགས་པས་དེ་ལ་སྣང་བར་གྱུར་པ་དེ་ལ་ཞུ་བར་འགྱུར་རོ། །དེ་བཞིན་གཤེགས་པ་དེས་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་ལ་ཞུས་པའི་ལུང་བསྟན་པས་སེམས་རངས་པར་མཛད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་དག་གིས་ཆོས་དེ་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་འགྱུར་རོ། །ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་དེ་ན་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ཡོད་པར་མི་འགྱུར་རོ། །སེམས་ཅན་དེ་དག་ཐམས་ཅད་ཀྱང་ནམ་མཁའ་ལ་ཁང་པ་བརྩེགས་པ་ན་འཁོད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དེར་བུད་མེད་དུ་གདགས་པའང་མེད་པར་འགྱུར་རོ། །སེམས་ཅན་དེ་དག་ཐམས་ཅད་ཀྱང་པད་མའི་སྙིང་པོ་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ན་ཁ་ཟས་སུ་གདགས་པ་མེད་དེ། སེམས་ཅན་དེ་དག་ཐམས་ཅད་ནི་བསམ་གཏན་ལ་དགའ་བ་དང་། ཆོས་ལ་དགའ་བའི་ཟས་ཅན་དུ་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ན་གཞན་རྣམ་པར་གཞག་པ་མེད་དེ། སེམས་ཅན་དེ་དག་ཐམས་ཅད་ནི་ཐེག་པ་ཆེན་པོ་ལ་ ― DKG058_Page_0598 ―
[མ་དཔེ་གཟིགས་ན་འདིར་གནོན།]
ངེས་པར་འགྱུར་བ་དག་གོ །འཇིག་རྟེན་གྱི་ཁམས་དེ་ན་ཚུལ་ཁྲིམས་ལོག་པར་ཞུགས་པའམ། ལྟ་བ་ལོག་པར་ཞུགས་པའམ། ཆོ་ག་ལོག་པར་ཞུགས་པའམ། འཚོ་བ་ལོག་པར་ཞུགས་པའི་སེམས་ཅན་འགའ་ཡང་མེད་པར་འགྱུར་རོ། །སེམས་ཅན་དེ་དག་ཐམས་ཅད་ནི་ནན་ཏན་དང་ལྡན་པ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ལ་བརྩོན་འགྲུས་བརྩམས་པར་འགྱུར་བ་ཤ་སྟག་གོ །སངས་རྒྱས་ཀྱི་ཞིང་དེ་ན་བདུད་དམ། བདུད་ཀྱི་རིས་ཀྱི་ལྷའམ། གཞན་མུ་སྟེགས་ཅན་སྤྱོད་པ་ཅན་དང་། ཀུན་ཏུ་རྒྱུ་དང་དམིགས་པའི་ལྟ་བ་ལ་མངོན་པར་ཞེན་པ་དང་། ཕ་རོལ་རྒོལ་བ་མེད་པར་འགྱུར་རོ། །སེམས་ཅན་དེ་དག་ཐམས་ཅད་ནི་ཟབ་མོའི་སྤྱོད་ཡུལ་སྟོང་པ་ཉིད་ཀྱི་ཕྱག་རྒྱས་བཏབ་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ན་མིང་དུ་བཏགས་པ་ཙམ་དང་། འདུ་ཤེས་ཙམ་མ་གཏོགས་པར་ལྷ་དང་མི་ཞེས་ཐ་དད་དུ་བྱ་བ་མེད་པར་འགྱུར་རོ། །སེམས་ཅན་དེ་དག་ཐམས་ཅད་ནི་ཡོངས་སུ་སྤྱོད་པ་མཚུངས་པར་འགྱུར་རོ། །ཀུན་དགའ་བོ་བཅོམ་ལྡན་འདས་ཡོན་ཏན་གྱི་རྒྱལ་པོར་སྣང་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཡང་ལྷ་དང་། མི་རྣམས་ཀྱི་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་བར་གྱི་བསྐལ་པ་བཅུ་ཐམ་པར་བཞུགས་པར་འགྱུར་རོ། །བཅོམ་ལྡན་འདས་ཡོན་ཏན་གྱི་རྒྱལ་པོར་སྣང་བ་དེ་བཞིན་གཤེགས་པ་དེ་གང་གི་ཚེ་ཡོངས་སུ་མྱ་ངན་ལས་འདས་པར་བཞེད་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་འབར་བ་འདི་ངའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བཀོད་པ་ཆེན་པོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་འབར་བ་ཞེས་བྱ་བ་ལུང་བསྟན་ནས་མྱ་ངན་ལས་འདའ་བར་འགྱུར་རོ། །ཀུན་དགའ་བོ་བར་གྱི་ ― DKG058_Page_0599 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྐལ་པ་དེ་ཡང་སངས་རྒྱས་དཀོན་མཆོག་དང་ཆོས་དཀོན་མཆོག་དང་དགེ་འདུན་དཀོན་མཆོག་དང་མི་འབྲལ་བར་འགྱུར་ཏེ། བར་གྱི་བསྐལ་པ་དེ་ནི་དཀོན་མཆོག་འབྱུང་བ་ཞེས་བརྗོད་དོ། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོས་བཅོམ་ལྡན་འདས་ལས་ལུང་བསྟན་པ་ཐོས་ནས་དགའ་ཞིང་མགུ་སྟེ། ཡི་རངས་ཤིང་རབ་ཏུ་དགའ་ནས། དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། བྱང་ཆུབ་སེམས་དཔའི་དགའ་བ་དང་། མཆོག་ཏུ་དགའ་བའི་ཤུགས་ཀྱིས་ས་ལས་སྟེང་གི་བར་སྣང་ལ་ཤིང་ཏ་ལ་བདུན་ཙམ་དུ་འཕགས་ཏེ། ཐམས་ཅད་དང་ལྡན་པའི་འཁོར་དད་པ་རྒྱ་ཆེར་སྤེལ་བ་དང་། དགེ་བའི་རྩ་བ་ཡང་དག་པར་བསྐྱེད་པའི་ཕྱིར་སངས་རྒྱས་ཀྱི་མཐུ་དང་། རང་གི་ཤེས་རབ་ཀྱི་སྤོབས་པས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཆོས་འདི་ཐམས་ཅད་རབ་ཏུ་དབེན་པ་དང་། །དྲི་མ་མེད་དེ་ནམ་མཁའི་ངོ་བོ་ཉིད། །རྒྱུད་ཀྱི་དམ་པ་འདི་ནི་རྣམ་ཤེས་ན། །དེ་ཕྱིར་དེ་དག་ཐུབ་སྲས་ཐུ་བོར་འགྱུར། །རྨི་ལམ་བཞིན་དུ་མཐོང་བ་ཅུང་ཟད་མེད། །ཐམས་ཅད་མེད་དེ་གཟུང་མེད་གསོག་དང་གསོབ། །ཆོས་རྣམས་ཐམས་ཅད་རྨི་ལམ་འདྲར་ཤེས་ནས། །འདུས་བྱས་དག་ལ་སྐྱོ་བར་འགྱུར་བ་མེད། །ལ་ལས་སྒྱུ་མའི་རྟ་དང་གླང་ཆེན་དང་། །ཤིང་རྟ་དཔུང་བུ་ཆུང་དང་བཞོན་མཐོང་བ། །དམ་པའི་དོན་དུ་སྙིང་པོ་མེད་པ་ལྟར། །ཕུང་པོ་འདི་དག་སྒྱུ་འདྲ་སྙིང་པོ་མེད། །གཟུགས་ཀྱི་རང་བཞིན་དབུ་བ་རྡོས་པ་བཞིན། །ཚོར་བ་འདི་ནི་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་དག་ནི་སྨིག་རྒྱུ་འདྲ་བར་གསུངས། །འདུས་བྱས་ཐམས་ཅད་ཆུ་ཤིང་སྙིང་པོ་མེད། །སྲིད་གསུམ་འདི་ནི་སེམས་ཡིད་རྣམ་པར་ཤེས། །རྒྱལ་བས་དེ་བཞིན་སྒྱུ་འདྲ་གསོག་ཏུ་གསུངས། །གཟུགས་ཀྱི་རང་བཞིན་སྟོང་པར་རིག་ནས་ནི། །འདུས་བྱས་དག་ལ་ནམ་ཡང་སྐྱོ་བ་མེད། །ཁམས་བཞི་པོ་ནི་ཆོས་ཀྱི་དབྱིངས་འདྲ་དང་། །སྐྱེ་མཆེད་རྣམས་ནི་གྲོང་སྟོང་ལྟ་བུ་དང་། །ཆོས་འདི་གསོག་དང་གསོབ་ལྟར་རྣམ་ཤེས་པ། །དེ་དག་རྒྱལ་བའི་ཆོས་མཛོད་འཛིན་པ་ཡིན། །རབ་ཏུ་དུལ་ཕྱིར་སྦྱིན་དང་དུལ་བ་དང་། ། ― DKG058_Page_0600 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་བཞིན་ཚུལ་ཁྲིམས་རྣམ་དག་ཚུལ་ཁྲིམས་དང་། །རྟག་ཏུ་འཕགས་པའི་ཚུལ་གྱིས་བཟོད་མི་ཟད། །སྟོང་པ་ཉིད་ཕྱིར་བརྩོན་འགྲུས་རྣམ་པར་དག ། བསམ་གཏན་རང་བཞིན་འགྱུར་བ་མེད་པ་དང་། ། དེ་ལྟར་ཤེས་རབ་ཆགས་མེད་མ་སྤྲོས་པར། །གང་གི་འཇུག་པ་དེ་འདྲར་གྱུར་པ་དེ། །ཕ་རོལ་ཕྱིན་པའི་ཕ་རོལ་རབ་ཏུ་ཕྱིན། །བདག་མེད་ཁོ་ན་ཉིད་ཕྱིར་བྱམས་པ་མཉམ། །ནམ་མཁའ་ལྟ་བུར་གོང་དུ་སྙིང་རྗེ་དག ། ཞི་ཕྱིར་དགའ་དང་བཏང་སྙོམས་བཅས་པ་ཡི། །ལམ་འདི་ཚངས་པའི་ལམ་སྟེ་རྟག་ཏུ་ཞི། །བསྡུ་བ་བཞི་པོ་ཁྱད་པར་འཕགས་པ་འདི། །རྣམ་པར་འདྲེན་པས་རྗེས་སུ་གཟུང་ཕྱིར་གསུངས། །འཛིན་པ་མེད་ཅིང་རྣམ་རྟོག་གང་མེད་པ། །དེ་ནི་བསྡུ་བའི་དངོས་པོའི་ཕ་རོལ་ཕྱིན། །སེམས་ཅན་འདི་དག་བདག་མེད་སེམས་ཅན་མེད། །སྲོག་དང་གསོ་བ་གང་ཟག་མི་རྙེད་དོ། །དབང་པོ་དྲུག་འདི་སྟོང་སྟེ་རབ་ཞི་བར། །གང་ཤེས་དེ་ནི་བྱང་ཆུབ་སེམས་དཔའ་ཡིན། །སེམས་ཅན་མེད་ཅིང་བྱང་ཆུབ་སེམས་དཔའ་མེད། །དེ་ནི་གང་དུའང་བདག་མེད་རློམ་སེམས་མེད། །གཉིས་དང་བྲལ་ཞིང་མ་ཆགས་སྤྲོས་མེད་པ། །སེམས་ཅན་བྱང་ཆུབ་སེམས་དཔའ་དེ་དཔལ་ལྡན། །ཆོས་འདི་སྙིང་པོ་མེད་དེ་སྒྱུ་མ་འདྲ། །གང་དུའང་མི་འོང་ནམ་ཡང་འགྲོར་མི་འགྱུར། །ཆོས་དབྱིངས་འདི་ཡི་གནས་པ་རིག་ནས་ནི། །རྒྱལ་བས་དེ་བཞིན་ཉིད་ནི་མཉམ་སངས་རྒྱས། །གང་ནའང་ཡོད་པའམ་མེད་པ་མེད་མོད་ཀྱི། །རྒྱུ་ལ་བརྟེན་ནས་ཆོས་རྣམས་འབྱུང་བས་ན། །མཁའ་ལ་གློག་མཐོང་འཇིག་པ་ལྟ་བུར་ནི། །སེམས་ཀྱི་འཁྲི་ཤིང་དེ་ལྟར་ཤེས་པར་བྱ། །རླུང་ནི་ནམ་མཁར་མི་ཆགས་རྒྱུ་བ་བཞིན། །གཟུགས་མེད་སེམས་ནི་འདུས་བྱས་དག་ལ་རྒྱུ། །སེམས་ཀྱི་རང་བཞིན་རྣམ་དག་དེ་ཤེས་ནས། །ཉོན་མོངས་གཟུགས་མེད་སོགས་པར་མི་འགྱུར་རོ། །ལུས་ནི་རྩིག་པ་རྩྭ་དང་ལོ་མ་འདྲ། །བླུན་པ་རྗེ་མེད་རྡོ་ཤིང་ངན་པ་ལྟར། །དེ་ཡིས་སྔ་མའི་རང་བཞིན་འདྲར་ཤེས་ནས། །ལུས་ཀྱི་ཆོས་ལ་གནས་པར་མི་བྱེད་དོ། །ཚིག་ནི་རྟག་ཏུ་གཟུང་མེད་རླུང་དང་འདྲ། ། རི་དང་ ― DKG058_Page_0601 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕུག་གི་བྲག་ཅ་ལྟ་བུ་སྟེ། །དེ་འདྲར་སྒྲ་ནི་རབ་ཏུ་དབེན་ཤེས་པ། །སྒྲ་རྣམས་ཀུན་ལ་འདོད་པའི་ཆགས་པ་མེད། །བདག་ནི་ནམ་མཁའི་ངོས་གནས་མི་ལྟུང་སྟེ། །མཁའ་ལས་ལྟུང་བའི་གནས་ཀྱང་ཡོད་མ་ཡིན། །ཆོས་འདི་ནམ་མཁའ་འདྲ་བར་བསྒོམས་ནས་ནི། །དེ་ལྟར་སེམས་ཅན་སེམས་ཅན་མེད་མཚུངས་གནས། །བསྐལ་པ་བརྒྱ་ཕྲག་མང་པོར་བསྲེགས་ཀྱང་ནི། །ཇི་ལྟར་ནམ་མཁའ་ནམ་ཡང་སྔོན་མ་ཚིག ། ཆོས་རྣམས་ཐམས་ཅད་ནམ་མཁར་འདྲར་ཤེས་པ། །དེ་སྲེག་བསྐལ་ཚེ་ཞིང་རྣམས་བརྒྱར་ཡང་འགྲོ། །རི་དང་རི་བར་ཁོ་ར་ཁོར་ཡུག་རི། །དེ་བཞིན་རི་དང་བཅས་པའི་ས་རྣམས་ཀུན། །ནམ་མཁའི་ངོས་ཀྱིས་ཕྱེ་བར་རིག་ནས་དེ། །རྫུ་འཕྲུལ་སྟོབས་ཀྱིས་བྱེ་བའི་ཞིང་དུ་འགྲོ། །ས་དང་ཆུ་དང་མེ་དང་རླུང་དག་དང་། །ཁམས་བཞི་འདི་དག་ནམ་མཁའི་ངོས་མཉམ་པར། །དཔའ་བོ་ཚུལ་འདི་ཁོང་དུ་ཆུད་པ་དག ། མཁའ་ལས་བྱེ་བ་མཐའ་ཡས་ཞིང་དུ་འགྲོ། །སྲིད་པ་གསུམ་ན་སྒྲ་དང་སྐད་ཀྱི་བག ། བཟང་ངན་དེ་བཞིན་འབྲིང་པོ་ཅི་ཡོད་པ། །དེ་ཡི་མཐའ་མ་བསྐལ་པ་བརྒྱར་བརྗོད་ཀྱང་། །སྔོན་གྱི་རང་བཞིན་མི་སྣང་རྒྱུ་བ་མེད། །རང་བྱུང་བ་ནི་མཚན་མཆོག་མ་ཡིན་ཡང་། །སེམས་ཀྱི་ཆོས་ཀྱིས་གཟུགས་ཀྱིས་རབ་ཏུ་ཕྱེ། །སེམས་དང་ཡིད་ནི་མཚུངས་པ་དབེན་པར་གྱུར། །རྒྱལ་བ་ཐམས་ཅད་ཆོས་མཚུངས་ཉིད་ཕྱིར་མཉམ། །སྔོན་གྱི་སྲིད་པར་བྱང་ཆུབ་སྤྱད་སྤྱོད་ཅིང་། །དགེ་བ་བརྒྱ་སྟོང་རབ་ཏུ་བསགས་ནས་ནི། །བྱང་ཆུབ་མཉམ་ཞིང་མཉམ་པར་རབ་ཤེས་པ། །གྲགས་པ་ཆེན་པོ་རྣམས་ནི་ལུང་བསྟན་འགྱུར། །ཆོས་རྣམས་ཀུན་ནི་རང་ཡུལ་ཡང་དག་སྟེ། །མཐའ་ཡས་ཕྱིར་ནི་རྒྱལ་བའི་ཡུལ་དུ་མཉམ། །མཉམ་ཉིད་འདི་དག་གང་གིས་རབ་ཤེས་པ། །ཡོན་ཏན་ལྡན་པ་དེ་དག་ལུང་བསྟན་འགྱུར། །བདག་ནི་གཟུགས་མིན་ཚོར་མིན་འདུ་ཤེས་མིན། །སེམས་པ་མ་ཡིན་རྣམ་པར་ཤེས་མེད་ཀྱང་། །བྱང་ཆུབ་ཁོང་དུ་ཆུད་པས་བདག་ལུང་བསྟན། །ཕུང་པོ་ཁམས་ཀྱིས་བདག་ནི་ལུང་མ་བསྟན། །བཟོད་པ་གང་ཞིག་གཟོད་མ་ནས་ཞི་ཡི། །སྐད་ཅིག་པ་ནི་ཟད་དང་འདྲ་ ― DKG058_Page_0602 ―
[མ་དཔེ་གཟིགས་ན་འདིར་གནོན།]
མིན་ལ། །མཚུངས་མེད་མི་སྐྱེ་བ་ལ་བཟོད་པ་ན། །མི་དབང་འགྱུར་ཞེས་རྒྱལ་བས་ལུང་བསྟན་ཏོ། །ཆོས་རྣམས་ཀུན་དང་བདག་ཏུ་རང་བཞིན་མཉམ། །བདག་ནི་བདག་མེད་སྟོང་པའི་རང་བཞིན་ཏེ། །སྟོང་པ་ནམ་མཁའ་འདྲ་བའི་ངོ་བོ་ཉིད། །བྱང་ཆུབ་རྟག་ཏུ་མཁའ་མཉམ་རང་བཞིན་ནོ། །ཟད་པར་བྱ་ཕྱིར་ཟད་པ་ཤེས་མི་ནུས། །མི་ཟད་པ་ནི་ཟད་པས་ཟད་མི་འགྱུར། །ཟད་པའི་སྒོ་ཡིས་ཆོས་རྣམས་ཀུན་མ་སྐྱེས། །བཟོད་དང་ལྡན་ལ་སངས་རྒྱས་ལུང་སྟོན་ཏོ། །མཚན་མེད་གནས་འཇུག་པ་ཡི་གནས་མེད་དེ། །ཡང་དག་འདུས་མ་བྱས་པ་དུས་ལས་གྲོལ། །མ་བྱས་བྱེད་དུ་མ་བཅུག་བྱུང་བ་མིན། །དེ་བཞིན་ཉིད་འདྲར་རྒྱལ་བས་བདག་ལུང་བསྟན། །གལ་ཏེ་བདག་ནི་ལུང་བསྟན་འགྱུར་སྙམ་ན། །ཆོས་ལམ་ཚུལ་ལ་མི་མཉམ་སྦྱོར་བ་ཡིན། །སེམས་དང་ཡིད་ཀྱིས་སྦྱོར་བ་སྦྱོར་མ་ཡིན། །ཆོས་སྦྱོར་ཁྱད་པར་འཕགས་འདི་མཚུངས་ཤིང་མཉམ། །ཁྱེད་ཅག་ཐམས་ཅད་ས་ཡི་སྟེང་ན་འཁོད། །བདག་ནི་ནམ་མཁའི་དཀྱིལ་ན་རྣམ་པར་གནས། །ས་དང་ནམ་མཁའ་མཉམ་པར་ཤེས་ནས་ནི། །སྲིད་པ་གསུམ་ན་ཆགས་མེད་ཡེ་ཤེས་འཇུག ། དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས་སྟེང་གི་བར་སྣང་ལས་བབས་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་ནི་བདག་གི་ཆེད་དུ་བྱུང་ངོ་། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་དོན་མ་མཆིས་པར་མ་བགྱིས་ཏེ། སྔོན་གྱི་དགེ་བའི་རྩ་བ་རྣམས་ཀྱིས་བདག་མ་བསླུས་པས་བཅོམ་ལྡན་འདས་ཀྱིས་བདག་གི་བསམ་པ་ཐམས་ཅད་ཡོངས་སུ་བསྐང་བའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ནས་འཁོར་དེའི་ནང་ན་བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་ལྟ་བུའི་སེམས་བསྐྱེད་དེ། མི་འམ་ཅིའི་རྒྱལ་པོ་སྡོང་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ལས་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་ ― DKG058_Page_0603 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཤེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མི་འམ་ཅིའི་རྒྱལ་པོ་སྡོང་པོས་དེ་བཞིན་གཤེགས་པ་གང་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དེ་བཞིན་གཤེགས་པ་དེའི་མཚན་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ། རྒྱས་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པར་གྱུར་པ་དེའི་ཚེ་དེའི་དུས་ན་རྣམ་པར་དག་པ་ཞེས་བྱ་བའི་བསྐལ་པ་ལ་འཇིག་རྟེན་གྱི་ཁམས་དགེ་བ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་ཕུང་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་ཕུང་པོ་དེའི་བྱང་ཆུབ་སེམས་དཔའི་དགེ་འདུན་ནི་བྱེ་བ་ཕྲག་དྲུག་ཅུར་གྱུར་ཏེ། ཐམས་ཅད་ཀྱང་བརྩོན་འགྲུས་བརྩམས་པ། བཟོད་པ་རབ་ཏུ་ཐོབ་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཤ་སྟག་གོ །དེའི་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་དྲུག་ཅུ་ཐུབ་པར་གྱུར་ཏོ། །དགེ་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་དེ་ཡང་བཻ་དཱུཪྱ་ལས་གྲུབ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་དགའ་ལྡན་གྱི་ལྷའི་རིས་ལྟ་བུར་ཁང་ཁྱིམ་དང་། ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་དང་། བཟའ་བ་དང་། བཏུང་བ་བསམས་པ་ཙམ་གྱིས་འབྱོར་པའོ། །སངས་རྒྱས་ཀྱི་ཞིང་དེ་ན་ཐེག་པ་ཆེན་པོ་མ་གཏོགས་པར་ཐེག་པ་གཞན་རྣམ་པར་གཞག་པ་མེད་པར་གྱུར་ཏོ། །རིགས་ཀྱི་བུ་ ― DKG058_Page_0604 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེའི་ཚེ་དེའི་དུས་ན་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ས་འཛིན་ཅེས་བྱ་བ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཞིག་བྱུང་སྟེ། དེའི་སླས་ནི་སྟོང་ཕྲག་བཞི་བཅུ་ཡོད་དོ། །དེའི་བུ་ནི་སྟོང་ཐམ་པ་ཡོད་དེ། དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་ཅན་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་ཤ་སྟག་གོ །རིགས་ཀྱི་བུ་རྒྱལ་པོ་ས་འཛིན་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཕུང་པོ་དེ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་ཅུ་ལ་ལོ་བྱེ་བ་ཐམ་པར་ཡིད་དུ་འོང་བའི་ཆོས་གོས་དང་། ཞལ་ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་དང་། བདེ་བར་སྦྱར་བ་བདེ་བ་ལ་རེག་པར་གནས་པར་བྱ་བ་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཕུང་པོ་དེ་ལ་མཆོད་པ་དཔག་ཏུ་མེད་པ་བྱས་ཏེ། དགེ་བའི་རྩ་བས་ཉེ་བར་བརྟན་ནས་བུད་མེད་བཞི་སྟོང་པོ་དེ་དག་དང་། བུ་སྟོང་པོ་དེ་དག་དང་། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་དང་ལྷན་ཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཀྱང་ལོ་བྱེ་བར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཕུང་པོ་དེ་ལ་བསྙེན་བཀུར་བྱས་སོ། །དེ་དུས་གཞན་ཞིག་ན་བུ་ཐུ་བོ་བརྟུལ་ཞུགས་ཡོངས་སུ་དག་པ་ཞེས་བྱ་བ་རྒྱལ་པོར་བཅུག་ནས་རྒྱལ་སྲིད་ཐམས་ཅད་བོར་ཏེ། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་བཅོམ་ལྡན་འདས་དེའི་བསྟན་པ་ལ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །དེ་ན་རྒྱལ་པོའི་བུ་དེ་དག་གིས་ཀྱང་རིམ་གྱིས་བུ་ཐུ་བོ་རེ་རེ་རྒྱལ་པོར་བཅུག་ནས་ཕའི་རྗེས་སུ་རབ་ཏུ་བྱུང་བར་གྱུར་ཏོ། །རིགས་ཀྱི་བུ་དེ་ལྟར་ན་རྣམ་གྲངས་འདིས་དེ་བཞིན་གཤེགས་པ་དེའི་ཚེའི་ཚད་རིང་བར་གྱུར་ཏོ། །རྒྱལ་པོ་གཞོན་ནུ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་དེ་ལས་རབ་ཏུ་བྱུང་ནས་རྒྱལ་བུ་གཞོན་ནུ་ཐ་ཆུངས་སྙིང་རྗེའི་བློ་ཞེས་བྱ་བ་གཅིག་པུ་མ་གཏོགས་ཏེ། དེ་ནི་ཆོས་ཀྱིས་རྒྱལ་སྲིད་བྱེད་པ་ཆད་པ་མེད་པ་དང་། མཚོན་ཆ་མེད་པར་ཆོས་དང་འཐུན་པར་དབང་བྱེད་དུ་བཅུག་གོ །རིགས་ཀྱི་བུ་ ― DKG058_Page_0605 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ལྟར་རྒྱལ་པོ་ས་འཛིན་དེ་བུ་དང་བཅས་པར་བཅོམ་ལྡན་འདས་དེའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཐོག་མ་དང་བར་མ་དང་ཐ་མར་དེ་བཞིན་གཤེགས་པ་རིན་ཆེན་ཕུང་པོ་དེའི་དམ་པའི་ཆོས་རབ་ཏུ་བཟུང་ངོ་། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ས་འཛིན་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཙོམ་ཟའམ་ཡིད་གཉིས་སུ་གྱུར་པ་ལྟ་ན་རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། མི་འམ་ཅིའི་རྒྱལ་པོ་སྡོང་པོ་འདི་དེའི་ཚེ་དེའི་དུས་ན་རྒྱལ་པོ་ས་འཛིན་ཞེས་བྱ་བར་གྱུར་ཏོ། །རྒྱལ་པོ་དེའི་བུར་གྱུར་པ་དེ་དག་ཐམས་ཅད་ནི་དེ་ལྟར་ཕྱོགས་བཅུ་ན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །རིགས་ཀྱི་བུ་དེ་ལྟར་ན་མི་འམ་ཅིའི་རྒྱལ་པོ་སྡོང་པོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཕུང་པོ་དེ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དང་པོ་སེམས་བསྐྱེད་ཚུན་ཆད། དའི་བར་ཐམས་ཅད་དུ་སངས་རྒྱས་མཐོང་བ་དང་ཆོས་ཉན་པ་དང་། དགེ་འདུན་ལ་རིམ་གྲོ་བྱེད་པ་དང་མ་བྲལ་བར་གྱུར་ཏོ། །འདིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཀྱང་མྱུར་དུ་ཡང་དག་པར་བསྒྲུབས་པས་འདི་ལ་ངས་འདི་ནི་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་གྱི་རྒྱལ་པོར་སྣང་བ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་ཡང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་ཅོད་པན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོགས་པ་མི་མངའ་བའི་མཁྱེན་པ་དང་ལྡན་པས་འདི་ལྟར་དགེ་བའི་རྩ་བ་མངོན་པར་འདུས་བགྱིས་པའི་རྒྱུ་བ་ནས་ཡུན་རིང་དུ་ལགས་པ་ཡང་བཅོམ་ལྡན་འདས་ཀྱིས་སྒྲིབ་པ་མི་མངའ་བའི་མཁྱེན་པས་གཟིགས་པ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་ ― DKG058_Page_0606 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་དང་ལྡན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གང་སེམས་ཅན་ཐམས་ཅད་ཀྱི་འདས་པའི་སེམས་ཀྱི་རྒྱུ་ཟད་པ། འགགས་པ། བྲལ་བ། རྣམ་པར་གྱུར་པ། རྒྱུ་གང་དག་ལས་སེམས་ཀྱི་རྒྱུད་དེ་དག་བྱུང་བ་དང་། རྒྱུ་གང་དག་མེད་པས་ཟད་པ། དགེ་བའམ། མི་དགེ་བའམ། ལུང་དུ་བསྟན་པའམ། ལུང་དུ་མ་བསྟན་པ་དེ་དག་ཐམས་ཅད་རྣམ་པ་དང་བཅས། གཞི་དང་བཅས། གཏན་ཚིགས་དང་བཅས་པར་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །ད་ལྟར་བྱུང་བའི་དུས་ཀྱི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་བྱུང་བ་དགེ་བའམ། མི་དགེ་བའམ། ལུང་དུ་བསྟན་པའམ། ལུང་དུ་མ་བསྟན་པ་ཡང་རུང་སྟེ། སེམས་རང་གི་འོག་ཏུ་སེམས་གང་བྱུང་བ་དེ་དག་ཐམས་ཅད་ཀྱང་རྣམ་པ་དང་བཅས། གཞི་དང་བཅས། གཏན་ཚིགས་དང་བཅས་པར་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །གང་མ་འོངས་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་དང་སེམས་ལས་བྱུང་བའི་ཆོས་དགེ་བའམ། མི་དགེ་བའམ། ལུང་དུ་བསྟན་པའམ། ལུང་དུ་མ་བསྟན་པ་ཡང་རུང་སྟེ། སེམས་གང་གི་འོག་ཏུ་སེམས་གང་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་རྣམ་པ་དང་བཅས། གཞི་དང་བཅས་པ། གཏན་ཚིགས་དང་བཅས་པར་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །རིགས་ཀྱི་བུ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་ནོ། །དེ་བཞིན་གཤེགས་པའི་མཁྱེན་པ་ཐོགས་པ་མི་མངའ་བ་བསྟན་པ་འདི་བཤད་པ་ན་སྲོག་ཆགས་སུམ་འབུམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་དགེ་འདུན་གྱི་འཁོར་དང་བཅས་པ་ལ་ཞག་བདུན་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས་ཡོངས་སུ་ལོངས་སྤྱད་པར་བྱ་ ― DKG058_Page_0607 ―
[མ་དཔེ་གཟིགས་ན་འདིར་གནོན།]
བའི་ཕྱིར་རང་གི་ཁང་ཁྱིམ་དང་། འཁོར་གྱི་ཁྱམས་དེ་ཡང་བཅོམ་ལྡན་འདས་ལ་ཕུལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བའི་སླད་དུ་རྟག་ཏུ་འདིར་གཤེགས་ཤིང་བཞུགས་པར་གསོལ། དེས་ན་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོའི་ཚོགས་ཕལ་པོ་ཆེའི་དོན་དང་། མི་འམ་ཅི་དང་། དྲི་ཟ་དང་། ལྟོ་འཕྱེ་ཆེན་པོ་རྣམས་ལ་ཕན་པ་དང་བདེ་བར་འགྱུར་རོ། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོའི་བུ་དྲི་མ་མེད་པའི་མིག་ཅེས་བྱ་བས་བཅོམ་ལྡན་འདས་ལ་ནོར་བུ་རིན་པོ་ཆེའི་དྲ་བ་ཕུལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མི་འམ་ཅི་བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་སུ་ལགས་ཀྱང་བདག་ཅག་ནི་སིལ་སྙན་དང་རོལ་མོའི་དབྱངས་སྒྲ་དང་། གླུ་དང་གར་ལ་རབ་ཏུ་ཆགས། མེ་ཏོག་དང་སྤོས་དང་བདུག་པ་དང་བྱུག་པ་དང་། ཕྱེ་མ་ལ་བག་མ་མཆིས་པར་དགའ་ཞིང་རྩེ་བ་ལགས་ན་ཇི་ལྟར་བདག་ཅག་བག་མཆིས་པར་འགྱུར་ཞིང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་བསྒྲུབ་པར་འགྱུར་བ་དེ་ལྟ་བུའི་ཆོས་རིན་པོ་ཆེའི་ཕྱག་རྒྱའི་སྒོའི་གདམས་ངག་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་སྩལ་བར་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་མི་འམ་ཅིའི་རྒྱལ་པོའི་བུ་དྲི་མ་མེད་པའི་མིག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཞིན་བཟངས་དག་དེའི་ཕྱིར་དེང་ཕྱིན་ཅད་སིལ་སྙན་དང་གླུ་དབྱངས་དེ་དག་ལས་བྱང་ཆུབ་ཡོངས་སུ་སྨིན་པར་བྱེད་པའི་ཆོས་དྲུག་ཅུ་རྩ་བཞི་འབྱུང་བར་ཁྱེད་ལ་བྱིན་གྱིས་བརླབ་པར་བྱའོ། །དྲུག་ཅུ་རྩ་བཞི་གང་ཞེ་ན། འདི་ལྟ་སྟེ། མི་རྟག་པའི་སྒྲ་འབྱུང་བ་དང་། སྡུག་བསྔལ་གྱི་སྒྲ་དང་། བདག་མེད་པའི་སྒྲ་དང་། ཞི་བའི་སྒྲ་དང་། མངོན་པར་འདུ་མི་བྱེད་པའི་སྒྲ་དང་། དབེན་པའི་སྒྲ་དང་། མི་སྐྱེ་བའི་སྒྲ་དང་། དངོས་པོ་མེད་པའི་སྒྲ་དང་། འབྱུང་བ་མེད་པའི་སྒྲ་དང་། གནས་མེད་པའི་སྒྲ་དང་། ཇི་ལྟ་བ་བཞིན་གྱི་སྒྲ་དང་། ཡང་དག་པའི་མཐའི་སྒྲ་དང་། ཆོས་ཀྱི་དབྱིངས་ ― DKG058_Page_0608 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀྱི་སྒྲ་དང་། སེམས་ཅན་མེད་པའི་སྒྲ་དང་། སྲོག་མེད་པའི་སྒྲ་དང་། གང་ཟག་མེད་པའི་སྒྲ་དང་། སྦྱིན་པའི་སྒྲ་དང་། ཚུལ་ཁྲིམས་ཀྱི་སྒྲ་དང་། བཟོད་པའི་སྒྲ་དང་། བརྩོན་འགྲུས་ཀྱི་སྒྲ་དང་། བསམ་གཏན་གྱི་སྒྲ་དང་། ཤེས་རབ་ཀྱི་སྒྲ་དང་། བྱམས་པའི་སྒྲ་དང་། སྙིང་རྗེའི་སྒྲ་དང་། དགའ་བའི་སྒྲ་དང་། བཏང་སྙོམས་ཀྱི་སྒྲ་དང་། འོང་བ་མེད་པའི་སྒྲ་དང་། འགྲོ་བ་མེད་པའི་སྒྲ་དང་། རྒྱུ་བ་མེད་པའི་སྒྲ་དང་། གནས་མེད་པའི་སྒྲ་དང་། བརྟན་པ་མེད་པའི་སྒྲ་དང་། སྟོང་པ་ཉིད་ཀྱི་སྒྲ་དང་། མཚན་མ་མེད་པའི་སྒྲ་དང་། སྨོན་པ་མེད་པའི་སྒྲ་དང་། འདོད་ཆགས་དང་བྲལ་བའི་སྒྲ་དང་། འབྱུང་བ་མེད་པའི་སྒྲ་དང་། རྟེན་པའི་སྒྲ་དང་། རྟེན་པ་མེད་པའི་སྒྲ་དང་། སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དང་། བྱང་ཆུབ་ཚད་མེད་པའི་སྒྲ་དང་། དྲན་པ་ཉེ་བར་གཞག་པའི་སྒྲ་དང་། ཡང་དག་པར་སྤོང་བའི་སྒྲ་དང་། རྫུ་འཕྲུལ་གྱི་རྐང་པའི་སྒྲ་དང་། དབང་པོའི་སྒྲ་དང་། སྟོབས་ཀྱི་སྒྲ་དང་། བྱང་ཆུབ་ཀྱི་ཡན་ལག་གི་སྒྲ་དང་། ལམ་གྱི་སྒྲ་དང་། ཞི་གནས་ཀྱི་སྒྲ་དང་། ལྷག་མཐོང་གི་སྒྲ་དང་། ཐབས་ཀྱི་སྒྲ་དང་། བསྡུ་བའི་དངོས་པོའི་སྒྲ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྒྲ་དང་། བདུད་ཚར་གཅད་པའི་སྒྲ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བའི་སྒྲ་དང་། ཆོས་ཐམས་ཅད་སྒྱུ་མ་དང་། རྨི་ལམ་དང་། གཟུགས་བརྙན་དང་། ཆུའི་ཟླ་བ་དང་། བྲག་ཅ་ལྟ་བུའི་སྒྲ་དང་། ཆོས་ཀྱི་དབྱིངས་འདྲེས་པ་མེད་པའི་སྒྲ་དང་། འཁོར་བས་ཡོངས་སུ་མི་སྐྱོ་བའི་སྒྲ་དང་། འབྱུང་བའི་སྒྲ་དང་། དགེ་བའི་རྩ་བའི་ཚོགས་ཐམས་ཅད་ཀྱི་སྒྲ་དང་། དབུ་བ་དང་། ཆུའི་ཆུ་བུར་དང་། སྨིག་རྒྱུ་དང་། ཆུ་ཤིང་གི་ཕུང་པོ་དང་། སྒྱུ་མ་དང་། སྙིང་པོ་མེད་པའི་སྒྲ་དང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱ་ཞིང་ཆོས་བསྒྲུབ་པའི་སྒྲ་འབྱུང་བར་འགྱུར་རོ། །བཞིན་བཟངས་དག་དེ་ལྟར་ན་སངས་རྒྱས་ཀྱི་མཐུས་སིལ་སྙན་དང་གླུ་དབྱངས་དེ་དག་ལས་གང་གི་ཁྱེད་བག་ཡོད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒྲུབ་པར་འགྱུར་ ― DKG058_Page_0609 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་དེ་ལྟ་བུའི་སྒྲ་འདི་དག་འབྱུང་བར་འགྱུར་རོ།། །།བམ་པོ་ལྔ་པ་སྟེ་ཐ་མ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་བྱང་ཆུབ་འདི་བྱིན་གྱི་རླབས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པ་དང་། ཆོས་བསྟན་པ་དང་། ཇི་ཙམ་དུ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ཤིན་ཏུ་ཡོངས་སུ་བཟུང་བ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་ཇི་སྐད་སྨྲས་པ་དེ་བཞིན་ཏེ། དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ཤིན་ཏུ་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ཡོངས་སུ་བཟུང་བས་སེམས་ཅན་ཐམས་ཅད་ཡོངས་སུ་བཟུང་བར་འགྱུར་རོ། །གྲོགས་པོ་དག་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་ཡོངས་སུ་བཟུང་བ་གང་ཡིན་པ་དེ་སེམས་ཅན་ཐམས་ཅད་ཀྱི་དོན་ཉིད་དོ། །དེ་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་དེ་དག་གོ་ཆ་གང་གིས་སེམས་ཅན་ཚད་མེད་གྲངས་མེད་པ་འཁོར་བ་ལས་མྱ་ངན་ལས་འདའ་བའི་ལམ་དུ་གཟུད་པར་འགྱུར་བའི་གོ་ཆ་ཆེན་པོ་གྱོན་ནོ། །གྲོགས་པོ་དག་རྣམ་གྲངས་འདིས་འདི་ལྟ་རང་ད་ལྟར་བཞུགས་ཀྱང་རུང་ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་བཟུང་བ་མཛད་པ་གང་ཡིན་པ་དེས་སེམས་ཅན་ཐམས་ཅད་ཡོངས་སུ་བཟུང་བ་ཡིན་པར་རིག་པར་བྱའོ། །གྲོགས་པོ་དག་བྱང་ཆུབ་སེམས་དཔའ་ལ་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་རིམ་གྲོར་བྱས་པ་ནི་སེམས་ཅན་ཐམས་ཅད་ལ་རིམ་གྲོ་བྱས་པར་འགྱུར་རོ། །གྲོགས་པོ་དག་བྱང་ཆུབ་སེམས་དཔའ་ལ་བདེ་བར་སྦྱར་བ་ཉེ་བར་བསྒྲུབས་པ་ནི་སེམས་ཅན་ཐམས་ཅད་ལ་བདེ་བར་སྦྱར་བ་ཉེ་བར་བསྒྲུབས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གྲོགས་པོ་དག་ཐ་ན་བྱང་ཆུབ་སེམས་དཔའི་དབུགས་འབྱུང་བ་དང་། རྔུབ་པ་གང་ཡིན་པ་དེ་ཐམས་ཅད་ཀྱང་སེམས་ཅན་ ― DKG058_Page_0610 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐམས་ཅད་ལ་སྙིང་རྗེ་ཆེན་པོ་རབ་ཏུ་འཐོབ་པ་དང་ལྡན་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཡོངས་སུ་འཛིན་ཏོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པ་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་ལ་རྗེས་སུ་ཡི་རངས་ནས། ལྷའི་མེ་ཏོག་རྣམ་པ་མང་པོ་ཁ་དོག་སྣ་ཚོགས་པས་བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏོ། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོས་འདི་སྙམ་དུ་བསམས་ཏེ། བཅོམ་ལྡན་འདས་ཉིད་ཀྱི་རྫུ་འཕྲུལ་གྱིས་སམ། གཞན་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱིས་བདག་གི་གནས་ནས། བྱ་རྒོད་ཀྱི་ཕུང་པོའི་རི་ལ་གཤེགས་པ་ནི་བདག་གི་ཆ་མ་ཡིན་གྱིས་བདག་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་ཕྱིར་ཤིང་རྟ་གང་ལ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་དང་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་བཞུགས་པ་དེ་ལྟ་བུའི་ཤིང་རྟ་བཀོད་པ་བསྒྲུབས་ཏེ། ཤིང་རྟ་དེ་ཡང་བདག་འཁོར་དང་བཅས་པས་དྲངས་ནས། དེ་ལྟར་ན་བདག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པར་འགྱུར་སྙམ་མོ། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོས་ཡིད་ལས་བྱུང་བ་ལྷའི་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་འཕང་དུ་དཔག་ཚད་ལྔ་ཁྱོན་དུ་དཔག་ཚད་ལྔ་པ། ཁ་ཁྱེར་རིན་པོ་ཆེ་སྣ་ཚོགས་ཀྱིས་བསྐོར་བ་ཤིང་ལྗོན་པ་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པ་སྟེང་དུ་རིན་པོ་ཆེའི་དྲ་བ་བྲེས་པ། རིན་པོ་ཆེའི་སྐུད་པ་མིག་མངས་རིས་སུ་བྲེས་པ་མངོན་པར་སྤྲུལ་ནས་ཤིང་རྟ་དེ་ལ་བཅོམ་ལྡན་འདས་ཀྱི་གདན་སེང་གེའི་ཁྲི་བཀྲ་བ་བལྟ་ན་སྡུག་པ། འཕང་དུ་མི་བདུན་ཡོད་པ། རས་བཅོས་མ་ཟུང་བརྒྱ་སྟོང་མང་པོ་བཀྲམ་པ་མངོན་པར་སྤྲུལ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་ཀྱི་སྟན་ཡང་སོ་སོར་མངོན་པར་སྤྲུལ། གང་དག་བཅོམ་ལྡན་འདས་ལ་ཆོས་ཉན་ཞིང་ཞབས་འབྲིང་དུ་འབྲང་བ་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་ ― DKG058_Page_0611 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པ་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་གི་སྟན་ཡང་ཤིང་རྟ་དེའི་སྟེང་དུ་ཅི་རིགས་པར་སྤྲུལ་ཏོ། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོས་དེ་ལྟ་བུའི་ཤིང་རྟ་བཀོད་པ་དེ་སྤྲུལ་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བའི་སླད་དུ་ཤིང་རྟ་འདི་ལ་ཇི་ལྟར་གདན་བཤམས་པ་རྣམས་ལ་འཁོར་ཐམས་ཅད་དང་ཐབས་ཅིག་ཏུ་བཞུགས་སུ་གསོལ། དེ་ནས་སེང་གེའི་ཁྲི་དེ་ལ་བཅོམ་ལྡན་འདས་ཀྱང་བཞུགས། བྱང་ཆུབ་སེམས་དཔའ་དང་། དགེ་སློང་གི་དགེ་འདུན་དང་འཁོར་ཐམས་ཅད་ཀྱང་ཅི་རིགས་པར་འཁོད་དོ། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོས་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཤིང་རྟ་དེ་ལག་པ་གཡས་པས་བླངས་ཏེ། ཤིང་ཏ་ལ་བདུན་སྲིད་ཀྱི་སྟེང་གི་བར་སྣང་ལ་འཕགས་ནས། དེ་ནས་མི་འམ་ཅི་མོ་བརྒྱད་ཁྲི་བཞི་སྟོང་དེ་དག་ཐམས་ཅད་དང་བུ་བརྒྱད་སྟོང་པོ་དེ་དག་དང་གཞན་ཡང་མི་འམ་ཅི་དང་དྲི་ཟ་དང་ལྟོ་འཕྱེ་ཆེན་པོ་བརྒྱ་སྟོང་ཕྲག་དུ་མ་དང་མི་འམ་ཅིའི་རྒྱལ་པོ་སྡོང་པོ་ཉིད་ཀྱང་རིན་པོ་ཆེའི་ཐག་པ་ཐོགས་ནས་ཤིང་རྟ་ལ་བཏགས་ཏེ་ནམ་མཁའ་ལས་དྲངས་སོ། །དེ་ནས་བཅོམ་ལྡན་འདས་སྟེང་གི་བར་སྣང་གི་ཤིང་རྟ་ལ་བཞུགས་ཤིང་། ནམ་མཁའི་དཀྱིལ་ནས་གཤེགས་པ་ལ་མི་འམ་ཅི་མོ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་གིས་སིལ་སྙན་དང་། གླུ་དབྱངས་བླངས་ནས་མཆོད་པ་བྱེད་དེ་མདུན་དུ་དོང་ཞིང་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །མི་འམ་ཅི་མོ་བརྒྱད་ཁྲི་བཞི་སྟོང་པོ། །གཟུགས་ཀྱི་དམ་པ་དང་ནི་ལྡན་པ་དག ། སིལ་སྙན་རྣམས་ནི་རབ་ཏུ་དཀྲོལ་བགྱིད་ཅིང་། །ཡང་དག་བསྔགས་པས་འདྲེན་ལ་བསྟོད་པ་བགྱིད། །མཚན་མཆོག་བསོད་ནམས་ཀྱིས་ནི་གཟི་བརྗིད་གྱུར། །གཟུགས་མཆོག་མཐོང་ན་དགའ་བར་བགྱིད་པའི་གཟུགས། །བདེན་པའི་ཡོན་ཏན་ལ་ནི་རྟག་གནས་པ། །ཡོན་ཏན་མཚོ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། ། སྔོན་གྱི་རྒྱལ་བ་རྣམས་དང་ཁྱོད་མི་འདྲ། །གཡས་གཡོན་ ― DKG058_Page_0612 ―
[མ་དཔེ་གཟིགས་ན་འདིར་གནོན།]
ན་ཡང་རྣམ་པར་མཐོང་མ་མྱོང་། །ཇི་ལྟར་རི་རབ་བརྟན་ཞིང་མི་གཡོ་བ། །དེ་ལྟར་ཁྱེད་ཀྱི་སྐུ་ནི་དཔལ་གྱིས་མཛེས། །འདྲེན་པ་ཁྱོད་ཀྱིས་རྫུ་འཕྲུལ་སྟོབས་ཀྱིས་ནི། །ཆགས་པ་མ་མཆིས་པར་ཡང་མཁའ་ལས་མཆི། །ནམ་མཁའ་ལྟ་བུར་དག་ཅིང་དྲི་མི་མངའ། །བཅོམ་ལྡན་ཉོན་མོངས་བསལ་ལ་ཕྱག་འཚལ་ལོ། །ལྷ་དབང་ལྷ་མིན་དབང་དང་སྲིན་པོ་དང་། །བརྒྱ་བྱིན་ཚངས་པ་དང་ནི་དག་པའི་ལྷ། །ཉི་མ་ཟླ་བ་སྐར་མར་བཅས་པའི་འོད། །ཁྱེད་ཀྱི་མཛོད་སྤུས་འོད་ནི་མ་མཆིས་གྱུར། །ཤེས་རབ་འབྱུང་གནས་ཤེས་རབ་རྒྱ་མཚོ་ལྡན། །སེམས་ཅན་ཀུན་གྱི་སེམས་ཀྱི་སྤྱོད་ལ་མཁས། །འཇིག་རྟེན་གསུམ་ན་འཇིག་རྟེན་གསུམ་གྱིས་མཆོད། །འཇིག་རྟེན་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །བདུད་བཞི་པོ་ཡི་སྐྱོན་རྣམས་བསལ་བ་པོ། །བདེན་པ་བཞི་ལ་བསྒོམ་ཞིང་དཔྱོད་མཛད་པ། །རྫུ་འཕྲུལ་བཞི་ཡི་སྟོབས་ཀྱིས་བསྙེངས་མི་མངའ། །སངས་རྒྱས་གཤེགས་པས་གཤེགས་ཏེ་གཤེགས་པ་མཛེས། །བསྐལ་པ་བརྒྱར་ཡང་སྐྱོ་བ་མི་མངའ་ཞིང་། །རྟག་ཏུ་དུལ་ལ་ཐུགས་ནི་མཉམ་པར་བཞག ། ལེགས་པར་གསུངས་པས་འགྲོ་བ་ཚིམ་མཛད་ཀྱང་། །ཁྱོད་ནི་ཚིག་དང་སྐད་ལ་གནས་མ་ལགས། །ཁྱོད་ཀྱི་གསུང་ནི་ཡིད་འོང་རབ་ཏུ་སྙན། །ཞིང་བརྒྱ་དག་ཏུ་ཐོགས་པ་མེད་པར་མཆི། །སྒྲ་ནི་སེམས་ཅན་གང་གིས་ཐོས་གྱུར་པ། །དེ་དག་ཐམས་ཅད་བདེ་བས་ཚིམ་པར་འགྱུར། །སེམས་ཅན་ཁ་ལོ་སྒྱུར་བ་སྤུ་གཅིག་ཏུ། །སྟོང་གསུམ་རྒྱ་མཚོའི་ཆབ་རྣམས་ཞུགས་གྱུར་ཀྱང་། །སེམས་ཅན་རགས་པ་རྣམས་ལའང་མི་གནོད་ལ། །རྫུ་འཕྲུལ་ལ་ཡང་སྐྱོན་ནི་ཡོང་མི་གདའ། །སྟོང་གསུམ་གྱི་ནི་རི་བོ་རི་རབ་དག ། ཕྱག་གཅིག་གི་ནི་མཐིལ་དུ་བཞག་ནས་སུ། །ཞིང་མང་བྱེ་བ་དག་ཏུ་གཤེགས་མཛད་ཀྱང་། །ཁྱོད་ཀྱི་སྐུ་ཡི་སྟོབས་ནི་ཞུམ་མ་མཆིས། །ཁྱོད་ནི་བསྐལ་པ་བརྒྱ་ཕྲག་བསམ་ཡས་ནས། །བརྟུལ་ཞུགས་དཀའ་ཐུབ་ཚུལ་ཁྲིམས་ཡོན་ཏན་དང་། །སྦྱིན་དང་དུལ་དང་སྡོམ་དང་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ཤེས་རབ་ཤིན་ཏུ་བསླབས། །སངས་ ― DKG058_Page_0613 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱས་བྱེ་བ་མང་ལ་བསྙེན་བཀུར་མཛད། །དེ་དག་རྣམས་ཀྱིས་བཤད་པའི་ཆོས་ཀྱང་བཟུང་། །ཐུགས་རྗེ་ལྡན་ཞིང་འགྲོ་བའི་དོན་གྱི་ཕྱིར། །ཁྱོད་ལ་ཡོངས་སུ་སྐྱོ་བའི་ཐུགས་མི་མངའ། །རིམ་གྲོར་མ་བགྱིས་ཞུམ་པར་མི་འགྱུར་ཞིང་། །རིམ་གྲོ་བགྱིས་པས་མཐོ་བར་འགྱུར་མ་ལགས། །དོག་ས་ལྟ་བུར་སྙོམས་ཤིང་མི་གཡོ་སྟེ། །འཇིག་རྟེན་ཆོས་གནས་མི་གོས་པད་མ་བཞིན། །ཆོས་རྣམས་སྟོང་པ་མཚན་མ་མ་མཆིས་དང་། །ཆུ་ཟླ་འདྲ་ཞིང་སྒྱུ་མ་ལྟ་བུ་དང་། །དབུ་བ་རྡོས་འདྲ་རྨི་ལམ་གློག་འདྲ་དང་། །སྨིག་རྒྱུའི་མཚན་ཉིད་ལྟ་བུར་རབ་ཏུ་མཁྱེན། །ངོ་བོ་ཉིད་ཀྱིས་གང་ཟག་བདག་མ་མཆིས། །གདོད་ནས་སྟོང་ཞིང་མི་གཡོ་རྗེས་མ་མཆིས། །ནམ་མཁའ་ལྟ་བུར་དག་ཅིང་དྲི་མ་མཆིས། །དངོས་པོ་བས་པར་དངོས་པོ་མ་མཆིས་འདྲ། །ལས་དང་བྱ་བ་རྒྱུ་དང་རྐྱེན་རྣམས་ལས། །བྱུང་བ་ལགས་ཀྱི་རྗེས་ནི་མ་མཆིས་པར། །ཚུལ་འདི་རྣམ་པར་སྦྱང་བ་མཛད་པས་ན། །དེ་ཕྱིར་ཁྱོད་ནི་རྫོགས་སངས་རྒྱས་ཞེས་བགྱི། །གང་དག་འདྲེན་པ་མཐོང་ཞིང་ཐོས་གྱུར་པ། །དེ་དག་ལ་ནི་ངན་སོང་འཇིགས་མ་མཆིས། །དེ་དག་བདེ་འགྲོ་དག་ཏུ་མཆོག་གཞོལ་ཏེ། །སྲོག་ཆགས་དེ་རྣམས་ཀྱི་ནི་རྙེད་པ་ལགས། །བདག་ཅག་རྣམས་ཀྱིས་གང་ཟག་དམ་པ་ཁྱོད། །ཀུན་ཏུ་མཆོད་པས་མཆོད་པ་བགྱིས་ནས་སུ། །བྱང་ཆུབ་ཏུ་ནི་སེམས་ཀྱང་བསྐྱེད་བགྱིས་ཏེ། །གང་ཟག་མཆོག་འདྲར་ཐམས་ཅད་འགྱུར་བར་ཤོག ། ནམ་མཁའ་ལ་ནི་དཔག་ཏུ་ནུས་ཀྱང་གདའ། །རྒྱ་མཚོའི་ཆབ་ནི་བས་བགྱིར་ནུས་ཀྱང་གདའ། །ཉི་ཟླ་མཁའ་ལས་སར་ནི་ལྟུང་གདའ་ཡི། ། སངས་རྒྱས་ཡོན་ཏན་བས་པར་འགྱུར་མི་གདའ། །དེ་ནས་བཅོམ་ལྡན་འདས་ཤིང་རྟ་ལ་བཞུགས་ཏེ་ནམ་མཁའི་དཀྱིལ་གྱི་ལམ་ནས་གཤེགས་པས་གཤེགས་ཤིང་། གསེར་གྱི་ཁ་དོག་ལྟ་བུར་སྐུ་ལས་འོད་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁྱབ་པར་འགྱུར་བ་དེ་ལྟ་བུའི་འོད་ཕྱུང་བ་དང་། འོད་དེས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་དང་། བྱ་རྒོད་ཀྱི་ཕུང་པོའི་རི་ཡང་རབ་ཏུ་ཁྱབ་པར་ ― DKG058_Page_0614 ―
[མ་དཔེ་གཟིགས་ན་འདིར་གནོན།]
གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཤིང་རྟ་དེས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དང་བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དེར་གཤེགས་སོ། །དེ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་རྒྱལ་པོ་མ་སྐྱེས་དགྲ་བློན་པོ་དང་། རྒྱལ་བུ་དང་། ཚོང་དཔོན་དང་། གྲོང་རྡལ་པ་དང་། ཁྱིམ་བདག་ཏུ་བཅས་པ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་འོད་དེས་བསྐུལ་ནས་ཕྱི་དྲོའི་དུས་ཀྱི་ཚེ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་བ་དན་ཐོགས་ཏེ། བཅོམ་ལྡན་འདས་བསུ་བའི་ཕྱིར་རིངས་པ་རིངས་པར་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་། །སྡོང་པོའི་སླས་རྣམས་ཤིང་རྟ་འདྲེན་བཞིན་དུ་སིལ་སྙན་བརྒྱད་ཁྲི་བཞི་སྟོང་བྱེད་དོ། །མི་འམ་ཅི་མོའི་རོལ་མོ་སིལ་སྙན་གྱི་སྒྲ་དེས་བྱ་རྒོད་ཀྱི་ཕུང་པོའི་རི་ཐམས་ཅད་དུ་གྲག་པར་གྱུར་ཏོ། །དེ་ལྟར་མི་འམ་ཅིའི་རྒྱལ་པོ་སྡོང་པོ་དཔུང་དང་བཅས། འཁོར་དང་བཅས་པས་རྫུ་འཕྲུལ་གྱི་སྟོབས་ཀྱིས་བཅོམ་ལྡན་འདས་ནམ་མཁའི་དཀྱིལ་ནས་ཁྱེར་ཏེ་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞག་གོ །དེ་ནས་བཅོམ་ལྡན་འདས་ཤིང་རྟ་དེ་ལས་བབས་ནས་རང་གི་གནས་སུ་གདན་བཤམས་པ་ལ་བཞུགས་སོ། །བྱང་ཆུབ་སེམས་དཔའ་དེ་དག་དང་ཉན་ཐོས་ཆེན་པོ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་རྣམས་ཀྱང་ཤིང་རྟ་དེ་ལས་བབས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱིས་གནང་ནས་བཅོམ་ལྡན་འདས་ལ་ཀུན་ནས་བསྐོར་ཏེ་རང་རང་གི་སྟན་ལ་འཁོད་དོ། །འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པ་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་ཀྱང་ཤིང་རྟ་དེ་ལས་བབས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲ་བློན་པོ་དང་། རྒྱལ་བུ་དང་། ཚོང་དཔོན་དང་། ཁྱིམ་བདག་དང་། གྲོང་རྡལ་པ་དང་བཅས་པ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་ ― DKG058_Page_0615 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་། དགེ་བསྙེན་མ་རྣམས་ཀྱིས་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ཇི་ལྟར་ཐོགས་པ་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་སྐུ་མ་མཉེལ་ཏམ། བདེ་བ་ལ་རེག་པར་གནས་སམ་ཞེས་གསོལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མི་འམ་ཅིའི་རྒྱལ་པོ་སྡོང་པོ་གཡོག་འཁོར་དང་བཅས་པས་བཅོམ་ལྡན་འདས་འཁོར་དང་བཅས་ཏེ། ཤིང་རྟ་ལ་བཞུགས་པ་ནམ་མཁའི་དཀྱིལ་ནས་དྲངས་པའི་དགེ་བའི་རྩ་བ་འདིས་མི་འམ་ཅིའི་རྒྱལ་པོ་སྡོང་པོའི་འཁོར་དང་བཅས་པས་ཅི་ཞིག་འཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་བའི་རྩ་བ་དེས་མི་འམ་ཅིའི་རྒྱལ་པོ་སྡོང་པོ་སླས་དང་བཅས། བུ་དང་བཅས། གཡོག་དང་བཅས་པས་འདིར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེ་དག་ཐམས་ཅད་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་མངོན་པར་ཤེས་པ་ལས་མི་ཉམས་པ་རབ་ཏུ་ཐོབ་པར་འགྱུར། སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་དུ་ཕན་ཚུན་འགྲོ་བར་འགྱུར། སངས་རྒྱས་མཐོང་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་མི་འབྲལ་བར་འགྱུར། ཚེ་རབས་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར། ལུང་བསྟན་པ་ཐོབ་པར་འགྱུར། དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་བརྩོན་པར་འགྱུར། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་སྤྲོ་བར་འགྱུར་རོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་མི་འམ་ཅིའི་བདག་པོ་སྡོང་པོ་ལ་འདི་སྐད་ཅེས་སྨྲས་སོ། །མི་འམ་ཅིའི་བདག་པོ་བཅོམ་ལྡན་འདས་ཀྱིས་ཁྱོད་ཀྱི་ཡོན་ཏན་ཡོངས་སུ་བརྗོད་པ་མཛད་པས་ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་ཀྱིས་ཁྱོད་ཀྱིས་དགེ་བའི་རྩ་བ་དེ་ལས་ཤས་ཤིག་ཁོ་བོས་ཀྱང་ཐོབ་པར་འདོད་དོ། །མི་འམ་ཅིའི་རྒྱལ་པོ་སྡོང་པོས་སྨྲས་པ། རྒྱལ་པོ་ ― DKG058_Page_0616 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆེན་པོ་དགེ་བའི་རྩ་བ་འདི་ཐམས་ཅད་བདག་གིས་ཁྱོད་དང་སེམས་ཅན་ཐམས་ཅད་ལ་དབུལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ནི་གང་སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དེ་གང་ཡང་མེད་དོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་སེར་སྣ་ཅན་མ་ཡིན་ཏེ། དེ་དག་དགེ་བའི་རྩ་བ་ཐམས་ཅད་ལ་སེར་སྣ་མི་བསྐྱེད་དོ། །དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་གཏོང་ཡང་ཡིད་མི་བདེ་བར་མི་བགྱིད། འགྱོད་པར་མི་འགྱུར་རོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་གང་ཐམས་ཅད་མཁྱེན་པར་ཡོངས་སུ་བསྔོས་པ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ནི་སེམས་ཅན་ཐམས་ཅད་ཀྱི་གནས་བྱེད་པ་དང་། སེམས་ཅན་ལ་སྦྱོར་བ་དང་། སེམས་ཅན་གྱི་ཕྱིར་འབྲང་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་གང་གི་ཕྱིར་དགེ་བའི་བཤེས་གཉེན་བཅོམ་ལྡན་འདས་དང་འཇམ་དཔལ་གཞོན་ནུར་གྱུར་པ་རྙེད་དེ། དེ་གཉིས་ལས་ཁྱོད་ཀྱིས་དམ་པའི་ཆོས་ཐོས་ནས་དེས་མི་ཤེས་པའི་མུན་པ་དང་། གཏི་མུག་གི་ལིང་ཏོག་ཆེན་པོས་མཚམས་མེད་པའི་འགྱོད་པ་བྱང་བའི་སེམས་བསལ་ནས་ཁྱོད་ཀྱིས་ཆོས་ལ་ཆོས་ཀྱི་སྣང་བ་ཆེན་པོ་ཐོབ་སྟེ། ཆོས་ཀྱི་སྣང་བ་དེས་ཁྱོད་ད་ལྟར་སྒྲིབ་པ་མེད་པ་ཐོབ་ཅིང་གནས་པས་ཁྱོད་ཀྱིས་ཀྱང་རྙེད་པ་ལེགས་པར་རྙེད་དོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གུས་པར་བྱས་ཏེ། ཇི་ནས་ཀྱང་ཆོས་ཀྱི་ཚིག་དང་། ཡི་གེ་འབྲུ་གཅིག་ཐོས་པའང་བརྗེད་པར་མི་འགྱུར་བ་དང་། ཆུད་ཟ་བར་མི་འགྱུར་བ་དང་། ཀུན་ཏུ་བཟུང་བ་དང་། ཡོངས་སུ་བསྲུང་བའི་ཕྱིར་བདག་ཆོས་ཀྱི་སྣོད་དུ་འགྱུར་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྣོད་དུ་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ལྷའི་ ― DKG058_Page_0617 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅོད་པན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སུམ་ཅུ་རྩ་གཉིས་དང་ལྡན་ན་ཆོས་ཀྱི་སྣོད་དུ་འགྱུར་རོ། །སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་སྣོད་སངས་རྒྱས་ཀྱི་བྱིན་གྱི་རླབས་དང་། ལྷག་པའི་བསམ་པའི་སྣོད་བསམ་པ་དང་། བྱང་ཆུབ་ཀྱི་ལམ་ཉེ་བར་སྟོན་པའི་སྣོད་སྦྱོར་བ་དང་། དགེ་བའི་རྩ་བ་ཁྱད་པར་དུ་འགྲོ་བའི་སྣོད་ལྷག་པའི་བསམ་པ་དང་། མང་དུ་ཐོས་པའི་སྣོད་དྲན་པ་དང་། ལམ་ལ་འཇུག་པའི་སྣོད་བློ་གྲོས་དང་། དོན་རྟོགས་པ་རྗེས་སུ་རྟོགས་པའི་སྣོད་རྟོགས་པ་དང་། ལོངས་སྤྱོད་ཆེན་པོའི་སྣོད་སྦྱིན་པ་དང་། བསམ་པ་ཡོངས་སུ་རྫོགས་པའི་སྣོད་ཚུལ་ཁྲིམས་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་འཐོབ་པའི་སྣོད་བཟོད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་འགྲུབ་པའི་སྣོད་བརྩོན་འགྲུས་དང་། སེམས་ལས་སུ་རུང་བའི་སྣོད་བསམ་གཏན་དང་། དོགས་པ་ཐམས་ཅད་ལས་རབ་ཏུ་འདས་པའི་སྣོད་ཤེས་རབ་དང་། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པའི་སྣོད་བྱམས་པ་དང་། དབུལ་ཞིང་ཉམ་ཐག་པ་ཐམས་ཅད་བསྐྱབས་པའི་སྣོད་སྙིང་རྗེ་དང་། ཆོས་ལ་དགའ་བའི་སྣོད་དགའ་བ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤང་བའི་སྣོད་བཏང་སྙོམས་དང་། དགེ་བའི་རྩ་བ་ཐམས་ཅད་འཛིན་དུ་འཇུག་པའི་སྣོད་དགེ་བའི་བཤེས་གཉེན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣོད་ཐོས་པ་ཚོལ་བས་ངོམས་མི་མྱོང་བ་དང་། མི་ལྟོས་པའི་སྣོད་རབ་ཏུ་འབྱུང་བ་དང་། དོན་ཉུང་ཞིང་བྱ་བ་ཉུང་བའི་སྣོད་དགོན་པ་ལ་གནས་པ་དང་། བསམ་གཏན་དང་མངོན་པར་ཤེས་པའི་སྣོད་དབེན་པ་ལ་དགའ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྣོད་བསྡུ་བའི་དངོས་པོ་དང་། ཆོས་སྣང་བའི་སྣོད་དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། ཐོས་པ་ཐམས་ཅད་འཛིན་པའི་སྣོད་གཟུངས་དང་། སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅད་པའི་སྣོད་སྤོབས་པ་དང་། སངས་རྒྱས་མཐོང་བའི་སྣོད་སངས་རྒྱས་རྗེས་སུ་དྲན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ ― DKG058_Page_0618 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་སྣོད་ཆོས་རྗེས་སུ་དྲན་པ་དང་། དགེ་བའི་རྩ་བ་བསྲུང་བའི་སྣོད་ཞེ་སྡང་མེད་པའི་སེམས་དང་། ལྟ་བར་གྱུར་པ་ཐམས་ཅད་སྤོང་བའི་སྣོད་སྟོང་པ་ཉིད་ལ་མོས་པ་དང་། མཐར་འཛིན་པ་ཐམས་ཅད་ཡོངས་སུ་སྤོང་བའི་སྣོད་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། མི་འཁྲུགས་ཤིང་ཕྱད་པར་ལུང་སྟོན་པའི་སྣོད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། སྟོབས་བཅུ་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་སྣོད་ཕྱིར་མི་ལྡོག་པའི་ས་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སུམ་ཅུ་རྩ་གཉིས་པོ་འདི་དག་དང་ལྡན་ན་ཆོས་ཀྱི་སྣོད་དུ་རིག་པར་བྱའོ། །བསྟན་པ་འདི་བཤད་པ་ན་སྲོག་ཆགས་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཚིག་འདི་སྐད་ཅེས་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱང་འདི་འདྲ་བའི་ཆོས་ཀྱི་སྣོད་དུ་གྱུར་ཅིག ། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་བསྟན་པའི་ཆོས་དེ་ལྟ་བུའི་སྣོད་དུ་གྱུར་ཅིག་ཅེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་འམ་ཅིའི་རྒྱལ་པོ་སྡོང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མི་འམ་ཅིའི་བདག་པོ་ཁྱོད་ཀྱིས་འཁོར་འདི་སྐྱོ་བར་འགྱུར་དུ་འོང་གིས་ཁྱོད་རང་གི་གནས་སུ་སོང་ཤིག ། མི་འམ་ཅིའི་རྒྱལ་པོ་སྡོང་པོས་གསོལ་པ། བཅོམ་ལྡན་འདས་གང་ཡོངས་སུ་སྐྱོ་བ་དེ་བྱང་ཆུབ་སེམས་དཔའ་ཞེས་མི་བགྱི་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ནི་སྐྱོ་བ་བཟོད་པར་བགྱིའོ། །བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་ཡོངས་སུ་སྐྱོ་བ་ལགས། ཇི་ལྟར་ན་ཡོངས་སུ་མི་སྐྱོ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་འམ་ཅིའི་བདག་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཡོངས་སུ་སྐྱོ་བར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་གྱི་ཁམས་ཚད་མེད་པ་ཐོས་ན་སྐྲག་པ་དང་། འཁོར་བ་ཚད་མེད་པ་ཐོས་ན་སྐྲག་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཚད་མེད་པར་ཐོས་ན་སྐྲག་པ་དང་། བསོད་ནམས་ཚད་མེད་པས་མཚན་དང་དཔེ་བྱད་བཟང་པོ་འགྲུབ་པ་ཐོས་ན་སྐྲག་པ་སྟེ། མི་འམ་ཅིའི་ ― DKG058_Page_0619 ―
[མ་དཔེ་གཟིགས་ན་འདིར་གནོན།]
བདག་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་དང་ལྡན་ན་ཡོངས་སུ་སྐྱོ་བར་རིག་པར་བྱའོ། །མི་འམ་ཅིའི་བདག་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཡོངས་སུ་མི་སྐྱོ་བར་རིག་པར་བྱའོ། །བཞི་གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་གྱི་ཁམས་ཚད་མེད་པ་དེ་ཡང་བདག་གི་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་ཐོས་ན་མི་སྐྲག་པ་དང་། དགེ་བའི་རྩ་བ་བསྒྲུབ་པའི་ཕྱིར་འཁོར་བ་ཚད་མེད་པ་ཡོངས་སུ་གཟུང་བར་བྱའོ་ཞེས་ཐོས་ན་མི་སྐྲག་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚད་མེད་པ་དེ་བདག་གི་ཡོངས་སུ་རྫོགས་པར་བྱའོ་ཞེས་ཐོས་ན་མི་སྐྲག་པ་དང་། བསོད་ནམས་ཚད་མེད་པ་བསགས་པས་མཚན་དང་དཔེ་བྱད་བཟང་པོ་འགྲུབ་སྟེ། བདག་གིས་ཀྱང་བསྒྲུབ་པར་བྱའོ་ཞེས་ཐོས་ན་མི་སྐྲག་པ་སྟེ། མི་འམ་ཅིའི་བདག་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་དང་ལྡན་ན་ཡོངས་སུ་མི་སྐྱོ་བར་རིག་པར་བྱའོ། །མི་འམ་ཅིའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཡོངས་སུ་སྐྱོ་བར་རིག་པར་བྱའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སྐབས་སྐབས་སུ་ཉན་ཐོས་ཀྱི་ཐེག་པ་ལ་རེ་བ་དང་། སྐབས་སྐབས་སུ་རང་སངས་རྒྱས་ཐེག་པ་ལ་རེ་བ་དང་། དམ་པའི་ཆོས་རྣམ་པར་འཇིག་པ་ན་ཡལ་བར་འདོར་ཞིང་ཡོངས་སུ་མི་འཛིན་པ་དང་། གཞན་ཡང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་ཏུ་མི་འཇུག་པ་སྟེ། མི་འམ་ཅིའི་བདག་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་དང་ལྡན་ན་ཡོངས་སུ་སྐྱོ་བར་རིག་པར་བྱའོ། །མི་འམ་ཅིའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཡོངས་སུ་མི་སྐྱོ་བར་རིག་པར་བྱའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རབ་ཏུ་ཉེན་ཀྱང་བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་མི་དབང་བ་དང་། ལུས་དང་སྲོག་འདོར་ཞིང་དམ་པའི་ཆོས་བསྲུང་བ་དང་། དཔག་ཚད་སྟོང་དུ་འགྲོ་ཞིང་གཞན་དག་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་སྟེ། མི་འམ་ཅིའི་བདག་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་དང་ལྡན་ན་ཡོངས་སུ་མི་སྐྱོ་བར་རིག་པར་བྱའོ། །མི་འམ་ཅིའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་ ― DKG058_Page_0620 ―
[མ་དཔེ་གཟིགས་ན་འདིར་གནོན།]
དཔའ་ཆོས་བཞི་དང་ལྡན་ན་ཡོངས་སུ་སྐྱོ་བར་རིག་པར་བྱའོ། །བཞི་གང་ཞེ་ན་འདི་ལྟ་སྟེ། སློང་བ་མཐོང་ན་ཡོངས་སུ་སྐྱོ་བ་དང་། བསོད་སྙོམས་བྱེད་པར་སྦྱོར་བ་ལ་བརྩོན་པར་གནས་པ་དང་། མང་དུ་ཐོས་པ་ཚོལ་བ་ལ་མི་བརྩོན་པ་དང་། ཇི་ལྟར་ཐོས་པའི་ཆོས་རྣམས་གཞན་ལ་མི་སྟོན་པ་སྟེ། མི་འམ་ཅིའི་བདག་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་དང་ལྡན་ན་ཡོངས་སུ་སྐྱོ་བར་རིག་པར་བྱའོ། །མི་འམ་ཅིའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཡོངས་སུ་མི་སྐྱོ་བར་རིག་པར་བྱའོ། །བཞི་གང་ཞེ་ན་འདི་ལྟ་སྟེ། སློང་བ་ལ་བཤེས་གཉེན་དུ་འདུ་ཤེས་སྐྱེད་ཅིང་ཞེ་སྡང་བའི་སེམས་མེད་ལ་བཞིན་འཛུམ་ཞིང་ཁྲོ་གཉེར་མེད་དེ་ཚུར་ཤོག་ལེགས་པར་འོངས་སམ་ཞེས་བྱ་བའི་ཚིག་སྨྲ་བ་དང་། བདག་བདེ་བ་ལ་མི་ཆགས་ཤིང་སེམས་ཅན་ཐམས་ཅད་ལ་བདེ་བ་རབ་ཏུ་སྦྱིན་པ་དང་། མང་དུ་ཐོས་པ་ཚོལ་བས་མི་ངོམས་ཤིང་། ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱང་གཞན་དག་ལ་རྒྱ་ཆེར་རབ་ཏུ་སྟོན་ཅིང་ཟང་ཟིང་མེད་པའི་སེམས་ཀྱི་ཆོས་དེ་གཞན་ལ་རབ་ཏུ་སྟོན་པ་སྟེ། མི་འམ་ཅིའི་བདག་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་དང་ལྡན་ན་ཡོངས་སུ་མི་སྐྱོ་བར་རིག་པར་བྱའོ། །མི་འམ་ཅིའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཡོངས་སུ་སྐྱོ་བར་རིག་པར་བྱའོ། །བཞི་གང་ཞེ་ན་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལམ་ཡོངས་སུ་མི་ཚོལ་བ་དང་། བསྡུ་བའི་དངོས་པོ་ལ་མི་སྦྱོར་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་བརྩོན་འགྲུས་མི་རྩོམ་པ་དང་། ཡོན་ཏན་ཆུང་ངུ་ཙམ་གྱིས་ཆོག་པར་འཛིན་ཅིང་གོང་དུ་མི་ཚོལ་བ་སྟེ། མི་འམ་ཅིའི་བདག་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་དང་ལྡན་ན་ཡོངས་སུ་སྐྱོ་བར་རིག་པར་བྱའོ། །མི་འམ་ཅིའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཡོངས་སུ་མི་སྐྱོ་བར་རིག་པར་བྱའོ། །བཞི་གང་ཞེ་ན་འདི་ལྟ་སྟེ། མགོའི་ཐོད་ལ་མེ་འབར་བ་བཞིན་དུ་ཕ་རོལ་ཏུ་ཕྱིན་པའི་ལམ་ཡོངས་སུ་ཚོལ་བ་དང་། བསྡུ་བའི་དངོས་པོ་ལ་རྟག་ཏུ་བརྩོན་པ་དང་། སེམས་ ― DKG058_Page_0621 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅན་ཡོངས་སུ་སྨིན་པར་བྱེད་པར་བརྩོན་འགྲུས་རྩོམ་པ་དང་། དགེ་བ་ཐམས་ཅད་ཡོངས་སུ་བཀང་བའི་ཕྱིར་དེ་ལ་མི་ཆགས་པ་ཡིན་ཏེ། མི་འམ་ཅིའི་བདག་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་དང་ལྡན་ན་ཡོངས་སུ་མི་སྐྱོ་བར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་བཞི་བསྒྲུབ་པ་འདི་མི་འམ་ཅིའི་རྒྱལ་པོ་སྡོང་པོ་ལ་ལན་བཏབ་ནས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་སྐྱོ་བ་དང་། ཡོངས་སུ་མི་སྐྱོ་བ་བཞི་བསྒྲུབ་པ་ལ་འཇུག་པ་འདི་ཐོས་སམ། རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་ཐོས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཁྱོད་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡོངས་སུ་མི་སྐྱོ་བར་སྤྱད་པར་བྱའོ། །རྒྱལ་པོ་མ་སྐྱེས་དགྲས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་གང་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་མ་སྐྱེས་དགྲའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་བསྐང་བའི་ཕྱིར་མི་འམ་ཅིའི་རྒྱལ་པོ་སྡོང་པོ་ལ་བཀའ་སྩལ་པ། མི་འམ་ཅིའི་བདག་པོ་ཇི་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རང་གི་ཐབས་མཁས་པའི་ཁྱད་པར་རྒྱལ་པོ་མ་སྐྱེས་དགྲ་འདིའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་བསྐང་བའི་ཕྱིར་ཁྱོད་ཀྱིས་སྟོན་ཅིག ། དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོས་རང་གི་པི་བང་དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བླངས་སོ། །པི་བང་དེ་བླངས་མ་ཐག་ཏུ་དེ་ནས་སངས་རྒྱས་ཀྱི་མཐུ་དང་། མི་འམ་ཅིའི་རྒྱལ་པོ་སྡོང་པོའི་དགེ་བའི་རྩ་བའི་གཟི་བརྗིད་ཀྱིས་པི་བང་གི་སྒྲ་དེ་ལས་སེང་གེ་བསྒྱིངས་པ་ལྟར་ཤིང་སཱ་ལ་དུ་མ་གཡོ་བའི་སྒྲར་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཚིགས་སུ་བཅད་པ་འདི་དག་བྱུང་ངོ་། །ཕན་པ་སྤྱོད་པ་དག་དང་དོན་སྤྱོད་དང་། །ཆོས་ཐོས་ནན་ཏན་བྱེད་པ་སྤྱོད་པ་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་ཡོངས་སུ་སྐྱོ་བ་མེད་པར་སྤྱོད། །བདེ་བ་སྤྱོད་དང་སྐྱིད་པ་སྤྱོད་པ་དང་། །སེམས་ཅན་ཀུན་ལ་སེམས་སྙོམས་སྤྱོད་པ་དང་། །བྱང་ཆུབ་མཆོག་གི་སྤྱོད་ ― DKG058_Page_0622 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་གང་སྤྱོད་པ། །དེ་དག་རྒྱ་ཆེན་མ་ཡིན་སྤྱོད་པ་མེད། །བརྟན་པ་སྤྱོད་དང་བདེན་པ་སྤྱོད་པ་དང་། །བསམ་པ་ཡོངས་སུ་དག་པ་སྤྱོད་པ་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་གང་དུའང་སྒྱུ་མེད་སྤྱོད་པ་ཡིན། །དུལ་བ་སྤྱོད་དང་སྦྱིན་པ་སྤྱོད་པ་དང་། །དངོས་པོ་ཐམས་ཅད་ཡོངས་སུ་གཏོང་སྤྱོད་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་སེར་སྣ་མེད་པར་སྤྱོད་པ་ཡིན། །ཚུལ་ཁྲིམས་སྤྱོད་པ་མ་ཉམས་སྤྱོད་པ་དང་། །ལུས་དང་ངག་ནི་ཡོངས་དག་སྤྱོད་པ་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་ངན་པའི་ངང་ཚུལ་སྤྱོད་པ་མེད། །བརྟུལ་ཞུགས་སྤྱོད་དང་བཟོད་པ་སྤྱོད་པ་དང་། །ཁྲོ་སྐྱོན་ཡོངས་སུ་གཅོད་པའི་སྤྱོད་པ་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་གནོད་སེམས་མེད་པར་སྤྱོད་པ་ཡིན། །བརྩོན་འགྲུས་སྤྱོད་དང་མཐུ་རྣམས་སྤྱོད་པ་དང་། །འཁོར་བར་ཡོངས་སུ་མི་སྐྱོ་སྤྱོད་པ་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་ལེ་ལོ་མེད་པར་སྤྱོད་པ་ཡིན། །བསམ་གཏན་སྤྱོད་དང་ཏིང་འཛིན་སྤྱོད་པ་དང་། །ལུས་དང་སེམས་ནི་རབ་ཏུ་དབེན་སྤྱོད་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། ། དེ་དག་གཡེང་བ་མེད་པར་སྤྱོད་པ་ཡིན། །ཤེས་རབ་སྤྱོད་དང་བློ་མཆོག་སྤྱོད་པ་དང་། །ཆོས་རྣམས་ཐམས་ཅད་ཇི་བཞིན་སྤྱོད་པ་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་ཤེས་རབ་འཆལ་པའི་སྤྱོད་པ་མེད། །བྱམས་པ་སྤྱོད་དང་ཕན་འདོད་སྤྱོད་པ་དང་། །སེམས་ཅན་ཀུན་ལ་སྙིང་རྗེ་སྤྱོད་པ་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་ཁྲོ་བའི་ཐ་བ་མེད་པར་སྤྱོད། །སྟོང་པ་སྤྱོད་དང་རབ་ཏུ་དབེན་སྤྱོད་དང་། །མཚན་མ་མེད་པ་ཡོངས་སུ་དག་སྤྱོད་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་སྨོན་པ་མེད་པར་སྤྱོད་པ་ཡིན། །ཡང་དག་སྤྱོད་དང་དེ་བཞིན་ཉིད་སྤྱོད་དང་། །ཐམས་ཅད་མཁྱེན་པ་ཡོངས་སུ་དག་སྤྱོད་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་གང་དུའང་ཆགས་པ་མེད་པར་སྤྱོད། །དད་པ་སྤྱོད་དང་དང་བ་སྤྱོད་པ་དང་། །དྲན་དང་གཡེང་བ་མེད་པར་སྤྱོད་པ་དང་། །བྱང་ ― DKG058_Page_0623 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་ཡོངས་སུ་གཅོད་པ་མེད་པར་སྤྱོད། །བསམ་གཏན་སྤྱོད་དང་རྣམ་ཐར་སྤྱོད་པ་དང་། །མངོན་ཤེས་ལྔ་རྣམས་ཡོངས་དག་སྤྱོད་པ་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་ཆགས་པ་མེད་པར་སྤྱོད་པ་ཡིན། །སངས་རྒྱས་སྤྱོད་དང་དམ་ཆོས་སྤྱོད་པ་དང་། །དགེ་འདུན་དཀོན་མཆོག་ཉེ་བར་བརྟན་སྤྱོད་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་དཀོན་མཆོག་མཆོག་གི་སྤྱོད་པ་ཡིན། །ཆོས་སྤྱོད་པ་དང་ཤིན་ཏུ་རིགས་སྤྱོད་དང་། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་སྤྱོད་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་རྒྱུན་མི་འཆད་པར་སྤྱོད་པ་ཡིན། །བྱ་བ་སྤྱོད་དང་ཆོས་རྣམས་སྤྱོད་པ་དང་། །མཐའ་ཀུན་ཡོངས་སུ་གཅོད་པའི་སྤྱོད་པ་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་གང་དུའང་ལྟ་བར་སྤྱོད་པ་མེད། ། དག་པར་སྤྱོད་དང་རྣམ་པར་དག་སྤྱོད་དང་། །ཉོན་མོངས་ཐམས་ཅད་ཡོངས་སུ་གཅོད་སྤྱོད་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་ཡོངས་སུ་གདུང་བར་སྤྱོད་པ་མེད། །བདེ་བ་སྤྱོད་དང་ཤིན་ཏུ་རྣམ་ཐར་སྤྱོད། །སེམས་ཅན་ཀུན་ལ་འཇིགས་མེད་མཆོག་སྤྱོད་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་སྨོན་ལམ་སྤྱོད་པ་མེད་པ་ཡིན། །ཉི་མ་སྤྱོད་དང་ཟླ་བ་སྤྱོད་པ་དང་། །པད་མ་ལྟ་བུར་གོས་པ་མེད་སྤྱོད་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་ལྷར་བཅས་འཇིག་རྟེན་ཕྱག་བྱ་བ། །བརྒྱ་བྱིན་སྤྱོད་དང་ཚངས་པའི་སྤྱོད་པ་དང་། །དཀར་པོའི་ཆོས་རྣམས་ཡོངས་སུ་རྫོགས་སྤྱོད་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་བདུད་རྣམས་སྡེར་བཅས་སྐྲག་པར་བྱེད། །མཆོག་སྤྱོད་པ་དང་ཁྱད་པར་འཕགས་སྤྱོད་དང་། །འདོད་ཆགས་ཉེས་པ་ཐ་བ་གཅོད་སྤྱོད་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་གང་དུའང་གཏི་མུག་སྤྱོད་པ་མེད། །ལམ་སྤྱོད་པ་དང་མུ་སྟེགས་སྤྱོད་པ་དང་། །ཤེས་རབ་མིག་ནི་ཡོངས་སུ་དག་སྤྱོད་ ― DKG058_Page_0624 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་ཡོངས་སུ་རྟོག་པར་སྤྱོད་པ་མེད། །དུལ་བ་སྤྱོད་དང་རབ་ཏུ་ཞི་སྤྱོད་དང་། །མིང་དང་གཟུགས་ལ་མི་ཆགས་སྤྱོད་པ་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་ལྷ་དང་མི་ནི་མང་པོས་བསྟོད། །འཕགས་པའི་སྤྱོད་དང་ཤིན་ཏུ་མཉམ་སྤྱོད་དང་། །གཡོན་ཕྱོགས་ལམ་ནི་ཡོངས་སུ་གཅོད་སྤྱོད་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་རྟག་ཏུ་དོན་ལ་འབབ་པ་ཡིན། །དཔའ་བོ་སྤྱོད་དང་ཤིན་ཏུ་བརྟན་སྤྱོད་པ། །བདུད་ཀྱི་སྡེ་རྣམས་འཇིགས་པར་བྱེད་སྤྱོད་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་བྱང་ཆུབ་སྙིང་པོར་གཞོལ་བ་ཡིན། །གཟུང་བ་སྤྱོད་དང་དོན་ཡོད་སྤྱོད་པ་དང་། །གཟུངས་ལ་གཡེང་བ་མེད་པར་སྤྱོད་པ་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་གང་དུ འང་མ་རིག་སྤྱོད་པ་མེད། །དགོན་པ་སྤྱོད་དང་རབ་ཏུ་དབེན་སྤྱོད་པ། །རྟག་ཏུ་རབ་ཏུ་འབྱུང་བར་སྤྱོད་པ་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་ནན་ཏན་བྱེད་པར་སྤྱོད་པ་ཡིན། །གཙོ་བོའི་སྤྱོད་དང་ཁྱད་པར་འཕགས་སྤྱོད་དང་། །འཇིག་རྟེན་ཐམས་ཅད་ཟིལ་གནོན་སྤྱོད་པ་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་ཆུང་ངུ་ལ་ནི་སྤྱོད་པ་མེད། །རིགས་པ་སྤྱོད་དང་ཐབས་ལ་སྤྱོད་པ་དང་། །བསམ་གཏན་བདེ་ལས་ལྡོག་པར་སྤྱོད་པ་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་མི་ཤེས་སྤྱོད་པ་མེད་པ་ཡིན། །ལྟ་བ་སྤྱོད་དང་རྣམ་པར་ལྟ་སྤྱོད་དང་། །མིང་དང་གཟུགས་ལ་མི་ཆགས་སྤྱོད་པ་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་འཇིགས་པ་མེད་པར་སྤྱོད་པ་ཡིན། །ཐམས་ཅད་སྤྱོད་དང་ཀུན་ཏུ་སྤྱོད་པ་དང་། །དབང་པོ་ཡོངས་སུ་སྨིན་པར་སྤྱོད་པ་དང་། །བྱང་ཆུབ་མཆོག་གི་སྤྱོད་པ་གང་སྤྱོད་པ། །དེ་དག་ཡེ་ཤེས་ནམ་མཁའི་མཐའ་དང་འདྲ། །བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་ཚིགས་སུ་བཅད་པ་མངོན་པར་བསྒྲུབ་པ་འདི་པི་བང་གི་སྒྲ་དེ་ལས་བྱུང་བ་ན། བྱང་ཆུབ་སེམས་དཔའ་ལྔ་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ ― DKG058_Page_0625 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐོབ་པར་གྱུར་ཏོ། །རྒྱལ་པོ་མ་སྐྱེས་དགྲའི་འཁོར་དང་། རྒྱལ་པོའི་ཁབ་ཀྱི་བྲམ་ཟེ་དང་། ཁྱིམ་བདག་དང་། མི་འམ་ཅི་དང་། དྲི་ཟ་དང་། ལྟོ་འཕྱེ་ཆེན་པོ་དེ་དག་གི་འཁོར་གྱི་སྲོག་ཆགས་བརྒྱད་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཚིག་འདི་སྐད་ཅེས་བཅོམ་ལྡན་འདས་བདག་ཅག་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ལ་བསླབ་པར་བགྱིའོ། །ནན་ཏན་གྱིས་བསྒྲུབ་པར་བགྱིའོ། །སེམས་ཅན་ཚད་མ་མཆིས་པ་དག་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ཉིད་ཡང་དག་པར་འཛིན་དུ་སྩལ་བར་བགྱིའོ་ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་འམ་ཅིའི་རྒྱལ་པོ་སྡོང་པོ་འགྲོར་གནང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་གནང་བས་མི་འམ་ཅིའི་རྒྱལ་པོ་སྡོང་པོ་བུ་དང་བཅས། དཔུང་དང་བཅས། སླས་དང་བཅས། རང་གི་སྐྱེ་བོ་དང་བཅས་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཟོད་པ་གསོལ་ནས་སིལ་སྙན་དཀྲོལ། མེ་ཏོག་གི་ཆར་ཕབ། འོད་ཟེར་གྱི་དྲ་བ་ཕྱུང་སྟེ། ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་པར་བྱས་ནས། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་སྟེ། དེ་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡང་དུ་རང་གི་ཁྱིམ་དུ་ཕྱིན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མི་འམ་ཅིའི་རྒྱལ་པོ་སྡོང་པོས་དེ་བཞིན་གཤེགས་པ་ལ་མཆོད་པ་དང་ཆོས་ལ་མཆོད་པས་བདག་ཟིལ་གྱིས་ནོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་མི་འམ་ཅིའི་རྒྱལ་པོ་སྡོང་པོས་ཁྱོད་འབའ་ཞིག་ཟིལ་གྱིས་མནན་པ་མ་ཡིན་གྱིས། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཐོབ་པ་མ་གཏོགས་པར་གང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ཉན་ཐོས་དང་རང་སངས་རྒྱས་དེ་དག་ཐམས་ཅད་མི་འམ་ཅིའི་རྒྱལ་པོ་སྡོང་པོས་ ― DKG058_Page_0626 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཟིལ་གྱིས་ནོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་པས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་ཟིལ་གྱིས་ནོན་ཏོ། །ཀཽ་ཤི་ཀ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ནི་ལྷར་བཅས་པའི་འཇིག་རྟེན་གྱིས་ཟིལ་གྱིས་མི་ནོན་ཏོ། །གང་བྱང་ཆུབ་སེམས་དཔའ་ལ་ཟིལ་གྱིས་གནོན་པར་སེམས་པ་དེ་ནི་དེ་བཞིན་གཤེགས་པ་ལ་ཟིལ་གྱིས་གནོན་པར་འདོད་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་ནི་དེ་བཞིན་གཤེགས་པ་འབྱུང་ངོ་། །དེ་བཞིན་གཤེགས་པ་ལས་ནི་ཉན་ཐོས་དང་རང་སངས་རྒྱས་འབྱུང་ངོ་། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བསྟན་པ་འདི་ཐོས་ནས་ཐལ་མོ་སྦྱར་ཏེ་མཆི་མ་བླགས་ནས་འདི་སྐད་ཅེས་ཀྱེ་མའོ། །བདག་ནི་སངས་རྒྱས་ཀྱི་མཁྱེན་པ་ཆགས་པ་མི་མངའ་ཞིང་སྒྲིབ་པ་མི་མངའ་བ་འདི་ལྟ་བུ་ལས་ཉམས་སོ་ཞེས་སྨྲས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་བུ་ལྷའི་བུ་འོད་ཟེར་སྲུང་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཡང་འདི་ལྟར་གང་རབ་ཏུ་དབེན་པ་རྣམ་པར་བསྒྲུབ་པར་ཉེ་བར་གནས་པའི་མཚན་ཉིད་མ་ལགས་པའི་ཆོས་རྣམས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་བསྐྱེད་པ་དེ་ནི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་རྙེད་པ་མ་ལགས། རྒྱ་ཆེན་པོ་ལ་མོས་པའི་དགེ་བའི་བཤེས་གཉེན་ལ་སྟེན་པ་མ་ལགས་ཏེ། ཕྱིས་འགྱོད་པར་འགྱུར་བའོ། །ཡབ་སྐྱོན་མེད་པ་ལ་ཞུགས་ཏེ་རྒྱུད་ཚིག་ཅིང་ས་བོན་ཚིག་སྟེ། ཐེག་པ་ཆེན་པོའི་སྣོད་དུ་མ་གྱུར་པ་ལ་ད་བགྱིར་ཅི་མཆིས། བསྟན་པ་འདི་བཤད་པ་ན་སུམ་ཅུ་རྩ་གསུམ་རིས་ཀྱི་ལྷའི་བུ་ལས་ལྷའི་བུ་སྟོང་ཐམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་འོད་ཟེར་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་ཇི་སྙེད་པ་བཅོམ་ལྡན་འདས་ ― DKG058_Page_0627 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བསྟར་བ་ནི་བདག་ལ་མངོན་སུམ་དུ་གྱུར་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ལས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པའི་བཟོད་པ་ཐོབ་པ་དེ་ལ་འཇུག་པའི་རྣམ་པར་དབྱེ་བ་བསྟན་པ་ཅུང་ཟད་ཅིག་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པ་གང་བདག་གིས་ཐོས་ནས་དེ་བཞིན་ཉིད་དུ་བསྒྲུབས་པས་ཆོས་དེ་འཐོབ་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་འོད་ཟེར་སྲུང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་ཟེར་སྲུང་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་མ་བསྐྲུན་པ་རྣམས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་མི་འགྱུར་གྱིས། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་བརྟན་པ་རྣམས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །འོད་ཟེར་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། སངས་རྒྱས་མཉམ་པ་ཉིད་དང་། ཆོས་མཉམ་པ་ཉིད་དང་། དགེ་འདུན་མཉམ་པ་ཉིད་དང་། ཞིང་མཉམ་པ་ཉིད་དེ་ལྷའི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་དང་ལྡན་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་འགྱུར་རོ། །ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། བསམ་གཏན་བཞིས་སྟོང་པ་ཉིད་ལ་རྣམ་པར་རྩེ་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཐབས་མཁས་པ་ལ་རྣམ་པར་རྩེ་བ་དང་། མངོན་པར་ཤེས་པ་ལྔས་ཡེ་ཤེས་ལ་རྣམ་པར་རྩེ་བ་དང་། ཐོགས་པ་མེད་པའི་ཡེ་ཤེས་ཀྱིས་རྫུ་འཕྲུལ་ལ་རྣམ་པར་རྩེ་བ་སྟེ། འོད་ཟེར་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་དང་ལྡན་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་འགྱུར་རོ། །འོད་ ― DKG058_Page_0628 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཟེར་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་འགྱུར་རོ། ། བཞི་གང་ཞེ་ན་འདི་ལྟ་སྟེ། ཕུང་པོ་རྣམས་ལ་བྱང་ཆུབ་ཚོལ་ཡང་ཕུང་པོ་རྣམས་ལ་བྱང་ཆུབ་ཀྱི་རང་བཞིན་དུ་མོས་པ་མ་ཡིན་པ་དང་། ཁམས་རྣམས་ལ་བྱང་ཆུབ་ཚོལ་ཡང་ཁམས་རྣམས་ལ་བྱང་ཆུབ་ཀྱི་རང་བཞིན་དུ་མོས་པ་མ་ཡིན་པ་དང་སྐྱེ་མཆེད་རྣམས་ལ་བྱང་ཆུབ་ཚོལ་ཡང་། སྐྱེ་མཆེད་རྣམས་ལ་བྱང་ཆུབ་ཀྱི་རང་བཞིན་དུ་མི་རྟོག་པ་དང་། ཆོས་ཐམས་ཅད་ལ་བྱང་ཆུབ་ཚོལ་ཡང་ཆོས་ཐམས་ཅད་ལ་བྱང་ཆུབ་ཀྱི་རང་བཞིན་དུ་མོས་པ་མ་ཡིན་པ་སྟེ། འོད་ཟེར་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་དང་ལྡན་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་འགྱུར་རོ། །འོད་ཟེར་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། མི་གཡོ་བའི་ཚུལ་གྱིས་ཆོས་ཐམས་ཅད་ཡང་དག་པའི་མཐའ་ལ་གནས་པར་ཤེས་པ་དང་། དུས་གསུམ་མཉམ་པ་ཉིད་པས་ཆོས་ཐམས་ཅད་དེ་བཞིན་ཉིད་ལ་གནས་པར་འཇུག་པ་དང་། ཆོས་ཐམས་ཅད་མཚན་ཉིད་འདྲེས་པ་མེད་པས་ཆོས་ཀྱི་དབྱིངས་སུ་འདུ་བར་ཤེས་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བས་ནམ་མཁའི་རང་བཞིན་དུ་སོ་སོར་རྟོག་པ་སྟེ། འོད་ཟེར་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་དང་ལྡན་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་འགྱུར་རོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པ་བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་ལྔ་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །ལྷའི་བུ་འོད་ཟེར་སྲུང་ནི་རྗེས་སུ་འཐུན་པར་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །ཆོས་ཀྱི་རྣམ་གྲངས་འདིའི་ཐ་མར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་མི་འམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པ་ཕ་རོལ་ཏུ་ཕྱིན་པས་འདུལ་བ་བསྟན་པའི་སྒོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་བཟུང་ངམ། ཀུན་དགའ་བོས་གསོལ་ ― DKG058_Page_0629 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ། བཅོམ་ལྡན་འདས་འདི་ལྟ་སྟེ། སངས་རྒྱས་ཀྱི་མཐུ་ཉིད་ཀྱིས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་བཟུང་ལགས་སོ། །བཅོམ་ལྡན་འདས་ཀྱེ་མའོ་ཇི་ཙམ་དུ་ཆོས་ཀྱི་རྣམ་གྲངས་འདི་ཟབ་མོ་རྣམ་པར་ངེས་པ་དང་དོན་བཟང་པོ་དང་ཚིག་འབྲུ་བཟང་པོས་བརྒྱན་པ་ནི་མཛེས་ཏེ་ངོ་མཚར་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ལ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་མ་བསྡུས་པ་དེ་གང་ཡང་མ་མཆིས་སོ། །བཅོམ་ལྡན་འདས་སྔོན་བདག་ལ་ཆོས་སྣང་བར་གྱུར་པ་གང་ལགས་པ་དེ་ཡང་ང་ཆོས་ཀྱི་རྣམ་གྲངས་འདི་ལ་བརྟེན་ནས་འབུམ་འགྱུར་དུ་སྐྱེས་སོ། །བཅོམ་ལྡན་འདས་བདག་ནི་འདི་སྙམ་དུ་བདག་ལྟ་བུ་ཉི་ཚེ་བའི་འཆལ་བ་དང་ལྡན་པ་བློ་ཆུང་ངུ་ཉན་ཐོས་ཀྱི་ཐེག་པའི་སྐྱོན་མ་མཆིས་པ། ཐ་ཆད་ལ་ཞུགས་པར་གནས་པས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཀྱང་འདི་ལྟ་བུའི་ཆོས་ཀྱི་སྣང་བ་འདི་སྐྱེས་པར་གྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་ཚད་མ་མཆིས་པའི་སྣོད་དུ་གྱུར་པ། བློ་རྒྱ་ཆེ་ཞིང་རྒྱ་མཚོ་ལྟ་བུ་དང་ལྡན་པ། ཆོས་རིན་པོ་ཆེ་ཐམས་ཅད་ཡོངས་སུ་འཛིན་པ། གསོལ་བ་མ་བཏབ་པར་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་བཤེས་གཉེན་བགྱི་བ་གང་ལགས་པ་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན་ཆོས་ཀྱི་སྣང་བ་ཇི་སྙེད་ཅིག་ཐོབ་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ་སྙམ་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཉི་མ་དང་ཟླ་བའི་སྣང་བ་ཇི་སྙེད་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྤུ་གཅིག་གི་འོད་ཀྱིས་མོག་མོག་པོར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པའི་སྤུའི་ཁུང་བུ་ཐམས་ཅད་ནས་འོད་ཇི་སྙེད་བྱུང་བ་དེ་དག་ནི་ཤེས་རབ་ཀྱི་འོད་ཀྱིས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་སྟེ། སྟོང་གི་ཆ་དང་། སྟོང་ཕྲག་བརྒྱའི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། སྣང་བ་ཐམས་ཅད་ནི་ཤེས་རབ་ཀྱི་སྣང་བ་ལས་བྱུང་ ― DKG058_Page_0630 ―
[མ་དཔེ་གཟིགས་ན་འདིར་གནོན།]
བའི་ཕྱིར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པའི་ཤེས་རབ་ཀྱི་སྣང་བ་གང་ཡིན་པ་ཤེས་རབ་ཀྱི་སྣང་བ་དེ་དང་ལྡན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་། གཡོ་བ་རྣམས་མཁྱེན་པའི་ཤེས་རབ་ཀྱི་སྣང་བ་དེ་ལྟ་བུ་དང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་ལྡན་པར་འགྱུར་རོ། །ཀུན་དགའ་བོ་གང་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། ཐོས་ནས་ཀྱང་མོས་པ་དང་། མོས་ནས་ཀྱང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་དང་། ཚུལ་བཞིན་དུ་སོ་སོར་རྟོགས་པ་དང་། དེ་བཞིན་དུ་བསྒྲུབ་པ་དེ་དག་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དོན་དུ་གཉེར་བ་དང་སྙིང་རྗེ་ཆེན་པོའི་གོ་ཆ་བགོས་པ་དང་། བྱམས་པ་ཆེན་པོའི་གོ་ཆ་བགོས་པ་དང་། བདུད་དང་ཕྱིར་རྒོལ་བ་བཅོམ་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཞོལ་བའི་སྐྱེས་བུ་དམ་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མོས་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བསོད་ནམས་ཇི་སྙེད་ཅིག་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་སྔ་དྲོའི་དུས་ཀྱི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བཀང་སྟེ། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྦྱིན་པ་བྱིན་པ་དང་། དེ་བཞིན་དུ་ཉི་མའི་གུང་དང་། ཕྱེ་མ་རེད་ཀྱི་དུས་དང་། ― DKG058_Page_0631 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྲོད་དང་། ནམ་གྱི་གུང་ཐུན་དང་། ཐོ་རས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་ལ་སྦྱིན་པ་བྱིན་པ་དང་། རྣམ་གྲངས་འདི་ལྟ་བུས་ལོ་གཅིག་གམ། ལོ་བརྒྱའམ། ལོ་སྟོང་ངམ། ལོ་བརྒྱ་ཕྲག་སྟོང་དུ་སྦྱིན་པ་བྱིན་ན་ཀུན་དགའ་བོ་དེ་ལ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་དམ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་མང་སྟེ་ཚད་མ་མཆིས་སོ། །བདེ་བར་གཤེགས་པ་དཔག་ཏུ་མ་མཆིས་སོ། །བཅོམ་ལྡན་འདས་གདུགས་གཅིག་བསགས་པའི་བསོད་ནམས་ཀྱི་ཕུང་པོ་དེ་ཡང་ཚད་མ་མཆིས་ན། དགུང་ལོ་བརྒྱ་ཕྲག་སྟོང་དུ་བསགས་པ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་མོས་པར་བྱའོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །བྱང་ཆུབ་དོན་དུ་གཉེར་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དོན་དུ་གཉེར་བ་དང་། སེམས་ཅན་རབ་ཏུ་ཐར་པར་བྱ་བ་དོན་དུ་གཉེར་བ་གང་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མོས་སམ། འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་དེ་ལས་བསོད་ནམས་ཀྱི་ཕུང་པོ་མང་དུ་སྐྱེད་ན་གང་དེ་བཞིན་ཉིད་དུ་བསྒྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་སྟོན་ན་དེ་ནི་སྦྱིན་པ་ཞེས་བྱ་སྟེ། དེ་ནི་སྦྱིན་པ་ཐམས་ཅད་ཟིལ་གྱིས་གནོན་པའོ། །འདི་ལྟ་སྟེ། ཆོས་ཀྱི་སྦྱིན་པ་འདི་ནི་སྦྱིན་པ་རྣམས་ཀྱི་མཆོག་གོ །འདི་ལྟ་སྟེ། ཆོས་ཀྱི་རྗེས་སུ་འཛིན་པ་དེ་ནི་རྗེས་སུ་བཟུང་བ་རྣམས་ཀྱི་མཆོག་གོ །འདི་ལྟ་སྟེ། ཆོས་ཀྱི་གདིང་བ་དེ་ནི་གདིང་བ་རྣམས་ཀྱི་མཆོག་གོ །འདི་ལྟ་སྟེ་ཆོས་ཡོངས་སུ་ ― DKG058_Page_0632 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཛིན་པ་དེ་ནི་ཡོངས་སུ་འཛིན་པ་རྣམས་ཀྱི་མཆོག་གོ །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་ཀྱི་སྦྱིན་པ་བྱིན་པས་ནི་ཉོན་མོངས་པ་འབྲི་བར་འགྱུར་རོ། །ཟང་ཟིང་གི་སྦྱིན་པ་བྱིན་པས་ནི་ལུས་བརྟན་པ་བྱས་པར་འགྱུར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་འབྲི་བར་བྱེད་འདོད་པས་སངས་རྒྱས་ཀྱིས་གནང་བ་ཆོས་ཀྱི་སྦྱིན་པ་དེ་སྦྱིན་པར་བྱ་སྟེ། ཆོས་ཀྱི་སྦྱིན་པ་དེས་ནི་ཡོན་ཏན་གྱི་ཁྱད་པར་ཐམས་ཅད་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྦྱིན་པ་སྦྱིན་པ་ནི་ཡོན་ཏན་གྱི་ཕན་ཡོན་ཡང་དག་ཕུལ་སུམ་ཅུ་རྩ་གཉིས་རབ་ཏུ་འཛིན་པར་འགྱུར་རོ། །སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ་དྲན་པ་དང་ལྡན་པར་འགྱུར་བ་དང་། བློ་གྲོས་དང་ལྡན་པར་འགྱུར་བ་དང་། རྟོག་པ་དང་ལྡན་པར་འགྱུར་བ་དང་། འདོད་ཆགས་ཆུང་བར་འགྱུར་བ་དང་། ཞེ་སྡང་ཆུང་བར་འགྱུར་བ་དང་། གཏི་མུག་ཆུང་བར་འགྱུར་བ་དང་། བདག་དང་གཞན་གྱི་ཉོན་མོངས་པ་ཚར་གཅོད་པར་འགྱུར་བ་དང་། སྐྱེ་བོ་མང་པོ་དགའ་བར་འགྱུར་བ་དང་། དེའི་བསྔགས་པ་ལྷ་རྣམས་ཀྱིས་བརྗོད་པར་འགྱུར་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་རྣམས་ཀྱིས་བསྲུང་བར་འགྱུར་བ་དང་། ལས་བྱས་ནས་བསོད་སྙོམས་ཟ་བར་འགྱུར་བ་དང་། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྙེད་པར་འགྱུར་བ་དང་། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་ཕྱོགས་བཅུར་གྲགས་པར་འགྱུར་བ་དང་། མི་མ་ཡིན་པ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྔགས་པར་འགྱུར་བ་དང་། དམ་པའི་ཆོས་ཡོངས་སུ་བསྲུང་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དམ་པའི་ཆོས་འཛིན་པར་འགྱུར་བ་དང་། ངན་སོང་ཐམས་ཅད་ཀྱིས་འཇིགས་པར་མི་འགྱུར་ཞིང་། དེ་ལ་ལྷ་དང་མིར་སྐྱེ་བ་དཀའ་བར་མི་འགྱུར་བ་དང་། སངས་རྒྱས་མཐོང་བ་དང་མི་འབྲལ་བར་འགྱུར་བ་དང་། དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་བྲལ་བར་མི་འགྱུར་བ་དང་། སྐྱེ་བ་ ― DKG058_Page_0633 ―
[མ་དཔེ་གཟིགས་ན་འདིར་གནོན།]
དྲན་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་བ་དང་། ནམ་དུ་ཡང་དབང་པོ་མི་ཚང་བར་མི་འགྱུར་བ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཐོབ་པར་འགྱུར་བ་དང་། གཟི་བརྗིད་ཅན་གྱི་གཟུངས་ཀྱི་ས་བོན་བསྒྲུབ་པར་འགྱུར་བ་དང་། སྤོབས་པ་རྒྱུན་མི་འཆད་པའི་རྒྱུ་རབ་ཏུ་འཛིན་པར་འགྱུར་བ་དང་། སྐྱེ་བོ་མཁས་པས་གཡོག་བྱས་པར་འགྱུར་བ་དང་། ཤེས་རབ་ཆེན་པོའི་རྒྱུ་རབ་ཏུ་འཛིན་པར་འགྱུར་བ་དང་། མྱུར་དུ་ཆོས་ཀྱི་སྣང་བ་རབ་ཏུ་ཐོབ་པར་འགྱུར་བ་དང་། དེའི་སེམས་ལ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ཀུན་ཏུ་མི་འབྱུང་བ་དང་། འཇིག་རྟེན་གྱི་ཟང་ཟིང་གི་སྦྱིན་པ་ཐམས་ཅད་ཟིལ་གྱིས་མནན་ནས་དེ་ཆོས་ཀྱི་གཏེར་ཟད་མི་ཤེས་པ་ཡོངས་སུ་འཛིན་པར་འགྱུར་བ་སྟེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྦྱིན་པ་སྦྱིན་ན་ཡོན་ཏན་གྱི་ཁྱད་པར་ཡང་དག་ཕུལ་སུམ་ཅུ་རྩ་གཉིས་པོ་འདི་དག་ཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་བཟུང་ལགས་ཏེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་སླད་ན་སེམས་ཅན་སྣོད་དུ་གྱུར་པ་དེ་དག་གི་རྣ་ལམ་དུ་བསྒྲག་པར་བགྱི། ཀུན་བསྲུང་བར་བགྱི། མོས་པར་བགྱི། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་ནི་ཡོན་ཏན་ཕུན་སུམ་ཚོགས་པ་འདི་དང་བསོད་ནམས་ཡོངས་སུ་འཛིན་པ་དོན་དུ་གཉེར་བའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་ལེགས་སོ། །ཞེས་བྱ་བ་གནང་སྟེ། ཀཽ་ཤི་ཀ་ཁྱོད་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ངའི་མདུན་དུ་སེང་གེའི་སྒྲ་བསྒྲགས་པ་ལེགས་སོ་ལེགས་སོ། །ཀཽ་ཤི་ཀ་དགེ་བའི་རྩ་བ་འདི་ངའི་དམ་པའི་ཆོས་ཡུན་ཇི་སྲིད་དུ་གནས་པ་དེ་སྲིད་དུ་ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པ་ན་ལྷ་མ་ཡིན་རྣམས་ནི་ཕམ་པར་འགྱུར་ལྷ་རྣམས་ནི་རྒྱལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཆོས་ཀྱི་རྣམ་གྲངས་འདི་ནི་ཡང་དག་ཕུལ་ཡིན་ཏེ། ཀཽ་ཤི་ཀ་འདི་ལྟ་སྟེ། ཆོས་ཐམས་ ― DKG058_Page_0634 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅད་མི་དམིགས་པ་དེ་ནི་འཇིགས་པ་མེད་པའི་སྦྱིན་པའོ། །ཀཽ་ཤི་ཀ་གང་ཅུང་ཟད་འཇིགས་པ་སྐྱེ་བ་དེ་དག་ཐམས་ཅད་ནི་འཇིག་ཚོགས་ལ་ལྟ་བ་ལ་དམིགས་ཤིང་རབ་ཏུ་གནས་པ་ལས་བྱུང་ངོ་། །ཀཽ་ཤི་ཀ་གང་མི་དམིགས་པ་དེ་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །དེ་ནས་བཅོམ་ལྡན་འདས་ལ་མི་མཇེད་ཀྱི་བདག་པོ་ཚངས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་བསམ་གཏན་གྱི་བདེ་བ་ལ་གནས་པ་ཚད་མ་མཆིས་པ་བཏང་སྟེ། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་གང་དང་གང་ན་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྤྱོད་པ་དེ་དང་དེ་དག་ཏུ་བདག་ཆོས་ཉན་པའི་སླད་དུ་ཉེ་བར་མཆི་བར་བགྱིའོ། །མཆིས་ནས་ཀྱང་ཆོས་སྨྲ་བ་དེ་དག་ཆོས་དང་ལྡན་པས་བསྲུང་བ་དང་། སྦ་བ་དང་བསྐྱབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཉན་ཐོས་དང་། རང་སངས་རྒྱས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་ནི་འདི་ལས་བྱུང་བའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་བཞིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་པོ་ཆེན་པོ་བཞི་པོ་བདག་ཅག་དང་། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཆེན་པོ་དེ་དག་དང་བདག་ཅག་གིས་ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ་བསྲུང་བ་དང་སྦ་བ་དང་བསྐྱབ་པ་ལ་བརྩོན་པར་བགྱིའོ། །བདག་ཅག་གི་འཁོར་གང་དག་སངས་རྒྱས་དང་སངས་རྒྱས་ཀྱི་བསྟན་པ་ལ་མ་དད་པ་དེ་དག་ཀྱང་ཇི་ནས་དེ་བཞིན་གཤེགས་པའི་བསྟན་པ་བསྲུང་བའི་སླད་དུ་བརྩོན་པར་འགྱུར་བར་དད་པར་བགྱིའོ། །བཅོམ་ལྡན་འདས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་གང་དག་སངས་རྒྱས་ཀྱི་བསྟན་པ་ལ་བརྩོན་པ་དང་། གཞན་ཡང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དད་པ་སྲུང་བ་མཆིས་པ་དེ་དག་སྲུང་བའི་ཆེད་དུ་གསང་སྔགས་ཀྱི་ཚིག་འདི་དག་ལ་ཁ་ཏོན་དུ་བགྱིའོ། །གསང་སྔགས་ཀྱི་ཚིག་དེ་དག་གིས་གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། མི་འམ་ཅི་ ― DKG058_Page_0635 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་། ལྟོ་འཕྱེ་ཆེན་པོ་དང་། གྲུལ་བུམ་ལ་སོགས་པ་དང་། མི་དང་མི་མ་ལགས་པ་དང་། གཞན་ཡང་སངས་རྒྱས་ཀྱི་བསྟན་པ་ལ་ཞེ་སྡང་བར་བགྱིད་པ་རྣམས་ཤིན་ཏུ་ཚར་གཅོད་པར་འགྱུར་རོ། །ཏཪྱ་ཐཱ། ཏ་ར་བེ། ཨ་ར་བེ། ཨ་ནོ་པེ། ས་ར་པེ། ཧུ་ལུ་མ་ཧཱ་ཧུ་ལུ། ཧུ་ལུ་ཧུ་ལུ། ཨ་བད་ཊེ། བི་ཀད་ཊེ། པ་རི་ཙྪེ་དཱ་ནི། ནི་གྲཱི་ཏེ། པྲ་གྷཱ་ཏ་ནི། ཨིད་ཊི་ཨིད་ཊི། བིད་ཊི་བིད་ཊི། ཨད་ཚེ་གད་ཚེ། མཱ་ར་ནི་གྲ་ཧ་ན། སརྦ་པ་ར་པྲ་བཱ་དི་ནི་གྲ་ཧ་ན། སརྦ་མི་ཐྱ་པྲ་ཡཱ་ཏཱ་ནན་ནི་གྲ་ཧ་ན། སརྦ་བྷཱུ་ཏ་གྲ་ཧཱན། བུད་དྷ་བར་ཎི་ཏ་དྷརྨ་ནི་ཡ་ཏ་ཤཱ་ཡ་བྷཱུ་ཏཱན། བུད་དྷ་བར་ཎི་ཏཱན། ཙ་ཏུར་མ་ཧཱ་རཱ་ཛ་ནིརྡེ་ཤཱན། མནྟྲ་བ་ལཱན། ཨ་བ་ཏཱ་ར། པྲེཀྵི་ཎཱ་ནི་གྲ་ཧཱ་ཡ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་དང་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་ལ་བཀའ་སྩལ་པ། སྐྱེས་བུ་དམ་པ་དག་ངས་བསྐལ་པ་མཐའ་ཡས་གྲངས་མེད་པར་ཡང་དག་པར་བསྒྲུབས་པའི་བྱང་ཆུབ་འདི་ཇི་ནས་ཡུན་རིང་དུ་གནས་པར་འགྱུར་བ་དང་ནུབ་པར་མི་འགྱུར་བར་བྱ་བའི་ཕྱིར་ཁྱེད་གཉིས་ཀྱི་ལག་ཏུ་བཞག་གོ་གཏད་དོ། །དེ་གཉིས་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ཅག་གཉིས་ཀྱིས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་སླད་ན་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བགྱིའོ། །རྒྱས་པར་བགྱིའོ། །ཆོས་ཀྱི་རྣམ་གྲངས་འདི་ཆོས་སྨྲ་བ་དང་། དགེ་བའི་རྩ་བ་བསྐྲུན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གི་ལག་ཏུ་མཆི་བར་བགྱིའོ། །དེ་དག་མདོ་སྡེ་འདི་ལ་མོས་པར་བགྱི་བ་དང་ཡོངས་སུ་འཛིན་པར་བགྱི་བའི་སླད་དུ་དེ་དག་གི་ཡིད་རབ་ཏུ་གཟུང་བར་བགྱིའོ། །བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་ཆོས་ཀྱི་རྣམ་གྲངས་འདི་གང་དག་གི་རྣ་ལམ་དུ་ཐོས་པ་དང་། ཐོས་ནས་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་ཀུན་ཆུབ་པར་བགྱིད་པ་དང་། འཆང་བ་དེ་དག་ནི་བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱི་བྱིན་གྱི་རླབས་ལེགས་པར་རིག་པར་བགྱིའོ། །དེ་ནས་བདུད་སྡིག་ཅན་འཁོར་དེར་འདུས་པར་གྱུར་ནས་འདུག་པ་དེ་གདོང་ལས་མཆི་མ་ཟག་ཅིང་ང་རོ་ཕྱུང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ ― DKG058_Page_0636 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདས་གང་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པ་ལས་བརྩམས་ཏེ། ཆོས་བསྟན་པ་ལ་ནི་བདག་ཐ་ན་སྤུ་ཟིང་ཞེས་བགྱིད་པ་ཙམ་ཡང་མ་མཆིས་སོ། །གང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་ཕྱག་རྒྱ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ལམ་ལ་འཇུག་པ། སེམས་ཅན་ཐམས་ཅད་ཀྱི་རྟོན་པའི་ཆོས་ཀྱི་རྣམ་གྲངས་འདི་གསུངས་པ་དེས་བདག་མྱ་ངན་གྱི་ཟུག་རྔུ་དང་ལྡན་ཞིང་བདག་ཉིད་རྙིས་པར་གྱུར་པ་སྙམ་བགྱིད་དོ། །བཅོམ་ལྡན་འདས་བདག་ལ་ཕྱག་བརྐྱང་བ་བསྩལ་དུ་གསོལ། གང་ཐོས་པས་བདག་མྱ་ངན་གྱི་ཟུག་རྔུ་དང་ལྡན་པར་འགྱུར་བའི་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་ཡང་མི་གསུང་བར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་ཅན་ཁྱོད་དང་འཐུན་པའི་སེམས་ཅན་ཆོས་ཟབ་མོ་འདི་ལྟ་བུ་ལ་མ་མོས་པ་ནི་མང་། གང་དག་མོས་པའི་སེམས་ཅན་དེ་དག་ནི་ཉུང་གིས། མྱ་ངན་མ་བྱེད་སྨྲེ་སྔགས་མ་འདོན་ཅིག ། སྡིག་ཅན་འདི་ལྟ་སྟེ་དཔེར་ན། སའི་སྟེང་ནས་རྡུལ་བླངས་པ་སྙེད་ཀྱི་སེམས་ཅན་ནི་ཆོས་ཀྱི་རྣམ་གྲངས་ཟབ་མོ་འདི་ལྟ་བུ་ལ་མོས་སོ། །སའི་རྡུལ་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་ནི་ཆོས་ཀྱི་རྣམ་གྲངས་ཟབ་མོ་འདི་ལ་མ་མོས་ཏེ། དེ་དག་ཐམས་ཅད་ནི་ཁྱོད་དང་འཐུན་ནོ། །སེམས་ཅན་གྱི་ཁམས་ཚད་མེད་པ་ཁྱོད་དང་འཐུན་གྱིས་དེ་བས་ན་སྡིག་ཅན་དགའ་བར་གྱིས་ཤིག ། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སེམས་ཅན་དཔག་ཏུ་མེད་པ་ནི་བྱང་ཆུབ་ལ་ཡང་དག་པར་ཞུགས་སོ། །བྱང་ཆུབ་སེམས་དཔའ་དགུ་ཁྲི་ཉིས་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །དགེ་སློང་བརྒྱད་སྟོང་ནི་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ནས་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏེ། ལྷའི་མེ་ཏོག་གི་ཆར་ནི་རབ་ཏུ་ཕབ། སིལ་སྙན་བརྒྱ་སྟོང་དག་ནི་མ་དཀྲོལ་བར་རང་འཁྲོལ་ལོ། །ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རྣམས་ནི་སྟེང་གི་བར་སྣང་ལ་ཀྱེ་མ་ ― DKG058_Page_0637 ―
[མ་དཔེ་གཟིགས་ན་འདིར་གནོན།]
བདག་ཅག་གིས་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་ལན་གཉིས་བསྐོར་བ་འདི་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་གང་ཡང་ཆོས་ཀྱི་རྣམ་གྲངས་འདི་བསྟན་ཏེ་བཤད་ནས། སེམས་ཅན་གྱི་དོན་མཛད་པ་གང་ལགས་པ་འདི་ན་གྲོང་ཁྱེར་འཁོར་མོར་འཇིག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་དེ་བས་ཆེས་མཆོག་གོ །གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། གཞན་དག་ལ་རྒྱ་ཆེར་སྟོན་པ་དང་། ཐ་ན་གླེགས་བམ་ལ་བྲིས་ཏེ། འཆང་བའི་སེམས་ཅན་དེ་དག་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་མི་འམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པ་ཕ་རོལ་ཏུ་ཕྱིན་པ་རྣམ་པར་ངེས་པ་བསྟན་པ་དང་། དམ་པའི་ཆོས་རིན་པོ་ཆེའི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་དགའོ།། །།འཕགས་པ་མི་འམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་གྱི་ལྷུན་པོ་དང་། དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། |