cover

སྡེ་དགེའི་བསྟན་འགྱུར་པོད་བཅུ་གསུམ་པ།

རྒྱུད། ན༽

Nitartha Publication

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔལ་དོན་དམ་པའི་བསྙེན་པ།
པདྨ་དཀར་པོས་མཛད།


DTG013_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

༄། ། རྒྱ་གར་སྐད་དུ། ཤྲཱི་པ་ར་མཱརྠ་སེ་བཱ། བོད་སྐད་དུ། དཔལ་དོན་དམ་པའི་བསྙེན་པ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཁམས་གསུམ་ལ་ནི་ཡེ་ཤེས་ཉིན་མོར་བྱེད་པ་ཡི། །དཔལ་ལྡན་ཤཱཀྱའི་སེངྒེ་བྱམས་པའི་མགོན་པོ་དང༌། །འཇམ་དབྱངས་བཅས་པ་ཡིད་བཞིན་ནོར་དང་གྲགས་པ་དང༌། །རྡོ་རྗེ་འཛིན་པ་རྣམས་ལ་སྤྱི་བོས་ཕྱག་འཚལ་ཏེ། །ལྟ་བ་དྲུག་གི་གཞུང་མང་རྟོག་གེ་ལ་སོགས་ཀྱིས། །བློ་དམན་རྣམས་ཀྱིས་གང་ཞིག་བརྟག་པར་དཀའ་བས་ཏེ། །མདོར་བསྡུས་པས་ནི་འཇིག་རྟེན་ལུགས་ནི་སྤངས་ནས་སུ། །དོན་དམ་བསྙེན་པ་དེ་ནི་བདག་གིས་བཤད་པར་བྱ། །འདོད་པའི་དངོས་གྲུབ་སློབ་དཔོན་ཞལ་གྱི་རྗེས་འབྲང་བར། །མ་ལུས་རྡོ་རྗེ་ཐེག་པར་ཐམས་ཅད་མཁྱེན་པས་གསུངས། །དེ་ཕྱིར་སློབ་མ་དམ་པ་རྣམས་ཀྱིས་བླ་མ་གསེར་བཞིན་དུ། །ཡོངས་སུ་བརྟགས་ན་སྡིག་པ་ཅུང་ཟད་ཡོད་མ་ཡིན། །གང་ལས་ཁྱབ་འཇུག་བདེ་འབྱུང་དྲག་པོ་ཟླ་བ་དང༌། །ཉི་མ་རྒྱུ་སྐར་སྒྲ་གཅན་གཟའ་སོགས་གྱུར་པ་ཡི། །རྡོ་རྗེ་སེམས་དཔའ་ཡབ་དེ་དག་ནི་རྣམ་སྤངས་ཏེ། །


DTG013_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྨོངས་པས་འཇིག་རྟེན་མེས་པོའི་ལམ་ལ་ལེན་པར་བྱེད། །འཇིག་རྟེན་དག་གི་ངེས་པ་ཚད་མས་དམན་པ་སྟེ། །ལྟ་བའི་ཆོས་ཀྱི་དབྱེ་བ་དག་གི་རྣམ་པ་མང༌། །རིག་བྱེད་རྟོགས་པར་དཀའ་ཞིང་དྲན་པ་ཐ་དད་པས། །འཇིག་རྟེན་འདིར་ནི་མཁས་པ་རྣམས་ཀྱིས་གང་ཞིག་འཛིན། །ཐམས་ཅད་མཁྱེན་པ་ཡིས་ནི་གསུངས་པའི་དོན་གཞན་ལ། །ལུས་མང་པོ་ཡིས་དེ་ནི་གཞན་དུ་འཆད་པར་བྱེད། །ལྟ་བ་དྲུག་ཏུ་གནས་པ་བླ་མར་རབ་གྲགས་པ། །ཁམས་ནི་རབ་ཏུ་རྒྱས་དང་མཉམ་པ་ཉིད་ལོག་ཁམས། །བླ་མའི་ཞལ་གྱིས་དམན་པ་དག་གིས་རྒྱུད་ཐོས་ཟེར། །མངོན་པར་དབང་བསྐུར་མི་འགྱུར་ལམ་ནི་མ་ཐོབ་པར། །རྡོ་རྗེ་སློབ་དཔོན་གོ་འཕང་ཆེན་པོ་འདིར་བྱེད་དེ། །སྐྱེ་པོ་རྨོངས་པ་འདི་ལ་ཅི་ཞིག་སྤྱད་པའོ། །ནོར་འདོད་བརྐམ་པས་མངོན་པར་དབང་ནི་བསྐུར་བར་བྱེད། །རང་གི་དཀྱིལ་འཁོར་རྡུལ་ཚོན་དག་གིས་བྲི་བྱེད་དེ། །རྡོ་ཡི་རང་བཞིན་འདོད་པའི་རྟགས་ལ་མཆོད་པར་བྱེད། །འབར་བའི་ཐབ་ཁུང་དུ་ནི་མར་ལ་སོགས་པ་སྲེག །ཨོཾ་ཡིག་ཧཱུཾ་ཡིག་ཅེས་ནི་འདོད་པའི་སྔགས་ཡིན་ཏེ། །གཞན་ལ་ཕན་པ་རུ་ནི་འདི་ཉིད་བརྗོད་པ་ཡིན། །བློ་གྲོས་ཉམས་པ་ཡིས་ནི་འདི་དག་མི་ཤེས་ཏེ། །གང་གིས་སྒྲ་ཙམ་དག་ནི་དེ་ཉིད་སྔགས་སུ་


DTG013_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྱུར། །ངང་པའི་རྒྱལ་མེད་མཚོ་ཡི་པདྨའི་ལྟེ་བར་ནི། །གཡོན་ཅན་བྱ་དཀར་དག་ནི་ཤིན་ཏུ་མཛེས་པར་འགྱུར། །ཉ་ཡི་རིགས་ལ་དེ་ནི་གསོད་པས་གབ་པ་ལྟར། །བླ་མ་ངན་པས་འགྲོ་བ་རྣམས་ལ་དེ་བཞིན་ནོ། །པདྨའི་སྙིང་པོ་ལྟར་ནི་མགྲིན་པ་བསྟུངས་ནས་སུ། །གཡོན་ཅན་རྐང་པ་ཡ་གཅིག་གིས་ནི་གནས་པ་སྟེ། །ཆུ་སྐྱར་འདིས་ནི་ཉ་རྣམས་འཁྲུལ་པ་བྱེད་པ་ལྟར། །བླ་མ་ངན་པས་འགྲོ་བ་རྣམས་ལ་བྱ་དཀར་བཞིན། །ཇི་ལྟར་ཟློས་གར་མཁན་གྱིས་གར་གྱི་ངོ་བོ་བསྒྱུར། །འཁོར་བ་ལྷ་ཡི་དབང་པོའི་གཟུགས་སུ་བྱེད་པ་ལྟར། །ལམ་དག་མེད་དང་ནོར་ལ་འདོད་ཅིང་བརྐམ་པ་ཡིས། །དེ་བཞིན་དབང་ལ་རྒྱལ་བའི་ཅོད་པན་འཆིང་བར་བྱེད། །འདོད་ལ་ལྷག་ཞེན་ཆང་གི་དབང་གིས་བག་མེད་ཅིང༌། །ཁྲོ་བའི་སེམས་དང་བཅས་ཤིང་རྫས་ལ་མང་དུ་ཞེན། །བདེན་པ་མ་ཡིན་སྨྲ་ཞིང་བུ་རྣམས་སླུ་འདོད་པ། །བླ་མ་དེ་ཡིས་སྡུག་བསྔལ་སྟེར་བ་ངོ་མཚར་མེད། །འཁོར་བའི་སྡུག་བསྔལ་མེ་དག་གིས་ནི་གདུངས་པ་ཡིས། །རབ་རིབ་མིག་གིས་བླ་མ་དག་གིས་གཟུང་བྱས་པ། །ཤིན་ཏུ་གདུང་བ་གཞོམ་ཕྱིར་ལམ་ཆེན་གནས་པ་ཡི། །གཉིད་ལོག་སྦྲུལ་གྱི་དུག་གིས་འཁྲུལ་པ་བཞིན་དུའོ། །ཆོས་ལ་ཞེན་དང་མྱ་ངན་འདས་པའི་བདེ་བ་ལ། །རབ་ཞེན་སེམས་ལྡན་རྨོངས་པའི་སྐྱེ་བོ་དུ་མ་ལ། །ཡོངས་སུ་བརྟགས་ན་དམྱལ་བའི་མེ་ནི་སྟེར་བ་པོ། །བླ་མ་ངན་པ་ཅི་ཡི་ཕྱིར་ན་སྟེན་པར་བྱེད། །འཁོར་བ་དང་ནི་མྱ་ངན་འདས་པའི་དངོས་ཉམས་པ། །ཤེས་དང་ངེས་ཞུགས་སྙིང་རྗེ་ལ་སོགས་ཐ་མི་དད། །དབང་པོ་བྲལ་ཞིང་རྟོག་པ་བརྟག་པ་རུ་ནི་དང༌། །གཉིས་སུ་མེད་ཅིང་ཀུན་འགྲོ་ངེས་པར་ཞི་བ་ཉིད། །དེ་ཡང་དང་པོའི་སངས་རྒྱས་རྡོ་རྗེ་སེམས་དཔའ་དཔལ། །དེ་ཉིད་འཇིག་རྟེན་མགོན་དང་དཔལ་ལྡན་འཇམ་པའི་དབྱངས། །དེ་ནི་ཐུགས་ཀྱི་རྡོ་རྗེ་རྡོ་རྗེ་མཁའ་འགྲོ་དཔལ། །དེ་ནི་མི་འགྱུར་འགྱུར་མེད་རྣལ་འབྱོར་གྱིས་ནི་བགྲོད། །དེ་ནི་དབང་ཕྱུག་ཁྱབ་འཇུག་དག་དང་མེས་པོ་སྟེ། །བདུད་སོགས་འཇོམས་མེད་བདེ་གཤེགས་རྒྱལ་དབང་པོ། །གྲགས་པ་དེ་ནི་ཐུབ་པ་ཤཱཀྱ་སེངྒེ་དཔལ། །དེ་ནི་སངས་རྒྱས་ཐམས་ཅད་དཔལ་ལྡན་དུས་འཁོར་ལོ། །སྤྲུལ་པ་འདི་ལྟར་ཞི་བ་དེ་ནི་བླ་མ་དཔལ། །རབ་ཏུ་སྦས་པའི་སངས་རྒྱས་བདེ་


DTG013_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེར་ས་གཞི་ལ། །བདུད་ཀྱི་དགྲ་གཅིག་སྐྱེ་འགྲོ་ཡི་ནི་རྩ་ལག་གཅིག །བླ་མ་དམ་པ་བསྟེན་པ་རྣམས་ལ་ཡིད་བཞིན་ནོར། །སྲིད་པ་གསུམ་གྱི་བསམ་གཏན་ཆགས་མཉམ་སྒོམ་པ་པོ། །ཆགས་ཆེན་འདོད་ཆགས་ཆེན་པོ་ལ་ནི་ཐུགས་བཅིངས་པ། །དབང་པོ་གཉིས་བདེ་སྦྱོར་ཞིང་བརྟུལ་ཞུགས་ཆེན་པོ་ཅན། །ཕྱག་རྒྱ་དག་ལ་སྦྱོར་ཡང་ཆགས་པ་ཉམས་མི་མངའ། །ཉི་ཟླ་དག་གི་ལམ་ལ་རྣལ་འབྱོར་ཉམས་པ་དང༌། །ཤེས་རབ་མེ་ལ་རྣལ་འབྱོར་སྟོབས་ཀྱིས་རབ་ཏུ་ཞུགས། །དཔག་མེད་བདེ་བའི་བདུད་རྩི་བཏུང་ལ་ཆགས་པ་སྟེ། །སྡིག་འཕྲོག་རྡོ་རྗེ་འཛིན་པ་དེ་ནི་བླ་མ་དཔལ། །བུ་བཟང་དག་ནི་རྣམ་པར་སྤངས་ནས་ཚོལ་མི་བྱེད། །བདེ་བར་འོངས་པ་སྦྱིན་བ་རུ་ནི་མི་གཏོང་བ། །རྙེད་པའི་དོན་ལ་སོགས་པ་རུ་ནི་འདོད་མ་ཡིན། །རྙེད་པའི་ནོར་ནི་ཉེ་བར་ལོངས་ནི་སྤྱོད་མཛད་པ། །བླ་མེད་རྒྱུད་ཀྱི་གསུང་ནི་ཡང་དག་སྟོན་པའོ། །ཡོན་ཏན་ལྡན་པའི་སྲས་རྣམས་ལ་ནི་འཁོར་བ་འཇོམས། །རང་ལུས་ཚངས་པའི་འཇིག་རྟེན་ནས་ནི་ཀུན་དུ་སྟོན། །དེ་ནི་བླ་མའི་དཔལ་ཏེ་བླ་མ་དཔལ་གཞན་མིན། །དཔག་མེད་སངས་རྒྱས་ཀྱིས་ནི་རྟག་ཏུ་དེ་ལ་མཆོད། །ཕྱོགས་བཞུགས་བྱང་ཆུབ་སེམས་དཔའ་རྟག་ཏུ་དེ་ལ་འདུད། །གྲུབ་པ་རྣམས་ཀྱིས་རྡོ་རྗེའི་གླུ་མང་དེ་ལ་ལེན། །སྲིད་པའི་དགོན་པར་ལྷུང་ལ་ལམ་ནི་སྟོན་པའོ། །འདོད་པ་ཕལ་པར་ཞེན་པ་བླ་མ་དཔལ་མ་ཡིན། །ལེགས་འོངས་ནོར་ལ་ཞེན་པ་བླ་མ་དཔལ་མ་ཡིན། །སྐྱེས་བུ་མཁས་པ་སྨོད་བྱེད་དཔལ་ལྡན་བླ་མ་མིན། །སེམས་ཅན་སྙིང་བརྩེ་རྣམ་སྤངས་དཔལ་ལྡན་བླ་མ་མིན། །དགེ་འདུན་དཀོར་ལ་རབ་སྤྱོད་དཔལ་ལྡན་བླ་མ་མིན། །ནོར་མེད་སློབ་མ་འདོར་བ་དཔལ་ལྡན་བླ་མ་མིན། །བསྒོམས་ཟིན་ལས་རྣམས་སྟེར་བ་དཔལ་ལྡན་བླ་མ་མིན། །བུ་བཟང་ཁ་སྔོམ་བྱེད་པ་དཔལ་ལྡན་བླ་མ་མིན། །བུ་བཟང་དེ་ཉིད་སྤེད་པ་དཔལ་ལྡན་བླ་མ་མིན། །བུ་བཟང་སླུ་པར་འདོད་པ་དཔལ་ལྡན་བླ་མ་མིན། །བུ་བཟང་ཡུན་རིངས་ཁྲོ་བ་དཔལ་ལྡན་བླ་མ་མིན། །བུ་བཟང་སྤོང་བར་འདོད་པ་དཔལ་ལྡན་བླ་མ་མིན། །ཡེ་ཤེས་དབང་གིས་ཁེངས་བཅས་དཔལ་ལྡན་བླ་མ་མིན། །རྫས་ཀྱི་དབང་གིས་རབ་དགའ་དཔལ་ལྡན་བླ་མ་མིན། །ཕྲན་ཚེགས་ཁྱིམ་དུ་བསྟི་


DTG013_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདོད་དཔལ་ལྡན་བླ་མ་མིན། །རྒྱལ་སྲིད་སྡེ་ལ་རབ་ཞུགས་དཔལ་ལྡན་བླ་མ་མིན། །རང་གི་མགྲིན་པར་སྐད་འཆང་དཔལ་ལྡན་བླ་མ་མིན། །ཁྱབ་འཇུག་དབྱུ་གུ་འཆང་བ་དཔལ་ལྡན་བླ་མ་མིན། །ཐལ་བས་ལུས་ལ་བྱུགས་པ་དཔལ་ལྡན་བླ་མ་མིན། །རལ་པ་འཆང་དང་སྐྲ་བྲེགས་དཔལ་ལྡན་བླ་མ་མིན། །མགོ་བོའི་ཐོད་པ་འཆང་བ་དཔལ་ལྡན་བླ་མ་མིན། །གཅེར་བུ་དང་ནི་སྐྲ་འབལ་དཔལ་ལྡན་བླ་མ་མིན། །དབེན་པའི་དབང་གིས་རབ་དགའ་དཔལ་ལྡན་བླ་མ་མིན། །ལུས་ལ་དམར་པོའི་གོས་གྱོན་དཔལ་ལྡན་བླ་མ་མིན། །པུས་འཁྱུད་རབ་ཏུ་འཆིང་བ་དཔལ་ལྡན་བླ་མ་མིན། །སྔགས་ཟློས་བགྲང་ཕྲེང་ཅན་ནི་དཔལ་ལྡན་བླ་མ་མིན། །ཆང་གི་དབང་གིས་བག་མེད་དཔལ་ལྡན་བླ་མ་མིན། །སྲོག་ཆགས་རྣམས་ལ་སེམས་སྡང་དཔལ་ལྡན་བླ་མ་མིན། །བདེ་བའི་དབང་གིས་རབ་དགའ་དཔལ་ལྡན་བླ་མ་མིན། །འགྱུར་བའི་བདེ་ལ་ཆགས་པ་དཔལ་ལྡན་བླ་མ་མིན། །སྡུག་བསྔལ་དབང་གིས་གདུངས་པ་དཔལ་ལྡན་བླ་མ་མིན། །ཐར་བའི་ལམ་ལ་བག་མེད་དཔལ་ལྡན་བླ་མ་མིན། །ལམ་ལས་ཉམས་པའི་སེམས་ལྡན་དཔལ་ལྡན་བླ་མ་མིན། །ཀུན་འགྲོ་ཆོས་ནི་ཉམས་པ་དཔལ་ལྡན་བླ་མ་མིན། །རང་དབང་སྡུག་བསྔལ་བྱེད་པ་དཔལ་ལྡན་བླ་མ་མིན། །འཁར་གསིལ་ལྷུང་བཟེད་ལག་འཆང་དཔལ་ལྡན་བླ་མ་མིན། །བླ་གབ་མེད་པའི་རྣལ་འབྱོར་དཔལ་ལྡན་བླ་མ་མིན། །ཤིང་གི་དྲུང་ན་གནས་པ་དཔལ་ལྡན་བླ་མ་མིན། །སྡུག་བསྔལ་སྟེར་བའི་ཕྱག་དར་དཔལ་ལྡན་བླ་མ་མིན། །དུས་སུ་ཟ་བའི་དགེ་སློང་དཔལ་ལྡན་བླ་མ་མིན། །སྐྱེ་བོ་མེད་པའི་རྫོང་གནས་དཔལ་ལྡན་བླ་མ་མིན། །བྲག་ཕུག་རྣམས་སུ་རབ་ཞུགས་དཔལ་ལྡན་བླ་མ་མིན། །གང་ཞིག་ཡོན་ཏན་རིང་ཕུང་དཔལ་ལྡན་བླ་མ་དེ། །གང་ཞིག་སྲིད་པའི་སྐྱོན་འཇོམས་དཔལ་ལྡན་བླ་མ་དེ། །གང་ཞིག་སྙན་པའི་ངག་སྨྲ་དཔལ་ལྡན་བླ་མ་དེ། །གང་ཞིག་ལམ་བཟངས་སྟོན་པའི་དཔལ་ལྡན་བླ་མ་དེ། །གང་ཞིག་དམྱལ་བའི་མེ་འཇོམས་དཔལ་ལྡན་བླ་མ་དེ། །གང་ཞིག་སྲིད་པའི་ཕར་སྒྲོལ་དཔལ་ལྡན་བླ་མ་དེ། །གང་ཞིག་འགྲོ་བའི་གཉེན་གཅིག་དཔལ་ལྡན་བླ་མ་དེ། །གང་ཞིག་འགྲོ་བའི་མིག་གཅིག་དཔལ་ལྡན།


DTG013_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བླ་མ་དེ། །གང་ཞིག་འགྲོ་བའི་རྗེ་གཅིག་དཔལ་ལྡན་བླ་མ་དེ། །གང་ཞིག་འགྲོ་བའི་ཟླ་གཅིག་དཔལ་ལྡན་བླ་མ་དེ། །གང་ཞིག་སྐྱེ་འགྲོའི་ཉི་གཅིག་དཔལ་ལྡན་བླ་མ་དེ། །གང་ཞིག་བདེ་གཤེགས་རྗེ་རིགས་དཔལ་ལྡན་བླ་མ་དེ། །གང་ཞིག་མི་ཟད་ལམ་སྟོན་དཔལ་ལྡན་བླ་མ་དེ། །གང་ཞིག་མགྲིན་པར་ཐོས་འཛིན་དཔལ་ལྡན་བླ་མ་དེ། །གང་ཞིག་མི་འགྱུར་དབུས་འཛིན་དཔལ་ལྡན་བླ་མ་དེ། །གང་ཞིག་ཡོན་ཏན་རྡུལ་ལུས་དཔལ་ལྡན་བླ་མ་དེ། །གང་ཞིག་རྒྱལ་པོའི་སྤྱོད་འཆིང་དཔལ་ལྡན་བླ་མ་དེ། །གང་ཞིག་ལུས་ཀྱི་མགོ་འཛིན་དཔལ་ལྡན་བླ་མ་དེ། །གང་ཞིག་སྐྲ་འབལ་བ་ཡི་དཔལ་ལྡན་བླ་མ་དེ། །གང་ཞིག་སྲིད་གདུག་གཅེར་བུ་དཔལ་ལྡན་བླ་མ་དེ། །གང་ཞིག་དུས་གོས་འཛིན་པའི་དཔལ་ལྡན་བླ་མ་དེ། །གང་ཞིག་བདུད་རྩིའི་འཐུང་ཆགས་དཔལ་ལྡན་བླ་མ་དེ། །གང་ཞིག་དམ་ཚིག་ལ་ཞུགས་དཔལ་ལྡན་བླ་མ་དེ། །གང་ཞིག་ལུས་སྲུང་འདོད་པའི་དཔལ་ལྡན་བླ་མ་དེ། །གང་ཞིག་རླུང་གི་ཕྲེང་ལྡན་དཔལ་ལྡན་བླ་མ་དེ། །གང་ཞིག་རྒྱལ་བའི་ཤིང་དྲུང་དཔལ་ལྡན་བླ་མ་དེ། །གང་ཞིག་བརྟུལ་ཞུགས་སྣོད་འཛིན་དཔལ་ལྡན་བླ་མ་དེ། །གང་ཞིག་བདེ་བའི་ཁྲོད་འཛིན་དཔལ་ལྡན་བླ་མ་དེ། །གང་ཞིག་མི་ཟད་དུས་ཟའི་དཔལ་ལྡན་བླ་མ་དེ། །གང་ཞིག་ནམ་མཁའི་གནས་ཞུགས་དཔལ་ལྡན་བླ་མ་དེ། །གང་ཞིག་ནམ་མཁའི་ཕུག་ཞུགས་དཔལ་ལྡན་བླ་མ་དེ། །གང་ཞིག་སེམས་ཅན་མཉམ་སེམས་དཔལ་ལྡན་བླ་མ་དེ། །འཇིགས་མེད་དག་གསུམ་སྟེར་བ་བླ་མ་དཔལ་གང་དེ། །དཔལ་ལྡན་བླ་མ་དེ་ནི་ཅི་ཕྱིར་བསྟེན་མི་བྱ། །དཔལ་ལྡན་བླ་མ་དེ་ནི་ཅི་ཕྱིར་ཚིམ་མི་བྱ། །དཔལ་ལྡན་བླ་མ་དེ་ནི་ཅི་ཕྱིར་མཆོད་མི་བྱ། །དཔལ་ལྡན་བླ་མ་དེ་ལ་ཅི་ཕྱིར་ཕྱག་མི་བྱ། །མལ་སྟན་བཞོན་པ་བྲན་ཁོལ་ཞོ་ཤས་འཚོ་རྣམས་དང༌། །ཡན་ལག་བཟང་པོ་བུ་མོ་མཛེས་མ་རྣམས་དང་ནི། །ཆུང་མ་སྙིང་སྡུག་བུ་དང་རྩ་ལག་བཅས་པ་དང༌། །མ་ལུས་པ་ཡིས་ཀྱང་ནི་བདེ་བ་སྟེར་བ་ལའོ། །སཱ་ལུའི་ཟན་དང་ཤ་དང་དྲི་ཞིམ་མར་དག་དང༌། །བཟའ་དང་བཅའ་བ་སྦྱིན་པ་ཡིད་འོང་མང་པོ་དང༌། །ཏམ་པོ་ལ་དང་ག་བུར་ཁ་བཤལ་བཟང་པོ་དང༌། །གླ་རྩི་ལ་སོགས་པ་ཡིས་བདུད་མང་


DTG013_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགྲ་ལའོ། །རབ་ཏུ་འཆང་བའི་དོ་ཤལ་ནོར་བུ་རྣ་ཆ་དང༌། །སྐེ་རགས་དང་བཅས་རྐང་གདུབ་ཡན་ལག་སྲུང་དང་ནི། །ཅོད་པན་དང་བཅས་དབུང་རྒྱན་རྐེ་ནོར་བཟང་སོགས་དང༌། །སྣ་ཚོགས་ན་བཟའ་ཡིས་ནི་སྡུག་བསྔལ་མང་འཇོམས་ལའོ། །བྱུག་པ་དང་ནི་གུར་གུམ་ཙནྡན་ལ་སོགས་པ། །ཨ་ག་རུ་ནག་སིཧླ་ལ་སོགས་སྦོས་དང་ནི། །ཙམ་པ་ཀ་མཆོག་ལ་སོགས་དྲི་ཞིམ་མེ་ཏོག་དང༌། །རིན་ཆེན་མར་མེས་ལམ་ནི་མི་ཉམས་ལའོ། །རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་དུ་སྡིག་པ་མེད་པ་ཡོང་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བརྟེན་པར་འགྱུར་པའོ། །རྡོ་དང་ཤིང་གི་རང་བཞིན་སངས་རྒྱས་རྣམས་ཀྱིས་ནི། །སྐྱེ་བ་འབུམ་ཕྲག་གིས་ནི་ཐར་པ་མི་སྟེར་རོ། །སྐྱེ་བ་འདི་ཉིད་དུ་ཡང་གང་ཞིག་བརྟག་པ་ནི། །བླ་མ་བསྟེན་པ་ཡིས་ནི་བདེ་བ་སྟེར་བར་མཛད། །སྦུན་དང་ཆུང་མ་སྙིང་སྡུག་གྲོགས་པོ་མགོན་པོ་དང༌། །བླ་མ་དང་དང་མཚུངས་པའི་ཕ་མ་ཡོད་མ་ཡིན། །སྐྱེ་བ་འདི་ཉིད་དུ་ཡང་སྡུག་བསྔལ་འཇོམས་པ་ཡི། །རྡོ་རྗེ་འཛིན་པའི་དཔལ་བཟངས་དག་གིས་སྟེར་པའོ། །ཤིན་ཏུ་རྣམ་པར་དག་པའི་བློ་ཡིས་བསྟེན་བྱ་ཡི། །ཇི་ལྟར་ཕྱི་དུས་སྡུག་བསྔལ་སྟེར་བར་མིན་པའོ། །མ་དག་སེམས་ཀྱིས་བསྟན་པས་སྡུག་བསྔལ་འགྱུར་བ་སྟེ། །དཔེར་ན་རིམས་ནད་རྒྱས་པ་ལ་ནི་མར་གྱི་བཏུང་བ་བཞིན། །ཇི་ལྟར་བདེ་བའི་དོན་དུ་བླ་མས་མ་བྱས་པས། །ཉམས་པའི་སེམས་ཀྱིས་སྡུག་བསྔལ་མང་དུ་སྟེར་བར་བྱེད། །ཤིང་ལས་རིང་དུ་ལྷུང་བའི་སྡུག་བསྔལ་མཆོག་མིན་པས། །འདོད་པའི་འབྲས་བུ་སྔོན་དུ་བོར་བ་མཆོག་ཡིན་ནོ། །ལྟོས་འགྲོའི་དུག་ནི་མྱུར་དུ་ཁྱབ་པ་དག་དང་ནི། །གདོང་ལྔ་པ་དང་ངེས་པར་གླང་པོ་ཆེ་དང་ནི། །ཁྲོ་བོ་ཆེན་པོའི་གཤིན་རྗེ་ཁ་ནི་མཆོག་ཡིན་གྱི། །གདུག་པའི་སློབ་མས་བླ་མ་ལ་ནི་བརྟེན་པ་མིན། །དཔལ་ལྡན་བློ་མའི་ཞབས་ལ་བརྟེན་པར་འདོད་པ་དེ། །རབ་ཏུ་ཁྲོས་པས་སྐྱེ་བ་བརྒྱ་རུ་མི་འདོད་པའོ། །དེ་ཕྱིར་རང་གི་བློ་ཡིས་དཔྱད་ནས་ནི། །བསྟེན་པར་བྱ་ཡི་ཁྲོ་བ་རུ་ནི་མི་བྱའོ། །རྔོ་བ་དང་ནི་ཤིང་གི་རང་བཞིན་གཟུགས་བརྙན་གྱི། །དེ་ལ་ཕ་རོལ་ཞེན་པས་འདིར་ནི་མཆོག་བྱེད་ཅིང༌། །གང་ཞིག་སེམས་དང་བཅས་པས་ཡོན་


DTG013_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏན་རྒྱ་མཚོ་ཡི། །བླ་མ་ཆེན་པོ་དེ་ནི་ཡོངས་སུ་སུན་འདོན་ཏེ། །དུ་མའི་བདུད་དང་དམྱལ་བའི་མེ་ནི་བསྐྱོད་པ་དང༌། །བགེགས་དང་ལོག་འདྲེན་རྣམས་ཀྱིས་རྟག་ཏུ་དེ་བཟུང་སྟེ། །སེམས་བཅས་གསལ་བརྒྱལ་བའི་དབང་པོ་སྤངས་ནས་ནི། །གང་ཞིག་སེམས་མེད་པ་ལ་རབ་ཏུ་མཆོད་བྱེད་དོ། །འཇམ་པའི་དཔལ་ནི་དང་པོའི་སངས་རྒྱས་ཡིན་པ་ལ། །སྟོན་པ་གཞན་དག་རྣམས་ལ་མཆོད་པ་མཛད་པ་ནི། །ཅི་ཕྱིར་ཞེ་ན་སེམས་ཅན་གདུལ་པའི་དོན་ཡིན་གྱི། །གཞན་དུ་ཐར་པ་ལ་ནི་འདོད་ཅིང་ཆགས་པས་མིན། །དེ་བཞིན་བླ་མས་འདོད་པའི་རྟགས་ནི་བཀོད་ནས་སུ། །མི་ཤེས་འཇིག་རྟེན་རྣམས་ཀྱི་བསོད་ནམས་རྒྱུ་རུ་ནི། །ཕྱག་མང་བ་དང་མཆོད་པ་དག་ཀྱང་མཛད་པ་སྟེ། །འོན་ཀྱང་མྱ་ངན་འདས་པའི་ལམ་ལ་ཆགས་པ་མིན། །ཆུང་མ་བུ་དང་རྩ་ལག་མང་པོའི་སྡེ་རྣམས་དང༌། །སོ་བ་ནོར་དང་རྒྱལ་སྲིད་དགྲ་མེད་ཕྱོགས་དང་ནི། །གྲུབ་པ་ཉིད་དང་དབང་པོ་དྲང་སྲོང་དང་བཅས་པ། །རེ་ཞིག་ལུས་པོ་འདི་ནི་མི་རྟག་པ་ཉིད་དོ། །ཁམས་གསུམ་རྣམ་པ་བརྟན་པ་དག་དང་གཡོ་བ་ནི། །ཅུང་ཞིག་མི་བཟད་པ་ནི་གལ་ཏེ་འདིར་མཐོང་དང༌། །གང་ཞིག་དངོས་པོའི་གཟུགས་ནི་མི་ཤིགས་ཡོད་འགྱུར་ན། །འདི་རྣམས་དག་ལ་གཏི་མུག་ཆེད་དུ་ཆགས་པར་གྱིས། །ཇི་སྲིད་འཆི་བདག་རབ་ཏུ་མ་སང་བར་དུ་ནི། །དེ་སྲིད་དུ་ནི་ཁྱོད་ཀྱིས་ལུས་འདི་བསྲུང་བར་གྱིས། །འདི་ནི་རབ་ཏུ་སད་ན་ཁྱོད་ཀྱིས་བསྲུངས་ན་ཡང༌། །ལུས་ནི་ངེས་པ་རུ་ནི་ཅེ་སྤྱང་རྣམས་ལ་སྟེར། །དེ་བཞིན་དུ་ནི་ཆུང་མ་དང་ནི་བུ་དང་རྩ་ལག་དང༌། །གྲོགས་དང་མགོན་པོ་དག་ལ་སྐྱབས་སུ་སོང་ན་ཡང༌། །འབར་བ་ལ་སོགས་པ་ལ་དུས་ཀྱིས་བྱིན་པས་ན། །དབང་པོ་ལ་སོགས་ཀྱིས་ནི་བསྲུང་བར་ནུས་མ་ཡིན། །གྲུབ་པ་དང་ནི་དྲང་སྲོང་ལྷ་ཡི་དབང་པོ་དང༌། །དཔག་མེད་བགྲང་དུ་མེད་པ་དེ་ཡིས་ཟད་པར་ཁྲིད། །ཡེ་ཤེས་མེ་ནི་ཇི་སྲིད་མཐོང་བར་མ་གྱུར་པར། །རང་གི་ལས་དག་སུ་ཞིག་གིས་ནི་བཟློག་པར་འགྱུར། །འདི་དག་ཐམས་ཅད་མི་རྟག་འདོད་པ་མ་ཡིན་ཏེ། །ཡེ་ཤེས་བདུད་རྩི་བླ་མའི་ཞལ་ནི་འདོད་པའོ། །གཉིས་པོ་འདི་ལས་བདེ་དང་སྡུག་བསྔལ་རབ་ཏུ་སྐྱེད། །ངེས་པར་ལེགས་པར་བརྟགས་ན་ཅི་ཞིག་ལ་ནི་ལེན། །འཁོར་པའི་རྫོད་དག་ཏུ་ནི་


DTG013_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁྱམ་པའི་རང་བཞིན་ཅན། །ཇི་སྲིད་རང་གི་ལུས་ལ་མཆོད་པར་བྱེད་པ་པས། །མྱ་ངན་ལས་འདས་བདེ་བ་མ་ལུས་སྟེར་མཛད་པ། །དེ་སྲིད་དེ་ནི་བླ་མར་ཅི་ཡི་ཕྱིར་མི་བྱེད། །རང་གིས་བསགས་པའི་ནོར་རྣམས་ཀུན་ཀྱང་བྱིན་ནས་ནི། །དམྱལ་བའི་མེ་སྟེར་བུད་མེད་དག་ནི་ལེན་པར་བྱེད། །སངས་རྒྱས་ཡན་ལག་བཟང་མོ་འཁྱུད་པ་སྟེར་མཛད་གང༌། །ཅི་ཕྱིར་བཟང་མོ་དེ་ནི་བླ་མ་ལ་མི་འབུལ། །སོ་བ་དང་ནི་ནོར་རྣམས་ཡིད་དུ་འོང་བ་དང༌། །ཡན་ལག་བཟང་མོ་དག་ནི་བསོད་ནམས་སྟོབས་ལས་འགྱུར། །སྡིག་པ་དག་གི་དབང་གིས་ཡུན་རིངས་བསགས་པ་ཡི། །རབ་ཏུ་འབད་དེ་བསྲུང་བར་བྱས་ཀྱང་ཉམས་པར་འགྱུར། །དེ་ཕྱིར་ཁྱད་པར་འཕགས་ཤིང་ཡིད་དུ་འོང་བ་ཡི། །སྐྱེ་བ་དུ་མ་རུ་ནི་བདེ་བ་སྟེར་བྱེད་པ། །གང་ལ་ངེས་པར་ཕུལ་བས་རབ་ཏུ་འགྱུར་བ་ཡི། །ནོར་རྣམས་ཀུན་གྱིས་བླ་མའི་ཞལ་ལ་དབུལ་བར་བྱ། །བྱིན་པའི་ནོར་རྣམས་འབྲས་བུ་དག་ཏུ་འགྱུར་བ་ཡིན། །ཤིན་ཏུ་རྣམ་དག་ས་ལ་ས་བོན་བཏབ་པ་བཞིན། །དེ་རྣམས་རབ་ཏུ་མ་བྱིན་འབྲས་བུ་མེད་པ་ནི། །དཔེར་ན་ས་བཟང་དག་ལ་ས་བོན་མ་བཏབ་པར། །ས་བོན་མ་བཏབ་ཞིང་ལ་འབྲུ་ཡི་ཆེད་དུ་ནི། །རྨོངས་པ་ཤིན་ཏུ་ཉོན་མོངས་པར་ནི་བྱེད་པ་ལྟར། །བླ་མ་ལ་ནི་ནོར་མ་ཕུལ་བ་དེ་བཞིན་དུ། །འཛིན་པར་འདོད་པ་དག་ནི་ས་ལ་འཁྱམ་པར་བྱེད། །ནོར་ལ་འདོད་ཅིང་བརྐམ་པས་ཞིང་གི་ལས་ལ་ནི། །རྟེན་དང་ཚོང་དང་རིག་པ་དག་ནི་འཛིན་པར་བྱེད། །དེ་ལྟར་ན་ཡང་བཀྲེན་པའི་དུས་ནི་དུ་མ་རུ། །མྱུར་བ་དག་ཏུ་འོངས་ནས་སྡིག་ཅན་ལ་ནི་གནས། །ཉོན་མོངས་མ་གཏོགས་འབྲུ་དང་གསེར་དང་ཆུང་མ་དང༌། །བསོད་ནམས་མང་བྱེད་པ་ལ་བསམ་མི་ཁྱབ་པར་འགྱུར། །གྲུབ་པ་ཉིད་དང་དབང་པོ་དྲང་སྲོང་མཆོག་རྣམས་དང༌། །དགྲ་མེད་རྒྱལ་སྲིད་ས་བཞིའི་བདེ་བ་སྟེར་བའོ། །ཁམས་གསུམ་དག་ན་གང་དག་བདེ་བ་ཅུང་ཟད་ནི། །མ་ལུས་དེ་ནི་བླ་མ་དགྱེས་པའི་སྟོབས་ཀྱིས་སོ། །བཀྲེས་དང་ནད་དང་དམྱལ་བའི་མེ་ཡི་སྡུག་བསྔལ་ནི། །མི་བཟད་དེ་ནི་མི་དགྱེས་པ་ལས་བྱུང་བ་ཡིན། །བླ་མའི་དྲིན་བྱིས་འདོད་པའི་དངོས་གྲུབ་འགྱུར་པ་ནི། །དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་མེད་རྒྱུད་གསུངས་


DTG013_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ། །དེ་ནི་མ་དགྱེས་པ་ཡིས་དམྱལ་བར་འཇུག་པ་ཡི། །ཚིག་འདི་ཉིད་ནི་དེ་དང་དེ་ཡི་རྒྱུད་ལ་གནས། །ཡོན་ཏན་དམ་པས་གང་བར་བླ་མའི་ཐུགས་ཤེས་ནས། །འཁོར་བའི་རྒྱུ་རུ་གང་རྣམས་ཀྱིས་ནི་དོར་བར་བྱེད། །གྲངས་མེད་བསྐལ་པར་བདེ་བ་ཉམས་པ་དེ་རྣམས་ནི། །རྡོ་རྗེ་མེ་ཡིས་སྨིན་པའི་དམྱལ་བ་དག་ཏུ་འཚེད། །བླ་མ་དམ་པ་སླུ་བར་བྱེད་དང་སྡིག་སོགས་གང༌། །སློབ་མ་འབའ་ཞིག་རྣམས་ནི་དེ་རུ་མི་འཚེད་ཀྱི། །དེ་བཞིན་བླ་མ་ཡང་ནི་ཞེན་པའི་དབང་གིས་ཉམས། །ཆགས་པ་ལ་སོགས་འབར་བའི་མེ་ལ་རབ་ཏུ་འཇུག །བླ་མ་དང་ནི་སློབ་མ་ངེས་པར་རྣམ་པར་ཉམས། །རང་རང་སྡུག་བསྔལ་འདི་ནི་གཉིས་ཀའི་ཐུན་མོང་ངོ༌། །དེ་བས་བླ་མ་སློབ་མ་འདི་རུ་ཉམས་པ་ནི། །རང་གི་བློ་ཡིས་རིང་དུ་ཡོངས་སུ་སྤང་བར་བྱ། །སྨྱོན་པ་རྡོ་རྗེའི་སེན་མོ་གདོང་པ་ལྔ་པ་དང༌། །རྐང་བརྒྱད་ཁྲོ་བོའི་གདོང་ལ་མཆེ་བ་དང་ལྡན་དང༌། །ཤིན་ཏུ་ཁྲོ་བའི་གདེངས་ཀ་འཛིན་པ་མཆོག་ཡིན་གྱི། །ལམ་ཉམས་བླ་མ་སློབ་མ་དག་ནི་འདི་ལྟར་མིན། །བླ་མ་ལྟུང་བ་ལས་ནི་སློབ་མ་མི་ལྟུང་བ། །སློབ་མ་ལྟུང་བ་ཡིས་ནི་བླ་མ་ཡང་མི་ཉམས། །ཤིང་གི་ཡལ་ག་མཐོན་པོར་འཛེག་པ་དག་ལས་ནི། །གང་ཞིག་ལྟུང་བར་གྱུར་པ་དེ་ནི་འཆི་བར་འགྱུར། །བླ་ན་མེད་པའི་རྒྱུད་ལས་ལྟུང་བ་བཅུ་བཞིས་ནི། །རྩ་བ་དང་བཅས་དངོས་གྲུབ་དག་ནི་འཕྲོག་པར་བྱེད། །དཔག་མེད་བསྐལ་པ་རུ་ནི་བདེ་བ་རྣམ་པར་ཉམས། །ལས་ངན་ལ་གནས་དབང་བསྐུར་སློབ་མ་རྣམས་ལ་གསུང༌། །བླ་མའི་སེམས་སུན་པ་ཡིས་ལྟུང་བ་གཅིག་ཡིན་ཏེ། །བཀའ་ནི་ཡོངས་སུ་སྤངས་པའི་དབང་ལས་གཉིས་པའོ། །སྤུན་ལ་རབ་ཏུ་ཁྲོས་ནས་སྨྲ་བ་གསུམ་པ་སྟེ། །བྱམས་པ་ཡོངས་སུ་སྤངས་པའི་དབང་གིས་བཞི་པའོ། །དཔལ་ལྡན་བྱང་ཆུབ་སེམས་སྤངས་དབང་གིས་མདའ་ཞེས་བྱ། །གྲུབ་པའི་མཐའ་ལ་སྐྱོན་བཟུང་པས་ནི་དྲུག་པ་སྟེ། །སྔགས་པ་མིན་ལ་ཕེབས་པར་སྨྲ་བས་རི་ཞེས་བྱ། །ཕུང་པོ་སོ་སོར་ཉོན་མོངས་བྱེད་པ་བརྒྱད་པ་ཡིན། །དག་པའི་ཆོས་ལ་མ་དད་པས་ནི་གཟའ་ཞེས་བྱ། །གདུག་པ་དང་བཅས་བྱམས་པ་བཟུང་བས་ཕྱོགས་ཞེས་སོ། །དམ་པའི་ཆོས་ལ་ཀུན་རྟོག་དབང་གིས་དྲག་པོ་ཞེས། །དག་པའི་སེམས་ཅན་སུན་འབྱིན་པ་ཡིས་ཉི་མ་སྟེ། །དམ་ཚིག་བསྟེན་


DTG013_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བར་མ་བྱས་པ་ཡིས་ཡན་ལག་མེད། །བུད་མེད་རྣམས་ལ་བཤུང་བ་ཡིས་ནི་བཅུ་བཞི་ཡིན། །འདི་རྣམས་དག་ནི་ཡོངས་སུ་སྤངས་པར་བྱས་ནས་ནི། །འདོད་པའི་བློ་ཡིས་བླ་མ་ལ་ནི་བརྟེན་པར་བྱ། །འདོད་ཆགས་ལ་སོགས་པ་དང་མི་ཤེས་དབང་གིས་ནི། །བག་མེད་སློབ་མ་རྣམས་ནི་གལ་ཏེ་ལྟུང་འགྱུར་ན། །སླར་ཡང་རབ་ཏུ་གནས་པར་བྱ་ཕྱིར་དབང་ཉིད་ནི། །ཕྱིར་བཟློག་པ་ལ་འདི་ནི་ངེས་པར་བྱ་བའོ། །དབང་བདུན་བསྐུར་བ་རྣམས་ལ་ཟློག་པ་ཡོད་པ་སྟེ། །མི་ཤེས་དབང་གིས་གསང་པ་ལ་ནི་བརྒྱ་ལམ་ན། །ཤེས་རབ་མངོན་པར་དབང་བསྐུར་བ་ལ་ལྡོག་མེད་དེ། །དཔེར་ན་མི་ཡི་བདག་པོ་གཡུལ་དུ་ཤི་བཞིན་ནོ། །ལྷ་མོ་རེ་རེའི་རྒྱལ་བའི་སྔགས་ནི་བརྗོད་པ་ལས། །སྟོང་ཕྲག་སུམ་ཅུ་རྩ་དྲུག་པོ་ནི་ངེས་བྱ་ཞིང༌། །བཟླས་པ་དག་གི་མཐའ་རུ་ཚོགས་ཀྱིས་ཚིམ་པར་བྱ། །ཐུན་མོང་སྐྱོན་གྱིས་ཀྱང་ནི་ཆད་པ་འདི་ཉིད་ཡིན། །ཇི་ལྟར་རང་གི་ནུས་པས་བླ་མ་ལ་ནི་ཡོན། །ཕུལ་ནས་རང་གི་རིགས་སུ་ཐུན་མོང་པ་རུ་འགྱུར། །དེ་ཡི་སེམས་ཀྱི་རྟེན་དག་ཤེས་པར་བྱས་ནས་ནི། །ལྷག་པ་འམ་ནི་ཉུང་བར་བླ་མས་ངེས་པར་སྦྱིན། །ཚོགས་དང་བཟླས་པའམ་ནི་མཆོད་པ་དག་གིས་ཏེ། །དེ་རྣམས་ལ་ནི་བླ་མ་དག་པར་རབ་སྦྱིན་བྱ། །ཤིན་ཏུ་རིང་བའི་ཤིང་ལས་རིང་པོར་ལྷུང་གྱུར་པའི། །ལུས་པོ་ལ་ནི་རྐང་པས་བརྡེག་པར་མི་བྱའོ། །དེ་དག་རྣམས་ཀྱི་སེམས་ལ་སྐྱོན་ནི་རྗེས་གནས་པ། །འདི་རྣམས་འཆད་པ་ཅི་ཞིག་སངས་རྒྱས་ཀྱིས་མཁྱེན་ཏེ། །དེ་ལྟ་ན་ཡང་རྨོངས་པས་རབ་སད་བྱ་བའི་ཕྱིར། །ཆད་པ་སྦྱིན་གྱི་འདི་ནི་ཆད་པ་མ་ཡིན་ནོ། །གང་ཞིག་སེམས་ལ་གནས་པའི་མ་ལུས་མཁྱེན་པ་ཡི། །རྗེ་མོ་དང་བཅས་བདེ་བར་གཤེགས་པས་འཆད་པ་སོལ། །དགེ་དང་མི་དགེ་ལས་ཀྱི་འབྲས་བུ་དེ་རྣམས་ལ། །ཆད་པ་གང་སྟེར་བླ་མ་འདིར་ནི་གང་ཞིག་ཡིན། །དཔྱིད་ཟླ་འབྲིང་པོའི་དཀར་པོའི་ཕྱོགས་ཀྱི་ཆ་ལ་ནི། །དཔལ་ལྡན་དཀྱིལ་འཁོར་དེ་ནི་ལེགས་པར་བྲིས་ནས་སུ། །བླ་མས་མངོན་པར་དབང་བསྐུར་རྣམ་བདུན་སྦྱིན་བྱ་ཞིང༌། །དཔལ་ལྡན་བསྟན་པའི་དོན་དུ་འཁོར་ལོ་མཆོད་པར་བྱ། །མཆོད་པ་མེད་པས་ངེས་པར་དུས་ཀྱི་འཁོར་ལོ་ནི། །བསྟན་པ་དག་ནི་དག་པའི་ལོ་འདི་མ་ཡིན་ནོ། །གལ་ཏེ་གང་ཞིག་སྐལ་


DTG013_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྡན་ཐོས་འདོད་སློབ་མ་ནི། །འཁོར་ལོའི་མཆོད་པ་བཅུ་གཉིས་དག་ནི་དེ་ཡིས་བྱ། །ཇི་ལྟར་བུ་བཟངས་ཀྱིས་ནི་བག་མ་བླང་བའི་རྒྱུར། །རང་གི་ཕ་ལ་ནམ་ཡང་གསོལ་བ་མི་འདེབས་ཏེ། །ཡོན་ཏན་དང་བཅས་དུས་ལ་བབ་པའི་བུ་ལ་ནི། །ཕ་ཉིད་ཀྱིས་ནི་བག་མའི་བྱ་བ་ཤེས་པར་བྱེད། །དེ་བཞིན་སློབ་མ་རྣམས་ཀྱིས་བླ་མེད་དབང་གི་ཕྱིར། །བླ་མ་ལ་ནི་ནན་གྱིས་གསོལ་བ་མི་གདབ་བོ། །བདག་གི་སློབ་མ་སྐལ་བ་ལྡན་ནམ་མི་ལྡན་པའི། །རྣམ་པར་དག་པའི་དེ་ཉིད་དེ་ལ་དེ་ཡིས་ཤེས། །རྣམ་པར་དག་པའི་སློབ་མ་ནོར་ནི་མེད་པ་ལ། །རྫོགས་པའི་བྱང་ཆུབ་རྒྱུ་རུ་དབང་བསྐུར་རིན་པོ་ཆེ། །རང་གི་ངག་གིས་ཀུན་ནས་རྣམ་པར་དག་པ་འདི། །མཆོད་པ་མེད་ནའང་བླ་མ་ཡིས་ནི་སྦྱིན་པར་བྱ། །ཆགས་པས་མངོན་པར་ཁེངས་པའི་ང་རྒྱལ་ཅན་དང་ནི། །ཆགས་པས་བག་མེད་གཡོ་ཅན་གྱི་ནི་མི་ལ་ནི། །གང་ཞིག་རྒྱལ་བའི་བཀའ་ཡིས་ཐར་པའི་འབྲས་བུ་སྟེར། །བླ་མའི་ཞལ་གྱིས་དེ་ཉིད་བྱིན་ལ་མ་བྱིན་པའོ། །གང་གི་ཡིད་ཀྱི་རང་བཞིན་གང་གིས་ཤེས་ན་ནི། །སྟོན་པ་དེ་ཡིས་དེ་ལ་རང་གི་ཞལ་སྦྱིན་ནོ། །གང་ཞིག་དག་པའི་སློབ་མའི་རང་བཞིན་ཤེས་པ་ཡི། །མངོན་ཤེས་དང་ལྡན་བླ་མ་གང་ཡང་ཡོད་མ་ཡིན། །མ་དག་པ་ཡི་སེམས་ལ་བླ་མའི་འདོད་པའི་ཞལ། །རིམས་ནད་རབ་རྒྱས་རྣམས་ལ་མར་གྱི་བཏུང་བ་བཞིན། །བྱིན་ནས་རང་གི་ལུས་ལ་འཆི་པ་ཆེན་པོར་བྱེད། །བདེ་བས་འཁྲུལ་པ་བཞིན་དུ་བློ་གྲོས་ཉམས་པ་ལ། །གང་ཞིག་སངས་རྒྱས་གཟུགས་བརྙན་མཉམ་པའི་བདེ་བའི་རྒྱུར། །རང་གི་སེམས་ནི་སོ་སོར་སྣང་བ་ཙམ་དུ་བསྒོམ། །དམྱལ་བ་ཆེན་པོའི་སྡུག་བསྔལ་སྟེར་བ་དེ་ཉིད་ནི། །རང་གི་སེམས་ཀྱི་སྐྱོན་གྱིས་བདུད་དུ་སྐྱེ་བར་འགྱུར། །རྡོ་རྗེ་དག་གིས་སྤྲུལ་པའི་གཟུགས་རྣམས་དུ་མ་ནི། །སྡིག་པའི་སྟོབས་ཀྱིས་ཁྱད་པར་དུ་ནི་རྒུད་པ་སྟེ། །གཤིན་རྗེའི་གནས་ནི་གདུག་པའི་འཁོར་གྱིས་ཡོངས་གང་བ། །གཤིན་རྗེ་ཁྲོས་པས་རྡོ་རྗེའི་མེ་ནི་སྦྱིན་པའོ། །དེ་ཕྱིར་བླ་མ་དང་ནི་རྒྱལ་པའི་དབང་པོའི་གཟུགས། །རྣམ་པར་མ་དག་བློ་ཡིས་བསྟེན་པར་མི་བྱའོ། །དཔེར་ན་རྒྱལ་པོའི་དབྱུག་པ་འཛིན་པའི་འཁོར་རྣམས་ཀྱིས། །དགའ་དང་ཁྲོ་བས་བདེ་དང་སྡུག་


DTG013_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྔལ་སྟེར་བ་བཞིན། །མ་དག་སེམས་ཀྱིས་འདི་ནི་ཤི་བར་གྱུར་པ་ན། །གཤིན་རྗེའི་ཁྲོ་བོའི་གདོང་པ་རབ་ཏུ་གཏུམ་པ་དང༌། །རྡོ་རྗེ་མེ་ནི་སྨིན་པ་མི་བཟད་མཐོང་ནས་ནི། །ཉོན་མོངས་ཁ་ཡིས་ཧ་ཧའི་སྒྲ་ནི་སྨྲ་བར་བྱེད། །སྔོན་དུ་བསགས་པའི་ལས་ཀྱི་འབྲས་བུ་རབ་ཏུ་རྒྱས། །ཁྱོད་ཀྱིས་འདིར་ནི་ངེས་པར་ལོངས་སྤྱོད་པ་རུ་གྱིས། །བླ་མ་ལ་སོགས་འགྱོད་པར་བྱས་དང་བག་མེད་དང༌། །སྡང་བ་ཁྱོད་ཀྱིས་ང་ཡི་བཀའ་ལ་ཅི་ཞིག་བྱེད། །འདོད་པའི་བློ་གྲོས་དཔལ་ལྡན་རྡོ་རྗེ་ཅན་གྱིས་ནི། །མི་བཟད་དམྱལ་བའི་སྡུག་བསྔལ་ལུང་ལས་མ་གསུངས་སམ། །སྡིག་པའི་སྟོབས་ཀྱིས་རབ་ཏུ་ཁྱབ་པ་དག་ཏུ་འགྱུར། །སྡང་བ་ཁྱོད་ནི་ཅི་ཡི་ཕྱིར་ན་སྡིག་པ་བྱེད། །སྲིད་པའི་སྡུག་བསྔལ་གྱིས་དམན་སློབ་མ་རྣམ་དག་པ། །གང་གི་བཀའ་ཡིས་ཐར་པའི་གོ་འཕང་འགྲོ་བར་འགྱུར། །རབ་ཞི་རྡོ་རྗེ་འཛིན་པའི་དཔལ་ལྡན་བླ་མ་དེ། །འཁོར་བའི་རྒྱུ་རུ་ཁྱོད་ཀྱིས་ཀྱང་ནི་འདོར་བྱེད་དམ། །གཤིན་རྗེའི་བཀའ་ཡིས་ཁྲོ་བོའི་འཁོར་རྣམས་ཀྱིས་བཟུང་སྟེ། །རབ་ཏུ་འདར་ཞིང་གཤིན་རྗེ་མེ་རབ་གཏུམ་པ་ཡི། །སྨིན་པར་ཞུགས་ཤིང་སོག་ལེ་དང་ནི་རྩེ་གསུམ་གྱིས། །བློ་གྲོས་རྣམ་པར་ཉམས་ལ་གཅོད་དང་འབིགས་པར་བྱེད། །སློབ་མ་དམུས་ལོང་དེ་ནི་འདི་རུ་ངོ་མཚར་མེད། །མིག་དང་བཅས་པའི་བླ་མ་ལོང་བ་ངོ་མཚར་ཆེ། །རྒྱུད་རྣམས་ཐོས་ནས་ནོར་དང་འདོད་ཆགས་ལ་ཞེན་པ། །དེ་ལ་ཡང་ནི་ངེས་པར་སྟོན་པའི་ཞལ་མེད་དོ། །རྒྱལ་སྲིད་དཔལ་ནི་མ་ལུས་རྣམ་པར་སྤངས་ནས་སུ། །དཔག་མེད་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་ཡང་དག་བསྟེན། །སྐལ་ལྡན་ཡོན་ཏན་རྣམས་ཀྱིས་དེ་ནི་ངེས་པར་ལྷག །དེ་བས་རྒྱལ་བ་རྣམས་ཀྱིས་ནམ་ཡང་མི་འདོར་རོ། །བདེ་བ་རྣམ་པར་མ་ཉམས་ཐར་པའི་དཔལ་དེ་ནི། །བོར་ནས་ཡན་ལག་བཟང་པོའི་ན་ཆུང་དག་ལ་མོས། །སྔོན་དུ་བསགས་པའི་ལས་ནི་ངེས་པར་དྲག་པོ་སྟེ། །གང་གིས་བདུད་རྩི་བོར་ནས་དུག་ནི་འཐུང་བར་བྱེད། །གཞན་དག་རྣམས་ནི་བུད་མེད་ལུས་ཀྱི་འདོད་ཆགས་ཞེན། །ལུས་པོ་སྦྱིན་པར་བྱས་ནས་ནོར་ནི་འཛིན་པར་བྱེད། །ཤིན་ཏུ་བསོད་པའི་ཟས་ལ་ཞེན་པའི་ཉ་བཞིན་དུ། །སྐད་ཅིག་བདེ་བའི་རྒྱུ་ཡིས་རབ་ཏུ་ཉམས་པར་འགྱུར། །བྲམ་


DTG013_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཟེ་གང་གིས་རང་གཟུགས་པགས་པའི་རང་བཞིན་གྱི། །དགའ་མ་ལ་ནི་སོ་སོར་བརྟེན་པའི་དོན་དག་ཏུ། །འཇུག་ངོགས་དག་ཏུ་སོང་ནས་སླར་ཡང་འོངས་ནས་ནི། །གཟུགས་བརྙན་འདོད་མ་དེ་ནི་མཛེས་མ་མོས་པ་མེད། །དེ་བཞིན་དུ་ནི་རྒྱལ་བའི་སྤྲུལ་པའི་སྐུ་དག་ལ། །འཇུག་ངོགས་ལ་བརྟེན་རང་གི་དོན་འདོད་དུ་མ་དང༌། །འཁོར་བའི་བདེ་བ་སོ་སོར་ཞེན་ཅིང་ཆགས་པ་ཅན། །བསྟན་པའི་རྟགས་ལ་གུས་བྱེད་རྣམས་ཀྱིས་མཆོད་མི་བྱེད། །གཞན་དག་ཀྱང་ནི་འདོད་པའི་དངོས་གྲུབ་དག་ལ་ཞེན། །པྲི་ཡ་གང་དང་ནྱ་གྲོ་དྷ་འོག་གངས་ཀྱི་གནས། །འཇིགས་བྱེད་རི་དང་འཇུག་ངོགས་དང་ནི་གཞན་དག་ལ། །ལམ་ལས་རྣམ་པར་ཉམས་པ་རྣམས་ནི་ལྟུང་བར་འགྱུར། །བྲམ་ཟེ་རྣམས་ལ་རང་ནོར་མ་ལུས་བྱིན་ནས་ནི། །ཉི་མ་ཟླ་བ་གཟའ་ཡིས་ཟིན་པ་ལྷུང་བར་བྱེད། །ཐུབ་པར་དཀའ་བའི་བདུད་ཀྱི་ཚོགས་ཀྱིས་རྣམ་པར་རྨོངས། །འཁོར་བའི་འབྲོག་ཏུ་ལམ་ནི་རྣམ་པར་ཉམས་པ་ཡིན། །མི་རྣམས་གང་ཞིག་བླ་མ་དམ་པའི་ཞལ་དམན་པས། །མི་བཟད་འཁོར་བའི་སྡུག་བསྔལ་རྣམ་པར་བརྣག་བཟོད་ཅིང༌། །ལམ་ངན་ཡང་དག་འདྲེས་པའི་དབང་གིས་རྣམ་ཉམས་ཏེ། །དཔེར་ན་དགོན་པར་ཞུགས་པའི་དེད་དཔོན་དང་མཚུངས་སོ། །དེས་ན་བླ་མ་ཐར་པའི་ལམ་ནི་སྟེར་བ་པོ། །སློབ་མ་ཡིས་ནི་ཤིན་ཏུ་གུས་པས་བསྟེན་བྱ་སྟེ། །ཆུང་མ་དང་ནི་བུ་དང་གཡོ་བ་མ་ལུས་དང༌། །ལུས་དང་ངག་དང་ཡིད་ནི་གཡོ་བ་མེད་པས་སོ། །ཐུན་མཆམས་གསུམ་དུ་ཤིན་ཏུ་རྣམ་པར་དག་པ་ཡིས། །ཁ་དང་ལག་པ་རྐང་པ་དག་ནི་ཁྲུས་བྱས་ཏེ། །མེ་ཏོག་ཡང་དག་བླངས་ནས་བླ་མའི་སྤྱན་སྔར་ནི། །རྒྱལ་བ་རྣམས་ཀྱི་དཀྱིལ་འཁོར་ཤིན་ཏུ་ཟླུམ་པོར་བྱ། །བླ་མའི་ཞབས་ཀྱི་ཆུ་སྐྱེས་མེ་ཏོག་གིས་མཆོད་ཅིང༌། །ཤིན་ཏུ་གུས་པས་སྤྱི་བོ་ལག་པས་ཕྱག་བྱའོ། །བླ་མའི་ཞལ་ནས་བཀའ་ནི་རབ་ཏུ་ཐོས་ནས་སུ། །ས་ལ་འཁོད་དེ་རང་གི་ཁྱིམ་དུ་འགྲོ་བར་བྱ། །བླ་མ་དག་གི་སྤྱན་སྔར་རྐང་པ་བརྐྱང་བ་དང༌། །གདུག་པའི་ཁ་ཡིས་རབ་ཏུ་བརྗོད་པ་དག་དང་ནི། །གཡན་པ་འཕྲུག་དང་ཙུག་ཙུག་དང་ནི་བཞད་གད་དང༌། །སྐྱེས་བུ་གཞན་གྱི་སྐྱོན་བརྗོད་གཏམ་ནི་མི་བྱའོ། །ལམ་བཟངས་ཤེས་པ་སྔོན་དུ་འགྲོ་བར་མི་བྱ་


DTG013_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ། །གནང་བ་བླངས་ནས་མི་ཤེས་པ་ལ་འགྲོ་བར་བྱ། །བླ་མས་བྱིན་པ་ལག་པ་གཉིས་ཀྱིས་བླང་བྱ་ཞིང༌། །རང་གིས་འབུལ་ན་སྤྱི་བོ་ཡིས་ནི་ཕྱག་བྱའོ། །བླ་མ་མགྲོན་ནས་བྱོན་འདིར་ཤིན་ཏུ་གུས་པ་ཡིས། །ཕྲག་དོག་ཡོངས་སུ་སྤངས་པའི་རྒྱུ་རུ་སྡུག་མ་ནི། །བདེ་བ་སྟེར་བའི་དོན་དུ་དགའ་བར་བྱས་ནས་ནི། །རང་གི་ཕྱག་རྒྱ་རབ་ཏུ་སྦྱངས་ཏེ་དབུལ་བར་བྱ། །ཇི་ལྟར་རང་གི་སེམས་ནི་སྐྱོ་བར་མི་འགྱུར་བར། །མ་འོངས་པ་རུ་དེ་ནི་ཡོངས་སུ་སྨིན་པར་བྱ། །སེམས་ནི་རབ་ཏུ་སྐྱོ་བས་དམ་ཚིག་ཉམས་པ་ཉིད། །ཉམས་པའི་དབང་གིས་དམྱལ་བ་དག་ཏུ་རབ་ཏུ་འཇུག །དེ་བཞིན་བུ་ཡི་ཆུང་མ་བུ་མོ་སྲིང་མོ་དང༌། །སྒྱུག་མོ་ལ་སོགས་དང་ནི་རིགས་ལྡན་ཁྱོ་མེད་མ། །མཉམ་པའི་བདེ་བའི་དོན་དུ་བློ་རྒྱས་སློབ་མ་ཡིས། །རིམ་གྱིས་རིམ་གྱིས་དེ་རྣམས་ཡོངས་སུ་སྦྱིན་པར་བྱ། །དག་ཅིང་བཞིན་ལྡན་ཁྱོ་མེད་རྣམས་དང་རིགས་ལྡན་མ། །བླ་མའི་ཞབས་གཉིས་ལ་ནི་མ་ལུས་དབུལ་བྱ་ཞིང༌། །དབང་བདུན་གྱིས་ནི་མངོན་པར་དབང་ནི་བསྐུར་རྣམས་ལ། །ཇི་ལྟར་རྗེས་སུ་མཐུན་ལ་ཆགས་པའི་དོན་དུའོ། །དེ་བཞིན་འདིར་ནི་རིགས་ལྡན་ཁྱོ་མེད་བསྟེན་བྱ་བ། །ཇི་ལྟར་ཆགས་པས་མངལ་དུ་འཛིན་པར་མི་འགྱུར་བྱ། །མངལ་ནས་འདོད་མིན་སྐྱེ་བོའི་ཁ་ན་མ་ཐོ་བ། །སྐྱེ་བོའི་ཁ་ན་མ་ཐོས་འཇིག་རྟེན་ཕ་རོལ་ཉམས། །ཆགས་པ་འདོད་ཅིང་གཏི་མུག་དབང་དུ་གྱུར་པ་ལ། །དེ་ཕྱིར་ཁྱོ་མེད་རིགས་ལྡན་དག་ནི་སྦྱིན་མི་བྱ། །ཁྲོ་བའི་སེམས་དང་བཅས་ཤིང་ཆང་མི་འཐུང་བ་དང༌། །ངང་ཚུལ་མི་ཤེས་པ་དང་ནོར་ནི་མེད་པ་ལ། །ནོར་གྱིས་རྙེད་སླ་འགག་པ་མེད་པའི་སྨད་འཚོང་མ། །བསོད་ནམས་མང་པོའི་རྒྱུ་རུ་དེ་རྣམས་སྦྱིན་པར་བྱ། །རྟག་པའི་དངོས་གྲུབ་རྒྱུ་རུ་ཡང་དག་གསང་བ་ནི། །སློབ་དཔོན་ཆེན་པོའི་གོ་འཕང་གནས་ལ་དབུལ་བར་བྱ། །བཟའ་བཅའ་ཡོན་ཏན་བརྒྱད་འགྱུར་མར་མེས་འབྲས་བུ་སྟེར། །མར་མེ་བརྒྱད་འགྱུར་ཤིན་ཏུ་རྣམ་པར་དག་པའི་ཆང༌། །ཆང་གི་བརྒྱད་འགྱུར་ན་ཆུང་མ་ལ་རབ་སྦྱོར་ཏེ། །དེ་ཕྱིར་འདོད་པའི་སྦྱིན་པ་ངེས་པར་ཁྱད་པར་འཕགས། །བཟའ་བཅའ་ཤ་དང་ལྡན་པ་ཕྱག་རྒྱ་བཟང་མོ་དང༌། །དཀོན་པ་རྙེད་པ་རྟག་པར་བླ་མ་ལ་དབུལ་བྱ། །མལ་སྟན་དག་དང་ན་བཟའ་དང་ནི་བྱུག་པ་


DTG013_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང། །ཁྱད་པར་འཕགས་པ་རང་གི་རྗེ་ལ་དབུལ་བར་བྱ། །དངོས་གྲུབ་དག་ལ་ཆགས་པས་བླ་མའི་སྤྱན་སྔ་རུ། །བློ་གྲོས་རྒྱས་པ་རྣམས་ཀྱིས་ངན་པ་རང་གིས་བླང༌། །རང་གི་ཁྱིམ་ན་བཞུགས་པའི་ཕྱག་རྒྱ་མེད་པ་ན། །རང་གི་ཕྱག་རྒྱ་ལ་ནི་བརྟེན་པར་མི་བྱའོ། །ཤེས་རབ་དབང་གིས་མངོན་པར་དབང་ནི་བསྐུར་རྣམས་ལ། །དཔལ་ལྡན་སྟོན་པ་རུ་ནི་ཡང་དག་གནས་རྣམས་ཀྱིས། །ཆང་རྣམས་ངེས་པར་ཤེས་རབ་རང་བཞིན་ཡིན་པས་ན། །ཤེས་རབ་རྣམ་པར་དམན་པས་འདིར་ནི་བཏུང་མ་བྱ། །བཏུང་བའི་བརྟུལ་ཞུགས་དོན་དུ་དག་རུང་མ་དག་རུང། །རང་གི་འཁོར་ལོ་ལ་ནི་ཕྱག་རྒྱ་གཟུང་བར་འགྱུར། །རྒྱལ་བ་མཆོག་གིས་དབང་བསྐུར་ཏིང་འཛིན་དོན་དག་ལས། །དབང་གི་དོན་དུ་ཤིན་ཏུ་རྣམ་པར་དག་པའི་སེམས། །ཡན་ལག་དཀར་ཞིང་བཅུ་གཉིས་ལོ་ལོན་གཞོན་ནུ་མ། །དེ་བཞིན་གཞན་དག་སྐྱེ་བོའི་ལོ་ནི་ཉི་ཤུ་མ། །དམ་ཚིག་ལྡན་ཞིང་བུ་མ་བཙས་པ་གཟུང་བྱ་སྟེ། །དབང་གི་དོན་དུ་བླ་མ་དག་གིས་བཀའ་སྩལ་པ། །སྡང་དང་ནད་པ་སྐལ་བ་ངན་དང་མ་དུལ་དང༌། །ཁེངས་ཤིང་རྫས་ལ་བརྐམ་པ་དང་ནི་རྩོད་འདོད་དང༌། །བླ་མར་མི་གུས་གཞན་དག་ལ་ནི་སུན་འདོན་མ། །འཇིགས་པ་སྟེར་བ་མོ་དེ་སྦྲུལ་བཞིན་སྤང་བར་བྱ། །ཏིང་འཛིན་རྒྱུ་རུ་མཉམ་པའི་བདེ་བ་སྟེར་མཛད་མ། །དམ་ཚིག་ལ་ཞུགས་རྒན་པའི་བུད་མེད་མཆོག་ཡིན་གྱི། །གང་ཞིག་སྡུག་བསྔལ་སྟེར་ཞིང་མཉམ་པའི་བདེ་འཇོམས་མ། །དམ་ཚིག་རབ་དམན་བུ་མོ་གཞོན་ནུ་མ་ཉིད་མ་ཡིན་ནོ། །མཁྲིས་པའི་རིམས་ལ་མཁྲིས་པས་ཞི་བར་བྱེད་པའོ། །རྒུན་འབྲུམ་ལ་སོགས་མེད་པའི་སྔོན་དུ་མཆོག་ཡིན་གྱི། །རབ་ཏུ་ཞི་བའི་མཁྲིས་པ་སྐྱེད་པར་བྱེད་པའོ། །སྨིན་པ་མངར་བ་དྲི་ཞིམ་ཏ་ལ་མ་ཡིན་ནོ། །སློབ་མས་རང་གི་ཕྱག་རྒྱ་བླ་མར་ཕུལ་བ་ནི། །དེ་ནི་ཏིང་ངེ་འཛིན་གྱི་རྗེས་སུ་ཆགས་བྱས་ལ། །སླར་ཡང་བླ་མས་སློབ་མ་ལ་ནི་དེ་སྦྱིན་བྱ། །གཞན་དག་ཏུ་ནི་སློབ་མའི་སྐྱེ་བོས་བསྟེན་བྱ་མིན། །གང་ཡང་སློབ་མའི་ཡན་ལག་བླ་མས་མ་གནང་བ། །རྟག་པར་སློབ་མ་རྣམས་ཀྱིས་སྤྱི་བོས་དེ་ལ་འདུད། །རྟག་པའི་དངོས་གྲུབ་འདོད་པས་བླ་མའི་བཀའ་ཡིས་ནི། །མཉམ་པའི་བདེ་བ་སྟེར་མཛད་བསྟེན་བྱ་


DTG013_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྟེན་མི་བྱ། །ཕྱག་རྒྱ་རབ་ཏུ་སྦྱོར་ལ་རྣམ་དག་བདེ་བས་ནི། །དམྱལ་བའི་སྡུག་བསྔལ་འཇོམས་པར་བྱེད་པ་ཐོབ་འགྱུར་ཏེ། །སྐྱེ་བ་འདི་རུ་རང་གི་ལུས་ཀྱི་བདུད་འཇོམས་པར། །འགྱུར་བ་དེ་ནི་འདི་རུ་ཤིན་ཏུ་ངོ་མཚར་ཆེ། །གང་རྣམས་དྲིན་གྱིས་དངོས་གྲུབ་བཟང་པོར་འགྱུར་བ་དང༌། །གང་རྣམས་དྲིན་གྱིས་ཡང་དག་རྫུ་འཕྲུལ་འགྱུར་བ་དང༌། །གང་རྣམས་དྲིན་གྱིས་བདེ་བ་རབ་ཏུ་སྐྱེ་བ་དང༌། །གང་རྣམས་དྲིན་གྱིས་སྲིད་པའི་མེ་ལས་གྲོལ་བར་འགྱུར། །ཕྱག་རྒྱ་དེ་རྣམས་ཀུན་ལ་རབ་ཏུ་མང་དུ་མཆོད། །ཕྱག་རྒྱ་དེ་རྣམས་ཀུན་ནི་མང་དུ་བསྟེན་པར་བྱ། །ཕྱག་རྒྱ་དེ་རྣམས་ཀུན་ལ་མང་དུ་ཚིམ་པར་བྱ། །ཕྱག་རྒྱ་དེ་རྣམས་ཀུན་ལ་མང་དུ་ཕྱག་བྱ་ཞིང༌། །ཕྱག་རྒྱ་དེ་རྣམས་ཀུན་ནི་རྒྱལ་བའི་ཡུམ་ཡིན་ཏེ། །ཕྱག་རྒྱ་དེ་རྣམས་ཀུན་ནི་ཐུབ་པའི་ལྕམ་མོ་ཡིན། །ཕྱག་རྒྱ་དེ་རྣམས་ཀུན་ནི་རྒྱལ་བའི་སྲས་མོ་སྟེ། །ཕྱག་རྒྱ་དེ་རྣམས་ཀུན་ནི་རྒྱལ་བའི་ཚ་མོའོ། །ཕྱག་རྒྱ་དེ་རྣམས་ཀུན་ནི་བདེ་གཤེགས་ཐུགས་སྡུད་མ། །ཕྱག་རྒྱ་དེ་རྣམས་ཀུན་ནི་བུ་རྣམས་བདེ་སྟེར་མ། །ཕྱག་རྒྱ་དེ་རྣམས་ཀུན་ནི་དགྲ་རྣམས་འཇིགས་སྟེར་མ། །ཕྱག་རྒྱ་དེ་རྣམས་ཀུན་ནི་རྒྱལ་བའི་རྡོ་རྗེའི་ཁྱིམ། །ཕྱག་རྒྱ་དེ་རྣམས་ཀུན་ལ་རང་གི་བླ་མ་བས། །ལྷག་པར་མཆོད་ཅིང་སྤྱི་བོ་ཡིས་ནི་ཕྱག་བྱ་ཞིང༌། །ཇི་ལྟར་རང་གི་ནུས་པས་འདོད་པ་གནས་པས་ན། །བུ་བཟངས་རྣམས་ཀྱིས་ནམ་ཡང་དོར་བར་མི་བྱའོ། །འདོད་ཆགས་གང་ཉིད་ཀྱིས་ནི་སེམས་ཅན་ལྟུང་བྱེད་པའི། །དེ་ཉིད་ཀྱིས་ནི་རྣལ་འབྱོར་ཕ་རོལ་འགྲོ་བར་འགྱུར། །གང་ཞིག་དུག་ཉིད་ཀྱིས་ནི་སེམས་ཅན་འཆི་བྱེད་དེ། །དུག་སྔགས་ཤེས་པས་དེ་ཉིད་ཀྱིས་ནི་ནད་འཇོམས་བྱེད། །དཔལ་ལྡན་ཚངས་པར་སྤྱོད་པ་བུད་མེད་ལ་སྦྱོར་བ། །བླ་ན་མེད་པའི་རྒྱུད་ལས་དོར་བར་མ་གསུངས་སོ། །དུག་གི་དེ་ཉིད་སྨྲ་བས་དུག་གིས་དབང་པོ་ཟོས། །འོན་ཏེ་མ་ཟོས་ན་ནི་གྲགས་པར་མི་འགྱུར་རོ། །གཉིད་ལོག་པ་དང་སངས་པ་དུག་ནི་མི་ཤེས་པ། །དཔེར་ན་བུ་ཡི་ལུས་ལ་སྦྲུལ་གྱི་མཆེ་བས་བཏབ། །དེ་བཞིན་དུ་ནི་ཡིད་བཞིན་ནོར་བུ་བྱང་ཆུབ་སེམས། །དེ་ཉིད་མེད་ལ་བུད་མེད་བྷ་གའི་སྦྲུལ་གྱིས་བཏབ། །སྔགས་པ་རྣམས་ལ་འཕོ་བའི་སྐད་ཅིག་ཞི་བྱེད་མིན། །སྐྱེ་བ་དུ་མའི་མཐའ་རུ་སྡུག་བསྔལ་སྟེར་བའོ། །འཆི་མེད་གདེངས་


DTG013_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀའི་དུག་གི་མཆེ་བ་ལངས་པ་ན། །རབ་ཏུ་ཁྲོས་པས་ཇི་ལྟ་བུར་ན་ཞི་བར་འགྱུར། །ཇི་ལྟར་རྡོ་ཡི་གོས་ནི་མེ་ཡིས་གདུངས་པ་ན། །ཞུ་བར་འགྱུར་གྱི་ཐལ་བ་རུ་ནི་མི་འགྱུར་རོ། །དེ་བཞིན་ཆུ་སྐྱེས་སྦྱོར་བས་མཆོག་གི་བྱང་ཆུབ་སེམས། །རྩོལ་ལྡན་རྣམས་ལ་འདི་ནི་རང་བཞིན་གྱིས་དག་འགྱུར། །མེ་དང་དངུལ་ཆུ་དག་ནི་རྟག་པར་དགྲ་ཉིད་དོ། །མེ་མེད་པ་ཡིས་ཀྱང་ནི་དངུལ་ཆུ་མི་འཆིང་སྟེ། །དངུལ་ཆུ་མ་བཅིངས་པ་ཡིས་ཁམས་རྣམས་འབིགས་མི་འགྱུར། །ཁམས་རྣམས་མ་ཕུག་པ་ཡིས་གསེར་དུ་འགྱུར་བ་མིན། །གསེར་དུ་མ་གྱུར་པ་ལས་རྫས་ནི་མི་འཕེལ་ལོ། །ནོར་གྱིས་རྣམ་པར་དམན་པས་ཡུལ་གྱི་ལོངས་སྤྱོད་མེད། །ལོངས་སྤྱོད་མ་རྟོགས་སྡུག་བསྔལ་རྒྱུན་མི་འཆད་པ་རུ། །བཅུད་ལེན་སྨྲ་བ་རྣམས་ཀྱི་ལུས་ལ་འགྱུར་བའོ། །བུད་མེད་སྐྱེ་གནས་དང་སྦྱོར་འཕོ་བ་མེད་པ་ཡིས། །དེ་བཞིན་གཉིས་པོ་ཡང་ནི་དགྲ་ཆེན་ཉིད་ཡིན་ནོ། །སྦྱོར་བ་མ་རྟོགས་གཡོ་བའི་སེམས་ནི་མི་འཆིང་སྟེ། །སེམས་མ་བཅིངས་པ་ཡིས་ནི་ལུས་ལ་འབིགས་པ་མེད། །མ་ཕུག་པ་ཡིས་ལུས་ལ་དག་པའི་སྤྱོད་པ་མེད། །མ་དག་སྤྱོད་པ་ཡིས་ནི་བདེ་བ་མི་སྟེར་རོ། །བདེ་བ་མ་རྟོགས་འགྲོ་དྲུག་སྡུག་བསྔལ་མི་བཟད་པར། །བག་མེད་པ་ཡིས་སྔགས་པ་ངན་པ་རྣམས་ལ་འགྱུར་བའོ། །བུད་མེད་སྦྱོར་བ་དམན་པས་ཐར་པའི་བདེ་བ་མེད། །བུད་མེད་སྦྱོར་བ་དམན་ཀྱང་སྲིད་མེའི་སྡུག་བསྔལ་མེད། །དེ་བས་རང་གི་བློ་ཡིས་ལེགས་པར་དཔྱད་ནས་ནི། །སྔགས་པས་གང་ལ་མོས་པ་ཡང་ནི་བླང་བར་བགྱིས། །ཤིང་ལས་མེ་དང་ཆུ་ཡང་ཆུ་ཤེལ་དག་ལས་སོ། །ཞོ་ལས་མར་དང་རྡོ་བ་ལས་ནི་ལྕགས་ཀྱི་རིགས། །བུད་མེད་སྐྱེ་གནས་སྦྱོར་ལས་བདེ་བ་མ་ཉམས་པར། །སྐལ་ལྡན་ཐབས་ཀྱིས་སྦྱོར་བས་དེ་ནི་བླང་བར་གྱིས། །རྒྱུད་ཀྱི་ཐོག་མ་དབུས་མཐའ་ལ་གནས་འདོད་པ་ནི། །དགེ་བར་གསུངས་པ་བྱ་མི་ཡི་ནི་ཞལ་ཉིད་དོ། །སྦས་པའི་ཡིད་བཞིན་ནོར་བུ་བརྟག་པར་དཀའ་བ་ནི། །བླ་མ་དམ་པ་སླུ་བ་པོ་ཡིས་ཟིན་མི་འགྱུར། །རྡོ་རྗེ་བསླང་བ་དག་ནི་དང་པོར་གསུངས་པ་སྟེ། །རྡོ་རྗེ་མེ་ལ་སྲོག་ཞུགས་པས་ནི་གཉིས་པའོ། །དཔལ་ལྡན་མི་འགྱུར་བྱང་ཆུབ་སེམས་ནི་གསུམ་པ་


DTG013_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན། །འདི་དག་ཉིད་ནི་དགེ་བའི་བརྟུལ་ཞུགས་ཆེན་པོའོ། །འདི་ལྟར་ཉམས་པའི་བདེ་བ་དགེ་བ་མ་ཡིན་ཞིང༌། །འདི་ལྟར་བསྟན་བཅོས་ཚིག་ནི་དགེ་བ་མ་ཡིན་ནོ། །འདི་ལྟར་གཙུག་ལག་ཁང་གནས་དགེ་བ་མ་ཡིན་ཏེ། །འདི་ལྟར་ལུས་ལ་སྡུག་བསྔལ་དགེ་བ་མ་ཡིན་ནོ། །མྱ་ངན་འདས་པའི་བདེ་ལ་རབ་ཏུ་ཆགས་པ་རྣམས། །གང་ཞིག་འདོད་ཆགས་བྲལ་བ་འདིར་ནི་ཆགས་པར་འགྱུར། །འདོད་ཆགས་རབ་ཏུ་སྤངས་པས་དེ་ནས་ངེས་པར་ནི། །ཆགས་པ་དང་བྲལ་སྦྱོར་བ་ཡང་ནི་རིང་དུ་འགྱུར། །ཐབས་ཀྱི་ལག་ཏུ་ཡང་ནི་རྡོ་རྗེ་དྲིལ་བུ་དང༌། །ཅིའི་ཕྱིར་ཤེས་རབ་ལག་ཏུ་རྡོ་རྗེ་འདི་ཞེ་ན། །བདུད་རྣམས་གཞོམ་པའི་ཕྱིར་དང་བདེ་བ་བསྟེན་ཕྱིར་ཏེ། །ཚུལ་ཁྲིམས་འཛིན་པས་མཚན་མ་ཤེས་པར་མི་འགྱུར་རོ། །རྒྱལ་པོ་བཅུ་བས་ལྷག་པའི་ཡོན་ཏན་དགེ་སློང་སྟེ། །དགེ་སློང་བཅུ་བས་ལྷག་པའི་ཡོན་ཏན་བསྔགས་པ་བཟང༌། །དཔལ་ལྡན་ཚངས་པར་སྤྱོད་དང་ཏིང་ངེ་འཛིན་དང་ནི། །བྱམས་པ་ལ་སོགས་དང་ནི་དེ་ཉིད་ངེས་པས་སོ། །དཔག་མེད་བསྐལ་པར་ཐེག་པ་ངན་པའི་བློ་གྲོས་ཀྱིས། །སྦྱིན་པ་ལ་སོགས་བྱིན་ཞིང་བརྟུལ་ཞུགས་སྤྱད་ན་ཡང༌། །བདེ་གཤེགས་རབ་འཁྲུངས་ས་འདིར་རྒྱལ་པོ་དགེ་སློང་དག །གནས་འདི་ལ་ནི་འདི་ལྟར་རབ་ཏུ་མ་ཞུགས་སོ། །ཉན་ཐོས་ཐེག་པ་ཉིད་ནི་ཐེག་པ་མ་ཡིན་ཏེ། །རང་རྒྱལ་འདི་ལྟར་རྒྱལ་བའི་ས་ནི་མིན་པར་གསུངས། །དཔལ་ལྡན་རྡོ་རྗེའི་ཐེག་པ་རྒྱལ་བའི་ཐེག་པ་ཉིད། །དེ་ཡང་གཉིས་ལས་ཐེག་པ་བར་དང་ཐ་མར་བྱེད། །དེ་ཕྱིར་བླ་ན་མེད་པའི་ཐེག་པ་བོར་ནས་ནི། །འདོད་པའི་བླ་མེད་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །དཔེར་ན་བུག་བཅས་གྲུ་ཡིས་རྒྱ་མཚོའི་ཕ་རོལ་དུ། །རིན་ཐང་མེད་པའི་ནོར་བུའི་ཕྱིར་ནི་མི་བགྲོད་དོ། །རང་དོན་ལ་ཞུགས་འདོད་ཆགས་ཀྱིས་ནི་བག་མེད་པ། །སློབ་མས་རང་གི་ཆུང་མ་ཇི་སྲིད་མ་ཕུལ་བ། །དེ་སྲིད་རྒྱལ་བའི་ཕྱག་རྒྱ་བླ་མས་སྩོལ་ལམ་ཅི། །རྣམ་པར་ཉམས་པའི་བློ་ཡིས་འདི་དག་མི་ཤེས་སོ། །རྣོན་པོ་ཡིས་ནི་གསེར་དང་ཤེལ་གྱི་རིན་པོ་ཆེ། །སྨྱུག་མ་ཡིས་ནི་གོ་ཤིཪྵ་ཡི་ཙནྡན་ཏེ། །ཕྲན་ཚེགས་རང་གི་ཆུང་མ་ཡིས་ནི་སངས་རྒྱས་ཡུམ། །དེ་ཡིས་རབ་ཏུ་རྙེད་ན་འདི་རུ་ཅི་ཞིག་སྐྱོན། །


DTG013_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལམ་བཟངས་བཏང་ནས་དགོན་པ་དག་ཏུ་འཇུག་བྱེད་ཅིང༌། །བདེ་བ་བཟང་པོ་བཏང་ནས་སྡུག་བསྔལ་ལེན་པར་བྱེད། །ཨེ་མ་བློ་གྲོས་ཕྱིན་ཅི་ལོག་གི་སྐྱེ་བོ་རྣམས། །དབང་པོ་ལ་སོགས་ཀྱིས་ཀྱང་བསྟེན་པར་མི་ནུས་པ། །དཔག་མེད་བསྐལ་བའི་བར་དུ་མི་འགྱུར་བདེ་བ་ནི། །བླ་མ་དམ་པ་བསྟེན་པ་རྣམས་ཀྱིས་ཐོབ་པར་འགྱུར། །ཡང་ན་ཐོབ་ནས་འདི་ལྟར་ཉམས་པར་མི་འགྱུར་ཏེ། །ངེས་པར་མ་བསྟེན་ལྷག་མ་དང་བཅས་རྣམ་པར་ཉམས། །སེམས་ཀྱི་བག་མེད་དབང་གིས་དམྱལ་བའི་སྡུག་བསྔལ་ཏེ། །སེམས་ཀྱི་དྲིན་གྱིས་ཀྱང་ནི་ཐར་པ་བདེ་བའོ། །རྨི་ལམ་གཟུགས་བརྙན་དེ་ནི་སུ་ཞིག་གིས་བྱས་ཏེ། །བདེ་བ་དང་ནི་སྡུག་བསྔལ་གང་གི་དྲིན་གྱིས་ཐོབ། །བདུད་ནི་རང་གི་སེམས་ཏེ་བདུད་གཞན་ཡོད་མ་ཡིན། །དེ་བཞིན་གཤེགས་པ་དེ་ཡང་བདེ་གཤེགས་གཞན་ན་མེད། །བདུད་རྣམས་བཅོམ་ཞིང་རྣམ་པར་རྒྱལ་བའི་ཐུབ་པ་ནི། །སེམས་ཀྱིས་སེམས་དག་སོ་སོ་རུ་ནི་སད་པ་ཉིད། །སེམས་ལ་ཅུང་ཟད་སྲིད་པ་གང་ཞིག་ལེན་པ་མིན། །དོར་བ་མ་ཡིན་འཕེལ་ཞིང་འགྲིབ་པ་ཡང་མ་ཡིན། །སེམས་ལ་སེམས་ཉིད་སོ་སོར་སྣང་བ་ཙམ་དུ་ནི། །ཁམས་གསུམ་པ་ནི་དངོས་པོ་སྟོང་པས་གནས་པར་འགྱུར། །ངོ་བོ་མེད་པས་སྟོང་པར་ངོ་བོ་ཉིད་ཀྱིས་སྟོང༌། །འཁོར་བ་མྱ་ངན་འདས་པའི་གནས་ལ་རབ་ཏུ་ཞུགས། །ཤེས་རབ་ལུས་ལྡན་སྙིང་རྗེ་དང་ནི་ཐ་མི་དད། །བྱང་ཆུབ་སེམས་ཉིད་དེ་ནི་ཡོངས་སུ་བསྒོམ་པར་བྱ། །ཤེས་རབ་ཡན་ལག་བྲལ་ཞིང་སྙིང་རྗེས་ཐ་དད་ན། །མྱ་ངན་འདས་པའི་གནས་ལ་ནམ་ཡང་འགྲོ་བ་མིན། །ཤེས་རབ་ལ་ཞུགས་སྙིང་རྗེ་རྣམ་པར་སྤངས་པ་ནི། །རིན་ཆེན་སེམས་ནི་རྟག་པ་ལ་ནི་རབ་མི་གནས། །ཤེས་རབ་རྣམ་ཐར་ཡིན་ལ་ཐབས་ནི་སྙིང་རྗེའོ། །དེ་གཉིས་དབུས་སུ་གཉིས་སུ་མེད་པ་གསུངས་པ་སྟེ། །རྒྱལ་བའི་བཞུགས་གནས་བདེ་བ་དམ་པ་དཔག་མེད་པ། །འཁོར་བ་ལས་ནི་གྲོལ་འགྱུར་སྨོན་ལམ་ཙམ་ཡིན་ནོ། །འཇུག་པའི་སེམས་དང་སྨོན་པ་ཡི་ནི་སེམས་ཉིད་དག །དབྱེ་བ་ཅུང་ཞིག་དག་ནི་དེ་གཉིས་དག་ལ་ཡོད། །འགྲོ་བར་གནས་པ་དང་ནི་འགྲོ་བ་ཉིད་ཡིན་ཏེ། །གང་ཡང་བྱེ་བྲག་དག་ནི་སེམས་ཀྱི་དབང་ཉིད་དོ། །འཁོར་བའི་བདེ་བ་


DTG013_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྨོན་པ་ཡི་ནི་སེམས་ཡིན་ཏེ། །དཔག་མེད་བསྐལ་པ་རུ་ནི་གཞན་གྱི་དོན་གྱི་ཕྱིར། །མ་ཉམས་བདེ་བ་འཇུག་པ་ཡི་ནི་སེམས་ཡིན་ལ། །མྱ་ངན་འདས་པའི་མཐར་ཐུག་དེ་བཞིན་བདག་གི་དོན། །དཔག་མེད་རྒྱུ་རུ་དགེ་སློང་གིས་ནི་གང་ཞིག་བསྲུང༌། །བདེ་བ་འདོད་པ་བདེ་ཕྱིར་གང་ཞིག་ཚོལ་བར་བྱེད། །དེ་གཉིས་དབུས་སུ་གཉིས་མེད་སྦྱོར་བ་རིན་པོ་ཆེ། །གང་ཞིག་ལེན་པ་དེ་ནི་མི་ཟད་ཡང་དག་ཞུགས། །སེམས་ཅན་བསམ་པའི་དབང་གིས་བསྡུས་རྒྱུད་ལས་གསུངས་པའི། །ལག་པའི་ཕྱག་རྒྱ་བཅིང་བར་མི་བྱ་ཞེས་སུ་གྲགས། །དེ་ཉིད་མྱང་འདས་འབྲས་བུ་རབ་ཏུ་སྟེར་མཛད་མ། །ཤེས་རབ་ལ་སོགས་རྒྱུད་ལས་རྒྱལ་བ་རྣམས་ཀྱིས་གསུངས། །འདོད་ལུས་མ་ལ་ཆགས་པར་ཞེན་པ་འདོད་ཅན་དང༌། །དགེ་སློང་སྒྱིད་ལུག་ཅན་ནི་གཙུག་ལག་ཁང་གནས་པ། །བདེ་བ་ཡི་ནི་དོན་དུ་གང་ཞིག་ལས་བྱེད་པ། །དེ་ལ་རིགས་པས་རྒྱལ་བ་རྣམས་ཀྱི་རྡོ་རྗེའི་ཚིག །སྐྱོན་དང་བཅས་པའི་ཕྱག་རྒྱ་དེ་ནི་ཡོངས་སྤངས་ལ། །ཕྱག་རྒྱ་བཟང་མོ་བདེ་བའི་དོན་དུ་གཟུང་བར་བྱ། །དེ་མེད་ན་ནི་ལག་པའི་སྦྱོར་བའི་ཕྱག་རྒྱ་སྟེ། །སྐྱེ་བོ་རྣམས་ལ་རང་དབང་ཡིད་བཞིན་ནོར་བུ་མཚུངས། །གང་ཞིག་སེམས་ལ་རྗེས་གནས་མཉམ་པའི་བདེ་སྟེར་དང༌། །ཉེས་སྐྱོན་དང་བྲལ་སྲིད་པ་སྡུག་བསྔལ་འཇོམས་བྱེད་མ། །དུ་མའི་རྣམ་པའི་ཡུལ་གྱི་ཐ་དད་མ་ཡིན་པ། །དེ་འདིར་སྐྱེ་བོ་མཁས་པས་ཅི་ཕྱིར་འདོར་བར་བྱེད། །གང་དག་སུ་ཞིག་འདོད་པའི་ན་ཆུང་བཟང་མོ་ནི། །དགའ་བས་རྒྱལ་བའི་རྡོ་རྗེ་མཆོད་པར་སྟེར་བྱེད་མ། །བདེ་བ་མ་ཉམས་དེ་ལ་བྱང་ཆུབ་བར་དུ་ནི། །རྡོ་རྗེ་འཛིན་པ་དུ་མ་ཡང་དག་མཆོད་པར་བྱ། །ཕྱོགས་གཅིག་ཏུ་ནི་དམ་ཚིག་དག་ལ་རབ་ཞུགས་མ། །སྐལ་ལྡན་བདག་གོ་ཞེས་ནི་སྐུལ་ཞིང་སྨྲ་བྱེད་དེ། །འདོད་པའི་དངོས་གྲུབ་རྒྱུ་རུ་རྡོ་རྗེ་མཆོད་མི་བྱེད། །ཉམས་པའི་སེམས་དེ་དམྱལ་བ་རུ་ནི་རབ་ཏུ་འགྲོ། །ལོ་ནི་བཅུ་གཉིས་ལོན་པའི་བུ་མོ་དཀར་མོ་ཉིད། །ཤིན་ཏུ་རྣམ་དག་སེམས་ལྡན་སློབ་མས་རྙེད་ནས་ནི། །ཤིན་ཏུ་གུས་པས་ལེགས་པར་མཆོད་པ་ཉིད་བྱས་ལ། །བླ་མེད་དབང་ཕྱིར་བླ་མ་ལ་ནི་དབུལ་བར་བྱ། །སྟོན་པ་དེ་ཡིས་དེ་དང་ལྷན་ཅིག་དབང་སྟེར་ཏེ། །སློབ་མ་ལ་ནི་བླ་མེད་བྱང་ཆུབ་རྒྱུ་རུ་དེ། །ཤེས་རབ་


DTG013_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབང་བསྐུར་བླ་མའི་ཞལ་དང་ལྡན་པ་ཡི། །བཞི་པ་གཞན་ཡང་དེ་དགྱེས་པ་ཡིས་སྟེར་བ་མཛད། །བླ་མའི་དྲིན་དག་གིས་ནི་སྨིག་རྒྱུ་ལ་སོགས་པའི། །ཁྱད་པར་འཕགས་པའི་ལམ་ལ་རབ་ཏུ་འཇུག་པར་འགྱུར། །ཡན་ལག་དྲུག་གི་སྦྱོར་བས་རྒྱལ་དབང་གཟུགས་བརྙན་དང༌། །ཕྱག་རྒྱ་རབ་ཏུ་སྦྱོར་བས་རྣམ་དག་བདེ་བ་ལ། །ཡན་ལག་བཟང་མོ་ཆགས་པ་ལ་ནི་རབ་ཏུ་ཞེ་ན། །གཙོ་བོ་བསྒྲུབ་པར་བྱ་ཕྱིར་དེ་ནི་བཙལ་བར་བྱ། །ཕྱོགས་གཅིག་གནས་ལ་རྣམ་པ་སྣ་ཚོགས་དུ་མ་ཡིས། །དངོས་གྲུབ་སྟེར་མ་དེ་ནི་མང་དུ་མཆོད་པར་བྱ། །གཙང་ལ་རྣམ་པར་དབེན་པའི་ས་ཡི་ཕྱོགས་དག་དང༌། །རྒྱལ་བའམ་ནི་ཞི་བའི་བདེ་འབྱུང་གནས་དག་ཏུ། །རྟག་པར་རྒྱལ་བ་མཆོད་ཕྱིར་དྲི་ཆེན་དྲི་ཆུ་དང༌། །ཆུ་ལ་སོགས་པ་རྣམས་ཀྱིས་བྱུག་པ་བྱས་ནས་ནི། །སྙིང་ག་ལྟེ་མགྲིན་དཔྲལ་བ་སྤྱི་གཙུག་གསང་བ་ལ། །རིགས་ཀྱི་ལྷ་མོ་རྣམས་ནི་རབ་ཏུ་དགོད་པར་བྱ། །དེ་བཞིན་མིག་ལ་སོགས་པ་རིགས་ནི་དྲུག་པ་སྟེ། །སྟོང་པ་ལ་སོགས་ས་བོན་སྣ་ཚོགས་རིམ་པས་སོ། །དེ་བཞིན་མཆོད་པ་ལྔ་སོགས་རྣམས་ཀྱིས་མཆོད་བྱས་ལ། །དེ་ནས་ཆུ་སྐྱེས་སུ་ནི་རྡོ་རྗེ་རབ་ཏུ་གཞུག །ཡན་ལག་དྲུག་གི་སྦྱོར་བས་སྨིག་རྒྱུ་ལ་སོགས་པ། །ཡེ་ཤེས་དག་གི་མེ་ནི་རབ་ཏུ་བཞེངས་པར་བྱ། །རིམ་གྱིས་རྣལ་འབྱོར་སྟོབས་ཀྱིས་ཁྱད་པར་འཕགས་པ་ཡི། །རྒྱལ་བ་རྣམས་ནི་ཤེས་རབ་མེ་ཡིས་རབ་ཏུ་བསྲེག །དེ་རྣམས་རབ་བསྲེགས་ཟླ་བའི་གཟུགས་ནི་བཞུ་བ་ལས། །བདུད་རྩི་བཟང་པོ་གང་འཛག་དེ་ནི་རྡོ་རྗེ་ཅན། །དེ་ནི་དབང་གི་དུས་སུ་ཤིན་ཏུ་རྣམ་དག་བློས། །ཐིག་ལེ་གསུམ་གྱི་མཐའ་རུ་སྐད་ཅིག་གཅིག་ལ་ཉིད། །ཤེས་རབ་མེད་ཀྱང་འདི་ལྟར་རི་བོང་ཅན་བཞུ་ལས། །གསུམ་པ་ཁྱད་པར་དགའ་བའི་མཐའ་རུ་ཀུན་ནས་བཙལ་བར་བྱ། །འགྲོ་བའི་མགོན་གཅིག་སྟོན་པ་གཞན་ནི་ཡོད་མ་ཡིན། །ཁམས་གསུམ་དག་ན་བདེ་བ་ཁྱད་འཕགས་གཞན་ནི་མེད། །བདེ་བ་མཉམ་སྟེར་དངོས་གྲུབ་གཞན་ནི་ཡོད་མ་ཡིན། །ལུས་བསྲུང་དོན་དུ་སྲུང་བ་གཞན་ནི་ཡོད་མ་ཡིན། །འདིར་ནི་དཀྱིལ་འཁོར་དག་དང་སྐུ་གཟུགས་ཏིང་འཛིན་མེད། །ལག་པའི་ཕྱག་རྒྱ་བྱ་བ་དང་ནི་གདན་རྣམས་མེད། །སྔགས་དང་གཏོར་མ་སྦྱིན་སྲེག་ཆོ་ག་རབ་


DTG013_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་དང༌། །གཤེགས་སུ་གསོལ་བ་རྣམ་པར་དག་པའི་ཆོས་ལ་མེད། །རང་བཞིན་གྱིས་དག་འགྲོ་བ་ཡི་ནི་རྗེ་དཔོན་གཅིག །ཤེས་རབ་མེ་ཡིས་གལ་ཏེ་རབ་ཏུ་བསླངས་པས་ན། །དེ་ཡི་ཕྱི་ནས་རང་གི་ལུས་པོ་ལ་ནི་བདུད་སྟོབས་བཞི། །དེ་ཉིད་གཅིག་པུ་ཡིས་ནི་ཉམས་པར་མཛད་པ་ཡིན། །ཇི་སྲིད་དེ་མ་བཞེངས་པར་བདེ་བ་སྟེར་བ་མེད། །རབ་ཏུ་བཞེངས་པས་འདོད་ཆགས་བྲལ་ཉིད་འགྱུར་བ་ཡིན། །གཉིས་སུ་མེད་པའི་ལམ་གཅིག་འདི་ནི་དཀའ་བ་སྟེ། །མ་ལུས་སེམས་ཅན་རྣམས་ནི་ལམ་གཉིས་དག་པས་འགྲོ། །མ་བསྡམས་དབང་གིས་བརྒྱ་ལ་ཟིན་པར་མ་གྱུར་ན། །ཆུ་སྐྱེས་སྙིང་པོར་དཔལ་ལྡན་བྱང་ཆུབ་སེམས་ལྷུང་འགྱུར། །ཕྱག་རྒྱའི་སེམས་ནི་ཤིན་ཏུ་རྣམ་དག་ཤེས་བྱས་ནས། །དེ་ནས་ཆུ་སྐྱེས་ཕྱི་རོལ་རང་གི་ཁས་གཟུང་བྱ། །མ་དག་ཕྱག་རྒྱའི་ཆུ་སྐྱེས་ལ་གནས་རང་གི་སེམས། །མ་ཉམས་རྣམས་ཀྱིས་མ་ཚོར་མིང་མེད་ཀྱིས་གཟུང་བྱ། །མྱང་བའི་དོན་དུ་རྣམ་པར་ཉམས་པའི་བདུད་རྩི་གང༌། །དཔལ་ལྡན་སྔགས་པ་རྣམས་ལ་འཆི་བ་ཉམས་པར་བྱེད། །བུད་མེད་སྐྱེ་གནས་སྦྱོར་བའི་དབང་གིས་རང་གི་སེམས། །གང་ཞིག་སྐྱེས་བུ་རྣམས་ཀྱི་འགྱུར་བ་མི་འགྱུར་ལ། །རྒྱལ་བས་མཆོད་པ་ཐུགས་རྗེ་ཆེ་ལྡན་དེ་རྣམས་ཀྱི། །ཞབས་གཉིས་དག་ལ་མགོ་བོ་ཡིས་ནི་ཕྱག་བགྱིའོ། །ན་ཆུང་མ་ལ་སྦྱོར་བས་དཔལ་ལྡན་བྱང་ཆུབ་སེམས། །གང་ཞིག་བདག་དང་གཞན་གྱི་དོན་དུ་བསྲུང་མཛད་ཅིང༌། །ཉིན་དང་མཚན་དུ་བདག་དང་གཞན་གྱི་དོན་མཛད་པའི། །དེ་རྣམས་ཞབས་ཀྱི་པདྨ་ལ་ནི་ཕྱག་བགྱིའོ། །སངས་རྒྱས་ཉིད་ཀྱི་བདེ་བ་དཔག་མེད་ཐོབ་ན་ཡང༌། །སེམས་ཅན་རྣམས་ཀྱི་དོན་ཕྱིར་འདོར་བར་མཛད་གྱུར་ཅིང༌། །འཁོར་བའི་ནང་དུ་རབ་ཏུ་འཇུག་པའི་དཔའ་བོ་སྟེ། །དེ་རྣམས་ཞབས་ཀྱི་པད་མར་སྤྱི་བོས་ཕྱག་འཚལ་ལོ། །ཉིན་དང་མཚན་དུ་བསམ་གཏན་སྟོབས་ཀྱི་རིམ་པ་ཡིས། །གང་རྣམས་རང་གི་སེམས་ནི་རྩ་དབུས་གནས་པར་འགྱུར། །མཐའ་ཡས་གཟུགས་ལས་ཤིན་ཏུ་རྣམ་པར་དག་པའི་སྐུ། །དེ་ནི་རྒྱལ་བ་རྣམས་ཀྱི་རྡོ་རྗེ་རྩེ་གཅིག་པའོ། །ཐར་པའི་བདེ་རྒྱུ་དང་པོ་ཡིས་ནི་སངས་རྒྱས་ལ། །གཉིས་མེད་དེ་ནི་དཔལ་ལྡན་བླ་མའི་ཞལ་ཉིད་དོ། །མངའ་བདག་དུས་ཀྱི་འཁོར་ལོ་ཁམས་གསུམ་ལ་གནས་


DTG013_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ། །མི་འགྱུར་ཐིག་ལེ་སྦྱོར་བས་ཡང་དག་ཐོབ་པར་འགྱུར། །ཇི་ལྟར་གཞོན་ནུ་མ་ཡི་མེ་ལོང་ནང་དུ་ནི། །མ་མཐོང་མཐོང་ལྟའི་བྲ་ཏི་སེ་ནའི་དོན་ལྟ་བྱེད། །དེ་བཞིན་འདས་དང་མ་འོངས་ད་ལྟར་བྱུང་བ་ནི། །དེ་ཉིད་རིག་པའི་རྣལ་འབྱོར་པ་ཡིས་ནམ་མཁར་མཐོང༌། །མངོན་སུམ་དག་ཏུ་གཟུགས་ནི་དངོས་པོ་སྟོང་པའི་ཕྱིར། །དངོས་པོ་དང་ནི་དངོས་མེད་དེ་རུ་མེད་པ་ཡིན། །སྒྱུ་མ་དང་ནི་རྨི་ལམ་རྫུ་འཕུལ་མཚུངས་པ་ནི། །དེ་ལ་འབྲས་བུ་ཡོད་ཅིང་དངོས་པོ་མེད་པའོ། །རྒྱུ་དང་འབྲས་བུ་རྗེས་སུ་མཚུངས་པའི་འབྲས་བུ་ནི། །མ་སྐྱེས་ཆོས་རྣམས་ལ་ནི་སྐྱེས་པ་མཐོང་བར་འགྱུར། །རྣམ་པ་ཀུན་ལྡན་ཀུན་ནས་རྣམ་པར་དག་པ་དང༌། །དབང་པོ་ཐམས་ཅད་དང་ལྡན་ཀུན་གྱི་སྙིང་གར་གནས། །ཇི་ལྟར་ཡིད་བཞིན་ནོར་བུ་དཔག་བསམ་ཤིང་དག་གིས། །སེམས་ཅན་བསམ་པའི་དབང་གིས་ཀུན་ནས་འདོད་རྫོགས་བྱེད། །དེ་བཞིན་བསམ་པའི་དབང་གིས་རྫོགས་པ་དེ་ཉིད་ནི། །ཤིན་ཏུ་རྣམ་པར་དག་པའི་ཆོས་ལས་སྐྱེ་བར་འགྱུར། །སྟོང་པ་ཡིས་ནི་རྒྱུ་ལ་གསལ་བར་རྒྱུ་ཡིས་ནི། །རང་གི་སྟོང་པ་ལ་ནི་ངེས་པར་རྒྱས་གདབ་སྟེ། །ཕྱི་དང་ལུས་པོ་དག་དང་གཞན་རྣམས་གཅིག་ཏུ་སྟེ། །ལྟ་བ་དྲུག་ལ་གནས་དང་གཞན་རྣམས་སླུ་བར་བྱེད། །མི་འགྱུར་ལམ་ཉམས་རང་གི་དོན་ལ་གནས་པ་ཡི། །མཁས་པ་རྣམས་ཀྱིས་དེ་ཉིད་དུ་མའི་གཞུང་གིས་བརྟགས། །ཚངས་པ་འམ་ནི་སེང་གེ་མཆོག་གི་དབང་ཕྱུག་གམ། །དེ་བཞིན་བྱེད་པོ་ཡིས་ནི་ཆོས་ནི་གང་སྨྲས་པ། །རིག་བྱེད་མཐའ་དག་གྲུབ་མཐའི་གཞུང་དང་ངེས་ཚིག་གིས། །མདོར་བསྡུས་དེ་ཉིད་འདི་རུ་རྣམ་པར་དཔྱད་པར་བགྱི། །གལ་ཏེ་སྐྱེ་དགུ་རྣམས་ལ་སྐྱེད་བྱེད་གཅིག་ཉིད་འདིར། །ཇི་ལྟར་རིགས་དག་འདི་ནི་རྣམ་པ་བཞི་རུ་འགྱུར། །ཚད་མ་དང་ནི་དཔེ་དང་ཚུལ་གྱི་དབྱེ་བ་ཡིས། །ཡོངས་སུ་བརྟགས་ན་རྣམ་པར་མ་ཐུན་པར་མི་འགྱུར་རོ། །ཕ་གཅིག་དག་ལ་ངེས་པར་བུ་ནི་བཞིར་གྱུར་ན། །བུ་དེ་རྣམས་ལ་ངེས་པར་རིགས་ནི་གཅིག་ཡིན་ནོ། །དེ་ལྟར་མཆོག་ཏུ་འདོད་ལས་སྐྱེས་པའི་མི་རྣམས་ཀྱི། །རིགས་ཀྱི་རྣམ་པ་བཞི་རུ་རིགས་པ་ཡོད་མ་ཡིན། །ཇི་ལྟར་ཨུ་དུམ་ཝཱ་རའི་ཤིང་ལས་སྐྱེས་པའི་འབྲས་བུ་ནི། །རྩ་བ་དབུས་དང་རྩེ་མོ་ལས་བྱུང་གང་ཞིག་རྣམས། །གཟུགས་


DTG013_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་རྣམ་པར་རེག་བྱ་རོ་རྣམས་འདྲ་བ་སྟེ། །དེ་བཞིན་ཁ་ཉིད་ལ་སོགས་གནས་ནི་གཅིག་ཏུ་འགྱུར། །ཁ་ལས་སྐྱེས་པ་རི་བོང་འོད་ཟེར་དཀར་མ་ཡིན། །དཔུང་པ་ལས་སྐྱེས་ཉིན་བྱེད་ཤར་དང་འདྲ་བ་མིན། །བརླ་ནས་སྐྱེས་པ་ལྡོང་རོས་ཁ་དོག་དང་འདྲ་མིན། །རྐང་པ་ལས་སྐྱེས་མིག་སྨན་ཆེན་པོ་གནག་འདྲ་མིན། །གཉིས་སྐྱེས་ཐམས་ཅད་ཡེ་ཤེས་རིགས་མིན་རྒྱལ་རིགས་ནི། །རྒྱལ་པོའི་རིགས་ལས་སྐྱེས་པས་དཔའ་བོ་རྣམས་མ་ཡིན། །རྗེའུ་རིགས་ཐམས་ཅད་ཕུན་སུམ་ཚོགས་དང་ལྡན་པ་ཡིན། །འཇིག་རྟེན་དུ་ནི་དམངས་རིགས་ལས་ཆེན་མི་བྱེད་དོ། །ཁམས་ཀྱི་དབྱེ་བས་བདེ་དང་སྡུག་བསྔལ་དངོས་པོ་དང༌། །ལུང་དང་རིགས་པས་བསོད་ནམས་ཚོགས་དང་སྡིག་པ་དང༌། །སྐྱེ་དང་འཇིག་རྟེན་མཉམ་པ་ཉམས་སུ་མྱོང་བ་སྟེ། །མི་རིགས་རྣམ་པ་བཞི་ནི་དེ་ལྟར་འགྱུར་བའོ། །རྫོགས་ལྡན་དུས་སུ་རིགས་ཀྱི་དབྱེ་བ་ཡོད་མ་ཡིན། །གསུམ་ལྡན་འཇུག་པ་གཙོ་བོ་དང་ནི་འཁོར་འགྱུར་རོ། །དུས་གཉིས་ལ་ནི་དངོས་པོ་ཉམས་པར་མི་འགྱུར་ཏེ། །གང་ཞིག་གཉིས་ལྡན་དུས་སུ་རིགས་དང་རིགས་མིན་ཉིད། །དེ་དང་སེར་སྣ་རྒྱུ་དང་དྲེགས་པ་ང་རྒྱལ་དང༌། །ཆགས་པ་ཞེ་སྡང་གིས་ནི་རིགས་ནི་ལྡོག་པར་འགྱུར། །རིགས་རྣམས་བྱས་ནས་རྣམ་པ་སྣ་ཚོགས་འགྱུར་བ་སྟེ། །གཞན་ན་རིགས་དང་རིགས་མིན་སྡེ་འབྱུང་ཁ་དོག་མེད། །བྱེད་པ་པོ་ཡི་རང་ལུས་རིམ་པ་ཇི་ལྟ་བ། །ཁ་ཉིད་དང་ནི་དཔུང་པ་བརླ་དང་རྐང་པ་ལས། །བྲམ་ཟེ་རྒྱལ་རིགས་རྗེའུ་དང་དམངས་རིགས་སྐྱེས་གྱུར་ན། །ཕྱུགས་དང་ཐ་མ་ལས་སྐྱེས་དེ་ཡི་གང་ནས་བྱུང༌། །ཚངས་པའི་ཁ་ཉིད་ལས་སྐྱེས་བྲམ་ཟེ་གྲགས་པ་ན། །བྲམ་ཟེ་མོ་ཡང་གནས་དེ་ཉིད་ལས་ཡིན་ནམ་ཅི། །གལ་ཏེ་འདི་དག་སྐྱེ་གནས་གཅིག་ལས་སྐྱེས་གྱུར་ན། །མིང་པོ་དང་ནི་སྲིང་མོ་བག་མར་རིགས་མ་ཡིན། །གལ་ཏེ་ཡིན་ན་ཀླ་ཀློའི་སྐྱེ་བོ་འཇུག་པར་འགྱུར། །ཀླ་ཀློ་འཇུག་པར་གྱུར་ན་རིགས་ནི་ཉམས་པས་ཏེ། །རིགས་ཟད་ན་ནི་དམྱལ་བར་སྡུག་བསྔལ་མི་བཟད་པ། །རང་གི་རིགས་ནི་འཛིན་ཕྱིར་དེ་དག་ལ་འགྱུར་རོ། །དེ་ལྟར་དཔུང་བརླ་རྐང་པ་ལས་བྱུང་རྣམས་ལ་ནི། །གང་ཞིག་རང་གི་རིགས་ནི་འཛིན་ཕྱིར་ལྡོག་པར་འགྱུར། །དེ་ཕྱིར་དྲང་སྲོང་རིགས་ནི་བག་མའི་དུས་དག་ཏུ། །


DTG013_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཇིག་རྟེན་ཕ་རོལ་འཇིགས་པས་བརྟག་པར་བྱེད་པའོ། །དུ་མ་སྣ་ཚོགས་རིགས་དང་རྣམ་པ་སྟོང་ཕྲག་པ། །བག་མ་ལེན་པའི་དུས་སུ་རྣམ་པར་བརྟག་པར་བྱེད། །གང་ཕྱིར་དྲང་སྲོད་རིགས་ནི་བརྟག་པར་བྱེད་པར་འགྱུར། །དེ་ཕྱིར་མཆོད་འདོད་ལུས་ལས་རིགས་ནི་མ་ཡིན་ནོ། །ཡེ་ཤེས་ཀྱིས་ནི་རིགས་དང་རྫུ་འཕྲུལ་དངོས་གྲུབ་དང༌། །དེ་བཞིན་ཁྱད་པར་དབང་ཕྱུག་ཉིད་དུ་འགྱུར་བ་སྟེ། །དེ་ཕྱིར་ཡེ་ཤེས་ཆེ་འདི་རྣམ་པར་དག་པ་ཡིན། །གཞན་དུ་ན་ནི་རང་གི་རིགས་ཀྱིས་རིགས་འགྱུར་མིན། །ཚངས་མིན་སྐྱེ་བའི་གནས་ནི་དྲང་སྲོང་རྒྱས་སོགས་པ། །སྐྱེ་གནས་ཚངས་པའི་གོ་འཕང་རབ་ཏུ་ཞུགས་པར་འགྱུར། །དེ་ཕྱིར་དཀའ་ཐུབ་བཟང་པོ་དོར་ནས་རིགས་ཀྱིས་ནི། །རྣམ་པར་དག་པའི་ལམ་ནི་སྟེར་བར་མི་འགྱུར་རོ། །པདྨ་དང་ནི་རིན་པོ་ཆེ་དང་མུ་ཏིག་དང༌། །འདམ་དང་རི་བོ་དང་ནི་ཐོད་པའི་སྦྱོར་ལས་འབྱུང༌། །དེ་ཉིད་རྣམས་ནི་མ་ལུས་འཇིག་རྟེན་མཆོད་གནས་འགྱུར། །དེ་རྣམས་སྔོན་གྱི་སྐྱེ་གནས་ལས་ནི་མ་ཡིན་ནོ། །ཁ་ལས་ཆོས་ནི་སྟོན་པར་བྱེད་ཅིང་སྒྲོགས་བྱེད་པས། །དེ་ཕྱིར་བྲམ་ཟེ་རྣམས་ནི་ཁ་ལས་སྐྱེ་བར་འགྱུར། །རྒྱལ་རིགས་རྣམས་ནི་དཔུང་པས་འཁྲུགས་པར་བྱེད་པ་སྟེ། །དཔུང་པ་དེ་དག་ལས་ནི་དེ་རྣམས་སྐྱེ་བར་འགྱུར། །བརླ་ཡི་སྟོབས་ཀྱིས་རྗེ་རིགས་སྐྱེ་བོ་འགྲོན་པོར་བྱེད། །དེ་ཕྱིར་དེ་རྣམས་དེ་ལས་སྐྱེས་པར་གྱུར་པའོ། །རྐང་པའི་རྩ་བར་བརྟེན་པར་བྱེད་པར་གྲགས་པ་ཡིས། །དེ་ཕྱིར་རྐང་པ་ལས་ནི་དམངས་རིགས་སྐྱེ་བར་འགྱུར། །དེ་ཕྱིར་གཞན་རྣམས་རིགས་ཀྱི་དབྱེ་བ་བཅོ་བརྒྱད་ཡིན། །རང་གི་ལས་ཀྱི་རང་བཞིན་ལས་ཀྱི་ངོ་བོར་སྐྱེས། །འཇིག་རྟེན་གསུམ་དུ་ལས་ཀྱི་མཐུ་ནི་སྟོབས་དང་ལྡན། །གང་ཕྱིར་བྲམ་ཟེ་ཡང་ནི་དམངས་རིགས་ཉིད་དུ་འགྱུར། །སྒོག་སྐྱ་དག་དང་བཙོང་དང་བཟའ་མིན་ཟོས་པ་དང༌། །ཆང་འཐུངས་ནས་ནི་དམངས་རིགས་གནས་སུ་འགྱུར་བ་སྟེ། །དཀའ་ཐུབ་བྱས་ནས་སླར་ཡང་བྲམ་ཟེ་དེ་ཉིད་དུ། །འགྱུར་དེ་དེ་ཕྱིར་དཀའ་ཐུབ་ཁྱད་པར་ཅན་ཡིན་ནོ། །གྲོག་མ་དང་ནི་ར་རི་དག་དང་སྣ་མཚན་དང༌། །རྒྱས་བ་ལ་སོགས་དྲང་སྲོང་གཞན་རྣམས་རབ་གྲགས་པ། །ཚངས་པའི་སྐྱེ་གནས་མིན་ལས་ཀྱང་ནི་དེ་རྣམས་སྐྱེས། །དཀའ་ཐུབ་ཁྱད་པར་


DTG013_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དག་གི་དྲང་སྲོང་རྣམས་སུ་འགྱུར། །དེ་ཕྱིར་རང་གི་རིགས་ཀྱི་དག་དང་མ་དག་པ། །དོན་དམ་པ་ཡི་རྒྱུ་ཡིས་གང་ཡང་མེད་པར་འགྱུར། །ཞེ་སྡང་དབང་གིས་རིགས་འདི་རབ་ཏུ་འབྱུང་བ་སྟེ། །རང་དོན་འདོད་བའི་བྲམ་ཟེས་ནོར་གྱི་དོན་དུ་བྱས། །དག་པའི་བྲམ་ཟེ་མོ་གང་བདག་པོའི་བརྟུལ་ཞུགས་ཅན། །སྐྱེས་བུ་གཞན་མ་ལ་ནི་དེ་ཡིས་རྟེན་པར་བྱེད། །དེ་ཡི་བུ་ནི་འདི་རུ་བྲམ་ཟེར་གྱུར་པ་སྟེ། །དེ་ཕྱིར་རིགས་ནི་ཇི་ལྟར་རིམ་པས་མ་ཡིན་ནོ། ༈ །ལུས་འདིའི་སྔ་མའི་རིགས་ཀྱི་ཐལ་བ་གཞན་ཡིན་ལ། །ལས་ཀྱི་དབང་ལས་ཕ་ཡི་སྲོག་ཀྱང་གཞན་ཡིན་ཏེ། །གཞན་དུ་ལུས་དང་སྲོག་དག་གི་ནི་རིགས་དག་ཀྱང༌། །བུ་དང་བཅས་པ་སུ་ཞིག་གིས་ནི་འབྱིན་པར་བྱེད། །གཞན་དུ་རིགས་ཀྱང་གལ་ཏེ་ཕ་ཡི་ཡིན་ན་ནི། །ཕ་ཡི་ཕ་གང་དེ་ནི་མེས་པོའི་ཡིན་པར་འགྱུར། །དེ་ལྟར་འགྲོ་བ་འདི་དག་ཐམས་ཅད་རང་གི་རིགས། །གཉིས་སྐྱེས་རྣམས་ལ་དྲང་སྲོང་རིགས་གཞན་ཡོད་མ་ཡིན། །རྔོན་པ་བདུན་ཡང་རི་དགས་དག་དང་ངུར་པ་དང༌། །ངང་པ་དེ་རྣམས་གཉིས་སྐྱེས་སུ་ཡང་སླར་བྱུང་འགྱུར། །གང་ཕྱིར་སྐྱེ་བ་གཞན་དུ་སྲོག་ནི་ལས་དབང་གིས། །ཡིན་པ་དེ་ཕྱིར་ནང་ན་དྲང་སྲོང་རིགས་མེད་དོ། །གཉིས་སྐྱེས་ཚིམ་ནས་ནམ་མཁའ་དང་ནི་ས་ཡི་གནས། །གང་ཡིན་དེར་ནི་ཤི་བ་ཚིམ་པར་མངོན་པར་འདོད། །ཟོས་པ་དག་ཀྱང་མ་ཞུའི་དབང་ལས་བག་མེད་པ། །ཕ་ཡི་བག་མེད་དུ་འགྱུར་འདི་ནི་ངོ་མཚར་རོ། །ཤློཀ་བཞི་པོ་འདི་ལྔ་འགྱུར་ལ་མེད་པ། །ཆོས་རྗེ་ཡིད་བཟང་རྩེ་པས་པན་ཆེན་རིན་པོ་ཆེའི་ཕྱག་དཔེ་གཉིས་གཏུགས་ནས་འགྱུར་བཅོས་མཛད་པ་ན་ཡོད་པས་བར་འདིར་འཇུག་གོ །༈ ། གལ་ཏེ་གཉིས་སྐྱེས་དང་ནི་ཕོ་རོག་གིས་ཟན་ཟོས། །ཤི་བའི་ཕ་ནི་ཕ་རོལ་ཏུ་ནི་ཚིམ་པར་བྱེད། །དགེ་བ་དང་ནི་མི་དགེ་བ་ཡི་རྒྱུ་མཚན་དེས། །ཕ་དེ་ཉིད་ཀྱི་སྔོན་དུ་བསགས་པ་ཉམས་པར་འགྱུར། །རང་གིས་བྱིན་པ་རང་ཉིད་ཀྱིས་ནི་ཐོབ་འགྱུར་ཏེ། །གཞན་མ་རྣམས་ཀྱི་སྦྱིན་པ་བསྔོས་པའི་བློ་ཡིས་མིན། །བདེ་བར་གཤེགས་པས་རང་གི་དོན་དུ་རང་ཤ་ནི། །སྦྱིན་མིན་དེ་བཞིན་དུ་ཡང་དེ་རྣམས་ངེས་གྲོལ་ཕྱིར། །ཐམས་ཅད་མཁྱེན་པ་རྣམས་ཀྱིས་གཞུང་ཀུན་རྣམས་ལས་ནི། །སྲོག་གཅོད་ཀྱིས་ནི་གྲོལ་བ་ཡོད་པ་མ་ཡིན་ནོ། །མཆོད་སྦྱིན་ལ་ནི་སྲོག་གཅོད་དེ་བཞིན་སྨྲ་བྱེད་པ། །ཨེ་མ་གཉིས་


DTG013_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐྱེས་རྣམས་ཀྱིས་མི་ཤེས་གནས་ཡིན་ནོ། །མཆོད་སྦྱིན་ལ་ནི་གསད་ཅིང་གསོད་པ་གང་ཡང་མེད། །འཇིག་རྟེན་གསད་བྱ་ལྷ་རུ་ངེས་པར་འགྲོ་མེད་དེ། །སྙིང་རྗེ་དང་ནི་ངེས་པར་ཞི་བ་དང་བྲལ་བའི། །གཉིས་སྐྱེས་སྐྱོན་ཅན་རྣམས་ཀྱི་ཚིག་འདི་ཡིན་པར་འགྱུར། །དབུལ་པོའི་སྡུག་བསྔལ་དང་ནི་འདོད་པ་དང་བྲལ་ནས། །རང་གི་རྩ་ལག་གྲོགས་པོ་ཡིད་འོང་བུ་དང་ཚ། །དེ་རྣམས་བདེ་བར་འདོད་དང་བདེ་འགྲོ་འདོད་པ་ན། །གལ་ཏེ་ཚིག་འདི་བདེན་ཡིན་དེ་རྣམས་སྲེག་པར་བྱེད། །བུ་དང་རྩ་ལག་སྟོབས་མེད་ལ་སོགས་ཤི་གྱུར་ན། །དུ་འབོད་ནས་ནི་དུར་ཁྲོད་དག་ཏུ་ཕྱིན་པ་དང། །ཤི་བ་རྣམས་ལ་གང་གིས་ཆུ་དང་ཟན་སྦྱིན་ན། །རྨོངས་པ་དེ་ཡིས་ཇི་ལྟར་མ་སྐྱེས་ལ་སོགས་གསོད། །ཨ་ཤྭཏྠ་ལ་བརྟེན་དང་ཏིལ་སྣོད་སྦྱིན་པ་དང༌། །བ་ལ་རེག་པ་དང་ནི་བྲམ་ཟེ་ཚིམ་པ་དང༌། །གངྒཱའི་ཆུ་དང་བྷ་ར་ཏ་ནི་ཐོས་པ་སྟེ། །འདི་རྣམས་ཀྱིས་ནི་གལ་ཏེ་སྡིག་ཉམས་བྱེད་འགྱུར་ན། །མཁའ་འགྲོ་ཡིས་ནི་ཨ་ཤྭཏྠ་ལ་བརྟེན་པར་བྱེད། །ཏིལ་མཁན་གྱིས་ནི་ཏིལ་གྱི་སྣོད་ནི་སྦྱིན་བ་སྟེ། །བ་སྐྱོབ་ཀེའུ་ཡིས་བ་ལ་རེག་པར་བྱེད་པ་དང༌། །མཁས་མིན་དག་ཀྱང་གཉིས་སྐྱེས་རྣམས་ལ་སྟོན་མོ་སྟེར། །གངྒཱའི་ཆུ་ནི་རུས་སྦལ་དང་ནི་ཉ་ཡིས་འཐུངས། །མ་སྐྱེས་པ་ཡིས་བྷ་ར་ཏ་ཡི་གྲགས་པ་ཐོས། །དེ་རྣམས་ལ་ནི་སྔོན་བསགས་ལས་ཀྱི་འབྲས་བུ་མེད། །དྲན་པའི་ཚད་མ་ཡིས་ནི་དཀའ་ཐུབ་ཉམས་འགྱུར་མིན། །ཨ་ཤྭཏྠ་ལ་བརྟེན་དང་ཏིལ་སྣོད་སྦྱིན་པ་གང༌། །བ་ལ་རེག་དང་གཉིས་སྐྱེས་ཚིམ་པ་ཅི་ཡིན་དང༌། །གངྒཱའི་ཆུ་དང་བྷ་ར་ཏ་ནི་ཐོས་པ་ཅི། །ལམ་ནི་ཉམས་པར་གྱུར་པས་འདི་ཉིད་མི་ཤེས་སོ། །ཡོན་ཏན་འཕེལ་བ་ཡུལ་གྱིས་རྒྱས་པར་འགྱུར་བ་ཡི། །གང་ལ་སྟེང་དང་འོག་ཏུ་ལྕུག་མ་རྒྱས་པར་འགྱུར། །མི་ཡི་འཇིག་རྟེན་དུ་ནི་ལས་ཀྱིས་བཅིངས་པ་ཡི། །འོག་ཏུ་རྩ་བ་རྣམས་ནི་ཚུགས་པར་འགྱུར་བ་སྟེ། །དེ་བཞིན་གཟུགས་མེད་གང་ལ་ཉེ་བར་ཐོབ་པ་མེད། །ཐོག་མ་མེད་ལ་ཐ་མ་མེད་ཅིང་རབ་གནས་མེད། །ཨ་ཤྭཏྠ་ཤིང་དེ་ལ་ངེས་པར་བརྟེན་པ་ནི། །ཀླུ་དོན་འབྲས་བུ་ལས་ནི་རྒྱས་པར་བཤད་པའོ། །ཏིལ་ནི་སེམས་ཅན་ཡིན་ཞིང་སྣོད་ཉིད་སྣོད་ཡིན་ཏེ། །ཤིང་རྣམས་རབ་ཏུ་སྦྱིན་པ་ཏིལ་སྣོད་སྦྱིན་པའོ། །བ་ནི་


DTG013_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྷ་ཡི་མིག་ཡིན་རེག་པ་སྣང་བ་སྟེ། །བ་ལ་རེག་པ་འདི་ཉིད་ངེས་པར་བརྗོད་པར་འགྱུར། །གཉིས་སྐྱེས་མེ་སྟེ་སྲོག་ཆགས་ཚོགས་ཀྱི་ལུས་ལ་ནི། །ཚིམ་པར་བྱེད་པ་དེ་ནི་གཉིས་སྐྱེས་ཚིམ་པའོ། །གངྒཱའི་ཆུ་ཉིད་ཟླ་བའི་བདུད་རྩི་བཏུང་བ་སྟེ། །སེར་སྣ་ཟད་པ་བྷ་ར་ཏ་ནི་ཐོས་པའོ། །ཕྱི་མའི་ཚེ་ཡི་རྒྱུ་རུ་སྒྲ་མཁན་གྱིས་ཀྱང་ནི། །རིག་བྱེད་མ་ལུས་ཡི་གེ་ཁ་ཏོན་བྱེད་པར་འགྱུར། །དྲན་པ་དང་ནི་རིག་བྱེད་གཞུང་གི་སྣ་ཚོགས་པ། །མི་ཤེས་དབང་གིས་འབྲས་མེད་མགྲིན་པ་སྐམས་པར་བྱེད། །རིག་བྱེད་ཚད་མ་དང་ནི་དྲན་པ་ཚད་མ་སྟ། །འདི་ཉིད་ཚིག་ནི་ཤིན་ཏུ་འགལ་བའི་ཕྱོགས་ཡིན་ནོ། །དམ་པའི་ཆོས་ལས་གསུངས་པའི་ཚིག་ནི་ཚད་མ་སྟེ། །རྒྱལ་བའི་གསུང་ནི་འདི་ཉིད་རྣམ་པར་དག་པའོ། །ནུབ་ཕྱོགས་སིནྡྷུའི་ཡུལ་དུ་གཉིས་སྐྱེས་རྣམས་ཀྱིས་ནི། །ཐོད་པ་ཅན་དང་དམངས་རིགས་དག་གི་ཟན་ཟ་རུ། །རི་བཅས་ཡུལ་དུ་བ་ལང་ཤ་དང་མ་ཧེ་དང༌། །དེ་བཞིན་དུ་ཡང་ཆང་ནི་གཙང་མར་བསྟེན་པ་ཡིན། །གཽ་ཏ་མ་ལ་སོགས་ཡུལ་དུ་མ་ཧེའི་ཤ་གཙང་བར། །མ་ག་ལ་སོགས་ཡུལ་དུ་རྟ་ཤ་ལ་སོགས་བསྟེན། །ཨིནྡྲ་ལ་སོགས་དང་ནི་མ་གསོག་ཡུལ་དུ། །མ་ཧེའི་ཤ་དང་ཕག་ཤ་བཟའ་བར་མི་རུང་ངོ༌། །མགུལ་ཁ་ལ་སོགས་ཡུལ་དུ་མ་སོགས་བཟུང་བ་ནི། །བུ་ལ་སོགས་པ་རྣམས་ལ་གཙང་མར་བཤད་པ་ཡིན། །གང་གི་ཡུལ་དེ་དག་ཏུ་འདོད་པའི་དངོས་གྲུབ་ནི། །དེ་ཉིད་བྱས་ན་མི་རྣམས་ལ་ནི་སྐྱོན་མེད་དོ། །གལ་ཏེ་གཉིས་སྐྱེས་རྣམས་ནི་དྲན་པའི་ཚིག་དག་གིས། །ལྟུང་འགྱུར་དེ་ལྟ་ན་ནི་དེ་རྣམས་རང་ཡུལ་དུ། །དྲན་ཚིག་སྐྱོན་གྱིས་ཆར་ཐན་དུ་ནི་ཇི་ལྟར་འགྱུར། །དེ་ལྟར་དེ་རུ་གཉིས་སྐྱེས་ཚེ་ལ་དྲན་པ་ནི། །ཡུལ་གྱི་ཐ་སྙད་ཀྱིས་ནི་ཚད་མ་མ་ཡིན་ནོ། །ཐུབ་པ་རྣམས་ཀྱིས་ལོ་རྒྱུས་ཚོགས་ཀྱང་གང་བསྟན་པ། །དེ་ནི་བདེན་ནམ་བརྫུན་པ་རྣམ་པར་དཔྱད་པར་བགྱི། །རབ་བརྟན་དག་དང་ས་སྲུང་དང་ནི་གཡུང་དྲུང་དང༌། །མེ་ཏོག་སོགས་དང་ལྷ་མོ་དང་ནི་དཔལ་མོ་དང༌། །ཟླ་བ་བདུད་རྩེ་འོ་མའི་རྒྱ་མཚོ་བསྲུབས་པ་ལས། །འདི་རྣམས་འབྱུང་ཞེས་ལོ་རྒྱུས་ཀྱི་ནི་ཚིག་ཡིན་ནོ། །གལ་ཏེ་སྟོབས་ལྡན་རྒྱལ་སྲིད་དུ་ནི་ཟླ་བ་འདི། །བྱུང་ན་ལོང་བའི་འཐབ་མོའི་དུས་སུ་ཡོད་མ་ཡིན། །ཟླ་བ་མེད་ནས་གཞི་ལ་ནི་ཟླ་ཆེས་དང༌། །ཚེས་ལ་ཟླ་བའི་ལྔ་ཇི་ལྟར་ཡིན་ཏེ་འདིར། །སྔོན་དུ་ཟླ་དང་


DTG013_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རལ་པ་འཛིན་པའི་དབང་ཕྱུག་གིས། །ཟླ་བ་ལ་ནི་ཞེན་པས་ལོང་བ་གསད་པ་ཡིན། །ཕྱི་ནས་དུས་ཀྱི་དབང་གིས་སྟོབས་ལྡན་བསྐྱེད་པ་སྟེ། །དེ་ནས་ལྷ་དབང་རྣམས་ཀྱིས་རྒྱ་མཚོ་བསྲུབས་པ་ཡིན། །གལ་ཏེ་བརྫུན་གྱི་ལོ་རྒྱུས་ཀྱི་ནི་ཚིག་རྣམས་ཀྱིས། །ཆོས་སྒྱུར་དེ་ལྟ་ན་ནི་བདེན་ཚིག་ཅི་ཞིག་བྱ། །སྲོག་གཅོད་མཐུ་ཡིས་གལ་ཏེ་མཐོ་རིས་འགྱུར་ན་ནི། །གཞན་ལ་ཕན་པས་དེ་ལྟར་དམྱལ་བར་འགྱུར་བ་ཡིན། །ལོ་རྒྱུས་ཆོས་རྣམས་དང་ནི་དྲན་པ་མཁས་རྣམས་ཀྱིས། །རྣམ་པར་དཔྱད་པར་བྱས་ནས་བརྫུན་དུ་གྱུར་པ་སྟེ། །དེ་ཕྱིར་ཆོས་དེ་མི་ཤེས་བྱིས་པ་བྲམ་ཟེས་བྱས། །རང་གི་ཕྱི་ས་བཞིན་དུ་རྣམ་པར་མི་དཔྱད་དོ། །གལ་ཏེ་རིག་བྱེད་འདི་ནི་མཁའ་བཞིན་མ་བྱས་པ། །ཇི་ལྟར་འདི་ནི་ཁ་ལས་འདོན་པར་བྱེད་པ་ཡིན། །ནོར་དང་ཆགས་པ་ཞེན་པའི་བྲམ་ཟེ་རྣམས་ཀྱིས་ནི། །མགྲིན་པ་མཆུ་དང་རྐན་སོགས་ཀྱིས་ནི་ནན་ཏན་བྱེད། །གལ་ཏེ་རིག་བྱེད་སྔ་མ་ཡིན་ན་ཡུལ་སྐད་མེད། །སྔོན་དུ་ཡུལ་སྐད་ཡིན་ན་རིག་བྱེད་ཐོག་མར་མེད། །གལ་ཏེ་རང་བྱུང་ཡིན་ན་ཁ་ལས་མ་སྐྱེས་ཏེ། །གལ་ཏེ་ཐམས་ཅད་ཁྱབ་ན་ཀུན་གྱིས་འདོན་པར་འགྱུར། །ཨནྡྷའི་ཤིང་དང་སྣ་ཚོགས་འབྲུ་དང་མར་དང་ཟན། །བདེ་བའི་དོན་དུ་འབར་བའི་ཐབ་ཏུ་སྲེག་པར་བྱེད། །ཤ་ཟ་བ་ཡི་མི་ནི་ཤིན་ཏུ་སྐྲག་པར་བྱེད། །མེ་ལྷ་འདི་དག་ལ་སོགས་མི་འདོད་ཚིག་ཡིན་ནོ། །བུད་མེད་པས་ནི་མཐོ་རིས་གནས་སུ་མི་འགྲོ་ན། །འཇིག་རྟེན་གྲགས་པའི་ཚད་མ་གལ་ཏེ་འདིར་འགྱུར་ཏེ། །ནེ་ཙོ་ལ་སོགས་གཞན་ཡང་གཞོན་ནུའི་དུས་སུ་ནི། །དཀའ་ཐུབ་བྱས་ནས་ཚངས་པའི་གནས་སུ་ཞུགས་པར་གྱུར། །རིག་བྱེད་ལས་ནི་གཞན་བཤད་དྲན་པའི་ཚིག་ནི་གཞན། །རྣལ་འབྱོར་རིག་པ་ཡིས་ནི་གཅིག་ཉིད་མི་འགྱུར་རོ། །རིག་བྱེད་ཚོག་ནི་རྣལ་འབྱོར་གྱིས་བསྟེན་ཐར་པ་སྟེ། །འཁོར་བའི་འབྲས་བུ་ངེས་པར་དྲན་པས་སྟེར་བ་ནི། །འཁོར་བས་བཅིངས་པའི་འཁྱམ་པ་འཇུག་པར་གྱུར་པ་སྟེ། །དེ་ཕྱིར་དྲན་པའི་སེམས་ནི་འདི་ཉིད་འདོད་མ་ཡིན། །སྡུག་བསྔལ་འཕྲོག་བྱེད་ཐར་པའི་གོ་འཕང་ཞུགས་པར་འགྱུར། །ཡེ་ཤེས་བདུད་རྩི་དཔལ་ལྡན་བླ་མའི་ཞལ་འདོད་དོ། །དེ་ལྟར་དཔལ་ལྡན་བླ་མའི་ཞལ་དམན་བློ་ངན་ནི། །གཉིས་སྐྱེས་རྣམས་ལ་ཀུན་


DTG013_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས་ལམ་ནི་ཉམས་པར་འགྱུར། །མི་ཤེས་པ་ཡི་དབང་གིས་སྲོག་གཅོད་བྱས་ནས་ནི། །རང་རིག་ང་རྒྱལ་དབང་གིས་དམྱལ་བར་ཞུགས་པར་འགྱུར། །ཚངས་པ་དང་ནི་དབང་ཕྱུག་ཁྱབ་འཇུག་གཟུགས་གཅིག་འདིར། །དྲག་པོས་ཅི་ཡི་ཕྱིར་ན་ཚངས་པའི་མགོ་བོ་གཅོད། །གལ་ཏེ་དྲག་པོ་སྡིག་མེད་འཇིག་རྟེན་གྲགས་པས་ན། །ཅི་ཕྱིར་ཐོད་པ་བོར་ནས་དེ་ནི་དག་པར་འགྱུར། །དྲག་པོ་ཕྱག་དར་འདི་ནི་གཙང་མ་མ་ཡིན་ལ། །གལ་ཏེ་བསོད་ནམས་རྒྱུ་རུ་རིག་པར་མི་བྱེད་ཅིང༌། །དེ་ཉིད་སྤྱི་བོ་ནས་ནི་ལྷུང་འགྱུར་གཙང་བ་ན། །གངྒཱའི་ཆུ་ཡིས་ཅི་ཡི་ཕྱིར་ན་ཁྲུས་འདི་བྱེད། །ཡན་ལག་སྣ་ཚོགས་པ་ནི་ཁྲུས་ལ་སྦྱར་བ་ཡིས། །ནམ་མཁའ་ལས་ནི་འགྲོ་བ་ས་ལ་ལྟུང་བར་འགྱུར། །འདོད་པའི་རྒྱུ་རུ་གངྒཱའི་ཆུ་ལ་གང་ཞུགས་པ། །རྨངས་པ་དེ་ནི་དེ་རུ་འགྲོ་བ་གང་ན་རིགས། །ཁྱབ་འཇུག་ལུས་ལ་དཔལ་མོ་རང་དབང་གལ་ཏེ་འགྱུར། །རཱ་མས་ཅི་ཕྱིར་དེ་རུ་སྡུག་བསྔལ་ཐོབ་པར་འགྱུར། །ཀུན་མཁྱེན་ཁྱབ་འཇུག་གལ་ཏེ་འཇིག་རྟེན་གྲགས་པ་ན། །བུད་མེད་བྲལ་བའི་དབང་གིས་ཅི་ཕྱིར་ཕྱུགས་རྣམས་འགྲོ། །གང་གིས་ས་ལ་རྐང་པ་གསུམ་དུ་བྱས་པ་ན། །ཆུ་ལ་དེ་ཡིས་ཅི་ཕྱིར་ཟམ་པ་བཅིང་བར་བྱེད། །གང་གི་ལྟོ་བ་ན་གནས་མ་ལུས་སྲིད་གསུམ་ན། །དེ་ཡི་རང་གི་ཆུང་མ་ཅི་ཕྱིར་འཕྲོག་པར་འགྱུར། །འདི་དག་ལ་སོགས་དུ་མ་རྣམ་པ་སྟོང་ཕྲག་གིས། །ཚིག་རྣམས་ཀྱིས་ནི་མི་རྣམས་སྡུག་བསྔལ་སྟེར་བར་བྱེད། །རྣམ་པར་དཔྱད་ན་དོན་ཀུན་མེད་པར་གྱུར་པའོ། །གཉིས་སྐྱེས་རིགས་ཀྱི་ང་རྒྱལ་དབང་གིས་ཡང་དག་བསྟན། །དང་པོ་ཕས་ནི་རབ་ཏུ་སྐྱེ་བར་བྱེད་པ་དང༌། །ཕྱི་ནས་མས་ནི་མངལ་གྱི་དབང་གིས་གྲགས་པར་འགྱུར། །དེ་ལྟར་མངལ་ནས་སྐྱེས་པའི་ངེས་པས་གཉིས་སྐྱེས་འགྱུར། །གཞན་དུ་ན་ནི་དམངས་རིགས་དབང་གིས་མི་མ་ཡིན། །མངལ་ནས་སྐྱེས་པས་བྱིས་པ་དང་ནི་ལྷན་ཅིག་ཏུ། །མངལ་གྱི་ནང་ནས་ཚངས་པའི་སྐུད་པ་བྱུང་བ་མིན། །དེ་རྣམས་ལ་ནི་ཆོ་ག་འདི་ཉིད་བྱས་ནས་སུ། །གཉིས་སྐྱེས་མིང་གི་རྒྱུ་རུ་མགྲིན་པར་རབ་ཏུ་མིན། །གཉིས་སྐྱེས་ཉིན་གཅིག་ལྷན་ཅིག་སྐྱེས་པའི་རང་བཞིན་ཅན། །ཆོ་ག་བྱས་པའི་སྐུད་པས་གཞན་མར་གྱུར་པ་ནི། །གཉིས་སྐྱེས་མ་ལུས་རྣམས་ལ་ཅོ་འདྲིའི་དོན་དུ་སྟེ། །རྨོངས་པའི་


DTG013_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསམ་པ་སྣ་ཚོགས་ཨེ་མ་ངོ་མཚར་ཆེ། །ཁྱབ་འཇུག་དེ་ཉིད་བློ་ཡིས་རབ་ཏུ་འཇུག་པ་གཞན། །ཤིང་ལས་སྐྱེས་པའི་དབྱུག་པ་འཛིན་པར་བྱེད་པ་ཡིས། །དགུན་ལ་སོགས་པའི་དུས་ཀྱི་མཚན་མོའི་མཐའ་རུ་ནི། །འདར་བ་དང་ལྡན་ཆུ་ཡིས་ཁྲུས་ནི་བྱེད་པ་སྟེ། །གྲང་བས་འཛིན་དང་རབ་ཏུ་འདར་བའི་ལུས་ལ་ནི། །བསམ་གཏན་དང་ནི་སྔགས་བཟླས་བཟང་པོ་དེ་རུ་གང༌། །དཔེར་ན་གདུག་པའི་སྦྲུལ་ནི་ཁྱིམ་དུ་ཞུགས་པ་ཡི། །མུན་པས་བཀབ་པ་དེ་རུ་བསམ་པ་མེད་པ་ལྟར། །ལུས་དང་ངག་དང་སེམས་ནི་དབྱུག་པ་གསུམ་ཡིན་ཏེ། །སེམས་ནི་འདུས་པར་བྱ་བ་དབྱུག་པ་གཅིག་ཡིན་ནོ། །དཔལ་ལྡན་ཚངས་པའི་གཟུགས་ནི་མཐའ་མེད་གཅིག་པུ་སྟེ། །ཆུ་ལ་ཞུགས་པའི་དབྱུག་པ་ཅན་གྱིས་མི་འཛིན་ནོ། །ཞི་བ་བས་ཀྱང་ཐལ་བས་ལུས་པོ་བྱུག་པར་བྱེད། །ཁྲུས་ཀྱི་མཐའ་རུ་སོ་གཉིས་དབང་པོ་བློ་ཡིན་ཏེ། །བདེ་བའི་དོན་དུ་རལ་བའི་ཁུ་ཚུར་རྟག་ཏུ་འཛིན། །འདོད་པའི་མེ་ཏོག་རྣམས་ཀྱིས་རྡོ་ཉིད་མཆོད་པར་བྱེད། །གཞན་མ་ཐོད་པ་རྣམས་དང་མགོ་བོ་འཛིན་པ་དང༌། །ལུས་ལ་མི་ཡི་རུས་པས་རྒྱན་རྣམས་བྱེད་པ་སྟེ། །དཔལ་ལྡན་དངོས་གྲུབ་རྒྱུ་རུ་དུར་ཁྲོད་འཁོར་བར་བྱེད། །མི་ཤེས་དབང་གིས་བློ་ངན་ལ་ནི་དངོས་གྲུབ་གང༌། །གདོང་ནག་དང་ནི་དེ་བཞིན་ཕྱུགས་བདག་གཞན་མ་ཡིན། །གཅེར་བུ་དང་ནི་རལ་པ་རིང་བོ་སྐྲ་བྲེགས་པ། །སློབ་པ་འཁོར་ནས་ཞི་བར་རབ་ཏུ་འགྲོ་བར་འདོད། །ཐར་པའི་གོ་འཕང་གྲུབ་ནས་འགྲོ་བར་འགྱུར་མིན་ནོ། །གཞན་མ་རྣམས་ཀྱང་གཅེར་བུ་དང་ནི་སྐྲ་ཕྱུང་དང༌། །སོ་དང་བཅས་པ་ཡན་ལག་ཐམས་ཅད་དྲི་མས་བྱུགས། །བཀྲེས་དང་སྐོམ་པས་འཛིན་པས་བློང་ན་འཆིང་པར་འགྱུར། །ཐར་པའི་ལམ་ལས་ནམ་ཡང་འགྲོ་བར་མི་འགྱུར་རོ། །གཞན་མ་རྣམས་ཀྱིས་དབྱར་གྱི་དུས་སུ་ཤིང་དྲུང་པ། །སོས་ཀ་དང་ནི་དཔྱིད་ཀྱི་དུས་སུ་ཚང་བ་ཅན། །དགུན་གྱི་དུས་སུ་བླ་གབ་མེད་པའི་རྣལ་འབྱོར་པ། །དོན་དམ་པ་ཡི་རྒྱུ་རུ་སྡུག་བསྔལ་ཆེན་པོ་བྱེད། །གཅེར་བུ་པ་ལ་ཀུན་ནས་སེང་གེའི་ཁྲི་དང་ནི། །མགོ་བོའི་སྐྲ་རྣམས་ཕྱུང་བ་ལ་ནི་གདུགས་གསུམ་དང༌། །དྲི་མས་བྱུགས་ལ་སྔོན་དུ་མྱ་ངན་མེད་ཤིང་ལས། །ལྷ་ཡི་མེ་ཏོག་འབབ་པ་རིགས་པ་མ་ཡིན་ནོ། །གཞན་མ་ཡང་ནི་མགོ་སྦུ་བྲེགས་པའི་དགེ་སློང་ཉིད། །དུར་སྨྲིག་འཛིན་ཅིང་འདོད་པའི་ལྷ་གང་གནས་པར་བྱེད། །ཏིང་ངེ་


DTG013_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཛིན་གྱིས་དམན་པ་ནོར་ནི་སོགས་པར་འདོད། །ཏ་ལ་སྟེང་ནས་བཅད་བཞིན་ཟད་པར་འགྱུར་བའོ། །གཞན་མ་རྣམས་ཀྱང་རིགས་ཀྱི་གནས་སུ་རབ་ཞུགས་ནས། །བདུད་རྩི་ལྔ་ལ་སོགས་པ་མང་པོ་ཟ་བར་བྱེད། །སྙིང་རྗེ་དང་བྲལ་མཉམ་པའི་བདེ་བས་དམན་པ་དང༌། །འཇིག་རྟེན་འགལ་བ་རྣམས་ལ་ཡང་དག་སྤྱོད་པར་བྱེད། །སྐྱེ་བ་བདུན་པའི་མི་ནི་ངེས་པར་ཕྱུགས་ཡིན་ཏེ། །དེ་ཡི་བདུད་རྩིས་མི་ལ་དངོས་གྲུབ་མྱུར་བར་སྟེར། །རིགས་ཀྱི་ལུང་ལས་རུལ་བའི་དྲི་ནི་གཙང་བ་སྟེ། །འཇིགས་པར་བྱེད་པ་རྣམས་ལ་བསྟན་པར་མི་བྱའོ། །གཞན་ཡང་ཞི་བའི་རྒྱུ་རུ་རྣམ་པ་སྣ་ཚོགས་པས། །དགོད་པ་དང་བཅས་རྣལ་འབྱོར་འཛིན་པར་བྱེད་པ་སྟེ། །རབ་མཆོག་ཡན་ལག་དང་ལྡན་རྣམས་ལ་ཞེ་སྡང་དང༌། །ཆགས་པ་དང་ལྡན་རྒྱུ་རུ་དཔལ་ལྡན་ཚངས་སྤྱོད་བྱེད། །རྨི་ལམ་དུ་ཡང་གང་ཞིག་བུད་མེད་སྦྱོར་ལ་ཞེན། །དཔལ་ལྡན་ཚངས་པའི་དཀའ་ཐུབ་ཅན་དེ་ཇི་ལྟར་ན། །དཔེར་ན་མར་གྱི་གོང་བུ་འབར་བའི་མེ་ཡིས་ནི། །སྐད་ཅིག་ཙམ་གྱིས་ཞུ་བ་ཉིད་དུ་འགྱུར་བཞིན་ནོ། །དེ་ལྟར་བླ་མ་དམ་པའི་ཞལ་དམན་གླེན་པ་ཡིས། །སྡུག་བསྔལ་མང་པོ་སྟེར་བའི་ལམ་ནི་འཛིན་པར་བྱེད། །བདེ་བའི་རྒྱུ་རུ་ཡང་ནི་བསོད་ནམས་ཀྱིས་དམན་པ། །དམྱལ་བ་རྣམས་ཀྱི་མེ་ལ་ཉལ་ས་ཚོལ་བར་བྱེད། །རང་གི་སེམས་ལ་སྡུག་བསྔལ་འདི་ནི་འཕེལ་འགྱུར་ན། །སྐྱེ་བ་དུ་མ་བརྒྱ་ཡིས་བདེ་བ་སྟེར་མི་འགྱུར། །ཞིང་རྣམས་ལ་ནི་ཅི་ཚེའི་ས་བོན་བཏབ་པ་ལས། །སཱ་ལུའི་ས་བོན་ཁྱད་པར་ཅན་དུ་མི་འགྱུར་རོ། །ཚངས་པའི་ཤིང་ལས་ཆུ་ཤིང་འབྲས་བུ་འགྱུར་བ་མིན། །སྨྱུག་མ་བུ་རམ་ཤིང་དང་ཆུ་ལས་མར་ཉིད་མིན། །དུག་ལས་བཅུད་ལེན་ཁྱད་པར་ཅན་དུ་འགྱུར་བ་མེད། །རང་གི་སེམས་ལས་སྡུག་བསྔལ་ལས་ནི་བདེ་འགྱུར་མིན། །སེམས་ལ་སྡུག་བསྔལ་ས་བོན་ཡང་དག་བཏབ་པ་ན། །སྐྱེ་བ་དུ་མ་རྣམས་ལ་འཕེལ་བར་འགྱུར་བ་ཡིས། །དེ་ཕྱིར་རྣམ་དག་རྣམས་ཀྱིས་རྣམ་པར་དཔྱད་ནས་ནི། །མཉམ་པའི་བདེ་བ་ཉམས་པ་ཡོངས་སུ་དོན་བྱ་ཞིང༌། །སྲོག་ཉིད་ཤི་ནས་ཕྱི་ནས་སྐྱེ་བ་མེད་པ་ནི། །རིགས་ཅན་གཞན་རྣམས་ཉམས་པར་གྱུར་པས་སྟོན་བྱེད་ཅིང༌། །གལ་ཏེ་དེ་ལྟར་ཡིན་ན་ཅི་ཕྱིར་དྲག་པོ་ཡིས། །འཆི་བར་གྱུར་པ་རྣམས་ཀྱིས་ཞི་གནས་འཇུག་པར་བྱེད། །གཞན་རྣམས་ཀྱིས་ཀྱང་མཐོ་


DTG013_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིས་བདེ་བའི་རྒྱུ་རུ་ནི། །རང་གི་ལིངྒཱའི་རྩེ་མོའི་པགས་པ་གཅོད་པར་བྱེད། །ཉིན་མོའི་མཐའ་དང་མཚན་མོའི་སྟེང་དུ་བཟའ་བ་ནི། །ངེས་པར་སྟག་གཟིག་རྣམས་ཀྱིས་བྱེད་པར་འགྱུར་བའོ། །རང་གི་ལས་ཀྱིས་ཤི་བར་གྱུར་པའི་ཕྱུགས་རྣམས་ཀྱིས། །དེ་ཡི་ཤ་ནི་ཉེ་བར་སྤྱོད་པར་མི་བྱེད་དོ། །སྲོག་བཅད་རབ་ཏུ་བྱས་ནས་དེ་ཉིད་ཟ་བྱེད་དེ། །གཞན་དུ་ན་ནི་མི་རྣམས་མཐོ་རིས་འགྲོ་བ་མེད། །འདི་ལ་སོགས་པ་འགལ་བ་དུ་མ་མུ་སྟེགས་པ། །ངན་པ་རྣམས་ཀྱི་སེམས་ལ་སྡུག་བསྔལ་ཤིང་རྣམས་ཀྱི། །རྩ་བ་བསྐལ་པ་དུ་མ་རྣམས་སུ་བཅིངས་པ་ནི། །སངས་རྒྱས་ཀྱིས་ཀྱང་དབྱུང་བར་ནུས་པ་མ་ཡིན་ནོ། །ཐོག་མེད་གཙོ་བོ་ཡོན་ཏན་བདག་ཉིད་རང་བཞིན་དང༌། །ང་རྒྱལ་དང་ནི་བློ་གྲོས་ཡིད་བཅས་འབྱུང་བ་དང༌། །ལས་ཀྱི་དབང་ཡོད་ན་ནི་དཔལ་ལྡན་ཡུལ་དབང་པོ། །འདི་དག་གཞན་མ་རྣམས་ཀྱིས་ཡོངས་སུ་བརྟག་པར་བྱེད། །ལྟ་བ་རྣམས་ལ་བརྟེན་པའི་དུ་མའི་གཞུང་རྣམས་དང༌། །མིང་གི་རབ་ཏུ་དབྱེ་བས་མཁས་པ་མད་རྣམས་ཀྱིས། །གང་ཞིག་རིག་བྱེད་མཐའ་དང་གྲུབ་མཐའ་གཞན་རྣམས་ནི། །ནོར་འདོད་རྒྱུ་རུ་དེ་ཉིད་རྣམས་ནི་རྗོད་པར་བྱེད། །ཨོཾ་བྷུར་བྷུཿ་སྭ་ནི་འདི་རུ་གང་ཡིན་དང༌། །ས་ཝེ་ཏོར་ཝ་རེ་ཎྱེ་དང་བྷ་ར་གོ་དེ་བ་དང༌། །སྭ་དྷི་མ་ཧི་གང་ཡིན་དྷེ་ཡ་ཡོ་ན་དང༌། །པྲ་ཙོ་ཏ་ཡ་གང་ཡིན་ངེས་པར་རིག་བྱེད་ཚིག །ཨོཾ་ཡིག་སྔགས་ནི་མཆོག་ཏུ་ལྷོ་ཡི་མི་ཡིན་ཏེ། །བྷུ་ནི་ངེས་པར་ས་ཡིག་བྷ་ཝ་འཇིག་རྟེན་གསུམ། །ས་ཡིག་ཐར་པ་ཡིན་ཏེ་ས་ནི་དྲག་པོ་ཡིན། །ཝེ་ཏེ་ཞེས་ནི་ཚངས་པ་ཝ་རེ་ཎྱ་ནི་ལྷ་མིན་དགྲ། །བྷར་གོ་ཞེས་ནི་ཆུ་ཡིན་དེ་བ་འདིར་ནི་དབང་པོར་བརྗོད། །སྭ་དྷི་ཞེས་ནི་བདག་ཡིན་མ་ཧི་སྲོག་གི་རླུང༌། །དྷེ་ཡ་ཞེས་ནི་དེ་བཞིན་བདག་གི་གོ་འཕང་བརྗོད། །ཡོན་ཞེས་ནི་རྟག་པར་རྒྱུ་བ་ཆེན་པོའོ། །པྲ་ཅོ་ཏ་ཡ་ཞེས་ནི་དེ་ཉིད་རབ་ཏུ་བསྐུལ། །ས་བེ་ཏྲི་ནི་ཉམས་པས་འཇིག་རྟེན་ཕ་རོལ་འགྱུར། །ག་ཡ་ཏྲི་ནི་མ་ཉམས་སྲིད་པ་འབྱུང་བར་འགྱུར། །དེ་ལྟར་ཕྱིར་གྱུར་ནང་གི་གནས་སུ་དེ་བཞིན་ནོ། །ཨ་པོ་འདོད་བ་ཆེན་པོ་སྲིད་ལས་འབྱུང་གནས་སྟོན། །འདི་དག་ལ་སོགས་པ་ཡིས་ནང་གི་ཐུན་མཚམས་འགྱུར། །ཟླ་དང་ཉི་མའི་དབུས་སུ་ཉིན་དང་མཚན་མོ་ནི། །སྲོག་དང་ཐུར་སེལ་ལ་གནས་དབུས་སུ་ཡིན་པ་སྟེ། །འཁོར་བའི་


DTG013_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྡུག་བསྔལ་འཕྲོག་བྱེད་དག་པའི་ཐུན་མཚམས་ཏེ། །ཉི་མ་ནུབ་དང་དེ་བཞིན་ཤར་ལས་གཞན་མ་ཡིན། །ཕྱི་རོལ་གླེན་པ་རྣམས་ལ་གསང་བའི་དོན་དུ་ནི། །སེམས་ཅན་བསམ་པའི་དབང་གིས་མེས་བོས་བཤད་པའོ། །ཨོཾ་ཡིག་ས་བོན་ཞེས་ནི་ངེས་པར་སྐུ་རྡོ་རྗེ། །བྷུ་ནི་གསུང་གི་རང་བཞིན་བྷ་བ་ཐུགས་ཉིད་དོ། །དོན་དམ་པ་ཡི་རྒྱུ་ཕྱིར་སྭ་ཡིག་ཡེ་ཤེས་ཏེ། །འཇིག་རྟེན་གསུམ་པོ་དེ་ཉིད་ཐུབ་པ་བཟང་པོའི་གཞུང༌། །དྲག་པོ་སྣང་བ་མཐའ་ཡས་མེས་པོ་གང་ཞིག་ནི། །རྣམ་པར་སྣང་མཛད་དེ་ཡིས་ཁྱབ་འཇུག་རྡོ་རྗེ་ཅན། །ཆུ་ཞེས་པ་ནི་རིན་ཆེན་འཛིན་པའི་སངས་རྒྱས་ཏེ། །དབང་པོ་རྣམས་དག་རལ་གྲི་ཆེན་པོ་འཛིན་པའོ། །སྭ་དྷི་ཞེས་ནི་གོས་དཀར་མོ་ནི་ཆེན་མོ་སྟེ། །མ་ཧཱི་ཞེས་ནི་རྒྱལ་བའི་སྤྱན་མར་རབ་ཏུ་གྲགས། །དེ་བཞིན་དྷེ་ཡ་ཞེས་ནི་མཆོག་ཏུ་མཱ་མ་ཀཱི། །ཡོན་ཞེས་ནི་རྒྱལ་བ་རྣམས་ཀྱི་སྒྲོལ་མར་གསུངས། །པྲ་ཙོད་ཡ་ཞེས་ནི་ཕ་རོལ་ཕྱིན་པར་གྲགས། །ཨ་པོ་འདོད་ཆེན་ཞེས་ནི་འགྲོ་བའི་ཐབས་ཡིན་ནོ། །དེ་དག་སྙོམས་པར་ཞུགས་པ་ཐུན་མཚམས་ཐ་དད་མིན། །རྡོ་རྗེ་པདྨའི་དབུས་སུ་སོ་སོར་ཕྱག་འཆལ་འགྱུར། །ཆོས་ཀྱི་འབྱུང་གནས་ཞེས་ནི་འོ་མའི་རྒྱ་མཚོར་གསུངས། །དེ་ཡི་དབུས་སུ་པདྨ་ཆུ་སྐྱེས་དེ་ཉིད་དོ། །གང་ཞིག་ཟླ་བའི་གདན་ནི་གནམ་ལྡིང་དེ་ཉིད་དོ། །གང་ཞིག་ཐུགས་ཀྱི་རྡོ་རྗེ་ཁྱབ་འཇུག་དེ་ཉིད་དོ། །ཡང་དག་དགུག་པ་རྒྱལ་ཀ་གཏི་མུག་རྡོ་རྗེ་སྟེ། །སོ་སོར་སྣང་བ་དག་པ་འདོད་ཆགས་རྡོ་རྗེའོ། །གང་ཞིག་མི་འདུས་ཞེས་ནི་ང་རྒྱལ་རྡོ་རྗེ་སྟེ། །མི་འགག་ཆེན་པོ་ཞེས་ནི་ཕྲག་དོག་རྡོ་རྗེའོ། །གྲགས་མ་ཞེས་ནི་རླུང་ཡིན་འབར་མ་དཔལ་མོ་སྟེ། །རྒྱལ་མ་ཆུ་ཡིན་རྣམ་པར་རྒྱལ་མ་འཛིན་པའོ། །མཐའ་མེད་དཔལ་མོ་ཞེས་ནི་རྡོ་རྗེ་དབྱིངས་མཆོག་ཡིན། །ཡན་ལག་དྲུག་པོ་འདིར་ནི་དབང་པོ་རྣམས་ལ་དགོད། །ཆོས་ཀྱི་འབྱུང་གནས་ལ་གནས་པདྨའི་དབུས་སུ་སྟེ། །གང་ཞིག་ཟླ་བའི་གདན་ནི་ཁྱུ་མཆོག་དེ་ཉིད་དོ། །དབང་ཕྱུག་གདོང་པ་ལྔ་ནི་རྡོ་རྗེ་སེམས་དཔའ་སྟེ། །ཆུ་སྐྱེས་ལྟེ་བ་ལ་ནི་གཞན་དག་གནས་པའོ། །ཆོས་དང་དེ་བཞིན་འདོད་མ་ཡེ་ཤེས་གསུམ་པ་སྟེ། །ཆགས་པ་དང་བྲལ་དབང་ཕྱུག་ཉིད་ནི་འདི་ལྟར་ལྔ། །དབུས་དང་མཚམས་རྣམས་དག་ལ་སྟོང་པའི་ཚུལ་གྱིས་ནི། །གཞན་དག་གནས་ཤིང་གེ་སར་རྩེ་མོ་གཞན་མའོ། །


DTG013_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཡོ་བ་མོ་དང་ཕྲ་མོ་གཞན་ཡང་དྲག་མོ་དང༌། །དགེ་མ་ལ་སོགས་གཞན་མ་བདེ་འབྱུང་ནུས་པ་གང༌། །དུ་བ་ལ་སོགས་མ་ལུས་ཕ་རོལ་ཕྱིན་པ་སྟེ། །དེ་བཞིན་གཞན་ནི་པདྨའི་འདབ་དང་དབུས་སུའོ། །དབུས་སུ་དབང་ཕྱུག་ཆེ་དང་ཤར་དུ་སྐྱེས་བུ་སྟེ། །གཡས་སུ་ཟད་མིན་མེ་དང་གནོད་སྦྱིན་ཉིད་ནི་གཡོན་དུའོ། །ནུབ་ཏུ་དེ་མ་ཐག་སྟེ་ཕུང་ལྔ་རྣམས་དག་ཡིན། །རྣམ་པར་ཤེས་པ་མངོན་དུ་ངེས་པར་རིག་པར་བྱ། །ས་ནི་ལྡོག་མ་ཡིན་ཏེ་ཆུ་ནི་རབ་གནས་མ། །མེ་ནི་རིག་མ་ཡིན་ཏེ་རླུང་ནི་ཞི་མ་སྟེ། །མཚམས་ཀྱི་འདབ་མ་རྣམས་ལ་མཆོད་པར་བྱ་བར་འགྱུར། །ནམ་མཁའི་ཁམས་ནི་ངེས་པར་བདེ་བར་གནས་མའོ། །དེ་ལྟར་གཞན་མ་རྣམས་ཀྱང་སྣ་ཚོགས་རྣམ་པ་ཡིས། །ལུས་དང་དབང་པོ་ལ་སོགས་གཞན་དག་མཆོད་པར་འགྱུར། །མིང་གི་རབ་ཏུ་དབྱེ་བས་དེ་ཉིད་དངོས་པོ་མང༌། །ཕྱི་དང་ལུས་པོ་དང་ནི་གང་ཞིག་གཞན་དུ་གནས། །ཁམས་སོགས་དེ་ཉིད་རྣམས་ཀྱིས་སོ་སོར་མཆོད་པར་བྱ། །ཚངས་པ་མོ་ནི་ས་ཡིན་ཆུ་ནི་དྲག་མོ་སྟེ། །མེ་ནི་གཞོན་ནུ་མར་འགྱུར་རླུང་ནི་ནག་མོའོ། །སྟོང་པ་ཕག་མོ་ཡིན་ཞིང་ཟླ་དང་ཉི་མ་མེ། །དབང་པོ་ལྷ་མིན་པདྨ་འཛིན་དང་པདྨའོ། །ཡེ་ཤེས་ཞེས་ནི་འཇིགས་བྱེད་ཞི་བ་ཉིད་ཡིན་ནོ། །རྣམ་ཤེས་སྤྱན་ནི་འཇིགས་བྱེད་མ་སྟེ་ངེས་པར་ཡིན། །འབར་བ་དང་ནི་ཕྲ་མོ་རྣམ་པར་རྒྱལ་མ་དང༌། །བཟང་དང་ཕུན་སུམ་དྲི་མེད་གཞན་དང་དོན་ཡོད་མ། །གློག་གི་འོད་ཟེར་དང་ནི་བདེ་ཀུན་ཉི་མ་ནི། །སྔོན་དུ་རབ་ཏུ་དབྱེ་བ་ཡིས་ཀྱང་རིག་པར་བྱ། །དབང་པོ་རྣམས་ལ་དབང་པོ་དྲུག་པོ་དགོད་པ་འདིར། །དོན་དམ་པ་ཡི་རྒྱུ་ཡིས་མཆོད་པར་འགྱུར་བའོ། །ས་དང་ཆུ་མ་རླུང་དང་སྟོང་བ་ཟླ་བ་དང༌། །ཉི་མ་དང་ནི་བདག་ཉིད་ཞི་བའི་རྣམ་བརྒྱད་ཡིན། །རྣམ་པ་དུ་མ་ལས་ཀྱང་རྣམ་པ་བརྒྱད་པོ་ནི། །མི་ཤེས་དབང་གིས་གླེན་པ་རྣམས་ཀྱིས་རབ་ཏུ་བརྟགས། །འདི་དག་ལ་སོགས་ཐམས་ཅད་རྣམ་པ་སྣ་ཚོགས་ནི། །རྣལ་འབྱོར་ག་འཕང་མི་ཤེས་པ་ཡིས་བྱས་པའོ། །དེ་ཤེས་གང་གིས་ནུས་པའི་བྷ་ག་ཞེས་བྱར་བསྟན། །རྣམ་པ་གསུམ་དུ་འདོད་ཅིང་ཡིག་གསུམ་རྩ་གསུམ་ལ། །ཨ་ཛ་པུ་ཀ་ཞེས་བྱ་བཞི་པོ་དེ་ཉིད་དེ། །དེ་ལྟར་དེ་ནི་ཤིན་ཏུ་ཐིམ་པའི་ཡུལ་གཅིག་གོ །དེ་དབུས་ལིངྒ་གནས་ཤིང་ཐོག་མའི་གཟུགས་ཡིན་ཏེ། །ཐིག་ལེ་ནཱ་


DTG013_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་དེ་ཡི་སྙིང་དབུས་ཡང་དག་གནས། །དགའ་བའི་ཚུལ་དུ་དྲི་མེད་ཤིན་ཏུ་ཞི་བ་སྟེ། །དེ་ཡི་སྟེང་དུ་ཐོག་མ་འཁྲིག་པ་དང་པོའོ། །ཡང་དག་ལྷུང་བའི་ཚུལ་གྱིས་འདོད་པ་རྣམས་ཀྱང་བྱེད། །སྐལ་ལྡན་བྷ་ག་ཞེས་བྱ་དེ་ལ་ཕྱག་འཚལ་ལོ། །དེ་ལ་བཞི་པོ་དག་དང་གཞན་ཡང་ལྔ་པོ་དང༌། །དེ་བཞིན་དུ་ནི་དྲུག་དང་བཞི་དང་ལྔ་པོ་དང༌། །གསུམ་པོ་ཕྱི་རོལ་དང་ནི་ལུས་ཀྱི་དབུས་སུ་སྟེ། །རིགས་ཀྱི་རྫོགས་པ་མ་ལུས་པ་ནི་འདི་ཡིན་ནོ། །ཕྱི་རོལ་རིགས་ཀྱི་ཚད་དུ་བཞི་པོ་དུས་ཀྱི་མེ། །ཉི་མ་དག་དང་སྒྲ་གཅན་དང་ནི་ཟླ་བར་བཤད། །ས་ལ་སོགས་པ་ལྔ་པོ་ཡིན་ཏེ་དྲུག་པོ་ནི། །བཀྲ་ཤིས་ལ་སོགས་ཡིན་ཏེ་དེ་བཞིན་བཞི་པོ་ནི། །ས་ལ་རབ་ཏུ་དབྱེ་བས་བཞི་པོ་བཤད་པའོ། །གཟུགས་ལ་སོགས་པ་ལྔ་པོ་འདི་ཉིད་བརྗོད་པ་ཡིན། །བར་དུ་གསུམ་པོ་དག་ནི་ཡོན་ཏན་གསུམ་ཡིན་ཏེ། །བྷ་གའི་དཀྱིལ་དུ་ཕྱི་མོ་མ་ལུས་དོན་ཡིན་ནོ། །རིགས་ནི་ཡང་དག་སྐྱེ་ཕྱིར་ཐོག་མར་བཞི་པོ་ནི། །དགའ་བ་དང་ནི་རྣམ་ཤེས་རྡུལ་དང་ས་བོན་ནོ། །རུས་པ་ལ་སོགས་འབྱུང་བ་ལས་སྐྱེས་ལྔ་པོ་ཡིན། །དྲུག་པོ་མིག་ལ་སོགས་ཏེ་དེ་ནས་བཞི་པོ་ནི། །ལག་པ་དང་ནི་རྐང་པ་བཟུང་སྟེ་ལྔ་པོ་ནི། །སོར་མོ་ལྔ་ཉིད་རྣམས་ཏེ་གསུམ་པོ་གང་ཞིག་ནི། །རྐང་པ་དང་ནི་ལག་པའི་སོར་མོའི་ཚིགས་གསུམ་མོ། །རབ་ཏུ་དབྱེ་བ་འདི་ནི་རིགས་ཀྱི་སྐྱེ་མདོ་ལས། །བཞི་པོ་དབྱེ་བ་འདི་རུ་བརྒྱད་པོ་གཉིས་ཡིན་ཏེ། །ལྔ་པོ་མཆོག་གི་དེ་རྣམས་ཉི་ཤུ་ལྔ་ཡིན་ནོ། །དྲུག་པོ་ལ་ནི་སུམ་ཅུ་རྩ་དྲུག་ཞེས་སུ་གྲགས། །གཞན་ཡང་བཅུ་གཉིས་དེ་རྣམས་བཞི་པོའི་དབྱེ་བས་སོ། །ལྔ་པོ་དབྱེ་བ་འདི་རུ་ཉི་ཤུ་ཡིན་པ་སྟེ། །གསུམ་པ་ལ་ནི་དབྱེ་བ་དྲུག་ཅུར་བཤད་པའོ། །རིགས་ཀྱི་རིམ་པ་གཅིག་གིས་ཉུང་བ་བདུན་ཅུ་བརྒྱད། །དེ་ཉིད་བསྡུས་པ་རུ་ནི་ཉི་ཤུ་རྩ་བདུན་ཏེ། །ཕྱི་དང་ལུས་པོ་ལས་ནི་རྣམ་པར་དཔྱད་ནས་ནི། །རིགས་ཀྱི་ལམ་ལ་གནས་པ་རིགས་ནི་བླང་བར་གྱིས། །འདི་དག་ལ་སོགས་ཐམས་ཅད་རྣམ་པ་སྣ་ཚོགས་ནི། །རྣལ་འབྱོར་གོ་འཕང་མི་ཤེས་རྟག་པར་གནས་པ་དང༌། །ལོངས་སྤྱོད་དུ་མ་ལ་ནི་འདོད་པ་ཅན་རྣམས་ཀྱིས། །བསོད་ནམས་རྒྱུ་རུ་ཡང་ནི་ཡང་དག་སྟོན་པར་བྱེད། །བསོད་ནམས་མཐའ་རུ་སླར་ཡང་སྡིག་པ་ཉིད་ཡིན་ཏེ། །སྡིག་པའི་མཐའ་རུ་ཡང་ནི་བསོད་ནམས་ཉིད་ཡིན་ནོ། །ཐ་མ་པ་ཡིས་དུས་སུ་འཁོར་ལོ་འདར་བསྐོར་ཏེ། །ས་ལ་ཉིན་མོ་དང་ནི་མཚན་མོ་བཞིན་དུའོ། །


DTG013_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡུལ་ལས་བྱུང་བའི་སྡིག་དང་བསོད་ནམས་གང་ཞིག་ནི། །གང་གིས་རབ་ཏུ་སྤངས་ན་སྐད་ཅིག་གིས་སྲེག་བྱེད། །དེ་ཕྱིར་ཡེ་ཤེས་ཆེན་པོའི་མེ་ནི་མ་ཉམས་པ། །མཉམ་པའི་བདེ་བའི་རྒྱུ་རུ་བསྟེན་པར་བྱ་བའོ། །ཐམས་ཅད་མཁྱེན་པ་གཅིག་ཡིན་བླ་མ་གཅིག་ཡིན་ཏེ། །དེ་བཞིན་ཡེ་ཤེས་གཅིག་ཡིན་སྲིད་དང་ཐར་པ་གཅིག །གཅིག་མིན་རྒྱུ་རུ་ཡང་ནི་རྣལ་འབྱོར་ཉམས་པ་ཡིས། །རང་དང་གཞན་གྱི་དོན་ཉམས་བྱེད་པའམ་འཁྲུག་པར་བྱེད། །ཇི་ལྟར་སངས་རྒྱས་མཐུ་ཡིས་བདག་གི་ལྟ་བ་ནི། །ཞི་འགྱུར་དེ་བཞིན་མི་རྣམས་ལ་ནི་འགྱུར་བར་ཤོག །ཐམས་ཅད་དུ་ནི་དུ་མའི་ལམ་ལ་བརྟེན་པ་ཡི། །སེམས་ནི་རྒྱལ་བའི་ཐུགས་རྗེ་ཆེན་པོར་འགྱུར་བར་ཤོག །དཔལ་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའི་སྐུ་པདྨ་དཀར་པོས་མཛད་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཟླ་བའི་མགོན་པོས་བསྒྱུར་ནས་གཏན་ལ་ཕབ་པའོ། །

དཔལ་ལྡན་དྲི་མ་དང་བྲལ་བའི་འོད་ཀྱི་རྒྱུད་ལ་འཇུག་པའི་བཤད་སྦྱར་མི་གཡོ་བའི་རྙིང་པོ་སྣང་བ།

དང་པོ། རྡོ་རྗེ་ལ་ཕྱག་འཚལ་བའི་ངེས་པ།


DTG013_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཤྲཱི་མནྦི་མ་ལ་པྲ་བྷཱ་ཏནྟྲཱ་བ་ཏ་ར་ཎི་བཱ་དཱ་ཙ་ལ་ཧྲྀ་ད་ཡཱ་ལོ་ཀཿ། བོད་སྐད་དུ། དཔལ་ལྡན་དྲི་མ་དང་བྲལ་བའི་འོད་ཀྱི་རྒྱུད་ལ་འཇུག་པའི་བཤད་སྦྱར་མི་གཡོ་བའི་སྙིང་པོ་སྣང་བ། དཔལ་ལྡན་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ཕྱིན་ཅི་མ་ལོག་རྟོགས་གང་མངོན་པར་བྱང་ཆུབ་རྡོ་རྗེ་བཞི་རྣམས་དང༌། །རྣམ་ཐར་ཚངས་པ་ཞེས་བྱ་སྐད་ཅིག་སྐུ་བཟང་སེམས་དཔའ་ཞེས་པ་དང་བཅས་དང༌། །རྣལ་འབྱོར་དགའ་བ་བཞི་དང་ཉི་མ་རི་བོང་ཅན་སོ་ཡན་ལག་དང་བཅས་པ། །མཐའ་དག་རྣམས་ཀྱིས་འཁོར་བ་རྣམ་དག་སྟོན་མཛད་སྟོན་པ་དེ་ལ་འདུད་གྱུར་ཅིག །གང་གིས་མངོན་དུ་བྱེད་པ་ཡང་དག་སྦྱོར་བ་འགྱུར་མེད་པ། །ཟླ་བ་ཐིག་ལེ་དག་པ་རྣམ་རྒྱས་རིམ་པས་འཕེལ་གྱུར་པ། །ཤེས་རབ་ལས་བྱུང་ས་རྣམས་རྣམ་པར་རོལ་པར་བྱེད་པ་ཡིས། །དཔལ་ལྡན་རྒྱུད་ཀྱི་རབ་གསལ་རྡོ་རྗེའི་གནས་ལ་ཕྱག་འཚལ་ལོ། །སྔགས་ལ་སོགས་པ་འགྱུར་མེད་ཚུལ་དང་ལྡན་པའི་ཆུ་གཏེར་ཤེས་རབ་ཀྱིས་མཐར་བྱེད་བདག་ཉིད། །ཕྱུགས་བདག་ལ་སོགས་བླ་མའི་བླ་མ་ཡི་ཡང་བླ་མ་དཔལ་ལྡན་བྱང་ཆུབ་རྡོ་རྗེ་སྟེ། །མངའ་བདག་མཐུ་ཡིས་ཡང་དག་བྱང་ཆུབ་རྫོགས་པར་མཛད་པའི་ཞབས་ཀྱི་ཆུ་སྐྱེས་བདུད་དང་ནི། །ཉོན་མོངས་ལག་ལྡན་དབང་བོའི་བུམ་པ་འབྱེད་ལ་གཅན་


DTG013_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཞན་མཆོག་རྣམས་རྩེན་ལ་སྤྱི་བོས་འདུད། །འཇམ་དཔལ་དབྱངས་ཀྱིས་ལེགས་པར་བཟླས་རྣམས་གང་ན་ཞིག །འཕགས་པ་འཇིག་རྟེན་དབང་པོས་དཔྱད་པའང་གང་ན་ཞིག །ལོང་པ་རིག་པ་ངན་པ་བདག་ཀྱང་གང་ན་སྟེ། །དེ་ཡིས་བཀོད་པའི་ཆ་ལ་ཡང་དག་འབད་བྱས་ཏེ། །འོན་ཀྱང་སྤྱན་རས་གཟིགས་དབང་ཐུགས་རྗེའི་ཞོ་ཤ་ཡིས། །དྲངས་བཞིན་པ་ཡིས་དེ་ནས་འཇིག་རྟེན་འབད་པ་ཡིས། །དཔྱད་པ་དེ་རྣམས་དག་གིས་དྲི་མ་མེད་འོད་ཀྱི། །རྒྱུད་ལ་འཇུག་པ་ལ་ནི་བཤད་སྦྱར་རྣམ་པར་བསྒྲུབ། །འདིར་དང་པོར་རེ་ཞིག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྲུལ་པའི་སྐུ་སའི་བདག་པོ་པདྨ་དཀར་པོས་བཅོམ་ལྡན་འདས་ཀྱི་ཉུང་དུའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་དྲི་མ་མེད་པའི་འོད་རྩོམ་བཞིན་པས། བདུད་དང་བགེགས་མཐའ་དག་རྣམ་པར་གཞིག་པའི་དོན་དང༌། རབ་ཏུ་གསལ་བའི་རྡོ་རྗེའི་གནས་ལུགས་རྒྱུད་ཀྱི་གསང་ཆེན་ལས་ཤིན་ཏུ་གསང་ཆེན་རྡོ་རྗེའི་རྣལ་འབྱོར་མ་ལུས་པ་རྟོགས་པའི་དོན་དུ། མཆོག་ཏུ་འདོད་པའི་ལྷ་ལ་ཕྱག་འཚལ་བ་གསུངས་པ། དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ་ཞེས་པ་རྒྱས་པར་རོ། །དཔལ་གཉིས་སུ་མེད་པའི་དོན་དང་ཡེ་ཤེས་ཀྱིས་ཉེ་བར་མཚོན་པ་ནི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་སྟེ། དུས་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་ཡིན་ལ། ངེས་པ་བསྐྱེད་པའི་སྒྲིབ་པ་མེད་པའི་ཕུང་པོ་དང༌། ཁམས་ལ་སོགས་པ་འཁོར་ལོ་སྟེ། །གང་གི་སྐུ་འདི་ཡིན་པ་ནི་དུས་ཀྱི་འཁོར་ལོའོ། །དེ་ལ་ཕྱག་འཚལ་བར་གྱུར་ཅིག་ཅེས་པའོ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཞེས་པ་འདིར་འདས་པ་དང་མ་འོངས་པའི་ཤེས་བྱ་ནི་སྟོང་པ་ཡིན་ལ། དེ་མཐོང་བ་ནི་དངོས་པོ་སྟེ་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཆོག་དང་ལྡན་པའི་ཤེས་རབ་པོ་ཞེས་པའོ། །འདིར་ཕུང་པོ་རྣམ་པར་དཔྱད་པའི་སྟོང་པ་ཉིད་ནི་མ་ཡིན་ཏེ། དེ་གསུངས་པ། ཕུང་པོ་རྣམ་དཔྱད་སྟོང་པ་རྣམས། །ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེས་བ་མེད་པ་འགག་མེད་པའི། །ཤེས་བྱ་གང་ཞིག་འདིར་མཐོང་བའི། །སྟོང་པའི་དངོས་པོའི་སྟོང་པ་ཉིད། །ཕུང་པོ་རྣམས་རྣམ་དཔྱད་པ་མིན། །ཞེས་སོ། །ཀམ་བདེ་བ་འགོག་པར་བྱེད་པས་ན་སྙིང་རྗེ་སྟེ། །ཡེ་ཤེས་འགྱུར་བ་མེད་


DTG013_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཐབས། །མངོན་པར་ཤེས་པ་དྲུག་ཅན་ནོ། །ཞེས་པའོ། །སྲིད་གསུམ་སྐྱེ་དང་འཇིག་པ་མེད། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །ཞེས་པ་སྲིད་པ་གསུམ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ལུས་དང་ངག་དང་ཡིད་ཀྱི་སྐྱེ་བ་དང་འཇིག་པ་སྲིད་པ་དང༌། མྱ་ངན་ལས་འདས་པ་ཡིན་ལ། ཡེ་ཤེས་དེ་ལ་ནི་མེད་དེ་ཆ་བཅུ་དྲུག་གཅིག་པ་ཉིད་ཀྱི་ཕྱིར་ཆ་བཅུ་དྲུག་པ་ཆ་མེད་པ་ཉིད་ལས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཡང་ཡང་གཙུག་ཏོར་དུ་འཆར་བ། །སླར་ཡང་རྡོ་རྗེ་ནོར་བུར་རྫོགས། །དེ་ཆགས་བྲལ་ལས་ཆ་ཉམས་པ། །ལུས་ཅན་ཡེ་ཤེས་ཉམས་པ་མིན། །ཞེས་སོ། །དེ་ལ་གང་ལ་དངོས་པོ་སྟེ། །ཡོད་པ་ཉིད་མེད་པ་དེ་སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་པ་ཉིད་ཀྱི་ཕྱིར་འདོད་པའི་སྲིད་པ་ལ་སོགས་པ་ལ་གནས་པ་མ་ཡིན། འདོད་པའི་མྱ་ངན་ལས་འདས་པ་ལ་སོགས་པ་ལ་མི་གནས། །སྲིད་པ་དང་མྱ་ངན་ལས་འདས་པ་དག་ལ་མི་གནས་ཏེ་ཕན་ཚུན་འགལ་བའི་ཕྱིར་ལ། འདི་དག་གི་ཕྱི་རོལ་ཡང་མ་ཡིན་ཏེ། གཙུབ་ཤིང་གཙུངས་པ་ལས་མེ་བཞིན་འདོད་ཆགས་ཆེན་པོའི་བདག་ཉིད་བཅོམ་ལྡན་འདས་སོ། །འདིར་ཤེས་པ་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་སྟེ། ཤེས་བྱ་ཡང་ཁམས་གསུམ་པའི་དངོས་པོ་མཐའ་ཡས་པ་མཐོང་བ་ཡིན་ལ། དེ་ཁོ་ན་ཉིད་དུ་རྒྱུ་དང་འབྲས་བུ་དབྱེར་མེད་པའི་ཕྱིར། འདི་དག་གཅིག་པ་ཉིད་གཉིས་སུ་མེད་པ་འདིའི་སྐུ་སྟེ། དེ་ནི་ཆ་འགྱུར་བ་མེད་པའི་མཚན་ཉིད་དོ་ཞེས་པའོ། །རྩ་བའི་རྒྱུད་དུ་ཡང༌། ཀུན་ནས་ཕྱག་དང་ཞབས་ལ་སོགས། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་ཁྱབ་པར་བྱས་ཏེ་གནས། །ཞེས་སོ། །ཚིགས་སུ་བཅད་པ་ཕྱེད་ཀྱིས་ཕྱི་ནས་ཁྱད་པར་གྱི་བསྡུ་བ་སྟེ། དེའི་ཕྱིར་ཚིག་བཞི་རྣམས་ཀྱིས་སྐུ་བཞིའི་བདག་ཉིད་བཅོམ་ལྡན་འདས་བརྗོད་པར་བྱ་བ་ཡིན་ལ། འདིའི་བརྗོད་པར་བྱེད་པ་ཡང་པོ་ཏི་དང་གཞུང་དང༌། དོན་དང་རྟོགས་པའི་དབྱེ་བས་རྣམ་པ་བཞིའོ། །ཕྱག་འཚལ་བ་ཡང་རིམ་པས་ཤེས་བྱ་སྟེ། ཇི་སྐད་དུ་ལུས་ཀྱིས་སྤྱི་བོར་སོན་པས་དང༌། ལག་པ་སྦྱར་བས་དང༌། བུས་མོའི་ལྷ་ངས་ལ་སོན་པས་དང༌། ངག་གི་གཞུང་ཀློག་པ་དང༌། ཡིད་ཀྱི་དོན་བསྒོམ་པ་དང༌།


DTG013_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡེ་ཤེས་ཀྱི་དོན་རྟོགས་པའོ་ཞེས་རྗོད་པར་བྱེད་པའི་རྒྱུད་ཀྱི་རྒྱལ་པོ་སྟེ། གང་གི་ཕྱིར་བཅོམ་ལྡན་འདས་བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པའི་ངོ་བོ་ཉིད་ཀྱིས་གནས་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །བརྗོད་པར་བྱ་བ་ནི་ཇི་སྐད་དུ། དཀྱིལ་འཁོར་བཅུ་རྣམས་གཅིག་ཏུ་བྱེད། །གཅིག་ཏུ་བྱས་པའི་ཕྱིར་མི་འགྲོ། །ཕྱིར་མི་འགྲོ་བ་ལས་སེམས་ནོར་བུ་དང་པདྨར་འཛིན། གཟུང་བ་གྱེན་དུ་དྲངས་པ་ལས་དྲི་མ་མེད་པ་ཉིད་ཐོབ་པའོ་ཞེས་སོ། །རྡོ་རྗེའི་ཚིག་འདི་གསལ་བར་བྱེད་པའི་ངག་ཀྱང་ཇི་སྐད་དུ། དཀྱིལ་འཁོར་བཅུ་པོ་ཡང་དག་སྦྱོར། །མགོ་བོར་ཐལ་སྦྱར་ཕྱག་འཚལ་བའོ། །རྡོ་རྗེ་ཐལ་མོ་འདི་ཡི་མིང༌། །གཞན་པ་ཕྱག་རྒྱའི་རྒྱལ་དབང་པོ། །ཞེས་སོ། །རྩ་བའི་རྒྱུད་དུ་ཡང༌། སོར་མོ་རྣམས་ནི་ཕན་ཚུན་དུ། །དཀྱིལ་འཁོར་བཅུ་པོ་ཡང་དག་སྦྱོར། །སྤྱི་བོར་ལག་པའི་མཐིལ་སྦྱར་ངག །རྩེ་གཅིག་དེ་ནི་གྲི་གུག་གོ །ཞེས་སོ། །འོ་ན་གང་དུས་ཀྱི་འཁོར་ལོར་དེ་ཁོ་ན་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་དོ་ཞེས་པ་དེའི་ཕྱིར་མིང་གཉིས་དག་གི་དངོས་པོ་གཅིག་རྟོགས་པར་བྱེད་པའི་ཕྱིར་ན། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཞེས་ཟློས་པ་འདི་ཅིའི་དོན་དུ་གསུངས་ཤེ་ན་བདེན་མོད། དབུགས་དབྱུང་བ་དང་འཇུག་པའི་རྒྱུ། མཚན་མོ་དང་ཉིན་མོ་ལ་སོགས་པའི་མཚན་ཉིད་ཅན་སེམས་ཅན་རྣམས་ཀྱི་སྐྱེ་བ་དང་འཇིག་པའི་རྒྱུར་གྱུར་པ་གཞན་ཡང་དུས་ཀྱི་འཁོར་ལོ་སྟེ། །དེ་ཡང་མུ་སྟེགས་པ་རྣམས་ཀྱིས་རྟག་པ་ཉིད་དུ་ཡོངས་སུ་བརྟགས་པའི་ཕྱིར་ན་ཟློས་པ་གསུངས་པའོ། །འདི་ཁོ་ན་ཅིའི་ཕྱིར་མི་འགྱུར་ཞེ་ན་གང་གི་ཕྱིར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ནི་དབུགས་དབྱུང་བ་དང་འཇུག་པའི་རྒྱུ། མཚན་མོ་དང་ཉིན་མོ་ལ་སོགས་པ་འགོག་པའི་མཚན་ཉིད་ཅན་སྐྱེ་བ་དང༌། འཇིག་པ་མེད་པའི་ཕྱིར་རྣལ་འབྱོར་རྣམས་ལ་ཐར་པ་སྟེར་བ་རྟག་པ་ཉིད་ལ་སོགས་པའི་སྐྱོན་དང་བྲལ་བའོ། །ཇི་སྐད་དུ་དུས་ཀྱི་འཁོར་ལོ་འདིར་བཤད་པ། །རྣལ་འབྱོར་པ་ལ་ཐར་པ་སྟེ། །འདི་ཉིད་སྒྲུབ་པར་བྱེད་པ་ནི། །བསམ་མེད་སྣང་བ་རྣམས་ཀྱིས་བྱ། །ཞེས་རྒྱས་པའོ། །དེའི་ཕྱིར་མཆོག་སྟེར་བ་པོ་ཉིད་དང༌། །སྐྱོན་བསལ་བ་ཡང་ངོ་ཞེས་པའོ། །འོ་ན་གང་སྟོང་པ་ཉིད་དང༌། སྙིང་རྗེའི་བདག་ཉིད་དེ་ཁོ་ན་སྲིད་པ་གསུམ་གྱི་སྐྱེ་བ་དང་འཇིག་པ་མེད་པ་


DTG013_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་པས་ཟློས་པ་ཅིའི་དོན་དུ་གསུངས་ཤེ་ན་བདེན་མོད། ཁྱབ་འཇུག་དང་དབང་ཕྱུག་དང་དབྱིག་གི་སྙིང་པོ་ལ་སོགས་པ་ལྷ་གཞན་རྣམས་ཀྱང་རྟག་པ་ཉིད་དུ་མུ་སྟེགས་པ་རྣམས་ཀྱིས་ཡོངས་སུ་བརྟགས་ཤིང༌། ཉན་ཐོས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཐམས་ཅད་ཆད་པས་སྒྲོན་མ་ལྟ་བུའི་མྱ་ངན་ལས་འདས་པ་སྨྲ་སྟེ། དེའི་ཕྱིར་དེའི་ཆོས་ཉིད་གསལ་བའི་ཆེད་དུ། སྲིད་གསུམ་སྐྱེ་དང་འཇིག་པ་མེད། ཅེས་ཟློས་པ་གསུངས་སོ། །འདི་ཁོ་ན་ཅིའི་ཕྱིར་མི་འགྱུར་ཞེ་ན། གང་གི་ཕྱིར་ཁྱབ་འཇུག་དང་དབང་ཕྱུག་དང༌། དབྱིག་གི་སྙིང་པོ་ལ་སོགས་པ་ལྷ་རྣམས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཡོད་པའི་ཕྱིར་འཁོར་བ་པ་དང༌། ཆགས་པ་དང་བྲལ་བ་དང་ལྡན་པའི་ཕྱིར་ཉན་ཐོས་པའི་སངས་རྒྱས་རྣམས་མྱ་ངན་ལས་འདས་པ་མངོན་དུ་བྱེད་པ་ཡིན་ལ། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ནི་ཆགས་པ་དང་ཆགས་པ་མེད་པའི་མཐར་སོན་པ་ཉིད་ཀྱི་ཕྱིར་སྲིད་པ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའོ་ཞེས་པའོ། །འོ་ན་གང་དུས་ཀྱི་འཁོར་ལོ་དེ་ཁོ་ན་ཤེས་པ་དང་ཤེས་བྱ་གཅིག་པའི་སྐུ་ཅན་ཡིན་པས། ཅིའི་དོན་དུ་ཤེས་པ་དང་ཤེས་བྱ་གཅིག་པའི་སྐུ་ཞེས་ཟློས་པ་གསུངས་ཤེ་ན་འདི་བདེན་མོད། འོན་ཀྱང་གཞན་སངས་རྒྱས་པ་གཡོ་ཅན་རྣམ་པར་ཤེས་པར་སྨྲ་བ་དང༌། མདོ་སྡེ་བ་བསམ་པ་ཤིན་ཏུ་རགས་པ་རྣམས་ཀྱང་ཡོད་ལ་དེ་རྣམས་ཡན་ལག་དང་ཡན་ལག་ཅན་རྣམས་ཀྱི་དངོས་པོས་རྡུལ་ཕྲ་རབ་རྣམས་དང་བྲལ་བར་འདོད་མོད། རྣམ་པར་ཤེས་པའི་ཆོས་ཉིད་ལས་མ་འདས་པར་རྣམ་པར་ཤེས་པར་སྨྲ་བ་རྣམས་འཇུག་ཅིང་མདོ་སྡེ་པ་རྣམས་ནི་རྡུལ་ཕྲ་རབ་རྣམས་སྦྱོར་བར་འདོད་པས་ཤེས་བྱ་དང༌། ཤེས་པ་ཐ་དད་པར་ཁས་ལེན་ཏ་ཞེས་པའོ། །དེའི་ཕྱིར་དེའི་འདོད་པ་བསལ་བའི་དོན་དུ། ཤེས་དང་ཤེས་བྱ་གཅིག་པའི་སྐུ། །ཞེས་ཟློས་པ་གསུངས་སོ། །དེའི་ལུགས་ཉིད་ཅིའི་ཕྱིར་མི་འགྱུར་ཞེ་ན། གང་གི་ཕྱིར་ལྡན་པ་དང་བྲལ་བ་ནི་རྟག་པ་ལ་སོགས་པའི་སྐྱོན་དང་བཅས་པ་སྟེ། བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་དུ་གསུངས་པ། ཕྲ་རབ་རྡུལ་རྣམས་ལྡན་པ་མིན། །ཐམས་ཅད་ཚེ་ན་རྟག་པར་འགྱུར། །ཕྲ་རབ་རྡུལ་རྣམས་བྲལ་བ་མིན། །ཐམས་


DTG013_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅད་ཚེ་ན་མི་རྟག་འགྱུར། །དངོས་པོ་རྟག་ཏུ་མི་རྟག་མིན། །ཕྲ་རབ་རྡུལ་ཆས་ཕྱེ་བ་ལས། །ཡན་ལག་ཡོད་དང་ཡན་ལག་མེད། །ཅེས་པ་ཕྱོགས་ཡོངས་འཛིན་པ་ལས། །རྣམ་པར་ཤེས་དང་ཚངས་སྨྲ་བའི། །གཡོ་ཅན་རྣམས་ཀྱིས་འཆད་པར་བྱེད། །བདེ་གཤེགས་རྒྱལ་བའི་ཚུལ་ལ་ཕྱོགས། །གཉིས་སྤངས་དེ་རྣམས་བསྔགས་པར་འོས། །རྟག་དང་མི་རྟག་འཛིན་སྤངས་པ། །བདེན་གཉིས་ཚུལ་ལ་གནས་པ་རྣམས། །བདེན་པ་གཉིས་ལ་བརྟན་བྱས་ནས། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །སློབ་དཔོན་གང་རྣམས་བྱེད་དེ་རྣམས། །སངས་རྒྱས་པ་གཞན་མུ་སྟེགས་ཅན་ཞེས་སོ། །དེའི་ཕྱིར་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་རྣམ་པར་དག་པའི་སེམས་ཞེས་བྱ་བ་དང་ལྡན་པའོ། །དེ་གཟུགས་ཀྱི་མཚན་ཉིད་ཅན་མ་ཡིན་ཏེ། རྡུལ་ཕྲ་རབ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཟུགས་མེད་པའི་མཚན་ཉིད་ཅན་མ་ཡིན་ཏེ་སྟོང་པ་ལ་ཡོད་པ་ཉིད་ཀྱི་ཕྱིར་རོ། །རྟག་པ་དང་ཆད་པ་ལས་གྲོལ་བ་ཡང་བཅོམ་ལྡན་འདས་ཤེས་པ་དང་ཤེས་བྱ་གཅིག་པའི་སྐུ་ཅན་ནོ་ཞེས་པའོ། །དེ་ལྟར་རྣམ་པར་ཤེས་པའི་སྒྲིབ་པ་རྣམ་པར་དག་པས་སྟོང་པ་ཆེན་པོ་ཡི་གེ་ལྔའི་རྡོ་རྗེའི་སྟོང་པ་དང་པོ་རྣམ་པར་ཤེས་པ་འགོག་པའི་མཚན་ཉིད་ཅན་དེ་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པ་ཉིད་ཀྱི་ཕྱིར་དང༌། དེ་རྣམ་པར་ཤེས་པ་གཞན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེའི་རིགས་སུ་སྐྱེས་པ་ནམ་མཁའ་ལ་སོགས་པའི་ཁམས་དང་དབང་པོ་རྣམས་ཀྱི་ཡང་འདས་པ་ཉིད་དོ་ཞེས་སོ། །དེའི་ཕྱིར་ཐམས་ཅད་ཉེ་བར་འདུས་པའི་རྣམ་པར་ཤེས་པར་བྱ་བ་མེད་པ་ཁོ་ནའོ། །དེའི་ཕྱིར་ཡི་གེ་སོ་སོའི་མིང་གིས་སྐུ་བཞིའི་བདག་ཉིད་ཅན་ཕྱག་གི་འོས་མཆོག་རབ་བླ་མ་གསལ་བ་ཁོ་བའོ། །གང་གསུང་བར་འགྱུར་བ། ཀཱ་སོགས་ཡི་གེ་རྣམས་ཀྱིས་དེ་བཞིན་གཤེགས་རྣམས་ཀྱིས། །དང་པོའི་སངས་རྒྱས་རིས་མེད་གང་གིས་སྤྲུལ་པ་དང༌། །ལོངས་སྤྱོད་རྫོགས་པ་བཟང་པོའི་ཆོས་དང་དག་པ་སྟེ། །སྐུ་བཞི་གསུངས་པ་དེ་ལ་སྤྱི་བོས་རབ་བཏུད་ནས། །ཞེས་པ་གནས་པའོ། །ད་ནི་འདུ་བྱེད་འགོག་པའི་མཚན་ཉིད་ཅན་གཞན་དེ་རྣམས་འདུ་བྱེད་རྣམས་སོ་ཞེས་པའི་གསུང་དང༌། རླུང་ལ་སོགས་པའི་


DTG013_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁམས་དང་དབང་པོ་རྣམས་སྒྲིབ་པ་མེད་པ་ཉིད་ལས་སྟོང་པ་གཉིས་པའི་བསྟོད་པ་གསུངས་པ། རྣམ་པར་བཅས་ཀྱང་ཞེས་པ་ལ་སོགས་པའོ། །གང་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་འདས་མས་འཁྱུད་པ་དེའི་ས་གཉིས་སུ་མེད་པ་དེ་ཁོ་ན་ལ་ཕྱག་འཚལ་གྱི་གཞན་ལ་མ་ཡིན་ཞེས་པའོ། །ཤེས་རབ་མ་ནི་གང་སྟོང་པ་ཉིད་དོ། །བཅོམ་ལྡན་འདས་མ་ཞེས་པ་བྷ་ག་ནི་ཆོས་ཀྱི་དབྱིངས་ཏེ། ཐམས་ཅད་དུ་འགྲོ་ཡང་དེ་ཁོ་ན་ཉིད་མ་རིག་པ་རྣམས་ཀྱིས་བལྟ་བར་བྱ་བ་མ་ཡིན་པ་དང༌། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པ་གང་ལ་ཡོད་པའོ་ཞེས་པའོ། །ཇི་སྐད་དུ་ཕྱག་རྒྱ་ཆེན་པོའི་ཐིག་ལེར། །ཇི་ལྟར་ཏིལ་སོན་ཏིལ་མར་དང༌། །ཇི་ལྟར་ཤིང་ལ་སོན་པའི་མེ། །དེ་བཞིན་ཆོས་རྣམས་ཐམས་ཅད་ལ། །ཡང་དག་གནས་ཀྱང་མི་མཐོང་བ། །ཆོས་ཀྱི་དབྱིངས་ནི་བྷ་གར་བཤད། །བྷ་ག་རིན་ཆེན་ཟ་མ་ཏོག །གང་ཕྱིར་དབང་ཕྱུག་སོགས་ཡོན་ཏན། །ལྡན་པ་དེ་ཕྱིར་བྷ་གར་བཤད། །ཅེས་སོ། །ཅིའི་མཚན་ཉིད་ཅན་ཞེ་ན། གསུངས་པ། རྣམ་པར་བཅས་ཀྱང་རྣམ་མེད་དོ། །རྣམ་པ་ནི་འཛིན་པའི་རྣམ་པ་སྟེ། འདས་པ་དང་མ་འོངས་པའི་དོན་མཐོང་བའི་ཕྱིར་རྒྱ་ཆེ་བ་དང༌། འདས་པ་དང་མ་འོངས་པའི་དོན་མེད་པའི་ཕྱིར་ཟབ་པ་ཞེས་བརྗོད་དོ། །རྡོ་རྗེ་གུར་དུ་ཡང༌། དངོས་དང་དངོས་པོ་མེད་པ་དང༌། །གདོད་ནས་གྲོལ་བའི་དེ་བཞིན་གཤེགས། །གཟུགས་མེད་གཟུགས་དང་ལྡན་པའི་མཆོག །ཟབ་ཅིང་རྒྱ་ཆེའི་གཟུགས་དང་ལྡན། །ཞེས་སོ། །མཆོག་གི་དང་པོའི་སངས་རྒྱས་ནི། །མཆོག་སྐད་ཅིག་གཅིག་དང་རྣམ་པ་ལྔ་དང་རྣམ་པ་ཉི་ཤུ་དང་སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པའི་མཚན་ཉིད་ཅན་མི་འགྱུར་བའི་སྐད་ཅིག་སྟེ། དེས་དང་པོར་སངས་རྒྱས་པའོ། །དང་པོའི་སྒྲ་ནི་དང་པོ་དང་ཐ་མ་མེད་པ་རྗོད་པར་བྱེད་པ་ཡིན་ལ། དང་པོ་དང་ཐ་མ་མེད་པའི་ཕྱིར། དབུས་མེད་པར་དོན་གྱིས་བཤད་དོ། །དེས་ན་དང་པོ་ཡང་འདི་ཡིན་ལ་སངས་རྒྱས་ཀྱང་ངོ་ཤེས་པ་དང་པོའི་སངས་རྒྱས་སོ། །གལ་ཏེ་ཡང་དང་པོར་སངས་རྒྱས་ཡིན་ན་དེའི་ཚེ་མཐའ་དང་བར་དུ་སངས་རྒྱས་ཉིད་མེད་པར་འགྱུར་རོ་ཞེ་ན། དེ་ལྟར་ཡང་མ་ཡིན་ཏེ་གང་གི་ཕྱིར་འདི་ནི་དུས་གསུམ་དུ་དགེ་བ་ཅན་ཉིད་ཀྱི་


DTG013_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱིར་ཞེས་པའོ། །སྒྱུ་འཕྲུལ་དྲ་བར་ཡང༌། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རིགས་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་སོ། །བཤད་པ་འདི་ཡི་གེ་ལ་གནས་པ་མ་ཡིན་ནོ་ཞེས་ཀྱང་བསམ་པར་མི་བྱ་སྟེ། གང་གི་ཕྱིར་སྒྲ་དང་བཟང་པོར་སྨྲ་བའི་ལུགས་ལ་ཡང་ཨནྟཏྤ་ཏྱ་ནུ་ཀུལ་མཱ་ན་ཡ་ཞེས་པ་ལ་སོགས་པ་རྣམས་སུ་སྒྲ་བརྗོད་པ་ལས་མཆོག་སྦྱིན་པ་མི་གཙང་བར་འགྱུར་བ་དེས་ན་བརྡ་ཕྱིན་ཅི་ལོག་པ་སྟེ། ཇི་སྐད་དུ། རིགས་མེད་མཐའ་དག་གཟུགས་ལས་ཏེ། །ཐོབ་པ་ཆ་ཡིས་ཆོག་པ་ཉིད། །ཅེས་སོ། །རྣམ་པ་དང་བཅས་པ་ཉིད་ཀྱི་ཕྱིར་དང༌། རྣམ་པ་མེད་པ་ཉིད་ཀྱི་ཕྱིར་ཤེས་བྱ་མ་ལུས་པ་མཐོང་བ་ལས་སངས་རྒྱས་སོ་ཞེས་རིམ་པ་ཁོ་ནས་སོ། །ཀྱེའི་རྡོ་རྗེར་ཡང༌། དངོས་དང་དངོས་པོ་མེད་པ་དང༌། །དངོས་པོ་རྟོགས་ཕྱིར་སངས་རྒྱས་པ། །ཞེས་སོ། །མཆོག་གི་དང་པོའི་སངས་རྒྱས་ཞེས་པ་རྣམ་དབྱེ་མེད་པའི་ཚིག་གོ །ཡང་ན་བཅོམ་ལྡན་འདས་ཞེས་པ་འདི་དང་ཁྱད་པར་གྱི་བསྡུ་པའོ། །དེ་ཉིད་ཀྱི་ཕྱིར་མུན་པའི་གནས་སྐབས་དང་བྲལ་བ་ལས་ཀུན་མཁྱེན་ནོ། །དེ་གསུངས་པ། སད་པའི་སྐབས་སོང་སངས་རྒྱས་ཏེ། །ཐམས་ཅད་མཁྱེན་པ་ཞེས་བསྒྲགས་པ། །ཐམས་ཅད་རིག་ཅིང་ངེས་གྲོལ་བ། །མུན་པའི་སྐབས་སོང་མེད་པའོ། །ཞེས་སོ། །བཅོམ་ལྡན་འདས་ཤེས་པ་ཁམས་དྲུག་རྣམ་པར་དག་པ་ཉིད་ཀྱི་ཕྱིར་དབང་ཕྱུག་ལ་སོགས་པའི་ཡོན་ཏན་གྱི་མཚན་ཉིད་ཅན་གྱི་བྷ་ག་འདི་ལ་ཡོད་པས་ནའོ། །རྩ་བའི་རྒྱུད་དུ་ཡང༌། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་རྣམས་བྷ་ག་ཞེས་པར་བཤད། །སུམ་ཅུ་རྩ་དྲུག་ཁམས་དག་པ། །ས་སོགས་རྡོ་རྗེ་བཙུན་མོ་རྣམས། །དེ་ཡི་ཡོན་ཏན་དབང་ཕྱུག་སོགས། །དྲུག་པོ་དེ་རྣམས་བྷ་གར་བསྒྲགས། །ཞེས་སོ། །ཀྱེའི་རྡོ་རྗེར་ཡང༌། འཇོམས་བྱེད་བྷ་ག་ཞེས་བྱ་སྟེ། །བདུད་དང་ཉོན་མོངས་དགྲ་བཅོམ་ཕྱིར། །ཤེས་རབ་ཀྱིས་གཞོམ་ཉོན་མོངས་ཏེ། །དེ་ཕྱིར་ཤེས་རབ་བྷ་གར་བརྗོད། །ཅེས་སོ། །སྐྱེ་འཇིག་སྤངས་པ་ཞེས་པ་སྐྱེ་བ་དང༌། འཇིག་པ་དག་ནི་དཀར་


DTG013_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་དང་ནག་པོའི་ཕྱོགས་དག་སྟེ། དེ་དག་གིས་རྡོ་རྗེ་ལ་མི་གནས་པ་ལྷན་ཅིག་སྐྱེས་པའི་སྐུ་ཆ་བཅུ་དྲུག་ལ་ནི་ཞེས་སོ། །གང་ཡེ་ཤེས་ཀྱི་ལེའུར་གསུང་པར་འགྱུར་བ། འདིར་ཤེས་རབ་ནི་ཆ་བཅོ་ལྔའི་བདག་ཉིད་དཀར་པོའི་ཕྱོགས་སོ། །ནག་པོའི་ཕྱོགས་ཟླ་བའི་ཆ་ཉམས་པ་ནི་ཐབས་སོ། །དེ་བཞིན་དུ་དཀར་པོ་མཚན་མོའོ། །ནག་པོ་ཉིན་མོའོ། །དེའི་ཕྱིར་ལྷན་ཅིག་སྐྱེས་པའི་སྐུ་ནི་ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི་སངས་རྒྱས་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་སྐུ་སྟེ། དེ་ལྟར་ཡོད་པ་དཀར་པོའི་ཕྱོགས་མ་ཡིན་ནོ། །མེད་པ་སྟེ་ཆའི་དངོས་པོ་མེད་པ་ནག་པོའི་ཕྱོགས་མ་ཡིན་ནོ། །ཡོད་མེད་མིན་ཏེ་འདི་དག་ཕན་ཚུན་འགལ་བའི་ཕྱིར་ཚོགས་པ་མེད་དོ། །གཉིས་ཀའི་བདག་ཉིད་མིན་པའང་མིན། །ཞེས་པ་དཀར་པོ་དང་ནག་པོའི་ཕྱོགས་འདི་དག་མ་གཏོགས་པ་ལྷན་ཅིག་སྐྱེས་པའི་བདེ་བ་དེ་མ་ཡིན་ནོ། །དེ་ལྟར་མཐའ་བཞི་ཡོངས་སུ་དག་པའི་ཆ་བཅུ་དྲུག་པ་སྟོང་པ་ཉིད་ཀྱི་ཆོས་ཅན་ཏེ། ལྷན་ཅིག་སྐྱེས་པའི་སྐུ་རུ་བརྗོད་དེ། རྣལ་འབྱོར་པ་རྣམས་ཀྱི་བཞི་པ་ཟད་པ་ལས་རྒྱུ་མཐུན་པའོ། །དེ་ལྟར་ན་མ་ནིང་ངོ་ཞེས་གྲུབ་བོ་ཞེས་སོ། །རྩ་བའི་རྒྱུད་དུ་ཡང༌། སྐྱེ་དང་འཇིག་པ་དཀར་པོ་དང༌། །ནག་པོའི་ཕྱོགས་དེ་རབ་གནས་པའོ། །དེ་དག་དབུས་སུ་གང་བ་གང༌། །གང་བ་དེ་ནི་མི་གནས་ཉིད། །ཅེས་སོ། །འགྱུར་མེད་བདེ་བ་ཞེས་པ་ནོར་བུ་དང༌། པདྨ་ལས་འགྱུར་བ་མེད་པས་ན་འགྱུར་མེད་དེ་འདིས་བདེ་བ་ཞེས་པ་བྱང་ཆུབ་ཀྱི་སེམས་རྣམ་འགྱུར་མེད་པ་གང་གི་ཡིན་པ་ཞེས་པའོ། །དགོད་པ་ལ་སོགས་བདེ་བ་སྤངས། །ཞེས་པ་དགོད་པ་ཁོ་ན་བདེ་བ་གང་གི་དང་པོ་ཡིན་ལ། བདེ་བ་ཁོ་ན་བདེ་བ་ཉིད་དེ། སོགས་པའི་སྒྲ་ལས་ལྟ་བ་དང་འཁྱུད་པ་དང་ལག་བཅངས་དང་གཉིས་སྦྱོར་དུ་བརྗོད་པ་སྟེ་དེ་སྤངས་པ་ཞེས་པའོ། །འོ་ན་མི་འགྱུར་བའི་བདེ་བ་ཁོ་ནས་ཆོས་པ་མ་ཡིན་ནམ། དགོད་པ་ལ་སོགས་བདེ་བ་སྤངས། །ཞེས་ཟློས་པ་གསུངས་པ་ཅིའི་དོན་ཞེ་ན། བདེན་མོད། དེ་ཁོ་ན་ཉིད་མ་ཡིན་པ་ལ་དེ་ཁོ་ན་ཉིད་དུ་མངོན་པར་ང་རྒྱལ་བ་བསལ་བའི་དོན་དུ་སྟེ། གཞན་དུ་ན་ལྷ་ལ་ཡོད་པའི་བདེ་བ་ཡང་དེ་ཁོ་ན་ཉིད་དུ་འགྱུར་རོ། །རྩ་བའི་རྒྱུད་དུ་གསུངས་པ། དབང་པོ་གཉིས་སྐྱེས་བདེ་བ་ལྷ། །ཆགས་ཅན་རྣམས་ཀྱི་


DTG013_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ཉིད་བཤད། །འཇིག་རྟེན་གསུམ་སྤྱོད་ལས་གྲོལ་བ། །འགྱུར་མེད་བདེ་བ་སངས་རྒྱས་ཀྱིའོ། །དགོད་དང་ལྟ་ལ་སོགས་ལས་གྲོལ། །གཉིས་སྦྱོར་ཐམས་ཅད་རྣམ་པར་སྤངས། །རྒྱུ་དང་འབྲས་ལས་ངེས་གྲོལ་བ། །འཇིག་རྟེན་གསུམ་སྣང་གཉིས་སུ་མེད། །ཅེས་སོ། །སངས་རྒྱས་རྣམས་ཀྱིས་སྐྱེད་པར་མཛད། །ཅེས་པ། སངས་རྒྱས་རྣམས་ཏེ་ཕུང་པོ་ལྔ་རྣམས་འདོད་ཆགས་ཆེན་པོའི་མེས་འཁོར་ལོའི་བག་ཆགས་ཀྱི་དྲི་མ་དང་བྲལ་བར་བྱེད་པའི་ཕྱིར། སྐྱེད་བྱེད་སྐྱེ་དགུའི་བདག་པོ་སྟེ། །གཏི་མུག་རྣམས་གཡོ་བ་མེད་པའི་རོའི་ཁམས་ལྟར་རོ་ཞེས་པའོ། །སྐུ་གསུམ་རྣམས་དང་ལྡན་པ་ཞེས་པ་ཆོས་ཀྱི་སྐུ་ལ་སོགས་པ་རྣམས་དང་ལྡན་པའོ། །འོ་ན་ཡེ་ཤེས་ཀྱི་སྐུ་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པ་ཉིད་ཀྱི་ཕྱིར། སེམས་ལ་སོགས་པའི་ཆོས་དང་བྲལ་བ་རྣམ་པར་རྟོག་པ་མེད་པ་སྟེ། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཆོས་ཅན་མེད་ན་ཆོས་རྣམས་སྐྱེ་བ་མི་རིགས་པའི་ཕྱིར་གཞན་གྱི་དོན་བྱེད་པ་པོ་ཉིད་ཀྱང་མེད་དོ། །ཆོས་ཀྱི་སྐུ་ལ་སོགས་པ་རྣམས་ཀྱིས་གཞན་གྱི་དོན་བྱེད་པ་ཡང་མ་ཡིན་ཏེ། །དེ་རྣམས་འཛིན་པ་པོ་ལ་སོགས་པའི་བྱེ་བྲག་གིས་སོ་སོར་སྣང་བའི་ཕྱིར། རྣམ་པར་རྟོག་པ་དང་བཅས་པ་ཉིད་དོ། །རྣམ་པར་རྟོག་པ་མེད་པ་དང༌། རྣམ་པར་རྟོག་པ་དང་བཅས་པ་དག་ལྷན་ཅིག་པ་ཉིད་ཅེས་བྱ་བ་ཡང་མ་ཡིན་ཞིང༌། ལྷན་ཅིག་པ་ཉིད་མེད་ན་སྐུ་གསུམ་དང་ལྡན་ཞེས་ཇི་ལྟར་བརྗོད་ཅེ་ན་བདེན་པར་བརྗོད་མོད། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྐུ་དེ་ཁོ་ན་སྔོན་གྱི་སྨོན་ལམ་གྱི་འཕེན་པའི་དབང་གིས་དགེ་བ་ཡོངས་སུ་སྨིན་པའི་སེམས་ཅན་གྱི་བསམ་པའི་སྣང་བ་ལས་རྣམ་པ་བཞིར་རིགས་ཀྱང་རྣམ་པར་རྟོག་པ་མེད་པའི་ཚུལ་གྱིས་ཡིད་བཞིན་གྱི་ནོར་བུ་ལྟར་འགྲོ་བའི་དོན་བྱེད་པའོ་ཞེས་པའོ། །གང་ཡེ་ཤེས་ཀྱི་ལེའུར་གསུང་པར་འགྱུར་བ། གཞན་དོན་ཕུན་སུམ་ཚོགས་པའི་ཆེད་དུ་གཉིད་མཐུག་པོའི་གནས་སྐབས་ཟད་པ་ལས་ཆོས་ཀྱི་སྐུར་གྱུར་པ་སྟེ། དེ་ཡང་ཤེས་རབ་ཐབས་ཀྱི་རང་བཞིན་མུན་པ་ངེས་པར་བྲལ་བ་ཡེ་ཤེས་རྣམ་པར་ཤེས་པའི་དབྱེ་


DTG013_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ལས་ཞེས་པ་ལ་འདིར་ཡེ་ཤེས་ནི་རྣལ་འབྱོར་བའི་འཛིན་པའི་སེམས་སོ། །རྣམ་པར་ཤེས་པ་ནི་གཞན་གྱི་སེམས་ཤེས་པ་གཟུང་བར་བྱ་བ་ཤེས་བྱའི་མཚན་ཉིད་ཅན་ནོ། །དེ་ལྟར་འཛིན་པའི་སེམས་ནི་རྣལ་འབྱོར་པ་རྣམས་ཀྱི་ཤེས་རབ་སྟེ། རྟོག་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །ཐབས་ཀྱི་སེམས་ནི་ཡོངས་སུ་བརྟགས་པ་སྟེ། སྙིང་རྗེའི་མཚན་ཉིད་ཅན་ནོ། །དེས་ན་འཛིན་པ་དང་གཟུང་བའི་དབྱེ་བར་ཤེས་རབ་དང་ཐབས་ཀྱི་རང་བཞིན་གཞན་གྱི་དོན་བྱེད་པ་པོ་ནི་ཆོས་ཀྱི་སྐུའོ། །དེ་ཡང་ལྷན་ཅིག་སྐྱེས་པ་ལས་བྱུང་བའོ་ཞེས་པའོ། །དེ་ལྟར་ལྟེ་བར་རྒྱུ་མཐུན་པ་ལྷན་ཅིག་སྐྱེས་པའོ། །སྙིང་ག་ཆོས་ཀྱི་འཁོར་ལོར་རྣམ་པར་སྨིན་པའོ། །དེ་འདི་ལྟ་སྟེ་ཆོས་ཀྱི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། གཞན་དོན་ཕུན་སུམ་ཚོགས་པའི་ཆེད་དུ་སྒྲ་བརྙན་ལྟ་བུར་སེམས་ཅན་དུ་མའི་དོན་མཛད་པའོ། །འདིར་ལྷའི་མིག་གིས་གང་འདས་པ་དང་མ་འོངས་པའི་གཟུགས་མཐོང་བ་ནི་གཟུགས་བརྙན་གྱི་རྣམ་པ་ཤིན་ཏུ་དང་བར་ཏེ། དེར་སྒྲ་གང་ངེས་པར་རྒྱུ་བ་དེ་སྒྲ་བརྙན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཤེས་རབ་དང་ཐབས་ཀྱི་ངོ་བོ་སྟེ། ལྷའི་རྣ་བས་ལྷའི་རྣམ་པར་ཤེས་པ་ནི་འཛིན་པའོ། །སྒྲ་བརྙན་ནི་གཟུང་བྱའོ། །དེས་ན་འདས་པ་དང་མ་འོངས་པའི་དུས་དང་གྲངས་མཁྱེན་ཏེ། བསྐལ་བ་ཆེ་གེ་མོ་ལ་དང༌། དུས་བཞི་ཆེ་གེ་མོ་དང༌། ལོ་ཆེ་གེ་མོ་དང༌། ཟླ་བ་ཆེ་གེ་མོ་དང༌། ཕྱོགས་ཆེ་གེ་མོ་དང༌། ཉིན་ཞག་ཆེ་གེ་མོ་ལ་སོགས་པ་ལ་ཆེ་གེ་མོ་བྱུང་བར་གྱུར་ཏོ། །ཆེ་གེ་མོ་འབྱུང་བར་འགྱུར་རོ་ཞེས་པའོ། །ངེས་ན་སེམས་ཅན་རྣམས་གདུལ་བར་བྱའོ་ཞེས་པ་སྟེ། རྨི་ལམ་གྱི་གནས་སྐབས་ཟད་པ་ལ་མགྲིན་པར་སྐྱེས་བུ་བྱེད་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་སྟེང་དུ་ཁུ་བས་སོ། །སེམས་ཅན་རྣམས་ནི་སྨིན་པའི་རྒྱུ་རུ་སྤར་ཡང་ལོངས་སྤྱོད་རྫོགས་པའི་སྐུ་འདི་ནི་སྤྲུལ་པའི་སྐུ་རུ་འགྱུར་ཏེ། ཤེས་རབ་ཐབས་ཀྱི་བདག་ཉིད་དོ། །གཅིག་ཡིན་ཡང་སེམས་ཅན་རྣམས་ལ་སྤྲུལ་པ་སྣ་ཚོགས་སྟོན་པས་དུ་མའོ། །དེ་ལྟར་གཅིག་དང་དུ་མ་དག་སྦྱོར་བ་ནི་དོན་དམ་པར་ཏེ། ཤེས་རབ་དང་ཐབས་སོ། །ཀུན་རྫོབ་ཏུ་ནི་གཅིག་དང་དུ་མར་འགལ་བའོ། །དེ་ཡང་སད་པའི་


DTG013_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་སྐབས་ཟད་པ་ལས་དཔྲལ་བར་དྲི་མ་མེད་པར་སྤྲུལ་བའི་སྐུ་གཟུགས་མ་ལུས་པ་སྟོན་པའོ། །ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་པའོ། །དེ་ལྟར་ལྷན་ཅིག་སྐྱེས་པ་གཅིག་པོ་དེ་ཁོ་ན་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའོ་ཞེས་པ་རྣམས་པ་བཞིའོ་ཞེས་སོ། །དུས་གསུམ་ཡང་དག་རིག་ཅེས་པ་དུས་གསུམ་ལ་ཡོད་པ་དུས་གསུམ་པ་ཡིན་ལ། དེ་ཡང་དག་པར་རིག་པ་སྟེ། རང་གཞན་གྱི་སེམས་ཀྱི་རྣམ་པར་རྟོག་པ་སྐྱེ་མཆེད་དྲུག་རིག་པའི་ཕྱིར་རོ། །རྩ་བའི་རྒྱུད་དུ་གསུངས་པ། རང་གི་སེམས་དང་གཞན་སེམས་ཀྱི། །གཞན་དག་སྐྱེ་མཆེད་གང་གི་ཕྱིར། །ཕ་རོལ་སེམས་ཀྱི་རྣམ་རྟོག་གང༌། །སྐྱེ་མཆེད་དྲུག་གི་མཚན་ཉིད་ཅན། །བདག་གི་སེམས་ཀྱི་རྣམ་རྟོག་གང༌། །སྐྱེ་མཆེད་དྲུག་གི་མཚན་ཉིད་དོ། །ཀུན་མཁྱེན་ཤེས་པ་འཛིན་བྱེད་དེ། །བྱུང་དང་འབྱུང་འོས་བསྒྲིབས་པའོ། །ཞེས་སོ། །ད་ནི་ཚོར་བ་འགོག་པའི་མཚན་ཉིད་ཅན་གཞན་འདི་ནི་ཚོར་བའོ་ཞེས་གསུངས་པ་ལས་མེའི་ཁམས་དང་དབང་པོ་ལ་སོགས་པ་རྣམས་སྒྲིབ་པ་མེད་པ་ཉིད་ཅེས་པ་སྟོང་པ་གསུམ་པ་བདེན་དོན་རྣམ་པ་བཅུ་གཉིས་དང་དེ་ཁོ་ན་ཉིད་རྣམ་པ་བཅུ་དྲུག་རིག་པ་ལ་བསྟོད་པ་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །སངས་རྒྱས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ནས་འགྲེལ་བཤད་དེ་པདྨ་དཀར་པོ་བདག་གིས་ནི་བྲི་བར་བྱའོ་ཞེས་འཆད་པར་འགྱུར་བ་དང་སྦྲེལ་ལོ། །དུས་ནི་འདིར་སྲོག་ཆེན་པོ་སྟེ། དེ་ཡང་ལུས་དང་ངག་དང་སེམས་རྣམ་པར་དག་པའི་རིམ་པས་གཡོན་པ་དང་གཡས་པ་དང༌། ཨ་ཝ་དྷཱུ་ཏིར་འགྱུར་བའི་དབུགས་ཡོངས་སུ་རྫོགས་པར་རྒྱུ་བར་བྱས་ནས་གྲུབ་པའོ། །དེས་ས་བཅུ་གཉིས་རྣམ་པར་དག་པས་འཕོ་བ་བཅུ་གཉིས་ཀྱི་དབུགས་འགགས་པ་འཁོར་ལོ་ཞེས་པའོ། །རྩ་བའི་རྒྱུད་དུ་གསུངས་པ། །དུས་ཆེན་པོ་ནི་སྲོག་ཆེན་པོ། །འབྲས་བུའི་དབུགས་བགྲོད་ཟད་པ་ལས། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང༌། །བརྒྱ་ཕྲག་དྲུག་གི་དབུགས་རྣམས་ཏེ། །སྲིད་པ་གསུམ་དུ་དབུགས་འཁོར་ལོ། །འདི་ནི་དུས་ཀྱི་འཁོར་ལོར་བཤད། །ཅེས་སོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཞེས་པ་སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་པ་སྐད་ཅིག་ཐམས་ཅད་རྣམ་


DTG013_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་འབྱེད་པ་སྟེ། དབུགས་ཀྱི་གྲངས་ཀྱི་མཐའ་ཞེས་ཇི་སྲིད་པའོ། །གང་དུ་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་བརྒྱ་ཕྲག་དྲུག་མཆོག་ཏུ་མི་འགྱུར་བའི་བདེ་བ་སྐད་ཅིག་ཏུ་རྫོགས་པ་ན་མངོན་པར་བྱང་ཆུབ་པ་སྟེ། སྐད་ཅིག་དེ་ནས་ཆོས་རྣམས་ཐམས་ཅད་སྐྱེ་བ་མེད་པ་གནས་པ་མེད་པ་འཇིག་པ་མེད་པའོ། །དེའི་ཕྱིར་གཅིག་དང་དུ་མའི་སྐད་ཅིག་དང་བྲལ་བ་རིགས་མེད་པ་ལྷན་ཅིག་སྐྱེས་པའི་དགའ་བ་ལྷན་ཅིག་སྐྱེས་པའི་སྐུ་ཡིན་ལ་དེ་ལ་ཞེས་པའོ། །སེང་གེའི་ཁྲིར་བཞུགས་ཞེས་པ་སེང་གེའི་ཁྲི་ནམ་མཁའི་ཁམས་རྣམ་པ་ཐམས་ཅད་པའི་རིན་པོ་ཆེས་བརྒྱན་པ་ཤེས་རབ་ཀྱི་གཟུགས་ཏེ། དེ་ལ་བྱང་ཆུབ་ཀྱི་སེམས་མི་འགྱུར་བའི་ཚུལ་གྱིས་བཞུགས་པའོ་ཞེས་པའོ། །སྲིད་པ་གསུམ་གྱིས་མཆོད་ཅེས་པ་དགོད་པ་ལ་སོགས་པ་དང་བྲལ་བའི་ཕྱིར་སྲིད་པ་གསུམ་སྟེ་ལུས་དང་དག་དང་སེམས་རྣམས་ཀྱིས་མཆོད་པ་སྟེ། རྡོ་རྗེ་ནོར་བུ་ལས་གྱེན་དུ་ཤེས་རབ་ཀྱི་ཡེ་ཤེས་ཀྱི་སྟོབས་ཀྱིས་བཀུག་ནས་སྤྱི་གཙུག་ཏུ་འཛིན་པའོ། །དེ་ནས་མཆོད་པའོ་ཞེས་པའོ། །རྡོ་རྗེའི་རྣལ་འབྱོར་ཞེས་པ་རྡོ་རྗེ་སྟེ། ཡེ་ཤེས་དང་སེམས་དང་ངག་དང་ལུས་ཀྱི་ཐིག་ལེ་དབྱེར་མེད་པ་རྣམས་ཀྱི་དག་པ་དང་ཆོས་དང་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུའི་པདྨ་རྣམས་སུ་སྦྱོར་བ་སྟེ། དེ་ཡང་དག་པར་འབྱོར་པ་ཞེས་པའོ། །གཅིག་སྟེ་གཉིས་སུ་མེད་པ་དེ་ཁོ་ན་ཉིད་རྣམ་པར་ཐར་པ་བཞི་དང་ཚངས་པའི་གནས་བཞི་རྣམས་དང་ལྷན་ཅིག་ཏུ་འདྲེས་པར་གྱུར་པ་གཅིག་དང་དུ་མའི་སྐད་ཅིག་དང་བྲལ་བའི་ཡེ་ཤེས་སོ། །འཕོ་བའི་བག་ཆགས་དང་བྲལ་བའི་ཕྱིར་རྣམ་པར་དག་པའོ། །དེ་ཁོ་ན་ཉིད་རེ་རེ་ཡང་སྐུའི་རབ་ཏུ་དབྱེ་བ་རྣམས་ཀྱིས་རྣམ་པ་བཅུ་དྲུག་ཏུ་སྣང་སྟེ། གང་ལེའུ་འདི་ཁོ་ནར་གསུང་པར་འགྱུར་བ། དེ་ལས་སྐུའི་དགའ་བ་དང་གསུང་གི་དགའ་བ་དང་ཐུགས་ཀྱི་དགའ་བ་དང་ཡེ་ཤེས་ཀྱི་དགའ་བ་དང༌། དེ་བཞིན་དུ་སྐུའི་མཆོག་དགའ་དང་གསུང་གི་མཆོག་དགའ་དང༌། ཐུགས་ཀྱི་མཆོག་དགའ་དང༌། ཡེ་ཤེས་ཀྱི་མཆོག་དགའ་དང༌། ད་བཞིན་དུ་སྐུའི་ཁྱད་པར་གྱི་དགའ་བ་དང་གསུང་གི་ཁྱད་པར་གྱི་དགའ་བ་དང༌། ཐུགས་ཀྱི་ཁྱད་པར་གྱི་དགའ་བ་དང༌། ཡེ་ཤེས་ཀྱི་ཁྱད་པར་གྱི་དགའ་བ་དང༌། དེ་བཞིན་དུ་སྐུའི་


DTG013_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྷན་ཅིག་སྐྱེས་པའི་དགའ་བ་དང༌། གསུང་གི་ལྷན་ཅིག་སྐྱེས་པའི་དགའ་བ་དང༌། ཐུགས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་དང༌། ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། དེ་ལྟར་དེ་ཉིད་རྣམ་པ་བཅུ་དྲུག་ནི་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བརྗོད་པར་བྱ་ལ། དེ་ནས་ཆོས་ཀྱི་སྐུ་དེ་ནས་ལོངས་སྤྱོད་རྫོགས་པའི་སྐུ་དང་དེ་ནས་སྤྲུལ་པའི་སྐུའོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པའི་གསུང་དང་ལྷན་ཅིག་སྐྱེས་པའི་ཐུགས་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། ཆོས་ཀྱི་གསུང་དང༌། ཆོས་ཀྱི་ཐུགས་དང༌། ཆོས་ཀྱི་ཡེ་ཤེས་དང༌། ལོངས་སྤྱོད་རྫོགས་པའི་གསུང་དང༌། ལོངས་སྤྱོད་རྫོགས་པའི་ཐུགས་དང༌། ལོངས་སྤྱོད་རྫོགས་པའི་ཡེ་ཤེས་དང༌། སྤྲུལ་པའི་གསུང་དང༌། སྤྲུལ་པའི་ཐུགས་དང༌། སྤྲུལ་པའི་ཡེ་ཤེས་སོ་ཞེས་སོ། །དེ་ལྟར་ཆ་བཅུ་དྲུག་གི་སྒྲིབ་པ་ཟད་པའི་ཕྱིར། རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་གྲུབ་པོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་ཟླ་བ་དྲི་མེད་འོད་ཉིད་ལས་སྲིད་མེད་སྲིད་པ་སོང་བ་སྟེ། སྲིད་མེད་མྱ་ངན་ལས་འདས་པ་དང་སྲིད་པ་འཁོར་བ་ཡིན་ལ། དེ་དག་འཁོར་བ་སྤྲོ་བའི་རྒྱུ་ཅན་དག་སྟེ། དེ་དག་དང་བྲལ་བ་དེ་ལའོ། །དེའི་ཕྱིར་ཤེས་དང་ཤེས་བྱ་བ་གཅིག་གྱུར་ཏེ། ཤེས་པ་འཁོར་པ་ལས་རྒལ་བར་མི་འགྱུར་བ་དང༌། ཤེས་བྱ་བ་མྱ་ངན་ལས་འདས་པ་ལས་ཀྱང་འདས་པའི་གཟུགས་ཏེ། དེ་དག་གིས་གཅིག་ཏུ་གྱུར་པ་ནི་རྟག་པ་དང་ཆད་པ་ལས་ངེས་པར་གྲོལ་བ་ཉིད་ཀྱི་ཕྱིར་དབྱེར་མེད་པའི་ངོ་བོའོ། །དེ་ཉིད་ཀྱི་ཕྱིར་ཡང་དག་པའི་སྦྱོར་བའི་ཚུལ་ལས་རྒྱལ་བ་མཆོག་གི་འདུས་པ་སྟེ་སྒྲིབ་པ་མེད་པའི་ཕུང་པོ་དང༌། ཁམས་དང་དབང་པོ་ལ་སོགས་པ་རྣམས་ཀྱི་ཚོགས་པའོ་ཞེས་པའོ། །རྣམ་པ་བཅུ་གཉིས་ཀྱི་བདེན་དོན་ཞེས་པ་ལ་བདེན་དོན་ནི་དེ་ཁོ་ན་ཉིད་རིན་པོ་ཆེའོ། །དེ་ཡང་རྣམ་པ་བཅུ་གཉིས་སུ་དབྱེ་སྟེ། མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་སྲོག་ལ་སོགས་པ་རླུང་བཅུ་གཉིས་ཀྱི་ངོ་བོ་རྣམས་འགགས་པ་ཞེས་པའོ། །རྩ་བའི་རྒྱུད་དུ་གསུངས་པ། སྲོག་ལ་སོགས་པ་རླུང་མ་དག །ཡན་ལག་བཅུ་གཉིས་རིགས་བྱུང་བ། །དེ་རྣམས་ཁྱིམ་དུ་ཡང་དག་བཤད། །དེ་རྣམས་ལ་ནི་གཟའ་རྣམས་འབྱུང༌། །རྣམ་པ་བཅུ་གཉིས་འཁོར་ལོ་འདི། །ཡན་ལག་བཅུ་གཉིས་སྲིད་པར་བཤད། །ཡན་ལག་བཅུ་


DTG013_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཉིས་འགགས་པ་ཡིས། འཇིག་རྟེན་འདྲེན་པ་རྫོགས་སངས་རྒྱས། །ཞེས་ཏེ། རྡོ་རྗེ་ཉི་མ་སྣང་བ་ཆེ། །ཞེས་གྲུབ་བོ། །བྱང་ཆུབ་སེམས་ཞེས་པ་དཔལ་འདུས་པ་ལ་སོགས་པར་ཡོངས་སུ་བཤད་པ་སྟེ། ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་ཟད་པའི་གཙོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་བཤད། །ཅེས་སོ། །རྒྱལ་བའི་རྡོ་རྗེའི་གནས་ཞེས་བ་རྒྱལ་བ་ན་དུས་གསུམ་གྱི་རྫོགས་པའི་སངས་རྒྱས་རྣམས་ཏེ། དེ་རྣམས་ཀྱི་རྡོ་རྗེ་ནི་དབྱེར་མེད་པའི་ཡེ་ཤེས་བདེ་བ་ཆེན་པོ་དང་བར་དང་ཐ་མར་དགེ་བའོ། །དེའི་གནས་ནི་གཙུག་ཏོར་དང༌། རྡོ་རྗེ་ནོར་བུ་པདྨར་གནས་པའོ། །དེ་ལྟར་བདེན་དོན་རྣམ་པ་བཅུ་གཉིས་པ་དེ་ཁོ་ན་ཉིད་རྣམ་པ་བཅུ་དྲུག་རིག་པ། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་དེ་ཁོ་ན་ཉིད་རིན་པོ་ཆེ་མ་རིག་པ་ལ་སོགས་པའི་ཡན་ལག་འགགས་པ་ལས་ཁམས་བཅོ་བརྒྱད་ཀྱ་རྣམ་པར་འགྱུར་བ་དང་བྲལ་བ། འགྲོ་བའི་དོན་མཛད་པའོ་ཞེས་པའོ། །འཕགས་པ་རྡོ་རྗེ་སྙིང་པོས། ཀྱེའི་རྡོ་རྗེར་གང་གསུངས་པ། རྣལ་འབྱོར་པ་རྣམས་ལ་ཕྱི་རོལ་གྱི་གཟུགས་མེད་དོ། །ལྟ་བ་པོ་མེད་དོ། །མིག་གི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་སྒྲ་མེད་དོ། །ཉན་པ་པོ་མེད་དོ། །རྣ་བའི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་དྲི་མེད་དོ། །སྣོམ་པ་པོ་མེད་དོ། །སྣའི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་རོ་མེད་དོ། །མྱོང་བ་པོ་མེད་དོ། །ལྕེའི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་རེག་བྱ་མེད་དོ། །རེག་པ་པོ་མེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་ཆོས་མེད་དོ། །ཤེས་པ་པོ་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་མེད་དོ་ཞེས་པའོ། །དེ་བཞིན་དུ་མིག་ལ་སོགས་པ་རྣམས་ཀྱང་ཡོད་པ་མ་ཡིན་ཏེ། དེ་ལྟར་ཁམས་བཅོ་བརྒྱད་དང་བྲལ་བའི་དེ་ཁོ་ན་ཉིད་རིན་པོ་ཆེ་རྣལ་འབྱོར་བས་མ་རིག་པ་ལ་སོགས་པ་འགོག་པས་བསྒོམ་པར་བྱའོ། །ཇི་སྐད་དུ་འབུམ་ཕྲག་ལྔ་པ་མངོན་པར་བརྗོད་པར། འགྱུར་བའི་མ་རིག་འགགས་པ་ཡིས། །འདུ་བྱེད་ངེས་པར་འགོག་པ་ཡིན། །འདུ་བྱེད་ངེས་པར་འགགས་པ་ཡིས། །རྣམ་པར་ཤེས་པ་འགོག་པ་ཡིན། །རྣམ་པར་ཤེས་པ་འགགས་པ་ཡིས། །མིང་དང་གཟུགས་


DTG013_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དག་འགོག་པའོ། །མིང་དང་གཟུགས་དག་འགགས་པ་ཡིས། །སྐྱེ་མཆེད་དྲུག་པོ་འགོག་པའོ། །སྐྱེ་མཆེད་དྲུག་པོ་འགགས་པ་ཡིས། །རེག་པ་ཡང་ནི་འགོག་པའོ། །རེག་པའང་ངེས་པར་འགགས་པ་ཡིས། །ཚོར་བ་ངེས་པར་འགོག་པའོ། །ཚོར་བ་ངེས་པར་འགགས་པ་ཡིས། །སྲིད་པ་ཡང་ནི་འགོག་པའོ། །སྲེད་པ་ངེས་པར་འགགས་པ་ཡིས། །ཉེ་བར་ལེན་པ་འགོག་པ་ཡིན། །ཉེ་བར་ལེན་པ་འགགས་པ་ཡིས། །སྲིད་པ་འང་ངེས་པར་འགག་པ་ཡིན། །སྲིད་པའང་ངེས་པར་འགགས་པ་ཡིས། །སྐྱེ་བའང་ངེས་པར་འགགས་པ་ཡིན། །སྐྱེ་བའང་ངེས་པར་འགགས་པ་ཡིས། །རྒ་དང་འཆི་བ་འགག་པའོ། །ཕུང་པོ་ཁམས་རྣམས་ངེས་འགགས་པ། །དེ་ཉིད་ཉེ་བར་ཞི་བར་བཤད། །དེ་ལྟར་ལུས་འདི་འགགས་པ་ཡིས། །སྲོག་རླུང་ཡང་ནི་འགག་པའོ། །སྲོག་རླུང་ངེས་པར་འགགས་པ་ཡིས། །བྱང་ཆུབ་སེམས་ནི་འགག་པའོ། །བྱང་ཆུབ་སེམས་ནི་འགགས་པ་ཡིས། །འཕོ་བ་ངེས་པར་འགག་པའོ། །འཕོ་བའི་སྐད་ཅིག་འགགས་པ་ཡིས། །རྣལ་འབྱོར་བ་ཀུན་སངས་རྒྱས་ཉིད། །དེ་བཞིན་ཉོན་མོངས་འགགས་པ་ཡིས། །ལས་རྣམས་དག་ཀྱང་ངེས་པར་འགོག །ལས་རྣམས་ངེས་པར་འགགས་པ་ཡིས། །སྡུག་བསྔལ་ཡང་ནི་འགག་པར་བྱེད། །སྡུག་བསྔལ་ཡང་ནི་འགགས་པ་ཡིས། །དེ་ནི་ཉོན་མོངས་སྐྱེ་མི་འགྱུར། །ཉོན་མོངས་སྐྱེ་བ་མེད་པ་ལས། །སྐྱེ་བ་འབྱུང་བར་མི་འགྱུར་རོ། །དེ་ཡི་སྐྱེ་བ་འབྱུང་མེད་པར། །སྡུག་བསྔལ་ཡང་ནི་སྐྱེ་མི་འགྱུར། །སྡུག་བསྔལ་མེད་པས་རྣལ་འབྱོར་པ། །བདེ་ལྡན་སེམས་ཅན་དོན་རྟག་བྱེད། །ཅེས་སོ། །ད་ནི་འདུ་ཤེས་འགོག་པའི་མཚན་ཉིད་ཅན་དེ་འདུ་ཤེས་གཞན་ནོ་ཞེས་པའི་གསུང་ལས་ཆུ་ལ་སོགས་པའི་ཁམས་རྣམས་དང་དབང་པོ་ལ་སོགས་པ་རྣམས་སྒྲིབ་པ་མེད་པ་ཉིད་ཅེས་པ་སྟོང་པ་བཞི་པ་སྐུ་བཞིའི་བདག་ཉིད་རྣམ་པར་ཐར་པ་བཞི་རྣམ་པར་དག་པ་ཤེས་རབ་དང༌། ཐབས་གཉིས་སུ་མེད་པ་རྡོ་རྗེ་བ་ཞིས་རྣམ་པར་མཛེས་པ་ལ་བསྟོད་པ་གསུངས་པ། ཀུན་མཁྱེན་ཞེས་པ་སྟེ། གང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་གཉིས་སུ་མེད་པ་རྣལ་འབྱོར་དང་པོའི་སངས་རྒྱས་དེ་ལ་ཕྱག་འཚལ་ནས་ཞེས་པའོ། །


DTG013_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ཡང་བཅོམ་ལྡན་འདས་འདི་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་བས་རྣམ་པར་དག་པ་ཡེ་ཤེས་རྡོ་རྗེ་ཤེས་རབ་དང༌། ཐབས་ཀྱི་བདག་ཉིད་ལྷན་ཅིག་སྐྱེས་པའི་སྐུ་ཐམས་ཅད་ཤེས་པ་ཉིད་ཐོབ་པ་ནི་ཐམས་ཅད་མཁྱེན་པ་སྟེ། ཐམས་ཅད་གཟིགས་པ་ཉིད་ཀྱི་ཕྱིར་རོ། །མཆན་མ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ་ཐུགས་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཆོས་ཀྱི་སྐུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་པ་ནི་ཡེ་ཤེས་ཀྱི་སྐུ་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བས་གནས་པ་ཉིད་ཀྱི་ཕྱིར་རོ། །སྨོན་པ་མེད་པའི་རྣམ་པར་ཐར་བས་རྣམ་པར་དག་པ་གསུང་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ལམ་མཁྱེན་པ་ཉིད་བརྙེས་པ་ནི་ཉིན་མོར་བྱེད་པའི་སྐུ་སྟེ། མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་གྱི་སྐད་རྣམས་ཀྱིས་དུས་གཅིག་ཏུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་སྟོན་པ་པོ་ཉིད་ཀྱི་ཕྱིར་རོ། །མངོན་པར་འདུ་མི་བྱེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ་སྐུ་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྤྲུལ་པའི་སྐུ་ལམ་གྱི་རྣམ་པ་མཁྱེན་པ་ཉིད་བརྙེས་པ་ནི་པདྨའི་འདབ་མ་རྒྱས་པའི་སྤྱན་ཅན་ཏེ། མཐའ་ཡས་པ་མཐའ་ཡས་པའི་སྤྲུལ་པའི་སྐུ་རྣམས་ཀྱིས་དུས་གཅིག་ཏུ་རྣམ་པ་ཐམས་ཅད་པའི་སྐུའི་བཀོད་པ་སྤྲོ་བར་བྱེད་པའི་ཕྱིར་རོ། །དེ་ལྟར་རྣམ་པར་ཐར་པ་སྐུ་གསུང་ཐུགས་ཆགས་སྲིད་དང་འཇིག་པ་སོང་རྣམས་ཀྱི་དག་པ་ཞེས་པ་ལ་ཆགས་པ་ནི་འདིར་ཡེ་ཤེས་སོ། །སྲིད་པ་དང་འཇིག་པ་འདིར་སྤྲོ་བ་དང་སྡུད་པ་དག་སོང་བ་དག་སྟེ་སླར་མི་ལྡོག་པ་དག་གང་རྣམས་ལ་ཡོད་པ་ཞེས་པའོ། །ལྷ་མི་ལྷ་མིན་གྱིས་བསྟོད་པ་ནི་ཁམས་གསུམ་པས་ཞབས་ཀྱི་པདྨ་ལ་ཕྱག་བྱས་པ་ཞེས་པའི་དོན་ཏོ། །འོ་ན་གང་ཀུན་མཁྱེན་དེ་ཁོ་ན་དང་པོའི་སངས་རྒྱས་བཅོམ་ལྡན་འདས་མ་ཡིན་ནམ། ཅིའི་དོན་དུ་དང་པོའི་སངས་རྒྱས་ཞེས་སླང་གསུངས་ཤེ་ན་བདེན་མོད། སེང་གེ་དང་འཕྲོག་བྱེད་ལ་སོགས་པའི་ཐམས་ཅད་མཁྱེན་པ་རྣམས་ཀྱང་ཡོད་དོ་ཞེས་པས། དེའི་འདོད་པ་བསལ་བའི་ཆེད་དུ་སྟེ་གང་གི་ཕྱིར་དེ་རྣམས་ལ་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་ཆོས་ཐམས་ཅད་སྟོན་པ་བོ་ཉིད་མེད་པའོ། །འོ་ན་གང་ཐམས་ཅད་མཁྱེན་པར་


DTG013_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁོ་ན་ཡེ་ཤེས་ཀྱི་སྐུ་ཅན་མ་ཡིན་ནམ། ཅིའི་ཕྱིར་ཡེ་ཤེས་ཀྱི་སྐུ་ཞེས་ཟློས་པ་གསུང་ཞེ་ན། བདེན་མོད་གཞན་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་གསལ་བའི་ཆེད་དུ་སྟེ་གང་གི་ཕྱིར་དེ་རྣམས་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་གནས་པ་ཉིད་ཀྱི་ཕྱིར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ལྷག་མ་ཀུན་ལས་ངེས་པར་གྲོལ་བ་ཉིད་ཀྱི་ཕྱིར་རོ། །ལྷག་མ་དང་བཅས་པ་དང༌། ལྷག་མ་མེད་པ་སྒྱུ་འཕྲུལ་དྲ་བར་ཤིན་ཏུ་གསལ་ལོ། །ཇི་སྐད་དུ། ལྷག་བཅས་ཕུང་པོ་ཡོད་ན་ཡང༌། །ཉོན་མོངས་རྣམས་ཀྱི་གདུང་མེད་ཉིད། །ལྷག་མེད་བག་ཆགས་ཡོད་མིན་པས། །དྲི་མེད་ནམ་མཁའ་ཇི་བཞིན་ནོ། །ཞེས་སོ། །འོ་ན་གང་ཡེ་ཤེས་ཀྱི་སྐུ་དེ་ཁོ་ན་མི་ཤེས་པའི་མུན་པ་འཇོམས་པ་ཉིད་ཀྱི་ཕྱིར་ཉིན་མོར་བྱེད་པའི་སྐུ་མ་ཡིན་ནམ། ཅིའི་དོན་དུ་ཉིན་མོར་བྱེད་པའི་སྐུ་ཞེས་ཟློས་པའི་ཚིག་གསུང་ཞེ་ན། བདེན་མོད། གཞན་རྣམ་བར་ཤེས་པར་སྨྲ་བའི་སངས་རྒྱས་པ་རྣམ་པར་ཤེས་པའི་ཆོས་ཉིད་ལ་གནས་པ་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་ཀྱི་སྐུ་ཉིན་མོར་བྱེད་པའི་སྐུ་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་པའོ། །འོ་ན་གང་རྒྱུད་དུ་བརྗོད་པར་བྱ་བའི་ཡེ་ཤེས་ཀྱི་སྐུ་དེ་གཟུགས་ཅན་མ་ཡིན་ལ། གང་པདྨའི་འདབ་མ་རྒྱས་པའི་སྤྱན་ཅན་དེ་གཟུགས་ཅན་ཡིན་པས་འདི་འགལ་བའོ་ཞེས། སྐྱོན་འདི་མེད་དེ་འདིར་པདྨའི་སྒྲས་ངེས་པའི་དོན་དུ་ནམ་མཁའི་ཁམས་བརྗོད་ལ། པདྨ་ནམ་མཁའི་ཁམས་དེར་པདྨའི་འདབ་མ་རྣམས་བཞིན་དུ་རིགས་བརྒྱ་རིང་བའི་ངོ་བོ་ཉིད་ཀྱིས་གནས་པའི་སེམས་ཅན་རྣམས་སོ་ཞེས་པདྨའི་འདབ་མའོ། །དེ་རྣམས་ཀྱི་མཐའ་ཇི་སྲིད་པར་བཅོམ་ལྡན་འདས་གང་གིས་སྤྱན་བརྒྱ་རྣམས་ཡིན་པ་ནི་པདྨ་འདབ་མ་རྒྱས་པའི་སྤྱན་ཞེས་པའོ། །རྒྱལ་བའི་བདག་པོའི་ལྷན་ཅིག་སྐྱེས་པ་ཞེས་པ་རྒྱལ་བ་རྣམས་ཀྱི་བདག་པོ་ནི་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་དྲུག་པ་ཡེ་ཤེས་ཀྱི་ཕུང་པོའོ། །དེ་ཡང་འདི་ཡིན་ལ་ཤེས་རབ་ཀྱི་གཟུགས་དང་ལྷན་ཅིག་སྐྱེས་པས་ན་ལྷན་ཅིག་སྐྱེས་པ་ཡང་སྟེ། དེའི་སྐུ་ཞེས་པ་ཁྱད་པར་རོ། །དུས་གསུམ་པའི་ངོ་བོ་འཛིན་པའི་ཕྱིར། ཆོས་ཏེ་རྟག་པ་དང་མི་རྟག་པ་ལ་སོགས་པ་དང་བྲལ་བའོ། །དེའི་སྐུ་ནི་ཕུང་པོ་ཞེས་


DTG013_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །ཡང་དག་པར་ལོངས་སྤྱད་པར་བྱ་བས་ན། ལོངས་སྤྱོད་རྫོགས་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་བདག་ཉིད་དོ། །སྤྲུལ་བར་བྱ་བས་ན་སྤྲུལ་པ་སྟེ་རྣམ་པ་ཐམས་ཅད་མཆོག་དང་ལྡན་པའོ་ཞེས་པའོ། །འོ་ན་སྐུ་རྣམས་བསྒྲུབ་པར་བྱ་བ་དེ་རྒྱལ་བ་རྣམས་སྒྲུབ་པ་པོས་སྟོང་པ་ཉིད་ཀྱི་ཡེ་ཤེས་བདེ་བ་དམ་པ་སྒྲུབ་པར་བྱེད་པ་རྣམས་ཀྱིས་ཤེས་པ་ཐ་དད་པ་ཉིད་ཀྱིས་ཀུན་མཁྱེན་གྱི་ཡེ་ཤེས་ཀྱི་སྐུ་ཞེས་པ་ལ་སོགས་པ་བསྟན་པར་རིགས་ན། དེ་ཇི་ལྟར་ཀུན་མཁྱེན་ཡེ་ཤེས་སྐུ་ཞེས་བརྗོད། ཇི་སྐད་དུ། གཟུགས་ཀྱི་ཚོགས་པ་མཐའ་ཡས་པ། །བདག་གི་སྤྲུལ་པའི་སྐུ་མཆོག་གོ །སྒྲ་ཡི་ཕུང་པོ་མཐའ་ཡས་པ། །བདག་གི་ལོངས་སྤྱོད་རྫོགས་སྐུ་མཆོག །ཆོས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་ཆོས་ཀྱི་སྐུ་རབ་བསྒྲགས། །བདེ་བའི་ཕུང་པོ་མཐའ་ཡས་པ། །བདག་གི་བདེ་སྐུ་འགྱུར་མེད་མཆོག །གོང་བུའི་ཕུང་པོ་དེ་བཞིན་སྐུ། །ཡང་དག་བསགས་པར་ཡོངས་སུ་བསྒྲགས། །གང་ཕྱིར་སྐུ་རྣམས་བསྒྲུབ་བྱ་སྐུའི། །སེམས་ཅན་ཀུན་མགུ་སྒྲུབ་བྱེད་པའི། །སྟོང་ཉིད་ཡེ་ཤེས་བདེ་དམ་པས། །སྒྲུབ་པོ་རྒྱལ་བ་མིན་པར་འགྱུར། །ཞེས་སོ་ཞེ་ན། བདེན་པ་བརྗོད་མོད། བསྒྲུབ་པར་བྱ་བ་རྣམས་དང༌། སྒྲུབ་པ་པོ་རྣམས་དང་སྒྲུབ་པར་བྱེད་པ་རྣམས་གཅིག་པ་ཉིད་དང་གཞན་ཉིད་མ་ཡིན་ནོ། །དེ་མེད་པར་འདི་དང་འདི་དེ་མ་ཡིན་ནོ་ཞེས་པ་དེ་ལྟར་མི་འགྱུར་རོ། །གལ་ཏེ་བསྒྲུབ་པར་བྱ་བ་ལ་སོགས་པ་རྣམས་གཅིག་པ་ཉིད་ན་དེའི་ཚེ་སུ་ཞིག་ཅི་ཡིས་ཅི་ཞིག་སྒྲུབ་པར་བྱེད། འོན་ཏེ་གཞན་ཉིད་ན་དེའི་ཚེ་སུ་ཞིག་གི་ཅི་ཞིག་གིས་འབྲས་བུར་འགྱུར་ཞེས་པའི་དོན་ཏོ། །བདེ་བ་ཆེན་པོའི་སྐུ་ལ་སོགས་པ་བསྒྲུབ་པར་བྱ་བ་ཡང་མ་ཡིན་ཏེ། སྒྲིབ་པ་ཐམས་ཅད་དང་བྲལ་བ་མེད་པར་སངས་རྒྱས་མ་ཡིན་ལ། སངས་རྒྱས་མེད་ན་བདེ་བ་ཆེན་པོའི་སྐུ་ལ་སོགས་པ་བསྒྲུབ་པར་བྱའོ་ཞེས་པའི་ངེས་པ་མེད་པའི་ཕྱིར་ཀུན་མཁྱེན་ཡེ་ཤེས་སྐུ་ཞེས་པ་ཡང་འགྱུར་རོ། །སྐུ་རྣམས་ཀྱི་མཚན་ཉིད་ནི་སྒྲུབ་ཐབས་ཀྱི་ལེའུར་གང་གསུངས་པར་འགྱུར་བ། རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྐུ་ནི་རང་རང་བསམ་པ་ཡིས། །མོས་པ་སྣ་ཚོགས་སེམས་ཅན་གྱིས། །མཐོང་བ་སྦྲུལ་པའི་


DTG013_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཚན་ཉིད་དོ། །སྐུ་གང་སེམས་ཅན་ཀུན་གྱི་སྒྲས། །སེམས་ཅན་བསམ་པའི་དབང་རྣམས་ཀྱིས། །བདག་གི་རྫུ་འཕྲུལ་གསལ་བྱེད་འདི། །ལོངས་སྤྱོད་རྫོགས་པའི་མཚན་ཉིད་དོ། །མི་རྟག་པ་མིན་རྟག་པའང་མིན། །གཅིག་མིན་དུ་མའི་མཚན་ཉིད་མིན། །དངོས་མིན་དངོས་པོ་མེད་པའང་མིན། །འདི་ནི་རྟེན་འབྲེལ་ཆོས་སྐུའོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཅིང༌། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །ཤེས་རབ་མ་ཡིན་ཐབས་ཀྱང་མིན། །འདི་ནི་ངོ་བོ་ཉིད་སྐུ་གཞན། །ཞེས་སོ། །ད་ནི་གཞན་དེ་ནི་གཟུགས་སོ་ཞེས་གསུངས་པའི་ཕྱིར། གཟུགས་འགོག་པའི་མཚན་ཉིད་ཅན་ས་ལ་སོགས་པའི་ཁམས་དང་དབང་པོ་རྣམས་དང༌། དེའི་རིགས་ཅན་རྣམས་ཀྱང་སྒྲིབ་པ་མེད་པ་ཉིད་ཅེས་པ་སྟོང་པ་ལྔ་པ་སྐུ་བཞིའི་བདག་ཉིད་ཚངས་པའི་གནས་བཞི་དང༌། རྣམ་པར་ཐར་བ་བཞི་གཅིག་ཏུ་འདྲེས་པར་གྱུར་པ། བདེན་པ་བཞིས་རབ་ཏུ་ཕྱེ་བ། བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལ་ཚིགས་སུ་བཅད་པ་བཞིས་བསྟོད་པ་གསུངས་པ། སྟོང་པ་ཉིད་ཅེས་པ་ལ་སོགས་པའོ། །གང་ཤེས་རབ་ཐབས་ཀྱིས་བདག་ཉིད་རལ་འབྱོར་བྱང་ཆུབ་སེམས་ཞེས་བྱ་བ་དེ་ལ་ཕྱག་འཚལ་ནས་ཞེས་པའོ། །རྣལ་འབྱོར་དེ་རྡོ་རྗེའི་རྣལ་འབྱོར་དང༌། ཤེས་རབ་ཐབས་བདག་ཉིད་ཅེས་པ་སོ་སོར་འབྲེལ་པར་བྱའོ། །རང་བཞིན་མེད་ལས་སྟོང་པའོ། །དེ་མཐོང་བ་ནི་སྟོང་པ་ཉིད་དོ། །དེ་ཡིས་ཉེ་བར་མཚོན་པའི་ཡེ་ཤེས་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་ཞེས་པའོ། །དེ་བཞིན་དུ་སྨོན་པ་མེད་པ་ལ་སོགས་པ་རྣམས་ལ་ཡང་ངོ༌། །དེས་ཡང་དག་པར་དགའ་བ་བཞི་པ་ཟད་པའི་ཕྱིར་འགྱུར་བ་མེད་པ་བདེ་བ་ཆེན་པོ་རང་གི་དོན་ཕུན་སུམ་ཚོགས་པ་སྙིང་རྗེའི་མཚན་ཉིད་ཅན་ཏེ། དབང་པོ་ལས་སྐྱེས་པའི་ཡེ་ཤེས་ནི་མ་ཡིན་ནོ་ཞེས་པ་ཡེ་ཤེས་རྡོ་རྗེའོ། །རྣམ་དག་ཅེས་པ་རྣམ་པར་དབྱེ་བའི་ཚིག་གོ །དེ་ཁོ་ན་ལྷན་ཅིག་སྐྱེས་པའི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྣམ་པར་དག་པའི་རྣལ་འབྱོར་ཞེས་པའོ། །མཚན་མ་ནི་སངས་རྒྱས་སོ་བྱང་ཆུབ་བོ་ཞེས་པ་ལ་སོགས་པའི་རྣམ་པར་རྟོག་པའི་སེམས་ཏེ་རྒྱུའོ། །སྟོང་པ་ཉིད་ཡིན་པའི་ཕྱིར་རྒྱུ་མེད་པ་དེའི་ཕྱིར་གང་ལ་མཚན་མ་མེད་པ་དེ་མཚན་མ་མེད་པའི་ཡེ་ཤེས་དང་མཚན་མ་མེད་པའི་


DTG013_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམ་པར་ཐར་བའོ། །དེས་ཡང་དག་པར་དག་པ་གཉིད་མཐུག་པོ་ཟད་པ་ལས་གཉིས་མེད་དེ་རྟག་པ་དང་མི་རྟག་པ་ལ་སོགས་པ་གཉིས་དང་བྲལ་བ་བྱམས་པའི་བདག་ཉིད་འགྲོ་བའི་དོན་མཛད་པ་རྣམ་པར་རྟོག་པ་མེད་པ་གཅིག་ཏུ་སེམས་ཞེས་པ་ཐུགས་རྡོ་རྗེའོ། །དེ་ཁོ་ན་ཆོས་ཀྱི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཆོས་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །མཚན་མ་མེད་པ་ཉིད་ཀྱི་ཕྱིར་རྟོག་པ་མེད་པའི་ཕྱིར། སྨོན་པ་སྟེ་སྨོན་ལམ་བདག་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་པ་ལ་སོགས་པ་གང་ལ་མེད་པ་དེ་སྨོན་པ་མེད་པའི་རྣམ་པར་ཐར་བ་སྟེ། དེས་དག་པ་རྨི་ལམ་ཟད་པའི་ཕྱིར། མི་ཟད་པ་སྟེ་གཞོམ་དུ་མེད་པའི་སྒྲ་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་བདག་ཉིད་ཀྱི་བདེ་བའི་སྔགས་དགའ་བའི་མཚན་ཉིད་ཅན་ཏེ་སེམས་ཅན་ཐམས་ཅད་ཀྱི་སྐད་རྣམས་ཀྱིས་སེམས་ཅན་རྣམས་དགའ་བར་མཛད་པའི་ཕྱིར་དང་ཡིད་སྐྱོ་བར་གྱུར་པ་ཉིད་ཀྱི་ཕྱིར་ལ་ཐ་སྙད་ཙམ་གྱི་བདག་ཉིད་ནི་མ་ཡིན་ཏེ། དེ་ནི་ཉི་ཚེ་བ་ཉིད་ཀྱི་ཕྱིར་ནང་ཡུལ་ཆུང་བ་ཉིད་ཀྱི་ཕྱིར་རོ་ཞེས་པ་སྟེ། ངག་རྣམས་ཀྱི་གསུང་རྡོ་རྗེའོ། །དེ་ཁོ་ན་ལོངས་སྤྱོད་རྫོགས་པའི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་གསང་སྔགས་ཀྱི་རྣལ་འབྱོར་ཞེས་པའོ། །སྨོན་པ་མེད་པའི་ཕྱིར་གང་ལ་དཀར་པོ་དང་དམར་པོ་དང་སྲོག་དང་ཐུར་སེལ་དང་རྣམ་པར་ཤེས་པའི་མཚན་ཉིད་ཅན་མངོན་པར་འདུ་བྱེད་པ་མེད་པ་སྟེ། མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པ་སྟེ། དེས་དག་བ་སད་པའི་གནས་སྐབས་ཟད་པ་ལས་རྫུ་འཕྲུལ་བགྲོད་པ་སྟེ། རྫུ་འཕྲུལ་ཏེ་ནམ་མཁར་འགྲོ་བ་ལ་སོགས་པའི་མཚན་ཉིད་ཅན་གྱིས་འགྲོ་བར་བྱེད་པ་ཞེས་པ་སྟེ། དྲག་པོ་ཉམས་དང་ཆགས་པ་དང་ཞི་བ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་དྲི་མ་མེད་པ་སྟེ་མ་འདྲེས་པའི་བཏང་སྙོམས་ཀྱི་བདག་ཉིད་དོ། །འོ་ན་འདི་དྲི་མ་མེད་པ་ཉིད་དུ་མི་རིགས་ཏེ། དྲག་པོ་དང་ཞི་བ་ལ་སོགས་པའི་གཟུགས་མཐོང་པའི་ཕྱིར་རོ་ཞེན། བདེན་ཏེ་དེ་ཡང་སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་སྣང་བ་ལ་ལས་ཏེ། གང་གསུང་བར་འགྱུར་བ། བསོད་ནམས་དང་ཡེ་ཤེས་ཀྱི་སྤྲུལ་པ་ཞེས་པ་ལ་སོགས་པའོ། །སྐུ་ཞེས་པ་སྐུ་རྡོ་རྗེའོ། །དེ་ཁོ་ན་སྤྲུལ་པའི་སྐུ་ཞེས་རབ་དང་ཐབས་ཀྱི་བདག་ཉིད་དབྱིབས་


DTG013_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་རྣལ་འབྱོར་ཞེས་པའོ། །དབྱིབས་ཞེས་པ་རྣམ་དབྱེ་མེད་པའི་ཚིག་གོ །དེ་ཡང་ཐོགས་པ་མེད་པ་མཚན་དང་དཔེ་བྱད་འབར་བའོ། །འོ་ན་བཅོམ་ལྡན་འདས་ཀྱི་སྐུ་མཚན་ལ་སོགས་བས་བརྒྱན་པར་འགྱུར་མོད། ཐོགས་པ་མེད་པར་ནི་ཇི་ལྟར་ཏེ། གང་གི་ཕྱིར་ལྷས་བྱིན་གྱིས་སྒྱོགས་འཕངས་པའི་རྡོ་བས་མངོན་པར་སྣང་པ་ལས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐེ་བོང་ལ་ཚོར་བ་སྐྱེད་པ་ཉིད་དོ་ཞེ་ན་བདེན་མོད། འདི་ནི་སྤྲུལ་པའི་སྐུ་མ་ཡིན་གྱི་འོན་ཀྱང་སྤྲུལ་པའི་སྤྲུལ་པ་སྟེ། འདི་ཡང་ཚོར་བ་ནི་ལས་ཀྱི་མཐུ་ཕུལ་དུ་བྱུང་བ་བཤད་པའི་དོན་དུ་བསྟན་པ་ཉིད་དོ། །དེའི་ཕྱིར་སྤྲུལ་བའི་སྐུ་ནི་ཐོགས་པ་དང་བཅས་པ་མ་ཡིན་ཏེ། གང་གི་ཕྱིར་གཟུགས་ཀྱི་ཕུང་པོ་འགག་པའི་ཕྱིར་འདི་མི་སྲིད་དོ། །གང་ལེའུར་འདི་ཉིད་དུ་གསུང་བར་འགྱུར་བ། དེ་ཁོ་ན་ལྷན་ཅིག་སྐྱེས་པའི་སྐུ་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པས་རྣམ་པར་དག་པ་ཡེ་ཤེས་ཀྱི་རྡོ་རྗེ་ཀུན་མཁྱེན་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྣམ་པར་དག་པའི་རྣལ་འབྱོར་ཞེས་པའོ། །དེ་ཁོ་ན་ཆོས་ཀྱི་སྐུ་མཚན་མ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ་ཐུགས་རྡོ་རྗེ་ཡེ་ཤེས་ཀྱི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་ཆོས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །དེ་ཁོ་ན་ལོངས་སྤྱོད་རྫོགས་པའི་སྐུ་སྨོན་པ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ་གསུང་རྡོ་རྗེ་ཉིན་མོར་བྱེད་པའི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྔགས་ཀྱི་རྣལ་འབྱོར་ཞེས་བཤད་དོ། །དེ་ཁོ་ན་སྤྲུལ་བའི་སྐུ་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་བས་རྣམ་པར་དག་པ་སྐུ་རྡོ་རྗེ་པདྨའི་འདབ་མ་རྒྱས་པའི་སྤྱན་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དབྱིབས་ཀྱི་རྣལ་འབྱོར་ཞེས་བརྗོད་དོ་ཞེས་སོ། །འོ་ན་འགྱུར་བ་མེད་པ་སྙིང་རྗེར་འགྱུར་མོད། སྙིང་རྗེ་དང་ཡེ་ཤེས་འགྱུར་བ་མེད་པ་ཞེས་པའི་གསུངས་ལས་ཏེ། གཉིས་སུ་མེད་བ་དང་མི་ཟད་བ་དང་དྲི་མ་མེད་པ་རྣམས་ཀྱི་བྱམས་པ་དང་དགའ་བ་དང་བཏང་སྙོམས་ཤེས་པ་འདི་ལྟར་ཞེ་ན་བདེན་མོད། ཆོས་ཐམས་ཅད་རྣམ་པར་བརྟགས་པ་ལས་དང་སྒྲིབ་པ་མེད་པ་ཉིད་ལས། རྣམ་པར་ཐར་བ་དང་གནས་པ་བཞི་གཅིག་ཏུ་འདྲེས་པར་གྱུར་པ་གཉིས་སུ་མེད་པ་གསལ་བར་བྱས་ཏེ། ཇི་སྐད་དུ་སྟོང་པ་ཉིད་དང་མཚན་མ་མེད། །དེ་བཞིན་སྨོན་པ་མེད་དང་སླར། །མངོན་པར་འདུས་མ་བྱས་དེ་རྣམས། །རྣམ་


DTG013_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་ཐར་པ་བཞི་རུ་བསྒྲགས། །སྙིང་རྗེ་དེ་བཞིན་བྱམས་པ་དང༌། །དགའ་དང་དེ་བཞིན་བཏང་སྙོམས་ཏེ། །དེ་རྣམས་ཚངས་པའི་གནས་བཞི་སྟེ། །ཆོས་ཀུན་ཡོངས་སུ་བཏགས་པ་ལས། །སྒྲིབ་པ་མེད་པའི་ཆོས་ཀྱིས་ནི། །དེ་ཡི་གཉིས་མེད་བརྟགས་པའོ། །ཞེས་སོ། །གཉིས་སུ་མེད་པ་ནི་ཚིག་གསུམ་པོ་རྣམས་ཀྱིས་ཀྱང་ངོ་ཞེས་བའོ། །བསྒྲུབ་པར་བྱ་བའི་སྐུ་བཞི་རྣམས་ཀྱི་སྒྲུབ་པ་པོ་ཡང་སེམས་དཔའ་རྣམ་པ་བཞིའོ། །ཇི་སྐད་དུ། རྡོ་རྗེ་སེམས་དཔའ་ཞེས་པ་སྟེ། རྡོ་རྗེ་ནི་མི་ཕྱེད་པ་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅེས་པའོ། །སེམས་དཔའ་ནི་སྲིད་པ་གསུམ་ལ་གཅིག་པ་ཉིད་ཅེས་པ་སྟེ་ཤེས་བྱའོ། །འདི་དག་གཅིག་པ་ཉིད་མཆོག་ཏུ་མི་འགྱུར་བའོ། །ཆེན་པོའི་སྒྲས་འདིར་མཆོག་ཏུ་མི་འགྱུར་བ་སྟེ། དེ་ས་དང་ས་རྣམས་ཀྱིས་ཀྱང་རྫོགས་པའི་སེམས་དཔའ་གང་ཡིན་པ་དེ་སེམས་དཔའ་ཆེན་པོའོ། །བྱང་ཆུབ་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ལ་རྣམ་པར་གནས་པའི་སེམས་དཔའ་ནི་བྱང་ཆུབ་སེམས་དཔའོ། །དམ་ཚིག་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་འཛག་པ་མེད་པ་སེམས་དཔའི་སྒྲས་བརྗོད་དོ་ཞེས་བྱ་བ་དམ་ཚིག་སེམས་དཔའོ། །སེམས་དཔའ་བཞི་པོ་འདི་རྣམས་ཀྱང་རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཇི་སྐད་དུ། རྡོ་རྗེ་མི་ཕྱེད་ཅེས་པར་བཤད། །འདིར་ནི་དོན་ཆེན་བཅོམ་ལྡན་འདས། །སེམས་དཔའ་སྲིད་པ་གསུམ་གཅིག་ཉིད། །མཆོག་ཏུ་མི་འགྱུར་བར་བརྗོད་བྱ། །དེ་བཞིན་མཆོག་ཏུ་མི་འགྱུར་རྫོགས། །ས་རྣམས་ཀྱིས་ནི་ཡོངས་རྫོགས་པ། །འདོད་ཆགས་ཆེན་པོ་སེམས་དཔའ་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །བྱང་ཆུབ་ལ་གནས་སེམས་དཔའ་ནི། །བྱང་ཆུབ་སེམས་དཔའ་མི་གཡོ་ངེས། །ཉོན་མོངས་ལ་སོགས་ཞེ་སྡང་ཚོགས། །ཞེ་སྡང་ཆེན་པོ་སྒྲ་ཆེ་བ། །དམ་ཚིག་བདུད་རྩི་ཁུ་བ་སྟེ། །དེ་ཡི་འཛག་མེད་ཟ་བ་ནི། །དམ་ཚིག་སེམས་དཔའ་ཚུལ་འདི་ཡིས། །གཏི་མུག་བློ་ཡིས་གཏི་མུག་སེལ། །ཞེས་སོ། །སྒྲུབ་པ་པོ་བཞི་པོ་འདི་རྣམས་ཀྱི་ཡང་སྙིང་པོ་སྟོང་པ་ཉིད་ཀྱི་ཡེ་ཤེས་འགྱུར་བ་མེད་པ་ཞེས་བྱ་བ་སྒྲུབ་པར་བྱེད་པར་བཤད་དེ། ཇི་སྐད་དུ། དེ་ལྟར་སེམས་དཔའ་རྣམ་པ་བཞི། །སྐུ་རྣམས་ཀྱིས་ནི་སྒྲུབ་པོ་མཆོག །བཞི་པོ་རྣམས་ཀྱི་སྙིང་པོ་གང༌། །སྟོང་


DTG013_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་ཡེ་ཤེས་མི་འགྱུར་བའོ། །ཞེས་སོ། །བྱང་ཆུབ་ཀྱི་སེམས་སྔར་བརྗོད་པ་དེ་ཁོ་ན་ཁྱབ་བདག་སྟེ་ཁྱབ་པར་བྱེད་པའོ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་ཏེ། ཇི་ལྟར་བྱོན་པ་དེ་ལྟར་གཤེགས་པ་སྟེ། །ཇི་སྐད་དུ། རྩ་བའི་རྒྱུད་དུ་འགྱུར་བའི་ཚུལ་གྱིས་གཙུག་ཏོར་ནས། །གསང་བའི་པདྨར་ཇི་ལྟར་འོངས། །གསང་ལས་འགྱུར་མེད་བདེ་བས་ཀྱང༌། །གཙུག་ཏོར་པདྨར་དེ་བཞིན་གཤེགས། །ཞེས་སོ། །དེ་ཡང་དངོས་དང་དངོས་མེད་ཟད་པ་སྟེ། རྟག་པ་དང་ཆད་པ་ལས་ངེས་པར་གྲོལ་བའོ། །ཐོག་མ་ཐ་མ་མེད་ཅེས་ཐོག་མ་སྐྱེ་བ་དང་ཐ་མ་འཆི་བ་སྟེ་དེ་དག་གང་ལ་མེད་པའོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཞི་བ་ཞེས་པའོ། །དེ་ལྟར་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་རྣལ་འབྱོར་གྱིས་རྟོགས་པར་བྱ་བ་སྟོང་པ་ཆེན་པོ་ཡི་གེ་ལྔ་པ་བརྟེན་པ་བྱང་ཆུབ་ཀྱི་སེམས་འབྱུང་བ་ཐམས་ཅད་པ་དུས་གསུམ་གྱི་འཇིག་རྟེན་གྱི་སྤྱོད་པ་ལས་གྲོལ་བ་མཆོག་ཏུ་མི་འགྱུར་བ་ཟབ་ཅིང་རྒྱ་ཆེ་བའི་ངོ་བོ་རྡོ་རྗེར་རྒྱལ་བ་རྣམས་ཀྱིས་གང་གསུངས་པ་དེ་ཁོ་ན་རྒྱ་ཆེར་འགྲེལ་པ་མཛད་པ་སྟེ། དེ་དང་འདི་ཁོ་ན་མི་ཕྱེད་ཅེས་པ་ལ་སོགས་པའི་ཁྱད་པར་གྱི་ཚིག་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་ཐིག་ལེར་མངོན་པར་གསལ་བར་བྱས་ཏེ། མི་ཕྱེད་རྡོ་རྗེ་ཞེས་བཤད་པ། །ཡེ་ཤེས་ལྔ་ཡི་བདག་ཉིད་མཆོག །ནམ་མཁའ་ལྔ་ཡི་ནང་ཐིམ་པ། །རང་ཉིད་ནམ་མཁའ་ལྔ་ལྟ་བུ། །པདྨའི་སྙིང་པོའི་དབུས་གནས་པ། །ཐིག་ལེར་ཞེས་བྱ་བགྲོད་པ་སྤངས། །འཇིག་རྟེན་པ་མིན་ཀུན་དགའ་བྱེད། །མཆོག་གི་བདུད་རྩི་ཁྱད་འཕགས་པ། །རྣམ་པ་ཀུན་ལྡན་རྣམ་མེད་པ། །དེ་ནི་རྡོ་རྗེར་ཡོངས་སུ་བསྒྲགས། །ཞེས་སོ། །དཔལ་ལྡན་དྲི་མ་མེད་པའི་འོད་ཀྱི་རྒྱུད་ལ་འཇུག་པའི་བཤད་སྦྱར་མི་གཡོ་བའི་སྙིང་པོ་སྣང་བར་རྡོ་རྗེ་ལ་ཕྱག་འཚལ་བའི་ངེས་པ་སྟེ་དང་པོའོ།། །།

གཉིས་པ། རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་བའི་ངེས་པ།


DTG010_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་ཡེ་ཤེས་འགོག་པའི་མཚན་ཉིད་ཅན་ཏེ་ཡེ་ཤེས་གཞན་ནོ་ཞེས་པའི་གསུང་ལས་ཡེ་ཤེས་ཀྱི་ཁམས་དབང་པོ་རྣམས་དང་དེའི་རིགས་ཅན་རྣམས་ཀྱང་སྒྲིབ་པ་མེད་པ་ཉིད་ཅེས་པ་ཐིག་ལེ་སྟོང་པ་དྲུག་པ་ཡི་གེ་དྲུག་དང་རིགས་དྲུག་རྣམས་གཅིག་པ་ཐིག་ལེའི་ཁམས་ཆོས་ཐམས་ཅད་ཀྱི་གཞི་ཤེས་རབ་དང་


DTG013_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐབས་ཀྱི་རྣལ་འབྱོར་པ་རྣམ་བཞིའི་བདག་ཉིད་སྐུ་བཞི་དང་རྣམ་པ་བཅུ་དྲུག་གཅིག་ཏུ་འདྲེས་པར་གྱུར་པ། སད་པ་ལ་སོགས་པའི་གནས་སྐབས་འགོག་པའི་ཆོས་ཅན་རྡོ་རྗེ་བཞི་པོ་སྒྲིབ་པ་དང་བྲལ་བ་ཀུན་དུ་རྟོག་པ་ཐམས་ཅད་དང་བྲལ་བ་ཕྱག་རྒྱ་ཆེན་པོ་ལས་ཡང་དག་པར་སྐྱེས་པ་ཨེ་ཝཾ་གི་ཡི་གེ་ལྷན་ཅིག་སྐྱེས་པ་རྡོ་རྗེ་འཛིན་པ་ལ་ཚིགས་སུ་བཅད་པ་དྲུག་གིས་བསྟོད་པ་གསུངས་པ། སྤྲུལ་པ་ཞེས་པ་ལ་སོགས་པའོ། །ལྷན་ཅིག་སྐྱེས་པ་གཅིག་ཏུ་དེ་ཁོ་ན་སྐུ་བཞི་དང་དགའ་བ་བཞི་སྒྲིབ་པ་མེད་པའི་སྦྱོར་བ་ལས་རྣམ་པ་བཅུ་དྲུག་སྟེ་ཇི་སྐད་དུ། སྐུའི་དགའ་བ་འགོག་པ་ལས་སྤྲུལ་པའི་སྐུ་སྟེ་ཇི་སྲིད་དུ་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བར་དུའོ། །ཞེས་སོ། །སྦྱོར་བ་ནི་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་དོ། །དེའི་སྡོམ་པ་ནི་འདུས་པ་སྤྲུལ་པ་ལ་སོགས་པའི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྣམས་ཀྱིའོ་ཞེས་པའོ། །འོ་ན་སྐུ་བཞི་རྣམས་ནི་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ་རང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་ཅན་ཤིན་ཏུ་རབ་ཏུ་གྲགས་པ་སྟེ། དེ་ལྟར་ན་སྒྱུ་མ་ལྟ་བུའི་དབྱིབས་ཀྱི་བདག་ཉིད་སྤྲུལ་པའི་སྐུས་མཐའ་ཡས་པའི་རྫུ་འཕྲུལ་གྱིས་སེམས་ཅན་འདུན་པར་བྱེད། འདུན་པར་བྱས་པའི་སེམས་ཅན་རྣམས་ལ་རང་རང་གི་མོས་པ་ལས་སྣ་ཚོགས་པའི་སྐད་ཀྱིས་བདག་ཉིད་ལ་ལོངས་སྤྱོད་རྫོགས་པའི་སྐུས་ཆོས་སྟོན་ཏོ། །ཆོས་བསྟན་པའི་སེམས་ཅན་རྣམས་ཀྱི་ཕུང་པོ་དྲུག་གི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་མཚན་ཉིད་ཅན་ཆོས་ཀྱི་སྐུ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་དང་བྲལ་བས། རྣམ་པར་རྟོག་པའི་བག་ཆགས་ཀྱི་དྲི་མ་སྦྱོར་བར་བྱེད་པ་རྣམ་པར་རྟོག་པའི་བག་ཆགས་ཀྱི་དྲི་མ་དག་པ་རྣམས་ཀྱང་ལྷན་ཅིག་སྐྱེས་པའི་སྐུ་མཆོག་ཏུ་མི་འགྱུར་བའི་བདེ་བ་ནི་མཚན་ཉིད་ཅན་སེམས་ཅན་དང་ཐུན་མོང་མ་ཡིན་པ་འབྲས་བུའི་ངོ་བོ་ཐོབ་པར་བྱེད་པ་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ་བྱེད་པ་ཞེས་པས་སྐུ་བཞི་ལ་བརྟེན་མོད། །རྣམ་པ་བཅུ་དྲུག་སོ་སོར་སྣང་བ་ཇི་ལྟར་ཞེ་ན། བདེན་མོད་ཀུན་འབྱུང་གི་བདེན་པ་ལ་བརྟེན་ནས་བརྗོད་པ་སྟེ། གང་ན་གཅིག་ཡོད་པ་དེར་བཞི་རྣམ་སོ་ཞེས་པས་སྐྱོན་མེད་དོ། །ཡེ་ཤེས་ཀྱི་ལེའུར་གསུངས་པ། འདོད་པ་སྤྲུལ་པའི་སྐུར་ནི་


DTG013_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ངེས་པར་རབ་ཏུ་འགྱུར་ཏེ། གང་བདག་ནི་དེ་ཡི་གསུང་ཉིད་དོ། །འབར་བ་སྤྲུལ་པའི་ཐུགས་ཏེ་འདི་ནི་མཆོག་གི་བདེ་བ་བྱེད་པའི་ཡེ་ཤེས་དག་ནི་ཨོཌྜཱ་ཉིད། །དགའ་བ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་མཆོག་དགའ་དང་བཅས་ཁྱད་པར་དགའ་བའི་རིམ་པ་འདི་ཡིས་ནི། །གསུང་དང་ཐུགས་སོ་ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་ནི་བདེ་འབྱུང་འདི་ཡིས་ཡེ་ཤེས་རྡོ་རྗེར་འགྱུར། །འདར་བ་ཉིད་ནི་སྲིད་པ་གསུམ་གྱིས་བཏུད་པ་ཆོས་ཀྱི་སྐུ་སྟེ་འབྱུང་བ་དེ་ཡི་གསུང་དུ་འགྱུར། །གཉིད་ཡུར་ཉིད་ནི་ཆོས་ཀྱི་ཐུགས་ཏེ་གཉིད་ནི་འདི་ཉིད་ཁོ་ནའི་ཡེ་ཤེས་སྲིད་པའི་འཇིགས་འཇོམས་སོ། །ཡི་གེ་ཉིད་ནི་དག་པའི་སྐུ་སྟེ་རང་བཞིན་ཕན་པའི་ཆ་དང་ཐིག་ལེ་ནཱ་ད་རིམ་པ་ཡིས། །བདེ་འབྱུང་དག་པའི་སྐུ་ཡི་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམ་གསུམ་སྲིད་པར་གནས་པའོ། །ཞེས་སོ། །ཕྱག་རྒྱ་ཆེན་པོ་ཐིག་ལེར་ཡང༌། །སྐུ་དང་དགའ་བ་འདར་བ་དང༌། །ཞུ་དང་ཀུན་དགའ་དེ་བཞིན་ནོ། །ཞེས་ནི་རྣལ་འབྱོར་དང་པོ་སྟེ། །འདོད་པའི་དགའ་བའི་ངེས་པའོ། །གང་བ་དགའ་བ་དེ་བཞིན་དུ། །བརྟན་ཉིད་འབྱུང་བ་མཆོག་དེ་བཞིན། །ཞེས་འདི་རྣལ་འབྱོར་གཉིས་པ་སྟེ། །མཆོག་ཏུ་དགའ་བའི་ངེས་པའོ། །འབར་དང་དགའ་བ་ཐིག་ལེ་དང༌། །གཉིད་ཡུར་ཞེས་ཁྱད་པར་དེ་བཞིན། །ཞེས་འདི་རྣལ་འབྱོར་གསུམ་པ་སྟེ། །ཁྱད་པར་དགའ་བའི་ངེས་པའོ། །ཨོཌྜཱ་དགའ་བ་ནཱ་ད་དང༌། །རང་བཞིན་ལྷན་སྐྱེས་དེ་བཞིན་ནོ། །ཞེས་འདི་རྣལ་འབྱོར་བཞི་པར་བཤད། །ལྷན་སྐྱེས་ཞེས་པའི་ངེས་པའོ། །དགའ་བ་བཅུ་དྲུག་བྱེ་བྲག་གིས། །བཞི་པོ་གསལ་བར་བྱེད་པ་ཉིད། །དེ་ཕྱིར་ཐིག་ལེ་རིམ་པས་འདིའི། །གཙོ་བོར་ཐམས་ཅད་སླར་ཡང་ངེས། །འདོད་པ་དགའ་བ་དེར་རྣམས་ཤེས། །རོ་ནི་གང་ཕྱིར་ཤེས་རབ་སྐྱེས། །དེ་ཕྱིར་རང་གི་ཡིད་ཀྱང་ནི། །འཁྱུད་པར་མཐོང་ནས་གྲོལ་མི་འགྱུར། །གང་ཚེ་བཅོམ་ལྡན་ཤེས་རབ་མ། །ཆགས་པ་ཆེན་པོས་གང་བ་ཉིད། །ཐོབ་པ་དེ་ཚེ་རང་ཉིད་ནི། །དབྱེར་མེད་གང་བ་ལས་མཆོག་གོ །དེ་ཕྱིར་རྟག་བ་ཡང་དག་པར། །ཕྱི་བཅས་ནང་ནི་ཡུན་རིང་བར། །འབར་བར་བྱེད་པ་མཆོག་དགའ་སྟེ། །དེ་ཚེ་སྤྱི་བོ་ནས་འཇུ་བའོ། །འབར་བ་ཐིག་ལེ་གསལ་འགྱུར་བ། །ཁྱད་པར་དགའ་བའི་མཚན་ཉིད་དོ། །སླར་ཡང་གང་ཚེ་ལྷ་མོ་ནི། །རང་གི་བདེ་བས་ཡིད་འཁྲུགས་པས། །ཡང་དག་ཕུན་ཚོགས་དེ་


DTG013_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡི་ཚེ། །དེ་ནི་ཨོཌྜཱར་འགུགས་པར་བྱེད། །དེ་ཡིས་བཞི་པ་རྣམས་གསལ་ཏེ། །ལྷན་སྐྱེས་དགའ་བའི་མཚན་ཉིད་དོ། །དེ་ཡང་ཨོཌྜཱར་བཀུག་རྣམས་ཀྱིས། །ཐིག་ལེའི་གཙོ་བོ་མཐར་གནས་ཏེ། །ཐིག་ལེ་དགའ་བ་སོགས་དབྱེ་བས། །ལྷན་སྐྱེས་ཉིད་དོ་གཞན་པ་མེད། །གང་ཞིག་སེམས་ཀྱི་རང་བཞིན་ཞེས། །དེ་ཕྱིར་ཀུན་དུ་གནས་པའོ། །ཞེས་སོ། །འོ་ན་འདི་ལྟ་བུར་གྱུར་པའི་ལྷན་ཅིག་སྐྱེས་པ་སེམས་ཅན་ཐམས་ཅད་ལ་ཡོད་པ་ཉིད་པས་སངས་རྒྱས་ཉིད་ཡོངས་སུ་ཚོལ་བ་དགོས་པ་མེད་དོ་ཞེ་ན། དེའི་ཕྱིར་གསུངས་པ་སད་པ་ཞེས་པ་ལ་སོགས་པའོ། །རྣམ་པར་རྟོག་པ་དུ་མའི་དངོས་པོའི་འདུ་ཤེས་སད་པའི་སེམས་ཀྱིས་དངོས་པོ་མེད་པའི་སེམས་ནི་སྤྲུལ་པའི་སྐུ་པདྨའི་འདབ་མ་རྒྱས་པའི་སྤྱན་ཅན་ཞེས་པའོ། །སྲོག་གི་སྐྱེས་པ་ཡོད་པ་དང་མེད་པ་རྨི་ལམ་གྱི་སེམས་མེད་པའི་སེམས་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཉིན་མོར་བྱེད་པའི་སྐུ་ཅན་ཞེས་པའོ། །མུན་པས་ཟིལ་གྱིས་མནན་པ་ཤིན་ཏུ་གཉིད་ལོག་པའི་སེམས་མེད་པའི་སེམས་ནི་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་སྐུ་ཞེས་པའོ། །བཟློག་པར་དཀའ་བའི་འདོད་ཆགས་ཀྱི་དྲི་མས་གོས་པ་དབང་པོ་གཉིས་ཀྱིས་བདག་ཉིད་བཞི་བའི་སེམས་མེད་པའི་སེམས་ནི་ངོ་བོ་ཉིད་ཀྱི་སྐུ་ཐམས་ཅད་མཁྱེན་པ་ཞེས་པ་སྟེ། སྐུ་བཞིའི་སྒྲིབ་པ་རབ་ཏུ་སྤངས་པའོ། །ཡེ་ཤེས་ཀྱི་གནས་འགྱུར་བའི་བདེ་བའི་གཞིར་གནས་པ་ཡང་མ་ཡིན་ཏེ། ཨ་ཝ་དྷཱུ་ཏཱིར་དབུགས་འབབ་པ་མེད་པའི་ཕྱིར་རོ། །དཀྱིལ་འཁོར་ལྔ་འགོག་པའི་བདག་ཉིད་ཡེ་ཤེས་ལྔ་སྐྱེས་པའི་ཕྱིར་སེམས་ཀྱི་གནས་ཉིད་དུ་གཉིད་ལོག་པའི་གཞིར་དང་འཕོ་བ་བཅུ་གཉིས་འགགས་པའི་ཕྱིར་ངག་གི་གནས་རང་དང་གཞན་གྱི་གཞིར་དང༌། ཆ་བཅུ་དྲུག་གི་སྒྲིབ་པ་ཟད་པའི་ཕྱིར་ལུས་ཀྱི་གནས་སད་པའི་གཞིར་ལྷན་ཅིག་སྐྱེས་པ་གནས་པ་ཡང་མ་ཡིན་ནོ། །འབྲས་བུ་དང་རྒྱུའི་འབྲེལ་པ་ཡང་མ་ཡིན་ཏེ། ཇི་སྐད་དུ། ལས་ཀྱི་ཕྱག་རྒྱ་ཡོངས་འདོར་ཞིང༌། །ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས། །ཞེས་སོ། །ལས་ཀྱི་ཕྱག་རྒྱ་ནི་ནུ་མ་དང་སྐྲར་ལྡན་པ་འདོད་པའི་ཁམས་ཀྱི་བདེ་བའི་རྒྱུའོ། །ལས་ནི་འོ་བྱེད་པ་དང་འཁྱུད་པ་དང༌། གསང་བར་རེག་པ་དང༌། རྡོ་རྗེ་བསྐྱོད་པ་ལ་སོགས་པ་བྱ་བའི་བདག་ཉིད་ཅན་ནོ། །ངེས་ཉེ་བར་མཚོན་


DTG013_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཕྱག་རྒྱ་རྟོགས་པའི་རྒྱུའོ། །རྟོགས་པ་ནི་འདིར་འགྱུར་བའི་བདེ་བའི་མཚན་ཉིད་དོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པ་དང༌། སྔོན་རྗེས་སུ་མྱོང་བ་ཞེས་པ་ཇི་སྲིད་པ་སྟེ། གཟུགས་ཀྱི་ཁམས་ཀྱི་བདེ་བའི་རྒྱུའོ། །ཡེ་ཤེས་ནི་སྔོན་དགོད་དགོད་པ་དང་རྩེ་རྩེ་བ་ལ་སོགས་པ་བསྒོམ་པའི་མཚན་ཉིད་ཅན་ནོ། །རྟོགས་པ་ནི་འདིར་གཡོ་བའི་བདེ་བའི་མཚན་ཉིད་ཅན་ནོ། །འདི་ཉིད་ཁོ་ན་མིའི་ཕྱུགས་དཔེ་ཙམ་ལ་མངོན་པར་ཞེན་པར་འགྱུར་བའི་བདེ་བའི་བག་ཆགས་ལ་མངོན་པར་དགའ་བ་རྣམས་ཀྱིས་ལྷན་ཅིག་སྐྱེས་པའི་བདེ་བས་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བ་པོ་བརྗོད་དོ། །དེའི་ཕྱིར་དེ་དགག་པའི་དོན་དུ་འདི་གསུངས་སོ་ཞེས་པའོ། །གལ་ཏེ་དེ་ལྟར་ན་གང་ལས་འདི་སྐྱེ་བར་འགྱུར་ཞེ་ན། གསུངས་པ། ཕྱག་རྒྱ་ཆེ་ལས་ཡང་དག་སྐྱེས། །ལྷན་སྐྱེས་གཞན་དང་འགྲོགས་པ་མིན། །ཞེས་སོ། །ཆེན་པོ་ཡང་འདི་ཡིན་ལ་ཕྱག་རྒྱ་ཡང་སྟེ། འདིའི་ཆེན་པོ་ཉིད་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་ཡིན་པ་ཉིད་དེ་ཉིད་ཚེ་བ་ཉིད་ནི་མ་ཡིན་ནོ། །འདིས་བྱང་ཆུབ་ཀྱི་སེམས་རྡོ་རྗེས་རྒྱས་འདེབས་པར་བྱེད་པས་ཕྱག་རྒྱ་སྟེ། རྟོགས་པ་ནི་འདིར་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་དང་བྲལ་བ་དུ་བ་ལ་སོགས་པ་སྔོན་མ་ཅན་རང་གི་སེམས་ཀྱིས་སོ་སོར་སྣང་བ་རྣལ་འབྱོར་པས་རྟོག་པར་བྱ་བ་པྲ་ཕབ་པ་ལྟ་བུའོ་ཞེས་པའོ། །འོ་ན་རྒྱུ་དང་འབྲས་བུའི་དངོས་པོ་འབྲེལ་པ་ཉིད་ལྷན་ཅིག་སྐྱེས་པར་འགྱུར་ལ་དེ་ལ་དེ་ཡང་སྐྱེ་བོ་ཐམས་ཅད་ཀྱིས་བདེ་བ་ཆེན་པོ་ཉིད་དུ་ཡང་དག་པར་མྱོང་ཞིང་རྗེས་སུ་མྱངས་པ་ཡང་ཡིན་ནོ་ཞེ་ན་མ་ཡིན་ཏེ། དེ་ནི་བདེ་བའི་འཁོར་བ་བའི་བདེ་བ་ཉིད་ཀྱི་ཕྱིར་དང༌། ཧ་ཅང་ཐལ་བའི་སྐྱོན་དུ་འགྱུར་བ་ཉིད་ཀྱི་ཕྱིར་ཅིས་ན་ལྷན་ཅིག་སྐྱེས་པའི་བདེ་བ་ཉིད་ཡིན་ཞེས་པའོ། །རང་གི་ལྟ་བའི་འདོད་པ་མདོར་བསྟན་པར་གསུངས་པ། དབང་སྐྱེས་བདེ་བ་དེ་ཉིད་དུ། །ཐ་ཤལ་མི་རྣམས་སྨྲ་བར་བྱེད། །བདེ་བ་ཆེན་པོ་འདི་ཉིད་དུ། རྒྱལ་བ་མཆོག་རྣམས་གསུངས་མ་ཡིན། །རྟེན་ཅིང་འབྲེལ་འབྱུང་ལས་བྱུང་བ། །གལ་ཏེ་བདེ་བ་ཆེར་འགྱུར་ན། །གཡན་པ་ཕྲུག་པ་ལས་བྱུང་དེ། །ཇི་ལྟར་བདེ་བ་ཆེན་པོ་མིན། །ལས་ཀྱི་ཕྱག་རྒྱ་གཡོ་ཅན་གདུག །ཡེ་ཤེས་ཕྱག་རྒྱ་དེ་བཞིན་ཏེ། །རྣམ་པར་རྟོག་མང་དོར་བྱས་ནས། །ཕྱག་རྒྱ་ཆེན་


DTG013_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་བརྟེན་པར་བྱོས། །ཕྱག་རྒྱ་ཆེ་དང་རབ་འགྲོགས་པས། །སངས་རྒྱས་རྣམས་ཀྱི་མི་འགྱུར་བདེ། །འཇིག་རྟེན་གསུམ་སྤྱོད་ལས་གྲོལ་བ། །ཇི་ལྟར་དབང་པོ་ལས་སྐྱེས་འགྱུར། །ཞེས་སོ། །འོ་ན་ཕྱག་རྒྱ་ཆེན་པོ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་ལྷན་ཅིག་སྐྱེས་པ་དང་རྒྱུ་དང་བཅས་པ་ཉིད་ལ་ཕྱག་རྒྱ་ཆེན་པོ་ཡང་རྒྱུ་ཉིད་དོ། །དེ་ལྟན་ནི་གཉིས་ཀ་ཡང་རྒྱུ་དང་འབྲས་བུ་ལས་མ་འདས་སོ། །དེའི་ཕྱིར་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱར་འགྱུར་མོད། །ཕྱག་རྒྱ་ཆེན་པོ་ཡང་ངོ་ཞེས་པས་ཁྱད་པར་ཅི་ཞེ་ན་བདེན་ཏེ་ཕྱག་རྒྱ་ཆེན་པོ་ནི་པྲ་ཕབ་པའི་རང་བཞིན་ཅན་ནོ་ཞེས་པ་འདིའི་ཕྱིར་ཕྱག་རྒྱ་ཆེན་པོ་རྒྱུ་ལས་སྐྱེས་པ་ཉིད་མ་ཡིན་ལ། ཕྱག་རྒྱ་ཆེན་པོ་ལས་སྐྱེས་པ་ལྷན་ཅིག་སྐྱེས་པར་འདོད་ཅིང༌། རྒྱུ་ལས་སྐྱེས་པ་ནི་མ་ཡིན་ཏེ། གང་གི་ཕྱིར་རྒྱུ་ཕྱག་རྒྱ་ཆེན་པོ་མ་སྐྱེས་པ་ཉིད་ཀྱི་ཕྱིར་འབྲས་བུ་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ཡང་ཇི་ལྟར་འདིར་རྒྱུ་ལས་སྐྱེས་པར་འགྱུར་བར་འོས་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་མེད་པའི་ཕྱིར་ཕན་ཚུན་གྱི་ཕྱག་རྒྱ་ཡང་སྲིད་པ་མ་ཡིན་ཏེ། འདིར་ནི་ཤེས་རབ་ཀྱི་གཟུགས་བརྙན་ཕན་ཚུན་རྒྱས་བཏབ་པར་དེའི་ཚེ་འགྱུར་ཏེ་གལ་ཏེ་སྐྱེ་བ་དང་འཇིག་པའི་མཚན་ཉིད་ཅན་དུ་འགྱུར་ནའོ། །འདི་ཁོ་ན་ཅིའི་ཕྱིར་མི་འགྱུར་ཞེན་བརྗོད་པར་བྱ་སྟེ། དངོས་པོ་མེད་པ་ལས་བྱུང་བའི་མཚན་ཉིད་ཅན་ཉིད་ཀྱི་ཕྱིར་ཤེས་རབ་འདིའི་གཟུགས་བརྙན་ཇི་ལྟར་སྐྱེ་བ་ཡིན། ཤེས་བྱ་མ་ལུས་པ་མཐོང་བའི་ཕྱིར་ཇི་ལྟར་འཇིགས་པ་ཡིན་ཞེས་པའོ། །གང་ཡང་ཤེས་བྱ་མ་ལུས་པ་མཐོང་བ་དེའི་ཕྱིར་ཕྱི་རོལ་གྱི་ངོ་བོ་ལས་མ་ཡིན་ལ་དེའི་ཕྱིར། རང་ཉིད་བདག་ཉིད་ལ་བྱ་བ་འགལ་བའི་ཕྱིར། ཅི་ལས་ཕན་ཚུན་རྒྱས་བཏབ་པར་འགྱུར་ཞེས་པའོ། །གལ་ཏེ་དེ་ལྟར་ན་ཕྱག་རྒྱ་ཆེན་པོ་མ་སྐྱེས་པ་ཉིད་ཀྱི་ཕྱིར་འབྲས་བུ་ཡང་མི་སྲིད་པས་ཆོས་མ་སྐྱེས་པ་འགའ་ཞིག་གི་ཡང་འབྲས་བུ་ཅི་ཡང་སུས་ཀྱང་ཉམས་སུ་མྱོང་བ་མེད་དོ་ཞེ་ན། བདེན་མོད་ཇི་ལྟར་མ་སྐྱེས་པ་མོ་གཤམ་གྱི་བུ་མོ་དང་རྨི་ལམ་གྱི་དུས་སུ་ཡང་དག་པར་སྦྱོར་བ་ན་བདེ་བ་ཉམས་སུ་མྱོང་བར་འགྱུར་བ་དེ་དང་འདྲ་བ་ནམ་མཁའ་ལས་བྱུང་བའི་གཟུགས་བསྟེན་པ་ལས་འབྲས་བུའི་ངོ་བོ་ལྷན་ཅིག་སྐྱེས་པའི་བདེ་བ་རྣལ་འབྱོར་པ་རྣམས་ཀྱིས་རང་རིག་པར་འགྱུར་བ་


DTG013_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་དོ། །ཤེས་རབ་དང་ཐབས་ཀྱི་དབང་པོ་ལས་མ་སྐྱེས་པ་ཕྱག་རྒྱ་ཆེན་པོ་ལས་སྐྱེས་པ་ནམ་མཁའ་ལྟ་བུ་སྒྲིབ་པ་སྤངས་པ། འབྱུང་པོ་ཐམས་ཅད་ལ་གནས་པ་ནི་དེ་ཁོ་ན་ཉིད་མ་རིག་པ་རྣམས་ཀྱིས་རིག་པར་བྱ་བ་ནི་མ་ཡིན་ནོ་ཞེས་པའོ། །དབང་མདོར་བསྟན་པར་གསུངས་པ། །ཤེས་རབ་རྒྱུ་ལས་མ་བྱུང་ཞིང༌། །ཤེས་རབ་རྒྱུ་ལས་བྱུང་བ་འབྲས། །ཤེས་རབ་རྒྱུ་ལས་མ་སྐྱེས་ཕྱིར། །ཤེས་རབ་ལས་སྐྱེས་རྒྱུས་སྐྱེས་མིན། །ཞེས་རྒྱས་པར་རོ། །གལ་ཏེ་དེ་ལྟར་ན་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་འདིའི་རྒྱུད་འགྱུར་རོ་ཞེ་ན། གསུངས་པ། རྣམ་རྟོག་ཅེས་པའོ། །རྣམ་རྟོག་བསྒོམ་པ་ནི་ཟླ་བ་དང༌། ཉི་མ་དང༌། རྡོ་རྗེ་ཡོངས་སུ་གྱུར་པ་ལ་སོགས་པའི་དཀྱིལ་འཁོར་བསྒོམ་པ་ཡིན་ལ། དེ་ལས་འདས་པ་ནི་ཤིན་ཏུ་རྒལ་བ་སྟེ། ནམ་མཁའ་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ། །རྒྱུ་དང་འབྲས་བུ་མེད་པའི་ཕྱིར། །ཕྱག་རྒྱ་ཆེན་པོ་མི་འགྱུར་བ་ཤེས་རབ་ཡེ་ཤེས་སོ། །ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་འགག་པའི་ཕྱིར་བདེ་བ་དབང་པོ་མེད་པའོ། །གཟུང་བ་ནི་ཕྱི་རོལ་གྱི་ཤེས་བྱ་ཡིན་ལ་དེ་རྣམ་པར་སྤངས་པ་སྟེ། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །ཕྱི་རོལ་གྱི་ཤེས་བྱ་མེད་པའི་ཕྱིར་དེའི་འཛིན་པ་པོ་རྣམ་པར་རྟོག་པའི་ཕྱིར་འཛིན་པ་རྣམ་པར་སྤངས་པའོ། །དེ་ཉིད་ཀྱི་ཕྱིར་བསྒོམ་པར་བྱ་བ་དང༌། སྒོམ་པ་པོའི་རྣལ་འབྱོར་མེད་པས་ན་དབྱིབས་ནི་མཚན་དང་དཔེ་བྱད་ལ་སོགས་པས་བརྒྱན་པའི་སྐུ་ཡིན་ལ་དེ་ལས་ཀྱང་ངོ༌། །བསྒོམ་པ་དང་བྲལ་བའི་ཕྱིར་རྟོག་པ་ནི་བརྟགས་པ་སྟེ། དེ་ཡང་སྐད་ཅིག་གི་རྣམ་པས་ཡོངས་སུ་རྫོགས་པའི་ལྷ་ལ་སོགས་པའི་མཚན་ཉིད་ཅན་ནོ། །ངག་འདས་པའི་ཕྱིར་ན་བརྗོད་པ་ནི་ངག་གི་བྱ་བ་ཡིན་ལ་དེ་རྣམས་ཀྱིས་རྣམ་པར་སྤངས་པའོ་ཞེས་པའོ། །འོ་ན་དེ་ལྟར་སྒྲིབ་པ་ཐམས་ཅད་སྤངས་པ་ལྷན་ཅིག་སྐྱེས་པའི་བདེ་བ་ནི་ཅིའི་མཚན་ཉིད་ཅན་དུ་འགྱུར། དཔེ་ཐམས་ཅད་ལས་འདས་པ་མཚན་ཉིད་མེད་པ་ནི་ཤེས་པར་ནུས་པ་ཡང་མ་ཡིན་ནོ་ཞེ་ན་གསུངས་པ་དྲི་ཟའི་ཞེས་སོ། །དྲི་ཟའི་གྲོང་ཁྱེར་ནི་འཕྲོག་བྱེད་ཟླ་བའི་གྲོང་ཉིད་དུ་རབ་ཏུ་གྲགས་སོ། །དེ་ཡང་རེས་འགའ་འགའ་ཞིག་ཏུ་རྡུལ་དང་ཁུག་རྣ་དང་དུ་བས་འཁྲུགས་པའི་རིའི་མཐའི་ཕྱོགས་ལ་


DTG013_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པར་སོ་སོར་སྣང་བའོ། །གང་གི་རྣམ་པ་དྲི་ཟའི་གྲོང་ཁྱེར་གྱི་རྣམ་པ་དང་འདྲ་བའོ་ཞེས་པ་སྟེ་སྐྱེ་བོ་ཐམས་ཅད་པའི་མཚན་ཉིད་གསུངས་སོ། །པྲ་ཕབ་པ་ནི་ཁམས་གསུམ་གྱི་དོན་ཀུན་ནས་མཐོང་བའི་མཚན་ཉིད་ཅན་ནོ། །དེའི་རང་བཞིན་དང་འདྲ་བར་གང་གི་རང་བཞིན་ཡིན་ཞེས་པ་སྟེ། རྣལ་འབྱོར་ལས་བྱུང་བའི་མཚན་ཉིད་གསུངས་སོ། །ཇི་སྐད་དུ། ཇི་ལྟར་པྲ་ཕབ་མེ་ལོང་ལ། །གཞོན་ནུ་མས་མཐོང་གཞི་མེད་སྐྱེས། །དེ་བཞིན་འདས་དང་མ་འོངས་ཆོས། །མཁའ་ལ་དེ་ཉིད་རྣལ་འབྱོར་པས། །གལ་ཏེ་ཡོད་པའི་གཟུགས་མཐོང་ན། །གང་གི་གདོང་བ་ཅིས་མི་མཐོང༌། །གལ་ཏེ་མེད་པའི་གཟུགས་མཐོང་ན། །རི་བོང་རྭ་ནི་ཇི་ལྟར་མིན། །གཞན་གྱི་མིག་གིས་མི་མཐོང་ཞིང༌། །རང་གི་མིག་གིས་མཐོང་མིན་པ། །སྐྱེ་བ་མེད་པ་མཐོང་བ་ནི། །གཞོན་ནུ་མ་ཡི་བུ་ཇི་བཞིན། །ཞེས་ཏེ་མཚན་ཉིད་གཉིས་སུ་ཀུན་རྫོབ་ཏུའོ། །བཟློག་པས་ནི་མཚན་ཉིད་མེད་པ་ཁོ་ན་སྟེ། རང་རིག་པར་བྱ་བ་ནི་འདི་ནི་བསྟན་པར་བྱ་བ་དང་སྟོན་པ་པོ་དང་སྟོན་པ་ལས་འདས་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །ཕྱག་རྒྱ་ཆེན་པོ་ཐིག་ལེར་ཡང༌། །ཀུན་རྫོབ་རྣམ་པའི་གཟུགས་ཀྱིས་ནི། །ཆུ་ཐིགས་བཞིན་དུ་ཡང་དག་གནས། །དམ་པའི་དོན་དུ་བལྟ་བྱ་མིན། །བལྟ་མིན་མ་ཡིན་གཉིས་ཀའང་མིན། །རང་གི་རིག་བྱ་མཆོག་ཞི་བ། །དངོས་དང་དངོས་མེད་ཟད་པར་བྱེད། །དེ་ཉིད་ཆེན་པོ་མཆོག་འདི་ནི། །དངོས་དང་དངོས་མེད་བདག་ཉིད་ཞི། །ཞེས་སོ། །འོ་ན་དེ་བཞིན་གཤེགས་པས་གསུངས་པ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་མེད་ན། དབང་པོ་གཉིས་སྦྱོར་བ་དང་བྲལ་བར་ཤེས་རབ་ཡེ་ཤེས་རང་རིག་པར་བྱ་བར་མི་འགྱུར་ཏེ། འཕོ་བ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་མ་ཡིན་ནམ། ཇི་ལྟར་རྣལ་འབྱོར་རང་གི་སེམས་ཀྱི་སྣང་བ་ལ་རང་གི་སེམས་ཀྱི་རྗེས་སུ་འབྲེལ་པར་བྱས་ནས་རང་གི་སེམས་སྒྲིབ་པ་མེད་པར་བྱེད་ཅིང་འགྱུར་བ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བར་བྱེད་དེ། རྡུལ་ཕྲ་རབ་ཚོགས་པའི་ལུས་མེད་པའི་ཕྱིར་རོ། །འདི་ཉིད་ནི་ཕྱིན་ཅི་ལོག་པ་སྟེ་ལྷས་སྦྱིན་བདག་ཉིད་ཀྱི་ཕྲག་པ་ལ་ཞོན་ནས་གྲོང་ཁྱེར་དུ་འགྲོའོ་ཞེས་པའི་ངག་བཞིན་ཞེས་འདིར་འགའ་ཞིག་གི་བསམ་པ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བརྗོད་


DTG013_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱའོ། །འདིར་གང་རྨོངས་པ་རྣམས་ཀྱི་བརྗོད་པར་བྱ་བ་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཅན་ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་རྣམས་མེད་པར་སེམས་ཙམ་གྱིས་ཤེས་རབ་ཡེ་ཤེས་རང་རིག་པར་བྱ་བར་མི་འགྱུར་རོ་ཞེས་པ་དེ་མ་ཡིན་ཏེ། གང་གི་ཕྱིར་ཞེ་ན་གློ་བུར་བའི་སེམས་ཀྱི་བག་ཆགས་ཀྱི་དབང་ལས་སོ། །འདིར་ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་ཅེས་པ་སེམས་ཀྱི་བག་ཆགས་གློ་བུར་བ་སྟེ། དེའི་དྲིན་གྱིས་སེམས་ལ་བདེ་བ་དང་སྡུག་བསྔལ་གྱི་སེམས་ཀྱི་བག་ཆགས་འཇུག་གི་དོན་དམ་པར་རྣམ་པར་དཔྱད་ན་ལུས་འདི་ལ་ཉེ་བར་འཚེ་བ་ཕྲ་མོས་ནི་མ་ཡིན་ནོ་ཞེས་པའོ། །འདིར་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ལུས་ནི་རྨི་ལམ་གྱི་གནས་སྐབས་ན་ཀུན་ནས་ལྷུང་སྟེ་གནས་ལ་འདི་ལ་ཉེ་བར་འཚེ་བ་ཆུང་ངུ་ཅུང་ཟད་ཡོད་པ་མ་ཡིན་ནོ། །གང་གི་སེམས་ལ་སྡུག་བསྔལ་རབ་ཏུ་འཇུག་པ་འདིར་འཇིག་རྟེན་པ་རྣམས་ལ་རབ་ཏུ་གྲགས་པ་སྟེ། གནས་སྐབས་དེ་ཉིད་དུ་སེམས་ཀྱི་བག་ཆགས་ཀྱི་བདག་ཉིད་ཀྱི་ལུས་གཞན་རྡུལ་ཕྲ་རབ་ཚོགས་དང་བྲལ་བ་ཡུལ་གཞན་དུ་འགྲོ་བར་སོ་སོར་སྣང་བ་སྟེ་དེ་ཡུལ་གཞན་དུ་སོང་བའི་ལུས་ལ་ཆོམ་རྐུན་ལ་སོགས་པ་རྣམས་ཀྱིས་གནོད་པ་བྱས་པར་གྱུར་པ་ན་ཉེ་བར་འཚེ་བ་དེས་སེམས་ལ་སྡུག་བསྔལ་རབ་ཏུ་འཇུག་གོ །སྡུག་བསྔལ་དེས་དུའོ། །དེ་འདི་རྨད་དུ་བྱུང་བ་ཆེན་པོ་སྟེ་ལུས་མེད་ཅིང་ཆོམ་རྐུན་ལ་སོགས་པ་རྣམས་མེད་པར་སེམས་ལ་རང་གིས་རིག་པར་བྱ་བའི་སྡུག་བསྔལ་འཇུག་པའོ། །དེ་བཞིན་དུ་རྨི་ལམ་དུ་འདོད་པ་ཆེན་པོ་ཉེ་བར་ལོངས་སྤྱད་པ་རྣམས་ཀྱི་སེམས་ལ་བདེ་བ་རབ་ཏུ་འཇུག་གོ །དེ་ཁོ་ན་ངོ་མཚར་བ་སྟེ། ལུས་མེད་ཅིང་འདོད་པ་ལོངས་སྤྱོད་པ་རྣམས་མེད་པར་ཡང་རང་རིག་པར་བྱ་བ་བདེ་བའི་ཤེས་པ་སེམས་ཅན་རྣམས་ཀྱི་སེམས་ལ་རབ་ཏུ་འཇུག་པའོ། །ཉི་ཚེ་བའི་ཤེས་པ་དེ་ཉིད་ཀྱང་མཁས་པ་རྣམས་ཀྱིས་རྣམ་པར་དཔྱད་པར་མི་ནུས་ན་འཁོར་བའི་བག་ཆགས་ལས་འདས་པ་མྱ་ངན་ལས་འདས་པའི་བག་ཆགས་ལས་བྱུང་བ་རྣལ་འབྱོར་པའི་རང་རིག་པར་བྱ་བ་ཀུན་དུ་བཟང་པོ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་རྨོངས་པ་རྣམས་ཀྱི་རྣམ་པར་དཔྱད་པར་ནུས་པ་ལྟ་ཅི་སྨོས་ཞེས་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པའོ། །ལྷན་ཅིག་སྐྱེས་པ་འདི་ཉིད་ཨེ་ཝཾ་ཡི་གེ་ཤེས་རབ་ཐབས་


DTG013_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདག་ཉིད་རྣལ་འབྱོར་དུ་གནས་པའོ་ཞེས་པས་རིམ་པས་ཏེ་ཨེ་ཡིག་ནི་ཤེས་རབ་ཐིག་ལེ་སྟོང་པ་ཡི་གེ་དྲུག་པ་ཆོས་ཀྱི་འབྱུང་གནས་དམིགས་པ་དང་བཅས་པའི་སྟོང་པ་ཉིད་ཀྱི་བདག་ཉིད་དྲི་ཟའི་གྲོང་ཁྱེར་གྱི་རྣམ་པ་ཅན་པྲ་ཕབ་པའི་རང་བཞིན་ཅན་རྟེན་ཡེ་ཤེས་ཞེས་པའོ། །ཝཾ་ཡིག་ནི་ལུས་དང་ངག་དང་ཡིད་ཀྱི་བདག་ཉིད་ཐབས་སྟོང་པ་ཆེན་པོ་ཡི་གེ་ལྔ་པ་འགྱུར་བ་མེད་པའི་ངོ་བོ་དམིགས་པ་མེད་པའི་སྙིང་རྗེའི་བདག་ཉིད་བརྟེན་པ་རྣམ་པར་ཤེས་པའོ་ཞེས་པའོ། །དེ་ཨེ་པྲཾ་གི་ཡི་གེའི་བདག་ཉིད་ཡེ་ཤེས་དང་རྣམ་པར་ཤེས་པས་བྱིན་གྱིས་བརླབས་པ་འགྲོ་བའི་དོན་བྱེད་པ་པོ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་སྒྲིབ་པ་ཐམས་ཅད་ལས་ངེས་པར་གྲོལ་བ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་སྟོན་པ་པོ་ལྷ་དང་ལྷ་མ་ཡིན་དང་མི་རྣམས་ཀྱི་སྟོན་པ་མཆོག་ཏུ་ཐུགས་བརྩེ་བ་ཅན་རྒྱུ་མེད་པར་མཉེས་གཤིན་པ་ཅན་སྲིད་པ་གསུམ་གྱི་བླ་མ་ཞེས་པའོ། །དེ་ལྟར་ན། འདི་རྣམས་རྣམ་པ་དྲུག་ཏུ་བརྗོད། །མི་འགྱུར་ཡེ་ཤེས་ཚོར་བ་དང༌། །རྣམ་ཤེས་གཟུགས་དང་འདུ་བྱེད་དང༌། །འདུ་ཤེས་ཕུང་པོ་དེ་རྣམས་རིགས། །ཡེ་ཤེས་མེ་དང་ནམ་མཁའ་ས། །རླུང་ཆུ་རྣམས་ཀྱི་རིམ་པ་བཞིན། །ཡིད་མིག་རྣ་བ་ལུས་དང་སྣ། །ལྕེ་རྣམས་ཀྱི་ཡང་དེ་བཞིན་ཉིད། །སྒྲ་རོ་ཆོས་ཀྱི་དབྱིངས་དང་དྲི། །རེག་བྱ་ཁ་དོག་རྣམས་ཀྱི་ཡང༌། །རྡོ་རྗེ་ཀུན་གྱི་གཅིག་ཉིད་དེ། །ཤེས་རབ་སྐུ་འགྱུར་མེད་དང་བཅས། །ཞེས་པ་རྒྱལ་བ་རྣམས་ཀྱིས་ལྷན་ཅིག་སྐྱེས་པ་གསུངས་སོ། །དེ་བཞིན་དུ་འབུམ་ཕྲག་ལྔ་པ་མངོན་པར་བརྗོད་པར། ཤེས་རབ་ཐབས་བདག་དེ་བཞིན་དུ། །སྐུ་ཡི་རྡོ་རྗེ་གཉིས་མེད་རྣམས། །དྲུག་ཏུ་བྱས་ནས་ཁམས་རྣམས་དང༌། །དེ་བཞིན་ཡུལ་དང་དབང་པོ་རྣམས། །བྱ་དང་ལས་དབང་རྣམས་ཀྱང་སྟེ། །གཉིས་མེད་ཉིད་ཀྱིས་ཡང་དག་གནས། །སངས་རྒྱས་རྣམས་ཀྱི་སྡོམ་པ་ནི། །ཨེ་ཝཾ་ཡི་གེར་སོ་སོར་གནས། །ཞེས་སོ། །ད་ནི་ཤེས་རབ་དང་ཐབས་ཀྱི་མཚན་ཉིད་ཀྱི་དབྱེ་བ་སྔོན་མ་ཅན་ཕྱག་འཚལ་བ་གསལ་བར་བྱེད་པ་གསུངས་པ། ཕྲ་རབ་རྡུལ་ཞེས་ལ་སོགས་པའོ། །ཡུལ་དང་རྣམ་པར་བྲལ་བ་ཉིད་ཀྱི་ཕྱིར། །རྡུལ་ཕྲ་རབ་ནི་དབང་པོ་ལས་འདས་པའི་དོན་ཏེ་དེ་ཡང་འདི་


DTG013_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་ལ་ཆོས་ཀྱང་སྟེ། དེའི་དངོས་པོ་དེ་ལས་འདས་པ་ནི་ཐོགས་བཅས་ཀྱི་གཟུགས་འདས་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །པྲ་ཕབ་པའི་རང་བཞིན་ནི་ཡིད་ལ་ཕྱི་རོལ་གྱི་ཤེས་བྱ་ལྟར་གཞོན་ནུ་མའི་མེ་ལོང་ལ་སོགས་པ་འང་ཁམས་གསུམ་པ་སོ་སོར་སྣང་བ་གང་ཡིན་པ་སྟེ། དེ་སེམས་ཀྱི་སྣང་བ་ཙམ་ཉིད་ཀྱི་ཕྱིར་གང་ལ་ཡོད་པ་ནི་པྲ་ཕབ་པའི་རང་བཞིན་ཅན་ཏེ་དེ་ལ་སྟེ། ཐམས་ཅད་དུ་རྙོག་པ་མེད་པ་ལའོ། །སྒྱུ་མའི་རང་བཞིན་ཉིད་ཀྱི་ཕྱིར། །རྣམ་པ་ཐམས་ཅད་མཆོག་ལྡན་པ། །དག་པ་དངོས་དང་རང་གི་སེམས་རོ་གཅིག་པར་གྱུར་བ་ལའོ། །དེ་ལྟར་ཡུལ་ལས་འདས་པའི་ཕྱིར་དང༌། རྣམ་པར་རྟོག་པའི་སེམས་དང་བྲལ་བའི་ཕྱིར་ཕྱི་དང་ནང་གཅིག་པའི་ངོ་བོ་ས་གསུམ་གྱི་རྣམ་པ་ཐམས་ཅད་ཡོངས་སུ་གྱུར་པའི་སེམས་ནི་དྲི་མ་དང་བྲལ་བའི་ནོར་བུ་བཞིན་ཏེ། གཟུགས་བརྙན་སོ་སོར་འཛིན་པའི་མེ་ལོང་ལ་སྟེ། རྣལ་འབྱོར་པ་རྣམས་ཀྱིའོ་ཞེས་པའོ། །འདི་ཉིད་ཕྱག་རྒྱ་ཆེན་པོ་ཞེས་པར་བརྗོད་དེ། རྣལ་འབྱོར་པའི་རྒྱུད་ལ་རྟོགས་པའི་དོན་གཅིག་ཡང་དག་པར་རིག་པར་བྱེད་པའི་ཕྱིར་རོ། །འདིའི་ཆེན་པོ་ཉིད་ནི་ས་བཅུའི་དབང་ཕྱུག་ཉིད་སྒྲུབ་པར་བྱེད་པའི་ཕྱིར་རོ། །ཕྱག་རྒྱ་ཆེན་པོ་འདི་ཁོ་ན་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ཐོབ་པར་བྱེད་པའི་ཕྱིར། རྒྱལ་བ་སྐྱེད་པར་བྱེད་པ་མོ་དང༌། སྣ་ཚོགས་ཡུམ་ཞེས་པ་མངོན་པར་བརྗོད་དོ། །ཇི་སྐད་དུ། སངས་རྒྱས་ཐམས་ཅད་བསྐྱེད་མཛད་མ། །ཞེས་པ་སྟེ། དུས་གསུམ་དུ་འཇུག་པའི་རྫོགས་པའི་སངས་རྒྱས་རྣམས་ཕུང་པོ་ལྔ་ལ་སོགས་པ་སྒྲིབ་བ་མེད་པ་ཉིད་ཀྱིས་སྐྱེད་པར་བྱེད་པའི་ཕྱིར་རོ། །རྡུལ་ཕྲ་རབ་ཚོགས་པ་མེད་པའི་ཕྱིར་དང༌། རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་ཡང༌། །སྐྱེ་བ་དང་ནི་འཇིག་པ་སྤངས། །ཞེས་པ་སྟེ། འདིས་ནི་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ཡོངས་སུ་སྤངས་པ་གསུངས་སོ། །ནམ་མཁའི་གོ་སྐབས་ཉིད་ཀྱི་ཕྱིར་དང་རྣལ་འབྱོར་གྱིས་རྟོགས་པར་བྱ་བ་གཅིག་བུའི་ངོ་བོ་ཉིད་ཀྱི་ཕྱིར་སྤྱོད་པ་སྟེ། སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པ་དང༌། སྟོང་པ་ཉིད་ཅེས་པའི་བར་རོ། །ཀུན་དུ་བཟང་པོའི་ཞེས་པ་སྟེ་ཀུན་དུ་སྟེ་འདོད་པ་དང༌། གཟུགས་དང་གཟུགས་མེད་པའི་ཁམས་སུ་བཟང་པོ་སྟེ། འཇིག་རྟེན་གསུམ་གྱི་སྤྱོད་པའི་གཉེན་པོའི་བདེ་བས་རྫོགས་པ་ཉིད་


DTG013_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་ཕྱིར་ཐོག་མ་དང་བར་དང་ཐ་མ་རྣམས་སུ་དགེ་བ་གསུངས་པ་སྟེ། བཅོམ་ལྡན་འདས་དེ་ནི་སྤྱོད་པ་དེ་དང་ལྡན་པ་སྟེ། གཙུག་ཏོར་དང༌། དཔྲལ་བ་དང༌། མགྲིན་པ་དང༌། སྙིང་ག་དང༌། ལྟེ་བ་དང༌། གསང་བའི་པདྨ་ནམ་མཁའ་དང༌། རླུང་དང༌། མེ་དང༌། ཆུ་དང༌། ས་དང༌། ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་སུ་དྲི་མ་མེད་པ་ཉིད་ཀྱི་རྣལ་འབྱོར་པ་སྤྱོད་དོ་ཞེས་པའོ། །དེ་ནི་སྣ་ཚོགས་ཏེ་ཀུན་ནས་ཉོན་མོངས་པ་དང་ཉོན་མོངས་པ་མེད་པ་རྣམས་ཀྱི་སྒྲིབ་པ་དང་བཅས་པ་སྒྲིབ་པ་མེད་པ་ཉིད་དུ་སྐྱེད་པ་པོ་ནི་སྣ་ཚོགས་ཡུམ་ཞེས་བརྗོད་པར་བྱའོ། །དེ་ནས་དེ་ལ་ཕྱག་འཚལ་བ་འབའ་ཞིག་ཏུ་མ་ཟད་ཀྱི་དུས་ཀྱི་འཁོར་ལོ་དེ་ལ་ཡང་ཞེས་པའོ། །དུས་ཀྱི་འཁོར་ལོ་ཡང་འདིར་ཡི་གེ་སོ་སོའི་མིང་ཅན་ཏེ། ཀཱ་ཡིག་ལས་ནི་རྒྱུ་ཞི་བ། །ལ་ཡིག་ལས་ནི་འདིར་ཐིམ་ཉིད། །ཙ་ཡིག་ལས་ནི་གཡོ་བའི་སེམས། །ཀྲ་ཡིག་ལས་རིམ་བཅིང་ལས་སོ། །ཞེས་པའོ། །ཨཱ་ལི་ཀཱ་ལི་སྙོམས་འཇུག་དང༌། །ཧཱུཾ་ཕཊ་ཡི་གེ་སོགས་སྤངས་པ། །ཞེས་པ་སྟེ། ཨཱ་ལི་ནི་ཨ་ཡིག་ལ་སོགས་པ་དབྱངས་ཀྱི་ཚོགས་པ་ཧ་ཡིག་ཟླ་བ་ཡིན་ལ་དབྱངས་སོ་སོ་ཡང་ངོ༌། །ཀཱ་ལི་ནི་ཀ་ཡིག་སོགས་པ་གསལ་བྱེད་ཀྱི་ཚོགས་པ་ཀྵ་ཡིག་ཉི་མ་སྟེ་གསལ་བྱེད་སོ་སོ་ཡང་ཞེས་པ་ཨཱ་ལི་དང་ཀཱ་ལི་ཞེས་པའོ། །ཨ་སོགས་ཀ་སོགས་རི་བོང་ཅན་དང་ཉིན་མོར་བྱེད་པ་དེ་དག་གམ། ཧ་ཡིག་དང་ཀྵ་ཡིག་དག་གམ་ཨ་ཡིག་དང་པ་ཡིག་དག་སྙོམས་པར་འཇུག་པ་གཅིག་ཏུ་བྱེད་པ་ནི་གདན་ཏེ་རྟེན་ནོ་ཞེས་པ་སྟེ་བ་ཡིག་གསལ་བྱེད་ཀྱི་བདག་ཉིད་པདྨའོ། །ཨ་ཡིག་གི་བདག་ཉིད་ཟླ་བའི་དཀྱིལ་འཁོར་ཏེ་ཧ་ཡིག་གི་བདག་ཉིད་ཡང་ནའོ། །རེ་ཕའི་བདག་ཉིད་ཉི་མའི་དཀྱིལ་འཁོར་ཏེ། །ཀྵ་ཡིག་གི་བདག་ཉིད་ཡང་ནའོ་ཞེས་པ་དང༌། ཧཱུཾ་ཡིག་ཡོངས་སུ་གྱུར་པ་རྡོ་རྗེའི་མཚན་མ་ཡོངས་སུ་གྱུར་པའི་ལྷའི་སྐུ། ཁ་དོག་དང་ཕྱག་དང་དབྱིབས་བརྟགས་པའི་ཆོས་ཅན་བརྟེན་པའི་མཚན་ཉིད་ཅན་ཏེ་དེ་སྤངས་པའོ་ཞེས་པའོ། །ཅིའི་ཕྱིར་ཞེ་ན། མངོན་པར་ཞེན་པའི་མཚན་ཉིད་ཅན་གྱི་ཕྱིར་དང་འགྱུར་བའི་རང་བཞིན་གྱི་ཕྱིར་རོ། །འདིར་ཨ་ཡིག་ལ་སོགས་པ་དབྱངས་རྣམས་དང་ཀ་ཡིག་ལ་སོགས་གསལ་བྱེད་རྣམས་ཏེ། འབྱུང་བར་གྱུར་པ་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ཀྱང་


DTG013_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྟན་བཅོས་རིག་པ་རྣམས་ཀྱིས་མི་འགྱུར་བར་བརྗོད་དེ། དེ་སྐད་ཅིག་ཏུ་ཡང་སྨྲས་པར་མི་འགྱུར་ཞིང་མི་གཡོ་སྟེ། གཞན་གྱི་གནས་སུ་མི་འགྲོའོ་ཞེས་པ་མི་འགྱུར་བའི་སྒྲས་དབྱངས་ཞེས་བརྗོད་དོ། །དེ་ཡིས་སྔགས་པ་ངན་པ་འཁྲུལ་ཏེ་མི་འགྱུར་བ་ཉིད་ཀྱིས་དབྱངས་ཀྱི་ཚོགས་སམ་གསལ་བྱེད་ཀྱི་ཚོགས་འཛིན་ནོ། །དོན་དམ་པར་དབྱངས་དང་གསལ་བྱེད་ཀྱི་ཚོགས་ནི་མི་འགྱུར་བ་མ་ཡིན་ནོ། །ཇི་ལྟ་བུར་འདོད་ཅེ་ན་གསུངས་པ། འགྱུར་བ་མེད་ལས་འཁྲུངས་པའི་སྐུ། །ཞེས་པ་སྟེ། འདིར་འགྱུར་བ་མེད་པ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཡེ་ཤེས་ཏེ་དེ་ལས་སྐྱེས་པས་ན་འཁྲུལ་པ་གང་གི་ཕུང་པོ་ཁམས་དང་དབང་པོ་ལ་སོགས་པའི་ལུས་ཡིན་པ་ཞེས་པ་སྟེ། དེ་བཞིན་དུ་ཡིད་སྐྱོབ་པར་གྱུར་པ་ཉིད་ཀྱི་ཕྱིར་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ནི་སྔགས་སུ་ཡང་བརྗོད་དོ། །དེ་བཞིན་དུ་གཞན་ནང་རིག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རང་བཞིན་གྱིས་འོད་གསལ་བ་ཕྱག་རྒྱ་ཆེན་མོ་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཅན་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་རྫོགས་པའི་གནས་སྐབས་ནི་ལྷན་ཅིག་སྐྱེས་པའི་སྐུ་ཞེས་རྒྱལ་བ་རྣམས་ཀྱིས་གསུངས་ལ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྤྱོད་ཡུལ་མ་ཡིན་པ་མཆོག་གི་དབང་པོའི་སྤྱོད་ཡུལ་རྡོ་རྗེ་སེམས་དཔའ་དང་སངས་རྒྱས་ཀྱི་ཡུམ་དེ་དག་ནི་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་མེ་ལོང་ལ་པྲ་ཕབ་པ་དང་རྨི་ལམ་དང་མཚུངས་པ་དག་སྟེ། མཆོག་ཏུ་མི་འགྱུར་བའི་རང་བཞིན་གྱི་ཕྱིར་རོ་ཞེས་པའོ། །འདིར་འགྱུར་མེད་རྣམས་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་སྒྲིབ་པ་མེད་པ་རྣམས་འགྱུར་མེད་ལྔ་སྟེ། སྟོང་པ་ཆེན་པོར་གསུངས་སོ། །དེ་བཞིན་དུ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་སྒྲིབ་པ་མེད་པ་རྣམས་འགྱུར་མེད་ལྔར་གསུངས་སོ། །འགྱུར་མེད་དྲུག་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང༌། ཡིད་སྒྲིབ་པ་མེད་པ་རྣམས་ཏེ་རང་རང་གི་ཡུལ་འཛིན་པ་སྤངས་པ་རྣམས་སོ། །དེ་བཞིན་དུ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང༌། ཆོས་ཀྱི་ཁམས་སྒྲིབ་པ་མེད་པ་རྣམས་ཀྱང་འགྱུར་མེད་དྲུག་ཏུ་གསུངས་ཏེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འདི་


DTG013_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་གཅིག་ཏུ་རོ་མཉམ་པར་གྱུར་པ་ནི་ཐིག་ལེ་སྟོང་པར་འགྱུར་རོ། །ཐིག་ལེ་དེ་ཡང་མི་འཕོ་བར་གྱུར་པ་ན་མཆོག་ཏུ་མི་འགྱུར་བར་བརྗོད་ལ་མཆོག་ཏུ་མི་འགྱུར་བ་ཡང་ཨ་ཡིག་སྟེ་ཨ་ཡིག་ལས་ཡང་དག་པར་བྱུང་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བརྗོད་དོ་ཞེས་པ་ཀུན་རྫོབ་ཏུ་མཚན་ཉིད་ཀྱི་དབྱེ་བ་སྟེ། བཟློག་པས་ནི་འདི་དག་གི་མཚན་ཉིད་ཀྱི་དབྱེ་བ་གང་ལས་ཡིན་པའམ། རྟེན་དང་བརྟེན་པའི་འབྲེལ་པ་གང་ལས་ཡིན་ཞེས་པའོ། །ད་ནི་བསྡུས་པའི་རྒྱུད་དུ་སྟོན་པ་པོ་ལ་སོགས་པ་བསྡུས་པའི་འགྲེལ་པ་བསྒྲུབ་པའི་དོན་རྩ་བའི་རྒྱུད་དུ་གསུངས་པའི་ཕྱག་འཚལ་བའི་སྔོན་མ་ཅན་ཟླ་བ་བཟང་པོས་གསོལ་བ་བཏབ་པ་ཚིགས་སུ་བཅད་པ་གཉིས་ཀྱིས་གསུངས་པ། ཀུན་མཁྱེན་ཞེས་པ་ལ་སོགས་པའོ། །སྔོན་ཤཾབྷལའི་ཡུལ་ནས་རང་ཉིད་འོངས་ཏེ། རྒྱལ་པོ་ཟླ་བ་བཟང་པོ་ཉི་མའི་འོད་ཀྱི་ལྷ་མོ་རྣམ་པར་རྒྱལ་མའི་མངལ་ནས་བྱུང་བ་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པའི་རྒྱལ་པོ་རྣམས་ཀྱིས་རྗེས་སུ་བགྲོད་བཞིན་པས་དཔལ་འབྲས་ཕུང་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་བསྟན་པའི་ཆེད་དུ་དང་སེམས་ཅན་མཐའ་དག་གི་ཉེ་བའི་སྐལ་བ་དང་ལྡན་པ་ཉིད་མཐོང་ནས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་དོན་དུ་གསོལ་བ་བཏབ་པ་ནི་སངས་རྒྱལ་པོ་ཟས་གཙང་མའི་ལྷ་མོ་སྒྱུ་འཕྲུལ་ཆེན་མོའི་མངལ་ནས་བྱུང་བ་ཡིན་པ་སྟེ། ཀུན་མཁྱེན་ཡེ་ཤེས་སྐུ་ཞེས་པ། །ཉི་མའི་སྐུ་ཅན་ཁྱབ་བདག་སྟེ། །པདྨའི་འདབ་མ་རྒྱས་པའི་སྤྱན། །སངས་རྒྱས་དེ་ལ་གུས་བཏུང་ནས། །འདིས་ནི་སྟོན་པ་པོ་བསྡུས་སོ། །རྡོ་རྗེ་སེང་གེའི་ཁྲིར་ཏེ་རྡོ་རྗེའི་དབྱིངས་ལ་གནས་པ་སྟེ་བཞུགས་པའོ་ཞེས་པ་འདིས་ནི་གནས་བསྡུས་པའོ། །ལྷ་དང་ལྷ་མིན་གྱིས་བསྟོད་ཅེས་པ་ནི་འཁོར་ཡང་དག་པར་བསྡུས་པའོ། །ཟླ་བཟང་གིས་གསོལ་པ་ཞེས་པ་ནི་གསོལ་བ་འདེབས་པ་པོ་བསྡུས་པའོ། །སྐུ་བཞི་ཡི་ནི་བདག་ཉིད་ཅན། །དེ་ཉིད་བཅུ་དྲུག་དབྱེ་བར་ལྡན། །ཞེས་པ་ཆོས་བསྟན་པ་ཡང་དག་པར་བསྡུས་པ་སྟེ། དགོས་པའི་དགོས་པ་ཡང་དག་པར་བསྡུས་པ་ཡང་ངོ་


DTG013_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་པའོ། །རྩ་བའི་རྒྱུད་དུ་གསུངས་པ། སྟོན་པ་གཽ་ཏ་མ་སྟོན་པ་པོ། །གནས་ནི་དཔལ་ལྡན་ཆོས་ཀྱི་དབྱིངས། །འཁོར་ནི་བྱང་ཆུབ་སེམས་དཔའ་སོགས། །མི་བདག་ཟླ་བཟང་ཞུ་བ་པོ། །རྒྱུད་བསྟན་པ་ནི་མི་རྣམས་ཀྱིས། །བསོད་ནམས་ཡེ་ཤེས་དགོས་པ་ཅན། །ཞེས་པའོ། །ད་ནི་ཕྱི་དང་ལུས་དང་གཞན་དུ་སྒྲིབ་པ་མེད་པའི་ཆོས་ཀྱིས་སེམས་ཀྱི་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེའི་རྣལ་འབྱོར་ལ་རིམ་གྱིས་ཚིགས་སུ་བཅད་པ་གསུམ་གྱིས་བསྟོད་པ་གསུངས་པ། དག་པ་ཞེས་པ་ལ་སོགས་པའོ། །གང་རྡོ་རྗེ་སེམས་དཔའ་དང་ཐུགས་ཀྱི་རྡོ་རྗེ་དཔལ་དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་བཅོམ་ལྡན་འདས་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེའི་རྣལ་འབྱོར་བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ནས་ཞེས་པའོ། །དེ་འདི་ཡང་མངལ་ནས་སྐྱེ་བའི་བསྐྱེད་པའི་རིམ་པ་རྣམ་པ་བཞི་དང་ཆོས་མི་མཐུན་པ་སྟེ། ཇི་ལྟར་འགྱུར་བའི་མ་རིག་པས་བསྐྱེད་པ་ཉིད་ཀྱི་རྣམ་པར་ཤེས་པས་བྱིན་གྱིས་བརླབས་པ་ནི་སྐད་ཅིག་གཅིག་པའི་བདེ་བའོ། །དེ་ནས་དེ་ཁོ་ན་ཟླ་བ་ལྔ་ཇི་སྲིད་པ་ནི་ཨ་ཝ་དྷཱུ་ཏཱིར་བདེ་བས་རྒྱལ་བའོ། །དེ་ནས་སོར་མོ་ཉི་ཤུ་པ་ཇི་སྲིད་པ་ནི་ཆ་ཤས་ཡོངས་སུ་རྫོགས་པའོ། །དེ་ནས་ལོ་བཅུ་དྲུག་གི་མཚམས་སུ་བུ་དང་བུ་མོ་ལ་སོགས་པ་མཐའ་ཡས་པའི་རྒྱུ་སྐྱེད་པར་ནུས་པའོ་ཞེས་པ་མངོན་པར་བྱང་ཆུབ་པ་བཞི་རྣམས་ཀྱིས་ནི་རྡོ་རྗེ་བཞི་དང་སྐུ་བཞིའི་བདག་ཉིད་བཅོམ་ལྡན་འདས་འཇིག་རྟེན་པའི་དངོས་གྲུབ་ཁོ་ནས་འཇིག་རྟེན་ལས་འདས་པའི་འབྲས་བུ་འབྱུང་བའི་ཆེད་དུ་སྔགས་པ་ངན་པ་རྣམས་སྒོམ་པར་བྱེད་དོ། །དེ་དང་ཆོས་མི་མཐུན་པ་དེ་ཉིད་ཀྱིས་དག་དང་ཡེ་ཤེས་གཅིག་སྦྱོར་ཞེས་པ་སྟེ། སྡེབ་སྦྱོར་གྱི་ངོར་དག་པའི་སྒྲ་སྔར་བསྟན་ཏེ་ཡེ་ཤེས་རྡོ་རྗེ་དང་དག་པའི་སྐུ་དག་གཅིག་སྟེ་གཉིས་སུ་མེད་པར་སྦྱོར་བའོ། །དེ་བཞིན་དུ་ཐུགས་རྡོ་རྗེ་དང་ཆོས་ཀྱི་སྐུ་ལ་སོགས་པ་རྣམས་ལའང་ཤེས་པར་བྱའོ། །དག་པ་ཡེ་ཤེས་དང་རྣམ་པར་ཤེས་པའི་བདག་ཉིད་ཐིག་ལེ་འཕོ་བ་མེད་པ་ངོ་བོ་ཉིད་ཀྱི་སྐུ་ནི་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་རྡོ་རྗེ་སེམས་དཔའ་རང་གི་དོན་ཕུན་སུམ་ཚོགས་པ་དོན་ཐམས་ཅད་གཟིགས་པ་སྟེ། སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཕྱིར་རོ། །སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་


DTG013_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱང་ཆུབ་པ་ནི་འདིར་བརྒྱ་ཕྲག་དྲུག་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་དབུགས་ཡོངས་སུ་རྫོགས་པའི་མཚན་ཉིད་ཅན་ཏེ། དབུགས་ཀྱི་འཁོར་ལོ་ཡོངས་སུ་ཟད་པའི་ཕྱིར་རོ། །རྩ་བའི་རྒྱུད་དུ་ཡང༌། རྒྱལ་དབང་རྣམས་ཀྱི་སྐྱེ་བའི་གནས། །མི་འགྱུར་བ་ཡི་སྐད་ཅིག་ན། །སྲོག་ཆེན་སེམས་ནི་གནས་གྱུར་ཅིང༌། །སྲོག་རླུང་ཟད་པར་སོན་པ་དང༌། །ལྷ་ཡི་མིག་ནི་སྐྱེས་གྱུར་ཅིང༌། །ཤ་ཡི་མིག་གི་ཚོགས་ཉམས་དང༌། །གཉུག་མའི་སྐྱེ་མཆེད་ཉམས་གྱུར་ཅིང༌། །གཟུགས་བརྙན་སྐྱེ་མཆེད་མཐོང་བ་ན། །མི་དབང་ཐམས་ཅད་བདག་གིས་མཐོང༌། བདག་ལམ་མཐོང་རྟག་ཏུ་མེད། །ཅེས་སོ། །དེ་ཁོ་ན་ཆོས་ཀྱི་སྐུ་ཐུགས་རྡོ་རྗེའི་རྣལ་འབྱོར་སེམས་དཔའ་ཆེན་པོར་རང་སངས་རྒྱས་ལ་སོགས་པ་རྗེས་སུ་འཛིན་པ་པོ་མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེ། རྣམ་པ་ལྔ་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཕྱིར་རོ། །རྣམ་པ་ལྔ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་འདིར་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཅན་ཏེ། ས་ལ་སོགས་པའི་ཁམས་དང་གཟུགས་ལ་སོགས་པའི་ཕུང་པོ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་ལྔ་འགོག་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ཁོ་ན་ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས་རྡོ་རྗེའི་རྣལ་འབྱོར་བྱང་ཆུབ་སེམས་དཔའ་བདེན་དོན་རྣམ་པ་བཅུ་གཉིས་པ་བྱང་ཆུབ་སེམས་དཔའ་རྗེས་སུ་འཛིན་པ་པོ་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་ཆོས་སྟོན་པ་པོ་སྟེ་རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་འདིར་དབང་པོ་ལྔ་དང་ཡུལ་ལྔ་དང༌། ལས་ཀྱི་དབང་པོ་ལྔ་དང་ལས་ཀྱི་དབང་པོའི་བྱ་བ་ལྔ་རྣམས་སྒྲིབ་པ་མེད་པའི་མཚན་ཉིད་འཕོ་བ་བཅུ་གཉིས་འགོག་པར་གྱུར་པའི་དངོས་པོར་ཤེས་པར་བྱའོ། །དེ་ཁོ་ན་སྤྲུལ་པའི་སྐུ་སྐུ་རྡོ་རྗེའི་རྣལ་འབྱོར་དམ་ཚིག་སེམས་དཔའ་དེ་ཉིད་རྣམ་པ་བཅུ་དྲུག་རིག་པ་ལྷ་ལ་སོགས་པ་རྗེས་སུ་འཛིན་པ་པོ་སྒྱུ་འཕྲུལ་གྱི་དྲ་བ་མཐའ་ཡས་པ་རྣམས་ཀྱིས་སྤྲོས་པའི་སྐུ་ཅན་ཏེ། སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཕྱིར་རོ། །སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་འདིར་ཅིག་ཅར་མཐའ་ཡས་ཤིང་


DTG013_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མུར་ཐུག་པ་མེད་པའི་སྒྱུ་མ་སྣ་ཚོགས་པ་སྤྲུལ་པའི་མཚན་ཉིད་ཅན་ཏེ། ལུས་ཀྱི་དགའ་བ་ལ་སོགས་པའི་ཐིག་ལེ་བཅུ་དྲུག་འགོག་པ་ལས་ཤེས་པར་བྱའོ་ཞེས་པའོ། །ཚིག་ལྷག་མ་རྣམས་ཀྱི་བཤད་པ་སྔར་ཉིད་བརྗོད་ཟིན་ཏོ། །འོ་ན་རྡོ་རྗེ་སེམས་དཔའ་ཡང་གཞན་ལ་དུས་ཀྱི་འཁོར་ལོ་མཆོག་གི་དང་པོའི་སངས་རྒྱས་ཀྱང་གཞན་ཡིན་ཏེ། ཞལ་དང་ཕྱག་དང་དབྱིབས་ལ་སོགས་པ་ཐ་དད་པའི་ཕྱིར་རོ། །དེ་ཇི་ལྟར་ཐ་དད་པ་མེད་པར་བསྟན་ཅེ་ན། བདེན་མོད་དོན་དམ་པའི་བདེན་པས་ཞལ་དང་ཕྱག་ལ་སོགས་པ་མེད་པའི་ཕྱིར་སྐྱོན་མེད་དོ་ཞེས་པའོ། །གང་ལེའུ་འདི་ཉིད་དུ་གསུང་བར་འགྱུར་བར་འདོད་པའི་དོན་གྱི་འབྲས་བུ་སྟེར་བ་སྟེ། འབྲས་བུ་ནི་འགྱུར་བ་མེད་པའི་བདེ་བ་ཡེ་ཤེས་ཀྱི་སེམས་སོ། །སེམས་འདི་གཉིས་གཅིག་པ་ཉིད་ནི་ཤེས་རབ་དང་ཐབས་ནི་བདག་ཉིད་རྡོ་རྗེའི་རྣལ་འབྱོར་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་དང་པོའི་སངས་རྒྱས་རིགས་མེད་པ་དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་རྒྱུད་གཞན་ཐམས་ཅད་དུ་རབ་ཏུ་གྲགས་སོ། །ཞེས་སོ། །འོ་ན་ཕྱི་རོལ་དུ་རབ་ཏུ་གྲགས་པར་འགྱུར་དུ་ཆུག་མེད་ནང་གི་བདག་ཉིད་ལ་ཉམས་སུ་མྱོང་བ་མེད་པར་གྲུབ་པ་ཇི་ལྟར་ཡིན་ཞེ་ན། གསུངས་པ། ཞབས་གཅིག་ཅེས་པ་ལ་སོགས་པ་སྟེ། གཙོ་བོར་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དཔལ་དུས་ཀྱི་འཁོར་ལོའི་ཞབས་ཞེས་པའོ། །གནས་མེད་པ་ཡང་རྡོ་རྗེའི་གནས་ཏེ་ལྷན་ཅིག་སྐྱེས་པའི་བདེ་བའི་གཞི་ཉིད་ཀྱི་ཕྱིར་རོ། །བཀོད་པ་ནི་བསྐྱེད་པ་སྟེ་མ་རིག་པ་འགོག་པའི་ཆེད་དུའོ། །རྡོ་རྗེ་ནོར་བུར་ཏེ་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལའོ། །རྡུལ་དང་ཉི་མའི་དཀྱིལ་འཁོར་བཞི་ལ་སྟེ་ཡེ་ཤེས་ཀྱི་ཁམས་ལའོ། །གཅིག་ནི་གཡས་པ་གང་ཡིན་པའོ་ཞེས་པ་རྐང་པ་གཅིག་གིས་མཐིལ་གནོན་པའོ། །གཙུག་ཏོར་སྲིད་པའི་བདེ་བ་ལས་ཤིན་ཏུ་འདས་པར་ཁུ་བ་རི་བོང་ཅན་ལ་ནི་རྐང་མ་ཐེབ་སེན་མོ་སྔར་འདོད་པའི་ཆ་འཆར་བའི་བདག་ཉིད་རྣམ་པར་ཤེས་པའི་ཁམས་ལ་གཉིས་པ་གང་གཡོན་པ་ཞེས་པ་ནི་ཚངས་པའི་སྒོ་ངའི་རྩེ་མོ་གནོན་པའོ། །རྟག་ཏུ་ནི་དུས་གསུམ་དུའོ། །རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་ཉིད་ཀྱི་ཕྱིར་རིག་པ་དང་ཤེས་པའི་གྲི་གུག་གིས་བཅད་དུ་མེད་པའོ། །རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པ་ཉིད་ཀྱི་ཕྱིར་


DTG013_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཟུང་བ་དང་འཛིན་པའི་གྲི་གུག་གིས་དབྱེར་མེད་པའོ། །བདེ་བ་ཆེན་པོའི་རྒྱུ་ཉིད་ཀྱི་ཕྱིར་འདོད་པའོ། །བྱ་བ་བྱས་པ་སྐམ་སར་ཏེ་ནོར་བུ་ལ་གནས་པའོ། །འཇིག་རྟེན་གྱི་སྤྱོད་པ་སྤངས་པའི་ཕྱིར། །འཇིག་རྟེན་གསུམ་གྱིས་མཆོད་པ་སྟེ། །འཁོར་བའི་ཕ་རོལ་གྱི་མཐའ་གཙུག་ཏོར་ལ་གནས་པའོ་ཞེས་བྱའོ། །འདི་སྐད་བརྗོད་པར་འགྱུར་ཏེ། གང་སྟེང་དང་འོག་ཏུ་རྩ་དྲུག་གི་རང་བཞིན་ཁམས་དྲུག་འགགས་པ་ཡེ་ཤེས་ཀྱི་སྐུ་ཅན་བཅོམ་ལྡན་འདས་ཁམས་གསུམ་པས་ཞབས་ཀྱི་པདྨ་ལ་ཕྱག་བྱས་པ། དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་དཀར་པོ་དང་ནག་པོའི་ཕྱོགས་སྒྲིབ་པ་མེད་པ་ཉིད་ཀྱིས་ན་སྟོང་པ་ཉིད་དང་སྙིང་རྗེ་བཅོ་ལྔ་པ་གཉིས་ཀྱི་བདག་ཉིད་ཀྱི་ཞབས་ཟླ་བ་དང་ཉི་མའི་རང་བཞིན་འཁོར་བ་དང་མྱ་ངན་ལས་འདས་པའི་ལམ་འགོག་པར་བྱེད་པ་པོ་དག་གིས་ཉ་དང་གནམ་སྟོང་མངོན་པར་ཁྱབ་པ་འགྲོ་བའི་གཙོ་བོ་གཅིག་པ་དེའི་ཞབས་ལ་ཕྱག་འཚལ་ནས་ཞེས་པའོ། །སེམས་ཅན་རྣམས་ནི་རྣམ་པ་གཞན་དུ་སྟེ། ཇི་སྐད་དུ། སངས་རྒྱས་ཀུན་གྱི་མཛོད་སྦུ་ཡི། །པདྨ་ཟླ་བ་བདུད་རྩི་ཉ། །ཉི་རྡུལ་གནམ་སྟོང་གསལ་བར་ཏེ། །གཙུག་ཏོར་ནོར་བུ་དེ་དག་ཆ། །ཞེས་པ་སྟོན་པའི་རྡོ་རྗེའི་གནས། །ལུས་ཅན་ཀུན་གྱི་ཕྱིན་ཅི་ལོག ། ཅེས་སོ། །གང་འདི་ལྟར་ནང་གི་བདག་ཉིད་ལ་གྲུབ་མོད། །འདི་ཙམ་གྱིས་འདིའི་དོན་གསལ་བ་དང་ལྡན་པ་འཐད་པ་སྒྲོན་མ་ལྟ་བུ་མ་ཡིན་ནོ་ཞེ་ན་གསུངས་པ་རླུང་ཞེས་པ་ལ་སོགས་པའོ། །འདིར་སྒྲིབ་པ་མེད་པའི་ཆོས་ལ། འཇིག་རྟེན་གྱི་ཁམས་ཀྱི་དཀྱིལ་འཁོར་དུ་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་ཏེ་བཞི་རྣམས་སྒྲིབ་པ་མེད་པ་དང་ཉིད་ཀྱིས་ན་ལྔའི་བདག་ཉིད་བརྟན་པའི་ཁམས་སྒྲིབ་པ་མེད་པ་དང་པདྨའི་ཐ་སྙད་ཀྱིས་བསྟན་པས་ཁམས་དྲུག་གི་བདག་ཉིད་ཅན་གྱི་གང་ཟག་སྒྲིབ་པ་མེད་པ་དང༌། ཟླ་བ་སྒྲིབ་པ་མེད་པ་དང་ཉི་མ་སྒྲིབ་པ་མེད་པ་དང་དུས་མེ་སྒྲ་གཅན་སྒྲིབ་པ་མེད་པ་དང་དེའི་སྟེང་དུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་གྱི་ངོ་བོས་དབང་ཕྱུག་སྟེ་མཆོག་ལྷ་དང༌། གཡས་སུ་ཕུང་པོ་དང་ཉོན་མོངས་པ་དང་འཆི་བདག་དང་ལྷའི་བུའི་བདུད་དེ་གཡོན་ཕྱོགས་ལྷའོ། །འདི་དག་གི་མགོ་སྟེ་སྤྱི་བོར་གཙོ་བོ་དཔལ་དུས་ཀྱི་འཁོར་ལོ་


DTG013_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁམས་གསུམ་པའི་འཁོར་ལོས་སྒྱུར་བ་ཞབས་གཡོན་དང་གཡས་པ་སྲིད་པའི་ཡུམ་སྣ་ཚོགས་ཡུམ་སྟེ་དེའི་ཞབས་དང་ལྷན་ཅིག་བཀོད་པའོ། །ཕྱག་འཚལ་ཏེ་པདྨ་དཀར་པོ་བདག་གིས་ནི་རྒྱ་ཆེར་འགྲེལ་བྲི་བར་བྱའོ་ཞེས་འཆང་བར་འགྱུར་བ་དང་སྤྲེལ་ལོ་ཞེས་པའོ། །ཇི་སྐད་བརྗོད་པར་འགྱུར་ཏེ། ཕྱི་རོལ་དུ་ཐུན་མོང་བར་སྲིད་པ་མཐའ་དག་ལ་མངོན་པར་ཁྱབ་པའི་རྡོ་རྗེའི་རྣལ་འབྱོར་གྱི་ངོ་བོ་ཉིད་དུ་གནས་པའི་བཅོམ་ལྡན་འདས་བསྟོད་པ་ཁྱད་པར་དུ་ལུས་ལ་བཅོམ་ལྡན་འདས་དེ་ཉིད་སོ་སོ་རང་གིས་རིག་པར་བྱ་བ་རྡོ་རྗེའི་རྣལ་འབྱོར་གྱིས་རྟོགས་པར་བྱ་བའི་དངོས་པོ་ཆེན་པོ་ཉིད་ཀྱིས་གནས་པ་སྟེ་འདུས་བྱས་པ་ནི་མ་ཡིན་ནོ། །ཇི་ལྟར་ཕྱི་རོལ་དེ་བཞིན་ལུས། །ཇི་ལྟར་ལུས་ལ་དེ་བཞིན་གཞན། །ཞེས་པའི་གསུང་ལས་བཅོམ་ལྡན་འདས་དེ་ཉིད་དཀྱིལ་འཁོར་དུ་སེམས་ཅན་གྱི་བསམ་པས་རྡོ་རྗེའི་སྐུའི་རང་བཞིན་ཉིད་ཀྱིས་གནས་པའོ་ཞེས་མངོན་པར་བསྟོད་པའོ། །ད་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཟབ་ཅིང་རྒྱ་ཆེ་བ་འཇུག་པར་དཀའ་བ་རྡོ་རྗེའི་རྣལ་འབྱོར་རབ་ཏུ་གསལ་བར་བྱེད་པའི་རྒོད་པ་ཡོངས་སུ་སྤང་བར་གསུངས་བ། དེ་ལྟར་ཞེས་པ་ལ་སོགས་པའོ། །དེ་ལྟར་དེ་མ་ཐག་པར་བརྗོད་བའི་རྡོ་རྗེའི་རྣལ་འབྱོར་གང་ཞིག་བསྟན་པ་སྟེ། རྣམ་པ་ཐམས་ཅད་རྟོགས་པའི་ཕྱིར་རོ། །བསྟན་པས་རང་གིས་རྟོགས་ནས་དེ་ལ་མོས་པའི་ལྷ་དང་མི་རྣམས་ལ་གསལ་བར་བྱས་པའོ། །དཔག་མེད་དེ་མཐའ་ཡས་པ་རྣམས་ཀྱིས་སོ། །བདེ་གཤེགས་རྣམས་ཀྱི་ཤེས་པས་འགྱུར་བ་མེད་པའི་ཚུལ་གྱིས་མཛེས་པས་ཏེ་དྲི་མ་མེད་པ་ཉིད་དུ་གཤེགས་པའི་ཡང་ཇི་ཙམ་དུ་བགྲོད་པར་བྱ་བར་གཤེགས་པའི་ཕྱིར་ཏེ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་གང་བའི་ཕྱིར་ལེགས་པར་གཤེགས་པའོ། །ཡང་ན་འགྱུར་བའི་མ་རིག་པའི་སྒྲིབ་པ་སྤངས་པའི་ཕྱིར་ཏེ། རིམ་པ་ལྟར་གཟུགས་མཛེས་པའི་གཞོན་ནུ་མ་བཞིན་དང༌། ལེགས་པར་གང་བའི་བུམ་པ་བཞིན་དང༌། རིམས་ནད་ལེགས་པར་བྱང་བ་བཞིན་དུ་བདེ་བར་གཤེགས་པ་རྣམས་ཏེ་དེ་རྣམས་ཀྱིས་སོ། །རྡོ་རྗེ་ནི་སྟོང་པ་ལྔའི་རྩེ་མོ་ཅན་ནོ། །གསང་སྔགས་ཀྱང་འགྱུར་བ་མེད་པའི་བདེ་བའི་ཡེ་ཤེས་ཅན་ཏེ་ཐ་སྙད་བྱས་


DTG013_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་མཚན་ཉིད་ཅན་ནི་མ་ཡིན་ནོ། །འདི་ཇི་ལྟར་ཞེ་ན་ཡིད་སྐྱོབ་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ་རྩ་བའི་རྒྱུད་དུ་གསུངས་པ། །ལུས་ངག་སེམས་ཀྱི་ཁམས་རྣམས་ནི། །གང་ཕྱིར་སྐྱོབ་པར་གྱུར་དེའི་ཕྱིར། །སྔགས་དོན་སྔགས་ཀྱི་སྒྲ་ཡིས་ནི། །སྟོང་ཉིད་སྙིང་རྗེ་འགྱུར་མེད་པ། །བསོད་ནམས་ཡེ་ཤེས་རང་བཞིན་སྔགས། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཞེས་པའོ། །འོ་ན་དུས་ཀྱི་འཁོར་ལོ་གང་དུ་རྡོ་རྗེ་འཛིན་པ་སངས་རྒྱས་བཅོམ་ལྡན་འདས་ས་བཅུ་གཉིས་ཀྱི་དབང་ཕྱུག་རྣམས་རྡོ་རྗེའི་རྣལ་འབྱོར་གྱི་སྟོན་པ་པོ་དང་གསང་སྔགས་མཁྱེན་པའི་བྱང་ཆུབ་སེམས་དཔའ་ས་བཅུ་པའི་དབང་ཕྱུག་རྣམས་སྡུད་པར་བྱེད་པ་རྣམས་ཡིན་ནམ། དེ་ལ་ཇི་ལྟར་ན་བཅོམ་ལྡན་འདས་བློ་གྲོས་ཞན་པས་སྨྲ་བར་འདོད་པ་ཉིད་ཀྱིས་བདག་ཉིད་སྐབས་དབྱེ་བར་འདོད་ཅེ་ན། མཁའ་ལ་ཞེས་པའོ། །ཅི་ཞེས་པ་གང་དུ་ཇི་ཞེས་དྲི་བ་སྟེ། འགྲོ་བ་མིན་ནམ་ཅི་སྟེ་འོན་ཀྱང་གཞན་ལ་འགྲོས་ཞན་པ་ཡང་འགྲོ་བ་ཉིད་དོ་ཞེས་པའོ། །འདི་ནི་དགོངས་པ་སྟེ། འདབ་ཆགས་ཆུང་དུ་དང་འདྲ་བ་དག་གིས་བགྲོད་པར་བྱེ་བ་ནི་ནམ་མཁའི་ཁམས་དང་འདྲ་བའི་རྡོ་རྗེ་རྣལ་འབྱོར་འདིའོ་ཞེས་པའོ། །ད་ནི་རྒྱུད་ཀྱི་ཆེ་བ་ཉིད་གསལ་བར་བྱེད་པ་སྔོན་མ་ཅན་བདག་ཉིད་རྒྱ་ཆེར་འགྲེལ་པར་བྱ་བའི་ཆེད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དབུགས་འབྱིན་པ་གསུངས་པ། གང་དུ་ཞེས་པ་ལ་སོགས་པ་སྟེ། གང་དུ་སྟེ་རྒྱུད་ཀྱི་རྒྱལ་པོར་གསུངས་ཏེ་ཉེ་བར་བསྟན་ཏོ། །སྲིད་པ་མཐའ་དག་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནས་བརྩམས་ནས་ཇི་སྲིད་དུ་དམྱལ་བའི་མཐར་ཐུག་པའོ། །གསལ་བར་ཏེ་སྒྲིབ་པ་མེད་པར་ཇི་ལྟར་གྱུར་པའོ་ཞེས་པ་བྱ་བའི་ཁྱད་པར་ལས་རྒྱུད་ཀྱིར་གྱལ་པོའི་རྡོ་རྗེའི་ཚིག་རབ་ཏུ་གསལ་བ་ཉིད་བསྟན་ཏོ། །སྔགས་ནི་རྣམ་པ་གཉིས་ཏེ་དེ་བཞིན་ཉིད་ཀྱི་བརྡ་དང་ཐ་སྙད་པའི་བརྡ་ཅན་དེ་དང་བཅས་ཏེ་འཇུག་པའོ། །རྒྱལ་བའི་དབང་པོས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སོ། །ཨཱ་ལི་ནི་བྱང་ཆུབ་ཀྱི་སེམས་ཏེ་ཚིགས་སུ་བཅད་པ་ཁ་ཅིག་ཏུ་རིང་པོ་ལ་ཐུང་ངུའོ་ཞེས་པའི་གསུང་ལས་སོ། །ཀྱེའི་རྡོ་རྗེ་ར་ནི་རིང་པོ་སྟེ་གསལ་བ་ཁོ་ནའོ། །ཇི་སྐད་དུ། ཟླ་བར་གྱུར་བ་བྱང་ཆུབ་


DTG013_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས། །ཆ་བཅོ་ལྔ་ཡི་བདག་ཉིད་ཅན། །ཨཱ་ལིའི་ངོ་བོ་བདེ་བ་ཆེ། །རྣལ་འབྱོར་མ་རྣམས་དེ་ཡི་ཆ། །ཞེས་པ་སྟེ། བྱང་ཆུབ་ཀྱི་སེམས་ཐིག་ལེ་འཛིན་པ་རྣམས་ཀྱི་ཤེས་པའོ། །རྒྱལ་བའི་ཆེད་དུ་སྟེ་རྒལ་བའི་ཆེད་དུའོ། །འོ་ན་བརྗོད་མ་ཐག་པའི་རིམ་པས་ནུས་པ་ཆུང་བརྒྱ་མཚོ་ཆེན་པོ་རྒལ་བར་ཞུགས་པ་ཁྱོད་ཀྱི་ཕ་རོལ་ཏུ་འགྲོ་བར་གང་ལས་སྲིད་པར་འགྱུར་ཞེ་ན། འདི་ནི་བདེན་པ་ཁོ་ན་སྟེ་གལ་ཏེ་དེ་ལ་རྒལ་བའི་མཐུ་མེད་པར་གྱུར་ན་མོད། རྒྱལ་བ་བཅོམ་ལྡན་འདས་དཔལ་ཤཱཀྱ་སེང་གེའི་མཐུ་སྟེ་བྱིན་གྱིས་བརླབས་པ་ཡང་སྟེ། དེ་ལས་སོ་ཞེས་པའོ། །རྩ་བའི་རྒྱུད་དུ་གསུངས་པ། ཕྲེང་འཛིན་ཚིགས་བཅད་སུམ་ཅུ་ཡང༌། །ལྷག་པའི་ཕྱག་རྒྱ་ལེའུ་ལྔས། །དཔལ་ལྡན་རྒྱུད་དག་རྫོགས་པར་ནི། །སྨྲ་བའི་རྒྱལ་པོས་སྟོན་འགྱུར་ཏེ། །སྡུད་པར་བྱེད་པ་པོ་ཡང་འདི། །རྒྱས་འགྲེལ་བྱེད་པ་པད་དཀར་འཛིན། །ཞེས་སོ། །དེ་ནི་ཉུང་དུའི་རྒྱུད་སྡུད་པར་བྱེད་པ་ལུང་བསྟན་པ་གསུངས་པ། གང་ཞེས་པ་ལ་སོགས་པའོ། །གང་ཉུང་དུའི་རྒྱུད་གསུངས་པར་ལུང་བསྟན་ཏེ་སྟོབས་བཅུ་པ་ཟས་གཙང་གི་སྲས་པོས་སྔོན་ཏེ་དང་པོར་རོ། །གསང་བདག་ལ་རྡོ་རྗེའི་རྣལ་འབྱོར་གསུངས་ཤིང་བསྟན་པ་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ལས་དཔལ་དུས་ཀྱི་འཁོར་ལོ་ཉུང་དུའི་རྒྱུད་ཀྱི་མཚན་ཅན་ཏེ་ངེས་པ་བསྟན་ཏོ། །དོན་གྱི་སྒོ་ནས་མཐའ་དག་སྟེ། གཞུང་གིས་ནི་ཉུང་དུ་ཞེས་པའོ། །འཇམ་དཔལ་གྱིས་ཏེ་རྒྱལ་པོ་གྲགས་པས་སོ། །ཀཱ་ལཱ་བར་ཏེ་རྒྱལ་པོའི་ཕོ་བྲང་གང་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞེངས་ཤིང་དེའི་ཤར་དུ་ཆོས་བསྟན་པའི་ཆེད་དུ་རིན་པོ་ཆེའི་སེང་གེའི་ཁྲི་ཡང་ཡོད་པའོ། །ཐུབ་པ་རྣམས་ལ་སྟེ་ཚངས་པའི་དྲང་སྲོང་ཕྱེད་དང་བཅས་པའི་བྱེ་བ་གསུམ་རྣམས་ལའོ་ཞེས་པའོ། །ད་ནི་རྒྱུད་ཀྱི་རྒྱལ་པོ་ལ་རྒྱ་ཆེར་འགྲེལ་བའི་རིམ་པ་གསུངས་པ། རྒྱས་འགྲེལ་ཞེས་པ་ལ་སོགས་པའོ། །གང་ཞིག་རྒྱས་འགྲེལ་རབ་ཏུ་རྒྱས་བཤད་ཆེན་པོའི་མཚན་ཉིད་ཅན་ཐེག་པ་རྣམས་ཀུན་དོན་གསལ་བར་བྱེད་ཅིང་མདོར་སྟོན་པ་རྒྱལ་པོ་ཟླ་བ་བཟང་པོས་བྲིས་པ་སྟོང་ཕྲག་བཅུ་དྲུག་པ་སྟེ། རྩ་བའི་རྒྱུད་ཀྱི་ཞེས་དོན་གྱིས་


DTG013_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོ། །དེ་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའི་སྐུ་ས་བཅུའི་དབང་ཕྱུག་པདྨ་དཀར་པོ་བདག་གིས་རྡོ་རྗེ་རྣལ་འབྱོར་ལ་ཕྱག་འཚལ་ནས་བྲི་བར་བྱའོ། །རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲང་བ་སྟེ་འབྲེལ་པ་ལ་སོགས་པའོ། །དེ་ལྟ་ན་ཡང་གཞུང་ནི་སྟོང་ཕྲག་བཅུ་གཉིས་པ་སྟེ། འདིའི་ཚད་སྟོང་ཕྲག་བཅུ་གཉིས་པའོ། །རྡོ་རྗེའི་ཚིག་དང་བཅས་ཏེ་འཇུག་པའི་རྒྱུ་གང་ཡིན་པ་དེ་འབྱེད་དེ། རྣམ་པར་དབྱེ་བའི་ངང་ཚུལ་འདིའོ། །ཞེས་པའོ། །རྩ་བའི་རྒྱུད་དུ་གསུངས་པ། དེ་ནས་ཟླ་བཟང་རྩ་རྒྱུད་ལས། །ཁྱོད་ནི་སྡུད་པར་བྱེད་པའོ། །ཁྱོད་ཉིད་རྒྱས་འགྲེལ་བྱད་པ་སྟེ། འདིར་ནི་སེམས་ཅན་ཡོངས་སྨིན་བྱེད། །འཇམ་པའི་རྡོ་རྗེའང་ཉུང་རྒྱུད་ལའོ། །རྒྱས་འགྲེལ་བྱེད་པའང་པད་འཛིན་རང༌། །ཞེས་པའོ། །དཔལ་ལྡན་དྲི་མ་མེད་པའི་འོད་ཀྱི་རྒྱུད་ལ་འཇུག་པའི་བཤད་སྦྱར་མི་གཡོ་བའི་སྙིང་པོ་སྣང་བ་བརྒྱ་ཕྲག་བཅུ་གསུམ་པར་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་བའི་ངེས་པ་སྟེ་གཉིས་པའོ།། །།

གསུམ་པ། བྱང་ཆུབ་སེམས་དཔས་མཛད་པའི་རྒྱ་ཆེར་འགྲེལ་གྱི་ཡོན་ཏན་བསྒྲགས་པའི་ངེས་པ།


DTG010_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་བྱང་ཆུབ་སེམས་དཔས་མཛད་པའི་རྒྱ་ཆེར་འགྲེལ་མཉན་པའི་རིམ་པས་བདག་ཉིད་ཆེན་པོ་ཉིད་བསྒྲགས་པ་གསུངས་པ། ཐོས་ནས་ཞེས་པ་ལ་སོགས་པའོ། །རྒྱས་འགྲེལ་ནི་བྱང་ཆུབ་སེམས་དཔས་མཛད་པ་སྟེ། དེ་ནི་མངོན་ཤེས་ཐོབ་རྣམས་ཀྱིས། །བྱ་ཡིས་མཁས་རྣམས་ཀྱིས་མིན་ཉིད། །ཅེས་པའི་གསུང་ལས་སོ། །གཙོ་བོའི་སྟེ་བརྗོད་པར་བྱ་བ་དུས་ཀྱི་འཁོར་ལོ་ཡིའོ། །རྣལ་འབྱོར་པ་ཞེས་པ་རྣལ་འབྱོར་ལ་ངང་ཚུལ་འདི་ཡོད་པའོ་ཞེས་པའོ། །ཀྱང་གི་སྒྲ་ནི་འདིར་བསྡུ་བ་ལ་སྟེ། གཞན་བྱིས་པའི་མཁས་པ་ཁྱིམ་གནས་ལ་སོགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་རྣལ་འབྱོར་པས་ཀྱང་སྟེ་ཡང་དག་པའི་ཡེ་ཤེས་ཀྱི་ལམ་དུ་བ་ལ་སོགས་པའི་ལམ་ལ་གནས་པས་སོ། །ཅི་བྱས་ནས་ཤེ་ན་རྒྱལ་བས་གསུངས་པའི་ཆོ་གས་ཏེ་དབང་གི་ལེའུར་གསུངས་པའི་རིམ་པས་དབང་མཆོག་སྟེ་ཤེས་རབ་ཡེ་ཤེས་བླངས་ནས་སོ། །རྒྱུད་འདི་ཐོས་ནས་ཏེ་ཉུང་དུའི་རྒྱུད་ཀྱི་རྒྱལ་པོའོ། །དེ་ནས་ཁེངས་པ་རྣམ་པ་དུ་མ་དང་ལོངས་སྤྱོད་རྣམ་པར་འཇིག་ཏུ་བཏང་ནས་སོ། །བི་བྷ་བ་ནི་འདིར་རྣམ་པར་འཇིག་པ་ལ་སྟེ་སེམས་ཀྱི་ཁྱད་པར་ལ་ནི་ཕུན་སུམ་ཚོགས་པའོ། །


DTG013_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་ནི་སངས་རྒྱས་ཉིད་ཀྱི་ཆེད་དུ་གཏད་དེ་བསྐྱེད་པའོ། །བླ་མ་ལས་ཞེས་པ་རྡོ་རྗེ་སློབ་དཔོན་བརྟག་པའི་ཆོ་གས་བརྟགས་པའི་བླ་མའི་སྐབས་ལས་སོ། །རྣམ་པ་གཞན་དུ་ན་བརྟག་པའི་མཚན་ཉིད་དང་བྲལ་བའི་བླ་མ་མཉེས་པར་བྱས་པས་སློབ་མ་རྣམས་ཀྱི་ཆོས་ལ་བཟློག་པར་འགྱུར་རོ། །ཆོས་ལས་བཟློགས་ལས་དམྱལ་བར་འགྲོའོ་ཞེས་པའོ། །འདི་སྐད་བརྗོད་པར་འགྱུར་ཏེ་མ་འོངས་པའི་དུས་སུ་བྱིས་པའི་མཁས་པ་ཤེས་པ་ངན་པས་ཁེངས་པ་རྣམས་མཁས་པས་མངོན་པའི་ང་རྒྱལ་བསྐྱེད་པར་འགྱུར་རོ། །མངོན་པའི་ང་རྒྱལ་དེས་དབང་མ་བླངས་ཤིང་རྒྱུད་མ་ཐོས་པའོ་ནས་འགྲེལ་པ་མ་བསམས་ནས་སློབ་དཔོན་མ་བསྟེན་པ་རྒྱུད་ཀྱི་དོན་དང་དབང་གི་དོན་མི་ཤེས་པ་རྣམས་བདུད་ཀྱི་རིས་རྣམས་བཞིན་དུ་སེམས་ཅན་རྣམས་ཀྱི་བླ་མར་གྱུར་ནས་ཕྱིན་ཅི་ལོག་ཏུ་སྟོན་པར་གྱུར་ཏོ། །གཞན་གྱི་བུད་མེད་དང་རྫས་རྙེད་པས་དམྱལ་བར་འགྲོ་བ་ལ་སྤྲོ་བ་རྣམས་སོ་ཞེས་པ་སྟེ། འདི་དགག་པ་ལྷུར་ལེན་པ་ཚིགས་སུ་བཅད་པ་འདི་གསུངས་སོ་ཞེས་པའོ། །འོ་ན་དེ་ལྟ་ན་མངོན་པར་ཤེས་པ་མེད་པ་རྣམས་ཀྱིས་རྒྱ་ཆེར་འགྲེལ་བྱེད་ན་འདིར་སྐྱོན་ཅི་ཡོད། གང་གིས་ན་འདི་བརྗོད་པར་བྱ་ཞེ་ན་གསུངས་པ། གང་ཞེས་པ་ལ་སོགས་པའོ། །གང་མངོན་པར་ཤེས་པ་མེད་པར་རྒྱ་ཆེར་འགྲེལ་པ་ཆེན་པོ་སྟེ། དོན་ཐམས་ཅད་མཚོན་པར་བྱེད་པ་རྒྱས་བཤད་ཆེན་པོ་དང་མདོར་བསྟན་པ་ཆེན་པོའི་མཚན་ཉིད་ཅན་བྱེད་པའོ། །དཔལ་ལྡན་རྡོ་རྗེ་ཐེག་པར་ཞེས་པ་དཔལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཉེ་བར་མཚན་པ་རྡོ་རྗེ་ཐེག་པར་འགྲོ་བའོ། །རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་དེ་ལ་གནས་པ་སྟེ་ཞོན་པའོ། །བསྟན་བཅོས་དུ་མའི་རྣམ་རྟོག་ཆོས་ཀྱི་སྙིང་ཞེས་པ་ནི་བསྟན་བཅོས་ཏེ་རྟོག་གེ་ལ་སོགས་པ་རྣམས་ཀྱིས་དབུགས་ཕྱུང་བའི་རྣམ་པར་རྟོག་པ་སྟེ་མི་བདེན་པའི་ཤེས་པ་ཡང་ང༌། །དེ་ཁོ་ན་ཆོས་ཏེ་རང་གི་ངོ་བོའི་དོན་ཉེ་བར་སྟོན་པའི་ཆུ་ལ་ཡུན་རིང་པོར་ཞུགས་པའི་གདེངས་ཅན་གྱི་རྐང་པ་ལྟ་བུའི་སྙིང་རྗེ་སེམས་གང་གི་ཡིན་པ་ཞེས་པའོ། །ད་ནི་གླང་ཆེན་ལོང་བའི་རྒྱུད་ལྟར་རང་གི་རྒྱུད་ཉམས་པར་བྱད་པའོ། །དེའི་རྒྱུད་ནི་ཡན་ལག་བཞི་པའི་དཔུང་སྟོབས་དང་ལྡན་པའོ། །གནས་པ་ནི་


DTG013_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྟན་པ་སྟེ་དགྲའི་རྒྱུད་རྒྱལ་བའི་ཆེད་དུའོ། །གསོད་པར་བྱེད་པས་ན་བདུད་དེ་དེའི་གཉེན་ནི་ཕ་དང་མའི་འབྲེལ་པར་གྱུར་པའོ། །རྟག་ཏུ་ནི་དུས་ཐམས་ཅད་དུའོ་ཞེས་པའོ། །དོན་ནི་འདི་ཡིན་ཏེ། རྒྱ་ཆེར་འགྲེལ་བྱེད་པ་པོ་མངོན་པར་ཤེས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་ལོང་བ་ལྟ་བུ་བདེན་པ་མཐོང་བ་དང་བྲལ་བ་བསྟན་བཅོས་དུ་མའི་རྣམ་རྟོག་ཆོས་ཀྱི་སྙིང་ཅན་ཉིད་ཀྱི་ཕྱིར་གླང་པོ་ཆེ་བཞིན་དུ་བཟློག་པ་ལ་བཟློག་པའི་ལུས་ཅན་མཁས་པ་ཉིད་ཀྱིས་དྲེགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་མྱོས་པ་བཞིན་དུ་ང་རྒྱལ་ཆེན་པོས་ཁེངས་པ་ལས་བདུད་ཀྱི་ཕྱོགས་སུ་གྱུར་པ་ནི། འགྱུར་བའི་བདེ་བ་ལ་སོགས་པ་བདུད་ཀྱི་སྟོབས་རྒྱལ་བའི་ཆེད་དུ་གང་གནས་པའི་རྒྱུད་མཐའ་དྲུག་གི་མཚན་ཉིད་ཅན་དབང་བཞི་ལ་སོགས་པ་རྗོད་པར་བྱེད་པ་དེ་རྩ་བ་དང་བཅས་པ་རྩད་ནས་དབྱུང་བར་འབད་པའི་རྨོངས་པ་ཆེན་པོ་སྟེ། དེ་དགག་པའི་ཆེད་དུ་ཚིགས་སུ་བཅད་པ་འདི་གསུངས་སོ། །འོ་ན་འདི་ལྟ་བུའི་སྐྱོན་རྣམ་པར་སྨིན་པའི་འབྲས་བུ་རྩུབ་པ་ཅན་མཐོང་ནས་ཀྱང་རྒྱ་ཆེར་འགྲེལ་བྱེད་པ་ལ་འཇུག་པ་ནི་ཅི་མཁས་པའི་རང་བཞིན་ཅན་དུ་འགྱུར་རམ་ཞེས་དགོས་པ་ལ་གསུངས་པ། མཁས་པའི་ཞེས་པ་ལ་སོགས་པའོ། །མངོན་པའི་ང་རྒྱལ་ཅན་ནི་མཁས་པར་སེམས་པ་ཡིན་གྱི། །བདེན་པ་མཐོང་བ་ནི་མ་ཡིན་པའོ། །རྒྱལ་བདག་གསུང་ནི་གང་ཞིག་ཐིག་ལེ་ལས་ནི་དཀར་པོའི་རྒྱུན་འབབ་ཅེས་པ་ལ་སོགས་པ་རྣམས་ལ་དགོངས་པ་གང་གིས་མི་ཤེས་པའི་དང་ཚུལ་ཅན་དེ་ནི་རྒྱལ་བདག་གསུང་ནི་མི་ཤེས་ངང་ཚུལ་ལོ། །འགྱོད་པ་དང་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལམ་ཅན་ཞེས་པ་ལ་ངན་པའི་བྱ་བ་ནི་ངན་བྱས་ཏེ་གང་བསོད་ནམས་བཏང་བ་དང་འཇིག་རྟེན་གྱིས་སྨད་པའོ། །དེའི་དངོས་པོ་ནི་འགྱོད་པ་ཉིད་དོ། །སྲོག་གཅོད་པ་ནི་སྲོག་ཆགས་གསད་པའོ། །དེ་དག་ཁོ་ན་མི་དགེ་བའི་ལམ་གྱི་དང་པོ་ཡིན་པའོ། །སོགས་པའི་སྒྲ་ལས་མ་བྱིན་པར་ལེན་པ་ལ་སོགས་པའོ། །དེ་ལ་གནས་པ་ཞེས་པ་ལྷག་མའོ། །དེས་ན་བུད་མེད་བདེ་བས་སེམས་དྲངས་ཞེས་པ་དབང་པོ་གཉིས་ཀྱིས་འགྱུར་བའི་བདེ་བས་གང་གི་སེམས་དྲངས་ཏེ་དབང་དུ་བྱས་པ་ཞེས་པའོ། །འོ་ན་ཆང་གིས་ཀུན་དགའ་གཅིག་སྟེ་བྷ་ག་ཉེད་པ་བུ་ནི་སྒྲུབ་


DTG013_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཆེད་དུའོ་གཞན་པ་གསུངས་པ་མེད། །ཅེས་པ་ལ་སོགས་པ་དེ་བཞིན་གཤེགས་པས་གསུངས་པ་ཡིན་ནམ་ཞེ་ན། བདེན་མོད་སྒྲ་ཇི་བཞིན་མ་ཡིན་ཏེ། ཆང་ཡང་གཞན་ཡིན་བྷ་ག་ཡང་གཞན་ཡིན་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཆེད་དུ་གསུངས་པའོ། །སྒྲ་ཇི་བཞིན་པས་ཀྱང་བདེ་བ་འཕེལ་བའི་དོན་དུ་སྟེ། བདེ་བ་ཉམས་པའི་ཆེད་དུ་མ་ཡིན་ནོ། །འདི་དཔལ་ལྡན་ཤེས་རབ་བདེ་ཉམས་ཤེས་པ་སྟེ་དཔལ་ལྡན་ཤེས་རབ་ནི་ཕྱག་རྒྱ་ཆེན་པོའོ། །དེའི་བདེ་བ་ནི་མཆོག་ཏུ་མི་འགྱུར་བའོ། །དེ་ལས་ཉམས་པ་ནི་རིང་དུ་གྱུར་པའོ། །དེ་ལས་རྡོ་རྗེའི་ཚིག་བཅོམ་སྟེ། བཞི་པ་ལ་སོགས་པ་རྡོ་རྗེའི་ཚིག་བཅོམ་པའོ། །དེ་ཉིད་ཀྱི་ཕྱིར་ཕྱི་རོལ་གྱི་ལོངས་སྤྱོད་ཀྱིས་ཟིལ་གྱིས་མནན་པ་སྟེ་དམ་པ་མ་ཡིན་པའི་བཟའ་བ་དང་བཏུང་བ་ལ་སོགས་པ་ལ་ཆགས་པའོ། །ཐེག་མཆོག་ནི་རྡོ་རྗེ་ཐེག་པ་ལའོ། །མངོན་པར་ཤེས་པ་ལ་སོགས་པ་མེད་པར་རྒྱ་ཆེར་འགྲེལ་པ་བྱས་ནས་ལོང་བས་བདག་ཉིད་ལྷུང་ནས་ལོང་བ་གཞན་དམྱལ་བར་འཇུག་གོ །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ་དེའི་ཕྱིར་དེ་ལྟར་ཆོས་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་ལམ་ལ་གནས་པར་སྤྲོ་བ་ནི་ཇི་ལྟར་ཡང་རང་གི་ཆོས་རྗེས་སུ་སྒྲུབ་པ་དང་མཐུན་པའི་ལམ་བོར་ནས་འཚོ་བའི་སྡོང་པོའི་འབྲས་བུ་ཟ་བར་བྱེད་པ་དེ་ལྟར་ནི་ཤེས་རབ་འཆལ་བའི་རང་བཞིན་ཅན་ནི་མཁས་པ་ཉིད་དུ་མངོན་པའི་ང་རྒྱལ་བསྐྱེད་ནས་དེ་སླར་ཡང་དེ་བཞིན་དུ། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་པ་ལ་སོགས་པའི་རྡོ་རྗེའི་ཚིག་ཕྱིན་ཅི་ལོག་ཏུ་སྟོན་པར་རང་གིས་བྱས་པའི་རྒྱ་ཆེར་འགྲེལ་པས་བཟུང་ནས་ལམ་འདི་ནི་བཅོམ་ལྡན་འདས་ཀྱིས་ཐར་པའི་ཆེད་དུ་གསུངས་པའོ་ཞེས་སེམས་ཅན་རྣམས་ལ་རྒྱ་ཆེར་སྒྲོགས་པར་བྱེད་དེ་གང་ལས་རང་ཡང་ཉམས་ཤིང་གཞན་ཡང་ཉམས་སུ་འཇུག་པ་རང་ཉིད་ཟབ་མོའི་དོན་མི་ཤེས་པ་ལ་ལམ་ཉམས་པ་བཞིན་དུ་ལམ་ཡིན་པ་ཉེ་བར་སྟོན་པ་ལམ་ཕྱིན་ཅི་ལོག་ལས་བཟློག་པར་མི་ནུས་སོ་ཞེས་པའོ། །གལ་ཏེ་གཞན་ཆོས་མཚུངས་པ་མ་ཡིན་པ་རྣམས་ཀྱི་དམྱལ་བར་འགྲོ་བར་མི་རིགས་པ་མ་ཡིན་ནམ་ཞེ་ན་བདན་མོད་གང་རྣམས་དེས་སྦྱར་བའི་འགྲེལ་བཤད་ལས་རྡོ་རྗེའི་ཚིག་གི་དོན་ཕྱིན་ཅི་ལོག་ཏུ་ཐོས་ཤིང་ཤེས་ནས་ངེད་ནི་སངས་


DTG013_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ཀུན་ནས་ཤེས་སོ་ཞེས་པ་འདི་ལྟར་མངོན་པའི་ང་རྒྱལ་སྐྱེད་པར་བྱེད་པ་དེ་རྣམས་ཀྱང་རྒྱལ་བའི་བདག་པོའི་གསུང་མི་ཤེས་པའི་ངང་ཚུལ་ཅན་རྟག་ཏུ་ལོངས་པར་གྱུར་པ་རྣམས་ཏེ། སྔར་ཁོ་ནར་དམྱལ་བར་འགྲོ་བ་རྣམས་སོ་ཞེས་པ་འདི་ལྟ་བུ་ལ་སོགས་པ་རྣམས་ཀྱང་དགག་པའི་དོན་དུ་ཚིགས་སུ་བཅད་པ་འདི་གསུངས་སོ་ཞེས་པའོ། །གལ་ཏེ་དེ་ལ་མངོན་པར་ཤེས་པ་མེད་པ་རྣམས་ཀྱིས་རྒྱ་ཆེར་འགྲེལ་མི་བྱ་ལ་བྱས་ཀྱང་སྟོན་པ་པོ་རྣམས་ཀྱིས་བསྟན་པར་མི་བྱ་ཞིང་དེ་རྣམས་ཀྱང་ལམ་ལས་ཕྱིན་ཅི་ལོག་པ་དང་བརྫུན་དུ་སྨྲ་བ་ཉིད་གཟུང་བར་འོས་པ་མ་ཡིན་པའི་ཚིག་ཅན་རྣམས་ཡིན་ན་རྒྱ་ཆེར་འགྲེལ་བྱེད་པ་པོ་ཕྱིན་ཅི་མ་ལོག་པ་བདེན་པ་མཐོང་བ་རྣམས་ནི་སུ་རྣམས་ཡིན་ཞེ་ན་གསུངས་པ། སྟོན་པས་ཞེས་པ་ལ་སོགས་པའོ། །རང་གི་སྒྲའི་རྣམ་གྲངས་ལ་ཉིད་ཀྱི་སྒྲ་ཡང་ཡོད་དེ་དེའི་ཕྱིར་ཉིད་དེ་བདག་ཉིད་ཀྱིས་དེ་གཞན་དང་གཞན་གྱིས་མ་ཡིན་པའོ། །སྟོན་པས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སོ། །རྡོ་རྗེའི་ཐེག་པར་ཏེ་ཐེག་པ་ཆེན་པོར་རོ། །རྒྱལ་བདག་བདེ་སྟེར་ཏེ་ལྷན་ཅིག་སྐྱེས་པའི་བདེ་བ་སྦྱིན་པ་པོར་རོ། །གང་རྒྱུ་ཆེར་འགྲེལ་བ་ཉིད་དང་སྡུད་པར་བྱེད་པ་ཉིད་དུ་ལུང་བསྟན་པ་བདག་འདྲ་སྟེ་ས་བཅུའི་དབང་ཕྱུག་འཇིག་རྟེན་དབང་ཕྱུག་ལྟ་བུ་དེ་རྣམས་ཐམས་ཅད་ནི་སངས་རྒྱས་མཐར་ཐུག་ཅེས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བདག་ཉིད་ཆེན་པོ་སྒྲོགས་སོ། །ལྷ་དང་ལག་འགྲོ་མི་རྣམ་སྨིན་པའི་དོན་དུ་སྟེ་སྲིད་པ་གསུམ་གྱི་སྐྱེ་བོ་རྣམས་ཀྱི་སངས་རྒྱས་ཉིད་ཀྱི་ཆེད་དུ་སྟེ། ཚིག་འཇམ་པོས་བསླབ་པའི་གནས་སྦྱིན་པའི་རིམ་གྱིས་སེམས་ཤེས་ནས་དཔེའི་ཚུལ་གྱིས་འདོད་ཆགས་ལ་སོགས་པའི་སྐྱོན་རྣམས་རྣམ་པར་སེལ་བ་ཞེས་པ་ནི་སྨིན་པའོ། །དེ་ཉིད་གང་གི་དོན་ཏེ་དགོས་པ་ཡིན་པའོ། །ཕྱི་ནས་དཀའ་ཐུབ་ཀྱི་བསླབ་པ་ནས་ཇི་སྲིད་དུ་དོན་དང་མཐུན་པ་བསྒོམས་པས་སྐྱོན་རྣམས་རྩ་བ་ནས་འབྱིན་པའོ། །ཇི་སྐད་དུ་ནད་པ་རྣམས་ལ་དང་པོར་སྨན་གྱི་སྦྱོར་བ་ཕྲ་མོས་སྨིན་པར་བྱེད་པ་ལ་ཕྱི་ནས་དྲག་པོའི་རིམས་ལ་སོགས་པའི་སྐྱོན་རྣམས་ངེས་པར་སྒྲོལ་བའོ་ཞེས་སོ། །གང་རྣམས་


DTG013_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མངོན་ཤེས་ལྔ་རྣམས་ཀྱང་མེད་པ་དེ་རྣམས་ཀྱང་རྙེད་པ་དང་བཀུར་སྟིའི་དོན་དུ་བདག་ཅག་རྒྱལ་དབང་ཡིན་ཞེས་བདེན་པ་མིན་པ་སྨྲའོ་ཞེས་པ་དེའི་ཕྱིར་དེ་རྣམས་ཀྱི་གང་ཐར་པ་འདོད་པ་རྣམས་ཀྱིས་མཉན་པར་མི་བྱ་དད་པར་མི་བྱ་ཡིན་ལ་མི་བྱའོ་ཞེས་པའོ། །གལ་ཏེ་དེ་ལྟ་ན་འཕགས་པ་ཕྱག་ན་རྡོ་རྗེས་མཛད་པའི་རྒྱ་ཆེར་འགྲེལ་པར་ཇི་ལྟར་གསུངས་ཏེ་འདིར་དང་པོར་བུམ་པའི་དབང་ལ་སློབ་མ་རྡོ་རྗེ་སློབ་དཔོན་དུ་གྱུར་པའོ། །དེ་བཞིན་དུ་གསང་བ་དང་ཤེས་རབ་ཡེ་ཤེས་དང་བཞི་པ་ལ་ཡང་ངོ༌། །སློབ་དཔོན་ཉིད་དུ་གང་ཞིག་ཏུ་འགྱུར་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བའོ་ཞེས་སོ། །དེ་ཇི་ལྟར་ཡིན་ཏེ་དང་པོར་བུམ་པའི་དབང་བསྐུར་གྱིས་དབང་བསྐུར་བ་སློབ་དཔོན་ནོ་ཞེས་པའི་གསུང་ལས་རྒྱལ་བའི་དབང་པོ་ཉིད་དུ་རིགས་སོ་ཞེ་ན་དེ་ལྟ་མ་ཡིན་ཏེ་དབང་བསྐུར་བཞིའི་རིམ་པ་རྣམ་པར་གཞག་པའི་དོན་དུའོ། །དེ་ཡང་ཀུན་རྫོབ་ཏུ་སྟེ་དམ་པའི་དོན་དུ་ནི་མ་ཡིན་ནོ། །ཇི་སྐད་དུ་འཕགས་པ་རྡོ་རྗེ་སྙིང་པོས་མཛད་པའི་རྒྱ་ཆེར་འགྲེལ་པར་གསུངས་པ། ཇི་ལྟར་བཤད་བ་རྣམས་སྣང་དང༌། །གཅི་བ་ཁུ་བའི་དམ་ཚིག་ནི། །མི་བསྐྱོད་འོད་དཔག་མེད་ཡིན་པ། །དེ་བཞིན་སློབ་དཔོན་རྡོ་རྗེ་འཛིན། །བཤད་གཅི་ཁུ་བ་ཕྱག་རྒྱ་རྣམས། །ཇི་ལྟར་སློབ་དཔོན་སྦྱིན་པ་པོ། །དེ་བཞིན་ལུས་ངག་ཡིད་རྣམས་ཀྱིས། །གྲུབ་པ་སྦྱིན་བྱེད་རྡོ་རྗེ་འཛིན། །ཀུན་རྫོབ་དང་ནི་བཟློག་པས་ཀྱང༌། །སློབ་མ་རྣལ་འབྱོར་རྣམས་ཀྱི་ཡང༌། །དཀྱིལ་འཁོར་བྱང་ཆུབ་རྩ་བ་རུ། །གང་དེ་སྔོན་ལ་ཕྱི་མ་མིན། །དགོངས་པའི་སྐད་ནི་མི་ཤེས་ཤིང༌། །མིང་ཙམ་གྱིས་ནི་རྨོངས་པ་རྣམས། །རྒྱལ་བའི་དབང་པོ་རྣམས་སྤངས་ནས། །དུ་འབོད་དུ་ནི་འགྲོ་བར་འགྱུར། །ཞེས་སོ། །དེ་ལྟར་བྱང་ཆུབ་སེམས་དཔས་མཛད་པའི་རྒྱ་ཆེར་འགྲེལ་པ་ལ་ཐར་པ་འདོད་པ་རྣམས་ཀྱིས་གདམས་ངག་རྣམ་པས་ཐོས་པ་དང་བསམ་པ་དང་བསྒོམ་པ་ལ་སོགས་པ་རྣམས་ཀྱིས་མཆོག་ཏུ་མངོན་པར་དང་བར་བྱའོ་ཞེས་པའོ། །འོ་ན་དེ་ལྟར་གང་གིས་འདི་ཁོ་ན་ལ་རབ་ཏུ་དང་བར་བྱ་བ་བྱང་ཆུབ་སེམས་དཔས་མཛད་པའི་རྒྱ་ཆེར་འགྲེལ་དེ་ལ་རྣམ་པར་བགྲངས་པའི་ཡོན་ཏན་ཅི་ཞིག་མཐོང་ཞེ་ན་གསུངས་པ་སྣ་ཚོགས་ཞེས་པ་ལ་སོགས་


DTG013_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །མ་འོངས་པའི་དུས་ཀྱི་ཚེ་ན་འབྱུང་བར་འགྱུར་ཏེ་སངས་རྒྱས་པ་རྣམས་ཀྱི་བློ་སྟེ་ཤེས་པ་སྣ་ཚོགས་ཏེ་རྣམ་པ་དུ་མ་འབྱུང་བར་འགྱུར་ཏེ། རྟོག་གེ་ལ་སོགས་པའི་བསྟན་བཅོས་ལ་གཏད་པའོ། །སོགས་པའི་སྒྲ་ཆོས་མངོན་པའི་མཛོད་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་བསྟན་བཅོས་རྣམས་ཏེ་དེ་རྣམས་ལ་སོ་སོར་གནས་པའོ། །ཇི་སྐད་དུ་ནང་གི་ལེའུར་གསུངས་པ། གང་ཞིག་དེ་ཁོ་ན་ཉིད་གང་ཟག་ཅེས་བྱ་ལུང་ནས་སྨྲ་བ་དེ་ནི་རང་བཞིན་གྱིས་བདག་ཉམས། །ཀུན་རྫོབ་ཏུ་ནི་དོན་དུ་སྨྲ་བ་པོ་ཡང་དོན་དམ་མ་རིག་མེད་པ་རུ་ནི་འདོད་པའོ། །སྲིད་གསུམ་མཐའ་དག་རྣམ་པར་ཤེས་པ་ཉིད་དུ་སྨྲ་བ་པོ་ཡང་རྣམ་པར་ཤེས་པར་འདོད་པར་བྱེད། །གང་ཞིག་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པར་སྨྲ་པོ་ཕྱོགས་ཉམས་དེ་ནི་མ་ཉམས་པར་འགྱུར་རོ། །ཞེས་སོ། །སྣ་ཚོགས་སུ་མ་ཟད་ཀྱི་ལོག་པ་ཡང་སྟེ། ལོག་པའི་ཤེས་པ་ནི་ཆད་པའི་སྟོང་པ་ཉིད་ཀྱི་ཤེས་པ་ལ་སོགས་པའོ། །གཞན་གྱི་རྟོག་གེ་ལ་སོགས་པ་དང་འགྲོགས་པའི་དབང་ལས་ཏེ་གཞན་རྣམ་པར་ཤེས་པ་ཚངས་པར་སྨྲ་བ་ལ་སོགས་པ་རྣམས་ཀྱི་འདོད་བྱ་མ་ཡིན་པའི་བསྟན་བཅོས་དང་འགྲོགས་པའི་དབང་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །སྒྲུབ་ཐབས་ཀྱི་ལེའུར་གསུངས་པ། སྲིད་གསུམ་ཕྲ་རབ་གཟུགས་མིན་རྣམ་པར་ཤེས་པའོ། །ཞེས་པ་དེ་བཞིན་རྣམ་པར་ཤེས་པ་མེད་དེ་སངས་རྒྱས་ཤེས་རབ་གང་དུའང་གནས་མ་ཡིན། །ཞེས་པའི་ཚིག་ནི་སངས་རྒྱས་པ་རྣམས་སྟོན་པར་འགྱུར། །གང་གིས་འགྱུར་མེད་དང་བྲལ་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་གཟུང་ནས་སྟོང་པར་ལྟ་བྱེད་པ། །དེ་ནས་གཙོ་བོས་གང་ཞིག་འཕོ་མེད་ལྷན་ཅིག་སྐྱེས་པའི་ལུས་ཀྱི་བདེ་བསྔགས་ཀྱི་ཐེག་པར་བསྟན། །ཞེས་སོ། །དེའི་ཕྱིར་བདག་གིས་ཏེ་འཇིག་རྟེན་དབང་ཕྱུག་གེ་སྤྲུལ་པའི་སྐུ་པདྨ་དཀར་པོ་སངས་རྒྱས་སྲས་པོས་རྒྱ་ཆེར་འགྲེལ་པ་བྲི་བར་བྱ་སྟེ་གསལ་བར་བྱའོ། །བློ་ངན་སྐྱོན་ནི་འཇོམས་བྱེད་དེ། །བློ་ངན་སྐྱོན་ནི་འདིར་ཕྱིན་ཅི་ལོག་པའི་ཆོས་སྟོན་པ་ཡིན་ལ་དེ་འཇོམས་པར་བྱེད་པའོ། །སུ་རྣམས་ཀྱི་ཞེ་ན་འདོད་པའི་ཡུལ་ལ་སྟེ་རྡོ་རྗེ་ཐེག་པ་ལ་ལམ་སྟོན་བྱེད་པ་གང་རྣམས་ཏེ་ལམ་ནི་ཕྱག་རྒྱ་ཆེན་པོའི་བདག་ཉིད་ཅན་ནོ། །དེ་རྣམས་


DTG013_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིའོ། །ཅི་ཡིས་ཤེ་ན། དེའི་དེ་སྣ་ཚོགས་པའི་བདག་ཉིད་ཀྱི་བློས་དང༌། ལོག་པ་ལ་སོགས་པའི་བདག་ཉིད་ཀྱིས་དང༌། རྟོག་གེ་ལ་གཏད་པ་ཉིད་ཀྱིས་དང༌། རང་དང་གཞན་གྱི་བསྟན་བཅོས་རྣམས་དང༌། ཀུན་ནས་འགྲོགས་པ་ཉིད་ཀྱིས་སོ་ཞེས་པ་སྟེ། ཚིགས་སུ་བཅད་པ་འདིས་རྒྱ་ཆེར་འགྲེལ་པའི་ཤེས་བྱའི་སྒྲིབ་པ་རབ་ཏུ་སྤོང་བ་གསལ་བར་བྱེད་པ་ཉིད་གསུངས་སོ། །ཤེས་བྱའི་སྒྲིབ་པ་རབ་ཏུ་སྤོང་བ་གསལ་བར་བྱེད་པ་ཉིད་མེད་པ་བསྒོམ་པར་བྱ་བའི་ལམ་གསལ་བར་འགྱུར་བ་མེད་ལ་ཉོན་མོངས་པའི་སྒྲིབ་པ་རབ་ཏུ་སྤང་བ་རབ་ཏུ་གསལ་བར་བྱེད་པ་མེད་པར་བསྒོམ་པ་བསྟན་པར་བྱ་བར་ནུས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་དེ་དོན་དུ་གསུངས་པ། འདོད་ཆགས་ཞེས་པ་ལ་སོགས་པ་སྟེ་རྒྱ་ཆེར་འགྲེལ་པ་ཇི་ལྟ་བུར་བྲི་བར་བྱ་ཞེ་ན། སྐྱ་བ་འཛིན་པའོ། །གང་དུ་ཞེ་ན་དཔལ་ལྡན་རྡོ་རྗེའི་ཐེག་པར་རྟག་ཏུ་འཁོར་བའི་རྒྱ་མཚོ་ཆེན་པོ་དང་བྲལ་བར་རོ། །དེ་ཉིད་གསུངས་པ། སྲིད་པའི་ཆུ་གཏེར་ལ་ནི་སྟེ། སྲིད་པའི་ཕུང་པོ་ལ་སོགས་པའི་བདག་ཉིད་དམ་ཁམས་གསུམ་པའོ། །དེ་ཉིད་ཆུ་གཏེར་ཏེ་ཆུ་དང་གཤེར་བ་ཞེས་པ་རྣམ་གྲངས་སུ་ནང་གི་ལེའུར་རོ། །འདོད་ཆགས་མཐའ་ཡས་ཆུ་ལ་ཞེས་པ་འདོད་ཆགས་ནི་འགྱུར་བའི་བདེ་བའི་བདག་ཉིད་ཀྱི་ཆོས་སམ་ཀུན་དུ་སྦྱོར་བའི་བདག་ཉིད་དེ། དེ་ཁོ་ན་གང་དུ་མཐའ་ཡས་པའི་ཆུ་ཡིན་ཞེས་པའོ། །རྣམ་འབྱེད་མེད་དང་ཞེ་སྡང་སྦྲུལ་དང་ཆུ་སྲིན་འཁྲིག་པར་ཞེས་པ་རྣམ་འབྱེད་ནི་གནས་དང་གནས་མ་ཡིན་པ་ཤེས་པ་ཡིན་ལ། དེ་མེད་པ་ནི་བྲལ་བ་སྟེ་རྣམ་འབྱེད་ཉམས་པ་ཞེས་པའི་དོན་ཏོ། །ཞེ་སྡང་ནི་ཆགས་པ་དང་བྲལ་བའི་བདག་ཉིད་ཀྱི་ཆོས་སམ་འབྲལ་བའི་བདག་ཉིད་དོ། །དེ་དག་ཁོ་ན་སྦྲུལ་དང་ཆུ་སྲིན་དག་སྟེ་ཀླུ་དང་ཆུ་སྲིན་དག་ཡིན་ལ་དེ་དག་གིས་དཀྲིགས་པ་མངོན་པར་ཁྱབ་པའོ། །གཏི་མུག་ཀློང་ནི་རབ་མང་སྟེ། །གཏི་མུག་ནི་རྨོངས་པའི་བདག་ཉིད་ཀྱི་ཆོས་སམ་ཀུན་དུ་སྦྱོར་བ་དང་འབྲལ་བའི་བདག་ཉིད་དོ། །དེ་ཁོ་ན་ཀློང་ཡིན་ལ་དེ་རབ་ཏུ་མང་བ་སྟེ། རྣམ་པར་རྒྱས་པར་རོ། །སོང་དང་འོང་བའི་ནོར་གྱི་དཔལ་ལ་བརྐམ་པའི་རླབས་དོགས་ཅན་ཏེ་སོང་བའང་དེ་ཡིན་ལ་འོང་བ་ཡང་ཞེས་པ་སྟེ། དེ་ཡང་དེ་ཡིན་ལ་ནོར་ཡང་ངོ་ཞེས་པ་སྐྱེ་བ་དང་མཛད་པའི་


DTG013_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱང་ཆུབ་ཀྱི་སེམས་སམ་གོས་དང་རྒྱན་ལ་སོགས་པའོ། །དེའི་དཔལ་ནི་ཕུན་སུམ་ཚོགས་པའོ། །བརྐམ་པ་ནི་འཕོ་བ་ལ་མངོན་པར་འདོད་པའི་བདག་གི་ཆོས་སམ་རང་གི་རྫས་ལ་ཆགས་པས་གནས་པར་གྱུར་པའོ། །དེ་དག་ཁོ་ན་གང་གི་རླབས་དང་དོགས་ཡིན་པ་ཞེས་པའོ། །རླབས་ནི་རྒྱ་མཚོའི་ཆུའི་རྣམ་འགྱུར་རོ། །ངོགས་ནི་འགྲམ་མོ། །འགྱོད་སོགས་གསོད་པ་ལ་སོགས་ལས་ཀྱི་རྟ་གདོང་འཁོར་ལོ་སྒྲ་དྲག་ཅེས་པ་འགྱོད་པ་ཉིད་གང་གི་དང་པོ་ཡིན་པའི་ལས་རྣམས་ཏེ་སོགས་པའི་སྒྲ་ཡིས་ཐེ་ཚོམ་ལ་སོགས་པ་འཆད་པར་འགྱུར་བའོ། །གསོད་པ་སྲོག་གཅོད་པ་གང་གི་དང་པོ་ཡིན་པ་དེ་རྣམས་ཏེ། དེ་རྣམས་ཀྱང་ཡིན་ལ་ལས་རྣམས་ཀྱང་ངོ་ཞེས་པའོ། །དེ་རྣམས་ཁོ་ན་རྟ་གདོང་སྟེ་རྟ་སྒོ་དང༌། འཁོར་མོ་སྟེ་ཆུ་རྣམས་འཁོར་བའོ། །དེ་དག་ལས་དྲག་པོ་སྟེ་འཇིགས་པར་གྱུར་པའི་སྒྲ་གང་ན་ཡོད་པ་དེར་ཞེས་པའོ། །དེའི་ཕྱིར་ཉོན་མོངས་པའི་སྒྲིབ་པ་སྤངས་པ་རབ་ཏུ་གསལ་བར་བྱེད་པ་ལས་བདེ་བླག་ཁོ་ནར་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་རིན་པོ་ཆེ་འཐོབ་པའོ་ཞེས་གསུངས་པ། དམ་པའི་བདེ་བ་ཞེས་པ་ལ་སོགས་པའོ། །རྒྱ་ཆེར་འགྲེལ་པ་མཉན་པར་གྱུར་པ་དེ་ནི་འདྲེན་པར་བྱེད་པས་ན་འདྲེན་པའོ། །ལམ་གྱིས་ནི་དུ་བ་ལ་སོགས་པས་སོ། །དམ་པའི་བདེ་བས་ཞེས་པ་ཁྱད་པར་ལ་གསུམ་པ་སྟེ། འདོད་པ་ལྔ་ལ་ལོངས་སྤྱོད་པ་སྔོན་མ་ཅན་བདེ་བ་ཆེན་པོ་ལ་འཇུག་པས་ཤེས་པའོ། །ཆེན་པོ་རྣམས་ཀྱི་སྟེ་དབང་པོ་གཉིས་ཀྱི་བདེ་བ་མངོན་པར་འདོད་པ་མེད་པ་རྣམས་ཀྱིའོ། །མྱང་འདས་ཕ་རོལ་དོན་གཉེར་རྣམས་ཀྱི་སྟེ། མྱ་ངན་ལས་འདའ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ལ་དེའི་ཕ་རོལ་ནི་ཕུལ་དུ་བྱུང་བ་དྲི་མ་མེད་པ་ཉིད་ཐོབ་པ་སྟེ། དེ་དོན་དུ་གཉེར་བ་གང་རྣམས་ཀྱི་ངང་ཚུལ་ཡིན་པ་ཞེས་པ་ལས་ལ་དྲུག་པའོ། །མྱུར་དུ་རྒལ་བའི་ཆེད་དུ། །ཤེས་རབ་རླུང་གི་དར་གྱིས་ཤེས་པ་བྱེད་པ་ལ་གསུམ་པའོ། །ཤེས་རབ་ཅེས་པ་གཟུགས་བརྙན་མཐོང་བ་སྟེ། དེ་ཉིད་རླུང་གི་དར་རོ། །མྱུར་འགྲོ་ཞེས་པ་མྱུར་དུ་འགྲོ་བའི་ངང་ཚུལ་འདིའི་ཡིན་པ་ཞེས་པ་སྟེ། འདི་ཁོ་ན་ནི་འདི་ཉིད་ཅེས་ཏེ་འདྲེན་པ་ནི་ཡང་དག་པར་སྟོན་


DTG013_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱེད་པ་སྟེ་ཡང་དག་པར་སྟོན་པས་ནའོ། །ཡང་དག་ཡེ་ཤེས་ཡིད་བཞིན་ནོར་བུའི་ཞེས་པ་ལས་ལ་དྲུག་པའོ། །ཡང་དག་པའི་ཡེ་ཤེས་ནི་པྲ་ཕབ་བ་ལྟ་བུ་སྟེ་དེ་ཉིད་ཡིད་བཞིན་གྱི་ནོར་བུའོ། །འཇིག་རྟེན་གསུམ་གྱི་བདག་པོ་ཉིད་སྟེར་བ་པོའི་ཞེས་པ་འཇིག་རྟེན་གསུམ་གྱི་སྟེ་ལུས་དང་ངག་དང་ཡིད་ཀྱི་བདག་ཉིད་དེ། བཞི་པ་ཉིད་དང་སངས་རྒྱས་ཉིད་ཅེས་པའི་བར་རོ། །དེའི་སྟེར་བ་པོའིའོ། །བདུད་དང་ཉོན་མོངས་ཚོགས་འཇོམས་མཁས་པའི་ཞེས་པ་བདུད་རྣམས་དང་ཉོན་མོངས་པ་རྣམས་ཀྱི་ཚོགས་ཏེ་འདུས་པ་འཇོམས་ཏེ་བཤིགས་པ་ལ་མཁས་ཏེ་བྱང་བ་ཞེས་པའོ། །ཚིགས་སུ་བཅང་པ་འདིས་ནི་འབྲས་བུ་ཐོབ་པའི་རིམ་པ་གསུངས་སོ། །དེ་ལྟར་བྱང་ཆུབ་སེམས་དཔས་མཛད་པའི་རྒྱ་ཆེར་འགྲེལ་པ་སྐྱ་བ་འཛིན་པ་ལྟ་བུ་སྟེ། དེ་ལྟར་ནི་སྐྱ་བ་འཛིན་པ་ན་རྒྱ་མཚོ་ཆེན་པོར་སྔར་ལེགས་པར་བསྟན་པར་བྱས་པའི་ལམ་ངེས་པས་ཆུ་ཡི་རབ་ཏུ་དབྱེ་བ་དང་སྔུལ་དང་ཆུ་སྲིན་དང་ཀློང་དང་རླབས་དང་རྫོགས་དང་རྟ་གདོང་དང་འཁོར་མོ་ལ་སོགས་པ་རབ་ཏུ་བཟློག་པ་ལ་མཁས་པ་བུ་ག་མེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་གཟིངས་ཞོན་པ། རླུང་རས་ལ་སོགས་པའི་ཐབས་རྣམས་ཀྱིས་བདེ་བླག་ཁོ་ནར་ལམ་བཟང་པོས་མགྱོགས་པ་དང་བཅས་པར་དྲངས་ནས་འདོད་པའི་རིན་ཐང་མེད་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་སོགས་པ་གཟིངས་ཀྱི་ཚོང་པ་རྣམས་ལ་སྟོན་པར་བྱེད་པ། ཇི་ལྟ་བ་དེ་བཞིན་དུ་འདི་ཡང་ངོ་ཞེས་པའོ། །མངོན་པར་ཤེས་པ་མེད་པས་བྱས་པའི་རྒྱ་ཆེར་འགྲེལ་པ་ལ་ནི་འདི་ལྟ་བུའི་མཚན་ཉིད་མི་སྲིད་དོ། །དེ་ལྟར་ནི་ལམ་རིན་པོ་ཆེ་ཡོངས་སུ་མི་ཤེས་པའི་ཕྱིར་དང༌། དེའི་སྒྲིབ་པ་སྤོང་བ་རབ་ཏུ་སྤང་བ་སྟོན་པ་ལས་ཤིན་ཏུ་རིང་བ་ཉིད་ཀྱི་ཕྱིར་དང་འཁོར་བའི་རྒྱ་མཚོའི་རང་བཞིན་གྱི་ཁྱད་པར་མ་བཤད་པའི་ཕྱིར་དང༌། འདོད་ཆགས་ལ་སོགས་པ་གདུག་པའི་རང་བཞིན་ཅན་རྣམས་ཀྱི་ཁྱད་པར་དང་རབ་ཏུ་རྒྱུ་བ་དང་དབྱེ་བ་རྒྱས་པར་མ་བསྟན་པའི་ཕྱིར་དང༌། ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་སོགས་པ་ཐབས་རྣམས་ངེས་པར་མ་བསྟན་པའི་ཕྱིར་དང༌། སངས་རྒྱས་ཉིད་ཀྱི་ཆེད་དུ་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་ལམ་ཉིད་དུ་གསལ་བར་


DTG013_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱེད་པའི་ཕྱིར་དང༌། འགྱུར་བའི་བདེ་བ་བླང་བར་བྱ་བ་ཉིད་དུ་སྒྲོགས་པའི་ཕྱིར་དང་འགྱུར་བ་མེད་པའི་བདེ་བ་ནི་རིག་པར་བྱ་བ་མ་ཡིན་པའི་བདེ་བ་ཆེན་པོར་བརྗོད་པའི་ཕྱིར་དང༌། ཆགས་པ་ཆེན་པོའི་མེས་འགྱུར་བ་མེད་པའི་བདེ་བ་རྡོ་རྗེའི་རྣལ་འབྱོར་གྱི་བདུད་དང་ཉོན་མོངས་པའི་ཚེགས་ཐོག་མའི་གདམས་ངག་ཏུ་སྒྲུབ་པར་བྱེད་པའི་ཕྱིར་དང༌། དེའི་ཕྱིར་རྣམ་པ་ཐམས་ཅད་པའི་ཡང་དག་པའི་ཡེ་ཤེས་ཡིད་བཞིན་ནོར་བུ་སྣ་ཚོགས་པ་དང་ལོག་པ་ཉིད་ལ་སོགས་པའི་ཤེས་པའི་དབྱེ་བས་ཡང་དག་པར་མཐོང་བ་མེད་པའི་ཕྱིར་རོ་ཞེས་པའོ། །དཔལ་ལྡན་དྲི་མ་དང་བྲལ་བའི་འོད་ཀྱི་རྒྱུད་ལ་འཇུག་པའི་བཤད་སྦྱར་བརྒྱ་ཕྲག་བཅུ་གསུམ་པ་མི་གཡོ་བའི་སྙིང་པོ་སྣང་བར་བྱང་ཆུབ་སེམས་དཔས་མཛད་པའི་རྒྱ་ཆེར་འགྲེལ་གྱི་ཡོན་ཏན་བསྒྲགས་པའི་ངེས་པ་སྟེ་གསུམ་པའོ།། །།

བཞི་པ། ལམ་གྱི་སྒྲིབ་པ་དགག་པའི་ངེས་པ།


DTG010_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་ཐར་པ་འདོད་པ་རྣམས་ཀྱི་ལམ་གྱི་སྒྲིབ་པ་དགག་པ་བརྗོད་པར་བྱ་སྟེ། དེ་ལ་ལམ་ཡོངས་སུ་སྤངས་པ་ལམ་མ་ཡིན་པ་ལ་བརྟེན་པ་ནི་སྲིད་པར་འཁྱམ་པའི་རྒྱུ་མཚན་དུ་ཚིགས་སུ་བཅད་པ་གཉིས་ཀྱིས་སྟོན་པ་གསུངས་པ། དེ་ཉིད་གཅིག་པུ་རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཆེན་མོ་སྟེ་ཞེས་པ། ཕྱག་རྒྱ་ཆེན་མོ་དེ་ཉིད་གཅིག་པུ་སྟེ་གཉིས་པ་མེད་པ་ནི་ཀུན་མཁྱེན་བདེ་བ་སྟེ་འཛག་པ་མེད་པའི་བདེ་བ་ཕུལ་དུ་བྱུང་བ་དྲི་མ་མེད་པ་ཉིད་ཀྱི་ངོ་བོས་སྟེར་བར་བྱེད་དོ་ཞེས་པའོ། །ཕུང་པོ་ལ་སོགས་སྒྲིབ་པས་རབ་ཏུ་དམན་ཡུལ་ཅན་ཞེས་པ་ཕུང་པོ་ནི་གཟུགས་ལ་སོགས་པ་རྣམས་ཏེ་སོགས་པའི་སྒྲས་ཁམས་དང་དབང་པོ་དང་ཡུལ་དང་ལུས་ཀྱི་དབང་པོ་དང་བྱ་བ་རྣམས་དང་ཤེས་བྱ་དང་ཉོན་མོངས་པ་དང་སྙོམས་པར་འཇུག་པའི་སྒྲིབ་པ་རྣམས་གཟུང་ངོ༌། །ཕུང་པོ་ལ་སོགས་པ་རྣམས་ཁོ་ན་སྒྲིབ་པ་རྣམས་སོ། །དེ་རྣམས་ཀྱིས་རབ་ཏུ་དམན་པའི་ཡུལ་ནི་གཟུགས་བརྙན་མཐོང་བ་སྟེ། དེ་གང་གི་ཡིན་པ་དེ་ལ་འདི་སྐད་ཅེས་བྱའོ། །གང་ཞིག་པྲ་ཕབ་བརྒྱད་ལྟ་བུ། །ཞེས་པ་བརྒྱད་རྣམས་ཀྱང་དེ་རྣམས་ཡིན་ལ་པྲ་ཕབ་པ་རྣམས་ཀྱང་དེ་ལྟ་བུ་སྟེ་འདྲ་ཞིང་མཚུངས་པ་གང་ཡིན་པ་ཞེས་པའོ། །དེ་གསུངས་པ། མེ་ལོང་མཐེ་བོང་སྒྲོན་མེ་ཟླ། །ཉི་མ་ཆུ་དང་རལ་གྲི་མིག །པྲ་འབེབས་འཇུག་པ་བརྒྱད་རྣམས་ནི། །རྒྱལ་བ་རྣམས་


DTG013_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིས་པྲ་འབེབས་གསུངས། །ཞེས་སོ། །དེ་ལྟར་སེམས་ཀྱི་སྣང་བ་ཙམ་ཆོས་ཀྱི་དབྱིངས་ནི་ཕྱག་རྒྱ་ཆེན་མོ་ཞེས་བརྗོད་དོ། །ཇི་སྐད་དུ་ཡེ་ཤེས་ཀྱི་ལེའུར་གསུངས་པ། དེའི་ཕྱིར་གཡོ་མེད་བདེ་བའི་སྐད་ཅིག་ལྷན་ཅིག་སྐྱེས་པ་འདིར་ནི་ཆོས་ཀྱི་དབྱིངས་ཀྱིས་སྟེར་བྱེད་དེ། །སྲོག་གིས་རོ་མི་འགྲོ་བ་རྣམས་ལ་གནས་པ་ཐམས་ཅད་བཀུག་ཅིང་ཉོན་མོངས་བདུད་རྣམས་བཅོམ་བྱས་ནས། །རྫུ་འཕྲུལ་ཀུན་མཁྱེན་ས་དང་སྲིད་གསུམ་བླ་མ་ཉིད་ནི་རྣལ་འབྱོར་རྣམས་ཀྱི་སྐྱེ་བ་འདི་ལ་སྟེ། །ལམ་དུ་ཞུགས་རྣམས་གལ་ཏེ་འཆི་བར་གྱུར་ན་དེ་བཟུང་བ་ལས་སྐྱེ་བ་གཞན་གྱིས་སོ། །ཞེས་སོ། །སླར་ཡང་དེ་ཉིད་དུ་གསུངས་པ། སེམས་ཀྱི་སྣང་བ་ཙམ་སྟེ་རང་གི་ཡིད་ལས་སྐྱེས་པ་མེ་ལོང་གི་ནི་གཟུགས་བརྙན་ལྟ་བུ་ཉིད། །གང་ཞིག་མཐའ་དག་རྒྱལ་བའི་སྲས་དང་སངས་རྒྱས་རྣམས་ཀྱིས་བསྟེན་པ་རྣལ་འབྱོར་དབང་པོས་བསྟེན་བྱ་སྟེ། །ཡང་དག་ཡེ་ཤེས་མེ་ལྕེ་རབ་ཏུ་རྒྱས་པ་བདུད་ཚོགས་ཡུལ་དང་བཅས་པ་མཐའ་དག་སྲེག་བྱེད་ཅིང༌། །ལུས་ལ་ཆགས་པ་ལ་སོགས་ཀྱང་སྟེ་རྣལ་འབྱོར་རྣམས་ལ་ལོ་ཡི་སྦྱོར་བས་བདེ་མཉམ་སྟེར་བར་བྱེད། །ཅེས་སོ། །དེ་སྟེ་འདི་ལྟར་གྱུར་པའི་ཕྱག་རྒྱ་ཆེན་པོ་བོར་ནས་སངས་རྒྱས་ཉིད་ཀྱི་ཆེད་དུ་གང་ལེ་ལོས་ཉེ་བར་བཅོམ་པ་སྟེན་པར་བྱེད་ཅིང་འདོད་པར་བྱེད་དེ། །ནོར་ལ་ཆགས་ཤིང་འཁྱོག་པོའི་སྙིང་ལྡན་ཞེས་པ་སྟེ་ནོར་ལ་ཆགས་པ་ཡང་འདི་ཡིན་ལ་འཁྱོག་པོའི་སྙིང་ཡང་སྟེ་ལས་ཀྱེ་ཕྱག་རྒྱའོ། །བརྟགས་པ་ཞེས་པ་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེ་ཡིས་ཏེ་ལས་ཀྱི་ཕྱག་རྒྱས་སམ་རྣམ་པར་བརྟགས་པའི་བློ་ཡེ་ཤེས་ཀྱི་ཕྱག་རྒྱས་དེ་ནི་འཕོ་བ་སྟེ་ཆགས་པ་ཉམས་པའི་མཚན་ཉིད་ཅན་འཐོབ་པར་བྱེད་ཅེས་པའོ། །དེའི་ཕྱིར་འགྱུར་བའི་རྣལ་འབྱོར་ལས་འགྱུར་བ་དེ་ཉིད་སངས་རྒྱས་ཉིད་མཆོག་ཏུ་མི་འགྱུར་བའི་བདེ་བའི་གོ་འཕང་ནི་མ་ཡིན་ནོ། །ཇི་སྐད་དུ་ཡེ་ཤེས་ཀྱི་ལེའུར་གསུངས་པ། ནིམ་པའི་ཤིང་ལ་དགུན་འབྲུམ་མིན་ཏེ་དུག་ལས་བདུད་རྩི་དང་ནི་ཚངས་པའི་ཤིང་ལས་འདམ་སྐྱེས་དང༌། །སྟོང་པ་ལས་ནི་མྱང་འདས་བདེ་བ་མི་དགེའི་དབང་ལས་དགེ་བ་སྲོག་ཆགས་གསོད་ལས་གྲུབ་པ་རྣམས། །ཕྱུགས་རྣམས་


DTG013_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཆོད་སྦྱིན་ལས་ནི་མཐོ་རིས་མཆོག་ཏུ་ཞི་བའི་གོ་འཕང་དབང་པོ་རྣམས་འགོག་པ་ལས་མིན། །རིག་བྱེད་ལས་ནི་ཀུན་མཁྱེན་གསུང་དང་འགྱུར་མེད་མཆོག་གི་བདེ་བར་འགྱུར་བ་མ་དག་སེམས་ལས་མིན། །ཞེས་སོ། །འོ་ན་སངས་རྒྱས་ཉིད་དུ་མི་འགྱུར་མོད། བསོད་ནམས་ནི་ཅིས་བཟློག་ཅེ་ན་གསུངས་པ། སྡིག་ཏོ་ཞེས་པ་ལ་སོགས་པའོ། །ཆགས་པ་ཉམས་ལས་སྡིག་པ་སྟེ་སྙིང་རྗེ་ཟད་པའི་བདག་ཉིད་ལས་སོ། །དེ་ཉིད་གང་གི་ཕྱིར་ཞེ་ན་ཤིན་ཏུ་སྡུག་མ་སྟེ་འདོད་ལྡན་མ་མྱོས་མ་ལ་ཞེ་སྡང་སྟེ། སྡང་བར་བྱེད་པ་འདི་ནི་བྱམས་པ་ཟད་པའི་བདག་ཉིད་དེ། སྐྱེ་བོ་ཞེས་སོ་སོར་འབྲེལ་ལོ། །སྡང་ལས་གཏི་མུག་སྟེ་ཡང་དག་པར་བསྟན་པ་ཉམས་པ་དགའ་བ་ཟད་པའི་བདག་ཉིད་དང་རྨོངས་པ་ནི་བདེ་བ་ཉམས་པའི་མཚན་ཉིད་ཅན་བཏང་སྙོམས་ཟད་པའི་བདག་ཉིད་ཅན་ནོ་ཞེས་པ་ཚངས་པའི་གནས་བཞི་མེད་པའི་ཕྱིར་སྡིག་པ་ཉིད་དེ་བསོད་ནམས་ག་ལ་ཡོད་ཅེས་པའོ། །འོ་ན་འདོད་ཆགས་འཕེལ་བའི་མཚན་ཉིད་ཅན་སྙིང་རྗེ་དང༌། ཞེ་སྡང་ཉམས་པའི་བདག་ཉིད་ཅན་བྱམས་པ་དང༌། གཏི་མུག་ཟད་པའི་བདག་ཉིད་ཅན་དགའ་བ་འགྱུར་བ་མེད་པ་དང༌། འགྱུར་བ་མེད་པའི་བདེ་བའི་བདག་ཉིད་ཅན་བཏང་སྙོམས་ཤེས་པ་འདི་ཡང་ཡོད་དམ་ཅི་ཞེ་ན། ཡོད་དེ་སངས་རྒྱས་ཐོབ་པར་ཇི་སྐད་དུ། །ལྟེ་བར་ལྡན་པ་སྙིང་རྗེར་འགྱུར། །འཁྱུད་པ་ཡི་ཡང་བྱམས་པ་སྟེ། །དྲུང་པའི་སྦྱོར་བདག་དགའ་བ་ཡང༌། །ཆགས་པར་བྱེད་པའང་དེ་བཞིན་ནོ། །གཉིས་དག་ཚོགས་པའི་སྐད་ཅིག་གང༌། །དེ་བཏང་སྙོམས་སུ་བདག་གིས་བཤད། །འདི་ལྟར་གྱུར་པའི་རྣལ་འབྱོར་དང༌། །ལྡན་པ་ནད་ཀྱིས་ཇི་ལྟར་འཇོམས། །ཞེས་སོ། །དམ་པ་མིན་པའི་བཟའ་བ་ནི། །ཤ་ལ་སོགས་པ་དང་དམ་པ་མིན་པའི་བཏུང་བ་ནི་ཆང་ལ་སོགས་པའོ། །སོགས་པས་ནི་གར་དང་གླུ་ལ་སོགས་པའི་ཡུལ་ལོ། །དེ་ཡིས་ཤེས་པ་དམ་པ་མ་ཡིན་པའི་བཟའ་བ་དང་བཏུང་བ་ལ་སོགས་པའི་ཡུལ་གྱིས་སེམས་ལ་ཅོ་དྲིས་ཤིང་གང་ལས་ཉེ་བར་གསོས་པ་ཡང་དང་ཡང་དུ་ཤིན་ཏུ་སྡུག་མ་ལས་རབ་ཏུ་འཇུག་སྟེ་ཇི་སྲིད་དུ་སེམས་


DTG013_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྨོངས་པའི་བར་ཞེས་པའོ། །དེ་ལས་བདེ་བ་ཉམས་ཤིང་སྐྱེ་བ་དྲུག་སྟེ་འགྲོ་བ་དྲུག་རྣམས་སུ་འཁོར་བར་འགྱུར་ཏེ། ཐུག་པ་མེད་པ་ཉིད་དུ་སྐྱེ་བར་འགྱུར་ཏེ་སྡིག་པ་ལས་སོ་ཞེས་པའོ། །ད་ནི་ལམ་དོན་དུ་གཉེར་བ་རྣམས་ཀྱི་དོན་ལ་རྟོན་པ་ཉིད་གསུངས་པ། སྒྲ་དང་ཞེས་པ་ལ་སོགས་པའོ། །སྒྲ་ནི་ལེགས་པའི་སྒྲ་སམྱ་ཀ་སཾ་བུདྡྷ་ལ་སོགས་པའོ། །སྒྲ་མིན་ནི་སྒྲ་ཉམས་པ་ལྷ་དང་ཀླུའི་བརྡ་སྤྲོད་པ་ལས་ཕྱི་རོལ་དུ་གྱུར་པས་བྱས་པ་གཱ་བི་ཞེས་པ་ལ་སོགས་པའོ། །དེ་རྣམས་རྣམ་པར་དཔྱད་པ་ལས་ནི་ཆེན་པོ་སྟེ་ཁྱད་པར་ཅན་གྱི་དོན་དང་ལྡན་པ་མེད་པའོ། །སྣ་ཚོགས་ཡུལ་སྐད་ངན་པ་ནི་ཨི་ཏྱ་པི་སོ་བྷ་ག་བཱན་ཞེས་པ་ལ་སོགས་པའོ། །ཆེན་པོ་རྣམས་ཀྱི་ནི་ཕྱག་རྒྱ་ཆེན་པོ་དོན་དུ་གཉེར་བ་རྣམས་ཀྱི་སྟེ་དབང་པོ་རྣོན་པོ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །ཐམས་ཅད་མཁྱེན་པའི་གསུང་དེ་ནི་སྣ་ཚོགས་པའི་སྐད་ཀྱི་བདག་ཉིད། མཆོག་སྟེ་བླ་ན་མེད་པའི་བདེ་བ་སྦྱིན་པའོ། །སེམས་ཅན་རྣམས་ཀྱི་མོས་པའི་སེམས་ཀྱི་དབང་ལས་ཏེ་མངོན་པར་ཡིད་ཆེས་པ་བསྟན་པའི་གཞན་གྱི་དབང་ལས་སོ། །སྐད་གཞན་ནི་བརྡ་སྤྲོད་པ་ལ་ལྷ་དང་ཀླ་ལ་སོགས་པས་བཀོད་པའོ། །གང་གིས་སྒྲ་རྣམས་བརྡ་སྤྲོད་པར་བྱ་ཞིང། གཏན་ལ་དབབ་པར་བྱ་བ་དེ་ནི་བརྡ་སྤྲོད་པ་སྟེ་སྒྲ་སོགས་རྩོད་པ་དོན་གཉེར་རྣམས་ཀྱིའོ། །སོགས་པའི་སྒྲ་ལས་དོན་དང་འབྲེལ་བ་དང༌། ངག་དང་རྣམ་པར་དབྱེ་བ་དང་ཚིག་དང་ཡི་གེ་ལ་སོགས་པ་གཟུང་པར་བྱའོ་ཞེས་པ་ལེགས་པར་སྦྱར་བའི་སྐད་ནི་ཉི་ཚེ་བ་ཉིད་དོ་ཞས་པའོ། །འོ་ན་སྒྲ་ལས་དོན་རྟོགས་པ་སྒྲ་ཉམས་ལས་མ་ཡིན་པ་མ་ཡིན་ནམ་ཞེན་གསུངས་པ། སྒྲ་ཉམས་པ་ལས་ཀྱང་ཞེས་པ་ལ་སོགས་པའོ། །ཀྱང་གི་སྒྲ་ནི་རིམ་པ་ཐ་དད་པ་ལ་སྟེ་སྒྲ་ཉམས་པ་ལས་ཀྱང་རྣལ་འབྱོར་པ་ཡིས་དོན་ནི་འཛིན་པར་བྱེད་དེ་ཡུལ་གྱི་སྐད་ལས་ཏེ། ཇི་སྐད་དུ། ཀར་ཎཱ་ཌ་པའི་ཀར་ཎཱའི་སྒྲས། །རྡོ་དང་རྐང་པ་བརྗོད་པར་བྱས། །ལ་ལར་འོན་པར་རབ་བརྗོད་དེ། །དེ་བཞིན་རྒྱུད་རྣམས་སུ་བསྟན་པའོ། །ཙཽ་རའི་སྒྲ་ནི་འཇིག་རྟེན་འགར། །ཟན་གྱི་དོན་རབ་རྟོགས་པར་བྱེད། །ལ་ལར་ཆོམ་རྐུན་པ་ཉིད་བརྗོད། །དེ་བཞིན་རྒྱུད་དུ་བསྟན་པ་རྣམས།


DTG013_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་སོ། །དེ་བཞིན་དུ་པུ་རུ་ཥེ་གཎྜ་ཞེས་པ་ལ་སོགས་པའོ། །ལྷག་མ་ནི་གོ་སླའོ། །ད་ནི་ཚིག་འབྲུ་ལ་རྟོན་པ་དགག་པ་གསུངས་པ། དམ་པའི་ཞེས་པ་ལ་སོགས་པའོ། །དམ་པ་ནི་འཇིག་རྟེན་གསུམ་རྣམས་སུ་མཆོག་གོ །དོན་ནི་དགོངས་པ་སྟེ་ཕྱག་རྒྱ་ཆེན་པོའི་ལམ་མོ། །དེའི་དེ་ཉིད་ནི་མི་འགྱུར་བའི་ཡེ་ཤེས་སོ། །དེའི་ཡུལ་ནི་རྡོ་རྗེའི་གནས་ཏེ་དེ་ལ་ཞེས་པའོ། །ཚིག་འབྲུ་ནི་འདིར་སྒྲ་བཟང་པོ་ལ་སོགས་པའི་བདག་ཉིད་ཅན་ནོ། །ལྷག་མ་ནི་གོ་བླའོ། །ད་ནི་རྣམ་པར་ཤེས་པ་ལ་རྟོན་པ་ཉིད་དགག་པ་གསུངས་པ། ཡེ་ཤེས་ཞེས་པ་ལ་སོགས་པ་སྟེ། ཉིད་ཀྱི་སྒྲ་གཉིས་ཀར་ཡང་སྦྲེལ་བར་བྱའོ། །བརྗོད་པར་བྱ་བ་གང་བརྗོད་པ་སྟེ། མངོན་པར་བརྗོད་པར་གྱུར་པ་ན་སྒྲ་དང་སྒྲ་ཉམས་པར་འགྱུར་རོ་ཞེས་བརྗོད་པར་བྱ་བ་ཉིད་དུ་ངེས་པར་འགྱུར་བ་དེ་ཡེ་ཤེས་ཉིད་མ་ཡིན་ནོ་ཞེས་པའོ། །དེ་ནི་ཐམས་ཅད་མཁྱེན་པའི་གསུང་ཉིད་དུ་མི་འགྱུར་ཏེ། དེ་ནི་ཉི་ཚེ་བ་སྟེ། ཉི་ཚེ་ལ་ཡོད་པ་ལྷ་ལ་སོགས་པས་བཀོད་པའོ་ཞེས་པའོ། །ད་ནི་ཡེ་ཤེས་ལ་རྟོན་པ་ཉིད་གསུངས་པ་མཆོག་ཏུ་ཞེས་པ་ལ་སོགས་པའོ། །གང་ཞིག་ཤེས་རབ་ཡེ་ཤེས་དང༌། །ཤེས་རབ་ནི་ཕྱག་རྒྱ་ཆེན་མོ་པྲ་ཕབ་པའི་རང་བཞིན་ཅན་ཡིན་ལ། དེ་ཉིད་ཡེ་ཤེས་ཏེ་དུས་གསུམ་པ་མཐོང་བའོ། །སངས་རྒྱས་རྣམས་ཀྱི་སྟེ་མ་ལུས་པའི་ངོ་བོ་མཐོང་བ་རྣམས་ཀྱིའོ། །དེ་ཉིད་མཆོག་ཏུ་མི་འགྱུར་བ། །བཞི་པའོ་དེ་ནི་སླར་ཡང་དེ་བཞིན་ཏེ། །རང་གི་ཕྱག་རྒྱ་ཆེན་པོ་རྒྱལ་བས་གསུངས། །ཞེས་པ་སྟེ། མཆོག་ནི་ཁམས་གསུམ་པས་མཆོད་པའོ། །མི་འགྱུར་བ་ནི་འཕོ་བ་མེད་པའི་བདེ་བའོ། །བཞི་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་ཐིག་ལེ་འགོག་པའོ་ཞེས་པའོ། །ཕྱི་ནས་ཁྱད་པར་གྱི་བསྡུ་བའོ། །དེ་ལས་རང་གི་ཕྱག་རྒྱ་ཆེན་པོ་འདི་རྒྱལ་བས་གསུངས་ཏེ། འདིར་རབ་ཏུ་གསལ་བར་མཛད་དོ། །དེ་ཡང་དེ་བཞིན་ནོ་ཞེས་པ་འདིས་གཞན་དུ་རྣལ་འབྱོར་ལ་གདུག་པའི་སློབ་དཔོན་གྱི་འཇིགས་པ་ལས་ཤེས་པའོ། །འོ་ན་ཤེས་རབ་ཡེ་ཤེས་ཀྱི་ཁྱད་པར་བཞི་པའམ་མཆོག་ཏུ་མི་འགྱུར་བ་ཞེས་པ་གཅིག་གིས་ཆོག་པ་མ་ཡིན་ནམ། གཉིས་ཀས་དོན་གཅིག་རྟོགས་པར་བྱེད་པའི་


DTG013_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱིར་རོ་ཞེ་ན་བདེན་མོད། མིའི་ཕྱུགས་རྣམས་འབྱུང་བར་འགྱུར་ཏེ། གང་རྣམས་ཤེས་རབ་ཡེ་ཤེས་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་རྣམ་པར་རྟོག་པའི་ཤེས་རབ་ཀྱི་བདེ་བ་བཞི་པར་སེམས་ཤིང་དེ་རྣམས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལས་ཉམས་པ་རྣམ་པར་རྟོག་པ་ཡོངས་སུ་མདོར་བ་ལས་དམ་པ་མ་ཡིན་པའི་བླ་མའི་གདམས་ངག་ལས་ཤེས་རབ་ཡེ་ཤེས་མི་ཤེས་པ་རྣམས་འགྱུར་བའི་བདེ་བས་སྐྱེད་པའི་འཛག་པའི་བདེ་བ་ཤེས་རབ་ཡེ་ཤེས་ཉིད་དུ་ཉེ་བར་སྟོན་པར་འགྱུར་རོ་ཞེས་པ་དགག་པའི་དོན་དུ་མཆོག་ཏུ་མི་འགྱུར་བ་ཞེས་པའི་ཁྱད་པར་གསུངས་སོ། །གང་རྡོ་རྗེའི་ཚིག་ཤིན་ཏུ་མི་ཤེས་པ་རྣམས་བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་པའི་གསུང་ལས་ལས་ཀྱི་ཕྱག་རྒྱ་ལས་སྐྱེ་བར་འགྱུར་བའི་བདེ་བ་གསུམ་པ་ནི་རྒྱུ་དང་འབྲས་བུ་དབྱེ་བ་མེད་པ་ལས་ཤེས་རབ་ཡེ་ཤེས་སུ་སེམས་པར་བྱེད་དེ་དབང་པོ་གཉིས་ཀྱི་བདེ་བར་མངོན་པར་འདོད་པ་སློབ་དཔོན་མ་བསྟེན་པ་མཆོག་མི་འགྱུར་བའི་བདེ་བ་ཉམས་པ་ཕྱུགས་རྣམས་ལས་ཀྱང་ཕྱུགས་ཏེ་དེ་རྣམས་ཀྱིས་འགྱུར་བའི་བདེ་བ་མེད་པར་ཀུན་དུ་བཟང་པོ་ཤེས་རབ་ཡེ་ཤེས་ཉམས་སུ་མྱོང་བར་མི་འགྱུར་རོ་ཞེས་གསུངས་པ་ཁོ་ན་བཞི་པ་ཉིད་དུ་འཇིག་རྟེན་རྣམས་འཛིན་དུ་འཇུག་གོ་ཞེས་པ་འདིའི་དོན་དུ་བཞི་པ་ཞེས་པའི་ཁྱད་པར་གསུངས་སོ། །གལ་ཏེ་ཡང་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་པ་ལས་སྐྱེས་པའི་འགྱུར་ཞིང་འཛག་པའི་མཚན་ཉིད་ཅན་འདི་དེ་བཞིན་གཤེགས་པའི་ཡེ་ཤེས་སུ་འགྱུར་ན་དེའི་ཚེ། བཅོམ་ལྡན་འདས་ཀྱིས་སྒྱུ་འཕྲུལ་དྲ་བར། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༌། །ཞེས་དང༌། དེ་བཞིན་དུ། བསམ་གཏན་བཞི་པའི་མཐའ་འཆང་བ། །ཞེས་པ་ལ་སོགས་པ་འདི་གསུངས་པ་འདི་ཅི་ཞིག །རྒྱུད་ཀྱི་རྒྱལ་པོར་ཡང་ཡེ་ཤེས་ཀྱི་ལེའུར། དེ་ལྟར་སེམས་ནི་རྣམ་བཞི་སྲིད་པ་གསུམ་ལ་གནས་པ་སྲོག་ཆགས་རྣམས་ཀྱི་ཐིག་ལེའི་དབུས་སུ་སྟེ། །རྣལ་འབྱོར་དབང་པོ་རྣམས་ཀྱིས་བདེ་མཉམ་འབྲས་སྟེར་ཁྱབ་པར་བྱེད་ནི་ཐར་པའི་རྒྱུ་རུ་བསྲུང་བར་བྱ། །ཐིག་ལེ་བཏང་ན་རྣལ་འབྱོར་རྣམས་ཀྱི་སྐྱེ་བོའི་ས་བོན་མཆོག་གི་བདེ་བ་སོང་ལ་ཐར་པ་གང༌། །དེ་ཕྱིར་འཁོར་བའི་བདེ་བའི་སྐད་ཅིག་འདི་ནི་


DTG013_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྡོམ་བརྩོན་རྣམས་ཀྱིས་ཐམས་ཅད་དུས་སུ་དོར་བར་བྱ། །ཞེས་སོ། །དེའི་ཕྱིར་ཤེས་རབ་ཀྱི་ཡེ་ཤེས་ཞེས་ཀྱང་སྨྲ་བར་མི་བྱ་སྟེ། འདེར་གལ་ཏེ་ཤས་རབ་ཀྱི་ཡེ་ཤེས་འཕོ་བའི་མཚན་ཉིད་ཅན་ཤེས་རབ་ཀྱི་རྒྱུ་ལས་སྐྱེས་པའི་འབྲས་བུ་ཐབས་ཀྱི་ཤེས་རབ་ཡེ་ཤེས་ཡིན་ན་དེའི་ཚེ་ཐབས་ཀྱི་རྒྱུ་ལས་སྐྱེས་པའི་འབྲས་བུ་ནི་ཤེས་རབ་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་ཐབས་ཡེ་ཤེས་སུ་འགྱུར་རོ། །དེ་ལྟར་ན་ཕན་ཚུན་ལྟོས་པ་ཉིད་ཀྱི་ཕྱིར་ཡེ་ཤེས་གཉིས་དག་ཏུ་འགྱུར་རོ། །དེ་ལྟར་གཉིས་ཀའི་ཡེ་ཤེས་སོ་སོར་གྱུར་ན་གཉིས་སུ་མེད་པའི་ཡེ་ཤེས་མེད་དོ། །གཉིས་སུ་མེད་པའི་ཡེ་ཤེས་མེད་པའི་ཕྱིར་སངས་རྒྱས་ཉིད་ཀྱང་མེད་པར་འགྱུར་ཏེ། རྣམ་པར་དག་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དང་བྲལ་བ་ཉིད་ཀྱི་ཕྱིར་རོ་ཞེས་སོ། །ཅིས་ཏེ་ཤེས་རབ་ཡེ་ཤེས་ནི་ཤེས་རབ་ཡེ་ཤེས་ཡིན་ན་དེའི་ཚེ་ཐབས་ཀྱི་ཡེ་ཤེས་ཐབས་ཀྱི་ཡེ་ཤེས་སོ་ཞེས་པ་སྟེ་སྐྱོན་སྔ་མ་བཞིན་ནོ་ཞེས་སོ། །འོ་ན་གསུམ་པ་འགྱུར་བའི་བདེ་བའི་མཚན་ཉིད་ཅན་ཤེས་རབ་ཡེ་ཤེས་སུ་མི་འགྱུར་མོད། རྣམ་པ་གཞན་དུ་འགྱུར་དུ་ཆུག་མོད། བཅོམ་ལྡན་འདས་ཀྱི་དཔེ་ལ་འགྱུར་བའི་བདེ་བ་འཇིག་རྟེན་རྗེས་སུ་གཟུང་བའི་དོན་དུ་གསུངས་པ་ཇི་ལྟར་ཞེ་ན། འདི་ནི་བདེན་མོད། ཀུན་རྫོབ་ཏུ་དཔེའི་དོན་དུ་གསུངས་པ་སྟེ། བཟློག་པས་ནི་འདི་དེ་བཞིན་གཤེགས་པའི་ཡེ་ཤེས་སུ་མི་འགྱུར་རོ་ཞེས་པའོ། །འདི་ཁོ་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་འཕགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་དཔེར་བྱས་ནས་བསྟན་པར་གསུངས་པ། ཟག་ཅེས་པ་ལ་སོགས་པའོ། །གང་གིས་དཀར་པོ་ནི་བྱང་ཆུབ་ཀྱི་སེམས་སོ། །མ་རྒྱས་པ་ནི་ཁ་མ་བྱེ་བའོ། །ཙུ་ཏའི་འབྲས་བུ་རྒྱུ་ཅི་ཡིས་འབྱུང་སྟེ་གང་གིས་ཀྱང་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་གསུངས་པ། གྲུབ་པ་ཀུན་གྱི་གཏེར་གྱུར་པ། །བྱང་ཆུབ་སེམས་ནི་ལྷུང་འགྱུར་བ། །ཕུང་པོ་རྣམ་ཤེས་བརྒྱལ་བ་ན། །གྲུབ་པ་སྨད་མེད་ག་ལ་ཡིན། །ཞེས་སོ། །ད་ལྟར་བཞི་པའི་གནས་སྐབས་ཀྱི་སྒྲིབ་པ་ཟད་པའི་བདག་ཉིད་ཀྱི་རྒྱུ་མེད་པར་བྱིས་པའི་རིགས་ཅན་ལས་གཞན་པ་ནི་སངས་རྒྱས་ཉིད་ཅེས་པའི་འབྲས་བུ་རེ་བམ་ཡིན་


DTG013_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནོ། །གལ་ཏེ་དེ་ལྟར་ན་སྐྱེ་བོ་ཐམས་ཅད་ཉིད་འགྱུར་བའི་བདེ་བ་རེ་བར་བྱེད་ཅེ་ན། གསུངས་པ། གང་གིས་ཞེས་པ་ལ་སོགས་པའོ། །གང་གིས་ཏེ་སྲོག་ཆགས་ཀྱིས་འཁོར་བའི་བདེ་བའི་བག་ཆགས་ཀྱི་ས་བོན་གྱིས་སྐྱེད་པ་འདུ་བྱེད་ཀྱི་སྡུག་བསྔལ་ལས་ཏེ་འགྱུར་བའི་བདེ་བ་ལ་ཆགས་པ་ཉིད་ཀྱི་ཕྱིར་རོ། །བྱ་ཐམས་ཅད་སྐོམ་པ་ནི་ས་ལ་གནས་པའི་ཆུ་ཚོལ་བར་བྱེད་ལ། ཙཱ་ཊ་ཀ་ནི་བཏུང་བར་སེམས་པ་མ་ཡིན་ནོ་ཞེས་པའོ། །འདི་སྐད་བརྗོད་པར་འགྱུར་ཏེ། གང་ཙཱ་ཊ་ཀའི་སྤྱོད་པའི་རྗེས་སུ་སྤྱོད་པ་དེ་ནི་མཁས་པའི་རིགས་ཅན་སྐྱེ་བ་སྔ་མའི་སྟོང་པ་ཉིད་དང་སྙིང་རྗེ་ཀུན་རྫོབ་པའི་དམིགས་པ་མེད་པའི་བག་ཆགས་ཀྱི་སྟོབས་ཀྱིས་རྡུལ་ཕྲ་རབ་ཚོགས་པ་ལས་འདས་པ་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་རྣམ་པར་རྟོག་པ་བསྒོམ་པ་དང་བྲལ་བ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་སྒྲུབ་བྱེད་ལ་དམིགས་པར་བྱ་བ་མ་ཡིན་པ་མཆོག་མི་འགྱུར་པའི་བདེ་བ་མངོན་སུམ་དུ་བྱ་བའི་ཆེད་དུ་འབད་པར་བྱེད་དེ། རྟག་ཏུ་རང་དང་གཞན་གྱི་དོན་དུ་གཉེར་བའོ། །གང་ཤེས་རབ་དམན་པ་དབང་པོ་གཉིས་ཀྱི་བདེ་བ་མངོན་པར་འདོད་པ་ལས་ཆགས་བྲལ་ལས་སྐྱེས་པའི་སྡུག་བསྔལ་ཁོ་ན་ལ་མངོན་པར་རྒྱུག་གོ །དེ་ནི་བྱིས་པའི་རིགས་ཅན་རང་གི་དོན་ཉམས་པ་རང་ཉིད་ཀྱང་སྡུག་བསྔལ་བ་ཡིན་ན་དེའི་གཞན་གྱི་དོན་ག་ལ་ཡིན་ཞེས་པའོ། །འདི་ཁོ་ན་དྲང་བ་དང་ངེས་པའི་དོན་དག་གིས་གསུངས་པ། འཁོར་བའི་ཞེས་པ་ལ་སོགས་པའོ། །འཁོར་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་མཚན་ཉིད་ཅན་ནོ། །དེའི་བདེ་བ་ནི་ཕྲེང་བ་དང་ཙནྡན་དང་བུད་མེད་ལ་སོགས་པ་ཉེ་བར་ལོངས་སྤྱོད་པའི་མཚན་ཉིད་ཅན་ནོ། །མི་རྟག་པ་ནི་འཇིག་པའི་ངང་ཅན་ནོ། །དེ་ཡང་ཐོབ་པ་མེན་ཏེ་རྙེད་པ་མིན་ཡང་རྨོངས་ཆེན་ཚོལ་བར་བྱེད་ལ། མཁས་པ་འཁོར་བའི་བདེ་བ་ལ་ལྟོས་པ་མེད་པ་ནི་ཡང་དག་པའི་རྒྱལ་སྲིད་ཀྱི་བདེ་བ་འདོར་བར་བྱེད་དེ་ཡང་དག་པའི་རྒྱལ་པོ་ནི་འཁོར་ལོས་སྒྱུར་བ་ཡིན་ལ་དེའི་དངོས་པོ་ནི་དེ་ཉིད་དེ། དེའི་བདེ་བ་ཐོབ་པ་ཡང་ངོ༌། །ཐར་པའི་ཆེད་དུ་སྟེ། འཁོར་བའི་སྡུག་བསྔལ་ལས་ངེས་པར་གྲོལ་བའི་ཆེད་དུའོ་ཞེས་པ་དྲང་བའི་དོན་ཏོ། །ངེས་པའི་དོན་གྱིས་ན་


DTG013_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་བ་ནི་ཕུང་པོ་དང་ཁམས་ལ་སོགས་པའི་མཚན་ཉིད་ཅན་ནོ། །དེའི་བདེ་བ་ནི་དབང་པོ་གཉིས་ཀྱིས་སྐྱེས་པ་སྟེ། མི་རྟག་པ་ནི་སྐད་ཅིག་བ་ཙམ་མོ། །དེ་མ་ཐོབ་ཀྱང་སྟེ་ཡན་ལག་ཅན་པའི་རང་བཞིན་ལས་སོ། །དེ་ལྟ་ནའང་ཚོལ་བར་བྱེད་རེ་བར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་གཏི་མུག་པས་ན་རྨོངས་པའོ། །ཆེན་པོ་སྟེ་རྣམ་པར་འབྱེད་པ་དང་བྲལ་བ་ཉིད་རྨོངས་པ་ཆེན་པོ་ཞེས་བརྗོད་དོ། །མཁས་པ་སྟེ་བདེན་པ་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་ཡང་དག་པའི་རྒྱལ་སྲིད་ཀྱི་བདེ་བ་ཡང་དག་པར་འདོར་བར་བྱེད་དོ། །ཡང་དག་པའི་རྒྱལ་བོ་ནི་འཁོར་ལོས་སྒྱུར་བ་ཆེན་པོ་འོག་མིན་གྱི་ཁང་པ་ན་བཞུགས་པ་བཅོམ་ལྡན་འདས་དཔལ་ཤཱཀྱ་སེང་གེ་སྟེ། དེའི་བདེ་བ་ནི་མཐའ་ཡས་པའི་ཡོན་ཏན་གྱི་འབྲས་བུ་རབ་ཏུ་སྦྱིན་པའོ། །དེ་ཡང་ཐོབ་པ་སྟེ། ཕྱག་རྒྱ་ཆེན་པོ་དང་ཡང་དག་པར་འགྲོགས་པ་ལས་སོ། །ཐར་བའི་ཆེད་དུ་སྟེ་མི་གནས་པའི་མྱ་ངན་ལས་འདས་པའི་ཆེད་དུའོ་ཞེས་པ་སྟེ། ངེས་པའི་དོན་ལ་རྟོན་པ་ཉིད་ལ་བརྟེན་པར་བྱའི། དྲང་བའི་དོན་ལ་རྟོན་པ་ཉིད་ལ་མ་ཡིན་ནོ། །དེ་ཡང་འདིར་བདེ་བ་ཆེན་པོའི་རྟོགས་པར་བྱེད་པ་སྟེ་རབ་ཏུ་མནན་ནས་རྒྱུ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་དགོངས་པའོ། །འོ་ན་འགྱུར་བ་མེད་པའི་བདེ་བ་ཐོབ་པ་ནི་ཁྱོད་ཀྱི་ཐུགས་ཀྱིས་སངས་རྒྱས་ཉིད་ཡིན་ལ་དེ་ཡང་ཡོངས་སུ་འདོར་བ་ནི་མཁས་པའི་རིགས་ཅན་ཞེས་པ་ཇི་ལྟར་ཡིན། ཅི་སྟེ་འཇིག་རྟེན་ལས་འདས་པ་ཉིད་ཀྱི་ཕྱིར་འཇིག་རྟེན་གྱི་ཡང་དག་པར་འབྱུང་བ་མ་ཡིན་པ་ལས་འདས་པའོ་ཞེས་སེམས་ན་འདི་ལྟ་བུ་ལུང་དུ་མཐོང་ངམ་ཅི་ཞེ་ན། བདེན་མོད་གསལ་བ་ཁོ་ནར་མཁའ་འགྲོ་མ་རྡོ་རྗེ་གུར་ལ་སོགས་པར་མཐོང་སྟེ། ཆགས་པས་འཇིག་རྟེན་བསྐྱེད་པ་སྟེ། །ཆགས་པས་འཕངས་ལས་ཟད་པར་འགྱུར། །རྡོ་རྗེའི་ཆགས་པ་ཡོངས་ཤེས་ལས། །ཡིད་ནི་རྡོ་རྗེ་སེམས་དཔར་འགྱུར། །ཆགས་པའི་ཞགས་པས་བཅིངས་པ་ཡིས། །འཇིག་རྟེན་ཆགས་ལས་འཁྲུགས་པར་འདོད། །ཆགས་དང་བྲལ་བའི་མངོན་བྱང་ཆུབ། །ཆགས་པས་བགྲོད་པ་རྣམས་ཀྱིས་ཉམས། །འཇིག་རྟེན་གདུལ་བ་རྒྱུར་བྱས་ནས། །འདི་ནི་གཟུགས་རྣམས་དུ་མར་བྱེད། །རི་བོང་སྟག་དང་སེང་གེ་དང༌། །གླང་པོ་རྣམས་ཀྱི་རིགས་རྣམས་སུའང༌། །ཕྱག་རྒྱས་གྲུབ་པ་སྙིང་རྗེ་ཡིས། །ཕན་པའི་


DTG013_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བློ་ཅན་རྣམས་སྐྱེའོ། །ཞེས་སོ། །ཇི་སྐད་དུ་དོན་དམ་པའི་བསྙེན་པར་ཡང་འཇུག་པའི་སེམས་ལ་བརྟེན་ནས་གསུངས་པ། གང་རྣམས་སེམས་ཅན་དོན་གྱི་རྒྱུ་རུ་རྣམས་སངས་རྒྱས་ཉིད་ཀྱི། །བདེ་བ་མཐའ་ཡས་རབ་ཏུ་ཐོབ་པ་ཡང་དག་སྟོན་མཛད་ཅིང༌། །འཁོར་བའི་དབུས་སུ་རབ་ཏུ་འཇུག་པར་མཛད་པ་རྣམས། །དེ་རྣམས་ཞབས་ཀྱི་ཆུ་སྐྱེས་དག་ལ་སྤྱི་བོས་ཕྱག་འཚལ་ལོ། །ཞེས་སོ། །དེ་ལྟར་ན་འོ་ན་འགྱུར་བ་མེད་པའི་བདེ་བ་དེ་ཚངས་པར་སྤྱོད་པའི་བདེ་བ་དང་མཚུངས་པར་འགྱུར་བ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེ་ཡང་འདོད་ལྡན་གྱི་བདེ་བ་དང་འགྲོགས་པས་ནོན་པས་ཏེ། ཇི་སྐད་དུ་ལོ་ཞེས་པ་ལ་སོགས་པའོ། །རི་དགས་རྣམས་བཟའ་ཞིང་ལྡད་པའི་ངང་ཚུལ་འདིའི་ཡིན་པ་ཞེས་པ་རི་དགས་ཟས་ཅན་དེ་སེང་གེའོ། །བརྒྱ་ལམ་ན་སྟེ་ཐམས་ཅད་ཀྱི་ཚེ་མ་ཡིན་ནོ། །ལན་ཅིག་ནི་འཁོར་གཅིག་གོ །གལ་ཏེ་དེ་ལྟ་ན་ཡང་གཉིས་ཀ་དག་ལ་ནི་བདེ་བ་མཆོག་ཡོད་པ་མ་ཡིན་ནོ། །ནིའི་སྒྲ་ནི་ཡང་གི་དོན་ལའོ། །དེ་དང་ཅི་འདྲ་བར་འགྱུར་ཞེ་ན། གསུངས་པ། ལེན་ཅིག་རྟག་ཏུ་ཁུ་བ་ལྟུང་ཕྱིར་རོ། །ཇི་ལྟ་བར་རོ་ཞེས་པའོ། །ཇི་ལྟར་ཏེ་གང་དང་འདྲ་བར་དེ་བཞིན་ཏེ། དེ་དང་འདྲ་བར་དཀའ་ཐུབ་པའི་རྨི་ལམ་གྱི་དུས་དང་འདོད་ལྡན་གྱི་སད་པའི་དུས་སུ་འཛག་ཕྱིར་ཏེ་སེམས་ཉམས་པའི་ཕྱིར་རོ་ཞེས་པའོ། །རྨི་ལམ་དང་སད་པའི་གནས་སྐབས་ཀྱི་སྒྲིབ་པ་འདི་དག་གིས་གསུངས་སོ་ཞེས་པ་དགོངས་པའོ། །འོ་ན་ཚངས་པར་སྤྱོད་པ་ཤིན་ཏུ་གཉིད་ལོག་པའི་རྨི་ལམ་གྱི་འདོད་ལྡན་མའི་རྣམ་པའི་བག་ཆགས་སྐྱེ་བ་མེད་པའི་ཕྱིར་གང་དང་འདྲ་བའི་བདེ་བ་དེ་དང་འདྲ་བར་དེར་འགྱུར་རོ་ཞེ་ན་གསུངས་པ། གཉིད་ལོག་པ་ཡང་ཞེས་པ་ལ་སོགས་པའོ། །ཇི་ལྟར་དེ་གང་དང་འདྲ་བར། དེ་ལྟར་ཏེ་དེ་དང་འདྲ་བར་རོ། །སྟོབས་མེད་པའི་སྐྱེ་གནས་ཀྱིས་ཟློས་པ་སྟེ། བུད་མེད་ཀྱི་བྷ་གའི་སྤྲུལ་གྱིས་སོ། །དཀའ་ཐུབ་མི་བྱེད་ཅིང་དཀའ་ཐུབ་ཏུ་བྱེད་པ་མ་ཡིན་ཏེ་སེམས་ཞེན་པའི་ཕྱིར་རོ། །དོན་ནི་འདི་ཡིན་ཏེ། ཇི་ལྟར་འགའ་ཞིག་རྨི་ལམ་དུ་སོས་བཏབ་པ་སད་པར་གྱུར་པས་ཡུལ་གྱི་དེ་ཁོ་ན་ཉིད་མི་ཤེས་པ་རང་གི་ལུས་འཛིན་པ་ལ་ཆགས་པ་དེ་ལྟ་བུར་བུད་མེད་ཀྱི་བྷ་གའི་སོས་བཏབ་པ་ཕྱག་རྒྱ་ཆེན་པོའི་དེ་ཁོ་ན་ཉིད་མི་ཤེས་པ་ཅི་ཞིག་ལྟར་ཡིད་བཞིན་གྱི་


DTG013_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནོར་བུ་བྱང་ཆུབ་ཀྱི་སེམས་ཀྱི་དེ་ཁོ་ན་ཉིད་མེད་པས་བུད་མེད་ཀྱི་བྷ་གའི་སྦྲུལ་གྱིས་ཉམས་པར་བྱས་པའོ་ཞེས་པའོ། །ཤིན་ཏུ་གཉིད་སད་པའི་གནས་སྐབས་ཀྱི་སྒྲིབ་པ་གསུངས་སོ་ཞེས་པའོ། །འོ་ན་དེ་ལྟར་བཞི་པ་ལ་སོགས་པའི་གནས་སྐབས་ཀྱི་སྒྲིབ་པ་ཡོད་པའི་ཕྱིར་འགྱུར་བའི་བདེ་བ་དེ་ཁོ་ན་ཉིད་མ་ཡིན་ན་དེ་ཅི་མ་ནིང་བཞིན་དུ་འགྱུར་བ་མེད་པའི་བདེ་བ་དེ་ཁོ་ན་ཉིད་དུ་འགྱུར་རམ་ཞེ་ན་གསུངས་པ། བསྲེག་པ་ཞེས་པ་ལ་སོགས་པའོ། །ཇི་ལྟར་ཏེ་གང་དང་འདྲ་བར་རོ། །རྡོ་དྲེག་ནི་རྡོ་འགའ་ཞིག་གི་དབུས་སུ་བགས་པར་འགྱུར་བ་བསྲེགས་པར་གྱུར་པས་དྲི་མ་མེད་པར་འགྱུར་རོ། །དེ་བཞིན་ཏེ་དེ་དང་འདྲ་བར་རོ། །སེམས་ཞེས་པ་བྱང་ཆུབ་ཀྱི་སེམས་སོ། །ཤེས་རབ་ཡེ་ཤེས་ཀྱིས་ཏེ་ཕྱག་རྒྱ་ཆེན་པོ་ཆགས་པའི་སེམས་སམ། ལས་ཀྱི་ཕྱག་རྒྱ་དང་ཆགས་པའི་སེམས་བསྲེགས་པའོ། །དག་པ་སྟེ་འགྱུར་བ་མེད་པ་དྲི་མ་མེད་པ་ཉིད་དུ་ཉེ་བར་འགྲོ་བའོ་ཞེས་པའོ། །ཇི་སྐད་བརྗོད་པར་འགྱུར་ཏེ། རྡོ་དྲེག་གིས་སྐུད་པའི་གོས་དྲི་མ་ཅན་ནི་མར་གྱིས་བྱུགས་པ་མེ་ཆེན་པོ་ལ་ཐལ་བར་བྱས་པ་དྲི་མ་མེད་པ་ཉིད་དུ་ཉེ་བར་འགྲོ་བ་ཇི་ལྟ་བ་དེ་བཞིན་དུ་སེམས་དམ་པ་མ་ཡིན་པའི་བག་ཆགས་ཀྱི་དྲི་མ་ཅན་ཕྱག་རྒྱ་ཆེན་པོའི་མར་གྱིས་བྱུགས། གཏུམ་མོར་ཆགས་པའི་དེ་ལ་དབུགས་འབྱུང་བ་དང་རྔུབ་པར་ཐལ་བར་བྱས་པ་འགྱུར་བ་མེད་ཅིང་དྲི་མ་མེད་པ་ཉིད་དུ་ཉེ་བར་འགྲོ་སྟེ། སྡོམ་བརྩོན་རྣམས་ཀྱིའོ་ཞེས་པའོ། །འཕགས་པའི་ཚིགས་སུ་བཅད་པ་འདིས་མ་ནིང་གི་སྐྱོན་ཟད་པའི་མཚན་ཉིད་ཅན་གྱི་འགྱུར་བའི་བཞི་པ་ལ་སོགས་པའི་གནས་སྐབས་དང་ཆོས་མི་མཐུན་པའི་ཆོས་འཛིན་པས་མཆོག་ཏུ་མི་འགྱུར་བའི་བཞི་པ་དྲི་མ་མེད་པ་ཉིད་དུ་བཤད་དོ། །དོན་དམ་པའི་བསྙེན་པར་ཡང༌། ཇི་ལྟར་རྡོ་དྲེག་གོས་ནི་མེ་ཡིས་བསྲེགས་པ་ན། །འཇུ་བར་མི་འགྱུར་ཐལ་བ་ཉིད་དུའང་མིན། །དེ་བཞིན་ཆུ་སྐྱེས་ཆགས་པའི་བྱང་སེམས་མཆོག །རང་བཞིན་དག་འདིའོ་སྡོམ་བརྩོན་རྣམས་ཀྱིའོ། །དགེ་སློང་གིས་ནི་མཐའ་ཡས་དོན་དུ་བསྲུང་བྱ་གང༌། །གང་ཞིག་འདོད་ཅན་བདེ་བའི་དོན་དུ་བཙལ་བྱ་བ། །དེ་དག་དབུས་སུ་གཉིས་མེད་རྣལ་འབྱོར་རིན་པོ་ཆེ། །


DTG013_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གང་ཞིག་འཛིན་པར་བྱེད་དེ་ཟད་མེད་ལ་རབ་ཞུགས། །འདོད་བྱའི་ན་ཆུང་གྲོགས་ལ་ཆགས་པའི་འདོད་ལྡན་དང༌། །དགེ་སློང་ཚུལ་ཁྲིམས་འཆལ་བ་གཙུག་ལག་ཁང་གནས་དག །ལས་ཀྱི་བདེ་བའི་དོན་གྱི་རྒྱུ་རུ་བྱེད་པ་གང༌། །ཡང་དག་སྦྱོར་བ་དེ་ནི་རྒྱལ་བའི་རྡོ་རྗེའི་ཚིག །ཅེས་སོ། །རྡོ་རྗེའི་གནས་འདི་རྟོགས་པར་བྱ་བའི་དོན་ཁོ་ནར་ཀུན་རྫོབ་ཏུ་དཔེར་བྱས་པ་སྟེ། བཞི་པ་ཤེས་རབ་ཡེ་ཤེས་ཡིན་ཏེ་གསུམ་པ་ནི་མ་ཡིན་ནོ། །ཞེས་པ་གནས་པའོ། །ད་ནི་བཞི་པའི་གཡོ་བའི་བདག་ཉིད་ཀྱི་སེམས་དཔའ་བོ་ཉིད་ཀྱི་རྣལ་འབྱོར་གྱིས་བཅིངས་པའི་ཐབས་འཕགས་པའི་ཚིགས་སུ་བཅད་པ་ཉིད་ཀྱིས་གསུངས་པ། མེ་ཡིས་ཞེས་པ་ལ་སོགས་པའོ། །དངུལ་ཆུ་ནི་དངུལ་ཆུ་ཡིན་ཏེ་འབྲོས་པར་བྱེད་དོ་སྟེ། ཁ་ཅིག་ཏུ་བདག་ཉིད་ཚིགས་ཅན་གཞན་གྱི་ཆེད་དུ་བའི་ཚིག་གོ །ཧི་ནི་གསལ་ལོ། །ཐབས་མེད་པའི་རྟག་ཏུ་ཐམས་ཅད་ཀྱི་ཚེ་ཉམས་པར་འགྱུར་རོ་ཞེས་པའི་དོན་ཏོ། །འོ་ན་འདི་ལྟར་འགལ་བར་གྱུར་པ་ཡོད་པ་ན་འདི་ཇི་ལྟར་འཆིང་ཞེ་ན། གསུངས་པ་སྨན་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་དེ་གང་དང་འདྲ་བར་རོ། །དངུལ་ཆུ་གཡོ་བ་ཡང་སྨན་ལ་སོགས་པའི་སྟོབས་ཀྱིས་འཆིང་བར་བྱེད། སྨན་ནི་འདིར་གང་ཞིག་བྱུགས་པ་ཙམ་ལས་ཟངས་ཀྱི་འདབ་མ་མེར་བཅུག་པའི་དྲི་མ་འཕྲལ་ལ་འཕྲོག་པར་བྱེད་པ་དེ་སྐལ་ལྡན་རྣམས་ཀྱིས་མཐོང་བའོ། །སོགས་པའི་སྒྲས་མ་ཀྵི་ཀ་དང་བི་མ་ལ་སོགས་པའི་རོ་རྣམས་དང་ཀཱ་ཀྵི་དང་ཀ་སི་ས་ལ་སོགས་པ་ཉེ་བའི་རོ་རྣམས་དང༌། ཛམྦྷ་ལ་ལ་ཆུ་སྦྱིན་པ་དང་འཇིག་རྟེན་དབང་ཕྱུག་ལ་སོགས་པའི་བསམ་གཏན་དང་སྔགས་དང་སྤྱོད་ཚུལ་དང་ཕྱག་རྒྱ་བཅིང་བ་ལ་སོགས་པ་རྣམས་གཟུང་བར་བྱའོ། །འདི་རྣམས་ཀྱི་སྟོབས་ཀྱིས་ཏེ་མཐུ་ཡིས་སོ། །མེ་དང་ཕྲད་པ་རྣམས་ཀྱིས་ཞེས་པ་ལྔ་པའི་དོན་ལ་གསུམ་པའོ། །མང་པོའི་ཚིག་ནི་མེ་དང་ཕྲད་པ་མང་པོ་ཉིད་དུ་གསལ་བར་བྱེད་པའོ། །གཞན་དུ་ན་མེ་ཆུང་ངུ་དང་ཕྲད་པ་ལས་རེས་འགའ་གནས་ལ། མེ་དྲག་པོ་དང་ཕྲད་པ་ལས་ངེས་པར་འབྲོས་སོ་ཞེས་པ་བརྟག་པའི་དོན་དུ་གསུངས་པའོ། །དེ་བཞིན་དུ་དེ་དང་འདྲ་བར་ཁུ་བ་དགའ་བ་ལ་སོགས་པའི་རྒྱུ་ནི་འཆིང་བར་བྱེད་དོ། །ཤིན་ཏུ་རྣལ་འབྱོར་རྣམས་ཀྱི་ཞེས་པ་ལ་རྣལ་འབྱོར་ནི་འདིར་


DTG013_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རབ་ཏུ་སྦྱོར་བ་དུ་བ་ལ་སོགས་པ་ཐམས་ཅད་དེ། རྣམ་པར་རྟོག་པ་ལས་འདས་པའོ། །མང་པོའི་ཚིག་ནི་སོ་སོར་སྡུད་པ་ལ་སོགས་པ་རྣམས་གསལ་བར་བྱེད་པའོ། །ཤེས་རབ་མ་དང་འགྲོགས་པ་རྣམས་ཀྱིས་ཞེས་པ་འདིར་ཡང་ལྔ་པའི་དོན་ལ་གསུམ་པའོ། །ཤེས་རབ་མ་ནི་ལས་ཀྱི་ཕྱག་རྒྱའོ། །དེ་དང་འགྲོགས་པ་ནི་ཡང་དག་པར་སྦྱར་བའོ། །མང་པོའི་ཚིག་ནི་ཡང་དང་ཡང་དུ་སྒྲིབ་པ་རྟོགས་པར་བྱེད་པའོ། །ཇི་སྲིད་དུ་བརྟན་པར་གྱུར་ནས་ལུས་འབུགས་སོ་ཞེས་པའི་བར་རོ། །སྒྲུབ་ཐབས་ཀྱི་ལེའུར་གསུངས་པ། མ་ནི་དངུལ་ཆུའི་དགྲ་ཉིད་ཡིན་ཏེ་མེ་དང་རྣམ་པར་བྲལ་ན་དངུལ་ཆུ་འཆིང་བ་ནམ་ཡང་མེད། །མ་བཅིངས་ན་ནི་གསེར་བྱེད་མེད་དེ་གསེར་དང་བྲལ་ན་སྨྲ་པོ་རྣམས་ལ་ལོངས་སྤྱོད་མེད་པ་ཉིད། །དེ་བཞིན་བུད་མེད་སྤྱོར་བ་བྲལ་ན་རྟག་ཏུ་རྣལ་འབྱོར་པ་རྣམས་ཀྱིས་ནི་སེམས་འཆིང་མི་འབྱུང་ལ། །བཅིངས་པ་མེད་ན་ཕུག་པའི་ལུས་མེད་མ་ཕུག་ལུས་ཀྱིས་འདིར་ནི་ལྷན་ཅིག་སྐྱེས་པ་བདེ་བ་སྟེར་བ་མིན། །ཞེས་སོ། །འོ་ན་ལས་ཀྱི་ཕྱག་རྒྱ་སྔར་སྤངས་པ་མ་ཡིན་ནམ། འདིར་ནི་དེ་དང་འགྲོགས་པ་མངོན་པར་འདོད་པ་ཞེས་པའི་ཕྱིར་འགལ་ལོ་ཞེ་ན། དེར་ནི་འགྱུར་བའི་བདེ་བས་སངས་རྒྱས་ཉིད་འཐོབ་པ་ལ་སྤངས་ཀྱི། མི་འགྱུར་བའི་བདེ་བ་འཕེལ་བའི་ཆེད་དུ་མ་ཡིན་ནོ་ཞེས་པ་སྟེ། དོན་དམ་བསྙེན་པར་གསུངས་པ། བུད་མེད་འགྲོགས་པས་དམན་ལ་ཐར་བའི་བདེ་བ་མེད། །བུད་མེད་འགྲོགས་བས་དམན་ལ་སྲིད་མེའི་སྡུག་བསྔལ་མེད། །དེ་ཕྱིར་རང་གི་བློ་ཡིས་ལེགས་པར་རྣམ་དཔྱད་ནས། །སློབ་མ་རྣམས་ནི་ཟུང་ཤིག་རབ་ཏུ་རྟོགས་པར་གྱིས། །ཞེས་སོ། །ད་ནི་འཕགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་དཔེ་དང་བཅས་པར་བྱང་ཆུབ་ཀྱི་སེམས་མཐོང་བའི་ཐབས་ནི་ཐབས་མ་ཡིན་པ་སྤངས་པས་གསུངས་པ། ཤིང་ལ་གནས་པ་ཞེས་པ་ལ་སོགས་པའོ། །ཇི་ལྟར་ཏེ་གང་འདྲ་བར། མེ་མི་མཐོང་སྟེ་ཤིང་ལ་གནས་ཀྱང་ཞེས་པའི་ཀྱང་ནི་ཡང་གི་དོན་ཏོ། །བཅད་དང་དབྱེ་བའི་ཐབས་རྣམས་དག་གིས་ཤེས་པར་བྱེད་པ་ལ་གསུམ་པའོ། །བཅད་པ་ནི་སྟ་རེ་ལ་སོགས་པ་རྣམས་ཀྱིས་སོ། །དབྱེ་བ་ནི་ཤིང་གྲི་ཆུང་ངུ་ལ་སོགས་པ་རྣམས་ཀྱིས་


DTG013_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོ། །ཐབས་ནི་སྒོའོ། །གཙུབ་པའི་ཤིང་ནི་དབྱུག་པའོ། །པཱ་ཎི་ནི་ལག་པའོ། །དེ་དག་གིས་བསྲུབས་པ་ལས་མེ་སྟེ། དེ་ལ་གནས་པ་ཡང་ཞེས་པ་ནི། སྲུབ་སྟན་གྱི་ཤིང་དེ་ལ་གནས་པས་དེ་ལ་གནས་པའོ། །དེ་བཞིན་ཏེ་དེ་དང་འདྲ་བར་སེམས་ཀྱི་འོད་གསལ་བ་ནི་སེམས་ཀྱི་འོད་གསལ་བ་སྟེ་ཁམས་གསུམ་པ་མཐོང་བའོ། །རྟོག་པའི་བསྒོམ་པའི་ཐབས་རྣམས་ཀྱིས་མི་མཐོང་སྟེ། རྣམ་པར་རྟོག་པ་ཡང་ཡང་མངོན་དུ་བྱེད་པའི་སྒོ་རྣམས་ཀྱིས་སོ། །འདིའི་སེམས་ཀྱི་འོད་གསལ་བ་ནི་བརྐྱང་མ་དང་རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར་ཞེས་པ་བྱེད་པ་ལ་གསུམ་པའོ། །གཅིག་ཏུ་སྦྱོར་བ་ནི་གཉིས་སུ་མེད་པའི་རྣལ་འབྱོར་རོ། །དེ་ཉིད་དུ་སྟེ་རང་གི་སེམས་ཉིད་ལའོ་ཞེས་པའོ། །དོན་དམ་བསྙེན་པར་ཡང་གསུངས་པ། ཤིང་ལས་མེ་དང་ཆུ་ཡི་ཤེལ་ལས་ཆུ་དང་ནི། །ཞོ་ལས་མར་དང་རྡོ་བ་རྣམས་ལས་ལྕགས་ཀྱི་རིགས། །བུད་མེད་སྐྱེ་གནས་འགྲོགས་ལས་མི་ཉམས་བདེ་བ་ནི། །སྐལ་ལྡན་རྣམས་ཀྱིས་དེ་ཐབས་སྦྱོར་བས་བླང་བར་གྱིས། །སེམས་ལ་ཁྱེད་ཀྱིས་གསལ་བར་བྱ་བ་ཅུང་ཟད་མེད། །གཞག་བྱ་མེད་ཅིང་སྒྲིབ་དང་འཕེལ་བ་དག་ཀྱང་མེད། སེམས་ལ་རང་སེམས་སོ་སོར་སྣང་བ་ཙམ་དུ་ནི། །ཁམས་གསུམ་པ་སྟེ་དཔེར་ན་ཆུར་སོན་ཉི་མ་བཞིན། །ཞེས་སོ། །སེམས་གཅིག་ཁོ་ན་ཤེས་རབ་གཟུགས་བརྙན་རྟོགས་པ་དུ་མའོ། །ཞེས་པ་དགོངས་པའོ།། །།ད་ནི་ལམ་ཤེས་པའི་དེ་ཁོ་ན་ཉིད་ཐོབ་པ་གསུངས་པ། ལམ་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པས་གང་གསུངས་པ། །བཅུ་དྲུག་བཞི་ཡི་རབ་ཏུ་དབྱེ་བ་ཅན། །དེ་ཁོ་ན་ཉིད་བཞི་པ་དཔལ་ལྡན་བླ་མའི་ཞལ་ཏེ་རྣལ་འབྱོར་པ་མ་ཡིན་པས་འཐོབ་པ་མ་ཡིན་ནོ། །སྣ་ཚོགས་རྣམ་རྟོག་ལ་སོགས་ལམ་གྱིས་ནི། །སྣ་ཚོགས་རྣམ་རྟོག་ནི་པདྨ་དང་ཉི་མ་དང༌། ཟླ་བ་སྒྲ་གཅན་གྱི་གདན་དང་ས་བོན་དང་མཚན་མ་ཡོངས་སུ་གྱུར་པ་ཞལ་དང་ཕྱག་དང་ཁ་དོག་དང་དབྱིབས་ཅན་རང་བྱིན་གྱིས་བརླབ་པ་ལ་སོགས་པའོ། །སོགས་པའི་སྒྲས་ཆོས་ཐམས་ཅད་ཆད་པའི་སྟོང་པ་ཉིད་དུ་སྨྲ་བ་ལ་སོགས་པའོ། །དེ་ཁོ་ན་ཉིད་རབ་ཏུ་གསལ་བར་དབང་གི་ལེའུར་གསུངས་པ། འདོད་དང་དགའ་བ་དང་ནི་འདར་དང་


DTG013_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྱུར་མེད་ཀྱང་སྟེ་བཞི་པོ་ཡིས་ནི་སྦྱོར་བ་དེ་གཅིག་སྟེ། །གང་བ་དང་ནི་ནུས་དང་སྐྱེ་བ་དག་དང་མཆོག་གི་དགའ་བ་དེ་ལྟར་གཉིས་པར་ངེས་པར་འགྱུར། །འབར་བ་དང་ནི་ཐིག་ལེ་བརྒྱལ་བ་དག་དང་སླར་ཡང་ཁྱད་པར་དགའ་བ་དེ་ལྟར་གསུམ་པའོ། །ཨོཌྜཱ་དང་ནི་ནཱ་ད་དག་དང་གཉིད་དང་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ལྟར་བཞི་པར་འགྱུར། །ཞེས་སོ། །དེའི་ཕྱིར་རྣམ་པར་རྟོག་པའི་ལམ་ནི་དེ་ཁོ་ན་ཉིད་མ་ཡིན་ལ། དེ་ཁོ་ན་ཉིད་མ་ཡིན་པ་ཞེས་བྱ་བ་ཡང་དེ་ཁོ་ན་ཉིད་ཀྱི་སྒྲུབ་ཐབས་སུ་འགྱུར་བ་མ་ཡིན་ནོ། །གལ་ཏེ་དེ་སྒྲུབ་ཐབས་སུ་མི་འགྱུར་ན་ཅི་ཞིག་དེར་འགྱུར་ཞེ་ན་གསུངས་པ། བསྐྱེད་པའི་ཞེས་པ་ལ་སོགས་པའོ། །དེ་ཁོ་ན་ཉིད་བདེ་བ་ཆེན་པོའི་སྒྲུབ་ཐབས་ཏེ་འདི་ཡིས་བསྒྲུབ་པར་བྱའོ་ཞེས་པ་སྒྲུབ་ཐབས་ནི་དེ་ཁོ་ནའོ། །གཞན་མ་ཡིན་ཏེ་པདྨ་ལ་སོགས་པར་ཀུན་དུ་རྟོག་པའོ། །དེ་ཁོ་ན་ཉིད་དེ་ཅི་ཞེ་ན། བསྐྱེད་པའི་རིམ་པ་ལས་གྲོལ་བ་སྟེ་མངལ་དུ་འཇུག་པའི་རིམ་པ་དང་བྲལ་བའོ། །ཧཱུཾ་དང་ནི་ཕཊ་ཡིག་ཅེས་པ་བསྔགས་སོ། །སོགས་པའི་སྒྲས་ཕྱག་རྒྱ་ལ་སོགས་པའི་རྟོག་པའོ། །དེ་དང་བྲལ་བ་དེ་ཁོ་ན་ཉིད་དོ། །དེ་ཅི་ཞེ་ན་གསུངས་པ། རྫོགས་པའི་རིམ་པའི་རྣལ་འབྱོར་ཞེས་པ་ལ་རྫོགས་པ་ནི་ངེས་པར་གྲུབ་པ་སྟེ། ནམ་མཁའ་བསྒོམ་པས་རྟོགས་པར་བྱ་བའོ། །དེའི་རིམ་པ་ནི་དུ་བ་ལ་སོགས་པའི་ལམ་མོ། །དེའི་རྣལ་འབྱོར་ནི་ཤེས་རབ་གཟུགས་བརྙན་གྱིས་འགྱུར་བ་མེད་པའི་ཡེ་ཤེས་ཆེན་པོ་སྐྱེས་པ་སྟེ་ལྡན་པའོ་ཞེས་པའོ། །འདི་ཁོ་ན་སྟོན་པས་གསུངས་པ། དུ་བ་ཞེས་པ་ལ་སོགས་པའོ། །དུ་བ་ཁོ་ན་རྟགས་གང་གི་དང་པོ་ཡིན་པ་དེ་རྣམས་སོ། །མཚན་མ་ནི་ཡིད་ཆེས་པར་བྱེད་པ་སྟེ་གང་གི་མངོན་པར་འདོད་པ་གསལ་བར་བྱེད་པ་དེའོ་ཞེས་པའོ། །སྲོག་རྩོལ་ནི་བུམ་པ་ཅན་གྱི་སྟེང་དང་འོག་གི་རྩ་གསུམ་འགོག་པའི་བདག་ཉིད་དོ། །དབུ་མར་འབབ་པས་ཏེ་སེམས་ཀྱི་རྩར་སྲོག་གི་རླུང་འབབ་ཅིང་རྗེས་སུ་འཇུག་པའོ། །རིག་པའི་བརྟུལ་ཞུགས་ཀྱིས། །རིག་མའི་གཙོ་བོའི་རྟུལ་ཞུགས་ཚངས་པའི་སྤྱད་པའོ། །རིག་མ་ནི་རང་གི་རྒྱལ་བས་དབང་བསྐུར་བ་ལྷག་པའི་ཡོན་ཏན་ཅན་གཟུང་བར་བྱའོ། མངོན་པར་བརྗོད་པ་བླ་མར་ཡང༌། པུཀྐ་


DTG013_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སཱི་ནི་མཆོག་མཛེས་མ། །གཟུགས་དང་ལང་ཚོས་བརྒྱན་བྱས་མ། །གཅིག་ཏུ་རྣལ་འབྱོར་ལ་སེམས་མ། །དམ་ཚིག་ཤེས་ཤིང་བཏུལ་ཞུགས་བརྟན། །བརྟན་མ་ཆགས་མེད་ངོ་ཚ་མེད། །སྲེད་བྲལ་ང་རྒྱལ་མེད་ཐོབ་ནས། །དེ་དང་ལྷན་ཅིག་སྔགས་རིག་པ། །རང་གི་རིག་མའི་བརྟུལ་ཞུགས་སྤྱད། །ཅེས་སོ། །དེ་ལས་རྡོ་རྗེ་མི་ལྟུང་བས་ནི་རྡོ་རྗེ་ལྟུང་བ་མེད་པ་སྟེ། འདིས་གནས་པར་འགྱུར་བའོ་ཞེས་པའོ། །སྟེང་དུ་ཁུ་བས་ཞེས་པ་ནོར་བུ་དང་པདྨ་ལས་ལོག་ནས་འགྲོ་བ་ལ་ལ་ནཱར་སོན་པས་སོ། །ལམ་འདི་ཡིས་ཏེ་དུ་བ་ལ་སོགས་པ་ཡན་ལག་དྲུག་གི་མཚན་ཉིད་ཅན་གྱིས་སོ། །རྣལ་འབྱོར་པ་ནི་རྣལ་འབྱོར་ཏེ་རྫོགས་པའི་རིམ་པའི་རྣལ་འབྱོར་འདི་ལ་ཡོལ་པའོ་ཞེས་པའོ། །སངས་རྒྱས་རྣམས་ཀྱི་ནི། བདེ་བ་དབང་པོ་མེད་པ་སྟེ་མཆོག་ཏུ་མི་འགྱུར་བ་མངོན་པར་བསྒྲུབ་པ་ནི་མཆོག་ཏུ་མི་འགྱུར་བ་གང་གིས་ཀུན་ནས་མངོན་པར་སྒྲུབ་པར་བྱེད་ཅིང་རྫོགས་པར་བྱེད་པའོ་ཞེས་པའོ། །ཡང་ན་ཕོ་ཉ་མོ་ཀུན་གྱི། །ལྷན་ཅིག་སྐྱེས་པ་འཐོབ་པ་སྟེ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་འགགས་པའི་རང་བཞིན་ཅན་མཁའ་འགྲོ་མ་རྣམས་ཀྱི་སྟོང་པ་ལྷན་ཅིག་སྐྱེས་པར་བརྗོད་དེ་གསུམ་སྤངས་པ་གཞོམ་དུ་མེད་པའོ། །འཇིག་རྟེན་པ་ལ་གྲགས་པ་བཞི་པའི་སྒྲིབ་པའི་བདག་ཉིད་ཀྱི་ལྷན་ཅིག་སྐྱེས་པ་ནི་མ་ཡིན་ནོ། །སྟོང་པ་ནི་གཅིག་པུ་བརྗོད་དེ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ་ཞེས་པ་ཡང་ནའི་སྒྲའི་དོན་ཏོ། །འོ་ན་དེ་ལྟར་རྫོགས་པའི་རིམ་པའི་རྣལ་འབྱོར་དེ་ཁོ་ན་ཉིད་དེ་ཁོ་ན་ཉིད་ཀྱི་སྒྲུབ་ཐབས་ཡིན་ལ་གཞན་མེད་དེ་ཞེས་བརྗོད་པ་མ་ཡིན་ནམ། དེའི་ཕྱིར་དེ་ཉིད་འགྱུར་མོད། དེ་ལས་གཞན་པ་ཉེ་བར་མི་ཁོ་བས་ཅི་བྱ་ཞེ་ན། གསུངས་པ། གཟུགས་ཞེས་པ་ལ་སོགས་པའོ། །འཇིག་རྟེན་ནི་ཁམས་གསུམ་སྟེ་དེ་ལ་ཡོད་པ་འཇིག་རྟེན་ཡང་འདི་ཡིན་ལ་དངོས་གྲུབ་ཀྱང་ངོ་ཞེས་པའོ། །དངོས་གྲུབ་ནི་འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་དབང་ཕྱུག་སྒྲུབ་པར་བྱེད་པའོ། །གཟུགས་ལ་སོགས་པར་རྟོག་པ་རྣམས་ཀྱིས་ཞེས་པ་ལ་གཟུགས་སུ་རུང་བ་གནོད་པ་བྱར་རུང་བས་གཟུགས་ཏེ་དེ་ཁོ་ན་གང་གི་དང་པོ་ཡིན་པའོ། །དེའི་ཀུན་དུ་རྟོག་པ་ནི་ཡིད་ཀྱི་ལས་ཞེས་པའོ། །དེ་ལ་གཟུགས་


DTG013_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྒོམ་པ་ནི་ལས་ཀྱི་ཕྱག་རྒྱའོ། །སོགས་པའི་སྒྲས་ཡེ་ཤེས་ཏེ་དེའི་བསྒོམ་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་བསྒོམ་པ་གོམས་པ་རྣམས་ཀྱི་ཞེས་པ་དཀྱིལ་འཁོར་ནི་རྟེན་གྱི་མཚན་ཉིད་ཅན་ཏེ་འཁོར་ལོ་ལྷ་ཡི་ཚོགས་པ་བརྟེན་པའི་མཚན་ཉིད་ཅན་ནོ། །སོགས་པའི་སྒྲས་སྔགས་དང་ཕྱག་རྒྱ་དང་གདན་ལ་སོགས་པའོ། །དེ་རྣམས་བསྒོམ་པ་ནི་མངོན་དུ་ཕྱོགས་པར་བྱེད་པའོ། །དེ་གོམས་པ་ནི་ཡང་དང་ཡང་དུ་མངོན་པར་ཞེན་པ་སྟེ། དེ་རྣམས་ཀྱིས་ཞེས་པའོ། །གལ་ཏེ་ལམ་འདི་ཁོ་ནས་དངོས་གྲུབ་ཐམས་ཅད་འགྲུབ་པ་ཉིད་ནི་དུ་བ་ལ་སོགས་པའི་ལམ་གྱི་མན་ངག་གིས་ཆོ་གོ་ཞེན་གསུངས་པ་ཅི་ཞིག་ཅེས་སོ། །ཆེན་པོ་གང་འདི་ཡིན་དངོས་གྲུབ་ཀྱང་ངོ་ཞེས་པ་དངོས་གྲུབ་ཆེན་པོ་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །འདོད་པ་སྟེ་འཇིག་རྟེན་ལས་འདས་པའོ། །ལྟ་ཅི་ཞིག་སྟེ་ཅི་ཞིག་འགྲུབ། དུ་བ་ལ་སོགས་པའི་ལམ་གྱི་མན་ངག་མེད་པར་མ་ཡིན་པ་དེ་ཁོ་ནའོ་ཞེས་པའི་དོན་ཏོ། །འོ་ན་ལམ་གྱི་གདམས་ངག་འདི་ཅི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བརྩོན་པའི་བློ་ཅན་ཐམས་ཅད་ལ་ཐམས་ཅད་ནས་འབྱུང་བ་དེ་ཁོ་ན་ཡིན་ནམ། འོན་ཏེ་དག་པ་འགྲོ་བ་དོན་བྱེད་པ་ལ་མཁས་པར་སྤྲོ་བ་འགའ་ཞིག་ཁོ་ན་ལ་འགའ་ཞིག་ཁོ་ནས་འབྱུང་བ་ཡིན་ཞེ་ན་གསུངས་པ་ལམ་ཞེས་པ་ལ་སོགས་པའོ། །བླ་མ་དམ་པ་ནི་དཔལ་ལྡན་བླ་མའོ། །དེའི་ཚེ་མཚན་ཉིད་ནི་དོན་དམ་པའི་བསྙེན་པར་སངས་རྒྱས་པར་གསུངས་ཏེ། ཇི་སྐད་དུ། བསྒོམ་ལྡན་སྲིད་པའི་བསམ་གཏན་ལ་ནི་ཆགས་ཉམས་པ། །འདོད་ལྡན་འདོད་པ་ཆེན་པོ་ལ་ནི་ཐུགས་བཅིངས་པའོ། །བརྟུལ་ཞུགས་ཆེན་པོའི་དབང་པོ་གཉིས་བདེའི་སྦྱོར་བ་ལ། ཕྱག་རྒྱར་རབ་ཏུ་འགྲོགས་ལའང་འདོང་ཆགས་མ་ཉམས་ཤིང༌། །ཟླ་ཉིའི་ལམ་ནི་སོ་སོར་མཉམ་པའི་རྣལ་འབྱོར་ཅན། །ཤེས་རབ་མེ་ལ་རྣལ་འབྱོར་སྟོབས་ལས་རབ་ཞུགས་པ། །ཀུན་དགའི་བདེ་བ་བདུད་རྩིར་ཆགས་པ་དེ་ཁོ་ན། །དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་སྡིག་བཅོམ་པའོ། །ཞེས་རྒྱ་ཆེར་རོ། །དེའི་བཀའ་དྲིན་ནི་དེ་ཁོ་ན་ཉིད་ཀྱི་མན་ངག་གིས་རྗེས་སུ་འཛིན་པའོ། །དེ་ལས་འབྱུང་བར་འགྱུར་ཏེ་སྐྱེ་བར་འགྱུར་རོ། །


DTG013_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གང་རྣམས་ཀྱི་ཞེ་ན། སློབ་མ་དག་བ་རྣམས་ལའོ། །དག་པ་སྟེ་དབང་བསྐུར་བ་ལ་སོགས་པ་རྣམས་ཀྱིས་ཐ་མལ་བའི་ང་རྒྱལ་གྱི་དྲི་མ་སྤངས་པ་ཞེས་པ་ཡང་ཡིན་ལ་སློབ་མ་རྣམས་ཏེ་གཞན་གྱི་དོན་བྱེད་པ་ལ་སོགས་པ་རྣམས་ཀྱིས་རྗེས་སུ་བསྟན་པར་བྱ་བ་ཡང་ངོ་ཞེས་པའོ། །ཕྱག་རྒྱ་ཆེན་པོ་ཐིག་ལེར་གསུངས་པ། སྔགས་ལ་སོགས་པས་གང་སྦྱངས་བའི། །དུག་ནི་བཅུད་ལེན་དེ་བཞིན་དུ། །དབང་བསྐུར་སོགས་ཀྱིས་སློབ་མ་ནི། །མ་དག་དག་དང་ལྡན་པར་འགྱུར། །ཞེས་སོ། །གང་རྣམས་ཕ་རོལ་གྱི་བྱ་བ་ལ་དགེ་བ་ལ་བཙོན་པ་སྟེ། དགེ་བ་ལ་སྤྲོ་བ་ཞེས་པའོ། །དཔལ་ལྡན་དྲི་མ་དང་བྲལ་བའི་འོད་ཀྱི་རྒྱུད་ལ་འཇུག་པའི་བཤད་སྦྱར་མི་གཡོ་བའི་སྙིང་པོ་སྣང་བར་ལམ་གྱི་སྒྲིབ་པ་དགག་པའི་ངེས་པ་སྟེ་བཞི་པའོ།། །།

ལྔ་པ། ལམ་འཕྲོག་པའི་རྒྱུ་མཚན་བཤད་པའི་ངེས་པ།


DTG010_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་ལམ་ཐོབ་པ་རབ་ཏུ་དང་བ་རྣམས་ཀྱི་ལམ་འཕྲོག་པའི་རྒྱུ་མཚན་གསུངས་པ་གཞན་ཞེས་པ་ལ་སོགས་པའོ། །འདི་ནི་སྟེ་དེ་མ་ཐག་ཏུ་བརྗོད་པ་སངས་རྒྱས་ཉིད་གང་གིས་བདེ་བླག་ཏུ་ཚོལ་བར་བྱེད་ཅིང་དོན་དུ་གཉེར་བར་བྱེད་པའོ་ཞེས་པའོ། །དགའ་བར་རྒྱས་པར་བྱེད་པ་ན་རིན་ཆེན་དེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བ་ནི་རིན་པོ་ཆེ་སྟེ་རྙེད་པར་དཀའ་བ་ཉིད་ཀྱི་ཕྱིར་དང་བསམ་པའི་དོན་གྱི་འབྲས་བུ་རབ་ཏུ་སྦྱིན་པ་ཉིད་ཀྱི་ཕྱིར་རོ། །ལམ་བཟང་རིན་ཆེན་ཏེ། ཕྱི་ནས་ཁྱད་པར་གྱི་བསྡུ་བའོ། །རབ་ཏུ་མྱོས་པ་ནི་བག་མེད་སྤྱོད་པ་སྟེ། རང་ལ་ཕན་པ་དང་བདེ་བ་ལ་ལྟོས་པ་མེད་པའོ། །འགྲོ་བ་དྲུག་པོ་རྣམས་སུ་ཉམས་པར་འགྱུར་བས་ན་སེམས་ཅན་ནོ། །གཞན་ཏེ་གང་སྙིང་བརྩེ་བ་ལ་སོགས་པའི་ཡོན་ཏན་དང་བྲལ་བ་གཞན་ལ་ཕན་པ་དང་བདེ་བ་ལ་མི་བརྩོན་པའོ་ཞེས་པའོ། །རབ་ཏུ་ཞུགས་པའི་ནོར་དེའི་ཁྱིམ་ནི་བུད་མེད་དོ། །དེ་ཁོ་ན་དགོན་པས་ཏེ་འབྲོག་དགོན་པ་སེམས་ཅན་གྱི་གནས་སོ། །ཡུལ་ངན་ཆོས་རྐུན་རྣམས་ཀྱི་ཞེས་པ་འདི་རྣམས་སུ་དབང་པོ་རྣམས་ཁྱད་པར་དུ་འཆིང་ངོ་ཞེས་པ་ཡུལ་རྣམས་ཏེ། གཟུགས་ལ་སོགས་པའི་ཕྱི་རོལ་གྱི་ལོངས་སྤྱོད་རྣམས་སོ། །དེ་རྣམས་ཀྱང་ངན་པ་སྟེ་རོ་བྲོ་བ་ཆུང་བ་ཉིད་ཀྱི་ཕྱིར་དང༌། རྣམ་པར་སྨིན་པ་རྩུབ་པ་ཉིད་ཀྱི་ཕྱིར་དང༌། རྒྱལ་བའི་ཆོས་ཀྱིས་བསྟེན་པ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ཁོ་ན་ཆོམ་རྐུན་པ་སྟེ། བྱིན་པའི་ལམ་


DTG013_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཟང་པོའི་རིན་པོ་ཆེ་ཡང་དེ་རྣམས་ཀྱིས་འཕྲོག་པར་བྱེད་རྐུ་བར་བྱེད་པས་ཞེས་པའོ། །འདི་རྣམས་འབའ་ཞིག་ལམ་བཟང་རིན་ཆེན་ནོར་ཁྱིམ་དགོན་པར་ཞུགས་པ་འཕྲོག་པར་མ་ཟད་ཀྱི། གཉེན་འདུན་ཐིབས་པོའི་ནང་དུ་ཞུགས་པ་ཡི། །ཐེ་ཚོམ་ལ་སོགས་པའི་རྐུན་པོ་རྣམས་ཀྱིས་ཀྱང་ངོ། །གཉེན་འདུན་ནི་ཆུང་མ་དང་བུ་དང་ཚ་བོ་ལ་སོགས་པར་གྲགས་པའོ། །ཐིབས་པོ་ནི་ནགས་སོ། །ཡིད་ཆེས་པ་གསུམ་རྣམས་ཀྱིས་ངེས་པའི་ལམ་བཟང་རིན་ཆེན་ལ་ཡང་སོམ་ཉི་ཟ་བ་ནི་ཐེ་ཚོམ་སྟེ། འདི་ཅི་ལམ་བཟང་པོ་ཡིན་ནམ་འོན་ཏེ་མ་ཡིན་ཞེས་པའོ། །འགྱོད་པ་ནི་ལམ་ངན་པ་བདག་གིས་བྱས་ཏེ། དེའི་ཕྱིར་བདག་གིས་ལམ་མངོན་སུམ་དུ་མི་བྱའོ་ཞེས་པ་འདི་ལྟ་བུའི་རྣམ་པ་ཅན་ནོ། །གཉིད་ནི་ཉལ་བ་སྟེ་ལུས་དང་ཡིད་དག་ལས་སུ་མི་རུང་བར་བསྒྲུབ་པའི་མཚན་ཉིད་ཅན་རྨུགས་ཤིང་གཉིད་པ་ཞེས་བྱ་བའི་བར་རོ། །ལེ་ལོ་ནི་སྤྲོ་བ་ཞེན་པའོ། །རྒོད་པ་ནི་སེམས་རྣམ་པར་གཡེང་བ་ཉིད་དེ་གྲོང་ཁྱེར་ལ་སོགས་པར་འཁྱམ་པ་ཞེས་པ་ཇི་སྲིད་པའོ། །དེ་ལྟར་འདི་ནི་ལམ་བསྒོམ་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་དྲི་མ་འཕགས་པའི་ཚིགས་སུ་བཅད་པ་འདིས་བཤད་དོ་ཞེས་པའོ། །ཏིང་ངེ་འཛིན་གྱི་དྲི་མ་འདི་རྣམས་འབའ་ཞིག་གིས་འཕྲོག་པར་མ་ཟད་ཀྱི། སྲོག་གཅོད་པ་ལ་སོགས་པ་རྣམས་ཀྱིས་ཀྱང་སྟེ། རིན་པོ་ཆེ་ཞེས་པ་ནི་ལམ་བཟང་རིན་ཆེན་ནོ། །རྟག་ཏུ་དུས་གསུམ་དུའོ། །སྲོག་གཅོད་པ་ནི་སེམས་ཅན་གསོད་པའོ། །བརྫུན་ནི་མི་བདེན་པར་སྨྲ་བའོ། །མ་བྱིན་པར་ལེན་པ་ནི་གཞན་གྱི་རྫས་རྐུ་བའོ། །གཞན་གྱི་བུད་མེད་ནི་འདོད་པས་ལོག་པར་སྤྱོད་པའོ། །ཚིག་རྩུབ་བོ་ནི་ཕ་རོལ་པོའི་གནད་འགེམས་པར་བྱེད་པའོ། །ཕྲ་མ་སྨྲ་བ་ནི་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཕན་ཚུན་འབྱེད་པའོ། །ངག་འཁྱལ་ནི་འདོད་པ་ལ་སོགས་པ་དང་ལྡན་པའི་ཧ་ཧ་ཧི་ཧི་ཞེས་པ་ལ་སོགས་པ་འདོད་ཆགས་ཡང་དག་པར་བསྐྱེད་པའི་ཚིག་གོ །བརྣབ་སེམས་ནི་ཕ་རོལ་གྱི་རྫས་ལ་ལོག་པར་ཆགས་པའོ། །གནོད་སེམས་ནི་གནོད་པར་བྱེད་པའི་སེམས་ཉིད་དོ། །ལྟ་བ་ངན་པ་ནི་མེད་པའི་ལྟ་བའོ། །དེ་བཞིན་དུ་ཡོད་པའི་སྡིག་པ་ལྔ་ནི་འཚེ་བ་ལ་སོགས་པའོ། །ཉེ་བའི་སྡིག་པ་ལྔ་ནི་ཆོ་ལོ་ལ་སོགས་པའོ། །བ་ལང་ལ་སོགས་པ་གསོད་པ་ལྔའོ། །གྲོགས་


DTG013_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་ལ་སོགས་པ་ལ་འཁུ་བ་ལྔའོ། །མིག་གི་དབང་པོ་ལྔ་ལ་སོགས་པ་ཀུན་ནས་ཆགས་པ་ལྔའོ་ཞེས་པ་འདིའི་ཚར་ལྔ་ཡིན་པས་ལྔ་པ་རྣམས་ལྔ་སྟེ་ཆོམ་རྐུན་པ་དེ་རྣམས་ཁོ་ནས་སོ་ཞེས་པའོ། །འདི་ལྟ་སྟེ། འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤོངས་ཤིག་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད། །འཁོར་བར་རྡོ་རྗེའི་ཞགས་པ་ཡིན་ཏེ་རང་གི་དགེ་བ་མཐར་བྱེད་སྡིག་པ་ལྔ་པོ་འདི་རྣམས་སོ། །ཆོ་ལོ་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་དབང་པོའི་ཆོས། །བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བྱའོ། །གྲོགས་པོ་རྗེ་བོ་རྣམས་དང་ལྷ་དང་མི་ཡི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་སྤང༌། །དབང་པོ་རྣམས་ནི་ཀུན་ནས་ཆགས་པའོ་ཞེས་པ་སྲིད་པའི་བདག་པོའི་བརྟུལ་ཞུགས་རྣམས་ནི་ཉི་ཤུ་ལྔ་ཞེས་པའོ། །སྡིག་པ་ཅན་གྱི་ལས་ཞེས་བྱ་བ་བར་དུ་གཅོད་པར་བྱེད་པ་སྟ། མཚམས་མེད་པ་ལྔ་པོ་བྱེད་བ་རྣམས་ཀྱང་ནང་དུ་བསྡུས་པའོ་ཞེས་པའོ། །འདི་རྣམས་འབའ་ཞིག་གིས་ལམ་བཟང་རིན་ཆེན་འཕྲོག་པར་མ་ཟད་ཀྱི། །ཤིན་ཏུ་བཟའ་དང་བཏུང་བ་རྣམས་ཀྱིས་དང༌། །སྣ་ཚོགས་ལོངས་སྤྱོད་རྣམས་ཀྱིས་ཀྱང་ངོ༌། །བཟའ་བ་ནི་ཤིན་ཏུ་ཤ་ལ་སོགས་པ་བཟའ་བའོ། །བཏུང་བ་ནི་ཆང་འཐུང་བ་ལ་སོགས་པའོ། །ཤིན་ཏུ་ནི་བརྒྱལ་བའི་ཆོས་ཀྱིས་སོ་ཞེས་པའོ། །ལོངས་སྤྱོད་པར་བྱ་བས་ན་ལོངས་སྤྱོད་དེ་ཕྲེང་བ་དང་ཙནྡན་དང་བུད་མེད་དང་མལ་སྟན་ལ་སོགས་པ་སྣ་ཚོགས་པ་བཀྲ་བའོ། །བརྩོན་འགྲུས་ལྡན་པ་ལ་ཡང་སྟེ་ལམ་བསྒོམ་པ་ལ་སྤྲོ་བའིའོ། །བརྗོད་མ་ཐག་པའི་བརྩོན་འགྲུས་བརྟན་པ་འབའ་ཞིག་གིར་མ་ཟད་ཀྱི་བརྩོན་འགྲུས་དང་ལྡན་པའི་ཡང་ངོ་ཞེས་པ་ཡང་གི་སྒྲའི་དོན་ཏོ། །བག་མེད་པ་ནི་ཤིན་ཏུ་བཟའ་བ་དང་བཏུང་བ་ལ་སོགས་པ་དང་མི་དགེ་བའི་གྲོགས་པོ་དང་འགྲོགས་པའོ། །དེའི་ཕྱིར་བརྒྱལ་བ་སྟེ་སེམས་མེད་པ་ཉིད་དུ་གྱུར་པ་ལ་འཕྲོག་པར་བྱེད་པ་ཁོ་ནའོ། །རྣམ་པ་སྣ་ཚོགས་པའི་སྲིད་པའི་ལོངས་སྤྱོད་ལ་མངོན་པར་དགའ་བ་ནི་དགེ་བ་བྱེད་པ་རྣམས་ཀྱི་ཡང་བར་དུ་གཅོད་པར་བྱེད་པར་བརྗོད་ཅེས་པའོ། །འོ་ན་དེ་ལྟར་ལམ་རིན་པོ་ཆེ་ཡོངས་སུ་རྟོག་པ་པོ་ལ་མངོན་པར་དགོངས་ནས་བར་དུ་གཅོད་


DTG013_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱེད་པའི་སྐྱོན་རྣམས་བརྗོད་པ་མ་ཡིན་ནམ། ལམ་ཐོབ་པ་རང་ཉིད་ཡོངས་སུ་རྟོག་པ་པོ་མ་ཡིན་པ་ལ་བརྗོད་པ་ཅི་ཞིག་ཅེ་ན་གསུངས་པ་རང་ཉིད་ཅེས་པ་ལ་སོགས་པའོ། །ཅི་སྟེ་གང་གི་ཕྱིར་རང་ཉིད་ཡོངས་སུ་རྟོག་པ་པོ་མིན་པ་གང་དེའི་ཕྱིར་གཞན་ཅིག་ཤོས་གཡོན་ཅན་ཁྲམ་པ་ཆེན་པོ་ལ་སྟོན་ཏེ་རང་ཉིད་ཡོངས་སུ་རྟོག་པ་པོ་མིན་པས། རིན་ཐང་ཆེན་པོར་འགྱུར་བ་ཤེས་ཆེད་དུ། །གཡོན་ཅན་གཞན་ལ་སྟོན་ཏེ་མིན་ཞེས་པའི། །དེ་ཡི་ཚིག་ལ་རིན་ཆེན་འདོར་བར་བྱེད། །རིན་ཐང་ཆེན་པར་འགྱུར་བ་སྟེ་རིན་པོ་ཆེ་ཆེན་པོ་ཡིན་ནམ་ཞེས་ཤེས་པར་བྱ་བའི་ཆེད་དུའོ། །དེས་སྨྲས་པ། མི་འགྱུར་རོ། །དེ་ནས་དེའི་ཚིག་ལས་ཏེ་གཡོན་ཅན་གྱི་དག་ལས་འདོར་བར་བྱེད་པ་ཁོ་ནའོ་ཞེས་པའོ། །དེ་བཞིན་ཁོ་ནར་ཤེས་རབ་འཆལ་པའི་རིགས་ཅན་ནི་སྡིག་པའི་གྲོགས་པོའི་ངག་ལས་ལམ་བཟང་རིན་ཐང་མེད་པའི་རིན་པོ་ཆེ་ཐོབ་པ་ཡང་གཏོང་བར་བྱེད་དོ་ཞེས་པ་ལམ་རིན་པོ་ཆེ་ཡོངས་སུ་རྟོག་པ་དོན་དུ་གཉེར་བ་རྣམས་ཀྱི་ཡང་སྡིག་པའི་གྲོགས་པོ་དང་ཉེ་བར་འགྲོགས་པའི་སྐྱོན་བརྗོད་དོ་ཞེས་པའོ། །འོ་ན་དེ་ལྟར་ལམ་རིན་པོ་ཆེ་རྣམ་པར་ཤེས་པར་བྱ་ན་རང་ཉིད་ཡོངས་སུ་རྟོག་པ་པོ་མ་ཡིན་པས་ནི་གང་གི་ཞེ་ན་བདེན་མོད་དེ་ནི་གལ་ཏེ་གང་རྣམས་ཀྱིས་སྐབས་ལས་རིན་པོ་ཆེ་ཆེན་པོ་ཡོངས་སུ་རྟོག་པར་བྱེད་དུ་གཞུག་པ་དེ་རྣམས་ཀྱི་ནི་རྣམ་དག་ངག་གིས་ཏེ་མི་སླུ་བའི་ཚིག་གིས་ཅི་སྟེ་གསལ་བར་རྣམ་བར་ཤེས་པར་བྱ་སྟེ་རིན་ཐང་མེད་པ་རིན་པོ་ཆེ་འདིའོ་ཞེས་ངེས་པར་བྱའོ། །དེ་ལྟ་ཁོ་ནར་རིགས་ཀྱི་བུས་ལམ་རིན་པོ་ཆེ་ཐོབ་པ་དགེ་བའི་བཤེས་གཉེན་གྱི་ཚིག་ལས་འདི་ནི་རིན་ཐང་མེད་པའོ་ཞེས་ལེགས་པར་ཡོངས་སུ་བརྟག་པ་ཤིན་ཏུ་བརྟན་པར་བྱས་ནས་ལྷག་པར་རྗེས་སུ་འབྲེལ་བར་བྱ། དོར་བར་མི་བྱའོ་ཞེས་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་རྟག་ཏུ་དགེ་ལེགས་ཀྱི་ཆེད་དུ་ལེགས་པར་བཤད་དེ་ལམ་རིན་བོ་ཆེ་བསྒོམ་པ་ལ་བརྩོན་པ་རྣམས་ཀྱི་ཡང་ངོ་ཞེས་པའོ། །དེ་ལྟར་ལམ་བསྒོམ་པ་ལ་རབ་ཏུ་ཞུགས་པའི་ཡང་བདུད་ཀྱི་ལས་རྣམ་པར་སྤངས་པ་མེད་པར་སེམས་བརྟན་པར་འགྱུར་བ་མ་ཡིན་ནོ་ཞེས་པ་དེའི་ཕྱིར་དེ་ཁོ་ན་སྟོན་པ་གསུངས་པ་བདུད་ཅེས་པ་ལ་སོགས་པའོ། །བདུད་སྡིག་ཅན་ནི་ཡང་དག་པར་རྫོགས་པའི་


DTG013_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སངས་རྒྱས་རྣམས་ཀྱི་གཟུགས་རྣམས་སུ་སྤྲུལ་ནས་ལམ་བསྒོམ་པ་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའི་བགེགས་ཏེ་བར་དུ་གཅོད་པར་བྱེད་དེ། ཇི་སྐད་དུ། འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆེད་དུ་བའི་ལམ་མ་ཡིན་ལ། གང་གིས་ཁྱོད་གནས་པའི་ལམ་འདིས་འགའ་ཞིག་ཀྱང་ངེས་པར་འབྱུང་བ་དང་ངེས་པར་འབྱུང་བར་འགྱུར་བ་དང་ངེས་པར་འབྱུང་བ་ཡང་མ་ཡིན་ནོ་ཞེས་པ་ལ་སོགས་པ་རིག་པར་བྱ་སྟེ་རྒྱས་པར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདུད་ཀྱི་ལས་ཀྱི་ལེའུར་གསུངས་པ་ལས་ཤེས་པར་བྱའོ་ཞེས་པས་བདུད་ཀྱི་ལས་ཀྱི་སྐྱོན་ཉེ་བར་སྤངས་ནས་ཐམས་ཅད་ཉེ་བར་བསྡུ་བ་གསུངས་པ་དེའི་ཕྱིར་ཞེས་པ་ལ་སོགས་པའོ། །ཅི་སྟེ་གང་གི་ཕྱིར་ལམ་འཕྲོག་པའི་རྒྱུ་མཚན་འདི་ཡོད་པ་དེའི་ཕྱིར་ཏེ་རྒྱུའི་ཕྱིར་རོ། །ཆོམ་རྐུན་རྩ་ལག་ཅེས་པ་ཉེ་བར་མཚོན་པ་སྟེ། ཐེ་ཚོམ་ལ་སོགས་པ་ཡང་ཡོངས་སུ་བཏང་བྱས་ཏེ་འབད་པས་ཏེ་གུས་པ་ཆེན་པོ་བླ་མ་དམ་པས་བྱིན་པའི་ལམ་བཟང་རིན་ཆེན་ཁྱད་པར་དུ་འཕགས་པས་ལེགས་པར་སྤ་བ་རབ་ཏུ་གསལ་བ་མ་ཡིན་པར་སློབ་མ་རྣམས་ཀྱིས་བྱའོ་ཞེས་པ་ཐར་པ་འདོད་པ་རྣམས་ཀྱིས་སམ་རིན་པོ་ཆེ་ཡོངས་སུ་བསྲུང་བ་གསུངས་སོ་ཞེས་སོ། །འོ་ན་ཐར་པའི་ཆེད་དུ་ལམ་གཞན་ཡང་ཡོད་པ་མ་ཡིན་ནམ་ངེས་ན་འདི་ལ་གུས་པས་ཅི་ཞེ་ན། གསུངས་པ་དཔའ་བོ་ཞེས་པ་ལ་སོགས་པའོ། །དཔའ་བོའི་རིམ་པ་ནི་ཕྱི་རོལ་གྱི་དྲག་པོའི་ལྷ་མཆོད་པ་དང་དམིགས་པ་ལ་སོགས་པའི་མཚན་ཉིད་ཅན་ནོ། །རང་བྱིན་གྱིས་བརླབ་པའི་རིམ་པ་ནི་སེམས་ཀྱིས་ཞི་བའི་རྣལ་འབྱོར་གྱི་སྒོ་ལ་དམིགས་པའི་མཚན་ཉིད་ཅན་ནོ། །ཐར་བའི་ཆེད་དུ་སངས་རྒྱས་རྣམས་ཀྱིས་ཡང་དག་པར་བསྟན་པ་མིན་ཞེས་པའོ། །བསྟན་པ་འདི་ཅི་ཞིག་ཡིན་ཞེ་ན། གསུངས་པ། ཤིན་ཏུ་རྣམ་དག་རིམ་པ་གཅིག་ཏུའོ། །ཞེས་པ་སྟེ་རྫོགས་པའི་རིམ་པའི་རྣལ་འབྱོར་གཉིས་སུ་མེད་པའོ། །གལ་ཏེ་འདི་ལྟ་བུ་ཇི་ལྟར་ཤེས་པར་བྱ་ཞེ་ན་གསུངས་པ་བདེ་བ་ཉིད་ཀྱི་ཞེས་པ་ལ་སོགས་པའོ། །རྒྱུ་གང་ཞིག་གིས་རྒྱལ་བའི་དབང་པོ་རྣམས་ཀྱི་མཚམས་མེད་ལྔ་པོ་བྱེད་པ་རྣམས་ཡང་དག་པར་བཟུང་བ་སྟེ་དབུགས་ཕྱུང་བར་གྱུར་


DTG013_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །མཚམས་མེད་ལྔ་པོ་རྣམས་ནི། །མ་གསོད་པ་དང༌། ཕ་གསོད་པ་དང༌། དགྲ་བཅོམ་པ་གསོད་པ་དང༌། དགེ་འདུན་འབྱེད་པ་དང༌། ངན་སེམས་ཀྱིས་དེ་བཞིན་གཤེགས་པ་ལ་ཁྲག་འབྱིན་པ་ཞེས་པའོ། །ལྔ་པོ་རྣམས་ཀྱིས་གང་ཡང་རུང་བའི་སྐྱོན་གྱིས་བར་མཚམས་མེད་པ་ཁོ་ནར་མནར་མེད་པར་བསྐལ་པར་གནས་པར་འགྱུར་ཏེ། དེས་ན་མཚམས་མེད་པར་བརྗོད་དོ། །བདེ་བ་ཉིད་ཀྱིས་ཏེ་ཐབས་བདེ་བས་སོ། །དབང་དོན་གྱིས་ཏེ་བཞི་པའི་དོན་གྱིས་སོ། །གཞན་དུ་ན་མཚམས་མེད་པ་ལྔ་པོ་བྱེད་པ་རྣམས་དཔའ་བོའི་རིམ་པ་དྲག་པོའི་ལས་ཀྱིས་ཟིལ་གྱིས་མནན་པ་རྣམས་དང༌། རང་བྱིན་གྱིས་བརླབ་པའི་རིམ་པ་འཁོར་བའི་བདེ་བ་ཤིན་ཏུ་འཕེལ་བའི་བག་ཆགས་ཀྱི་རྒྱུད་རྣམས་ཀྱིས་ཐར་བ་ཐོབ་པ་མ་ཡིན་ཏེ། རྒྱུད་དེས་ཞེས་པའོ། །འོ་ན་གལ་ཏེ་རིམ་པ་གཉིས་པོ་འདི་རིམ་པ་མ་ཡིན་པར་ཁྱེད་སེམས་ན་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཅིའི་དོན་དུ་གསུངས་ཤེ་ན་གསུངས་པ། དཔའ་བོ་ཞེས་པ་ལ་སོགས་པའོ། །ཧི་སྟེ་གང་གི་ཕྱིར་ལུས་སྲོག་ཟད་པ་འདི་གསུངས་པ་དེའི་ཕྱིར་དཔའ་བོ་རིམ་པ་ཕྱི་རོལ་ལ་མིན་ནོ། །འོ་ན་དེ་ལྟར་ལུས་ལ་རང་བྱིན་གྱིས་བརླབ་པ་གསལ་ལམ་ཞེ་ན་གང་གི་ཕྱིར་རང་གི་སེམས་བྱིན་གྱིས་བརླབ་པ་སོ་སོར་སྣང་བ་སྟེ། དེ་ཡང་སྟོང་པ་ལ་ཁམས་གསུམ་པ་ཉིད་མཐོང་བའོ། །མཚན་ཞེས་པ་རབ་ཏུ་གྲགས་པའོ་ཞེས་པའོ། །འགྲོ་བའི་དོན་བྱེད་པ་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པའི་རིམ་པ་རྣམ་པར་གཞག་པ་ཡང་གསུངས་སོ་ཞེས་པའོ། །འོ་ན་རང་བྱིན་གྱིས་བརླབ་པ་ནི་ཁམས་གསུམ་པ་མཐོང་བ་ཉིད་དུ་གསུངས་པ་དེ་མཐོང་བ་ལས་དེ་མི་ལྡོག་པའི་ཕྱིར་དེས་ན་འཁོར་བ་གཞན་དུ་གྱུར་པའི་མཚན་ཉིད་ཅན་སངས་རྒྱས་ཉིད་ཇི་ལྟ་བུ་དང་འདྲ་བར་སྲིད་པར་འགྱུར་ཞེ་ན། གསུངས་པ་འཁོར་བ་ཞེས་པ་ལ་སོགས་པ་སྟེ། འཁོར་བ་ཁམས་གསུམ་པ་སྙིང་པོ་མེད་པ་བརྫུན་པ་སླུ་བའི་ཆོས་ཅན་ལ་སངས་རྒྱས་ཉིད་དེ་དེ་ཐམས་ཅད་མཁྱེན་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལམ་མཁྱེན་པ་ཉིད་དང་ལམ་གྱི་རྣམ་པ་མཁྱེན་པ་ཉིད་དང༌། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་རྣམ་


DTG013_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བར་ཡོན་ཏན་འབྱོར་པའི་མཚན་ཉིད་ཅན་ནི་འབྲས་བུ་སྟེ་སྙིང་པོར་འགྱུར་རོ། །དེ་ཟད་ལས་ཏེ་འཁོར་བ་ཟད་པ་ལས་སོ། །དེ་འཁོར་བ་ཟད་པའི་བར་མཆོད་དུ་ཅི་དང་འདྲ་བར་འབྱུང་ཞེ་ན། ཆུ་ཤིང་གི་འབྲས་བུ་བཞིན་དང་འདྲ་བར་ཞེས་པ་སྟེ་ཇི་ལྟར་སྙིང་པོ་མེད་པའི་ཆུ་ཤིང་ལ་སྙིང་པོ་འབྲས་བུ་སྨིན་པ་ཆུ་ཤིང་ཉམས་པས་ཡང་དག་འབྱུང་བ་དེ་བཞིན་དུ་སངས་རྒྱས་ཉིད་ཀྱང་ངོ་ཞེས་པའོ། །འོ་ན་སངས་རྒྱས་ཉིད་ཀྱིས་སྒྲུབ་པར་བྱེད་པ་བྱང་ཆུབ་ཀྱི་སེམས་སུ་འདོད་ན་དེ་ཁོ་ན་ཉིད་ནི་དེ་ཁོ་ན་ཉིད་ཀྱིས་སྒྲུབ་པར་བྱེད་པའོ་ཞེས་པའི་གསུངས་ལས། དེ་ཡང་སྒྱུ་མ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་སྒྱུ་མ་ནི་མ་རིག་པ་ཡིན་ལ་དེས་འཇུག་པའི་ལོ་དེ་ཇི་ལྟར་སངས་རྒྱས་ཀྱིས་སྒྲུབ་པར་བྱེད་པར་འགྱུར་བར་འོས་ཤེ་ན་གསུངས་པ། སྡིག་པ་ཞེས་པ་ལ་སོགས་པའོ། །སྡིག་པ་ནི་ཤཱུ་ཀའི་སྲིན་བུའོ། །ཀུ་ལཱི་ར་ནི་ཀརྐ་ཊའོ། །གང་གི་སྐབས་ལས་བྱུང་ཞིང་འབྱུང་བར་ནང་གི་སྒྱ་མ་དེ་རྣམས་ཀྱིས་ཉམས་པར་བྱེད་པ་ཇི་ལྟ་བ་དེ་བཞིན་ཞེས་པ་དེ་ལྟར་རྣལ་འབྱོར་གྱི་སེམས་ཏེ་རྣལ་འབྱོར་ནི་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པའོ། །དེ་ལ་ཡོད་པའི་སེམས་ནི་དབང་བཞི་པ་སྟེ། གང་སྒྱུ་མ་མ་རིག་བ་འཕོ་བའི་ཆོས་ཅན་གྱི་སྐབས་ལས་ཀུན་རྫོབ་ཏུ་སྐྱེས་པ་ཡིན་ཞིང་དེ་རྣམ་པར་ཉམས་པར་བྱེད་པར་འགྱུར་རོ་ཞེས་པའོ། །སྒྱུ་མ་དང་བྲལ་བ་ན་འཁོར་བ་སླར་ལྡོག་པ་མེད་པར་བརྗོད་དེ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་རྣམས་དབུགས་དབང་བའི་དོན་དུའོ། །འོ་ན་བྱང་ཆུབ་ཀྱི་སེམས་ནི་བེམས་པོའི་ཁམས་སུ་འདིར་བརྗོད་ལ་དེ་ཡང་བེམས་བོ་མ་ཡིན་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སངས་རྒྱས་ཉིད་ཀྱིས་སྒྲུབ་པར་བྱེད་པ་ཇི་ལྟར་བརྗོད་ཅེ་ན་ཁུ་བར་འགྱུར་བ་མེད་པའི་རང་བཞིན་གྱིས་མཆོག་ཏུ་མི་འགྱུར་བ་སྒྲུབ་པར་བྱེད་ཅེས་པའི་གསུང་གི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད་རྣལ་འབྱོར་གྱི་སེམས་འདིའི་མཆོག་ཏུ་མི་འགྱུར་བའི་ངོ་བོས་བཅུ་དྲུག་བཞིའི་རབ་ཏུ་དབྱེ་བ་གསལ་བར་བྱེད་པ་གསུངས་པ་གཉིས་མེད་ཅེས་པ་ལ་སོགས་པའོ། །གཉིས་ཞེས་བྱ་བ་འཁོར་བ་དང་མྱ་ངན་ལས་འདས་པའི་སེམས་ཏེ་དེ་གང་ལ་ཡོད་པ་མ་ཡིན་པའོ་ཞེས་པའོ། །ནོར་བུ་དང་པདྨ་ལས་གཡོ་བ་མེད་པའོ་ཞེས་པ་གཡོ་བ་མེད་དོ། །རྗེས་སུ་འགྲོ་བ་སྟེ་ཤེས་རབ་


DTG013_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་ཐབས་ཀྱི་བདག་ཉིད་འདི་ལ་ཡོད་པ་མ་ཡིན་ནོ་ཞེས་པ་རྗེས་འགྲོ་མེད་དོ། །བླ་ན་མེད་པའི་བདེ་བ་རབ་ཏུ་སྦྱིན་པ་ཉིད་ཀྱི་ཕྱིར་འདོད་པའོ་ཞེས་རྣལ་འབྱོར་བཞི་པའོ། །བརྒྱ་ཕྲག་དྲུག་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས་དབུགས་འགོག་པའི་ཕྱིར་མཆོག་ཏུ་མི་འགྱུར་བའོ། །ཆགས་པ་དང་ཆགས་པ་དང་བྲལ་བའི་ཕྱོགས་དཀར་པོ་དང་ནག་པོ་ཞེས་པ་དག་གིས་གནས་དང་བགྲོད་པ་མེད་པའི་ཕྱིར་འདོད་ཆགས་ཆེན་པོའོ། །རྣམ་པ་དང་བཅས་པ་དང་རྣམ་པ་མེད་པ་ལས་ངེས་པར་གྲོལ་བ་ཉིད་ཀྱི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་མེད་པའོ། །ཤེས་བྱ་མ་ལུས་པ་མཐོང་བའི་ཕྱིར་ཡེ་ཤེས་སོ་ཞེས་པ་རྣལ་འབྱོར་གསུམ་པའོ། །འགྲོ་བ་དགའ་བར་བྱེད་པ་སྔོན་མ་ཉིད་ཀྱི་ཕྱིར་རམ་ཆགས་པ་མེད་པ་ཉིད་ཀྱི་ཕྱིར་སེམས་དཔའོ། །དང་པོ་དང་བར་དང་ཐ་མར་དགེ་བ་བྱེད་པ་ཉིད་ཀྱི་ཕྱིར་ཀུན་དུ་བཟང་པོའོ། །བདུད་དང་ཉོན་མོངས་པ་དང་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་སྒྲ་སྟེ་གྲགས་པ་ཕྱི་དང་ནང་གི་བརྗོད་པའམ་ཡང་ན་རབ་ཏུ་སྒྲོགས་ཤིང་རྣམ་པར་ལྷོད་པའི་སེང་གེའི་སྒྲ་ཅན་གྱི་གཡུལ་འདི་ལ་ཡོད་པ་མ་ཡིན་པའོ་ཞེས་པ་སྒྲ་འཐབ་པ་མེད་པའོ། །གཞོམ་དུ་མེད་པའི་སྒྲའི་ངོ་བོ་ཉིད་ཀྱི་ཕྱིར་འདིའི་སྒྲ་སྟེ་གྲགས་པ་ཆེན་པོའོ་ཞེས་པས་སྒྲ་ཆེ་བའོ་ཞེས་པ་རྣལ་འབྱོར་གཉིས་པའོ། །འཇིག་རྟེན་གྱི་སྤྱོད་པ་རྣམ་པར་སྤངས་པ་ཉིད་ཀྱི་ཕྱིར། ལྷན་སྐྱེས་སོ། །སྐུ་བཞིའི་སྒྲིབ་པ་ཟད་བའི་ཕྱིར་དཔལ་བྱང་ཆུབ་སེམས་ཀྱི་ཐིག་ལེ་འཛིན་པའོ། །སྟོང་པ་ཉིད་དང་སྙིང་རྗེ་དག་དབྱེར་མེད་པ་ཉིད་ཀྱི་ཕྱིར་དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེའོ། །ཚུལ་ཁྲིམས་ཀྱི་ཚོགས་ཡང་དག་པར་རྫོགས་པ་ཉིད་ཀྱི་ཕྱིར་ཤེས་རབ་ཐབས་ཀྱི་བདག་ཉིད་རྣལ་འབྱོར་རོ་ཞེས་པ་རྣལ་འབྱོར་དང་པོའོ། །ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྣལ་འབྱོར་དེ་འདི་ཁོ་ན་རྒྱུད་ཐམས་ཅད་རྒྱུ་དང་འབྲས་བུའི་བདག་ཉིད་ཀྱིས་འབྲས་བུ་དོན་དུ་གཉེར་བ་རྣམས་ལ་ངེས་པར་བསྟན་ཏོ། །དཔལ་ལྡན་དྲི་མ་དང་བྲལ་བའི་འོད་ཀྱི་རྒྱུད་ལ་འཇུག་པའི་བཤད་སྦྱར་བརྒྱ་ཕྲག་བཅུ་གསུམ་པ་མི་གཡོ་བའི་སྙིང་པོ་སྣང་བར་ལམ་འཕྲོག་པའི་རྒྱུ་མཚན་བཤད་པའི་ངེས་པ་སྟེ་ལྔ་པའོ།། །།

དྲུག་པ། འཇིགས་པ་ཆེན་པོ་བཅུ་དྲུག་གིས་ཉེ་བར་འཚེ་བ་ཞི་བར་བྱེད་པའི་ངེས་པ།


DTG010_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་གཉིས་མེད་ལ་སོགས་པ་


DTG013_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅུ་དྲུག་བཞིའི་རབ་ཏུ་དབྱེ་བ་ཅན་རྡོ་རྗེའི་རྣལ་འབྱོར་དཔལ་དུས་ཀྱི་འཁོར་ལོ་འདི་ཉིད་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་རིམ་པ་ཇི་ལྟ་བར་རྣལ་འབྱོར་མའི་ཞབས་དྲན་པས་ཐིག་ལེ་བཅུ་དྲུག་གི་སྒྲིབ་པ་འཇིགས་པ་ཆེན་པོའི་ཉེ་བར་འཚེ་བ་ཞི་བར་བྱེད་པ་གསུངས་པ། སྙིང་རྗེ་ཞེས་པ་ལ་སོགས་པའོ། །སྙིང་རྗེ་དང་སྟོང་པ་ཉིད་དག་མ་ཕྱེད་པས་ཉེ་བར་མཚོན་པའི་སྐུ་འདིའི་ཡིན་པ་ཞེས་པའོ། །སྙིང་རྗེ་ནི་དམིགས་པ་མེད་པའི་དུས་ཤེས་པ་སྟེ། འགྱུར་བ་མེད་པའི་བདེ་བ་དང་ཡེ་ཤེས་དང་ཐབས་དང་སྙིང་རྗེའི་བདག་ཉིད་ཅེས་པ་ཀུན་རྫོབ་གཟུགས་ཅན་མའོ། །དམིགས་པ་དང་བཅས་པའི་སྟོང་པ་ཉིད་རྡུལ་ཕྲ་རབ་མེད་པའི་ངོ་བོ་འཁོར་ལོ་ཞེས་པ་སྟེ། ཤེས་བྱའི་རྣམ་པའི་འགྲོ་འཁོར་ལོ། །དཔལ་ལྡན་ཤེས་རབ་སྟོང་ཉིད་བདག །ཅེས་འཆད་པར་འགྱུར་རོ། །དེའི་ཕྱིར། དུས་ཀྱི་འཁོར་ལོ་གཉིས་མེད་འདོད། །ཅེས་སོ། །གཉིས་སུ་མེད་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དཔལ་དུས་ཀྱི་འཁོར་ལོ་འདིའི་དཔལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་རང་དང་གཞན་གྱི་དོན་གྱི་མཚན་ཉིད་ཅན་ནོ། །དེ་ཐོབ་པའི་ཆེད་དུ་རྣལ་འབྱོར་མ་རྣམས་ཏེ་རྡོ་རྗེའི་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་རྣམས་དང་ཨ་ཝ་དྷཱུ་ཏཱི་ལ་སོགས་པ་རྣམས་ཀྱང་ངོ༌། །དེ་རྣམས་ཀྱི་ཞབས་བསྒོམ་པར་བྱ་ཞེས་པ་ཁ་ཅིག་ཏུ་གཞན་གྱི་ཆེད་ཀྱི་ཚིག་ཅན་ལ་བདག་གི་ཆེད་ཀྱི་ཚིག་གོ །བགེགས་ཉམས་པ་ནི་དགྲ་དང་སེང་གེ་ལ་སོགས་པའི་ཉེ་བར་འཚེ་བ་ཞི་བའོ་ཞེས་པའོ། །བགེགས་ཞི་བ་དེ་ཉིད་མདོར་བསྟན་པ་གསུངས་པ་དགྲ་དང་ཞེས་པ་ལ་སོགས་པའོ། །འདིར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་མཚན་དང་ཉིན་དུ་རྣལ་འབྱོར་མ་འཆད་པར་འགྱུར་བ་རྣམས་ཀྱིའོ། །ཀྱང་གི་སྒྲ་ནི་རིམ་པ་ཐ་དད་པ་ལ་སྟེ་ཞབས་ཀྱང་དྲན་པར་བྱེད་པ་དེའི་གསལ་བར་ཏེ་ངེས་པར་དགྲ་དང་སེང་གེ་ལ་སོགས་པ་རྣམས་ཉམས་པ་སྟེ་མཐོང་བ་མེད་པར་འགྱུར་རོ་ཞེས་པའོ།། །།ད་ནི་འཇིགས་པ་ཆེན་པོ་བཅུ་དྲུག་ཞི་བར་བྱེད་པའི་ཚིགས་བཅད་བཅུ་དྲུག་རྣམས་ཀྱིས་རྒྱས་པར་བཤད་པ་གསུངས་པ་གླང་ཆེན་ཞེས་པ་ལ་སོགས་པའོ། །གླང་ཆེན་ནི་གླང་པོ་ཆེའོ། །ཤིང་རྟ་ནི་ཤིང་རྟ་རྣམས་སོ། །རྟ་ནི་རླུང་ལྟར་མགྱོགས་པའི་རྟའོ། །མི་ནི་


DTG013_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔུང་བུ་ཆུང་རྣམས་སོ། །གླང་ཆེན་ལ་སོགས་པ་དེ་རྣམས་ཐམས་ཅད་ཀྱང་ཡིན་ལ་གོ་བགོས་པའི་ལུས་ཅན་ཡང་ངོ་ཞེས་པའོ། །ཕལ་ཆེར་གླང་པོ་ཆེ་ཞོན་པ་རྣམས་འདིར་རང་གི་ལག་གིས་མདུང་དང་ཤིང་རྟ་ལ་གནས་པས་འཁོར་ལོ་ཞེས་པ་མདའི་འཁོར་ལོ་དང་རྟ་ལ་ཞོན་པ་རྣམས་ཀྱི་རལ་གྲི་དང་རྐང་ཐང་རྣམས་ཀྱི་མདའ་གཞུའོ་ཞེས་པ་མཚོན་ཆའོ། །དེ་རྣམས་རང་གི་མཚོན་རྣམས་ཀྱིས་བཅོམ་སྟེ། རྒྱལ་བའི་གྲགས་པ་ཐོབ་པར་འགྱུར་ཞེས་པ་བདག་གི་ཆེད་ཅན་གྱི་ཚིག་ཅན་ལ་གཞན་ཆེད་ཀྱི་ཚིག་གོ་ཞེས་པའོ། །དོན་ནི་འདི་ཡིན་ཏེ་ཕྱི་རོལ་གྱི་ཇི་ལྟ་བ་ལ་གཉིས་ཀྱི་སྟོབས་རྣམ་པར་གནོན་པར་བྱ་བའི་ཆེད་དུ། ལྷན་ཅིག་བགྲོད་པར་བྱེད་དོ་ཞེས་པ་གཡུལ་ཏེ་དེར་གནས་པའི་དགྲ་བོ་ཤིན་ཏུ་གདུག་པ་དཔུང་ཡན་ལག་བཞི་རྣམས་དང་ལྡན་པ་གཤིན་རྗེ་ལྟ་བུ་འཆི་བའི་གནས་སྡེ་བོ་ཆེ་ལྟ་བུར་ཐོགས་པ་མེད་པའི་ནུས་པ་ཅན་འབྱུང་བའི་བདག་པོ་ལྟ་བུར་དྲག་པོའི་གཟུགས་ཅན་གཞོམ་པར་མི་ནུས་པ་གང་དེ་ཡང་དཀའ་བ་མེད་པས་རྣལ་འབྱོར་མའི་ཞབས་དྲན་པའི་སྟོབས་ཀྱིས་བྱིན་རླབས་ལས་རང་གི་མཚོན་རྣམས་ཀྱི་ས་བཅོམ་ནས་རྒྱལ་བའི་གྲགས་པའི་དཔལ་ལ་རྟེན་པར་བྱེད་དོ། །དེ་བཞིན་དུ་ལུས་ལ་ཡང་གཉིས་ཀྱི་དཔུང་སྟེ་སྲིད་པ་དང་མྱ་ངན་ལས་འདས་པ་ཞེས་བྱ་བར་དཀར་པོ་དང་ནག་པོའི་ཕྱོགས་འགྲོགས་སོ་ཞེས་པ་གཡུལ་ཏེ་འདིར་ནོར་བུ་དང་པདྨའི་ལྟེ་བར་བརྗོད་པར་བྱའོ། །དེར་གནས་པའི་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའི་ཐིག་ལེ་ཐོག་མ་མེད་པའི་སྲིད་པར་ངེས་པར་འབྱུང་བ་དངོས་པོར་མངོན་པར་ཞེན་པའི་བག་ཆགས་ཀྱིས་ལྷག་པར་བསྒོས་པ་སྲོག་ཆགས་མ་ལུས་པ་རྣམས་ཀྱིས་མཐར་བྱེད་གཞན་པ་ལྟ་བུར་ཤིན་ཏུ་འཁྲུགས་པ་ཕུང་པོ་དང་ཁམས་དང་ཡུལ་དང་དབང་པོའི་ཚོགས་རྣམས་དང་ལྷན་ཅིག་པ་ཕྱེད་དང་བཅས་པའི་བརྒྱ་ཕྲག་བཅུ་གསུམ་གྱི་སྲོག་མ་འགགས་པའི་བདག་ཉིད་འཇིག་རྟེན་གསུམ་གྱི་བདག་པོ་ཉིད་ལ་སོགས་པ་རྣམ་པར་ཉམས་པ་ཀུན་ནས་སྐྱེད་པར་བྱེད་པ་གང་ཡིན་པ་དེ་སྐད་ཅིག་གཅིག་ཁོ་ན་མཉམ་པར་བགྲོད་པའི་ཞབས་བསྒོམ་པའི་སྟོབས་བསྐྱེད་པ་ལས་ཡན་ལག་དྲུག་གི་མཚོན་རྣམས་ཀྱིས་ངེས་པར་བཀག་སྟེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཔལ་བསྒྲུབས་ནས་འགྲོ་


DTG013_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའི་དོན་མཐའ་དག་བྱེད་པར་ནུས་པར་འགྱུར་རོ་ཞེས་པའོ། །ད་ནི་སེང་གེ་གསུངས་པ་ཀུན་ནས་སྒྲོགས། །ཞེས་པ་ལ་སོགས་པའོ། །ཕྱི་རོལ་དུ་ནི་ཤིན་ཏུ་གྲགས་པའོ། །ནང་དུ་སེང་གེ་ནི་སེམས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་ཐིག་ལེ་བསྐྱེད་པའོ། །སེང་གེའི་སྒྲ་ནི་འགྱུར་བའི་དབུགས་སོ། །ཤིན་ཏུ་རྣམ་པར་འགྱུར་བའི་གདོང་ནི་ཤིན་ཏུ་སྐྱོ་བས་རྣམ་པར་ཁྱབ་ཕའི་གདོང་བའོ། །མཆེ་བ་རྣོན་པོ་གཙིགས་པ་ནི་སོའི་ལས་ཀྱི་སྦྱོར་བས་ཤིན་ཏུ་གདུག་པའོ། །སྔ་མ་ནི་འདིར་རྡོ་རྗེའོ། །གསོར་བ་ཞེས་པའི་དོན་ལ་གཡོ་བ་བཞིན་པའོ། །སྡེར་མོ་གུག་ལ་བརྟན་པས་གླང་ཆེན་མྱོས་པའི་ཀླད་པ་མཆོག་ཏུ་འགེམས། །འཁྱོག་ཅིང་རྣོ་བའི་རྩེ་མོ་ཅན་རྣམས་བརྟན་ཞིང་རིང་བའང་སེན་མོ་དེ་རྣམས་ཏེ། །དེ་རྣམས་ཀྱིས་མྱོས་པའི་དཾཥྚྲ་དང་ས་ནིའི་བུམ་པ་དག་སྟེ་ནུ་མ་ཟུང་དག་གང་གིས་མཆོག་ཏུ་འབྱེད་པའོ་ཞེས་པའོ། །རབ་ཁྲོས་ནི་ཁམས་འཁྲུག་པར་གྱུར་པའོ། །ཉི་མ་ཤར་བའི་མིག་ཅན་ནི་ཆགས་པ་བདོ་བ་སྐྱེས་པ་ལས་ཉི་མ་ཤར་མ་ཐག་པའི་མིག་དང་ལྡན་པའོ། །རོ་འཛིན་རལ་གྲི་གཡོ་བ་ནི་ཕྱག་རྒྱའི་ཁ་རྣམས་ཀྱིས་ལྕེ་བཙིར་བ་ལས་ལྕེའི་རལ་གྲི་བསྐྱོད་པའོ། །རལ་པ་ཅན་ནི་ནོར་བུ་དང་པདྨའི་གེ་སར་དང་ལྡན་པའི་ཕྱིར་རོ། །གསོད་འདོད་ནི་ཐིག་ལེ་ལྷུང་བ་དང་ལྡན་པའི་ཕྱིར་འཆི་བར་བྱེད་འདོད་པའོ། །རིང་དུ་འགྲོ་བར་འགྱུར་བ་ནི་དྲི་མ་མེད་པ་ཉིད་དུ་གྱུར་པས་འགྲོའོ་ཞེས་པའོ། །གླང་པོའི་བདག་པོ་ནི་འདིར་ངག་གིས་ལྷན་ཅིག་སྐྱེས་པའི་དགའ་བའི་ཐིག་ལེའོ། །མདོག་སྔོ་ཞེས་པ་དུང་ཅན་མའི་རྩ་སྟེ་ཆུང་དུ་ལས་གཞན་རྒྱས་པར་བྱད་པའི་ཕྱིར་ཁ་དོག་ནག་པོར་འགྱུར་རོ། །འཆི་ལྟས་འབྱུང་བའི་ཕྱིར་མིག་སེར་སྐྱ་སྟེ་འདྲེན་བྱེད་དྲི་མ་ཅན་ནོ། །མྱོས་བྱེད་ནི་ལག་ལྡན་གྱི་དཱ་ན་ལ་ཞུ་བ་གཟུང་བར་བྱའོ། །དེ་ནས་འགྲམ་པ་གཉིས་པོ་མྱོས་བྱེད་ཆུ་ནི་རབ་ཏུ་མང་བས་གང༌། འགྲམ་པ་གཉིས་པོའི་བར་ཇི་སྲིད་པ་སྟེ་ཁ་ཅིག་ཏུ་རིང་པོ་ལ་ཐུང་ངུའོ། །རབ་ཏུ་མང་བའི་སྒྲ་ལས་གཉིས་པའི་མ་ད་ཐེབ་སྟེ་བདག་ཉིད་ཀྱི་སྦྱོར་བ་ལས་ཤེས་པ་བ་བཅོལ་དུ་རྗེས་སུ་འབྲེལ་པ་དང་བཅས་པའི་མཚན་ཉིད་ཀྱང་བྱེད་དོ། །ཤེས་རབ་ཀྱི་སྒྲ་རྩད་ནས་འབྱིན་པར་བྱེད་ཅིང་གྲུགས་པར་བྱེད་དེ་བརླ་གཉིས་ལ་སོགས་པ་གནོན་ཞིང་ཀུན་ན་


DTG013_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལེན་ལ་སྤྲིན་བཞིན་སྒྲ་སྒྲོགས་བྱེད་ཅེས་པའི་དོན་ལ་སྒྲོགས་བཞིན་པ་སྟེ་དབུགས་འབྱུང་བར་བྱེད་བཞིན་པའོ། །བཅིང་བ་ནི་ཨུ་རའི་ཞགས་པ་སྟེ་སྤྲུལ་གྱི་ཞགས་པ་ལ་སོགས་པའོ། །རྩེ་མོ་ནི་ཐོར་ཏོའི་ཆའོ། །སོའི་རྩེ་མོས་འབྱེད་པར་བྱེད་དེ་ནོར་བུས་རབ་ཏུ་སྟོབས་ལ་སོགས་པ་བྱེད་པའོ་ཞེས་པའོ། །དེ་ཡང་སོ་སོར་ལྡོག་པས་ཁམས་མཐའ་དག་གཡོ་བ་བྱུང་བ་འདིས་ཀྱང་དེའི་ལུས་གཏོང་བར་བྱེད་དོ་ཞེས་པའོ། །མེ་ནི་འདིར་ལུས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའི་ཐིག་ལེའོ། །མེ་ལྕེ་ནི་ལུས་ཀྱི་དྲོད་དེ་འདིའི་འབར་བ་སྟེ་ཁྱབ་པར་གྱུར་པའོ་ཞེས་པའོ། །ཀུན་ནས་ཏེ་ཐམས་ཅད་ནས་སོ། །ཕྱོགས་དང་མཚམས་སུ་སྟེ་རིམ་པས་གཡོན་པའི་ཡན་ལག་དང་གཡས་པའི་ཡན་ལག་གི་ལག་པ་དང་རྐང་པ་ལ་སོགས་པ་རྣམས་སུའོ། །ཀུན་དུ་དུ་བའི་མུན་པ་ཆེན་པོ་སྟེ་ཀུན་དུ་སྟེ་རྣ་བ་དང་སྣ་ལ་སོགས་པ་དང་གདོང་ལ་སོགས་པ་རྣམས་སུ་རབ་ཏུ་དགའ་བ་ཤིན་ཏུ་བརྟེན་པ་ལས་དུ་བ་སྟེ་གྱེན་དུ་གཡོ་བ་ཡིན་ཞིང་དེས་མུན་པ་སྟེ་དབང་པོ་རྣམས་ཡུལ་རྣམས་ལ་འཁྲུལ་བའོ། །ཆེན་པོ་སྟེ་རབ་ཏུ་གྱུར་པའི་མྱུར་ཐུག་པར་སྐྱེས་པའི་ཀུན་དུ་དུ་བའི་མུན་པ་གང་གིས་ཡིན་པ་ཞེས་པའོ། །མེ་སྟག་སྟེ་ཐིག་ལེའི་ཚོགས་རྣམས་སོ། །གང་ལས་ཤེ་ན། གྲོང་དང་དགོན་པ་གཅིག་ཏུ་བསྲེགས་པ་ལས་ཏེ་གྲོང་ནི་གཙུག་ཏོར་གྱི་འཁོར་ལོ་དང༌། དགོན་པ་ནི་གསང་བའི་པད་མ་སྟེ། དེ་དག་གཅིག་སྟེ་བར་མ་ཆད་པ་ཡང་འདི་ཡིན་ལ་བསྲེགས་པ་ཡང་འདིའོ་ཞེས་པ་དེ་དང་འདི་ཡང་གཏུམ་མོ་འབར་བའི་རྣལ་འབྱོར་ལས་སོ་ཞེས་པའོ། །དུས་ཀུན་དུ་ཤིན་ཏུ་དགའ་བའི་དུས་ཚོད་ཇི་ལྟར་འགྱུར་བར་རོ་ཞེས་བ་བྱ་བའི་ཁྱད་པར་རོ། །འཆི་བ་ནི་བྱང་ཆུབ་ཀྱི་སེམས་དང་བྲལ་བའི་མཚན་ཉིད་ཅན་ནོ། །ཕྱོགས་ཀུན་གསང་བའི་འཁོར་ལོའི་མཐའི་མཚན་ཉིད་ཅན་ནོ། །རབ་ཏུ་ཐོབ་པ་སྟེ་མངོན་པར་ཁྱབ་པའང་འདི་ཡིན་ལ། འཁོར་ལོ་དྲུག་བདེ་བ་དང་བྲལ་བའི་མཚན་ཉིད་ཅན་མེ་སྟེ་ལུས་ཀྱི་ལྷན་སྐྱེས་དགའ་བའི་ཐིག་ལེ་ཡང་ངོ་ཞེས་བ་ལས་འཛིན་པའོ། །བསིལ་བ་ཉིད་ནི་གྲང་བ་ཉིད་དེ་མི་ཤེས་པ་དང་མ་རིག་པས་ཉམས་པའི་ཆོས་ཅན་ཞེས་པའི་བར་རོ། །འགྲོ་བ་སྟེ་ཕ་རོལ་དུ་བྱེད་དོ་ཞེས་པའི་དོན་ཏོ། །གདངས་ཅན་དབང་པོ་ནི་ཡེ་ཤེས་


DTG013_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་ཁྱད་པར་དགའ་བའི་ཐིག་ལེའོ། །ཁམས་འཁྲུག་པ་ཉིད་ཀྱི་ཕྱིར་ཁྲོས་པའོ། །མུན་བ་མང་བ་ཉིད་ཀྱི་ཕྱིར་མིག་སྨན་སྔོན་པོའི་མདོག་ཅན་ནོ། །དུག་ཅེས་པ་ནི་གདེངས་ཅན་ཇི་ལྟ་བ་བཞིན་ཞེས་པའི་ཚིག་ལས་སོ། །འཁྱོག་པོར་བགྲོད་པའི་ལུས་ཅན་ནི་འཁྱོག་པོ་སྟེ་གྱ་གྱུར་བགྲོད་པ་གང་གི་ཡིན་པ་དེ་འདྲ་བའི་ལུས་ཏེ་གཟུགས་འདིའིའོ་ཞེས་པའོ། །དྲག་པོའི་ཕུད་སྒྲ་ལྡན་པ་ནི་འཇིགས་པར་བྱེད་བའི་འགྱུར་བའི་དབུགས་དང་ལྡན་པའོ། །མཆེ་བ་འཁྱོག་པོ་ཞེས་པ་ནི་མཆེ་བ་གཡོན་པ་དང་གཡས་པར་འབབ་པ་ཡིན་ལ་དེ་དག་གིས་འཁྱོག་པོ་མི་མཉམ་པ་དང་མཉམ་པ་བགྲོད་པར་འབབ་པ་མེད་པའི་ཕྱིར་རོ། །ལྕེ་གཉིས་ལྡན་པ་ནི་ཕྱུགས་ཀྱི་སྟེང་དུ་བརྗོད་པ་ལས་ལེ་ལོའི་ཡིད་དོ། །འཆི་བའི་འཇིགས་བྱེད་ནི་བརྒྱལ་བའི་སྡུག་བསྔལ་སྟེར་བའོ། །རླུང་གི་ཤུགས་ཅན་ཞེས་པ་སྲོག་དང་ཐུར་སེལ་དག་འཁོར་བར་བྱེད་པའི་ཕྱིར་རླུང་གི་ཤུགས་དང་འདྲ་བ་འདིའི་ཤུགས་སོ་ཞེས་པའོ། །རབ་ཏུ་གཏུམ་པ་ནི་རབ་ཏུ་གྱུར་པས་གཏུམ་པ་སྟེ་གཏུམ་མོ་གང་ལས་ཡིན་པའོ། །ཡང་དག་ཕྲད་པ་ནི་གསང་བའི་པདྨའི་ལྟེ་བར་མངོན་པར་སོན་པའོ། །བདེ་བས་བརྒྱལ་བས་གྱེན་དུ་ལྟ་བར་བྱེད་པ་ཉིད་ཀྱི་ཕྱིར་དྲག་པོའི་མིག་ཅན་ནོ། །གདེངས་ཀ་གསལ་བར་བྱས་པ་ནི་རྣམ་པ་སྣ་ཚོགས་ལ་དགའ་བ་ཉིད་ཀྱི་ཕྱིར་ལོངས་སྤྱོད་དང་རྣམ་པར་མ་བྲལ་བའོ། །ཟ་བར་བྱེད་ཅེས་པའི་དོན་ལ་ཟ་བཞིན་པའོ། །བརྒྱལ་བ་ནི་དུག་སྐྱུགས་པའི་ངང་ཚུལ་ལོ། །ཉམས་པ་སྟེ་མི་མཐོང་བར་རབ་ཏུ་འགྱུར་ཏེ་རབ་ཏུ་གྱུར་པར་བགོད་པས་སོ་ཞེས་པའོ། །ཆོམ་རྐུན་པ་ནི་སེམས་ཀྱི་ཁྱད་པར་དགའ་བའི་ཐིག་ལེ་རྣམས་སོ། །མང་པོའི་ཚིག་ནི་ཕྱི་རོལ་ལ་ལྟོས་པས་སོ། །དགོན་པར་ཏེ་གསང་བའི་པདྨ་དང་ལྟེ་བའི་འཁོར་ལོའི་བར་དུའོ། །སྡང་བའི་སེམས་ལྡན་ནི་རྣམ་པ་སྣ་ཚོགས་པའི་ཤིན་ཏུ་དགའ་བ་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་བླ་ན་མེད་པའི་བདེ་བ་ངེས་པར་འཕྲོག་པའི་བསམ་པའོ། །ལག་མཐིལ་གྱི་གཞུ་ཡིས་ཞེས་པ་བྱེད་པ་ལ་གསུམ་པའོ། །རྣ་བ་ནས་རྣ་བའི་བར་དེར་མདའ་རྣམས་བཀང་བ་ནི་རྣ་བའི་བར་དུ་མདའ་བཀང་བ་སྟེ་གང་གིས་ཞེས་པའོ། །རྐང་པའི་མཐིལ་ལ་སག་ལ་སོགས་པའི་སྟབས་བྱས་པ་རྣམས་ཤེས་པར་ཡང་བལྟ་བར་


DTG013_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་སྟེ་གཞན་དུ་ན་རྐང་པ་བརྟན་པ་མ་ཡིན་པ་རྣམས་མཁའ་ཡི་བྱ་བ་ཇི་ལྟར་འགྲུབ་ཅེས་པའོ། །དམ་པའི་ལམ་གྱིས་ནི་དྲི་མ་མེད་པ་ཉིད་ཀྱི་གྲོང་ཁྱེར་རབ་ཏུ་འཇུག་པའི་ཕྱོགས་སོ། །མདུང་དང་ནི་འཁོར་ལོ་རལ་གྲི་ལག་ཐོགས་ཞེས་པ་མདུང་གི་སྒྲས་དབྱུག་པའི་རྣམ་པ་ཨ་ཝ་དྷཱུ་ཏཱི་ལ་བརྟེན་པའི་རླུང་ངོ༌། །དེ་ཡང་མི་བསྐྱོད་པ་བྱང་ཆུབ་ཀྱི་སེམས་སུ་བརྗོད་པར་བྱའོ། །འཁོར་ལོ་ནི་རྣམ་པར་སྣང་མཛད་དེ་བཤང་བའོ། །རལ་གྲི་ནི་དོན་ཡོད་གྲུབ་པ་སྟེ་གཅི་བའོ། །གྱེན་དུ་རྩ་གསུམ་དུ་འཕངས་པ་ལ་བཤང་བ་ལ་སོགས་པ་གང་རྣམས་འོག་ཏུ་བགྲོད་པ་དེ་རྣམས་ཁོ་ན་མཚོན་ཆ་ཉིད་ཀྱིས་ལག་པ་ལ་བརྟེན་པ་རྣམས་ཏེ་དེའི་བྱ་བ་རབ་ཏུ་འཇུག་པའི་ཕྱིར་རོ། །ཕྲད་པ་ནི་རང་གི་ཡུལ་དུ་ཐོབ་པའི་མཚན་ཉིད་དོ། །ཆགས་པ་ཆེ་བ་ཉིད་ཀྱི་ཕྱིར་དྲག་པོའི་མིག་ཅན་ནོ། །ལམ་མགྲོན་སྐྱེ་བོ་རྒྱུ་བ་ནི་དབྱུགས་ཕྱིན་པའི་བྱང་ཆུབ་ཀྱི་སེམས་སོ། །འཇོམས་བྱེད་པ་ནི་སོ་སོར་འཇོམས་པར་བྱེད་པའོ། །རིང་དུ་འགྱུར་བ་ནི་གནས་གང་ནས་འོངས་པ་དེ་ཉིད་དུ་སོང་ནས་གནས་སོ་ཞེས་པའོ། །བཅིངས་པ་ནི་ངག་གི་ཁྱད་པར་དགའ་བའི་ཐིག་ལེའོ། །དཔུང་པ་དག་ནི་ཞགས་པས་བཅིངས་ཤིང་རྐང་པའི་པདྨ་ཟུང་དག་ལྕགས་སྒྲོག་རྣམས་ཀྱིས་བསྡམས་ཞེས་པ་ཡན་ལག་བཅུ་གཉིས་ཀྱིས་འཁོར་ལོ་འགགས་པའི་རླུང་རབ་ཏུ་རྒྱུ་བའི་ཕྱིར་རོ། །དགེ་བའི་ཆུ་ནི་ལྷ་ཡི་བདུད་རྩི་སྟེ་ཡེ་ཤེས་ཞེས་པའི་དོན་ཏོ། །དེ་དང་བྲལ་བ་ལས་ཏེ་བཏང་བ་ལས་སོ། །ལྕེ་དང་མགྲིན་པ་མཆུ་སྐམས་ཞེས་པ་འདིར་བདུན་པའི་ཚིག་སྡུད་པའོ། །ཡང་ན་སྒྲ་བཟང་པོ་སྨྲ་པའི་འདོད་པ་འཁྲུལ་པའི་དོན་དུ་ཕྱི་མའི་ཚིག་ལ་གནས་པའི་ནིཥྞཱ་དང་འབྲུ་མང་པོའོ། །ཁུ་བས་བསྐྱེད་པ་ལྕེའི་ཞེས་མང་དུ་གསུངས་པའི་ཕྱིར་ལྕེ་ནི་སེམས་སོ། །རིན་ཆེན་དབང་ཕྱུག་བདག་པོ་ཉིད་ཀྱི་ཕྱིར་མགྲིན་པ་ནི་དག་གོ །ཆུ་ཡི་ཁམས་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་མཆུ་ནི་ལུས་སུ་བརྗོད་པར་བྱའོ། །དེས་ན་ལུས་དང་ངག་དང་སེམས་ཚོགས་པ་དང་མི་ལྡན་པ་ནི་སྐམ་པ་སྟེ་ཡོངས་སུ་ཉམས་པ་ནི་གང་གི་ལུས་ཆུ་སྲིན་ལ་སོགས་པ་ཁྱིམ་བཅུ་གཉིས་ཀྱི་འཁོར་ལོའི་བདག་ཉིད་ཡིན་པ་ཞེས་པའོ། །བཀྲེས་པ་ནི་འགྱུར་བའི་བདེ་བ་ཞེས་བྱ་བ་ཡིན་ལ་དེས་གཟིར་བ་སྟེ་སྐྱེ་བར་འདོད་དོ། །སྲུང་མ་རྣམས་ཀྱི་ནི་འདོད་ཆགས་དང་ཞེ་


DTG013_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྡང་དང་གཏི་མུག་དང་ང་རྒྱལ་བ་ལ་སོགས་པ་རྣམས་ཀྱིས་སོ། །རྗེ་བོ་ཁྲོས་པའི་བཀའ་ཡིས་ཏེ། རྗེ་བོ་ནི་ཧཾ་ཡིག་གོ །དེ་ཡི་ཁྲོས་པའི་བཀའ་ཡིས་ཏེ་གཏུམ་མོ་འབར་བའི་མཚན་ཉིད་ཅན་གྱིས་བསྲུང་བཞིན་པ་ནི་ངེད་དེ་རྣམས་ལས་འདའ་བར་མི་རུང་གི་དབང་པོ་མེད་པའི་བདེ་བ་ཉིད་དུ་སོང་ཤིག་ཅེས་པའོ། །ཉིན་མཚན་དུས་སུ་སྟེ་དབྱུ་གུ་དྲུག་ཅུའི་བདག་ཉིད་པདྨའི་འདབ་མ་བཅུ་གཉིས་སུའོ། །འདི་ལས་ཏེ་རླུང་གི་ཞགས་པ་དང་ལྕགས་སྒྲོག་གིས་བཅིངས་པ་ལས་གྲོལ་བར་ཏེ་དབང་པོ་མེད་པའི་བདེ་བ་ཉིད་དུ་འགྲོ་སྟེ་སོན་པར་བྱེད་དོ། །ཞེས་པའོ། །ཆུའི་གཏེར་ནི་ལུས་ཀྱི་ཁྱད་པར་དགའ་བའི་ཐིག་ལེའོ། །ཞེན་པ་ནི་མོས་པའོ། །ཆུ་གཏེར་བཞོན་པ་ལ་སྟེ་རྡོ་རྗེ་ཐེག་པ་ལའོ། །ཚོགས་པ་དང་མི་ལྡན་པ་སྣ་ཚོགས་པའི་རླབས་འཁྲུགས་པ་ཡང་འདི་ཡིན་ལ་ཆུ་གཏར་ཏེ་ཟླ་བའི་དབུགས་ཀྱང་ངོ་ཞེས་པའོ། །ཅི་རྣམས་ཀྱིས་ཤེ་ན་དྲག་པོའི་རླུང་རྣམས་ཀྱིས་ཏེ་ཨ་ཝ་དྷཱུ་ཏཱིའི་འགྱུར་བའི་དབུགས་རྣམས་ཀྱིས་སོ། །ཀུན་དུ་འཁོར་བྱེད་པ་ནི་འོག་ཏུ་བགྲོད་པར་རོ། །ཆུ་སྲིན་ཞེས་པ་ནི་བྱང་དུ་བགྲོད་པའི་འཕོ་བའོ། །ཉ་ཞེས་པ་ཉའི་མཉམ་པའི་འཕོ་བའོ། །རིགས་ཀྱི་སྒྲ་ཡིས་བགྲོད་པའི་མཉམ་པ་དང་འབྲེལ་བ་ལྷག་མའི་འཕོ་བ་བཅུ་རྣམས་གཟུང་བར་བྱའོ། །ཆུ་གཏེར་ཆོམ་རྐུན་རྣམས་ཀྱིས་ནི་སྲིད་པའི་བག་ཆགས་ཀྱི་ཁྱད་པར་རྣམས་ཀྱིས་སོ། །བཀག་གྱུར་པ་ནི་གྱེན་གྱི་སྲོལ་དུ་བགྲོད་པ་འགོག་པ་ཨཱཏ་བོར་བའོ། །གདུག་པ་རྣམས་ཀྱིས་ཏེ་ཆགས་བྲལ་ལས་སྐྱེས་པའི་སྡུག་བསྔལ་སྟེར་བ་པོ་རྣམས་ཀྱིས་སོ། །མེ་ཡིས་ཏིལ་མར་གྲོལ་བ་རྣམས་ཀྱིས་ནི། །མེས་ཏིལ་མར་གྲོལ་བ་ཁམས་འཁྲུག་པའི་སྐད་ཅིག་གང་རྣམས་ཀྱིས་ཡིན་པ་ཞེས་པའོ། །མེ་ཡིས་ཆར་ཆེན་ཀུན་ནས་རྒྱུན་དུ་འབབ་པ་ལ་སྟེ་ལྟེ་བའི་པདྨའི་ཟེ་འབྲུར་རྒྱུན་མི་འཆད་པར་དྲག་པོའི་གཏུམ་མོ་འབར་བའི་ཆར་པ་འབབ་པ་བྱང་ཆུབ་ཀྱི་ཐེག་པ་གང་དུ་ཡིན་པ་ཞེས་པའོ། །ཆུ་གཏེར་འཁྲུག་པ་དེ་ལས་ཕ་རོལ་ནི་རབ་ཀྱི་མཐར་ཐུག་པ་སྟེ། དྲི་མ་མེད་པ་ཉིད་ཇི་སྲིད་པར་རོ་ཞེས་པའོ། །རོ་ལངས་རྣམས་ནི་ཡེ་ཤེས་ཀྱི་མཆོག་དགའ་བའི་ཐིག་ལེ་རྣམས་སོ། །མང་པོའི་ཚིག་ནི་རྩ་རྣམས་མང་བ་ཉིད་ཀྱི་ཕྱིར་རམ་ཡང་ན་ཕྱི་རོལ་ལ་ལྟོས་པས་སོ། །འཇིགས་བྱེད་པ་སྟེ་འཇིགས་


DTG013_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་སྒྲུབ་པར་བྱེད་བཞིན་པའོ། །ཅི་རྣམས་ཀྱིས་ཤེ་ན། ཕཊ་ཡིག་རྣམས་ཀྱིས་ཏེ་ལུས་ཀྱི་རྩར་དབུགས་འབབ་པ་རྣམས་ཀྱིས་སོ། །འཇིགས་རུང་སྒྲ་རྣམས་ཀྱིས་ཏེ། གཡས་པའི་རྩར་དབུགས་འབབ་པ་རྣམས་ཀྱིས་སོ། །ཁ་ནས་མེ་འབར་བ་རྣམས་ཀྱིས་ཏེ་གཏུམ་མོ་སྤྱོད་པའི་དབུ་མའི་རྩའི་མེ་སྟེ་འགྱུར་བའི་དབུགས་རྣམས་ཀྱིས་སོ། །གྲི་གུག་ནི་སེམས་གཅོད་པའི་བདག་ཉིད་ཅན་ངུང་ཅན་མའི་རྩའོ། །ཐོད་པ་ནི་ནོར་བུ་དང་པདྨའོ། །དེ་དག་གིས་ཉེ་བར་མཚན་པའི་ལག་པ་རྣམས་ཀྱིས་ཏེ་གཡོན་པ་དང་གཡས་པ་དཀྱིལ་འཁོར་ལྔ་འབབ་པའི་བདག་ཉིད་རྣམས་ཀྱིས་སོ། །ཕྱོགས་བཅུའི་དཀྱིལ་འཁོར་དུ་སྟེ། རྩ་བཅུའི་བདག་ཉིད་སྙིང་གི་པདྨའོ། །དཀྱིལ་འཁོར་དང་འདྲ་བ་ནི་དཀྱིལ་འཁོར་ཏེ་འཁོར་ཡུག་གོ །དེ་ལ་ཡང་དག་པར་གནས་པའོ། །གདུག་པའི་སེམས་ལྡན་ནི་བདེ་བ་ཆེན་པོ་ལ་ཞེ་སྡང་བ་ཅན་ནོ། །ཤ་ཟ་བ་ནི་སེམས་ཉམས་པ་ཉིད་ཀྱི་ཕྱིར་མིག་ལ་སོགས་པ་རྣམས་འཇིགས་པར་བྱེད་པའོ། །བཀྲེས་པ་ནི་མ་རིག་པ་སྟེ་དེས་མཆོག་ཏུ་མནར་བ་ཉིད་ཀྱི་ཕྱིར་གཟིར་བའོ། །མི་ཁྲག་ལ་དགའ་བ་ནི་ཟླ་བ་ཟད་པ་ལས་རྡུལ་སྟེང་དུ་སོན་པ་ཡང་དག་པར་ཆགས་པའོ། །དེ་ཉིད་ཀྱི་ཕྱིར་གསང་བ་ལ་སོགས་པའི་འཁོར་ལོ་ཡོངས་སུ་ཉམས་པ་ཉིད་ཀྱི་ཕྱིར་ལུས་སྐམས་པའོ། །སྲོག་དང་ཐུར་སེལ་གྱི་རྩ་རྣམས་ཀྱིས་ཀུན་ནས་བཀབ་པ་མེད་པ་ཉིད་ཀྱི་ཕྱིར་གོས་དང་བྲལ་བའོ། །འོག་ཏུ་ལྟུང་བ་ལས་སྟེང་དུ་བགྲོད་པའི་ཆེད་དུ་བསྲུང་བ་སྟེ་བདེ་ལེགས་སུ་བགྲོད་པ་ཞེས་པའོ། །ནང་ནི་སེམས་ཀྱི་མཆོག་ཏུ་དགའ་བའི་ཐིག་ལེའོ། །སོར་མོའི་རྩེ་མོའི་ཟླུམ་པོ་ཉམས། །ཞེས་པ་ལ་ལག་ལྡན་གྱི་ལག་པ་དང་ཟླ་བ་ཕྱེད་པ་དང་ལྕགས་ཀྱུ་ལ་སོགས་པའི་རྣམ་པས་པདྨ་རྣམ་པར་ཞུ་བའི་ཕྱིར་གང་གི་སོར་མོའི་རྩེ་མོ་ཟླུམ་པོ་ཉམས་ཏེ་ཞིག་པར་ཉེ་བར་སོན་པའོ་ཞེས་པའོ། །ཉིན་བཞིན་འཁུན་པ་ནི་འདོད་ཆགས་ཀྱི་ཤུགས་ཀྱིས་བྲང་ཕུག་པ་ལ་སོགས་པས་ཡོངས་སུ་བརྒྱན་པའི་ཡན་ལག་ཅན་ནོ། །སྣ་དང་མཆུ་དང་རྣ་བ་ཉམས་པ་ནི་སེམས་ངལ་བ་ལས་དབང་པོའི་ཚོགས་མ་ཚོགས་པའོ། །རྣག་ནི་རང་གི་གནས་ནས་གཡོས་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ཡང་མང་པོ་སྟེ་རྣམ་པ་མང་པོར་སྤོམ་པ་


DTG013_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་སྡོམ་བཅས་དང་པྲ་ཏི་སྱཱ་ཡ་དང་རབ་དུག་ལ་སོགས་པའི་རྣམ་པས་འབབ་པའོ། །རྨ་རློན་རྣམས་ལས་ཏེ་སྦོམ་པོ་དང་ཕྲ་མོའི་རྩའི་ཚོགས་རྣམས་ལས་སོ། །གང་དུ་ཞེ་ན། ཁ་དང་མགྲིན་པ་ལག་པ་རྐང་པར་ཏེ་གང་ལས་སྙིང་གའི་པདྨའི་ལྟེ་བ་ལ་བརྟེན་ནས་ཐམས་ཅད་སྤྲོ་བར་བྱེད་པའི་ཕྱིར་རོ། །ཡོངས་སུ་བཏང་བ་ནི་ཡོངས་སུ་བོར་བའོ། །གཉེན་གྱི་ཚོགས་ནི་རྣམ་པར་འགྱུར་བའི་ཕུང་པོ་དང་ཁམས་ལ་སོགས་པའི་ཚེགས་པ་རྣམས་ཀྱིས་སོ། །རུལ་པའི་དྲིའི་མཐུ་ལས་ཏེ། རབ་ཏུ་ཉམས་པའི་སེམས་ཀྱི་བྱིན་རླབས་ལས་སོ། །ཤི་བའི་ལུས་བཞིན་ཞེས་པ་བརྒྱལ་བས་བསྐྱེད་པའི་ཕུང་པོ་དང་ཁམས་ལ་སོགས་པའི་ཚོགས་པའོ། །ནད་རྣམས་ཀྱིས་ཏེ་འགྱུར་བའི་འདོད་ཆགས་རྣམས་ཀྱིས་གྲོལ་བ་དང༌། འདོད་པ་སྟེ་རྡོ་རྗེ་ཡན་ལག་མེད་པར་དེ་འགྱུར་རོ་ཞེས་པའོ། །དབང་པོའི་ཕོ་ཉ་ནི་དག་གི་མཆོག་དགའི་ཐིག་ལེ་རྣམས་སོ། །མང་པོའི་ཚིག་ནི་བྱ་བ་མང་པོ་རབ་ཏུ་འཇུག་པའི་ཕྱིར་རོ། །གང་རྣམས་ཀྱིས་བསྡིགས་པར་བྱེད་པ་ནི་ཀུན་ནས་ཁྲོ་བར་བྱེད་པའོ། །ཅི་རྣམས་ཀྱིས་ཤེ་ན། གདེངས་ཅན་འཕྲོག་བྱེད་ཤར་བྷ་དང་སྟག་དང་གླང་ཆེན་གདོང་རྣམས་ཀྱིས་སོ། །འཕྲོག་བྱེད་ནི་སེང་གེའོ། །ཤ་ར་བྷ་ནི་རི་བྲགས་སོ། །འདི་རྣམས་ཀྱིས་ཏེ་དཀྱིལ་འཁོར་ལྔ་འབབ་པའི་བདག་ཉིད་རྣམས་ཀྱིས་སོ། །འབར་བཅས་ཏེ་གཏུམ་མོའི་མེའི་འོད་དང་ལྡན་པ་རྣམས་ཀྱིས་སོ། །རྣོན་པོ་སྟེ་རྩུབ་པོར་མཆེ་བ་སྟེ་ཟུང་དུ་འཇུག་པའི་བདག་ཉིད་ཅན་དུ་ལྡན་པ་གང་ཡིན་པ་རྣམས་ཀྱིས་སོ། །འཁོར་ལོ་རལ་གྲི་མདའ་དང་རྩེ་གསུམ་ལྕགས་ཀྱུ་རྡོ་རྗེའི་ལག་པ་རྣམས་ཀྱིས་ཞེས་པ་དྲི་དང་རེག་བྱ་དང་རོ་དང་སྒྲ་དང་གཟུགས་དང་ཆོས་ཀྱི་དབྱིངས་ཀྱི་ཡུལ་ལ་ཀུན་ནས་ཆགས་པའི་སྣ་དང་ལུས་དང་ལྕེ་དང་རྣ་བ་དང་མིག་དང་ཡིད་ཀྱི་དབང་པོའི་བདག་ཉིད་རྣམས་ཀྱིས་སོ། །འོ་ན་ལྕགས་ཀྱུ་མེའི་ཁམས་ཀྱི་བདག་ཉིད་ཡིན་པ་ཉིད་ཀྱི་ཕྱིར་ཇི་ལྟར་ཡུལ་གཟུགས་ཉིད་དུ་བརྗོད་ཅེ་ན། བདེན་པ་བརྗོད་མོད་དངོས་པོ་ཁྱད་པར་ཡོངས་སུ་འགྱུར་བའི་གཞི་ལས་སོ། །ཞེས་པའོ། །ཕྱོགས་ཀུན་དུ་སྟེ་མགྲིན་པའི་པདྨའི་འདབ་མ་རྣམས་ལའོ། །བྱང་ཆུབ་ལ་སྟེ་འགྱུར་བ་མེད་པ་བསྒོམ་པ་ལའོ། །བསམ་གཏན་ནི་སོ་སོར་སྡུད་པ་བསྒོམ་པའི་དངོས་པོ་ལ་མངོན་པར་ཕྱོགས་


DTG013_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །དེ་ལ་གཅིག་ཏུ་སྟེ་ཐ་དད་མེད་པར་གཞོལ་བ་སྟེ། ངལ་བ་འདིའི་ཡིན་པ་ཞེས་པའོ། །མཆོག་བདེ་བ་ལ་གནས་ནི་བདེ་བ་ཆེན་པོ་དང་ཀུན་ནས་འབྲེལ་བ་ནི་རང་གི་ཡིད་ལ་སྟེ་བདེ་བ་ཆེན་པོའི་རྒྱུ་ཅན་ལ་འཇུག་གོ་ཞེས་པ་ལྷག་མའོ། །ཞབས་ནི་འཆད་པར་འགྱུར་བའོ་ཞེས་པའོ། །དབུལ་པོ་ནི་ལུས་ཀྱི་མཆོག་དགའི་ཐིག་ལེའོ། །དབྱར་ཏེ་ཟླ་བའི་གཟུགས་ཞུ་བའི་དུས་སུའོ། །ཁུར་བ་ནི་འགྱུར་བའི་བདེ་བ་ཁྱེར་བ་སྟེ་འདྲེན་པར་བྱེད་པའོ། །གྲོང་གི་བར་དུ་སྟེ་ནོར་བུ་དང་པདྨ་ཇི་སྲིད་པར་རོ། །ནགས་ནས་ཏེ་མགྲིན་པའི་པདྨའི་ལྟེ་བ་ནས་སོ། །འདམ་རྫབ་ཀྱི་གང་ལམ་དུ་སྟེ་རྣམ་པར་རྟོག་པའི་བདེ་བ་ལ་ལྷག་པར་གནས་པ་དབུ་མའི་ལམ་དུའོ། །དགུན་ཏེ་བདེ་བས་བརྒྱལ་བའི་དུས་སོ། །ཁ་བའི་ལམ་ནི་འགྱུར་བའི་ལམ་མོ། །སྲོག་དང་ཐུར་སེལ་གྱི་རྩ་རྣམས་ཀྱིས་ཀུན་ནས་བཀབ་པ་མེད་པ་ཉིད་ཀྱི་ཕྱིར་གོས་དང་བྲལ་བའོ། །སོག་ནི་ཁམས་མཐའ་དག་འཁྲུག་པའི་དུས་སུའོ། །ཉི་མའི་འོད་ཟེར་གྱིས་གདུངས་པ་ནི་གཏུམ་མོའི་མེ་འབར་བས་གདུངས་པའོ། །འཇིགས་བཅས་མྱ་ངན་ལམ་དུ་སྟེ་འཇིགས་པ་སྟེ་འཆི་བའི་སྡུག་བསྔལ་གྱི་མཚན་ཉིད་ཅན་དང་བཅས་པས་འཇུག་པའི་མྱ་ངན་ལམ་སྟེ་དགའ་བྲལ་བཞིའི་ལམ་དུའོ། །ཆུ་མེད་པ་ནི་ལྷའི་བདུད་རྩིའི་རོ་མྱང་བ་དང་བྲལ་བའོ། །ཡུལ་གཞན་དུ་ཞེས་པ་ནི་ཡུལ་གྱིས་ཏེ་གཙུག་ཏོར་གྱི་འཁོར་ལོ་ལ་སོགས་པ་ནོར་བུ་དང་པདྨའི་མཐར་ཐུག་པའི་མཚན་ཉིད་ཅན་གྱིས་གཞན་ཏེ་བྲལ་བའི་ཡུལ་ནི་ཆགས་པ་དང་བྲལ་བའི་མཚན་ཉིད་ཅན་ཏེ་དེར་རོ། །དེར་གསུངས་པ། སྲིད་ལས་མྱ་ངན་འདས་པར་འགྲོ། དེ་ལས་སླར་ཡང་འཁོར་བར་འགྲོ། ཞེས་པའོ། །དབུལ་བ་ནི་ཞི་བའི་བདེ་བའི་ནོར་དང་བྲལ་བའོ། །ཞབས་བཟང་དག་བསྒོམ་པ་རྣམས་ཀྱིས་ཏེ། སྐྱེས་བུ་རྣམས་ཀྱི་ནང་ན་གང་སྒོམ་པར་བྱེད་པ་རྣམས་ཀྱིའོ། །དེ་རྣམས་ཀྱིས་ཏེ་དེ་མ་ཐག་པར་བརྗོད་པའི་སྡུག་བསྔལ་རྣམས་ཀྱིས་གྲོལ་བ་ཞེས་པ་རྣམ་དབྱེ་མེད་པའི་ཚིག་གོ །འདོད་དང་ལྡན་པ་སྟེ་ཡིད་ཀྱི་ཤིང་རྟ་ཀུན་ནས་རྫོགས་པར་འགྱུར་རོ་ཞེས་པའོ། །བུད་མེད་དང་བྲལ་བ་ནི་ཡེ་ཤེས་ཀྱི་དགའ་བའི་ཐིག་ལེའོ། །གང་རྣམས་སུ། མཆན་ཁུང་མིག་དང༌། རྣ་བ་སྣ་དང་ཁ་དང་ལུས་དང་བརྗོད་པ་ལས། །ཞེས་


DTG013_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ལ་མཆན་ཁུང་ནི་གཡོན་པ་དང་གཡས་པར་དབུགས་འབབ་པའི་མཚན་ཉིད་ཅན་ཏེ་དེའི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་སུ་མིག་ལ་སོགས་པ་རྣམ་པར་ཤེས་པ་ལྔ་རབ་ཏུ་འཇུག་པའི་ཕྱིར་རོ། །ཁའི་སྒྲས་ལྕེའོ། །ལུས་ནི་ལུས་ཁོ་ནའོ། །བརྗོད་པ་ནི་སྒྲ་ལ་སོགས་པའི་ཡུལ་གསལ་བར་བྱ་བའི་དོན་དུ་གསུངས་པའོ། །དྲག་པོར་ཏེ་བརྒྱལ་བའི་ཆོས་ཅན་དུ་ཇི་ལྟར་འགྱུར་བ་ལྟར་རོ། །དྲི་ནི་དྲིའི་བཞོན་པ་སྟེ་དགའ་བའི་རླུང་ངོ༌། །སྐལ་ངན་ཉིད་ཅེས་པ་འདིའི་སྐལ་པ་སྟེ་ཡེ་ཤེས་ངན་པའོ་ཞེས་པ་ཡིན་ལ། དེའི་དངོས་པོ་དེ་ཉིད་དེ་མ་རིག་པ་ཞེས་པའི་དོན་ཏོ། །དུས་ཀུན་དུ་སྟེ་མཚན་མོ་དང་ཉིན་མོར་གཡོན་པ་དང་གཡས་པར་འབབ་པའི་མཚན་ཉིད་ཅན་ནོ། །བཟང་པོའི་དགའ་བ་འབྲལ་བ་སྟེ་དགའ་བ་བཟང་པོ་ནི་བདེ་བ་ཆེན་པོའོ། །དེ་དང་བྲལ་བ་ནི་སྤངས་པའོ། །གང་ལས་ཤེ་ན་མི་མོ་ཀུན་ལ་བྲལ་ཕྱིར་ཏེ། ཀུན་ཡང་འདི་ཡིན་ལ་ནཱ་རཱི་རྣམས་ཏེ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་ཀྱང་ངོ༌། །དེ་རྣམས་ལ་དགའ་བའི་རླུང་གིས་གང་བ་མེད་པ་དེ་ལས་ཤེས་པའོ། །མི་དགེ་བའི་འབྲས་བུའི་དབང་ལས་ཏེ་མ་རིག་པ་ལ་སོགས་པའི་རྐྱེན་ཡོད་པར་གྱུར་པ་ལས་སོ། །བུད་མེད་རྣམས་ཀྱིས་ཏེ་ཨ་ཝ་དྷཱུ་ཏཱི་ལ་སོགས་པ་རྣམས་ཀྱིས་སྡང་བར་གྱུར་ཏེ་འཆི་བའི་བདག་ཉིད་ཅན་ནོ། །བདེ་བ་མཆོག་སྦྱིན་ཞབས་ནི་སྒོམ་པར་བྱེད་པ་དེ་རྣམས་ཀྱིས། བདེ་བ་མཆོག་སྟེ་བདེ་བ་ཆེན་བོ་སྟེར་བར་བྱེད་དོ་ཞེས་པ་དེ་ཡང་དེ་ཡིན་ལ་ཞབས་ཀྱང་ངོ་ཞེས་པའོ། །སྐལ་བཟངས་ཉིད་ནི་བདེ་བ་ཆེན་པོའོ། །དེ་ལས་ཁ་དོག་སྟེ་སྣ་ཚོགས་པའི་ཁ་དོག་ཀྱང་ཡིན་ལ་གཟུགས་ཏེ་ཟབ་ཅིང་རྒྱ་ཆེ་བའི་མཚན་ཉིད་ཅན་ཡང་ངོ་ཞེས་པ་ཁ་དོག་གཟུགས་ཅན་འགྱུར་ཞེས་པའོ། །མིའི་དབང་པོ་ནི་སེམས་ཀྱི་དགའ་བའི་ཐིག་ལེའོ། །འཁྲུགས་པ་ནི་རབ་ཏུ་འཁྲུགས་པའོ། །འཁུས་ཕྱིར་ཏེ་མ་རིག་པའི་བག་ཆགས་དང་ཀུན་དུ་ཆགས་པའི་ཕྱིར་རོ། །མཐའ་གཅིག་ཏུ་གསོད་པ་ལ་ཞེན་ཞེས་པ་ནི་ཤིན་ཏུ་གསོད་པ་ལ་སྟེ་བརྒྱལ་བའི་ཆོས་ཅན་ལ་བརྩོན་པའོ། །འཇིགས་པའི་གཤིན་རྗེ་ལྟ་བུར་ཞེས་པ་འཇིགས་པ་སྟེ་འཆི་བའི་དུས་སུ་གཤིན་རྗེ་སྟེ་ནར་མའི་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཅན་ནོ། །འཁྲུགས་པར་གྱུར་པ་ནི་གསོད་པའི་ཆེད་དུ་སྒྲུབ་པར་བྱེད་པ་དེ་བཞིན་དུ་འདི་ཡང་


DTG013_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁྱད་པར་དུ་སྐུལ་བར་བྱེད་པའོ། །སྡེ་ནི་ཡན་ལག་བཞི་པའི་དཔུང་སྟེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་བའི་མཚན་ཉིད་ཅན་ནོ། །དེ་ཡང་འཆི་བའི་འཇིགས་བྱེད་དེ་སེམས་རྣམ་པར་ཉམས་པར་བྱེད་པའོ། །མྱུར་དུ་སྟེ་མ་འགྲོ་པར་རོ། །གཡོག་འཁོར་གང་རྣམས་ལ་ཞེས་པ་སེམས་ཀྱི་རྒྱུན་གྱིས་བཀོལ་བར་བྱ་བ་གཡོག་རྣམས་ཏེ་དེ་རྣམས་ལ་ཞེས་པའོ། །སྒོམ་པར་བྱེད་པ་དེ་རྣམས་ཀྱི་རང་ཡིད་ལ་སྟེ་དཔྲལ་བའི་པདྨའི་ལྟེ་བར་རོ། །ཞབས་ནི་འཇིག་རྟེན་གསུམ་པོ་ཀུན་གྱི་མགོན་པོ་སྟེ་སྲིད་པ་གསུམ་པོའི་ས་ལ་མ་ལུས་པའི་མངའ་བདག་གོ །དེ་ཡང་སྟེ་མི་བདག་འཁྲུགས་པ་ཡང་ངོ༌། །འབའ་ཞིག་ཏུ་མ་ཟད་ཀྱི་སྡེ་ཡང་རབ་ཏུ་ཞི་བར་འགྱུར་རོ་ཞེས་པ་ཡང་གི་སྒྲའི་དོན་ཏོ། །ནི་སྟེ་གང་གི་ཕྱིར་འཁྲུགས་པ་ཞི་བ་དེའི་རྒྱུའི་ཕྱིར་རོ། །ཡང་དག་བསམ་ཀུན་སྦྱིན་པས་ཞེས་པ་རྟག་ཏུ་ཆགས་པ་ཆེན་པོ་མངོན་པར་དང་བར་བྱེད་པ་ཞེས་བྱ་བ་ནི་ཡང་དག་པར་བསམ་པའོ། །སྦྱིན་པ་ནི་སྔགས་མི་འགྱུར་བ་སྟེ་འཕོ་བ་གཏོང་བ་སྦྱིན་པའོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་རྣམས་ཀྱི་མཆོག་སྦྱིན་པ་འཕོ་བ་མེད་པའི་ཐིག་ལེའི་ཕྲེང་བའི་སྐད་ཅིག་གིས་བདེ་བས་རབ་ཏུ་དབྱེ་བར་འགྱུར་རོ་ཞེས་པའོ། །རྡོ་རྗེ་ལྟུང་བ་ནི་ངག་གི་དགའ་བའི་ཐིག་ལེའོ། །གང་རྣམས་ཀྱི་ཞེས་པ་ནང་གི་རྡོ་རྗེ་ལ་ལྟོས་པས་འབྲེལ་པ་ལ་དྲུག་པའོ། །རྣམ་པ་གཞན་དུ་གང་རྣམས་ལ་ཞེས་པ་ཐོབ་པོ། །དེ་ཡང་འཆི་བར་བྱེད་དོ། །འགའ་ཞིག་ཏུའང་ཞེས་པ་ལུས་ལ་སྟེ་གལ་ཏེ་གྱུར་ནའོ། །བརྒྱལ་བར་བྱེད་དེ་སོ་སོར་ཉེ་བའི་ཡུལ་དུས་ལའོ། །གང་ལས་ཤེ་ན། མཁའ་ལས་ཏེ་སྐབས་ལས་ཤེས་པ་ཕྱི་རོལ་ལ་ལྟོས་པས་སོ། །འོ་ན་ཚིགས་སུ་བཅད་པ་སྔ་མ་བཅུ་བཞི་པ་རྣམས་སུ་ཕྱི་རོལ་ལ་ལྟོས་པས་རྣམ་པར་བཀྲལ་བ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེ་རྣམས་ཀྱིས་ཕྱི་རོལ་དུ་འདྲིར་གསལ་བ་ཉིད་ཀྱི་ཕྱིར་རོ། །དེ་ལས་སླར་ཡང་བུད་མེད་འགྲོགས་ལས་ཞེས་པའི་ཚིག་ནི་ཐམས་ཅད་དུ་བལྟ་བར་བྱའོ། །གློ་བུར་བ་ཡིན་པའི་ཟླ་བ་ཐིག་ལེ་ཟད་པས་མཁའ་ལས་ཏེ་གཙུག་ཏོར་གྱི་འཁོར་ལོ་ལས་སོ། །འགའ་ཞིག་ཏུ་སྟེ་འཆི་ལྟས་ཤར་བ་ལ་སོགས་པའི་དུས་སུ་འཆི་བར་བྱེད་དོ། །གློ་བུར་པའི་སེམས་འཕོས་པས་འགའ་ཞིག་ཏུ་ཞེས་


DTG013_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་པདྨའི་སྙིང་པོར་བུད་མེད་འགྲོགས་པ་ལས་ཏེ་ཡང་དག་པར་སྦྱར་བ་ལས་རྟག་ཏུ་སྟེ་དུས་ཐམས་ཅད་དུ་བརྒྱལ་བར་བྱེད་དོ། །ཆགས་བྲལ་ཉིད་དུ་ནི་གཉིས་ཀར་ཡང་བྱེད་དོ། །སྐྱེ་བ་སྐྱེ་བ་གཞན་རྣམས་ལས་ཞེས་པ་བདུན་པའི་དོན་ལ་ལྔ་པའོ། །སྐྱེ་བ་སྟེ་སྐྱེ་བ་འདི་དག་སྐྱེ་བས་གཞན་པ་བར་མ་ཆོད་པ་སྐྱེ་བས་གཞན་དེར་དེ་ཕ་རོལ་གྱི་འཇིག་རྟེན་དུའོ། །སླར་ཡང་ཞེས་པ་མ་རིག་པའི་བག་ཆགས་ཀྱི་ས་བོན་སྐྱེད་པ་སད་པ་ལས་སོ། །དཔལ་ལྡན་ལས་དང་ཡེ་ཤེས་མཆོག་གི་ཆུ་སྐྱེས་ལ་སོན་རྡོ་རྗེའི་ཞབས་ནི་སྒོམ་བྱེད་པ། །དེ་རྣམས་ཀྱིས་ཞེས་པ་ལ། ལས་ཞེས་པ་ལས་ཀྱི་ཕྱག་རྒྱའོ། །མཆོག་ཅེས་པ་ཕྱག་རྒྱ་ཆེན་མོའོ། །འདི་རྣམས་ཀྱི་ཆུ་སྐྱེས་པདྨ་ལ་སོན་པའོ་ཞེས་པའོ། །དེ་ཡང་དེ་ཡིན་ལ་རྡོ་རྗེའི་ཞབས་དཔལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པས་ཉེ་བར་མཚོན་པ་ཡང་ངོ༌། །དེ་ཡང་རྡོ་རྗེ་ལྟུང་བའོ། །རབ་ཏུ་ཞི་བ་སྟེ་ནང་དུ་རེངས་པ་ཉིད་ཐོབ་པའོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་རེངས་པ་དང་ཁུ་བ་སྟེང་དུ་སོན་པས། སླར་ཡང་སྐྱེ་བ་སྟེ་ཕྱིར་ཡང་འཁོར་བའི་བག་ཆགས་དང་བྲལ་བའི་ཕྱིར་མཐའ་ཉིད་འཆི་བ་དང་བརྒྱལ་བ་དང་ཆགས་བྲལ་དུ་ཡང་འགྲོ་བ་མིན་ཞེས་པའོ། །དོན་ཐམས་ཅད་ཉམས་པ་ནི་ལུས་ཀྱི་དགའ་བའི་ཐིག་ལེའོ། །གང་རྣམས་ཀྱིས་ཏེ་བག་མེད་པར་སྤྱོད་པ་རྣམས་ཀྱི་ནོར་ཀུན་ཉམས་པ་ནི་ནོར་དང་འབྲུ་མ་ལུས་པ་ཟད་པའོ་ཞེས་པའི་ཕྱི་རོལ་ལ་ལྟོས་པས་སོ། །བུད་མེད་འགྲོགས་ལ་ཆགས་པ་བྲལ་ལས་ཏེ་ཆགས་པའི་བདེ་བ་ཉམས་པ་ལས་སླར་ཡང་སྟེ་ཕྱིར་ཞིང་སྐྱེ་བ་གཞན་རྣམས་ཀྱི་ཞེས་པ་བདུན་པའི་དོན་ལ་གསུམ་པ་སྟེ། སྐྱེ་བ་གཞན་རྣམས་སུའོ། །དེ་སྟེ་ནོར་ཉམས་པ་ཚེ་འཕོ་བའི་མཚན་ཉིད་ཅན་དང་གསེར་གྱི་རྒྱན་ལ་སོགས་པ་རྣམས་སོ། །མང་པོ་སྟེ་རྣམ་པ་མང་པོར་རབ་ཏུ་གྱུར་པས་འབྱུང་བས་ཏེ་བག་ཆགས་བསྒོམས་པའི་སེམས་ལས་ཏེ་སྐྱེ་བ་སྔ་མ་འགྱུར་བའི་བདེ་བའི་རྫས་ཉམས་པ་ལ་ཞེན་པ་དང་ལྡན་པའི་ཡིད་ལས་སོ། །གང་དེ་དག་གིས་རྟག་ཏུ་འབྲེལ་པར་སྒོམ་པར་བྱེད་པ་དེ་རྣམས་ཀྱིའོ། །མི་མཉམ་མཉམ་པའི་ཞབས་ཏེ་འཇིག་རྟེན་ལས་འདས་པ་ཉིད་ཀྱི་ཕྱིར་དང་བཅུ་པ་འཇིག་རྟེན་གསུམ་དང་ཐུན་མོང་མ་ཡིན་པས་སེམས་ཀྱི་ཟླ་བ་དེ་བཞིན་གཤེགས་པ་


DTG013_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཇི་ལྟར་རྟོགས་པ་དེ་ལྟར་རྟོགས་པ་ཞེས་པའི་བྱེ་བྲག་ཏུ་བཤད་པ་ཉེ་བར་བླངས་ནས་མཉམ་པ་སྟེ་མཚུངས་པ་དང་ལྡན་པ་ཡིན་ལ་ཞབས་ཀྱང་སྟེ་གསང་བའི་འཁོར་ལོར་གནས་པ་རྡུལ་གྱི་ཆོས་ཅན་བགྲོད་བྱ་རྟེན་ཞེས་པའོ། །ཡང་ན་གང་མཉམ་པ་དག་གིས་ཏེ་ཟླ་བ་དང་ཉི་མ་དག་གི་ཞབས་ཏེ་གནས་ནོར་བུ་དང་པདྨའོ་ཞེས་གསལ་ལོ། །སྣ་ཚོགས་གཟུགས་ཅན་ནི་མཐའ་ཡས་པ་དང་མཐུན་པའི་རང་གི་ངོ་བོའོ། །ཅི་རྣམས་ཀྱི་ཞེན། ཤས་རབ་རྣམས་ཀྱི་སྟེ་ཨ་ཝ་དྷཱུ་ཏཱི་ལ་སོགས་པ་རྣལ་འབྱོར་མ་རྣམས་ཀྱིའོ། །གང་མཆོད་པ་སྟེ་ཡེ་ཤེས་ཀྱི་སྐུ་ཐོབ་པ་ལས་གཙུག་ཏོར་གྱི་པདྨའི་ལྟེ་བར་བཟུང་བའོ། །བསྟོད་པ་སྟེ་འགྱུར་བ་མེད་པའི་བདེ་བ་ལས་དྲི་མ་མེད་པ་ཉིད་དུ་དྲངས་པའོ། །སུ་རྣམས་ཀྱིས་ཤེ་ན། རྒྱལ་བ་མཆོག་རྣམས་ཀྱིས་ཏེ་སྒྲིབ་པ་མེད་པའི་ཕུང་པོ་རྣམས་ཀྱིས་སོ། །ཞབས་ཏེ་སྒོམ་པ་རྣམས་ཀྱི་ནོར་ཀུན་དེ་ནི་མི་ཉམས་པའོ་ཞེས་པ་སྟེ་འཁོར་བའི་བག་ཆགས་དང་བྲལ་བ་ལས་སོ། །ཀུན་ཏེ་ཐིག་ལེའི་དབྱེ་བ་ཐ་དད་པ་ཡང་འདི་ཡིན་ལ་དོན་དུ་གཉེར་བར་བྱ་ཞིང་འདོད་པར་བྱ་བའོ་ཞེས་པས་ན་ནོར་འོང་བ་དང་འོང་བ་མ་ཡིན་པས་ཡང་ངོ༌། །མཆོག་ཏུ་མི་འགྱུར་བའི་ངོ་བོས་བརྟན་པར་འགྱུར་རོ་ཞེས་པའོ། །འོན་རིམ་པ་གང་གིས་ལུས་ཀྱི་དགའ་བ་ལ་སོགས་པའི་ཐིག་ལེ་རྣམས་བཅུ་དྲུག་བཞིའི་རབ་ཏུ་དབྱེ་བས་འཆར་བ་དེ་ཁོ་ནའི་རིམ་པས་འགོག་པ་ཡང་རིག་པར་བྱ་བ་མ་ཡིན་ནམ། དེས་ན་སྤྲུལ་པའི་སྐུ་ལ་སོགས་པ་རྣམས་སྔོན་དུ་བསྟན་པར་རིགས་ཏེ། གང་ཡེ་ཤེས་ཀྱི་ལེའུར་གསུང་པར་འགྱུར་བ། ལུས་ཀྱི་དགའ་བ་འགག་པ་རྣམས་ལས་སངས་རྒྱས་ཀྱི་སྤྲུལ་པའི་སྐུའོ་ཞེས་པ་ལ་སོགས་པའོ་ཞེ་ན་བདེན་མོད། ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའི་ཐིག་ལེ་ཞུ་བ་ནོར་བུ་དང་པདྨའི་ལྟེ་བ་ལ་འགོག་པ་ལས་སྐུ་གསུམ་གྱི་ཐིག་ལེ་རྣམས་འགོག་སྟེ། གསང་བ་ལས་རྡོ་རྗེ་ནོར་བུ་ཇི་སྲིད་པར་ལྷན་ཅིག་སྐྱེས་པའི་དགའ་བ་མ་འཕོས་པའོ་ཞེས་པའི་གསུང་ལས་སོ། །གནས་བཟུང་དག་གི་རིམ་པའི་དོན་དུ་སྔར་ལྷན་ཅིག་སྐྱེས་པའི་སྐུ་ཉིད་ཀྱིས་རྒྱས་པར་བསྟན་པའོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་ཆོས་དང་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པ་འདི་རྣམས་ནི་དག་པའི་སྐུ་ལས་སྤྲོ་བར་བྱའོ་ཞེས་པའོ། །འོ་ན་རྣལ་འབྱོར་མ་རྣམས་ཀྱིས་རང་གི་


DTG013_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ངོ་བོ་རྒྱས་པར་མ་བསྟན་པའི་ཕྱིར་དང༌། དེའི་ཞབས་ཀྱི་མཚན་ཉིང་མ་བཤད་པའི་ཕྱིར་རྣལ་འབྱོར་མ་དེ་རྣམས་ཅི་ཡིན་པ་དང༌། ཞབས་གང་དྲན་པ་འཇིགས་པ་འཕྲོག་པའི་ཞབས་དེ་ཅི་ཡིན་མི་ཤེས་སོ་ཞེ་ན་གསུངས་པ། རྣལ་འབྱོར་མ་རྣམས་ཞེས་པ་ལ་སོགས་པའོ། །རྣལ་འབྱོར་མ་རྣམས་ནི་དམར་སེར་དང་ཨི་ཌ་དང་ཨ་ཝ་དྷཱུ་ཏཱི་རྣམས་ཤེས་པ་འདིར་རྣལ་འབྱོར་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ལས་སྲོག་དང་ཐུར་སེལ་བསྔམས་པ་ལས་ངང་ཚུལ་ཏེ་མི་འགྱུར་བའི་སྲོག་རྩོལ་ཡོད་དོ་ཞེས་པ་རྣལ་འབྱོར་མ་རྣམས་སོ། །དམར་སེར་ནི་རོ་མའོ། །ཨི་ཌ་ནི་བརྐྱང་མའོ། །ཨ་ཝ་དྷཱུ་ཏཱི་ནི་ཡིད་བཟང་མའོ། །འདི་རྣམས་དང་དེ་རྣམས་ནི་ཉི་མ་དང་ཟླ་བ་དང་སྒྲ་གཅན་གྱི་ལམ་རྣམ་པ་གསུམ་རྣམས་ཞེས་པའོ། །ཉི་མ་ནི་མེའི་ཁམས་ཀྱི་རང་བཞིན་གྱི་ཕྱིར་མགྲིན་པའི་འཁོར་ལོ་ཤེས་རབ་ཀྱི་གསུང་རྡོ་རྗེའོ། །དེའི་ལམ་ནི་ཕྱེད་དང་བཅས་པའི་དྲུག་ཅུ་རྩ་གཉིས་དང་བརྒྱ་ཕྲག་བཞི་ལྷག་པའི་ཁྲི་ཕྲག་གི་དབུགས་འབབ་པའོ། །ཟླ་བ་ནི་ཆུའི་ཁམས་ཀྱི་རང་བཞིན་གྱི་ཕྱིར་དཔྲལ་བའི་འཁོར་ལོ་ཐབས་ཀྱི་སྐུ་རྡོ་རྗེའོ། །དེའི་ལམ་རྣམས་ནི་ཕྱེད་དང་བཅས་པའི་དྲུག་ཅུ་རྩ་གཉིས་དང་བརྒྱ་ཕྲག་བཞི་ལྷག་པའི་ཁྲི་ཕྲག་གི་དབུགས་འབབ་པའོ། །སྒྲ་གཅན་ནི་སྟོང་པའི་ཁམས་ཀྱི་རང་བཞིན་གྱི་ཕྱིར་གཙུག་ཏོར་གྱི་འཁོར་ལོ་ཐབས་ཀྱི་ཐུགས་རྡོ་རྗེའོ། །དེའི་ལམ་ནི་བདུན་ཅུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་དྲུག་གི་དབུགས་འབབ་པའོ། །རིམ་པས་གཡས་པ་དང་གཡོན་པ་དང་དབུ་མའི་རྩ་དེ་རྣམས་སོང་བ་སྟེ་སྟེང་དུ་འགག་པར་གྱུར་པ་རྣམས་རྣལ་འབྱོར་རྣམས་སོ་ཞེས་པའོ། །འོ་ན་རྩ་གཞན་པ་རྣམས་ཀྱང་ལུས་དང་ངག་སེམས་ཉིད་ཀྱི་གཙོ་བོ་རྣམས་ཡོད་དེ་དེ་རྣམས་ཀྱང་བཤད་པར་རིགས་པ་མ་ཡིན་ནམ་དེ་ལྟར་ནི་སའི་ཁམས་ཀྱི་རང་བཞིན་ལས་ལྟེ་པའི་འཁོར་ལོ་ཤེས་རབ་ཀྱི་སྐུ་རྡོ་རྗེ་བཤད་པའི་རྩ་ཞེས་བརྗོད་པར་བྱའོ། །རླུང་གི་ཁམས་ཀྱི་རང་བཞིན་གྱི་ཕྱིར་སྙིང་གའི་འཁོར་ལོ་ཐབས་ཀྱི་གསུང་རྡོ་རྗེ་གཅི་པའི་རྩ་ཞེས་བརྗོད་པར་བྱའོ། །ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ལས་གསང་བའི་འཁོར་ལོ་ཤེས་རབ་ཀྱི་ཐུགས་རྡོ་རྗེ་ཁུ་པའི་རྩ་ཞེས་བརྗོད་པར་བྱའོ་ཞེ་ན་བདེན་མོད། འདི་རྣམས་ལམ་གཅིག་ལ་མངོན་པར་སྦྱོར་བའི་ཕྱིར་ཤེས་རབ་དང་ཐབས་གཅིག་གི་ངོ་བོ་ཉིད་ཀྱིས་ལུས་དང་


DTG013_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ངག་དང་སེམས་ལ་མི་འཁྲུལ་པའི་ཕྱིར་དང༌། སྐྱེ་བ་དང་འགོག་པ་རྣམས་སུ་གཅིག་གི་སྦྱོར་བས་འབབ་པ་ཉིད་ཀྱི་ཕྱིར་མ་བཤད་དོ་ཞེས་པ་དགོངས་པའོ། །དེ་གསུངས་པ། ཟླ་བའི་ལམ་གྱི་བཤད་པའི་རྩ། །ཉི་མས་གཅི་བ་འབབ་པ་སྟེ། །སྐྱེ་འཆི་མཉམ་པ་ཆགས་པ་ལ། །སྒྲ་གཅན་གྱིས་ནི་ཁུ་བ་འབབ། །ཅེས་པའོ། །དེ་བཞིན་དུ། གང་ཞིག་ཟླ་ཉི་མུན་ཅན་དང༌། །བཤད་གཅི་ཁུ་བ་འབབ་པ་རྣམས། །སྲོག་དང་ཐུར་སེལ་རིམ་པ་ཡིས། །དེ་རྣམས་ལུས་ངག་སེམས་ཀྱི་རྩ། །ཞེས་སོ། །དེ་བཞིན་དུ། ཟླ་བ་ཉི་མའི་རྩ་འགགས་ན། །བཤང་དང་གཅི་བའི་རྩ་འགག་གོ །སྒྲ་གཅན་རྩ་ནི་འགགས་པ་ན། །འོག་ཏུ་ཁུ་པ་འབབ་འགག་འགྱུར། །སྐྱེད་དང་སྡུད་པའི་བྱེད་པ་ཅན། །འདི་རྣམས་གྲོལ་བས་གྲོལ་བར་འགྱུར། །སྲོག་དང་ཐུར་སེལ་ལམ་གསུམ་ལས། །འདི་ནི་རྩ་ཡི་ཀུན་སྤྱོད་དོ། །ཞེས་སོ། །རྣལ་འབྱོར་མ་འདི་རྣམས་ཀྱི་གང་སྔར་བཤད་པ་མཉམ་པར་བགྲོད་པའི་ཞབས་ཏེ་གཡོན་པ་དང་གཡས་པར་འབབ་པ་དག་དབུ་མར་རབ་ཏུ་ཞུགས་པ་ལས་རླུང་དག་མཉམ་པ་སྟེ་མཚུངས་པར་བགྲོད་པའོ་ཞེས་ཕྱོགས་གཉིས་ཀ་རྫོགས་པར་བཤད་དོ། །དངོས་དང་དངོས་མེད་རབ་ཉམས་དེ་དག་ཅེས་པ། དངོས་པོ་ནི་སྤྲོ་བའི་རིམ་པས་རྣམ་པར་ཤེས་པ་ལ་སོགས་པ་དཀྱིལ་འཁོར་ལྔ་འབབ་པའི་བདག་ཉིད་གཡོན་པར་རོ། །དངོས་པོ་མེད་པ་ནི་སྡུད་པའི་རིམ་པས་ས་ལ་སོགས་པ་དཀྱིལ་འཁོར་ལྔ་འབབ་པ་གཡས་པར་རོ། །དེ་དག་གི་རབ་ཉམས་ཏེ་རབ་ཏུ་ཞིག་པའམ་དེ་དག་རབ་ཏུ་ཉམས་པ་དག་གང་དག་གི་ཡིན་པ་ཞེས་པ་ཡང་ནའོ། །རྒྱ་ཆེར་འགྲེལ་དུ་ཁ་ཅིག་ཏུ་ཞེས་གསུངས་པ་ལས་དང༌། སངས་རྒྱས་མང་པོ་ལ་ཉེ་བར་བརྟེན་པ་རྣམས་ཞེས་པ་ལ་སོགས་པ་སྦྱོར་བ་མཐོང་བའི་ཕྱིར་སྐྱོན་མེད་དོ། །དེ་དག་གི་སྟེ་མཉམ་པར་བགྲོད་པའི་ཞབས་དག་གི་འགྱུར་མེད་དེ་གཡོ་བ་མེད་པའོ། །ཞབས་དེ་འདི་གཅིག་ནི་ཡེ་ཤེས་ཀྱིས་ཀུ་གཙུག་ཏོར་གྱི་འཁོར་ལོའོ། །གཉིས་པ་ནི་བདེ་པའི་གཞི་རྟེན་གནས་རྡོ་རྗེ་ནོར་བུ་དང་པདྨའོ། །ཞབས་དེ་དག་དྲན་པར་བྱེད་པ་སྟེ། ཡན་ལག་དྲུག་གི་རྣལ་འབྱོར་གྱིས་བརྟན་པར་བྱེད་པའི་རྣལ་འབྱོར་པ་དེའི་འགྱུར་བ་མེད་པའི་ཡེ་ཤེས་བསྒོམ་པ་ཁམས་ཀྱི་རྣམ་པར་འགྱུར་བ་སྤངས་པ་ནི་རྒྱུད་ཀྱི་རྒྱལ་པོར་འཇིགས་པ་མཐའ་དག་


DTG013_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཕྲོག་པར་གསུངས་སོ། །འཇིགས་པ་ནི་དེ་མ་ཐག་པར་བརྗོད་པའོ། །སྐྱེ་བ་འདི་ལ་ནི་མིའི་སྐྱེ་བ་ལ་ཡིན་གྱི་ལྷ་དང་ལྷ་མིན་ལ་སོགས་པ་ལ་མ་ཡིན་ནོ། །དེ་ལྟར་མཐོང་བ་སྔོན་མ་ཅན་གང་ཞིག་དྲན་པ་མངོན་དུ་ཕྱོགས་པ་ཞེས་བྱ་བ་དེ་ཉིད་ཀྱི་བསྔགས་པ་གསུངས་པ་གནས་ཞེས་པ་ལ་སོགས་པ་གསུངས་པའོ། །འདིར་རྣལ་འབྱོར་མ་རྣམས་ཀྱི་སྟེ་ཨ་ཝ་དྷཱུ་ཏཱི་ལ་སོགས་པ་རྣམས་ཀྱི་གནས་ཏེ་བཞི་ནི་རྡོ་རྗེ་ནོར་བུའི་ཁང་པའོ། །དེར་འཇུག་ཆེད་དུ་རྒྱལ་བས་གསུངས་པའི་ལམ་དུ་བ་ལ་སོགས་པའི་མཚན་ཉིད་ཅན་བརྗོད་དེ་གསལ་བར་བྱས་སོ། །བདག་གིས་ཏེ་ས་བཅུའི་དབང་ཕྱུག་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའི་སྐུ་པདྨ་དཀར་པོས་སོ། །འདིར་ཞེས་པ་ནི་རྒྱུད་ལ་འཇུག་པར་རོ། །དེ་འདི་ཡང་བསྟོད་པ་སྔོན་མ་ཅན་ཏེ། བསྟོད་པ་ནི་དཔལ་ལྡན་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ཞེས་པ་ལ་སོགས་པ་ཡིན་ལ་དེ་སྔོན་མ་ཅན་ཏེ་གང་གི་ཐོག་མ་ཡིན་པ་ཞེས་པའོ། །ཉོན་མོངས་པ་མེད་ཅེས་པ་གོང་དུ་སྔར་བཤད་པ་བཞི་པོ་རྣམས་དང་བྲལ་བ་སྟེ་མི་མཉམ་པའི་བགྲོད་པ་རབ་ཏུ་འཇིགས་པ་གསལ་བར་བྱེད་པའི་ཕྱིར་རོ། །བདུད་ཉམས་ཞེས་པ་གོང་དུ་སྔར་བཤད་པའི་བདུད་བཞི་རྣམས་ཉམས་པ་སྟེ་མཉམ་པའི་བགྲོད་པ་རབ་ཏུ་ཞི་བ་སྟོན་པའི་མན་ངག་ཡིན་པའི་ཕྱིར་རོ། །གཞན་ཡང་སྐྱེས་བུ་གང་རྣམས་བདུད་ཀྱི་གྲོགས་ཀྱིས་ཏེ་འདོད་པའི་ཆུང་མ་ལ་སོགས་པ་དང་ཀུན་ནས་འགྲོགས་པས་སོང་བ་སྟེ། རྣམ་པར་གཡོས་པ་རྣམས་ཀྱི་ལམ་ཉམ་པར་གྱུར་བ་དེ་རྣམས་ལམ་ཐོབ་པར་འགྱུར་བ་འདི་ཡིས་ཏེ་བདག་གིས་བརྗོད་པས་སོ། །རྡོ་རྗེ་ནོར་བུ་ཁྱིམ་དང་སྟེ་རྡོ་རྗེ་ནི་བདུད་དང་ཉོན་མོངས་པ་རྣམས་ཀྱིས་མི་ཕྱེད་པ་སྟེ། རླུང་རྒྱུ་བ་དང་མི་ལྡན་པའི་ཕྱིར་རོ། །དེའི་ནོར་བུ་ནི་རིན་པོ་ཆེ་སྟེ་བླ་ན་མེད་པའི་དགའ་བ་རྒྱས་པར་བྱེད་དོ་ཞེས་པས་སོ། །དེ་ཁོ་ན་ཁྱིམ་སྟེ་སངས་རྒྱས་ཐམས་ཅད་ཀྱི་ཟ་མ་ཏོག་ཅེས་པའོ། །དེ་རྣམས་ཞེས་པ་ནི་བྱང་ཆུབ་སེམས་དཔས་མཛད་པའི་རྒྱ་ཆེར་འགྲེལ་པ་ལ་ལྷག་མར་མོས་པ་བླ་མ་དམ་པའི་ཞབས་ཀྱི་པདྨ་ཡང་དག་པར་བརྟེན་པ་རྣམས་སོ། །རིང་མིན་ཏེ་ཉེ་བར་འོང་གྱུར་ཅིག་ཅེས་པའོ། །འོ་ན་དེ་མ་ཐག་ཏུ་བཤད་པའི་ལམ་གྱི་རྡོ་རྗེ་ནོར་བུའི་ཁང་བར་འཇུག་པར་གྱུར་པ་ལའང་ལམ་སྒོམ་པ་པོ་ལ་འབྲས་བུ་དེ་འགྱུར་རམ་ཅི་ཞེ་ན། གསུངས་པ། སུམ་ཅུ་རྩ་


DTG013_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཉིས་ཞེས་པ་ལ་སོགས་པའོ། །འདིར་ནམ་མཁའ་ཀུན་ནས་འགྲོགས་པའི་སེམས་དང་ལྡན་བ་གང་ཡིན་པའི་རྣལ་འབྱོར་བ་དེ་ནི་དུ་བ་ལ་སོགས་ལམ་གྱི་ལྷན་སྐྱེས་བདེ་པའི་གོ་འཕང་བསྒོམས་ནས་དུས་ཀྱི་འཁོར་ལོར་འགྱུར་ཞེས་པ་སྟེ། སོགས་པའི་སྒྲས་སྨིག་རྒྱུ་ལ་སོགས་པ་མཚན་མ་དགུ་པོ་རྣམས་དང་སོ་སོར་སྡུད་པ་ལ་སོགས་པ་ཡན་ལག་དྲུག་རྣམས་སོ་ཞེས་པ་སྟེ་ཆ་བཅུ་དྲུག་རྣམ་པར་དག་པ་ལས་སོ། །མཚན་མོའི་རྣལ་འབྱོར་གྱི་ནང་དུ་འདུས་བ་ལས་དང༌། འདི་རྣམས་ཁོ་ན་ཉི་མའི་ཡན་ལག་བཅུ་གཉིས་རྣམ་པར་དག་པ་ལས་སོ། །འདིར་ཞེས་པ་ཕྱི་རོལ་དུ་སྟེ་རྡོ་རྗེའི་ནོར་བུའི་ཁྱིམ་དུ་ཡང་ངོ༌། །རིམ་གྱིས་བཅོམ་ལྡན་འདས་འདི་ནི་སུམ་ཅུ་རྩ་གཉིས་མཚན་གྱི་ཡན་ལག་ཅན་ཞེས་པ་ཉེ་བར་མཚོན་པ་སྟེ་དཔེ་བྱད་བརྒྱད་ཅུས་བརྒྱན་པའི་སྐུ་ཅན་ཡང་ངོ་ཞེས་པའོ། །དེ་ལ་མཚན་རྣམས་ནི་ཞབས་ཤིན་ཏུ་གནས་པ་ལ་སོགས་པ་རྣམས་ཏེ་ཡེ་ཤེས་ཀྱི་ལེའུར་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར་བཤད་པར་བྱའོ། །དཔེ་བྱད་རྣམས་ནི་སེན་མོ་ཟངས་ལྟར་དམར་བ་ཉིད་ལ་སོགས་པ་རྣམས་ཏེ་བསོང་ནམས་དང་ཚུལ་ཁྲིམས་དང་ཡེ་ཤེས་ཀྱི་ཚོགས་ལས་བྱུང་བ་རྣམས་སོ་ཞེས་པ་ཕྱི་རོལ་དུའོ། །ནང་དུ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ནི་ཡེ་ཤེས་ཀྱི་སྐུ་སྟེ་སྤྱི་གཙུག་ཏུ་ཤར་བའི་དབྱངས་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཟླ་བའི་གཟུགས་ཀྱིས་བརྒྱན་པར་བྱས་པའི་གཙུག་ཏོར་གྱི་འཁོར་ལོ་དང་འོག་ཏུ་དྲངས་པའི་གསལ་བྱེད་བརྒྱད་ཅུའི་བདག་ཉིད་ཉི་མའི་དཔེ་བྱད་ལས་རྡོ་རྗེ་ནོར་བུའི་པདྨ་སྟེ་རིམ་པས་སོ། །འགྲོ་བའི་སྟེ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ཞེས་པ་དང་ལུས་དང་ངག་དང་ཡིད་ཀྱི་མཚན་ཉིད་ཅན་གྱི་བླ་མ་སྟེ་སྟོན་པ་པོ་དང་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་རྡོ་རྗེའོ། །ཆོས་ཀྱི་འཁོར་ལོར་ཞེས་པ་ལ་ཆོས་ཀྱི་ཕྱི་རོལ་དུ་གསུངས་རབ་ཡན་ལག་བཅུ་གཉིས་ཏེ་ཇི་སྐད་དུ། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང༌། །ཚིགས་བཅད་ཆེད་བརྗོད་རྟོགས་པར་བརྗོད། །དེ་ལྟ་བྱུང་དང་གླེང་གཞི་དང༌། །ཤིན་ཏུ་རྒྱས་པ་སྐྱེས་རབས་བཅས། །གཏན་ལ་ཕབ་དང་རྨད་བྱུང་ཆོས། །ཞེས་ཏེ་ཕྱི་རོལ་དུ་སོར་བཅུ་གཉིས་པའི་རྡོ་རྗེའོ། །ནང་དུ་ནི་འགྱུར་བའི་མ་རིག་པ་ལ་སོགས་པ་འགགས་པ་ལས་བདེན་དོན་བཅུ་གཉིས་ཀྱི་བདག་ཉིད་ལ་


DTG013_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་དག་པར་གནས་པར་གྱུར་པའོ་ཞེས་པའོ། །ལྷ་རྣམས་ཀྱི་སྟེ་ཁྱབ་འཇུག་དང་གཤིན་རྗེ་ལ་སོགས་པ་རྣམས་ཀྱི་མགོ་བོའི་གཅུག་གི་ནོར་བུའི་འོད་ཀྱི་ཚོགས་ཀྱིས་ཞེས་པ་ལ་ཕྱི་རོལ་དུ་ནི་འདི་ཤིན་ཏུ་གྲགས་པར་ཟད་དེ། འོང་ནི་འདིར་འོད་ཟེར་རོ། །ལུས་ལ་ནི་ལྷ་རྣམས་ནི་ཚིགས་བཅུ་གཉིས་རྣམས་སོ། །དེ་རྣམས་ཀྱི་མགོ་བོའི་གཙུག་གི་ནོར་བུ་ནི་རླུང་བསྡམ་པའོ། །དེའི་འོད་ཟེར་གྱི་ཚོགས་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རླུང་རྣམས་ཀྱིས་ཡོངས་སུ་གང་བ་ཉེ་བར་བླངས་ནས་ཏེ། དེ་རྣམས་ཀྱིས་གཅིག་ཏུ་འདུས་པར་གྱུར་པ་ཉིད་ཀྱི་ཕྱིར་གཏུགས་པའི་ཞབས་ཀྱི་པདྨ་ཞེས་པ་སྟེ། ཞབས་དག་གི་ཟླ་བ་དང་ཉི་མའི་མཚན་ཉིད་ཅན་དག་གི་པདྨ་དག་སྟེ་གཙུག་ཏོར་དང་ནོར་བུའི་པདྨ་དག་གཏུགས་ཏེ་སྦྱར་ལ་གང་གི་ཡིན་པ་ཞེས་ཚིག་སྡུད་བྱས་ནས་ཡི་གེ་བསྣན་པར་བྱའོ། །ཡང་དག་ལམ་ཞེས་བ་ལ་ལམ་ནི་ཕྱི་རོལ་དུ་སྲོག་གཅོད་པ་ལས་ལྡོག་པ་དང༌། སྦྱིན་པ་ལ་སོགས་པ་ལ་རབ་ཏུ་འཇུག་པའི་མཚན་ཉིད་ཅན་ནོ། །ལུས་ལ་ནི་རྣམ་པ་གཞན་དུ་སྟེ་སྲོག་གཅོད་པ་ལ་སོགས་པ་ལ་རབ་ཏུ་འཇུག་པ་དང་སྦྱིན་པ་ལ་སོགས་པ་ལྡོག་པའི་མཚན་ཉིད་ཅན་དེ་རྣལ་འབྱོར་སྲོག་གཅོད་པ་ནི་ཞེས་པ་ལ་སོགས་པ་དང༌། ནོར་ནི་གཏོང་པ་སྦྱིན་པ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ་ཞེས་པའོ། །ཡང་དག་པའི་སྒྲ་ཉེ་བར་བླངས་པ་ནི་ལམ་མ་ཡིན་པ་ལམ་གྱི་བློ་གསལ་བའི་དོན་དུའོ། །ཡང་དག་པའི་ལམ་མ་ཡིན་པ་འཚེ་བ་ལ་སོགས་པའི་བདག་ཉིད་ཅན་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་སོགས་པའི་མཚན་ཉིད་ཅན་གྱིས་ནི་རིམ་པ་བཞིན་དུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་འབྲས་བུ་རབ་ཏུ་སྒྲུབ་པར་བྱེད་པ་མ་ཡིན་ཏེ། ལམ་རབ་མཆོག་ནི་དམ་པ་རྣམས་ཀྱི་འབྱུང་བར་བྱའོ་ཞེས་པའོ། །སྟོན་བྱེད་ཅེས་པ་འདིར་ཡང་ཡཾ་ཡིག་ཡི་གེ་ནམས་པར་རིག་པར་བྱའོ། །ཉིན་མོར་བྱེད་པ་ནི་ཉི་མ་སྟེ་ནོར་བུའི་པདྨར་རྡོ་རྗེ་ཁོ་ནའོ། །མུན་པ་ཐམས་ཅད་བཅོམ་པ་ནི་གང་གིས་མ་རིག་པ་ལ་སོགས་ནག་པོའི་ཚེས་གཅིག་འོང་བའི་མཚན་ཉིད་ཅན་བཅོམ་པའོ་ཞེས་པའོ། །རྫོགས་པའི་རིམ་པ་ལམ་གཅིག་པུ་འདི་ནི་རྒྱུད་ཀྱི་སྙིང་པོར་ཤིན་ཏུ་གསལ་བ་ཁོ་ནར་བཤད་དེ། ཇི་སྐད་དུ། སོ་སོར་སྡུད་སོགས་དྲུག་པོ་རྣམས་ཀྱིས་སྟོང་ཉིད་བསྒོམ་པ་སྟོབས་བཅུའི་སྟོབས་དང་


DTG013_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྡན་པས་གསུངས། །མཚན་མོ་དུ་བ་ལ་སོགས་རྣལ་འབྱོར་སླར་ཡང་ཉིན་པར་ནམ་མཁར་སྒྲོན་མ་ལ་སོགས་ཀྱང༌། །སོ་སོར་སྡུད་པས་རྣལ་འབྱོར་བ་ཡིས་ནམ་མཁའི་མཐིལ་དུ་སོན་པའི་དུས་གསུམ་གཟུགས་རྣམས་མཐོང༌། །དེ་ལ་བསམ་གཏན་གྱིས་ནི་ཕྱི་རོལ་དངོས་རྣམས་སྤངས་ནས་དྲི་མེད་སེམས་བརྟན་པར་ཡང་བྱེད། །སྲོག་རྩོལ་རྣམས་ཀྱིས་སྲོག་རླུང་རི་བོང་ཅན་དང་ཉི་མ་དང་བྲལ་མུན་ཅན་མར་འབབ་བྱེད། །སླར་ཡང་འཛིན་པའི་ཡན་ལག་གིས་ནི་ཐིག་ལེར་དབུགས་དབྱུང་དབུགས་རྔུབ་དག་གིས་དམན་པར་བྱེད། །མཁའ་ལ་རྗེས་སུ་དྲན་པས་རང་གི་གཟུགས་ལས་རི་བོང་ཅན་ལས་བཞིན་དུ་འོད་ཆེན་སྤྲོ། །འཁོར་ལོ་ནས་ནི་འཁོར་ལོར་ཏིང་ངེ་འཛིན་གྱིས་འགྲོ་སྟེ་སྤྱི་བོ་བདེ་བས་རྫོགས་པར་རོ། །ནམ་མཁའ་ལྟ་བས་གཏི་མུག་མཐའ་རུ་འགྱུར་ཏེ་སྟོང་པ་ཉིད་ནི་མཐོང་བས་སོ། །བདག་ཉིད་ལྟ་བས་འདོད་ཆགས་མཐའ་རུ་འགྱུར་ཏེ་སྲོག་གི་རླུང་ནི་འགགས་པ་ནའོ། །ཡན་ལག་མེད་པའི་ལྟ་བས་ཞེ་སྡང་མཐར་འགྱུར་འཁོར་ལོར་དྲི་མེད་རྣལ་འབྱོར་ལས། །སྲོག་གི་ལྟ་བས་ང་རྒྱལ་མཐའ་རུ་འགྱུར་ཏེ་གཞོམ་མེད་ཚངས་པའི་རྣལ་འབྱོར་ལས། །སྲོག་དང་ཐུར་སེལ་ངེས་པར་འགགས་ན་སངས་རྒྱས་གཟུགས་ལ་དྲི་མེད་དམ་པའི་དཀྱིལ་འཁོར་འགྱུར། །གསང་གནས་ལྟེ་བ་སྙིང་གི་ཆུ་སྐྱེས་མགྲིན་པ་མགོ་བོ་སྤྱི་བོར་ས་བཟུང་རིམ་པས་སོ། །ཁུ་བ་སྟེང་དང་རྡུལ་ཡང་འོག་ཏུ་སོན་པས་གཞོམ་དུ་མེད་པའི་ཚངས་པའི་དབྱངས་ལས་ནི། །སྐུ་དང་གསུངས་དང་ཐུགས་ཀྱི་རྡོ་རྗེ་དྲི་མ་གསུམ་སྤངས་སངས་རྒྱས་དག་གིས་སྔོན་བྱེད་པའོ། ཞེས་པའོ། །འོ་ན་དུ་བ་ལ་སོགས་པའི་ལམ་བསྒོམས་ནས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷ་ལ་སོགས་པ་རྣམས་ཀྱི་སྟོན་པ་པོར་ཡང་དག་པར་གྱུར་པ། གང་གིས་བཀའ་ཡིས་ཁྱོད་རྒྱ་ཆེར་འགེལ་བྱེད་པའི་ཕྱིར་དུ་འབད་པ་འདི་སུ་ཞིག་ཡིན་ཞེ་ན། གསུངས་པ། གང་ཞིག་ཅེས་པ་ལ་སོགས་ཏེ། གང་བཅོམ་ལྡན་འདས་དཔལ་ཤཱཀྱ་སེང་གེ་ཞེས་པ་ལ་ཤཱཀྱའི་རིགས་སུ་འབྱུང་བས་ན་ཤཱཀྱ་སྟེ། དེ་ཡང་འདི་ཡིན་ལ་སེང་གེ་དང་འདྲ་བས་ན་སེང་གེ་སྟེ་མི་འཇིགས་པ་ཉིད་རྒྱས་


DTG013_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཕྱིར་དང་གཞོམ་དུ་མེད་པའི་ནུས་པ་ཅན་ཡང་ངོ་ཞེས་པ་སྟེ། ཇི་སྐད་དུ་གསུངས་པ། འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བདག་ཉིད་ཀྱིས་དམ་བཅའ་བ་མཛད་པ་ལ་འདིར་འདི་ལ་ཆོས་འདི་རྣམས་ཁྱོད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་བོ་ཞེས་ལྷ་དང་བཅས་པ་བདུད་དང་བཅས་པ་ཚངས་པ་དང་བཅས་པ་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་ལྷ་དང་མི་དང་ལྷ་མ་ཡིན་གྱི་སྐྱེ་དགུ་རུ་སུ་ཞིག་གིས་ཆོས་དང་མཐུན་པར་རྒོལ་བར་བསྐྱེད་པའི་རྒྱུ་མཚན་ཡང་དག་པར་རྗེས་སུ་མ་མཐོང་སྟེ། རྒྱུ་མཚན་ཡང་དག་པར་རྗེས་སུ་མ་མཐོང་པས། དེ་བཞིན་གཤེགས་པས་བདེ་བ་ཐོབ་ཅིང་མི་འཇིགས་པ་ཐོབ་པར་གནས་ཏེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའོ། །འཁོར་གྱི་ནང་དུ་སེང་གིའི་སྒྲ་སྒྲོགས་སོ། །ཆོས་ཀྱི་འཁོར་ལོ་དགེ་སྦྱོང་ངམ་བྲམ་ཟེའམ་གཞན་སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པར་མ་བསྐོར་བ་རབ་ཏུ་བསྐོར་རོ་ཞེས་རྒྱས་པར་རོ། །དེ་ཉིད་ལས་སེང་གེ་ཉིད་ཀྱི་ཕྱིར་བདུད་དང་ཉོན་མོངས་རི་དགས་གསོད་བྱེད་རབ་གཏུམ་ཞེས་པ། བདུད་དང་ཉོན་མོངས་ཀྱང་དེ་རྣམས་ཡིན་ལ་རི་དགས་དང་འདྲ་བས་ན་རི་དགས་རྣམས་ཀྱང་ངོ་ཞེས་པའོ། །དེ་རྣམས་གསོད་པ་པོ་ཡང་འདི་ཡིན་ལ་རབ་གཏུམ་སྟེ་གཞོམ་དུ་མེད་པའི་ནུས་པ་ཅན་ཡང་ངོ་ཞེས་པའོ། །རྟག་ཏུ་དུས་ཐམས་ཅད་དུའོ། །ལྷ་དང་ལྷ་མ་ཡིན་དང་མིའི་དབང་པོས་ཡོངས་སུ་བསྐོར་ནས་དཔལ་ལྡན་འབྲས་ཕུང་གི་མཆོད་རྟེན་གྱི་ནང་འོག་དང་སྟེང་དུ་རྒྱང་གྲགས་ལྷག་པའི་དཔག་ཚད་དྲུག་ལ་གནས་པའི་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཤར་སྒོའི་མཐར་རིན་པོ་ཆེའི་སེང་གེའི་ཁྲི་ལ་བཞུགས་པའི་བཅོམ་ལྡན་འདས་ཀྱིས། མ་འོངས་པའི་དུས་སུ་སེམས་ཅན་མང་པོ་རྣམས་ཡོངས་སུ་སྨིན་པར་གཟིགས་ནས་ཉུང་ངུའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་བྱ་བའི་ཆེད་དུ་བདག་ལ་གནང་བ་མཛད་དོ། །དེའི་ཕྱིར་དེའི་སྙིང་རྗེས་རྒྱ་ཆེར་འགྲེལ་བྲིའོ་ཞེས་པ་བཅོམ་ལྡན་འདས་དེའི་འགྲོ་བ་སྟེ་སེམས་ཅན་ཐམས་ཅད་ལ་བརྩེ་བ་གང་ཡིན་པ་དེས་ཞེས་པ་འདིས་ནི་རྒྱ་ཆེར་འགྲེལ་བྱེད་པ་ལ་ཁྱད་པར་གྱི་རྒྱུ་བཤད་དོ། །འོ་ན་བཅོམ་ལྡན་འདས་ས་བཅུའི་དབང་ཕྱུག་ཉིད་ཀྱི་ཕྱིར་ཤེས་རབ་ཆུང་བ་ཡིན་པས་བཅོམ་ལྡན་འདས་ས་བཅུ་གཉིས་ཀྱི་དབང་


DTG013_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱུག་གི་དགོངས་པ་མ་ཤེས་པ་ཁོ་ནར་དེའི་བརྩེ་བ་ཙམ་གྱི་དབང་གིས་རྒྱ་ཆེར་འགྲེལ་བྱེད་པ་ལ་ཞུགས་པ་ཡིན་ན་རྒྱ་ཆེར་འགྲེལ་བྱས་ཀྱང་ཇི་ལྟར་འགྲོ་བའི་དོན་བྱེད་པར་འགྱུར་ཏེ་དེ་ལྟར་ནི་དཔེར་ན་ཤེས་རབ་ཡོངས་སུ་དམན་པ་འགའ་ཞིག་གིས་སྨན་པ་དམ་པའི་གདམས་ངག་མ་ཤེས་པར་རིམས་ལ་འོ་མའི་བཏུང་བ་རབ་ཏུ་བསྔགས་སོ་ཞེས་པ་ཐོས་ནས་བརྩེ་བ་དང་ལྡན་པས་རིམས་བཞིན་གཞོན་ནུས་མནར་པའི་རང་གི་བུ་ལ་འོ་མས་རིམས་གསོ་བར་བྱ་བར་བརྩོན་པ་ལྟ་བུ་སྟེ་འོ་མ་དེ་ཡང་རིམས་རྒན་པ་པད་ཀན་ཟད་པ་ལ་བདུད་རྩི་ལྟ་བུར་བཤད་ལ་རིམས་གཞོན་ནུ་ལ་དུག་དང་འདྲ་བའོ། །དེའི་ཕྱིར་སྙིང་བརྩེ་བ་ཙམ་གྱིས་ཕན་པ་དང་བདེ་བའི་ཆེད་དུ་ཕུན་སུམ་ཚོགས་པ་མ་ཡིན་ནོ་ཞེན་གསུངས་པ། དེའི་ཤེས་རབ་ཀྱིས་བསྐུལ་ཞེས་པ་ལ། དེའི་ཤེས་རབ་ནི་ཟབ་པ་དང་རྒྱ་ཆེ་བའི་མཚན་ཉིད་ཅན། དེ་དེས་བསྐུལ་བའོ། །འགྲོ་བ་མཐའ་དག་གི་དོན་དངོས་སུ་སྟོན་པའི་ཕྱིར་ན་སྤྲོ་བའི་བློ་གྲོས་སོ། །ཇི་ལྟར་ཁོ་བོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྟོང་པ་དང་སྙིང་རྗེ་དག་དང་བྲལ་བས་རྒྱ་ཆེར་འགྲེལ་མ་བྱས་པར་གནས་པར་སྤྲོ་བ་ཡིན། ཇི་ལྟར་མ་འོངས་པའི་དུས་སུ་སེམས་ཅན་ཐམས་ཅད་ཀྱི་སྣང་བ་བྱས་པར་འགྱུར་བ་ཡིན་ཞེས་པའོ། །དཔལ་ལྡན་དྲི་མ་དང་བྲལ་བའི་འོད་ཀྱི་རྒྱུད་ལ་འཇུག་པའི་བཤད་སྦྱར་བརྒྱ་ཕྲག་བཅུ་གསུམ་པ་མི་གཡོ་བའི་སྙིང་པོ་སྣང་བར་འཇིགས་པ་ཆེན་པོ་བཅུ་དྲུག་གིས་ཉེ་བར་འཚེ་བཞི་བར་བྱེད་པའི་ངེས་པ་སྟེ་དྲུག་པའོ།། །།

བདུན་པ། ཕྱི་དུས་ཀྱི་འཁོར་ལོར་ངེས་པ།


DTG010_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ད་ནི་བཅོམ་ལྡན་རངས་དཔལ་དུས་ཀྱི་འཁོར་ལོའི་མཚན་གྱི་དོན་ཡི་གེ་རེ་རེས་གསུངས་པ། ཀཱ་ཡིག་ལས་ནི་ཞེས་པ་ལ་སོགས་པའོ། །རྒྱུ་ནི་བྱང་ཆུབ་ཀྱི་སེམས་ཏེ་ལུས་ཞེས་བཤད་པའོ། །ཞི་བ་ནི་སད་པའི་གནས་སྐབས་ཟད་པས་རྣམ་པར་རྟོག་པ་དང་བྲལ་བ་སྟེ་དཔྲལ་བར་ལུས་ཀྱི་ཐིག་ལེ་འགོག་པ་ལས་སྤྲུལ་པའི་སྐུའོ། །དེ་ལྟར་གྱུར་པ་ན་རྨི་ལམ་གྱི་གནས་སྐབས་ཟད་པའི་བདག་ཉིད་ནི་སྲོག་ཐིམ་པ་སྟེ་ངག་གི་ཐིག་ལེ་འགོག་པ་ལས་མགྲིན་པར་ལོངས་སྤྱོད་རྫོགས་པའི་སྐུའོ། །སད་པ་དང་རྨི་ལམ་གྱི་གནས་སྐབས་སུ་སྒྲ་ལ་སོགས་པའི་ཡུལ་རྣམས་རྣམ་པར་སྤྱོད་པ་ནི་གཡོ་བ་སྟེ་འཕོ་བའི་ཆོས་ཅན་མུན་པས་ཟིལ་གྱིས་གནོན་པའི་སེམས་ཁམས་བཅོ་བརྒྱད་ཀྱི་རྣམ་


DTG013_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་འགྱུར་བ་དང་ལྡན་པའོ། །དེ་བཅིངས་པ་ནི་མུན་པ་དང་བྲལ་བ་ཤིན་ཏུ་གཉིད་ལོག་པ་སད་པ་སྟེ་སེམས་ཀྱི་ཐིག་ལེ་འགོག་པ་ལས་སྙིང་གར་ཆོས་ཀྱི་སྐུའོ། །འདི་ཅི་ལས་ཤེ་ན་གསུངས་པ། ཀྲ་ཡིག་ལས་ཞེས་པ་སྟེ་རིམ་པ་ནི་ལུས་ལ་སོགས་པའི་ཐིག་ལེ་རྣམས་འཕོ་བ་ཡིན་ལ་དེ་བཅིངས་པ་ནི་ལྷན་ཅིག་སྐྱེས་པའི་བདེ་བས་ཏེ་བཞི་པའི་གནས་སྐབས་ཟད་པ་གཡོ་བའི་བགྲོད་པ་ཅན་ཡེ་ཤེས་ཀྱི་ཐིག་ལེ་འགོག་པ་སྟེ་ལྟེ་བར་ལྷན་ཅིག་སྐྱེས་པའི་སྐུའོ་ཞེས་སྐུ་བཞིའི་བདག་ཉིད་དོ། །བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དེ་ཁོ་ན་ཤེས་པ་དང་ཤེས་བྱའི་འབྲལ་པས་བརྗོད་དེ། ཇི་སྐད་དུ་འགྱུར་མེད་བདེ་བ་ཡེ་ཤེས་སྒྲིབ་པ་ཐམས་ཅད་ཟད་པའི་རྒྱུར་གྱུར་པ་ནི་དུས་ཞེས་བརྗོད་དེ། ཐབས་དང་སྙིང་རྗེའི་བདག་ཉིད་མངོན་པར་ཤེས་པ་དྲུག་གི་བདག་ཉིད་དོ། །ཤས་བྱའི་རྣམ་པར་འགྲོ་བ་འཁོར་ལོ། །ཤེས་བྱ་ཁམས་གསུམ་པ་མཐའ་ཡས་པའི་མཚན་ཉིད་ནི་འཁོར་ལོ་སྟེ། དེ་ཉིད་ཤེས་རབ་སྟོང་ཉིད་རྣམ་པ་ཐམས་ཅད་པའི་བདག་ཉིད་དོ། །འདི་དག་གཅིག་པ་ཉིད་ནི་དུས་ཀྱི་འཁོར་ལོ་ཞེས་བཤད་དོ། །རྒྱུད་ཀྱི་རྒྱལ་པོར་ཡང༌། མཐའ་ཡས་སངས་རྒྱས་ཞིང་རྣམས་དང་ནི་དཔག་མེད་ཡོན་ཏན་རྣམས་དང་ནམ་མཁའ་ལ་སོགས་ཁམས་རྣམས་དང། །གནས་དང་སྐྱེ་དང་ཉམས་དང་རྣམ་གསུམ་ཞེས་པའི་སྲིད་པ་དང་ནི་འགྲོ་བ་དྲུག་ཏུ་སེམས་ཅན་ཀུན། །སངས་རྒྱས་ཁྲོ་བོ་ལྷ་ཚོགས་རྣམས་དང་སྙིང་རྗེའི་ཐུགས་ལྡན་བྱང་ཆུབ་སེམས་དཔའ་བཙུན་མོར་བཅས་རྣམས་ཏེ། །འདི་རྣམས་སྲིད་པ་གསུམ་པོ་རྣམས་ཀྱིས་ཕྱག་བྱས་རྒྱལ་བ་བདེ་འབྱུང་གཅིག་པོའི་འཁོར་ལོ་གཅིག་ཡིན་ནོ། །ཞེས་སོ། །སྙིང་པོའི་དོན་འདི་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བའི་འབྲེལ་བ་མེད་པར་གསལ་བར་འགྱུར་བམ་ཡིན་ནོ་ཞེས་གསུངས་པ་འདི་ཞེས་པ་ལ་སོགས་པའོ། །འདིའི་ཞེས་པ་ཡི་གེ་སོ་སོས་བཤད་པའི་དུས་ཀྱི་འཁོར་ལོ་འདི་དང་སླར་ཡང་འདིའི་ཞེས་པ་བཤད་མ་ཐག་པའི་རྡོ་རྗེའི་རྣལ་འབྱོར་གྱིའོ། །བདེན་པ་གཉིས་ལ་གནས་པའི་ཞེས་པ། ཀུན་རྫོབ་ཀྱི་བདེན་པ་ལ་གཙུག་ཏོར་ལ་སོགས་པའི་འཁོར་ལོ་དྲུག་པོ་ཁམས་དྲུག་གི་རྡོ་རྗེ་བཙུན་མའི་བྷ་གའི་ངོ་བོ་རྣམས་སུ་བདེ་བ་ཆེན་པོའི་ངོ་བོ་ཉེད་ཀྱིས་གནས་པ་


DTG013_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་ཀྱི་ཕྱིར་རོ། །དོན་དམ་པའི་བདེན་པ་ལ་ནི་སླར་ཡང་གཉིས་སུ་མེད་པའི་ཆོས་ཀྱི་ཁམས་ཀྱི་རྣམ་པར་འགྱུར་བ་དང་བྲལ་བས་སོ། །ཐམས་ཅད་དུ་ཞེས་པ་ཐམས་ཅད་དུ་བཅོམ་ལྡན་འདས་གནས་པ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ། ཡེ་ཤེས་ཀྱི་ལེའུར་གསུངས་པ། དུས་དང་སྣ་ཚོགས་ལ་སོགས་རྡོ་རྗེ་སྐྱེས་བུ་དཔེ་ཟླ་མེད་པ་ཐམས་ཅད་དུ་འགྲོ་སྤྲོས་པ་མེད། །གཟུགས་གཅིག་ཏུ་གནས་རྣ་བ་དང་ནི་སྣ་དང་ཁ་དང་མིག་སྟེ་ཐམས་ཅད་ནས་ནི་ཕྱག་དང་ཞབས། །འབྱུང་བའི་མཐའ་སྟེ་འབྱུང་པོའི་མགོན་པོ་སྲིད་པ་གསུམ་པོ་མཆོག་འཛིན་རྒྱུད་རྣམས་ཀྱི་ནི་རྒྱུར་གྱུར་པ། །རིག་པ་ལ་སོགས་རྣལ་འབྱོར་གྱིས་ནི་རྟོགས་བྱ་མཆོག་བདེའི་གོ་འཕང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །ཞེས་སོ། །ཀྱེའི་རྡོ་རྗེར་ཡང༌། །ང་ལས་འགྲོ་བ་ཐམས་ཅད་འབྱུང༌། །ང་ལས་སྲིད་པ་གསུམ་ཡང་འབྱུང༌། །པ་ཡིས་འདི་དག་ཐམས་ཅད་ཁྱབ། །འགྲོ་བའི་རང་བཞིན་ངེས་མ་མཐོང༌། །ཞེས་སོ། །བདེ་མཆོག་ལ་སོགས་པར་ཡང༌། ཀུན་ནས་ཕྱག་དང་ཞབས་ཀྱི་མཐའ། །ཀུན་ནས་མིག་དང་དབུ་དང་ཞལ། །ཀུན་ནས་ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་ཁྱབ་པར་བྱས་ཏེ་གནས། །ཞེས་སོ། །རྣམ་པ་དེ་ལྟ་བུའི་བརྗོད་པར་བྱ་བ་ཚིག་གིས་རྟོགས་པར་བྱ་བའི་མངོན་པར་རྗོད་པར་བྱེད་པ་ཉུང་དུའི་རྒྱུད་ཀྱི་རྒྱལ་པོར་ནི་རྗོད་བྱེད་དུ་འགྱུར་རོ་ཞེས་པ་མངོན་པར་རྗོད་པར་བྱེད་པ་དང་མངོན་པར་བརྗོད་པར་བྱ་བ་ངག་གི་བརྗོད་བྱ་དང་རྗོད་བྱེད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་བཤད་པར་འགྱུར་རོ་ཞེས་པའོ། །བརྗོད་བྱ་དང་རྗོད་བྱེད་ཀྱི་འབྲེལ་པ་འདི་ཁོ་ན་བདེ་བླག་ཏུ་རྟོགས་པའི་ཆེད་དུ་རྒྱ་ཆེར་འགྲེལ་གྱི་དགོངས་པ་སངས་རྒྱས་ཀྱིས་ལུང་བསྟན་པ་སྔོན་མ་ཅན་གསུངས་པ། འདིར་ཞེས་པ་ལ་སོགས་པའོ། །འདིར་ཏེ་དུས་ཀྱི་འཁོར་ལོ་མངོན་པར་བརྗོད་པར་རོ། །རྒྱུད་ཅེས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་བརྟེན་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་འདིས་རྒྱུད་དུ་བྱ་ཞིང་བྱེ་བྲག་ཏུ་རྟོགས་པར་བྱེད་པས་ནི་རྒྱུད་དེ་གཞུང་བསྒྲིགས་པར་བརྗོད་པར་བྱའོ། །དེ་བཞིན་གཤེགས་པས་ལུང་བསྟན་པ། །འཇིག་རྟེན་མགོན་པོ་བདག་གིས་ནི། །ཞེས་པ། རྒྱས་འགྲེལ་བྱེད་པ་པད་དཀར་འཛིན། །ཞེས་པའི་གསུང་ལས་སངས་


DTG013_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱས་ཀྱི་བཀའ་སྟེ་ངེས་སོ། །ཝེ་གསལ་བར་རོ། །འཇམ་དཔལ་གྱིས་བསྐུལ་བ་ཉིད་ཀྱིས་ཏེ་འཇམ་དཔལ་གྱིས་སྤྲུལ་པའི་སྐུ་མིའི་དབང་པོ་གྲགས་པས་སོ། །ཇི་སྐད་དུ་གསུངས་པ། སངས་རྒྱས་ཀྱི་ནི་གསུང་ལས་དུས་ཀྱི་འཁོར་ལོ་བདག་གིས་ཀྱང་ནི་ཕྲེང་འཛིན་སྡེབ་སྦྱོར་བཅིངས་པས་བརྗོད། །པདྨ་དཀར་པོ་རྡོ་རྗེ་འཛིན་པ་ཁྱོད་ཀྱིས་འདི་ནི་སྔགས་པ་རྣམས་ལ་བསྟན་པ་ཉིད་དུ་མཛོད། །ཅེས་པ་འདིའི་ཕྱིར་བདག་གིས་རྒྱས་འགྲེལ་བྲི་བར་བྱ། །གསང་བ་གསལ་བྱེད་པ་གསང་བ་སྤ་བར་བྱ་བའི་དོན་རབ་ཏུ་གསལ་བར་བྱེད་དོ་ཞེས་པའོ། །གང་དུ་ཞེ་ན་རྒྱུད་དུ་སྟེ། ཉུང་དུའི་དུས་ཀྱི་འཁོར་ལོར་རོ། །འོ་ན་རྒྱུད་ཀྱི་རྒྱལ་པོར་འདི་ནི་རྡོ་རྗེའི་གནས་རབ་ཏུ་གསལ་བ་མ་ཡིན་ནམ། ཇི་ལྟར་སྦས་པ་སྲིད་ཅེ་ན། བདེན་མོད་ཡུལ་མང་པོ་ཉིད་ཀྱི་ཕྱིར་རྒྱུད་ཀྱི་རྒྱལ་པོ་འདི་གསལ་བོར་བརྗོད་པ་ཡིན་ཡང༌། འཇིག་རྟེན་ལས་འདས་པའི་དོན་ནི་བྱིས་པའི་མཁས་པ་བདེན་པ་མ་མཐོང་བ་རྣམས་དང༌། རྨོངས་པ་བསྟན་བཅོས་ལ་གོམས་པ་མེད་པ་རྣམས་ཀྱིས་རྟོགས་པར་ནུས་པ་མ་ཡིན་ནོ་ཞེས་གསུངས་པ། བྱིས་པའི་མཁས་དང་རྨོངས་རྣམས་ལ། །ཞེས་སོ། །འཁོར་བའི་བདེ་བ་ལ་ཀུན་ནས་ཆགས་པའི་ཕྱིར་བྱིས་པའང་དེ་རྣམས་ཡིན་ལ། ཕྱི་རོལ་གྱི་བསྟན་བཅོས་ཙམ་ཡོངས་སུ་ཤེས་པའི་ཕྱིར། མཁས་པ་རྣམས་ཀྱང་ངོ་ཞེས་པའོ། །བདེན་པ་མཐོང་བའི་བྱང་ཆུབ་སེམས་དཔའ་རྣམས་ཁོ་ན་མཁས་པའོ་ཞེས་པའོ། །མ་ཡིས་བུ་ལ་ཕན་པ་བཞིན། །ཞེས་པ། དཔེར་ན་མ་ཡིས་ཕན་པ་སྟེ། གསང་ཞིང་སྦས་པའི་ནོར་གདུག་པའི་བུའི་འཇིགས་པ་ལས་ཕས་སྦས་ནས་བསྲུངས་པ། །དུས་ལ་མ་བབ་པར་ཡང་བུ་རྣམས་བདེ་བའི་དོན་དུ་རབ་ཏུ་གསལ་བར་བྱས་ནས་སྟོན་པར་བྱེད་པ་དེ་བཞིན་དུ་གདུག་པའི་སློབ་དཔོན་གྱི་འཇིགས་པ་ལས་བཅོམ་ལྡན་འདས་ཀྱིས་དགོངས་པ་དང་དགོངས་པ་མ་ཡིན་པ་དང་སྒྲ་དང་སྒྲ་མིན་དང་དྲང་བ་དང་ངེས་པའི་དོན་རྣམས་ཀྱིས་སྦས་པའི་དོན་གང་ཡིན་པ་གསང་བ་དེ་ཡང༌། དབང་པོ་ལ་རབ་ཏུ་གསལ་བར་བྱེད་པས་བྱིས་པའི་མཁས་པ་དང་རྨོངས་པ་རྣམས་ལ་ཁྱད་པར་མེད་པར་ཕན་པ་སྟེ། འགྲོ་བའི་དོན་བྱེད་པའི་བདེ་བ་ཆེན་པོའི་དོན་དུ་རབ་ཏུ་གསལ་བར་བྱེད་དོ་ཞེས་པའོ། །དེ་ལྟ་བུའི་རྒྱ་ཆེར་འགྲེལ་གྱི་དོན་དང་མཐུན་


DTG013_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་མཚན་ངེས་པར་བསྟན་པ། རྒྱུད་ལ་འཇུག་པར་ཉེ་བར་བསྡུ་བ་སྔོན་དུ་འགྲོ་བས་གསུངས་པ། ཡང་དག་ལམ་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་རྡོ་རྗེ་སེམས་དཔའི་ཞེས་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཡང་དག་ལམ། རྒྱ་ཆེར་འགྲེལ་པ་གང་གིས་རྣལ་འབྱོར་པ་རྣམས་ཀྱིས་ཐོབ་བྱེད་དེ་རབ་ཏུ་ཐོབ་པར་བྱེད་པ་དེའི་ཕྱིར་རོ། །འདིར་ཞེས་པ་རྒྱུད་ལ་འཇུག་པར་རོ། །རྒྱུད་ལ་འཇུག་པའི་ངག་ཉེ་བར་བསྡུས་ནས་དྲི་མ་མེད་པའི་འོད་ཅེས་བྱ་བའི་རྒྱ་ཆེར་འགྲེལ་འདི་ནི་མྱུར་དུ་སྟེ་མ་འགོར་བར་ཇི་ལྟར་འགྱུར་བ་དེ་ལྟར་ཡང་དག་པར་བྲི་བར་བྱའོ་ཞེས་སྦྲེལ་ལོ། །ལོག་པའི་ཤེས་པ་ལ་སོགས་པ་མུན་པའི་ཚོགས་རབ་ཏུ་འཇོམས་པར་བྱེད་པའི་ཕྱིར་ན། དྲི་མ་བློ་ངན་པའི་སྐྱོན་རྣམས་གང་གི་འོད་ལས་བྲལ་བའོ་ཞེས་པ་སྟེ། རྒྱ་ཆེར་འགྲེལ་གང་ལས་བཞི་པའི་དོན་གང་ལ་སོགས་པའི་གནས་རབ་ཏུ་གསལ་བར་བྱེད་པའི་ཕྱིར་རབ་ཏུ་གྱུར་པ་ཡང་འདི་ཡིན་ལ། འོན་ཏེ་འོད་ཟེར་ཟླ་པའི་ཆ་བཅུ་དྲུག་གི་སྒྲིབ་པ་དང་བྲལ་བ་ལས་གསལ་བར་བྱེད་པ་ཡང་ངོ་ཞེས་པས་རྒྱ་ཆེར་འགྲེལ་གང་གིས་འོད་དྲི་མ་དང་བྲལ་བ་ཡིན་པ་དེ་ནི་དེ་སྐད་ཅེས་བརྗོད་དོ། །རྒྱ་ཆེར་འགྲེལ་གྱི་དོན་དང་མཐུན་པ་བརྗོད་པར་བྱ་བ་ལ་ཟླ་བའི་ཆ་བཅུ་དྲུག་གི་སྒྲིབ་པ་དང༌། ཆོས་མི་མཐུན་པ་ཉིད་གསལ་བར་བྱེད་པའི་སྔགས་པ་སྦྱོར་བ་དེ་རྒྱུ་ཅིའི་ཕྱིར་ཞེ་ན་བདེན་ཏེ། གང་འདི་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་རྒྱལ་པོ་ཟླ་བ་བཟང་པོས་རྩ་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་སྟོང་ཕྲག་དྲུག་ཅུ་བ་དྲི་མ་དང་བྲལ་བའི་འོད་ཅེས་བྱ་བ་མཛད་པ་དེ་ཉིད། སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་སྤྲུལ་པའི་སྐུ་རྒྱལ་པོ་པདྨ་དཀར་པོས་མཚན་དེ་ཁོ་ནས་སྟོང་ཕྲག་བཅུ་གཉིས་རྣམས་ཀྱིས་ཡང་དག་པར་བསྡུས་སོ་ཞེས་པ་དེའི་ཕྱིར་ཟླ་བའི་སྦྱོར་བ་རིགས་ཏེ། ཕྱི་དང་ནང་གི་བག་ཆགས་ཀྱི་སྒྲིབ་པ་སྤོངས་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །གང་གསུང་བར་འགྱུར་བ་བཟང་པོ་ཡང་འདི་ཡིན་ལ་ཟླ་བ་ཡང་འདི་ཡིན་པས་ཟླ་བ་བཟང་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉན་པ་པོར་གྱུར་པ་རྡོ་རྗེ་ཟླ་བ་དྲི་བྲལ་འདོད་དོ་ཞེས་པའི་ཕྱིར་རྒྱ་ཆེར་འགྲེལ་ཡང་དྲི་མ་དང་བྲལ་བའི་འོད་ཅེས་བྱ་བའོ་ཞེས་གནས་སོ་ཞེས་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་ཉུང་དུའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱ་ཆེར་འགྲེལ་དྲི་མ་དང་བྲལ་བའི་འོད་དུ་བདུད་


DTG013_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་བགེགས་མཐའ་དག་ཉམས་པར་བྱེད་པ་མཆོག་ཏུ་འདོད་པའི་ལྷ་དང་དམ་པའི་ལམ་ངེས་པའི་མདོར་བསྡུས་ཆེན་པོ་དང་པོའོ་ཞེས་པའི་སྒྲ་ནི་ངག་རྫོགས་པ་ལ་བལྟ་བར་བྱའོ། །རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་འདིས་སྙིང་པོའི་དོན་ལ་མི་འཁྲུལ་པའི་ངེས་པ་བཤད་དོ། །བདུད་དང་བགེགས་ཐམས་ཅད་ཉམས་པར་བྱེད་པ་མཆོག་གི་འདོད་པའི་ལྷ་དང་དམ་པའི་ལམ་ཞེས་པས་བརྗོད་བྱ་དང་དགོས་པའི་ངེས་པ་གསུངས་སོ། །སྟོང་ཕྲག་བཅུ་གཉིས་པ་ཞེས་པ་འདིས་ཚད་ཀྱི་ངེས་པ་གསུངས་སོ། །དུས་ཀྱི་འཁོར་ལོའི་རྒྱུད་ཉུང་ངུའི་རྒྱ་ཆེར་འགྲེལ་དུ་ཞེས་པ་འདིས་ནི་འགྲེལ་པ་བཤད་པའི་ངེས་པ་མངོན་པར་གསུངས་སོ། །དྲི་མ་དང་བྲལ་བའི་འོད་ཅེས་པ་འདིས་ནི་མཚན་གྱི་ངེས་པ་བསྟན་ཏོ། །ངེས་པ་ཞེས་པ་འདིས་ནི་རྣམ་པ་གཞན་དུ་བྱ་བ་མ་ཡིན་པ་བསྟན་ཏོ། །མདོར་བསྡུས་ཆེན་པོའོ་ཞེས་པ་འདིས་ནི་ཉུང་དུའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་དུ་མིང་ངེས་པ་གསུངས་སོ་ཞེས་པའོ།། །། དཔལ་ལྡན་དྲི་མ་དང་བྲལ་བའི་འོད་ཀྱི་རྒྱུད་ལ་འཇུག་པའི་བཤད་སྦྱར་བརྒྱ་ཕྲག་བཅུ་གསུམ་པ་མི་གཡོ་བའི་སྙིང་པོ་སྣང་བར་ཕྱི་དུས་ཀྱི་འཁོར་ལོར་ངེས་པ་སྟེ་བདུན་པ་རྫོགས་སོ།། །།འདི་ནི་ཆོས་ཀྱི་རྗེ་ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱི་བཀའ་དྲིན་ལ་བརྟེན་ནས་ལེགས་པར་སྦྱར་བ་བརྡ་སྤྲོད་པའི་ཚུལ་ལ་བློའི་སྣང་བ་ཅུང་ཟད་སྐྱེས་པ་དཔང་ལོ་ཙཱ་བ་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

པདྨ་ཅན་ཞེས་བྱ་བའི་དཀའ་འགྲེལ།


DTG013_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། པདྨ་ནི་ནཱ་མ་པཉྫི་ཀ །བོད་སྐད་དུ། པདྨ་ཅན་ཞེས་བྱ་བའི་དཀའ་འགྲེལ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །རྣམ་པ་ཀུན་དུ་ཡོན་ཏན་སྐྱོན་ཀུན་དང༌། །ལྡན་པར་གྱུར་དང་རྣམ་པར་བྲལ་བ་དང༌། །ཀུན་ནས་སྲིད་པ་སྐྱོང་བར་མཛད་པ་ཡི། །གང་ཞིག་དེ་ལ་རྟག་ཏུ་ཕྱག་འཚལ་ལོ། །ཉོན་མོངས་པ་དང་བདུད་ཀྱི་རང་བཞིན་ནི། །དབང་ཕྱུག་ངག་དང་འདོད་པའི་ལྷ་ཡིན་ལ། །གང་གིས་ཞབས་གཉིས་ཀྱིས་ནི་མནན་པར་མཛད། །དཔལ་ལྡན་དུས་འཁོར་དེ་ལ་སྤྱི་བོས་འདུད། །འཇིག་རྟེན་ཐ་སྙད་བྲལ་ཞེང་རྟག་ཏུ་འབྱུང་བ་དང༌། །དབང་པོ་བྲལ་བའི་བདེ་བ་འགྱུར་བ་མེད་པ་དང༌། །དམིགས་བཅས་སྟོང་ཉིད་དང་ལྡན་དམིགས་མེད་སྙིང་རྗེའི་བདག །མཆོག་ཏུ་མི་འགྱུར་བདེ་བ་དེ་ལ་


DTG013_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱག་འཚལ་ལོ། །རྣམ་པ་དང་བཅས་རྣམ་མེད་པ། །དངོས་པོ་ཀུན་གྱི་རང་བཞིན་ཅན། །མིང་བྲལ་བདེ་བ་སྐྱེད་མཛད་མ། །སྣ་ཚོགས་ཡུམ་ལ་བདག་ཕྱག་འཚལ། །ཐོས་པའི་ཤེས་རབ་མཚོ་ལས་སྐྱེས་པར་གྱུར་པ་དང༌། །དཔལ་ལྡན་བླ་མའི་འོད་ཟེར་རྣམས་ཀྱིས་བློ་ཡི་ཁ་ཕྱིར་གྱུར། །མ་རིག་པ་ཡིས་གདུངས་པ་བསིལ་བར་བྱེད་པ་ཡི། །དཀའ་འགྲེལ་པདྨ་ཅན་ཞས་བདག་གིས་བྲི་བར་བྱ། །དེ་ཡང་རང་ཉིད་དྲན་པའི་དོན་དུ་ཡིན་གྱུར་གྱི། །གཞན་མ་རྣམས་ལ་ཕན་འདོགས་ཕྱིར་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་ནི། །གཞན་དོན་མཛད་ཀྱི་གཞན་མ་རྣམས་ཀྱིས་ནམ་ཡང་མིན། །ཐོས་པ་ཆུང་དང་བདེན་པ་མ་མཐོང་དང༌། །ཉོན་མོངས་མ་སྤངས་བློ་ནི་མ་དག་པས། །གལ་ཏེ་སྐྱོན་དང་བཅས་པར་གྱུར་ན་ཡང༌། །སྐྱེས་བུ་དམ་པས་བཟོད་པར་བཞེས་སུ་གསོལ། །གང་ཞིག་ས་བཅུའི་དབང་ཕྱུག་རྣམས་ཀྱིས་སྤྱད་གྱུར་པ། །དེ་ལ་ཕལ་བ་དག་གིས་སྤྱོད་པར་བྱེད་པ་ཡིན། །དཔེར་ན་རྒྱ་མཚོའི་ཆུ་ནི་ཆུ་སྲིན་རྣམས་ཀྱིས་འཐུང༌། །སྦལ་བ་ལ་སོགས་རྣམས་ཀྱིས་དེ་ཉིད་མི་འཐུང་ངམ། །དེ་ལ་དང་པོར་རེ་ཞིག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་རང་བཞིན་དུ་གྱུར་པའི་བསོད་ནམས་ཀྱི་ཚོགས་དང༌། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཚོགས་ཀྱིས། ཉིད་ཀྱི་དོན་ཕུན་སུམ་ཚོགས་པར་མཛད་ལ། ལས་ཀྱིས་གཞི་འཛམ་བུ་གླིང་ལ་གནས་པར་གྱུར་པའི་སེམས་ཅན་རྣམས་ལ་ཕན་འདོགས་པའི་དོན་དུ་མ་གངྷཱའི་ཡུལ་དུ་རྒྱལ་པོ་ཟས་གཙང་མའི་རིགས་ལས་སྤྲུལ་པའི་སྐུ་བཞེས་ཏེ། དེ་ནས་གཞོན་ནུ་རྩེ་བ་ལ་སོགས་པ་དང༌། ཆུ་བོ་ནི་རཉྫ་ནའི་རྩར་དཀའ་ཐུབ་ཀྱི་སྤྱོད་པ་མཛད་ལ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། དཔྱིད་ཟླ་ཐ་ཆུངས་ཀྱི་ཉ་ལ་བདུད་བཅོམ་པར་མཛད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་སུམ་དུ་མཛད་དོ། །དེ་ནས་ཡུལ་བཱ་རཱ་ཎ་སཱིར་གཤེགས་ལ་དབང་པོ་རྟུལ་པོར་གྱུར་པ་དང༌། བླ་ན་མེད་པའི་བྱང་ཆུབ་ལ་སྐལ་བ་དང་མི་ལྡན་པའི་སེམས་ཅན་རྣམས་ལ་ཐེག་པ་འོག་མ་བཀའ་སྩལ་ཏོ། །དེ་ནས་དབང་པོ་འབྲིང་པོར་གྱུར་པ་དང༌། བླ་ན་མེད་པའི་བྱང་ཆུབ་ལ་མྱུར་བར་སྣོད་དུ་


DTG013_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མི་འགྱུར་པའི་སེམས་ཅན་རྣམས་ལ་རྒྱུའི་རང་བཞིན་དུ་གྱུར་པ་ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཀའ་སྩལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་ལ་ཐུགས་དགོངས་ཇི་ལྟར་འགྱུར་ཞེ་ན། ཐེག་པ་ཆེན་པོ་ལ་བཀའ་གསང་སྔགས་མ་བསྟན་པའི་བར་དུ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྟོན་པ་དང༌། ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། གཞན་ཡང་དབང་པོ་རྣོན་པོར་གྱུར་པའི་སེམས་ཅན་རྣམས་ཀྱིས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པས་མྱུར་བར་བྱང་ཆུབ་ཐོབ་པར་འགྱུར་བར་ཐུགས་ལ་དགོངས་ནས་འཇམ་དཔལ་དང༌། ཕྱག་ན་རྡོ་རྗེ་དང༌། བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོ་ལ་སོགས་པ་དང་ལྷན་ཅིག་ཏུ་ལྷོ་ཕྱོགས་སུ་གཤེགས་པར་ཐུགས་དགོངས་མཛད་དོ། །འཕགས་པའི་ཡུལ་ནས། ལྷོ་ཕྱོགས་སུ་ཡུལ་ཤྲཱི་དྷ་ན་ཀ་ཊ་ཀ་ར་གཤེགས་ལ། དེར་ལྷ་སྟོང་དྲུག་བརྒྱ་ཉི་ཤུའི་རང་བཞིན་དུ་གྱུར་པ། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་བཞེངས་སུ་གསོལ་ལོ། །དེ་ནས་ཆུ་བོ་སི་ཏའི་བྱང་དང་གངས་རིའི་ལྷོ་ཕྱོགས་ཡུལ་ཤི་བྷ་ལ་ལ་གནས་པར་གྱུར་པའི་སེམས་ཅན་རྣམས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་སྣོད་དུ་རུང་བ་དང༌། དབང་པོ་རྣོན་པོར་གྱུར་པ་དང༌། ཐེག་པ་ཆེན་པོ་བཀའ་གསང་སྔགས་ལ་སྐལ་བ་དང་ལྡན་པར་གྱུར་པ་དང༌། རིགས་དང་གཟུགས་དང་ཐོས་པ་དང་ལང་ཚོ་དང་སྐལ་བ་དང་ལྡན་པའི་ང་རྒྱལ་ཡོངས་སུ་དོང་བ་དང༌། འཁོར་བའི་བདེ་བ་ལ་རེ་བ་ཆད་པ་དང༌། རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་བདེ་བ་འདོད་པ་དང༌། བྱ་བ་ཐམས་ཅད་པོར་ནས་བདག་ཉིད་གཅིག་པུ་བསྒོམ་པར་ནུས་པ་དང༌། སྐྱེ་བ་འདི་ཉིད་ལ་བླ་ན་མེད་པའི་བྱང་ཆུབ་འགྲུབ་བར་ནུས་པར་གཟིགས་ནས་ཡུལ་ཤཾབྷལར་གཤེགས་སོ། །དེ་ལ་དང་པོར་བགེགས་མཐར་བྱེད་ཀྱི་སྤྲུལ་པའི་སྐུ་རྒྱལ་པོ་ཉི་མ་འོད་ཅེས་བྱ་བའི་རིགས་ལས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་རྒྱལ་པོ་ཟླ་བ་བཟང་པོ་ཞེས་བྱ་བའི་སྤྲུལ་པའི་སྐུ་བཞེས་ནས། ཡུལ་ཤཾབྷལ་ལ་སོགས་པའི་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ལ་གནས་པའི་སེམས་ཅན་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ལ་ཐེག་པ་ཆེན་པོའི་བཀའ་གསང་སྔགས་བསྟན་པར་གསོལ་བ་བཏབ་པར་མཛད་དོ། །བཅོམ་


DTG013_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྡན་འདས་ཤཱཀྱ་ཐུབ་པས་ཀྱང་མཆོག་གི་དང་པོའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ངེས་པ་དང་བྲལ་བར་གྱུར་པའི་གདུལ་བྱའི་སེམས་ཅན་རྣམས་ལ་རང་གི་སེམས་ཀྱི་བསམ་པ་དང་མཐུན་པར་རྒྱུད་ཀྱི་རྒྱལ་པོ་དཔལ་མཆོག་གི་དང་པོའི་སངས་རྒྱས་རྗེས་སུ་བསྔགས་པའི་ཚིགས་སུ་བཅད་པ་སྟོང་ཕྲག་བཅུ་གཉིས་པ་གཉིས་སུ་མེད་པ། རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་པའི་མཚན་ཡང་དག་པར་བརྗོད་པས་འཁྱུད་པ། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་མངོན་དུ་གྱུར་པ། སངས་རྒྱས་ཀྱི་རིན་ཆེན་ཟ་མ་ཏོག་བ་འབྱེད་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་ལ་རྟེན་དུ་གྱུར་པ། སྐད་ཅིག་གཅིག་ལ་མངོན་པར་བྱང་ཆུབ་པ་ལ་སོགས་པ་བཞི་དང༌། སྐུའི་རྡོ་རྗེ་ལ་སོགས་པ་རྡོ་རྗེ་བཞི་དང༌། ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པ་སྐུ་བཞི་དང༌། རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་དྲུག་དང༌། མ་རིག་པ་ལ་སོགས་པ་བདེན་པ་བཅུ་གཉིས་དང༌། ལུས་ཀྱི་དགའ་བ་ལ་སོགས་པ་དེ་ཁོ་ན་ཉིད་བཅུ་དྲུག་དང༌། ཕྱི་སྟོང་པ་ཉིད་ལ་སོགས་པ་བཅུ་དྲུག་དང༌། སེམས་ཅན་ལ་དམིགས་པའི་སྙིང་རྗེ་བཅུ་དྲུག་གི་བདག་ཉིད་ཀྱི་རྟེན་རྗོད་པར་བྱེད་པ། ཆུའི་དབང་ལ་སོགས་པ་བཅུ་དང༌། བཞི་པ་སླར་ཡང་དེ་བཞིན་ཏེ། །ཞེས་བྱ་བ་ནི། དབང་བཅུ་གཅིག་གསལ་བར་མཛད་པ་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་ཕྱག་རྒྱ་གསུམ་གྱི་དངོས་གྲུབ་གསལ་བར་མཛད་པ། འཇིག་རྟེན་གྱི་ཁམས་དང༌། ནད་དང་མངོན་པར་དབང་བསྐུར་བ་དང་སྒྲུབ་པ་དང༌། ཡེ་ཤེས་ཀྱི་ལེའུ་ལྔའི་རང་བཞིན་དུ་གྱུར་པ། མི་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་སྐྱེ་བ་འདི་ཉིད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་གསལ་བར་བཀའ་སྩལ་ཏོ། །དེ་ནས་སྡུད་པ་པོ་ཉིད་མཛད་པར་བྱ་བའི་ཕྱིར་དང༌། རྒྱུད་ཀྱི་རྒྱལ་པ་ལ་ཊཱི་ཀ་མཛད་པའི་ཕྱིར་དང༌། ཡུལ་ཤམ་བྷ་ལ་ལ་སོགས་པའི་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ལ་གནས་པར་གྱུར་པའི་སེམས་ཅན་རྣམས་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་དེ་བཞིན་གཤེགས་པས་ལུང་བསྟན་ཏོ། །ཕྱི་ནས་མ་འོངས་པའི་དུས་སུ་ཚངས་པའི་དྲང་སྲོང་


DTG013_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉི་མའི་ཤིང་རྟ་ལ་སོགས་པའི་བྲམ་ཟེ་བྱེ་བ་ཕྲག་ཕྱེད་དང་བཞི་ནི། རིག་བྱེད་དང་སྒྲ་དང་བསྟན་བཅོས་ལ་སོགས་པའི་འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་མཁས་པར་གྱུར་པ། བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྱན་སྔར་འདུལ་བར་གཟིགས་ནས། སྡུད་པ་པོ་ཉིད་ཀྱིས་བསྡུས་པའི་རྒྱུད་མཛད་པའི་ཕྱིར། འཇམ་དཔལ་ལ་ལུང་བསྟན་ཏེ། ང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ལོན་ནས། ཚངས་པའི་དྲང་སྲོང་ཉི་མའི་ཤིང་རྟ་ལ་སོགས་པའི་བྲམ་ཟེ་བྱེ་བ་ཕྲག་ཕྱེད་དང་བཞི་ལ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། རྩ་བའི་རྒྱུད་ལས་ཕྱུང་ནས། མེ་ཏོག་ཕྲེང་འཛིན་གྱི་ཚིགས་སུ་བཅད་པ་སུམ་ཅུས་ལྷག་པའི་སྟོང་ཕྲག་གཅིག་གི་རང་བཞིན་དུ་གྱུར་པ། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་གྱིས་ཤིག་ཅེས་བྱ་བར་ལུང་བསྟན་ཏོ། །གཞན་ཡང་བསྡུས་པའི་རྒྱུད་ལ་འགྲེལ་བཤད་མཛད་པའི་ཕྱིར། བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོ་ལ་ལུང་བསྟན་ཏོ། །ཕྱི་ནས་བྱང་ཆུབ་སེམས་དཔའ་རྣམས་དང༌། ཁྲོ་བོའི་རྒྱལ་པོ་ལ་སོགས་པ་རྣམས་ལ། ཡུལ་ཤཾབྷལ་ལ་སོགས་པ་ལ་གནས་པར་གྱུར་པའི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་སྟོན་པ་ཉིད་ཀྱིས་ལུང་བསྟན་ཏོ། །དེ་ལྟར་དེ་བཞིན་གཤེགས་པས་གཞན་གྱི་དོན་ཕུན་སུམ་ཚོགས་པར་མཛད་ནས། སྤྲུལ་པའི་སྐུས་གང་ནས་བྱོན་པ་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུས་གཤེགས་སོ། །དེ་ནས་བགེགས་མཐར་བྱེད་ཀྱི་སྤྲུལ་པའི་སྐུ་རྒྱལ་པོ་ཉི་མའི་འོད་དང༌། ལྷ་མོ་རྣམ་པར་རྒྱལ་མའི་རིགས་ལས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་རྒྱལ་པོ་ཟླ་བ་བཟང་པོ་ཞེས་བྱ་བའི་སྤྲུལ་པའི་སྐུ་བཞེས་ནས། དེ་བཞིན་གཤེགས་པས་ལུང་བསྟན་པའི་སྟོབས་ཀྱིས་རྩ་བའི་རྒྱུད་སྡུད་པ་པོ་ཉིད་ཀྱིས་ཡུལ་ཤཾབྷལའི་སྐད་ཀྱིས་གླེགས་བམ་དུ་བྲིས་ཏེ། སྟོང་ཕྲག་དྲུག་ཅུ་བ་རྒྱ་ཆེར་འགྲེལ་པ་མཛད་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་སྣོད་དུ་རུང་བའི་སེམས་ཅན་རྣམས་ལ་དེ་ཉིད་བསྟན་ཏོ། །དེ་ནས་སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ལ་རྫུ་འཕྲུལ་དང༌། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་འཁོར་ལོ་བསྟན་པར་མཛད་ནས། སྤྲུལ་པའི་


DTG013_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐུས་གང་ནས་བྱོན་པ་དེ་ཉིད་དུ། ལོངས་སྤྱོད་རྫོགས་པའི་སྐུས་གཤེགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང༌། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་མཐར་བྱེད་དང༌། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང༌། ཤེས་རབ་མཐར་བྱེད་དང༌། པདྨ་མཐར་བྱེད་དང། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་ལོ་བརྒྱའི་བར་དུ། ཡུལ་ཤཾབྷལ་ལ་གནས་པར་གྱུར་པའི་སེམས་ཅན་རྣམས་ལ་རྩ་བའི་རྒྱུད་བསྟན་པར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་སྤྲུལ་པའི་སྐུ། ལྷའི་དབང་པོའི་རིགས་དང༌། ལྷ་མོ་སྣ་ཚོགས་ཡུམ་གྱི་མངལ་ནས་བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྲུལ་པའི་སྐུ་རྒྱལ་པོ་གྲགས་པར་བཞེས་ཏེ། རིན་པོ་ཆེ་ཆེན་པོའི་སེང་གེའི་ཁྲི་ལ་བཞུགས་ནས། རྩ་བའི་རྒྱུད་བསྟན་པར་མཛད་དོ། །དེ་ནས་ཉི་མའི་ཤིང་རྟ་ལ་སོགས་པ་བྲམ་ཟེ་བྱེ་བ་ཕྲག་ཕྱེད་དང་བཞི་ཡོངས་སུ་སྨིན་པའི་དུས་མཁྱེན་ནས། བཅོམ་ལྡན་འདས་འཇམ་དཔལ་གྱིས་དེ་རྣམས་བསྡུས་པར་མཛད་དེ། དེ་ནས་དཔྱིད་ཟླ་འབྲིང་པོའི་ཉ་ལ། ཕྱག་ན་རྡོ་རྗེས་བཞེངས་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཁང་པའི་ནང་དུ། ཉི་མའི་ཤིང་རྟ་ལ་སོགས་པ་རྣམས་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་ནས། རྩ་བའི་རྒྱུད་ལས་ཕྱུང་ནས་སྡུད་པ་པོ་ཉིད་ཀྱིས། ལེའུ་ལྔའི་རང་བཞིན་དུ་གྱུར་པས་མེ་ཏོག་ཕྲེང་འཛིན་གྱི་ཚིགས་སུ་བཅད་པ་སུམ་ཅུས་ལྷག་པའི་སྟོང་ཕྲག་གཅིག་གི་རང་བཞིན་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོས་ཀྱང༌། བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྲུལ་པའི་སྐུ་རྒྱལ་པོ་གྲགས་པ་དང༌། ལྷ་མོ་སྒྲོལ་མའི་རིགས་ལས་སྤྲུལ་པའི་སྐུ་པདྨ་དཀར་པོ་ཞེས་བྱ་བར་བཞེས་སོ། །དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གྱིས་བསྡུས་པའི་རྒྱུད་གླེགས་བམ་དུ་བྲི་བ་དང༌། འགྲེལ་པ་མཛད་པར་བཀའ་སྩལ་ནས། འཇིག་རྟེན་གྱི་ཁམས་གཞན་དུ་གཤེགས་སོ། །བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོས་ཀྱང་དེ་བཞིན་གཤེགས་པས་ལུང་བསྟན་པའི་སྟོབས་དང༌། འཇམ་དཔལ་གྱིས་བསྐུལ་བའི་སྟོབས་ཀྱིས། རྩ་བའི་རྒྱུད་ལ་རྗེས་སུ་འབྲངས་པ་སྟོང་ཕྲག་བཅུ་


DTG013_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བའི་འགྲེལ་བཤད། མཚན་ཡང་དག་པར་བརྗོད་པ་དཔང་པོར་མཛད་ནས་བཀའ་སྩལ་ཏོ། །དེ་ལ་ཉིད་ཀྱི་དོན་ཕུན་སུམ་ཚོགས་པ་དང༌། གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཕྱིར་འཇིག་རྟེན་མགོན་པོས་ཉིད་ཀྱི་ཐུགས་དམ་ལ་ཕྱག་འཚལ་བར་མཛད་དོ། གཞན་ཡང་བཅོམ་ལྡན་འདས་ཀྱིས་བཀའ་ལུང་ཐོག་མར་དགེ་བ། བར་དུ་དགེ་བ་ཐ་མར་དགེ་བ་ཇི་ལྟ་བ་དེ་བཞིན་དུ་ཆོས་དེ་དང་མཐུན་པའི་ཕྱིར། ཕྱག་འཚལ་བར་མཛད་དེ། སྟོང་ཉིད་དང་ནི་སྙིང་རྗེའི་བདག །སྲིད་གསུམ་སྐྱེ་འཇིག་མི་མངའ་ཞིང༌། །ཤེས་དང་ཤེས་བྱ་གཅིག་བའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཞེས་བྱའོ། །གང་ལ་ཕྱག་འཚལ་ཞེ་ན། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ཞེས་བྱ་བ་ལ། དཔལ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ། དེ་གང་ལ་ཡོད་པ་དེ་དཔལ་དང་ལྡན་པའོ། །དུས་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཟླ་བ་དང་ཉི་མའི་བདག་ཉིད་དུ་གྱུར་པའོ། །འཁོར་ལོ་ཞེས་བྱ་བ་ནི་ལོ་དང་ཟླ་བ་དང་ཕྱོགས་དང་ཉིན་མཚན་དང་ཆུ་ཚོད་དང་ཆུ་སྲང་དང་དབུགས་རྣམས་སོ། །ནང་དུ་དུས་ནི་གཡས་དང་གཡོན་པར་ཆུ་སྲིན་ལ་སོགས་པ་དང༌། ཁྱུ་མཆོག་ལ་སོགས་པའི་འཕོ་བ་བཅུ་གཉིས་ཏེ། འཁོར་ལོ་ནི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །དུས་དེ་གང་གིས་སྒྲིབ་པ་མེད་པའི་རང་བཞིན་དུ་མཛད་པ་དེ་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱའོ། །གཞན་ཡང་དུས་ནི་སྒྲིབ་པ་ཐམས་ཅད་ཟད་པར་བྱེད་པའི་རྒྱུར་གྱུར་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཡིན་ལ་ཐབས་སོ། །འཁོར་ལོ་ནི་ཡིད་ཀྱི་ནང་དུ་གནས་པར་འགྱུར་བའི་ཁམས་གསུམ་པོ་ཤེས་བྱ་ཡིན་ལ་ཤེས་རབ་སྟེ། འདི་དག་གཅིག་པ་ཉིད་ནི་དུས་ཀྱི་འཁོར་ལོའོ། །གཞན་ཡང་རྒྱུ་དང་བྲལ་བ་དང༌། ཐིམ་པར་གྱུར་པ་དང༌། གཡོ་བར་སེམས་གང་གིས་རིམ་པས་བཅིངས་པ་དེ་དུས་ཀྱི་འཁོར་ལོ་ཞེས་བྱ་པའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཅེས་བྱ་བ་ལ་ཉམས་སུ་མྱོང་བའི་བདག་ཉིད་དུ་གྱུར་པའི་སྟོང་པ་ཉིད་ཀྱི་བདག་ཉིད་ཡིན་གྱི། བེམས་པོའི་རང་བཞིན་དུ་གྱུར་པ་ནི་མ་ཡིན་ནོ། །ཉམས་སུ་མྱོང་བ་ལ་ཡང་རྣམ་པ་གསུམ་སྟེ། ཐོག་མར་ཉམས་སུ་མྱོང་བ་དང༌། བར་


DTG013_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་ཉམས་སུ་མྱོང་བ་དང༌། ཐ་མར་ཉམས་སུ་མྱོང་བའོ། །དུ་བ་ལ་སོགས་པའི་ལམ་གྱི་གཟུགས་སྣ་ཚོགས་རྫོགས་ལ། མི་འགྱུར་བའི་སྐད་ཅིག་ཐོབ་པ་ནི་ཐོག་མར་ཉམས་སུ་མྱོང་བའོ། །མཆོག་ཏུ་མི་འགྱུར་བའི་སྐད་ཅིག་སྟོང་བརྒྱད་བརྒྱས་ས་དང་པོ་ཐོབ་པ་དང༌། མངོན་པར། ཤེས་པ་ལྔ་དང༌། འཇིག་རྟེན་གྱི་དངོས་གྲུབ་ཐམས་ཅད་ཐོབ་པ་ནི་བར་དུ་ཉམས་སུ་མྱོང་བའོ། །མཆོག་ཏུ་མི་འགྱུར་བའི་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱས་ས་བཅུ་གཉིས་ཐོབ་པ་དང༌། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྡོ་རྗེ་སེམས་དཔའ་ཉིད་ནི་ཐ་མར་ཉམས་སུ་མྱོང་བའོ། །སྙིང་རྗེ་ཞེས་བྱ་བ་ལ་དམིགས་པ་མེད་པའི་སྙིང་རྗེ་སྟེ། རང་རིག་པ་ཡིན་ཡང་རྟོག་པ་ལས་འདས་པར་གྱུར་པ་ཡིན་གྱི། རྟོག་པའི་རང་བཞིན་ནི་མ་ཡིན་ནོ། །དེ་དག་གི་རང་བཞིན་ནི་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཅེས་བྱ་བའོ། །དེ་ལྟ་བུ་གང་ཡིན་པ་དེ་ལ་འཁོར་བའི་རང་བཞིན་མ་ཡིན་ནམ་ཞེ་ན། སྲིད་གསུམ་སྐྱེ་འཇིག་མི་མངའ་བ། །ཞེས་བྱ་བ་ལ། སྐྱེ་བ་དང་རྒ་བ་དང་འཆི་བ་ལ་སོགས་པ་གང་དུ་སྲིད་པ་ཡོད་པར་གྱུར་པ་དེ་འདོད་པ་དང༌། གཟུགས་དང་གཟུགས་མེད་པས་སྲིད་པ་གསུམ་སྟེ། དེ་ལ་སྐྱེ་བ་དང་འཇིག་པ་ཡོད་པ་ཇི་ལྟ་བ་དེ་བཞིན་དུ། གང་ལ་མེད་པར་གྱུར་པ་དེ་སྲིད་གསུམ་སྐྱེ་འཇིག་མི་མངའ་བ་ཞེས་བྱ་བ་སྟེ། འཁོར་བའི་ཕ་རོལ་མ་ཐར་སོན་པ། །ཞེས་བྱ་བའི་དོན་ཏོ། །གཞན་ཡང༌། ཤེས་དང་ཤེས་བྱ་གཅིག་པའི་སྐུ། །ཞེས་བྱ་བ་ལ། ཤེས་དང་ཞེས་བྱ་བ་ནི་རང་རིག་པའི་རང་བཞིན་དུ་གྱུར་པའི་འཛིན་པའི་སེམས་ཏེ། ཤེས་བྱ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་རང་བཞིན་དུ་གྱུར་པ་གཟུང་བའི་སེམས་ཏེ་དེ་དག་རོ་མཉམ་པ་ཉིད་ཀྱི་རང་བཞིན་དུ་གྱུར་པས་ན། ཤེས་དང་ཤེས་བྱ་བ་གཅིག་པའི་སྐུ། །ཞེས་བྱའོ། །དེ་ལྟར་དོན་དམ་པའི་བདེན་པས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་བར་མཛད་ནས། བཅོམ་ལྡན་འདས་མཆོག་གི་དང་པོའི་སངས་རྒྱས་ལ་ཕྱག་འཚལ་བར་མཛད་དེ། རྣམ་བཅས་དང་ནི་རྣམ་མེད་བཅོམ་ལྡན་འདས་མ་ཤེས་རབ་མ་དེས་འཁྱུད། །སྐྱེ་འཇིག་སྤངས་ཤིང་མི་འགྱུར་བདེ་བ་བཞད་སོགས་བདེ་བ་སྤངས་མཛད་ཅིང༌། །སངས་རྒྱས་རྣམས་ཀྱི་སྐྱེད་མཛད་སྐུ་གསུམ་བཅས་ཤིང་དུས་གསུམ་ཡང་དག་


DTG013_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིག་དཀུན་མཁྱེན་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་གཉིས་མེད་དེ་ལ་འདུད། །ཅེས་བྱ་བ་ལ། ཚངས་པ་ལ་སོགས་པ་དང༌། ཉན་ཐོས་ལ་སོགས་པ་དང༌། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལས་ཁྱད་པར་དུ་གྱུར་པས་ན་མཆོག་ཅེས་བྱ་བའོ། །ཐོག་མ་མེད་པའི་འཁོར་བ་ནས་སྔོན་དུ་སྐྱེས་པས་ན་དང་པོ་ཞེས་བྱ་བའོ། །དངོས་པོ་ཐམས་ཅད་ཀྱི་རང་བཞིན་མཁྱེན་པས་ན་སངས་རྒྱས་ཞེས་བྱ་བའོ། །ཉོན་མོངས་པ་ལ་སོགས་པའི་བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་ཡིན་ལ། ཡང་ན་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །གཟུང་བ་དང་འཛིན་པ་དང༌། འཁོར་བ་དང་མྱ་ངན་ལས་འདས་པ་དང༌། ཐབས་དང་ཤེས་རབ་དང༌། ཡོད་པ་དང་མེད་པ་གཉིས་ཀའི་རང་བཞིན་དུ་གྱུར་པས་ན་གཉིས་སུ་མེད་པའོ། །གཞན་ཡང་རྣམ་བཅས་དང་ནེ་རྣམ་མེད་བཅོམ་ལྡན་འདས་མ་ཤེས་རབ་མ་དེས་འཁྱུད། །ཅེས་བྱ་བ་ལ། གདུལ་བྱའི་སེམས་ཅན་རྣམས་ལ་དོན་མཛད་པ་དང༌། ཡོན་ཏན་ཐམས་ཅད་དང་ལྡན་པར་གྱུར་པས་ན་རྣམ་པ་དང་བཅས་པའོ། །ཆོས་ཉིད་ཀྱི་ངོ་བོས་གནས་པར་གྱུར་པས་ན་རྣམ་པ་མེད་པའོ། །དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་ཤེས་པར་མཛད་པས་ནི། བཅོམ་ལྡན་འདས་མ་ཤེས་རབ་མ་ངེས་འཁྱུད་པའོ་ཞེས་བྱ་བ་ནི་ཟླ་བ་དང་ཟླ་བའི་འོད་ཟེར་བཞིན་དུ་ཞེས་པའི་དོན་ཏོ། །དེ་གང་ཡིན་ཞེ་ན། མི་འགྱུར་བདེ་བ་ཞེས་བྱ་བ་ལ། འཁོར་བ་པ་རྣམས་ཀྱི་བདེ་བ་འགྱུར་བར་གྱུར་པ་ཇི་ལྟ་བ་དེ་བཞིན་དུ་གང་ལ་འགྱུར་བ་མེད་པར་གྱུར་པ་དེ་མི་འགྱུར་བའི་བདེ་བ་སྟེ། རྒྱུན་མི་འཆད་པར་འཇུག་པར་གྱུར་པ་དང༌། དངོས་པོ་ཐམས་ཅད་ཁྱབ་པར་མཛད་པ་ནམ་མཁའ་དང་འདྲ་བར་གྱུར་པ་ཞེས་བྱ་བའི་དོན་ཏོ། །འཁོར་བའི་བདེ་བ་རྒྱུ་ལས་སྐྱེས་པ་ཇི་ལྟར་བ་དེ་བཞིན་དུ་དེ་ཡང་ཡིན་ནམ་ཞེ་ན། བཞད་སོགས་བདེ་བ་སྤངས་མཛད་ཅིང༌། །ཞེས་བྱ་བ་ནི། བཞད་པ་དང་ལྟ་བ་དང་ལག་པ་བཅངས་པ་དང་གཉིས་གཉིས་འཁྱུད་པ་ལས་འདས་པར་གྱུར་པའོ། །དེས་ཅི་མཛད་ཅེ་ན། སངས་རྒྱས་རྣམས་ཀྱི་སྐྱེད་མཛད་ཅེས་བྱ་བ་ལ། སངས་རྒྱས་རྣམས་ཞེས་བྱ་བ་ནི། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་དང༌། །སྒྲིབ་པ་


DTG013_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེད་པས་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་ཡིན་ལ། དེ་རྣམས་སྐྱེད་པར་མཛད་པས་ན་སངས་རྒྱས་རྣམས་ཀྱི་སྐྱེད་མཛད་པའོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། སྐུ་གསུམ་དང་བཅས་ཞེས་བྱ་བ་ལ། ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་དང་ལྡན་པ་སྟེ། ལྷན་ཅིག་སྐྱེས་པའི་སྐུ་ཞེས་བྱ་བའི་དོན་ཏོ། །དེ་ཤེས་པའི་རང་བཞིན་ཡིན་ནམ་མི་ཤེས་པའི་རང་བཞིན་ཡིན་ཞེ་ན། དུས་གསུམ་ཡང་དག་རིག་ཅེས་བྱ་བ་ལ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་གསུམ་པོ་ནི་རང་བཞིན་མེད་པར་མཁྱེན་པས་དུས་གསུམ་ཡང་དག་རིག་ཅེས་བྱ་བ་སྟེ། ཤེས་པ་པོའི་རང་བཞིན་གྱིས། ཤིན་ཏུ་གཉིད་ལོག་པའི་རང་བཞིན་ལྟ་བུ་ནི་མ་ཡིན་ནོ། །ཉི་ཚོ་བ་ཡིན་ནམ་ཞེ་ན། ཀུན་མཁྱེན་ཞེས་བྱ་བ་གསུངས་ཏེ། ཀུན་མཁྱེན་ཞེས་བྱ་བ་ནི། བརྟན་པ་དང་གཡོ་བའི་དངོས་པོ་རྣམས་ཏེ། དེ་རྣམས་ཇི་ལྟ་བ་སྐྱེས་པ་དང་འཇིག་པར་གྱུར་པ་མཁྱེན་པས་ན་ཀུན་མཁྱེན་ཞེས་བྱའོ། །དེ་ལྟར་བརྗོད་པར་གྱུར་པའི་ཡོན་ཏན་རྣམས་དང་ལྡན་པའི་བཅོམ་ལྡན་འདས་མཆོག་གི་དང་པོའི་སངས་རྒྱས་ལ་ཕྱག་འཚལ་བར་མཛད་ནས། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་བྱ་བའི་སྒོ་ནས། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་བར་མཛད་དེ། སངས་རྒྱས་སེང་གེའི་ཁྲིར་བཞུགས་སྲིད་གསུམ་གྱིས་མཆོད་རྡོ་རྗེ་རྣལ་འབྱོར་རྣམ་དག་པ། །དེ་ཉིད་སྐུ་ཡིད་བྱེད་བས་རྣམ་པ་བཅུ་དྲུག་གཅིག་ཡིན་སྲིད་མེད་སྲིད་པར་གཤེགས། །ཤེས་དང་ཤེས་བྱ་གཅིག་གྱུར་རྒྱལ་བ་མཆོག་གི་དམ་ཚིག་རྣམ་བཅུ་གཉིས་ལུས་ཀྱིས། །བདེན་དོན་བྱང་ཆུབ་སེམས་ལ་རྒྱལ་བའི་རྡོ་རྗེའི་ཚིག་སྟེ་དུས་ཀྱི་འཁོར་ལོར་འདུད། །ཅེས་བྱ་བ་ལ། དུས་ཀྱི་འཁོར་ལོ་ཞེས་བྱ་བ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེ། དེ་ལ་ཕྱག་འཚལ་བར་མཛད་དེ། དེ་ཇི་ལྟ་བུ་ཡིན་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ། འཕོ་བའི་བདག་ཉིད་དུ་གྱུར་པའི་གཉིད་ལས་སངས་རྒྱས་པར་གྱུར་པ་དང༌། མི་འཕོ་བའི་རང་བཞིན་དུ་གྱུར་པ་ཐོབ་པས་ན་སངས་རྒྱས་ཞེས་བྱའོ། །དེ་གང་དུ་བཞུགས་ཤེ་ན། སེང་གེའི་ཁྲིར་བཞུགས་ཞེས་བྱ་བ་ལ། སེང་གེས་རི་དགས་ལ་སོགས་


DTG013_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་གསོད་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ། སྟོང་པ་ཉིད་ཀྱིས་འཇིག་རྟེན་གྱི་ཕུང་པོ་ལ་སོགས་པ་སྒྲིབ་པ་མེད་པའི་རང་བཞིན་དུ་མཛད་དེ། དེ་བས་ན་སེང་གེའི་སྒྲས་སྟོང་པ་ཉིད་དུ་བརྗོད་དོ། ཁྲི་ཞེས་བྱ་བ་ནི་གཟུགས་སྣ་ཚོགས་ཡིན་ལ། དུས་ཐམས་ཅད་དུ་དེ་ལ་བརྟེན་པར་མཛད་པས་ན་སེང་གེའི་ཁྲིར་བཞུགས་ཞེས་བྱའོ། །འཁོར་བ་པ་དང་འདྲ་བ་མ་ཡིན་ནམ་ཞེ་ན། སྲིད་པ་གསུམ་གྱིས་མཆོད་ཅེས་བྱ་བར་གསུངས་སོ། །གང་ལ་མཆོད་ཅེ་ན། རྡོ་རྗེ་རྣལ་འབྱོར་ཞེས་བྱ་བ་ལ། རྡོ་རྗེ་ཞེས་བྱ་བ་ནི་སྒྲིབ་པ་མེད་པའི་སྐུ་དང་གསུང་དང༌། ཐུགས་དང་ཡེ་ཤེས་ཀྱི་རྡོ་རྗེ་སྟེ། རྣལ་འབྱོར་ཞེས་བྱ་བ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བས་རོ་མཉམ་པ་ཉིད་དུ་གྱུར་པའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། རྣམ་དག་པ་ཞེས་བྱ་བ་ལ། འཁོར་བ་པ་རྣམས་ཀྱིས་འཕོ་བའི་མཐུ་ཡིས་ལུས་དང་ངག་དང་སེམས་དང་ཡེ་ཤེས་མ་དག་པར་གྱུར་པ་ཇི་ལྟ་བ་བཞིན་དུ་མ་ཡིན་ཏེ། འཕོ་བའི་བག་ཆགས་ལས་འདས་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཇི་ལྟ་བུ་ཡིན་ཞ་ན། དེ་ཁོ་ན་ཉིད་ཅེས་བྱ་བ་ནི་འཁོར་བའི་བག་ཆགས་ཀྱིས་གཡོགས་པའི་དུས་སུ་ཇི་ལྟ་བུ་ཡིན་པ། འཁོར་བའི་བག་ཆགས་དང་བྲལ་བའི་དུས་སུ་དེ་རང་ཡིན་པས་ན་དེ་ཁོ་ན་ཉིད་ཡིན་ཞེས་བྱའོ། །དེ་ཡང་གཅིག་པུ་གཅིག་ཡིན་ན་ཡང༌། སེམས་ཅན་རྣམས་ལ་ལུས་ཀྱི་དགའ་བ་ལ་སོགས་པའི་དབྱེ་བས་རྣམ་པ་བཅུ་དྲུག་གི་རང་བཞིན་དུ་གྱུར་པ་སྟེ། དེ་བཞིན་གཤེགས་པ་རྣམས་ལ་ནི་སྤྲུལ་པའི་སྐུ་དང༌། སྤྲུལ་པའི་གསུང་ལ་སོགས་པའི་དབྱེ་བས་རྣམ་པ་བཅུ་དྲུག་ཏུ་གྱུར་པའོ། །དེ་གར་བཞུགས་ཤེ་ན། སྲིད་མེད་སྲིད་པར་གཤེགས་ཞེས་བྱ་བ་ལ། འཁོར་བ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་ཐིག་ལེ་བཞི་འཕོ་བའི་བག་ཆགས་ཀྱི་དབང་གིས་འཁོར་བ་ལ་གནས་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་།བཅུ་དྲུག་ཕྱེ་ཕྱེད་ཐིག་ལེ་འཆང༌། །ཞེས་བྱ་བ་ནི། མི་འཕོ་བའི་དབང་གིས་འཕོ་བ་མི་སྲིད་པས་སྲིད་པར་གཤེགས་སོ། །དེ་བས་ན་སེམས་ཅན་གྱི་དེ་ཁོ་ན་ཉིད་རྒྱུ་ཡིན་ལ། དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་ནི་འབྲས་བུ་ཡིན་ནོ། །རྒྱུ་གང་གི་ཕྱིར་ཞེ་ན། སྟོང་པ་ཉིད་བསྒོམས་པའི་སྟོབས་ཀྱིས་རྣལ་འབྱོར་པ་རྣམས་ལ་བཞི་པའི་གནས་སྐབས་སྐྱེད་པར་བྱེད་


DTG013_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཡེ་ཤེས་ཀྱི་ཐིག་ལེ་འགགས་ན་ལྷན་ཅིག་སྐྱེས་པའི་སྐུ་ཐོབ་སྟེ། ཤིན་ཏུ་གཉིད་ལོག་པའི་གནས་སྐབས་སྐྱེད་པར་བྱེད་པའི་སེམས་ཀྱི་ཐིག་ལེ་དང༌། རྨི་ལམ་གྱི་གནས་སྐབས་སྐྱེད་པར་བྱེད་པའི་ངག་གི་ཐིག་ལེ་དང༌། སད་པའི་གནས་སྐབས་སྐྱེད་པར་བྱེད་པའི་ལུས་ཀྱི་ཐིག་ལེ་འགགས་ན་རིམ་པ་ཇི་ལྟ་བས། ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་ཐོབ་པར་འགྱུར་པའོ། །དེ་བས་ན་སེམས་ཅན་རྣམས་ལ་འཕོ་བའི་དེ་ཁོ་ན་ཉིད་ནི་འཁོར་བ་ཡིན་གྱི་མི་འཕོ་བའི་རང་བཞིན་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ལ་མི་འཕོ་བའི་དེ་ཁོ་ན་ཉིད་ནི་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་གྱི། འཁོར་བའི་རང་བཞིན་ནི་མ་ཡིན་ནོ། །དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས་བྱང༌། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༌། །ཞེས་བྱ་བར་གསུངས་ཏེ། འཁོར་བ་པ་རྣམས་ཐིག་ལེ་བཞི་འཕོ་བའི་ཕྱིར་འཁོར་བའི་བག་ཆགས་ཀྱིས་ཟོས་བ་ཇི་ལྟ་བ་བཞིན་དུ་སངས་རྒྱས་རྣམས་ནི་མ་ཡིན་ནོ། །རྒྱུ་གང་གི་ཕྱིར་ཞེ་ན། བཅུ་དྲུག་གི་ཕྱེད་ནི་བརྒྱད་ཡིན་ལ། བརྒྱད་ཀྱི་ཕྱེད་ནི་ཐིག་ལེ་བཞི་འཛིན་པའི་ཕྱིར་རོ། །དེ་བས་ན་མཚན་ཡང་དག་པར་བརྗོད་པ་ལས། དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་བྱ་བ་གསུངས་སོ། །དེ་འཁོར་བའི་རང་བཞིན་ཡིན་ནམ། མྱ་ངན་ལས་འདས་པའི་རང་བཞིན་ཡིན་ཞེ་ན། ཤེས་དང་ཤེས་བྱ་གཅིག་གྱུར་ཞེས་བྱ་བ་ལ། མྱ་ངན་ལས་འདས་པ་གང་གིས་ཤེས་པར་བྱེད་པ་དེ་ཡེ་ཤེས་ཡིན་ལ་སྲིད་པ་སྟེ། ཤེས་བྱ་ཉིད་ཀྱི་དོན་དུ་ཕུན་སུམ་ཚོགས་པའི་རང་བཞིན་དུ་གྱུར་བ་མྱ་ངན་ལས་འདས་པའོ། །འདི་དག་གཅིག་ཏུ་གྱུར་པ་ནི། །ཤེས་དང་ཤེས་བྱ་གཅིག་ཏུ་གྱུར། །ཞེས་བྱ་བ་སྟེ། རབ་ཏུ་གྱུར་བའི་མྱ་ངན་ལས་འདས་པའི་མཚན་ཉིད་པ་ཞེས་བྱ་བའི་དོན་ཏོ། །དེ་གང་གི་སྤྱོད་ཡུལ་དུ་གྱུར་ཞེ་ན། རྒྱལ་བ་མཆོག་གིས་དམ་ཚིག་ཅེས་བྱ་བ་ལ། བདུད་དང་ཉོན་མོངས་པ་ལས་རྒྱལ་བས་རྒྱལ་བ་ཡིན་ལ། མི་བསྐྱོད་པ་ལ་སོགས་པའོ། །དེ་རྣམས་ལ་སྐྱེད་པ་པོ་ཉིད་ཀྱིས་གཙོ་བོར་གྱུར་པས་ན་མཆོག་ཅེས་བྱ་བ་སྟེ། རྡོ་རྗེ་སེམས་དཔའོ། །དེ་ལ་སྤྱོད་ཡུལ་དུ་གྱུར་པས་ན་རྒྱལ་བ་མཆོག་གི་དམ་ཚིག་ཅེས་བྱ་བ་


DTG013_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་གྱི། འཁོར་བ་པ་རྣམས་ལ་སྤྱོད་ཡུལ་དུ་གྱུར་པ་ནི་མ་ཡིན་ནོ། །གཞན་ཡང་རྣམ་པ་བཅུ་གཉིས་ལུས་ཀྱིས། བདེན་དོན་ཞེས་བྱ་བ་ལ་རྣམ་པ་བཅུ་གཉིས་ཞེས་བྱ་བ་ནི་ཆུ་སྲིན་ལ་སོགས་པ་དང༌། མ་རིག་པ་ལ་སོགས་པའི་རང་བཞིན་དུ་གྱུར་པ། གཡས་གཡོན་དུ་མཉམ་པ་དང་མི་མཉམ་པའི་འཕོ་བ་བཅུ་གཉིས་སོ། །ལུས་ཞེས་བྱ་བ་ནི་དཀྱིལ་འཁོར་དྲུག་ཅུའི་རང་བཞིན་དུ་གྱུར་པ་ཉིད་ཁྲི་ཆིག་སྟོང་དྲུག་བརྒྱའོ། །འཁོར་བ་པ་རྣམས་ལ་འཕོ་བ་བཅུ་གཉིས་ཀྱི་དབྱེ་བས་སྲོག་གི་རླུང་འབབ་པའི་ཕྱིར། བདེན་པའི་དོན་རྣམ་པ་བཅུ་གཉིས་སྒྲིབ་པ་དང་ལྡན་པའོ། །དེ་བཞིན་གཤེགས་པ་ལ་འཕོ་བ་བཅུ་གཉིས་འགོག་པར་གྱུར་པའི་ཕྱིར། སྒྲིབ་པ་མེད་པའི་ཡན་ལག་བཅུ་གཉིས་སོ། །དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་བྱ་བར་གསུངས་སོ། །དེ་གང་ཡིན་ཞེ་ན། བྱང་ཆུབ་སེམས་ཞེས་བྱ་བ་ལ། ཀུན་རྫོབ་ཏུ་སྟེང་ནས་གང་འོངས་པ་དེ་ཉིད་དོན་དམ་པར་ཡང་གཤེགས་པས་ན། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་བྱ་བ་སྟེ། ལོག་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། རྒྱལ་བའི་རྡོ་རྗེའི་ཚིག་ཅེས་བྱ་བ་ལ། རྒྱལ་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟེ། དེའི་རྡོ་རྗེའི་ཚིག་ཅེས་བྱ་བ་ནི་བསྟན་བཅོས་ཀྱི་སྒོ་དང༌། རྣམ་པར་རྟོག་པའི་སྟོབས་ཀྱིས་མི་ཕྱེད་པ་དང༌། ཕལ་པའི་སྐྱེ་བོ་རྣམས་ཀྱིས་བརྗོད་པར་མི་ནུས་ན། རྒྱལ་བའི་རྡོ་རྗེའི་ཚིག་ཅེས་བྱ་བའོ། །དེ་ལྟར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་བར་མཛད་ནས། རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་ཀྱི་དོན་དང་མཐུན་པར་གྱུར་པའི་སྐུ་བཞིའི་སྒོ་ཡིས་དང་པོའི་སངས་རྒྱས་ལ་ཕྱག་འཚལ་བར་མཛད་དེ། ཀུན་མཁྱེན་ཡེ་ཤེས་སྐུ་ལ་རྒྱལ་བའི་བདག་པོ་ལྷན་ཅིག་སྐྱེས་པའི་ཆོས་ཀྱི་སྐུ། །དེ་བཞིན་ལོངས་སྤྱོད་སྤྲུལ་པའི་སྐུ་ནི་ཉིན་བྱེད་སྐུ་སྟེ་པདྨ་འདབ་མའི་སྤྱན། །རྣམ་པར་ཐར་དང་སྲིད་མེད་སྲིད་གྱུར་སྐུ་གསུང་ཐུགས་དང་ཆགས་པས་རྣལ་འབྱོར་དག་པའོ། །གཉིས་མིན་ཤེས་རབ་ཐབས་གང་ལྷ་མི་ལྷ་མིན་གྱིས་བསྟོད་དང་པོའི་སངས་རྒྱས་དེ་


DTG013_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་འདུད། །ཅེས་བྱ་བ་ལ་ཀུན་ཞེས་བྱ་བ་ནི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བའི་ངོ་བོས་མཁྱེན་པས་ན་ཀུན་མཁྱེན་ཞེས་བྱ་བ་ཡིན་ལ། དེ་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བྱའོ། །ཡེ་ཤེས་ཀྱི་སྐུ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་རང་བཞིན་དུ་གྱུར་པ་གཟུང་བའི་སེམས་ཏེ། དེ་ཡང་ཆོས་ཀྱི་སྐུ་ཞེས་བྱ་བའོ། །དེ་བཞིན་དུ་འཕོ་བའི་ལོངས་སྤྱོད་ལས་འདས་པར་གྱུར་པ་དང༌། མཆོག་ཏུ་མི་འགྱུར་བའི་བདེ་བས་སྐྱེས་པར་གྱུར་པས་ན་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་སྟེ། དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། ཉིན་ཕྱེད་སྐུ་ཞེས་བྱ་བ་ནི་མཚན་མོའི་མུན་པ་ནི་ཉི་མའི་འོད་ཟེར་རྣམས་ཀྱིས་འཛོམས་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ། ཐོག་མ་མེད་པའི་འཁོར་བ་ན་གནས་པར་གྱུར་པའི་སེམས་ཅན་རྣམས་ལ། མ་རིག་པའི་མུན་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གིས་བཅོམ་པར་མཛད་པས་ན་ཉིན་བྱེད་དང་འདྲ་བར་གྱུར་པས་ན་ལོངས་སྤྱོད་རྫོགས་པའི་སྐུའོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པའི་ཕྱིར་རྫུ་འཕྲུལ་ལ་སོགས་པ་སྣ་ཚོགས་པ་སྤྲུལ་པར་མཛད་པས་ན་སྤྲུལ་པའི་སྐུ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པ་དང་ལྡན་པར་གྱུར་པའི་པདྨ་རྒྱས་པའི་འདབ་འདྲ་བར་གྱུར་པའི་སྤྱན་དང་ལྡན་པའོ། །དེ་ལ་དོན་ཅི་ཡིན་ཞེ་ན། འདམ་ལས་སྐྱེས་པར་གྱུར་པའི་པདྨ་འདམ་གྱི་སྐྱོན་གྱིས་གོས་པར་མི་འགྱུར་པ་ཇི་ལྟ་བ་དེ་བཞིན་དུ། རྣམ་པ་ཐམས་ཅད་དང་ལྡན་པར་གྱུར་པའི་འཁོར་བའི་ནང་དུ་ཞུགས་པར་གྱུར་ན་ཡང༌། འཁོར་བའི་བག་ཆགས་ཀྱིས་གོས་བར་མི་འགྱུར་ཞེས་བྱ་བའི་དཔེ་བསྟེན་ཏོ། །ཅིའི་ཕྱིར་འཁོར་བའི་བག་ཆགས་ཀྱིས་གོས་པར་མི་འགྱུར་ཞན། རྣམ་པར་ཐར་པ་ཞེས་བྱ་བ་འཁོར་བའི་རྒྱ་མཚོ་ལས་རྣམ་པ་ཐམས་ཅད་དུ་ཐར་པར་གྱུར་ཅིང༌། ཕ་རོལ་ཏུ་ཕྱིན་པས་ན་རྣམ་པར་ཐར་པ་ཡིན་ལ་སྟོང་པ་ཉིད་ལ་སོགས་པ་བཞི་སྟེ། དེ་རྣམས་ཀྱིས་དག་པར་འགྱུར་གྱི་ཕྱིར་གོས་པར་མི་འགྱུར་རོ། །གཞན་ཡང་སྲིད་མེད་སྲིད་གྱུར་སྐུ་གསུང་ཐུགས་དང་ཆགས་ཞེས་བྱ་བ་ལ། སྲིད་པ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་གནས་སྐབས་དེ་གང་ལས་བུང་བ་དེ་སྲིད་པ་ཡིན་ལ། སྲིད་


DTG013_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེད་ཅེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་གནས་སྐབས་དེ་རྣམས་གང་དུ་མི་འབྱུང་བ་དེ་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེའི་རང་བཞིན་དུ་གྱུར་པའི་སྐུ་དང་གསུང་དང་ཐུགས་དང་ཆགས་པ་ཞེས་བྱ་བ་ནི་ཡེ་ཤེས་ཡིན་ལ། དེ་རྣམས་ཀྱིས་དག་པར་གྱུར་པས་ན་འཁོར་བའི་བག་ཆགས་ཀྱིས་གོས་པར་མི་འགྱུར་རོ། །དེ་གང་ཡིན་ཞེ་ན། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་དུ་གྱུར་པ་རྣལ་འབྱོར་རོ། །གཉི་ག་གང་དུ་སྦྱར་བར་གྱུར་པ་དང༌། རོ་མཉམ་པ་ཉིད་དུ་གྱུར་པས་ན་རྣལ་འབྱོར་ཞེས་བྱ་བ་ཡིན་གྱིས། སྟོང་པ་ཉིད་དམ་སྙིང་རྗེ་འབའ་ཞིག་པ་ནིམ་ཡིན་ནོ། །དེ་ཉིད་ཚིག་གིས་གསལ་པོར་མཛད་དེ། ཤེས་རབ་ཐབས་གང་གཉིས་མིན་ཞེས་བྱ་བར་གསུངས་སོ། ལྷ་མི་ལྷ་མིན་གྱིས་མཆོད་ཅེས་བྱ་བ་ལ། ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པ་རྣམས་ཀྱིས་མཆོད་པར་འོས་པ་དང༌། བསྟོད་པར་འོས་པ་དང༌། བླ་མར་གྱུར་པས་ན། ལྷ་མི་ལྷ་མིན་གྱིས་བསྟོད་ཅེས་བྱ་བའོ། །གཞན་ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་གཙོ་བོར་གྱུར་པས་ན་ལྷ་མི་ལྷ་མིན་གྱིས་བསྟོད་ཅེས་བྱ་བའི་དོན་ཏོ། །དེ་ལྟ་བུར་གྱུར་པའི་མཆོག་གི་དང་པོའི་སངས་རྒྱས་ལ་ཕྱག་འཚལ་བར་མཛད་ནས། རྣམ་པར་ཐར་པ་གང་གིས་དག་པར་གྱུར་པ་དང༌། དག་པར་གྱུར་པ་དེ་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན་བརྗོད་པར་མཛད་དེ། སྟོང་ཉིད་ཡེ་ཤེས་དག་པའི། །རྣམ་དག་ཡེ་ཤེས་མི་འགྱུར་པའོ། །ཞེས་བྱ་བ་ལ། སྟོང་ཉིད་ཅེས་བྱ་བ་ནི་དམིགས་པ་དང་བཅས་པའི་སྟོང་པ་ཉིད་དེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཤེས་པར་མཛད་པས་ན་དེ་ཉིད་དེ་ཤེས་ཞེས་བྱ་བར་བརྗོད་དོ། །སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་པའི་ཡེ་ཤེས་དེས་འཁོར་བ་པའི་ཤེས་པ་རྣམས་པར་དག་པར་གྱུར་ན་མི་རྟོག་པའི་རང་བཞིན་གང་ཡིན་པ་དེ་འཕོ་བ་མེད་པ་དང༌། ཉམས་པ་མེད་པ་དང༌། དུས་ཐམས་ཅད་དུ་རང་རིག་པའི་ངོ་བོས་གནས་པས་ན་མི་འགྱུར་བ་ཞེས་བྱ་བ་སྟེ། ལྷན་ཅིག་སྐྱེས་པའི་སྐུ་ཞེས་བྱ་བའི་དོན་ཏོ། །སེམས་གང་གིས་དག་པར་གྱུར་ཞེ་ན། མཚན་མེད་ཡེ་ཤེས་ཀྱིས་དག་པ། །ཆོས་བདག་སེམས་ནི་གཉིས་མིན་པའོ། །ཞེས་བྱ་བ་ལ་མཚན་མ་ཞེས་བྱ་བ་ནི། བུམ་པ་དང་ཀ་བ་དང་ཐིག་ལེ་དང༌། ནཱ་ད་ལ་སོགས་པ་ཡིན་ཏེ། དེ་ལས་འདས་པར་གྱུར་པན་མཚན་


DTG013_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་མེད་པ་ཡིན་ལ། ཆོས་ཉིད་ཤེས་པར་བྱེད་པའི་ཕྱིར་ཡེ་ཤེས་བྱའོ། །དེས་རྣམས་པར་རྟོག་པའི་རང་བཞིན་དུ་གྱུར་པའི་སེམས་དག་པར་གྱུར་ན་ཆོས་ཀྱི་བདག་ཉིད་དུ་འགྱུར་རོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། གཉིས་མིན་པའོ་ཞེས་བྱ་བ་ལ། གཉིས་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་དང་ཐབས་དང་ཤེས་རབ་དང༌། འཁོར་བ་དང་མྱ་ངན་ལས་འདས་པར་བརྗོད་པ་ཡིན་ལ། གཉི་ག་གང་དུ་མེད་པར་གྱུར་པ་དེ་གཉིས་མིན་པའོ་ཞེས་བྱའོ། །ངག་གང་གིས་དག་ཅེ་ན། སྨོན་མེད་ཡེ་ཤེས་ཀྱིས་དག་པ། །ངག་རྣམས་མི་ཟད་པ་ཡི་སྒྲ། །ཞེས་བྱ་བ་ལ་འཁོར་པ་བ་རྣམས་ལ་སད་པའི་གནས་སྐབས་སུ་གཟུང་བ་དང་འཛིན་པ་ལ་སོགས་པའི་དབང་གིས་སེམས་ཀྱིས་ཀུན་དུ་སྤྱོད་པར་བྱེད་དེ། བག་ཆགས་དེའི་དབང་གིས་རྨི་ལམ་གྱི་གནས་སྐབས་སུ་ཡར་བྱ་བ་དེ་དང་འདྲ་བར་བྱེད་པར་འགྱུར་རོ། །ཆོས་དེ་ཉིད་མི་མཐུན་པས་བསམ་པ་ལས་འདས་པར་གྱུར་པས་ན་སྨོན་པ་མེད་པ་སྟེ། དེ་ཉིད་ཡུལ་དང་ཡུལ་ཅན་ལས་མ་གཏོགས་པར་དོན་ཐམས་ཅད་གསལ་པོར་མཛད་པས་ན་ཡེ་ཤེས་ཞེས་བྱ་བའོ། །དེས་ཨཱ་ལི་དང་ཀཱ་ལི་དང་རྨི་ལམ་གྱི་གནས་སྐབས་སྐྱེས་པར་བྱེད་པའི་ངག་དག་པར་གྱུར་ན་ཟད་པ་མེད་པའི་གསུང་ནི་སྔགས་ཀྱི་རང་བཞིན་དུ་གྱུར་ཏེ། ལོངས་སྤྱོད་རྗགས་པའི་སྐུའི་རང་བཞིན་དུ་གྱུར་པ་ཞེས་བྱ་པའི་དོན་ཏོ། །ལུས་གང་གིས་དག་པར་འགྱུར་ཞེ་ན། དེ་བཞིན་མངོན་པར་འདུས་མ་བྱས། །ཡེ་ཤེས་ཀྱིས་དག་རྙོག་མེད་པའི། །ཤེས་རབ་ཐབས་བདག་རྣལ་འབྱོར་ཏེ། །དབྱིབས་སྐུའི་རྫུ་འཕྲུལ་སྟེར་མཛད་པའོ། །ཞེས་བྱ་བ་ལ། མངོན་པར་འདུས་མ་བྱས་ཞེས་བྱ་བ་ནི། འཁོར་བ་པ་རྣམས་ཀྱི་ལུས་པོ་ཀུན་གཞི་རྣམ་པར་ཤེས་པ་དང༌། བྲག་དང་ཁུ་བ་ལ་སོགས་པས་འདུས་པར་བྱས་པ་སྐྱེས་པར་བྱས་པ་ཇི་ལྟ་བ་དེ་བཞིན་དུ་རྒྱུ་དང་བྱེད་པ་པོ་གང་གིས་ཀྱང་མངོན་པར་འདུས་མ་བྱས་ཞེས་བྱ་བ་སྟེ། མཚན་ཡང་དག་པར་བརྗོད་པ་ལས་ཀྱང༌། ནམ་མཁའ་ལས་བྱུང་རང་བྱུང་པ། །ཞེས་བྱ་བར་གསུངས་པའི་ཕྱིར་རོ། །དེ་ཉིད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པ་དང་ལྡན་པར་གྱུར་པའི་སྐུ་གསལ་བོར་མཛད་པས་ན་ཡེ་ཤེས་ཞེས་བྱ་བའོ། །དེས་ལུས་པོ་ཕལ་པ་དག་པར་གྱུར་པས་ན་རྙོག་པ་མེད་པའི་རང་བཞིན་དུ་འགྱུར་


DTG013_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏེ། འགྱུར་པ་མེད་པ་དང་ཉམས་པ་མེད་པའི་ཞེས་བྱ་བའི་དོན་ཏོ། །དེ་གང་ཡིན་ཞེ་ན། ཤེས་རབ་དང་ཐབས་ཀྱི་བདག་ཉིད་དུ་གྱུར་པ་རྣལ་འབྱོར་ཞེས་བྱ་བར་གསུངས་སོ། །དེ་ངེས་ལྟ་བུ་ཡིན་ཞེ་ན། དབྱིབས་ཞེས་པ་ནི། ཞལ་དང་ཕྱག་ལ་སོགས་པ་དང་ལྡན་པའོ། །དོན་ཅི་མཛད་ཅེ་ན། སྐུའི་རྫུ་འཕུལ་སྟེར་མཛད་པའོ། །ཞེས་བྱ་བ་ནི། གདུལ་བྱའི་སེམས་ཅན་རྣམས་ལ་ནམ་མཁའ་ལས་བྱོན་པ་དང༌། ནམ་མཁར་གཤེགས་པ་དང༌། སྐུ་ལས་མེ་འབར་བ་དང༌། ཆར་འབབ་པ་ལ་སོགས་པ་བསྟན་པར་མཛད་ཅེས་བྱ་བའོ། །དེ་ལྟར་བརྗོད་པའི་རིམ་པས་སྟོང་པ་ཉིད་ཀྱིས་བཞི་པའི་གནས་སྐབས་ཀྱི་རང་བཞིན་དུ་གྱུར་པའི་ཡེ་ཤེས་དག་པ་དང༌། མཚན་མེད་པས་ཤིན་ཏུ་གཉིད་ལོག་པའི་རང་བཞིན་དུ་གྱུར་པའི་སེམས་དག་པ་དང༌། སྨོན་པ་མེད་པས་རྨི་ལམ་གྱི་རང་བཞིན་དུ་གྱུར་པའི་ངག་དག་པ་དང༌། མངོན་པར་འདུས་མ་བྱས་པས་སད་པའི་རང་བཞིན་དུ་གྱུར་པའི་ལུས་དག་པར་གྱུར་ན། མཆོག་ཏུ་མི་འགྱུར་བའི་རང་བཞིན་དུ་གྱུར་པའི་ལྷན་ཅིག་སྐྱེས་པའི་སྐུ་དང༌། ཆོས་ཀྱི་རང་བཞིན་དུ་གྱུར་པའི་ཆོས་ཀྱི་སྐུ་དང༌། སྔགས་ཀྱི་བདག་ཉིད་དུ་གུར་པའི་ལོངས་སྤྱོད་རྫོགས་པའི་སྐུ་དང༌། དབྱིབས་ཀྱི་རང་བཞིན་དུ་གྱུར་པའི་སྤྲུལ་པའི་སྐུ་རྣལ་འབྱོར་པས་ཐོབ་པར་འགྱུར་གྱི་གཞན་དུ་རྣམ་པར་རྟོག་པའི་སྒོམ་པས་ནི་མ་ཡིན་ནོ། །དེ་ལྟར་རྡོ་རྗེ་བཞི་དང༌། སྐུ་བཞིའི་རྣལ་འབྱོར་བཤད་ནས། དེ་རྣམས་བརྡའི་སྐད་ཀྱིས་བཤད་པར་མཛད་དེ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །དེ་བཞིན་གཤེགས་པས་བྱང་ཆུབ་སེམས། །དམ་ཚིག་སེམས་དཔར་གང་གསུངས་པ། །དངོས་དང་དངོས་མིན་ཟད་པའི་གཙོ། །ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་སྐུའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཚིག་སྒྱུར་བར་མཛད་པ་དེའི་ཚིག་བཤད་མི་བདེ་བའི་ཕྱིར་རོ། །དམ་ཚིག་སེམས་དཔའ་ནི་སྤྲུལ་པའི་སྐུའོ། །དེ་གང་ལ་ཡོད་པ་དེ་ཇི་ལྟ་བུ་ཡིན་ཞེ་ན། དངོས་དང་དངོས་མིན་ཟད་པའི་གཙོ། །ཞེས་བྱ་བའོ། །དངོས་པོ་ཞེས་བྱ་བ་ནི་དཀར་པོ་དང་སེར་པོ་དང༌། བུམ་པ་དང་ཀབ་ལ་སོགས་པ་ཡིན་ལ། དངོས་


DTG013_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་མ་ཡིན་ཞེས་བྱ་བ་ནི་ནམ་མཁའི་མེ་ཏོག་ལ་སོགས་པ་སྟེ། ཡོད་པ་དང་མེད་པ་འདི་དག་གང་ལ་ཉམས་པར་འགྱུར་བ་དེ་ནི་དངོས་དང་དངོས་མིན་ཟད་པའོ། །གཞན་ཡང་དངོས་པོ་ཞེས་བྱ་བ་ནི་ཆགས་པ་ཡིན་ལ། དངོས་པོ་མིན་པ་ཞེས་བྱ་བ་ནི་ཆགས་པ་དང་བྲལ་བ་སྟེ། གང་དུ་མེད་པར་གྱུར་པས་ན་དངོས་དང་དངོས་མིན་ཟད་པའི་གཙོ་གཉིས་ཀ་ལས་ཁྱད་པར་དུ་གྱུར་པ་ནི་གཙོ་བོའོ། །དོན་འདི་ཉིད་འབུམ་ཕྲག་ལྡན་པ་དགྱེས་པའི་རྡོ་རྗེ་ལས། འདི་ལྟ་སྟེ། ལྟེ་བ་ཟབ་པའི་སྤྱོད་ཡུལ་གྱི། །ལྟེ་བའི་དཀྱིལ་དུ་དཔའ་བོ་གནས། །རང་འོད་ཤེས་རབ་དང་ལྡན་པ། །རྡོ་རྗེ་སེམས་དཔའ་རབ་ཏུ་བརྗོད། །ཕྱག་གཉིས་ཧེ་རེ་ཀར་བཤད་དེ། །དེ་ཉིད་འཇིག་རྟེན་གསུམ་འཁྲུག་བྱེད། །སངས་རྒྱས་ཀུན་གྱི་བདེ་ཆེན་པོ། །དེ་ཉིད་ངོ་བོ་ཉིད་དུ་བརྗོད། །དེ་ནི་ཡེ་ཤེས་རྡོ་རྗེ་ཡིན། །དེ་ནི་ལྷན་ཅིག་སྐྱེས་དགའོ། །རྒྱུ་མཐུན་པ་ཡང་དེ་ཉིད་བརྗོད། །རྩེ་གཅིག་རྡོ་རྗེ་བཤད་པའོ། །དེ་ཡང་བཞི་པ་ཟད་པ་ཡིན། །མཆོག་ཏུ་མི་འགྱུར་རྣམ་དག་པའོ། །གང་ཞིག་བྱང་ཆུབ་ལ་གནས་པ། །སྙིང་གའི་པདྨར་ཡང་དག་གནས། །སེམས་དཔའ་ཧཱུཾ་ཡིག་ཉིད་བརྗོད་དེ། །མི་བསྐྱོད་པ་ནི་དེ་ཉིད་དོ། །དེ་ཉིད་ཐུགས་ཀྱི་རྡོ་རྗེར་བཤད། །ཕྱག་བཞི་པ་ནི་ཁྱབ་འཇུག་ཉིད། །འབར་དང་འབྲལ་བ་དེ་ཉིད་བརྗོད། །དེ་ཉིད་ཆོས་ཀྱི་སྐུ་ཡིན་ནོ། །སྣ་ཚོགས་དགའ་བའི་སྐུ་འཆང་བ། །ཆོས་ཀྱི་འཁོར་ལོར་དཔའ་བོ་གནས། །ཤིན་ཏུ་གཉིད་ལོག་ཟད་བྱེད་པ། །རྣམ་པར་སྨིན་པ་དེ་ཉིད་བརྗོད། །ཡེ་ཤེས་ཆེན་པོའི་རོས་གང་བའི། །དེ་ནི་སེམས་དཔའ་ཆེན་པོར་བརྗོད། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ། །སྣང་བ་མཐའ་ཡས་ཞེས་བརྗོད་དེ། །ཕྱག་ན་པདྨ་དེ་བཞིན་གཤེགས། །གསུང་གི་རྡོ་རྗེ་དེ་ཉིད་བཤད། །དེ་ཉིད་མཆོག་ཏུ་དགའ་བར་བཤད། །སྐྱེས་བུ་བྱེད་པར་རབ་ཏུ་བཤད། །ཀུན་རྫོབ་དང་ནི་དོན་དམ་པར། །རྨི་ལམ་ཟད་པ་དེ་ཉིད་དོ། །སངས་རྒྱས་རྣམས་ཀྱི་ལོངས་རྫོགས་སྐུ། །ད་ཉིད་ཆོས་ནི་སྟོན་པར་བྱེད། །ཞལ་གསུམ་པ་དང་ཕྱག་དྲུག་པ། །བདེ་བྱེད་དེ་ཉིད་རབ་ཏུ་བརྗོད། །ཀེ་ནི་རྡོ་རྗེ་དེ་ཉིད་ནི། །གསུམ་པ་ཧེ་རུ་ཀར་འགྱུར་རོ། །རྟག་ཏུ་དམ་ཚིག་ལ་གནས་ཕྱིར། །གང་གནས་དེ་ནི་བརྗོད་པར་འགྱུར། །དམ་ཚིག་རི་བོང་འཛིན་ཤུ་ཀྲ། །དཔྲལ་བར་གནས་པའི་བདེ་ཆེན་པོ། །ཡི་གེ་ཨོཾ་དུ་ཡོངས་སུ་བརྗོད། །རྣམ་


DTG013_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་སྣང་མཛད་དེ་ཉིད་དེ། །དེ་ནི་སྐུ་ཡི་རྡོ་རྗེའོ། །སྐུ་རྡོར་འཛིན་པ་ཚངས་པ་ནི། །དེ་ནི་ཡོངས་སུ་བརྗོད་པའོ། །ཚངས་པའི་ངོ་བོ་དགའ་བ་སྟེ། །དེ་ནི་སྐུ་ཡི་རྡོ་རྗེར་བརྗོད། །ཕྱག་ན་འཁོར་ལོ་དེ་ཉིད་བཤད། །སྤྲུལ་བའི་སྐུ་ཡི་མཆན་ཉིད་དོ། །དྲི་མེད་དེ་ནི་དོན་དམ་པར། །སངས་པར་ཟད་པ་དེ་ཉིད་དོ། །ཞབས་བཞི་པ་དང་དཔའ་བོ་སྟེ། །ཕྱག་བཅུ་དྲུག་གིས་མཛེས་པར་འགྱུར། །དེ་ཝ་པི་ཙུ་རྡོ་རྗེ་ཡིན། །ཞལ་བརྒྱད་ཧེ་རུ་ཀར་བརྗོད་དོ། །དེ་ལྟར་སྐུ་ཡི་རབ་དབྱེ་བས། །བཞི་པ་ཧེ་རུ་ཀར་བཤད་དོ། །ཞེས་བྱ་བར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དོན་དེ་ཉིད་བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོས་མདོར་བསྡུས་པ་ཚིགས་བཅད་འདི་རྣམས་ཀྱིས་གསུངས་སོ། །དེ་དག་ལ་སོགས་པ་ནི་རྒྱུ་གང་ལས་བྱུང་ཞེ་ན། ཐོག་མ་ཐ་མ་མེད་ཞི་བ། །བྱང་ཆུབ་ཀྱི་སེམས་དེ་ལ་འདུད། །ཅེས་བྱ་བ་ལ་དེ་ལས་གཞན་སྔོན་དུ་གྱུར་པ་མེད་པས་ན། ཐོག་མ་མེད་པ་ཞེས་བྱའོ། །མཐར་ཐུག་པ་མེད་པས་ན་ཐ་མ་མེད་པ་སྟེ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་རྟག་པའི་ངོ་བོས་དྲི་མ་དང་བྲལ་བ་ཡིན་པས་དེ་ལྟ་ནི་འཁོར་བ་པར་མི་འགྱུར་ཏེ། དེ་བས་དུས་ཐམས་ཅད་དུ་མ་དག་པའི་རང་བཞིན་དུ་གྱུར་པ་དེ་ལྟ་ན་ནི། མྱ་ངན་ལས་འདས་པ་མི་སྲིད་དོ། །དེ་བས་ན་ཐོག་མ་མེད་པ་དང་ཐ་མ་མེད་པ་ཞེས་བྱའོ། །འོ་ན་ཇི་ལྟ་བུ་ཡིན་ཞེ་ན། ཞི་བ་ཞེས་བྱ་བ་ནི་འཁོར་བའི་བག་ཆགས་ལས་འདས་པ་དང༌། གློ་བུར་གྱི་དྲི་མས་མ་གོས་པས་ན་ཞི་བ་ཞེས་བྱ་བ་སྟེ། སྔ་མ་དང་འདྲ་ཞེས་བྱ་བའི་དོན་ཏོ། །གང་ཡིན་ཞེ་ན། བྱང་ཆུབ་སེམས་ཞེས་བྱ་བ་ལ། བླ་ན་མེད་པའི་བྱང་ཆུབ་ཏུ་གྱུར་བའི་སེམས་ནི་མི་འཕོ་བའི་རང་བཞིན་དུ་གྱུར་པའི་སེམས་ཡིན་གྱི། འཕོ་བའི་རང་བཞིན་དུ་གྱུར་པ་ནི་མ་ཡིན་ནོ། །དེ་བས་ན་གང་གི་དྲིན་གྱིས་སྐུ་བཞི་དང་འབྲས་བུ་བཞི་ལ་སོགས་པ་ཐོབ་པར་འགྱུར་བའི་བྱང་ཆུབ་ཀྱི་སེམས་དེ་ལ་འདུད་ཅེས་བྱ་བ་ནི། དུས་ཐམས་ཅད་དུ་དེ་ཉིད་ལ་འདུད་ཅེས་བྱ་བའི་ཕྱག་འཚལ་བའི་འབྲེལ་པའོ། །དེ་བས་ན་རྒྱུ་དེའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་བྱང་ཆུབ་ཀྱི་སེམས་ནི་ཐིག་ལེ་ཡིན་གྱི། དྲི་ཆེན་དང་དྲི་ཆུ་ལ་སོགས་པ་ནི་མ་ཡིན་ནོ། །དེ་བས་ན་དུས་ཐམས་ཅད་དུ། སྦྱོར་བའི་ཡན་ལག་དྲུག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་པའི་རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ་ཞེས་བྱ་བ་ནི་


DTG013_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅོམ་ལྡན་འདས་ཀྱིས་ངེས་པའོ།། །།དེ་ལྟར་སྐུ་བཞི་བཤད་པར་མཛད་ནས། དེ་ཉིད་དབྱེ་བ་བཅུ་དྲུག་གིས་རང་བཞིན་དུ་གྱུར་བའི་བྱང་ཆུབ་ཀྱི་སེམས་ཡིན་གྱི། སྤྲུལ་པའི་སྐུ་དང་གསུང་དང་ཐུགས། །ཡེ་ཤེས་རྣལ་འབྱོར་སྔོན་པ་གཅིག །ཅེས་བྱ་བ་ལ། ལུས་ཀྱི་དགའ་བ་དང་ངག་གི་དགའ་བ་དང་སེམས་ཀྱི་དགའ་བ་དང༌། ཡེ་ཤེས་ཀྱི་དགའ་བ་འགགས་ནས། སྤྲུལ་པའི་སྐུ་དང༌། སྤྲུལ་བའི་གསུང་དང༌། སྤྲུལ་བའི་ཐུགས་དང༌། སྤྲུལ་བའི་ཡེ་ཤེས་ཐོབ་པར་འགྱུར་རོ། །རོ་མཉམ་པ་ཉིད་ཀྱི་རང་བཞིན་དུ་འགྱུར་པས་ན། རྣལ་འབྱོར་ཏེ། མཆོག་ཏུ་མི་འགྱུར་བའི་བདེ་བ་ལས་སྐྱེས་པར་གྱུར་པས་ན་སྡོམ་པ་གཅིག་པ་ཡིན་ཏེ། སྤྲུལ་པ་གཅིག་པུའི་དབྱེ་བ་ཞེས་བྱ་བའི་དོན་ཏོ། །གཞན་ཡང༌། ལོངས་སྤྱོད་སྐུ་དང་གསུང་དང་ཐུགས། །ཡེ་ཤེས་རྣལ་འབྱོར་སྡོམ་པ་གཅིག །ཅེས་བྱ་བ་ནི་ལུས་ཀྱི་མཆོག་དགའ་དང༌། ངག་གི་མཆོག་དགའ་དང༌། སེམས་ཀྱི་མཆོག་དགའ་དང༌། ཡེ་ཤེས་ཀྱི་མཆོག་དགའ་འགགས་ན། ལོངས་སྤྱོད་རྫོགས་པའི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་གསུང་དང༌། ལོངས་སྤྱོད་རྫོགས་པའི་ཐུགས་དང༌། ལོངས་སྤྱོད་རྫོགས་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །ཡེ་ཤེས་རྣལ་འབྱོར་སྡོམ་པ་གཅིག །ཅེས་བྱ་བ་ནི། སྔོན་བཞིན་ཤེས་པར་བྱའོ། །དཔལ་ལྡན་ཆོས་སྐུ་གསུང་དང་ཐུགས། །ཡེ་ཤེས་རྣལ་འབྱོར་སྔོན་པ་གཅིག །ཅེས་བྱ་བ་ནི་ལུས་ཀྱི་དགའ་བྲལ་དང༌། ངག་གི་དགའ་བྲལ་དང༌། སེམས་ཀྱི་དགའ་བྲལ་དང༌། ཡེ་ཤེས་ཀྱི་དགའ་བྲལ་གྱི་ཐིག་ལེ་འགགས་ན། ཆོས་ཀྱི་སྐུ་དང༌། ཆོས་ཀྱི་གསུང་དང༌། ཆོས་ཀྱི་ཐུགས་དང༌། ཆོས་ཀྱི་ཡེ་ཤེས་ཐོབ་པར་འགྱུར་བའོ། །དེ་བཞིན་དུ། ལྷན་ཅིག་སྐྱེས་སྐུ་གསུང་དང་ཐུགས། །ཡེ་ཤེས་རྣལ་འབྱོར་སྡོམ་པ་གཅིག །ཅེས་བྱ་བ་ནི་ལུས་ཀྱི་ལྷན་ཅིག་སྐྱེས་དགའ་དང༌། ངག་གི་ལྷན་ཅིག་སྐྱེས་དགའ་དང། སེམས་ཀྱི་ལྷན་ཅིག་སྐྱེས་དགའ་དང༌། ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་དགའ་ཐིག་ལེ་འགགས་ན། ལྷན་ཅིག་སྐྱེས་པའི་སྐུ་དང༌། ལྷན་ཅིག་སྐྱེས་པའི་གསུང་དང༌། ལྷན་ཅིག་སྐྱེས་པའི་ཐུགས་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཐོབ་པར་འགྱུར་བའོ། །དེ་ལྟར་འཕོ་པར་འགྱུར་པའི་དགའ་པ་


DTG013_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅུ་དྲུག་འགགས་ན། རྣམ་པ་བཅུ་དྲུག་གི་རང་བཞིན་དུ་གྱུར་པའི་དེ་ཁོ་ན་ཉིད་རྣལ་འབྱོར་པས་ཐོབ་པར་འགྱུར་གྱི། འཕོ་བར་མི་འགྱུར་བའི་བར་དུ་ནི་མ་ཡིན་ནོ། །འདི་རྣམས་ཀྱི་གཙོ་བོ་ལྷན་ཅིག་སྐྱེས་པ་ཡིན་ལ། དེ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། རྨི་ལམ་ཤིན་ཏུ་གཉིད་ལོག་སད། །དབང་པོ་གཉིས་སྐྱེས་དེ་བཞིན་མིན། །ཞེས་བྱ་བ་ལ་གཟུང་བ་དང་འཛིན་པའི་རང་བཞིན་དུ་གྱུར་པ་སད་པའི་གནས་སྐབས་དང༌། ཡོད་པ་དང་མེད་པའི་དངོས་པོ་ལས་མ་གཏོགས་པར། སེམས་ཀྱི་བག་ཆགས་ཀྱི་རང་བཞིན་དུ་གྱུར་པའི་རྨི་ལམ་གྱི་གནས་སྐབས་དང༌། གཟུང་བ་དང་འཛིན་པའི་གནས་སྐབས་ལས་འདས་པར་གྱུར་པ་དང༌། བརྒྱལ་བ་ཉིད་དུ་གྱུར་པ་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་དང༌། ཕོ་རྟགས་དང་མོ་རྟགས་ཀྱི་སྦྱོར་བ་ལས་ཐིག་ལེ་འཕོ་བའི་རང་བཞིན་དུ་གྱུར་པའི་བཞི་པའི་གནས་སྐབས་ནི་ལྷན་ཅིག་སྐྱེས་པར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་དག་ལ་སོགས་པ་ནི་འགྱུར་བའི་རང་བཞིན་དུ་གྱུར་པ་དང༌། འཁོར་བའི་བག་ཆགས་ཀྱི་རང་བཞིན་དུ་གྱུར་པ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བ་ནི་འཁོར་བའི་བག་ཆགས་ལས་འདས་པ་དང༌། མཆོག་ཏུ་མི་འགྱུར་བའི་རང་བཞིན་དུ་གྱུར་པའོ། །དེ་བས་ན་གནས་སྐབས་བཞི་ལས་འདས་པར་གྱུར་པ་གང་ཡིན་པ་དེ་དོན་དམ་པར་ལྷན་ཅིག་སྐྱེས་པ་བླ་ན་མེད་པ་བྱང་ཆུབ་ཀྱི་རྒྱུར་གྱུར་པ་ཞེས་བྱ་བར་བརྗོད་དེ། རྟེན་ཅིང་འབྲེལ་པ་ལས་སྐྱེས་པར་གྱུར་པ་གང་ཡིན་པ་དེ་གདོན་མི་ཟ་བར་འཁོར་བར་འཁྱམ་པའི་རང་བཞིན་དུ་གྱུར་པ་ཞེས་བྱ་བའོ། །དེ་ལྟར་རྒྱུ་དང་བྲལ་བ་ཉིད་བཤད་པར་མཛད་ནས། གནས་དང་བྲལ་བ་བཤད་པར་མཛད་དེ། ཡེ་ཤེས་སེམས་དང་ངག་དང་ལུས། །གནས་བཞིར་ཡང་དག་མི་གནས་སོ། །ཞེས་བྱ་བ་ལ་འཕོ་བའི་རང་བཞིན་དུ་གྱུར་པའི་བདེ་བ་ཤེས་པར་བྱེད་པས་ན་ཡེ་ཤེས་ཞེས་བྱའོ། །བླང་བྱ་དང་དོར་བྱའི་ངོ་བོར་གྱུར་པ་དང༌། འཁོར་བའི་བག་ཆགས་ལ་སོགས་པར་བྱེད་པས་ན་སེམས་ཞེས་བྱའོ། །བུམ་པ་དང་ཀ་བརྗོད་པར་བྱེད་པས་ན་ངག་ཅེས་བྱའོ། །ལུས་ཞེས་བྱ་བ་ནི་ཤ་དང་ལ་རུས་པ་དང༌། པགས་པ་དང་སྤུ་ལ་སོགས་པ་བསགས་པས་ན་ལུས་སོ། །འདི་དག་ལ་སོགས་པ་རྣམས་ལ་དོན་དམ་པའི་རང་རིག་པའི་ཡེ་ཤེས་མི་གནས་པའི་ཡེ་ཤེས་ཞེས་བྱ་བའོ། །


DTG013_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལ་དོན་འདི་ཡིན་ཏེ། འཁོར་བ་པ་རྣམས་ཀྱིས་ལུས་དང་ངག་དང་སེམས་དང་ཡེ་ཤེས་ལ་རྟེན་དང་བརྟེན་པའི་ཚུལ་གྱིས་གནས་པར་བྱེད་པ་ཡིན་གྱི། བསྐྱེད་བྱ་སྐྱེད་བྱེད་ཀྱི་ཚུལ་གྱིས་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ལུས་མི་རྟག་པར་གྱུར་ན་ཡང་རང་རིག་པའི་ཡེ་ཤེས་མི་རྟག་པར་མི་འགྱུར་པའི་ཕྱིར་རོ། །དེ་བཞིན་དུ། དཔལ་དགྱེས་པའི་རྡོ་རྗེའི་རྒྱུད་ལས། ཡེ་ཤེས་ཆེན་པོ་ལུས་ལ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་བྱ་བར་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །དེ་ལྟར་མི་རྟག་པའི་གནས་དགག་པར་མཛད་ནས། ལྷན་ཅིག་སྐྱེས་པའི་བདེ་བ་སྐྱེ་བའི་གནས་བརྗོད་པར་མཛད་དེ། ལས་ཀྱི་ཕྱག་རྒྱ་ཡོངས་དོར་ཞིང༌། །ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས། །ཕྱག་རྒྱ་ཆེ་ལས་ཡང་དག་སྐྱེས། །གཞན་དང་འགྲོགས་མིན་ལྷན་ཅིག་སྐྱེས། །ཞེས་བྱ་བ་ནི་དག་པའི་ལས་དང་མི་དགེ་བའི་ལས་ལ་གང་གིས་རྒྱས་བཏབ་སྟེ། སྐྲ་དང་ནུ་མ་འཛིན་པ་ལ་སོགས་པ་དང་ལྡན་པར་གྱུར་པ། ལས་ཀྱི་ཕྱག་རྒྱ་ཞེས་སུ་བརྗོད་དོ། །རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པར་གྱུར་པ་དང༌། ཟག་པའི་བདེ་བ་ཤེས་པར་བྱེད་པས་ན། ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན་ལ་ཡི་དམ་གྱི་ལྷ་ལ་སོགས་པའི་སྐུ་གཟུགས་ཞེས་བྱ་བའི་དོན་ཏོ། །དེ་ལས་སྐྱེས་བར་གྱུར་པ་གང་ཡིན་པ་དེ་ལྷན་ཅིག་སྐྱེས་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རྟེན་ཅིང་འབྲེལ་བ་ལས་སྐྱེས་པ་དང༌། མི་རྟག་པར་གྱུར་པ་དང༌། འཁོར་བའི་བག་ཆགས་ལས་འདས་པར་མ་གྱུར་པ་དང༌། བླ་ན་མེད་པའི་བྱང་ཆུབ་མི་སྟེར་བའི་ཕྱིར་རོ། །འོ་ན་དེ་གང་ལས་སྐྱེ་ཞེ་ན། ཕྱག་རྒྱ་ཆེ་ལས་ཡང་དག་སྐྱེས། །ཞེས་བྱ་བ་ལ། ཕྱག་རྒྱ་ཆེན་ཞེས་བྱ་བ་ནི། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེས་པར་མཛད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའམ། མི་འཕོ་བའི་བདེ་བ་ལ་རྒྱས་བཏབ་པས་ན་ཕྱག་རྒྱ་སྟེ། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་ཁྱད་པར་དུ་གྱུར་པ་དང༌། འཁོར་བའི་བག་ཆགས་དང་བྲལ་བར་གྱུར་པས་ན། ཆན་མོ་ཞེས་བྱ་བའོ། །དེ་གང་ལས་སྐྱེས་པ་དེ་དོན་དམ་པར་ལྷན་ཅིག་སྐྱེས་པའི་བདེ་བ་ཡིན་གྱི། རྟོག་པ་


DTG013_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་གང་སྐྱེས་བདེ་བ་ལྷན་ཅིག་སྐྱེས་བ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཚིག་གིས་བཤད་པར་མཛད་དེ། རྣམ་རྟོག་བསྒོམ་པ་དག་ལས་འདས། །ཕྱག་རྒྱ་ཆེན་པོའི་མི་འགྱུར་བདེ། །ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་བདེ་བར་འགྱུར་བའི་རང་བཞིན་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་བདེ་བའི་རང་བཞིན་ནི། འཛག་པའི་རང་བཞིན་དུ་འགྱུར་བ་སྟེ། ཕྱག་རྒྱ་ཆེན་པོའི་བདེ་བ་ནི་མི་འགྱུར་བའི་རང་བཞིན་དུ་གྱུར་པ་སྟེ། ཅིའི་ཕྱིར་ཞེ་ན། རྟོག་པ་ལས་མ་སྐྱེས་པའི་ཕྱིར་རོ། །དེ་བས་ན་རྣམ་པར་མི་རྟོག་པ་བསྒོམ་པའི་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་ཡིན་གྱི་རྣམ་པར་རྟོག་པའི་རང་བཞིན་དུ་གྱུར་བ་ནི་མ་ཡིན་ནོ། །དེ་བཞིན་དུ་གང་དུ་སྒོམ་པ་པོ་མེད་དང༌། །བསྒོམ་པ་གང་ཞིག་ཀྱང་མེད་དེ། །བསྒོམ་པར་བྱ་བ་མེད་པ་ནི། །དེ་ཉིད་བསྒོམ་པར་དེ་བརྗོད་དོ། །ཞེས་བྱ་བ་གསུངས་སོ། །དོན་དམ་པར་ལྷན་ཅིག་སྐྱེས་པའི་སྐུའི་བདེ་བ་དེ་ཇི་ལྟ་བུ་ཡིན་ཞེ་ན། བརྗོད་པར་མཛད་དེ། གཟུང་དང་འཛིན་པའི་དབྱིབས་དག་དང༌། །རྟོགས་དང་བརྗོད་དང་རྣམ་སྤངས་ཉིད། །ཅེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས། ཡུལ་གཟུགས་འཛིན་པ་ཇི་ལྟ་བ་དེ་བཞིན་དུ། གཟུང་བ་དང་འཛིན་པའི་ཚུལ་གྱིས་མི་འཛིན་ཏེ་ཡུལ་དང་ཡུལ་ཅན་གྱི་འབྲེལ་བ་ལས་འདས་པའི་ཕྱིར་རོ། །དེ་བཞིན་དུ་གྲུ་བཞི་དང་གྲུ་གསུམ་ལ་སོགས་པ་དང༌། ཡོད་པ་དང་མེད་པའི་རྟོག་པ་དང༌། ཨཱ་ལི་དང་ཀཱ་ལི་ལ་སོགས་པ་ལས་འདས་པར་འགྱུར་བའོ། །དེ་ལྟར་རང་རིག་པའི་ཡེ་ཤེས་ལ་མི་རྟོག་པའི་རང་བཞིན་ཉིད་བསྟན་པར་མཛད་ནས། དཔེ་བསྟན་པར་མཛད་དེ། དྲི་ཟའི་གྲོང་ཁྱེར་རྣམ་པ་དང༌། །པྲ་ཏི་སེ་ནའི་རང་བཞིན་པ། །ཞེས་བྱ་བ་ནི། དྲི་ཟའི་གྲོང་ཁྱེར་དངོས་པོ་མེད་པའི་རང་བཞིན་དུ་གྱུར་ན་ཡང༌། དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ཇི་ལྟ་བ་བཞིན་དུ་རང་རིག་པའི་ཡེ་ཤེས་སེམས་ཀྱིས་ཉམས་སུ་མྱོང་བར་འགྱུར་ན་ཡང་དངོས་པོ་ཐམས་ཅད་ལས་འདས་པར་འགྱུར་བའོ། །གཞན་ཡང་མེ་ལོང་ལ་སོགས་པའི་ནང་དུ་གཞོན་ནུ་མས་ཡུལ་ལས་མ་གཏོགས་པར་མ་མཐོང་བའི་དངོས་པོ་མཐོང་བ་ཇི་ལྟ་བ་དེ་བཞིན་དུ། ལྷན་ཅིག་སྐྱེས་པའི་བདེ་བའི་རྟེན་དུ་གྱུར་པ་སྣ་ཚོགས་གཟུགས་ནི་རྣལ་འབྱོར་པས་མ་བརྟགས་ཀྱང་མཐོང་བར་གྱུར་པའོ། །དེ་ལྟར་དཔེ་བསྟན་ནས། གཉིས་སུ་མེད་པའི་རང་བཞིན་བསྟན་པར་མཛད་དེ། རྣལ་འབྱོར་ཐབས་


DTG013_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་ཤེས་རབ་བདག །ཅེས་བྱ་བ་ནི། ཉོན་མོངས་པ་ལས་མ་གཏོགས་པར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་པས་ན་ཐབས་ཞེས་བྱའོ། །སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཤེས་པར་བྱེད་པས་ན་ཤེས་རབ་ཅེས་བྱའོ། །གཞན་ཡང་ཐབས་ཞེས་བྱ་བ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟེ། ཤེས་རབ་ཅེས་བྱ་བ་ནི་རང་གི་དོན་ཕུན་སུམ་ཚོགས་པའོ། །གཞན་ཡང་ཐབས་ཞེས་བྱ་བ་ནི་ཆགས་པ་ཡིན་ལ། ཤེས་རབ་ཅེས་བྱ་བ་ནི་ཆགས་པ་དང་བྲལ་བའོ། །དེ་དག་གང་དུ་སྦྱར་བར་གྱུར་པ་དེ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་རྣལ་འབྱོར་ཏེ། མི་འཕོ་བའི་རང་བཞིན་དུ་གྱུར་པའི་ལྷན་ཅིག་སྐྱེས་པའི་བདེ་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཉིས་སུ་མེད་པའི་རང་བཞིན་བཤད་པར་མཛད་ནས། སྒྲའི་ཚུལ་གྱིས་དེའི་དབྱིབས་བཤད་པར་མཛད་དེ། ཨེ་ཝཱཾ་ཡི་གེ་ཞེས་བྱ་བ་ལ། ཡི་གེ་ཨེ་ཞེས་བྱ་བ་ནི། ངེས་པའི་དོན་གྱིས་རྣམ་པ་ཐམས་ཅད་དང་ལྡན་བའི་སྟོང་པ་ཉིད་ཡིན་ཏེ། ཝཱཾ་ཞེས་བྱ་བ་ནི་རང་གི་རིག་པའི་བདེ་བ་དམིགས་པ་མེད་པའི་སྙིང་རྗེའོ། །དེ་དག་གི་རང་བཞིན་དུ་གྱུར་པ་གང་ཡིན་པ་དེ་ལ་འདུད་ཅེས་བྱའོ། །གཞན་ཡང་རྒྱུད་ཀྱི་རྒྱལ་པོ་འདིའི་བཤད་པ་ཇི་ལྟ་བུ་ཡིན་ཞེ་ན། ཇི་ལྟར་ཕྱི་རོལ་དེ་བཞིན་དང༌། །ཇི་ལྟར་ནང་དུ་དེ་བཞིན་གཞན། །ཞེས་བྱ་བར་གསུངས་པའི་ཕྱིར་འཇིག་རྟེན་གྱི་ཁམས་དང༌། ལུས་པོ་དང་དཀྱིལ་འཁོར་ལ་མཐུན་པར་གྱུར་པའི་བཤད་པ་གསུངས་སོ། །དེ་བས་ན་ཡི་གེ་ཝཾ་ཞེས་བྱ་བ་ནི་ཨ་དང་ཚེག་དྲག་དང་གཞན་ཨ་དང་ཐིག་ལེ་ཡིན་ལ། ནམ་མཁའ་དང་ཉི་མ་དང་སྒྲ་གཅན་ཟླ་བ་སྟེ། ཕྱི་རོལ་དུ་བསྟན་ཏོ། །དེའི་ནང་དུ་པདྨ་དང་རྡུལ་དང་རྣམ་པར་ཤེས་པ་དང་ས་བོན་དུ་བརྗོད་དོ། །དཀྱིལ་འཁོར་གྱི་གནས་སྐབས་སུ་སྣ་ཚོགས་པདྨ་དང༌། ཨཱ་ལི་དང་ཀཱ་ལི་དང་ཡི་གེ་ཧཱུཾ་ཞེས་གསུངས་སོ། །དེ་ལྟར་ལུས་དང་ངག་དང་སེམས་དང་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པའི་ལྷན་ཅིག་སྐྱེས་པའི་བདེ་བ་ནི། ཕྱི་དང་ནང་དང་དཀྱིལ་འཁོར་དུ་རྣལ་འབྱོར་པས་ཤེས་པར་བྱའོ། །དེའི་རྟེན་ནི་ནམ་མཁའི་ཁམས་ཀྱི་རང་བཞིན་དུ་གྱུར་པའི་ཡི་གེ་ཨ་ཡིན་ལ། ཡི་གེ་ཨི་དང་ལྷན་ཅིག་ཏུ་སྦྱར་ན། ཡི་གེ་ཨེ་ཞེས་བྱ་བར་བརྗོད་དོ། །དེ་ལ་དོན་ཅི་ཡིན་ཞེ་ན། ཡི་གེ་ཨེ་ནི་སྟོང་པ་ཉིད་ཀྱི་གཟུགས་


DTG013_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་རྟེན་ཡིན་ལ། ཡི་གེ་ཝཾ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བརྟེན་པའོ། །དེ་བཞིན་དུ་རྩ་བའི་རྒྱུད་ལས། ཡི་གེ་ཨེ་དབུས་ཡི་གེ་ཝཾ། །སངས་རྒྱས་ཀུན་གྱི་བདེ་བའི་གནས། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་འདི། །ནམ་མཁའི་ཁམས་སུ་རྡོ་རྗེ་སེམས། །ཟླ་བ་ས་བོན་ཐིག་ལེ་ལུས། །ཉི་མ་རྡུལ་དང་ཚེག་དྲག་དང༌། །སེམས་ཀྱི་རྣམ་པ་མུན་ཅན་བརྗོད། །ཨེ་ཡིན་ནམ་མཁའི་ཁམས་ལ་གནས། །སྐུ་གསུང་ཐུགས་དང་སྦྱོར་བ་ཡིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རོ། །ལུས་ངག་སེམས་དང་ཆགས་པ་ཡིས། །སྲིད་གསུམ་བདག་ཉིད་ལ་གནས་པ། །ཞེས་བྱ་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་རྟེན་དང་བརྟེན་པའི་རང་བཞིན་དུ་གྱུར་པའི་ཡི་གེ་ཨེ་ཝཾ་ལ་ཕྱག་འཚལ་བར་མཛད་ནས། དེ་དག་གི་རྟེན་དུ་གྱུར་པའི་ཕྱག་རྒྱ་ཆེན་མོ་ལ་ཕྱག་འཚལ་བར་མཛད་དེ། ཕྲར་བརྡུལ་གྱི་ཆོས་ཉིད་འདས། །པྲ་ཏེ་སེ་ནའི་རང་བཞིན་པ། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །ཅེས་བྱ་བ་ལ། རྡུལ་ཕྲར་བ་ཅེས་བྱ་བ་ནི། །སྲབ་དང་གཤེར་བ་དང་དྲོ་བ་དང༌། གཡོ་བའི་རང་བཞིན་དུ་གྱུར་པའི་ས་དང་ཆུ་དང་མེ་དང་རླུང་གི་རྡུལ་ཕྲ་རབ་བ་སྟེ། དེ་རྣམས་ཀྱི་མཚན་ཉིད་དང་བྲལ་བས་ན་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་ཞེས་བྱའོ། །རྡུལ་ཕྲ་རབ་ལས་འདས་པར་གྱུར་པ་གང་ཡིན་པ་དེ། ནམ་མཁའི་མེ་ཏོག་དང་འདྲ་བར་གཏན་མེད་པ་མ་ཡིན་ནམ་ཞེན། པྲ་ཏི་སེ་ནའི་རང་བཞིན་མ། །ཞེས་བྱ་བ་ནི། ཡོད་པ་དང་མེད་པའི་རང་བཞིན་ལས་འདས་པར་གྱུར་པའི་པྲ་ཏི་སེ་ནའམ་གཟུགས་བརྙན་སྣང་བར་གྱུར་པ་ཇི་ལྟ་བདེ་བཞིན་དུ། ས་ཆུ་མེ་རླུང་ལ་སོགས་པའི་རང་བཞིན་དང་བྲལ་བར་གྱུར་ན་ཡང་རྣལ་འབྱོར་པ་རྣམས་ལ་སྤྱོད་ཡུལ་དུ་གྱུར་པའོ། །དེ་འཁོར་བའི་རང་བཞིན་དུ་གྱུར་པ་མ་ཡིན་ནམ་ཞེ་ན། རྣམ་པ་ཀུན་གྱི་མཆོག་དང་ལྡན། །ཞེས་བྱ་བ་ལ་རྣམ་པ་ཞེས་བྱ་བ་ནི་མིག་ལ་སོགས་པ་སྟེ། མིག་ལ་སོགས་པ་ལས་ཁྱད་པར་དུ་གྱུར་པས་ན་མཆོག་ཅེས་བྱའོ། །ལྷའི་མིག་ལ་སོགས་པ་མངོན་པར་ཤེས་པ་དྲུག་དང་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་བཅུ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། མི་འཇིགས་པ་ལ་སོགས་པའི་ཁྱད་པར་དུ་གྱུར་པའི་ཡོན་ཏན་ཐམས་ཅད་གང་ལ་ཡོད་པ་


DTG013_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ། རྣམ་པ་ཀུན་གྱི་མཆོག་དང་ལྡན། །ཞེས་བྱ་བའོ། །དེ་བཞིན་དུ། ཀུན་ནས་ལག་དང་རྐང་ལ་སོགས། །ཀུན་ནས་སྤྱི་བོ་མིག་དང་གདོང༌། །འཇིག་རྟེན་ཀུན་ནས་ཐོས་པ་ཅན། །ཀུན་ནས་ཁྱབ་པར་བཞུགས་པའོ། །ཞེས་བྱ་བར་གསུངས་སོ། །ཡོན་ཏན་དེ་དང་ལྡན་པ་གང་ཡིན་ཞེ་ན། ཕྱག་རྒྱ་ཆེན་པོ་དེ་ལ་འདུད། །ཅེས་བྱ་བར་གསུངས་སོ། །དེ་ལྟར་དབྱིབས་དང་ཁ་དོག་ལ་སོགས་པ་དང་བྲལ་བ་དང༌། སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་པ་ཕྱག་རྒྱ་ཆེན་པོ་ལ་ཕྱག་འཚལ་བར་མཛད་ནས། སྤྱིའི་དོན་གྱིས་སྣ་ཚོགས་ཡུམ་ལ་ཕྱག་འཚལ་བར་མཛད་དེ། སངས་རྒྱས་ཀུན་གྱི་སྐྱེད་མཛད་མ། །སྐྱེ་དང་འཇིག་པ་རྣམ་སྤངས་ཉིད། །ཀུན་དུ་བཟང་པོའི་སྤྱོད་པ་སྟེ། །སྣ་ཚོགས་ཡུམ་ནི་དེ་ལ་འདུད། །ཅེས་བྱ་བ་ལ། སངས་རྒྱས་ཀུན་ཞེས་བྱ་བ་ནི། །མི་བསྐྱོད་པ་ལ་སོགས་པའོ། །ངེས་པའི་དོན་དུ་ནི་སྒྲིབ་པ་དང་བྲལ་བར་གྱུར་བའི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་སྟེ། དེ་རྣམས་གང་གིས་སྐྱེད་པར་མཛད་པ་དེ། སངས་རྒྱས་ཀུན་གྱི་སྐྱེད་མཛད་མ། །ཞེས་བྱ་བའོ། །དེ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། སྐྱེ་དང་འཇིག་པ་རྣམ་སྤངས་ཉིད། །ཅེས་བྱ་བ་ནི་འཁོར་བ་པ་རྣམས་ལ་སྐྱེ་བ་དང་འཇིག་པ་ཡོད་པ་ཇི་ལྟ་བ་དེ་བཞིན་དུ་གང་ལ་མེད་པས་ན། དེ། སྐྱེ་དང་འཇིག་པ་རྣམ་སྤངས་ཉིད། །ཅེས་བྱ་བ་སྟེ། ནམ་མཁའ་དང་མཉམ་པ་ཉིད་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་སུས་འཁྱུད་ཅེ་ན། ཀུན་དུ་བཟང་པོའི་སྤྱོད་པ་སྟེ། ཞེས་བྱ་བ་ལ། ཀུན་དུ་བཟང་པོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟེ། བག་ཆགས་དང་ལྡན་པའི་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །དེས་ཉམས་སུ་མྱོང་བས་ན་ཀུན་དུ་བཟང་པོའི་སྤྱོད་པ་ཞེས་བྱའོ། །དེ་གང་ཡིན་ཞེ་ན། སྣ་ཚོགས་ཡུམ་ཤེས་བྱ་བ་ནི་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་རྣམས་ཏེ། དེ་རྣམས་ཀྱི་རང་བཞིན་གསལ་བར་མཛད་པས་ན། སྣ་ཚོགས་ཡུམ་ཞེས་བྱ་བ་ཡིན་ལ་དེ་ལ་ཕྱག་འཚལ་ལོ། །དེ་ལྟར་བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་ལ་ཕྱག་འཚལ་བར་མཛད་ནས། དེའི་གཙོ་བོར་གྱུར་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ། རྫོགས་པའི་རིམ་པའི་སྒོ་ནས་ཕྱག་འཚལ་བར་མཛད་དེ། ཨཱ་ལི་ཀཱ་ལི་སྙོམས་འཇུག་དང༌། །ཧཱུཾ་ཕཊ་ཡི་གེ་སོགས་སྤངས་ཉིད། །མི་འགྱུར་བ་ལས་སྐྱེས་པའི་སྐུ། །དུས་ཀྱི་འཁོར་ལོ་དེ་ལ་


DTG013_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདུད། །ཅེས་བྱ་བ་ལ། ཨཱ་ལི་ཞེས་བྱ་བ་ནི་ཡི་གེ་ཨ་ལ་སོགས་པའི་དབྱངས་ཀྱི་ཚོགས་སོ། །ཀཱ་ལི་ཞེས་བྱ་བ་ནི་ཀ་ལ་སོགས་པའི་གསལ་བྱེད་རྣམས་ཏེ། འདི་དག་ཡོངས་སུ་གྱུར་པ་ལས་ཟླ་བ་དང་མ་འདི་དཀྱིལ་འཁོར་ཏེ། དེ་དག་གི་དབུས་སུ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པའོ། །དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དབྱིབས་དང་ཁ་དོག་ལ་སོགས་པ་དང་ལྡན་པར་གྱུར་པ། འཇིག་རྟེན་གྱི་དངོས་གྲུབ་བསྒྲུབ་པའི་དོན་དུ་རྣམ་པར་རྟོག་པའི་སྒོམ་པ་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱིས་སྒོམ་པར་བྱེད་པ་ཇི་ལྟ་བ་བཞིན་དུ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་ཕྱིར། མཆོག་ཏུ་མི་འགྱུར་བའི་རང་བཞིན་དུ་གྱུར་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་དེ་དག་ལ་སོགས་པ་སྐྱེད་པར་བྱེད་པའི་རྒྱུ་མི་དགོས་ཏེ། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་རྟོག་པའི་འདྲ་བར་གྱུར་པའི་ཕྱིར་དང༌། མངོན་པར་ཞེན་པའི་ཕྱིར་དང༌། མི་རྟག་པའི་ཕྱིར་རོ། །དེ་གང་ལ་མི་དགོས་ཤེ་ན། མི་འགྱུར་བ་ལས་སྐྱེས་པའི་སྐུ། །ཞེས་བྱ་བ་ནི། གང་ལ་འགྱུར་བ་མེད་པ་དང༌། ཉམས་པ་མེད་པ་དེ་མི་འགྱུར་བ་ཡིན་ལ་ནམ་མཁའ་དང་འདྲ་བར་གྱུར་བའི་སྟོང་པ་ཉིད་ཅེས་བྱའོ། །དེ་ལས་གང་གི་སྐུ་ཞེས་བྱ་བ་ནི་རང་རིག་པའི་དངོས་པོའི་མཚན་ཉིད་དུ་གྱུར་པའི་འཁྲུངས་པ་དེ་མི་འགྱུར་བ་ལས་སྐྱེས་པའི་སྐུ་ཞེས་བྱ་བའོ། །དེ་བས་ན། ནམ་མཁའ་ལས་བྱུང་རང་བྱུང་བ། །ཞེས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཕྱག་ཚལ་བར་མཛད་ཅེས་བྱ་བའོ། །དེ་ལྟར་བརྗོད་པའི་རིམ་པས་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་གང་ཡིན་པ་དེ་ཉིད་རྩ་བའི་རྒྱུད་ཀྱི་རང་བཞིན་བསྟན་པར་མཛད་དེ། ཀུན་མཁྱེན་ཡེ་ཤེས་སྐུ་ཞེས་པ། །གཙོ་བོ་བདུད་ལས་རྒྱལ་བའི་སྐུ། །པདྨ་འདབ་མ་རྒྱས་སྤྱན་ཏེ། །བཅུ་དྲུག་དབྱེ་བས་དེ་ཉིད་དོ། །སངས་རྒྱས་སྐུ་བཞིའི་བདག་ཉིད་དེ། །རྡོ་རྗེ་སེངྒེའི་ཁྲི་ལ་བཞུགས། །ལྷ་དང་ལྷ་མིན་གྱིས་བསྟོད་སྔོན། །ཟླ་བཟང་གིས་བཏུད་གསོལ་བ་བཏབ། །ཅེས་བྱ་བ་ནི་སྔོན་དུ་བཤད་ཟིན་ཏོ། །དེ་ལྟར་རྩ་བའི་རྒྱུད་ཀྱི་ཚིགས་སུ་བཅད་པའི་དོན་དང་མཐུན་པར་མཛད་ནས། སྐུ་བཞི་དང་རྡོ་རྗེ་བཞིའི་རྣལ་འབྱོར་བཤད་པར་མཛད་དེ། དག་པ་ཡེ་ཤེས་གཅིག་པའི་རྣལ་འབྱོར་རྒྱལ་


DTG013_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་མཆོག་གི་དམ་ཚིག་ཐུགས་ཆོས་རྣལ་འབྱོར་གཅིག །གསུང་དང་ལོངས་སྤྱོད་རྣལ་འབྱོར་གཅིག་ཡིན་སྲིད་གསུམ་གྱིས་མཆོད་སྐུ་སྤྲུལ་རྣལ་འབྱོར་རོ། །ཤེས་དང་ཤེས་བྱ་གཉིས་མེད་འདི་ནི་སྲིད་མེད་སྲིད་གཤེགས་རྡོར་སེམས་རྣམ་བཞི་དང༌། །ཐབས་དང་ཤེས་རབ་བདག་ཉིད་ལྷ་མི་ལྷ་མིན་གྱིས་བསྟོད་རྡོ་རྗེ་རྣལ་འབྱོར་དེ་ལ་འདུད། །ཅེས་བྱ་བ་ལ། དག་བ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་སྐུའོ། །ཡེ་ཤེས་ཞེས་བྱ་བ་ནི་ཡེ་ཤེས་རྡོ་རྗེ་ཡིན་ལ། དེ་དང་རོ་མཉམ་པ་ཉིད་ཀྱི་རང་བཞིན་དུ་གྱུར་བས་ན་རྣལ་འབྱོར་ཏེ། གཉི་གའི་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་དུ་གྱུར་པའི་ཕྱིར་རོ། །དེ་གང་ཡིན་ཞེ་ན། རྒྱལ་བ་མཆོག་གི་དམ་ཚིག་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་མཆོག་ཏུ་མི་འགྱུར་བའི་བདེ་བས་འདུས་པར་བྱེད་པའི་གཅིག་པ་ཉིད་དུ་བྱེད་པས་ན་དམ་ཚིག་གོ །དེ་བས་ན་ལྷན་ཅིག་སྐྱེས་པའི་སྐུ་དང༌། ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་ནི་རྡོ་རྗེ་སེམས་དཔའ་ལ་ཡིན་གྱི། སེམས་ཅན་རྣམས་ལ་ནི་མ་ཡིན་ནོ། །དེ་རྒྱུ་གང་གི་ཕྱིར་ཞེ་ན། སེམས་ཅན་རྣམས་ལ་བཞི་པའི་གནས་སྐབས་དང་ལུས་པོ་ཡང་དག་པར་སྦྱོར་བའི་ཕྱིར་རོ། །དེ་བཞིན་དུ་དཔལ་དགྱེས་པ་རྡོ་རྗེའི་རྒྱུད་ལས། ཇི་ལྟར་མེ་ཏོག་གནས་པའི་དྲི། །མེ་ཏོག་མེད་པས་ཐོབ་མི་འགྱུར། །དེ་བཞིན་ལུས་གནས་ཡེ་ཤེས་ནི། །ལུས་པོ་མེད་པས་མི་ཐོབ་པོ། །ཞེས་བྱ་བ་ནི། ཀུན་རྫོབ་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་བཞིན་དུ་ཐུགས་ཀྱི་རྡོ་རྗེ་དང་ཆོས་ཀྱི་སྐུ་གཅིག་ཡིན་ཏེ། རྟོག་པ་ལས་འདས་པར་གྱུར་པའི་ཕྱིར་དང༌། ཆོས་ཉིད་ཀྱིས་རང་བཞིན་དུ་གྱུར་པའི་ཕྱིར་རོ། །གསུང་གི་རྡོ་རྗེ་དང་ལོངས་སྤྱོད་རྫོགས་པའི་སྐུག་ཅིག་ཡིན་ཏེ། ཆོས་སྟོན་པར་མཛད་པའི་ཕྱིར་རོ། །རྫུ་འཕྲུལ་བསྟན་པར་མཛད་པའི་ཕྱིར་རོ། །སྐུའི་རྡོ་རྗེ་དང་སྤྲུལ་པའི་སྐུའི་རྣལ་འབྱོར་པ་གཅིག་ཅེས་བྱ་བའོ། །དེ་ལ་དོན་འདི་ཡིན་ཏེ་ལྷན་ཅིག་སྐྱེས་པའི་སྐུའི་གནས་སྐབས་སུ་གཙོ་བོ་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་གནས་པ་སྟེ། བཏགས་པའི་ངོ་བོས་ཐུགས་ཀྱི་རྡོ་རྗེ་ལ་སོགས་པ་གནས་པའོ། །དེ་བཞིན་དུ་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་གནས་སྐབས་སུ་ཐུགས་དང༌། གསུང་དང་སྐུའི་རྡོ་རྗེ་གཙོ་བོ་ཡིན་ལ། ཡེ་ཤེས་ལ་སོགས་པ་ནི་བཏགས་པའི་ངོ་བོར་གྱུར་པའོ། །དེ་ལྟར་བརྗོད་པའི་རིམ་པས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་གཅིག་


DTG013_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་ན་ཡང༌། སྐུ་བཞི་དང་རྡོ་རྗེ་བཞི་དབྱེ་བས་རྣམ་པ་བཞིར་འགྱུར་རོ། །རྣམ་པ་བཞིའི་རང་བཞིན་དུ་གྱུར་པའི་རྡོ་རྗེ་རྣལ་འབྱོར་ལ་ཕྱག་འཚལ་ལོ་ཞེས་བྱ་བའོ། །དེ་ལྟར་བསྒྲུབ་བྱ་ལ་ཕྱག་འཚལ་བར་མཛད་ནས། དེ་བཞིན་གཤེགས་པ་རྣམས་ཀྱིས་ཐུགས་སུ་གྱུར་པའི་ཡང་དག་པའི་ཡེ་ཤེས་ལ་ཕྱག་འཚལ་བར་མཛད་དེ། ཞབས་གཅིག་རྡོ་རྗེ་ནོར་བུ་རྡུལ་དང་ཉི་མ་དང༌། །གཙུག་ཏོར་ཁུ་བའི་རི་བོང་དག་ལ་གཉིས་པའོ། །རྟག་ཏུ་མི་ཆོད་དབྱེར་མེད་འདོད་པ་དགོད་པ་སྟེ། །སྲིད་གསུམ་གྱིས་མཆོད་གཙོ་བོ་ལ་ནི་སྤྱི་བོས་འདུད། །ཅེས་བྱ་བ་ནི་ཕུང་པོ་དང་ཁམས་ལ་སོགས་པ་འཛིན་པར་མཛད་པ་དང༌། འཚོ་བར་མཛད་པས་ན་གཙོ་བོ་ཞེས་བྱའོ། །དེ་ལྟ་བུ་ཡིན་ཞེ་ན། ཞབས་གཅིག་རྡོ་རྗེ་ནོར་བུ་རྡུལ་དང་ཉི་མ་དང༌། །ཞེས་བྱ་བ་ནི། གང་གི་ཞབས་གཅིག་ནི་ཕྱི་རོལ་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དགོང་པ་དང༌། ནང་དུ་རྡོ་རྗེ་ནོར་བུའི་རྡུལ་གྱི་སྟེང་དུའོ། །གཞན་ཡང་ཕྱི་རོལ་དུ་ཟླ་བའི་དཀྱིལ་འཁོར་དང༌། ནང་དུ་གཙུག་ཏོར་གྱི་ཁུ་བ་ལ་གཉིས་པའོ། །ཇི་ལྟར་དགོད་ཅེ་ན། རྟག་ཏུ་ཞེས་བྱ་བ་ནི། སེམས་ཅན་རྣམས་ལ་མི་རྟག་པའི་ངོ་བོས་གནས་པར་གྱུར་པ་ཇི་ལྟ་བ་དེ་བཞིན་དུ་མ་ཡིན་ནོ། །རྒྱུན་མི་འཆད་པའི་ངོ་བོས་གནས་པ་ནི་མི་ཆོད་པ་ཞེས་བྱ་བའོ། །རྟོག་པ་རྣམས་ཀྱིས་འཇོམས་མི་ནུས་པས་ན་དབྱེར་མེད་པ་ཞེས་བྱ་བའོ། །བླ་ན་མེད་པའི་བྱང་ཆུབ་ཀྱི་རང་བཞིན་དུ་གྱུར་པས་ན་འདོད་པ་ཞེས་བྱ་བའོ། །དེ་ལྟར་དོན་དམ་པའི་བདེན་པས་རང་རིག་པའི་ཡེ་ཤེས་ལ་ཕྱག་འཚལ་བར་མཛད་ནས། བསྐྱེད་པའི་རིམ་པའི་སྒོ་ནས་དབྱིབས་དང༌། ཁ་དོག་ལ་སོགས་པ་དང་ལྡན་པར་གྱུར་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་བར་མཛད་དེ། རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པདྨ་དང༌། །ཟླ་བ་ཉི་མའི་གཟི་བརྗིད་སྟེང་དུ་བདུད་དབང་སྟེ། །སྲིད་པའི་ཡུམ་གྱི་ཞབས་དང་བཅས་པ་ཞབས་དོ་གོད་པ། །གཙོ་བོ་ལྷ་དབང་གིས་བཏུང་སྤྱི་བོས་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་གོ་སླའོ། །དེ་ལྟར་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་སྒོ་ནས་འཇིག་རྟེན་གྱི་དངོས་གྲུབ་དང༌། འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྟེར་པར་མཛད་པའི་ཐུགས་དམ་གྱི་ལྷ་ལ། བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོས་ཕྱག་འཚལ་བར་མཛད་ནས། ང་རྒྱལ་


DTG013_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྤོང་བ་བཤད་པར་མཛད་དེ། དེ་ལྟར་རྡོ་རྗེ་རྣལ་འབྱོར་གང་ལ་བདེ་གཤེགས་དཔག་ཏུ་མེད་པས་བརྟེན་ཅིང་བསྟན་པ་དང༌། །བྱང་ཆུབ་སེམས་དཔའ་རྡོ་རྗེ་མཆོག་འཛིན་གསང་སྔགས་རིག་པ་མ་ལུས་པ་ཡིས་སྡུད། །མཆོག་ཏུ་མི་འགྱུར་བ་དེ་བའི་རྣལ་འབྱོར་དུས་འཁོར་དེ་ནི་བདག་རྨོངས་བརྗོད་པར་འདོད། །མཁའ་ལ་མྱུར་འགྲོ་མཁའ་འགྲོའི་བདག་པོ་འགྲོ་བྱ་གཞན་མི་འགྲོ་བ་འམ། །ཞེས་བྱ་བ་ནི། དེ་ལྟར་བརྗོད་པའི་རིམ་པས་སྐུ་བཞི་ལ་སོགས་པའི་རང་བཞིན་དུ་གྱུར་པ་རྡོ་རྗེ་རྣལ་འབྱོར་གང་དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་སུམ་དུ་མཛད་པ་དང༌། སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་བསྟན་པར་མཛད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སྡུད་པ་པོ་ཉིད་ཀྱིས་བསྡུས་པར་མཛད་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཇི་ལྟ་བུ་ཡིན་ཞེ་ན། རྡོ་རྗེ་མཆོག་འཛིན་གསང་སྔགས་རིག་བ་མ་ལུས་པའི་།ཞེས་བྱ་བ་ལ། རྡོ་རྗེ་མཆོག་ཅེས་བྱ་བ་ནི། ཡེ་ཤེས་རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་གང་རྣམས་ཀྱིས་འཛིན་པ་འཕོ་བར་མཛད་པ་སྟེ། རྡོ་རྗེ་མཆོག་འཛིན་པ་ཞེས་བྱ་བའོ། །ཡིད་སྐྱོབ་པར་བྱེད་པའི་ཕྱིར་སྔགས་ཞེས་བྱ་བ་ནི། གཉིས་སུ་མེད་པའི་རྡོ་རྗེ་ཡེ་ཤེས་ཏེ། དེ་རྣམས་ཀྱིས་རིག་པ་ཉམས་སུ་མྱོང་བ་དེ་སྔགས་ནི་རིག་པ་ཡིན་ལ། དེ་ལྟ་བུར་གྱུར་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རྡོ་རྗེ་རྣལ་འབྱོར་དེ་སྡུད་པར་མཛད་དེ། གཅིག་དང་གཉིས་ཀྱིས་ནི་མ་ཡིན་ནོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། མཆོག་ཏུ་མི་འགྱུར་བདེ་བའི་རྣལ་འབྱོར་ཞེས་བྱ་བ་ནི། གོམས་པར་བྱེད་པས་ན་རྣལ་འབྱོར་ཞེས་བྱ་སྟེ། ལྷན་ཅིག་སྐྱེས་པའི་སྐུའོ། །རྒྱུད་གང་ལས་གསུངས་ཤེ་ན། དུས་ཀྱི་འཁོར་ལོ་ལས་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གྱུར་པའི་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ལས་ཏེ་དེ་བཞིན་གཤེགས་པས་བཀའ་སྩལ་པ་ཡིན་གྱི། རྒྱུད་གཞན་རྣམས་ལས་མ་ཡིན་ནོ། །དེ་ལ་དཔལ་དུས་ཀྱི་འཁོར་ལོ་ལས་གསུངས་པའི་རྡོ་རྗེ་རྣལ་འབྱོར་གང་ཡིན་པ་དེ། བདག་རྨོངས་པས་བརྗོད་པར་འདོད་དོ། །འོན་ཀྱང་དེ་ལ་སྐྱོན་མེད་དེ། དཔེར་ན་ནམ་མཁའ་ལ་མཁའ་ལྡིང་མྱུར་བར་འགྲོ་བ་དེ་བཞིན་དུ། བྱ་གཞན་མི་འགྲོ་བ་ཡིན་གྱི་རྣམ་པ་ཐམས་ཅད་


DTG013_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་མི་འགྲོ་བ་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པས་བཀའ་སྩལ་བ་ཇི་ལྟ་བ་དེ་བཞིན་དུ། བདག་གིས་བརྗོད་པར་མི་ནུས་ཏེ། འོན་ཀྱང་རང་གི་བློ་དང་མཐུན་པར་བཤད་པར་བྱ། །ཞེས་བྱ་བ་ནི་སྐྱོན་མེད་དོ། །རྒྱུད་ཀྱི་རྒྱལ་པོ་ལ་ཟབ་པ་དང་རྒྱ་ཆེ་བ་བཤད་པར་མཛད་དེ། མ་ལུས་སྲིད་པ་བདག་ལུས་གང་དུ་གསལ་བར་ནི། །ཞེས་བྱ་བ་ལ། གང་དུ་ཞེས་བྱ་བ་ནི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་སྟེ། མ་ལུས་སྲིད་པ་ཞེས་བྱ་བ་ནི་འདོད་པ་དང༌། གཟུགས་དང་གཟུགས་མེད་པའི་ཕྱི་རོལ་དུ་ཇི་ལྟ་བར་བཀའ་སྩལ་བ་དེ་བཞིན་དུ། རང་གི་ལུས་པོ་ལ་བརྗོད་དོ། །གང་གིས་བརྗོད་ཅན། ཨཱ་ལི་ཐིག་ལེ་འཛིན་པའི་རྒྱལ་བའི་དབང་པོས་ཞེས་བྱ་བ་ལ། ཨཱ་ལི་ཐིག་ལེ་ཞེས་བྱ་བ་ནི། བྱང་ཆུབ་སེམས་ཀྱི་ཐིག་ལེ་རྣམས་ཏེ། དེ་གང་གིས་འཛིན་པ་དེ་ཨཱུ་ལིའི་ཐིག་ལེ་འཛིན་པ་རྒྱལ་བའི་དབང་པོ་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ཡིན་ལ་དེས་བཀའ་སྩལ་ཏོ། །དེ་བས་ན་རྒྱུད་ཀྱི་རྒྱལ་པོ་འདི་ཆུ་གཏེར་ཞེས་བྱ་བ་ནི། རྒྱ་མཚོ་ཟབ་པ་དང་རྒྱས་པར་གྱུར་པ་དང་རིན་པོ་ཆེ་ལ་སོགས་པ་དང༌། གདུག་པའི་སྲོག་ཆགས་རྣམས་ཀྱི་གནས་སུ་གྱུར་པ་ཇི་ལྟ་བ་དེ་བཞིན་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ་དོན་དང་གཞུང་གིས་ཟབ་པ་དང་རྒྱ་ཆེ་བ་དང༌། སངས་རྒྱས་ཀྱི་ཡོན་ཏན་རིན་པོ་ཆེ་རྣམས་དམ་ཚིག་ཉམས་པའི་སེམས་ཅན་རྣམས་ལ་སྡུག་བསྔལ་གྱི་གནས་སུ་གྱུར་པས་ན་རྒྱ་མཚོ་དང་འདྲ་བའོ། །དེ་བས་ན་རྒྱ་མཚོ་དེ་ལས་བདག་གིས་སྒྲོལ་བར་འདོད་དེ། །དེ་ལ་གལ་ཏེ་ཕ་རོལ་ཏུ་ཕྱིན་པར་གྱུར་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱིན་གྱིས་བརླབས་པའི་མཐུ་ཡིན་གྱི། བདག་གི་ཡོན་ཏན་གྱི་སྟོབས་ཀྱིས་ནི་མ་ཡིན་ནོ། །དེ་ལྟར་རྒྱུད་ཀྱི་ཡོན་ཏན་བསྟན་པར་མཛད་ནས། རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་ཀྱི་ཡོན་ཏན་བསྟན་པར་མཛད་དེ། གསང་བདག་ལ་ནི་དང་པོའི་མཆོག་གི་སངས་རྒྱས་བཤད། །སྟོབས་བཅུ་པ་ཡིས་སྔོན་དུ་ལུང་བསྟན་པ་བསྡུས་རྒྱུད་གང༌། །ཞེས་བྱ་བ་ལ། གསང་བ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་གནོད་སྤྱིན་རྣམས་ཏེ། དེ་རྣམས་ཀྱི་གཙོ་བོར་གྱུར་བས་ན་གསང་བའི་བདག་པོ་ཞེས་བྱའོ། །ངེས་པའི་དོན་དུ་གསང་བ་ཞེས་བྱ་བ་ནི། སེམས་ཀྱི་ནང་དུ་མཐོང་བའི་ངོ་བོས་གནས་པར་གྱུར་པ་ཉོན་མོངས་པ་ལ་སོགས་པ་རྣམས་ཏེ། དེ་རྣམས་གང་གིས་


DTG013_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཟད་པར་མཛད་པ་དེ་ནི་གསང་བ་པའི་བདག་པོ་ཞེས་བྱ་བའོ། །གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སྟོབས་བཅུ་དང་ལྡན་པའི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སྔོན་དུ་རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་དང༌། རྒྱུད་དེ་ཉིད་ལ་ཊཱི་ཀ་མཛད་པའི་ཕྱིར་ལུང་བསྟན་ཅིང༌། བསྡུས་པའི་རྒྱུད་མཛད་པའི་ཕྱིར་འཇམ་དཔལ་ལ་ལུང་བསྟན་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གྱིས་ཀྱང་ཡུལ་ཤཾབྷལའི་ཀ་ལཱ་པའི་གྲོང་ཁྱེར་དུ་བསྡུས་པའི་རྒྱུད་ནི་དེ་བཞིན་གཤེགས་པས་ལུང་བསྟན་པའི་སྟོབས་ཀྱིས་གསུངས་སོ། །གང་ལ་གསུངས་ཤེ་ན། ཐུབ་པ་རྣམས་ལ་ཞེས་བྱ་བ་ལ། ཚངས་པའི་དྲང་སྲོང་ཉི་མའི་ཤིང་རྟ་ལ་སོགས་པ་བྲམ་ཟེ་བྱེ་བ་ཕྲག་ཕྱེད་དང་བཞི་ལ་བཀའ་སྩལ་ཏོ། །ད་ནི་རྩ་བའི་རྒྱུད་ཀྱི་འགྲེལ་བའི་ཡོན་ཏན་དང༌། གཞུང་གི་ཚད་བཤད་པར་མཛད་དེ། ཐེག་པ་ཐམས་ཅད་དོན་བསྡུས་པ། །འགྲེལ་བཤད་ཟླ་བ་བཟང་པོས་བྲིས། །གང་ཞིག་སྟོང་ཕྲག་དྲུག་ཅུར་འགྱུར། །ཞེས་བྱ་བ་ནི། འདིས་སྒྲོལ་བར་བྱེད་པས་ན་ཐེག་པ་སྟེ། ཉན་ཐོས་ལ་སོགས་པའི་ཐེག་པའོ། །དེ་རྣམས་ཀྱི་དོན་ཞེས་བྱ་བ་ནི། བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་སྟེ། དེ་གང་གིས་སྡུད་པར་བྱེད་པ་གསལ་བར་བྱེད་པ་ཐེག་པ་ཐམས་ཅད་དོན་བསྡུས་པ་ཞེས་བྱ་བ་ནི་འགྲེལ་བའི་ཡོན་ཏན་བརྗོད་དོ། །དེ་གང་གིས་མཛད་ཅེ་ན། ཟླ་བ་བཟང་པོས་བྲིས་ཞེས་བྱ་བ་ནི། ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་ཟླ་བ་བཟང་པོས་མཛད་ཅེས་བྱ་བའོ། །གཞུང་གི་ཚད་ནི་ཅི་ཙམ་ཡིན་ཞེ་ན། གང་གིས་སྟོང་ཕྲག་དྲུག་ཅུར་འགྱུར། །ཞེས་བྱ་བ་ནི། ཡི་གསུམ་ཅུ་རྩ་གཉིས་ཀྱི་རང་བཞིན་དུ་གྱུར་པའི་རྗེས་སུ་བསྔགས་པའི་ཚིགས་སུ་བཅད་པ་སྟོང་ཕྲག་དྲུག་ཅུ་པའོ། །དེ་ལྟར་རྩ་བའི་རྒྱུད་ཀྱི་འགྲེལ་བའི་མཚན་ཉིད་བསྟན་ནས། བསྡུས་པའི་རྒྱུད་ཀྱི་འགྲེལ་བཤད་ཀྱི་མཚན་ཉིད་སྟོན་པར་མཛད་དེ། དེ་ནི་པད་དཀར་བདག་གིས་སུ། །རྩ་བའི་རྒྱུད་ཀྱི་རྗེས་འབྲངས་པའི། །བསྡུས་པའི་རྒྱུད་ལ་བྲི་བར་བྱ། །གཞུང་ནི་སྟོང་ཕྲག་བཅུ་གཉིས་ཏེ། །རྡོ་རྗེ་དང་བཅས་ཚིག་འབྱེད་པའོ། །ཞེས་བྱ་བ་ནི་རྩ་བའི་རྒྱུད་ལ་ཕྱག་ན་རྡོ་རྗེས་འགྲེལ་པ་མཛད་པ་ཇི་ལྟ་བ་དེ་བཞིན་དུ་རྩ་བའི་རྒྱུད་ཀྱི་དོན་དང་མཐུན་པར་གྱུར་པ་གཞུང་གི་ཚད་སྟོང་ཕྲག་བཅུ་གཉིས་པ་རྡོ་རྗེ་ཚིག་གསལ་བར་བྱེད་པ། བདག་འཇིག་


DTG013_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྟེན་མགོན་པོའི་སྤྲུལ་པར་གྱུར་པ། པདྨ་དཀར་པོས་བྲི་བར་བྱ་ཞེས་པའོ། །དེ་ལྟ་བུར་གྱུར་པའི་འགྲེལ་པ་གང་ཡིན་པ་དེ་ལ་གང་ཉན་དུ་རུང་ཞེ་ན། རྒྱུད་འདི་ཐོས་སམ་རྒྱལ་བས་གསུངས་པའི་ཆོ་གས་བླ་མེད་དབང་གིས་བླངས་ནས་སུ། །ཞེས་བྱ་བ་ལ། རྒྱུད་འདི་ཞེས་བྱ་བ་ནི་རྩ་བའི་རྒྱུད་དེ། སྔོན་དུ་ཐོས་པ་འམ་ཡང་ན་བསྡུས་པའི་རྒྱུད་ཐོས་ནས་དབང་གི་ལེའུ་ལས། དེ་བཞིན་གཤེགས་པས་གསུངས་པའི་ཆོ་ག་དབང་བཞི་པ་མན་ཆད་གང་གིས་ཐོས་པའོ། །ཕྱི་ནས་རྟོག་པ་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པའི་ལམ་དོར་ནས། ཡང་དག་ཡེ་ཤེས་ལམ་ལ་གནས། །ཞེས་བྱ་བ་ལ་ཡང་དག་པའི་ཡེ་ཤེས་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཏེ། དེའི་ལམ་ཞེས་བྱ་བ་ནི་དུ་བ་ལ་སོགས་པའི་རྟགས་དང་ལྡན་པར་འགྱུར་བའི་ལམ་མོ། །དེ་ལ་གང་གནས་པ་རྣལ་འབྱོར་པ་དེས་འགྲེལ་བཤད་འདི་ཉན་པ་ཡིན་གྱི་གཞན་རྣམས་ཀྱིས་ནི་མ་ཡིན་ནོ། །དེ་ཇི་ལྟར་ཉན་ཞེ་ན། ང་རྒྱལ་ལོངས་སྤྱོད་ཕུན་ཚོགས་དུ་མ་གཏང་ནས་ཞེས་བྱ་བ་ལ། ང་རྒྱལ་ཞེས་བྱ་བ་ན་རིགས་ཀྱི་ང་རྒྱལ་ལ་སོགས་པའོ། །ལོངས་སྤྱོད་ཅེས་བྱ་བ་ནི། འདོད་པའི་ཡོན་ཏན་ལྔ་ལ་སོགས་པའོ། །ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི། ནོར་དང་འབྲས་སོ་བ་དང་འཁོར་ལ་སོགས་པ་སྟེ། དེ་རྣམས་ཀྱི་རེ་བ་དོར་ནས་འགྲེལ་བཤད་འདི་ཉན་པར་བྱའི། །དེ་རྣམས་ཀྱི་རེ་བ་མ་དོར་བས་ནི་མ་ཡིན་ནོ། །གཞན་ཡང་སེམས་ནི་བླ་མར་ཕུལ་བར་བར་བྱ་བ་ནི། གཡོ་སྒྱུ་ལ་སོགས་པ་དང་བྲལ་བའི་སེམས་བླ་མ་ལ་དབུལ་བར་བྱ་སྟེ། བླ་མས་བཀའ་སྩལ་པ་ཇི་ལྟ་བ་དེ་བཞིན་དུ་ཉན་པར་བྱ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཉན་ཞེ་ན། སངས་རྒྱས་ཉིད་ཕྱིར་ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཕྱིར་ཞེས་བྱའོ། །འགྲེལ་བཤད་ཇི་ལྟ་བུ་ཡིན་ཞེ་ན། གཞན་ལ་ཕན་འདོགས་སྤྱོད་ཡུལ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་རང་བཞིན་དུ་གྱུར་པ་ཕན་འདོགས་པར་གྱུར་བས་ན། གཞན་ལ་ཕན་འདོགས་སྤྱོད་པར་འགྱུར། །ཞེས་བྱ་བའོ། །གང་ཡིན་ཞེ་ན། མཆོག་ཏུ་མི་འགྱུར་བའི་རང་བཞིན་དུ་གྱུར་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་འགྲེལ་བཤད་ཉན་པར་གྱིས་ཞེས་བྱ་བའོ། །དེ་ལྟར་ཉན་དུ་རུང་བའི་གང་ཟག་བསྟན་ནས། བདེན་པ་མ་མཐོང་བའི་སྒྲ་ལ་སོགས་


DTG013_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་བསྟན་བཅོས་ཀྱིས་མཁས་པ་རྣམས་ཀྱི་སྐྱོན་བརྗོད་པར་མཛད་དེ། མཁས་པའི་ང་རྒྱལ་དང་ལྡན་ཞེས་བྱ་བ་ནི། གང་གིས་མངོན་པར་ཤེས་པ་མ་ཐོབ་པར་བསྟན་བཅོས་ལ་སོགས་པའི་རྣམ་པར་རྟོག་པའི་ཆོས་དང་ལྡན་པར་གྱུར་པའི་སེམས་དང༌། སྒྲ་ལ་སོགས་པ་མཁས་པའི་ང་རྒྱལ་གྱི་དབང་གིས་རྒྱ་ཆེར་འགྲེལ་པ་བྱེད་པ་དེ་གླང་པོ་ཆེ་སྨྱོན་ལོང་དང་འདྲའོ། །དཔེར་ན་གླང་པོ་ཆེ་སྨྱོན་པ་དང་ལོང་བས། རང་གི་སྡེ་ཉམས་པར་བྱེད་པ་དང༌། དགྲའི་སྡེ་རྒྱལ་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ། མངོན་པར་ཤེས་པ་མ་ཐོབ་པར་གང་གིས་འགྲེལ་ཆེན་བྱེད་པ་དེ་རང་གི་རྒྱུད་ཉམས་པར་བྱེད་པ་དང༌། བདུད་ལ་སོགས་པའི་བསམ་པ་གྲུབ་པར་བྱེད་དེ། དེ་བས་ན་དུས་ཐམས་ཅད་དུ་དེ་བདུད་ཐམས་ཅད་ཀྱི་གྲོགས་པོ་ཡིན་གྱི། སངས་རྒྱས་པ་ནི་མ་ཡིན་ནོ། །གཞན་ཡང་བདེན་པ་མ་མཐོང་བར་བར་དུ། །བཀའ་གསང་སྔགས་ཀྱི་ཐེག་པ་ལ་གང་གིས་འགྲེལ་པ་བྱེད་པ་དེ་ལ། རང་གི་དོན་དང་གཞན་གྱི་དོན་ཉམས་པར་གྱུར་པར་བཤད་པར་མཛད་དེ། མཁས་པ་མངོན་པའི་ང་རྒྱལ་ཅན་དེ་རྒྱལ་བའི་བདག་པོའི་གསུང་ཚུལ་མ་ཤེས་རྟག་ཏུ་ལོང༌། །ཐེག་མཆོག་འགྲེལ་བཤད་བྱས་ཏེ་ལོང་བ་གཞན་རྣམས་པ་ཁུར་ནས་དམྱལ་བར་འཇུག །ཅེས་བྱ་བའོ། །དེ་ཅིའི་ཕྱིར་དམྱལ་བར་འཇུག་ཅེ་ན། འགྱོད་དང་སྲོག་གཅོད་ལ་སོགས་མི་དགེ་བ་ཡི་ལམ་ལ་བུད་མེད་བདེ་བས་སེམས་དྲངས་པས། །དཔལ་ལྡན་ཤེས་རབ་བདེ་བ་ཉམས་ཤིང་ཞེས་བྱ་བ་ལ། དཔལ་ལྡན་ཤེས་རབ་ཅེས་བྱ་བ་ནི། ཕྱག་རྒྱ་ཆེན་མོ་སྟེ། དེའི་བདེ་བ་ཞེས་བྱ་བ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཡིན་ལ། དེ་གང་ལ་ཉམས་པར་གྱུར་པ་དང༌། མེད་པར་གྱུར་པ་དེ། དཔལ་ལྡན་ཤེས་རབ་བདེ་བ་ཉམས་པའོ། །གཞན་ཡང་རྡོ་རྗེའི་ཚིག་ཉམས་ཞེས་བྱ་བ་ལ། རྡོ་རྗེའི་ཚིག་ཅེས་བྱ་བ་ནི། བཞི་པ་སླར་ཡང་དེ་བཞིན་ཏེ། །ཞེས་བྱ་བའོ། །དེ་གང་གིས་མ་ཤེས་པ་རྡོ་རྗེའི་ཚིག་ཉམས་པའོ། །ཡང་ན་རྡོ་རྗེའི་ཚིག་ཅེས་བྱ་བ་ནི། མཆོག་གུ་མི་འགྱུར་བའི་བདེ་བའི་གནས་ཡིན་ཏ། དེ་གང་གིས་མ་ཐོབ་བ་དེ་རྡོ་རྗེའི་ཚིག་ཉམས་པ་ཞེས་བྱ་བའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། ཕྱི་ཡི་ལོངས་སྤྱོད་མངོན་གྱུར་པ། །ཞེས་བྱ་བ་ལ། ཕྱི་ཡི་ལོངས་སྤྱོད་ཅེས་བྱ་བ་ནི། བཟའ་བ་དང་བཏུང་བར་མང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དབང་དུ་བྱས་པས་


DTG013_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ན། ཕྱིའི་ལོངས་སྤྱོད་རྣམས་ཀྱི་མངོན་པར་གྱུར་པ་ཞེས་བྱ་བའོ། །འོ་ན་མཁས་པ་རྣམས་ཀྱིས་འགྲེལ་པ་མི་བགྱིད་ན་གནག་གིས་བྱེད་ཅེ་ན། སྟོན་པ་ཉིད་ཀྱིས་རྒྱལ་བའི་བདག་པོའི་བདེ་སྟེར་རྡོར་ཇེ་ཐེག་པར་མ་ལུས་གང་ལ་ལུང་བསྟན་པ། །ཞེས་བྱ་བ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེར་བའི་ཐེག་པ་ཆེན་པོ་བཀའ་གསང་སྔགས་ལས། དེ་བཞིན་གཤེགས་པ་ཉིད་ཀྱིས་གང་རྣམས་ལ་ལུང་བསྟན་པ་དེ་རྣམས་ཀྱིས་ཞེས་བྱ་བའོ། །དེ་རྣམས་ཇི་ལྟ་བུ་ཡིན་ཞེ་ན། རྡོ་རྗེ་མེ་ཆོག་འཛིན་བདག་འདྲ་ཡིས། །བྱང་ཆུབ་སེམས་དཔའ་འགྲེལ་བཤད་སྡུད་བྱེད་པ། །ཞེས་བྱ་བ་ལ། རྡོ་རྗེ་མཆོག་ཅེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་གང་ལ་ཡོད་པ་དེ་རྡོ་རྗེ་མཆོག་འཛིན་པ་ཡིན་ལ། བདག་ཅེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོ་རང་འདྲ་བར་གྱུར་པ། བྱང་ཆུབ་སེམས་དཔའ་རྣམས་འགྲེལ་པ་བྱེད་པ་པོ་དང༌། སྡུད་པ་པོ་ཡིན་གྱི། ཕལ་པ་གཞན་རྣམས་ནི་མ་ཡིན་ནོ། །དེ་གང་གི་ཕྱིར་ཞེ་ན། ལྷ་དང་ཀླུ་དང་ལྷ་མ་ཡིན་ལ་སོགས་པ་རྣམས་ལ་སངས་རྒྱས་རྣམས་ཀྱིས་ཐུགས་ཀྱི་དགོངས་པ་བསྟན་པར་ནུས་པའི་ཕྱིར་རོ་ཞེས་བྱ་བ་དེ་ཉིད་བཤད་པར་མཛད་དེ། དེ་རྣམས་ཀྱིས་འདིར་ལྷ་ཀླུ་མི་རྣམས་སྨིན་བྱིའི་དོན་དུས་སྔས་རྒྱས་ཀྱི་ཐུགས་བཤད་པར་བྱེད། །ཅེས་བྱ་བའོ། །གཞན་ཡང་མ་འོངས་པ་དུས་སུ་ཐེག་པ་ཆེན་པོ་ལ་གནས་པའི་སེམས་ཅན་རྣམས་ཀྱིས་སྐྱོན་བརྗོད་པར་མཛད་དེ། གནག་ཞིག་མངོན་ཤེས་ལྔ་མེད་བདག་ཅག་རྒྱལ་བའི་དབང་པོའི་ཡིན་ཞེས་མི་བདེན་དེ་རྣམས་སྨྲ། །ཞེས་བྱ་བ་ནི། གང་རྣམས་ཀྱིས་མངོན་པར་ཤེས་པ་ལྔ་མ་ཐོབ་པ་དང༌། ངེས་པའི་དོན་མ་ཤེས་པར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་ཡིན་ཞེས་དེ་རྣམས་བརྫུན་དུ་སྨྲ་བར་བྱེད་དོ། །གཞན་ཡང་འོངས་པའི་དུས་སུ་རྟག་པར་དུ་མའི་བློ་ནི་རྟོག་གེ་ལ་སོགས་པ་བསྟན་བཅོས་ལ་གཏད་པ། །ཞེས་བྱ་བ་ནི། ཐེག་པ་ཆེན་པོ་བཀའ་གསང་སྔགས་སྐྱི་ཚུལ་མ་ཤེས་པར་རྟོག་གེ་དང་བསྟན་བཅོས་ལ་སོགས་པ་ལ་སེམས་གཏད་ནས། བླ་ན་མེད་པའི་བྱང་ཆུབ་ལ་ར་བ་བྱེད་དེ། དེ་བཞིན་དུ་སངས་རྒྱས་བ་རྣམས། རྟག་གེ་གཞན་དང་ཕྲག་པའི་དབང་གིས་བརྫུན་དག་འབྱུང་བར་འགྱུར། །ཞེས་བྱ་བ་ནི། རྟོག་གེ་ལ་སོགས་པའི་བློ་དང་ལྡན་པར་གྱུར་པའི་སངས་རྒྱས་རྣམས་མུ་སྟེགས་པ་རྣམས་ཀྱི་ལྟ་


DTG013_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་དང་ཕྲད་པར་གྱུར་ན་རང་གི་དམ་བཅའ་བ་གང་ཡིན་པ་དེ་བརྫུན་དུ་འགྱུར་ཏེ། རང་གི་ཁྱིམ་དུ་བྱིས་པ་དང༌། བུད་མེད་ལ་སོགས་པ་རྣམས་ལ་སྨྲ་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་མཁས་པ་གཞན་རྣམས་ཀྱི་མདུན་དུ་སྨྲ་བར་མི་ནུས་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱིས་གཞན་ཅི་བྱེད་ཅེ་ན། རྟོག་གེ་ལ་གཏད་དེ་ཡིས་གང་ཞིག་འདོད་པའི་ཡུལ་གྱི་ལམ་ནི་སྟོན་པར་བྱེད། །ཅེས་བྱ་བ་ལ། འདོད་པའི་ཡུལ་ཞེས་བྱ་བན་མི། བླ་ན་མེད་པའི་བྱང་ཆུབ་སྟེ། དེའི་ལམ་ནི་རྟོག་གེ་ལ་སོགས་པའི་སོགས་གང་རྣམས་ཀྱིས་སྟོན་པར་བྱེད་པ། དེ་རྣམས་ཁོ་ནའི་བློ་ངན་གྱི་སྐྱོན་འཇོམས་བྱེད་འགྲེལ་བཤད་བདག་གིས་བྲི་བར་བྱ། །ཞེས་སོ། །འགྲེལ་བ་དེ་ཇི་ལྟ་བུ་ཡིན་ཞེ་ན། ཆགས་བྲལ་མེད་པ་འདོད་ཆགས་མཐའ་ཡས་ཆུ་ནི་ཞེ་སྡང་སྦྲུལ་དང་ཆུ་སྲིན་ཚོགས། །གཏུ་མུག་རླབས་ཚོགས་ཡིན་ལ་འདས་དང་མ་འོངས་པ་ཡི་ནོར་དཔལ་ཞེས་ནི་དུས་ཀྱི་དོང༌། །འགྱོད་སོགས་གསོད་ལ་སོགས་པའི་ལས་ནི་རྒོད་པ་ཅུ་འཁོར་དྲག་པའི་སྒྲ། །སྲིད་པའི་ཆུ་ཡི་གཏེར་ཡིན་དཔལ་ལྡན་རྡོ་རྗེ་ཐེག་པའི་འགྲེལ་བཤད་རྟག་ཏུ་མཉམ་པའོ། །ཞེས་བྱ་བ་ལ། རྡོ་རྗེ་ཐེག་པ་གྲུ་ཡིན་ལ། འགྲེ་བཤད་ནི་ཉམ་པའོ། །གནག་ལ་ཡིན་ཞེ་ན། སྲིད་པ་ཆུ་ཡི་གཏེར་ཞེས་བྱ་བ་ནི། འཁོར་བའི་རྒྱ་མཚོ་ལའོ། །འཁོར་པ་དང་རྒྱ་མཚོ་ལ་ཆོས་མཐུན་པ་རྗི་ལྟ་བུ་ཡིན་ཞེ་ན། ཆགས་བྲལ་མེད་པའི་འདོད་ཆགས་མཐའ་ཡས་ཆུ་ཡིན་ཞེས་བྱ་བ་ནི། རིག་པ་དང་རིག་པ་མ་ཡིན་པའི་རྣམ་པ་དཔྱད་པ་དང་བྲལ་བའི་མཐའ་ཡས་པའི་འདོད་ཆགས་གང་ཡིན་པ་དེ་ཉིད་ཆུ་ཞེས་བྱ་བའོ། །གཞན་ཡང་རྒྱ་མཚོ་ལ་སྦྲུལ་དང་ཆུ་སྲིན་ལ་སོགས་པའི་ཚོགས་ཡོད་དེ། འཁོར་བའི་རྒྱ་མཚོ་ལ་དེ་གང་ཡིན་ཞེ་ན། ཞེས་སྡང་ཞེས་བྱ་བའོ། །གཞན་ཡང་རྒྱ་མཚོ་ལ་རླབས་ཡོད་དེ་འཁོར་བའི་རྒྱ་མཚོ་དེ་ལ་གཏི་མུག་ཅེས་བྱ་བའོ། །དེ་བཞིན་དུ་རྒྱ་མཚོ་ནི་དཀར་པོའི་ཕྱོགས་སུ་འཕེལ་བར་འགྱུར་བ་དང༌། ནག་པོའི་ཕྱོགས་སུ་འགྲིབ་པར་བྱེད་པའི་དུས་ཀྱི་དོན་དང་ལྡན་པར་གྱུར་པ་སྟེ། འཁོར་བའི་རྒྱ་མཚོ་ལ་དེ་འདས་པ་དང་མ་འོངས་པའི་ནོར་ཞེས་བྱ་བའོ། །དེ་བཞིན་དུ་རྒྱ་མཚོ་ལ་ཆུ་འཁོར་དྲག་པོ་དང་ལྡན་པར་གྱུར་པའི་རྒོད་མའི་ཁ་ཡོད་ལ། གང་དུ་རྒྱ་མཚོའི་ཆུ་ཐམས་ཅད་མེད་པར་གྱུར་པ་སྟེ། དེ་ནི་འཁོར་བའི་རྒྱ་མཚོ་ལ་འགྱོད་པ་ལ་སོགས་པ་དང༌།


DTG013_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྲོག་གཅོད་པ་ལ་སོགས་པའི་ལས་ཡིན་ལ་གང་དུ་དགེ་བའི་རྩ་བ་མེད་པར་འགྱུར་པའོ། །དེ་ལྟར་རྒྱ་མཚོ་དང་འདྲ་བར་གྱུར་པའི་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པའི་འགྲེལ་བཤད་བྱ་བའི་དོན་ཏོ། །གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན། དམ་པའི་བདེ་བས་མྱུར་དུ་རྒལ་བའི་ཕྱིར། །ཆེན་པོ་རྣམས་ཀྱི་ལམ་གྱི་བཙུན་མོ་དེ། །ཞེས་བྱ་བ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བས་སྐྱེས་པ་འདི་ཉིད་དུ་འཁོར་བའི་རྒྱ་མཚོ་རྒལ་བར་འདོད་པའི་རྣལ་འབྱོར་པ་རྣམས་ཀྱི་ལམ་གྱི་བཙུན་མོ་ནི་འགྲེལ་བཤད་དེ་ཞེས་བྱ་བའོ། །འགྲོན་པོ་རྣམས་ཀྱི་ལམ་གྱི་སྡུག་བསྔལ་ཐམས་ཅད་བུད་མེད་ཀྱིས་འཕྲོག་པར་བྱེད་པ་དང་བདེ་བ་སྟེར་བར་བྱེད་པ་ཇི་ལྟ་བ་བཞིན་དུ་འགྲེལ་བཤད་འདི་མཛད་ཅེས་བྱ་བའི་དོན་ཏོ། །གང་ལ་མཛད་ཅེ་ན། མྱུར་འགྲོ་ཤེས་རབ་རླུང་གི་དར་གྱིས་མྱ་ངན་ལས་འདས་པ་ཡི་ཕ་རོལ་འདོད་པ་རྣམས་ལའོ། །ཞེས་བྱ་བ་ནི། རླུང་གི་དར་གྱིས་རྒྱ་མཚོའི་ཕ་རོལ་དུ་འགྲོ་བ་ཇི་ལྟ་བ་དེ་བཞིན་དུ་ཐོས་པ་དང༌། བསམས་པ་དང་བསྒོམས་པའི་ཤེས་རབ་ཀྱིས་རབ་ཏུ་མི་གནས་པའི་མྱ་ངན་ལས་ལས་འདས་པའི་ཕ་རོལ་དུ་རྒལ་བར་འདོད་པ་རྣམས་ལ་ཡིན་གྱི། འཁོར་བའི་རྒྱམ་ཚོ་ལི་ནང་དུ་འཁྱམ་པར་འདོད་པ་རྣམས་ལ་ནི་མ་ཡིན་ནོ། །གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན། ཉོན་མོངས་བདུད་ཚོགས་ལ་འཇོམས་པ་མཁས་པའི་ཡང་དག་ཡེ་ཤེས་ཡིད་བཞིན་ནོར་བུ་སྟེ། །ཞེས་བྱ་བ་ནི། ཡིད་བཞིན་ནོར་བུ་རིན་པོ་ཆེས། ལྟོགས་པ་དང་སྒོམ་པ་འཇོམས་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ། ཉོན་མོངས་པ་དང་བདུད་ཀྱི་ཚོགས་འཇོམས་པར་བྱེད་པའི་སྐྱེས་བུ་རྣམས་ལ་ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པ་དེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའོ། །ཐ་མལ་བ་བཞིན་དུ་མཛད་དམ་ཞེ་ན། འཇིག་རྟེན་གསུམ་གྱི་བདག་ཉིད་སྟེར་བའི་དོན་དུ་འདི་ནི་ཐམས་ཅད་སྟོན་པར་བྱེད། །ཅེས་བྱ་བ་ལ། འཇིག་རྟེན་གསུམ་གྱི་བདག་ཉིད་ཅེས་བྱ་བ་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ། དེ་སྟེར་བའི་དོན་དུ་འགྲེལ་བཤད་འདིས་འཇིག་རྟེན་གྱི་དོན་དང༌། འཇིག་རྟེན་ལས་འདས་པའི་དོན་ཐམས་ཅད་སྟོན་པར་མཛད་ཅས་བྱ་བའོ། །དེ་ལྟར་འགྲེལ་བཤད་ཀྱི་ཡོན་ཏན་བཤད་པར་མཛད་ནས། །བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལས་མ་གཏོགས་པར་ལམ་གཞན་


DTG013_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་ཡིན་པར་བཤད་པར་མཛད་དེ། རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཀུན་མཁྱེན་བདེ་བ་རབ་སྟེར་དེ་ཉིད་ཆེན་མོ་གཅིག །ཅེས་བྱ་བ་ལ་དེ་ཉིད་ཆེན་མོ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་མོ་སྟེ། དེ་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་གཅིག་པོ་ཡིན་གྱི་གཞན་རྣམས་ཀྱི་ནི་མ་ཡིན་ནོ། །དེ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། ཀུན་མཁྱེན་བདེ་བ་རབ་སྟེར་བ། །ཞེས་བྱ་བ་ལ། ཀུན་མཁྱེན་བདེ་བ་ཞེས་བྱ་བ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེ། དེ་རྒྱུན་མི་འཆད་པ་ཉིད་ཀྱིས་འཁོར་བ་མ་ཟད་པ་ཉིད་ཀྱི་བར་དུ་སྟེར་བར་མཛད་པས་ན། ཀུན་མཁྱེན་བདེ་བ་རབ་སྟེར་བ། །ཞེས་བྱ་བ་ཡིན་ལ། གཞན་རྣམས་ཀྱིས་འགྱུར་བ་དང་འཛག་པའི་བདེ་བ་སྟེར་བར་ཇི་ལྟ་བ་དེ་བཞིན་དུ་ནི་མ་ཡིན་ནོ། །དོན་དེ་ལྟ་བུར་མཛད་ན་ཡང༌། དེ་ཉིད་ཀྱི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། ཕུང་པོ་ལ་སོགས་སྒྲིབ་པ་རབ་བྲལ་ཡུལ། །ཞེས་བྱ་བ་ནི། རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་དུ་གྱུར་པའི་ཕུང་པོ་ལ་སོགས་པ་གང་གིས་བཀབ་པར་བྱས་བ་དང༌། འཁོར་བའི་བག་ཆགས་ཀྱིས་ཁྱབ་པར་བྱས་པ་དེ་ཕུང་པོ་ལ་སོགས་པ་སྒྲིབ་པ་ཞེས་བྱ་བ་སྟེ། འཇིག་རྟེན་གྱི་ཕུང་པོ་ལ་སོགས་པ་ཞེས་བྱ་བའི་དོན་ཏོ། །འཁོར་བའི་རྒྱུར་གྱུར་པ་ཕུང་པོ་རྣམས་གང་གིས་དོར་བར་མཛད་པ་སྟེ། ཕུང་པོ་ལ་སོགས་སྒྲིབ་པ་རབ་བྲལ་ཡུལ། །ཞེས་བྱ་བའོ། །ཕུང་པོ་ལ་སོགས་པ་དང་བྲལ་བར་འགྱུར་བ་གང་ཡིན་པ་དེ་མེད་པའི་རང་བཞིན་མ་ཡིན་ནམ་ཞེ་ན། གང་ཞིག་ཕྲ་ནི་རྣམ་བརྒྱད་ཚུལ། །ཞེས་བྱ་བ་ལ་རྣམ་པ་བརྒྱད་ཀྱི་རང་བཞིན་དུ་གྱུར་པ་པྲ་ཏི་སེ་ན་ཞེས་བྱ་བ་ནི། མེ་ལོང་གི་ནང་གཟུགས་བརྙན་དང་རྨི་ལམ་དང་དྲི་ཟའི་གྲོང་ཁྱེར་དང༌། སྨིག་རྒྱུ་ལ་སོགས་པ་རྣམ་པ་བརྒྱད་དེ། དེ་དང་འདྲ་བར་གྱུར་པས་ན། པྲ་ཏི་སེ་ནའི་རྣམ་པ་བརྒྱད་ཀྱི་རང་བཞིན་དུ་གྱུར་པ་ཞེས་བྱ་བ་སྟེ། ཡོད་པ་དང་མེད་པ་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱག་རྒྱ་ཆེན་མོའི་རང་བཞིན་དུ་གྱུར་པའི་ལམ་བསྟན་པར་མཛད་ནས། བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་གཞན་མ་ཡིན་པར་བསྟན་པར་མཛད་དེ། དེ་བོར་ནས་ནི་ནོར་ལ་བརྐམ་པའི་འཁྱོག་སེམས་བརྟགས་པ་གང་ཞིག་སྟེན་བྱེད་པ། །སངས་རྒྱས་ཉིད་ཕྱིར་ཞེས་བྱ་བ་ལ། དེ་ལྟར་བརྗོད་པར་གྱུར་པའི་ཕྱག་རྒྱ་ཆེན་མོ་བོར་ནས། ནོར་ལ་


DTG013_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྐམ་པར་གྱུར་པ་དང༌། སེམས་མ་དག་པར་གྱུར་པའི་ལས་ཀྱི་ཕྱག་རྒྱའམ། བརྟགས་པའི་རང་བཞིན་དུ་གྱུར་པ་ཡེ་ཤེས་ཀྱི་ཕྱག་རྒྱལ་བླ་ན་མེད་པའི་བྱང་ཆུབ་ཉིད་ཐོབ་པར་བྱ་བའི་ཕྱིར། གང་གིས་སྟེན་བར་བྱེད་པ་ལམ་དེ་ལ་སྐྱོན་ཅི་ཡོད་ཅེ་ན། དེ་ཡང་རྣམ་རྟོག་བློ་ཡིས་དེ་ནི་འཕོ་བ་ཁྲིད་པར་བྱེད། །ཅེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་སྟེ། ཡང་ན་རྣམ་པར་རྟོག་པའི་སེམས་ཀྱི་རང་བཞིན་དུ་གྱུར་པའི་ཡེ་ཤེས་ཀྱི་ཕྱག་རྒྱས་འཁོར་བའི་ནང་དུ་འཁྱམ་པའི་རང་བཞིན་དུ་གྱུར་པའི་འཕོ་བ་སྟེར་བ་ཡིན་གྱི། བླ་ན་མེད་པའི་བྱང་ཆུབ་སྟེར་བ་ནི་མ་ཡིན་ནོ། །འཕོ་བ་ལ་སྐྱོན་ཅི་ཡོད་ཅེ་ན། འདོད་ཆགས་བྲལ་ལས་སྡིག་སྟེ་ཤིན་ཏུ་སྡུག་མ་ལ་ནི་ཞེ་སྡང་གང་ཕྱིར་སྐྱེས། །ཞེས་བྱ་བ་ནི། གང་ལ་རང་རིག་པའི་བདེ་བ་འཕོ་བར་གྱུར་པ་དེ་ལ་སྡིག་པར་གྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཤིན་ཏུ་ཡིད་དུ་འོང་བའི་ཕྱག་རྒྱ་མོ་ལ་ཞེ་སྡང་སྐྱེས་པའི་ཕྱིར་རོ། །ཞེ་སྡང་ལ་སྐྱོན་ཅི་ཡོད་ཅེ་ན། ཞེ་སྡང་འདི་ལས་གཏི་མུག་སྐྱེས། །ཞེས་བྱ་བ་ལ་གཏི་མུག་གི་རྩ་བ་ནི་ཞེ་སྡང་ཡིན་ཞེས་བྱ་བའོ། །གང་གཏི་མུག་དང་ལྡན་པ་དེ་ལ། དེ་ལ་གཉིས་སུ་མེད་པའི་ཡེ་ཤེས་མེད་དེ་གང་ལ་གཉིས་སུ་མེད་པའི་ཡེ་ཤེས་མེད་པ་དེ་ལ། མཆོག་ཏུ་མི་འགྱུར་པའི་བདེ་བའི་རྟེན་དུ་གྱུར་པའི་རང་གི་རྡོ་རྗེ་ལྷུང་བར་འགྱུར་ཏེ། རྡོ་རྗེ་ལྷུང་བར་གྱུར་པས་ན་སེམས་བརྒྱལ་བ་ཉིད་དུ་འགྱུར་ཏེ། དྲན་པ་དང་བྲལ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །བརྒྱལ་བ་ལ་སྐྱོན་ཅི་ཡོད་ཅེ་ན། དམ་མིན་བཟའ་དང་བཏུང་སོགས་ཡུལ་གཞན་དག་ལ་མ་ལུས་རབ་ཏུ་འཇུག་པའོ། །ཞེས་བྱ་བ་ལ། དམ་པ་མིན་པའི་བཟའ་བ་དང་བཏུང་བ་ལ་སོགས་པ་ཞེས་བྱ་བ་ནི། འཇིག་རྟེན་པའི་ཁ་ན་མ་ཐོ་བ་དང་བཅས་པ་དང༌། སྦྱང་བ་དང༌། སྤེལ་བ་དང་འབར་བ་དང༌། བདུད་རྩིར་མ་བྱས་པའི་རྫས་རྣམ་སྟེ། ཡུལ་དེ་དག་ལ་སོགས་པ་ལ། ངལ་བར་གྱུར་པའི་སེམས་འཇུག་པར་འགྱུར་བའོ། །ཅོ་འདྲི་དག་དང་བདེ་ཉམས་སེམས་ནི་སྐྱེ་བ་དྲུག་ཏུ་འཁོར་བར་འགྱུར་བ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །དེ་བཞིན་དུ་དབང་མདོར་བསྟན་པ་ལས། ཆགས་བྲལ་ལས་ནི་སྡིག་གཞན་མེད། །བདེ་ལས་བསོད་ནམས་མཆོག་མེད་དོ། །དེ་བས་མི་འགྱུར་བདེ་སེམས་ནི། །རྟག་ཏུ་བསྒོམ་བྱ་རྒྱལ་པོ་ཀྱེ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །


DTG013_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཞན་ཡང་སྒྲ་ལ་སོགས་པ་དང་བསྟན་བཅོས་ཀྱི་སྒོ་ཡིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མི་འགྱུར་བར་བཤད་པར་མཛད་དེ། ཀུན་མཁྱེན་པ་ཡི་ལམ་འདོད་རྣམས་ལ་སྒྲ་དང་སྒྲ་མིན་རྣམ་དཔྱད་ཆེན་པོ་མེད། །ཅེས་བྱ་བ་ལ་ཀུན་མཁྱེན་པའི་ལམ་ཞེས་བྱ་བ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཏེ་དེ་གང་རྣམས་ཀྱིས་འདོད་པ་དེ་རྣམས་ལ། སྒྲ་དང་སྒྲ་མ་ཡིན་པའི་རྣམ་པར་དཔྱད་པས་དགོས་པ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དུ་མ་ཡུལ་གྱི་སྐད་ངན་གྱིས་ཀྱང་ཆེན་པོ་རྣམས་ནི་ལམ་ལ་རྟག་ཏུ་འཇུག །ཅེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པར་འདོད་པའི་རྣལ་འབྱོར་པ་རྣམས་ལ་ཡུལ་སྣ་ཚོགས་པའི་ཀླ་ཀློ་ལ་སོགས་པའི་སྐད་ཀྱིས་གཉིས་སུ་མེད་པའི་ལམ་ལ་རྟེན་པར་བྱེད་དོ། །སྒྲ་ལ་སོགས་པའི་རྩོད་པར་འདོད་པ་དང༌། འཁོར་བའི་ནང་དུ་གནས་པར་འདོད་པ་རྣམས་ལ། ལྷ་དང་ཀླུ་ལ་སོགས་པ་རྣམས་ཀྱིས་ཉི་ཚེ་བར་གྱུར་པའི་ལེགས་པར་སྦྱར་བའི་སྐད་བྱས་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་སྐད་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལ་གནས་པར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་རང་རང་གི་སྐད་དང༌། རང་རང་གི་བསམ་པའི་དབང་གིས་དེ་བཞིན་གཤེགས་པའི་གསུང་དུ་གྱུར་པའི་ཕྱིར་རོ། །དེ་ཉིད་ཚིགས་སུ་བཅད་པ་ཕྱེད་ཀྱིས་བཤད་པར་མཛད་དེ། སེམས་ཅན་རྣམས་ཀྱི་མོས་པས་སེམས་ཀྱི་དབང་གིས་ཐམས་ཅད་མཁྱེན་པའི་གསུང་ནི་གཞན། །ལྷ་ཀླུ་རྣམས་ཀྱིས་སྒྲ་སྦྱར་ལས་ནི་སྒྲ་སོགས་རྩོད་འདོད་རྣམས་ལ་གཞན་བྱས་པའོ། །ཞེས་བྱ་བའོ། །དེ་བས་ན་དོན་ལ་རྟོན་པར་བྱའི། །ཚིག་ལ་རྟོན་པར་མི་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གང་ལ་གསུངས་པའི་དོན་དེ་ཉིད་ཚིགས་སུ་བཅད་པས་གསལ་པོར་མཛད་དེ། ཟུར་ཆག་སྒྲ་ལས་དོན་ཡང་ནི། །རྣལ་འབྱོར་ཡུལ་གྱི་སྐད་ཀྱིས་ལེན། །ཞེས་བྱ་བ་ནི། ལེགས་པར་སྦྱར་བའི་སྐད་དང་བྲལ་བ་གང་ཡིན་པ་དེ་ཟུར་ཆག་པ་ཞེས་བྱ་བའོ། །ཟུར་ཆག་གི་སྒྲ་དེ་ལས་རྣལ་འབྱོར་པ་ཡུལ་གྱི་སྐད་ཀྱིས་དོན་འཛིན་པར་བྱེད་དོ། །དཔེར་ན། ཆུ་ལ་འོ་མ་འདྲེས་པ་ནི། །དེ་ནི་ངང་པས་བཏོན་ཏེ་འཐུང༌། །ཞེས་བྱ་བ་ནི། ངང་པའི་རྒྱལ་པོས་ཆུ་དང་འོ་མ་འདྲེས་པ་ལས། ཆུ་དོར་ནས་འོ་མ་འཛིན་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ། འཇིག་རྟེན་གྱི་ཐ་སྙད་ཀྱི་རང་


DTG013_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་དུ་གྱུར་པའི་སྒྲ་དང་སྒྲ་མ་ཡིན་པའི་རྣམ་པར་སྦྱར་བ་དོར་ནས། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་གང་གིས་འདོད་པའི་རྣལ་འབྱོར་བ་དེས་དོན་འཛིན་པ་ཡིན་གྱི། གཞན་མ་རྣམས་ཀྱིས་ནི་མ་ཡིན་ནོ། །འོ་ན་དེ་ལྟར་ཡིན་ན། སྒྲ་ལ་སོགས་པའི་བསྟན་བཅོས་དོན་མེད་པར་མི་འགྱུར་རམ་ཞེ་ན། བཤད་པར་མཛད་དེ། དོན་དམ་པ་ཡི་དེ་ཉིད་ཡུལ་ལ་ནི། །ཚིག་ལ་རྟོན་པ་ཆ་རྣམས་རྟག་ཏུ་མིན། །ཞེས་བྱ་བ་ལ། དོན་དམ་པའི་དེ་ཁོ་ན་ཉིད་ཅེས་བྱ་བ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེ། དེ་གོམས་པའི་དུས་སུ་སྐྱེས་བུ་ཆེན་པོ་རྣམས་ལ་ཚིག་ལ་རྟོན་པར་དགོས་པ་མེད་དོ། །འཇིག་རྟེན་གྱི་ཐ་སྙད་བསྒྲུབ་པའི་དོན་དུ་ལེགས་པར་སྦྱར་བའི་སྐད་ལ་དགོས་པ་ཇི་ལྟ་བ་དེ་བཞིན་དུ་དོན་དམ་པའི་དེ་ཁོ་ན་ཉིད་ལ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཡུལ་གྱི་མི་རྣམས་ཀྱིས་ནི་དོན་རྣམས་ལ། །ཤེས་ནས་སྒྲ་ཡི་བསྟན་བཅོས་ཀྱིས་ནི་ཅི་ཞིག་བྱ། །ཞེས་བྱ་བའོ། །གཞན་ཡང༌། གང་ལ་སྒྲ་དང་ཟུར་ཆག་སྒྲ་འབྱུང་འགྱུར། །དེ་ཉིད་ཡེ་ཤེས་སུ་ནི་མི་འགྱུར་ཏེ། །ཞེས་བྱ་བ་ནི། གང་དུ་སྒྲ་དང་སྒྲ་མ་ཡིན་པ་དང༌། རྒྱུ་དང་གཏན་ཚིགས་ལ་སོགས་པ་བཤད་པར་གྱུར་པ་དེ་གཉིས་སུ་མེད་པའི་ཡེ་ཤེས་སུ་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཐ་སྙད་ལས་འདས་པར་གྱུར་པའི་ཕྱིར་དང༌། ཉམས་སུ་མྱོང་བའི་རང་བཞིན་དུ་གྱུར་པའི་ཕྱིར་རོ། །གལ་ཏེ་སེམས་ཅན་ཐམས་ཅད་ལ་ཐུན་མོང་གི་རང་བཞིན་དུ་མ་གྱུར་པ་དང༌། ཉི་ཚེ་བའི་སྐད་དེ་བཞིན་གཤེགས་པ་ལ་མངའ་བ་དེ་ལྟ་ན་ནི། སེམས་ཅན་དང་ཐམས་ཅད་མཁྱེན་པ་ལ་ཁྱད་མེད་དེ། །དེ་བས་ན། གང་ཞིག་སྐྱེ་འགྲོ་ལ་ནི་ཉི་ཚེ་བ། །དེ་ནི་ཐམས་ཅད་མཁྱེན་པའི་གསུང་མ་ཡིན། །ཞེས་བྱ་བའོ། །དེ་ལྟར་དོན་དམ་པའི་དེ་ཁོ་ན་ཉིད་ལ་སྒྲ་ལ་སོགས་པ་དགོས་པ་མེད་པར་བསྟན་ནས་དོན་དམ་པའི་དེ་ཁོ་ན་ཉིད་དེ་རང་བཤད་པར་མཛད་དེ། དོན་དམ་པ་ཡི་མི་འགྱུར་བཞི་པ་ནི། །ཞེས་བྱ་བ་ལ། དོན་དམ་པའི་མི་འགྱུར་བ་ཞེས་བྱ་བ་ནི། མི་འཕོ་བའི་རང་བཞིན་དུ་གྱུར་པའི་ལྷན་ཅིག་སྐྱེས་པའི་དགའ་བ་བཞི་པ་ཞེས་བྱ་བའོ། དེའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། སངས་རྒྱས་རྣམས་ཀྱི་ཤེས་རབ་ཡེ་ཤེས་ཏེ། །ཞེས་བྱ་བའོ། །ཤེས་རབ་ཀྱི་ཡེ་ཤེས་ཤེས་རབ་ཡེ་ཤེས་ཡིན་ནམ། ཡང་ན་ཤེས་རབ་


DTG013_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་སྐྱེས་པའི་ཡེ་ཤེས་ཤེས་རབ་ཡེ་ཤེས་ཡིན་ཞེ་ན། བརྗོད་པར་བྱ་སྟེ། དེ་གཉི་གར་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་ཤེས་རབ་ཀྱི་ཡེ་ཤེས་ཤེས་རབ་ཡེ་ཤེས་ཡིན་པ་དེ་ལྟ་ན་ནི། ཐབས་ཀྱི་ཡེ་ཤེས་ནི་ཐབས་བླ་ན་མེད་པའི་བྱང་ཆུབ་འགྲུབ་པར་བྱེད་དེ། གལ་ཏེ་དེ་བཞིན་དུ་ཡིན་པ་དེ་ལྟ་ན་ནི། ཡེ་ཤེས་གཉིས་སུ་འགྱུར་ཏེ། ཡེ་ཤེས་གཉིས་སུ་འགྱུར་བའི་ཕྱིར། སངས་རྒྱས་ཉིད་མེད་པར་འགྱུར་རོ། །ཡང་ན་ཕན་ཚུན་དུ་ལྟོས་པ་ནི་ཤེས་རབ་ལས་སྐྱེས་པའི་ཡེ་ཤེས་ནི་ཐབས་ལ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུར་གྱུར་པ་དེ་ལྟ་ན་ནི། ཐབས་ཀྱི་རྒྱུ་ལས་སྐྱེས་པའི་ཡེ་ཤེས་ནི། ཤེས་རབ་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། གལ་ཏེ་གྱུར་པ་དེ་ལྟ་ན་ནི། སྔོན་བཞིན་དུ་སྐྱོན་དུ་འགྱུར་རོ། །དེ་བས་ན་ཤེས་རབ་དང་ཡེ་ཤེས་ནི་ཤེས་རབ་ཡེ་ཤེས་ཡིན་གྱི། ཤེས་རབ་ཀྱི་ཡེ་ཤེས་དང༌། ཤེས་རབ་ལས་སྐྱེས་པའི་ཡེ་ཤེས་ནི་མ་ཡིན་ནོ། །ཤེས་རབ་གང་ཡིན་པ་དང༌། ཡེ་ཤེས་དེ་གང་ཡིན་ཞེ་ན། བརྗོད་པར་བྱ་སྟེ། གྲངས་ཇི་ལྟ་བར་འཛིན་པའི་སེམས་དང༌། གཟུང་བའི་སེམས་སོ། །དེ་ལ་འཛིན་པའི་སེམས་ནི་གང་གིས་དུ་བ་ལ་སོགས་པའི་རྟགས་འཛིན་པ་སྟེ། གཟུང་བའི་སེམས་ནི་གང་དུ་བ་ལ་སོགས་པའི་སོ་སོར་སྣང་བའོ། །དཔེར་ན་མེ་ལོང་གི་ནང་དུ་རང་གི་མིག་གིས་མིག་གི་གཟུགས་བརྙན་མཐོང་བ་ཇི་ལྟ་བ་བཞིན་དུ་རང་གི་སེམས་ཀྱིས་རང་གི་སེམས་ཀྱིས་སྣང་བ་མཐོང་བ་གང་ཡིན་པ་དེ་ནི་དོན་དམ་པར་ཤེས་རབ་ཡེ་ཤེས་ཡིན་གྱི། བྷ་ག་དང་ལིང་ག་ཡང་དག་པར་སྦྱར་བ་ནི་མ་ཡིན་ནོ། །དེ་ལྟ་བུ་ཤེས་རབ་ཡེ་ཤེས་གང་ཡིན་པ་དེ། སངས་རྒྱས་རྣམས་ཀྱི་ཡིན་གྱི། ལས་ཀྱི་ཕྱག་རྒྱའམ། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པར་གྱུར་པའི་གཞན་རྣམས་ཀྱི་མ་ཡིན་ནོ། །གལ་ཏེ་ཤེས་རབ་ཡེ་ཤེས་དེ་ལྟ་བུ་ཡིན་པ་དེ་ལྟ་ན་ནི། སླར་ཡང་དེ་བཞིན་ཏེ་ཞེས་བྱ་བ་གང་ཡིན་ཞེ་ན། གང་ཞིག་སླར་ཡང་དེ་བཞིན་ཏེ། འདི་ནི་རྒྱལ་བ་ཉིད་ཀྱིས་ཕྱག་རྒྱ་ཆེན་མོར་གསུངས། །ཞེས་བྱ་བ་ནི། ལས་ཀྱི་ཕྱག་རྒྱ་ལས་སྐྱེས་པའི་བདེ་བ་ཇི་ལྟ་བ་དེ་བཞིན་དུ་གང་ལས་སྐྱེས་པ་དེ་སླར་ཡང་དེ་བཞིན་ནོ་ཞེས་བྱ་བ་སྟེ། དེ་དང་འདྲ་བ་ཡིན་གྱི། དེ་ཉིད་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལས་ཀྱི་ཕྱག་རྒྱའི་བདེ་བ་གང་ཡིན་པ་དེ་འགྱུར་བའི་རང་བཞིན་ཡིན་ལ་གང་ཕྱག་རྒྱ་ཆེན་མོ་ལས་སྐྱེས་པའི་བདེ་བ་དེ་མི་


DTG013_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྱུར་བའི་རང་བཞིན་ཞེས་བྱའོ། །དེ་བས་ན་གསུམ་པ་ཤེས་རབ་ཡེ་ཤེས་གང་ཡིན་པ་དེ་འཇིག་རྟེན་པ་ཡིན་ལ། འཇིག་རྟེན་ལས་འདས་པའི་བདེ་བ་ལ་དཔེ་དེ་ཙམ་དུ་ཡིན་གྱི་བསྒྲུབ་བྱ་དང༌། སྒྲུབ་བྱེད་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ལྟར་བསྒྲུབ་བྱ་བཤད་པར་མཛད་ནས། །དེ་སྒྲུབ་པར་བྱེད་པའི་ལམ་བཤད་པར་མཛད་དེ། ཤེས་རབ་སྦྱོར་བས་གང་གིས་དཀར་པོ་འཛག །དེ་ལ་གང་གིས་བདེ་བ་འཕེལ་བར་འགྱུར། །ཞེས་བྱ་བ་ལ། ཤེས་རབ་ཅེས་བྱ་བ་ནི། ལས་ཀྱི་ཕྱག་རྒྱ་སྟེ། དེའི་དབང་པོའི་སྦྱོར་བས་གང་ལ་བྱང་ཆུབ་ཀྱི་སེམས་འཕོ་བར་གྱུར་བ་དེ་ལ། གཞན་མ་གང་གིས་བདེ་པ་འཕེལ་བར་བྱེད་དེ། འཕེལ་བ་ལྟ་རེ་ཞིག་ཕར་ཞོག་གི །སྔ་མ་གང་ཡིན་པ་དེ་ཉིད་ཟད་པར་འགྱུར་ཞེས་བྱ་བའོ། །དཔེར་ན། དཔྱིད་ཀྱི་སྦྱོར་བས་མེ་ཏོག་ཟུམ་ལྷུང་ན། །ཙུ་ཏ་ལས་ནི་འབྲས་བུ་གང་གིས་སོ། །ཞེས་བྱ་བ་ནི། ཤིང་ཙུ་ཏའི་ཁ་མ་ཕྱེ་བའི་མ་ཏོག་དཔྱིད་ཀྱི་དུས་སུ་གལ་ཏེ་ལྷུང་བར་གྱུར་པ་དེ་ལྟ་ན་ནི། ཙུ་ཏའི་འབྲས་བུ་གཞན་མ་གང་གིས་སྐྱེད་པར་བྱེད་དེ། འོན་ཀྱང་གང་གིས་ཀྱང་སྐྱེད་པར་མི་བྱེད་ཅེས་བྱ་བའི་དོན་ཏོ། །དེ་བས་ན་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ལས་མ་གཏོགས་པར་མཆོག་ཏུ་མི་འགྱུར་བའི་བདེ་བའི་རྒྱུ་གཞན་མ་གང་ཡང་མེད་ཅེས་བྱ་བར་བསྟན་ཏོ། །དེ་ཡང་དབང་མདོར་བསྟན་པ་ལས། ས་བོན་མི་འགྱུར་རང་བཞིན་གྱིས། །མཆོག་ཏུ་མི་འགྱུར་བསྒྲུབ་པར་བྱ། །རྟེན་ནི་འཕོ་བར་འགྱུར་བས་ན། །བརྟེན་པ་འཕོ་བ་ཉིད་དུ་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་མཆོག་ཏུ་མི་འགྱུར་བའི་བདེ་བའི་རྒྱུ་བསྟན་ནས། སེམས་ཅན་རྣམས་ཀྱི་བསམ་པ་ངན་པ་བཤད་པར་མཛད་དེ། གང་ཞིག་གིས་ནི་མི་འགྱུར་མ་ཐོབ་པ། །སྡུག་བསྔལ་ཅན་དེས་འགྱུར་བའི་བདེ་བ་ཚོལ། །ཞེས་བྱ་བ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་གང་གིས་མ་ཐོབ་པ་དེ། དུས་ཐམས་ཅད་དུ་སྡུག་བསྔལ་དང་ལྡན་པ་སྟེ། བདེ་བ་མེད་པའི་ཕྱིར་རོ། །དེས་ཅི་བྱེད་ཅེ་ན། སྔོན་དུ་གང་གིས་དོན་མེད་པ་དང་སྡུག་བསྔལ་སྟེར་བར་བྱས་པའི་འཁོར་བའི་རྒྱུར་གྱུར་པའི་འཕོ་བའི་བདེ་བདེ་ཉིད་ཚོལ་བར་བྱེད་ཅེས་བྱ་བའོ། །དེ་ལྟར་གང་ཟག་ཕལ་བ་རྣམས་ཀྱི་བསམ་པ་བཤད་པར་མཛད་ནས། སྐྱེས་བུ་དམ་པ་རྣམས་ཀྱི་རང་བཞིན་བཤད་པར་མཛད་དེ། ཐམས་ཅད་ཆུ་ནི་ཚོལ་བར་བྱེད་པ་ལ། །ཁྱུ་བྱུག་སྐོམ་ཡང་ས་ལ་གནས་པ་མིན། །ཞེས་བྱ་བ་ནི།


DTG013_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཔེར་ན་སྲོག་ཆགས་ཐམས་ཅད་སྐོམ་པར་གྱུར་ན་ཡང་ཐམས་ཅད་དུ་ཆུ་ཚོལ་བར་བྱེད་དེ། ཁྱུ་བྱུག་ནི་ཤིན་ཏུ་སྐོམ་པར་གྱུར་ན་ཡང་མདུན་དུ་ས་ལ་གནས་པའི་ཆུ་ཐམས་ཅད་མི་འཐུང་བ་ཇི་ལྟ་བདེ་བཞིན་དུ། སྐྱེས་བུ་དམ་པ་རྣམས་ཀྱིས་མཆོག་ཏུ་མི་འགྱུར་བའི་བདེ་བ་མ་ཐོབ་ཀྱི་བར་དུ་འཁོར་བའི་རང་བཞིན་དུ་གྱུར་པའི་འཕོ་བའི་བསམ་པ་ཙམ་དུ་ཡང་མི་བྱེད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྩ་བའི་རྒྱུད་ལས། མི་འགྱུར་ལས་སྐྱེས་བདེ་བ་ཐེ་ཚོམ་མེད། །ཐམས་ཅད་མཁྱེན་པས་མ་རིག་པ་ཡིས་ཀྱང༌། །ཡིད་ལ་བདེན་མིན་ཆགས་བྲལ་བར། །དེ་ལྟ་ན་ཡང་མི་བྱའོ། །ཞེས་བྱ་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ད་ནི་སེམས་ཅན་གྱི་བྱེ་བྲག་བཤད་པར་མཛད་དེ། འཁོར་བ་ཡི་ནི་བདེ་བ་མི་རྟག་པ། །མ་ཐོབ་པ་ཡང་རྨོངས་ཆེན་ཚོལ་བར་བྱེད། །ཅེས་བྱ་བ་ནི། བཟང་བ་དང་ངན་པའི་ཁྱད་པར་མི་ཕྱེད་པའི་རྨོངས་པས། མི་རྟག་པ་དང༌། ཐོབ་པར་མི་འགྱུར་བའི་བདེ་བ་ཚོལ་བར་བྱེད་དེ། བདེ་བདེ་ཉིད་ལས་ཁྱད་པར་དུ་གྱུར་པ་དང༌། རང་བཞིན་གྱིས་ཐོབ་པར་གྱུར་ན་ཡང་འཁོར་བ་ལས་སྒྲོལ་བའི་ཕྱིར་རོ། །སྐྱེས་བུ་དམ་པ་རྣམས་ཀྱིས་དོར་བར་བྱེད་དོ། །དེ་ཉིད་གསལ་པོར་མཛད་དེ། རྒྱལ་སྲིད་ཀྱི་ནི་བདེ་བ་ཐོབ་ནས་ཀྱང༌། །ཐར་པའི་དོན་དུ་མཁས་པས་དོར་བར་བྱེད། །ཅེས་བྱ་བའོ། །དོན་དེ་ཉིད་དཔེ་དང་དོན་གྱིས་གསལ་པོར་མཛད་དེ། ལོ་ཡི་མཐའ་རྣམས་སུ་ནི་བརྒྱ་ལམ་ན། །བདེ་བའི་བདེ་བ་རི་དགས་ཟ་བྱེད་ཚོལ། །ཞེས་བྱ་བ་ལ། རི་དགས་ཟ་བྱེད་ཅེས་བྱ་བ་ནི་སེང་གེ་སྟེ། དེས་ལོ་གཅིག་གམ་གཉིས་ཀྱི་མཐའ་རུ། བརྒྱ་ལམ་ན་འདོད་ཆགས་ཀྱི་བདེ་བ་ཚོལ་བར་བྱེད་དོ། །དེ་ཉིད་དུས་ཐམས་ཅད་དུ་གང་གིས་ཚོལ་ཞེ་ན། རྔོ་བའི་ཕྱེ་མ་ཟ་བར་བྱེད་པ་ཡི། །ཕུག་རོན་གྱིས་ནི་རྟག་ཏུ་བྱེད་པ་སྟེ། །ཞེས་བྱ་བ་ནི། དུས་ཐམས་ཅད་དུ་རྡོ་བའི་ཕྱེ་མ་ཟོས་ནས། འདོད་ཆགས་ཀྱི་བདེ་བ་ཚོལ་བ་གཅིག་པུར་བྱེད་དོ། །དེ་ལ་བདེ་བའི་ཁྱད་པར་གང་ལས་བྱུང་ཞེ་ན། གཉི་ག་ལ་ཡང་མཆོག་གི་བདེ་བ་མེད། །ཅེས་བྱ་བ་ནི། རི་དགས་ཟོས་ནས་ལོ་ཡི་མཐར། །གང་གིས་བདེ་བ་བྱས་པ་དང༌། །རྡོ་བའི་ཕྱེ་མ་ཟོས་ནས་དུས་ཐམས་ཅད་དུ་གང་གིས་བྱས་པ་དེ་གཉི་ག་ལ་ཡང་མཆོག་ཏུ་མི་འགྱུར་བའི་བདེ་བའི་བདེ་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ལན་ཅིག་རྟག་ཏུ་དཀར་པོ་ལྷུང་ཕྱིར་བཞིན། །ཞེས་བྱ་བ་ནི། ཤུ་ཀྲ་ལན་ཅིག་ཏུ་འཕོ་བ་དུས་ཐམས་


DTG013_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅད་དུ་འཕོ་བའི་ཕྱིར་རོ། །དཔེ་བཤད་པ་མཛད་ནས། དོན་བཤད་པར་མཛད་དེ། དེ་བཞིན་དཀའ་ཐུབ་ཅན་དང་འདོད་ཅན་ལ། །རྨི་ལམ་དང་ནི་སད་ལས་འཛག་པའི་ཕྱིར། །ཞེས་བྱ་བ་ལ། དཀའ་ཐུབ་ཅེས་བྱ་བ་ནི། འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ལས་ལྡོག་པ་སྟེ། དེ་གང་ལ་ཡོད་པ་དེ་དཀའ་ཐུབ་ཅན་ཞེས་བྱ་བ་སྟེ། ཉན་ཐོས་ཀྱི་སྡོམ་པ་དང་ལྡན་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ཅན་ཞེས་བྱ་བ་ནི། དུས་ཐམས་ཅད་དུ་འདོད་ཆགས་ལ་ཆགས་པར་གྱུར་པ་སྟེ། སེམས་ཅན་ཐུན་མོང་བའོ། །དེ་གཉི་ག་ལ་དོན་དམ་པའི་བདེ་བ་མེད་དོ། །འོ་ན་དཀའ་ཐུབ་ཅན་ལ་ཆགས་པའི་བདེ་བ་ཡོད་དམ་ཞེ་ན། སད་པའི་གནས་སྐབས་སུ་མེད་པ་ཡིན་གྱི། བག་ཆགས་ཀྱི་དབང་གིས་རྨི་ལམ་གྱི་གནས་སྐབས་སུ་མེད་པར་ནི་མ་ཡིན་ཏེ། སད་པའི་གནས་སྐབས་སུ་འདོད་ཆགས་ཅན་གྱིས་དབང་པོ་གཉིས་ཀྱིས་བདེ་བ་མྱོང་བ་ཇི་ལྟ་བ་དེ་བཞིན་དུ། རྨི་ལམ་གྱི་གནས་སྐབས་སུ་ཉམས་སུ་མྱོང་བ་ཡོད་ཅེས་བྱ་བའི་དོན་ཏོ། །དེ་བས་ན་དཀའ་ཐུབ་ཅན་དང་འདོད་ཆགས་ཅན་གཉི་ག་ལ་རྨི་ལམ་དང་སད་པའི་གནས་སྐབས་སུ་ཤུ་ཀྲ་འཛག་པའི་ཕྱིར་མཆོག་ཏུ་མི་འགྱུར་བའི་བདེ་བ་མེད་དོ། །ད་ནི་སད་པ་དང་རྨི་ལམ་གྱི་གནས་སྐབས་ལ་བྱེ་བྲག་མེད་པར་བཤད་པར་མཛད་དེ། གཉིད་ལོག་ལ་ཡང་སྤྲུལ་གྱི་སོས་བཏབ་པ། །དཀར་པོ་བསྡུས་པ་མེད་པས་མི་འཚོ་བཞིན། །ཞེས་བྱ་བ་ནི། དཔེར་ན་ཇི་ལྟར་སད་པའི་གནས་སྐབས་སུ་སྤྲུལ་གྱིས་ཟོས་པ་དང༌། རྨི་ལམ་གྱི་གནས་སྐབས་སུ་སྤྲུལ་གྱིས་ཟོས་པའི་གཉི་ག་འཆི་བ་ཡིན་གྱི། གཅིག་ནི་མ་ཡིན་ཏེ། ཤུ་ཀྲ་མེད་པའི་ཕྱིར་རོ། །དཔེ་བསྟན་ནས། དོན་བཤད་པར་མཛད་དེ། དེ་བཞིན་སྟོབས་མེད་མ་ཡི་སྐྱེ་གནས་ཀྱིས། །དཀའ་ཐུབ་ཉམས་ཅན་ལ་ནི་དེ་ཡིས་སོ། །ཞེས་བྱ་བ་ལ་སྟོབས་མེད་མ་ཞེས་བྱ་བ་ནི། བུད་མེད་ཡིན་ལ། དེའི་སྐྱེ་གནས་ཀྱིས་ཉམས་པར་གྱུར་པའི་དཀའ་ཐུབ་ནི་འདོད་ཆགས་ཅན་ཉམས་པར་གྱུར་པ་ཇི་ལྟ་བ་དེ་བཞིན་དུ། དཀའ་ཐུབ་ཅན་ཡང་ཉམས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་དོན་དམ་པའི་བསྙེན་པ་ལས། གཉིད་ལོག་པ་དང་སད་པའི་དུག་ནི་མི་ཤེས་པའི། །དཔེར་ན་སྐྱེས་བུའི་ལུས་ལ་སྤྲུལ་གྱི་མཆེ་བས་བཏབ། །དེ་བཞིན་དུ་ནི་ཡིད་བཞིན་ནོར་བུའི་བྱང་ཆུབ་སེམས། །དེ་ཉིད་མེད་ལ་བུད་མེད་བྷ་གའི་སྤྲུལ་གྱིས་བཏབ།


DTG013_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅེས་བྱ་བར་གསུངས་སོ། །དེ་ལྟར་སེམས་ཀྱི་སྐྱོན་བརྗོད་པར་མཛད་ནས། ཡོན་ཏན་བཤད་པར་མཛད་དེ། རྡོ་དྲེག་སྐུད་པའི་གོས་ནི་མེ་ཉིད་ཀྱིས། །བསྲེགས་ན་དག་པར་གྱུར་པ་ཇི་བཞིན་དུ། །ཞེས་བྱ་བ་ནི། དཔེར་ན་རྡོ་དྲེག་གི་སྐུད་པས་བྱས་པའི་གོས་ནི་མེ་ཡི་ནང་དུ་བཅུག་ན་མེ་ཡིས་དག་པར་བྱེད་ཀྱི་ཚིག་པར་མི་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་ཐབས་དང་ལྡན་པར་གྱུར་པའི་སྐྱེས་བུ་ཆེན་པོའི་སེམས་ནི། ལས་ཀྱི་ཕྱག་རྒྱའི་སྦྱོར་བས་དག་པར་འགྱུར་གྱི། འཕོ་བར་ནི་མི་འགྱུར་རོ། །དེ་ཉིད་བཤད་པར་མཛད་དེ། དེ་བཞིན་དུ་ནི་སྐྱེས་བུ་རྣམས་ལ་ནི། །ཤེས་རབ་ཡེ་ཤེས་ཀྱིས་ནི་དམ་པའི་སེམས། །ཞེས་བྱ་བའོ། །དོན་དེ་ཉིད་དོན་དམ་པའི་བསྙེན་པ་ལས། ཇི་ལྟར་རྡོ་ཡི་དྲེག་པ་མེ་ཡིས་གདུངས་པ་ནི། །ཞུ་བར་འགྱུར་གྱི་ཐལ་བ་རུ་ནི་མི་འགྱུར་རོ། །དེ་བཞིན་ཆུ་སྐྱེས་སྦྱོར་བས་མཆོག་གི་བྱང་ཆུབ་སེམས། །རྩོལ་ལྡན་རྣམས་ལ་འདི་ནི་རང་བཞིན་གྱིས་དག་འགྱུར། །ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོས་གསུངས་པས། དེ་བས་ན་གང་གིས་དོན་མེད་པར་བྱས་པ་དེ་ཉིད་ཀྱིས་ཁྱད་པར་དུ་འགྱུར་བར་བཤད་པར་མཛད་དེ། མེ་ཡིས་རེག་པའི་དངུལ་ཆུ་རབ་འཕྲོས་ཀྱི། མི་གཡོ་བར་ནི་མི་འགྱུར་ཇི་བཞིན་དུ། །ཞེས་བྱ་བ་ནི། དཔེ་བསྟན་ནས་དོན་བཤད་པར་མཛད་དེ། དེ་བཞིན་དུ་ནི་སྐྱེ་གནས་རེག་པ་ལས། །དཀར་པོ་ཡང་ནི་རྟག་ཏུ་ཐབས་མེད་འགྱུར། །ཞེས་བྱ་བ་ནི། བུད་མེད་ཀྱི་སྐྱེ་གནས་ཀྱི་སྦྱོར་བས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རང་བཞིན་དུ་གྱུར་པའི་བྱང་ཆུབ་ཀྱི་སེམས་ནི་འཕོ་བར་འགྱུར་ན། འཁོར་བའི་རང་བཞིན་ཡིན་གྱི། མཆོག་ཏུ་མི་འགྱུར་བའི་བདེ་བའི་ཐབས་སུ་མི་འགྱུར་རོ། །གལ་ཏེ་ལས་ཀྱི་ཕྱག་རྒྱས་བྱང་ཆུབ་ཀྱི་སེམས་དོན་མེད་པར་གྱུར་པ་དེ་ལྟ་ན་ནི། རྒྱུ་དེ་དང་དེ་ལས་ཕན་ཐོགས་པའི་རང་བཞིན་དུ་གྱུར་པར་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་ཤེ་ན། བརྗོད་པར་མཛད་དེ། སྨན་ལ་སོགས་པ་རྣམས་ཀྱི་སྟོབས་ཀྱིས་ནི། །གཡོ་ཡང་མེ་ཡི་རེག་པས་དེ་བཅིངས་བཞིན། །དེ་བཞིན་ཤེས་རབ་ཡང་དག་སྦྱོར་བ་ཡི། །དཀར་པོ་དག་ནི་ཤིན་ཏུ་རྣལ་འབྱོར་གྱི། །ཞེས་བྱ་བ་ནི། མེ་གང་གིས་དངུལ་ཆུ་འཕྲོས་པར་བྱེད་པ། སྨན་གྱི་སྦྱོར་བས་གཡོ་བའི་རང་བཞིན་དུ་གྱུར་པའི། དངུལ་ཆུ་དེ་ཉིད་ཀྱིས་བཅིངས་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ། ལས་ཀྱི་ཕྱག་རྒྱ་གང་


DTG013_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གིས་བྱང་ཆུབ་ཀྱི་སེམས་འཕོ་བར་བྱས་པས། སྦྱོར་བའི་ཡན་ལག་དྲུག་དང་ལྡན་པར་གྱུར་པའི་རྣམས་ཀྱིས་འཕོ་བའི་རང་བཞིན་དུ་གྱུར་པའི་སེམས་ནི། ལས་ཀྱི་ཕྱག་རྒྱ་དེ་ཉིད་ཀྱིས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་རང་བཞིན་དུ་བྱེད་དོ། །དེ་བས་ན་ཐབས་དང་ལྡན་པར་གྱུར་པ་རྣམས་ལ། ལས་ཀྱི་ཕྱག་རྒྱ་ཡོན་ཏན་དུ་གྱུར་པ་དེ་བཞིན་གཤེགས་པས་གསུངས་པ་ཡིན་གྱི། ལས་དང་པོ་པ་རྣམས་ལ་ནི་མ་ཡིན་ནོ། །དེ་བཞིན་དུ་དོན་དམ་པའི་བསྙེན་པ་ལས། བུད་མེད་སྦྱོར་བ་དམན་པས་ཐར་པའི་བདེ་བ་མེད། །བུད་མེད་སྦྱོར་བ་དམན་པས་སྲིད་པའི་སྡུག་བསྔལ་མེད། །དེ་བས་རང་གི་བློ་ཡིས་ལེགས་པར་དཔྱད་ནས་ནི། །སྔགས་པས་གང་ལ་མོས་པ་དེ་ཉིད་བླང་བར་གྱིས། །ཞེས་གསུངས་སོ། །སླར་ཡང་དེ་ཉིད་ལས། འདོད་ཆགས་གང་ཉིད་ཀྱིས་ནི་སེམས་ཅན་ལྟུང་བྱེད་པ། །དེ་ཉིད་ཀྱིས་ནི་རྣལ་འབྱོར་སྲིད་པའི་ཕ་རོལ་འགྲོ། །དུག་གང་ཞིག་གིས་སེམས་ཅན་རྣམས་ནི་འཆི་བྱེད་དེ། །དུག་སྔགས་ཤེས་པས་དེ་ཉིད་ཀྱིས་ནི་ནད་འཇོམས་བྱེད། །ཅེས་བྱ་བར་གསུངས་སོ། །མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་དེ་གར་གནས་ཤེ་ན། བཤད་པར་མཛད་དེ། མེ་དག་ཤིང་ལ་རྟག་ཏུ་གནས་ཀྱང་ནི། །བཅད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །ཞེས་བྱ་བ་ནི། དཔེར་ན་ཤིང་ལ་གནས་པའི་མི་ཁྱད་པར་དུ་གྱུར་པའི་ཐབས་མ་ཤེས་པར། བརྡུངས་པ་དང༌། བཏགས་པ་དང༌། བཅད་པ་ལ་སོགས་པ་ཡིས་མི་མཐོང་ངོ༌། །འོ་ན་དེ་ལ་རྣམ་པ་ཐམས་ཅད་དུ་མེད་དམ་ཞེ་ན། མདའ་དང་གཙུབ་སྟན་ལགས་པའི་བསྲུབས་པ་ཡིས། །དེ་ལ་གནས་པ་དེ་ནི་མཐོང་བ་བཞིན། ཞེས་བྱ་བ་ནི། བཅད་པ་ལ་སོགས་པའི་ཐབས་ཀྱིས། ཤིང་ལ་གནས་པའི་མེ་ནི་བྱིས་པ་རྣམས་ཀྱིས་མི་མཐོང་སྟེ། མེ་ཉིད་ནི་ཤིང་དེ་ཉིད་ལ་གནས་པའི་མདའ་དང༌། གཙུབ་སྟན་ལ་སོགས་པ་ཁྱད་པར་དུ་གྱུར་པའི་ཐབས་ཀྱིས་མཁས་པ་རྣམས་ཀྱིས་མཐོང་བའོ། །དེ་དོན་ཅི་ལ་དགོངས་ཤེ་ན། དེ་བཞིན་དུ་ནི་སེམས་ཀྱི་སྣང་བ་ནི། །རྟོག་པ་བསྒོམ་པའི་ཐབས་ཀྱིས་མི་མཐོང་སྟེ། །ཞེས་བྱ་བ་ནི་སེམས་ཅན་གྱི་རང་གི་སེམས་ཀྱི་འོད་གསལ་བ་གང་ཡིན་པ་དེ་མི་མཐོང་སྟེ། གང་གིས་མི་མཐོང་ཞེ་ན། ཐིག་ལེ་དང་ནཱ་ད་ལ་སོགས་པའི་བསྒོམ་པའི་ཐབས་ཀྱིས་མཐོང་བར་མི་འགྱུར་རོ། །རྣམ་པ་ཐམས་ཅད་དུ་མི་མཐོང་ངམ་ཞེ་ན།


DTG013_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཤད་པར་མཛད་དེ། དེ་ཉིད་ཁོ་ནར་དེ་ཉིད་མཐོང་བ་ཡིན། །བརྐྱང་མ་རོ་མ་གཅིག་ཏུ་སྦྱོར་བས་སོ། །ཞེས་བྱ་བ་ལས། གཡས་པ་དང་གཡོན་པ་གཅིག་ཏུ་སྦྱོར་བ་ཡིན་ལ། ཨ་ཝ་དྷཱུ་ཏཱིའི་ནང་དུ་སྲོག་གི་རླུང་ཞུགས་པ་སྟེ། དེས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པར་འགྱུར་གྱི། ཐབས་གཞན་གྱིས་ནི་མ་ཡིན་ནོ། །དེ་བས་ན་ཕྱག་རྒྱ་ཆེན་མོའི་དངོས་གྲུབ་བསྒྲུབ་པར་འདོད་པའི་རྣལ་འབྱོར་པས་བླ་མ་དམ་པའི་ཞལ་ནས་མ་ནོར་བའི་ལམ་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལམ་མ་ཤེས་པའི་རྣལ་འབྱོར་པས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཐོབ་པར་མི་འགྱུར་ཏེ། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་མ་ཐོབ་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །དེ་ཉིད་བཤད་པར་མཛད་དེ། ལམ་དང་བྲལ་བ་ཡིས་ནི་དེ་ཉིད་ཐོབ་མི་འགྱུར། །དེ་བཞིན་གཤེགས་པ་ཡིས་ནི་གང་གསུངས་པ། །ཞེས་བྱ་བ་ནི། བསྒོམ་བྱ་དང་སྒོམ་པ་པོ་དང་བྲལ་བའི་རྫོགས་པའི་རིམ་པའི་རང་བཞིན་དུ་གྱུར་པའི་ལམ་མ་ཐོབ་པ་རྣམས་ཀྱིས། དེ་བཞིན་གཤེགས་པས་གསུངས་པའི་དེ་ཁོ་ན་ཉིད་ཐོབ་པར་མི་འགྱུར་རོ། །དེ་ཁོ་ན་ཉིད་གང་ཞེ་ན། བཅུ་དྲུག་དང་ནི་བཞི་ཡི་རབ་དབྱེ་བ། །ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་སྐུ་ལ་སོགས་པའི་དབྱེ་བས། རྣམ་པ་བཞིའི་རང་བཞིན་དུ་གྱུར་པ་སྟེ། དེ་ཉིད་སྔོན་དུ་བརྗོད་པའི་རིམ་པས་བཞི་པོ་བཞིས་ཕྱེ་ནས་བཅུ་དྲུག་གི་རང་བཞིན་དུ་འགྱུར་བའོ། །དེ་ལྟ་བུར་གྱུར་པའི་དོན་དམ་པའི་དེ་ཁོ་ན་ཉིད་ཡིན་གྱི། འཇིག་རྟེན་གྱི་དངོས་གྲུབ་བརྒྱད་དང༌། འདར་བ་དང་བ་སྤུ་ལྡང་བ་ལ་སོགས་པ་ནི་མ་ཡིན་ནོ། །དོན་དམ་པའི་དེ་ཁོ་ན་ཉིད་རྒྱུ་གང་གིས་མ་མཐོང་ཞེ་ན། སྣ་ཚོགས་རྣམ་རྟོག་ལམ་ཞེས་བྱ་བ་ནི་ཐིག་ལེ་དང་ནཱ་ད་ལ་སོགས་པ་དང༌། འཁོར་ལོ་དང་ཟད་པར་ས་ལ་སོགས་པ་སྟེ། རྣམ་པར་རྟོག་པའི་ལམ་དེས་རྣམ་པར་མི་རྟོག་པའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཐོབ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་ཇི་ལྟ་བུ་ཡིན་པ་དང། འབྲས་བུ་དེ་དང་འདྲ་བར་གྱུར་པའི་ཕྱིར་རོ། །དེ་བཞིན་དུ་དཔལ་དགྱེས་པའི་རྡོ་རྗེའི་རྩ་བའི་རྒྱུད་ལས། ཅི་འདྲ་ཅི་བཞིན་རྒྱུ་བཞིན་པ། །དེ་འདྲ་དེ་བཞིན་འབྲས་བུར་འགྱུར། །ཁྲེ་ཚེ་རྣམས་ལས་སཱ་ལུ་ནི། །ནམ་ཡང་སྐྱེ་བར་མི་འགྱུར་རོ། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་གསུངས་སོ། །འོ་ན་


DTG013_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱུད་ཀྱི་རྒྱལ་པོ་དེ་དང་དེ་ལས་ཐིག་ལེ་ནཱ་ད་བསྒོམ་པ་ནི་དེ་བཞིན་གཤེགས་པས་མ་གསུངས་སམ་ཞེ་ན། བསྐྱེད་པའི་རིམ་པ་དག་ཏུ་གསུངས་པ་སྟེ། །ཞེས་བྱ་བ་ནི། འདོད་པའི་ཁམས་ལ་སོགས་པ་སྐྱེད་པར་བྱེད་པས་ན། བསྐྱེད་པ་ཡིན་ལ་ཡང་ན་མི་རྣམས་ཀྱི་སྐྱེ་བ་དང་མཐུན་པས་ན་སྐྱེད་པའོ། །ཇི་ལྟར་བསྒོམས་པ་དེ་བཞིན་དུ་འབྲས་བུ་སྟེར་བས་ན་བསྐྱེད་པའི་རིམ་པ་དེ་རྒྱུད་ཀྱི་རྒྱལ་པོ་ལས། དེ་བཞིན་གཤེགས་པས་གང་གསུངས་པ་དེའི་དོན་འཆད་པར་འགྱུར་བས་བཤད་པར་བྱའོ། །འོ་ན་བསྐྱེད་པའི་རིམ་པ་རྟོག་པ་དང་བཅས་པ་ཡིན་ན། རྫོགས་པའི་རིམ་པ་ཇི་ལྟ་བུ་ཡིན་ཞེ་ན་བཤད་པར་མཛད་དེ། ཧཱུཾ་ཕཊ་ཡི་གེ་ལ་སོགས་རྟོག་སྤངས་པའི། །རྫོགས་པའི་རིམ་པའི་རྣལ་འབྱོར་དེ་ཉིད་དེ། །ཞེས་བྱ་བ་ནི། ཡི་གེ་ཧཱུཾ་དང་ཕཊ་ལ་སོགས་པའི་སྒྲས། །ཨཱ་ལི་ལས་ཟླ་བ་དང་ཀཱ་ལི་ལས་ཉི་མ་རྣམ་པར་རྟོག་པ་དང་བྲལ་བ་སྟེ། རང་བཞིན་ཉིད་ཀྱིས་རྫོགས་པར་བསྐྱེད་པས་ན་རྫོགས་པ་ཡིན་ལ། ཡང་ན་རྟོག་པ་ཐམས་ཅད་རྫོགས་པར་འགྱུར་བར་ཉམས་པས་འགྱུར་བས་ན་རྫོགས་པ་སྟེ། རིམ་པ་ཇི་ལྟ་བར་ལྷན་ཅིག་སྐྱེས་པའི་སྐུ་ལ་སོགས་པ་དང་ལྡན་པས་ན་རིམ་པ་སྟེ། འཇིག་རྟེན་གྱི་སྤྱོད་པ་དང༌། འཇིག་རྟེན་ལས་འདས་པའི་སྤྱོད་པ་རོ་མཉམ་པ་ཉིད་དུ་གྱུར་པས་ན་རྣལ་འབྱོར་པ་ཞེས་བྱ་བའོ། །དེ་ལྟར་རྫོགས་པའི་རིམ་པའི་རྣལ་འབྱོར་གང་ཡིན་པ་དེ་དེ་ཁོ་ན་ཉིད་དོ་ཞེས་བྱ་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཅིའི་ཕྱིར་གསུངས་ཤེ་ན། དེ་ཉིད་ལ་ནི་སྒྲུབ་པ་གཞན་དག་མིན། །ཞེས་བྱ་བ་ནི། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་བསྒྲུབ་པའི་དོན་དུ་རྫོགས་པའི་རིམ་པའི་རྣལ་འབྱོར་གྱིས་སྒྲུབ་པར་བྱེད་པ་དེ་བཞིན་གཤེགས་པས་གསུངས་པ་ཡིན་གྱི། གཞན་དག་མིན་ཞེས་བྱ་བ་ནི་ཐིག་ལེ་ནཱ་ད་ལ་སོགས་པ་མ་ཡིན་ནོ། །དེ་བས་ན་དོན་དམ་པའི་དེ་ཁོ་ན་ཉིད་ནི་རྣམ་པར་མི་རྟོག་པའི་དེ་ཁོ་ན་ཉིད་ཀྱིས་སྒྲུབ་པར་བྱེད་ལ། རྣམ་པར་མི་རྟོག་པའི་དེ་ཁོ་ན་ཉིད་ནི་ཐིག་ལེ་དང་ནཱ་ད་ལ་སོགས་པའི་རྣམ་པར་རྟོག་པའི་ལམ་གྱིས་འགྲུབ་པར་མི་འགྱུར་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པའི་ཐུགས་དགོངས་སོ། །འོ་ན་རྫོགས་པའི་རིམ་པའི་ལམ་དེ་ཇི་ལྟ་བུ་ཡིན་ཞེ་ན། བཤད་པར་མཛད་དེ། དུ་བ་ལ་སོགས་མཚན་མ་དག་དང་ནི། །ཞེས་བྱ་བ་ལ། དུ་བ་ལ་སོགས་མཚན་མ་ཞེས་བྱ་བ་ནི། དུ་བ་དང༌། སྨིག་


DTG013_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱུ་དང༌། མཁའ་གསལ་དང༌། མར་མེ་དང༌། འབར་བ་དང༌། ཟླ་བ་དང༌། ཉི་མ་དང༌། སྒྲ་གཅན་དང༌། གློག་དང་སྣ་ཚོགས་གཟུགས་ཞེས་བྱ་བ་སྟེ། རྟགས་ཡིན་ལ་ཐོག་མར་དགེ་བའོ། །དེས་ཅི་འགྲུབ་ཅེ་ན། དབུས་མ་སྲོག་དང་རྩོལ་བ་འབབ་པ་དང༌། །ཞེས་བྱ་བ་ནི། མཚན་མ་བཅུ་མཐོང་ནས་སྲོག་གི་རླུང་གིས་ལམ་གཡས་པ་དང་གཡོན་པ་བོར་ནས། ཐམས་ཅད་དུ་དབུས་མ་འབབ་པར་བྱེད་དེ། བར་དུ་དགེ་བའོ། །གཞན་ཡང༌། རིག་པའི་བརྟུལ་ཞུགས་རྡོ་རྗེ་ལྷུང་མིན་དང༌། །ཞེས་བྱ་བ་ནི་རིག་པ་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱའོ། །བརྟུལ་ཞུགས་ཞེས་བྱ་བ་ནི་དེ་ལ་སྙོམས་པར་ཞུགས་པ་སྟེ། ལས་ཀྱི་ཕྱག་རྒྱའི་ཡང་དག་སྦྱོར་བས་ཀྱང༌། རྡོ་རྗེ་ལྷུང་བར་མི་འགྱུར་བ་གང་ཡིན་པ་དེ་ཐ་མར་དགེ་བའོ། གཞན་ཡང༌། དེ་བཞིན་སྟེང་དུ་དཀར་པོ་དག་དང་ནི། །ཞེས་བྱ་བ་ལ། དགའ་བ་ལ་སོགས་པས་སྟེང་ནས་འོངས་པ་ཇི་ལྟ་བུ་དེ་བཞིན་དུ་རྒྱུ་མཐུན་པ་ལ་སོགས་པས་སྟེང་དུ་སོང་བར་གྱུར་པའོ། །དེ་ལྟར་ཐོག་མར་དགེ་བ་དང༌། བར་དུ་དགེ་བ་དང༌། ཐ་མར་དགེ་བའི་ལམ་གྱི་དོན་དམ་པའི་དེ་ཁོ་ན་ཉིད་ཐོབ་པར་འགྱུར་གྱི། ཐོག་མར་མི་དགེ་བ་དང༌། ཐ་མར་མི་དགེ་བས་ནི་མ་ཡིན་ནོ། །དེ་བཞིན་དུ་དོན་དམ་པའི་བསྙེན་པ་ལས། རྡོ་རྗེ་བླང་བ་དག་ནི་དང་པོར་གསུངས་པ་སྟེ། །རྡོ་རྗེ་མེ་ལ་སྲོག་ཞུགས་པ་ནི་གཉིས་པའོ། །དཔལ་ལྡན་བྱང་ཆུབ་སེམས་ནི་མི་འགྱུར་གསུམ་པ་ཡིན། །འདི་དག་ཉིད་ནི་དགེ་བའི་བརྟུལ་ཞུགས་ཆེན་པོའོ། །ཞེས་བྱ་བ་གསུངས་སོ། །ལམ་དེ་ལྟ་བུ་སྟོན་པས་ཅི་འགྲུབ་ཅེ་ན། ལམ་དེ་དག་གི་རྣལ་འབྱོར་བ་ཡིས་ནི། །སངས་རྒྱས་རྣམས་ཀྱི་བདེ་བ་ཐོབ་པར་འགྱུར། །ཞེས་བྱ་བ་ལ། ལམ་འདི་དག་ནི་ཞེས་བྱ་བ་ནི། དུ་བ་ལ་སོགས་པའི་རྟགས་དང་ལྡན་པ་དང༌། དུས་ཐམས་ཅད་དབུས་མར་སྲོག་གི་རླུང་འབབ་པ་དང༌། ལས་ཀྱི་ཕྱག་རྒྱའི་སྦྱོར་བས་རྡོ་རྗེ་མི་ལྟུང་བ་དང༌། བྱང་ཆུབ་ཀྱི་སེམས་སྟེང་དུ་གང་གིས་འགྲོ་བར་བྱེད་པའི་དོན་དམ་པར་ལམ་དེ་ཡིན་ལ། ལམ་དེའི་མཐུས་རྣལ་འབྱོར་པས་སངས་རྒྱས་རྣམས་ཀྱི་ཐུགས་སུ་གྱུར་པ་ཐོབ་པར་གྱུར་པའོ། །དེ་གང་ཡིན་ཞེ་ན། མཆོག་ཏུ་མི་འགྱུར་མངོན་པར་བརྗོད་པ་འམ། །ཕོ་ཉ་མོ་ཀུན་ལྷན་ཅིག་སྐྱེས་པའོ། །ཞེས་བྱ་བ་ནི་དེའི་མཚན་ཉིད་དུ་གསུངས་པའོ། །འོ་ན་རྫོགས་པའི་རིམ་པས་འདི་


DTG013_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དག་ལ་སོགས་པ་དེ་ཁོ་ན་ཉིད་ཐོབ་པར་གྱུར་པ་དེ་ལྟ་ན་ནི། བསྐྱེད་པའི་རིམ་པ་ནི་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་ཤེ་ན། གཟུགས་ལ་སོགས་པའི་རྟོག་པ་རྣམས་དང་ནི། །དཀྱིལ་འཁོར་འཁོར་ལོ་ལ་སོགས་བསྒོམས་གོམས་པ། །འཇིག་རྟེན་པ་ཡི་དངོས་གྲུབ་འགྲུབ་འགྱུར་གྱི། །འདོད་པའི་དངོས་གྲུབ་ཆེན་པོ་མ་ཡིན་ནོ། །ཞེས་བྱ་བ་ནི། གཟུགས་དང་ཁ་དོག་དང་ལྡན་པའི་ཡི་དམ་གྱི་ལྷའི་དཀྱིལ་འཁོར་གྱི་འཁོར་ལོ་དང༌། ཐིག་ལེ་དང་ནཱ་ད་ལ་སོགས་པའི་གོམས་པའི་སྟོབས་ཀྱིས། རི་ལུ་དང་མིག་སྨན་ལ་སོགས་པའི་འཇིག་རྟེན་གྱི་དངོས་གྲུབ་འགྲུབ་པར་འགྱུར་ཏེ། འདོད་པའི་དངོས་གྲུབ་ཅེས་བྱ་བ་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཡིན་ལ། དེ་བསྐྱེད་པའི་རིམ་པའི་སྟོབས་ཀྱིས་འགྲུབ་པར་མི་འགྱུར་ཞེས་བྱ་བ་སྟེ་ངེས་པའོ། །དེ་བས་ན་འཇིག་རྟེན་གྱི་དངོས་གྲུབ་འགྲུབ་པའི་ཕྱིར་རྒྱུད་དེ་དང་དེ་ལས་བཅོམ་ལྡན་འདས་ཀྱིས་བསྐྱེད་པའི་རིམ་པ་གསུངས་པ་ཡིན་གྱི། འཇིག་རྟེན་ལས་འདས་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་ཕྱིར་ནི་མ་ཡིན་ནོ། །ལམ་འདི་ལྟ་བུ་གང་ནས་འགྱུར་ཞེ་ན། བླ་མ་དམ་པའི་དྲིན་གྱིས་ལམ་དག་ནི། །སློབ་མ་དག་པ་རྣམས་ལ་འགྱུར་བ་ཡིན། །ཞེས་བྱ་བ་ནི། ཡོན་ཏན་གྱིས་ལྕི་བར་གྱུར་པས་ན་བླ་མ་སྟེ། དུས་ཐམས་ཅད་དུ་རྟག་པའི་ངོ་བོས་ཡོད་པས་ན་དམ་པ་ཡིན་ལ། འཇིག་རྟེན་ལས་འདས་པའི་ཡོན་ཏན་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །སློབ་མ་ཞེས་བྱ་བ་ནི་དུལ་བར་གྱུར་པ་དང༌། བསླབ་པ་བསྲུང་བར་ནུས་པས་ན་སློབ་མ་སྟེ། བུ་དང་ཆུང་མ་དང་ལུས་པོ་ལ་སོགས་པ་ལ་ལྟོས་པ་མེད་པ་དང༌། རྩ་བའི་ལྟུང་བ་ལ་སོགས་པ་དང་བྲལ་བར་གྱུར་པས་ན་དག་པ་སྟེ། དེ་ལྟ་བུར་གྱུར་པའི་སློབ་མ་ལ། བླ་མ་དམ་པའི་དྲིན་གྱིས་དོན་དམ་པའི་ལམ་ཐོབ་པར་འགྱུར་བའོ། །སློབ་མ་དེ་བསམ་པ་ཇི་ལྟ་བུ་དང་ལྡན་ཞེ་ན། གང་ཞིག་སེམས་ཅན་རྣམས་ལ་སྙིང་བརྩེ་དང༌། །གཞན་གྱི་བྱ་བ་བཟང་ལ་རྟག་ཏུ་འགྲུས། །ཞེས་བྱ་བ་ནི། གང་གིས་དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟ་བུར་ལྟ་བར་བྱེད་པ་དང༌། རང་གི་བྱ་བ་བོར་ནས་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་དུ་ཕན་འདོགས་པའི་རང་བཞིན་དུ་གྱུར་པའི་གཞན་གྱི་བྱ་བ་བསྒྲུབ་པར་བརྩོན་འགྲུས་དང་ལྡན་པ་དེ་དོན་དམ་


DTG013_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་དེ་ཁོ་ན་ཉིད་བསྟན་པར་སྣོད་དུ་རུང་བ་ཡིན་གྱི། གཞན་རྣམས་ལ་ནི་མ་ཡིན་ནོ། །གལ་ཏེ་སློབ་མ་དེ་ལྟ་བུ་མེད་ན། གཞན་མ་ལ་མན་ངག་བསྟན་པ་ལ་སྐྱོན་ཅི་ཡོད་ཅེ་ན། ལམ་བཟང་རིན་ཆེན་འདི་ནི་གཞན་བྱིན་ན། །བག་མེད་བ་ཡི་སེམས་ཅན་དག་ལ་ནི། །ཞེས་བྱ་བ་ལ། བག་མེད་པ་ཞེས་བྱ་བ་ནི། བཟའ་བ་དང་བསྲུང་བའི་དམ་ཚིག་དང་བྲལ་བ་སྟེ། དེ་ལ་ལམ་རིན་པོ་ཆེ་བྱིན་ན་དོན་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རང་གི་ཁྱིམ་གྱི་འབྲོག་དགོན་ལ་གནས་པ། །ཡུལ་ངན་ཆོམ་རྐུན་གྱིས་ནི་འཕྲོག་པར་བྱེད། །ཅེས་བྱ་བའོ། །གཞན་ཡང་གང་གིས་འཕྲོག་ཅེ་ན། ཐེ་ཚོམ་དག་དང་འགྱོད་པ་གཉིད་དང་ནི། །ལེ་ལོ་དག་དང་ཁེངས་པའི་རྐུན་མ་ཡིས། །ཞེས་བྱ་བ་ལ། ཐེ་ཚོམ་ཞེས་བྱ་བ་ནི། དོན་དམ་པའི་དེ་ཁོ་ན་ཉིད་ཡིན་ནམ་མ་ཡིན་སྙམ་པའི་སེམས་ཏེ། ཡང་ན་འཇིག་རྟེན་གྱི་དངོས་གྲུབ་བསྒྲུབ་པར་བྱ་བའམ། འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པར་བྱ་ཞེས་བྱ་བ་ནི། ཐེ་ཚོམ་ཟ་བར་བྱེད་དེ་སེམས་ལ་ངེས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །འགྱོད་པ་ཞེས་བྱ་བ་ནི། བདག་ལྟ་བུས་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་མི་སྲིད་སྙམ་པའི་སེམས་ཏེ་ཞེས་བྱ་བའོ། །གཉིད་ཅེས་བྱ་བ་ནི། ཉིན་མཚན་དུ་དེ་ཉིད་མི་སྒོམ་ཞེས་བྱ་བའོ། །ལེ་ལོ་ཞེས་བྱ་བ་ནི་ཐོབ་མ་ཐག་ཏུ་མི་སྒོམ་སྟེ། ཕྱི་ནས་བསྒོམ་པར་བྱ་ཞེས་བྱ་བའི་སེམས་སོ། །ཁེངས་པ་ཞེས་བྱ་བ་ནི། བསྟན་བཅོས་ལ་སོགས་པ་དང༌། འཇིག་རྟེན་གྱི་དེ་ཁོ་ན་ཉིད་ཀྱིས་ང་རྒྱལ་བྱེད་པའོ། །དེ་དག་ལ་སོགས་པའི་སྐྱོན་རྣམས་ཀྱིས་ལམ་གྱི་རིན་པོ་ཆེ་འཕྲོག་པར་བྱེད་དོ་ཞེས་བྱ་བའི་དོན་དེ་ཉིད་བཤད་པར་མཛད་དེ། རང་ཁྱིམ་བཟའ་ཡི་ནང་ན་བཞུགས་པ་ལ། །ལམ་བཟངས་རིན་ཆེན་དག་ནི་འཕྲོག་པར་བྱེད། །ཅེས་བྱ་བའོ། །གཞན་ཡང་སུས་འཕྲོག་ཅེ་ན། སྲོག་གཅོད་པ་དང་བརྫུན་དང་མ་བྱིན་ལེན། །གཞན་གྱི་བུད་མེད་དག་དང་ཚིག་རྩུབ་དང༌། །ཕྲ་མ་ཚིག་འཁྱལ་དང་ནི་མནར་སེམས་དང༌། །གནོད་སེམས་ལྟ་བ་ངན་པའི་རྐུན་མ་དང༌། །ཡོད་པའི་སྡིག་དང་ཉེ་བའི་སྡིག་དག་དང༌། །ཞེས་བྱ་བ་ལ། ཡོད་པའི་སྡིག་ཅེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་བཞི་སྟེ། ཉེ་བའི་སྡིག་ཅེས་བྱ་བ་ནི་ཆང་འཐུང་བ་དང༌། ཆོ་ལོ་དང་ཁ་ན་མ་ཐོ་བའི་ཟས་དང༌། ཚིག་ངན་བརྗོད་པ་དང༌། འབྱུང་


DTG013_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོའི་ཆོས་དང༌། ཀླ་ཀློའི་ཆོས་སོ། །གསོད་དང་འཁུ་བ་དབང་པོ་མངོན་ཞེན་དང༌། །ཞེས་བྱ་བ་ལ། བུད་མེད་གསོད་པ་དང༌། སྐྱེས་བུ་གསོད་པ་དང༌། བྱིས་པ་གསོང་བ་དང༌། བ་ལང་གསོད་པ་དང༌། གཟུགས་བརྙན་ལ་སོགས་པ་འཇིག་པའོ། །འཁུ་བ་ཞེས་བྱ་བ་ནི། གཙོ་བོ་ལ་འཁུ་བ་དང༌། གྲོགས་པོ་ལ་འཁུ་བ་དང༌། དགེ་འདུན་ལ་འཁུ་བ་དང༌། སངས་རྒྱས་ལ་འཁུ་བ་དང༌། དབུགས་འབྱིན་པ་ལ་འཁུ་བའོ། །དབང་པོ་མངོན་ཞེན་ཞེས་བྱ་བ་ནི། གཟུགས་ལ་ཞེན་པ་དང༌། སྒྲ་ལ་ཞེན་པ་དང༌། དྲི་ལ་ཞེན་པ་དང༌། རོ་ལ་ཞེན་པ་དང༌། རེག་བྱ་ལ་ཞེན་པ་དང༌། ལྔ་པོ་འདི་དག་ཅེས་བྱ་བ་ནི། ཉི་ཤུ་རྩ་ལྔ་སྟེ། རྐུན་མ་དེ་ཡིས་རིན་པོ་ཆེ་ནི་རྟག་ཏུ་འཕྲོག་པར་བྱེད། །ཅེས་བྱ་བའོ། །གཞན་ཡང༌། ཤིན་ཏུ་བཟའ་བ་དང་ནི་བཏུང་བ་ཡི། །སྣ་ཚོགས་ལོངས་སྤྱོད་དུ་མའི་རྐུན་མ་ངེས། །ཞེས་བྱ་བ་དེས། མ་ཞུ་བའི་ནང་བྱེད་པ་དང༌། སྨྱོན་པར་བྱེད་པའི་བཟའ་བ་དང་བཏུང་བ་སྟེ། བྱུག་པ་དང་རྒྱན་ལ་སོགས་པའི་ཆོམ་རྐུན་དེ་རྣམས་ཀྱིས། སུ་ལ་འཕྲོག་པར་བྱེད་ཅེ་ན། བརྩོན་འགྲུས་ལྡན་ཡང་འཕྲོག་པར་བྱེད་པ་ནི། །ཞེས་བྱ་བ་ནི། གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པར་ནུས་ན་ཡང་འདོད་པའི་ཡོན་ཏན་ལྔས་འགྲུབ་པར་མི་སྟེར་རོ། །དེ་བས་ན་གཉིས་སུ་མེད་པའི་ཡེ་ཤེས་ཉམས་སུ་མྱོང་བའི་བར་དུ་ལས་དང་པོ་པས་དེ་རྣམས་ལ་དུག་བཞིན་དུ་བལྟ་བར་བྱའོ། །སྣ་ཚོགས་ལོངས་སྤྱོད་དེ་རྣམས་ཀྱིས་ཇི་ལྟར་འཕྲོག་པར་བྱེད་ཅེ་ན། བག་མེད་བརྒྱལ་བར་གྱུར་པ་ཇི་བཞིན་ནོ། །ཞེས་བྱ་བ་ནི། དཔེ་བསྟན་པར་མཛད་དེ། དཔེར་ན་བག་མེད་པའི་སྤྱོད་པ་བྱེད་པ་དང༌། དུག་ལ་སོགས་པ་བརྒྱལ་བ་དྲན་བ་མེད་པར་གྱུར་པ་ཇི་ལྟ་བ་དེ་བཞིན་དུ། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པས་སེམས་ནི་གཉིས་སུ་མེད་པའི་ཡེ་ཤེས་མི་དྲན་ཏེ། འདོད་པའི་ཡོན་ཏན་ལྔ་དེ་ཉིད་བསམ་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་བས་ན་འཁོར་བའི་བདེ་བ་ལ་ལྟོས་པ་མེད་པའི་རྣལ་འབྱོར་བ་རྣམས་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར་གྱི་འཁོར་བ་ལ་ཞེན་པའི་སེམས་ཀྱིས་ནི་མ་ཡིན་ནོ། །དེ་ལྟར་ཕྱིའི་ལོངས་སྤྱོད་ལ་སྐྱོན་བརྗོད་པར་མཛད་ནས་ནང་གི་སྐྱོན་བརྗོད་པར་མཛད་དེ། བདག་ཉིད་ཀྱིས་ནི་ཡོངས་སུ་མ་བརྟགས་པ། །གཡོ་ཅན་གཞན་དག་ལ་ནི་ཤེས་ཕྱིར་བསྟན། །ཞེས་བྱ་བ་ནི། གང་གིས་


DTG013_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམ་པ་གསུམ་དུ་རང་བཞིན་དུ་གྱུར་པའི་རང་གི་ཤེས་རབ་ཀྱིས་གཉིས་སུ་མེད་པའི་ཡེ་ཤེས་བརྟག་པར་མ་བྱས་པ་དེས། འདོད་ཆགས་ལ་སོགས་པའི་སྐྱོན་དང་ལྡན་པར་གྱུར་པའི་གཡོ་སྒྱུ་ཅན་གཞན་ལ། ཐེ་ཚོམ་མི་ཟ་བའི་ཕྱིར་སྟོན་པར་བྱེད་དོ། །དེ་ལ་སྐྱོན་ཅེ་ཡོད་ཅེ་ན། རིན་ཐང་མེད་པ་མ་ཡིན་ཞེས། །དེ་ཡི་ཚིག་གིས་རིན་ཆེན་དོར་བར་བྱེད། །ཅེས་བྱ་བ་ནི། དཔེར་ན་རིན་ཐང་མེད་པའི་ནོར་བུ་རིན་པོ་ཆེའི་མཚན་ཉིད་གང་གིས་མི་ཤེས་པ་དེས་བཟང་ངན་ཤེས་པར་བྱ་བའི་ཕྱིར། གཡོ་སྒྱུ་ཅན་གཞན་མ་ལ་བསྟན་ཏེ། དེས་ཀྱང་རང་འདོད་པའི་ཕྱིར་རམ། ཡང་ན་ཁོ་ལ་དོན་མི་འགྲུབ་པར་བྱ་བའི་ཕྱིར། རིན་པོ་ཆེ་ལ་སྨོད་པར་བྱེད་པ་དེ་མི་བཟང་ཞེས་བྱ་བའི་དོན་ཏོ། །ཕ་རོལ་པོས་དེའི་ཚིག་གིས་ཀྱང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དོར་བང་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་མི་མཁས་པའི་སློབ་མ་ལ་བླ་མ་དམ་པས་གནང་བའི་ལམ་གྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ནི་དོན་མེད་པར་འགྱུར་རོ། །དེ་བས་བླ་མ་དམ་པ་སྣོད་དུ་རུང་བར་གྱུར་པའི་སློབ་མ་ལ་ལམ་གྱི་རིན་པོ་ཆེ་སྟེར་བ་ཡིན་གྱི། བྱིས་པ་དང་བུད་མེད་ལ་སོགས་པའི་སེམས་དང་འདྲ་བར་གྱུར་པ་རྣམས་ལ་ནི་མ་ཡིན་ནོ། །འོ་ན་ལམ་གྱི་རིན་པོ་ཆེ་དེ་རིག་པའི་དཔྱད་པ་དང་བྲལ་བ་ཡིན་ནམ་ཞེ་ན། རིན་ཆེན་རྟོག་མཁས་གང་ཞིག་གིས། །རིན་ཆེན་བཟང་པོ་ཡོངས་རྟོགས་བྱེད། །དེ་ཡི་རྣམ་དག་ཚིག་གིས་ནི། །རང་གི་རིན་ཆེན་ཤེས་པར་བྱ། །ཞེས་བྱ་བ་ནི། དཔེར་ན་སྐྱེས་བུ་དམ་པ་གང་ཞིག་གིས་རིན་པོ་ཆེ་བཟང་ངན་ཤེས་པ་དང༌། སྔོན་དུ་རིན་པོ་ཆེ་བརྟགས་པར་བྱས་པ་དེའི་ཚིག་གིས་རིན་པོ་ཆེའི་མཚན་ཉིད་ཤེས་པར་བྱའོ། །དེ་བས་ན་གང་གིས་གཉིས་སུ་མེད་པའི་ཡེ་ཤེས་ཉམས་སུ་མྱོང་བ་དང༌། སེམས་ཅན་ཐམས་ཅད་སྙིང་རྗེ་བྱེད་པ་དེའི་ཚིག་གིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་ཤེས་པར་བྱའི། རང་གིས་མི་ཤེས་པ་དང༌། སེམས་ཅན་ཐམས་ཅད་ལ་སླུ་བར་བྱེད་པ་པོའི་ཚིག་གིས་མ་ཡིན་ནོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདུད་ཀྱི་ལེའུ་ལས། བདུད་ཀྱི་མཚན་ཉིད་དེ་བཞིན་གཤེགས་པས་གང་གསུངས་པ། ད་ཡང་རྣལ་འབྱོར་པས་ཤེས་པར་བྱ་ཞེས་བྱ་བ་བཤད་པར་མཛད་དེ། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་རྣམས་དང༌། །ཕ་དང་མ་ནི་བུ་མོ་


DTG013_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྲིང་མོ་དང༌། །བུ་དང་སྤུན་དང་ཆུང་མ་འདོད་རྣམས་ཀྱིས། །གཟུགས་ཀྱི་བདུད་ཀྱིས་བགེགས་ནི་བྱེད་པར་གྱུར། །ཞེས་བྱ་བ་ནི། ཕ་དང་མ་ལ་སོགས་པའི་རེ་བ་འཁོར་བ་ལ་ཕན་ཚོགས་པར་གྱུར་པ་ཇི་ལྟ་བ་དེ་བཞིན་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དེ་ཉིད་སྐྱོན་དུ་འགྱུར་བའོ། །དེ་བས་ན་འཁོར་བའི་རྒྱུར་འགྱུར་བའི་དེ་དག་ལ་སོགས་པའི་རེ་བ་དོར་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར་གྱི། དེ་དག་ལ་སོགས་པའི་བསམ་པས་ནི་མ་ཡིན་ནོ། །དེའི་དོན་བཤད་པར་མཛད་དེ། དེ་བས་བླ་མ་དམ་པས་བྱིན་པ་ཡི། །ལམ་བཟངས་རིན་ཆེན་སློབ་མས་ནན་ཏན་གྱིས། །རྐུན་མ་རྩ་ལག་ཡོངས་སུ་སྤངས་བྱས་ལ། །ཤིན་ཏུ་ལེགས་པར་སྦ་བར་བྱ་བའོ། །ཞེས་བྱ་བ་ནི། དེ་ལྟར་བརྗོད་པའི་རིམ་པས་བླ་མ་དམ་པས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཐབས་གང་ལ་གནང་བར་གྱུར་བ་དེ། རྩ་ལག་ལ་སོགས་པའི་ཆོམ་རྐུན་རྣམས་ལས་བྲོས་ནས་མངོན་སུམ་དུ་མ་གྱུར་གྱི་བར་དུ་གསང་བར་བྱའི། གཞན་རྣམས་ལ་ནི་བསྟན་པར་མི་བྱའོ། །དེ་བཞིན་དུ་ཕྱི་རོལ་དུ་འཁོར་བ་ལ་སོགས་པས་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་རུ་གཞན་རྣམས་ཀྱིས། གང་འདོད་པ་དེ་ལ་སུན་དབྱུང་བར་བརྗོད་པར་མཛད་དེ། ཐར་པའི་དོན་དུ་དཔའ་བོའི་རིམ་པ་དང༌། བདག་བྱིན་གྱིས་བརླབ་པའི་རིམ་པ་ལམ་མ་ཡིན། ཞེས་བྱ་བ་ལ། དཔའ་བོའི་རིམ་པ་ཞེས་བྱ་བ་ནི། རོ་ལངས་ལ་སོགས་པ་དང༌། དུར་ཁྲོད་ལ་སོགས་པར་གནས་པའོ། །བདག་བྱིན་གྱིས་བརླབ་པའི་རིམ་པ་ཞེས་བྱ་བ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པས་བྱིན་གྱིས་བརླབས་པའི་གནས་ལ་འཁོད་པའོ། །ཕུང་པོ་ལ་སོགས་པ་ཉོན་མོངས་པར་བྱེད་པ་འདི་དག་གི་ལམ་ནི་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་དུ་མི་འགྱུར་རོ། །འོ་ན་དོན་དམ་པའི་ལམ་གང་ཡིན་ཞེ་ན། ཤིན་ཏུ་རྣམ་པར་དག་པའི་རིམ་གཅིག་པ། ཐར་པའི་ཆེད་དུ་ཞེས་བྱ་བ་ལ། ཤིན་ཏུ་རྣམ་པར་དག་པའི་རིམ་པ་ཞེས་བྱ་བ་ནི། རྟོག་པ་ཐམས་ཅད་ལས་འདས་པའི་ཉམས་སུ་མྱོང་བའི་རང་བཞིན་སྟོང་པ་ཉིད་ཡིན་ཏེ། བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་དེ་ཉིད་གཅིག་པུར་གསུངས་སོ། །གང་གིས་གསུངས་ཤེ་ན། སངས་རྒྱས་རྣམས་ཀྱིས་བསྟན་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཉིད་ཀྱིས་མངོན་སུམ་དུ་མཛད་ནས། ཕྱག་རྒྱ་ཆེན་


DTG013_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་དེ་ཉིད་བསྟན་ཏོ། །ཤིན་ཏུ་རྣམ་པར་དག་པའི་ལམ་དེ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། མཚམས་མེད་ལྔ་པོ་དག་ནི་བྱས་པ་རྣམས། །བདེ་བར་གང་ཞིག་དབང་གི་དོན་གྱིས་ནི། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད་རྣམས་ལས། །རྒྱལ་བའི་དབང་པོ་རྣམས་ཀྱིས་ཡང་དག་གཟུང༌། །ཞེས་བྱ་བ་ནི་མཚམས་མེད་པ་ལྔའི་ལས་གང་རྣམས་ཀྱིས་བྱས་པའི་མི་དེ་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གྱུར་པའི་རྒྱུད་ལས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གཟུང་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དེ་རྣམས་ལས་མ་བཀག་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་གཟུང་ཞེ་ན། བདེ་བ་གང་ཞིག་དབང་གི་དོན་གྱིས་ནི། །ཞེས་བྱ་བ་ལ། དབང་ཞེས་བྱ་བ་ནི། བཞི་པ་སླར་ཡང་དེ་བཞིན་ཏེ། །ཞེས་བྱ་བའོ། །དེའི་དོན་ཞེས་བྱ་བ་ནི། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སོ། །དེ་རྣམས་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གསུངས་སོ། །དེ་ལ་དོན་ནི་འདི་ཡིན་ཏེ། གང་གིས་སྔོན་དུ་མཚམས་མེད་པ་ལྔའི་ལས་བྱས་པ་དེ་ཐེག་པ་ཆེན་པོ་བཀའ་གསང་སྔགས་ལ་ཞུགས་ནས་མཆོག་ཏུ་མི་འགྱུར་བའི་བདེ་བས་མེད་པར་བྱས་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་སྣོད་དུ་རུང་བར་དེ་བཞིན་གཤེགས་པས་གསུངས་ཀྱི། ཐེག་པ་ཆེན་པོ་བཀའ་གསང་སྔགས་ལ་ཞུགས་ནས་མཚམས་མེད་པ་ལྔའི་ལས་བྱེད་པ་ནི་མ་ཡིན་ནོ། །ད་ནི་དཔའ་བོའི་རིམ་པ་ལ་སོགས་པའི་ངེས་པའི་དོན་དུ་བཤད་པར་མཛད་དེ། ཕྱི་རོལ་དུ་ནི་དཔའ་བོའི་རིམ་མིན་གྱི། །འདི་ནི་ལུས་དང་སྲོག་ནི་ཟད་པར་གསུངས། །ཞེས་བྱ་བ་ནི། དྲང་བའི་དོན་གྱིས་ཕྱི་རོལ་དུ་དཔའ་བོའི་རིམ་པས་གང་ཡིན་པ་དེ་ངེས་པའི་དོན་དུ་ནི་མ་ཡིན་ཏེ། ངེས་པའི་དོན་དུ་དཔའ་བོའི་རིམ་པ་ནི་ལུས་པོ་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པ་ཞེས་བྱ་བའོ། །དེ་བཞིན་དུ་རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་ཀྱི་ལེའུ་ལས། དཔའ་བོ་གང་ཡིན་མཉམ་དང་མི་མཉམ་ལམ་དུ་སྲོག་དང་ཐུར་སེལ་གང་གིས་གསོད་པར་བྱེད། །ཉམས་པ་གང་ཡིན་རྩ་གསུམ་ལ་གནས་རླུང་གི་མཐའ་མེད་དབུས་སུ་གང་གིས་ཉམས་པར་བྱེད། །སྦྱིན་བདག་གང་ཡིན་བླ་མར་རང་ལུས་བུ་དང་ཁྱིམ་ཐབ་ལ་སོགས་གང་གིས་ཀུན་སྦྱིན་པའོ། །ངན་པ་གང་ཡིན་སླུ་བར་བྱེད་དང་རང་གི་སྙིང་གར་སྙིགས་མར་སེམས་བཟུང་གང་ཞིག་གཡོ་


DTG013_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྒྱུ་ཅན། །ཞེས་བྱ་བ་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་དཔའ་བོའི་རིམ་པས་ངེས་པའི་དོན་བཤད་པ་མཛད་ནས། བདག་གིས་བྱིན་གྱིས་བརླབས་པའི་རིམ་པའི་ངེས་པའི་དོན་བཤད་པར་མཛད་དེ། བདག་གིས་བྱིན་གྱིས་བརླབས་ཏེ་སྟོང་པ་རུ། །ཁམས་གསུམ་པོ་ནི་བསྟན་པ་ཞེས་བྱའོ། །ནམ་མཁའ་ཁམས་གསུམ་པོ་གཟུགས་སྣ་ཚོགས་ཀྱི་རང་བཞིན་དུ་གྱུར་པ་གང་མཐོང་བ་དེ་བདག་གིས་བྱིན་གྱིས་རློབ་པ་སྟེ། རང་གི་ཁམས་གསུམ་གྱི་རང་བཞིན་དུ་གྱུར་པའི་རང་བཞིན་དུ་མཐོང་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ལམ་བསྟན་པར་མཛད་ནས། འཁོར་བ་དང་མྱ་ངན་ལས་འདས་པའི་འབྲེལ་པ་བཤད་པར་མཛད་དེ། འཁོར་བ་སྙིང་པོ་མེད་པ་དེ་ཟད་ལས། །དེ་ནས་སངས་རྒྱས་ཉིད་འབྲས་མི་རྣམས་ལ། །ཞེས་བྱ་བ་ནི། བདེ་འགྲོ་དང་ངན་འགྲོ་ལས་འཁོར་བར་བྱེད་པས་ན་འཁོར་བ་ཞེས་བྱའོ། །འཁོར་བ་དེ་རྟག་པར་གྱུར་པའི་དངོས་པོ་མེད་པ་སྟེ། མི་རྟག་པ་ཞེས་བྱ་བའི་དོན་ཏོ། །འཁོར་བ་དེ་མི་རྟག་པ་ཉིད་ཀྱིས་ཟད་པར་གྱུར་ན། མི་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བའོ། །དེ་བས་ན་འཁོར་བ་ལས་མྱ་ངན་ལས་འདས་པ་གཞན་མིན་པ་དང་འཁོར་བ་དེ་ཉིད་ཀྱང་མྱ་ངན་ལས་འདས་པ་ནི་མ་ཡིན་ནོ། །དེ་བཞིན་དུ། སྲིད་པ་གསུམ་པོ་ཡོངས་ཤེས་པ། །མྱ་ངན་འདས་པར་ཡོངས་སུ་བརྗོད། །ཅེས་བྱ་བར་གསུངས་སོ། །གལ་ཏེ་གང་འཁོར་བ་དེ་ཉིད་མྱ་ངན་ལས་འདས་པ་ཡིན་པ་དེ་ལྟ་ན་ནི་སྐྱོན་ཅི་ཡོད་ཅེ་ན། བརྗོད་པར་བྱ་སྟེ། གལ་ཏེ་འཁོར་བ་དེ་ཉིད་མྱ་ངན་ལས་འདས་པ་ཡིན་པ་དེ་ལྟ་ན་ནི། འཁོར་བ་ལ་གནས་པའི་སེམས་ཅན་རྣམས་ཀྱིས་སྐྱེ་བ་དང་འཆི་བའི་སྡུག་བསྔལ་བོར་ནས་སྔོན་འདི་ཉིད་དུ་སངས་རྒྱས་སུ་གྱུར་པ་སྟེ། གལ་ཏེ་དེ་བཞིན་དུ་ཡིན་པ་དེ་ལྟ་ན་ནི། དེ་བཞིན་གཤེགས་པས་སེམས་ཅན་རྣམས་ལ་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གང་བཀའ་སྩལ་པར་གྱུར་པ་དེ་དོན་མེད་པར་འགྱུར་བའོ། །དེ་བས་འཁོར་བ་ལས་མ་གཏོགས་པར་མྱ་ངན་ལས་འདས་པ་གཞན་གང་ཞིག་ཡོད་པ་དེ་ལྟ་ན་ནི་སེམས་ཅན་རྣམས་ཀྱི་རྒྱུ་ལས་སངས་རྒྱས་རྣམས་འབྲས་བུར་མི་འགྱུར་ཏེ། གང་སེམས་ཅན་དེ་རྣམས་ཡིན་ལ།


DTG013_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གང་དེ་ཉིད་སངས་རྒྱས་རྣམས་ཤེས་བྱ་བའོ། །དཔེར་ན་ས་བོན་ཉམས་པ་ལས་མྱུ་གུ་མི་སྐྱེ་བ་དང༌། ས་བོན་མ་ཉམས་པ་ལས་ཀྱང་མྱུ་གུ་མི་སྐྱེ་བ་དེ་བཞིན་དུ། འཁོར་བ་བ་རྣམས་ཀྱི་ཕུང་པོ་རྣམས་དང༌། སངས་རྒྱས་པ་རྣམས་ཀྱི་མཚན་རྣམས་ཀྱི་མཚན་ཉིད་ཤེས་པར་བྱའོ། །དེ་ཉིད་བཤད་པར་མཛད་དེ། ཆུ་ཤིང་གི་ནི་འབྲས་བུ་སྨིན་པ་བཞིན། །ཆུ་ཤིང་ཉམས་པས་ཡང་དག་འབྱུང་བར་འགྱུར། །ཞེས་བྱ་བ་ནི་ཆུ་ཤིང་ཉམས་པའི་དུས་སུ་ཆུ་ཤིང་གི་འབྲས་བུ་སྐྱེ་བ་ཇི་ལྟ་བ་དེ་བཞིན་དུ་འཁོར་བ་ཉམས་པའི་དུས་སུ་མྱ་ངན་ལས་འདས་པ་ཤར་བར་གྱུར་པའོ། །དེ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་མཚན་ཉིད་བཤད་པར་མཛད་ནས། དེ་དག་གི་བག་ཆགས་ཀྱི་མཚན་ཉིད་བཤད་པར་མཛད་དེ། སྡིག་པ་དང་ནི་ཤིང་སྲིན་སེམས་ཅན་རྣམས། །གང་ལས་བྱུང་བ་དེ་རྣམས་དེ་ཉམས་བྱེད། །དེ་ལྟར་རྣལ་འབྱོར་གྱི་ནི་སེམས་དེ་ཡིས། །སྒྱུ་མ་དག་ནི་རྣམ་པར་ཉམས་པར་བྱེད། །ཅེས་བྱ་བ་ལ། དཔེར་ན་སྡིག་པ་དང་ཤིང་སྲིན་ལ་སོགས་པའི་སེམས་ཅན་རྣམས་དངོས་པོ་གང་ལས་སྐྱེས་པའི་ཕྱི་ནས་དེ་རྣམས་ཀྱིས་དངོས་པོ་དེ་ཉིད་ཟད་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པའི་སེམས་ཅན་འཁོར་བའི་བག་ཆགས་ལས་སྐྱེས་ནས། འཁོར་བའི་བག་ཆགས་དེ་ཉིད་ཀྱིས་ཉམས་པར་བྱེད་པའོ། །འོ་ན་འཁོར་བའི་བག་ཆགས་གྱི་རྒྱུ་ལས་གལ་ཏེ་མྱ་ངན་ལས་འདས་པའི་སེམས་སྐྱེས་པར་གྱུར་པ་དེ་ལྟ་ན་ནི། རྒྱུ་འབྲས་བུ་ཐ་དད་པར་མི་འགྱུར་རམ་ཞེ་ན། བརྗོད་པར་བྱ་སྟེ། འཁོར་བའི་རང་བཞིན་དུ་གྱུར་པའི་བག་ཆགས་ཀྱི་རང་བཞིན་དུ་གྱུར་བའི་སེམས་དང༌། མྱ་ངན་ལས་འདས་པའི་སེམས་འདི་དག་ལ་རྟེན་དང་བརྟེན་པའི་འབྲེལ་པ་ཡིན་གྱི། རྒྱུ་དང་འབྲས་བུའི་འབྲེལ་པ་ནི་མ་ཡིན་ནོ། །དཔེར་ན་ཤིང་གི་རྟེན་ལས་ཤིང་སྲིན་གྱི་ངོ་བོས་ཤིང་སྲིན་སྐྱེ་བ་ཡིན་གྱི། ཤིང་གི་ངོ་བོ་བེམས་པོའི་རང་བཞིན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའོ། །མྱ་ངན་ལས་འདས་པའི་སེམས་ཇི་ལྟ་བུ་ཡིན་ཞེ་ན། གཉིས་མེད་དང་ནི་མི་གཡོ་རིགས་མེད་དང༌། །འདོད་དང་མཆོག་ཏུ་མི་འགྱུར་འདོད་ཆགས་ཆེ། །དངོས་པོ་དང་ནི་དངོས་མིན་དངོས་མེད་པ། །ཡེ་ཤེས་དང་ནི་སེམས་དཔའ་ཀུན་དུ་བཟང༌། །ཞེས་བྱ་བ་ལ། གཉིས་མེད་ཅེས་བྱ་བ་


DTG013_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་གཟུང་བ་དང་འཛིན་པ་ལ་སོགས་པ་སྟེ། དེ་སོ་སོའི་ངོ་བོས་གང་གིས་དོར་བར་དེ་གཉིས་སུ་མེད་པ་ཞེས་བྱའོ། །གནས་གཞན་དུ་མི་འགྲོ་བས་ན་མི་གཡོ་བས་ཏེ། དུས་ཐམས་ཅད་དུ་རང་གི་གནས་མི་འདོར་བ་ཞེས་བྱ་བའི་དོན་ཏོ། །རིགས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་ཕྱོགས་ཏེ། ཞེན་པའི་ཕྱོགས་དེ་དང་བྲལ་བས་ན་རིགས་མེད་པ་ཞེས་བྱ་བའོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བས་ན་འདོད་པ་ཞེས་བྱ་བའོ། །འཇིག་རྟེན་གྱི་སྤྱོད་པ་དང་བྲལ་བས་ན་མཆོག་ཡིན་ལ། འགྱུར་བ་མེད་པ་ཟད་པ་མེད་པས་ན་མཆོག་ཏུ་མི་འགྱུར་བ་ཞེས་བྱ་བའོ། །འཇིག་རྟེན་གྱི་འདོད་ཆགས་ལས་ཁྱད་པར་དུ་གྱུར་པས་ན་འདོད་ཆགས་ཆེན་པོའོ། །དངོས་པོ་ཞེས་བྱ་བ་ནི་ཡོད་པ་ཡིན་ལ། དངོས་པོ་མེད་པ་ཞེས་བྱ་བ་ནི་མེད་པ་སྟེ། ཡོད་པའི་དངོས་པོ་ཡང་མ་ཡིན་ཞིང་མེད་པའི་དངོས་པོ་ཡང་མ་ཡིན་པས་ན། དངོས་པོ་དང་ནི་དངོས་མིན་དངོས་མེད་པ། །ཞེས་བྱ་བ་སྟེ། ཡོད་པ་དང་མེད་པ་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཤེས་པར་བྱེད་པས་ན་ཡེ་ཤེས་ཞེས་བྱ་བའོ། །སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་རང་བཞིན་དུ་གྱུར་པ་དང༌། རང་གིས་ཉམས་སུ་མྱོང་བར་གྱུར་པས་ན་སེམས་དཔའ་ཞེས་བྱ་བའོ། །སྐྱོན་ཐམས་ཅད་སྤངས་པ་དང༌། ཉིད་ཀྱི་དོན་ཕུན་སུམ་ཚོགས་པ་དང༌། གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པར་མཛད་པས་ན་ཀུན་དུ་བཟང་པོ་ཞེས་བྱ་བའོ། །གཞན་ཡང༌། ཉོན་མོངས་མིན་དང་ཉོན་མོངས་ཆེན་པོ་སྟེ། །ལྷན་ཅིག་སྐྱེས་དཔལ་བྱང་ཆུབ་སེམས་ཐིག་འཛིན། །ཞེས་བྱ་བའོ། །ཉོན་མོངས་མིན་ཞེས་བྱ་བ་ནི་སྡུག་བསྔལ་དང་བྲལ་བའོ། །དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་དེ་ཉིད་འཕྲོག་པར་བྱེད་པས་ཉོན་མོངས་པ་ཆེན་པོའོ་ཞེས་བྱ་བའོ། །སེམས་དང་ལྷན་ཅིག་སྐྱེས་པས་ན་ལྷན་ཅིག་སྐྱེས་པ་སྟེ། དཔེར་ན་སྦྲུལ་དང་སྦྲུལ་གྱི་མགོ་བོའི་རིན་པོ་ཆེ་ལྟ་བུའོ། །སྐྱེས་པས་ན་འཇིག་རྟེན་གྱི་ལྷན་ཅིག་སྐྱེས་པའི་ཇི་ལྟ་བ་དེ་བཞིན་དུ་ཡིན་ནམ་ཞེ་ན། བྱང་ཆུབ་སེམས་ཀྱི་ཐིག་ལེ་བཞི་འཛིན་པ། །ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བཞི་འཛིན་པ་སྟེ། འཁོར་བའི་འཕོ་བའི་ལྷན་ཅིག་སྐྱེས་པའི་ཇི་ལྟ་བུ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་འཕོ་བའི་རང་བཞིན་དུ་གྱུར་པ་ལྷན་


DTG013_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅིག་སྐྱེས་པ་གལ་ཏེ་ཡིན་པ་དེ་ལྟ་ནི། འཕོ་བའི་དྲིན་གྱིས་དང་པོ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་སུ་འགྱུར་བའོ། །དེ་བས་ན་འཁོར་བའི་ལྷན་ཅིག་སྐྱེས་པ་འཕོ་བ་ཡིན་གྱི། མི་འཕོ་བའི་རང་བཞིན་ནི་མ་ཡིན་ཏེ། སངས་རྒྱས་ཀྱི་ལྷན་ཅིག་སྐྱེས་པ་མི་འཕོ་བའི་རང་བཞིན་ཡིན་གྱི། འཕོ་བའི་རང་བཞིན་ནི་མ་ཡིན་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་ཀྱི་ཐུགས་དགོངས་སོ། །དོན་དེ་དག་དང་ལྡན་པར་གྱུར་པ་དེ་གང་ཡིན་ཞེ་ན། དཔལ་དུས་ཀྱི་འཁོར་ལོའི་རྡོ་རྗེ་ཞེས་བྱ་བའོ། །དབྱིབས་དང་ཁ་དོག་ལ་སོགས་པ་དང་ལྡན་པར་གྱུར་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཡིན་ནམ་ཞེ་ན། ཐབས་དང་ཤེས་རབ་བདག་ཉིད་རྣལ་འབྱོར་རོ། །ཞེས་བྱ་བ་ནི་རྟོག་པ་ཐམས་ཅད་ལས་འདས་པར་གྱུར་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དངོས་པོ་ཡིན་གྱི། འཇིག་རྟེན་གྱི་དངོས་གྲུབ་སྟེར་བར་བྱེད་པའི་ཞལ་དང་ཕྱག་ལ་སོགས་པ་དང་ལྡན་པ་ནི་མ་ཡིན་ནོ། །དེ་ལྟར་དོན་དམ་པ་དེ་ཁོ་ན་ཉིད་བཤད་པར་མཛད་ནས། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ངེས་པའི་དོན་བཤད་པར་མཛད་དེ། སྟོང་ཉིད་རྣམ་པའི་སྙིང་རྗེ་ནི། དུས་ཏེ་ཞེས་བྱ་བ་ལ། སྙིང་རྗེ་ཞེས་བྱ་བ་ནི། རང་རིག་པའི་ཡེ་ཤེས་སོ། །དེ་ཅི་ལྟ་བུ་ཡིན་ཞེ་ན་སྟོང་ཉིད་རྣམ་པ་ཞེས་བྱ་ནི། འཇིག་རྟེན་གྱི་རྟོག་པ་ཐམས་ཅད་ལས་འདས་པར་གྱུར་པའི་སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་པ་ཡིན་གྱི། འཇིག་རྟེན་པའི་རང་རིག་པའི་ཡེ་ཤེས་རིག་བྱ་དང་རིག་བྱེད་ཀྱི་རང་བཞིན་དུ་གྱུར་པ་ཇི་ལྟ་བ་དེ་ལྟ་བུ་ནི་མ་ཡིན་ནོ། །ཀུན་རྫོབ་གཟུགས་ཅན་མ། སྟོང་ཉིད་འཁོར་ལོ་ཞེས་སུ་བརྗོད། །གཉིས་མེད་དུས་འཁོར་འདོད་པའོ། །ཞེས་བྱ་བ་ལ། འཁོར་ལོ་ཞེས་བྱ་བ་ནི་སྟོང་པ་ཉིད་དེ། །འོ་ན་གང་སྟོང་པ་ཉིད་དེ་དངོས་པོ་མེད་པ་ཡིན་ལ། གང་འཁོར་ལོ་དེ་དབྱིབས་ངད་ཁ་དོག་ལ་སོགས་པའི་རང་བཞིན་ཏེ་དངོས་པོ་ཡིན་ནོ། །དེ་བས་ན་འཁོར་ལོ་དེ་སྟོང་པ་ཉིད་དུ་མི་འགྱུར་བ་མ་ཡིན་ནམ། ཞེ་ན། ཀུན་རྫོབ་གཟུགས་ཅན་མ་ཞེས་བྱ་བ་ནི། ཀུན་རྫོབ་ཀྱི་རང་བཞིན་དུ་གྱུར་པ་སྟོང་པ་ཉིད་ཡིན་གྱི། རྣམ་པ་ཀུན་དུ་མེད་པའི་རང་བཞིན་དུ་མ་ཡིན་ནོ། །དེ་ལ་དོན་གང་ཡིན་ཞེ་ན། བརྗོད་པར་བྱ་སྟེ།


DTG013_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་དང་པོ་པས་མིག་གང་ཞིག་གིས་བུམ་པ་དང་ཀ་བ་ལ་སོགས་པ་མཐོང་བའི་མིག་དེ་ཉིད་ཀྱིས། ནམ་མཁར་རྣམ་པ་ཐམས་ཅད་དང་ལྡན་པའི་སྣ་ཚོགས་གཟུགས་མཐོང་ངོ༌། །དེ་དོན་དམ་པར་ཡོད་པ་ཡིན་ཏེ། རྡུལ་ཕྲ་རབ་ལས་འདས་པར་གྱུར་པའི་ཕྱིར་དང༌། བསྐྱེད་བྱེད་སྐྱེད་བྱེད་ཀྱི་ཚུལ་གྱིས་མ་བསྐྱེད་པའི་ཕྱིར་རོ། །དེ་བཞིན་དུ་མེད་པ་ནི་མ་ཡིན་ཏེ། མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་དུ་གྱུར་པའི་ཕྱིར་དང༌། ནམ་མཁའ་ལ་རྣལ་འབྱོར་པས་མཐོང་བའི་ཕྱིར་རོ། །དེ་བས་ན་རྟོག་པ་ལས་འདས་པའི་རང་རིག་པའི་རང་བཞིན་དུ་གྱུར་པའི་བདེ་བ་ནི་སྙིང་རྗེ་ཡིན་གྱི། རྟོག་པའི་རང་བཞིན་ནི་མ་ཡིན་ནོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་དང་ལྡན་པར་གྱུར་པའི་གཟུགས་སྣ་ཚོགས་མཐོང་བ་ནི། སྟོང་པ་ཉིད་ཡིན་གྱི། རྣམ་པ་ཐམས་ཅད་དུ་མེད་པའི་ངོ་བོ་ནི་མ་ཡིན་ནོ། །དེ་བས་ན་དོན་དམ་པར་ཀུན་རྫོབ་ཀྱི་རང་བཞིན་དུ་གྱུར་པ་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་པའི་ཀུན་རྫོབ་ཡིན་ཞེས་བྱ་བར་འགྲུབ་པོ། །དེ་བཞིན་དུ། སྟོང་པ་ཉིད་ནི་ཀུན་རྫོབ་ཡིན། ཀུན་རྫོབ་སྟོང་པ་ཉིད་དུ་བརྗོད། །མེད་ན་མི་འབྱུང་ངེས་པའི་ཕྱིར། །དཔེར་ན་བྱས་པ་མི་རྟག་བཞིན། ཞེས་བྱ་བ་གསུངས་སོ། །ཀུན་རྫོབ་ཏུ་གང་ཀུན་རྫོབ་དེ་ཀུན་རྫོབ་ཡིན་ལ། གང་སྟོང་པ་ཉིད་དེ་སྟོང་པ་ཉིད་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བརྗོད་པའི་རིམ་པས་ཡོད་པ་དང་མེད་པའི་དངོས་པོ་ལས་གྱུར་པའི་སྟོང་པ་ཉིད་དང༌། སྙིང་རྗེ་དབྱེར་མེད་པའི་རང་བཞིན་དུ་གྱུར་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཞེས་བྱ་བའོ། །དེ་ལྟ་བུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་གང་གིས་བསྒྲུབ་པར་འདོད་པ་དེས་ཅི་ཞིག་བྱ་ཞེ་ན། དཔལ་ལྡན་འདི་ནི་མྱུར་ཐོབ་ཕྱིར། །རྣལ་འབྱོར་མ་ཞབས་རྟག་ཏུ་ནི། །རྣལ་འབྱོར་གང་ཞིག་བསྒོམས་པ་ནི། །དེ་ལ་བགེགས་ནི་ཟད་པར་འགྱུར། །ཞེས་བྱ་བ་ལ། རྣལ་འབྱོར་མ་ཞེས་བྱ་བ་ནི། དྲང་བའི་དོན་དུ་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་རྣམས་ཏེ། །ངེས་པའི་དོན་དུ་རྣལ་འབྱོར་མ་ཞེས་བྱ་བ་ནི་སྲོག་དང་ཐུར་སེལ་ཡིན་ལ། དེ་དག་གང་དུ་ཡོད་པ་དེ་རྣལ་འབྱོར་མ་རྣམས་ཏེ། རྩ་གཡས་པ་དང་གཡོན་པ་དང་དབུས་མའོ། །མཁའ་འགྲོ་མ་དེ་རྣམས་ཀྱི་ཞབས་ཞེས་བྱ་བ་ནི། ཡོད་པ་དང་མེད་པ་ཉམས་པར་གྱུར་པའི་དངོས་པོ་སྟེ། དཔལ་དུས་ཀྱི་འཁོར་ལོ་ཐོབ་པར་བྱ་བའི་ཕྱིར་རོ། །གང་གིས་དེ་


DTG013_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྒོམ་པར་བྱེད་པ་ཕྱག་རྒྱ་ཆེན་པོ་ལ་བར་ཆད་དུ་བྱེད་པ་བགེགས་རྣམས་དེ་ལ་མེད་པར་འགྱུར་རོ། །བགེགས་རྣམས་གང་ཡིན་ཞེ་ན། དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོས་འགྲོའི་བདག་པོ་ཆོམ་རྐུན་ཞགས་པས་འཆིང༌། །རྒྱ་མཚོ་འཁྲུགས་དང་ཡི་དགས་འཆིང་བའི་འཇིགས་བྱེད་ནད་དང་དབང་པོའི་གནོད་པ་དང༌། །བཀྲེས་དང་བུད་མེད་བྲལ་དང་རྒྱལ་པོ་འཁྲུགས་པའི་འཇིགས་པ་རྡོ་རྗེ་ལྷུང་དང་ནོར་ཉམས་པ། །ཞེས་བྱ་བ་ནི། དགྲ་དང་སེང་གེ་དང༌། གླང་པོ་ཆེའི་བདག་པོ་དང༌། མེ་དང་སྦྲུལ་དང༌། ཆོམ་རྐུན་དང༌། ཞགས་པས་འཆིང་བ་དང༌། རྒྱ་མཚོ་དང༌། ཡི་དགས་དང། ནད་དང་ལྷའི་བུའི་བདུད་དང༌། །བཀྲེས་པ་དང༌། བུད་མེད་ཀྱིས་དོར་བ་དང༌། རྒྱལ་པོ་ཁྲོས་པ་དང༌། རྡོ་རྗེ་ལྷུང་བ་དང༌། ནོར་ཉམས་པའི་འཇིགས་པ་སྟེ་བཅུ་དྲུག་གོ །འཇིགས་པ་རྣམས་ནི་ཇི་ལྟར་ཉམས་པར་འགྱུར་ཞེ་ན། རྣལ་འབྱོར་མ་རྣམས་ཞབས་ནི་གང་གིས་གསལ་བར་དྲན་པ་དེ་ལ་དེ་རྣམས་ཉམས་པར་འགྱུར་ཞེས་བྱ་བ་ལ། གང་གིས་རྣལ་འབྱོར་མ་རྣམས་ཀྱི་ཞབས་ནི་དུས་ཐམས་ཅད་དུ་དྲན་པར་བྱེད་པ་དེ་ལ། འཇིགས་པ་དེ་རྣམས་ཟད་པར་འགྱུར་ཞེས་བྱ་བའོ། །འཇིགས་པ་དེ་རྣམས་ཇི་ལྟ་བུ་ཡིན་ཞེ་ན། གླང་ཆེན་ཤིང་རྟ་ཐམས་ཅད་མི་མཆོག་ཚོགས། །ཞེས་བྱ་བ་ལ་སོགས་པ་ནས། རྒྱལ་བ་མཆོག་གིས་གང་ཞིག་མཆོད་དང་བསྟོད་པ་དེ་ནི་དོན་རྣམས་ཉམས་པར་མི་འགྱུར་རོ། །ཞེས་བྱ་བའི་བར་དུ་ཚིགས་བཅད་བཅུ་དྲུག་གིས་འཇིགས་པ་དེ་རྣམས་ཀྱི་བཤད་པ་ནི་གོ་སླའོ། །ད་ནི་མཁའ་འགྲོ་མ་རྣམས་ཀྱི་བཤད་པ་མཛད་དེ། རྣལ་འབྱོར་མ་རྣམས་ཉི་ཟླ་སྒྲ་གཅན་ལམ་གསུམ་ལ་གནས་སེར་སྐྱ་ལུགས་དང་ཀུན་འདར་མའོ། །ཞེས་བྱ་བ་ནི་ཉི་མ་དང་ཟླ་བ་སྒྲ་གཅན་གྱི་རང་བཞིན་དུ་གྱུར་པ། ར་ས་ནཱ་དང༌། ལ་ལ་ནཱ་དང་ཨ་བ་དྷཱུ་ཏཱིའོ། །དེ་རྣམས་ཀྱི་ཞབས་ངེས་པའི་དོན་དུ་གང་ཡིན་ཞེ་ན། དངོས་དང་དངོས་མིན་རབ་ཉམས་མཉམ་འགྲོའི་ཞབས། ཞེས་བྱ་བ་ནི། ཕྱིར་མི་འབྱུང་བ་དང༌། ནང་དུ་མི་འཇུག་པ་གང་ཡིན་པ་དེ་དངོས་དང་དངོས་མིན་རབ་ཉམས་ཞེས་བྱ་བའོ། །འོ་ན་ཇི་ལྟ་བུ་ཡིན་ཞེ་ན། མཉམ་འགྲོ་ཞེས་བྱ་བ་ནི། དུས་ཐམས་ཅད་དུ་ཨ་བ་དྷཱུ་ཏཱིའི་ནང་དུ་གནས་པ་ཞེས་བྱ་བའོ། །དེ་ལྟ་བུའི་ཞབས་གང་ཡིན་པ་དེ་མཁའ་འགྲོ་མ་དེ་


DTG013_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་ཞེས་བྱ་བའོ། །མཆོག་ཏུ་མི་འགྱུར་བའི་བདེ་བའི་གནས་དེ་དུས་ཐམས་ཅད་དུ་གང་གིས་སྒོམ་པར་བྱེད་པ་དེ་ལ་དོན་ཅི་འགྲུབ་ཅེ་ན། འདི་དག་མི་འགྱུར་ལྷན་ཅིག་སྐྱེས་པ་དེ་ཡི་གོ་འཕང་དེ་ཉིད་དེ་དག་གང་གིས་དྲན། །འདི་ལས་མ་ལུས་འཇིགས་འཇོམས་བརྗོད་པ་སྐྱེ་བ་འདི་ནི་འབྲས་བུར་འགྱུར། །ཞེས་བྱ་བའོ། །འོ་ན་ཕྱི་རོལ་གྱི་རྣལ་འབྱོར་མ་རྣམས་ཀྱི་གནས་ནི་ནམ་མཁའ་དང་ས་ལ་སོགས་པ་ཡིན་ཏེ། ནང་དུ་རྣལ་འབྱོར་མ་རྣམས་ཀྱི་གནས་གང་ཡིན་ཞེ་ན། དཔལ་ལྡན་རྣལ་འབྱོར་མ་རྣམས་གནས་ནི་རྡོ་རྗེ་ནོར་བུའི་ཁྱིམ་ལ་ཞེས་བྱ་བ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བའི་གནས་གང་ཡིན་པ་དེ་རྣལ་འབྱོར་མ་རྣམས་ཀྱི་གནས་ཞེས་བྱ་བའོ། །དེ་ལྟར་དྲང་བའི་དོན་དང་ངེས་པའི་དོན་གྱི་རྣལ་འབྱོར་མ་རྣམས་ལ་བསྟོད་པ་མཛད་ནས། བསོད་ནམས་བསྔོ་བ་མཛད་དེ། དེར་འཇུག་ཕྱིར་ལམ་ཉོན་མོངས་བྲལ་ཞིང་བདུད་ཉམས་རྒྱལ་བས་བརྗོད་པ་འདིར་ནི་བསྟོད་དགོས་བདག་གིས་གླེངས། །ཞེས་བྱ་བ་ནི། རྡོ་རྗེ་ནོར་བུའི་ཁྱིམ་དུ་ཞུགས་པར་བྱ་བའི་ཕྱིར། ཉོན་མོངས་པ་ལ་སོགས་པ་དང་བྲལ་བར་གྱུར་པ་རྩ་བའི་རྒྱུད་ལ་སོགས་པ་ལས་དེ་བཞིན་གཤེགས་པས་བཀའ་སྩལ་པའི་ལམ་དེ་ཉིད་བདག་གིས་བསྟོད་པའི་དགོས་པ་མཛད་དོ། །དེ་བརྗོད་པས་བདག་གི་བསོད་ནམས་ཀྱི་ཚོགས་གང་སོགས་པ་དེས་ཇི་ལྟ་བུར་གྱུར་ཅིག་ཅེ་ན། གང་ཞིག་བདེ་མིན་མུན་པར་རྟག་ཏུ་བདུད་ཀྱི་འབྲེལ་པས་གནས་ཤིང་ལམ་ཉམས་པ། །མི་དེ་རྣམས་ཀྱིས་རྡོ་རྗེ་ནོར་བུའི་ཁྱིམ་དུ་ལམ་འདི་ཐོས་ནས་རིང་བར་མ་གྱུར་ཅིག །ཅེས་བྱ་བ་ནི། གང་རྣམས་ལ་འཕོ་བའི་རང་བཞིན་དུ་གྱུར་པའི་མུན་པས་དུས་ཐམས་ཅད་དུ་ལམ་ཉམས་པར་བྱས་པ་དང༌། བདུད་དང་ཉོན་མོངས་པའི་ལམ་ལ་གནས་པར་གྱུར་པའི་མི་དེ་རྣམས་ཀྱིས། གཉིས་སུ་མེད་པ་ཡེ་ཤེས་ཀྱི་ལམ་ཐོབ་ནས། རྡོ་རྗེ་ནོར་བུའི་ཁྱིམ་དུ་མྱུར་བར་རིང་པར་མ་གྱུར་ཅིག །ཅེས་བྱ་བའོ། །རྡོ་རྗེ་ནོར་བུའི་ཁྱིམ་ཐོབ་ནས་དོན་ཅི་འགྲུབ་ཅེ་ན། སུམ་ཅུ་རྩ་གཉིས་མཚན་གྱི་ཡང་དག་འགྲོ་འདི་བླ་མས་མཆོག་གི་འཁོར་ལོར་ཡང་དག་གནས། །ལྷ་རྣམས་སྤྱི་གཙུག་ནོར་བུའི་འོད་ཟེར་ཚོགས་ཀྱིས་ཞབས་ཀྱི་པདྨར་གཏུགས། དམ་པའི་ལམ་སྟོན་


DTG013_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཛད་ཅིང་ཉིན་བྱེད་ལྟ་བུར་མུན་པ་ཐམས་ཅད་འཇོམས་མཛད་པ། །དུ་བ་ལ་སོགས་ལམ་གྱི་ལྷན་ཅིག་སྐྱེས་པ་དེ་ཡི་གོ་འཕང་བསྒོམས་ན་དུས་ཀྱི་འཁོར་ལོར་འགྱུར། །ཞེས་བྱ་བ་ནི་དུ་བ་ལ་སོགས་པའི་རྟགས་དང་ལྡན་པར་གྱུར་པའི་ལམ་གྱིས་མཆོག་ཏུ་མི་འགྱུར་བའི་བདེ་བའི་ངོ་བོ་གང་གིས་སྒོམ་པར་བྱེད་པའི་རྣལ་འབྱོར་བ་དེ་མ་འོངས་པའི་དུས་སུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་རང་བཞིན་དུ་འགྱུར་བའོ། །བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་གྱིས་གྲུབ་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཇི་ལྟ་བ་དེ་བཞིན་དུ་ཡིན་ནམ་ཞེ་ན། སུམ་ཅུ་རྩ་གཉིས་མཆོག་གི་ཡན་ལག་ཅེས་བྱ་བ་ལ་སོགས་པས་སྐུ་བཞི་དང་ལྡན་པར་གྱུར་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟོན་པ། སེམས་ཅན་ཐམས་ཅད་ལ་མ་རིག་པའི་མུན་པ་འཇོམས་པར་མཛད་པ། འཁོར་བ་དང་མྱ་ངན་ལས་འདས་པའི་བར་དུ་མི་གནས་པའི་རང་བཞིན་དུ་གྱུར་པ་ཡིན་གྱི། བསྐྱེད་པའི་ཏིང་ངེ་འཛིན་གྱིས་བསྒྲུབ་པའི་ཉི་ཚེ་བ་མ་ཡིན་ནོ། །དེ་ལྟ་བུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་བརྗོད་བྱའི་རང་བཞིན་དུ་གྱུར་པ་གང་གིས་རྗོད་པར་བྱེད་པའི་རྒྱུད་དེ་ལ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཤེས་རབ་ཀྱི་སྟོབས་ཀྱིས་སེམས་ཅན་ལ་ཕན་གདགས་པའི་ཕྱིར་བདག་གིས་འགྲེལ་པར་བཤད་བྱ་ཞེས་བྱ་བ་ནི་བཤད་པར་མཛད་དེ། གང་ཞིག་ལྷ་ཀླུ་མི་དང་ལྷ་མིན་དབང་པོ་ཅོད་པན་གྱིས་ནི་ཞབས་ཀྱི་ཆུ་སྐྱེས་གཏུགས། །ཡང་དག་ཡེ་ཤེས་ཉིན་བྱེད་འགྲོ་གསུམ་དག་ཏུ་དཔལ་ལྡན་ཆོས་ཀྱི་འཁོར་ལོར་བཞུགས། །བདུད་དང་ཉོན་མོངས་རབ་གཏུམ་རྟག་ཏུ་གསོད་མཛད་དཔལ་ལྡན་ཤཱཀྱ་སེང་གེ་སྟེ། །འགྲོ་ལ་དེ་ཡི་ཐུགས་རྗེ་དག་དང་ཤེས་རབ་ཀྱིས་བསྐུལ་བས་ནི་འགྲེལ་བཤད་བྲི་བར་བྱ། །ཞེས་བྱ་བའོ། །དེ་ལྟར་བརྗོད་པར་བྱ་བའི་རང་བཞིན་དུ་གྱུར་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་མཚན་ཉིད་བཤད་པར་མཛད་ནས། བརྗོད་བྱ་དང་རྗོད་བྱེད་ཐམས་ཅད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་མཚན་ཉིད་ཡི་གེ་རེ་རེའི་དོན་བཤད་པར་མཛད་དེ། ཀཱ་ཡིག་གིས་ནི་རྒྱུ་ཞི་ཞིང༌། །ལ་ཡིག་གིས་ནི་འདིར་ཐིམ་ངེས། །ཙ་ཡིག་གིས་ནི་གཡོ་བའི་སེམས། །ཀྲ་ཡིག་གིས་ནི་རིམ་པས་བཅིངས། །ཞེས་བྱ་བ་ལ། རྒྱུ་ཞེས་བྱ་བ་ནི་འཁོར་བའི་རྒྱུར་གྱུར་པ་ཕུང་པོ་དང་དབང་པོ་ལ་སོགས་


DTG013_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཡིན་ལ། དེ་རྣམས་གང་དུ་མེད་པར་གྱུར་པ་དེ་ཞི་བ་ཞེས་བྱ་བའོ། །འོ་ན་རྣམ་པ་ཐམས་ཅད་དུ་ཡེ་མེད་པར་གྱུར་ཏམ་ཞེ་ན། ལ་ཡིག་གིས་ནི་འདིར་ཐིམ་ངེས་ཞེས་བྱ་བ་ལ། གཟུང་བ་དང་འཛིན་པའི་རང་བཞིན་དུ་གྱུར་པའི་འབྲེལ་པ་དོར་ནས་ནང་དུ་འཇུག་པར་འགྱུར་བ་སྟེ། སེམས་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་མྱོང་ཞེས་བྱ་བའི་དོན་ཏོ། །སེམས་དེ་ལྟ་བུ་ཡིན་ཞེ་ན། ཙ་ཡིག་གིས་ནི་གཡོ་བའི་སེམས། ཞེས་བྱ་བ་ནི། རླུང་གི་རང་བཞིན་དུ་གྱུར་པའི་མི་བརྟན་པའི་སེམས་བརྟན་པར་གྱུར་ནས། འཁོར་བའི་སྡུག་བསྔལ་དོར་ནས། མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་དུ་འགྱུར་བ་ཞེས་བྱ་བའོ། །ཇི་ལྟར་བརྟན་པར་འགྱུར་ཞེ་ན། ཀྲ་ཡིག་གིས་ནི་རིམ་པས་བཅིངས། །ཞེས་བྱ་བ་ནི། རིམ་པ་ཇི་ལྟ་བས། ལུས་ཀྱི་ཐིག་ལེ་དང་ངག་གི་ཐིག་ལེ་དང་སེམས་ཀྱི་ཐིག་ལེ་དང༌། ཡེ་ཤེས་ཀྱི་ཐིག་ལེ་ནི་དཔྲལ་བ་དང༌། མགྲིན་པ་དང༌། སྙིང་ག་དང༌། ལྟེ་བ་ལ་བཅིངས་པར་གྱུར་ནས་སེམས་བརྟན་པར་འགྱུར་ཏེ། མི་གཡོ་བའི་རང་བཞིན་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་བས་ན་སོ་སོར་སྡུད་པ་དང༌། བསམ་གཏན་དང༌། སྲོག་རྩོལ་དང༌། འཛིན་པས་སེམས་བརྟན་པོར་གྱུར་ན་མཆོག་ཏུ་མི་འགྱུར་བའི་རང་བཞིན་དུ་འགྱུར་རོ། །ཡང་ན་རྒྱུ་ཞེས་བྱ་བ་ནི། འདོད་ཆགས་ཀྱི་བདེ་བ་ལ་ལྟ་བ་ལ་སོགས་པ་སྟེ། དེ་གང་ལ་མེད་པར་གྱུར་པ་དེ་རྒྱུ་མེད་པའོ། །སྟོང་པ་ཉིད་ཀྱི་གཟུགས་ལས་སྐྱེས་པའི་མི་འཕོ་བའི་བདེ་བ་སྟེ། ལྷན་ཅིག་སྐྱེས་པའི་སྐུའོ། །ཐིམ་པ་ཞེས་བྱ་བ་ནི་དེ་ཉིད་ཆོས་ཉིད་དང་ལྷན་ཅིག་ཏུ་རོ་མཉམ་པ་ཉིད་དུ་གྱུར་པ་སྟེ། ཆོས་ཀྱི་སྐུའོ། །གཡོ་བ་ཞེས་བྱ་བ་ནི་སྲོག་གི་རླུང་ཡིན་ལ། དེ་འགགས་པར་འགྱུར་བ་ན་བྲག་ཅ་བཞིན་དུ་འགྱུར་བའི་ལོངས་སྤྱོད་རྫོགས་པའི་སྐུའོ། །རིམ་པ་ཞེས་བྱ་བ་ནི་ལྟེ་བ་ལ་སོགས་པའི་གནས་བཞི་ལ་རྒྱུ་མཐུན་པ་ལ་སོགས་པའི་འབྲས་བུ་བཞིས་སེམས་དག་པར་གྱུར་པ་དེ་སྤྲུལ་པའི་སྐུའོ། །དེ་ལྟར་སྐུ་བཞིའི་བདག་ཉིད་དུ་གྱུར་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་བསྒྲུབ་པར་འགྱུར་བའོ། །དེ་ལྟར་ཡི་གེ་རེ་རེའི་དོན་བཤད་པར་མཛད་ནས། །དེ་ཉིད་ཡེ་ཤེས་དང་ཤེས་བྱ་གཅིག་ཏུ་གྱུར་པས་བཤད་པར་མཛད་དེ། དུས་ནི་མི་འགྱུར་ཡེ་ཤེས་བདེ། །སྙིང་རྗེའི་བདག་ཉིད་


DTG013_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐབས་ཡིན་ནོ། །ཞེས་བྱ་བ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་དུ་གྱུར་པའི་ཡེ་ཤེས་དང༌། དམིགས་པ་མེད་པ་སྙིང་རྗེའི་རང་བཞིན་དུ་གྱུར་པའི་ཐབས་གང་ཡིན་པ་དེ་དུས་ཞེས་བྱ་བའོ། །འོ་ན་འཁོར་ལོ་གང་ཡིན་ཞེ་ན། ཤེས་བྱའི་རྣམ་པ་འགྲོ་འཁོར་ལོ། །དཔལ་ལྡན་ཤེས་རབ་སྟོང་ཉིད་བདག །ཅེས་བྱ་བ་ནི། ཤེས་བྱའི་རང་བཞིན་དུ་གྱུར་པ། ཁམས་གསུམ་པོ་སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་པའི་ཤེས་རབ་གང་ཡིན་པ་འཁོར་ལོ་ཞེས་བྱ་བའོ། །དེ་ལྟར་ཡེ་ཤེས་དང༌། ཤེས་བྱ་དང༌། སྙིང་རྗེ་དང༌། སྟོང་པ་ཉིད་དང༌། ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གྱུར་པ་དོན་དམ་པར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཞེས་བྱ་བའོ། །གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན། དཔལ་ལྡན་དུས་ཀྱི་འཁོར་ལོ་འདི། །ཀུན་ནས་རྡོ་རྗེའི་རྣལ་འབྱོར་རོ། །བདེན་པ་གཉིས་ལ་གནས་པ་འདི། །མངོན་པར་བརྗོད་པ་རྗོད་བྱེད་འགྱུར། །ཞེས་བྱ་བ་ནི་དེ་ལྟར་བརྗོད་པའི་རིམ་པས། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་རྡོ་རྗེ་རྣལ་འབྱོར་ཀུན་རྫོབ་ཀྱི་བདེན་པ་ལ་གནས་པ་བརྗོད་བྱའི་རང་བཞིན་དུ་གྱུར་པ་ཡིན་ལ། ལེའུ་ལྔ་པའི་བདག་ཉིད་དུ་གྱུར་པའི་རྒྱུད་ཀྱི་རྒྱལ་པོ་ནི་བརྗོད་པར་བྱའོ། །རྒྱུད་འདི་ལ་འགྲེལ་བཤད་གང་གིས་མཛད་ཅེ་ན། བཤད་པར་མཛད་དེ། བདག་གིས་རྒྱུད་འདིའི་འགྲེལ་པ་ནི། །བདེ་གཤེགས་དེས་ལུང་བསྟན་ནས་དང༌། །འཇམ་དཔལ་གྱིས་ནི་བསྐུལ་ཉིད་པས། །འཇིག་རྟེན་མགོན་པོས་བྲི་བར་བྱ། །ཞེས་བྱ་བ་ནི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་འདི་ལ་དེ་བཞིན་གཤེགས་པས་ལུང་བསྟན་པ་དང༌། འཇམ་དཔལ་གྱིས་བསྐུལ་བ་ནི། བདག་བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོས་འགྲེལ་བཤད་བྲི་བར་བྱ་ཞེས་བྱ་བའོ། །འགྲེལ་བཤད་དེ་ཇི་ལྟ་བུ་ཡིན་ཞེ་ན། བྱིས་དང་མཁས་པ་རྨོངས་རྣམས་ལ། །རྒྱུད་ཀྱི་གསང་བ་གསལ་བར་བྱེད། །བུ་ལ་མ་ཡིས་ཕན་བྱེད་ལྟར། །ལུས་ཅན་རྣམས་ལ་བདེ་བའི་ཕྱིར། །ཞེས་བྱ་བ་ནི། བྱིས་པ་ལ་སོགས་པའི་སེམས་ཅན་རྣམས་ལ་རྒྱུད་ཀྱི་གསང་བ་ཞེས་བྱ་བ་ནི། རྡོ་རྗེ་ཚིག་ཅེས་པ་ལ་སོགས་པ་སྟེ། དེ་གསལ་བར་བྱེད་པའོ། །གཞན་ཡང་བུ་རྣམས་ལ་མས་ཕན་ཐོགས་པར་བྱེད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་སྡུག་བསྔལ་སེལ་བའི་ཕྱིར་དང༌། ཐུན་མོང་བདེ་བ་ཐོབ་པའི་ཕྱིར་འབྲེལ་པ་བྲི་བར་བྱ་ཞེས་བྱ་བ་སྟེ་འབྲེལ་པའོ། །དེ་བས་


DTG013_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ན་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ། འཇིག་རྟེན་མགོན་པོས་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་མཛད་པ་ཡིན་གྱི། ཉིད་ཀྱི་དོན་བསྒྲུབ་པའི་ཕྱིར་ནི་མ་ཡིན་ནོ། །འོ་ན་འཇིག་རྟེན་གྱི་བདེ་བ་སྟེར་ན། འཇིག་རྟེན་ལས་འདས་པའི་བདེ་བ་མི་སྟེར་རམ་ཞེ་ན། རྡོ་རྗེ་སེམས་དཔའ་དམ་པའི་ལམ། །རྣལ་འབྱོར་པ་རྣམས་གང་གིས་རིག །ཅེས་བྱ་བ་ལ། རྡོ་རྗེ་སེམས་དཔའི་དམ་པའི་ལམ་ཞེས་བྱ་བ་ནི། དུ་བ་ལ་སོགས་པའི་རྟགས་དང་ལྡན་པར་གྱུར་བ་སྦྱོར་བའི་ཡན་ལག་དྲུག་སྟེ། རྣལ་འབྱོར་པ་རྣམས་ཀྱིས་མཆོག་ཏུ་མི་འགྱུར་བའི་རང་བཞིན་དུ་གྱུར་པའི་ལམ་དེ་འགྲེལ་བཤད་གང་གིས་ཤེས་པར་བྱེད་པ་དེ་བྲི་བར་བྱའོ། །འགྲེལ་བཤད་གྱི་མཚན་ཅི་ཡིན་ཞེ་ན། འགྲེལ་བཤད་དྲི་མ་མེད་པའི་འོད། །དེ་བས་དེ་ནི་མྱུར་དུ་བྲི། །ཞེས་བྱ་བ་ནི། དྲི་མ་ཞེས་བྱ་བ་ནི། འདོད་ཆགས་ལ་སོགས་པའི་བགས་ཆགས་ཏེ། དེ་གང་གིས་མེད་པར་བྱེད་པ་དང༌། སེམས་དེ་ཉིད་འོད་གསལ་བར་བྱེད་པས་ན། དྲི་མ་མེད་པའི་འོད་ཅེས་བྱ་བ་སྟེ། དེ་ཉིད་མྱུར་དུ་བྲི་བར་བྱ་བའི་དོན་ཏོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ལས་རྗེས་སུ་འབྲངས་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་ལས། བདུད་དང་བགེགས་ཐམས་ཅད་ཉམས་པར་བྱེད་པ་དང༌། མཆོག་ཏུ་འདོད་པའི་ལྷ་དང༌། ཡམ་གྱི་ངེས་པའི་མདོར་བསྡུས་ཆེན་པོའི་བཤད་པའོ།། །།དེ་ལ་དང་པོ་རེ་ཞིག་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པས་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ལ་སོགས་པ་གཟིགས་ནས། རྒྱུད་ཀྱི་རྒྱལ་པོ་བཀའ་སྩལ་པ་ཡིན་གྱི་ཇི་ལྟ་བ་བཞིན་དུ་མ་ཡིན་ནོ། །དེ་ལ་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གྱུར་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ནི་བརྗོད་པར་བྱ་བ་ཡིན་ལ། ལེའུ་ལྔ་པའི་རང་བཞིན་དུ་གྱུར་པ་ཡི་གེའི་ཚོགས་རྒྱུད་ཀྱི་རྒྱལ་པོ་ནི་རྗོད་པར་བྱེད་པའོ། །འདི་དག་གི་འབྲེལ་པ་ནི་བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པའི་མཚན་ཉིད་དོ། །དགོས་པ་ནི་བསོད་ནམས་ཀྱི་སྟོབས་དང་རྣམ་པར་རྟོག་པའི་བསྒོམ་པའི་སྟོབས་ཀྱིས་འཇིག་རྟེན་གྱི་དངོས་གྲུབ་བསྒྲུབ་པ་དང༌། སེམས་ཅན་གྱི་དོན་བྱེད་པའོ། །དགོས་པའི་དགོས་པ་ནི་སྦྱོར་བའི་ཡན་ལག་དྲུག་གིས་ས་བཅུ་གཉིས་ཀྱི་དབང་ཕྱུག་ཉིད་ཕྱག་རྒྱ་


DTG013_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེན་པོའི་དངོས་གྲུབ་བསྒྲུབ་པའོ། །དོན་འདི་དག་ལ་སོགས་བ་ལ་གཟིགས་ནས་འཇིག་རྟེན་གྱི་ཁམས་ཀྱི་ལེའུ་དང༌། ནང་གི་ལེའུ་དང༌། མངོན་པར་དབང་བསྐུར་བའི་ལེའུ་དང༌། བསྒྲུབ་པའི་ལེའུ་དང༌། ཡེ་ཤེས་ཀྱི་ལེའུ་དང༌། ལྔའི་རང་བཞིན་དུ་གྱུར་པའི་རྒྱུད་ཀྱི་རྒྱལ་པོ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ནི་འཇིག་རྟེན་གྱི་དངོས་གྲུབ་དང༌། འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར། མི་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་བཀའ་སྩལ་ཏོ། །དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་ལེའུ་ལ་སོགས་པའི་རིམ་པས་དེ་བཞིན་གཤེགས་པའི་རྒྱུད་ཀྱི་རྒྱལ་པོ་བཀའ་སྩལ་པ་དེ་དགོངས་པ་གང་ཡིན་ཞེན་བརྗོད་པར་བྱ་སྟེ། ས་ཆུ་མེ་རླུང་ལ་སོགས་པའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར་པའི་འཇིག་རྟེན་གྱི་ཁམས་ནི་སྐྱེ་བའི་རྟེན་དང༌། འཆི་བའི་རྟེན་ཡིན་ལ། བརྟེན་པ་ནི་སེམས་ཅན་རྣམས་སོ། །སེམས་ཅན་རྣམས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་སྣོད་དུ་རུང་བར་བྱ་བའི་ཕྱིར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་བ་དགོས་པའོ། །དབང་བསྐུར་ནས་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་ཕྱིར་བསྒྲུབ་པའོ། །འཇིག་རྟེན་པའི་དངོས་གྲུབ་ཀྱིས་སྐྱེ་བ་དང་འཆི་བ་ཟད་པར་མི་འགྱུར་ཏེ། དེ་བས་སྐྱེ་བ་དང་འཆི་བྲལ་བར་བྱ་བའི་ཕྱིར། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་སྒྲུབ་པར་བྱེད་ཅེས་བྱ་བ་ལ་དེ་བཞིན་གཤེགས་པས་ཐུགས་ལ་དགོངས་ནས་དང་པོ་ས་ཆུ་མེ་རླུང་ལ་སོགས་པའི་རྡུལ་ཕྲ་རབ་ཀྱི་ཚོགས་ཀྱི་རང་བཞིན་དུ་གྱུར་བའི་འཇིག་རྟེན་གྱི་ཁམས་ཀྱི་ལེའུ་བསྟན་ཏེ། དེ་ནས་སེམས་ཅན་གྱི་སྐྱེ་བ་དང༌། འགག་པ་ལ་སོགས་པའི་རང་བཞིན་དུ་གྱུར་པ་ནང་གི་ལེའུ་བསྟན་ཏོ། །དེ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མངོན་པར་དབང་བསྐུར་བའི་རང་བཞིན་དུ་གྱུར་བའི་དབང་གི་ལེའུའོ། །དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་སྤྲོས་པའི་རང་བཞིན་དུ་གྱུར་པའི་བསྒྲུབ་པའི་ལེའུའོ། །དེ་ནས་དམིགས་པ་དང་བཅས་པའི་སྟོང་པ་ཉིད་དང༌། དམིགས་པ་མེད་པའི་སྙིང་རྗེའི་བདག་ཉིད་དུ་གྱུར་པའི་གཉིས་སུ་མེད་པའི་ཡེ་ཤེས་བསྒྲུབ་པར་མཛད་པ། ཡེ་ཤེས་ཀྱི་ལེའུ་བཀའ་སྩལ་ཏོ། །དེ་ལ་དང་


DTG013_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོར་འཇིག་རྟེན་གྱི་ཁམས་ཀྱི་ལེའུ་ལས་དོན་ཅི་བསྟན་ཞེ་ན། ཚིགས་སུ་བཅད་པ་དང་པོའི་ཀུན་མཁྱེན་ཞེས་བྱ་བ་ནས་བརྩམས་ནས་སངས་རྒྱས་ཞེས་བྱ་བའི་མཐར་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །སེང་གེའི་ཁྲིར་བཞུགས་ཞེས་བྱ་བས་གནས་ཕུན་སུམ་ཚོགས་པ་བསྟན་ཏོ། །ལྷའི་གཙོ་བོས་ཕྱག་བྱས་པས་འཁོར་ཕུན་སུམ་ཚོགས་པ་བསྟན་ཏོ། །སྤྱིས་བཏུད་དེ་ཞེས་བྱ་བ་ནས། རྒྱལ་པོ་ཟླ་བཟངས་ལག་པའི་པདྨ་སྦྱར་བ་ཡན་ལག་མཆོག་གི་སྟེང་བཞག་ནས། །ཞེས་བྱ་བས་ཞུ་བ་པོ་ཕུན་སུམ་ཚོགས་པའོ། །དཔལ་ལྡན་དུས་འཁོར་རྣལ་འབྱོར་རྩོད་ལྡན་དུས་སུ་ཞེས་བྱ་བས་ཆོས་ཕུན་སུམ་ཚོགས་པའོ། །མི་རྣམས་དགྲོལ་བའི་དོན་དུའོ་ཞེས་བྱ་བས་དགོངས་པའི་དགོས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །གསོལ་བ་བཏབ་པའི་ཚིགས་སུ་བཅད་པ་གཉིས་པ་ལས། སྟོང་དང་ཡེ་ཤེས་རྡོ་རྗེ་ཐིག་ལེ་མཆོག་འཛིན་ཞེས་བྱ་བ་ནས་བརྩམས་ནས། བཤད་དུ་གསོལ་ཞེས་བྱ་བའི་མཐར་སྟོང་པ་ཆེན་པོའི་ཡི་གེ་ལྔ་དང༌། ཐིག་ལེ་སྟོང་པ་ཡི་གེ་དྲུག་དང༌། རིགས་དང༌། རིགས་ཅན་དང༌། རང་བཞིན་དང༌། སྐྱེས་བུ་དང༌། ལུས་ལ་སྣ་ཚོགས་ཀྱི་ཚད་དང༌། ཕྱི་རོལ་དུ་སྲིད་པ་གསུམ་གྱི་དབྱིབས་དང༌། ལྷ་རྣམས་ཀྱི་ལོངས་སྤྱོད་པ་དང༌། དཀྱིལ་འཁོར་དང༌། དབང་བསྟན་བའི་ཕྱིར་གསོལ་བ་བཏབ་པོ། །དེ་ནས་ཟླ་བཟངས་ཁྱོད་ལ་བདག་དགའ་ཞེས་བྱ་བ་རྣམས་བརྩམས་ནས། དབང་དང་དཀྱིལ་འཁོར་ཉན་བར་གྱིས་ཞེས་བྱ་བའི་མཐར་དེ་བཞིན་གཤེགས་པའི་ལན་བསྟན་ཏོ། །དེ་ནས་དུས་ལ་ཞེས་བྱ་བ་ནས་བརྩམས་ནས། རྒྱ་མཚོ་དང་ཞེས་བྱ་བའི་མཐར་འཇིག་རྟེན་གྱི་ཁམས་བསྡུས་པའོ། །རྒྱུ་སྐར་ཞེས་བྱ་བ་ནས་བརྩམས་ནས་སྒོ་ངའི་དབུས་ཞེས་བྱ་བའི་མཐར་རྒྱུ་སྐར་དང༌། ཉི་མ་དང་ཟླ་བ་ལ་སོགས་པ་དང༌། བཀྲ་ཤིས་ལ་སོགས་པའི་གཟའ་རྣམས་དང༌། དྲང་སྲོང་དང༌། འབྱུང་པོ་དང༌། ཀླུ་དང་རྣམ་པ་བཞིའི་བདག་ཉིད་དུ་གྱུར་པའི་སེམས་ཅན་རྣམས་ཀྱི་སྐྱེ་བའི་མཚན་ཉིད་དང༌། ལུས་ཞེས་བྱ་བ་ནས་བརྩམས་ནས་ཀུན་རྟོག་བྲལ་ཞེས་བྱ་བའི་མཐར་རྣམ་པ་བཅུའི་རང་བཞིན་དུ་གྱུར་པའི་རྡོ་རྗེའི་སྐུ་དང༌། ལུས་གཡོན་ཞེས་བྱ་བ་ནས་བརྩམས་ནས། དངོས་པོ་ཀུན་གྱིས་གྲོལ་ཞེས་བྱ་བའི་མཐར་སྒྲ་གཅན་ལ་སོགས་པ་དང༌། སྲོག་གི་རླུང་


DTG013_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་སོགས་པ་བསྐྱེད་པ་དང༌། ཨ་སོགས་ཞེས་བྱ་བ་ནས་བརྩམས་ནས། ཁམས་གསུམ་སྐྱེས་འགྱུར་རྒྱལ་པོ་ཀྱེ། ཞེས་བྱ་བའི་མཐར། ཟླ་བ་དང་ཉི་མའི་འཕེལ་བ་དང་འགྲིབ་པ་དང་སྔགས་སྣ་ཚོགས་པ་དང༌། སྐྱེ་བའི་གནས་ཞེས་བྱ་བ་ནས་བརྩམས་ནས། ཕུང་པོ་ཁམས་ཏེ་ལྷག་པའི་ལྷ་ཞེས་བྱ་བའི་མཐར་དབྱངས་རྣམས་ཀྱི་སྐྱེ་བའི་གནས་དང༌། བསྒོམ་པའི་གནས་དང༌། རླུང་ནས་ལྷུན་པོའི་མཐར་ཞེས་བྱ་བ་ནས་བརྩམས་ནས། ཡོན་ཏན་བྲལ་ཞིང་དེ་ཉིད་དམན་ཞེས་བྱ་བའི་མཐར། འཇིག་རྟེན་གྱི་མཐོ་བའི་ཚད་དང༌། རླུང་དང་རླུང་གི་མཐར་ཞེས་བྱ་བ་ནས་བརྩམས་ནས། དུས་ཀྱི་སྦྱོར་བ་ནས་སྐྱེས་ཞེས་བྱ་བའི་མཐར་ཞེང་གི་ཚད་དང༌། ཞེང་གི་ཚད་ཅེས་བྱ་བ་ནས་བརྩམས་ནས། རང་རང་གི་ཚད་ཀྱེ་ཁྲུ་གང་ཡང་དག་གོ་ཞེས་བྱ་བའི་མཐར་རྒྱའི་ཚད་དང༌། ཕྲ་རབ་ཚད་ཅེས་བྱ་བ་ནས་བརྩམས་ནས། དེ་ཡི་དཔག་ཚད་ཚད་ཡིན་ནོ་ཞེས་བྱ་བའི་མཐར། རྡུལ་ཕྲ་རབ་ལ་སོགས་པའི་ཚད་ཀྱིས་ཁྲུ་ལ་སོགས་པའི་ཚད་དང༌། དང་པོ་དེ་ནི་ཞེས་བྱ་བ་ནས་བརྩམས་ནས། ཨཱ་དང་ཀཱ་སོགས་དབྱེ་བས་སོ། །ཞེས་བྱ་བའི་མཐར། སྲིད་པ་སུམ་ཅུ་རྩ་གཅིག་གི་མཚན་ཉིད་དང༌། རིན་ཆེན་འོད་ནས་ཞེས་བྱ་བ་ནས་བརྩམས་ནས། བདུན་པ་ལས་ཀྱི་མཐར་ཞེས་བྱ་བའི་མཐར། ཀླུའི་གནས་ལ་སོགས་པའི་མིང་དང༌། ཤར་དུ་རླུང་སྟེ་ཞེས་བྱ་བ་ནས་བརྩམས་ནས། ཐ་མའི་ཚད་ཡིན་ནོ་ཞེས་བྱ་བའི་མཐར་གླིང་བཞི་ལ་སོགས་པའི་དབྱིབས་དང་ཚད་དང༌། ཚངས་པའི་ཡུལ་སར་ཞེས་བྱ་བ་ནས་བརྩམས་ནས། མེ་དང་རླུང་མཐར་ནི་ཞེས་བྱ་བའི་མཐར། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་སོགས་པའི་གནས་ལ་སོགས་པ་དང༌། ཤར་ནས་བརྒྱ་བྱིན་ཞེས་བྱ་བ་ནས་བརྩམས་ནས། གཞོམ་དུ་མེད་པའི་རྡོ་རྗེའི་སྐུ་ཞེས་བྱ་བའི་མཐར་ཕྱོགས་སྐྱོང་བ་རྣམས་ཀྱི་གནས་དང༌། ལྷུན་པོའི་རྒྱབ་ཅེས་བྱ་བ་ནས་བརྩམས་ནས། མི་རྣམས་ཀྱི་ནི་ལོ་བརྒྱ་གང་ཡིན་པ་ཞེས་བྱ་བའི་མཐར་བཅོམ་ལྡན་འདས་ཀྱིས་དུམ་བུ་བཅུ་གཉིས་ལ་བསྐོར་བ་དང༌། དུས་རྫོགས་ལྡན་ལ་སོགས་པའི་མཚན་ཉིད་ལོའི་གྲངས་དང༌། ཕྲ་མོ་དབུགས་འབྱུང༌། ཞེས་བྱ་བ་ནས་བརྩམས་ནས། ཉིན་མཚན་གཅིག་ལ་ཉི་མ་བཅུ་གཉིས་ཞེས་བྱ་བའི་མཐར། སྲིན་བུ་ལ་སོགས་པ་ལ་རང་


DTG013_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་གི་ཚེའི་ཚད་དང༌། ཕྱོགས་ཞེས་བྱ་བ་ནས་བརྩམས་ནས། ལུས་ཀྱི་དབུས་སུ་དེ་བཞིན་ནོ་ཞེས་བྱ་བའི་མཐར། ཕྱི་དང་ནང་དུ་དུས་ཀྱི་དབྱེ་བ་དང༌། ལོ་འདི་ནས་ཞེས་བྱ་བ་ནས་བརྩམས་ནས། དུས་ཀྱི་དབང་གིས་འགྱུར་ཞེས་བྱ་བའི་མཐར། བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྲུལ་པའི་སྐུ་བཞེངས་པ་དང༌། ཀླ་ཀློའི་ཆོས་དར་བ་དང༌། སྐར་རྩིས་ཉམས་པ་ལ་སོགས་པ་དང༌། མེ་དང་རྒྱ་མཚོ་ཞེས་བྱ་བ་ནས་བརྩམས་ནས། ཟླ་བའི་བསྡུས་པ་རྣམ་པར་དག་པ་ཞེས་བྱ་བའི་མཐར་ཟླ་བའི་ཚོགས་དང༌། ཟླ་བ་གནས་གསུམ་དུ་འགྱུར་ཞེས་བྱ་བ་ནས་བརྩམས་ནས། ཐུབ་པ་མཆོག་གི་བཅད་པ་ལྷག་མ་གཟའ། །ཞེས་བྱ་བའི་མཐར། གཟའ་གང་ཡིན་པ་དང༌། གནས་གཉིས་ནི་ཉི་ཟླས་སྲེག་པ་ཞེས་བྱ་བ་ནས་བརྩམས་ནས། གཟའ་དང་ཟླ་བ་རབ་ཏུ་སྦྱིན་ཞེས་བྱ་བའི་མཐར། གཟའ་རྣམས་ཀྱི་རྒྱུ་བ་དང༌། སྦྱིན་དང་འཕྲོག་དང་སྦྱིན་པ་ཞེས་བྱ་བ་ནས་བརྩམས་ནས། སྦྱིན་དང་འཕྲོག་པར་འགྱུར་ཞེས་བྱ་བའི་མཐར། །ཚེས་ལ་སོགས་པའི་གྲངས་དང་རིག་བྱེད་ཀྱིས། །ཚེས་བཅོམ་ཞེས་བྱ་བ་ནས་བརྩམས་ནས། ཟླ་བའི་འཕོ་བ་དབྱེ་བས་སོ་ཞེས་བྱ་བའི་མཐར་ཉིན་མཚན་རེ་རེའི་ཉི་མའི་ལོངས་སྤྱོད་དང༌། ཉི་མ་ལ་ཚེས་བྱིན་ནས་ཞེས་བྱ་བ་ནས་བརྩམས་ནས། བདུན་པའི་ཆའི་ལྷག་མའི་ཞེས་བྱ་བའི་མཐར་ཟླ་བའི་ལོངས་སྤྱོད་ལ་སོགས་པ་དང༌། ཡང་དག་པའི་ལོ་ནི་ཀླུས་བསྲེས་ཞེས་བྱ་བ་ནས་བརྩམས་ནས། ཉའི་དུས་ལ་ཉིན་མོའི་མཐར་ཞེས་བྱ་བའི་མཐར། ཉ་ལ་སོགས་པའི་འཕོ་བ་བཅུ་གཉིས་ཀྱི་ཚད་དང༌། ཟླ་བ་དྲུག་ཏུ་ཉིན་མཚན་ཉམས་བ་དང༌། འཕེལ་ཞེས་བྱ་བ་ནས་བརྩམས་ནས། བྱང་དུ་ཉིན་མཚན་འོང་ཞེས་བྱ་བའི་མཐར། ཉིན་མོ་དང་མཚན་མོ་ཉམས་པ་དང༌། འཕེལ་བ་དང་ཟླ་བ་དང་མིག་ཉི་བསྲེས་ཞེས་བྱ་བ་ནས་བརྩམས་ནས། སྔ་མ་རྒྱུ་སྐར་ཕྱེད་པོ་ཞེས་བྱ་བའི་མཐར། སྒྲ་གཅན་གྱི་ལོངས་སྤྱོད་དང༌། ཟླ་བ་སུམ་ཅུས་བཅོམ་པ་ཞེས་པ་ནས་བརྩམས་ནས། མཐོ་དམན་ཉིད་མཚན་མི་གསལ་ལོ་ཞེས་བྱ་བའི་མཐར། བཀྲ་ཤིས་ལ་སོགས་པའི་གཟའ་རྣམས་ཀྱི་ཉིན་མཚན་གྱི་ཚོགས་དང༌། རི་དུས་གཅིག་བསྲེས་ནས་ཞེས་བྱ་བ་ནས་བརྩམས་ནས། སྦྱིན་དང་འཕྲོག་པའོ་ཞེས་བྱ་བའི་མཐར་


DTG013_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཀྲ་ཤིས་དང༌། བཀྲ་ཤིས་ཀྱི་དག་པ་དང༌། ཉི་མས་ས་སྐྱེས་རྣམས་དག་བྱས་ཏེ་ཞེས་བྱ་བ་ནས་བརྩམས་ནས། ཟླ་བ་དཀར་པོ་ལོངས་སྤྱོད་མཐར། །ཞེས་བྱ་བའི་མཐར། མྱུར་བ་ལས་ཀྱི་ཆོ་ག་དང༌། །སྟོང་པ་ནམ་མཁའ་ཟླ་གྲགས་ཞེས་བྱ་བ་ནས་བརྩམས་ནས། མྱུར་བར་བྱ་བའི་རྒྱལ་སོགས་སོ། །ཞེས་བྱ་བའི་མཐར། གཟའ་ལག་པ་དག་པ་དང༌། ཉིན་མཚན་ཚོགས་ནི་དམན་ཞེས་བྱ་བ་ནས་བརྩམས་ནས། ཕྱོགས་གང་ལ་སོགས་དེ་རྣམས་སོ། །ཞེས་བྱ་བའི་མཐར། ཕུར་བུ་དག་པ་དང༌། ཉིན་མོ་གཟའ་ཁ་ཟླས་བཅོམ་ཞེས་བྱ་བ་ནས་བརྩམས་ནས། དགྲ་ལ་སྦྱིན་ཕྲོག་ཇི་བཞིན་ནོ། །ཞེས་བྱ་བའི་མཐར། པ་བ་སངས་དག་པ་དང༌། མཁའ་མིག་བརྒྱད་དང་རིགས་བྱེད་ཀྱིས་དམན་ཞེས་བྱ་བ་ནས་བརྩམས་ནས། མྱུར་བར་བྱ་བར་རོ་ཞེས་བྱ་བའི་མཐར་སྤེན་པ་དག་པ་དང༌། མྱུར་དང་མདན་བའི་རྒྱུ་བ་ཞེས་བྱ་བ་ནས་བརྩམས་ནས། ལོ་དང་ལོ་བསྡུ་བའོ་ཞེས་བྱ་བའི་མཐར་རྒྱུ་བའི་མཚན་ཉིད་དང༌། ཉ་ཆད་པས་ནི་སྒྲ་གཅན་ཞེས་བྱ་བ་ནས་བརྩམས་ནས། རྒྱབ་ནས་འབྱུང་པོའོ་ཞེས་བྱ་བའི་མཐར། སྒྲ་གཅན་འཇུག་པ་དང༌། ཐ་སྐར་སོགས་ནས་ནག་པ་ཕྱེད་པ་ཞེས་བྱ་བ་ནས་བརྩམས་ནས། ལུག་སྔོན་སྲང་ལ་སོགས་པ་ཞེས་བྱ་བའི་མཐར་རྒྱུ་སྐར་རྣམས་ཀྱི་གོ་ལ་དང༌། མེ་ལས་བསིལ་དྲོ་མཐའ་རུ་ཞེས་བྱ་བ་ནས་བརྩམས་ནས། དྲུག་ཅུ་རྩ་གཉིས་ཉིན་མོ་ཞེས་བྱ་བའི་མཐར་གཽ་ལའི་ཚད་དང༌། རི་གང་ཞིག་ནས་མི་རྣམས་ཀྱི་ཞེས་བྱ་བ་ནས་བརྩམས་ནས། ཉ་དང་བུ་མོ་ལ་གནས་ཞེས་བྱ་བའི་མཐར། སྟེང་དུ་ཉི་མས་འཁོར་བའི་ཚད། འདིར་ནི་བྱང་འགྲོ་ཡིན་ཞེས་བྱ་བ་ནས་བརྩམས་ནས། ཀརྐ་ཊ་སོགས་འབྲུ་ལའོ། །ཞེས་བྱ་བའི་མཐར། བྱང་དུ་བགྲོད་པ་དང༌། ལྷོ་རུ་བགྲོད་པ་དང༌། སྟེང་དུ་དྲུག་དང༌། ཀླུའི་གྲངས་ཞེས་བྱ་བ་ནས་བརྩམས་ནས། ལྔ་དང་ས་འཛིན་སྟོང་ཕྲག་ལས། ཞེས་བྱ་བའི་མཐར། ས་ནས་སྟེང་དུ་ཉི་མས་འཁོར་བའི་ཚད་དང༌། ཉི་མ་འབྲུ་གཅིག་ལ་གནས་ཞེས་བྱ་བ་ནས་བརྩམས་ནས། ཉི་མའི་རྒྱབ་ཏུ་མཚན་མོ་ཞེས་བྱ་བའི་མཐར། འབྲུ་གཅིག་ལ་གནས་པའི་ཉི་མ་འཕོ་བ་བཅུ་གཉིས་དང༌། ཀུན་གྱི་བྱང་ནས་ཞེས་བྱ་བ་ནས་བརྩམས་ནས།


DTG013_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུས་སྦྱོར་དབྱེ་བས་འཕོ་བའི་ཞེས་བྱ་བའི་མཐར། ལྷུན་པོའི་གནས་དང༌། རྩའི་ལམ་ལ་རྐང་བཅས་དྲུག་ནི་ཞེས་བྱ་བ་ནས་བརྩམས་ནས། དབུགས་ཟུང་དག་དང་ཆུ་སྲང་གསུམ། །ཞེས་བྱ་བའི་མཐར། རི་རབ་ལ་ཉི་མས་འཁོར་བའི་ཚད་དང༌། ལུག་གི་དུས་སྦྱོར་ཆུ་སྲང་འགྱུར། །ཞེས་བྱ་བ་ནས་བརྩམས་ནས། ཉི་མ་རྒྱུ་སྐར་དབྱེ་བས་སོ། །ཞེས་བྱ་བའི་མཐར། ཀེ་ལ་སའི་དུམ་བུར་དུས་སྦྱོར་བཅུ་གཉིས་ཤར་བའི་དུས་དང༌། ཉི་ཁྲི་སྟོང་ཕྲག་གཅིག་ཅེས་བྱ་བ་ནས་བརྩམས་ནས། དྲུག་ཅུ་ཆ་ཡིས་ཉིན་མོའོ། །ཞེས་བྱ་བའི་མཐར། ལུས་ལ་རྩ་དབུས་མ་ལས་དབུགས་ལྷག་པ་དང༌། ཟླ་བའི་ཕྱོགས་ཏེ་ཉི་མའོ་ཞེས་བྱ་བ་ནས་བརྩམས་ནས། དུས་ཀྱི་འཁོར་ལོའི་མི་དབང་ཞེས་བྱ་བའི་མཐར། གཟའ་བརྒྱད་ཀྱི་འཁོར་ལོའི་ཚད་དང༌། དུས་ཀྱི་འཁོར་ལོ་མཚང་ཞེས་བྱ་བ་ནས་བརྩམས་ནས། དུས་ཀྱི་འཁོར་ལོ་མ་ལུས་བའོ། །ཞེས་བྱ་བའི་མཐར། ཨ་བ་དྷཱུ་ཏཱི་ལ་རྒྱུ་སྐར་གྱི་ཆུ་ཚོད་ཀྱི་ཚོགས་དང༌། ཕྱེད་བཅས་ཟླ་གསུམ་རྩ་དྲུག་ཅེས་བྱ་བ་ནས་བརྩམས་ནས། ལོངས་སྤྱོད་འདི་ནི་གསུང་གིའོ། །ཞེས་བྱ་བའི་མཐར། དམན་པའི་བྱ་བ་ལ་དམན་པའི་རྐང་པ་རྣམས་དང༌། ཟླ་བར་བླ་མའི་ཞེས་བྱ་བ་ནས་བརྩམས་ནས། གཟའ་དྲུག་ལོངས་སྤྱོད་དོ་ཞེས་བྱ་བའི་མཐར། བཀྲ་ཤིས་ལ་སོགས་པ་གཟའ་ལྔ་ལ་ལོ་གསུམ་གྱི་ཉིན་མཚན་གྱི་ཆུ་ཚོད་མཉམ་པ་དང༌། ཟླ་བ་གཅིག་དམན་པའི་ལམ་ལ་ཞེས་བྱ་བ་ནས་བརྩམས་ནས། མཐའ་མེད་དུས་སུ་ཞེས་བྱ་བའི་མཐར། སྒྲ་གཅན་གྱི་ལོངས་སྤྱོད་ལས་དུ་བའི་ལོངས་སྤྱོད་པ་དང༌། ལོའི་ཉིན་མོར་ལྔས་བགྲང་ཞེས་བྱ་བ་ནས་བརྩམས་ནས། མཐོང་བའི་ཉི་མའི་དབུས་སུའོ་ཞེས་བྱ་བའི་མཐར། དུས་ཀྱི་འཁོར་ལོའི་ཉིན་མཚན་རྣམས་ནི་གཟའ་རྣམས་ཀྱི་དཀྱིལ་འཁོར་དུ་གྱུར་པ་དང༌། ཟླ་བ་དྲུག་གི་ཟླ་སྤྱོད་ཅེས་བྱ་བ་ནས་བརྩམས་ནས། མྱུར་དང་འཁྱོག་པ་འབྱུང་བ་ལ། ཞེས་བྱ་བའི་མཐར། གཟའ་རྣམས་ཀྱིས་རྒྱུ་སྐར་བསྡུས་པ་དང༌། ཟླ་བ་སྔགས་པ་མྱུར་དུ་བྱོན། །ཞེས་བྱ་བ་ནས་བརྩམས་ནས། འབྱུང་བ་བྱང་ཕྱོགས་པ་ཞེས་བྱ་བའི་མཐར། གཟའ་རྣམས་ཀྱི་རྒྱུ་བའི་སྟོབས་དང༌། ཟླ་བ་གང་ཡིན་ཉིན་མོ་སུམ་ཅུ་ཞེས་བྱ་བ་ནས་བརྩམས་


DTG013_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས། རིག་བར་བྱའོ་མི་དབང་ཀྱེ། །ཞེས་བྱ་བའི་མཐར། ཉི་མ་དང་ཟླ་བའི་རྐང་པ་དང༌། ཉ་ཤད་སྦྲ་གཅན་ཞེས་བྱ་བ་ནས་བརྩམས་ནས། ནག་པོ་དང་དཀར་པོའི་ཕྱོགས་ལའོ་ཞེས་བྱ་བའི་མཐར། ཟླ་བའི་དཀྱིལ་འཁོར་ལ་སྒྲ་གཅན་འཇུག་པ་དང༌། མི་རྣམས་ལོ་བརྒྱ་ཞེས་བྱ་བ་ནས་བརྩམས་ནས། འཁྲུག་པ་དག་ནི་གྲགས་པར་འགྱུར། །ཞེས་བྱ་བའི་མཐར། དུས་བཞིའི་མཐར་སྟོང་པ་ལ་གཟའ་ཐམས་ཅད་ཀྱི་རྒྱུ་བ་ཞུགས་པ་དང༌། དེ་ནས་རྒྱུ་སྐར་རྣམས་ཀྱིས་ཉིན་གཅིག་ཅེས་བྱ་བ་ནས་བརྩམས་ནས། ཟླ་བ་གཅིག་གིས་དག་པར་འགྱུར། །ཞེས་བྱ་བའི་མཐར། སླར་ཡང་སྐར་རྩིས་འབྱུང་བ་དང༌། སྡེ་དྲུག་དབྱངས་ཅན་ཞེས་བྱ་བ་ནས་བརྩམས་ནས། ཚངས་དྲག་ལ་སོགས་ལྷ་རྣམས་ཀྱིས། ཞེས་བྱ་བའི་མཐར་དུས་ཀྱི་འཁོར་ལོའི་ལོ་དང་ཕྱོགས་ལས་ཟླ་བའི་ཚོགས་དང༌། ཨ་སོགས་དབྱངས་ཡིག་ལྔ་གང་ཞིག །ཅེས་བྱ་བ་ནས་བརྩམས་ནས། དབྱངས་དང་བཅས་པ་གྲུབ་པར་བྱ། །ཞེས་བྱ་བའི་མཐར། དབྱངས་ཤར་བ་དང་ཞུ་བའི་ཡུལ་གྱི་དུས་སུ་ཞེས་བྱ་བ་ནས་བརྩམས་ནས། དགོས་པ་འགྲུབ་པར་འགྱུར་ཞེས་བྱ་བའི་མཐར། ལ་ཉེ་དང་ལོ་དང་ཟླ་བ་ཕྱོགས་ཞེས་བྱ་བ་ནས་བརྩམས་ནས། དབུགས་དྲུག་མི་དབང་ཀྱེ་ཞེས་པའི་མཐར། ལོ་ལ་སོགས་པ་རྣམས་ཀྱི་བྱེ་བྲག་དང༌། དབུགས་དབྱུང་འཇུག་པའི་དུས་སུ་ཞེས་བྱ་བ་ནས་བརྩམས་ནས། གླང་ཆེན་སེང་གེའི་ཚོགས་ཀྱིས་བསྐོར། །ཞེས་བྱ་བའི་མཐར། དབུགས་ལ་སོགས་པའི་དགེ་བ་དང་མི་དགེ་བ་དང༌། ལྷ་མོའི་རྣལ་འབྱོར་མ་ཞེས་བྱ་བ་ནས་བརྩམས་ནས། དག་པའི་གཟའ་དང་ཆོས་ཀྱིས་སོ། །ཞེས་བྱ་བའི་མཐར། དུས་སྦྱོར་གྱི་སྦྱོར་བ་དང༌། རྒྱུ་སྐར་གསུམ་ཆར་བྱས་ནས་ཞེས་བྱ་བ་ནས་བརྩམས་ནས། ནད་པ་རྣམས་ནི་ངེས་པར་འཆི། །ཞེས་བྱ་བའི་མཐར། རྒྱུ་སྐར་ལ་སོགས་པའི་སྟོབས་དང༌། ཐ་སྐར་ལ་སོགས་པ་དྲུག་གསུམ་ལ། །ཞེས་བྱ་བ་ནས་བརྩམས་ནས། རྩ་གཉི་ག་ཉམས་པའོ་ཞེས་བྱ་བའི་མཐར། གདེངས་ཀའི་འཁོར་ལོ་དང༌། དྲུག་ཚེས་བརྒྱད་རི་ཟླ་བ་ཞེས་བྱ་བ་ནས་བརྩམས་ནས། སྟོབས་གཉིས་ཡོད་པར་བྱེད་ཅས་བྱ་བའི་མཐར། ཚེའི་གནས་སྐབས་ཀྱི་


DTG013_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབྲས་བུ་དང༌། ཚངས་མོ་དྲག་མོ་གཞོན་ནུ་མོ། །ཞེས་བ་ནས་བརྩམས་ནས། བརྒྱད་གཉིས་དབྱེ་བའི་རྣམ་པ་ཐ་དད་པའོ། །ཞེས་བྱ་བའི་མཐར་ཚངས་མ་ལ་སོགས་པ་རྣལ་འབྱོར་མའི་སྟོབས་དང༌། ཀེའུ་གང་དཀར་པོའི་ཕྱོགས་ཞེས་བྱ་བ་ནས་བརྩམས་ནས། དབང་ལྡན་རིག་པ་དག་གིས་སོ། །ཞེས་བྱ་བའི་མཐར། ཀེའུ་ཀང་གི་སྟོབས་དང༌། དྲག་པོ་ཤར་ནས་ནུབ་ཅེས་བྱ་བ་ནས་བརྩམས་ནས། ཉི་མ་ལྷོ་ནས་ལྷོ་རུའོ། །ཞེས་བྱ་བའི་མཐར་དྲག་པོའི་སྟོབས་དང༌། དང་པོའི་ཐུན་མཚམས་ཕྱེད་ཕྱེད་ཅེས་བྱ་བ་ནས་བརྩམས་ནས། བདེ་དང་མཉམ་པ་གཞན་མ་མེད། །ཅེས་བྱ་བའི་མཐར། སྒྲ་གཅན་གྱི་སྟོབས་དང༌། དབྱངས་དམན་འཐབ་མོ་མ་ཞེས་བྱ་བ་ནས་བརྩམས་ནས། འབྲས་བུ་མེད་པའི་བསྟན་ཞེས་བྱ་བའི་མཐར། འཐབ་མོའི་སྟོབས་དང༌། དུས་ནི་གཡས་ནས་གཡོན་དུ་ཞེས་བྱ་བ་ནས་བརྩམས་ནས། ལྷོ་དང་བྱང་དག་ཏུ་ཞེས་བྱ་བའི་མཐར། རྩ་བའི་སྒྲ་གཅན་གྱི་སྟོབས་དང༌། གཡུལ་ལས་དགྲ་བཅོམ་ཞེས་བྱ་བ་ནས་བརྩམས་ནས། གང་དང་གང་དུ་འཁྲིད་པའོ་ཞེས་བྱ་བའི་མཐར། སྐྱོགས་རྣམས་དང་གདུགས་རྣམས་བསྒྲུབ་པའི་དོན་དུ་ཞེས་བྱ་བ་ནས་བརྩམས་ནས། ཞེ་སྡང་ཆགས་པས་མ་ཡིན་ཉི་མ་ཀྱེ། །ཞེས་བྱ་བའི་མཐར། ཉི་མའི་ཤིང་རྟ་ལ་བདེ་བ་ལ་གནས་པ་དང༌། ཆང་དང་ལན་ཚྭ་མཚོ་ཞེས་བྱ་བ་ནས་བརྩམས་ནས། འཐབ་མོ་དྲག་པོ་འགྱུར་ཞེས་བྱ་བའི་མཐར། སའི་དུམ་བུ་བཅུ་གཉིས་ལ་འཁོར་ལོས་སྒྱུར་བ་དང༌། གཡུལ་དུ་ལྷ་མིན་རྣམས་ཞེས་བྱ་བ་ནས་བརྩམས་ནས། རིགས་ལྡན་དྲག་པོ་སྐྱེ་བར་འགྱུར། །ཞེས་བྱ་བའི་མཐར་ཀླ་ཀློའི་ཆོས་བཅོམ་པ་དང༌། སངས་རྒྱས་ཀྱི་ཆོས་རབ་ཏུ་གནས་པ་དང༌། གཡུལ་དུ་ཀླ་ཀློ་བཅོམ་ནས་ཞེས་བྱ་བ་ནས་བརྩམས་ནས། ཤིང་དེ་རྣམས་ནི་སྐྱེ་བར་འགྱུར་ཞེས་བྱ་བའི་མཐར་སེམས་ཅན་རྣམས་ལ་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་དངོས་གྲུབ་གནང་བ་དང༌། ཀླ་ཀློའི་ཚོགས་ནི་བཅད་ནས་ཞེས་བྱ་བ་ནས་བརྩམས་ནས། དུ་མའི་དབྱེ་བས་འགྱུར་ཞེས་བྱ་བའི་མཐར། རྒྱབ་དང་མདུན་དུ་འཇམ་དབལ་དང་ནི་འཇིག་རྟེན་མགོན་པོས་ཆོས་བཀའ་སྩལ་པ་དང༌། ཚངས་པ་


DTG013_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་སོགས་པ་ཤེས་བུའི་འོ་ཞེས་བྱ་བ་ནས་བརྩམས་ནས། ནུས་པའི་ཚད་ཀྱིས་ས་ལའོ། །ཞེས་བྱ་བའི་མཐར། སེམས་ཅན་རྣམས་ཀྱི་ཚེའི་ཚང་དང༌། འཇིག་རྟེན་གྱི་ཁམས་སྐྱེ་བ་ཞེས་བྱ་བ་ནས་བརྩམས་ནས། ཐར་པའི་རྒྱུ་རུ་ཞེས་བྱ་བའི་མཐར། ལེའུ་བསྡུས་པའི་དོན་རྫོགས་པར་བསྟན་ཏོ། །དེ་ནས་ནང་གི་ལེའུ་ལ་དོན་ཅི་སྟོན་ཅེ་ན། སྣ་ཚོགས་ཚད་ནི་བདག་འཚལ་ཞེས་བྱ་བ་ནས་བརྩམས་ནས། ལུས་ཀྱི་དབུས་སུ་ཇི་ལྟར་ཡིན། །ཞེས་བྱ་བའི་མཐར། སྡུད་པ་པོས་ཞུས་པ་དང༌། ཟླ་བཟང་ཚིག་འདི་གསན་ནས་ཞེས་བྱ་བ་ནས་བརྩམས་ནས། ལུས་པ་སྣ་ཚོགས་ཚད་ཅེས་བྱ་བའི་མཐར། སྟོན་པའི་ལན་དང༌། ས་དང་ཆུ་མེ་རླུང་ཞེས་བྱ་བ་ནས་བརྩམས་ནས། རྣལ་འབྱོར་པ་ཡི་སྟོང་པའི་དབྱེ་བས་སོ། །ཞེས་བྱ་བའི་མཐར། ལུས་སྣ་ཚོགས་བསྡུས་པ་དང༌། ལུས་འདིར་ཁམས་སོགས་ཞེས་བྱ་བ་ནས་བརྩམས་ནས། རང་གི་ལུས་ལས་རིག་པར་བྱ་བའི་མཐར་ལུས་སྐྱེ་བ་ལ་རྒྱུ་དང་དགོས་པ་དང༌། ས་བོན་ས་ཡིས་འཛིན་ཞེས་བྱ་བ་ནས་བརྩམས་ནས། གནས་སྐབས་རྣམས་བྱེད་དེ་ཞེས་བྱ་བའི་མཐར། མངལ་གཟུང་བ་ལ་སོགས་པ་དང༌། ས་བོན་ལ་ནི་སའི་གསལ་བྱེད་ཅེས་བྱ་བ་ནས་བརྩམས་ནས། ནུས་མ་རྣམས་ཀྱི་སྤྲོ་བྱེད་ཅེས་བྱ་བའི་མཐར་ས་བོན་ལ་ཁམས་ཀྱི་བྱ་བ་དང༌། གསང་བའི་ཆུ་སྐྱེས་ཁྲག་གི་དབུས་སུ་ཞེས་བྱ་བ་ནས་བརྩམས་ནས། མངལ་ནས་སྐྱེས་པའི་ཐ་མའོ་ཞེས་བྱ་བའི་མཐར་སེམས་ཀྱི་གནས་སྐབས་བཅུ་དང༌། ཉའི་དངོས་པོ་ཉ་ཞེས་བྱ་བ་ནས་བརྩམས་ནས། རིགས་ལྡན་ལ་ནི་འཆི་འགྱུར་ཞེས་བྱ་བའི་མཐར། ཉ་ལ་སོགས་པ་གནས་སྐབས་བཅུའི་མཚན་ཉིད་དང༌། ཁུ་བ་ལས་ནི་རྐང་རུས་རྩ། །ཞེས་བྱ་བ་ནས་བརྩམས་ནས། སྐྱེས་གནས་དག་གིས་བསྡམས་ཞེས་བྱ་བའི་མཐར། ཁུ་བ་དང་རྡུལ་འགྱུར་བ་དང༌། མངལ་དུ་མངལ་གནས་སྡུག་བསྔལ་ཞེས་བྱ་བ་ནས་བརྩམས་ནས། སྒྱུ་མས་རྨོངས་པར་འགྱུར་ཞེས་བྱ་བའི་མཐར། སྡུག་བསྔལ་གྱི་བདེན་པ་དང༌། འཁོར་བའི་མིང་ཉིད་ཅེས་བྱ་བ་ནས་བརྩམས་ནས། ཞུགས་པ་ཤིན་ཏུ་དཀའ་བ་ཨེ་མ་ཞེས་བྱ་བའི་མཐར། ལམ་གྱི་བདེན་པ་དང༌། མངལ་དུ་ཡང་དག་སྐུ་ཞེས་བྱ་བ་ནས་བརྩམས་ནས། ཕྱིའི་སྤྲུལ་སྐུ་འགྱུར་ཞེས་བྱ་བའི་མཐར། ཕྱི་དང་ནང་སྐུ་བཞི་


DTG013_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་མངལ་དུ་དཔལ་ལྡན་རྡོ་རྗེའི་སྐུ། །ཞེས་བྱ་བ་ནས་བརྩམས་ནས། སྐུའི་རྡོ་རྗེ་ལ་སོགས་ཀྱི་ཞེས་བྱ་བའི་མཐར། སྐུའི་རྡོ་རྗེ་སྐྱེ་བ་དང༌། ས་ཡི་སྙིང་པོ་མེ་རུ་འགྱུར། །ཞེས་བྱ་བ་ནས་བརྩམས་ནས། རྟེན་དང་བརྟེན་པའི་ཚུལ་དུ་འགྱུར། །ཞེས་བྱ་བའི་མཐར། རྟེན་དང་བརྟེན་པ་དང༌། ཕུང་པོའི་རྟེན་ནི་འབྱུང་བ་ཡིན་ཏེ་ཞེས་བྱ་བ་ནས་བརྩམས་ནས། ཀུན་ནས་གཞོམ་དུ་མེད་ཅེས་བྱ་བའི་མཐར། རྟེན་དང་བརྟེན་པའི་ཚོགས་དང༌། དྲི་ནི་འཛིན་པ་ལས་འབྱུང་ཞེས་བྱ་བ་ནས་བརྩམས་ནས། ནམ་མཁའ་ལས་ནི་ཆོས་ཀྱི་དབྱིངས། །ཞེས་བྱ་བའི་མཐར། ཁམས་རྣམས་ཀྱི་བསྐྱེད་བྱ་དང་སྐྱེད་བྱེད་ཀྱི་འབྲེལ་བ་དང༌། སྟོང་པ་ཡིས་ནི་དགྲར་གཟུང་ཞེས་བྱ་བ་ནས་བརྩམས་ནས། རེག་བྱ་དེ་བཞིན་ས་ཡིན་ནོ། །ཞེས་བྱ་བའི་མཐར། གཟུང་དང་འཛིན་པའི་འབྲེལ་པ་དང༌། ས་ལས་གཟུགས་གྲུབ་ཅེས་བྱ་བ་ནས་བརྩམས་ནས། བྱང་ཆུབ་སེམས་སོགས་སྦྱོར་བ་ལས། ཞེས་བྱ་བའི་མཐར། གཟུགས་ལ་སོགས་པ་སྐྱེས་པ་དང༌། སྣང་བ་རྡོ་རྗེ་རྣག་བཞིན་མ། །ཞེས་བྱ་བ་ནས་བརྩམས་ནས། ཤེས་རབ་རྣམ་ཤེས་སྦྱོར་བས་སོ། །ཞེས་བྱ་བའི་མཐར། ཕན་ཚུན་དུ་ལྟོས་པའི་མཚན་ཉིད་དང༌། སེར་སྣ་ཡེ་ཤེས་ཁམས་ལས་འགྱུར། །ཞེས་བྱ་བ་ནས་བརྩམས་ནས། ས་ལ་གཏི་མུག་རྡོ་རྗེའོ། །ཞེས་བྱ་བའི་མཐར། སེམས་ཀྱི་གྱུར་པ་དང༌། ངག་ཅེས་བྱ་བ་ནས་བརྩམས་ནས། ཐམས་ཅད་འགྱུར་ཞས་བྱ་བའི་མཐར། དག་གི་དབང་པོ་ལ་སོགས་པའི་རང་བཞིན་དང༌། ཐུར་སེལ་ཡེ་ཤེས་ཁམས་པ་ཞེས་བྱ་བ་ནས་བརྩམས་ནས། རིམ་པས་རབ་ཏུ་འགྱུར་བའོ། །ཞེས་བྱ་བའི་མཐར། ཐུར་སེལ་ལ་སོགས་པའི་རླུང་རྣམས་དང༌། གཙུག་ཏོར་སྟོང་པའི་ཁམས་ལས་འགྱུར། ཞེས་བྱ་བ་ནས་བརྩམས་ནས། རླུང་ལ་གསུམ་གྱི་གྲངས་གཟུང་གིས། ཞེས་བྱ་བའི་མཐར། གཙུག་ཏོར་གྱི་འཁོར་ལོ་ལ་སོགས་པའི་མཚན་ཉིད་དང༌། ས་སོགས་འབྱུང་བ་ལྔ་པོ་ཞེས་བྱ་བ་ནས་བརྩམས་ནས། དེ་རྣམས་སེན་མོའི་མཐའ་རུ་གཟུང་བར་བྱ། ཞེས་བྱ་བའི་མཐར། སེན་མོ་རྣམས་ཀྱི་མཚན་ཉིད་དང༌། སླར་ཡང་སོ་རྣམས་ཞེས་བྱ་བ་ནས་བརྩམས་ནས། དེ་དང་དེ་ནི་དེ་བཞིན་ཁམས། ཞེས་བྱ་བའི་མཐར། སོ་རྣམས་དང་བ་སྤུ་ལ་སོགས་པའི་མཚན་ཉིད་དང༌། གསང་བ་གཙུག་ཏོར་དང་


DTG013_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་ལྟེ་བ་ཞེས་བྱ་བ་ནས་བརྩམས་ནས། ཆོས་དང་ལོངས་སྤྱོད་དག་པའོ། །ཞེས་བྱ་བའི་མཐར། འཁོར་ལོ་རྣམས་ཀྱི་རྟེན་དང་བརྟེན་པའི་མཚན་ཉིད་དང༌། ལྟེ་བ་དང་ནི་མགྲིན་གསང་ཞེས་བྱ་བ་ནས་བརྩམས་ནས། རྡོ་རྗེ་དང་བཅས་རིས་དྲུག་གོ །ཞེས་བྱ་བའི་མཐར། རིགས་དྲུག་གི་མཚན་ཉིད་དང༌། དེ་རྣམས་ཞེས་བྱ་བ་ནས་བརྩམས་ནས། སྟེང་འོག་རྩ་གསུམ་ཉི་ཟླའི་མེ་དབྱེ་བས། གསུམ་རྣམས་ལ་གནས་པའོ་ཞེས་བྱ་བའི་མཐར། རྩའི་དབྱེ་བས་རིགས་གསུམ་དང༌། ལུས་ལ་དངོས་པོ་ཞུགས་ཏེ་ཞེས་བྱ་བ་ནས་བརྩམས་ནས། ལུས་དང་དངོས་པོ་རབ་འབྱེད་པའི། །ཞེས་བྱ་བའི་མཐར། ཁམས་རྣམས་ཀྱི་ལུས་དང་དངོས་པོའི་རང་བཞིན་དང༌། ཤེས་རབ་ཐབས་ནི་རུས་པ་ཤ་སྟེ་ཞེས་བྱ་བ་ནས་བརྩམས་ནས། དཀྱིལ་འཁོར་དུ་ནི་རིག་པར་བྱ། །ཞེས་བྱ་བའི་མཐར། ཐབས་དང་ཤེས་རབ་ཀྱི་ཕན་ཚུན་དུ་འཁྱུད་པའི་ཆོ་ག་དང༌། རྩ་རྣམས་སྟོང་ཕྲག་དྲུག་ནི་ཞེས་བྱ་བ་ནས་བརྩམས་ནས། ཟུང་གི་གྲངས་ནི་རིམ་པས་སོ། །ཞེས་བྱ་བའི་མཐར། རྩ་རྣམས་འཕེལ་བ་དང་ཆད་པའི་མཚན་ཉིད་དང༌། དཔལ་ལྡན་འབྱུང་བ་དབང་པོ་རྣམས། །ཞེས་བྱ་བ་ནས་བརྩམས་ནས། བདག་ཉིད་ལས་ནི་ཟགས་པའོ། །ཞེས་བྱ་བའི་མཐར། རང་བཞིན་སྐྱེས་བུའི་མཚན་ཉིད་དང༌། ས་ནི་ས་པ་ཡིན་ཞེས་བྱ་བ་ནས་བརྩམས་ནས། བུག་པའི་དབྱེ་བས་སྐར་རྩིས་སོ། །ཞེས་བྱ་བའི་མཐར། ལུས་པོ་ལངས་པ་ལ་སོགས་པའི་མཚན་ཉིད་དང༌། རྒྱུ་སྐར་སོའི་ཕྲེང་བ་ཉིད། །ཅེས་བྱ་བ་ནས་བརྩམས་ནས། ཁམས་རྣམས་རང་བཞིན་གཉིས་ཞེས་བྱ་བའི་མཐར། སོ་ལ་སོགས་པ་རྣམས་དང༌། བ་སྤུ་ཤིག་དང་ཁུ་བ་ནས། །ཞེས་བྱ་བ་ནས་བརྩམས་ནས། ལྟེ་བའི་པདྨ་ནུ་མའོ། །ཞེས་པའི་མཐར། འབྱུང་པོའི་སྐྱེ་གནས་ལ་སོགས་པ་དང༌། ཚངས་ཡུལ་མཐོ་རིས་ཞེས་བྱ་བ་ནས་བརྩམས་ནས། དུ་མའི་དབྱེ་བས་འགྲུབ་པའོ། །ཞེས་བྱ་བའི་མཐར། མཐོ་རིས་ལ་སོགས་པ་དང༌། སྙིང་མགྲིན་ལྟེ་བའི་པདྨ་ཞེས་བྱ་བ་ནས་བརྩམས་ནས། གཟའ་དང་རྒྱུ་སྐར་ལ་སོགས་མིན། །ཞེས་བྱ་བའི་མཐར། མེ་གསུམ་མཚན་ཉིད་དང༌། གཟའ་ནི་སྙིང་གི་པདྨ་འདབ་མར་ཞེས་བྱ་བ་ནས་བརྩམས་ནས། རྐང་ལག་ལ་


DTG013_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་ཚིགས་རྣམས་ལའོ། །ཞེས་བྱ་བའི་མཐར། གཟའི་ཆུ་ཚོད་རྣམས་དང༌། ལྟེ་བའི་ཆུ་སྐྱེས་ཉི་མའི་འདབ་མར་ཞེས་བྱ་བ་ནས་བརྩམས་ནས། གཡས་དང་གཡོན་དུ་བགྲོད་པའི་ཞེས་བྱ་བའི་མཐར། སྲོག་གི་རླུང་གིས་ལྟེ་བ་ལ་སོགས་པར་རྒྱུ་བ་དང༌། པདྨའི་འདབ་མ་རེ་རེ་ཞེས་བྱ་བ་ནས་བརྩམས་ནས། དུས་སྦྱོར་དབྱེ་བས་འགྱུར་ཞེས་བྱ་བའི་མཐར། རྩ་རེ་རེ་ལ་སའི་དཀྱིལ་འཁོར་ལ་སོགས་པ་འབབ་པ་དང༌། སྟོང་པ་ལ་སོགས་པ་དེ་ཉིད་ལྔ་ཞེས་བྱ་བ་ནས་བརྩམས་ནས། བྱང་དང་ལྷོ་རུ་ནི་ཉི་མའོ། །ཞེས་བྱ་བའི་མཐར། དཀྱིལ་འཁོར་ལྔའི་ལྷག་པའི་ལྷ་དང༌། དེ་སྟེང་སྙིང་གའི་གནས་ནི་ཞེས་བྱ་བ་ནས་བརྩམས་ནས། དབུགས་དབྱུང་དམན་པ་དྲུག་ཅུའོ། །ཞེས་བྱ་བའི་མཐར། སྲོག་ལ་སོགས་པ་རླུང་རྣམས་ཀྱི་གནས་དང༌། སྲོག་གིས་སྲོག་བྱེད་ཅེས་བྱ་བ་ནས་བརྩམས་ནས། རླུང་རྣམས་ཀྱིས་ནི་དོར་བར་མི་བྱེད་དོ་ཞེས་བྱ་བའི་མཐར། སྲོག་གི་རླུང་ལ་སོགས་པའི་བྱ་བ་དང༌། སེར་སྐྱ་ཕྲ་བ་ལུས་སོགས་ཞེས་བྱ་བ་ནས་བརྩམས་ནས། ཚིག་གི་དབྱེ་བ་དུ་མས་སོ། །ཞེས་བྱ་བའི་མཐར། མུ་སྟེགས་པའི་མིང་གི་རྩ་རྣམས་ཀྱི་མིང་དང༌། དབང་པོ་མེ་དང་གཤིན་རྗེ་བདེན་བྲལ་ཞེས་བྱ་བ་བརྩམས་ནས། དེ་ཉིད་རང་བཞིན་བསྟེན་པས་སོ། །ཞེས་བྱ་བའི་མཐར། རྩ་རྣམས་ལ་དབང་པོ་ལ་སོགས་པ་རྣམས་ཀྱི་བྱིན་གྱིས་བརླབས་པ་དང༌། དེ་སྟེང་མགྲིན་པའི་གནས་སུ་ཞེས་བྱ་བ་ནས་བརྩམས་ནས། ཐིག་ལེ་དཀར་པོ་འཛག་ཅེས་བྱ་བའི་མཐར། མགྲིན་པའི་འཁོར་ལོ་ལ་སོགས་པ་དང༌། རྩ་བར་ས་དང་གཡོན་དུ་ཆུ། །ཞེས་བྱ་བ་ནས་བརྩམས་ནས། བཅུ་གཉིས་དག་དང་མཐའི་ཆ་རུ་ནི། །ཞེས་བྱ་བའི་མཐར། སྣ་བུག་དག་ལས་དཀྱིལ་འཁོར་ལྔ་རྒྱུ་བ་དང༌། ཞིང་སོགས་ཞེས་བྱ་བ་ནས་བརྩམས་ནས། མ་ལུས་པའོ་ཞེས་བྱ་བའི་མཐར། ཞིང་ལ་སོགས་པ་དང༌། འཁོར་ལོ་ཅན་ནི་རྡོ་རྗེ་ཅན་ཡིན་རང་གི་ལུས་ལ་ཞེས་བྱ་བ་ནས་བརྩམས་ནས། ཀླ་ཀློའི་འཁྲུགས་པ་འཁྲུགས་བ་མིན། །ཞེས་བྱ་བའི་མཐར། རང་གི་ལུས་ལ་འཁོར་ལོས་སྒྱུར་བ་དང༌། ཀླ་ཀློ་རྣམས་ཀྱི་འཁྲུག་པ་དང༌། དུས་ཀྱི་ལོ་ནི་མེས་བསྒྲེས་ཞེས་བྱ་བ་ནས་བརྩམས་ནས། ལྷ་དང་


DTG013_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྷ་མོ་རྣམས་སོ་ཞེས་བྱ་བའི་མཐར། དབུ་མ་ཨ་བ་དྷཱུ་ཏཱི་ལ་སོགས་པའི་རྣལ་འབྱོར་མའི་རྒྱུད་དང༌། ཉིན་མཚན་ཡན་ལག་ལས་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ་ནས་བརྩམས་ནས། མེ་དང་རྒྱ་མཚོ་ཞེས་བྱ་བའི་མཐར། སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་ལྷ་རྣམས་དང༌། དཔལ་ལྡན་འདུས་པ་འདུས་དབྱེ་བའོ། །ཞེས་བྱ་བ་ནས་བརྩམས་ནས། བུག་པ་དང་བཅས་ཏེ་དེ་ཉིད་རྣམས་ཀྱིས་སོ་ཞེས་བྱ་བའི་མཐར། གསང་བ་འདུས་པའི་དབྱེ་བ་དང༌། ཟླ་བ་ཉིན་དྲུག་པ་གང་ཞིག །ཅེས་བྱ་བ་ནས་བརྩམས་ནས། རྣལ་འབྱོར་མ་དད་རྣལ་འབྱོར་རྒྱུད་ལ་སོགས་པའི་ཤེས་པའི་མཐར། ཕྱི་དང་ནང་དུ་ཕྱག་རྒྱ་རྣམས་དང༌། ནུས་མ་ཁྲོ་བོའི་རིམ་པ་ཞེས་བྱ་བ་ནས་བརྩམས་ནས། སྐྱེ་བ་འདི་ཉིད་སངས་རྒྱས་སོ། །ཞེས་བྱ་བའི་མཐར། དུས་ཀྱི་འཁོར་ལོས་བསྡུས་པའི་རྒྱུད་དང༌། རྩ་བའི་རྒྱུད་ཀྱི་ལྷ་མོ་རྣམས་སྐྱེ་བ་དང༌། དེ་ལ་སུམ་ཅུ་རྩ་ཡིས་ཞེས་བྱ་བ་ནས་བརྩམས་ནས། གཞན་ཡང་དེ་ལས་ཞེས་བྱ་བའི་མཐར། རྩ་བའི་རྒྱུད་ལས་བསྡུས་པ་ཕྱུང་བ་དང༌། འཁོར་ལོའི་སྣ་རྣམས་དེ་བཞིན་ནོ། །ཞེས་བྱ་བ་ནས་བརྩམས་ནས། གསང་བའི་དབུས་སུ་རབ་ཏུ་གྲགས། ཞེས་བྱ་བའི་མཐར། དུས་ཀྱི་འཁོར་ལོའི་རྩ་རྣམས་དང༌། རྩ་དྲུག་འཁོར་ལོ་འགོག་ཅིང་ཞེས་པ་ནས་བརྩམས་ནས། འབིགས་པ་གང་ཞིག་ཡིན་ཞེས་བྱ་བའི་མཐར། འཁོར་ལོ་དྲུག་གི་རྩ་རྣམས་བསྲུང་བ་དང༌། གལ་ཏེ་རླུང་གི་རྩ་གཅིག་ལ་འབབ་ཅེས་བྱ་བ་ནས་བརྩམས་ནས། དུས་ཀྱི་འཁོར་ལོ་ལས་འགྱུར་ཞེས་བྱ་བའི་མཐར། ཟླ་བའི་འཆི་ལྟས་དང༌། ལྔ་ནས་ཉི་ཤུ་རྩ་ལྔ་ནི། ཞེས་བྱ་བ་ནས་བརྩམས་ནས། ཉིན་བྱེད་མི་འདོར་སྦྱོར་བས་འཆི་བའོ། །ཞེས་བྱ་བའི་མཐར་ཉི་མའི་འཆི་ལྟས་དང༌། ཤར་དུ་མདའ་མེ་འཇིག་རྟེན་ཞེས་བྱ་བ་ནས་བརྩམས་ནས། ཇི་སྲིད་ལྟེ་བ་ཉིད་དུའོ། །ཞེས་བྱ་བའི་མཐར། རྩ་རྣམས་འདོར་བ་དང༌། ཇི་སྲིད་དུས་ཀྱི་འཁོར་ལོ་ཞེས་བྱ་བ་ནས་བརྩམས་ནས། འཚོ་བ་ཉིན་མཚན་གསུམ་ཞེས་བྱ་བའི་མཐར། ལོ་བརྒྱས་འཆི་བའི་མཚན་ཉིད་དང༌། དབུགས་དང་ཆུ་སྲང་རྩ་ཞེས་བྱ་བ་ནས་བརྩམས་ནས། དུས་ཀྱི་འཁོར་ལོ་འཕེལ་བར་འགྱུར་ཞེས་བྱ་བའི་མཐར། འཆི་བའི་དབུགས་ལ་སོགས་པ་འཕེལ་བ་དང༌། ཕྱོགས་དང་ཕྱོགས་


DTG013_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་རྩ་ཞེས་བྱ་བ་ནས་བརྩམས་ནས། སྙིང་ལ་གནས་པའི་གཟའ་ཡི་རྩ། ཞེས་བྱ་བའི་མཐར། རྩ་རྣམས་ཆད་པ་དང༌། སྡེ་རྣམས་དབྱངས་ཞེས་བྱ་བ་ནས་བརྩམས་ནས། འཚོ་བའི་མཚན་ཉིད་མཚན་ཞེས་བྱ་བའི་མཐར་གཟའ་རྣམས་ཀྱི་ས་བོན་དུ་གྱུར་པའི་ཡི་གེ་རྣམས་དང༌། ལྟེ་མགྲིན་དཔྲལ་བ་ཞེས་བྱ་བ་ནས་བརྩམས་ནས། སྙིང་གི་པདྨ་སྤང་ཞེས་བྱ་བའི་མཐར། རླུང་བཅུ་འབབ་པར་བྱེད་པའི་རྩ་རྣམས་ཆད་པ་དང༌། སྟོང་ཕྲག་སུམ་ཅུ་རྩ་དྲུག་ཅེས་བྱ་བ་ནས་བརྩམས་ནས། སྟོང་པའི་ཟླ་བར་འཆི་བའོ། །ཞེས་བྱ་བའི་མཐར་དུས་འཕེལ་བ་དང༌། ལུས་ལ་སྲོག་ལྷག་ཅེས་བྱ་བ་ནས་བརྩམས་ནས། ཚེ་རང་རང་ཚད་ཀྱིས་སོ་ཞེས་བྱ་བའི་མཐར། ཉིན་མཚན་རེ་རེ་འཆི་བ་འཕེལ་བ་དང༌། ཟོས་དང་ན་བ་དམའ་བ་ནས་བརྩམས་ནས། སྲོག་ཆགས་རྣམས་ཀྱི་སྲོག་ནི་འཕྲོག །ཅེས་བྱ་བའི་མཐར། དུས་ཀྱི་རྩའི་རང་བཞིན་དང༌། དཔལ་ལྡན་སྙིང་གའི་པདྨ་ཡི། །ཞེས་བྱ་བ་ནས་བརྩམས་ནས། དམར་དང་སེར་པོ་ལྟེ་བར་རོ། །ཞེས་བྱ་བའི་མཐར། སྙིང་གའི་འཁོར་ལོ་ལ་སོགས་པ་ལ། ཟླ་བའི་རྐང་པ་དང༌། བརྒྱད་གཉིས་ལྟེ་མགྲིན་ལ་ཞེས་བྱ་བ་ནས་བརྩམས་ནས། དེ་རྣམས་གེ་སར་རྩེ་མོ་ལའོ། །ཞེས་བྱ་བའི་མཐར། རྫོགས་པའི་གནས་བཞི་དང༌། ཐིག་ལེའི་རྣམ་བ་ཚེག་དྲག་གིས། ཞེས་བྱ་བ་ནས་བརྩམས་ནས། ཉི་མ་འཕེལ་བ་དང་འགྲིབ་པ་ཞེས་བྱ་བའི་མཐར་ཉི་མའི་ལོངས་སྤྱོད་དང༌། ཕྱོགས་ལ་ཟླ་བས་ཟླ་བ་དང༌། ཞེས་བྱ་བ་ནས་བརྩམས་ནས། ལོའི་དབྱེ་བས་འཕེལ་བར་འགྱུར། ཞེས་བྱ་བའི་མཐར། ཟླ་བ་དང་ཉི་མས་རྒྱུ་བ་དང་མི་རྒྱུ་བ་དང་དབུགས་དྲུག་གིས་ནི་ཆུ་སྲད་གཅིག་འགྱུར་ཞེས་བྱ་བ་ནས་བརྩམས་ནས། དུས་ཀྱི་མཐའི་དབང་གིས་སོ། །ཞེས་བྱ་བའི་མཐར། ལོའི་གྲངས་དང༌། རྣལ་འབྱོར་འཇིག་རྟེན་གསུམ་ན་མེད། ཅེས་བྱ་བ་ནས་བརྩམས་ནས། དུས་ཀྱི་འཁོར་ལོའི་དཔའ་བོ་གཅིག་པུས་སོ། །ཞེས་བྱ་བའི་མཐར། སེམས་ཅན་རྣམས་ཀྱི་ལེ་ལོ་ཉིད་དང༌། གལ་ཏེ་རྩ་གཅིག་ཆད་ཅེས་བྱ་བ་ནས་བརྩམས་ནས། འཆི་ལྟས་ཀྱིས་ནི་འཆི་བའི་མཚན་ཉིད་དོ། །ཞེས་བྱ་བའི་མཐར། དྲི་ཆུ་ལ་སོགས་པའི་ཁམས་འགྱུར་བའི་མཚན་ཉིད་དང༌། གང་གིས་སྐྱེ་བ་བྱེད་དང་ཞེས་བྱ་བ་ནས་བརྩམས་ནས། བསྐྱེད་པའི་དོན་དུ་རིམ་


DTG013_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱིས་སོ། །ཞེས་བྱ་བའི་མཐར་སྐྱེ་བ་དང་འཆི་བའི་མཚན་ཉིད་དུ་འགྱུར་བའི་བྱེད་པ་དང༌། སྒྲ་ལ་སོགས་པ་ནས་དྲུག་ཅེས་བྱ་བ་ནས་བརྩམས་ནས། ཡོན་ཏན་བྲལ་ཞིང་དངོས་པོ་མེད། ཅེས་བྱ་བའི་མཐར། ལས་དང་བྱ་བ་ལ་སོགས་པ་དང༌། དྲི་དང་ཁ་དོག་རོ་ཞེས་བྱ་བ་ནས་བརྩམས་ནས། ཡིད་དང་ཆོས་ཀྱི་དབྱིངས་ཞེས་བྱ་བའི་མཐར། ཀུན་འབྱུང་བའི་མཚན་ཉིད་དང༌། རྟོག་པས་བདག་ཉིད་བཅིངས་ཞེས་བྱ་བ་ནས་བརྩམས་ནས། མི་ཤེས་འཇིག་རྟེན་རྨོངས་ཞེས་བྱ་བའི་མཐར། ལས་ཀྱིས་འཆི་བའི་མཚན་ཉིད་དང༌། ས་ཆུ་མེ་རླུང་ཞེས་བྱ་བ་ནས་བརྩམས་ནས། སྲོག་གི་རང་བཞིན་ཡིན་གྱི་འབྱུང་བ་མིན་ཞེས་བྱ་བའི་མཐར། ས་སོགས་པའི་རྣམ་པ་བརྒྱད་ཀྱི་རང་བཞིན་དང༌། ཨ་སོགས་ལྔ་པོ་ཞེས་བྱ་བ་ནས་བརྩམས་ནས། ཁྱབ་བྱེད་ངོ་བོ་ཉིད་མེད་པའོ། །ཞེས་བྱ་བའི་མཐར་རྣམ་པ་བཞིའི་རང་བཞིན་དང༌། འཁོར་བར་བདེ་དང་སྡུག་བསྔལ་ཞེས་བྱ་བ་ནས་བརྩམས་ནས། ཤེས་པ་ལ་མིན་པའོ་ཞེས་བྱ་བའི་མཐར། ལས་ཀྱི་འབྲས་བུའི་འབྲེལ་པ་དང༌། དེའི་ཕྱིར་གང་ཞིག་བྱེད་པ་པོ་མིན་ཞེས་བྱ་བ་ནས་བརྩམས་ནས། འཕྲོག་པ་རང་མིག་གིས་མི་མཐོང༌། །ཞེས་བྱ་བའི་མཐར། ལས་ཀྱི་འབྲས་བུས་དགོས་པ་གྲུབ་པ་དང༌། འདོད་པ་ནུས་བ་ཞེས་བྱ་བ་ནས་བརྩམས་ནས། རྡོ་རྗེ་ཅན་གྱི་མི་གཏོར་རོ། །ཞེས་བྱ་བའི་མཐར། འདོད་པ་ལ་སོགས་པའི་མཚན་ཉིད་དང༌། དེ་རུ་བདག་ཉིད་བྱེད་པ་པོའི་མིན་ཞེས་བྱ་བ་ནས་བརྩམས་ནས། ལུས་དབུས་དེ་ལྟར་རོ་ཞེས་བྱ་བའི་མཐར། འཁོར་བ་དང་མྱ་ངན་ལས་འདས་པའི་མཚན་ཉིད་དང༌། དེ་ལྟར་ལས་ཡོད་ཅེས་བྱ་བ་ནས་བརྩམས་ནས། མི་རྟོག་མེད་ཅེས་བྱ་བའི་མཐར་ལས་སུ་སྨྲ་བ་དང༌། ཞི་བའི་དངོས་པོ་ལྷ་ཉིད་མིན། ཞེས་བྱ་བ་ནས་བརྩམས་ནས། སྐྱེས་བུ་དེ་རུ་སྐྱེ་བར་འགྱུར། ཞེས་བྱ་བའི་མཐར། བག་ཆགས་ཀྱི་སྟོབས་དང་ལྷ་ཉིད་དབྱེ་བ་བརྒྱད་ཅེས་བྱ་བ་ནས་བརྩམས་ནས། སྐྱེ་བ་འབུམ་ཕྲག་དུ་མ་ཞེས་བྱ་བའི་མཐར། ལྷ་ལ་སོགས་པའི་དབྱེ་བ་དང༌། བདག་ཉིད་རིག་པའི་མཚན་ཉིད་དང༌། ཕུང་པོ་འབྱུང་བ་དབང་པོ་ཞེས་བྱ་བ་ནས་བརྩམས་ནས། གང་དུ་སླར་མི་སྐྱེ་ཞེས་བྱ་བའི་མཐར། མ་རིག་པའི་མཚན་ཉིད་དང༌། ཡན་ལག་དང་བཅས་རིག་བྱེད་ཅེས་བྱ་བ་ནས་བརྩམས་


DTG013_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས། སླར་ཡང་ཐིམ་པར་འགྱུར་རོ་ཞེས་བྱ་བའི་མཐར། བདག་ཉིད་རིག་པའི་མཚན་ཉིད་དང༌། རྣལ་འབྱོར་དབང་པོས་རྣལ་འབྱོར་མ་ཐོབ་ཅེས་བྱ་བ་ནས་བརྩམས་ནས། གང་དུ་སླར་ཡང་མི་སྐྱེའོ། །ཞེས་བྱ་བའི་མཐར། རྣལ་འབྱོར་གྱི་བག་ཆགས་ཀྱི་སྟོབས་དང༌། རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཀྱི་སྐྱེ་བ་ཞེས་བྱ་བ་ནས་བརྩམས་ནས། ལམ་ནི་འདྲེན་པ་ཕ་རོལ་དུའོ་ཞེས་བྱ་བའི་མཐར། སངས་རྒྱས་པ་དང་ཀླ་ཀློ་ལ་སོགས་པའི་བྱེ་བྲག་དང༌། འོད་ཟེར་ཉི་མ་འབར་བའི་ལམ། ཞེས་བྱ་བ་ནས་བརྩམས་ནས། དུད་འགྲོ་ཡི་དགས་མི་རྣམས་ཀྱི། །ཞེས་བྱ་བའི་མཐར། ལམ་གྱི་བྱི་བྲག་དང༌། གང་ཞིག་གང་གིས་དབུས་རྣམས་སུ། །ཞེས་བྱ་བ་ནས་བརྩམས་ནས། མཐོ་རིས་མི་དང་ས་འོག་ཅེས་བྱ་བའི་མཐར། བག་ཆགས་འཛིན་པའི་སྐྱོན་དང༌། ཀ་སོགས་སྡེ་ནི་དབྱངས་བཅས་ཞེས་བྱ་བ་ནས་བརྩམས་ནས། རླུང་དང་ནམ་མཁའི་ཁམས་ཞེས་བྱ་བའི་མཐར། སྐྱེ་བ་དང་འཆི་བའི་མཚན་ཉིད་དང། དང་པོ་ཡང་དག་བསྲུང་བར་བྱ་ཞིང་ཞེས་བྱ་བ་ནས་བརྩམས་ནས། འཁོར་དུ་ཉིད་འགྱུར་རོ་ཞེས་བྱ་བའི་མཐར་ལུས་བསྲུངས་པ་དང༌། སྟོང་པར་དུ་བ་ལ་སོགས་ཞེས་བྱ་བ་ནས་བརྩམས་ནས། སྐྱེ་བ་འདི་རུ་ཐོབ་ཅེས་བྱ་བའི་མཐར། འཇིག་རྟེན་ལས་འདས་པའི་ལམ་དང༌། ཉི་ཟླ་འགོག་བ་ཞེས་བྱ་བ་ནས་བརྩམས་ནས། རྣལ་འབྱོར་པས་བསྒོམ་པར་བྱ་ཞེས་བྱ་བའི་མཐར། འཆི་བ་སླུ་བ་དང༌། མཐུར་བསྒྲུབ་པ་ཞེས་བྱ་བ་ནས་བརྩམས་ནས། དེ་ཡི་རྩ་བར་གཞན་མའོ། །ཞེས་བྱ་བའི་མཐར། རླུང་ནད་འཇོམས་པ་དང༌། ཐུར་སེལ་རླུང་ནི་བསྐུམ་ནས་ཞེས་བྱ་བ་ནས་བརྩམས་ནས། མིག་ནད་ལ་སོགས་པ་ཞེས་བྱ་བའི་མཐར། ལོང་ནད་ལ་སོགས་པ་འཇོམས་པ་དང༌། མཆན་ཁུང་གཡས་དང་གཡོན་ཞེས་བྱ་བ་ནས་བརྩམས་ནས། རྣལ་འབྱོར་ལྡན་པའི་རྣལ་འབྱོར་ལ། ཞེས་བྱ་བའི་མཐར། རྩ་བཅིང་བ་དང་རྐང་པའི་རྡོ་རྗེ་སྐྱིལ་ཀྲུང་གིས་གནས་ཞེས་བྱ་བ་ནས་བརྩམས་ནས། སྲིན་ལ་སོགས་པ་འཇོམས་ཞེས་བྱ་བའི་མཐར། ཕྱིའི་ནད་འཇོམས་པའི་ཐབས་དང༌། ལོ་ཡི་ཕྱེད་ཀྱི་དཀར་པོ་མཛེ། །ཞེས་བྱ་བ་ནས་བརྩམས་ནས། ལམ་སེམས་རབ་སྦྱར་ཕྱིར་ཞེས་བྱ་བའི་མཛེ་གཞོམ་པ་དང༌། སྲོག་འཇུག་པར་བྱ་ཞེས་བྱ་བ་ནས་བརྩམས་ནས། མི་རྣམས་སྐྱེ་བ་འདི་ཉིད་དུ། །ཞེས་བྱ་བའི་


DTG013_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཐར། སྲོག་འཇུག་པའི་ངེས་པ་དང་ཕྱག་རྒྱ་བསྒོམ་ཕྱིར་བརྗོད་ཀྱི་ཞེས་བྱ་བ་ནས་བརྩམས་ནས། མཚན་མོར་འཚེ་བའི་ཕྱིར་མ་ཡིན། །ཞེས་བྱ་བའི་མཐར། སྤྱོད་བའི་ངེས་པ་དང༌། མི་བསྐྱོད་ཅུང་ཟད་དྲོ་བ་ཞེས་བྱ་བ་ནས་བརྩམས་ནས། མཆེ་བས་བཏབ་ལ་བདེ་སྟེར་རོ། །ཞེས་བྱ་བའི་མཐར། ཁ་ནད་ལ་སོགས་པ་དང༌། དྲི་ཆེན་དྲི་ཆུ་ས་བོན་ཁྲག །ཅེས་བྱ་བ་ནས་བརྩམས་ནས། ཡན་ལག་མིན་སྐྱེས་རྒས་པ་ཞེས་བྱ་བའི་མཐར། བདུད་རྩི་ལྔ་ལ་སོགས་པས་ཚེ་བསྒྲུབ་པ་དང༌། ལན་ཚྭ་སྒྱུར་པོར་རླུང་འཇོམས་ཞེས་བྱ་བ་ནས་བརྩམས་ནས། ཁམས་གསུམ་ལ་གནས་ཞེས་བྱ་བའི་མཐར། རླུང་ལ་སོགས་པའི་ནད་འཇོམས་པའི་ཐབས་དང༌། གསེར་དང་ཉི་མ་ཟླ་བ་ལྕགས་ཟངས་ཞེས་བྱ་བ་ནས་བརྩམས་ནས། འོན་ཀྱང་གོང་བུས་དམན་ཞེས་བྱ་བའི་མཐར། ཚེ་གྲུབ་པར་བྱེད་པའི་བཅུད་ལེན་དང༌། སྔར་བརྗོད་ས་བོན་རྒྱལ་པོ་ཞེས་བྱ་བ་ནས་བརྩམས་ནས། དག་པའི་གསེར་དུ་འགྱུར་ཞེས་བྱ་བའི་མཐར། གསེར་བསྒྲུབ་པའི་ཆོ་ག་དང༌། སུག་སྨེལ་ག་བུར་ཕྲེང་བ་ཞེས་བྱ་བ་ནས་བརྩམས་ནས། མེ་ཏོག་ཏིལ་མར་མ་བརྩིས་ཞེས་བྱ་བའི་མཐར། སྤོས་ལ་སོགས་པའི་ཆོ་ག་དང༌། ས་འཛིན་ཞེས་བྱ་བ་ནས་བརྩམས་ནས། སྦྲུམ་ཅན་རྣམས་ལ་བསྟན་པར་བྱ། །ཞེས་བྱ་བའི་མཐར་མངལ་ནས་དགྲོལ་བའི་ཆོ་ག་དང༌། རྣལ་འབྱོར་མ་རྣམས་བརྒྱད་པོ་གང༌། །ཞེས་བྱ་བ་ནས་བརྩམས་ནས། དུས་ཀུན་མཆོད་པ་ཡིན་ཞེས་བྱ་བའི་མཐར། མཁའ་འགྲོ་མ་དྲུག་ཅུ་རྩ་བཞིའི་མཚན་ཉིད་དང༌། མཆོད་པ་ལ་སོགས་པའི་ཆོ་ག་དང༌། བདག་མེད་ལས་ཀྱི་མིན་ཞེས་བྱ་བ་ནས་བརྩམས་ནས། དེ་ནི་རྡོ་རྗེ་ཅན་གྱིས་བསྟན་འགྱུར་ཞེས་བྱ་བའི་མཐར། སངས་རྒྱས་ཀྱ་གཞུང་དང༌། གང་དུ་རིག་བྱེད་རང་བྱུང་ཞེས་བྱ་བ་ནས་བརྩམས་ནས། ད་ནི་ཚངས་པར་འགྱུར་ཞེས་བྱ་བའི་མཐར། ཚངས་པའི་གཞུང་དང༌། བྱེད་པ་པོ་གཞན་དང་ལས་ནི་དུ་སྟེ་ཞས་བྱ་བ་ནས་བརྩམས་ནས། ད་ནི་ཁྱབ་འཇུག་གི་བསྟན་པར་འགྱུར་ཞེས་བྱ་བའི་མཐར། ཁྱབ་འཇུག་གི་གཞུང་དང༌། ལམ་དྲུག་དེ་ཉིད་ལྔ་ཞེས་བྱ་བ་ནས་བརྩམས་ནས། ཞི་བས་དེ་ནི་བསྟན་པ་ཡིན། ཞེས་བྱ་བའི་མཐར། དབང་ཕྱུག་གི་གཞུང་དང༌། དབང་ཕྱུག་མེད་ཅིང་ལས་ཀྱི་རྣམ་པར་སྨིན། ཞེས་བྱ་བ་ནས་བརྩམས་ནས། རགྨ་


DTG013_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ན་ཡིས་བསྟན་པའོ། །ཞེས་བྱ་བའི་མཐར། ཀླ་ཀློའི་གཞུང་དང་དུས་གསུམ་རྫས་དྲུག་ཅེས་བྱ་བ་ནས་བརྩམས་ནས། རྒྱལ་བ་རྣམས་ཀྱིས་བསྟན་པ་ཡིན། ཞེས་བྱ་བའི་མཐར་ཟད་པར་བྱེད་པའི་གཞུང་དང༌། རིག་བྱེད་འདི་ནི་རང་བྱུང་མིན། ཞེས་བྱ་བ་ནས་བརྩམས་ནས། འདོད་པའི་ལས་ཚུལ་མ་ཡིན་ནོ། །ཞེས་བྱ་བའི་མཐར། ཚངས་པ་ལ་སོགས་པའི་གཞུང་ལས་སུན་ཕྱུང་བ་དང༌། ཡང་སྦྱོར་བ་ཆུ་ཤེལ་ཞེས་བྱ་བ་ནས་བརྩམས་ནས། གང་ཞིག་གིས་ཀྱང་སྤྲུལ་མ་ཡིན། ཞེས་བྱ་བའི་མཐར། རྟེན་ཅིང་འབྲེལ་པ་དང༌། གལ་ཏེ་བདག་ནི་ཀུན་ནས་གནས། ཞེས་བྱ་བ་ནས་བརྩམས་ནས། བྱ་བ་དང་བཅས་བདག་མ་ཡིན། ཞེས་བྱ་བའི་མཐར། བདག་ལ་སུན་ཕྱུང་བ་དང༌། བདག་མེད་སྐྱེ་བ་ཡོད་ཀྱི་ཞེས་བྱ་བ་ནས་བརྩམས་ནས། འཛིན་པ་དང༌། བཅས་པ་ཡོད་མ་ཡིན་ཞེས་བྱ་བའི་མཐར་སངས་རྒྱས་ཀྱི་བཀའ་དང༌། གང་ཞིག་དེ་ཉིད་གང་ཟག་ཅེས་བྱ་བ་བརྗོད་དེ་ཞེས་པ་ནས་བརྩམས་ནས། སྙིང་རྗེ་སྟོང་ཉིད་དབྱེར་མེད་སྨྲ། ཞེས་བྱ་བའི་མཐར། བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་སུན་ཕྱུང་བ་དང༌། སྐྱེ་བོའི་སྔོན་ལས་ཉམས་སུ་མྱོང་ཞིང་ཞེས་བྱ་བ་ནས་བརྩམས་ནས། སྐྱེ་བ་གཞན་ནི་རབ་ཏུ་སྤངས་པའོ་ཞེས་བྱ་བའི་མཐར། ཀླ་ཀློའི་གཞུང་ལ་སུན་བྱུང་བ་དང༌། གལ་ཏེ་འབྱུང་བ་གཅིག་འགྱུར་ཞེས་བྱ་བ་ནས་བརྩམས་ནས། ལས་ཉམས་མི་རྣམས་ལའོ་ཞེས་པའི་མཐར། རྒྱང་ཕན་གྱི་གཞུང་ལ་སུན་ཕྱུང་བ་དང༌། གལ་ཏེ་སྲོག་ནི་ལུས་ཀྱི་ཚད། ཅེས་བྱ་བ་ནས་བརྩམས་ནས། རྟག་མིན་དུས་ཀྱི་ཕྱིར་ཞེས་བྱ་བའི་མཐར། ཟད་བྱེད་པའི་གཞུང་ལ་སུན་ཕྱུར་བ་དང༌། དེ་དག་ལ་སོགས་བའི་དོན་ཤེས་དོན་དུ་ཞེས་བྱ་བ་ནས་བརྩམས་ནས། རང་བཞིན་དུ་མེད་པར་བསྒོམ་རྒྱལ་པོ་ཀྱེ་ཞེས་བྱ་བའི་མཐར། ངེས་པ་སྣང་བ་དང༌། ད་ནི་མཐོ་རིས་དབང་པོ་ཞེས་བྱ་བ་ནས་བརྩམས་ནས། སྐྱབས་སུ་སོང་ངོ་རྒྱལ་པོ་ཀྱེ། ཞེས་བྱ་བའི་མཐར། སྐྱབས་སུ་སོང་བའི་ངེས་པ་དང། ཁྱོད་ནི་ཡུམ་དང་ཡབ་སྟེ་ཞེས་བྱ་བ་ནས་བརྩམས་ནས། རྒྱལ་དབང་ཁྱེད་ལ་བདག་སོང་ངོ༌། །ཞེས་བྱ་བའི་མཐར། ཉི་མའི་ཤིང་རྟས་བསྟོད་པ་དང༌། སྐྱབས་སུ་སོང་བ་བསྟན་ཏོ།། །།དེ་ནས་མངོན་པར་དབང་བསྐུར་བའི་ལེའུ་ལས། དོན་ཅི་བཤད་ཅེ་ན། དང་གོ་རེ་ཞིག་


DTG013_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལུས་ལ་སྣ་ཚོགས་ཚད། ཅེས་བྱ་བ་ནས་བརྩམས་ནས། དཀྱིལ་འཁོར་དག་ནི་བཤད་དུ་གསོལ། ཞེས་བྱ་བའི་མཐར། ཟླ་བ་བཟང་པོའི་ཞུ་བ་དང༌། ཟླ་བ་བཟང་ཚིག་ནི་གསན་ནས་ཞེས་བྱ་བ་ནས་བརྩམས་ནས། དབང་གི་ལེའུ་རྫོགས་པའི་བར་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་ཡིན་ནོ། །དེ་ལ་དང་པོ་རུ་ནི་བརྟེན་པར་བྱ། །ཞེས་བྱ་བ་ནས་བརྩམས་ནས། རྡོ་རྗེ་སེམས་དཔའ་རབ་ཏུ་གྲགས། །ཞེས་བྱ་བའི་མཐར། བླ་མ་དམ་པའི་མཚན་ཉིད་དང༌། ང་རྒྱལ་ཅན་དང་ཁྲོ་བར་འགྱུར། ཞེས་བྱ་བ་ནས་བརྩམས་ནས། མཁས་པས་སྤང་བར་བྱ་ཞེས་བྱ་བའི་མཐར། གདུག་པའི་སློབ་དཔོན་དང༌། ཟབ་ཅིང་རྒྱ་ཆེ་སེམས་དང་ཞེས་བྱ་བ་ནས་བརྩམས་ནས། འབྲིང་པོའི་རྒྱུ་རུའོ་ཞེས་བྱ་བའི་མཐར། སྣོད་དུ་རུང་བའི་སློབ་མ་དང༌། དཔྱིད་ཟླ་འབྲིང་པོའི་དཀར་པོའི་ཉ་ལ་ཞེས་བྱ་བ་ནས་བརྩམས་ནས། རྒྱུད་རྒྱལ་བསྟན་པར་མི་འགྱུར་རོ། །ཞེས་བྱ་བའི་མཐར། དབང་བསྐུར་བ་ལ་སོགས་པའི་ངེས་པ་དང༌། དབང་གི་དོན་དུ་ས་ཡོངས་བསྙམས་པ་ཞེས་བྱ་བ་ནས་བརྩམས་ནས། དཀྱིལ་འཁོར་བཞེངས་པ་དང་ཞེས་བྱ་བའི་མཐར། སློབ་དཔོན་རྣམས་ཀྱི་སྤྱིའི་ངེས་པ་དང༌། སའི་རིགས་བཞི་ཞེས་བྱ་བ་ནས་བརྩམས་ནས། རྒྱལ་རིགས་བྲམ་ཟེ་གཞན་ཞེས་བྱ་བའི་མཐར། སའི་རིགས་ལ་སོགས་པ་དང༌། དཀར་པོ་ཞི་དང་རྒྱས་པ་ཞེས་བྱ་བ་ནས་བརྩམས་ནས། རྣལ་འབྱོར་པ་ཡིས་རིག་པར་བྱ། ཞེས་བྱ་བའི་མཐར་ས་ཡོངས་སུ་བརྟག་པ་དང༌། དབང་ལྡན་བྱང་དུ་ཞེས་བྱ་བ་ནས་བརྩམས་ནས། རང་དང་རྨོངས་པའོ་ཞེས་བྱ་བའི་མཐར། ཕྱོགས་ཀྱི་ངེས་པ་དང༌། ཐབ་ཁུང་གྲོང་གི་ཕྱོགས་བརྒྱད་ཅེས་བྱ་བ་ནས་བརྩམས་ནས། རྡོ་རྗེ་ཡང་ནི་ཐམས་ཅད་ལ། ཞེས་བྱ་བའི་མཐར། ཐབ་ཁུང་གི་ཆོ་ག་དང༌། ཕུར་བུའི་བྱ་བ་བརྒྱད་དེ་ཞེས་བྱ་བ་ནས་བརྩམས་ནས། ཙུ་ཏ་བྱིལ་བ་ཉི་མར་སྐྱེས། ཞེས་བྱ་བའི་མཐར། ཕུར་བུ་རྣམས་དང༌། དེ་ལྟར་ཤེལ་གྱི་བུམ་པ་ཞེས་བྱ་བ་ནས་བརྩམས་ནས། ཞི་དང་རྒྱས་པ་གཞན་ལ་མིན། ཞེས་བྱ་བའི་མཐར། བུམ་པ་རྣམས་ཀྱི་མཚན་ཉིད་དང༌། སྔ་དྲོ་ནས་ནི་ཐུན་ཚོད་བརྒྱད། །ཅེས་བྱ་བ་ནས་བརྩམས་ནས། ལས་བརྒྱད་རྣམས་ནི་རབ་ཏུ་བྱ། །ཞེས་བྱ་བའི་མཐར། དུས་ཀྱི་


DTG013_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ངེས་པ་དང༌། ཉིན་ཕྱེད་མཚན་མོ་ཕྱེད་ནི་ཞེས་བྱ་བ་ནས་བརྩམས་ནས། དེ་བཞིན་དུ་རབ་ཏུ་གྲགས་ཞེས་བྱ་བའི་མཐར། དུས་དྲག་པོ་ལ་སོགས་བ་འགགས་པ་དང༌། འོ་མ་ཅན་དང་བཅས། ཞི་དང་རྒྱས་ལ་སོགས་ཞེས་བྱ་བ་ནས་བརྩམས་ནས། རེངས་པ་དང་རྨོངས་པར་བྱེད་པ་ལ་ཞེས་བྱ་བའི་མཐར། ཡམ་ཤིང་ངེས་པ་དང༌། འོ་མ་མར་དང་ཁྲག་ཅེས་བྱ་བ་ནས་བརྩམས་ནས། ཞི་བ་ལ་སོགས་པའོ་ཞེས་བྱ་བའི་མཐར། སྲེག་རྫས་ཀྱི་ངེས་བ་དང༌། གཤིན་རྗེའི་བདེན་བྲལ་མཚམས་ཞེས་བྱ་བ་ནས་བརྩམས་ནས། ཞི་སོགས་ལས་ལའོ་ཞེས་བྱ་བའི་མཐར། སྦྱིན་སྲེག་གི་དུས་སུ་གདན་གྱི་ངེས་པ་དང༌། ལས་གཉིས་ལས་ནི་ཚོན་ཞེས་བྱ་བ་ནས་བརྩམས་ནས། ཕྱོགས་སུ་ཚོན་དགྱེར་འགྱུར་ཞེས་བྱ་བའི་མཐར། རྡུལ་ཚོན་དགྱེ་བའི་ངེས་པ་དང༌། དགོད་སོགས་ཞེས་བྱ་བ་ནས་བརྩམས་ནས། ལྷ་རྣམས་ལ་ཞེས་བྱ་བའི་མཐར། སློབ་དཔོན་ལ་ཞེས་བྱ་བའི་ངེས་པ་དང༌། ཤེལ་སོགས་ཞེས་བྱ་བ་ནས་བརྩམས་ནས། སོར་ནི་བཅུ་གཉིས་སོ་ཞེས་བྱ་བའི་མཐར། མཆོད་ཡོན་གྱི་སྣོད་ཀྱི་ངེས་པ་དང༌། རྣམ་ལྔ་རྒྱལ་དབང་ཞེས་བྱ་བ་ནས་བརྩམས་ནས། སྦྱིན་སྲེག་དོན་ནོ་ཞེས་བྱ་བའི་མཐར། དགང་གཟར་དང་བླུགས་གཟར་གྱི་ངེས་པ་དང། ཞི་བ་དང་ཁྲོ་བོས་ཞེས་བྱ་བ་ནས་བརྩམས་ནས། དཀྱིལ་འཁོར་དུ་ནི་ལྷག་པའི་ལྷ། །ཞེས་བྱ་བའི་མཐར། ལྷ་རྣམས་ཀྱི་ནི་ངེས་པ་དང༌། རྣམ་ལྔ་རྒྱལ་དབང་ཞེས་བྱ་བ་ནས་བརྩམས་ནས། རྣམ་པ་ལྔ་རུ་གྱུར་བ་ཉིད། །ཅེས་བྱ་བའི་མཐར། རྡུལ་ཚོན་གྱི་རྣམ་པར་དག་པ་དང༌། ཐིབ་སྐུད་ཁྲུ་བརྒྱད་ཅེས་བྱ་བ་ནས་བརྩམས་ནས། ཐིག་སྐུད་གཅིག་སྟེ་གཞན་མ་ཡིན། །ཞེས་བྱ་བའི་མཐར། ཐིག་སྐུད་ཀྱི་མཚན་ཉིད་དང༌། སྐྱིལ་མོ་ཀྲུང་ནི་ཞེས་བྱ་བ་ནས་བརྩམས་ནས། ལས་དབྱེ་བས་གནས་ལ་སོགས་པའི་ཞེས་བྱ་བའི་མཐར། འདུག་སྟངས་ཀྱི་ངེས་པ་དང༌། ཤེལ་དང་མུ་ཏིག་ཅེས་བྱ་བ་ནས་བརྩམས་ནས། སྔགས་བཟླས་པ་ཡི་ཕྲེང་བ་ཡིས། ཞེས་བྱ་བའི་མཐར། ཕྲེང་བའི་ངེས་པ་དང༌། དྲི་ཞིམ་མེ་ཏོག་དཀར་ཞེས་བྱ་བ་ནས་བརྩམས་ནས། བསྐ་བ་དྲག་པོའི་སྤོས་ཞེས་བྱ་བའི་མཐར། མཆོད་པའི་ངེས་པ་དང༌། དཀྱིལ་འཁོར་ཞེས་བྱ་བ་ནས་བརྩམས་


DTG013_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས། ལུས་ལ་རིམ་པས་སོ་ཞེས་བྱ་བའི་མཐར། འཁྲུལ་འཁོར་བྲི་བའི་ཆོ་ག་དང༌། དཔལ་གྱི་རྡོ་རྗེ་ཞེས་བྱ་བ་ནས་བརྩམས་ནས། རྣལ་འབྱོར་པས་ནི་བསྒོམ་པར་བྱ། །ཞེས་བྱ་བའི་མཐར། བསྲུང་བའི་ཆོ་ག་དང་སའི་ཕྱོགས་སུ་རྡོ་རྗེ་གསུམ་གྱིས་ཞེས་བྱ་བ་ནས་བརྩམས་ནས། བསྲུང་བའི་དོན་དུ་དགོད་པར་བྱ། །ཞེས་བྱ་བའི་མཐར་ཞིང་སྐྱོང་བ་ལ་སོགས་པའི་ཆ་བ་གཏོར་གྱི་ཆོ་ག་དང༌། ས་སྤྱན་འདྲེན་པ་ལ་སོགས་པའི་ཆོ་ག་དང༌། ཟུག་རྡུ་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ནས། མཆོད་སྤྱིན་དོན་དུའོ་ཞེས་བྱ་བའི་མཐར། སྤྱོད་པ་དང་སྦྱངས་ཞེས་བྱ་བ་ནས་བརྩམས་ནས། དེ་རྣམས་མ་ལུས་སོ་ཞེས་བྱ་བའི་མཐར། ས་གཟུང་བ་ལ་སོགས་པ་དུས་ཀྱི་ངེས་པ་དང༌། བསྲུང་བར་བྱ་ཞེས་བྱ་བ་ནས་བརྩམས་ནས། བྲི་བར་བྱ་ཞེས་པའི་མཐར། སློབ་མ་ལ་བསྲུང་བའི་ངེས་པ་དང༌། དག་བའི་གནས་ཞེས་བྱ་བ་ནས་བརྩམས་ནས། དཀྱིལ་འཁོར་དུ་ཐིག་གདབ་བྱ་ཞེས་བྱ་བའི་མཐར། ཐིག་སྐུད་ལ་སོགས་པའི་ངེས་པ་སྟེ། སྟ་གོན་གྱི་ཆོ་ག་དང༌། ཐིག་སྐུད་ཆད་ན་ཞེས་བྱ་བ་ནས་བརྩམས་ནས། རིག་པར་བྱ་ཞེས་བྱ་བའི་མཐར། མཚན་མ་ངན་པ་ལ་སོགས་པའི་མཚན་ཉིད་དང༌། ཨཱ་དང་ཀཱ་ལ་སོགས་ཞེས་བྱ་བ་ནས་བརྩམས་ནས། ཐིག་སྐུད་ལ་བསྟིམ་བསྒོམ་པར་བྱ། །ཞེས་བྱ་བའི་མཐར་ཡི་དམ་གྱི་ལྷ་དམིགས་པ་དང༌། ཐི་ག་དེས་ཚངས་སྐུད་ནས་ནི་ཞེས་བྱ་བ་ནས་བརྩམས་ནས། ཤར་གྱི་ཆ་དང་གཞན་ལའོ། །ཞེས་བྱ་བའི་མཐར། ཐིག་གདབ་པའི་ངེས་པ་དང༌། རྡོ་རྗེ་ལ་སོགས་པ་ཞེས་བྱ་བ་ནས་བརྩམས་ནས། རིམ་པས་སོ་ཞེས་བྱ་བའི་མཐར་རྡུལ་ཆོན་དགྱེ་བའི་དེས་པ་དང༌། ཤར་གྱིས་ཞེས་བྱ་བ་ནས་བརྩམས་ནས། ཕྱིའི་རྡོ་རྗེ་ཕྲེད་བའི་ཞེས་པའི་མཐར། རྡུལ་ཚོན་གྱིས་ལ་ཁ་དོག་ལ་སོགས་པའི་ངེས་པ་དང༌། བསྒོམས་པ་ཞེས་བྱ་བ་ནས་བརྩམས་ནས། ཕུན་ཚོགས་མཛེས་པར་ཞེས་བྱ་བའི་མཐར། རེ་ཁཱ་དང་མཚན་མ་ངན་པའི་སྐྱོན་དང༌། ནག་པོ་ལ་སོགས་པ་ཞེས་བྱ་བ་ནས་བརྩམས་ནས། རྡོ་རྗེ་ཕྲེང་བ་རྣམས་ལའོ། །ཞེས་བྱ་བའི་མཐར། རྡུལ་ཚོན་གྱི་དཔངས་ཀྱི་ཚད་ཀྱི་ངེས་པ་དང༌། དབུས་ནས་ཞེས་བྱ་བ་ནས་བརྩམས་ནས། ལུས་སྤྱར་བར་བྱ་ཞེས་བྱ་བའི་མཐར། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་རྣམ་པར་དག་པ་དང༌། གཉིས་དང་རྒྱ་མཚོ་ཞེས་བྱ་བ་ནས་


DTG013_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྩམས་ནས། དཀྱིལ་འཁོར་རྣམས་ཞེས་བྱ་བའི་མཐར། སྔོན་དུ་བརྗོད་པའི་ཐིག་སྐུད་ཀྱི་ཆོ་ག་དང༌། ཨོཾ་ཡིག་ཅེས་བྱ་བ་ནས་བརྩམས་ནས། ཡེ་ཤེས་རྡོ་རྗེ་བཞི་པའོ། །ཞེས་བྱ་བའི་མཐར། སྔགས་ཀྱི་མཚན་ཉིད་དང༌། ཧཱུཾ་ཡིག་ཅེས་བྱ་བ་ནས་བརྩམས་ནས། བདུད་རྣམ་པར་བསྐྲད་པར་རོ་ཞེས་བྱ་བའི་མཐར། ས་བོན་ལ་སོགས་པ་དགོད་པ་དང༌། སྒོ་རྣམས་ཞེས་བྱ་བ་ནས་བརྩམས་ནས། ལ་སོགས་ཞེས་བྱ་བའི་མཐར། སྒོ་སྲུང་བ་ལ་སོགས་པའི་ངེས་པ་དང༌། ཟླུམ་མ་ཞེས་བྱ་བ་ནས་བརྩམས་ནས། དག་བའི་རྒྱུ་རུ་ཞེས་བྱ་བའི་མཐར། སྤྱིན་སྲེག་གི་ཆོ་ག་དང༌། སྦྱིན་སྲེག་གྲུབ་ནས་ཞེས་བྱ་བ་ནས་བརྩམས་ནས། དབང་གི་དོན་དུ་བྱེད་ཅེས་བྱ་བའི་མཐར། དཀྱིལ་འཁོར་ལ་རབ་གནས་ཀྱི་ཆོ་ག་དང༌། ཀུན་གྱི་ཞེས་བྱ་བ་ནས་བརྩམས་ནས། བདག་གི་མཆོད་ཡོན་ཞེས་བྱ་བའི་མཐར། མཆོད་པའི་སྔགས་ཀྱི་ངེས་པ་དང༌། རྒྱལ་བ་ཞེས་བྱ་བ་ནས་བརྩམས་ནས། སྔགས་ཀྱི་ལས་ཀྱི་དབྱེ་བས་སོ། །ཞེས་བྱ་བའི་མཐར། རྒྱས་པ་ལ་སོགས་པ་ལ་དེས་པ་དང༌། ཤར་དུ་ཞེས་བྱ་བ་ནས་བརྩམས་ནས། སྐྱེ་གནས་སོ་ཞེས་བྱ་བའི་མཐར། དཀྱིལ་འཁོར་གྱི་སའི་རྣམ་པར་དག་པ་དང༌། འབྱུང་བ་རྣམས་ཀྱི་སྐྱེ་གནས་དང༌། ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ནས་བརྩམས་ནས། ལྷ་མོ་རྣམས་ཀྱིའོ་ཞེས་བྱ་བའི་མཐར། རྒྱས་གདབ་ལ་སོགས་པའི་ཆོ་ག་དང༌། རིན་ཆེན་གསེར་གྱི་མེ་ཏོག་ཅེས་བྱ་བ་ནས་བརྩམས་ནས། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་བྱ་བའི་མཐར། སློབ་མ་ལ་མཆོད་པ་ལ་སོགས་པ་ངེས་པ་དང༌། ཁྲུས་དང་དྲི་ཞེས་བྱ་བ་ནས་བརྩམས་ནས། ཁྲོ་བོ་གཙོ་བོས་བསྐུལ་བའོ། །ཞེས་བྱ་བའི་མཐར། སློབ་མ་ལ་ལྟ་གོན་གྱི་ཆོ་ག་དང༌། ཁྲོ་བོའི་རྒྱལ་པོ་དབབ་པ་ཞེས་བྱ་བ་ནས་བརྩམས་ནས། དངོས་གྲུབ་ཡོད་པ་ཡིན་ཞེས་བྱ་བའི་མཐར། དབབ་པའི་ངེས་པ་དང༌། དབབ་པ་སྤངས་པ་ཞེས་བྱ་བ་ནས་བརྩམས་ནས། བརྟུལ་ཞུགས་ཉི་ཤུ་ལྔ་ཞེས་བྱ་བའི་མཐར། སློབ་མ་ལ་སྟ་གོན་ལ་སོགས་པ་དང༌། བརྟུལ་ཞུགས་སྤྱིན་པའི་ངེས་པ་དང༌། དཔལ་ལྡན་སྔགས་ཀྱི་ཞེས་བྱ་བ་ནས་བརྩམས་ནས། བཀའ་ནི་མར་བཅས་སྦྱིན་ཞེས་བྱ་བའི་མཐར། དབང་བདུན་གྱི་ཆོ་ག་


DTG013_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་རྡོ་རྗེ་དྲིལ་བུ་ཞེས་བྱ་བ་ནས་བརྩམས་ནས། རྒྱལ་བས་གསུངས་སོ་ཞེས་བྱ་བའི་མཐར། རྣམ་པར་དག་པའི་ཆོས་བསྟན་པའི་ངེས་པ་དང༌། ཆུ་ནི་སྒྲོལ་མ་ལ་སོགས་པ་ལྷ་མོ་ཞེས་བྱ་བ་ནས་བརྩམས་ནས། ཡང་དག་སྦྱིན་ཞེས་བྱ་བའི་མཐར། དབང་བདུན་གྱི་རྣམ་པར་དག་པ་དང༌། མངོན་པར་དབང་བསྐུར་ཞེས་བྱ་བ་ནས་བརྩམས་ནས། འཇམ་དབྱངས་ཉིད་དུ་འགྱུར་ཞེས་བྱ་བའི་མཐར། དབང་བདུན་གྱི་འབྲས་བུ་དང༌། རྩ་བའི་ལྟུང་བ་ཞེས་བྱ་བ་ནས་བརྩམས་ནས། ཡང་དག་པར་འགྱུར་རོ་ཞེས་བྱ་བའི་མཐར། རྩ་བའི་ལྟུང་བའི་རྣམ་པར་དག་པ་དང༌། རྩ་བའི་ལྟུང་བ་ཞེས་བྱ་བ་ནས་བརྩམས་ནས། རྡོ་རྗེ་ཐེག་པའོ་ཞེས་བྱ་བའི་མཐར། རྩ་བའི་ལྟུང་བའི་གནས་དང༌། ཀླུ་ཞེས་བྱ་བ་ནས་བརྩམས་ནས། ཕྱག་རྒྱ་རྣམ་པར་དག་པ་ཉིད། །ཅེས་བྱ་བའི་མཐར། རྡོ་རྗེ་སློབ་དཔོན་གྱི་རབ་གནས་ཀྱི་ཆོ་ག་དང༌། སྟེང་དུ་བླ་རེ་བྲེ་ཞེས་བྱ་བ་ནས་བརྩམས་ནས། བླ་མེད་བྱང་ཆུབ་འགྲུབ་པར་ཤོག །ཅེས་བྱ་བའི་མཐར། གཟུགས་བརྙན་ལ་སོགས་པའི་རབ་གནས་ཀྱི་ཆོ་ག་དང༌། ཕྱོགས་ཀྱི་ལོ་ཞེས་བྱ་བ་ནས་བརྩམས་ནས། དུ་བའི་ལམ་སོགས་དང་ལྡན་པ། །ཞེས་བྱ་བའི་མཐར། བླ་ན་མེད་པའི་དབང་གི་ཆོ་ག་དང༌། སྐྲག་ཅེས་བྱ་བ་ནས་བརྩམས་ནས། མཆོད་པར་བྱ་ཞེས་བྱ་བའི་མཐར། ལས་ཀྱི་ཕྱག་རྒྱ་དོར་བ་དང་བླང་པའི་ངེས་པ་དང༌། འདོད་ཆགས་ཞེས་བྱ་བ་ནས་བརྩམས་ནས། འདི་ལྟར་བཞི་པའོ་ཞེས་བྱ་བའི་མཐར། དགའ་བ་བཅུ་དྲུག་ལ་སོགས་པ་མཚན་ཉིད་ཀྱི་ངེས་པ་དང༌། སེམས་ཀྱི་བསམ་པས་མ་ཞེས་བྱ་བ་ནས་བརྩམས་ནས། ཆད་པའི་དངོས་པོ་ཞེས་བྱ་བའི་མཐར། ལས་ཀྱི་ཕྱག་རྒྱ་རྣམ་པར་དག་པ་དང༌། པདྨར་ཞེས་བྱ་བ་ནས་བརྩམས་ནས། དཔལ་ལྡན་བླ་མའི་ཞལ་འདིའོ། །ཞེས་བྱ་བའི་མཐར། སྐུའི་ཕྱག་རྒྱལ་སོགས་པའི་མཚན་ཉིད་དང༌། ཤེས་བ་ཡུམ་ནི་ཞེས་བྱ་བ་ནས་བརྩམས་ནས། ནམ་ཡང་དོར་མི་བྱ་ཞེས་བྱ་བའི་མཐར། རྣལ་འབྱོར་བ་དང་རྣལ་འབྱོར་མ་རྣམས་ཀྱི་སེམས་རྣམ་པར་དག་པར་བྱ་བའི་ཕྱིར། ངེས་པ་དང༌། གང་ཞིག་ཅེས་བྱ་བ་ནས་བརྩམས་ནས། ཉི་ཟླ་གནས་ཀྱི་བར་ཞེས་བྱ་བའི་མཐར། འདོད་ཆགས་སྤྱིན་པའི་བསོད་ནམས་དང༌། སྒྲོལ་མ་ཞེས་བྱ་བ་ནས་བརྩམས་ནས། དགྱེས་པ་


DTG013_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིས་ནི་སྐྱོ་བར་བྱེད། །ཅེས་བྱ་བའི་མཐར། ལྷ་མོ་རྣམས་ཀྱི་རིགས་ཀྱི་དབྱེ་བ་དང༌། སངས་རྒྱས་རྣམས་ཀྱི་དབྱེ་བ་དང༌། བྱིས་པ་རྒན་ཞེས་བྱ་བ་ནས་བརྩམས་ནས། བྱང་ཆུབ་སྤྱོད་པ་ལ་གནས་པའོ་ཞེས་བྱ་བའི་མཐར། རྣལ་འབྱོར་པ་རྣམས་ལ་རྡོ་རྗེ་མཆོག་གི་ངེས་པ་དང༌། དང་པོར་ཞེས་བྱ་བ་ནས་བརྩམས་ནས། ཆོས་ཀྱི་ཕྱག་རྒྱའོ་ཞེས་བྱ་བའི་མཐར། རྡོ་རྗེ་མཆོད་པ་ལ་དམ་ཚིག་གི་སྐད་ཀྱིས་ངེས་པ་དང༌། ཕོ་ཉ་རྣམས་ཞེས་བྱ་བ་ནས་བརྩམས་ནས། སྤྱན་མའོ་ཞེས་བྱ་བའི་མཐར། ཕོ་ཉ་མོ་རྣམས་ཀྱི་དྲི་དང༌། རིགས་ཀྱི་མཚན་ཉིད་དང༌། རྣལ་འབྱོར་ཞེས་བྱ་བ་ནས་བརྩམས་ནས། འཁོར་ལོ་ཅན་ཡིན་ནོ་ཞེས་བྱ་བའི་མཐར། རྣལ་འབྱོར་བའི་རིགས་དང༌། ཡན་ལག་ཕྲ་མོ་ཞེས་བྱ་བ་ནས་བརྩམས་ནས། རིགས་གསུམ་འདྲེས་འགྱུར་ཞེས་བྱ་བའི་མཐར། ཕྱོ་ཉ་མོ་རྣམས་ཀྱི་ལུས་ཀྱི་མཚན་ཉིད་དང༌། སེང་གེ་ཡུལ་བྲལ་ཞེས་བྱ་བ་ནས་བརྩམས་ནས། དྲིའི་རང་བཞིན་ནོ་ཞེས་བྱ་བའི་མཐར། རྣལ་འབྱོར་པ་རྣམས་ཀྱི་མཚན་ཉིད་དང༌། བརྗོད་པའི་དོན་དུ་ཞེས་བྱ་བ་ནས་བརྩམས་ནས། རྣལ་འབྱོར་པ་ལའོ་ཞེས་བྱ་བའི་མཐར། ཕོ་ཉ་མོ་རྣམས་ཀྱི་ཐུགས་འཛིན་པའི་ངེས་པ་དང༌། མཛེས་ཞེས་བྱ་བ་ནས་བརྩམས་ནས་སྤྱོད་དོ་ཞེས་བྱ་བའི་མཐར། ཕོ་ཉ་མོ་རྣམས་ཀྱི་ཆོས་ཀྱི་དབྱིངས་ལ་སོགས་པ་དང༌། ཆང་ནི་ཞེས་བྱ་བ་ནས་བརྩམས་ནས། བཏུང་བའི་དོན་དུ་ཞེས་བྱ་བའི་མཐར། ཆང་བཏུང་བའི་ངེས་པ་དང༌། རྩིག་ཅེས་བྱ་བ་ནས་བརྩམས་ནས། ཤིན་ཏུ་གཏུམ་ཞེས་བྱ་བའི་མཐར། བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་གི་ངེས་པ་དང༌། ཁྱི་དང་རྟ་ཞེས་བྱ་བ་ནས་བ་བརྩམས་ནས། མྱུར་དུ་ཉམས་པར་འགྱུར་ཞེས་བྱ་བའི་མཐར། ས་སྤྱོད་ལ་སོགས་པའི་དམ་ཚིག་སུམ་ཅུ་རྩ་དྲུག་དང༌། སོ་དང་སྐྲ་ཞེས་བྱ་བ་ནས་བརྩམས་ནས། མཆོད་པར་བྱ་ཞེས་བྱ་བའི་མཐར། ལུས་ཀྱི་དམ་ཚིག་གི་ངེས་པ་དང༌། ཡི་གེ་སུམ་ཅུ་དྲུག་ཅེས་བྱ་བ་ནས་བརྩམས་ནས། རྣལ་འབྱོར་མ་ལ་ངེས་པར་རོ། །ཞེས་བྱ་བའི་མཐར། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་དང༌། ཆུ་ཞེས་བྱ་བ་ནས་བརྩམས་ནས། འཁོར་ལོ་འདུས་པ་ཡིན་ཞེས་བྱ་བའི་མཐར། ཚོགས་ཀྱི་འཁོར་ལོ་ལ་མཆོད་པའི་


DTG013_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྫས་དང། རྡོ་རྗེ་རལ་གྲི་ཞེས་བྱ་བ་ནས་བརྩམས་ནས། ཕྲེང་བ་ཉིད་ཅེས་བྱ་བའི་མཐར། ཕོ་ཉ་མོ་རྣམས་ཀྱི་མཚན་མའི་ངེས་པ་དང༌། དྲི་ཆེན་ཞེས་བྱ་བ་ནས་བརྩམས་ནས། ཡན་ལག་བཅུ་གཉིས་ཐོད་པར་རོ། །ཞེས་བྱ་བའི་མཐར། སྒྲོལ་མ་ལ་སོགས་པའི་དམ་ཚིག་གི་ངེས་པ་དང། དྲི་ཆེན་ཞེས་བྱ་བ་ནས་བརྩམས་ནས། དུར་ཁྲོད་དབྱེ་བ་བརྒྱད་ཡིན་ནོ། །ཞེས་བྱ་བའི་མཐར། གནས་ལ་སོགས་པའི་དམ་ཚིག་རྣམ་པར་དག་པ་དང༌། གནས་ཞེས་བྱ་བ་རྣམས་པ་བརྩམས་ནས། མཐའ་སྐྱེ་བས་སོ་ཞེས་བྱ་བའི་མཐར། སྒྲོལ་མ་ལ་སོགས་པའི་གནས་ཀྱི་ངེས་པ་དང༌། གནས་ཞེས་བྱ་བ་ནས་བརྩམས་ནས། སེན་མོ་རྣམས་ཀྱི་བར་དུའོ། །ཞེས་བྱ་བའི་མཐར། ཡན་ལག་རྣམས་ཀྱི་གནས་ལ་སོགས་པའི་ངེས་པ་དང༌། ལྷ་མོ་ཞེས་བྱ་བ་ནས་བརྩམས་ནས། ཕྱི་དང་ལུས་ལ་དེ་བཞིན་ནོ། །ཅེས་བྱ་བའི་མཐར། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ལྷ་མོའི་རྣམ་པར་དག་པ་དང༌། སངས་རྒྱས་ཞེས་བྱ་བ་ནས་བརྩམས་ནས། དེ་ཉིད་ཐོབ་པའི་མི་དབང་སྐྱེ། །ཞེས་བྱ་བའི་མཐར། རྣལ་འབྱོར་བ་ལ་སྤྱོད་པའི་མཚན་ཉིད་དང༌། མཐེ་བོང་ཞེས་བྱ་བ་ནས་བརྩམས་ནས། དེ་བཞིན་ནོ་ཞེས་བྱ་བའི་མཐར། སོར་མོ་རྣམས་ཀྱི་མིང་དང༌། ཁུ་ཚུར་ཞེས་བྱ་བ་ནས་བརྩམས་ནས། གུང་མོ་ལ་སོགས་བརྐྱང་པའོ། །ཞེས་བྱ་བའི་མཐར། རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་དྲུག་གི་ཕྱག་རྒྱ་དང༌། ལག་པ་གཡོན་ཞེས་བྱ་བ་ནས་བརྩམས་ནས། རྣལ་འབྱོར་པས་ནི་བརྡུང་བར་བྱ། །ཞེས་བྱ་བའི་མཐར། མཛེས་པའི་ཕྱག་རྒྱ་དང༌། ལག་གཉིས་ཞེས་བྱ་བ་ནས་བརྩམས་ནས། གདེངས་ཀ་རྣམས་ཀྱི་འགྱུར་ཞེས་བྱ་བའི་མཐར། ཁྲོ་བོ་མགོན་པོ་ལ་སོགས་པ་དང༌། གདེངས་ཀ་རྣམས་ཀྱི་ཕྱག་རྒྱ་དང༌། སྦྱོར་བ་ཞེས་བྱ་བ་ནས་བརྩམས་ནས། བསྟན་པར་བྱ་ཞེས་བྱ་བའི་མཐར། མཛེས་པའི་ཕྱག་རྒྱའི་མཚན་ཉིད་དང༌། རྩིབས་ཞེས་བྱ་བ་ལ་སོགས་པས། ཤེས་རབ་མ་ལ་འཁྱུད་པའི་ཕྱག་རྒྱ་དང༌། ལག་གཉིས་ཞེས་བྱ་བ་ནས་བརྩམས་ནས། དགྲ་སྟ་ལའོ་ཞེས་བྱ་བའི་མཐར། གཡས་ཕྱོགས་ཀྱི་མཚན་མའི་ཕྱག་རྒྱ་དང༌། སྟེང་དུ་ཞེས་བྱ་བ་ནས་བརྩམས་ནས། མཐེའུ་ཆུང་ངོ་ཞེས་


DTG013_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་བའི་མཐར། གླང་པོ་ཆེའི་བའི་ཕྱག་རྒྱ་དང༌། དཔུང་གཡོན་ཞེས་བྱ་བ་ནས་བརྩམས་ནས། སྤྱོར་བའི་ཞེས་བྱ་བའི་མཐར། གཡོན་ཕྱོགས་ཀྱི་མཚན་མ་རྣམས་ཀྱི་ཕྱག་རྒྱ་དང༌། རྣ་ཆ་ལ་སོགས་པའི་ཕྱག་རྒྱ་དང༌། མཐེ་བོ་ཞེས་བྱ་བ་ནས་བརྩམས་ནས། རིགས་ཀྱི་ཕྱག་རྒྱ་ཁྱད་པར་འཕགས་སོ་ཞེས་བྱ་བའི་མཐར། མཁའ་འགྲོ་མ་ལ་སོགས་པའི་རིགས་ཀྱི་ཕྱག་རྒྱ་དང༌། མཛུབ་མོ་མཐའ་ཞེས་བྱ་བ་ནས་བརྩམས་ནས། གཞན་མའོ་ཞེས་བྱ་བའི་མཐར། འབར་བའི་ཕྱག་རྒྱ་དང་མཛུབ་མོ་ངེས་པར་སྟོན་འགྱུར་ཞེས་བྱ་བ་ནས་བརྩམ་ནས། མཐེ་བོང་བརྒྱད་པས་སོ་ཞེས་བྱ་བའི་མཐར། ཕེབས་པར་སྨྲ་བའི་ཕྱག་རྒྱ་དང༌། ཆོས་ཞེས་བྱ་བ་ནས་བརྩམས་ནས། ཁྱོད་ཀྱི་རྒྱུ་མ་ཟ་བར་བྱ། །ཞེས་བྱ་བའི་མཐར་ཁྲོ་བོའི་ཕྱག་རྒྱ་དང༌། སྒེག་མོ་ཞེས་བྱ་བ་ནས་བརྩམས་ནས། དེའི་རང་བཞིན་ཕྱག་རྒྱའོ་ཞེས་བྱ་བའི་མཐར། ཕྱག་རྒྱའི་ལན་ལ་སོགས་པ་དང༌། ཟུར་མིག་ཅེས་བྱ་བ་ནས་བརྩམས་ནས། རྣལ་འབྱོར་པས་ནི་རིག་པར་བྱ། །ཞེས་བྱ་བའི་མཐར། ལྟ་སྟངས་ཀྱི་མཚན་ཉིད་དང༌། ཆ་དྲུག་ཆ་ཞེས་བྱ་བ་ནས་བརྩམས་ནས། ཕྱག་རྒྱ་བཟང་མོས་འབིགས་ཞེས་བྱ་བའི་མཐར། སློབ་མ་རྣམས་ལ་སྤྱིན་པའི་ངེས་པ་དང༌། སེམས་ཅན་གང་ཞིག་ཅེས་བྱ་བ་ནས་བརྩམས་ནས། བྱང་ཆུབ་སྤྱོད་པ་ལ་གནས་ཞེས་བྱ་བའི་མཐར། སྙིང་རྗེས་དབང་བསྐུར་བ་དང༌། རྫས་ནི་མི་འབྱོར་ཞེས་བྱ་བ་ནས་བརྩམས་ནས། དེས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་བྱ་བའི་མཐར། ཀུན་སྤངས་པའི་སློབ་མ་ལ་དབང་བསྐུར་བའི་ཆོ་ག་དང། གཞན་རྣམས་ཞེས་བྱ་བའི་རྐང་པ་གཅིག་གིས་གཞན་རྣམས་ལ་དག་པ་དང༌། དབང་གི་མཐར་ཞེས་བྱ་བ་ནས་བརྩམས་ནས། རང་རང་གནས་སུ་གཤེགས་སུ་གསོལ། །ཞེས་བྱ་བའི་མཐར། དཀྱིལ་འཁོར་གཤེགས་སུ་གསོལ་བ་དང༌། ཚོགས་ཀྱི་འཁོར་ལོའི་ཆོ་ག་དང༌། དགྲ་ཞེས་བྱ་བ་ནས་བརྩམས་ནས། དེ་ལ་འཇོམས་པར་འགྱུར་ཞེས་བྱ་བའི་མཐར། བར་ཆོད་དུ་གྱུར་པའི་འཇིགས་པ་བཅུ་དྲུག་འཇོམས་པར་བསྟན་ཏོ།། །།དེ་ནས་བསྒྲུབ་པའི་ལེའུ་ལས་དོན་ཅི་གསུངས་ཤེ་ན། ཐོབ་ཅེས་བྱ་བ་ནས་བརྩམས་ནས། གཙོ་བོའི་སྒྲུབ་ཐབས་ཡང་དག་ཞུ། །


DTG013_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བའི་མཐར། བསྒྲུབ་པའི་ལེའུ་བསྟན་པར་བྱ་བའི་ཕྱིར། ཞུ་བ་དང༌། ཟླ་བའི་ཟང་ཚིག་གསན་ཞེས་བྱ་བ་ལ་སོགས་པའི་འཆད་པར་འགྱུར་བའི་རིམ་པས་དེ་བཞིན་གཤེགས་བསལ་ལན་བཀའ་སྩལ་བ་དང༌། སྐུ་ཟླ་ཞེས་བྱ་བ་ནས་བརྩམས་ནས། དུས་ཀྱི་འཁོར་ལོ་བསྒྲུབ་པར་བྱ། །ཞེས་བྱ་བའི་མཐར། ལུས་རྣམ་པར་དག་པས་བཅོམ་ལྡན་འདས་ཀྱི་སྐུའི་མཚན་ཉིད་དང༌། སྐྱེད་མོས་ཚལ་ཞེས་བྱ་བ་ནས་བརྩམས་ནས། དེར་ནི་བསྒྲུབ་པར་བྱའོ་ཞེས་བྱ་བའི་མཐར། བསྒྲུབ་པའི་གནས་ཀྱི་ངེས་པ་དང༌། སྔར་བརྗོད་ཅེས་བྱ་བ་ནས་བརྩམས་ནས། སེམས་ཅན་དོན་གྱི་ཕྱིར་ཞེས་བྱ་བའི་མཐར། གནས་བསྒྲུང་བ་ལ་སོགས་པ་དང༌། སྟོང་པ་ཞེས་བྱ་བ་ནས་བརྩམས་ནས། དཀྱིལ་འཁོར་དབང་ཕྱུག་གོ་ཞེས་བྱ་བའི་མཐར། སྟོང་པ་ཉིད་ཀྱི་མཚན་ཉིད་དང༌། ཆུ་ཡིས་ཞེས་བྱ་བ་ནས་བརྩམས་ནས། ས་ཡི་དབུས་སུ་དགོད་པར་བྱ། །ཞེས་བྱ་བའི་མཐར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུང་པོ་བླང་བ་དང་དོར་བའི་མཚན་ཉིད་དང༌། སྟོང་པ་ཞེས་བྱ་བ་ནས་བརྩམས་ནས། རྒྱལ་བའི་ལོངས་སྤྱོད་འཁོར་ལོ་བཟང༌། །ཞེས་བྱ་བའི་མཐར། ཕྱི་དང་ནང་དུ་སྐྱེ་གནས་སྤྱང་པའི་ཆོ་ག་དང༌། ཨ་སོགས་ཞེས་བྱ་བ་ནས་བརྩམས་ནས། དུས་ཀྱི་འཁོར་ལོ་བསྒོམ་པར་བྱ། །ཞེས་པའི་མཐར། བཅོམ་ལྡན་འདས་ཀྱི་སྐུ་རྫོགས་པ་དང༌། རྡོ་རྗེ་ཞེས་བྱ་བ་ནས་བརྩམས་ནས། ལྷ་མོ་ཞེས་བྱ་བའི་མཐར། བཅོམ་ལྡན་འདས་ཀྱི་སྐུའི་དབྱིབས་ལ་སོགས་པ་དང༌། གསེར་འདྲ་རིག་བྱེད་ཞལ་ཞེས་བྱ་བ་ནས་བརྩམས་ནས། རྒྱས་བཏབ་པོ་ཞེས་བྱ་བའི་མཐར། བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་གྱི་སྐུའི་མཚན་ཉིད་དང༌། འདབ་བརྒྱད་ལྷ་མོ་བརྒྱད་ནི་ཞེས་བྱ་བ་ནས་བརྩམས་ནས། དཀར་མོའི་ཞེས་བྱ་བའི་མཐར། དུ་བ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་མཚན་ཉིད་དང༌། ཕྱོགས་ཀྱི་པདྨ་ཞེས་བྱ་བ་ནས་བརྩམས་ནས། ལྷ་མོ་རྣམས་ཞེས་བྱ་བའི་མཐར། དོན་ཡོད་གྲུབ་པ་ལ་སོགས་པ་དང༌། སྒྲོལ་མ་ལ་སོགས་པའི་གནས་དང༌། སྐུའི་མཚན་ཉིད་དང༌། ནམ་མཁའི་སྙིང་ཞེས་བྱ་བ་ནས་བརྩམས་ནས། གདན་རྒྱས་པ་ཞེས་བྱ་བའི་མཐར། དབང་པོ་དང་ཡུལ་དང༌། ལས་


DTG013_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་དབང་པོ་རྣམས་ཀྱི་མཚན་ཉིད་དང༌། ནག་པོ་རྣམས་ཞེས་བྱ་བ་ནས་བརྩམས་ནས། ཤར་གྱི་ལྷ་ལ་སོགས་པའི་ལྷ། །ཞེས་བྱ་བའི་མཐར། དོན་ཡོད་གྲུབ་པ་ལ་སོགས་པའི་ཕྱག་མཚན་རྣམས་དང༌། དུ་བ་ལ་སོགས་ཞེས་བྱ་བ་ནས་བརྩམས་ནས། རབ་དམར་འགྱུར་ཞེས་བྱ་བའི་མཐར། དཀྱིལ་འཁོར་གྱི་ངེས་པ་དང༌། ཕྱི་རུ་ཞེས་བྱ་བ་ནས་བརྩམས་ནས། མཚན་བཅས་སོ་ཞེས་བྱ་བའི་མཐར་གསུང་གི་དཀྱིལ་འཁོར་ལ་གནས་པའི་ཙར་ཙི་ཀ་ལ་སོགས་པའི་ལྷ་མོ་བདུན་ཅུ་རྩ་གཉིས་ཀྱི་མཚན་ཉིད་དང༌། དེའི་ཕྱིར་རོལ་ཞེས་པ་ནས་བརྩམས་ནས། ལོའི་སྦྱོར་བས་སོ་ཞེས་བྱ་བའི་མཐར། སྐུའི་དཀྱིལ་འཁོར་ལ་གནས་པའི་གནོད་སྤྱིན་ལ་སོགས་པའི་ལྷ་བཅུ་གཉིས་དང༌། དེ་རྣམས་ཀྱི་འཁོར་དུ་གྱུར་པའི་ལྷ་མོ་སུམ་བརྒྱ་བཞི་བཅུ་རྩ་བརྒྱད་ཀྱི་མཚན་ཉིད་དང༌། སྒོ་ལྷ་ཞེས་བྱ་བ་ནས་བརྩམས་ནས། རིག་པས་རིག་པར་བྱའོ། །ཞེས་བྱ་བའི་མཐར། སྐུའི་དཀྱིལ་འཁོར་གྱི་སྒོ་ལ་གནས་པའི་ལྷ་མོ་འོད་ཟེར་ཅན་མ་ལ་སོགས་པ་རྣམས་ཀྱི་མཚན་ཉིད་དང༌། ཀ་བའི་འོག་ཏུ་ཞེས་བྱ་བ་ནས་བརྩམས་ནས། སྟོབས་ཀྱི་རྒྱུ་ལ་སོགས་པའོ་ཞེས་བྱ་བའི་མཐར། ཀླུ་རྣམས་ཀྱི་མཚན་ཉིད་དང༌། ཁྱི་གདོང་ཞེས་བྱ་བ་ནས་བརྩམས་ནས། གཡོ་བའི་མཐར་ཞེས་བྱ་བའི་མཐར། དུར་ཁྲོད་ལ་སོགས་པའི་ཁྱི་གདོང་མའི་མཚན་ཉིད་དང༌། ཡི་དགས་དམར་མོ་ཞེས་བྱ་བ་ནས་བརྩམས་ནས། ར་བ་རིམ་པས་སོ་ཞེས་བྱ་བའི་མཐར། ཙར་ཙི་ཀ་ལ་སོགས་པའི་དང༌། བདེན་བྲལ་ལ་སོགས་པའི་གདན་གྱི་ངེས་པ་དང༌། བི་རུན་ཏ་ཞེས་བྱ་བ་ནས་བརྩམས་ནས། མིག་གསུམ་པ་ཞེས་བྱ་བའི་མཐར། ཁྱི་གདོང་མ་ལ་སོགས་པའི་གདན་གྱི་ངེས་པ་དང༌། འོད་ཟེར་ཅན་ལས་ཞེས་བྱ་བ་ནས་བརྩམས་ནས། ཁྲོ་གཉེར་རི་ཞེས་བྱ་བའི་མཐར། ཁྲོ་བོའི་ལྷ་མོ་རྣམས་ཀྱི་ངེས་པ་དང༌། དྲི་དང་ཕྲེང་བ་ཞེས་བྱ་བ་ནས་བརྩམས་ནས། རྣལ་འབྱོར་མའི་བྱ་བའོ་ཞེས་བྱ་བའི་མཐར་མཆོད་པའི་ལྷ་མོ་རྣམས་དང༌། འདོད་མ་རྣམས་དང༌། དང་ལྡོག་མ་རྣམས་ཀྱི་མཚན་ཉིད་དང༌། དེ་ལྟར་རྡོ་རྗེ་ཅན་ཞེས་བྱ་བ་ནས་བརྩམས་ནས། དཀྱིལ་འཁོར་བདག་པར་བ་བྱ་ཞེས་བྱ་བའི་མཐར། རྟག་པ་དང་ནི་མི་རྟག་པའི་མཚན་ཉིད་དང༌། དཔལ་ལྡན་རྡོ་རྗེ་ཅན་


DTG013_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ནས་བརྩམས་ནས། ཉི་ཟླ་མ་ཞིག་གོ་ཞེས་བྱ་བའི་མཐར། རྟེན་དང་བརྟེན་པ་དང༌། པདྨའི་སྡོང་བུ་ལ་སོགས་པའི་ས་བོན་དང༌། བོ་ཡིག་ཅེས་བྱ་བ་རྣམས་བརྩམས་ནས། དཀྱིལ་འཁོར་མ་ལུས་སྤྲོ་བའོ། །ཞེས་བྱ་བའི་མཐར། བཅོམ་ལྡན་འདས་སྟོང་པར་བཞུགས་པ་དང། སྟོང་པ་ལས་བཞེངས་པ་དང༌། སྔོན་པོའི་འོད་ཅེས་བྱ་བ་ནས་བརྩམས་ནས། རོ་མཉམ་བྱེད་པའོ་ཞེས་བྱ་བའི་མཐར། ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་ལ་སོགས་པ་དང༌། སེམས་རྫོགས་སྦྱོར་བ་ལ་ཞེས་བྱ་བ་ནས་བརྩམས་ནས། ཉི་ཟླ་བསྒོམ་ཞེས་བྱ་བའི་མཐར། ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའ་རོ་མཉམ་པ་ཉིད་དང༌། ལྷ་རྣམས་ཀྱི་ངེས་པ་དང༌། གཡོན་བརྐྱང་ཞེས་བྱ་བ་ནས་བརྩམས་ནས། དེ་བཞིན་ནོ་ཞེས་བྱ་བའི་མཐར་ལྷ་མོ་རྣམས་ཀྱི་འདུག་སྟངས་ཀྱི་ངེས་པ་དང༌། གཡས་བསྐྱང་ཞེས་བྱ་བ་ནས་བརྩམས་ནས། རྡོ་རྗེའི་གར་གྱི་རྒྱུ་ཞེས་བྱ་བའི་མཐར། འདུག་སྟངས་ཀྱི་མཚན་ཉིད་དང༌། རྡོ་རྗེ་ཞེས་བྱ་བ་ནས་བརྩམས་ནས། གཞན་མའོ་ཞེས་བྱ་བའི་མཐར། རྒྱས་གདབ་པའི་ངེས་པ་དང༌། ས་ལ་འཁོར་ལོ་ཞེས་བྱ་བ་ནས་བརྩམས་ནས། གཞོམ་མེད་ཅེས་བྱ་བའི་མཐར། འཁོར་ལོ་ལ་སོགས་པའི་མཚན་མ་རྣམས་ཀྱི་སྐྱེ་གནས་ཀྱི་ངེས་པ་དང༌། ནཱ་ད་ཞེས་བྱ་བ་ནས་བརྩམས་ནས། གང་ཞིག་གང་གི་མངོན་པར་ཕྱོགས་པ་ཞེས་བྱ་བའི་མཐར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་ཀྱིས་བོན་གྱི་ངེས་པ་དང༌། དཔལ་ལྡན་རྡོ་རྗེ་ཅན་ཞེས་བྱ་བ་ནས་བརྩམས་ནས། སྣ་ཚོགས་ཡུམ་གྱི་ལྷག་མའོ་ཞེས་བྱ་བའི་མཐར། བསྐྱེད་བྱ་སྐྱེད་བྱེད་ཀྱི་ངེས་པ་དང༌། ལྷ་དང་སངས་རྒྱས་ཞེས་བྱ་བ་ནས་བརྩམས་ནས། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཞེས་བྱ་བའི་མཐར། སྐུའི་དཀྱིལ་འཁོར་ལྷ་རྣམས་ཀྱི་སྐུ་བཞི་རྣམ་པར་དག་པ་དང༌། གཟུང་འཛིན་ཞས་བྱ་བ་ནས་བརྩམས་ནས། རྣམ་ཤེས་དབྱེ་པས་སོ་ཞེས་བྱ་བའི་མཐར། སྐུ་བཞི་དང་རྡོ་རྗེ་བཞིའི་སྦྱོར་བ་དང༌། རྡོ་རྗེ་རྣམས་ནི་སྭཱཧཱའི་མཐར་ལྡན་ཞེས་བྱ་བ་ནས་བརྩམས་ནས། ཁྲུས་གསོལ་ཞེས་བྱ་བའི་མཐར། སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་དང༌། སྟོང་པ་ཞེས་བྱ་བ་ནས་བརྩམས་ནས། དེ་ཡི་རང་བཞིན་བདག་ཡིན་ནོ། །ཞེས་བྱ་བའི་


DTG013_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཐར། སྟོང་པ་ལ་སོགས་པའི་ང་རྒྱལ་བྱ་བ་དང༌། བུམ་པ་ཞེས་བྱ་བ་ནས་བརྩམས་ནས། སོར་མོའི་ཚིགས་རྣམས་ལའོ་ཞེས་བྱ་བའི་མཐར། ལྷ་རྣམས་ཀྱི་སྟེ་འཁོར་ལོའི་རྣམ་པར་དག་པ་དང༌། དཔལ་ལྡན་རྡོ་རྗེ་ཅན་ཞེས་བྱ་བ་ནས་བརྩམས་ནས། སྣ་ཚོགས་ཡུལ་ནི་རྣམ་པར་དག །ཅེས་བྱ་བའི་མཐར། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དང༌། སྣ་ཚོགས་ཡུམ་གྱི་རྣམ་པར་དག་པ་དང༌། དུ་བ་ལ་སོགས་པ་ཞེས་བྱ་བ་ནས་བརྩམས་ནས། བྱང་ཆུབ་སེམས་ཚོགས་སོ་ཞེས་བྱ་བའི་མཐར། དུ་བ་ལ་སོགས་པའི་རྣམ་པར་དག་པ་དང༌། འདུ་བྱེད་ཅེས་བྱ་བ་ནས་བརྩམས་ནས། ཡེ་ཤེས་སྦྱོར་བས་སོ་ཞེས་པའི་མཐར། དོན་ཡོད་གྲུབ་པ་ལ་སོགས་པའི་རྣམ་པར་དག་པ་དང༌། དཔལ་ལྡན་དག་གིས་ནི་ཞེས་བྱ་བ་ནས་བརྩམས་ནས། རྣམ་པ་ཞིས་སོ་ཞེས་བྱ་བའི་མཐར། ལྷན་ཅིག་སྐྱེས་པའི་སྐུ་ལས་ཆོས་ཀྱི་སྐུ་ལ་སོགས་པ་འབྱུང་བ་དང༌། སྤྲུལ་པ་ཞེས་བྱ་བས་ནས་བརྩམས་ནས། མི་འགྱུར་དོན་དུའོ་ཞེས་བྱ་བའི་མཐར། སྐུ་བཞིའི་བྱ་བ་དང༌། གཡོན་དུ་ཞེས་བྱ་བ་ནས་བརྩམས་ནས། སྲོག་རླུང་རྣམ་པ་ལྔ་ཞེས་བྱ་བའི་མཐར། འདུག་སྟངས་ཀྱི་རྣམ་པར་དག་པ་དང༌། གཏུམ་མོ་ཞེས་བྱ་བ་ནས་བརྩམས་ནས། འགུགས་པར་བྱ་ཞེས་བྱ་བའི་མཐར། ཐིག་ལེའི་རྣལ་འབྱོར་དང༌། ཉི་ཟླ་ཞེས་བྱ་བ་ནས་བརྩམས་ནས། གཞོམ་མེད་ཡིན་ཞེས་བྱ་བའི་མཐར། སྔགས་བཟླས་པའི་ཆོ་ག་དང༌། བསྙེན་པ་ཞེས་བྱ་བ་ལ་སོགས་པའི་རྐང་པ་གཅིག་གིས་བསྙེན་པའི་མཚན་ཉིད་དང༌། སོ་སོར་ཞེས་བྱ་བ་ལ་སོགས་པའི་རྐང་པ་གཅིག་གིས་ཉེ་བར་བསྒྲུབ་པ་དང༌། དགའ་བ་ཞེས་བྱ་བ་ལ་སོགས་པའི་རྐང་པ་གཅིག་གིས་སྒྲུབ་པ་དང༌། ཤེས་རབ་སྦྱོར་ལས་ཞེས་བྱ་བ་ལ་སོགས་པའི་རྐང་པ་གཅིག་གིས་སྒྲུབ་པ་ཆེན་པོ་དང༌། དང་པོ་ཞེས་བྱ་བ་ནས་བརྩམས་ནས། དེ་བཞིན་ནོ་ཞེས་བྱ་བའི་མཐར། བསྙེན་པ་ལ་སོགས་པའི་འབྲིང་པོ་དང༌། སོ་སོར་སྡུད་པ་ཞེས་བྱ་བ་ནས་བརྩམས་ནས། ཨ་དང་ཀ་ལ་སོགས་པས་འབྱེད། །ཅེས་བྱ་བའི་མཐར། སྦྱོར་བའི་ཡན་ལག་དྲུག་གི་དོན་དང༌། སོ་སོར་ཞེས་བྱ་བ་ནས་བརྩམས་ནས། ཀུན་རྟོག་ལྷ་ཞེས་བྱ་བའི་མཐར། སོ་སོར་སྤོང་བ་ལ་སོགས་པའི་མཚན་ཉིད་དང༌། སོ་སོར་སྡུད་པ་ཞེས་བྱ་བ་


DTG013_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས་བརྩམས་ནས། ཡེ་ཤེས་སྐུ་ནི་སྒྲུབ་པར་འགྱུར། །ཞེས་བྱ་བའི་མཐར། སོ་སོར་སྤོང་བ་ལ་སོགས་པའི་འབྲས་བུ་དང༌། སོ་སོར་སྡུད་པ་ལ་སོགས་པའི་ཞེས་བྱ་བ་ནས་བརྩམས་ནས། ཐིག་ལེ་འགགས་ནས་སོ་ཞེས་བྱ་བའི་མཐར། དྲག་ཤུལ་གྱི་རྣལ་འབྱོར་དང༌། བསྙེན་པ་ཞེས་བྱ་བ་ནས་བརྩམས་ནས། ཡེ་ཤེས་སྦྱོར་བས་སོ་ཞེས་བྱ་བའི་མཐར། སྟོང་པ་ཉིད་ཀྱི་ལྟ་བ་དང༌། སྲོག་རྩོལ་ཞེས་བྱ་བ་ནས་བརྩམས་ནས། འཇིག་རྟེན་པ་རྣམས་འཕྱག་བའོ། །ཞེས་བྱ་བའི་མཐར། སྲོག་འཇུག་པའི་ངས་པ་དང༌། དབུས་སུ་ཞེས་བྱ་བ་ནས་བརྩམས་ནས། གསང་ཆེན་ནོ་ཞེས་བྱ་བའི་མཐར། ལམ་ཁྱད་པར་དུ་གྱུར་པ་དང༌། གཙུག་ཏོར་ཞེས་བྱ་བ་ནས་བརྩམས་ནས། དཀྱིལ་ན་གནས་ཞེས་བྱ་བའི་མཐར། ལྷ་རྣམས་གཤེགས་སུ་གསོལ་བ་དང༌། རྣལ་འབྱོར་པས་ཞེས་བྱ་བ་ནས་བརྩམས་ནས། འདོད་པའི་དངོས་གྲུབ་གང་གིས་རབ་སྟེར་ཞེས་བྱ་བའི་མཐར། རྣལ་འབྱོར་པ་རྣམས་ལ་སྤྱོད་པའི་ངེས་པ་དང༌། བསམ་པ་ཞེས་བྱ་བ་ནས་བརྩམས་ནས། འདོད་པ་དེ་དག་གང་ཡིན་ཞེས་བྱ་བའི་མཐར། གནས་སྐབས་བཅུའི་མཚན་ཉིད་དང༌། གང་ཞིག་ཐིག་ལེ་ཞེས་བྱ་བ་ནས་བརྩམས་ནས། གཞན་ཡང་རྣམ་པ་བཞི་ཞེས་བྱ་བའི་མཐར། ནང་གི་སྤྱོད་པ་དང་ཡན་ལག་གཅིག་ཅེས་བྱ་བ་ནས་བརྩམས་ནས། འདི་ནི་བསྒོམས་ན་འགྲུབ་པར་འགྱུར། །ཞེས་བྱ་བའི་མཐར། འཇིག་རྟེན་གྱི་དངོས་གྲུབ་མཚན་ཉིད་དང༌། དཀར་པོ་ཞེས་བྱ་བ་ནས་བརྩམས་ནས། ལས་ཀྱི་དབྱེ་བས་འགྲུབ་ཅེས་བྱ་བའི་མཐར། ལྷ་བསྒོམ་པའི་ཚིག་དང༌། ཕྱོགས་ཞེས་བྱ་བ་ནས་བརྩམས་ནས། གཞན་གྱི་དོན་དུ་བསྒོམ་ཞེས་བྱ་བའི་མཐར། བཅོམ་ལྡན་འདས་རྡོ་རྗེ་ཤུགས་ཀྱི་མཚན་ཉིད་དང༌། དེ་རུ་ཡུམ་ཆེན་ཞེས་བྱ་བ་ནས་བརྩམས་ནས། རབ་ཏུ་རྒྱུ་ཞེས་བྱ་བའི་མཐར། རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱའི་མཚན་ཉིད་དང༌། ཚིག་ཅེས་བྱ་བ་ནས་བརྩམས་ནས། དུས་ཀྱི་འཁོར་ལོ་ཞེས་བྱ་བའི་མཐར། སྣ་ཚོགས་གཟུགས་ཀྱི་བསྒོམ་པ་དང༌། ཁྲོ་དབང་ཞེས་བྱ་བ་ནས་བརྩམས་ནས། སྒྲུབ་པར་བྱེད་ཅེས་བྱ་བའི་མཐར། འབྱུང་པོ་ལ་སོགས་པའི་སྒྲུབ་པ་དང༌། ཀླུ་ཞེས་བྱ་བ་ནས་བརྩམས་ནས། སྤྲིན་གྱི་ཚོགས་ནི་གྲུབ་པར་བྱེད། །ཅེས་བྱ་


DTG013_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའི་མཐར། ཆར་དབབ་པའི་ཆོ་ག་དང༌། དེ་ལ་སོགས་པ་ཞེས་བྱ་བ་ནས་བརྩམས་ནས། ས་བོན་འགྱུར་བ་ཞེས་བྱ་བའི་མཐར། ལས་ཀྱི་དབྱེ་བས་ལྷའི་བསྒྲུབ་པ་དང་ཞི་བར་ཞེས་བྱ་བ་ནས་བརྩམས་ནས། ཁེངས་པའི་གཟུགས་ཞེས་བྱ་བའི་མཐར། ཞི་བ་ལ་སོགས་པའི་བསམ་གཏན་གྱི་ངེས་པ་དང༌། ཞི་བ་ཞེས་བྱ་བ་ནས་བརྩམས་ནས། འཚོ་བ་ཞེས་བྱ་བའི་མཐར། སངས་རྒྱས་ལ་སོགས་པའི་རིགས་ཀྱི་ཞི་བ་ལ་སོགས་པའི་བསྒྲུབ་པ་དང༌། དང་པོ་ཞེས་བྱ་བ་ནས་བརྩམས་ནས། གཞན་དུ་ལས་ཀྱི་གྲུབ་པ་མེད། །ཅེས་བྱ་བའི་མཐར། ལས་ཐམས་ཅད་ཀྱི་བསྒྲུབ་པའི་རྒྱུ་དང༌། གཙོ་བོ་ཞེས་བྱ་བ་ནས་བརྩམས་ནས། ལྷ་མོ་ཞེས་བྱ་བའི་མཐར། བསྒོམ་པའི་ངེས་པ་དང༌། ཛཿཧཱུཾ་བཾ་ཧོཿ་ཞེས་བྱ་བ་ནས་བརྩམས་ནས། གྲི་གུག་གོ་ཞེས་བྱ་བའི་མཐར། མཚན་མ་རྣམས་སྐྱེ་བའི་ས་བོན་དང༌། བསྒོམ་ཞིང་ཞེས་བྱ་བ་ནས་བརྩམས་ནས། མངལ་ནས་སྐྱེས་པར་སྨོས་ཅི་དགོས། ཞེས་བྱ་བའི་མཐར། ཞི་བ་ལ་སོགས་པར་སྔགས་བསྒྲུབ་པའི་དོན་དུ་ལྷའི་ཏིང་ངེ་འཛིན་དང༌། ཞི་དང་རྒྱས་ལ་སོགས་པ་ཞེས་བྱ་བ་ནས་བརྩམས་ནས། གསད་དང་གསོ་ལའོ་ཞེས་བྱ་བའི་མཐར་ཞི་བ་ལ་སོགས་པའི་བསམ་གཏན་གཞན་དང༌། ཟད་པར་ས་ནི་ཞེས་བྱ་བ་ནས་བརྩམས་ནས། མི་མཐོང་བའོ་ཞེས་བྱ་བའི་མཐར། ཟད་པར་ས་ལ་སོགས་པའི་བསྒོམ་པ་དང༌། བསམ་གཏན་ཞེས་བྱ་བ་ནས་བརྩམས་ནས། ལྷ་མིན་གཞོམ་ཞེས་བྱ་བའི་མཐར། དུད་འགྲོའི་གཞོམ་པའི་བསམ་གཏན་དང༌། དཔལ་གྱི་སྔགས་ཞེས་བྱ་བ་ནས་བརྩམས་ནས། བསྒྲུབ་པར་བྱ་ཞེས་བྱ་བའི་མཐར། ལས་བསྒྲུབ་པ་ལ་དང་པོའི་ངེས་པ་དང༌། དཔའ་བོ་ཞེས་བྱ་བ་ནས་བརྩམས་ནས། ལྷ་མིན་དབང་པོ་བསྒྲུབ་པར་བྱ། །ཞེས་བྱ་བའི་མཐར། ལྷ་མིན་གྱི་དབང་པོ་བསྒྲུབ་པའི་ཆོ་ག་དང༌། མིང་གི་དབང་པོ་ཞེས་བྱ་བ་ནས་བརྩམས་ནས། ཐུགས་ཀྱི་དབྱེ་བས་སོ་ཞེས་བྱ་བའི་མཐར། སྔགས་ཀྱི་མཚན་ཉིད་དང༌། སོ་སོ་ཞེས་བྱ་བ་ནས་བརྩམས་ནས། སྔགས་ཀྱི་སྐྱེ་གནས་བསྒྲུབ་ཅེས་བྱ་བའི་མཐར། སྔགས་བཟླས་པའི་གྲངས་དང༌། སྒྲུབ་བྱེད་ཅེས་བྱ་བ་ནས་བརྩམས་ནས། དེ་ནས་ཕྱུང་སྟེ་བླང་བར་བྱ། །ཞེས་བྱ་བའི་མཐར། རི་ལུ་དང་མིག་སྨན་ལ་སོགས་པའི་བསྒྲུབ་པའི་ཆོ་ག་དང༌། སྲོག་ལྡན་ཞེས་བྱ་བ་ནས་བརྩམས་ནས།


DTG013_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཁའ་ལྡིང་དབང་པོ་བསྒྲུབ་པར་བྱ། །ཞེས་བྱ་བའི་མཐར། མཁའ་ལྡིང་གི་བསམ་གཏན་ལ་སོགས་པ་དང༌། རིག་བྱེད་ཅེས་བྱ་བ་ནས་བརྩམས་ནས། རྡོ་རྗེ་རྣོན་སོགས་ཡི་གེ་རྣམས། །ཞེས་བྱ་བའི་མཐར། འཁོར་ལོ་དྲུག་གི་འཁྲུལ་འཁོར་དང༌། རྩིབས་བརྒྱད་ཅེས་བྱ་བ་ནས་བརྩམས་ནས། ཕྱི་རོལ་ཐམས་ཅད་སྔོན་དང་མཚུངས། །ཞེས་བྱ་བའི་མཐར། གཤིན་རྗེའི་གཤེད་ཀྱི་འཁྲུལ་འཁོར་དང༌། ཡི་གེ་རྣམས་ཞེས་བྱ་བ་ནས་བརྩམས་ནས། ང་ཡི་དྲིན་གྱིས་གྲུབ་ཅེས་བྱ་བའི་མཐར། འཇམ་དཔལ་གྱི་འཁྲུལ་འཁོར་དང༌། གང་ཞིག་དགྲ་ཞེས་བྱ་བ་ནས་བརྩམས་ནས། མཆོད་དང་ལ་བྲིག་པ་ལའོ་ཞེས་བྱ་བའི་མཐར། སྤྱི་དང་ཁྱད་པར་དུ་གྱུར་པའི་དོན་གྱི་ངེས་པ་དང་མངོན་སུམ་དུ་ཞེས་བྱ་བ་ནས་བརྩམས་ནས། རི་མོ་ལ་སོགས་པ་བསྟན་པར་བྱ་ཞེས་བྱ་བའི་མཐར། བསྐྱེད་པ་དང་རྫོགས་པའི་རིམ་པས་ལྷའི་དམིགས་པ་དང༌། གཟུགས་སམ་ཞེས་བྱ་བ་ནས་བརྩམས་ནས། འགྱུར་མེད་ཉིད་དུ་འགྲོ་ཞེས་བྱ་བའི་མཐར། རྣམ་པར་རྟོག་པ་བསྒོམ་པའི་ཐབས་དང༌། རྣམ་པར་མི་རྟོག་པ་བསྒོམ་པའི་ཆོ་ག་དང༌། རྒྱུད་རྒྱལ་ཀུན་དུ་ཞེས་བྱ་བ་ནས་བརྩམས་ནས། དུས་ཀྱི་འཁོར་ལོ་གཞོམ་དུ་མེད། །ཅེས་བྱ་བའི་མཐར། རྡོ་རྗེ་ཚིག་གི་ངེས་པ་བསྟན་པའོ།། །།དེ་ནས་ཡེ་ཤེས་ཀྱི་ལེའུ་ལས་དོན་ཅི་བསྟན་ཅེ་ན། དང་པོ་རེ་ཞིག་ཅུང་ཞིག་ཅེས་བྱ་བ་ནས་བརྩམས་ནས། རྣལ་འབྱོར་མ་དྲུག་གོ་ཞེས་བྱ་བའི་མཐར། ཡེ་ཤེས་ཀྱི་ལེའུ་བསྟན་པར་བྱ་བ་དང༌། ཟླ་བ་བཟང་པོས་གསོལ་བ་བཏབ་པ་དང༌། ཟླ་བཟང་ཚིག་གསན་ཞེས་བྱ་བ་ནས་བརྩམས་ནས། དཀྱིལ་འཁོར་ལ་སོགས་ཞེས་བྱ་བའི་མཐར། དེ་བཞིན་གཤེགས་པས་བཀའ་སྩལ་བའི་ལན་དང༌། ཀ་བ་ཞེས་བྱ་བ་ནས་བརྩམས་ནས། དཀྱིལ་འཁོར་རྣམ་པ་གསུམ་ཞེས་བྱ་བའི་མཐར། ཁམས་རྣམ་པར་དག་པས་དཀྱིལ་འཁོར་གྱི་མཚན་ཉིད་དང༌། རྡོ་རྗེ་གསུང་ཞེས་བྱ་བ་ནས་བརྩམས་ནས། སྣ་ཚོགས་ཡུམ་གྱི་རང་བཞིན་ཞེས་བྱ་བའི་མཐར། ལྷའི་ཚོགས་ཀྱི་རྣམ་པར་དག་པ་དང༌། སྡེ་དྲུག་ཅེས་བྱ་བ་ནས་བརྩམས་ནས། ཀ་སོགས་སྡེ་ནི་ཕྱེ་ཞེས་བྱ་བའི་མཐར། རིགས་དྲུག་གི་སྔགས་དང༌། གཙུག་ཏོར་ཞེས་བྱ་བ་ནས་བརྩམས་ནས། སྡེ་བརྒྱད་དོ་ཞེས་པའི་མཐར། གཙུག་ཏོར་གྱི་རིགས་ལ་སོགས་པ་དང༌། སུམ་ཅུ་ཞེས་བྱ་བ་ནས་བརྩམས་ནས།


DTG013_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་དབང་ཕྱུག་གོ་ཞེས་བྱ་བའི་མཐར། ཡི་གེ་རེ་ར་ལས་རྒྱུད་བྱུང་བ་དང༌། ཕུང་པོ་ཞེས་བྱ་བ་ནས་བརྩམས་ནས། འཁོར་ལོའི་དབུས་སུ་གདན་ཞེས་བྱ་བའི་མཐར། ལྷ་རྣམས་ཀྱི་ནང་དུ་རྣམ་པར་དག་པ་དང༌། རྡོ་རྗེ་རྣམས་ཀྱིས་ཞེས་བྱ་བ་ནས་བརྩམས་ནས། ལྷ་དང་ལྷ་མོའམ་ཞེས་བྱ་བའི་མཐར། ཞལ་ལ་སོགས་པའི་དབྱེ་བ་དང༌། ས་བོན་གཅིག་ཅེས་བྱ་བ་ནས་བརྩམས་ནས། དཔག་མེད་འཁོར་ལོ་ཅན་ཞེས་བྱ་བའི་མཐར། སྔགས་ཀྱི་ལྷ་རྣམས་སྐྱེས་རབས་ཀྱི་རྣམ་པར་དག་པ་དང༌། དག་ཅིང་ཞེས་བྱ་བ་ནས་བརྩམས་ནས། ཐར་པའི་རྒྱུད་ཅེས་བྱ་བའི་མཐར། རིགས་དྲུག་གི་ལྷ་རྣམས་སྤྲོ་བ་དང༌། ཕྱོགས་འདབ་ལ་ཞེས་བྱ་བ་ནས་བརྩམས་ནས། མདུན་གྱི་ཞལ་ནས་སྤྲོ་བའོ། །ཞེས་བྱ་བའི་མཐར། ཤེས་རབ་ཀྱི་རྒྱུད་སྤྲོ་བ་དང༌། སྙིང་པོ་ཞེས་བྱ་བ་ནས་བརྩམས་ནས། ནུབ་ཀྱི་ཞལ་ནས་སྤྲོས་ཞེས་བྱ་བའི་མཐར། གསང་བ་འདུས་པ་ལ་སོགས་པ་སྤྲོ་བ་དང༌། ཐིག་ལེ་ཞེས་བྱ་བ་ནས་བརྩམས་ནས། རྡོ་རྗེ་ཕྲེང་བའོ་ཞེས་བྱ་བའི་མཐར། སྔོམ་པ་ཆེན་པོའི་དཀྱིལ་འཁོར་ལ་ཐིག་གདབ་པ་ལ་སོགས་པ་དང༌། རིང་ཐུང་ཞེས་བྱ་བ་ནས་བརྩམས་ནས། སའི་སྡེ་ཚན་ནོ་ཞེས་བྱ་བའི་མཐར། འཁོར་ལོ་དྲུག་ལ་སོགས་པའི་ལྷ་མོ་རྣམས་ཀྱི་ས་བོན་དང༌། མཁའ་འགྲོ་ཞེས་བྱ་བ་ནས་བརྩམས་ནས། ལྷ་མོ་རྣམ་པར་སྦྱངས་ཞེས་བྱ་བའི་མཐར། མཁའ་འགྲོ་མ་ལ་སོགས་པའི་སྐུའི་དབྱིབས་ལ་སོགས་པ་དང༌། ལྷུན་པོ་ཞེས་བྱ་བ་ནས་བརྩམས་ནས། གཞན་དུའོ་ཞེས་བྱ་བའི་མཐར། མཁའ་འགྲོ་མ་རྣམས་ཀྱི་ཕྱི་ནང་དུ་གནས་པ་ལ་སོགས་པ་དང༌། གཙུག་ཏོར་ཞེས་བྱ་བ་ནས་བརྩམས་ནས། མཚམས་ཞེས་བྱ་བའི་མཐར། ཆུ་སྲིན་ལ་སོགས་པའི་རྟེན་དུ་གྱུར་པའི་རྩ་རྣམས་དང༌། གཙོ་བོ་ཞེས་བྱ་བ་ནས་བརྩམས་ནས། འཁོར་ལོ་འདི་ཉིད་དོ་ཞེས་བྱ་བའི་མཐར། གཙོ་བོའི་གདན་གྱི་རྣམ་པར་དག་པ་དང༌། ཐབས་དང་ཤེས་རབ་ཀྱི་ཞེས་བྱ་བ་ནས་བརྩམས་ནས། མཁའ་འགྲོ་ཞེས་བྱ་བའི་མཐར། སྔགས་བཟླས་པའི་ཆོ་ག་དང༌། གང་ཞིག་དབུས་ནི་དབུས་མར་ཞེས་བྱ་བ་ནས་བརྩམས་ནས། དུས་ཀྱི་འཁོར་ལོར་འཁྱུད་ཅེས་བྱ་བའི་མཐར། དབུས་མའི་དབུགས་རྣམས་གྱིས་། སངས་རྒྱས་ཐམས་ཅད་ཀྱི་སྡོམ་པ་དང༌། ལྔ་གསུམ་ཞེས་བྱ་བ་ནས་


DTG013_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བརྩམས་ནས། ཉི་ཟླའི་གདན་ཞེས་བྱ་བའི་མཐར། གསང་བ་འདུས་པའི་ལྷ་རྣམས་ཀྱི་གདན་གྱི་རྣམ་པར་དག་པ་དང༌། རྩིབས་ཞེས་བྱ་བ་ནས་བརྩམས་ནས། ཁ་སྦྱོར་རོ་ཞེས་བྱ་བའི་མཐར། འཁོར་ལོ་གསུམ་གྱི་སྡོམ་པ་དང༌། སྒྱུ་འཕྲུལ་དྲ་བའི་གདན་གྱི་རྣམ་པར་དག་པ་དང༌། རླུང་ཞེས་བྱ་བ་ནས་བརྩམས་ནས། རྣམ་བཞིའོ་ཞེས་བྱ་བའི་མཐར། རླུང་ལ་སོགས་པའི་ལྷ་རྣམས་ཀྱི་ཞལ་གྱི་རྣམ་པར་དག་པ་དང༌། ཐུན་མཚམས་ཞེས་བྱ་བ་ནས་བརྩམས་ནས། དབུགས་མི་འཆད་ཅེས་བྱ་བའི་མཐར། ཞལ་ལ་སོགས་པའི་རྣམ་པར་དག་པ་དང༌། ཤེས་སྦྱར་ཞིང་ཞེས་བྱ་བ་ནས་བརྩམས་ནས། རྐང་པ་གཅིག་གིས་ཞེས་བྱ་བ་ལ་སོགས་པའི་རྒྱུད་ཀྱི་མཚན་ཉིད་དང༌། ཤེས་རབ་ཡན་ལག་ཅེས་བྱ་བ་ནས་བརྩམས་ནས། ལྷ་རྣམས་རིག་པར་བྱ་ཞེས་བྱ་བའི་མཐར། ལྷ་དང་ལྷ་མོ་རྣམས་ཀྱིས་ཕན་ཚུན་དུ་ལྟོས་པའི་མཚན་ཉིད་དང༌། ཤེས་རབ་རྒྱུད་ཅེས་བྱ་བ་ནས་བརྩམས་ནས། འཁོར་ལོ་གཅིག་པུའོ་ཞེས་བྱ་བའི་མཐར། ཐབས་དང་ཤེས་རབ་ཀྱི་རྒྱུད་ལ་སོགས་པ་སྤྲོ་བ་དང༌། སྤུ་དང་པགས་པ་ཞེས་བྱ་བ་ནས་བརྩམས་ནས། གཞོམ་མེད་དོ་ཞེས་བྱ་བའི་མཐར། ལུས་ལ་རྣམ་པ་བཅུའི་རྣམ་པར་དག་པ་དང༌། སྤུ་སོགས་ཞེས་བྱ་བ་ནས་བརྩམས་ནས། གང་ཞིག་གོ་ཞེས་བྱ་བའི་མཐར། ས་བཅུའི་སྐུ་ལ་སོགས་པའི་ཁམས་རྣམ་པར་དག་པ་དང༌། སངས་རྒྱས་སེམས་ཅན་ཡིན་ཏེ་ཞེས་བྱ་བ་ནས་བརྩམས་ནས། ལོངས་སྤྱོད་དག་གིས་སོ་ཞེས་བྱ་བའི་མཐར། མུ་སྟེགས་པ་དང་སངས་རྒྱས་པའི་ཆོས་ཀྱི་བྱེ་བྲག་ལ་སོགས་པ་དང༌། རླུང་རྣམས་ཕྲད་པས་ཞེས་བྱ་བ་ནས་བརྩམས་ནས། རིགས་གཞན་ལའོ་ཞེས་བྱ་བའི་མཐར། སྣ་ཚོགས་གཟུགས་ཀྱི་རྣལ་འབྱོར་པས་སྐད་ཅིག་ཐོབ་པ་དང༌། གང་ཞིག་ཡོན་ཏན་བྲལ་ཞེས་བྱ་བ་ནས་བརྩམས་ནས། བྱང་ཆུབ་སེམས་ཀྱི་བསྙེན་པའོ་ཞེས་བྱ་བའི་མཐར་བྱང་ཆུབ་ཀྱི་བསྙེན་པ་དང༌། གང་གིས་ཁྲག་ཅེས་བྱ་བ་ནས་བརྩམས་ནས། རྒྱུད་རྣམས་ཀུན་དུ་བསྟན་ཞེས་བྱ་བའི་མཐར། བདུད་རྩི་བཏུང་བ་དང༌། ཤེས་རབ་ཆོས་འབྱུང་ཞེས་བྱ་བ་ནས་བརྩམས་ནས། དེ་ནས་རྡོ་རྗེ་ཅན་གྱིས་གསོད། །ཅེས་བྱ་བའི་མཐར། བཟའ་བཏུང་བསྲུང་བའི་དམ་ཚིག་གི་ངེས་པ་དང༌། གང་ཞིག་ཅེས་བྱ་བ་ནས་བརྩམས་ནས། ཨེ་མ་ལས་ངན་རབ་ཏུ་འཇུག །ཅེས་བྱ་བའི་མཐར། སེམས་


DTG013_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅན་གྱི་བསམ་པ་ངན་པ་དང༌། ཤེས་རབ་ཐབས་ནི་མ་ཡིན་ནོ། །ཞེས་བྱ་བ་ནས་བརྩམས་ནས། སྤྲུལ་པའི་སྐུ་རུ་འགྱུར་ཞེས་བྱ་བའི་མཐར། སྐུ་བཞིའི་མཚན་ཉིད་དང༌། རྡོ་རྗེ་སེམས་དཔའ་འདི་གཅིག་ཅེས་བྱ་བ་ནས་བརྩམས་ནས། གཞན་རྣམས་ཐམས་ཅད་འགྱུར་པའོ། །ཞེས་བྱ་བའི་མཐར། རིགས་དྲུག་གི་མཚན་ཉིད་དང༌། ཕུང་པོ་ཞེས་བྱ་བ་ནས་བརྩམས་ནས། དགོང་ཕྱིར་རོ་ཞེས་བྱ་བའི་མཐར། དེ་བཞིན་གཤེགས་པས་འཇིག་རྟེན་གྱི་ཁམས་ལ་བཞུགས་པ་དང༌། སེམས་ཅན་ཞེས་བྱ་བ་ནས་བརྩམས་ནས། དབང་པོའི་སྒོ་ཡི་སྤྱོད་ཅེས་བྱ་བའི་མཐར། བཅོམ་ལྡན་འདས་ཀྱི་སྐུ་ལ་སོགས་པའི་མཚན་ཉིད་དང༌། ཡེ་ཤེས་སྤྱན་དྲངས་ཞེས་བྱ་བ་ནས་བརྩམས་ནས། འཇིག་རྟེན་འདས་ཞེས་བྱ་བའི་མཐར། ཡེ་ཤེས་འཁོར་ལོ་དགུག་པ་ལ་སོགས་པའི་ངེས་པའི་དམ་ཚིག་དང༌། ཤེས་རབ་ཅེས་བྱ་བ་ནས་བརྩམས་ནས། ཕྱག་རྒྱ་བཟང་ལ་སྦྱོར་བའོ། །ཞེས་བྱ་བའི་མཐར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་གི་དོན་དང༌། སེམས་ཀྱི་སྣང་བ་དེ་ཞེས་བྱ་བ་ནས་བརྩམས་ནས། དཔལ་ལྡན་བླ་མ་དེ་ཞེས་བྱ་བའི་མཐར། དབང་བཞི་པའི་དོན་དང་ནམ་མཁའ་ཞེས་བྱ་བ་ནས་བརྩམས་ནས། རྣལ་འབྱོར་བཟང་པོས་སོ་ཞེས་བྱ་བའི་མཐར། འོད་གསལ་བ་ལ་སེམས་འཇུག་པ་དང༌། སའི་རྣམ་པ་ཞེས་བྱ་བ་ནས་བརྩམས་ནས། བདུད་ཀྱི་སྟོབས་ཀྱི་མཐུས་ཞེས་བྱ་བའི་མཐར། སྣ་ཚོགས་གཟུགས་ཀྱི་མཚན་ཉིད་དང༌། ཐིག་ལེ་ཞེས་བྱ་བ་ནས་བརྩམས་ནས། གསང་པ་པོ་ཞེས་བྱ་བའི་མཐར། རྩ་རྣམས་ལ་སོགས་པའི་ངོ་བོ་དང༌། དབུས་སུ་ཞེས་བྱ་བ་ནས་བརྩམས་ནས། དཔལ་ལྡན་བླ་མའི་ཞལ་ཉིད་དོ། །ཞེས་བྱ་བའི་མཐར། རྣལ་འབྱོར་གོམས་པ་རྫོགས་པ་དང༌། ས་ནི་ཆུར་འཇུག་ཅེས་བྱ་བ་ནས་བརྩམས་ནས། མི་རྣམས་སྐྱེ་བ་འདི་ལའོ། །ཞེས་བྱ་བའི་མཐར། དཀྱིལ་འཁོར་ལྔ་འགོག་པ་དང་འདོད་པ་ཞེས་བྱ་བ་ནས་བརྩམས་ནས། བདེ་འབྱུང་འདི་ཡིན་ནོ་ཞེས་བྱ་བའི་མཐར། དེ་ཁོ་ན་ཉིད་བཅུ་དྲུག་དང༌། སད་དང་རྨི་ལམ་ཞེས་བྱ་བ་ནས་བརྩམས་ནས། སྤང་པར་བྱ་ཞེས་བྱ་བའི་མཐར། སད་པ་ལ་སོགས་པ་འགགས་པ་དང༌། གཅིག་པུ་ཉིད་ཅེས་བྱ་བ་ནས་བརྩམས་ནས། སྒྱུ་མའི་སྣ་ཚོགས་འཛིན་པའོ། །ཞེས་བྱ་བའི་མཐར། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་མཚན་ཉིད་དང༌། གང་


DTG013_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞིག་ལ་སོགས་ཞེས་བྱ་བ་ནས་བརྩམས་ནས། དབུས་མའི་དབུགས་རྩེ་ཞེས་བྱ་བའི་མཐར། ཨ་བ་དྷཱུ་ཏཱིའི་དབུགས་རྣམས་ཀྱི་ས་བོན་དང༌། ཀ་སོགས་ཡི་གེ་སུམ་ཅུ་ཞེས་བྱ་བ་ནས་བརྩམས་ནས། དབུས་མ་ལ་ནི་སྦྱར་བར་བྱ། ཞེས་བྱ་བའི་མཐར། ཉིན་མཚན་གྱི་ས་བོན་རྣམས་དང༌། ཕྱིར་ནི་གང་ཞིག་ཅེས་བྱ་བ་ནས་བརྩམས་ནས། དུས་འཁོར་རྣལ་འབྱོར་གཅིག་པུའོ། །ཞེས་བྱ་བའི་མཐར། བྱེད་པ་པོ་ཁྱད་པར་དུ་གྱུར་པ་དང༌། ཟླ་བ་དམན་ཞེས་བྱ་བ་ནས་བརྩམས་ནས། དུས་ཀྱི་ཕོ་ཉ་སུམ་ཅུ་རྩ་དྲུག་སྟེ་ཞེས་བྱ་བའི་མཐར། སྐྱེས་པའི་བྱིས་པ་ལ་ཆ་མཉམ་པ་ལ་སོགས་དང༌། རྒྱལ་པོ་ཉིས་འགྱུར་ཞེས་བྱ་བ་ལ་སོགས་པའི་རྐང་པ་གཅིག་གིས་གསང་བའི་འཁོར་ལོའི་རྩ་སུམ་ཅུ་རྩ་གཉིས་དང༌། རིག་བྱེད་དུས་ཞེས་བྱ་བ་ནས་བརྩམས་ནས། མ་ལུས་ཕྱི་དང་ལུས་པའོ། །ཞེས་བྱ་བའི་མཐར། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་དང༌། དམན་པ་ཞེས་བྱ་བ་ནས་བརྩམས་ནས། རང་གི་ལམ་ནི་འགགས་ནས་སོ། །ཞེས་བྱ་བའི་མཐར། གཟའི་རྒྱུ་བའི་ལོངས་སྤྱོད་ལ་མཁའ་འགྲོ་མ་རྣམས་ཀྱི་སྐྱེ་བ་དང༌། ཇི་སྲིད་ཅེས་བྱ་བ་ནས་བརྩམས་ནས། འདོད་ཆགས་སེམས་ཀྱིས་མ་ཡིན་ནོ། །ཞེས་བྱ་བའི་མཐར། དབུས་མའི་མཚན་ཉིད་དང༌། ཉི་ཟླ་ཞེས་བྱ་བ་ནས་བརྩམས་ནས། སྒ་གཅན་གྱིས་ནི་གང་ཞིག་མཐོང་བའོ་ཞེས་བྱ་བའི་མཐར། ཟླ་བའི་རྒྱུ་བ་ལ་སྒྲ་གཅན་འཇུག་པ་དང༌། ས་སྐྱེས་ཞེས་བྱ་བ་ནས་བརྩམས་ནས། གལ་ཏེ་འདིར་ནི་ཤིང་ཅན་ནོ། །ཞེས་བྱ་བའི་མཐར། བཀྲ་ཤིས་ལ་སོགས་པའི་གནས་རྣམས་དང༌། ཞི་ལ་དང་པོར་ཞེས་བྱ་བ་ནས་བརྩམས་ནས། མཚན་མོའི་མདའ་ཞེས་བྱ་བའི་མཐར། ཞལ་གྱི་དཀྱིལ་འཁོར་ལ་སོགས་པ་འགྲུབ་པ་དང༌། ས་ཆུ་ཞེས་བྱ་བ་ནས་བརྩམས་ནས། དེ་ནི་འཆི་བར་མི་འགྱུར་རོ། །ཞེས་བྱ་བའི་མཐར། སེམས་ཀྱི་མཚན་ཉིད་དང༌། དང་པོ་ཞེས་བྱ་བ་ནས་བརྩམས་ནས། ཕྱག་ན་རྡོ་རྗེ་བསྣམས་པར་འགྱུར། །ཞེས་བྱ་བའི་མཐར། དང་པོའི་དབུགས་ཀྱི་མཚན་ཉིད་དང༌། འཁོར་ལོ་ཞེས་བྱ་བ་ནས་བརྩམས་ནས། ཕྱག་བྱར་འོས་ཞེས་བྱ་བའི་མཐར། ཀའི་སྡེ་ལ་སོགས་པའི་འཁོར་ལོ་རྣམས་དང༌། གང་ཞིག་གཙོ་བོའི་ཞེས་བྱ་བ་ནས་བརྩམས་ནས། རྣལ་འབྱོར་མ་རྣམས་སྒེག་པའོ། །ཞེས་བྱ་བའི་མཐར།


DTG013_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུས་ཀྱི་འཁོར་ལོའི་ཕྱག་རྒྱ་ལ་སོགས་པའི་མཚན་ཉིད་དང༌། གཙོ་བོ་ཞེས་བྱ་བ་ནས་བརྩམས་ནས། དབུགས་ཀྱི་ནང་དུ་གནས་སོ་ཞེས་བྱ་བའི་མཐར། རྡོ་རྗེའི་དབུགས་ལ་གཟའི་རྒྱུ་བ་འཇུག་པ་དང༌། སྟོང་པར་དམན་ཞུགས་ཞེས་བྱ་བ་ནས་བརྩམས་ནས། དུས་ཀུན་འཁྱུད་པའོ་ཞེས་བྱ་བའི་མཐར། སྟོང་པར་གཟའ་རྣམས་འཇུག་པ་ལ་སོགས་པ་དང༌། ས་ཞེས་བྱ་བ་ནས་བརྩམས་ནས། གང་ཞིག་འཇོམས་པའོ་ཞེས་བྱ་བའི་མཐར། འཇིག་རྟེན་གྱི་ཁམས་ཞིག་པ་དང༌། མ་ལུས་སངས་རྒྱས་ཞིང་ཞེས་བྱ་བ་ནས་བརྩམས་ནས། ཆགས་པའི་དུས་ཀྱི་བར་དུའོ། །ཞེས་བྱ་བའི་མཐར། ལས་ཀྱི་རླུང་ལས་འགྲོལ་བར་གྱུར་པའི་བཞུགས་པའི་མཚན་ཉིད་དང༌། འཛིན་ཞེས་བྱ་བ་ནས་བརྩམས་ནས། རབ་ཏུ་གང་ཞེས་བྱ་བའི་མཐར། འཇིག་རྟེན་གྱི་ཁམས་སྐྱེ་བ་དང༌། ཤར་ཞེས་བྱ་བ་ནས་བརྩམས་ནས། སྐྱེ་གནས་གཟུགས་ལ་བཀོད་ཅེས་བྱ་བའི་མཐར། ལྷུན་པོ་ལ་སོགས་པའི་མཚན་ཉིད་དང༌། གཙུག་ཏོར་ཞེས་བྱ་བ་ནས་བརྩམས་ནས། ཐུགས་ཀྱི་རྡོ་རྗེའོ་ཞེས་བྱ་བའི་མཐར། བཅོམ་ལྡན་འདས་ཀྱི་སྐུའི་ཚད་ཀྱི་དཀྱིལ་འཁོར་ལ་སོགས་པའི་མཚན་ཉིད་དང༌། ཕྱེད་བཅས་ཉི་མ་ཞེས་བྱ་བ་ནས་བརྩམས་ནས། རྡོ་རྗེའི་ཕྲེང་པའོ་ཞེས་བྱ་བའི་མཐར། བཅོམ་ལྡན་འདས་ཀྱི་སྐུ་ལ་དཀྱིལ་འཁོར་གྱི་རྣམ་པར་དག་པ་དང༌། སྟེང་འོག་ཅེས་བྱ་བ་ནས་བརྩམས་ནས། ཚངས་པའི་དབྱངས་ནི་དེ་བཞིན་ནོ། །ཞེས་བྱ་བའི་མཐར། བཅོམ་ལྡན་འདས་མའི་སྐུ་དག་པས་དཀྱིལ་འཁོར་གྱི་མཚན་ཉིད་དང༌། ནོར་བུ་ཞེས་བྱ་བ་ནས་བརྩམས་ནས། གདོང་སོགས་དེ་བཞིན་ནོ་ཞེས་བྱ་བའི་མཐར། རྡོ་རྗེ་དང་དྲིལ་བུའི་མཚན་ཉིད་དང༌། གསང་བ་ཆུ་སྐྱེས་ཞེས་བྱ་བ་ནས་བརྩམས་ནས། སྐུ་གདུང་ཚུལ་ཞེས་བྱ་བའི་མཐར། སྐུ་གདུང་གི་མཚན་ཉིད་དང༌། ས་ལས་གསེར་གྱི་ཁམས་ཡིན་ཞེས་བྱ་བ་ནས་བརྩམས་ནས། ཆུའི་ཁམས་ཞེས་བྱ་བའི་མཐར། གསེར་ལ་སོགས་བའི་རང་བཞིན་དང༌། ས་ཡིས་ཞེས་བྱ་བ་ནས་བརྩམས་ནས། སྨན་རྣམས་ཞེས་བྱ་བའི་མཐར། ནོར་བུ་རིན་པོ་ཆེ་རྣམས་ཀྱི་ཡོན་ཏན་དང༌། སངས་རྒྱས་ཞིང་ཞེས་བྱ་བ་ནས་བརྩམས་ནས། རྒྱ་མཚོའི་གདོང་ཞེས་བྱ་བའི་མཐར། དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་དུ་བྱོན་པའི་ཡོན་ཏན་


DTG013_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང། རྣམ་ཤེས་ཞེས་བྱ་བ་ནས་བརྩམས་ནས། ལྷག་པའི་ལྷ་ཞེས་བྱ་བའི་མཐར། ཆུ་སྲིན་ལ་སོགས་པའི་རང་བཞིན་དང༌། ལུགས་ཞེས་བྱ་བ་ནས་བརྩམས་ནས། རྫོགས་པར་འགྱུར་ཞེས་བྱ་བའི་མཐར། གཟའ་རྣམས་ཀྱི་སྐྱེ་གནས་དང༌། གང་ཞིག་ས་ལ་ཞེས་བྱ་བ་ནས་བརྩམས་ནས། ཀུན་ནས་མཆོད་དང་འབིགས་ཞེས་བྱ་བའི་མཐར། སེམས་ཅན་རྣམས་ཀྱི་ལས་ཀྱི་མཐུ་དང༌། འདི་རྣམས་ཞེས་བྱ་བ་ནས་བརྩམས་ནས། དག་པའི་སྐུ་ནི་དེ་ཉིད་དོ། །ཞེས་བྱ་བའི་མཐར། སངས་རྒྱས་ཀྱི་སྤྲུལ་པ་དང༌། དེའི་ཕྱིར་སྐྱེ་མེད་ཅེས་བྱ་བ་ནས་བརྩམས་ནས། རིགས་ཁེངས་ང་རྒྱལ་ཅན་ཞེས་བྱ་བའི་མཐར་ཉི་མའི་ཤིང་རྟ་ལ་འཁོར་བའི་བག་ཆགས་དོར་བའི་ངེས་པ་དང༌། གསེར་དང་ས་ཆུ་ཞེས་བྱ་བ་ནས་བརྩམས་ནས། དབུལ་གྱི་སྡུག་བསྔལ་ཐམས་ཅད་དོ། །ཞེས་བྱ་བའི་མཐར། བཅུད་ལེན་གྱི་ངེས་པ་དང༌། གསེར་གྱི་པདྨ་ཁུ་ཕྱེད་ཅེས་བྱ་བ་ནས་བརྩམས་ནས། ཀླུའི་མགོན་པོས་ཞེས་བྱ་བའི་མཐར། ཛམྦྷལའི་བསྒྲུབ་པ་དང༌། སོ་ཕག་ཤར་ཞེས་བྱ་བ་ནས་བརྩམས་ནས། སྐྱེ་བ་གཅིག་ནི་འགོག་པས་མིན། །ཞེས་བྱ་བའི་མཐར། བཅུད་ལེན་ལ་སོགས་པའི་མཚན་ཉིད་དང༌། རལ་གྲི་ཞེས་བྱ་བ་ནས་བརྩམས་ནས། རྫས་ཀྱི་དངོས་གྲུབ་འགྱུར་ཞེས་བྱ་བའི་མཐར། གཏེར་འབྱུང་པའི་ཆོ་ག་དང༌། དང་པོ་ཞེས་བྱ་བ་ནས་བརྩམས་ནས། དུས་རྣམས་ཀུན་དུའོ་ཞེས་བྱ་བའི་མཐར། རྣལ་འབྱོར་གོམས་པའི་ཆོ་ག་དང༌། སྒྲ་གཅན་ཞེས་བྱ་བ་ནས་བརྩམས་ནས། རིགས་འདི་ལ་ནི་རིག་པར་བྱ། ཞེས་བྱ་བའི་མཐར་རིགས་ཀྱི་དབྱེ་བ་དང༌། ས་འཛིན་ཞེས་བྱ་བ་ནས་བརྩམས་ནས། རྣལ་འབྱོར་མ་སྤྱོད་གཅོད་ཅེས་བྱ་བའི་མཐར། གདན་ལ་སོགས་པའི་དབྱེ་བ་དང༌། ཡེ་ཤེས་ཞེས་བྱ་བ་ནས་བརྩམས་ནས། སྔགས་པ་རྣམས་ཀྱིས་བསྒོམ་པར་བྱ། ཞེས་བྱ་བའི་མཐར། ཆོས་ཡང་དག་པར་སྡུད་པ་དང༌། ཟླ་བ་ཞེས་བྱ་བ་ནས་བརྩམས་ནས། སུམ་ཅུ་ཉིད་དུ་འགྱུར་ཞེས་བྱ་བའི་མཐར། གྲངས་ཀྱི་བརྡ་དང༌། རྒྱུད་རྒྱལ་ཀུན་དུ་ཞེས་བྱ་བ་ནས་བརྩམས་ནས། ཟླ་བཟང་ཀྱི་ཞེས་བྱ་བའི་མཐར། རྒྱུད་ཀྱི་ཡོན་ཏན་དང༌། གང་ལ་ཐོག་མ་མཐའ་ཞེས་བྱ་བ་ནས་བརྩམས་ནས། ཕྱག་རྒྱ་འདུད་ཅེས་བྱ་བའི་མཐར། བཅོམ་ལྡན་འདས་ལ་རྣམ་པ་


DTG013_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྔའི་བསྟོད་པ་དང༌། གང་ཞིག་སེང་གེ་ཞེས་བྱ་བ་ནས་བརྩམས་ནས། སྟོན་པའི་ཡོན་ཏན་ལ་སོགས་པ་བསྟན་ཏོ།། །།དེ་ལྟར་བརྗོད་པར་འགྱུར་བའི་རིམ་པས། ལེའུ་ལྔ་ལ་དོན་གྱི་ངོ་བོ་གནས་པར་འགྱུར་བའི་དུས་ཀྱི་འཁོར་ལོ་ནི་བརྗོད་པར་བྱ་བ་ཡིན་ལ། རྒྱུད་ཀྱི་རྒྱལ་པོ་ལེའུ་ལྔའི་ཡི་གེའི་ཚོགས་ནི་རྗོད་པར་བྱེད་པའོ། །དེ་ལ་དང་པོ་རེ་ཞིག་བཅོམ་ལྡན་འདས་འཇམ་དཔལ་སྡུད་པ་པོ་ཉིད་ཀྱིས་ཚིགས་སུ་བཅད་པའི་དང་པོ་དོན་ཅི་གསུངས་ཤེ་ན། ཀུན་མཁྱེན་ཡེ་ཤེས་སྐུ་དང་ཉིན་བྱེད་སྐུ་སྟེ་སྤྱན་ནི་པདྨའི་འདབ་ལྟར་རྒྱས། །སངས་རྒྱས་ཞེས་བྱ་བ་ལ་ཀུན་མཁྱེན་ཞེས་བྱ་བ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ་གསུམ་གྱིས་སྐུ་བཞི་ལ་སོགས་པ་དང་ལྡན་པར་གྱུར་པར་བཅོམ་ལྡན་འདས་ཀྱི་བྱེ་བྲག་བསྟན་ཏོ། །དེ་ལ་ཀུན་མཁྱེན་ཞེས་བྱ་བ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་ལ་མངོན་པར་བྱང་ཆུབ་པ་རྣལ་འབྱོར་པས་ཐོབ་ན། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་མཐའ་རུ་སྒོམ་པར་བྱེད་དེ། མཆོག་ཏུ་མི་འགྱུར་བའི་བདེ་བས་སྐད་ཅིག་ཐམས་ཅད་རྫོགས་པར་འགྱུར་བ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བར་བརྗོད་དེ། དེ་བས་ན་མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་ཐོབ་པའི་དུས་སུ་སྐད་ཅིག་ཐམས་ཅད་ཀྱི་རང་བཞིན་ཤེས་པས་ན་ཀུན་མཁྱེན་ཞེས་བྱ་བར་བརྗོད་དོ། །དེ་ལྷན་ཅིག་སྐྱེས་པའི་སྐུ་ཐོབ་ཅེས་བྱ་བའི་དོན་ཏོ། །སྐད་ཅིག་དེ་ཉིད་རྣམ་པར་སྨིན་པའི་འབྲས་བུའི་རང་བཞིན་དུ་གྱུར་ན་ཆོས་ཉིད་ཀྱི་རང་བཞིན་དུ་གྱུར་པ་ཡེ་ཤེས་ཀྱི་སྐུ་ཡིན་ཏེ། ཆོས་ཀྱི་སྐུ་ཞེས་བྱ་བའོ། །དེ་ཉིད་མགྲིན་པར་སྐྱེས་བུ་བྱེད་པའི་རང་བཞིན་དུ་གྱུར་པ་དང༌། རྨི་ལམ་གྱི་གནས་སྐབས་འགགས་པས་ན། ཉིན་བྱེད་ཀྱི་སྐུ་ཡིན་པ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་བའོ། །དེ་ཉིད་སད་པའི་གནས་སྐབས་འགགས་ན་དྲི་མ་མེད་པའི་འབྲས་བུ་ཐོབ་པར་གྱུར་ནས། སྤྱན་ནི་པད་མའི་འདབ་མ་རྒྱས་པ་ལྟ་བུ་སངས་རྒྱས་ཡིན་ལ། སྤྲུལ་པའི་སྐུ་ཞེས་བྱ་བའོ། །འདིར་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པ་བཞིས་བཞི་པ་ལ་སོགས་པའི་གནས་སྐབས་བཞི་འགགས་ན། ལྷན་ཅིག་སྐྱེས་པ་ལ་སོགས་པའི་སྐུ་བཞི་ཐོབ་པར་འགྱུར་བའོ། །བཅོམ་ལྡན་འདས་དེ་ལྟ་བུ་གང་ཡིན་པ་དེས་ཆོས་གནས་གང་དུ་བཀའ་སྩལ་ཞེ་ན། སེང་གེའི་ཁྲིར་བཞུགས་ཞེས་བྱ་བ་ནི། རྣམ་


DTG013_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་དང་བཅས་པའི་རྣམ་པར་སྟོང་པ་ཉིད་ལ་བཞུགས་ནས་ཞེས་བྱ་བའོ། །འཁོར་གང་ལ་གསུངས་ཤེ་ན། ལྷའི་གཙོ་བོས་ཕྱག་བྱས་པ་ལ་ཞེས་བྱ་བ་ནི། སྐལ་བ་དང་ལྡན་པར་འགྱུར་བའི་སེམས་ཅན་རྣམས་ལ་ཞེས་བྱ་བའོ། །ཞུ་བ་པོ་གང་ཡིན་ཞེ་ན། སྤྱི་བོ་བཏུད་དེ་ཞུས་པ། རྒྱལ་པོ་ཟླ་བཟང་པདྨའི་ལག་པ་སྦྱར་བ་ཡན་ལག་མཆོག་གི་སྟེང་བཞག་ནས། །ཞེས་བྱ་བ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བས་དབུགས་ཁྲི་དང༌། སྟོང་ཕྲག་བརྒྱ་འབིགས་པའི་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ཞུས་པ་ཡིན་གྱི། སེམས་ཅན་ཕལ་པས་ནི་མ་ཡིན་ནོ། །ཆོས་ནི་ཅི་ཞུ་ཞེ་ན། དཔལ་ལྡན་དུས་འཁོར་རྣལ་འབྱོར་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གྱུར་པ་དཔལ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་ཡིན་ལ། གཉིས་སུ་མེད་པའི་རྣལ་འབྱོར་ཞེས་བྱ་བའོ། །དེ་གང་གི་ཕྱིར་ཞེ་ན། ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གྱུར་བའི་རྣལ་འབྱོར་ལས་མ་གཏོགས་པར་གཉིས་སུ་མེད་པའི་ཡེ་ཤེས་སུ་མི་འགྱུར་ཏེ། གཉིས་སུ་མེད་པའི་ཡེ་ཤེས་མ་གྲུབ་ཀྱི་བར་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་མི་འགྱུར་རོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མ་འགྲུབ་ཀྱི་བར་དུ་སྐྱེ་བ་དང་འཆི་བའི་རང་བཞིན་དུ་གྱུར་པའི་འཁོར་བ་ལས་གོལ་བ་མི་སྲིད་དོ། །དེ་ནས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་གྱི། རྣམ་པར་རྟོག་པ་དང་འབའ་ཞིག་པའི་ཡེ་ཤེས་ཀྱིས་ནི་མ་ཡིན་ནོ། །གང་གི་དུས་སུ་ཞུས་ཤེ་ན། རྩོད་ལྡན་དུས་ཚེ་ལ་ཞེས་བྱ་བ་ནི། སྙིགས་མ་ལྔའི་དུས་སོ། །ངེས་པའི་དོན་དུ་ནི་ཨཱ་ལི་ཞེས་བྱ་བ་ནི་དབྱངས་ཐུང་དུ་དང་རིང་པོར་གྱུར་པའི་ཡི་གེ་སུམ་ཅུ་རྩ་གཉིས་དང༌། ཀ་ལ་སོགས་པའི་གསལ་བྱེད་སུམ་ཅུ་རྩ་ལྔ་ཕྲེང་བ་སྟེ། ཟླ་བ་དང་ཉི་མའི་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གྱུར་པའི་ཤུ་ཀྲ་དང༌། རྡུལ་ལོ། །དེ་དག་ཏུ་རོ་མཉམ་པ་ཉིད་ཀྱི་རང་བཞིན་དུ་གྱུར་པའི་གནས་སུ་ཞུས་པ་ཞེས་བྱ་བའོ། །ཅིའི་ཕྱིར་ཞུས་ཤེ་ན། མི་རྣམས་དགྲོལ་བའི་དོན་དུའོ་ཞེས་བྱ་བ་ནི། མིའི་སྐྱེ་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་ཡིན་གྱི། ལྷའི་སྐྱེ་བ་ལ་སོགས་པས་ནི་མ་ཡིན་ནོ། །དེ་ལྟར་སྟོན་པ་པོ་ལ་སོགས་པའི་ཕུན་སུམ་ཚོགས་པ་བསྟན་པར་


DTG013_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཛད་ནས། མདོར་བསྡུས་པ་བསྒྲུབ་པར་བྱ་བའི་མཚན་ཉིད་བཤད་པར་མཛད་དེ། སྟོང་དང་ཡེ་ཤེས་ཐིག་ལེ་རྡོ་རྗེ་མཆོག་འཛིན་སངས་རྒྱས་ལྷ་དང་ལྷ་མིན་དང༌། །ཞེས་བྱ་བ་ལ་སོགས་པ་ལ་སྟོང་པ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་བཅུ་བཞི་པོས་སྒྲིབ་པ་མེད་པའི་ཁམས་དྲུག་གི་བདག་ཉིད་དུ་གྱུར་པའི་གང་ཟག་སྐྱེས་བུ་ཆེན་པོར་བརྗོད་དོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པས་རིགས་དང་རིགས་ཅན་གྱི་འབྲེལ་པར་གསུངས་སོ། །མུ་སྟེགས་པའི་ལྟ་བས་དེ་ཇི་ལྟ་བུ་ཡིན་ཞེ་ན། ཕྱི་དང་ལུས་དང་གཞན་དུ་རང་བཞིན་སྐྱེས་བུ་ཉི་ཤུ་རྩ་ལྔའི་བདག་ཉིད་དང༌། ཞེས་བྱ་བ་ལ། ཕྱི་རོལ་དུ་ས་ལ་སོགས་པ་ལྔ་དང༌། སྒྲ་གཅན་ལ་སོགས་པ་གསུམ་དང༌། བཀྲ་ཤིས་ལ་སོགས་པ་གཟའ་ལྔ་དང༌། གཟུགས་ལ་སོགས་པའི་ཡུལ་ལྔ་དང༌། སྐྱུར་བ་ལ་སོགས་པའི་རོ་དྲུག་སྟེ། དངོས་པོ་ཉི་ཤུ་རྩ་བཞིའི་རང་བཞིན་ཡིན་ལ་དེ་རྣམས་སྐྱེད་པར་བྱེད་པའི་དུས་ནི་སྐྱེས་བུ་སྟེ་ཉི་ཤུ་རྩ་ལྔའོ། །དེ་བཞིན་དུ་ལུས་ཞེས་བྱ་བ་ནི་ནང་དུ་ས་ལ་སོགས་པའི་དངོས་པོ་བདུན་དང༌། ནམ་མཁའི་རང་བཞིན་དུ་གྱུར་པ་བཞིའི་གནས་སྐབས་དང༌། དབང་པོ་ལྔ་དང༌། ཡུལ་ལྔ་དང༌། ལས་ཀྱི་དབང་པོ་ལྔ་དང༌། རང་རིག་པའི་བདེ་བའི་གནས་སྐབས་ནི་ཉི་ཤུ་རྩ་བཞིའི་བདག་ཉིད་དུ་གྱུར་པའི་རང་བཞིན་ཡིན་ལ། དེ་རྣམས་ཁྱབ་པ་པོ་ནི་ཀུན་གཞི་རྣམ་པར་ཤེས་པའི་རང་བཞིན་དུ་གྱུར་པའི་སྐྱེས་བུ་སྟེ། ཉི་ཤུ་རྩ་ལྔའོ། །དེ་བཞིན་དུ་གཞན་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གྱུར་པའི་དཀྱིལ་འཁོར་གྱི་བདག་པོ་དང༌། འཁོར་ཉི་ཤུ་རྩ་བཞི་ནི་རྩ་ལྔའི་བདག་ཉིད་དུ་གྱུར་པའི་རང་བཞིན་དང༌། སྐྱེས་བུ་ནི་གནས་གསུམ་དུ་འགྲུབ་ཅེས་བྱའོ། །དེ་བཞིན་དུ་རྟོག་པ་རགས་པ་སྤངས་པའི་ཕྱིར། ལུས་ལ་སྣ་ཚོགས་ཚད་ཅེས་བྱ་བར་གསུངས་སོ། །དེ་བཞིན་དུ་ལུས་ལ་སོགས་པ་དང༌། འདོད་པའི་ཁམས་ལ་སོགས་པའི་སྲིད་པ་གསུམ་པའི་སྐྱེ་བ་དང༌། དབྱིབས་ལ་སོགས་པ་ཇི་ལྟ་བུ་ཡིན་ཞེ་ན། སྲིད་གསུམ་དབྱིབས་ཞེས་བྱ་བར་ཞུས་པའོ། །དེ་བཞིན་དུ་ལྷ་རྣམས་ལོངས་ཉིད་སྤྱོད་པ་དང༌། དཀྱིལ་འཁོར་དང་ནི་དབང་སྟེ། ལྷ་མིའི་བླ་མས་འདི་དག་མ་ལུས་ལེགས་པར་བཤད་དུ་གསོལ། །ཞེས་བྱ་བ་ནི། རིམ་པ་ཇི་ལྟ་བ་བཞིན་སེམས་ཅན་ཐམས་ཅད་ལ་ཕན་


DTG013_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདོགས་པའི་དོན་དུ་གསལ་པོར་གྱུར་པའི་དོན་གྱིས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་ཞུས་པའོ། །དེ་བཞིན་གཤེགས་པས་ཕྱག་ན་རྡོ་རྗེའི་ཞུ་བ་གསན་ནས་ལན་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་མཆོག་ལྷ་མི་སྲིན་པོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་སོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ལེགས་པར་གནང་ནས་རྒྱུ་བ་དང་མི་རྒྱུ་བའི་རང་བཞིན་དུ་གྱུར་པའི་འཇིག་རྟེན་གྱི་ཁམས་ཇི་ལྟར་སྐྱེས་པའི་ཚིགས་སུ་བཅད་པ་གསུངས་པ། དུས་ཀྱིས་སྟོང་པ་ལས་ནི་ཞེས་བྱ་བ་ལ་སོགས་པ་ལ། དུས་ཞེས་བྱ་བ་ནི་སྐྱེད་པར་བྱེད་པའི་དུས་ཀྱི་དབང་གིས་སོ། །སྟོང་པ་ཞེས་བྱ་བ་ནི་སེམས་ཅན་ཕལ་པའི་མིག་གི་དབང་པོའི་སྤྱོད་ཡུལ་དུ་མ་གྱུར་པའི་ས་ལ་སོགས་པའི་རྡུལ་ཕྲ་རབ་དེ་རྣམས་ཀྱི་དབང་གིས་རླུང་ལ་སོགས་པ་འབྱུང་བ་བཞིའི་རང་བཞིན་དུ་གྱུར་པ་འཇིག་རྟེན་གྱི་ཁམས་སྐྱེད་པའོ། །འཇིག་རྟེན་གྱི་ཁམས་དེ་ལ་བརྟེན་པའི་རང་བཞིན་དུ་གྱུར་པའི་རྒྱུ་སྐར་ཉི་ཤུ་རྩ་བདུན་དང༌། ཉི་མ་དང་ཟླ་བ་དང་བཀྲ་ཤིས་ལ་སོགས་པའི་གཟའ་རྣམས་དང༌། སྐར་མ་བདུན། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་དང༌། གཞན་གྱིས་མི་ཐུབ་པ་ལ་སོགས་པ་དང༌། རྒྱལ་པོ་ལ་སོགས་པའི་ཀླུ་རྣམས་དང༌། རྣམ་པ་བཞིའི་རང་བཞིན་དུ་གྱུར་པའི་དུད་འགྲོ་རྣམས་དང༌། མི་དང་དམྱལ་བ་ནི་སྟོང་པ་ལས་སྐྱེ་བར་འགྱུར་བའོ། །གང་ནས་སྐྱེ་ཞེ་ན། སྟོང་དབུས་ཡང་དག་བྱུང་ཞེས་པའོ། །ཇི་ལྟར་སྐྱེ་ཞེ་ན། ཆུ་ལས་ལན་ཚྭ་བཞིན་དང༌། སྒོ་ད་ལས་སྐྱེས་སྒོ་དའི་དབུས་ཞེས་པའི་དཔེས་བསྟན་པར་མཛད་དེ། གཤེར་བའི་དངོས་པོ་ལས་སྲ་བའི་རང་བཞིན་དུ་གྱུར་པ་ལན་ཚྭ་སྐྱེ་བ་ཇི་ལྟ་བ་དེ་བཞིན་དུ། རི་དང་གླིང་ལ་སོགས་པའོ། །སྒོ་ངའི་ནང་དུ་ཁུ་བའི་རྡུལ་ཕྲ་རབ་ནི་གདོང་པ་ལ་སོགས་པའི་ཡན་ལག་གི་རང་བཞིན་དུ་གྱུར་པ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་རྣམས་ཤེས་པར་བྱའོ། །དེ་ལྟར་འཇིག་རྟེན་གྱི་ཁམས་ཀྱི་མཚན་ཉིད་བཤད་པར་མཛད་ནས། སྒྲིབ་པ་དང་ལྡན་པ་དང༌། སྒྲིབ་པ་མེད་པའི་སྐུའི་མཚན་ཉིད་བཤད་པར་མཛད་དེ། ལུས་དང་ཡེ་ཤེས་ཞེས་བྱ་བ་ནི། སྒྲིབ་པ་མེད་པའི་ཟླ་བ་ལ་སོགས་པ་རྣམ་པ་བཅུའི་རང་བཞིན་དུ་གྱུར་པ་རྡོ་རྗེའི་སྐུ་བསྟན་ཏོ། །དེ་རྣམས་ཀྱི་ས་བོན་གང་ཡིན་ཞེ་ན། སྔགས་ཀྱི་སྐྱེ་བར་འགྱུར་ཞེས་བྱ་བ་ནི། ཐིག་ལེ་ལ་སོགས་པའི་ཡི་གེ་བཅུ་པོ་ནི་དེ་རྣམས་ཀྱིས་སྐྱེད་པར་བྱེད་པའི་


DTG013_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱུའོ། དེ་ལ་དོན་ཅི་ཡོད་ཅེ་ན། དེ་ལྟར་གང་གིས་ཡང་དག་རིག་པ་དེ་ནི་ཕྱུགས་མ་ཡིན་ཞིང་སེམས་ཀྱི་ཀུན་རྟོག་བྲལ། །ཞེས་བྱ་བ་དེ་ནི་ཡོན་ཏན་གསུངས་པའོ། །དེ་ལྟར་སྒྲིབ་པ་མེད་པའི་སྐུའི་མཚན་ཉིད་བཤད་པར་མཛད་ནས། ཕྱི་རོལ་དུ་སྒྲ་གཅན་ལ་སོགས་པ་གང་ཡིན་པ་དེ་རྣམས་ནང་དུ་སྦྱར་བ་མཛད་དེ། ལུས་གཡོན་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ཀྱི་ཕུང་པོ་ལ་སོགས་པའི་མཚན་མའི་རང་བཞིན་དུ་གྱུར་པ་གཞོམ་དུ་མེད་པའི་ཡི་གེ་ཨ་གང་ཡིན་པ་དེའི་གཡོན་ཕྱོགས་སུ་གནས་པའི་འདུ་ཤེས་ཀྱི་ཕུང་པོ་ལ་སོགས་པའི་མཚན་མར་གྱུར་པ་དང༌། ཡི་གེ་ཨོའི་རང་བཞིན་དུ་ཐིག་ལེའི་ནང་དུ་དཀར་པོ་འབར་བ་ཡིན་ལ། སྐྱེ་འགྲོའི་བདུད་རྩི་ཚ་ཞེས་བྱ་བ་སྟེ། རྩ་གཡོན་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གཞོམ་དུ་མེད་པའི་གཡས་སུ་གནས་པའི་ཚོར་བའི་ཕུང་པོ་ལ་སོགས་པའི་མཚན་མར་གྱུར་པའི་ཡི་གེ་རེ་རེའི་བདག་ཉིད་ཚེག་དྲག་ནི། དམར་པོའི་མདོག་ཡིན་ལ། རྡུལ་གྱི་རང་བཞིན་དུ་གྱུར་པ་རྩ་གཡས་པ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཕྱི་རོལ་དུ་སྒྲ་གཅན་དང༌། དུས་ཀྱི་མེ་གང་ཡིན་པ་དེ་སྟེང་འོག་གི་དབུས་མའི་རྩ་གཉིས་ཞེས་བྱའོ། །དེ་བཞིན་དུ་ཟླ་བ་དང་ཉི་མ་ལ་སོགས་པའི་ཟུང་དྲུག་གང་ཡིན་པ་དེ་རྣམས་ནང་དུ་གཡོན་དུ་སྦྱར་བར་བྱའོ། །ཐིག་ལེ་དང་ཚེག་དྲག་གི་རང་བཞིན་དུ་གྱུར་པའི་གཟུགས་གང་ཡིན་པ་དེ། གཞོམ་དུ་མེད་པའི་རང་བཞིན་ཡིན་གྱི་གཞན་གྱི་དོན་ནི་མ་ཡིན་ནོ། །དེ་བཞིན་དུ་གསུངས་པ། །འབར་བ་དག་ལ་གནས་ཏེ་མུན་བྲལ་ཟུང་གཅིག་པོ་ནི་མུན་པ་དག་གི་མཐར། །ཞེས་བྱ་བའོ། །དེ་བཞིན་དུ་གཞོམ་དུ་མེད་པའི་སྟེང་འོག་ཏུ་རིམ་པ་ཇི་ལྟ་བས་གཟུགས་ཀྱི་ཕུང་པོ་ལ་སོགས་པ་དང༌། འདུ་བྱེད་ཀྱི་ཕུང་པོ་ལ་སོགས་པའི་མཚན་མར་གྱུར་པའི་ཡི་གེ་ལྀ་དང༌། ཡི་གེ་ཨོའི་ཐོང་གཤོལ་གྱི་རྣམ་པ་དང༌། དབྱུག་པའི་རྣམ་པ་གང་ཡིན་པ་དེ་རྣམ་པ་གཉིས་ཀྱི་རང་བཞིན་དུ་གྱུར་པ་གང་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་རྣམ་པ་བཅུའི་རང་བཞིན་དུ་གྱུར་པ་སྲོག་གི་རླུང་གང་ཡིན་པ་དེ་རིམ་པ་ཇི་ལྟ་བས་སྟེང་འོག་ཏུ་ཟུང་ལྔ་ཡིན་ཏེ། ས་དང་ལྷན་ཅིག་ཏུ་ཟུང་བདུན་ཞེས་བྱའོ། །དེ་དག་ལ་སོགས་པའི་ས་བོན་ཇི་ལྟ་བུ་ཡིན་ཞེ་ན། དབུས་སུ་རྡོ་རྗེའི་སྟེང་གི་ས་བོན་ཡོན་ཏན་ཚོགས་བཅས་རང་ནུས་འོག་ན་ཡང་དག་གནས། །


DTG013_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡེ་ཤེས་ཀུན་དུ་སྟོང་ལ་ཞི་བའི་རང་བཞིན་གོ་འཕང་དང་བཅས་དངོས་པོ་ཀུན་གྱིས་རྣམ་པར་གྲོལ། །ཞེས་བྱ་བར་གསུངས་སོ། དེ་ལྟར་སྒྲ་གཅན་ལ་སོགས་པའི་མཚན་ཉིད་བཤད་པར་མཛད་ནས། ཟླ་བ་དང་ཉི་མའི་འཕེལ་བ་དང་འགྲིབ་བ་བཤད་པར་མཛད་དེ། ཨ་སོགས་སུམ་ཅུ་དབྱངས་གང་ཧ་ཡ་ར་ཝ་ལར་ལྡན་དེ་ནི་ཟླ་བའི་ཉིན་མཚན་ཆ། །ཞེས་བྱ་བ་ནི། དཀར་པོའི་ཕྱོགས་དང་ནག་པོའི་ཕྱོགས་ཀྱི་ཚེས་སུམ་ཅུའི་ས་བོན་དུ་གྱུར་པ་ཞེས་བྱ་བའོ། །དེ་བཞིན་དུ་ཀ་སོགས་སྡེ་དབྱངས་བཅས་པ་ཉིན་བྱེད་རྒྱུ་བ་སྟོང་ཕྲག་མེ་ཡི་ཚད་ཀྱིས་སོ། །ཞེས་བྱ་བ་ནི། ཡི་གེ་ཀ་ལ་སོགས་པ་སུམ་ཅུ་གང་ཡིན་པ་དེ་རྣམས་དབྱངས་ཐུང་དུ་དང་རིང་པོ་བཅུ་གཉིས་ཀྱིས་ཕྱེ་བར་འགྱུར་ན་སུམ་བརྒྱ་དྲུག་ཅུར་འགྱུར་ཏེ། དེ་རྣམས་ཀྱི་ལོའི་ཚེས་སུམ་བརྒྱ་དྲུག་ཅུའི་ས་བོན་དུ་གྱུར་པའོ། །དེ་བཞིན་དུ་ཉིན་མཚན་རེ་རེ་ཆུ་ཚོད་དྲུག་ཅུའི་ས་བོན་གང་ཡིན་ཞེ་ན། ཧ་སོགས་དབྱངས་ནི། རྩ་རྣམས་ཡིན་ཏེ་ཞེས་བྱ་བ་ནི། ཡི་གེ་ཧ་ལ་སོགས་པ་ལྔ་པོ་གང་ཡིན་པ་དེ་ཡི་གེ་ཨ་ལ་སོགས་པ་ཐུང་དུ་ལྔ་དང༌། ཐིག་ལེ་དང་རིང་པོ་ལྔ་དང༌། ཚེག་དྲག་ཀྱི་བར་གྱུར་ན་ཡི་གེ་དྲུག་ཅུར་འགྱུར་ཏེ། དེ་རྣམས་ནི་ཆུ་ཚོད་དྲུག་ཅུའི་ས་བོན་དུ་ཤེས་པར་བྱའོ། །དེ་ལྟར་མདོར་བསྡུས་པར་ས་བོན་གྱི་མཚན་ཉིད་བཤད་པར་མཛད་ནས། རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་སྔགས་ཀྱི་རང་བཞིན་ཡིན་པར་བཤད་པ་མཛད་དེ། ལྷ་མིའི་གདེངས་ཀ་འབྱུང་བོའི་གནས་ནི་སྔགས་ཞེས་བྱ་བ་ནི། ལྷ་དང་མི་ལ་སོགས་པ་རྣམས་ཀྱི་ཡི་གེ་དང་པོ་གང་ཡིན་པ་དེ་ནི་དོན་སྣ་ཚོགས་གྲུབ་པའི་ཕྱིར་དེ་རྣམས་ཀྱི་ས་བོན་དུ་གྱུར་པའི་ཕྱིར་རོ། །དེ་བས་ན་ཨཱ་ལི་དང་ཀཱ་ལི་ལ་སོགས་པའི་ཡི་གེ་རྣམས་ཀྱིས་འདོད་པ་ལ་སོགས་པའི་ཁམས་གསུམ་པོའི་དོན་འགྲུབ་པར་འགྱུར་ཏེ། འདི་དག་ཨ་སོགས་ཀ་སོགས་དང་ལྡན་སྲིད་གསུམ་ངེས་པར་དེ་ལྟར་སྐྱེ་འགྱུར་རྒྱལ་པོ་ཀྱེ། །ཞེས་བྱ་བ་ནི། རྒྱུ་བ་དང་མི་རྒྱུ་བ་འདི་དག་ལ་སོགས་པའི་སྲིད་པ་གསུམ་བོ་ནི་ཨཱ་ལི་དང་ཀཱ་ལིས་ཕྱི་རོལ་དུ་རྗོད་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་རྣལ་འབྱོར་པས་ནང་དུ་ཡི་གེ་རྣམས་ལས་སྐྱེ་བར་ཤེས་པར་བྱའོ། །འོན་དངོས་པོ་ཐམས་ཅད་ཨཱ་ལི་དང་ཀཱ་ལི་ལས་གལ་ཏེ་སྐྱེས་པར་གྱུར་པ་དེ་ལྟ་ན་ནི། དེ་རྣམས་གང་ནས་སྐྱེ་བར་འགྱུར་ཞེ་ན།


DTG013_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབྱངས་རྣམས་ཀ་ཙ་པ་ཊ་ཏར་ལྡན། ཀ་སོགས་ཀྱིས་སྦྱར་སྐྱེ་བའི་གནས་དག་ནི། མགྲིན་རྐན་སྟེང་གི་ཆ་དང་མཚུངས་སོ་ཞེས་བྱ་བ་ནི། ཡི་གེ་དེ་རྣམས་ཀྱིས་ཀྱེ་བའི་གནས་ནི་ཡིན་ནོ། །གནས་དེ་རྣམས་ཇི་ལྟ་བུ་ཡིན་ཞེ་ན། མཁའ་རླུང་མེ་སྐྱེ་ཡིན་ལ་ཆུ་དང་ས་དག་གོ་ཞེས་བྱ་བ་ནི། རིམ་པ་ཇི་ལྟ་བས་མགྲིན་པ་ལ་སོགས་པའི་གནས་རྣམས་ནི་ནམ་མཁའ་ལ་སོགས་པའི་རང་བཞིན་དུ་གྱུར་པ་ཞེས་བྱ་བའོ། །དེ་ལྟར་སྔགས་བཟླས་པའི་ཕྱིར་ཡི་གེ་རྣམས་ཀྱི་སྐྱེ་བའི་གནས་བརྗོད་པར་མཛད་ནས། བསྒོམ་པའི་གནས་བཤད་པར་མཛད་དེ། ཨ་སོགས་གཙུག་ཏོར་འཁོར་ལོ་སྙིང་མགྲིན་སྤྱི་གཙུག་ལྟེ་བའི་འཁོར་ལོ་རིམ་པ་སྟེ། །ཞེས་བྱ་བ་ནི་ཡི་གེ་ཨ་དང་ཡི་གེ་ཧ་དང་ཚེག་དྲག་དང༌། ཡི་གེ་ཀའི་སྡེ་ཚན་རྣམ་པ་ནི་ནམ་མཁའི་ཁམས་ཀྱི་རང་བཞིན་དུ་གྱུར་པའི་གཙུག་ཏོར་གྱི་འཁོར་ལོ་ལ་བསྒོམ་པར་བྱའོ། །དེ་བཞིན་དུ་ཡི་གེ་ཨེ་དང་ཡ་དང་ཤ་དང་ཙའི་སྡེ་ནི་རླུང་གི་རང་བཞིན་དུ་གྱུར་པའི་སྙིང་གའི་འཁོར་ལོའོ། །ཡི་གེ་རེ་དང་ཥ་དང་ཌའི་སྡེ་ནི་མེའི་རང་བཞིན་དུ་གྱུར་པའི་མགྲིན་པ་ལའོ། །ཡི་གེ་ཨུ་དང་ཝ་དང་ཧྱ་དང་པའི་སྡེ་ནི་ཆུའི་རང་བཞིན་དུ་གྱུར་པའི་དཔྲལ་བ་ལའོ། །ཡི་གེ་ལི་དང་ཏའི་སྡེ་ནི་སའི་རང་བཞིན་དུ་གྱུར་པ་སྟེ། ལྟེ་བ་ལའོ། །དེ་རྣམས་ཀྱི་ཁ་དོག་ཇི་ལྟ་བུ་ཡིན་ཞེ་ན། སྣ་ཚོགས་ནག་དང་དམར་པོ་རི་བོང་སེར་འདྲ་ཞེས་བྱ་བའོ། །འཁོར་ལོ་དེ་རྣམས་ལ་བྱིན་གྱིས་བརླབ་པ་གང་གིས་མཛད་ཅེ་ན། ཕུང་པོ་ཁམས་ཏེ་ལྷག་པའི་ལྷ་ཞེས་བྱ་བ་ནི། རྣམ་པར་ཤེས་པའི་ཕུང་པོ་ལ་སོགས་པ་དང༌། ནམ་མཁའི་ཁམས་ལ་སོགས་པའི་ལྷ་དང༌། ལྷ་མོ་ནི་གཙུག་ཏོར་འཁོར་ལོ་ལ་སོགས་པར་ཤེས་པར་བྱའོ། །ད་ནི་འཇིག་རྟེན་གྱི་ཁམས་ལ་སོགས་པ་བཤད་པར་མཛད་དེ། རླུང་ནས་ལྷུན་པོའི་མཐའ་རུ་དམྱལ་བ་གདེངས་ཀའི་གྲོང་ཁྱེར་དཔག་ཚད་འབུམ་ཕྲག་གཉིས། །ཞེས་བྱ་བ་ནི། འོག་ཏུ་གནས་པའི་རླུང་གི་དཀྱིལ་འཁོར་ནས་བརྩམས་ནས། རི་རབ་ཀྱི་རྩ་བའི་བར་དུ་འབུམ་ཕྲག་གཉིས་ཞེས་བྱ་བའོ། །དེ་ནས་རྩ་བ་ནས་བརྩམས་ནས། རི་རབ་ནི་མགྲིན་པའི་བར་དུ་འབུམ་ཕྲག་གཅིག་སྟེ། དེ་ཉིད་ཉི་མ་ལ་སོགས་པའི་གནས་ཞེས་བྱའོ། །གནས་དེ་ནས་མགྲིན་པ་ནི་སྟོང་ཕྲག་ཉི་ཤུ་རྩ་ལྔའོ། །གདོང་པ་ནི་སྟོང་ཕྲག་ལྔ་བཅུའོ། །དེ་ནས་གཙུག་ཕུད་ཀྱི་བར་དུ་སྟོང་ཕྲག་ཉི་ཤུ་རྩ་ལྔའོ། །དེ་ལྟར་དཔག་ཚད་


DTG013_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབུམ་ཕྲག་བཞི་ནི་ཕྱི་རོལ་དུ་དཔག་ཚད་གང་ཡིན་པ་དེ། ལུས་ལ་རྐང་པ་ནས་བརྩམས་ནས། གཙུག་ཕུད་ཀྱི་བར་དུ་སྦྱར་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་སོ། །དེ་ལྟར་སྟེང་འོག་གི་ཚད་བརྗོད་ནས། ཞེང་གི་ཚད་བརྗོད་པར་མཛད་དེ། རླུང་ནས་རླུང་གི་མཐར་ནི་གནས་པས་ཡི་སྟེང་ནི་གླིང་དང་རི་བོ་རྒྱ་མཚོ་རྣམས། །བཞི་ཕྱེད་འབུམ་གཉིས་མེ་དང་གཡོ་བའི་དཀྱིལ་འཁོར་དཔག་ཚད་རྣམས་ནི་འབུམ་ཕྲག་གཉིས། །ཞེས་བྱ་བ་ནི་རླུང་གི་དཀྱིལ་ནི་ལྷོ་ཕྱོགས་ནས་བྱང་དང་ཤར་ནས་ནུབ་ཀྱི་བར་དུ་འབུམ་ཕྲག་བཞི་ཡིན་ལ། དེའི་དབུས་སུ་འབུམ་ཕྲག་གསུམ་ནི་མེའི་དཀྱིལ་འཁོར་རོ། །དེའི་དབུས་སུ་འབུམ་ཕྲག་གཉིས་ནི་ཆུའི་དཀྱིལ་འཁོར་རོ། །ཆུའི་དཀྱིལ་འཁོར་གྱི་དབུས་སུ་སའི་དཀྱིལ་འཁོར་འབུམ་ཕྲག་གཅིག་ཏུ་གྱུར་བ་ཡིན་ལ། དེ་ལ་རི་དང་རྒྱ་མཚོ་དང་གླིང་ལ་སོགས་པས་ཏེ། དབུས་སུ་ནི་རི་རབ་བོ། དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། དབུས་ནས་ལྷུན་པོ་གང་ཞིག་སྟེང་ནས་ཉིན་མཚན་འབྲུ་ཡི་འཁོར་ལོ་བསྐོར་བཅས་འཁོར། །ཞེས་བྱ་བའོ། །གཡས་གཡོན་གྱི་ཚད་ཇི་ལྟ་བུ་ཡིན་ཞེ་ན། འབུམ་ཕྲག་གཉིས་གཉིས་ཀྱིས་ནི་དྲུག་གི་ཆ་སྟེ་ཞེས་བྱ་བ་ནི་རི་རབ་ཀྱི་གཡས་གཡོན་དང་ཤར་ནུབ་དང་སྟེང་འོག་གི་ཆ་དྲུག་སྟེ། དཔག་ཚད་འབུམ་ཕྲག་གཉིས་གཉིས་ནི་ཞེས་བྱའོ། །དེ་ལྟར་ཞེང་གི་ཚད་བཤད་པར་མཛད་ནས། རྒྱའི་ཚད་བརྗོད་པར་མཛད་དེ། མ་ལུས་འཇིག་རྟེན་ཁམས་ཀྱི་ཞེང་གི་ཚད་ཀྱིས་རྒྱ་རུ་སུམ་འགྱུར་ཀུན་ནས་སོ། །ས་ལ་རྒྱར་ནི་འབུམ་ཕྲག་གསུམ་སྟེ་ཆུ་དང་མེ་རླུང་རྣམས་ནི་དྲུག་དགུ་ཉི་མའི་རིམ་པས་སོ། །ཞེས་བྱ་བ་ནི་རིམ་པ་ཇི་ལྟ་བས་འབུམ་ཕྲག་གསུམ་དང་དྲུག་དང་དགུ་དང་བཅུ་གཉིས་ནི་སའི་དཀྱིལ་འཁོར་ལ་སོགས་པའོ། །དེ་ལྟར་ཕྱིའི་འཇིག་རྟེན་གྱི་ཚད་བཤད་པར་མཛད་ནས། དེ་ཉིད་ནང་དུ་སྦྱར་བར་མཛད་དེ། གང་གི་ཕྱིར་སྲིད་གསུམ་གནས་ན་འབུམ་ཕྲག་གཅིག་གི་དཔག་ཚད་རྣམས་ནི་མི་དབང་ཀྱེ། དེ་ནི་ས་ཡི་སྟེང་གནས་ལུས་ལ་རང་རང་གི་ཚད་ཀྱིས་ཁྲུ་གང་དག་ཏུ་ཡང་དག་གོ །ཞེས་བྱ་བའོ། །དཔག་ཚད་ཇི་ལྟ་བུ་ཡིན་ཞེ་ན། ཕྲ་རབ་རྡུལ་བརྒྱད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་གསུངས་སོ། །སྲིད་པ་གསུམ་གྱི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། དང་པོ་དེ་ནི་ཆོས་ཀྱི་བསྐལ་པ་ཞེས་བྱ་བ་ལ་སོགས་པ་ནི། གཟུགས་མེད་པའི་ལྷའི་གནས་ཡིན་


DTG013_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ། གང་དུ་ལྷ་རྣམས་ཚེ་བསྐལ་པ་གཅིག་སྟེ་མཐོ་རིས་ཞེས་བྱ་བའོ། །དེ་རྣམས་ཀྱི་དབྱེ་བ་དུ་ཡིན་ཞེ་ན། ཟུང་ཟུང་ཟུང་ལྡན་ཞེས་བྱ་བ་ནི་གཙུག་ཏོར་གྱི་གནས་སུ་ཟད་པར་སྟོང་པ་ལ་སོགས་པ་བསྒོམས་པའི་སྟོབས་ཀྱིས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའི་ལྷ་རྣམས་བསྐལ་བ་ཆེན་པོ་གཅིག་ལ་སོགས་པའི་ཚད་དང་ལྡན་པ་ཞེས་བྱའོ། །རིམ་པ་དེ་བཞིན་དུ་དཔྲལ་བ་ལ་སོགས་པའི་གནས་བཞི་ལ་ཟད་པར་རླུང་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས། བསྐལ་པ་འབྲིང་པོ་བཅུ་དྲུག་དང་བཅོ་ལྔ་ལ་སོགས་པའི་ཚེ་དང་ལྡན་པ་གཟུགས་ན་སྤྱོད་པ་ལྷ་རྣམས་ཏེ། ཚངས་པའི་འཇིག་རྟེན་གྱི་བར་གྱི་བསྐལ་པའི་བསྐལ་པ་ཞེས་བྱའོ། །དེ་བཞིན་དུ་འདོད་པ་ན་སྤྱོད་པར་གྱུར་པའི་ལྷ་རྣམས་ནི་སྦྱིན་པ་དང་སྔགས་བཟླས་པའི་སྟོབས་ཀྱིས་བསྐལ་པ་ཐ་མ་དྲུག་ལ་སོགས་པའི་ཚེའི་ཚད་དང་ལྡན་པ་དྲུག་སྟེ། དགེ་བ་དང་མི་དགེ་བའི་སྟོབས་ཀྱིས་ལྷ་མིན་ལ་སོགས་པ་ལྔ་ཡིན་ལ། ལེགས་གནས་སྲེད་ལས་འདོད་པ་བཅུ་གཅིག་པ་ཞེས་བྱ་བའོ། །རྣལ་འབྱོར་པས་དེ་རྣམས་ཀྱི་སྐྱེ་བ་ཇི་ལྟར་བསྒོམ་ཞེ་ན། བཞི་ནི་ཨ་སོགས་ཟུང་སྟེ་ཞེས་བྱ་བ་ལ་སོགས་པའི་རྐང་པ་གཉིས་ཀྱིས་དེ་རྣམས་སྐྱེད་པའི་ས་བོན་རྣམས་སུ་བརྗོད་དོ། །སྲིད་པ་སུམ་ཅུ་གཅིག་གིས་ཞེས་བྱ་བ་ནི། སྐྱེ་བ་དང་འཆི་བ་ལ་སོགས་པར་འགྱུར་བས་ན་སྲིད་པ་ཡིན་ལ། སུམ་ཅུ་རྩ་གཅིག་གིས་ཞེས་བྱ་བ་ནི། སྐྱེ་བ་དང་འཆི་བ་ལ་སོགས་པར་འགྱུར་བས་ན། སྲིད་པ་ཡིན་ལ་སུམ་ཅུ་རྩ་གཅིག་གོ །དེ་རྣམས་མདོར་བསྡུས་པས་འདི་རུ་སྲིད་པ་གསུམ་འགྱུར་ལ་ཁམས་ཀྱི་དབྱེ་བས་ཁམས་གསུམ་མོ་ཞེས་བྱ་བའོ། །དེ་ཉིད་སྐུའི་རྡོ་རྗེ་ལ་སོགས་པའི་དབྱེ་བས་འདི་དག་རྡོ་རྗེ་གསུམ་ཡིན་ཁམས་གསུམ་མ་ལུས་པ་དང༌། ཨ་དང་ཀ་སོགས་དབྱེ་བས་སོ། །ད་ནི་ས་འོག་ན་གནས་པའི་དམྱལ་བ་ལ་སོགས་པའི་མིང་བརྗོད་པར་མཛད་དེ། རིན་ཆེན་འོད་ཅེས་བྱ་བ་ནི་རིན་པོ་ཆེ་རྣམས་ཀྱིས་གང་དུ་གསལ་པོར་བྱེད་པ་དེ་རིན་ཆེན་འོད་ཡིན་ལ། སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་ཀླུ་དང་ལྷ་མ་ཡིན་གྱི་གནས་ཞེས་བྱ་བའོ། །དེའི་འོག་ཏུ་ཆུ་དང་གསེག་མ་དང་ལྡན་པའི་དམྱལ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པའོ། །དེ་བཞིན་དུ་ཆུའི་དམྱལ་བ་གཉིས་ནི་སྟོང་ཕྲག་ལྔ་བཅུ་སྟེ། བྱེ་མ་ཆུ་དང་ལྡན་པ་དང་འདམ་རྫབ་ལྟ་བུའོ། །མེའི་དམྱལ་བ་གཉིས་ནི་དུ་བ་དང་དྲག་པོ་དང་ལྡན་པ་


DTG013_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང། མུན་པ་ཆེན་པོ་སྟེ་སྟོང་ཕྲག་ལྔ་བཅུའོ། །དེ་བཞིན་དུ་རླུང་གི་དམྱལ་བ་གཉིས་ནི་དུ་འབོད་དང་མནར་མེད་པ་ནི་སྟོང་ཕྲག་ཉི་ཤུ་རྩ་ལྔ་པའོ། །དེ་བཞིན་དུ་རྒྱ་མཚོ་ལ་སོགས་པའི་མིང་ནི། ལན་ཚྭ་ཆང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་གསུངས་སོ། །གླིང་བཞིའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། ཤར་དུ་རླུང་སྟེ་ཞེས་བྱ་བ་ལ་སོགས་པས་བརྗོད་དོ། །རི་རབ་ཇི་ལྟ་བུ་ཡིན་ཞེ་ན། སྟོང་པའི་རྣམ་པ་ཞེས་བྱ་བ་ནི་ནམ་མཁའི་རང་བཞིན་དུ་གྱུར་པ་ཡིན་ལ། ལྷུན་པོ་རྡོ་རྗེ་མཆོག་གི་རང་བཞིན་དཀྱིལ་འཁོར་རྣམས་ཀྱི་དབུས་སུའོ། །གླིང་བཞི་པའི་ཚད་ནི་ཇི་ལྟ་བུ་ཡིན་ཞེ་ན། རི་དང་ཀླུང་ཞེས་བྱ་བ་ནི་རིམ་པ་ཇི་ལྟ་བུ་ས་དཔག་ཚད་སྟོང་ཕྲག་བདུན་དང༌། བརྒྱད་དང་དགུ་དང་བཅུ་ནི་ཤར་གྱི་གླིང་ལ་སོགས་པའི་ཚད་ཤེས་པར་བྱའོ། །རི་རབ་ཀྱི་རྒྱའི་ཚད་ཇི་ལྟ་བུ་ཡིན་ཞེ་ན། ལྷུན་པོའི་སྟེང་གི་རྒྱར་ནི་ས་སྟེང་གནས་སུ་དཔག་ཚད་རྣམས་ནི་སྟོང་ཕྲག་ལྔ་བཅུ་ལ། ཞེས་བྱ་བ་ནི་སྟེང་དུ་སྟོང་ཕྲག་ལྔ་བཅུ་ཡིན་ལ། འོག་ཏུ་སྟོང་ཕྲག་བཅུ་དྲུག་ཞེས་བྱའོ། །ཕྱི་རོལ་དུ་སྟོང་ཕྲག་གཅིག་ནི་འཁོར་ཡུག་གོ །དེ་བཞིན་དུ་སྟེང་རྭ་ལྔ་ཞེས་བྱ་བ་ལ་སོགས་པས་རི་རབ་ཀྱི་མཚན་ཉིད་དང༌། གླིང་ལ་སོགས་པ་གསུངས་སོ། །གླིང་དེ་དག་ལ་སོགས་པའི་ཚད་ཇི་ལྟ་བུ་ཡིན་ཞེ་ན། ཐམས་ཅད་རྒྱ་མཚོ་དྲུག་ཅེས་བྱ་བའི་རྒྱ་མཚོ་དྲུག་དང༌། རི་དྲུག་དང་གླིང་དྲུག་གི་ཚད་ནི། དཔག་ཚད་བརྒྱ་ཕྲག་བརྒྱད་བརྒྱ་བརྒྱད་ཅུ་རྩ་བརྒྱད་དང༌། རྒྱང་གྲགས་གསུམ་དང་གཞུ་བརྒྱད་ཅུ་རྩ་གཅིག་གིས་ལྷག་པའི་སྟོང་ཕྲག་གཅིག་དང༌། སོར་བཅུ་དང་ནས་ལྔ་དང་ཤིག་གཉིས་དང་སྐེ་ཚེ་ལྔ་དང་སྐྲའི་རྩེ་མོ་གཉིས་དང༌། རྡུལ་ཕྲ་རབ་དྲུག་ཙམ་མོ། །འཛམ་བུ་གླིང་གི་ཚད་ཇི་ལྟ་བུ་ཡིན་ཞེ་ན། འཛམ་བུ་གླིང་གི་རྒྱར་ནི་ལན་ཚྭའི་ཆུ་གཏེར་འབུམ་ཕྱེད་ཀྱི་ཚད་ཡིན་ཞིང་ཞེས་བྱ་བ་ནི་སྟོང་ཕྲག་ཉི་ཤུ་རྩ་ལྔའོ། །རིམ་པ་དེ་བཞིན་དུ་ཉིས་ལྡབ་ཀྱི་ཚད་ནི་ལན་ཚྭའི་རྒྱ་མཚོ་ལས་ཤེས་པར་བྱའོ། །དེ་བཞིན་དུ་ཚངས་པའི་ཡུལ་ལས་ཞེས་བྱ་བ་ལ་སོགས་པའི་རྐང་པ་གཅིག་གིས་མ་ཚངས་བའི་ཚིགས་སུ་བཅད་པ་གསུམ་གྱིས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་སོགས་པའི་བཞུགས་ལ་སོགས་པ་བསྟན་ཏོ། །རྫོགས་དང་གསུམ་པ་ཆ་གཉིས་ངེས་པར་གཞན་ཡང་རྩོད་ལྡན་དུས་ཀྱི་དབང་གིས་འབྱུང༌། །


DTG013_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ནི་ཆ་བཞིས་དགེ་བ་རྫོགས་པ་ན། རྫོགས་ལྡན་ཞེས་བྱའོ། །དགེ་བའི་ཆ་གསུམ་གྱིས་བྱས་པ་ན། སུམ་ལྡན་གྱི་ཆ་ཞེས་བྱ་བ་སྟེ་དགེ་བའི་ཆ་ནས་གཅིག་མེད་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །དགེ་བའི་ཆ་ཤས་གཉིས་དང་ལྡན་པས་ན་ཉིས་ལྡན་ཞེས་བྱ་བའོ། །རྣམ་པ་ཐམས་ཅད་ནི་སྡིག་པར་འབྱུང་བས་ན་རྩོད་ལྡན་ཞེས་བྱ་བའོ། །དེ་ཇི་ལྟར་ཤེས་པ་ཞེ་ན། དུམ་བུ་གང་ལ་སྟོབས་ལྡན་འཁོར་ལོ་ཅན་ཞུགས་དེ་ནི་རྫོགས་གྱུར་ལ། །སུམ་ལྡན་རྒྱལ་པོའི་རྒྱབ་སྟེ་རྩོད་ལྡན་བདུན་ལ་གཉིས་ལྡན་གཉིས་དབུས་སུ། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་གང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་དེ་རྫོགས་ལྡན་ཡིན་ལ། གང་ནས་བྱོན་པ་དེ་སུམ་ལྡན་ཏེ། གང་དུ་གཤེགས་པ་དེ་རྩོད་ལྡན་ནོ། །རྩོད་ལྡན་དང་སུམ་ལྡན་གྱི་བར་དུ་ཉིས་ལྡན་ཞེས་བྱ་བའོ། །དུས་བཞིའི་ཚད་དུ་ཡིན་ཞེ་ན། ཉི་ཤུ་སྟོང་ཕྲག་གཅིག་དང་རོ་བརྒྱ་དང་བཅས་ལོ་ཡི་གྲངས་ནི་དུས་རྣམས་ཀྱི། །ཞེས་བྱ་བ་ནི། དུས་བཞིའི་ཚད་ནི་ལོ་དྲུག་བརྒྱ་དང༌། སྟོང་ཕྲག་ཉི་ཤུ་རྩ་གཅིག་གོ །རེ་རེ་དུས་ཇི་ཙམ་གྱི་བར་དུ་དར་ཞེ་ན། རེ་རེའི་ཚད་ནི་ཟུང་དང་མདས་བགྲངས་མི་རྣམས་ལོ་བརྒྱ་གང་ཡིན་པའོ་ཞེས་བྱ་བ་ནི། མི་རྣམས་ཀྱི་ལོ་བཞི་བརྒྱ་ལྔ་སྟོང་ནི་རེ་རེའི་ཚད་དང་ཞེས་བྱ་བའོ། །ལོ་ལ་བྱེ་བྲག་ཡོད་དམ་ཞེ་ན། ཕྲ་མོ་དབུགས་འབྱུང་དྷྲུ་རྩ་གཉིས་དྷྲུ་དུས་དང་སྟོང་ཕྲག་ཉི་ཤུ་གཅིག་དང་དྲུག་བརྒྱས་ཚད་དེ་རིམ་གྱིས་ནི། །ཞེས་བྱ་བ་ལ། མི་རྣམས་ཀྱི་འབྱུང་བ་དང༌། འཇུག་པའི་དབུགས་གཅིག་གི་ཆ་ཤས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པ་ནི། སྲིན་བུ་ལ་སོགས་པའི་དབུགས་གཅིག་ཡིན་ལ། དེ་ལྟ་བུའི་དབུགས་དྲུག་གི་ཆུ་སྲང་གཅིག་ཡིན་ཏེ། ཆུ་སྲང་དྲུག་ཅུས་ཆུ་ཚོད་གཅིག་གོ །ཆུ་ཚོད་དྲུག་ཆུས་ཉིན་མཚན་དུ་གྱུར་པའོ། །ཉིན་མཚན་སུམ་ཅུས་ཟླ་བ་གཅིག་གོ །ཟླ་བ་བཅུ་གཉིས་ཀྱིས་ལོ་ཞེས་བྱའོ། །རང་རང་གི་ཚད་ཀྱིས་དེ་ལྟ་བུར་གྱུར་པའི་ལོ་བརྒྱ་ཐམ་པ་ནི་ལུས་ལས་སྐྱེས་པའི་སྲིན་བུ་ལ་སོགས་པ་རྣམས་ཀྱི་ཚེའི་ཚད་ཡིན་ལ། དེ་ཡང་སྡིག་པ་དང་བསོད་ནམས་ཀྱི་དབང་གིས་ལྷག་པ་དང་ཉུང་བར་གྱུར་པའོ། །རིམ་པ་ཇི་ལྟ་བས་མི་རྣམས་ཀྱི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རང་བཞིན་དུ་གྱུར་པའི་ཉིན་མཚན་ལ་སོགས་པ་ཤེས་པར་བྱའོ། །མི་རྣམས་ཀྱི་ཆུ་ཚོད་སུམ་ཅུ་ནི་འབྱུང་པོ་ལ་སོགས་


DTG013_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་དབུགས་གཅིག་ཡིན་ལ། དེ་ལྟ་བུ་དབུགས་རྣམས་ཀྱིས་ཆུ་སྲང་ལ་སོགས་པའི་དབྱེ་བ་ཤེས་པར་བྱའོ། །མི་རྣམས་ཀྱི་ཆུ་ཚོད་གཅིག་གིས་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་དབུགས་གཅིག་གོ །མི་རྣམས་ཀྱི་ཉིན་མཚན་གཅིག་ནི་ལྷ་མ་ཡིན་རྣམས་ཀྱི་དབུགས་གཅིག་གོ །མི་རྣམས་ཀྱི་ལོ་ནི་འོག་མིན་རྣམས་ཀྱི་དབུགས་གཅིག་གོ །མི་རྣམས་ཀྱི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་དབུགས་གཅིག་ཅེས་བྱའོ། །དེ་ཉིད་གསུངས་པ། ལུས་སྐྱེས་ཕྲ་མོ་མི་དང་འབྱུང་པོ་ལྷ་དང་ལྷ་མིན་རྣམས་དང་ནི། །ལུས་དང་གཙོ་བོའི་ཉིན་གཅིག་ས་སྟེང་དག་ཏུ་འགྱུར་ཏེ་ནུས་མའི་ཚད་ཀྱིས་དུས་རྣམས་ཏེ། །ཞེས་བྱ་བ་སྟེ། དུས་བཞིའི་ཚད་འོག་མིན་གྱི་ལྷ་རྣམས་ཀྱི་ཚད་ཀྱིས་ཤེས་པར་བྱའོ། །དུམ་བུ་དུམ་བུ་ཞི་བའི་གོ་འཕང་འཁོར་ལོ་ཅན་གཤེགས་ཉིན་མཚན་གཅིག་ལ་ཉི་མ་བཅུ་གཉིས་སོ། །ཞེས་བྱ་བ་ནི། ཕྱི་རོལ་དུ་ཟླ་བ་བཅུ་གཉིས་ཀྱི་འཕོ་བ་རྣམས་ཀྱིས་ཉི་མ་བཅུ་གཉིས་འཁོར་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ། ཉིན་མཚན་གཅིག་དུམ་བུ་བཅུ་གཉིས་ལ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རང་བཞིན་དུ་གྱུར་པའི་ཉིན་མཚན་དུ་མཛད་པའོ། །དེ་ལྟར་དབུགས་ཀྱི་ཚད་བཤད་པར་མཛད་ནས། ལོའི་དབྱེ་བ་བཤད་པར་མཛད་དེ། ཕྱོགས་དང་ཟླ་བ་ཞེས་བྱ་བ་ལ་སོགས་པ་ལ། ཕྱོགས་ནི་ཉི་ཤུ་རྩ་བཞིའོ། །དཔྱིད་ཟླ་འབྲིང་པོ་ལ་སོགས་པ་ཟླ་བ་བཅུ་གཉིས་སོ། །ཟླ་བ་གཉིས་གཉིས་ཀྱི་རང་བཞིན་དུ་གྱུར་པའི་དཔྱིད་ཀ་ལ་སོགས་པའི་དུས་དྲུག་གོ །ཟླ་བ་གསུམ་གསུམ་གྱི་རང་བཞིན་དུ་གྱུར་པ་དུས་བཞིའོ། །ཟླ་བ་བཞི་བཞིའི་རང་བཞིན་དུ་གྱུར་པ་དུས་གསུམ་མོ། །ཟླ་བ་དྲུག་དྲུག་གི་རང་བཞིན་དུ་གྱུར་པ་བྱང་དང་ལྷོར་ནི་བགྲོད་པ་གཉིས་སོ། །འདི་དག་ལ་སོགས་པ་དང་ལྡན་པར་གྱུར་པའི་ལོ་ནི་ཕྱི་ནང་དུ་སེམས་ཅན་ཐམས་ཅད་ལ་གྱུར་པའོ། །དེ་ལ་ཕྱི་རོལ་དུ་ལོ་གང་ཡིན་པ་དེ་ནི་ནང་དུ་ཉིན་མཚན་ཡིན་ལ། ཕྱི་རོལ་དུ་ཉིན་མཚན་ནི་ནང་དུ་ཆུ་ཚོད་ཡིན་ལ། ཕྱི་རོལ་དུ་ཆུ་ཚོད་ནི་ནང་དུ་ཆུ་སྲང་ཡིན་ལ། ཕྱི་རོལ་དུ་ཆུ་སྲང་ནི་ནང་དུ་དབུགས་ཡིན་ལ། ཕྱི་རོལ་དུ་དབུགས་ནི་ནང་དུ་དབུགས་གཅིག་གི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཆ་གཅིག་གོ །དེ་ཅིའི་ཕྱིར་ཞེ་ན། ཕྱི་རོལ་དུ་ལོ་གཅིག་ནི་ཆུ་ཚོད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགྱུར་ཏེ། ནང་དུ་ཉིན་མཚན་གཅིག་ནི་དབུགས་


DTG013_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱས་སོ། །ཕྱི་རོལ་དུ་ཉིན་མཚན་གཅིག་ནི་ཆུ་ཚོད་སུམ་བརྒྱ་དྲུག་ཅུས་ཡིན་ལ། ནང་དུ་དབུགས་སུམ་བརྒྱ་དྲུག་ཅུས་ཆུ་ཚོད་གཅིག་གོ །ཕྱི་རོལ་དུ་ཆུ་ཚོད་དྲུག་ཅུས་ཉིན་མཚན་གཅིག་ཡིན་ལ། ཆུ་སྲང་དྲུག་ཅུས་ཆུ་ཚོད་གཅིག་གོ །ཕྱི་རོལ་དུ་དབུགས་དྲུག་གི་ཆུ་སྲང་གཅིག་ཡིན་ལ། དེའི་ནང་དུ་དབུགས་གཅིག་གོ །ཕྱི་རོལ་དུ་དབུགས་གཅིག་གི་དུས་ཚོད་གང་ཡིན་པ་དེ་ནང་དུ་དབུགས་གཅིག་གི་ཉི་ཁྲི་ཆིག་སྟོང་དྲུག་རྒྱའི་ཆ་གཅིག་ཤེས་པར་བྱའོ། །ཆོས་མཐུན་པ་དེའི་ཕྱིར། ཕྱི་རོལ་དུ་ལོ་གཅིག་ལ་དུས་སྦྱོར་བཅུ་གཉིས་སུ་འགྱུར་ཏེ། ནང་དུ་ཉིན་མཚན་གཅིག་ལ་སྲོག་གི་རླུང་གིས་འཕོ་བ་བཅུ་གཉིས་སོ། །ཕྱི་རོལ་དུ་ཆུ་ཚོད་ལྔ་ལྔའི་རང་བཞིན་དུ་གྱུར་པ་དུས་སྦྱོར་བཞི་སྟོང་སུམ་བརྒྱ་ཉི་ཤུ་ལོ་གཅིག་ཡིན་ལ་ནང་དུ་དབུགས་ལྔ་ལྔའི་རང་བཞིན་དུ་གྱུར་པའི་དུས་སྦྱོར་དེ་རྣམས་ཀྱིས་ཤེས་པར་བྱའོ། །ཕྱི་རོལ་དུ་ཆུ་ཚོད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱས་ལོ་གཅིག་ཡིན་ལ། ནང་དུ་དབུགས་དེ་རྣམས་ཀྱིས་ཉིན་མཚན་གཅིག་གོ །རིམ་པ་དེ་ལྟ་བས་ན་ཆུ་སྲང་ལ་སོགས་པའི་གྲངས་ནི་ཕྱི་དང་ནང་དུ་ཤེས་པར་བྱའོ། །ཕྱི་དང་ནང་དུ་དེ་ལྟ་བུར་གྱུར་བའི་དུས་ཀྱི་ཚད་གང་ཡིན་པ་དེ་རང་རང་གི་ཚད་ཀྱིས་སྲིན་བུ་ལ་སོགས་པ་རྣམས་ལ་རིག་པར་བྱའོ། །དེ་ཉིད་བཤད་པར་མཛད་དེ། འདི་རྣམས་འདི་ལྟར་འགྱུར་ཏེ། ལུས་སྐྱེས་ཕྲ་རབ་མི་དང་འབྱུང་པོ་ལྷ་དང་ལྷ་མིན་དང༌། །ནུས་དང་གཙོ་བོ་ཉིན་གཅིག་སྲིད་གསུམ་གནས་དང་ལུས་ཀྱི་དབུས་སུ་དེ་བཞིན་ནོ། །ཞེས་བྱ་བ་ནི། ཕྱི་རོལ་དུ་ལོའི་བྱེ་བྲག་ཇི་ལྟ་བ་དེ་བཞིན་དུ་སྲོག་གི་རླུང་གིས་ཀུན་ཏུ་སྤྱོད་པས་ནང་དུ་རྣལ་འབྱོར་པས་རིག་པར་བྱའོ། །ད་ནི་བཅོམ་ལྡན་འདས་འཇམ་དཔལ་གྱིས་ཤཾབྷལའི་ཡུལ་དུ་སྤྲུལ་པའི་སྐུ་བཞེངས་པ་དང༌། ཀླ་ཀློའི་ཆོས་དར་བ་དང༌། སྐར་རྩིས་ལ་སོགས་པའི་མདོར་བསྡུས་ནི་གསལ་པོ་ཡིན་ཏེ། ལོ་ནི་འདི་ནས་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ནས། དྲག་པོ་ལ་སོགས་ལྷ་རྣམས་ཀྱིས་སོ་ཞེས་བྱ་བའི་མཐར། ཚིགས་སུ་བཅད་པ་བདུན་ཅུ་རྩ་བརྒྱད་ཀྱི་དོན་ནི་ལེགས་པར་བསྟན་ཏོ། །ད་ནི་འཇིག་རྟེན་པའི་དོན་བསྒྲུབ་པའི་ཕྱིར་དབྱངས་འབྱུང་བར་གསུངས་པ། ཨ་སོགས་དབྱངས་ལྔ་གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི། ཡི་གེ་ཨ་ལ་སོགས་པའི་དབྱངས་ལྔ་གང་ཡིན་པ་དེ་ས་ཆུ་མེ་རླུང་ནམ་མཁའི་རང་


DTG013_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་དུ་གྱུར་པ་ཡིན་ཡང༌། དེ་རྣམས་ཀྱིས་ཀྱང་ཚེས་དགའ་མོ་ལ་སོགས་པ་ལྔ་ལ་བྱིན་གྱིས་རློབ་པར་བྱེད་དེ། དེ་བཞིན་དུ་ཡོན་ཏན་དང་ཡང་ན་ཨ་ཏི་ཤའི་རང་བཞིན་དུ་གྱུར་པའི་བཅུ་ནི་ཡང་ཚེས་དགའ་མོ་ལ་སོགས་པ་རྣམས་ལ་ཤར་བར་གྱུར་པའོ། ཚེས་དེ་རྣམས་ལ་བཀྲ་ཤིས་ལ་སོགས་པའི་གཟའ་རྣམས་སུ་མ་གྱུར་པ་དེ་ལྟ་ན་ནི། དབྱངས་དང་ཚེས་དེའི་མཐུས་དོན་འགྲུབ་པར་འགྱུར་གྱི་གཞན་དུ་ན་ནི་མ་ཡིན་ནོ། །དེ་བཞིན་དུ་མི་མཐུན་པའི་རྒྱུ་སྐར་དང་ལྡན་པར་གྱུར་པ་དེ་ལྟ་ན་ནི། དོན་མི་འགྲུབ་པར་ཤེས་པར་བྱའོ། །དོན་དེ་ཉིད་གསུངས་པ། ཨ་སོགས་དབྱངས་ལྔ་གང་ཡིན་དང་པོའི་ཚེས་ཀྱི་དབང་གིས་དགའ་མ་ལ་སོགས་སྦྱོར་བ་ལྔ། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་དགུས་དབྱངས་དེ་རྣམས་ཀྱི་སྐྱེ་བའི་གནས་དང་མཚན་ཉིད་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་འཇིག་རྟེན་པའི་ཐ་སྙད་ཀྱི་དགེ་བ་དང་མི་དགེ་བའི་དོན་འགྲུབ་པའི་ཞུ་བ་ནི་རྣལ་འབྱོར་བས་ཤེས་པར་བྱ་སྟེ། དེར་རྩ་གཡས་པ་དང་གཡོན་པར་སྲོག་གི་རླུང་གི་ཀུན་ཏུ་རྒྱུ་བའི་སྤྱོད་པར་རིག་པར་བྱ་ཞིང༌། དེ་ལ་གལ་ཏེ་རྩ་གཡས་པའི་སྟོང་པའི་དཀྱིལ་འཁོར་ལས་དུས་ཀྱི་མེ་ཤར་བར་གྱུར་པ་དེ་ལྟ་ན་ནི། འཁྲུགས་པའི་གནས་སུ་ཞུགས་པར་བྱས་པའི་མི་དེ་འཆི་བར་འགྱུར་བའོ། །དེ་བཞིན་དུ་རླུང་གི་དཀྱིལ་འཁོར་ལས་ཉི་མ་ཤར་བར་གྱུར་པ་དེ་ལྟ་ན་ནི། བཅོམ་པར་གྱུར་པའོ། །མེའི་དཀྱིལ་འཁོར་ལ་བཀྲ་ཤིས་ཤར་བར་གྱུར་པ་དེ་ལྟ་ན་ནི་རྨས་པར་གྱུར་པའོ། །ཆུ་འདི་དཀྱིལ་འཁོར་ལས་ཕུར་བུ་དང་གཟའ་ལྷག་ཤར་བར་གྱུར་པ་དེ་ལྟ་ན་ནི་མཐུན་པར་འགྱུར་བའོ། །སའི་དཀྱིལ་འཁོར་ལས་དམན་པར་གྱུར་པ་ནི་སྤེན་པར་གྱུར་པ་དེ་ལྟ་ན་ནི་ཡུལ་དུ་འཁྲུག་པར་འགྱུར་རོ། །དེ་བཞིན་དུ་ནད་པ་ལ་ནི་སྟོང་པའི་དཀྱིལ་འཁོར་ལ་ནི་སོགས་པ་ལ་གྲངས་ཇི་ལྟ་བས་འཆི་བ་དང༌། ཉོན་མོངས་པ་དང་རྨ་དང་བདེ་བ་དང་མ་ཉམས་པ་ཉིད་ཅེས་བྱ་བ་ནི་ཞུ་བ་པོས་ཞུས་ན་ནད་རྣམས་ལ་འགྱུར་བའོ། །དེ་བཞིན་དུ་རྩ་གཡོན་པའི་སྟོང་པའི་དཀྱིལ་འཁོར་ལས་གལ་ཏེ་སྒྲ་གཅན་ཤར་བར་གྱུར་པ་དེ་ལྟ་ན་ནི་ཞུ་བ་པོའི་དགྲ་གཡུལ་དུ་ཉམས་པར་གྱུར་པའོ། །རྩ་གཡོན་པའི་དཀྱིལ་འཁོར་ལས་ཟླ་བ་ལ་སོགས་པ་ཤར་བ་དེ་ལྟ་ན་ནི་བཅོམ་པ་ལ་སོགས་པ་གཡུལ་གྱི་གནས་སུ་ཤེས་པར་བྱའོ། འདི་ལྟར་མགྲོན་དང་བག་མ་ལེན་པར་


DTG013_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགེ་བའི་འབྲས་བུར་འགྱུར་ཏེ་གཡོན་ལམ་གཟའ་རྣམས་ཀྱིས་ཞེས་བྱ་བ་ནི་ཞུ་བའི་དུས་སོ། །དེ་བཞིན་དུ་ཞུ་བ་པོས་ཡི་གེ་རྣམས་གང་བརྗོད་པ་དེ་བཅུས་བསྒྲེས་ནས་བཅུ་གཉིས་བསྲེ་བར་བྱའོ། །ཕྱི་ནས་ལྔས་བསྒྲེས་ནས་ཞུབ་པོ་དོར་ནས་ཉེ་བར་གནས་པའི་མི་བསྲེ་བར་བྱའོ། །བདུན་གྱིས་བཅད་ནས་མི་མཉམ་པའི་རང་བཞིན་དུ་གྱུར་པའི་ཉི་མ་ལ་སོགས་པ་ལྷག་མར་གྱུར་པ་དེ་ལྟ་ན་ནི་དོན་གྲུབ་པར་མི་འགྱུར་རོ། །དེ་ནས་མཉམ་པའི་རང་བཞིན་དུ་གྱུར་པ་ཟླ་བ་ལ་སོགས་པ་དེ་ལྟ་ན་ནི་དོན་གྲུབ་པར་འགྱུར་ཞེས་བྱའོ། །དེ་བཞིན་དབུགས་འབྱུང་བ་དང་འཇུག་པའི་དུས་སུ་གལ་ཏེ་ཞུ་བར་གྱུར་པ་དེ་ལྟ་ན་ནི་གྲངས་ཇི་ལྟ་བས་དོན་མི་འགྲུབ་པ་དང་འགྲུབ་པར་ཤེས་པར་བྱའོ། །དེ་གང་གིས་ཤེས་ཤེ་ན་རྣལ་འབྱོར་ལྡན་པས་ཤེས་པར་བྱའོ། །དེ་བཞིན་དུ། ལས་ཤེས་དུས་རྩར་གནས་པའི་ཉིན་མོའི་དབང་གིས་ཟླ་བ་ཉི་མ་གྲུབ་བྱས་ལ། །གཞན་མ་རྣམས་ཀྱི་དགེ་བ་དང་མི་དགེ་བའི་དོན་གང་བཤད་པར་བྱེད་པ་དེ་ལ་སྐྱོན་ཅི་ཡོད་ཅེ་ན། ད་ལྟར་བྱུང་བ་མ་ཤེས་པས་ནི་དགེ་བ་དང༌། མི་དགེ་བའི་འབྲས་བུ་འཇིག་རྟེན་འདིར་ནི་གང་གིས་བརྗོད། །ལོང་བ་དེས་ནི་ལོང་བ་ཁྲིད་ལས་གླང་ཆེན་སེངྒེས་གང་བའི་ནགས་ཚལ་འཇུག་པར་བྱེད། ཅེས་བྱའོ། །གལ་ཏེ་སྲོག་གི་རླུང་གི་མཚན་ཉིད་མི་ཤེས་པ་དེ་ལྟ་ན་ནི། སྐར་རྩིས་ཀྱི་སྒོ་ཡིས་དགེ་བ་དང་མི་དགེ་བ་བསྟན་པར་བྱའོ། །དེ་ལ་ཡང་སྐྱེ་བའི་དུས་སྦྱོར་དང༌། བདུན་པ་ལ་གལ་ཏེ་དུས་ཀྱི་མེ་ལ་སོགས་པར་དེ་ལྟ་ན་ནི་ཞུ་བ་པོ་ལ་འཆི་བ་ལ་སོགས་པའི་སྡུག་བསྔལ་འགྱུར་བའོ། །དེ་ནས་སྒྲ་གཅན་ལ་སོགས་པར་གྱུར་པ་དེ་ལྟ་ན་ནི་དགྲ་འཆི་བ་ལ་སོགས་པར་གྱུར་པའོ། །གཞན་ཡང་ཞུ་བའི་དུས་སུ་གཟའ་སྐར་བཟང་བ་དང༌། གཡོན་གྱི་རྩ་འབབ་པ་དེ་ལྟ་ན་ནི། ངེས་པར་དོན་ནི་ཐམས་ཅད་འགྲུབ། ཅེས་བྱའོ། །དེ་བཞིན་དུ་ཐ་སྐར་ལ་སོགས་པའི་རྒྱུ་སྐར་ཉི་ཤུ་རྩ་བདུན་སུམ་ཆར་བྱས་ནས། ཆ་དང་པོའམ་ཆ་གཉིས་པར་མི་མཉམ་པའི་སྐར་མ་ལ་གལ་ཏེ་གཟའ་མི་མཉམ་པར་གྱུར་པ་དེ་ལྟ་ན་ནི་འཐབ་མོའམ་ནད་པ་འཆི་བར་འགྱུར་ཏེ། དེ་ནས་གཟའ་མཉམ་པའི་རང་བཞིན་དུ་གྱུར་པ་དེ་ལྟ་ན་ནི། རྒྱལ་བ་དང་ནད་སོད་པར་གྱུར་པའོ། །དེ་བཞིན་དུ་མི་རྣམས་ཀྱི་ཚེ་ནི་མདོར་བསྡུས་པ་ཁོ་ནར་བརྒྱ་རྩ་བརྒྱད་ཡིན་ལ། དེ་རྣམས་ལ་ཉི་མ་ལ་སོགས་པས་


DTG013_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལོངས་སྤྱོད་པར་བྱེད་དོ། །དེ་ལ་རགས་པའི་གནས་སྐབས་སུ་ཉི་མ་ལ་དྲུག་དང་ཟླ་བ་ལ་བཅོ་ལྔ་དང༌། བཀྲ་ཤིས་ལ་བརྒྱད་དང་གཟའ་ལྷག་ལ་བཅུ་བདུན་དང༌། སྤེན་པ་ལ་བཅུ་དང༌། ཕུར་བུ་ལ་བཅུ་དགུ་དང༌། སྒྲ་གཅན་ལ་བཅུ་གཉིས་ངང་པ་སངས་ལ་ཉི་ཤུ་རྩ་གཅིག་གོ །དེ་རྣམས་ལས་ཉི་མ་ལ་སོགས་པའི་མི་མཉམ་པའི་གཟའ་རྣམས་ཀྱི་ལོ་ཇི་ཙམ་དུ་གྱུར་པ་དུས་དེ་ཙམ་བར་དུ་ཉོན་མོངས་པར་གྱུར་པའོ། །ཞི་བའི་རང་བཞིན་དུ་གྱུར་པ་ཟླ་བ་ལ་སོགས་པ་མཉམ་པ་ནི་ཞི་བར་བྱེད་པའོ། །དེ་ལ་ཕྲ་བའི་རང་བཞིན་དུ་གྱུར་པའི་གནས་སྐབས་སུ་ཉི་མའི་ལོ་དྲུག་ལ་ཟླ་བ་ལ་སོགས་པས་ལོངས་སྤྱོད་པར་བྱེད་ཅིང༌། ཟླ་བ་ལ་སོགས་པའི་ལོ་རྣམས་ཉི་མ་ལ་སོགས་པས་ལོངས་སྤྱོད་པར་བྱེད་པའོ། །དེ་རྣམས་ཀྱི་ས་བོན་དུ་གྱུར་པའི་ཡི་གེ་རྣམས་ནི། དབྱངས་དང་གསལ་བྱེད་དུ་ཤེས་པར་བྱའོ། །དོན་དེ་ནི་དེ་ལྟ་བུ་གང་ཡིན་པ་དེ་ཉིད་མ་རིག་པ་ལ་སོགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡོན་ཏན་བཅུ་གཉིས་ཀྱིས་ཤེས་པར་བྱའོ། །དེ་བཞིན་དུ་ཕྱོགས་བརྒྱད་ཀྱི་རང་བཞིན་དུ་གྱུར་པའི་ས་ལ་འབྲུའི་འཁོར་ལོ་དང༌། གཟའི་འཁོར་ལོ་ཤེས་པར་བྱས་ལ་གལ་ཏེ། ཉི་མ་ལ་སོགས་པའི་མི་མཉམ་པའི་གཟའ་རྣམས་རང་ལ་རྒྱབ་དང་གཡས་སུ་གྱུར་པ་དང༌། དགྲ་ལ་མདུན་དང་གཡོན་དུ་གྱུར་པ་དང༌། དེ་ལྟ་ན་ནི་དགྲ་རྣམས་གསོད་པར་བྱེད་དོ། །དེ་བཞིན་དུ་ཟླ་བ་ལ་སོགས་པ་མཉམ་པའི་རང་བཞིན་དུ་གྱུར་པ། རང་ལ་མདུན་དང་གཡོན་དུ་གྱུར་པ་དང༌། དགྲ་ལ་རྒྱབ་དང་གཡས་སུ་གྱུར་པ་དེ་ལྟ་ན་ནི་དོན་སྔ་མ་བཞིན་དུ་བྱེད་དོ། །རིམ་པ་དེ་བཞིན་དུ་རྣལ་འབྱོར་མ་ལ་སོགས་པ་ནི་གལ་ཏེ་གཡས་དང༌། རྒྱབ་ཏུ་གྱུར་པ་དེ་ལྟ་ན་ནི་དགྲ་ལ་སོགས་པ་གསོད་པར་བྱེད་ཅེས་བྱ་བའོ། །དེ་ནས་གལ་ཏེ་གདུག་པ་དང་ཞི་བའི་གཟའ་ལ་སོགས་པ་ནི་དུས་གཅིག་ཏུ་གཡས་དང་རྒྱབ་ཏུ་མདུན་དང་གཡོན་དུ་རང་དང་དགྲ་ལ་གནས་པར་གྱུར་པ་དེ་ལྟ་ན་ནི་སྟོབས་གཉིས་བཅོམ་པར་བྱེད་ཅེས་བྱ་བའོ། །གཞན་ཡང་ཚངས་མོ་ལ་སོགས་པའི་རྣལ་འབྱོར་མ་བརྒྱད་ཆར་ཤར་ལ་སོགས་པ་ལ་ཚེས་གཅིག་ལ་སོགས་པའི་དབྱེ་བས་ཤར་བ་ལ་སོགས་པར་ཤེས་པར་བྱའོ། །དེ་བཞིན་དུ་དཀར་པོའི་ཕྱོགས་ཀྱི་ཚེས་བཞི་དང་ཚེས་བརྒྱད་དང༌། བཅུ་གཅིག་དང་ཉ་ལ་ཤར་ལ་སོགས་པའི་ཕྱོགས་དང༌། ནག་པོའི་


DTG013_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱོགས་ཀྱི་ཚེས་གསུམ་དང་ཚེས་བདུན་དང་ཚེས་བཅུ་དང་ཚེས་བཅུ་བཞི་ལ་མེའི་མཚམས་ལ་སོགས་པ་ལས་ཀེའི་ཀང་འཆར་བར་འགྱུར་ཏེ། ཤར་བའི་ཕྱོགས་དེ་རྣམས་ཤེས་ནས་བྱ་བ་འགྲུབ་པ་དང་མི་འགྲུབ་པར་ཤེས་པར་བྱའོ། །དེ་བཞིན་དུ་ལོའི་དྲག་པོ་དང༌། བགྲོད་པའི་དྲག་པོ་དང༌། ཟླ་བའི་དྲག་པོ་དང། ཕྱོགས་ཀྱི་དྲག་པོ་དང༌། ཉིན་མཚན་གྱི་དྲག་པོ་དང༌། དུས་ཀྱི་དྲག་པོ་སྟེ། རྣམ་པ་དྲུག་ཏུ་དེ་ཡང་རྣལ་འབྱོར་པས་ཤེས་པར་བྱའོ། །དེ་བཞིན་དུ་ཐུན་མཚམས་ཕྱེད་ཀྱི་སྒྲ་གཅན་གྱི་སྟོབས་ནི་ཕྱོགས་དང་ཕྱོགས་མཚམས་ལ་འཁོར་བར་ཤེས་པར་བྱ་སྟེ། དེ་ཤེས་ནས་འཁྲུག་པའི་དུས་སུ་རྒྱལ་བ་དང་ཕམ་པར་རིག་པར་བྱའོ། །དེ་བཞིན་དུ་གཉིས་འཐབ་པའི་དུས་སུ་ཡི་གེ་གསུམ་དང་ལྡན་པའི་མིང་གིས་ཡི་གེ་གཉིས་དང་ལྡན་པར་གྱུར་པའི་མིང་ཅན་ནི། ཕམ་པ་དང་བཅོམ་པར་འགྱུར་རོ། །དེ་བཞིན་དུ་དབུགས་འབྱུང་བའི་དུས་སུ་གང་གིས་ཞུས་པར་བྱས་པ་དང༌། དབུགས་འཇུག་པའི་དུས་སུ་ཞུ་བ་པོ་ནི་གྲངས་ཇི་ལྟ་བུས་ཕམ་པ་དང་རྒྱལ་བར་གྱུར་བའོ། །འདི་དག་ལ་སོགས་པའི་ནང་ནས་ནན་ཏན་གྱི་སྒྲ་གཅན་གྱི་མཚན་ཉིད་ཤེས་པར་བྱ་སྟེ། དུས་ནི་འཐབ་མོའི་ས་ཡང་རུང་རྒྱལ་པོ་རྣམས་ཀྱི་གཡས་དང་གཡོན་དུ་གལ་ཏེ་མུན་པ་ཅན་གྱུར་ན། གཡུལ་དུ་ལྷའི་མགོན་པོ་སེང་གེ་དབང་དང་བཅས་པ་མི་རྣམས་ཀྱིས་ནི་བཅོམ། །ཞེས་བྱ་བ་ནི་འདིར་འཁོར་བའི་དབང་གིས་གལ་ཏེ་གཡས་སུ་མཇུག་མའི་སྒྲ་གཅན་དང༌། གཡོན་དུ་གདོང་བའི་སྒྲ་གཅན་གཡུལ་དུ་གྱུར་པ་དེ་ལྟ་ན་ནི་སྒྲ་གཅན་གྱི་སྟོབས་དེས་ཁྱབ་འཇུག་དང་དྲག་པོ་ནི་ལྷན་ཅིག་ཏུ་མི་རྣམས་ཀྱིས་ཀྱང་བཅོམ་པར་བྱེད་དོ། །དེ་བས་ན་འདི་ལྟར་དཔལ་ལྡན་རྩ་བའི་སྒྲ་གཅན་བླ་མའི་ཚིག་ལ་གནས་པར་དུས་ཀྱི་འཁོར་ལོར་ཤེས་པར་བྱའོ། །རྣལ་འབྱོར་མ་རྣམས་ཀེའུ་ཀང་དྲག་པོ་གཟའ་ཚོགས་དང་བཅས་དབྱངས་བཅས་ཤར། །དེ་རྣམས་དོར་ནས་སྲིད་གསུམ་རྒྱལ་བས་རྒྱལ་པོ་རྣམས་ཀྱིས་གཅིག་པུ་གཟུང་བར་བྱ། །གང་གིས་ཉི་ཟླ་ཟོས་པ་ལྷ་རྣམས་འཇིགས་བྱེད་དྲག་པོའི་རྣམ་པ་མིག་སྨན་དང་འདྲ་བ། །ས་ཡི་ཤར་དང་ནུབ་ཏུ་འཁོར་ཞིང་ཉིན་མོའི་དུས་སུ་ལྷོ་དང་བྱང་རྣམས་དག་ཏུའོ། །ཞེས་བྱ་བ་ནི། ཁྱད་པར་དུ་གྱུར་པར་གསུངས་ཞེས་བྱ་བའོ། །དེ་ནས་གཡུལ་ནས་དགྲ་བཅོམ་ཞེས་བྱ་བ་ལ་


DTG013_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པ་ནས་བརྩམས་ནས། གང་དང་གང་དུ་ཁྲིད་པ་ཞེས་བྱ་བའི་ཚིགས་སུ་བཅད་པ་བཅོ་ལྔས་སྒྱོགས་ལ་སོགས་པའི་མཚན་ཉིད་དེ་བཞིན་གཤེགས་པས་གང་གསུངས་པ་དེས་བདག་ཅག་ལ་དགོས་པ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་ལ་སོགས་པ་དང་བྲལ་བ་དང༌། གཞན་གྱི་དོན་ཕུན་སུམ་ཚོགས་པར་མཛད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་པ་ཡིན་གྱི། རང་གི་དོན་འབའ་ཞིག་གྲུབ་པར་འདོད་པ་དང༌། ཞེ་སྡང་ལ་སོགས་པ་དང་ལྡན་པ་ནི་མ་ཡིན་ནོ། །དེ་ཉིད་གསུངས་པ། གདུག་རྣམས་བསྒྲུབ་པའི་དོན་དང༌། མཆོག་གིས་སྟེང་དུ་ནི་ཆོས་བྱེད་རྒྱལ་བར་བྱེད་པའི་ཕྱིར། སྔོན་བརྗོད་དང་པོའི་སངས་རྒྱས་ལས་ནི་སྲིད་གསུམ་བླ་མས་ཟླ་བ་བཟང་པོ་ལ་ནི་ཐམས་ཅད་གང༌། །དེ་དབུས་ཅུང་ཟད་ཡུལ་འདིར་གསལ་བར་བདག་གིས་ད་ལྟར་བསྟན་པའོ། །རང་གནས་བསྲུང་བའི་དོན་དུ་འདི་དག་མ་ལུས་གྱིས་ཤིག་ཞེ་སྡང་ཆགས་པས་མ་ཡིན་མི་དབང་ཀྱེ། །ཞེས་བྱ་བ་ལ། གདུག་པ་རྣམས་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་གནོད་པར་བྱེད་པ་དང༌། འདུལ་དཀའ་བར་གྱུར་པའི་མུ་སྟེགས་པ་རྣམས་ཡིན་ལ། དེ་རྣམས་གདུལ་བའི་ཕྱིར་དང་སྡིག་པ་དང་བྲལ་བའི་ཕྱིར་སྐྱེས་བུ་དམ་པ་རྣམས་རྒྱལ་བའི་ཕྱིར། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སྔོན་དུ་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་ལས་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་ཟླ་བ་བཟང་པོ་ལ་དོན་གང་བཀའ་སྩལ་ལ། དེ་ཉིད་བདག་འཇམ་དཔལ་གྱིས་ཡུལ་ཤམྦྷལ་ལ་སོགས་པ་བསྲུང་བའི་ཕྱིར་རྒྱུད་ཀྱི་རྒྱལ་པོ་བསྡུས་པའི་རྒྱུད་འདིར་བསྟན་པ་ཡིན་ལ། དོན་དེ་ཉིད་ནི་ཉི་མའི་ཤིང་རྟ་ཁྱོད་ཀྱིས་ཞེ་སྡང་ལ་སོགས་པ་དོར་ནས་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་བྱེད་པར་གནང་བར་འགྱུར་གྱི་ཞེ་སྡང་ལ་སོགས་པའི་སེམས་དང་རང་གི་དོན་འགྲུབ་པའི་ཕྱིར་མ་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་འཇམ་དཔལ་གྱིས་འཇིག་རྟེན་གྱི་བདེན་པས་འཇིག་རྟེན་གྱི་ཁམས་ཀྱི་མཚན་ཉིད་དང༌། སྐར་རྩིས་ལ་སོགས་པ་བསྟན་པར་མཛད་ནས། ཡུལ་ཤམྦྷལའི་ཡོན་ཏན་དང་ཀླ་ཀློ་དང་ལྷན་ཅིག་ཏུ་འཁྲུག་པ་དང་སངས་རྒྱས་ཀྱི་ཆོས་དར་བ་ལ་སོགས་པ་བསྟན་པར་མཛད་དེ། ཆང་དང་ལན་ཚྭའི་མཚོ་དབུས་ཐུབ་པའི་ས་ཡི་གནས་སུ་ལས་ཀྱི་


DTG013_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སར་ནི་ཡང་དག་གནས་པའོ། །དཔག་ཚད་འབུམ་ཕྲག་གསུམ་ལ་མི་ཡི་བདག་པོ་ཉི་མའི་དུམ་བུར་རིམ་པར་འཁོར། །ཞེས་བྱ་བ་ལ། ཆང་གི་རྒྱ་མཚོ་དང་ལན་ཚྭ་བའི་རྒྱ་མཚོའི་བར་དུ་འཛམ་བུ་གླིང་གང་ཡིན་པ་དེ་ལས་ཀྱི་སར་ཤེས་པར་བྱའོ། །དེ་ཡང་རྒྱའི་ཚད་གྱིས་འབུམ་ཕྲག་གསུམ་གྱི་རང་བཞིན་དུ་གྱུར་པ་ཡིན་ལ། དེ་ཉིད་གླིང་དང་ཉེ་བའི་གླིང་གི་དབྱེ་བས་དུམ་བུ་བཅུ་གཉིས་རང་བཞིན་དུ་གྱུར་པའོ། །དུམ་བུ་བཅུ་གཉིས་པོ་དེ་ལ་དུས་སྦྱོར་གྱི་དབྱེ་བས་ཉི་མ་འཁོར་བ་ཇི་ལྟ་བ་དེ་བཞིན་དུ་མིའི་བདག་པོ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོས་འཁོར་བར་མཛད་ཅེས་བྱ་བའོ། །དུམ་བུ་རེ་རེའི་ཚད་ཇི་ལྟ་བུ་ཡིན་ཞེ་ན། དུམ་བུ་གཅིག་ནི་ནོར་བདག་དང་བཅས་དཔག་ཚད་སྟོང་ཕྲག་ཉི་ཤུ་ལྔ་དག་གོ །དེ་དབུས་མཆོག་གི་གངས་རིས་ཕྱོགས་རྣམས་བསྐོར་བའི་ཀེ་ལ་ཤ་རིའོ། །ཞེས་བྱ་བ་ནི་དཔག་ཚད་འབུམ་ཕྲག་གསུམ་ལས་ཆ་བཅུ་གཉིས་ཀྱིས་ཐོབ་པའི་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་ནི་དུམ་བུ་རེ་རེའི་ཕྱོགས་བརྒྱད་ཀྱི་ཚད་ཤེས་པར་བྱའོ། །དེ་རྣམས་ཀྱི་ནང་ནས་འཛམ་བུ་གླིང་ཆུང་ངུའི་དབུས་སུ་རི་ཀེ་ལ་ཤ་གནས་ཏེ་ཇི་ལྟ་བུ་ཡིན་ཞེ་ན། གངས་རིས་ཕྱོགས་རྣམས་ཀྱིས་བསྐོར་ཞེས་བྱ་བ་ནི་ཤར་ཕྱོགས་ནས་བརྩམས་ནས་ནུབ་ཕྱོགས་ཀྱི་བར་དུ་གངས་ཀྱི་རིས་བསྐོར་བའོ། །དེའི་ཚད་གང་ཡིན་ཞེ་ན། ས་ལ་གངས་རི་དང་བཅས་ཀེ་ལ་ཤ་ཡི་དུམ་བུ་དེ་ཡི་སུམ་ཆ་ཀུན་ནས་སོ། །ཞེས་བྱ་བ་ནི། ཁོར་ཡུག་གི་དཔག་ཚད་དེ་ལས་སུམ་ཆ་ནི་གངས་རི་དང་ཀེ་ལ་ཤའི་ཚད་དོ། །ཕྱི་རོལ་འདབ་མ་རེ་རེར་ཉིན་བྱེད་ཡུལ་དང་གླིང་དང་ཡུལ་རྣམས་ཀྱིས་ནི་བརྒྱན་པའོ། །ཞེས་བྱ་བ་ནི་གླིང་དང་ཉེ་བའི་གླིང་དང་བཅུ་གཉིས་ཀྱིས་བརྒྱན་པའོ་ཞེས་བྱའོ། །གཡས་ཕྱེད་ལ་ནི་ཐུབ་མཆོག་གནས་ཡིན་བྱེ་བ་གྲོང་ཁྱེར་གནས་ལ་ཤམྦྷལ། །ཞེས་བྱ་བ་ནི། གངས་རི་དང་ཀེ་ལ་ཤའི་གཡས་ཕྱོགས་སུ་གྲོང་ཁྱེར་བྱེ་བ་ཕྲག་གི་རང་བཞིན་དུ་གྱུར་པ་ཤམ་བྷ་ལ་ཞེས་བྱ་སྟེ། ཕྱག་རྒྱ་ཆེན་པོའི་སྣོད་དུ་རུང་བའི་སྐྱེས་བུ་དམ་པ་རྣམས་ཀྱི་གནས་ཞེས་བྱ་བའོ། །ཡུལ་ཇི་ལྟ་བུ་བརྗོད་ཅེ་ན། བྱེ་བ་གྲོང་གིས་བསྐོར་བའི་ཡུལ་དུ་འགྱུར་ཞིང་གྲོང་ཁྱེར་འབུམ་གྱིས་དཀྱིལ་འཁོར་ལོའོ། །ཞེས་བྱ་བ་ནི། གྲོང་རྡལ་བྱེ་བ་ཕྲག་གཅིག་ནི་ཡུལ་དུ་བརྗོད་དོ། །འབུམ་ཕྲག་གཅིག་ནི་དཀྱིལ་འཁོར་ཞེས་བྱ་བའོ། །དེ་དག་


DTG013_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་སོགས་པའི་རང་བཞིན་དུ་གྱུར་པའི་དུམ་བུ་བཅུ་གཉིས་ལ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བར་མཛད་ཅེ་ན། གཅིག་གཉིས་གསུམ་དང་རྒྱ་མཚོ་མདའ་དང་སྐྱེ་བོའི་བྱེད་པ་ལྔ་དང་འཇིག་རྟེན་ལ་སོགས་པའི་དབྱེ་བས། ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པ་གཅིག་གོ །ཐབས་དང་ཤེས་རབ་ཀྱི་དབྱེ་བས་རྣམ་པ་གཉིས་སུ་འགྱུར་རོ། །རྡོ་རྗེ་གསུམ་གྱི་དབྱེ་བས་རྣམ་པ་གསུམ་མོ། །ཡེ་ཤེས་དང་ལྷན་ཅིག་ཏུ་རྣམ་པ་བཞིའོ། །ཕུང་པོ་ལྔ་རྣམ་པར་དག་པའི་ཕྱིར་རྣམ་པ་ལྔར་འགྱུར་རོ། །ཡེ་ཤེས་ཀྱི་ཕུང་པོ་དང་ལྷན་ཅིག་ཏུ་རྣམ་པ་དྲུག་གོ །ཕུང་པོ་ལྔ་དང་ཁམས་བཞིའི་དབྱེ་བས་རྣམ་པ་དགུའི་རང་བཞིན་དུ་གྱུར་པའོ། །དབྱེ་བ་འདི་དག་ལ་སོགས་པས་ཐ་དད་པར་གྱུར་པའི་མི་དབང་འཁོར་ལོ་ཅན་ནི་ས་རྣམས་འཁོར་ཏེ། དེ་ནི་མཁས་པས་བཙལ་བར་བྱ་ཞེས་བྱ་བ་ལ། མི་དབང་འཁོར་ལོ་ཅན་ཞེས་བྱ་བ་ནི། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཡིན་ལ། སེམས་ཅན་གྱི་བསམ་པའི་དབང་གིས་གཅིག་ལ་སོགས་པའི་དབྱེ་བ་ཐ་དད་པར་གྱུར་པས་ན། སེམས་ཅན་ལ་ཕན་གདགས་པའི་དོན་དུ་སའི་དུམ་བུ་བཅུ་གཉིས་ལ་ཉིན་མཚན་དུ་འཁོར་བར་མཛད་དེ། བཅོམ་ལྡན་འདས་དེ་ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར། མཁས་པ་རྣམས་ཀྱིས་བཙལ་བར་བྱའོ། །ད་ནི་མུ་སྟེགས་པའི་སྐད་ཀྱིས་བཅོམ་ལྡན་འདས་དེ་ཉིད་ཀྱི་མཚན་བརྗོད་པར་མཛད་དེ། འཁོར་ལོ་ཅན་དང་གཉིས་མིན་དུམ་བུ་ཡུལ་གྱི་མི་བདག་ལག་པའི་རྒྱ་ལྡན་དེ་དང་དེ་ལས་གཞན། །ཞེས་བྱ་བ་ནི་ཁྱབ་འཇུག་གི་མིང་གང་ཡིན་པ་དེ་ཉིད་བཅོམ་ལྡན་འདས་ཀྱིས་འཁོར་ལོ་ཅན་དང་གཉིས་མིན་དང་དུམ་བུ་ཅན་དང་རྒྱལ་པོ་ཕྱག་རྒྱ་དང་ལྡན་པ་ཞེས་བྱ་བའི་མཚན་བཟུང་ནས་སེམས་ཅན་གྱི་དོན་མཛད་དོ་ཞེས་བྱ་བའོ། །ཕྱི་རོལ་དུས་ཀྱི་དབྱེ་བ་ཇི་ལྟར་ངེས་པར་འགྱུར་ཏེ་འཇིག་རྟེན་མགོན་གྱི་དེ་བཞིན་ནོ། །ཞེས་བྱ་བ་ནི། ཕྱི་རོལ་དུ་དུས་ཀྱི་དབྱེ་བས་ལོ་དང་བགྲོད་པ་ལ་སོགས་པ་ཇི་ལྟ་བ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་དབྱེ་བ་གཅིག་དང་གཉིས་ལ་སོགས་པས་ཤེས་པར་བྱའོ། །གཞན་ཡང་འོད་ཟེར་བདུན་དང་གཟའ་ནི་རི་སྟེ་དེ་བཞིན་ཐུབ་པ་སྙིང་སྟོབས་ལྷ་ཡི་སྐྱེ་གནས་སོ། །ཞེས་བྱ་བ་ནི། མུ་སྟེགས་


DTG013_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་སྐད་དང་མཐུན་པར་མཛད་དེ་དེ་ཅིའི་ཕྱིར་ཞེ་ན། དང་པོ་དེ་རྣམས་ཀྱི་བསམ་པ་མ་ཟིན་གྱི་བར་དུ་དེ་རྣམས་འདུལ་བར་མི་འགྱུར་རོ་ཞེས་བྱ་བའོ། །དེའི་ཕྱིར་དྲང་སྲོང་བདུན་དང་གང་ཟག་བདུན་དང་ཐུབ་པ་རྣམས་ནི་དགེ་བའི་རང་བཞིན་དུ་གྱུར་པ་ལྷའི་རིགས་ཞེས་བྱ་བའོ། །དེ་བཞིན་དུ། ཉ་དང་རུས་སྦལ་ལག་པ་མི་ཡི་སེང་གེ་དང་བཅས་མིའུ་ཐུང་གཤིན་རྗེ་མེ་ཡི་བུ། །ར་མ་དེ་བཞིན་ནག་པོ་བརྒྱད་དེ་ལྷ་མིན་རིགས་ལ་འཇིག་རྟེན་རྡུལ་ནི་འབྱུང་པོའི་སྐྱེ་གནས་སོ། །ཞེས་བྱ་བ་ནི་ཉ་ལ་སོགས་པའི་སྤྲུལ་པ་བརྒྱད་ནི་དགེ་བ་དང་མི་དགེ་བའི་ལས་ཀྱི་རང་བཞིན་དུ་གྱུར་པའི་ལྷ་མ་ཡིན་གྱི་རིགས་ཞེས་བྱའོ། །ཉི་ཤུ་རྩ་གཉིས་ལྡན་གྱི་མཐའ་རུ་ལྷ་མིན་དགྲ་ནི་ཕྱག་ན་འཁོར་ལོ་ཚེ་ལོ་བརྒྱ་པར་འགྱུར། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོའི་རྒྱལ་པོ་ཉི་ཤུ་རྩ་གསུམ་གྱི་མཐར་ཀླ་ཀློའི་ཆོས་བཅོམ་པར་མཛད་པའི་བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྲུལ་པའི་སྐུར་བཞེངས་ནས་སངས་རྒྱས་ཀྱི་ཆོས་དར་བར་མཛད་ཅེས་བྱ་བའོ། །ཀླ་ཀློའི་ཆོས་སུས་དར་བར་བྱེད་ཅེ་ན། ཕྱེད་དང་རླབས་མིན་ཕག་པ་ལྷ་མིན་དང་ནི་ལོ་ཡི་རིགས་ནི་གཞན་རྣམས་མུན་པ་ལྔ། །བྱི་བ་འདི་དང་དཀར་པོའི་གོས་ཅན་སྤྲང་བདག་སྤྲུལ་པ་གང་ཞིག་བརྒྱད་པ་དེ་ནི་ལོང་བ་ཡིན། །གསལ་བར་མ་གའི་ཡུལ་གྱི་ངག་སྦྱིན་ལ་སོགས་གྲོང་ཁྱེར་དུ་ནི་བདུན་པ་ཡང་དག་འགྱུར། །ཞེས་བྱ་བ་ནི། མུ་སྟེགས་པའི་མིང་འདི་དག་ལ་སོགས་པ་རྣམས་ཀྱིས་ལྷ་མ་ཡིན་གྱི་ཆོས་འདི་དར་བར་བྱེད་དོ། །འདི་རྣམས་ཀྱི་ནང་དུ་དཀར་པོའི་གོས་ཅན་ཞེས་བྱ་བ་ནི་མ་ཧ་མ་ཡ་ན་ཡིན་ཏེ། དེས་མ་གའི་ཡུལ་ལ་སོགས་པའི་གྲོང་ཁྱེར་དུ་ལྷ་མ་ཡིན་ལ་སོགས་པའི་ཆོས་དར་བར་བྱེད་ཅེས་བྱ་བའོ། །ཡུལ་དེ་ཇི་ལྟ་བུ་ཡིན་ཞེ་ན། གང་དུ་འཇིག་རྟེན་ལྷ་མིན་རིགས་དང་སྟོབས་ལྡན་སྙིང་རྗེ་དང་བྲལ་ཀླ་ཀློའི་རྣམ་པ་ཡིན། །ཞེས་བྱ་བའོ། །ཡུལ་དེ་ལ་གནས་པའི་མི་རྣམས་ཀྱི་སྤྱོད་པ་ཇི་ལྟ་བུ་ཡིན་ཞེ་ན། རྔ་མོ་རྟ་དང་བ་ལང་བསད་ནས་ཁྲག་དང་བཅས་པ་དག་ནི་བཙོས་པ་ཅུང་ཟད་དོ། །བ་ལང་ཤ་དང་དངུལ་ཆུ་མར་དང་ཚ་བ་དང་མཉམ་ལོ་མ་འབྲས་དང་བསྲེས། གཅིག་ཏུ་མེས་བཙོས་ནགས་ཀྱི་འབྲས་བུ་དང་བཅས་གང་དུ་མི་རྣམས་ཀྱིས་ནི་ཟས། །བཏུང་བ་མཁའ་འགྲོའི་སྒོ་ངར་གྱུར་ཏེ་ལྷ་མ་ཡིན་གྱི་དེ་གནས་མི་


DTG013_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབང་ཀྱེ། །ཞེས་བྱ་བ་ནི་འདི་དག་ལ་སོགས་པའི་སྤྱོད་པ་གང་རྣམས་ཀྱིས་བྱེད་པ་མི་རྣམས་དགེ་བ་དང་བྲལ་བའི་ཀླ་ཀློ་ཡིན་གྱི། འཕགས་པའི་སྐྱེ་བོ་རྣམས་ནི་མ་ཡིན་ནོ། །འོ་ན་བཅོམ་ལྡན་འདས་ཀྱི་སྤྲུལ་པ་ཇི་ལྟ་བུ་ཡིན་ཞེ་ན། ཐིག་ལེ་ནུས་མ་མིག་སྨན་མཁའ་ལྡིང་ལྷ་ཡི་ཆུ་བོ་མིས་སྦྱིན་འདོད་འཇོ་དང༌། ཞེས་བྱ་བ་ལ། ཐིག་ལེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྐུའོ། །ནུས་མ་ཞེས་བྱ་བ་ནི་ཤེས་རབ་མའི་རང་བཞིན་དུ་གྱུར་པའོ། །དེ་བཞིན་མིག་སྨན་དང་མཁའ་ལྡིང་དང༌། ལྷའི་ཆུ་བོ་ཞེས་བྱ་བ་ནི་ཆུ་བོ་གངྒཱ་དང༌། མི་སྦྱིན་ཞེས་བྱ་བ་ནི་དྲང་སྲོང་རྣམས་ཀྱི་ནང་ནས་ཁྱད་པར་དུ་གྱུར་པའི་མི་སྦྱིན་ཐུབ་པ་དང༌། འདོད་འཇོ་དང་གདུག་པར་གྱུར་པའི་མི་རྣམས་ཀྱིས་བཤིག་པར་མི་ནུས་པའི་རྫོང་དང༌། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་བའི་ཀློག་དང༌། རིག་པ་བཟང་པོ་ཞེས་བྱ་བ་ནི་ནང་གི་རིག་པ་དང༌། མཆོག་ཏུ་མི་འགྱུར་བའི་བདེ་བ་དང༌། ཆུ་ཟླ་བཞིན་དུ་སྤྲུལ་པའི་སྐུ་དང༌། མགྲིན་པ་ལ་སོགས་ལས་སྐྱེས་པར་གྱུར་པའི་ཨཱ་ལི་དང་ཀཱ་ལིའི་ཡི་གེ་རྣམས་དང་བྲལ་བའི་ཐམས་ཅད་མཁྱེན་པའི་སྐད་ཀྱིས་དེ་བཞིན་གཤེགས་པས་སེམས་ཅན་ལ་ཕན་གདགས་པར་མཛད་ཅེས་བྱ་བའོ། །དེ་ཉིད་བཤད་པར་མཛད་དེ། ཀུན་སྤྱོད་འདི་རྣམས་གཟུགས་ཀྱིས་རྒྱལ་བའི་ཡེ་ཤེས་སྐུ་ནི་ས་ལ་མངོན་པར་འཇུག །ཅེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་སྐུའི་རང་བཞིན་དུ་གྱུར་པའི་ཐབས་དཀའ་འདི་ལ་སོགས་པ་རྣམས་ཀྱིས་ལས་ཀྱི་སར་གཤེགས་སོ། །དེར་བྱོན་ནས་ཅི་མཛད་ཅེ་ན། འདས་དང་མ་འོངས་ད་ལྟར་བྱུང་དང་རིག་བྱེད་རྟོག་གེ་ལ་སོགས་བསྟན་བཅོས་མ་ལུས་སྟོན། །ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་ལ་སོགས་པའི་དོན་ནི་སེམས་ཅན་རྣམས་སངས་རྒྱས་པར་མཛད་ནས། སྐལ་བ་དང་མི་ལྡན་པའི་སེམས་ཅན་རྣམས་ལ་མུ་སྟེགས་པའི་བློས་རིག་བྱེད་ལ་སོགས་པ་བསྟན་པར་མཛད་དེ། དེ་བཞིན་དུ་འཇིག་རྟེན་པའི་བློ་ནི་རྣོན་པོར་གྱུར་པའི་མི་རྣམས་ལ་རྟོག་གེ་དང་བསྟན་བཅོས་ལ་སོགས་པ་བསྟན་པར་མཛད་དེ། བླ་ན་མེད་པའི་བྱང་ཆུབ་ལ་སྣོད་དུ་རུང་བར་གྱུར་པའི་སེམས་ཅན་རྣམས་ལ་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གྱུར་པའི་དོན་བསྟན་པར་མཛད་ཅེས་བྱ་བའོ། །དེ་ལྟར་བཅོམ་ལྡན་


DTG013_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདས་ཀྱིས་ཉིད་ཀྱི་མཚན་ཉིད་བཤད་པར་མཛད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་སོགས་པ་རྣམས་ལ་ངེས་པར་གནས་པར་མཛད་དེ། དཔལ་ལྡན་ཀ་ལཱ་པར་ནི་ཉིན་མཚན་ཅུང་ཟད་རྣམས་ཀྱིས་ཤཾབྷལ་ཞེས་གྲགས་པའི་མི་དབང་ཀྱེ། །ཕྱོགས་བཞིར་རིས་བསྐོར་རོ་ཡིས་བརྒྱ་ཕྲག་དག་ནི་བགྲངས་པ་དཔག་ཚད་ཙམ། རང་གི་གནས་སུ་མི་མཆོག་བདག་པོ་ལྷ་དབང་བཀོད་ནས་ཁྱོད་ནི་འགྲོ་བར་གྱིས། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་ངེས་པ་ཇི་ལྟ་བ་བཞིན་དུ་གནང་ཞེ་ན། དཔག་ཚད་ལྔ་བརྒྱའི་རང་བཞིན་དུ་གྱུར་པའི་ཕྱོགས་ཐམས་ཅད་དུ་རིས་བསྐོར་བ་ཡུལ་ཤཾབྷལ་ཞེས་བྱ་བ་གང་ཡིན་པ་དེ། ཕྱག་ན་རྡོ་རྗེ་ཁྱོད་ཀྱིས་སེམས་ཅན་ལ་ཕན་ཐོགས་ལ་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་སྤྲུལ་པ་ལྷའི་དབང་པོ་ནི་སངས་རྒྱས་ཀྱི་ཆོས་དང་བར་བྱ་བའི་ཕྱིར་བཞག་ནས་སྤྲུལ་པ་ཉིད་ཀྱིས་གང་ནས་འདོས་པ་དེ་ཉིད་དུ་སངས་ཤིག་ཅེས་བྱ་བའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ནས་བརྩམས་ནས། ཁྲོ་བོའི་རྒྱལ་པོ་པདྨ་མཐར་བྱེད་ཀྱི་བར་དུ་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་བདུན་གྱིས་ཡུལ་ཤཾབྷལ་གནས་པའི་སེམས་ཅན་རྣམས་ལ་རྩ་བའི་རྒྱུད་བསྟན་པར་མཛད་དོ། །བརྒྱད་པ་ནི་བཅོམ་ལྡན་འདས་འཇམ་དཔལ་ཏེ། དེ་ཉིད་གསུངས་པ། དཔལ་ལྡན་ཤཱཀྱའི་རིགས་ལ་གསལ་བར་མི་དབང་བདུན་ཏེ་དཔལ་ལྡན་གྲགས་པ་བརྒྱད། །ཅེས་བྱ་བའོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། དེ་འདི་དཔལ་ལྡན་འཇམ་པའི་རྡོ་རྗེ་ལྷ་མཆོག་གིས་བཏུད་རྡོ་རྗེ་རིགས་ཀྱིས་རིགས་ལྡན་ནོ། །ཞེས་བྱ་བའོ། །དེས་ཅི་མཛད་ཅེ་ན། རྡོ་རྗེའི་དབང་ནི་བསྐུར་ནས་མ་ལུས་ཐུབ་པའི་རིགས་རྣམས་རིགས་གཅིག་དག་ཏུ་བྱེད། །ཅེས་བྱ་བ་ནི། བུམ་པ་ལ་སོགས་པའི་དབང་ནི་ཉི་མའི་ཤིང་རྟ་ལ་སོགས་པའི་བྲམ་ཟེ་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་ལ་གནང་ནས། བྲམ་ཟེའི་རིགས་ལ་སོགས་པ་རིགས་བཞི་པོ་ནི་རིགས་གཅིག་ཏུ་མཛད་ཅེས་བྱ་བའོ། །གཞན་ཡང་ཅི་མཛད་ཅེ་ན། ཡང་དག་ཡེ་ཤེས་མངོན་གནས་ལྷ་མིན་རིགས་ལ་འཇིགས་ཚེར་དཔལ་ལྡན་གྲགས་པ་ལག་ན་མདུང༌། །སེམས་ཅན་ཐར་བའི་རྒྱུ་རུ་དུས་ཀྱི་འཁོར་ལོ་ས་ལ་གསལ་པོར་བྱེད་པར་འགྱུར། །ཞེས་བྱ་བ་ནི། སེམས་ཅན་རྣམས་


DTG013_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་ལྡན་དུས་ཀྱི་འཁོར་ལོ་མཛད་པར་འགྱུར། །ཞེས་བྱ་བར་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏོ། །གཞན་ཡང་དེ་དབུས་ཉི་ཤུ་རྩ་ལྔ་རིམ་པས་ཡོངས་སུ་བགྲངས་པའི་གདན་རྣམས་དུས་ཀྱི་མཐའ་རུའོ། །རིགས་ལྡན་རིགས་ལ་ལྷ་དབང་ལྷ་ཡི་མཆོག་གིས་ཕྱག་བྱས་རིགས་ལྡན་དྲག་པོར་འགྱུར། །ཞེས་བྱ་བ་ནི། བཅོམ་ལྡན་འདས་འཇམ་དཔལ་གྱི་རིགས་ལས་དུས་ཀྱི་དབང་གིས་རིགས་ལྡན་དྲག་པོ་ལྷའི་དབང་པོའི་མཚན་བཟུང་ནས། སྤྲུལ་པའི་སྐུར་བཞེངས་པར་མཛད་ཅེས་བྱ་བའོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། མཁས་རྣམས་ལ་ནི་ཞི་བའི་གཟུགས་ཏེ་དེ་བཞིན་ཀླ་ཀློའི་རིགས་ནི་མཐའ་རུ་བྱེད། །ཅེས་བྱ་བའོ། །དེས་ཅི་མཛད་ཅེ་ན། རི་ཡི་རྟར་ཞོན་ལག་ན་མདུང་སྟེ་ཉི་མའི་འོད་ལ་འཁོར་ལོ་ཅན་གྱི་སྟོབས་ལྡན་དགྲ་བཅོམ་མོ། །ཞེས་བྱ་བ་ནི་འཁོར་དང་བཅས་པའི་ཀླ་ཀློ་རྣམས་བཅོམ་པར་མཛད་ཅེས་བྱ་བའོ། །འཁྲུག་པའི་དུས་དེ་རྣམས་ནམ་གྱི་དུས་འགྱུར་ཞེ་ན། རིགས་ལྡན་རིགས་ཀྱི་ནང་དུ་ལག་པས་དུས་བགྲངས་བུ་དང་ཚ་བའི་འདུས་པ་ལས། །དེ་དུས་ངེས་པར་མ་གའི་ཡུལ་དུ་ཀླ་ཀློའི་ཆོས་ནི་རབ་ཏུ་འཇུག་པར་འགྱུར། །ཞེས་བྱ་བ་ལ། རིགས་ལྡན་ཞེས་བྱ་བ་ནི་བཅོམ་ལྡན་འདས་འཇམ་དཔལ་ཡིན་ལ། དེ་མྱ་ངན་ལས་འདས་པར་ལོ་བརྒྱད་བརྒྱ་ནས་མ་ག་དྷའི་ཡུལ་དུ་ཀླ་ཀློའི་ཆོས་དར་བར་འགྱུར་ཏེ། ཀླ་ཀློའི་ཆོས་དར་བར་གྱུར་པའི་ཕྱིར། ཡུལ་དུ་འཁྲུག་པ་འབྱུང་ཞེས་བྱ་བའོ། །གང་དང་འཁྲུག་པར་འགྱུར་ཞེ་ན། ཇི་སྲིད་ལྷ་མིན་དབང་པོ་གདུགས་དང་ལྷ་ཡི་ཕྱག་རྒྱས་དྲག་པོའི་རིགས་ལྡན་ཇི་སྲིད་དོ། །དེ་དུས་ངེས་པར་ས་སྟེང་གནས་སུ་གཉིས་པ་དྲག་པོའི་འཐབ་མོར་འགྱུར་བ་ཡིན། །ཞེས་བྱ་བ་ནི་ལྷ་མ་ཡིན་གྱི་གཙོ་བོ་དང་རིགས་ལྡན་དང་འཐབ་པར་འགྱུར་ཞེས་བྱ་བའོ། །རིགས་ལྡན་གྱིས་ཀླ་ཀློ་རྣམས་ཇི་ལྟར་བཅོམ་ཞེ་ན། གཡུལ་དུ་ལྷ་མིན་རྣམས་ནི་མ་ལུས་ས་གནས་ཡན་ལག་བཞི་ཡི་རང་གི་སྡེས་བཅོམ་མོ། །ཞེས་བྱ་བ་ལ། ཡན་ལག་བཞི་ཞེས་བྱ་བ་ནི། རྟ་དང་གླང་པོ་ཆེ་དང་ཤིང་རྟ་དང་རྐང་ཐང་སྟེ། སྡེ་དེ་རྣམས་ཀྱིས་བཅོམ་པར་མཛད་ཅེས་བྱ་བའོ། །དེ་གང་ནས་བྱོན་ཞེ་ན། དུས་ཀྱི་མཐའ་


DTG013_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རུ་ཀེ་ལ་ཤ་རིར་ལྷ་མཛེས་གནས་ནས་འཁོར་ལོས་སྒྱུར་བར་འབྱུང༌། །ཞེས་བྱ་བ་ནི། ཀེ་ལ་ཤ་རི་ནས་འཁོར་ལོས་སྒྱུར་བའི་སྤྲུལ་བ་ལས་བྱོན་པར་གྱུར་པའོ། །དེའི་འཁོར་ཇི་ལྟ་བུ་ཡིན་ཞེ་ན། དྲག་པོ་ཞེས་བྱ་བ་ལ་སོགས་པའི་རྐང་པ་གཉིས་ཀྱིས་ཁྱད་པར་དུ་གྱུར་པའི་འཁོར་གསུངས་སོ། །སྤྱིའི་འཁོར་དུ་ཞེ་ན། རླུང་ཤུགས་ཤིང་རྟ་ཡོན་ཏན་གྱིས་བགྲངས་ཡོན་ཏན་བྱེ་བ་ཁ་དོག་སྣ་ཚོགས་པ། །ཞེས་བྱ་བ་ནི། རྟ་རྣམས་ཁ་དོག་སྣ་ཚོགས་པ་དང་ལྡན་པའི་བྱེ་བ་ཕྲག་དགུ་ཞེས་བྱ་བའོ། །དེ་བཞིན་དུ་མྱོས་པར་གྱུར་པའི་གླང་པོ་ཆེ་འབུམ་ཕྲག་བཞི་དང༌། ཤིང་རྟ་འབུམ་ཕྲག་ལྔ་དང༌། རྐང་ཐང་ས་ཡ་ཕྲག་དྲུག་དང༌། ཅོད་པན་བཅིངས་པའི་རྒྱལ་པོ་དགུ་བཅུ་རྩ་དྲུག་ཅེས་བྱ་བ་སྟེ། འཁོར་གྱི་བྱེ་བྲག་བརྗོད་དོ། །འཁོར་དེས་ཅི་བྱ་ཞེ་ན། སྡེ་འདི་ཉིད་ཀྱིས་སེང་གེ་དྲག་པོ་དང་བཅས་རིགས་དང་ལྡན་པས་ཀླ་ཀློ་ཉམས་པར་བྱེད། །ཅེས་བྱ་བའོ། །ཇི་ལྟར་ཉམས་པར་བྱེད་ཅེ་ན། མཆོག་ཏུ་ཉམ་ངའི་འཐབ་མོ་ཡིས་ནི་ཀླ་ཀློའི་ཚོགས་བཅོམ་གླང་ཆེན་དབང་པོས་གླང་ཆེན་ནོ། །ཞེས་བྱ་བ་ནི། རིགས་ལྡན་པའི་རྐང་ཐང་རྣམས་འཇོམས་པ་དང༌། རྟ་རྣམས་ཀྱིས་རྟ་དང༌། གླང་པོ་ཆེ་རྣམས་ཀྱིས་གླང་པོ་ཆེ་དང༌། རྒྱལ་པོ་རྣམས་ཀྱིས་རྒྱལ་པོ་རྣམས་ཞེས་བྱ་བའོ། །དེ་བཞིན་དུ་དྲག་པོས་རྟ་བསྟན་ལ་སོགས་པའི་ཀླ་ཀློའི་རྒྱལ་པོ་རྣམས་བཅོམ་པར་བྱེད་དེ། རིགས་ལྡན་གྱིས་ཀླ་ཀློའི་དབང་ཕྱུག་བཅོམ་པར་མཛད་ཅེས་བྱ་བའོ། །ཕྱི་ནས་རིགས་ལྡན་གྱིས་ཅི་མཛད་ཅེ་ན། གཡུལ་དུ་ཀླ་ཀློ་བཅོམ་ནས་སེང་གེ་དང་ནི་ཁྱབ་འཇུག་དང་བཅས་ཐམས་ཅད་སྡེ་དང་རིགས་ལྡན་པ། ཀེ་ལ་ཤ་རིར་འགྲོ་སྟེ་ལྷ་མཛེས་གནས་ནི་གང་དུ་འཁོར་ལོ་ཅན་ནི་ཡང་དག་བཞུགས། ཞེས་བྱ་བ་ནི། འཁོར་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་སྤྱན་སྔར་གཤེགས་ཞེས་བྱ་བའོ། །ཀླ་ཀློའི་ཆོས་བཅོམ་པ་དང་སངས་རྒྱས་ཀྱི་དྲིན་གྱིས་སེམས་ཅན་རྣམས་ཇི་ལྟ་བུར་འགྱུར་ཞེ་ན། དེ་དུས་ས་ལ་མ་ལུས་སྐྱེ་བོའི་རིགས་ནི་ཆོས་དང་འདོད་པ་ནོར་གྱིས་གང༌། །ཞེས་བྱ་བ་ནི། མི་དགེ་བའི་ལས་དོར་ནས་སེམས་ཅན་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པར་གྱུར་པའོ། །གཞན་ཡང་འབྲོག་ཏུ་འབྲུ་རྣམས་སྐྱེས་ལ་བརྟན་པའི་འབྲས་བུས་


DTG013_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དྲངས་པའི་ཤིང་དེ་རྣམས་སུ་འགྱུར། །ཞེས་བྱ་བའོ། །ཀླ་ཀློའི་ཆོས་བཅོམ་ནས་རིགས་ལྡན་དུས་ཇི་ཙམ་དུ་བཞུགས་ཤེ་ན། ཀླ་ཀློའི་ཚོགས་ནི་འཁོར་བཅས་བཅད་ནས་ཤེད་བུ་ལོ་བརྒྱ་བ་ཡི་ཕྱེད་ལ་ནི། ལྷ་མཛེས་གནས་ནི་མཐོ་བ་ཀེ་ལ་ཤ་རྒྱབ་རིགས་ལྡན་འགྲུབ་པར་འགྱུར། །ཞེས་བྱ་བ་ནི། ལོ་ལྔ་བཅུ་ཐམ་པའི་བར་དུ་བཞུགས་པར་མཛད་ལ། དེ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མཛད་ཅེས་བྱ་བའོ། །ཕྱི་ནས་ཀླ་ཀློའི་ཆོས་དར་བའི་ཕྱིར་ཚངས་པ་དང་ལྷ་དབང་ནི་རྒྱབ་དང་མདུན་དུ་དགོད་པར་མཛད་ཅེས་བྱ་བའོ། །དེ་ནས་ལོ་བརྒྱ་ཕྲག་བརྒྱད་ཀྱི་བར་དུ་དམ་པའི་ཆོས་དར་བར་མཛད་ནས། ཕྱི་ནས་དུས་ཀྱི་དབང་གིས་ཀྱང་ཀླ་ཀློའི་ཆོས་དར་བར་འགྱུར་ཞེས་བྱ་བའོ། །ཚངས་པ་ལ་སོགས་པའི་དུས་སུ་མི་རྣམས་ཀྱི་ཚེ་ལོ་དུ་ཡིན་ཞེ་ན། ཚངས་པ་ལ་སོགས་ཤེད་བུ་ལོ་ནི་བརྒྱ་ཕྲག་བཅོ་བརྒྱད་དང་ལྡན་མི་རྣམས་ཚེ་ནི་འདི་ཉིད་དོ། །ཞེས་བྱ་བ་ནི། ཚངས་པའི་དུས་སུ་མི་རྣམས་ཀྱི་ཚེ་ལོ་སྟོང་བརྒྱད་བརྒྱའོ། །འོད་སྲུངས་ཀྱི་དུས་སུ་དེ་ཉིད་ཕྱེད་ནི་དགུ་བརྒྱ་ཞེས་བྱ་བའོ། །མིའི་སེང་གེའི་དུས་སུ་བཞི་བརྒྱ་ལྔ་བཅུའོ། །དེ་ནས་རིམ་པ་ཇི་ལྟ་བས་རྩོད་ལྡན་གྱི་དུས་ཀྱི་བར་དུ་མི་ཐུང་ལ་སོགས་པའི་བར་དུ་ལོ་དྲུག་ཅུ་དྲུག་ཅུས་དམན་པའི་མི་རྣམས་ཀྱི་ཚེའི་ཚད་ཡིན་ལ་ཐ་མར་ལོ་བརྒྱ་ཞེས་བྱ་བའོ། །དེ་ལྟ་བུར་གྱུར་པ་ཀླ་ཀློའི་ཆོས་དར་བ་ལ་སོགས་པའི་གང་ཡིན་པ་དེ་མ་གའི་ཡུལ་གཅིག་པུར་ནི་དར་བ་མ་ཡིན་གྱི། དུམ་བུ་ཐམས་ཅད་ལ་དེ་བཞིན་དུ་འགྱུར་ཞེས་བྱ་བའོ། །དེ་ནས་ལོ་བརྒྱ་རྩ་བརྒྱད་གྱི་བར་དུ་ཀླ་ཀློའི་ཆོས་དར་ནས་ནུབ་པར་གྱུར་པའོ། །ཕྱི་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་སྟོང་ཕྲག་བཅོ་བརྒྱད་ཀྱི་བར་དུ་དར་བར་གྱུར་ཏེ། དེའི་དབང་གིས་རྫོགས་ལྡན་ལ་སོགས་པའི་དུས་སུ་འཇུག་པར་འགྱུར་ཞེས་བྱ་བའོ། །ད་ནི་སྔོན་དུ་གསུངས་པའི་ལེའུའི་དོན་གང་ཡིན་པ་དེ་ཉིད་མདོར་བསྡུས་པ་བཤད་པར་བྱ་སྟེ། འཇིག་རྟེན་ཁམས་འབྱུང་ཞེས་བྱ་བ་ལ། སྔོན་དུ་བརྗོད་པའི་གཟའ་རྣམས་ཀྱི་རྒྱུ་བ་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་འབྱུང་བ་དང་འཇམ་དཔལ་གྱི་སྤྲུལ་པའི་སྐུ་བཞེས་པ་ལ་སོགས་པ་གང་ཡིན་པ་དེ་དོན་ཇི་ལྟ་བ་བཞིན་དུས་གསུམ་དུ་མི་འགྱུར་བར་ཕྱག་ན་རྡོ་རྗེ་ཁྱོད་ལ་ངས་བསྟན་ཏོ། །དེ་བས་


DTG013_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ན་དོན་དེ་ལས་མ་གཏོགས་པར་སེམས་ཅན་རྣམས་ཀྱི་འཇིག་རྟེན་གྱི་ཕན་པ་དང༌། འཇིག་རྟེན་ལས་འདས་པའི་ཕན་གདགས་པའི་ཕྱིར་བདག་ལ་ཅི་ཞིག་ཞུ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་བཀའ་སྩལ་པ་ཞེས་བྱ་བའོ། །རྒྱུད་ཀྱི་རྒྱལ་པོའི་མཆོག་གི་དང་པོ་སངས་རྒྱས་ལས་དྲངས་པའི་དཔལ་དུས་ཀྱི་འཁོར་ལོའི་འཇིག་རྟེན་གྱི་ཁམས་ཀྱི་ལེའུ་ལས། མདོར་བསྡུས་པའི་བཤད་པ་ཞེས་བྱའོ།། །།ད་ནི་ཕྱི་རོལ་དུ་འཇིག་རྟེན་གྱི་མཚན་ཉིད་ལ་སོགས་པ་གང་ཡིན་པ་དེ་ཉིད་ལུས་པོ་ལ་སྦྱར་བའི་ཕྱིར་བཅོམ་ལྡན་འདས་ཀྱི་ནང་གི་ལེའུ་ལ་བསྟན་པར་མཛད་དེ། འཆད་པ་པོ་ལ་སྦྱར་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ནང་གི་ལེའུ་བསྟན་པར་མཛད་དེ། འཆད་པར་འགྱུར་བའི་རིམ་པས་ནང་གི་ལེའུའི་དོན་གང་ཡིན་པ་དེ། བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོས་ཐུགས་ལ་བཞག་ནས་དང་པོར་བཅོམ་ལྡན་འདས་ལ་ཕྱག་འཚལ་བར་མཛད་པ་ནི་འདི་ལྟ་སྟེ། མི་རྣམས་སྨིན་བྱའི་དོན་དུ་མངལ་དུ་འཇུག་པ་གང༌། །སྲིད་པའི་བཅིངས་ལས་གྲོལ་ཏེ་སླར་ཡང་སྲིད་པའི་འདོད་ཆགས་རྣམས་ཀྱི་ལམ་གྱི་དོན་དུ་སྟེ། །ཡོན་ཏན་དང་ལྡན་སྣ་ཚོགས་སྐྱེས་རབ་ཕྲེང་བའི་སེམས་ཅན་དོན་མཛད་རྣམས་ཀྱིས་མཐོང༌། །རྫུ་འཕྲུལ་ཆེན་པོའི་དང་པོའི་སངས་རྒྱས་ཀྱིས་ནི་སྤྱོད་པ་སྐྱོབ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་རྒྱུན་སྐྱོང་བར་མཛད་པས་ན་སྐྱོབ་པ་ཡིན་ལ། རང་གི་སྙིང་ག་ལ་གནས་པའི་རང་རིག་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །དེ་གང་ཡིན་ཞེ་ན། དང་པོ་སངས་རྒྱས་ཞེས་བྱ་བ་ལ་ཐོག་མ་མེད་པའི་འཁོར་བ་སྔོན་དུ་སྐྱེས་པས་ན་དང་པོ་ཡིན་ལ་མ་རིག་པའི་གཉིད་ལས་སངས་པར་གྱུར་པས་ན་སངས་རྒྱས་ཞེས་བྱ་བའོ། །དེའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། མི་མཐུན་པའི་རྒྱན་གྱིས་དེའི་མཚན་ཉིད་བཤད་པར་མཛད་དེ། །མངལ་ཞེས་བྱ་བ་ལ་སོགས་པ་ལ་དང་པོར་ཕལ་པའི་གནས་སྐབས་སུ་སྐྱེ་བ་དང། འཆི་བའི་འཁོར་བའི་སྡུག་བསྔལ་གཟིགས་ནས་བཅོམ་ལྡན་འདས་ཀྱིས་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་མཛད་དོ། །ཚོགས་གཉིས་པོ་དེའི་དབང་གིས་སྐྱེ་བ་དང་འཆི་བ་ལ་སོགས་པ་དང་བྲལ་བའི་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་མངོན་སུམ་དུ་


DTG013_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཛད་ཅེས་བྱ་བའོ། །ཕྱི་ནས་འཁོར་བ་ན་གནས་པའི་སེམས་ཅན་རྣམས་སྡུག་བསྔལ་གསུམ་གྱིས་བསྲེགས་པ་གཟིགས་ནས། སྐལ་བ་དང་ལྡན་པར་གྱུར་པའི་སེམས་ཅན་རྣམས་ལ་སྡུག་བསྔལ་དེ་ཉིད་བསིལ་བར་མཛད་པའི་ཕྱིར་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་དོར་ནས་མངལ་འཛིན་པར་མཛད་དོ། །གཞན་འདོད་ཆགས་ལ་སོགས་པའི་ཞགས་པ་རྣམས་ལས་གྲོལ་བར་གྱུར་ནས་ཡང་སྲོག་ཆགས་རྣམས་ལ་དམ་པའི་ལམ་བསྟན་པར་བྱ་བའི་ཕྱིར་སླར་ཡང་ཉོན་མོངས་པའི་རང་བཞིན་དུ་གྱུར་པའི་སྲིད་པ་འཛིན་པར་མཛད་དེ། དེ་བས་ན་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་རིགས་ལས་བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་སྐུ་ཡང་དང་ཡང་དུ་བཞེས་པར་མཛད་དེ། སྤྲུལ་པའི་སྐུ་དེས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པས་ན་ཡོན་ཏན་དང་ལྡན་ཞེས་བྱ་བའོ། །རྐང་པ་གཉིས་ལ་སོགས་པའི་རིགས་ལས་སྤྲུལ་པའི་སྐུ་འཁྲུངས་པར་མཛད་ནས། སྣ་ཚོགས་སྐྱེས་རབས་ཕྲེང་བ་ཞེས་བྱ་བའོ། །དེ་བཞིན་དུ། རི་བོང་སྟག་དང་སེང་གེ་དང༌། །གླང་ཆེན་རྣམས་ལས་ལན་མང་དུ། །སྙིང་རྗེས་ཕན་ཐོགས་ཐུགས་ལྡན་པའི། །ཕྱག་རྒྱ་གྲུབ་རྣམས་སྐྱེ་བར་འགྱུར། །ཞེས་བྱ་བའོ། །གཞན་ཡང་གང་ཞིག་སྲིད་པའི་བཅིངས་ལས་གྲོལ་ཡང་སེམས་ཅན་དོན་མཛད་རྣམས་ནི་སྲིད་པ་ལེན་མཛད་ཅིང༌། །སྟོང་པའི་དོན་ནི་ཡང་དག་སྟོན་ཀྱང་དུས་ཀྱི་དབང་གིས་ལས་འབྲས་དེ་མི་སྤོང༌། །ཡང་དག་ཡེ་ཤེས་མེ་ཡིས་སེམས་ཀྱི་དྲི་མ་བསྲེགས་ཤིང་ཡང་དག་སྙིང་རྗེས་རྟག་པར་བརླན། །སེམས་ཅན་དོན་ལ་བརྩོན་ཞིང་སྤྱོད་ཡུལ་བརྟག་དཀའ་སངས་རྒྱས་དེ་ལ་བདག་ཕྱག་འཚལ། །ཞེས་བྱ་བར་གསུངས་སོ། །དེ་བས་ན་རྫུ་འཕྲུལ་ཆེན་པོ་དང་ལྡན་པར་གྱུར་པའི་སངས་རྒྱས་ཀྱི་སྤྱོད་པ་དེ་ལྟ་བུའི་བཅོམ་ལྡན་འདས་གང་ཡིན་པ་དེ་ལ་བདག་འཇིག་རྟེན་མགོན་པོས་ཕྱག་འཚལ་བར་བགྱི་ཞེས་བྱ་བའི་འབྲེལ་པའོ། །དེ་ལྟར་སྤྱིར་ཕྱག་འཚལ་བར་མཛད་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་ཤཱཀྱ་ཐུབ་པ་ཐ་མི་དད་པའི་སྒོ་ནས་ཕྱག་འཚལ་བར་མཛད་དེ། དེ་བཞིན་གཤེགས་པ་ཤཱཀྱ་སེང་གེས་རྡོ་རྗེ་སེམས་དཔའ་ལ་འདུད་དོ། །ཞེས་བྱ་བའོ། །ཕྱག་འཚལ་ནས་ནི་ཅི་མཛད་ཅེ་ན། ནང་གི་ལེའུ་ཞེས་བྱ་བ་ལ་སོགས་པས་


DTG013_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགོས་པ་བསྟན་ཏོ། །དེ་ལ་ནང་གི་ལེའུ་བསྟན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་ཟླ་བ་བཟང་པོས་གསོལ་བ་བཏབ་པ་ནི། བདག་མ་འཚལ་ཞེས་བྱ་བ་ལ་སོགས་པའི་རྐང་པ་གཉིས་ཀྱིས་བསྟན་པ་ཞེས་བྱ་བའོ། །དེ་ནས་ཟླ་བ་བཟང་ཚིག་ནི་གསན་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ནས། ལེའུ་ཡོངས་སུ་རྫོགས་པའི་བར་དུ་བཅོམ་ལྡན་འདས་ཀྱིས་ལན་བཀའ་སྩལ་པའོ། །དེ་ལ་དང་པོ་ཕྱི་རོལ་དུ་རྒྱུ་བ་དང༌། མི་རྒྱུ་བའི་རང་བཞིན་དུ་གྱུར་པའི་དངོས་པོ་གང་ཡིན་པ་དེ་རྟོག་པ་རགས་པ་སྤང་བའི་ཕྱིར་རང་རང་གི་ས་བོན་གྱི་ཡི་གེ་རྣམས་ཀྱིས་རྣལ་འབྱོར་པས་ནང་དུ་ཤེས་པར་བྱ་བའི་དོན་དུ་ནི་ས་དང་ཆུ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་སོ། །ལུས་པོ་དེ་ལ་རྒྱུ་གང་དང་འབྲས་བུ་གང་ཡིན་ཞེ་ན། ལུས་འདིར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་སོ། །ལུས་པོ་དེ་ལྟ་བུ་གང་ཡིན་པ་དེ་ཇི་ལྟར་སྐྱེས་ཤེ་ན། ས་བོན་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ས་དང་ཆུ་ལ་སོགས་པའི་འབྱུང་བ་དེ་རྣམས་ཀྱིས་བྱ་བ་ཇི་ལྟ་བུ་བྱེད་ཅེ་ན། ས་བོན་ལ་སོགས་ཞེས་བྱ་བ་ལ་སོགས་པས་འབྱུང་བ་རྣམས་ཀྱི་བྱ་བའོ། །ལུས་པོ་དེ་ལྟ་བུ་གང་ཡིན་པ་དེ་རིམ་པ་ཇི་ལྟ་བས་སྐྱེ་བར་འགྱུར་ཞེ་ན་གསང་བའི་ཆུ་སྐྱེས་ཞེས་བྱ་བ་ལ་སོགས་པས་དེའི་གནས་སྐབས་རྣམས་བསྟན་ཏོ། །ཉ་ལ་སོགས་པ་རང་ཡིན་ནམ་ཡང་ན་ཆོས་དང་མཐུན་པ་གང་ཡིན་ཞེ་ན། ཉའི་དངོས་པོས་ཉ་ཞེས་བྱ་བ་ལ་སོགས་པས། དེ་རྣམས་ཀྱི་ཆོས་དང་མཐུན་པ་ཡིན་གྱི་དངོས་པོ་དེ་རྣམས་ཀྱི་མ་ཡིན་ནོ། །འོ་ན་མདོར་བསྡུས་པས་ལུས་པོ་སྐྱེད་པར་བྱེད་པའི་རྒྱུ་ཤུ་ཀྲ་དང་རཀྟ་ཡིན་ལ། དེ་དག་ལས་ལག་པ་ལ་སོགས་པ་ཇི་ལྟར་སྐྱེད་ཅེ་ན། ཞུ་བ་ལས་ཞེས་བྱ་བ་ལ་སོགས་པས་ཁམས་རྣམས་ཀྱི་སྐྱེད་པར་བྱེད་པའི་རྒྱུ་དང་དངོས་པོ་ཐ་དད་པར་བསྟན་ཏོ། །ལུས་ཀྱི་ཁམས་དེ་རྣམས་རིམ་པ་བཞིན་དུ་སྐྱེ་བའམ་ཡང་ན་ཅིག་ཅར་དུ་སྐྱེ་ཞེ་ན། ས་བོན་ཞེས་བྱ་བ་ལ་སོགས་པས་རིམ་པ་བཞིན་དུ་སྐྱེ་ཞེས་བྱ་བའོ། །རིམ་པ་དེ་ལྟ་བུས་སྐྱེ་བའི་ལུས་པོ་གང་ཡིན་པ་དེ་རྟེན་ཅིང་འབྲེལ་བ་ལས་སྐྱེས་པ་ཡིན་ལ། དཔེར་ན་ས་བོན་ལས་མྱུ་གུ་དང༌། མྱུ་གུ་ལས་ལོ་མ་བཞིན་དུ་ཞེས་བྱ་བའོ། །ལུས་པོ་དེའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། མངལ་དུ་ཞེས་བྱ་བ་


DTG013_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་སོགས་པས་དེ་བདེན་པ་མ་མཐོང་བའི་ཕྱིར། སྡུག་བསྔལ་གྱི་རང་བཞིན་ཡིན་གྱི། བདེ་བའི་རང་བཞིན་ནི་མ་ཡིན་ནོ། །འོ་ན་གལ་ཏེ་དུས་ཐམས་ཅད་དུ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དེ་ལྟ་ན་ནི་སྡུག་བསྔལ་དང་བྲལ་བའི་སངས་རྒྱས་ཉིད་སེམས་ཅན་རྣམས་ཀྱིས་ཐོབ་པར་མི་འགྱུར་རོ་ཞེ་ན། འཁོར་བར་ཞེས་བྱ་བ་ལ་སོགས་པས་ལམ་གྱི་བདེན་པ་བསྟན་ཏེ། ཐོག་མ་མེད་པའི་འཁོར་བ་ནས་འཁོར་བའི་བག་ཆགས་སེམས་ཀྱིས་གང་བསགས་པ་དེ་དོར་བར་དཀའ་བ་ཡིན་གྱི་རྣམ་པ་ཐམས་ཅད་དུ་དག་པར་མི་འགྱུར་བ་ནི་མ་ཡིན་ནོ། །དེ་བས་ན་འཁོར་བའི་བག་ཆགས་དང་ལྡན་པར་གྱུར་པའི་བར་དུ་སྡུག་བསྔལ་བ་དང་ལྡན་པ་ཡིན་ལ། བག་ཆགས་དེ་དང་བྲལ་བར་གྱུར་པས་ན། བདེ་བའི་རང་བཞིན་དུ་གྱུར་ཞེས་བྱ་བ་ནི། དུས་ཐམས་ཅད་དུ་སྡུག་བསྔལ་གྱི་རང་བཞིན་དུ་མི་འགྱུར་བ་ཞེས་བྱ་བའོ། །དེ་བས་ནས་སེམས་ཅན་རྒྱུ་དང་སངས་རྒྱས་ཉིད་འབྲས་བུ་ཡིན་པར་བསྟན་ཏེ། མངལ་ནས་ཞེས་བྱ་བ་ལ་སོགས་པ་ལ་འཁོར་བའི་རྣག་བཞིན་དུ་གྱུར་པའི་མངལ་འཛིན་པ་ལ་སོགས་པའི་གནས་སྐབས་བཞི་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མཐུས་སེམས་ཅན་རྣམས་ལ་དག་པར་གྱུར་ན་ལྷན་ཅིག་སྐྱེས་པའི་སྐུ་ལ་སོགས་པ་བཞི་སྐྱེ་བར་འགྱུར་ཏེ། སྐུ་བཞི་ཐོབ་པར་གྱུར་ན་སངས་རྒྱས་ཉིད་ཐོབ་པར་གྱུར་པའོ། །དེ་བས་ན་འཁོར་བའི་སེམས་ཀྱི་དྲིན་གྱིས་སངས་རྒྱས་ཉིད་ཐོབ་པར་འགྱུར་གྱི། དེ་ལས་མ་གཏོགས་པར་ནི་མ་ཡིན་ནོ། །དེ་བཞིན་དུ། མཐའ་མེད་རྣམ་རྟོག་མུན་པས་གཡོགས་པར་གྱུར་པ་དང༌། །གཞོན་བྱེད་སྨྱོན་པ་དང་ཀློག་བཞིན་གཡོ་བ་དང༌། །དོར་དཀའ་འདོད་ཆགས་ལ་སོགས་དྲི་མས་རྗེས་སུ་བྱུགས་པའི། །སེམས་ནི་འཁོར་བར་རྡོ་རྗེ་ཅན་གྱིས་གསུངས་པའོ། །ཞེས་བྱ་བ་ནི་འཁོར་བའི་རང་བཞིན་དུ་བསྟན་ཏོ། །དེ་ཉིད་ལས་ཚིགས་བཅད་གཉིས་པས་མྱ་ངན་ལས་འདས་པའི་རང་བཞིན་དུ་བསྟན་པ་འདི་ལྟ་སྟེ། འོད་གསལ་བ་དང་བརྟགས་པར་རྣམ་པར་གྲོལ་བ་དང༌། འདོད་ཆགས་ལ་སོགས་དྲི་མས་བྱུགས་པ་རབ་དམན་དང༌། །གཟུང་བ་དང་ནི་འཛིན་མེད་སེམས་པ་མཆོག་རྣམས་ཀྱིས། །དེ་ཉིད་མྱ་ངན་འདས་


DTG013_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་གྲོང་ཁྱེར་དུ་བསྟན་ཏེ། །ཞེས་བྱ་བའོ། །དེ་ལྟར་སེམས་ཅན་རྣམས་ཀྱི་གནས་སྐབས་དང་སངས་རྒྱས་ཀྱི་སྐུ་བཞི་ཆོས་མཐུན་པར་སྤྱིར་བསྟན་ནས། དེ་ཉིད་མངལ་དང་ཕྱི་རོལ་དུ་བསྟན་པར་མཛད་དེ། རྣམ་ཤེས་ཞེས་བྱ་བ་ལ་སོགས་པ་ལ་མངལ་དུ་རང་རིག་པའི་ཡེ་ཤེས་དང་ཕྱི་རོལ་དུ་རྣམ་པར་ཤེས་པ་དྲུག་གི་དབྱེ་བས་སེམས་ཀྱི་བྱེ་བྲག་བཞིར་གསུངས་སོ། །དེ་ལྟར་སྐུ་བཞིའི་མཚན་ཉིད་བཤད་པར་མཛད་ནས། སེམས་ཅན་རྣམས་ཀྱིས་རྡོ་རྗེ་བཞི་ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། མངལ་དུ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་དང་ཆོས་མི་མཐུན་པར་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱིར་དོ་རྗེ་ལ་སོགས་པ་ལས་སྐྱེས་པའི་ཕྱིར་རོ། །དེ་དག་ལ་སོགས་པའི་སྐུ་བཞིའི་མཚན་ཉིད་གང་ཡིན་པ་དེ་ལུས་པོ་དེ་ལས་མ་གཏོགས་པར་ལས་དང་པོ་པས་ཤེས་པར་མི་འགྱུར་ཏེ། སེམས་ཅན་རྣམས་ཀྱི་ཕུང་པོ་ནི་ས་ལ་སོགས་པ་འབྱུང་བ་རྣམས་ཀྱི་རང་བཞིན་ཅན་ནོ། །དེ་བས་ན་དེ་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། རྟེན་དང་བརྟེན་པའི་འབྲེལ་པའི་མཚན་ཉིད་བཤད་པར་མཛད་དེ། སའི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ལ་སའི་སྙིང་པོ་ནི་མེ་ཡིན་གྱི། སའི་རིགས་ཅན་ནི་མ་ཡིན་ཏེ། སའི་ཡོན་ཏན་དྲི་ལ་སོགས་པ་མེད་པའི་ཕྱིར་རོ། །རིམ་པ་དེ་བཞིན་དུ་ཆུ་ལ་སོགས་པའི་རྟེན་དང་བརྟེན་པའི་འབྲེལ་པ་ཤེས་པར་བྱའོ། །འོ་ན་ཕྱིའི་འབྲེལ་པ་གང་ཡིན་པ་དེ་ལུས་པོ་ལ་ཇི་ལྟ་བུ་ཡིན་ཞེ་ན། ཕུང་པོའི་རྟེན་ཞེས་བྱ་བ་ལ་སོགས་པ་ལ། ས་ལ་སོགས་པའི་འབྱུང་བའི་ཚོགས་ནི་ལུས་པོའི་རྟེན་ཡིན་ལ། དེ་རྣམས་ཀྱི་རྟེན་ནི་རྩ་རྣམས་སོ། །རྩ་རྣམས་ཀྱི་རྟེན་ནི་སྲོག་གི་རླུང་ལ་སོགས་པ་རླུང་བཅུའོ། །དེའི་རྟེན་ནི་སེམས་སོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། རང་བཞིན་དང་བཅས་པ་དང་རང་བཞིན་མེད་པ་སྟེ། དེ་རྒྱུ་གང་གི་ཕྱིར་ཞེ་ན། སྙིང་སྟོབས་དང་རྡུལ་གྱི་དབང་གིས་སད་པ་དང་རྨི་ལམ་གྱི་མཚན་ཉིད་དུ་གྱུར་པའོ། །མུན་པའི་ཡོན་ཏན་གྱི་དབང་གིས་གཟུང་བ་དང་འཛིན་པའི་མཚན་ཉིད་དང་བྲལ་བ་དེ་ལྟ་བུ་སེམས་གང་ཡིན་པ་དེའི་རྟེན་ནི་ཐམས་ཅད་ཁྱད་པར་བྱེད་པ་བདེ་བ་དང་སྡུག་བསྔལ་དང་བྲལ་བ་འཁོར་བ་རྣམས་ལ་བདེ་བ་དང་སྡུག་བསྔལ་སྟེར་བར་གྱུར་པའི་ཀུན་གཞི་རྣམ་པར་ཤེས་


DTG013_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཞེས་བྱ་བའོ། །ད་ནི་བསྐྱེད་བྱ་སྐྱེད་བྱེད་ཀྱི་ཚུལ་བཤད་པར་མཛད་དེ། དྲི་ཞེས་བྱ་བ་ལ་སོགས་པས་སོ། །དེ་རྣམས་ཀྱི་གཟུང་བ་དང་འཛིན་པའི་འབྲེལ་པ་ཇི་ལྟ་བུ་ཡིན་ཞེ་ན། སྟོང་པ་ཞེས་བྱ་བ་ལ་སོགས་པའོ། །ཕུང་པོ་ལྔ་ནི་ས་ལ་སོགས་པའི་འབྱུང་བ་ལྔ་ལས། རིམ་པ་ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། གཟུགས་ནི་ས་ལས་གྲུབ་ཅེས་བྱ་བ་ལ་སོགས་པའོ། །འོ་ན་འབྱུང་བ་རྣམས་ལས་ཕུང་པོ་རྣམས་གལ་ཏེ་སྐྱེ་བར་གྱུར་པ་དེ་ལྟ་ན་ནི། འབྱུང་བ་རྣམས་གང་ནས་སྐྱེ་ཞེ་ན། བྱང་ཆུབ་སེམས་རྡུལ་ལ་སོགས་སྦྱོར་ལས་འགྱུར། །ཞེས་བྱ་བའོ། །ལུས་པོ་ཡང་གཟུང་བ་དང་འཛིན་པའི་རང་བཞིན་ནོ། །འཛིན་པའི་རང་བཞིན་དུ་གྱུར་པ་དབང་པོ་རྣམས་ཀྱི་མཚན་ཉིད་དུ་གྱུར་པ་ཇི་ལྟ་བུ་ཡིན་ཞེ་ན། རྣ་བ་ཞེས་བྱ་བ་ལ་སོགས་པའོ། །འོ་ན་སེམས་ཅན་གྱི་ལུས་པོ་གང་ཡིན་པ་དེ་ཉོན་མོངས་པའི་རང་བཞིན་ཏེ། ཀུན་རྫོབ་ཏུ་དེ་རྣམས་ཀྱི་རང་བཞིན་སྐྱེ་བའི་གནས་གང་ཡིན་ཞེ་ན། སེར་སྣ་ཞེས་བྱ་བ་ལ་སོགས་པའོ། །ལུས་པོ་དེར་སྲོག་གི་རླུང་ལས་མ་གཏོགས་པར་བྱ་བ་བྱེད་པར་མི་འགྱུར་ཏེ། དེ་བས་ན་རྣམ་པ་བཅུའི་རང་བཞིན་དུ་གྱུར་པའི་སྲོག་གི་རླུང་གང་ནས་སྐྱེ་ཞེ་ན། ཐུར་སེལ་ཞེས་བྱ་བ་ལ་སོགས་པའོ་སྲོག་གི་རླུང་ལ་སོགས་པའི་གནས་ནི་ལྟེ་བ་ལ་སོགས་པ་ཡིན་ཏེ། དེ་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། གཙུག་ཏོར་ཞེས་བྱ་བ་ལ་སོགས་པའོ། །རིམ་པ་ཇི་ལྟ་བ་བཞིན་དུ་ལུས་པོ་ལ་ཡན་ལག་ཐམས་ཅད་ནི་ས་ལ་སོགས་པའི་འབྱུང་བ་བཞི་ལས་ཤེས་པར་བྱའོ། །ད་ནི་སེམས་ཅན་གྱི་ལུས་པོ་ལ་སྐུ་བཞིས་བྱིན་གྱིས་བརླབ་པའི་རིམ་པ་ཇི་ལྟ་བུ་ཡིན་པ་བཤད་པར་མཛད་དེ། གསང་བ་ཞེས་བྱ་བ་ལ་སོགས་པ་ལ། གསང་བ་དང་གཙུག་ཏོར་དང་ལྟེ་བ་ལྷན་ཅིག་སྐྱེས་པའི་སྐུར་གནས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། གཙུག་ཏོར་ལ་སྐྱེ་བ་དང༌། ལྟེ་བ་དང་གསང་བའི་བདེ་བ་ཉམས་སུ་མྱོང་བའི་ཕྱིར་རོ། །དེ་བཞིན་དུ་མི་རྟོག་པའི་རང་བཞིན་དུ་གྱུར་པའི་ཆོས་ཉིད་ནི་ཆོས་ཀྱི་སྐུ་ཡིན་ལ། དེ་ཉིད་སྙིང་གར་ཤེས་པར་བྱའོ། །གཟུང་བ་དང་འཛིན་པའི་རང་བཞིན་དུ་གྱུར་པའི་སྤྲུལ་པའི་སྐུ་ནི་དཔྲལ་བར་རོ། །སྒྱུ་མ་དང་རྨི་ལམ་གྱི་རང་བཞིན་དུ་གྱུར་པའི་ལོངས་སྤྱོད་རྫོགས་པའི་སྐུ་ནི་མགྲིན་པ་ལའོ། །དེ་ལྟར་སྤྱིར་སྐུ་བཞིའི་གནས་བཤད་པར་མཛད་ནས་འཁོར་


DTG013_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལོ་དེ་ཉིད་ལ་ཐབས་དང་ཤེས་རབ་ཀྱི་དབྱེ་བས་རིགས་དྲུག་བཤད་པར་མཛད་དེ། བདེ་བ་ཞེས་བྱ་བ་ལ་སོགས་པའི་རིགས་དེ་རྣམས་རྩའི་དབྱེ་བས་ཇི་ལྟར་ཤེས་ཤེ་ན། དེ་རྣམས་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་དབང་མདོར་བསྟན་ལས། །ཐབས་ཀྱི་སྐུ་ནི་ཟླ་བ་སྟེ། །ཤེས་རབ་གསུང་ནི་ཉིན་མོར་བྱེད། །ཤེས་རབ་སྐུ་ནི་དྲི་ཆེན་རྩ། །དྲི་ཆུ་འབབ་མ་གཙོ་མོའི་གསུང༌། །སྟེང་འོག་ཐུགས་ཀྱི་རྩ་གཉིས་ནི། །ས་བོན་འབབ་དང་མུན་ཅན་མའོ། །ཐབས་ཀྱི་ཐུགས་ནི་མུན་པ་ཅན། །ས་བོན་འབབ་མ་ཤེས་རབ་ཅན། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་གྱིས། །སྟེང་འོག་རིགས་དྲུག་འདི་ཉིད་དེ། ཐབས་དང་ཤེས་རབ་སྐུ་དངོས་ཀྱིས། །ལུས་ཅན་ཀུན་ལ་ཡང་དག་གནས། །ཞེས་བྱ་བར་གསུངས་སོ། །ད་ནི་ཐབས་དང་ཤེས་རབ་ཀྱི་དངོས་པོའི་མཚན་ཉིད་བརྗོད་པར་མཛད་དེ། ལུས་ཞེས་བྱ་བ་ལ་སོགས་པའོ། །ཐབས་དང་ཤེས་རབ་ཀྱིས་འཁྱུད་པའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། ཤེས་རབ་ཅེས་བྱ་བ་ལ་སོགས་པ་ལ། སའི་རང་བཞིན་དུ་གྱུར་པ་རུས་པ་དང༌། རླུང་གི་རང་བཞིན་དུ་གྱུར་པའི་ཤ་ནི་ཕན་ཚུན་ཐབས་དང་ཤེས་རབ་ཏུ་ཤེས་པར་བྱའོ། །རིམ་པ་དེ་བཞིན་དུ་ཆུ་དང་མེ་ལ་སོགས་པ་ཞེས་བྱ་བའོ། །ད་ནི་ལུས་ཀྱི་རྟེན་དུ་གྱུར་བའི་རྩ་རྣམས་ཀྱི་སྐྱེ་བའི་རིམ་པ་བཤད་པར་མཛད་དེ། རྩ་ཞེས་བྱ་བ་ལ་སོགས་པ་ལ། འདིར་མངལ་འཛིན་པའི་ཟླ་བ་གཅིག་གི་གཏིང་ནས་ཉིན་མཚན་རེ་རེ་རྩ་ཉིས་བརྒྱ་ཉིས་བརྒྱ་སྐྱེ་བར་འགྱུར་ཏེ། རིམ་པ་དེ་ལྟ་བུས་ཟླ་བ་གཅིག་ལ་རྩ་སྟོང་ཕྲག་དྲུག་སྐྱེ་བར་འགྱུར་ལ། ཟླ་བ་བཅུ་གཉིས་ཀྱིས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྫོགས་པར་འགྱུར་ཏེ། དེ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཁམས་འཕེལ་བ་རྫོགས་པར་འགྱུར་རོ། །ཕྱི་ནས་ལོ་བཅུ་གཉིས་དང་ལོ་བཅུ་དྲུག་གི་བར་དུ་རིམ་པ་ཇི་ལྟ་བར་ཤེས་རབ་དང་ཐབས་ལ་ཡེ་ཤེས་ཀྱི་འཕེལ་བ་ནི་རྡུལ་དང་ས་བོན་གྱི་དབྱེ་བས་སོ། །དེ་བས་རྩ་རྣམས་ཀྱི་འཕེལ་བ་རྫོགས་ནས་འགྲིབ་པར་འགྱུར་ཏེ། ཉིན་མཚན་རེ་རེ་ལ་རྩ་གཉིས་གཉིས་འཆད་པར་འགྱུར་ལ། ཉིན་མཚན་སུམ་ཅུས་ནི་རྩ་དྲུག་ཅུ་སྟེ། ལོ་གཅིག་གིས་བདུན་བརྒྱ་ཉི་ཤུ་ཡིན་ལ། ལོ་བརྒྱ་ཐམ་པས་ཉིན་མཚན་ཁྲི་ཕྲག་གསུམ་དང་སྟོང་ཕྲག་དྲུག་གིས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་


DTG013_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཆད་པར་འགྱུར་ཏེ། དེ་བས་ན་ལོ་བརྒྱ་ཐམ་པའི་བར་དུ་མི་རྣམས་ཀྱི་ཚེ་སྤྱིར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་རྩ་རྣམས་ཀྱི་སྐྱེ་བའི་མཚན་ཉིད་བཤད་པར་མཛད་ནས་མུ་སྟེགས་པ་དང་མཐུན་པར་གྱུར་པའི་ཕྱིར་རང་བཞིན་དང་སྐྱེས་བུའི་མཚན་ཉིད་བཤད་པར་མཛད་པ་ལ་ཞེས་བྱ་བ་ལ་སོགས་པ་འདིར་ཕྱི་དང་ལུས་པོ་རྣམ་པ་ཉི་ཤུ་ལྔའི་བདག་ཉིད་དུ་གྱུར་པའི་རང་བཞིན་དང༌། སྐྱེས་བུ་ནི་གཟུང་བ་དང་འཛིན་པའི་འབྲེལ་པས་གནས་པ་སྟེ། དེ་ལ་གཟུང་བྱ་ནི་རང་བཞིན་ཡིན་ལ། སྐྱེས་བུ་ནི་འཛིན་པ་པོ་ཞེས་བྱ་བའོ། །རང་བཞིན་དང་སྐྱེས་བུའི་རྟེན་ནི་ལུས་པོ་ཡིན་ལ། དེ་ཡང་འབྱུང་བ་རྣམས་ཀྱི་བདག་ཉིད་ཡིན་ཏེ། འབྱུང་བ་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། ས་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་དྲུག་གིས་འབྱུང་བ་རྣམས་ཀྱི་མཚན་ཉིད་དང༌། ཕྱི་རོལ་གྱི་དངོས་པོ་རྣམས་ནི་ལུས་པོ་ལ་རྟོག་པ་རགས་པ་དོར་བའི་ཕྱིར་གསུངས་སོ། །ད་ནི་སེམས་ཅན་རྣམས་ཀྱི་སྲོག་གི་རླུང་འབབ་པའི་མཚན་ཉིད་བཤད་པར་མཛད་དེ། ལྟེ་བ་ཞེས་བྱ་བ་ལ་སོགས་པ་ལ་འདིར་ཕྱི་རོལ་དུ་འཕོ་བ་བཅུ་གཉིས་ལ་ཉི་མས་འཁོར་བར་བྱེད་པ་ཇི་ལྟ་བ་བཞིན་དུ། ནང་དུ་ལྟེ་བའི་འཁོར་ལོ་ནི་རྩ་བཅུ་གཉིས་ལ་སྲོག་གི་རླུང་གིས་འཁོར་བར་བྱེད་དེ། ཕྱི་རོལ་དུ་ཆུ་ཚོད་སྟོང་བརྒྱད་བརྒྱས་འཕོ་བ་གཅིག་ཡིན་ལ། ནང་དུ་དབུགས་སྟོང་བརྒྱད་བརྒྱ་སྟེ། དེ་ལ་ཕྱི་རོལ་དུ་ཉི་མ་འཕེལ་བས་རྫོགས་པའི་དུས་སྦྱོར་ནི་ཀརྐ་ཊ་ཡིན་ལ། ནང་དུ་རྩ་གང་ནས་སྲོག་གི་རླུང་ཤར་བར་གྱུར་པ་དེ་རིགས་ལྡན་གྱི་དུས་སྦྱོར་དུ་ཤེས་པར་བྱའོ། །དེ་ལྟར་བྱང་དང་ལྷོར་བགྲོད་པའི་དབྱེ་བས་ཉི་མ་འཁོར་བ་ཇི་ལྟ་བ་དེ་བཞིན་དུ་སྲོག་གི་རླུང་ཞེས་བྱ་བའོ། །ཕྱི་རོལ་དུ་འཕོ་བ་རེ་རེ་ལ་དབྱེ་བ་ལྔ་ལྔ་ཇི་ལྟ་བ་དེ་བཞིན་དུ་ནད་དུ་ཡང་རྩ་རེ་རེ་ལས་ཆུ་ལ་སོགས་པའི་དབྱེ་བ་ནི་པདྨའི་འདབ་མ་རེ་རེས་སོ་ཞེས་བྱ་བར་གསུངས་སོ། །འོ་ན་སྲོག་གི་རླུང་གིས་གལ་ཏེ་ལྟེ་བ་ལ་འཁོར་བར་བྱེད་པ་དེ་ལྟ་ན་ནི་སྲོག་གི་རླུང་ལ་སོགས་པའི་གནས་གང་ཡིན་ཞེ་ན། དེ་སྟེང་ཞེས་བྱ་བ་ལ་སོགས་པས་དེ་རྣམས་ཀྱི་གནས་གསུངས་སོ། །སྲོག་གི་རླུང་ལ་སོགས་པའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན།


DTG013_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྲོག་ཅེས་བྱ་བ་ལ་སོགས་པའོ། །རྩའི་འཁོར་ལོ་ལས་མ་གཏོགས་པར་སྲོག་ལ་སོགས་པའི་བྱ་བ་བྱེད་པར་མི་འགྱུར་བས་ཏེ། དེ་བས་ན་དེ་རྣམས་ཀྱི་རྟེན་དུ་གྱུར་པའི་རྩ་རྣམས་གང་ཡིན་ཞེ་ན། སེར་སྐྱ་ཞེས་བྱ་བ་ལ་སོགས་པས་རྩ་རྣམས་ཀྱི་མིང་ནི་མུ་སྟེགས་དང་མཐུན་པར་གསུངས་སོ། །རྩ་དེ་རྣམས་སྲོག་གི་རླུང་གི་ངོ་བོ་ཇི་ལྟ་བུར་འབབ་ཅེ་ན། དབང་པོ་ཞེས་བྱ་བ་ལ་སོགས་པ་ལ། ཤར་ལ་སོགས་པའི་ཕྱོགས་དང༌། ཕྱོགས་མཚམས་ཀྱི་བདག་པོའི་མཚན་ཉིད་ཇི་ལྟ་བུ་ཡིན་པ་དངོས་པོ་དེ་བཞིན་དུ་སྲོག་གི་རླུང་གིས་འབྱུང་བ་ལྔ་འབབ་པའོ། །ལྟེ་བར་རྩའི་འཁོར་ལོ་ལས་སྲོག་གི་རླུང་གིས་འབྱུང་བ་ལྔ་འབབ་པ་ནི་རྣལ་འབྱོར་པས་ཇི་ལྟར་ཤེས་ཤེ་ན། རྩ་བ་ཞེས་བྱ་བ་ལ་སོགས་པ་ལ། ལྟེ་བའི་འཁོར་ལོའི་རྩ་ལས་གལ་ཏེ་སྲོག་གི་རླུང་གིས་ས་འབབ་པར་འགྱུར་བ་དེ་ལྟ་ན་ནི། སྣ་བུག་གཡས་པའམ་གཡོན་པའི་འོག་ཏུ་རེག་ནས་ཕྱིར་འབྱུང་བའོ། །རིམ་པ་དེ་བཞིན་དུ་གཡོན་དང་གཡས་དང་སྟེང་དང་དབུས་ནས་ཆུ་ལ་སོགས་པ་ཤེས་པར་བྱའོ། །དེ་ལ་ཕྱི་རོལ་དུ་ཇི་སྲིད་འབྱུང་བར་འགྱུར་ཞེ་ན། རྟེན་འབྲེལ་མཐའ་དང་ཆའི་མ་ཐར་ཞེས་བྱ་བ་ལ། གལ་ཏེ་གཡས་ལས་སའི་དཀྱིལ་འཁོར་འབབ་པར་འགྱུར་བ་དེ་ལྟ་ན་ནི་སྲོག་གི་རླུང་སོར་བཅུ་གཉིས་ཀྱི་ཕྱིར་བྱུང་ནས་ལྡོག་པར་གྱུར་པའོ། །གཡོན་པ་ནས་ནམ་མཁའི་དཀྱིལ་འཁོར་འབབ་པར་གྱུར་པ་དེ་ལྟ་ན་ནི་ཕྱི་རོལ་དུ་སོར་བཅུ་དྲུག་འབྱུང་བའོ། །རྒྱུ་གང་གི་ཕྱིར་ཞེ་ན། གཡས་པ་ལ་འཕོ་བ་བཅུ་གཉིས་ཀྱི་རང་བཞིན་དུ་གྱུར་པའི་ཉི་མའི་བདག་པོ་ཡིན་པ་དང༌། གཡོན་པ་ལ་ཆ་བཅུ་དྲུག་གི་བདག་ཉིད་ཟླ་བ་བདག་པོར་གྱུར་པའི་ཕྱིར་རོ། །ད་ནི་བྱང་ཕྱོགས་མ་གའི་ཡུལ་དུ་སངས་རྒྱས་བཅོམ་ལྡན་འདས་དང་ཀླ་ཀློ་རྣམས་ཀྱི་འཁྲུག་པ་གང་ཡིན་པ་དེ། ངེས་པའི་དོན་དུ་སེམས་ཅན་ཐམས་ཅད་ཀྱི་ལུས་པོ་ལ་ཉོན་མོངས་པ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པར་རྣལ་འབྱོར་པས་ཤེས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། འཁོར་ལོ་ཅན་ཞེས་བྱ་བ་ལ་སོགས་པའོ། །སྔོན་དུ་བརྗོད་པའི་རིགས་གསུམ་དང༌། རིགས་དྲུག་ལ་སོགས་པ་གང་ཡིན་པ་དེ་རྣམས་གང་ནས་བྱུང་ཞེ་ན། བརྗོད་པར་མཛད་དེ། དུས་ཀྱི་འཁོར་ལོ་ཞེས་བྱ་བ་


DTG013_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་སོགས་པ་ལ་འདིར་སེམས་ཅན་རྣམས་ཀྱི་ཉིན་མཚན་རེ་རེར་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ནང་ནས་དབུས་མར་དབུགས་དྲུག་བརྒྱ་བདུན་ཅུ་རྩ་ལྔ་འབབ་སྟེ། རིམ་པ་དེ་ལྟ་བས་ན་ལོ་བརྒྱའི་ནང་ནས་ལོ་གསུམ་དང་ཟླ་བ་ཕྱེད་དང་གཉིས་སུ་འགྱུར་རོ། །དེ་ཉིད་རིགས་གསུམ་དང་རིགས་དྲུག་ལ་སོགས་པའི་འབྱུང་བའི་གནས་སུ་ཤེས་པར་བྱའོ། །དེ་ལ་ལོ་གསུམ་ནི་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གསུམ་གྱི་དབྱེ་བས་གསང་བ་འདུས་པའི་རིགས་གསུམ་དུ་འགྱུར་རོ། །དེ་ཉིད་ཉིན་མཚན་བརྒྱ་བརྒྱད་ཅུས་ཕྱེ་ནས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་སོགས་པའི་རིགས་དྲུག་ཏུ་འགྱུར་བའོ། །སླར་ཡང་ཟླ་བའི་ཉིན་མཚན་རྣམས་ཀྱིས་ཕྱེ་ན་རྒྱུད་ཀྱི་རྒྱལ་པོ་འཁོར་ལོ་སྡོམ་པའི་རྣལ་འབྱོར་མ་དང༌། རྣལ་འབྱོར་མའི་རིགས་སུམ་ཅུ་རྩ་དྲུག་གོ །ལོ་གསུམ་གྱི་ཉིན་མཚན་གྱི་ཚོགས་དེ་ཉིད་ཆ་བདུན་གྱིས་ཕྱེ་བར་གྱུར་ན། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གྱུར་བའི་དཀྱིལ་འཁོར་གྱི་བདག་པོ་དང༌། འཁོར་ནི་བརྒྱ་ལྔ་བཅུ་རྩ་དྲུག་ཏུ་གྱུར་པའོ། །དེ་ཉིད་ཆ་བཅོ་ལྔས་ཕྱེ་བར་གྱུར་ནས་ཤེས་རབ་དང་བཅས་པའི་དཀྱིལ་འཁོར་གྱི་བདག་པོ་དང༌། ལྷ་དང་ལྷ་མོ་རྣམས་ནི་བདུན་ཅུ་རྩ་གཉིས་ཀྱི་རང་བཞིན་དུ་གྱུར་པའི་ཕྱིར་རྒྱུད་ཀྱི་རྒྱལ་པོའི་མངོན་པར་བརྗོད་པའོ། །དེ་ལྟར་ལོ་གསུམ་གྱི་མཚན་ཉིད་བཤད་པར་མཛད་ནས། ཕྱོགས་གསུམ་ཇི་ལྟ་བུ་ཡིན་ཞེ་ན། སྒྱུ་འཕྲུལ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཕྱོགས་གསུམ་གྱི་མཚན་ཉིད་བཞི་བཅུ་རྩ་ལྔ་གང་ཡིན་པ་དེ་རྣམས་ནི། ཉིན་མཚན་རེ་རེས་དུས་སྦྱོར་བཅུ་གཉིས་ཀྱི་རང་བཞིན་དུ་གྱུར་པའི་ཕྱིར་བཅུ་གཉིས་ཀྱིས་བགྲངས་ནས་ལྔ་བརྒྱ་བཞི་བཅུར་འགྱུར་རོ། །ཚོགས་དེ་ཉིད་རྣམ་པ་གསུམ་གྱི་རང་བཞིན་དུ་གྱུར་པའི་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་ལྷ་རྣམས་དང༌། དཔལ་འདུས་པའི་རྒྱུད་ཀྱི་ལྷ་རྣམས་ཀྱི་འབྱུང་གནས་ཞེས་བྱ་བའོ། །དེ་ལ་སྒྱུ་འཕྲུལ་དྲ་བ་ཕྱོགས་གཅིག་གིས་ལྷ་རྣམས་བཞི་བཅུ་རྩ་དགུའོ། །གཉིས་པ་ནི་བཞི་བཅུ་རྩ་ལྔའི་བདག་ཉིད་དོ། །གསུམ་པ་ནི་བཞི་བཅུ་རྩ་གསུམ་པའོ། །གསུམ་ཀའི་ལྷ་དང་ལྷ་མོ་རྣམས་བསྡུས་ན་ཉིས་བརྒྱ་བདུན་ཅུ་རྩ་བཞིར་འགྱུར་རོ། །ལྷག་མ་ཉིས་བརྒྱ་དྲུག་ཅུ་རྩ་དྲུག་པོ་གང་ཡིན་པ་དེ། དཔལ་འདུས་


DTG013_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་རྒྱུད་ཀྱི་ཕྱོགས་ཞེས་པར་བྱའོ། །དེ་ལ་ཡང་རྣམ་པ་དྲུག་སྟེ། དགུ་པ་དང་བཅུ་གསུམ་པ་དང་བཅུ་དགུ་པ་དང༌། ཉི་ཤུ་རྩ་ལྔ་པ་དང༌། སུམ་ཅུ་རྩ་གཉིས་པ་དང༌། སུམ་ཅུ་རྩ་བཞི་བའོ། །དྲུག་པོ་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གྱུར་པའི་དཀྱིལ་འཁོར་གྱི་ཟུང་བརྒྱ་སུམ་ཅུ་རྩ་གཉིས་སུ་འགྱུར་ཏེ། དེ་ཉིད་སོ་སོར་བྱས་ནས་ཉིས་བརྒྱ་དྲུག་ཅུ་རྩ་བཞིར་རོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གྱུར་པའི་དཀྱིལ་འཁོར་གྱི་བདག་པོ་དང་ལྷན་ཅིག་ཏུ་ཉིས་བརྒྱ་དྲུག་ཅུ་རྩ་དྲུག་པོར་དག་པའོ། །གཞན་ཡང་ཉིན་མཚན་གྱི་ཚོགས་བཞི་བཅུ་རྩ་ལྔ་པོ་དེ་ལས་ཆ་བདུན་གྱིས་ཐོབ་པ་ནི། འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་དྲུག་ཏུ་ཤེས་པར་བྱ་སྟེ། ལྷག་མ་གསུམ་ནི་ནང་དུ་སྐུ་ལ་སོགས་པའི་ཕྱག་རྒྱར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཀུན་རྫོབ་ཏུ་རྒྱུས་འབྲས་བུ་ལ་རྒྱས་བཏབ་པ་དང༌། འབྲས་བུས་རྒྱུ་ལ་རྒྱས་བཏབ་པ་ཇི་ལྟ་བ་དེ་བཞིན་དུ། ལས་དང་པོ་པས་ཤེས་པར་བྱ་བའི་ཕྱིར་ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་རྣམས་གསུངས་སོ། །དེ་ཉིད་ཕན་ཚུན་དུ་ལྟོས་པའི་ཕྱིར་གཉི་ག་ལ་དངོས་པོ་དང་བརྟགས་པའི་དབྱེ་བས་ཤེས་པར་བྱའོ། །དེ་བཞིན་དུ་དབང་མདོར་བསྟན་པ་ལས། སྟོང་པ་ལས་བྱུང་གཟུགས་ནི་རྒྱུ། །འབྲས་བུ་མི་འགྱུར་ལས་སྐྱེས་བདེ། །འབྲས་བུས་རྒྱུ་ལ་རྒྱས་བཏབ་དང༌། །འབྲས་བུ་ལ་རྒྱུས་རྒྱས་བཏབ་པའོ། །ཞེས་བྱ་བ་ནི། རྫོགས་པའི་གནས་སྐབས་སུ་ཀུན་ལ་ལྟོས་ནས་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །དེ་ཉིད་ལས་དོན་དམ་པའི་བདེན་པས། རྒྱུ་ལས་ཤེས་རབ་མ་སྐྱེ་སྟེ། །ཤེས་རབ་རྒྱུ་ལས་འབྲས་བུ་འབྱུང། །རྒྱུ་ལས་ཤེས་རབ་མ་སྐྱེས་ཕྱིར། །ཤེས་རབ་ལས་སྐྱེས་རྒྱུ་སྐྱེས་མིན། །ཞེས་བྱ་བས། རྒྱུ་དང་འབྲས་བུའི་འབྲེལ་པ་མེད་པར་གསུངས་སོ། །དེ་བས་ན་ཕྱིའི་ཕྱག་རྒྱ་དང༌། ནང་གི་ཕྱག་རྒྱ་རྣམས་གང་ཡིན་པ་དེ་རྣམས་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གྱུར་པའི་གཉིས་སུ་མེད་པའི་ཡེ་ཤེས་ཤེས་པར་བྱ་བའི་ཕྱིར། དྲང་བའི་དོན་དང་ངེས་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ད་ནི་དུས་ཀྱི་འཁོར་ལོའི་ལྷ་དང་ལྷ་མོ་རྣམས་ཀྱི་གྲངས་བརྗོད་པར་མཛད་དེ། ནུས་མ་ཞེས་བྱ་བ་ལ་སོགས་པ་ལ། འདིར་དུ་བ་ལ་སོགས་པའི་མཚན་མའི་རང་བཞིན་དུ་གྱུར་པའི་ལྷ་མོ་བཅུ་དང༌།


DTG013_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁྲོ་བོའི་རྒྱལ་པོ་གཙུག་ཏོར་ལ་སོགས་པ་བཅུ་དང༌། མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔ་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ལྷ་མོ་ལྔ་དང༌། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དྲུག་དང༌། ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་བ་ཡུལ་གྱི་ལྷ་མོ་དྲུག་དང༌། བརྒྱ་བྱིན་ལ་སོགས་པ་ལྷ་ཆེན་པོ་བཅུ་གཉིས་དང༌། ཙར་ཙི་ཀཱ་ལ་སོགས་པ་ལྷ་མོ་བརྒྱད་དང༌། ཀླུའི་རྒྱལ་པོ་མཐའ་ཡས་ལ་སོགས་པ་བརྒྱད་དང༌། དུར་ཁྲོད་ཀྱི་ལྷ་མོ་ཁྱི་གདོང་མ་ལ་སོགས་པ་བརྒྱད་པོ་གང་ཡིན་པ་དེ་རྣམས་རང་གི་འཁོར་དང་བྲལ་བའི་དཀྱིལ་འཁོར་གྱི་བདག་པོ་དང་ལྷན་ཅིག་ཏུ་བརྒྱ་ལྔ་བཅུ་རྩ་དྲུག་ཏུ་ཤེས་བར་བྱའོ། །ཕྱི་ནས་དེ་རྣམས་ཀྱི་འཁོར་དང་ལྷན་ཅིག་ཏུ་འདྲེས་པར་གྱུར་ན་སྟོང་བརྒྱད་ཅུའི་རང་བཞིན་དུ་གྱུར་པའི་རྒྱུད་ཀྱི་རྒྱལ་པོ་བསྡུས་པའི་རྒྱུད་ཀྱི་ལྷ་དང་ལྷ་མོ་རྣམས་སོ། །དེ་ཉིད་ཟླ་བ་དང་ཉི་མའི་དབྱེ་བས་ཕྱེ་བར་གྱུར་ན་སྟོང་དྲུག་བརྒྱ་ཉི་ཤུའི་རང་བཞིན་དུ་གྱུར་པའི་མཆོག་གི་དང་པོའི་སངས་རྒྱས་སུ་གྱུར་པའོ། །འདི་དག་ལ་སོགས་པའི་ལྷ་རྣམས་ཀྱི་བྱེ་བྲག་ཤེས་པ་ལ་དགོས་པ་ཅི་ཡོད་ཅེ་ན། གང་གིས་ཞེས་བྱ་བ་ལ་སོགས་པས་ཕན་ཡོན་དུ་གསུངས་སོ། །རྩ་བའི་རྒྱུད་ལས་བསྡུས་པའི་རྒྱུད་ཀྱི་ལྷ་དང་ལྷ་མོ་རྣམས་ཇི་ལྟར་བསྡུས་ཤེ་ན། སུམ་ཅུ་ཆ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ལྷ་དང་ལྷ་མོ་སྟོང་དྲུག་བརྒྱ་ཉི་ཤུ་གང་ཡིན་པ་དེ་ལས་ཆ་སུམ་ཅུས་བཅད་ནས་ལྔ་བཅུ་རྩ་བཞི་ཐོབ་པར་འགྱུར་རོ། །དེ་ཉིད་སྐུ་གསུང་ཐུགས་ཀྱི་དབྱེ་བས་སུམ་ལྡན་དུ་བྱས་ནས་བརྒྱ་དྲུག་ཅུ་རྩ་གཉིས་སུ་འགྱུར་རོ། །དེ་ལས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་དྲུག་དང༌། དཀྱིལ་འཁོར་གྱི་བདག་པོ་ཐབས་དང་ཤེས་རབ་གཉིས་ཏེ། ལྷག་མ་དཀྱིལ་འཁོར་གྱི་འཁོར་དུ་གྱུར་པའོ། །དེ་རྣམས་ཀྱི་ནང་གི་རྣམ་པར་དག་པ་ཇི་ལྟ་བུ་ཡིན་ཞེ་ན། གཙུག་ཏོར་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་ལ། འཁོར་ལོ་དྲུག་གི་རྩ་རྣམས་ཀྱི་རང་བཞིན་དུ་གྱུར་པའོ། །རྩ་དེ་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། རྩ་དྲུག་ཅེས་བྱ་བ་ལ་སོགས་པས་དེ་རྣམས་ཀྱི་མཚན་ཉིད་གསུངས་སོ། །རྩ་དེ་རྣམས་ཀྱིས་གལ་ཏེ་ནད་འཕེལ་བར་བྱེད་པ་དེ་ལྟ་ན་ནི། རྣམ་པ་ཐམས་ཅད་དུ་ཡོན་ཏན་མེད་པར་མི་འགྱུར་རམ་ཞེ་ན། འདི་རྣམས་ཞེས་


DTG013_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་བ་ལ་སོགས་པ་ལ། བྱིས་པའི་སྐྱེ་བོ་རྣམས་ལ་ནང་འབའ་ཞིག་འཕེལ་བར་བྱ་བ་མིན་གྱི། འཆི་བ་ཡང་སྟེར་བར་བྱེད་དོ། །དེ་རྣམས་ཀྱི་སྦྱོར་བའི་ཡན་ལག་དྲུག་གིས་འགྲུབ་པར་འགྱུར་ན། རྣལ་འབྱོར་པ་རྣམས་ལ་ནད་མེད་པ་དང་ཚེ་སྟེར་བར་འགྱུར་རོ། །དེ་བས་ན་ཡོན་ཏན་དེ་ལྟར་རྣལ་འབྱོར་པས་འགྲུབ་པར་འདོད་ན་ནན་ཏན་གྱིས་བསྲུང་བར་བྱའོ། །གལ་ཏེ་མ་བསྲུང་ན་སྐྱོན་ཅིར་འགྱུར་ཞེ་ན། ཕྲ་བར་ཞེས་བྱ་བ་ནི། གལ་ཏེ་ཐམས་ཅད་བསྲུང་བར་མ་ནུས་པ་དེ་ལྟ་ན་ནི། ཨ་བ་དྷཱུ་ཏཱི་གཅིག་པུ་བསྲུང་བར་བྱའོ། །དེ་ལ་སྲོག་གི་རླུང་མ་ཞུགས་ན་སྐྱེ་བ་འདི་ཉིད་དུ་ཚེ་ཐུད་བའི་དབང་གིས་ཁྱད་པར་གྱི་དོན་འགྲུབ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྩོད་ལྡན་གྱི་དུས་ཀྱི་དབང་གིས་མི་རྣམས་ཀྱི་ཚེ་ལོ་བརྒྱ་པ་ཡིན་ཏེ། དེ་ཉིད་ལས་ཕྱེད་གཉིས་ཀྱིས་འཕྲོག་པའོ། །ལོ་བཅུ་དྲུག་ནི་བྱིས་པའི་གནས་སྐབས་ཡིན་ལ། ལོ་ཉི་ཤུ་ནི་ཤིན་ཏུ་རྒན་པར་གྱུར་པའོ། །ལྷག་མ་རྣམས་ཀྱི་བར་དུ་གལ་ཏེ་གློ་བུར་གྱིས་འཆི་བ་མ་བྱུང་བ། དེ་ལྟ་ན་ནི་འཇིག་རྟེན་གྱི་དོན་དང་འཇིག་རྟེན་ལས་འདས་པའི་དོན་ཇི་ལྟ་བུར་འགྱུར་ཞེས་བྱ་བའོ། །རྒྱུ་དེའི་ཕྱིར་དབུས་མ་མ་བསྲུངས་ཀྱི་བར་དུ་འཆི་བའི་འཇིགས་པ་མེད་པར་མི་འགྱུར་རོ། །གློ་བུར་གྱི་འཆི་ལྟས་ཀྱི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། སྲོག་ཅེས་བྱ་བ་ལ་སོགས་པ་ལ། འདི་ནི་ཕྱི་རོལ་དུ་དུས་སྦྱོར་བཅུ་གཉིས་གང་ཡིན་པ་དེ་རྣམས་མཉམ་པ་དང་མི་མཉམ་པའི་དབྱེ་བས་སྣ་བུག་གཡས་དང་གཡོན་པ་ལས་འབབ་པར་འགྱུར་ཏེ། དེ་ལ་གང་མི་མཉམ་པའི་དུས་སྦྱོར་ལས་སྐྱེས་པར་གྱུར་པས་དེ་ལ་སྣ་བུག་གཡོན་པ་ལས་འཆི་ལྟས་སུ་འགྱུར་རོ། །དེ་ལ་འཆི་ལྟས་ཀྱ་མཚན་ཉིད་འདི་ཡིན་ཏེ་སྤྱིར་མི་རྣམས་ཀྱི་སྣ་བུག་གཡོན་པ་དང་གཡས་པ་ལས་དབུགས་དྲུག་བརྒྱ་བདུན་ཅུ་རྩ་ལྔས་དམན་པའི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ནི་འཕོ་བ་བཅུ་གཉིས་ཀྱིས་འབབ་སྟེ། དེ་ཉིད་ཉིན་མཚན་དུ་འགྱུར་བ་ཞེས་བྱ་བའོ། །དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཚོགས་དེ་ཉིད་གལ་ཏེ་རྩ་གཡོན་པ་འབའ་ཞིག་ལས་འབབ་པར་གྱུར་པ་དེ་ལྟ་ན་ནི། རྟགས་དེས་ལོ་གསུམ་གྱིས་འཆི་བ་སྟོན་པར་བྱེད་དོ། །ཉིན་མཚན་གཅིག་འབབ་ནས་དེ་ནས་སྔ་མ་བཞིན་དུ་འཕོ་བ་བཅུ་གཉིས་དང་དཀྱིལ་འཁོར་དྲུག་ཅུ་གཡས་པ་དང་གཡོན་པ་ལས་


DTG013_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐུན་མོང་དུ་འབབ་པོ། །དེ་ནས་ཉིན་མཚན་གཅིག་འབབ་པའི་ཟླ་བ་དེ་དང་ཟླ་བ་གཉིས་པའི་མཐར་སྔོན་དུ་ཉིན་མཚན་གཅིག་འབབ་པའི་རིམ་པ་དེ་བཞིན་དུ་ཉིན་མཚན་གསུམ་གལ་ཏེ་འབབ་པར་གྱུར་པ་དེ་ལྟ་ན་ནི་འཆི་ལྟས་འཕེལ་བར་ཤེས་པར་བྱའོ། །དེ་ལ་ཟླ་བ་གསུམ་ཟླ་བ་བཞི་པའི་གཏིང་ནས་ཉིན་མཚན་གསུམ་འབབ་པར་འགྱུར་ཏེ། དེ་ནས་ཟླ་བ་ལྔ་དང་དྲུག་པར་གཡས་པ་དང་གཡོན་པ་ལས་ཐུན་མོང་དུ་འབབ་པར་འགྱུར་རོ། །རིམ་པ་དེ་ལྟ་བུས་ལོ་གསུམ་ན་ཟླ་བ་དྲུག་ཉུང་བར་འགྱུར་ཏེ། ལྟེ་བའི་འཁོར་ལོར་འཕོ་བ་བཅུ་གཉིས་ཀྱི་རང་བཞིན་དུ་གྱུར་བའི་རྩ་བཅུ་གཉིས་གང་ཡིན་པ་དེ་ལ་རྩ་གཅིག་ཆད་པར་གྱུར་པ་ལ་རྩ་བཅུ་གཅིག་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབྱེ་བས་སྲོག་གི་རླུང་གིས་ཀུན་ཏུ་སྤྱོད་པར་བྱེད་དེ། གནས་སྐབས་དེ་ལ་ཇི་ཙམ་ཆད་པར་གྱུར་ན་ཡང་དབུགས་ཀྱི་ཚོགས་ཉུང་བར་མི་འགྱུར་རོ། །དེ་ནས་རིམ་པ་སྔོན་བཞིན་དུ་སྲོག་གི་རླུང་གིས་དོར་བའི་རྩ་དེ་ལས་གཉིས་པ་ཟླ་བ་གསུམ་གྱི་བར་དུ་ཞག་བཞི་དང་ཞག་ལྔ་དང་ཞག་དྲུག་པར་རྩ་གཡོན་པ་ལས་འབབ་སྟེ། ལྷག་མ་ནི་སྔ་མ་བཞིན་དུ་གཉི་ག་ལ་ཐུན་མོང་དུ་རྒྱུའོ། །དེ་ལྟ་བུའི་རིམ་པས་གལ་ཏེ་གྱུར་པ་དེ་ལྟ་ན་ནི་ཟླ་བ་ཉི་ཤུ་རྩ་བདུན་གྱིས་འཆི་བར་འགྱུར་ཏེ། ལྟེ་བ་ལས་རྩ་གཉིས་ཆད་པར་ཤེས་པར་བྱའོ། །དེ་ནས་ཞག་བདུན་ཞག་བརྒྱད། ཞག་དགུ་ཡང་ཟླ་བ་གསུམ་གྱི་བར་དུ་གལ་ཏེ་འབབ་པར་འགྱུར་པ་དེ་ལྟན་ནི་ལོ་གཉིས་ཀྱིས་འཆི་སྟེ། ལྟེ་བའི་འཁོར་ལོ་ལ་རྩ་གསུམ་ཆད་པར་འགྱུར་རོ། །རིམ་པ་དེ་ལྟ་བས་ཉིན་མཚན་གསུམ་གསུམ་གྱི་བར་དུ་རྒྱུན་མི་འཆད་པར་གལ་ཏེ་འབབ་པར་གྱུར་པ་དེ་ལྟ་ན་ནི། རྩ་གཅིག་གིས་དཀྱིལ་འཁོར་ལྔ་ལ་སྲོག་རྒྱུ་ཞིང༌། ཉིན་མཚན་གསུམ་གྱིས་འཆི་བར་འགྱུར་ཏེ། རྩ་གཡོན་པ་ལས་ཕྱི་ནས་སྲོག་གི་རླུང་གིས་ཀུན་ཏུ་སྤྱོད་པར་མི་བྱེད་དོ། །དེ་ནས་རྩ་གཡས་པར་ཉིན་མཚན་གཉིས་འབབ་ཅིང༌། ལྟེ་བའི་འཁོར་ལོའི་རྩ་བཅུ་གཉིས་པ་དོར་བར་བྱེད་དོ། །ཉིན་མཚན་གཅིག་གིས་འཆི་བར་འགྱུར་རོ། །དེ་ནས་ཞག་གཅིག་ནི་དབུགས་ཀྱི་ཚོགས་ཟད་པར་འགྱུར་གྱི་བར་དུ་དབུས་མར་བབ་ནས། སྲོག་གི་རླུང་དང་ལྷན་ཅིག་ཏུ་རྣམ་པར་ཤེས་པས་དགེ་


DTG013_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་འཁྱམ་པར་བྱེད་དོ། །དེ་བཞིན་དུ་མཉམ་པའི་དུས་སྦྱོར་ལས་མི་གང་རྣམས་སྐྱེ་བར་འགྱུར་བ་དེ་རྣམས་ཀྱི་སྣ་བུག་གཡས་པ་ལས་འཆི་ལྟས་འབྱུང་བར་འགྱུར་ཏེ། དེ་ལ་གལ་ཏེ་རྩ་གཡས་པ་ལས་རྒྱུན་མི་འཆད་པར་ཉིན་མཚན་ལྔ་སྲོག་གི་རླུང་འབབ་པར་གྱུར་པ་དེ་ལྟ་ན་ནི། སྔ་མ་བཞིན་དུ་ལོ་གསུམ་གྱིས་འཆི་བར་འགྱུར་ཏེ་ལྟེ་བའི་འཁོར་ལོ་ལས་རྩ་གཅིག་ཆད་པར་འགྱུར་རོ། །དེ་ནས་གལ་ཏེ་རྒྱུན་མི་འཆད་པར་ཉིན་མཚན་བཅུས་བབ་པར་གྱུར་པ་དེ་ལྟ་ན་ནི་ལོ་གཉིས་དང་འཆི་ལྟས་ཀྱི་མཚན་ཉིད་དང་ལྷན་ཅིག་ཏུ་ཉིན་མཚན་ཉི་ཤུ་རྩ་ལྔས་འཆི་བར་འགྱུར་ཏེ། རྩ་དོར་བ་སྔོན་བཞིན་དུ་ཤེས་པར་བྱའོ། །དེ་ནས་ཉིན་མཚན་བཅོ་ལྔ་གལ་ཏེ་འབབ་པར་གྱུར་པ་དེ་ལྟ་ན་ནི། ལོ་གཅིག་དང་ཉིན་མཚན་བཞི་བཅུས་འཆི་བར་འགྱུར་རོ། །ཉིན་མཚན་ཉི་ཤུ་འབབ་པར་གྱུར་པ་དེ་ལྟ་ན་ནི་ཟླ་བ་བདུན་དང་ཞག། ཉི་ཤུས་འཆི་བར་འགྱུར་རོ། །ཉིན་མཚན་ཉི་ཤུ་རྩ་ལྔ་འབབ་པར་གྱུར་པ་དེ་ལྟ་ན་ནི། ཟླ་བ་བཞི་དང་མཚན་ཉི་ཤུ་རྩ་བརྒྱད་ཀྱིས་འཆི་བར་འགྱུར་རོ། །རྒྱུན་མི་འཆད་པར་ཉིན་མཚན་ཉི་ཤུ་རྩ་དྲུག་འབབ་པར་གྱུར་པ་དེ་ལྟ་ན་ནི། ཟླ་བ་གསུམ་དང་ཉིན་མཚན་གཅིག་གིས་འཆི་སྟེ། དེ་ལ་གལ་ཏེ་འཆི་བ་སླུ་བའི་ཐབས་ཡོད་པ་དེ་ལྟ་ན་ནི། འཆི་བ་སླུ་བ་ཡིན་གྱི། དེའི་སྟེང་དུ་ནི་མ་ཡིན་ནོ། །ཉིན་མཚན་ཉི་ཤུ་རྩ་བདུན་འབབ་པར་འགྱུར་བ་དེ་ལྟ་ན་ནི་ཟླ་བ་གཅིག་དང་ཉིན་མཚན་དྲུག་གིས་འཆིའོ། །དེ་ནས་ཟླ་བ་གཅིག་དང་ཉིན་མཚན་དྲུག་པོ་དེས་རིམ་པ་ཇི་ལྟ་བ་བཞིན་དུ་ཉིན་མཚན་བཅོ་ལྔ་དང་བཅུ་དང་ལྔ་དང་གསུམ་དང་གཉིས་དང་གཅིག་གི་རྩ་བརྒྱད་བ་དང་དགུ་པ་དང༌། བཅུ་པ་དང་བཅུ་གཅིག་པ་དང་བཅུ་གཉིས་པ་དང་དབུ་ས་མ་ནི་སྲོག་གི་རླུང་གིས་དོར་ནས་ལུས་པོ་འདི་དོར་ཏེ། དེ་ནས་བག་ཆགས་དེའི་དབང་གིས་རྣམ་པར་ཤེས་པས་ལུས་པོ་གཞན་ལེན་པར་བྱེད་ཅེས་བྱ་བའོ། །དེ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་གསུམ་དང་ལྔས་འཕེལ་བ་གང་ཡིན་པ་བ་དེ་ཐུར་སེལ་དང་སྲོག་གི་དབྱེ་བའི་ཕྱིར་གསུངས་སོ། །དེ་ལ་སྲོག་གི་རླུང་གིས་ཡུལ་ལྔ་འཛིན་པའི་ཕྱིར་ལྔས་འཕེལ་བའི་རིམ་པའི་རིགས་པ་ཡིན་ཏེ། ཐུར་སེལ་གྱི་རྩ་གསུམ་གྱི་བྱ་བ་བྱེད་པའི་


DTG013_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱིར་གསུམ་གྱིས་འཕེལ་བར་གསུངས་ཞེས་བྱ་བའི་ངེས་པའོ། །འོ་ན་ལོ་བརྒྱ་ཐམ་པས་ཚེ་རྫོགས་པའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། དུས་ཀྱི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ། འདིར་མི་རྣམས་ཀྱི་རྩ་གཡོན་པ་དང་གཡས་པ་དང་དབུས་མ་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གྱི་དབྱེ་བས་སྲོག་གི་རླུང་རྒྱུ་སྟེ། དེ་ལ་མུན་པའི་རང་བཞིན་དུ་གྱུར་པའི་དབུགས་རྣམས་གང་ཡིན་པ་དེ་རྣམས་ལོ་བརྒྱ་ན་འཆི་བའི་རང་བཞིན་དུ་གྱུར་བའོ། །ལོ་བརྒྱ་ན་འཆི་བའི་རིམ་པ་ཇི་ལྟ་བུ་ཡིན་ཞེ་ན། དབུགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལོ་བརྒྱས་འཆི་བར་འགྱུར་བའི་མི་ལ། ལྟེ་བའི་འཁོར་ལོ་ལ་སོགས་པའི་རྩ་རྣམས་ཇི་ལྟར་འཆད་པར་འགྱུར་ཞེ་ན། ཕྱོགས་ཞེས་བྱ་བ་ལ་སོགས་པ་ལ། ལྟེ་བའི་འཁོར་ལོ་ལ་ས་ལ་སོགས་པའི་དཀྱིལ་འཁོར་གྱི་རང་བཞིན་དུ་གྱུར་པའི་རྩ་དྲུག་ཅུ་དང༌། ཆུ་སྲིན་ལ་སོགས་པའི་བཅུ་གཉིས་ནི་བསྲེས་ན་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །རྩ་དེ་རྣམས་ལོ་གསུམ་གྱིས་འཆད་པར་འགྱུར་ཏེ། དེ་བཞིན་དུ་ལས་ཀྱི་འཁོར་ལོ་དང་བྱ་བའི་འཁོར་ལོ་རྩ་སུམ་བརྒྱ་དྲུག་ཅུ་གང་ཡིན་པ་དེ་རྣམས་ལས་རྩ་རེ་རེ་ནི་ཉིན་མཚན་གསུམ་གསུམ་གྱིས་དོར་ཏེ། ལོ་གསུམ་གྱིས་ཐམས་ཅད་སྲོག་གི་རླུང་གིས་དོར་བར་འགྱུར་རོ། །དེ་བཞིན་དུ་མགྲིན་པ་ལ་སོགས་པའི་འཁོར་ལོའི་རྩ་རྣམས་ནི་ཉིན་མཚན་སུམ་ཅུ་ལ་སོགས་པས་འཆད་པར་འགྱུར་རོ། །དེ་བཞིན་དུ་ཉི་མས་ཕྱི་རོལ་དུ་འཕོ་བ་རྣམས་བཟུང་བ་དང༌། དོར་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་ནང་དུ་སྲོག་གི་རླུང་གིས་རྩ་རྣམས་ངོར་བར་ཤེས་པར་བྱ་བའི་ཕྱིར། །སྡེ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་ཡང་ཉིན་མཚན་དྲུག་གིས་འཆི་བར་གྱུར་བའི་མི་རྣམས་ཀྱི་རྩ་ཇི་ལྟར་འཆད་པར་འགྱུར་ཞེ་ན། ལྟེ་བ་ཞེས་བྱ་བ་ལ་སོགས་པའོ། །མི་རྣམས་ཀྱི་ཚེ་ལོ་བརྒྱ་ཐམ་པའི་ངེས་པ་གང་ཡིན་པ། དེ་ཅིའི་ཕྱིར་ཞེ་ན། སྲོག་ཅེས་བྱ་བ་ལ་སོགས་པ་ལ། འདི་ཕྱི་རོལ་དུ་ཉི་མ་དང་ཟླ་བས་གྲངས་ཇི་ལྟ་བར་ཉིན་མཚན་སུམ་ཅུའི་དུས་སྦྱོར་གཅིག་དང༌། ཉིན་མཚན་གཅིག་གིས་ཆུ་ཚོད་དྲུག་ཅུར་མི་རྒྱུ་བ་ཅི་ལྟ་བ་དེ་བཞིན་དུ། ནང་དུ་ཡང་སྲོག་གི་རླུང་གིས་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱས་གཡས་གཡོན་


DTG013_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་མི་རྒྱུའོ། །རྒྱུ་དེའི་ཕྱིར་ལུས་ཀྱི་རྟེན་དུ་གྱུར་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ནང་ནས། ཉིན་མཚན་རེ་རེ་རྩ་གཉིས་གཉིས་འཆད་པར་འགྱུར་ཏེ། རིམ་པ་དེ་ལྟ་བས་ལོ་བརྒྱའི་མཐར་སྲོག་གི་རླུང་གིས་ཐམས་ཅད་དོར་བར་བྱེད་དོ། །སྲོག་གི་རླུང་གིས་ལུས་པོ་དོར་ན་འཆི་བ་ཞེས་བྱ་བའི་ངེས་པའོ། །རྒྱུ་དེའི་ཕྱིར་མི་རྣམས་ཀྱི་ཚེ་ལོ་བརྒྱར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གཞན་ཡང་དབུས་མ་འབབ་པའི་དུས་སུ་གལ་ཏེ་རྨ་ལ་སོགས་པ་བྱུང་བ་དེ་ལྟ་ན་ནི། ཉེས་པ་དེ་ཡིས་འཆི་བར་གྱུར་པ་བཤད་པར་མཛད་དེ། ཟོས་ཞེས་བྱ་བ་ལ་སོགས་པའོ། །ཕྱི་རོལ་དུ་ཟླ་བས་རྐང་པ་རྣམས་བཟུང་བ་དང༌། དོར་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་ནང་དུ་རྩ་རྣམས་ལ་སྲོག་གི་ཀུན་ཏུ་སྤྱོད་པ་ཤེས་པར་བྱ་བའི་ཕྱིར། སྙིང་གའི་པདྨའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཟླ་བ་དང་ཉི་མས་ཚེས་དང་དུས་སྦྱོར་ལས་ཇི་ཙམ་མི་རྒྱུ་བ་ཞེ་ན། ཕྱོགས་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཟླ་བ་རེ་རེ་ཆུ་ཚོད་ཉི་ཤུ་རྩ་དགུ་དང་ཆུ་སྲང་བདུན་དང་དབུགས་གསུམ་ནི་ཟླ་བ་མི་རྒྱུའོ། །རིམ་པ་དེ་ལྟ་བས་ན་ཉིན་མཚན་དྲུག་ཅུ་རྩ་བཞིས་ཉིན་མཚན་གཅིག་དོར་བར་བྱེད་དོ། །ལོ་བརྒྱ་ལ་ལོ་གཅིག་དང་ཟླ་བ་དྲུག་དང༌། ཉིན་མཚན་ཉི་ཤུ་རྩ་གཉིས་དང༌། ཆུ་ཚོད་སུམ་ཅུ་ནི་ཟླ་བས་མི་རྒྱུ་བའོ། །དེ་ཉིད་ཉིས་ལྡབ་ཏུ་བྱས་ན་ལོ་གསུམ་དང༌། ཟླ་བ་ཕྱེད་དང་གཉིས་པོ་ནི་ཉི་མས་དག་པར་བྱེད་དེ། དེ་ཉིད་དབུས་མའི་བདག་ཉིད་དུ་གྱུར་པར་ཤེས་པར་བྱའོ། །དེ་བས་ན་དབུས་མའི་དབང་གིས་ལོ་བརྒྱའི་མཐར་མི་རྣམས་འཆི་བ་ཡིན་གྱི། རྒྱུ་གཞན་མས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཤེས་པར་བྱ་བའི་ཕྱིར། འཇིག་རྟེན་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ནི་འཆི་ལྟས་ཀྱི་དབང་གིས་ཁམས་རྣམས་ཀྱི་གྱུར་པའི་མཚན་ཉིད་ཤེས་པར་བྱ་བའི་ཕྱིར་འཆད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྟགས་དེ་ལྟ་བུར་ཤེས་ནས་སྦྱིན་པ་དང༌། བསྒོམས་པའི་སྟོབས་ཀྱིས་གལ་ཏེ་ཟློག་པར་གྱུར་ན་ཤིན་ཏུ་ལེགས་སོ། །ཡང་ན་འཆི་བར་གྱུར་པ་དེ་ལྟ་ན་ནི་སྦྱིན་པ་དང་བསྒོམས་པའི་སྟོབས་ཀྱིས་དམྱལ་བ་ལ་སོགས་པར་སྐྱེ་བར་མི་འགྱུར་ཞེས་བྱ་བའོ། །ད་ནི་ཀུན་རྫོབ་ཀྱི་བདེན་པས་སྐྱེ་བ་ལ་སོགས་པའི་མཚན་ཉིད་བཤད་པར་བྱ་བའི་ཕྱིར།


DTG013_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐྱེ་བ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཉི་ཤུ་རྩ་གཅིག་གིས་དོན་གསལ་པོར་གསུངས་ཞེས་བྱ་བའོ། །ད་ནི་སྐྱེ་བ་དང་འཆི་བའི་དུས་སུ་ཁམས་རྣམས་སྐྱེ་བ་དང་ཉམས་པར་བཤད་པར་མཛད་དེ། དེ་ལ་མངལ་འཛིན་པའི་དུས་སུ་ཤུ་ཀྲ་དང་རཀྟ་ཞག་སུམ་ཅུའི་བར་དུ་སོ་སོར་འགྱུར་ཏེ། མཚན་ཉིད་དེ་ཤེས་པར་བྱ་བའི་ཕྱིར་དབྱངས་དང་གསལ་བྱེད་ཀྱི་བདག་ཉིད་དུ་གསུངས་སོ། །དེ་ནས་ཀུན་གཞི་རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་རོ་མཉམ་པ་ཉིད་དུ་གྱུར་ནས་ཁམས་སྐྱེ་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་འཆི་བའི་མཐའ་རུ་ཉམས་པར་ཤེས་པར་བྱའོ། །དེ་ལ་ལོ་བརྒྱ་ཐམ་པའི་ནང་ནས་ལོ་དགུ་བཅུ་རྩ་དྲུག་དང་ཟླ་བ་ཕྱེད་དང་བཅུ་གཅིག་ནི་སྙིང་སྟོབས་དང་རྡུལ་གྱི་ཡོན་ཏན་གྱི་རང་བཞིན་དུ་གྱུར་ལ། ལྷག་མ་ལོ་གསུམ་དང་ཟླ་བ་ཕྱེད་དང་གཉིས་པོ་ནི་མུན་པའི་རང་བཞིན་དུ་ཤེས་པར་བྱའོ། །དོན་དེ་དག་ལ་སོགས་པ་གང་ཡིན་པ་ཀ་ལ་སོགས་པའི་ཚིགས་བཅད་བཞིས་གསུངས་སོ། །དེ་བས་ན་ཕྱི་རོལ་དུ་འཇིག་རྟེན་གྱི་ཁམས་ཀྱི་མཚན་ཉིད་དང༌། སེམས་ཀྱི་མཚན་ཉིད་གང་ཡིན་པ་དེ་ལུས་པོ་ལས་མ་གཏོགས་པར་ཤེས་པར་མི་འགྱུར་ཏེ། དེ་བས་ན་འབད་པ་ཐམས་ཅད་ཀྱིས་རྣལ་འབྱོར་པས་དང་པོ་ལུས་པོ་བསྲུང་བའི་ཕྱིར་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཇི་ལྟར་བསྲུང་ཞེ་ན། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། རྩ་གཡས་པ་དང་གཡོན་པར་འགགས་ནས་དབུས་མར་སྲོག་གི་རླུང་ཞུགས་པར་བྱའོ། །དབུས་མ་ལས་སྲོག་གི་རླུང་འབབ་པར་གྱུར་ན། ལུས་པོ་འགྲུབ་པར་འགྱུར་ཏེ། ལུས་པོ་འགྲུབ་པར་གྱུར་ན་རྣམ་པ་བརྒྱད་ཀྱི་རང་བཞིན་དུ་གྱུར་པའི་འཇིག་རྟེན་གྱི་དངོས་གྲུབ་འགྲུབ་པར་འགྱུར་རོ། །འོ་ན་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ལམ་གང་ཡིན་ཞེ་ན། སྟོང་པ་ཞེས་བྱ་བ་ལ་སོགས་པ་ལ། འདིར་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་དམིགས་ནས་དུ་བ་ལ་སོགས་པའི་རང་བཞིན་དུ་གྱུར་པའི་སྣ་ཚོགས་གཟུགས་བསྒོམ་པར་བྱ་སྟེ། དེ་ནས་སྲོག་དང་རྩོལ་བའི་སྟོབས་ཀྱིས་སྲོག་དང་ཐུར་སེལ་མི་གཡོ་བར་བྱའོ། །ཕྱི་ནས་འཛིན་པའི་སྟོབས་ཀྱིས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྣམས་མི་འཕོ་བའི་རང་བཞིན་དུ་འགྱུར་རོ། །ཐིག་ལེ་མི་འཕོ་བར་གྱུར་པས་དོན་ཅི་འགྲུབ་ཅེ་


DTG013_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ན། དེ་ནས་ཞེས་བྱ་བ་ནི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱིས་མ་ཤེས་པ་དང་བདེ་བ་མ་ཐོབ་ཀྱི་བར་དུ་གང་དུ་བརྗོད་དུ་མེད་པའི་རང་བཞིན་དུ་གྱུར་པ་དེ་ཐོབ་པར་འགྱུར་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཅེས་བྱ་བའི་དོན་ཏོ། །དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་མཚན་ཉིད་བཤད་པར་མཛད་ནས། རྣལ་འབྱོར་པ་དེ་རྣམས་ལ་འཆི་བ་སླུ་བའི་ཐབས་ཀ་བསྟན་པར་མཛད་དེ། བདུད་བརྡུངས་ཞེས་བྱ་བ་ལ་སོགས་པའོ། །ད་ནི་རྣལ་འབྱོར་པ་རྣམས་ཀྱི་ཁམས་གལ་ཏེ་འགྱུར་བ་དེ་ལྟ་ན་ནི་ཐབས་ཅི་ལྟ་བུར་བགྱི་ཞེ་ན། ཐུར་སེལ་ཞེས་བྱ་བ་ལ་སོགས་པས་ནང་གི་ཐབས་ཀ་གསུངས་སོ། །དེ་ཡང་སྲོག་རྩོལ་བའི་མཚན་ཉིད་ཤེས་ནས་སྲོག་ལ་སོགས་པ་བསྡམ་པར་བྱ་སྟེ། གཞན་དུ་ན་སྐྱོན་བྱེད་པའི་རང་བཞིན་དུ་འགྱུར་ཞེས་བྱ་བའོ། །དེ་ཉིད་བསྟན་པར་མཛད་དེ་སྲོག་ཅེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་རྣལ་འབྱོར་པས་བྱ་བ་གང་ཡིན་པ་དེ་ལ་དགོས་པ་དང་མི་དགོས་པའི་མཚན་ཉིད་ཤེས་ནས་བྱ་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ཉིད་བསྟན་པར་མཛད་དེ། ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ་འདིར་བཅོམ་ལྡན་འདས་ཀྱིས་ཉིན་མཚན་གཞན་དུ་ལས་ཀྱི་ཕྱག་རྒྱའི་བསྙེན་པ་གང་གསུངས་པ་དེ་མཆོག་ཏུ་མི་འགྱུར་བའི་བདེ་བ་འགྲུབ་པའི་ཕྱིར་ཡིན་གྱི་བདེ་བ་ཉམས་པའི་ཕྱིར་ནི་མ་ཡིན་ནོ། །དེ་བཞིན་དུ་ཡི་དམ་གྱི་ལྷ་དང་ཕུང་པོ་རྣམས་ཚིམ་པའི་ཕྱིར་གསུང་གི་རྡོ་རྗེ་བཏུང་བ་ཡིན་གྱི་སྨྱོན་པར་བྱ་བའི་ཕྱིར་ནི་མ་ཡིན་ནོ། །དེ་བཞིན་དུ་གཙང་བ་དང་མི་གཙང་བ་ལ་སོགས་པའི་ཟས་ཟ་བ་ནི། །ཕུང་པོ་རྣམས་འཚོ་བའི་ཕྱིར་ཡིན་གྱི། །མ་ཞུ་བའི་ནད་ཀྱི་ཕྱིར་ནི་མ་ཡིན་ནོ། །གཞན་ཡང་མཚན་མོའི་དུས་སུ་དུར་ཁྲོད་དུ་འཁོར་བ་གང་ཡིན་པ་དེ་དངོས་གྲུབ་ཐོབ་པའི་ཕྱིར་ཡིན་གྱི་བརྩེ་བ་ལ་སོགས་པའི་ཕྱིར་ནི་མ་ཡིན་ནོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་སྤྱོད་པ་གང་གསུངས་པ་དེ་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པའི་ཕྱིར་ཡིན་གྱི། འཁོར་བར་འཁྱམ་པའི་ཕྱིར་ནི་མ་ཡིན་ནོ། །དེ་ལྟར་ཟ་བའི་དམ་ཚིག་དང་བསྲུང་བའི་དམ་ཚིག་གི་ངེས་པར་བསྟན་པར་མཛད་ནས། འཇིག་རྟེན་ལས་འདས་པའི་


DTG013_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དངོས་གྲུབ་བསྒྲུབ་པར་མ་ནུས་པ་རྣམས་ལ་ནད་མེད་པ་དང་ཚེ་བསྒྲུབ་པའི་ཐབས་ཀ་བསྟན་པར་མཛད་དེ། མི་བསྐྱོད་ཅེས་བྱ་བ་ལ་སོགས་པའོ། །གཞན་ཡང་བསོད་ནམས་ཀྱི་ཚོགས་བསགས་པའི་ཕྱིར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ་མཆོད་པའི་ཕྱིར་སྤོས་ལ་སོགས་པའི་མཚན་ཉིད་ནི། སུག་སྨེལ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །གཞན་ཡང་རྣལ་འབྱོར་པས་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་དང་བསོད་ནམས་ཀྱི་ཚོགས་བསགས་པའི་ཕྱིར་འཇིག་རྟེན་གྱི་བྱ་བ་ནི་ས་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་བརྗོད་པའི་རིམ་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགོས་པ་བསྒྲུབ་པ་བསྟན་པར་མཛད་ནས། ལྟ་བ་དྲུག་གི་མཚན་ཉིད་བཤད་པར་མཛད་དེ། བདག་མེད་ཅེས་བྱ་བ་ལ་སོགས་པ་ལ། དེ་ལ་བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོས་ལྟ་བ་དྲུག་ལས་ཁྱད་པར་གྱུར་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་བར་མཛད་དེ། དུས་ཀྱི་འཁོར་ལོ་བདེ་ཆེན་པོ། །འགྲོ་བའི་མགོན་ལ་ཕྱག་འཚལ་ཏེ། །ཞེས་བྱ་བ་ལ། འཇིག་རྟེན་གྱི་བདེ་བ་ལས་འོངས་པར་གྱུར་པས་ན། བདེ་བ་ཆེན་པོའོ། །དེ་གང་ཡིན་ཞེ་ན། དུས་ཀྱི་འཁོར་ལོ་ཞེས་བྱ་བ་ལ། དུས་ཞེས་བྱ་བ་མི་འགྱུར་བའི་ངོ་བོ་ལས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་བཞིན་དུ་གནས་པའི་དམིགས་པ་མེད་པའི་སྙིང་རྗེ་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཞེས་བྱ་བའི་དོན་ཏོ། །དེ་གང་ནས་བྱུང་ཞེ་ན། འཁོར་ལོ་ཞེས་བྱ་བ་དུ་བ་ལ་སོགས་པ་རྟགས་དང་ལྡན་པའི་དམིགས་པ་དང་བཅས་པའི་སྟོང་པ་ཉིད་འཁོར་ལོ་སྟེ། དེ་བས་ན་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་དུ་གྱུར་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ནི་བདེ་བ་ཆེན་པོར་གསུངས་སོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། འགྲོ་བའི་མགོན་པོ་ཞེས་བྱ་བ་ལ། འགྲོ་བ་ཞེས་བྱ་བ་ནི་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་དོ། །དེ་རྣམས་ལ་ཁྱབ་པ་ཉིད་ཀྱིས་གནས་པས་ན་མགོན་པོ་ཞེས་བྱའོ། །དེ་བས་ན་སེམས་ཅན་ཐམས་ཅད་ལ་བདེ་བའི་ངོ་བོས་གནས་པར་གྱུར་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་བར་མཛད་ནས། དགོས་པ་བསྟན་པར་མཛད་དེ།


DTG013_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་གཞན་ལྟ་བས་བརྗོད་པ་ཡི། །གཞུང་ནི་ཅུང་ཟད་རྒྱས་པར་བྱ། །ཞེས་བྱ་བ་ལ། རང་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་དང་རྣམ་པར་ཤེས་པ་སྨྲ་བ་དང༌། དབུ་མའི་ལྟ་བ་སྟེ། སེམས་ཅན་གྱི་བསམ་པའི་དབང་གིས་སངས་རྒྱས་ཀྱི་ལྟ་བའོ། །གཞན་ཞེས་བྱ་བ་ནི་ཚངས་པ་དང་ཁྱབ་འཇུག་དང༌། བདེ་འབྱུང་དང༌། ཟད་བྱེད་པ་དང་ཀླ་ཀློའི་བསམ་པ་སྟེ། ལྟ་བའམ་གཞུང་ཞེས་བྱ་བའོ། །དེ་རྣམས་ཀྱི་དོན་ནི་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་འཇམ་དཔལ་ཀྱི་རྒྱུད་ཀྱི་རྒྱལ་པོ་བསྡུས་པའི་རྒྱུད་ལས་གང་བསྟན་པ་དེ། བདག་མེད་ཅེས་བྱ་བ་ལ་སོགས་པས་གསལ་བར་བྱའོ། །དེ་ལ་དང་པོ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཐུགས་དགོངས་ཇི་ལྟ་བུ་ཡིན་པ་དེ། བདག་མེད་ཅེས་བྱ་བ་ལ་སོགས་པས་གསུངས་སོ། །དེ་ལ་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་མཚན་ཉིད་ནི་ལྟ་བ་སྟེ། རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་བསྟན་པར་མཛད་པས་ན་ལྟ་བ་ཞེས་བྱའོ། །དེ་ཉིད་མཐོ་རིས་དང་ཐར་པ་དང་གྲོལ་བ་ལ་སོགས་པའི་མིང་གིས་མུ་སྟེགས་པ་རྣམས་ཀྱིས་བརྗོད་དོ། །མདོར་བསྡུས་པ་དེའི་རང་བཞིན་བསྒྲུབ་པའི་ཕྱིར་གང་ཟག་རེ་རེས་གཞུང་རེ་རེ་ལ་བརྟེན་པར་བྱེད་དོ། །དེ་བས་ན་འཇིག་རྟེན་ལས་འདས་པའི་ལམ་དང་ལྟ་བའི་ཁྱད་པར་ནི་སངས་རྒྱས་དང་མུ་སྟེགས་རྣམས་ལ་ཡོད་པ་ཡིན་གྱི་འཇིག་རྟེན་པ་ལ་མ་ཡིན་ནོ། །དེ་བཞིན་དུ་དཔལ་དགྱེས་པའི་རྡོ་རྗེ་རྩ་བའི་རྒྱུད་ལས། དབང་ཕྱུག་ལ་སོགས་པས་བྱས་ཕྱིར། །རིག་བྱེད་དྲུག་མཐའི་རྣལ་འབྱོར་དང༌། །སངས་རྒྱས་པ་ཡི་རྒྱུད་སྔགས་ཀྱི། །ཁྱད་ནི་སྟོང་པ་ཉིད་ལའོ། །ཞེས་བྱ་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་བས་ན་འཇིག་རྟེན་གྱི་དངོས་གྲུབ་ཀྱི་མཚན་ཉིད་ནི་ཇི་ལྟ་བ་དེ་བཞིན་དུ་གཞོག་ཅིང༌། འཇིག་རྟེན་ལས་འདས་པའི་དངོས་གྲུབ་གང་ཡིན་པ་དེ་དུས་ཐམས་ཅད་དུ་མ་བཅོས་པའི་མཚན་ཉིད་དུ་གྱུར་པ་ཡིན་ལ། དཔེར་ན་ནམ་མཁའ་བཞིན་དུ་སྟེ། སྐྱེ་བ་དང་འགག་པ་མེད་པའི་ཞེས་བྱ་བའི་དོན་ཏོ། །དེ་བས་ན་བདག་མེད་པ་ལ་སོགས་པའི་དོན་ནི་མུ་སྟེགས་པ་རྣམས་ཀྱིས་བརྗོད་ན་ཡང༌། སངས་རྒྱས་ཀྱི་ཡིན་པར་ཤེས་པར་བྱ་བའོ། །དེ་ནས་བདག་དང་བྱེད་པ་པོ་ལ་སོགས་པ་ནི་སངས་རྒྱས་པ་རྣམས་ཀྱིས་སྨྲས་ན་ཡང་མུ་སྟེགས་པའི་ལྟ་བ་


DTG013_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ངེས་པ་ཡིན་ཞེས་བྱ་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཞུང་བསྟན་པར་མཛད་ནས། ཚངས་པ་ལ་སོགས་པའི་ལྟ་བ་བསྟན་པར་མཛད་དེ། གང་དུ་ཞེས་བྱ་བ་ལ་སོགས་པའོ། །འོ་ན་སངས་རྒྱས་པ་དང་མུ་སྟེགས་པའི་ལྟ་བ་མིང་མཐུན་པ་ཙམ་ཡིན་ནམ། ཡང་ན་དོན་གྱི་བྱེ་བྲག་ཡོད་ཅེ་ན། དེ་ལ་གལ་ཏེ་དོན་གྱི་བྱེ་བྲག་མེད་པ་དེ་ལྟ་ན་ནི། སངས་རྒྱས་པ་དང་མུ་སྟེགས་པ་ལ་ཁྱད་མེད་དེ། དེ་ལྟར་ཡང་མ་ཡིན་ནོ། །དེ་ཉིད་བཤད་པར་མཛད་དེ། རིག་བྱེད་ཅེས་བྱ་བ་ལ་སོགས་པས་དེ་རྣམས་ཀྱི་ལྟ་བ་ལ་རིགས་པ་དང་ལུང་གིས་སུན་དབྱུང་བར་བསྟན་ཏོ། །འོ་ན་གལ་ཏེ་བྱེད་པ་པོ་ལ་སོགས་པ་དང་བྱ་བ་བྱེད་པ་དེ་ལྟ་ན་ནི་ཐམས་ཅད་མེད་པར་གྱུར་ཏེ་ཐམས་ཅད་མེད་པར་གྱུར་པས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་མེད་དེ། དེ་དག་མེད་པས་ན་བླང་བྱ་དང་དོར་བྱ་མེད་དེ། བླང་བྱ་དང་དོར་བྱ་མེད་པས་ན། དཀའ་ཐུབ་ལ་སོགས་པའི་བྱ་བ་ནི་དོན་མེད་པར་མི་འགྱུར་རམ་ཞེ་ན། བདག་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཉམས་པའི་ཆོས་རྣམས་ལ་རྟག་པའི་རང་བཞིན་དུ་གྱུར་པའི་བདག་མེད་དེ། གལ་ཏེ་ཡོད་པ་དེ་ལྟ་ན་ནི་གནས་སྐབས་གཞན་དུ་མི་འགྱུར་རོ། །གལ་ཏེ་བདག་མེད་པར་གྱུར་པ་དེ་ལྟ་ན་ནི། དགེ་བ་དང་མི་དགེ་བའི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པ་མེད་པར་མི་འགྱུར་རམ་ཞེ་ན། སྐྱེ་བ་ཡོད་ཅེས་བྱ་བ་ལ་སྔོན་གྱི་བག་ཆགས་ཀྱི་དབང་གིས་སྐྱེ་བའི་རང་བཞིན་དུ་གྱུར་པའི་ཆོས་རྣམས་ཡོད་ཀྱི་རྣམ་པ་ཐམས་ཅད་དུ་མེད་པ་ནི་མ་ཡིན་ནོ། །དཔེར་ན་སློབ་དཔོན་གྱི་ཞལ་ནས་དོན་ཤེས་པ་དང༌། མར་མེ་ལས་མར་མེ་གཞན་མ་དང་མེ་ཏོག་ལ་སོགས་པས་གོས་ལ་སོགས་པ་ལ་དྲིའི་སྦྱོར་བ་དང༌། སྐྱུར་བ་ལས་ལྕེ་ཟག་པ་དང༌། ཟླ་བ་ལས་ཆུ་ཟླ་དང༌། སྒྲ་ལས་བྲག་ཅ་དང༌། མེ་ལོང་ལས་གཟུགས་བརྙན་དང༌། མེ་ཤེལ་ལས་མེ་འབྱུང་བ་དང༌། ཆུ་ཤེལ་ལས་ཆུ་འབྱུང་བ་དང༌། ས་བོན་ལས་མྱུ་གུ་འབྱུང་བ་ཇི་ལྟ་བ་དེ་བཞིན་དུ། སྐྱེ་བའི་ཆོས་རྣམས་དང་ཉམས་པའི་ཆོས་རྣམས་ཀྱི་འབྲེལ་པ་ཤེས་པར་བྱའོ། །དེ་བཞིན་དུ་དཔལ་དགྱེས་པ་རྡོ་རྗེའི་རྩ་བའི་རྒྱུད་ལས། ཇི་ལྟར་མཁན་པོ་རིག་པར་འགྱུར། །མར་མེ་ལས་ནི་མར་མེ་བཞིན། །ཕྱག་རྒྱ་ལས་ནི་ཕྱག་རྒྱ་གཞན། །གདོང་


DTG013_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་གདོང་པ་མེ་ལོང་ལའོ། །སྒྲ་ལས་སྒྲ་བརྙན་འབྱུང་བ་དང༌། །མེ་ཤེལ་ལས་ནི་མེ་ཅི་བཞིན། །ཉི་མར་མ་གཏོགས་གཉིས་ཀྱིས་མིན། །མ་ཟོས་པ་ལ་ལྕེ་ཟག་དང༌། །སྐྱུར་ལ་མ་གཏོགས་སྐྱེ་བ་མིན། །ས་བོན་སོགས་ལས་མྱུ་གུ་བཞིན། །རྒྱུ་དང་འབྲས་བུའི་རང་བཞིན་ཕྱིར། །དེ་ལས་མ་གཏོགས་མི་སྐྱེའོ། །ཞེས་བྱ་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟ་བས་ན་ད་ལྟར་གྱི་ཕུང་པོ་རྣམས་གང་ཡིན་པ་དེ་ཉིད་སྐྱེ་བ་གཞན་མ་ལས་སྐྱེ་བ་མི་འགྱུར་ཏེ། དེ་ལས་མ་གཏོགས་པ་ནི་མ་ཡིན་ནོ། །འོ་ན་གལ་ཏེ་དགེ་བ་དང་མི་དགེ་བའི་ལས་ནི་བྱེད་པ་པོ་ལས་མ་གཏོགས་པར་འགྲུབ་པར་མི་འགྱུར་ཏེ། དེ་བས་ན་བྱེད་པ་པོ་དངོས་གྲུབ་ཅེ་ན། དགེ་བ་དང་མི་དགེ་བའི་འབྲས་བུ་ཡོད་དེ། བྱེད་པ་པོ་ནི་སྤང་ཞེས་བྱ་བ་ལ། བྱེད་པ་པོ་ལས་མ་གཏོགས་པར་དགེ་བ་དང་མི་དགེ་བའི་འབྲས་བུ་ཡོད་ཅེས་བྱའོ། །དེ་བཞིན་དུ་རྟེན་ཅིང་འབྲེལ་བ་ལས་སྐྱེས་པ་དང༌། འགགས་པའི་ཆོས་རྣམས་ལ་ཐར་པ་འགྲོ་བ་མེད་དེ། མ་སྐྱེས་པ་དང་མི་འགག་པའི་ཆོས་རྣམས་ལ་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པར་གྲོལ་བ་ཡོད་དེ། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཕུང་པོ་འདི་རྣམས་ཉིད་མྱ་ངན་ལས་འདས་པར་གྲོལ་བ་དེ་ལྟ་ན་ནི་སེམས་ཅན་དང་སངས་རྒྱས་ལ་ཁྱད་མེད་དེ། དེས་ན་གལ་ཏེ་འདི་ལས་མ་གཏོགས་པར་གཞན་རྣམས་འགྲོ་བ་དེ་ལྟ་ན་ནི་སེམས་ཅན་དང་སངས་རྒྱས་ལ་འབྲེལ་པ་མེད་པར་འགྱུར་རོ། །དེ་བས་ན་འཇིག་རྟེན་གྱི་ཕུང་པོ་རྣམས་འདི་ཉིད་སྟོང་པ་ཉིད་ཀྱིས་དག་པར་གྱུར་ན་མྱ་ངན་ལས་འདས་པར་ཤེས་པར་བྱའོ། །འཇིག་རྟེན་ལས་འདས་པའི་ཕུང་པོ་རྣམས་ཡོད་པའི་རང་བཞིན་ཡིན་ནམ། མེད་པའི་རང་བཞིན་ཡིན་ཞེ་ན། དངོས་པོ་དང་དངོས་མིན་ཡོད་ཅེས་བྱ་བ་ལ། ཕུང་པོ་དེ་རྣམས་ཡོད་པ་དང་མེད་པའི་གཉི་གའི་རང་བཞིན་ཡིན་གྱི་འབའ་ཞིག་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་དོན་མཛད་པའི་ཕྱིར། བཅོམ་ལྡན་འདས་ཀྱི་གཟུགས་སྐུ་ཡོད་པ་ཡིན་གྱི་མེད་པ་ནི་མ་ཡིན་ནོ། །སྟོང་པ་ཉིད་དང་སྙིང་རྗེའི་རང་བཞིན་དུ་གྱུར་པའི་ཕྱིར་ཡན་ལག་དང་བྲལ་བ་ཡིན་གྱི། ཡོད་པ་ནི་མ་ཡིན་ནོ་དཔེར་ན་མེ་ལོང་དང་པྲ་ཏི་སེ་ནའི་གཟུགས་བརྙན་གང་ཡིན་པ་དེ་


DTG013_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོ་སོར་སྣང་བའི་ཕྱིར་ཡོད་དེ། རྡུལ་ཕྲ་རབ་ལས་འདས་པར་གྱུར་བའི་ཕྱིར། མེད་པ་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་སྐུའི་མཚན་ཉིད་སངས་རྒྱས་བཅོམ་ལྡན་འདས་ལ་ཤེས་པར་བྱའོ། །དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་དགོངས་བཤད་པར་མཛད་ནས། དབང་པོ་རྟུལ་པོར་གྱུར་པ་དང་བླ་ན་མེད་པའི་བྱང་ཆུབ་ལ། སྐལ་བ་ཉེ་བར་མི་ལྡན་པའི་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པའི་གཞུང་ལ་སུན་དབྱུང་བར་མཛད་དེ་གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ། འདིར་ཐོག་མ་མེད་པའི་འཁོར་བར་འཁོར་ལ། སེམས་ཅན་རྣམས་ཀྱི་ཐམས་ཅད་མཁྱེན་པའི་ལམ་དང་བྲལ་བའི་ཕྱིར་འབྱུང་བ་ལྔ་ལ་སོགས་པའི་ཆོས་ལ་མོས་པར་བྱེད་དེ། དེ་ལ་མཐོ་རིས་ཀྱི་འབྲས་བུ་དང༌། ཐར་པའི་འབྲས་བུ་འགྲུབ་པའི་ཕྱིར་བདག་ཏུ་སྨྲ་བ་དང༌། རིགས་སུ་སྨྲ་བ་ལ་སོགས་པའི་ལྟ་བ་ལ་བརྟེན་པར་གྱུར་པའོ། །དེ་ལ་ལྷ་མ་ཡིན་གྱི་ཆོས་ལ་མོས་པར་བྱེད་པའི་ཀླ་ཀློ་རྣམས་ཀྱི་བསམ་པ་ནི། གལ་ཏེ་ས་ཆུ་མེ་རླུང་ལ་སོགས་པའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར་པའི་ལུས་པོའི་ནང་དུ་གང་ཟག་མེད་པ་དེ་ལྟ་ན་ནི་ལུས་པོ་འདི་དོར་ནས་སྐྱེ་བ་ཕྱི་མའི་ལུས་པོ་གང་གིས་འཛིན་པར་བྱེད་དེ། དེ་ལྟ་བས་ན་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར་པའི་གང་ཟག་ཡོད་ལ་དེ་གྲུབ་པར་གྱུར་ན་ཐར་པའི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་ལྟར་སེམས་ཀྱིས་བརྟགས་ནས་ས་ཆུ་མེ་རླུང་ལ་སོགས་པའི་དངོས་པོ་བྱེ་བྲག་ཏུ་སྨྲ་བ་ལས་ཡོད་པར་འདོད་དོ། །དེ་ལྟར་ཡང་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ས་ཆུ་མེ་རླུང་ལ་སོགས་པའི་ལུས་ལ་གནས་པའི་གང་ཟག་གང་ཡིན་པ་དེ་གལ་ཏེ་རྟག་པ་ཡིན་པ་དེ་ལྟ་ན་ནི་བདེ་བ་དང་སྡུག་བསྔལ་གྱིས་གོས་པར་མི་འགྱུར་ཏེ། གཞན་ཡང་གལ་ཏེ་ཤེས་པའི་རང་བཞིན་ཡིན་པ་དེ་ལྟ་ན་ནི། སྔ་མ་བཞིན་དུ་མི་རྟག་པར་འགྱུར་ཏེ། དཔེར་ན་བུམ་པའི་ཤེས་པ་འགག་ནས་སྣམ་བུའི་ཤེས་པ་སྐྱེ་བ་བཞིན་དུའོ། །གལ་ཏེ་ཅིག་ཅར་དུ་དངོས་པོ་ཐམས་ཅད་ཤེས་པ་དེ་ལྟ་ན་ནི་སངས་རྒྱས་ཡིན་ཏེ། དེ་ལྟར་ཡང་མ་ཡིན་ནོ། །དེ་ནས་གལ་ཏེ་མི་ཤེས་པའི་རང་བཞིན་ཡིན་པ་དེ་ལྟ་ན་ནི་དེ་ལ་བདེ་བ་དང༌། སྡུག་བསྔལ་མེད་པར་འགྱུར་ཏེ། དེ་དག་མེད་པས་ཐར་པའི་རང་བཞིན་དུ་འགྱུར་རོ། །གལ་ཏེ་ཐར་པའི་རང་བཞིན་ཡིན་པ་དེ་ལྟ་ན་ནི་འགྲུབ་པའི་ཕྱིར། ཐོས་པ་ལ་


DTG013_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པ་དཀའ་བས་དོན་མེད་པར་འགྱུར་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་སུན་དབྱུང་བའི་ངེས་པའོ། །མདོ་སྡེ་བའི་བསམ་པ་ཇི་ལྟ་བུ་ཡིན་ཞེ་ན། གལ་ཏེ་ནམ་མཁའི་དཀྱིལ་གྱི་ནང་དུ་བསྐོར་བར་གྱུར་པའི་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་མེད་པ་དེ་ལྟ་ན་ནི། འཇིག་རྟེན་གསུམ་པོ་མེད་པའི་ཕྱིར་བདེ་འགྲོ་མེད་པར་གྱུར་པའོ། །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་མེད་ཅིང༌། བཅོམ་ལྡན་འདས་ཀྱིས་གདུང་ཤ་རཱི་རམ་བསྟན་པར་མི་འགྱུར་ཏེ། རྫས་ཀྱི་ནང་དུ་གནས་པའི་དོན་མེད་པའི་ཕྱིར་རོ། །དེ་བས་ན་ནམ་མཁའི་དཀྱིལ་དུ་སྔོན་པོ་ལ་སོགས་པའི་དངོས་པོ་རྣམས་ནི་རྣམ་པ་དང་བཅས་པའི་ཡེ་ཤེས་སྐྱེ་བར་བྱེད་པ་དང་དངོས་པོའི་སྤྱོད་ཡུལ་དུ་མ་གྱུར་པ་ཡོད་དེ། དེ་གྲུབ་པར་གྱུར་ན་ཐར་པའི་དོན་དུ་འགྱུར་རོ། །དེ་ཡང་དེ་ལྟ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར་པའི་ཐོགས་པའི་ལུས་ནི་བཅོམ་ལྡན་འདས་ཀྱི་སྐུ་ཡིན་པ་དེ་ལྟ་ན་ནི། ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། སེམས་ཅན་དང་ཁྱད་པར་མ་མེད་པའི་ཕྱིར་དང་སྐུ་བཞི་མེད་པའི་ཕྱིར་རོ། །དེ་བས་ན་མདོ་སྡེ་བའི་གཞུང་ལ་དེ་དག་ལ་སོགས་པ་སྐྱོན་སུན་དབྱུང་བ་ནི་ཀུན་རྫོབ་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་རྣམ་པར་ཤེས་པ་སྨྲ་བ་རྣམས་ཀྱི་བསམ་པ་ཇི་ལྟ་བུ་ཡིན་ཞེ་ན། དེ་རྣམས་ཀྱི་རྣམ་པར་ཤེས་པ་གཟུང་བ་ཡོད་དེ་ཅིའི་ཕྱིར་ཞེ་ན། ཆ་དྲུང་གི་རྣམ་པར་དབྱེ་བའི་ཕྱིར་རྡུལ་ཕྲ་རབ་ཅེས་བྱ་བ་ནི་མེད་དེ། དཔེར་ན་རྨི་ལམ་གྱི་གནས་སྐབས་སུ་སེམས་ཀྱི་སོ་སོར་སྣང་བ་ཙམ་གྱི་རྡུལ་ཕྲ་རབ་ཀྱི་རྫས་ལས་མ་གཏོགས་པར་དོན་གྱི་བྱ་བ་འཇུག་པར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་སད་པའི་གནས་སྐབས་སུ་ཡང་དོན་མེད་པར་དོན་གྱིས་སོ་སོར་སྣང་བར་འགྱུར་ཏེ། རབ་རིབ་དང་མིག་སེར་གྱི་ནད་ཀྱིས་བཅོམ་པའི་མིག་གིས་སྐྲ་ཤད་དང་དུང་སེར་བཞིན་དུའོ། །དེ་བས་ན་རྣམ་པར་ཤེས་པ་ལས་མ་གཏོགས་པར་འཇིག་རྟེན་གྱི་ཁམས་གསུམ་པོར་མི་འགྱུར་ཏེ། རྒྱུ་དེའི་ཕྱིར་གྲུབ་པར་གྱུར་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ཞེས་བྱ་བའི་རྣམ་པར་ཤེས་པ་སྨྲ་བ་རྣམས་ཀྱི་གཞུང་གི་ཚུལ་ལོ། །དེ་ཡང་དེ་ལྟར་མ་ཡིན་ཏེ། རྒྱུ་གང་གི་ཕྱིར་ཞེ་ན། གལ་ཏེ་རྣམ་པར་ཤེས་པ་ལས་མ་གཏོགས་པའི་ཕྱི་དང་ནང་དུ་དངོས་པོ་གཞན་མེད་


DTG013_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་དེ་ལྟ་ན་ནི། གཟུང་བ་དང་འཛིན་པའི་འབྲེལ་བ་མེད་དེ་ཁམས་གསུམ་པོ་རྣམ་པར་ཤེས་པ་ཙམ་ཡིན་པའི་ཕྱིར་རོ། །དེ་ལ་ཕ་རོལ་པོས་བརྗོད་དེ། གཟུང་བ་དང་འཛིན་པའི་འབྲེལ་པ་གང་ཡིན་པ་དེ་མ་རིག་པའི་དབང་གིས་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ་ཞེ་ན། དེ་ཡང་དེ་ལྟར་མ་ཡིན་ཏེ། གལ་ཏེ་མ་རིག་པའི་དབང་གིས་དངོས་པོ་རྣམས་ཐ་དད་པར་གྱུར་པ་དེ་ལྟ་ན་ནི། ཁམས་གསུམ་པོ་དེ་ནི་རྣམ་པར་ཤེས་པ་ཙམ་དུ་ནི་དམ་བཅའ་བར་མི་འགྲུབ་སྟེ། མ་རིག་པ་དབང་ཆེ་བའི་ཕྱིར་རོ། །དེ་ནས་ཁམས་གསུམ་པོའི་རང་བཞིན་དུ་གྱུར་བའི་མ་རིག་པ་མ་ཡིན་པ་དེ་ལྟ་ན་ནི། འཇིག་རྟེན་ལས་འདས་པའི་རང་བཞིན་དུ་འགྱུར་ཏེ། གལ་ཏེ་དེ་ཁོ་ན་ཡིན་པ་དེ་ལྟ་ན་ནི་འཁོར་བ་ལས་གྲོལ་བར་བྱེད་པ་ནང་གི་རིགས་པ་མེད་པར་འགྱུར་ཞེས་བྱ་བའོ། །དེ་བས་ན་གཅིག་དང་དུ་མའི་དབྱེ་བས་རྣམ་པར་དཔྱད་ན། རྣམ་པར་ཤེས་བ་སྨྲ་བ་དེ་རྣམས་ལ་སོགས་པས་སུན་ཕྱུང་བ་ཡོད་དོ། །འོ་ན་གལ་ཏེ་དེ་དག་ལ་སོགས་པའི་གཞུང་ཐམས་ཅད་སུན་ཕྱུང་བར་གྱུར་པ་དེ་ལྟ་ན་ནི། དོན་དམ་པར་ལྟ་བ་གང་ཡིན་ཞེ་ན། གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ། གང་ལ་གང་ཟག་དང་སྔོན་པོ་ལ་སོགས་པའི་དངོས་པོ་རྣམས་དང༌། རྣམ་པར་ཤེས་པ་ཙམ་གྱི་ཕྱོགས་གང་ཡང་མི་འཛིན་པ་དོན་དམ་པའི་ལྟ་བ་ཡིན་པ་ལ་ཕྱོགས་ཐམས་ཅད་མཉམ་པ་ཉིད་ཀྱི་རང་བཞིན་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དངོས་པོ་ཐམས་ཅད་དང་བྲལ་བ་གང་ཡིན་པ་རི་བོང་གི་རྭ་དང་འདྲ་བར་གྱུར་པ་དེ་གང་ཡང་གྲུབ་པ་མ་ཡིན་ནམ་ཞེ་ན། སྟོང་ཉིད་སྙིང་རྗེ་གཉིས་མེད་སྨྲ་བ་པོ། །ཞེས་བྱ་བ་ལ། དམིགས་པ་མེད་པའི་སྙིང་རྗེ་དང་དུས་གསུམ་དུ་སྐོར་བ་བྱེད་པའི་དམིགས་པ་དང་བཅས་པའི་སྟོང་པ་ཉིད་ཀྱི་བདག་ཉིད་དུ་གྱུར་པ་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཡིན་གྱི། ཡེ་མེད་པ་ནི་མ་ཡིན་ནོ། །དེ་ལྟར་ཉིད་ཀྱི་ལྟ་བའི་མཚན་ཉིད་བཤད་པར་མཛད་ནས། ཀླ་ཀློ་ལ་སོགས་པའི་གཞུང་ལ་སུན་དབྱུང་བ་མཛད་དེ། སྐྱེ་བོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ལྟ་བ་དྲུག་གི་མཚན་ཉིད་བཤད་པར་མཛད་ནས། ལས་དང་པོ་པ་རྣམས་ལ་ངེས་པ་བསྟན་པར་མཛད་དེ། དེ་དག་ཅེས་བྱ་བ་ལ་སོགས་པ་ལ། དེ་ལྟར་སྔོན་དུ་བརྗོད་པའི་དོན་ཐམས་ཅད་སེམས་ཅན་


DTG013_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱི་བསམ་པའི་དབང་གི་སེམས་ཅན་རྣམས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་གྱི། དེ་ཉིད་ཀྱི་ཕྱོགས་བསྒྲུབ་པའི་ཕྱིར་ནི་མ་ཡིན་ནོ། །འོ་ན་གཉིས་སུ་མེད་པའི་རང་བཞིན་དུ་གྱུར་པ་བླ་ན་མེད་པའི་བྱང་ཆུབ་ཡིན་པ་དེ་ལྟ་ན་ནི་གཉིས་སུ་མེད་པའི་ཡེ་ཤེས་གཅིག་པུ་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་མ་བསྟན་ཞེ་ན། མི་རྣམས་ཞེས་བྱ་བ་ལ་སོགས་པ་ལ། ཐོག་མ་མེད་པའི་འཁོར་བ་ནས་འཁོར་བར་སྔོན་གྱི་བག་ཆགས་ཀྱི་དབང་གིས་དབང་པོ་རྟུལ་པོ་དང་འབྲིང་པོ་དང་མཆོག་ཏུ་གྱུར་པ་རྣམས་ལ་དེ་དག་གི་བསམ་པ་དང་མཐུན་པར་ལྟ་བདེ་དག་ལ་སོགས་པར་མཐུན་པར་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ཐོས་ནས་སྔ་མའི་ཕྱོགས་དེ་དོར་ནས་དེ་ལ་བརྟེན་པར་བྱེད་དེ། དེ་བས་ན་དོན་དམ་པའི་རིགས་པས་དཔྱད་ན་སེམས་ནི་ཤེལ་བཞིན་དུ་ཡིན་ཏེ། དཔེར་ན་ཤེལ་གྱིས་མི་རྟོགས་པའི་ངོ་བོས་དངོས་པོ་ཐམས་ཅད་ཀྱི་ཁ་དོག་འཛིན་པ་ཇི་ལྟ་པ་དེ་བཞིན་དུ་སེམས་ཀྱིས་ཀྱང་བག་ཆགས་ཐམས་ཅད་འཛིན་པར་བྱེད་དོ། །དེ་ལ་བག་ཆགས་དེ་རྣམས་གལ་ཏེ་རྟག་པའི་ངོ་བོར་དུས་ཐམས་ཅད་དུ་རྟག་པར་གྱུར་པ་དེ་ལྟ་ན་ནི། རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་དུ་མི་འགྱུར་རོ། །རྒྱུ་དེའི་ཕྱིར་གློ་བུར་གྱི་བག་ཆགས་དེ་དང་བྲལ་བར་གྱུར་ན་ཡང་སྔ་མ་བཞིན་དུ་འོད་གསལ་བའི་རང་བཞིན་དུ་འགྱུར་ཞེས་བྱའོ། །དེ་ལྟ་བས་ན་རང་གི་ལྟ་བ་དང་གཞན་གྱི་ལྟ་བ་ནི་གལ་ཏེ་ཀུན་རྫོབ་བམ་དོན་དམ་པར་མཐུན་པར་གྱུར་པ་དེ་ལྟ་ན་ནི། དེ་ལ་སུན་དབྱུང་བར་མི་བགྱིའོ། །དེ་རྒྱུ་ཅིའི་ཕྱིར་ཞེ་ན། རང་གི་གྲུབ་པའི་མཐའ་དང༌། གཞན་གྱི་གྲུབ་པའི་མཐའ་ལ་སུན་དབྱུང་བའི་ཕྱིར་རྩ་བའི་ལྟུང་བ་དྲུག་པར་འགྱུར་ཞེས་བྱ་བའོ། །དེ་བཞིན་དུ་ཕ་རོལ་སྨྲ་བ་གང་ཡིན་རྣམས། །རྟག་སོགས་དབྱེ་བས་གནས་པ་ལ། །འདི་རུ་དེ་རྣམས་མི་སྨད་དེ། །རྡོ་རྗེ་སེམས་དཔའི་སྤྲུལ་པ་ཡིན། །ཞེས་བྱ་བར་གསུངས་སོ། །དེ་ལྟར་དོན་དམ་པར་སུན་མི་དབྱུང་བའི་ངེས་པ་བསྟན་པར་མཛད་ནས། མདོར་བསྡུས་པར་ཚོགས་གཉིས་ཀྱི་མཚན་ཉིད་བསྟན་པར་མཛད་དེ། ཆོས་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་ཐམས་ཅད་ལ་སྐྱེ་བ་འདི་དང་སྐྱེ་བ་ཕྱི་མར་གང་གིས་དོན་འགྲུབ་པར་བྱེད་པ་ཆོས་ཞེས་བྱ་བ་ཡིན་


DTG013_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱི། སྐྱེ་བ་འདི་ལ་ཕན་ཐོགས་པར་མི་འགྱུར་བ་དང༌། སྐྱེ་བ་ཕྱི་མ་ལ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་སྟེར་བར་བྱེད་པ་ནི་མ་ཡིན་ནོ། །དེ་བས་ན་གདུག་པའི་དྲང་སྲོང་རྣམས་ཀྱིས་རིག་བྱེད་དབང་པོར་བྱས་ནས་མཆོད་སྦྱིན་ལ་སོགས་པའི་དུས་སུ་སྲོག་གཅོད་པར་གང་སྨྲས་པ་དེ་སྐྱེ་བ་འདི་དང་ཕྱི་མ་ལ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་པར་བྱའོ། །དེ་བས་ན་སེམས་ཅན་ཕལ་པའི་ཁ་ལས་སེམས་ཅན་ལ་ཕན་ཐོགས་པའི་ཚིག་འབྱུང་བ་དེ་ཆོས་ཏེ། སྒྲ་ལ་སོགས་པ་ལ་མཁས་པར་གྱུར་པའི་ཁ་ལས་སེམས་ཅན་ལ་གནོད་པ་བྱེད་པའི་ཚིག་རྣམས་སྡིག་པ་ཆེན་པོའི་རང་བཞིན་དུ་གྱུར་པ་ཞེས་བྱ་བའོ། །དེ་བས་ན་གང་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པར་འདོད་པ་དེས་སེམས་ཅན་ལ་ཕན་འདོགས་པའི་རང་བཞིན་དུ་གྱུར་པའི་བསོད་ནམས་ཀྱི་ཚོགས་དང༌། ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པའི་བསྒོམ་པ་གྱིས་ཤིག་པར་ནི་ངེས་པར་བཀའ་སྩལ་ཏོ། །དེ་ལྟར་བཅོམ་ལྡན་འདས་འཇམ་དཔལ་གྱིས་ཉི་མའི་ཤིང་རྟ་ལ་སོགས་པ་འདུལ་བར་མཛད་ནས། ཁྱད་པར་དུ་གྱུར་པའི་ཆོས་ལ་སྣོད་དུ་རུང་བར་མཛད་པའི་ཕྱིར། ཉིད་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་དེ་རྣམས་ལ་ཤིན་ཏུ་དད་པ་སྐྱེད་པར་མཛད་དེ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་བཅོམ་ལྡན་འདས་འཇམ་དཔལ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ། ཚངས་པའི་དྲང་སྲོང་བྲམ་ཟེ་བྱེ་བ་ཕྲག་ཕྱེད་དང་བཞིས་ཐེས་ནས་དེ་རྣམས་ཀྱི་སློབ་དཔོན་དུ་གྱུར་པའི་ཉི་མའི་ཤིང་རྟས་བཅོམ་ལྡན་འདས་འཇམ་དཔལ་ལ་བསྟོད་པ་དང༌། སྐྱབས་སུ་སོང་བའི་ཚིགས་སུ་བཅད་པ་ནི། ཁྱོད་ནི་ཡུམ་ཞེས་བྱ་བ་ལ་སོགས་པའོ། །རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ལས་ལེའུ་གཉིས་པའི་འགྲེལ་བཤད་པདྨ་ཅན་ལས་མདོར་བསྡུས་པའི་བཤད་པའོ།། །།དེ་ལྟར་ཕྱི་རོལ་གྱི་དོན་ཐམས་ཅད་ནང་དུ་སྦྱར་བར་མཛད་ནས། དབང་མ་ཐོབ་ཀྱི་བར་དུ་དེ་དག་ལ་སོགས་པ་མངོན་སུམ་དུ་མི་འགྲུབ་སྟེ། དེ་ཅིའི་ཕྱིར་ཞེ་ན། དབང་བསྐུར་ནས་ནི་དེ་ཉིད་བཤད། །ཅེས་བྱ་བར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །རྒྱུ་དེའི་ཕྱིར་དབང་ཐོབ་ནས་དེ་ཁོ་ན་ཉིད་བཤད་པ་དང༌། ཐེག་པ་ཆེན་པོའི་བཀའ་གསང་སྔགས་ཀྱི་ཚུལ་གྱིས་བསྒོམ་པ་ལ་ལྷག་པར་བྱེད་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་བས་ན་


DTG013_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབང་གལ་ཆེ་བར་ཐུགས་ལ་དགོངས་ནས་མངོན་པར་དབང་བསྐུར་བའི་ལེའུ་བསྟན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་གསོལ་བ་འདེབས་པར་མཛད་དེ། ལུས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་འཇིག་རྟེན་མགོན་པོས་མདོར་བསྡུས་པར་དབང་གི་དོན་གྱི་སྒོ་ནས་ཕྱག་འཚལ་བར་མཛད་དེ། རྟ་ལ་སོགས་ཞེས་བྱ་བ་ལ་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རང་བཞིན་དུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་འབྲེལ་པའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསོད་ནམས་ཀྱི་ཚོགས་ཇི་ལྟ་བུ་བསགས་ཤེ་ན། རྟ་ལ་སོགས་ཞེས་བྱ་བ་ནི་རྟ་དང་གླང་པོ་ཆེ་དང་བུ་མོ་དང་ས་དང་ཁྱིམ་ཐབ་དང་རང་གི་ཤ་དང་ལྕགས་དང་རིན་པོ་ཆེ་དང་ཟངས་དང་བ་ལང་ངོ༌། །དེ་ལྟར་རྣམ་པ་བཅུའི་རང་བཞིན་དུ་གྱུར་པའི་སྦྱིན་པ་ནི། སེམས་ཅན་རྣམས་ལ་འདོད་པ་ཇི་ལྟ་བ་དེ་བཞིན་དུ་གནང་ནས་བསོད་ནམས་ཀྱི་ཚོགས་བསགས་པར་མཛད་དོ། །བསོད་ནམས་ཀྱི་ཚོགས་དེ་དང་ཆོས་ཐམས་ཅད་རང་བཞིན་མེད་པའི་ཡེ་ཤེས་ཀྱི་ཚོགས་དེ་དག་གི་ཇི་ལྟར་མཛད་ཅེ་ན། བདུད་ལ་སོགས་པ་བཅོམ་ཞེས་བྱ་བ་ནི། འཕོ་བའི་རང་བཞིན་དུ་གྱུར་པའི་བདུད་དེ། མཆོག་ཏུ་མི་འགྱུར་བའི་བདེ་བ་ལ་བར་ཆད་བྱེད་པ་ཞེས་བྱ་བའོ། །དེའི་དབང་གིས་སྐྱེ་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་ནི་ཉོན་མོངས་པ་ཡིན་ལ། དེ་བཅོམ་པ་ནི་བདུད་ལ་སོགས་པ་བཅོམ་པ་ཞེས་བྱ་བའོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་སྟོབས་ཀྱིས་དོན་ཕུན་སུམ་ཚོགས་པར་མཛད་པས། ཅི་མཛད་ཅེ་ན། དཔལ་ལྡན་ཆོས་དབྱིངས་དྲི་མེད་གསུང་གི་དབང་ཕྱུག་དཀྱིལ་འཁོར་དབང་བསྐུར་ཞེས་བྱ་བ་ལ། འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འཕགས་པའི་ཡུལ་དུ་ལོ་གཅིག་གི་བར་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་ནས། ལྷོ་ཕྱོགས་སུ་གཤེགས་ཏེ། དེར་ལྷ་སྟོང་དྲུག་བརྒྱ་ཉི་ཤུའི་རང་བཞིན་དུ་གྱུར་པའི་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་བཞེངས་སུ་གསོལ་ནས། ལྷ་དང་ལྷ་མ་ཡིན་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བར་མཛད་དོ། །དབང་དེ་ལ་དགོས་པ་ཅི་ཡོད་ཅེ་ན། བསྟན་བཅོས་གཅིག་གི་ཡུལ་ལ་སྣ་ཚོགས་ལུང་སྟོན་ཞེས་བྱ་བ་ནི། ཁམས་གསུམ་ན་གནས་


DTG013_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་སེམས་ཅན་མངོན་པར་དབང་བསྐུར་བས་དག་པར་མཛད་ནས། དེ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་བཞིན་སེམས་ཅན་ཐམས་ཅད་སངས་རྒྱས་ཉིད་དུ་འགྱུར་ཏེ། སྐལ་བ་མི་ལྡན་པ་ལ་མེད། །ཡང་དག་རྫོགས་པའི་བྱང་ཆུབ་ལ། །དེ་བས་སྒྱིད་ལུག་མི་བྱའོ། །ཞེས་བྱ་བར་གསུངས་སོ། །དེ་ལྟར་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང༌། ཉིད་ཀྱི་དོན་ཕུན་སུམ་ཚོགས་པ་གང་གིས་མཛད་པའི་སངས་རྒྱས་དེ་ལ་འདུད་ཅེས་བྱ་བའོ། །མངོན་པར་དབང་བསྐུར་བ་ནི་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཡིན་ལ། དེ་བས་ན་དཀྱིལ་འཁོར་འཁོར་ལོའི་སྒོ་ནས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་བར་མཛད་དེ། དཀྱིལ་འཁོར་གསུམ་ཞེས་བྱ་བ་ལ་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་རོ། །དེ་བཞིན་དུ་སྐུའི་རྡོ་རྗེ་ལ་སོགས་པའི་རྡོ་རྗེ་གསུམ་གྱི་མཆོག་ཏུ་གྱུར་པའོ། །གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན། རྡོ་རྗེ་དབྱིངས་ནི་མི་འགྱུར་པ། །ཞེས་བྱ་བ་ནི། གཞོམ་དུ་མེད་པའི་སྐད་ཀྱིས་བཤད་པར་གྱུར་པས་ན། རྡོ་རྗེ་དབྱིངས་ཡིན་ལ་འགྱུར་པ་མེད་པའི་རྡོ་རྗེ་ཇི་ལྟ་བ་དེ་བཞིན་དུ་དུས་ཐམས་ཅད་དུ་གང་གིས་གནས་པ་དེ་མཆོག་ཏུ་མི་འགྱུར་བ་ཞེས་བྱའོ། །དེ་གང་ཡིན་ཞེ་ན། དུས་ཀྱི་འཁོར་ལོ་བ་དེབ་ཆེན་པོ་ཞེས་བྱ་བ་ནི་མཆོག་ཏུ་མི་འགྱུར་པའི་བདེ་བ་ཡིན་ལ། ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གྱུར་པའི་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསལ་བར་མཛད་དེ། དེ་ལྟར་སྐུ་གསུམ་མཆོག་ལ་འདུད། །ཅེས་བྱ་བ་ནི། ཆོས་ཀྱི་སྐུ་ལ་སོགས་པའི་སྐུ་གསུམ་ནི་སྐྱེད་པར་མཛད་པས་ན་མཆོག་ཡིན་ཏེ་དེ་ལ་ཕྱག་འཚལ་ཞེས་བྱ་བའོ། །དེ་ལྟར་ཕྱག་འཚལ་བར་མཛད་ནས། དགོས་པ་བསྟན་པར་མཛད་དེ། རྩ་བའི་རྒྱུད་ཅེས་བྱ་བ་ལ་སོགས་པའོ།། །།ད་ནི་དབང་གི་ལེའུ་ལས་ཞུབ་པོ་དང་སྟོན་པའི་འབྲེལ་པ་བསྟན་པར་མཛད་དེ། ལུས་ལ་སྣ་ཚོགས་ཚད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་རྐང་པ་གསུམ་གྱིས་མངོན་པར་དབང་བསྐུར་བའི་ལེའུ་བསྟན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་གསོལ་བ་བཏབ་པའོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཕྱག་ན་རྡོ་རྗེའི་ཞུ་བ་ཕུལ་བ་གསན་ནས། འཆད་པར་འགྱུར་བའི་རིམ་པས་དཀྱིལ་འཁོར་


DTG013_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་དབང་བསྐུར་བ་དང༌། དེའི་དགོས་པ་ལ་སོགས་པ་བཀའ་སྩལ་ཏོ། །འདིར་ཐེག་པ་ཆེན་པོའི་གསང་སྔགས་ཀྱི་ཚུལ་ལ་བླ་མ་ཁྱད་པར་ཅན་དུ་གྱུར་པ་དགོས་ཏེ། དེ་ཅིའི་ཕྱིར་ཞེ་ན། བླ་མ་ལས་མ་གཏོགས་པར་གླེགས་བམ་བས་དྲང་བའི་དོན་དང༌། དེས་པའི་དོན་ཤེས་པར་མི་འགྱུར་ཏེ། དེ་མ་ཤེས་པས་ལམ་དང་ལམ་གྱི་དགོས་པ་ཤེས་པར་ནི་འགྱུར་རོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་གསུངས་པའི་སློབ་དཔོན་ཡོངས་སུ་བརྟགས་པའི་བླ་མ་སློབ་མས་ཡོངས་སུ་གཟུང་བར་བྱའི་ཇི་ལྟ་བ་དེ་ལྟ་བུ་ནི་མ་ཡིན་ནོ། །དེ་བཞིན་དུ་དཔལ་དོན་དམ་པའི་བསྙེན་པ་ལས། །འདོད་པའི་དངོས་གྲུབ་སློབ་དཔོན་ཞལ་ལས་རྗེས་འབྲང་བར། །མ་ལུས་རྡོ་རྗེ་ཐེག་པར་ཐམས་ཅད་མཁྱེན་པས་གསུངས། །དེའི་ཕྱིར་སློབ་མ་རྣམས་ཀྱིས་བླ་མ་གསེར་བཞིན་དུ། །ཡོངས་སུ་བརྟགས་ན་སྡིག་པ་ཅུང་ཟད་ཡོད་མ་ཡིན། །ཞེས་བྱ་བར་བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོས་གསུངས་སོ། །རྒྱུ་དེའི་ཕྱིར་ཁྱད་པར་དུ་གྱུར་པའི་བླ་མའི་མཚན་ཉིད་བཤད་པར་མཛད་དེ། དང་པོ་ཞེས་བྱ་བ་ལ་སོགས་པ་ལ། འདིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་བླ་མ་འདི་ལྟ་བུ་ལ་བརྟེན་པར་བྱའོ། །གང་གིས་དུས་ཐམས་ཅད་དུ་ཟ་བའི་དམ་ཚིག་དང་བསྲུང་པའི་དམ་ཚིག་ལ་དྲང་བའི་དོན་དང༌། ངེས་པའི་དོན་གྱིས་སྤྱོད་པར་མཛད་པ་དེ་དམ་ཚིག་དང་ལྡན་པའོ། །བཟའ་བའི་དམ་ཚིག་ནི་ཉིན་རེ་བཞིན་དུ་གསུང་གི་རྡོ་རྗེ་དང་རིགས་སུམ་ཅུ་རྩ་དྲུག་ལས་སྐྱེས་པའི་བདུད་རྩི་ལྔ་དང་སྟོབས་ལྔ་དང༌། ལས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ཡིན་ལ། བཟའ་བའི་དམ་ཚིག་ཡིན་ཏེ། དྲང་བའི་དོན་གྱིས་ཕྱིའི་དམ་ཚིག་ཅེས་བྱའོ། །དེ་ལ་བསྲུང་བའི་དམ་ཚིག་གང་ཡིན་པ་དེ་ངེས་པའི་དོན་དུ་ནང་གི་དམ་ཚིག་རྩ་བའི་ལྟུང་བ་བཅུ་བཞི་དང༌། བརྟུལ་ཞུགས་ཉི་ཤུ་རྩ་ལྔ་དང༌། བྱང་ཆུབ་སེམས་ཀྱི་ཐིག་ལེ་བཞི་པོ་སྲོག་དོན་ནས་ཀྱང་བསྲུང་བ་ནི་བསྲུང་བའི་དམ་ཚིག་ཅེས་བྱའོ། །དམ་ཚིག་དེ་དག་དང་ལྡན་པ་ནི་དམ་ཚིག་ཅན་ཡིན་གྱི། ཏིང་ངེ་འཛིན་དང་བྲལ་བས་དྲི་ཆེན་ལ་སོགས་བ་ཟ་བ་པོ་ནི་དམ་ཚིག་ཅན་མ་ཡིན་ནོ། །དེ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ལ་གནས་པ་དང༌། འཇིག་


DTG013_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྟེན་ལས་འདས་པའི་དེ་ཁོ་ན་ཉིད་མ་ཐོབ་ཀྱི་བར་དུ། འཇིག་རྟེན་པའི་དེ་ཁོ་ན་ཉིད་སྒོམ་པར་བྱེད་པ་དང༌། དེ་ནས་འཇིག་རྟེན་ལས་འདས་པའི་དེ་ཁོ་ན་ཉིད་སྒོམ་པར་བྱེད་པ་དང༌། བདག་དང་གཞན་གྱི་དངོས་པོ་ཐམས་ཅད་ལ་ལྟོས་པ་མེད་པ་དང་ཆགས་པ་ལ་སོགས་པའི་དྲི་མ་དོར་བ་དང༌། གནོད་པ་བྱེད་པའི་སེམས་ཅན་རྣམས་ལ་བཟོད་པར་བྱེད་པ་དང༌། སློབ་མ་དམ་པ་རྣམས་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ལམ་སྟེར་བར་བྱེད་པ་དང༌། མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་ཐོབ་པ་དང༌། བདུད་བཞི་འདུལ་བར་ནུས་པ་གང་ཡིན་པ་དེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་ཤིན་ཏུ་ཁྱད་པར་དུ་གྱུར་པའི་བླ་མའི་མཚན་ཉིད་བཤད་པར་མཛད་ནས། གདུག་པའི་སློབ་དཔོན་གྱི་མཚན་ཉིད་བཤད་པར་བྱ་སྟེ། ང་རྒྱལ་ཅན་ཞེས་བྱ་བ་ལ་སོགས་པ་ལ། འདིར་པ་རྒྱལ་གྱི་རྣམ་པ་མང་སྟེ། རིགས་ཀྱི་ང་རྒྱལ་དང༌། གཟུགས་ཀྱི་ང་རྒྱལ་དང༌། ཐོས་པའི་ང་རྒྱལ་ལ་སོགས་པ་སྟེ། དེ་གང་ལ་ཡོད་པ་དེ་ང་རྒྱལ་ཅན་ཞེས་བྱ་བའོ། །དེ་བཞིན་དུ་ཉེས་བ་ཅུང་ཟད་ཀྱིས་ཤིན་ཏུ་ཁྲོ་བ་དང༌། དམ་ཚིག་སྦ་བར་མི་ཤེས་པ་དང༌། རྫས་ལ་སོགས་པ་ལ་ཤིན་ཏུ་ཞེན་པར་བྱེད་པ་དང༌། ཐོས་པ་མེད་པ་དང༌། ལམ་དམ་པའི་མན་ངག་དང་བྲལ་བ་དང༌། བརྫུན་དུ་སྨྲ་བར་བྱེད་པ་དང༌། མཆོག་ཏུ་མི་འགྱུར་བའི་བདེ་བ་ཉམས་པ་དང༌། དབང་མ་བསྐུར་བར་རྒྱུད་སྟོན་པར་བྱེད་པ་དང༌། འཁོར་བའི་ལོངས་སྤྱོད་ལ་ཞེན་པར་བྱེད་པ་དང༌། ཆང་གིས་མྱོས་པར་གྱུར་པ་དང༌། རིགས་འཕེལ་བའི་ཕྱིར་དང༌། འཁོར་བའི་བདེ་བ་ལ་ལོངས་སྤྱོད་པའི་ཕྱིར། ཆགས་པ་ཅན་གྱི་གདུག་པའི་སློབ་དཔོན་གྱི་མཚན་ཉིད་ཡིན་ལ། དེ་ལྟ་བུ་གང་ཡིན་པ་དེ་དམྱལ་བ་བཞིན་རྣམ་པ་ཐམས་ཅད་དུ་དོར་བར་བྱའོ། །དེ་ནས་གལ་ཏེ་ཡོན་ཏན་ཐམས་ཅད་དང་ལྡན་པའི་བླ་མ་རྙེད་པར་མི་འགྱུར་བ་དེ་ལྟ་ན་ནི། གང་ལ་སྐྱོན་ཉུང་བ་དང༌། ཁྱད་པར་དུ་གྱུར་པའི་ཡོན་ཏན་ལྷག་པ་དང་ལྡན་པའི་བླ་མ་ལ་བརྟེན་པར་བྱ་ཞེས་བྱ་བ་ནི་ངེས་པའོ། །དེ་བཞིན་དུ་དཔལ་དོན་དམ་པའི་བསྙེན་པ་ལས། རྩོད་ལྡན་དུས་ཀྱི་དབང་གིས་ཡོན་ཏན་སྐྱོན་འདྲེས་པའི། །བླ་མ་སྡིག་མེད་རྣམ་པ་ཀུན་དུ་ཡོད་མ་ཡིན། །ཡོན་ཏན་རྣམས་ཀྱིས་ལྷག་དང་ཤིན་ཏུ་ཡོངས་བརྟགས་པ། བུ་རྣམས་ཀྱིས་ནི་


DTG013_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལ་བསྙེན་པར་གྱུར་པའོ། །ཞེས་བྱ་བར་གསུངས་སོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་དུ་སྐྱོན་དང་ལྡན་པ་དོར་བའི་ངེས་པ་ནི། སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་ཤིང་ཆགས་ལ་མ་བསྡམས་དང༌། །བློ་ལྡན་སློབ་མས་བླ་མར་ནི། །སྦྱོམས་དང་བཅས་པར་མི་བྱའོ། །ཞེས་བྱ་བར་གསུངས་སོ། །གཞན་ཡང༌། སྙིང་རྗེ་མེད་གང་ཞིང་ལས་བྱེད། །ཁྲོ་བ་ཚིག་གིས་འཇོམས་པར་བྱེད། །གདུག་ནི་དགེ་སློང་ལ་སྡང་བ། །ཁེངས་ཤིང་ཤེས་པ་ངན་པས་དྲེགས། །ཆགས་པ་ལོངས་སྤྱོད་མིན་པར་འདོད། །ཤིན་ཏུ་ཆང་གིས་མ་བསྡམས་པ། །ཡོན་ཏན་ཅན་ལ་སྐྱོན་སྟེང་བའོ། །སྦྱོམས་པས་འདི་རུ་བརྗོད་པར་འགྱུར། །ཞེས་བྱ་བ་ནི་དེ་ཉིད་རྒྱས་པར་གསུངས་སོ། །དེ་ལྟར་སློབ་དཔོན་གྱི་མཚན་ཉིད་བཤད་པར་མཛད་ནས། ཁྱད་པར་དུ་གྱུར་པའི་སློབ་མའི་མཚན་ཉིད་བསྟན་པར་མཛད་དེ། ཟབ་ཅེས་བྱ་བ་ལ་སོགས་པ་ལ། འདིར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་སྣོད་དུ་རུང་བའི་སློབ་མ་ཇི་ལྟ་བུ་ཡིན་ཞེ་ན། ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་སེམས་སྐྲག་པར་མི་འགྱུར་བ་དང༌། མི་དགེ་བའི་ལས་སྲུང་བར་བྱེད་པ་དང༌། རང་གི་ལུས་པོ་ལ་ཡང་ལྟོས་པ་མེད་པ་དང༌། ཡོན་ཏན་དང་སྐྱོན་གྱི་མཚན་ཉིད་ཤེས་པ་དང༌། དཀོན་མཆོག་གསུམ་འབའ་ཞིག་ལ་དད་པ་བྱེད་པ་དང། འཇིག་རྟེན་གྱི་དངོས་གྲུབ་ལ་ལྟོས་པ་མེད་པ་དང༌། དུས་ཐམས་ཅད་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པར་འདོད་པ་དང༌། རྒྱུད་ལས་གསུངས་པའི་སྡོམ་པ་སྲུང་བར་བྱེད་པ་དང༌། ཐིག་ལེ་དང་ནཱ་ད་ལ་སོགས་པའི་འཇིག་རྟེན་པའི་ལམ་གྱིས་སེམས་གཡོ་བར་མི་འགྱུར་བ་དང༌། རང་གིས་ཉམས་སུ་མྱོང་བའི་བར་དུ་དེ་ཁོ་ན་ཉིད་སྦེད་པར་བྱེད་པ་དང༌། གདུག་པའི་སེམས་ཅན་རྣམས་ཀྱི་འབྲེལ་པ་གང་གིས་འདོར་བའི་སློབ་མ་དེ་ཕྱག་རྒྱ་ཆེན་པོའི་སྣོད་དུ་རུང་བ་ཡིན་གྱི་ཡོན་ཏན་དེ་རྣམས་ལས་བཟློག་པར་གྱུར་པ་གཞན་མ་ཡིན་ནོ། །དེ་ནས་གལ་ཏེ་དེ་དག་ལ་སོགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པར་མ་གྱུར་པ་དེ་ལྟ་ན་ནི། དེ་ལ་ཆུའི་དབང་ལ་སོགས་པ་དབང་བདུན་བསྐུར་བར་བྱའོ། །བུམ་པ་ལ་སོགས་པ་དང༌། འཇིག་རྟེན་ལས་འདས་པ་ནི་མ་ཡིན་ནོ། །དེ་བས་ན་ཡོན་ཏན་འབྲིང་པོ་དང་ལྡན་པའི་སློབ་མས་ནི་བསོད་ནམས་ཀྱི་ཚོགས་སོགས་པར་བྱ་


DTG013_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའི་ཕྱིར་དབང་བདུན་གྱི་སྣོད་དུ་རུང་བར་བྱའོ། །དེ་ལས་ཐ་མ་ནི་གལ་ཏེ་བླ་མ་ལ་བསྙེན་པར་བྱེད་པར་ནུས་པ་དེ་ལྟ་ན་ནི་བསླབ་པ་ལྔའི་དགེ་བསྙེན་དུ་བྱའི་གཞན་དུ་མ་ཡིན་ནོ། །དེ་ལྟར་བརྗོད་པའི་རིམ་པས་བླ་མ་དང་སློབ་མའི་ཡོངས་སུ་བརྟག་པ་བསྟན་པར་མཛད་ནས། དབང་བསྐུར་བའི་དུས་དང་མཆོད་པའི་དུས་ཀྱི་ངེས་པ་བསྟན་པར་མཛད་དེ། དཔྱིད་ཟླ་འབྲིང་མཐར་ཞེས་བྱ་བ་ལ་སོགས་པ་ལ། འདིར་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་གཞུང་གིས་སློབ་དཔོན་གང་གིས་སློབ་མ་རྣམས་ལ་དབང་བསྐུར་བ་དང༌། རྒྱུད་ཀྱི་རྒྱལ་བོ་དེ་ཉིད་བསྟན་པར་འདོད་པ་དེས། དཔྱིད་ཟླ་འབྲིང་པོའི་ཉ་ལ་དབང་བསྐུར་བ་དང༌། རྣལ་འབྱོར་མ་རྣམས་ལ་མཆོད་པར་བྱའོ། །དེ་རྒྱུད་གང་གི་ཕྱིར་ཞེ་ན། འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ལྷོ་ཕྱོགས་ཤྲཱི་དྷ་ན་ཀ་ཏ་ཀར་ཆོས་ཀྱི་དབྱིངས་ཀྱི་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དཔལ་མཆོག་གི་དང་པོའི་སངས་རྒྱས་ཀྱི་ལྷ་དང་ལྷ་མོའི་རང་བཞིན་དུ་གྱུར་པ་བཞེངས་སུ་གསོལ་ནས་དཔྱིད་ཟླ་འབྲིང་པོའི་ཉ་ལ་དཀྱིལ་འཁོར་དེ་ཉིད་དུ་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་དབང་གནང་བར་མཛད་ནས། མ་འོངས་པའི་དུས་སུ་དེ་རྣམས་སངས་རྒྱས་ཉིད་དུ་ལུང་བསྟན་ཏོ། །རྒྱུ་དེའི་ཕྱིར་དཔྱིད་ཟླ་འབྲིང་པོའི་ཉ་ནི་དབང་བསྐུར་བའི་དུས་དང༌། རྒྱུད་ཀྱི་རྒྱལ་པོ་བསྟན་པའི་ཕྱིར་དང་མཆོད་པའི་དུས་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ནས་གལ་ཏེ་དུས་དེ་ལ་ཡོ་བྱད་ཀྱི་ཚོགས་མ་བསགས་པར་གྱུར་པ་དེ་ལྟ་ན་ནི། དུས་ཁྱད་པར་ཅན་དུ་གྱུར་པ་དང་སློབ་མ་ཁྱད་པར་ཅན་དུ་གྱུར་པར་ཤེས་ནས་དུས་གཞན་མར་ཡང་དབང་བསྐུར་བ་ལ་སོགས་པ་བྱའོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་ངེས་པ་དེའི་ཕྱིར་གཙོ་བོ་ཉིད་ཀྱིས་དཔྱིད་ཟླ་འབྲིང་པོའི་ཉ་ལ་མཆོད་པ་དང་དབང་བསྐུར་བ་ནི་འཆད་པར་འགྱུར་བའི་རིམ་པས་རྡོ་རྗེ་སློབ་དཔོན་རྣམས་ཀྱི་བྱ་བའི་ངེས་པའོ། །དེ་ལ་མདོར་བསྡུས་པའི་ཆོ་ག་འདི་ཡིན་ཏེ། དང་པོ་རེ་ཞིག་དབང་བསྐུར་བའི་ཕྱིར་ཚེས་ལྔའམ་བཅུ་ལ་སོགས་པ་ལ་ཡིད་དུ་འོང་བའི་གནས་སུ་སློབ་མ་དང་ལྷན་ཅིག་ཏུ་རྡོ་རྗེ་སློབ་དཔོན་གྱིས་འཇམ་པའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་ཤར་དུ་མངོན་པར་ཕྱོགས་ནས་


DTG013_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདུག་སྟེ། སྐད་ཅིག་གཅིག་གམ་ཡང་ན་བསྐྱེད་པའི་རིམ་པས་ཡན་ལག་དྲུག་གི་ཆོ་གས་ཡི་དམ་གྱི་ལྷའི་བདག་ཉིད་དུ་བསྒོམ་པར་བྱས་ལ། ཞིང་སྐྱོང་ལ་འཆད་པར་འགྱུར་བའི་རིམ་པས་གཏོར་མ་སྦྱང་བ་ལ་སོགས་པའི་ཆོ་གས་བསྒྲུབས་ནས་སྔགས་ཀྱི་རྐང་པ་འདི་རྣམས་ཀྱིས་སྦྱིན་པར་བྱའོ། །དེ་ལ་གལ་ཏེ་གྲོང་ཁྱེར་གྱི་མིང་ཡི་གེ་དང་མཉམ་པོ་ཡིན་པ་དེ་ལྟ་ན་ནི། ཡི་གེ་རྣམས་ཀྱིས་ཐོག་མ་དང་ཐ་མས་དེའི་མིང་ངོ༌། །ཡང་ན་མི་མཉམ་པར་གྱུར་པའི་ཡི་གེར་གྱུར་པ་དེ་ལྟ་ན་ནི་ཐོག་མ་དང་བར་མ་དང་ཐ་མའི་ཡི་གེ་རྣམས་ཀྱིས་ཞིང་སྐྱོང་གི་མིང་ཤེས་པར་བྱའོ། །དེ་ལ་སྔགས་ཀྱི་རྐང་པ་རྣམས་ནི། ཨོཾ་ཨཱཿ་ཧུཾ་ཧོཿ་།ཨ་མུ་ཀཱ་ཡ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། པྲ་དཱི་པཾ། ཨ་ཀྵ་ཏཾ། ད་དཱ་མ་ཧེ་ས་པ་རི་ཝཱ་ར་ཤཱི་གྷྲཾ་ཨཱ་གཙྪ། ཛཿ་ཧཱུཾ་བཾ་ཧོཿ་ཨི་དཾ་བ་ལིཾ། གྲྀཧྞ་ནྟུ། ཁ་དནྟུ། པི་ཝནྟུ། ས་པ་རི་ཝཱ་ར་སརྦ་སཏྭཱ་ནཱཾ། ཤཱཾ་ཏིཾ། པུཥྚིཾ། རཀྵཱ་ཝ་ར་ཎ་གུ་པྟིཾ་ཀུ་རྦ་དྷུ། ཨི་དཾ་སྠཱ་ནཾ་ཏྱ་ག་ཏྭ། མ་ཧེ་མཎྜལ་བྷུ་མྱཱཾ་ཏིཥྛ། ཧཱུཾ་ཧཱུཾ་ཕཊ། བཛར་དྷཱ་ར་ཨཱ་དྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བྱ་བའོ། །དེ་ནས་གནས་བསྲུང་བ་ལ་སོགས་པ་བྱའོ། །དེ་ལ་དཔྲལ་བ་དང་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་གསང་གནས་དང་གཙུག་ཏོར་གྱི་འཁོར་ལོ་ལ་རིམ་པ་ཇི་ལྟ་བས་དཀར་པོ་དང་དམར་པོ་དང་ནག་པོ་དང༌། སེར་པོ་དང། ལྗང་གུ་དང་ཁ་དོག་སྔོན་པོའི་བདག་ཉིད་དུ་གྱུར་པའི་ཨོཾ་ཨཱཿ་ཧུཾ་ཧོཿ་ཧཾ་ཀྵཿ། རིགས་དྲུག་གི་ས་བོན་གྱི་ཡི་གེར་བསྒོམ་པར་བྱའོ། །དེ་ནས་ཡི་གེ་རྣམས་ཡོངས་སུ་གྱུར་པ་ལས་དེ་རྣམས་ཀྱི་ཁ་དོག་དང་མཐུན་པའི་ཟླ་བའི་དཀྱིལ་འཁོར་དང་ཉི་མ་དང༌། སྒྲ་གཅན་དང་དུས་ཀྱི་མེ་དང་ཡེ་ཤེས་དང་ནམ་མཁའི་དཀྱིལ་འཁོར་བསམས་ལ། དེ་རྣམས་ཀྱི་སྟེང་དུ་ཡང་སྔ་མ་བཞིན་དུ་ས་བོན་དེ་རྣམས་བསྒོམ་པར་བྱ་སྟེ། ཕྱི་ནས་དེ་རྣམས་ཡོངས་སུ་གྱུར་པ་ལས་དཔྲལ་བ་ལ་སོགས་པའི་རྩའི་དཀྱིལ་འཁོར་རྣམས་ནི་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམ་པར་བྱའོ། །དེ་ལ་འཁོར་ལོ་རེ་རེའི་རྩ་ཇི་ཙམ་ཡོད་པ་རྩེ་མོ་དེ་རྣམས་ཀྱི་བདག་ཉིད་དུ་གྱུར་པའི་རྡོ་རྗེ་རྣམས་ཞེས་བྱ་བར་ཤེས་པར་བྱའོ། །དེ་བཞིན་དུ་ཕྲག་པ་གཡས་པ་དང་གཡོན་པ་ལ་ཀའི་སྡེ་རིང་པོ་དང་ཐུང་དུ་དང༌། གྲུ་མོ་གཡས་དང་གཡོན་པ་ལ་ཙའི་སྡེ་རིང་པོ་དང་ཐུང་ངུ་དང༌། དེ་བཞིན་དུ་ལག་ངར་གྱི་ཚིགས་གཉིས་ལ་ཊའི་


DTG013_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྡེ་རིང་པོ་དང་ཐུང་ངུ་དང༌། བྲལ་གཉིས་ཀྱི་ཚིགས་ལ་པའི་སྡེ་རིང་པོ་དང་ཐུང་ངུ་དང༌། པུས་མོའི་ཚིགས་གཉིས་ལ་ཏའི་སྡེ་ཐུང་ངུ་དང་རིང་པོ་དང༌། དེ་བཞིན་དུ་མགུལ་པ་གཉིས་ཀྱི་ཚིགས་ལ་སའི་སྡེ་ཡི་གེ་སུམ་ཅུའི་བདག་ཉིད་དུ་གྱུར་པ་ཐུང་ངུ་དང་རིང་པོ་བསྒོམ་པར་བྱའོ། །དེ་ལ་ཀའི་སྡེ་ཡི་གེ་ཐུང་ངུ་དང་རིང་པོ་སུམ་ཅུ་ནི་བསྟན་པར་བྱ་སྟེ། དེ་དེ་ཉིད་ཀྱིས་ཙའི་སྡེ་ལ་སོགས་པ་ཤེས་པར་བྱའོ། །ཀ་ཁ་ག་གྷ་ང༌། ཀི་ཁི་གི་གྷི་ངི༌། ཀྲྀ་ཁྲྀ་གྲྀ་གྷྲྀ་ངྲྀ། ཀུ་ཁུ་གུ་གྷུ་ངུ༌། ཀླྀ་ཁླྀ་གླྀ་གྷླྀ་ངླྀ། ཀཾ་ཁཾ་གཾ་གྷཾ་དཾ། ཞེས་བྱ་བ་ནི་ཡི་གེ་ཐུང་ངུ་སུམ་ཅུ། ཀཱ་ཁཱ་གཱ་གྷཱ་ངཱ༌། གཱི་ཁཱི་གཱི་གྷཱི་ངཱི༌། ཀྲཱྀ་ཀྲཱྀ་གྲཱྀ་གྷྲཱྀ་ངྲཱྀ། ཀཱུ་ཁཱུ་གཱུ་གྷཱུ་ངཱུ༌། ཀླཱྀ་ཁླཱྀ་གླཱྀ་གྷླཱྀ་ངླཱྀ། ཀཱཾ་ཁཱཾ་གཱཾ་གྷཱཾ་ངཱཾ༌། ཞེས་བྱ་བ་ནི་རིང་པོ་སུམ་ཅུའོ། །ཡི་གེ་དེ་རྣམས་ཡོངས་སུ་གྱུར་པ་ལས་ཚིགས་བཅུ་གཉིས་ལ་རྩེ་མོ་སུམ་ཅུའི་བདག་ཉིད་དུ་གྱུར་པའི་རྡོ་རྗེ་དེ་རྣམས་བསྒོམ་པར་བྱའོ། །དེ་བཞིན་དུ་སོར་མོའི་ཚིགས་རེ་རེ་ལ་ཡི་གེ་ཀ་ལ་སོགས་པ་ཐུང་ངུ་དང་རིང་པོ་དྲུག་དྲུག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་མོ་བདུན་པ་ཚིགས་བཅུ་དྲུག་ལ་བསྒོམ་པར་བྱའོ། །དེ་བཞིན་དུ་རྣ་བ་གཡོན་པ་དང་གཡས་པ་ལ་ཨ་ཨཱ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་གསུམ་པ་བསྒོམ་པར་བྱའོ། །རིམ་པ་དེ་བཞིན་དུ་ཨེ་ཨཻ་སྣ་བུག་དག་ལའོ། །ཨ་ཨཱར་མིག་ངག་ལའོ། །ཨོ་ཨཽ་ལྕེ་དང་ལྕེ་ཆུང་དག་ལའོ། །ཨལ་ཨཱལ་རྡོ་རྗེ་དང་གསང་བ་ལའོ། །ཨཾ་ཨཿ་ཡོངས་སུ་གྱུར་པ་ལས་ཡིད་ཀྱི་དབང་པོ་དང་རྩ་དུང་ཅན་མ་ལ་རྩེ་མོ་གསུམ་པའི་རྡོ་རྗེ་བསྒོམ་པར་བྱའོ། །དེ་བཞིན་དུ་གཙུག་ཏོར་དང་སྤྱི་བོ་ལ་ཧ་ཧཱ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པའོ། །ལྕེ་དང་རྐན་ལ་ཡ་ཡཱ་དང་ལག་པའི་མཐིལ་གཉིས་ལ་ར་རཱ་དང༌། རྐང་པའི་མཐིལ་གཉིས་ལ་ཝ་ཝཱ་དང༌། བཤང་ལམ་གྱི་གཡས་གཡོན་དུ་ལ་ལཱ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་དེ་རྣམས་ཤེས་པར་བྱའོ། །དེ་ལྟར་རྡོ་རྗེ་སྐུའི་བདག་ཉིད་བསྒོམ་པར་བྱས་ལ། དེ་ནས་རྡོ་རྗེ་དེ་རྣམས་ལས་རྡོ་རྗེ་འོད་ཟེར་སྔོན་པོ་དང་ལྗང་གུ་དང་ནག་པོ་དང་དམར་པོ་དང་སེར་པོ་དང་དཀར་པོ་སྤྲོས་ནས་སྟེང་འོག་ལ་སོགས་པའི་ཕྱོགས་བཅུ་ན་གནས་པའི་བདུད་ཀྱི་ཚོགས་བསྲེག་པར་བྱའོ། །དེ་ནས་བདུད་བསྲེག་པར་བྱ་བའི་ཕྱིར་སྔགས་འདི་བརྗོད་པར་བྱའོ། །ཨོཾ་ཨཱཿ་ཧཱུཾ་ཧོཿ་ཧཾ་ཀྵཿ་ཧྲཿ་ཧྲཿ་


DTG013_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཧྲཿ་ཧྲཿ་ར་ར་ར་ར། བཛྲ་ན་ལ། སརྦ་ཨཱ་བ་ར་ཎ་དྷ་རྨཱ་པྲ་ལ་ཡ་སྭ་བྷཱ་ཝ། སརྦ་མཱ་ར་ཀཱ་ཡི་ཀ་བིགྷྣཱ་ཡ་ཀཱ་དི་ནི། ད་ཤ་དི་ཀ་ག་ཏཱ་ནཱཾ་ཀཱ་ཡ་ཝཱ་ཀ་ཙི་ཏྟཱ་ནི། ད་ཤ་ད་ཧ། པ་ཙ་པ་ཙ། བྷ་སྨིཾ་ཀུ་རུ་ཀུ་རུ་ཧྰཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་བྱའོ། །དེ་ནས་དེ་རྣམས་ཕྱིར་མི་ལྡོག་པའི་ཕྱིར་སྲུང་བའི་འཁོར་ལོ་བསྒོམ་པར་བྱའོ། །དང་པོར་ཡི་གེ་ཡཾ་ལས་བྱུང༌། །རླུང་གི་དཀྱིལ་འཁོར་གཞུ་བཞིན་དུ། །སྟེང་འོག་ཧཱུཾ་ཡིག་རྡོ་རྗེ་གཉིས། །རྒྱས་བཏབ་ནག་པོར་བསྒོམ་པར་བྱའོ། །དེ་བཞིན་རཾ་ལས་བྱུང་བ་ཡི། །མེ་ཡི་དཀྱིལ་འཁོར་གྲུ་གསུམ་པ། །རང་སྐྱེས་རིན་ཆེན་གཉིས་ཀྱིས་ནི། །རྒྱས་བཏབ་མདོག་དམར་བསམ་པར་བྱའོ། །ཡི་གེ་བཾ་ལས་བྱུང་བ་ཡི། །ཆུ་ཡི་དཀྱིལ་འཁོར་ཟླུམ་པོ་སྟེ། །ཝར་སྐྱེས་པདྨ་གཉིས་ཀྱིས་ནི། །སྟེང་འོག་ཁ་སྦྱར་དཀར་པོའོ། །ཡི་གེ་ལཾ་ལས་བྱུང་བ་ཡི། །ས་ཡི་དཀྱིལ་འཁོར་གྲུ་བཞི་པ། །ལ་སྐྱེས་འཁོར་ལོ་གཉིས་ཀྱིས་ནི། །སྦྱར་བ་ཁ་དོག་སེར་པོའོ། །དེ་ནས་དཀྱིལ་འཁོར་བཞི་པོ་དེ། །ཡོངས་སུ་གྱུར་པས་གཞལ་ཡས་ཁང༌། །བསྒོམ་བྱ་དེ་ཡི་ཕྱིར་རོལ་དུ། །ས་དང་ནམ་མཁའ་སྦྱར་བའི་བར། །ར་བ་ལྔ་པོ་བསྒོམ་པར་བྱ། །འོག་ཏུ་རྡོ་རྗེའི་ས་གཞི་དང༌། །སྟེང་དུ་མངའ་ཡི་དྲ་བའོ། །གཞལ་ཡས་ཁང་དབུས་པདྨའམ། །རྩིབས་བརྒྱད་འཁོར་ལོ་བསམ་པར་བྱ། །དེ་ཡི་ལྟེ་བར་ཉི་མ་དང༌། །ཟླ་བ་སྒྲ་གཅན་བསྒོམ་པར་བྱ། །དེ་སྟེང་བདུད་དང་ལྷ་ཆེན་པོའོ། །གཡས་གཡོན་ཞབས་ཀྱིས་མནན་པར་བསམ། །ཞལ་བཞི་པ་དང་ཤིན་ཏུ་འཇིགས། །ཕྱག་ནི་ཉི་ཤུ་དྲུག་པའོ། །གཡས་ཕྱོགས་རྡོ་རྗེ་རལ་གྲི་དང༌། །རྩེ་གསུམ་པ་དང་གྲི་གུག་དང༌། །མངའ་དང་རྡོ་རྗེ་ལྕགས་ཀྱུ་དང༌། །ཅང་ཏེའུ་དང་ནི་ཐོ་བ་དང༌། །འཁོར་ལོ་མདུང་དང་དབྱུག་པ་དང༌། །དེ་བཞིན་དུ་ནི་དགྲ་སྟའོ། །གཡོན་ཕྱོགས་ཕྱག་ན་མཚོན་ཆ་ནི། །རིམ་པ་ཇི་བཞིན་ཤེས་པར་བྱ། །རྡོ་རྗེ་དྲིལ་བུ་ཕུབ་དག་དང༌། །ཁ་ཊྭཱཾ་ག་དང་བནྦྷ་དང༌། །གཞུ་དང་དེ་བཞིན་ཞགས་པ་དང༌། །རིན་ཆེན་པདྨ་དཀར་པོ་དང༌། །དུང་དང་དེ་བཞིན་མེ་ལོང་དང༌། །ལྕགས་སྒྲོག་ཚངས་པའི་མགོ་བོའོ། །གཡས་དང་གཡོན་པའི་ཕྱག་གཉིས་ཀྱིས། །གླང་ཆེན་པགས་པ་འཛིན་པའོ། །


DTG013_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་ལོ་སྙན་ཆ་ནོར་བུ་དང༌། །སྐ་རགས་ཕྱག་གདུབ་ལ་སོགས་པའི། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ནི། །བདག་ཉིད་རྡོ་རྗེ་ཤུགས་སུ་བསྒོམ། །དེ་ཡི་སྙིང་གའི་དཀྱིལ་དུ་ནི། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །དེ་སྟེང་ཧ་དང་ཡ་དང་ར། །ཝ་དང་ལ་ནི་བརྩེགས་པར་བསམ། །དེ་རྣམས་ནང་ནས་ཧ་ལས་བྱུང༌། །གཙུག་ཏོར་རྒྱལ་པོ་ཞལ་གསུམ་པ། །ཕྱག་དྲུག་གཡས་བརྐྱང་སྐུ་མདོག་སྔོ། །རྣ་བ་གཡོན་ནས་སྤྲོ་བར་བྱ། །ཕྱག་ན་རྡོ་རྗེ་གྲི་གུག་དང༌། །དེ་བཞིན་གཡས་སུ་དགྲ་སྟའོ། །གཡོན་པའི་ཕྱག་ན་དྲིལ་བུ་དང༌། །ཐོད་པ་ཚངས་པའི་མགོ་བོའོ། །སྟེང་ཕྱོགས་ཉི་མའི་དཀྱིལ་འཁོར་ལ། །བསྲུང་བའི་ཕྱིར་ནི་དགོད་པར་བྱ། །ཧཱ་ཡིག་རིང་ལས་བྱུང་བ་ཡིས། །སུམྦྷ་སྐུ་མདོག་ལྗང་གུའོ། །ཞལ་གསུམ་པ་དང་ཕྱག་དྲུག་པ། །རྣ་བ་གཡས་ནས་སྤྲོ་བར་བྱ། །གཡས་པའི་ཕྱག་ན་གྲི་གུག་དང༌། །དེ་བཞིན་རྡོ་རྗེ་དགྲ་སྟའོ། །གཡོན་པའི་ཕྱག་ན་ཐོད་པ་དང༌། །དྲིལ་བུ་ཚངས་པའི་མགོ་བོའོ། །ས་འོག་གནས་ནི་བསྲུང་བའི་ཕྱིར། །གཡས་བརྐྱང་ཉི་མར་དགོད་པར་བྱ། །དེ་བཞིན་ཡ་ལས་བྱུང་བ་ཡི། །བགེགས་མཐར་བྱེད་ནི་སྐུ་མདོག་ནག །ཞལ་གསུམ་པ་དང་ཕྱག་དྲུག་པ། །ནག་དང་དཀར་པོ་དམར་པོའི་ཞལ། །གཡས་པའི་ཕྱག་ན་རལ་གྲི་དང༌། །གྲི་གུག་དང་ནི་རྩེ་གསུམ་པའོ། །གཡོན་པའི་དང་པོའི་ཕྱག་ན་ཕུབ། །ཐོད་པ་དང་ནི་ཁ་ཊྭཱཾ་གའོ། །ཤར་ཕྱོགས་ཟླ་བའི་དཀྱིལ་འཁོར་རམ། །ཡང་ན་ཉི་མའི་དཀྱིལ་འཁོར་ལ། །སྣ་ཡི་བུ་ག་གཡོན་པ་ལས། །སྤྲོས་ནས་གཡས་བརྐྱང་དགོད་པར་བྱ། །དེ་བཞིན་ཡཱ་ལས་བྱུང་བ་ཡི། །དབྱུག་པ་སྔོན་པོ་ཞལ་གསུམ་པ། །ཕྱག་དྲུག་པ་དང་གཡས་བརྐྱང་པ། །སྐུ་མདོག་ནག་པོ་བསམ་པར་བྱ། །ཕྱག་མཚན་ལ་སོགས་ཐམས་ཅད་ནི། །བགེགས་མཐར་བྱེད་བཞིན་ཤེས་པར་བྱ། །སྣ་བུག་གཡས་པ་ནས་སྤྲོས་ནས། །མེ་མཚམས་ཉི་མ་ལ་ནི་དགོད། །རྀ་ལས་ཤེས་རབ་མཐར་བྱེད་ནི། །ཞལ་གསུམ་པ་དང་ཕྱག་དྲུག་པ། །མདའ་དང་རྡོ་རྗེ་ལྕགས་ཀྱུ་དང༌། །ཅང་ཏེའུ་གཡས་པའི་ཕྱག་ནའོ། །གཞུ་དང་རྡོ་རྗེ་ཞགས་པ་དང༌། །གཡོན་པའི་ཕྱག་ན་ནོར་བུའོ། །སྐུ་མདོག་དམར་པོ་གཡས་བརྐྱང་པ། །ལྷོ་ཕྱོགས་ཉི་མར་བསམ་པར་བྱ། །དེ་བཞིན་རཱྀ་ལས་བྱུང་བ་ཡི། །གཡས་པའི་མིག་ལས་འདོད་རྒྱལ་པོ། །ཤེས་


DTG013_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རབ་མཐར་བྱེད་ཕྱག་སོགས་བཞིན། །སྤྲོས་ནས་བདེན་བྲལ་མཚམས་སུ་དགོད། །ཡི་གེ་ཝུ་ལས་བྱུང་བ་ཡི། །པདྨ་མཐར་བྱེད་སྐུ་མདོག་དཀར། །ཞལ་གསུམ་པ་དང་ཕྱག་དྲུག་པ། །ཁ་ཡི་སྒོ་ལས་སྤྲོ་བར་བྱ། །གཡས་ཀྱི་ཕྱག་ན་ཐོད་པ་དང༌། །མདུང་དང་དེ་བཞིན་རྩེ་གསུམ་པའོ། །གཡོན་གྱི་ཕྱག་ན་པདྨ་དང༌། །མེ་ལོང་དང་ནི་ཕྲེང་བའོ། །བྱང་ཕྱོགས་ཟླ་བའི་དཀྱིལ་འཁོར་ལ། །གཡས་བརྐྱང་བས་ནི་དགོད་པར་བྱ། །ཡི་གེ་ཝཱུ་ལས་སྐྱེས་པ་ཡི། །པདྨ་མཐར་བྱེད་བཞིན་མི་གཡོ། །དྲི་ཆུའི་སྒོ་ལས་སྤྲོས་ནས་ནི། །དབང་ལྡན་མཚམས་སུ་དགོད་པར་བྱ། །ཡི་གེ་ལྀ་ལས་སྐྱེས་པ་ཡིས། །གཤིན་རྗེ་མཐར་བྱེད་སྐུ་མདོག་སེར། །ཞལ་གསུམ་པ་དང་ཕྱག་དྲུག་པ། །བཤང་བའི་སྒོ་ནས་སྤྲོ་བར་བྱ། །གཡས་ཀྱི་ཕྱག་ན་འཁོར་ལོ་དང༌། །དབྱུག་པ་དང་ནི་རྡོ་རྗེའོ། །གཡོན་པར་དུང་དང་ལྕགས་སྒྲོག་དང༌། །དེ་བཞིན་རྡོ་རྗེ་དྲིལ་བུའོ། །ནུབ་ཀྱི་ཕྱོགས་སུ་ཉི་མ་ལ། །ཡང་ན་ཟླ་བའི་དཀྱིལ་འཁོར་ལ། །གཡས་བརྐྱང་བ་ཡི་བཞུགས་སྟབས་ཀྱིས། །བསྲུང་བའི་ཕྱིར་ནི་དགོད་པར་བྱ། །ཡི་གེ་ལཱྀ་ལས་སྐྱེས་པ་ཡི། །སྟོབས་ཆེན་གཤིན་རྗེ་མཐར་བྱེད་བཞིན། །རྡོ་རྗེ་གཙུག་ཏོར་ལམ་ལས་ནི། །རླུང་གི་མཚམས་སུ་དགོད་པར་བྱ། །གཞལ་ཡས་ཁང་གི་ཕྱི་རོལ་དུ། །བསྲུང་ཕྱིར་ལྷ་རྣམས་སྤྲོ་བར་བྱ། །སྙིང་གར་ཉི་མ་དེ་ཉིད་ལ། །ང་ཉ་ཎ་ན་མ་བསམ་མོ། །དེ་རྣམས་ཡོངས་སུ་གྱུར་པ་ལས། །ཚངས་པ་ལ་སོགས་སྤྲོ་བར་བྱའོ། །རང་གི་ནུས་ཚད་ཤེས་ནས་ནི། །ཕྱོགས་སྐྱོང་ལ་སོགས་སྤྲོ་བར་བྱ། །དེ་ནས་ས་ཡི་ཆོ་ག་ནི། །རྣལ་འབྱོར་པས་ནི་བསམ་པར་བྱ། །རང་སྙིང་ཟླ་བའི་དཀྱིལ་འཁོར་ལ། །ལ་ཡིག་སེར་པོ་བསྒོམ་པར་བྱ། །དེ་ནས་བསྐྱེད་པའི་འཁོར་ལོ་ནི། །ཁ་དོག་སེར་པོ་རྩིབས་བརྒྱད་པའོ། །དེ་ཡོངས་གྱུར་ལས་སའི་ལྷ་མོ། །ཞལ་གསུམ་པ་དང་ཕྱག་དྲུག་པའོ། །ཁ་དོག་སེར་པོ་རྒྱན་གྱིས་བརྒྱན། །གཡས་པའི་ཕྱག་ན་འཁོར་ལོ་དང། །དབྱུག་པ་རྡོ་རྗེ་འཛིན་པ་སྟེ། །གཡོན་པའི་ཕྱག་ན་དུང་དང་ནི། །ལྕགས་སྒྲོག་རྡོ་རྗེ་དྲིལ་བུའོ། །དེ་ལྟར་དམ་ཚིག་སེམས་རྫོགས་ནས། །ཡེ་ཤེས་སེམས་དཔའ་དགུག་པར་བྱ། །དེ་དང་ལྷན་ཅིག་རོ་མཉམ་ཉིད། །བྱས་ནས་མཆོད་པ་བརྩམ་པར་བྱ། །དྲི་དང་མེ་ཏོག་ལ་སོགས་ཀྱིས། །མཆོད་


DTG013_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་རྫས་ཀྱིས་མཆོད་པར་བྱ། །ཨོཾ་ལཱཾ་ཨཱཿ་ཧཱུཾ་ཧོཿ་བ་སུནྡྷ་རི་སརྦ་བུདྡྷ་ཛ་ན་ནི། སརྦ་ས་ཏྭཱ་པ་ཀཱ་རི་ཎི། བཛྲ་ཏྭཱ་ཨཱདྙཱ་པ་ཡ་ཏི། ཤཱིཾ་གྷྲཾ་ཨཱ་གཙྪ། ཨཱ་གཙྪ། ཨི་དཾ་གནྡྷཾ། པུཥྤཾ། དྷཱུ་བཾ། པྲ་དཱི་པཾ། ནཻ་བེ་ཏྱཾ། ཕ་ལཱ་ཀྵ་ཏཾ། ད་དཱ་མི་ཏ་བ་ཧྭ་མེ་བ་གྲྀ་ཧྣ་གྲྀ་ཧྣ་གྲྀཧྣ་སྭཱ་ཧཱ་ཞེས་བྱ་བའི་མཆོད་པའི་སྔགས་སོ། །དེ་ནས་དཀྱིལ་འཁོར་གྱི་གནས་ཀྱི་ཕྱིར་གསོལ་བ་འདེབས་པར་བྱས་ལ། གཤེགས་སུ་གསོལ་བར་བྱའོ། །མཎྜལ་ལ་ཨརྛ། མ་མསྠཱ་ནཾ་ད་དཱ། སརྦ་སཏྭཱ་ནཱཾ་ཤཱནྟིཾ། པུཥྚིཾ་ཀྲྀ་ཏྭཱ་ཤུ་བྷ་ཅིཏྟ་ན། ཨི་དཾ་སྠཱ་ནཱཾ་ཧྱ་ཀ་ཏྭ། ཨ་པ་རསྠཱ་ནཾ་གཙྪ་གཙྪ་སྭཱཧཱ། ཞེས་བྱ་བ་ནི་གསོལ་བ་འདེབས་པ་དང་གཤེགས་སུ་གསོལ་བའི་སྔགས་སོ། །དེ་ལྟར་སའི་ལྷ་མོ་ལ་མཆོད་པ་ལ་སོགས་པ་བྱས་ནས། ཡི་དམ་གྱི་ལྷ་ལ་མཆོད་པར་བྱ་སྟེ། དེ་ནས་ཁྲོ་བོའི་རྒྱལ་པོ་ལ་སོགས་པ་རྣམས་ལ་གཏོར་མ་སྦྱིན་པར་བྱའོ། །དེ་ལྟར་གཏོར་མའི་ཆོ་ག་འདི་ཡིན་ཏེ། །རང་གི་མདུན་དུ་ཡ་ཡིག་ནི། །ཁ་དོག་ནག་པོ་བསྒོམ་པར་བྱ། །དེ་ལས་སྐྱེས་པའི་ཁྲུ་ཕྱེད་ཙམ། །རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ། །དེ་སྟེང་ཡི་གེ་རཾ་ལས་བྱུང༌། །མེ་ཡི་དཀྱིལ་འཁོར་གྲུ་གསུམ་པ། །དེ་སྟེང་ཀ་ཡི་ཡི་གེའམ། །ཡང་ན་ཨ་ཡིག་བསམ་པར་བྱ། །དེ་ལས་སྐྱེས་པའི་བྷནྦྷ་ནི། །དུམ་བུ་གཅིག་པ་བསམ་པར་བྱ། །བདུད་རྩི་ལྔ་དང་སྟོབས་ལྔ་ཡི། །དེ་ཡི་ནང་དུ་ས་བོན་བསམ། །དེ་ལས་སྐྱེས་པའི་བདུད་རྩི་ལྔ། །སྟོབས་ལྔར་གཏོར་རྫས་བསམ་པར་བྱ། །དེ་ནས་ལག་པ་གཡོན་པ་དང༌། །ཡི་གེ་ཨོཾ་གྱིས་སྦྱང་བར་བྱ། །ལག་པ་གཡས་དང་ཨཱཿ་ཡིག་གིས། །རྫས་དེ་ཉིད་ནི་སྤེལ་བར་བྱ། །ལག་པ་གཉིས་ཀྱིས་བཀབ་ནས་ནི། །ཡི་གེ་ཧཱུཾ་གིས་འབར་བར་བསམ། །ནམ་མཁའ་ལྡིང་གི་ཕྱག་རྒྱ་དང༌། །ཡི་གེ་ཧོཿ་ཡིས་བདུད་རྩིར་བྱ། དེ་ལྟར་བསྒྲུབ་པར་བྱས་ནས་ནི། །ཁྲོ་བོ་ལ་སོགས་རྣམས་ལ་སྦྱིན། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་བའི། །ཕྱག་རྒྱ་ཧཾ་ཡིག་གིས་དགུག་སྟེ། །གཙུག་ཏོར་ལ་སོགས་ཁྲོ་བོ་བཅུ། །གཏོར་མ་དེ་ཡིས་ཚིམ་པར་བྱ། །སྔོན་དུ་རིགས་བཞིའི་ས་བོན་ནི། །རྣལ་འབྱོར་པ་ཡིས་བརྗོད་པར་བྱ། །དེ་ནས་ཁྲོ་བོ་བཅུ་ཡི་མིང༌། །འཁོར་དང་ལྷན་ཅིག་བརྗོད་པའོ། །གཏོར་མ་འདི་དང་དྲི་མེ་ཏོག །སྤོས་དང་མར་མེ་མི་ཟང་པ། །སྦྱིན་ཏེ་དེ་རྣམས་འཁོར་དང་བཅས། །བྱོན་ནས་མྱུར་བར་གཏོར་མ་འདི། །ཟུངས་


DTG013_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤིག་ཟོ་ཞིག་འཐུངས་ཤིག་བརྗོད། །དེ་ནས་ཛཿ་ཧཱུཾ་བཾ་ཧོཿ་རྣམས། །རྣལ་འབྱོར་པས་ནི་བརྗོད་པར་བྱ། །ཚིམ་ནས་སེམས་ཅན་ཐམས་ཅད་ལ། །ཞི་དང་རྒྱས་པ་བསྲུང་བར་གྱིས། །དེ་ནས་ཧོ་དང་ཧཱུཾ་དང་ཕཊ། །རྡོ་རྗེ་སེམས་དཔའི་སྣང་བ་དང༌། །ཐ་མར་ཡི་གེ་སྭཱ་ཧཱ་ནི། །རྣལ་འབྱོར་པས་ནི་བརྗོད་པར་བྱ། །དེ་ལ་སྔགས་ནི་འདི་ཡིན་ཏེ། །ཨོཾ་ཨཱཿ་ཧཱུཾ་ཧོཿ། ཨུཥྞཱི་ཥ་སུམྦྷ་ནི་སུམྦྷ། བིགྷྣཱནྟ་ཀ །ནཱི་ལ་དཎྜ། པྲཛྙཱནྟ་ཀ །ཊཀྐི་རཱ་ཛཱ། པདྨའཏ་ཀ །ཨཱ་ཙ་ལ། ཡ་མཱནྟ་ཀ །མ་ཧཱ་བ་ལེ་བྷྱཿ་ས་པ་རི་ཝཱར་རེ་བྷྱཿ་ས་པ་རི་ཝཱ་རེ་བྷྱཿ་ཨི་དཾ་བི་ལཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨ་ཀྵ་ཏཾ། ད་དཱ་མེ་ཧི། ཏེ་ཙཱ་ག་ཏྱ་ས་པ་རི་ཝཱ་རཱཿ་ཤཱི་གྷྲཾ་ཨི་དཾ་བི་ལཾ། གྲྀཧྣནྟུ། ཁཱ་དནྟུ། པི་ཝནྟུ་ཛཿཧཱུཾ་བཾ་ཧོཿ་སཾ་གྟྲྀཔྟཱཿ་སརྦ་སཏྭཱ་ནཱཾ། ཤཱིནྟཾ། པུཥྟིཾ། རཀྵ་ཨཱ་བ་ར་ཎ་གུ་པྟིཾ། ཀུརྦ་ནྟུ་ཧྰཾ་ཧཱུཾ་ཕཊ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བྱ་བའོ། །ཆོ་ག་འདི་ཡིས་ལྷ་རྣམས་དང༌། །ཕྱོགས་སྐྱོང་གཟའ་དང་ཀླུ་རྣམས་དང༌། །འབྱུང་པོ་རྣམས་ལ་གཏོར་མ་ནི། །གྲི་གུག་རལ་གྲི་རིན་ཆེན་དང༌། །པདྨའི་འཁོར་ལོའི་ཕྱག་རྒྱ་ཡིས། །བྱིན་ནས་གཤེགས་སུ་གསོལ་བར་བྱ། །ལག་པའི་རྒྱབ་དང་སེ་གོལ་གསུམ། །ཀྵ་ཡིག་གིས་ནི་གཤེགས་སུ་གསོལ། །དེ་ལྟར་ཐམས་ཅད་བྱས་ནས་ནི། །དེ་ནས་ས་ནི་བརྐོ་བར་བྱ། །ཆུའམ་རྡོ་བའི་བར་དུ་ནི། །བརྐོས་ནས་ཟུག་རྔུ་ཤེས་པར་བྱ། །གལ་ཏེ་སོལ་བརྭ་བྱུང་ན། །སློབ་དཔོན་བདག་ཉིད་འཆི་བར་འགྱུར། །དེ་ནས་རིན་ཆེན་དུང་བྱུང་ན། །དགེ་བའི་ལས་ནི་འགྲུབ་པར་བྱེད། །གལ་ཏེ་ས་རྡེ་དཀར་ཡིན་ན། །ས་དེ་ཉིད་ཀྱིས་དགང་བར་བྱ། །ཡང་ན་ས་དཀར་གཞན་མ་དང༌། །ཙནྡན་ཤེལ་དང་སྐྱུར་བ་དང༌། །ལྷན་ཅིག་བསྲེས་ནས་དགང་བར་བྱ། །སྔོན་དུ་ས་གཟུང་དུས་སུ་ནི། །རྩེ་ལྔ་ལ་སོགས་ཕྱག་རྒྱ་དང༌། །ཡི་གེ་ཧཱུཾ་ཧཱུཾ་ལ་སོགས་ནི། །རྐང་པ་གཡོན་དང་གཡས་ལ་བསམ། །དེ་ནས་ས་དབུས་ལ་སོགས་བཅག །དྲི་དང་མེ་ཏོག་ལ་སོགས་ཀྱིས། །ས་ཡི་ལྷ་མོ་མཆོད་པར་བསམ། །དེ་ལ་ཨརྒྷ་སྦྱིན་པའི་སྔགས་ནི། ཨོཾ་ཨཱཿཧཱུཾ་ཧོཿ་ཞེས་བྱ་བའོ། །སྔགས་འདི་ཡིས་ཤེལ་གྱི་སྣོད་ནས་ཨརྒྷ་བཟུང་ནས་སའི་ལྷ་མོ་ལ་དབུལ་བར་བྱའོ། །སྔོན་དུ་སྤྱན་འདྲེན་པའི་སྔགས་ནི། །ཨོཾ་ལཾ་ཧཱུཾ་བཛྲ་བྷཱུཾ་མི་ཏི་ཥྛ་མ་ཙ་ལ་ཧུཾ་ཧཱུཾ་ཕཊ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པའི་སྔགས་


DTG013_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིས་སྤྱན་དྲངས་ནས་ཨརྒྷ་ལ་སོགས་པ་དབུལ་བར་བྱའོ། །དེ་ནས་ཉ་གྲོ་དྷའི་ཤིང་གིས་སོར་བཅུ་གཉིས་ཙམ་དུ་ཕུར་བུ་བཅུར་བྱས་ནས་ཕྱོགས་སྐྱོང་བཅུ་ལ་གདབ་པར་བྱ། །དེ་ནས་ཕྱོགས་བཅུ་ལ་གནས་པའི་བགེགས་ལ་སོགས་པ་རྣམས་བཀུག་ནས། དེ་རྣམས་ནི་སྙིང་ག་ལ་སོགས་པར་ཁྲོ་བོའི་རྒྱལ་པོ་རྣམས་འོག་ནས་རྩེ་གསུམ་དུ་བསམས་ནས་མནན་པར་བསྒོམ་མོ། །དེ་ལ་སྔགས་འདི་བརྗོད་པར་བྱ་སྟེ། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། བཛྲ་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ཏི་ཥ་ཊ་མུ་ཁ། ཥཊ་བྷུ་ཛ་ཡ་ཥ་ཊ་ཙ་ར་ཎེ། སརྦ་བིགྷྣཱཾ་བི་ནཱ་ཡ་ཀཱ་དི་དུ་ཥྚཱ་ནཾ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ནཱ་ནཾ། ཀཱི་ལ་ཡ་ཀཱི་ལ་ཡ་ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་བྱ་བ་ནི་ཕུར་བུ་འདེབས་པའི་སྔགས་སོ། །དེ་ནས་བརྡུང་བའི་སྔགས་ནི། ཨོཾ་ལླཱྀཿ་བཛྲ་མུངྒ་ར་མཱ་རཱ་དྷཱི་ནཱཾ་ཤི་རཱ་སི་ཀཎྛེ་ཧྲྀ་ད་ཡེ་ནཱ་བཽ་གུ་ཧྱེ་ཨི་ན་ཏེ། བཛྲ་ཀཱི་ལ་ཀཱ་ན་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ། ཀྵཾ་ཀྵཱཾ་ཀྵིཾ་ཀྵཱི་ཀྵྼྀ་ཀྵྼྀ་ཀྵུཾ་ཀྵཱུཾ་ཀྵླྀ་ཀྵླཱྀ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཅེས་བྱའོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པ་ལ་མཆོད་པ་བྱས་ནས་སྔགས་འདིས་བྱིན་གྱིས་བརླབ་པ་བྱས་ནས་དཀྱིལ་འཁོར་གྱི་དབུས་སུ་དགོད་པར་བྱའོ། །ཨོཾ་ཧཾ་ཧྰཾ་ཧིཾ་ཧཱིཾ་ཧྲིཾ་ཧྲཱྀཾ་ཧུཾ་ཧཱུཾ་ཧླཱི། བཛྲ་པདྨ་ཨ་མྲྀ་ཏ་གྷ་ཊེ་སུ་བི་ཤུདྡྷ་དྷ་རྨ་དྷཱ་ཏུ་སྭ་བྷཱ་ཝ་སརྦ་དྷརྨཱ་ན་སུ་བི་ཤུདྡྷ་དྷ་རྨ་དྷཱ་ཏུ་སྭ་བྷཱ་ཝཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ་ཞེས་བྱ་བ་ནི། བྱིན་གྱིས་བརླབ་པའི་སྔགས་སོ། །སླར་ཡང་དྲི་ལ་སོགས་པ་བྱིན་ནས། དཀྱིལ་འཁོར་གྱི་དབུས་སུ་དགོད་པར་བྱའོ། །དེ་ནས་ཐིག་སྐུད་ལ་ལྷ་མོ་རྣམས་དགོད་པར་བྱས་ལ། དྲི་ལ་སོགས་པས་མཆོད་པ་བྱས་ནས་བྱིན་གྱིས་བརླབ་པའི་སྔགས་འདི་བརྗོད་ནས། སླར་ཡང་མཆོད་པ་ལ་སོགས་ནི། །བྱིན་ནས་ཐིག་སྐུད་གདབ་པར་བྱ། །སྟ་གོན་ཆོ་ག་བརྩམ་པར་བྱ། །དེ་ལ་སྔོན་དུ་སློབ་མས་ནི། །མཎྜལ་ལ་སོགས་ཐམས་ཅད་བྱ། །ཁྲུས་དང་དཀར་པོའི་གོས་གྱོན་ནས། །དཀྱིལ་འཁོར་ས་རུ་གཞུག་པར་བྱ། །དེ་ནས་དེ་ལ་དག་པའི་ཕྱིར། །སློབ་དཔོན་གྱིས་ནི་སོ་ཤིང་སྦྱིན། །ཨུ་དུ་མྺཱ་རའམ་འོ་མའི་ཤིང༌། །སྐྱེས་པའི་སོར་ནི་བཅུ་གཉིས་ལ། །མཆོད་པ་ལ་སོགས་བྱས་ནས་ནི། །ཤར་དུ་མངོན་ཕྱོགས་ལ་སྦྱིན་ནོ། །དེ་ལ་སོ་ཤིང་བྱིན་གྱིས་བརླབ་པའི་སྔགས་འདི་ཡིན་ཏེ། ཨོཾ་ཨཱཿཧཱུཾ་


DTG013_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཧོཿ་ཧཾ་ཀྵཿ་བཛྲ་དནྟ་ཀཱཥྛ། ཙ་ཏུ་ར་བི་མོཀྵ་མུ་ཁ་ཤུདྡྷི་སྭ་བྷཱ་བ་ཀཱ་ཡ་པཱ་ཀ་ཙིཏྟ་ཛྙཱ་ན་མུ་ཁ་དན་ཏཱ་དི་མ་ལཾ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་བྱ་བའོ། །སློབ་མས་སོ་དག་བྱས་ནས་ནི། །དཀྱིལ་འཁོར་ལ་ནི་དོར་བར་བྱ། །མགོ་བོ་གང་གིས་གང་དུ་ལྷུང༌། དེ་ལ་གནས་པའི་ལས་གྲུབ་པའོ། །དེ་ནས་སློབ་མ་བསྲུང་བའི་ཕྱིར། །སྤྱི་བོ་མགྲིན་པ་སྙིང་ག་དང༌། །ལྟེ་བ་གསང་བ་གཙུག་ཏོར་དུ། །ཨོཾ་ཨཱཿ་ཧཱུཾ་ཧོཿ་ཧཾ་ཀྵཿ་ནི། རིགས་དྲུག་པ་ནི་དགོད་པར་བྱ། །ཕྱི་ནས་དེ་ལ་སྔགས་འདི་ཡིས། །རྡོ་རྗེ་སེམས་དཔའ་བསྐུལ་བར་བྱ། །དེ་ལས་སྔགས་ཀྱི་རྐང་པ་རྣམས་ནི། །ཨོཾ་ཨ་ཨཱ་ཨཾ་ཨཱཿ་བཛྲ་སཏྭཱ། མ་ཧཱ་སུ་ཁ། བཛྲ་ཀཱ་ལ་ཙ་ཀྲ། ཤཱི་ཥྱ་སྱ། ཨ་བྷི་མུ་ཁོ་བྷ་བ། སན་དུ་ཥྚོ་བྷ་ཝ། བ་ར་དོ་བྷ་བ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨདྷི་ཥྛཱ་ན་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པའོ། །དེ་ནས་དཀྱིལ་འཁོར་དབུས་སུ་ནི། །བུམ་པ་རྣམ་པར་རྒྱལ་བ་དགོད། །ཤར་དང་ནུབ་དང་ལྷོ་དང་བྱང༌། །རྡོ་རྗེ་ཐིག་སྐུད་ས་ཚེ་ན་སྣོད། །རྡོ་རྗེ་དྲིལ་བུ་རིམ་པས་དགོད། །དེ་ནས་བཟང་ངན་ཤེས་པའི་ཕྱིར། །ལྷོ་ཡི་ཕྱོགས་སུ་ཉལ་ས་ནི། །བྱས་ན་སྦྱིན་གྱིས་བརླབ་པར་བྱ། །བྱིན་གྱིས་བརླབ་པའི་སྔགས་ནི། ཨོཾ་ཧོཿ་བཛྲ་ཀ་མ་ལ་ད་ལ་གརྦྷེ་ཤ་ཡེ་བཛྲ་སུ་ཁ་མ་ཧཱ་ནི་དྲཱཾ་ཀ་རོ་མི་ཡ་ཐཱ་ཏ་ཐཱ་ག་ཏ་ན་ཀྲྀ་ཏཱ་ཧཿཧཿ་སྭཱ་ཧཱ་ཞེས་བྱའོ། །དེ་ནས་ནུབ་ཕྱོགས་མགོ་བོ་དང༌། །ཤར་དུ་རྐང་པ་བསྟན་པར་བྱ། །བསྒོམ་པ་ལ་སོགས་སྟོབས་ཀྱིས་ནི། །རྨི་ལམ་བཟང་ངན་བལྟ་བར་བྱ། །གལ་ཏེ་སངས་རྒྱས་བྱང་ཆུབ་སེམས། །ལྷ་མོ་རྣམས་ནི་ཕྱག་མཚན་བསྣམས། །གླིང་བུ་ཌ་རུ་ལ་སོགས་ནི། །མཐོང་བ་དག་པར་འགྲུབ་པར་འགྱུར། །ཡང་ན་རྡོ་རྗེ་མཁའ་འགྲོ་དང༌། །གྲི་གུག་ཐོད་འཛིན་མཁའ་འགྲོ་མ། །བགེགས་དང་ལོག་འདྲེན་ལ་སོགས་བཅོམ། །མཐོང་ན་དེ་བཞིན་བཟང་པོ་ཡིན། །དེ་ནས་ཅུང་ཟད་མི་མཐོང་ན། །དེ་ནི་འབྲིང་པོར་ཤེས་པར་བྱ། །དེ་ནས་བདུད་ཀྱི་རིགས་རྣམས་ནི། །ལྟོགས་དང་བཀྲེས་དང་ལུས་སྐམ་པ། །ལག་ན་མཐོང་བ་གྲི་གུག་འཛིན། །སྐྱེས་བུ་མཁས་པ་རྣམས་ལ་ནི། །ཅོ་འདྲི་བྱེད་པ་མཐོང་ན་ནི། །དེ་ནི་ཤིང་ཏུ་མི་དགེ་བའོ། །མཐོང་མ་ཐག་ཏུ་ཉལ་ས་ནི། །དོར་ནས་མཆོད་པ་ལ་སོགས་བརྩམ། །དེ་རྣམས་ལ་ནི་སྔགས་འདི་ཡིས། །གཏོར་མ་དག་པར་བྱས་ནས་སྦྱིན། །དེ་ལ་གཏོར་མ་སྦྱང་བའི་སྔགས་ནི། ཨོཾ་ཕྲེཾ་བཛྲ་


DTG013_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཌཱ་ཀི་ནཱི་བཛྲ་དྷཱ་ཏྠཱི་ཤྭ་རི་ག་ག་ན་སྭ་བྷཱ་བ་སརྦ་དྲ་བྱ་བི་ཤོ་དྷ་ནི་སརྦ་དྲ་བྱ་ཎི་བི་ཤོ་དྷ་ཡ་ཧཱུཾ་ཕྲེཾ་ཕཊ། ཅེས་བྱ་བ་ནི་བགེགས་ལ་སོགས་པ་ཉམས་པའི་ཕྱིར་གཏོར་མ་སྦྱང་བའི་སྔགས་སོ། །དེ་ནས་སྤྱན་འདྲེན་པའི་སྔགས་ནི། །ཨོཾ་ཧ་ཧཱ་ཧི་ཧཱི་བཛྲ་བྷྲཻ་ར་བ་ཨཱ་ཀཪྵ་ཡ་ཨཱ་ཀཱཪྵ་ཡ་པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་བནྡྷ་ཡ། བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། ཛཿ་ཧཱུཾ་བཾ་ཧོཿ་སརྦ་ཌཱ་ཀཱི་ནཱི་ནྰཾ་ཧྲྀ་ད་ཡཾ་ཧུཾ་ཧཱུཾ་ཕྲེཾ་ཕྲེཾ་ཕཊ་ཅེས་བྱ་བའོ། །དེ་ནས་རྡོ་རྗེ་ཕྱག་རྒྱ་དང༌། །སྔ་མ་བཞིན་དུ་སྔགས་རྣམས་ཀྱིས། །རྡོ་རྗེ་མཁའ་འགྲོ་མ་རྣམས་ལ། །སྔོན་བཞིན་གཏོར་མ་ལ་སོགས་སྦྱིན། །དེ་རྣམས་ཀྱིས་ཀྱང་ཁྱེར་ནས་ནི། །དུར་ཁྲོད་ས་རུ་ཟ་བར་བསམ། །དེ་ནས་སླར་ཡང་སྲུང་འཁོར་ལོ། །རྣལ་འབྱོར་པས་ནི་བསྒོམ་པར་བྱ། །སླར་ཡང་བཅོམ་ལྡན་རྡོ་རྗེ་ཤུགས། །བདག་ཉིད་དུ་ནི་བསམ་པར་བྱ། །སླར་ཡང་འཁོར་ལོ་དྲུག་ལ་ནི། །རིགས་པའི་ས་བོན་དགོད་པར་བྱ། །དེ་ནས་བདག་ལ་དབང་བསྐུར་ཕྱིར། །སྔགས་ཀྱི་རྐང་པ་བརྗོད་པར་བྱ། །ཨོཾ་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧྲྀཾ་ཧྲཱྀཾ་ཧུཾ་ཧཱུཾ་ཧླྀཾ་ཧླྀཾ་ཨཱ་ཨཱི་རྀ་སཱུ་ལཱྀ་བཛྲ་ཌཱ་ཀི་ནྱོ་བཛྲ་ཨ་མྲྀ་ཏ་གྷ་ཊཻ་རཱ་བྷི་ཥིཉྩ་ཏུ་མཱཾ་སྭཱ་ཧཱ། ཞེས་བྱ་བ་ནི་ཆུའི་དབང་ལ་སོགས་པ་གསོལ་བ་འདེབས་པའི་སྔགས་སོ། །ཨོཾ་ཨཾ་ཨིཾ་རིཾ་ཨུཾ་ལིཾ་སརྦ་བུ་དྷྷ་བཛྲ་མུ་ཀུ་ཊཾ་མ་མ་པཉྩ་བུ་དྡྷ་ཏྨ་ཀཾ་བནྡྷ་ཡནྟུ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནི་ཅོད་པན་གྱི་སྔགས་སོ། །ཨོཾ་ཨ་ཨཱ་ཨཾ་ཨཿ་ཧ་ཧཱ་ཧཾ་ཧཿ་ཕྲེཾ་ཧོཿ་སརྦ་པཱ་ར་མི་ཏཱ་མ་མ་བཛྲ་བཊྚཾ་བནྡྷ་ཡནྟུ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བ་ནི་དར་དཔྱངས་ཀྱི་སྔགས་སོ། །ཨོཾ་ཧུཾ་ཧེཿ་བིཛྙཱ་ནཛྙཱ་ན་སྭ་བྷཱ་ཝེ་ཀ་རུ་ཎཱ་པྲཛྙཱ་ཨ་ཏྨ་ཀེ །བཛྲ་བཛྲ་གྷཎྚེ་ས་བྱེ་ཏ་ར་ཀ་ར་ཡོརྨ་མ་བཛྲ་སཏྭཿ་ས་པྲ་ཛྙི་ད་དཱ་ཏུ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བ་ནི་རྡོ་རྗེ་དྲིལ་བུ་ལའོ། །ཨོཾ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨ་ལ་ཨཱ་ལ་ཨཾ་ཨཿ་སརྦ་བོ་དྷི་སཏྭཱཿ་སཏྭཿ་ས་བྷཱ་ཪྻཱཿ་སརྦ་དཱ་སརྦ་ཀཱ་མོ་པ་བྷི་གཾ་བཛྲ་པྲ་ཏཾ་མ་མ་ད་དཱནྟུ་སཱ་ཧཱ། རྡོ་རྗེ་བརྟུལ་ཞུགས་ལའོ། །ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་སརྦ་ཀྲོ་དྷ་རཱ་ཛཱཿ་ས་བྷ་ཪྻཱ་མཻ་ཏྲཱི་ཀ་རུ་ཎཱ་མུ་དི་ཏོ་པེ་ཀྵཱ་སརྦ་ས་མ་ཏཱ་སྭ་བྷཱ་ཝཾ་བཛྲ་པཱུ་ནཾ་ག་མཾ་ནཱ་མ་མེ་ད་ད་ནྟུ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བ་ནི་མིང་གིའོ། །ཨོཾ་ཨེ་ཝཾ་པདྨ་བཛྲ་ཙི་ཧྣཽ་པྲ་ཛྙོ་པཱ་ཡཽ་མཎྜལ་ལ་ཨ་དྷི་པ་ཏི་བཛྲ་སུ་ལ་ཛྙཱ་ནཱཾ་གཾ་མ་མ་ད་ད་ཏཱཾ་ཧཾ་ཧཿ་ཧཱུཾ་ཕཊ། ཅེས་བྱ་བ་ནི་རྗེས་སུ་གནང་བ་ལའོ། །དེ་ལྟར་དབང་བདུན་ཐོབ་པའི་ཕྱིར། །རྣལ་འབྱོར་པས་ནི་གསོལ་བ་འདེབས། །


DTG013_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྔགས་ཀྱི་རྐང་པ་བརྗོད་ནས་ནི། །བདག་ཉིད་དབང་བདུན་བསྐུར་བར་བསམ། །དེ་ནས་དབང་བདུན་ཐོབ་ནས་ནི། །རྣལ་འབྱོར་པས་ནི་ང་རྒྱལ་བཟུང༌། །དེ་ལ་དབང་བདུན་གྱི་ང་རྒྱལ་འཛིན་པའི་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་སཔྟ་ཨ་བྷི་ཥེ་ཀ་སཔྟ་བྷུ་མི་པྲཱབྟོ་ཧཾ་ཞེས་བྱའོ། །དེ་ནས་བུམ་པ་གསང་བ་དང༌། ཤེས་རབ་ཡེ་ཤེས་དབང་གི་ཕྱིར། །སྔགས་ཀྱི་རྐང་པ་འདི་རྣམས་ཀྱིས། །རྣལ་འབྱོར་པས་ནི་གསོལ་བ་འདེབས། །ཨོཾ་ཨོཾ་པྲ་ཛྙོ་པཱ་ཡཽ་ཀ་ལ་ཤ་ཨ་བྷི་ཥེ་ཀཾ་མེ་ད་ད་ཏཱཾ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བ་ནི་བུམ་པའི་དབང་ལ་གསོལ་བ་འདེབས་པའི་སྔགས་སོ། །ཨོཾ་ཨཱཿ་པྲ་ཛྙོ་པཱ་ཡཽ་གུ་ཧྱ་ཨ་བྷི་ཥེ་ཀཾ་མེད་ད་ཏཱཾ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བ་ནི་གསང་བ་ལའོ། །ཨོཾ་ཧུཾ་པྲ་ཛྙོ་པཱ་ཡཽ་བཛྲ་ས་ཏྭ་བི་ཤྭ་མཱ་ཏ་རཽ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་ད་དཱ་ཏཱཾ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ལའོ། །དེ་ལྟར་གསོལ་བ་བཏབ་ནས་ནི། །བདག་ཉིད་དབང་ནི་ཐོབ་པར་བསམ། །སྔགས་ཀྱི་རྐང་པ་འདི་རྣམས་ཀྱིས། །དེ་ནས་ང་རྒྱལ་འཛིན་པར་བྱ། །ཨོཾ་ཨོཾ་བཛྲ་སཏྭེ་ན་བཛྲ་ཀ་ལ་ཤ་ཨ་བྷི་ཥེ་ཀེ་ན་ཨ་བྷི་ཥི་ཀྟོ་བཛྲ་སཏྭ་པུ་ཏྲོ་ཨ་ཙ་ལཱ་བྷཱུ་མི་ལབྡྷོ་ཧཾ། ཞེས་བྱ་བ་ནི་བུམ་པའི་དབང་གི་ང་རྒྱལ་ལོ། །ཨོཾ་ཨཱཿ་བཛྲ་ས་ཏྭེ་ན་གུ་ཧྱ་ཨ་བྷི་ཥེ་ཀེ་ན་ཨ་བྷི་ཥི་ཀྟོ། བཛྲ་ས་ཏྭ་ཡུ་བ་རཱ་ཛོ་ན་བབྷུ་མི་ལབྡྷོ་ཧཾ། ཞེས་བྱ་བ་ནི་གསང་བའོ། །ཨོཾ་ཧཱུཾ་བཛྲ་སཏྭེ་ན་པྲཛྙཱ་ཛྙཱ་ན་ན་ཨ་བྷི་ཥེ་ཀྟོ་ན་ཨ་བྷི་ཥེ་ཏྭ་དྭི་ཏཱི་ཡ་བཛྲ་དྷ་རོ་ཧཾ་དྷརྨ་མེ་གྷཱ་བྷཱུ་མི་ལ་བྡྷོ་ཧཾ། ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ལའོ། །དེ་ལྟར་ང་རྒྱལ་འཛིན་ནས་ནི། །བླ་ན་མེད་པ་འཐོབ་པའི་ཕྱིར། །སྔགས་ཀྱི་རྐང་པ་འདི་རྣམས་ཀྱིས། །གསོལ་བ་བཏབ་ནས་ཐོབ་པར་བསམ། །ཨོཾ་ཧོ་པྲོཛྙ་པཱ་ཡ་ཨཱཏྨ་ཀཾ་བཛྲ་སཏྭ་མཧཱ་མུ་དྲཱ་ཛྙཱ་ན་ཨབྷི་ཥེ་ཀཾ་མ་པྲ་ཡཙྪ། ཨོཾ་ཨཱཿཧུཾ་ཧོཾ་ཕཊ། ཅེས་བྱ་བ་ནི་གསོལ་བ་འདེབས་པའི་སྔགས་སོ། །དེ་ནས་དབང་བཞི་ཐོབ་པར་བསམ་ནས། །རྡོ་རྗེ་སེམས་དཔའི་ང་རྒྱལ་འཛིན་པའི་ཕྱིར་སྔགས་འདི་བརྗོད་པར་བྱ་སྟེ། ཨོཾ་ཧོ་དྷརྨ་དྷཱ་ཏྭ་ཨཀྵར་ཙ་ཏུརྠ་ཨ་བྷི་ཥེ་ཀེ་ན་ཨ་བྷི་ཥེ་ཀརྟོ་བཛྲ་སཏྭེ་ན་ཨཏྨ་ན་ཨ་ཧཾ་དྭི་ཏཱི་ཡོ་དྭཱ་ད་ཤ་བྷཱུ་མི་ལབྡྷོ་ཧཾ་བཛྲ་ས་ཏྭོ་མ་ཧཱརྠཱཿ་པ་ར་མ་ཨཀྵ་རཿ་ཏྲཻ་ལོཀྱ་བི་ཛ་ཡཿ་ཀཱ་ལ་ཙ་ཀྲོ་བྷ་ག་ཝན་ཨེ་ཝཾ་ཀཱ་རཿ། ཞེས་བྱ་བ་ནི། དབང་བཞི་པ་ཐོབ་པའི་ང་རྒྱལ་ལོ། །ཆོ་ག་དེ་བཞིན་དུ་ཕྱག་རྒྱ་དྲུག་


DTG013_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་སོགས་པའི་སྔགས་རྣམས་ནི། དྲི་མ་མེད་པའི་འགྲེལ་པ་ལས་ཤེས་ནས་ལས་རྣལ་འབྱོར་པས་བྱིན་གྱིས་བརླབ་པའི་ཕྱིར་བརྗོད་པར་བྱའོ། །དེ་ནས་སླར་ཡང་མཚན་མ་ནི། །སློབ་མ་ཡང་ནི་སློབ་དཔོན་གྱིས། །དགེ་བ་མཐོང་བར་གྱུར་ནས་ནི། །དེ་ནས་ཐིག་གདབ་པ་ལ་སོགས་པ་བརྩམས་ནས་ཤར་དུ་དགོད་པར་བྱའོ། །ཨོཾ་ཨཱ་ཨཱིཾ་རཱི་ཨཱུཾ་ལཱིཾ་བཛྲ་སཱུ་ཏྲ་སརྦྦ་དྷ་རྨཻ་ཀ་སརྦྦ་དྷ་རྨཻ་ཀ་ཨཱ་ཀཱ་ར་སྭ་བྷཱ་ཝཱན་ཀུ་རུཀུ་རུ་སྭཱ་ཧཱ། ཞེས་བྱ་བའོ། །དེ་བཞིན་དུ་དུ་རྡུལ་ཚོན་གྱི་སྣོད་རྣམས་ལ་སངས་རྒྱས་ཐིམ་པར་བྱས་ནས། དྲི་ལ་སོགས་པས་མཆོད་པར་བྱས་ཏེ། དེ་ནས་སྔགས་འདི་བརྗོད་པར་བྱའོ། །ཨོཾ་ཨོཾ་ཨིཾ་རིཾ་ཨུཾ་ལིཾ་སུ་བི་ཤུདྡྷ་ད་ཉྩ་སྐནྡྷ་སྭཱ་བྷཱ་ཝ་པ་ཉྩ་སྐནྡྷ་ན་སུ་བི་ཤུདྡྷ་དྷ་རྨཱན་ཀུ་རུ་ཀུ་སྭཱ་ཧཱ། སྔགས་འདི་བཟླས་བརྗོད་བྱས་ནས་སླར་ཡང་དྲི་ལ་སོགས་པས་མཆོད་པ་བྱས་ནས་མཆོད་པ་བྱས་ནས་སྔགས་འདི་བརྗོད་པར་བྱ་སྟེ། ཨོཾ་ཧཱུཾ་ཀྲོ་དྷ་བཛྲ་སརྦྦ་སཏྭ་ཀ་རུ་ཎ་ཨཱམྟ་ཀ་སརྦ་དྷ་རྨ་ཨེ་ཀ་སུ་ཁ་སྭ་བྷཱ་ཝ་སརྦ་དྷརྨཱ་བཛྲ་སུཁ་སྭབྷཱ་ཝཱན་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བྱའོ། །དེ་ནས་དྲི་ལ་སོགས་པ་བྱིན་ནས་ལྷོ་ཕྱོགས་སུ་དགོད་པར་བྱའོ། །དེ་ནས་རྡོ་རྗེ་དྲལ་བུ་ལ་མཆོད་པ་བྱས་ནས། སྔགས་འདི་བརྗོད་པར་བྱ་སྟེ། ཨོཾ་ཧོ་བཛྲ་གྷ་ཎྚེ་སརྦ་དྷ་རྨ་ཨེ་ཀ་པྲཛྙཱ་དྷ་ནི་སྭ་བྷཱ་བེ་ས་རྦ་ཀ་རེ་སརྦ་དྷ་རྨཱ་པྲ་བོ་དྷ་ནི་སརྦ་དྷ་རྨཱ་ན་ནི་སྭ་བྷཱ་པེ་ན་པྲ་བོ་དྷ་ཡ་སྭཱ་ཧཱ། ཞེས་བྱའོ། །དེ་ལྟར་བྱིན་གྱིས་བརླབས་ནས་བྱང་ཕྱོགས་སུ་དགོད་པར་བྱའོ། །དེ་ནས་མཆོད་པ་ལ་སོགས་པ་དང་སླར་ཡང་གཏོར་མ་སྦྱིན་པར་བྱ། །དེ་ལ་རྒྱས་པའི་ཆོ་ག་ནི། འགྲེལ་བ་དྲི་མ་མེད་པ་ལས་ཤེས་པར་བྱའོ། །དེ་ལྟར་སྲུང་བ་ལ་སོགས་པ་ནི། བྱང་ནས་ཐིག་སྐུད་གདབ་པར་བྱ། །སློབ་དཔོན་དང་ནི་སློབ་མ་ཡིས། །ཤར་དང་ནུབ་ཏུ་མངོན་ཕྱོགས་སུ། །ལག་པ་གཡོན་དང་གཡས་པ་ཡིས། །ཐིག་སྐུད་བཟུང་ནས་སྔགས་འདི་བརྗོད། ཨོཾ་ཨཱཿཧཱུཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཏཻ་ཀ་བྷུ་ཏཿ་སརྦ་དྷཱརྨཱ་ཨེ་ཀཱ་ཀ་རེ་ཎ་བཛྲ་སརྦ་སཏྭོ་ཧཾ་བཛྲ་བྷུ་མྱཾ་སཱུ་ཏྲ་ཨཱ་མི་ཧཱུཾ་ཨཱ། ཕཊ། ཅེས་བྱ་བ་ནི། ཐིག་སྐུད་རྒྱས་པར་བྱས་ནས་སྔགས་འདི་བརྗོད་པར་བྱའོ། །དེ་ནས་བཛྲ་སཱུ་ཏྲཱ་ཨེ་ཀཱ་ཀཱ་ར་ས་རཱུ་པེ་ན་ཛཿཛཿཛཿསརྦ་དྷ་རྨཱ་ན་སཱུ་ཏྲ་ཡ་ཨོཾ་ཨཱ༔ཧཱུཾ་ཧོཿཧཾ་ཀཱཿཕཊ། ཅེས་བྱ་བ་ནི་ཐིག་སྐུད་གདབ་པའི་དུས་སུ་བརྗོད་པར་བྱའོ། །དེ་ནས་སློབ་དཔོན་གྱིས་གཡོན་ཕྱོགས་སུ་སྐྱིལ་མོ་ཀྲུང་ཕྱེད་བྱས་ལ། རྐང་པ་གཡས་པས་ལ་བཞག་པའི་ལུགས་སྟངས་དང༌།


DTG013_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སློབ་མ་དེ་ལས་བ་ཟློག་པའི་རིམ་པའི་འདུག་སྟངས་ཀྱིས་ཚངས་པའི་ཐིག་གདབ་པར་བྱའོ། །དེ་བཞིན་དུ་སློབ་དཔོན་ལྷོ་ནས་མངོན་པར་ཕྱོགས་པ་དང༌། སློབ་མ་བྱང་ནས་ལྟོ་རུ་མངོན་པར་ཕྱོགས་པས་ཐིག་གདབ་པར་བྱའོ། །དེ་བཞིན་དུ་མཚམས་དག་པའི་ཕྱིར་མཚམས་བཞི་ལ་ཐིག་གདབ་པར་བྱའོ། །དེ་ནས་ཤར་དང་ནུབ་དང་ལྷོ་དང་བྱང་དུ་ཆོ་ག་འདི་ཡིས་ཐིག་གདབ་པར་བྱའོ། །སོར་གསུམ་བདག་ཉིད་གྱུར་པ་ཡིས། །ལེ་ཚེ་བཅུ་དྲུག་རྣམས་སུ་བྱ། །དེ་རྣམས་ལེ་ཚེ་བཞི་ཡིས་ནི། །སོར་བཅུ་གཉིས་པོས་པདྨའོ། །དེ་ཡི་སུམ་ཆ་ལྟེ་བ་ནི། །བཅོམ་ལྡན་འདས་ཀྱི་གདན་ཡིན་ནོ། །དེ་ཡི་ཕྱི་རོལ་ལེ་ཚེ་གཅིག །རེ་ཁཱ་གསུམ་དང་རྡོ་རྗེ་ཕྲེང༌། །དེ་ནས་ཕྱེད་དང་སོར་གཅིག་གིས། །ར་བའི་ས་དང་ཀ་བའོ། །དེ་བཞིན་དུ་ནི་སོར་བཞི་པོས། །སངས་རྒྱས་རྣམས་དང་ལྷ་མོའི་གདན། །དེ་བཞིན་དྲི་སོགས་ལྷ་མོ་དང༌། །སྣ་ལ་སོགས་པའི་ལྷ་རྣམས་ཀྱི། །སོར་བཞི་པོས་ནི་གདན་ཡིན་ནོ། །སོར་གསུམ་གྱིས་ནི་རྩིག་པའི་ས། །དེ་ཡི་ཕྱེད་ཀྱིས་རིན་ཆེན་གནས། །དྲ་བ་དྲ་བ་ཕྱེད་ཀྱིས། །རྩིག་པ་བཞིན་དུ་ཤེས་པར་བྱ། །བཱ་ཀུ་ལི་ཀྲ་ཤིར་ཥ་ནི། དེ་ཡི་ཕྱེད་ཀྱིས་ཤེས་པར་བྱ། །ལེ་ཚེ་གཉིས་ཀྱི་སོར་དྲུག་གིས། །སྒོ་ཡི་མཚན་ཉིད་ཤེས་པར་བྱ། །སྒོ་ལས་གསུམ་ལྡབ་གྱུར་པ་ནི། །སོར་བཅོ་བརྒྱད་ནི་རྟ་བབས་སོ། །དེ་ལྟར་ཐུགས་ཀྱི་དཀྱིལ་འཁོར་ལ། །ཐིག་གདབ་པ་ཡི་ཆོ་གའོ། །དེ་ནས་རང་གི་ནུས་ཚད་ནི། །ཤེས་ནས་གསུང་སྐུའི་དཀྱིལ་འཁོར་ནི། །གལ་ཏེ་བྲི་བར་འདོད་གྱུར་ན། །དྲི་མེད་འགྲེལ་ལས་ཤེས་པར་བྱ། དེ་ལ་མངོན་པར་དབང་གི་ཕྱིར། །ཐུགས་ཀྱི་དཀྱིལ་འཁོར་གཅིག་པུས་ཆོག །དེ་ལྟར་ཐིག་གདབ་བྱས་ནས་ནི། །སླར་ཡང་གཏོར་མ་སྦྱིན་པར་བྱ། །དེ་ནས་ཡོ་བྱད་ཚོགས་ཤེས་ནས། །དེ་དང་མཐུན་པར་རྡུལ་ཚོན་བྱ། །ནོར་བུ་རིན་ཆེན་ལ་སོགས་དང༌། །དེ་བཞིན་བཏགས་པའི་ས་ཚོན་རྣམས། །སཱ་ལི་ལ་སོགས་རྣམས་ཀྱིས་ཀྱང༌། །ས་ཚོན་དགྱེ་བརྩམ་པར་བྱ། །བཅོམ་ལྡན་འདས་ཀྱི་ཞལ་རྣམས་ཀྱི། །རྣམ་པར་དག་ཕྱིར་ཤར་དང་ལྷོ། །དེ་བཞིན་ནུབ་དང་བྱང་དུ་ནི། །རྡུལ་ཚོན་དགྱེ་བ་ཤེས་པར་བྱ། །ས་ཚོན་དགྱེ་བ་རྫོགས་ནས་ནི། །དེ་ནས་ས་བོན་


DTG013_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་སོགས་དགོད། །རྡུལ་ཚོན་དཀྱིལ་འཁོར་བྲི་བ་ལ། །སྐུ་གཟུགས་བྲི་བར་མི་རུང་ངོ༌། །དེ་བས་ན། ས་བོན་ལ་སོགས་མཚན་མའམ། རྣལ་འབྱོར་བས་ནི་བྲི་བར་བྱ། །ཡང་ན་དེ་ལས་བྱུང་བ་ཡི། །ལྟེ་བའི་དབུས་སུ་ས་བོན་ནོ། །ཡི་གེ་ཧཱུཾ་ནི་བྲི་བར་བྱ། །ཡང་ན་དེ་ལས་བྱུང་བ་ཡི། །རྡོ་རྗེ་རྩེ་གསུམ་སྔོན་པོའོ། །དེ་ནས་ཤར་ལྷོ་ནུབ་དང་བྱང༌། །ཨི་རི་ལི་ཨུ་བྲི་བར་བྱ། །ཡང་ན་རལ་གྲི་རིན་ཆེན་དང༌། །འཁོར་ལོ་དེ་བཞིན་པདྨའོ། །ཡང་ན་ཉི་མའི་འཁོར་ལོ་ལ། །ནག་པོ་ལ་སོགས་བྲི་བར་བྱ། །དེ་བཞིན་དུ་ནི་མཚམས་བཞི་ལ། །ཨཱི་རཱི་ལཱི་ཨཱུ་བྲི་བར་བྱ། །ཡང་ན་རལ་གྲི་ལ་སོགས་ནི། །ཟླ་བ་ལ་ནི་མཚན་མའོ། །དེ་བཞིན་དབང་པོ་ཡུལ་རྣམས་ཀྱི། །ས་བོན་མཚན་མ་ཤེས་པར་བྱ། །ཤར་སྒོ་གཡས་དང་མེ་ཡི་མཚམས། །དེ་བཞིན་ལྷོ་ནུབ་བདེ་བྲལ་དུ། །ནུབ་དང་རླུང་གི་མཚམས་དང་ནི། །བྱང་ཕྱོགས་དང་ནི་དབང་ལྡན་དུ། ཤར་སྒོའི་གཡས་དང་ནུབ་ཀྱི་ལྷོར། །དེ་བཞིན་ལྷོ་སྒོའི་ཤར་དང་ནི། །དེ་བཞིན་བྱང་སྒོའི་ནུབ་ཏུ་སྟེ། །ཨེ་ཨཻ་ཨངཨཱར་ཨལ་ཨཱལ་དང༌། །དེ་བཞིན་ཨོ་ཨཽ་བྲི་བར་བྱ། །ཨ་ཨཱ་ཨཾ་ཨཿ་ཨི་གེ་རྣམས། །ཉི་ཟླའི་སྟེང་དུ་བྲི་བར་བྱ། །ཐབས་ཀྱི་གདན་ནི་ཉི་མ་དང༌། །ཤེས་རབ་མ་ཡི་ཟླ་བའོ། །ཡང་ན་རིགས་དང་མཐུན་པ་ཡི། །དེ་ཡི་མཚན་མ་བྲི་བར་བྱ། །དེ་ནས་སྒོ་བཞི་ཉི་མ་ལ། །ཡ་ར་ཝ་ལ་བྲི་བར་བྱ། །ཡང་ན་རལ་གྲི་དབྱུག་པ་དང༌། །པདྨ་དེ་བཞིན་ཐོ་བའོ། །ས་བོན་ལ་སོགས་བཀོད་ནས་ནི། །དེ་ནས་མཆོད་པ་ལ་སོགས་བརྩམ། །ཤེལ་གྱི་བུམ་པ་སྨིན་དང་ལྡན། །བཅུ་སྟེ་དུང་ཕོར་བཅུ་གཅིག་པའོ། །དཀྱིལ་འཁོར་མདུན་དུ་གནས་བྱས་ཏེ། །རྣལ་འབྱོར་པས་ནི་མཆོད་པར་བྱ། །སངས་རྒྱས་ལྔ་དང་ལྷ་མོ་ལྔའི། །ས་བོན་བུམ་པའི་ནང་དུ་བསམ། །དེ་ལས་སྐྱེས་པའི་མཚན་མ་རྣམས། །མཚན་མ་ལས་བྱུང་ལྷ་མོ་ལྔ། །དེ་ལྟར་དམ་ཚིག་སེམས་རྫོགས་ནས། །ཡེ་ཤེས་སེམས་དཔའ་དགུག་པར་བྱ། །དེ་དང་ལྷན་ཅིག་རོ་མཉམ་ཉིད། །བྱས་ནས་ཆུ་ཡི་བདག་ཉིད་བསམ། །དེ་ལྟར་བསྒོམ་པར་བྱས་ནས་ནི། །དེ་ནས་རང་རང་མཚན་གྱིས་མཆོད། །དེ་བཞིན་རང་གི་སྙིང་ག་ལས། །


DTG013_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྷ་དང་ལྷ་མོ་སྤྲོ་བར་བྱ། །སྤྲོས་ནས་དཀྱིལ་འཁོར་གནས་སུ་ནི། །རྣལ་འབྱོར་བས་ནི་བཞུགས་པར་བསམ། །ཡེ་ཤེས་སེམས་དཔའ་བཀུག་ནས་ནི། །དཀྱིལ་འཁོར་དུ་ནི་ཐིམ་པས་བསྒོམ། །དེ་བཞིན་སྐུ་གཟུགས་ལ་སོགས་ལ། །དེ་ཉིད་དུ་ནི་རབ་གནས་བྱ། །དཀྱིལ་འཁོར་ཕྱི་རོལ་ས་མཉམ་དུ། །རེ་ཁཱ་ལྔ་ཡིས་མཎྜལ་བྱ། །དབུས་སུ་སྐུ་གཟུགས་ལ་སོགས་ནི། །བ་ཀོད་ནས་སྟོང་ཉིད་བདག་ཉིད་བསམ། །བྱིན་ནས་ས་བོན་ལ་སོགས་ཀྱིས། །ལྷ་ཡི་བདག་ཉིད་བསམ་པར་བྱ། །ཡེ་ཤེས་སེམས་དཔའ་ལྷན་ཅིག་ཏུ། །རོ་མཉམ་ཉིད་དུ་བསྒོམ་པར་བྱ། །དེ་ནས་ཐུན་མཚན་གཅིག་གཉིས་སམ། །ཡང་ན་ཉིན་མཚན་གཅིག་གི་བར། །དམར་པོ་རས་ཀྱིས་བཀབ་ནས་ནི། །སྐུ་གཟུགས་ལ་སོགས་པ་བར་བྱ། །ཕྱི་ནས་གསལ་པོར་བྱས་ནས་ནི། །རིགས་དྲུག་ལ་སོགས་དགོད་པར་བྱ། །དེ་ནས་ཁྲུས་དང་མཆོད་པ་ནི། །བྱས་ནས་དེ་ལ་མཆོད་པར་བྱ། །གཟུགས་བརྙན་ལ་སོགས་རབ་གནས་ནི། །བྱས་ནས་དབང་བསྐུར་བ་རྩམ་པར་བྱ། །དེ་ནས་དབང་བསྐུར་བུམ་པ་རྣམས། །བསྲུང་བའི་ཕྱིར་ནི་དམ་ཚིག་ལྡན། །སློབ་མ་རྣམས་དང་རྣལ་འབྱོར་མ། །སློབ་དཔོན་གྱིས་ནི་དགོད་པར་བྱ། །དེ་ནས་དཀྱིལ་འཁོར་ཕྱི་རོལ་དུ། །བུམ་བ་རྣམས་ནི་ཡང་དག་དགོད། །རྡོ་རྗེ་སེམས་དཔའ་ལ་སོགས་ལ། །དྲི་དང་མེ་ཏོག་མར་མེ་དང༌། །སྤོས་དང་ལྷ་བ་ཤོས་མཆོད་རྫས་ཀྱིས། །དེ་རྣམས་ལ་ནི་མཆོད་པར་བྱ། །དེ་ནས་ཁྲུས་དང་དྲི་བྱུང་བའི། །གོས་སེར་གྱོན་ནས་སློབ་མ་ཡིས། །ཕྱི་རོལ་དུ་ནི་མཎྜལ་བྱ། །དེ་ནས་སློབ་དཔོན་ཞས་ཀྱི་རྩར། །རྫས་ལ་སོགས་པ་དབུལ་བར་བྱ། །དེ་ནས་མངོན་པར་དབང་བསྐུར་ཕྱིར། །བསྟོད་པའི་སྒོ་ཡིས་གསོལ་བ་འདེབས། །དཀོན་མཆོག་གསུམ་ལ་སྐྱབས་སུ་དང༌། །བྱང་ཆུབ་ཏུ་ནི་སེམས་བསྐྱུད་དང༌། །བསླབ་པ་རྣམས་ཀྱི་སྔོ་མ་པ་ནི། །བཟུང་ནས་སྨོན་ལམ་འདེབས་པར་བྱ། །སྲིད་པའི་འཇིག་པ་འཕྲོག་བྱེད་པ། །སྲིད་པའི་སྐྱོན་གྱིས་གོས་མི་འགྱུར། །ཕུན་སུམ་ཚོགས་པ་ཀུན་གྱི་གནས། །ཁྱོད་ཀྱི་ཞབས་ལ་སྐྱབས་སུ་མཆེ། །ཟད་མེད་འཁོར་བའི་འཛིགས་པ་ལས། །བདག་གི་སྐྱབས་ནི་གཞན་མ་མཆིས། །དེ་བས་སྙིང་རྗེ་ཆེ་མཛད་


DTG013_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནས། །དེ་རིང་བདག་ལ་སྐུ་དྲིན་མཛོད། །ཅེས་བྱ་བ་ནི་གསོལ་བ་འདེབས་པའོ། །རྡོ་རྗེ་རིགས་ལ་རྡོ་རྗེ་དང༌། །ཕྱག་རྒྱ་དྲིལ་བུ་བླ་མ་སྟེ། །བྱ་བ་ཐམས་ཅད་དོར་ནས་ནི། །དུས་ཀུན་ཏུ་ནི་གཟུང་བར་བྱ། །དེ་བཞིན་རིན་ཆེན་རིགས་ལ་ནི། །ཡིད་བཞིན་ནོར་བུ་བསྒྲུབས་ནས་སུ། །བསོད་ནམས་ཆོགས་ནི་འཕེལ་བའི་ཕྱིར། །རྣམ་བཅུའི་སྤྱིན་པ་སྦྱིན་པར་བྱ། །འཁོར་ལོའི་རིགས་ལ་ཡང་དག་གནས། །བདུད་རྩི་སྟོབས་ལྔའི་དམ་ཚིག་དང༌། །ཕུང་པོ་དང་ནི་དབང་པོའི་ཚོགས། །དུས་ཀུན་དུ་ནི་བསྲུང་བར་བྱ། །དེ་བཞིན་བླ་མ་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་མཁའ་འགྲོ་མ། །གུས་པ་ཀུན་གྱིས་དུས་ཀུན་ཏུ། །རལ་གྲིའི་རིགས་ལ་མཆོད་པར་བྱ། །ཚུལ་ཁྲིམས་སྡོམ་པ་བསྲུང་བའི་ཕྱིར། །རིགས་དང་རིགས་མིན་འགྲོ་བ་ལ། །པདྨའི་རིགས་ལ་གནས་བྱས་ནས། །ཚངས་པར་སྤྱོད་པས་བསྲུང་བར་བྱ། །རང་དང་གཞན་གྱི་དོན་གྲུབ་ཕྱིར། །སྟོང་ཉིད་ཉིད་རྗེའི་བདག་ཉིད་ནི། །རྩེ་གཅིག་རིགས་ལ་གནས་ནས་ནི། །ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱ། །དེ་ནས་སློབ་མའི་མིག་གཉིས་ནི། །རས་དམར་པོའམ་སེར་པོ་ལ། །བྱིན་གྱིས་བརླབ་པར་བྱས་ནས་ནི། །བཅིངས་ནས་དཀྱིལ་འཁོར་ནང་གཞུག་བྱ། །དེ་ནས་མེ་ཏོག་དོར་བའི་ཕྱིར། །ལག་པ་གཉིས་ཀྱི་སྦྱོར་བ་ལ། །ལན་བདུན་ཡི་གེ་གསུམ་གྱིས་ནི། །མངོན་པར་བསྔགས་ནས་མེ་ཏོག་སྦྱིན། །དེ་ནས་མིག་དག་པའི་དར་ལ་བྱིན་གྱིས་བརླབ་པའི་སྔགས་ནི། །ཨོཾ་སརྦ་ད་ཤ་ཨཾ་ག་ནི་རོ་དྷ་ཀ་རི་ཎེ་ཧཱུཾ་ཕཊ། ཅེས་བྱ་བའོ། །དེ་ནས་བརྟུལ་ཞུགས་ཉི་ཤུ་ལྔ། །བྱིན་ནས་མེ་ཏོག་དོར་བར་བྱ། །ཨོཾ་ཏ་ཐཱ་ག་ཏ་ཀུ་ལ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བྱ་བ་ནི་མེ་ཏོག་དོར་བའི་སྔགས་སོ། །མེ་ཏོག་དང་ནི་མིག་གི་དར། །དུས་གཅིག་ཏུ་ནི་དགྲོལ་བར་བྱ། །ཨོཾ་བྱེ་ནྡྲི་ཡཎྩ་ཏ་ཨུད་གྷ་ཊ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་མིག་དབྱེ་བའི་སྔགས་སོ། །དེ་ནས་སངས་རྒྱས་ལ་སོགས་ཀྱིས། །བྱིན་གྱིས་བརླབ་ཕྱིར་བདུད་རྩི་དང༌། །དེ་བཞིན་སྔོན་དུ་བསྒྲུབས་བྱས་པའི། །སྤོས་ནི་དེ་ལ་སྦྱིན་པར་བྱ། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋཿ་ཞེས་བྱ་བ་ནི་བདུད་རྩི་སྤྱིན་པའི་སྔགས་སོ། །དེ་བཞིན་དུ་སྤོས་ཀྱིས་ངགས་ནི། །ཨོཾ་ཨ་ར་ར་ར་ར་ལ་ལ་ལ་ལ་བཛྲ་ཨཱ་བེ་


DTG013_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤ་ཡ་ཧཱུཾ། ཞེས་བྱ་བའོ། །དེ་ནས་ཕེབས་པའི་མཚན་ཉིད་ནི། །ཤེས་ནས་ཉེ་བར་ཞི་བར་བྱ། །དེ་ནས་རྟེན་དང་བརྟེན་པ་ཡི། །དཀྱིལ་འཁོར་ལ་སོགས་བསྟན་པར་བྱ། །དེ་ལྟར་ཤར་ཕྱོགས་དེ་དག་སོགས། །བྱང་ནས་བྱང་སྒོར་ཁྲིད་པར་བྱ། །དེ་ཡི་ལུས་པོ་དག་པའི་ཕྱིར། །ཆུ་ཡི་དབང་ནི་རབ་ཏུ་བསྐུར། །བུམ་པ་རྣམས་ཀྱི་ཆུ་བསྡུས་ནས། །རྣམ་རྒྱལ་དྲུང་དུ་བླུགས་པར་བྱ། །ལྷ་མོ་སྒྲོལ་མ་ལ་སོགས་ཀྱིས། །སྔགས་ཀྱིས་དེ་ཡི་གནས་ལྔར་བསྐུར། །སྤྱི་བོ་དང་ནི་ཕྲག་པ་གཉིས། །རྐེད་པའི་ཚིགས་ལ་གཡས་གཡོན་དུའོ། །དེ་ལ་ཆུའི་དབང་བསྐུར་བའི་སྔགས་ནི། ཨོཾ་ཨཱ་ཨི་རཱི་ཨུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བྱ་བའོ། །ཁམས་གསུམ་རྣམ་པར་དག་པའི་ཕྱིར། །ཆུ་ཡི་དབང་ནི་བསྐུར་ནས་སུ། །ཕུང་པོ་ལྔ་ནི་དག་པའི་ཕྱིར། །ཅོད་པན་དབང་ནི་བསྐུར་བར་བྱ། །རིན་ཆེན་གསེར་གྱི་བདག་ཉིད་དམ། །ཡང་ན་གོས་ཀྱི་བདག་ཉིད་དེ། །སངས་རྒྱས་ལྔ་ཡི་བདག་ཉིད་དུ། །བསྒོམས་ནས་དེ་ཡི་མགོ་བོར་སྦྱིན། །དེ་ལ་སྔགས་ནི། ཨོཾ་ཨ་ཨི་རྀ་ཨུ་ལྀ་པ་ཉྩ་ཏ་ཐ་ག་ཏ་པ་རི་ཤུདྡྷ་སྭཱཧཱ། ཞེས་བྱ་བའོ། །དེ་ལ་གཡས་སྒོར་གྱིས་ཁྲིད་ནས། །ལྷོ་སྒོར་ངག་ནི་དག་པའི་ཕྱིར། །ཕ་རོལ་ཕྱིན་བཅུའི་བདག་ཉིད་ནི། །དར་དཔྱངས་དབང་ནི་བསྐུར་བར་བྱ། །དེ་ལ་སྔགས་ཀྱི་རྐང་པ་རྣམས་ནི། །ཨོཾ་ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿཧོ་ཕྲེམ་ད་ཤ་པཱ་ར་མི་ཏི་ཨཱ་རི་པཱུ་ར་ཎ་སྭཱཧཱ། ཞེས་བྱ་བས་སོ། །དེ་ནས་རྡོ་རྗེ་དྲིལ་བུ་ནི། །མགོ་བོ་ལ་ནི་གཞག་པར་བྱ། །ཐབས་དང་ཤེས་རབ་བདག་ཉིད་ནི། །བསྒོམས་ནས་སྔགས་འདི་བརྗོད་པར་བྱ། །ཨོཾ་ཧཱུཾ་ཧོ་སཱུ་ཪྻཱ་ཙནྡྲ་བི་ཤོ་དྷ་ཀ་སྭཱཧཱ། ཞེས་བྱ་བའོ། །རྣམ་པར་རྒྱལ་བའི་དུང་ཆུ་ནི། །སློབ་མའི་མགོ་བོར་བླུགས་པར་བྱ། །དེ་ལྟར་ངག་ནི་དག་བྱས་ནས། །གཡས་སྐོར་ཤར་སྒོར་ཁྲིད་པར་བྱ། །དེ་རུ་སེམས་ནི་དག་པའི་ཕྱིར། །བརྟུལ་ཞུགས་དབང་ནི་བསྐུར་བར་བྱ། །དེ་ལ་སྔགས་ནི། །ཨོཾ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿ་བི་ཥ་ཡ་ཨིནྡྲི་ཡ་བི་ཤོ་དྷ་ནི་སྭཱཧཱ། ཞེས་བྱ་བའོ། །སྔགས་ཀྱི་རྐང་པ་འདི་བརྗོད་ནས། །རྣ་བ་སོགས་ལ་མེ་ཏོག་སྤྱིན། །དེ་བཞིན་དུ་ནི་མིང་གི་དབང༌། །གནས་ལྔར་སྔ་མ་བཞིན་དུ་བསྐུལ། །


DTG013_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཙ་ཏུ་རྦྲ་ཧྨ་བི་ཧ་རི་བི་ཤུ་དྡྷ་སྭཱ་ཧཱ། ཞེས་བྱ་བའོ། །སྔགས་འདི་བརྗོད་པར་བྱས་ནས་ནི། །ལག་པ་དང་ནི་རྐང་པ་ལ། །ལག་གདུབ་རྐང་གདུལ་བ་ལ་སོགས་སམ། །མེ་ཏོག་ཕྲེང་བ་བཅིང་བར་བྱ། །དེ་ནས་རྡོ་རྗེ་ཆེ་ག་མོ། །ཁྱོད་ནི་དེ་ཡི་མིང་བརྗོད་དོ། །དེ་ལྟར་སེམས་ནི་དག་བྱས་ནས། །ཡེ་ཤེས་ཞལ་ཕྱོགས་ཁྲིད་པར་བྱ། །སྔ་མ་བཞིན་དུ་གནས་ལྔ་ལ། །རྗེས་སུ་གནང་བའི་དབང་བསྐུར་རོ། །ཨོཾ་ཧཾ་ཀྵཿདྷརྨ་ཙ་ཀྲ་པྲ་ཝ་རྟ་ཀ་སྭཱ་ཧཱ། ཞེས་བྱ་བའོ། །སྔགས་འདི་བརྗོད་པར་བྱས་ནས་ནི། །ལག་པ་གཡས་དང་གཡོན་པ་ལ། །རྡོ་རྗེ་དྲིལ་བུ་བྱིན་ནས་ནི། །དེ་ནས་དེ་ལ་ལུང་བསྟན་ཏོ། །སྔོན་དུ་ལོ་དང་ཟླ་བ་དང༌། །ཕྱོགས་དང་ཚེས་སོགས་བརྗོད་པར་བྱ། །དཀྱིལ་འཁོར་ཆེ་གེ་མོ་དང་ནི། །དེ་བཞིན་སློབ་དཔོན་ཆེ་གེ་མོས། །སློབ་མ་ཆེ་གེ་མོ་ལ་ནི། །འཇིག་རྟེན་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་གིས་དབང་བདུན་པོས་ལུང་བསྟན། །དེ་ལྟར་དབང་བདུན་བསྐུར་ནས་ནི། །དེ་ཡི་དག་པ་ལ་སོགས་བྱ། །དེ་ནས་བུམ་པ་གསང་བ་དང༌། །ཤེས་རབ་ཡེ་ཤེས་སྦྱིན་པར་བྱ། །སློབ་མ་མཆོག་དང་འབྲིང་པོ་ལ། །རིམ་པ་ཇི་བཞིན་ཐ་མ་སྟེ། །དགེ་སློང་དགེ་ཚུལ་ཁྱིམ་པ་ནི། །ཤེས་ནས་དབང་ནི་བརྩམ་པར་བྱ། །དེ་ལ་སྔོན་དུ་ཕྱག་རྒྱ་བཅུ། །རང་གི་རིགས་སྐྱེས་བཙལ་བར་བྱ། །ལོ་ནི་བཅུ་གཉིས་བཅུ་དྲུག་དང༌། །ཡང་ན་ཉི་ཤུ་ལོན་པའོ། །ཡོན་ཏན་ཐམས་ཅད་དང་ལྡན་པའི། །གཟུགས་དང་ལང་ཚོས་བརྒྱན་པའོ། །ཁྱིམ་ཐབ་ལྷན་ཅིག་སློབ་མས་ནི། །བླ་ན་མེད་པའི་དབང་གི་ཕྱིར། གསེར་ལ་སོགས་པའི་མེ་ཏོག་གིས། །མཎྜལ་བྱས་ནས་གསོལ་པ་བཏབ། །སྒྲིབ་པ་ཐམས་ཅད་འཇོམས་མཛད་པ། །དུས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །མཆོག་ཏུ་མི་འགྱུར་བདེས་གང་བ། །ཡེ་ཤེས་སྐུ་ནི་ཁྱོད་ལ་འདུད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །གང་ཞིག་མི་འགྱུར་བྱང་ཆུབ་སེམས། །མགོན་པོ་དབང་དེས་བདག་ལ་ནི། །དེ་རིང་དུ་ནི་སྐུ་དྲིན་མཛོད། །བུ་དང་ཁྱིམ་ཐབ་ལ་སོགས་བཅས། །ཀུན་ནས་ཁྱོད་ཀྱི་བདག་འབངས་སོ། །བྱང་ཆུབ་སྙིང་པོའི་བར་དུ་ནི། །བདག་ལ་སྐྱབས་སུ་གཞན་མ་མཆིས། །དེ་ལྟར་ཞུ་བ་བྱས་ནས་ནི། །ཕྱག་རྒྱ་དེ་རྣམས་དབུལ་བར་


DTG013_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ། །དེ་ལ་སྔོན་དུ་བུམ་པ་དང༌། །ཕྱག་རྒྱ་བཅུ་ཡིས་དགེ་སློང་བཀྲུ། །བུམ་པ་དྲུག་དང་ཕྱག་རྒྱ་མོ། །དྲུག་གིས་དགེ་ཚུལ་བཀྲུ་བར་བྱ། །བུམ་པ་གཅིག་དང་ཕྱག་རྒྱ་གཅིག །ཁྱིམ་པ་ལ་ནི་བཀུར་བར་བྱ། །དེ་ལ་སྔགས་ནི། །ཁམས་གསུམ་པོས་ནི་ཕྱག་བྱས་པའི། །མངོན་པར་དབང་ནི་རྡོ་རྗེ་ཆེ། །གསང་གསུམ་གནས་ལས་བྱུང་བ་ཡི། །སངས་རྒྱས་རྣམས་ལ་སྦྱར་བར་བྱ། །ཞེས་བྱ་བ་བརྗོད་ནས། །སྔགས་འདི་བརྗོད་པར་བྱ་སྟེ། ཨ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱ་ཧཱ་ཞེས་བྱ་བའོ། །དེ་ལྟར་བུམ་པའི་དབང་བསྐུར་ནས། །ཕྱི་ནས་གསང་བ་བསྐུར་བར་བྱ། །དེ་ལ་སློབ་མའི་ཕྱག་རྒྱ་ནི། །སྣ་ཚོགས་ཡུམ་གྱི་བདག་ཉིད་བསྒོམ། །དེ་ཡི་འཁོར་ལོ་དྲུག་ལ་ནི། །ཨོཾ་ཡིག་ལ་སོགས་དགོད་པར་བྱ། །མེ་ཏོག་ལ་སོགས་བྱིན་ནས་ནི། །དེ་ནས་སྙོམས་པར་ཞུགས་པར་བྱ། །སྐལ་དང་ལྡན་པའི་སློབ་མ་ལ། །རྡོ་རྗེ་ཉིད་ཀྱི་གསང་བ་སྦྱིན། །ཡང་ན་འབྲིང་པོར་གྱུར་པ་ན། །མིང་མེད་མཐེ་བོང་གིས་བསྐུར་རོ། །དེ་ལ་ཚིགས་བཅད་འདི་བརྗོད་པར་བྱ་སྟེ། འདས་པའི་རྡོ་རྗེ་སེམས་རྣམས་ཀྱིས། །སངས་རྒྱས་སྲས་ལ་དབང་བསྐུར་ཞིང༌། །མཆོག་ཏུ་བྱང་ཆུབ་སེམས་ཀྱིས་ནི། །བུ་ཁྱོད་ལ་ནི་དེ་བཞིན་བསྐུར། །ཨེ་མ་ཧོ་ནི་བདེ་བ་ཆེ། །སློབ་མས་བརྗོད་ནས་གཟུང་བར་བྱ། །དེ་ནས་བདེ་བ་དེ་ཉིད་ནི། །མྱོང་བའི་ཕྱིར་ནི་ཕྱག་རྒྱ་སྟེ། །སློབ་དཔོན་ལ་དབུལ་དེ་ཉིད་ནི། །ཡང་ན་དེ་ལ་གཞན་མ་སྦྱིན། །ནམ་ཕྱེད་ཆུ་ཚོད་གཉིས་ཀྱི་བར། །ཇི་ཙམ་ཆགས་ནུས་དེ་ཙམ་སྦྱིན། །དེ་ནས་ཚོགས་ཀྱི་འཁོར་ལོ་ནི། །གཤེགས་སུ་གསོལ་ནས་སྔོམ་པ་ནི། །དྲང་བའི་དོན་དང་ངེས་དོན་གྱིས། །རྣམ་པ་གཉིས་སུ་བཤད་པར་བྱ། །སྐལ་ལྡན་སློབ་མ་ཤེས་བས་ནི། །ཡང་ན་དབང་བདུན་དུས་སུ་བཤད། །མི་བསྐྱོད་པ་ཡི་ཏིང་འཛིན་གྱིས། །སྔོན་དུ་སྔགས་རྣམས་བསྒྲུབ་པར་བྱ། །མཚམས་མེད་ལས་ལྔ་བྱེད་པ་ཡི། །སྡིག་ལས་བསྲུང་བའི་ཕྱི་རུ་ནི། །སྲོག་གཅོད་པ་རུ་བྱས་ཡིན་གྱིས། །རང་དོན་ཕྱི་རུ་མ་ཡིན་ནོ། །ངེས་པའི་དོན་དུ་དེ་ཉིད་ནི། །རྡོ་རྗེ་རིགས་ཀྱི་གཙུག་ཏོར་བརྗོད། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྲོག །དེ་འགགས་པ་ནི་སྲོག་གཅོག་བརྗོད། །དེ་བཞིན་རལ་གྲིའི་རིགས་ལ་ནི། །ལམ་མིན་པ་ལས་ལྷུང་བ་རྣམས། །དེ་


DTG013_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་འདྲེན་ཕྱིར་བརྫུན་གྱི་ཚིགས་།སྨྲ་བར་བུ་ཡི་རང་ཕྱིར་མིན། །དེ་ཉིད་ངེས་པའི་དོན་དུ་ནི། །གཞོམ་མེད་སྙིང་གར་གང་གནས་པ། །སེམས་ཅན་ཀུན་སྙང་བདག་ཉིད་ཀྱིས། །དུས་གཅིག་ཏུ་ནི་ཆོས་བསྟན་བྱེད། །གང་ཞིག་མི་ནི་སེར་སྣ་ཅན། །ཡི་དགས་འགྲོ་ལས་ལྡོག་པའི་ཕྱིར། །རིན་ཆེན་རིགས་ཀྱི་ཏིང་འཛིན་གྱིས། །དེ་ཡི་ནོར་ནི་འཕྲོག་པར་བྱེད། །ངེས་པའི་དོན་དུ་རིན་ཆེན་རིགས། །མགྲིན་པས་བརྒྱད་པ་ཡི་གནས། །རྡོ་རྗེ་སེམས་དཔའི་ཡེ་ཤེས་ནི། །དེར་མཛོད་གཞན་གྱི་ནོར་འཕྲོག་མཛོད། །གང་ཞིག་རྣམས་ཀྱི་དབང་ཐོབ་ནས། །ཕྱི་ནས་ཕྲག་དོག་བྱེད་པ་སྟེ། །དེ་རྣམས་དུང་འགྲོར་མི་འགྲོའི་ཕྱིར། །པདྨའི་རིགས་ཀྱི་ཏིང་ངེ་འཛིན་གྱིས། །སྔགས་ནི་བསྒྲུབ་པར་བྱས་ནས་སུ། །གཞན་གྱི་བུད་མེད་ཕྲོག་བྱའོ། །རང་གི་དོན་ཕྱིར་མ་ཡིན་ནོ། །ངེས་པའི་ངོན་ཕྱིར་པདྨའི་རིགས། །བདེ་བ་ཆེན་པོའི་འཁོར་ལོར་བརྗོད། །གཞན་ཞེས་བྱ་བ་རྡོ་རྗེ་སེམས། །དེ་ཡི་བུད་མེད་གང་ཡིན་ལ། །ཕྱག་རྒྱ་ཆེན་མོར་དེ་བརྗོད་དོ། །བཟློག་པའི་བྱང་ཆུབ་སེམས་ཀྱིས་ནི་།ས་བཅུའི་གནས་སུ་ཁྲིད་པར་བྱ། །དེ་བཞིན་འཁོར་ལོའི་རིགས་ཀྱིས་ནི། །ཆད་དང་བདུད་རྩི་ལ་སོགས་ལ། །རིགས་འཛིན་རྣམ་རྟོག་འཇོམས་པའི་ཕྱིར། །བསྟེན་བྱའི་སྨོས་སོགས་ཕྱིར་མ་ཡིན། །དེ་བའི་དོན་དུ་འཁོར་ལོའི་རིགས། །ལྟེ་བའི་འཁོར་ལོ་ཞེས་སུ་བརྗོད། །ཆང་བཞིན་མྱོས་པར་བྱེད་པས་ན། །ཆང་ནི་ལྷན་ཅིག་སྐྱེས་དགར་སྤྱོད། །མར་མེ་ལྔ་ནི་དབང་པོ་ལྔ། །ཕྱི་ཡི་དངོས་པོ་གསལ་བར་བྱེད། །བདུད་རྩི་ལྔ་ནི་སངས་རྒྱས་ལྔ། །དྲི་ཆེན་དྲི་ཆུ་ལ་སོགས་བརྗོད། །དེ་རྣམས་ལ་ནི་བརྟེན་པ་ནི། །ཕྱི་རོལ་དུ་ནི་མི་འཇུག་པའོ། །ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ནི། །ཐོབ་ཕྱིར་རིགས་ངན་ལ་སོགས་པའི། །ཕུང་མེད་རྣམས་ལ་གྲི་གུག་དང༌། །ནམ་མཁའི་པདྨར་གཤུང་མི་བྱ། །ངེས་པའི་དོན་དུ་གྲི་གུག་ནི། །གསང་བའི་འཁོར་ལོ་ཞེས་སུ་བརྗོད། །སྐྱེ་གནས་བསྲུབ་པའི་དུས་སུ་ནི། །ཕྱི་རོལ་འཕོ་བར་མི་བྱའོ། །དེ་ལྟར་སྔོམ་པ་བྱིན་ནས་ནི། །དེ་ལ་གཞན་མ་བསྟན་པར་བྱ། །དགའ་དང་མཆོག་དགའ་བྲལ་བ་དང༌། །ཀུན་རྫོབ་ཏུ་ནི་ལྷན་ཅིག་སྐྱེས། །འཕོ་བའི་བདག་ཉིད་


DTG013_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གང་ཡིན་པ། །དོན་དམ་པར་ཏེ་མ་ཡིན་ནོ། །གང་ཞིག་འཕོ་མེད་བདེ་བ་ནི། །དོན་དམ་ལྷན་ཅིག་སྐྱེས་དེར་བརྗོད། །དེ་བས་རྣམ་འབྱོར་བ་ཡིས་ནི། །བདེ་བ་ཆེན་པོ་བསྲུང་བར་བྱ། །ལས་ཀྱི་ཕྱག་རྒྱར་སྦྱོར་དང༌། །ཡེ་ཤེས་ཕྱག་རྒྱ་རྗེས་ཆགས་པས། །བརྟུལ་ཞུགས་བརྟན་པས་བདེ་ཆེན་པོ། །བྱང་ཆུབ་སེམས་ནི་བསྲུང་བར་བྱ། །བྷ་གར་ལིངྒ་བཀོད་ནས་ནི། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པར། །སངས་རྒྱས་གཟུགས་སུ་བསྒོམ་པར་བྱ། །ཚུལ་ཁྲིམས་ཚོགས་ཀྱིས་རྫོགས་པ་དང༌། །བསོང་ནམས་ཡེ་ཤེས་དང་ལྡན་པའི། །སྐྱེ་བ་འདི་རུ་སངས་རྒྱས་ཉིད། །འདི་བསྲུངས་ནས་ནི་ཐོབ་པར་འགྱུར། །ཕ་རོལ་ཕྱིན་པ་བཅུ་ཐོབ་པ། །དུས་གསུམ་བསྐོར་མཛད་སངས་རྒྱས་རྣམས། །འདི་ཡིས་སངས་རྒྱས་ཀུང་ཡི་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད། །ཁམས་གསུམ་དབང་ཕྱུག་ཡེ་ཤེས་ནི། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རང་དང་གཞན་དུ་བསྒྲུབ་པའི་ཕྱིར། །དེ་ལས་གཞན་མ་ཡོད་མ་ཡིན། །སྐྱོབ་པ་ཀུན་གྱི་སྡོམ་པ་ནི། །གལ་ཏེ་བུ་ཁྱོད་སྲུང་བྱེད་ན། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི། །དེ་ལྟར་བྱང་ཆུབ་ཐོབ་པར་འགྱུར། །དེ་ནས་བདག་ཉིད་ཆགས་གྱུར་པས། །གཙོ་བོའི་མདུན་དུ་བཟུང་ནས་སུ། །སྔོམ་པ་སྲུང་བར་མི་བྱེད་ན། །དེ་ལྟར་ཁྱོད་ནི་ངུ་འབོད་འགྲོ་།གལ་ཏེ་སེམས་ནི་འཇམ་པའི་ཕྱིར། །སྐྱེ་གནས་བྱང་ཆུབ་སེམས་ལྷུང་ན། །དེ་ནས་ཕྱག་རྒྱ་ཤེས་ནས་ནི། །པདྨའི་ཕྱི་རོལ་རང་ལྕེས་བཟུང༌། །དེ་ལྟར་བླ་མས་སློབ་མ་ལ། །བྱང་ཆུབ་བསྒྲུབ་ཕྱིར་སྡོམ་པ་སྦྱིན། །དེ་ལྟར་སློབ་མས་སྔ་མ་བཞིན། །མཎྜལ་བྱས་ནས་ཡོན་དབུལ་བྱ། །དེ་ནས་དབང་གི་རབ་བྱེད་ཕྱིར། །སླར་ཡང་གསོལ་བ་གདབ་པར་བྱ། །བླ་མས་ཞི་བ་གསན་ནས་ནི། །བླ་མེད་དབང་གི་མཚན་ཉིད་བཤད། །ཉོན་ཅིག་བུ་ཁྱོད་དབང་གི་དོན། །དགའ་བ་བཅུ་དྲུག་མཚན་ཉིད་ཅན། །སེམས་ཅན་ཀུན་གྱི་བདེ་བ་ནི། །ཐུན་མོང་དུ་ནི་གནས་པའོ། །འདོད་ཆགས་ཀྱིས་ནི་ཡིད་དཀུགས་པ། །དགའ་བ་གདང་པོ་རྗེས་སུ་བརྗོད། །ཤེས་རབ་ཡན་ལག་ཁྱུད་པ་ཡིས། །དཔྲལ་བར་དགའ་བའི་བྱང་ཆུབ་སེམས། །ཞུ་བར་གྱུར་པའི་གནས་


DTG013_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐབས་ནི། །མཆོག་གི་དགའ་བ་གཉིས་པའོ། །དེ་ནས་འཁྲིག་པའི་དབང་གིས་ནི། །འདོད་ཆགས་མེ་ནི་འབར་བར་འགྱུར། །འབར་བས་ཐིག་ལེ་འཛག་པ་ནི། །ཁྱབ་པར་དགའ་བ་གསུམ་པའོ། །ལུས་ངག་སེམས་ཀྱི་ཐིག་ལེ་ནི། །ཐ་མར་བཞི་པ་འབྱུང་བའི་དུས། །རང་རིག་སྐད་ཅིག་གང་ཡིན་ལ། །ལྷན་ཅིག་སྐྱེས་པ་བཞི་པའོ། །བཞི་པོ་དེ་ཉིད་ལུས་དང་ངག །སེམས་དང་ཡེ་ཤེས་ཐིག་ལེ་ཡིས། །ཕྱེ་བར་གྱུར་པ་བཅུ་དྲུག་པའི། །དེ་ཁོ་ན་ཉིད་ཤེས་པར་བྱ། །ཕྱི་རོལ་དུ་ཡང་དེ་ཉིད་ནི། །ནམ་མཁའ་ལ་སོགས་དབྱེ་བ་ཡིས། །ཚེས་གཅིག་ལ་སོགས་བཅོ་ལྔ་དང༌། །ཆ་མེད་ཆ་ནི་བཅུ་དྲུག་པའོ། །ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་ཡང་དག་སྡུད་པ་འཛིན། །རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན། །ཆ་ཤས་མེད་དང་རྩིས་ལས་འདས། །བསམ་གཏན་བཞི་པོའི་རྩེ་མོ་འཆང༌། །སྟོང་ཉིད་ཡེ་ཤེས་དབང་གིས་ན། །གལ་ཏེ་དེ་ལྟར་གྱུར་པས་ན། །དེ་ལྟར་སངས་རྒྱས་སྐུ་བཞི་པོ། །ཐོབ་པར་འགྱུར་ཏེ་ཐེ་ཚོམ་མེད། །དེ་དག་ལ་སོགས་དབང་གི་དོན། །བཤད་ནས་ཚོགས་ཀྱི་འཁོར་ལོའི་ཕྱིར། །སློབ་མ་ལ་ནི་སློབ་དཔོན་གྱིས། །ཕྱི་ནས་ངེས་པར་སྦྱིན་པར་བྱ། །སློབ་མས་མངོན་པར་དབང་ཐོབ་ནས། །དེ་ནས་ལོ་གཅིག་ལོ་གསུམ་མམ། །ལོ་དྲུག་ལོ་ནི་བཅུ་གཉིས་པར། །རྒྱུད་ལ་སོགས་པ་མཉན་པར་བྱ། །རྩ་བ་དང་ནི་བསྡུས་པའི་རྒྱུད། །དེ་བཞིན་དུ་ནི་བཤད་པའི་རྒྱུད། །འགྲེལ་པ་ལ་སོགས་ལྷན་ཅིག་ཏུ། །ཤེས་པར་གྱུར་ནས་བླ་མ་ཡིས། །རྡོ་རྗེ་སློབ་དཔོན་དག་བྱེད་ཕྱིར། །སློབ་དཔོན་དབང་ནི་བསྐུར་པར་བྱ། །སྔོན་དུ་དུ་བ་ལ་སོགས་ལྡན། །བཞི་པའི་དབང་ནི་སྦྱིན་པར་བྱ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཕྱིར། །སྦྱོར་བའི་ཡན་ལག་དྲུག་པོ་བཤད། །དེ་ནས་དབེན་པའི་གནས་སུ་ནི། །ཕྱག་རྒྱ་བཅུ་དང་ལྷན་ཅིག་ཏུ། །སློབ་དཔོན་ལས་ནི་བརྩམ་པར་བྱ། །དེ་ལ་སྔོན་དུ་སློབ་མས་ནི། །བླ་མའི་ཆུ་སྐྱེས་ཞབས་ཀྱི་རྩར། །བླ་ན་མེད་པའི་བྱང་ཆུབ་བར། །དམ་བཅས་པ་ནི་འདི་ལྟར་བྱ། །དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་


DTG013_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྙིང་པོ་མཆིས་ཀྱི་བར། །སངས་རྒྱས་དང་ནི་བྱང་ཆུབ་སེམས། །དཔལ་ལྡན་བླ་མ་ཁྱོད་སྤངས་ནས། །བླ་མ་གཞན་ལ་རྨི་ལམ་དུ། །སྲོག་དོར་ནས་ཀྱང་བརྟེན་མི་བྱ། །གཞན་ཡང་དེ་བཞིན་དུས་ཀུན་ཏུ། །གཡོ་སྒྱུ་མེད་པའི་ནུས་ཚད་ཀྱིས། །ལུས་ངག་སེམས་དང་གསུམ་པོ་ནི། །གཙོ་བོའི་སྤྱན་སྔར་དབུལ་བར་བྱ། །དེ་ལྟར་སློབ་མའི་དམ་བཅའ་བ། །ཐོས་ནས་དེ་ནས་བླ་མས་དེར། །ཕྱི་རོལ་རེ་ཁཱ་ལྔ་ཡིས་ནི། །ཁྲུ་བཞི་པ་ཡི་མཎྜལ་བྱ། །དེ་དབུས་སྣ་ཚོགས་པདྨ་ནི། །འདབ་མ་བརྒྱད་པ་བྲི་བར་བྱ། །དེ་སྟེང་པདྨ་དང་ལྡན་པ། །ཞིང་གི་གདན་ནི་དགོད་པར་བྱ། །པདྨའི་སྟེང་དུ་དགེ་སློང་ནི། །གཞག་ནས་བུམ་པ་བཅུ་པོ་དང༌། །ཡོན་ཏན་ལྡན་པའི་ཕྱག་རྒྱ་བརྒྱད། །ལོ་བཅུ་ལོན་པའི་བུ་མོ་གཉིས། །དེ་དག་ལྷན་ཅིག་བཀྲུ་བར་བྱ། །སངས་རྒྱས་ལྔ་ཡི་བདག་ཉིད་ནི། །ཅོད་པན་དང་ནི་དར་དཔྱངས་དང༌། །ཕྱག་རྒྱ་དང་ནི་ལྷན་ཅིག་ཏུ། །དེ་ཡི་མགོ་ཕོར་བཅིང་བར་བྱ། །དེ་ལྟར་སློབ་དཔོན་དབང་གིས་ནི། །དགེ་སློང་རྡོ་རྗེ་འཛིན་པར་བྱ། །དེ་བཞིན་དགེ་ཚུལ་ཁྱིམ་པ་ལ། །སློབ་དཔོན་དབང་གི་དུས་སུ་ནི། །རེ་ཁཱ་ལྔ་ལྡན་པདྨས་དམན། །མཎྜལ་བྱས་ནས་དེ་སྟེང་དུ། །ཤིང་སྟན་ལ་བཞག་དབང་བསྐུར་བྱ། །ཕྱག་རྒྱ་བཞི་དང་བུ་མོ་གཉིས། །དེ་བཞིན་བུ་མ་པ་དྲུག་གིས་ཏེ། །བཀྲུས་ནས་དེ་ཡི་མགོ་བོ་ལ། །ཅོད་པན་ཕྱག་རྒྱ་སྦྱིན་པར་བྱ། །སྤྱི་ཡི་རེ་ཁཱ་གསུམ་གྱིས་ནི། །མཎྜལ་བྱས་ལ་དེ་དབུས་སུ། །སྤྱི་ཡི་གདན་གྱི་སྟེང་དུ་ནི། །སློབ་དཔོན་ཐ་མ་བཀྲུ་བར་བྱ། །ཕྱག་རྒྱ་གཅིག་དང་བུ་མོ་གཅིག །དེ་བཞིན་རྣམ་རྒྱལ་བུམ་པ་ཡིས། །བཀྲུས་ནས་མཐེ་བོང་རྡོ་རྗེ་འཛིན། །སློབ་དཔོན་གྱིས་ནི་སྦྱིན་པར་བྱ། །དེ་བཞིན་དུ་ནི་དེ་རྣམས་ལ། །མགྲིན་པ་ཚངས་པའི་སྐུད་བ་སྦྱིན། །དེ་ནས་ཕུ་བོ་ནུ་བོ་ཡི། །མིང་ནི་གསལ་པོར་བརྗོད་པར་བྱ། །ལོ་ནི་བཅུ་གཉིས་ལོན་པ་ཡི། །སློབ་དཔོན་དང་ནི་དམ་ཚིག་འཛིན། །གསེར་ནི་ཞུ་བའི་མདོག་དང་ལྡན། །རིགས་སོགས་ང་རྒྱལ་སྤངས་པ་དང༌། །དེ་བཞིན་བུ་ནི་མ་བཙས་པ། །སྒྲུབ་པ་པོ་ཡི་སེམས་སྲུང་བྱེད། །ནོར་སོགས་ཆགས་པ་སྤངས་པ་དང༌། །དེ་བཞིན་ཡན་ལག་མ་ཚང་མེད། །ཡོན་ཏན་དེ་དག་སོགས་ལྡན་པའི། །ཕྱག་རྒྱ་དེ་ལ་སྦྱིན་པར་བྱ། །དེ་ལྟར་ལུས་དང་ངག་


DTG013_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་སེམས། །དེ་བཞིན་བཞི་པའི་ཡེ་ཤེས་ཏེ། །བུམ་པ་དང་ནི་གསང་བ་དང༌། །ཤེས་རབ་ཡེ་ཤེས་བཞི་པ་ནི། །བྱིན་ནས་སློབ་མ་དེ་རྣམས་ནི། །སློབ་དཔོན་གྱིས་ནི་དག་པར་བྱ། །མངོན་པར་དབང་ནི་དེ་ལྟ་བུ། །ཐོབ་ནས་ལས་འདི་མི་བྱ་སྟེ། །དགེ་ཚུལ་ལམ་ནི་དགེ་སློང་དང༌། །ཡང་ན་སློབ་དཔོན་ཁྱིམ་པ་ཡི། །རལ་གྲི་དང་ནི་སྣག་ཚ་དང༌། །སྐྱེ་བོ་ཀུན་ལ་བསྙེན་པ་དང༌། །ཞིང་དང་ཁྱིམ་གྱི་ལས་དང་ནི། །ཚོང་ལ་སོགས་པ་མི་བྱའོ། །གལ་ཏེ་དེ་དག་ལ་སོགས་ནི། །བྱས་ན་ཆོས་ནི་ཕྱིན་ཅི་ལོག །འགྱུར་ཏེ་གནང་བ་འཇོམས་པའི་ཕྱིར། །མནར་མེད་པར་ནི་འགྲོ་བར་འགྱུར། །དེ་བས་སྔགས་ཀྱི་ཐེག་པ་ལས། །མངོན་པར་དབང་སོགས་བདེ་སྟེར་ཡིན། །རྣམ་གཉིས་དམ་ཚིག་ཉམས་པའི་ཕྱིར། །དམྱལ་བ་ལ་སོགས་སྡུག་བསྔལ་སྟེར། །དེ་ནས་དེ་ཉིད་ལ་གནས་ནས། །དེ་དག་ལ་སོགས་སྲུང་བྱེད་ན། །ངེས་པར་སྐྱེ་བ་འདི་ཉིད་དུ། །ཕྱག་རྒྱ་ཆེན་མོ་འགྲུབ་པར་འགྱུར། །དེ་བས་རང་གིས་རང་ལ་ནི། །ཡོན་ཏན་དང་ནི་སྐྱོན་ཤེས་ནས། །བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར། །སྔགས་ཀྱི་ཐེག་པར་ཞུགས་པར་བྱ། །དབང་ལ་སོགས་པ་ཐོབ་པ་ལ། །དེ་ཙམ་གྱིས་ནི་བྱ་བ་ཀུན། །རྫོགས་པ་མིན་ཞིང་བསོད་ནམས་ཚོགས། །ཡེ་ཤེས་ཚོགས་ནི་བསགས་པར་དགོས། །རྒྱུ་དེ་བས་ན་རྣལ་འབྱོར་པས། །མངོན་པར་དབང་ནི་ཐོབ་མ་ཐག །འཇིག་རྟེན་བྱ་བ་བོར་ནས་ནི། །གཉིས་མེད་ཡེ་ཤེས་བསྒོམ་པར་བྱ། །རྟགས་རྣམས་སྐྱེས་པར་མ་གྱུར་པས། །དམ་ཚིག་རྣམ་པ་ཐམས་ཅད་དུ། །དུག་ལ་སོགས་པ་བཞིན་དུ་ནི། །རྣལ་འབྱོར་བས་ནི་བལྟ་བར་བྱ། །དེ་ནས་ཏིང་འཛིན་སྟོབས་ཀྱིས་ནི། །དེ་ཀུན་དག་པར་ནུས་གྱུར་ན། །དེ་ནས་རྣལ་འབྱོར་པ་ཡིས་ནི། །དེ་ཀུན་ལ་ནི་བསྙེན་པར་བྱ། །དེ་ནས་གདུག་པའི་མི་རྣམས་ཀྱི། །ཚིག་ནི་སྔོན་དུ་དམ་ཚིག་རྣམས། །རྣམ་པར་རྟོག་པ་བྲལ་བའི་ཕྱིར། །དང་པོ་དེ་ཀུན་བཟའ་བར་བྱ། །ཏིང་འཛིན་སྔགས་ལས་མ་གཏོགས་པར། །དེ་ཀུན་ཐོས་པ་ཙམ་གྱིས་ནི། །རྣམ་རྟོག་བྲལ་བར་མི་འགྱུར་ཏེ། །དེ་བས་དེ་ལ་བསྙེན་མི་བྱ། །གལ་ཏེ་དོན་དམ་དེ་ཡིན་ན། །ཁྱི་སྤྱང་ལ་སོགས་སེམས་ཅན་གྱིས། །དེ་རྣམས་


DTG013_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྟག་ཏུ་ཟ་བྱེད་པ། །ཅི་ཕྱིར་སངས་རྒྱས་ཉིད་མི་འཐོབ། །དེ་བས་ཆོས་མི་འཇུག་པའི་ཚིག །མཁས་པ་རྣམས་ཀྱིས་གཟུང་མི་བྱ། །དེ་བཞིན་རྡོ་རྗེ་སློབ་དཔོན་གྱིས། །ལས་དང་པོ་པ་ཡི་སློབ་མ་ལ། །དུག་དང་མེ་ལ་སོགས་པ་བཞིན། །དམ་ཚིག་ངེས་པ་སྦྱིན་མི་བྱ། །སྟོང་པ་ཉིད་ལས་མ་གཏོགས་པར། །རྟོག་མེད་ཉིད་དུ་མི་འགྱུར་ཏེ། །དེ་བས་སྔོན་དུ་སྟོང་པ་ཉིད། །རྣལ་འབྱོར་བས་ནི་རྟག་ཏུ་བསྒོམ། །དེ་རྣམས་སྣ་ཚོགས་གཟུགས་མཐོང་ནས། །མཆོག་ཏུ་མི་འགྱུར་བདེ་འགྲུབ་ཕྱིར། །ལས་ཀྱི་ཕྱག་རྒྱ་ལྷན་ཅིག་ཏུ། ཡེ་ཤེས་འགྲུབ་པ་བསྒྲུབ་པར་བྱ། །ཕྱི་ནས་རྣལ་འབྱོར་པ་ཡིས་ནི། །ཡིད་དུ་འོང་བའི་སྤྱོད་པ་བྱ། །རིགས་ནི་སུམ་ཅུ་དྲུག་པོ་ཡི། །དམ་ཚིག་ཀུན་ལ་བསྙེན་པར་བྱ། །དེ་བཞིན་ས་ཆུ་མེ་རླུང་དང༌། །ནམ་མཁའ་ཡེ་ཤེས་བདག་ཉིད་ནི། །མ་སོགས་ཕྱག་རྒྱ་དྲུག་པོ་ལ། །རྣལ་འབྱོར་པས་ནི་བསྙེན་པར་བྱ། །དེ་བཞིན་དུ་ནི་དུས་ཀུན་དུ། །ཚེས་བརྒྱ་དང་ནི་བཅུ་བཞི་ལ། །ཡེ་ཤེས་བསྒྲུབ་པར་མི་ནུས་ན། །ཚོགས་འཁོར་མཆོད་པ་ལ་སོགས་བྱ། །དེ་དག་ལ་སོགས་དགོས་པ་ནི། །སློབ་དཔོན་གྱིས་ནི་སློབ་མ་ལ། །བསྟན་ནས་དཀྱིལ་འཁོར་འཁོར་ལོ་ནི། །གཤེགས་སུ་གསོལ་བ་བརྩམ་པར་བྱ། །དེ་ལ་རྡོ་རྗེ་སློབ་དཔོན་གྱིས། །སློབ་མའི་ཡོ་བྱད་ཚོགས་ཤེས་ནས། །ཐོག་མ་ཐ་མ་བར་དུ་ནི། །ཞི་བའི་ཕྱིར་ནི་སྦྱིན་སྲེག་བྱ། །དེ་ནས་སྔོན་དུ་སློབ་མ་ཡིས། །སློབ་དཔོན་ལ་ནི་ཚོགས་འཁོར་ལོ། །ཕུལ་ནས་དཀྱིལ་འཁོར་གཤེགས་གསོལ་བའི། །ཕྱིར་དུ་གསོལ་བ་འདེབས་པར་བྱ། །དཔའ་བོ་དཔའ་མོ་དབང་ཕྱུག་མ། །རིགས་གསུམ་དྲུག་ལས་སྐྱེས་པ་ཡི། །དེ་དང་ལྷན་ཅིག་བུད་མེད་ཁྱིམ། །སློབ་དཔོན་ལ་ནི་དབུལ་བར་བྱ། །དེ་ཡང་མཚན་མོ་ཕྱེད་ཀྱི་བར། །བྱ་བ་ཡིན་གྱི་དེ་སྟེང་མིན། །མི་ཤེས་བདག་ཉིད་བྱེད་འགྱུར་ན། །སྡོམ་པ་ཉམས་པར་གྱུར་པའོ། །ཚོགས་འཁོར་གཤེགས་སུ་གསོལ་དུས་ནི། །སློབ་མས་དམ་བཅའ་འདི་ལྟར་བྱ། །ལུས་པོའི་རྐང་ལག་བཏང་ནས་ནི། །ཕྱག་འཚལ་ཕྱིར་དུ་མགོ་བོ་དབུལ། །ལས་ཀྱི་དབང་པོ་རྣམས་ལས་ནི། །བསྟོད་དང་བདེན་ཕྱིར་ངག་དབུལ་བྱ། །དེ་བཞིན་རྫས་དང་འཁོར་ལས་ནི། །དུས་ཀུན་དུ་ནི་དྲུག་ཆ་དབུལ། །དེ་ལྟར་དམ་


DTG013_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅའ་བྱས་ནས་སུ། །རྡོ་རྗེ་སྤུན་སོགས་ཡོན་དབུལ་བྱ། །དེ་ནས་ཐོ་རངས་དུས་སུ་ནི། །དགེ་འདུན་ལ་ནི་སྟོན་མོ་བྱ། །དེ་བཞིན་ལོ་ནི་བཅུ་ལོན་པའི། །བྱིས་པ་ཕོ་མོ་ཚིམ་པར་བྱ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །ལྷ་དང་ལྷ་མོའི་ཚོགས་ཀུན་ནི། །སྙིང་ག་ལ་སོགས་འཁོར་ལོ་དྲུག །དབུགས་འཇུག་སྒོ་ཡིས་གཤེགས་སུ་གསོལ། །དེ་ནས་དཀྱིལ་འཁོར་རྡུལ་ཚོན་གྱི། །ཕྱོགས་བཞི་ནས་ནི་བསྡུ་བར་བྱ། །ཤེལ་ལ་སོགས་པའི་བུམ་པའི་ནང༌། །བྱས་ནས་གླང་ཆེན་ལ་སོགས་ལ། །བཀལ་ནས་རྒྱ་མཚོར་འགྲོ་བ་ཡི། །ཆུ་བོ་ལ་ནི་དོར་བར་བྱ། །དེ་ནས་བུམ་པ་དེ་ཉིད་ནི། །ཆུ་དེ་ཉིད་ལས་དགང་བར་བྱ། །བ་ལྕི་དང་ནི་ཆུ་དེ་ཡིས། །དཀྱིལ་འཁོར་དེ་ནི་བྱུག་པར་བྱ། །དེ་སྟེང་མཎྜལ་ཟླུམ་པོར་ནི། །བྱས་ནས་དེ་ཡི་སྟེང་དུ་ནི། །བྱིས་པ་ཕོ་མོ་བཅུ་པོ་ནི། །མངར་བའི་རྫས་ཀྱིས་ཚིམ་པར་བྱ། །དེ་ནས་ཡོན་དང་གོས་རྣམས་ནི། །བྱིན་ནས་དེ་རྣམས་གཤེགས་སུ་གསོལ། །དེ་ལྟར་བཅོམ་ལྡན་དུས་འཁོར་ལོའི། །དཀྱིལ་འཁོར་ལྷ་ལ་གང་ཞིག་གིས། །མངོན་པར་དབང་ནི་ཐོབ་འགྱུར་བའི། །དེ་ནི་མུ་སྟེགས་དཀྱིལ་འཁོར་གཞན། །དབང་ནི་ཐོབ་པར་གྱུར་པའོ། །རྒྱུད་རྣམས་ཀུན་གྱི་སྟོན་པ་དང༌། །སྔགས་རྣམས་ཀུན་ལ་གནང་སྟེར་བ། །དངོས་གྲུབ་ཀུན་གྱིས་སྒྲུབ་པ་པོ། །ལྷ་དང་མི་ཡི་མཆོད་གནས་སོ། །ཇི་ལྟར་བཅོམ་ལྡན་དུས་འཁོར་ལོ། །དང་པོའི་སངས་རྒྱས་ཇི་བཞིན་དུ། །དབང་ཐོབ་སློབ་མ་རྣམས་ཀྱིས་ནི། །སློབ་དཔོན་དེ་བཞིན་བལྟ་བར་བྱ། །ཞེས་བྱ་བའོ། །རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ལས་མངོན་པར་དབང་བསྐུར་བའི་ལེའུ་ལས་འགྲེལ་བཤད་པདྨ་ཅན་ཞེས་བྱ་བ་ལས་མངོན་པར་དབང་བསྐུར་བའི་མདོར་བསྡུས་པའི་བཤད་པའོ།། །།དེ་ལྟར་བརྗོད་པའི་རིམ་པས་གང་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་ཐོབ་པ་དེས་སྒྲུབ་པ་ལས་མ་གཏོགས་པ། བསྒྲུབ་བྱའི་རང་བཞེན་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་མི་འགྱུར་ཏེ། དེ་བས་ན་སྒྲུབ་པ་དགོས་ཞེས་བྱ་བ་ནི། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་ཐུགས་ལ་དགོངས་ནས་བསྒྲུབ་པའི་ལེའུ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ལ་གསོལ་བ་བཏབ་པའོ། །ཐོབ་ཅེས་བྱ་བ་ལ་སོགས་པའི་རྐང་པ་གསུམ་གྱིས་སྡུད་


DTG013_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་པོས་ཞུ་བའི་དོན་བསྟན་ཏོ། །དེ་གསན་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་མ་རྫོགས་ཀྱི་བར་དུ་འཆད་པར་འགྱུར་བའི་རིམ་པས་འཁོར་དང་བཅས་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་བསྒྲུབ་པ་ནི་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །དེ་ནས་བསྒྲུབ་བྱའི་རང་བཞིན་དུ་གྱུར་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་སྐུའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེན། བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོས་བསྟོད་པའི་སྒོ་ནས་བསྟན་པར་མཛད་དེ། བཅོམ་ལྡན་སྐུ་ནི་བསོད་ན་མས་ཡེ་ཤེས་ཀྱིས་སྤྲུལ་རྟག་པར་གདུལ་དཀའི་སེམས་ཅན་ལ། །གཟུགས་ནི་འཇིགས་བྱེད་འཇིགས་སུ་རུང་བ་དྲེགས་པ་དང་བྲལ་སྐྱེ་བོ་མཁས་པས་མཐོང༌། །སྐད་ནི་སེམས་ཅན་བསམ་པའི་དབང་གིས་ཐོས་པ་མཆོག་ཏུ་གྱུར་པ་ཡི། །ཐམས་ཅད་སྒྲ་ཡིས་དམ་པའི་ལམ་ནི་སྟོན་མཛད་གང་ཞིག་དེ་ལ་འདུད། །ཅེས་བྱ་བ་ནི། དེ་ལྟ་བུ་གང་ཡིན་པ་དེ་ལ་བདག་གིས་ཕྱག་འཚལ་ཏེ། ཚིག་ལས་འདས་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །རྒྱུ་གང་གི་ཕྱིར་ཞེ་ན། རྟག་པ་དང་མི་རྟག་པའི་དངོས་པོ་གཅིག་དང་བྲལ་བའི་ཕྱིར་རོ། །དེ་ཉིད་བསྟན་པར་མཛད་དེ། བསོད་ནམས་ཡེ་ཤེས་ཀྱིས་སྤྲུལ་ཞེས་བྱ་བ་ནི། སེམས་ཅན་ལ་ཕན་འདོགས་པའི་རང་བཞིན་དུ་གྱུར་པའི་བསོད་ནམས་ཀྱི་ཚོགས་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཚོགས་ལས་འཁྲུངས་པའི་སྐུ་གང་ཡིན་པ་དེ་རང་གི་སེམས་མ་དག་པའི་དབང་གིས་ཤིན་ཏུ་གདུལ་དཀའ་བའི་སེམས་ཅན་རྣམས་ཀྱི་དུར་ཁྲོད་དུ་བཞུགས་པ་དང༌། ཞབས་མང་བ་དང་ཕྱག་མང་བས་མཚོན་ཆ་སྣ་ཚོགས་འཛིན་པ་དང༌། ཐོད་བའི་ཕྲེང་བ་ལ་སོགས་པའི་རྒྱན་གྱིས་བརྒྱན་པ་དང༌། འབྱུང་པོ་ལ་སོགས་པས་བསྐོར་བར་གྱུར་པ་དང༌། ཤིན་ཏུ་འཇིགས་པའི་བདག་ཉིད་དུ་མཐོང་ངོ༌། །དེ་ཉིད་སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་དྲེགས་པ་དང་བྲལ་བ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་སྐུ་ལ་སོགས་པའི་སྐུ་བཞིའི་རང་བཞིན་དུ་གྱུར་པ་དང་ཞི་བའི་བདག་ཉིད་དུ་མཐོང་ངོ༌། །དཔེར་ན་ཤིན་ཏུ་དང་བའི་ཆུ་ནི་ཉ་ཀུན་གྱིས་གནས་སུ་མཐོང་བ་དང༌། །མི་རྣམས་ཀྱིས་ཆུའི་ངོ་བོར་མཐོང་བ་དང༌། ཡི་དགས་རྣམས་ཀྱིས་རྣག་ལ་སོགས་པའི་རང་བཞིན་དུ་མཐོང་བ། ཇི་ལྟ་བ་དེ་བཞིན་


DTG013_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་སེམས་ཅན་ཕལ་པ་རྣམས་ཀྱིས་ངེས་པའི་ངོ་བོས་ཞལ་ལ་སོགས་པ་དང་ལྡན་པའི་བཅོམ་ལྡན་འདས་ཀྱི་སྐུ་མཐོང་བའོ། །དོན་དམ་པའི་རིགས་པས་དཔྱད་ན། བཅོམ་ལྡན་འདས་ཀྱི་སྐུ་ལ་ཞལ་ལ་སོགས་པ་མེད་དེ། རྒྱུ་གང་གི་ཕྱིར་ཞེ་ན། སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་ཐ་དད་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ། ཀུན་ནས་ཕྱག་དང་ཞབས་སུ་ལྡན། །ཀུན་ནས་སྤྱན་དང་དབུ་དང་ཞལ། །འཇིག་རྟེན་ཀུན་ནས་ཐོས་པ་ཅན། །ཐམས་ཅད་ཁྱབ་ནས་བཞུགས་པའོ། །ཞེས་བྱ་བ་ནི། རྒྱུ་དེ་དང་དེ་ལས་གསུངས་པའོ། །རྒྱུ་དེའི་ཕྱིར་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་དང༌། དངོས་པོ་ཀུན་གྱི་རང་བཞིན་མཁྱེན་པ་ཡིན་གྱི། ཉི་ཚེ་བ་དང་བེམ་པོའི་རང་བཞིན་ནི་མ་ཡིན་ནོ། །དེ་བཞིན་དུ་དེའི་གསུང་ཇི་ལྟ་བུ་ཡིན་ཞེ་ན། གསུང་ནི་སེམས་ཅན་མོས་པའི་དབང་གིས་ཐོས་པ་མཆོག་ཏུ་གྱུར་པའོ་ཞེས་བྱ་བ་ནི། །འདིར་ཐོག་མ་མེད་པའི་འཁོར་བ་ནས་འཁོར་ནས་སེམས་ཅན་གྱི་བསམ་པ་ནི་བྱེད་པ་པོ་དང་བདག་གིར་འཛིན་པ་ལ་སོགས་པའི་གྲངས་མེད་པའོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་དང་མཐུན་པར་གང་ཟག་ཁུར་རྫ་ཁུར་བ་བཞིན་དུ་ཡོད་དེ་གང་རྟག་པ་ཡང་མི་སྨྲ་མི་རྟག་པ་ཡང་མི་སྨྲ་ཞེས་བྱ་བ་གསུངས་སོ། །དེས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཀྱི་མཚན་ཉིད་ཤེས་པར་བྱེད་པས་ན་ཐོས་པ་མཆོག་ཏུ་གྱུར་པ་ཞེས་བྱའོ། །དེ་རྒྱུ་གང་གི་ཕྱིར་ཞེ་ན། རྨི་ལམ་གྱི་གནས་སྐབས་སུ་དངོས་པོ་གང་མཐོང་བ་དེ་རྣམས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་མཚན་ཉིད་ཤེས་པར་བྱའོ། །གཞན་ཡང་གསུང་དེ་ཇི་ལྟ་བུ་ཡིན་ཞེ་ན། ཐམས་ཅད་སྐད་ཀྱིས་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ཀྱི་རང་རང་གི་སྐད་ཀྱིས་བསྟན་པར་མཛད་ཅེས་བྱ་བའོ། །ཅི་བསྟན་ཞེ་ན། དམ་པའི་ལམ་ཞེས་བྱ་བ་ལ། དུས་ཐམས་ཅད་དུ་འགྱུར་བ་མེད་པའི་ངོ་བོས་གནས་པ་དང། ཁྱད་པར་དུ་གྱུར་པས་ན་དམ་པ་ཡིན་ལ། འདོད་པའི་དངོས་པོར་ཕྱིན་པར་བྱེད་པས་ན་ལམ་སྟེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་དངོས་པོ་ནི་དམ་པའི་ལམ་ཞེས་བྱའོ། །དུས་ཀུན་དུ་དེ་ཉིད་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་ཡང་དག་པར་བསྟན་པར་མཛད་ཀྱི་གཞན་ནི་མ་ཡིན་ནོ། །


DTG013_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཚན་ཉིད་དེ་ལྟ་བུ་དང་ལྡན་པ་གང་ཡིན་པ་དེ་ལ་འདུད་ཅེས་བྱ་བའོ། །སྐུ་བཞི་ལས་མ་གཏོགས་པར་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཡང་མེད་དེ། དེ་བས་ན་སྐུ་བཞིའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། རྣམ་པ་ཀུན་གྱི་མཆོག་ལྡན་པའི། སྤྲུལ་པའི་སྐུ་ཡི་མཚན་ཉིད་དེ། ཞེས་བྱ་བ་ལ། རྣམ་པ་ཀུན་ཞེས་བྱ་བ་ནི། མགོ་བོ་ལ་སོགས་པའི་ཡན་ལག་རྣམས་ཏེ། འཇིག་རྟེན་པའི་རང་བཞིན་ལས་འདས་པ་དང༌། སྒྲིབ་པ་མེད་པའི་རང་བཞིན་དུ་གྱུར་པས་ན་མཆོག་ཡིན་ལ། ཡང་པ་རྣམ་པ་ཀུན་མཆོག་ཅེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པ་སྟེ། དེ་རྣམས་གང་ལ་ཡོད་པ་དེ་རྣམས་པ་ཀུན་གྱི་མཆོག་དང་ལྡན་པའོ། །དེ་གང་ཡིན་ཞེ་ན། སྤྲུལ་པའི་སྐུའི་མཚན་ཉིད་དེ་ཞེས་བྱ་བ་ནི་སེམས་ཅན་གྱི་བསམ་པའི་དབང་གིས་རྨི་ལམ་བཞིན་དུ་དངོས་པོ་སྣ་ཚོགས་པ་སྤྲོ་བར་མཛད་པས་ན། སྤྲུལ་པའི་སྐུ་ཡིན་ལ་དེའི་ངོ་བོ་དེ་ལྟ་བུ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཉི་ཚེབ་དང་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཅན་མ་ཡིན་ནམ་ཞེ་ན། སེམས་ཅན་མོས་པ་སྣ་ཚོགས་པས་ཞེས་བྱ་བ་ནི། སེམས་ཅན་གྱི་མོས་པ་ནི་ཆགས་པ་དང་ཆགས་པ་དང་བྲལ་བ་ལ་སོགས་པ་སྟེ། བག་ཆགས་དེ་དང་ལྡན་པའི་སེམས་ཀྱིས་དེ་བཞིན་དུ་མཐོང་སྟེ། ཆགས་པ་དང་ལྡན་པའི་སེམས་ཅན་རྣམས་ཀྱིས་སྣ་ཚོགས་ཡུམ་ལ་སོགས་པའི་སྐུ་ལ་འཁྱུད་པ་མཛད་པ་དང༌། དུས་ཐམས་ཅད་དུ་འདོད་ཆགས་དང་ལྡན་པ་དང༌། འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་བར་མཛད་པ་མཐོང་ངོ༌། །འདོད་ཆགས་དང་བྲལ་བ་རྣམས་ཀྱིས་འདོད་པའི་ཡོན་ཏན་ལྔ་ལས་ལྡོག་པར་གྱུར་པ་དང༌། ཤིན་ཏུ་དཀའ་ཐུབ་མཛད་པར་མཐོང་སྟེ། དེ་བས་ན་འདུས་མ་བྱས་པའི་རང་བཞིན་དུ་གྱུར་པའི་སྤྲུལ་པའི་སྐུ་ནི་མིག་གི་སྤྱོད་ཡུལ་དུ་གྱུར་པ་སྟེ། སྐུ་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །འོ་ན་གསུང་རྡོ་རྗེའི་བདག་ཉིད་དུ་གྱུར་པ་གང་ཡིན་ཞེ་ན། ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་བཤད་པར་མཛད་དེ། སེམས་ཅན་ཐམས་ཅད་སྒྲ་ཡིས་ནི། །སེམས་ཅན་བསམ་པའི་དབང་གིས་སུ། །གང་ཞིག་རྫུ་འཕྲུལ་བདག་ཉིད་སྟོན། །ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་དོ། །ཞེས་བྱ་བ་ནི། འགྲོ་བ་དྲུག་ལ་གནས་པར་གྱུར་པའི་སེམས་ཅན་ཐམས་ཅད་ལ་རང་རང་གི་སྐད་ཀྱིས་བསམ་པ་དང་མཐུན་པར་ཆོས་


DTG013_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ནི། གསུང་གི་ཕུན་སུམ་ཚོགས་པ་གང་གིས་བསྟན་པར་མཛད་པ་དེ་ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་ཅེས་བྱའོ། །སྒྲིབ་པ་མེད་པའི་སེམས་ཀྱི་རང་བཞིན་དུ་གྱུར་པ་ཆོས་ཀྱི་སྐུའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། མི་རྟག་མ་ཡིན་རྟག་པའང་མིན། །ཞེས་བྱ་བ་ནི། །བཅོས་པའི་རང་བཞིན་དུ་གྱུར་པའི་བུམ་པ་དང་ཀ་བ་ལ་སོགས་པ་མི་རྟག་པའི་བདག་ཉིད་ཇི་ལྟ་བ་དེ་བཞིན་དུ་གྱུར་པས་ན། མི་རྟག་པ་མ་ཡིན་ནོ། །འོ་ན་གལ་ཏེ་མི་རྟག་པ་མེད་པ་མ་ཡིན་པ་དེ་ལྟ་ན་ནི། རྟག་པར་མི་འགྱུར་རམ་ཞེ་ན། རྟག་པའང་མིན་ཞེས་བྱ་བ་ནི། དུས་ཀུན་དུ་ནམ་མཁའ་བཞིན་དུ་རྟག་པའང་མ་ཡིན་ཏེ། གལ་ཏེ་དུས་ཐམས་ཅད་དུ་རྟག་པའི་རང་བཞིན་ཡིན་པ་དེ་ལྟ་ན་ནི། གཞན་གྱི་དོན་ཕུན་སུམ་ཚོགས་པར་མི་འགྱུར་ཏེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང་ནམ་མཁར་བྱོན་པ་ལ་སོགས་པའི་རྫུ་འཕྲུལ་མ་བསྟན་པའི་ཕྱིར་རོ། །གཞན་ཡང༌། གཅིག་མིན་དུ་མའི་མཚན་ཉིད་མིན། །ཞེས་བྱ་བ་ནི། གཅིག་མ་ཡིན་ཏེ། རྟེན་ཐ་དང་པར་གྱུར་པའི་དབང་གིས་དེ་ཡང་ཐ་དད་པར་གྱུར་པའི་ཕྱིར་རོ། །དེ་ཡང་གང་ཡིན་ཞེ་ན། གཞན་ནི་ངོ་བོ་སངས་རྒྱས་གཅིག་གིས་ཆོས་ཀྱི་སྐུ་ཐོབ་པར་གྱུར་ན། ཕྱི་ནས་སངས་རྒྱས་གཞན་གྱིས་ཐོབ་པར་མི་འགྱུར་ཏེ། དེ་ལས་མ་གཏོགས་པ་དངོས་པོ་གཞན་མེད་པའི་ཕྱིར་རོ། །འོ་ན་དུ་མ་ཡིན་ནམ་ཞེ་ན། དུ་མའི་མཚན་ཉིད་མ་ཡིན་ཞེས་བྱ་བ་ནི་ཐུང་ངུ་དང་རིང་པོ་དང་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་མཚན་ཉིད་མང་བ་དང་ལྡན་པ་ནི་མ་ཡིན་ནོ། །དུས་ཐམས་ཅད་དུ་ཆོས་ཉིད་འབའ་ཞིག་པའི་བདག་ཉིད་དུ་གྱུར་པའི་ཕྱིར་རོ། །གལ་ཏེ་མཚན་ཉིད་མང་བ་དང་ལྡན་པར་འགྱུར་བ་དེ་ལྟ་ན་ནི། མི་རྟག་པར་འགྱུར་ཏེ་བདེ་བ་དང་སྡུག་བསྔལ་གཉིས་གཅིག་ཏུ་མི་འགྱུར་བའི་ཕྱིར་རོ། །ཡང་ན་ཆོས་ཀྱི་སྐུ་ཉིད་མ་ཡིན་པ་དེ་ལྟ་ན་ནི། སངས་རྒྱས་ཐམས་ཅད་ཀྱི་བསྡུས་པ་དང་སྡོམ་པ་གཅིག་ཏུ་མི་འགྱུར་ཏེ། དངོས་པོ་སོ་སོར་གྱུར་པའི་ཕྱིར་རོ། །གཞན་ཡང༌། འདི་ནི་དངོས་མིན་དངོས་པོ་མིན། ཞེས་བྱ་བ་ས་ཆུ་མེ་རླུང་གི་བདག་ཉིད་དུ་གྱུར་པ་དངོས་པོ་མ་ཡིན་ཏེ། མ་བཅོས་པའི་ཕྱིར་ནམ་མཁའ་ལས་རང་བྱུང་བའི་ཕྱིར་རོ། །འོ་ན་མེད་པའི་དངོས་པོ་མིན་ནམ་ཞེ་ན། དངོས་མེད་མིན་ཞེས་བྱ་བ་ནི། རྣམ་པ་ཐམས་ཅད་དུ་ནམ་མཁའི་མེ་ཏོག་ལ་སོགས་པ་བཞིན་དུ་


DTG013_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དངོས་པོ་མེད་པ་མ་ཡིན་ཏེ། ཉམས་སུ་མྱོང་བ་བདག་ཉིད་དུ་གྱུར་པ་དང༌། རྣམ་པ་ཐམས་ཅད་དང་ལྡན་པར་གྱུར་པའི་སངས་རྒྱས་ཀྱི་ཡོན་ཏན་ཀུན་སྐྱེད་པར་བྱེད་པའི་ཕྱིར་རོ། །གཞན་ཡང་རྟེན་དང་བྲལ་བ་ཞེས་བྱ་བ་ནི། རྟེན་དང་བརྟེན་པའི་འབྲེལ་པ་དང་བྲལ་བ་དང༌། བསྐྱེད་བྱ་སྐྱེད་བྱེད་ཀྱི་ཚུལ་ལས་འདས་པར་གྱུར་པས་ཏེ། དངོས་པོ་ཐམས་ཅད་ལས་འདས་པར་གྱུར་པ་དང༌། རྣམ་པར་མི་རྟོག་པ་ལས་སྐྱེས་པར་གྱུར་པའི་ཕྱིར་རོ། །དེ་གང་ཡིན་ཞེ་ན། ཆོས་ཀྱི་སྐུ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་བདག་ཉིད་དུ་གྱུར་པའི་དངོས་པོ་སྟེ། འཁོར་བའི་བག་ཆགས་དང་བྲལ་བས་ན་སེམས་ཞེས་བྱ་བའོ། །འོ་ན་སྐུ་གསུམ་པོ་བསྐྱེད་པ་པོ་ལྷན་ཅིག་སྐྱེས་པའི་སྐུ་ཡིན་ལ། དེ་བས་ན་དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཞེས་བྱ་བ་ལ། དུ་བ་ལ་སོགས་པའི་མཚན་མའི་བདག་ཉིད་དུ་གྱུར་པའི་སྟོང་པ་ཉིད་དང༌། རང་རིག་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པའི་སྙིང་རྗེ་ནི། དབྱེར་མེད་པའི་ངོ་བོས་གང་ལ་ཡོད་པ་དེ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །གཞན་ཡང༌། ཆགས་དང་ཆགས་བྲལ་རྣམ་སྤངས་ཉིད། ཅེས་བྱ་བ་ལ། ཆགས་པ་ཞེས་བྱ་བ་ནི་ལུས་ཀྱི་དགའ་བ་ལ་སོགས་པ་བཅོ་ལྔ་ཡིན་ལ། ཆགས་བྲལ་ཞེས་བྱ་བ་ནི། ལུས་ཀྱི་ཐིག་ལེ་ལ་སོགས་པ་ཉམས་པའི་དུས་ཡིན་ལ། གཉིས་པ་དེ་དུས་གཅིག་ཏུ་གང་གིས་དོར་བ་དེ་ཆགས་པ་དང་ཆགས་བྲལ་རྣམ་སྤངས་ཉིད་དེ། མཆོག་ཏུ་མི་འགྱུར་བའི་རང་བཞིན་དུ་གྱུར་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་བྱ་བའི་དོན་ཏོ། །ཐབས་དང་ཤེས་རབ་ལས་མ་གཏོགས་པར་དོན་དམ་པར་དངོས་པོ་གཞན་མེད་དེ། དེ་བས་ན་མཆོག་ཏུ་མི་འགྱུར་བའི་བདེ་བ་གང་ཡིན་པ་དེ་ཐབས་ཀྱི་རང་བཞིན་ཡིན་ནམ། ཡང་ན་ཤེས་རབ་འབའ་ཞིག་པའི་རང་བཞིན་ཡིན་ཞེ་ན། གང་ཞིག་ཐབས་མིན་ཤེས་རབ་མིན། །ཞེས་བྱ་བ་ནི། རང་རིག་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པའི་ཐབས་འབའ་ཞིག་ལ་ཡང་ཡིན་ཏེ། སྟོང་པ་ཉིད་ཀྱི་བདག་ཉིད་དུ་གྱུར་པའི་ཤེས་རབ་ལས་སྐྱེས་པའི་ཕྱིར་རོ། །འོ་ན་ཤེས་རབ་ལས་སྐྱེས་པའི་ཕྱིར་ཤེས་རབ་ཡིན་ནམ་ཞེ་ན། ཤེས་རབ་མིན་ཞེས་བྱ་བ་ནི། སྟོང་པ་ཉིད་འབའ་ཞིག་པ་མ་ཡིན་ཏེ། སྟོང་པ་ཉིད་ཀྱི་གཟུགས་ནི་མཆོག་ཏུ་མི་འགྱུར་བའི་རང་བཞིན་དུ་གྱུར་པའི་ཕྱིར་རོ། །དེ་ཡང་གང་ཡིན་ཞེ་ན། གཞན་ནི་ངོ་བོ་


DTG013_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་ཀྱི་སྐུ། །ཞེས་བྱ་བ་ལ་ངོ་བོ་ཉིད་ཅེས་བྱ་བ་ནི་རང་གི་སེམས་ཀྱི་རང་བཞིན་ཡིན་ལ། དེ་ནམ་གྱི་དུས་སུ་འཁོར་བའི་བག་ཆགས་དང་བྲལ་བར་གྱུར་ན། དེའི་དུས་སུ་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བྱའོ། །དེ་བས་ན་གཞན་ཡིན་ལ་སྔ་མ་བཞིན་ནི་མ་ཡིན་ཏེ། འཁོར་བའི་སྡུག་བསྔལ་དང་བྲལ་བའི་ཕྱིར་རོ། །དེ་ལས་མ་གཏོགས་པར་གཞན་མ་ནི་མ་ཡིན་ཏེ། སེམས་ལ་རང་བཞིན་ཉིད་ཀྱིས་གནས་པར་གྱུར་བའི་ཕྱིར་རོ། །དེ་བས་ན་གཞན་ཞེས་བྱ་བ་ནི་གཉི་གའི་བདག་ཉིད་ཡིན་གྱི། གཉི་ག་དང་བྲལ་བ་ནི་མ་ཡིན་ནོ། །དེ་ལྟར་བརྗོད་པའི་རིམ་པས་སྐུ་བཞིའི་མཚན་ཉིད་སོ་སོར་བརྗོད་པར་མཛད་ནས། སྐུ་བཞི་པོ་དེ་རྣམས་དང་ལྡན་པར་གྱུར་པ་གང་ཡིན་པ་དེ་བསྟན་པར་མཛད་དེ། ཞི་བ་སྐུ་བཞིའི་བདག་ཉིད་ནི། །དུས་ཀྱི་འཁོར་ལོ་ཞེས་སུ་བརྗོད། །ཅེས་བྱ་བ་ནི། འཁོར་བའི་རྒྱ་མཚོའི་རླབས་ཀྱིས་འཁྲུགས་པར་མི་ནུས་པས་ན་ཞི་བ་ཞེས་བྱ་སྟེ། ཡང་ན་རྣམ་པར་རྟོག་པ་ཐམས་ཅད་ཉམས་པར་གྱུར་པས་ན་ཞི་བའོ། །སྔོན་དུ་བརྗོད་པའི་རིམ་པས་སྐུ་བཞིའི་བདག་ཉིད་དུ་གྱུར་པའི་དངོས་པོ་ནི། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ་འདི་ལ་བརྗོད་དོ། །བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཡི་གེ་བཞི་པོས་ཀྱང་སྔོན་དུ་ཇི་སྙེད་བརྗོད་དེ། ཀཱ་ཡིག་གིས་ནི་རྒྱུ་ཞི་ཞིང༌། །ཞེས་བྱ་བ་ལ་སོགས་པས་སོ། །དེ་ལྟར་བསྒྲུབ་བྱའི་རང་བཞིན་དུ་གྱུར་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་བ་མཛད་ནས། སྒྲུབ་པ་པོའི་རང་བཞིན་དུ་གྱུར་པ་དགོས་པ་བསྟན་པར་མཛད་དེ། སྒྲུབ་ཐབས་ལེའུ་ཊཱི་ཀ་ནི་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རེ་ཞིག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཟླ་བའི་སྐུ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་རྣམ་པར་དག་པ་བསྟན་པར་མཛད་ནས། དེ་ཉིད་བསྒྲུབ་པའི་ཕྱིར་གནས་པ་ལ་སོགས་པའི་ངེས་པ་གང་བསྟན་པར་མཛད་པ་དེ་མདོར་བསྡུས་པར་རིམ་པ་ཇི་ལྟ་བ་དེ་བཞིན་དུ་བསྡུ་བར་བྱའོ། །དེ་བཞིན་དུ་རྣལ་འབྱོར་པས། ལས་དང་མཐུན་པའི་གནས་བཟུང་བ། །དེ་ནས་སེམས་ཀྱི་བསམ་པ་ནི། །རིམ་པ་ཇི་བཞིན་བསྒྲུབ་པར་བྱ། །ཞི་བ་དང་ནི་རྒྱས་པའི་གནས། །གནས་བཟང་ཆུ་བོའི་འགྲམ་ཡིན་ནོ། །དབང་དང་


DTG013_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགུག་པ་དག་ལ་ནི། །དེ་བཞིན་དུ་ནི་ནགས་ཚལ་བརྗོད། །རེངས་པ་དང་ནི་རྨུགས་པ་དང༌། །ཕུར་བུས་གདབ་པར་རིར་བསྒྲུབ་བྱ། །འཇིག་རྟེན་དངོས་གྲུབ་བརྒྱད་པོ་ནི། །བྱིན་གྱིས་བརླབས་པའི་སྐུ་གདུང་སར། །བསྐྲད་པ་དང་ནི་སྡང་བ་ནི། །ལྷས་སྟོང་གནས་སུ་བསྒྲུབ་པར་བྱ། །ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ནི། །བསྒྲུབ་པའི་གནས་སུ་བརྩམ་པར་བྱ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། །ཕུག་གམ་ས་ཡི་ཁྱིམ་དུའོ། །ལོ་གཅིག་ལོ་གཉིས་བར་དུ་ནི། །གནས་དེ་ཉིད་དུ་གནས་པར་བྱ། །ཇི་སྲིད་རང་གི་འདོད་པ་ཡི། །དགོས་པ་མ་ལུས་བསྒྲུབ་འགྱུར་རོ། །དེ་ལ་མངོན་དུ་བསྲུང་བ་གསུམ། །རྣལ་འབྱོར་པས་ནི་བརྩམ་པར་བྱ། །གནས་དང་དེ་བཞིན་བདག་ཉིད་དང༌། །རྣལ་འབྱོར་བསྲུང་བ་གསུམ་པའོ། །དེ་ནས་བསྙེན་པ་ལ་སོགས་པའི། །ཡན་ལག་བཞི་ཡི་བཅོམ་ལྡན་འདས། །འཁོར་དང་བཅས་པ་དུས་འཁོར་ལོ། །རྣལ་འབྱོར་པས་ནི་བསྒྲུབ་པར་བྱ། །དེ་ལ་དང་པོ་རེ་ཞིག་ནི། །ཉལ་ནས་ལངས་པའི་དུས་སུ་སྟེ། །ནམ་མཁར་དཔའ་བོ་རྣལ་འབྱོར་མས། །གང་བའི་བདག་ཉིད་བསམ་པར་བྱ། །དེ་རྣམས་ཀྱིས་ནི་ཅང་ཏེའུའི་སྒྲས། །གཉིད་སད་པ་ནི་ཤེས་པར་བྱ། །དེ་ནས་ནམ་མཁར་བལྟས་ནས་སུ། །ཐལ་མོ་སྦྱར་ནས་སྔགས་འདི་བརྗོད། །ཨོཾ་སརྦ་བཱིར་ཡོ་གི་ནཱི་ནཱཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མི་པནྠ་ནཾ་ཀ་རོ་མི་ཞེས་བྱ་བའོ། །སྔགས་འདི་བརྗོད་ནས་ཉལ་ས་ནི། །དོར་ནས་ཕྱི་རོལ་ཁྲུས་སོགས་བྱ། །དེ་ནས་བསྒོམ་པའི་གནས་སུ་ནི། །གདན་སྟེང་རྡོ་རྗེ་སྐྱིལ་ཀྲུང་བཅིང༌། །དེ་ནས་ལག་པ་གཡོན་པ་ཡི། མཛུབ་མོ་སྙིང་གར་བཞག་ནས་སུ། །ལག་པ་གཡས་པའི་སེ་གོལ་གྱིས། །ཕྱོགས་བཞིར་སྔགས་འདི་དགོད་པར་བྱ། །ཨོཾ་སུམ་བྷ་ནི་སུམ་བྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀ་སྞྀཔྲདྞ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྲྞཱ་པ་ཡ་གྲྀ་ཧྞ་པ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་བཱ་ན་བཛྲ་ཧཱུཾ་ཕཊ། ཅེས་བྱ་བ་སྟེ། ཤར་ཕྱོགས་ནས་བརྩམས་ནས་བྱང་ཕྱོགས་ཀྱི་བར་དུ་བརྗོད་པར་བྱའོ། །སྔགས་ཀྱི་ཡི་གེ་དེ་རྣམས་ནི། །འབར་བའི་རང་བཞིན་བསམ་པར་བྱ། །ཕྱོགས་བཅུར་གནས་པའི་བགེགས་སོགས་ནི། །དེ་རྣམས་ཀྱིས་ནི་སྲེག་པར་བསམ། །དེ་ནས་སྣ་ཆོགས་རྡོ་རྗེ་ཡིས། །བདག་ཉིད་ས་དང་རྩིག་པའི་གཞི། །སྟེང་དུ་མདའ་


DTG013_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡི་དྲ་པ་ནི། །ཐོ་རངས་གྲིབ་མའི་བར་དུ་བསྒོམ། །ཡང་ན་ས་དང་ནམ་མཁའ་ནི། །སྦྱར་བར་གྱུར་བའི་བར་དུའོ། །དེ་ནས་རྒྱས་པར་བསྒོམ་ནུས་ན། །དབང་གི་ཆོ་ག་ལས་ཤེས་བྱ། །དེ་ལྟར་གནས་བསྲུང་བྱས་ནས་སུ། །དེ་ནས་བདག་ཉིད་བསྲུང་བར་བྱ། །བདུད་རྩི་ལྔ་དང་སྟོབས་ལྔ་ཡི། །སྲན་ཆུང་ཚད་ཙམ་རི་ལུ་རྣམས། །སྦྱང་བ་ལ་སོགས་བྱས་ནས་ནི། །དག་པའི་ཕྱི་རུ་ཁར་བླུགས་བྱ། །དེ་ལ་སྔོན་དུ་ཡཾ་ལས་བྱུང༌། །རང་གི་མདུན་དུ་ཁྲུ་ཕྱེད་ཙམ། །རླུང་གི་དཀྱིལ་འཁོར་ནག་པོ་ནི། །རྣལ་འབྱོར་པས་ནི་བསྒོམ་པར་བྱ། །དེ་ལྟར་ཡི་གེ་རཾ་ལས་བྱུང༌། །མེ་ཡི་དཀྱིལ་འཁོར་གྲུ་གསུམ་གྱི། །དམར་པོ་འབར་བ་རྣམས་དང་ལྡན། །འོག་ཏུ་རླུང་གི་འབར་བར་བསམ། །དེ་སྟེང་ཡི་གེ་ཨ་ལས་བྱུང༌། །ཡང་ན་མིང་ཡིག་དང་པོ་ལས། །བྷནྡྷ་དུམ་བུ་གཅིག་པ་ནི། །འབར་བའི་སྟེང་དུ་གནས་པར་བསམ། །དེ་ནས་རི་ལུ་དེ་རྣམས་ནི། །བསམས་ནས་སྦྱང་བ་ལ་སོགས་བྱ། །ཡང་ན་མངོན་སུ་མཐོང་པའི་ནང༌། །རི་ལུ་དེ་རྣམས་གཞག་པར་བྱ། །ལག་པ་གཡོན་པ་ཨ་ལས་བྱུང༌། །ཟླ་བའི་དཀྱིལ་འཁོར་བསམ་པར་བྱ། །ཟླ་བའི་འོད་དང་སྔགས་འདི་ཡིས། །རི་ལུ་དེ་རྣམས་སྦྱང་བར་བྱ། །དེ་ལས་སྦྱང་བའི་སྔགས་ནི། །ཨོཾ་ཨོཾ་བཛྲ་ཙནྡྲ་སརྦ་དྷ་རྨཱ་སུ་བི་ཤུདྡྷ་སྭ་བྷཱ་ཝས་སརྦྦ་དྷརྨཱན་བི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་བྱའོ། །ལག་པ་གཡས་པར་ར་ལས་བྱུང༌། །དེ་བཞིན་ཉི་མའི་དཀྱིལ་འཁོར་བསམ། །དེ་ཡི་འོད་དང་སྔགས་འདི་ཡིས། །སྤེལ་བའི་རང་བཞིན་བསམ་པར་བྱ། །ཨོཾ་ཨཱཿབཛྲ་སུཪྻཱ་སརྦ་དྷརྨ་པྲ་བོ་དྷ་ཀ་སརྦ་དྷ་རྨཱན་པྲ་བོ་དྷ་ཡ་སྭཱ་ཧཱ། ཞེས་བྱ་བའོ། །དེ་ནས་ལག་པ་གཉིས་ཀྱི་བར། །ཧཱུཾ་བྱུང་སྒྲ་གཅན་དཀྱིལ་འཁོར་ཏེ། །སྙིམ་པས་ཐོད་པ་བཀབ་ནས་སུ། །སྔགས་འདི་བརྗོད་ནས་འབར་བར་བྱ། །ཨོཾ་ཧཱུཾ་བཛྲ་ཨ་ན་ལ་སརྦ་དྷ་རྨཱན་པྲ་དྷཱི་པ་ཀ་སརྦ་དྷརྨཱན་པྲ་དྷཱི་པ་ཡ་སྭཱ་ཧཱ། ཞེས་བྱ་བའོ། །དེ་ནས་མཁའ་ལྡིང་ཕྱག་རྒྱ་ལ། །ཡི་གེ་ཧོཿ་ལས་བྱུང་བ་ཡིས། །དུས་ཀྱི་མེ་ཡི་དཀྱིལ་འཁོར་བསམ། །དེ་དང་སྔགས་ཚིག་འདི་རྣམས་ཀྱིས། །རྫས་དེ་བདུད་རྩིར་གྱུར་པར་བསམ། །ཨོཾ་ཧོཿསརྦ་དྷརྨཱ་བཛྲ་ཨ་མྲྀ་ཏ་ཀ་ར་སརྦ་དྷརྨཱན་བཛྲ་ཨ་མྲྀ་ཏཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། །དེ་ལྟར་སྒྲུབ་པ་བྱས་ནས་ནི། །དེ་ནས་ཁ་ལ་བླུགས་པར་བྱ། །དེའི་སྔགས་ནི། ཨོཾ་སརྦ་བཱི་ར་ཡོ་གི་ནི་པཎ་མཱ་མི་


DTG013_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྭཱ་ཧཱ། ཞེས་བྱ་བའོ། །དེ་ནས་རི་ལུ་མེད་གྱུར་ན། །བི་མུ་ལ་སོགས་ས་བོན་ལས། །བདུད་རྩི་ལྔ་སོགས་བསམ་པར་བྱ། །དེ་ནས་སྔོན་བཞིན་སྦྱང་སོགས་ནི། །བྱས་ནས་ཟ་བར་བསམ་པར་བྱ། །དེ་ལ་ལྕེ་ཡི་རྩེ་མོ་ལ། །ཧཱུཾ་ཡི་གནས་ཀྱི་ཚད་ཙམ་མོ། །དེ་ལས་སྐྱེས་པའི་རྡོ་རྗེ་ནི། །རྩེ་ལྔ་པ་རུ་བསམ་པར་བྱའོ། །དེ་ལས་འོད་ཟེར་རྣམས་ཀྱིས་ནི། བདུད་རྩི་དེ་ནི་བཀུག་པར་བསམ། །དེ་ནས་སྤྱི་བོའི་སྟེང་དུ་ནི། ཁཾ་གི་ཡི་གེ་བསམ་པར་བྱ། །དེ་ལས་སྐྱེས་པར་གྱུར་པ་ཡི། །རྫོགས་པ་ཟླ་བའི་དཀྱིལ་འཁོར་རོ། །དེ་ཡི་རྐང་པའི་སེན་མོའི་བར། །རང་གི་ལུས་པོ་ཁྱབ་པར་བསམ། །དེ་ནས་ལུས་པོའི་པགས་པ་ནི། །ངོར་ནས་དེ་ཉིད་ཟླ་བཞིན་བལྟ། །དེ་ལྟར་ལན་གསུམ་བྱས་ནས་སུ། །སྔོན་དུ་སྔགས་འདི་བརྗོད་པར་བྱ། །དེ་ནས་མཛེས་པའི་ཕྱག་རྒྱ་ཡིས། །ལུས་པོ་རེངས་པ་རེག་པར་བྱ། །ཨོཾ་ཨཱཿཧཱུཾ་ཧོཿཧཾཿཀྵཿ་པྲཛྙཱ་ཨུ་པཱ་ཡ་ཨཱཏྨ་ཀ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་དྷི་པཏེ་མཱ་མཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲ་བཛྲ་ཨ་མྲྀ་ཏསྭ་བྷཱ་བཾ་ཀུ་རུ་ཀུ་རུ་སྐནྡྷ་དྷཱ་ཏུ་ཨཱ་ཡ་ཏ་ནཾ་ནི་སྭཱ་བྷཱ་བཾ་སྭཱ་ཧཱ། ཞེས་བྱ་བའོ། །དེ་ལྟར་བདག་བསྲུང་བྱས་ནས་སུ། །རྣལ་འབྱོར་བསྲུང་བ་བརྩམ་པར་བྱ། །ཉེས་པ་མ་ལུས་བྲལ་བ་ཡི། །ཡིད་དུ་འོང་བ་ཕན་ཐོགས་འགྱུར། །བུ་གཅིག་བཞིན་དུ་འགྲོ་བ་ལ། །རྒྱུན་མི་འཆད་པར་བྱམས་པ་བསམ། །རྗེས་སུ་མཐུན་དང་སྡུག་བསྔལ་ཅན། །ལུས་ལས་སྐྱེས་པའི་བྱིས་པ་ལ། །མ་ཡིས་སྙིང་རྗེ་བྱེད་པ་བཞིན། །སེམས་ཅན་རེ་རེའི་སྙིང་རྗེ་བསམ། །གཞན་གྱི་བདེ་བ་ཕུན་སུམ་ཚོགས། །མཐོང་ནས་རང་ལ་དགའ་བར་བྱ། །དཔེར་ན་རང་བུ་བདེ་བ་བཞིན། །བདེ་བ་མཐོང་ནས་དགའ་བར་བསམ། །དགྲ་དང་གྲོགས་པོ་གཉིས་ཀ་ལ། །ཞེས་སྡང་ཆགས་པ་དོར་ནས་སུ། །མཉམ་པར་གཞག་པའི་ལྷ་བ་ཡིས། །མཐོང་ནས་འགྲོ་བ་བཏང་སྙོམས་བསྒོམ། །དེ་ནས་སྐད་ཅིག་ཅིག་གི་ནི། །བདག་ཉིད་དུས་ཀྱི་འཁོར་ལོར་བསམ། །རང་སྙིང་པཾ་ལས་བྱུང་བ་ཡི། །དམར་པོ་པདྨ་འདབ་བརྒྱད་པ། །དེ་ཡི་ལྟེ་བར་ཨོཾ་ལས་བྱུང༌། །ཟླ་བའི་དཀྱིལ་འཁོར་བསྒོམས་ནས་སུ། །དེ་དབུས་ཧཱུཾ་ཡིག་ནག་པོ་ཡིས། །དེ་ལས་སྐྱེས་པའི་རྡོ་རྗེ་ནི། །རྩེ་ལྔ་པ་རུ་བསམ་པར་བྱ། །དེ་ལ་ཁ་དོག་ལྔ་དང་ལྡན། །འོད་ཟེར་


DTG013_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་ནི་སྤྲོ་བར་བྱ། །ཕྱོགས་བཅུར་གནས་པའི་དེ་བཞིན་གཤེགས། །བྱང་ཆུབ་ལ་སོགས་ཐམས་ཅད་ནི། །དེ་རྣམས་ཀྱིས་ནི་བཀུག་ནས་སུ། །བདག་ཉིད་མདུན་དུ་བཞག་པར་བསམ། །འོད་ཟེར་དེ་རྣམས་མཆོད་པའི་ཕྱིར། །རྡོ་རྗེ་ལ་ནི་ཐིམ་པར་བསམ། །ཕྱི་ནས་རྡོ་རྗེ་དེ་ཉིད་ནི། །ཟླ་བའི་སྟེང་དུ་ཐིམ་པར་བྱ། །དེ་ནས་ཟླ་བའི་དཀྱིལ་འཁོར་ལ། །ཀ་སོགས་སྡེ་ཚན་དྲུག་པོ་ལ། །ཐུང་དང་རིང་པོའི་དབྱེ་བ་ཡིས། །བཅུ་གཉིས་བརྩེགས་པའི་བདག་ཉིད་བསམ། །ཡི་གེ་དེ་རྣམས་གྱུར་པ་ལ་ས། །གླུ་མཁན་རོལ་མོ་དྲི་མ་དང༌། །ཕྲེང་བ་སྤོས་དང་མར་མེ་དང༌། །ལྷ་བཤོས་མ་དང་མི་ཟད་མ། །ལྔ་སྱེ་བཞད་པ་གར་མཁན་མ། །དེ་བཞིན་ལྷ་མོ་འདོད་མ་ནི། །རིམ་པ་ཇི་བཞིན་སྤྲོ་བར་བྱ། །མཆོད་པའི་ལྷ་མོ་རེ་རེ་ཡིས། །འདོད་པའི་ལྷ་སོགས་མཆོད་པར་བྱ། །དེ་ནས་སྔགས་འདི་བརྗོད་ནས་སུ། །སངས་རྒྱས་ལ་སོགས་མཆོད་པར་བསམ། །དེ་ལ་མཆོད་པའི་སྣགས་ཀྱི་རྐང་པ་རྣམས་ནི། །ཨོཾ་བཛྲ་གནྡྷེ་གནྡྷ་ཨརྩྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་མཱ་ལེ་མཱ་ལ་ཨརྩྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་དྷཱུཔེ་དྷཱུ་པ་ཨ་རྩྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་པྲ་དཱི་པེ་པྲ་དྷཱི་པ་ཨ་རྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ཨ་མྲྀ་ཏེ་ནཻ་བཻ་ཊྱེ་ཨ་རྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ཨཀྵ་ཏེ་ཨཀྵ་ཏ་ཕ་ལ་ཨརྩྩ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ལཱ་སྱེ་བསྟྲ་ཨ་བྷ་ར་ཎ་པཱུ་ཛཱ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ཧཱ་སྱེ་གཎྚེ་གྷཎྚ་ཨཱ་དཪྴ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ཝའ་དྱེ་ཝཱ་དྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲཾ་ནྲྀ་ཏྱེ་ནྡྀ་ཏྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་གཱི་ཏི་གཱི་ཏ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ཀཱ་མེ་སརྦ་སུ་དྡྷ་བོ་དྷེ་སདྭའ་ནཱཾ་ཀྲོ་དྷ་ཨཱ་དི་བཱཾ་བཛྲ་སུ་ར་ཏ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། དེ་ལྟར་མཆོད་པ་བྱས་ནས་སུ། །དེ་ནས་སྡིག་པ་བཤགས་པར་བྱ། །ཐོག་མ་མེད་པའི་འཁོར་བ་ནས། །བདག་གིས་སྡིག་པ་གང་བྱས་པ། །སངས་རྒྱས་ཀུན་གྱི་མདུན་དུ་ནི། །ད་ནི་དེ་ལྟར་བཤགས་པར་བྱ། །སངས་རྒྱས་དང་ནི་བྱང་ཆུབ་སེམས། །དེ་བཞིན་འཕགས་པའི་དགེ་འདུན་དང༌། །སྐྱེས་བུ་ཕལ་བ་རྣམས་ཀྱིས་ནི། །དགེ་བ་བྱས་ལ་ཡི་རང་ངོ༌། །ཉིད་དོན་མཛད་པའི་སངས་རྒྱས་རྣམས། །གང་ཞིག་བྱང་ཆུབ་ཤིང་དྲུང་རྩར། །བཞུགས་པ་ཆོས་འཁོར་བསྐོར་བའི་


DTG013_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱིར། །དེ་ལ་གསོལ་བ་གདབ་པར་བྱ། །མྱ་ངན་འདས་བྱེད་སངས་རྒྱས་རྣམས། །ཐལ་མོ་སྦྱར་ནས་ཞུ་བར་བྱ། །འགྲོ་བ་ལོང་བ་མང་འགྱུར་ཕྱིར། །བསྐལ་པའི་བར་དུ་བཞུགས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྲིད་པའི་འཇིགས་པ་འཇོམས་དག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །དེ་ལྟར་མཆོད་པ་ལ་སོགས་ཀྱིས། །བདག་གིས་བསོད་ནམས་གང་བསགས་པ། །སེམས་ཅན་ཀུན་གྱི་དོན་བྱེད་ཅིང༌། །ཡང་དག་སངས་རྒྱས་དེས་ཐོབ་ཤོག །དེ་ལྟར་རྣམ་བདུན་མཆོད་པ་ནི། །བྱས་ནས་རྩ་བ་གསུམ་སོགས་དྲན། །ཕྱི་ནས་རྣམ་པར་ཐར་པ་བཞི། །རྣལ་འབྱོར་བས་ནི་བསྒོམ་པར་བྱ། །འགྲོ་བ་ཐམས་ཅད་མ་ལུས་པ། །གཅིག་དང་དུ་མས་རྣམ་དཔྱད་ན། །དངོས་པོ་རྣམ་པར་དམན་པ་སྟེ། །རྨི་ལམ་བཞིན་དུ་སྣང་བའོ། །དེ་ཡང་ཡོད་དང་མེད་པའི་ཕྱིར། །དངོས་པོ་གང་ཞིག་འཛིན་མི་འགྱུར། །རང་བཞིན་མེད་པའི་བདག་ཉིད་ཕྱིར། །དངོས་པོ་ཀུན་ནི་སྟོང་པ་ཡིན། །རྒྱུ་ལས་འདས་པར་གྱུར་པའི་ཕྱིར། །དེ་བཞིན་མཚན་མ་མེད་པ་ཡིན། །གློ་བུར་དུ་ནི་འབྱུང་པའི་ཕྱིར། །སྨོན་པ་མེད་པར་ཤེས་བར་བྱ། །བྱེད་པ་པོ་ལས་མ་གཏོགས་པར། །སྣང་འགྱུར་དེ་བས་འདུས་མ་བྱས། །བདག་ཀྱང་དེ་ལྟ་བུ་ཡིན་པར། །རྣལ་འབྱོར་པས་ནི་ཤེས་པར་བྱ། །དེ་ལྟར་སྟེང་འོག་ལུས་པོ་ནི། །སྙིང་གའི་པདྨར་ཐིམ་པར་བསམ། །པདྨ་ཟླ་བའི་དཀྱིལ་འཁོར་ལ། །ཟླ་པ་ཧཱུཾ་ལ་ཐིམ་པར་བསྒོམ། །ཨུ་ནི་ཧ་ཡི་རང་བཞིན་གྱུར། །ཧ་ནི་ཟླ་བ་ཕྱེད་བཞིན་ལ། །ཟླ་ཕྱེད་ཐིག་ལེའི་དབུས་སུ་ཐིམ། །ཐིག་ལེ་འབའ་ཞིག་སྐར་མ་བཞིན། །བདག་ཉིད་བར་མ་དོ་རུ་བསྒོམ། །གཟུང་འཛིན་ལ་སོགས་རྟོག་པ་ནི། །དོར་ནས་བདག་ཉིད་གཅིག་ཡིན་བསམ། །ཡང་ན་གཤེར་བའི་ཁམས་རྣམས་ཀྱིས། །དྲོད་ཀྱི་ཁམས་རྣམས་བསིལ་བར་བསམ། །མེ་མེད་པས་ནི་སྲ་བའི་ཁམས། །ཞུ་བའི་བདག་ཉིད་བསྒོམ་པར་བྱ། །ཞུ་བ་དང་ནི་ཆུ་ཡི་ཁམས། །དངོས་པོ་གཅིག་ཏུ་གྱུར་པར་བསམ། །ཆུ་དེ་མ་ལུས་རླུང་གིས་ནི། །སྐམས་པར་བྱས་ནས་ནམ་མཁའ་ལ། །སོ་སོར་གྱུར་ནས་ཡུལ་དང་བྲལ། །ཀུན་གཞི་རྣམ་ཤེས་གཅིག་པུ་སྟེ། །བསྒོམས་ནས་རྣལ་འབྱོར་པ་ཡིས་


DTG013_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི། །སྔགས་ཚིག་འདི་རྣམས་བརྗོད་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨཀོ྅ཧཾ། ཞེས་བྱ་བ་ནི། སྟོང་པ་ཉིད་རྣམ་པར་ཐར་པའི་སྔགས་སོ། །ཨོཾ་ཨ་ནི་མིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨཀོ྅ཧཾ། ཞེས་བྱ་བ་ནི། མཚན་མ་མེད་པའི་ང་རྒྱལ་འཛིན་པའི་སྔགས་སོ། །ཨོཾ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྲབྷཱ་པ་ཨཱཏྨཀོ྅ཧཾ། ཞེས་བྱ་བ་ནི། སྨོན་པ་མེད་པའི་སྔགས་སོ། །ཨོཾ་ཨ་ན་བྷི་སཾ་སྐཱ་ར་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨཀོ྅ཧཾ། ཞེས་བྱ་བ་ནི། འདུས་མ་བྱས་པའི་སྔགས་འདུ་བརྗོད་པར་བྱ་ཞེས་བྱ་བའོ། །དེ་ལྟར་བདག་དང་ཁམས་གསུམ་ནི། །པྲ་རབ་རྡུལ་ལས་འདས་གྱུར་པའི། །སྟོང་པའི་བདག་ཉིད་བསྒོམས་ནས་སུ། །འཇིག་རྟེན་འདས་པའི་བདག་ཉིད་བསམ། །ཕལ་པའི་ཕུང་པོ་རྣམས་དོར་དང༌། །འཇིག་རྟེན་ལས་འདས་འཛིན་པའི་ཕྱིར། །རྣལ་འབྱོར་པས་ནི་སྔོན་དུ་ནི། །སྟོང་པ་ཉིད་ནི་བསྒོམ་པར་བྱ། །དེ་ལས་སྨོན་ལམ་རྫོགས་པ་དང༌། །ཆོས་ཀྱི་འཁོར་ལོ་བསྐོར་པའི་ཕྱིར། །མངལ་ནས་སྐྱེས་པའི་རིམ་པ་བཞིན། །བདག་ཉིད་དུས་ཀྱི་འཁོར་ལོར་བསྒོམ། །དེ་ནས་ནམ་མཁའི་ཁམས་ལ་ནི། །ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། །མ་ཡི་ལུས་པོ་དག་པའི་ཕྱིར། །རྣལ་འབྱོར་པས་ནི་བསྒོམ་པར་བྱ། །དེ་ཡི་ཕྱི་རོལ་ཡཾ་ལས་བྱུང༌། །གཞུ་བཞིན་རླུང་གི་དཀྱིལ་འཁོར་ཏེ། །དཔག་ཚད་འབུམ་ཕྲག་བཞི་ཙམ་དུ། །ཁ་དོག་ནག་པོ་བསམ་པར་བྱ། །སྟེང་འོག་ཧཱུཾ་ལས་སྣ་ཚོགས་རྡོར། །རྒྱལ་མཚན་གཉིས་ཀྱིས་བརྒྱན་པའོ། །ནང་དུ་མ་ཡི་ལུས་པོ་ཡི། །དཔྲལ་བར་རླུང་གི་དཀྱིལ་འཁོར་རོ། །དེ་སྟེང་རེ་ཕ་ལས་བྱུང་བའི། །མེ་ཡི་དཀྱིལ་འཁོར་གྲུ་གསུམ་པ། །ཁ་དོག་དམར་པོ་སྟེང་འོག་ཏུ། །ཡི་གེ་ཧཱུཾ་ལས་བྱུང་བ་ཡི། །སྣ་ཚོགས་རྡོ་རྗེ་གཉིས་དང་བཅས། །གཡུང་དྲུང་གཉིས་ཀྱིས་མཚན་པའོ། །དེ་ཉིད་མ་ཡི་ལུས་པོ་ལ། །མགྲིན་པའི་འཁོར་ལོར་བརྗོད་པའོ། །དེ་སྟེང་ཆུ་ཡི་དཀྱིལ་འཁོར་ནི། །དཔག་ཚད་འབུམ་ཕྲག་གཉིས་ཀྱི་བདག །ཡི་གེ་བཾ་ལས་བྱུང་བ་ཡི། །ཁ་དོག་དཀར་པོ་ཟླུམ་པོ་ནི། །ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་ཡི། །པདྨ་སྟེང་འོག་མཚོན་པའོ། །དེ་ཉིད་མ་ཡི་ལུས་པོ་ལ། །སྙིང་གའི་འཁོར་ལོར་ཤེས་པར་བྱ། །དཔག་ཚད་འབུམ་གཅིག་བདག་ཉིད་ནི། །ས་ཡི་དཀྱིལ་


DTG013_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་ལས་བྱུང་བའི། །ཁ་དོག་སེར་པོ་གྲུབ་བཞི་པ། །རྣལ་འབྱོར་བས་ནི་བསྒོམ་པར་བྱ། །ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་ཉིད། །སྟེང་འོག་འཁོར་ལོ་བརྒྱད་པའོ། །ནང་དུ་མ་ཡི་ལུས་པོ་ལས། །དེ་ཉིད་ལྟེ་བའི་འཁོར་ལོ་ལའོ། །ཡོན་ཏན་གཉིས་དང་གསུམ་དང་བཞི། །དེ་བཞིན་ལྔ་པོ་དག་པའི་ཕྱིར། །རླུང་མེ་ས་ཆུའི་དཀྱིལ་འཁོར་གྱི། །དབྱིབས་ནི་རིམ་བཞིན་ཤེས་པར་བྱ། །ས་ཡི་དཀྱིལ་འཁོར་སྟེང་དུ་ནི། །རྡོ་རྗེའི་བདག་ཉིད་མ་ལས་བྱུང༌། །རི་རབ་སྟེང་འོག་དཔག་ཚད་ནི། །སྟོང་ཕྲག་ལྔ་བཅུ་རྩ་དྲུག་པའོ། །ལྟེ་བ་ནས་ནི་གསང་བའི་བར། །མ་ཡི་ལུས་ལ་དེ་ཉིད་ཡིན། །དེ་སྟེང་ཀྵཿལས་བྱུང་བ་ཡི། །སྣ་ཚོགས་པདྨ་འདབ་བརྒྱད་པ། །རི་རབ་ཕྱེད་ཀྱི་ཚད་ཡིན་པ། །དེ་ཡི་སུམ་ཆ་ལྟེ་བའོ། །དེ་ཉིད་མ་ཡི་ལུས་པོ་ལ། །གསང་བའི་པདྨ་ལྟེ་བཅས་པའོ། །དེ་ཡི་སྟེང་དུ་ཡི་གེ་ཀྵཾ། །ཡང་ན་ཧ་ཡིག་ལས་བྱུང་བའི། །ཟླ་བའི་དཀྱིལ་འཁོར་ལྟེ་བ་བཞིན། །རྣལ་འབྱོར་པས་ནི་བསྒོམ་པར་བྱ། །དེ་སྟེང་ཚེག་དྲག་ལས་བྱུང་བ། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །དེ་བཞིན་ཐིག་ལེར་གྱུར་པ་ལ། །སྒྲ་གཅན་དཀྱིལ་འཁོར་སྔོན་པོའོ། །དེ་ཉིད་མ་ཡི་ལུས་པོ་ལ། །དྲི་ཆེན་དང་ནི་དྲི་ཆུ་དང༌། །ས་བོན་འབབ་པའི་རྩ་གསུམ་ནི། །གསང་བའི་ལྟེ་བར་འདུས་གྱུར་བའོ། །དེ་སྟེང་ཧཱུཾ་ཡིག་ལས་བྱུང་བའི། །རྡོ་རྗེའི་གུར་ནི་བསྒོམ་པར་བྱ། །ཡང་ནི་བྷྲཱུཾ་མམ་ཨོཾ་ལས་བྱུང༌། །བརྩེགས་པའི་གཞལ་ཡས་ཁང་ཡིན་ནོ། །ནང་དུ་མ་ཡི་སྐྱེ་གནས་ནི། །པདྨ་རྡོ་རྗེ་བཅས་ཕྱིར་རོ། །ནོར་བུའི་བདག་ཉིད་གྲུབ་བཞི་པ། །རིན་ཆེན་སྣམ་བུ་ཚོགས་དང་ལྡན། །དྲ་བ་དྲ་ཕྱེད་མེ་ལོང་དང༌། །དྲིལ་བུ་དང་ནི་རྔ་ཡབ་དང༌། རྒྱལ་མཚན་རྣམས་ཀྱིས་བརྒྱན་པའོ། །དེ་བཞིན་སྒོ་དང་རྟ་བབས་ནི། །དཀྱིལ་འཁོར་གསུམ་ལ་བཅུ་གཉིས་པའོ། །ཕྱི་རོལ་དུར་ཁྲོད་བརྒྱད་ཀྱིས་ནི། །ཀུན་ནས་ཡོངས་སུ་བསྐོར་བའོ། །མིག་དང་རྣ་བ་སྣ་བུག་དང༌། །དེ་བཞིན་ཁ་དང་ནུ་མ་གཉིས། །དྲི་ཆེན་དྲི་ཆུ་ས་བོན་གྱིས། །བུག་པ་ལུས་ལ་བཅུ་གཉིས་ཏེ། །དེ་རྣམས་རྣམ་པར་དག་པའི་ཕྱིར། །སྒོ་བཅུ་གཉིས་ཀྱི་བདག་ཉིད་པའོ། །དེ་བཞིན་དཀྱིལ་འཁོར་གསུམ་པོ་དང༌། །གྲུ་བཞི་ལ་སོགས་


DTG013_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་དག་ནི། །དྲི་མ་མེད་པའི་འགྲེལ་པ་ལས། །རྣལ་འབྱོར་པས་ནི་ཤེས་པར་བྱ། །གཞལ་ཡས་ཁང་གི་དབུས་སུ་ནི། །པདྨ་འདབ་མ་བརྒྱད་པ་ཡིན། །ཆ་ཤས་བཅུ་དྲུག་དག་པའི་ཕྱིར། །ཀ་བ་བཅུ་དྲུག་དང་ལྡན་པའོ། །ཡི་གེ་ཨོཾ་ལས་བྱུང་བ་ཡི། །དུས་ཀྱི་འཁོར་ལོའི་གདན་དུ་བསྒོམ། །དེ་ལྟར་རྟེན་ནི་རྫོགས་བྱས་ནས། །བརྟེན་པ་ལྷ་རྣམས་བསྒོམ་པར་བྱ། །ཕྱི་རོལ་ལྷ་རྣམས་སྤྲོ་བ་ནི། །ནང་དུ་ལུས་པོ་སྐྱེ་བའོ། །པདྨའི་ལྟེ་བའི་སྟེང་དུ་ནི། །དབྱངས་ཡིག་ཐུང་དང་རིང་པོ་སྟེ། །སུམ་ཅུ་རྩ་གཉིས་གཡོན་སྐོར་དུ། །རྣལ་འབྱོར་པས་ནི་བཀོད་པར་བསམ། །དེ་རྣམས་ཡོངས་སུ་གྱུར་བ་ལས། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །སྔོན་དུ་ཀ་སོགས་ཡི་གེ་ནི། །ཡང་བ་དང་ནི་ལྕི་བའི་ཕྱིར། །ཡི་གེ་བརྒྱད་ཅུ་གང་ཡིན་པ། །ཉི་མར་སྐྱེས་པའི་ས་བོན་བསམ། །དེ་ནས་པདྨའི་ལྟེ་བའི་སྟེང༌། །སྔོན་དུ་ཉི་མའི་དཀྱིལ་འཁོར་བསམ། །དཔེ་བྱད་བརྒྱད་ཅུ་དག་པའི་ཕྱིར། །ཡི་གེ་བརྒྱད་ཅུའི་བདག་ཉིད་དོ། །དེ་སྟེང་ཟླ་བའི་དཀྱིལ་འཁོར་ནི། །དབྱངས་ཡིག་སུམ་ཅུ་གཉིས་ལས་བྱུང༌། །སྐྱེས་བུ་ཆེན་པོའི་མཚན་རྣམས་ནི། །སུམ་ཅུ་རྩ་གཉིས་དག་ཕྱིར་རོ། །དེ་སྟེང་ཧཱུཾ་ཡིག་ནག་པོ་ནི། །ཟླ་བའི་མཚན་མ་བཞིན་དུའོ། །གསུམ་པོ་དེ་རྣམས་གྱུར་ནས་སོ། །ཡི་གེ་ཧིཿནེ་བསམ་པར་བྱ། །དེ་ལས་སྐྱེས་པའི་བཅོམ་ལྡན་འདས། །དུས་ཀྱི་འཁོར་ལོའི་བདག་ཉིད་བསམ། །ཡེ་ཤེས་ལྔ་ཡི་བདག་ཉིད་ནི། །ཕྱི་རོལ་དུ་ནི་བརྗོད་པ་བཞིན། །དེ་བཞིན་ནང་དུ་ལུས་པོ་ནི། །ཕུང་པོ་ལྔ་ཡི་བདག་ཉིད་བརྗོད། །ཤུ་ཀྲ་དང་ནི་དེ་བཞིན་རྡུལ། །དྲི་ཟའི་སེམས་ཅན་སྲོག་ལྡན་པ། །ཡན་ལག་རྫོགས་པའི་རྣམ་པར་ཤེས། །གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །དེ་ལྟར་བཅོམ་ལྡན་དུས་འཁོར་ལོ། །ཞལ་བཞི་པ་དང་ཕྱག་རྣམས་ནི། །ཉི་ཤུ་རྩ་བཞི་དང་ལྡན་པའོ། །གནག་དང་དམར་པོ་སེར་པོ་དང༌། །དེ་བཞིན་དཀར་པོ་གཡས་སྐོར་གྱིས། །ཤར་ལ་སོགས་པའི་ཞལ་རྣམས་ཀྱིས། །རིམ་པས་ཞལ་མདོག་ཤེས་པར་བྱ། །མགྲིན་པར་བརྩམས་ནས་ཞབས་ཀྱི་བར། །སྐུ་མདོག་ནག་པོ་ཞལ་ཕྱེ་བའོ། །གཡས་པ་ཆགས་པའི་བདག་ཉིད་དང༌། །གཡོན་པ་ཞི་བའི་བདག་ཉིད་དོ། །ནུབ་ཞལ་ཏིང་འཛིན་ལ་གནས་པར། །རལ་


DTG013_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཅོད་པན་བཅིངས་པའོ། །སྣ་ཚོགས་རྡོ་རྗེ་ཟླ་བ་ཕྱེད། །རྡོ་རྗེ་སེམས་དཔས་དབུ་བརྒྱན་པའོ། །འཁོར་ལོ་ལ་སོགས་རྒྱན་རྣམས་ཀྱིས། །བརྒྱན་པས་སྟག་ལགས་གོས་འཛིན་པའོ། །ཉི་ཟླ་སྒྲ་གཅན་སྟེང་དུ་ནི། །བདུད་དང་དྲག་པོ་མནན་པར་བཞུགས། །ནང་དུ་སྙིང་གའི་པདྨ་ལ། །གཡས་གཡོན་དབུས་མའི་རྩ་རྣམས་ཏེ། །གཡས་དང་གཡོན་པ་འབབ་པ་ནི། །བདུད་དང་ཉོན་མོངས་གཉིས་སུ་བརྗོད། །འདོད་པའི་ལྷ་ནི་གདོང་གཅིག་ལ། །ཁ་དོག་དམར་པོ་ལག་བཞིར་ལྡན། །གཡས་པ་མདའ་དང་ལྕགས་ཀྱུ་དང༌། །གཡོན་པར་གཞུ་དང་ཞགས་པ་ཉིད། །དགའ་མོ་དང་བཅས་གཡས་ཀྱི་ཞབས། །དམར་པོའི་འོག་ཏུ་མནན་པའོ། །དེ་བཞིན་དྲག་པོ་མིག་གསུམ་པ། །ལག་པ་བཞི་པ་དཀར་པོ་སྟེ། །གཡས་པར་རྩེ་གསུམ་ཅང་ཏེའུ་དང༌། །ལག་པ་གཡོན་པ་ཐོད་པ་དང༌། །ཁ་ཊྭཱམ་ག་ནི་འཛིན་པའོ། །གཡོན་པ་དཀར་པོ་ཞབས་ཀྱི་འོག །ཨུ་མ་ལྷན་ཅིག་མནན་པའོ། །གཡས་པའི་ཕྱག་ནི་བཅུ་གཉིས་པའི། །བཞི་བཞིའི་རིམ་པ་ཇི་བཞིན་དུ། །ནག་པོ་དང་ནི་དམར་པོ་དང༌། །ཁ་དོག་དཀར་པོ་ཤེས་པར་བྱ། །དེ་བཞིན་གཡོན་པའི་ཕྱག་རྣམས་ནི། །སྔ་མ་བཞིན་དུ་མདོག་ཤེས་བྱ། །དེ་བཞིན་ཕྱག་གི་སོར་མོ་རྣམས། །སོར་མོ་ལ་སོགས་ཁ་དོག་ལྡན། །མཐེ་བོང་ལ་སོགས་ལྔ་པོ་དེ། །ས་ལ་སོགས་པའི་དབྱེ་བས་སོ། །སོར་མོ་རྣམས་ཀྱི་ཚིགས་གསུམ་པོ། །ཁ་དོག་སྣ་ཚོགས་དང་ལྡན་པའོ། །རྡོ་རྗེ་རལ་གྲི་རྩེ་གསུམ་དང༌། །གྲི་གུག་མདའ་དང་ལྕགས་ཀྱུ་དང༌། །ཅང་ཏེའུ་ཐོད་པ་འཁོར་ལོ་མདུང༌། །དབྱུག་པ་དགྲ་སྟ་གཡས་པས་འཛིན། །དེ་བཞིན་གཡོན་པའི་ཕྱག་རྣམས་ན། །དྲིལ་བུ་ཕུབ་དང་ཁ་ཏྭཱཾ་ག །ཐོད་པ་ཤག་ཏི་ཞགས་པ་དང༌། །རིན་ཆེན་པདྨ་དཀར་པོ་དང༌། །དུང་དང་མེ་ལོང་ལྕགས་སྒྲོག་དང༌། །ཚངས་པའི་མགོ་བོ་གདོང་བཞི་པ། །མཚོན་ཆའི་ཚོགས་ནེ་ཤེས་པར་བྱ། །དེ་ལྟར་བདག་ཉིད་བཅོམ་ལྡན་འདས། །དུས་ཀྱི་འཁོར་ལོར་བསྒོམས་ནས་སུ། །དེ་ཡི་རང་བཞིན་གྱུར་པ་ཡི། །སང་ཚོགས་གཟུགས་ནི་བསྒོམ་པར་བྱ། །ཟླ་བ་དཀར་ནག་ཁ་དོག་ཕྱིར། །བཅོམ་ལྡན་འདས་ཀྱི་སྐུ་མདོག་གོ །ཉི་མ་དམར་སེར་གྱུར་པའི་ཕྱིར། །


DTG013_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྣ་ཚོགས་ཡུམ་ནི་སེར་མོའོ། །ཞལ་བཞི་པ་དང་ཕྱག་བརྒྱད་པ། །བཅོམ་ལྡན་འདས་ཀྱི་རྒྱན་བཞིན་བརྒྱན། །གཡོན་བརྐྱང་བ་ཡི་བཞུགས་སྟངས་ཀྱིས། །བཅོམ་ལྡན་འདས་ཀྱི་སྐུ་ལ་འཁྱུད། །གྲི་གུག་ལྕགས་ཀྱུ་ཆང་ཏེའུ་དང༌། །གཡས་པས་ཕྲེང་བ་འཛིན་པའོ། །ཐོད་པ་ཞགས་པ་པདྨ་དང༌། །དེ་བཞིན་གཡོན་པར་རིན་ཆེན་ནོ། །བདག་ཉིད་དེ་ལྟར་བསྒོམས་ནས་སུ། །སྙོམས་པར་ཞུགས་པར་བསམ་པར་བྱ། །བདེ་བ་ལ་སོགས་འཁོར་ལོ་ལ། །ཡེ་ཤེས་རྡོ་རྗེ་ལ་སོགས་དགོད། །འགྲོ་བ་དྲུག་ལ་གནས་པ་ཡི། །སེམས་ཅན་རྣམས་ནི་བཀུག་པར་བསམ། །དཀྱིལ་འཁོར་དེ་ལ་བཀོད་ནས་སུ། །རྡོ་རྗེའི་དབང་ནི་བསྐུར་བར་བྱ། །རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །ནང་དུ་བཀུག་ནས་ཞུ་བར་བསམ། །རང་གི་རྡོ་རྗེའི་བྱང་ཆུབ་སེམས། །སྤྲོས་ནས་དེ་ལ་དབང་བསྐུར་བྱ། །དེ་ནས་སེམས་ཅན་དེ་རྣམས་ནི། །ལྷ་དང་ལྷ་མོའི་བདག་ཉིད་བསམ། །ཐབས་དང་ཤེས་རབ་བདག་ཉིད་ཀྱི། །མཆོག་དགའི་བདེ་བས་གང་བར་བསམ། །དེ་ནས་ལུས་པོ་དེ་རྣམས་ཀྱི། །དཀྱིལ་འཁོར་འཁོར་ལོར་སྐད་ཅིག་གིས། །བསྒོམས་ནས་རང་རང་གནས་སུ་ནི། །དེ་ཀུན་གཤེགས་སུ་གསོལ་བར་བྱ། །དེ་ལྟར་ལུས་པོ་རྫོགས་པ་ནི། །དཀྱིལ་འཁོར་རྒྱལ་མཆོག་ཏིང་ངེ་འཛིན། །རྫོགས་ནས་ལས་ཀྱི་རྒྱལ་མཆོག་ནི། །རྣལ་འབྱོར་པས་ནི་བསྒོམ་པར་བྱ། །དེ་ནི་ཕྱི་རོལ་སྐྱེ་བ་དང༌། །གཡས་གཡོན་སྲོག་རླུང་འབྱུང་བའོ། །ཕན་ཚུན་སྙོམས་པར་ཞུགས་པ་ཡིས། །ལྟེ་བར་ཡེ་ཤེས་མེ་འབར་ཏེ། །དེ་ཡི་འོད་ཟེར་རྣམས་ཀྱིས་ནི། །གཙོ་བོ་ཞུ་པའི་རང་བཞིན་གྱུར། །ཤེས་རབ་མ་ཡང་དེ་བཞིན་དུ། །བདེ་བ་ཆེན་པོར་ཞུགས་པའོ། །གཉི་ག་སྟོང་པར་ཞུགས་པ་རུ། །གཟིགས་ནས་ལྷ་མོ་རྣམས་ཀྱིས་བསྐུལ། །འགྲོ་བ་ཀུན་ལ་དོན་མཛད་ཕྱིར། །བྱམས་པ་ལ་སོགས་བཞི་ཡིས་ནི། །དེ་ལ་སྟོང་པ་ལ་ཞུགས་པའི། །དུས་སུ་སྔགས་འདི་བརྗོད་པར་བྱ། །ཨོཾ་སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་སྲ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའོ། །དེ་ལ་བསྐུལ་བར་གྱུར་པ་ཡི། །གླུ་ཡི་ཚིགས་སུ་བཅད་པ་བཞི་པོ་ནི་ལྷ་མོ་རྣམས་ཀྱིས་བརྗོད་དེ། འགྲོ་བའི་མ་ནི་སྤྱན་མ་དག །


DTG013_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣལ་འབྱོར་རྣམས་ཀྱི་རྒྱུ་མཐུན་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་ཆགས་མཛོད། །མཱ་མ་ཀཱི་ནི་སྲིང་མོའི་བདག །རྣལ་འབྱོར་རྣམས་ནི་རྣམ་སྨིན་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་ཆགས་མཛོད། །གོས་དཀར་མ་བདག་བུ་མོ་ཡིན། །རྣལ་འབྱོར་རྣམས་ཀྱིས་སྐྱེས་བུར་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་ཆགས་མཛོད། །སྒྲོལ་མ་ཚ་མོ་བདག་ཡིན་པ། །རྣལ་འབྱོར་རྣམས་ཀྱིས་དྲི་མེད་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་ཆགས་མཛོད། །དེ་ལྟར་ལྷ་མོ་རྣམས་ཀྱི་གླུ། །བཅོམ་ལྡན་འདས་ཀྱིས་གསན་ནས་སུ། །འགྲོ་བ་མ་ལུས་སྒྱུ་མ་བཞིན། །གཟིགས་ནས་མཚན་མ་སྤྲོ་བར་མཛད། །དེ་ཡང་ནང་གི་དག་པ་ཡིས། །རྣལ་འབྱོར་པས་ནི་ཤེས་པར་བྱ། །མངལ་ནས་སྐྱེས་པ་རྣམས་ལ་ནི། །རྨི་ལམ་གནས་སྐབས་ཞུགས་པ་ཡིས། །རྣམ་པར་ཤེས་པ་ལ་སོགས་པའི། །ཁམས་རྣམས་ཀྱིས་ནི་སྐུལ་བར་བྱེད། །སྲོག་རྫོགས་པ་དང༌། བདེ་བ་ནི། །ཡོངས་སུ་མྱོང་བའི་ཕྱིར་དུ་སྟེ། །ཀུན་སྤངས་མ་དང་དུང་ཅན་མར། །གནས་པའི་སེམས་དང་ཡེ་ཤེས་སོ། །དེ་རྣམས་ཀྱིས་ནི་བསྐུལ་བ་ཡི། །སེམས་ནི་སྔོན་གྱི་བག་ཆགས་ཀྱིས། །རྨི་ལམ་གནས་སྐབས་དོར་གནས་སུ། །སད་པ་ལས་ནི་འཇུག་པར་འགྱུར། །རྣམ་པར་དག་པ་དེ་ཡི་ཕྱིར། །སྟོང་པར་ཞུགས་སོགས་ཤེས་པར་བྱ། །རྣམ་པ་ལྔ་ཡི་བྱང་ཆུབ་ནི། །བསྙེན་པའི་ཡན་ལག་རྫོགས་ནས་སུ། །རྣམ་པ་ཉི་ཤུའི་བྱང་ཆུབ་ནི། །ཉེ་བའི་སྒྲུབ་པ་བརྩམ་པར་བྱ། །དེ་ལ་བཅོམ་ལྡན་འདས་ཀྱིས་ནི། །སྟོང་པར་བཞེངས་པའི་དུས་སུ་ནི། །ཧཱུཾ་ལས་བྱུང་བའི་རྩེ་ལྔ་ལ། །རྡོ་རྗེ་སྤྲོ་བར་བརྩམ་པར་བྱ། །དེ་ཉིད་ཡོངས་སུ་གྱུར་པ་ལས། །སྔོན་བཞིན་བཅོམ་ལྡན་དུས་འཁོར་ལོ། །སྟོང་པའི་དཀྱིལ་འཁོར་འབབ་པ་ཡིས། །སྣ་ཚོགས་ཡུམ་ལ་འཁྱུད་པའོ། །དུས་བཞི་རྣམ་པར་དག་པའི་ཕྱིར། །ཐུགས་ལ་སོགས་པའི་ཞལ་བཞི་པའོ། །ཕྱོགས་ནི་ཉི་ཤུ་བཞི་དག་ཕྱིར། །ཕྱག་རྣམས་ཉི་ཤུ་རྩ་བཞི་པའོ། །དུས་སྦྱོར་དྲུག་དྲུག་དག་པའི་


DTG013_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱིར། །དེ་བཞིན་དུ་ནི་ཞབས་གཉིས་པ། །ཆུ་ཚོད་ལྔ་ལྔ་དག་པའི་ཕྱིར། །ཕྱག་རྣམས་ཀྱི་ནི་སོར་མོའོ། །ཆུ་སྲང་རེ་རེ་དག་པའི་ཕྱིར། །ཕྱག་ཚིགས་སུམ་བརྒྱ་དྲུག་ཅུའོ། །ཉིན་མཚན་རྣམ་པར་དག་པའི་ཕྱིར། །བཅོམ་ལྡན་འདས་ཀྱི་སྐུ་ཡིན་ནོ། །དེ་ཁོ་ན་ཉིད་ཉི་ཤུ་དང༌། །བཞི་ཡི་རྣམ་པར་དག་པའི་ཕྱིར། །རྡོ་རྗེ་ལ་སོགས་མཚོན་ཆ་ཡི། །ཚོགས་ནི་དེ་བཞིན་ཤེས་པར་བྱ། །དྲི་སོགས་རྣམ་པར་དག་པའི་ཕྱིར། །འཁོར་ལོ་ལ་སོགས་ཕྱག་རྒྱ་ཡིན། །ཆ་ཤས་བཅུ་དྲུག་དག་པའི་ཕྱིར། །ཟླ་བ་ཕྱེད་ཀྱིས་བརྒྱན་པའོ། །གསང་བའི་རྡོ་རྗེ་ལྡོག་པའི་ཕྱིར། །སྤྱི་བོར་སྣ་ཚོགས་རྡོ་རྗེ་འཛིན། །དགའ་བ་ལ་སོགས་དག་པའི་ཕྱིར། །དཔྲལ་བར་ཐོད་པའི་ཕྲེང་བའོ། །ཀ་སོགས་རྣམ་པར་དག་པའི་ཕྱིར། །ཕྲག་པར་མགོ་པོའི་ཕྲེང་འཛིན་ནོ། །འཕོ་བ་མེད་པ་དག་པའི་ཕྱིར། །སྟག་ལྤགས་ཤམ་ཐབས་མཛད་པའོ། །ས་སོགས་རྣམ་པར་དག་པའི་ཕྱིར། །ནང་གི་ཕྱག་རྒྱ་བཞི་པོ་ཡིན། །ཡང་ན་མཆོག་ཏུ་མི་འགྱུར་བའི། །ལྷན་ཅིག་སྐྱེས་པའི་དགའ་བ་ནི། །དོན་དམ་པ་ཡི་བདེན་པ་ཡིས། །དཔལ་ལྡན་དུས་ཀྱི་འཁོར་ལོ་ལའོ། །དུས་གསུམ་ཡོངས་སུ་བསྐོར་བ་ཡིས། །རྣམ་པ་ཐམས་ཅད་དང་ལྡན་པ། སྟོང་ཉིད་འཕོ་བ་སྒྲིབ་ཟད་ཡིན། །སྣ་ཚོགས་ཡུམ་ནི་དག་པའོ། །ཡང་ན་ལུས་ཀྱི་དག་བ་ཡིས། །དེ་དག་དག་པར་ཤེས་པར་བྱ། །དེ་ལྟར་དཀྱིལ་འཁོར་བདག་པོ་ནི། །བསྒོམས་ནས་འཁོར་ནི་སྤྲོ་བར་བྱ། །ཐབས་དང་ཤེས་རབ་སྙོམས་ཞུགས་པས། །ནམ་མཁའི་ཁམས་ལ་གནས་པའོ། །ཕུང་པོ་ཁམས་སོགས་བདག་ཉིད་ནི། །སངས་རྒྱས་ནང་དུ་དགུག་པར་བསམ། །ཕྱི་ནས་དེ་རྣམས་སྤྲོས་ནས་སུ། །སྣ་ཚོགས་ཡུམ་ལ་ཐིམ་པར་བསམ། །དེ་ནས་སྤྲོས་ནས་སྔོན་བཞིན་དུ། །རང་ལ་ཐིམ་ནས་ཞུ་བར་བསམ། །བྱང་ཆུབ་སེམས་ཀྱི་ཐིག་ལེ་རྣམས། །གསང་བའི་རྡོ་རྗེའི་ལམ་ནས་སྤྲོ། །སྣ་ཚོགས་ཡུམ་གྱི་པདྨ་ལ། །ས་བོན་ཡི་གེའི་བདག་ཉིད་བསྒོམ། །ཡི་གེ་ཨ་ལས་བྱུང་བ་ཡི། །རྡོ་རྗེ་རྩེ་མོ་ལྔ་པ་སྟེ། །དེ་ནས་སྐྱེས་པའི་མི་བསྐྱོད་པ། །ཞལ་གསུམ་པ་དང་ཕྱག་དྲུག་པ། །གནག་དང་དམར་པོ་དཀར་པོ་ཡི། །ཞལ་གྱི་ཁ་དོག་ཤེས་པར་


DTG013_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱའོ། །རྡོ་རྗེ་གྲི་གུག་དགྲ་སྟ་དང༌། །གཡས་པའི་ཕྱག་གིས་འཛིན་པའོ། །དྲིལ་བུ་དང་ནི་ཐོད་པ་དང༌། །གཡོན་པ་ཚངས་པའི་མགོ་བོའོ། །མི་བསྐྱོད་པ་ནི་སྤྲོས་ནས་སུ། །དུས་ཀྱི་འཁོར་ལོར་ཐིམ་པར་བསམ། །དེ་ནས་ཨི་ལས་བྱུང་བ་ཡི། །རལ་གྲི་ལས་སྐྱེས་དོན་ཡོད་གྲུབ། །སྤྲོས་ནས་ཤར་གྱི་པདྨ་ལ། །ཉི་མའི་སྟེང་དུ་བཞུགས་པར་བསམ། །ཞལ་གསུམ་པ་དང་ཕྱག་དྲུག་པ། །སྐུ་མ་དོག་ནག་པོ་རྒྱན་གྱིས་བརྒྱན། །གནག་དང་དམར་པོ་དཀར་པོ་ནི། །གཡས་སྐོར་དུ་ནི་ཞལ་རྣམས་སོ། །གཡས་པའི་ཕྱག་ན་རལ་གྲི་དང༌། །གྲི་གུག་རྩེ་གསུམ་བསྣམས་པའོ། །དེ་བཞིན་ཕུབ་དང་ཐོད་པ་དང༌། །གཡོན་པ་ན་ནི་ཁ་ཊྭཱཾ་གའོ། །དེ་བཞིན་རྀ་ལས་བྱུང་བ་ཡི། །རིན་ཆེན་ལས་སྐྱེས་རིན་ཆེན་འབྱུང༌། །ཞལ་གསུམ་པ་དང་ཕྱག་དྲུག་པའོ། །དེ་བཞིན་སྐུ་མདོག་དམར་པོ་འཛིན། །དམར་དང་དཀར་པོ་ནག་པོ་ནི། །གཡས་སྐོར་དུ་ནི་ཞལ་རྣམས་སོ། །མདའ་དང་རྡོ་རྗེ་ལྕགས་ཀྱུ་དང༌། །ཅང་ཏེའུ་གཡས་པའི་ཕྱག་ལའོ། །གཞུ་དང་རྡོ་རྗེ་ཞགས་པ་དང༌། །གཡོན་པ་རིན་ཆེན་རྩེ་དགུ་འབར། །སྤྲོས་ནས་གཡས་པའི་པདྨ་ཡི། །ཉི་མའི་སྟེང་དུ་བཞུགས་པར་བསམ། །དེ་བཞིན་ལྀ་ལས་བྱུང་བ་ཡིས། །འཁོར་ལོ་ལས་སྐྱེས་རྣམ་སྣང་མཛད། །ཞལ་གསུམ་པ་དང་ཕྱག་དྲུག་པ། །སྐུ་མདོག་སེར་པོ་འཛིན་པའོ། །སེར་དང་དཀར་པོ་ནག་པོ་ནི། །གཡས་སྐོར་དུ་ནི་ཞལ་རྣམས་སོ། །འཁོར་ལོ་དང་ནི་དབྱུག་པ་དང༌། །གཡས་པའི་ཕྱག་ན་རྡོ་རྗེའོ། །དུང་དང་རྡོ་རྗེ་ལྕགས་སྒྲོག་དང༌། །གཡོན་པ་རྡོ་རྗེ་དྲིལ་བུ་སྟེ། །སྤྲོས་ནས་ནུབ་ཕྱོགས་པདྨ་ཡི། །ཉི་མའི་སྟེང་དུ་དགོད་པར་བསམ། །དེ་བཞིན་ཨུ་ལས་བྱུང་བ་ཡི། །སྣང་བ་མཐའ་ཡས་པདྨར་སྐྱེས། །ཞལ་གསུམ་པ་དང་ཕྱག་དྲུག་པ། །དེ་བཞིན་སྐུ་མདོག་དཀར་པོའོ། །དཀར་དང་གནག་དང་དམར་པོ་ནི། །གཡས་སྐོར་དུ་ནི་ཞལ་རྣམས་སོ། །གཡས་ན་ཐོད་པ་མདུང་དང་ནི། །དེ་བཞིན་རྩེ་གསུམ་བསྣམས་པའོ། །གཡོན་པ་པདྨ་དཀར་པོ་དང༌། །མེ་ལོང་ཕྲེང་བ་འཛིན་བ་སྟེ། །སྤྲོས་ནས་གཡོན་གྱི་པདྨ་ཡི། །ཉི་མའི་སྟེང་དུ་བཞུགས་པར་བསམ། །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །ཁྱད་པར་གྱུར་


DTG013_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་ཚིག་གི་ཕྱིར། །དོན་ཡོད་གྲུབ་པ་ལ་སོགས་བཞི། །ཉི་མའི་སྟེང་དུ་དགོད་པར་བྱ། །འདུ་བྱེད་ལ་སོགས་ཕུང་པོ་རྣམས། །དག་ཕྱིར་དོན་གྲུབ་ལ་སོགས་སོ། །ཡང་ན་ས་བོན་ལ་སོགས་ཀྱི། །རྣམ་པར་དག་ཕྱིར་དེ་རྣམས་དག །ཡི་གེ་ཨི་ལས་བྱུང་བ་ཡི། །ལྷ་མོ་སྒྲོལ་མ་དོན་གྲུབ་བཞིན། །སྤྲོས་ནས་མེ་མཚམས་པདྨ་ཡི། །ཟླ་བའི་སྟེང་དུ་བཞུགས་པར་བསམ། །དེ་བཞིན་རྀ་ལས་བྱུང་བ་ཡི། །རིན་ཆེན་འབྱུང་བཞིན་གོས་དཀར་མ། །སྤྲོས་ནས་བདེན་བྲལ་པདྨ་ཡི། །ཟླ་བའི་སྟིང་དུ་བཞུགས་པར་བསམ། །ཡི་གེ་ལྀ་ལས་བྱུང་བ་ཡི། །སྤྱན་མ་རྣམ་སྣང་བཞིན་དུ་སྟེ། །སྤྲོས་ནས་རླུང་མཚམས་པདྨ་ཡི། །ཟླ་བའི་སྟེང་དུ་བཞུགས་པར་བསམ། །ཨུ་ལས་བྱུང་བའི་མཱ་མ་ཀཱི། །སྣང་བ་མཐའ་ཡས་བཞིན་དུ་སྟེ། །སྤྲོས་ནས་དབང་ལྡན་པདྨ་ཡི། །ཟླ་བའི་སྟེང་དུ་བཞུགས་པར་བསམ། །མཚན་མོ་ཤེས་རབ་རབ་ཏུ་བརྗོད། །ཤེས་པར་བྱ་བའི་ཚིག་གི་ཕྱིར། །སྒྲོལ་མ་ལ་སོགས་བཞི་པོའི་གདན། །ཟླ་བའི་དཀྱིལ་འཁོར་ཤེས་པར་བྱ། །ཕལ་བའི་ས་སོགས་དག་པའི་ཕྱིར། །ལྷ་མོ་རྣམས་ནི་ཤེས་པར་བྱ། །ཉི་མའི་སྟེང་དུ་སངས་རྒྱས་རྣམས། །རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཏེ། །ཟླ་བའི་སྟེང་དུ་ལྷ་མོ་རྣམས། །པདྨའི་བཞུགས་སྟངས་ཀྱིས་བཞུགས་པ། །དོན་ཡོད་གྲུབ་དང་སྤྱན་མ་ནི། །ཕན་ཚུན་ཐབས་དང་ཤེས་རབ་པོ། །རིན་ཆེན་འབྱུང་ལྡན་མཱ་མ་ཀཱི། །རྣམ་སྣང་མཛད་དང་སྒྲོལ་མ་སྟེ། །སྣང་བ་མཐའ་ཡས་གོས་དཀར་མོ། །ཕན་ཚུན་ཐབས་དང་ཤེས་རབ་པོ། །སྒྲོལ་མ་དང་ནི་རྣམ་སྣང་མཛད། །གོས་དཀར་སྣང་བ་མཐའ་ཡས་དང༌། །སྤྱན་མ་དོན་ཡོད་གྲུབ་པ་སྟེ། །མཱ་མ་ཀཱི་དང་རིན་ཆེན་འབྱུང༌། །ཕན་ཚུན་ཐབས་དང་ཤེས་རབ་ནི། །རྣལ་འབྱོར་པས་ནི་ཤེས་པར་བྱ། །སངས་རྒྱས་རྣམས་ཀྱི་པང་དུ་ནི། །ཤེས་རབ་མ་རྣམས་ཞུགས་པའོ། །ཤེས་རབ་མ་ཡི་པང་དུ་ནི། །དེ་བཞིན་ཐབས་རྣམས་ཤེས་པར་བྱ། །བཅོམ་ལྡན་མངོན་པའི་ཕྱོགས་སུ་ནི། །གཟིགས་པའི་ཐབས་རྣམས་གཙོ་བོ་ཡིན། །རྒྱབ་བརྟེན་ཤེས་རབ་མ་རྣམས་ནི། །རྗེས་སུ་གཙོ་མོར་ཤེས་པར་བྱ། །དེ་བཞིན་


DTG013_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཚམས་ལ་བཞུགས་པ་ཡི། །གཙོ་མོ་ཉིད་དུ་གྱུར་པ་སྟེ། །དེ་རྣམས་པང་དུ་བཞུགས་པ་ཡི། །ཐབས་རྣམས་གཙོ་མོ་ཡིན་པའོ། །དེ་ནས། །ཡི་གེ་ཡཾ་ལས་བྱུང་བ་ཡི། །ཤར་སྒོའི་པདྨ་ཉི་མའི་སྟེང༌། །བགེགས་མཐར་བྱེད་ནི་དོན་གྲུབ་བཞིན། །ཞལ་སོགས་དང་ལྡན་སྤྲོ་བར་བྱ། །ཤེས་རབ་མཐར་བྱེད་རཾ་བྱུང་བའི། །ཞལ་སོགས་རིན་ཆེན་འབྱུང་ལྡན་བཞིན། །ལྷོ་སྒོའི་པདྨ་ཉི་མའི་སྟེང༌། །རྣལ་འབྱོར་བས་ནི་སྤྲོ་བར་བྱ། །གཤིན་རྗེ་མཐར་བྱེད་ལཾ་བྱུང་བ། །ཞལ་སོགས་རྣམ་པར་སྣང་མཛད་བཞིན། །ནུབ་ཀྱི་པདྨ་ཉི་མའི་སྟེང༌། །སྤྲོས་ནས་བཞུགས་པར་བསམ་པར་བྱ། །པདྨ་མཐར་བྱེད་ཝཾ་བྱུང་བ། །ཞལ་སོགས་སྣང་བ་མཐའ་ཡས་བཞིན། །བྱང་སྒོའི་པདྨའི་ཉི་མའི་སྟེང༌། །རྣལ་འབྱོར་པས་ནི་སྤྲོ་བར་བྱ། །འོན་ཀྱང་ཁྲོ་རྒྱལ་གཡོན་བརྐྱང་བའི། །འདུག་སྟངས་ཀྱིས་ནི་བཞུགས་པར་བསམ། །ཁྲོ་བོ་འདི་རྣམས་ཕྱག་རྒྱ་ནི། །རིམ་པ་ཅི་བཞིན་ཤེས་པར་བྱ། །རབ་གཏུམ་མ་དང་ང་རྒྱལ་ཅན། །བརྩོན་འགྲུས་མཐའ་ཡས་ཛཾ་བྷི་དང༌། །ཤིན་ཏུ་སྔོན་མོ་དྲུག་ཅན་མ། །བགེགས་མཐར་བྱེད་སོགས་རྣམས་ཀྱི་ཡིན། །ཕྱག་རྒྱ་དེ་རྣམས་གཡས་བརྐྱང་བར། །ཁྲོ་རྒྱལ་རྣམས་ལ་འཁྱུད་པའོ། །དེ་ལྟར་ཟླ་བ་བཞི་པ་ལ། །མིང་དང་གཟུགས་ནི་སྐྱེ་བའི་ཕྱིར། །སངས་རྒྱས་ཁྲོ་བོ་ལྷ་མོ་རྣམས། །རྣལ་འབྱོར་བས་ནི་སྤྲོ་བར་བྱ། །དེ་ནས་ཟླ་བ་ལྔ་པ་ལ། །མངལ་ནས་སྐྱེས་པའི་སྐྱེ་མཆེད་དྲུག །དེ་ཕྱིར་དབང་པོའི་ལྷ་རྣམས་ནི། །རྣལ་འབྱོར་བས་ནི་སྤྲོ་བར་བྱ། །ཨེ་བྱུང་ནམ་མཁའི་སྙིང་པོ་ནི། །དབྱིབས་སོགས་དོན་ཡོད་གྲུབ་པ་བཞིན། །ཤར་སྒོ་གཡས་ཕྱོགས་རྩིག་པ་ཡི། །པདྨ་ཉི་མའི་སྟེང་དུ་སྤྲོ། །ས་ཡི་སྙིང་པོ་ཨར་བྱུང་བ། །དབྱིབས་སོགས་རིན་ཆེན་འབྱུང་ལྡན་བཞིན། །ལྷོ་སྒོའི་གཡས་ཀྱི་པདྨ་ཡི། །ཉི་མའི་སྟེང་དུ་སྤྲོ་བར་བྱ། །སྒྲིབ་པ་སེལ་བྱེད་ཨལ་བྱུང་བ། །དབྱིབས་སོགས་རྣམ་པར་སྣང་མཛད་བཞིན། །ནུབ་སྒོ་གཡས་ཀྱི་པདྨ་ཡི། །ཉི་མའི་སྟེང་དུ་སྤྲོ་བར་བྱ། །འཇིག་རྟེན་དབང་ཕྱུག་ཨོ་བྱུང་བ། །དབྱིབས་སོགས་སྣང་བ་མཐའ་ཡས་བཞིན། །བྱང་སྒོའི་གཡས་སུ་པདྨ་ཡི། །ཉི་མའི་སྟེང་དུ་སྤྲོ་བར་བྱ། །


DTG013_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀུན་དུ་བཟད་པོ་ཨཾ་བྱུང་བ། །དབྱིབས་སོགས་རྡོ་རྗེ་སེམས་དཔའ་བཞིན། །ཤར་སྒོའི་གཡོན་ཕྱོགས་རྩིག་པ་ལ། །པད་ཉིའི་སྟེང་དུ་སྤྲོ་བར་བྱ། །ཕྱག་ན་རྡོ་རྗེ་ཨཿ་བྱུང་བ། །དབྱིབས་སོགས་མི་བསྐྱོད་བཞིན་དུ་སྟེ། །ལྷོ་སྒོ་གཡོན་གྱི་པདྨ་ཡི། །ཉི་མའི་སྟེང་དུ་སྤྲོ་བར་བྱ། །སྣ་ལ་སོགས་པའི་དབང་པོ་ནི། །དྲུག་པོ་རྣམ་པར་དག་པའི་ཕྱིར། །ནམ་མཁའི་སྙིང་པོ་ལ་སོགས་ནི། །བྱང་ཆུབ་སེམས་དཔའ་དྲུག་ཏུ་སྤྲོ། །དེ་རྣམས་ཀྱི་ནི་ཕྱག་རྒྱ་རྣམས། །དྲི་རྡོ་རྗེ་དང་གཟུགས་རྡོ་རྗེ། །རེག་བྱ་དང་ནི་རོ་རྡོ་རྗེ། །རྡོ་རྗེ་དབྱིངས་དང་སྒྲ་རྡོ་རྗེ། །རིམ་བཞིན་ཕྱག་རྒྱ་ཤེས་པར་བྱའོ། །དེ་ནས་ཡུལ་དྲུག་བདག་ཉིད་ནི། །ལྷ་མོ་རྣམས་ནི་སྤྲོ་བར་བྱ། །ཡི་གེ་ཨཻ་ལས་བྱུང་བ་ཡི། །རེག་བྱའི་རྡོ་རྗེ་སྒྲོལ་མ་བཞིན། །མེ་མཚམས་པདྨའི་ཟླ་བ་ལ། །སྤྲོས་ནས་བཞུགས་པར་བསམ་པར་བྱ། །ཡི་གེ་ཨཱར་ལས་བྱུང་བ་ཡི། །རོ་ཡི་རྡོ་རྗེ་གོས་དཀར་བཞིན། །བདེན་བྲལ་མཚམས་ཀྱི་པདྨ་ཡི། །ཟླ་བའི་སྟེང་དུ་སྤྲོ་བར་བྱ། །ཡི་གེ་ཨཱལ་ལས་བྱུང་བ་ཡི། །དྲི་ཡི་རྡོ་རྗེ་སྤྱན་མ་བཞིན། །རླུང་གི་མཚམས་སུ་པདྨ་ཡི། །ཟླ་བའི་སྟེང་དུ་སྤྲོ་བར་བྱ། །ཡི་གེ་ཨཽ་ལས་བྱུང་བ་ཡི། །གཟུགས་རྡོར་མཱ་མ་ཀཱི་བཞིན་དུ། །དབང་ལྡན་དུ་ནི་པདྨ་ཡི། །ཟླ་བའི་སྟེང་དུ་སྤྲོ་བར་བྱ། །ཨཱཿ་ཡིག་ལས་བྱུང་སྒྲ་རྡོ་རྗེ། །ཞལ་སོགས་ཀུན་དུ་བཟང་པོ་བཞིན། །བྱང་སྒོའི་གཡོན་གྱི་པདྨ་ཡི། །ཟླ་སྟེང་པདྨའི་བཞུགས་སྟངས་ཀྱིས། །སྤྲོས་ནས་བཞུགས་པར་བསམ་པར་བྱ། །ཨོཾ་བྱུང་ཆོས་དབྱིངས་རྡོ་རྗེ་ནི། །ཞལ་སོགས་ཕྱག་ན་རྡོ་རྗེ་བཞིན། །ནུབ་སྒོའི་གཡོན་གྱི་པདྨ་ཡི། །ཟླ་སྟེང་པདྨའི་བཞུགས་སྟངས་ཀྱིས། །སྤྲོས་ནས་བཞུགས་པར་བསམ་པར་བྱ། །ལྷ་མོ་དེ་རྣམས་ཀྱི་ནི་ཐབས། །ནམ་མཁའི་སྙིང་པོ་ས་སྙིང་དང༌། །སྒྲིབ་པ་སེལ་དང་འཇིག་རྟེན་མགོན། །ཀུན་བཟང་ཕྱག་ན་རྡོ་རྗེ་ནི། །དྲི་ཡི་རྡོ་རྗེ་ལ་སོགས་པའི། །དེ་ལྟར་ཟླ་བ་དྲུག་པ་ལ། །རེག་བྱ་སྐྱེ་བར་གྱུར་པའི་ཕྱིར། །ཡུལ་གྱི་ལྷ་མོ་དྲུག་པོ་ནི། །རྣལ་འབྱོར་པས་ནི་སྤྲོ་བར་བྱ། །དེ་ལྟར་ལུས་ཀྱི་གནས་སྐབས་ནི། །གཉིས་པ་རྣལ་འབྱོར་པས་ཤེས་བྱ། །དེ་ཕྱིར་སངས་རྒྱས་ལ་སོགས་ནི། །བདེ་ཆེན་འཁོར་ལོའི་ཕྱི་རོལ་སྤྲོ། །དེ་


DTG013_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྟར་ཐུགས་ཀྱི་དཀྱིལ་འཁོར་ནི། །ལྷ་རྣམས་ཉི་ཤུ་རྩ་ལྔ་ཡི། །བདག་ཉིད་གྱུར་པ་དཔལ་འདུས་བཞིན། །རྣལ་འབྱོར་པས་ནི་ཤེས་པར་བྱ། །དེ་ལ་བཅོམ་ལྡན་དུས་འཁོར་ལོ། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། །གཉིས་སུ་མེད་པར་གྱུར་པའི་ཕྱིར། །དེ་ནི་སྐྱོན་དང་བྲལ་བའོ། །དེ་ནས་རྣལ་འབྱོར་པ་ཡིས་ནི། །རང་གི་ནུས་པ་ཤེས་ནས་སུ། །གསུང་གི་དཀྱིལ་འཁོར་ལ་སོགས་ཀྱི། །ལྷ་རྣམས་བསྒོམ་པར་འདོད་གྱུར་ན། །དྲི་མ་མེད་པའི་འགྲེལ་བ་ལས། །ཇི་སྐད་བཤད་པ་བཞིན་དུ་ནི། །ཤེས་ནས་ཙར་ཙི་ཀཱ་སོགས་དང༌། །བདེན་བྲལ་ལ་སོགས་བསྒོམ་པར་བྱ། །དེ་རུ་བདེ་ཆེན་འཁོར་ལོ་ལ། །དུ་བ་ལ་སོགས་ལྷ་མོ་བརྒྱད། །ཕྱི་རོལ་མཚམས་ལ་བཞི་པོ་ནི། །ཆོས་ཀྱི་གཎྜཱི་ལ་སོགས་ཏེ། །སངས་རྒྱས་ལྷ་མོའི་བར་དུ་ནི། །དེ་བཞིན་བུམ་པ་བརྒྱད་ཡིན་ནོ། །དེ་དག་ལ་སོགས་ལྷན་ཅིག་ཏུ། །དཀྱིལ་འཁོར་གསུམ་པོའི་ལྷ་རྣམས་ནི། །བསྡུ་ན་སྟོང་དང་བརྒྱད་ཅུ་སྟེ། །རྣལ་འབྱོར་པས་ནི་ཤེས་པར་བྱའོ། །དེ་བས་ཤིན་ཏུ་མང་བའི་ཕྱིར། །ཉི་ཤུ་རྩ་ལྔའི་བདག་ཉིད་ནི། །ཐུགས་ཀྱི་དཀྱིལ་འཁོར་འབའ་ཞིག་པ། །རྣལ་འབྱོར་པས་ནི་བསྒོམ་པར་བྱ། །དེ་བཞིན་དབང་གི་དཀྱིལ་འཁོར་ནི། །ཕྱི་ཡི་འཁོར་ལོས་དམན་པ་སྟེ། །ཐུགས་ཀྱི་དཀྱིལ་འཁོར་གཅིག་པུ་ནི། །བྲིས་ནས་དབང་ནི་བསྐུར་བར་བྱ། །དེ་ནས་ཟླ་བ་དགུ་མཐར་རམ། །ཡང་ན་བཅུའམ་བཅུ་གཉིས་པར། །མངལ་དུ་ལུས་པོ་སྐྱེ་བ་བཞིན། །ཕྱི་རོལ་ལྷ་རྣམས་སྤྲོ་བར་བྱ། །དེ་བས་ནང་དུ་ལུས་པོ་དང༌། །ཕྱི་རོལ་དམ་ཚིག་སེམས་རྫོགས་སོ། །མངལ་ནས་ཕྱི་རོལ་སྐྱེ་བ་ནི། །སྐྱེ་བ་གཉིས་པ་བརྗོད་པའོ། །དེ་ནས་ཡེ་ཤེས་སེམས་དཔའ་ནི། །དགུག་པ་ཉེ་བའི་བསྒྲུབ་པའོ། །མངལ་ནས་སྐྱེས་པའི་བྱིས་པ་ལ། །ལྔ་བཅུ་རྩ་དྲུག་བཞི་ཆ་དང༌། །དབུགས་རྣམས་ཡེ་ཤེས་རང་བཞིན་དུ། །དབུས་མ་ལ་ནི་འབབ་པར་འགྱུར། །དེ་ཡི་དབང་གིས་དབང་པོ་རྣམས། །སད་པར་གྱུར་ཡུལ་དེ་རྣམས་ནི། །འཇུག་པའི་རྣམ་ཤེས་དྲུག་གིས་ནི། །བཀུག་ནས་ནང་དུ་འཇུག་པར་བྱ། །དེ་ནས་ཡུལ་དང་ཡུལ་ཅན་རྣམས། །སྐད་ཅིག་རོ་མཉམ་ཉིད་དུ་འགྱུར། །རྣམ་པར་


DTG013_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དག་པ་དེ་ཡི་ཕྱིར། །ཡེ་ཤེས་སེམས་དཔའ་དགུག་པར་བྱ། །དེ་དང་ལྷན་ཅིག་དམ་ཚིག་སེམས། །རོ་མཉམ་ཉིད་དུ་གྱུར་པར་བསམ། །རང་སྙིང་ཟླ་བའི་དཀྱིལ་འཁོར་ལ། །ཡི་གེ་ཧཾ་ལས་བྱུང་བ་ཡི། །རྡོ་རྗེ་ཤུགས་ནི་ཞལ་བཞི་པ། །ཕྱག་ནི་ཉི་ཤུ་རྩ་དྲུག་དང༌། །ལྡན་པར་གྱུར་པ་སྔོན་པོ་སྟེ། །མཚོན་ཆ་དུས་འཁོར་བཞིན་དུ་འཛིན། །གླང་ཆེན་པགས་པ་ཕྱག་གཉིས་ལ། །རྐང་པ་བརྒྱད་པའི་ཤིང་རྟ་ལ། །བཞུགས་ནས་ཡེ་ཤེས་སེམས་དགུག་མཛད། །དབུ་མར་སྲོག་རླུང་འབབ་པ་ནི། །ཡེ་ཤེས་རང་བཞིན་སྔོན་པོ་ནི། །དེ་ཕྱིར་རྡོ་རྗེ་ཤུགས་ལ་ནི། །སྐུ་མདོག་སྔོན་པོ་ཤེས་པར་བྱ། །ཀུན་གཞི་རྣམ་པར་ཤེས་པ་ཡིས། །འཇུག་པའི་རྣམ་ཤེས་བསྐུལ་བ་བཞིན། །དེ་ཕྱིར་རྣལ་འབྱོར་པ་ཡིས་ནི། །རྡོ་རྗེ་ཤུགས་ནི་སྤྲོ་བར་བྱ། །དྲི་ལ་སོགས་པའི་ཡུལ་ལྔ་དང༌། །སྙིང་སྟོབས་ལ་སོགས་ཡོན་ཏན་གསུམ། །བརྒྱད་ལ་གནས་ནས་སེམས་ཀྱིས་ནི། །བྱ་བ་ཇི་བཞིན་བྱེད་པའོ། །དེ་ནས་རྡོ་རྗེ་ཤུགས་ཀྱིས་ནི། །ནམ་མཁར་བཞུགས་པའི་ཡེ་ཤེས་སེམས། །ལྟེ་བར་རྡོ་རྗེ་ལྕགས་ཀྱུ་ནི། །བརྡུངས་ནས་མཚོན་ཆས་འཛིན་པར་མཛད། །ཕྱག་རྣམས་ཉི་ཤུ་རྩ་བཞི་ནི། །རྡོ་རྗེ་ཞབས་པས་བཅིངས་ནས་སུ། །ཡེ་ཤེས་སེམས་དཔའ་དབང་དུ་མཛད། །དགུག་པར་མཛད་ནས་ཉིད་ཀྱི་གནས། །གཤེགས་ཏེ་རང་གི་སྙིང་གར་ཐིམ། །ལྟ་བ་ལས་ནི་ཕྱི་རོལ་དུ། །སྲོག་ནི་གྱུར་ནས་ཕྱི་རོལ་གྱི། །དངོས་པོ་ཀུན་ནི་བཀུག་ནས་སུ། །སླར་ཡང་དེ་ཉིད་ཐིམ་བཞིན་ནོ། །དེ་ནས་ཤེས་རབ་མཐར་བྱེད་ཀྱིས། །དེ་ཉིད་མདུན་དུ་བཞུགས་པར་མཛད། །མིག་གི་དབང་ལས་སྐྱེས་པ་ཡི། །ཀུན་གཞི་རྣམ་པར་ཤེས་པས་སོ། །གཤིན་རྗེ་མཐར་བྱེད་ཀྱིས་ནི་བཅིངས། །ལུས་ཀྱི་དབང་ལས་སྐྱེས་པ་ཡི། །ལུས་ཀྱི་རྣམ་པར་ཤེས་པས་སོ། །ཡི་གེ་ཧོཿ་ལས་བྱུང་བྱིས། །པདྨ་མཐར་བྱེད་མཉེས་པར་བྱེད། །ལྕེ་ཡི་དབང་ལས་སྐྱེས་པ་ཡི། །ལྕེ་ཡི་རྣམ་པར་ཤེས་པས་སོ། །ཡི་གེ་ཧི་ལས་བྱུང་བ་ཡི། །བགེགས་མཐར་བྱེད་ཀྱིས་རོ་མཉམ་བྱེད། །སྣ་ཡི་དབང་ལས་སྐྱེས་པ་ཡི། །སྣ་ཡི་རྣམ་པར་ཤེས་པས་སོ། །རང་སྙིང་ཟླ་བའི་དཀྱིལ་འཁོར་ལ། །ཛཿ་ཧཱུཾ་བཾ་ཧོཿ་ཧིཿ་


DTG013_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིག་བསྒོམ། །དེ་རྣམས་ཡོངས་སུ་གྱུར་པ་ལས། །རྡོ་རྗེ་ལྕགས་ཀྱུ་རྡོ་རྗེ་དང༌། །རྡོ་རྗེ་ཞགས་པ་དྲིལ་བུ་དང༌། །རྡོ་རྗེ་དབྱུག་པ་དེ་རྣམས་ལས། །ཁྲོ་བོའི་རྒྱལ་པོ་བསྐྱེད་པར་བསམ། །ཕྱག་མཚན་དེ་ཉིད་བཟུང་ནས་སུ། །དགུག་པ་ལ་སོགས་མཛད་པའོ། །དེ་ནས་སྔོན་བཞིན་ལྷ་མོ་རྣམས། །རང་ཉིད་ཟླ་བ་ནས་སྤྲོས་ནས། །ཡེ་ཤེས་སེམས་ལ་མཆོད་བྱས་ནས། །དམ་ཚིག་སེམས་དང་རོ་མཉམ་བྱའོ། །ཕལ་བའི་ཕུང་པོ་ལ་སོགས་རྣམས། །འཇིག་རྟེན་ལས་འདས་གྱུར་པ་ཡི། །ཡེ་ཤེས་སེམས་དཔའ་རོ་མཉམ་ཉིད། །རྣལ་འབྱོར་པས་ནི་ཤེས་པར་བྱ། །དེ་ནས་མངོན་པར་དབང་བསྐུར་ནི། །རྣལ་འབྱོར་བས་ནི་བསྒོམ་པར་བྱ། །མངལ་ནས་སྐྱེས་པའི་བྱིས་པ་ནི། །དཔྲལ་པ་མགྲིན་པ་སྙིང་ག་དང༌། །ལྟེ་བ་གསང་བ་གཙུག་ཏོར་ལ། །མ་ཡིས་ཁྲུས་ནི་བྱེ་པ་བཞིན། །རྣལ་འབྱོར་པས་ནི་དེ་བཞིན་བསྒོམ། །དཔྲལ་བར་ཨ་ལས་བྱུང་བ་ཡི། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་སྟེང་ཨོཾ་ལས་བྱུང་བ་ཡི། །འཁོར་ལོ་རྩིབས་ནི་བརྒྱད་པའོ། །དེ་ལས་སྐྱེས་པའི་སྐུ་རྡོ་རྗེ། །ཤེས་རྦ་མ་དང་བཅས་པ་སྟེ། །ཞལ་གསུམ་པ་དང་ཕྱག་དྲུག་པ། །དེ་བཞིན་སྐུ་མདོག་དཀར་པོའོ། །རྩ་བ་གཡོན་དང་གཡས་པའི་ཞལ། །དཀར་དང་ནག་པོ་དམར་པོའོ། །འཁོར་ལོ་དང་ནི་རྡོ་རྗེ་དང༌། །གཡས་པའི་ཕྱག་ན་པདྨ་འཛིན། །གཡོན་ན་རལ་གྲི་དྲིལ་བུ་དང༌། །དེ་བཞིན་ནོར་བུ་འཛིན་པའོ། །དཔྲལ་བར་སྤྲོས་ནས་ནམ་མཁའི་ཁམས། །དེ་ཡིས་ཀུན་དུ་གང་བར་བསམ། །སྐུ་ཡི་རྡོ་རྗེས་འདུལ་གྱུར་པའོ། །སེམས་ཅན་རྣམས་ལ་ཆོས་སྟོན་མཛད། །དེ་ནས་བཀུག་ནས་རང་མདུན་དུ། །བཀོད་ནས་དབང་ནི་ཞུ་བར་བསམ། །དེ་ལ་གསོལ་བ་འདེབས་པ་ནི། །ཨ་བྷི་ཥིཉྩནྟུ་མཱཾ་ཀཱ་ཡ་བཛྲ་དྷ་ར་ཞེས་བྱ་བའོ། །དེ་ནས་སྐུ་རིགས་ལྷ་མོ་རྣམས། །བདུད་རྩིས་གང་བར་གྱུར་པ་ཡི། །ཤེལ་གྱི་བུམ་པ་རྣམས་ཀྱིས་ནི། །བདག་ཉིད་དབང་ནི་བསྐུར་བར་བསམ། །དབང་ནི་ཐོབ་ནས་དཔྲལ་བ་ཡི། །སྐུ་རྡོར་ཟླ་བའི་དཀྱིལ་འཁོར་ལ། །བཞུགས་ནས་བྱིན་གྱིས་བརླབ་པའི་ཕྱིར། །ཚིགས་བཅད་འདི་དག་བརྗོད་པར་བྱ། །དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །རྡོ་རྗེ་མི་


DTG013_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱེད་གསུམ་གྱི་བདག །དེང་བདག་བྱིན་གྱིས་བརླབས་ནས་སུ། །སྐུ་ཡི་རྡོ་རྗེར་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་གྱི་བདག །དེང་བདག་བྱིན་གྱིས་བརླབས་ནས་སུ། །སྐུ་ཡི་རྡོ་རྗེར་མཛད་དུ་གསོལ། །དེ་ལྟར་སྐུ་ཡི་བྱིན་གྱིས་བརླབ། །བྱས་ནས་དཔྲལ་བའི་ཟླ་བ་ལ། །ཡི་གེ་ཨོཾ་ནི་དཀར་པོ་སྟེ། །རྣལ་འབྱོར་པས་ནི་བསྒོམ་པར་བྱ། །དེ་ནས་མགྲིན་པར་ར་ལས་བྱུང༌། །ཉི་མའི་དཀྱིལ་འཁོར་དེ་སྟེང་དུ། །ཨ་ལས་བྱུང་བའི་པདྨ་ནི། །དམར་པོ་འདབ་མ་བརྒྱད་པ་སྟེ། །དེ་ལ་གསུང་གི་རྡོ་རྗེ་ནི། །ཤེས་རབ་དང་བཅས་སྐྱེ་བར་བསམ། །ཞལ་གསུམ་པ་དང་ཕྱག་དྲུག་པ། །དེ་བཞིན་སྐུ་མདོག་དམར་པོ་སྟེ། །དམར་དང་དཀར་པོ་ནག་པོ་ནི། །ཤར་དང་གཡོན་དང་གཡས་པའི་ཞལ། །གཡས་ན་པདྨ་རྡོ་རྗེ་དང༌། །དེ་བཞིན་འཁོར་ལོ་བསྣམས་པ་སྟེ། །གཡོན་ན་ནོར་བུ་དྲིལ་བུ་དང༌། །རལ་གྲི་འཛིན་པ་སྤྲོ་བར་བྱ། །དེ་ཡིས་མ་ལུས་ནམ་མཁའི་ཁམས། །ཡོངས་སུ་གང་བར་སྤྲོ་བར་བྱ། །གསུང་གིར་དོ་རྗེས་འདུལ་གྱུར་པའི། །སེམས་ཅན་རྣམས་ལ་ཆོས་བསྟན་པར། །མཛད་ནས་རང་མདུན་བཞུགས་པར་བསམ། །དེ་ནས་མངོན་པར་དབང་བསྐུར་བའི། །ཞུ་བ་རྣལ་འབྱོར་པ་ཡིས་བྱ། །དེ་ལ་གསོལ་བ་འདེབས་པའི་སྔགས་ནི། ཨོཾ་ཨ་བྷི་ཥིཉྩནྟུ་མཱཾ་བཱ་ཀ་བཛྲཱི་ཎ་ཞེས་བྱ་བའོ། །དེ་ནས་གསུང་རིགས་ལྷ་མོ་རྣམས། །བདུད་རྩིས་གང་པར་གྱུར་པ་ཡི། །ཤེལ་གྱི་བུམ་པ་རྣམས་ཀྱིས་ནི། །བདག་ཉིད་ལ་ནི་དབང་བསྐུར་བསམ། །དེ་ནས་གསུང་གི་རྡོ་རྗེ་ནི། །མགྲིན་པ་ཉི་མའི་དཀྱིལ་འཁོར་ལ། །ཞུགས་ནས་རྣལ་འབྱོར་པ་ཡིས་ནི། །འདི་སྐད་ཅེས་ནི་བརྗོད་པར་བྱ། །དཔལ་ལྡན་རྡོ་རྗེ་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་བདག །དེང་བདག་བྱིན་གྱིས་བརླབས་ནས་སུ། །གསུང་གི་རྡོ་རྗེར་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུང་གི་དངོས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །གསུང་གི་རྡོ་རྗེར་མཛད་དུ་གསོལ། །དེ་ནས་མགྲིན་པར་ཉི་མ་ལ། །ཨཱཿཡིག་དམར་པོ་དགོད་པར་བྱ། །དེ་ནས་སྙིང་གར་ཐིག་ལེར་བྱུང༌། །སྒྲ་གཅན་དཀྱིལ་


DTG013_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་སྔོན་པོ་སྟེ། །དེ་སྟེང་ཧཱུཾ་ལས་བྱུང་བ་ཡི། །རྡོ་རྗེ་རྩེ་མོ་ལྔ་པའོ། །དེ་གྱུར་ཐུགས་ཀྱི་རྡོ་རྗེ་ནི། །ཤེས་རབ་དང་བཅས་སྐྱེ་བར་བསམ། །ཞལ་གསུམ་པ་དང་ཕྱག་དྲུག་པ། །དེ་བཞིན་སྐུ་མདོག་ནག་པོ་སྟེ། །གནག་དང་དམར་པོ་དཀར་པོ་ནི། །ཤར་དང་གཡས་གཡོན་ཞལ་བཞིན་ནོ། །གཡས་ན་རྡོ་རྗེ་འཁོར་ལོ་དང༌། །དེ་བཞིན་པདྨ་བསྣམས་པ་སྟེ། །གཡོན་ན་དྲིལ་བུ་ནོར་བུ་དང༌། །རལ་གྲི་འཛིན་པར་བསམ་པར་བྱ། །དེ་རྣམས་སྤྲོས་ནས་ནམ་མཁའི་ཁམས། །དེ་ཡིས་ཡོངས་སུ་གང་བར་བསམ། །ཐུགས་ཀྱི་རྡོ་རྗེས་འདུལ་གྱུར་པའི། །སེམས་ཅན་རྣམས་ལ་ཆོས་སྟོན་པར། །མཛད་ནས་རང་གི་མདུན་དུ་ནི། །བཀོད་ནས་དབང་ནི་ཞུ་བར་བྱ། །དེ་ལ་སྔགས་ནི། ཨོཾ་ཨ་བྷི་ཥིཉྩནྟུ་མཱཾ་སརྦ་ཙིཏྟ་བཛྲ་ན་ཞེས་བྱ་བའོ། །དེ་ནས་ཐུགས་ཀྱི་རྡོ་རྗེ་ཡི། །རིགས་ཀྱི་ལྷ་མོ་རྣམས་ཀྱིས་ནི། །བདུད་རྩིས་གང་བར་གྱུར་པ་ཡི། །བུམ་པ་རྣམས་ཀྱིས་དབང་བསྐུར་བསམ། །དེ་ནས་ཐུགས་ཀྱི་རྡོ་རྗེ་ནི། །སྒྲ་གཅན་དཀྱིལ་འཁོར་བཀོད་ནས་སུ། །བྱིན་གྱིས་རློབ་པར་བྱེད་པའི་ཕྱིར། །རྣལ་འབྱོར་པས་ནི་འདི་སྐད་བརྗོད། །དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །ཐུགས་ཀྱི་རྡོ་རྗེར་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་ཐུགས་ཀྱི་དངོས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །ཐུགས་ཀྱི་རྡོ་རྗེར་མཛད་དུ་གསོལ། །དེ་ལྟར་ཐུགས་ཀྱི་བྱིན་གྱིས་བརླབ། །བྱས་ནས་རང་ཉིད་སྒྲ་གཅན་ལ། །ཧཱུཾ་གི་ཡི་གེ་ནག་པོ་ནི། །རྣལ་འབྱོར་པས་ནི་དགོད་པར་བྱ། །དེ་ནས་ང་རྒྱལ་འཛིན་པའི་ཕྱིར། །དུས་གཅིག་ཏུ་ནི་སྔགས་འདི་བརྗོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའོ། །དེ་ལྟར་རང་ལ་རིགས་གསུམ་ནི། །རྣལ་འབྱོར་པས་ནི་དགོད་པར་བྱ། །ཤེས་རབ་མ་ལ་རིགས་གསུམ་སྟེ། །ལྟེ་བ་གསང་བ་གཙུག་ཏོར་དུ། །ཧོཿསྭཱ་ཧཱ་ནི་དགོད་པར་བྱ། །དེ་ནས་མཆོད་པ་ལ་སོགས་ནི། །བྱས་ནས་ཡན་ལག་གསུམ་པ་བསྒོམ། །གསང་བ་ཧུཾ་ཡིག་ནག་པོ་ལས། །སྐྱེ་འགྱུར་རང་གི་རྡོ་རྗེ་ནི། །རྩེ་


DTG013_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྔ་པ་སྟེ་དེ་དབུས་སུ། །ཨཱཿབྱུང་པདྨ་འདབ་བརྒྱད་པའོ། །དེ་ནས་ཤེས་རབ་མ་ལ་ནི། །ཨཱཿལས་བྱུང་བའི་འདབ་བརྒྱད་པ། །པདྨ་ཧཱུཾ་ལས་བྱུང་བ་ཡི། །རྡོ་རྗེ་དང་བཅས་བསམ་པར་བྱ། །དེ་ནས་པདྨར་རྡོ་རྗེ་ནི། །བཀོད་ནས་རྡོ་རྗེ་སེམས་དཔའ་ཡི། །ང་རྒྱལ་བཟུང་ནས་ཧཱུཾ་ཕཊ་བརྗོད། །ཕན་ཚུན་དུ་ནི་བསྲུང་བར་བྱ། །ཕན་ཚུན་སྙོམས་པར་ཞུགས་པ་ཡིས། །བདེ་བ་འཕོ་བའི་གནས་སྐབས་ནི། །ཐིག་ལེའི་རྣལ་འབྱོར་དེ་ཡིན་ཏེ། །བདེ་བ་བསྒྲུབ་པར་གྱུར་པའོ། །དེ་ནས་བདེ་བ་མྱོང་བ་ནི། །རྫོགས་པའི་ཕྲ་མོའི་རྣལ་འབྱོར་རོ། །ཡང་ན་ཡི་གེ་ལ་སོགས་ནི། །དགོད་པའི་ཐིག་ལེའི་རྣལ་འབྱོར་ཡིན། །དེ་ནས་ལྷ་མོའི་པདྨ་ཡི། །སྣ་ཡི་རྩེ་མོར་ཡུངས་ཀར་སོགས། །དེ་ལ་རྒྱུ་དང་མི་རྒྱུའི་ཚོགས། །སྒོམ་པ་ཕྲ་མོའི་རྣལ་འབྱོར་རོ། །མངལ་ནས་སྐྱེས་པའི་བྱིས་པ་དང༌། །བྱིས་པ་རབ་དང་གཞོན་ནུ་མ། །དར་མ་ལོ་ནི་བཅུ་དྲུག་སྟེ། །བུ་རྣམས་སྐྱེད་པར་བྱེད་པའི་ཕྱིར། །དེ་ལྟར་གནས་སྐབས་བཞི་ཡིས་ནི། །མི་ལུས་རྫོགས་པ་ཇི་ལྟ་བར། །དེ་བཞིན་རྣམ་རྟོག་བསྒོམ་པ་ལ། །བསྙེན་པ་ལ་སོགས་ཡན་ལག་བཞིས། །ལྷ་རྣམས་ཀུན་གྱི་སྐུ་རྫོགས་ནི། །རྣལ་འབྱོར་པས་ནི་ཤེས་པར་བྱ། །ཕྱི་ནས་དམ་ཚིག་བཟླས་པ་དང༌། །དེ་བཞིན་ཡེ་ཤེས་བཟླས་པ་ནི། །བྱས་ནས་ཁྲོ་རྒྱལ་ལ་སོགས་ལ། །རྣལ་འབྱོར་པས་ནི་གཏོར་མ་སྦྱིན། །སྔོན་དུ་བརྗོད་པའི་ཆོ་ག་ཡིས། །བདུད་རྩི་མྱང་བར་བྱས་ནས་སུ། །འདོད་པའི་ལྷ་ལ་མཆོད་པ་དང༌། །བསྟོད་པ་བྱས་ནས་གཏོར་མ་སྦྱིན། །དེ་ལ་མཚན་བརྗོད་ཚིགས་བཅད་ཀྱིས། །རྣལ་འབྱོར་པས་ནི་བསྟོད་པར་བྱ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་སྙིང་པོ་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་ལ་ཕྱག་འཚལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་དངོས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་


DTG013_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་བྱ་བྱའོ། །དེ་ལྟར་ལན་གསུམ་བརྗོད་ནས་སུ། །འདོད་པའི་ལྷ་ཚོགས་གཤེགས་པར་བསམ། །དེ་ནས་བདུད་རྩི་མྱང་བ་ཡི། །ཆོ་ག་བཞིན་དུ་གཏོར་མ་ནི། །བསྒྲུབ་པ་བྱས་ནས་རྩེ་ལྔ་པའི། །ཕྱག་རྒྱས་སྔགས་འདི་སྦྱིན་པར་བྱ། །དེ་ནས་གཏོར་མའི་སྔགས་ནི། །ཨོཾ་ཨཱཿཧཱུཾ་ཧོ་ཨུཥྞཱི་ཥ། སུཾ་བྷ་ནི་སུམྦྷ། བིགྷྞཱནྟ་ཀ །ནཱི་ལདཎྜ། པྲཛྙཱ་ཏྣ་ཏ་ཀ །ཊའ་ཀི་རཱ་ཛ། པདྨཱནྟ་ཀ །ཨ་ཙ་ལ། ཡ་མཱནྟ་ཀ །མ་ཧཱ་བཱ་ལེ་བྷྱཿས་པ་རི་ཝཱ་རེ་བྷྱཿཨི་དཾ་བ་ལིཾ། གན་དྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཛ་ཨཱ་ག་ཏྱེ་ས་པ་རི་ཝཱ་ར། ཤཱི་གྷྲཾ་ཨི་དཾ་བ་ལིཾ། གྲྀཧྣནྟུ་ཁ་དནྟུ། པི་བནྟུ། ཛཿཧཱུཾ་བཾ་ཧོཿསཾ་ཏྲིཔྟཱཿསརྭ་སཏྭཱ་ནཱཾ་ཤཱནྟིཾ། པུཥྚིཾ། རཀྵ་ཨཱ་ཝ་ར་ཎ། གུཔྟིཾ། ཀུརྭན་ཏུ་ཧཱུཾ་ཧཱུཾ་ཕཊ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བྱ་བ་ནི་ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་གཏོར་མའི་སྔགས་སོ། །སྔགས་འདི་བརྗོད་ནས་གཏོར་མ་ནི། །བྱིན་ནས་ཡིད་དུ་འོང་བ་ཡི། །དགོས་པ་བསྒྲུབ་པར་བྱ་བའི་ཕྱིར། །དེ་ལ་སྔགས་འདིས་གསོལ་བ་གདབ་བ། །དེ་ནས་ལན་གསུམ་ལག་པའི་རྒྱབ། །བསྟན་ནས་སེ་གོལ་གསུམ་གྱིས་ནི། །གཤེགས་སུ་གསོལ་བར་བྱས་ནས་སུ། །གཏོར་མ་དེ་ཉིད་གསོལ་བར་བསམ། །དེ་ནས་ཀླུ་ལ་སོགས་རྣམས་ནི། །གལ་ཏེ་གཏོར་མ་འདོད་གྱུར་ན། །དབང་གི་ལེའུ་ལས་གསུངས་པ་ཡི། །ཆོ་ག་ཤེས་ནས་སྦྱིན་པར་བྱའོ། །དེ་བཞིན་རྩ་བའི་སྔགས་སོགས་ནི། །བཞི་པ་ལ་སོགས་ཤེས་ནས་སུ། །དེ་དང་མཐུན་པའི་ཕྲེང་བ་ཡིས། །རྣལ་འབྱོར་པས་ནི་སྔགས་བཟླས་བྱ། །དེ་ལ་དགྲ་དང་གྲོགས་བོ་ནི། །དེ་བཞིན་དམན་པར་གྱུར་པ་ཡི། །ཡི་གེ་དབྱངས་ཚོགས་ཤེས་ནས་སུ། །སྔགས་ཀྱི་བསྒྲུབ་པ་བསམ་པར་བྱ། །སྒྲུབ་པ་པོ་དང་བསྒྲུབ་བྱ་ཡི། །དང་པོའི་ཡི་གེ་དགྲར་གྱུར་ན། །དེ་ནི་བཟླས་པས་སྒྲུབ་པ་པོ། །འཆི་འགྱུར་དེ་བས་དོར་བར་བྱ། །ཡང་ན་གཉི་གའི་དང་པོ་ཉི། །ཡི་


DTG013_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གེ་དབང་ནི་ཆེ་ཆུང་གྱུར། །དེ་བཞིན་དེ་ཡིས་བཟླས་པ་ཡི། །སྒྲུབ་པ་པོ་ནི་ན་བར་འགྱུར། །དེ་བས་དེ་ཉིད་དོར་ནས་སུ། །ཕན་ཚུན་གྲོགས་པོར་གྱུར་པ་ཡི། །མིང་གི་དང་པོའི་ཡི་གེ་ནི། །ཤེས་ནས་སྔགས་འདི་བཟླས་པར་བྱ། །དེ་ནས་ནམ་མཁའི་ཡི་གེ་ནི། །སྡེ་དྲུག་ཐ་མའི་ཡི་གེ་སྟེ། །རླུང་སོགས་ཡི་གེ་གྷ་སོགས་ཀྱི། །དུས་ཀུན་དུ་ནི་གྲོགས་པོ་ཡིན། །དེ་བཞིན་རླུང་སོགས་ཡི་གེ་རྣམས། །ནམ་མཁའི་ཡི་གེའི་གྲོགས་པོའོ། །དེ་བཞིན་སྡེ་དྲུག་བཞི་པ་ཡི། །ཡི་གེ་རྣམས་ནི་རླུང་གི་རིགས། །མེ་ཡི་ཡི་གེ་གསུམ་པ་ནི། །གྷ་ལ་སོགས་པའི་གྲོགས་པོ་ཡིན། །ཆུ་དང་ས་ཡི་རང་བཞིན་པ། །སྡེ་དྲུག་གཉིས་པ་དང་པོ་སྟེ། །ཁ་སོགས་རྣམས་ནི་ཀ་སོགས་ལ། །རླུང་དང་མེ་ཡིག་མི་མཐུན་ནོ། །ས་ཡིག་ཡི་གེ་རྣམས་ཀྱི་རྩར། །རླུང་ཡིག་རྣམས་ནི་སྟོབས་མེད་འགྱུར། །རླུང་གི་ཡི་གེ་རྣམས་ཀྱི་རྩར། །དེ་བཞིན་ཆུ་ཡི་སྟོབས་མེད་པའོ། །མེ་ཡི་ཡི་གེ་རྣམས་ཀྱི་རྩར། །ས་ཡིག་རྣམས་ནི་སྟོབས་མེད་འགྱུར། །དེ་བཞིན་ཆུ་ཡིག་རྣམས་ཀྱི་རྩར། །མེ་ཡི་ཡི་གེ་སྟོབས་མེད་པའོ། །དེ་བས་ཆུ་དང་ས་གཉིས་ནི། །ཕན་ཚུན་དུ་ནི་གྲོགས་པོ་ཡིན། །དེ་ཉིད་མེ་དང་རླུང་གི་རྩར། །གཉི་ག་སྟོབས་མེད་གྱུར་པའོ། །རླུང་དང་མེ་ཡང་དེ་བཞིན་དུ། །ས་ཆུའི་རྩར་ནི་ཤེས་པར་བྱའོ། །དེ་ལྟར་དབྱངས་ཀྱི་ཡི་གེ་རྣམས། །གང་ཞིག་ཨ་སོགས་ལྔ་ཡིན་པ། །དེ་རྣམས་མཁའ་སོགས་དབྱེ་བ་ཡིས། །རྣལ་འབྱོར་པས་ནི་ཤེས་པར་བྱའོ། །གལ་ཏེ་ཡི་གེ་བརྩེགས་གྱུར་ན། །དེ་ལ་དང་པོ་བརྗོད་འགྱུར་ཟུང༌། །སྒྲུབ་པ་པོ་ཡི་ཡི་གེ་གཉིས། །སྐྱེ་བ་དང་ནི་མིང་ཡིག་གོ །དེ་དག་ལ་སོགས་རྒྱས་པ་ཡི། །ཡི་གེའི་མཚན་ཉིད་ཤེས་ནས་སུ། །དེ་ནས་ལས་དྲུག་རྣལ་འབྱོར་པས། སྔགས་བསྒྲུབ་ཕྱིར་ནི་བརྩམ་པར་བྱ། །བརྡུངས་པ་དང་ནི་ཕེབས་པ་དང༌། །སྲོག་དང་འཚོ་བ་རྒྱས་པ་དང༌། །དེ་བཞིན་མཉེས་ནི་ལས་དྲུག་ཏུ། །རྣལ་འབྱོར་པས་ནི་ཤེས་པར་བྱ། །དེ་ལ་འདོད་པའི་ལྷ་མཚན་གྱི། །དང་པོའི་ཡི་གེ་གཟུང་བར་བྱ། །སྔོན་དུ་རྣམ་སྣང་བྱིན་ནས་སུ། །ཐ་མར་ཕཊ་སོགས་སྦྱིན་པར་བྱ། །མཚན་གྱི་ཡི་གེ་དང་པོ་ནི། །ཧ་དང་ཡ་ར་ཝ་དང་ལ། །ཧ་སོགས་དེ་


DTG013_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་ཚེག་དྲག་ལྡན། །ཐ་མ་ཐིག་ལེ་དང་ལྡན་ནོ། །ཕཊ་ཧཱུཾ་དེ་བཞིན་བཽ་ཥཊ་དང༌། །དེ་བཞིན་ན་མ་ཝ་ཥཊ་ཏེ། །བརྡུང་བ་ལ་སོགས་ཐ་མར་ནི། །བཀོད་ནས་སྔགས་འདི་བཟླས་པར་བྱ། །འདོད་པའི་ལྷ་མཚན་དང་པོ་ཡི། །ཡི་གེ་ཐུགས་སུ་ཤེས་པར་བྱ། །མཚན་གྱི་ཡི་གེ་ཐམས་ཅད་ནི། །དེ་བཞིན་གསུང་དུ་བརྗོད་པའོ། །དེ་ལས་ལྷག་པར་གྱུར་པ་ནི། །འདོད་པའི་ལྷ་ཡི་སྐུ་ཡིན་ནོ། །དེ་བས་ཐུགས་ཀྱི་ཡི་གེ་ནི། །དང་པོ་ལས་དྲུག་གིས་བསྒྲུབ་བྱ། །དེ་ནས་གསུང་གི་རྡོ་རྗེ་དང༌། །ཐ་མར་སྐུ་ཡི་རྡོ་རྗེའོ། །ཐུགས་ཀྱི་ཡི་གེ་བསྒོམ་བྱ་ཞིང༌། །གསུང་ཡིག་ལས་ནི་མཆོད་པར་བྱ། །སྐུ་ཡི་ཡི་གེ་བཟླས་པ་ནི། །རིམ་པ་བཞིན་དུ་ཤེས་པར་བྱ། །ལྷ་མོ་སྒྲོལ་མའི་སྔགས་བཞིན་དུ། །སྔགས་ཀུན་རྣམས་ནི་ཤེས་པར་བྱ། །བརྡུང་བའི་སྔགས་ནི། ཨོཾ་ཧྟཱཿཕཊ། འབེབས་པ་ལ་ནི་ཨོཾ་ཡྟཱཿཧཱུཾ། བསྲེག་པ་ལ་ནི་ཨོཾ་རྟཱཿབཽ་ཥཊ་བརྗོད། ཨོཾ་ཝྦྟཱཿན་མ་འཚོ་བའོ། །ཨོཾ་ལྟཱཿསྭཱ་ཧཱ་རྒྱས་པས་ཏེ། ཨོཾ་ཧཱཿཝཱ་ཥཊ་མཉེས་པའོ། །མཉེས་པ་ལ་སོགས་རེ་རེ་ལ། །འབུམ་ཕྲག་རེ་རེ་བཟླས་བྱའོ། །དེ་བཞིན་ཐ་མར་སྦྱིན་སྲེག་ནི། །ཁྲི་ཕྲག་རེ་རེ་བྱེད་འགྱུར། །དེ་ནས་གསུང་གི་རྡོ་རྗེ་ལ། །འབུམ་ཕྲག་བཅུ་ནི་བཟླས་པར་བྱ། །དེ་བཞིན་སྐུ་ཡི་རྡོ་རྗེ་ལ། །བྱེ་བ་ཕྲག་གཅིག་བཟླས་པའོ། །ཐ་མར་གཉིས་ཀྱི་སྦྱིན་སྲེག་ནི། །འབུམ་ཕྲག་གཅིག་དང་བཅུར་འགྱུར་རོ། །དེ་ལ་གསུང་གི་རྡོ་རྗེའི་སྔགས། །ཨོཾ་ཏཱ་རེ་སྭཱ་ཧཱ་ཞེས་པའོ། །དེ་བཞིན་དུ་སྐུའི་རྡོ་རྗེའི་སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་བྱའོ། །དེ་ལྟར་བརྗོད་པའི་ཆོ་ག་ཡིས། །དང་པོར་སྔགས་འདིས་བསྒྲུབ་པར་བྱ། །དེ་ནས་ཞི་ལ་སོགས་པའི་ལས། །ཆོ་ག་བཞིན་དུ་ཤེས་པར་བྱ། །དེ་བཞིན་བཟའ་བ་ལ་སོགས་ནི། །བདུད་རྩི་བཞིན་དུ་བཟའ་བར་བྱ། །དང་པོར་འདོད་པའི་ལྷ་ལ་ནི། །སྔགས་འདིས་ཕུད་ནི་དབུལ་བར་བྱ། །ཨོཾ་དཱི་པྱ་ཨན་ན་པན་ན་ས་མཱ་དྷི་དྷྱ་ན་པྲི་ན་ནི་སྭཱ་ཧཱ་ཞེས་བྱ་བའོ། །དེ་ནས་ཡི་དགས་རྣམས་ལ་ནི། །སྔགས་འདིས་གཏོར་མ་སྦྱིན་པར་བྱ། །ཨོཾ་བྷ་ར་བྷ་ར་སཾ་བྷ་ར་སཾ་བྷ་ར་ཧཱུཾ་ཛ་ཨཱ་གཙྪནྟོ་པྲེ་ཏ་ཝེ་ཁ་སནྟོ་མུ་ཁཱཿསུཪྻ་ནྟོ་ཀོ་ཀྵ་ཡཿཨཀྵ་ཡཾ་ཨན་ནཾ་བ་ལིནྟེ་སྭཱ་ཧཱ། ཞེས་བྱ་བ་ནི་


DTG013_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡི་དགས་རྣམས་ཀྱི་གཏོར་མའི་སྔགས་སོ། །སྔོན་དུ་ཁྲོ་བོ་རྣམས་ལ་ནི། །སྔར་བརྗོད་ཆོ་གས་གཏོར་མ་སྦྱིན། །དེ་ནས་ཡི་དགས་ལ་སོགས་ལ། །རྣལ་འབྱོར་པས་ནི་སྦྱིན་པར་བྱའོ། །དེ་ནས་འཕྲོག་མའི་གོང་བུ་གཉིས། །སྔགས་འདིས་ས་ལ་གཞག་བར་བྱའོ། །ཨོཾ་ཧཱ་རཱི་ཏཱི་པིཎྜ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བྱ་བ་ནི་འཕྲོག་མའི་སྔགས་སོ། །དེ་ནས་ཨོཾ་ཨཱཿཧཱུཾ་གིས་ནི། །ས་ལ་བྱིན་བརླབ་བྱས་ནས་སུ། །ཕོ་ཉ་མོ་རྣམས་ཁམ་བུ་ནི། །སྔགས་འདིས་ས་ལ་གཞག་པར་བྱའོ། །ཨོཾ་དཱུ་ཏཱི་ཀཱི་ཨ་གྲ་གྲཱ་སཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བྱ་བའོ། །དེ་ནས། །སེམས་ནི་མཉམ་པར་གཞག་པ་ཡི། །རྣལ་འབྱོར་པ་རང་བཟའ་བར་བྱའོ། །དེ་བཞིན་སྤྱོད་ལམ་བཞི་པོ་ལ། །ཡི་དམ་ལྷ་ལ་དམིགས་པར་བྱ། །དེ་ནས་གཉིད་ལོག་དུས་སུ་ནི། །ལྷ་རྣམས་གཤེགས་སུ་གསོལ་བར་བྱ། །དེ་ལ་གཙུག་ཏོར་འཁོར་ལོ་ནི། །རྩེ་ལྔ་པ་ཡི་རྡོ་རྗེ་བསྒོམ། །དེ་ཡི་ལྟེ་བར་བདེ་ཆེན་པོ། །འཁོར་ལོ་གཤེགས་སུ་གསོལ་བར་བྱ། །དེ་བཞིན་དཔྲལ་བའི་འཁོར་ལོ་ནི། །དབུས་མའི་རྩེ་མོ་དང་བཅས་པའི། །རྡོ་རྗེ་རྩེ་མོ་བཅུ་བདུན་པ། །བསྒོམས་ནས་དེ་ཡི་ལྟེ་བ་རུ། །ཕུང་པོ་དང་ནི་ཁམས་རྣམས་ཀྱི། །ལྷ་དང་ལྷ་མོ་གཤེགས་སུ་གསོལ། །དེ་བཞིན་མགྲིན་པའི་འཁོར་ལོ་ནི། །དབུས་ཀྱི་རྩེ་མོ་དང་བཅས་པའི། །རྩེ་མོ་སུམ་ཅུ་རྩ་གསུམ་པ། །རྡོ་རྗེ་བསྒོམས་ནས་ལྟེ་བར་ནི། །མཁའ་སྙིང་ལ་སོགས་བྱང་ཆུབ་སེམས། །རེག་པའི་རྡོ་རྗེ་ལ་སོགས་དང༌། །བགེགས་མཐར་བྱེད་སོགས་ཁྲོ་བོ་རྣམས། །དེ་ལ་གཤེགས་སུ་གསོལ་བར་བསམ། །དེ་ནས་སླར་ཡང་གཏོར་མ་ནི། །སྔགས་པས་སྔོན་བཞིན་སྦྱིན་པར་བྱ། །དེ་བཞིན་གཉིད་ལོག་དུས་སུ་ནི། །དཔྲལ་བ་ལ་སོགས་འཁོར་ལོ་ཡི། །ཡི་གེ་ཨོཾ་སོགས་འཁོར་ལོ་ལའོ། །རྣལ་འབྱོར་པས་ནི་དགོད་པར་བྱ། །བཅོམ་ལྡན་མྱ་ངན་འདའ་བ་བཞིན། །འདོད་པའི་ཕྱོགས་ལ་ཉལ་བར་བྱ། །དེ་ལྟར་བསྐྱེད་པའི་རིམ་པ་ཡིས། །འཇིག་རྟེན་དངོས་གྲུབ་བསྒྲུབ་པའི་ཕྱིར། །བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཡི། །བསྒྲུབ་པ་བཅོམ་ལྡན་འདས་ཀྱིས་གསུངས། །དེ་ནས་ཕྱག་རྒྱ་ཆེན་པོ་ཡི། །དངོས་


DTG013_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྲུབ་བསྒྲུབ་ཕྱིར་སྒྲུབ་པ་ནི། །སྦྱོར་བའི་ཡན་ལག་དྲུག་པོ་ཡིས། །རྣལ་འབྱོར་པས་ནི་བསྒྲུབ་པར་བྱ། །དེ་ལ་དང་པོ་རྣལ་འབྱོར་པས། །ལུས་ངག་སེམས་ནི་འཕོ་བ་ཡི། །བདེ་བར་ལྟོས་པ་མེད་པ་ནི། །བྱས་ནས་སེམས་ནི་བསྒྲུབ་པར་བྱ། །དེ་ལ་ཁྱིམ་དུ་རྣལ་འབྱོར་པས། །ཡང་ན་ཕུག་གི་གནས་སུ་ནི། །སོ་སོར་སྤོང་པའི་ཡན་ལག་གིས། །དུ་བ་ལ་སོགས་བསྒྲུབ་པར་བྱ། །སྣ་ཚོགས་གཟུགས་ཀྱི་བར་དུ་ནི། །སོ་སོར་སྤོང་བ་བསྒོམ་པར་བྱ། །ཉི་ཚེ་བ་ཡི་ཕུང་པོ་རྣམས། །དང་པོ་འགག་པར་གྱུར་པ་སྟེ། །དེ་ལ་ཡེ་ཤེས་ཕུང་པོ་ནི། །དང་པོར་རེ་ཞིག་དག་པར་འགྱུར། །དེ་ལ་དབང་གི་རྣལ་འབྱོར་པས། །ཚིག་གི་མཆོག་སོགས་སྟེར་བར་འགྱུར། །དེ་ནས་སྟོང་ཉིད་གཟུགས་དེ་ནི། །ཁམས་གསུམ་པ་ཡི་བདག་ཉིད་མཐོང༌། །དཔེར་ན་རྨི་ལམ་སྒྱུ་མ་བཞིན། །སེམས་ཀྱི་དངོས་པོ་སྣང་བའོ། །སོ་སོར་སྤོང་བའི་སྒོམ་པ་ནི། །དངོས་མེད་ནམ་མཁའ་ལ་ཡིན་ཏེ། །རྣམ་རྟོག་བསྒོམ་པ་བྲལ་བའི་ཕྱིར། །བསྒོམ་པ་དེ་ནི་བསྒོམ་མིན་པའོ། །བསྒོམ་པ་དེ་ཡི་དངོས་པོ་ནི། །གང་ཞིག་མཐོང་གྱུར་དངོས་པོ་མིན། །འདས་དང་མ་འོངས་ད་ལྟར་གྱི། །དངོས་པོ་མ་བརྟག་མཐོང་ཕྱིར་རོ། །དེ་ལ་སོ་སོར་སྤོང་བ་ཡི། །བསྒོམ་པ་རྣམ་རྟོག་བསྒོམ་པ་མིན། །དེ་བཞིན་དབང་མདོར་བསྟན་པ་ལས། །མེད་པའི་གཟུགས་ལ་བསྒོམ་པ་ནི། །རྣལ་འབྱོར་རྣམས་ཀྱི་བསྒོམ་དེ་མིན། །སྟོང་པར་མ་བརྟགས་མཐོང་བའི་ཕྱིར། །སེམས་ལ་དངོས་དང་དངོས་མིན་མེད། །ཇི་ལྟར་མེ་ལོང་པྲ་ལ་ནི། །དངོས་མེད་ལས་སྐྱེས་བུ་མོས་མཐོང༌། །མཁའ་ལ་དེ་བཞིན་རྣལ་འབྱོར་པས། །འདས་དང་མ་འོངས་ཆོས་དེ་བཞིན། །དངོས་པོ་དེ་ཡིས་དངོས་ཡོད་མིན། །དངོས་པོས་སྟོང་པའི་དོན་ཡོད་ཕྱིར། །དངོས་པོ་མེད་པས་དོན་ཡོད་པ། །རྨི་ལམ་སྒྱུ་མ་མིག་འཕྲུལ་མཚུངས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་འདུས་པ་ལས། དངོས་མེད་བསྒོམ་པའི་དངོས་པོ་ནི། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མིན་པ། །དེ་བས་སྒོམ་པ་ཐོབ་མི་འགྱུར། །ཞེས་བྱ་བར་གསུངས་སོ། །དེ་ལྟར་སྟོང་གཟུགས་མཉམ་ཉིད་ནི། །རྣལ་འབྱོར་པ་ཡིས་ཤེས་ནས་སུ། །ཕྱི་ནས་དེ་ཉིད་རྣམ་ལྔ་པའི། །


DTG013_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསམ་གཏན་ཡན་ལག་གཉིས་པ་བསྒོམ། །བྱ་བ་ཐམས་ཅད་དོར་ནས་སུ། །གཟུགས་དེ་ཉིད་ནི་བལྟ་བར་བྱ། །ནམ་མཁར་མཐོང་བའི་ཆོས་རྣམས་ལ། །སེམས་འཇུག་པ་ནི་ཤེས་རབ་ཡིན། །དེ་བཞིན་དེ་ཡི་དངོས་པོ་ནི། །རྣལ་འབྱོར་པས་ནི་གཟུང་བར་བྱ། །དེ་ནས་རྣམ་པར་དཔྱོད་པ་ནི། །དངོས་པོ་འཛིན་པར་འཐད་པའོ། །དེ་ནས་དངོས་པོ་ཐམས་ཅད་ལ། །སེམས་འཇུག་པ་ནི་དགའ་བའོ། །དེ་ནས་གཡོ་མེད་བདེ་བ་ནི། །དངོས་ཀུན་བདེ་བ་ཕུན་སུམ་ཚོགས། །དེ་ལྟར་བསམ་གཏན་རྣམ་བཅུ་ནི། །གཟུང་དང་འཛིན་པའི་དབྱེ་བར་འགྱུར། །སོ་སོར་སྤོང་དང་བསམ་གཏན་གྱིས། །དེ་ལྟར་བསྙེན་པའི་ཡན་ལག་བརྗོད། །དེ་ནས་ཡན་ལག་གསུམ་པ་ཡིས། །རྣལ་འབྱོར་པས་ནི་སྲོག་རྩོལ་བ། །གཡས་དང་གཡོན་པའི་རྩ་གཉིས་ཀྱི། །ལམ་དགག་དབུ་མར་དབབ་པར་བྱ། །དབུས་མར་སྲོག་ནི་ཞུགས་ནས་སུ། །ས་སོགས་དཀྱིལ་འཁོར་བཅུ་པོ་ནི། །གཡས་པ་དང་ནི་གཡོན་པ་ཡི། །རྩ་ལས་རྟག་ཏུ་དགག་པར་བྱ། །ལམ་གཉིས་འབྱུང་འཇུག་རྫོགས་ནས་སུ། །ས་སོགས་དཀྱིལ་འཁོར་དགག་པའི་ཕྱིར། །སྲོག་རྩོལ་རྣམ་པ་བཅུ་པའོ། །དེ་ཡང་བགྲོད་དང་འོང་བའི་ཕྱིར། །རྣམ་པ་བཅུ་རུ་ཤེས་པར་བྱའོ། །དེ་ལྟར་ཡན་ལག་གཉིས་ཀྱིས་ནི། །ཉེ་བའི་སྒྲུབ་པ་བརྗོད་པའོ། །དེ་ནས་ཡན་ལག་ལྔ་པ་ནི། །རྣལ་འབྱོར་པས་ནི་བལྟ་བར་བྱ། །དབུས་མའི་རྩ་བ་གཏུམ་མོ་ནི། །འབར་བར་རྣལ་འབྱོར་བ་ཡིས་མཐོང༌། །དེ་ཡང་བསམ་སོགས་གནས་སྐབས་ཀྱི། །དབྱེ་བས་རྣམ་པར་བཅུར་འགྱུར་རོ། །སེམས་ནི་བསྒྲུབ་པར་གྱུར་པའི་ཕྱིར། །སྒྲུབ་པའི་ཡན་ལག་གསུམ་པའོ། །དེ་ནས་རྣལ་འབྱོར་པ་ཡི་སེམས། །རྟག་ཏུ་མཉམ་པར་བཞག་པ་སྟེ། །དེ་ནས་ཏིང་ངེ་འཛིན་གྱིས་ནི། །མཆོག་ཏུ་མི་འགྱུར་བདེ་ཐོབ་པའོ། །ཕྱི་ནས་རྣལ་འབྱོར་པ་ལ་ནི། །བྱ་བ་ཐམས་ཅད་རྫོགས་ནས་ནི། །ཏིང་འཛིན་ཡན་ལག་དྲུག་པ་ནི། །སྒྲུབ་པ་ཆེན་པོར་བརྗོད་པའོ། །དེ་བཞིན་དུ་དཔལ་འདུས་པ་ཕྱི་མ་ལས། བསྙེན་དུས་གཙུག་ཏོར་ཆེན་པོ་ཡི། །གཟུགས་སུ་འབད་དེ་རྣམ་པར་བསྒོམ། །ཉེ་བར་སྒྲུབ་པའི་དུས་སུ་


DTG013_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི། །བདུད་རྩི་འཁྱིལ་པ་ཡི་ནི་གཟུགས། །སྒྲུབ་པ་ལ་ནི་ལྷ་ཡི་གཟུགས། །རྣལ་འབྱོར་འདོད་པས་བསྒོམ་པར་བྱ། །སྒྲུབ་པ་ཆེན་པོའི་དུས་སུ་ནི། །སངས་རྒྱས་གཙོ་བོའི་བདག་པོའི་གཟུགས། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །དེ་ལ་དགོངས་པའི་སྐད་ཀྱིས་ནི། །གཙུག་ཏོར་གཟུགས་ནི་སངས་རྒྱས་གཟུགས། །མ་ལུས་ཁམས་གསུམ་པ་ཡིན་ཏེ། །ནམ་མཁར་ཆོས་ཀྱི་འབྱུང་གནས་སུ། །སེམས་ནི་བཀོད་ནས་བསྒོམ་པར་བྱ། །བསམ་གཏན་ཡན་ལག་གཉིས་པ་ཡིས། །དེ་ཉིད་མི་གཡོ་བ་རུ་བྱ། །དེ་ལ་བཅོམ་ལྡན་འདས་ཀྱིས་ནི། །དམ་བཅའ་བ་ནི་མཛད་པ་སྟེ། །བསམ་པ་ཐམས་ཅད་དོར་ནས་སུ། །ཉིན་མཚན་གཅིག་ནི་བརྟག་པར་བྱ། །དེ་ལ་རྐྱེན་ནི་མ་བྱུང་ན། །དེ་ལྟར་ང་ཡིས་སྨྲ་བ་བརྫུན། །དེ་ལ་དུ་བ་ལ་སོགས་ཀྱི། །མཚན་མ་ཡིད་ཆེས་ཡིན་འགྱུར་གྱི། །སྔགས་ལ་སོགས་པའི་མཚན་མ་ནི། །ཉིན་མཚན་གཅིག་གིས་མ་ཡིན་ནོ། །དེ་ལ་རྣལ་འབྱོར་པ་ཡིས་ནི། །རང་གི་ཉམས་སུ་མྱོང་འགྱུར་ཕྱིར། །སྔོན་དུ་དུ་བ་མཐོང་འགྱུར་ཏེ། །དེ་ནས་སྨིག་རྒྱུ་ལ་སོགས་མཐོང༌། །དེ་ལྟར་ཡན་ལག་གཉིས་ཀྱིས་ནི། །སྣ་ཚོགས་གཟུགས་ནི་བརྟན་པོར་འགྱུར། །དེ་ཚེ་རྣལ་འབྱོར་པ་ལ་ནི། །མངོན་ཤེས་ལྔ་ནི་སྐྱེ་བར་འགྱུར། །དེ་ནས་སྲོག་དང་རྩོལ་བ་ཡི། །འབྱུང་བ་དང་ནི་དགང་བ་གཉིས། །དོར་ནས་བུམ་པ་བྱེད་པ་ནི། །དབུ་མར་རྣལ་འབྱོར་པ་ཡིས་བྱ། །སྲོག་རྩོལ་བ་ཡིས་དག་གྱུར་ན། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟོད། །གཟུང་བ་དང་ནི་འཛིན་པའི་སེམས། །སྟོང་ཉིད་གཟུགས་ལས་འཇུག་འགྱུར་ནི། །བདུད་དང་ཉོན་མོངས་རང་བཞིན་ནི། །རྣལ་འབྱོར་པས་ནི་ཉམས་པར་བྱེད། །རྟོག་པ་ཐམས་ཅད་བྲལ་བ་ཉིད། །སེམས་ཀྱི་གཟུགས་ལ་འཁྱུད་གྱུར་ན། །དེ་ཚེ་ལུས་ལ་རྣལ་འབྱོར་པས། །འོད་ཟེར་ཁ་དོག་ལྔ་པར་སྤྲོ། །དེ་ནས་གཟུང་དང་འཛིན་པ་ཡི། །སེམས་ནི་གཅིག་པ་ཉིད་གྱུར་ན། །མཆོག་ཏུ་མི་འགྱུར་བདེ་བ་ནི། །རྣལ་འབྱོར་པ་ལ་སྐྱེ་བར་འགྱུར། །ཏིང་ངེ་འཛིན་གྱིས་དག་འགྱུར་ན། །ལོ་གསུམ་དང་ནི་ཕྱོགས་


DTG013_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུམ་གྱིས། །དབང་བཅུ་ལ་སོགས་དང་ལྡན་པའི། །རྣལ་འབྱོར་པས་ནི་སྐྱེ་བར་འགྱུར། །དེ་ལྟར་སྟོང་ཉིད་ཏིང་འཛིན་ནི། །མཆོག་ཏུ་མི་འགྱུར་བདེ་ཡིན་གྱི། །འཇིག་རྟེན་པ་ལ་གྲགས་པ་ནི། །ཡེ་མེད་པ་ནི་མ་ཡིན་ནོ། །དེ་ལྟར་རྫོགས་པའི་རིམ་པ་ཡི། །སྦྱོར་བའི་ཡན་ལག་དྲུག་གིས་ནི། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། །འགྲུབ་འགྱུར་བསྐྱེད་པའི་རིམ་པས་མིན། །དེ་བས་རྣལ་འབྱོར་པ་ཡིས་ནི། །རྣམ་རྟོག་དྲ་བ་དོར་ནས་སུ། །སྦྱོར་བའི་ཡན་ལག་དྲུག་གིས་ནི། །རྟོག་མེད་སེམས་ནི་བསྒྲུབ་པར་བྱའོ། །དེ་ལྟར་རིམ་པ་གཉིས་ཀྱིས་བསྒྲུབ་པ་བདག་གིས་ནི། །དངོས་གྲུབ་རྣམ་གཉིས་འགྲུབ་ཕྱིར་བཅོམ་ལྡན་དུས་འཁོར་གྱི། །བྱས་ནས་བསོད་ནམས་ཚོགས་ནི་བདག་ལ་གང་བྱུང་བ། །དེ་ཡིས་སེམས་ཅན་ཐམས་ཅད་དུས་འཁོར་བདག་ཉིད་ཤོག །དེ་ལྟར་བརྗོད་པའི་རིམ་པས་བསྒོམས་པའི་སྟོབས་ཀྱིས་ནུས་པ་དང་ལྡན་པར་གྱུར་པའི་རྣལ་འབྱོར་པས་ཅི་བྱེད་ཅེ་ན། སྤྱོད་པ་བསྟན་པར་མཛད་དེ། རྣལ་འབྱོར་པས་ཞེས་བྱ་བ་ལ་སོགས་པ་ལ། འདིར་མདོར་བསྡུས་པར་འཁོར་བ་ནས་འཁོར་བར་བྱེད་པའི་འཇིག་རྟེན་པའི་བདེ་བ་དང་སྡུག་བསྔལ་གྱི་ཞེན་པ་དོར་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་བྱེད་པ་དང༌། སེམས་ཅན་ལ་ཕན་ཐོགས་པའི་རང་བཞིན་དུ་གྱུར་པའི་རྣལ་འབྱོར་པས་སྤྱོད་པ་བྱེད་པ་ཡིན་གྱི། དེ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་ནི་མ་ཡིན་ནོ། །ད་ནི་དུ་བ་ལ་སོགས་པའི་རྟགས་བཅུ་གང་ཡིན་པ་དེ་སེམས་ཅན་རྣམས་ཀྱི་གནས་སྐབས་དང་མཐུན་པར་མཛད་དེ། བསམ་པ་ཞེས་བྱ་བ་ལ་སོགས་པ་ལ། འདིར་སེམས་ཅན་རྣམས་ལ་གལ་ཏེ་འདོད་ཆགས་ཀྱི་སེམས་གདུང་བར་གྱུར་པ་དེ་ལྟ་ན་ནི། །དང་པོར་དེ་ཉིད་ཀྱི་བསམ་པ་སྐྱེ་བར་འགྱུར་ཏེ། དེ་ནས་དེ་ཉིད་ལ་ཞེན་པ་དང་ཞེན་པ་དེའི་དབང་གིས་ལུས་པོའི་ཚ་བ་སྐྱེ་བ་དང༌། ཚ་བའི་དབང་གིས་སྐོམ་པར་གྱུར་པ་དང༌། དེ་ནས་བཟའ་བ་དང་བཏུང་བ་མི་འདོད་པར་གྱུར་ཏེ། སེམས་ལ་ཡུལ་འདོད་ཆགས་སུ་གྱུར་པའི་ཕྱིར་རོ། །དེ་ནས་དེའི་དབང་གིས་ལུས་པོ་འདྲ་བར་གྱུར་པ་དང༌། སྨྱོ་བ་དང༌། དྲན་པ་མེད་པ་དང༌། ཡིད་འཁྲུལ་པར་གྱུར་པ་དང༌། ཤིན་ཏུ་བརྒྱལ་བར་


DTG013_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱུར་པ་དང༌། །གནས་སྐབས་བཅུ་ནི་འདོད་ཆགས་ཀྱི་དབང་གིས་སེམས་ཅན་རྣམས་ལ་སྐྱེ་བ་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་མི་རྟོག་པ་བསྒོམ་པའི་དབང་གིས་རྣལ་འབྱོར་པ་རྣམས་ལ་དུ་བ་ལ་སོགས་པའི་རྟགས་སྐྱེ་བར་འགྱུར་རོ། །དེ་ནས་བསམ་པ་ལ་སོགས་པའི་དབང་གིས་འདོད་ཆགས་དེ་གསལ་པོར་གྱུར་པ་ཅི་ལྟ་བ་དེ་བཞིན་དུ་དུ་བ་ལ་སོགས་པའི་རྟགས་རྣམས་ཀྱིས་རང་གི་སེམས་ཀྱི་སོ་སོར་སྣང་བའི་རང་བཞིན་དུ་གྱུར་པའི་བཅོམ་ལྡན་འདས་རྡོ་རྗེ་ཅན་གྱི་སྤྲུལ་པའི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་རྣལ་འབྱོར་པས་མཐོང་ངོ༌། །དོན་དམ་པར་དེ་ལ་འབྲེལ་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། འདོད་པའི་ལྷ་དང་བཅོམ་ལྡན་འདས་ལ་འབྲེལ་བ་མེད་པའི་ཕྱིར་རོ། །དེ་ཉིད་བསྟན་པར་མཛད་དེ། བསམ་པ་འདོད་དང་ཡན་ལག་རིམ་སྐྱེས་ཁ་མཆོག་པདྨ་སྐམས་ཏེ་བཟའ་བ་ལྡོག་པ་དང༌། །སྡང་དང་སྨྱོ་བ་རྨོངས་པར་གྱུར་དང་ཡིད་ནི་རྣམ་པར་འཁྲུལ་དང་དྲག་ཏུ་བརྒྱལ་བ་ནི། །རྡོ་རྗེ་ཅན་གྱི་དུ་བ་ལ་སོགས་བཅུ་སྟེ་གསལ་ཡིད་སྲོག་ཆགས་རྣམས་ལུས་གནས་སྐབས་སོ། །འཇིག་རྟེན་དག་ཏུ་ཡིད་གཙོར་བྱེད་ཀྱི་དེ་རྣམས་བརྗོད་དེ་རྒྱལ་བ་གང་ལ་འདོད་པ་དེ་གང་ཡིན། །ཞེས་བྱ་བའོ། །ད་ནི་ཕྱི་རོལ་དུ་དྲང་བའི་དོན་གྱིས་ཟས་ཟ་བ་ལ་སོགས་པའི་དམ་ཚིག་གང་ཡིན་པ་དེ་ངེས་པའི་དོན་གྱིས་ནང་དུ་བསྟན་པར་མཛད་དེ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པ་ལ་གཏུམ་མོ་འབར་བའི་དབང་གིས་དཔྲལ་བར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལས་ཤུ་ཀྲའི་རྒྱུན་འཛག་པ་གང་ཡིན་པ་དེ་བདག་གི་མ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེར་བར་བྱེད་པ་ཆང་ཡིན་གྱི། །མྱོས་པར་བྱེད་པའི་ཕྱི་རོལ་གྱི་ཆང་ནི་མ་ཡིན་ནོ། །དེ་བཞིན་དུ་དྲང་བའི་དོན་གྱིས་གོ་ཀུ་ལ་སོགས་པའི་སྟོབས་ལྔ་གང་ཡིན་པ་དེ་ངེས་པའི་དོན་གྱིས་ལྷའི་མིག་ལ་སོགས་པས་སྟོང་པ་ཉིད་ཀྱི་གཟུགས་མཐོང་བ་ལ་སོགས་པ་ཡིན་གྱི་སྲོག་བཅད་པ་ལས་བྱུང་བའི་ཤ་ནི་མ་ཡིན་ནོ། །དེ་བཞིན་དུ་དྲི་ཆེན་ལ་སོགས་པའི་བདུད་རྩི་ལྔ་ཕྱི་རོལ་དུ་གང་ཡིན་པ་དེ་ནང་དུ་འཛག་པ་མེད་པའི་རང་བཞིན་དུ་གྱུར་ན་རྣམ་པར་སྣང་མཛད་ལ་སོགས་པའི་ལྷའི་རང་


DTG013_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞིན་དུ་འགྱུར་ཏེ། ཁྱི་ལ་སོགས་པས་ཟ་བར་གྱུར་པའི་མི་གཙང་བ་ནི་མ་ཡིན་ནོ། །དེ་བཞིན་དུ་དྲང་བའི་དོན་གྱིས་ལས་ཀྱི་ཕྱག་རྒྱ་ལ་གང་བརྟེན་པ་སྟེ། ངེས་པའི་དོན་གྱིས་སྟོང་པ་ཉིད་ཀྱི་གཟུགས་ལ་སེམས་འཇུག་པས། རོ་མཉམ་པ་ཉིད་ནི་འཁྲིག་པ་ཡིན་གྱི། དབང་པོ་གཉིས་ཡང་དག་པར་སྦྱོར་བ་ནི་མ་ཡིན་ནོ། །དེ་བཞིན་དུ་ནོར་ལ་སོགས་པ་བཏང་བ་ནི་སྦྱིན་པ་ཡིན་གྱི་སྦྱིན་པའི་བསམ་པ་ནི་མ་ཡིན་ནོ། །དེ་བཞིན་དུ་གང་དྲང་བའི་དོན་གྱིས་ཚུལ་ཁྲིམས་ཀྱི་སྡོམ་པ་དེ། ངེས་པའི་དོན་གྱིས་ཡིད་ཀྱིས་འཕོ་བ་དོར་བ་སྟེ། སེམས་ནི་མི་འཕོ་བའི་རང་བཞིན་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་བུད་མེད་རྣམས་ལ་རྣམ་པ་ཐམས་ཅད་དུ་རེག་པར་མི་བྱེད་པ་ནི་ཚུལ་ཁྲིམས་མ་ཡིན་ཏེ། ལས་ཀྱི་ཕྱག་རྒྱའི་སྦྱོར་བ་ལས་ཀྱང་ཚངས་པར་སྤྱོད་པ་ནི་ཚུལ་ཁྲིམས་ཡིན་ཏེ། བྱང་ཆུབ་ཀྱི་སེམས་རྣམ་པ་ཐམས་ཅད་དུ་མི་འཕོ་བ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་སྙན་པ་དང་མི་སྙན་པའི་སྒྲ་ལ་ཆགས་པ་ལ་སོགས་པ་མི་སྐྱེ་བ་ནི་བཟོད་པ་ཡིན་གྱི། རྙོག་པ་མེད་པའི་བཟོད་པ་ནི་བཟོད་པ་མ་ཡིན་ནོ། །དེ་བཞིན་དུ་གཡས་པ་དང༌། གཡོན་པའི་སྲོག་ནི་ལམ་གཉིས་ཉམས་པར་བྱེད་པའི་ཕྱིར། །རྩོལ་བ་བྱེད་པ་གང་ཡིན་པ་དེ་བརྩོན་འགྲུས་ཡིན་གྱི། །དུས་ཐམས་ཅད་དུ་འགྲོན་པོར་འཁྱམས་པ་ནི་མ་ཡིན་ནོ། །དེ་བཞིན་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་དུ་འགྱུར་བའི་སེམས་ཀྱི་བསྒོམ་པ་ནི་བསམ་གཏན་ཡིན་གྱི། །སྡུག་བསྔལ་སྟེར་བར་བྱེད་པ་རྟོག་པའི་རང་བཞིན་དུ་གྱུར་པ་ནི་མ་ཡིན་ནོ། །དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཤེས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟོན་པར་ཤེས་པ་ནི་ཤེས་རབ་ཡིན་གྱི། འཇིག་རྟེན་པའི་བྱ་བ་ཤེས་པ་ནི་མ་ཡིན་ནོ། །དེ་ལྟར་དྲང་བའི་དོན་དང་ངེས་པའི་དོན་གྱིས་དོན་འདི་ལྟ་བུར་གྱུར་པའི་རྣལ་འབྱོར་པ་གང་གིས་ཤེས་པ་དེ་ལ་རང་གི་དོན་ཕུན་སུམ་ཚོགས་པ་དང་སྲིད་པ་ཉམས་པ་དང་མི་སྐྱེ་བ་ཉིད་ཐོབ་པར་འགྱུར་པའོ། །དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་བདེན་པས་ལམ་བསྟན་པར་མཛད་ནས། བསྐྱེད་པའི་རིམ་པ་འབའ་


DTG013_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞིག་པའི་ལམ་བསྟན་པར་མཛད་དེ། ཡན་ལག་གཅིག་ཅེས་བྱ་བ་ལ་སོགས་པ་ལ། འདིར་རྣལ་འབྱོར་བས་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་ཕྱིར། སྔོན་དུ་བརྗོད་པའི་ཆོ་གས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པུའམ་ཤེས་རབ་དང་ལྡན་པའམ། འཁོར་དང་བཅས་པ་རྣམ་པ་དགུའི་རང་བཞིན་དུ་གྱུར་པའམ། རྣམ་པ་ཉི་ཤུ་རྩ་ལྔའི་བདག་ཉིད་དུ་གྱུར་པ་དང༌། ཡང་ན་བཅོམ་ལྡན་འདས་སྣ་ཚོགས་ཡུམ་དེ་བཞིན་དུ་བསྒོམས་ལ། དེ་ནས་རྣལ་འབྱོར་པས་ཞི་བ་ལ་སོགས་པའི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །ད་ནི་ནམ་མཁའ་ལྡིང་གི་ཚིགས་སུ་བཅད་པ་རྣམས་ནི་བཤད་པར་བྱ་སྟེ། སྲོག་ལྡན་ཞེས་བྱ་བ་ལ་སོགས་པ་འདིར་སྦྲུལ་གྱིས་ཟོས་སམ། ཡང་ན་དུག་ཟོས་པས་མི་འཚོ་བའི་ཕྱིར། རྣལ་འབྱོར་པའི་རྩར་ལྷོ་ཕྱོགས་ནས་གལ་ཏེ་ཕོ་ཉ་གཉིས་འོངས་པར་གྱུར་པ་དེ་ལྟ་ན་ནི་ནད་པ་འཆི་བར་འགྱུར་ཏེ། དེ་བས་ན་རྣལ་འབྱོར་པས་དེ་ལ་ཐབས་བཀའ་སྩལ་བར་མི་བྱའོ། །དེ་བཞིན་དུ་ཕོ་ཉས་ཞུས་པའི་དུས་སུ་མི་མཉམ་པའི་ཡི་གེ་བརྗོད་ན་ནད་པ་འཚོ་བར་འགྱུར་ཏེ། དེ་ནས་མཉམ་པའི་ཡི་གེ་བརྗོད་ན་ནད་པ་འཆི་བར་འགྱུར་བར་ཤེས་པར་བྱའོ། །དེ་བཞིན་དུ་གལ་ཏེ་ཕོ་ཉས་སྦྲུལ་ལ་སོགས་པའི་མིང་སྔོན་དུ་བརྗོད་ན་འཆི་བར་བྱེད་པ་དེ་ལྟ་ན་ནི་སྦྲུལ་གྱིས་ཟོས་པ་འཆི་བའོ། །དེ་ལྟར་ཕྱིའི་རྟགས་ཤེས་ནས་ནང་གི་རྟགས་ཀྱང་ཤེས་པར་བྱས་ཏེ་ཞུ་བ་ཞེས་བྱ་བ་ལ་སོགས་པ་ལ། འདིར་དབུགས་འཇུག་པའི་དུས་སུ་གལ་ཏེ་ཞུ་བར་གྱུར་པ་དེ་ལྟ་ན་ནི། ནད་པ་ལ་དགེ་བར་གྱུར་པར་ཤེས་པར་བྱའོ། །དེ་ནས་ཕར་དབྱུང་བའི་དུས་སུ་ཞུ་བར་བྱས་ན། མི་འཚོ་བའི་རྟགས་སུ་ཤེས་པར་བྱའོ། །དེ་བཞིན་དུ་ཕོ་ཉས་རྐང་པ་གཡོན་པ་མདུན་དུ་བཞག་ནས་ཞུ་བར་བྱེད་ན། རྟགས་དེས་བུད་མེད་སྦྲུལ་གྱིས་ཟོས་པ་རྗོད་པར་བྱེད་དེ། དེ་ནས་གཡས་མདུན་དུ་བཞག་ནས་ཞུ་བར་བྱེད་ན། དེས་ནི་སྐྱེས་པ་ཟོས་པ་བསྟན་པར་བྱེད་ཅེས་བྱའོ། །དེ་ལྟར་རྣལ་འབྱོར་པས་མཚན་མ་བཟང་པོར་གྱུར་པར་ཤེས་ནས་ནད་པའི་རྩར་འགྲོ་བར་བྱས་ལ། ནད་པའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་གལ་ཏེ་ནད་པའི་མིག་དང་གདོང་པ་ཤིན་ཏུ་རྒྱས་


DTG013_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་གྱུར་པ་དང༌། རྣ་བའི་རྩ་ནག་པོར་གྱུར་པ་དེ་ལྟ་ན་ནི་སེམས་ཅན་དེ་འཆི་བར་འགྱུར་བའོ། །དེ་ལ་ཡང་སྙིང་གར་གལ་ཏེ་སྒྲ་ཅུང་ཟད་ཡོད་པ་དེ་ལྟ་ན་ནི་རྣལ་འབྱོར་པས་ཐབས་བཀའ་སྩལ་བར་བྱའོ། །དེ་ཉིད་བསྟན་པར་མཛད་དེ། དང་པོ་ཞེས་བྱ་བ་ལ་སོགས་པ་ལ། འདིར་རྣལ་འབྱོར་པས་དང་པོར་བདག་བསྲུང་བའི་ཆོ་གས་རང་ལ་བསྲུང་བར་བྱ་ལ། དེ་ནས་བདག་དང་ནད་པའི་སྲུང་བ་འཁོར་ལོ་དྲུག་ལ་དེ་བཞིན་གཤེགས་པ་རིགས་དྲུག་གི་ས་བོན་དགོད་པར་བྱ་སྟེ། དེ་ནས་རང་གི་ལག་པའི་སོར་མོ་ལྔ་ནི་མཐེ་བོང་ལ་སོགས་པའི་རིམ་པས་ས་ལ་སོགས་པའི་རང་བཞིན་དུ་བསྒོམས་ལ། སོར་མོ་དེ་རྣམས་ལ་ས་ལ་སོགས་པའི་ས་བོན་རྣམས་དགོད་པར་བྱའོ། །དེ་བཞིན་དུ་ནད་པའི་བརླའི་ཚིགས་དང་གསུས་པ་དང་སྙིང་ག་དང་དཔྲལ་བར་ཧ་ཡ་ར་ཝ་ལ་ནི་རིམ་པ་བཞིན་དུ་དགོད་པར་བྱའོ། །དེ་བཞིན་དུ་ཧཾ་ཀྵཾ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཞེས་བྱ་བ་ནི་མཉམ་པ་དང་མི་མཉམ་པའི་ས་བོན་རྣམས་ནི་དགོད་པར་བྱ་སྟེ། དེ་ལ་གཡོན་ཕྱོགས་ཀྱི་བརླ་ལ་སོགས་པའི་ཡན་ལག་རྣམས་ལ་ཧྱ་ལ་སོགས་པའི་ཡི་གེ་ལྔ་ཐུང་དུ་དགོད་པར་བྱ་ཞིང༌། གཡས་པའི་ཡན་ལག་རྣམས་ལ་ནི་རིང་པོ་རྣམས་སོ། །དེ་ལྟར་ནད་པ་ལ་སྲུང་བ་བྱས་ནས་རང་གི་ལག་པའི་མཐིལ་ལ་ཡི་གེ་ཧཱུཾ་ཀྵུཾ་བཀོད་ནས་ནད་པའི་སྙིང་གའི་གནས་སུ་བཞག་པས་ནད་པའི་དུག་ནི་གཡོ་བར་གྱུར་པའོ། །ཡང་ན་དཔྲལ་བར་ཡི་གེ་ལ་དང་རྐང་པ་ལ་ཡི་གེ་ཧ་བསྒོམས་ན་དུག་འཆད་པར་འགྱུར་ཞེས་བྱ་བའོ། །དེ་ལྟར་སྤྱི་བོར་ཡི་གེ་ཝ་དང་གསུས་པ་ལ་ཡི་གེ་ར་བསྒོམས་ན་དུག་མེད་པར་འགྱུར་རོ། །དཔྲལ་བར་ཡི་གེ་ཡ་དང་རྐང་པ་ལ་ཡི་གེར་བསྒོམས་ན་དུག་འཇུག་པར་འགྱུར་རོ། །མགོ་བོ་ལ་ཡི་གེ་ཧ་དང་རྐང་པ་ལ་ཡི་གེ་ལ་བསྒོམས་ན་དུག་འཆད་པར་འགྱུར་རོ། །དེ་བཞིན་དུ་དཔྲལ་བར་ཐིག་ལེ་དཀར་པོ་བསྒོམས་ན་བརྟན་པ་དང་གཡོ་བ་དང་བཅས་པའི་དུག་ནི་མེད་པར་འགྱུར་བའོ། །དེ་བཞིན་དུ་མེའི་ས་བོན་དམར་པོས་དུག་གཡོ་བར་བྱེད་པ་དང༌། རླུང་གི་ས་བོན་ནག་པོས་དུག་འཇུག་པར་འགྱུར་བ་དང༌། སའི་ས་བོན་སེར་པོས་མི་གཡོ་བར་འགྱུར་ཞེས་བྱ་བའོ། །དེ་ནས་གལ་ཏེ་རྣལ་འབྱོར་པས་ཏིང་ངེ་འཛིན་


DTG013_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱི་སྟོབས་ཀྱིས་འཚོ་བར་མི་ནུས་པ་དེ་ལྟ་ན་ནི། སྨན་གྱི་སྦྱོར་བ་བྱས་ཏེ། དེ་ལ་ལི་དོ་ར་དང་པི་པི་ལིང་དང༌། ན་ལེ་ཤམ་ཆ་མཉམ་པར་བྱས་ཏེ་མི་བསྐྱོད་པས་བཏགས་པར་བྱ། དེ་ནས་སྡོང་བུའི་དབྱིབས་ལྟ་བུ་བྱས་ནས་སྲོག་འབབ་པར་གྱུར་པའི་ལམ་ལ་བཅུག་ན་དུག་མེད་པར་འགྱུར་རོ། །དེ་བཞིན་དུ་ལྕེའུ་ཆུང་ལ་སོར་མོས་ཆ་ལ་བཞག་པ་དེ་བཞིན་དུ་དུག་མེད་པར་འགྱུར་རོ། །ཡང་ན་རྡོ་རྗེ་མདའ་དང་ཛཱ་ཏི་དང་གཞོན་ནུ་མ་དང༌། ཚ་བ་གསུམ་དང་ལན་ཚྭ་དང་ལང་ག་ལི་དང་དྷི་བ་དའི་ཚངས་པ་མོ་དང༌། ཀྵ་དཏྟའི་དྲི་དང་ཉིན་ཕྱེད་མ་དང༌། བན་དྷ་ཀར་ཀུ་དང་ཀི་དང༌། དྲི་ཆེན་དང་དྲི་ཆུ་དང༌། ཤ་དང་ཁྲག་ནི་མཉམ་པོར་བྱས་ནས་མི་བསྐྱོད་པས་བཏགས་པའི་རི་ལུ་བྱས་ནས་ལམ་གང་ནས་སྲོག་འབབ་པར་གྱུར་པ་དེ་ལ་བཅུག་ན་འབྱུང་པོ་དང་འབྱུང་པོའི་རིམས་དང་དུག་གཞོམ་པར་རོ་ཞེས་བྱ་བའོ། །དེ་ནི་དུག་དྲག་པོའི་མཚན་ཉིད་བརྗོད་པར་མཛད་དེ། ཉི་མ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཉི་མ་ལ་སོགས་པའི་གཟའ་བདུན་ནི་ཉིན་མཚན་རེ་རེ་ལ་ལྷག་པའི་ལྷ་ཡིན་ཏེ། །དེ་རྣམས་ཀྱི་མཐར་བརྒྱད་པ་ནི་སྒྲ་གཅན་ཡིན་ལ་དེ་ཉིད་སྟོང་པར་བརྗོད་དེ། གཟའ་བདུན་གྱིས་དོར་བར་གྱུར་པའི་ཕྱིར་རོ། །དེ་གང་ཡིན་ཞེ་ན། རིགས་ལྡན་ནི་གཟུགས་ཕྱེད་ཀྱི་རྩ་ཞེས་བྱ་བ་ལ། ཆུ་ཚོད་ཕྱེད་ཀྱི་བདག་ཉིད་དུ་གྱུར་པའི་རིགས་ལྡན་མ་ཡིན་ཏེ། དེ་ཡང་འཆི་བ་སྟེར་བར་བྱེད་པར་ཤེས་པར་བྱའོ། །དེ་བས་ན་དེའི་དུས་སུ་དུག་ཟ་བ་ལ་སོགས་པ་ནི་མི་བྱ་སྟེ། གལ་ཏེ་དུག་ལ་སོགས་པ་བཟའ་བར་བྱེད་པ་དེ་ལྟ་ན་ནི། དུས་དེའི་དབང་གིས་ངེས་པར་འཆི་བར་འགྱུར་བར་ཤེས་པར་བྱའོ། །དེ་ཉིད་བསྟན་པར་མཛད་དེ། ཀླུ་ལ་རྩེ་བར་མི་བྱ་རྣམ་གསུམ་དུག་ཀྱང་དེར་ནི་བཟའ་མི་བྱའོ། །དེ་ཉིད་ལ་ནི་སྦྲུལ་གྱིས་སོས་བཟུང་གཤིན་རྗེའི་གནས་འགྲོ་འབྱུང་པོས་བཟུང་ངམ་མཚོན་གྱིས་ཕུག་ན་ཡང༌། །ཞེས་བྱ་བའོ། །རིགས་ལྡན་མ་དེ་ལྟ་བུ་གང་ཡིན་པ་དེ་ནམ་གྱི་དུས་སུ་ཤར་བར་འགྱུར་ཞེ་ན། ཉི་མ་ཕྱེད་ཅེས་བྱ་བ་ལ་སོགས་པ་ལ། འདིར་ཉིན་མཚན་རེ་རེ་ཉི་མ་ཕྱེད་ཀྱི་མཚམས་དང༌། ཉི་མ་ནུབ་པའི་མཚམས་དང༌། མཚན་མོ་ཕྱེད་ཀྱི་མཚམས་དང༌། ནམ་ལངས་པ་དང་ཉི་མ་ཤར་བའི་མཚམས་སུ་ཉི་མ་ལ་


DTG013_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པའི་གཟའ་རབ་ཏུ་དབྱེ་བའི་ཕྱིར། སྟོང་པའི་རང་བཞིན་དུ་གྱུར་པའི་དུས་ཀྱིས་ཟོས་པའི་རྩ་གཅིག་ནི་རིགས་ལྡན་མ་ཡིན་ཏེ། རིགས་ལྡན་མའི་དུག་གང་ཡིན་པ་དེ་རྣམས་སྒྲ་གཅན་གྱི་གདོང་པར་ཤེས་པར་བྱའོ། །དེ་ཉིད་བསྟན་པར་མཛད་དེ། འདི་ནི་སྒྲ་གཅན་གདོང་པ་ཡིན་ཏེ་ཉིན་དང་ཉིན་གྱི་དུས་སུ་ཡང་དག་རིག་པར་བྱ། །ཞེས་བྱ་བའོ། །ད་ནི་ཀླུ་མཐའ་ཡས་ལ་སོགས་པའི་ཉིན་མཚན་རེ་རེའི་ལོངས་སྤྱོད་རྗོད་པར་བྱེད་དེ། ཉི་མ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཉིན་མཚན་གང་ལ་གཟའ་ཉི་མར་གྱུར་པའི་ཉིན་མཚན་དེ་ལ་ཀླུ་མཐའ་ཡས་ཀྱིས་བྱིན་གྱིས་རློབ་པར་བྱེད་དེ། ཕྱི་ནས་ཀླུའི་རྒྱལ་པོ་གཞན་རྣམས་ཀྱིས་བྱེད་པར་འགྱུར་ཏེ། གཟའ་བདུན་གྱི་དབྱེ་བའི་ཕྱིར། གཟའ་ཉི་མའི་དུས་སུ་ཟླ་བ་ལ་སོགས་པ་ཡང་ཤར་བར་གྱུར་པ་ཇི་ལྟ་བ་དེ་བཞིན་དུ། ཀླུ་གཅིག་གིས་ཉིན་མཚན་ལ་ཀླུ་གཞན་རྣམས་འབྱུང་བར་ཤེས་པར་བྱའོ། །སྤྱིར་དེ་རྣམས་ཀྱི་ཆུ་ཚོད་དུ་ཙམ་གྱི་བར་དུ་དུས་ལོངས་སྤྱོད་ཡིན་ཞེ་ན། མཁའ་དུས་ཞེས་བྱ་བ་ལ་སོགས་པ་ལ། འདིར་བླུ་མཐའ་ཡས་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་དུ་གཟའ་ཉི་མ་ལ་སོགས་པའི་དུས་སུ་ཆུ་ཚོད་དྲུག་ཅུ་དང་དགུ་བཅུ་དང་ལྔ་བཅུ་དང༌། བཞི་བཅུ་དང༌། བརྒྱད་ཅུ་དང་བདུན་ཅུ་དང་ཆུ་ཚོད་སུམ་ཅུ་དང༌། ཆུ་ཚོད་དྲུག་ཅུ་ནི་ལོངས་སྤྱོད་དུ་གྱུར་པའོ། །ལོངས་སྤྱོད་དེའི་དབང་གིས་དུག་གི་མཚན་ཉིད་ཤེས་པར་བྱའོ། །བརྒྱད་པོ་དེ་རྣམས་ཀྱི་རིགས་དང་ཁ་དོག་ཇི་ལྟ་བུ་ཡིན་ཞེ་ན། བྲམ་ཟེ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཀླུ་མཐའ་ཡས་དང་རིགས་ལྡན་ནི་བྲམ་ཟེའི་རིགས་ཡིན་ཏེ། རིགས་དེའི་དབང་གིས་དེ་དག་གི་ཁ་དོག་དཀར་པོར་ཤེས་པར་བྱའོ། །བདེ་བཞིན་དུ་ནོར་རྒྱས་ཀྱི་བུ་དང་དུང་སྐྱོང་གི་ཁ་དོག་དམར་པོ་དང༌། རྒྱལ་རིགས་སུ་འགྱུར་བའོ། །པདྨ་ཆེན་པོ་དང༌། འཇོག་པོའི་ཁ་དོག་སེར་པོ་དང་རྗེའུ་རིགས་སོ། །སྟོབས་ཀྱི་རྒྱུ་དང་པདྨ་ནི་དམངས་རིགས་དང་ཁ་དོག་ནག་པོའོ། །རྒྱལ་བ་དང་རྣམ་པར་རྒྱལ་བ་ནི་ཐ་མའི་རིགས་དང་ཁ་དོག་སྣ་ཚོགས་པའོ། །དེ་རྣམས་ཀྱི་སྐྱེ་གནས་གནག་ཡིན་ཞེ་ན། སྐྱེ་གནས་ཞེས་བྱ་བ་ལ་སོགས་པ་


DTG013_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་འདིར་བྲམ་ཟེའི་རིགས་སུ་གྱུར་པའི་ཀླུ་རྣམས་ཀྱི་སྐྱེ་གནས་ནི་ཆུའོ། །རྒྱལ་རིགས་ཀྱི་ཀླུ་རྣམས་ཀྱི་མེའོ། །རྗེའུ་རིགས་ཀླུ་རིགས་གཉིས་ཀྱི་སའོ། །དམངས་རིགས་ཀྱི་ཀླུ་གཉིས་ཀྱི་རླུང་ངོ༌། །རྒྱལ་བའི་སྐྱེ་གནས་ནི་ནམ་མཁའོ། །ཀླུ་རྣམ་པར་རྒྱལ་བའི་སྐྱེ་གནས་ནི་ཡེ་ཤེས་ཀྱི་ཁམས་སུ་ཤེས་པར་བྱའོ། །དེ་བས་ན་ཆུ་ལ་སོགས་པའི་ས་བོན་ཐུང་དུ་དང་རིང་པོ་ཡོངས་སུ་གྱུར་པ་ལས་དེ་རྣམས་སྐྱེ་བར་གྱུར་པ་ནི་ངེས་པའོ། །ད་ནི་ནམ་མཁའ་ལྡིང་གི་མཚན་ཉིད་བཤད་དེ། རྐང་པ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདིར་ནམ་མཁའ་ལྡིང་བསྒྲུབ་པར་འདོད་པའི་རྣལ་འབྱོར་པས་རང་གི་སྙིང་གའི་པདྨའི་ཉི་མའི་དཀྱིལ་འཁོར་སྟེང་དུ་ཡི་གེ་ཀྵཾ་བསྒོམ་པར་བྱ་སྟེ། དེ་ཡོངས་སུ་གྱུར་པ་ལས་ནམ་མཁའ་ལྡིང་སྐྱེ་བར་བསམ་པར་བྱའོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། རྐང་པ་ནས་རྐེད་པའི་བར་དུ་ཁ་དོག་སེར་པོ་སྟེ། དེ་ནས་ལྟེ་བའི་བར་དུ་དཀར་པོའོ། །ལྟེ་བ་ནས་མགྲིན་པའི་བར་དུ་དམར་པོའོ། །མགྲིན་པ་ནས་སྨིན་མའི་བར་དུ་ནག་པོའོ། །དེ་ནས་མགོ་བོ་མ་ལུས་པ་ནི་སྣ་ཚོགས་པ་དང་ཀླུའི་རྒྱལ་པོ་རྣམས་ཀྱིས་བརྒྱན་པར་གྱུར་པ་དང༌། ལུས་པོ་ལས་ཁ་དོག་ལྔ་དང་ལྡན་པར་གྱུར་པའི་འོད་ཟེར་སྤྲོ་བར་བསྒོམ་པར་བྱའོ། །དེ་ནས་དེའི་ལུས་པོ་ལ་གཙུག་ཏོར་ལ་སོགས་པའི་འཁོར་ལོ་ལྔ་ལ་ནམ་མཁའ་ལ་སོགས་པའི་ཡི་གེ་ལྔ་བཀོད་ནས་དེའི་སྔགས་བྱེ་བ་ཕྲག་གཅིག་བཟླས་པར་བྱ་ཞིང༌། འབུམ་ཕྲག་བཅུ་ནི་སྦྱིན་སྲེག་ཏུ་བྱའོ། །དེའི་སྔགས་ནི། ཨོཾ་པཀྵེ་སྭཱ་ཧཱ། ཞེས་བྱ་བའོ། །དེ་ནས་སྔགས་དེ་དང་དེའི་ཕྱག་རྒྱས་འབྱུང་པོ་ལ་སོགས་པས་བཟུང་བ་དང་དུག་ཟོས་པའི་མི་གང་ལ་རྣལ་འབྱོར་པས་རེག་པར་བྱེད་པ་དེའི་སྐད་ཅིག་དེ་ཉིད་དུ་སོས་པར་འགྱུར་ཞེས་བྱ་བའོ། །དེ་བཞིན་དུ་ནམ་མཁའ་ལྡིང་གཅིག་པུར་བསྒྲུབ་པར་བྱས་ནས་ཀླུ་ལ་སོགས་པ་ཐམས་ཅད་འགྲུབ་པར་འགྱུར་པའི་ཕ་ན་ཡོན་བསྟན་པར་མཛད་དེ། མཁའ་ལྡིང་བསྒྲུབས་པས་ཀླུ་རྒྱལ་གདེངས་ཀའི་བདག་པོ་བུ་བཅས་གཡོག་འཁོར་ཉིད་འགྱུར་རོ། །འབྱུང་པོ་གནོད་སྦྱིན་གཟའ་དང་མཁའ་འགྲོ་མ་མོ་ས་མཆོག་གནས་སུ་ནི། གཟའ་སོགས་ཐམས་ཅད་སྔགས་རྣམས་བཀུག་པར་


DTG013_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རབ་གྱུར་དུག་གིས་ཟིན་པ་གཏོང་བའོ། །དེ་ཕྱིར་སེམས་ཅན་དོན་དུ་དང་པོར་སྐྱེས་བུས་མཁའ་ལྡིང་དབང་པོ་བསྒྲུབ་པར་བྱ། །ཞེས་བྱ་བའོ། །ད་ནི་དྲི་མ་མེད་པ་ལས་བཤད་པའི་ཚིགས་བཅད་བཞི་བཅུ་ནི་རྒྱས་པར་བྱ་སྟེ། གང་ཞིག་སྒྲ་ཞེས་བྱ་བ་ལ་སོགས་པ་ལ་འདིར་མི་རྣམས་ཀྱི་སྙིང་ག་ལ་གནས་པ་དང་རྣ་བས་ཐོས་པར་གྱུར་པའི་སྒྲ་དེ་དང་སེམས་སྦྱར་ན་སེམས་རོ་མཉམ་པ་ཉིད་དུ་གྱུར་ཏེ། སེམས་དང་སྲོག་གི་རླུང་གཅིག་ཏུ་གྱུར་ན་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །གཞན་ཡང་དེའི་དབང་གིས་ལྐོག་ཏུ་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་སྐད་ནི་རྣལ་འབྱོར་པས་ཐོས་པར་འགྱུར་བའོ། །དེ་བས་ན་བཅོམ་ལྡན་འདས་ཀྱི་ཐུགས་དང་སྙན་ཇི་ལྟ་བར་གྱུར་པ་དེ་བཞིན་དུ་རྣལ་འབྱོར་པས་སྒྲུབ་པར་བྱེད་ཅེས་བྱ་བའི་དོན་ཏོ། །གལ་ཏེ་རྣལ་འབྱོར་པས་སྒོམ་པར་བྱེད་པའི་དུས་སུ་བཟའ་བ་ལ་སོགས་པ་མ་རྙེད་པར་གྱུར་པ་དེ་ལྟ་ན་ནི། སེམས་མ་ཟིན་པའི་བར་དུ་གང་གིས་འཚོ་བར་བགྱི་ཞེ་ན། བྱས་ཞེས་བྱ་བ་ལ་སོགས་པ་ལ། འདིར་རྣལ་འབྱོར་པས་རྡོ་རྗེའི་སྐྱིལ་ཀྲུང་བཅས་ནས་ཁ་ཅུང་ཟད་ཕྱི་བར་བྱས་ལ། སོ་རྣམས་ཕན་ཚུན་དུ་རེག་པར་མི་བྱ་སྟེ། དེ་ནས་ཕྱི་རོལ་གྱི་རླུང་བཀུག་ནས་བདུད་རྩི་ཅུང་ཟད་འཛག་པ་དང་ལྷན་ཅིག་ཏུ་ལྟེ་བར་ཞུགས་ལ། གདུངས་དང་བཀྲེས་སྐོམ་ལུས་མཆོག་ལ་ནི་ཡང་དག་འགོག་པའི་དུག་ནི་འཕྲོག་བར་བྱེད། །ཅེས་བྱ་བའོ། །ཡང་ན་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་གཡོན་སྐོར་དུ་དབྱངས་བཅུ་དྲུག་ཏུ་དགོད་པར་བྱས་ནས་བདུད་རྩི་འཛག་པར་བྱེད་པའི་ཐིག་ལེ་དཀར་པོ་དབུས་སུ་བསྒོམ་པར་བྱས་ནས། དོན་དེ་ཉིད་དུ་བྱེད་ཅེས་བྱ་བའོ། །ཕྱི་རོལ་གྱི་རྫས་ལས་མ་གཏོགས་པར། རྣལ་འབྱོར་པས་ཚེ་བསྒྲུབ་ན་ཇི་ལྟར་བགྱི་ཞེ་ན། སྣ་ཞེས་བྱ་བ་ལ་སོགས་པ་ལ། འདིར་རྣལ་འབྱོར་པས་ཙོག་ཙོག་པོའི་འདུག་སྟངས་ཀྱིས་སྟན་ལ་འདུག་ནས་ཁ་བསྡམ་པར་བྱ་སྟེ། དེ་ནས་སྣ་བུག་གཉིས་ཀྱིས་ཅིག་ཅར་དུ་ཕྱི་རོལ་གྱི་རླུང་བཀུག་ལ་ཐུར་སེལ་གྱི་རླུང་འོག་ཏུ་བསྡམ་པར་བྱའོ། །དེ་ལྟར་རྒྱུན་མི་ཆད་པར་བྱས་ན་མ་འོངས་པའི་དུས་སུ་གོམས་པའི་དབང་གིས་གཡས་པ་དང་གཡོན་པ་དང་


DTG013_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབུས་མར་རོ་མཉམ་པ་ཉིད་དུ་འགྱུར་ཏེ། དེའི་དབང་གིས་བཟའ་སོགས་བཀྲེས་ཉེས་སྐོམ་པ་ལུས་ཀྱིས་འཇོམས་ཤིང་འཆི་བ་མེད་ཉིད་སྟེར་བར་བྱེད། །ཅེས་བྱ་བ་ནི། དོན་དེ་ལྟ་བུར་འགྲུབ་པར་འགྱུར་ཞེས་བྱ་བའོ། །དེ་བཞིན་དུ་གལ་ཏེ་རྣལ་འབྱོར་པས་རྫས་འདོད་པར་གྱུར་པ་དེ་ལྟ་ན་ནི་དེ་བསྒྲུབ་པའི་ཐབས་ཇི་ལྟ་བུ་བགྱི་ཞེ་ན། །རང་གི་གྲིབ་མ་ཞེས་བྱ་བ་ལ་སོགས་པ་ལ་འདིར་རྣལ་འབྱོར་པས་ནི་མ་ལ་རྒྱབ་བསྟན་ནས་མདུན་དུ་གནས་པའི་རང་གི་གྲིབ་མ་ལ་ཁེངས་པའི་ལྟ་བས་དུས་ཁ་ཅིག་གི་བར་དུ་བལྟ་བར་བྱས་ལ་ནམ་མཁའ་ལ་བལྟ་བར་བྱ་སྟེ། ལྟ་བ་དེའི་དབང་གིས་ནམ་མཁའ་ལ་ཡན་ལག་ལ་སོགས་པ་དང་ལྡན་པར་གྱུར་པ་དང༌། དུ་བའི་ཁ་དོག་ཏུ་གྱུར་པའི་སྐྱེས་བུ་མཐོང་ངོ༌། །དེ་ལྟར་ཟླ་བ་དྲུག་གི་བར་དུ་བསྒོམས་ན། ས་ལ་གནས་པའི་གཏེར་གྱི་བུག་པ་སྟོན་པར་བྱེད་དོ། །ཡང་ན་ཤིང་གི་གྲིབ་མའི་རྩར་འདུག་ནས་ཐིག་ལེའི་ཚོགས་ནི་ནམ་མཁའ་ལ་བལྟས་ན་དོན་དེ་ཉིད་དུ་བྱེད་ཅེས་བྱ་བའོ། །ད་ནི་གྲོང་ཁྱེར་གཞན་ལ་འཇུག་པར་མཛད་དེ། ནུས་པ་གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ། འདིར་ལྟེ་བའི་འཁོར་ལོ་ལས་སྲོག་གི་རླུང་ལངས་ནས་ཉིན་མཚན་དུ་གཡས་པ་དང་གཡོན་པ་ལས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་བར་དུ་འགྲོ་བ་དང་འོང་བར་བྱེད་དེ། དེ་ཉིད་སྔོན་དུ་བརྗོད་པའི་རིམ་པས་གཡས་པ་ལ་སོར་བཅུ་གཉིས་ཀྱི་བར་དུ་ཕྱི་རོལ་དུ་བྱུང་ནས་ལྡོག་ཅིང༌། གཡོན་པ་ལ་སོར་བཅུ་དྲུག་གི་བར་དུ་བྱུང་ནས་ལྡོག་པར་འགྱུར་རོ། །སྲོག་གི་རླུང་དེ་ཉིད་སྲོག་རྩོལ་བས་ལྟེ་བ་ལ་བཟུང་ནས་གློག་དང་འདྲ་བ་འགྱུར་བའི་དབྱུག་པའི་ཚུལ་གྱིས་ལྟེ་བ་ལས་བསླངས་ནས་སྙིང་ག་ར་འགྲོ་ཞིང༌། སྙིང་གའི་ལྟེ་བ་ཕུག་ནས་མགྲིན་པར་འགྲོ་ཞིང་མགྲིན་པ་ནས་དཔྲལ་བ་དང་དཔྲལ་བ་ནས་གཙུག་ཏོར་གྱི་བུ་གའི་བར་དུ་འགྲོ་སྟེ། དེ་བྱིན་ནས་པགས་པ་དེ་ཁབ་ཀྱི་རྩེ་མོས་པགས་པ་ཕུག་པ་བཞིན་དུ་ཕུག་ནས་འགྲོ་བར་བྱེད་དེ། དེའི་ཚེ་རྣལ་འབྱོར་པས་ཤིན་ཏུ་སྟོབས་ཀྱི་འོག་ཏུ་གྱུར་པའི་རླུང་སྟེང་དུ་གཏང་བར་བྱ་སྟེ། དེ་ལྟར་བྱས་ན་གཡས་པ་དང་གཡོན་པའི་རླུང་འགགས་ནས་སྲོག་གི་རླུང་དང་ལྷན་ཅིག་ཏུ་སེམས་གཙུག་ཏོར་གྱི་བུག་པའི་


DTG013_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལམ་ནས་འགྲོ་བར་གྱུར་ཏོ། །དེ་ནས་དོན་གྱིས་ཅི་འགྲུབ་ཅེ་ན། དེ་ལྟར་རྡོ་རྗེ་མཐུ་ཡིས་ཡུལ་དང་ལྡན་པའི་ཡིད་ནི་མཁའ་སྤྱོད་ཉིད་དུ་འགྲོ། གཞན་ཡང་མངོན་ཤེས་ལྔ་ཡི་རང་བཞིན་རྣལ་འབྱོར་པས་ནི་སྣ་ཚོགས་པ་ཡི་ཡུལ་འདིར་འགྱུར། །ཞེས་བྱ་བ་ནི། སྲོག་གི་ནུས་པ་དེས་རྣལ་འབྱོར་པ་རྣམས་ལ་མངོན་པར་ཤེས་པ་ལྔ་སྟེར་བར་བྱེད་ཅེས་བྱའོ། །བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་སྟེར་བར་མཛད་པ་ཇི་ལྟ་བུ་ཡིན་ཞེ་ན། ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ། བླ་ན་མེད་པའི་བྱང་ཆུབ་ལ་རྒྱས་བཏབ་པར་གྱུར་པའི་ཕྱག་རྒྱ་ནི་ཡོད་པ་དང་མེད་པ་ལས་འདས་པར་གྱུར་པའི་ཕྱིར། སྒྱུ་མ་དང་འདྲ་བར་ཤེས་པར་བྱའོ། །དཔེར་ན་གཟུགས་གཅིག་པུ་ནི་མེ་ལོང་གི་ནང་དུ་མཐོང་བ་དང༌། སྔོན་གྱི་གནས་ལ་གནས་པར་སྣང་བའོ། །ཕྱི་རོལ་གྱི་དངོས་པོ་དེ་ཉིད་མེ་ལོང་ལ་སྣང་བ་མ་ཡིན་ཏེ། རང་ལ་གནས་པར་གྱུར་པའི་ཕྱིར་རོ། །དེ་ལས་མ་གཏོགས་པར་ཡང་མ་ཡིན་ཏེ་དེ་ཉིད་དེ་བཞིན་དུ་སྣང་བར་གྱུར་པའི་ཕྱིར་རོ། །དེ་བཞིན་དུ་སྦྱོར་བའི་རྣལ་འབྱོར་པས་ཡན་ལག་དྲུག་རྟག་ཏུ་བསྒོམ་པའི་དབང་གིས་རྣམ་པ་ཐམས་ཅད་དང་ལྡན་པར་གྱུར་པའི་སྟོང་པ་ཉིད་ཀྱི་གཟུགས་ནི་ཕྱི་རོལ་དུ་ནམ་མཁའ་ལ་མཐོང་ཞིང་ནང་དུ་ཡིད་ཀྱི་དབང་པོས་ཀྱང་དེ་བཞིན་དུ་མཐོང་ངོ༌། །དེ་བས་ན་ཕྱི་དང་ནང་གི་སྣང་བར་གྱུར་པའི་དངོས་པོ་ནི་ཡོད་པ་མ་ཡིན་ཏེ། བསྐྱེད་བྱ་སྐྱེད་བྱེད་ཀྱི་འབྲེལ་པ་ལས་འདས་པར་གྱུར་པའི་ཕྱིར་རོ། །མེད་པ་ཡང་མ་ཡིན་ཏེ་དབང་པོ་སོ་སོ་ལ་སྤྱོད་ཡུལ་དུ་གྱུར་པའི་ཕྱིར་རོ། །དེ་བས་ན་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །འཇིག་རྟེན་གསུམ་སྣང་བྱེད་ཅིང་དྲི་མེད་གློག་འདྲ་འོད་ཟེར་དུ་མ་འཕྲོ་བར་མཛད། །ཅེས་བྱ་བ་ནི། རྟེན་དང་བརྟེན་པའི་རང་བཞིན་དུ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་བསྟན་པར་མཛད་པས་ན། འཇིག་རྟེན་གསུམ་པོ་སྣང་བར་མཛད་པ་ཞེས་བྱ་བའོ། །འཁོར་བའི་བག་ཆགས་དང་བྲལ་བར་གྱུར་བས་ན་དྲི་མ་མེད་པའོ། །འོད་གསལ་བའི་རང་བཞིན་དུ་གྱུར་པས་ན་གློག་འདྲ་བའོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལྔའི་རང་བཞིན་དུ་གྱུར་པས་ན་འོད་ཟེར་དུ་མ་འཕྲོ་བར་བྱེད་ཅེས་བྱ་བའོ། །དེ་གར་


DTG013_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཞུགས་ཤེ་ན། ཕྱི་དང་ལུས་ལ་ཞེས་བྱ་བར་གསུངས་སོ། །འོ་ན་གལ་ཏེ་ཕྱི་དང་ལུས་ལ་གནས་པར་གྱུར་པ་དེ་ལྟ་ན་ནི། ཅིའི་ཕྱིར་སེམས་ཅན་རྣམས་ཀྱིས་མི་མཐོང་ཞེ་ན། ཡུལ་བྲལ་ཞེས་བྱ་བར་གསུངས་ཏེ། ནམ་གྱི་དུས་སུ་མིག་གི་དབང་པོ་ལ་སོགས་པའི་སྟོང་པ་ཉིད་ཀྱི་དྲིན་གྱིས་ཡུལ་གཟུགས་ལ་སོགས་པ་དོར་བར་བྱེད་པའི་དུས་དེ་ལ་ཉི་མ་དང་ཉི་མའི་འོད་ཟེར་བཞིན་དུ་ཕྱི་དང་ལུས་ལ་དབྱེར་མེད་པའི་ངོ་བོས་རྣལ་འབྱོར་པས་མཐོང་བ་ཡིན་གྱི། གཟུང་བ་དང་འཛིན་པའི་འབྲེལ་པ་ཆད་པའི་བར་དུ་ནི་མ་ཡིན་ནོ། །དངོས་པོ་ཇི་ལྟར་མཐོང་ཞེ་ན། སྣང་བ་ཙམ་ཞེས་བྱ་བ་ནི་རྫས་ལས་འདས་པར་གྱུར་པའི་རྨི་ལམ་གྱི་གཟུགས་བརྙན་དང་ཆུ་ཟླ་བཞིན་དུ་མཐོང་བའོ། །གང་དུ་མཐོང་ཞེ་ན། ནམ་མཁའ་ལ་གནས་ཞེས་བྱ་བ་ནི། དཔེར་ན་དང་པའི་མེ་ལོང་ལ་གཟུགས་བརྙན་མཐོང་བ་ཇི་ལྟ་བ་དེ་བཞིན་དུ། སྤྲིན་མེད་པའི་ནམ་མཁའ་ལ་གནས་པར་མཐོང་བའོ། །ཅི་མཐོང་ཞེ་ན་སེམས་ཞེས་བྱ་བ་ནི། བག་ཆགས་ཀྱི་དྲི་མ་ལས་འདས་པར་གྱུར་པའི་རང་གི་སེམས་ཡིན་གྱི། གཞན་ནི་མ་ཡིན་ནོ། །སེམས་ཀྱི་རང་བཞིན་དུ་གྱུར་པའི་སྟོང་པ་ཉིད་ཀྱི་གཟུགས་དེ་གང་ནས་བྱུང་ཞེ་ན། །སེམས་འབྱུང་བ་ཞེས་བྱ་བ་ནི། དཔེར་ན་རྨི་ལམ་གྱི་གནས་སྐབས་སུ་ཕལ་པའི་སེམས་ལས་བྱུང་བའི་ཁྱད་པར་དུ་གྱུར་པའི་དངོས་པོ་རྣམས་སོ་སོར་སྣང་བ་ཇི་ལྟ་བ་དེ་བཞིན་དུ་འཁོར་པའི་སེམས་ལས་བྱུང་བ་ཡིན་གྱི་གཞན་མ་ལས་ནི་མ་ཡིན་ནོ། །འོ་ན་གལ་ཏེ་སེམས་ལས་བྱུང་བ་དེ་ལྟ་ན་ནི། ཕྱི་རོལ་དུ་ཇི་ལྟར་གནས་པར་འགྱུར་ཞེ་ན། འགྲོ་བ་དུ་མ་ལ་ནི་འཁྱུད་པར་བྱེད་པ་དེ་གཅིག་གོ །ཞེས་བྱ་བ་ནི་དཔེར་ན་ཆུས་གང་བར་གྱུར་པའི་གྲངས་མེད་པའི་བུམ་པ་རྣམས་ཀྱི་ནང་དུ་ཉི་མ་གཅིག་པུ་སྣང་བར་གྱུར་པ་ཇི་ལྟ་བ་དེ་བཞིན་དུ་ཕྱག་རྒྱ་ཆེན་མོ་དེ་སེམས་ཅན་ཐམས་ཅད་ཀྱི་སྙིང་གར་ཞུགས་པའོ། །རྟེན་དུ་མའི་དབང་གིས་དེ་ཡང་དུ་མར་མི་འགྱུར་ཏེ། དཔེར་ན་ཉི་མ་གཅིག་པུ་ནི་བུམ་པ་རེ་རེ་ལ་གཟུགས་བརྙན་དུ་གྱུར་པ་བཞིན་དུའོ། །འོ་ན་གལ་ཏེ་རྟེན་དང་བརྟེན་པའི་འབྲེལ་པས་གནས་པར་གྱུར་པ་དེ་ལྟ་ན་ནི། རྟེན་མེད་པས་བརྟེན་པ་མེད་པར་མི་འགྱུར་རམ་ཞེ་ན། བརྗོད་པར་བྱ་སྟེ།


DTG013_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་མ་ཡིན་ཏེ་ཁྱབ་བྱ་ཁྱབ་བྱེད་ཀྱི་ཚུལ་གྱི་ས་གནས་པ་ཡིན་གྱི། རྟེན་དང་བརྟེན་པའི་འབྲེལ་པས་ནི་མ་ཡིན་ནོ། །དཔེར་ན་ཉི་མ་གཅིག་པུས་བུམ་པ་ལ་སོགས་པའི་དངོས་པོ་ཐམས་ཅད་གསལ་བ་ཉིད་ཀྱིས་ཁྱབ་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་དེ་རང་བཞིན་ཉིད་ཀྱིས་ཁྱད་པར་མཛད་ཅེས་བྱ་བའོ། །དེ་ནས་གལ་ཏེ་རྟེན་དང་བརྟེན་པའི་འབྲེལ་པས་གནས་པ་དེ་ལྟ་ན་ཡང་སྐྱོན་མེད་དེ། དཔེར་ན་བུམ་པ་ཉམས་པར་གྱུར་པས་ཉི་མ་ཉམས་པར་མི་འགྱུར་བ་དེ་བཞིན་དུ་འཁོར་བའི་སེམས་ཉམས་པར་འགྱུར་བས། མྱ་ངན་ལས་འདས་པའི་སེམས་མ་ཉམས་པར་ཤེས་པར་བྱའོ། །དེ་བས་ན་རྟེན་དང་བརྟེན་པའི་འབྲེལ་པ་ནི་སེམས་དང་ཡེ་ཤེས་ལ་ཡིན་གྱི། ལུས་པོ་ལ་སོགས་པ་ལ་ནི་མ་ཡིན་ནོ། །དེ་བས་ན་རང་གི་སེམས་སྣང་བར་གྱུར་པ་དང་འཇིག་རྟེན་གསུམ་པོ་གསལ་བར་མཛད་པའི་ཕྱག་རྒྱ་ཆེན་མོས་ནི་བླ་ན་མེད་པའི་བྱང་ཆུབ་སྟེར་བར་མཛད་ཀྱི། ཉི་ཚེ་བ་དང་རྣམ་པར་རྟོག་པའི་རང་བཞིན་དུ་གྱུར་པའི་ལས་ཀྱི་ཕྱག་རྒྱ་ལ་སོགས་པས་ནི་མ་ཡིན་ནོ། །དེ་ཉིད་བསྟན་པར་མཛད་དེ། སེམས་ནི་དྲི་མ་དང་བཅས་ལས་ཀྱི་ཕྱག་རྒྱ་དག་དང་བརྟགས་པའི་ཡེ་ཤེས་ཕྱག་རྒྱ་སྤང༌། །ཞེས་བྱ་བའོ། །འོ་ན་གལ་ཏེ་ལས་ཀྱི་ཕྱག་རྒྱ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་དགག་པས་དེ་ལྟ་ན་ནི་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་དག་དགོས་པ་ཉིད་གསུངས་ཤེ་ན། བརྗོད་པར་བྱ་སྟེ། འདིར་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་དངོས་པོ་གང་ཡིན་པ་དེ་འདོད་པ་ན་སྤྱོད་པའི་དངོས་གྲུབ་དང་གཟུགས་ན་སྤྱོད་པའི་དངོས་གྲུབ་བསྒྲུབ་པའི་ཕྱིར་ཡིན་གྱི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པའི་ཕྱིར་ནི་མ་ཡིན་ནོ། །དེ་བཞིན་དུ་རྩ་བའི་རྒྱུད་ལས། ལས་ཀྱི་ཕྱག་རྒྱ་སྤང་བྱ་ཞིང༌། །བརྟགས་པའི་ཡེ་ཤེས་ཕྱག་རྒྱའོ། །མཆོག་ཏུ་མི་འགྱུར་རྣལ་འབྱོར་གྱིས། །ཕྱག་རྒྱ་ཆེན་མོ་བསྒོམ་པར་བྱ། །ཞེས་བྱ་བར་གསུངས་སོ། །དེ་བཞིན་དུ་སླར་ཡང་དེ་ཉིད་ལས། །འདོད་པར་སྤྱོད་པའི་དངོས་གྲུབ་ནི། །ལས་ཀྱི་ཕྱག་རྒྱས་བསྒྲུབ་པར་བྱ། །འོག་མིན་མཐར་ཐུག་བར་དུ་ནི། །ཡེ་ཤེས་ཕྱག་རྒྱས་གཟུགས་ཞེས་བྱའོ། །རྣལ་འབྱོར་ཆེན་པོ་ཀུན་མཁྱེན་ཉིད། །


DTG013_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མི་འགྱུར་སངས་རྒྱས་བདེ་བ་ཉིད། །ཕྱག་རྒྱ་ཆེན་མོའི་ཡན་ལག་ནི། །བསྒོམ་པས་བསྒྲུབ་བྱ་སྐྱེ་འདི་ཉིད། །ཅེས་བྱ་བའོ། །འདིར་ཡང་དོན་དེ་ཉིད་བསྟན་ཏེ། །རྫོགས་པའི་བྱང་ཆུབ་རྒྱུ་རུ་མཆོག་གི་རྒྱལ་བ་བསྐྱེད་པའི་ཕྱག་རྒྱ་བཟང་མོ་བསྒོམ། །ཞེས་བྱ་བའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། གོས་མེད་ཅེས་བྱ་བ་ནི། རྟོག་པ་ཐམས་ཅད་ལས་འདས་པར་གྱུར་པས་ན་གོས་པ་མེད་པ་ཞེས་བྱ་བའོ། །དུས་ཐམས་ཅད་དུ་ནམ་མཁའ་བཞིན་དུ་འགྱུར་བ་མེད་པའི་ངོ་བོས་གནས་པས་ན་མི་འགྱུར་བའོ། །མ་རིག་པའི་མུན་པ་དག་པར་མཛད་པས་ན་མུན་འཇོམས་ཞེས་བྱ་བའོ། །རྒྱུ་ལས་འདས་པར་གྱུར་པས་ན་ནམ་མཁའ་མཉམ་པའོ། །དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཉིད་བསྟན་པར་མཛད་པས་ན་ཁྱབ་པ་མོ་ཞེས་བྱ་བའོ། །དེ་ཡང་ཇི་ལྟར་ཤེས་པར་འགྱུར་ཞེ་ན། རྣལ་འབྱོར་གྱིས་ནི་བགྲོད་ཅེས་བྱ་བ་ལ། རྣལ་འབྱོར་ཞེས་བྱ་བ་ནི་གཡས་པ་དང་གཡོན་པ་གཉིས་ཀ་སྦྱར་བར་གྱུར་པའི་དབུས་མ་ཨ་བ་དྷཱུ་ཏཱི་སྟེ། དེ་བཞིན་དུ་སྲོག་དང་ཐུར་སེལ་གྱི་སྦྱོར་བ་ནི་རྣལ་འབྱོར་དུ་བརྗོད་དོ། །གཞན་ཡང་ཆགས་པ་དང་ཆགས་པ་དང་བྲལ་བ་རོ་མཉམ་པ་ཉིད་ནི། རྣལ་འབྱོར་རོ། །དེ་བཞིན་དུ་གོམས་པར་གྱུར་པའི་སོ་སོར་སྡུད་པ་ལ་སོགས་པའི་ཡན་ལག་དྲུག་ནི་རྣལ་འབྱོར་ཡིན་ལ། དེ་ཡིས་ཤེས་པར་འགྱུར་གྱི། གཞན་མ་གང་གིས་ཀྱང་ནི་མ་ཡིན་ནོ། །དེ་གང་ན་གནས་ཤེ་ན། ལུས་ལ་གནས་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱི་ལུས་པོ་ལ་གནས་ཞེས་བྱ་བའོ། །ངོ་བོ་ཇི་ལྟ་བུས་གནས་ཤེ་ན། ཡེ་ཤེས་གཟི་བརྗིད་ཅེས་བྱ་བ་ནི་ཤེས་པའི་ངོ་བོས་གནས་པ་ཡིན་གྱི། བེམས་པོ་ཉིད་ཀྱིས་ནི་མ་ཡིན་ནོ། །གལ་ཏེ་རྣལ་འབྱོར་གྱི་སྟོབས་ཀྱིས་ཤེས་པར་གྱུར་པ་དེ་ལྟ་ན་ནི། དོན་ཅི་མཛད་ཅེ་ན་སྲིད་པའི་དྲི་འཕྲོག་ཅེས་བྱ་བ་ལ་སྲིད་པའི་དྲི་མ་ནི་འཁོར་བའི་བག་ཆགས་ཡིན་ལ། དེ་འཕྲོག་པར་མཛད་པས་ན་སྲིད་པའི་དྲི་འཕྲོག་ཅེས་བྱ་བའོ། །དེའི་དངོས་པོ་ཇི་ལྟ་བུ་ཡིན་ཞེ་ན། དུས་ཀྱི་འཁོར་ལོས་རིག་ཅེས་བྱ་བ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་དུ་གྱུར་པ་མཆོག་ཏུ་མི་འགྱུར་བའི་བདེ་བའམ་རང་བཞིན་


DTG013_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་གྱི། སྡུག་བསྔལ་གྱི་རང་བཞིན་དུ་གྱུར་པ་འཕོ་བ་དང་རྡུལ་ཕྲ་རབ་ཀྱི་བདག་ཉིད་ཀྱི་ནི་མ་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་མ་ཕྱག་རྒྱ་ཆེན་མོ་གང་ཡིན་པ་དེ་བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་བཀའ་གསང་སྔགས་མ་གཏོགས་པར་གང་ཡང་མ་བསྟན་ཏེ། དེ་བས་ན་སྔགས་ཀྱི་ཐེག་པ་ནི་ཁྱད་པར་དུ་གྱུར་པའོ། །དེ་ཅིའི་ཕྱིར་ཞེ་ན། བསྟན་པར་མཛད་དེ། རྣམ་ཤེས་ཞེས་བྱ་བ་ལ་སོགས་པ་ལ། འདིར་བྱེ་བྲག་ཏུ་སྨྲ་བའི་གཞུང་ལ་སྔོན་དུ་བརྗོད་པའི་རིམ་པས་མདོ་སྡེ་པས་སུན་ཕྱུང་བར་མཛད་དེ། སྔོན་པོ་ལ་སོགས་པའི་དངོས་པོ་སྨྲ་བར་འདོད་པ་དེ་རྣམས་ལ་རྣམ་པར་ཤེས་པར་སྨྲ་བ་པོས་སུན་དབྱུང་བར་བྱས་ལ་སྲིད་པ་གསུམ་པོ་ནི་རྡུལ་ཕྲ་རབ་ལས་འདས་པར་གྱུར་པའི་རྣམ་པར་ཤེས་པ་ཙམ་དུ་འདོད་དོ། །དེ་རྣམས་ཀྱང་སེམས་ལས་མ་གཏོགས་པར་གཞན་མ་དངོས་པོ་གང་ཡང་མི་འདོད་དོ་ཞེས་བྱ་བའོ། །དེ་རྣམས་ལ་ཡང་གཅིག་དང་དུ་མས་རྣམ་པར་དཔྱད་པའི་རིགས་པས་དབུ་མ་པས་སུན་དབྱུང་བར་མཛད་དེ། དངོས་པོ་ཐམས་ཅད་སྟོང་པ་ཉིད་ཡིན་གྱི། གཅིག་དང་དུ་མའི་རང་བཞིན་གྱིས་རྣམ་པར་དཔྱད་ན། མཚན་ཉིད་དང་བྲལ་བའི་ནམ་མཁའི་མེ་ཏོག་དང་འདྲ་བའི་རྣམ་པར་ཤེས་པ་ཙམ་ནི་མ་ཡིན་ནོ། །དེ་བས་ན་གཟུང་འཛིན་ལ་སོགས་པ་ལས་འདས་པར་གྱུར་པའི་དངོས་པོ་ཐམས་ཅད་བེམས་པོའི་རང་བཞིན་དུ་འདོད་པ་དེ་རྣམས་ཀྱི་བསམ་པ་ནི་དེ་ལྟར་ཡང་མ་ཡིན་ཏེ། མཆོག་ཏུ་མི་འགྱུར་བའི་བདེ་བ་དང་བྲལ་བའི་ཕྱིར་རོ། །དེ་ཉིད་བསྟན་པར་མཛད་དེ། སངས་རྒྱས་ཤེས་རབ་གང་ལའང་གནས་མིན་སངས་རྒྱས་པ་རྣམས་ཚིག་སྟོན་འགྱུར། །ཞེས་བྱ་བ་ནི། སངས་རྒྱས་རྣམས་ལ་རྣམ་པ་ཐམས་ཅད་དུ་ཤེས་པའི་ངོ་བོ་ནི་མེད་དེ། གལ་ཏེ་སངས་རྒྱས་ཤེས་པའི་རང་བཞིན་ཡིན་པ་དེ་ལྟ་ན་ནི་ཤེས་བྱ་སྔོན་དུ་འགྲོ་བ་ནི་ཤེས་པའོ། །ཤེས་པ་དང་ཤེས་བྱ་གཉིས་ནི་གཟུང་འཛིན་གྱི་རྟོག་པ་ཡིན་གྱི། སྟོང་པ་ཉིད་ནི་མ་ཡིན་ནོ། །རྒྱུ་དེའི་ཕྱིར་སངས་རྒྱས་ཀྱི་ཤེས་རབ་དངོས་པོ་གང་ལ་ཡང་མི་གནས་ཞེས་བྱ་བར་ཕྱོགས་བཟུང་ནས་སྟོང་པ་ཉིད་བསྒྲུབ་པར་འདོད་དེ་དངོས་པོ་གང་ཡང་མ་གྲུབ་པའི་སྟོང་པ་ཉིད་ཀྱི་བསྒོམ་པ་དེས་མཆོག་ཏུ་


DTG013_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མི་འགྱུར་བའི་བདེ་བ་དང་བྲལ་བའི་བེམས་པོའི་རང་བཞིན་དུ་གྱུར་པའི་སྟོང་པ་དེ་རྣམས་སུ་འགྱུར་བའོ། །རྒྱུ་དེའི་ཕྱིར་བཅོམ་ལྡན་འདས་ཀྱི་བཀའ་གསང་སྔགས་ཀྱི་ཐེག་པ་ལས་འཕོ་བ་མེད་པའམ་ལྷན་ཅིག་སྐྱེས་པའི་བདེ་བའི་སྐུར་བསྟན་ཏོ། །གཙོ་བོས་དེ་ཕྱིར་གང་ཞིག་འཕོ་མེད་ལྷན་ཅིག་སྐྱེས་པའི་བདེ་སྐུ་སྔགས་ཀྱི་ཐེག་པར་བསྟན། །ཞེས་བྱ་བའོ། །བདེ་བ་དེ་ཉིད་ཀྱང་རིག་བྱེད་ལ་སོགས་པ་ལས་ཚངས་པ་ལ་སོགས་པ་རྣམས་ཀྱིས་ངེས་པའི་དོན་དུ་བསྟན་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བར་སྨོས་ཅི་དགོས་ཤེ་ན་བསྟན་པར་མཛད་དེ། བ་ལང་ཞེས་བྱ་བ་ལ་སོགས་པ་ལ། འདིར་ངེས་པའི་དོན་དུ་མཆོད་སྦྱིན་གྱི་དུས་ནི་མཆོག་ཏུ་མི་འགྱུར་བའི་དུས་ཡིན་ལ། དུས་དེར་བ་ལང་ལ་སོགས་པའི་སྒྲས་མིག་གི་དབང་པོ་ལ་སོགས་པ་དང་དེ་རྣམས་ཀྱི་ཡུལ་དུ་གྱུར་པའི་གཟུགས་ལ་སོགས་པའི་ཕན་ཚུན་དུ་འབྲེལ་བ་ཚད་མ་ནི་མཆོད་སྐྱིན་ཡིན་ལ་ཡེ་ཤེས་ཀྱི་སྦྱོར་བ་ལ་དམིགས་པ་གསལ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་མཆོད་སྦྱིན་གྱི་དུས་སུ་ཁྲག་དང་ལྡན་པའི་ཀོ་བ་ལ་ཕྱི་རོལ་གྱི་སྨན་སོ་མ་ནི་བརྡུངས་ནས་བྲམ་ཟེ་རྣམས་ཀྱི་བཏུང་བ་ཡང་ཡིན་པ་དེ་སྤྱི་བོ་ནས་བྱུང་བའི་ཟླ་བའི་བདུད་རྩི་ནི་རྡུལ་དང་ལྡན་པའི་བྷ་གར་དགའ་བའི་གཟུགས་ཀྱིས་གནས་པར་བརྗོད་དོ། །དེ་བཞིན་དུ་ཚངས་པ་ལ་སོགས་པའི་ལྷ་གསུམ་པོ་དང༌། ཟླ་བའི་རིག་བྱེད་དང་མཆོད་སྦྱིན་གྱི་རིག་བྱེད་དང༌། རིགས་ཀྱི་རིག་བྱེད་གསུམ་ནི་སྲོག་ཆགས་རྣམས་ཀྱི་ལུས་དང་ངག་དང་སེམས་སུ་དེ་རྣམས་ཤེས་པར་བྱའོ། །ཨོཾ་བྷུཿབྷོ་བཿ་ཡི་གེ་གསུམ་ནི་ཡོན་ཏན་གསུམ་གྱི་རང་བཞིན་དུ་གྱུར་པ་རྩ་གསུམ་མོ། །དེ་བཞིན་དུ་ཕྱི་རོལ་དུ་རིགས་ཀྱི་བརྟུལ་ཞུགས་ནི་ནང་དུ་ལུས་ཀྱི་ལྷ་དང་ལྷ་མོའི་རིགས་སུ་བརྗོད་དོ། །དེ་བཞིན་དུ་རིག་བྱེད་སྲིད་སྲུང་ནི་གཞོམ་དུ་མེད་པའི་མཆོག་ཏུ་མི་འགྱུར་བར་བརྗོད་ཅེས་བྱ་བའོ། །དེ་ལྟར་བརྗོད་པའི་རིམ་པས་རིག་བྱེད་མཐའ་ལས་གསང་བས་འདི་ཉིད་ཚངས་པས་རྣལ་འབྱོར་པ་ལ་སྔོན་དུ་བརྗོད། །ཅེས་བྱ་བ་ནི། རིག་བྱེད་མཐའ་ནི་ཤིན་ཏུ་གསང་བར་གྱུར་པའི་དོན་འདི་ལྟ་བུ་ཚངས་པས་གང་བསྟན་པ། །དེ་ཡི་དུས་ཀྱི་ཤེས་པ་རང་ཉམས་


DTG013_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐུབ་པ་རྣམས་ཀྱིས་སྲོག་ཆགས་རྣམས་ལ་གསོད་བསྟན་པ། །ཞེས་བྱ་བའོ། །ཕྱི་ནས་དེའི་དབང་གིས་མཐོ་རིས་འདོད་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་སྲོག་བཅད་པར་བྱས་ནས། མནར་མེད་པར་འགྲོ་བར་འགྱུར་བའོ། །དེ་བས་ན་སྲོག་བཅད་པས་རྣམ་པ་ཐམས་ཅད་དུ་མཐོ་རིས་སུ་མི་འགྲོ་བའི་དཔེ་བསྟན་པར་མཛད་དེ། སོལ་བ་འོ་མའི་རྒྱུན་གྱིས་བཀྲུས་ན་ཟླ་བའི་མདོག་ཏུ་འདིར་ནི་ནམ་ཡང་མི་འགྱུར་རོ། །ཞེས་བྱ་བའོ། །དེ་བས་ན་ངེས་པའི་དོན་དང་བྲལ་བར་གྱུར་པའི་རིག་བྱེད་ཀྱི་ཚིག་རྣམས་ཀྱིས་མི་རྣམས་ཀྱི་ཉོན་མོངས་པ་འབའ་ཞིག་བསྟན་པར་མཛད་དེ། རྣལ་འབྱོར་བྲལ་ཞིང་དམ་ཚིག་བྲལ་བའི་རིག་བྱེད་ཚིག་གིས་མི་རྣམས་གང་བསླུས་དེས། །རང་གི་ཆུང་མ་ཉིན་མཚན་དུས་སུ་བདག་གི་བུ་ནི་བསྐྱེད་ཕྱིར་སྲུང་བར་བྱེད། །སྦྱིན་པ་བུ་ཡིས་བྱིན་ན་ཡི་དགས་འཇིག་རྟེན་ལ་གནས་པ་ཡིས་ཐོབ་འགྱུར་རོ། །དེའི་ཕྱིར་བདེ་མཉམ་འབྲས་སྟེར་འདོད་ཆགས་སྦྱིན་པ་འདི་ནི་བྲམ་ཟེ་སྡང་བས་སྦས། །ཞེས་བྱ་བའོ། །འདོད་ཆགས་ཀྱི་སྦྱིན་པ་ལ་ཡོན་ཏན་ཅི་བདོག་ཅེ་ན། དཔེས་བསྟན་པར་མཛད་དེ། སྐྱེས་བུ་གཞན་གྱི་རྟ་མཆོག་རྒོད་མ་ལས་ནི་རྟ་ཆེན་སྐྱེས་ནས་ནི། །དེ་ཡི་མཐུ་ཡིས་སླར་ཡང་དཔའ་མོར་གྱུར་པ་བདག་པོས་ཕྱིར་དོན་མ་ཐོབ་བམ། །ཞེས་བྱ་བ་ནི། དཔེར་ན་སྐྱེས་བུ་གང་ཞིག་ལ་རྒོད་མ་ལས་ཁྱད་པར་དུ་སྐྱེས་པའི་རྟའི་དབང་གིས་རྫས་ཀྱི་དཔལ་མོ་ཐོབ་པར་གྱུར་པ་ཇི་ལྟར་དེ་བཞིན་དུ་བུད་མེད་ཕྲན་ཚེགས་ཀྱི་སྦྱིན་པས་སྐྱེ་བ་ཕྱི་མ་ལ་ཤིན་ཏུ་ཁྱད་པར་གྱི་དོན་འགྲུབ་པར་གྱུར་པ་དེ་ལ་སྐྱོན་ཅི་ཡོད་ཅེ་ན་བསྟན་ཏོ། །དེས་ན་གལ་ཏེ་དུས་ཐམས་ཅད་དུ་བཟའ་བྲན་གཉི་ག་རྟག་པ་ཡིན་པ་དེ་ལྟ་ན་ནི་མིའི་སྦྱིན་པ་མཆོག་སྟེ་དེ་ལྟར་ཡང་མ་ཡིན་ནོ། །དེ་བས་ན་འཆི་བར་གྱུར་པའི་མི་ལ་ཁྱིམ་ཐབ་གང་ཡིན་པ་དང་བདག་པོ་གང་ཡིན་ཞེས་བྱ་བའོ། །དེ་ཉིད་བསྟན་པར་མཛད་དེ། ཉིན་མཚན་དུས་སུ་ཆགས་ཅན་གྱིས་ནི་རང་རང་ཁྱེམ་ཐབ་སྲུང་བྱེད་པ། །ཤི་ནས་ཁྱོད་ནི་གང་དང་ཁྱོད་ཀྱི་ཁྱིམ་ཐབ་གང་ཡིན་ཀྱེ་མ་མི་དགེའི་ལས་ཀྱིས་བཅིངས། །ཞེས་བྱ་བ་ནི་བསམ་པ་ངན་པ་བསྟན་ཏོ། །དེ་བས་སྦྱིན་པ་ཐམས་


DTG013_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅད་ཀྱི་ནང་ནས་འདོད་ཆགས་ཀྱི་སྦྱིན་པ་ཁྱད་པར་དུ་གྱུར་པར་ཤེས་ནས་བསྟན་པར་མཛད་དེ། བ་ལང་སྦྱིན་དང་ས་སྦྱིན་གཞན་ཡང་དེ་བཞིན་ལོངས་སྤྱོད་མི་ཡི་འཇིག་རྟེན་ལ་སྟེར་དང༌། །སྨན་དང་བཟའ་བའི་སྦྱིན་བ་ནད་རྣམས་ཀུན་འཇོམས་བཀྲེས་དང་སྐོམ་པ་འཇོམས་པ་དང༌། །ཐམས་ཅད་ལས་ནི་བདེ་མཉམ་འབྲས་སྟེར་འདོད་པའི་སྦྱིན་པའི་འཁོར་ལོའི་དུས་སུ་སྨོས་ཅི་དགོས། །ཆུང་མ་སྡུག་དང་སྲིང་མོ་སྐལ་བཟང་བུ་མོ་གསང་བ་སྟེར་ཕྱིར་སྦྱིན་པར་བྱ། །ཞེས་བྱ་བ་ནི། ས་ལ་སོགས་པའི་སྦྱིན་པ་ཐམས་ཅད་ལས་མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེར་བའི་ཕྱིར། འདོད་ཆགས་ཀྱི་སྦྱིན་པ་ཁྱད་པར་དུ་གྱུར་པར་ཤེས་ནས་ཡིད་དུ་འོང་བའི་ཁྱིམ་ཐབ་ལ་སོགས་པ་རྡོ་རྗེ་མཆོད་པའི་ཕྱིར་དུས་ཐམས་ཅད་དུ་སྦྱིན་པ་སྦྱིན་པར་བྱའོ། །ད་ནི་སྨད་འཚོང་མ་ལ་སོགས་པའི་ཕྱག་རྒྱ་བཞི་ནི་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་ཕྱག་རྒྱ་བཞིས་དག་པ་བསྟན་པར་མཛད་དེ། གསལ་བར་ལུས་འཚོང་ཞེས་བྱ་བ་ལ་སོགས་པ་ལ་འདིར་སྨད་འཚོང་མ་ནི་ལས་ཀྱི་ཕྱག་རྒྱ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་གྱུར་པའི་ཕྱིར་རོ། །དེ་བཞིན་དུ་གསང་བར་གྱུར་བའི་བུད་མེད་ནི་གསང་བའི་ཕྱག་རྒྱ་ཡིན་ཏེ། དམ་ཚིག་གསང་བར་འགྱུར་བའི་ཇི་ལྟ་བ་དེ་བཞིན་དུ་མི་གསལ་བར་གྱུར་པའི་ཕྱིར་རོ། །རང་དབང་དུ་གྱུར་པའི་ཕྱག་རྒྱ་ནི་ཆོས་ཀྱི་ཕྱག་རྒྱ་ཡིན་ཏེ། གང་གིས་ཀྱང་དབང་དུ་མ་བྱས་པའི་ཕྱིར་རོ། །ཁྱིམ་ཐབ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན་ཏེ་རང་གི་སེམས་དང་འདྲ་བའི་ཕྱིར་རོ། །དེ་རྣམས་ཀྱང་ཇི་ལྟ་བུ་ཡིན་ཞེ་ན། གསལ་བར་ལུས་འཚོང་ཞེས་བྱ་བ་ནི་ལོ་བཅུ་གཉིས་ལོན་པའི་སྨད་འཚོང་མ་དང༌། རིམ་པ་དེ་བཞིན་དུ་ལོ་བཅུ་དྲུག་མ་དང་ཉི་ཤུ་མ་དང་སུམ་ཅུ་ལོན་པའི་ཁྱིམ་ཐབ་ནི་རིམ་པ་ཇི་ལྟ་བ་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་ཕྱག་རྒྱ་དེ་རྣམས་ཀྱི་མཚན་ཉིད་ཤེས་ནས་བླ་མ་ལ་སོགས་པ་རྣམས་ལ་རྗེས་སུ་མཐུན་པ་ཇི་ལྟ་བར་དེ་རྣམས་དབུལ་བར་བྱའོ། །ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོ་གསང་སྔགས་ལ་ཞུགས་ནས་འདོད་ཆགས་ཀྱི་སྦྱིན་པ་མ་སྦྱིན་གྱི་བར་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་འགྲུབ་པའི་ཕྱིར་རོ། །དེ་ཉིད་བསྟན་པར་མཛད་དེ། སྔོན་དུ་སངས་རྒྱས་རྣམས་ཀྱིས་ས་དང་གླང་ཆེན་རྟ་དང་ཤིང་རྟ་གསེར་ཁུར་དུ་མ་ནི།


DTG013_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སངས་རྒྱས་ཕྱིར་སྦྱིན་སླར་ཡང་བུ་དང་ཤ་ཁྲག་རྣམས་ནི་རབ་ཏུ་སྦྱིན་འགྱུར་ཏེ། །འདིས་ནི་འདོད་པའི་སངས་རྒྱས་ཉིད་དུ་འགྱུར་མིན་དེ་ནས་འདོད་པའི་སྦྱིན་པ་མཛད། །དེ་ཡི་སངས་རྒྱས་ཉིད་ཀྱི་རྒྱལ་བ་སྐྱེད་མཛད་རིགས་ལས་མེ་རྣམས་གསང་བའི་སྦྱིན་པས་སོ། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སྔོན་དུ་སྦྱིན་པ་ལ་སོགས་པས་ཉིད་ཀྱི་དོན་ཕུན་སུམ་ཚོགས་པ་མ་གྲུབ་པར་གཟིགས་ནས་འདོད་པའི་སྦྱིན་པ་རྫོགས་པར་བྱེད་པའི་ཕྱིར་བཙུན་མོ་སྟོང་ཕྲག་དྲུག་ཅུ་ཐམ་པ་བཞེས་ཏེ། ཕྱི་ནས་དེ་ཐམས་ཅད་སྦྱིན་པ་མཛད་ནས་བླ་ན་མེད་པའི་བྱང་ཆུབ་མངོན་དུ་མཛད་པར་འགྱུར་ཞེས་བྱ་བའོ། །གཞན་ཡང་རྒྱུ་ཕྲན་ཚེགས་ལས་འབྲས་བུ་ཁྱད་པར་དུ་གྱུར་པ་བཞིན་དུ་དེ་ཉིད་བསྟན་པར་མཛད་དེ། གསེར་ཞེས་བྱ་བ་ལ་སོགས་པ་ལ། དཔེར་ན་འདིར་གལ་ཏེ་ཟངས་ཀྱིས་གསེར་དེ་ཙམ་དུ་རྙེད་པ་དང་ལྷའི་ཅོད་པན་གྱི་ནོར་བུ་ནི་མཆིང་བུ་དུམ་བུས་དང་གསལ་བར་སྨད་འཚོང་བྱིན་པས་མཐོ་རིས་ཀྱི་ལྷ་མོ་དང་པགས་པའི་དུམ་བུས་གླ་རྩིའི་ལྟེ་བ་དང་བོང་བུས་རྟ་དང༌། རས་བརྗེས་ནས་གླང་པོ་ཆེ་རྙེད་པ་ཇི་ལྟ་བ་བཞིན་དུ་མི་རྟག་པ་དང་འཁོར་བའི་རྒྱུར་གྱུར་པའི་ཁྱིམ་ཐབ་ཀྱི་སྦྱིན་པས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བཙུན་མོར་གྱུར་པའི་ཕྱག་རྒྱ་ཆེན་མོ་ཐོབ་པ་ནི་དོན་ཁྱད་པར་དུ་གྱུར་པ་མ་ཡིན་ནམ་ཞེས་བྱ་བའོ། །དེ་དག་ལ་སོགས་པའི་སྦྱིན་པ་གང་ལ་སྦྱིན་ཞེ་ན། བྱམས་པའི་གནས་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཕྱིའི་སྦྱིན་པ་ནི་འབྲས་བུ་ལ་ལྟོས་པ་མེད་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་སྦྱིན་པར་བྱ་ཞིང་འདོད་པ་ལ་སོགས་པའི་སྦྱིན་པ་ནི་བླ་མ་དང་ཁྱད་པར་དུ་གྱུར་པའི་གང་ཟག་རྣམས་ལ་སྦྱིན་པར་བྱ་བ་ནི་ངེས་པའོ། །དེ་ལྟར་བརྗོད་པའི་རིམ་པས་འདོད་པའི་སྦྱིན་པ་ནི་རང་གི་རིགས་བསྲུང་བའི་ཕྱིར་བྲམ་ཟེ་གདུག་པ་རྣམས་ཀྱི་རིག་བྱེད་ཚད་མར་བྱས་ནས་དགག་པ་སྟེ། དེ་བས་ན་གང་གི་རིག་བྱེད་ཚད་མར་འདོད་པ་དེ་རིག་བྱེད་ཚད་མར་འགྱུར་ཏེ། རིག་བྱེད་ཚད་མར་འདོད་པས་མཆོག་སྦྱིན་ཚད་མར་འགྱུར་ཏེ། མཆོག་སྦྱིན་ཚད་མར་གྱུར་པས་མནར་སེམས་ཚད་མར་འགྱུར་རོ། །མནར་སེམས་ཚད་མར་གྱུར་པ་ལ་དམྱལ་བར་གཏོང་བའི་སྡིག་པ་ཚད་


DTG013_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མར་གྱུར་པའོ། །དེ་བས་ན་རིག་པ་འཛིན་པ་དང་ཕྲག་དོག་གི་བསམ་པ་དོར་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་དམ་ཚིག་དང་སྡོམ་པ་ལ་གནས་པའི་གང་ཟག་རྣམས་ལ་འདོད་པའི་སྦྱིན་པ་སྦྱིན་པར་བྱ་ཞེས་པ་ནི་ངེས་པའོ། །དེ་བཞིན་དུ་གཙུག་ལག་ཁང་བཞེངས་སུ་གསོལ་བ་གང་ཡིན་པ་དེ་སེམས་ཅན་རྣམས་ལ་སྦྱིན་པའི་གནས་སུ་གྱུར་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཁྱད་པར་དུ་གྱུར་པ་གསུངས་པ་ཡིན་གྱི། སྦྱིན་པ་ལས་མ་གཏོགས་པར་ནི་མ་ཡིན་ནོ། །དེ་ཉིད་བསྟན་པར་མཛད་དེ། གཙུག་ལག་ཁང་དཔལ་རབ་གནས་གོས་དང་བཟའ་ཕྱིར་དགེ་བར་བཅོམ་ལྡན་འདས་ཀྱིས་གསུངས། །སྨན་དང་བཟའ་བའི་སྦྱིན་པ་སྡིག་པའི་ནད་ནི་ཉམས་བྱེད་དེར་ནི་སྦྱིན་པ་པོ་ཡིས་སྦྱིན། །སྦྱིན་པ་མེད་ན་ས་སྟེང་གནས་སུ་གཙུག་ལག་ཁང་ནི་དུད་འགྲོའི་གནས་ཉིད་དོ། །གང་དུ་བཟའ་བར་གྱུར་བ་དེ་ནི་དགེ་འདུན་ཆོས་དང་སངས་རྒྱས་འགྱུར་རོ་མི་དབང་ཀྱེ། །ཞེས་བྱ་བའོ། །ད་ནི་སྔགས་ཀྱི་ཚུལ་གྱིས་མངོན་སུམ་དུ་གྱུར་པའི་དཀོན་མཆོག་གསུམ་པོའི་མཚན་ཉིད་བསྟན་པར་མཛད་དེ། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། འདིར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བར་བྱེད་དེ། དོན་དམ་པའི་བདེན་པས་དཀོན་མཆོག་གསུམ་པོ་དེ་མིན་པར་མཛད་དེ། །གཙུག་ལག་ཁང་གནས་སངས་རྒྱས་འདི་དང་འདི་ནི་བྲིས་པའི་གླེགས་བམ་ཆོས་དང་ནི། དགེ་འདུན་དུར་སྨྲིག་གྱོན་པས་མཆོག་འགྱུར་གཙོ་བོའི་བདེ་བ་སྐྱེ་འབུམ་གྱིས་སྟེར་མིན། །ཞེས་བྱ་བ་ནི། ཤིང་དང་འདག་པ་ལ་སོགས་པའི་རང་བཞིན་དུ་གྱུར་པའི་སངས་རྒྱས་དང་གླེགས་བམ་དུ་གནས་པའི་ཡི་གེའི་ཚོགས་དང༌། སྐྲ་སྲེགས་པ་དང་དུར་སྨྲིག་འཛིན་པའི་དགེ་འདུན་གྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་མཆོག་ཏུ་མི་འགྱུར་བའི་བདེ་བ་ནི་སྟེར་བར་མི་འགྱུར་རོ། །འོ་ན་དོན་དམ་པར་དཀོན་མཆོག་གསུམ་གང་ཡིན་ཞེ་ན། སློབ་དཔོན་སངས་རྒྱས་ཉིད་དེ་ས་མཆོག་སྟེང་དུ་ཆོས་ནི་དེ་ཡིས་བསྟན་པའོ། །ཞེས་བྱ་བ་ནི། དབང་པོ་ཐམས་ཅད་དང་ལྡན་པར་གྱུར་པ་མངོན་སུམ་དུ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་གྱུར་པའི་རྡོ་རྗེ་།སློབ་དཔོན་


DTG013_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་སངས་རྒྱས་བཅོམ་ལྡན་འདས་ཡིན་གྱི་བེམས་པོ་དང་ལྐོག་ཏུ་གྱུར་པ་ནི་མ་ཡིན་ནོ། །དེ་ལྟར་དེ་ཡིས་དྲང་བའི་དོན་དང་ངེས་པའི་དོན་གྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་བསྟན་པ་ནི་ཆོས་ཡིན་གྱི། ཤོག་བུ་ལ་གནས་པའི་ཡི་གེའི་ཚོགས་ནི་མ་ཡིན་ནོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་སྙིང་རྗེ་བྱེད་པ་དང༌། དུས་ཐམས་ཅད་དུ་སེམས་དགྱེས་པར་གྱུར་པའི་སློབ་དཔོན་གྱི་འཁོར་ནི་དགེ་འདུན་ཡིན་གྱི། རང་གཅིག་པུ་དུལ་བར་འདོད་པ་དང་སྡུག་བསྔལ་དང་ལྡན་པར་གྱུར་པ་ནི་མ་ཡིན་ནོ། །དེ་ཡང་མདོར་བསྡུས་པ་རྣམ་པ་གཉིས་སུ་གསུངས་ཏེ། ཉན་ཐོས་ཀྱི་དགེ་འདུན་དང་བླ་ན་མེད་པའི་དགེ་འདུན་ནོ། །རྒྱས་པར་ནི་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་གང་ཡིན་པ་དེ་ཀུན་རྫོབ་ཏུ་ཉན་ཐོས་ཀྱི་དགེ་འདུན་ནི་རྣམ་པ་བཞིར་བསྟན་ཏོ། །དོན་དམ་པར་ན་བླ་ན་མེད་པ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པའི་རྣལ་འབྱོར་པ་དང་རྣལ་འབྱོར་མ་དང་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་པའི་དགེ་བསྙེན་དང་དགེ་བསྙེན་མ་ནི་རྣམ་པ་བཞིར་གསུངས་སོ། །དེ་ལྟར་རྣམ་པ་གཉིས་དང་རྣམ་པ་བཞིར་གྱུར་པའི་དགེ་འདུན་དེ་ལ་རང་རང་གི་ཆོས་དང་མཐུན་པའི་ལོངས་སྤྱོད་ཀྱིས་དེ་རྣམས་གང་གིས་ཚིམ་པར་བྱེད་པའི་སྐྱེས་བུ་དེ་ལ་སྐྱེ་བ་འདི་ཉིད་དུ་དོན་འགྲུབ་པར་བསྟན་པར་མཛད་དེ། བསོད་ནམས་ཡེ་ཤེས་དོན་ཕྱིར་རྣམ་པ་སྣ་ཚོགས་སྦྱིན་པ་རྟག་ཏུ་ཤིན་ཏུ་དགྱེས། །ཉན་ཐོས་རྣམས་ལ་མཆོད་སྟོན་ལ་སོགས་མཆོག་གི་བདེ་བྱེད་འདོད་འགྱུར་སྦྱིན་པ་རྣལ་འབྱོར་པ་རྣམས་ལ། །སྦྱིན་པ་པོ་རྣམས་གང་ཞིག་རབ་ཏུ་དགའ་སེམས་ཀུན་ནས་རྗེས་ཆགས་སེམས་ཀྱིས་སྦྱིན། །དེ་རྣམས་བསོད་ནམས་ཡེ་ཤེས་རྫོགས་ཏེ་མཆོག་ཏུ་བདེ་བའི་གོ་འཕང་སྐྱེ་བ་འདི་ལས་འགྲོ། །ཞེས་བྱ་བ་ནི། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་བསག་པར་བྱ་བའི་རིམ་པ་ཇི་ལྟ་བ་བཞིན་དུ་ཉན་ཐོས་ཀྱི་སྡོམ་པ་ལ་གནས་པ་དང་སྔགས་ཀྱི་ཐེག་པ་ལ་གནས་པའི་རྣལ་འབྱོར་པ་རྣམས་ལ་སྦྱིན་པ་པོ་གང་གི་ཁ་ན་མ་ཐོ་བ་དང་བྲལ་བའི་སྟོན་མོ་ལ་སོགས་པ་དང༌། འདོད་པའི་ཡོན་ཏན་ལྔའི་རང་བཞིན་དུ་གྱུར་པའི་སྦྱིན་པ་སྦྱིན་པ་དེས་སྐྱེ་བ་འདི་ཉིད་དུ་ཚོགས་ཉིད་ཀྱི་དབང་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གྲུབ་པ་དེ་


DTG013_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་ངེས་པའོ། །དེ་བས་ན་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པ་ནི་སློབ་དཔོན་ཡིན་ལ་རྒྱུ་དེའི་ཕྱིར་དེ་ལ་མི་གང་གིས་སྨོད་པར་བྱེད་པ་དེ་མནར་མེད་པའི་སར་འགྲོ་བར་འགྱུར་བ་བསྟན་པར་མཛད་དེ། གསལ་བའི་རྒྱལ་བ་སློབ་དཔོན་ཉན་ཐོས་གླེན་པ་གང་ཞིག་རྣམས་ཀྱིས་སྨོད་བྱེད་དེ། །དེ་རྣམས་བགེགས་ཀྱི་མགོན་པོས་གསོད་དེ་མྱུར་དུ་ཤིན་ཏུ་འཇིགས་བྱེད་མནར་མེད་འགྲོ། ཞེས་བྱ་བ་སྟེ། །རྒྱུ་དེ་གང་གི་ཕྱིར་ཞེ་ན། གང་ཞིག་སྔགས་ཀྱི་མཐུ་ཡིས་མཆོག་གི་རྒྱལ་དབང་བདག་བྱིན་བརླབ་པར་མཛད། །ཅེས་བྱ་བ་ནི། རྡོ་རྗེ་སློབ་དཔོན་གྱི་སྔགས་དང༌། ཏིང་ངེ་འཛིན་གྱི་མཐུའི་སྐལ་བ་དང་ལྡན་པའི་མི་རྣམས་ལ་རྡོ་རྗེ་སེམས་དཔའ་མངོན་སུམ་དུ་བྱིན་གྱིས་བརླབ་པར་མཛད་པའི་ཕྱིར་རོ། །གཞན་ཡང་དགེ་སློང་གང་ཞིག་བརྟུལ་ཞུགས་ངེས་པའི་གོ་འཕང་ཚངས་སྤྱོད་མི་རྣམས་དེ་དང་མཚུངས། །ཞེས་བྱ་བ་ནི། ཚངས་པར་སྤྱོད་པ་དང་ལྡན་པ་བརྟུལ་ཞུགས་ངེས་པ་ལ་གནས་པའི་སློབ་དཔོན་ནི་དེ་དང་འདྲ་བར་གྱུར་པའི་དགེ་སློང་གང་ཞིག་ཀྱང་མེད་དེ་ཉན་ཐོས་ཀྱི་བསླབ་པ་ཙམ་བསྲུང་བ་དང་དུས་ཐམས་ཅད་དུ་ཚངས་པར་སྤྱོད་པ་མེད་པའི་ཕྱིར་རོ། །གཞན་ཡང་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་མཆོག་ཏུ་མི་འགྱུར་བའི་བདེ་བ་འདོད་པའི་ཕྱིར་དཀའ་བའི་ལས་བྱེད་དེ། སྡུག་བསྔལ་གྱི་བྱ་བས་བདེ་བའི་རང་བཞིན་དུ་གྱུར་བའི་དོན་འགྲུབ་པར་མི་འགྱུར་རོ། །དེ་བས་ན་ཉན་ཐོས་ལ་སོགས་པའི་བྱིས་པ་རྣམས་ལ་ལམ་འཁྲུལ་བར་གྱུར་པ་བསྟན་པར་མཛད་དེ། མཆོག་གི་བདེ་འདོད་དགེ་སློང་དག་གམ་ཀུན་དུ་རྒྱུ་རྣམས་ཐམས་ཅད་དགའ་བར་བྱེད། །གཅེར་བུ་མགོ་རེག་དང་ནི་རལ་པ་ཅན་དང་ཀློག་ཉན་ངག་ལ་མཁས་པ་ལམ་ཉམས་ནི། །ཞེས་བྱ་བའོ། །ཇི་ལྟར་བྱེད་ཅེ་ན། བྱེད་པ་པོ་དང་བདག་འཛིན་རང་གཞན་འདིར་ནི་རྟག་ཏུ་བུ་དང་ཁྱིམ་ཐབ་འཛིན་པ་དང༌། །བཟའ་དང་བཟའ་མིན་འཛིན་དང་རིགས་དང་རིགས་མིན་འདོད་ཅིང་སྣོད་དང་སྣོད་མིན་གཟུང་བས་སོ། །ཞེས་བྱ་བ་ནི་འདིར་གང་དག་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ཀྱིས་སོ། །དེ་བས་ན་ལུས་དང་ངག་དང་སེམས་སྡུག་བསྔལ་དུ་གྱུར་པས་ན་བདེ་བ་གང་གིས་ཐོབ་པར་འགྱུར་ཏེ། རྒྱུ་དེའི་ཕྱིར་མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེར་བར་བྱེད་པའི་


DTG013_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལུས་དང་ངག་དང་སེམས་ནི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཡིན་གྱི། གཞན་གྱི་ནི་མ་ཡིན་ནོ། །དེ་བས་ན་དེ་རྣམས་ལས་མ་གཏོགས་པར་གང་ཞིག་རྣམས་ཀྱིས་ཐར་པ་བསྒྲུབ་པར་འདོད་པའི་མི་དེ་རྣམས་འཁོར་བར་འཁྱམས་པར་གྱུར་པ་ཡིན་གྱི། འཁོར་བ་ལས་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་པར་བསྟན་པར་མཛད་དེ། སངས་རྒྱས་ཞིང་ནི་སངས་རྒྱས་དང་བཅས་བདེ་མཉམ་འབྲས་སྟེར་ལུས་ངག་ཡིད་དང་ཆགས་པ་སྟེ། །འདི་དག་ཉམས་པར་བྱས་ནས་སྡིག་པའི་བློ་ཅན་གྱིས་ནི་གཙོ་བོ་གཞན་མ་ཚོལ་བར་བྱེད། །ཞིང་དང་ལམ་དུ་འཇུག་དོགས་ཡུལ་གཞན་བརྟུལ་ཞུགས་ངེས་པ་བརྒྱ་དང་སྨྱུང་བ་རི་རྩེར་མཆོང༌། གཡུལ་དང་ཉི་མ་གཟས་ཟིན་ཡུལ་གྱི་བདེ་བ་ལ་དགའ་དུ་མའི་མཚོན་མེར་འཇུག་པས་སོ། །ཞེས་བྱ་བའོ། །དེ་བས་ན་འདི་དག་ལ་སོགས་པའི་སྡུག་བསྔལ་གྱི་རང་བཞིན་དུ་གྱུར་པའི་དངོས་པོ་རྣམས་གང་ཡིན་པ་དེ་བདུད་ཀྱིས་བསྟན་པ་ཡིན་གྱི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་མ་ཡིན་པར་བསྟན་པར་མཛད་དེ། འདི་དག་མ་ལུས་བདུད་ཀྱིས་སྔོན་དུས་ཁྲག་ནི་བཏུང་བའི་ཆེད་དུ་བརྗོད། མཐོ་རིས་འཇུག་དོགས་སྨྱུང་བ་དང་ནི་གཡུལ་དུ་བཅོམ་ནས་འཆི་བར་གྱུར་པ་དང༌། བ་ལང་ཉི་མ་མཐར་ཕྱིན་ཁྱིམ་ནོར་ཡུལ་དང་བྲམ་ཟེའི་ཆེད་དུ་ཤི་པས་སོ། །ཞེས་བྱ་བ་ནི་འདིར་བདུད་རྣམས་ཀྱི་སྤྲུལ་པས་བཟུང་ནས་མི་རྣམས་ལ་ཉོན་མོངས་པ་བསྐྱེད་པའི་ཕྱིར་ལམ་གྱི་ངོགས་སུ་སྨྱུང་བས་ཤི་བར་གྱུར་པའི་མི་ནི་མཐོ་རིས་སུ་གྱུར་ཏེ། དེ་བཞིན་དུ་གཡུལ་དང་མཚོན་ཆ་རྣམས་ཀྱིས་འཆི་བ་དང༌། བ་ལང་ཉི་མ་བསྲུང་བའི་ཕྱིར་དང༌། ཁྱིམ་དང་ནོར་གྱི་ཕྱོགས་དང༌། བྲམ་ཟེ་རྣམས་ཀྱི་བྱ་བས་འཆི་བར་གྱུར་ན་མཐོ་རིས་ཀྱི་འགྲོ་བར་བསྟན་ཏོ། །དེ་བས་ན་སྐྱེ་བ་འདི་དང་སྐྱེ་བ་ཕྱི་མའི་དོན་ཉམས་པར་བྱེད་པའི་བདུད་ཀྱི་ཚིག་རྣམས་སུ་ཤེས་ནས་མཆོག་ཏུ་མི་འགྱུར་བའི་བདེ་བའི་རྟེན་དུ་གྱུར་པའི་རང་གི་ལུས་པོ་དང༌། གཞན་གྱི་ལུས་ནི་རྣམ་པ་ཐམས་ཅད་དུ་བསྲུང་བར་བྱ་སྟེ། དེ་བས་བདེ་མཉམ་གནས་འདིར་གྱུར་པ་ཡི། །རང་གི་ལུས་དང་གཞན་གྱི་བསྲུང་བར་བྱའོ། །ཞེས་བྱ་བའོ། །གཞན་ཡང་སྔགས་ཀྱི་ཐེག་པ་ལ་ཞུགས་ནས་གང་གིས་


DTG013_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྲག་དོག་མི་འདོར་བ་དེ་ལ་དམ་ཚིག་ཉམས་པར་བསྟན་པར་མཛད་དེ། གང་ཞིག་རྒྱལ་བའི་མཆོག་སྤྱོད་པ་དང་རྒྱུད་རྒྱལ་ཐོས་ཤིང་དབང་ནི་ཐོབ་པར་གྱུར་ནས་ཀྱང༌། །སླར་ཡང་ཕྲག་དོག་བྱེད་ན་དམྱལ་བ་བརྒྱུད་ཀྱི་བར་ཉིད་དེར་ནི་འཇུག་པར་གྱུར་པའོ། །དམྱལ་བ་ཇི་ལྟ་བུ་ཡིན་ཞེ་ན། གང་དུ་ཁབ་རྩེའི་ས་གཞིར་མི་དགེའི་འབྲས་བུའི་དབང་གིས་དམྱལ་བ་རྣམས་ནི་ཀུན་སྤྱོད་བྱེད། །ཅེས་བྱ་བའོ། །དེ་ཕྱིར་མི་རྣམས་སེམས་ལ་ཕྲག་དོག་ཡོད་པའི་བར་དུ་དབང་ནི་བླང་བར་མི་བྱའོ། །ཞེས་བྱ་བ་ནི། གང་ལ་ཕྲག་དོག་ཡོད་པ་དེ་ལ་ཆགས་པ་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་སྐྱེ་བར་འགྱུར་ཏེ། དེ་བས་ཕྲག་དོག་གཅིག་པུའི་ཕྱིར་དགེ་བའི་རྩ་བ་ཐམས་ཅད་ཉམས་པར་གྱུར་པར་ཤེས་ནས་འབད་པས་ཕྲག་དོག་དོར་བར་བྱའོ། །དེ་ནས་གལ་ཏེ་ཕྲག་དོག་དོར་བར་མི་ནུས་པ་དེ་ལྟ་ན་ནི། །བུམ་པ་ལ་སོགས་པའི་བླ་ན་མེད་པའི་དབང་རྣམས་བླང་བར་མི་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །འོ་ན་གལ་ཏེ་ཕྲག་དོག་གི་དབང་གིས་མནར་མེད་པར་འགྲོ་བར་གྱུར་པ་དེ་ལྟ་ན་ནི། ཕྲག་དོག་དོར་ནས་དེ་ཉིད་སྦྱིན་བས་དོན་ཅི་འགྲུབ་ཅེ་ན། སྦྱིན་དང་ཚུལ་ཁྲིམས་རབ་རྫོགས་རྒྱལ་བ་སྐྱེད་མཛད་རིགས་ལ་བཟོད་དང་བརྩོན་འགྲུས་རབ་རྫོགས་དང༌། །བསམ་གཏན་ཤེས་རབ་ཐབས་དང་སྨོན་ལམ་སྟོབས་དང་ཡེ་ཤེས་དེ་རྫོགས་ཤིང༌། །རྣལ་འབྱོར་དགའ་བའི་སེམས་ཀྱིས་ཁྱིམ་ཐབ་མྱུར་དུ་བྱིན་པས་སྐྱེ་བ་འདི་ལའོ། །ཞེས་བྱ་བ་ནི། རྣལ་འབྱོར་པ་གང་གིས་སེམས་དགའ་བར་བྱས་ནས། གལ་ཏེ་ཁྱིམ་ཐབ་བླ་མ་ལ་སོགས་པ་རྣམས་ལ་འབུལ་བར་བྱེད་པ་དེ་ལྟ་ན་ནི་སྦྱིན་པ་དེས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པར་འགྱུར་བའོ། །དེ་ལྟར་ཡོན་ཏན་ཤེས་ནས་གང་གིས་ཆགས་པར་བྱེད་པ་དེ་སྔོན་དུ་བརྗོད་པ་བཞིན་དུ་དམྱལ་བར་འགྲོ་སྟེ། རྒྱུ་དེའི་ཕྱིར་མི་གང་གིས་ཕྲག་དོག་བྱེད་པ་དེས་རང་གི་དོན་ཉམས་པར་བྱེད་པའི་ཕྱིར་བདུད་ཀྱིས་ཟིན་པ་དང་རྨོངས་པར་གྱུར་པར་ཤེས་པར་བྱའོ། །དེ་བཞིན་དུ་གཞན་ཡང་ལས་དང་པོ་པ་རྣམས་ཀྱི་རང་གི་སྐྱོན་བརྗོད་པར་མཛད་དེ། ས་ཞེས་བྱ་བ་ལ་སོགས་པ་འདི་ལས་དང་པོ་པས་གནས་ཀྱི་ངེས་པ་དང་གནས་ཀྱི་ངེས་པ་མ་ཤེས་པར་གལ་ཏེ་


DTG013_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྔགས་ལ་སོགས་པ་སྒྲུབ་པར་བྱེད་པ་དེ་ལྟ་ན་ནི་ཆོ་གས་དམན་པར་གྱུར་པའི་ཕྱིར་དེ་རྣམས་དོན་གྲུབ་པར་མི་འགྱུར་ཏེ། དེ་ལ་དོན་མི་འགྲུབ་པའི་རྒྱུ་ནི་རང་གི་ངེས་པ་ཡིན་ཏེ། སྔགས་རྣམས་ཀྱི་ནི་མ་ཡིན་ནོ། །དཔེར་ན་རྒྱལ་སྲིད་ཐོབ་པར་བྱ་བའི་ཕྱིར་གཡུལ་གྱི་དུས་སུ་དགྲ་ལ་སོགས་པ་མཐོང་ནས་མི་གང་ཞིག་ལ་རང་གི་ལག་པ་ནས་རལ་གྲི་ལྷུང་བར་འགྱུར་ཏེ། དེ་ལ་སེམས་འཇིགས་པར་གྱུར་པའི་དབང་གིས་ལག་པའི་སྐྱོན་ཡིན་གྱི། རལ་གྲིའི་སྐྱོན་མ་ཡིན་པ་བཞིན་དུ་ཤེས་པར་བྱའོ། །དེ་བས་ན་རྣལ་འབྱོར་པས་རྒྱུ་དང་འབྲས་བུའི་ཕན་ཚུན་དུ་མཚན་ཉིད་ལ་སོགས་པར་ཤེས་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་བསྟན་པར་མཛད་དེ། སྔགས་དང་དཔའ་བོའི་རིམ་གྱིས་ཀྱང་ནི་ལྷ་མིན་གདེངས་ཀ་ལྷ་རྣམས་དྲག་པོའི་སར་བསྒྲུབ་བྱ། ཞེས་བྱ་བ་ནི། དུར་ཁྲོད་ལ་སོགས་པའི་ས་ལའོ། །བདག་བྱིན་བརླབས་པས་ལྷ་མོ་དམ་ཚིག་རིགས་གནས་བསམ་གཏན་བཟླས་དང་སྦྱིན་སྲེག་གིས། །ཞེས་བྱ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པར་མཛད་པའི་གནས་དང་རྣམ་པ་གཉིས་ཀྱིས་རང་བཞིན་དུ་གྱུར་པའི་དམ་ཚིག་ལ་སོགས་པ་རྣམས་ཀྱིས་ཞི་བའི་རང་བཞིན་དུ་གྱུར་པའི་ལྷ་མོ་རྣམས་བསྒྲུབ་པར་བྱའོ། །དེ་བཞིན་དུ་རྣམ་པར་དག་པའི་རིམ་པ་དང་རྒྱུན་མི་འཆད་པར་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་པའི་སེམས་ཀྱིས་འཇིག་རྟེན་ལས་འདས་པའི་དབང་གཉིས་སུ་མེད་པའི་ཡེ་ཤེས་བསྒྲུབ་པར་བྱ་སྟེ། ཡིད་བཞིན་གྱི་ནོར་བུའི་རང་བཞིན་དུ་གྱུར་པའི་གཉིས་སུ་མེད་པའི་ཡེ་ཤེས་དེས་ས་བཅུ་གཉིས་ཀྱི་དབང་ཕྱུག་ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་ལམ་གྱི་རིམ་པ་སྟེ། དེ་བས་ཡེ་ཤེས་ཡིད་བཞིན་ནོར་ལྟར་གང་འགྱུར་རྒྱལ་བའི་ལམ་ནི་འདི་ཉིད་དོ། །ཞེས་བྱ་བའོ། །ད་ནི་ཐབས་དང་ལྡན་པར་གྱུར་པའི་རྣལ་འབྱོར་པ་རྣམས་ལ་ལས་ཀྱི་ཕྱག་རྒྱའི་དགོས་པ་བསྟན་པར་མཛད་དེ། །དངུལ་ཆུ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་དཔེ་བསྟན་ཏོ། །དེ་བཞིན་དུ་སྔོན་དུ་བརྗོད་པའི་ཞི་བ་ལ་སོགས་པའི་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་གནས་ཀྱི་ངེས་པ་བསྟན་པར་མཛད་དེ། སྐྱེད་མོས་ཚལ་ཞེས་བྱ་བ་


DTG013_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་སོགས་པའོ། །འོ་ན་མཆོག་ཏུ་མི་འགྱུར་བའི་བདེ་བ་གང་དུ་བསྒྲུབ་པར་བགྱི་ཞེ་ན། ཕྱག་རྒྱ་ཀུན་ལ་རབ་སྦྱོར་བར། །ཞེས་བྱ་བའོ། །དེ་ལྟར་བརྗོད་པའི་རིམ་པས་གནས་ལ་སོགས་པའི་ངེས་པ་མ་ཤེས་པར་སྒྲུབ་པར་བྱེད་ན་སྐྱེ་བ་གྲངས་མེད་པ་རྣམས་ཀྱིས་ཀྱང་དངོས་གྲུབ་བསྒྲུབ་པར་མི་འགྱུར་རོ། །དེ་ཉིད་བསྟན་པར་མཛད་དེ། ཁྱིམ་པ་ཞེས་བྱ་བ་ལ་སོགས་པ་ལ་འདིར་གདན་ལ་སོགས་པ་དོར་ནས་གནས་དང་མི་མཐུན་པའི་ཁྱིམ་ལ་སོགས་པར་གང་གི་ཇི་ལྟ་བ་བཞིན་དུ་བཟླས་པ་ལ་སོགས་པ་བྱེད་པ་དེ་ལ་ཉོན་མོངས་པ་འབའ་ཞིག་སྐྱེད་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། གནས་དང་དུས་ཚོད་ལ་སོགས་པ་མ་ཤེས་པའི་ཕྱིར་རོ། །དཔེར་ན་རྐང་བའི་སོར་མོ་རྣམས་ལ་ནད་བྱུང་བ་མགོ་ལ་སྨན་བྱེད་པ་བཞིན་དུ་ཤེས་པར་བྱའོ། །བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་གྱི་དངོས་གྲུབ་བསྒྲུབ་པ་ལ་གནས་ལ་སོགས་པ་ལ་དགོས་པར་གསུངས་པ་ཇི་ལྟ་བ་བཞིན་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པ་ལ་གནས་པ་དང་བསམ་གཏན་ལ་སོགས་པ་ཇི་ལྟ་བུ་ཡིན་ཞེ་ན། བསམ་གཏན་མེད་ཅེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་བ་ལ་བསམ་གཏན་ལ་སོགས་པ་མེད་དེ། ནམ་མཁའ་ལས་བྱུང་རང་བྱུང་བའི་ཕྱིར་དང་མེད་པའི་དངོས་པོ་ལས་གྲུབ་པའི་ཕྱིར་རོ། །དེ་བས་ན་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་དུ་གྱུར་པའི་རང་གི་སེམས་ལས་མ་གཏོགས་པར་གཞན་མ་གང་གིས་ཀྱང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་མི་འགྱུར་ཏེ། དེ་རྒྱུ་གང་གི་ཕྱིར་ཞེ་ན། འདིར་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་སུ་སེམས་རང་བཞིན་མེད་པ་དང༌། རྨི་ལམ་གྱི་གནས་སྐབས་སུ་བག་ཆགས་ལས་མ་འདས་པ་དང་སད་པའི་གནས་སྐབས་སུ་གཟུང་འཛིན་གྱི་རང་བཞིན་དུ་གྱུར་པའི་ཕྱིར་རོ། །དེ་བས་ན་སྟོང་པ་ཉིད་ཀྱི་གཟུགས་དང་རང་གི་སེམས་རོ་མཉམ་པ་ཉིད་ཀྱི་རང་བཞིན་དུ་གྱུར་པས་ན་ཕྱག་རྒྱ་ཆེན་མོའི་དངོས་གྲུབ་སྟེར་བར་འགྱུར་བའོ། །ད་ནི་རྣལ་འབྱོར་པ་རྣམས་ལ་ཐུན་མོངས་དང་པོར་ཆང་གིས་མཆོད་པའི་རྣམ་པ་བསྟན་པར་མཛད་དེ་ཨོཾ་ཨཱཿཞེས་བྱ་བ་ནི། སྔོན་དུ་བརྗོད་པའི་བདུད་རྩི་བསྒྲུབ་པའི་ཆོ་གས་ཆང་སྦྱང་བ་ལ་སོགས་པ་བྱས་པ་སྣོད་དེ་ལས་ལག་པ་གཡོན་


DTG013_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་མིང་མེད་ཀྱི་སོར་མོས་ཆང་གི་ཐིག་ལེ་བླངས་ནས་མཉམ་པར་གྱུར་པའི་ས་ལ་ཆོས་ཀྱི་འབྱུང་གནས་ཀྱི་བདག་ཉིད་དུ་གྱུར་པའི་གྲུ་གསུམ་པ་བྱས་ཏེ། དེའི་དབུས་སུ་ཐིག་ལེའི་གཟུགས་བྱའོ། །དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ནས་ཐིག་ལེའི་དབུས་སུ་བཞུགས་པར་བསམས་ལ་ལག་པ་གཡོན་པའི་མིང་མེད་དང་མཐེ་བོང་གི་ཆང་གི་སྣོད་ནས་ཐིག་ལེ་རེ་རེ་བླངས་ནས་ཡི་དམ་ལྷ་ནས་བརྩམས་ནས་ལྷ་དང་ལྷ་མོའི་ཚོགས་ཐམས་ཅད་ལ་མཆོད་པར་བྱའོ། །དེ་བཞིན་དུ་སྔོན་དུ་བརྗོད་པའི་རིམ་པས་ཞིང་སྐྱོང་ལ་སོགས་པའི་གཏོར་མ་དང་བཟའ་བའི་དུས་སུ་ཆོ་ག་བྱ་བ་ཐམས་ཅད་ནི་ངེས་པའོ། །ད་ནི་དབང་པོ་རྟུལ་པོ་དང་དབང་པོ་མཆོག་ཏུ་གྱུར་པའི་རྣལ་འབྱོར་པ་རྣམས་ལ་ལྷ་བསྒོམ་པའི་ངེས་པ་བསྟན་པར་མཛད་དེ། མངོན་སུམ་ཞེས་བྱ་བ་ལ་སོགས་པ་ལ། འདིར་སྐྱེ་བ་སྔ་མར་མི་རྣམས་ཀྱིས་ཉིན་མཚན་དུ་སྟོང་པ་ཉིད་བསྒོམ་པར་བྱ་པའི་མི་དེ་རྣམས་ལ་སྔོན་གྱི་སྟོང་པ་ཉིད་ཀྱི་བག་ཆགས་ཀྱི་སྟོབས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་སེམས་སྐྱེ་བར་འགྱུར་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་བསྒོམ་པར་འདོད་པའོ། །བསྒོམས་པའི་སྟོབས་དེས་དང་པོར་ཤལ་སོགས་པའི་མིག་རྣམས་ཀྱིས་དུས་གསུམ་དུ་སྒྱུ་མ་དང་རྨི་ལམ་བཞིན་དུ་སྲིད་པ་གསུམ་དུ་མཐོང་བར་འགྱུར་བའོ། །དེ་ལྟར་སྟོང་པ་ཉིད་ཀྱི་གཟུགས་ཀྱི་རང་བཞིན་དུ་གྱུར་པའི་རང་གི་སེམས་སོ་སོར་སྤོང་བ་ལ་སོགས་པའི་ཡན་ལག་བཞིས་ནི་ནམ་མཁའ་ལ་བརྟན་པོར་བྱས་ནས་ཕྱག་རྒྱའི་སྦྱོར་བས་མཆོག་ཏུ་མི་འགྱུར་བའི་བདེ་བས་སྐད་ཅིག་བསྒྲུབ་པར་བྱ་སྟེ། དེས་ན་རང་བཞིན་གྱིས་རྒྱུ་མཐུན་པ་ལ་སོགས་པའི་འབྲས་བུ་བཞིའི་རང་བཞིན་དུ་གྱུར་པའི་ཕྱག་རྒྱ་ཆེན་མོའི་དངོས་གྲུབ་ནི་རྣལ་འབྱོར་པས་མངོན་སུམ་དུ་བྱེད་པར་གྱུར་བའོ། །འོ་ན་དབང་པོ་རྟུལ་པོར་གྱུར་པ་རྣམས་ཀྱིས་བྲིས་སྐུ་ལ་སོགས་པ་ལ་དམིགས་པ་བྱས་ནས་ལྐོག་ཏུ་གྱུར་པའི་ཡི་དམ་གྱི་ལྷའི་རང་བཞིན་དུ་གྱུར་པའི་རང་གི་སེམས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་སྤྲོས་པར་མི་ནུས་པའི་དབང་དུ་བྱས་པ་ཐམས་ཅད་བོར་ནས་བསྒོམ་པར་བྱའོ། །དེ་ལྟར་བརྗོད་པའི་རིམ་པས་མཆོག་ཏུ་མི་འགྱུར་བའི་འཇིག་རྟེན་ལས་འདས་པའི་ལམ་


DTG013_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱི་རིམ་པ་གང་ཡིན་པ་དེ་རྒྱུད་ཀྱི་རྒྱལ་པོ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལས་མ་གཏོགས་པར་བཅོམ་ལྡན་འདས་ཀྱིས་ཤིན་ཏུ་གསལ་བར་མ་མཛད་དེ། དེ་བས་ན་གལ་ཏེ་བསོད་ནམས་ཀྱིས་དབང་གིས་བླ་མ་དམ་པའི་ཞལ་ལས་རྙེད་པར་གྱུར་པ་དེ་ལྟ་ན་ནི། རྣལ་འབྱོར་དབང་པོས་ཕྱག་རྒྱ་ཆེན་མོའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་ཉིན་མཚན་དུ་བསྒོམ་པར་བྱའོ། །རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ལས་སྒྲུབ་ཐབས་ཀྱི་ལེའུའི་འགྲེལ་བཤད་པདྨ་ཅན་གྱི་མདོར་བསྡུས་པའི་བཤད་པའོ།། །།དེ་ལྟར་བསྒྲུབ་པའི་སྔོན་དུ་འགྲོ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ་དེ་ཉིད་བསྟན་པར་མཛད་པའི་ཕྱིར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསོལ་བ་གདབ་པར་མཛད་དེ། ཅུང་ཟད་ཅེས་བྱ་བ་ལ་སོགས་པ་འདིར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལྷ་དང་ལྷ་མོ་དང་ལྷན་ཅིག་ཏུ་བསྒྲུབ་པ་བཅོམ་ལྡན་འདས་ཀྱིས་གང་བཀའ་སྩལ་པ་དེ་བདག་གིས་ཅུང་ཟད་སྨྲ་བར་བྱའོ། །ད་ནི་ནང་གི་དཀྱིལ་འཁོར་ལ་སོགས་པ་ཇི་ལྟ་བུ་ཡིན་པ་ཉན་པར་འདོད་པ་ཞེས་བྱ་བ་ནི་གསོལ་བ་བཏབ་པའོ། །གསོལ་བ་བཏབ་པའི་ཚིག་དེ་བཅོམ་ལྡན་འདས་ཀྱིས་གསན་ནས་འཆད་པར་འགྱུར་བའི་རིམ་པས་ནང་གི་དཀྱིལ་འཁོར་ལ་སོགས་པ་དང་གཉིས་སུ་མེད་པའི་ཡེ་ཤེས་བསྟན་པར་མཛད་པའོ། །མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་སྒོ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པའི་བཅོམ་ལྡན་འདས་ལ་ཕྱག་འཚལ་བར་མཛད་དེ། གང་ཞིག་ཅེས་བྱ་བ་ལ་སོགས་པས་སྟོན་པ་གཅིག་པུ་དེ་ལ་འདུད་ཅེས་བྱ་བའོ། །ཕུང་པོ་ལ་སོགས་པའི་བདུད་བཞི་འདུལ་བར་མཛད་པས་ན་སྟོན་པའོ། །ཡང་ན་རྒྱུ་དང་མི་རྒྱུའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཉིད་བསྟན་པར་མཛད་པས་ན་སྟོན་པ་ཞེས་བྱའོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། གང་གིས་རང་གི་རྡོ་རྗེ་ལས་ནི་ཡིད་འབྱུང་བཀུག་ནས་ཉིད་ཀྱི་དཔྲལ་བར་ཁྲིད། །ཅེས་བྱ་བ་ནི། བཅོམ་ལྡན་འདས་གང་གིས་ཉིད་ཀྱིས་གསང་བའི་རྡོ་རྗེ་ལས་ཡིད་ལས་སྐྱེས་པར་གྱུར་པའི་འདོད་ཆགས་ཀྱི་བདག་ཉིད་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྣམས་ནི་ཉིད་ཀྱི་དཔྲལ་བར་ཁྲིད་ཅེས་བྱ་བའོ། །ཇི་ལྟར་ཁྲིད་ཅེ་ན། ཤེས་རབ་ཡེ་ཤེས་


DTG013_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟོབས་ཀྱིས་ཞེས་བྱ་བ་ལ་ཤེས་རབ་ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་ཡིན་ལ། དེ་ཉིད་ཡེ་ཤེས་ཡིན་ཏེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་མེད་པ་ཤེས་པར་མཛད་པའི་ཕྱིར་རོ། །དེ་ལྟར་གང་གིས་ཁྲིད་ཅེ་ན་ཤཱཀྱ་ཐུབ་པས་ཞེས་བྱའོ། །དཔྲལ་བ་ནས་གང་ཁྲིད་ཅེ་ན། རྡོ་རྗེ་གཙུག་ཏོར་ཆེན་པོ་དེར། །ཞེས་བྱ་བ་ནི། འོག་ཏུ་གནས་པའི་གསང་བའི་རྡོ་རྗེ་ནི་གཙུག་ཏོར་གྱི་འཁོར་ལོ་སྤྲོ་བར་མཛད་ནས། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དེར་འཛིན་པར་མཛད་དེ། དེ་ཡང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ལ་མེད་པར་གྱུར་བའི་ཕྱིར་ཆེན་པོ་ཞེས་བྱ་བའོ། །ཡང་ན་བདེ་བ་ཆེན་པོའི་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱས་གང་བར་གྱུར་པས་ན་ཆེན་པོའོ། །གཞན་ཡང་བཅོམ་ལྡན་འདས་དེ་ཉིད་ཇི་ལྟར་ཡིན་ཞེ་ན། གང་ལ་དམིགས་པ་དང་བཅས་རྡུལ་མེད་སྟོང་པ་ཉིད་དང་སྙིང་རྗེ་བཟང་པོ་དམིགས་མེད་པ། །ཞེས་བྱ་བ་ནི། གང་ལ་སྟོང་པ་ཉིད་དང་སྙིང་རྗེ་ཡོད་པ་དེས་དེ་ལྟར་མཛད་པ་ཡིན་གྱི། གཞན་མ་རྣམས་ཀྱིས་ནི་མ་ཡིན་ནོ། །སྟོང་པ་ཉིད་ཀྱང་ཇི་ལྟ་བུ་ཡིན་ཞེ་ན། དམིགས་བཅས་ཞེས་བྱ་བ་ནི། མིག་གི་དབང་པོ་ལ་སོགས་པ་རྣམས་ལ་སྤྱོད་ཡུལ་དུ་གྱུར་པ་ཡིན་གྱི། རྣམ་པ་ཐམས་ཅད་དུ་མེད་པའི་རང་བཞིན་ནི་མ་ཡིན་ནོ། །འོ་ན་གལ་ཏེ་མེད་པའི་རང་བཞིན་དུ་མ་ཡིན་པ་དེ་ལྟ་ན་ནི། ཡོད་པའི་རང་བཞིན་དུ་མི་འགྱུར་རམ་ཞེ་ན་རྡུལ་མེད་ཅེས་བྱ་བ་ནི་རྡུལ་ཕྲ་རབ་ལས་འདས་པར་གྱུར་པའི་ཕྱིར་ཡོད་པ་ནི་མ་ཡིན་ནོ། །དཔེར་ན་རྨི་ལམ་གྱི་གནས་སྐབས་སུ་དངོས་པོ་གང་ཡིན་པ་དེ་མེད་པ་ནི་མ་ཡིན་ཏེ། མངོན་སུམ་དུ་ཉམས་སུ་མྱོང་བར་གྱུར་བའི་ཕྱིར་རོ། །ཡོད་པ་ཡང་མ་ཡིན་ཏེ་བསྐྱེད་བྱ་སྐྱེད་བྱེད་དང་གཟུང་བ་དང་འཛིན་པའི་འབྲེལ་པ་ལས་འདས་པའི་ཕྱིར་རོ། །དེ་བཞིན་དུ་སྟོང་པ་ཉིད་ཀྱི་གཟུགས་ནི་རྣལ་འབྱོར་བས་མིག་གི་དབང་པོས་མངོན་སུམ་དུ་མཐོང་བའི་ཕྱིར་མེད་པ་མ་ཡིན་ཏེ། ས་ཆུ་མེ་རླུང་ལ་སོགས་པ་ལས་མ་སྐྱེས་པའི་ཕྱིར་ཡོད་པ་ནི་མ་ཡིན་ཞེས་བྱ་བའོ། །སྙིང་རྗེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། དམིགས་མེད་ཅེས་བྱ་བ་ནི། བྱ་བའམ་རྒྱུ་ཐམས་ཅད་ཀྱི་བདེ་བ་མྱོང་བར་བྱེད་པས་ན་སྙིང་རྗེའོ། །འོ་ན་སྙིང་རྗེ་བདེ་བའི་རང་བཞིན་དུ་གྱུར་


DTG013_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་དེ་ལྟ་ན་ནི། རྟོག་པར་མི་འགྱུར་རམ་ཞེ་ན། དམིགས་མེད་ཅེས་བྱ་བ་ནི་རྟོག་པ་ལས་མ་སྐྱེས་པའི་ཕྱིར་དམིགས་པ་མེད་པ་ཡིན་ལ། རྣམ་པར་མི་རྟོག་པ་ཞེས་བྱ་བའི་དོན་ཏོ། །རྒྱུ་གང་གི་ཕྱིར་ཞེ་ན། འདིར་མཆོག་ཏུ་མི་འགྱུར་བའི་བདེ་བ་གང་ཡིན་པ་དེ་གཟུགས་སྣ་ཚོགས་ལས་སྐྱེས་པ་སྟེ། གཟུགས་སྣ་ཚོགས་ཀྱང་སྟོང་པ་ཉིད་ལས་སྐྱེས་པའོ། །སྟོང་པ་ཉིད་ཀྱང་རྒྱུ་གང་ལས་ཀྱང་མ་སྐྱེས་པའི་ཕྱིར་མཆོག་ཏུ་མི་འགྱུར་བའི་བདེ་བ་རྣམ་པར་མི་རྟོག་པ་ཞེས་བྱ་བར་གྲུབ་པའོ། །དེ་བཞིན་དུ་དཔལ་དགྱེས་པའི་རྡོ་རྗེའི་རྩ་བའི་རྒྱུད་ལས། སྟོང་ཉིད་དཔག་བསམ་ལྗོན་ཤིང་ལས། །དམིགས་མེད་སྙིང་རྗེ་འདྲས་བུར་འགྱུར། །སངས་རྒྱས་ཀུན་གྱི་ཐུགས་དགོངས་ནི། །འགྲུབ་འགྱུར་འདི་རུ་ཐེ་ཚོམ་མེད། །ཅས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་སོ། །རྒྱུ་དེའི་ཕྱིར་ལྷ་མི་ལྷ་མིན་ཀླུའི་བླ་མ་ཞེས་བྱ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་རྣམས་ཀྱིས་ལྕི་བར་གྱུར་པས་ན་བླ་མ་ཡིན་ལ། དེ་ཉིད་ལྷ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་བླ་མར་འོས་པ་དང་མཆོད་པར་འོས་པ་དང་བཀུར་བར་འོས་པ་ཞེས་བྱ་བའོ། །དེ་ལྟ་བུ་སྣ་ཚོགས་གཙོ་བོར་སྟོན་པ་གང་ཡིན་པ་དེ་ལ་བདག་གིས་ཕྱག་འཚལ་ཞེས་བྱ་བའོ། །ཡོན་ཏན་དེ་དག་དང་ལྡན་པར་གྱུར་པའི་སྟོན་པ་གཅིག་པུ་དེ་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། རྒྱུ་དང་མཚན་ཉིད་མེད་པ་ཡི། །གཡོ་མེད་རིམ་པ་དེ་བཞིན་ཏེ། །དུས་ཀྱི་འཁོར་ལོར་མངོན་བརྗོད་པ། །ཞེས་བྱ་བ་ནི། དེ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་མཚན་མངོན་པར་བརྗོད་པའོ། །དུས་ཀྱི་འཁོར་ལོ་ཡང་གང་ལ་བརྗོད་ཅེ་ན། རྒྱུ་དང་མཚན་ཉིད་ཉིད་མེད་པའི་ཞེས་བྱ་བའོ། །རྒྱུ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཕུང་པོ་ལ་སོགས་པ་རྣམས་ཀྱི་ཡིན་ལ་འཁོར་བར་འཁྱམ་པར་བྱེད་པ་ཞེས་བྱ་བ་ནི། དེ་རྣམས་གང་ལ་མེད་དེ་རྒྱུ་མེད་པའོ། །དེ་བཞིན་དུ་སྲ་བ་ལ་སོགས་པའི་ངོ་བོ་ལས་འདས་པ་དང༌། བདེ་བ་དང་སྡུག་བསྔལ་གྱི་དངོས་པོ་ལས་འདས་པར་གྱུར་པས་ན། མཚན་ཉིད་མེད་པ་ཞེས་བྱ་བའོ། །འོ་ན་རྒྱུ་དང་མཚན་ཉིད་ནི་སེམས་ཅན་རྣམས་ཤིན་ཏུ་གཉིད་ལོགས་པའི་གནས་སྐབས་སུ་མེད་པར་འགྱུར་ཏེ། དེ་མེད་པའི་ཕྱིར་སེམས་ཅན་ཐམས་ཅད་དུས་ཀྱི་འཁོར་ལོ་


DTG013_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅིའི་ཕྱིར་མི་འགྱུར་ཞེ་ན། གཡོ་མེད་ཅེས་བྱ་བར་གསུངས་ཏེ། འདིར་སེམས་ཅན་རྣམས་ཀྱི་རྒྱུ་དང་མཚན་ཉིད་མེད་པ་གང་ཡིན་པ་དེ། ཤིན་ཏུ་གཉིད་ལོག་པའི་གནས་སྐབས་སུ་ཡིན་གྱི། སད་པ་ལ་སོགས་པའི་གནས་སྐབས་སུ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་རྒྱུ་དང་མཚན་ཉིད་མེད་པ་ནི་དུས་ཐམས་ཅད་དུ་ཡིན་གྱི། དུས་ཁ་ཅིག་གི་བར་དུ་ནི་མ་ཡིན་ནོ། །དེ་བས་ན་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པའི་ཕྱིར་གཡོ་བ་མེད་པ་ཐུགས་བརྟན་པར་གྱུར་པ་ཞེས་བྱ་བའོ། །དེ་བཞིན་དུ་སེམས་ཅན་རྣམས་ལ་བྱིས་པ་ལ་སོགས་པའི་གནས་སྐབས་བཞིར་རིམ་པ་བཞིར་གྱུར་པའི་ཇི་ལྟ་བ་དེ་བཞིན་དུ་གང་ལ་མེད་པ་དེ་རིམ་པ་མེད་པ་ཡིན་ལ། ཡང་ན་སེམས་ཅན་ཐམས་ཅད་ལ་དགའ་བ་ལ་སོགས་པའི་དབྱེ་བས་བདེ་བ་སྐྱེ་བ་ཇི་ལྟ་བ་དེ་བཞིན་དུ་གང་ལ་མེད་པ་དེ་རིམ་པ་མེད་པ་སྟེ། དུས་ཐམས་ཅད་དུ་མཆོག་ཏུ་མི་འགྱུར་པའི་ལྷན་ཅིག་སྐྱེས་པའི་དགའ་བ་གཅིག་པུའི་རང་བཞིན་དུ་གྱུར་པའི་ཕྱིར་ཞེས་བྱ་བའོ། །རྒྱུ་དེའི་ཕྱིར་གཉིས་ཞེས་བྱ་བ་གསུངས་ཏེ། ཆགས་པ་དང་ཆགས་བྲལ་ལས་འདས་པར་གྱུར་པས་ན་དེ་གཉིས་སུ་མེད་པ་ཡིན་ལ། ཡང་ན་སྟོང་པ་ཉིད་དང་སྙིང་རྗེ་གཉི་གའི་བདག་ཉིད་དུ་གྱུར་པས་ན་གཉིས་སུ་མེད་པ་ཞེས་བྱ་བའོ། །དངོས་པོ་དེ་ལྟ་བུ་གང་ཡིན་པ་དེ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཡིན་གྱི་བུམ་པ་དང་རི་བོང་གི་རྭ་ལ་སོགས་པ་ནི་མ་ཡིན་ནོ། །དེ་ལྟ་བུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་གང་ཡིན་པ་དེ་ཉིད་མཆོག་གི་དང་པོའི་སངས་རྒྱས་ཡིན་ཏེ། མིང་གིས་དབྱེ་བ་ཙམ་གྱིས་དེ་ཉིད་ལ་ཕྱག་འཚལ་བར་མཛད་དེ། སྤྲུལ་དང་ལོངས་སྤྱོད་ཆོས་བཟང་དག་པ་ནི། །ཡི་གེ་ཀ་ལ་སོགས་པས་སྐུ་བཞི་བོར། །དེ་བཞིན་གཤེགས་པས་གང་ལ་གསུངས་པ་ཡི། །རྒྱུ་མེད་དང་པོའི་སངས་རྒྱས་དེ་ལ་སྤྱི་བོས་འདུད། །ཅེས་བྱ་བ་ནི། བཅོམ་ལྡན་འདས་མཆོག་གི་དང་པོའི་སངས་རྒྱས་ལ་ཕྱག་འཚལ་ཞེས་བྱ་བ་ནི་འབྲེལ་པའོ། །བཅོམ་ལྡན་འདས་དེ་ཇི་ལྟ་བུ་ཡིན་ཞེ་ན། སྤྲུལ་པ་ཞེས་བྱ་བ་ནི་སྤྲུལ་པ་ལ་སོགས་པའི་སྐུ་བཞིའི་བདག་ཉིད་ཅེས་བྱ་བའོ། །བཅོམ་ལྡན་འདས་ཀྱི་སྐུ་བཞི་གང་ཡིན་པ་དེ་རྣམས་སེམས་ཅན་ཕལ་པ་རྣམས་ཀྱིས་ཇི་


DTG013_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྟར་ཤེས་ཤེ་ན། ཀ་སོགས་ཀྱིས་ནི་ཞེས་བྱ་བ་ནི། ཡི་གེ་ཨ་ལ་སོགས་པ་དང༌། ཡི་གེ་ཀ་ལ་སོགས་པ་རྣམས་ཀྱི་བརྡའི་ཚིག་གིས་ཤེས་པར་བྱའོ། །ངེས་པའི་དོན་དུ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་འགྱུར་བའི་བྱང་ཆུབ་ཀྱི་སེམས་དང་རྡུལ་ཕན་ཚུན་དུ་ཕྱེ་བར་གྱུར་ན་རྣམ་བ་བཞིར་འགྱུར་ཏེ། བཞི་པོ་དེ་འཁོར་བའི་བག་ཆགས་དང་བྲལ་བར་གྱུར་ན་སྐུ་བཞིའི་བདག་ཉིད་དུ་འགྱུར་ཞེས་བྱ་བའོ། །དེ་གང་གིས་གསུངས་ཤེ་ན། དེ་བཞིན་གཤེགས་པས་ཞེས་བྱ་བ་ནི། དུས་གསུམ་དུ་བསྐོར་བར་མཛད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་ཞེས་བྱ་བའོ། །གང་ལ་གསུངས་ཤེ་ན། གང་ཞིག་རྒྱུ་མེད་དང་པོའི་སངས་རྒྱས་ཞེས་བྱ་བ་ནི། ཐབས་ཀྱི་རྒྱུ་དང་ཤེས་རབ་ཀྱི་རྒྱུ་ལ་འདས་པར་གྱུར་བས་ན་རྒྱུ་མེད་པ་ཡིན་ལ། གཉི་གའི་བདག་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ལ་ཕྱག་འཚལ་བར་མཛད་ནས་ཅི་མཛད་ཅེ་ན། དཔལ་ལྡན་ཡེ་ཤེས་ལེའུ་ཡི། །ཞེས་བྱ་བར་གསུངས་སོ། །དོན་གང་གི་ཕྱིར་མཛད་ཅེ་ན། དྲང་སྲོང་སེམས་ཅན་ཐམས་ཅད་ལ། །བསོད་ནམས་ཡེ་ཤེས་འབྲས་ཐོབ་ཕྱིར། །ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བའོ། །ད་ནི་ཕྱི་རོལ་དུ་དྲང་བའི་དོན་དུ་དཀྱིལ་འཁོར་གང་གསུངས་པ་དེ། དེ་ཉིད་ནང་དུ་ལུས་པོ་ལ་སྦྱར་བར་མཛད་དེ། ཀ་བ་ཞེས་བྱ་བ་ལ་སོགས་པས་སོ། །འོ་ན་གལ་ཏེ་དཀྱིལ་འཁོར་དེ་ལྟ་བུ་ཡིན་ན། ལྷ་རྣམས་ཀྱི་དག་པ་ཇི་ལྟ་བུ་ཡིན་ཞེ་ན། སྔོན་དུ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི། འདིར་ཨཱ་ལི་དང་ཀཱ་ལི་ཡོངས་སུ་གྱུར་པ་ལས་མཚན་མ་རྣམས་སྐྱེ་བར་འགྱུར་ཏེ། དེ་རྣམས་ལས་ལྷ་དང་ལྷ་མོ་རྣམས་སུ་སྐྱེ་བར་འགྱུར་བའོ། །ལྷ་དང་ལྷ་མོ་རྣམས་ཀྱི་རིགས་གང་ཡིན་ཞེ་ན། སྡེ་ཞེས་བྱ་བ་ལ་སོགས་པ་ནི། འདིར་ཀཱ་ལ་སོགས་པའི་སྡེ་དྲུག་པ་ནི་བཅོམ་ལྡན་འདས་མི་བསྐྱོད་པ་ལ་སོགས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་དྲུག་གི་རིགས་སོ། །རིགས་དྲུག་པོ་དེ་ལས་བྱང་ཆུབ་སེམས་དཔའ་ལ་སོགས་པ་དང་ལྷ་མོ་རྣམས་སྐྱེས་པའོ། །དེ་ལྟར་མདོར་བསྡུས་པར་ཡི་གེ་ལྔའི་རང་བཞིན་དུ་གྱུར་པའི་སྡེ་གཅིག་ནི་རིགས་གཅིག་ཏུ་བསྟན་པར་མཛད་དེ། ཀ་ལ་སོགས་པའི་ཡི་


DTG013_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གེ་རེ་རེ་ལས་ལྷ་དང་ལྷ་མོ་རྣམས་ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། བསྟན་པར་མཛད་དེ། སུམ་ཅུ་ཞེས་བྱ་བ་ལ་སོགས་པས་སོ། །འདིར་ཡི་གེ་ཀ་ནི་ཡི་གེ་ཨ་ལ་སོགས་པའི་དབྱངས་རྣམས་ཀྱིས་ཕྱེ་བར་གྱུར་ན་ཡི་གེ་སུམ་ཅུ་རྩ་དྲུག་ཏུ་འགྱུར་ཏེ་ཡི་གེ་སུམ་ཅུ་རྩ་དྲུག་པོ་དེ་ལས་ལྷ་དང་ལྷ་མོ་རྣམས་གང་སྐྱེད་པ་དེ་རྣམས་ཀྱི་ནང་གི་དག་པ་ཇི་ལྟ་བུ་ཡིན་ཞེ་ན། ཕུང་པོ་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཕུང་པོ་ལས་མ་གཏོགས་པར་ཕྱི་རོལ་དུ་ལྷ་དང་ལྷ་མོ་རྣམས་གང་ཡང་མེད་དེ། དེ་བས་ན་ཕུང་པོ་དྲུག་ལ་སོགས་པའི་རྣམ་པར་དག་པས་ལྷ་དང་ལྷ་མོ་སུམ་ཅུ་རྩ་དྲུག་ཏུ་ཤེས་པར་བྱའོ། །འོ་ན་ལྷ་དང་ལྷ་མོ་དེ་རྣམས་ཀྱི་ཡན་ལག་རྣམ་པར་དག་པ་ཇི་ལྟ་བུ་ཡིན་ཞེ་ན། རྡོ་རྗེ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པས་ཞལ་ལ་སོགས་པའི་ཡན་ལག་རྣམས་རྣམ་པར་དག་པ་བསྟན་ཏོ། །འོ་ན་དཔའ་བོ་གཅིག་པུ་དང་འཁོར་དང་ལྷན་ཅིག་ཏུ་ལྔ་ལ་སོགས་པའི་བདག་ཉིད་དུ་གྱུར་པའི་རིམ་པ་ལ་དགོངས་པ་གང་ཡིན་ཞེ་ན། ས་བོན་གཅིག་ཅེས་བྱ་བ་ལ་སོགས་པ་ནི། འདིར་ནང་དུ་ཀུན་གཞི་རྣམ་པར་ཤེས་པ་ནི་བྱང་ཆུབ་སེམས་གཅིག་པུ་གནས་པའི་ཕྱིར་ཡི་དམ་གྱི་ལྷ་དཔའ་བོ་གཅིག་པུར་བསྒོམ་པར་བྱ་སྟེ། དེ་ནས་རྡུལ་དང་ལྷན་ཅིག་ཏུ་སྦྱར་བར་གྱུར་པའི་ཕྱིར་ཕྱི་རོལ་དུ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་བསྒོམ་པར་བྱའོ། །དེ་དག་ལས་ཕུང་པོ་ལ་སོགས་པ་རྣམས་རིམ་པས་སྐྱེ་བ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་ལ་སོགས་པ་དང་ལྷ་མོ་རྣམས་ཕྱི་རོལ་དུ་ཤེས་པར་བྱའོ། །ལྷ་དང་ལྷ་མོ་དེ་རྣམས་ནང་གི་གནས་གང་ནས་སྐྱེ་བར་འགྱུར་ཞེ་ན། དག་པ་ཞེས་བྱ་བ་ལ་སོགས་པ་ནི་འདིར་ལོ་བཅུ་དྲུག་གི་སྟེང་ནས་ཁམས་དྲུག་གི་རང་བཞིན་གྱི་མི་རྣམས་ཀྱི་སེམས་སྤྲོ་བ་དེ་བཞིན་དུ་ཁམས་དྲུག་གི་རང་བཞིན་དུ་གྱུར་པའི་སྒྲིབ་པ་མེད་པའི་དཔྲལ་བ་ལ་སོགས་པའི་འཁོར་ལོ་དྲུག་ལས་ལྷ་དང་ལྷ་མོ་རྣམས་སྐྱེ་བར་འགྱུར་བར་ཤེས་པར་བྱའོ། །དེ་ལྟར་ནང་གི་རྣམ་པར་དག་པ་ལ་སོགས་པ་བསྟན་པར་མཛད་ནས། རྣལ་འབྱོར་རྣམས་ལ་ཤས་ཆེ་བར་གྱུར་པའི་ལྷ་དང་ལྷ་མོ་རྣམས་ཀྱི་མཚན་ཉིད་བསྟན་པར་མཛད་དེ། ཕྱོགས་འདབ་ལ་ནི་ཞེས་བྱ་བ་ལ་


DTG013_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པས་སོ། །འོ་ན་ཐབས་རྣམས་ལས་ཤས་ཆེ་བར་གྱུར་པའི་ཐབས་ཀྱི་རྒྱུད་རྣམས་ཀྱི་ལྷ་དང་ལྷ་མོ་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། སྙིང་པོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་བསྡུས་པའི་རྒྱུད་ཀྱི་རྟེན་དང་བརྟེན་པའི་རང་བཞིན་དུ་གྱུར་པའི་དཀྱིལ་འཁོར་གྱི་མཚན་ཉིད་བསྟན་པར་མཛད་དེ། དཔལ་འཁོར་ལོ་སྡོམ་པའི་རྩ་བའི་རྒྱུད་ཀྱི་ལྷ་དང་ལྷ་མོ་རྣམས་ཀྱི་དཀྱིལ་འཁོར་བསྟན་པར་མཛད་དེ། ཐིག་ཅེས་བྱ་བ་ལ་སོགས་པ་ནི། འདིར་འཁོར་ལོ་སྡོམ་པའི་རྩ་བའི་རྒྱུད་ཀྱི་གཞུང་གིས་ཐིག་དགུ་བཅུ་རྩ་དྲུག་བཏབ་ནས་འཁོར་ལོ་དྲུག་གི་རང་བཞིན་དུ་གྱུར་པའི་དཀྱིལ་འཁོར་བྲི་བར་བྱ་སྟེ། དེ་ནས་ཨཱ་ལི་དང་ཀཱ་ལིའི་བདག་ཉིད་དུ་གྱུར་པའི་ལྷ་མོ་རྣམས་དགོད་པར་བྱའོ། །དེ་རྣམས་ཀྱང་ཇི་ལྟ་བུ་ཡིན་ཞེ་ན། མཁའ་འགྲོ་མ་རྣམས་ཞེས་བྱ་བ་ལ་སོགས་པས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་མཚན་ཉིད་བསྟན་ཏོ། །ཕྱི་རོལ་དུ་དེ་རྣམས་ཀྱི་གནས་གང་ཡིན་ཞེ་ན། རི་རབ་ཅེས་བྱ་བ་ལ་སོགས་པའོ། །ཕྱི་དང་ནང་དུ་ལྷ་རྣམས་ཀྱིས་ཀུན་དུ་སྤྱོད་པ་ཇི་ལྟར་མཛད་ཅེ་ན། ལྷ་མོ་ཞེས་བྱ་བ་ལ་སོགས་པའོ། །འདིར་ཕྱི་རོལ་དུ་ཐུན་མཚམས་བཞིའི་དབྱེ་བས་ལྷག་པར་བྱེད་པ་ལ་སོགས་པ་ནི་ལྷ་མོ་རྣམས་ལ་ཇི་ལྟར་གྱུར་པ་དེ་བཞིན་དུ་ནང་དུ་སྲོག་གི་ཀུན་དུ་སྤྱོད་པས་ས་ལ་སོགས་པའི་དཀྱིལ་འཁོར་རྣམས་ལས་ཤེས་པར་བྱའོ། །དེ་བཞིན་དུ་སྔོན་དུ་བརྗོད་པའི་རིམ་པས་བཅོམ་ལྡན་འདས་ཧེ་རུ་ཀའི་ཞལ་ལ་སོགས་པ་རྣམ་པར་དག་པར་ཤེས་པར་བྱའོ། །དེ་ནས་གལ་ཏེ་རྣལ་འབྱོར་པས་བསྒོམ་པ་ལས་སྐྱོ་བར་གྱུར་པ་དེ་ལྟ་ན་ནི། ཞི་བ་ལ་སོགས་པའི་ལས་རྣམས་བསྒྲུབ་པའི་ཕྱིར། སྔགས་བཟླས་པའི་ཆོ་ག་བསྟན་པར་མཛད་དེ། ཤེས་རབ་ཅེས་བྱ་བ་ལ་སོགས་པའོ། །འདིར་ཕྱི་རོལ་དུ་དཔའ་བོ་དང་དཔའ་མོ་རྣམས་གང་ཡིན་པ་དེ་རྣམས་ཀྱི་ནང་གི་སྐྱེད་པར་བྱེད་པའི་རྒྱུ་གང་ཡིན་ཞེ་ན། གང་ཞིག་དབུགས་ཞེས་བྱ་བ་ལ་སོགས་པའོ། །ལྷ་དང་ལྷ་མོ་རྣམས་ཀྱི་ཟླ་བ་དང་ཉི་མའི་གདན་གྱི་དགོངས་པ་གང་ཡིན་ཞེ་ན། ཉི་མ་ཞེས་བྱ་བ་ལ་སོགས་པ་ནི། འདིར་ནང་གི་རྡུལ་དང་བྱང་ཆུབ་སེམས་ཀྱི་བདག་ཉིད་དུ་གྱུར་པའི་སྲོག་དང་ཐུང་སེལ་ལམ་མ་གཏོགས་པར་


DTG013_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་ཀྱི་གནས་སུ་མི་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་གསུམ་གྱི་ཉི་མ་དང་ཟླ་བ་ལས་མ་གཏོགས་པར་མི་འགྱུར་རོ། །རྒྱུ་དེའི་ཕྱིར་ཉི་མའི་སྒྲ་ཡིས་ནང་དུ་རྡུལ་ཤེས་པར་བྱ་ཞིང༌། ཟླ་བའི་སྒྲ་ཡིས་བྱང་ཆུབ་སེམས་སོ། །དེ་ཉིད་ཕན་ཚུན་དུ་ལྟོས་པའི་དབང་གིས་ཐབས་དང་ཤེས་རབ་རྣམས་ལ་ཉི་མ་དང་ཟླ་བའི་གདན་རྣམས་ཤེས་པར་བྱའོ། །དེ་བཞིན་དུ་འཁོར་ལོ་སྡོམ་པའི་གདན་རྣམས་ཀྱི་ངེས་པ་ནི་ཟླ་བའི་རྐང་པ་ཉི་ཤུ་རྩ་ལྔ་དང་ཉི་མའི་རྐང་པ་བཅུ་གཅིག་བསྲེས་ནས་སུམ་ཅུ་རྩ་དྲུག་ཏུ་འགྱུར་ཏེ། དེ་རྣམས་ཀྱི་རྣམ་པར་དག་པའི་ཕྱིར་ཟླ་བ་དང་ཉི་མའི་གདན་ལ་རོ་རྣམས་ཞེས་བྱ་སྟེ། བཅོམ་ལྡན་འདས་ཧེ་རུ་ཀའི་གདན་ནི། བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་ཕྱིར་ཟླ་བའི་གདན་ནམ་ཡང་ན་རྡུལ་དག་པའི་ཕྱིར་ནི་ཉི་མའི་གདན་ནས། ཟླ་བ་དང་ཉི་མ་གཉིས་ཀར་གྱུར་པའོ། །དེ་བཞིན་དུ་རླུང་ལ་སོགས་པའི་བདག་ཉིད་དུ་གྱུར་པའི་ལྷ་རྣམས་ཀྱི་ཞལ་གྱི་རྣམ་པར་དག་པ་གང་ཡིན་ཞེ་ན། རླུང་ཞེས་བྱ་བ་ལ་སོགས་པ་ནི། འདིར་ས་ལ་སོགས་པ་རྣམས་ཀྱི་དྲི་ལ་སོགས་པའི་ཡོན་ཏན་རྣམས་སུ་འགྱུར་པ་ཇི་ལྟ་བ་དེ་བཞིན་དུ་ལྷ་རྣམས་ཀྱི་ཞལ་གྱི་དབྱེ་བར་ཤེས་པར་བྱའོ། །གཞན་ཡང་ཕྱི་རོལ་དུ་ཐུན་མཚམས་ལ་སོགས་པའི་དབྱེ་བས་ཞལ་ལ་སོགས་པའི་དག་པའོ། །དེ་བཞིན་དུ་མེའི་རིགས་ལས་སྐྱེས་པར་གྱུར་པའི་ལྷ་རྣམས་ལ་ཆུའི་རིགས་ལས་སྐྱེས་པར་གྱུར་པའི་ཕྱག་རྒྱ་རྣམས་ཡིན་ཏེ། རྒྱུ་དེའི་ཕྱིར་སྐུ་མདོག་དམར་པོར་གྱུར་པའི་ཐབས་རྣམས་ལ། སྐུ་མདོག་དཀར་པོར་གྱུར་པའི་ཤེས་རབ་མ་རྣམས་ཡིན་ཏེ། ཤེས་རབ་མ་དམར་མོ་རྣམས་ལ་སྐུ་མདོག་དཀར་པོར་གྱུར་པའི་ཐབས་རྣམས་ཤེས་པར་བྱའོ། །དེ་བཞིན་དུ་ནག་པོ་རྣམས་ལ་ཕྱག་རྒྱའི་སྐུ་མདོག་སེར་པོ་ཡིན་ཏེ། ཕྱག་རྒྱ་སེར་མོ་རྣམས་ལ་ཐབས་རྣམས་ནག་པོའོ། །ནམ་མཁའ་ལས་སྐྱེས་པར་གྱུར་པའི་ཐབས་སྔོན་པོ་རྣམས་ལ་ཡེ་ཤེས་ལས་སྐྱེས་པར་གྱུར་པའི་ཤེས་རབ་མ་ལྗང་གུ་སྟེ། ལྗང་གུ་རྣམས་ལ་ཤེས་རབ་མ་སྔོན་པོར་ཤེས་པར་བྱའོ། །རྒྱུ་དེ་དག་གང་གི་ཕྱིར་ཞེ་ན། རིགས་སོ་སོ་ལས་སྐྱེས་པར་གྱུར་པའི་ཕྱིར་རོ། །དེ་ལྟ་བུའི་ལྷ་དང་ལྷ་མོ་


DTG013_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་གང་ཡིན་པ་དེ་རྣམས་བཅོམ་ལྡན་འདས་ཀྱིས་གང་ནས་སྤྲོ་བར་མཛད་ཅེ་ན། ཤེས་རབ་ཅེས་བྱ་བ་ལ་སོགས་པ་ལ། འདིར་བཅོམ་ལྡན་འདས་ཀྱིས་སེམས་ཅན་ལ་ཕན་གདགས་པའི་ཕྱིར་ཐུགས་ཀྱི་རྡོ་རྗེའི་ཞལ་ནས་དཔལ་འཁོར་ལོ་སྡོམ་པ་ལ་སོགས་པའི་མ་རྒྱུད་ཀྱི་རྒྱུད་རྣམས་སྤྲོས་ཏེ། དེ་བཞིན་དུ་ནུབ་ཀྱི་ཡེ་ཤེས་ཀྱི་ཞལ་དང༌། གཡས་པའི་གསུང་གི་ཞལ་དང༌། གཡོན་པའི་སྐུའི་ཞལ་ནས་རིམ་པ་བཞིན་དུ་རྣལ་འབྱོར་རྗེས་སུ་རིག་པ་དང་འདུས་པ་དང་བྱ་བའི་རྒྱུད་ལ་སོགས་པ་རྣམས་སྤྲོ་བར་ཤེས་པར་བྱའོ། །རིམ་པ་དེ་བཞིན་དུ་རྣལ་འབྱོར་སྤྱོད་པ་ལ་སོགས་པ་ལྟ་བ་བཞིན་དུ་ནི་ཤར་གྱི་ཞལ་ལ་སོགས་པ་ལས་སྤྲོ་བར་ཤེས་པར་བྱའོ། །དེ་བཞིན་དུ་མུ་སྟེགས་པ་རྣམས་ཀྱི་ལྟ་བ་ནི་རིམ་པ་བཞིན་དུ་ཤེས་པ་ནི་ངེས་པའོ། །མདོར་བསྡུས་པའི་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ཐ་མ་དང་འབྲིང་པོ་དང་མཆོག་གི་དབྱེ་བས་བཅོམ་ལྡན་འདས་ཀྱིས་མཛད་ཅེས་བྱའོ། །འོ་ན་གལ་ཏེ་བཅོམ་ལྡན་འདས་ཀྱིས་དེ་དག་ལ་སོགས་པ་མཛད་པ་དེ་ལྟ་ན་ནི། སྤྲོ་བྱ་སྤྲོ་བྱེད་ཀྱི་དབྱེ་བ་ཡན་ལག་དང་ལྡན་པར་གྱུར་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་རྟོག་པ་ཅན་དང༌། མི་རྟོག་པར་མི་འགྱུར་རམ་ཞེ་ན། དཔལ་ལྡན་ཟླ་བ་ཞེས་བྱ་བ་ནི་དཔེར་ན་ཆུ་ཤེལ་ཟླ་བའི་འོད་ཟེར་རྣམས་དང་ཕྲད་ནས། མི་རྟོག་པ་ཉིད་ཀྱིས་ཆུ་འཛག་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་སྒྱུ་མ་དང་རྨི་ལམ་དང་འདྲ་བར་གྱུར་པའི་ཕུང་པོ་རྣམས་ཤེས་ནས་སེམས་ཅན་རྣམས་ཀྱི་སྒྲིབ་པ་དག་པར་བྱ་བའི་ཕྱིར་སྟོན་པར་མཛད་དེ། ཆོས་ཀྱང་སྐལ་བ་ཉེ་བར་ལྡན་པ་དང་སྐལ་བ་རིང་བར་གྱུར་པ་རྣམས་ཀྱིས་དེ་བཞིན་དུ་ཤེས་པར་འགྱུར་ཞེས་བྱ་བའོ། །དེ་བས་ན་དོན་དམ་པར་རང་གི་སེམས་ལས་མ་གཏོགས་པར་བླ་ན་མེད་པའི་བྱང་ཆུབ་གང་གིས་ཀྱང་མི་སྟེར་བར་བསྟན་པར་མཛད་དེ། སྲིད་གསུམ་གནས་ནས་སེམས་ཅན་དོན་མཛད་དང་ནི་ཡིད་བཞིན་ནོར་ལ་བསམ་པ་མེད། །ཅེས་བྱ་བ་ནི། འདིར་གལ་ཏེ་བཅོམ་ལྡན་འདས་དང་ཡིད་བཞིན་གྱི་ནོར་བུ་སེམས་ཅན་ལ་དོན་གྲུབ་པར་བྱེད་པ། དེ་ལྟ་ན་ནི་ཅིའི་ཕྱིར་སེམས་ཅན་རྣམས་ལ་འཇིག་རྟེན་དང་འཇིག་རྟེན་


DTG013_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་འདས་པའི་དོན་ད་རུང་མ་གྲུབ་པོ་ཞེ་ན། འདིར་སེམས་ཅན་རྣམས་ཀྱི་དོན་མ་གྲུབ་པའི་རྒྱུ་ནི། སེམས་མ་དག་པ་ཡིན་གྱིས་གཞན་ནི་མ་ཡིན་ནོ། །གལ་ཏེ་སེམས་མ་དག་པའི་ཕྱིར་དོན་མི་འགྲུབ་པ་དེ་ལྟ་ན་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགོས་པ་མེད་དོ་ཞེས་བྱ་བའོ། །དེ་ཉིད་བསྟན་པར་མཛད་དེ་སེམས་ཅན་ལ་གནས་པ་དེ་མི་མཐོང་ཞིང་སྡིག་ཅན་སེམས་མི་དགེ་བའི་འབྲས་བུའི་ལས་ཀྱི་ཕྱིར་རོ་ཞེས་བྱ་བ་ནི། འདིར་སྐྱེ་བ་སྔ་མའི་མི་དགེ་བའི་དབང་གིས་རང་གི་སེམས་ལ་གནས་པར་གྱུར་པའི་བཅོམ་ལྡན་འདས་མཐོང་བར་མི་འགྱུར་ཏེ། དཔེར་ན་མིག་དང་བྲལ་བའི་མི་རྣམས་ཀྱིས་ཉི་མ་མི་མཐོང་བ་བཞིན་ནོ། །དེར་ཉི་མ་ལ་སྐྱོན་མེད་པ་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ལ་ཤེས་པར་བྱའོ། །རྒྱུ་དེའི་ཕྱིར་རྣམ་པ་ཐམས་ཅད་དུ་སྐལ་བ་དང་མི་ལྡན་པའི་སེམས་ཅན་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགོས་པ་མེད་པ་ཞེས་བྱ་བའོ། །དེ་བཞིན་དུ་སྐལ་བ་དང་ལྡན་པར་གྱུར་པའི་སེམས་ཅན་རྣམས་ལ་རང་གི་སེམས་དག་པར་གྱུར་ན་སངས་རྒྱས་ཉིད་ཀྱི་རང་བཞིན་དུ་འགྱུར་ཏེ། སངས་རྒྱས་ཉིད་ཐོབ་པའི་ཕྱིར་ཕྱི་རོལ་ན་གནས་པའི་སངས་རྒྱས་གཞན་མས་དགོས་པ་མེད་ཅེས་བྱ་བ་བསྟན་པར་མཛད་དེ། སེམས་ནི་དག་པར་གྱུར་ན་མི་དེ་རྒྱལ་དབང་ཉིད་དུ་འགྱུར་ལ་རྒྱལ་བ་གཞན་མས་ཅི་ཞིག་བྱ། །ཞེས་བྱ་བའོ། །སངས་རྒྱས་ཉིད་ཇི་ལྟ་བུ་ཡིན་ཞེ་ན། བསྐྱེད་དེ་ཞེས་བྱ་བ་ལ་སོགས་པ་ནི། དཔེར་ན་རྒྱུ་གང་ལས་མྱུ་གུ་སྐྱེས་པའི་རྒྱུ་དེ་ནི་མྱུ་གུ་སྐྱེད་པའི་ཕྱིར་ཉམས་པའོ། །དེ་གལ་ཏེ་མྱུ་གུ་མ་སྐྱེས་པར་ཉམས་པར་གྱུར་པ་དེ་ལྟ་ན་ནི་མྱུ་གུ་སྐྱེ་བ་མེད་དེ། རྒྱུ་མེད་པའི་ཕྱིར་རོ། །ཡང་ན་མ་ཉམས་པ་ལ་སྐྱེས་པར་གྱུར་པ་དེ་ལྟ་ན་ནི། ས་བོན་དང་མྱུ་གུ་ལ་ཁྱད་མེད་དེ། རང་བཞིན་མི་འགྱུར་པའི་ཕྱིར་རོ། །དེ་ལྟར་ཡང་མ་ཡིན་ཞེས་བྱ་བའོ། །འོན་གལ་ཏེ་ཉམས་པ་ལས་ཀྱང་མི་སྐྱེ་མི་ཉམས་པ་ལས་ཀྱང་མི་སྐྱེ་བ་དེ་ལྟ་ནི། རྒྱུ་དང་འབྲས་བུའི་འབྲེལ་པ་ཇི་ལྟ་བུ་ཡིན་ཞེ་ན། གང་ཞིག་སྔོན་དངོས་དེ་གཞན་རྒྱུ་ཕྱིར་ཞིང༌། །ཞེས་པའི་ཚིག་སྟེ་རང་བཞིན་ཉིད་ཀྱིས་མ་སྐྱེས་སོ་ཞེས་བྱ་བ་ནི། འདིར་ས་བོན་གང་ཡིན་པ་དེ་ཉིད་མྱུ་གུ་མ་ཡིན་ཏེ། གནས་སྐབས་གཞན་དུ་


DTG013_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྱུར་བའི་ཕྱིར་རོ། །ས་བོན་ལས་མ་གཏོགས་པར་མྱུ་གུ་མ་སྐྱེས་ཏེ། རྒྱུ་གཞན་མ་དང་བྲལ་བའི་ཕྱིར་རོ། །དེ་བཞིན་དུ། རང་མིན་གཞན་མ་ལས་ཀྱང་མིན། །གཉི་གར་མ་ཡིན་རྒྱུ་མེད་མིན། །སྐྱེས་པའི་དངོས་པོ་གང་ཞིག་རྣམས། །ནམ་ཡང་ཡོད་པར་མི་འགྱུར་རོ། །ཞེས་བྱ་པར་གསུངས་སོ། །རྒྱུ་དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས། སྟོང་པ་ཉིད་ལས་བདེ་བ་ཆེན་པོ་ཉིད་ཀྱིས་ཇི་ལྟར་བྱོན་པ་དེ་བཞིན་དུ་རང་བཞིན་དེ་ཉིད་ཀྱིས་དེ་ཉིད་གཤེགས་པར་མཛད་ཅེས་བྱ་བའོ། །བདེ་བའི་སྐད་ཅིག་དེ་གང་ཡིན་ཞེ་ན། བདེ་གནས་བདེ་བའི་རྗེས་ཆགས་སྐད་ཅིག་ཏུ་ནི་ལྷན་ཅིག་སྐྱེས་པའི་དངོས་གཞན་རྗེས་ཆགས་མིན། །ཞེས་བྱ་བ་ནི། མཆོག་ཏུ་མི་འགྱུར་བའི་ལྷན་ཅིག་སྐྱེས་པའི་བདེ་བའི་སྐད་ཅིག་ཡིན་གྱི། བེམས་པོ་ལ་སོགས་པའི་རང་བཞིན་ནི་མ་ཡིན་ནོ། །གཞན་ཡང་བེམས་པོ་དང་སྡུག་བསྔལ་ལ་སོགས་པའི་རང་བཞིན་དུ་གྱུར་པའི་ཕུང་པོ་རྣམས་གང་ཡིན་པ་དེ་ལྷན་ཅིག་སྐྱེས་པའི་བདེ་བས་འབིགས་པར་གྱུར་ན། མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་དུ་གྱུར་པའོ། །མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་དུ་གྱུར་པའི་ཕུང་པོ་རྣམས་ཀྱིས་ཀྱང་ལྷན་ཅིག་སྐྱེས་པའི་སྐུར་སྐྱེད་པར་བྱེད་ཅེས་བྱ་བའོ། །ལྷན་ཅིག་སྐྱེས་པའི་སྐུ་དེ་ལས་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་སྐྱེས་ཏེ། སྤྲུལ་པའི་སྐུ་དེ་ལས་སླར་ཡང་དེ་བཞིན་དུ་འབྱུང་བར་ཤེས་པར་བྱའོ། །འོ་ན་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་དུ་གྱུར་པའི་ལྷན་ཅིག་སྐྱེས་པའི་སྐུ་ལ་དངོས་པོ་གང་ཡང་མ་ཟིན་པའི་ཆོས་ཀྱི་སྐུ་ལ་སོགས་པའི་གལ་ཏེ་སྐྱེ་བ་དེ་ལྟ་ན་ནི་རྒྱུ་དང་འབྲས་བུ་ཐ་དད་པར་མི་འགྱུར་རམ། དཔེར་ན་འབྲས་སཱ་ལུ་ལས་སྐྱེ་ཚེ་ལ་སོགས་པ་སྐྱེ་བ་བཞིན་ནོ་ཞེན་བརྗོད་པར་བྱ་སྟེ། ས་བོན་ལས་ནི་རྩ་བ་ཡལ་ག་མེ་ཏོག་འབྲས་བུ་ལྟ་བུ་དག་པའི་ས་ལས་སྐྱེས། །ཞེས་བྱ་བ་ནི། དཔེར་ན་དག་པའི་ས་ལས་འབྲས་ལ་སོགས་པའི་ས་བོན་བཏབ་ནས་དུས་ཀྱི་དབང་གིས་མྱུ་གུ་ལ་སོགས་པའི་རང་བཞིན་དུ་གྱུར་ཏེ། མྱུ་གུ་ལ་སོགས་པ་དེ་རྣམས་སུ་གྱུར་ནས་ཕྱི་ནས་ས་བོན་བཞིན་དུ་འབྲས་བུ་སྐྱེ་བར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་ལྷན་ཅིག་སྐྱེས་པའི་སྐུ་ལས་


DTG013_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆོས་ཀྱི་སྐུ་ལ་སོགས་པའི་སྐྱེ་བ་ནི་སྐྱོན་མེད་པར་གྲུབ་ཅེས་བྱའོ། །འོ་ན་གལ་ཏེ་ལྷན་ཅིག་སྐྱེས་པའི་སྐུ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་ཡིན་པ། དེ་ལྟ་ནི་རྟེན་ལས་མ་གཏོགས་པར་ཐོབ་པར་མི་འགྱུར་ཏེ། གང་རྟེན་དང་བརྟེན་པའི་རང་བཞིན་དུ་གྱུར་པ་སྟེ། རྟེན་དང་བྲལ་བའི་ཕྱིར་མི་རྟག་པར་མི་འགྱུར་རམ་ཞེ་ན། རྗོད་པར་མཛད་དེ། ས་ཆུ་ཞེས་བྱ་བ་ལ་སོགས་པ་ལས། འདིར་ས་ལ་སོགས་པའི་དངོས་པོ་རྣམས་ནི་དྲི་དང་གཟུགས་དང་རོ་དང༌། རེག་བྱ་དང༌། སྒྲའི་རང་བཞིན་ཏེ། དེ་ལས་ཡོན་ཏན་ལྔའི་རང་བཞིན་ཡིན་ལ། ཆུའི་ཡོན་ཏན་བཞི་དང་མེ་ལ་གསུམ་དང་རླུང་ལ་གཉིས་དང་ཡོན་ཏན་སྒྲ་གཅིག་པུའི་བདག་ཉིད་དུ་གྱུར་པ་ནི་ནམ་མཁའོ། །ས་ལ་སོགས་པ་དེ་ལྟ་བུའི་བདག་ཉིད་དུ་གྱུར་པའི་མི་རྣམས་ཀྱི་ལུས་པོ་ཡིན་ཞིང༌། བདེ་བའི་རང་བཞིན་དུ་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱང་དེ་བཞིན་དུ་གྱུར་པའོ། །ཡོན་ཏན་དེའི་རང་བཞིན་དུ་གྱུར་པ་ནི་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་བདེ་བའོ། །གཟུགས་ན་སྤྱོད་པ་རྣམས་ནི་ཡོན་ཏན་གསུམ་གྱི་རང་བཞིན་དུ་གྱུར་པའི་ལུས་པོ་དང་བདེ་བའོ། །གཟུགས་མེད་པའི་ལྷ་རྣམས་ནི་སེམས་ཀྱི་བག་ཆགས་ཙམ་གྱི་བདག་ཉིད་དུ་གྱུར་པ་དང༌། ཡོན་ཏན་སྒྲ་གཅིག་པུའི་བདག་ཉིད་དུ་གྱུར་པའི་ལུས་ལ་བདེ་བར་ཤེས་པར་བྱའོ། །དེ་ལྟར་བརྗོད་པའི་རིམ་པས་ས་ལ་སོགས་པའི་ཁམས་དེ་རྣམས་གང་གི་ཚེ་འཁོར་བའི་བག་ཆགས་ལས་འདས་པར་གྱུར་པ་དེའི་ཚེ། རྣམ་པ་ཐམས་ཅད་དང་ལྡན་པར་གྱུར་པ་དང་ལྷན་ཅིག་སྐྱེས་པའི་སྐུའི་རྟེན་དུ་གྱུར་པའོ། །གཞན་ཡང་དངོས་པོ་གཅིག་གང་དུ་ཡོད་པ་དེར་རྟེན་ཅིང་འབྲེལ་པ་ལས་བྱུང་བའི་ཕྱིར་དངོས་པོ་གཞན་རྣམས་ཤེས་པར་བྱའོ། །རྒྱུ་དེའི་ཕྱིར་རང་བཞིན་གྱི་ས་ལས་དྲི་སྐྱེས་ཏེ། བརྟགས་པའི་ངོ་བོས་གཟུགས་ལའོ། །དེ་ལྟར་རིམ་པ་ཇི་ལྟ་བ་བཞིན་ཆུ་ལས་གཟུགས་དང་མེ་ལས་རོ་དང་རླུང་ལས་རེག་བྱ་དང༌། ནམ་མཁའ་ལས་སྒྲ་ནི་ཤས་ཆེ་བར་སྐྱེས་ཏེ། ཤས་ཆུང་བར་དྲི་ལ་སོགས་པ་སྐྱེ་བར་གྱུར་པའོ། །གཞན་ཡང་ཕུང་པོ་དང་ཁམས་རྣམས་དང་ཡུལ་དང་ཡུལ་ཅན་ལ་སོགས་པའི་བྱེ་བྲག་


DTG013_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་པར་བསྟན་པར་མཛད་དེ། ས་སོགས་ཁམས་ནི་ཕན་ཚུན་དག་སྟེ་གཞན་ཡང་གཙོ་བོའི་དངོས་དང་བརྟགས་པའི་དངོས་པོར་འགྱུར། །ཕན་ཚུན་ཕུང་པོ་འབྱུང་བ་ཡུལ་དང་ཡུལ་ཅན་ཕན་ཚུན་བདུད་དཔུང་མ་རིག་པའོ། །ཞེས་བྱ་བའོ། །རྒྱུ་དེའི་ཕྱིར་ས་ལ་སོགས་པའི་དངོས་པོ་ལྔ་ནི་ཕན་ཚུན་འབྲེལ་པ་ལས་མ་གཏོགས་པར་འཁོར་བ་པ་རྣམས་ཀྱི་དོན་འགྲུབ་པར་མི་བྱེད་དོ། །དེ་བས་ན་རྣལ་འབྱོར་པས་ཕན་ཚུན་དུ་དེ་རྣམས་ཀྱི་འབྲེལ་པ་ཆད་པར་བྱེད་ན་དེ་རྣམས་སྒྲིབ་པ་མེད་པར་འགྱུར་ཏེ། རང་རང་གི་ཡོན་ཏན་བཟུང་པའི་ཕྱིར་རོ། །སྒྲིབ་པ་ནི་འཁོར་བའི་བག་ཆགས་ཡིན་ཏེ་དེ་དང་བྲལ་བར་གྱུར་ན་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་དུ་གྱུར་པའོ། །དེ་རྣམས་མཆོག་ཏུ་མི་འགྱུར་བའི་རང་བཞིན་དུ་གྱུར་ན་རང་གི་དོན་དང་གཞན་གྱི་དོན་འགྲུབ་པར་འགྱུར་བ་བསྟན་པར་མཛད་དེ། དེས་ནི་རྫུ་འཕྲུལ་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུ་དེའི་ཕྱིར་གང་གི་ཚེ་ཕུང་པོ་རྣམས་སྒྲིབ་པ་མེད་པའི་དུས་དེ་ནས་བཟུང་ནས་བཅོམ་ལྡན་འདས་ཀྱི་སྐུ་མི་སྐྱེ་བ་དང་མི་འཇིག་པ་སྟེ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་དུ་གྱུར་པའི་ཕྱིར་རོ། །དེ་ལྟར་མདོར་བསྡུས་པས་རྣལ་འབྱོར་པས་སྐད་ཅིག་གཅིག་ལ་མངོན་པར་བྱང་ཆུབ་ཐོབ་ན་རྣམ་པ་ལྔ་དང་རྣམ་པ་ཉི་ཤུ་དང་སྒྱུ་འཕྲུལ་དྲ་བ་ལས་མངོན་པར་བྱང་ཆུབ་པར་གྱུར་པར་ཤེས་པར་བྱའོ། །མངོན་པར་བྱང་ཆུབ་པ་རྣམ་པ་བཞི་ཐོབ་པར་གྱུར་ནས་ཅི་འགྲུབ་ཅེ་ན། སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ནི། འདིར་ནམ་གྱི་དུས་སུ་བྱ་བ་ཐམས་ཅད་རྫོགས་པར་གྱུར་པ་དེའི་ཚེ་ལ་རྟེན་དང་བརྟེན་པའི་རང་བཞིན་དུ་གྱུར་པའི་འཇིག་རྟེན་གྱི་ཁམས་གསུམ་པོའི་དངོས་པོ་ཐམས་ཅད་ནི་དབང་དུ་གྱུར་པའོ། །དེ་ཉིད་བསྟན་པར་མཛད་དེ། སངས་རྒྱས་ཞིང་ནི་མཐའ་ཡས་དཔག་མེད་ཡོན་ཏན་ཁམས་རྣམས་ནམ་མཁའ་ལ་སོགས་དང༌། །སྐྱེ་དང་གནས་དང་ཉམས་པ་རྣམ་གསུམ་སྲིད་དང་འགྲོ་དྲུག་སེམས་ཅན་ཀུན། །སངས་རྒྱས་ཁྲོ་བོ་ལ་སོགས་སྙིང་རྗེ་ཐུགས་ལྡན་སྲས་བཅས་བྱང་ཆུབ་སེམས་དཔའ་ཐམས་ཅད་དེ། འདི་དག་རྒྱལ་བ་སྲིད་གསུམ་གྱིས་བཏུད་བདེ་འབྱུང་གཅིག་པུའི་འཁོར་ལོ་གཅིག་པུའོ། །ཞེས་བྱའོ། །འོ་ན་ས་ལ་སོགས་པའི་དངོས་པོ་རྣམས་སྒྲིབ་པ་མེད་


DTG013_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་རང་བཞིན་དུ་ཇི་ལྟར་འགྱུར་ཞེ་ན། སྤུ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ནམ་མཁའ་ལ་སོགས་པའི་རང་བཞིན་དུ་གྱུར་པའི་སྤུ་ལ་སོགས་པའི་ཁམས་རྣམས་དང་ལུས་དང་ངག་དང་སེམས་དང་ཡེ་ཤེས་ཀྱི་རྟེན་ནི་སྲོག་གི་རླུང་ཡིན་ཏེ། རླུང་དེ་ཉིད་གཡས་དང་གཡོན་པ་འགགས་ནས་སྟོང་པ་ཉིད་ཀྱི་དྲིན་གྱིས་དབུས་མར་ཞུགས་ན་སེམས་བརྟན་པོར་གྱུར་ཏེ། སེམས་བརྟན་པོར་གྱུར་ན་རང་བཞིན་གྱིས་འོད་གསལ་བར་བསྟན་པར་བྱེད་དོ། །རང་བཞིན་གྱིས་འོད་གསལ་བར་གྱུར་ན་གློ་བུར་གྱི་དྲི་མ་བོར་ནས་སྟོང་པ་ཉིད་ཀྱི་གཟུགས་དང་རོ་མཉམ་པ་ཉིད་ཀྱི་རང་བཞིན་དུ་གྱུར་པའོ། །སེམས་སྟོང་པ་ཉིད་ཀྱི་གཟུགས་ཀྱི་རང་བཞིན་དུ་གྱུར་ན་དངོས་པོ་ཐམས་ཅད་ཀྱིས་མི་གོས་པར་སྐྱེ་བ་དང་འཆི་བ་སྤངས་པའི་ནམ་མཁའ་བཞིན་དུ་དུས་ཐམས་ཅད་དུ་གྲུབ་པར་འགྱུར་ཞེས་བྱའོ། །དེ་བས་ན་དོན་གང་གིས་ས་བཅུ་གཉིས་ཀྱི་དབང་ཕྱུག་ཉིད་ཐོབ་པར་བྱེད་པའི་དོན་དེ་ཉིད་རྣལ་འབྱོར་བས་འབད་པས་བསྒྲུབ་པར་བསྟན་པར་མཛད་དེ། སྤུ་ལ་སོགས་པ་ཞེས་བྱ་བ་ནི་འདིར་སྤུ་ལ་སོགས་པའི་ཁམས་རྣམས་སྒྲིབ་པ་མེད་པའི་རང་བཞིན་དུ་གྱུར་ན་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་འགྱུར་ཏེ། དེ་བས་ན་བླ་མའི་ཞལ་ལས་སྦྱོར་བའི་ཡན་ལག་དྲུག་གིས་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པར་འདོད་པའི་རྣལ་འབྱོར་བས་ལུས་པོ་དག་པར་བྱའོ། །ལུས་པོ་དག་པར་གྱུར་ནས་སངས་རྒྱས་ཉིད་དང་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པར་གྱུར་པའོ། །རྒྱུ་དེའི་ཕྱིར་སེམས་ལས་མ་གཏོགས་པར་ཁམས་གསུམ་ལས་སངས་རྒྱས་གཞན་མེད་དེ། །སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་པར་ཤེས་ན་ཐོག་མ་མེད་པའི་འཁོར་བའི་སྡུག་བསྔལ་ཆད་པར་འགྱུར་རོ། །ཡང་ན་དེ་རྣམས་ལ་སྨོད་པ་དང་སླུ་བ་ལ་སོགས་པར་བྱས་ན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཟད་པར་བྱེད་པའི་དུས་ཀྱི་བར་དུ་ཐོབ་པར་འགྱུར་ཏེ། དེ་ལྟར་ཡོན་ཏན་དང་སྐྱོན་ཤེས་ནས་རྣམ་པར་མ་དག་པའི་སེམས་ཀྱིས་མཁས་པ་དང་མི་མཁས་པའི་སྐྱེས་བུ་རྣམས་ལ་བརྒལ་བར་མི་བྱའོ། །གཞན་ཡང་སེམས་ཅན་རྣམས་ལས་མ་གཏོགས་པར་བྱམས་པ་ལ་སོགས་པའི་རྣམ་པར་ཐར་པ་བཞི།


DTG013_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་རྫོགས་པར་མི་འགྱུར་ཏེ། རྒྱུ་དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་གུས་པར་བྱ་བ་དང༌། མཆོད་པར་བྱ་བ་དང༌། ཡི་དམ་གྱི་ལྷ་བཞིན་དུ་བལྟ་བར་བྱའོ། །དེ་ཉིད་བསྟན་པར་མཛད་དེ། སངས་རྒྱས་སེམས་ཅན་ཡིན་ཏེ་འཇིག་རྟེན་ཁམས་འདིར་སངས་རྒྱས་ཆེན་པོ་གཞན་མ་ཡོད་པ་མིན། །དེ་རྣམས་བསྟེན་པས་དཔག་མེད་སྲིད་པར་རྣམ་པར་མི་རྟོག་ཀྱིས་ནི་གཅོད་པར་བྱེད། །འཁུ་བར་བྱེད་ན་དམྱལ་བ་དུ་འབོད་ལ་སོགས་ཆེན་པོར་རྣལ་འབྱོར་པ་ནི་འགྲོ་བར་འགྱུར། །དེ་ཕྱིར་རྣམ་དག་སེམས་ཀྱིས་མཁས་དང་མི་མཁས་སྐྱེས་བུ་ལ་ནི་བརྒལ་མི་བྱ། །སེམས་ཅན་སྦྱོར་བ་ཐོབ་ནས་དག་པ་བྱམས་པ་ལ་སོགས་སེམས་ཐོབ་འགྱུར་རོ་མི་དབང་ཀྱེ། །དུས་གསུམ་འཁོར་བ་རུ་ནི་མི་དགེའམ་ཡོན་ཏན་ཅན་རྣམས་ཞེ་སྡང་ཆགས་སོགས་སེམས་ཡིན་ནོ། །ཞེས་བྱ་བ་ནི། འགྲོ་བ་དྲུག་གམ་ཁམས་གསུམ་ན་གནས་པའི་སེམས་ཅན་རྣམས་ཀྱི་སེམས་ཞེ་སྡང་ལ་སོགས་པའི་རང་བཞིན་ཡིན་ཏེ། རྒྱུ་དེའི་ཕྱིར་སེམས་ཅན་རྣམས་ལ་སུན་དབྱུང་བ་བྱས་ནས་རང་དོན་འགྲུབ་པར་མི་འགྱུར་ཞེས་བྱ་བའོ། །རང་གི་དོན་མ་གྲུབ་པ་རྣམས་ལ་གཞན་གྱི་དོན་འགྲུབ་པར་མེ་འགྱུར་ཏེ། རང་གི་དོན་འགྲུབ་པར་མི་འདོད་པའི་སེམས་ནི་བདུད་ཀྱི་སེམས་ཡིན་གྱི། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་ནི་མ་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་བྱང་ཆུབ་སེམས་ནི་རྣམ་པ་གཉིས་སུ་རྣམ་པ་ཀུན་དུ་འགྱུར། །ཐར་པ་དང་ནི་འཇུག་པས་དམན་ཞིང་སྨོན་བྲལ་རྣམ་པ་ཀུན་དུ་བདུད་ཀྱི་སེམས། །ཞེས་བྱ་བའོ། །དེ་བས་ན་རང་གི་དོན་དང་གཞན་གྱི་དོན་ཉམས་པར་བྱེད་པ་པོ་ནི་བདུད་ཡིན་ཏེ་གཉི་ག་སྒྲུབ་པར་མཛད་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཡིན་ལ། དེ་ལྟར་ཤེས་ནས་གང་གི་ཚེ་བླ་ན་མེད་པའི་བྱང་ཆུབ་ལ་སེམས་ལྡོག་པ་དང། སེམས་ཅན་རྣམས་ལ་ཞེ་སྡང་གི་རང་བཞིན་དུ་གྱུར་པ་ཤེས་ནས་སྐད་ཅིག་དེ་ཉིད་ལས་སྟོང་པ་ཉིད་ལ་དམིགས་པ་དང་བྱམས་པ་ལ་སོགས་པ་ནི་རྣལ་འབྱོར་བས་བསྒོམ་པར་བྱའོ། །དེ་ཉིད་བསྟན་པར་མཛད་དེ། བདུད་རྣམས་ཀྱིས་ནི་ཞི་མིན་བྱེད་ཅིང་སྲིད་གསུམ་གནས་


DTG013_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུ་བྱང་ཆུབ་སེམས་དཔའ་ཞི་བར་འགྱུར། །བདུད་དབང་རྫུ་འཕྲུལ་དམན་ཞིང་མཆོག་ཏུ་འཇིགས་བྱེད་སྟོན་པ་གཅིག་པུར་རྫུ་འཕྲུལ་ལྡན། །བདུད་རྣམས་བདུད་ཀྱི་བློ་ཡིན་གཞན་གྱི་སེམས་ལ་འཇིགས་སྐྱེ་སྐྱོ་བ་རྣམས་བདེ་བའི་ཐུགས། །དེ་ཕྱིར་སངས་རྒྱས་མཐུ་ཡིས་སྲིད་གསུམ་མ་ལུས་དཔག་མེད་དུས་སུ་འཇུག་པར་འགྱུར། །ཞེས་བྱ་བའོ། །དེ་བས་ན་སྟོང་པ་ཉིད་དང་བྱམས་པ་ལ་སོགས་པའི་བསྒོམ་པ་མ་གཏོགས་པར་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་གཞན་མིན་པར་བསྟན་པར་མཛད་དེ། གང་ཞིག་འཇིག་རྟེན་ཁམས་ཀྱི་ཚང་རྒྱལ་བས་གསུངས་པ་མི་རྣམས་ཡེ་ཤེས་དེ་མིན་ཞེས་བྱ་བ་ནི་འདིར་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་དབྱིབས་ལ་སོགས་པར་བཅོམ་ལྡན་འདས་ཀྱིས་གང་གསུངས་པ་དེ་གཉིས་སུ་མེད་པའི་ཡེ་ཤེས་མ་ཡིན་ཏེ། རྒྱུ་གང་གི་ཕྱིར་ཞེ་ན་བསོད་ནམས་ཀྱི་སྟོབས་དང་སྡིག་པའི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་རྒྱ་ཆེ་བ་དང་རྒྱ་ཆུང་བར་སྣང་བའི་ཕྱིར་རོ། །འོན་གལ་ཏེ་འཇིག་རྟེན་གྱི་ཁམས་དང་སེམས་ཅན་རྣམས་ལ་ཚད་མེད་པ་དེ་ལྟ་ན་ནི་སངས་རྒྱས་ལ་ཡོད་དམ་ཞེ་ན། སངས་རྒྱས་རྣམས་ལ་ཚད་མེད་ལྷན་ཅིག་སྐྱེས་སྐུའི་དབང་གིས་ཁྲུ་གཅིག་སྐད་ཅིག་གིས། །ཞེས་བྱ་བ་ནི། འདིར་སངས་རྒྱས་ཀྱི་སྐུ་ལ་ཚད་མེད་དེ་ལྷན་ཅིག་སྐྱེས་པའི་བདེ་བའི་རང་བཞིན་དུ་གྱུར་པའི་ཕྱིར་རོ། །འོ་ན་གལ་ཏེ་སེམས་ཅན་དང་སངས་རྒྱས་ལ་དོན་དམ་པར་ཚད་མེད་པ་དེ་ལྟ་ན་ནི། ཅིའི་ཕྱིར་འཇིག་རྟེན་ཁམས་ཀྱི་ཚད་གསུངས་ཤེ་ན། ཚད་ནི་སེམས་ཅན་རྗེས་སུ་མཐུན་པར་བརྗོད་དེ་རྟག་པར་སྲོག་ཆགས་རྣམས་ལ་ལས་ཀྱི་སར། །ཞེས་བྱ་བ་ནི། འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་ཀྱི་ཚང་གང་གསུངས་པ་དེ་ལས་ཀྱི་ས་ལ་གནས་པའི་སེམས་ཅན་གྱི་བསམ་པ་དང་མཐུན་པར་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་ནས་གལ་ཏེ་ཉིད་ཀྱིས་འདོད་པ་དང་ང་རྒྱལ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་ཀྱི་ཚད་བཅོམ་ལྡན་འདས་ཀྱིས་བརྗོད་པར་མཛད་པ་དེ་ལྟ་ན་ནི། མུ་སྟེགས་པ་དང་སངས་རྒྱས་བཅོམ་ལྡན་འདས་ལ་ཁྱད་མེད་དེ་སེམས་ཅན་གྱི་བསམ་པ་ལས་མ་གཏོགས་པར་རང་འདོད་པ་དང་མཐུན་པའི་


DTG013_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱིར་རོ། །དེ་བས་ན་མཆོག་ཏུ་མི་འགྱུར་བའི་བདེ་བའི་ལས་མ་གཏོགས་པར་དོན་དམ་པར་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མི་འགྱུར་བའི་ཕྱིར་གཞན་མའི་ལམ་གང་ཞིག་ཀྱང་མ་བསྟན་ཏེ། རྒྱུ་དེའི་ཕྱིར་དམིགས་པ་དང་བཅས་པའི་སྟོང་པ་ཉིད་དོར་ནས་བེམས་པོའི་རང་བཞིན་དུ་གྱུར་པའི་སྟོང་པ་ཉིད་ཀྱི་སྟོབས་ཀྱིས་སྐུ་བཞིའི་བདག་ཉིད་དུ་གྱུར་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་མི་འགྱུར་བར་བསྟན་པར་མཛད་དེ། གང་གིས་རྒྱལ་དབང་སྐྱེད་ཅིང་ཉིན་དང་མཚན་བཞིན་དུས་སུ་གང་གིས་མངལ་ནས་འབྱུང་བ་དང༌། །སྐད་ཅིག་གང་གིས་སྒྲུབ་པ་པོ་རྣམས་འཕོ་བ་དང་བྲལ་ཟག་དང་ཟག་མེད་འགྱུར་བ་སྟེ། །སངས་རྒྱས་བྱ་བ་དེ་དོར་ནས་ནི་མཉམ་པའི་བདེ་བ་དང་བྲལ་གང་གིས་སྟོན་པ་གཞན་སྒོམ་བྱེད། །སངས་རྒྱས་ཉིད་དང་ལྷན་ཅིག་སྐྱེས་བདེ་བསྐལ་པ་བྱེ་བ་དུ་མར་དེ་ལ་རིང་དུ་འགྱུར། །ཞེས་བྱ་བའོ། །དེ་ལྟར་དོན་བསྟན་པར་མཛད་ནས། དཔེ་བསྟན་པར་མཛད་དེ། སྔོན་བུའི་ཤིང་ལས་རྒུན་འབྲུམ་དང་ནི་དུག་ལས་བདུད་རྩི་དག་དང་ཚངས་པའི་ཤིང་ལས་འདམ་སྐྱེས་དང༌། །སྟོང་ལས་མྱ་ངན་འདས་བདེ་མི་དགེ་རྗེས་སུ་མྱོང་དང་སྲོག་གཅོད་ལས་ནི་དངོས་གྲུབ་མེད། །མཆོད་སྦྱིན་ལས་ནི་ཕྱུགས་ལ་མཐོ་རིས་ཞི་བ་མཆོག་གི་གོ་འཕང་དབང་པོ་འགོག་པས་མིན། །རིག་བྱེད་ཀུན་མཁྱེན་གསུང་དང་མི་འགྱུར་གཡོ་མེད་བདེ་བར་འགྱུར་དང་མ་དག་སེམས་ལས་མིན། །ཞེས་བྱ་བ་ནི། དཔེར་ན་སྔོན་བུའི་ཤིང་དང་ཏིག་ཏ་ལས་ཤིན་ཏུ་ཞིམ་པའི་རང་བཞིན་དུ་གྱུར་བའི་རྒུན་འབྲུམ་མི་སྐྱེ་བ་དང་མི་འཆི་བར་བྱེད་པའི་བདུད་རྩི་མྱུར་དུ་འཆི་བར་བྱེད་པའི་དུག་ལས་མི་སྐྱེ་བ་དང༌། །རྒྱ་སྐྱེགས་ཀྱི་ཤིང་ལས་ཤིན་ཏུ་ཡིད་དུ་འོང་བའི་པདྨ་དང་བེམས་པོའི་སྟོང་པ་ལས་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་བདེ་བ་དང་སྲོག་གཅོད་པ་ལ་སོགས་པའི་མི་དགེ་བའི་ལས་ལས་འཇིག་རྟེན་གྱི་དངོས་གྲུབ་བརྒྱད་དང༌། མཆོད་སྦྱིན་གྱི་དུས་སུ་ཕྱུགས་བསད་པ་རྣམས་ལས་མཐོ་རིས་དང་དབང་པོ་རྣམས་འགོག་པ་ལས་མཆོག་ཏུ་མི་འགྱུར་བའི་བདེ་བའི་གོ་འཕང་དང་རིག་བྱེད་ལས་ཐམས་ཅད་མཁྱེན་པའི་གསུང་དུ་མི་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་མི་


DTG013_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྟག་པ་དང་མ་དག་པའི་སེམས་ལས་མཆོག་ཏུ་མི་འགྱུར་བའི་བདེ་བ་སྐྱེ་བར་མི་འགྱུར་ཞེས་བྱ་བའོ། །དེ་བས་མི་དགེ་བའི་ལས་དང་སྡུག་བསྔལ་མྱོང་བར་མི་གང་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པར་འདོད་པ་དེའི་སེམས་ནི་བདུད་ཀྱི་བྱིན་གྱིས་བརླབ་པར་གྱུར་པར་ཤེས་པར་བྱ་སྟེ། དེ་བས་ན་གལ་ཏེ་སེམས་ཅན་ལ་ཕན་འདོགས་པའི་རང་བཞིན་དུ་གྱུར་པའི་བསོད་ནམས་ཀྱི་ཚོགས་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཚོགས་བསྒྲུབ་པར་འདོད་པ་དེ་ལྟ་ན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་ཡིན་ཞེས་བྱ་བའོ། །འོ་ན་བདུད་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ལ་བར་ཆད་ཅིའི་ཕྱིར་བྱེད་ཅེ་ན། བསྟན་པར་མཛད་དེ། གང་ཕྱིར་མྱ་ངན་འདས་འགྲོ་བདེ་བའི་དམ་ཚིག་དབང་གིས་ཉོན་མོངས་བདུད་ནི་བཅོམ་ནས་ཏེ། །དེ་ཕྱིར་ཉིན་བཞིན་དུས་སུ་དེ་རྣམས་ལ་ནི་བདུད་ཀྱིས་བགེགས་རྣམས་དུ་མར་བྱེད། །ཅེས་བྱ་བ་ནི། རྒྱུ་གང་གི་ཕྱིར་བཟའ་བ་དང་བསྲུང་བའི་དམ་ཚིག་གི་དབང་གིས་བདུད་རྣམས་བཅོམ་ནས་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པར་སྒྲུབ་པ་པོ་རྣམས་འགྲོ་བར་འགྱུར་བའི་རྒྱུ་དེའི་ཕྱིར་མ་འོངས་པའི་དུས་སུ་དེ་རྣམས་ཀྱི་སེམས་ནི་བདུད་རྣམས་ཀྱིས་འཁོར་བར་འཁྱམ་པར་བྱེད་པའི་ལམ་ལ་འཇུག་པར་བྱེད་ཅེས་བྱ་བའོ། །དེ་བས་ན་དེ་དག་ལ་སོགས་པའི་སྡུག་བསྔལ་གྱི་ངོ་བོ་ཐམས་ཅད་དོར་ནས་ཕྱག་རྒྱ་བཞིའི་སྦྱོར་བས་གང་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་བྱེད་པའི་བདེ་བ་དེ་ཉིད་སྔོན་དུ་བསྒྲུབ་པ་བསྟན་པར་མཛད་དེ། དང་པོ་ལས་ཀྱི་ཕྱག་རྒྱ་རྒྱལ་བའི་ལྷན་ཅིག་སྐྱེས་བདེ་འདི་འཕེལ་དོན་དུ་བསྟེན། །དེ་ནས་ཉི་མའི་གཟུགས་འདྲ་ལུས་གདོང་རྐང་བ་གཙུག་ཏོར་ཡན་ལག་ཀུན་རྫོགས་པ། །དབྱུག་པ་ཀློག་གི་རྗེས་མཐུན་འཕོ་མེད་བདེ་བ་སྐྱེད་བྱེད་མཚན་དང་ཡན་ལག་རྫོགས་པའོ། །རྡོ་རྗེ་སྣང་བར་བྱེད་ཅིང་སྲིད་གསུམ་ལ་གནས་ལུས་ནི་ཆོས་དབྱིངས་དེ་ནས་འགྱུར། །ཞེས་བྱ་བ་ནི། འདིར་སོ་སོར་སྤོང་བས་སེམས་བརྟན་པར་བྱས་ནས་མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་བསྒྲུབ་པའི་ཕྱིར་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པར་བྱའི། །བདེ་བ་ཉམས་པའི་ཕྱིར་ནི་མ་ཡིན་


DTG013_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནོ། །དེ་ནས་ཡན་ལག་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་ཀྱི་གཟུགས་ལ་ཆགས་པར་བྱའོ། །ཕྱི་ནས་གཟུགས་དེ་ཉིད་རྒྱུན་མི་ཆད་པར་འོད་གསལ་བའི་ངོ་བོ་ལྟེ་བ་ནས་བརྩམས་ནས་གཙུག་ཏོར་གྱི་བར་དུ་ཨ་ཝ་དྷཱུ་ཏཱིའི་སྒོ་ནས་བལྟ་བར་བྱའོ། །དེ་ལྟར་བྱས་ནས་དོན་ཅི་འགྲུབ་ཅེ་ན། སྒྲིབ་པ་མེད་པའི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་རྡོ་རྗེ་རྣམས་ཀྱིས་འོད་གསལ་བར་གྱུར་པ་དང་སྲིད་པ་གསུམ་ལ་གནས་པའི་སྐུ་བཞིའི་བདག་ཉིད་དུ་གྱུར་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པའོ། །དེ་ལྟར་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་ཕྱག་རྒྱ་བཞིའི་སྦྱོར་བས་གང་མི་འཕོ་བར་གྱུར་པ་དེ་དོན་དམ་པའི་ལྷན་ཅིག་སྐྱེས་པའི་བདེ་བ་ཡིན་གྱི། གཞན་ནི་མ་ཡིན་ནོ། །རྒྱུ་དེའི་ཕྱིར་བྱ་བ་ཐམས་ཅད་བོར་ནས་རྣལ་འབྱོར་བས་མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེར་བར་བྱེད་པའི་ཕྱག་རྒྱ་བཞི་དེ་ལ་དུས་ཐམས་ཅད་དུ་རྣམ་པར་མི་རྟོག་པ་ཉིད་ཀྱིས་བསྟེན་པར་བྱའོ། །དྲང་བའི་དོན་གྱིས་སྔོན་དུ་བརྗོད་པའི་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་བཞི་ལ་ནི་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་ཕྱིར་དུར་ཁྲོད་ལ་སོགས་པའི་གནས་སུ་ཀུན་དུ་སྤྱོད་པ་དང་བཟའ་བ་དང་བཏུང་བ་ལ་སོགས་པའི་དངོས་པོ་ཀུན་གྱིས་བསྙེན་པར་བྱ་བ་ནི་ངེས་པའོ། །འོ་ན་གལ་ཏེ་སོ་སོར་སྤོང་བ་ལ་སོགས་པས་སེམས་བརྟན་པར་གྱུར་པ་དེ་ལྟ་ན་ནི། དོན་ཅི་འགྲུབ་ཅེ་ན་རླུང་རྣམས་ཞེས་བྱ་བ་ནི། འདིར་གལ་ཏེ་སྟོང་པ་ཉིད་ཀྱི་གཟུགས་ཀྱི་ལྟ་བས་སྲོག་ལ་སོགས་པའི་རླུང་བཅུ་ནི་ལྟེ་བར་ཕྲད་པར་འགྱུར་ཏེ། དེ་རྣམས་ལྟེ་བར་ཕྲད་པར་གྱུར་ན་ལྟེ་བར་གནས་པའི་ཡེ་ཤེས་ཀྱི་མེའི་རང་བཞིན་དུ་གྱུར་པའི་གཏུམ་མོ་སྦར་བའོ། །དེའི་འོད་ཟེར་རྣམས་ཀྱིས་དཔྲལ་བར་སྲ་བའི་ངོ་བོས་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྣམས་ནི་འཛག་པར་བྱེད་དོ། །ཐིག་ལེ་དེ་རྣམས་གསང་བའི་གནས་སུ་གནས་པར་གྱུར་ན་མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་ཐོབ་པར་འགྱུར་ཏེ་མི་འཕོ་བའི་ཕྱིར་རོ། །ཕྱི་ནས་རྒྱུ་དེ་ཡིས་བརྩོན་འགྲུས་དང་ལྡན་པར་གྱུར་པའི་རྣལ་འབྱོར་པ་རྣམས་ལ་སྐྱེ་བ་འདི་ཉིད་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་བའོ། །ཡང་ན་རྣལ་འབྱོར་མ་རྫོགས་པར་འཆི་བར་


DTG013_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱུར་པ་དེ་ལྟ་ན་ནི། མིའི་སྐྱེ་བ་བདུན་གྱི་སྔོན་གྱི་སྟོང་པ་ཉིད་ཀྱི་བག་ཆགས་ཀྱི་དབང་གིས་ཐམས་ཅད་འགྲུབ་པར་འགྱུར་བ་ནི་ངེས་པའོ། །དེ་ནི་བྱང་ཆུབ་སེམས་དཔས་བྱིན་གྱིས་བརླབས་པ་ལ་སོགས་པ་ནི། གསལ་བར་འགྱུར་བའི་ཕྱིར་མ་དཀྲོལ་ལོ། །ད་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཛད་པ་བསྟན་པར་མཛད་དེ། །སེམས་ཅན་ཞེས་བྱ་བ་ལ་སོགས་པ་ལ། འདིར་འཇིག་རྟེན་གྱི་ཁམས་དང་ནད་དང་དཀྱིལ་འཁོར་དུ་བཅོམ་ལྡན་འདས་ཀྱིས་གང་བཞུགས་པར་མཛད་པ་དེ་སེམས་ཅན་རྣམས་སྨིན་པའི་ཕྱིར་རོ་ཞེས་བྱ་བའོ། །དེ་ཉིད་ངེས་པའི་དོན་དུ་ནི་སྲོག་གི་རླུང་གིས་ཀུན་དུ་སྤྱོད་པའི་དབང་གིས་གཉིད་ལོག་པའི་གནས་སྐབས་སུ་དངོས་པོ་ཐམས་ཅད་ལ་སེམས་འཇུག་པ་ནི་ཕྱི་རོལ་དུ་བཞུགས་པའོ། །དེ་བཞིན་དུས་ལ་སོགས་པའི་དཀྱིལ་འཁོར་ལྔ་དང་ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་ལྔ་ལ་ཕུང་པོ་དང་ཁམས་ལ་སོགས་པའི་གཙོ་བོར་གྱུར་བའི་སེམས་གནས་པ་ནི། དེ་རྡོ་རྗེ་བཙུན་མོའི་བྷ་གར་བཞུགས་ཞེས་བྱ་བའོ། །དེ་བཞིན་དུ་སྒྲ་ལ་སོགས་པའི་ཡུལ་རྣམས་ལ་སེམས་འཇུག་པ་ནི་དཀྱིལ་འཁོར་གྱི་འཁོར་ལོ་ལ་བཞུགས་པའོ། །ཨེ་ཝཾ་ཡི་གེ་ལ་བཞུགས་པ་གང་ཡིན་པ་དེ་མཆོག་ཏུ་མི་འགྱུར་བའི་བདེ་བའི་གནས་སྐབས་སུ་སྐུ་དང༌། གསུང་དང་ཐུགས་འཇུག་པར་ཞེས་བྱ་བའོ། །དེ་ལྟར་བརྗོད་པའི་རིམ་པས་བཅོམ་ལྡན་འདས་རྡོ་རྗེ་ཅན་གཅིག་པུ་ནི་གནས་གསུམ་གྱི་དབྱེ་བས་རྣམ་པ་གསུམ་དུ་འགྱུར་ཏེ། དེ་བཞིན་དུ་ཁམས་དང་དབང་པོ་དང་ཡུལ་རྣམས་དངོས་པོ་གསུམ་གྱིས་བསྐོར་བའོ། །སྐུ་གསུམ་གྱི་དབྱེ་བས་དོན་གསུམ་གྱི་བདག་ཉིད་དུ་གྱུར་པའོ། །ཕྱི་དང་ནང་དང་དཀྱིལ་འཁོར་དུ་བཞུགས་པ་ནི་གནས་གསུམ་ལ་བཞུགས་པའོ། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་གསུམ་ལ་གནས་པའི་སེམས་ཅན་རྣམས་ལ་ཕན་འདོགས་པར་མཛད་ནས་སྲིད་པ་གསུམ་ལ་བཞུགས་ཞེས་བྱ་བའོ། །དེ་བཞིན་དུ་རྒྱུད་ཀྱི་རྒྱལ་པོ་རྣམས་ལས་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་གང་ཡིན་པ་དེ། བཅོམ་ལྡན་འདས་ཉིད་ཀྱིས་མཁྱེན་པ་ཡིན་གྱི། གཞན་གྱི་ཁ་ལས་སྙན་གྱིས་ཐོས་པ་ནི་མ་ཡིན་ཏེ། ཉིད་ཀྱིས་བསྟན་པར་མཛད་པའི་ཕྱིར་རོ། །བཅོམ་ལྡན་འདས་དེ་གང་ཡིན་ཞེ་ན།


DTG013_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྡོ་རྗེ་ཅན་ནི་གང་ཞིག་ཟླ་བ་ཞུ་ལས་སྤྱི་མགྲིན་སྙིང་པད་ལྟེ་བ་གསང་བ་རུ། །ཞེས་བྱ་བ་ནི། རང་རིག་པའི་བདེ་བའི་ངོ་བོས་དཔྲལ་བ་ལ་སོགས་པའི་འཁོར་ལོ་རྣམས་ལས་མར་བྱོན་ལ་ལུས་དང་ངག་དང་སེམས་ཀྱི་ཐིག་ལེ་གསུམ་གྱི་མཐའ་མར་ཡེ་ཤེས་ཀྱི་ཐིག་ལེའི་ངོ་བོས་ལྷན་ཅིག་སྐྱེས་བའི་བདེ་བ་སྟེར་ནས་བུད་མེད་ཀྱི་བྷ་གར་གང་འཕོ་བར་གྱུར་པ་དེ་དྲང་བའི་དོན་གྱིས་བཅོམ་ལྡན་འདས་རྡོ་རྗེ་ཅན་ཡིན་ཏེ། དེ་ཉིད་ངེས་པའི་དོན་གྱིས་རྡོ་རྗེ་བཙུན་མོའི་བྷི་ག་ནི་བདེ་བ་ཆེན་པོ་ལ་སོགས་པའི་འཁོར་ལོ་བཞི་ཡིན་ལ། འཁོར་ལོ་དེ་རྣམས་ལ་སྐུ་ལ་སོགས་པའི་ཐིག་ལེ་བཞི་མི་འཕོ་བའི་ངོ་བོས་གནས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་ཅན་ཞེས་བྱ་བར་བརྗོད་དོ། །བཅོམ་ལྡན་འདས་དེ་ལྟ་བུ་གང་ཡིན་པ་དེ་སངས་རྒྱས་ཀྱི་ཞིང་ལ་ཞུགས་ནས་སེམས་ཅན་རྣམས་ལ་ཕན་འདོགས་པར་མཛད་པར་ཤེས་པར་བྱ་བ་ནི་བསྟན་པར་མཛད་དེ། སངས་རྒྱས་ཞིང་ལ་རབ་ཞུགས་བཅོམ་ལྡན་འདས་དེ་རྣལ་འབྱོར་རྣམས་ཀྱིས་རིག་པར་བྱ། །ཞེས་བྱ་བའོ། །དེ་ལྟར་མཆོག་ཏུ་མི་འགྱུར་བའི་རང་བཞིན་དུ་བཅོམ་ལྡན་འདས་གང་ཡིན་པ་དེ་སེམས་ཅན་རྣམས་ཀྱི་རང་རང་གི་བག་ཆགས་ཀྱི་དབྱེ་བ་དུ་མས་ཐ་དད་པར་མཐོང་བར་བསྟན་པར་མཛད་དེ། གཅིག་ནི་དུ་མར་མཐོང་སྟེ། སྨོན་ལམ་ཡོན་ཏན་དབང་གིས་ཞིང་དང་འདོད་ཆགས་ལ་སོགས་ངོ་བོས་སོ། །འཁོར་ལོ་ལ་བཞུགས་སྐྱེ་བ་སྔ་མར་རང་སྙིང་ལས་སྐྱེས་བག་ཆགས་སྟོབས་ཀྱིས་སོ། །དོན་གཅིག་དུ་མའི་སྐད་ནི་སྲོག་ཆགས་རང་རང་དངོས་ཀྱི་སེམས་ལ་རབ་ཏུ་འཇུག །འཁོར་ལོ་ལ་བཞུགས་ལྗོངས་ལ་རབ་ཏུ་གཤེགས་ཏེ་གནས་ལྡན་རྣམས་ཀྱི་བསོད་ནམས་དོན། །ཞེས་བྱ་བ་ནི། ཆོས་ཀྱི་འཁོར་ལོ་ལ་བཞུགས་པའི་དུས་སུ་བསོད་ནམས་དང་ལྡན་པར་གྱུར་པའི་ཁྱིམ་པ་རྣམས་ཀྱིས་རང་ཁྱིམ་དུ་བཅོམ་ལྡན་འདས་བསོད་སྙོམས་ལ་བྱོན་པར་མཐོང་ཞིང་བཅོམ་ལྡན་འདས་ཀྱི་ཀྱང་སེམས་ཅན་རྣམས་ལ་བསོད་ནམས་ཀྱི་ཚོགས་བསགས་པར་བྱ་བའི་ཕྱིར་དེ་བཞིན་དུ་མཛད་ཅེས་བྱ་བའོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་སྐུའི་མཚན་ཉིད་བསྟན་ནས། གསུང་ཇི་ལྟ་བུ་ཡིན་པ་བསྟན་པར་མཛད་དེ། དུད་འགྲོ་ཞེས་བྱ་བ་ལ་སོགས་པ་ལ། འདིར་


DTG013_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྲོ་བ་དྲུག་ལ་གནས་པར་གྱུར་པའི་སེམས་ཅན་ཐམས་ཅད་ལ་རང་རང་གི་སྐད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྟེར་བར་མཛད་པ་ནི་བཅོམ་ལྡན་འདས་ཀྱི་གསུང་ཡིན་གྱི་ལྷ་རྣམས་ཀྱི་ནི་མ་ཡིན་ནོ། །རྒྱུ་དེའི་ཕྱིར་བཅོམ་ལྡན་འདས་ཀྱི་མཛད་པ་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་མ་རྟོགས་ཏེ། སེམས་ཅན་ཕལ་པ་རྣམས་ལ་སྨོས་ཅི་དགོས་ཞེས་བྱ་བའོ། །དེ་རྒྱུ་གང་གི་ཕྱིར་ཞེ་ན། བཅོམ་ལྡན་འདས་ངོ་བོ་ལས་མ་སྐྱེས་པར་སྐུའི་སྣང་བ་ལ་སོགས་པ་བསྟན་པར་མཛད་དེ། དཔེར་ན་ནམ་མཁའ་ལ་འཇའ་ཚོན་དང་རྡུལ་ཕྲ་རབ་ལས་འདས་པར་གྱུར་པའི་ནམ་མཁའ་ཆུའི་ནང་དུ་སྣང་བ་བཞིན་དུ་ཞེས་པའོ། །དེ་བས་ན་བཅོམ་ལྡན་འདས་ཀྱི་སྐུ་གང་ཡིན་པ་དེ་ཕུང་པོ་ལ་སོགས་པ་སྤངས་པ་དང༌། རྣམ་པ་ཐམས་ཅད་དང་ལྡན་པའོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་རང་རང་གི་བསམ་པ་དང་མཐུན་པར་མཛད་པ་ནི་གསུང་ཞེས་བྱ་བའོ། །སེམས་ཅན་ཐམས་ཅད་ལ་བསགས་པའི་ངོ་བོས་གནས་པའི་སེམས་ནི་བཅོམ་ལྡན་འདས་ཀྱི་ཐུགས་སོ། །ཤེལ་བཞིན་དུ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་བཟུང་བ་ནི་བཅོམ་ལྡན་འདས་ཀྱི་ཡེ་ཤེས་སོ། །རྒྱུ་དེའི་ཕྱིར་སྒྲིབ་པ་མེད་པའི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་ཡིན་གྱི་རྣམ་པ་ཐམས་ཅད་དུ་ནམ་མཁའི་མེ་ཏོག་བཞིན་གང་ཡང་མིན་པ་ནི་མ་ཡིན་ནོ། །ད་ནི་ལྷ་རྣམས་ཀྱི་རྣམ་པར་དག་པ་བསྟན་པར་མཛད་དེ། སྦྱིན་སོགས་ཞེས་བྱ་བ་ལ་སོགས་པ་ལ། འདིར་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་གྱིས་རྣལ་འབྱོར་བས་གང་ལྷ་དང་ལྷ་མོ་རྣམས་ཀྱི་སྒོམ་པར་བྱེད་པ་དེ་དེ་རྣམས་ཀྱི་དགོངས་པ་ནི་ངེས་པའི་དོན་གྱིས་གཞན་ཡིན་ཏེ། འདིར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དང་སྣ་ཚོགས་ཡུམ་ནི་ཐབས་དང་ཤེས་རབ་ལ་སྙོམས་པར་ཞུགས་པ་དངོས་པོ་གང་ཞིག་ཡིན་གྱི་སྐྱེས་པ་དང་བུད་མེད་ཀྱི་སྦྱོར་བ་ནི་མ་ཡིན་ནོ། །དེ་བཞིན་དུ་དཀར་མོ་འབར་བ་ལ་སོགས་པ་ལྷ་མོ་རྣམས་གང་ཡིན་པ་དེ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་སམ། ཡང་ན་དུ་བ་ལ་སོགས་པའི་རྟགས་རྣམས་ཤེས་པར་བྱའོ། །དེ་བཞིན་


DTG013_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་སངས་རྒྱས་དང་ལྷ་མོ་རྣམས་ཀྱི་བར་ན་གནས་པའི་བུམ་པ་རྣམས་ནི་སྒྲིབ་པ་མེད་པའི་ཀླད་པ་ལ་སོགས་པའི་ཁམས་རྣམས་སོ། །བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཞབས་གཉིས་ཀྱི་གདན་དུ་གྱུར་པའི་འདོད་པའི་ལྷ་དང་དྲག་པོ་ནི་གཡས་པ་དང་གཡོན་པའི་དཀྱིལ་འཁོར་ལྔ་ལྔའི་རང་བཞིན་དུ་གྱུར་པའི་བདུད་དང་ཉོན་མོངས་པ་ཟད་པའོ། །དཔག་བསམ་གྱི་ཤིང་ལ་སོགས་པ་བཞི་ནི་སྒྲིབ་པ་མེད་པའི་ལུས་ལ་སོགས་པ་བཞིའོ། །བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་སོགས་པ་ཕྱག་རྒྱ་དྲུག་ནི་ལུས་ཀྱི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པ་དྲུག་རྣམ་པར་དག་པའོ། །དངོས་པོ་ཐམས་ཅད་སྐྱེད་པར་མཛད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཤེས་དང་ཤེས་བྱའི་བདག་ཉིད་གཅིག་པུའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དྲུག་གི་འཁོར་ལོ་ལ་སོགས་པའི་ཕྱག་མཚན་དྲུག་གི་རྣམ་པར་དག་པ་བསྟན་པར་མཛད་དེ། འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ་འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མཚན་མ་འཁོར་ལོ་གང་ཡིན་པ་དེ་སྒྲིབ་པ་མེད་པ་ཁམས་གསུམ་གྱི་རྟགས་ཡིན་གྱི་ལྕགས་ལ་སོགས་པའི་རྫས་ཀྱི་རང་བཞིན་དུ་གྱུར་པ་ནི་མ་ཡིན་ནོ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་གྱི་མཚན་མ་ནི་རིན་ཆེན་ཏེ་མཆོག་ཏུ་མི་འགྱུར་བའི་བདེ་བའོ། །སྣང་བ་མཐའ་ཡས་ཀྱི་མཚན་མ་པདྨ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཉིད་ལ་ཞེན་པའི་མ་འདོད་པའོ། །བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་མཚན་མ་རལ་གྲི་ནི་ཉོན་མོངས་པ་ཐམས་ཅད་གཅོད་པར་བྱེད་པའོ། །མི་བསྐྱོད་པའི་མཚན་མ་རྡོ་རྗེ་ནི་རྡོ་རྗེ་བཞིན་དུ་མི་ཕྱེད་པའི་རང་བཞིན་དུ་གྱུར་པའི་ཡེ་ཤེས་ཀྱི་སྐུའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རྟགས་གྲི་གུག་ནི་མི་ཤེས་པའི་བྱ་བ་མ་རིག་པ་གཅོད་པར་བྱེད་པའོ། །རིགས་དྲུག་པོ་དེ་རྣམས་ལས་ལྷ་དང་ལྷ་མོ་རྣམས་གང་སྐྱེས་པར་གྱུར་པ་དེ་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱ་སྟེ། དེ་ནི་འདི་ལྟར་རིག་བྱ་མཁའ་བཞིན་རོ་མཉམ་ཕུང་པོ་ཁམས་དང་དབང་པོ་སོགས་ཤེས་པར་བྱའོ། །འོ་ན་རྣམ་པར་སྣང་མཛད་ལ་སོགས་པ་ཇི་ལྟར་ཡིན་ཞེ་ན། གང་དུ་ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་གང་ལས་སྐྱེ་བ་དང་གཟུགས་མཉམ་


DTG013_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་གྱུར་པའི་དངོས་པོ་དེ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡིན་ཏེ། སྒྲིབ་པ་མེད་པའི་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་སྐྱེ་བ་དང་འཆི་བ་ལ་སོགས་པའི་འཁོར་བའི་སྡུག་བསྔལ་གང་དུ་མཉམ་པར་གྱུར་པ་དེ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཡིན་ཏེ། སྒྲིབ་པ་མེད་པའི་ཚོར་བའི་ཕུང་པོ་ཡིན་ལ་དུས་ཐམས་ཅད་དུ་མཆོག་ཏུ་མི་འགྱུར་བའི་བདེ་བ་མྱོང་བར་མཛད་ཅེས་བྱ་བའོ། །གང་དུ་བུམ་པ་དང་ཀ་བ་ལ་སོགས་པ་དང་ཡོད་པ་དང་མེད་པ་ལ་སོགས་པའི་མིང་རྣམས་ཉམས་པར་གྱུར་བའི་སྒྲིབ་པ་མེད་པའི་འདུ་ཤེས་ཀྱི་ཕུང་པོ་ནི་སྣང་བ་མཐའ་ཡས་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་བྲག་ཅ་བཞིན་དུ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟོན་པར་མཛད་པའོ། །དངོས་པོ་གང་ལ་ཡང་ནས་ཡང་དུ་འཁོར་བའི་འཕེལ་བ་ཉམས་པར་གྱུར་པའི་སྒྲིབ་པ་མེད་པའི་འདུ་བྱེད་ཀྱི་ཕུང་པོ་ནི་དོན་ཡོད་གྲུབ་པ་སྟེ། འཕེལ་བ་དང་འགྲིབ་པ་ལས་འདས་པའི་དུས་ཐམས་ཅད་ནམ་མཁའ་བཞིན་དུའོ། །གང་དུ་གཉིད་ལོག་པ་ལ་སོགས་པའི་གནས་སྐབས་རྣམས་ཉམས་པར་གྱུར་པའི་སྒྲིབ་པ་མེད་པའི་རྣམ་པར་ཤེས་པ་ནི་ཕུང་པོ་མི་བསྐྱོད་པ་ཡིན་ཏེ། དུས་ཐམས་ཅད་དུ་ཆོས་ཉིད་གཅིག་པ་ལ་བཞུགས་ཞེས་བྱ་བའོ། །དེ་བཞིན་དུ་འཕོ་བའི་རང་བཞིན་དུ་གྱུར་པའམ་མ་རིག་པ་གང་དུ་ཉམས་པར་གྱུར་པའི་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་ཕུང་པོ་ནི་ཆགས་པ་དང་བྲལ་བའི་གཉིས་སུ་མེད་པའི་ཡེ་ཤེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡིན་གྱི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ནི་མ་ཡིན་ནོ། །དེ་ལྟར་བརྗོད་པའི་རིམ་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་དྲུག་གི་སྒྲིབ་པ་མེད་པའི་དངོས་པོ་ཐམས་ཅད་སྐྱེད་པར་མཛད་པའི་ཕྱིར། རིགས་དྲུག་ཏུ་གྱུར་པའོ། །དེ་བཞིན་དུ་སྒྲིབ་པ་མེད་པའི་ས་ལ་སོགས་པའི་ཁམས་དྲུག་ནི་ལྷ་མོ་སྤྱན་མ་ལ་སོགས་པ་དྲུག་ཏུ་གྱུར་པའོ། །དེ་རྣམས་ཀྱང་ཇི་ལྟ་བུ་ཡིན་ཞེ་ན། གང་དུ་གཏི་མུག་མ་ལུས་ཉམས་པར་གྱུར་པ་དེ་ནི་སྤྱན་མ་ལ་སོགས་པ་ཉིད་དོ་ཞེས་བྱ་བ་ནི། བླང་བྱ་དང་དོར་བྱ་ལ་སོགས་པ་མི་ཤེས་པའི་བློ་གང་


DTG013_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་ཉམས་པར་གྱུར་པའི་སྒྲིབ་པ་མེད་པའི་སའི་ཁམས་ནི་ལྷ་མོ་སྤྱན་མ་སྟེ། གཏི་མུག་དང་བྲལ་བའི་སེམས་སོ། །གང་དུ་རིགས་ལ་སོགས་པའི་ང་རྒྱལ་ཉམས་པར་གྱུར་པ་ཆུའི་ཁམས་ནི་མཱ་མ་ཀཱི་སྟེ། འཇིག་རྟེན་ལས་འདས་པའི་ང་རྒྱལ་ཆེན་པོའོ། །དེ་བཞིན་དུ་འཁོར་བའི་བག་ཆགས་ཉམས་པའི་སྒྲིབ་པ་མེའི་ཁམས་ནི་གོས་དཀར་མོ་ཡིན་ཏེ། དུས་ཐམས་ཅད་དུ་མཆོག་ཏུ་མི་འགྱུར་བའི་བདེ་བ་ལ་ཞེན་པའོ། །གང་དུ་བུད་མེད་དང་བྱིས་པ་ལ་སོགས་པའི་ཕྲག་དོག་ཉམས་པར་གྱུར་པའི་སྒྲིབ་པ་མེད་པའི་རླུང་གི་ཁམས་ནི་ལྷ་མོ་སྒྲོལ་མ་ཡིན་ཏེ། དུས་ཐམས་ཅད་དུ་ཕྱག་རྒྱ་ཆེན་པོ་ལ་ཕྲག་དོག་བྱེད་པ་ཞེས་བྱ་བའོ། །དེ་བཞིན་དུ་ཕལ་བའི་ཞེ་སྡང་ཉམས་པར་གྱུར་པའི་སྒྲིབ་པ་མེད་པའི་ནམ་མཁའི་ཁམས་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ། ཉོན་མོངས་པ་རྣམས་ལ་ཞེ་སྡང་མཛད་ཅེས་བྱ་བའོ། །དེ་བཞིན་དུ་ནོར་དང་བུད་མེད་པ་ལ་སོགས་པའི་སེར་སྣ་གང་དུ་ཟད་པར་གྱུར་པའི་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་ཁམས་ནི་བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་ཡིན་ལ། དུས་ཐམས་ཅད་དུ་མཆོག་ཏུ་མི་འགྱུར་བའི་བདེ་བ་མི་དོར་བ་ཞེས་བྱ་བའོ། །དེ་བཞིན་དུ་མངོན་སུམ་མམ་ལྐོག་ཏུ་གྱུར་པའི་གཟུགས་ནི་ནམ་མཁའ་དང་ཡིད་ལས་གང་གིས་མཐོང་བའི་སྒྲིབ་པ་མེད་པའི་མིག་གི་དབང་པོ་ནི་བྱང་ཆུབ་སེམས་དཔའ་སའི་སྙིང་པོའོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལ་གནས་པའི་སེམས་ཅན་ཐམས་ཅད་ཀྱི་སྐད་གསལ་པོར་གང་གིས་ཐོས་པའི་སྒྲིབ་པ་མེད་པའི་རྣ་བ་ནི་ཕྱག་ན་རྡོ་རྗེའོ། །མངོན་སུམ་མམ་ལྐོག་ཏུ་གྱུར་པའི་དྲི་བཟང་པོ་གང་གིས་འཛིན་པའི་སྒྲིབ་པ་མེད་པའི་ས་ནི་ནམ་མཁའི་སྙིང་པོའོ། །མཆོག་ཏུ་མི་འགྱུར་བའི་རང་བཞིན་དུ་གྱུར་པའི་ཟླ་བའི་བདུད་རྩི་གང་གིས་མྱོང་བར་བྱེད་པའི་སྒྲིབ་པ་མེད་པའི་ལྕེ་ནི་འཇིག་རྟེན་དབང་ཕྱུག་གོ །སྙོམས་པར་ཞུགས་བའི་རེག་བྱ་སྒྲིབ་པ་མེད་པའི་ལུས་ཀྱི་དབང་པོ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བར་བྱེད་པའོ། །གང་ཞིག་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གྱུར་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ལ་འཇུག་པར་གྱུར་པའི་སྒྲིབ་པ་མེད་པའི་ཡིད་ཀྱི་དབང་པོ་ནི་བྱང་ཆུབ་སེམས་དཔའ་ཀུན་


DTG013_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུ་བཟང་པོ་ཞེས་བྱ་བའོ། །དེ་ལྟར་བརྗོད་པའི་རིམ་པས་སྒྲིབ་མེད་ཡུལ་དང་ཡུལ་ཅན་ནི། བྱང་ཆུབ་སེམས་དཔའ་དང་ལྷ་མོ་རྣམས་ཡིན་གྱི། རྟེན་ཅིང་འབྲེལ་པ་ལས་སྐྱེས་པ་དང་ཉི་ཚེ་བ་ནི་མ་ཡིན་ནོ། །དེ་ཉིད་བསྟན་པར་མཛད་དེ། བྱེ་བ་དྲུག་གི་ཐ་དད་ཡུལ་དང་ཡུལ་ཅན་འདི་རྣམས་སྲས་བཅས་བྱང་ཆུབ་སེམས་དཔའ་རྣམས། །གཟུགས་དང་གཟུགས་བརྙན་ལ་སོགས་འདི་ནི་རྒྱལ་བ་མཆོག་གི་ཡུལ་ཏེ། །ཀུན་ནས་དང་བ་མ་སྐྱེས་འགག་མེད་མཆོག་གི་བདེ་བྱེད་རྙོག་པ་མེད་པ་ཡེ་ཤེས་ཀྱིས་བགྲོད་པའོ། །ཞེས་བྱ་བ་ནི་འཁོར་བའི་བག་ཆགས་དང་བྲལ་བས་ན་དང་བ་ཞེས་བྱའོ། །སྒྲིབ་པ་མེད་པར་གྱུར་པས་ན་མ་སྐྱེས་པའོ། །ཕྱི་ནས་གོས་པར་མི་འགྱུར་བས་མ་འགགས་པའོ། །འཇིག་རྟེན་གྱི་ཐ་སྙད་ལས་འདས་པར་གྱུར་པས་ན་མཆོག་གི་བདེ་བ་བྱེད་པའོ། །མི་རྟོག་པའི་བདག་ཉིད་དུ་གྱུར་པས་ན་རྙོག་པ་མེད་པའོ། །གཉིས་སུ་མེད་པའི་རང་བཞིན་གྱིས་དག་པར་གྱུར་པས་ན་ཡེ་ཤེས་ཀྱི་ཞེས་པའོ། །དེ་ལྟ་བུའི་ཡུལ་རྣམས་ནི་གང་གིས་འཛིན་ཞེ་ན། ཁམས་གསུམ་གཞན་གྱིས་བཟུང་བར་མི་འགྱུར་འགྲོ་བ་ཀུན་གྱི་དབང་པོའི་སྒོ་ཡིས་སྤྱོད། །ཅེས་བྱ་བ་ནི། དབང་པོ་དེ་ལྟ་བུར་གྱུར་པ་རྣམས་ཀྱིས་ནི་ཡིན་གྱི་ཉེ་བས་ནི་མ་ཡིན་ནོ། །ད་ནི་ཡེ་ཤེས་སེམས་དཔའ་དགུག་པ་ལ་སོགས་པའི་དགའ་བ་བསྟན་པར་མཛད་དེ་ཡེ་ཤེས་སྤྱན་དྲངས་ཞེས་བྱ་བ་ལ་སོགས་པ་ལ། འདིར་དྲང་བའི་དོན་གྱི་ཡེ་ཤེས་སེམས་དཔའ་གང་ཡིན་པ་དེ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་དུ་གྱུར་པའི་བྱང་ཆུབ་ཀྱི་སེམས་ཡིན་ལ། ཁྲོ་བོའི་རྒྱལ་པོ་བགེགས་མཐར་བྱེད་ཀྱིས་སྤྱན་འདྲེན་པ་ནི། སྲོག་ལ་སོགས་པ་རླུང་གི་ཚོགས་ཀྱིས་དཔྲལ་བར་གང་བར་བྱེད་པའོ། །དེ་ནས་ཤེས་རབ་མཐར་བྱེད་ཀྱིས་གཞུག་པ་ནི། མེའི་ཁམས་ནི་ཞུ་བར་བྱས་ནས་མགྲིན་པ་ལ་སོགས་པའི་འཁོར་ལོ་རྣམས་ལ་འཇུག་པར་བྱེད་པའོ། །གཤིན་རྗེ་མཐར་བྱེད་ཀྱིས་བཅིང་བ་ནི་སའི་ཁམས་ཀྱི་གསང་བའི་པདྨ་ལས་འགྲོ་བར་མི་སྟེར་བའོ། །པདྨ་མཐར་བྱེད་ཀྱིས་དེ་ལ་མཉེས་པ་ནི་མི་འཕོ་


DTG013_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའི་ཁམས་ཀྱི་ཕུང་པོ་ལ་བདེ་བ་སྟེར་བར་བྱེད་ཅེས་བྱ་བའོ། །རིམ་པ་དེ་ལྟ་བས་ན་འོག་ཏུ་བྱང་ཆུབ་ཀྱི་སེམས་དེ་ཉིད་སྟེང་དུ་ལྡོག་པར་གྱུར་ན་རྣལ་འབྱོར་བའི་བདུད་ལ་སོགས་པ་རྣམས་ཉམས་པར་འགྱུར་ཞེས་བྱ་བའོ། །གཞན་ཡང་གསུང་གི་འཁོར་ལོ་ལ་གནས་པའི་ཙར་ཙི་ཀ་ལ་སོགས་པའི་ལྷ་མོ་རྣམས་སྤྲོས་པའི་དགོངས་པ་གང་ཡིན་ཞེ་ན། བརྗོད་པར་མཛད་དེ། ཡི་དགས་རྣམས་ཞེས་བྱ་བ་ནི། འདིར་གཞན་གྱིས་མི་ཐུབ་པ་ལ་སོགས་པའི་ཡི་དགས་རྣམས་སྨིན་པར་བྱ་བའི་ཕྱིར་ཙ་རྩི་ཀ་ལ་སོགས་པ་རྣམས་སྤྲོ་བའོ། །དེ་བཞིན་དུ་མི་རྣམས་བསྲུང་བའི་ཕྱིར་བརྒྱ་བྱིན་ལ་སོགས་པ་རྣམས་སོ། །ཀླུ་རྣམས་སྨིན་པར་བྱ་བའི་ཕྱིར་དེ་རྣམས་ཀྱི་བསམ་པ་དང་མཐུན་པར་རྒྱལ་བ་ལ་སོགས་ཀླུ་རྣམས་བཅོམ་ལྡན་རྡོ་རྗེ་ཅན་གྱིས་སྤྲོ་བར་མཛད་པའོ། །ལྷ་མ་ཡིན་རྣམས་སྨིན་པར་བྱ་བའི་ཕྱིར་དེ་རྣམས་ཀྱི་རིགས་སུ་གྱུར་པའི་ཁྱི་གདོང་མ་ལ་སོགས་པ་རྣམས་སྤྲོ་བར་མཛད་དོ། །དེ་བཞིན་དུ་མདོར་བསྡུས་པར་དཀྱིལ་འཁོར་ལ་གནས་པའི་འབྱུང་པོ་ལ་སོགས་པའི་དངོས་པོ་གང་ཡིན་པ་དེ་དང་རྣལ་འབྱོར་པ་དང་རྣལ་འབྱོར་མའི་རྒྱུད་རྣམས་དང་རིགས་སྣ་ཚོགས་པའི་རང་བཞིན་དུ་གྱུར་པའི་སྔགས་རྣམས་བཅོམ་ལྡན་འདས་ཀྱིས་གང་གསུངས་པ་དེ་ཐམས་ཅད་སེམས་ཅན་རྣམས་ལ་དོན་གྲུབ་པར་རིག་པར་བྱ་ཞེས་བྱ་བའོ། །གཞན་ཡང་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོ་འདི་ལས་དབང་པོ་འབྲིང་པོར་གྱུར་པ་དང་དབང་པོ་མཆོག་ཏུ་གྱུར་པའི་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་འཇིག་རྟེན་གྱི་དབང་དང་འཇིག་རྟེན་ལས་འདས་པའི་དབང་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་ཆུ་ལ་སོགས་པའི་དབང་བདུན་དང་ལས་ཀྱི་ཕྱག་རྒྱའི་དཀར་འཛིན་གྱི་རང་བཞིན་དུ་གྱུར་པའི་བུམ་པ་དང་བདུད་རྩི་མྱང་བ་དང་ཆོས་ཀྱི་འབྱུང་གནས་ལ་ལྟ་བའི་རང་བཞིན་དུ་གྱུར་པའི་གསང་བ་དང༌། དབང་པོ་གཉིས་སྙོམས་པར་ཞུགས་བའི་རང་བཞིན་དུ་གྱུར་པའི་ཤེས་རབ་ཡེ་ཤེས་དང༌། ཐིག་ལེ་བཞི་འཕོ་བའི་གནས་སྐབས་ཀྱི་རང་བཞིན་དུ་གྱུར་པའི་གང་ཡིན་པ་དེ་ཐམས་ཅད་འཇིག་རྟེན་པའི་དབང་དུ་ཤེས་པར་བྱའོ། །འོ་ན་འཇིག་རྟེན་ལས་འདས་པའི་དབང་གང་ཡིན་ཞེ་ན། བརྗོད་པར་མཛད་དེ། འཇིག་རྟེན་


DTG013_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་འདས་དབང་གང་རྒྱལ་བ་མཆོག་གི་བདག་པོའི་ཕྱག་རྒྱ་བཟང་ལ་རྗེས་ཆགས་པའོ། །ཞེས་བྱ་བ་ལ། རྒྱལ་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་བདག་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡིན་ལ་མཆོག་ཅེས་བྱ་བའོ། །དེའི་ཕྱག་རྒྱ་ནི་དམིགས་པ་དང་བཅས་པའི་སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་པའི་ཕྱག་རྒྱ་ཆེན་མོ་སྟེ། ལས་ཀྱི་ཕྱག་རྒྱ་ལས་ཁྱད་པར་དུ་གྱུར་པས་ན་བཟང་པོ་ཡིན་ལ། ཡང་ན་བླ་ན་མེད་པའི་བྱང་ཆུབ་སྟེར་བར་མཛད་པས་ན་བཟང་མོ་ཞེས་བྱ་བའོ། །དེ་ལ་རྗེས་སུ་ཆགས་པ་ཞེས་བྱ་བ་ནི་ཉིན་མཚན་དུ་སེམས་ཀྱི་དེ་ཉིད་ལ་དམིགས་པའོ། །སོ་སོར་སྡུད་པ་ལ་སོགས་པས་དེ་དང་ལྷན་ཅིག་ཏུ་སེམས་རོ་མཉམ་པ་ཉིད་གང་ཡིན་པ་དེ་འཇིག་རྟེན་ལས་འདས་པའི་དབང་ཞེས་བྱ་བའོ། །ཕྱག་རྒྱ་ཆེན་མོ་དེ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། སེམས་ཀྱི་སྣང་བ་ཙམ་ཞེས་བྱ་བ་ནི་འདིར་སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་པའི་ཕྱག་རྒྱ་ཆེན་མོའི་གཟུགས་ནི་རང་གི་སེམས་ཀྱི་སྣང་བ་ཙམ་ཡིན་གྱི་ཕྱི་རོལ་གྱི་དངོས་པོ་ནི་མ་ཡིན་ཏེ། རང་གི་སེམས་ལ་སྣང་བར་གྱུར་པའི་ཕྱིར་རོ། །འོ་ན་དེ་གང་ནས་བྱུང་ཞེ་ན། རང་གི་ཡིད་ལས་སྐྱེས་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་བྲིན་གྱིས་རང་གི་སེམས་ལས་སྐྱེས་པ་སྟེ། དཔེར་ན་རང་གི་གདོང་པ་མེ་ལོང་གི་གཟུགས་བརྙན་དུ་རང་ལ་སྣང་བར་གྱུར་པ་བཞིན་དུའོ། །དེ་ལྟ་བུའི་ཕྱག་རྒྱ་ཆེན་མོ་གང་ཡིན་པ་དེ་ལ་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་ཕྱིར་ཁྱད་པར་དུ་གྱུར་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྟེན་པར་བྱའོ། །རྣལ་འབྱོར་པ་ལས་མ་གཏོགས་པར་གཞན་གང་གིས་དེ་ལ་བརྟེན་ཞེ་ན། གང་ལ་རྒྱལ་བ་མ་ལུས་སྲས་དང་སངས་རྒྱས་ཀྱིས་བསྟེན་ཞེས་བྱ་བ་ནི། འདས་པའི་དུས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་ལ་བརྟེན་པར་མཛད་པ་ཞེས་བྱ་བའོ། །དེ་བསྟེན་པས་དོན་ཅི་འགྲུབ་ཅེ་ན། ཡེ་ཤེས་སྣང་བ་དེ་ནི་རབ་ཏུ་སངས་ན་བདུད་དཔུང་ཡུལ་བཅས་མ་ལུས་སྲེག་པར་བྱེད། །ཅེས་བྱ་བ་ནི། འདིར་སྦྱོར་བའི་ཡན་ལག་དྲུག་གིས་ཡེ་ཤེས་ཀྱི་འོད་ཟེར་དེ་བཞེངས་པར་གྱུར་ན་ཡུལ་དང་ཡུལ་ཅན་དང་བཅས་པའི་བདུད་ཀྱི་ཚོགས་


DTG013_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྲེག་པར་མཛད་དེ། དངོས་པོ་ཐམས་ཅད་སྒྲིབ་པ་མེད་པས་མཛད། །ཅེས་བྱ་བའི་དོན་ཏོ། །དེས་དོན་ཅི་འགྲུབ་ཅེ་ན། འདོད་ཆགས་ལ་སོགས་པ་རྣལ་འབྱོར་པ་རྣམས་ཀྱི་ལུས་ལ་མཉམ་པའི་བདེ་སྟེར་རྣལ་འབྱོར་ལས་ཞེས་བྱ་བ་ནི། ཡེ་ཤེས་ཀྱི་འོད་ཟེར་དེས་བདུད་ཀྱི་རང་བཞིན་དུ་གྱུར་པ་ཕུང་པོ་རྣམས་སྒྲིབ་པ་མེད་པར་མཛད་ནས་དཔྲལ་བ་ནས་བྱང་ཆུབ་སེམས་འཛག་པར་མཛད་དེ། བྱང་ཆུབ་ཀྱི་སེམས་དེ་མར་བྱུང་བའི་དུས་སུ་དགའ་བ་ལ་སོགས་པ་བཞི་སྟེར་བར་མཛད་དོ། །དེ་ནས་རྡོ་རྗེ་རྩེ་ནས་ཡར་ལྡོག་པའི་དུས་སུ་མཆོག་ཏུ་མི་འགྱུར་བའི་རྒྱུ་མཐུན་པ་ལ་སོགས་པའི་འབྲས་བུ་བཞི་ནི་ལོའི་སྦྱོར་བས་སྟེར་བར་མཛད་ཅེས་པའོ། །ད་ནི་ཤེས་རབ་ཡེ་ཤེས་ཞེས་བྱ་བ་ལ་སོགས་པས་དབང་བཞིའི་མཚན་ཉིད་དང༌། སེམས་འོད་གསལ་བ་ལ་འཇུག་པ་ནི་དྲི་མ་མེད་པའི་འགྲེལ་པ་ལས་གསལ་བར་བསྟན་པའི་ཕྱིར་འདིར་མ་བཀྲོལ་ཞེས་བྱ་བའོ། །ད་ནི་དབུགས་རྣམས་ཀྱི་རྣམ་པར་དག་པ་བསྟན་པར་མཛད་དེ། གང་ཞིག་གཙོ་བོ་ཞེས་བྱ་བ་ལ་སོགས་པ་ལས་འདིར་དབུས་མར་འབབ་པའི་དབུགས་རྣམས་གང་ཡིན་དེ་རྣམས་མཁའ་འགྲོ་མའི་རང་བཞིན་དུ་གྱུར་པར་ཤེས་པར་བྱའོ། །དེ་བཞིན་དུ་ས་ཆུ་མེ་རླུང་ལ་སོགས་པའི་དབུགས་རྣམས་ནི་བཀྲ་ཤིས་ལ་སོགས་པའི་མཁའ་འགྲོ་མ་རྣམས་ཞེས་བྱ་བའོ། །བཀྲ་ཤིས་ལ་སོགས་པ་དེ་རྣམས་ཀྱང་ཇི་ལྟ་བུ་ཡིན་ཞེ་ན། གཟུགས་ཞེས་བྱ་བ་ལ་སོགས་པ་ལ་འདིར་གཟུགས་ལ་སོགས་པའི་ཡུལ་ལྔ་དང་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གསུམ་དང་ལྷན་ཅིག་ཏུ་བརྒྱད་པོ་གང་ཡིན་པ་དེ་བཀྲ་ཤིས་ལ་སོགས་པའི་གཟའ་རྣམས་ཏེ། དེ་རྣམས་ཀྱི་གཙོ་བོ་ནི་སྒྲ་གཅན་ནོ། །དེ་རྣམས་ཀྱི་རྒྱུ་བ་ནི་ཡུལ་ལ་སོགས་པའི་དབྱེ་བས་དེ་བཞིན་དུ་ཤེས་པར་བྱ་བའོ། །དེ་ལྟ་བུའི་གཟའ་རྣམས་གང་ཡིན་པ་དེ་དཀྱིལ་འཁོར་འཁོར་ལོའི་ཚུལ་གྱིས་གནས་པ་ཞེས་བྱ་བའོ། །དབུགས་དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། དང་པོ་དབུགས་ཞེས་བྱ་བ་ལ་སོགས་པ་ལ། འདིར་མངལ་ནས་སྐྱེས་པའི་བྱིས་པའི་དབུགས་ནས་དང་པོའི་དབུགས་གང་ཡིན་པ་དེ་ཉིད་ཡུལ་དང་ཡོན་ཏན་གྱི་དབྱེ་བས་རྣམ་པ་བརྒྱད་དུ་འགྱུར་ཏེ། དབུགས་


DTG013_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་འཆི་བ་དང་སྐྱེད་པར་བྱེད་པའི་རྒྱུར་གྱུར་པའི་ཕྱིར་མཁའ་འགྲོ་མ་རྣམས་ཀྱིས་བསྐོར་བའོ། །དོན་དམ་པར་མཁའ་འགྲོ་མ་དེ་རྣམས་གང་ཡིན་ཞེ་ན། དུ་བ་ལ་སོགས་ཞེས་བྱ་བ་ནི་དུ་བ་ལ་སོགས་པའི་རྟགས་རྣམས་ཀྱིས་ཀུན་ནས་བསྐོར་བ་ཞེས་བྱ་བའོ། །ལམ་གསུམ་དུ་གྱུར་པའི་དབུགས་དེའི་དབང་གིས་མ་ཤེས་པའི་སེམས་ཅན་རྣམས་ཀྱིས་འགྲོ་བ་དྲུག་ལ་འཁོར་བར་བྱེད་ཅེས་བྱ་བའོ། །འོ་ན་གལ་ཏེ་དབུགས་དེའི་དབང་གིས་འཁོར་བར་འཁོར་བར་གྱུར་པ་དེ་ལྟ་ན་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གང་གིས་སྟེར་ཞེ་ན། དེ་དབུགས་ཞེས་བྱ་བ་ནི་དུ་བ་ལ་སོགས་པའི་རྟགས་བརྒྱད་ཀྱི་དབུས་སུ་ཐིག་ལེ་དང་གཟུགས་ཀྱི་རང་བཞིན་དུ་གྱུར་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་བཞུགས་ཏེ། དང་པོའི་དབུགས་ཡོན་ཏན་དང་བྲལ་བ་ཞེས་བྱ་བའོ། །དེ་བས་གང་གིས་འཁོར་བར་འཁོར་བར་བྱེད་པའི་དབུགས་དེ་རྣམས་འགགས་ནས་སྟོང་པ་ཉིད་ཀྱི་དབུས་མར་སྲོག་འཇུག་པར་བྱེད་པ་དེ་ནི་དུས་ཀྱི་འཁོར་ལོའི་རང་བཞིན་དུ་འགྱུར་ཏེ། གང་གིས་དབུགས་ནི་བཅད་ནས་རྒྱལ་བའི་སྐུར་འཇུག་དུས་ཀྱི་འཁོར་ལོ་དེ་ཉིད་དོ། །ཞེས་བྱ་བའོ། །དབུགས་དེ་ཇི་ལྟར་བཅད་ཅེ་ན། དབུགས་བཅད་ཅེས་བྱ་བ་ལ་སོགས་པ་ལ། འདིར་གཡས་དང་གཡོན་པ་དང་དབུས་མའི་རང་བཞིན་དུ་གྱུར་པ་ལམ་གསུམ་འགགས་པར་བྱས་ནས། དབུགས་ཆད་པར་འགྱུར་ཏེ། སྟེང་གི་ལམ་གསུམ་ལས་དབུགས་མི་འབབ་པར་གྱུར་ནས་འོག་ཏུ་དྲི་ཆེན་ལ་སོགས་པའི་ལམ་གསུམ་འགག་པར་གྱུར་པའོ། །དེ་བཞིན་དུ་དབང་མདོར་བསྟན་པ་ལས། ཟླ་བ་ཉི་མའི་རྩ་འགག་ན། དྲི་ཆེན་དྲི་ཆུའི་རྩ་འགག་སྟེ། སྟེང་དུ་སྒྲ་གཅན་རྩ་འགགས་ན། །འོག་ཏུ་ས་བོན་རྩ་འབབ་མའོ། །ཞེས་བྱ་བ་གསུངས་སོ། །འོ་ན་ལམ་དྲུག་པོ་དེ་འགགས་པས་དོན་ཅི་འགྲུབ་ཅེ་ན། ཐིག་ལེ་འགགས་ནས་ཀུན་ནས་གཙོ་བོ་མཆོག་གི་བདེ་བ་མཐའ་ཡས་བསྐལ་བར་འཕེལ། ཞེས་བྱ་བ་ནི། འདིར་སྲོག་གི་རླུང་འགགས་པར་གྱུར་ན་བྱང་ཆུབ་སེམས་ཀྱི་ཐིག་ལེ་རྣམས་འགག་པར་གྱུར་ཏེ། ཐིག་ལེ་རྣམས་འགགས་པར་གྱུར་ན་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པར་གྱུར་ན་སྐྱེ་བ་དང་རྒ་བ་དང་འཆི་བ་ཟད་པར་མཛད་པའི་ཕྱག་རྒྱ་ཆེན་མོའི་དངོས་གྲུབ་ཐོབ་པར་


DTG013_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྱུར་ཞེས་བྱ་བའོ། །རྒྱུ་དེའི་ཕྱིར་ཐ་མ་སྡུག་བསྔལ་གྱི་རང་བཞིན་དུ་གྱུར་པའི་འཁོར་ལོའི་བདེ་བ་དོར་ནས་བླ་མ་དམ་པའི་ཞལ་ནས་སྦྱོར་བའི་ཡན་ལག་དྲུག་བསྒོམ་པར་བྱ་སྟེ། གཞན་ཡང་དཀའ་ཐུབ་ཀྱི་སྤྱོད་པ་དོར་ནས་སྤྱོད་པ་སྒེག་པའི་གཟུགས་དང་མཆོག་ཏུ་འཇིག་རྟེན་བྱེད་རྣལ་འབྱོར་མ་རྣམས་དགྱེས་པའོ་ཞེས་བྱ་བའོ། །ད་ནི་གཟའ་རྣམས་ནུབ་པ་དང་འཇིག་རྟེན་གྱི་ཁམས་འཇིག་པར་བསྟན་པར་མཛད་དེ། གཙོ་བོ་ཞེས་བྱ་བ་ལ་སོགས་པ་ལ་འདིར་གཙོ་བོ་ཞེས་བྱ་བ་ནི་འོག་མིན་གྱི་ལྷ་རྣམས་ཡིན་ཏེ། དེའི་དབུགས་རྣམས་ཀྱིས་མིའི་འཇིག་རྟེན་དུ་ལོ་རྣམས་དེ་ཙམ་གྱིས་གཟའ་རྣམས་སྟོང་པར་འཇུག་སྟེ། དེ་རྣམས་སྟོང་པ་ལ་འཇུག་པའི་དབང་གིས་འཇིག་རྟེན་གྱི་ཁམས་འཇིག་པར་འགྱུར་ཏེ། ལོ་དེ་ཡང་མི་ལ་སོགས་པའི་རང་རང་གི་ཚད་ཀྱིས་ཤེས་པར་བྱའོ། །འོ་ན་སྦེན་པ་ལ་སོགས་པའི་གཟའ་རྣམས་དུས་ཀྱི་གྲངས་ཇི་ལྟ་བས་སྟོང་པར་འཇུག་ཅེ་ན། སྟོང་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཉིས་ཀྱིས་ནུབ་པའི་དུས་ཀྱི་ངེས་བ་བསྟན་ཏོ། །འོ་ན་གཟའ་དེ་རྣམས་ཅིའི་ཕྱིར་ནུབ་པར་འགྱུར་ཞེ་ན། རྩ་ཞེས་བྱ་བ་ལ་སོགས་པ་ལ་འདིར་ཕྱི་རོལ་དུ་འཇིག་རྟེན་གྱི་ཁམས་འཇིག་པ་ནི་ནང་དུ་ལུས་པོ་འཇིག་པ་ཡིན་ཏེ། གཉི་ག་ལ་འཇིག་པར་བྱེད་པའི་རྒྱུ་ནི་གཡས་པ་དང་གཡོན་པ་དང་ནམ་མཁའ་ལ་སོགས་པ་སྲོག་གི་རླུང་འབབ་པའི་དུས་སུ་ཨ་ཝ་དྷཱུ་ཏཱི་ལས་དབུགས་རྣམས་འབབ་པ་ནི་འཆི་བའི་རྒྱུ་ཞེས་བྱ་བའོ། །དེ་རྒྱུ་གང་གི་ཕྱིར་ཞེ་ན། འདིར་དབུས་མར་འབབ་པའི་སྲོག་རྣམས་ཀྱི་དབང་གིས་ཉིན་བཞིན་དུ་རྩ་གཉིས་གཉིས་འཆད་པར་འགྱུར་ཏེ། རིམ་པ་དེ་ལྟ་བུས་ལོ་བརྒྱའི་བར་དུ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་འཆད་པར་གྱུར་པའོ། །རྩ་ཐམས་ཅད་ཆད་པར་གྱུར་ན་སྲོག་གི་རླུང་རྟེན་དང་བྲལ་བའི་ཕྱིར་ལུས་པོ་འདི་དོར་བར་བྱེད་ཅེས་བྱ་བའོ། །རྒྱུ་དེའི་ཕྱིར་ཕྱི་རོལ་དུ་མཁའ་འགྲོ་མ་རྣམས་ཀྱིས་ཀུན་དུ་སྤྱོད་པ་ཇི་ལྟ་བ་དེ་བཞིན་དུ་རྣལ་འབྱོར་པས་ནང་དུ་རྩའི་ཀུན་དུ་སྤྱོད་པ་ཤེས་པར་བྱའོ། །དེ་བས་ན་གཙོ་བོ་ཉིད་ཀྱི་འཁོར་ལོ་དྲུག་གི་རྩ་རྣམས་ནི་བརྒྱ་ལྔ་བཅུ་རྩ་དྲུག་སྟེ། ཟླ་བའི་རྐང་པ་ཉིད་ཤུ་ལྔ་དང་བསྲེས་ནས་བརྒྱ་བརྒྱད་ཅུ་རྩ་གཅིག་པར་འགྱུར་རོ། །དེ་ཉིད་ཀྱི་རྡུལ་དང་ས་


DTG013_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བོན་གྱི་དབང་གིས་ཉིས་བལྡབ་ཏུ་བྱས་ནས་རྐང་པ་དང་ལག་པ་ལ་སོགས་པའི་ཚིགས་བཅུ་གཉིས་ཀྱི་རྩ་སུམ་བརྒྱ་དྲུག་ཅུའོ། །དེ་ལ་འཁོར་ལོ་དྲུག་གི་རྩ་རྣམས་ཀྱི་ཐ་མ་ནི་ཡུལ་དང་ཡུལ་ཅང་ཡི་དབྱེ་བའམ་དུ་བ་ལ་སོགས་པའི་དབྱེ་བས་རྣམ་པ་བཅུར་གྱུར་པའི་དེ་རྣམས་བཞི་དང་དྲུག་པོར་གྱུར་པའི་གཟའ་རྣམས་ཤེས་པར་བྱའོ། །གཟའ་རེ་རེའི་ཐོག་མ་དང་ཐ་མ་རིགས་ལྡན་མའི་ཚུལ་གྱིས་བཟའ་བར་བྱ་སྟེ། ནང་དུ་ཨ་དྷཱུ་ཏཱི་ཇི་ལྟ་བ་བཞིན་དུའོ། །དེ་ཉིད་བསྟན་པར་མཛད་དེ། གཟའ་ཡི་མཐའ་ཡང་ཟ་བྱེད་སྲིད་གསུམ་སྐྱེད་པར་བྱེད་པ་རྡོ་རྗེ་སྐུ་ཡི་མཁའ་འགྲོ་མ། །ཞེས་བྱ་བའོ། །དེ་བས་ནི་མི་རྟོག་པར་གྱུར་པ་དང༌། དེ་ནས་ཡུལ་དང་ཡོན་ཏན་གྱི་རང་བཞིན་དུ་གྱུར་པ་དང༌། ཕྱི་ནས་ཕུང་པོ་ལ་སོགས་པ་དང༌། སད་པ་ལ་སོགས་པའི་གནས་སྐབས་སུ་གྱུར་པ་དང༌། དེ་ནས་ལོ་བཅུ་དྲུག་གི་མཐར་བདེ་བའི་རང་བཞིན་དུ་གྱུར་པ་རིགས་པ་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་དུ་གྱུར་པ་ནི་རྣལ་འབྱོར་པས་བཙལ་བར་བྱ་སྟེ། གང་ནས་བཙལ་ཞེ་ན། རྡོ་རྗེའི་གོ་འཕང་ལ་གནས་ཞེས་བྱ་བ་ནི། བཞི་པ་སླར་ཡང་དེ་བཞིན་དེའི་ཚིག་ལས་ཤེས་པར་བྱའོ། །མདོར་བསྡུས་པར་སྐྱེ་བ་དང་འཆི་བ་ལ་སོགས་པ་གང་གིས་འགྲུབ་པར་བྱེད་པ་དེ་ཉིད་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པར་བྱ་ཞེས་བྱ་བ་ནི་ངེས་པའོ། །འདིར་སེམས་འགྲུབ་པར་གྱུར་ན་མངོན་པར་ཤེས་པ་དྲུག་ཇི་ལྟར་སྐྱེ་བར་བསྟན་པར་མཛད་དེ། གཙོ་བོ་ཞེས་བྱ་བ་ལ་སོགས་པ་ལ་འདིར་སེམས་ཅན་རྣམས་ཁུ་བ་དང་རྡུལ་གྱི་དབྱེ་བས་ཐབས་དང་ཤེས་རབ་ཀྱི་དབྱེ་བས་ཏེ། དེ་དག་ཀྱང་སྐུ་གསུང་ཐུགས་ཀྱི་དབྱེ་བས་རྣམ་པ་དྲུག་ཏུ་གྱུར་པའོ། །དེ་ཡང་སྟེང་འོག་གི་རྩ་གསུམ་གྱི་དབྱེ་བས་ཤེས་པར་བྱའོ། །དེ་བཞིན་དུ་དབང་མདོར་བསྟན་པ་ལས་ཀྱང༌། ཐབས་ཀྱི་སྐུ་ནི་ཟླ་བ་སྟེ། ཤེས་རབ་གསུང་ནི་ཉིན་བྱེད་དོ། །ཤེས་རབ་སྐུ་ནི་དྲི་ཆེན་རྩ། །དྲི་ཆུ་འབབ་པ་གཙོ་བོའི་གསུམ། །སྟེང་དང་འོག་གི་རྩ་གཉིས་ནི། །ས་བོན་འབབ་དང་མུན་ཅན་མ། །ཐབས་ཀྱི་ཐུགས་ནི་མུན་པ་ཅན། །ས་བོན་འབབ་མ་ཤེས་རབ་ཀྱི། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །སྟེང་འོག་རིགས་དྲུག་འདི་ཡིན་ཏེ། །ཐབས་དང་ཤེས་རབ་ལུས་དངོས་ཀྱིས། །ལུས་ཅན་ཀུན་ལ་ཡང་དག་གནས། །ཞེས་གསུངས་སོ། །རྒྱུ་དེའི་


DTG013_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱིར་རྩ་གཡོན་པ་ལས་འགགས་པར་གྱུར་ན་རྣལ་འབྱོར་པ་རྣམས་ལ་ལྷའི་མིག་སྐྱེ་བའོ། །དྲི་ཆུའི་རྩ་འགགས་པར་གྱུར་ན་ལྷའི་རྣ་བའོ། །ཨ་བ་དྷཱུ་ཏཱི་འགགས་པར་གྱུར་ན་གཞན་གྱི་སེམས་ཤེས་པའོ། །དྲི་ཆེན་གྱི་རྩ་འགགས་པར་གྱུར་ན་སྔོན་གྱི་སྐྱེ་བ་རྗེས་སུ་དྲན་པའོ། །རྩ་གཡས་པ་འགགས་པར་གྱུར་ན་དུས་ཀུན་དུ་རྣམ་པ་ཐམས་ཅད་ཀྱི་རྫུ་འཕྲུལ་ལོ། །དུང་ཅན་མ་འགགས་པར་གྱུར་ན་གཞོམ་དུ་མེད་པ་དང་ཟག་པ་མེད་པའི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པར་འགྱུར་ཞེས་བྱ་བའོ། །ལྷའི་མིག་ལ་སོགས་པ་ཇི་ལྟ་བུ་ཡིན་ཞེ་ན། སྲིད་པ་རྣམ་གསུམ་མིག་གིས་མ་མཐོང་ཡང་ནི་ལྷ་མིག་སྟོབས་ཀྱིས་མཐོང་བར་འགྱུར། །ལྷ་ཡི་རྣ་བའི་མཐུ་ཡིས་སྲོག་ཆགས་རྣམས་ཀྱི་སྙིང་དང་ཁམས་བརྗོད་སྒྲ་ཐོས་འགྱུར། །དེ་ལྟར་རེག་སོགས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་སྦྱོར་བས་འགྱུར་རོ་མི་དབང་ཀྱེ། །ཞེས་བྱ་བ་ནི་སྒྲིབ་པ་མེད་པའི་སྐུ་གསུང་ཐུགས་ཀྱི་སྦྱོར་བས་དེ་ལྟར་འགྱུར་ཞེས་བྱ་བའོ། །ད་ནི་སྲོག་དང་ཐུར་སེལ་གྱི་རྒྱུ་བ་བསྟན་པར་མཛད་དེ། རྩ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། །འདིར་ཐུར་སེལ་གྱི་རླུང་གི་ལམ་གསུམ་ནི་དྲི་ཆེན་དང་དྲི་ཆུ་དང་ས་བོན་འབབ་པའི་རྩ་སྟེ། དེ་བཞིན་དུ་སྟེང་གི་རྩ་གསུམ་གང་ཡིན་པ་དེ་སྲོག་གི་རླུང་གི་ལམ་ཡིན་ཏེ། དེ་རྣམས་ལས་ལུས་ལ་སོགས་པའི་དབྱེ་བས་རྣམ་པ་དགུར་གྱུར་པའི་སྲོག་རྩོལ་བར་གྱུར་ཏེ། ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པའི་བཅུ་པའོ། །དེ་རྣམས་ཇི་ལྟར་འགྱུར་ཞེ་ན། རྣ་བ་ཞེས་བྱ་བ་ནི་འདིར་རྣ་བ་དང་སྣ་དག་དང་མིག་དག་དང་ལྕེ་དང་ལྕེའུ་དང་ལྕེའུ་ཆུང་དང་གཙུག་ཏོར་གྱི་བུག་པ་དང༌། ཡེ་ཤེས་སླ་རྒྱས་གདབ་པར་གྱུར་པ་བཅུ་སྟེ། སྒོ་དེ་རྣམས་ལ་སྲོག་གི་རླུང་གིས་རྒྱུ་བར་བྱེད་ཅེས་བྱ་བའོ། །ལམ་དེ་རྣམས་གལ་ཏེ་རྣལ་འབྱོར་གྱི་སྟོབས་ཀྱིས་རྣལ་འབྱོར་པས་འགགས་པར་ནུས་པ་དེ་ལྟ་ན་ནི། བརྗོད་དུ་མེད་པའི་དོན་འགྲུབ་པར་བསྟན་པར་མཛད་དེ། སྲོག་དང་ཐུར་སེལ་ཞེས་བྱ་བ་ལ་སོགས་པ་ལ་འདིར་སྟེང་འོག་ཏུ་སྲོག་དང་ཐུར་སེལ་གྱི་རླུང་མི་འབབ་པར་གྱུར་ན་ལྟེ་བ་ནས་གཏུམ་མོ་འབར་བར་གྱུར་ཏེ། དེའི་འོད་ཟེར་རྣམས་ཀྱིས་སྲ་བའི་ངོ་བོས་གནས་པའི་བྱང་ཆུབ་ཀྱི་སེམས་ཞུ་བར་བྱེད་དེ། བྱང་ཆུབ་ཀྱི་སེམས་ཞུ་བར་གྱུར་པའི་དུས་སུ་ཡེ་ཤེས་དང་རྣམ་པར་ཤེས་པ་རོ་མཉམ་པ་ཉིད་དུ་འགྱུར་ཏེ། གཉི་ག་རོ་མཉམ་པ་ཉིད་ཀྱི་རང་བཞིན་དུ་གྱུར་ན་རྒྱུ་བ་དང་མི་རྒྱུ་བའི་


DTG013_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཇིག་རྟེན་གྱི་ཁམས་གསུམ་པོ་ནི་སྒྲིབ་པ་མེད་པ་ཉིད་ཀྱིས་དེ་བཞིན་དུ་འགྱུར་ཏེ། དེ་ལྟར་དེ་བཞིན་དུ་ནི་རྣམ་པ་གསུམ་ཡང་འགྱུར་ཏེ་གཞན་ནི་ཅུང་ཟད་མེད། །ཅེས་བྱ་བ་ནི། ལུས་ལ་སོགས་པའི་དངོས་པོ་ཐམས་ཅད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་དུ་འགྱུར་ཞེས་བྱ་བའོ། །ད་ནི་ནང་གི་ཐུན་མཚམས་བསྟན་པར་མཛད་དེ། ཟོས་པ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཕྱི་རོལ་གྱི་གནམ་སྟོང་གི་དུས་སུ་ཟླ་བ་དང་ཉི་མ་ནི་སྒྲ་གཅན་གྱིས་བཀབ་པར་གྱུར་ན་ཉིན་མོ་ཡང་མི་སྣང་མཚན་མོ་ཡང་མི་སྣང་སྟེ། ཐུན་མཚམས་དེ་ནི་ངེས་པའི་དོན་གྱི་ལུས་པོ་ལ་དངོས་གྲུབ་ཀྱི་གནས་སྐབས་ཡིན་ཏེ། དེ་ཡང་ནང་དུ་ཇི་ལྟར་ཤེས་པར་འགྱུར་ཞེ་ན། ཕྱོགས་ཟད་ཅེས་བྱ་བ་ནི། འདིར་ཕྱི་རོལ་དུ་གནམ་སྟོང་དུས་སུ་ཟླ་བའི་ཆ་རྣམས་ཟད་པར་གྱུར་ན་ཆ་གཅིག་གི་ངོ་བོས་ཉི་མའི་དཀྱིལ་འཁོར་ལ་ཞུགས་པར་འགྱུར་ཏེ། ཉི་མའི་དུས་ཀྱི་དབང་གིས་སྒྲ་གཅན་གྱི་དཀྱིལ་འཁོར་ལ་འཇུག་པར་གྱུར་པ་ཇི་ལྟ་བ་དེ་བཞིན་དུ་སྲོག་དང་ཐུར་སེལ་འགགས་པར་གྱུར་ན་ལུས་དང་ངག་དང་སེམས་འགག་པར་འགྱུར་ཏེ། མི་རྟག་པ་ཉིད་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །ལུས་ལ་སོགས་པ་རྣམ་པར་མི་རྟོག་པར་གྱུར་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་གྱུར་པར་ཤེས་པར་བྱའོ། །དོན་དེ་ཉིད་གསལ་བར་བསྟན་པར་མཛད་དེ། ཉི་ཟླའི་གཟུགས་ཉམས་ལམ་གཉིས་རྟག་ཏུ་སྲོག་རླུང་འགགས་གྱུར་ན། །པདྨ་རྡོ་རྗེ་རབ་སད་ཟླ་བ་ཞུ་པ་ཆེན་པོའི་གཟུགས་ལ་རབ་ཏུ་ཞུགས། །དངོས་དང་དངོས་མེད་གཅིག་གྱུར་གཞོམ་མེད་ཡང་དག་སད་གྱུར་ན། །དེ་དུས་གང་ལ་གཉིས་མེད་རྣལ་འབྱོར་པ་དེ་མཆོག་གི་གོ་འཕང་འགྲོ། །ཞེས་བྱ་བ་ནི། འདིར་ལམ་གཡས་དང་གཡོན་པ་འགགས་པར་གྱུར་ན་སྲོག་གི་རླུང་འགགས་པར་གྱུར་པའོ། །དཀྱིལ་འཁོར་དྲུག་ཅུ་ལ་སྲོག་གི་རླུང་འགགས་པར་གྱུར་པར་ཤེས་ནས་ལས་ཀྱི་ཕྱག་རྒྱ་སྙོམས་པར་ཞུགས་པར་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་བསྒྲུབ་པར་བྱའོ། །སྙོམས་པར་ཞུགས་པ་དེས་ཆགས་པའི་དངོས་པོ་དང་ཆགས་པ་དང་བྲལ་བའི་དངོས་པོ་མེད་པ་རོ་མཉམ་པ་ཉིད་དུ་གྱུར་ན་གང་གིས་ཀྱང་རང་བཞིན་དུ་འགྱུར་བར་མི་ནུས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པའི་སེམས་བཞེངས་པར་གྱུར་ཏེ།


DTG013_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཉིས་སུ་མེད་པའི་སེམས་བཞེངས་པར་གྱུར་ན་སངས་རྒྱས་ཐམས་ཅད་ཀྱི་གོ་འཕང་སྐུ་འཁྲུངས་པའི་གནས་རྣལ་འབྱོར་པས་ཐོབ་པར་འགྱུར་ཞེས་བྱ་བའོ། །དངོས་གྲུབ་ཐོབ་པའི་དུས་སུ་རྟགས་ཇི་ལྟ་བུར་འགྱུར་ཞེ་ན། བསྟན་པར་མཛད་དེ། ཁྲོ་བོ་སངས་རྒྱས་ལྷ་མོ་དང་བཅས་རོ་ཡི་རྡོ་རྗེ་མ་དང་ས་སྙིང་སོགས། །རབ་དགའི་སྙིང་སྟེ་མཁའ་ལ་མངོན་སུམ་འགྱུར་ཞིང་རྣལ་འབྱོར་པ་ལ་བསྒྲུབ་པའི་དུས། །ཞེས་བྱ་བའོ། །དུས་ཇི་ལྟ་བུར་དེ་ལྟར་དངོས་གྲུབ་འགྲུབ་པར་འགྱུར་རམ་ཞེ་ན། མཁྱེན་ནས་དུས་ཁྱད་པར་དུ་བསྟན་པར་མཛད་དེ། ཟླ་བའི་ཉིན་མོ་ཐོ་རངས་མཚན་མོ་ཕྱེད་ལ་འདོད་པའི་དངོས་གྲུབ་འགྱུར། །ཞེས་བྱ་བ་ལ་ཟླ་བའི་ཉིན་མཚན་ཞེས་བྱ་བ་ནི་ཉ་ཡིན་ལ། ཉའི་ཐོ་རངས་ཀྱི་དུས་རྣལ་འབྱོར་པ་དེ་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར་བའོ། །གཞན་ཡང་རྟགས་ཇི་ལྟ་བུར་འགྱུར་ཞེ་ན། རིན་ཆེན་མེ་ཏོག་ཆར་མཆོག་དུས་ཀྱི་དབང་གིས་ས་ཡི་སྟེང་དུ་འབབ་པར་འགྱུར། །ཞེས་བྱ་བའོ། །འོ་ན་ནང་གི་རྟགས་ཇི་ལྟར་འགྱུར་ཞེ་ན། བསྟན་པར་མཛད་དེ། དང་པོའི་གཟུགས་ནི་རྡུལ་ཕྲན་ཉམས་ཤིང་ནམ་མཁའ་དང་མཉམ་མཚན་སོགས་ཀྱིས་རྫོགས་འགྱུར། །ཞེས་བྱ་བ་ནི། འདིར་རྣལ་འབྱོར་པས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པར་གྱུར་ནས་ས་ལ་སོགས་པའི་རྡུལ་ཕྲ་རབ་ལས་འདས་པར་གྱུར་པ་དང༌། འོད་གསལ་བ་དང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པ་རྫོགས་པར་འགྱུར་བའི་སྐུ་ཐོབ་པར་འགྱུར་གྱི། ལུས་བོ་རྣམ་པ་ཐམས་ཅད་དུ་མེད་པར་གྱུར་པ་ནི་མ་ཡིན་ནོ། །གཞན་ཡང་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་གང་ཡིན་པ་དེ་རྣམས་ཀྱང་སྒྲིབ་པ་མེད་པར་སྒྱུ་མ་དང་རྨི་ལམ་བཞིན་དུ་མཐོང་བར་གྱུར་པའོ། །གཞན་ཡང་དག་གི་དངོས་གྲུབ་ཇི་ལྟ་བུར་འགྱུར་ཞེ་ན། ངག་གིས་ཀུན་ནས་མི་འཆད་འགྱུར་དང་དུ་མའི་ངག་རྣམས་ཀྱིས་ནི་གཞན་གྱི་སྙིང་ལ་ཞུགས་པའོ། །དེ་བཞིན་དུ་སེམས་ཀྱི་དངོས་གྲུབ་ནི། སེམས་ནི་དམ་པའི་བདེ་བས་གང་འགྱུར་གཡོ་མེད་ལྷན་ཅིག་སྐྱེས་པས་དུས་ཀུན་འཁྱུད་པའོ། །ཞེས་བྱ་བ་ནི་འདིར་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་གྱུར་ན་མདོར་བསྡུས་པར་དངོས་པོ་ཐམས་ཅད་སྔ་མ་མིན་པ་བཞིན་དང་སྒྲིབ་པ་མེད་པར་གྱུར་པའོ། །ད་ནི་འཇིག་རྟེན་གྱི་ཁམས་


DTG013_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཇིག་པ་ལ་སོགས་པ་ནི། དྲི་མ་མེད་པའི་འགྲེལ་པ་ལས་གསལ་པོར་བསྟན་པའི་ཕྱིར་གོ་སླའོ། །ད་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་སྔོན་དུ་རྒྱུར་གྱུར་པ་བསྟན་པར་མཛད་དེ། དང་པོ་ཞེས་བྱ་བ་ལ་སོགས་པ་ལ། འདིར་རྣལ་འབྱོར་པས་སྔགས་ཀྱི་དངོས་གྲུབ་བསྒྲུབ་པའི་ཕྱིར། ཨོཾ་ཨཱཿཧཱུཾ་དང་ལྡན་པར་ཡན་ལག་དྲུག་གི་སྔགས་ནི་སྔོན་དུ་བརྗོད་པའི་རིམ་པས་བསྒྲུབ་པར་བྱའོ། །དེ་ནས་ཚེ་བསྒྲུབ་པ་དང་རྣམ་པ་བརྒྱད་དུ་གྱུར་པའི་འཇིག་རྟེན་གྱི་དངོས་གྲུབ་བསྒྲུབ་པའི་ཕྱིར་གནོད་སྦྱིན་མོ་ལ་སོགས་པ་རྣམས་བསྒྲུབ་པར་བྱ་ཞེས་བྱ་བའོ། །དེ་ནས་ཕུང་པོ་ལྔ་པ་སྒྲིབ་པ་མེད་པའི་ཕྱག་རྒྱ་ཆེན་མོའི་དངོས་གྲུབ་བསྒྲུབ་པའི་ཕྱིར། སོ་སོར་སྡུད་པ་དང་བསམ་གཏན་གྱི་དབུས་མ་ཨ་བ་དྷཱུ་ཏཱི་བསྒྲུབ་པར་བྱའོ། །དེ་ནས་སྲོག་ལ་སོགས་པའི་རླུང་བཅུ་པོ་རྩོལ་བ་དང༌། འཛིན་པའི་ཡན་ལག་གཉིས་བསྒྲུབ་པར་བྱའོ། །དེ་ནས་རྗེས་སུ་དྲན་པ་དང་ཏིང་ངེ་འཛིན་གྱི་ཐིག་ལེ་བཞི་མི་འཕོ་བར་བསྒྲུབ་པར་བྱས་ནས་མཆོག་ཏུ་མི་འགྱུར་བའི་བདེ་བས་སྐུ་བཞིའི་བདག་ཉིད་དུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བསྒྲུབ་པར་བྱ་ཞེས་བྱ་བའོ། །ད་ནི་ཕལ་བའི་སེམས་ཅན་དང་རྣལ་འབྱོར་མ་རྣམས་ཀྱི་བྱེ་བྲག་བསྟན་པར་མཛད་དེ། སེམས་ཅན་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཕྱི་རོལ་གྱི་དངོས་པོ་གང་རྣམས་ཀྱིས་སེམས་ཅན་རྣམས་ཤི་བར་གྱུར་པའི་དེ་ཉིད་ནི་རྣལ་འབྱོར་པ་རྣམས་ལ་སྔགས་དང་བསམ་གཏན་གྱི་སྟོབས་ཀྱིས་བདུད་རྩིར་འགྱུར་ཏེ། མི་འཆི་བ་ཉིད་དུ་བྱེད་ཅེས་བྱ་བའོ། །གཞན་ཡང་ལུས་ལ་སོགས་པའི་སྡུག་བསྔལ་གྱིས་ཕལ་པ་རྣམས་ཀྱི་དངོས་གྲུབ་གང་མི་ཐོབ་པ་དེ་ཉིད་རང་བཞིན་མེད་པའི་བསམ་གཏན་གྱི་སྟོབས་ཀྱིས་རྣལ་འབྱོར་པ་རྣམས་ཀྱིས་ཐོབ་པར་གྱུར་པའོ། །དེ་བཞིན་དུ་གྲངས་མེད་པའི་བསྐལ་པ་རྣམས་ཀྱིས་སེམས་ཅན་རྣམས་ལ་ཐོབ་པར་དཀའ་བར་གྱུར་པའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གང་ཡིན་པ་དེ་རྣལ་འབྱོར་པ་རྣམས་ཀྱིས་རྡོ་རྗེ་དང་པདྨའི་སྦྱོར་བས་སླ་བར་གྱུར་བའོ། །རྒྱུ་དེའི་ཕྱིར་གང་སེམས་ཅན་རྣམས་ཀྱི་འཁོར་བའི་རྒྱུར་གྱུར་པ་དང༌། སྡུག་བསྔལ་གྱི་རང་བཞིན་དུ་གྱུར་པའི་དེ་རྣམས་རྣལ་འབྱོར་པ་རྣམས་ལ་མྱ་ངན་ལས་འདས་པའི་རྒྱུ་དང་མཆོག་ཏུ་མི་འགྱུར་བའི་བདེ་བའི་


DTG013_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་བཞིན་དུ་གྱུར་པའོ། །དོན་དེ་ཉིད་དོན་དམ་པའི་བསྙེན་པ་ལས་འདོད་ཆགས་གང་ཞིག་གིས་ནི་སེམས་ཅན་ལྷུང་འགྱུར་བ། །སྲིད་པའི་ཕ་རོལ་དེ་ཉིད་ཀྱིས་ནི་རྣལ་འབྱོར་དུག །གང་ཞིག་གིས་ནི་སེམས་ཅན་ཤི་བར་གྱུར་པ་ཡི། །དུག་ཤེས་པ་ཡིས་དེ་ཉིད་ཀྱིས་ནི་ནད་འཕྲོག་བྱེད། །ཅེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོས་གསུངས་པའོ། །དེ་བས་ན་སྡུག་བསྔལ་ཕྲོགས་ནས་ཁྱད་པར་དུ་གྱུར་པའི་དངོས་གྲུབ་ནི་སེམས་ཅན་རྣམས་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྣང་བར་གྱུར་ཅིག་ཅེས་བྱ་བ་ནི་བཅོམ་ལྡན་འདས་འཇམ་དཔལ་གྱིས་གསུངས་སོ། །དེ་བཞིན་དུ་སྒྲ་གཅན་ལ་སོགས་པས་ལུས་ཀྱི་དབྱེ་བ་ལ་སོགས་པ་བསྟན་པར་མཛད་ནས། བརྡའི་ཚིག་གིས་གཅིག་ལ་སོགས་པའི་གྲངས་ཀྱི་མིང་བསྟན་པར་མཛད་དེ། གཅིག་ཅེས་བྱ་བ་ལ་སོགས་པ་ལ་འདིར་ཟླ་བས་གཅིག་བརྗོད་པར་ཤེས་པར་བྱའོ། །དེ་བཞིན་དུ་ཟུང་དང་ལག་པ་དང་འཁྲིག་པ་དང་མིག་དང་ཕྱོགས་དང་བྱང་ལ་སོགས་པའི་བགྲོད་པ་གཉིས་སོ། །འདོད་པ་ན་སྤྱོད་པ་ལ་སོགས་པའི་འཇིག་རྟེན་དང་དབྱར་ཀ་ལ་སོགས་པའི་དུས་དང༌། སྙིང་སྟོབས་ལ་སོགས་པའི་ཡོན་ཏན་དང༌། ལྷོ་ལ་སོགས་པའི་མེ་ནི་གསུམ་མོ། །ཤར་ལ་སོགས་པའི་རྒྱ་མཚོ་དང་རྫོགས་ལྡན་ལ་སོགས་པའི་དུས་དང༌། མཆོད་སྦྱིན་ལ་སོགས་པའི་རིག་བྱེད་ནི་བཞིའོ། །གཟུགས་ལ་སོགས་པའི་མདའ་དང༌། ས་ལ་སོགས་པའི་འབྱུང་བ་དང༌། མིག་ལ་སོགས་པའི་དབང་པོ་ནི་ལྔའོ། །དཔྱིད་ཀ་ལ་སོགས་པའི་དུས་དང༌། རོ་ཚ་བ་ལ་སོགས་པ་དྲུག་གོ །ཉི་མ་ལ་སོགས་པའི་གཟའ་དང༌། འོད་སྔོན་པོ་ལ་སོགས་པའི་རི་དང༌། རྣམ་པར་གཟིགས་པ་ལ་སོགས་པའི་གྲུབ་པ་ནི་བདུན་ནོ། །འཇོག་པོ་ལ་སོགས་པའི་ཀླུ་དང༌། ལྕགས་ལ་སོགས་པའི་ནོར་དང༌། ཤར་ལ་སོགས་པའི་ལྷ་ནི་བརྒྱད་དོ། །ཨ་བ་དྷཱུ་ཏཱི་ལ་སོགས་པའི་རྩ་དང༌། མིག་ལ་སོགས་པའི་བུག་པ་དང༌། ཉི་མ་ལ་སོགས་པའི་གཟའ་དང། རྫས་ཀྱི་གཏེར་ལ་སོགས་པ་ནི་དགུའོ། །ཤར་ལ་སོགས་པའི་ཕྱོགས་ནི་བཅུའོ། །དྲག་པོ་ལ་སོགས་པ་ནི་བཅུ་གཅིག་གོ །ཆུ་སྲིན་ལ་སོགས་པ་གནས་པའི་ཉི་མ་ནི་བཅུ་གཉིས་སོ། །འདོད་པའི་ལྷ་ལ་སོགས་པ་ནི་བཅུ་གསུམ་མོ། །དྲང་སྲོང་ཤེས་བུ་ལ་སོགས་པ་དང༌། ས་ལ་སོགས་པའི་སྲིད་པ་ནི་བཅུ་བཞིའོ། །ཚེས་


DTG013_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཅིག་ལ་སོགས་པ་ནི་བཅོ་ལྔའོ། །རྒྱལ་པོ་ཤིང་རྟ་ལ་སོགས་པ་ནི་བཅུ་དྲུག་གོ །མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་སྐྱོན་ནི་བཅོ་བརྒྱད་དོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་རྒྱལ་བ་ཉི་ཤུ་རྩ་བཞིའོ། །ས་ལ་སོགས་པའི་དེ་ཁོ་ན་ཉིད་ནི་ཉི་ཤུ་རྩ་ལྔའོ། །སྟེང་འོག་གི་སོ་ནི་སུམ་ཅུ་རྩ་གཉིས་སོ།། །།ད་ནི་རྒྱུད་ཀྱི་ཡོན་ཏན་བརྗོད་པར་མཛད་དེ། ཀུན་ཞེས་བྱ་བ་ལ་སོགས་པས་སོ། །དེ་བཞིན་དུ་གང་ལ་མཐའ་མ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་སྒྲིབ་པ་མེད་པའི་ཕུང་པོ་ལ་སོགས་པའི་རྣམ་པ་ལྔའི་བསྟོད་པས་གསུངས་ཞེས་བྱ་བའོ། །ད་ནི་ལས་དང་པོ་པ་རྣམས་ཀྱི་སྐྱོན་དང་ཡོན་ཏན་བརྗོད་པར་མཛད་དེ། སེང་གེ་ཞེས་བྱ་བ་ལ་སོགས་པ་ལ། འདིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྤྲུལ་པའི་སྐུའི་རང་བཞིན་དུ་གྱུར་བའི་དཔལ་ལྡན་བླ་མ་གང་གིས་སུན་དབྱུང་བར་བྱེད་པ་དེ་དམ་ཚིག་ཉམས་པའི་ཕྱིར་དམྱལ་བར་འཇུག་པར་འགྱུར་བའོ། །དེ་ནས་གལ་ཏེ་ཐུགས་འཛིན་པར་བྱེད་པ་དེ་ལྟ་ན་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་འཛིན་པར་གྱུར་པའོ། །དེ་ལྟར་ཤེས་ནས་རང་གི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཕྱིར། དུས་ཀུན་དུ་དངོས་པོ་ཐམས་ཅད་ཀྱིས་བླ་མ་ལ་གུས་པར་བྱའི་བརྒལ་བར་མི་བྱའོ། །དེ་ནས་ཤེས་ནས་སྔ་དྲོ་དང་ཉི་མ་ཕྱེད་དང་ཉི་མ་རྒས་པའི་དུས་སུ་མཎྜལ་ལ་སོགས་པ་སྔོན་དུ་འགྲོ་བ་གང་གིས་བླ་མའི་ཞབས་ལ་ཕྱག་མི་བྱེད་པ་དེ་ལས་སྡིག་པ་ཅན་གཞན་མེད་དེ་ཞེས་བྱ་བའོ། །དེ་བཞིན་དུ་དུས་གསུམ་དུ་བསོད་ནམས་ཀྱི་ཚོགས་བསགས་པར་བྱ་བའི་ཕྱིར། ཡི་དམ་གྱི་ལྷ་ལ་ཡིད་དུ་འོང་བའི་མེ་ཏོག་རྣམས་ཀྱིས་གང་གིས་མཎྜལ་མི་བྱེད་པ་དེ་ལས་གཞན་མ་རྨོངས་པ་མེད་དོ། །སྡིག་པ་གང་ཡིན་དཔལ་ལྡན་བླ་མའི་ཞབས་པད་བཟང་ལ་དུས་གསུམ་གང་གིས་ཕྱག་མི་འཚལ། །མི་ཤེས་པ་གང་དུས་གསུམ་དུ་ནི་སྣ་ཚོགས་མེ་ཏོག་རྣམས་ཀྱིས་དཀྱིལ་འཁོར་གང་གིས་མི་བྱེད་པའོ། །མནར་མེད་མྱུར་བར་གང་འགྲོ་བདེ་མཉམ་སྟེར་བའི་བླ་མ་སྡུག་པར་བྱེད་པ་གང་ཞེས་བྱ་བའོ། །བླ་མ་ལ་མི་གུས་པས་དམྱལ་བར་འགྲོ་བར་གྱུར་པ་དེ་ལྟ་ན་ནི་དེ་ལ་བསྙེན་པས་དོན་ཅི་འགྲུབ་ཅེ་ན། ཤེས་རབ་ཡེ་ཤེས་ཐོབ་ལྡན་བླ་མ་གང་ཡིན་བླ་མ་མཆོག་གི་ཞབས་ནི་གང་ཞིག་མ་ཉམས་མེ་སྤོང་བ། །ཞེས་བྱ་བ་ནི་མི་གང་གིས་ཉིན་མཚན་དུ་བླ་མས་གསུངས་པ་བཞིན་དུ་བྱེད་པའི་མི་


DTG013_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་འགྱུར་ཞེས་བྱ་བའོ། །དེ་བཞིན་དུ་འཁོར་བར་ཤི་བར་གྱུར་པ་གང་ཡིན་ཞེ་ན། གང་གིས་དུས་ཐམས་ཅད་དུ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཐར་པར་བྱེད་པ་ཤི་བ་ཡིན་གྱི་ལུས་པོ་བོར་བ་ཙམ་དུ་ནི་མ་ཡིན་ནོ། །གཞན་ཡང་རྣལ་འབྱོར་པ་གང་ཞིག་ལམ་གསུམ་ལ་གནས་པའི་སྲོག་གི་རླུང་འགག་པར་བྱེད་པའི་གང་ཟག་དེ་ནི་དབའ་བོ་ཡིན་གྱི་སྲོག་ཆགས་གསོད་པར་བྱེད་པ་དང་འཇིག་རྟེན་པའི་བྱ་བ་བྱེད་པ་ནི་མ་ཡིན་ནོ། །སྦྱིན་བདག་གང་ཡིན་ཞེ་ན། གང་གིས་བླ་མ་ལ་རྣམ་པ་བཅུ་སྦྱིན་པའི་དངོས་པོ་དབུལ་བའོ། །ངན་པ་གང་ཡིན་ཞེ་ན། སེམས་ཅན་སླུ་བར་བྱེད་པ་དང༌། སྡིག་པ་བསགས་པར་བྱེད་པ་དང༌། སྙིང་ལ་བསམ་པ་གཞན་དང་ཁ་ལས་ཚིག་གཞན་རྗོད་པར་བྱེད་པའོ། །ངན་པ་གང་ཡིན་སླུ་བྱེད་རང་སྙིང་རྙོག་མས་སེམས་ནི་དྲངས་ཤིང་གཡོ་སྒྱུ་ཅན། །ཞེས་བྱ་བའོ། །དེ་བས་སྐྱོན་དང་ཡོན་ཏན་གྱི་བྱེ་བྲག་ཤེས་ནས། སྐྱེས་བུ་དམ་པ་རྣམས་ཀྱིས་བདག་ཉིད་ལ་ཕན་འདོགས་པའི་ཕྱིར། སྐྱོན་ཐམས་ཅད་དོར་ནས་ཁྱད་པར་དུ་ཡོན་ཏན་རྣམས་ལ་ཞེན་པར་བྱ་བའི་ངེས་པའོ། །ད་ནི་རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་ཐ་མི་དད་པའི་རང་བཞིན་བསྟན་པར་མཛད་དེ། དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་ལ། འདིར་སྔོན་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་ཞུ་བ་གསན་ནས་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་གང་བཀའ་སྩལ་པ་དེ་ཉིད་བདག་ཅེས་བྱ་བ་ནི་བཅོམ་ལྡན་འདས་འཇམ་དཔལ་ཉིད་དེ། བདག་གིས་མེ་ཏོག་ཕྲེང་འཛིན་གྱིས་ཚིགས་སུ་བཅད་པས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་བསྟན་ཏོ་ཞེས་བྱ་བའོ། །དེ་བས་འཇིག་རྟེན་མགོན་པོ་ཁྱོད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ལུང་བསྟན་པ་བཞིན་དུ། བསྟན་པར་གྱིས་ཞེས་བྱ་བ་ནི། བཅོམ་ལྡན་འདས་འཇམ་དཔལ་གྱིས། བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོ་ལ་བཀའ་སྩལ་ནས་སྨོན་ལམ་འདེབས་པར་མཛད་དེ། ཤེས་རབ་ཡེ་ཤེས་ཐོབ་འགྱུར་ཉི་མ་དང་བཅས་ཐུབ་རིགས་འདི་ཡིས་གྱུར་པ་ཇི་ལྟ་བར། །དེ་བཞིན་སྲིད་གསུམ་ལ་གནས་སེམས་ཅན་རྣམས་ནི་དུས་འཁོར་


DTG013_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དྲིན་གྱིས་གྱུར་པར་ཤོག །ཅེས་བྱ་བའོ། །ད་ནི་བཅོམ་ལྡན་འདས་འཇམ་དཔལ་ཉིད་དང༌། འཁོར་གྱི་ཡོན་ཏན་བརྗོད་པར་མཛད་དེ། ཉི་མ་ཞེས་བྱ་བ་ལ་འདིར་བཅོམ་ལྡན་འདས་འཇམ་དཔལ་གྱིས་བྲམ་ཟེ་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞིའི་གཙོ་བོར་གྱུར་པའི་ཉི་མའི་ཤིང་རྟ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་སྐྱེ་བ་སྔ་མ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་རྣལ་འབྱོར་གྱི་སྟོབས་ཀྱིས་ཚངས་པའི་རིགས་ལ་གང་ཟག་ཁྱད་པར་དུ་གྱུར་པར་སྐྱེས་པའོ། །བདག་ཀྱང་འཇམ་དཔལ་གྱི་སྤྲུལ་པ་ཡིན་གྱི། སེམས་ཅན་ཕལ་པ་ནི་མ་ཡིན་ནོ། །དེ་བཞིན་དུ་བདག་གིས་བཙུན་མོ་ནི་སྒྲོལ་མའི་སྤྲུལ་པ་ཞེས་བྱ་བའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཐུགས་རྗེའི་ངོ་བོར་གྱུར་པ་དང༌། འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་གནས་སུ་གྱུར་པའི་བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོ་ནི་པདྨ་དཀར་པོ་བདག་གི་སྲས་ཞེས་བྱ་བའོ། །དེ་ལྟར་བཅོམ་ལྡན་འདས་འཇམ་དཔལ་ལ་སོགས་པས་རང་བཞིན་ཉིད་དུ་གྱུར་པའི་ཚིག་ཉི་མའི་ཤིང་རྟས་ཐོས་ནས་འཁོར་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་འཇམ་དཔལ་གྱི་ཞབས་ལ་ཕྱག་འཚལ་བར་མཛད་ནས། འགལ་བའི་རྒྱན་གྱིས་སྟོད་པར་བྱེད་དོ། །ཁྱེད་བགྲེས་གཞོན་ཡིན་རྒྱལ་བར་ཀུན་གྱི་སྲས་ཀྱང་ཁྱོད་ནི་དང་པོའི་ཐོག་མའི་སངས་རྒྱས་ཏེ། །ཞེས་བྱ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱིས་བགྲེས་པར་གྱུར་ན་ཡང་ནམ་མཁའ་བཞིན་དུ་སྐུ་ལ་འགྱུར་བ་མེད་པའི་ཕྱིར་ཁྱོད་ནི་གཞོན་ནུ་མ་ཞེས་བྱ་བའོ། །དེ་བཞིན་དུ་སྔོན་དུ་སངས་རྒྱས་པ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུར་གྱུར་པ་ན་ཡང་སེམས་ཅན་རྣམས་འདུལ་བའི་ཕྱིར། བྱང་ཆུབ་སེམས་དཔའི་ཚུལ་གྱིས་བཞུགས་པའོ། །དེ་བཞིན་དུ་ལས་ཀྱི་ཕྱག་རྒྱལ་སྦྱོར་བར་མཛད་ན་ཡང་མི་འཕོ་བ་ཉིད་ཀྱིས་ཚངས་པར་སྤྱོད་པའོ། །གཞན་ཡང་གདུལ་དཀའ་བར་གྱུར་པའི་སེམས་ཅན་གདུལ་བའི་ཕྱིར། འཇིགས་པར་གྱུར་པའི་ཞལ་མང་བ་དང༌། ཕྱག་རྣམས་མཚོན་ཆ་དུ་མ་དང་ལྡན་པར་གྱུར་པར་གཤིན་རྗེ་གཤེད་ལ་སོགས་པ་སྤྲུལ་པའི་


DTG013_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐུ་འཁྲུངས་པར་མཛད་ན་ཡང་སེམས་ཅན་ཐམས་ཅད་ནི་ཡིད་དུ་འོང་བའི་བུ་གཅིག་པ་བཞིན་དུ་ཐུགས་རྗེ་ཆེན་པོའི་སྤྱན་གྱིས་གཟིགས་པར་མཛད་པའོ། །གཞན་ཡང་གདུལ་དཀའ་བར་གྱུར་པའི་སེམས་ཅན་རྣམས་ཀྱི་རྩར་ཁྱོད་ཀྱི་སྐུ་འཇིགས་པར་བསྟན་པར་མཛད་ན་ཡང་དོན་དམ་བར་རྙོག་པ་མེད་པའི་རང་བཞིན་དུ་གྱུར་པའོ། །གཞན་ཡང་སེམས་ཅན་ཐམས་ཅད་ལ་འཆི་བ་ལ་སོགས་པའི་འཇིགས་པ་ཐམས་ཅད་ཁྱོད་ཀྱིས་འཕྲོག་པར་མཛད་ན་ཡང་བླ་ན་མེད་པའི་བྱང་ཆུབ་ལ་བར་ཆོད་བྱེད་པའི་བདུད་རྣམས་ཉམས་པར་མཛད་པའོ། །གཞན་ཡང་འཁོར་བའི་ཞགས་པ་རྣམས་ལས་གྲོལ་བར་གྱུར་ན་ཡང་སེམས་ཅན་རྣམས་སྨིན་པར་བྱ་བའི་ཕྱིར་འཁོར་བར་སྤྲུལ་པའི་སྐུ་འཁྲུངས་པར་མཛད་པའོ། །གཞན་ཡང་ཚངས་པའི་དྲང་སྲོང་རྣམས་ཀྱི་བླ་མར་གྱུར་པ་བདག་ནི་ཁྱོད་ཀྱིས་གདུལ་བར་མཛད་པའོ། །གཞན་ཡང་སེམས་ཅན་ཐམས་ཅད་ལ་ཕྱག་རྒྱ་ཆེན་མོའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར། །རྒྱུད་ཀྱི་རྒྱལ་པོ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཁྱོད་ཀྱིས་མཛད་པའོ། །མ་རིག་པའི་མུན་པ་འཇོམས་པར་མཛད་ནས་ཁྱོད་ནི་ཉི་མ་བཞིན་དུ་གྱུར་པའོ། །རྒྱལ་རིགས་ནི་སྐུ་དགུ་བཅུ་རྩ་དྲུག་ལས་སྐྱེས་པའི་ལྷ་ལ་སོགས་པའི་སྤྲུལ་པ་རྣམས་ལ་ཕྱག་འཚལ་བར་འོས་པའོ། །དེ་བས་ན་མི་བཟང་འཁོར་བའི་འཇིགས་པས་བདག་ནི་ཁྱེད་ཀྱི་ཞབས་ཀྱི་པདྨར་སྐྱབས་སུ་མཆི། །ཞེས་བྱ་བའོ། །དེ་ལྟར་འཁོར་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་འཇམ་དཔལ་ལ་ཉི་མའི་ཤིང་རྟས་བསྟོད་པ་བྱས་ནས། སེམས་ཅན་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་ནས་བྲམ་ཟེ་བྱེ་བ་ཕྲག་ཕྱེད་དང་བཞི་དང་ལྷན་ཅིག་ཉི་མའི་ཤིང་རྟས་དབྱིང་ཟླ་ཐ་ཆུངས་ཀྱི་ཉལ། ཕྱག་རྒྱ་ཆེན་མོའི་དངོས་གྲུབ་མངོན་སུམ་དུ་མཛད་ཅེས་བྱ་བའོ། །བཅོམ་ལྡན་འདས་དཔལ་གྱིས་ཀྱང་རྒྱུད་ཀྱི་དོན་བསྟན་པར་མཛད་ནས། བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོ་ལ་རྒྱུད་ཀྱི་འགྲེལ་པ་མཛད་པའི་ཕྱིར་དང༌། རྒྱུད་གླེགས་བམ་དུ་བྲི་བ་བཀའ་སྩལ་ནས། སེམས་ཅན་རྣམས་ལ་བཀྲ་ཤིས་པར་གནང་བ་


DTG013_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང༌། བསོད་ནམས་བསྔོ་བར་མཛད་དེ། སྟེང་ན་བྱང་ཆུབ་སེམས་དཔའ་གང་ཞིག་བདུད་སྡེར་གནས་རྣམས་མཆོག་ཏུ་འཇིག་པར་མཛད། །ས་སྟེང་འཇིག་རྟེན་ཕྱོགས་མཚམས་ལ་གནས་ལྷ་མིན་ཁྲོ་བོའི་རྒྱལ་པོ་སྲས་དང་བཅས། །འོག་ན་གང་ཞིག་ཀླུ་དབང་མི་དགེའི་གཟའ་ཡི་གནས་ནི་ཀུན་དུ་འཆིང་བར་བྱེད་པ་དང༌། །དེ་རྣམས་ཀུན་གྱི་ཉིན་མཚན་དུས་སུ་མི་ཤེས་འཇིག་རྟེན་མ་ལུས་སྐྱོང་བར་ཤོག །མ་ལུས་བསྡུས་པ་དུས་འཁོར་རྒྱུད་ནི་རྡོ་རྗེ་སེམས་དཔའ་ལྷག་པའི་ལྷ། །ཐབས་དང་ཤེས་རབ་གཅིག་སྦྱོར་རྒྱལ་བའི་བདག་པོའི་རྡོ་རྗེ་དེ་ཉིད་རྣམ་པ་བཅུ་དྲུག་པ། །སེམས་ཅན་ཐར་པའི་རྒྱུ་རུ་རྒྱལ་བའི་བདག་པོས་བསྟན་ཅིང་བདག་གིས་ཀྱང་བསྟན་པས། །བསོད་ནམས་དེ་ཡིས་སེམས་ཅན་མི་འགྱུར་མཆོག་གི་བདེ་བ་སྟེར་བར་གྱུར་ཅིག་དེ་ལ་འདུད། །ཅེས་བྱ་བ་ནི། འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གྱུར་པ་དང༌། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རྗོད་པར་བྱེད་པར་གྱུར་པ་དང༌། སྐུའི་རྡོ་རྗེ་ལ་སོགས་པའི་རྡོ་རྗེ་བཞིའི་དབྱེ་བས་དེ་ཁོ་ན་ཉིད་རྣམ་པ་བཅུ་དྲུག་གི་རྗོད་པར་བྱེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་གང་བསྟན་པ་དེ་ཉིད་བདག་སྡུད་པ་པོ་ཉིད་ཀྱིས་བསྟན་ནས། བསོད་ནམས་ཀྱི་ཚོགས་གང་བསགས་པར་གྱུར་པ་དེས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་མི་འགྱུར་བའི་བདེ་བའི་གོ་འཕང་ཐོབ་པར་གྱུར་ཅིག །མཆོག་ཏུ་མི་འགྱུར་བའི་བདེ་བ་དེ་ཉིད་ལ་བདག་གིས་ཕྱག་འཚལ་ཞེས་བྱའོ། །ཐབས་དང་ཤེས་རབ་བདག་ཉིད་མཆོག་ཏུ་མི་འགྱུར་བདེ་བ་རྗོད་བྱེད་པའི། །རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་པདྨ་ཅན་ནི་བྱས་ནས་སུ། །བདག་གིས་བསོད་ནམས་ཚོགས་ནི་གང་ཐོབ་དེ་ཡིས་སེམས་ཅན་མ་ལུས་པ། །མཆོག་ཏུ་འགྱུར་བ་མེད་པའི་བདེ་བའི་གོ་འཕང་རྟག་ཏུ་ཐོབ་གྱུར་ཅིག །རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་ཡེ་ཤེས་ཀྱི་ལེའུ་ལས་མདོར་བསྡུས་པའི་བཤད་པ། འགྲེལ་བཤད་པདྨ་ཅན་ཞེས་བྱ་བ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

དབང་མདོར་བསྟན་པའི་འགྲེལ་བཤད་དོན་དམ་པ་བསྡུས་པ་ཞེས་བྱ་བ།
ནཱ་རོ་པས་མཛད།


DTG013_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། པ་ར་མཱརྠ་སཾ་གྲ་ཧ་ནཱ་མ་སེ་ཀོད་དེ་ཤཱ་ཊཱི་ཀ །བོད་སྐད་དུ། དབང་མདོར་བསྟན་པའི་འགྲེལ་བཤད་དོན་དམ་པ་བསྡུས་པ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །སྒྲིབ་པ་ཐམས་ཅད་རབ་ཞི་དྲི་མེད་སངས་རྒྱས་ཆོས། །ངེས་པར་འབྱེད་པའི་ཁང་བཟང་མངོན་འཛེགས་སྐུ་གཉིས་ཀྱིས། །ཕན་པ་སྣ་ཚོགས་སྒྲུབ་པ་ཟློས་གར་གར་རྣམས་ནི། །ཉེ་བར་མཁྱེན་པ་བཅོམ་ལྡན་འདས་དེ་ལ་ཕྱག་འཚལ། །དྲི་མེད་འོད་སོགས་གསུང་གི་ཆུ་བླངས་སྐོམ་པ་ནི། །ཉེ་བར་ཞི་བ་སྒྲུབ་ཕྱིར་ཆུ་གཏེར་ཆུ་འཐོར་བཞིན། །མདོར་བསྟན་གསང་བའི་ཚིག་གི་ལམ་གྱི་མཚོ་ཕྲན་འདིར། །བདག་གིས་རྣམ་པར་གཏོར་རོ་མཁས་རྣམས་བསྟེན་པར་མཛོད། །ཟླ་བ་བཟང་པོས་གསོལ་པ་ཞེས་པ་ཆུ་བོ་ཤཱི་ཏའི་བྱང་ཕྱོགས་ན་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་དང་ཤམྦྷལའི་ཡུལ་གྱི་བདག་པོ། ལྷ་དང་ལྷ་མ་ཡིན་དང་ཀླུའི་སྤྲུལ་པའི་སྐུ་རྒྱལ་པོ་ཆེན་པོའི་རིགས་ཀྱི་སྲས་དགུ་བཅུ་རྩ་དྲུག་རིན་པོ་ཆེ་ཆེན་པོའི་ཅོད་པན་བཅིངས་པ་གྲོང་བྱེ་བ་བྱེ་བའི་བདག་པོ་རྣམས་ཀྱིས་ཞབས་ཀྱི་པདྨ་ལ་ཕྱག་བྱས་པ། སེམས་ཅན་ཐམས་ཅད་ཀྱི་སྐད་གཞན་རྣམས་ཀྱིས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་རྣམས་ཀྱི་ཡང་དག་པར་འཛིན་པ་པོ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉན་པ་པོར་གྱུར་པ་ཉིད་ཀྱི་ཕྱིར་དང༌། ཆ་བཅུ་དྲུག་གི་སྒྲིབ་པ་སྤངས་པས་རྡོ་རྗེ་ཟླ་བ་དྲི་མེད་འོད་ཉིད་ཀྱི་ཕྱིར་བཟང་པོ་ཡང་འདི་ཡིན་ལ། ཟླ་བ་ཡང་ཡིན་པས་ཟླ་བ་བཟང་པོ་སྟེ། གསང་བ་པའི་བདག་པོ་རོ་ལྡན་ན་གནས་པ་དཔལ་ཕྱག་ན་རྡོ་རྗེའོ། །དེ་ལ་གསང་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་གི་མཆོག་རྡོ་རྗེ་ཐེག་པ་སྟེ། དེའི་སྡུད་པར་བྱེད་པ་པོ་ཉིད་ཀྱིས་བདག་པོའོ། །དེ་བཞིན་དུ་འཇིག་རྟེན་ཀུན་རྫོབ་ཏུ་གསང་བའི་སྒྲས་གནོད་སྦྱིན་རྣམས་ཏེ། དེ་རྣམས་ཀྱི་བདག་པོ་ནི་གསང་བའི་བདག་བོའོ། །ཕྱི་རོལ་དུ་རོའི་སྐྲས་ཤི་བའི་ཚོགས་དེ་དེ་དང་ལྡན་པའི་ཕྱིར་རོ་ལྡན་དུར་ཁྲོད་ཀྱི་སའོ། །དེ་ན་གནོད་སྦྱིན་ཆེན་པོ་སེམས་ཅན་རྣམས་ལ་རྣམ་པར་ཐོ་འཚམ་ཞིང་བགེགས་དུ་མ་བྱེད་པ་དག་ཡོད་ལ། དེ་རྣམས་གསོད་པར་བྱེད་པ་ནི་རོ་ལྡན་ན་གནས་པ་གནོད་སྦྱིན་གྱི་བདག་པོ་ཆེན་པོ་སྟེ།


DTG013_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནགས་ཀྱི་རི་དགས་ཀྱི་བདག་པོ་བཞིན་ནོ། །ནང་དུ་ནི་དབུགས་འབྱུང་བ་དང་འཇུག་པ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་གིས་དམན་པ་འགོག་པ་རོ་ཡིན་ལ། དེ་འདི་ལ་ཡོད་པའི་ཕྱིར་རོ་ལྡན་ཏེ་ཆོས་ཀྱི་སྤྲིན་གྱིས་སའོ། །དེ་ལ་གནས་པ་ནི་རོ་ལྡན་ན་གནས་པའོ། །བདུད་དང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་སྙོམས་པར་འཇུག་པའི་སྒྲིབ་པའི་གནོད་སྦྱིན་རྣམས་གསོད་པར་བྱེད་པ་ནི་གནོད་སྦྱིན་གྱི་བདག་པོ་སྟེ། དེ་བཞིན་གཤེགས་པས་ཆོས་ཀྱི་སེང་གེའི་སྒྲ་དང་སེམས་ཅན་ཐམས་ཅད་ཀྱི་སོ་སོའི་སྒྲ་དག་གིས་བསྟན་པའི་ཆོས་རྣམས་རབ་ཏུ་སྟོན་པར་བྱད་པ་པོ་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ཡིན་ལ། དེའི་སྤྲུལ་པའི་སྐུ་རྒྱལ་པོ་ཟླ་བ་བཟང་པོས་གསོལ་བ་བཏབ་པའོ། །དེ་རྩ་བའི་རྒྱུད་དུ་གསུངས་པ། མདུན་གྱི་ཉ་བ་ཟླ་བར་ཏེ། །རྒྱབ་ཀྱི་ཉ་བ་ཉི་མ་ལའོ། །གཡོན་གྱི་མུན་ཅན་གདོང་པ་ལ། །གཡས་ཀྱི་མཇུག་མར་གནས་པ་ནི། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་བ། །ཞེས་བྱ་བདུད་ནི་འཇོམས་པའི་དུས། །དེར་ནི་སྟོན་པ་ཤར་གྱི་ཞལ། །རིན་ཆེན་སེང་གེའི་ཁྲི་ལ་བཞུགས། །འོད་ཟེར་ལྔ་ཡི་ཚོགས་རྣམས་ཀྱིས། །འགྲོ་བ་གསུམ་པོ་རབ་བཀང་སྟེ། །བྱང་ཆུབ་སེམས་དཔའ་ལྷ་མིན་དབང༌། །ལྷ་དབང་རྣམས་ཀྱི་ས་ལྷ་ཡི་གདུགས། །ལྷ་ཡི་མེ་ཏོག་སྣ་ཚོགས་དང༌། །ལྷ་ཡི་དྲི་བཟང་ཡིད་འཕྲོག་དང༌། །ལྷ་ཡི་རིན་ཆེན་སྒྲོན་མ་དང༌། །ལྷ་ཡི་བདུག་པ་དྲི་བཟང་སྐྱེས། །ལྷ་ཡི་ཕྱེ་མ་སྣ་ཚོགས་དང༌། །ཞལ་ཟས་བདུད་རྩིའི་འབྲས་བུ་དང༌། །ལྷ་ཡི་རྣམ་པར་བཀྲ་བའི་རྒྱན། །ལྷ་ཡི་གོས་དང་རྔ་ཡབ་དང༌། །དྲི་ལ་བུ་མེ་ལོང་བ་དན་དང༌། །བླ་རེ་རྣམས་ཀྱིས་གཙོ་བོ་མཆོད། །ཅོད་པན་ལྡན་པའི་ཡན་ལག་ལྔས། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །བྱང་ཆུབ་སེམས་དཔའ་འཆི་མེད་སོགས། །རང་དང་སྟན་ལ་འཁོད་དེ་རྣམས། །འཇིག་རྟེན་གསུམ་འདྲེན་སངས་རྒྱས་ལ། །སྔགས་ཀྱི་ཐེག་པ་ཐོས་དོན་གཉེར། །བྱང་ཆུབ་སེམས་དཔའ་ལྷ་ལ་སོགས། །ཁ་ཅིག་མངོན་ཤེས་ལ་ཐོབ་པ། །དེ་རྣམས་ཐམས་ཅད་དགའ་མགུ་ཡི། །བསམ་པས་ཡོད་ཀྱིས་སེམས་པར་བྱེད། །མར་མེ་མཛད་ཀྱིས་སྔོན་དུ་གང༌། །སྔགས་ཀྱི་ཐིག་ལེ་པ་བསྟན་པ་ཡིས། །བདག་


DTG013_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅག་བྱ་བ་མཛད་དོ་དེང༌། །གཽ་ཏ་མ་ལེགས་པ་ཡིས། །དེ་ནས་ཤམྦྷལར་གྲགས་ནས། །ཕྱག་ན་རྡོ་རྗེའི་སྤྲུལ་བ་ནི། །མི་བདག་ཟླ་བཟང་རྡུ་འཕྲུལ་གྱིས། །རང་ཉིད་དཔལ་ལྡན་ཆོས་དབྱིངས་བྱོན། །དང་པོར་གཡས་སུ་བསྐོར་བྱས་ནས། །སྟོན་པའི་ཞབས་ཀྱི་ཆུ་སྐྱེས་གཉིས། །རིན་ཆེན་མེ་ཏོག་རྣམས་ཀྱིས་མཆོད། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །ཐལ་མོ་སྦྱར་བ་བྱས་གྱུར་ནས། །རྫོགས་སངས་རྒྱས་ཀྱི་སྤྱན་སྔར་འདུག །ཟླ་བ་རྒྱུད་ཀྱི་གསོལ་འདེབས་དང༌། །སྟོན་པ་སྡུད་པར་བྱེད་པ་པོ། །ཞེས་པའོ། །ཡང་དག་པར་སྟོན་པར་མཛད་པ་ཉིད་ཀྱིས་ཀྱེ་སྟོན་པ་ཞེས་བོད་པའོ། །གང་ཞིག་འཆད་པར་འགྱུར་བ་ཆུ་ལ་སོགས་པ་དབང་བསྐུར་བ་རྣམ་པ་བདུན་དང་བུམ་པ་ལ་སོགས་པ་རྣམས་པ་གསུམ་དང་བླ་ན་མེད་ཅེས་པ་མཆོག་ཏུ་མི་འགྱུར་བ་སྟེ་དེ་བཞིན་ཞེས་པ་དབང་བསྐུར་བའོ། །འདིས་འཁྲུད་ཅིང་ལུས་ལ་སོགས་པ་དྲི་མ་མེད་པ་དང་སྒྲིབ་པ་མེད་པར་བྱེད་པའི་ཕྱིར་དབང་བསྐུར་བ་སྟེ། དེ་བདག་ལ་གསུངས་ཞེས་པའོ། །འཇིག་རྟེན་པའི་དངོས་གྲུབ་ཅེས་པ་འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་བདག་པོ་དང༌། འདས་པའི་དངོས་གྲུབ་ཅེས་པ་ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་པར་འཇུག་པའི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་རབ་ཏུ་སྤངས་པ་ལས་ས་བཅུ་གཉིས་སོ་སོར་ཐོབ་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དེ། དེའི་ཕྱིར་དུའོ། །མདོར་བསྡུས་པ་ཡིས་ཞེས་པ་གསོལ་བ་འདེབས་པ་པོ་ཉོན་མོངས་པ་དང༌། བསྐལ་བ་དང༌། སེམས་ཅན་དང༌། ལྟ་བ་དང༌། ཚེའི་མཚན་ཉིད་སྙིགས་མ་ལྔས་ཉེ་བར་བཅོམ་པའི་སྐྱེ་བོ་རྣམས་རྗེས་སུ་འཛིན་པ་ལ་རབ་ཏུ་ཞུགས་པའི་ཕྱིར་དང༌། དབང་བསྐུར་བའི་ལེའུ་དང་ཡེ་ཤེས་ཀྱི་ལེའུར་རྒྱ་ཆེར་བཤད་པར་འགྱུར་པའི་ཕྱིར་ཡང་ངོ༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ཁམས་དྲུག་རྣམ་པར་དག་པ་ལས་དབང་ཕྱུག་ལ་སོགས་པའི་ཡོན་ཏན་གྱི་མཚན་ཉིད་ཀྱི་བྷ་ག་འདི་ལ་ཡོད་པའི་ཕྱིར་བྷ་ག་ཝཱན་ནོ། །དེ་རྩ་བའི་རྒྱུད་དུ་གསུངས་པ། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །གྲགས་དང་དཔལ་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་རྣམས་བྷ་ག་ཞེས་བརྗོད་


DTG013_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དོ། །རྣམ་དག་སུམ་ཅུ་རྩ་དྲུག་ཁམས། །ས་སོགས་རྡོ་རྗེ་བཙུན་མོ་སྟེ། །དེ་རྣམས་དབང་ཕྱུག་སོགས་ཡོན་ཏན། །དྲུག་པོ་དེ་རྣམས་བྷ་གར་གྲགས། །ཞེས་པའོ། །ཀྱེའི་རྡོ་རྗེར་ཡང༌། འཇོམས་བྱེད་བྷ་ག་ཞེས་གྲགས་ཏེ། །ཉོན་མོངས་བདུད་སོགས་འཇོམས་པའི་ཕྱིར། །ཉོན་མོངས་གསོད་པ་ཤེས་རབ་སྟེ། །དེའི་ཕྱིར་ཤེས་རབ་བྷ་གར་བརྗོད། །ཅེས་པའོ། །གནས་གང་དུ་ཅི་ཞིག །དཀྱིལ་འཁོར་གང་དུ། །གང་ལ་གནས་ཏེ། འཁོར་སུ་ཡིས་ཡོངས་སུ་བསྐོར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན། དཔལ་ལྡན་འབྲས་ཕུང་དུ་ངེས་པར་སྔགས་ཀྱི་ཚུལ་བསྟན་པ་སྟེ། གནས་བདེ་བ་ཆེན་པོའི་གནས་སུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་རྡོ་རྗེ་སེངྒེའི་ཁྲི་ལ་བ་ཞུགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་ལྷ་དང་ཀླུ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཁམས་གསུམ་པས་ཞབས་ཀྱི་པདྨ་ལ་ཕྱག་བྱས་པ། མཆོག་གི་དང་པོའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་བཾ་ཡིག་གོ །ཡང་ན་བདེ་བ་ཆེན་པོའི་གནས་དེར་ཆོས་ཀྱི་དབྱིངས་ནམ་མཁའི་མཚན་ཉིད་ལ་མཆོག་ཏུ་མི་འགྱུར་བ་མི་འཕོ་བའི་སྐད་ཅིག་ནི་དུས་ཞེས་བརྗོད་དེ་དེ་ཉིད་རྡོ་རྗེ་ཡེ་ཤེས་སོ། །དུས་དེའི་སྒྲིབ་པ་མེད་པའི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ནི་འཁོར་ལོ་སྟེ་སྲིད་པ་གསུམ་གཅིག་པ་ཉིད་ཀྱི་ཕྱིར་སྒྲིབ་པ་མེད་པའི་ཤེས་བྱའོ། །དེ་ཉིད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཞེས་བརྗོད་དེ། །རྣམ་པ་ཐམས་ཅད་པ་དང་དབང་པོ་ཐམས་ཅད་པ་ཐིག་ལེའི་གཟུགས་སྣ་ཚོགས་སྒྱུ་མ་འཛིན་པ་བཅོམ་ལྡན་འདས་ཀྱི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅེས་པའོ། །མི་ཆོད་པ་དང་མི་ཕྱེད་པ་ཟླ་བ་དང་ཉི་མ་དང་མེའི་དཀྱིལ་འཁོར་གྱི་མཚན་ཉིད་དམ། ཨེ་ཡིག་གི་མཚན་ཉིད་རྡོ་རྗེ་སེངྒེའི་ཁྲི་ལ་བཞུགས་པའོ། །རྩ་བའི་རྒྱུད་དུ་གསུངས་པ་ཡང༌། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་ཕུང་དུ། །དེ་བཞིན་གསང་སྔགས་ཚུལ་རབ་གསུངས། །གང་ལ་གནས་ནས་སྟོན་པ་ནི། སུ་ཡིས་རྒྱུད་ཀྱང་ཅི་ཞིག་བསྟན། །གནས་ནི་གང་དུ་འཇིག་རྟེན་


DTG013_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི། །འཁོར་ནི་སུ་ཡིས་རྒྱུ་ཅི་ཡིས། བྱ་རྒོད་ཕུང་པོའི་རི་ཆེན་པོར། །ཐེག་པ་ཆེན་པོ་བླ་ན་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན། །དེ་ནས་གཅིག་ཏུ་མཆོད་རྟེན་ཆེར། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ། །བྱང་ཆུབ་སེམས་དཔའ་སོགས་རྣམས་ཀྱིས། །ཐབས་ཅིག་དེ་བཞིན་གཤེགས་པ་བཞུགས། །ནམ་མཁའ་ཁམས་མིན་ཤིན་ཏུ་དང༌། །གོ་སྐབས་མེད་པ་རབ་ཏུ་གསལ། །སྣ་ཚོགས་རྡོ་རྗེའི་ཁང་པར་གནས། །ཆོས་ཀྱི་དབྱིངས་དང་ཡི་འོད་པར། །རྒྱུད་བསྟན་སྐྱེས་བུ་རྣམས་ཀྱིས་ནི། །བསོད་རྣམས་ཡེ་ཤེས་དགོས་པའོ། །ཨེ་ཡིག་ནམ་མཁའི་སྣང་བ་ཆེ། །ཆོས་ཀྱི་དབྱིངས་སུ་རབ་ཏུ་གྲགས། །བཾ་ཡིག་བདེ་བར་གཤེགས་པའི་ཚོགས། །ཨི་ཡིག་རྣམ་པར་ཡང་དག་གནས། །ཞེས་པའོ། །སླར་ཡང་དེ་ཉིད་དུ། ཨེ་དང་གསང་ཆེན་ནམ་མཁའི་ཁམས། །བྷ་ག་ཆོས་འབྱུང་ཆུ་སྐྱེས་དང༌། །སེང་གེའི་ཁྲིར་གནས་རྡོ་རྗེ་ཅན། །རྒྱུད་གཞན་དག་ཏུ་བདག་གིས་བརྗོད། །རྡོ་རྗེ་རྡོ་རྗེ་ཅན་ནི་བཾ། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་གང༌། །ཧེ་རུ་ཀ་དང་དུས་འཁོར་ལོ། །དང་པོའི་སངས་རྒྱས་སོགས་མིང་གིས། །སྣ་ཚོགས་སེམས་ཅན་བསམ་པ་ཡ། །སྣ་ཚོགས་ཡུམ་གྱི་མིང་རྣམས་ཀྱིས། །གནས་དང་རྟེན་གྱི་མཚན་ཉིད་དང༌། །བརྟེན་པ་ཡང་ནི་བདག་གིས་བརྗོད། །ཀུན་མཁྱེན་སྟོན་པ་རྡོ་རྗེ་འཛིན། །སངས་རྒྱས་སེང་གེའི་ཁྲིར་བཞུགས་པ། དུས་ཀྱི་འཁོར་ལོའི་སྟོན་པ་པོ། །ཟླ་བཟང་ཁྱོད་ཀྱིས་གསོལ་བཏབ་པ། །ཞེས་པའོ། །ཉིན་ཅིག་ཟླ་བཟང་ཞེས་པ་ལ་སོགས་པ་ནས་མདོར་བསྟན་པ་རྫོགས་སོ་ཞེས་པའི་བར་བཅོམ་ལྡན་འདས་ཀྱིས་གསུང་ངོ༌། །དབང་བསྐུར་དོན་ཞེས་པ་དབང་བསྐུར་བ་དང༌། དེའི་དགོས་པ་ཡང་ངོ༌། །མཆོག་ཅེས་པ་མཆོག་ཏུ་མི་འགྱུར་པ་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བའི་ཐབས་ཉིད་ཀྱི་ཕྱིར་གསོལ་བ་མ་བཏབ་པར་ཡང་ངོ༌། །རྩའི་ཀུན་སྤྱོད་ལ་སོགས་པ་གསུངས་པ། རྩའི་ཀུན་སྤྱོད་ཅེས་པ་ལ་སོགས་པ་སྟེ། སྟེང་དང་འོག་ཏུ་ལ་ནཱ་ལ་སོགས་པ་རྩ་དྲུག་པོ་རྣམས་སུ་སྲོག་དང་ཐུར་སེལ་གྱི་རླུང་དག་འཆང་པར་འགྱུར་བའི་རིགས་པས་ཡང་དག་པར་རྒྱུ་བའོ། །


DTG013_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྩོལ་བ་ནི་ཞེས་པས་མུ་ཉེ་བར་འགག་བ་ལའོ་ཞེས་པའི་ཁམས་འདིའི་ཨ་ས་ཏ་ཡ་མ་ནཾ་ཨཱ་ཡཱ་མཿ་སྟེ། སྲོག་དང་ཐུར་སེལ་གྱི་རླུང་དག་གཉི་གའི་བགྲོད་པ་འགོག་པ་ལས་དབུ་མའི་རྩར་རབ་ཏུ་ཞུགས་པའོ། །མདོར་བསྟན་པ་ཡིས་ཞེས་པ་མདོར་བསྡུས་པས་སོ། །རྣལ་འབྱོར་དང་རྣལ་འབྱོར་མ་ལ་སོགས་པའི་རྒྱུད་ཉིད་ཐམས་ཅད་དུ་མདོར་བསྟན་པ་རྣམ་པ་གསུམ་སྟེ་རྒྱས་པར་བཤད་པ་ཡང་ངོ༌། །དེ་ལམ་དོར་བསྟན་པ་ནི་རང་མིང་ཉིད་ཀྱིས་བརྗོད་པའོ། །རབ་ཏུ་མདོར་བསྟན་པ་ནི་གཉིས་པའོ། །མདོར་བསྟན་ཆེ་བ་ནི་གསུམ་པའོ། །དེ་བཞིན་དུ་རྒྱས་པར་བཤད་པ་ཡང་རང་མིང་ཉིད་ཀྱིས་བརྗོད་པའོ། །རབ་ཏུ་རྒྱས་པར་བཤད་པ་ནི་གཉིས་པའོ། །གཞན་ཞེས་པ་རྒྱས་པར་བཤད་པ་ཆེན་པོ་སྟེ་གསུམ་པའོ། །མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ཉིད་དག་ནི་རྒྱུད་ཡང་དག་པར་བསྡུས་པ་སྟེ། དེ་ལ་མདོར་བསྟན་པས་ཡང་དག་པར་བསྡུས་པ་ནི་བསྡུས་པའི་རྒྱུད་མཐའ་དག་སྟེ་དཔེར་ན་བརྒྱ་ཕྲག་བཅོ་བརྒྱད་པའི་གཞུང་དཔལ་འདུས་པ་ལ་སོགས་པའོ། །རྒྱས་པར་བཤད་པས་ཡང་དག་པར་བསྡུས་པ་ནི་རྩ་བའི་རྒྱུད་ཀྱི་རྒྱལ་པོས་བསྟན་པ་མཐའ་དག་སྟེ་དཔེར་ན་སྟོང་ཕྲག་ཉི་ཤུ་རྩ་ལྔ་པའི་དཔལ་འདུས་པ་ལ་སོགས་པའོ། །དེ་བཞིན་དུ་རབ་ཏུ་མདོར་བསྟན་པས་བསྡུས་པའི་རྒྱུད་ལ་དཀའ་འགྲེལ་ལོ། །འདིར་རྒྱས་པར་བཤད་པ་ནི་རབ་ཏུ་རྒྱས་བཤད་དུ་མངོན་པར་འདོད་དེ་དེའི་རྩ་བའི་རྒྱུད་ལ་དཀའ་འགྲེལ་ལོ། །དེ་བཞིན་དུ་མདོར་བསྟན་ཆེན་པོས་རྒྱུད་ལ་འགྲེལ་བཤད་དོ། །འདིར་རྒྱས་པར་བཤད་པ་ནི་རྒྱས་བཤད་ཆེན་པོར་མངོན་པར་འདོད་དེ་རྒྱས་བཤད་ཆེན་པོས་རྩ་བའི་རྒྱུད་འགྲེལ་བཤད་དོ། །དེ་རྣམས་ནི་སླར་ཡང་དག་པར་བསྡུས་པ་དང་དཀའ་འགྲེལ་དང་འགྲེལ་བཤད་རྣམས་སོ། །དེ་ཡང་མངོན་ཤེས་ཐོབ་རྣམས་ཀྱིས། །ཞེས་པ་ལྷའི་མིག་དང་ལྷའི་རྣ་བ་དང་གཞན་གྱི་སེམས་ཤེས་པ་དང་རང་དང་གཞན་གྱི་སྔོན་གྱི་གནས་རྗེས་སུ་དྲན་པ་དང་ནམ་མཁའ་ལ་འགྲོ་བའི་རྫུ་འཕྲུལ་ཐོབ་པ་རྣམས་ཉིད་ཀྱིས་བྱའོ། །མཁས་པ་རྣམས་ཀྱིས་མིན་ཉིད་ཅེས་པ་རྟོག་གེ་སྐམ་པོ་སྦྱངས་པས་ཉེ་བར་དུབ་པ་སེམས་གདུངས་པ་རྣམས་དང༌། སོ་སོ་


DTG013_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་གིས་རིག་པར་བྱ་བ་ནང་གི་བདག་ཉིད་བརྗོད་པ་ལ་ཁ་ཕྱིར་ཕྱོགས་པ་རྣམས་ཀྱིས་ནི་མ་ཡིན་ནོ། །དེ་ལྟར་ཞེས་པ་བརྗོད་པའི་རིམ་པས་མཐའ་དྲུག་རྣམས་ཀྱིས་མདོར་བསྟན་པ་ལ་སོགས་པ་རྣམ་པ་དྲུག་རྣམས་ཀྱིས་དག་པ་ནི་ཡོངས་སུ་དག་པ་སྟེ། འདི་ནི་དང་པོའི་སངས་རྒྱས་ཀྱི་རྒྱུད། དུས་ཀྱི་འཁོར་ལོ་མངོན་རྗོད་བྱེད། །འགྱུར་རོ་ཞེས་འཆད་པར་འགྱུར་བ་དང་འབྲེལ་ལོ། །དེ་བཞིན་རྡོ་རྗེའི་རྣལ་འབྱོར་རྣམ་བཞི་ཡིས། །དག་པ་ཞེས་ཐམས་ཅད་དུ་སྤྲེལ་བར་བྱའོ། །རྣམ་པར་དག་པ་དང་ཆོས་དང་སྔགས་དང་དབྱིབས་ཀྱི་བདག་ཉིད་རྡོ་རྗེའི་རྣལ་འབྱོར་རྣམས་ཀྱིས་ཏེ། །སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་འདུས་མ་བྱས་པ་སྟེ་རྣམ་པར་ཐར་པ་རྣམས་སྙིང་རྗེ་དང་བྱམས་པ་དང་དགའ་བ་དང་བཏང་སྙོམས་ཏེ། ཚངས་པའི་གནས་རྣམས་ཀྱིས་ལྷན་ཅིག་རིམ་པས་རོ་མཉམ་པའི་དངོས་པོའི་གཟུགས་རྣམས་དང༌། བཟློག་པར་དཀའ་བའི་འདོད་ཆགས་ཀྱི་དྲི་མས་བསྒོས་པ་དབང་པོ་གཉིས་ཀྱི་བདག་ཉིད་བཞི་པ་དང་མུན་པས་ཟིལ་གྱིས་མནན་པ་ཤིན་ཏུ་གཉིད་ལོག་བ་དང་སྲོག་གིས་བསྐྱེད་པ་ཡོད་པ་དང༌། མེད་པའི་རྨི་ལམ་དང་རྣམ་པར་རྟོག་པ་དུ་མའི་དངོས་པོ་འདུ་ཤེས་ཀྱི་བདག་ཉིད་སད་པའི་གནས་སྐབས་བཅོམ་པ་རྣམས་ཀྱིས་ལྷན་ཅིག་སྐྱེས་པ་དང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་གཟུགས་རྣམས་ཀྱིས་སོ། །དེ་ལ་རང་བཞིན་མེད་པ་ཉིད་ལས་སྟོང་པ་སྟེ། སྟོང་པ་དེའི་དངོས་པོ་ནི་སྟོང་པ་ཉིད་དོ། །འདིར་འདས་པ་དང་མ་འོངས་པའི་ཤེས་བྱ་ནི་སྟོང་པའོ། །དེའི་དངོས་པོ་མཐོང་བ་ནི་སྟོང་པ་ཉིད་དེ་ཟབ་པ་དང་རྒྱ་ཆེ་བའོ། །འདས་པ་དང་མ་འོངས་པ་མེད་པའི་ཕྱིར་ཟབ་པའོ། །འདས་པ་དང་མ་འོངས་པ་རྒྱ་ཆེ་བའི་ཕྱིར་རྒྱ་ཆེ་བའོ། །དེས་ཉེ་བར་མཚོན་པའམ་དེ་འཛིན་པར་བྱེད་པའི་ཡེ་ཤེས་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའོ། །དེས་རྣམ་པར་དག་པ་བཞི་པའི་གནས་སྐབས་ཟད་པ་ལས་མི་འགྱུར་བའི་བདེ་བ་ཆེན་པོའོ། །ཀཾ་བདེ་བ་འགོག་པར་བྱེད་དོ་ཞེས་པ་སྙིང་རྗེའི་མཚན་ཉིད་ཡེ་ཤེས་རྡོ་རྗེ་སྟེ། དེ་ཉིད་ལྷན་ཅིག་སྐྱེས་པའི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྣམ་པར་དག་པའི་རྣལ་འབྱོར་ཞེས་བརྗོད་དོ། །མཚན་མ་ནི་སངས་རྒྱས་དང་བྱང་ཆུབ་ཅེས་པ་ལ་སོགས་པ་


DTG013_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམ་པར་རྟོག་པའི་སེམས་ཀྱི་རྒྱུ་སྟེ། རྒྱུ་སྟོང་པ་ཉིད་ཀྱི་ཕྱིར་རྒྱུ་མེད་ལ་དེའི་ཕྱིར་གང་ལ་མཚན་མ་མེད་པ་ནི་མཚན་མ་མེད་པའི་ཡེ་ཤེས་མཚན་མ་མེད་པའི་རྣམ་པར་ཐར་པའོ། །དེས་རྣམ་པར་དག་པ་ཤིན་ཏུ་གཉིད་ལོག་ཟད་པ་ལས་རྟག་པ་དང་མི་རྟག་པ་ལ་སོགས་པ་གཉིས་དང་བྲལ་བ་བྱམས་པའི་བདག་ཉིད་སྐུ་གཉིས་སུ་སྤྲོས་པ་རྣམས་ཀྱིས་འགྲོ་བའི་དོན་བྱེད་པ་རྣམ་པར་རྟོག་པ་མེད་པའི་སེམས་ཐུགས་རྡོ་རྗེ་སྟེ། དེ་ཉིད་ཆོས་ཀྱི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །མཚན་མ་མེད་པ་ཉིད་ཀྱི་ཕྱིར་རྟོག་པ་མེད་ལ་རྟོག་པ་མེད་པ་ནི་སྨོན་པ་མེད་པ་སྟེ། སྨོན་པ་ནི་བདག་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག་ཅེས་པ་ལ་སོགས་པ་ཡིན་ལ་གང་ལ་དེ་མེད་པ་ནི་སྨོན་པ་མེད་པའི་རྣམ་པར་ཐང་པའོ། །དེས་རྣམ་པར་དག་པ་རྨི་ལམ་ཟད་པ་ལས་མི་ཟད་ཅིང་གཞོམ་དུ་མེད་པའི་སྒྲ་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་བདག་ཉིད་ཀྱི་སྔགས་དགའ་བའི་མཚན་ཉིད་སེམས་ཅན་ཐམས་ཅད་ཀྱི་སྐད་རྣམས་ཀྱིས་སེམས་ཅན་ཐམས་ཅད་དགའ་བར་བྱེད་པའི་ཕྱིར་དང་ཡིད་སྐྱོབ་པར་བྱེད་པའི་ཕྱིར་ཡང་སྔགས་གསུང་རྡོ་རྗེ་སྟེ། དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྔགས་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །སྨོན་པ་མེད་པའི་ཕྱིར་གང་ལ་དཀར་པོ་དང་སྲོག་གི་རྩོལ་བ་དང༌། རྣམ་པར་ཤེས་པའི་མཚན་ཉིད་མངོན་པར་འདུ་བྱེད་པ་ནི་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པའོ། །དེས་རྣམ་པར་དག་པ་སད་པའི་གནས་སྐབས་ཟད་པ་ལས་མཐའ་ཡས་པ་མཐའ་ཡས་པའི་སྤྲུལ་པའི་སྐུ་སྤྲོས་པ་རྣམས་ཀྱིས་ཉོན་མོངས་པའི་གཉེན་པོ་ལས་འདྲེན་པར་བྱེད་པ་དྲག་པོ་དང་ཆགས་པ་དང་བཅས་པ་དང་ཞི་བ་ལ་སོགས་པའི་གཟུགས་རྣམས་ཀྱིས་དོག་པ་མེད་པ་བཏང་སྙོམས་ཀྱི་བདག་ཉིད་སྐུ་རྡོ་རྗེ་སྟེ། དེ་ཉིད་སྤྲུལ་པའི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དབྱིབས་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །དེ་དྲི་མ་མེད་པའི་འོད་དུ་ཚིགས་སུ་བཅད་པ་དང་པོའི་བཤད་པར་གསུངས་པ། དེ་ཉིད་ལྷན་ཅིག་ཏུ་སྐྱེས་པའི་སྐུ་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པས་རྣམ་པར་དག་པ་ཡེ་ཤེས་རྡོ་རྗེ་ཐམས་ཅད་མཁྱེན་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྣམ་


DTG013_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་དག་པའི་རྣལ་འབྱོར་ཞེས་བརྗོད་དོ། །དེ་ཉིད་ཆོས་ཀྱི་སྐུ་མཚན་མ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ་ཐུགས་རྡོ་རྗེ་ཡེ་ཤེས་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཆོས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་སྨོན་པ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ་གསུང་རྡོ་རྗེ་ཉིད་མོར་བྱེད་པའི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྣལ་འབྱོར་ཞེས་བརྗོད་དོ། །དེ་ཉིད་སྤྲུལ་པའི་སྐུ་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པས་རྣམ་པར་དག་པ་སྐུ་རྡོ་རྗེ་པདྨའི་འདབ་མ་རྒྱས་པའི་སྤྱན་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དབྱིངས་ཀྱི་རྣལ་འབྱོར་ཞེས་བརྗོད་དོ་ཞེས་པའོ། །རྫོགས་པའི་བྱང་ཆུབ་བཞིན་རྣམས་ཀྱིས། །ཞེས་པ་སྐད་ཅིག་གཅིག་དང་རྣམ་པ་ལྔ་དང་རྣམ་པ་ཉི་ཤུ་དང་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་རྣམས་ཀྱིས་སོ། །དེ་ལ་མངལ་ནས་སྐྱེས་པ་བསྐྱེད་པའི་རིམ་པས་ཕ་མ་གཉིས་ཀའི་ཐིག་ལེ་རོ་མཉམ་པར་གྱུར་པ་དང་ཀུན་གཞི་རྣམ་པར་ཤེས་པ་མའི་གསང་པའི་འཁོར་ལོར་ཞུགས་པ་ན། སྐད་ཅིག་གཅིག་གིས་བདེ་བ་འབའ་ཞིག་ཡང་དག་པར་རིག་པ་དང༌། ལུས་ཀྱང་ཉ་རོ་ཧི་ཏ་ལྟར་རྣམ་པ་གཅིག་པ་གང་ཡིན་པ་དེ་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའོ། །གང་གི་ཚེ་མངལ་ན་གནས་པ་དེ་ཉིད་ཀྱི་གཟུགས་ལ་སོགས་པའི་བག་ཆགས་ཀྱི་བདག་ཉིད་ཅན་ཤེས་པ་ལྔ་ཡང་དག་པར་རིག་ཅིང་རུས་སྦལ་ལྟར་འབུར་པོ་རྣམ་པ་ལྔ་འཐོན་པ་དེའི་ཚེ་རྣམ་པ་ལྔས་རྫོགས་པར་བྱང་ཆུབ་པའོ། །དེ་ནས་གང་གི་ཚེ་ཤེས་པ་ལྔ་པོ་རྣམས་ཀྱི་སོ་སོར་རང་གི་ས་ལ་སོགས་པ་ཁམས་བཞི་བག་ཆགས་ཀྱི་དབྱེ་བས་ལུས་ཀྱང་སོར་མོ་ཉི་ཤུ་ཡོངས་སུ་རྫོགས་པ་དེའི་ཚེ་རྣམ་པ་ཉི་ཤུ་མངོན་པར་རྫོགས་པར་བྱང་ཆུབ་པའོ། །དེ་ནས་མངལ་ནས་འཐོན་ཏེ་སྒྱུ་མའི་དྲ་བ་ལྟར་མཐའ་ཡས་པའི་དངོས་པོ་ཡང་དག་པར་རིག་པ་ནི་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའོ། །དེའི་ཆོས་མི་མཐུན་པས་དག་པ་ཡེ་ཤེས་རྣམ་པར་ཤེས་པའི་བདག་ཉིད་ཐིག་ལེ་འཕོ་བ་མེད་པ་རང་བཞིན་གྱི་སྐུ་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་རྡོ་རྗེ་སེམས་དཔའ་དོན་ཐམས་ཅད་གཟིགས་པ་སྟེ། སྐད་ཅིག་གཅིག་གིས་མངོན་པར་རྫོགས་


DTG013_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་སངས་རྒྱས་པའི་ཕྱིར་རོ། །སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་འདིར་དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཡོངས་སུ་རྫོགས་པའི་མཚན་ཉིད་དེ་དབུགས་ཀྱི་འཁོར་ལོ་བཟང་པོ་ཟད་པའི་ཕྱིར་རོ། །རྩ་བའི་རྒྱུད་དུ་ཡང༌། རྒྱལ་དབང་རྣམས་ཀྱི་སྐྱེ་བའི་གནས། །དུས་གཅིག་འགྱུར་བ་མེད་པ་དང༌། །སྲོག་ཆེན་པོ་དང་སེམས་གནས་དང༌། །སྲོག་རླུང་དང་པར་སོན་པ་དང༌། །ལྷ་ཡི་དབང་པོར་གྱུར་པ་དང༌། །ཤ་ཡི་དབང་པོའི་ཚོགས་ཉམས་དང༌། །ཐ་མལ་སྐྱེ་མཆེད་ཉམས་པ་དང༌། །ལྷ་ཡི་སྐྱེ་མཆེད་ཀྱིས་མཐོང་ན། །ཐམས་ཅད་བལྟའོ་རྒྱལ་པོའི་དབང༌། །བདག་ལ་རྟག་ཏུ་མི་མཐོང་མེད། །ཅེས་སོ། །དེ་ཉིད་ཆོས་ཀྱི་སྐུ་ཐུགས་རྡོ་རྗེའི་རྣལ་འབྱོར་སེམས་དཔའ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེ། རྣམ་པ་ལྔས་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་འདིར་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་མཚན་ཉིད་དེས་ལ་སོགས་པ་ཁམས་དང་གཟུགས་ལ་སོགས་པ་ཕུང་པོ་ལྔ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དཀྱིལ་འཁོར་ལྔ་འགོག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་གསུང་རྡོ་རྗེའི་རྣལ་འབྱོར་བྱང་ཆུབ་སེམས་དཔའ་བདེན་དོན་རྣམ་པ་བཅུ་གཉིས་པ་བྱང་ཆུབ་སེམས་དཔའ་རྣམས་རྗེས་སུ་འཛིན་པའི་སེམས་ཅན་ཐམས་ཅད་ཀྱི་སྐད་རྣམས་ཀྱིས་ཆོས་སྟོན་པ་པོ་སྟེ་རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་འདིར་དབང་པོ་ལྔ་དང་ཡུལ་ལྔ་དང་ལས་ཀྱི་དབང་པོ་ལྔ་དང་ལས་ཀྱི་དབང་པོའི་བྱ་བ་ལྔ་སྒྲིབ་པ་མེད་པའི་མཚན་ཉིད་དེ་འཕོ་བ་བཅུ་གཉིས་འགོག་པའི་མཐུ་ལས་རྣམ་པར་ཤེས་པར་བྱའོ། །དེ་ཉིད་སྤྲུལ་པའི་སྐུ་སྐུ་རྡོ་རྗེའི་རྣལ་འབྱོར་དམ་ཚིག་སེམས་དཔའ་དེ་ཉིད་རྣམ་པ་བཅུ་དྲུག་རིག་པ་ལྷ་ལ་སོགས་པ་རྣམས་རྗེས་སུ་འཛིན་པ་མཐའ་ཡས་པའི་སྒྱུ་འཕྲུལ་དྲ་བ་ལ་རྣམས་ཀྱིས་སྤྲོས་པའི་སྐུ་སྟེ་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་


DTG013_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱང་ཆུབ་པ་ནི་འདིར་ཅིག་ཅར་མཐའ་ཡས་ཤིང་མཐར་ཐུག་པ་མེད་པའི་སྣ་ཚོགས་པའི་སྒྱུ་མ་སྤྲུལ་པའི་མཚན་ཉིད་དེའི་སྐུའི་དགའ་བ་ལ་སོགས་པའི་ཐིག་ལེ་བཅུ་དྲུག་འགོག་པ་ལས་རྣམ་པར་ཤེས་པར་བྱའོ། །རྫོགས་པའི་རིམ་པས་ནི་དུ་བ་ལ་སོགས་པ་མཚན་མ་བཅུ་པོ་རྣམས་ཀྱི་ཆུང་དུ་དང་འབྲིང་དང་ཆེན་པོ་དང་ཤིན་ཏུ་ཆེན་པོའི་དབྱེ་བས་བཞི་པོ་རྟོགས་པར་བྱའོ། །ཕུང་པོ་རྣམས་ཀྱི་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་ཡེ་ཤེས་རྣམས་ཀྱིས་སོ། །ཁམས་རྣམས་ཀྱི་ནི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་ཡེ་ཤེས་རྣམས་ཀྱིས་སོ། །སྐྱེ་མཆེད་རྣམས་ཀྱི་ནི་ལུས་དང་ལྕེ་དང་མིག་དང་སྣ་དང་རྣ་བ་དང་ཡིད་རྣམས་དང་དྲི་དང་གཟུགས་དང་རོ་དང་རེག་བྱ་དང་སྒྲ་དང་ཆོས་ཀྱི་དབྱིངས་རྣམས་ཀྱིས་སོ། །མང་པོའི་ཚིག་ལས་བཤད་ལམ་དང་རྐང་པ་དང་ལག་པ་དང་དག་དང་གཅིག་བའི་ལམ་དང་དུང་ཅན་མ་རྣམས་དང༌། བཤང་བ་འཛག་པ་དང་འགྲོ་བ་དང་ལེན་པ་དང་བརྗོད་པ་དང་དྲི་ཆུ་འཛག་པ་དང་ཁུ་བ་འཕོ་བ་རྣམས་ཀྱིས་ཏེ། རྣམ་པར་སྣང་བ་མཛད་ལ་སོགས་པ་རྣམས་པར་དག་པས་སོ། །སོ་སོར་རིགས་དྲུག་པོ་འདི་རྣམས་ཀྱིས་སོ། །འཇིག་རྟེན་ཁམས་དང་ནང་དང་མངོན་པར་དབང་བསྐུར་བ་དང༌། སྒྲུབ་ཐབས་དང་ཡེ་ཤེས་ཞེས་བྱ་བའི་ལེའུ་ལྔ་པོ་སྣོད་ཀྱི་འཇིག་རྟེན་དང་སེམས་ཅན་གྱི་འཇིག་རྟེན་དང་སེམས་ཅན་སྦྱོང་བར་བྱེད་པ་དང་འཇིག་རྟེན་པའི་དངོས་གྲུབ་པ་སྒྲུབ་པ་དང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་དོན་རབ་ཏུ་གསལ་བར་བྱེད་པ་རྣམས་ཀྱིས་སོ། །བདན་གཉིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དག་གིས་སོ། །དང་པོའི་སྒྲ་ནི་ཐོག་མ་དང་ཐ་མེད་པའི་དོན་ཏོ། །ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་སངས་རྒྱས་དང་ལྡན་པའི་ཕྱིར་སངས་རྒྱས་སོ། །དང་པོ་འདི་ཡིན་ལ་སངས་རྒྱས་ཀྱང་ཡིན་པས་དང་པའི་སངས་རྒྱས་ཏེ་སྐྱེ་བ་དང་འཇིག་པ་དང་བྲལ་པ་ཐམས་ཅད་མཁྱེན་པ་ཞེས་པའི་དོན་ཏོ། །མཚན་ཡང་དག་པར་བརྗོད་པར་ཡང༌། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རིགས་མེད་པ། །ཞེས་སོ། །སྙིང་རྗེ་དང་ནི་སྟོང་ཉིད་སྐུ། །དུས་ནི་ཀུན་རྫོབ་གཟུགས་ཅན་མ། །སྟོང་ཉིད་འཁོར་ལོ་ཞེས་བརྗོད་


DTG013_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ། །དུས་ཀྱི་འཁོར་ལོ་གཉིས་མེད་འདོད། །ཡང་ན། མིང་གི་ཡི་གེ་རེ་རེ་སྟེ། །ཀཱ་ཡིག་ལས་ནི་རྒྱུ་ཞི་བ། །ལ་ཡིག་ལས་འདིར་ཐིམ་པ་ཉིན། །ཙ་ཡིག་ལས་ནི་གཡོ་བའི་སེམས། །ཀྲ་ཡིག་རིམ་པ་བཅིངས་ལས་སོ། །འདིའི་དོན་འདི་ཡིན་ཏེ། རྒྱུ་ནི་བྱང་ཆུབ་ཀྱི་སེམས་ཏེ་ལུས་ཞེས་བརྗོད་དོ། །ཞི་བ་ནི་སད་པའི་གནས་སྐབས་ཟད་པས་རྣམ་པར་རྟོག་པ་དང་བྲལ་བ་སྟེ། དཔྲལ་བར་ལུས་ཀྱི་ཐིག་ལེ་འགོག་པ་ལས་སྤྲུལ་པའི་སྐུའོ། །དེ་ལྟར་གྱུར་པ་ལ་རྨི་ལམ་གྱི་གནས་སྐབས་ཟད་པའི་བདག་ཉིད་སྲོག་ཐིམ་པ་སྟེ། མགྲིན་པར་དག་གི་ཐིག་ལེ་འགོག་པ་ལས་ལོངས་སྤྱོད་རྫོགས་པའི་སྐུའོ། །སད་པ་དང་རྨི་ལམ་གྱི་གནས་སྐབས་སུ་སྒྲ་ལ་སོགས་པའི་ཡུལ་རྣམས་འབའ་ཞིག་དོན་དུ་གཉེར་བ་འཕོ་བའི་ཆོས་ཅན་མུན་པས་ཟིལ་གྱིས་མནན་པའི་སེམས་ནི་ཁམས་བཅོ་བརྒྱད་ཀྱི་རྣམ་པར་འགྱུར་བ་རྣམས་རྫོགས་པ་དེའི་བཅིངས་པ་མུན་པ་དང་བྲལ་བ་ཤིན་ཏུ་གཉིད་ལོག་པ་སད་པ་སྟེ་སྙིང་གར་སེམས་ཀྱི་ཐིག་ལེ་འགོག་པ་ལས་ཆོས་ཀྱི་སྐུའོ། །འདི་གང་ལས་ཤེ་ན། གསུངས་པ་ཀྲ་ཡིག་ལས་ཞེས་སོ། །རིམ་པ་ནི་ལུས་ལ་སོགས་པའི་ཐིག་ལེ་རྣམས་ཀྱི་འཕོ་བ་ཡིན་ལ། དེ་བཅིངས་པ་ནི་ལྷན་ཅིག་སྐྱེས་པའི་བདེ་བས་བཞི་པའི་གནས་སྐབས་ཟད་པ་སྟེ་ལྟེ་བར་གཡོ་བའི་བགྲོད་པ་ཡེ་ཤེས་ཀྱི་ཐིག་ལེ་འགོག་པ་ལས་ལྷན་ཅིག་སྐྱེས་པའི་སྐུའོ་ཞེས་པ་སྐུ་བཞིའི་བདག་ཉིད་དོ། །དེ་ཉིད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཤེས་པ་དང་ཤེས་བྱའི་འབྲེལ་པས་ཇི་ལྟ་བ་བཞིན་དུ་བརྗོད་པའོ། །འགྱུར་མེད་བད་བའི་ཡེ་ཤེས་སྒྲིབ་པ་ཐམས་ཅད་ཟད་པའི་རྒྱུར་གྱུར་པ་ནི་དུས་ཞེས་བརྗོད་དེ། ཐབས་དང་སྙིང་རྗེའི་བདག་ཉིད་མངོན་པར་ཤེས་པ་དྲུག་གི་བདག་ཉིད་དོ། །འཁོར་ལོ་ཤེས་བྱའི་རྣམ་འགྲོ་ཤེས་བྱ་ཁམས་གསུམ་པ་མཐའ་ཡས་པའི་དངོས་པོའི་མཚན་ཉིད་ནི་འཁོར་ལོ་སྟེ། དེ་ཉིད་ཤེས་རབ་སྟོང་ཉིད་བདག་ཉིད་རྣམ་པ་ཐམས་ཅད་པའི་བདག་ཉིད་དོ། །འདི་དག་གཅིག་པ་ཉིད་ནི་དུས་ཀྱི་འཁོར་ལོ་ཞེས་བརྗོད་དེ། དཔལ་དུས་ཀྱི་འཁོར་ལོར་ཡང༌། མཐའ་ཡས་སངས་རྒྱས་ཞིང་རྣམས་དང་ནི་དཔག་མེད་ཡོན་ཏན་རྣམས་དང་ནམ་མཁའ་ལ་སོགས་ཁམས་རྣམས་དང༌། །གནས་དང་སྐྱེ་དང་ཉམས་


DTG013_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་རྣམ་གསུམ་ཞེས་པའི་སྲིད་པ་དང་ནི་འགྲོ་བ་དྲུག་ཏུ་སེམས་ཅན་ཀུན། །སངས་རྒྱས་ཁྲོ་བོ་ལ་སོགས་རྣམས་དང་སྙིང་རྗེའི་ཐུགས་ལྡན་བྱང་ཆུབ་སེམས་དཔའ་བཙུན་མོར་བཅས་རྣམས་ཏེ། །འདི་རྣམས་སྲིད་པ་གསུམ་པོ་རྣམས་ཀྱིས་ཕྱག་བྱས་རྒྱལ་བ་བདེ་འབྱུང་གཅིག་ཕུའི་འཁོར་ལོ་གཅིག་ཡིན་ནོ། །ཞེས་སོ། །དང་པོར་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ནི་གསལ་ལོ། །ད་ནི་ཆུ་དང་ཞེས་པ་ལ་སོགས་པས་དབང་བདུན་མདོར་བསྟན་ཏེ། འདིར་རྒྱུད་མ་ཐོས་པ་ཉིད་ཀྱི་ཕྱིར་ལས་དང་པོ་པ་རབ་ཏུ་མ་རྟོགས་པའི་བློ་ཅན་རྣམས་ཀྱིས་རབ་ཏུ་རྟོགས་པར་བྱ་བའི་ཕྱིར། དཔལ་ལྡན་རྒྱུད་དང་དྲི་མ་མེད་པའི་འོད་ལས་ཀྱང་དབང་བདུན་ལ་སོགས་པའི་ཆོ་ག་ཅུང་ཟད་བླང་བར་བྱའོ། །དེ་ལ་རེ་ཞིག་དང་པོར་སློབ་མ་བསྲུང་བའི་ཆོ་ག་གསུངས་པ། སློབ་མའི་མགོ་བོ་སྙིང་ག་དེ་བཞིན་གཙུག་ཏོར་ལྟེ་བ་མགྲིན་པ་དཔལ་ལྡན་གསང་བའི་པདྨར་ཡང༌། །རྒྱལ་བ་ལ་སོགས་གཉི་གའི་རིགས་སུ་གྱུར་པ་སྐུ་གསུང་ཐུགས་ཀྱིས་ཕྱེ་བ་རྣམས་ཀྱིས་བསྲུང་བྱས་ཤིང༌། །དེ་བཞིན་སྐུ་གཟུགས་སོགས་དང་གླེགས་བམ་རྣམས་ནི་རབ་གསལ་ངེས་པའི་དཔལ་ལྡན་དབྱངས་རྣམས་དག་གིས་ཏེ། །སེམས་ཅན་རྣམས་ཀྱི་ཐར་པའི་སླད་དུ་ཆེ་གེ་བདག་ཀྱང་གཙོ་བོའི་དཀྱིལ་འཁོར་དག་ནི་བཞེངས་པར་བགྱིད། །འདིར་དང་པོར་སློབ་མ་ལ་སོགས་པ་བསྲུང་བ་བྱས་ཏེ། ཕྱི་ནས་སློབ་མ་ལ་སོགས་པ་བསྡུ་བར་བྱའོ། །འདིར་རྒྱལ་བ་ལ་སོགས་པ་ལྷ་མོ་གཉི་གའི་རིགས་སུ་གྱུར་པ་རྣམས་ཀྱི་སྲུང་བ་ནི་མགོ་བོར་ཨཱུ་ཡིག་དང་སྙིང་གར་ཨའི་ཡིག་དང་གཙུག་ཏོར་དུ་ཨཱ་ཡིག་དང་ལྟེ་བར་ལཱྀ་ཡིག་དང་མགྲིན་པར་རཱྀ་ཡིག་དང་གསང་བར་ཨཱཿཡིག་སྟེ། གཉིས་ཀའི་རིགས་སུ་གྱུར་པ་སྐུ་གསུང་ཐུགས་ཀྱི་ཕྱེ་བ་རྣམས་ཀྱིས་ཞེས་པའོ། །དེ་བཞིན་སྐུ་གཟུགས་སོགས་དང་གླེགས་བམ་རྣམས་ནི་རབ་གསལ་ངེས་པའི་དཔལ་ལྡན་དབྱངས་རྣམས་དག་གིས་ཏེ། །ཞེས་པ་ཨ་ཨི་རྀ་ཨུ་ལྀ་ཞེས་པའི་དབྱངས་ལྔ་པོ་རྣམས་ཀྱིས་བསྲུང་བ་བྱས་ནས། དེ་ནས་སངས་རྒྱས་རྣམས་ལ་གསོལ་བ་བཏབ་པར་བྱས་ཏེ། སེམས་ཅན་རྣམས་ཀྱི་ཐར་པའི་སླད་དུ་ཆེ་གེ་བདག་ཀྱང་གཙོ་བོ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་


DTG013_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དཀྱིལ་འཁོར་བྲི་བར་བགྱིད་དོ། །དེའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སློབ་མ་ལ་སོགས་པ་རྣམས་བྱིན་གྱིས་བརླབ་པར་མཛད་དུ་གསོལ་ཞེས་པ་གསོལ་བ་བཏབ་པའི་ངེས་པ་དང་བསྲུང་བའི་ངེས་པའོ། །ད་ནི་བུམ་པ་གསུངས་པ། དེ་བཞིན་ཤེལ་གྱི་བུམ་པ་དངུལ་མཆོག་རང་བཞིན་དཔལ་ལྡན་ཐོད་པ་དག་དང་ལྕགས་ཀྱི་དང༌། །ཟངས་ཞེས་བྱ་བ་གསེར་གྱི་བུམ་པ་རབ་གསལ་ངེས་པར་ཤིང་ལས་སྐྱེས་དང་ས་ཡི་རང་བཞིན་ནོ། །ཞི་བ་ལ་ཤེལ་གྱི་བུམ་པའོ། །རྒྱས་པ་ལ་དངུལ་གྱིའོ། །གསད་བ་ལ་མིའི་ཐོད་པའོ། །བསྐྲད་པ་དང་དབྱེ་བ་ལ་ལྕགས་ཀྱིའོ། །དབང་ལ་གསེར་གྱིའོ། །དགུག་པ་ལ་ཟངས་ཀྱིའོ། །རེངས་པ་ལ་སའི་རང་བཞིན་ནོ། །རྨོངས་པ་ལ་ཤིང་ལས་སྐྱེས་པའི་བུམ་པ་བཅུའོ། །དེ་ནས་ཞིབ་དང་རྒྱས་པའི་མཚན་ཉིད་གསུངས་པ། ཟླུམ་པོ་བརྒྱད་གཉིས་སོར་དུ་བརྗོད་དེ་གཉིས་ཀྱིས་བསྒྱུར་བའི་བཅུ་ཡི་དཔངས་དང་སོར་གཉིས་དག་གི་མཆུ། །དྲུག་གིས་མགྲིན་པ་སོར་བརྒྱད་ཁ་སྟེ་རི་བོང་འཛིན་པ་ལྟར་དཀར་ཞིང་རྒྱས་དག་ལ་འོ་གཞན་ལ་མིན། །འདིར་བུམ་པའི་ལྟོ་བ་ཟླུམ་པོ་ནི་བརྒྱད་གཉིས་སོར་དུ་བརྗོད་དེ་སོར་བཅུ་དྲུག་ཏུ་བརྗོད་དོ། །གཉིས་ཀྱིས་བསྒྱུར་བའི་བཅུ་ཡིས་དཔངས་ཞེས་པ་བུམ་པའི་ལྟོ་བ་འོག་ནས་ཁ་དང་མཆུའི་མཐར་སོར་ཉི་ཤུ་ནི་དཔངས་སོ། །སོར་གཉིས་དག་གི་མཆུ་ཞེས་པ་གང་དག་གི་མ་ཚུ་སོར་གཉིས་འཕྱང་བ་དེ་སོར་གཉིས་དག་གི་མཆུའོ། །ཁའི་མཚམས་ནས་སོར་དྲུག་གི་མགྲིན་པའོ། །སོར་བརྒྱད་ཁ་སྟེ་མཆུ་ནས་མཆུའི་མཐར་ལ་སོར་བརྒྱད་དེ། སོར་བརྒྱད་ཆ་གསུམ་བྱས་ནས་ཆ་གཉིས་ཀྱིས་མགྲིན་པའི་བུག་པའོ། །ཆ་གཅིག་གིས་མཆུ་གཉིས་ཀྱི་ཞེང་ངོ༌། །དེ་རྣམས་ཀྱང་རི་བོང་འཛིན་པ་ལྟར་དཀར་ཞི་རྒྱས་དག་ལའོ། །གཞན་ལ་མིན་པར་མི་འགྱུར་རོ་ཞེས་པའོ། །ཤེལ་དང་དངུལ་གྱི་བུམ་པ་རྣམས་མེད་ན་སའི་རང་བཞིན་གྱི་བུམ་པ་ནག་པོ་དང་རྩ་བ་མེད་པ་རྣམས་སཱ་ལི་བཏགས་པ་འམ་ཙནྡན་གྱིས་བྱུགས་ཏེ་དཀར་པོར་བའོ། །དེ་བཞིན་དུ་རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། གསང་པ་ལ་མིའི་ཐོད་པ་རྣམས་དུར་ཁྲོད་ཀྱི་སོལ་བའི་ཕྱེ་མ་དང་མིའི་ཞག་གིས་བྱུགས་ཏེ་ནག་པོར་བྱའོ་ཞེས་


DTG013_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོ། །བསྐྲད་པ་དང་དབྱེ་བ་ལ་མགྲིན་པ་རིང་པོ་སོར་བརྒྱད་པ་འཁྱོག་པོ། ལུས་ཕྲ་བ་ཟླུམ་པོ་སོར་བཅུ་གཉིས་པ་དཔངས་སུ་སོར་ཉི་ཤུ་རྩ་བཞི་པ། མཆུ་སོར་གཅིག་པ། ཁ་སོར་དྲུག་པ་རྣམས་སོ། །དབང་དང་དགུག་པ་ལ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་བཟོ་བོས་ཇི་ལྟར་བྱས་པ་རྣམས་སོ། །རེངས་པ་ལ་སྦོམ་ཐུང་སྟེ་ཟླུམ་པོ་དང་དཔངས་མཚུངས་པར་སོར་བཅུ་དྲུག་པ། མགྲིན་པ་སོར་བཞི་པའོ། །ཁ་སོར་དྲུག་པ། མཆུ་སྦོམ་པོ་སོར་གཉིས་པ་རྣམས་སོ། །ལས་ཐམས་ཅད་པ་ལ་ཞི་བ་ལ་སོགས་པ་དང་དབང་ལ་སོགས་པའི་ལས་ལ་གསུངས་པ་རྣམས་གཟུང་བར་བྱའོ་ཞེས་པ་བུམ་པའི་ངེས་པའོ། །དེ་ནས་རྡོ་རྗེ་བུམ་པ་ལྷག་པར་གནས་པ་བརྗོད་པའོ། །དེ་ལ་སྔགས་ཀྱི་ཚིག་རྣམས་ནི། ཨོཾ་ཧཾ་ཧཱཾ་ཧཱིཾ་ཧཱིཾ་ཧྲྀཾ་ཧྲཱྀཾ་ཧཱུཾ་ཧཱུཾ་ཧཱིཾ་ཧླཱྀཾ་ཧླཱྀཾ་བཛྲ་པདྨ་ཨ་མྲྀ་ཏ་གྷ་ཊ་སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་སརྦ་དྷརྨ་སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་སྭ་བྷཱ་བཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། དཀྱིལ་འཁྲོ་གྱིད་བུས་སུ་དྲི་ལ་སོགས་པ་ཕུལ་ནས་རྣམ་པར་རྒྱལ་བའི་བུམ་པ་གཞག་པར་བྱའོ་ཞེས་པ་བུམ་པ་ལྷག་པར་གནས་པའོ། །དེ་ནས་སློབ་པ་མ་ལྷག་པར་གནས་པ་སྟེ། དང་པོའི་དཀྱིལ་འཁོར་ལ་གསོལ་བ་གདབ་པའི་དུས་ལ་སོགས་པ་གཟུང་བ་དང་མཐར་དཀྱིལ་འཁོར་དུ་འཇུག་པའི་དུས་ཐམས་ཅད་དུ་མཎྜལ་བྱས་ནས་སོ་ཤིང་བྱིན་ཏེ་དེ་ནས་བསྲུང་བར་བྱའོ། །དེ་ལ་འདི་ནི་ཆོ་ག་སྟེ་ཁྲུས་བྱས་ཤིང་གོས་གཙང་མ་བགོས་ཏེ་ཞི་བ་ལ་སོགས་པའི་ལས་དང་རྗེས་སུ་མཐུན་པའི་ས་དེ་ཉིད་མཎྜལ་བྱས་ནས་ཤར་དུ་མངོན་པར་ཕྱོགས་པ་ལ་ཨུ་དུམྺཱ་རའི་སོ་ཤིང་ངམ་འོ་མ་ཅན་གྱི་ཤིང་གཞན་ལས་སྐྱེས་པ་སོར་བཅུ་གཉིས་པ་མགོ་བོར་མེ་ཏོག་གི་ཕྲེང་བ་བཅིངས་པ་དྲི་ལ་སོགས་པ་རྣམས་ཀྱིས་མཆོད་ནས་སྔགས་འདིས་སྦྱིན་པར་བྱའོ། །ཨོཾ་ཨཱཿཧཱུཾ་ཧོཿ་ཧཾ་ཀྵཿབཛྲ་དནྡཱ་ཀླཥྛ་ཙ་ཏུར་བི་མོཀྵ་མུ་ཁ་བི་ཤུདྡྷཿསྭ་བྷཱ་ཝ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་མུ་ཁ་དནྟཱ་དི་མ་ལཾ་བི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་པས་སོ་ཤིང་བྱིན་ནས་ལྷག་པར་གནས་པའི་མཐར་སྟེང་ནས་དོར་བ་མཎྜལ་དུ་ལྷུང་བའི་སོ་ཤིང་མཚོན་པར་བྱ་སྟེ། ནང་དུ་མགོ་བོ་ལྷུང་བ་དེས་དེར་གནས་པའི་ལས་རབ་འབྱམས་པ་ལ་སོགས་པ་དེའི་བསྒྲུབ་པར་བྱ་བའོ་ཞེས་པ་སོ་ཤིང་གི་ཆོ་གའོ། །དེ་ནས་སློབ་མ་དཀྱིལ་འཁོར་གྱི་ས་ལ་བཅུག་སྟེ་མགོ་བོ་དང་མགྲིན་པ་དང་སྙིང་ག་དང་ལྟེ་བ་


DTG013_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་གཙུག་ཏོར་དང་གསང་བ་ལ་ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ་རིགས་དྲུག་པོ་རྣམས་དགོད་པར་བྱས་ནས་སྔགས་ཚིག་འདི་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་བསྐུལ་བར་བྱ་སྟེ། ཨོཾ་ཨ་ཨཱ་ཨཾ་ཨཿབཛྲ་སཏྭ་མ་ཧཱ་སུ་ཁ་བཛྲ་ཀཱ་ལ་ཙཀྲ་ཤི་ཥྱ་སྱཱ་བྷི་མུ་ཁོ་བྷ་བ་ས་ན་ཏུཥྚོ་བྷ་བ་བར་དོ་བྷ་བ་ཀཱ་ཡ་ཝཱ་ཀ་ཙིཏྟཱ་དྷིཥྛཱ་ནཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་སློབ་མ་ལྷག་པར་གནས་པའི་ཆོ་གའོ། །ད་ནི་ལྷ་རྣམས་མཆོད་པ་གསུངས་པ། རིན་ཆེན་གསེར་ཟླ་མེ་ཏོག་རྣམས་དང་རྣམ་པ་མང་པོའི་གོས་དང་དྲི་དང་སྤོས་དང་མར་མེ་དང༌། །དྲིལ་བུ་མེ་ལོང་བླ་རེ་རྣམས་དང་རྣམ་མང་འབྲས་བུ་བདན་སོགས་དང་གར་དང་རོལ་མོ་ཡིས། །རྣམ་བཀྲ་མཆོད་པ་བྱས་ཏེ་གཞན་པ་རྣམ་བཅུ་རྣམས་ཀྱང་བདག་ཉིད་ནུས་པས་ཇི་ལྟར་གསུངས་པ་བཞིན། །སློབ་དཔོན་དག་གི་ཞབས་ཀྱི་རྩ་བར་མཆོག་གི་བུ་ཡིས་ཡོན་ནི་དག་པའི་སླད་དུ་དབུལ་བར་བྱ། །འདིར་སྔར་བརྗོད་པའི་ཆོ་གས་ལྷ་རྣམས་དམིགས་པ་བྱས་ཏེ། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་འཁོར་ལོ་དང་ལྷན་ཅིག་གཅིག་ཏུ་བྱས་ནས་སྔར་གྱི་སྔགས་ཀྱི་ཚིག་རྣམས་ཀྱིས་མཆོད་ཡོན་ལ་སོགས་པ་ཕུལ་ཏེ། དེ་ནས་མཆོད་པའི་དོན་དུ་དང་པོར་ཙནྡན་ལ་སོགས་པའི་དྲི་བཟུང་ནས་མཐེ་བོང་དང་མིང་མེད་དག་གིས་ཕྱི་རོལ་དུ་བྱས་པའི་མཎྜལ་དུ་གཙོ་བོ་ལ་སོགས་པ་རྣམས་མཆོད་པར་བྱའོ། །ཐམས་ཅད་ཀྱི་མིང་གི་དང་པོར་ཨོཾ་ཡིག་སྦྱིན་པར་བྱ་སྟེ། ལས་ཐམས་ཅད་པས་མཆོད་ལ་མིང་གི་མཐར་ན་མཿ་ཞེས་པར་འགྱུར་ཞིང༌། ལས་སོ་སོ་ལས་ནི་རྒྱས་པ་ལ་སོགས་པ་ལ་སྭཱ་ཧཱ་མཐར་རིག་པར་བྱའོ། །འདིར་ལས་ཐམས་ཅད་པ་ལ་མཆོད་པའི་ཕྱིར། ལྷ་རྣམས་ཀྱི་སྔགས་ཀྱི་ཚིག་རྣམས་རྩ་བའི་རྒྱུད་དུ་འདི་ལྟ་སྟེ། ཨོཾ་བུདྡྷཱ་ཡ་ན་མཿ་ཨོཾ་དྷརྨཱ་ཡ་ན་མཿ་ཨོཾ་སཾ་གྷཱ་ཡ་ན་མཿ་ཨོཾ་བཛྲ་སཏྭ་ཡ་ན་མཿ་ཨོཾ་པྲཛྙཱ་པཱ་ར་མི་ཏཱ་ཡཻ་ན་མཿ་ཨོཾ་སྭ་བྷཱ་བི་ཀ་ཀཱ་ཡཱ་ཡ་ན་མཿ་ཨོཾ་དྷརྨཱ་ཀཱ་ཡཱ་ཡ་ན་མཿ་ཨོཾ་སཾ་བྷོ་ག་ཀཱ་ཡཱ་ཡན་མཿ་ཨོཾ་ནེརྨཱ་ཎ་ཀཱ་ཡཱ་ཡ་ན་མཿ་ཨོཾ་ཛྙཱ་ན་བཛྲཱ་ཡ་ན་མཿ་ཨོཾ་ཙིཏྟ་བཛྲཱ་ཡ་ན་མཿ་ཨོཾ་ཝཱཀ་བཛྲཱ་ཡ་ན་མཿ་ཨོཾ་ཀཱ་ཡ་བཛྲཱ་ཡེ་ན་མཿ། ཨོཾ་ཙ་ཏུར་བི་མོ་ཀྵེ་བྷྱོ་ན་མཿ་ཨོཾ་ཙ་ཏུར་བྲཧྨ་བི་ཧཱ་རེ་བྷྱོ་ན་མཿ་ཨོཾ་སཔྟ་ཏྲིཾ་ཤཏ་བོ་དྷི་པཱིཀྵ་ཀ་དྷརྨ་བྷྱོ་ན་མཿ་ཨོཾ་ཙ་ཏུར་ཤཱི་ཏི་ས་ཧཱ་སྲ་དྷརྨ་སྐ་ན་དྷི་བྷྱོ་


DTG013_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ན་མཿ་ཨོཾ་སརྦ་དྷརྨ་དེ་ཤ་ཀེ་བྷྱོ་ན་མཿ་ཨོཾ་རཏྣ་ཏྲ་ཡཱ་ཡ་ན་མཿ་ཨོཾ་ཤཱཀྱ་མུ་ན་ཡེ་ན་མཿ་ཨོཾ་ཀཱ་ལ་ཙཀྲཱ་ཡ་ན་མཿ་ཨོཾ་དཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿ་ཨོཾ་ཤྲཱི་ལ་པཱ་ར་མི་ཏཱ་ཡཻ་ན་མཿ་ཨོཾ་ཀྵནྟི་པཱ་ར་མི་ཏཱ་ཡཻ་ན་མཿ་ཨོཾ་བཱིཪྻ་པཱ་ར་མི་ཏཱ་ཡཻ་ན་མཿ་ཨོཾ་དྷྱཱ་ན་པཱ་ཏ་མི་ཏཱ་ཡཻ་ན་མཿ་ཨོཾ་པྲ་ཛྙཱ་པཱ་ར་མི་ཏཱ་ཡཻ་ན་མཿ་ཨོཾ་ཨུ་པཱ་ཡ་པཱ་ར་མི་ཏཱ་ཡཻ་ན་མཿ་ཨོཾ་པྲ་ཎི་དྷཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿ་ཨོཾ་བ་ལ་པཱ་ར་མི་ཏཱ་ཡཻ་ན་མཿ་ཨོཾ་ཛྙཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿ་ཨོཾ་ཛ་ཡ་གྷ་ཊེ་བྷྱོ་ན་མཿ་ཨོཾ་བི་ཛ་ཡ་གྷ་ཊེ་བྷྱོ་ན་མཿ་ཨོཾ་སརྦ་ཙིཧྣ་བྷྱོ་ན་མཿ་ཨོཾ་སརྦ་མུ་དཱ་བྷྱོ་ན་མཿ་ཨོཾ་ཙིནྟ་མ་ཎ་ཡེ་ན་མཿ་ཨོཾ་དྷརྨ་གནྜེ་ན་མཿ་ཨོཾ་དྷརྨ་ཤཾ་ཁཱ་ཡ་ན་མཿ་ཨོཾ་ཀལྤ་བྲཱྀཀྵ་ཡ་ན་མཿ་ཨོཾ་ཨཀྵོ་བྷྱཱ་ཡ་ན་མཿ་ཨོཾ་ཨ་མོ་གྷ་སིདྡྷཱ་ཡ་ན་མཿ་ཨོཾ་རཏྣ་ནཾ་སཾ་བྷ་བཱ་ཡ་ན་མཿ་ཨོཾ་ཨ་མི་ཏཱ་བྷཱ་ཡ་ན་མཿ་ཨོཾ་བཻ་རོ་ཙ་ནཱ་ཡ་ན་མཿ་ཨོཾ་ལོ་ཙ་ནཱ་ཡཻ་ན་མཿ་ཨོཾ་མཱ་མ་ཀྱཻ་ན་མཿ་ཨོཾ་པཱཎྜ་རཱ་ཡཻ་ན་མཿ་ཨོཾ་ཏཱ་རཱ་ཡཻ་ན་མཿ་ཨོཾ་བཛྲ་དྷཱ་ཏྭཱི་ཤྭཪྻཻ་ན་མཿ་ཨོཾ་བཛྲ་པཱ་ཎ་ཡེ་ན་མཿ་ཨོཾ་ཁ་གརྦྷཱ་ཡ་ན་མཿ་ཨོཾ་ཀྵི་ཏི་གརྦྷཱ་ཡ་ན་མཿ་ཨོཾ་ལོ་ཀེ་ཤྭ་རཱ་ཡ་ན་མཿ་ཨོཾ་སརྦ་ནི་བར་ན་བི་སྐཾ་བྷི་ནེ་ན་མཿ་ཨོཾ་ས་མནྟ་བྷ་དྲཱ་ཡ་ན་མཿ་ཨོཾ་གནྡྷ་བཛྲཱ་ཡཻ་ན་མཿ་ཨོཾ་རཱུ་པ་བཛྲཱ་ཡཻ་ན་མཿ་ཨོཾ་རཱ་ས་བཛྲའ་ཡཻ་ན་མཿ་ཨོཾ་སྥར་ཤ་བཛྲཱ་ཡེ་ན་མཿ་ཨོཾ་ཤབད་བཛྲཱ་ཡཻ་ན་མཿ་ཨོཾ་དྷརྨ་དྷཱ་ཏུ་བཛྲཱ་ཡཻ་ན་མཿ་ཨོཾ་ཨུཥྞཱི་ཥཱ་ཡ་ན་མཿ་ཨོཾ་བིགྷྰྞཱ་ན་ཏ་ཀཱ་ཡ་ན་མཿ་ཨོཾ་པྲཛྙཱནྟ་ཀཱ་ཡ་ན་མཿ་ཨོཾ་པད་མཱནྟ་ཀཱ་ཡ་ན་མཿ་ཨོཾ་ཡ་མཱནྟ་ཀཱ་ཡ་ན་མཿ་ཨོཾ་སྟཾ་བྷི་ཉཻ་ན་མཿ་ཨོཾ་མཱ་ཪྵི་ཏྱཻ་ན་མཿ་ཨོཾ་སྟྭ་བྷི་ཉཻ་ན་མཿ་ཨོཾ་ཨ་ཏི་བཱིཪྻཱ་ཡཻ་ན་མཿ་ཨོཾ་ཨ་ཏི་ནཱི་ལཱ་ཡཻ་ན་མཿ་ཨོཾ་སརྦ་དྷཱ་རི་ཎཱི་བྷྱོ་ན་མཿ་ཨོཾ་ཥ་ཌཱཾ་གཱ་ཡ་ན་མཿ་ཞེས་པ་ཐུགས་ཀྱི་དཀྱིལ་འཁོར་ལ་མཆོད་པའི་ཆོ་གའོ། །དེ་ནས་གསུང་གི་དཀྱིལ་འཁོར་ལ་འདི་ལྟ་སྟེ། ཨོཾ་བཛྲ་ཙར་ཙི་ཀཱ་ཡཻ་ན་མཿ་ཨོཾ་བཛྲ་བཱ་རཱ་ཧྱཻ་ན་མཿ་ཨོཾ་བཛྲ་མ་ཧེ་ཤྭ་ཪྻཻ་ན་མཿ་ཨོཾ་བཛྲ་ཨིནྡྱཻ་ན་མཿ་ཨོཾ་བཛྲ་བྲཧྨ་ཎྱཻ་ན་མཿ་ཨོཾ་བཛྲ་མ་ཧཱ་ལཀྵྨྱཻ་ན་མཿ་ཨོཾ་བཛྲ་ཀཽ་མཱ་ཪྻཻ་ན་མཿ་ཨོཾ་བཛྲ་བཻཥྞ་བྱཻ་ན་མཿ་ཨོཾ་ཨཥྚཱཥྚ་ཀེ་ན་ཙ་ཏུཿ་ཥཥྛི་བཛྲ་ཡོ་གི་ནཱི་བྷྱོ་ན་མཿ་ཨོཾ་ཥཊ་ཏྲིཾ་ཤཏ་ཨིཙྪ་བྷྱོ་ན་མཿ་ཞེས་པ་གསུང་གི་དཀྱིལ་འཁོར་ལ་མཆོད་པའི་ཆོ་གའོ། །དེ་ནས་སྐུའི་དཀྱིལ་འཁོར་ལ་འདི་ལྟ་སྟེ། ཨོཾ་བཛྲ་བཻཥྞ་བེ་ན་མཿ་ཨོཾ་བཛྲ་ནཻརྲྀ་ཏྱཱ་ཡ་ན་མཿ་ཨོཾ་བཛྲཱང་ཡེ་ན་མཿ་ཨོཾ་བཛྲོད་དྷ་ཡེ་ནྭ་མཿ་ཨོཾ་བཛྲེནྦྲཱ་


DTG013_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡ་ན་མཿ་ཨོཾ་བཛྲེ་ཤྭ་རཱ་ཡ་ན་མཿ་ཨོཾ་བཛྲ་བྲཧྨ་ཎེ་ན་མཿ་ཨོཾ་བཛྲ་བི་ནཱ་ཡ་ཀཱ་ཡ་ན་མཿ་ཨོཾ་བཛྲ་ཀཱརྟི་ཀེ་ཡཱ་ཡ་ན་མཿ་ཨོཾ་བཛྲ་བཱ་ཡ་བེ་ན་མཿ་ཨོཾ་བཛྲ་ཡཱ་མཱ་ཡ་ན་མཿ་ཨོཾ་བཛྲ་ཡཀྵེ་བྷྱོ་ན་མཿ་ཨོཾ་བ་རུ་ཎྱཻ་ན་མཿ་ཨོཾ་བཱ་ཡ་བྱཻ་ན་མཿ་ཨོཾ་ཡཱ་མི་ཉཻ་ན་མཿ་ཨོཾ་ཡཀྵི་ཉཻ་ན་མཿ་ཨོཾ་མ་ཧཱ་བ་ལཱ་ཡ་ན་མཿ་ཨོཾ་ཨ་ཙ་ལཱ་ཡ་ན་མཿ་ཨོཾ་ཊཀྐི་རཱ་ཛཱ་ཡ་ན་མཿ་ཨོཾ་ནཱི་ལ་དཎྜཱ་ཡ་ན་མཿ་ཨོཾ་སུ་བྷ་རཱ་ཛཱ་ཡ་ན་མཿ་ཨོཾ་རཽ་དྲཱཀྵྱཻ་ན་མཿ་ཨོཾ་བཛྲ་ཤྲིཾ་ཁ་ལཱ་ཡཻ་ན་མཿ་ཨོཾ་ཙུནྡཱ་ཡཻ་ན་མཿ་ཨོཾ་བྷྲྀ་ཀུ་ཊྱཻ་ན་མཿ་ཨོཾ་མཱ་རཱི་ཙྱཻ་ན་མཿ་ཨོཾ་པྲ་ཏྱེ་ཀ་མཱ་ས་བྷེ་དེ་ན་ཥཥྛི་ཨུཏྟ་རི་ཏྲི་ཤ་ཏ་བཛྲ་ཏི་ཐི་དེ་བཱི་བྷྱོ་ན་མཿ་ཨོཾ་ཥཊ་ཏྲིཾ་ཤ་ཏ་པྲ་ཏཱིཙྪ་བྷྱོ་ན་མཿ་ཨོཾ་བཛྲ་ཛ་ཡཱ་ཡ་ན་མཿ་ཨོཾ་བཛྲ་ཀརྐོཊ་ཀཱ་ཡ་ན་མཿ་ཨོཾ་བཛྲ་བཱ་སུ་ཀ་ཡེ་ན་མཿ་ཨོཾ་བཛྲཱ་ནནྟ་ཡ་ན་མཿ་ཨོཾ་བཛྲ་ཏཀྵ་ཀཱ་ཡ་ན་མཿ་ཨོཾ་བཛྲ་མ་ཧཱ་པདྨཱ་ཡ་ན་མཿ་ཨོཾ་བཛྲ་ཀུ་ལི་ཀཱ་ཡ་ན་མཿ་ཨོཾ་བཛྲ་ཤཾ་ཁ་པཱ་ལཱ་ཡ་ན་མཿ་ཨོཾ་བཛྲ་པདྨ་ཡ་ན་མཿ་ཨོཾ་བཛྲ་བི་ཛ་ཡཱ་ཡ་ན་མཿ་ཞེས་པ་སྐུའི་དཀྱིལ་འཁོར་ལ་མཆོད་པའི་ཆོ་གའོ། །དེ་ནས་དུར་ཁྲོད་རྣམས་སུ་འདི་ལྟ་སྟེ། ཨོཾ་ཤྭཱ་ནཱ་སྱཻ་ན་མཿ་ཨོཾ་ཤཱ་ཀ་རཱ་སྱཻ་ན་མཿ་ཨོཾ་བྱཱ་གྷཱ་སྱཻ་ན་མཿ་ཨོཾ་ཛམྦུ་ཀཱ་སྱཻ་ན་མཿ་ཨོཾ་ག་རུ་ཌཱ་སྱཻ་ན་མཿ་ཨོཾ་ཨུ་ལཱུ་ཀཱ་སྱཻ་ན་མཿ་ཨོཾ་གྲྀ་ཌྷཱ་སྱཻ་ན་མཿ་ཨོཾ་ཀཱ་ཀཱ་སྱཻ་ན་མཿ་ཨོཾ་སརྦ་བྷཱུ་ཏེ་བྷྱོ་ན་མཿ་ཞེས་པ་དུར་ཁྲོད་བརྒྱད་པོ་རྣམས་ལའོ། །དེ་ནས་ཕྱི་རོལ་དུ་འཇིག་རྟེན་གྱི་ལྷ་རྣམས་ཀྱི། ཨོཾ་བཛྲ་ཙནྡྲཱ་ཡ་ན་མཿ་ཨོཾ་བཛྲ་སཱུཪྻཱ་ཡ་ན་མཿ་ཨོཾ་བཛྲ་མ་ག་ལཱ་ཡ་ན་མཿ་ཨོཾ་བཛྲ་བུདྡྷཱ་ཡ་ན་མཿ་ཨོཾ་བཛྲ་བྲི་ཧསྤ་ཏ་ཡེ་ན་མཿ་ཨོཾ་བཛྲ་ཤུ་ཀྲཱ་ཡ་ན་མཿ་ཨོཾ་བཛྲ་ཤ་ནཻ་ཤྩ་རཱ་ཡ་ན་མཿ་ཨོཾ་བཛྲ་ཀེ་ཏ་བེ་ན་མཿ་ཨོཾ་བཛྲ་རཱ་ཧ་བེ་ན་མཿ་ཨོཾ་བཛྲ་ཀཱ་ལཱང་ཡེ་ན་མཿ་ཨོཾ་བདྲ་དྷྱ་བེ་ན་མཿ་ཨོཾ་བཛྲཱ་གསྟྱ་ཡ་ན་མཿ་ཨོཾ་སར་བ་ནཀྵ་ཏྲེ་བྷྱོ་ན་མཿ་ཨོཾ་དྭ་ད་ཤ་རཱ་ཤི་བྷྱོ་ན་མཿ་ཨོཾ་ཤོ་ཌ་ཤ་ཀ་ལེ་བྷྱོ་ན་མཿ་ཨོཾ་ད་ཤ་དི་ཀ་པཱ་ལེ་བྷྱོ་ན་མཿ་ཨོཾ་བཛྲ་ནནྡི་ཀེ་ཤྭ་རཱ་ཡ་ན་མཿ་ཨོཾ་བཛྲ་མ་ཧཱ་ཀཱ་ལཱ་ཡ་ན་མཿ་ཨོཾ་བཛྲ་གྷནྞྜཱ་ཀརྞྞཱ་ཡ་ན་མཿ་ཨོཾ་བཛྲ་བྷྲྀཾ་གི་ཎེ་ན་མཿ་ཨོཾ་སརྦ་ཀྵེ་ཏྲ་པཱ་ལེ་བྷྱོ་ན་མཿ་ཨོཾ་སརྦ་དཱུ་ཏཱི་བྱོ་ན་མཿ་ཨོཾ་སརྦ་སིདྡྷི་བྷྱོ་ན་མཿ་ཨོཾ་དྷརྨ་


DTG013_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཙཀྲཱ་ཡ་ན་མཿ་ཨོཾ་བྷ་དྲ་གྷ་ཊཱ་ཡ་ན་མཿ་ཨོཾ་དུནྡུ་བྷྱཻ་ན་མཿ་ཨོཾ་བོ་དྷི་བྲྀཀྵཱ་ཡ་ན་མཿ་ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ་ཞེས་པ་མཆོད་པའི་ཆོ་གའོ། །དེ་ནས་རིན་ཆེན་ཨིནྡྲ་ནཱི་ལ་ལ་སོགས་པ་རྣམས་དང༌། གསེར་གྱི་མེ་ཏོག་རྣམས་དང༌། རྣམ་པ་མང་པོའི་ཁ་དོག་ལྔའི་གོས་དང་དྲི་དང་བདུག་པ་དང༌། མར་མེ་རྣམས་དང་དྲིལ་བུ་དང་མེ་ལོང་དང་བླ་རེ་རྣམས་དང་རྣམ་མང་འབྲས་བུ་རྣམས་དང་ཁ་དོག་ལྔའི་བ་དན་རྣམས་དང་གར་དང་རོལ་མོའི་སྒྲས་མཆོད་པ་བྱས་ཏེ། རྣམ་པ་བཅུ་ཡང་རྒྱུད་དུ་གསུངས་པ་རྣམས་སོ། །དེ་ལྟར་སློབ་མ་བདག་ཉིད་ཀྱི་ནུས་པས་ཇི་ལྟར་གསུངས་པའི་མཆོད་པ་བྱས་ཏེ། དེ་ནས་སློབ་དཔོན་ངག་གི་ཞབས་ཀྱི་རྩ་བར་མཎྜལ་བྱས་ནས་མཆོག་གི་བུ་ཡིས་ཡོན་ནི་དག་པའི་སླད་དུ་དབུལ་བར་བྱ། །དག་པ་གསུམ་གྱིས་རྫས་དང་བདག་ཉིད་བུ་དང་བུ་མོ་དང་བཅས་རིགས་ལས་སྐྱེས་པའི་གཞོན་ནུ། །དེ་རིང་ཉིད་ནས་མི་བཟད་འཁོར་བས་འཇིགས་པས་བདག་ནི་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་མཆི། །ཁྱེད་ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་འཇིགས་འཕྲོག་དག་ལ་ལུས་ངག་སེམས་ནི་དག་པས་སོ། །ཞེས་པ་གསེར་བཅས་མེ་ཏོག་རྣམས་ཀྱིས་མཎྜལ་བྱས་ནས་བླ་མ་ལ་ནི་གསོལ་བ་བཏབ་པར་འགྱུར། །དག་པ་གསུམ་གྱིས་ཞེས་པ་ལུས་དང་ངག་དང་སེམས་དག་པས་རྫས་དང་བདག་ཉིད་བུ་དང་བུ་མོ་དང་བཅས་ཏེ་གལ་ཏེ་རང་ལ་མེད་ན་རིགས་ལས་སྐྱེས་པའི་བུ་མོ་གཞོན་ནུ་མ་དབུལ་བར་བྱའོ། །དེ་ལྟར་ཡོན་ཕུལ་ཏེ་དེ་ནས་གསོལ་བ་གདབ་པ་དང་སྨོན་ལམ་གདབ་པ་ཡང་བྱའོ། །དེ་རིང་ཉིད་ནས་བདག་ཉིད་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་མཆི་སྟེ་བྱང་ཆུབ་བར་དུའོ། །ཁྱེད་ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་འཇིགས་འཕྲོག་དག་ལ་ལུས་ངག་སེམས་ནི་དག་པས་སོ། །ཞེས་པ་གསེར་བཅས་མེ་ཏོག་རྣམས་ཀྱིས་མཎྜལ་བྱས་ནས་བླ་མ་ལ་ནི་གསོལ་བ་གདབ་པར་འགྱུར། །དེ་ནས་སྨོན་ལམ་གདབ་པར་བྱ་སྟེ། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་གཟུང་བར་བགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། །རལ་གྲི་ལ་ནི་མཆོད་པར་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་དག་ནི་བསྐྱང་བར་


DTG013_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བགྱི། །སེམས་ཅན་རྣམས་ཀྱི་ཐར་པའི་སླད་དུ་རྒྱལ་བ་སྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་གཟུང་བར་བགྱི། །ཞེས་པ་རྡོ་རྗེའི་རིགས་ལ་གནས་པས་དམ་ཚིག་འདི་ཐམས་ཅད་གཟུང་བར་བགྱིའོ། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་གྱི་རིན་པོ་ཆེའི་རིགས་ལ་གནས་པས་བསོད་ནམས་ཀྱི་ཚོགས་ཀྱི་ཕྱིར་སྦྱིན་པ་རྣམ་པ་བཅུ་སྦྱིན་པར་བགྱིའོ། །རིན་ཆེན་ལྕགས་བཟང་བ་ལང་རྟ། །གླང་ཆེན་བུ་མོ་ནོར་འཛིན་དང༌། །འདོད་པའི་ཆུང་མ་རང་གི་ཤ །སྦྱིན་པ་རྣམ་པ་བཅུ་རུ་འདོད། །ཅེས་པ་སྟེ། ཡིད་བཞིན་གྱི་ནོར་བུ་བསྒྲུབས་ནས་སྦྱིན་པ་སྦྱིན་པར་བགྱིའོ་ཞེས་པ་སྨོན་ལམ་མོ། །འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། །འཁོར་ལོའི་རིགས་ལ་གནས་པས་བདུད་རྩི་ལྔ་ལ་སོགས་པ་དང༌། གོ་ཀུ་ད་ཧ་ན་དང་ཕུང་པོ་དང༌། དབང་པོའི་ཚོགས་པ་བསྲུང་བར་བགྱིའོ་ཞེས་པ་སྨོན་ལམ་མོ། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་རལ་གྲིའི་རིགས་ལ་གནས་པར་གྱུར་པས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་གཞན་རྣམས་ལ་ཡང་ཡོ་བྱང་ཐམས་ཅད་ཀྱིས་མཆོད་པར་བགྱིའོ་ཞེས་པ་སྨོན་ལམ་མོ། །གསལ་བར་ཆུ་སྐྱེས་རིགས་ལ་སྟེ་པདྨའི་རིགས་ལ་གནས་པས་རིགས་དང་རིགས་མ་ཡིན་པ་ལ་མངོན་པར་འགྲོ་བས་གསལ་བར་པདྨ་ལ་རེག་པ་ན་ཚུལ་ཁྲིམས་ཀྱི་ཚོགས་ཀྱི་ཕྱིར་ཚངས་པར་སྤྱོད་པའི་སྡོམ་པ་དག་ནི་བསྐྱང་བར་བགྱི་ཞེས་སྨོན་ལམ་བྱའོ། །སེམས་ཅན་རྣམས་ཀྱི་ཐར་པའི་སླད་དུ་རྒྱལ་བསྐྱེད་མཛད་རིགས་ལ་རྡོ་རྗེ་རྩེ་གཅིག་པ་ལ་གནས་པར་གྱུར་པས་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །ཞེས་སྨོན་ལམ་བཏབ་པར་བྱའོ། །ཁྲུས་བྱས་དྲི་ཡིས་རྗེས་སུ་བྱུགས་པས་བརྟུལ་ཞུགས་ངེས་པ་དང་ལྡན་ཤར་གྱིས་ལ་བཞག་བྱས་ཏེ། །དངོས་གྲུབ་དོན་དུ་སོ་ཤིང་རྒྱལ་བ་མཆོག་གི་རྡོ་རྗེ་རྣམས་ཀྱིས་མངོན་པར་བསྔགས་པ་རབ་ཏུ་སྦྱིན། །ལྕེ་ལའང་བདུད་རྩི་ངེས་པར་རྒྱལ་བ་མཆོག་གི་དམ་ཚིག་རྣམས་ཀྱིས་པོས་ནི་དབབ་པའི་དོན་དུའོ། །སྔགས་ནི་ཧཱུཾ་གི་ཡི་གེ་གཅིག་སྟེ་ཨ་རལ་དང་བཅས་པ་ཁྲོ་བོའི་གཙོ་བོ་སྐུལ་བའོ། །


DTG013_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལྟར་སྨོན་ལམ་བྱས་པར་གྱུར་པ་ན་དབང་བསྐུར་བའི་ཕྱིར་གསོལ་བ་གདབ་པའི་བླ་མ་དགྱེས་ཤིང་མཉེས་པར་གྱུར་པས་སློབ་མ་ཁྲུས་བྱས་དྲི་ཡིས་རྗེས་སུ་བྱུགས་པ་བརྟུལ་ཞུགས་ངེས་པ་དང་ལྡན་ཤར་གྱི་ས་ལ་དཀྱིལ་འཁོར་གྱི་ཕྱི་རོལ་དུ་གཞག་པར་བྱ་སྟེ། དངོས་གྲུབ་དོན་དུ་སོ་ཤིང་སྔར་བརྗོད་པའི་ཆོ་གས་རྒྱལ་བ་མཆོག་གི་རྡོ་རྗེ་རྣམས་ཀྱིས་ཞེས་པ་ཨོཾ་ཨཱཿ་ཧཱུཾ་སྟེ་འདི་རྣམས་ཀྱིས་ལན་བདུན་མངོན་པར་བསྔགས་པ་བྱས་ཏེ། དེ་ནས་གསོར་ནས་དཀྱིལ་འཁོར་དུ་དོར་བར་བྱའོ། །གང་ཞིག་ལྟུང་བའི་ཕྱོགས་ཀྱི་ཆ་ཡིས་དེར་དེའི་ལས་རབ་འབྱམས་འགྲུབ་པར་འགྱུར་ཏེ། ཕྱོགས་བརྒྱད་རྣམས་སུ་ཞི་བ་ལ་སོགས་པ་ལྔར་གསུངས་པའོ། །དེ་ནས་ཁར་ཆུ་ཁོར་བ་གསུམ་བླུད་དེ་དག་པར་བྱས་ནས་དཀྱིལ་འཁོར་ལ་ཡོལ་བ་བཀོད་ཅིང་ཤར་གྱི་སར་སློབ་མ་ཁྲིད་དེ་དེ་ནས་དེའི་ལྕེ་ལ་བདུད་རྩི་ལྔ་སྦྱིན་པར་བྱའོ། །རྒྱལ་བ་མཆོག་གི་དམ་ཚིག་རྣམས་ཀྱིས་ཏེ་བདུད་རྩི་ལྔ་དང་སྒྲོན་མ་ལྔ་པོ་རྣམས་ཀྱིས་སྔར་སྤོས་བསྒྲུབས་ནས་སྤོས་དེ་ཉིད་ལྷ་དབབ་པའི་དོན་དུའོ། །དེ་ལ་སྔགས་ནི་ཧཱུཾ་གི་ཡི་གེ་ཅིག་སྟེ་ཨ་ར་ལ་དང་བཅས་པ་ཞེས་པ་ཨོཾ་ཨ་ར་ར་ར་ལ་ལ་ལ་ལ་བཛྲ་ཨཱ་བེ་ཤ་ཡ་ཧཱུཾ་ཞེས་པ་སྟེ་སྔགས་འདིས་ཁྲོ་བོའི་གཙོ་བོ་བསྐུལ་བ་བྱས་ནས་ཁྲོ་བོ་དབབ་པོ་ཞེས་པའི་དོན་ཏོ། །འདི་ལ་བཟླས་པ་བྱ་བ་དང་སྦྱིན་སྲེག་འབུམ་ཕྲག་བཅུ་ཡིས་སྔོན་དུ་བསྙེན་པ་བྱའོ། །དེ་ནས་འགྲུབ་པར་འགྱུར་ཏེ་དྲན་པ་ཙམ་གྱིས་ཁྲོ་བོ་འབེབས་པར་བྱེད་དོ། །དེའི་མཚན་ཉིད་ནི་འདི་ཡིན་ཏེ། ཁྲོ་བོའི་རྒྱལ་པོ་ཕེབས་ནས་མཚོན་ཆས་མཛེས་པའི་ལག་པ་དག་གིས་བདུད་ཀྱི་ཚོགས་ལ་སྡིགས་བྱེད་ཅིང༌། །ཞེས་པ་འདིས་སློབ་མ་ལ་ཁྲོ་བོའི་རྒྱལ་པོ་ཕེབས་པར་གྱུར་ན་མཚོན་ཆས་མཛེས་པའི་ལག་པ་དག་གིས་བརྟན་པ་དང་གཡོ་བ་གང་ལ་བསྣུན་པ་དེ་ཕྱེ་མ་བརྒྱར་བྱེད་དོ། །བདུད་ཀྱི་ཕྱོགས་ཆོས་ལ་རྣམ་པར་འཚེ་བ་བྱེད་པ་གང་ལ་སྡིགས་མཛུབ་ཀྱིས་བསྡིགས་པ་དེས་ལ་ལྟུང་བ་དང་སེམས་མེད་པར་བྱེད་དོ། །དེ་བཞིན་དུ། གཡོན་བརྐྱང་ལ་སོགས་སྟབས་རྣམས་དང་ནི་རྣམ་མང་བཅིང་བ་རྣམས་ཀྱིས་རྡོ་རྗེའི་གར་གྱིས་གར་བྱེད་དེ། །ཞེས་པ་འདིར་སློབ་མ་གང་ཞིག་སྔར་གར་གྱི་མཚན་ཉིད་ཅུང་ཟད་ཀྱང་མི་ཤེས་པ་དེ་ཉིད་ཁྲོ་པོ་ཕེབས་པར་གྱུར་པ་ན་རྡོ་རྗེའི་གར་བྱེད་དོ། །པར་སྣང་ལ་ཡང་རྣམ་


DTG013_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མང་བཅིང་བ་རྣམས་ཀྱིས་གར་བྱེད་དོ། །ཅི་སྟེ་བཞད་པ་བྱེད་ན་དེའི་ཚེ་ཧཱུཾ་གི་ཡི་གེ་འདྲེས་པ་དགྲ་སྟེ་བདུད་ཀྱི་ཚོགས་ལ་འཇིགས་པ་སྟེ་རབ་དང་ནི་དེ་བཞིན་དུ་སློབ་མ་གང་ཞིག་སྔར་མི་ཤེས་པ་དེ་ཁྲོ་བོ་ཕེབས་པ་ན་མི་ལ་སོགས་པ་རྣམས་ཀྱིས་རྟོགས་པར་བྱ་བ་མ་ཡིན་པའི་སྒྲས་རྒྱུད་གཞན་དུ་མར་གང་གསུངས་པའི་གླུ་བྱེད་དོ། །དེའི་ཕྱིར་ཁྲོ་བོའི་རྒྱལ་པོ་ཕེབས་པ་ནི་ངོ་ཚ་མེད་ཅིང་དོགས་པ་མེད་པར་འགྱུར་ཏེ་ཡོན་ཏན་དབང་གིས་ནི་ཁྲོ་བོའི་རང་བཞིན་གྱིས་སོ། །ལྷ་གཞན་དག་ཀྱང་ཞི་བའོ་ཞེས་པ་ཅི་སྟེ་སྤྱན་མ་ལ་སོགས་པའི་ལྷ་ཡིན་ན་ཞི་བའོ་ཞེས་པ་སྟེ་ཁྲོ་བོ་དབབ་པའི་ངེས་པའོ། །འདིར་ཡང་རྒྱ་ཆེར་གཞན་ཁྲོ་བོ་བཅུ་པོ་རྣམས་ཀྱི་རང་བཞིན་བཅུ་པོ་རྣམས་ནི་ཕྱག་རྒྱ་བཅིང་བས་རིག་པར་བྱའོ། །མཚན་མ་གང་གིས་གང་བསྐྱེད་པ་དེ་ཡང་དེའི་མགྲིན་པ་དང༌། གསང་བར་རྒྱལ་བ་རྣམས་དང་རང་གི་རིགས་ཀྱི་སར་གནས་རང་གི་རྡོ་རྗེ་གསུམ་གྱིས་བསྲུང་བར་བྱ། །ལུས་ལ་སེར་པོའི་གོས་དག་བྱིན་ཏེ་འདྲེན་བྱེད་བསྒྲིབས་པར་གྱུར་པའི་སློབ་མ་འདིར་ནི་གཞུག་པར་བྱ། །ཀུན་རྫོབ་དོན་དུ་བརྟུལ་ཞུགས་རབ་མཆོག་བགྲོད་པ་དག་ལ་བགྲོད་པ་དེ་རྣམས་ཉིད་ནི་སྦྱིན་པར་བྱ། །འདིར་གང་གི་ཚེ་སློབ་མ་ཁྲོ་བོའི་ལྷ་ལ་སོགས་པས་བྱིན་གྱིས་བརླབས་པ་དེའི་ཚེ་སློབ་དཔོན་གྱིས་གང་ཅུང་ཟད་མངོན་པར་འདོད་པའི་བྱ་བ་འདྲི་བར་བྱའོ། །དེ་ནས་ཨོཾ་ཨཱཿཧཱུཾ་ཡི་གེ་གསུམ་གྱིས་མེ་ཏོག་མངོན་པར་བསྔགས་ཏེ་མགོ་བོར་སྦྱིན་པར་བྱའོ། །དེས་ཕེབས་པ་གཏོང་ཞིང་རང་གི་གནས་སུ་འགྲོ་བར་འགྱུར་རོ། །དེ་ལྟར་ཕེབས་པ་གཏོང་བར་འགྱུར་ཏེ་དེ་ནས་ཕེབས་པ་བཏང་བའི་ཕྱིར་ནས་མགོ་བོར་རྒྱལ་བ་རྣམས་ཀྱིས་བསྲུང་བར་བྱ། །ཞེས་པའི་གསུང་ལས་མགོ་བོར་ཨོཾ་ཡིག་གིས་སོ། །སྙིང་གར་ཧཱུཾ་ཡིག་གིས་སོ། །སྤྱི་གཙུག་སྟེ་གཙུག་ཏོར་དུ་ཧཾ་ཡིག་གིས་སོ་ཞེས་པ་ཐབས་ཀྱི་སྟེ་རང་གི་རྡོ་རྗེ་གསུམ་གྱིས་ཞེས་པ་སྐུ་གསུང་ཐུགས་རྣམས་ཀྱིས་སོ། །དེ་བཞིན་དུ་ལྟེ་བར་ཧོ་ཡིག་གིས་སོ། །མགྲིན་པར་ཨཱཿ་ཡིག་གིས་སོ། །གསང་བར་ཀྵ་ཡིག་གིས་སོ་ཞེས་པ་ཤེས་རབ་ཀྱི་སྟེ་རང་གི་རྡོ་རྗེ་གསུམ་གྱིས་ཞེས་པ་སྐུ་དང་གསུང་དང་ཐུགས་རྣམས་ཀྱིས་སོ། །འདིར་གཉིས་ཀའི་ཡུལ་སྐུ་གསུང་རྡོ་རྗེའི་


DTG013_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡུལ་ལ་ཧཱུཾ་ཡིག་རིང་པོ་གསུང་གི་རྡོ་རྗེ་དང་ཐུང་དུ་ཐུགས་རྡོ་རྗེ་སྟེ་གཞན་དུ་གང་ཡོད་པའོ། །དེ་ནས་བསྲུང་བ་བྱས་ནས་ལུས་ལ་སེར་པོའི་གོས་དག་བྱིན་ཏེ་འདྲེན་བྱེད་བསྒྲིབས་པར་གྱུར་པའི་སློབ་མ་དཀྱིལ་འཁོར་འདིར་ནི་གཞུག་པ་བསྒྲུབ་པར་བྱའོ། །དང་པོར་ཀུན་རྫོབ་བདེན་དུ་བརྟུལ་ཞགས་བྱང་ཆུབ་ཀྱི་མཐར་ཐུག་པའི་བར་དུ་སྟེ་ཀུན་རྫོབ་ནི་བསོད་ནམས་ཀྱི་ཚོགས་སོ། །དེའི་དོན་ནི་དེའི་དོན་ནོ། །རབ་མཆོག་བགྲོད་པ་དག་ལས་བགྲོད་པ་དེ་རྣམས་ཞེས་པ་ལ་རང་མཆོག་ནི་བསྐལ་བ་བཟང་པོ་ལ་རྣམ་པར་གཟིགས་པ་ལ་སོགས་པ་ཤཱཀྱ་ཐུབ་པའི་མཐར་ཐུག་པ་དེ་བཞིན་གཤེགས་པ་བདུན་པོ་རྣམས་སོ། །དེ་རྣམས་ཀྱི་བགྲོད་པ་ནི་བསོད་ནམས་དང་ཚུལ་ཁྲིམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་དོ། །དེ་ལ་བགྲོད་པ་ནི་རབ་མཆོག་བགྲོད་པ་དག་ལ་བགྲོད་པ་སྟེ་དེ་རྣམས་ཉིད་སློབ་དཔོན་གྱིས་སློབ་མ་ལ་སྦྱིན་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དེ་ལ་བརྟུལ་ཞུགས་རྣམས་བྱང་ཆུབ་ཀྱི་མཐར་ཐུག་པའི་བར་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད། །འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་རྣམས་སོ། །གང་ཞིག་གང་གི་དུས་སུ་བྱུང་བ་ལྷ་དང་མི་ཡི་བླ་མ་དེ་ཡི་མཚན་གྱིས་རབ་སྦྱིན་བྱ། །སྣ་ཚོགས་གཙོ་བོའི་བཀའ་འདི་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ། །འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད། །ཅེས་པ་བརྟུལ་ཞུགས་ལྔའི་ངེས་པའོ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པའི་ལས་ལྔ་པོ་འདི་རྣམས་སོ། །དེའི་ཕྱིར་མི་བྱའོ་ཞེས་པ་ངེས་པའོ། །སྣ་ཚོགས་གཙོ་བོ་སུ་ཞིག་གི་ཞེ་ན། གང་ཞིག་གང་གི་དུས་སུ་བྱུང་བའི་དེ་བཞིན་གཤེགས་པ་ལྷ་དང་མི་ཡི་བླ་མ་དེ་ཡི་མཚན་གྱིས་རབ་སྦྱིན་བྱ། །སྣ་ཚོགས་གཙོ་བོའི་བཀའ་འདི་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ། །ཞེས་པ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་


DTG013_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིས་བསོད་ནམས་ཀྱི་ཚོགས་ཀྱི་ཕྱིར་བསྐྱངས་པ་ཇི་ལྟ་བ་བཞིན་དུའོ་ཞེས་པ་སྟེ་དེ་བཞིན་གཤེགས་པའི་ངེས་པས་བསླབ་པའི་གནས་དང་ལྡན་པའོ། །ཆོ་ལོ་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་དབང་པོའི་ཆོས། །བ་ལ་དབྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བྱའོ། །གྲོགས་པོ་རྗེ་བོ་རྣམས་དང་ལྷ་དང་མི་ཡི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་དང༌། །དབང་པོ་རྣམས་ནི་ཆགས་པ་དང་དང་དེ་ལྟར་སྲིད་པའི་བདག་པོའི་བརྟུལ་ཞུགས་རྣམས་ནི་ཉི་ཤུ་ལྔ། །དེ་ནས་གལ་ཏེ་འདོད་ན་དེའི་ཚེ་གཞན་རྣམས་སྦྱིན་པར་བྱའོ། །དེ་ལ་ཆོ་ལོ་དང་ཁ་ན་མ་ཐོ་བཅས་པའི་ཟས་སྔར་བརྗོད་པ་དང་ཚིག་ངན་ཀློག་པ་དང་འབྱུང་པོའི་ཆོས་ཕ་མེས་ཀྱི་བྱ་བ་དང་མཆོད་སྦྱིན་གྱི་བྱ་བ་རིག་བྱེད་ལས་བརྗོད་པ་དང་ལྷ་མིན་གྱི་ཀླ་ཀློའི་ཆོས་ཏེ་མི་བྱའོ་ཞེས་པ་ཉེ་བའི་སྡིག་པ་ལྔ་དང༌། དེ་བཞིན་དུ་སྔ་མ་དང་ཕྱི་མ་བཅུ་པོ་རྣམས་ཀྱིས་དང་པོ་གསོད་པ་ལྔ་དུས་ཐམས་ཅད་དུ་མི་བྱ་སྟེ་བ་ལང་གསོད་པ་དང་བྱིས་པ་གསོད་པ་དང་བུད་མེད་གསོད་པ་དང་སྐྱེས་པ་གསོད་པ་དང་ལྷ་དང་མིའི་བླ་མ་ཞེས་པ་སྐུ་གཟུགས་དང་མཆོད་རྟེན་ལ་སོགས་པ་སྟེ་རྣམ་པར་བཤིག་པ་ནི་གསོད་པ་གཞན་ནོ། །དེ་བཞིན་དུ་གྲོགས་པོ་ལ་འཁུ་བ་དང་རྗེ་བོ་ལ་འཁུ་བ་དང་སངས་རྒྱས་ལ་འཁུ་བ་དང་དགེ་འདུན་ལ་འཁུ་བ་དང་ཡིད་བརྟན་པ་ལ་འཁུ་བ་ཞེས་པ་ལྔ་མི་བྱའོ། །དེ་བཞིན་དུ་དབང་པོ་རྣམས་ནི་ཆགས་པ་དག་དང་ཞེས་པ་གཟུགས་ལ་ཆགས་པ་དང་སྒྲ་ལ་ཆགས་པ་དང་དྲི་ལ་ཆགས་པ་དང་རོལ་ཆགས་པ་དང་རེག་བྱ་ལ་ཆགས་པའོ། །དེ་ལྟར་སྲིད་པའི་བདག་པོ་རྡོ་རྗེ་སེམས་དཔའི་ངེས་པས་བརྟུལ་ཞུགས་རྣམས་ནི་ཉི་ཤུ་ལྔ་སྟེ་སློབ་མ་རྣམས་ཀྱིས་བསྐྱང་བར་བྱ་ཞིང༌། རྡོ་རྗེ་སློབ་དཔོན་གྱི་དབང་གི་དུས་སུ་སློབ་མ་ལ་སྦྱིན་པར་བྱའོ་ཞེས་པ་བརྟུལ་ཞུགས་སྦྱིན་པའི་ངེས་པའོ། །ད་ནི་དཀྱིལ་འཁོར་དུ་འཇུག་པ་གསུངས་པ། དཔལ་ལྡན་སྔགས་ཀྱིས་མངོན་པར་བསྔགས་ཏེ་ལག་པའི་པདྨ་སྦྱར་བར་མེ་ཏོག་གཅིག་ནི་སྦྱིན་པར་བྱ། །དང་པོར་ལན་གསུམ་བསྐོར་ཏེ་ལག་པའི་པདྨ་སྦྱར་བ་དག་ལས་དཀྱིལ་འཁོར་དུ་ནི་མེ་ཏོག་དོར། །གང་གི་གནས་སུ་མེ་ཏོག་བཟང་པོ་ལྷུང་བ་དེ་ནི་མི་ཡི་བདག་པོ་དེ་ཡི་


DTG013_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རིགས་སུ་ངེས། །ཕྱི་ནས་དབང་ནི་བདུན་པོ་རྣམས་དང་རྣམ་གསུམ་འདིར་ནི་དེ་བཞིན་བླ་མེད་ཡང་དག་རབ་སྦྱིན་བྱ། །འདིར་དང་པོར་བརྟུལ་ཞུགས་སྦྱིན་པའི་བར་མ་ཆད་པར་ལས་ཐམས་ཅད་ལ་གོས་སེར་པོའམ་གོས་དམར་པོས་གདོང་བཅིང་བར་བྱ་ཞིང་ཞི་བ་ལ་སོགས་པ་རྣམས་ལ་གོས་སྲབ་མོ་ལྷའི་ཁ་དོག་གིས་ཏེ། ཨོཾ་དྭཱ་ད་ཤཾ་ག་ནི་རོ་དྷ་ཀཱ་རི་ཎེ་ཧཱུཾ་ཕཊ་ཅེས་པའི་སྔགས་འདི་ཡིས་སོ། །དེ་ནས་མིག་ལ་སོགས་པ་བཀབ་ནས་དགེ་བའི་གྲོགས་ཀྱིས་དང་པོར་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཏེ། དེ་ནས་ཤར་གྱི་སྒོར་སློབ་དཔོན་གཙོ་བོའི་གཟུགས་སུ་གནས་པ་སྟེ། གལ་ཏེ་དཀྱིལ་འཁོར་ལ་ལྷ་གཡོན་བརྐྱང་བ་ལ་སོགས་པའི་སྟབས་ཀྱིས་བཞེངས་པ་ཡིན་ན་དེའི་ཚེ་སློབ་དཔོན་བཞེངས་པས་སློབ་མ་ལ་དབང་སྦྱིན་པར་བྱ་ཞིང༌། ཅི་སྟེ་བཞུགས་པ་ཡིན་ན་དེའི་ཚེ་བཞུགས་པས་སྦྱིན་པར་བྱའོ། །དེ་ནས་དགེ་བའི་གྲོགས་ཀྱིས་གཏད་པའི་སློབ་མའི་མགོ་བོ་ལ་དུང་གི་ཆུས་བསང་གཏོར་བྱས་ཏེ་ཨོཾ་ཨཱཿ་ཧཱུཾ་ཞེས་པའི་ཡི་གེ་གསུམ་གྱིས་ལན་བདུན་མངོན་པར་བསྔགས་པའི་མེ་ཏོག་དེའི་ལག་པའི་པདྨ་སྦྱར་བ་ཀུན་ནས་སྦྱིན་པར་བྱ་སྟེ། མེ་ཏོག་གི་སྙིམ་པ་རྣམ་པར་དག་པས་སོ། །དེ་ནས་ལག་པའི་པདྨ་སྦྱར་བ་དག་ལས་དཀྱིལ་འཁོར་གྱི་ཕྱི་རོལ་དུ་རྒྱལ་བའི་བུམ་པའི་སྟེང་དུ་མེ་ཏོག་དོར་བར་བྱའོ། །གང་གི་ཕྱིར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་མེ་ཏོག་ལ་སོགས་པ་དབུལ་བར་མི་བྱ་སྟེ་ཕུལ་ན་རྡུལ་ཚོན་སྦུས་པར་འགྱུར་རོ། །རབ་ཏུ་གནས་པ་བྱས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་བསུབས་པ་ལས་མཆོད་རྟེན་འཇིག་པའོ། །དེ་ནས་རིགས་ཡོངས་སུ་བརྟག་པའི་དོན་དུ་དཀྱིལ་འཁོར་གྱི་ཕྱི་རོལ་ཤར་གྱི་སྒོར་རྣམས་པར་རྒྱལ་བའི་བུམ་པའི་སྟེང་དུ་མེ་ཏོག་དོར་བར་བྱའོ། །རྣམ་པ་གཞན་དུ་ན་ཁྲུ་སྟོང་བའི་དཀྱིལ་འཁོར་ལ་སློབ་མས་དོར་བའི་མེ་ཏོག་ཤར་གྱི་རྡོ་རྗེ་འབར་བ་སྤངས་ནས་གང་དུ་ལྷུང་བར་འགྱུར། །དེ་ལ་རྡོ་རྗེ་འབར་བ་ཡང་རྐང་པ་དང་བཅས་པའི་ཁྲུ་བརྒྱར་འགྱུར་ཏེ། ལྷས་བྱིན་གྱིས་བརླབས་པ་མ་གཏོགས་པ་སྟོབས་ཀྱིས་དེ་བརྒལ་ནས་རིགས་ཕྱོགས་རྣམས་སུ་ཇི་ལྟར་མེ་ཏོག་ལྷུང་བར་འགྱུར། དེ་ཕྱིར་རྣམ་པར་རྒྱལ་བའི་བུམ་པ་ལ་མཚན་མ་ལྔ་བྱས་ནས་དེར་མེ་ཏོག་དོར་བར་བྱའོ། །དེས་


DTG013_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ན་དྲི་ལ་སོགས་པ་རྣམས་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་སྟེ། རྡུལ་ཚོན་གྱིས་ལམ་ཡིན་ནོ། །རྡུལ་ཚོན་གྱི་དཀྱིལ་འཁོར་ནི་བཅོམ་ལྡན་འདས་ཀྱི་སྐུར་རིག་པར་བྱའོ། །མེ་ཏོག་དོར་བ་དང་དུས་གཅིག་ཏུ་མིག་གི་དར་དགྲོལ་བར་བྱའོ། །ཡང་ན་སྔར་མེ་ཏོག་དོར་བར་བྱས་ལ་ཕྱི་ནས་དགྲོལ་བར་བྱ་སྟེ། ཨོཾ་དེ་བྱེན་དྲི་ཨཱ་ཎི་ཨུད་གྷཱཊ་ཡ་སྭཱ་ཧཱ་ཞེས་པའི་སྔགས་འདི་ཡིས་སོ། །མིག་དབྱེ་བ་བྱས་ནས་གང་གི་གནས་སུ་མེ་ཏོག་བཟང་པོ་ཡིག་གསུམ་གྱིས་མངོན་པར་བསྔགས་པ་ལྷུང་བ་དེར་གནས་པའི་ལྷ་ནི་དེའི་རིགས་ཀྱི་ལྷར་འགྱུར་ཏེ། དེ་ཡིས་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་པོ་ཞེས་པ་ངེས་པའོ། །དེ་ནས་དེའི་རིགས་ཀྱི་ལྷ་བསྟན་ཏེ་ཕྱི་ནས་ཆུ་ལ་སོགས་པ་དབང་བདུན་པོ་རྣམས་དང་རྣམ་གསུམ་འདིར་ནི་ཇི་བཞིན་ཏེ། དེ་བཞིན་དུ་ལས་ཀྱི་ཕྱག་རྒྱ་མཆོད་ནས་བུམ་པ་ལ་སོགས་པ་རྣམས་དང༌། བླ་མེད་འཆད་པར་འགྱུར་བ་ཡང་དག་རབ་སྦྱིན་བྱ། །ཞེས་པ་རྡོ་རྗེ་སློབ་དཔོན་གྱིས་ཏེ་དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་དབང་བདུན་གྱི་ཆོ་ག་གསུངས་པ། ཀླུ་དང་བཞི་ཡི་ནོར་བུ་གསེར་གྱི་བུམ་པ་རྣམས་སམ་རྒྱལ་པོས་ཡི་རང་བཞིན་རིན་ཆེན་བཅས། །སྨན་དང་དྲི་དང་ལྡན་པའི་རྒྱལ་དང་རྣམ་རྒྱལ་བུམ་པ་རྣམས་ཀྱིས་ལྷ་མོ་རྣམས་ཀྱིས་ཁྲུས་བྱའོ། །སངས་རྒྱས་རབ་ཏུ་དབྱེ་བས་ཅོད་པན་སྦྱིན་ཏེ་མཆོག་གི་བླ་མ་ནུས་མ་རྣམས་ཀྱིས་ངར་དབྱངས་ཉིད། །རྡོ་རྗེ་དྲིལ་བུ་ཉི་ཟླ་ལས་ཏེ་བརྟུལ་ཞུགས་དག་ཀྱང་དབང་པོར་བཅས་པའི་ཡུལ་གྱིས་སྦྱར་བར་བྱ། ཁྲོ་བོ་རྣམས་ཀྱིས་བྱམས་སོགས་མིང་སྟེ་གསལ་བར་རྒྱལ་བའི་བདག་པོས་རྗེས་གནང་འདོགས་བཅས་རབ་ཏུ་སྦྱིན། །རྡོ་རྗེ་དྲིལ་བུ་རབ་ཏུ་སྦྱིན་ནས་རབ་མཆོག་སྙིང་རྗེ་དག་གིས་དག་པའི་ཆོས་ནི་བསྟན་པར་བྱ། །འདིར་ཀླུ་ཞེས་པ་བརྒྱད་དང་ཡང་ན་བཞིའི་རྒྱལ་དང་རྣམ་རྒྱལ་བུམ་པ་རྣམས་ཀྱིས་ཞེས་པ་བུམ་པ་བརྒྱད་ཀྱི་ཕྱོགས་ལ་རྒྱལ་བའི་བུམ་པ་ལྔ་དང་རྣམ་པར་རྒྱལ་བའི་བུམ་པ་ལྔ་རྣམས་ཀྱིས་སོ། །བུམ་པ་བཞིའི་ཕྱོགས་ལ་རྒྱལ་བའི་བུམ་པ་གསུམ་རྣམ་པར་རྒྱལ་བའི་བུམ་པ་གསུམ་གྱིས་ཏེ། ནོར་བུ་གསེར་གྱི་རང་བཞིན་ནམ་དེ་མེད་ན་སའི་རང་བཞིན་རིན་ཆེན་དང་བཅས་སྨན་དང་དྲི་དང་


DTG013_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྡན་པ་རྣམས་ཀྱིས་ཞེས་པའོ། །དེ་ལ་སྨན་ནི་དྲིའི་ལེ་ཚེ་སྦྱར་བར་སྔར་གསུངས་པའི་མིག་ལ་སོགས་པའི་ཆ་ཤས་ཀྱིས་གཟུང་བར་བྱ་སྟེ། སློབ་དཔོན་གྱིས་རྩ་བའི་རྒྱུད་ལས་གསུངས་པའི་ཆོགས་ཉི་ཤུ་རྩ་ལྔ་པོ་རྣམས་ཀྱི་ནང་ནས་ཇི་ལྟར་རྙེད་པ་ལྔ་གཟུང་བར་བྱའོ། །དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲི་ཡི་ལེ་ཚེ་སྦྱར་བ་ལ། །རྒྱལ་པོ་ཚངས་མ་ལ་སོགས་སྨན། །མིག་ཟླ་མེ་སོགས་ཆ་ཤས་དང༌། །ལྔ་ལྔ་ཡིས་ནི་རིམ་པས་དགོད། །ཚངས་མ་སྲེད་མེད་དྲག་མོ་དང༌། །དབང་ཕྱུག་མཆོག་གི་དབང་ཕྱུག་མ། །དབང་མོ་དཔལ་མོ་ཕག་མོ་དང༌། །གཞོན་ནུ་ཙ་རྩི་ཀཱ་དེ་བཞིན། །ས་མོ་ཆུ་མོ་མེ་མོ་དང༌། །རླུང་མོ་མཁའ་སྤྱོད་མ་དེ་བཞིན། །མ་དང་སྲིང་མོ་བུ་མོ་དང༌། །ཚ་མོ་རང་སྐྱེས་མ་དེ་བཞིན། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་མོ། །དམངས་མོ་གཡུང་མོ་དེ་བཞིན་བཤད། །ཅེས་པའི་སྨན་ནི་དངོས་གྲུབ་ཆེ། །ཟོས་པས་རྟག་ཏུ་རྫུ་འཕྲུལ་སྟེར། །ཞེས་པའོ། །དེ་ལ་ཚངས་མ་ནི་ཚངས་མའི་དབྱུག་པ་སྟེ་ཆ་གཉིས་སོ། །སྲེད་མེད་མ་ནི་ཁྱབ་འཇུག་གནོན་པ་སྟེ་ཆ་གཅིག་གོ །དྲག་མོ་ནི་དྲག་མོའི་རལ་པ་སྟེ་ཆ་གསུམ་མོ། །དབང་ཕྱུག་མ་ནི་རབ་ཏུ་གྲགས་པ་སྟེ་ཆ་བཞིའོ། །མཆོག་གི་དབང་ཕྱུག་མ་ནི་དེ་བ་དཱ་ལི་སྙེ་ཆ་ལྔའོ་ཞེས་པ་དང་པོ་ལྔ་དགོད་པའོ། །དབང་མོ་ནི་དབང་མོ་ཆུ་ལྷ་མོ་སྟེ་ཆ་གསུམ་མོ། །དཔལ་མོ་ནི་མཚན་ཉིད་དེ་ཆ་བཞིའོ། །ཕག་མོ་ནི་ཕག་རྣ་སྟེ་ཆ་ལྔའོ། །གཞོན་ནུ་མ་ནི་ཀར་ཎ་ཀཱ་སྟེ་ཆ་གཉིས་སོ། །རྩ་རྩི་ཀཱ་ནི་ཐུར་བལྟས་མེ་ཏོག་ཅན་ཏེ་ཆ་གཅིག་གོ་ཞེས་པ་གཉིས་པ་ལྔ་དགོད་པའོ། །ས་མོ་ནི་གཏུན་ཤིང་ཅན་མ་སྟེ་ཆ་ལྔའོ། །ཆུ་མོ་ནི་འདུ་བྱེད་མ་སྟེ་ཆ་གཉིས་སོ། །མེ་མོ་ནི་མེ་ལྡན་མ་སྟེ་ཆ་གཅིག་གོ །རླུང་མོ་ནི་ངོ་ཚ་ཅན་མ་སྟེ་ཆ་གསུམ་མོ། །མཁའ་སྤྱོད་མ་ནི་ཨ་ཀར་ཏེ་ཆ་བཞིའོ་ཞེས་པ་གསུམ་པ་ལྔ་དགོད་པའོ། །མ་ཞེས་པ་པུ་ཏྲཱཾ་ཛཱ་རི་སྟེ་ཆ་གཅིག་གོ །སྲིང་མོ་ནི་ལྷ་དང་བཅས་པ་སྟེ་ཆ་གསུམ་མོ། །བུ་མོ་ནི་སྙིམ་པ་བྱས་པ་སྟེ་ཆ་བཞིའོ། །ཚ་མོ་ནི་ཨ་ཛ་ཀ་ར་ཎཱ་སྟེ་ཆ་ལྡའོ། །རང་སྐྱེས་མ་ནི་རྨོངས་པ་འདབ་ཆེན་མ་སྟེ་ཆ་གཉིས་སོ་ཞེས་པ་བཞི་པ་ལྔ་ལ་དགོད་པའོ། །བྲམ་ཟེ་མོ་ནི་བྲི་ཧསྟཱི་སྟེ་ཆ་བཞིའི། །རྒྱལ་རིགས་མོ་ནི་བྷྲིཾ་


DTG013_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ག་ར་ཛཱ་སྟེ་ཆ་ལྔའོ། །རྗེའུ་རིགས་མོ་ནི་ཤིང་མངར་ཏེ་ཆ་གཉིས་སོ། །དམངས་རིགས་མོ་ནི་ཀཎྜ་ཀཱ་རི་སྟེ་ཆ་གཅིག་གོ །གཡུང་མོ་ནི་རྨ་བྱའི་གཙུག་པུད་དེ་ཆ་གསུམ་མོ་ཞེས་པ་ལྔ་པ་ལྔ་དགོད་པའོ། །དེ་བཞིན་དུ་གྲངས་ཇི་ལྟ་བས་སོ་བ་ལ་སོགས་པ་འབྲུའི་ཚོགས་རྣམས་ཏེ་སོ་བ་ཆེན་པོ་དང་མོན་སྲན་དང་ཙན་ཀ་དཀར་པོ་དང༌། ཏིལ་ནག་པོ་ཞེས་པ་དང་པོ་ལྔའོ། །ཀོ་ཏྲ་བཱ་དང་མུངྒཱ་དང་སྲན་མ་དང༌། ཏིལ་དཀར་པོ་དང་གྲོ་ཞེས་པ་གཉིས་པ་ལྔར་འགྱུར་རོ། །མཽཥྛཾ་དང་ཊི་བུ་ཊཱ་དང་ཡུངས་ནག་དང་ནས་དང་མོན་སྲན་ཞེས་པ་གསུམ་པ་ལྔའོ། །སྲན་ཆུང་དང་ཡུངས་ཀར་དང་ཀཾ་གུ་དང་ཏུ་བ་རི་དང་པ་རི་པ་ཊ་ཀ་ཞེས་པ་བཞི་པ་ལྔའོ། །ཨ་ཏ་ཤཱི་དང་བར་ཊཱི་དང་བ་ར་ཎ་དང་ཀུ་ལེནྠ་དང་ཙ་ན་ཀ་ནག་པོ་ཞེས་པ་སྟེ་ལེ་ཚེ་སྦྱར་བའི་ཆས་འབྲུ་ལྔ་ཇི་ལྟར་རྙེད་པ་གཟུང་བར་བྱའོ། །འདིར་ཆ་རྣམས་ནི་རིལ་བུའི་གྲངས་སོ། །དེ་ནས་རིན་པོ་ཆེ་རྣམས་ནི་བྲམ་ཟེ་དང་རྒྱལ་རིགས་དང་རྗེའུ་རིགས་དང་དམངས་རིགས་ལས་སྐྱེས་པའི་རྡོ་རྗེ་རྣམས་དང་མཐར་སྐྱེས་ཀྱི་རིགས་རྣམས་སོ། །དེ་བཞིན་དུ་ཨིནྡྲ་ནཱི་ལ་དང་པདྨ་རཱ་ག་དང་ཟླ་བ་ཆུ་ཤེལ་དང་ཀརྐེ་ཏ་ཀ་དང་མརྐ་ཏ་ཞེས་པ་རྣམས་གཙོ་བོའོ། །དེ་བཞིན་དུ་ལྕགས་རྣམས་ནི་གསེར་དང་དངུལ་དང་ཟངས་དང་ལྕགས་རྣོན་པོ་དང་ཁབ་ལེན་རྣམས་སོ། །དེ་བཞིན་དུ་རིན་པོ་ཆེ་འབྲིང་པོ་རྣམས་ནི་མུ་ཚིག་དང་བྱུ་རུ་དང་མུ་མེན་དང་ཤཱུ་ལ་མ་ནི་དང་ཐིག་ལེ་དྲུག་པ་རྣམས་སོ། །དེ་བཞིན་དུ་ཐ་མ་རྣམས་ནི་ཤེལ་དང་ཛཱི་བ་ཛ་ཏི་དང་ཌ་ཧོ་རི་དང་མཆིང་བུ་དང་ནོར་བུ་ལྷང་གུ་རྣམས་སོ། །འདི་རྣམས་ཇི་ལྟར་འབྱོར་བ་གཟུང་བར་བྱའོ། །ཅི་སྟེ་བཀའི་འཁོར་ལོས་སྒྱུར་བ་རིན་པོ་ཆེ་ཆེན་པོའི་དབང་བསྐུར་བ་ལ་ནི་ལྷ་དང་ཀླུ་རྣམས་ཀྱི་ནོར་བུ་ཁ་དོག་ལྔ་རྣམས་སུ་འགྱུར་རོ། །དེ་མེད་ན་དྲི་བཟང་པོའི་ཁ་དོག་ལྔ་རྣམས་སོ་ཞེས་པ་དབུལ་པོ་རྣམས་ཀྱི་ངེས་པའོ། །འདིར་རིན་པོ་ཆེ་ལྗང་གུ་ནི་རྣམ་པར་རྒྱལ་བ་དུང་ལའོ། །རིན་པོ་ཆེ་སྔོན་པོ་ནི་ཤར་དང་ནུབ་ཀྱི་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་ལའོ། །ནག་པོ་ནི་ཤར་དང་མེའི་བུམ་པ་ལའོ། །དམར་པོ་ནི་ལྷོ་དང་བདེན་བྲལ་གྱི་བུམ་པ་ལའོ། །དཀར་པོ་ནི་བྱང་དང་དབང་ལྡན་གྱི་བུམ་པ་ལའོ། །སེར་པོ་ནི་ནུབ་དང་


DTG013_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རླུང་གི་བུམ་པ་ལའོ། །དེ་བཞིན་དུ་ཁབ་ལེན་དང་ལྕགས་རྣོན་པོ་དང་ཟངས་དང་དངུལ་དང་གསེར་རོ། །དེ་བཞིན་དུ་སྨན་རྣམས་ཏེ་ཆ་གཅིག་པ་ནི་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་ལའོ། །ཆ་གཉིས་པ་ནི་ཤར་དང་མེར་རོ། །ཆ་གསུམ་པ་ནི་གཤིན་རྗེ་དང་ལྷ་མིན་དུའོ། །ཆ་བཞི་པ་ནི་བྱང་དང་དབང་ལྡན་དུའོ། །ཆ་ལྔ་པ་ནི་ནུབ་དང་རླུང་དུའོ། །དེ་བཞིན་དུ་རིལ་བུའི་དབྱེ་བས་འབྲུ་རྣམས་དང༌། །དེ་བཞིན་དུ་སྔར་གསུངས་པའི་ལེ་ཚེ་སྦྱར་བའི་དྲིའི་རྫས་ལྔ་རྣམས་ཏེ། དེ་ལྟར་ལྕགས་དང་རིན་པོ་ཆེ་དང་ནགས་ཀྱི་སྨན་དང་འབྲུ་དང་དྲིའི་རྫས་རྣམས་བུམ་པ་རྣམས་སུ་བླུགས་ནས། སླར་ཡང་ཉི་ཤུ་རྩ་ལྔ་པོ་དེ་རྣམས་ཐུམ་པོར་བཅིངས་ཏེ་རྣམ་པར་རྒྱལ་བའི་དུད་ཆུས་གང་བར་གཞུག་པར་བྱའོ། །དེས་སྐྱེས་པའི་གནས་ལྔ་རྣམས་སུ་དབང་བསྐུར་བར་བྱ་སྟེ། གཙུག་ཏོར་དང་ཕྲག་པ་དང་དཔུང་བའི་ཚིགས་གཡོན་པ་དང་གཡས་པ་དང༌། དེ་བཞིན་དུ་དཔྱི་དང་བརླའི་ཚིགས་དག་ལའོ། །དེ་ནས་རིགས་ཀྱི་ལྷ་རྣམ་པར་སྦྱང་བའི་ཕྱིར་མེ་ཏོག་གཏོར་བའི་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཀུ་ལ་བི་ཤོ་དྷ་ནི་སྭཱ་ཧཱ། སྔགས་འདིས་སློབ་དཔོན་གྱིས་སློབ་མ་མེ་ཏོག་འཐོར་དུ་གཞུག་པར་བྱའོ། །སྔགས་འདིས་མིག་དབྱེ་བར་བྱ་སྟེ། ཨོཾ་དི་བྱ་ན་ཡན་མུ་ཏ་གྷཱ་ཊ་ཡཱ་མི་སྭཱ་ཧཱ་ཞེས་པའོ། །དེ་ནས་རིགས་ཀྱི་ལྷ་དང་དཀྱིལ་འཁོར་གྱི་གཙོ་བོ་དང་པོར་བྱས་ཏེ་དཀྱིལ་འཁོར་མཐའ་དག་བསྟན་པར་བྱའོ། །དེ་ནས་ཤར་གྱི་སྒོར་རིགས་དག་པར་བྱས་ནས་སློབ་དཔོན་གྱིས་སློབ་མ་ལག་པ་གཡོན་པ་ནས་བསྐྱོད་དེ། ལས་ཀྱི་རྡོ་རྗེ་ཅན་དང་ལྷན་ཅིག་བསྐོར་བ་བྱས་ཏེ་བྱང་གི་སྒོར་ཁྲིད་ལ་དེར་ལུས་རྣམ་པར་དག་པའི་དོན་དུ་སྒྲོལ་མ་ལ་སོགས་པ་ལྷ་མོ་རྣམས་ཀྱི་སྔགས་ཀྱིས་བུམ་པ་ཐམས་ཅད་ནས་ཆུ་བླངས་ཏེ་རྣམ་པར་རྒྱལ་བའི་དུང་དུ་བླུགས་ནས་ཆུའི་དབང་ལ་སླར་ཡང་སྐྱེ་བའི་གནས་ལྔ་རྣམས་སུ་སྔགས་འདིས་དབང་བསྐུར་བར་བྱའོ། །ཨོཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱ་ཧཱ། དེ་ནས་ཅོད་པན་གྱི་དབང་ལ་སྐྱེ་བའི་གནས་ལྔ་རྣམས་སུ་སྔགས་འདིས་དབང་བསྐུར་བར་བྱའོ། །ཨོཾ་ཨ་ཨི་རྀ་ཨུ་ལྀ་པཉྩ་ཏ་ཐཱ་ག་ཏ་པ་རི་ཤུདྡྷ་སྭཱཧཱ། དེ་ནས་རིན་པོ་ཆེ་དང་གསེར་གྱི་ཅོད་པན་བཅིང་བར་


DTG013_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱའོ། །དེ་ལྟར་དབང་བསྐུར་བ་གཉིས་ཀྱིས་ཁམས་དང་ཕུང་པོ་རྣམས་པར་དག་པས་ལུས་རྣམ་པར་དག་པར་འགྱུར་རོ། །སྐུའི་ཞལ་གྱི་སར་ལུས་རྣམ་པར་དག་པར་བྱས་ཏེ། དེ་ནས་གཡས་སྐོར་གྱིས་སླར་ཡང་ལྷོའི་སྒོར་སློབ་མ་ཁྲིད་ནས་ངག་རྣམ་པར་དག་པའི་དོན་དུ་དར་དབྱངས་ཀྱི་དབང་ལ་སྐྱེ་བའི་གནས་ལྔ་རྣམས་སུ་སྔགས་འདིས་དབང་བསྐུར་བར་བྱའོ། །ཨོཾ་ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿཧོ་ཕྲེཾ་ད་ཤ་པཱ་ར་མི་ཏཱ་པ་རི་པཱུ་ར་ཎི་སྭཱ་ཧཱ། དེ་ནས་རིན་པོ་ཆེའི་དར་དབྱངས་དང་གསེར་གྱི་དར་དབྱངས་སམ་མ་རྙེད་ན་མེ་ཏོག་གི་ཕྲེང་བ་དཔྲལ་བར་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་དང་རྡོ་རྗེ་དྲིལ་བུའི་དབང་ལ་སྐྱེ་བའི་གནས་ལྔ་རྣམས་སུ་སྔགས་འདིས་དབང་བསྐུར་བར་བྱའོ། །ཨོཾ་ཧཱུཾ་ཧོ་སཱུཪྻ་ཙནྡྲ་བི་ཤོ་དྷ་ཀ་སྭཱཧཱ། དེ་ནས་རྡོ་རྗེ་དང་དྲིལ་བུ་སྤྱི་བོར་བཞག་ནས་དུང་གི་ཆུས་དབང་བསྐུར་བར་བྱའོ། །དེ་ནས་དབང་བསྐུར་གཉིས་ཀྱིས་གསུང་རྡོ་རྗེ་སྦྱངས་ཏེ་རྡོ་རྗེའི་མཐེ་བོ་བྱིན་ནས་གཡས་སྐོར་གྱིས་སླར་ཡང་བསྐོར་བ་བྱས་ཏེ་ཤར་གྱི་ཞལ་དུ་ཐུགས་རྡོ་རྗེ་སྦྱང་བའི་དོན་དུ་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་ལ་སྐྱེ་བའི་གནས་ལྔ་རྣམས་སུ་སྔགས་འདིས་དབང་བསྐུར་བར་བྱའོ། །ཨོཾ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨ་ལ་ཨཱལ་བི་ཥ་ཡནྡྲི་ཡ་བི་ཤོདྷ་ནི་སྭཱཧཱ། དེ་ནས་རྣ་བ་ལ་སོགས་པ་རྣམས་ལ་མེ་ཏོག་བསྐོར་ནས་སླར་ཡང་མིང་གི་དབང་ལ་སྐྱེ་བའི་གནས་ལྔ་རྣམས་ས་སྔགས་འདིས་དབང་བསྐུར་བར་བྱའོ། །ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་བ་བཱ་ལ་ལཱ་ཙ་ཏུར་བྲཧྨ་བི་ཧཱ་ར་བི་ཤུདྡྷ་སྭཱ་ཧཱ། དེ་ནས་གདུ་བུ་དང་རྐང་གདུབ་ལ་སོགས་པ་མེད་ན་ལག་པ་དང་རྐང་པ་ལ་མེ་ཏོག་གི་ཕྲེང་བ་བཅིངས་ཏེ་དེ་ནས་མིང་གི་དབང་བསྐུར་བས་ཁྱོད་ནི་ཆེ་གེ་མོ་རྡོ་རྗེ་ཞེས་བྱས་ནས་ལུང་བསྟན་པར་བྱའོ། །དེ་ནས་དབང་བསྐུར་གཉིས་ཀྱིས་ཐུགས་རྡོ་རྗེ་སྦྱངས་ནས་ཡེ་ཤེས་རྣམ་པར་དག་པའི་དོན་དུ་གཡས་སྐོར་གྱིས་སློབ་མ་ནུབ་ཀྱི་ཞལ་དུ་ཁྲིད་དེ་རྗེས་སུ་གནང་བའི་དབང་ལ་སྐྱེ་བའི་གནས་ལྔ་རྣམས་སུ་སྔགས་འདིས་དབང་བསྐུར་བར་བྱའོ། །ཨོཾ་ཧཾ་ཀྵཿདྷརྨཱ་ཙཀྲ་པྲ་ཝརྟ་ཀ་སྭཱཧཱ། དབང་བསྐུར་བྱིན་ནས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་རྣམས་དབང་བདུན་གྱིས་རྣམ་པར་སྦྱངས་ཏེ་དེ་ནས་སློབ་མ་ལ་ལག་པར་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་བྱིན་ནས་ཆེ་གེ་མོ་རྡོ་རྗེ་དེ་དག་གིས་རྡོ་རྗེ་སློབ་དཔོན་


DTG013_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏེ་རྡོ་རྗེ་དྲིལ་བུ་རབ་ཏུ་བྱིན་ནས། །རབ་མཆོག་སྙིང་རྗེ་དག་པའི་ཆོས་ནི་བསྟན་པར་བྱ། །ཞེས་པ་ཕྱེད་དང་བཅས་པའི་ཚིགས་སུ་བཅད་པ་གཉིས་པོ་འདིས་སོ། །འདི་ལྟ་སྟེ། ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེར་ལ་གྲིལ་ལ་ཡང་བདེན་པ་མིན་པའི་ཚིག །རིན་ཆེན་ལ་ནི་གཞན་ནོར་དབྲོག་བྱ་མཆོག་གི་པདྨའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་དབྲོག །ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བརྟེན་པར་བྱ། །གཡུང་མོ་ལ་སོགས་མཐའ་དག་བུད་མེད་རྣམས་ནི་གྲི་གུག་ལ་ཡང་མཁའ་ཡི་པདྨར་སྨད་མི་བྱ། །སེམས་ཅན་དོང་ཡི་སླད་དུ་ནོར་དང་བཅས་པའི་ལུས་འདི་སྤྱིན་པར་བྱ་སྟེ་ཁྱོད་ཀྱིས་བསྲུང་མི་བྱ། །རིགས་ཀྱི་བུ་ཀྱེ་སངས་རྒྱས་ཉིད་དུ་འགྱུར་བ་གཞན་དུ་མཐའ་ཡས་བསྐལ་བས་མིན་པར་རྒྱལ་བས་གསུངས། །ཆུ་ནི་སྒྲོལ་མ་ལ་སོགས་ལྷ་མོ་ཅོད་པན་ཞེས་པ་རྒྱལ་བ་དཔའ་བོའི་ངར་དབྱངས་ནུས་མ་རྣམས། །རྡོ་རྗེ་དྲིལ་བུ་ཉི་ཟླ་དག་དང་བརྟུལ་ཞུགས་དག་ཀྱང་ཡུལ་རྣམས་མིང་ནི་བྱམས་སོགས་སྦྱོར་བའོ། །རྗེས་གནང་རྫོགས་པའི་བྱང་ཆུབ་དཔལ་མོ་སྲིད་པའི་འཇིགས་འཇོམས་དུས་ཀྱི་འཁོར་ལོ་རྗེས་སུ་རིག་པ་སྟེ། །སྡིག་པའི་དྲི་ན་འཕྲོག་པའི་དབང་བསྐུར་བདུན་པོ་འདི་རྣམས་དཀྱིལ་འཁོར་དུ་ནི་ཡང་དག་རབ་སྦྱིན་བྱ། །ཞེས་པའོ། །དེ་ལྟར་དཀྱིལ་འཁོར་བདུན་གྱི་ཆོ་ག་བྱས་ཏེ། དེ་ནས་སློབ་མ་ལ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པར་བསམ་པར་བྱའོ། །སློབ་དཔོན་གྱིས་རྒན་པ་དང་གཞོན་པའི་དོན་དུ་ལོ་ལ་སོགས་པ་རབ་ཏུ་བསྒྲགས་པར་བྱ་སྟེ། འདིར་ལོ་ཆེ་གེ་མོ་དང༌། རིགས་ལྡན་གྱི་རྒྱལ་པོ་ཆེ་གེ་མོ་ཆོས་སྟོན་པ་དང༌། ཟླ་བ་ཆེ་གེ་མོ་དང༌། ཉ་ཆེ་གེ་མོ་དང༌། གཟའ་ཆེ་གེ་མོ་དང༌། ཚེས་ཆེ་གེ་མོ་དང༌། སྐར་མ་ཆེ་གེ་མོ་དང༌། སྦྱོར་བ་ཆེ་གེ་མོ་དང༌། བྱེད་པ་ཆེ་གེ་མོ་ལ་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་བདག་གིས་སློབ་མ་ཆེ་གེ་མོ་མཆོག་གི་དང་པོའི་སངས་རྒྱས་སམ་དཀྱིལ་འཁོར་གཞན་དུ་དབང་བདུན་གྱིས་དབང་བསྐུར་ཏེ། འོག་མིན་གྱི་སྲིད་པའི་མཐར་ཐུག་པ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་དང་སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་ཉིད་ཀྱིས་བསོད་


DTG013_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པའི་ཕྱིར་བདག་གིས་ལུང་བསྟན་ཅིང་རྗེས་སུ་གནང་བའོ་ཞེས་པ་དབང་བདུན་གྱི་ངེས་པའོ། །འདིར་རྒྱུད་གཞན་དང་གཞན་དུ་བྱིས་པའི་སྐྱེ་བོ་གཞུག་པའི་ཕྱིར་དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་པས་དབང་ལྔ་སྟེ། རྣམ་པར་སྣང་མཛད་ཀྱི་ཆུའི་དབང་དང་རིན་ཆེན་འབྱུང་ལྡན་གྱི་ཅོད་པན་ནོ་ཞེས་གང་གསུངས་པ་དེ་ལ་སྔ་མ་དང་ཕྱི་མ་འགལ་ཏེ། རྒྱུད་ཐམས་ཅད་དུ་དཀྱིལ་འཁོར་དུ་མེ་ཏོག་དོར་བ་ནས་སློབ་མའི་རིགས་ཀྱི་ལྷ་གང་ཡིན་པ་དེའི་ཅོད་པན་དང་དེའི་རིགས་ཀྱི་ཕྱག་རྒྱས་དེའི་དངོས་གྲུབ་པོ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ནས་མཚན་ཡང་དག་པར་བརྗོད་པར། སངས་རྒྱས་མངའ་བདག་ཅོད་པན་ཅན། །ཞེས་པའི་གསུང་ལས། གང་དུ་མེ་ཏོག་ལྷུང་བའི་དེ་བཞིན་གཤེགས་པ་དེ་ཅོད་པན་དུ་འགྱུར་གྱི། ཐམས་ཅད་དུ་རིན་ཆེན་འབྱུང་ལྡན་ནི་མ་ཡིན་ནོ། །དེ་བཞིན་བསྡུས་པའི་རྒྱུད་དུ་ཆུ་ལ་སོགས་པ་རྣམ་པར་དག་པ་མེད་དེ་ཆོ་ག་གཞན་སྟོབས་དང་ལྡན་པའི་ཕྱིར་རོ། །ད་ནི་ངེས་པར་རྡོ་རྗེའི་རིགས་དག་ལ་ནི་ཞེས་པ་ལ་སོགས་པའི་དོན་བརྗོད་པར་བྱའོ། །འདིར་སྲོག་གཅོད་པ་ལ་སོགས་པའི་དམ་ཚིག་ནི་རྣམ་པ་གཉིས་ཏེ་དྲང་བའི་དོན་དང་ངེས་པའི་དོན་གྱིས་ཕྱི་རོལ་དང་ནང་གི་བདག་ཉིད་དོ། །དེ་ལ་ཕྱི་རོལ་དུ་བཅོམ་ལྡན་འདས་ཀྱིས་སྲོག་གཅོད་པའི་བྱ་བ་གང་ཡིན་པ་དེ་ནི། མཚམས་མེད་པ་ལྔ་བྱེད་པ་རྣམས་དང༌། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་བྱེད་པ་རྣམས་དང༌། དམ་ཚིག་བྱེ་བ་རྣམས་སོ་ཞེས་པ་སྟེ། མཚམས་མེད་པ་ལྔ་པོ་དེ་ཉིད་སྔོན་དང་ཕྱི་མར་ཤེས་ནས་སོ། །འདིར་འགའ་ཞིག་སྔར་མཚམས་མེད་པ་ལྔ་བྱེད་པ་པོ་ཕྱི་ནས་བསོད་ནམས་བྱེད་པ་པོར་འགྱུར་ཏེ། གཏུམ་པོ་མྱ་ངན་མེད་པ་དང་ཆོས་རྒྱལ་མྱ་ངན་མེད་པ་བཞིན་ནོ། །དེ་ཕྱིར་དེ་ལ་གནོད་པ་བྱས་ན་དམྱལ་བར་འགྱུར་ཏེ། བསྔགས་པས་དགེ་བ་དང་མི་དགེ་བ་ལས་ཡོངས་སུ་ཤེས་པའི་ཕྱིར་རོ། །དེ་ནས་ཇི་སྲིད་མངོན་པར་ཤེས་པ་ལྔར་མ་གྱུར་པ་དེ་སྲིད་དུ་བསྔགས་པས་ཞི་བ་དང་རྒྱས་པ་དང་དབང་དང་དགུག་པ་མ་གཏོགས་པ་དྲག་པོའི་ལས་མི་བྱའོ། །དེ་བཞིན་དུ་བརྫུན་དུ་སྨྲ་བ་དང་མ་བྱིན་པར་ལེན་པ་དང༌། གཞན་གྱི་བུད་མེད་འཕྲོག་པ་དང༌།


DTG013_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དམ་ཚིག་བསྟེན་པ་དང༌། རིགས་མ་ཡིན་པ་ལ་མངོན་པར་འགྲོ་བ་དང༌། རང་གི་ལུས་ཀྱི་མཐར་ཐུག་པ་སྦྱིན་པ་ཡང་གཞན་ལ་ཕན་པའི་ཕྱིར་ཏེ། རང་གི་དོན་དུ་ནི་མ་ཡིན་ནོ་ཞེས་པ་ངེས་པའོ། །གང་གི་ཚེ་འཆི་བའི་མཐའི་བར་དུ་མཚམས་མེད་པ་ལྔ་བྱེད་པ་དེའི་ཚེ། ཁྲོ་བོའི་རིགས་ལ་སྔར་བསྒྲུབ་པའི་སྔགས་དང༌། མི་བསྐྱོད་པའི་ཏིང་ངེ་འཛིན་འདིས་གསད་པར་བྱའོ་ཞེས་པ་བཅོམ་ལྡན་འདས་ཀྱིས་དྲང་པའི་དོན་ཏོ། །དེ་བཞིན་དུ་ལམ་མ་ཡིན་པར་ལྷུང་བ་རྣམས་མངོན་པར་གདོན་པའི་ཕྱིར་བརྫུན་གྱི་ཚིག་སྨྲ་བར་མི་བྱ་སྟེ། རང་གི་དོན་དུ་ནི་མ་ཡིན་ནོ། །དེ་བཞིན་དུ་གཞན་གྱི་བུད་མེད་འཕྲོག་པ་ནི། དུད་འགྲོའི་འགྲོ་བར་འགྲོ་བ་བཟློག་པའི་ཕྱིར་ཏེ། རང་གི་དོན་དུ་ནི་མ་ཡིན་ནོ། །རིགས་སུ་འཛིན་པ་རྣམ་པར་གཞིག་པའི་ཕྱིར་བདུད་རྩི་ལྔ་ལ་སོགས་པ་དམ་ཚིག་རྣམས་ཀྱང་བསྟེན་པར་བྱའོ། །དེ་བཞིན་དུ་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་དོན་དུ་གཡུང་མོ་ལ་སོགས་པ་བུད་མེད་རྣམས་ལ་སྨད་པར་མི་བྱའོ། །བསོད་ནམས་ཀྱི་ཚོགས་ཀྱི་ཕྱིར་སྦྱིན་པ་ཆེན་པོ་སྦྱིན་པར་བྱའོ། །དེ་ལྟར་རལ་གྲིའི་རིགས་དང༌། རིན་པོ་ཆེའི་རིགས་དང༌། པདྨའི་རིགས་དང༌། འཁོར་ལོའི་རིགས་དང༌། གྲི་གུག་གི་རིགས་ལ་སྔགས་རྣམས་བསྒྲུབས་ནས་ནུས་པ་དང་ལྡན་པར་གྱུར་པ་ན་རྣལ་འབྱོར་པས་ཐམས་ཅད་བྱ་སྟེ་ཇི་ལྟར་འཇིག་རྟེན་དུ་བཞད་གང་དུ་མི་འགྱུར་བའོ་ཞེས་པ་དྲང་བའི་དོན་ཏོ། །ད་ནི་ངེས་པའི་དོན་བརྗོད་པར་བྱའོ། །འདིར་རང་གི་ལུས་ལ་སྲོག་བཀག་པ་ནི་སྲོག་གཅོད་པ་སྟེ། རྡོ་རྗེའི་རིགས་དག་ལ་ནི་སྟེ་གཙུག་ཏོར་དུ་དགག་པར་བྱའོ། །སྲོག་གཅོད་པ་དེས་རྣལ་འབྱོར་པའི་ཁུ་བ་སྟེང་དུ་འགྱུར་རོ་ཞེས་པ་ངེས་པའོ། །རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག་འདིར་བདེན་པ་མིན་པ་ཞེས་བྱ་བ་རབ་ཏུ་མི་གནས་པའི་ཚིག་དྲང་བའི་དོན་དང་ངེས་པའི་དོན་གྱིས་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་ཚིག་ཏུ་ཅིག་ཅར་རྣམས་ལ་ཆོས་སྟོན་པ་པོ་སྟེ་དེ་ཉིད་སྙིང་གར་གཞོམ་དུ་མེད་པའི་སྒྲའོ་ཞེས་པ་ངེས་པའོ། །རིན་ཆེན་ལ་ནི་གཞན་ནོར་དབྲོག་བྱ་ཞེས་པ་ལ། འདིར་གཞན་ནི་རྡོ་རྗེ་སེམས་དཔའོ། །དེའི་ནོར་ནི་རིན་པོ་ཆེ་སྟེ་ཡིད་བཞིན་གྱི་ནོར་བུའོ། །དེ་དབྲོག་པ་ནི་རིན་ཆེན་རིགས་ལ་སྟེ་མགྲིན་


DTG013_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་ས་བརྒྱད་པའི་གནས་སུའོ་ཞེས་པ་ངེས་པའོ། །མཆོག་གི་པདྨའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་དབྲོག །ཅེས་པ་ལ་གཞན་གྱི་བུད་མེད་ནི་ཕྱག་རྒྱ་ཆེན་མོ་སྟེ་དེ་དབྲོག་པ་ནི་གཞན་གྱི་བུད་མེད་འཕྲོག་པའོ། །དབྲོག་པ་དེ་ནི་མཆོག་གི་པདྨའི་རིགས་ལ་སྟེ། དཔྲལ་བར་ས་བཅུ་པའི་གནས་སུ་སྟེང་དུ་ཁུ་བའོ་ཞེས་པ་ངེས་པའོ། །ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བརྟེན་པར་བྱ། །ཞེས་པ་ལ་ནི་འདིར་ཆང་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །སྒྲོན་མ་ནི་གོ་ཀུ་ལ་སོགས་པ་རྣམས་ཏེ་ནང་དུ་ནི་དབང་པོ་ལྔ་རྣམས་སོ། །སངས་རྒྱས་རྣམས་ནི་བདུད་རྩི་ལྔ་རྣམས་སོ། །འཁོར་ལོ་ལ་ནི་ལྟེ་བའི་པདྨར་བསྟེན་པར་བྱ་ནི་བཟའ་བར་བྱ་སྟེ། བཤང་བ་དང་གཅིག་བ་དང་ཁུ་བ་ཕྱི་རོལ་དུ་མི་འཛག་པར་བྱའོ་ཞེས་པ་ངེས་པའི་དོན་ཏོ། །གཡུང་མོ་ལ་སོགས་པ་བུད་མེད་རྣམས་ནི་གྲི་གུག་ལ་སྟེ་གསང་བའི་པདྨར་སྨད་པར་མི་བྱའོ། །མཁའི་པདྨར་ནི་སྐྱེ་གནས་སུ་བསྲུང་བ་ན་ཚངས་པར་སྤྱོད་པས་ཏེ་ཁུ་བ་ཕྱི་རོལ་དུ་མི་འཕོ་བས་སོ་ཞེས་པ་ངེས་པའོ། །སེམས་ཅན་དོན་གྱི་སླད་དུ་སྦྱིན་པར་བྱ་སྟེ། ནོར་དང་བཅས་ཏེ་བུ་དང་ཆུང་མ་ལ་སོགས་པ་དང་ལྷན་ཅིག་ཏུ་རང་གི་ལུས་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་སྦྱིན་པར་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཚོགས་ཀྱི་དོན་དུ་བུད་མེད་རྣམས་ལ་ཁའི་པདྨར་སྨད་པར་མི་བྱའོ། །དེའི་ཕྱིར་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཚོགས་དག་ལས་ཡེ་ཤེས་ཀྱི་ཚོགས་སོ། །དེ་ལྟར་ཚོགས་གསུམ་གྱིས་རིགས་ཀྱི་བུ་ཁྱོད་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་གྱི། གཞན་དུ་མཐའ་ཡས་བསྐལ་པས་མིན་པར་གང་རྒྱལ་བས་གསུངས་པའོ་ཞེས་པ་རྒྱུད་ཐམས་ཅད་དུ་རྣམ་པར་དག་པའི་ཆོས་བསྟན་པའི་ངེས་པའོ། །དག་པ་གཞན་ཡང་ཡོད་པ་དེ་གཞན་པ་ཞེས་པ་ལ་སོགས་པས་གསུངས་སོ། །འདིར་ཆུའི་དབང་གང་ཡིན་པ་དེ་ནི་ས་ལ་སོགས་པ་ཁམས་ལྔ་པོ་རྣམས་ཀྱི་དག་པ་ནི་སྒྲིབ་པ་མེད་པ་ཉིད་དེ་སྒྲིབ་པ་དང་བཅས་པའི་ས་ལ་སོགས་པ་ཁམས་ལྔ་པོ་རྣམས་སྤྱན་མ་ལ་སོགས་པའི་རིག་མ་ལྔ་པོ་ཉིད་ཀྱིས་


DTG013_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྫོགས་པ་ལས་ཆུའི་དབང་མཚོན་པར་བྱེད་དོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་ཅོད་པན་ཞེས་པ་ཅོད་པན་གྱི་དབང་སྟེ། གཟུགས་ལ་སོགས་པ་ཕུང་པོ་ལྔ་རྣམས་སྦྱོང་བྱེད་ནི་སྒྲིབ་པ་མེད་པ་ཉིད་དེ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་རྣམས་རྣམ་པར་སྣང་མཛད་ལ་སོགས་པ་ཉིད་ཀྱིས་རྫོགས་པ་ཅོད་པན་གྱི་དབང་ངོ་ཞེས་པ་ཇི་སྲིད་པར་རོ། །དུ་བ་ལ་སོགས་པ་རྣམས་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། དེ་རྣམས་ཀྱིས་དག་པ་ནི་ཡོངས་སུ་རྫོགས་པ་སོ་སོར་དམིགས་པ་སྟེ་དེའི་དོན་དཔའ་བོའི་དར་དཔྱངས་ཀྱི་དབང་ངོ༌། །རྡོ་རྗེ་མི་འགྱུར་ཆེ་དྲིལ་བུ་སངས་རྒྱས་སྐད་དང་ཞེས་པར་སྦྱར་ཏེ་འཁོར་བའི་སྡུག་བསྔལ་མཐའ་དག་གིས་མི་ཕྱེད་ཅིང་དེས་དེ་འབྱེད་པ་ཉིད་ཀྱིས་མི་འགྱུར་བའི་བདེ་བ་ཆེན་པོ་ཉིད་རྡོ་རྗེའོ། །མཐའ་ཡས་པའི་ལྷ་དང་མི་ལ་སོགས་པ་རྣམས་ལ་དེ་དང་དེའི་སྐད་ཀྱིས་རྒྱུན་མི་འཆད་པར་ཆོས་ཀྱི་བདུད་རྩི་བསྟན་པའི་དོན་དུ་གཞོམ་དུ་མེད་པའི་སྒྲའི་རང་བཞིན་ནི་རྡོ་རྗེ་དྲིལ་བུའོ། །ཉི་ཟླ་གཅིག་ཏུ་ཞེས་པ་སྲོག་དང་ཐུར་སེལ་གཡས་དང་གཡོན་དུ་འབབ་པ་དག་གཅིག་པ་ཉིད་ཀྱིས་ཨ་ཝ་དྷཱུ་ཏཱིར་རབ་ཏུ་ཞུགས་པ་སྟེ་དེའི་དོན་དུ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་ལྡན་པའི་ལག་པ་དག་གིས་འཁྱུད་པའི་ཚུལ་བྱེད་པ་ནི་རྡོ་རྗེ་དང་རྡོ་རྗེ་དྲིལ་བུའི་དབང་སྟེ་བཞི་པའོ། །རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་ནི་གཟུགས་ལ་སོགས་པ་ཡུལ་དང་མིག་ལ་སོགས་པ་དབང་པོ་ལེགས་པར་དག་པ་སྟེ། ཐ་མལ་པའི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་འགགས་ནས་ལྷའི་མིག་ལ་སོགས་པ་དབང་པོ་རྣམས་ཀྱིས་ལྷའི་རྣམ་པར་ཤེས་པ་རྣམས་སྟོང་པ་ཉིད་ཀྱི་གཟུགས་ཀྱི་ཡུལ་ལ་བེམས་པོ་མ་ཡིན་པར་རབ་ཏུ་འཇུག་པར་ངེས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱེད་པའི་ཕྱིར་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་སྟེ་ལྔ་པའོ། །བྲམ་ཟེ་ལ་སོགས་པ་རྣམས་གཅིག་པ་ཉིད་ཀྱི་དགོངས་པས་ཆེ་གེ་མོ་རྡོ་རྗེ་ཞེས་པ་མིང་གི་བྱེད་པ་ལས་བྱམས་པ་ལ་སོགས་པ་ཚངས་པའི་གནས་བཞི་ཡོངས་སུ་རྫོགས་པ་དུས་ཐམས་ཅད་དུ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་རྣམ་པར་དག་པ་སྒྲིབ་པ་མེད་པ་ཉིད་དོ་ཞེས་པ་མིང་གི་དབང་སྟེ་དྲུག་པའོ། །དཔག་ཏུ་མེད་པའི་སེམས་ཅན་གྱི་ཁམས་ལ་བསམ་པའི་དབང་ཇི་ལྟ་བར་


DTG013_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀུན་རྫོབ་དང་དོན་དམ་པའི་རྣམ་པར་དབྱེ་བས་མཆོག་ཏུ་གསང་བ་རྡོ་རྗེ་ཐེག་པ་བསྟན་པའི་དོན་དུ་རྗེས་སུ་གནང་བ་ནི་རྗེས་སུ་གནང་བའི་དབང་སངས་རྒྱས་ཉིད་རྫོགས་པར་བྱེད་པ་སྟེ་བདུན་པའོ། །དབང་བསྐུར་བདུན་པོ་འདི་རྣམས་རྡུལ་ཚོན་གྱི་དཀྱིལ་འཁོར་རྣམ་པར་སྤངས་ནས་གཞན་རས་བྲིས་ལ་སོགས་པའི་དཀྱིལ་འཁོར་དུ་སྦྱིན་པར་བྱ་བ་མ་ཡིན་ནོ། །བུམ་པ་ལ་སོགས་པའི་དབང་རྣམས་ནི་དཀྱིལ་འཁོར་བཞེངས་པ་ལས་གཞན་གྱིས་ཀྱང་སྦྱིན་པར་བྱའོ། །སྔར་མདོར་བསྟན་པའི་དབང་བཅུ་གཅིག་པོ་རྣམས་ཀྱི་ནང་ནས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ཁང་བཟངས་ཀྱི་ཐེམ་སྐས་སུ་གྱུར་པ་འོག་མ་ཀུན་རྫོབ་ཀྱི་གཟུགས་ཅན་དབང་བདུན་པོ་རྣམས་རྣམ་པར་བཤད་ནས་གང་ཞིག་རྣལ་འབྱོར་པ་ལ་ཀུན་རྫོབ་ཏུ་གྱུར་པ་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པར་བྱེད་ཅིང་དོན་དམ་པའི་རྗེས་སུ་མཐུན་པའི་དབང་གསུམ་པོ་རྣམས་བུམ་པ་ཞེས་པ་ལ་སོགས་པས་མདོར་བསྟན་ཏོ། །ཇི་སྲིད་ཕྱོགས་ཀྱི་ལོ་ནི་གཅིག་པ་རྣམ་པ་བཅུ་རུ་འགྱུར་ཏེ་བལྟ་བ་དང་ནི་རེག་པར་བྱ། །དེ་ནས་འཁྱུད་པར་བྱ་སྟེ་རོ་དང་བཅས་པའི་ཆུ་གཏེར་གཡོ་བ་ལ་སོགས་པ་རྣམས་བསྟེན་པར་བྱ། །ལོ་ནི་ཉི་ཤུ་ཡན་ཆང་ཕྱག་རྒྱ་མཆོག་ཏུ་འཇིགས་བྱེད་མ་སྟེ་ཁྲོ་བོ་འབྱུང་པོ་ལྷ་མིན་ཆ། །དབང་གི་དོན་དུ་དྲུག་དང་བཞི་སྟེ་བདེ་མཉམ་འབྲས་བུ་སྟེར་བ་གཞན་ནི་བསྒོམ་པའི་དོན་དུའོ། །དཔལ་ལྡན་ཤེས་རབ་ནུ་མ་ལ་ཡང་དང་པོར་རེག་པ་གང་ཡིན་དེ་ཉིད་བུམ་པའི་དབང་ཡིན་ནོ། །གསང་བ་དག་ལས་རི་བོང་འཛིན་པ་མྱང་བ་དང་ནི་ལྟ་བ་དག་གིས་གསང་བའི་དབང་དུ་འགྱུར། །ཤེས་རབ་ཡེ་ཤེས་དབང་ལས་མཐའ་དག་རྒྱལ་བའི་རིགས་ཀྱི་ཡན་ལག་ཞལ་གྱིས་སྦྱང་བ་བྱས་ནས་ནི། །རྒྱལ་བ་དག་ཀྱང་འདིར་ནི་བླ་མས་དང་པོར་བྱས་ནས་སློབ་མ་ལ་ནི་ཕྱག་རྒྱ་བྱིན་པར་བྱ། །རྒྱན་རྣམས་ཐམས་ཅད་དང་ལྡན་ཞུན་མའི་གསེར་དང་མཚུངས་ཤིང་བཅུ་གཉིས་ལོ་ལོན་མཛེས་པའི་བུ་མོ་ནི། །ཁྲག་དང་ལྡན་ལ་ཤེས་རབ་ཐབས་ཀྱི་བདག་ཉིད་དག་གིས་རང་གི་རྡོ་རྗེ་ནོར་བུས་འདོད་སྤྱད་ནས། །ས་བོན་དང་བཅས་རྡོ་རྗེ་དག་ཀྱང་སློབ་མ་དག་པར་ཤེས་ནས་ཁ་རུ་འཕང་


DTG013_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་བྱས་ནས་ནི། །ཕྱི་ནས་རང་གི་ཕྱག་རྒྱ་སྦྱིན་བྱ་དེ་ནས་སླར་ཡང་གཞན་པ་དུ་པའི་ལམ་སོགས་ལྡན་པའོ། །སྐྲག་དང་རྣམ་པར་འཁྲུལ་པའི་སེམས་ལྡན་གཡོ་སྒྱུ་གཞན་དབང་འགྲོ་མ་ནད་དང་ལྡན་དང་བུ་སྐྱེས་མ། །ཁྲོ་ཁེངས་ནོར་ལ་སྲེད་དང་མི་བདེན་རྩོད་པ་ལ་དགའ་རང་གི་ཡན་ལག་དམན་དང་རྣམ་དག་མིན། །ཤེས་རབ་འདི་རྣམས་དབང་ལ་ཤིན་ཏུ་མཁས་པའི་བླ་མ་དག་གིས་སྤང་བར་བྱའོ་མི་ཡི་དབང༌། །སྔར་བརྗོད་སངས་རྒྱས་ལ་གུས་བླ་མའི་དམ་ཚིག་འཛིན་མ་རྣམས་ནི་ཕྱག་འཚལ་བ་དང་མཆོད་པར་བྱ། །ད་ནི་དབང་གོང་མ་གསུམ་གྱི་ཆོ་ག་གསུངས་ཏེ། འདིར་བུམ་པ་ལ་སོགས་པའི་དབང་གི་དོན་དུ་ཕྱག་རྒྱ་ལོ་བཅུའི་བར་གཞོན་ནུ་མ་སྤང་བར་བྱའོ། །གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གཅིག་པུ་རྣམ་པ་བཅུར་འགྱུར་ཏེ། ལོ་སོ་སོར་སྦྱིན་པ་ལ་སོགས་པ་རྣམ་པར་དག་པས་སོ། །དེ་ལ་ཡང་ཇི་སྲིད་སོ་ལྷུང་བར་མ་གྱུར་པ་དེ་སྲིད་དུ་ཡེ་ཤེས་ཀྱི་ཁམས་ཏེ་མི་ཟད་པ་ཉིད་ཀྱི་ཕྱིར་རོ། །དེ་ནས་སོ་ལྷུང་ནས་ནམ་མཁའི་ཁམས་ཏེ་དེ་ལྟར་ཁམས་གཉིས་ཀྱིས་གཞོན་ནུ་མ་སྐྱེ་གནས་མ་ཉམས་པའོ། །དེ་ནས་དེ་ནི་བལྟ་བར་བྱ་བ་དང་རེག་པར་བྱ་བ་དང་མཆོད་པར་བྱའོ། །ལོ་བཅུ་པོ་དེ་ནས་ལོ་བཅུ་གཅིག་པ་དང་པོར་བྱས་ནས་ལོ་ཉི་ཤུ་མའི་བར་དུ་འཁྱུད་པར་བྱ་བ་སྟེ། དྲུག་དང་བཅས་པའི་བཞི་པོ་རླུང་གི་ཁམས་ལ་སོགས་པ་རྣམས་བསྟེན་པར་བྱའོ། །དེའི་ཕྱིར་ལོ་བཅུ་གཅིག་མ་ལ་རླུང་གི་ཁམས་སོ། །བཅུ་གཉིས་མ་ལ་མེའོ། །བཅུ་གསུམ་མ་ལ་ཆུའོ། །བཅུ་བཞི་མ་ལ་སའོ་ཞེས་པ་བཞིའོ། །བཅོ་ལྔ་མ་ལ་སྒྲའོ། །བཅུ་དྲུག་མ་ལ་རེག་བྱའོ། །བཅུ་བདུན་མ་ལ་རོའོ། །བཅོ་བརྒྱད་མ་ལ་གཟུགས་སོ། །བཅུ་དགུ་མ་ལ་དྲིའོ། །ཉི་ཤུ་མ་ལ་ཆོས་ཀྱི་ཁམས་སོ། །དེ་ནས་ལོ་ནི་ཉི་ཤུ་ཡན་ཆང་ཕྱག་རྒྱ་མཆོག་ཏུ་འཇིགས་བྱེད་མ་སྟེ་ཁྲོ་བོ་འབྱུང་པོ་ལྷ་མིན་ཆ། །འདིར་ལོ་ཉི་ཤུ་ཕྱི་ནས་ལོ་ཉི་ཤུ་རྩ་གཅིག་ནས་བརྩམས་ཏེ་ལོ་སོ་སོ་རྣམ་གྲངས་ཇི་ལྟར་ཤིན་ཏུ་སྔོན་མོ་དང༌། ཤིན་ཏུ་སྟོབས་མ་དང༌། རྨུགས་བྱེད་མ་དང༌། ཁེངས་བྱེད་མ་དང༌། རེངས་བྱེད་མ་དང༌། འོད་ཟེར་ཅན་མ་དང༌།


DTG013_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཙུནྡཱ་དང༌། ཁྲོ་གཉེར་ཅན་དང༌། རྡོ་རྗེ་ལྕགས་སྒྲོག་མ་དང༌། དྲག་སྤྱན་མ་སྟེ་བཅུ་ནི་ཁྲོ་བོའི་ལྷ་མོ་རྣམས་སོ། །དེ་ནས་ལོ་སུམ་ཅུ་རྩ་གཅིག་ནས་བརྒྱད་ནི་འབྱུང་པོའི་ཆ་སྟེ། ཙ་རྩི་ཀཱ་དང༌། ཕག་མོ་དང༌། དྲག་མོ་དང༌། དབང་མོ་དང༌། ཚངས་མ་དང༌། དཔལ་ཆེན་མོ་དང༌། གཞོན་ནུ་མ་དང༌། ཁྱབ་མཇུག་མའོ། །དེ་ནས་ལོ་སུམ་ཅུ་རྩ་དགུ་ནས་བརྒྱད་ནི་ལྷ་མིན་གྱི་ཆ་སྟེ། ཁྱི་གདོང་མ་དང༌། ཕག་གདོང་མ་དང༌། སྟག་གདོང་མ་དང༌། ཅེ་སྦྱང་གདོང་མ་དང༌། མཁའ་ལྡིང་གདོང་མ་དང༌། འུག་གདོང་མ་དང༌། བྱ་རྒོད་གདོང་མ་དང༌། བྱ་རོག་གདོང་མ་སྟེ་ལོ་བཞི་བཅུ་རྩ་དྲུག་ཇི་སྲིད་པར་ཕྱག་རྒྱ་བསྒོམ་པའི་དོན་དུའོ། །དབང་གི་དོན་དུ་སླར་ཡང་དྲུག་དང་བཞི་སྟེ་བདེ་མཉམ་འབྲས་བུ་སྟེར་པ་མེའི་ཁམས་ནས་བརྩམས་ཏེ་ཆོས་ཀྱི་ཁམས་ཇི་སྲིད་པར་རོ། །རླུང་གི་ཁམས་ནི་རྡུལ་མེད་པ་ཉིད་ཀྱི་ཕྱིར་གཟུང་བར་མི་བྱའོ་ཞེས་པ་ངེས་པའོ། །འདིར་དབང་གོང་མ་ནི་རྣམ་པ་གཉིས་ཏེ། གཅིག་ནི་སེམས་ཅན་གཞུག་པའི་དོན་དང་ལམ་ཡོངས་སུ་ཤེས་པའི་དོན་དང་རྒྱུད་ཉན་པ་ལ་དབང་བའི་དོན་དུའོ། །གཞན་ནི་སློབ་དཔོན་ཆེན་པོའི་གནས་སྦྱིན་པ་དང་སྟོན་པ་པོ་བྱེད་པའི་སླད་དུའོ། །དང་པོར་དབང་འདི་ལ་རེ་ཞིག་སྐྲག་པ་དང་རྣམ་པར་འཁྲུལ་པའི་སེམས་ལ་སོགས་པའི་སྐྱོན་དང་བྲལ་བའི་བུ་མོ་ལོ་བཅུ་གཉིས་མ་ལ་སོགས་པ་ཡོངས་སུ་སྨིན་པ་ནི་སློབ་མས་བླ་མ་ལ་དབུལ་བར་བྱའོ། །དེ་ནས་གསོལ་བ་བཏབ་པ་ལ་སོགས་པ་བྱས་ནས་སློབ་མས་བླ་མ་ལ་འཆད་པར་འགྱུར་བའི་བསྟོད་པས་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མ་མཉེས་པས་འཇིག་རྟེན་ཀུན་རྫོབ་ཀྱིས་རང་གི་ཕྱག་རྒྱའི་ནུ་མ་ལ་རེག་པར་བྱེད་དུ་གཞུག་སྟེ་དེས་ན་དེ་ཉིད་བུམ་པའི་དབང་ཡིན་ནོ། །དེ་ནས་གསང་བའི་མཆོད་པ་བྱས་ནས་སློབ་མ་ལ་བདུད་རྩི་སྦྱིན་ཞིང་ཕྱག་རྒྱའི་པདྨ་ཡང་གསལ་བར་བྱེད་དུ་གཞུག་གོ །དེ་ནས་རི་བོང་འཛིན་པ་མྱོང་བ་དང་བལྟ་བ་དག་གིས་གསང་བའི་དབང་དུ་འགྱུར་རོ། །དེ་ནས་ཤེས་རབ་དང་ཡེ་ཤེས་ཀྱི་དབང་ལ་ཨོཾ་ཡིག་ལ་སོགས་པའི་ས་བོན་རྣམས་ཀྱིས་རིགས་ལྔའི་ཆ་དང་ལྡན་པར་བྱས་ཏེ། དེ་ནས་ཇི་ལྟར་སྐལ་བ་ངན་པའི་


DTG013_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་ཅན་འདིའི་སྒོམ་པ་ལ་སོགས་པ་ལ་དབང་བསྐུར་བའི་ངེས་པའི་སླད་དུ་སྟེ་སློབ་མ་རྣམས་ལ་རྒྱུད་བསྟན་པ་དང་དཀྱིལ་འཁོར་བྲི་བའི་སླད་དུ་ནི་མ་ཡིན་ནོ་ཞེས་བླ་མས་རྒྱལ་བ་སྟེ་རྡོ་རྗེ་སེམས་དཔའ་དབང་པོར་བྱས་ནས་ལག་བཅངས་དང་གཉིས་གཉིས་འཁྱུད་པ་བྱེད་པའི་སླད་དུ་ཕྱག་རྒྱ་དེ་སློབ་མ་ལ་སྦྱིན་པར་བྱའོ། །དང་པོར་སློབ་མ་གཞུག་པ་ལ་དབང་བསྐུར་བའི་ངེས་པའོ། །དེ་བཞིན་དུ་སློབ་དཔོན་ནི་རྒོད་པ་ཡོན་ཏན་གཉིས་ཀྱི་བདག་ཉིད་ཁུ་བའི་བདེ་བའི་ལྷ་རྣམ་པར་དག་པས་སོ། །གསང་བ་ཞེས་པ་ལྟ་བ་ཡོན་ཏན་གསུམ་གྱི་བདག་ཉིད་རྣམ་པར་དག་པས་སོ། །ལག་བཅངས་ཞེས་པ་ཡོན་ཏན་བཞིའི་བདག་ཉིད་རྣམ་པར་དག་པས་སོ། །གཉིས་གཉིས་འཁྱུད་པ་ཞེས་པ་ཡོན་ཏན་ལྔའི་བདག་ཉིད་ཁུ་བའི་བདེ་བའི་ལྷ་རྣམ་པར་དག་པས་སོ། །འཇིག་རྟེན་པའི་ཀུན་རྫོབ་ཀྱིས་སེམས་ཅན་གཞུག་པའི་སླད་དུ་དབང་རྣམ་པ་བཞིའི་ངེས་པའོ། །དེ་ནས་འགྲེལ་བཤད་དང་བཅས་པའི་རྒྱུད་ཐམས་ཅད་ཐོས་ཤིང་ཤེས་པ་ན་བདག་པོ་ཆེན་པོ་ཉིད་ཀྱི་སླད་དུ་གསུངས་པའི་རིག་མ་བཅུ་པོ་རྣམས་ཁྱིམ་ན་གནས་པའི་སློབ་མས་བླ་མ་ལ་རིམ་པ་ཇི་ལྟ་བས་དབུལ་བར་བྱའོ། །འདིར་རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚ་མོ་དང་ནི་བུ་མོ་དང༌། །སྲིད་མོ་དེ་བཞིན་སྐྱེད་བྱེད་མ། །དེ་བཞིན་ཆུང་མའི་མ་དང་ནི། །དེ་བཞིན་ཞང་པོའི་བུད་མེད་དང༌། །ཕ་ཡི་སྤུན་ཟླའི་ཆུང་མ་དང༌། །དེ་བཞིན་ཕ་ཡི་སྲིང་མོ་དང༌། །རང་གི་མ་ཡི་སྤུན་ཟླ་ཉིད། །རང་གི་ཆུང་མ་མཆོག་གཟུགས་ཅན། །སྒྲོལ་མ་ལ་སོགས་ཆོས་ཁམས་མཐར། །རང་རིགས་ལས་སྐྱེས་རིག་མ་བཅུ། །ཐར་པ་འདོད་པའི་སློབ་མ་ཡིས། །དབང་གི་དུས་སུ་རབ་སྦྱིན་བྱ། །རིག་མ་འདི་རྣམས་རིགས་བསྲུང་ཕྱིར། །གལ་ཏེ་བླ་མར་མི་དབུལ་ན། །དེ་ཚེ་ཁྱིམ་ན་གནས་རྣམས་ལ། །གཞན་གྱི་དབང་བསྐུར་སྦྱིན་མི་བྱ། །དཀྱིལ་འཁོར་དུ་ནི་དབང་བསྐུར་བའི། །དམངས་རིགས་སྐྱེས་སོགས་གཞན་རྣམས་ཀྱིས། །དགེ་སློང་དགེ་ཚུལ་རྣམས་ལ་ནི། །བླ་མས་སྦྱིན་བྱ་མི་ཡི་བདག །རླུང་སོགས་རིམ་པས་དམངས་རིགས་མོ། །རྒྱལ་རིགས་དེ་བཞིན་བྲམ་ཟེ་མོ། །


DTG013_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེ་མོ་གཡུང་མོ་ཉ་བ་མོ། །གར་མ་དེ་བཞིན་ཚོགས་མཁན་མོ། །ཀོ་ལྤགས་བྱེད་མ་གཏུམ་མོ་ནི། །ཆོས་ཁམས་མཐར་སྐྱེས་མ་སྟེ་བཅུ། །རིག་མ་ཆེན་མོར་ཡང་དག་བརྗོད། །ལོངས་སྤྱོད་གྲོལ་འབྲས་རབ་ཏུ་སྟེར། །ཞེས་པའོ། །དེ་ལྟར་གསུངས་པའི་རིམ་པས་ཕ་རོལ་ཏུ་ཕྱིན་པ་བཅུ་དང་དབང་བཅུ་དང་ས་བཅུ་དང་སྟོབས་བཅུ་རྣམས་འདི་རྣམས་ཀྱིས་རྣམ་པར་དག་པར་འགྱུར་རོ་ཞེས་པ་སྟེ། བདག་པོ་ཉིད་བྱེད་པའི་སླད་དུ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་གྱི་གནས་མངོན་པར་འདོད་པས་ཕྱག་རྒྱ་བཅུ་སྦྱིན་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དེ་ལྟར་སློབ་མས་བླ་མ་ལ་ཕྱག་རྒྱ་བཅུ་ཕུལ་ཏེ། དེ་ནས་བཀའ་སྩལ་དོན་དུ་གཉེར་བར་བྱའོ། །ཀྱེ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཐོབ་པ་བདག་གིས་ད་ནི་ཅི་ཞིག་བགྱི། དེ་ནས་སློབ་དཔོན་གྱིས་གསུངས་པ། བཅུའི་ནང་ནས་རང་གི་ཆུང་མ་འདི་བཟུང་ནས་དེ་དང་ལྷན་ཅིག་ཏུ་བདག་ལ་གསོལ་བ་གདབ་པ་བྱོས་ཤིག །དགེ་སློང་དང་དགེ་ཚུལ་རྣམས་ལ་ནི་གཏུམ་མོ་རང་གི་ཆུང་མར་བྱའོ། །དེ་ནས་བླ་མའི་ངེས་པ་དེ་བཟུང་ནས་གཉིས་ཀྱིས་གསེར་ལ་སོགས་པའི་མེ་ཏོག་རྣམས་ཀྱིས་མཎྜལ་བྱས་ཏེ་དེ་ནས་གསོལ་བ་གདབ་པར་བྱའོ། །སྒྲིབ་པ་ཐམས་ཅད་བཅོམ་པ་ཡིས། །དུས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །མཆོག་ཏུ་མི་འགྱུར་བདེ་བ་རྫོགས། །ཡེ་ཤེས་སྐུ་ཁྱོད་ལ་འདུད་དོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ནི་འགྱུར་མེད་གང༌། །དབང་བསྐུར་དེ་ཡིས་བདག་ལ་ནི། །མགོན་པོ་ད་ནི་བཀའ་དྲིན་མཛོད། །བུ་དང་ཆུང་མ་ལ་སོགས་བཅས། །བདག་ནི་དུས་ཀུན་ཁྱོད་ཀྱི་འབངས། །ཇི་སྲིད་བྱང་ཆུབ་སྙིང་པོའི་མཐར། །བདག་ལ་སྐྱབས་གཞན་ཡོད་མ་ཡིན། །ཞེས་པས་གསོལ་བ་བཏབ་པར་གྱུར་པའི་སློབ་མ་ཆུང་མ་དང་བཅས་པ་གཟིགས་ནས་སློབ་དཔོན་གྱིས་སྒྲ་རྡོ་རྗེ་མ་ལ་རྒྱན་ཐམས་ཅད་དཀྲོལ་ཞིང་གཅེར་བུར་བྱས་ནས་འཁྱུད་དུ་གཞུག་པར་བྱའོ། །ཁྱིམ་པ་རྣམས་ནི་ཆུང་མའི་མ་ལའོ། །དེ་ནས་ཤར་དུ་སྒྲོལ་མ། ལྷོར་གོས་དཀར་མོ། བྱང་དུ་མཱ་


DTG013_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་ཀཱི །ནུབ་ཏུ་སྤྱན་མ། མེར་རེག་བྱ་རྡོ་རྗེ་མ། བདེན་བྲལ་དུ་རོ་རྡོ་རྗེ་མ། དབང་ལྡན་དུ་གཟུགས་རྡོ་རྗེ་མ། རླུང་དུ་དྲི་རྡོ་རྗེ་མ་སྟེ་རྣལ་འབྱོར་མའི་འཁོར་ལོ་གཅེར་བུ་སྐྲ་གྲོལ་བ་གྲི་གུག་དང་ཐོད་པ་ཅན་རྣམས་དགོད་པར་བྱ་སྟེ་རིག་མ་དགུ་པོ་རྣམས་ཀྱིས་རིམ་པ་བཞིན་དུའོ། །དེ་ལྟར་སྔར་དབང་བསྐུར་བ་ནི་ཆུ་ལ་སོགས་པ་རྣམ་པ་བདུན་ནོ། །དེ་ནས་གོང་མའི་དབང་ནི་ཐུན་མོང་བའི་ལས་ཀྱི་ཕྱག་རྒྱས་སོ། །གོང་མའི་ཡང་གོང་མའི་དབང་ནི་ཕྱག་རྒྱ་དབུལ་བའི་དོན་དུ་དམངས་རིགས་ལས་སྐྱེས་པ་སྔར་གསུངས་པ་བཅུ་པོ་རྣམས་ཀྱིས་སོ། །བུམ་པ་བརྒྱད་རྣམས་དང་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་དག་གིས་དགེ་སློང་འཁྲུས་བྱའོ། །དགེ་ཚུལ་ལ་དེ་རྣམས་ཀྱི་ནང་ནས་ཕྱག་རྒྱ་དྲུག་གི་བུམ་པ་བཞི་དང་རྒྱལ་བའི་བུམ་པ་དག་གིས་ཁྲུས་བྱའོ། །ཁྱིམ་ན་གནས་པ་ལ་དགུ་པོ་དེ་རྣམས་ཀྱི་ནང་ནས་རང་གི་ཆུང་མ་གཅིག་པུ་དང་རྣམ་པར་རྒྱལ་བའི་བུམ་པ་གཅིག་པུས་སྔར་གསུངས་པའི་ཆོ་གས་དབང་བསྐུར་བར་བྱའོ། །དེ་ནས་ཕྱག་རྒྱ་གཏད་པར་བྱ། །བུམ་དབང་སྦྱིན་པའི་དོན་དུའོ། །ཞེས་པ་སྟེ། འདིར་རྒྱན་རྣམས་ཐམས་ཅད་དང་ལྡན་ཞུན་མའི་གསེར་དང་མཚུངས་ཤིང་བཅུ་གཉིས་ལོ་ལོན་མཛེས་པའི་བུ་མོ་ལོ་ཉི་ཤུའི་མཐར་ཐུག་ཁྲག་དང་ལྡན་པ་ལ་ཤེས་རབ་ཐབས་ཀྱི་བདག་ཉིད་དག་གིས་ནི་ལྷའི་རྣལ་འབྱོར་གྱིས་རང་གི་རྡོ་རྗེ་ནོར་བུས་འདོད་པ་སྤྱད་ནས། ས་བོན་དང་བཅས་རྡོ་རྗེ་དག་ཀྱང་གོང་མའི་དབང་ལ་སློབ་མ་དག་པར་ཤེས་ནས་ཁ་རུ་འཕང་བ་བྱས་ནས་ནི། །ཕྱི་ནས་རང་གི་ཕྱག་རྒྱ་སྦྱིན་བྱ་ནི་སློབ་དཔོན་གྱིས་གང་ལ་འཁྱུད་པའོ། །ཡང་ན་བུའི་ཆུང་མ་ལ་སློབ་དཔོན་རང་གིས་མངོན་པར་བགྲོད་དེ། དེ་ནས་དབང་གི་དུས་ལ་བབ་པ་ན་སློབ་མ་ལ་སླར་ཡང་རང་གི་ཆུང་མ་གཏད་པར་བྱའོ། །འདིར་བུམ་པའི་དབང་ལ་ཤེས་རབ་ཀྱི་ནུ་མ་ལ་ཐབས་ཀྱིས་རེག་པར་བྱེད་དེ། བླ་མ་ལས་སློབ་མ་ཆུང་མར་བྱེད་དོ། །གསང་བའི་དབང་ལ་སློབ་མས་ཆུང་མའི་ཁར་རྡོ་རྗེ་གཞུག་པར་བྱའོ། །སློབ་མའི་མིག་བཅིངས་ཏེ་བླ་མས་ཤེས་རབ་ཀྱི་ན་རཱ་ན་སི་ག་གཞིབ་པར་བྱའོ། །དེ་ནས་སློབ་དཔོན་གྱི་ཆུང་མ་ཤེས་པས་རང་གི་ཕྱག་རྒྱ་གཏག་


DTG013_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་བྱའོ། །ཞེས་པ་ཐམས་ཅད་དུ་བདག་པོ་ཆེན་པོ་ལ་དབང་གི་ཆོ་གའོ། །གལ་ཏེ་ཕྱག་རྒྱ་བཅུ་ཡོད་ན་དེའི་ཚེ་གང་དང་གང་ལ་འདོད་པ་སྤྱོད་པར་ནུས་པའི་སློབ་མ་ལ་དེ་དང་དེ་གཏད་པར་བྱ་སྟེ། མཚན་མོ་ཕྱེད་ནས་ཆུ་ཚོད་གཉིས་ཀྱི་རྟིང་ལ་ཉི་མ་འཆར་བ་ཇི་སྲིད་བར་རོ། །དེ་ནས་ཚོགས་ཀྱི་འཁོར་ལོ་གཤེགས་སུ་གསོལ་བར་བྱ་སྟེ། གཤེགས་སུ་གསོལ་ནས་སློབ་མ་ལ་སྔོམ་པ་སྦྱིན་པར་བྱའོ། །ཀུན་རྫོབ་ཏུ་ཁྱད་པར་དགའ་བའི་མཐར་ལྷན་ཅིག་སྐྱེས་པའི་སྐད་ཅིག་བདག་གིས་བརྗོད་པ་གང་ཡིན་པ་འདི་དང་ཐིག་ལེ་གསུམ་གྱི་མཐར་གང་ཡིན་པ་དེ་ནི་དོན་དམ་པར་མི་འགྱུར་ཏེ་དོན་དམ་པར་རྣལ་འབྱོར་པ་རྣམས་ཀྱི་བདེ་བ་ནི་འཕོ་བ་མེད་པའི་ཕྱིར་རོ། །དེས་ན་བདེ་བ་ཆེན་པོ་འདི་ནི་ཁྱོད་ཀྱིས་བསྲུང་བར་བྱའོ། །རྩ་བའི་རྒྱུད་དུ་གང་གསུངས་པ། ལས་ཀྱི་ཕྱག་རྒྱ་རབ་སྦྱོར་དང༌། །ཡེ་ཤེས་ཕྱག་རྒྱའི་རྗེས་ཆགས་ལའང། །བདེ་བ་ཆེན་པོའི་བྱང་ཆུབ་སེམས། །བརྟུལ་ཞུགས་བརྟན་པོར་བསྲུང་བར་བྱ། །བྷ་གར་ལིངྒ་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པ་ནི་མ་ལུས་ནས། །སངས་རྒྱས་གཟུགས་སུ་བསྒོམ་པར་བྱ། །བསྲུང་པ་འདི་ཉིད་ཁོ་ན་ཡིས། །སྐྱེ་བ་འདི་ལ་སངས་རྒྱས་ཉིད། །ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས། །བསོད་ནམས་ཡེ་ཤེས་ཡང་དག་ལྡན། །ཕ་རོལ་ཕྱིན་བཅུ་ཐོབ་པ་ཡིས། །རྫོགས་པའི་སངས་རྒྱས་དུས་གསུམ་འཇུག །འདི་ཡིས་རྫོགས་སངས་རྒྱས་ཀུན་གྱིས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རང་དང་གཞན་དོན་བསྒྲུབ་པའི་སླང༌། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཁམས་གསུམ་དབང་ཕྱུག་ཡེ་ཤེས་ནི། །འདི་ལས་གཞན་པ་ཡོད་མ་ཡིན། །སྐྱོབ་པ་ཀུན་གྱི་སྡོམ་པ་ནི། །གལ་ཏེ་ཁྱོད་སྐྱོང་བདག་གི་བུ། །དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་བརླབས་རྫོགས་བྱང་ཆུབ་ཐོབ་འགྱུར། །ཅི་སྟེ་ཆགས་པས་ཟིལ་མནན་བདག །གཙོ་བོའི་མདུན་དུ་བླངས་ནས་ནི། །སྡོམ་པ་སྐྱོང་བར་མི་བྱེད་ན། །དེ་ཚེ་དུ་འབོད་དུ་འགྲོ་འགྱུར། །དམན་པའི་སེམས་ལས་སྐྱེ་གནས་སུ། །གང་ཚེ་བྱང་ཆུབ་སེམས་གྱུར་བ། །དེ་ཚེ་


DTG013_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱག་རྒྱར་ཤེས་ནས་ནི། །པདྨའི་ཕྱི་རོལ་རང་ལྕེས་བླང༌། །ཞེས་པ་སྟེ། སློབ་དཔོན་གྱིས་སློབ་མ་ལ་སྡོམ་པ་བྱིན་ནས་སློབ་མས་ཀྱང་བླ་མ་ལ་ཡོན་ཕུལ་ཏེ་སླར་ཡང་མཎྜལ་བྱས་ནས་གསོལ་བ་གདབ་པར་བྱའོ། །བཅོམ་ལྡན་འདས་བདག་ལ་དབང་བསྐུར་བའི་བར་དུ་བྱེད་པ་བཀའ་དྲིན་མཛད་དུ་གསོལ། དེ་ནས་བླ་མས་སློབ་མ་བོས་ཏེ་བུ་ཁྱོད་ཉོན་ཅིག །ཀུན་རྫོབ་ཇི་ལྟ་བུ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་བདེ་བ་དགའ་བ་བཅུ་དྲུག་གི་མཚན་ཉིད་ནི་ཚིགས་སུ་བཅད་པ་ཉི་ཤུ་རྩ་གཅིག་ལྷག་པའི་ང་རྒྱ་ལ་སོགས་པ་རྣམས་ཀྱིས་མཆོག་གི་དང་པོའི་སངས་རྒྱས་ལས་འཇམ་པའི་རྡོ་རྗེས་འདོད་པ་བསྐྱོད་པར་ཞེས་པ་ལ་སོགས་པ་རྣམས་ཀྱིས་ཕྱུང་བ། འདོད་པ་སྐྱོད་པར་བྱེད་པ་འགྲོ་བའི་རང་གི་ཡིད་ལ་འོ་གང་བདག་ནི་གང་ཉིད་དུ་འགྱུར། །གང་ལ་ཡན་ལག་མཆོག་ལས་འབར་བའི་རི་བོང་འཛིན་པ་ཁུ་བར་བྱས་ནས་ཐིག་ལེ་འཛག །ཨོ་ཊས་བཀུག་པ་མཆོག་གི་བདེ་བ་རང་བཞིན་གྱིས་སྟེར་ཐིག་ལེ་གྲོལ་བ་དག་ནི་གསུམ་གྱི་མཐར། །བལྟ་དང་རེག་དང་འགྲོགས་ལ་འཛག་པའི་བདེ་བ་འདི་དག་དགའ་བའི་དབྱེ་བ་ལ་སོགས་དག་གིས་སོ། །འདོད་པ་དགའ་བར་བྱེད་པ་མི་རྣམས་ཀྱི་ནི་དང་པོ་དག་ཀྱང་མིག་གིས་བལྟ་བ་དག་ལའོ། །ཕྱི་ནས་གང་བ་རབ་ཏུ་འགྲོགས་པ་ལ་སྟེ་སླར་ཡང་མཆོག་གི་དགའ་པ་ཉིད་དོ་རང་ལུས་ལ། །འབར་བ་ཐིག་ལེ་འཛག་པ་དང་ནི་དགའ་བ་ཡང་སྟེ་ཁྱད་པར་དགའ་བ་རྡོ་རྗེས་པདྨ་ལ། །ཨོ་ཊ་ཐིག་ལེ་གསུམ་གྱི་མཐའ་རུ་འགྱུར་བ་ལ་གནས་ལྷན་ཅིག་སྐྱེས་པའི་དགའ་བ་རྡོ་རྗེ་བྱེད། །འདོད་དང་དགའ་བ་དག་ནི་འདར་དང་འགྱུར་མེད་ཀྱང་སྟེ་བཞི་པོ་ཡིས་ནི་སྦྱིན་པ་དེ་གཅིག་སྟེ། །གང་བ་དང་ནི་ནུས་དང་སྐྱེ་བ་དག་དང་མཆོག་གི་དགའ་བ་དེ་ལྟར་གཉིས་པར་ངེས་པར་འགྱུར། །འབར་བ་དང་ནི་ཐིག་ལེ་བརྒྱལ་བ་དག་དང་སླར་ཡང་ཁྱད་པར་དགའ་བ་དེ་ལྟར་གསུམ་པའོ། །ཨོ་ཊ་དང་ནི་ནཱ་ད་དག་དང་གཉིད་དང་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ལྟར་བཞི་པར་འགྱུར། །འདིར་འགྲོ་བ་ཐམས་ཅད་ཀྱི་ཡིད་ལ་འདོད་པ་སྐྱེས་པར་བྱེད་པ་དེ་ནི་དང་པོ་


DTG013_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགའ་བའོ། །དེ་ནས་གང་བའི་གནས་སྐབས་ནི་ཤེས་རབ་ལ་འཁྱུད་པ་ལ་སོགས་པས་དཔྲལ་བར་བྱང་ཆུབ་སེམས་རྫོགས་པ་ཉིད་ཀྱི་ཕྱིར་གང་བ་ཉིད་དུ་འགྱུར་པ་སྟེ་གཉིས་པ་མཆོག་དགའོ། །དེ་ནས་གང་པ་ཡན་ལག་མཆོག་ལས་འཁྲིག་པ་ལ་འབར་བའི་གནས་སྐབས་ནི་རི་བོང་འཛིན་པ་ཁུ་བར་བྱས་ནས་ཐིག་ལེ་འཛག་པ་སྟེ་གསུམ་པ་ཁྱད་པར་དགའ་བར་བྱེད་དོ། །དེ་ནས་ཨོ་ཊའི་གནས་སྐབས་ནི་ཐིག་ལེ་འཕོ་བའི་དུས་སུ་སྐུ་དང་གསུང་དང་ཐུགས་ཀྱི་ཐིག་ལེ་རྣམས་ཀྱི་མཐར་ཐིག་ལེ་བཞི་པ་འབྱུང་བའི་དུས་ན་ལྷན་ཅིག་སྐྱེས་པའི་དགའ་བ་བྱེད་དོ། །དེ་ལྟར་ཚེས་གཅིག་ལ་སོགས་པ་ཆ་ལྔ་ལྔ་པོ་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་རང་བཞིན་དགའ་བ་དང་བཟང་པོ་དང་རྒྱལ་བ་དང་སྟོང་བ་དང་རྫོགས་པའི་མིང་ཅན། ཨ་ཨི་རྀ་ཨུ་ལི་ཀ །ཨ་ཨེ་ཨར་ཨོ་ཨ་ལ་ཙ། ཧ་ཡ་ར་ཝ་ལ་ཊ་ཞེས་པའི་དབྱངས་འདི་རྣམས་ཀྱི་ཆོས་ཅན་རྣམས་ཀྱིས་སོ། །དེ་ལྟར་ལྔ་པ་ནི་དགའ་བ་རྫོགས་པའོ། །བཅུ་པ་ནི་མཆོག་དགའ་རྫོགས་པའོ། །ཉ་ནི་ཁྱད་པར་དགའ་བ་རྫོགས་པའོ། །ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་པ་ནི་ཆ་བཅུ་དྲུག་པ་སྟེ། ཁམས་ཐམས་ཅད་སྡུད་པ་དང་འདུ་བ་དང་འདུས་པ་དང་སྔོམ་པའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་ཆགས་པ་ནི་དཀར་པོའི་ཕྱོགས་ཏེ་ཆགས་བྲལ་ནི་ནག་པོའི་ཕྱོགས་སོ། །ཇི་ལྟར་མཚན་ཡང་དག་པར་བརྗོད་པར། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་བརྗོད་པའི་ཆོས་འཛིན་པ། །ཞེས་པ་དང༌། དེ་བཞིན་དུ། རྣམ་པ་ཐམས་ཅད་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༌། །ཆ་མེད་ཆ་ལས་འདས་པ་པོ། །བསམ་གཏན་བཞི་པའི་རྩེ་མོ་འཆང༌། །ཞེས་བཅོམ་ལྡན་འདས་ཀྱི་ངེས་པའོ། །དོན་དམ་པར་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ནི་ལེའུ་ལྔ་པར་རྒྱ་ཆེར་ཤེས་པར་བྱ་སྟེ། འདིར་རྒྱས་པར་མ་བྱས་སོ། །ད་ནི་འདོད་པ་ཞེས་པ་ལ་སོགས་པ་དགའ་བ་བཅུ་དྲུག་པོ་རྣམས་ཀྱི་སྦྱོར་བ་བཞི་གསུངས་ཏེ། འདིར་སེམས་ཅན་ཐམས་ཅད་


DTG013_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པ་དང་བཞི་པའི་གནས་སྐབས་ཀྱི་དབྱེ་བས་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་སྦྱོར་བ་སྟེ་དེ་རྣམས་ཀྱང་དགའ་བ་ལ་སོགས་པའི་དབྱེ་བས་བཅུ་དྲུག་གོ །དེ་ལ་འདོད་པ་ཞེས་པ་སྐུའི་དགའ་པའོ། །དགའ་བ་ཞེས་པ་གསུང་གི་དགའ་བའོ། །འདར་བ་ཞེས་པ་ཐུགས་ཀྱི་དགའ་བའོ། །འགྱུར་མེད་ཅེས་པའི་མིང་གིས་ཡེ་ཤེས་ཀྱི་དགའ་བའོ། །དེ་ལྟར་བཞིའི་དགའ་བ་སྟེ་གཅིག་པའི་སྦྱོར་པའོ། །དེ་བཞིན་དུ་གང་བ་ཞེས་པ་སྐུའི་མཆོག་དགའོ། །འདིར་མཆོག་གི་དགའ་བ་ལ་སོགས་པ་གསུམ་པོ་རྣམས་མཐའ་མ་ལ་སོགས་པས་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམས་ཏེ་སྡེབ་སྦྱོར་གྱི་དབང་གིས་སོ། །དེ་ཕྱིར་མཆོག་གི་དགའ་བ་ཞེས་པ་གསུང་གི་མཆོག་དགའོ། །སྐྱེ་བ་ཞེས་པ་ཐུགས་ཀྱི་མཆོག་དགའོ། །ནུས་པ་ཞེས་པ་ཡེ་ཤེས་ཀྱི་མཆོག་དགའོ་ཞེས་པ་གཉིས་པའི་སྦྱོར་བའོ། །འབར་བ་ཞེས་པ་སྐུའི་ཁྱད་པར་དགའ་བའོ། །ཁྱད་པར་དགའ་བ་ཞེས་པ་གསུང་གི་ཁྱད་པར་དགའ་བའོ། །རྒྱལ་བ་ཞེས་པ་ཐུགས་ཀྱི་ཁྱད་པར་དགའ་བའོ། །ཐིག་ལེ་ཞེས་པ་ཡེ་ཤེས་ཀྱི་ཁྱད་པར་དགའ་བའོ་ཞེས་པ་གསུམ་པའི་སྦྱོར་བའོ། །དེ་བཞིན་ཨོ་ཊ་ཞེས་པ་སྐུའི་ལྷན་ཅིག་སྐྱེས་པའི་དགའ་བའོ། །ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་པ་གསུང་གི་ལྷན་ཅིག་སྐྱེས་པའི་དགའ་བའོ། །གཉིད་ཅེས་པ་ཐུགས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའོ། །ནཱ་ད་ཞེས་པ་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ལྟར་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་དང་ངོ་བོ་ཉིད་ཀྱི་དབྱེ་བས་སྐུ་རྣམ་པ་བཞི་དང་གསུང་རྣམ་པ་བཞི་སྟེ། དེ་བཞིན་དུ་ཐུགས་རྣམ་པ་བཞི་དང་ཡེ་ཤེས་རྣམ་པ་བཞིའོ། །དེ་ལྟར་དགའ་བ་བཅུ་དྲུག་གི་དབྱེ་བ་རྣམས་རྒྱ་ཆེར་དཔལ་ལྡན་རྒྱུད་དུ་བལྟ་བར་བྱའོ། །དགའ་བ་བཅུ་དྲུག་གི་མཐའ་ལྷན་ཅིག་སྐྱེས་པའོ་ཞེས་པ་ངེས་པའོ། །འཇིག་རྟེན་པའི་དངོས་གྲུབ་པར་བྱེད་པའི་དབང་རྣམ་པ་གསུམ་མདོར་བསྟན་ནས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ཐུན་མོང་མ་ཡིན་པ་དབང་བཅུ་གཅིག་པ་གསུངས་པ་སླར་ཡང་ཞེས་པ་ལ་སོགས་པའོ། །


DTG013_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་རབ་ཆེན་པོ་ཞེས་པ་རྣམ་པར་རྟོག་པ་ཀུན་དུམ་བརྟགས་པ་འཆད་པར་འགྱུར་བའི་ཕྱག་རྒྱ་ཆེན་མོའོ། །དེའི་ཡེ་ཤེས་ནི་དེ་བསྒོམས་པ་ལས་སྐྱེས་པ་མི་འགྱུར་བའི་བདེ་བ་ཆེན་པོ་སྟེ་དབང་བཅུ་གཅིག་པའོ། །མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་དབང་བཅུ་གཅིག་ཉིད་གསུངས་ཏེ། འདི་ལྟར། ཆུ་ཡི་དབང་གིས་དང་པོ་སྟེ། །ཅོད་པན་དབང་བསྐུར་གཉིས་པའོ། །གསུམ་པ་དར་དཔྱངས་དབང་གིས་ཏེ། །རྡོ་རྗེ་དྲིལ་བུས་བཞི་པའོ། །ལྔ་པ་རང་གི་བདག་པོ་ཉིད། །མིང་གི་དབང་ནི་དྲུག་པ་སྟེ། །སངས་རྒྱས་རྗེས་གནང་བདུན་པར་འདོད། །བུམ་པས་དབང་བསྐུར་བརྒྱད་པ་ཡིན། །དགུ་པ་གསང་བའི་དབང་གིས་ཏེ། །ཤེས་རབ་དབང་བསྐུར་བཅུ་པའོ། །དེ་ཉིད་རྡོ་རྗེའི་རབ་སྦྱོར་གྱིས། །རྡོ་རྗེའི་བརྟུལ་ཞུགས་ཀུན་སྦྱིན་ཞིང༌། །རང་ཉིད་སྟོན་པས་ལུང་སྟོན་པ། །འདི་ནི་དབང་བསྐུར་ཆོ་ག་ཡིན། །སློབ་དཔོན་སྨད་པར་མི་བྱ་ཞིང༌། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །ཞེས་པ་སྟེ། དེ་ལྟར་དེ་ཉིད་རྡོ་རྗེའི་རབ་སྦྱོར་གྱིས་ཞེས་པས་གཙོ་བོར་དབང་བཅུ་གཅིག་པ་བཅོམ་ལྡན་འདས་ཀྱིས་གསལ་པོར་གསུངས་པའི་ཕྱིར་མཁས་པ་རྣམས་ཀྱིས་དབང་བཞི་པའམ་བཅུ་གཅིག་པ་ཐ་དད་པ་ཉིད་དུ་རྟོགས་པར་བྱའོ། །བུམ་པ་ལ་སོགས་པ་བཞི་པོ་འདི་རྣམས་ཀྱིས་རྗེས་སུ་འགྲོ་བ་དང་བཅས་པ་ནི་གྲངས་བཞིན་དུ་འགྱུར་པ་དང་མི་འགྱུར་བ་དང་འཛག་པ་དང་མི་འཛག་པ་ཞེས་བྱ་བའི་མིང་རྣམས་སོ། ལུས་ཞེས་པ་ལ་སོགས་པ་གོ་སླའོ། །དེ་བཞིན་དུ་བྱིས་པ་དང་དར་མ་དང་རྒན་པོ་དང་སྐྱེ་དགུའི་བདག་པོའི་མིང་རྣམས་སོ། །ཤེས་རབ་ཅེས་པ་ལོ་བཅུ་གཉིས་མ་ནས་བརྩམས་ནས་ལོ་ཉི་ཤུ་མའི་བར་དུ་སྟེ། དབང་བསྐུར་བ་ན་རང་གི་སེམས་དགའ་བའི་སྐལ་བ་དང་ལྡན་མ་དེའི་ནུ་མར་ཡན་ལག་ནི། རེག་པས་བྱང་ཆུབ་སེམས་འཕོ་ཞེས་པ་གཙུག་ཏོར་གྱི་པདྨ་འདབ་པ་མ་བཞི་པ་ལས་ཁུ་བ་བདུད་རྩིའི་རྒྱུན་དཔྲལ་བའི་པདྨ་འདབ་མ་བཅུ་དྲུག་གི་བར་འོངས་པས་སྐུའི་དགའ་བ་དང་གསུང་གི་དགའ་བ་དང་ཐུགས་ཀྱི་དགའ་བ་དང་ཡེ་ཤེས་ཀྱི་དགའ་བའི་བདག་ཉིད་ཀྱི་བདེ་བ་ཉམས་སུ་མྱོང་བར་བྱེད་པ་གང་ཡིན་པ་དེ་ནི་


DTG013_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱིས་པ་སྟེ། རྣལ་འབྱོར་པའི་འོ་མ་འཛིན་བས་དབང་བསྐུར་བ་ནི་དབང་དང་པོ་ཐོབ་པ་ཉིད་ཀྱི་ཕྱིར་བྱིས་པ་ཞེས་བརྗོད་དོ། །དེ་ནས་དེའི་གསང་བར་ཅུང་ཟད་རྡོ་རྗེ་གསོར་བས་བྱང་ཆུབ་སེམས་ནི་འཕོ་བ་ཞེས་པ་མགྲིན་པའི་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པ་ལས་སྙིང་གའི་པདྨ་འདབ་མ་བརྒྱད་པའི་ལྟེ་བར་སྐུའི་མཆོག་དགའ་དང་གསུང་གི་མཆོག་དགའ་དང་ཐུགས་ཀྱི་མཆོག་དགའ་དང་ཡེ་ཤེས་ཀྱི་མཆོག་དགའི་བདག་ཉིད་ཀྱིས་བདེ་བ་ཉམས་སུ་མྱོང་བར་བྱེད་པ་གང་ཡིན་པ་དེ་ནི་རྒན་པོ་སྟེ། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །ཕྱག་རྒྱ་ཆེན་པོ་ཞེས་པ་ནམ་མཁའ་ལས་བྱུང་པའི་གཟུགས་ཏེ་དེའི་རྗེས་ཆགས་ཕྱི་རོལ་རང་གི་ཉམས་སུ་སྒོམ་པ་ཞེས་བྱ་བ་ལས་སྐྱེས་པ་གཡོ་མེད་ཅེས་པ་རྡོ་རྗེ་ནོར་བུ་ལས་ཕྱི་རོལ་དུ་གཡོ་བ་ལས་འཛག་པ་འགོག་པ། སྐུའི་ལྷན་ཅིག་སྐྱེས་པའི་དགའ་བ་དང་གསུང་གི་ལྷན་ཅིག་སྐྱེས་པའི་དགའ་བ་དང་ཐུགས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་དང་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའི་བདག་ཉིད་ཟླ་བ་བདུད་རྩི་མི་འཕོ་བའི་བདེ་བ་གང་ཡིན་པ་དེ་ནི་ཤེས་རབ་ཆེན་པོ་ཞེས་བྱ་བ་དབང་བསྐུར་བཞི་པ་སྟེ། བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་པའི་གསུང་གིས་བརྗོད་བའོ། །འདི་ནི་སྒྲིབ་པ་མེད་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལྷག་པར་རྟོགས་པ་སྟེ་གྲུབ་པའི་རོས་ཟངས་ལ་སོགས་པའི་ཁམས་རྣམས་གསེར་གྱི་ངོ་བོ་བཞིན་དུ་སྒྲིབ་པ་དང་བཅས་པའི་ཕུང་པོ་དང་ཁམས་ལྔ་ལ་སོགས་པ་རྣམས་དེ་བཞིན་གཤེགས་པ་ལྔ་དང་ལྷ་མོ་ལྔ་ལ་སོགས་པ་སྐྱེ་དགུའི་ངོ་བོས་རྫོགས་པར་བྱེད་པ་ཉིད་ཀྱི་ཕྱིར་སྐྱེ་དགུའི་བདག་པོའོ། །སྐྱོབ་པ་ཉིད་གཟིགས་པའི་ལམ་གསུང་བ། དེ་ལ་སྦྱོར་པའི་ཕྱིར་སྐྱོབ་པ་སྟེ་སྐྱོབ་པ་ནི་སྐྱོབ་པ་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་སོ། །གསུང་པ་ནི་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་ཀྱི་རྣལ་འབྱོར་དང་ལྡན་པའི་ལུས་ལ་སོགས་པའི་རྣམ་པར་གཞག་པ་སྟེ། དཔལ་དུས་ཀྱི་འཁོར་ལོར་གསུངས་པ། ལུས་ནི་དང་ཞིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། །སྣ་ཚོགས་འཇིག་རྟེན་གསུམ་པོ་ཉིད་ནི་དང་ཞིང་སྒྲིབ་


DTG013_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང༌། །སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ། །སེམས་ནི་དམ་པའི་བདེ་བས་གང་ཞིང་མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །ཞེས་པའོ། །འདི་ཉིད་ནི་གཉིས་མེད་མི་འགྱུར་བ་དེ་ཁུ་བ་སྟེང་དུ་གསང་བ་དང་ལྟེ་བ་དང་མགྲིན་པར་བགྲོད་པས་རིམ་པ་ཇི་ལྟ་བར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མིང་བཞི་ཐོབ་པའོ། །དབྲལ་བར་སོན་པ་ནི་སྔར་བརྗོད་པའི་རྣམ་པར་དག་པ་ལ་སོགས་པའི་རྣལ་འབྱོར་རྣམ་བ་བཞི་ཞེས་བྱའོ། །གཙུག་ཏོར་དུ་སོན་པ་ནི་དུས་ཀྱི་འཁོར་ལོ་ཞེས་པའི་མིང་ངོ་ཞེས་པ་སེམས་དཔའ་དྲུག་རྣམས་སོ། །ད་ནི། འདི་ཉིད་ཀྱིས་ནི་བསྒྲུབ་པར་བྱ། །ཞེས་པ་ལ་སོགས་པས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ཡན་ལག་དྲུག་གི་རྣལ་འབྱོར་མདོར་བསྟན་པ་གསུངས་ཏེ། འདི་ལྟར། རབ་གསལ་བསམ་གྱིས་མི་ཁྱབ་པའི། །ཞེས་པ་ནས་བརྩམས་ཏེ། སྣ་ཚོགས་གཟུགས་བརྙན་འོད་གསལ་བ། །ཞེས་པའི་མཐར་ཐུག་པས་ཡན་ལག་དྲུག་གི་རྣལ་འབྱོར་གྱི་ཡན་ལག་དང་པོ་སོ་སོར་སྡུད་པ་ཞེས་བྱ་བ་མདོར་བསྟན་ཏོ། །བཀབ་དང་མ་བ་ཀ་བ་ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་བསམ་གཏན་གྱི་ཡན་ལག་གོ །གཟུགས་བརྙན་མཐོང་ན་དེ་ན་ནི། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་སྲོག་རྩོལ་གྱི་ཡན་ལག་གོ །སྲོག་ནི་ཐིག་ལེར་གཞུག་པར་བྱ། །ཞེས་པ་འདིས་འཛིན་པའི་ཡན་ལག་ཀྱང་མདོར་བསྟན་ཏོ། །རྗེས་སུ་དྲན་པ་ལ་སོགས་པ་ཡན་ལག་གཉིས་ཀྱི་མདོར་བསྟན་པ་ཡང་དེའི་དོན་མདོར་བསྟན་པའི་ནུས་པ་ལས་ཇི་ལྟར་རིགས་པར་བརྟག་པར་བྱའོ། །ཡན་ལག་དྲུག་གི་རྣལ་འབྱོར་ཡང་བཅོམ་ལྡན་འདས་ཀྱིས་འདུས་པ་ཕྱི་མར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་མཆོག་གི་དངོས་གྲུབ་སྒྲུབ་པ་ཉིད་ཀྱིས་མདོར་བསྟན་པ་དང་རྒྱས་པར་བཤད་པ་དང་རབ་ཏུ་རྒྱས་པར་བཤད་པ་རྣམས་ཀྱིས་ཇི་ལྟར་གསུངས་པ་བཞིན་ཏེ། མི་སྣང་ལ་སོགས་དངོས་གྲུབ་རྣམས། །ཐུན་མོང་པ་ཞེས་གྲགས་པ་སྟེ། །སངས་རྒྱས་


DTG013_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་སྒྲུབ་སངས་རྒྱས་ཀྱི། །དངོས་གྲུབ་མཆོག་ཅེས་གསུངས་པ་ཡིན། །ཐབས་ནི་རྣམ་པ་བཞི་པོ་དག །བྱང་ཆུབ་རྡོ་རྗེས་གསུངས་པ་སྟེ། །རྣལ་འབྱོར་རྒྱུད་རྣམས་ཐམས་ཅད་དུ། །རྣལ་འབྱོར་པ་ཡིས་རྟག་ཏུ་བསྔགས། །བསྙེན་པའི་ཆོ་ག་དང་པོ་སྟེ། །ཉེ་བར་སྒྲུབ་བ་ངེས་པར་གསུམ་པ་སྟེ། །སྒྲུབ་པ་ཆེན་པོ་བཞི་པའོ། །ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པའང་རྣམ་པ་གཉིས་སུ་འགྱུར། །རྡོ་རྗེ་བཞི་ཡིས་ཐུན་མོང་བ། །ཡན་ལག་དྲུག་པོ་རྣམས་ཀྱི་མཆོག །དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པས་ས་བོན་བསྡུ་བ་ཡིན། །གསུམ་པ་གཟུགས་བརྙན་རྫོགས་པ་སྟེ། །བཞི་པ་ཡི་གེ་དགོད་པའོ། །རྡོ་རྗེ་བཞི་པོ་འདི་རྣམས་ཀྱིས། །ཐུན་མོང་སྒྲུབ་ལ་བསྙེན་པ་སྟེ། །ཡེ་ཤེས་བདུད་རྩི་ཁོ་ན་ཡིས། །བསྙེན་པ་ཀུན་ནས་རྟག་ཏུ་བྱ། །ཡན་ལག་དྲུག་གི་རྣལ་འབྱོར་གྱིས། །བསྙེན་པ་བྱས་ནས་མཆོག་སྒྲུབ་སྟེ། །གཞན་དུ་བསྒྲུབ་པ་བྱ་དངོས་གྲུབ་མཆོག །འབྱུང་བར་འགྱུར་པ་མེད་པ་ཉིད། །སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་བརྗོད། །དབང་པོ་བཅུ་པོ་རྣམས་ཀྱི་ནི། །རང་ལ་འཇུག་གནས་ཐམས་ཅད་ལས། །འདོད་པ་ཕྱི་ཕྱིར་སྡུད་པ་ནི། །སོ་སོར་སྡུད་པ་ཞེས་བརྗོད་དོ། །འདོད་པ་ལྔ་རྣམས་སྡུད་པ་ཡིས། །སངས་རྒྱས་ལྔ་དང་རབ་སྦྱོར་བས། །རྟོག་པ་བསམ་གཏན་ཞེས་བརྗོད་དེ། །བསམ་གཏན་རྣམ་པ་ལྔ་རུ་འགྱུར། །རྟོག་པ་དང་ནི་དཔྱོད་པ་དང༌། །དགའ་དང་དེ་བཞིན་བདེ་བ་ཉིད། །སེམས་རྩེ་གཅིག་པ་ཉིད་དང་ལྔ། །དེ་རྣམས་བསམ་གཏན་སྡུད་པའོ། །གསང་བའི་རྒྱུད་རྣམས་ཐམས་ཅད་དུ། །རྣམ་པ་སྣ་ཚོགས་ཡོངས་གྲགས་པའི། །གསང་བ་གསུམ་འབྱུང་རྟོག་པ་སྟེ། །དེ་ལ་རབ་སྦྱོར་དཔྱོད་པའོ། །དགའ་བ་རབ་གསལ་གསུམ་པ་སྟེ། །བདེ་བ་བསྡུས་པ་བཞི་པའོ། །ཤེས་དང་ཤེས་བྱ་འབྱུང་ཟད་པའི། །རང་སེམས་ལྔ་པར་ཤེས་པར་བྱ། །སངས་རྒྱས་ཐམས་ཅད་རང་བཞིན་ཞི། །འདོད་པ་ཐམས་ཅད་རབ་ཏུ་གནས། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་རང་བཞིན་ཅན། །


DTG013_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་བརྟག་པར་བྱ། །རིན་ཆེན་ཆེན་པོ་ཁ་དོག་ལྔ། །སྲོག་གི་རྩོལ་བ་ཞེས་པར་དྲན། །རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་སོན་པ་དགོད། །འགགས་པ་རིན་ཆེན་དབང་པོར་བཅས། །གཟུང་བར་བྱའོ་འཛིན་པར་བརྗོད། །འགོག་པ་རྡོ་རྗེར་བགྲོད་སེམས་ལ། །མཚན་མ་ཉར་འཛིན་འབྱུང་འགྱུར་ཏེ། །མཚན་མ་དེ་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་བཤད་པ་ཡིན། །དང་པོ་སྨིག་རྒྱུའི་རྣམ་པ་སྟེ། །གཉིས་པ་དུ་བའི་རྣམ་པ་ཡིན། །གསུམ་པ་མཁའ་སྣང་རྣམ་པ་སྟེ། །བཞི་པ་སྒྲོན་མ་འབར་བའོ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །བརྟན་དེ་རྡོ་རྗེའི་ལམ་ནས་ནི། །ནམ་མཁའི་ཁམས་སུ་སྤྲོ་བར་བྱ། །གང་ཞིག་བསྒོམ་བྱ་རྗེས་དྲན་པས། །དེ་ཡི་རྣམ་པར་ཡང་དག་སྤྲོ། །རྗེས་སུ་དྲན་པ་ཞེས་ཤེས་བྱ། །རབ་གསལ་དེ་ལ་སྐྱེ་བར་འགྱུར། །ཤེས་རབ་ཐབས་ནི་སྙོམས་འཇུག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་པ། །བྱས་ཏེ་གོང་བུའི་སྦྱོར་པ་ཡིས། །དབུས་སུ་གཟུགས་བརྙན་རྣམ་བསྒོམ་བྱ། །སྐད་ཅིག་ཡེ་ཤེས་རྫོགས་པ་ནི། །ཏིང་འཛིན་ཞེས་པའི་མིང་ཅན་ནོ། །སོ་སོར་བསྡུས་པ་སྙོམས་འཇུག་པས། །སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ། །བསམ་གཏན་ཡེ་ཤེས་སྙོམས་འཇུག་པས། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །སྲོག་གི་རྩོལ་བས་ངེས་པར་ནི། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས། །རྟག་ཏུ་འཛིན་པའི་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔའ་མཉམ་པར་གཞུག་རྗེས་དྲན་མཉམ་པར་སྦྱོར་བ་ཡིས། །འོད་ཀྱི་དཀྱིལ་འཁོར་འབྱུང་བར་འགྱུར། །ཏིང་འཛིན་དབང་གྱུར་ཙམ་གྱིས་ནི། །སྒྲིབ་པ་མེད་པ་ཉིད་དུ་འགྱུར། །ཞེས་པའོ། །ཚིགས་སུ་བཅད་པ་འདི་རྣམས་ཀྱི་མདོར་བསྡུས་པའི་འགྲེལ་བ་བརྗོད་པར་བྱའོ། །ཡེ་ཤེས་བདུད་རྩི་ཁོ་ན་ཡིས། །བསྙེན་པ་ཞེས་པ་ལ་སོགས་པ་ལ་བསྟེན་པར་བྱ་བ་དང་ཐར་པ་འདོད་པ་རྣམས་ཀྱིས་གོམས་པར་བྱ་བའི་ཕྱིར་བསྙེན་པའོ། །དེ་ཅི་ཞེ་ན། དུ་བ་ལ་སོགས་པ་གཟུགས་མཐོང་བའི་མཐར་ཐུག་པ་སོ་སོར་སྡུད་པའི་ཡན་


DTG013_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལག་གོ །དེ་དག་ནི་མཆོག་གི་བསྙེན་པ་སྟེ། ཡེ་ཤེས་བདུད་རྩི་ཁོ་ནས་ཡན་ལག་དྲུག་གི་རྣལ་འབྱོར་ཁོ་ནས་རྫོགས་པར་བྱའོ། །ཀུན་ནས་ནི་ཐམས་ཅད་བདག་ཉིད་དོ། །རྟག་ཏུ་ནི་དུས་ཐམས་ཅད་པའོ། །ཁོ་ནའི་ཡི་གེ་ནི་ངེས་པར་གཟུང་བའོ། །དེ་རྣམས་ནི་ཡེ་ཤེས་ཀྱི་བདུད་རྩི་ཞེས་བྱ་སྟེ། ཡན་ལག་དྲུག་གི་རྣལ་འབྱོར་རོ། །སོ་སོར་སྡུད་དང་ཞེས་པ་ལ་སོགས་པ་མདོར་བསྟན་པའི་ཚིག་རྣམས་ཀྱིས་རྒྱས་པར་བཤད་པ་དང༌། རབ་ཏུ་རྒྱས་པར་བཤད་པ། དབང་པོ་བཅུ་པོ་རྣམས་ཀྱིས་ནི། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་གསུངས་སོ། །དེ་ལ་དབང་པོ་རྣམས་དང་དབང་པོའི་དོན་རྣམས་ཀྱང་དབང་པོ་རྣམས་ཏེ། དབང་པོ་བཅུ་པོ་རྣམས་ཀྱི་ནི་ཡུལ་དང་ཡུལ་ཅན་དེ་རྣམས་ཀྱིའོ། །རང་འཇུག་ཅེས་པ་ལ་རང་ལ་ནི་བདག་ཉིད་ཁོ་ན་ལའོ། །འཇུག་ནི་འཇུག་པ་ཡོད་ཙམ་སྟེ། །དེ་ནི་རང་ལ་འཇུག་པའོ། །ཡུལ་དང་ཡུལ་ཅན་རྣམས་ཀྱི་ཡུལ་གྱི་དངོས་པོ་རྟོག་པ་ཡུལ་འཛིན་པའི་མཚན་ཉིད་ཀྱི་བྱ་བ་ལ་ཉེ་བར་དགའ་བ་ནི་རང་ལ་འཇུག་པའོ་ཞེས་པའི་དོན་ཏོ། །དེ་ལ་གནས་པ་ཉིད་ནི་རང་ལ་འཇུག་གནས་ཏེ་གཟུང་བ་དང་འཛིན་པའི་རང་བཞིན་གྱིས་རབ་ཏུ་འཇུག་པ་ནི་རང་ལ་འཇུག་པ་མ་ཡིན་ནོ། །དོན་འདི་ཉིད་འདོད་པ་ཕྱི་ཕྱིར་སྡུད་པ་ནི་ཞེས་རབ་ཏུ་རྒྱས་པར་བཤད་པས་གསུངས་ཏེ། འདོད་པ་བྱ་བ་དང་མངོན་པར་འདོད་པ་བྱ་བའི་ཕྱིར་འདོད་པ་ན་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །དེ་རྣམས་ལ་དབང་པོ་རྣམས་ཀྱིས་སྡུད་པ་གང་ཡིན་པ་དེ་འདོད་པ་སྡུད་པའོ། །འདོད་པ་སྡུད་པ་དེའི་ཕྱིར་ཞེས་པ་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་གཟུགས་ལ་སོགས་པའི་ཡུལ་འཛིན་པའི་མཚན་ཉིད་ཀྱི་བྱེད་པ་སྟེ་ཕྱིར་ནི་མི་འཇུག་པའི་སོ་སོར་སྡུད་པ་ཞེས་བརྗོད་དོ་ཞེས་པ་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་རབ་ཏུ་མི་འཇུག་པར་ནང་གི་ཡུལ་རྣམས་ལ་ཤའི་མིག་ལ་སོགས་དཔའི་དབང་པོ་རྣམས་ཀྱིས་ཤའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་རབ་ཏུ་འཇུག་པ་ནང་སྟོང་པ་ཉིད་ལ་དམིགས་པས་


DTG013_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པྲ་ཕབ་པའི་གཞོན་ནུ་མས་མེ་ལོང་ལ་མཐོང་བ་ལྟར་སྟོང་པ་ལམ་མ་བརྟགས་པའི་དངོས་པོ་ཐམས་ཅད་མཐོང་བ་ནི་སོ་སོར་སྡུད་པའི་ཡན་ལག་ཏུ་བརྗོད་དོ་ཞེས་པའི་དོན་ཏོ། །ཡན་ལག་གཉིས་པ་གསུངས་པ། འདོད་པ་ལྔ་རྣམས་ཞེས་པ་ལ་སོགས་པའོ། །ལྔ་ཞེས་པ་གཉི་གར་ཉེ་བར་མཚོན་པ་སྟེ། འདོད་པ་ལྔ་རྣམས་ཞེས་པ་བརྟན་པ་དང་གཡོ་བའི་བདག་ཉིད་དངོས་པོ་ཐམས་ཅད་དོ། །སངས་རྒྱས་ལྔ་དང་རབ་སྦྱོར་བས། །ཞེས་པ་སངས་རྒྱས་ཐམས་ཅད་དང་རབ་ཏུ་སྦྱོར་བ་སྟེ་རང་བཞིན་གྱིས་དངོས་པོ་ཐམས་ཅད་དང་རབ་ཏུ་སྦྱོར་བ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ནོ། །བསྡུས་པ་ཞེས་པ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དངོས་པོ་དེ་རྣམས་ཐམས་ཅད་རྣལ་འབྱོར་པའི་སོ་སོ་རང་གིས་རིག་པར་བྱ་བ་ཁམས་གསུམ་རབ་ཏུ་གསལ་བ་གཅིག་པུའི་གཟུགས་ཀྱི་རྟོག་པ་སྟེ། རྣམ་པར་རྟོག་པའི་འཁྲུལ་པ་སེལ་བའི་རྒྱུན་རབ་ཏུ་འཇུག་པའི་མཐོང་བ་གང་ཡིན་པ་དེ་བསམ་གཏན་དུ་བརྗོད་དོ། །དོན་འདི་ཉིད། སངས་རྒྱས་ཐམས་ཅད་རང་བཞིན་ཞི། །འདོད་པ་ཐམས་ཅད་རབ་ཏུ་གནས། །ཞེས་རབ་ཏུ་རྒྱས་པར་བཤད་པས་འཆད་པར་འགྱུར་རོ། །བསམ་གཏན་དེ་ཡང་རྟོག་པ་དང་ནི་ཞེས་པ་ལ་སོགས་པའི་དབྱེ་བས་རྣམ་པ་ལྔར་འགྱུར་རོ། །གསང་བ་གསུམ་ཞེས་བ་ལ་སོགས་པ་ལ་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་དུས་གསུམ་ཁམས་གསུམ་ནི་གསང་བ་གསུམ་མོ། །དེ་རགས་པའི་རྣམ་པས་ཁམས་གསུམ་རབ་ཏུ་གསལ་བ་ཙམ་ཉིད་ཀྱིས་ལན་ཅིག་སེམས་པ་ནི་འབྱུང་བ་ཡིན་ལ། དེ་རྟོགས་ཤིང་ཁོང་དུ་ཆུད་པ་ནི་གསང་བ་གསུམ་འབྱུང་བ་སྟེ་དེ་ཉིད་རྟོག་པའོ། །དེ་ལ་རབ་སྦྱོར་དཔྱོད་པའོ། །ཞེས་པ་རྟོག་པའི་ཡུལ་དེ་ལ་རབ་སྦྱོར་དཔྱོད་པ་སྟེ། བརྟན་པ་དང་གཡོ་བ་བུམ་པ་དང་སྣམ་བུ་ལ་སོགས་པའི་ཁྱད་པར་གྱི་དངོས་པོ་འཛིན་པ་ནི་དཔྱོད་པའོ། །དགའ་བ་རབ་གསལ་ནི་དཔྱོད་པའི་ཡུལ་དངོས་པོ་ཐམས་ཅད་ལ་སེམས་གནས་པའི་རྒྱུར་གྱུར་པའི་ཡིད་བདེ་བའོ། །བདེ་བ་བསྡུས་པ་ཞེས་པ་སེམས་གནས་པའི་དངོས་པོ་ཐམས་ཅད་ལས་བདེ་བ་ཡང་དག་པར་རྟོགས་པ་ལུས་ཤིན་ཏུ་སྦྱངས་པའི་རྒྱུད་ཅན་བདེ་བ་ནི་བདེ་བ་བསྡུས་པའོ། །ཤེས་


DTG013_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་ཞེས་བྱ་བ་ལ་སོགས་པ་ལ་ཤེས་པ་མིག་ལ་སོགས་པའི་རྣམ་པར་ཤེས་བ་དྲུག་ཤེས་བྱ་གཟུགས་ལ་སོགས་པ་ཆོས་ཀྱི་ཁམས་ཀྱི་མཐར་ཐུག་པ་ལ་རབ་ཏུ་འཇུག་པ་ནི་འབྱུང་བ་སྟེ་ཤེས་པ་དང་ཤེས་བྱ་འབྱུང་བའོ། །དེའི་ཟད་པ་ནི་སེམས་ཀྱིས་གཟུང་བ་དང་འཛིན་པ་སྟོང་པ་ཉིད་ཀྱི་མཚན་ཉིད་སེམས་རྩེ་གཅིག་པ་ཉིད་ནི་སེམས་ཞེས་བརྗོད་དོ། །རྣམ་པ་དེ་ལྟ་བུའི་རང་སེམས་དེ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཏེ་གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པ་ཞི་བའི་ཕྱིར་ཞི་བའི་ཁམས་གསུམ་པར་རབ་ཏུ་གསལ་བ་ཙམ་ཉིད་ཀྱིས་སྟོང་པ་ཉིད་གཅིག་པུའི་མཐར་ཐུག་བའོ། །འདོད་པ་ཐམས་ཅད་རབ་ཏུ་གནས། །ཞེས་པ་ལ་འདོད་པ་ཐམས་ཅད་ནི་དངོས་པོ་ཐམས་ཅད་དེ་རང་ལས་དབྱེར་མེད་པ་རབ་ཏུ་གསལ་པ་གཅིག་པུའི་གཟུགས་ཀྱི་རབ་ཏུ་གནས་པ་ནི་འདིར་གནས་པའོ་ཞེས་འདོད་པ་ཐམས་ཅད་རབ་ཏུ་གནས་སོ། །ཡན་ལག་གསུམ་པ་གསུངས་པ། ཡེ་ཤེས་ལྔ་ཞེས་པ་ལ་སོགས་པ་སྟེ། ཡེ་ཤེས་ལྔ་ནི་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔ་རྣམས་ཏེ་ལ་ལ་ནཱ་དཀྱིལ་འཁོར་ལྔའི་ཆོས་ཅན་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་རྣམས་སོ། །དེའི་རང་བཞིན་དབུགས་ནི་སྣ་བུག་གཡོན་པ་ལའོ། །འདིར་འབྱུང་བ་ལྔའི་སྒྲས་ར་ས་ནཱ་དཀྱིལ་འཁོར་ལྔའི་ཆོས་ཅན་ས་ལ་སོགས་པའི་ཁམས་ལྔ་རྣམས་ཏེ་དེའི་རང་བཞིན་དབུགས་འབྱུང་བ་ལྔའི་རང་བཞིན་ཅན་ནི་སྣ་བུག་གཡས་པ་ལའོ། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །ཞེས་པ་ལ། འདིར་གོང་པུ་ནི་གཡས་པ་དང་གཡོན་པའི་དཀྱིལ་འཁོར་རྣམས་ཀྱི་སྲོག་གི་རླུང་དབུ་མ་ཨ་ཝ་དྷཱུ་ཏཱིར་གཅིག་པ་ཉིད་དེ་སྲོག་རླུང་དེ་ཡང་གོང་བུའི་གཟུགས་ཀྱིས་ཕྱུང་ནས། སྣའི་རྩེ་མོར་ཞེས་པ་སྣའི་སྒྲས་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་གྱི་པདྨའི་ལྟེ་བར་བརྗོད་དེ། སྲོག་གི་རླུང་དེ་ཕྱུང་ནས་སྣའི་རྩེ་མོ་དེར་བརྟག་པར་བྱ་བ་ནི་བསྒོམ་བྱ་སྟེ་ལྟེ་བ་ནས་ལྟེ་བའི་དབུས་སུ་ཡིན་གྱི་གཡས་དང་གཡོན་དུ་པདྨའི་འདབ་མ་ལ་མ་ཡིན་ནོ། །གཡོན་པ་དང་གཡས་པའི་རྒྱུ་བ་གཉིས་འགགས་པས་དབུ་མ་འབའ་ཞིག་འབའ་ཞིག་འབབ་པའི་སྲོག་གི་རླུང་འདི་ཉིད། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཞེས་པ་དང་སྲོག་གི་རྩོལ་བ་ཞེས་དང་རྡོ་


DTG013_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྗེའི་བཟླས་པ་ཞེས་ཀྱང་བརྗོད་དེ་སྲོག་གཡོན་པ་དང་གཡས་པའི་རྩར་རབ་ཏུ་རྒྱུ་བ་མེད་པ་དབུ་མ་དབྱེར་མེད་པའི་ཡན་ལག་གིས་བཟླས་པར་བྱའོ། །དེ་བཞིན་དུ་ཡིད་ནི་སྐྱོབ་པར་གྱུར་པའི་ཕྱིར་རང་སྔགས་ཏེ་སྲོག་སྙིང་གར་པདྨའི་ལྟེ་བའི་དབུས་སུ་བསམས་ནས་ཐིག་ལེར་སོན་པ་ནི་ཐིག་ལེའི་གནས་དཔྲལ་བ་སྟེ་དེར་དགོད་ཅེས་པ་དགག་པར་བྱའོ། །འགགས་པ་རིན་ཆེན་དབང་པོར་བཅས། །གཟུང་བར་བྱའོ་ཞེས་པས་འགྲོ་འོང་དང་བྲལ་བར་བྱའོ། །འཛིན་པར་བརྗོད་ནི་འཛིན་པའི་ཡན་ལག་ཏུ་བརྗོད་དོ། །འགོག་པ་རྡོ་རྗེར་ཞེས་པ་ཕྱེད་དང་བཅས་པའི་ཚིགས་སུ་བཅད་པ་གཉིས་སོ་སོར་སྡུད་པའི་ཡན་ལག་གིས་བལྟ་བར་བྱའོ། །བླ་མའི་ཉེ་བར་བསྟན་པ་ལས་འཛིན་པའི་རིན་ཆེན་ཀློག་གི་འདིའི་གླེགས་བམ་ཀློག་པ་ནི་དོན་དང་བཅས་པ་མ་ཡིན་ནོ། །འདིར་དགག་པར་བྱ་བའི་ཕྱིར་འགོག་པ་ཡང་སྟེ་འགོག་པ་ཡང་འདི་ཡིན་ལ་རྡོ་རྗེ་ཡང་ཡིན་པས་འགོག་པ་རྡོ་རྗེ་ཨ་ཝ་དྷཱུ་ཏཱིའི་ལམ་སྟེ་དེར་བགྲོད་སེམས་ལ་ནི་རླུང་གི་རླུང་ལའོ། །མཚན་མ་ཉེར་འཛིན་འབྱུང་འགྱུར་ཏེ། །ཞེས་པ་དུ་བ་ལ་སོགས་པའི་མཚན་མ་རྣམས་ཀྱི་ཉེར་འཛིན་རབ་ཏུ་གསལ་བ་འབྱུང་འགྱུར་ཏེ་ནི་སྐྱེ་བར་འགྱུར་རོ། །དང་པོ་དང་གཉིས་པའི་མཚན་མ་བཟློག་སྟེ་བསྟན་པ་ནི་བླ་མའི་གཞན་དབང་ཉིད་དུ་བསྟན་པའི་དོན་ཏོ། །བསྟན་པ་ནི་འཛིན་པའི་ཡན་ལག་གིས་མི་གཡོ་བར་གྱུར་བ་སྟེ་རིན་ཆེན་ཆེན་པོའི་བྱེད་པ་པོར་གྱུར་པའོ། །དེ་ཞེས་པ་གཏུམ་མོ་སྟེ་སྤྲོ་བར་བྱ་བ་ནི་ལྟེ་བའི་འཁོར་ལོ་ལས་བསླང་བར་བྱའོ། །རྡོ་རྗེའི་ལམ་ནས་ནི་དབུ་མའི་ལམ་ནས་ཏེ་ནམ་མཁའི་ཁམས་སུ་ནི་གཙུག་ཏོར་གྱི་འཁོར་ལོར་རོ། །དེ་ཡང་གཙུག་ཏོར་གྱི་པདྨའི་ལྟེ་བར་ལངས་པ་ཉིད་དུ་གྱུར་པས་ཧཾ་ཡིག་ཞུ་བར་བྱས་ནས་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་རང་བཞིན་ཐིག་ལེ་བཞི་པོ་རྣམས་དགའ་བ་ལ་སོགས་པའི་དབྱེ་བས་རྡོ་རྗེ་ནོར་བུའི་པདྨའི་ལྟེ་བར་འདྲེན་པའོ། །འཛིན་པ་དེ་མ་ཐག་ཏུ་རང་གི་ཉམས་ཀྱི་གཏུམ་མོ་འབར་བར་འགྱུར་རོ་ཞེས་པ་བླ་མའི་ཉེ་བར་བསྟན་པའོ། །ཡན་ལག་ལྔ་པ་གསུངས་པ། གང་ཞིག་བསྒོམ་བྱ་ཞེས་པ་ལ་སོགས་པ་སྟེ། གང་ཞིག་བསྒོམ་བྱ་ནི་སོ་སོར་


DTG013_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྡུད་པ་དང་བསམ་གཏན་གྱི་ཡན་ལག་གིས་བསྟན་པར་བྱས་པ་ཁམས་གསུམ་པ་རབ་ཏུ་གསལ་བའི་བདག་ཉིད་ཀུན་རྫོབ་ཀྱི་བདེན་པ་སྟེ་རྗེས་སུ་དྲན་པས། དེ་ཡི་རྣམ་པར་ཡང་དག་སྤྲོ། །དེའི་རྣམ་པར་ནི་ཀུན་རྫོབ་ཀྱི་བདེན་པའི་རྣམ་པར་ཏེ་ཡང་དག་སྤྲོ་ནི་ནམ་མཁའི་མཐིལ་མཐའ་དག་ཁྱབ་པར་བལྟ་བར་བྱའོ། །རྗེས་སུ་དྲན་པ་ཞེས་ཤེས་བྱ། །དུས་གསུམ་པའི་སྲིད་པ་གསུམ་པོ་མཐའ་དག་མཐོང་བ་ནི་རྗེས་སུ་དྲན་པའི་ཡན་ལག་ཏུ་ཤེས་པར་བྱའོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རབ་གསལ་དེ་ལ་སྐྱེ་བར་འགྱུར། །ཞེས་པ་སྟེ། ཁམས་གསུམ་པ་རབ་ཏུ་གསལ་བ་ནི་དེ་ལ་ཞེས་པ་རྗེས་སུ་དྲན་པའི་ཡན་ལག་ལ་སྐྱེ་བར་འགྱུར་རོ། །ཡན་ལག་དྲུག་པ་གསུངས་པ། ཤེས་རབ་ཅེས་པ་ལ་སོགས་པ་སྟེ། ཤེས་རབ་ཐབས་ནི་སྙོམས་འཇུག་པས། །ཞེས་པ་རྒྱུ་མཐུན་པ་ལ་སོགས་པའི་རིམ་པས་ནམ་མཁའ་པདྨར་འཕགས་པ་ནི་མི་འགྱུར་བའི་བདེ་བའི་དབང་གིས་ཤེས་བྱ་དང་ཤེས་པ་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ཀྱིས་དྲི་མ་མེད་པའི་གནས་སྐབས་སུ་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་རབ་ཏུ་གསལ་བའི་གཟུགས་སུ་མདོར་བསྡུས་པ་ནི་མདོར་བསྡུས་པ་སྟེ། བྱས་ཏེ་ཞེས་པ་ཉེ་བར་བྱས་ཏེ་གོང་བུའི་སྦྱོར་བས་ནི་འཛག་པ་མེད་པ་མཆོག་གི་བདེ་བ་ཆེན་པོའི་བདག་ཉིད་འོད་གསལ་བ་གཅིག་པུའི་གཟུགས་ཀྱིས་ཟོས་པ་སྟེ་ལྕགས་ལ་སོགས་པའི་ཁམས་ཐམས་ཅད་རོ་གཅིག་པའི་གཟུགས་གྲུབ་པའི་རོའི་གཟུགས་ཀྱི་བཞིན་ནོ། །འཛག་པ་མེད་པའི་མཆོག་གི་བདེ་བ་ཆེན་པོ་རོ་གཅིག་པ་འོད་གསལ་བ་དེའི་དབུས་སུ་གཟུགས་བརྙན་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་རྣམ་བསྒོམ་བྱ་ནི་བལྟ་བར་བྱའོ། །འདིའི་རབ་ཏུ་རྒྱས་པར་བཤད་པ་སྐད་ཅིག་ཅེས་པ་ལ་སོགས་པ་སྟེ། ཡེ་ཤེས་བདེན་པ་གཉིས་གཉིས་སུ་མེད་པར་གྱུར་པའི་སྐད་ཅིག་རྫོགས་པ་ནི་རྟོགས་པ་སྟེ་ཏིང་ངེ་འཛིན་ཞེས་པའི་ཏིང་ངེ་འཛིན་གྱི་ཡན་ལག་གི་མིང་ཅན་ནོ་ཞེས་པའོ། །ཡན་ལག་དྲུག་གི་རྣལ་འབྱོར་ནི་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར་འཇམ་དཔལ་ཞབས་ཀྱིས་གསལ་བར་གསུངས་པ་ཇི་ལྟ་བ་བཞིན་ཏེ། སོ་སོར་སྡུད་སོགས་དྲུག་པོ་རྣམས་ཀྱིས་སྟོབས་བཅུའི་སྟོབས་དང་


DTG013_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྡན་པས་སྟོང་པ་ཉིད་ནི་བསྒོམ་པ་གསུངས། །མཚན་མོ་དུ་བ་ལ་སོགས་རྣལ་འབྱོར་སླར་ཡང་ཉིན་མོ་མཁའ་ལ་འབར་བ་ལ་སོགས་རྣམས་ཀྱང་ངོ༌། །སོ་སོར་སྡུད་པས་རྣལ་འབྱོར་བ་ནི་ནམ་མཁའི་མཐིལ་དུ་སོན་པ་དུས་གསུམ་གཟུགས་རྣམས་མཐོང་བར་འགྱུར། །དེ་ལ་བསམ་གཏན་གྱིས་སེམས་བརྟན་པར་ཡང་ནི་བྱེད་དེ་ཕྱི་རོལ་དངོས་པོ་རྣམས་ནི་རྣམ་པར་སྤོངས། །སྲོག་གི་རྩོལ་བས་རི་བོང་ཅན་དང་ཉི་མ་དང་བྲལ་མུན་པར་སྲོག་གི་རླུང་ནི་དབབ་པར་བྱ། །འབྱུང་བ་དང་ནི་འཇུག་པས་དམན་པར་སླར་ཡང་བྱེད་དེ་འཛིན་པའི་ཡན་ལག་གིས་ནི་ཐིག་ལེར་རོ། །རྗེས་སུ་དྲན་པས་མཁའ་ལ་རི་བོང་ཅན་བཞིན་རང་གི་གཟུགས་ལས་འོད་ཟེར་ཆེན་པོ་ངེས་པར་རྒྱུ། །ཏིང་ངེ་འཛིན་གྱི་ཁུ་བ་རྡོ་རྗེ་ལས་ནི་མགོ་བོར་བགྲོད་བྱེད་དྲི་མེད་བདེ་བ་རབ་ཏུ་རྫོགས། །ཞེས་པའོ། །ད་ནི། སོ་སོར་སྡུད་པ་སྙོམས་འཇུག་པས། །ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་སོ་སོར་སྡུད་པ་ལ་སོགས་པའི་འབྲས་བུ་གསུངས་ཏེ། སོ་སོར་སྡུད་པ་སྙོམས་འཇུག་པ། །ཞེས་པ་དུ་བ་ལ་སོགས་པའི་མཚན་མ་བཅུའི་རིམ་པས་ཁམས་གསུམ་པའི་གཟུགས་མཐོང་བའི་སོ་སོར་སྡུད་པའི་ཡན་ལག་གིས་བརྟན་པར་བྱས་པ་སྟེ། གང་གི་ཚེ་རྣལ་འབྱོར་པ་ཡང་གཟུགས་མཐོང་བ་སོ་སོར་སྡུད་པའི་ཡན་ལག་གིས་བརྟན་པར་བྱས་པར་གྱུར་པ་དེའི་ཚེ་སྔགས་རྣམས་ཀྱིས་བྱིན་གྱིས་རློབ་སྟེ་ཚིག་གི་མཆོག་སྦྱིན་ལ་སོགས་པ་བྱིན་བར་འགྱུར་རོ། །བསམ་གཏན་ཡེ་ཤེས་སྙོམས་འཇུག་པས། །ཞེས་པ་གང་གི་ཚེ་བསམ་གཏན་གྱི་ཡན་ལག་གི་གཟུགས་ལ་སེམས་བརྟན་པ་མིག་མི་འཛུམས་པར་གྱུར་པ་དེའི་ཚེ་ལྷའི་མིག་ཏུ་འགྱུར་རོ། །དེ་བཞིན་དུ་ལྷའི་རྣ་བ་ལ་སོགས་པར་འགྱུར་བའི་ཕྱིར། མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །ཞེས་སོ། །སྲོག་གི་རྩོལ་བས་ཞེས་པ་གང་གི་ཚེ་རྣལ་འབྱོར་བ་སྲོག་གི་རྩོལ་བས་དག་པར་གྱུར་པ་རི་བོང་ཅན་དང་ཉི་མའི་ལམ་དང་བྲལ་ཏེ་རྟག་ཏུ་དབུ་མ་འབེབས་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས་ཏེ་བསྔགས་པར་ཡང་འགྱུར་རོ། །འཛིན་པའི་སྟོབས་ཀྱིས་ཞེས་པ་ངེས་པའི་སྟོང་པ་ཉིད་ཀྱི་གཟུགས་བཟུང་བ་དང་རྡོ་རྗེ་


DTG013_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་དཔའ་འཛིན་པའི་སེམས་མཉམ་པར་ཞུགས་ཏེ། འཛིན་པའི་སྟོབས་ཀྱིས་སྲོག་གི་འགྲོ་བ་དང་འོང་བའི་སྐད་ཅིག་གཅིག་ཏུ་འདྲེས་པར་འགྱུར་རོ། །རྗེས་དྲན་མཉམ་པར་སྦྱོར་བ་ཡིས། །ཞེས་པ་རྗེས་སུ་དྲན་པ་མཉམ་པར་སྦྱོར་བ་གཟུགས་བརྙན་ལ་འཁྱུད་པའི་སེམས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་དེའི་ཚེ། དྲི་མ་མེད་པའི་འོད་ཀྱི་དཀྱིལ་འཁོར་འབྱུང་བར་འགྱུར་ཏེ་བ་སྤུའི་ཁུང་བུ་ནས་འོད་ཟེར་ལྔ་འཕྲོ་བ་དང་ངེས་པར་རྒྱུ་བར་འགྱུར་རོ། །ཏིང་འཛིན་དབང་གྱུར་ཙམ་གྱིས་ནི། །ཞེས་པ་ལ། འདིར་གཟུང་བ་དང་འཛིན་པའི་སེམས་དག་གཅིག་པ་ཉིད་ཀྱིས་མི་འགྱུར་བའི་བདེ་བར་གྱུར་པ་གང་ཡིན་པ་དེ་བདེ་བའི་ཏིང་ངེ་འཛིན་ཞེས་བརྗོད་དོ། །དེའི་དབང་གྱུར་ཙམ་ནི་དེ་ལས་མི་གཡོ་བ་སྟེ། དེ་ལས་སྒྲིབ་པ་མེད་པ་ཉིད་དུ་འགྱུར་བ་ནི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་སྐད་ཅིག་འོད་གསལ་བའི་ཡེ་ཤེས་ཀྱི་དབང་དུ་གྱུར་པ་ཙམ་ཉིད་ཀྱིས་སྒྲིབ་པ་མེད་པ་ཉིད་དུ་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ལས་ཕྱི་མའི་དུས་སུ་བདེན་པ་གཉིས་གཉིས་སུ་མེད་པར་གྱུར་པའི་མཚན་ཉིད་ཡང་དག་པའི་ཚུལ་གྱིས་བདག་ཉིད་ཀྱི་ཏིང་ངེ་འཛིན་རྟོགས་པ་ནི་འབྲས་བུ་ཡང་དག་པར་འགྱུར་རོ་ཞེས་པའི་རིམ་པའོ། །དཔལ་དུས་ཀྱི་འཁོར་ལོར་ཡང་གསུངས་ཤིང་དྲི་མ་མེད་པའི་འོད་དུ་ཡང་རྒྱ་ཆེར་རྣམ་པར་བཤད་པ་འདི་ལྟ་སྟེ། སོ་སོར་སྡུད་པ་རྒྱལ་བའི་དབང་པོར་འགྱུར་ཞིང་རྣམ་པ་བཅུ་སྟེ་བསམ་གཏན་མི་བསྐྱོད་པ་ཉིད་དོ། །སྲོག་རྩོལ་དག་ཀྱང་རལ་གྲི་ཅན་ནོ་སླར་ཡང་རྣམ་པ་བཅུ་སྟེ་འཛིན་པ་ཕྱག་ན་རིན་ཆེན་ནོ། །གདོལ་པ་མོ་ལ་རྗེས་སུ་དྲན་པ་པདྨ་འཛིན་པར་འགྱུར་ཏེ་དཔལ་ལྡན་ཏིང་འཛིན་འཁོར་ལོ་ཅན། །རེ་རེ་དབྱེ་བ་ལྔ་རྣམས་ཀྱིས་ཏེ་སླར་ཡང་གང་ལས་ཨ་སོགས་ཀ་སོགས་རྣམས་ཀྱིས་ཕྱེ་བའོ། །ཞེས་སོ། །འདིའི་དོན་འདི་ཡིན་ཏེ་དང་པོའི་ལས་ལ་སོ་སོར་སྡུད་པ་ནི་རྒྱལ་བའི་དབང་པོ་ཞེས་པ་ཡེ་ཤེས་ཀྱི་ཕུང་པོའོ། །དེ་ཡང་མཚན་མའི་དབྱེ་བས་རྣམ་པ་བཅུ་སྟེ། དུ་བ་དང༌། སྨིག་རྒྱུ་དང༌། མཁའ་སྣང་དང༌། སྒྲོན་མ་དང༌། འབར་བ་དང༌། ཟླ་བ་དང༌། ཉེ་མ་དང༌། སྒྲ་གཅན་དང༌། ཆ་ཤས་དང༌། ཐིག་ལེ་མཐོང་བའི་དབྱེ་བས་མ་བརྟགས་པའི་ཡེ་ཤེས་ཀྱི་ཕུང་པོའོ། །བསམ་གཏན་


DTG013_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མི་བསྐྱོད་པ་ཉིད་དོ། །ཞེས་པ་རྣམ་པར་ཤེས་པའི་ཕུང་པོ་སྟེ་རྣམ་པ་བཅུ་སྟེ་བཅུ་ནི་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་གཅིག་ཉིད་དུ་སྣ་ཚོགས་གཟུགས་ལ་བསམ་གཏན་པའོ། །སྲོག་རྩོལ་དག་ཀྱང་རལ་གྲི་ཅན་འདུ་བྱེད་ཀྱི་ཕུང་པོ་སྟེ་རྣམ་པ་བཅུ་ནི་གཡོན་དང་གཡས་ཀྱི་དཀྱིལ་འཁོར་བཅུ་གཅིག་ཏུ་འདྲེས་པར་གྱུར་པའི་ཕྱིར་རོ། །སླར་ཡང་རྣམ་པ་བཅུ་སྟེ་འཛིན་པ་ཕྱག་ན་རིན་ཆེན་ནོ། །ཞེས་པ་ཚོར་བའི་ཕུང་པོ་སྟེ་སྲོག་གི་འཛིན་པ་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་པ་དང་གཙུག་ཏོར་གྱི་པདྨ་ལ་འགྲོ་བ་དང་འོང་བའི་དབྱེ་བས་རྣམ་པ་བཅུའོ། །གདོལ་པ་མོ་ལ་རྗེས་སུ་དྲན་པ་པདྨ་འཛིན་པར་འགྱུར་ཏེ་ཞེས་པ་འདུ་ཤེས་ཀྱི་ཕུང་པོའོ། །གདོལ་བ་མོད་དབུ་མའི་རྩ་ལ་རྗེས་སུ་དྲན་པ་དེ་ཡང་རྣམ་པ་བཅུ་སྟེ་འདོད་པའི་གནས་སྐབས་བཅུའི་དབྱེ་བ་ལས་སོ། །བསམ་དང་འདོད་དང་ལུས་ལ་རིམས་དང་ཁ་མཆོག་པདྨ་སྐམ་དང་ཟས་ལ་རབ་ཏུ་མི་འཇུག་དང༌། །འདར་དང་སྨྱོ་དང་རབ་ཏུ་རྨོངས་པར་འགྱུར་དང་ཡིད་ནི་རྣམ་པར་འཁྲུལ་དང་དྲག་ཏུ་བརྒྱལ་བ་རྣམས། །རྡོ་རྗེ་ཅན་གྱི་དུ་བ་ལ་སོགས་རབ་གསལ་རྣམ་པ་བཅུ་སྟེ་སྲོག་ཆགས་ལུས་ལ་འཇིག་རྟེན་དུ། །རབ་ཏུ་གསལ་ཞིང་ངེས་པའི་དེ་རྣམས་ཡིད་སྲུབ་གནས་སྐབས་སུ་ཞིག་རྒྱལ་བ་འདོད་པ་དེ་ནི་སུ། །ཞེས་པ་བཅུའོ། །དཔལ་ལྡན་ཏིང་འཛིན་འཁོར་ལོ་ཅན། །ཞེས་པ་རྣམ་པར་སྣང་མཛད་དེ། ཏིང་ངེ་འཛིན་རྣམ་པ་བཅུ་ནི་རླུང་བཅུ་པོ་རྣམས་འགོག་པའི་ཕྱིར་རོ། །དེ་ལྟར་བཅོམ་ལྡན་འདས་ནི་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་སྟེ་རླུང་རྣམས་མི་འབབ་པ་གང་གི་ཕྱིར་ཞེས་པའི་དོན་ཏོ། །ད་ནི་སོ་སོར་སྡུད་པ་ལ་སོགས་པའི་མཚན་ཉིད་གསུངས་པ། སོ་སོར་སྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ཀྱི་རབ་ཏུ་འཇུག་པ་མེད་པའོ། །བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དག་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་པའོ། །སྲོག་གི་རྩོལ་བ་དག་ཀྱང་ལམ་ནི་གཉིས་པོ་བསྒྱེལ་ཞིང་དབུ་མར་སྲོག་ནི་ཞུགས་པ་དག་ཏུ་འགྱུར། །ཐིག་ལེར་སྲོག་ནི་རབ་ཏུ་ཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་སྟེ་རྩེ་གཅིག་སེམས་པ་འཛིན་པའོ། །གཏུམ་མོའི་སྣང་བར་གང་ཞིག་གྱུར་པ་ངེས་པར་ལུས་


DTG013_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་ན་མ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར། །ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བ་དེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན། །འདི་དག་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོའི་སྒྲུབ་ཐབས་རྣམས་གསུམ་དུ་ཡང་འགྱུར། །ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ནི་བགྲོད་པའི་དབང་གིས་ལས་དང་ཀུན་རྟོག་མཆོག་རྣམས་སོ། །འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ཀྱི་འགྲེལ་པས་རྣམ་པར་ཤེས་པ་རབ་ཏུ་འཇུག་པ་མེད་པ་སྟེ་སྟོང་པའི་གཟུགས་ཀྱི་ཡུལ་རྣམས་ལ་གཞན་མིག་ལ་སོགས་པ་རྣམ་པ་ལྔ་པོ་རྣམས་ཀྱིས་རབ་ཏུ་འཇུག་པའོ། །དེ་བཞིན་དུ་གཟུགས་དེ་ཉིད་ལ་ཤེས་རབ་ཅེས་པ་ལྟ་བའོ། །རྟོག་པ་ཞེས་པ་དངོས་པོ་འཛིན་པའོ། །དཔྱོད་པ་ཞེས་པ་དེའི་དོན་ངེས་པའོ། །དགའ་བ་ཞེས་པ་གཟུགས་ལ་ཆགས་པའོ། །གཡོ་མེད་བདེ་བ་ཞེས་པ་སེམས་གཟུགས་དང་ལྷན་ཅིག་གཅིག་ཏུ་བྱེད་པའོ། །དེ་ལྟར་གཟུང་བ་དང་འཛིན་པའི་དབྱེ་བས་བསམ་གཏན་རྣམ་པ་བཅུའོ། །འདིར་སྲོག་གི་རྩོལ་བ་དག་ཀྱང་ལམ་ནི་གཉིས་པོ་ཞེས་པ་གཡོན་པ་གཡས་པའི་ལམ་བསྒྱེལ་བ་སྟེ་འགོག་ཅིང་དབུ་མའི་ལམ་དུ་རབ་ཏུ་ཞུགས་པའོ། །དེ་ཡང་དཀྱིལ་འཁོར་བཅུ་འགོག་པ་ལས་རྣམ་པ་བཅུའོ། །འདིར་ཐིག་ལེར་ཞེས་པ་དཔྲལ་བར་སྲོག་ནི་རབ་ཏུ་ཞུགས་ཤིང་གཉི་གའི་བགྲོད་པ་བཅོམ་པ་དང་འགྲོ་བ་དང་འོང་བ་དང་བྲལ་བ་སྟེ། རྩེ་གཅིག་སེམས་པ་ཞེས་བྱ་བ་དཔྲལ་བར་སྲོག་འཛིན་པའོ། །གཏུམ་མོའི་སྣང་བར་གང་ཞིག་སྲིད་པ་གསུམ་གྱི་ནམ་མཁའ་ལས་གྱུར་པ་ནི་རྗེས་སུ་དྲན་པ་སྟེ། རྣམ་པ་བཅུར་སྔར་གསུངས་སོ། །ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ཤེས་བྱ་དང་ཤེས་པ་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ཀྱིས་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ཏིང་ངེ་འཛིན་ནོ། །དེ་ཡང་སྲོག་ལ་སོགས་པ་རྣམས་མེད་པ་ལས་རྣམ་པ་བཅུའོ། །དེ་ལྟར་ཡང་ལག་དྲུག་གི་རྣལ་འབྱོར་སྒྲུབ་ཐབས་སོ། །འདི་དག་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྣམ་གསུམ་དུ་


DTG013_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་འགྱུར། །ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ནི་རྣམ་གསུམ་བགྲོད་པའི་དབང་གིས་ཞེས་པ་འདིར་བྱང་ཆུབ་ཀྱི་སེམས་འཛག་པའི་བགྲོད་པ་ནི་དམན་པའི་གནས་སྐབས་སོ། །གཡོ་བའི་བགྲོད་པ་ནི་འབྲིང་པོའི་གནས་སྐབས་སོ། །མི་གཡོ་བའི་བགྲོད་པ་ནི་མཆོག་གི་གནས་སྐབས་སོ། །འདི་རྣམས་ལ་ལས་ཀྱི་ཕྱག་རྒྱ་ནི་འཛག་པའི་བདེ་བ་སྦྱིན་པ་མོའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་གཡོ་བའི་བདེ་བ་སྦྱིན་པ་མོའོ། །ཕྱག་རྒྱ་ཆེན་པོ་ནི་མི་གཡོ་བའི་བདེ་བ་སྦྱིན་པ་མོའོ། །དེ་ལྟར་ཡན་ལག་དྲུག་གི་རྣལ་འབྱོར་གྱིས་ཕྱག་རྒྱ་གསུམ་བསྒོམ་པར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རྣལ་འབྱོར་བས་སངས་རྒྱས་ཉིད་ཀྱི་ཕྱིར་ཡན་ལག་དྲུག་གི་རྣལ་འབྱོར་བསྒོམ་པར་བྱའོ། །ད་ནི་སྟོང་པ་ཉིད་ཀྱི་གཟུགས་བསྒྲུབ་པའི་ཕྱིར་ལྟ་སྟངས་གསུངས་པ། བསྙེན་པ་ལ་ནི་དང་པོའི་རྣལ་འབྱོར་རྣམ་བཅུ་མཁའ་ལ་འཁོར་ལོ་ཅན་གྱི་ཁྲོ་བོའི་ལྟ་བས་སོ། །བགེགས་མཐར་བྱེད་པའི་ལྟ་བ་བདུད་རྩིའི་ལམ་དུ་སོན་པ་ཡིས་ཀྱང་ཉེ་བར་བསྒྲུབ་པ་ལ་ཡན་ལག་དྲུག །ཤེས་རབ་ལ་སྤྲོས་ཟླ་བ་ཐིག་ལེ་རྡོ་རྗེ་ནོར་བུ་འགྱུར་མེད་གསུམ་ཡང་སྒྲུབ་པ་ལ་འགྱུར་རོ། །བདེ་བ་མ་ཉམས་གཅིག་བུ་ཞི་བ་ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་ཞེས་པ་སྒྲུབ་པ་ཆེན་པོ་ལ། འདིར་བསྙེན་པ་ཞེས་པ་དང་པོ་དུ་བ་ལ་སོགས་པའི་མཚན་མ་བསྒོམ་པ་ནི་བསྙེན་པ་སྟེ། བསྙེན་པ་དེ་ལས་དང་པོའི་རྣལ་འབྱོར་ནི་སེམས་ཀྱི་དུ་བ་ལ་སོགས་པའི་མཚན་མ་འཛིན་པའོ། །དེ་ཡང་དུ་བ་ལ་སོགས་པ་དང་ལྡན་ཅིག་རྐྱེན་དུ་འགྱུར་བ་རྣམ་པ་བཅུ་སྟེ་དེས་ན་དེ་ཡང་རྣམ་པ་བཅུའོ། །འཁོར་ལོ་ཅན་གྱི་ཞེས་པ་གཙུག་ཏོར་གྱི་ཁྲོ་བོའི་ལྟ་བས་ཞེས་པ་མིག་མི་འཛུམས་པར་སྟེང་དུ་ལྟ་བས་མཚན་མར་འགྱུར་ཏེ། མཚན་མོའི་རྣལ་འབྱོར་ལ་རྣམ་པ་བཞི་དང་ཉིན་མོའི་རྣལ་འབྱོར་ལ་རྣམ་པ་དྲུག་སྟེ་དེ་ནས་གཟུགས་སོ། །དེ་ལྟར་གཟུགས་ཀྱི་མཐར་ཐུག་པར་སོ་སོར་སྡུད་པ་དང་བསམ་གཏན་གྱིས་བསྙེན་པའི་ཡན་ལག་ཏུ་འགྱུར་རོ། །བགེགས་མཐར་བྱེད་པའི་ལྟ་བ་ཞེས་པ་ལ་བགེགས་མཐར་བྱད་ནི་བདུད་རྩི་འཁྱིལ་པའོ། །དེའི་ལྟ་བ་ནི་བདུད་རྩིའི་གནས་སུ་སོན་པ་སྟེ་དཔྲལ་བར་སོན་པའོ། །དེས་ཀྱང༌།


DTG013_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉེ་བར་བསྒྲུབ་ལ་ཡན་ལག་དྲུག །ཀྱང་ཡིག་གིས་སྲོག་རྩོལ་དང་འཛིན་པ་བྱ་སྟེ། སྲོག་གི་གཟུགས་མཐོང་བར་གྱུར་པ་ན་ཉེ་བར་བསྒྲུབ་པའོ། །ཤེས་རབ་ལ་སྤྲོས་ཟླ་བ་ཐིག་ལེ་ཞེས་པ་འདིར་ཤེས་རབ་ལ་ཆགས་པས་སྤྲོས་པ་ཡང་འདི་ཡིན་ལ་ཟླ་བ་ཐིག་ལེ་ཡང་འདི་ཡིན་པས། སྤོས་པ་ཟླ་བ་ཐིག་ལེ་སྟེ་ཤེས་རབ་ལ་སྤྲོས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྡོ་རྗེ་ནོར་བུར་གནས་པ་དེའི་གསང་བ་ལྟེ་བ་དང་སྙིང་གར་འགྱུར་མེད་གསུམ་གྱི་རྣལ་འབྱོར་དུ་འགྱུར་པ་གང་ཡིན་པ་དེ་ཡང་སྒྲུབ་པ་ལ་འགྱུར་རོ་ཞེས་གསུངས་བསྒྲུབ་པའི་ཡན་ལག་ལ་འགྱུར་ཏེ། དེ་ལྟར་བསྒྲུབ་པའི་ཡན་ལག་བྱའོ། །བདེ་བ་མ་ཉམས་གཅིག་པུ་ཞི་བ་ཞེས་པ་འདིར་བདེ་བ་མ་ཉམས་པས་བྱང་ཆུབ་ཀྱི་སེམས་ཀྱི་སྐད་ཅིག་གཅིག་པུ་གང་ཡིན་པ་དེ་ནི་ཞི་བ་ཞེས་གསུངས་ཏེ། ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་ཞེས་པ་སྒྲུབ་པ་ཆེན་པོ་ལ་སོགས་ཀྱི་འགྱུར་བ་མེད་པའི་བདེ་བ་དང་ལྷན་ཅིག་གཅིག་པ་ཉིད་དོ་ཞེས་པ་སྒྲུབ་པ་ཆེན་པོའི་ཡན་ལག་བཞི་པའོ། །དེ་ལྟར་ཡེ་ཤེས་ཀྱི་སྒྲུབ་ཐབས་ལ་ཡན་ལག་བཞི་པའོ། །ལྷའི་སྒྲུབ་ཐབས་ལ་བསྐྱེད་པའི་རིམ་པས་སྔར་གསུངས་པ་སྟེ་འཇིག་རྟེན་པའོ། །འཇིག་རྟེན་ལས་འདས་པ་ནི་དེ་ཁོ་ནའི་སྒྲུབ་ཐབས་རྫོགས་པའི་རིམ་པས་སོ། །ད་ནི་རང་གི་སེམས་འདིའི་སྣང་བ་ལ་རབ་ཏུ་གཞུག་པ་གསུངས་པ། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམས་རྡོ་རྗེ་ལམ་དུ་རབ་ཏུ་ཞུགས་པ་ཡིས། །སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང། །འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །འདིར་སྔགས་ཀྱི་ཐེག་པ་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ཡང་རྣལ་འབྱོར་གོམས་པ་རྣམ་པ་གཉིས་ཏེ་ནམ་མཁའ་དང་བླ་གབ་མད་པ་ལ་རྣལ་འབྱོར་གོམས་པའོ། །གང་ཞིག་ནམ་མཁའ་ལ་རྣལ་འབྱོར་གོམས་པར་བྱེད་པ་དེས་མཚན་མོ་བུག་པ་མེད་པའི་ཁྱིམ་དུ་མུན་པ་ལ་ནམ་མཁའ་ཀུན་ནས་ཞེས་པའི་སེམས་བསམ་པ་ཐམས་ཅད་ཡོངས་སུ་སྤངས་


DTG013_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པས་སྟོང་པར་རྩེ་གཅིག་པའི་ཡིད་དུ་བྱས་ནས་ཉི་མ་གཅིག་ཡོངས་སུ་བརྟག་པར་བྱའོ། །མིག་ནི་མི་འཛུམས་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཞེས་པ་འདིར་དབུ་མར་སྲོག་རབ་ཏུ་ཞུགས་པ་སྟེ་སྟོང་བ་ཁོ་ན་ལས་དུ་བ་ལ་སོགས་པའི་མཚན་མ་མཐོང་ངོ༌། །ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམས་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། །སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང༌། །ཞེས་པ་མཚན་མོའི་རྣལ་འབྱོར་གྱིས་མཐོང་ངོ༌། །དེ་ནས་སྤྲིན་མེད་པའི་ནམ་མཁའ་ལ་བལྟ་སྟེ་ནམ་མཁའ་དེ་ལས་སླར་ཡང་ཉིན་མོ་རྣལ་འབྱོར་གྱིས། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པ་འབར་བ་མཐོང་སྟེ་སྤྲིན་མེད་པའི་ནམ་མཁའ་ལའོ། །དེ་བཞིན། འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ་ནི་ཟླ་བ་སྣང་བའོ། །འགྲོ་བའི་མར་མེ་ནི་ཉི་མའོ། །ཡེ་ཤེས་སྒྲོན་ནི་རྡོ་རྗེ་སྙེ་སྒྲ་གཅན་ནོ། །གཟི་བརྗིད་ཆེན་པོ་འོད་གསལ་བ་ནི་གློག་སྟེ་མཆོག་གི་ཆའོ། །རིག་པའི་རྒྱལ་མཆོག་སྔགས་དབང་པོ་ནི་ཐིག་ལེའོ། །དེ་ལྟར་མཚན་མ་རྣམ་པ་བཅུ་སྟེ་འདུས་པ་ལ་སོགས་པར་མཚན་མོའི་རྣལ་འབྱོར་དང་མཚན་ཡང་དག་པར་བརྗོད་པ་ལ་སོགས་པར་ཉིན་མོའི་རྣལ་འབྱོར་གྱིས་བཅོམ་ལྡན་འདས་ཀྱིས་དགོངས་པའི་སྐད་གཞན་གྱིས་གསུངས་སོ། །དེ་ནས། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་པ་བུམ་པ་དང་སྣམ་བུ་ལ་སོགས་པ་རྣམ་བ་ཐམས་ཅད་པའི་གཟུགས་མཐོང་བའོ། །དེའི་དབུས་སུ་སྟེ་ཐིག་ལེའི་དབུས་སུ་སངས་རྒྱས་གཟུགས་ནི་རྫས་མེད་པའི་ཕྱིར་དང་བརྟགས་པ་མེད་པའི་ཕྱིར་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ནས་གཟུགས་ཀྱི་རྣལ་འབྱོར་གྱིས་གཞོམ་དུ་མེད་པའི་སྒྲ་གང་ཡིན་པ་དེ་ཉིད་ཐོས་ཏེ་དེ་ལྟར་གཟུགས་སྣང་བ་ལས་སྤྲུལ་པའི་སྐུ་དང་སྒྲ་སྣང་བ་ལས་ལོངས་སྤྱོད་རྫོགས་པའི་སྐུའོ་ཞེས་པའི་དོན་ཏོ། །ནམ་མཁའ་ཆུ་འཛིན་བྲལ་བ་དག་ནི་རྣལ་འབྱོར་པ་ཡིས་བགྲོད་པའི་མིག་གིས་བལྟ་བར་བྱ་བ་སྟེ། །རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་


DTG013_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་གྱུར་གྱི་བར་དུའོ། །དེ་ལ་ཀུན་མཁྱེན་གཟུགས་ནི་ཆུ་ལ་ཉི་མ་ལྟ་བུ་གོས་པ་མེད་པ་ཁ་དོག་སྣ་ཚོགས་ཏེ། །རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བ་དག་གོ་སེམས་ནི་གཞན་པ་མིན་པ་ཉིད། །འདིར་ཉིན་མོའི་རྣལ་འབྱོར་ནི་ནམ་མཁའ་ཆུ་འཛིན་བྲལ་བ་དག་ནི་རྣལ་འབྱོར་བ་ཡིས་བགྲད་པའི་མིག་གིས་བལྟ་བར་བྱའོ། །སྔ་དྲོ་དང་ཕྱི་དྲོ་ཉི་མ་ལ་རྒྱབ་བསྟན་ནས་སོ། །རྣམ་པ་གཞན་དུ་ན་ཉི་མའི་འོད་ཟེར་གྱིས་རབ་རིབ་ཏུ་འགྱུར་ཏེ། དེ་ཡིས་ཞེས་པ་དེའི་གནོད་པ་ལས་སོ། །ཉི་མ་སོ་སོར་པ་ལྟ་བར་བྱ་སྟེ་ཐིག་ལེའི་དབུས་སུ་རེ་ཁཱ་ནག་པོ་སྐྲའི་ཚད་ཙམ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ཨ་ཝ་དྷཱུ་ཏཱི་ལ་མཐོང་བར་གྱུར་གྱི་བར་དུའོ། །ནང་དུ་འདུས་བ་ཀུན་མཁྱེན་གཟུགས་ནི་ཁམས་གསུམ་པ་མ་ལུས་པ་ཆུ་ལ་ཉི་མ་ལྟ་བུ་གོས་པ་མེད་པ་ཁ་དོག་སྣ་ཚོགས་ཏེ། རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པ་བྲལ་བ་དག་གོ་སེམས་ནི་གཞན་མ་མིན་པ་ཉིད། །གཞན་གྱི་སེམས་ནི་མ་ཡིན་ཏེ་གཞན་གྱི་སེམས་ཤེས་པ་མེད་པའི་ཕྱིར་རོ། །འདིར་དེ་བཞིན་གཤེགས་པའི་ཤའི་སྤྱན་གྱིས་དང་པོར་རང་གི་སེམས་ཀྱི་སྣང་བ་མཐོང་ཞིང་ལྷ་ལ་སོགས་པའི་སྤྱན་གྱིས་གཞན་གྱི་སེམས་ཤེས་པ་མཐོང་སྟེ་དེས་ཆོས་ཡང་དག་པར་སྡུད་པར་བཅོམ་ལྡན་འདས་ཀྱིས་སྤྱན་ལྔ་གསུངས་སོ། །དེ་ལྟར་ཤེས་པའི་རིམ་པས་ཤའི་སྤྱན་དང་ལྷའི་སྤྱན་དང་སངས་རྒྱས་ཀྱི་སྤྱན་དང་ཤེས་རབ་ཀྱི་སྤྱན་དང་ཡེ་ཤེས་ཀྱི་སྤྱན་ནི་བསྒོམས་པའི་སྟོབས་ཀྱིས་འབྱུང་བར་འགྱུར་རོ། །དེའི་ཕྱིར་ཐམས་ཅད་མཁྱེན་པས་མ་གཟིགས་པ་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ་འཕགས་པ་ཕྱག་ན་རྡོ་རྗེའི་ཞབས་ཀྱིས་ཀྱང་ཡན་ལག་དྲུག་གི་རྣལ་འབྱོར་གསུངས་པ། འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་རྣམས་ལ་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་རབ་ཏུ་མི་འཇུག་པར་ནང་གི་ཡུལ་རྣམས་ལ་ལྷའི་མིག་གི་དབང་པོ་ལ་སོགས་པ་རྣམས་ཀྱིས་ལྷའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་རབ་ཏུ་འཇུག་པ་སྟེ། ནང་དུ་སྟོང་པ་ཉིད་ལ་དམིགས་པས་པྲ་ཕབ་པའི་གཞོན་ནུ་མས་མེ་ལོང་ལ་མཐོང་བ་ལྟར་སྟོང་པ་ལ་མ་བརྟགས་པའི་


DTG013_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དངོས་པོ་ཐམས་ཅད་མཐོང་བ་ནི་སོ་སོར་སྡུད་པའི་ཡན་ལག་སྟེ་ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བའི་ཕྱིར་རོ། །དེ་ནས་བསམ་གཏན་ཞེས་བྱ་བ་ནི་ཡོད་པའི་ཆོས་ཐམས་ཅད་སྟོང་པར་མཐོང་བ་རྣམས་ལ་ཤེས་རབ་ཅེས་བྱ་བ་དེ་རྣམས་ལ་སེམས་རབ་ཏུ་འཇུག་པ་དང༌། རྟོག་པ་ཞེས་བྱ་བ་སེམས་ཀྱི་དངོས་པོ་འཛིན་པ་དང༌། དཔྱོད་པ་ཞེས་བྱ་བ་འཛིན་པའི་དངོས་པོ་རྟོགས་པ་དང༌། དགའ་བ་ཞེས་བྱ་བ་དངོས་པོ་ཐམས་ཅད་ལ་སེམས་གནས་པ་དང༌། གཡོ་མེད་བདེ་བ་ཞེས་བྱ་བ་དངོས་པོ་ཐམས་ཅད་ལས་བདེ་བ་ཕུན་སུམ་ཚོགས་པ་སྟེ་དེ་ལྟར་རྣམ་པ་ལྔ་ནི་བསམ་གཏན་གྱི་ཡན་ལག་གོ །དེ་ནས་སྲོག་རྩོལ་ཞེས་བྱ་བ་ནི་ལ་ལ་ནཱ་དང༌། ར་ས་ནཱ་གཡོན་པ་དང་གཡས་པའི་ལམ་འགོག་པ་ལས་སྲོག་གི་རླུང་རྟག་ཏུ་དབུ་མ་ཨ་ཝ་དྷཱུ་ཏཱིའི་ལམ་དུ་རབ་ཏུ་འཇུག་པ་སྟེ། ཨ་ཝ་དྷཱུ་ཏཱིར་དགང་པ་ནི་བུམ་པ་ཅན་དང་དབྱུང་བའི་སྦྱོར་བས་ཨོཾ་ཡིག་གིས་འགོག་པ་དང༌། ཨ་ཡིག་གིས་འབྱུང་བ་ཟླ་བ་དང་སྒྲ་གཅན་དང་ཉི་མའི་རང་བཞིན་གྱིས་རྣལ་འབྱོར་པས་བྱེད་པ་ནི་སྲོག་རྩོལ་གྱི་ཡན་ལག་གོ །དེ་ནས་འཛིན་པ་ཞེས་བྱ་བ་ནི་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བར་དབང་ཆེན་དང་ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་ལ་སྲོག་རབ་ཏུ་ཞུགས་པ་ཕྱི་རོལ་དུ་འབྱུང་བ་མེད་པ་སྟེ། ཐིག་ལེ་ལ་སྲོག་རབ་ཏུ་ཞུགས་པ་ནི་འཛིན་པའི་ཡན་ལག་གོ །དེ་ནས་རྗེས་སུ་དྲན་པ་ཞེས་བྱ་བ་ནི་རང་གི་འདོད་པའི་ལྷ་མཐོང་བ་གཟུགས་བརྙན་གྱི་རྣམ་པར་རྟོག་པ་དང་བྲལ་བ་སྟེ་དེ་ལས་འོད་ཟེར་དུ་མ་འཕྲོ་བའི་གཟུགས་འོད་ཀྱི་དཀྱིལ་འཁོར་དང་དེ་ལས་རྣམ་པ་དུ་མ་འཕྲོ་བའི་གཟུགས་ཁམས་གསུམ་ལ་སྤྲོ་བ་ནི་རྗེས་སུ་དྲན་པའི་ཡན་ལག་གོ །དེ་ནས་ཏིང་ངེ་འཛིན་ཞེས་བྱ་བ་ནི་འདོད་པའི་ལྷ་ལ་རྗེས་སུ་ཆགས་པ་ལས་གང་ཞིག་འགྱུར་བ་མེད་པའི་བདེ་བ་ཐོབ་པ་སྟེ། དེ་ལ་སེམས་རྩེ་གཅིག་ཏུ་བྱེད་པ་གཟུང་བ་དང་འཛིན་པ་དང་བྲལ་བའི་སེམས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་བརྗོད་དོ། །འདིར་ཡན་ལག་དྲུག་གི་དང་པོ་བསྒོམ་པའི་ཉེ་བར་བསྟན་པ་རྒྱུད་གཞན་རྣམས་སུ་ཡང་གསུངས་ཏེ་འདིར་འདུས་པ་ཕྱི་མར་བསྙེན་པ་དང་ཉེ་བར་སྒྲུབ་པ་དང་སྒྲུབ་པ་


DTG013_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་སྒྲུབ་པ་ཆེན་པོ་ཞེས་པའོ། །དེ་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་པ། བསྙེན་པའི་དུས་སུ་གཙུག་ཏོར་ཆེའི། །གཟུགས་བརྙན་འབད་པས་རྣམ་བསྒོམ་བྱ། ཉེ་བར་སྒྲུབ་པའི་དུས་སུ་ནི། །བདུད་རྩི་འཁྱིལ་བའི་གཟུགས་བརྙན་ནོ། །སྒྲུབ་པ་ལ་ནི་ལྷ་ཡི་གཟུགས། །རྣལ་འབྱོར་བརྩོན་པས་བསྒོམ་པར་བྱ། །སྒྲུབ་པ་ཆེན་པོའི་དུས་སུ་ནི། །གཙོ་བོ་སངས་རྒྱས་མངའ་བདག་གཟུགས། །ཞེས་པའོ། །འདིར་དགོངས་པའི་སྐད་གཞན་གྱིས་གཙུག་ཏོར་ཆེན་པོའི་གཟུགས་བརྙན་ནི་སངས་རྒྱས་ཀྱི་གཟུགས་བརྙན་ཏེ་ཁམས་གསུམ་པ་མ་ལུས་པ་ནམ་མཁའི་ཆོས་འབྱུང་ལ་ཐུགས་རྡོ་རྗེ་རབ་ཏུ་བཞག་ནས་བསྙེན་པའི་དུས་སུ་སྟེ་དུས་དང་པོར་སོ་སོར་སྡུད་པས་བསྒོམ་པར་བྱ་ཞིང་བསམ་གཏན་གྱི་ཡན་ལག་གིས་བརྟན་པར་བྱའོ། །འདིར་བཅོམ་ལྡན་འདས་ཀྱིས་དམ་བཅའ་བ་ནི། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཉི་མ་གཅིག་ནི་ཡོངས་སུ་བརྟག །གལ་ཏེ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡིས་ཚིག་དེ་བརྫུན། །ཞེས་པའོ། །འདིར་རྟགས་ནི་དུ་བ་ལ་སོགས་པའི་མཚན་མ་སྟེ་གཞན་སྔགས་ལ་སོགས་པ་ཉི་མ་གཅིག་གིས་བསྒྲུབ་པར་བྱ་བ་མ་ཡིན་ན་གང་གིས་བསྔགས་པ་རྣམས་ལ་རྟགས་འབྱུང་བར་འགྱུར། དེའི་ཕྱིར་ཡོད་པ་དང་མེད་པའི་བློ་ཡོངས་སུ་སྤངས་ཏེ་རྟེན་མེད་པར་བྱས་ནས་སྟོང་པ་ལ་ཟབ་མོ་དམིགས་པ་མེད་པའི་རྟགས་སུ་འགྱུར་ཏེ། དེ་དུ་བ་ལ་སོགས་པའི་རྟགས་ཀྱི་དོན་དུ་རྣལ་འབྱོར་པས་བསྒོམ་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དེ་བཞིན་དུ། བྱེད་པ་བཅིང་བའི་སྦྱོར་བ་ཡིས། །ས་གསུམ་པོ་ནི་བསྒྲུབ་པར་བྱ། །ཞེས་པ་བྱེད་པ་མིག་ལ་སོགས་པ་རྣམས་ཀྱིས་ས་གསུམ་སངས་རྒྱས་ཀྱི་གཟུགས་བརྙན་བསྒྲུབ་པར་བྱ་སྟེ། དེ་ཉིད་ཀྱི་ཉེ་བར་བསྟན་པ་ནི་བླ་མའི་ཞལ་ལས་རྟོགས་པར་བྱའོ། །དེ་ལ་བླ་མའི་ཉེ་བར་བསྟན་པས། རྣལ་འབྱོར་པས་ནམ་མཁའ་ལ་དང་པོར་དུ་བ་མཐོང་སྟེ་སྨིག་རྒྱུ་ནི་མ་ཡིན་ནོ་ཞེས་རང་གི་ཉམས་སུ་མྱོང་བས་ཤེས་པར་བྱའོ། །དེའི་ཕྱི་ནས་སྨིག་རྒྱུ་སྟེ་དུ་བ་ལ་སོགས་པ་དེ་ཉིད་རྣམ་པར་རྟོག་པ་དང་བྲལ་བ་པྲ་ཕབ་པ་ལྟ་བུའོ། །དེ་ལྟར་དུ་བ་ནི་མཚན་མ་དང་པོའོ། །སྨིག་རྒྱུ་ནི་མཚན་


DTG013_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མ་གཉིས་པའོ། །མཁའ་སྣང་ནི་མཚན་མ་གསུམ་པའོ། །སྒྲོན་མ་ནི་མཚན་མ་བཞི་པའོ། །སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ནི་མཚན་མ་ལྔ་པ་སྟེ། བཅོམ་ལྡན་འདས་ཀྱིས་འདུས་པ་ཕྱི་མ་དང་མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་གསུངས་སོ། །མཁའ་འགྲོ་མ་རྡོ་རྗེ་གུར་དུ་དེའི་སྟེང་དུ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། ཕྱི་ནས་སྒྱུ་མའི་རྣམ་པ་སྟེ། །རྨི་ལམ་རྣམ་པ་སྐད་ཅིག་ལས། །དེ་ཡི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་གྱུར་པའོ། །ཞེས་པ་ལ་སོགས་པའོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་དུ་བ་ལ་སོགས་པའི་མཚན་མ་ནི་དང་པོར་སྒོམ་པའི་རྟགས་སུ་འགྱུར་རོ། །ཁ་ཅིག་གྲུབ་པའི་དུས་སུ་ཞེས་སྨྲ་བར་འགྱུར་བ་དེ་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱིས་དམ་བཅའ་འཇོམས་པར་བྱེད་པ་སྟེ། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཉི་མ་གཅིག་ནི་ཡོངས་སུ་བརྟག །ཅེས་པའི་བཅོམ་ལྡན་འདས་ཀྱིས་བཀའ་ལ་རྣམ་པར་མཐོ་བརྩམས་པའོ། །སྒྲུབ་པའི་དུས་སུ་འཇིག་རྟེན་པའི་དུ་བ་ལ་སོགས་པ་གང་ཞིག་སྒྱུ་མ་དང་རྨི་ལམ་ལྟ་བུ་དེ་ནི་མཚན་མར་མི་འགྱུར་ཏེ། འདིར་དུ་བ་དད་འབར་བ་ལ་སོགས་པས་དངོས་སུ་བསྲེག་པའི་བྱ་བ་ནུས་པའི་ཕྱིར་རོ། །དེ་བཞིན་དུ་གུར་གུམ་དང་རིན་པོ་ཆེ་དང་མེ་ཏོག་དང༌། གསེར་ལ་སོགས་པའི་ཆར་ཡང་ངོ༌། །དེའི་ཕྱིར་ཡན་ལག་དྲུག་གི་རྣལ་འབྱོར་ལས་དུ་བ་ལ་སོགས་པའི་མཚན་མར་འགྱུར་རོ། །དེ་བཞིན་དུ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཡན་ལག་དྲུག་བསྒོམ་དེ་ནས་ནི། །སླར་ཡང་རང་བྱིན་བརླབ་པ་སྟེ། །རྗེས་མཐུན་ཆོ་གའི་རིམ་པ་ཡིས། །ཕྱི་ནས་མཚན་མ་མཚོན་པར་བྱ། །ཞེས་པའོ། །འདིར་རང་བྱིན་གྱིས་བརླབ་པ་ཞེས་བྱ་བ་ནི་སོ་སོར་སྡུད་པས་ཀུན་རྫོབ་ཀྱི་བདེན་པ་མཐོང་བའོ། །མཚན་མ་ཞེས་བྱ་བ་ནི་སྤྲིན་དང་དུ་བ་ལ་སོགས་པ་ལྟར་རབ་ཏུ་སྣང་བ་སྟེ་དེ་ཡང་སྒྲོན་མའི་མཐར་ཐུག་པ་དང་པོ་མཐོང་བའོ། །དེ་ནས་སྤྲིན་མེད་པའི་ནམ་མཁའ་དྲི་མ་མེད་པའོ། །རྒྱུད་རྣམས་སུ་འབར་བ་ལ་སོགས་པའི་ཐིག་ལེའི་མཐར་ཐུག་པ་མཚན་མ་གཞན་དྲུག་པོ་སྒྱུ་འཕྲུལ་དྲ་བའི་ཏིང་ངེ་འཛིན་དྲ་བའི་ལེའུར་ཡང་


DTG013_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །རིག་པའི་རྒྱལ་མཆོག་སྔགས་དབང་པོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་པའི་ཚིགས་སུ་བཅད་པ་གཉིས་སྒྱུ་འཕྲུལ་དྲ་བར་མཚན་མ་གཞན་བཅོམ་ལྡན་འདས་ཀྱིས་དགོངས་པའི་སྐད་གཞན་གྱིས་གསུངས་ཏེ། སྔར་བརྗོད་པའི་སྤྲིན་མེད་པའི་ནམ་མཁའ་ལས་བྱུང་བའི་རབ་ཏུ་སྣང་བ་གང་ཡིན་པ་དེ་ནི་ནམ་མཁའ་ལས་བྱུང་རང་བྱུང་བ་སྟེ། སེམས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འདི། ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པ་འབར་བའི་རབ་ཏུ་སྣང་བའོ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཅེས་པ་ཟླ་བའི་རབ་ཏུ་སྣང་བ་སྟེ། དེ་ཉིད། ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་སོ། །འགྲོ་བའི་མར་མེ་ཞེས་པ་ཉི་མའི་རབ་ཏུ་སྣང་བའོ། །ཡེ་ཤེས་སྒྲོན་ཞེས་པ་སྒྲ་གཅན་གྱི་རབ་ཏུ་སྣང་བའོ། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པ་ཀློག་གི་རབ་ཏུ་སྣང་བའོ། །རིག་པའི་རྒྱལ་མཆོག་སྔགས་དབང་པོ། །ཞེས་པ་ཐིག་ལེའི་རབ་ཏུ་སྣང་བ་སྟེ་ཁ་དོག་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པའོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་པ་ཁམས་གསུམ་པའི་དངོས་པོའི་རྣམ་པ་ཐམས་ཅད་རབ་ཏུ་སྣང་བ་སྒྱུ་མ་དང་རྨི་ལམ་དང་པྲ་ཕབ་པ་དང་མཚུངས་བར་རྣལ་འབྱོར་པས་སོ་སོར་སྡུད་པས་མཐོང་བའོ། །མིག་ལ་སོགས་པའི་དབང་པོའི་བྱེད་པ་དང༌། དེ་ནས་སྲོག་གི་རྩོལ་བ་བཅིང་བ་སྟེ། བྱེད་པ་བཅིང་བའི་སྦྱོར་བ་འདིས་ས་གསུམ་པོ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་མཚན་ཉིད་བརྟན་པ་དང་གཡོ་བའི་རང་བཞིན་གྱི་བདག་ཉིད་ནི་བསྒྲུབ་པར་བྱ་ཞེས་པའོ། དེ་བཞིན་དུ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་སྲིད་རྡོ་རྗེའི་ལུས་དང་ལྡན། །ཁམས་གསུམ་རྒྱུ་བཅས་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། །ཅེས་པ་སྟེ། ཡན་ལག་དྲུག་བསྒོམས་པས་སོ་


DTG013_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་པ་བཅོམ་ལྡན་འདས་ཀྱིས་ངེས་པའོ། །དེ་བཞིན་དུ་དཔལ་འདུས་བར་བཅོམ་ལྡན་འདས་ཀྱིས་གསུངས་པ། དངོས་པོ་མེད་ལ་སྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་འགྱུར། །སྒོམ་པ་ཉེ་བར་མི་དམིགས་སོ། །ཞེས་པའོ། །འདིར་དངོས་པོ་མེད་པ་སྤྲིན་མེད་པའི་ནམ་མཁའ་ལ་སྒོམ་པ་ནི་སོ་སོར་སྡུད་པ་སྟེ་དེ་ཉིད། དངོས་པོ་མེད་ལ་སྒོམ་པ་མེད། །ཅེས་པའོ། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །ཞེས་པ་འདིར་དངོས་པོ་མེད་པ་སྤྲིན་མེད་པའི་ནམ་མཁའ་ལ་སོ་སོར་སྡུད་པ་བསྒོམ་པ་གང་ཡིན་པ་དེ་ནི་སྒོམ་པ་སྒོམ་པ་ཉིད་མ་ཡིན་པར་འགྱུར་ཏེ་རྣམ་པར་རྟོག་པའི་སྒོམ་པ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་དངོས་པོ་གང་ཞིག་སོ་སོར་སྡུད་པས་མཐོང་བ་དེ་ནི་དངོས་པོ་དངོས་མེད་འགྱུར་ཏེ་རྣམ་པར་མ་བརྟགས་པ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དངོས་པོ་མེད་པ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་སོ་སོར་སྡུད་པའི་སྒོམ་པ་ལ་རྣམ་པར་རྟོག་པ་ཉེ་བར་མི་དམིགས་སོ་ཞེས་པ་བཅོམ་ལྡན་འདས་ཀྱིས་གསུང་ངོ༌། །བསྒོམ་པ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་འདིར་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གང་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པའོ། །ཀཽ་ཤི་ཀ་གང་བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱེད་པར་འདོད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པའོ་ཞེས་སྤྲིན་མེད་པའི་ནམ་མཁའ་ལ་ཕྱག་རྒྱ་ཆེན་པོ་སྒོམ་པ་པྲ་ཕབ་པ་དང་སྒྱུ་མ་དང་མཚུངས་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་སོ་སོར་སྡུད་པ་དང་བསམ་གཏན་གྱིས་བསྙེན་པའི་ཡན་ལག་བརྗོད་དོ། །དེ་ནས་བདུད་རྩི་འཁྱིལ་པའི་གཟུགས་བརྙན་གྱིས་མིང་ཅན་དགོངས་པའི་སྐད་གཞན་གྱིས་རླུང་གསུངས་སོ། །དེ་ཡང་རྣམ་པ་ལྔ་སྟེ་དེ་བཞིན་དུ་ཡང་འདུས་པ་ཕྱི་མར་བཅོམ་ལྡན་


DTG013_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདས་ཀྱིས་གསུངས་པ། རིན་ཆེན་ལྔ་ཡི་རང་བཞིན་དབུགས། །སངས་རྒྱས་ལྔ་ཡིས་བྱིན་བརླབས་པ། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རྣམ་བསྒོམ་བྱ། །ཞེས་པའོ། །འདིར་རིན་ཆེན་ལྔའི་སྒྲས། ར་ས་ནཱ་དཀྱིལ་འཁོར་ལྔའི་ཆོས་ཅན་ས་ལ་སོགས་པའི་ཁམས་ལྔ་པོ་རྣམས་སོ། །དེའི་རང་བཞིན་གྱི་དབུགས་ནི་རིན་ཆེན་ལྔའི་རང་བཞིན་དབུགས་ཞེས་པ་སྣ་བུག་གཡས་ལའོ། །དེ་བཞིན་དུ་སངས་རྒྱས་ལྔ་ནི་ལ་ལ་ནཱ་དཀྱིལ་འཁོར་ལྔའི་ཆོས་ཅན་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་པོ་རྣམས་སོ། །དེས་བྱིན་གྱིས་བརླབས་པའི་དབུགས་ནི་སྣ་བུག་གཡོན་པ་ལའོ། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །ཞེས་པ་ལ་འདིར་གོང་བུ་ནི་གཡས་པ་དང་གཡོན་པའི་དཀྱིལ་འཁོར་རྣམས་ཀྱི་སྲོག་གི་རླུང་དབུ་མ་ཨ་ཝ་དྷཱུ་ཏཱིར་གཅིག་པ་ཉིད་དོ། །སྲོག་གི་རླུང་དེ་ཡང༌། གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རྣམ་བསྒོམ་བྱ། །འདིར་སྣའི་སྒྲས་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་གྱི་པདྨའི་ལྟེ་བ་བརྗོད་དེ་དེའི་རྩེ་མོར་ནི་སྣའི་རྩེ་མོར་རོ། །རྣམ་བསྒོམ་བྱ་ནི་ལྟེ་བ་ནས་ལྟེ་བའི་དབུས་སུ་ཡིན་གྱི་གཡས་དང་གཡོན་དུ་པདྨའི་འདབ་མ་ལ་ནི་མ་ཡིན་ནོ། །དེ་ལྟར་ཐིག་ལེའི་གནས་སུ་གོང་བུའི་གཟུགས་ཀྱིས་སྲོག་འགགས་པ་སྟེ། དེ་ཉིད་ཀྱིས་ན་དེ་འཛིན་པར་བརྗོད་དོ། །དེ་ལྟར་ཡན་ལག་གཉིས་ཀྱིས་ཉེ་བར་སྒྲུབ་པ་སྟེ་བདུད་རྩི་འཁྱིལ་པའི་གཟུགས་བརྙན་གྱིས་ཤེས་པའོ། །ཉེ་བར་སྒྲུབ་པ་དེ་ཉིད་རྡོ་རྗེའི་བཟླས་པ་ཞེས་བརྗོད་དེ་དབུ་མ་དབྱེར་མེད་པའི་ཡན་ལག་གིས་བཟླས་པར་བྱའོ། །དབུ་མ་དབྱེར་མེད་པའི་ཡན་ལག་གིས་ཞེས་པ་གཡོན་པ་དང་གཡས་པའི་རྩ་ལ་སྲོག་གི་རྒྱུ་བ་མེད་པའོ། །གཙུག་ཏོར་གྱི་གཟུགས་བརྙན་མཐོང་བར་གྱུར་པ་ན་ཕྱི་ནས་སྔགས་པས་སྲོག་རྩོལ་བྱའོ་ཞེས་པ་བླ་མ་དམ་པའི་ཉེ་བར་བསྟན་པ་དགོངས་པའི་སྐད་གཞན་གྱིས་རྟོགས་པར་བྱའོ་ཞེས་པ་སྲོག་རྩོལ་དང་འཛིན་པ་སྟེ་ཉེ་བར་སྒྲུབ་པར་བརྗོད་དོ། །དེ་ནས། སྒྲུབ་པ་ལ་ནི་ལྷ་ཡི་གཟུགས། །ཞེས་པ་འདིར་འཛིན་པའི་སྟོབས་ཀྱིས་ལྟེ་བར་གནས་པའི་གཏུམ་མོ་འབར་བ་སྒྲིབ་པ་ཐམས་ཅད་དང་པྲ་


DTG013_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕབ་པ་ལྟ་བུ་ཕྱག་རྒྱ་ཆེན་པོ་སངས་རྒྱས་ཀྱི་འོད་ཟེར་གྱི་སྤྲིན་མཐའ་ཡས་པ་སྤྲོ་བར་བྱེད་པའི་འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་སྤྲོས་པས་རྣལ་འབྱོར་པས་མཐོང་པ་དེ་ནི་རྗེས་སུ་དྲན་པ་སྒྲུབ་པར་གསུངས་ཏེ་འཛིན་པའི་མཐར་གཏུམ་མོའི་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་པ་ངེས་པའོ། །དེ་ནས་དེའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཕུང་པོ་དང་ཁམས་དང་སྐྱེ་མ་ཆེད་ལ་སོགས་པ་རྣམས་བསྲེགས་ཏེ་གཡོན་པ་དང་གཡས་པའི་རྩར་བགྲོད་པ་རྣམ་པར་ཤེས་པ་ལ་སོགས་པ་དང་ས་ལ་སོགས་པའི་དཀྱིལ་འཁོར་གྱི་རང་བཞིན་རྣམས་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་རབ་ཏུ་ཞུགས་པ་གཅིག་ཏུ་འདྲེས་པར་འགྱུར་རོ། །དེ་ནས་གཏུམ་མོའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཟླ་བ་ཞུ་བར་གྱུར་པ་ན་བྱང་ཆུབ་ཀྱི་སེམས་དེ་ཐིག་ལེའི་གཟུགས་ཀྱིས་འོག་ཏུ་བགྲོད་པ་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང༌། གསང་བའི་པདྨར་དགའ་བ་དང༌། མཆོག་དང་ཁྱད་པར་གྱི་རང་བཞིན་དང༌། དེ་ནས་རྡོ་རྗེ་ནོར་བུ་ཇི་སྲིད་པ་ལྷན་ཅིག་སྐྱེས་པའི་རང་བཞིན་གྱིས་སམ། ཡང་ན་རྣམ་པ་སྣ་ཚོགས་པ་དང་རྣམ་པར་སྨིན་པ་དང་རྣམ་པར་ཉེད་པ་དང་བྲལ་བའི་རང་བཞིན་གྱིས་སོ། །དེ་ལྟར་ཆ་བཅུ་དྲུག་པ་རྫོགས་པ་ནོར་བུའི་ནང་དུ་སོན་པ་གང་གི་ཚེ་བསྒོམས་པའི་སྟོབས་ཀྱིས་བདེ་བ་སྟེར་བ་ནི་འཛག་པའི་བདེ་བ་ལྟ་བུའོ་ཞེས་པ་དཔེ་ཙམ་མོ། །རང་གི་ངོ་བོས་ནི་དབང་པོ་གཉིས་ལས་སྐྱེས་པར་གྱུར་པའི་བདེ་བས་མཆོག་ཏུ་མི་འགྱུར་བའི་བདེ་བའི་བྱེ་བ་ཕྲག་སྟོང་གི་ཆར་ཡང་མི་ཕོད་དོ། །འདིར་འགྱུར་བ་མེད་པའི་བདེ་བའི་གནས་སྐབས་ལྷན་ཅིག་སྐྱེས་པའི་དགའ་བ་གཟུགས་ཅན་མ་གང་ཡིན་པ་དེ་ནི་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱི་གནས་སྐབས་ཀྱི་འབྲས་བུར་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བརྗོད་དེ། འོན་ཀྱང་འཇིག་རྟེན་ལ་གྲགས་པ་མེད་པའི་དོན་གྱིས་རྗེས་སུ་ལྷུང་བ་ནི་མ་ཡིན་ནོ། །དེ་ལྟར་ཡན་ལག་དྲུག་གི་རྣལ་འབྱོར་གྱིས་རྣལ་འབྱོར་པ་རྣམས་ཀྱིས་སངས་རྒྱས་ཉིད་འགྲུབ་པར་འགྱུར་རོ་ཞེས་པའོ། །བདུད་རྩི་ལྔ་ལ་སོགས་དང་ཆུ་གཏེར་རྡོ་རྗེ་རྣམས་དང་སྔགས་ཀྱི་བཟླས་པ་སོགས་ཀྱིས་བསྙེན་པ་སྟེ། །སོ་སོར་སྡུད་པ་ལ་སོགས་པ་དང་རྡོ་རྗེ་པདྨ་ལས་སྐྱེས་བདུད་རྩི་ཡིས་ནི་ཉེ་བར་སྒྲུབ་པར་འགྱུར། །


DTG013_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དགའ་བ་ལ་སོགས་རྣམས་ཀྱིས་རྡོ་རྗེ་གསུམ་དང་ཆུ་སྐྱེས་རོ་མཉམ་གྱུར་པ་བསྒོམ་པ་སྒྲུབ་པར་འགྱུར། །ཤེས་རབ་འགྲོགས་ལ་འཕོ་མེད་འགྱུར་བ་ཕྲ་མོའི་རྣལ་འབྱོར་དག་ལས་ངེས་པར་སྒྲུབ་པ་ཆེན་པོའོ། །འདིར་ལས་དང་པོ་པས་དང་པོར་སྒྲུབ་ཐབས་ཀྱི་ཆོ་ག་བསྙེན་པ་བྱ་སྟེ། བདུད་རྩི་ལྔ་ལ་སོགས་པས་བསྙེན་པ་ཞེས་པ་ལ། ཕྱི་རོལ་དུ་བདུད་རྩི་ལྔ་ནི་བཤད་བ་ལ་སོགས་པ་དང་སོགས་པའི་སྒྲས་གོ་ཀུ་ལ་སོགས་པ་སྟེ་ལྷ་མཉེས་པའི་དོན་དུ་དོན་རྣམས་ཟོས་པས་བསྙེན་པ་བྱའོ། །ནང་དུ་བདུད་རྩི་ལྔ་ནི་ཕུང་པོ་ལྔ་རྣམས་སོ། །སོགས་པའི་སྒྲས་དབང་པོ་རྣམས་སྒྲོན་མ་ལྔའོ། །དེ་རྣམས་ལ་ལྟོས་པ་མེད་པ་ནི་བསྙེན་བ་སྟེ་ལུས་དང་རྫས་ལ་སྲེད་པ་ཡོངས་སུ་སྤངས་པའོ། །བསྐྱེད་པ་དེའི་ལྷ་རྣམས་མཆོག་སྟེར་བར་འགྱུར་ཏེ་བཤད་བ་ལ་སོགས་པ་ཟོས་པས་ནི་མ་ཡིན་ནོ། །ཆུ་གཏེར་རྡོ་རྗེ་རྣམས་ཀྱིས་ཞེས་པ་ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང་དག་གི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང་སེམས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང་འཕོ་བའི་བདེ་བ་ལ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ། ལུས་དང་ངག་དང་སེམས་དང་ཚངས་པར་སྤྱོད་པའི་སྡོམ་པའོ་ཞེས་པའི་དོན་ཏོ། །འདི་ཡིས་ལྷ་མཆོག་སྟེར་བར་འགྱུར་ཏེ་སྲིད་པའི་ལོངས་སྤྱོད་ལ་ཞེན་པས་ནི་མ་ཡིན་ནོ། །སྔགས་ཀྱི་བཟླས་པ་ལ་སོགས་ཀྱིས། །ཞེས་པ་ལས། འདིར་སྔགས་ཀྱི་བཟླས་པ་ཞེས་བྱ་བ་སྲོག་སྡོམ་པ་སྟེ་སོགས་པའི་སྒྲས་དབྱུང་བ་དང་དགང་བ་དང་བུམ་པ་ཅན་གྱི་སྦྱོར་བ་ནི་རྟག་ཏུ་བསྙེན་པའོ། །དེ་ཡིས་ལྷ་མཆོག་སྟེར་བར་འགྱུར་ཏེ་སྲོག་མ་བསྡམས་པར་དག་ཏུ་བརྗོད་པས་ནི་མ་ཡིན་ནོ་ཞེས་བ་ངེས་པའི་དོན་ཏོ། །དྲང་བའི་དོན་གྱིས་སླར་ཡང་ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་བགྲང་ཕྲེང་ལ་སོགས་པ་བཟླས་པ་ལ་སོགས་པ་བྱའོ། །ད་ནི་ཉེ་བར་སྒྲུབ་པ་གསུངས་པ། སོ་སོར་སྡུད་པ་ཞེས་པ་ལ་སོགས་པའོ། །འདིར་འཁོར་བ་པ་རྣམས་ཀྱི་སྡུད་པ་ནི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་གཟུགས་ལ་སོགས་པའི་ཡུལ་འཛིན་པའོ། །དེ་ཡོངས་སུ་སྤོང་བ་ནི་སོ་སོར་སྡུད་པ་ཞེས་བརྗོད་དེ། སྟོང་པ་ཉིད་ཀྱི་གཟུགས་ལས་གཞན་ཤ་ལ་སོགས་པའི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་གཞན་གཟུགས་ལ་སོགས་པའི་ཡུལ་འཛིན་པ་ནི་ཉིད་


DTG013_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་སྒྲུབ་པའོ། །དེ་བཞིན་དུ་བསམ་གཏན་དང་སྲོག་རྩོལ་དང་འཛིན་པ་ཡང་སྟེ་རྡོ་རྗེ་པདྨ་ལས་སྐྱེས་བདུད་རྩི་འཕོ་བ་མེད་པས་ནི་ཉེ་བར་སྒྲུབ་པ་ནི་ངེས་པའི་དོན་གྱིས་སོ། །དྲང་བའི་དོན་གྱིས་ནི་ཕྱི་རོལ་དུ་ལྷ་སྤྲོས་པས་སོ་ཞེས་པ་ཉེ་བར་སྒྲུབ་པའོ། །ད་ནི་སྒྲུབ་པ་གསུངས་པ། དགའ་བ་ཞེས་པ་ལ་སོགས་པའོ། །འདིར་དགའ་བ་ལ་རྡོ་རྗེ་གསུམ་ཞེས་པ་སྐུ་དང་གསུང་དང་ཐུགས་ཀྱི་ཐིག་ལེ་རྣམས་དང༌། ཆུ་སྐྱེས་རོ་མཉམ་གྱུར་པ་སྒོམ་པ་སྒྲུབ་པར་འགྱུར་ཏེ། སྙིང་ག་དང་ལྟེ་བ་དང་གསང་བར་ཐིག་ལེ་རྣམས་གནས་པའོ་ཞེས་པའི་དོན་ཏོ། །དེ་ལྟར་སྒྲུབ་པའོ། །དེ་ནས་སྒྲུབ་པ་ཆེན་པོ་ནི་ཤེས་རབ་འགྲོགས་ལ་གང་གི་ཚེ་འཕོ་མེད་བདེ་བར་འབྱུང་བ་དེའི་ཚེ་ཕྲ་མོའི་རྣལ་འབྱོར་དག་ལས་ངེས་པར་སྒྲུབ་པ་ཆེན་པོའོ་ཞེས་ངེས་པའི་དོན་གྱིས་ཤིན་ཏུ་ཡིད་བཟང་མའི་རྩའི་སྟེང་དུ་ཁུ་བ་ཡང་དག་པར་སྦྱོར་བ་ལས་སྒྲུབ་པ་ཆེན་པོར་གསུངས་ཏེ། དྲང་བའི་དོན་གྱིས་ནི་སླར་ཡང་ཤེས་རབ་ཀྱི་ཆོས་འབྱུང་གི་སྣ་རྩེར་ཉུངས་ཀར་ལ་སོགས་པའོ་ཞེས་པ་ངེས་པའོ། །དེ་ལྟར་སྒྲུབ་པ་ཆེན་པོར་འགྱུར་རོ། །ད་ནི་དམན་པ་ལ་སོགས་པའི་དབྱེ་བས་བསྙེན་པ་ལ་སོགས་པ་གསུངས་པ། དང་པོར་སྟོང་ཉིད་བྱང་ཆུབ་ངེས་པར་སླར་ཡང་དེ་ནས་ཟླ་བ་ཐིག་ལེ་དག་ནི་ཡང་དག་འཛིན། །དེ་ནས་གཟུགས་དག་སྐྱེད་ཅིང་རབ་མཆོག་རོ་ཡི་རིགས་རྣམས་དག་གིས་ཡི་གེ་དགོད་པ་ཉིད་ཡིན་ཏེ། །འདི་ནི་སྤྱི་ཡི་བསྙེན་པ་ཆུ་ཡི་གཏེར་གྱི་རྡོ་རྗེ་རྣམས་ཀྱིས་སྒྲུབ་པ་དག་ནི་འབྲིང་པོ་ཡང༌། །འདི་ལ་ཐབས་ནི་རྣམ་བཞིར་འགྱུར་ཏེ་དམན་དང་བརྟན་པ་སྒྲུབ་པའི་ཡན་ལག་དག་ལ་དེ་བཞིན་ཉིད། །འདིར་བསྐྱེད་པའི་རིམ་པ་ལ་དང་པོར་སྟོང་པ་ཉིད་བྱང་ཆུབ་ཅེས་པ་སྲོག་ཆགས་རྣམས་ཤི་བའི་མཐར་ཕུང་པོ་ཡོངས་སུ་དོར་ནས་སྐྱེ་བའི་ཆ་ཤས་ཅན་གྱི་ཕུང་པོ་འཛིན་པ་ལས་བར་གང་ཡིན་པ་སྟོང་པ་ཉིད་ཀྱི་སྐད་ཅིག་གཅིག་སྲིད་པ་གསུམ་མཐོང་བ་དེ་ནི་སྟོང་པ་ཞེས་བརྗོད་དེ་ངེས་པར་ནི་གདོན་མི་ཟ་བར་རོ། །སྐད་ཅིག་དེ་ཡི་ཕྱི་ནས་ཟླ་བ་ཐིག་ལེ་དག་ནི་ཡང་དག་འཛིན། །ཞེས་པ་འདིར་ཀུན་གཞི་རྣམ་པར་ཤེས་པས་མའི་མངལ་དུ་ཁུ་བའི་ཐིག་ལེ་འཛིན་པ་ཞེས་བྱ་བ་ནི་ཡང་དག་འཛིན་པའོ། །དེ་ནས་ཁུ་བ་ལ་སོགས་པ་བཟུང་བ་དེ་ནས་


DTG013_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཟུགས་དག་བསྐྱེད་པ་ཞེས་བྱ་བ་ཟླ་བ་བདུན་གྱིས་མངལ་རྫོགས་པ་སྟེ་ལུས་རྫོགས་པའི་དོན་ཏོ། །དེ་ནས་རབ་མཆོག་རོའི་རིགས་རྣམས་དག་གིས་ཞེས་པ་ཕུང་པོ་དྲུག་པོ་རྣམས་ཀྱིས་མིག་ལ་སོགས་པ་རྣམས་ཀྱི་ཡི་གེ་དགོད་པ་སྟེ་གཟུགས་ལ་སོགས་པའི་ཡུལ་ལ་རབ་ཏུ་འཇུག་པའོ། །དེ་བཞིན་དུ་ལྷའི་སྒྲུབ་ཐབས་ལ་ཡང་ལས་དང་པོ་པས་བརྟག་པའི་བདག་ཉིད་བསྒོམ་པར་བྱའོ། །འདི་ནི་སྤྱིའི་བསྙེན་པའོ། །ཆུའི་གཏེར་གྱི་རྡོ་རྗེ་རྣམས་ཀྱིས་ཞེས་པ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྫོགས་པ་རྣམས་ཀྱིས་སྒྲུབ་པ་དག་ནི་འབྲིང་པོ་ཡང་སྟེ་སྲོག་རྫོགས་པའོ། །འདི་ལ་ཐབས་ནི་རྣམ་བཞིར་འགྱུར་ཏེ་ཞེས་པ་བསྙེན་པའི་ཡན་ལག་དང་ཉེ་བར་སྒྲུབ་པའི་ཡན་ལག་ལ་དམན་པ་དང་བརྟན་པའོ། །སྒྲུབ་པའི་ཡན་ལག་ལ་དེ་བཞིན་ཉིད་དེ་ལོ་བཅུ་དྲུག་གི་མཚམས་སུ་ཞེས་པ་ངེས་པའོ། །འདིར་དམན་པ་ནི་སྐྱེས་པའི་བྱིས་པའོ། །སོ་སྐྱེས་ནས་འབྲིང་པོ་བྱིས་པའོ། །སོ་ལྷུང་ནས་གཞོན་ནུའོ། །སླར་ཡང་སོ་སྐྱེས་ནས་ལོ་བཅུ་དྲུག་གི་སྟེང་དུ་དར་མ་སྟེ་བུ་དང་བུ་མོ་སྐྱེད་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ལྷ་ཐམས་ཅད་ཡན་ལག་རྣམ་པ་བཞིར་རྣལ་འབྱོར་པས་བསྒོམ་པར་བྱའོ་ཞེས་པ་འཇིག་རྟེན་པའི་བདེན་པའི་ངེས་པའོ། །ད་ནི་དོན་དམ་པའི་བདེན་པས་སངས་རྒྱས་ཀྱི་གཟུགས་རྫོགས་པ་བརྗོད་པར་བྱ་སྟེ། འདིར་དང་པོར་སྟོང་ཉིད་བྱང་ཆུབ་ཅེས་པ་མུན་པ་ལ་ཅུང་ཟད་ཀྱང་བསམ་པར་མི་བྱའོ། །དེ་ནས། ཟླ་བའི་ཐིག་ལེ་དག་ནི་ཡང་དག་འཛིན། །ཞེས་པ་དུ་བ་ལ་སོགས་པའི་མཚན་མ་ཐིག་ལེའི་མཐར་ཐུག་པ་འཛིན་པའོ། །དེ་ནས་གཟུགས་དག་བསྐྱེད་ཅིང་ཞེས་པ་ཐིག་ལེ་དེ་ནས་སྣ་ཚོགས་པ་མཐོང་བ་ནི་གཟུགས་བསྐྱེད་པའོ། །རབ་མཆོག་རོའི་རིགས་རྣམས་དག་གིས་ཞེས་པ་སྒྲིབ་པ་མེད་པའི་ཕུང་པོ་དྲུག་རྣམས་ཀྱིས་ཡི་གེ་དགོད་པ་ཞེས་པ་ཉི་ཚེ་བའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་འགོག་པའོ། །དེའི་ཕྱིར་ས་ཐོབ་པས་དམན་པ་ལ་སོགས་པའི་དབྱེ་བར་འགྱུར་ཏེ། ཇི་སྲིད་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་མ་གྱུར་གྱི་བར་དུའོ། །དེའི་ཕྱིར། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པ་སངས་


DTG013_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱས་ཀུན་རིག་མཆོག །ཅེས་པ་ངེས་པའོ། །ད་ནི་སོ་སོར་སྡུད་པ་ལ་སོགས་པའི་འབྲས་བུ་གསུངས་པ། སོ་སོར་སྡུད་པས་རྣལ་འབྱོར་པ་ནི་ཡུལ་དང་རྣམ་པར་བྲལ་བ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ། །མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བསམ་གཏན་སྦྱོར་བས་དག་པའོ། །སྲོག་གི་རྩོལ་བས་དག་པ་རི་བོང་ཅན་དང་ཉི་མ་དང་བྲལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། །བདུད་དང་ཉོན་མོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་འཛིན་པ་སྟོབས་ཀྱིས་སོ། །རྗེས་སུ་དྲན་པས་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ལས་སོ། །དེ་ནས་ཏིང་ངེ་འཛིན་གྱིས་དག་པ་ཉིན་ཞག་འགའ་ཞིག་རྣམས་ཀྱིས་ཡེ་ཤེས་ལུས་ནི་འགྲུབ་པར་འགྱུར། །སོ་སོར་སྡུད་པ་ལ་སོགས་རྣམས་ཀྱིས་གལ་ཏེ་བསྔགས་པ་རྣམས་ཀྱིས་འདོད་པ་གྲུབ་པར་མ་གྱུར་ན། །ནཱ་ད་གོམས་པས་བཙན་ཐབས་ཆུ་སྐྱེས་སུ་གནས་རྡོ་རྗེ་ནོར་བུར་ཐིག་ལེ་བཀག་ནས་བསྒྲུབ་པར་བྱ། །འདིར་གང་གི་ཚེ་སོ་སོར་སྡུད་པ་གཟུགས་བརྟན་པར་གྱུར་པས་རྣལ་འབྱོར་པ་རྣམ་པར་དག་པར་གྱུར་པ་དེའི་ཚེ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ་པར་འགྱུར་ཏེ་ཚིག་གིས་མཆོག་སྦྱིན་ལ་སོགས་པ་སྦྱིན་པར་འགྱུར་རོ། །མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བསམ་གཏན་སྦྱོར་བས་དག་པའོ། །ཞེས་པ་འདིར་གང་གི་ཚེ་མིག་མི་འཛུམས་པར་གྱུར་པ་དེའི་ཚེ་ལྷའི་མིག་ཏུ་འགྱུར་རོ། །དེ་བཞིན་དུ་བསམ་གཏན་གྱིས་རྣམ་པར་དག་པ་ལ་ལྷའི་རྣ་བ་ལ་སོགས་པར་འགྱུར་རོ། །སྲོག་གི་རྩོལ་བས་དག་པ་ཞེས་པ་འདིར་གང་ཞིག་གི་ཚེ་རྣལ་འབྱོར་པ་ཉི་མ་རི་བོང་ཅན་གྱི་ལམ་དང་བྲལ་ཏེ་རྟག་ཏུ་དབུ་མ་འབབ་པར་གྱུར་པ་དེའི་ཚེ་སྲོག་གི་རྩོལ་བས་དག་པར་གྱུར་པ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་དེ་སྔགས་པར་བྱེད་དོ་ཞེས་པའི་དོན་ཏོ། །བདུད་དང་ཉོན་མོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་ཞེས་པ་སྟོང་པ་ཉིད་ཀྱི་གཟུགས་གཟུང་བ་དང་འཛིན་པའི་སེམས་ལ་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ་ཞེས་པ་སྲོག་གི་འགྲོ་བ་དང་འོང་བ་ཟད་པ་གཅིག་ཏུ་འདྲེས་པར་གྱུར་པས་སོ། །རྗེས་སུ་དྲན་པས་


DTG013_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལེགས་པར་དག་པ་ཞེས་པ་ལ། འདིར་རྗེས་སུ་དྲན་པ་ནི་གཟུགས་ལ་འཁྱུད་པའི་སེམས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ། །དེ་ཡིས་གང་གི་ཚེ་དག་པར་གྱུར་པ་དེའི་ཚེ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དུ་འགྱུར་རོ། །ཀྱང་གི་སྒྲས་བ་སྤུའི་ཁུང་བུ་ནས་འོད་ཟེར་ལྔ་འཕྲོ་ཞིང་ངེས་པར་རྒྱུའོ། །ཡེ་ཤེས་གཟུགས་ལས་སོ་ཞེས་པ་སྟོང་པའི་གཟུགས་ལས་སོ། །དེ་ནས་ཏིང་ངེ་འཛིན་གྱིས་དག་པ་ཞེས་པ་འདིར་གཟུང་བ་དང་འཛིན་པའི་སེམས་དག་གཅིག་པ་ཉིད་ཀྱིས་གང་ཞིག་འགྱུར་བ་མེད་པའི་བདེ་བར་གྱུར་པའི་བདེ་བ་བདེ་ནི་ཏིང་ངེ་འཛིན་ཞེས་བརྗོད་དོ། །དེ་ཡིས་དག་པ་ནི་ཏིང་ངེ་འཛིན་གྱིས་དག་པ་སྟེ་དྲི་མ་མེད་པར་གྱུར་པ་ཉིན་ཞག་འགའ་ཞིག་རྣམས་ཀྱིས་ཏེ་ལོ་གསུམ་དང་ཕྱོགས་གསུམ་གྱི་ཉིན་ཞག་རྣམས་ཀྱིས། ཡེ་ཤེས་ལུས་ནི་འགྲུབ་པར་འགྱུར། །ཞེས་པ་དབང་བཅུ་ལ་སོགས་པ་ཐོབ་པའི་བྱང་ཆུབ་སེམས་དཔར་འགྱུར་རོ་ཞེས་སོ་སོར་སྡུད་པ་ལ་སོགས་པའི་ངེས་པའོ། །ད་ནི་བཙན་ཐབས་ཀྱི་རྣལ་འབྱོར་གསུངས་ཏེ། འདིར་གང་གི་ཚེ་སོ་སོར་སྡུད་པ་ལ་སོགས་པ་རྣམས་ཀྱི་གཟུགས་མཐོང་བར་གྱུར་བ་ལ་སྲོག་མ་བཅིངས་པ་ཉིད་ཀྱིས་འགྱུར་བ་མེད་པའི་སྐད་ཅིག་མ་སྐྱེས་ན་དེའི་ཚེ་ནཱ་ད་གོམས་པ་ལས་བཙན་ཐབས་ཀྱི་སྲོག་དབུ་མར་འབབ་པར་བྱས་ནས་ཤེས་རབ་ཀྱི་ཆུ་སྐྱེས་སུ་གནས་པའི་རྡོ་རྗེ་ནོར་བུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བཀག་ནས་མི་གཡོ་བར་འགྱུར་བ་མེད་པའི་སྐད་ཅིག་བསྒྲུབ་པར་བྱའོ་ཞེས་པ་བཙན་ཐབས་ཀྱི་རྣལ་འབྱོར་རོ། །འདིར་ནཱ་ད་གོམས་པ་ཉིད་གསུངས་པ། ནུས་མ་གང་ཞིག་ལྟེ་བའི་དབུས་ནས་གཞན་གྱི་གནས་སུ་བཅུ་གཉིས་མཐར་དང་ཆ་ཡི་མཐར་འགྲོ་བ། །དེ་ནི་ལྟེ་བར་འགགས་པར་གྱུར་པ་དྲི་མེད་གློག་དང་མཚུངས་ཤིང་དབྱུག་པའི་གཟུགས་ཅན་ལངས་པ་ཡང༌། །འཁོར་ལོ་ལས་ནི་འཁོར་ལོའི་བར་དུ་ངེས་པར་དམན་ཞིང་མཛེས་པའི་བགྲོད་པས་དབུ་མར་རྩལ་བསྐྱོད། །ཇི་སྲིད་གཙུག་ཏོར་བུག་པར་བཙན་ཐབས་ཉིད་ཀྱིས་ཕྱི་རོལ་གྱི་ནི་པགས་པ་དག་ལ་ཁབ་བཞིན་རེག །དེ་ཡི་དུས་སུ་ཐུར་དུ་སེལ་བ་མཆོག་གི་བཙན་ཐབས་ཉིད་ཀྱིས་སྟེང་གི་ལམ་དུ་བསྐུལ་བར་བྱ། །ཟུངས་ཀྱི་རླུང་དག་འགགས་པ་ན་ནི་གཙུག་ཏོར་ཕུག་ནས་མཆོག་གི་གྲོང་ཁྱེར་དག་ཏུ་


DTG013_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྲོ་བར་འགྱུར། །དེ་ལྟར་ཡིད་ལ་རྡོ་རྗེ་རབ་ཏུ་སད་པས་ཡུལ་དང་བཅས་པ་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར། །མངོན་ཤེས་ལྔ་ཡི་རང་བཞིན་དུ་འགྱུར་སླར་ཡང་འདི་ནི་རྣལ་འབྱོར་པ་རྣམས་དག་ནི་སྣ་ཚོགས་ཡུམ། །ཤེས་རབ་ཡེ་ཤེས་དག་ནི་སེམས་དང་དེ་ཡི་སྣང་བ་དག་ཀྱང་རྣམ་པ་བཅུ་པོ་ཉིད་དུ་འགྱུར། །དབང་ནི་དྲི་མེད་རི་བོང་ཅན་མཚུངས་མེ་ལོང་གཟུགས་བརྙན་ལྟ་བུ་འདི་ལ་ཞུགས་པ་གང་ཡིན་པ། །དེ་ལ་མྱ་ངན་ལས་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་ཉིད་ནི་བཞི་པ་སྟེ། །སངས་རྒྱས་ཞལ་འདི་གང་གི་སྙིང་དང་ཁ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མའོ། །འདིར་ཤེས་རབ་དང་ཡེ་ཤེས་ནི་གྲངས་ཇི་ལྟ་བར་འཛིན་པར་བྱེད་པའི་སེམས་དང་འཛིན་པར་བྱེད་པའི་སེམས་དེའི་གཟུང་བར་བྱ་བ་དུ་བ་ལ་སོགས་པ་རྣམ་པ་བཅུ་པོ་པྲ་ཕབ་པའི་མེ་ལོང་གི་སྣང་བ་ལྟ་བུ་གང་ཡིན་པ་དེ་ཉིད་ཡེ་ཤེས་ཏེ་གཟུང་བར་བྱ་བའི་སེམས་སོ་ཞེས་པའི་དོན་ཏོ། །དེ་ལྟར་མེ་ལོང་ལ་མིག་གི་གཟུགས་བརྙན་རང་གི་མིག་གིས་གཟུང་བར་བྱ་བ་ཡིན་པ་བཞིན་དུ་ཤེས་རབ་དང་ཡེ་ཤེས་ཀྱང་ངོ༌། །དབང་ནི། འདི་ལ་ཞུགས་པ་གང་ཡིན་པ། །ཞེས་པ་འདིར་འཛིན་པར་བྱེད་པའི་སེམས་ཀྱིས་གཟུང་བར་བྱ་བའི་སེམས་དེ་ལ་རབ་ཏུ་ཞུགས་པ་ཕྱི་རོལ་གྱི་ཡུལ་རྣམས་ལ་རབ་ཏུ་མི་འཇུག་པ་གང་ཡིན་པའོ། །ཡན་ལག་དྲུག་ལས་སོ་སོར་སྡུད་པ་དང་བསམ་གཏན་དང་སྲོག་རྩོལ་དང་འཛིན་པ་ནི་ཞུགས་པ་ཞེས་བརྗོད་དེ། ཞུགས་པ་དེ་ལ་མྱ་ངན་ལས་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་འགྱུར་མེད་ཉིད་ནི་བཞི་པ་སྟེ་བདེ་བ་བྱིས་པ་དང་དར་ལ་བབ་པ་དང་གཡོ་བ་རྣམས་ཀྱི་མཆོག་འཇིག་རྟེན་པའི་དཔེ་ལས་འདས་པ་འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་བ་ཞེས་པའི་དོན་ཏ། དགོད་པ་དང་བལྟ་བ་དང་རེག་པ་དང་འཁྱུད་པ་དང་ལག་བཅངས་དང་འཁྲིག་པ་དང་བྲལ་བ་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྒྱུ་དང་བྲལ་བ་སྟོང་པ་ཉིད་རྣམ་པ་ཐམས་ཅད་པ་རབ་ཏུ་གསལ་བའི་མཚན་ཉིད་དོ། །སངས་རྒྱས་ཞལ་ཏེ་ཡེ་ཤེས་ཞལ་འདི་སློབ་དཔོན་གང་གི་སྙིང་ལ་གནས་པ་ནི་བསྒོམས་ཏེ་རང་གི་ཉམས་སུ་མྱོང་བ་དང༌། སློབ་མ་རྣམས་ལ་བསྟན་པའི་ཕྱིར་དུས་ཐམས་ཅད་དུ་ཁ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མ་སྟེ་རྡོ་རྗེ་འཛིན་


DTG013_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ་ཞེས་པའི་དོན་ཏོ། །ད་ནི་རྣལ་འབྱོར་ཉེ་བར་བསྡུ་བ་གསུངས་པ། དབུ་མར་སྲོག་ནི་རབ་ཞུགས་ཉི་མ་དང་བཅས་རི་བོང་ཅན་གྱི་བགྲོད་པ་གཡས་དང་གཡོན་ལ་བཅིང༌། །ཕྱག་རྒྱ་རབ་ཏུ་འགྲོགས་ལ་སེམས་དང་མཆོག་གི་བདེ་བ་ལ་གནས་རྡོ་རྗེ་ཡང་དག་བསླང་བ་ཡང༌། །པདྨར་རྡོ་རྗེའི་སྒྲའམ་རང་གི་ལག་པའི་ཆུ་སྐྱེས་དག་གིས་གསོར་བ་བདེ་བའི་སླད་དུ་སྟེ། །ས་བོན་གཏང་བ་མིན་པའི་གཏོང་བ་དེ་ནི་འཆི་བའི་འཇིགས་འཕྲོག་འདི་ནི་དཔལ་ལྡན་བླ་མའི་ཞལ། །འདིར་དང་པོར་རྣལ་འབྱོར་པས་དབུ་མར་སྲོག་ནི་རབ་ཏུ་གཞུག་པར་བྱ་སྟེ། གང་གིས་མཚན་མ་མཐོང་བར་འགྱུར་བ་ཨ་ཝ་དྷཱུ་ཏཱིར་རོ། །འདི་ནི་དཔལ་ལྡན་བླ་མ་ཞེས་པ་སངས་རྒྱས་ཀྱི་སྐུ་རྡོ་རྗེ་སྟེ་ཞལ་གཅིག་ཏུ་བརྗོད་དོ། །དེ་ནས་ཉི་མ་དང་བཅས་ཏེ་གཡས་པའི་བགྲོད་པ་དང་ལྷན་ཅིག་ཏུ་རི་བོང་ཅན་གྱི་བགྲོད་པ་ཞེས་པ་གཡོན་པའི་རྩལ་བགྲོད་པའི་བགྲོད་པ་བཅིང་བའོ་ཞེས་པ་ངེས་པ་སྟེ་སྲོག་རྩོལ་ནི་གཉིས་པ་གསུང་རྡོ་རྗེའོ། །ཕྱག་རྒྱ་རབ་ཏུ་འགྲོགས་ལ་སེམས་ཞེས་པ་གཟུགས་ལ་རྗེས་སུ་ཆགས་པ་བྱང་ཆུབ་ཀྱི་སེམས་ཞུ་བ་དང༌། མཆོག་གི་བདེ་བ་ལ་གནས་རྡོ་རྗེ་ཡང་དག་བསླང་བ་ཡང་གསུམ་པ་ཐུགས་རྡོ་རྗེའོ། །ཅི་སྟེ་གཟུགས་ཀྱི་སྒོ་ནས་དགའ་བར་མ་གྱུར་ན་དེའི་ཚེ་པདྨར་རྡོ་རྗེའི་སྒྲའམ་ཞེས་པ་དལ་བུ་རྣམས་ཀྱིས་བྱའོ། །ཅི་སྟེ་བུད་མེད་མ་རྙེད་ན་དེའི་ཚེ་རང་གི་ལག་པའི་པདྨས་གསོར་བར་བྱའོ། །བདེ་བ་འཕེལ་བའི་སླད་དུ་སྟེ་ལྷུང་བའི་སླད་དུ་ནི་མ་ཡིན་ནོ། །དེ་ལྟར་ས་བོན་གཏོང་བ་མིན་པའི་བདེ་བ་དེ་ནི་འཆི་བའི་འཇིགས་འཕྲོག་ཏུ་འགྱུར་ཏེ་འདི་ནི་དཔལ་ལྡན་བླ་མའི་ཞལ་བཞི་པ་ཡེ་ཤེས་ཀྱི་ཞལ་ལོ་ཞེས་པ་རྣལ་འབྱོར་གོམས་པའི་ངེས་པའོ། །ད་ནི་དཀྱིལ་འཁོར་ལྔ་ཟད་པ་གསུངས་པ། ས་ནི་ཆུ་ལ་རབ་ཏུ་འཇུག་ཅིང་ཆུ་ཡང་འབར་བྱེད་ལ་སྟེ་གཙང་བར་བྱེད་པ་རླུང་ལའོ། །རླུང་ནི་སྟོང་པ་ལ་སྟེ་སྟོང་པ་ངེས་པར་མཚན་མ་རྣམ་པ་བཅུ་རུ་འགྱུར་ཞིང་མཚན་མ་ནི། །རྣམ་པ་ཐམས་ཅད་པ་རུ་འགྱུར་ཏེ་མི་ཟད་མཆོག་གི་བདེ་བ་གཞོམ་དུ་མེད་པའི་ཡེ་ཤེས་སྐུ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་ཏུ་འགྱུར་མི་བདག་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ། །འདིར་


DTG013_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གང་གི་ཚེ་ཁྲོ་བོའི་ལྟ་བས་སྟོང་པ་ལ་སེམས་བཀོད་པའི་རྣལ་འབྱོར་པ་མིག་མི་འཛུམས་པར་གྱུར་པ་དེའི་ཚེ་གཡོན་ནམ་གཡས་སུ་ས་ཞེས་པ་ཉེ་བར་མཚོན་པ་སྟེ། གང་གི་ཚེ་གཡས་སུ་ས་རབ་ཏུ་འབབ་པའི་དུས་སུ་རྣལ་འབྱོར་པ་སྒོམ་པར་བྱེད་ན་དེའི་ཚེ་ཆོ་ག་འདིའོ། །སླར་ཡང་གཡོན་པའི་རྩ་ལ་རབ་ཏུ་འབབ་པའི་དུས་སུ་ནི་མ་ཡིན་ཏེ་ནམ་མཁའི་དཀྱིལ་འཁོར་ལ་སོགས་པའི་རིམ་པ་ལས་སོ། །དེས་ན་གཡོན་དང་གཡས་སུ་སྲོག་གི་དཀྱིལ་འཁོར་གང་འབབ་པ་དེའི་ཆོས་ཅན་ཉིད་ཀྱི་ཕྱིར་དཀྱིལ་འཁོར་དེ་ཉིད་གསུངས་སོ། །དེས་ན་གཡས་ཀྱི་རྩལ་སའི་དཀྱིལ་འཁོར་ལས་སྲོག་ཆུའི་དཀྱིལ་འཁོར་ལ་འཇུག་སྟེ་དེ་བཞིན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་བར་དུའོ། །གཡོན་གྱི་རྩ་ལ་ནམ་མཁའ་ལ་སོགས་པས་འཇུག་གོ །དེ་བཞིན་དུ་སྟོང་པ་ངེས་པར་དུ་བ་ལ་སོགས་པའི་མཚན་མ་རྣམ་པ་བཅུར་འགྱུར་ཞིང་མཚན་མ་ནི་རྣམ་པ་ཐམས་ཅད་པའི་གཟུགས་སུ་འགྱུར་རོ། །གཟུགས་ཀྱང་འགྱུར་བ་མེད་པའི་བདེ་བར་འགྱུར་ཏེ་དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་སོ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་དང༌། དངོས་གྲུབ་ཁམས་གསུམ་གྱི་དབང་ཕྱུག་ཉིད་དུ་འགྱུར་ཏེ་མི་བདག་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ་ཞེས་པ་ལམ་ལ་ཞུགས་པའི་ངེས་པའོ། །དབང་ཕྱི་མ་ཕྱི་མ་ནི་དབང་སྔ་མ་སྔ་མ་ལ་ལྟོས་པ་དང་བཅས་པ་ཡིན་ལ་དེ་ནི་དཔལ་དུས་ཀྱི་འཁོར་ལོ་དང་དྲི་མ་མེད་པའི་འོད་ལ་སོགས་པའི་གསུང་རྣམས་ཀྱིས་སྤྲོས་ནས་མངོན་པར་བརྗོད་དེ། འཇིག་རྟེན་ལས་འདས་པའི་དབང་གིས་དབང་བསྐུར་ནས་དེ་ཁོ་ན་རབ་ཏུ་གསལ་བར་བྱའོ་ཞེས་པ་ཡན་ལག་དྲུག་གི་རྣལ་འབྱོར་ནི་སྔོན་དུ་འགྲོ་བ་འཇིག་རྟེན་པའི་དབང་གི་ཡང་རྒྱུ་ཅན་ཉིད་དོ། །ཡན་ལག་དྲུག་གི་རྣལ་འབྱོར་ཡང་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པའི་གསུང་རྣམས་ཉིད་ཀྱིས་རྒྱ་ཆེར་རྟོགས་པར་བྱའོ། །ད་ནི་འདི་ཉིད་ཀྱིས་བསྒྲུབ་པ་ཞེས་པ་ལ་སོགས་པའི་རང་བཞིན་རྣམ་པར་བཤད་པར་བརྩམ་པར་བྱའོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བུད་ཤིང་མ་ལུས་པ་སྲེག་པར་བྱེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མེ་འདི་


DTG013_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་ཀྱི་ནི་སྒྲུབ་པ་སྟེ་གསལ་བའི་དངོས་པོ་རྣལ་འབྱོར་པས་དུ་བ་ལ་སོགས་པ་རྣམས་ཀྱིས་བུའོ། །ཅི་ལྟར་གྱུར་པ་རྣམས་ཀྱིས་ཤེ་ན། དེ་རྣམས་ཀྱི་རྩ་བའི་རྒྱུད་དང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ངེས་པའི་དོན་གྱི་མདོ་སྡེ་ཐམས་ཅད་རབ་ཏུ་གྲགས་པ་རྣམས་ཀྱིས་ཏེ། སྟོང་པ་ལ་གློ་བུར་དུ་རབ་ཏུ་གསལ་བའི་ཕྱིར་རབ་གསལ་ལོ། །རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །དེ་ཁོ་ནའི་འབྲས་བུའི་སྔ་ལྟས་སུ་གྱུར་བའི་ཕྱིར་མཚན་མའོ། །གཟུང་བ་དང་འཛིན་པ་དང་བྲལ་བ་རང་བཞིན་སྟོང་པ་ཉིད་ཀྱི་བློ་ནི་ཤེས་རབ་སྟེ། དེའི་གཟུགས་བརྙན་ནི་རྣལ་འབྱོར་ལ་མངོན་སུམ་དུ་སྣང་བའོ། །ཕྱི་ནང་གི་དྲི་མ་རྗེས་སུ་ཆགས་པ་མེད་པའི་ཕྱིར་ནམ་མཁའ་མཉམ་པ་རྣམས་ཀྱིས་སོ། །ཡོད་པ་དང་མེད་པ་ལ་སོགས་པའི་རྣམ་པར་རྟོག་པའི་མཚན་མས་མཚོན་དུ་མེད་པའི་ཕྱིར་ཡོད་དང་མེད་ལས་རྣམ་པར་འདས་སོ། །རྣལ་འབྱོར་པས་རང་རིག་པ་ཉིད་ཀྱི་ཕྱིར་རང་གི་སེམས་ཀྱི་རྐྱེན་གྱི་དོན་ནོ། །རྣམ་པ་ཐམས་ཅད་དུ་མ་བྱས་པ་རྨད་དུ་བྱུང་བ་རང་བཞིན་མེད་པའི་དངོས་པོའི་གཟུགས་ཉིད་ཀྱི་ཕྱིར། རྡུལ་ཕྲན་ལས་སྐྱེས་ཚོགས་པ་རྣམས། །ཀུན་ནས་ཡོངས་སུ་དོར་བ་ཡིས། །ཞེས་པའོ། །ཕྱི་ནང་མཐའ་དག་ཁྱབ་པ་དཀར་པོ་དུ་བའི་རྣམ་པ་སྟོང་པའི་སྣང་བ་སྟེ། །འདི་ཡང་སྤྲིན་ལྟར་སྣང་བའི་དེ་མ་ཐག་འབྱུང་བར་འགྱུར་རོ། །ཇི་སྐད་དུ་གསུངས་པ། དང་པོ་སྤྲིན་དང་འདྲ་བར་སྣང༌། །གཉིས་པ་དུ་བ་ལྟ་བུའོ། །ཞེས་པའོ། །དེ་བཞིན་དུ་ཆུ་གཡོ་བའི་རྣམ་པ་ནི་སྨིག་རྒྱུའོ། །མཁའ་སྣང་དང་སྒྲོན་མེའི་རྣམ་པ་དག་ནི་རབ་ཏུ་གྲགས་སོ། །མཚན་མ་བཞི་པོ་འདི་རྣམས་ནི་བུག་པ་མེད་པའི་ཁང་པར་མུན་པ་ལ་འབྱུང་བའི་ཕྱིར་མཚན་མོའི་རྣལ་འབྱོར་དང་ནམ་མཁའི་རྣལ་འབྱོར་རོ། །ཇི་སྐད་དུ། དཔལ་འདུས་པ་ལ་སོགས་པར་དང་པོ་དང་གཉིས་པ་བཟློག་པས་གསུངས་པ། འགོག་པར་རྡོ་རྗེར་བགྲོད་སེམས་ལ། །མཚན་མ་ཉེར་འཛིན་འབྱུང་འགྱུར་ཏེ། །དང་པོ་སྨག་རྒྱུའི་རྣམ་པ་སྟེ། །གཉིས་པ་དུ་བ་ལྟ་བུའོ། །གསུམ་པ་མཁའ་སྣང་རྣམ་པ་སྟེ། །བཞི་པ་སྒྲོན་མ་འབར་བའོ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཞེས་པའོ། །དེ་ནས་སྤྲིན་


DTG013_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེད་པའི་ནམ་མཁའ་དང་མཚུངས་པར་སྣང་བ་སྔོན་དུ་འགྲོ་བ་མེའི་རྣམ་པ་སྟོང་པའི་སྣང་བ་ནི་འབར་བའོ། །ཟླ་བ་དང་ཉི་མའི་སྣང་བ་དག་ནི་རབ་ཏུ་གྲགས་སོ། །མུན་ཅན་ནི་སྒྲ་གཅན་ཏེ་རི་མོ་ནག་པོ་ལྟར་སྣང་བའོ། །ཆ་དང་ཞེས་པ་ཀློག་གི་སྣང་བའོ། །ཐིག་ལེ་ཆེ་ཞེས་པ་རྒྱུ་བ་དང་བཅས་པའམ་མི་རྒྱུ་བའི་སྣང་བ་ཁ་དོག་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་སྣང་བའོ། །མཚན་མ་དྲུག་པོ་འདི་རྣམས་ནི་སྤྲིན་མེད་པའི་ནམ་མཁའ་ལྟར་སྣང་བ་ལས་འབྱུང་བའི་ཕྱིར། ཉིན་མོའི་རྣལ་འབྱོར་དང༌། བླ་གབ་མེད་པའི་རྣལ་འབྱོར་རོ། །དེ་ནས་དེའི་དབུས་སུ་སོན་པ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་སངས་རྒྱས་ཀྱི་གཟུགས་མཐོང་བ་དང་ལྷན་ཅིག་སྐད་ཅིག་གཅིག་ལ་ལག་པར་གནས་པའི་ཆུ་ལྟར་ཤིན་ཏུ་ངང་བ་རྣམ་པ་ཐམས་ཅད་པའི་བུམ་པ་དང་སྣམ་བུ་ལ་སོགས་པ་མཐོང་བ་ནི་སྣ་ཚོགས་གཟུགས་བརྙན་འོད་གསལ་བའོ། །བཀབ་དང་མ་བཀབ་མི་དག་གིས། །ཤེས་པར་སྣང་ལ་དམིགས་པ་ཉིད་ཀྱིས་མིག་ཕྱེད་བཙུམས་པ་དག་གིས་སྟོང་པར་ཏེ་ནམ་མཁའ་ལ་གཟུང་བ་དང་འཛིན་པ་དང་བྲལ་བ་འདི་ནི་རྗེས་སུ་བརྟགས་མིན་པར་རྨི་ལམ་བཞིན་དུ་གཟུགས་རྣལ་འབྱོར་བས་མངོན་སུམ་དུ་མཐོང་བར་འགྱུར་རོ། །གཟུགས་དེ་ནི་སྣ་ཚོགས་གཟུགས་དེ་བསྒོམ་པར་བྱ་བ་ནི་བསམ་གཏན་གྱི་ཡན་ལག་གིས་བརྟན་པར་བྱའོ། །རྒྱལ་བའི་ཡུམ་པར་མར་གསུངས་པ། རིན་ཆེན་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རིན་ཆེན་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཟླ་བ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཉི་མ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རྣམ་པ་ཐམས་ཅད་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཞེས་པ་ལ་སོགས་པའོ། མཚན་ཡང་དག་པར་བརྗོད་པར་ཡང༌། སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཞེས་པའོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང༌། གང་རྣམས་ཀྱི་བློ་རྟེན་དང་བྲལ། །ཡོད་དང་མེད་ལས་རྣམ་པར་འདས། །ཟབ་མོད་དམིགས་མེད་དེ་རྣམས་ཀྱིས། །མཚན་མའི་དོན་རྣམས་རྣམ་པར་བསྒོམ། །ཞེས་པའོ། །ཟླ་བའི་གོས་ཅན་གྱི་ཞབས་ཀྱིས་ཀྱང༌། སྣང་བ་ཐོབ་པའི་


DTG013_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣལ་འབྱོར་པ། །གཞན་དུ་རྟགས་ནི་ཤེས་བྱ་སྟེ། །སྒྲུབ་པའི་འཁྲུལ་པ་མེད་པ་རྣམས། །ལམ་ནག་གི་ནི་དུ་བ་བཞིན། །མིག་དང་རེངས་པར་བྱེད་པ་དང༌། །མགོ་བོ་དུད་པ་ཉིད་དང་ནི། །སེམས་དང་སེམས་འབྱུང་ནུབ་པ་དང༌། །སྟོང་ཉིད་མཐོང་བའི་སྟོང་པ་ཉིད། །ཅེས་པ་ལ་སོགས་པའོ། །གཞན་གྱིས་ཀྱང༌། གང་དུ་དྲི་མ་མེད་པའི་མཁའ་ལ་མིག་ཕྱེད་སྤྲུལ་པ་ན། །འཕྲོ་བ་ཆེན་པོའི་ཐུགས་རྗེས་བརླན་པའི་བསམ་པའི་རྟེན་ཟབ་ལས། །ཡོད་དང་མེད་དང་གཉི་ག་དངོས་པོ་དངོས་མེད་འབྱེད་པ་བྲལ། །སྟོང་པ་ཉིད་ཀྱི་རྗེས་འགྲོ་དུ་བ་སོགས་ནི་མཐའ་དག་གློ་བུར་འཆར། །དེ་བཞིན་དུ། དང་པོར་ཐོག་མཐའ་ལས་གྲོལ་བའི། །དབུ་མ་ཙམ་ལ་ཡང་དག་གནས། །གང་ཞིག་དེར་གནས་འདོར་བ་དེ། །འདི་ཡི་སྣང་བ་བཅུ་བདག་ཉིད། །ཅེས་པའོ། །འདིར་བསོད་ནམས་དང་ལྡན་པ་རྣམས་ཀྱིས། བླ་མ་ཆེན་པོ་བཀའ་དྲིན་ལས་བར་སྣང་ལ་ཁོང་དུ་ཆུད་པ་དཔེར་བརྗོད་པའོ། །འདི་ཉིད་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱི་རྡོ་རྗེའི་གླུ་ཀུན་རྫོབ་དང་དོན་དམ་པའི་ཚིག་གིས་རབ་ཏུ་གསུངས་ཏེ། དཔལ་ལྡན་དཔའ་བོས་ར་ཧས་གསུངས་པ། རྨོངས་པ་ནམ་མཁའི་ཚད་མ་ནི། །གལ་ཏེ་ཤེས་ན་རྨོངས་ཚོགས་གཅོད། །དང་པོར་རྣམ་དག་ནམ་མཁའ་ལ། །བལྟ་ཞིང་བལྟ་བས་མཐོང་བ་འགག །དེ་བཞིན་དུ། མང་པོ་སྨྲ་བས་ཅི་ཞིག་བྱ། །ཆོས་ཀྱི་མཚན་ནི་འདི་ཡིས་ཆོག །མིག་བྱེད་གྱེན་དུ་བལྟ་བ་ན། །མཐོང་བ་བརྟེན་པ་ཉིད་ཀྱིས་ཤེས། །རྨད་བྱུང་ནམ་མཁའི་དཀྱིལ་འཁོར་ཤར་རོ་བྷུ་སུ་ཀཱུ། །སྟོང་ཉིད་གཟུགས་མཛེས་ལྟོས་ཤིག་བྷུ་སུ་ཀཱུ། །དཔེ་མེད་མེ་ཏོག་ཤར་རོ་བྷུ་སུ་ཀཱུ། །རིན་ཆེན་རིན་ཐང་མེད་པའི་མེ་ཏོག་ལོང༌། །མེ་ཏོག་འདི་ནི་ཁ་དོག་སྣ་ཚོགས་ཅན། །མེ་ཏོག་འདི་ནི་སྟོང་ཉིད་དགོན་པར་སྐྱེས། །དེ་བཞིན་དུ། ལཱ་མཱ་ནམ་མཁའི་མེ་ཏོག་ཤར། །རབ་ཏུ་མི་གནས་ལྕི་བའོ། །བལྟ་ཞིང་བལྟ་བས་ནམ་ལངས་ཀྱང༌། །ཤཱནྟི་སྒྲོན་མས་ལམ་ཚོལ་ལོ། །དེ་བཞིན་དུ། སྐྱ་རེངས་ཤར་རོ་བྷུ་སུ་ཀཱུ། །ཤཱནྟི་ས་སྨྲས་པ་ནམ་ལངས་ཐུན། །གང་ཚེ་ཟླ་བ་ཉ་བ་ཤར་གྱུར་པ། །དེ་ཚེ་སེམས་ཀྱི་རྒྱལ་པོ་རབ་ཏུ་ཉལ། །དགའ་དང་སྙིང་རྗེའི་ཌ་མ་རུ་ཡི་སྒྲ། །


DTG013_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཕགས་པ་ལྷ་ཡི་དམིགས་པ་མེད་པ་གསལ། །གཡོན་དང་གཡས་སུ་ཁྲལ་བ་ལ། །ཀཧྣས་སྨྲས་པ་བར་ལམ་མོ། །སེམས་རྟོགས་རིན་ཆེན་རབ་དགས་གྲོལ། །གྲོང་ཁྱེར་མིས་སྨྲ་རྨོངས་པ་རྣམས། །མེ་ཏོག་ལྔ་བྱུང་དེ་རུ་ཐིམ། །དགའ་བའི་སེམས་ཉིད་ནམ་མཁའ་བྱིན། །དེ་བཞིན་དུ། རྨད་དུ་བྱུང་བ་གང་ཞིག་མཐུན་ལས་བྱུང༌། །གང་ཞིག་ཉི་ཟླ་བཅིངས་ཤིང་སྒྲོན་མེ་སྦར། །ཤཱནྟི་རང་ཉིད་དཔང་བཞག་རང་ཉིད་རྒོད། །ནམ་མཁའི་སྒྲུམ་མ་ལ་ནི་སྐྱེ་བ་མཐོང༌། །སླར་ཡང༌། ཟབ་མོའི་ཆོས་ཐོས་ནས་ནི་ལམ་ངན་པ། །མུན་པའི་ལམ་ལ་ཅི་ཡང་མཐོང་བ་མེད། །གལ་ཏེ་ནམ་མཁའ་རྩེ་མོར་མེ་ཏོག་བྱུང༌། །ཤཱནྟི་ས་སྨྲས་པ་དེ་ཚེ་འཁྲུལ་བ་ཞིག །གཞན་རྣམས་ཀྱིས་ཀྱང་གསུངས་པ། བར་སྣང་ལ་ནི་ཡིད་དང་རླུང་དང་མིག །དུས་གཅིག་ཏུ་ནི་གལ་ཏེ་ལེགས་སྦྱར་ན། །རྒྱལ་པའི་ཡོན་ཏན་རིན་ཆེན་ངེས་པར་སྐྱེས། །འདི་རྣམས་མཐའ་དག་དེ་བཞིན་གཤེགས་པའི་གསུང༌། །སྣ་ཚོགས་རྣམ་རྟོག་བྲལ་ཞིང་མི་སེམས་པར། །གལ་ཏེ་བར་སྣང་ལ་ནི་མིག་གཏད་ན། །ཕྱོགས་བཅུའི་འཇིག་རྟེན་དག་ནི་ཡིན་ནམ་སྙམ། །རྣལ་འབྱོར་དབང་ཕྱུག་མཐའ་དག་འདི་ལས་ཐོབ། །དེ་བཞིན་དུ། རང་ཡིད་མཚན་ཉིད་མཐའ་དག་དྲལ་བ་ཡིས། །མིག་ཕྱེད་གྱེན་དུ་ལྟ་བ་དང་བཅས་པས། །གང་ཆོ་དབུ་མར་རླུང་ནི་བུས་གྱུར་པ། །དེ་ཚེ་རྡོ་རྗེའི་མེ་དང་དུ་བ་བྱུང༌། །ཞེས་པའོ། །དེའི་ཕྱིར་སངས་རྒྱས་ཉིད་དོན་དུ་གཉེར་བས་ཐེ་ཚོམ་མེད་པར་དུ་བ་ལ་སོགས་པའི་ལམ་བསྒོམ་པར་བྱའོ། །ཕྱག་རྒྱ་ཆེན་པོ་ཡང་རྟོག་པས་སྒྲོ་བཏགས་པའི་མཚན་མ་མཐའ་དག་གིས་མཚོན་དུ་མེད་པ་མ་ཡིན་ནམ། དེ་བསྒོམ་པར་བྱ་ཞེས་ཅི་ལྟར་བརྗོད་ཅེ་ན། གསུངས་པ། དངོས་མེད་ཅེས་པ་ལ་སོགས་པའོ། །འདིར་དམིགས་པའི་རྣམ་པ་གཉིས་ཏེ། མངོན་སུམ་དང་རྗེས་སུ་དཔག་པའོ། །དེ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་འགྲེལ་པར་ཡང་གསུངས་པ། ལྷའི་དམིགས་པ་གང་ཡིན། འདིར་ནི། མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། །མངོན་སུམ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །མངོན་སུམ་མིན་ན་རྗེས་སུ་དཔག་པ་


DTG013_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤི་བའི་ལུས་བཞིན་དེ་ཉིད་མིན་པ་ཡིས་ནི་བརྟགས་པ་གང༌། །དེ་ནི་རི་མོ་སོགས་ལ་བལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣལ་འབྱོར་རྣམས་ཀྱི་བསྒོམ་པའི་དོན། །འདིར་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་རྣལ་འབྱོར་པ་རྣམས་ཀྱི་ལྷའི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། མངོན་སུམ་དང་རྗེས་སུ་དཔག་པ་དེ་དག་ལས་མངོན་སུམ་རྟོག་པའི་མཆན་མ་མཐའ་དག་བྲལ་བ་བླ་མ་དག་པས་ལམ་ཉེ་བར་བསྟན་པ་ལས་སྐྱེས་པ་གང་ཡིན་པ་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་འགྱུར་ཏེ་སྐར་མའི་ཚོགས་བཞིན་དུ་དུ་མ་ལོངས་སྤྱོད་རྫགས་པའི་སྐུ་ཤ་ལ་སོགས་པའི་མིག་གིས་གཟུང་བར་བྱ་བ་སྲིད་པ་གསུམ་དང་དུས་གསུམ་སྒྱུ་མ་དང་རྨི་ལམ་དང་མཚུངས་པའོ། །འདིར་དང་པོར་ལས་དང་པོ་པའི་རྣལ་འབྱོར་པ་མངོན་པར་ཤེས་པ་མེད་པས་ཤའི་མིག་གིས་སྣ་ཚོགས་མཐོང་ངོ། །དེ་ནས་མངོན་པར་ཤེས་པའི་མཚམས་ཀྱི་དབང་གིས་ལྷའི་མིག་གིས་སོ། །དེ་ནས་འདོད་ཆགས་དང་བྲལ་བའི་མཚམས་ཀྱི་དབང་གིས་སངས་རྒྱས་ཀྱི་སྤྱན་གྱིས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་མཚམས་ཀྱི་དབང་གིས་ཤེས་རབ་ཀྱི་སྤྱན་གྱིས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚམས་ཀྱི་དབང་གིས་ཡེ་ཤེས་ཀྱི་སྤྱན་གྱིས་ཏེ། ལྷག་མ་ཀུན་ལས་རྣམ་གྲོལ་བ། །ཞེས་པའོ། །དེ་ལྟར་དེ་བཞིན་གཤེགས་པའི་ཤ་ལ་སོགས་པའི་སྤྱན་ལྔ་པོ་རྣམས་སྟོང་པ་ཉིད་གཟིགས་པ་གསུངས་ཏེ། སེམས་ཅན་གཞན་རྣམས་ནི་སྟོང་པ་ཉིད་ལྟ་བའི་ཡུལ་ལ་དམུས་ལོང་ངོ་ཞེས་པ་དེ་ཁོ་ན་སྒོམ་པའི་ངེས་པའོ། །དེ་ཁོ་ན་མ་ཡིན་པའི་སྒྲུབ་པ་ལ་སླར་ཡང༌། མངོན་སུམ་མིན་ན་རྗེས་སུ་དཔག་པ་ཤི་བའི་ལུས་དེ་ཉིད་མིན་པས་ནི་བརྟགས་པ་གང༌། དེ་ནི་རི་མོ་སོགས་ལ་བལྟ་བྱ་ཞེས་པ་དེ་ཁོ་ན་མཐོང་བ་མེད་པའི་དབང་གིས་ཐམས་ཅད་དུ་ཤི་བའི་ལུས་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རི་མོ་དང་སྐུ་གཟུགས་བྱས་པ་དང་ལུགས་མའམ་དཀྱིལ་འཁོར་གྱི་འཁོར་ལོ་བྲིས་ནས་ངེས་པའི་རྣམ་པར་བལྟ་བ་བྱ་སྟེ། བྱིས་པའི་རྣལ་འབྱོར་པ་དམན་པ་རྣམས་ཀྱི་བསྒོམ་པའི་དོན་དུའོ་ཞེས་པ་


DTG013_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམ་པར་རྟོག་པའི་སྒོམ་པའི་ངེས་པའོ་ཞེས་པའོ། །དེའི་ཕྱིར་དངོས་མེད་སྤྲིན་མེད་པའི་ནམ་མཁའ་གཟུགས་རྨི་ལམ་དང་སྒྱུ་མ་ལ་སོགས་པ་ལྟར་སོ་སོར་སྡུད་པས་མཐོང་བ་ལ་སྒོམ་པ་བསམ་གཏན་གྱི་ཡན་ལག་སོ་སོར་བཅིངས་པས་དུས་གསུམ་དང་ཁམས་གསུམ་པ་རབ་ཏུ་གསལ་བའི་བདག་ཉིད་རྣལ་འབྱོར་བའི་རང་གི་སེམས་སོ་སོར་རང་གིས་རིག་པར་བྱ་བ་རབ་ཏུ་འཇུག་པ་གང་ཡིན་པ་དེ་ནི་རྣལ་འབྱོར་བའི་རྟོག་པའི་སྒོམ་པ་མ་ཡིན་ཏེ། ཡུལ་དང་རྣམ་པར་ཤེས་པ་ལ་སོགས་པ་ཡོད་པ་དང་མེད་པ་དང་དངོས་པོ་མེད་པ་ལ་སོགས་པ་རྣམ་པར་རྟོག་པའི་དྲ་བ་མཐའ་དག་དང་སྲོག་གི་རླུང་རྣམས་ཀྱི་རྩོལ་བ་ཉེ་བར་ཞི་བ་ཉིད་ལས་དུས་གསུམ་དང་ཁམས་གསུམ་པ་གསལ་བར་རབ་ཏུ་སྣང་བ་འབྱུང་བའི་ཕྱིར་རོ། །འཕགས་པ་ལྷའི་ཞབས་རྣམས་ཀྱིས་ཀྱང་གསུངས་པ། བཅོམ་ལྡན་སྲོག་གི་ལྷག་པའི་བདག་པོ་རྗེ་བོ་བདག་ཉིད་ལ་ནི་ཐིམ་འགྱུར་ཞིང༌། །འཚོ་བའི་རླུང་གི་རྒྱུ་བ་འབྱུང་དང་འཇུག་པའི་ཚོགས་རབ་ཞི་བར་གྱུར་པ་ན། །གང་ཞིག་རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་འོད་གསལ་སྐར་མའི་སྣང་བ་རབ་འབྱམས་འདི། །རང་ལུས་ཉིད་ལས་ངེས་ཐོན་མུན་པ་བཅོམ་ནས་འཇིག་རྟེན་གསུམ་པོ་གནོན་པར་བྱེད། །ཅེས་པའོ། །ས་ར་ཧའི་ཞབས་ཀྱིས་ཀྱང༌། རྟོག་པ་ཉམས་པས་བློ་ཉམས་ཏེ། །བློ་ངན་རྗེས་སུ་རྟོགས་བྱེད་ལོ། །འདི་ཉིད་ལས་ནི་བློ་བཟང་ལ། །ནམ་མཁའ་ལས་ལྷག་ཅི་ཡང་འབྱུང༌། །སྔོན་མེད་དཔྱིད་བྱུང་ནམ་མཁའི་མེ་ཏོག་འབྲས། །ལག་པས་འཐོག་རེག་བྱར་མེད་ས་ཝ་རི། །མིག་མི་འཛུམས་པར་བལྟ་དང་མི་བསམ་དང༌། །རླུང་འགོག་པ་ནི་བླ་མ་དམ་པའི་གསུང༌། །ཞེས་པའོ། །སེམས་ཀྱི་དུས་གསུམ་པའི་སྣ་ཚོགས་གཟུགས་ཀྱང་དངོས་པོ་མ་ཡིན་ཏེ། དེ་རྣམས་འདས་པ་ལ་སོགས་པའི་དངོས་པོའི་ངོ་བོ་ཉིད་དུ་མེད་པའི་ཕྱིར་དང་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །སེམས་ཀྱི་འདས་པ་ལ་སོགས་པའི་དངོས་པོ་མེད་པ་ཡང་ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་དངོས་མེད་ཁོ་ན་མིན་ཏེ། ཅིའི་ཕྱིར་ཞེ་ན་གསུངས་པ། སྟོང་པར་མ་བརྟགས་མཐོང་ཕྱིར་རོ། །ཞེས་པ་སྟེ་གང་གི་ཕྱིར་སྟོང་པར་ཏེ། སྣ་ཚོགས་གཟུགས་


DTG013_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་རྣམ་པའི་སེམས་ལམ་བརྟགས་ཏེ། རྟོག་པ་མཐའ་དག་དང་བྲལ་བར་མཐོང་བ་སྟེ་མངོན་སུམ་དུ་ཡང་དག་པར་རིག་པ་བསྙོན་མི་ནུས་པར་ཉམས་སུ་མྱོང་བ་ཉིད་ཀྱི་ཕྱིར་རོ། །རྩ་བའི་རྒྱུད་དུ་ཡང་གསུངས་པ། ཡོད་དང་མེད་ལས་རྣམ་པར་འདས། །གཉིས་མེད་དངོས་བོ་དངོས་མེད་ཟད། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །སྟོང་པ་ཉིད་ཆོས་རྣམ་པར་སྤངས། །རྟག་དང་ཆད་ལས་ངེས་པར་གྲོལ། །རྡོ་རྗེའི་རྣལ་འབྱོར་རིགས་མེད་པ། །ཞེས་པའོ། །ས་ར་ཧའི་ཞབས་ཀྱིས་ཀྱང༌། ཐམས་ཅད་དངོས་པོར་རྟོགས་པ་དང་ལྡན་གཡོ་བའི་ཡིད་ནི་འཁོར་བ་འདིར། །གཡང་སར་རབ་ཏུ་ལྷུང་འགྱུར་བློ་ཡང་རྨོངས་པར་རབ་ཏུ་ལྷུང་བར་འགྱུར། །གལ་ཏེ་འདིར་ནི་གང་ལས་དམིགས་པའི་དོན་མེད་ཆོས་རྣམས་རྟག་རེངས་པར། །གྱུར་པ་དེ་ཆེ་ལྷ་མོ་ཕྱག་འཚལ་བདེ་བ་དམ་པ་དཔལ་གྱི་མཐུ། །ཞེས་པའོ། །རྣམ་པར་མ་བརྟགས་པར་མཐོང་བ་གྲུབ་པའི་དོན་དང་རྗེས་སུ་མཐུན་པའི་དཔེ་གསུངས་པ། ཇི་ལྟར་པྲ་ཕབ་པ་ཞེས་པ་ལ་སོགས་པའོ། །པྲ་ཕབ་པའི་སྒྲས་སྒྲུབ་པ་པོས་མ་བསམས་པ་མེ་ལོང་ལ་སོགས་པ་རྣམས་ལ་རབ་ཏུ་གསལ་བར་གྱུར་པའི་དོན་བརྗོད་དེ་དེ་ནི་མེ་ལོང་ལ་ཞེས་པ་མེ་ལོང་ལ་དངོས་མེད་སྐྱེས་པའི་ཆོམ་རྐུན་ལ་སོགས་པ་བེམས་པོའི་ཆོས་ཉིད་མ་ཡིན་པ་མཐོང་བའོ། །པྲ་དབབ་པ་ལ་འཇུག་པའི་རྒྱུད་དུ། ཕུར་བུའི་མེ་ལོང་དང༌། རལ་གྲིའམ་མཐེ་བོ་དང༌། མར་མེ་དང༌། ཟླ་བ་དང༌། ཉི་མ་དང༌། ཆུ་དང༌། ཐབས་དང༌། མིག་སྟེ་བརྒྱད་རྣམས་ལ་པྲ་དབབ་པ་འཇུག་པར་གསུངས་སོ། །དེ་བཞིན་འདས་དང་མ་འོངས་ཆོས། །མཁའ་ལ་སྟོང་པ་རྣམ་པ་ཐམས་ཅད་པའི། །གཟུགས་ལ་དེ་ཉིད་རྣལ་འབྱོར་པ། །རྣམ་པར་རྟོག་པ་མེད་པའི་ལམ་ཐོབ་པས་མཐོང་བར་འགྱུར་རོ། །འདི་ལས་པྲ་ཕབ་པ་ལས་དངོས་པོ་རབ་ཏུ་གསལ་བའི་མཚན་ཉིད་གང་ཡིན་པ་དེ་དངོས་མེད་འགྱུར་ཏེ་དངོས་པོ་མ་ཡིན་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གསུངས་པ། དངོས་པོ་སྟོང་པའི་དོན་མཐོང་ཕྱིར། །ཞེས་པའོ། །དངོས་པོ་རྡུ་ལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱིས་སྟོད་པ་རྣམ་པར་བྲལ་བ་སྟེ། དེ་ཡང་དོན་དེའི་རབ་ཏུ་གསལ་བའི་མཚན་ཉིད་འདི་མཐོང་བ་རྣམ་པར་རྟོག་པ་མེད་པར་མངོན་


DTG013_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུམ་དུ་དམིགས་པའི་ཕྱིར་རོ། །དངོས་པོ་རྡུལ་ཕྲན་ཚོགས་པའི་བདག་ཉིད་འདས་པ་ལ་སོགས་པའི་དངོས་མེད་དོན་རབ་ཏུ་གསལ་བའི་མཚན་ཉིད་ཡོད་པ་དཔེར་ན་འཇིག་རྟེན་པ་ཉིད་ཀྱིས་དངོས་པོ་མེད་ཀྱང་དོན་མཐོང་བ་སྒྱུ་མ་རྨི་ལམ་མིག་འཕྲུལ་བཞིན་ནོ། །དོན་འདི་ཉིད་གསུངས་པ། མེད་པའི་ཞེས་པ་ལ་སོགས་པའོ། །རྣམ་པར་རྟོག་པ་དང་བྲལ་ཞིང་འཁྲུལ་པ་མེད་པའི་ཡེ་ཤེས་སྐྱེ་བ་དེ་ཡང་རྣམ་པ་ཐམས་ཅད་པ་སྟེ། འགྲོ་བའི་དོན་ཕུན་སུམ་ཚོགས་པ་བྱེད་པ་ཉིད་ཀྱི་ཕྱིར་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །གང་དམིགས་པ་དེ་འགྲོ་བའི་དོན་བྱེད་པ་མ་ཡིན་ནམ། ཡུལ་མེད་ན་ཅི་ལྟར་བསྐྱེད་ཅེ་ན། དཔེ་དག་པ་གསུངས་པ། པྲ་ཕབ་པའི་ཞེས་པ་ལ་སོགས་པའོ། །གནས་འདིར་སྔོན་མ་མཐོང་བའི་རྐུན་པོ་ལ་སོགས་པ་པྲ་ཕབ་པའི་གཞོན་ནུ་མས་སྔགས་ཀྱིས་བྱིན་གྱིས་བརླབས་པའི་མིག་གིས་མཐོང་བ་སྟེ། སྒྲུབ་པ་པོའི་སྐྱེས་བུ་ནི་གནས་དེར་སོང་ནས་གཞོན་ནུ་མས་སྨྲས་པ། ཐུན་མོང་བའི་མིག་དག་གིས་མཐོང་བར་འགྱུར་རོ། །བསམ་པ་ནི་འདི་ཡིན་ཏེ་རྣལ་འབྱོར་པའི་དངོས་གྲུབ་འཛག་པ་མེད་པའི་བྱང་ཆུབ་ཀྱི་སེམས་ཟླ་བ་ཉེ་བར་བསྟན་པ་སོ་སོའི་སྐྱེ་བོས་རྟོགས་པར་བྱ་བ་མ་ཡིན་པ་འཇིག་རྟེན་ལས་འདས་པའི་དེ་ཁོ་ན་ཉེ་བར་བསྟན་པའི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་བློ་དང་མིག་གིས་གཞོན་ནུ་མའི་བཞིན་དུ་ནམ་མཁའ་ལ་མཐོང་བར་འགྱུར་རོ། །དེ་ཡང་ཡོད་པ་དང་མེད་པ་ལ་སོགས་པ་སྤྲོས་པ་ཐམས་ཅད་ཀྱིས་སྤོས་པ་དང་བྲལ་བའོ་ཞེས་གསུངས་པ་གལ་ཏེ་ཞེས་པ་ལ་སོགས་པའོ། །གཞན་གྱི་མིག་དང་དཔྲལ་བ་ལ་སོགས་པར་བསྒོམས་པ་དང་རང་གི་མིག་དག་གིས་གཞན་མཐོང་བ་མེད་པའི་ཕྱིར་པྲ་ཕབ་པའི་དཔེ་འདིས་རྣལ་འབྱོར་པའི་མངོན་སུམ་རྣམ་པ་ཐམས་ཅད་དུ་རང་གི་དངོས་པོ་དངོས་པོ་མེད་པ་ལས་མ་སྐྱེས་པ་རྨི་ལམ་དུ་གཞོན་ནུ་མའི་བུ་དམིགས་པ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གྲུབ་བོ། །ཏིང་ངེ་འཛིན་རྒྱལ་པོའི་མདོར་ཡང་གསུངས་པ། ཇི་ལྟར་རྨི་ལམ་ནང་འདིར་གཞོན་ནུ་མ། །དེ་ཡི་བུ་ནི་སྐྱེ་དང་འཆི་བའང་མཐོང༌། །སྐྱེས་ཞེས་དགའ་དང་ཤི་ན་མྱ་ངན་གནས། །དེ་བཞིན་ཆོས་རྣམས་ཐམས་ཅད་ཉེ་བར་འཇལ། །ཞེས་


DTG013_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོ། །གཞོན་ནུ་མས་སྐྱེ་བ་མེད་པ་སྐྱེས་པར་མཐོང་བ་གང་ཡིན་པ་དང་ལྡན་པ་གང་ཡིན་པ་དེ་ཇི་ལྟར་སྐྱེས་པ་བཞིན་དུ་དེའི་སྐྱེད་པར་བྱེད་པའོ་ཞེས་པའི་དོན་ཏོ། །སྲོག་རྩོལ་གསུངས་པ། གཟུགས་བརྙན་མཐོང་ན་ཞེས་པ་ལ་སོགས་པའོ། །རྨི་ལམ་དང་སྒྱུ་མ་ཅི་འདྲ་བ་དེ་འདྲའི་གཟུགས་བརྙན་རྣམ་པ་ཐམས་ཅད་པའི་གཟུགས་མཐོང་བར་གྱུར་ན་དེ་ནས་དེའི་བར་མ་ཆད་པར་སྲོག་རྩོལ་སྲོག་དང་ཐུར་སེལ་གྱི་རླུང་དག་དགང་བ་དང་བུམ་པ་ཅན་དང་དབྱུང་བའི་སྦྱོར་བས་འགོག་པ་བར་མ་ཆད་པར་ཏེ་རྒྱུན་མི་འཆད་པར་བྱའོ། །གང་དུ་ཞེ་ན། གསུངས་པ། སྟེང་འོག་ཅེས་པ་ལ་སོགས་པའོ། །ལྟེ་བའི་སྟེང་དང་འོག་ཏུ་ཡང་རྩ་གསུམ་གསུམ་པོ་རྣམས་ལ་རིམ་པ་ཇི་ལྟ་བར་སྲོག་དང་ཐུར་སེལ་གྱི་རླུང་དག་འགོག་པ་སྟེ། སྲོག་དང་ཐུར་སེལ་གྱི་ལུས་ལ་སོགས་པའི་ཁམས་གསུམ་འགོག་པར་བྱེད་པ་ལས་སོ། །ཅི་ལྟར་གྱུར་པ་རྣམས་ལ་ཞེ་ན། གསུངས་པ། ཟླ་ཞེས་པ་ལ་སོགས་པ་སྟེ། །སྟེང་དུ་གཡོན་པ་དང་གཡས་པ་དབུ་མ་རྣམས་དང་འོག་ཏུ་དབུ་མ་དང་གཡོན་པ་དང་གཡས་པ་རྣམས་སུ་ཟླ་བ་དང་ཉི་མ་དང་སྒྲ་གཅན་འབབ་པ་གསུམ་རྣམས་དང་བཤད་བ་དང་གཅི་བ་དང་ཁུ་བ་འབབ་པ་གསུམ་རྣམས་ལའོ། །དེ་བཞིན་དུ། ཆུ་དང་མེ་དང་སྟོང་པ་འབབ་པ་རྣམས་དང་ས་དང་རླུང་དང་ཡེ་ཤེས་འབབ་པ་རྣམས་ལ་སྟེ། །གཞན་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་སྐྱེ་གནས་ལས་སྐྱེས་པ་རྣམས་ལའོ། །གང་ཞིག་ཅེས་པ་ལ་སོགས་པ་ལ་སྟེང་དུ་ཟླ་བ་ལ་སོགས་པའི་རྩ་གསུམ་ལུས་དང་ངག་དང་སེམས་ཏེ་འོག་ཏུ་བཤད་བ་ལ་སོགས་པའི་རྩ་གསུམ་ལུས་དང་ངག་དང་སེམས་རྣམས་སོ། །རིགས་དྲུག་པོ་འདི་རྣམས་ཀྱི་རྟོགས་པ་གསུངས་པ། ཟླ་བ་ཞེས་པ་ལ་སོགས་པའོ། །ཟླ་བ་ནི་ཆུའི་ཁམས་ཏེ་ཐབས་ཀྱི་ཁུ་བའི་ཁམས་ཀྱི་སྐུར་འགྱུར་རོ། །ཉིན་མོར་བྱེད་པ་ནི་མེའི་ཁམས་ཏེ་ཤེས་རབ་རྡུལ་གྱི་ཁམས་ཀྱིས་གསུང་དུ་འགྱུར་རོ། །རྡུལ་གྱི་ཁམས་ཉིད་ཀྱི་སྐུ་ནི་བཤང་བའི་རྩའོ། །གཅི་བ་འབབ་མ་གཙོ་བོ་ཁུ་བའི་ཁམས་ཀྱི་གསུང་ངོ༌། །སྟེང་འོག་ཅེས་པ་ལ་སྒྲ་གཅན་འབབ་མཁུ་བའི་ཁམས་ཀྱི་ཐུགས་སོ། །ཁུ་བ་འབབ་མ་རྡུལ་གྱི་ཁམས་ཀྱི་ཐུགས་སོ། །སྟེང་


DTG013_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འོ་ག་རིགས་དྲུག་ཅེས་པ་ལ་ཆུ་དང་རླུང་དང་ནམ་མཁའ་འབབ་པ་རྣམས་ཐབས་ཀྱི་ཡན་ལག་ལས་སོ། །ས་དང་མེ་དང་ཡེ་ཤེས་འབབ་པ་རྣམས་ཤེས་རབ་ཀྱི་ཡན་ལག་ལས་སོ། །ཕྱེད་དང་བཅས་པའི་ཟླ་བ་བཅུ་དང་ལྡན་པའི་ལོ་དགུ་བཅུ་རྩ་དྲུག་གི་ནང་དུ་འཆི་བ་དེ་འཆད་པར་འགྱུར་བའི་ངེས་པ་ལས་འཆི་ལྟས་སུ་འགྱུར་ཏེ། སྟེང་དང་འོག་ཏུ་ཡང་ལྷག་པའི་རླུང་འབབ་པ་རྣམས་ཀྱིས་སོ། །གང་དག་ལ་ཞེ་ན། གསུངས་པ། ལུས་ངག་རྩ་དག་ལ་སྟེ་ཇི་ལྟར་རིགས་པར་ལ་ལ་ནཱ་དང་ར་ས་ནཱ་དག་དང་བཤང་བ་དང་གཅི་བའི་རྩལ་ཡང་ངོ༌། །གང་གི་ཚེ་འོག་ཏུ་བཤད་པའི་རྩ་འགགས་པར་གྱུར་པ་དེའི་ཆོས་སྟེང་དུ་གཡོན་པའི་རྩལ་འཆི་ལྟས་སུ་འགྱུར་རོ། །གང་གི་ཚེ་འོག་ཏུ་གཅི་པའི་རྩ་འགགས་པར་གྱུར་པ་དེའི་ཚེ་སྟེང་དུ་གཡས་པའི་རྩ་ལ་འཆི་ལྟས་སུ་འགྱུར་རོ། །འདི་ཡང་སྤྲོས་པས་འཆད་པར་འགྱུར་རོ། །མུན་ཅན་ཞེས་པ་ལ་སོགས་པ་མ་དོར་བསྟན་པ་སྟེ་དེའི་རྒྱས་པར་བཤད་པ་སྐྱེ་དང་ཞེས་པ་ལ་སོགས་པའོ། །མུན་ཅན་མ་དང་ཁུ་བ་འབབ་མ་དག་ལ་ཡང་འཆི་ལྟས་སུ་མི་འགྱུར་རམ་ཞེ་ན། མུན་ཅན་ཁུ་བ་འབབ་མ་དག་གི་རླུང་ལ་སྐྱེ་བ་མངལ་ནས་འབྱུང་བ་དང་ནི་འཆི་དང་གནས་པ་རང་གནས་པའོ། །ཁུ་བ་འབབ་པ་འབའ་ཞིག་མ་ཡིན་གྱི་ཨ་ཝ་དྷཱུ་ཏཱི་ཡང་སྐྱེ་བ་ལ་སོགས་པའི་དུས་གསུམ་དུ་འབབ་བོ། །དུས་སྦྱོར་བཅུ་གཉིས་འཁོར་བ་མཚུངས་པའི་ཕྱིར་ཉི་མ་སྟེ། སྲོག་གི་རླུང་གི་ལུག་ལ་སོགས་པའི་དུས་སྦྱོར་གྱི་བདག་ཉིད་སྣ་བུག་གཡོན་པ་ལས་གླང་ལ་སོགས་པའི་དུས་སྦྱོར་གྱི་བདག་ཉིད་སྣ་བུག་གཡས་པར་འཕོ་བའི་མཚམས་སུ་མཉམ་པར་སྦྱོར་བ་ལ་ཡང་དབུ་མ་ཅུང་ཟད་འབབ་པོ། །དེ་རྒྱས་པར་བཤད་པ་དུས་སྦྱོར་འཆར་བའི་ཞེས་པ་ལ་སོགས་པ་སྟེ། ཟླ་བ་དང་ཉི་མ་དག་མཉམ་པར་འབབ་པའི་ཕྱིར་མཉམ་པའོ། །མཉམ་པའི་གྲངས་གསུངས་པ། རྐང་པ་དང་བཅས་ཞེས་པ་ལ་སོགས་པ་སྟེ། དུས་སྦྱོར་གཅིག་འཆར་བའི་མངོན་མཚམས་སུ་འཇུག་པ་དང་འབྱུང་བདག་གཅིག་ཏུ་བྱས་པ་ལ་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་འབབ་པོ། །དེ་བཞིན་དུ་ཉིན་མཚན་གྱི་དུས་སྦྱོར་བཅུ་གཉིས་ཀྱི་མཚམས་སུ་འབྱུང་བ་དང་འཇུག་པ་བདུན་ཅུ་རྩ་ལྔ་ལྷག་པའི་དྲུག་བརྒྱ་འབབ་བོ། །


DTG013_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་ཅན་ཐམས་ཅད་ཀྱི་ལུས་ལ་དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་བདུན་ཅུ་རྩ་ལྔ་ལྷག་པའི་དྲུག་བརྒྱའོ། །འདིས་དམན་པ་གང་ཡིན་པ་དེ་རྣམས་ལ་ལ་ནཱ་དང་ར་ས་ནཱ་ར་འབབ་པོ། །ཉིན་ཞག་སོ་སོར་དབུ་མའི་དབུགས་བདུན་ཅུ་རྩ་ལྔ་ལྷག་པའི་དྲུག་བརྒྱ་པོ་རྣམས་ལོ་བརྒྱའི་ཉིན་ཞག་སྟོང་ཕྲག་སུམ་ཅུ་རྩ་དྲུག་རྣམས་ཀྱིས་བསྒྱུར་ཏེ་དེ་ལས་ཉིན་ཞག་གི་དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣམས་ཀྱིས་བགོས་པས་ཐོབ་པ་ཉིན་ཞག་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་རྣམས་སོ། །དེ་རྣམས་ཀྱང་ལོའི་ཉིན་ཞག་དྲུག་ཅུ་ལྷག་པའི་སུམ་བརྒྱ་རྣམས་ཀྱིས་རྣམ་པར་ཕྱེ་བས་ཕྱོགས་གསུམ་ལྷག་པའི་ལོ་གསུམ་རྣམས་སུ་འགྱུར་རོ། །སྟེང་དུ་གཡོན་པ་གང་ཡིན་པ་དེ་ཉིད་ཟླ་བ་དང་བརྐྱང་མ་དང་ལུག་དང་ཆུ་འབབ་པ་སྟེ་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་རང་བཞིན་ནོ། །གཡས་པ་ནི་ཉི་མ་དང་སེར་སྐྱ་དང་གཞན་ཞེས་པ་རོ་མ་དང་མེ་འབབ་པ་སྟེ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ནོ། །འོག་ཏུ་དབུ་མ་བཤད་པའི་རྩ་དང་ས་འབབ་པ་སྟེ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །གཡོན་པ་ནི་གཅི་བའི་རྩ་དང་རླུང་འབབ་པ་སྟེ་དོན་ཡོད་བྲུབ་པའི་རང་བཞིན་ནོ། །སྟེང་དུ་དབུ་མ་སྒྲ་གཅན་གྱི་རྩ་དང་སྟོང་པ་འབབ་བ་སྟེ་མི་བསྐྱོད་པའི་རང་བཞིན་ནོ། །དེ་ཉིད་འོག་ཏུ་གཡས་པ་ཁུ་བའི་རྩ་དང་ཡེ་ཤེས་འབབ་པ་སྟེ་རྡོ་རྗེ་སེམས་དཔའི་རང་བཞིན་ནོ། །བཤང་བའི་རྩ་སྟེང་དུ་ཟླ་བའི་ལམ་དང་ལྷན་ཅིག་གཅིག་ཏུ་འགྱུར་ཏེ་བུག་པ་གཅིག་པའི་ཕྱི་རོལ་དེ་བཞིན་དུ་གཅི་བའི་རྩ་ཉི་མ་དང་གཅིག་ཏུ་འགྱུར་རོ། །དེ་བཞིན་དུ་སྐྱེ་བ་ལ་སོགས་པའི་དུས་བཞིར་ཁུ་བ་ལ་འབབ་མ་སྒྲ་གཅན་དང་གཅིག་ཏུ་འགྱུར་རོ། །ལྟེ་བའི་སྟེང་དུ་ཀུན་འདར་མ་གང་ཡིན་པ་དེའི་མིང་གཉིས་ཏེ་ཡིད་བཟང་མ་དང་མུན་པ་འབབ་པའོ། །འོག་ཏུ་ཁུ་བ་འབབ་མ་གང་ཡིན་པ་དེའི་ཡང་མིང་གཉིས་ཏེ་མཁའ་འགྲོ་གདོང་མ་དང་དུང་ཅན་མ་ཞེས་པའོ། །ལྟེ་བ་ལ་སོགས་པ་འདབ་མ་ལྔའི་ལྟེ་བ་རྣམས་སུ་ཨ་ཝ་དྷཱུ་ཏཱིར་སོན་པའི་སྲོག་གི་ནུས་པ་ས་ལ་སོགས་པའི་ཁམས་ལྔ་རྣམས་འབབ་པའི་རིམ་པས་འབྱུང་བར་འགྱུར་རོ། །དེ་ལ་ལྟེ་བའི་ཆུ་སྐྱེས་ལ་སའི་ཡོན་ཏན་ལྔ་སྟེ་དྲི་དང་གཟུགས་དང་རོ་དང་རེག་བྱ་དང་སྒྲའི་མཚན་ཉིད་རྣམས་སོ། །སྙིང་


DTG013_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གའི་ཆུ་སྐྱེས་ལ་ཆུའི་ཡོན་ཏན་བཞི་སྟེ་གཟུགས་དང་རོ་དང་རེག་བྱ་དང་སྒྲའི་མཚན་ཉིད་རྣམས་སོ། །མགྲིན་པའི་ཆུ་སྐྱེས་ལ་མེའི་ཡོན་ཏན་གསུམ་སྟེ་རོ་དང་རེག་བྱ་དང་སྒྲའི་མཚན་ཉིད་རྣམས་སོ། །དཔྲལ་བའི་ཆུ་སྐྱེས་ལ་རླུང་གི་ཡོན་ཏན་གཉིས་ཏེ་རེག་བྱ་དང་སྒྲའི་མཚན་ཉིད་དག་གོ །གཙུག་ཏོར་གྱི་ཆུ་སྐྱེས་ལ་སྟོང་པའི་ཡོན་ཏན་གཅིག་སྟེ་སྒྲ་ཙམ་མོ། །འདི་རྣམས་བཟུང་ནས་ཨ་ཝ་དྷཱུ་ཏཱི་འབྱུང་བར་འགྱུར་རོ། །སྡུད་པས་ཞེས་པ་ལ་སོགས་པའི་རིམ་པས་སོ། །དེ་འཕགས་པ་ལྷའི་ཞབས་ཀྱིས་གསུངས་པ། ས་ཡི་ཁམས་ནི་ཆུ་ལ་ཐིམ། །ཆུ་ནི་མེ་ལ་ཐིམ་པར་འགྱུར། །མེ་ནི་ཕྲ་མོའི་ཁམས་ལའོ། །རླུང་ཡང་སེམས་ལ་ཐིམ་པར་འགྱུར། །སེམས་ནི་སེམས་བྱུང་ལ་ཐིམ་འགྱུར། །སེམས་བྱུང་མ་རིག་པ་ལ་སྟེ། །དེ་ཡང་འོད་གསལ་བ་རུ་འགྲོ། །འདི་ནི་སྲིད་པ་གསུམ་དུ་འགག །ཅེས་བ་སྟེ། རླུང་ཕྱི་རོལ་དུ་འབབ་པས་ཁམས་ཟད་པའི་ཡང་ངོ༌། །དེ་ནི་འཇུག་པ་དག་སླར་ཡང་གཙུག་ཏོར་གྱི་པདྨ་ལ་སོགས་པའི་རིམ་པས་ས་ལ་སྟེ་ལྟེ་བའི་པདྨ་ལ་འཇུག་སྟེ་ནི་འཇུག་པར་འགྱུར་རོ། །སྐྱེད་པས་ནི་ནམ་མཁའ་ལ་སོགས་པའི་རིམ་པས་སོ། །འཕགས་པ་ལྷའི་ཞབས་ཀྱིས་ཀྱང་གསུངས་པ། འོད་གསལ་ལས་ནི་སྟོང་པ་ཆེ། །སྟོང་པ་ལས་ཀྱང་ཐབས་བྱུང་ངོ༌། །དེ་ལས་ཤེས་རབ་སྐྱེ་བར་འགྱུར། །དེ་ལས་རླུང་ནི་ཡང་དག་འབྱུང༌། །རླུང་ལས་མེ་ནི་འབྱུང་བར་འགྱུར། །མེ་ལས་ཆུ་ནི་ཡང་དག་འབྱུང༌། །ཆུ་ལས་ཀྱང་ནི་ས་སྐྱེས་འགྱུར། །འདི་ནི་སེམས་ཅན་རྣམས་འབྱུང་བའོ། །ཞེས་པ་སྟེ། ནང་དུ་འབབ་པས་ལས་ཀྱི་ཁམས་འཕེལ་བའི་ཕྱིར་ཡང་ངོ༌། །དེ་ལྟར་ཨ་ཝ་དྷཱུ་ཏཱིར་འགྲོ་བ་དང་འོང་བ་ན་ལྟེ་བ་ནས་ལྟེ་བའི་དབུས་སུ་ཡིན་གྱི་ཡོངས་སུ་ལྷག་པར་འགྱུར་བའི་ཕྱིར་ལ་ལ་ནཱ་དག་གི་པདྨའི་འདབ་མ་རྣམས་ལ་འགྲོ་བ་དང་འོད་བ་ནི་མ་ཡིན་ནོ། །འོག་ཏུ་ལྟེ་གསང་ནོར་བུའི་ཆུ་སྐྱེས་ལ། དུང་ཅན་མའི་ལུས་ངག་སེམས་རྣམས་འབབ་པ་ནི་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་ཡོན་ཏན་གསུམ་དང་གཉིས་དང་གཅིག་གི་བདག་ཉིད་སྡུད་པའི་རིམ་པས་འབྱུང་བ་དང་སྐྱེད་པས་འཇུག་པའོ། །དུང་ཅན་མ་


DTG013_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདི་ཉིད་བུད་མེད་བདེ་བ་ལས་ཏེ་ཤིན་ཏུ་དགའ་བ་ཆགས་པའི་བདེ་བ་ལས་ཁུ་བ་འབབ་བོ། །དུས་རྟག་ཏུ་སྡེ་རྡུལ་འབྱུང་བའི་དུས་སུ་དེ་ཉིད་ཁྲག་འབབ་བོ། །ནུབ་དང་ཤར་དུ་ཞེས་པ་ལ་སོགས་པས་འཆད་པར་འགྱུར་བ་ཤེས་རབ་དང་ཐབས་འཁྱུད་པའི་མདོར་བསྟན་པ་ཤེས་རབ་ཅེས་པ་ལ་སོགས་པའོ། །སྟེང་དུ་སྲོག་ལ་གཡས་དང་གཡོན་དག་སྟེ་གཡས་དང་གཡོན་པ་དང་ཤེས་རབ་ཐབས་དང་དངོས་ཡན་ལག་གོ །འོག་ཏུ་ཐུར་སེལ་ལ་གཡས་པ་དང་གཡོན་པ་དག་གོ །འོག་དང་སྟེང་དུ་རྡུལ་དང་ཁུ་བ་འབབ་པ་དག་གོ །བུད་མེད་རྣམས་ཀྱི་དུང་ཅན་མ་ཉིང་རྡུལ་གྱི་དུས་སུ་རྡུལ་འབབ་པའི་ཕྱིར་གཏུམ་མོ་ཞེས་བརྗོད་དེ་དེ་ཉིད་ཁུ་བ་འབབ་པའི་ཕྱིར་མཁའ་འགྲོ་གདོང་མའོ། །སྟེང་དུ་བུད་མེད་རྣམས་ཀྱི་ཨ་ཝ་དྷཱུ་ཏཱིའི་དུས་སུ་སྟེ་རྡུལ་གྱི་དུས་སུ་རྡུལ་འབབ་པའི་ཕྱིར་གཡུང་མོ་ཞེས་བརྗོད་དོ། །སྐྱེས་བུའི་དུས་སུ་སྟེ་ཁུ་བ་བགྲོད་པའི་དུས་སུ་ཀུན་འདར་མ་ཞེས་བརྗོད་དོ། །གཡོན་པ་དང་གཡས་པའི་སྣ་བུག་དག་ལ་དཀྱིལ་འཁོར་འཆར་བར་གསུངས་པ། རྣམ་ཤེས་ལ་སོགས་པ་ལ་སོགས་པའོ། །རྣམ་པར་ཤེས་པ་ལ་སོགས་པ་བསྐྱེད་པའི་རིམ་པ་དང༌། ས་ལ་སོགས་པ་སྡུད་པའི་རིམ་པས་ཏེ། སྣ་བུག་གཡོན་པ་ལ་འཆད་པར་འགྱུར་བའི་རིམ་པས་རྣམ་པར་ཤེས་པ་དང་འདུ་བྱེད་དང༌། ཚོར་བ་དང་འདུ་ཤེས་དང༌། གཟུགས་ཞེས་བྱ་བའི་ཕུང་པོ་ལྔ་འབབ་པོ། །དེ་བཞིན་དུ་གཡས་པ་ལ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཞེས་བྱ་བའི་ཁམས་ལྔ་འབབ་པོ། །དབུས་སུ་སྟེ་དབུ་མའི་ལམ་དུ་དྲུག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་སོགས་པའི་དཀྱིལ་འཁོར་ལྔ་ལས་དཀྱིལ་འཁོར་སོ་སོའི་དབུགས་རྐང་པ་དང་བཅས་པའི་བཅུ་གཅིག་བཟུང་ནས་དབུགས་རྐང་པ་དང་བཅས་པའི་ལྔ་བཅུ་ཙ་དྲུག་གི་བདག་ཉིད་འབབ་པོ། །གཡོན་པ་དང་གཡས་པ་དབུ་མའི་རྩ་འདི་རྣམ་ལ་ཉིན་མཚན་གྱི་དཀྱིལ་འཁོར་དྲུག་ཅུ་འབབ་པོ། །དེ་ལ་ལྟེ་བའི་པདྨའི་འདབ་མའི་གཡོན་གྱི་འདབ་མ་དྲུག་ལུག་དང་འཁྲིག་པ་དང་སེང་གེ་དང་སྲང་དང་གཞུ་དང༌། བུམ་པའི་བདག་ཉིད་རྣམས་ལ་སོ་སོར་རྣམ་པར་ཤེས་པ་ལ་སོགས་པ་དཀྱིལ་


DTG013_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཁོར་ལྔའི་བདག་ཉིད་ལས་དཀྱིལ་འཁོར་སུམ་ཅུ་རྣམས་སོ། །དེ་བཞིན་དུ་གཡས་ཀྱི་འདབ་མ་དྲུག་གླང་དང་ཀརྐ་ཊ་དང་བུ་མོ་དང་སྡིག་པ་དང་ཆུ་སྲིན་དང་ཉའི་བདག་ཉིད་རྣམས་ལ་སོ་སོར་ས་ལ་སོགས་པ་དཀྱིལ་འཁོར་ལྔའི་བདག་ཉིད་ལས་དཀྱིལ་འཁོར་སུམ་ཅུ་རྣམས་སོ། །དེ་ལ་གང་གི་ཚེ་གཡས་སུ་གླང་ལ་སོགས་པའི་དུས་སྦྱོར་ལ་རླུང་འབབ་པ་དེའི་ཚེ་རྩ་བ་སྟེ་སྣ་བུག་གི་འོག་གི་ཆ་ལ་སའི་དཀྱིལ་འཁོར་དབྱུ་གུ་གཅིག་འབབ་པོ། །དེ་བཞིན་དུ་དེ་ཉིད་ཀྱི་ཆ་སྣ་རྒྱུད་ཀྱི་ཕྱོགས་སུ་ཆུའི་དཀྱིལ་འཁོར་རོ། །གཡས་ཏེ་གཡས་ཀྱི་ཚལ་མེའི་དཀྱིལ་འཁོར་རོ། །སྟེང་གི་ཆ་ལ་རླུང་གི་དཀྱིལ་འཁོར་རོ། །དབུས་སུ་སྟོང་པའི་དཀྱིལ་འཁོར་རོ། །དེ་ལྟར་སྣ་བུག་གཉིས་ཀ་ལ་དཀྱིལ་འཁོར་རེ་རེ་ཞིང་དབྱུ་གུ་ནས་དབྱུ་གུའི་བར་དུ་འབབ་སྟེ་དབྱུ་གུ་ལྔ་རྣམས་ཀྱི་དཀྱིལ་འཁོར་ལྔ་འབབ་པོ་ཞེས་པའི་དོན་ཏོ། །གཡོན་པའི་སྣ་བུག་གི་ནི་འདབ་མའི་དབུས་དང་ཞེས་པ་ལ་སོགས་པས་འཆད་པར་འགྱུར་ཏེ་དེ་ལ་ལྟོས་ནས་སྣ་བུག་དགའ་ལའོ་ཞེས་གསུངས་སོ། །ཆུ་ཚོད་གཅིག་ལ་དབུགས་དུ་འབབ་ཅེ་ན། གསུངས་པ། རིམ་པས་ཞེས་པ་ལ་སོགས་པ་སྟེ། རིམ་པས་ནི་ས་ལ་སོགས་པ་དང་ནམ་མཁའ་ལ་སོགས་པས་སོ། །དེ་ལ་ཆུ་ཚོད་གཅིག་ལ་འཇུག་པ་དང་འབྱུང་བ་དག་གཅིག་ཏུ་བྱས་པའི་དབུགས་དྲུག་ཅུ་དང་བཅས་པའི་སུམ་བརྒྱ་འབབ་པོ། །དེ་ལྟར་དཀྱིལ་འཁོར་ལྔ་དུས་སྦྱོར་ཞེས་བྱ་བས་བསྒྱུར་ན་དབུགས་བརྒྱ་ཕྲག་བཅོ་བརྒྱད་དུ་འགྱུར་ཏེ། དེ་རྣམས་ཀྱང་ས་ལ་སོགས་པའི་དཀྱིལ་འཁོར་ལྔའི་རང་བཞིན་ཆུ་ཚོད་ལྔར་འགྱུར་རོ། །དེ་ལྟར་དབུགས་བརྒྱ་ཕྲག་བཅོ་བརྒྱད་པོ་རྣམས་ཀྱང་འཕོ་བ་བཅུ་གཉིས་ཀྱིས་བསྒྱུར་བས་ཉིན་མཚན་གྱིས་དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཏུ་འགྱུར་ཏེ། དེ་རྣམས་ཀྱང་ལུས་ལ་ཆུ་ཚོད་དྲུག་ཅུར་འགྱུར་རོ། །དེ་གསུངས་པ། ཆུ་ཚོད་ཅེས་པ་ལ་སོགས་པའོ། །རྩ་གཡོན་པར་དུས་སྦྱོར་འཆར་བ་གསུངས་པ། འདབ་མའི་དབུས་དང་ཞེས་པ་ལ་སོགས་པའོ། །གང་གི་གཡོན་པའི་རྩ་ལ་ལུག་ལ་སོགས་པས་སྣ་བུག་གི་དབུས་སུ་སྟོང་པའི་དཀྱིལ་འཁོར་འབབ་པ་དེའི་ཚེ་ནང་དུ་ལྟེ་བའི་དཀྱིལ་འཁོར་ལ་འདབ་མའི་དབུས་སུ་འབབ་


DTG013_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་ཞེས་བཤད་པར་འགྱུར་རོ། །དེ་ནས་ཤར་ཞེས་པ་སྟེང་དུ་རླུང་གི་དཀྱིལ་འཁོར་རོ། །གཡས་སུ་མེའི་དཀྱིལ་འཁོར་རོ། །གཡོན་དུ་ཆུའི་དཀྱིལ་འཁོར་རོ། །གཞན་དུ་ཞེས་པ་འོག་གི་ཆ་ལ་སའི་དཀྱིལ་འཁོར་རོ། །རིམ་པས་ཞེས་པ་ནམ་མཁའ་ལ་སོགས་པའི་རིམ་པས་སོ། །གཡོན་པར་ཞེས་པ་ལ་སོགས་པས་སྔར་བརྗོད་པ་ཉིད་གསལ་བར་བྱེད་དེ། ཕུང་པོའི་རྟེན་ནི་འབྱུང་བ་ཞེས་པའི་གསུང་ལས་བརྟེན་པའི་བདག་ཉིད་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་བོ་རྣམས་དང་ལྷན་ཅིག་རྟེན་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་ཁམས་རྣམས་དབྱེར་མེད་པར་གསུངས་པ། གཡོན་པར་ཞེས་པ་ལ་སོགས་པའོ། །གཞན་ལས་སོ་ཞེས་པ་སྔ་མ་བཞིན་རྩ་བ་ནས་བརྩམས་ཏེ་ཞེས་པའི་དོན་ཏེ་སྣ་བུག་གཡོན་པ་ལས་གཞན་ལས་སོ། །གཡོན་པ་རྣམ་པར་ཤེས་པ་ལ་སོགས་པ་ལས་འབྱུང་བ་ཞེས་པ་བསྐྱེད་པའི་རྣམ་པར་གནས་ཏེ། ཟླ་བ་ཉིད་ཡིན་པའི་ཕྱིར་རོ། །གཡས་པར་ས་ལ་སོགས་པའི་སྡུད་པ་སྟེ། ཉི་མ་ཉིད་ཡིན་པའི་ཕྱིར་རོ། །གཡོན་པར་ཟླ་བ་གནས་པ་གང་ཡིན་པ་དེ་ཤེས་རབ་དང་བཅས་པའི་མི་བསྐྱོད་པ་ལ་སོགས་པའི་རང་བཞིན་རྣམ་པར་ཤེས་པ་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དང་གཡས་པར་ཡང་ཐབས་དང་བཅས་པའི་སྤྱན་མ་ལ་སོགས་པའི་རང་བཞིན་ས་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྟེ་སྔགས་དང་ལྷའི་བདག་ཉིད་སྤྲོ་བ་དང་སྡུད་པའི་གཟུགས་ཅན་ལྷན་ཅིག་སྐྱེས་པ་སེམས་ཅན་ལ་གནས་པའོ། །ཤེས་རབ་ཅེས་པ་ལ་སོགས་པས་ཤེས་རབ་དང་ཐབས་ཉིད་མདོར་བསྟན་པ་དེའི་རྒྱས་པར་བཤད་པ་ནུབ་དང་ཞེས་པ་ལ་སོགས་པའི་དཀྱིལ་འཁོར་སྣ་བུག་སོ་སོར་ནུབ་དང་སྟེ་ནུབ་ཏུ་སའི་རང་བཞིན་སྤྱན་མ་དང་རྣམ་པར་སྣད་མཛད་དག་གོ །ཤར་དུ་རླུང་གི་རང་བཞིན་སྒྲོལ་མ་དང་དོན་ཡོད་གྲུབ་པ་དག་གོ །དེ་ལ་རྣམ་པར་སྣང་མཛད་ཀྱི་ཤེས་རབ་སྒྲོལ་མ་དང་དོན་ཡོད་གྲུབ་པའི་སྤྱན་མའོ་ཞེས་པ་ཕན་ཚུན་ཞལ་ཕྱོགས་པས་འཁྱུད་པའི་ངེས་པའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔས་མཛད་པའི་ཐབས་དང་བྲལ་ཞིང་བསྡུས་པའི་རྒྱུད་ཉན་པ་མ་རྙེད་པ་རྣམས་ལ་ཡང་དག་པའི་རྐྱེན་གྱིས་དོན་གསལ་པོར་ཤེས་པར་བྱེད་པ་


DTG013_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གསུངས་པ། མཐེ་བོ་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་ལག་པ་གཡོན་པའི་མཐེའུ་ཆུང་ལ་སོགས་པའི་སོར་མོ་ལྔ་ནམ་མཁའ་ལ་སོགས་པའི་རང་བཞིན་རྣམས་ཀྱི་དབུས་སུ་མཐེ་བོ་དང་མིང་མེད་ས་དང་རླུང་གི་རང་བཞིན་དག་འཁྱུད་པ་ལྷ་མཉེས་པའི་ཕྱག་རྒྱ་གསང་བའི་དབང་བསྐུར་བའི་དོན་དུ་སློབ་མའི་ཁ་དང་ལྷ་མཉེས་པ་ལ་སྟོན་པ་དེའི་ཕྱིར་ས་དང་རླུང་དག་ཕན་ཚུན་གཟུང་བ་དང་འཛིན་པའི་དངོས་པོར་ཤེས་རབ་དང་ཐབས་ཉིད་གྲུབ་པོ། །འདི་ལྟར་གཞན་གྱི་རིགས་ལ་འཁྱུད་པས་བྱ་བ་འགྲུབ་ཀྱི་རང་གི་རིགས་ལ་འཁྱུད་པས་མ་ཡིན་ཏེ། རང་གི་བདག་ཉིད་ལ་བྱ་བ་འགལ་བའི་ཕྱིར་རོ། །སའི་ཁམས་ལས་བྱུང་བའི་ལུས་ཀྱི་དབང་པོ་རླུང་གི་ཁམས་ལས་བྱུང་བའི་ཡུལ་རེག་བྱ་འཛིན་པར་བྱེད་དེ། དེ་ནས་བཤང་བ་དང་གཅི་བའི་རྩ་དག་ཤེས་རབ་དང་ཐབས་སུ་བརྗོད་དོ། །གཡས་སུ་མེའི་རང་བཞིན་གོས་དཀར་མོ་དང་རིན་ཆེན་འབྱུང་ལྡན་དག་གོ །གཡོན་དུ་ཆུའི་རང་བཞིན་མཱ་མ་ཀཱི་དང་འོད་དཔག་མེད་དག་གོ །དེའི་ཕྱིར་འོད་དཔག་མེད་ཀྱི་ཤེས་རབ་གོས་དཀར་མོ་དང་རིན་ཆེན་འབྱུང་ལྡན་གྱི་མཱ་མ་ཀཱིའོ། །གང་གི་ཕྱིར་ལག་པ་གཡས་བའི་གུང་མོ་མཛུབ་མོ་མེ་དང་ཆུའི་རང་བཞིན་དག་འཁྱུད་པར་རལ་གྲིའི་ཕྱག་རྒྱ་སྟོན་ཅིང་མེའི་ཁམས་ལས་སྐྱེས་པའི་ཡུལ་རོ་ཆུའི་ཁམས་ལས་བྱུང་བའི་རོ་འཛིན་དབང་པོ་འཛིན་པར་བྱེད་པ་དེའི་ཕྱིར་མེ་དང་ཆུ་དག་ཤེས་རབ་དང་ཐབས་ཉིད་དུ་གྲུབ་པོ། །དེས་ན་ལ་ནཱ་དང་ར་ས་ནཱ་དག་ཤེས་རབ་དང་ཐབས་ཉིད་དོ། །དབུ་མར་སྟེང་གི་ཕྱོགས་སུ་རྣམ་པར་གནས་པ་སྟོང་པའི་རང་བཞིན་མི་བསྐྱོད་པ་འོག་གི་ཕྱོགས་སུ་རྣམ་པར་གནས་པ་མི་འགྱུར་བའི་ཡེ་ཤེས་ཀྱི་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་ལྷན་ཅིག་འཁྱུད་པའོ། །ཕན་ཚུན་ཞེས་པ་འཆད་པར་འགྱུར་བའི་སྟེང་འོག་ཏུ་གནས་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་རྡོ་རྗེ་སེམས་དཔའ་དག་འཁྱུད་པ་ཡང་སྔ་མ་ལ་ལྟོས་ནས་ཤེས་པར་བྱའོ། །གང་གི་ཕྱིར་ལག་པ་གཡས་པའི་ཁུ་ཚུར་ལ་མཐེའུ་ཆུང་ཟླ་བ་ཕྱེད་པའི་རྣམ་པར་བྱས་པའི་མི་བསྐྱོད་པའི་མཆེ་བའི་ཕྱག་རྒྱ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་གྲི་གུག་གི་ཕྱག་རྒྱ་ཡིན་པ་དེའི་ཕྱིར་


DTG013_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟོང་པ་དང་ཡེ་ཤེས་དང་ཤེས་རབ་དང་ཐབས་ཉིད་དོ། །དེ་ནས་ཨ་ཝ་དྷཱུ་ཏཱི་དང་དུང་ཅན་མ་དག་ཤེས་རབ་དང་ཐབས་ཉིད་དོ། །དེ་མ་ཐག་ཏུ་འཆད་པར་འགྱུར་བའི་ཚིགས་སུ་བཅད་པར་རིགས་དྲུག་པ་འཁྱུད་པའི་ཤེས་རབ་བྱེད་པ་གསུངས་ཏེ། གང་གི་ཕྱིར་གཡོན་པ་དང་གཡས་པའི་ལག་མཐིལ་ཡང་དག་པར་སྦྱར་བ་སྤྱི་བོར་བྱས་པ་ན་སྟོང་པ་ལ་སོགས་པའོ་རང་བཞིན་སོར་མི་རྣམས་ཕན་ཚུན་སྦྱོར་བ་དཀྱིལ་འཁོར་བཅུ་སྦྱོར་བ་བྱས་པ་གང་གི་ཚེ་རྡོ་རྗེ་སེམས་དཔའི་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་ཡིན་ལ། དེ་ཉིད་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཆུ་གྲིའི་རྣམ་པ་གྲི་གུག་གི་ཕྱག་རྒྱ་ཡིན་ཏེ། དེའི་ཕྱིར་འདི་དག་ཤེས་རབ་དང་ཐབས་ཉིད་དོ། །འདིས་འདི་ཡང་ཉེ་བར་མཚོན་པར་བྱེད་དེ་དབུ་མ་འབབ་པའི་སྦྱོར་བས་བྱང་ཆུབ་ཀྱི་སེམས་ཞུ་བ་འཕོ་བ་མེད་བའི་བདེ་བས་རྡོ་རྗེའི་རྩེ་མོ་ལས་སྟེང་དུ་བྱའོ། །དེ་ཉིད་གྲི་གུག་སྟེ་མི་ཤེས་པ་གཅོད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཕྱི་རོལ་དུ་རིགས་དྲུག་པ་གྲི་གུག་དང་བཅས་པའི་རྡོ་རྗེ་རྩེ་གཅིག་པའི་བདག་ཉིད་གང་ཡིན་པ་དེ་ཡང་ནང་དུ་མཉམ་པ་སྟེ་ཉི་མ་དང་ཟླ་བ་མཉམ་པར་འབབ་པའི་ཕྱིར་རོ། །དབུ་མའི་རྩ་ཨ་ཝ་དྷཱུ་ཏཱི་ལ་འབབ་པའི་མཉམ་པ་ཡང་སྐྱེ་བའི་དུས་སུ་འབབ་པ་ལས་སྐྱེད་པའི་རྒྱུའོ། །འཆི་བའི་དུས་སུ་འབབ་པ་ལས་སྡུད་པའི་རྒྱུའོ། །ཡང་དེ་ཁོ་ན་སྒོམ་པའི་རྣལ་འབྱོར་པ་རྣམས་ཀྱིས་ཕྱི་རོལ་དུ་འབབ་པ་འགགས་པ་འཇིག་རྟེན་ལས་འདས་པའི་ཕུང་པོ་ལ་སོགས་པའི་རྒྱུ་ཉིད་ལས་སྐྱེད་པའི་རྒྱུའོ། །འཁོར་བ་པ་རྣམས་ཀྱིས་མ་འགགས་པ་ཕུང་པོ་ལ་སོགས་པ་ཉམས་པར་བྱེད་པ་ཉིད་ཀྱིས་བསྡུས་པའི་རྒྱུའོ། །དེ་ཡང་མཉམ་པ་སྔར་བརྗོད་པའི་སྣ་བུག་གཡོན་པར་འབབ་པའི་ཕུང་པོ་ལྔ་རྣམས་དང༌། སྣ་བུག་གཡས་པར་འབབ་པའི་ཁམས་ལྔ་རྣམས་དང༌། ལྟེ་བ་དང་གསང་བ་དང་ནོར་བུའི་པདྨར་གནས་པ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ཀྱི་ཡང་གཅིག་ཉིད་ཁོ་ན་དབུ་མའི་རྩར་སོན་པ་ནི་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་པ་རླུང་འབབ་པའི་རྣམ་པར་གཞག་པའི་ཟོལ་གྱིས་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཐམས་ཅད་དང་ཡེ་ཤེས་ཀྱི་རྣམ་པར་གཞག་པ་བརྗོད་པའོ། །ཟླ་བ་ཉི་མའི་ཞེས་པ་ལ་སོགས་པ་ལ་གང་གི་ཚེ་སྟེང་དུ་ཟླ་བ་དང་ཉི་མ་དང་སྒྲ་


DTG013_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཅན་གྱི་རྩ་རྣམས་འགགས་པ་དེའི་ཚེ་འོག་ཏུ་བཤང་བ་དང་གཅི་བ་དང་ཁུ་བའི་རྩ་རྣམས་འགག་གོ །དེ་བཞིན་དུ་སྟེང་དུ་གསུམ་པོ་རྣམས་གྲོལ་ནས་འོག་ཏུ་གསུམ་པོ་རྣམས་གྲོལ་ལོ། །རྩ་དྲུག་པོ་དེ་རྣམས་ཀྱང་སྔ་མ་བཞིན་སྐྱེད་པ་དང་སྡུད་པའི་བྱེད་པ་ཅན་ནོ། །འཆི་ལྟས་ཀྱི་མཆན་ཉིད་གསུངས་པ། གཡོན་པ་ལ་སོགས་པའོ། །ལུག་ལ་པོ་གས་པ་མི་མཉམ་པའི་དུས་སྦྱོར་ལ་སྐྱེས་བ་ཆེ་ཐུང་བ་རྣམས་ཀྱི་ལུས་ལ་རླུང་དང་མཁྲིས་པ་དང་བད་ཀན་མི་མཉམ་སྟེ། མི་མཉམ་པས་སྲོག་ཅེས་བྱ་བའི་རླུང་དབྱུ་གུ་ལྔ་འབབ་པའི་རིམ་པ་ལས་འདས་ནས་གཡོན་པའི་རྩར་ལྷག་པ་འབབ་པོ། །ཅི་ལྟར་ལྷག་ཅེ་ན། གསུངས་པ། མཚན་མོ་གཅིག་ཅེས་པ་སྟེ། གང་གི་ཚེ་མཚན་མོ་གཅིག་ཉིན་མཚན་དུ་འབབ་པ་དེའི་འཆི་ལྟས་རྩོམ་པ་སྟེ། འཆི་ལྟས་དེ་ལས་ལོ་གསུམ་གྱིས་འཆི་བར་ཤེས་པར་བྱའོ། །དེ་བཞིན་དུ་གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་ལས་སྐྱེས་པ་རྣམས་ཀྱི་གཡས་པའི་རྩང་ཉིན་མཚན་ལྔ་འབབ་པ་ལས་ལོ་གསུམ་གྱིས་འཆི་བར་ཤེས་པར་བྱའོ་ཞེས་པ་མདོར་བསྟན་པའོ། །རེ་ཞིག་ཉི་མའི་འཆི་ལྟས་རྒྱས་བར་བཤད་པ། གཡས་པ་ཞེས་བྱ་བ་ལ་སོགས་པའོ། །ལྟེ་བའི་པདྨའི་སྙིང་པོར་ཡོངས་སུ་བསྐོར་བ་ལ་ཁྱིམ་གྱི་བདག་ཉིད་འདབ་མ་བཅུ་གཉིས་ཀྱི་སྔོན་གྱི་འདབ་མ་ལ་ཉིན་མཚན་ལྔར་སྲོག་འབབ་པོ། །དེ་ནས་གཡས་སྐོར་གྱི་འདབ་མ་གཉིས་བའི་ཕྱོགས་ཞེས་པ་བཅུའོ། །གསུམ་པ་ལ་ཚེས་ཞེས་པ་བཅོ་ལྔའོ། །བཞི་པ་ལ་ཉི་ཤུའོ། །ལྔ་པ་ལ་དེ་ཉིད་ཅེས་པ་ཉི་ཤུ་རྩ་ལྔའོ། །དྲུག་པ་ལ་གཅིག་ལྷག་རིམ་པས་ཏེ་ཉི་ཤུ་རྩ་དྲུག་གོ །བདུན་པ་ལ་སླར་ཡང་གཅིག་ལྷག་རིམ་པས་ཉིན་ཞག་ཉི་ཤུ་རྩ་བདུན་དུ་སྲོག་འབབ་པོ། །གང་གི་ཕྱིར་འདིར་ཉི་མས་ཟླ་བའི་ཡོན་ཏན་སྒྲ་དང་རེག་བྱ་དང་རོ་དང་གཟུགས་དང་དྲི་རྣམས་བཟུང་ནས་འཆི་ལྟས་ཀྱི་ཉིན་ཞག་རྣམས་བསྟན་ཏེ། དེས་ན་ཁྱིམ་ལྔའི་བར་དུ་ལྔ་པ་ལྔས་འཕེལ་ལོ། །དེ་ནས་ཁྱིམ་དྲུག་པ་དང་བདུན་པ་ལ་གཅིག་ལྷག་པས་རིམ་པས་འཕེལ་ལོ། །ཁྱིམ་བདུན་པ་ལ་རྫོགས་པའི་དུས་ཏེ་ཁུ་བའི་ཁམས་ལ་འཆི་ལྟས་ཀྱི་རླུང་རབ་ཏུ་ཞུགས་པའི་


DTG013_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཕྱིར་གང་དུ་འགའ་ཞིག་གིས་ཀྱང་སྲོག་ལྡོག་པར་བྱེད་མི་ནུས་སོ། །རྫོགས་པའི་དུས་དེ་ནས་ཁུ་བའི་ཁམས་ཟད་པའི་དོན་དུ་བརྒྱན་པ་ལ་སོགས་པའི་འདབ་མ་རྣམས་ལ་རིམ་པས་ཉིན་ཞག་སུམ་ཅུ་རྩ་གསུམ་རྒྱུའོ། །དེ་ལ་བརྒྱད་པ་ལ་བཅོ་ལྔའོ། །དགུ་པ་ལ་བཅུའོ། །བཅུ་པ་ལ་ལྔའོ། །བཅུ་གཅིག་པ་ལ་གསུམ་མོ་ཞེས་པ་ཉིན་ཞག་སུམ་ཅུ་རྩ་གསུམ་རྣམས་སོ། །བཅུ་གཉིས་པ་ལ་ནི་སྟོང་པ་སྟེ་སླར་ཡང་གཡས་པའི་རྩ་ལ་འབབ་པ་མེད་པའི་ཕྱིར་རོ། །དེ་ནས་གཡས་པའི་རྩ་དོར་ནས་གཡོན་པར་ཉིན་ཞག་གཉིས་སྲོག་གི་རླུང་འགྲོའོ། །དེ་ནས་ཉིན་ཞག་གཅིག་དབུ་མར་འགྲོའོ། །ཀྱེའི་རྡོ་རྗེ་འབུམ་ཕྲག་ལྔ་པར་ཡང་གསུངས་པ། གང་ཚེ་གཡས་པའི་རྩ་དག་ལ། །རླུང་ནི་ཉིན་ཞག་བཅུར་འབབ་ན། །ཁྱིམ་གྱི་འདབ་མ་གཉིས་པ་ལ། །དེ་ལ་ལོ་གཉིས་ཀྱིས་འཆི་འགྱུར། །ཁྱིམ་གྱི་འདབ་མ་གསུམ་པ་ལ། །ཚེས་ཞེས་བརྗོད་པས་ལོ་གཅིག་ལ། །ཉིན་ཞག་ཉི་ཤུ་འབབ་གྱུར་ན། །བཞི་པ་ལ་སྟེ་ཟླ་དྲུག་ན། །འདབ་མ་ལྔ་པར་ཉེ་ཤུ་ལྔ། །འབབ་ན་ཚེ་ནི་ཟླ་བ་གསུམ། །ཉིན་ཞག་ཉི་ཤུ་དྲུག་འབབ་ན། །དྲུག་པ་ལ་སྟེ་ཟླ་གཉིས་ཚེ། །ཉིན་ཞག་ཉི་ཤུ་བདུན་འབབ་ན། །ཟླ་བ་ཉིད་ཚེ་བདུན་པ་ལ། །ཉིན་ཞག་སུམ་ཅུ་རྩ་གསུམ་རྣམས། །འདི་ལས་བར་མ་ཆད་འབབ་ན། །འདབ་མ་བརྒྱད་པར་དགུ་པ་དང༌། །བཅུ་དང་བཅུ་གཅིག་རིམ་པ་ཡིས། །ཉིན་ཞག་ཚེས་ཕྱོགས་ལྔ་ཡོན་ཏན། །རྣམས་ཀྱིས་འདབ་མ་དེ་རྣམས་འདོར། །དེ་ནས་གཡས་པའི་རྩ་སྤངས་ནས། །རླུང་ནི་གཡོན་པར་ཉིན་ཞག་གཉིས། །འགྲོའོ་དེ་ནས་དབུ་མ་ཡིས། །གནས་སུ་ཉིན་ཞག་གཅིག་འགྲོའོ། །དེ་ནས་དབུགས་ནི་ཟད་བྱས་ནས། །འཆི་བའི་ཕྱིར་ན་རིམ་པ་འདིས། །འོག་ཏུ་ཁུ་བ་ཟད་པར་འགྲོ། །སྟེང་དུ་མ་ཡི་རྡུལ་འགྲོ་འགྱུར། །རང་ལས་བག་ཆགས་ཀྱིས་བཅིངས་པའི། །རྣམ་ཤེས་སྲེག་དང་ཡང་དག་ལྡན། །ཤི་ནས་སླར་ཡང་སྲིད་པར་འགྲོ། །དེས་ན་ཕ་རོལ་མེད་མི་འགྱུར། །དཔེར་ན་མཁན་པོ་ལས་རིག་པ། །མར་མེ་ལས་ནི་མར་མེ་དང༌། །བཞིན་ལས་མེ་ལོང་ལ་བཞིན་དང༌། །རྒྱ་ལས་རྒྱ་གཞན་ཇི་ལྟ་བར། །ཞེས་མ་འཆི་ལྟས་ཀྱི་ཉིན་ཞག་རྒྱུ་བའི་རིམ་པའོ། །ད་ནི་འཆི་ལྟས་ཀྱི་


DTG013_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདག་ཉིད་འཚོ་བའི་དུས་ཀྱི་རིམ་པ་གསུམ་གསུངས་པ། དེ་རྟོགས་པའི་དོན་དུ་ཟླུམ་པོ་རིམ་པ་གཉིས་པ་བྲིས་ལ་གསུམ་གཅིག་ལོ་ཞེས་པ་ལོ་རྣམས་ནི་སྔོན་གྱི་འདབ་མ་ལ་གསུམ་མོ། །འདབ་མ་གཉིས་པ་ལ་གཉིས་སོ། །གསུམ་པ་ལ་གཅིག་གོ །ཟླ་བ་རྣམས་ཀྱང་འདབ་མ་བཞི་པ་ལ་དྲུག་གོ །ལྔ་པ་ལ་གསུམ་མོ། །དྲུག་པ་ལ་གཉིས་སོ། །བདུན་པ་ལ་གཅིག་གོ །ཉིན་ཞག་རྣམས་ནི་འདབ་མ་བརྒྱད་པ་ལ་བཅོ་ལྔའོ། །དགུ་པ་ལ་བཅུའོ། །བཅུ་པ་ལ་ལྔའོ། །བཅུ་གཅིག་པ་ལ་གསུམ་མོ། །བཅུ་གཉིས་པ་ལ་གཉིས་སོ། །པདྨའི་ལྟེ་བ་ལ་གཅིག་གོ །འདིས་འདི་གསུངས་ཏེ། དང་པོ་སྔོན་གྱི་འདབ་མ་ལ་ཉིན་ཞག་ལྔ་འབབ་པོ། །དེ་ནས་ཚེ་ལོ་བརྒྱ་པ་རྣམས་ཀྱི་བཞིན་དུ་འཕོ་བ་བཅུ་གཉིས་ཀྱིས་འཚོ་བར་བྱ་བའི་ལོ་གསུམ་གྱི་ཉིན་ཞག་གི་ཚོགས་བརྒྱད་དུ་ལྷག་པའི་སྟོང་གི་བདག་ཉིད་ལས་སུམ་ཅུ་རྩ་ལྔ་ལྷག་པའི་སུམ་བརྒྱ་འབབ་པོ། །དེ་སླར་ཡང་གཞན་ལ་རབ་ཏུ་ཞུགས་པའི་ཕྱིར་འདབ་མ་དེ་སྐམ་པར་འགྱུར་རོ། །དེ་ནས་འདབ་མ་དེ་སྟོང་པར་བྱས་ཏེ་ལྷག་མའི་ཉིན་ཞག་གི་ཚོགས་ལྷག་མ་བཟུང་ནས་སྲོག་གི་ནུས་པ་འདབ་མ་གཉིས་པ་ལ་རབ་ཏུ་འཇུག་སྟེ་དེ་ལ་ཉིན་ཞག་བཅུ་འབབ་པོ། །དེ་ལ་ཡང་རྒྱུ་བའི་ཉིན་ཞག་རྣམས་དང༌། ལྷན་ཅིག་འཕོ་བ་བཅུ་གཅིག་གིས་ཉིན་ཞག་བཞི་བཅུ་རྩ་ལྔ་ལྷག་པའི་སུམ་བརྒྱ་འབབ་པོ། །དེ་ནས་གཉིས་པ་སྟོང་པར་བྱས་ཏེ་ཉིན་ཞག་ལྷག་མ་བཟུང་ནས་གསུམ་པ་ལ་རབ་ཏུ་འཇུག་སྟེ། དེ་ལ་ཉིན་ཞག་པ་ཅོ་ལྔ་འབབ་པོ། །དེ་ལ་ཡང་རྒྱུ་བའི་ཉིན་ཞག་རྣམས་དང་ལྷན་ཅིག་འཕོ་བ་བཅུས་ཉིན་ཞག་བདུན་ཅུ་ལྷག་པའི་བརྒྱ་འབབ་སྟེ་འདབ་མ་དེ་སྐམ་པར་འགྱུར་རོ། །གསུམ་པ་སྟོང་པར་བྱས་ཏེ་ཉིན་ཞག་ལྷག་མ་བཟུང་ནས་བཞི་པ་ལ་རབ་ཏུ་འཇུག་སྟེ་དེ་ལ་ཉིན་ཞག་ཉི་ཤུ་འབབ་པོ། །དེ་ལ་ཡང་རྒྱུ་བའི་ཉིན་ཞག་རྣམས་དང་ལྷན་ཅིག་འཕོ་བ་དགུས་ཉིན་ཞག་བརྒྱད་ཅུ་རྩ་གཉིས་འབབ་སྟེ་བཞི་པ་སྐམ་བར་འགྱུར་རོ། །འདབ་མ་དེ་སྟོང་པར་བྱས་ཏེ་ཉིན་ཞག་ལྷག་མ་བཟུང་ནས་ལྔ་པ་ལ་རབ་ཏུ་འཇུག་སྟེ་དེ་ལ་ཉིན་ཞག་ཉི་ཤུ་རྩ་ལྔ་འབབ་པོ། །དེ་ལ་ཡང་རྒྱུ་བའི་ཉིན་ཞག་རྣམས་དང་


DTG013_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྷན་ཅིག་འཕོ་བ་བརྒྱད་ཀྱིས་ཉིན་ཞག་ལྔ་བཅུ་རྩ་བདུན་འབབ་སྟེ་འདབ་མ་དེ་སྐམ་པར་འགྱུར་རོ། །དེ་ནས་ཉིན་ཞག་ལྷག་མ་བཟུང་ནས་དྲུག་པ་ལ་རབ་ཏུ་འཇུག་སྟེ་དེ་ལ་ཉིན་ཞག་ཉི་ཤུ་རྩ་དྲུག་འབབ་པོ། །རྒྱུ་བའི་ཉིན་ཞག་རྣམས་དང་ལྷན་ཅིག་འཕོ་བ་བདུན་གྱིས་ཉིན་ཞག་ཉི་ཤུ་རྩ་བརྒྱད་འབབ་སྟེ་དྲུག་པ་ཡང་འདོར་རོ། །དེ་ནས་དྲུག་པ་སྟོང་པར་བྱས་ནས་བདུན་པ་ལ་རབ་ཏུ་འཇུག་སྟེ་དེ་ལ་ཉི་ཤུ་རྩ་བདུན་འབབ་བོ། །རྒྱུ་བའི་ཉིན་ཞག་རྣམས་དང་ལྷན་ཅིག་འཕོ་བ་དྲུག་གིས་ཉིན་ཞག་ཉི་ཤུ་རྩ་བདུན་འབབ་སྟེ་བདུན་པ་ཡང་འདོར་རོ། །བདུན་པ་སྟོང་པར་བྱས་ཏེ་ལྷག་མ་ཉིན་ཞག་གི་ཚོགས་སུམ་ཅུ་རྩ་དྲུག་བཟུང་ནས་བརྒྱད་པ་ལ་འཇུག་གོ །འཕོ་བ་ལྔས་ཉིན་ཞག་བཅོ་ལྔ་འབབ་སྟེ་བརྒྱད་པ་འདོར་རོ། །བརྒྱད་པ་སྟོང་པར་བྱས་ནས་ལྷག་མ་ཉིན་ཞག་གི་ཚོགས་ཉི་ཤུ་རྩ་གཅིག་བཟུང་སྟེ་དགུ་པ་ལ་རབ་ཏུ་འཇུག་གོ །འཕོ་བ་བཞིས་ཉིན་ཞག་བཅུ་འབབ་སྟེ་དགུ་པ་འདོར་རོ། །དེ་ལྟར་ལྷག་མ་ཉིན་ཞག་བཅུ་གཅིག་བཟུང་ནས་བཅུ་པ་ལ་རབ་ཏུ་འཇུག་གོ །འཕོ་བ་གསུམ་གྱིས་ཉིན་ཞག་ལྔ་འབབ་སྟེ་བཅུ་པ་འདོར་རོ། །འཕོ་བ་གཉིས་ཀྱིས་ཉིན་ཞག་གསུམ་འབབ་པས་བཅུ་གཅིག་པ་འདོར་ཏེ། དེ་ལྟར་མཁྲིས་པའི་བདག་ཉིད་རྔུལ་གྱི་ཁམས་སྐམས་པ་ལས་འདབ་མ་བཅུ་གཅིག་སྐམ་མོ། །སླར་ཡང་གཡས་པའི་རྩ་དོར་ནས་འདབ་མ་བཅུ་གཉིས་པ་ལ་གཡོན་པའི་རྩར་འཕོ་བ་མེད་པས་ཉིན་ཞག་གཉིས་འབབ་སྟེ་བད་ཀན་གྱི་བདག་ཉིད་སྙིང་སྟོབས་ཀྱི་ཁམས་སྐམས་པ་ལས་པ་ལས་འདབ་མེད་སྐམ་པར་འགྱུར་རོ། །དེ་ནས་པདྨའི་ལྟེ་བ་དབུ་མའི་རྩར་འཕོ་བ་མེད་པས་ཉིན་ཞག་གཅིག་འབབ་སྟེ། རླུང་གི་རང་བཞིན་མུན་པའི་ཁམས་ཟད་པ་ལས་དེ་སྐམས་ནས་རྣམ་པར་ཤེས་པ་རྗེས་སུ་ཆགས་པའི་སྲོག་གི་ནུས་པ་སྣ་བུག་གཡས་པ་ནས་འཐོན་ཏེ་དགེ་བ་དང་མི་དགེ་བ་ལ་སོགས་པའི་ལས་ཀྱིས་འཕངས་ནས་སྲིད་པ་གཞན་དུ་འཕོ་བར་བྱེད་དོ། །ཟླ་བའི་འཆི་ལྟས་གསུངས་པ། རྩ་བ་ནས་ཞེས་པ་ལ་སོགས་པའོ། །རྩ་བ་ནས་ཞེས་པ་ལྟེ་བའི་འཁོར་ལོའི་ལུག་ལ་སོགས་པ་མི་མཉམ་པའི་སྐྱེ་བའི་དུས་སྦྱོར་གྱི་བདག་ཉིད་སྔོན་གྱི་འདབ་མ་ནས་བརྩམས་ཏེ། གཅིག་


DTG013_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྷག་པས་ཞེས་པ་གཅིག་དང་གཉིས་དང་གསུམ་ལ་སོགས་པའི་རིམ་པས་ཉིན་ཞག་སུམ་ཅུ་རྩ་གསུམ་གྱི་བར་དུ་འདབ་མ་བཅུ་གཅིག་ལ་གཡོན་གྱི་རྩ་ཟླ་བའི་རྒྱུ་བ་འབབ་པོ། །ཇི་ལྟར་གཅིག་ལྷག་པས་ཤེས་ནས་གསུངས་བ། སྙིང་བོའི་སྔོན་གྱི་འདབ་མ་ལ་ཉིན་ཞག་གཅིག་གཡོན་པར་འབབ་པོ། །ཉིན་ཞག་དེས་དམན་པའི་ཟླ་བ་གཉིས་ཇི་ལྟ་བ་བཞིན་འབབ་པོ། །དེ་ནས་ཟླ་བ་གསུམ་པའི་དང་པོར་འདབ་དེ་ཉིད་ལ་ཉིན་ཞག་གསུམ་གཡོན་པར་འབབ་པོ། །ཉིན་ཞག་དེས་དམན་པའི་ཟླ་བ་གསུམ་པ་དང་བཞི་པ་ལ་ཇི་ལྟ་བ་བཞིན་དུ་འབབ་པོ། །ཟླ་བ་ལྔ་པའི་དང་པོར་འདམ་མ་དེ་ལ་ཉིན་ཞག་གསུམ་གཡོན་པར་འབབ་པོ། །ཉིན་ཞག་དེས་དམན་པའི་ཟླ་བ་ལྔ་པ་དང་དྲུག་པ་དག་ལ་ཇི་ལྟ་བ་བཞིན་འབབ་པོ། །དེ་ལྟར་སྔ་མ་སྔ་མ་དང་ལྷན་ཅིག་ཚོགས་པའི་ཟླ་བ་དང་པོ་དང་གསུམ་པ་དང་ལྔ་པ་ལས་གསུམ་པོ་འདི་རྣམས་ཉིད་འཆི་ལྟས་ཀྱི་ཉིན་ཞག་ཏུ་རྣམ་པར་གཞག་གོ །ཡང་ན་ཉིན་མཚན་རྣམ་པར་མ་ཆད་པར་འབབ་པ་རྣམ་པར་བཞག་སྟེ། འཆི་ལྟས་ཀྱི་ཉིན་ཞག་གསུམ་པོ་འདིས་ལོ་གསུམ་གྱི་ཉིན་ཞག་གསུམ་དང་ཟླ་བ་དྲུག་སོང་སྟེ་འདབ་མ་དེ་ལ་སྲོག་གི་རླུང་ཡང་དག་པར་རྒྱུ་བ་མེད་དོ། །དེ་ལྟར་ན་འཕོ་བ་བཅུ་གཅིག་རྣམས་དང་ཉི་ཁྲི་བརྒྱད་གཉིས་བརྒྱའི་དབུགས་རྣམས་ཀྱིས་ཉིན་མཚན་བྱེད་དེ་འདབ་མ་ཡོངས་སུ་དོར་ཡང་དབུགས་ཀྱི་འཁོར་ལོ་དམན་པ་མེད་དོ། །དེ་བཞིན་དུ་འདབ་མ་གཉིས་པ་ལ་ཟླ་བ་བདུན་པའི་དང་པོར་འཆི་ལྟས་ཀྱི་ཉིན་ཞག་བཞིའོ། །བརྒྱད་པའི་དང་པོར་ལྔའོ། །དགུ་པའི་དང་པོར་དྲུག་སྟེ་སྔར་ཉིན་ཞག་གསུམ་དུ་རྣམ་པར་བཞག་པ་སྔོན་གྱི་འདབ་མའི་ཉིན་ཞག་རྣམས་དང་ལྷན་ཅིག་འཆི་ལྟས་ཀྱི་ཉིན་ཞག་དྲུག་གོ །གཉིས་པ་དང་གསུམ་པ་ལ་སོགས་པའི་ཉིན་ཞག་རྣམས་ལ་ཇི་ལྟ་བཞིན་འབབ་པོ། །འདིས་ཀྱང་ཟླ་བ་གསུམ་སོང་སྟེ་དེ་ལྟར་ཟླ་བ་གསུམ་གསུམ་གྱིས་ཉིན་ཞག་གསུམ་རྣམ་པར་འཕལ་བ་ལས་འདབ་མ་བཅུ་གཅིག་པོའི་འདི་རྣམས་ལོ་གསུམ་ལ་རིམ་པས་འདོར་རོ། །དེ་ལྟར་འདབ་མ་བཅུ་གཅིག་པ་ལ་འབབ་པ་ལས་བབ་ཀན་གྱི་བདག་ཉིད་སྙིང་སྟོབས་ཀྱི་ཁམས་རྣམས་


DTG013_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྐམ་པར་འགྱུར་རོ། །འདབ་མ་བཅུ་གཉིས་པ་ལ་གཡས་པའི་རྩར་རབ་ཏུ་འབབ་པ་ལས་འདབ་མ་གཞན་ལ་གནས་པ་ཟླ་བ་གཉིས་པ་དང་བཞི་པ་དྲུག་པའི་མཚམས་ཀྱི་ཉིན་ཞག་གསུམ་གྱིས་ཉིན་ཞག་གཉིས་ཟད་དེ་མཁྲིས་པའི་བདག་ཉིད་རྡུལ་གྱི་ཁམས་ཟད་པ་ལས་འདབ་མ་བཅུ་གཉིས་པ་སྐམ་པར་འགྱུར་རོ། །ལྟེ་བ་ལ་སྔ་མ་བཞིན་དུ་ཉིན་ཞག་གཅིག་དབུ་མ་འབབ་པ་ལས་རླུང་གི་བདག་ཉིད་མུན་པའི་ཁམས་བསྐམས་ནས་སྲིད་པ་གཞན་དུ་འགྲོའོ་ཞེས་པ་གཡོན་པའི་འཆི་ལྟས་ཀྱིས་རྣལ་འབྱོར་པ་མ་ཡིན་པ་རྣམས་འཆི་བའོ། །འདི་རྟོགས་པའི་དོན་དུ་བྲི་བའི་རིམ་པ་ནི་ཁྱིམ་བཅུ་གཉིས་ཀྱི་འཁོར་ལོ་རིམ་པ་གཉིས་པའི་ཤར་ལ་སོགས་པའི་འདབ་མ་བཅུ་གཅིག་ལ་གསུམ་དང་དྲུག་དང་དགུ་དང་བཅུ་གཉིས་དང་བཅོ་ལྔ་དང་བཅུ་བརྒྱད་དང་ཉི་ཤུ་རྩ་གཅིག་དང་ཉི་ཤུ་རྩ་བཞི་དང་ཉི་ཤུ་རྩ་བདུན་དང་སུམ་ཅུ་རྩ་གསུམ་རྣམས་ཏེ་བཅུ་གཉིས་པ་ལ་ནི་གཡོན་པ་འབབ་པ་མེད་པའི་ཕྱིར་སྟོང་པའོ། །ཕྱིའི་འདབ་མ་བཅུ་གཉིས་ལ་རིམ་པས་ཟླ་བ་སུམ་ཅུ་དང་ཉི་ཤུ་རྩ་བདུན་དང་ཉི་ཤུ་རྩ་བཞི་དང་བཅོ་བརྒྱད་དང་བཅོ་ལྔ་དང་བཅུ་གཉིས་དང་དགུ་དང་དྲུག་དང་གསུམ་རྣམས་ཏེ་བཅུ་གཅིག་པ་ལ་ཟླ་བ་ཟད་པ་མཚོན་པར་བྱེད་པ་སྟོང་པའོ། །བཅུ་གཉིས་པ་ལ་ཉིན་ཞག་གཉིས་སོ། །ལྟེ་བ་ལ་ཉིན་ཞག་གཅིག་གོ །དེ་ལྟར་ན་གསུམ་པ་ལ་སོགས་པ་ཉིན་ཞག་རྣམས་ལ་འཆི་ལྟས་འཕེལ་ལོ། །སུམ་ཅུ་ལ་སོགས་པའི་ཟླ་བ་རྣམས་ལ་དགེ་བ་འགྲིབ་པ་ནི་འཚོ་བ་བཟད་པའོ། །ཕྱེད་དང་བཅས་པའི་ཟླ་བ་བཅུ་དང་ལྡན་པའི་ལོ་དགུ་བཅུ་རྩ་དྲུག་གི་ཚམས་སུ་ཉི་མ་དང་ཟླ་བ་འབབ་པའི་དུས་སོ། །ལོ་བརྒྱ་རྫོགས་པའི་ཉིན་ཞག་སུམ་གྱིས་དམན་པའི་ལོ་གསུམ་དང་ཕྱོགས་གསུམ་ལ་དབུ་མའི་འཆི་བ་རྒྱུའོ། །འདི་རྒྱས་པར་བཤད་པ་མཉམ་དང་མི་ཉམ་ཞེས་པ་ལ་སོགས་པའོ། །གཉིས་པ་ལ་སོགས་པ་སུམ་ཅུ་རྩ་གཉིས་ཀྱི་མཐར་ཐུག་པ་མཉམ་པའི་ཉིན་ཞག་རྣམས་ཀྱིས་གཡས་དང༌། གཅིག་ལ་སོགས་པ་སུམ་ཅུ་རྩ་གསུམ་གྱི་མཐར་ཐུག་པ་མི་མཉམ་པའི་ཉིན་ཞག་རྣམས་ཀྱི་གཡོན་ལ་སྟེ་དེ་འཆི་བ་རྒྱུའོ། །ཅི་ཞེ་ན་སྐྱེ་བའི་དུས་སུ་སྐྱེས་པ་གླང་ལ་སོགས་པའི་


DTG013_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དུས་སྦྱོར་གྱི་ས་ལ་སོགས་པ་གང་ཡང་རུང་བའི་དཀྱིལ་འཁོར་དང༌། དེ་བཞིན་དུ་ལུག་ལ་སོགས་པའི་དུས་སྦྱོར་གྱི་སྟོང་པ་ལ་སོགས་པ་གང་ཡང་རུང་བའི་དཀྱིལ་འཁོར་རྣམས་ཀྱིས་ཏེ་དེའི་དཀྱིལ་འཁོར་ནས་བརྩམས་ཏེ་ཞེས་པའི་དོན་ཏོ། །འདི་ཡང་གཡས་པ་དང་ཅིག་ཤོས་ཀྱི་རྩ་ཁམས་དང་ཕུང་པོ་ལ་སོགས་པའི་འབབ་པ་རྣམས་བར་ཉམས་པའི་དབང་དུ་བྱས་ཏེ་ལག་པ་ཕྱིས་པ་ན་སྟེ་སྤྱིར་བཏང་བའི་ཨི་བྱས་པ་ལ་ཟས་ལྔ་པའོ། །འཐད་པ་གསུངས་པ། གཞན་དུ་འཆི་བར་མི་འགྱུར་ཏེ་ཞེས་པའོ། །འདིས་འདི་གསུངས་ཏེ། མཉམ་པའི་དུས་སྦྱོར་ལ་སྐྱེས་པའི་དང་པོ་ཉིན་ཞག་གཉིས་གཡས་པ་ལ་འབབ་པོ། །སླར་ཡང་ཉིན་ཞག་གཉིས་ཇི་ལྟ་བ་བཞིན་དུའོ། །དེ་ནས་ཉིན་ཞག་གཡོན་པ་ལ་འབབ་པོ། །ཉིན་ཞག་གཅིག་ཇི་ལྟ་བ་བཞིན་དུའོ། །ཉིན་ཞག་བཞི་གཡས་པ་ལའོ། །བཞི་ཇི་ལྟ་བ་བཞིན་དུའོ། །གསུམ་གཡོན་པ་ལའོ། །གསུམ་ཇི་ལྟ་བ་བཞིན་དུའོ། །དྲུག་གཡས་པ་ལའོ། །དྲུག་ཇི་ལྟ་བ་བཞིན་དུའོ། །ལྔ་གཡོན་པ་ལའོ། །ལྔ་ཇི་ལྟ་བ་བཞིན་ནོ། །དེ་བཞིན་དུ་སུམ་ཅུ་རྩ་གཉིས་གཡས་ལའོ། །སུམ་ཅུ་རྩ་གཉིས་ཇི་ལྟ་བ་བཞིན་དུའོ། །སུམ་ཅུ་རྩ་གསུམ་གཡོན་པ་ལའོ། །སུམ་ཅུ་རྩ་གསུམ་ཇི་ལྟ་བ་བཞིན་དུའོ་ཞེས་པའི་པར་དུའོ། །འདིར་གཡས་པ་ལ་གཉིས་ལ་སོགས་པ་སུམ་ཅུའི་མཐར་ཐུག་པ་མཉམ་པའི་ཉིན་ཞག་གསུམ་གསུམ་གྱི་རིམ་པས་ས་ལ་སོགས་པའི་ཁམས་ཟད་དོ། །གཡོན་པ་ལ་གཅིག་ལ་སོགས་པ་ཉི་ཤུ་རྩ་དགུའི་མཐར་ཐུག་པ་མི་མཉམ་པའི་ཉིན་ཞག་གསུམ་གསུམ་གྱི་རིམ་པས་ནམ་མཁའ་ལ་སོགས་པའི་ཁམས་ཟད་དོ། །དེ་ལ་ཉིན་ཞག་གསུམ་ཅུ་རྩ་གཅིག་གིས་སྙིང་སྟོབས་ཀྱི་ཁམས་ཟད་དོ། །ཉིན་ཞག་སུམ་ཅུ་རྩ་གཉིས་ཀྱིས་རྡུལ་གྱི་ཁམས་ཟད་དོ། །ཉིན་ཞག་སུམ་ཅུ་རྩ་གསུམ་གྱིས་མུན་པའི་ཁམས་ཟད་དོ། །མི་མཉམ་པའི་དུས་སྦྱོར་ལ་སྐྱེས་པ་རྣམས་ཀྱི་ནི་གཅིག་ལ་སོགས་པའི་རིམ་པས་འདི་འབབ་པོ་ཞེས་པ་ཁྱད་པར་རོ། །དེ་ལྟར་ཉིན་ཞག་གསུམ་གྱིས་དམན་པའི་ལོ་བརྒྱ་སྟེ་དེའི་སྟེང་དུ་ཉིན་ཞག་གསུམ་ཅུ་རྩ་བཞི་རྒྱུའོ། །དེ་ལ་ཉིན་ཞག་གཅིག་གཡས་པ་ལའོ། །


DTG013_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིན་ཞག་གཅིག་གཡོན་པ་ལའོ། །དེ་ལྟ་བཞིན་དུ་རིམ་པས་ཉིན་ཞག་སུམ་ཅུ་རྩ་གསུམ་གྱི་བར་དུ་འབབ་སྟེ་དེ་ལས་རིམ་པ་ཁམས་དང་ཕུང་པོ་དང་ཡུལ་དང་དབང་པོ་དང་ལས་ཀྱི་དབང་པོའི་བྱ་བ་དང༌། ལས་ཀྱི་དབང་པོ་ལྔ་རྣམས་ཟད་དོ། །དེ་ནས་དབུ་མ་ལ་ཉིན་ཞག་གཅིག་སྟེ་དེ་ལས་ཁམས་དང་ཕུང་པོ་ལ་སོགས་པ་དྲུག་པ་རྣམས་བསྐམས་ནས་སྲིད་པ་གཞན་དུ་འགྲོའོ། །དེ་ལྟར་རྣལ་འབྱོར་པས་འཆི་ལྟས་ཀྱི་མཚན་ཉིད་ཤེས་ནས་དེ་སླུ་བའི་ཐབས་གསུངས་པ། འཆི་ལྟས་ཞེས་པ་ལ་སོགས་པའོ། །དེ་ལ་ཉི་མའི་འཆི་ལྟས་སུ་གྱུར་ན་རྡོ་རྗེ་སྐྱིལ་ཀྲུང་བཅིངས་ནས་སྲོག་རྩོལ་སྔོན་དུ་འགྲོ་བས་དཔུང་པ་གཡས་པ་ནུ་མ་གཡས་པ་བཙིར་བ་ལས་དཀྱིལ་འཁོར་ལྔ་འབབ་པའི་བདག་ཉིད་གཡས་པ་ལས་བཀུག་སྟེ་གཡོན་པ་ལ་སྲོག་ཡང་དག་པར་རྒྱུ་བར་བྱའོ། །དེས་ཉི་མའི་འཆི་ལྟས་ལྡོག་གོ །དེ་བཞིན་དུ་གཡོན་པ་ལས་གཡས་པ་ལ་ཟླ་བའི་འཆི་ལྟས་ལྡོག་གོ །དེ་བཞིན་དུ་སྐྱིལ་ཀྲུང་བྱས་ནས་ཐིག་ལེར་ཏེ་དཔྲལ་བར་གནས་པའི་པདྨ་འདབ་མ་བཅུ་དྲུག་དཀར་པོའི་དབུས་སུ་སྲོག་རྩོལ་སྔོན་དུ་འགྲོ་བས་སེམས་གཞུག་པར་བྱའོ། །སྲོག་ནི་ཐིག་ལེར་གཞུག་པར་བྱ། །ཞེས་པ་གཙོ་བོར་འཛིན་བའི་མཚན་ཉིད་དོ། །འདི་ནི་བསྙེན་པའི་ཡང་གཙོ་བོ་སྟེ་འཆི་ལྟས་སླུ་བའི་ཐབས་སོ། །ཨ་ཝ་དྷཱུ་ཏཱིའི་ཞེས་པ་ལ་སོགས་པའི་གཞུང་ཡང་དེའི་དགོངས་པ་ཉིད་ཀྱིས་སྦྱར་བར་བྱའོ། །དེ་བཞིན་དུ་སྐྱིལ་ཀྲུང་བཅིངས་ནས་ཨ་ཝ་དྷཱུ་དིའི་ཞབས་ནི་ལྟེ་བའི་པདྨ་དྲུག་ཅུ་རྩ་བཞི་པ་སེར་བོ་སྟེ་དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་ཨཾ་ཡིག་དཀར་པོའི་སྟེང་དུ་རེ་ཁའི་རྣམ་པ་དེ་དང་རབ་ཏུ་སྦྱོར་བ་བསྒོམ་པར་བྱའོ། །དེ་བཞིན་དུ་རྟག་ཏུ་རྡོ་རྗེ་བསླང་བར་བྱ་རང་གི་ལག་པའི་མཚོ་སྐྱེས་ལ་སོགས་པས་ཇི་ལྟར་ཐིག་ལེ་ཕྱི་རོལ་དུ་མི་འབྱུང་བར་ཏེ་འཆི་ལྟས་ཀྱི་རྒྱུ་ཟླ་ཉིའི་བགྲོད་པ་འཇོམས་པ་ལས་སོ། །ཐབས་འདི་གཙོ་བོར་གསུངས་པ། གཞན་དུ་ཞེས་པ་ལ་སོགས་པའོ། །སྟེང་གི་འཆི་ལྟས་སླུ་བ་བརྗོད་ནས། འོག་གི་འཆི་ལྟས་གསུངས་པ། འོག་ཏུའང་དུང་ཅན་མར་ཐུར་སེལ་ཞེས་པ་སྟེ་འོག་ཏུ་ཡང་དུང་ཅན་མའི་རྩ་འབའ་ཞིག་ལ་མ་ཡིན་པར་བཤད་


DTG013_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་དང་གཅི་བ་འབབ་པ་དག་ཐུར་སེལ་ཞེས་བྱ་བའི་རླུང་འབབ་ན་ཞེས་པ་ལྷག་མའོ། །རྒྱུན་དུ་བཤད་པ་དང་གཅི་བ་འབབ་པ་ཉིད་ཀྱིས་དེ་མ་ཞུགས་པ་ལས་ཀྱང་འཆི་བའོ། །དེ་ལ་འཆི་ལྟས་སླུ་བའི་ཐབས་ཀྱི་ཟོལ་གྱིས་དགའ་བ་རྣམས་འཆི་ལྟས་ཞེས་པ་ལ་སོགས་པས་མདོར་བསྟན་ཏེ། མགོ་བོའི་ཞེས་པ་ལ་སོགས་པ་རྒྱས་པར་བཤད་པའོ། །གཙུག་ཏོར་གྱི་པདྨ་འདབ་མ་བཞི་པའི་དབུས་ལས་དཔྲལ་བའི་ཆུ་སྐྱེས་འདབ་མ་བཅུ་དྲུག་པའི་དབུས་སུ་ཁུ་བ་དགའ་བ་དང་བཟང་པོ་དང་རྒྱལ་བ་དང་སྟོང་པ་དང་རྫོགས་པ་ཞེས་བྱ་བ་ཆ་ལྔས་འོངས་པ་གཉིས་ཀ་ལ་ཁྱབ་པ་ནི་དང་པོ་དགའ་བའོ། །དེ་ནས་མགྲིན་པ་སྙིང་གར་མཆོག་དགའ་ཞེས་པ་མགྲིན་པའི་ཆུ་སྐྱེས་འདབ་མ་སུམ་ཅུ་རྩ་གཉིས་པ་ལས་སྙིང་གའི་པདྨ་འདབ་མ་བརྒྱད་པར་སྔ་མ་བཞིན་ཁྱབ་པ་མཆོག་དགའོ། །དགའ་བྲལ་དགའ་བ་དེ་ནས་འགྱུར། །ཞེས་པ་ལྟེ་བའི་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པ་ལས་གསང་བའི་ཆུ་སྐྱེས་འདབ་མ་སུམ་ཅུ་རྩ་གཉིས་པར་ཁྱབ་པ་དགའ་བྲལ་དགའ་བའོ། །དེ་ཡང་སྣ་ཚོགས་དགའ་བ་དམ་པོར་འཁྱུད་པ་དང༌། ཤཱཏི་ཡིག་དང་མགྲིན་པའི་ཀཱུ་ཛ་ན་ལ་སོགས་པ་ལྟེ་བ་དང་གསང་བར་ཡང་ཕྱི་རོལ་རྟོགས་པ་ཁ་ཕྱིར་ཕྱོགས་པའི་བདེ་བ་ཟོས་པ་སྟེ་བདག་གིས་ཞེས་རྟོགས་པའི་མཚན་ཉིད་རང་རིག་པ་ཙམ་དགའ་བའི་མཐར་ཐུག་པ་སྐྱེ་བ་ཡིན་གྱི་དགའ་བ་དང་བྲལ་བའི་བདེ་བ་ནི་མ་ཡིན་ནོ། །དེ་ནས་གསང་བའི་པདྨ་ནས་རྡོ་རྗེ་ནོར་བུའི་ནང་དུ་གནས་པའི་ཆུ་སྐྱེས་འདབ་མ་བརྒྱད་པའི་བར་དུ་མི་གཡོ་བའི་ཆ་བཅུ་དྲུག་པ་འོངས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། འཛིན་པའི་སྟོབས་ཀྱི་ཕྱི་རོལ་དུ་བགྲོད་པ་མེད་པའི་ཕྱིར་མི་འཕོ་བའོ། །འདོད་ཆགས་བྲལ་ལས་ཏེ་ཆགས་པའི་དགའ་བ་དང་བྲལ་བ་ལས་གཙུག་ཏོར་དུ་གནས་པའི་བདེ་བ་སྟེ་ཁུ་བ་གང་ཡིན་པ་དེ་རབ་ཏུ་གནས་པའོ། །རྡོ་རྗེ་ནོར་བུ་ལས་འཕོ་བ་མེད་པ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པའོ། །བདེ་བའི་རྒྱལ་པོ་འདི་ནི་གཙུག་ཏོར་དང་རྡོ་རྗེ་ནོར་བུའི་བར་དུ་ཁྱབ་པའི་ཕྱིར་རབ་ཏུ་མི་གནས་མྱ་ངན་འདས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཆགས་ཆེན་དང་མི་འགྱུར་བ་ཡང་སྟེ། གཙོ་བོ་ཡིན་པའི་ཕྱིར་ཁྱབ་བདག་འཇིག་རྟེན་གསུམ་གྱི་དབང་ཕྱུག་


DTG013_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ་ཐམས་ཅད་དེའི་གནས་འདོད་པ་དང་མངོན་པར་འདོད་པ་ཉིད་ཀྱི་ཕྱིར་རོ། །བདུད་རྩི་ཡིན་པ་ཉིད་ཀྱི་ཕྱིར་ཁུ་བ་ཉིད་ཟླ་བ་སྟེ་ཁུ་བ་ཟླ་བ་དེའི་གཙུག་ཏོར་དུ་འཆར་བ་ནི་དཀར་པོའི་ཚེས་གཅིག་སྟེ་གསང་བར་རྫོགས་པ་གསུམ་པ་ཇི་སྲིད་པར་རོ། །འདིར་བྱང་ཆུབ་ཀྱི་སེམས་ལ་དགའ་བ་ལ་སོགས་པའི་དབྱེ་བས་རྫོགས་པ་གསུམ་དུ་འགྱུར་ཏེ་གསང་བར་དགའ་བྲལ་དགའ་བ་ལས་ནི། བཅུ་དྲུག་ཆ་གང་དེ་ནོར་བུའི། །པདྨ་རྡོ་རྗེའི་རྩེ་མོར་གནས། །རྡོ་རྗེའི་རྩེ་མོའི་མཐར་གནས་པར་འགྱུར་རོ། །དེ་ལས་སྟེང་དུ་ནག་པོའི་ཚེས་གཅིག་འོངས་པ་ན་སྟེ་ཆགས་བྲལ་རབ་ཏུ་ཞུགས་པའི་དུས་སུ་འགྱུར་ཏེ་འཕོ་བའི་དུས་ཉིད་ནག་པོའི་ཚེ་གཅིག་གོ་ཞེས་པའི་དོན་ཏོ། །དེ་ནི་འདོད་ཆགས་ཉམས་པའི་ཕྱིར་ནག་པོའི་ཕྱོགས་ཏེ་རྡུལ་གྱི་གཟུགས་ཀྱིས་ཉི་མའི་ཆ་དང་པོ་ནོར་བུའི་རྩེ་མོ་ལའོ། །དེ་ནས་འདོད་ཆགས་བྲལ་བས་ཉི་མ་མཛོད་སྤུའི་གནས་དཔྲལ་བར་འགྲོ་སྟེ་གནམ་སྟོང་ངོ་ཞེས་པའི་དོན་ཏོ། །དེ་ནས། ཉི་མའི་ཆ་ཤས་བཅུ་དྲུག་མ། །གཙུག་ཏོར་པདྨར་སོན་པའོ། །དེ་ཉིད་ཟླ་བ་ཉམས་པ་ཞེས་པ་བརྗོད་དེ་ཉི་མས་རྡུལ་གྱི་གཟུགས་ཀྱིས་བཀབ་པ་ཉིད་ཀྱི་ཕྱིར་རོ། །ཆགས་པའི་བདེ་བ་ལ་ཆགས་བྲལ་ཕྱིར་ཡང་དེ་ཉིད་དོ། །ལུས་ཅན་ཐམས་ཅད་དེ་ལྷ་དང་ལྷ་མ་ཡིན་དང་མི་ལ་སོགས་པ་རྣམས་འཆི་བ་ན་སྟེ་འཆི་བའི་དུས་སུ་ཟླ་བ་བདུད་རྩི་འོག་ཏུ་འགྲོ་ཞེས་པ་ཟླ་བ་བདུད་རྩི་བྱང་ཆུབ་ཀྱིས་སེམས་འཕོ་བའི་ཆགས་པ་གོམས་པ་ལས་བརྗོད་པའི་རིམ་པས་འོག་ཏུ་ཁུ་བའི་ལམ་ནས་འགྲོའོ། །དེ་བཞིན་དུ་ཉི་མ་རྡུལ་སྟེང་དུ་འགྲོའོ། །སྒྲ་གཅན་མི་ཤེས་པ་མ་རིག་པའི་བག་ཆགས་དང་ལྷན་ཅིག་སྟོབས་དང་ལྡན་པའི་སྲོག་དང་བཅས་པའི་རྣམ་ཤེས་འདི་དངོས་པོའི་མཚན་ཉིད་ལ་སྟེ་དགེ་བ་དང་མི་དགེ་བའི་ལས་ཀྱི་སྤྲུལ་པའི་སྐྱེ་བ་གཞན་དུ་འགྲོའོ། །གང་གི་ཕྱིར་དེ་ལྟར་ཡིན་པའི་རྒྱུ་དེའི་ཕྱིར་ཟླ་བ་བདུད་རྩི་ཁུ་བའི་ཁམས་ནི་བརྗོད་པའི་ལམ་བསྒོམས་པས་སྟེང་དུ་སྟེ་གྱེན་དུ་བགྲོད་པ་དང༌། འོག་ཏུ་ཡང་ཉི་མ་རྡུལ་བགྲོད་པ་དང༌། སྒྲ་གཅན་གྱི་མཚན་ཉིད་རྣམ་ཤེས་འགྱུར་མེད་བདེ་བ་ལ་བགྲོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་སྔོན་འདི་མཛད་དོ་ཞེས་པ་ལ་སོགས་པ་སྟོན་པ་སངས་རྒྱས་ཞེས་པ་ལ་


DTG013_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པའོ། །སངས་རྒྱས་རྣམས་ཀྱི་ནི་ཟླ་བ་བདུད་རྩི་ཉ་སྟེ་ཆ་བཅོ་ལྔ་ཡོངས་སུ་རྫོགས་པ་ཉིད་མཛོད་སྤུའི་པདྨར་ཏེ་དབྲལ་བར་འགྱུར་རོ། །ཉི་རྡུལ་གནམ་སྟོང་གསང་བར་འགྱུར་རོ། །སངས་རྒྱས་རྣམས་ཀྱི་དེ་དག་སྟེ་ཟླ་བ་དང་ཉི་མ་ཆ་བཅུ་དྲུག་པ་དག་རིམ་པ་ཇི་ལྟ་བས་གཙུག་ཏོར་དང་རྡོ་རྗེ་ནོར་བུའོ། །དེ་མཚན་ཡང་དག་པར་བརྗོད་པར་གསུངས་པ། རྐང་པ་གཅིག་གིས་མཐིལ་གནོན་པ། །ས་ཡི་སྙིང་པོ་མཐིལ་གནས་པ། །ཚངས་པའི་སྒོ་ངའི་རྩེ་མོ་གནོན། །རྐང་མཐེབ་སེན་མོ་ལ་གནས་པ། །ཞེས་པ་སྟེ། བརྗོད་པ་ནི་རྡོ་རྗེའི་ཚིག་སྟེ་བགྲོད་པར་བྱ་བ་དང་རྟོགས་པར་བྱ་བའོ། །གང་གིས་ཚིག་མི་འགྱུར་བའི་ཡེ་ཤེས་དེའི་ཞབས་ལ་ཚིག་གི་སྒྲུབ་བྱེད་སྤྱི་བོས་རྟག་ཏུ་ཕྱག་འཚལ་བའོ་ཞེས་པ་མི་ཕྱེད་པའི་ཡེ་ཤེས་ནི་སྟོན་པའོ། །ལུས་ཅན་ཀུན་གྱི་ཞེས་པ་འཁོར་བ་པ་ཐམས་ཅད་ཀྱི་ཕྱིན་ཅི་ལོག་ལ་རབ་ཏུ་གནས་པ་མ་ཡིན་པའོ། །དེའི་ཕྱིར། རབ་གནས་མྱ་ངན་འདས་པ་མི་ན། །ཞེས་བྱ་བ་བདེ་བ་ཆེན་པོའི་མིང་ཅན་ལུས་དག་པ་ལས་ས་ལ་སོགས་པའི་ཁམས་རྣམས་ཕྱིན་ཅི་ལོག་སྒྲིབ་པ་འབད་པ་ཉིད་དུ་འགྱུར་རོ། །ཁམས་གཞན་དེ་རྣམས་དབྱེར་མེད་པ་འཛིན་པའི་སྟོབས་ཀྱིས་རང་ཉམས་སུ་རབ་ཏུ་འཇུག་པའི་གཏུམ་མོ་འབར་བ་ལས་དགའ་བ་ལ་སོགས་པའི་དབྱེ་བས་སྤྱི་བོ་ལས་བབས་པའི་ལུས་དང་ངག་དང་སེམས་ཡེ་ཤེས་ཀྱི་ཐིག་ལེ་རྣམས་བརྗོད་པའི་རིམས་པས་ཕྱི་རོལ་དུ་འབྱུང་བ་མེད་པའི་ཕྱིར་མི་འགྱུར་བའི་བདེ་བ་རྫོགས་པ་རྣམས་ཀྱི་སྐུ་བཞིའི་རྣམ་པར་དག་པ་གསུངས་པ། ནོར་བུར་ཞེས་པ་ལ་སོགས་པའོ། །བདེ་ཆེན་ལས་ཞེས་པ་བདེ་བ་ཆེན་པོའི་མིང་ཅན་དག་པའི་སྐུ་ལས་ཏེ་ཕྱིན་ཅི་ལོག་གིས་སྐུའི་ཐིག་ལེ་གང་ཡིན་པ་དེ་བཞིན་པའི་གནས་སྐབས་ཟད་པའི་སྐུ་སྟེ། དེ་ཡང་རྡོ་རྗེ་རྩེ་མོར་གནས་སོ། །དེ་ལས་ནོར་བུར་ཐུགས་ཤིན་ཏུ་གཉིད་ལོག་ཟད་པར་ལས་སོ། །གསང་བར་རྨི་ལམ་ཟད་པར་ལས་སོ། །ལྟེ་བར་སྐུ་སད་པའི་གནས་སྐབས་ཟད་པ་ལས་སོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་འདི་རྣམས་ཀྱང་དག་པའི་སྐུ་ལས་སྤྲོ་བའོ། །ཐབས་ཀྱི་འོག་ཏུ་ཞེས་པ་རྡོ་རྗེ་ནོར་བུའི་རྩེ་མོ་ལས་ཆོས་ཀྱི་སྐུ་ལ་སོགས་པ་


DTG013_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདི་རྣམས་ཀྱི་སྤྲོ་བ་གང་ཡིན་པ་དེ་ཐབས་ཀྱི་ཆའི་རྣམ་པར་གཞག་པའོ། །ཤེས་རབ་ཀྱི་ནི་སླར་ཡང་སྟེང་དུ་འགྱུར་ཏེ། དེ་སྟོན་པ་འདིའི་ཞེས་པའོ། །ཤེས་རབ་འདིའི་སྤྲུལ་པ་ཞེས་བྱ་བ་སྐུ་རྡོ་རྗེ་དཔྲལ་བར་ཏེ་སྔ་མ་བཞིན་དུ་ཕྱིན་ཅི་ལོག་གིས་སོ། །དེ་བཞིན་དུ། མགྲིན་སྙིང་ལྟེ་བའི་འདབ་སྐྱེས་ལ། །རིམ་པ་ཇི་ལྟ་བས་གསུང་ཐུགས་ཡེ་ཤེས་རྡོ་རྗེ་རྣམས་ནི་ལོངས་སྤྱོད་རྫོགས་པ་དང་ཆོས་དང་ལྷན་ཅིག་སྐྱེས་པའི་སྐུ་རྣམས་ཏེ་ཤེས་རབ་ཀྱི་ཆའི་རྣམ་པར་གཞག་པའོ། །དེ་བཞིན་དུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དེ་རྡོ་རྗེ་སེམས་དཔའི་སྐུ་ལས་ཕུང་པོ་ལ་སོགས་པ་རྣམས་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་ཉིད་ཀྱི་སེམས་ཅན་གྱི་ཆེད་དུ་སྤྲོ་བའོ། །འདིས་ནི་དོན་གྱིས་རྗེས་སུ་དྲན་པའི་ཡན་ལག་མདོར་བསྟན་པའོ། །འབྲས་བུ་མདོར་བསྟན་ནས་དེ་སྒྲུབ་ཐབས་གསུངས་པ། ལས་ཀྱི་ཕྱག་རྒྱ་ཞེས་པ་ལ་སོགས་པའོ། །ལས་ཀྱི་ཕྱག་ནི་ནུ་མ་དང་སྐྲར་ལྡན་པ་འདོད་པའི་ཁམས་ཀྱི་བདེ་བའི་རྒྱུའོ། །ལས་ནི་ཙུམྦ་ན་དང་འཁྱུད་པ་དང་གསང་བར་རེག་པ་དང་རྡོ་རྗེ་བསྐྱོད་པ་ལ་སོགས་པ་བྱ་བའི་བདག་ཉིད་ཅན་ཏེ། དེས་ཉེ་བར་མཚོན་པའི་ཕྱག་རྒྱ་ནི་ཡིད་ཆེས་པ་བྱེད་པ་མོ་ཡིན་ལ་ཡིད་ཆེས་པ་ནི་འདིར་འགྱུར་བའི་བདེ་བ་མཚོན་པར་བྱེད་པ་སྟེ། མུ་དམ་བདེ་བའི་ཁྱད་པར་རཱ་སྟེ་སྟེར་བའོ་ཞེས་པ་ཕྱག་རྒྱའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པ་སྣ་ཚོགས་ཡུམ་ལ་ཚོགས་པ་ལྷ་མོའི་རང་བཞིན་རྗེས་སུ་ལོངས་སྤྱོད་པ་ཇི་སྲིད་པར་ཏེ་གཟུགས་ཀྱི་ཁམས་ཀྱི་བདེ་བའི་རྒྱུའོ། །ཡེ་ཤེས་ནི་སྔོན་དགོང་པ་དང་བལྟ་བ་ལ་སོགས་པ་བསྒོམས་པའི་མཚན་ཉིད་དེ། ཡིད་ཆེས་པ་ནི་འདིར་གཡོ་བའི་བདེ་བ་མཚན་པར་བྱེད་པའོ། །ཆེན་པོ་ཡང་འདི་ཡིན་ལ་ཕྱག་རྒྱ་ཡང་ཡིན་པས་ཕྱག་རྒྱ་ཆེན་པོའོ། །སླར་ཡང་འདིའི་ཆེན་པོ་ཉིད་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཉི་ཚེ་བ་མ་ཡིན་པ་ཉིད་ཡིན་ལ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འདིས་རྒྱས་འདེབས་པའི་ཕྱིར་ཕྱག་རྒྱ་སྟེ། ཡིད་ཆེས་པ་ནི་འདིར་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་དང་བྲལ་བ་དུ་བ་ལ་སོགས་པའི་མཚན་མ་སྔོན་དུ་འགྲོ་བའི་རང་གི་སེམས་རབ་ཏུ་གསལ་བ་རྣལ་འབྱོར་བས་རྟོགས་པར་བྱ་བ་པྲ་ཕབ་པ་ལྟ་བུའོ། །འབྲས་བུའི་ངོ་


DTG013_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བོ་ཕྱག་རྒྱ་ཆེན་པོ་ནི་མུ་དམ་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཡེ་ཤེས་ཀྱི་མཚན་ཉིད་དེ་རཱ་ཏི་གང་བའི་གནས་སྐབས་མི་གཡོ་བའི་སྦྱོར་བས་དུས་ཐམས་ཅད་ཀུན་ནས་སྟེར་བའོ་ཞེས་པ་ཕྱག་རྒྱའོ། །འདིའི་ཆེན་པོ་ཉིད་ཀྱང་སྤངས་པ་ཆེན་པོ་ཉིད་དང་རྟོགས་པ་ཆེན་པོ་ཉིད་ཀྱིས་སོ། །དེ་ལ་སྤངས་པ་ཆེན་པོ་ཉིད་ནི་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་མཚན་ཉིད་རང་བཞིན་ཞེས་བྱ་བའི་འོད་གསལ་བ་མངོན་དུ་བྱེད་པའི་མཚན་ཉིད་དོ། །རྟོགས་པ་ཆེན་པོ་ཉིད་ནི་ཡོངས་སུ་དག་པ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཟུང་དུ་འཇུག་པ་ཞེས་བྱ་བ་ཆོ་སྐུ་མངོན་དུ་བྱེད་པའི་རང་བཞིན་ནོ། །གང་ཞིག་ཡིད་མུན་པ་ཉམས་པ་ལ་སོགས་པ་དྲི་མ་མ་ལུས་པ་དང་བྲལ་བ་ནམ་མཁའ་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་པ་འོད་གསལ་བ་མངོན་སུམ་དུ་བྱེད་པ་ཁོ་ན་སངས་རྒྱས་ཀྱི་ཆོས་མཐའ་དག་རྟོགས་པས་ཏེ། མ་ལུས་པའི་རྒྱུ་ནི་སྣ་ཚོགས་པའི་དོན་ཕུན་སུམ་ཚོགས་པའི་ནུས་པའི་ངོ་བོས་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཆོས་རྣམས་ཀྱི་རྟེན་གྱི་སྐུ་ནི་ཆོས་ཀྱི་སྐུའོ་ཞེས་བརྗོད་དོ། །དེ་ལ་ཡང་རབ་ཏུ་སྣང་བ་མ་ཡིན་ན་ཡང་རྟོགས་པར་རྣམ་པར་གཞག་པ་ཡིན་ན་བུམ་པ་རབ་ཏུ་སྣང་བ་ན་སྣམ་བུ་ལ་སོགས་པ་རྟོགས་པར་ཐལ་བ་བཟློག་པར་དཀའ་སྟེ། གང་ཡང་གྲངས་ཅན་པའི་ལྟ་བ་སུན་མ་ཕྱུང་བ་ཁོ་ནར་འགྱུར་རོ། །གཞན་ཡང་སྒྱུ་མ་རང་རྨི་ལམ་དང་དྲི་བྲའི་གྲོང་ཁྱེར་དང་བྲལ་བབ་ལ་སོགས་པ་བཞིན་དུ་མ་བརྟགས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་མ་ལུས་པ་མཐོང་བ་ཀུན་རྫོབ་ཀྱི་བདེན་པ་མཐོང་བ་སྟེ་རང་བྱིན་གྱིས་བརླབ་པ་ཡང་བརྗོད་དོ། །ཀུན་རྫོབ་ཀྱི་བདེན་པ་ཉིད་ཀྱང་དོན་དམ་པའི་དབེན་པའི་བདག་ཉིད་འོད་གསལ་བ་ཡོངས་སུ་དག་མེད་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་ངོ་བོ་རྣམ་པར་སྣང་མཛད་ལ་སོགས་པ་བརྟེན་པའི་ཚོགས་དང་ཁང་པ་བརྩེགས་པ་ལ་སོགས་པ་རྟེན་གྱི་དཀྱིལ་འཁོར་ཡང་སྟེ་དེ་ཉིད་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཉིད་དང་སྔས་རྒྱས་ཀྱི་ཆོས་ཀྱི་རང་བཞིན་ཉིད་ཀྱིས་ཀྱང་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་གསུངས་སོ། །བདེན་པ་


DTG013_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཉིས་གཉིས་སུ་མེད་པའི་རང་བཞིན་འདི་ཉིད་ཟུང་དུ་འཇུག་པ་ཞེས་བརྗོད་དོ། །དེའི་ཕྱིར་ཟུང་དུ་འཇུག་པའི་སྐུ་ཉིད་ཆོས་ཀྱི་སྐུ་སྟེ། ལོངས་སྤྱོད་རྫོགས་པ་དང་རང་བཞིན་དག་ལས་ཐ་ནད་པར་གྱུར་པ་རྣལ་འབྱོར་པས་སོ་སོ་རང་གིས་རིག་པར་བྱ་བའོ། །འཕགས་པ་འཇམ་དབལ་ཞབས་ཀྱིས་ཀྱང་རྒྱུད་ཕྱི་མར་གསུངས་པ། གང་དུ་ཡང་དག་མིན་ཞེས་བདེན་པར་དཀར་པོ་དགེ་བའི་ཚོགས་རྣམས་རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྐུ། །ཆོས་ལ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་མཐའ་དག་སྐད་ཀྱི་ཚོགས་སོ་མཚན་དང་དཔེ་བྱད་རྣམས་ཀྱི་ནི། །ཕུང་པོ་སྤྲུལ་པའི་སྐུ་སྟེ་མཆོག་ཏུ་མི་འགྱུར་བ་ཡི་བདེ་བ་ཆོས་སྐུ་མ་ཡིན་དེ་ཡི་ཕྱིར། །སྐུ་རྣམས་ཀྱི་ནི་མཚན་ཉིད་གང་དེ་འདིར་ནི་བདེ་བར་གཤེགས་དང་འཕགས་པ་ཀླུས་བོད་ཀྱིས་ཀྱང་སྟེ། །གང་ཞིག་གཅིག་མིན་དུ་མ་ཡང་མིན་རང་དང་གཞན་ལ་ཕན་པ་ཕུན་ཚོགས་ཆེན་པོའི་གཞིར་གྱུར་པ། །དངོས་མེད་ཉིད་མིན་དངོས་པོ་མ་ཡིན་ནམ་མཁའ་བཞིན་དུ་རོ་མཉམ་རྟོགས་པར་དཀའ་བའི་རང་བཞིན་ཅན། །གོས་པ་མེད་ལ་རྣམ་འགྱུར་མེད་ཅིང་ཞི་ཞིང་མི་མཉམ་མཉམ་ལ་ཁྱབ་པ་རབ་ཏུ་སྤྲོས་མེད་པ། །སོ་སོ་རང་གིས་རིག་བྱ་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དཔེ་མེད་དེ་ལ་བདག་ནི་ཕྱག་འཚལ་ལོ། །གང་ཞིག་འཇིག་རྟེན་ལས་འདས་བསམ་གྱིས་མི་ཁྱབ་ལེགས་བྱས་བརྒྱ་ཡི་འབྲས་བུ་བདག་ཉིད་འབྱོར་བ་ནི། །བློ་ལྡན་རྣམས་ཀྱི་དགའ་བའི་རྒྱུར་ནི་འཁོར་གྱི་ནང་དུ་རྣམ་པ་སྣ་ཚོགས་རྒྱས་པར་སྟོན་མཛད་ཅིང༌། །སངས་རྒྱས་རྣམས་ཀྱིས་དམ་པའི་ཆོས་སྒྲ་རྒྱ་ཆེན་འཇིག་རྟེན་ཐམས་ཅད་དུ་ནི་རབ་ཏུ་སྤྲོ་མཛད་པ། །འདིར་ནི་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་གནས་པ་ལོངས་སྤྱོད་རྫོགས་སྐུ་དེ་ལ་བདག་ནི་ཕྱག་འཚལ་ལོ། །གང་ཞིག་སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་འགའ་ཞིག་དག་ཏུ་མེ་བཞིན་འབར་བར་སྣང་བྱེད་ཅིང༌། །གང་ཞིག་རྫོགས་པའི་བྱང་ཆུབ་ཆོས་ཀྱི་འཁོར་ལོར་ལ་ལར་ཡང་ནི་སླར་ཡང་རབ་ཏུ་ཞི་བ་སྟོན། །སྲིད་པ་གསུམ་གྱི་འཇིགས་པ་འཕྲོག་པ་སྣ་ཚོགས་ཐབས་ཚུལ་རྣམས་ཀྱིས་རྣམ་པ་དུ་མར་རབ་འཇུག་པ། །ཐུབ་བ་རྣམས་ཀྱིས་སྤྲུལ་སྐུ་དོན་ཆེན་ཕྱོགས་བཅུ་རྣམས་སུ་རྗེས་སུ་སོན་པ་དེ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་གྱི་སྤྱོད་པ་


DTG013_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལས་གྲོལ་ནམ་མཁའ་མཉམ་པར་གནས་པ་དངོས་བོ་ཐམས་ཅད་ཀྱི། །རང་བཞིན་དག་པ་ཞི་ཞིང་རྣམ་པར་དབེན་ལ་མཆོག་ཏུ་ཞི་བའི་རང་བཞིན་རྣམས་ཀྱིས་རྟོགས་བྱ་ཉིད། །རྟོགས་པར་དཀའ་ཞིང་རྣམ་པར་སྤྱད་དཀའ་རང་དང་གཞན་ལ་ཕན་པ་ཁྱབ་པ་མཚན་མེད་རྣམ་རྟོག་དང༌། །བྲལ་བ་གཅིག་བུའི་སྐུ་ནི་རྒྱལ་བ་རྣམས་ཀྱི་མི་མཉམ་མཉམ་པ་བདེ་བའི་སྐུ་ལ་ཕྱག་འཚལ་ལོ། །བདག་གི་སྡིག་པའི་ཆོས་རྣམས་ཐུལ། །དེས་ན་ཉེར་འགྲོ་ང་རྒྱལ་བ། །ཞེས་པའི་གསུང་ལས་བདུད་བཞི་ལས་རྣམ་བར་རྒྱལ་བ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །དེ་རྣམས་ཀྱི་བདེ་བའི་སྐུ་ལ་ཕྱག་འཚལ་ལོ་ཞེས་པ་བདེ་བ་ཆེན་པའི་མིང་ཅན་སྒྲིབ་པ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་ནམ་མཁའ་ལྟར་འོད་གསལ་ལ་བ་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཡེ་ཤེས་ཀྱི་མཚན་ཉིད་ཅན་སྐུ་བཞི་པ་ལ་ཕྱག་འཚལ་ལོ་ཞེས་པའི་དོན་ཏོ། །མི་མཉམ་པ་མཉམ་པ་ཞེས་པ་རྒྱུ་མཐུན་པ་ལ་སོགས་པའི་རིམ་པས་ཕུལ་དུ་བྱུང་བ་མཐར་ཐུག་པ་ཐོབ་པ་དྲི་མ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་མི་མཉམ་པ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བདེ་བ་རྣམས་དང་ཐུན་མོང་མ་ཡིན་པ་སྟེ། ཆོས་ཐམས་ཅད་རོ་གཅིག་པ་ཉིད་ཀྱི་ཕྱིར་མཉམ་པའོ། །འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་ཞེས་པ་འཇིག་རྟེན་གསུམ་གྱི་སྤྱོད་པ་ནི་དགོད་པ་དང་བལྟ་བ་ལ་སོགས་པའི་མཚན་ཉིད་ཀྱི་བདེ་བ་སྟེ། དེ་ལས་གྲོལ་བ་ནི་ཡོངས་སུ་སྤངས་པའོ། །གཞན་དུ་ན་བདེ་བ་ཡང་དེ་ཁོ་ནར་འགྱུར་རོ། །རྩ་བའི་རྒྱུད་དུ་གསུངས་པ། དབང་པོ་གཉིས་སྐྱེས་བདེ་དེ་ཉིད། །ལྷ་དང་ཆགས་ཅན་རྣམས་ཀྱི་བརྗོད། །འཇིག་རྟེན་གསུམ་སྤྱོད་ངེས་པར་གྲོལ། །སངས་རྒྱས་རྣམས་ཀྱི་མི་འགྱུར་བདེ། །དགོད་དང་བལྟ་བ་སོགས་ལས་གྲོལ། །ཀུན་དུ་འཁྱུད་པ་རྣམ་པར་སྤངས། །རྒྱུ་དང་འབྲས་བུ་ངེས་པར་གྲོལ། །གཉིས་མེད་འཇིག་རྟེན་གསུམ་དུ་སྣང༌། །ཞེས་པ་སྟེ། དགོད་པ་དང་བལྟ་བ་དང་ལག་པ་བཅངས་པ་དང་གཉིས་གཉིས་འཁྱུད་པ་ལས་ཡང་དག་པར་བྱུང་བ་འཇིག་རྟེན་པའི་སྤྱོད་པའི་བདེ་བར་འགྱུར་བ་དང་གཡོ་བ་སྤངས་པ་མཆོག་ཏུ་མི་འགྱུར་བ་ཞེས་པའོ། །ནམ་མཁའ་


DTG013_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཉམ་པར་གནས་པ་ཞེས་པ་ནམ་མཁའ་མཉམ་པ་འདྲ་བར་གྱུར་པ་རྟོགས་པ་གནག་ཞིག་ཡིན་པ་དེ་བཞིན་དུ་དེའོ། །ཇི་ལྟར་ནམ་མཁའ་ཁྱབ་པ་ཉིད་ཀྱིས་ཐམས་ཅད་དུ་གནས་ཀྱང་དངོས་པོ་འགའ་ཞིག་ལ་ཆགས་པ་མེད་ལ་མཚན་ཉིད་སྤངས་པ་ཡང་ཡིན་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་ཤེས་བྱའི་ཡུལ་ལམ་ལུས་པ་མཁྱེན་ཡང་ཆོས་འགའ་ཞིག་ལ་རབ་ཏུ་གནས་པ་མེད་ལ་མཚན་ཉིད་སྤངས་པ་ཡང་ཡིན་ནོ་ཞེས་པའི་དོན་ཏོ། །ཇི་སྐད་དུ་ལུང་དུ་གསུངས་པ། ཡེ་ཤེས་ངེས་པ་མེད་པ་ཡིས། །ཞིང་རྣམས་ཐམས་ཅད་གཟིགས་པར་གྱུར། །སེམས་ཅན་ཀུན་གྱི་སྤྱོད་པ་ཡང༌། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པའོ། །ཨིནྡྲ་བྷཱུ་ཏིའི་ཞབས་ཀྱིས་ཀྱང་ཡེ་ཤེས་གྲུབ་པར། །ཇི་ལྟར་རབ་ཏུ་མི་གནས་པའི། །ནམ་མཁའ་ཁྱབ་པར་མཚན་ཉིད་སྤངས། དེ་ནི་མཆོག་གི་དེ་ཉིད་བརྗོད། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །ཅེས་པའོ། །གཞན་དུ་ཡང༌། ཇི་ལྟར་རབ་ཏུ་མི་གནས་པའི། །ནམ་མཁའ་ཁྱབ་པར་མཚན་ཉིད་སྤངས། །བསྟན་དུ་མེད་ཅིང་གཟུགས་མེད་ཀྱང༌། །འདི་ནི་དེ་ཉིད་མཚན་ཉིད་དོ། །ཞེས་པའོ། །ཡང་ནམ་མཁའ་ལ་མཉམ་པར་གནས་པ་ནི་འདིའི་གནས་སྐབས་སོ་ཞེས་པ་ནམ་མཁའ་མཉམ་པར་གནས་པ་བདེ་བ་ཆེན་པོའི་སྐུ་སྟེ། ཁ་དོག་དང་དབྱིབས་དང་བྲལ་བའི་ཕྱིར་ནམ་མཁའ་ལྟར་སྣང་བ་ཐམས་ཅད་དང་བྲལ་བའོ་ཞེས་པའི་དོན་ནོ། །གསུངས་པ་ཡང༌། །སངས་རྒྱས་རྣམས་ལ་སྐུ་གང་ཞིག །སྣང་བ་མེད་ཅིང་རྟེན་མེད་པ། །མ་སྐྱེས་མ་བྱས་དག་པ་སྟེ། །དངོས་པོ་དངོས་མེད་ལ་སོགས་སྤངས། །ཞེས་པའོ། །དཔལ་ལྡན་རྒྱུད་དུ་ཡང༌། །ནོར་བུ་ཤེལ་བཞིན་རྒྱལ་བའི་ཡེ་ཤེས་རྡོ་རྗེ་ཞེས་པའོ། །ཙནྡྲ་གོ་མིའི་ཞབས་ཀྱིས་ཀྱང༌། གང་ཞིག་རྣམ་དག་ནམ་མཁའ་བཞིན། །མི་ཤེས་མུན་པ་འཁྲིགས་པ་ཡིས། །བསྒྲིབས་པ་ཟླ་བའི་འོད་ཀྱིས་བཞིན། །དངོས་པོ་རྒྱལ་བ་རྣམས་ཀྱིས་རིག །ཅེས་པའོ། །དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཞེས་པ་རྒྱུ་དང་རྐྱེན་དག་འདྲ་བ་ལས་བྱུང་བའི་ཕྱིར་དངོས་པོ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ངོ་བོ་བརྟན་པ་དང་གཡོ་བ་གནས་པའི་དོན་རྣམས་ཏེ། དེ་རྣམས་ཐམས་ཅད་དང་ཁམས་གསུམ་


DTG013_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་མ་ལུས་པ་ཡང་དག་པར་བསྡུས་པའི་དངོས་པོ་རྣམས་ཀྱང་ངོ༌། །དེ་རྣམས་ཀྱི་རང་བཞིན་དེ་སྐྱེད་པ་དང་དེ་ཉམས་པ་དག་ལས་ཡོད་པ་དང་མེད་པ་ལ་སོགས་པའི་སྤྲོས་པ་ཐམས་ཅད་སྤངས་པ་བདེ་བ་ཆེན་པོའི་རང་བཞིན་དེ་བཞིན་ཉིད་གཅིག་པུའི་ངོ་བོ་ཉིད་དོ། །འཕགས་པ་རྡོ་རྗེ་སྙིང་པོའི་ཞབས་ཀྱིས་ཀྱང་གསུངས་པ། རྣམ་པར་རྟོག་པ་མེད་ཡིད་ལ། །སྒོམ་པ་པོ་མེད་བསྒོམ་བྱ་མེད། །སྔགས་མེད་ལྷ་ནི་ཡོད་མ་ཡིན། །གནས་པ་ཆད་པ་ཡོད་པ་སྟེ། །སྤྲོས་པ་མེད་པའི་རང་བཞིན་ལས། །ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་རྣམ་པར་རྟོག་པའི་མཚན་མ་ཐམས་ཅད་སོ་སོར་ནུབ་པ་དེ་ཉིད་ཀྱི་གཟུགས་ཀྱི་སོ་ཞེས་པའོ། །ཙནྡྲ་གོ་མིའི་ཞབས་ཀྱིས་ཀྱང༌། །ཆོས་ཀྱི་སྐུ་འདིའི་དེ་བཞིན་ཉིད། །རྣམ་རྟོག་རྣམས་ཀྱི་སྤྱོད་ཡུལ་མིན། །སེམས་ཅན་ཐམས་ཅད་ཀྱི་རང་བཞིན། །དོན་ཀུན་གྱི་ནི་རྗེས་སུ་འགྲོ། །ཡོད་དང་མེད་དང་མི་རྟག་ཉིད། །བརྟན་དང་སྣ་ཚོགས་ཉིད་གཅིག་ཉིད། །དག་དང་མ་དག་བྱང་ཆུབ་ཀྱང༌། །ཐམས་ཅད་འདིར་ནི་བརྟགས་པ་སྟེ། །ཆུ་གཏེར་ལ་ནི་རླབས་བཞིན་དང༌། །མེ་ལོང་ལ་ནི་གཟུགས་བརྙན་བཞིན། །དོན་ལ་རྨི་ལམ་རོ་མཉམ་བཞིན། །གང་དུ་དངོས་རྣམས་ཡང་དག་འབྱུང༌། །གང་ཞིག་རྣམ་དག་ནམ་མཁའ་བཞིན། །མི་ཤེས་མུན་པ་འཁྲིགས་པ་ཡིས། །བསྒྲིབས་པ་ཟླ་བའི་འོད་ཀྱིས་བཞིན། །དངོས་པོ་རྒྱལ་བ་རྣམས་ཀྱིས་རིག །སྣ་ཚོགས་གཟུགས་ཅན་སྐུ་རྣམས་ཀྱིས། །དེ་ཉིད་འགྲོ་བའི་ངོ་བོ་ཉིད། །གང་དུ་རོ་གཅིག་ཉིད་འགྱུར་བ། །རྒྱ་མཚོ་ལ་ནི་ཆུ་བོ་བཞིན། །རྣམ་པ་དེ་ལྟའི་སྐུ་འདི་དེ། །ཆོས་སྐུ་འདི་ནི་སྐྱོབ་པ་ཡི། །རྣམ་པ་ཐམས་ཅད་རྣམ་དག་པའི། །རྫོགས་པའི་བྱང་ཆུབ་སྤྱོད་ཡུལ་ཉིད། །ཅེས་པ་སྟེ། ཡོངས་སུ་དག་པའི་སངས་རྒྱས་རྣམས་ཀྱི་ཆོས་རྣམས་མཐའ་དག་གི་རྟེན་དང༌། རྒྱུའི་སྐུ་ནི་ཆོས་སྐུའོ། །དག་པ་ཞེས་པ་ཉོན་མོངས་པའི་དྲི་མ་རྣམས་དང་མ་འདྲེས་པའོ། །ཞི་ཞིང་ཞེས་པ་ཁམས་བཅོ་བརྒྱད་ཀྱི་རྣམ་འགྱུར་དང་བྲལ་བ་སྟེ། འཕགས་པ་རྡོ་རྗེ་སྙིང་པོའི་ཞབས་ཀྱིས་ཀྱང་གསུངས་པ། ངོ་བོ་གཟུགས་མེད་ཅེས་པ་ལ་སོགས་པ་ལ་རང་


DTG013_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གི་ངོ་བོ་ནི་རང་རིག་པར་བྱེད་པ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཏེ། རང་གི་ངོ་བོ་གཟུང་བ་དང་འཛིན་པའི་ཁམས་བཅོ་བརྒྱད་ཀྱི་རྣམ་འགྱུར་དང་བྲལ་བ་དེས་རྣལ་འབྱོར་པ་རྣམས་ཀྱི་ཕྱི་རོལ་གྱི་གཟུགས་མེད་མཐོང་བ་མེད་མིག་གི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་སྒྲ་མེད་ཉན་པ་མེད་རྣ་བའི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་དྲི་མེད་སྣོམ་པ་མེད་སྣའི་རྣམ་པར་ཤེས་བ་མེད་དོ། །དེ་བཞིན་དུ་རོ་མེད་མྱོང་བའང་མེད་ལྕེའི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་རེག་བྱ་མེད་རེག་པར་བྱ་བའང་མེད་ལུས་ཀྱི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་ཆོས་ཀྱི་ཁམས་མེད་འཛིན་པ་མེད་ཡིད་ཀྱི་རྣམ་པར་ཤེས་པ་མེད་དོ། །དེ་ལྟར་ཁམས་བཅོ་བརྒྱད་ཀྱི་རྣམ་འགྱུར་དང་བྲལ་བའི་དེ་ཁོ་ན་རིན་པོ་ཆེ་རྣལ་འབྱོར་པས་བསྒོམ་པར་བྱའོ་ཞེས་པའོ། །རྣམ་པར་དབེན་ལ་ཞེས་པ་ཤེས་བྱ་དང་སྙོམས་པར་འཇུག་པ་ལ་སོགས་པའི་སྒྲིབ་པ་ལས་ཐ་དད་པར་གྱུར་པའོ། །དེ་ཉིད་ཀྱི་ཕྱིར་ཉེ་བར་འཚེ་བ་ཐམས་ཅད་དང་བྲལ་བ་ལས་ཤིན་ཏུ་བརྟགས་པའི་བདག་ཉིད་དང་རྒྱུས་ཀྱང་མཆོག་ཏུ་ཞི་བའི་རང་བཞིན་ནོ། །རྣལ་འབྱོར་རྣམས་ཀྱིས་རྟོགས་བྱ་ཉིད། །ཅེས་པ་རྣལ་འབྱོར་ནི་ཡན་ལག་དྲུག་གི་རྣལ་འབྱོར་ཡིན་ལ། །གང་ལ་རྣལ་འབྱོར་དེ་ཕུལ་དུ་བྱུང་བ་མཐར་ཐུག་པ་ཐོབ་པ་དེ་རྣམས་འདི་རྣལ་འབྱོར་པ་སྟེ་རྡོ་རྗེ་འཛིན་པ་ཆེན་པོའི་གནས་ཐོབ་པ་དེ་རྣམས་ཀྱི་རྟོགས་བྱ་ཉིད་དོ། །དེའི་ཕྱིར་རྐྱེན་གཞན་གྱིས་མི་རྟོགས་པ་འདིས་འདིའི་སོ་སོ་རང་གིས་རིག་པར་བྱ་བ་རབ་ཏུ་གསལ་བར་མཛད་དེ། དེ་ནི་གུས་པ་དང་རྒྱུན་མི་འཆད་པར་རབ་ཏུ་འཇུག་པ་དུ་བ་ལ་སོགས་པའི་ལམ་བསྒོམ་པ་ཕུལ་དུ་བྱུང་བ་མཐར་ཐུག་པས་རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་པར་དཀའ་བའོ། །ཐོས་པ་དང་བསམ་པའི་རང་བཞིན་གྱི་ཤེས་པས་ཕུལ་དུ་བྱུང་བའི་འབད་པ་དང་ལྡན་པ་རྣམས་ཀྱིས་ཀྱང་ཡོངས་སུ་གཅོད་པར་མི་ནུས་པ་ཉིད་ཀྱི་ཕྱིར་རྣམ་པར་དཔྱད་དཀའ་བའོ། །རང་དང་གཞན་ལ་ཕན་པ་ཞེས་པ་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་མཚན་ཉིད་རང་གི་དོན་ཕུན་སུམ་ཚོགས་པའི་སྦྱོར་བ་ལས་མཐའ་གཅིག་ཏུ་རང་ལ་ཕན་པ་དང་བསམ་པ་ཇི་ལྟ་བ་དང་རིགས་ཇི་ལྟ་བར་ཡང་དེའི་


DTG013_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱིན་རླབས་ལས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དག་གིས་གཞན་གྱི་དོན་མ་ལུས་པ་རྫོགས་པ་གཞན་ལ་ཕན་པ་ཡང་ཞེས་པའི་དོན་ཏོ། །ཡུལ་དང་དུས་སོ་སོར་ངེས་པ་མེད་པའི་ཕྱིར་ཁྱབ་པར་བྱ་བ་གཞན་གྱི་སེམས་ལ་སོགས་པ་དངོས་པོ་ཐམས་ཅད་ཁྱབ་པར་བྱེད་པའོ་ཞེས་པ་ཁྱབ་པའོ། །ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སོགས་པའི་རྒྱུ་དང་བྲལ་བ་ཉིད་ཀྱི་ཕྱིར་མཚན་མེད་དོ། །གཟུང་བ་དང་འཛིན་པའི་དབྱིབས་དང་རྣམ་པར་རྟོག་པ་གཉིས་གཉིས་འཁྱུད་པ་སྤངས་པའི་ཕྱིར་རྣམ་རྟོག་དང་བྲལ་བའོ། །དོན་དམ་པའི་བདེན་པ་གཅིག་པུའི་གཟུགས་ལ་གཅིག་པུ་གཉིས་མེད་པ་སྟེ་འདིར་གཉིས་པ་ཀུན་རྫོབ་ཀྱི་བདེན་པ་མེད་པའི་ཕྱིར་རོ་ཞེས་པ་རྣམ་རྟོག་དང་བྲལ་བ་གཅིག་པུའི་སྐུའོ། །འཕགས་པ་པདྨ་དཀར་པོའི་ཞབས་ཀྱིས་ཀྱང་གསུངས་པ། རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྐུ་ནི་མོས་པ་སྣ་ཚོགས་ལས། །རང་རང་བསམ་པས་སེམས་ཅན་གྱི། །མཐོང་བ་སྤྲུལ་པའི་མཚན་ཉིད་དོ། །གང་ཞིག་སེམས་ཅན་ཀུན་གྱི་སྒྲས། །རྫུ་འཕྲུལ་བདག་ཉིད་རབ་གསལ་བྱེད། །སེམས་ཅན་བསམ་པའི་དབང་གིས་འདི། །ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་དོ། །མི་རྟག་པ་མིན་རྟག་པའང་མིན། །གཅིག་མིན་དུ་མའི་མཚན་ཉིད་མིན། །དངོས་མིན་དངོས་པོ་མེད་པའང་མིན། །གང་འདི་རྟེན་བྲལ་ཆོས་སྐུའོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཅིང༌། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །ཤེས་རབ་མ་ཡིན་ཐབས་ཀྱང་མིན། །འདི་ནི་ངོ་བོ་ཉིད་སྐུ་གཞན། །ཞེས་པའོ། །རང་གི་ལྟ་བའི་འདོད་པ་མདོར་བསྟན་པར་ཡང༌། གཟུགས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་སྤྲུལ་སྐུ་མཆོག་ཡིན་ཏེ། །སྒྲ་ཡི་ཕུང་པོ་མཐའ་ཡས་པ། །བདག་གི་ལོངས་སྤྱོད་རྫོགས་སྐུ་མཆོག །ཆོས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་ཆོས་སྐུར་རབ་ཏུ་གྲགས། །བདེ་བའི་ཕུང་པོ་མཐའ་ཡས་པ། །བདག་གི་བདེ་སྐུ་འགྱུར་མེད་མཆོག །བསྡུས་པ་ཕུང་པོ་དེ་བཞིན་སྐུ། །ཡང་དག་བསགས་པར་ཡོངས་སུ་གྲགས། །ཞེས་པའོ། །མངོན་པར་རྟོགས་པའི་རྒྱན་ལ་སོགས་པ་རྣམས་སུ་ཡང་རང་བཞིན་དང་ལོངས་སྤྱོད་རྫོགས་པ་དག་ལས་ཐ་དད་པ་ཉིད་ཀྱིས་ཆོས་ཀྱི་སྐུ་རྣམ་པར་གཞག་གོ །


DTG013_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རང་བཞིན་བརྗོད་པར་བྱ་སྟེ། དང་པོ་ཉེ་བར་བསྟན་པ་ཐོབ་པའི་རྗེས་སུ་མཐུན་པར་ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་གིས་རྣམ་པར་རྟོག་པ་ཆེན་པོའི་ཆེན་པོ་ཟད་པ་ལས་འགྱུར་བའི་བདེ་བ་ཆུང་ངུའི་ཆུང་ངུ་འཕེལ་ལོ། །དེ་བཞིན་དུ་སྣ་ཚོགས་ཡུམ་ལ་སོགས་པའི་ལྷ་མོ་ཡེ་ཤེས་ཕྱག་རྒྱའི་དམིགས་པས་རྣམ་པར་རྟོག་པ་ཆེན་པོ་ཟད་པ་ལས་འགྱུར་བའི་བདེ་བ་ཆུང་ངུ་འཕེལ་ལོ། །དཔལ་ལྡན་རྒྱུད་དུ་ཡང་གསུངས་པ། རྒྱལ་བའི་ལྷན་སྐྱེས་བདེ་བ་འདི་ནི་འཕེལ་བའི་དོན་སླད་དང་པོར་ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱ། །དེ་ནས་ཉི་མའི་གཟུགས་ནི་གདོང་དང་ལག་པ་རྐང་པ་གཙུག་ཏོར་ཡན་ལག་ཐམས་ཅད་རྫོགས་པ་སྟེ། །ཞེས་པ་ལ་སོགས་པའོ། །དང་པོའི་སྒྲ་ལས་ཕྱག་རྒྱ་ཆེན་པོའི་གཟུགས་སྔ་མ་དུ་བ་ལ་སོགས་པའི་གཟུགས་ཆོས་ཀྱི་ཕྱག་རྒྱའི་དམིགས་པས་ཉོན་མོངས་པ་ཆུང་ངུ་ཟད་པ་ལས་མི་འགྱུར་བའི་བདེ་བ་ཆེན་པོ་འཕེལ་ལོ། །གཟུགས་ཕྱི་མ་སྣ་ཚོགས་གཟུགས་ཞེས་བྱ་བ་ཕྱག་རྒྱ་ཆེན་མོ་གོམས་པས་བག་ཆགས་དང་བཅས་པའི་སྒྲིབ་པ་ཆུང་ངུའི་ཆུང་ངུ་ཟད་པ་ལས་མི་འགྱུར་བའི་བདེ་བ་ཆེན་པོའི་ཆེན་པོ་འཕེལ་ལོ། །འཕེལ་བ་ཟད་པ་སྤངས་པ་མ་ཡིན་ནམ་མི་འགྱུར་བའི་བདེ་བ་ཇི་ལྟར་འཕེལ་བར་འགྱུར་ཞེ་ན། གསུངས་པ། འཕེལ་བའི་འཕེལ་བར་འགྱུར་བ་མེད། །ཅེས་པའོ། །རིམ་གྱིས་འབྱུང་བའི་དོན་རྣམས་གསེར་དང་ནམ་མཁའ་དག་པ་བཞིན་དུ་སྒྲིབ་པ་སྤངས་པ་ནི་འཕེལ་བ་སྟེ། བརྗོད་པའི་འཕེལ་བའི་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པ་དྲི་མ་མེད་པ་ཞེས་བྱ་བ་རྫོགས་པའི་གནས་སྐབས་ཀྱི་བདག་ཉིད་འཕེལ་བར་འགྱུར་བ་དེ་ཡང་མེད་དོ། །དེ་བཞིན་དུ་རིམ་གྱིས་འབྱུང་བའི་སྒྲིབ་པ་ཉེ་བར་བསགས་པས་སླར་ཡང་ཉམས་པར་འགྱུར་རོ། །དེའི་ཕྱིར་ཉམས་པ་དེའི་ཉམས་པ་ཉིད་དུ་བརྟགས་པ་གང་ཡིན་པ་དེ་ཡང་མེད་དེ། རྟག་པར་བརྗོད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་མོད་ཀྱི་འོན་ཀྱང་འཕེལ་བ་དང་ཟད་པ་དག་མེད་པའི་ཕྱིར་ཅི་ལྟར་ལམ་ལ་སོགས་པ་འབྲས་བུ་མེད་པར་མི་འགྱུར་ཞེ་ན། གསུངས་པ། རང་བཞིན་མེད་པའི་ཆོས་རྣམས་ཀྱི། །ཞེས་པའོ། །ཆོས་གང་ཞིག་འཕེལ་བ་ལ་


DTG013_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པ་རྣམས་ཀྱི་རང་བཞིན་མེད་པ་དེ་རྣམས་ནི་རང་བཞིན་མེད་པའི་ཆོས་རྣམས་ཏེ། དེ་རྣམས་ཀྱི་སྐྱེ་བ་དང་འཇིགས་པ་གང་ཡིན་པ་དེ་ཡང་དེ་ཁོ་ན་མ་ཡིན་པ་སྒྱུ་མ་ལྟ་བུའོ། །དེ་བཞིན་ནོའི་སྒྲ་ལས་ནུབ་པ་དང་འཆར་བ་ལ་སོགས་པའི་མཚན་ཉིད་ཀྱང་འཇིག་རྟེན་ཀུན་རྫོབ་སྒྱུ་མ་ལྟ་བུ་སྟེ། དེ་གསུངས་པ། འབྱུང་རྣམས་འཇིགས་པར་མི་འགྱུར་ཏེ། །རང་བཞིན་ཉིད་ཀྱིས་སྐྱེ་མི་འགྱུར། །ཞེས་པའོ། །དེ་ཉིད་ཀྱི་ཕྱིར། སྣ་ཚོགས་འདི་ནི་རང་བཞིན་མེད། །དངོས་པོ་དངོས་མེད་མཚན་ཉིད་གཅིག །ཅེས་པ་ཀུན་རྫོབ་ཏུ་དོན་བྱ་བ་བྱེད་པའི་ཕྱིར་དངོས་པོའི་ངོ་བོ་སྟེ། དེ་ཁོ་ན་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་དངོས་པོ་མེད་པའི་མཚན་ཉིད་དོ། །འགྱུར་བ་དང་གཡོ་བ་ལ་སོགས་པ་བསྒོམ་པ་གསུངས་པ། རང་གི་ཤེས་རབ་ཅེས་པ་ལ་སོགས་པའོ། །གང་གི་ཚེ་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་རང་གི་ཤེས་རབ་ལ་འཁྱུད་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་པདྨར་སོན་པ་དེའི་ཚེ་རྡོ་རྗེ་ནོར་བུ་དེར་སོན་པའི་ཟླ་བ་ལས་ཀྱི་ཕྱག་རྒྱའི་བདེ་བ་ནི་འགྱུར་བའི་གནས་སྐབས་སོ། །ཡེ་ཤེས་ཀྱི་ཕྱག་རྒྱའི་བདེ་བ་ནི་གཡོ་བའི་གནས་སྐབས་ཏེ། གཡོ་བ་ཞེས་པ་དངོས་པོ་སྟེ་དེའི་ཆོས་ལས་འགྱུར་བ་ཡང་ཡང་དག་པར་བཟུང་བའོ། །བདེ་བའི་གནས་སྐབས་འདི་དག་མངོན་སུམ་དུ་བྱས་པའི་འདོད་པ་དང་གཟུགས་ཀྱི་ཁམས་ཀྱི་དབང་ཕྱུག་གི་མཚན་ཉིད་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའོ། །ཕྱག་རྒྱ་ཆེན་པོ་མི་གཡོ་བ་དང་མི་འགྱུར་བ་བསྒོམ་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པའོ། །ལུས་ངག་སེམས་ཀྱི་རྩ་རྣམས་སུ། །ཞེས་པ་ལ་སོགས་པ་ལ་དབུ་མ་ཉིད་དགའ་བ་བཞི་ལ་སྲོག་རྩོལ་གྱི་སྟོབས་ཀྱི་ཁུ་བ་ཐིག་ལེས་ཁྱབ་པའི་ཆ་བཞི་ལུས་ལ་སོགས་པའི་རྩ་བཞིར་རྣམ་པར་གཞག་གོ །དེ་ནས་དཔྲལ་བར་སྐུ་བསྒོམ་པའོ། །སྙིང་གར་གསུང་བསྒོམ་པའོ། །གསང་བར་ཐུགས་བསྒོམ་པའོ། །སྐུ་ལ་སོགས་པའི་ཐིག་ལེ་རྣམས་ལེགས་པར་བསྡུས་པ་གཅིག་པ་ཉིད་ཀྱང་རྡོ་རྗེ་ནོར་བུར་ཡེ་ཤེས་པ་བསྒོམ་པ་སྟེ་ཚིགས་སུ་བཅད་པ་གཉིས་ཀྱིས་ཏིང་ངེ་འཛིན་གྱི་ཡན་ལག་མདོར་བསྟན་པའོ།། །།ཐིག་ལེ་བཞི་


DTG013_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པོ་རྣམས་ཀྱི་བཅིང་བ་གསུངས་པ། ཤེས་རབ་ཅེས་པ་ལ་སོགས་པའོ། །ཤེས་རབ་ཆགས་པས་ཞུ་བའི་ནི་གཏུམ་མོ་འབར་བས་ཞུ་བའི་ཐིག་ལེ་རྣམས་བརྗོད་པའི་རིམ་པས་མགོ་བོ་དཔྲལ་བའི་པདྨ་ལས་རྫོགས་པའི་གནས་ནོར་བུའི་པདྨ་སྟེ་དེར་ཞུགས་པ་ནོར་བུའི་པདྨར་སོན་པ་རྣམས་འཆིང་བ་དམ་པའི་ཤེས་རབ་ཅེས་པ་ལ་སོགས་པའོ་ཞེས་པ་སྲོག་བཅིངས་པ་མི་འགྱུར་བའི་བདེ་བས་ཁོ་ན་བསྒོམ་པར་བྱའོ་ཞེས་པ་ཇི་སྲིད་པར་རོ། །བརྗོད་པའི་རིམ་པས་མི་འགྱུར་བའི་བདེ་བ་འཕེལ་བ་དང་ཟད་པ་ལ་སོགས་པ་དེ་ཁོ་ན་མ་ཡིན་པར་རྟོགས་པ་དེ་ཉིད་འཇིག་རྟེན་པའི་དཔེས་སྟོན་པ། ཇི་ལྟར་ཟླ་ཤར་ཞེས་པ་ལ་སོགས་པའོ། །ཇི་ལྟར་ཟླ་ཤར་རིམ་པ་ཡིས། །ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར། །འཇིག་རྟེན་པའི་ཟླ་བ་རྫོགས་པ་ནི་གྲིབ་མ་ཉམས་པ་ཉིད་འབའ་ཞིག་རྫོགས་པ་སྟེ། དེ་ཆད་པའམ་རྫོགས་པ་ནི་མ་ཡིན་ནོ། །དེ་ནི་རྟག་ཏུ་རྫོགས་པའི་ཡིན་ཡང་མུན་པས་བཀབ་པ་དང་མ་བཀབ་པ་དག་ལས་ཉམས་པ་དང་རྫོགས་པའི་ཐ་སྙད་བྱེད་དོ། །དེ་བཞིན་དུ་མི་འགྱུར་བའི་ཡེ་ཤེས་ཀྱང་རྡོ་རྗེ་ནོར་བུར་ཤར་བ་རིམ་པས་རྒྱུ་མཐུན་པ་ལ་སོགས་པའི་དབྱེ་བས་འཆད་པར་འགྱུར་པའི་ས་རབ་ཏུ་དགའ་བ་ལ་སོགས་པ་རྣམས་ཀྱི་སྟེང་དུ་གཙུག་ཏོར་གྱི་འཁོར་ལོ་རྫོགས་པར་འགྱུར་རོ། །ཉོན་མོངས་པ་ལ་སོགས་ཞེས་པ་ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་པར་འཇུག་པའི་སྒྲིབ་པ་བག་ཆགས་དང་བཅས་པ་ཉམས་པ་སྤངས་པ་ཉིད་རྫོགས་པའི་སྒྲས་བསྟན་པ་ཡིན་གྱི་ཡེ་ཤེས་ཆད་པ་མ་ཡིན་ལ། དེ་རྫོགས་པ་ཡང་མ་ཡིན་ནོ། །དེ་ལུང་དུ་གསུངས་པ། སངས་རྒྱས་རྣམས་ཀྱི་རྟག་ཏུ་ཤར། །མ་རིག་གདུག་སེམས་ཅན་གྱིས་མིན། །ཞེས་པའོ། །ས་ར་ཧའི་ཞབས་ཀྱིས་ཀྱང༌། བྱེད་པ་དང་བྲལ་འགྲོ་ལ་རྟག་ཏུ་ཤར། །གང་ཞིག་དུས་སུ་ངེས་པར་གསུངས་པ་ན། །ཐམས་ཅད་མཁྱེན་པའང་ཚིག་གིས་དབུལ་འགྱུར་བ། །བདེ་བའི་རྒྱལ་པོ་གཅིག་པུ་རྒྱལ་གྱུར་ཅིག །ཅེས་པའོ། །རྫོགས་པའི་དཔེ་གསུངས་ནས་ཆད་པའི་དཔེ་གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པའོ། །ཇི་ལྟར་ས་བོན་དུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་སོན་པ་མཚན་མར་གྱུར་པའི་རི་བོང་རིམ་པར་


DTG013_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཕེལ་བས་རྫོགས་པར་རི་བོང་ཅན་མི་གནས་རྫོགས་པ་མི་རྟག་གོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་འཁོར་བའི་བག་ཆགས་འགྱུར་བའི་བདེ་བའི་མཚན་ཉིད་རིམ་པར་འཕེལ་བས་སེམས་ཀྱང་འགྱུར་མེད་བདེ་བར་མི་གནས་ཏེ་ཆགས་པ་དང་བྲལ་བ་སྐྱེ་བ་དང་འགག་པ་ལ་སོགས་པ་མེད་པའི་ཕྱིར་གཉིས་མེད་པ་ནི་འགྱུར་མེད་བདེ་བའོ། །ཕྱི་ནང་སྦྱར་བའི་ཟོལ་གྱིས་དཔེ་བསྟན་པ་གསུངས་པ། སྐྱེད་དང་ཞེས་པ་ལ་སོགས་པའོ། །ཇི་ལྟར་ཟླ་བའི་ཚེས་གཅིག་ལ་སོགས་པའི་ཆ་རྣམས་རིམ་པས་སྐྱེད་པ་དཀར་པོའི་ཕྱོགས་དང་ཆ་རྣམས་རིམ་པས་ཉམས་པ་ནག་པོའི་ཕྱོགས་ཏེ་དེ་དག་རབ་ཏུ་གནས་པ་ནི་འཇིག་རྟེན་པས་རྟོགས་པར་བྱ་བའོ། །དེ་དག་གི་དབུས་སུ་སོན་པ་ཆ་བཅུ་དྲུག་པ་ནི་སྐད་ཅིག་གཅིག་འབྱུང་བ་ཇི་ལྟ་བ་དེ་བཞིན་དུ་ཁུ་བའི་ཐིག་ལེའིའོ། །གང་གི་ཚེ་རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་ནོར་བུར་རྫོགས་པ་ལ་ནི་སྐད་ཅིག་གཅིག་མི་འགྱུར་བར་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ། དེ་གཡོ་བར་མི་འགྱུར་བ་དེའི་ཚེ་སེམས་ཀྱི་རྡོ་རྗེ་རྡོ་རྗེ་ནོར་བུར་མི་གཡོ་བས་དེ་ནི་སྐད་ཅིག་ཐམས་ཅད་རྫོགས་ཞེས་པ་འབྱུང་བ་དང་འཇུག་པ་ཉི་ཁྲི་བརྒྱད་གཉིས་བརྒྱའི་སྐད་ཅིག་རྣམས་ཀྱིས་རྫོགས་པ་རྣམ་པར་མ་ཆད་པར་འབབ་པའོ། །དོན་དམ་པའི་བསྙེན་པར་ཡང་གསུངས་པ། ཉིན་མཚན་བསམ་གཏན་དབང་གིས་རིམ་པ་ཡིས། །གང་ཚེ་སེམས་ནི་དབུ་མའི་རྩར་གནས་པ། །ཤིན་ཏུ་རྣམ་དག་གཉིས་མེད་མཐའ་ཡས་སྐུ། །རྡོ་རྗེ་རྩེ་གཅིག་པ་དེ་ལ་ཕྱག་འཚལ། །ཞེས་པའོ། །དེ་བཞིན་དུ་སེམས་ཀྱི་རྡོ་རྗེ་འདི་དཀར་པོའི་ཕྱོགས་ཆགས་པ་ལ་མི་གནས་ཤིང་དཀར་མིན་ཕྱོགས་ཆགས་བྲལ་ལ་ཡང་མི་འགྲོ་སྟེ་ཆགས་པ་དང་ཆགས་པ་དང་བྲལ་བའི་མཐའ་སྤངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ཕྱོགས་གཉིས་པོ་ཡི་དབུས་གནས་པ། །རྫོགས་པ་ལ་གནས་གཉིས་སུ་མེད་ནི་རབ་ཏུ་གནས་པ་མ་ཡིན་པའོ། །དེ་མཚན་ཡང་དག་པར་བརྗོད་པར་གསུངས་པ། སྐད་ཅིག་གཅིག་མངོན་རྫོགས་སངས་རྒྱས། །སྐད་ཅིག་ཐམས་ཅད་རྣམ་བསྒོམ་པ། །ཆ་མེད་ཆ་ལས་འདས་པ་སྟེ། །བསམ་གཏན་བཞི་པའི་རྩེ་མོ་འཆང༌། །ཞེས་པའོ། །ཀྱེའི་རྡོ་རྗེར་ཡང༌། དེ་ལ་ཐོག་མ་དབུས་མཐའ་མེད། །


DTG013_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྲིད་མེད་མྱ་ངན་འདས་པ་མེད། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །བདག་མེད་གཞན་ཡང་མེད་པའོ། །ཞེས་པའོ། །འཁོར་བ་པའི་རིམ་པ་གསུངས་པ། དེའི་ཞེས་པ་ས་བོན་དུ་གྱུར་པའི་ཐིག་ལེའི་ཆ་བཅུ་དྲུག་པོ་རྣམས་རྫོགས་པ་ཉིད་ཀྱི་ཕྱིར་རྡོ་རྗེ་ནོར་བུར་རྫོགས་པ་སྟེ། འོན་ཀྱང་ཐབས་མེད་པས་དེ་ཆགས་བྲལ་ལས་ཏེ་ཆགས་པ་ཉམས་པའི་སྦྱོར་བ་ལས་ཆ་ཉམས་པ་ཆ་བཅོ་ལྔ་པོ་རྣམས་ཉམས་པའོ། །རྡོ་རྗེ་ནས་བརྩམས་ཏེ་ཉམས་པ་ལ་ཉི་མ་རྡུལ་གྱི་གཟུགས་ཀྱིས་གཙུག་ཏོར་དུ་རབ་ཏུ་རྫོགས་པ་ཉིད་དོ། །སླར་ཡང་སྟེ་ཡང་དང་ཡང་དུ་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་རྣལ་འབྱོར་གྱིས་གཙུག་ཏོར་དུ་ཤར་བ། སླར་ཡང་རྡོ་རྗེ་ནོར་བུར་རྫོགས། །དེ་ཆགས་བྲལ་ལས་ཆགས་ཉམས་པ། །ལུས་ཅན་ཡེ་ཤེས་ཉམས་པ་མིན། །ཡེ་ཤེས་ནི་ཆ་བཅུ་དྲུག་པ་སྟེ་དེ་ཉམས་པ་མ་ཡིན་ནོ། །དེ་གསུངས་པ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྙིང་པོ་ཅན་ཞེས་པ་སྟེ། ཅི་སྟེ་ཡང་ཡེ་ཤེས་ཉམས་པས་འཆི་བ་ཉིད་དུ་འགྱུར་རོ། །རྫོགས་པའི་སྒྲའི་དོན་གསུངས་པ། འདིའི་བདེ་བའི་ཆེ་ཞེས་པ་ལ་སོགས་པའོ། །འདིའི་ཞེས་པ་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བའི་རང་བཞིན་གང་ཡིན་པ་དེ་ཉིད་རྫོགས་པ་ཞེས་བརྗོད་དེ། འདི་ཉིད་རྣལ་འབྱོར་པ་རྣམས་ཀྱིས་བྱ་བའོ། །བདེ་བ་ཆེན་པོ་བསྟེན་པའི་རྒྱུ་རྣམ་པར་སྤངས་པ་དངོས་པོ་བར་མ་གཞན་ནི་ལུས་ཅན་རྣམས་ཀྱི་བདེ་བ་ཆེན་པོ་དེའི་སྐྱེ་བ་དང་འཇིག་པའི་མཚན་ཉིད་འབྱུང་བ་དང་སྡུད་པའི་རྒྱུ་ཡིན་ནོ། །རྫོགས་པ་ལ་བརྟན་པར་བྱས་པ་མ་ཡིན་པའི་བདེ་བ་ཐིག་ལེ་འདི་ནི་ཡང་དང་ཡང་དུ་སྐྱེ་བ་དང་འཇིག་པར་འགྱུར་རོ། །འདིར་དཔེ་གསུངས་པ། རང་ཕྱོགས་དག་ལས་ཞེས་པ་ལ་སོགས་པའོ། །ཇི་ལྟར་དཀར་པོ་དང་ནག་པོའི་ཕྱོགས་དག་ལས་ཟླ་བ་དང་བྱང་དང་ལྷོར་བགྲོད་པ་དག་ལས་ཉི་མ་བཞིན་ཏེ། ཉིན་མོ་འཕེལ་བ་དང་ཟད་པ་མཐོང་བའི་ཕྱིར་རོ། །བསྒོམས་པའི་སྟོབས་ཀྱིས་རྫོགས་པར་བརྟན་པའི་བདེ་བ་ཆེན་པོ་འདི་ནི་རིམ་པར་གཙུག་ཏོར་དུ་ས་བཅུ་གཉིས་པོ་རྣམས་ཀྱིས་ཡོངས་སུ་རྫོགས་པ་ཉིད་དོ། །གསང་བ་ལ་སོགས་པ་གཙུག་ཏོར་གྱི་མཐར་ཐུག་པ་འཁོར་ལོ་སོ་སོར་


DTG013_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབུག་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་འགོག་པ་མི་འགྱུར་བའི་སྐད་ཅིག་རྣམས་ཀྱིས་ས་གཉིས་ཐོབ་བོ། །གང་གི་ཚེ་མི་འགྱུར་བ་དེ་འཆར་བ་དང་ཟད་པ་ཆགས་པ་དང་ཆགས་བྲལ་གྱི་ཕྱོགས་གཉིས་གནོན་པའི་ཕྱིར། ཕྱོགས་གཉིས་སྤངས་པ་དེ་ཡི་ཚེ། །ས་རྣམས་ཀྱིས་ནི་ཡོངས་སུ་རྫོགས། །བདེན་དོན་རྣམ་པ་བཅུ་གཉིས་པ། །རྣམ་པ་བཅུ་དྲུག་ཅེས་པའོ། །དེ་རྒྱས་པར་བཤད་པ། རྣམ་པ་བཅུ་གཉིས་ས་རྣམས་ཀྱི། །ཞེས་པ་ལ་སོགས་པའོ། །རྣམ་པ་བཅུ་གཉིས་ས་རྣམས་ཀྱིས་ནི་ས་ཀུན་དུ་འོད་དང༌། བདུད་རྩིའི་འོད་དང༌། ནམ་མཁའ་འོད་དང༌། རྡོ་རྗེ་འོད་དང༌། རིན་ཆེན་འོད་དང༌། པདྨ་འོད་དང༌། སངས་རྒྱས་ཕྲིན་ལས་བྱེད་པ་དང༌། དཔེ་མེད་པ་དང༌། དཔེ་ལྡན་དང༌། ཤེས་རབ་འོད་དང༌། ཐམས་ཅད་མཁྱེན་པ་ཉིད་དང༌། སོ་སོའི་བདག་ཉིད་རིག་པ་ཞེས་བྱ་བ་རྣམས་ཀྱིས་ཏེ་ལུག་དང་གླང་ལ་སོགས་པའི་འཕོ་བ་བཅུ་གཉིས་འགགས་པ་ལས་ས་བཅུ་གཉིས་ཐོབ་པའི་ཕྱིར་རོ། །གཉིས་སུ་མེད་པ་མཆོག་ནི་ཤེས་རབ་དང་ཐབས་ཀྱི་མཚན་ཉིད་མེད་པའི་ཕྱིར་ཏེ། ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི་ལྷན་ཅིག་སྐྱེས་པའི་སྐུ་སྟེ་ཞེས་དཔལ་ལྡན་རྒྱུད་དུ་མངོན་པར་བརྗོད་པའི་ཕྱིར་རོ། །རྣམ་པ་བཅུ་དྲུག་མི་འགྱུར་བ་ནི་འཁོར་བ་པའི་ཆ་བཅུ་དྲུག་ཟད་པའི་ཕྱིར་རོ། །ཆ་ཤས་རྣམས་ཀྱིས་ཀུན་ནས་རྫོགས་པའི་སེམས་འདི་ནི་དོན་གཅིག་ལ་སོགས་པ་ཇི་ལྟར་མཐོང་བའི་བདག་ཉིད་དེ་གཉིས་སུ་མེད་པ་ཆོས་གང་ཡིན་པ་དེ་དོན་གཅིག་སྟེ་ཕྱོགས་གཉིས་ཀ་མེད་པའི་ཕྱིར་རོ། །ཆགས་བྲལ་དང་པོ་ཆགས་པ་ཆེ། །ཞེས་པ་དབང་གིས་སྐད་ཅིག་བཞི་པ་སྟེ། དེ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་བརྗོད་པའི་ཆོས་འཛིན་པ། །ཞེས་པའོ། །དེ་ཡང་ཆགས་པ་དང་ཆགས་པ་བྲལ་བའི་ཕྱོགས་གཉིས་ཀྱིས། བག་ཆགས་རྣམས་ཀྱིས་མ་འཁྱུད་པ། །མི་འགྱུར་བ་དེ་རབ་ཏུ་ཞུགས་པའི་དངོས་པོའི་ཚོགས་མི་འགྱུར་བ་ཉིད་དོ་ཞེས་པ་སྟེ། མི་འགྱུར་བའི་རིག་པ་འཛིན་པའི་སྟོན་པ་བདེ་བའི་རང་བཞིན་རྣམ་པ་


DTG013_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐམས་ཅད་ལ་དངོས་པོ་ཐམས་ཅད་རབ་ཏུ་གསལ་བ་ཞེས་པའི་དོན་ཏོ། །ཇི་ལྟར་ཞེས་པ་དཔེ་ནི་གསལ་ལོ། །དཔེ་གཞན་པའི་དོན་ཡང་ཇི་ལྟར་ལྷང་ཚེར་ལ་སོགས་པའི་ཁམས་ཀྱི་ཚོགས་རོས་ཟོས་པ་ལས་རོ་ཉིད་དུ་འགྱུར་རོ། །གསེར་ལ་སོགས་པའི་ས་བོན་ཞུ་བ་རྣམས་ཀྱིས་ཀྱང་ས་བོན་ཉིད་དེ། ལྕགས་བརྒྱད་འབུགས་པའི་མཚན་ཉིད་འབྲས་བུའི་དུས་སུ་བཞུ་བས་བྱེ་བ་ལ་སོགས་པ་ལྷག་པར་འབུགས་པ་ཉིད་ཀྱིས་ང་རྒྱལ་སྤངས་པའོ། །དེ་ལྟར་ཞེས་པ་དཔེ་ཅན་ཏེ་དེ་ལྟར་བརྟན་པ་དང་གཡོ་བའི་བདག་ཉིད་དངོས་པོའི་ཚོགས་པ་ཡང༌། མཆོག་ཏུ་མི་འགྱུར་ཟོས་པ་ཡིས། །མཆོག་ཏུ་མི་འགྱུར་བ་ཉིད་རང་བཞིན་གྱིས་འོད་གསལ་བ་ནམ་མཁའ་དྲི་མ་མེད་པ་བདེ་བ་ཆེན་པོ་དང་རོ་གཅིག་པར་འགྱུར་རོ། །དེ་ལས་ཀྱང་རྣམ་པ་ཐམས་ཅད་རང་བཞིན་འཛིན་པར་འགྱུར་ཏེ། དངོས་པོ་ཐམས་ཅད་རབ་ཏུ་གསལ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དུག་གི་དཔེས་རྣམ་པར་མི་རྟོག་པའི་བདེ་བ་ཆེན་པོ་ཁྱབ་པ་ཉིད་དུ་གསུངས་པ། ཆེ་བའི་ཞེས་པ་ལ་སོགས་པའོ། །རྫོགས་པའི་གནས་སྐབས་སུ་མཆེ་བའི་དུག་ཁྱབ་པ་ཉིད་དུ་གྱུར་པ་ན་ཚོར་བ་སྡུག་བསྔལ་རྨའི་གནས་སུ་རིག་པ་མིན་ཞིང་ལུས་ཀྱི་གནས་གཞན་འགའ་ཞིག་ཏུ་ཡང་མིན་ལ་གཟུགས་ལ་སོགས་པའི་ཡུལ་རྣམས་དབང་པོའི་སྒོ་རྣམས་ཀྱིས་རིག་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་སེམས་རྫོགས་ཆར་གྱུར་ན་སྟེ་ཁྱབ་པ་ཉིད་དུ་གྱུར་པ་ན་རྣལ་འབྱོར་པའི་དམ་པའི་བདེ་བ་རྡོ་རྗེ་ནོར་བུར་རིག་པ་མིན་ཞིང་གཞན་དུ་ཡང་མིན་ལ་ཡུལ་རྣམས་དབང་པོའི་སྒོ་རྣམས་ཀྱིས་རིག་པ་ཡང་མ་ཡིན་ནོ་ཞེས་པ་སྟེ། ཕྱོགས་གཅིག་ན་གནས་པ་ཡང་བ་སྤུའི་ཁུང་བུ་དང་ཚིགས་ཀྱི་མཐར་ཐུག་པ་རིམ་པས་འགྲོའོ་ཞེས་པའོ། །གྲུབ་པའི་རོ་དང་ལྕགས་ཀྱི་དཔེས་གསུངས་པ། ཕྱོགས་གཅིག་རྡོ་རྗེ་ནོར་བུར་བསྟན་པར་བྱས་པའི་བདེ་བ་བྱེད་པ་པོ་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་རྣལ་འབྱོར་གྱིས་སྦར་བའི་གཏུམ་མོ་འབར་བས་སེམས་ལ་གདུངས་ན་ལུས་ཀུན་ནས་འབུགས་པར་བྱེད་དེ་དེའི་རང་བཞིན་ཉིད་ཀྱིས་རྫོགས་པར་བྱེད་པའི་ཕྱིར་རོ། །ཇི་ལྟར་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ནི་གསལ་ལོ། །འདོད་ཆགས་ལ་སོགས་པ་


DTG013_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉོན་མོངས་པ་རྣམས་ཀྱི་བག་ཆགས་ནི་ཇི་ལྟར་ཞེས་པ་སྟེ། གང་ནོར་བུ་རིན་པོ་ཆེ་འགའ་ཞིག་ཡོད་ན་རེག་པ་ལས་རྡོ་ནི་རབ་ཏུ་འབར་བ་ཉིད་འོད་གསལ་བའི་རིན་པོ་ཆེ་ཉིད་དུ་འགྱུར་རོ། །དཔེ་ཅན་ནི་གསལ་ཏེ་ཞེས་པ་ངེས་པའོ། །ཇི་ལྟར་ཁུ་བའི་ཁམས་བྱིས་པའི་སྐྱེ་བོ་དང་ཐུན་མོང་པ་ཡང་སངས་རྒྱས་ཉིད་དུ་སྒྲུབ་པར་བྱེད་ཅེས་པའི་དོགས་པ་བསལ་བའི་དོན་དུ་གསུངས་པ། འདིར་ནི་ཞེས་པ་ལ་སོགས་པའོ། །ཅི་ཞིག་སླར་ཡང་དོན་དམ་པས་ཏེ་དོན་དམ་པའི་བདེན་པས། གློ་བུར་དྲི་མས་གཡོགས་པ་ཡིས། །སེམས་ནི་རབ་ཏུ་འབུགས་བྱེད་པ། །ཡེ་ཤེས་མཐུ་ནི་མཐུ་སྟེ་བརྟགས་བྱ་མིན་ཞེས་པ་རྣམ་པར་དཔྱད་པར་བྱ་བ་མ་ཡིན་ནོ་ཞེས་པའི་དོན་ནོ། །ཉོན་མོངས་པ་ལ་སོགས་པ་དེ་རྣམས་ཀྱི་དེ་ཁོ་ན་ཉིད་སེམས་ལ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས་འགོག་པར་བྱེད་དོ། །རེ་ཞིག་སེམས་ལ་རྣམ་པར་ཐོ་འཚམ་པའི་ཉོན་མོངས་པ་ལ་སོགས་པ་དེ་རྣམས་གློ་བུར་བ་མ་ཡིན་ཏེ། འདོད་ཆགས་དང་བྲལ་བ་ཡང་འདོད་ཆགས་ཅན་དུ་ཐལ་བའི་ཕྱིར་རོ། །དེ་ལ་ཟངས་ཀྱི་དཔེས་རྟོགས་པར་བྱེད་པ་གལ་ཏེ་ཟངས་ལ་དྲི་མ་འདི་གློ་བུར་དུ་བྱུང་བ་ཡིན་པ་དེའི་ཚེ་སྔོན་དུ་ཟངས་དྲི་མ་དང་བྲལ་བར་འགྱུར་རོ། །གང་གི་ཚེ་དྲི་མ་དུས་རིང་པོ་ཅན་དང་ཕྱི་ནས་ཟངས་བྱུང་བ་དེའི་ཚེ་དྲི་མ་དེ་ཅི་ལས་ཏེ་གང་ལས་སྐྱེས་པར་འགྱུར་རོ། །ཅི་སྟེ་ཟངས་མེད་པར་སྐྱེ་བ་དེའི་ཚེ་ནམ་མཁའི་མེ་ཏོག་ཀྱང་སྐྱེ་བར་འགྱུར་རོ། །འོད་དེ་ཟངས་ལ་ནི་མི་ཟད་པ་ཉིད་ཀྱིས་ཡང་དག་པར་གནས་པ་དེའི་ཚེ་ཐུབ་པའི་རོས་ཀྱང་གསལ་བར་མི་ནུས་པར་འགྱུར་རོ། །དེའི་ཕྱིར་འདི་ཐམས་ཅད་རིགས་པས་ཡང་དག་པར་གནས་པ་མ་ཡིན་ནོ། །དེའི་ཕྱིར་འདི་རང་དབེན་པའི་དོན་ཡིན་ཏེ་དྲི་མ་ཟངས་དང་ལྷན་ཅིག་སྐྱེས་པ་འདི་ཡང་རོའི་སྦྱོར་བ་ལས་ཉམས་པར་འགྱུར་གྱི། སྔར་མ་ཡིན་ཞིང་ཕྱིས་མ་ཡིན་ལ་དེ་དང་བྲལ་བ་མ་ཡིན་ནོ་ཞེས་པ་སྟེ་དྲི་མ་མེད་པའི་གསེར་ཉིད་ཀྱི་གནས་སོ། །དེ་བཞིན་དུ་སེམས་ཀྱི་ཡང་སྟོན་པར་བྱེད་པ་དེ་བཞིན་ཞེས་པ་ལ་སོགས་པའོ། །སྟོང་ཉིད་ནི་དུ་བ་ལ་སོགས་པའི་ལམ་སྟེ་ཡེ་ཤེས་ཉིད་ནི་སོ་སོ་རང་གིས་རིག་པར་བྱ་བ་ཉིད་དོ། །འཕགས་པ་ཀླུ་སྒྲུབ་ཞབས་


DTG013_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱིས་ཀྱང་ཆོས་ཀྱི་དབྱིངས་ལ་བསྟོད་པར་གསུངས་བ། དྲི་མེད་ཟླ་བ་ཉི་མ་དག །སྤྲིན་དང་ཁུག་རྣ་དུ་བ་དང༌། །སྒྲ་གཅན་གདོང་དང་རྔུལ་རྣམས་ཀྱི། །དྲི་མ་ལྔ་ཡིས་ཀུན་ནས་བསྒྲིབས། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང༌། །རྒོད་པ་དང་ནི་ཐེ་ཚོམ་གྱིས། །དྲི་མ་ལྔ་ཡིས་ཀུན་ནས་བསྒྲིབས། །ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །མེ་ནང་བཅུག་ན་དྲི་མ་འཚིག །གོས་ཉིད་མིན་པ་ཇི་ལྟ་བ། དེ་བཞིན་འོད་གསལ་བ་ཡི་སེམས། །ཆགས་སྐྱེས་དྲི་མས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་བསྲེག། དེ་ཡི་འོད་གསལ་བསྲེག་མ་ཡིན། །སྟོང་ཉིད་སྟོན་པར་བྱེད་པའི་མདོ། །རྒྱལ་བས་གསུངས་པ་གང་ཅིའང་རུང༌། །དེ་རྣམས་ཀུན་གྱིས་ཉོན་མོངས་ལྡོག །ཁམས་ཉིད་ཉམས་པར་བྱེད་པ་མིན། །ས་ཡི་ནང་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་པའོ། །འཕགས་པ་ལྷའི་ཞབས་ཀྱིས་ཀྱང་གསུངས་པ། མུན་པ་བྲལ་བའི་སྐད་ཅིག་ལས། །འོད་གསལ་བློ་གྲོས་ཤིན་ཏུ་དང༌། །རྟག་ཏུ་སྣང་བའི་རང་བཞིན་ཅན། །དོན་དམ་བདེན་པའི་མཚན་ཉིད་ནི། །ཡེ་ཤེས་རང་བཞིན་འོད་གསལ་བ། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་པའོ། །ཇི་ལྟར་བཅུད་ཀྱིས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་སྲོག་བཅད་པ་གྲོལ་བའི་སླར་ཡང་འགྲོ་བ་མེད་པར་གསུངས་སོ། །ཆགས་བྲལ་ལས་གཞན་སྡིག་པ་མེད། །ཅེས་པ་ལ་སོགས་པ་ལ། འདོད་ཆགས་ཉམས་ལས་སྡིག་སྟེ་གང་ཕྱིར་ཤིན་ཏུ་སྡུག་མ་ལ་ནི་ཞེ་སྡང་སྐྱེ། །སྡང་བས་གཏི་མུག་འདི་ལས་རང་གི་རྡོ་རྗེ་ལྷུང་ལས་སེམས་ནི་རྟག་རྨོངས་ཏེ། །མཆོག་ནི་མ་ལུས་བཟའ་དང་བཏུང་བ་ལ་སོགས་ཡུལ་གཞན་དག་ལ་རབ་ཏུ་འཇུག །དེ་ཡིས་སེམས་ལ་ཅོ་དྲིས་བདེ་བ་ཉམས་ཤིང་སྐྱེ་བ་དྲུག་ཏུ་འཁོར་བར་འགྱུར། །འདོད་ཆགས་ཉམས་ལས་སྡིག་པ་ནི་སྙིང་རྗེ་ཟད་པའི་བདག་ཉིད་ལས་སོ། །འདི་ཉིད་ཅིའི་ཕྱིར་ཞེ་ན་གང་ཕྱིར་ཏེ་གང་གི་ཕྱིར་ཤིན་ཏུ་སྡུག་པ་ལ་ནི་འདོད། མ་ལ་ཞེས་དང་མཛའ་བ་ཉམས་པ་བྱམས་པ་ཟད་པའི་བདག་ཉིད་སྐྱེའོ་ཞེས་སོ་སོར་མངོན་བར་


DTG013_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྦྲེལ་བར་བྱའོ། །སྡང་ལས་གཏི་མུག་ནི་ཡང་དག་པར་དགའ་བ་ཉམས་ཤིང་དགའ་བ་ཟད་པའི་བདག་ཉིད་དོ། །རྨོངས་པ་ནི་བདེ་བ་ཉམས་པའི་མཚན་ཉིན་བཏང་སྙོམས་ཟད་པའི་བདག་ཉིད་དོ་ཞེས་པ་སྟེ་ཚངས་པའི་གནས་བཞི་མེད་པའི་ཕྱིར་རོ། །སྡིག་པ་གང་ལས་བསོད་ནམས་ཡིན། འདོད་ཆགས་འཕེལ་བའི་མཚན་ཉིད་སྙིང་རྗེ། ཞེ་སྡང་ཉམས་པའི་བདག་ཉིད་བྱམས་པ། གཏི་མུག་ཟད་པའི་བདག་ཉིད་དགའ་བ། མི་འགྱུར་བའི་བདེ་བའི་བདག་ཉིད་བཏང་སྙོམས་ཞེས་པ་མ་ཡིན་ནམ། ཅི་འདི་ཡང་ཡོད་ཅེ་ན། ཡོད་དེ་ཅི་ལྟར་སངས་རྒྱས་ཐོད་པར། ལྟ་བ་ལྡན་པ་སྙིང་རྗེར་འགྱུར། །ཀུན་ནས་འཁྱུད་པ་བྱམས་པ་སྟེ། །དྲུད་པའི་སྦྱོར་བའི་བདག་ཉིད་ནི། །དགའ་བའོ་བུད་མེད་མཆོག་དེ་བཞིན། །གཉིས་འདུས་པ་ན་འགྱུར་བ་གང༌། །དེ་ན་བདག་གིས་བཏང་སྙོམས་བརྗོད། །དེ་ལྟར་དངོས་པོའི་སྦྱོར་ལྡན་པ། །ཅི་ལྟར་འདོད་ཆགས་ཀྱིས་འཆིང་འགྱུར། །ཞེས་པའོ། །གནས་པར་བྱ་ཞེས་པ་ལམ་བསྒོམས་པས་སོ། །མི་འགྱུར་བའི་བདེ་བ་ཚིག་གི་ལམ་ལས་འདས་པ་ཉིད་གསུངས་པ། གཞོན་ནུ་མའི་ཞེས་པ་ལ་སོགས་པའོ། །ལང་ཚོའི་དགའ་བ་ཐོབ་པ་ན་རང་ཉིད་ཁོ་ནས་རིག་གོ །ཏིང་ངེ་འཛིན་དང་བྲལ་བ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་བྲལ་བའོ། །ཡིད་བདེ་མིན་ཆགས་བྲལ་ཞེས་པ་བདེ་བ་མ་ཡིན་པ་ལས་ཁམས་ཆགས་པ་དང་བྲལ་བར་མི་བྱའོ། །འཕོ་བ་ཉིད་གཞན་དང་གཞན་དུ་འཁོར་བའི་རྒྱུའོ་ཞེས་སྟོན་པས་འཕོས་པ་ལས་ཞེས་པ་ལ་སོགས་པའོ། །དེ་ལྟར་ཞེས་པ་བརྗོད་པའི་རིམ་པས་སེམས་ཅན་གྱི་སྲིད་པ། ཆགས་བྲལ་ལས་འགྱུར་གཞན་མིན་ཞེས་པ་གལ་ཏེ་དེ་རྣམས་ཀྱི་འཕོ་བའི་རྒྱུ་ཅན་འདོད་ཆགས་དང་བྲལ་བ་འབྱུང་བར་མི་འགྱུར་བ་དེའི་ཚེ་རྣམ་པ་གཞན་གྱིས་དེ་རྣམས་ཀྱི་འཁོར་བ་འབྱུང་བ་མ་ཡིན་ནོ། །དེའི་ཕྱིར་འཕོ་བ་ཉིད་རྒྱུའོ་ཞེས་པའི་དོན་ཏོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་འཕོ་བའི་ཆགས་པ་རྣམ་པར་སྤང་ཞེས་པའོ། །ཇི་ལྟར་འབུམ་ཕྲག་ལྔ་མངོན་པར་བརྗོད་པ་གསུངས་པ། འགྱུར་བའི་མ་རིག་འགགས་པ་ཡིས། །འདུ་བྱེད་ངེས་པར་འགག་པར་བྱེད། །འདུ་བྱེད་ངེས་པར་འགགས་པ་


DTG013_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིས། །རྣམ་པར་ཤེས་པ་འགག་པར་བྱེད། །རྣམ་པར་ཤེས་པ་འགགས་པ་ཡིས། །མིང་དང་གཟུགས་རྣམས་འགག་པར་བྱེད། །མིང་དང་གཟུགས་རྣམས་འགགས་པ་ཡིས། །སྐྱེ་མཆེད་དྲུག་རྣམས་འགག་པར་བྱེད། །སྐྱེ་མཆེད་དྲུག་རྣམས་འགགས་པ་ཡིས། །རེག་པ་ཡང་ནི་འགག་པར་བྱེད། །རེག་པ་འགགས་པ་ཡིས་ཀྱང་ནི། །ཚོར་བ་ངེས་པར་འགག་པར་བྱེད། །ཚོར་བ་ངེས་པར་འགགས་པ་ཡིས། །སྲེད་པ་ཡང་ནི་འགག་པར་བྱེད། །སྲེད་པ་ཡང་ནི་འགགས་པ་ཡིས། །ཉེ་བར་ལེན་པ་འགག་པར་བྱེད། །ཉེ་བར་ལེན་པ་འགགས་པ་ཡིས། །སྲིད་པ་ཡང་ནི་འགག་པར་བྱེད། །སྲིད་པ་ཡང་ནི་འགགས་པ་ཡིས། །སྐྱེ་བའང་ངེས་པར་འགག་པར་བྱེད། །སྐྱེ་བ་འགགས་པ་ཡིས་ཀྱང་ནི། །རྒ་ཤི་ངེས་པར་འགག་པར་བྱེད། །ཕུང་པོ་ཁམས་རྣམས་ངེས་འགགས་པ། །ད་ཉིད་ཉེ་བར་ཞི་བར་བརྗོད། །དེ་ལྟར་ལུས་ནི་འགགས་པ་ཡིས། །སྲོག་ཀྱང་ངེས་པར་འགག་པར་བྱེད། །སྲོག་ནི་འགགས་པ་ཡིས་ཀྱང་ནི། །བྱང་ཆུབ་སེམས་ནི་འགག་པར་བྱེད། །བྱང་ཆུབ་སེམས་ནི་འགགས་པ་ཡིས། །འཕོ་བ་ངེས་པར་འགག་པར་བྱེད། །འཕོ་བ་སྐད་ཅིག་འགགས་པ་ཡིས། །ལུས་ཅན་ཐམས་ཅད་སངས་རྒྱས་ཉིད། །དེ་བཞིན་ཉོན་མོངས་འགགས་པ་ཡིས། །ལས་ཀྱང་ངེས་པར་འགག་པར་བྱེད། །ལས་ནི་ངེས་པར་འགགས་པ་ཡིས། །སྡུག་བསྔལ་ཡང་ནི་འགག་པར་བྱེད། །སྡུག་བསྔལ་འགགས་པ་ཡིས་ཀྱང་ནི། །ཉོན་མོངས་སྐྱེ་བ་དེ་མི་འགྱུར། །ཉོན་མོངས་སྐྱེ་བ་དེ་མེད་ན། །ལས་ནི་སྐྱེ་བ་དེ་མི་འགྱུར། །དེ་ཡིས་སྐྱེ་བ་སྐྱེ་མེད་ན། །སྡུག་བསྔལ་ཡང་ནི་སྐྱེ་མི་འགྱུར། །སྡུག་བསྔལ་མེད་ན་བདེ་ལྡན་པའི། །རྣལ་འབྱོར་སེམས་ཅན་དོན་རྟག་བྱེད། །ཅེས་པའོ། །གང་གིས་ཞེས་པ་ལ་སོགས་པ་འཕོ་བའི་བདེ་བ་རྣམ་པར་སྤངས་པས་སོ། །འདོད་ལྡན་ཞེས་པ་ལ་སོགས་པས་མི་འགྱུར་བའི་བདེ་བ་ལ་འབད་པར་གསུངས་ཏེ། སྡུག་བསྔལ་ནི་ཆགས་བྲལ་གྱི་མཚན་ཉིད་དོ། །ཁུ་བ་ཞེས་པ་ལ་སོགས་པ་ལ། གང་གི་ཕྱིར་རྟེན་ཁུ་བ་འཕོ་བ་ན་བརྟེན་པ་བདེ་བའི་འདོད་ཆགས་དང་བྲལ་བ་ཉིད་ནི་ཉམས་པ་སྟེ་དེའི་ཕྱིར་ཁུ་བ་


DTG013_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མི་འགྱུར་བ་ཉིད་ཁོ་ནས་བདེ་བ་ཆེན་པོ་བསྒྲུབ་པར་བྱའོ། །ཇི་སྲིད་དུ་རྟེན་དང་བརྟེན་པའི་དབྱེ་བ་འདི་ཡང་ཡོད་པ་དེ་སྲིད་དུ་གཙུག་ཏོར་དུ་རྫོགས་པ་ཉིད་མ་ཡིན་ནོ། །གང་གི་ཚེ་རྫོགས་པ་ལ་སེམས་ཀྱི་འགྱུར་བ་མེད་པ་ཉིད་ཐོབ་ན་དེའི་ཚེ་རྟེན་དང་བརྟེན་པའི་མཚན་ཉིད་མེད་དོ། །དྲི་མ་དང་བྲལ་བའི་གནས་སྐབས་གསུངས་པ། འགྱུར་མེད་ཅེས་པ་ལ་སོགས་པའོ། །འདིར་འགྱུར་མེད་ནི་མཆོག་ཏུ་མི་འགྱུར་བ་བདེ་བའི་ཡེ་ཤེས་ཏེ་དེ་ལས་བྱུང་བ་ཉིད་ཀྱི་ཕྱིར་འགྱུར་མེད་ལས་བྱུང་ངོ༌། །སྐུ་ནི་ཕུང་པོ་དང་ཁམས་དང་དབང་པོ་ལ་སོགས་པའི་ལུས་ཏེ་མཆོག་ཏུ་མི་འགྱུར་པ་ལས་བྱུང་བའི་སྐུ་གང་ཡིན་པ་དེའི་མཛོད་སྤུའི་འཁོར་ལོ་ནི་དཔྲལ་བའི་འཁོར་ལོ་སྟེ་དེར་བགྲོད་པ་ཉིད་ཀྱིས་གཙུག་ཏོར་དུ་སོན་པ་ཆ་བཅུ་དྲུག་པའི་ནུས་པ་ལས་འདིའི་བརྟེན་པར་བརྗོད་དོ། །ཨ་ཡིག་ལ་སོགས་པའི་དབྱངས་ཡོངས་སུ་གྱུར་པ་ལས་ཟླ་བ་དང་ཀ་ཡིག་ལ་སོགས་པ་གསལ་བྱེད་ཡོངས་སུ་གྱུར་པ་ལས་ཉི་མ་སྟེ་ཡང་དག་པར་སྦྱོར་བ་ནི་བརྟེན་པ་ཡིན་ཏེ་ཨཱ་ལི་ཀཱ་ལི་དག་གམ་གཡོན་པ་དང་གཡས་པ་དག་མཉམ་པར་སྦྱོར་བ་འདུས་པ་སྟེ་དབུ་མར་རབ་ཏུ་འབབ་པ་ཉིད་དོ། །ཧཱུཾ་ཡིག་ལ་སོགས་པ་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་གྱི་གཙོ་བོའི་གཟུགས་བརྟེན་པ་ཡང་མ་ཡིན་གྱི་འོན་ཀྱང་གཙུག་ཏོར་དང་ནོར་བུའི་པདྨའི་ལྟེ་བར་གནས་པ་ཟླ་བ་དང་ཉི་མ་དང་རྟེན་དང་ཐམས་ཅད་དུ་ཁྱབ་པ་བདེ་བ་ཆེན་པོའི་གཟུགས་བརྟེན་པའོ། །དེ་དྲི་མ་མེད་པའི་འོད་དུ་གསུངས་པ། ཞབས་གཅིག་རྡོ་རྗེ་ནོར་བུར་རྡུལ་དང་ཉི་མ་དང༌། །གཉིས་པ་གཙུག་ཏོར་ཁུ་བ་རི་བོང་ཅན་ལ་ནི། །རྟག་ཏུ་མི་ཆོད་དབྱེར་མེད་འདོད་པ་བཀོད་གྱུར་པ། །འཇིག་རྟེན་གསུམ་གྱི་མཆོད་པའི་གཙོ་ལ་སྤྱི་བོས་འདུད། །ཅེས་པའོ། །གཙོ་བོ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་དུས་ཀྱི་འཁོར་ལོའི་གང་གིས་བགྲོད་པར་བྱ་བ་དང་རྟོགས་པར་བྱ་བ་དེ་ཞབས་ཏེ་མི་འགྱུར་བའི་ཡེ་ཤེས་སོ། །བཀོད་གྱུར་པ་ནི་གཞག་པ་སྟེ་མ་རིག་པ་དགག་པའི་ཕྱིར། རྡོ་རྗེ་ནོར་བུར་ཞེས་པ་རབ་གནས་མྱ་ངན་ལས་འདས་པ་མིན་པའི་སར་རྡུལ་དང་ཉི་མ་ལ་ནི་སའི་སྙིང་པོའི་མཐིལ་ཡེ་ཤེས་ཀྱི་ཁམས་ལ་གཅིག་ནི་གཡས་པ་གང་ཡིན་པའོ་ཞེས་པ་རྐང་པ་གཅིག་གི་མཐིལ་གནོན་པའོ། །


DTG013_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཙུག་ཏོར་སྲིད་པའི་བདེ་བ་ལས་ཤིན་ཏུ་འདས་པར་ཁུ་བ་རི་བོང་ཅན་ལ་ནི། རྐང་མ་ཐེབ་སེན་མོ་སྔར་འདོད་པའི་ཆ་འཆར་བའི་བདག་ཉིད་རྣམ་པར་ཤེས་པའི་ཁམས་ལ་གཉིས་པ་ནི་གཡོན་པ་གང་ཡིན་པའོ་ཞེས་པ་ཚངས་པའི་སྒོ་ངའི་རྩེ་མོ་གནོན་ནོ། །རྟག་ཏུ་སྟེ་དུས་གསུམ་དུ་ཉོན་མོངས་པའི་སྒྲིབ་པ་ལས་ཤིན་ཏུ་འདས་པའི་ཕྱིར་མ་རིག་པ་མི་ཤེས་པའི་གྲི་གུག་གིས་མི་ཆོད་པའོ། །རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པའི་ཕྱིར་གཟུང་བ་དང་འཛིན་པ་ལ་སོགས་པས་དབྱེར་མེད་པའོ། །བདེ་བ་ཆེན་པོའི་གཟུགས་ཉིད་ཀྱི་ཕྱིར་འདོད་པ་སྟེ་བྱ་བ་བྱས་པས་སྐམ་སར་ནི་ནོར་བུར་གནས་པའོ། །འཇིག་རྟེན་གྱི་སྤྱོད་པ་སྤངས་པ་ཉིད་ཀྱི་ཕྱིར་འཇིག་རྟེན་གསུམ་གྱི་མཆོད་པ་སྟེ་འཁོར་བའི་ཕ་རོལ་མཐར་ནི་གཙུག་ཏོར་དུ་གནས་པའོ། །འདི་སྐད་བརྗོད་པར་འགྱུར་ཏེ་གང་ཞིག་སྟེང་དང་འོག་ཏུ་རྩ་དྲུག་འགགས་པའི་རང་བཞིན་ཁམས་དྲུག་པ་ཡེ་ཤེས་ཀྱི་སྐུ་བཅོམ་ལྡན་འདས་ཁམས་གསུམ་པས་ཞབས་ཀྱི་པདྨ་ལ་ཕྱག་བྱས་པ་དཀར་པོ་དང་ནག་པོའི་ཕྱོགས་གཉིས་སུ་གྱུར་པ་སྲིད་པའི་བདག་ཉིད་སྒྲིབ་པ་མེད་པ་ཉིད་ལས་ཉ་དང་གནམ་སྟོང་ལ་མངོན་པར་ཁྱབ་པ་དང་ལྡན་པ་འགྲོ་བའི་གཙོ་བོ་གཅིག་པུ་དེའི་ཞབས་སྟོང་པ་ཉིད་དང་སྙིང་རྗེ་བཅོ་ལྔའི་བདག་ཉིད་ཟླ་བ་དང་ཉི་མའི་རང་བཞིན་འཁོར་བ་པ་དང་མྱ་ངན་ལས་འདས་པའི་ལམ་འགོག་པར་བྱེད་པའི་ཞབས་གཉིས་དག་ལ་ཕྱག་འཚལ་ལོ་ཞེས་པའོ། །མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དྲུག་པར་ནི། མི་འགྱུར་བའི་སྒྲས་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཡེ་ཤེས་རྡོ་རྗེ་སེམས་དཔའོ། །དེ་བཞིན་དུ་ཡིད་སྐྱོབ་པར་གྱུར་པ་ཉིད་ཀྱི་ཕྱིར་སྔགས་ཀྱང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སུ་བརྗོད་དོ། །རྩ་བའི་རྒྱུད་དུ་ཡང༌། ལུས་ངག་སེམས་ཀྱི་ཁམས་རྣམས་ནི། །གང་ཕྱིར་སྐྱོབ་པར་གྱུར་དེའི་ཕྱིར། །སྔགས་དོན་སྔགས་ཀྱི་སྒྲ་ཡིས་ནི། །སྟོང་ཉིད་ཡེ་ཤེས་འགྱུར་མེད་དེ། །བསོད་ནམས་ཡེ་ཤེས་ལས་བྱུང་སྔགས། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཞེས་པའོ། །དེ་བཞིན་དུ་གཞན་ནང་གི་རིག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་འོད་གསལ་བ་ཕྱག་རྒྱ་ཆེན་མོ་ལྷན་ཅིག་སྐྱེས་པའི་དགའ་བའི་གཟུགས་ཅན་མ་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་རྫོགས་


DTG013_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་གནས་སྐབས་སོ། །རྡོ་རྗེ་སེམས་དཔའ་དང་སངས་རྒྱས་ཀྱི་ཡུལ་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་མཆོག་གི་དབང་པོའི་སྤྱོད་ཡུལ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་མེ་ལོང་གི་པྲ་ཕབ་པ་དང་རྨི་ལམ་དང་མཚུངས་པ་དེ་དག་ནི་རྒྱལ་བ་རྣམས་ཀྱིས་ལྷན་ཅིག་སྐྱེས་པའི་སྐུ་ཞེས་གསུངས་ཏེ་མཆོག་ཏུ་མི་འགྱུར་བའི་རང་བཞིན་གྱི་ཕྱིར་རོ། །འདིར་འགྱུར་མེད་རྣམས་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་སྒྲིབ་པ་མེད་པ་རྣམས་འགྱུར་མེད་ལྔ་སྟེ་སྟོང་པ་ཆེན་པོར་གསུངས་སོ། །དེ་བཞིན་དུ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་སྒྲིབ་པ་མེད་པ་རྣམས་འགྱུར་མེད་སྔར་གསུངས་སོ། །འགྱུར་མེད་དྲུག་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་སྒྲིབ་པ་མེད་པ་རྣམས་ཏེ་སོ་སོར་རང་གི་ཡུལ་འཛིན་པ་རྣམ་པར་སྤངས་པ་རྣམས་སོ། །དེ་བཞིན་དུ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་ཁམས་སྒྲིབ་པ་མེད་པ་རྣམས་ཀྱང་འགྱུར་མེད་དྲུག་ཏུ་གསུངས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་འདི་རྣམས་གཅིག་ཏུ་རོ་མཉམ་པར་གྱུར་པ་ནི་ཐིག་ལེ་སྟོང་པར་འགྱུར་རོ། །ཐིག་ལེ་དེ་ཡང་མི་འཕོ་བར་གྱུར་ན་མཆོག་ཏུ་མི་འགྱུར་བདེ་བར་བརྗོད་དོ། །མཆོག་ཏུ་མི་འགྱུར་བ་ཡང་ཨ་ཡིག་སྟེ། ཨ་ཡིག་ལས་བྱུང་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བརྗོད་དེ་ཤེས་པ་དང་ཤེས་བྱའི་བདག་ཉིད་རྒྱུ་དང་འབྲས་བུ་དབྱེར་མེད་པའི་ཕྱིར་རོ། །དེ་ཡང་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་སྟེ་མཆོག་ཏུ་མི་འགྱུར་བའི་བདེ་བའི་གོ་འཕང་ངོ༌། །མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག །ཅེས་པའོ། །རྩ་བའི་རྒྱུད་དུ་ཡང༌། ཨ་ཡིག་མིང་གིས་རབ་བརྗོད་པ། །ཆོས་ཀྱི་དབྱིངས་ནི་འགྱུར་མེད་ཆེ། །རྒྱལ་དབང་རྣམས་ཀྱི་རྡོ་རྗེ་ཡིས། །སྐྱེ་གནས་སྐུ་གསུང་ཐུགས་ཀྱི་རྒྱུ། །


DTG013_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ཡིག་བྱུང༌། །ཨ་ཡིག་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་མཆོག་ཏུ་མི་འགྱུར་བ། །སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །དབྱེར་མེད་ཆོས་ཅན་སྐུ་གསུང་ཐུགས། །རྡོ་རྗེ་གསུང་རྣམས་སྐྱེད་བྱེད་པ། །རྒྱལ་བའི་སྐུ་རྣམས་ཀྱི་གང་དེ། །རྡོ་རྗེའི་སྐྱེ་གནས་རབ་ཏུ་བརྗོད། །གང་ཕྱིར་སངས་རྒྱས་ཆོས་རྣམས་ཀྱི། །དབང་ཕྱུག་ལ་སོགས་ཀུན་འབྱུང་བ། །ཆོས་ཀུན་འབྱུང་བར་བརྗོད་པའི་ཕྱིར། །བསོད་ནམས་ཡེ་ཤེས་རང་བཞིན་མཆོག །ཅེས་པའོ། །འདི་ནི་ཏིང་ངེ་འཛིན་གྱི་ཡན་ལག་མདོར་བསྟན་པའོ། །ད་ནི་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་གསུངས་པ། སྟོང་པ་ཞེས་པ་ལ་སོགས་པའོ། །སྟོང་པ་ནམ་མཁའ་ལས་བྱུང་བའི་གཟུགས་བརྙན་རྣམ་པ་ཐམས་ཅད་པའི་མཚན་ཉིད་རྒྱུ་སྟེ་བྱེད་པ་དང་ཁུ་བ་མི་འགྱུར་བ་ལས་སྐྱེས་བདེ་བ་འབྲས་བུའོ། །རྒྱུ་ཡང་འབྲས་བུ་ཟག་པ་མེད་པའི་བདེ་བས་རྒྱས་བཏབ་པ་བདེ་བའི་གཟུགས་སུ་བྱས་པ་སྟེ་བདེ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཟག་པ་མེད་པའི་བདེ་བ་དེ་ཡང་དེ་ལྟ་བུར་གྱུར་པའི་རྒྱུས་རྒྱས་བཏབ་པ་སྟེ། དམིགས་པ་མེད་པ་སྟོང་པའི་བདག་ཉིད་ཀྱི་ཕྱིར་རོ། །སྟོང་པ་ཉིད་དང་སྙིང་རྗེ་འདི་གཉིས་ཀྱི་མཚན་ཉིད་གསུངས་པ། སྟོང་པ་ཉིད་ཅེས་པ་ལ་སོགས་པའོ། །དམིགས་པ་དང་བཅས་པའི་སྟོང་པ་ཉིད་གཟུགས་བརྙན་འཛིན་པའི་སེམས་ནི་རྒྱུས་ཏེ་དམིགས་པ་མེད་པའི་སྙིང་རྗེ་འགྱུར་མེད་འཛིན་པ་འབྲས་བུའོ། །སྟོང་ཉིད་སྙིང་རྗེ་འདི་དག་དབྱེར་མེད་པ་ཉིད་གཅིག་པའི་མཚན་ཉིད་བྱང་ཆུབ་སེམས་གང་ཡིན་པ་དེ་མི་འཕོ་བ་ཞེས་བརྗོད་དེ། གཞན་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་སྐྱེས་པ་འགྱུར་བ་དང་གཡོ་བའི་མཚན་ཉིད་ནི་མ་ཡིན་ནོ། །དེ་ཡང་ཆད་པ་དང་འཁོར་བ་དང་བྲལ་བར་གསུངས་པ། མྱ་ངན་ལས་འདས་པ་ཞེས་པ་ལ་སོགས་པའོ། །མྱ་ངན་ལས་འདས་པ་སྟོང་པའི་ངོ་བོ་དང་བྲལ་བའི་གཟུགས་དང༌། འཁོར་བར་འགྱུར་བའི་བདེ་བའི་མཚན་ཉིད་ལས་འདས་པའི་མི་འགྱུར་བ་ཟག་པ་མེད་པའི་བདེ་བ་ཆེན་པོ་སྟེ་


DTG013_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཟུགས་དང་མི་འགྱུར་བ་དེ་དག་སྦྱོར་པ་གཉིས་མེད་མཆོག་ཕུལ་དུ་བྱུང་བའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རྟག་དང་ཆད་ལས་ངེས་པར་གྲོལ། །ཞེས་པའོ། །འདིར་ཐ་དད་པ་གསུངས་པ། དངོས་མེད་ཅེས་པ་ལ་སོགས་པའོ། །གཟུགས་རྣམ་པ་ཐམས་ཅད་པའི་རང་གི་སེམས་ཀྱི་སྣང་བ་ནི་དངོས་མེད་པ་ཆད་མིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དངོས་མེད་ལས་བྱུང་མཚན་ཉིད་ཕྱིར་ཏེ་དངོས་མེད་སྟོང་པ་ཉིད་ནམ་མཁའ་དྲི་མ་མེད་པའི་མཐིལ་ཉིད་འབའ་ཞིག་ལས་དུས་གསུམ་དང་ཁམས་གསུམ་པ་རབ་ཏུ་གསལ་བ་སོ་སོ་རང་གིས་རིག་པ་འབྱུང་ངོ༌། །རྩ་བ་འདིར་འཆད་པར་འགྱུར་བ་ཡང༌། ནམ་མཁའ་ལས་བྱུང་གཟུགས་བརྙན་ནི། །བསྟེན་པས་བདག་ལ་དེ་བཞིན་ནོ། །ཞེས་པའོ། །འགྱུར་བ་མེད་པ་ཟག་པ་མེད་པའི་བདེ་བ་ནི་དངོས་པོ་མེད་མིན་ཏེ། ཅིའི་ཕྱིར་ཞེ་ན། དངོས་པོ་ལས་བྱུང་མཚན་ཉིད་ཕྱིར་ཏེ། རབ་ཏུ་གསལ་བར་གྱུར་པ་གཟུགས་ཀྱི་མཚན་ཉིད་ཀྱི་དངོས་པོ་ལས་ཡང་དག་པར་ཕྱུང་བའི་ཕྱིར་རོ། །འདི་ཡང༌། །ཤེས་རབ་རྒྱུ་ལས་མ་སྐྱེས་ཕྱིར། །ཞེས་པ་ལ་སྒོས་པས་གསལ་བར་འགྱུར་རོ། །གང་ཞིག་གཡོན་པ་སྟེང་དུ་བགྲོད་པ་ཁུ་བའི་གཟུགས་དངོས་པོ་ལས་འཇིག་རྟེན་དང་མཚན་ཉིད་མི་མཐུན་པ་ཟག་པ་མེད་པའི་བདེ་བ་ཡང་དག་པར་འབྱུང་བའོ། །སྟོང་པ་ཉིད་སྙིང་རྗེའི་མཚན་ཉིད་ལ་དངོས་པོ་དང་དངོས་པོ་མེད་པ་ཞེས་བརྗོད་དེ། ཀུན་རྫོབ་དང་དོན་དམ་པའི་བདེན་པའི་རང་བཞིན་འདི་དག་ཡང་དག་པར་སྦྱོར་ཏེ་འདུས་པ་ནི་རྡོ་རྗེའི་རྣལ་འབྱོར་རོ། །དེ་ཡང་གཉིས་མེད་ཟུང་དུ་འཇུག་པ་དང༌། མི་འགྱུར་བ་ཞེས་བརྗོད་པ་སྟེ། འདི་ཉིད་དེ་ཁོ་ནའོ། །དེ་འཕགས་པ་ལྷའི་ཞབས་ཀྱིས་ཀྱང་གསུངས་པ། གང་ཡང་དག་པ་དེ་དེ་ཁོ་ནའོ། །བཅོམ་ལྡན་འདས་ཡང་དག་པ་ཞེས་བྱ་བ་འདི་ཅི་ཞིག །གང་མི་སླུ་བ་དེ་ཡང་དག་པའོ། །མི་སླུ་བ་ཞེས་བྱ་བ་འདི་ཅི་ཞིག །ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་དེ་ལ་མི་སླུ་བའོ། །གང་ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ཞེས་བྱ་བ་འདི་ཅི་ཞིག །གང་བདེན་པ་གཉིས་གཉིས་སུ་མེད་པའི་མཚན་ཉིད་དེ་ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་


DTG013_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཛིན་ནོ། །བཅོམ་ལྡན་འདས་བདེན་པ་གཉིས་ཞེས་བྱ་བ་འདི་ཅི་ཞིག །དང་པོ་ཀུན་རྫོབ་ཀྱི་བདེན་པ་དང་གཉིས་པ་དོན་དམ་པའི་བདེན་པའོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར། གཟུགས་དང་གཟུགས་མིན་རྣམ་པར་གྲོལ། །ཞེས་བརྗོད་དེ། ཕྲ་ཕབ་པ་ན་མེ་ལོང་ལ་སོགས་པ་ལ་དམིགས་པར་འགྱུར་བའི་ལུས་ལ་གཟུགས་ཀྱི་མཚན་ཉིད་མེད་དེ་རྡུལ་ཕྲ་རབ་ཀྱི་ཚོགས་འདུས་པ་མེད་པའི་ཕྱིར་རོ། །གཟུགས་མིན་པའི་མཚན་ཉིད་མ་ཡིན་ཏེ། དམིགས་པར་འགྱུར་བ་བསྙོན་པར་དཀའ་བའི་ཕྱིར་རོ། །དེའི་ཕྱིར་གཟུགས་ནི་སྲིད་པ་འཁོར་བར་མི་ལོང་སྟེ། འགྱུར་མེད་མྱ་ངན་ལས་འདས་པ་འཆད་པར་མི་འགྲོའོ། །ཕན་ཚུན་འཁྱུད་པ་ཞི་བ་རྣམ་འགྱུར་མེད་པ་སྟེ་དབང་པོའི་རྣམ་འགྱུར་དང་བྲལ་བའི་ཕྱིར་རོ། །གཉི་གའི་བདག་ཉིད་འདི་ཉིད་མ་ནིང་གོ་འཕང་སྟེ་ཤེས་རབ་དན་ཐབས་འབའ་ཞིག་པ་མ་ཡིན་པའི་ཕྱིར་རོ། །མཆོག་ནི་ཕུལ་དུ་བྱུང་བ་སྟེ་འགྲོ་བ་མཐའ་དག་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །ཕྱག་རྒྱ་ཆེན་པོ་ལས་ཡང་དག་པར་སྐྱེས་པའི་ཕྱིར་ལྷན་ཅིག་སྐྱེས་པའི་རྒྱུ་ཉིད་དང༌། ཕྱག་རྒྱ་ཆེན་པོའི་ཡང་འབྲས་བུ་ཉིད་མ་ཡིན་ནམ། དེ་ལྟ་ན་ནི་གཉིས་པོ་ཡང་རྒྱུ་དང་འབྲས་བུ་ལས་མ་འདས་སོ། །དེའི་ཕྱིར་ལས་ཀྱི་ཕྱག་རྒྱའམ་ཡེ་ཤེས་ཀྱི་ཕྱག་རྒྱ་རྒྱུར་གྱུར་པ་དང་ཕྱག་རྒྱ་ཆེན་པོ་ལ་ཡང་ཁྱད་པར་ཅི་ཡོད་ཅེ་ན། གསུངས་པ། ཤེས་རབ་ཅེས་པ་ལ་སོགས་པའོ། །ཤེས་རབ་གཟུགས་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་པ་རྟོགས་པ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་གཟུགས་ཅན་མ་སྟེ་དེ་ཡང་རྒྱུ་ལས་མ་སྐྱེས་མ་བྱུང་བ་མི་སྐྱེ་བ་སྟེ་དོན་དམ་པར་རང་བཞིན་གྱིས་མ་བྱས་པ་ཉིད་ཀྱི་ཕྱིར་རོ། །གང་ཡང༌། ཤེས་རབ་རྒྱུ་ལས་བྱུང་བ་འབྲས། །ཤེས་རབ་ལས་སྐྱེས་པ་ཞེས་བརྗོད་པར་བྱ་བ་དེ་ཡང་རྒྱུ་སྐྱེས་མིན་ཞེས་པ་ཤེས་རབ་ཀྱི་རྒྱུ་ལས་སྐྱེས་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཤེས་རབ་རྒྱུ་ལས་མ་སྐྱེས་པའི་ཕྱིར་ཏེ་ཤེས་རབ་རྒྱུ་ལས་སྐྱེས་པ་མ་ཡིན་པའི་ཕྱིར་འབྲས་བུ་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ཡང་འདིར་ཅི་ལྟར་རྒྱུ་ལས་སྐྱེས་པར་འགྱུར་བར་འོས་འདི་ཡིན་པ་སྔར་ཉིད་བསལ་ཟིན་པའི་ཕྱིར་རོ། །རྒྱུ་དེའི་ཕྱིར་མི་


DTG013_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྱུར་བའི་ཡེ་ཤེས་གང་ཡིན་པ་དེ་ཤེས་རབ་ཡེ་ཤེས་ཏེ་རྒྱུ་ལས་སྐྱེས་པ་མིན་ནོ། །དེའི་ཕྱིར་ཡང་རྒྱུ་དང་འབྲས་བུའི་དངོས་པོ་མེད་པའི་ཕྱིར་འབྲས་བུ་ཉིད་ཀྱིས་རྒྱུ་ལ་རྒྱས་བཏབ་པའམ་རྒྱུ་ཉིད་ཀྱིས་འབྲས་བུ་ལ་རྒྱས་བཏབ་པ་ཞེས་པ་གཞན་དང་གཞན་དུ་ཡང་མི་འགྱུར་ལ། འབྲས་བུས་ཀྱང་རྒྱུ་ལ་རྒྱས་བཏབ་པ་རྒྱུས་ཀྱང་འབྲས་བུ་ལ་རྒྱས་བཏབ་པ་ཞེས་པ་ཕན་ཚུན་དུ་ཡང་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན་གསུངས་པ། རྒྱུ་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་རྒྱུ་དང་འབྲས་བུ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱི་ཕྱིར་ཀུན་རྫོབ་པ་དང་དེའི་ཐོག་མ་དང་ཐ་མ་མེད་པ་ཉིད་ཀྱི་ཕྱིར་འཇིག་རྟེན་ལས་འདས་པ་སྟེ། དེའི་ཕྱིར་ཕན་ཚུན་རྒྱས་བཏབ་པ་གཉིས་ཀ་དབྱེར་མེད་པ་ཟུང་དུ་འཇུག་པ་ཞེས་བྱ་བའི་གཟུགས། སྐྱེ་མིན་མྱ་ངན་འདས་པའང་མིན། །ཞེས་པ་སྐྱེ་པ་དང་འཇིག་པ་བྲལ་བའོ། །གསུངས་པ། ཡང་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཉིད་དོ་ཞེས་པའོ། །གང་གི་ཕྱིར་གཉིས་ཀ་དབྱེར་མེད་པའི་གཟུགས་ཀྱི་ཤེས་རབ་ཀྱི་ཆ་དང་པོར་ཞི་བ་ཉིད་ཀྱི་ཕྱིར་རྟག་ཏུ་སྐྱེ་བ་མེད་པ་དང་ཐབས་ཀྱི་ཆ་ནི་སོ་སོ་རང་གི་རིག་པ་ཉིད་ཀྱི་ཕྱིར་རྟག་ཏུ་སྐྱེ་བ་ཉིད་དེ་དེའི་ཕྱིར་ཡང་རྒྱུ་དང་འབྲས་བུ་མེད་ལ་ཕན་ཚུན་རྒྱས་བཏབ་པ་ཡང་མ་ཡིན་ནོ། །གཞན་དང་གཞན་རྒྱས་བཏབ་པ་མེད་པའི་རིགས་པ་གཞན་གསུངས་པ། མ་སྐྱེས་པ་ཞེས་པ་ལ་སོགས་པའོ། །ཤེས་པའི་རྣམ་པ་ལས་ལྡོག་པའི་ཕྱི་རོལ་མི་སྲིད་པའི་ཕྱིར་རང་གི་སེམས་ཉིད་ཁམས་གསུམ་པའི་རྣམ་པ་ཅན་དེས་ཕྱི་རོལ་གྱི་རྣམ་པར་དབྱེ་བ་དམིགས་པར་འགྱུར་རོ། །རང་གི་སེམས་ལས་གཞན་ནི་མ་ཡིན་ཏེ་དེའི་ཚེ་རྣལ་འབྱོར་བ་ལ་རང་དང་གཞན་གྱི་ཆའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ཀྱེའི་རྡོ་རྗེར་ཡང་གསུངས་པ། མཐོ་རིས་ས་འོ་གས་སྟེང་རྣམས། །སྐད་ཅིག་ལས་ནི་སྐུ་གཅིག་འགྱུར། །རང་གཞན་ཆ་ཡི་རྣམ་རྟོག་གིས། །གནོད་པ་ཡིས་ནི་ནུས་མ་ཡིན། །ཞེས་པའོ། །ཕྱི་ཡི་ཤེས་བྱ་རྣམས་འབྱེད་ཕྱིར། །ཞེས་པ་ཕྱི་རོལ་གྱི་ཤེས་བྱ་ཐ་དད་དུ་བྱེད་


DTG013_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །དེ་ཕྱིར་ཞེས་པ་ལ་སོགས་པ་ཉེ་བར་བསྡུ་བ་སྟེ་རལ་གྲི་ཞེས་པ་ལ་སོགས་པ་དཔེའོ། །ཕྱག་རྒྱ་ཆེན་པོ་སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར་འབྲས་བུ་ཡང་མ་བྱུང་བ་མ་ཡིན་ནམ། སྐྱེ་བ་མེད་པའི་ཆོས་འགའ་ཞིག་གི་འབྲས་བུ་འགའ་ཞིག་ཁོ་ན་འགའ་ཞིག་གིས་ཀྱང་ཉམས་སུ་མྱོང་བར་མི་འགྱུར་རོ་ཞེ་ན། གསུངས་པ། མོ་གཤམ་ཞེས་པ་ལ་སོགས་པའོ། །མ་སྐྱེས་ཀྱང་མོ་གཤམ་བུ་མོ་དང་ཡང་དག་པར་སྦྱོར་བས་རྨི་ལམ་གྱི་དུས་སུ་བདེ་བ་ཉམས་སུ་མྱོང་བར་འགྱུར་བ་གང་ཡིན་པ་དེ་བཞིན་དུ་ནམ་མཁའ་ལས་བྱུང་བའི་གཟུགས་བསྟེན་པས་འབྲས་བུ་ལྷན་ཅིག་སྐྱེས་པའི་བདེ་བའི་གཟུགས་ཤེས་རབ་དང་ཐབས་ཀྱི་དབང་པོ་ལས་མ་སྐྱེས་པ་ཕྱག་རྒྱ་ཆེན་པོ་ལས་ཡང་དག་པར་སྐྱེས་པ་ནམ་མཁའ་བཞིན་དུ་སྒྲིབ་པ་སྤངས་པ་འབྱུང་པོ་ཐམས་ཅད་ལ་གནས་པ་རྣལ་འབྱོར་པ་རྣམས་ཀྱི་རང་རིག་པར་བྱ་བ་ཁོ་ན་ཡིན་གྱི། དེ་ཁོ་ན་མ་རིག་པ་རྣམས་ཀྱིས་རིག་པར་བྱ་བ་ནི་མ་ཡིན་ནོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་མེད་ན་དབང་པོ་གཉིས་ཡང་དག་པར་སྦྱོར་བ་དང་བྲལ་བ་ནི་ཤེས་རབ་ཡེ་ཤེས་རང་རིག་པར་མི་འགྱུར་ཏེ། འཕོ་བ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནམ། ཇི་ལྟར་རྣལ་འབྱོར་པ་རང་གི་སེམས་ཀྱི་སྣང་བ་ལ་རང་གི་སེམས་ཀྱི་རྗེས་སུ་ཆགས་པར་བྱས་ནས་རང་གི་སེམས་སྒྲིབ་པ་མེད་པར་བྱེད་ཅིང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱང་ལོངས་སྤྱོད་པར་བྱེད་དེ། རྡུལ་ཕྲ་རབ་ཚོགས་པའི་ལུས་མེད་པའི་ཕྱིར་རོ། །འདི་ཉིད་ནི་ཕྱིན་ཅི་ལོག་པ་སྟེ། ལྷ་སྦྱིན་རང་ཉིད་ཀྱི་ཕྲག་པར་ཞོན་ནས་གྲོང་དུ་འགྲོའོ་ཞེས་པའི་ཚིག་བཞིན་ནོ་ཞེས་འདིར་འགའ་ཞིག་གིས་བསམ་པ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བརྗོད་པར་བྱའོ། །འདིར་གང་རྨོངས་པ་རྣམས་ཀྱིས་བརྗོད་པར་བྱ་བ་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་མ་གཏོགས་པ་སེམས་ཙམ་གྱིས་ཤེས་རབ་ཡེ་ཤེས་རང་རིག་པར་མི་འགྱུར་བ་དེ་ནི་མ་ཡིན་ཏེ། བག་ཆགས་སོ། །འདིར་ཕུང་པོ་ཁམས་དང་སྐྱེ་མཆེད་ཅེས་བྱ་བ་ནི་གློ་བུང་བའི་སེམས་ཀྱི་བག་ཆགས་


DTG013_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོ། །དེའི་དྲིན་གྱིས་སེམས་ལ་བདེ་བ་དང་སྡུག་བསྔལ་སེམས་ཀྱི་བག་ཆགས་རབ་ཏུ་འཇུག་སྟེ། དོན་དམ་པར་རྣམ་པར་དཔྱད་ན་ལུས་འདིའི་ཉེ་བར་འཚེ་བ་ཕྲན་ཚོགས་ཀྱིས་ནི་མ་ཡིན་ནོ། །འདིར་རྡུལ་ཕྲ་རབ་ཚོགས་བའི་བདག་ཉིད་ཀྱིས་ལུས་ནི་རྨི་ལམ་གྱི་གནས་སྐབས་ན་རབ་ཏུ་ལྷུང་སྟེ་གནས་ཤིང་འདིའི་ཉེ་བར་འཚེ་བ་ཕྲན་ཚེགས་འགའ་ཡང་ཡོད་པ་མ་ཡིན་ན་གང་གིས་སེམས་ལ་སྡུག་བསྔལ་རབ་ཏུ་འཇུག །འདིར་འཇིག་རྟེན་ཐམས་ཅད་དུ་རབ་ཏུ་གྲགས་པ་གནས་སྐབས་དེ་ཉིད་ན་སེམས་ཀྱི་བག་ཆགས་ཀྱི་བདག་ཉིད་ཀྱི་ལུས་གཞན་རྡུལ་ཕྲ་རབ་ཚོགས་པ་དང་བྲལ་བ་ཡུལ་གཞན་དུ་འགྲོ་བར་རབ་ཏུ་སྣང་སྟེ། ཡུལ་གཞན་དུ་སོང་བ་དེའི་ལུས་ལ་ཆོམ་རྐུན་ལ་སོགས་པ་རྣམས་ཀྱིས་ཉེ་བར་འཚེ་བ་བྱས་པར་གྱུར་པ་ན་ཉེ་བར་འཚེ་བ་དེས་སེམས་ལ་སྡུག་བསྔལ་རབ་ཏུ་འཇུག་ཅིང་སྡུག་བསྔལ་དེས་དུ་བར་བྱེད་དེ། ལུས་མེད་ཅིང་ཆོམ་རྐུན་ལ་སོགས་པ་མེད་པར་སེམས་ཀྱི་སྡུག་བསྔལ་གྱི་ཤེས་པ་རང་རིག་པར་བྱ་བ་རབ་ཏུ་འཇུག་པ་འདི་དེ་རྨད་དུ་བྱུང་བ་ཆེན་པོའོ། །དེ་བཞིན་དུ་རྨི་ལམ་དུ་འདོད་པ་ཆེན་པོ་ཉེ་བར་ལོངས་སྤྱོད་པ་རྣམས་ཀྱིས་སེམས་ལ་བདེ་བ་རབ་ཏུ་འཇུག་སྟེ་ལུས་མེད་ཅིང་འདོད་པ་ཉེ་བར་ལོངས་སྤྱོད་པ་རྣམས་ངེས་པར་སེམས་ཅན་རྣམས་ཀྱི་སེམས་ཀྱི་བདེ་བའི་ཤེས་པ་རང་རིག་པར་བྱ་བ་རབ་ཏུ་འཇུག་པ་དེ་ནི་ངོ་མཚར་ཆེའོ། །ཉི་ཚེ་བའི་ཤེས་པ་འདི་ཉིད་ཀྱང་མཁས་པ་རྣམས་ཀྱིས་རྣམ་པར་དཔྱད་པར་མི་ནུས་ན་འཁོར་བའི་བག་ཆགས་ལས་འདས་ཤིང་མྱ་ངན་ལས་འདས་པའི་བག་ཆགས་ལས་བྱུང་བ་རྣལ་འབྱོར་པའི་ཀུན་དུ་བཟང་པོ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་རང་རིག་པར་བྱ་བ་རྨོངས་པ་རྣམས་ཀྱིས་རྣམ་པར་བརྟག་པར་མི་ནུས་པ་ལྟ་ཅི་སྨོས་ཞེས་པའོ། །གལ་ཏེ་ཤེས་རབ་དང་ཐབས་དབྱེར་མེད་པ་ཞེས་བརྗོད་པ་དེ་ཡང་དོན་དམ་པ་མ་ཡིན་ནོ་ཞེ་ན། གསུངས་པ། ཤེས་རབ་མ་ཡིན་ཞེས་པ་ལ་སོགས་པའོ། །ཤེས་རབ་མ་ཡིན་ཐབས་ཀྱང་མིན་ན་ཐ་དད་དུ་གྱུར་པའི་ཕུང་པོ་ཡོད་ན་གང་གིས་དེ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་སུ་འགྱུར་ཏེ་གནས་སྐབས་དེ་གྱིས་པའི་རྣལ་འབྱོར་བ་རྣམས་ཀྱིས་རྣམ་པར་


DTG013_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་པ་ཞེས་པ་ཡང་ཤེས་རབ་བློ་དང་ལྷན་ཅིག་སྐྱེས་པ་ཉིད་ཀྱི་ཕྱིར་བརྗོད་དོ། །ཀུན་ནས་བདེ་བ་རྫོགས་པའི་གནས་སྐབས་ཐོབ་པ་ལ་སྒྲིབ་པ་ཐམས་ཅད་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་ཤེས་བྱ་ལ་སོགས་པ་སྒྲིབ་པ་ཐམས་ཅད་དང་བྲལ་བའོ། །གོས་མེད་ནི་ལག་པ་ལ་སོགས་པས་རེག་ཏུ་མེད་པའི་ཕྱིར་རོ། །གཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར་ལུས་དང་དབང་པོ་སྤངས་པའོ། །ཐམས་ཅད་ལ་ཡོངས་སུ་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་ཀུན་ནས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་འབྱུང་པོ་ཀུན་ལ་གནས་པ་སྟེ། དུས་གསུམ་ལ་ཡང་ངོ༌། །རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་ཉིད་ཀྱི་ཕྱིར་མ་རིག་པ་མི་ཤེས་པའི་གྲི་གུག་གིས་གཅད་དུ་མེད་པའོ། །རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པའི་ཕྱིར་གཟུང་བ་དང་འཛིན་པ་དབྱེར་མེད་པ་ཉིད་ལས་དབྱེ་བ་སྤངས་པའོ། །རང་འབྱུང་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་འཇིག་རྟེན་ལས་འདས་པའི་སེམས་དཔའ་དྲུག་མདོར་བསྟན་པའོ། །མ་སྐྱེས་མ་འགགས་པའི་ཕྱིར་རང་འབྱུང་ངོ༌། །འགྲོ་བའི་དོན་བྱེད་པ་ཉིད་ཀྱི་ཕྱིར་དོན་ཆེན་ནོ། །གསང་བ་ལ་སོགས་པའི་གཙུག་ཏོར་གྱི་མཐར་ཐུག་པ་འཁོར་ལོ་དྲུག་ཏུ་རིམ་པས་རྡོ་རྗེ་སེམས་དཔའ་དང་སེམས་དཔའ་ཆེན་པོ་དང་བྱང་ཆུབ་སེམས་དཔའ་དང་དམ་ཚིག་སེམས་དཔའ་དང་རྡོ་རྗེ་རྣལ་འབྱོར་དང་དུས་ཀྱི་འཁོར་ལོ་ཞེས་བྱ་བ་དྲུག་གོ །འདིའི་རྒྱས་པར་བཤད་པའི་རྡོ་རྗེ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སྟོང་པའི་གཟུགས་ཏེ་གང་གི་ཕྱིར་དེ་མི་ཕྱེད་པ་དེའི་ཕྱིར་རོ། །དོན་ཆེན་ནི་ཆེན་པོ་མདོར་བསྟན་པའོ། །སེམས་དཔའ་ནི་གང་འདོད་པའི་ཁམས་ལ་སོགས་པའི་ངོ་བོ་ལུས་དང་ངག་དང་སེམས་རྣམས་གཅིག་པ་ཉིད་ཅེས་བྱ་བ་སྟེ། དེ་ནི་མཆོག་ཏུ་མི་འགྱུར་བའི་མདོར་བསྟན་པའོ་ཞེས་པ་རྡོ་རྗེ་སེམས་དཔའོ། །ཡང་ན་རྡོ་རྗེ་ནི་གང་མི་ཕྱེད་པ་སྐུ་དང་གསུང་དང་ཐུགས་རོ་གཅིག་པ་སྟེ་བདེ་བ་ཆེན་པོའི་ཡེ་ཤེས་སོ། །སེམས་དཔའ་སྲིད་གསུམ་གཅིག་པ་ཉིད། །ཅེས་བྱའོ། །འདི་དག་གཅིག་པ་ནི་མཆོག་ཏུ་མི་འགྱུར་བ་སྟེ་ཆེན་པོ་ནི་བདེ་བ་ཆེན་པོ་རྫོགས་པ་ཉིད་ཀྱི་ཕྱིར་རོ། །འདོད་ཆགས་ཆེན་པོ་


DTG013_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་མདོར་བསྟན་པ་སྟེ། དེ་ཡང་སེམས་དཔའ་ས་ཡོངས་སུ་རྫོགས་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་དགའ་བར་བྱེད་པ་ནི་མདོར་བསྟན་པའོ་ཞེས་པ་སེམས་དཔའ་ཆེན་པོའོ། །ཡང་ན་གང་ཞིག་ཆེན་པོ་སྒྲས་འདིར་མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེ་དེ་དང་སེམས་དཔའ་ས་རྣམས་ཀྱི་རྫོགས་པ་གང་ཡིན་པ་དེ་སེམས་དཔའ་ཆེན་པོའོ། །གང་གི་ཕྱིར་འདི་ནི་བྱང་ཆུབ་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཆོས་ཀྱི་འཁོར་ལོ་ལ་གནས་པ་ནི་མི་གཡོ་བར་གནས་པ་སྟེ་ཉོན་མོངས་པ་ལ་སོགས་པའི་ངོ་བོ་ཞེ་སྡང་གི་ཚོགས་རྣམས་ལས་རྣམ་པར་རྒྱལ་བའི་ཕྱིར་རོ། །ཞེ་སྡང་ཆེན་པོ་དགྲ་ཆེ་བ་ཡང་མདོར་བསྟན་པ་སྟེ་དེའི་ཕྱིར་བྱང་ཆུབ་སེམས་དཔའོ། །དམ་ཚིག་ནི་འདུས་པ་སྟེ་ཟླ་བ་བདུད་རྩིའི་ཁུ་བའི་བདེ་བ་འཕོ་བ་མེད་པའི་ངོ་བོ་ཟབ་སྟེ་གཏི་མུག་ལས་རྣམ་པར་རྒྱལ་བའི་ཕྱིར་རོ། །གཏི་མུག་ཆེན་པོ་གཏི་མུག་བློ་ཅན་རྣམས་ཀྱི་གཏི་མུག་གཏི་མུག་གསོད་པར་བྱེད་པ་ཡང་མདོར་བསྟན་པ་དེའི་ཕྱིར་དམ་ཚིག་སེམས་དཔའོ། །གང་གི་ཕྱིར་དེ་ཉིད་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་ཀྱི་ཤེས་རབ་གཟུགས་དང་མི་འགྱུར་བའི་ཐིག་ལེ་རྣམས་དང་བཅས་པ་གཅིག་ཏུ་སྦྱོར་བ་ལས་གཅིག་པ་ཉིད་ནི་ཁྲོ་བོ་ལས་ངེས་པར་རྒྱལ་བ་ཁྲོ་བོ་ཆེན་པོ་སྟེ་བདུད་ལས་རྣམ་པར་རྒྱལ་བའི་ཕྱིར་རོ། །ཁྲོ་བོའི་བདུད་རྣམས་ཀྱི་དགྲ་ཡང་མདོར་བསྟན་པའོ་ཞེས་པ་རྡོ་རྗེའི་རྣལ་འབྱོར་རོ། །གང་གི་ཕྱིར་རྡོ་རྗེའི་རྣལ་འབྱོར་བདེ་བ་ཆེན་པོ་དེ་ནི་དུས་ཏེ་ཐབས་དེ་ལས་མཐའ་ཡས་པའི་སེམས་ཅན་གྱི་དོན་ཡོངས་སུ་མི་འདོར་བ་ནི་འཁོར་ལོ་ཞེས་བྱ་སྟེ་བཅོམ་ལྡན་འདས་སོ། །དེ་ཉིད་ཀྱི་ཕྱིར། སེམས་ཅན་གྲོལ་ནས་ཆགས་ཆེན་པོ། །འགྱུར་བའི་ཆགས་པ་སེལ་བར་བྱེད་ཀྱང་མདོར་བསྟན་པའོ་ཞེས་པ་དུས་ཀྱི་འཁོར་ལོའོ། །རྩ་དྲུག་གི་རང་བཞིན་རྩིབས་དྲུག་པའི་འཁོར་ལོ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་འདི་རྣམས་སོ་སོར་རྣམ་པ་དྲུག་གོ །དེ་ལ་དུང་ཅན་མའི་རང་བཞིན་འོག་གི་རྩིབས་ལ་མི་འགྱུར་བའི་ཡེ་ཤེས་སོ། །ར་ས་ནཱའི་རང་བཞིན་ལྷོའི་རྩིབས་ལ་མི་འགྱུར་བའི་ཚོར་བའོ། །ཨ་ཝ་དྷཱུ་ཏཱིའི་རང་བཞིན་སྟེང་གི་རྩིབས་ལ་མི་འགྱུར་བའི་རྣམ་པར་ཤེས་པའོ། །བཤང་བའི་


DTG013_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྩའི་རང་བཞིན་ནུབ་ཀྱི་རྩིབས་ལ་མི་འགྱུར་བའི་གཟུགས་སོ། །གཅི་བའི་རྩའི་རང་བཞིན་ཤར་གྱི་རྩིབས་ལ་མི་འགྱུར་བའི་འདུ་བྱེད་དོ། །ལ་ལ་ནཱའི་རང་བཞིན་བྱང་གི་རྩིབས་ལ་མི་འགྱུར་བའི་འདུ་ཤེས་སོ་ཞེས་པ་ཕུང་པོ་དྲུག་རྣམས་སོ། །རིགས་དྲུག་པོ་དེ་རྣམས་ཉིད་རིམ་པ་ཇི་ལྟ་བར་མི་འགྱུར་བའི་ཡེ་ཤེས་ལ་སོགས་པ་ཁམས་དྲུག་རྣམས་ཀྱིའོ། །དེ་བཞིན་དུ་མི་འགྱུར་བའི་ཡིད་ལ་སོགས་པའི་དབང་པོ་དྲུག་པོ་རྣམས་དང༌། དེ་བཞིན་དུ་མི་འགྱུར་བའི་སྒྲ་ལ་སོགས་པའི་ཡུལ་དྲུག་པོ་རྣམས་དང༌། དབང་པོས་ཉེ་བར་མཚོན་ནས་མི་འགྱུར་བའི་མཆོག་གི་དབང་པོ་དང་ལག་པ་དང་གཅི་བའི་ལམ་དང་བཤང་ལམ་དང་ངག་དང་རྐང་པ་ཞེས་བྱ་བ་ལས་ཀྱི་དབང་པོ་རྣམས་དང༌། དེ་བཞིན་དུ་ཡུལ་གྱིས་ཉེ་བར་མཚོན་ནས་མི་འགྱུར་བའི་ཁུ་བ་འཕོ་བ་དང་ལེན་པ་དང་གཅི་བ་འཛག་པ་དང་བཤང་བ་འཛག་པ་དང་བརྗོད་པ་དང་འགྲོ་བ་ཞེས་བྱ་བ་ལས་ཀྱི་དབང་པོའི་བྱ་བ་རྣམས་ཀྱིའོ། །སུམ་ཅུ་རྩ་དྲུག་པོ་འདི་རྣམས་ཀྱང་རིམ་པས་དཀྱིལ་འཁོར་ལ་སྟེ་འདོད་པ་ཆེན་པོ་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་དང་འདོད་ཆགས་ཆེན་པོ་ཞེས་བྱ་བ་རིན་ཆེན་དབང་པོ་དང་ཁྲོ་བོ་ཆེན་པོ་ཞེས་བྱ་བ་མི་བསྐྱོད་པ་དང༌། གཏི་མུག་ཆེན་པོ་ཞེས་བྱ་བ་རྣམ་པར་སྣང་མཛད་དང༌། ཞེ་སྡང་ཆེན་པོ་ཞེས་བྱ་བ་དོན་ཡོད་གྲུབ་པ་དང༌། ཆགས་པ་ཆེན་པོ་ཞེས་བྱ་བ་འོད་དཔག་མེད་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གོས་དཀར་མོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། སྤྱན་མ། སྒྲོལ་མ། མཱ་མ་ཀཱི་རྣམས་དང༌། ཀུན་དུ་བཟང་པོ། སའི་སྙིང་པོ། ཕྱག་ན་རྡོ་རྗེ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ། ནམ་མཁའི་སྙིང་པོ། འཇིག་རྟེན་དབང་ཕྱུག་རྣམས་དང༌། སྒྲ་རྡོ་རྗེ་མ། རོ་རྡོ་རྗེ་མ། ཆོས་དབྱིངས་རྡོ་རྗེ་མ། དྲི་རྡོ་རྗེ་མ། རེག་བྱ་རྡོ་རྗེ་མ། གཟུགས་རྡོ་རྗེ་མ་རྣམས་དང༌། གནོད་མཛེས། ཤེས་རབ་མཐར་བྱེད། གཙུག་ཏོར་འཁོར་ལོས་སྒྱུར་བ། གཤིན་རྗེ་མཐར་བྱེད། བགེགས་མཐར་བྱེད། པདྨ་མཐར་བྱེད་རྣམས། །ཤིན་ཏུ་སྔོན་མོ། རྨུགས་བྱེད་མ། དྲག་སྤྱན་མ། རེངས་བྱེད་མ། བརྩོན་འགྲུས་ཆེན་མོ། ཁེངས་བྱེད་མ་རྣམས་སོ། །ལྷ་སུམ་ཅུ་རྩ་དྲུག་ལ་ཁྱབ་པར་བྱེད་པ་བསམ་དུ་


DTG013_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེད་པའི་ཐུགས་རྡོ་རྗེ་འདི་ཡང་སྒྲིབ་པ་དང་བཅས་པའི་འདོད་ཆགས་ལ་སོགས་པ་འགོག་པའི་ཕྱིར་ཁྲོ་བོའི་རྒྱལ་པོ་སྟེ། འདོད་པ་ཆེན་པོ་ལ་སོགས་པ་གདོང་དྲུག་པོ་འཆི་བདག་གི་བདུད་ལ་སོགས་པ་རྣམས་འཇིགས་པར་བྱེད་པ་ཉིད་ཀྱི་ཕྱིར་འཇིགས་བྱེད་ཅེས་པ་སྟེ། བརྗོད་པའི་ཡེ་ཤེས་ལ་སོགས་པ་རིགས་དྲུག་རྣམས་ཀྱི་ཚུལ་གྱི་ཡོངས་སུ་དག་པའོ། །ལུས་ཞེས་པ་སྐུའི་དཀྱིལ་འཁོར་དང༌། གསང་བ་དབང་པོ་གསུང་གི་དཀྱིལ་འཁོར་དང༌། སེམས་ཐུགས་ཀྱི་དཀྱིལ་འཁོར་ཏེ་གསུམ་པོ་འདི་རྣམས་ཀྱི་བདག་ཉིད་འདི་ནི་རིགས་དྲུག་གི་དཀྱིལ་འཁོར་རོ། །ལམ་བསྒོམས་པས་གྲུབ་པ་དག་པ་དེ་ཡང་སྔར་བརྗོད་པའི་ཤེས་རབ་ཐབས་ཀྱི་རྡོ་རྗེ་གསུམ་རྣམ་པར་དག་པ་དྲུག་པོ་རྣམས་ཀྱི་རྡོ་རྗེ་སེམས་དཔའ་ཉིད་བསམ་དུ་མེད་པའི་ཐུགས་རྡོ་རྗེ་ཉིད་དུ་འགྲུབ་པར་འགྱུར་རོ། །དབང་མདོར་བསྟན་པ་ཞེས་བྱ་བ་དབང་བཅུ་གཅིག་གི་སྒྲུབ་ཐབས་དང་མཆོག་ཏུ་མི་འགྱུར་བའི་དབང་གི་སྒྲུབ་པའི་ཐབས་ཀྱང་རབ་ཏུ་གསལ་བར་བརྗོད་པ་དང་རྩ་དང་རིགས་ཀྱང་རབ་ཏུ་གསལ་བར་བརྗོད་པ་འདི་ནི། ཀྱེ་ཟླ་བ་བཟང་པོ་ཕྱག་ན་རྡོ་རྗེ། མདོར་བསྟན་པས་ནི་མདོར་བསྡུས་ཏེ་གསལ་བར་བཤད་དོ་ཞེས་པ་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །དག་པ་དོན་དམ་གསལ་བྱེད་པ། །སྒྲིབ་དང་མུན་པ་ཐམས་ཅད་འཇོམས། །འགྲོ་བའི་གདུང་འཕྲོག་འདི་ནི་དབང༌། །མདོར་བསྟན་ཟླ་བའི་ཟླ་འོད་དོ། །ཞེས་པ་དབང་མདོར་བསྟན་པའི་འགྲེལ་བཤད་དོན་དམ་པ་བསྡུས་པ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་གྲུབ་པའི་སློབ་དཔོན་དཔལ་ནཱ་རོའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་དྷརྨཱ་དྷ་ར་དང༌། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བལ་པོའི་མཐིལ་དུ་བསྒྱུར་བ་ལས། སླར་ཡང་ལེགས་པར་སྦྱར་བའི་སྐད་ཀྱིས་བརྡ་སྤྲོད་བའི་ཚུལ་རིགས་པ་རིན་ཆེན་རྒྱལ་མཚན་གྱིས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་ལེགས་པར་བསྒྱུར་ཅིང་ཞུས་ཏེ་དག་པར་བྱས་པའོ།། །།འདིས་འགྲོ་བ་དུ་མ་ལ་ཕན་པར་གྱུར་ཅིག །།

དབང་མདོར་བསྟན་པའི་མདོར་བཤད།
སཱདྷུཔུཏྲ་དཔལ་འཛིན་དགའ་བས་མཛད།


DTG013_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། །སེ་ཀོད་དེ་ཤ་ཊི་ཕྱ་ཎི། བོད་སྐད་དུ། དབང་མདོར་བསྟན་པའི་མདོར་བཤད། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །རྣམ་པ་ཐམས་ཅད་དྲི་མེད་སྟོང་པའི་རང་བཞིན་ཡུམ་དང་ནི། །གཉིས་མེད་བདེ་བའི་རོ་ཡིས་གང་བའི་སྐུ་ནི་ཁྱབ་བདག་སྟེ། །རྒྱལ་བ་རྣམས་ཀྱི་སྐུ་གང་ཞིག་གིས་བསྐྱེད་གྱུར་མངོན་སྐྱེད་པ། །ལྷན་སྐྱེས་རྣལ་འབྱོར་རྣམ་དག་ཞི་བ་དེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མའི་ཞབས་པད་ལ། །ཕྱག་བྱས་ནས་ནི་བདག་དྲན་ཕྱིར། །དབང་མདོར་བསྟན་པའི་མདོར་བཤད་པ། །དེ་ཡི་དྲིན་གྱིས་བྲི་བར་བྱ། །འདིར་ངེས་པར་དཔལ་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར། སྣ་ཚོགས་པའི་རྒྱུད་ཀྱི་ཐོས་པ་དོན་དུ་གཉེར་བ་རྣམས་ཀྱིས་གསོལ་བ་བཏབ་པར་གྱུར་བས། བཅོམ་ལྡན་འདས་དཔལ་ཤཱཀྱ་སེང་གེས་སྔགས་ཀྱི་ཐེག་པ་ཆེན་པོ་བསྟན་པར་གྱུར་ཏོ། །དེར་བཅོམ་ལྡན་འདས་ལ་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་རྒྱལ་པོ་ཟླ་བ་བཟང་པོས་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པའི་རྒྱུད་ཆེན་པོ་གསོལ་བ་བཏབ་པར་གྱུར་བ་ཡིན་ཏེ། དེ་སྐད་དུ་ནི། བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ། །བྱ་རྒོད་ཕུང་པོའི་རི་བོ་ཆེར། །བྱང་ཆུབ་ཆེན་པོའི་བྱང་ཆུབ་གནས། །ཤེས་རབ་ཕ་རོལ་ཕྱིན་ཚུལ་དུ། །ངེས་པར་སྟོན་པའི་གནས་ཡིན་ནོ། །འཇིག་རྟེན་ཁམས་སོགས་དག་པ་ཡིས། །སངས་རྒྱས་དུས་གསུམ་འཇུག་རྣམས་ཀྱི། གསང་སྔགས་ཚུལ་ཆེན་རབ་གསུངས་པའི། །གནས་ནི་དཔལ་ལྡན་ཆོས་དབྱིངས་སོ། །སེམས་ཅན་མཆོག་གི་བསམ་པ་ཡིས། །བྱེ་བྲག་སྨྲ་དང་མདོ་སྡེ་པ། །གཟུངས་དང་རྟོག་པ་སྟོན་པ་གང༌། །དེ་གནས་དུ་མར་རྒྱལ་བས་གསུངས། །བྱ་རྒོད་ཕུང་པོར་བྱམས་པས་ཀྱང༌། །ཤེས་རབ་ཕ་རོལ་ཕྱིན་ཚུལ་དང༌། །སངས་རྒྱས་སྔགས་ཚུལ་དག་པ་ནི། །དཔལ་ལྡན་འབྲས་སྤུངས་སུ་སྟོན་འགྱུར། །ཞེས་པའི་གསུང་ལས་ན། བཅོམ་ལྡན་འདས་ཀྱིས་དཔལ་འབྲས་སྤུངས་ཁོ་ནར་སྔགས་ཀྱི་ཚུལ་བསྟན་པ་ཡིན་ནོ། །གནས་གཞན་རྣམས་སུ་སླར་


DTG013_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང། རྒྱུད་ལ་མོས་པའི་སྐྱེ་བོ་གང་ཡིན་པ་དེའི་བསམ་པས་སྡུད་པར་བྱེད་པ་པོ་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གཞན་དུའམ། དེ་ཉིད་དུ་རྒྱུད་རྒྱས་པར་སྟོན་པར་མཛད་པ་ཡིན་ནོ། །ཟླ་བ་བཟང་པོ་ཞེས་པ་ལ། ཟླ་བ་ཡང་འདི་ཡིན་ལ་བཟང་པོ་ཡང་ཡིན་པ་ནི་ཟླ་བ་བཟང་པོ་སྟེ། སྤྱི་བོར་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་དྲི་མ་མེད་པ་ཐོབ་པ་ཉིད་ཀྱི་ཕྱིར་རོ། །དབང་བསྐུར་ཞེས་པ་ལ་སོགས་པ་ལ། ཆུ་ལ་སོགས་པ་བདུན་དང༌། བུམ་པ་ལ་སོགས་པ་གསུམ་དང༌། བླ་ན་མེད་ནི་འཇིག་རྟེན་ལས་འདས་པ་ཤེས་རབ་ཆེན་པོའི་ཡེ་ཤེས་ཀྱི་དབང་བསྐུར་བ་སྟེ་བཞི་པའི་དོན་ཏེ། །འཇིག་རྟེན་འདས་པའི་དངོས་གྲུབ་ཕྱིར། །ཞེས་པ་ནི། དེ་ལ་འཇིག་རྟེན་པའི་དངོས་གྲུབ་ནི། བརྟགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པ་ལས་འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་བདག་པོ་ཉིད་དོ། །འདས་པའི་དངོས་གྲུབ་ནི། རྣམ་པར་མ་བརྟགས་པའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང༌། དམིགས་པ་མེད་པའི་སྙིང་རྗེ་དབྱེར་མེད་པའི་ཏིང་ངེ་འཛིན་བསྒོམ་པ་ལས། ས་དང་བོ་ནས་བརྩམས་ཏེ་ཇི་སྲིད་ས་བཅུ་གཉིས་ཀྱི་དབང་ཕྱུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པའོ། །མདོར་བསྟན་པའི་ཕྱིར་མདོར་བསྡུས་པའོ་།དབང་ཕྱུག་ལ་སོགས་པའི་ཡོན་ཏན་འབྱོར་བའི་ཕྱིར་རམ། བདུད་བཞི་བཅོམ་པའི་ཕྱིར་ན་བཅོམ་ལྡན་འདས་སོ། །དབང་བསྐུར་དོན་ཞེས་པ་ལ། དབང་བསྐུར་ཡང་དེ་ཡིན་ལ་དོན་ཡང་དེ་ཡིན་པ་ནི་དབང་བསྐུར་དོན་ཏེ། དེ་ལ་ཆུ་ལ་སོགས་པ་སྦྱིན་པར་བྱ་བ་ཡིན་པའི་ཕྱིར་ན་དབང་བསྐུར་བ་ཡིན་ལ་ལུས་ལ་སོགས་པ་དག་པར་བྱེད་པའི་དགོས་པའི་དོན་ཡིན་ནོ། །རྩའི་ཀུན་སྤྱོད་ཅེས་པ་ནི། ལ་ལ་ནཱ་དང་ར་ས་ནཱ་དང་ཨ་ཝ་དྷཱུ་ཏཱི་དང་བཤང་བ་དང་གཅི་བ་དང་ཁུ་བ་འབབ་པའི་སྟེང་དང་འོག་གི་རྩ་རྣམས་སུ་སྲོག་དང་ཐུར་སེལ་གྱི་རླུང་དག་ཀུན་དུ་སྤྱོད་པའོ། །ཡང་ན་རྩ་རྣམས་ཀྱི་ཀུན་དུ་སྤྱོད་པ་སྟེ། གནས་ཇི་ལྟ་བ་རྣམ་པར་གཞག་པའོ། །དེ་སྐད་དུ་འདི་ཉིད་འཆད་པར་འགྱུར་བ་གསུམ་པོ། རྩ་འདི་རྣམས་ཀྱི་ཀུན་སྤྱོད་པ། །ཞེས་པ་ལ་སོགས་པའོ། །རྩོལ་བ་ཞེས་པ་ནི་རྩ་


DTG013_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདི་རྣམས་ཉིད་དུ་རླུང་འཇུག་པ་འགོག་པ་སྟེ། ཡ་མ་འགོག་པ་ཞེས་པའི་བྱིངས་འདི་ལས་སྔོན་དུ་ཨཾ་དང་གྷ་ཉའོ། །རྩོལ་བ་ནི་རྩོལ་བ་སྟེ། འགོག་པའོ། །དེ་སྐད་དུ་ཡང་དང་པོའི་སངས་རྒྱས་ལས། ལམ་གཉིས་པོ་ནི་བསྒྱེལ་བ་ཡིས་ཀྱང་སྲོག་རྩོལ་དུ་ནི་འགྱུར་ཏེ་དབུ་མར་སྲོག་ནི་ཞུགས་པའོ། །ཞེས་སོ། །ཉོན་ཅིག་ཅེས་པ་ནི། འཆད་པར་འགྱུར་བའི་ཚིགས་སུ་བཅད་པས་བསྟན་པའི་གཞུང་གི་དོན་ཐམས་ཅད་དོ། །རྒྱས་པར་བཤད་པའི་རྒྱུད་ཡིན་ན། ཅི་ལྟར་མདོར་བསྟན་པ་ཡིས་བཤད། །ཅེས་གསུང་ཞེས་པའི་དོགས་པ་བསལ་བའི་ཕྱིར། །མདོར་བསྟན་པ་ལ་སོགས་པ་དྲུག་པོ་དེ་རྣམས་ཀྱི་མཚན་ཉིད་སོ་སོར་རྒྱས་པར་བཤད་པར་བྱའོ། །བསྡུས་པ་དང་རྒྱས་པའི་རྒྱུད་ཐམས་ཅད་ཉིད་ནི་མདོར་བསྟན་པ་ལ་སོགས་པའི་མཐའ་དྲུག་གིས་ཡོངས་སུ་དག་པར་འགྱུར་རོ་ཞེས་རྟོགས་པར་བྱ་བའི་ཕྱིར་དུ་དང་པོར་མདོར་བསྟན་པ་དང་རྒྱས་པར་བཤད་པ་དག་གི་རྣམ་གསུམ་པོ་ལ། མདོར་བསྟན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་གཞན་ཞེས་པ་ནི་རྒྱས་བཤད་ཆེན་པོའོ། །ད་ནི་མདོར་བསྟན་པ་ལ་སོགས་པ་རྣམས་ཀྱི་སོ་སོར་སྦྱར་བ་ཉིད་གསུངས་པ། མདོར་བསྟན་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ། མདོར་བསྟན་ཉིད་ནི་རྒྱས་བཤད་པའི། །རྒྱུད་ནི་ཡང་དག་བསྡུས་པར་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་དང༌། རྣལ་འབྱོར་མའི་རྒྱུད་ལ་སོགས་པ་རྣམས་ཡང་དག་པར་བྱུང་ནས་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ཀྱིས་བརྗོད་པ་ནི་ཡང་དག་བསྡུས་པའོ། །དེ་ནི་རྣམ་པ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའི་དབྱེ་བས་སོ། །དེ་ལ་གང་རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ལས། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོ་སུམ་ཅུ་ལྷག་པའི་སྟོང་ཕྲེང་འཛིན་པའི་བྲྀཏྟས་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡང་དག་པར་བརྗོད་པ་ནི། མདོར་བསྟན་ཡང་དག་བསྡུས་པའོ། །རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ཡང་དག་པར་བརྗོད་པ་ནི། རྒྱས་བཤད་ཡང་དག་བསྡུས་པའོ། །དེ་བཞིན་དུ་འདུས་པ་དང་ཀྱེ་རྡོ་རྗེ་དང་སྡོམ་པ་ལ་སོགས་པ་རྣམས་


DTG013_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་ཡང་བསྡུས་པ་དང་རྒྱས་པའི་རྒྱུད་བསྟན་པའི་དབྱེ་བ་ལས་མདོར་བསྟན་པ་དང་རྒྱས་པར་བཤད་པ་ཡང་དག་པར་བསྡུས་པར་ཤེས་པར་བྱའོ། །རབ་ཏུ་མདོར་བསྟན་དང་རྒྱས་བཤད། །ཅེས་པ་ལ། དང་ཡིག་གིས་རབ་ཏུའི་སྒྲས་ནི་རྒྱས་བཤད་ལ་ཡང་ངོ༌། །མདོར་བསྟན་ཚེ་དང་རྒྱས་བཤད་པ། །ཞེས་པ་ལ། དང་ཡིག་གིས་ཆེན་པོའི་སྒྲ་ནི་རྒྱས་བཤད་ལ་ཡང་ངོ༌། །མངོན་ཤེས་ཐོབ་རྣམས་ཀྱིས་ནི། ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་རྣམས་ཁོ་ནས་ཏེ། དེ་ནི་ཞེས་པ་ནི། ཡང་དག་པར་བསྡུས་པའི་དཀའ་འགྲེལ་གཉིས་དང༌། རྒྱས་འགྲེལ་རྣམ་པ་གཉིས་སོ། །མཁས་པ་རྣམས་ཀྱིས་མིན་ཉིད་ནི། །ས་མ་ཐོབ་པ་རྣམས་ཀྱིས་སོ། །ད་ནི་དེ་ལྟར་ཞེས་བྱ་བ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་རྒྱུད་ལ་འཇུག་པ་གསུངས་ཏེ། དེ་ལ་མཐའ་དྲུག་རྣམས་ཀྱིས་ཞེས་པ་ནི་མདོར་བསྟན་དང༌། རབ་ཏུ་མདོར་བསྟན་པ་དང། མདོར་བསྟན་ཆེན་པོ་དང༌། རྒྱས་བཤད་དང༌། རབ་ཏུ་རྒྱས་བཤད་དང༌། རྒྱས་བཤད་ཆེན་པོ་རྣམས་ཀྱིས་སོ། །རྡོ་རྗེའི་རྣལ་འབྱོར་རྣམ་པ་བཞི་ནི། སད་དང་རྨི་ལམ་དང་གཉིད་མཐུག་དང་བཞི་པའི་གནས་སྐབས་རྣམས་སྤངས་པ་དབྱིབས་དང་སྔགས་དང་ཆོས་དང་རྣམ་པར་དག་པའི་རྣལ་འབྱོར་སྒྲིབ་པ་མེ་པའི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་རང་བཞིན་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་དང་བདེ་བ་ཆེན་པོའི་སྐུའི་རང་བཞིན་རྣམས་སོ། །རྫོགས་པའི་བྱང་ཆུབ་པ་བཞི་ནི། སྐད་ཅིག་མ་གཅིག་དང་རྣམ་པ་ལྔ་དང་རྣམ་པ་ཉི་ཤུ་དང་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའོ། །ཕུང་ཁམས་སྐྱེ་མཆེད་རིགས་དྲུག་རྣམས། །ཞེས་པ་ལ། རྣམ་པར་སྣང་མཛད་དང་འོད་དཔག་མེད་དང་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་དང་མི་བསྐྱོད་པ་དང་རྡོ་རྗེ་སེམས་དཔའ་རྣམས་རྣམ་པར་དག་པ་ལས། གཟུགས་དང་འདུ་ཤེས་དང་ཚོར་བ་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་ཡེ་ཤེས་ཏེ་ཕུང་པོ་དྲུག་དང༌། སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་དང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རྣམས་རྣམ་པར་དག་པ་ལས། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་ཡེ་


DTG013_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་ཏེ། ཁམས་དྲུག་དང་སྐྱེ་མཆེད་ཀྱི་སྒྲས་ནི་དབང་པོ་དང་དབང་པོའི་ཡུལ་དང་ལས་ཀྱི་དབང་པོ་དང་ལས་ཀྱི་དབང་པོའི་བྱ་བ་རྣམས་བཟུང་སྟེ། དེ་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་འཇིག་རྟེན་དབང་ཕྱུག་དང་སའི་སྙིང་པོ་དང་ནམ་མཁའི་སྙིང་པོ་དང་ཕྱག་ན་རྡོ་རྗེ་དང་ཀུན་དུ་བཟང་པོ་རྣམས་རྣམ་པར་དག་པ་ལས། ལུས་དང་ལྕེ་དང་མིག་དང་སྣ་དང་རྣ་བ་དང་ཡིད་དེ་དབང་པོ་དྲུག་དང༌། དྲི་རྡོ་རྗེ་མ་དང་གཟུགས་རྡོ་རྗེ་མ་དང་རོ་རྡོ་རྗེ་མ་དང་རེག་བྱ་རྡོ་རྗེ་མ་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་དང་སྒྲ་རྡོ་རྗེ་མ་རྣམས་རྣམ་པར་དག་པ་ལས། དྲི་དང་གཟུགས་དང་ར་དང་རེག་བྱ་དང་ཆོས་ཀྱི་དབྱིངས་དང་སྒྲ་སྟེ་ཡུལ་དྲུག་དང༌། གཤིན་རྗེ་མཐར་བྱེད་དང་ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་དང་བགེགས་མཐར་བྱེད་དང་ཙུག་ཏོར་དང་གནོད་མཛེས་རྣམས་རྣམ་པར་དག་པ་ལས། བཤད་ལམ་དང་རྐང་པ་དང་ལག་པ་དང་ངག་དང་ཉེར་གནས་དང་མཆོག་གི་དབང་པོ་སྟེ་ལས་ཀྱི་དབང་པོ་དྲུག་དང༌། རེངས་བྱེད་མ་དང་རྒྱལ་མ་དང་རྨུགས་བྱང་མ་དང་ཤིན་ཏུ་བརྩོན་འགྲུས་མ་དང་ཤིན་ཏུ་སྟོན་མོ་དང་དྲག་སྤྱན་མ་སྟེ་ཁྲོ་བོའི་ལྷ་མོ་རྣམས་རྣམ་པར་དག་པ་ལས། བརྗོད་པ་དང་ལེན་པ་དང་འགྲོ་བ་དང་བཤད་བ་འཛག་པ་དང་ཁུ་བ་འཕོ་བ་དང་གཅི་བ་འཛག་པ་སྟེ་ལས་ཀྱི་དབང་པོའི་བྱ་བ་དྲུག་རྣམས་སོ། །ལེའུ་ལྔ་ནི། འཇིག་རྟེན་གྱི་ཁམས་དང་ནང་དང་མངོན་པར་དབང་བསྐུར་བ་དང་སྒྲུབ་པའི་ཐབས་དང་ཡེ་ཤེས་ཀྱི་ལེའུ་རྣམས་སོ། །མཐའ་དྲུག་ལ་སོགས་པ་འདི་རྣམས་ཀྱིས་ངག་པ་དང་ལྡན་ཞིང༌། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཡོངས་སུ་དག་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མ་ལུས་པ་རྟོགས་པར་བྱེད་པ། ཕྱོགས་གཉིས་སུ་མངོན་པར་ཞེན་པ་དང་བྲལ་ཞིང་ཐོག་མ་དང་ཐ་མ་མེད་པ་ནི་དང་པོའི་སངས་རྒྱས་ཀྱི་རྒྱུད་དོ། །ཀཱ་ཡིག་ལས་ནི་བྱེད་པ་བཞི། །ལ་ཡིག་ལས་ཀྱང་འདིར་ཐིམ་ཉིད། །ཙ་ཡིག་ལས་ནི་གཡོ་བའི་སེམས། །ཀྲ་ཡིག་རིམ་པ་བཅིངས་ལས་སོ། །ཞེས་བྱས་ནས། དུས་ཀྱི་འཁོར་ལོ་མངོན་རྗོད་བྱེད་དོ། །ཆུ་དང་ཞེས་བྱ་བ་ལ་སོགས་པ་ལ་དགེ་བསྙེན་ལ་སོགས་པའི་སྡོམ་པ་བྱིན་པའི་དེ་མ་ཐག་ཏུ་དཀྱིལ་འཁོར་གྱི་ཤར་གྱི་སྒོའི་ཕྱི་རོལ་དུ་སོ་ཤིང་བྱིན་པའི་བར་མ་ཆད་པར་དེ་བཞིན་གཤེགས་


DTG013_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ལྔའི་རིགས་ཀྱི་མཚན་མས་མཚན་པའི་རྒྱལ་བའི་བུམ་པའི་སྟེང་དུ་མེ་ཏོག་དོར་བའི་དེ་མ་ཐག་ཏུ་དཀྱིལ་འཁོར་གྱི་བྱང་དང་ལྷོ་དང་ཤར་གྱི་སྒོ་རྣམས་སུ་རྒྱས་འགྲེལ་དཔལ་དྲི་མ་མེད་པའི་འོད་ལས་གསུངས་པའི་ཚུལ་གྱིས་ཆུ་ལ་སོགས་པའི་མངོན་པར་དབང་བསྐུར་བ་གཉིས་གཉིས་སོ། །ནུབ་ཀྱི་སྒོར་ནི་རྗེས་སུ་གནང་བའི་མངོན་པར་དབང་བསྐུར་བའོ། །གཞན་པ་ཞེས་པ་ནི། ལུས་ལ་སོགས་པའི་དག་པ་རྣམས་ལས་ཏེ། ཁམས་དང་ཕུང་པོ་ལ་སོགས་པ་རྣམས་ཀྱི་དག་པ་གཞན་ནོ། །རྡོ་རྗེ་དྲིལ་བུ་ནི། རྡོ་རྗེ་དྲིལ་བུའི་དབང་བསྐུར་བ་སྟེ། དེ་ལ་རྡོ་རྗེ་ནི་མི་འགྱུར་བའི་ཡེ་ཤེས་ཆེན་པོ་རྣམ་པར་དག་པ་ཡིན་ལ། དྲིལ་བུ་ནི་རྒྱུན་མི་འཆད་པའི་སངས་རྒྱས་ཀྱི་སྐད་རྣམ་པར་དག་པ་སྟེ། གཞོམ་དུ་མེད་པའི་སྒྲ་རྣམ་དག་པ་ཞེས་པའི་དོན་ཏོ། །ཉི་ཟླ་གཅིག་ཉིད་སྦྱོང་བར་བྱེད། །ཅེས་པ་ནི། རྡོ་རྗེ་དང་དྲིལ་བུ་འདི་དག་ཉིད་འཁྱུད་པས་ཐབས་དང་ཤེས་རབ་དབྱེར་མེད་པ་ཉིད་དུ་སྟོན་པར་བྱེད་པའི་དོན་ཏོ། །འདི་རྣམས་ཞེས་པ་ལ་སོགས་པ་ནི། མངོན་པར་དབང་བསྐུར་བ་བདུན་པོ་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་ཁོ་ནར་སྦྱིན་པར་བྱ་བ་ཡིན་གྱི། རས་བྲིས་ལ་སོགས་པའི་དཀྱིལ་འཁོར་དུ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་རྒྱུད་རྣམས་སུ་མ་གསུངས་པ་ཉིད་ཀྱི་ཕྱིར་རོ། །བུམ་པ་ཞེས་བྱ་བ་ལ་སོགས་པ་མདོར་བསྟན་པའི་ཚིག་རྣམས་ནི། ཤེས་རབ་ནུ་མར་ཡན་ལག་ནི། །ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་བུམ་པ་ལ་སོགས་པའི་དབང་བསྐུར་བ་གསུམ་སྦྱིན་པའི་བྱ་བ་རྒྱས་པར་བཤད་པ་ཡིན་ལ། སླར་ཡང་ཞེས་བྱ་བ་ལ་སོགས་པ་མདོར་བསྟན་པའི་ཚིག་ནི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་འཇིག་རྟེན་ལས་འདས་པ་བཞི་བའི་དོན་ཤེས་རབ་ཆེན་པོའི་ཡེ་ཤེས་ཀྱི་མངོན་པར་དབང་བསྐུར་རྒྱས་པར་བཤད་པ་ཡིན་ནོ། །ད་ནི་འབྲས་བུ་བཤད་པའི་དེ་མ་ཐག་ཏུ་འདི་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་དེ་སྒྲུབ་པར་བྱེད་པའི་ལམ་གསུངས་ཏེ། འདི་ཞེས་པ་ནི། སྤྲོས་པ་ཐམས་ཅད་དང་བྲལ་བའི་སྐུ་བཞི་པོ་གཅིག་ཏུ་འདྲེམ་པར་གྱུར་པ་བླ་ན་མེད་པའི་བདེ་བ་ཆེན་པོའི་རང་བཞིན་གྱི་རྡོ་རྗེ་སེམས་དཔའིའོ། །ཤེས་རབ་གཟུགས་བརྙན་ནི། རྣམ་པར་མི་རྟོག་པ་བླ་ན་མེད་པའི་


DTG013_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤེས་རབ་ཀྱི་རང་བཞིན་ཤར་བའི་རྣམ་པ་ཟླ་བ་དང་ཟླ་བའི་འོད་བཞིན་དུ་དབྱེར་མེད་པ་རྣམས་ཀྱིས་སོ། །དུ་སོགས་ཞེས་པ་ནི། སྒྲོན་མའི་མཐར་ཐུག་པའི་མཚན་མ་བཞིན་ནི་རྣམ་པར་མི་རྟོག་པ་ལ་སྟེ། ཕུག་པར་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱིས་རྣལ་འབྱོར་པས་མཐོང་བར་འགྱུར་རོ། །གཞན་འབར་བ་ལ་སོགས་པ་ནས་ཐིག་ལེའི་མཐར་ཐུག་པ་མཚན་མ་དྲུག་ནི། བླ་གབ་མེད་པ་ལ་མཐོང་བར་འགྱུར་རོ། །དེ་ནས་རྣམ་པ་ཐམས་ཅད་པའི་གཟུགས་བརྙན་ནི། རྣམ་པར་མི་རྟོག་ཅིང་རྨི་ལམ་གྱི་སྣང་བ་ལྟར་མཐོང་བར་འགྱུར་རོ། །ད་ནི་མིག་དག་མ་ཕྱེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་སྣ་ཚོགས་གཟུགས་བརྙན་བསྒོམ་པའི་རིམ་པ་གསུངས་ཏེ། དེ་ལ་རྗེས་བརྟག་མིན་པ་ནི་ཐོག་མ་དང་དབུས་དང་མཐར་རྣམ་པར་མ་བརྟགས་པའོ། །དངོས་མེད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་རྣམ་པར་རྟོག་པར་སེམས་ལ་ཡང་དང་ཡང་དུ་གཙུབས་པའི་མཚན་ཉིད་ཀྱི་བསྒོམ་པ་དགག་པ་གསུངས་ཏེ། དེ་ལ་དངོས་མེད་ནི་རང་བཞིན་མེད་པ་སྟེ། དོན་དམ་པ་བསྒོམ་པ་ན་རྣམ་པར་རྟོག་པ་མཐའ་དག་གི་རྙོག་པས་མཚོན་དུ་མེད་པའི་གཟུགས་ཉིད་ཡིན་པའི་ཕྱིར་རོ། །འདི་ཉིད་གསུངས་པ། དངོས་པོ་དངོས་མེད་སེམས་ཀྱིས་མིན། །གཟུགས་བརྙན་མ་བརྟགས་མཐོང་ཕྱིར་རོ། །ཞེས་པའོ། །ཅི་ལྟར་ན་དེར་རྣལ་འབྱོར་པས་སྣ་ཚོགས་པའི་གཟུགས་བརྙན་མཐོང་བར་འགྱུར་ཞེ་ན། དེའི་ཕྱིར་དཔེ་གསུངས་པ། པྲ་ཕབ་ཅེས་པ་ལ་སོགས་པ་སྟེ། མེ་ལོང་རལ་གྲི་མཐེ་བོང་སྒྲོལ་མ་ཟླ་བ་ཉི། །ཆུ་དང་མིག་སྟེ་པྲ་འབེབས་འཇུག་པ་བརྒྱད་དུ་བཤད། །དེ་ལ་འདིར་མེ་ལོང་གསུངས་ཏེ། པྲ་འབེབས་པ་ན་སྒྲུབ་པ་པོས་བསམ་པ་མ་ཡིན་པའོ། །དགོངས་པ་ནི་འདི་ཡིན་ཏེ། ཇི་ལྟར་མེ་ལོང་ལ་གཞོན་ནུ་མས་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་རྐུན་པོ་ལ་སོགས་པའི་རྫས་རྣམ་པར་མ་བརྟགས་པར་སྣང་བ་དེ་ཁོ་ན་བཞིན་དུ་རྣལ་འབྱོར་བས་ཀྱང་རྣམ་པར་རྟོག་པ་ཐམས་ཅད་ཀྱི་རྡུལ་དང་བྲལ་བའི་ནམ་མཁའ་དྲི་མ་མེད་པ་ལ་རྣམ་པར་མི་རྟོག་སྣ་ཚོགས་པའི་གཟུགས་བརྙན་མཐོང་ངོ༌། །འདི་ཉིད་ལ་གཞན་དུ་ནི། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཅེས་བརྗོད་པར་བྱའོ། །གཟུགས་བརྙན་འདི་


DTG013_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་ལ་དོན་དམ་པ་ཉིད་དུ་མངོན་པར་ཞེན་པ་དགག་པའི་ཕྱིར། འདི་ལས་ཞེས་པ་ལ་སོགས་པ་རྣམས་ཀྱིས་དཔེ་གསུངས་ཏེ། འདི་ལས་ནི་ཕྲ་ཕབ་པ་ལས་སོ། །དངོས་པོ་སྣང་བཞིན་བ་ཉིད་ན་སྒྱུ་མ་བཞིན་དུ་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་དངོས་པོ་ནི་དངོས་པོ་མེད་པའོ། །ཅི་ལྟར་ན་བཅོམ་ལྡན་འདས་དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གཞན་གྱི་དོན་མཛད་པར་འགྱུར་ཞེས་བྱ་བའི་དོགས་པ་དགག་པའི་ཕྱིར། མེད་པའི་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་དཔེ་གསུངས་ཏེ། ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རྟོག་པས་ཀྱང་སྟོང་ལ་སེམས་ཅན་གྱི་དོན་ཡང་བྱེད་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་རྣམ་པར་རྟོག་པ་ཐམས་ཅད་དང་ཡང་བྲལ་ལ། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་མཐའ་ཡས་པའི་ཡོན་ཏན་བརྙེས་པ་སེམས་ཅན་ཐམས་ཅད་ཀྱི་དོན་ཡང་མཛད་དེ་མི་འགལ་ལོ། །ད་ནི་ཕྲ་ཕབ་ལ་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་མི་སླུ་བ་ཉིད་གསུངས་ཏེ། འདིར་ཇི་ལྟར་གཞོན་ནུ་མས་མེ་ལོང་དུ་རྣམ་པར་མ་བརྟགས་པར་རྐུན་པོ་ལ་སོགས་པ་མཐོང་བར་འགྱུར་རོ། །དེ་ཁོ་ན་བཞིན་དུ་ཉི་ཚེ་བའི་སེམས་ཅན་རྣམས་ཀྱིས་ཀྱང་རྐུན་པོ་ལ་སོགས་པ་དེ་རྣམས་གཞོན་ནུ་མས་སྨྲས་པའི་གནས་རྣམས་སུ་སོང་ནས་རྙེད་པར་འགྱུར་བ་ཉིད་དོ། །དེ་ལྟར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་ཀྱང་རྣམ་པར་མ་བརྟགས་པར་ཁམས་གསུམ་པ་མཐོང་སྟེ་སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་རོ། །ཅི་ཡང་ཡུལ་གྱི་རྣམ་པས་དངོས་པོ་གང་སྣང་བར་འགྱུར་བ་དེ་ཅི་ཡོད་པའམ་མེད་པ་ལས་འགྱུར་ཞེས་བྱ་བའི་མངོན་པར་ཞེན་པ་བསལ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་རེ་ཞིག་དངོས་པོ་ཡོད་པ་མཐོང་བར་འགྱུར་བ་ཡིན་ན། དེའི་ཚེ་མེ་ལོང་ལ་ཉེ་བའི་གཞོན་ནུ་མའི་གདོང་པ་ཡོད་བཞིན་པ་ཉིད་ཡིན་ན། ཅི་ལྟར་ན་མཐོང་བར་མི་འགྱུར་བ་ཡིན། མེད་པས་ཀྱང་མཐོང་བར་འགྱུར་བ་མ་ཡིན་ཏེ། ཤིན་ཏུ་མེད་པའི་མཚན་ཉིད་རི་བོང་གི་རྭ་ལ་སོགས་པ་སྣང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །ཡོད་པ་དང་མེད་པ་ལ་སོགས་པར་མངོན་པར་ཞེན་པའི་རྣམ་པར་རྟོག་པ་དང་བྲལ་བ་སྒྱུ་མ་ལ་སོགས་པའི་དངོས་པོ་མཐོང་ཞིང་དོན་གྱི་བྱ་བ་ཡང་བྱེད་པར་འགྱུར་རོ་ཞེས་


DTG013_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱ་བ་འདི་གསུངས་པར་འགྱུར་རོ། །ད་ནི་མིག་ལ་སོགས་པའི་དབང་པོས་མཐོང་བར་མངོན་པར་ཞེན་པ་དགག་པར་བྱ་བའི་ཕྱིར། གཞན་གྱི་མིག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གྱི་མིག་དང་དཔྲལ་བ་ལ་སོགས་པར་ཡོད་པ་དག་གིས་མཐོང་བ་ཡིན་ལ། རང་གི་མིག་གིས་ཀྱང་མཐོང་བ་མ་ཡིན་ཏེ། མིག་རས་ཀྱིས་བཀབ་པ་ཉིད་ཀྱི་ཕྱིར་རོ། །དགོངས་པ་ནི་འདི་ཡིན་ཏེ། རྨི་ལམ་གྱི་མིག་གིས་མཐོང་བ་བཞིན་དུ་མངོན་པར་ཞེན་པའི་རྟོག་པ་དང་བྲལ་བ་དང༌། དངོས་པོ་མཐོང་བ་མི་འགལ་ལོ། །མཐོང་བ་ནི་ཞེས་བྱ་བ་ལ་སོགས་པས་འདི་ཉིད་ཀྱི་དཔེ་གསུངས་ཏེ། སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་པའི་གསུང་ལས་ན། འདི་ཉིད་ཀྱི་ནི་སྒྲུབ་བྱེད་བྱ། །ཞེས་བྱ་བ་ལ་སོགས་པ་ནས། གཞོན་ནུ་མ་ཡི་བུ་ཇི་བཞིན། །ཞེས་པའི་བར་གྱིས་རྣམ་པར་མ་བརྟགས་པའི་རྣམ་པ་ཐམས་ཅད་པའི་གཟུགས་བརྙན་མཐོང་པའི་ཕྱིར། དོན་གྱིས་གོ་བས་སོ་སོར་སྡུད་པ་དང་བསམ་གཏན་དུ་བཤད་པའི་ཡན་ལག་གཉིས་གསུངས་པ་ཡིན་ནོ། །ད་ནི་སྲོག་རྩོལ་དང་འཛིན་པར་བཤད་པའི་ཡན་ལག་གཉིས་བརྗོད་པར་བྱ་སྟེ། གཟུགས་བརྙན་མཐོང་ནས་ཏེ། །རྣམ་པར་མ་བརྟགས་པའི་རྣམ་པ་ཐམས་ཅད་ཀྱི་གཟུགས་བརྙན་མཐོང་བ་ཡོད་ནའོ། །སྲོག་རྩོལ་ནི། ཟླ་བ་དང་ཉི་མའི་ལམ་དུ་སྲོག་གི་རླུང་འཇུག་པ་བསྒྱེལ་ནས་དབུ་མ་སྒྲ་གཅན་ལ་རབ་ཏུ་འཇུག་པའོ། །གང་གི་ཚེ་ཨ་ཝ་དྷཱུ་ཏཱི་ཁོ་ནའི་སྲོག་ལྟེ་བ་ལ་སོགས་པའི་འཁོར་ལོ་རྣམས་སུ་རིམ་གྱིས་འགོག་པ་ནི་དེ་བཞིན་དུ་འཛིན་པར་བརྗོད་པར་བྱའོ། །རྩ་རྣམས་སུ་ནི། ལ་ལ་ནཱ་དང་ར་ས་ནཱ་དང་ཨ་ཝ་དྷཱུ་ཏཱི་དང་བཤད་པ་དང་གཅི་བ་དང་ཁུ་བ་འབབ་མ་རྣམས་སུའོ། །འགོག་པའི་ཕྱིར་ནི་སྒྲིབ་པ་མེད་པར་བྱེད་པའི་ཕྱིར་རོ། །ལ་ལ་ནཱ་ལ་སོགས་པའི་རྩ་རྣམས་ཁོ་ནའི་རང་བཞིན་གྱི་ཁྱད་པར་ཟླ་བ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་གྲངས་ཇི་ལྟ་བར་ཁོང་དུ་ཆུད་པར་བྱའོ། །རིགས་ནི། འདུ་ཤེས་ལ་སོགས་པའི་ཕུང་པོ་རྣམས་ཀྱི་སྟེ། སྐྱེ་བའི་གནས་


DTG013_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉིད་ཡིན་པའི་ཕྱིར་རོ། །མུན་ཅན་ནི་དབུ་མ་སྒྲ་གཅན་གྱི་རྩའོ། །ད་ནི། ཟླ་བ་ཐབས་ཀྱི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས་ཤེས་རབ་དང་ཐབས་དག་གི་སྐུ་དང་གསུང་དང་ཐུགས་ཀྱི་རིགས་ཀྱི་དབྱེ་བས་དེ་རྣམས་ཉིད་རིགས་དྲུག་ཏུ་རྟོགས་པར་བྱའོ། །དེ་ལ་ཐབས་ཀྱི་ཞེས་པ་ནི། ཁུ་བའི་ཁམས་ཀྱིའོ། །ཤེས་རབ་ཀྱི་ཞེས་པ་ནི། རྡུལ་གྱི་ཁམས་ཀྱིའོ། །འཆི་ལྟས་ཞེས་པ་ནི། འཆད་པར་འགྱུར་བའི་འཆི་ལྟས་ཀྱི་མདོར་བསྟན་པའི་ཚིག་གོ །ཉི་མ་ནི་སྲོག་གི་ནུས་པའོ། །དུས་སྦྱོར་འཆར་བའི་མངོན་མཚམས་སུ། །ཞེས་པ་ནི། ལ་ལ་ནཱ་དང་ར་ས་ནཱ་དག་གི་དབུས་སུ་མཉམ་པ་སྟེ། རྐང་པ་དང་བཅས་པ་ལྔ་བཅུ་རྩ་དྲུག་གི་དབུགས་ཨ་ཝཱ་དྷཱུ་ཏཱི་གཅིག་པུ་རབ་ཏུ་འབབ་པའོ། །འདི་རྣམས་ཉིན་དང་མཚན་མོར་བཅུ་གཉིས་ཀྱིས་རྐང་པས་དམན་པའི་བདུན་བརྒྱའི་དབུགས་སུ་འགྱུར་རོ། །འདིས་ཞེས་པ་ནི། རྐང་པས་དམན་པའི་བདུན་བརྒྱའི་དབུགས་ཀྱིས་སོ། །ཕྱོགས་གསུམ་དང་བཅས་ཞེས་པ་ལ་སོགས་པ་ལ། ལོ་བརྒྱའི་ཉིན་ཞག་གི་ཕུང་པོས། རྐང་པས་དམན་པའི་བདུན་བརྒྱའི་དབུགས་ཀྱི་ཕུང་པོ་བསྒྱུར་བ་ལ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་དབུགས་ཀྱི་ཆས་ཐོབ་པ་ནི་ཉིན་ཞག་སོ་སོའི་ཚད་དོ། །ཕུང་པོ་དེ་ལས་ཀྱང་དྲུག་ཅུ་ལྷག་པའི་སུམ་བརྒྱའི་ཆས་ཐོབ་པ་གསུངས་པའི་ལྷག་མའི་ཉིན་ཞག་དང་བཅས་པ་ནི་ཕྱོགས་གསུམ་དང་བཅས་པའི་ལོ་གསུམ་སྟེ་དབུ་མ་ལས་བྱུང་བའོ། །འདིར་རྣམས་དང་བྲལ་བའི་ལོ་བརྒྱ་ནི་ལ་ལ་ནཱ་དང་ར་ས་ནཱ་དག་ལས་བྱུང་བའོ། །སྟེང་དུ་གཡོན་གཡས་ཞེས་པ་ལ་སོགས་པ་ལ། ལྟེ་བ་ལས་སྟེང་དུ་གཡོན་པ་གང་ཡིན་པ་ནི་ཟླ་བ་སྟེ། ལ་ལ་ནཱ་དང་ཨི་ཊཱི་མིང་ཅན་ནོ། །གཡས་པ་གང་ཡིན་པ་ནི་ཉི་མ་སྟེ། སེར་སྐྱའི་མིང་ཅན་ནོ། །གཞན་ཞེས་པ་ནི་ར་ས་ནཱའི་མིང་ཡང་ངོ༌། །ད་ནི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་གྱིས་ཆུ་ལ་སོགས་པའི་ཁམས་ཡོངས་སུ་དག་པ་ནི་ལ་ལ་ནཱ་ལ་སོགས་པ་རྩ་རྣམས་ཀྱི་དེ་བཞིན་གཤེགས་པའི་རིགས་དག་པར་བརྗོད་པར་བྱ་སྟེ། དེ་ལ་པདྨ་འཛིན་ལ་སོགས་པ་ནི་འོད་དཔག་མེད་ལ་སོགས་པར་ཤེས་པར་བྱའོ། །དབུས་ཀྱི་རྩ་ཞེས་པ་ནི། འོག་གི་ཆར་བཤད་པ་འབབ་མའོ། །གཡོན་ནི་རྡོ་རྗེའི་རྩ་བར་གཡོན་དུ་གནས་པའི་གཅི་བ་


DTG013_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབབ་མའོ། །གཡས་ནི་དེ་ཉིད་དུ་གཡས་སུ་གནས་པའི་ཁུ་བ་འབབ་མའོ། །རྡོ་རྗེ་འཛིན་སྒྲ་གཉིས་པས་ནི། དྲུག་པ་རྡོ་རྗེ་སེམས་དཔའོ། །ལྟེ་བའི་སྟེང་དུ་གནས་པའི་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་རྩ་རྣམས་ཁོ་ན་བཤད་པ་ལ་སོགས་པ་འབབ་པའི་བྱ་བ་དང་སྦྱོར་བའི་ཕྱིར་ན། བཤད་བ་ལ་སོགས་པའི་རྩ་རྣམས་སུ་འགྱུར་རོ་ཞེས་བྱ་བ་ནི། ཟླ་བའི་ལམ་གྱིས་བཤད་པའི་རྩ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལས་བལྟ་བར་བྱའོ། །ལྟེ་བའི་སྟེང་དུ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ནི། ཁུ་བ་འབབ་མའི་མཐར་ཐུག་པར་ཨ་ཝ་དྷཱུ་ཏཱིའི་མིང་གསུངས་པ་ཡིན་ནོ། །ལྟེ་བ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ནི། ཨ་ཝ་དྷཱུ་ཏཱི་ལས་ཁམས་ལྔའི་རང་བཞིན་གྱིས་འབྱུང་བ་དང་འཇུག་པ་དག་བསྡུ་བ་དང་སྤྲོ་བའི་རང་བཞིན་ཉིད་དུ་གསུངས་པ་ཡིན་ནོ། །དེ་ཁོ་ན་བཞིན་དུ་ལྟེ་གསང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ནི། །ལུས་དང་ངག་དང་སེམས་ཀྱི་ཆོས་ཀྱི་དུང་ཅན་མ་ལས་འབབ་པའི་རིམ་པ་གསུངས་པ་ཡིན་ནོ། །འདི་རྣམས་ནི་ཁུ་བ་འབབ་མའོ། །ཤེས་རབ་ཐབས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ནི། ལ་ལ་ནཱ་ལ་སོགས་པ་རིགས་དྲུག་གི་རྩ་རྣམས་ཀྱི་གཞན་གྱི་རིགས་ལ་འཁྱུད་པ་ལས་ཤེས་རབ་དང་ཐབས་སུ་གསུངས་པ་ཡིན་ནོ། །རྡུལ་འབབ་ཕྱིར་དེ་གཏུམ་མོ་སྟེ། །ཞེས་པ་ལ་སོགས་པ་ལ། བུད་མེད་རྣམས་ཀྱི་དུང་ཅན་མ་དང་ཨ་ཝ་དྷཱུ་ཏཱི་དག་ནི་རྡུལ་འབབ་པའི་བདེ་བ་ལས་རེ་ཞིག་གཏུམ་མོ་དང་གཡུང་མོའི་མིང་དུ་འགྱུར་རོ། །སྐྱེས་བུ་ལ་ཡང་རྡུལ་དང་ཡང་དག་པར་སྦྱོར་བ་ཁོ་ན་ལས་ལུས་སྐྱེ་བའི་ཕྱིར་ན། ཉེ་བར་བརྟགས་པ་ལས་མིང་གཉིས་སུ་འགྱུར་རོ། །གཡོན་དུ་རྟག་ཏུ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ནི། གཡོན་དང་གཡས་ཀྱི་སྣའི་བུ་དག་ཏུ་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་དང༌། ས་ལ་སོགས་པའི་ཁམས་ཀྱི་དཀྱིལ་འཁོར་གྱི་རབ་ཏུ་དབྱེ་བ་དང༌། འདི་དག་གི་དབུས་སུ་ཨ་ཝ་དྷཱུ་ཏཱི་ལས་དྲུག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་མཚོན་པར་བྱའོ། །ལྟེ་བའི་པདྨའི་འདབ་མ་ལ། དཀྱིལ་འཁོར་དྲུག་ཅུ་ཞེས་པ་ལ་སོགས་པ་ནི། ཉིན་དང་མཚན་མོའི་དཀྱིལ་འཁོར་དྲུག་ཅུའི་དབྱུ་གུ་སྟེ། དཀྱིལ་འཁོར་ལྔ་ལྔ་རྣམས་ཀྱིས་མི་མཉམ་པ་དང་མཉམ་པའི་དབྱེ་བས་ལུག་ལ་


DTG013_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པ་དང་གླང་ལ་སོགས་པའི་དུས་སྦྱོར་སོ་སོའི་སྲོག་འཕོ་བ་ལས་ལྟེ་བ་དང་སྣའི་བུ་ག་དག་ཏུ་མཉམ་པ་དང་འཕོ་བ་བཅུ་གཉིས་སུ་འགྱུར་རོ་ཞེས་དགོངས་སོ། །རྩ་བ་ཞེས་པ་ལ་སོགས་པས་ནི་སོགས་ལ་སོགས་པའི་རང་བཞིན་གྱིས་འབབ་པའི་གནས་གསུངས་ཏེ། དེ་ལ་རྩ་བ་ནི་སྣ་བུག་གཉིས་ཀའི་འོག་གི་ཆའོ། །གཡོན་ནི་གཉིས་ཀའི་དབུས་ཀྱི་སྣ་རྒྱུད་ཀྱི་ཕྱོགས་སོ། །དེ་བཞིན་དུ་ཕྱི་དང་སྟེ་དང་དབུས་ཀྱི་ཆ་རྣམས་ནི་གཡས་ལ་སོགས་པ་ཡིན་པར་ཤེས་པར་བྱའོ། །ལུས་ལས་ཞེས་པ་ནི་ལྟེ་བའི་གནས་ལས་སོ། །འདབ་མའི་དབུས་ཞེས་པ་ལ་སོགས་པས། །སྣ་བུག་གཡོན་པར་རྣམ་པར་ཤེས་པ་ལ་སོགས་པའི་རང་བཞིན་གྱིས་དང་པོར་ཤེས་པའི་སྲོག་འབབ་པའི་རིམ་པ་བརྗོད་པར་བྱ་སྟེ། ཤར་ནི་སྟེང་དང་གཞན་ནི་འོག་གི་ཆའོ། །ནམ་མཁའ་ཞེས་པ་ལ་སོགས་པ་ལ། རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་རྣམས་ནི་ནམ་མཁའ་ལ་སོགས་པའི་ཁམས་རྣམས་ལས་འབྱུང་བ་ཉིད་ཀྱི་ཕྱིར། ཉེ་བར་བརྟགས་ནས་ཐ་དད་པ་མེད་པར་རབ་ཏུ་བསྟན་པ་ཡིན་ནོ། །ས་ལ་སོགས་པ་འདི་རྣམས་ཉིད་སྣའི་བུག་དག་ཏུ་སྔར་གསུངས་པ་ནི་གཡས་པས་ལ་སོགས་པའོ། །གཞན་ནི་སྣ་གཡས་པའི་བུག་པའི་འོག་གི་ཆའོ། །འདིར་ས་ལ་སོགས་པ་དང་པོར་ཤར་བའི་སྲོག་འབབ་པ་ནི་འདི་ཉིད་དུ་ཤར་ལ་སོགས་པ་སྟེ། ཉི་མ་འཆར་བ་ཤར་དུ་འགྱུར་ཞིར་རི་དང་མཉན་པར་བགྲོད་པ་ཞེས་པའི་གསུངས་ལས་སོ། །སྣ་བུག་གཡོན་པར་ནམ་མཁའ་ལ་སྲོག་གི་རླུང་འཆར་བའི་ཕྱིར། །ཅི་ལྟར་ནམ་མཁའ་ཤར་བ་ཉི་མ་ཡིན་ཞེ་ན། མ་ཡིན་ཏེ། དེ་བཞི་པོའི་དབུས་སུ་བྱས་ནས་ཤར་ལ་སོགས་པའི་ཐ་སྙད་སྦྱོར་བའི་ཕྱིར་རོ། །འདི་ཉིད་དུ་ཡིན་གྱི། དེ་ལ་སྣའི་བུག་པར་ནི་སྟེང་ལ་ཤར་དུ་བརྗོད་དོ། །འབྱུང་བ་ཞེས་པ་ནི་སྤྲོ་བའོ། །ད་ནི་གཞན་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བཞིས་ས་དང་རླུང་དག་དང་མེ་དང་ཆུ་དག་དང་ནམ་མཁའ་དང་ཡེ་ཤེས་ཀྱི་ཁམས་དག་དང༌། མཐེ་བོང་དང་མིང་མེད་ལ་སོགས་པས་ཚིམ་པར་བྱེད་པ་ལ་སོགས་པའི་ཕྱག་རྒྱའི་ཤེས་པར་བྱེད་པ་ཕན་ཚུན་ཐབས་དང་ཤེས་རབ་ཉིད་དུ་གསུངས་ཏེ། དེ་ལ་མཐེ་བོང་དང་མཛུབ་མོ་དང་གུང་མོ་དང་མིང་མེད་དང་མཐེའུ་ཆུང་རྣམས་ནི། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཡོངས་


DTG013_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སུ་དག་པ་ཉིད་ཀྱི་ཕྱིར། ཕྱག་རྒྱ་བཅིང་བ་ལས་ཤེས་རབ་དང་ཐབས་རྣམ་པ་དག་པར་ཤེས་པར་བྱའོ། །མི་འགྱུར་ཞེས་པ་ནི་ཡེ་ཤེས་ཀྱི་ཁམས་སོ། །དཀྱིལ་འཁོར་བཅུ་པོ་ཡང་དག་སྦྱོར། །ཞེས་པ་ནི། ཕུང་པོ་དང་ཁམས་དག་གཅིག་པ་ཉིད་དོ། །རྩེ་གཅིག་ནི་རྡོ་རྗེ་རྩེ་གཅིག་པའོ། །གྲི་གུག་དང་བཅས་ནི། ཤེས་རབ་དང་བཅས་པའི་རྡོ་རྗེ་སེམས་དཔའི་མཚན་མ་སྟེ། ཕུང་པོ་དང་ཁམས་དང་རྡོ་རྗེ་གསུམ་པོ་གཅིག་ཏུ་འདྲེས་པར་གྱུར་པའི་རང་བཞིན་དུ་རྟོགས་པར་བྱེད་པའོ། །ད་ནི་སྲོག་རྩོལ་དང་འཛིན་པ་དག་གི་མཚན་ཉིད་བརྗོད་པའི་སྒོ་ནས་ཉེ་བར་བསྡུ་བའི་དོན་དུ་ཟླ་བ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་ཀྱིས་སྲོག་རྩོལ་རྒྱས་པར་བསྟན་ལ། སྒྲ་གཅན་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་ཀྱིས་ནི་འཛིན་པ་བཤད་པ་ཡིན་ནོ། །འདི་རྣམས་གྲོལ་ན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་ཀྱིས་ལྡོག་པའི་སྐྱོན་གསུངས་པ་ཡིན་ནོ། །ད་ནི་སྔར་མདོར་བསྟན་པའི་འཆི་ལྟས་གཡོན་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་གཉིས་ཀ་རྒྱས་པར་བཤད་པ་ཉིད་དོ། །ལྔ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ཉི་མའི་འཆི་ལྟས་ཀྱི་མཚན་ཉིད་གསུངས་སོ། །འདིར་དགོངས་པ་ནི་འདི་ཡིན་ཏེ། །སེམས་ཅན་རྣམས་ཀྱི་ཁམས་མི་མཉམ་པ་ཉིད་ལས། གཡས་ཀྱི་སྣའི་བུག་པར་མཉམ་པར་དུས་སྦྱོར་གྱི་གནས་ལ་གང་གི་ཚེ་ཉིན་མཚན་ལྔར་རྣམ་པར་བར་མ་ཆད་དང་རླུང་འབབ་པ་དེའི་ཚེ་འཆི་ལྟས་སྐྱེ་བ་ཡིན་ཏེ་ལོ་གསུམ་དུ་འཚོ་བ་མཚོན་པར་བྱེད་དོ། །དེ་ནས་ཉིན་ཞག་སུམ་ཅུ་ལྷག་པའི་ཉིན་ཞག་བརྒྱ་ཕྲག་གསུམ་དུ་ལྟེ་བའི་གནས་ཀྱི་ཁྱིམ་བཅུ་གཉིས་ཀྱི་བདག་ཉིད་ཀྱི་འདབ་མ་བཅུ་གཉིས་རྣམས་སུ་དཀྱིལ་འཁོར་བཅུ་ཡང་དག་པར་རྒྱུ་བ་ལ་སོགས་པ་ཇི་ལྟར་རིགས་པར་འབབ་པས། ལོ་གསུམ་ལས་དམན་པར་བྱས་ནས་ཕྱི་ནས་ཉིན་ཞག་ཉི་ཤུ་རྩ་ལྔ་ལྷག་པའི་ལོ་གཉིས་བཟུང་སྟེ། འདབ་མ་གཉིས་པ་ལ་རླུང་ཡང་དག་པར་རྒྱུའོ། །དེ་ནས་འདབ་མ་དེ་ཉིད་ལ་གཡས་ཀྱི་སྣའི་བུག་པར་ཉིན་མཚན་བཅུར་རྣམ་པར་མ་ཆད་པར་འབབ་སྟེ། དེ་ནས་ཉིན་ཞག་སུམ་ཅུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་གསུམ་དུ་ཇི་ལྟར་རིགས་པར་འདབ་པས་དམན་པར་བྱས་ནས་ཉིན་ཞག་བཅུ་དང་བཅས་པའི་ཟླ་


DTG013_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བས་ལྷག་པའི་ལོ་གཅིག་བཟུང་སྟེ། འདབ་མ་གསུམ་པ་ལ་ཡང་དག་པར་རྒྱུའོ། །འདབ་མ་འདི་ལ་ཉིན་མཚན་བཅོ་ལྔའི་འཆི་ལྟས་འབབ་སྟེ། དེ་ནས་ཉིན་ཞགས་ལྔ་བཅུ་རྩ་ལྔ་ལྷག་པའི་ཉིན་ཞག་བརྒྱར་ཇི་ལྟར་རིགས་པར་འབབ་པས་དམན་པར་བྱས་ནས་ཉིན་ཞག་ཉི་ཤུ་ལྷག་པའི་ཟླ་བ་བདུན་བཟུང་སྟེ། འདབ་མ་བཞི་པ་ལ་ཡང་དག་པར་རྒྱུའོ། །ཉིན་ཞག་ཉི་ཤུར་འཆི་ལྟས་འབབ་སྟེ། དེ་ནས་ཉིན་ཞགས་གཉིས་ལྷག་པའི་ཟླ་བ་གཉིས་སུ་ཇི་ལྟར་རིགས་པར་འབབ་པས་དམན་པར་བྱས་ནས་ཉིན་ཞག་ཉི་ཤུ་རྩ་བརྒྱད་ལྷག་པའི་ཟླ་བ་བཞི་གཟུང་སྟེ། འདབ་མ་ལྔ་པ་ལ་ཡང་དག་པར་རྒྱུའོ། །ཉིན་ཞག་ཉི་ཤུ་རྩ་ལྔར་འཆི་ལྟས་འབབ་སྟེ། དེ་ནས་ཉིན་ཞགས་གཉིས་ལྷག་པའི་ཟླ་བ་གཅིག་ཏུ་ཇི་ལྟར་རིགས་པར་འབབ་པས་དམན་པར་བྱས་ནས་ཉིན་ཞག་ལྷག་པའི་ཟླ་བ་གསུམ་གཟུང་སྟེ། འདབ་མ་དྲུག་པ་ལ་ཡང་དག་པར་རྒྱུའོ། །ཉིན་ཞག་ཉི་ཤུ་རྩ་དྲུག་ཏུ་འཆི་ལྟས་འབབ་སྟེ། དེ་ནས་ཉིན་ཞག་གཉིས་ཇི་ལྟར་རིགས་པར་འབབ་པས་དམན་པར་བྱས་ནས་ཉིན་ཞག་གསུམ་ལྷག་པའི་ཟླ་བ་གཉིས་གཟུང་སྟེ། འདབ་མ་བདུན་པ་ལ་ཡང་དག་པར་རྒྱུའོ། །འདི་ལ་ཉིན་ཞག་ཉིས་ཤུ་རྩ་བདུན་དུ་འཆི་ལྟས་འབབ་པའོ། །དེ་ནས་འདབ་མ་བརྒྱད་པ་དང་དགུ་པ་དང་བཅུ་པ་དང་བཅུ་གཅིག་པ་རྣམས་སུ་ཉིན་ཞགས་བཅོ་ལྔ་དང་བཅུ་དང་ལྔ་དང་གསུམ་དུ་འཆི་ལྟས་མེད་པར་འབབ་སྟེ། བདུན་པ་ལ་སོགས་པ་འདབ་མ་ལྔ་འདོར་བ་ན། ཇི་ལྟར་རིགས་པར་འབབ་པ་ནི་མེད་དོ། །དེ་ནས་འདབ་མ་བཅུ་གཉིས་པ་ལ་གཡོན་གྱི་སྣའི་བུག་པར་ཉིན་ཞགས་གཉིས་འབབ་པོ། །ཉིན་ཞག་གཅིག་གི་ཟེའུ་འབྲུལ་ལའོ། །གང་ཡང་འཆི་ལྟས་ཀྱིས་ཉེ་བར་མཚོན་པའི་ལོ་གསུམ་གྱི་ཉིན་ཞག་ཚོགས་བརྒྱད་ཅུ་ལྷག་པའི་སྟོང་ཕྲག་ལ་ཉིན་ཞག་སུམ་ཅུ་རྩ་ལྔ་པའི་བརྒྱ་ཕྲག་གསུམ་ལ་སོགས་པ་འདབ་མ་སོ་སོ་འདོར་བའི་རིམ་པ་ལས། དང་པོ་ལ་སོགས་པའི་འདབ་མ་དྲུག་པོ་རྣམས་ལ་འཆི་ལྟས་ཀྱི་ཉིན་ཞག་ལྔ་ལ་སོགས་པ་ནི་དང་པོ་ཁོ་ནར་འབར་བ་ཡིན་ནོ། །ཕྱི་ནས་ཉེན་ཞག་འདི་རྣམས་ཀྱི་འབབ་པ་གཞན་དུ་གསུངས་ཏེ། ཉིན་ཞག་སུམ་ཅུ་ལྷག་པའི་བརྒྱ་ཕྲག་གསུམ་ལ་སོགས་པ་རྣམས་ཇི་ལྟར་རིགས་པར་འབབ་པར་ཤེས་པར་བྱའོ། །དེ་སྐད་དུ་ཡང་དཔལ་དང་པོའི་སངས་རྒྱས་སུ། འཆི་ལྟས་ཀྱི་ཉིན་ཞག་དང་


DTG013_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཅས་པའི་འདབ་མ་སོ་སོ་ལ་ཆོས་ཉིན་ཞག་འདོར་བའི་རྣམ་པར་བཤད་པ་ཚིགས་སུ་བཅད་པ། ཉི་མའི་ལོ་གསུམ་དག་ལས་དང་པོར་ཉིན་ཞག་ཚོགས་ནི་མདའ་དང་མེ་དང་འཇིག་རྟེན་འདོར་བར་བྱེད། །དེ་ལས་རྒྱུ་བ་དང་བཅས་ངེས་པར་མདའ་དུས་རྩེ་མོ་ཅན་དང་མཁའ་རི་ཟླ་བ་གསུམ་པ་ལའོ། །མིག་དང་ཀླུ་དང་རི་དང་མདའ་སྟེ་ནོར་དང་ལག་པ་བཞིན་དུ་འབབ་པ་ལ་ནི་རྒྱུ་བ་ཡང༌། །དེ་ལས་ཚེས་ལ་སོགས་པའི་ཉིན་ཞག་ཚོགས་རྣམས་ཐམས་ཅད་ཀྱང་ནི་གང་ཞིག་ཟེའུ་འབྲུ་ཇི་སྲིད་ཉིད། །ཅེས་པའོ། །གང་ཡང་གསུམ་གཉིས་གཅིག་ལ་ཞེས་པ་ལ་སོགས་པས་གང་གསུངས་པའི་ཚེའི་ལོ་དང་ཟླ་བ་ལ་སོགས་པ་དེ་ནི་རིགས་པའི་ཚད་ཡིན་ནོ། །གསུངས་པའི་རྣམ་པར་བཤད་པ་ལས་སླར་ཡང་དེའི་ཕྲ་མོ་འདི་དབྱེ་བ་ཤེས་པར་བྱའོ། །ཉི་མའི་འཆི་ལྟས་ཀྱི་བཤད་པའོ། །ད་ནི་རྩ་བ་ཞེས་པ་ལ་སོགས་པ་ཕྱེད་དང་བཅས་པའི་ཚིགས་སུ་བཅད་པས་ཟླ་བའི་འཆི་ལྟས་གསུངས་ཏེ། དེ་ལ་སྣ་བུག་གཡོན་པར་མི་མཉམ་པའི་དུས་སྦྱོར་གྱིས་གནས་ལ་གང་གི་ཚེ་ཉིན་མཚན་དུ་རྣམ་པར་མ་ཆད་པར་རླུང་འབབ་པ་དེའི་ཚེ་ཟླ་བའི་འཆི་ལྟས་སྐྱེས་པ་ཡིན་ཏེ། ལོ་གསུམ་དུ་འཚོ་བ་མཚོན་པར་བྱེད་དོ། །དེ་ནས་འཆི་ལྟས་ཀྱི་ཉིན་ཞག་གིས་དམན་པའི་ཟླ་བ་དང་པོ་གཉིས་པ་ལ་ཇི་ལྟར་རིགས་པར་དཀྱིལ་འཁོར་བཅུ་ཡང་དག་པར་རྒྱུ་བས་འབབ་པའོ། །དེ་ནས་ཟླ་བ་གསུམ་པ་ལ་འཇུག་པ་ན་འཆི་ལྟས་ཉིན་ཞག་གཉིས་འབབ་པོ། །དེ་ནས་ཉིན་ཞག་གཉིས་ཀྱིས་དམན་བའི་ཟླ་བ་གསུམ་པ་དང་བཞི་པ་ལ་ཇི་ལྟར་རིགས་པར་འབབ་པོ། །དེ་ནས་ཟླ་བ་ལྔ་པ་ལ་འཇུག་པ་ནས་འཆི་ལྟས་ཉིན་ཞག་གསུམ་འབབ་པོ། །དེ་ནས་ཉིན་ཞག་གསུམ་གྱིས་དམན་པའི་ཟླ་བ་ལྔ་པ་དང་དྲུག་པ་ལ་ཇི་ལྟར་རིགས་པར་འབབ་པོ། །ལྟེ་བའི་གནས་ཀྱི་ཁྱིམ་བཅུ་གཉིས་ཀྱི་བདག་ཉིད་ཀྱི་འདབ་མ་བཅུ་གཉིས་ལས་འདབ་མ་དང་པོ་འདོར་བར་བྱེད་དོ། །ལོ་གསུམ་ལས་ཟླ་བ་དྲུག་དོར་ནས་གཞན་ཟླ་བ་སུམ་ཅུ་སོ་རྣམས་གཟུང་ནས་འདབ་མ་གཉིས་པ་ལ་ཡང་དག་པར་རྒྱུའོ། །ཟླ་བ་བདུན་པ་དང་བརྒྱད་པ་དང་དགུ་པ་ལ་འཇུག་པའི་དང་པོར་རིམ་པས་འཆི་ལྟས་ཉིན་ཞག་བཞི་དང་ལྔ་དང་དྲུག་འབབ་པོ། །དེ་ནས་སོ་སོའི་ཟླ་བའི་དང་པོ་ལས་


DTG013_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འཆི་ལྟས་ཀྱི་ཉིན་ཞག་གིས་དམན་པའི་ཟླ་བ་གསུམ་ཇི་ལྟར་རིགས་པར་འབབ་པས་དམན་པར་བྱས་ནས་ཟླ་བ་ཉི་ཤུ་རྩ་བདུན་རྣམས་གཟུང་སྟེ། འདབ་མ་གསུམ་པ་ལ་ཡང་དག་པར་རྒྱུའོ། །འཆི་ལྟས་ཉིན་ཞག་གསུམ་འཕེལ་བའི་རིམ་པའི་ཉིད་ཀྱས་ཟླ་བ་གསུམ་དམན་པར་བྱས་ནས་འཆི་ལྟས་ཀྱི་ཉིན་ཞག་ཉི་ཤུ་རྩ་གཅིག་རྣམས་ཀྱིས་འདབ་མ་བདུན་པའི་མཐར་ཐུག་པར་འདོད་པར་བྱེད་དོ། །དེ་ལ་དོར་བྱའི་ཟླ་བ་གསུམ་ལ་འཇུག་པའི་དང་པོར་འཆི་ལྟས་ཀྱི་ཉིན་ཞག་ཉི་ཤུ་རྩ་བཞི་དང་ཉི་ཤུ་རྩ་བདུན་དང་སུམ་ཅུ་དང་སུམ་ཅུ་རྩ་གསུམ་གྱིས་དམན་པའི་ཟླ་བ་གསུམ་གསུམ་དུ་ཇི་ལྟར་རིགས་པར་འབབ་པར་བྱས་ནས་འདབ་མ་བརྒྱད་པ་དང་དགུ་པ་དང་བཅུ་པ་དང་བཅུ་གཅིག་པ་རྣམས་འདོར་བར་བྱེད་དོ། །དེ་ནས་འདབ་མ་དང་པོ་འདོར་བའི་ཟླ་བ་དྲུག་དང་འབྲེལ་པར་འབའ་པའི་ཉིན་ཞག་གསུམ་ལ་འཆི་ལྟས་ཀྱི་ཉིན་ཞག་གཉིས་ནི་འདབ་མ་བཅུ་གཉིས་པ་ལ་གཡས་སྣ་བུག་ཏུ་འབབ་པའོ། །ཉིན་ཞག་གཅིག་ནི་ཟེའུ་འབྲུ་ལ་སྟེ། རླུང་ཐམས་ཅད་རྣམ་པར་གཅོད་པར་འགྱུར་རོ། །རྣམ་པར་ཤེས་པ་ནི་འཇིག་རྟེན་གཞན་དུ་འགྲོ་སྟེ། ཟླ་བའི་འཆི་ལྟས་ཀྱི་བཤད་པའོ། །དབུ་མ་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་གསུམ་གྱིས་དབུ་མའི་དུས་སུ་འཆི་བ་གསུངས་ཏེ། དེ་ལ་ཟླ་བ་དང་ཉི་མ་དང་འབྲེལ་བའི་ཟླ་ཕྱེད་དང་བཅུ་གཅིག་ལྷག་པའི་ལོ་དགུ་བཅུ་རྩ་དྲུག་གི་སྟེང་ནས་སྣ་བུག་གཡོན་པ་ལ་ཉི་མ་གཅིག་རྣམ་པར་མ་ཆད་པར་དུས་ཀྱིས་བྱིན་གྱིས་བརླབས་པའི་དུས་འབབ་བོ། །དེ་ནས་དཀྱིལ་འཁོར་བཅུ་ཡང་དག་པར་རྒྱུ་བས་ཇི་ལྟར་རིགས་པར་འབབ་པས་ཉིན་ཞག་གཅིག་འབབ་པོ། །དེ་ནས་གཡས་ཀྱིས་སྣ་བུག་ཏུ་ཉིན་ཞག་གཉིས་རྣམ་པར་ཆད་པར་འབབ་བོ། །དེ་བཞིན་དུ་སླར་ཡང་ཉིན་ཞག་གཉིས་རྣམ་པར་མ་ཆད་པར་འབབ་བོ། །དེ་ལྟར་གཡོན་དང་གཡས་ཀྱི་སྣ་བུག་གི་གནས་སུ་གཡོན་དང་གཡས་དག་གི་མི་མཉམ་པ་དང་མཉམ་པའི་དབྱེ་བ་ལས་ཉིན་ཞག་གསུམ་དང་བཞི་དང་ལྔ་དང་དྲུག་འབབ་སྟེ། གཡོན་དང་གཡས་དག་གི་ནམ་མཁའ་དང་སའི་དཀྱིལ་འཁོར་འདོར་བར་བྱེད་དོ། །


DTG013_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཤད་པའི་རིམ་པ་དེ་ཉིད་ཀྱིས་གཡོན་དང་གཡས་སུ་ཡང་དག་པར་རྒྱུ་བ་ལ་ཉིན་ཞག་བདུན་དང་བརྒྱད་དང་དགུ་དང་བཅུ་དང་གཅིག་དང་གཉིས་འབབ་སྟེ། དེ་ནས་རླུང་དང་ཆུའི་དཀྱིལ་འཁོར་འདོར་བར་བྱེད་དོ། །དེ་ཁོ་ན་བཞིན་དུ་ཞག་བཅུ་གསུམ་དང་བཅུ་བཞི་དང་བཅོ་ལྔ་དང་བཅུ་དྲུག་དང་བཅུ་བདུན་དང་བཅོ་བརྒྱད་ཀྱང་སྟེ། མེ་དང་མེའི་དཀྱིལ་འཁོར་འདོར་བར་བྱེད་དོ། །དེ་བཞིན་དུ་ཉིན་ཞག་བཅུ་དྲུག་དང་ཉི་ཤུ་དང་ཉི་ཤུ་རྩ་གཅིག་དང་ཉི་ཤུ་རྩ་གཉིས་དང་ཉི་ཤུ་རྩ་གསུམ་དང་ཉི་ཤུ་རྩ་བཞི་ཡང་སྟེ། ཆུ་དང་རླུང་གི་དཀྱིལ་འཁོར་འདོར་བར་བྱེད་དོ། །དེ་ཁོ་ན་བཞིན་དུ་ཉིན་ཞག་ཉི་ཤུ་རྩ་ལྔ་དང་ཉི་ཤུ་རྩ་དྲུག་དང་ཉི་ཤུ་རྩ་བདུན་དང་ཉི་ཤུ་རྩ་བརྒྱད་དང་ཉི་ཤུ་རྩ་དགུ་དང་སུམ་ཅུ་འབབ་པས་ས་དང་ནམ་མཁའི་དཀྱིལ་འཁོར་འདོར་བར་བྱེད་དོ། །དེ་བཞིན་དུ་ཉིན་ཞག་སུམ་ཅུ་རྩ་གཅིག་དང་སུམ་ཅུ་རྩ་གཉིས་དང་སུམ་ཅུ་རྩ་གསུམ་འབབ་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་འདོར་བར་བྱེད་དོ། །དེ་ནས་གཡས་ཀྱི་སྣ་བུག་ལ་རྣམ་པར་མ་ཆད་པར་ཉིན་ཞག་སུམ་ཅུ་གསུམ་འབབ་ལ། ཉིན་ཞག་གཅིག་ནི་ཟེའུ་འབྲུ་ལ་སྟེ། དེ་ནས་ཁམས་ཐམས་ཅད་རྣམ་པར་ཆད་པར་འགྱུར་རོ། །ཉིན་ཞག་སུམ་ཅུ་རྩ་གསུམ་གྱི་མཐར་ཐུག་པས་དགེ་བ་དང་མི་དགེ་བ་འབབ་པའི་ཉིན་ཞག་གི་ཕུང་པོ་ཉི་ཤུ་རྩ་གཉིས་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་ཏུ་འགྱུར་རོ། །གཡས་ཀྱི་སྣ་བུག་ལ་རྣམ་པར་མ་ཆད་པའི་ཉིན་ཞག་སུམ་ཅུ་རྩ་གསུམ་དང༌། ཟེའུ་འབྲུའི་ཉིན་ཞག་དང་བཅས་པ་ནི། ཉིན་ཞག་ལྔ་བཅུ་རྩ་དྲུག་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་ཏུ་འགྱུར་རོ། །དབུ་མ་ལས་དུས་སུ་འཆི་བའི་རྣམ་པར་བཤད་པའོ། །འཆི་ལྟས་མཚན་ཉིད་ཤེས་ནས་ནི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་འཆི་ལྟས་སླུ་བའི་མན་ངག་གསུངས་ཏེ། མན་ངག་དེ་ཡང་བླ་མའི་ཞལ་ཁོ་ན་ལས་ཤེས་པར་བྱའོ། །འདི་ལས་ནི་དེའི་ཁྱད་པར་རྟོགས་པར་བྱས་པ་ཡིན་ནོ། །རྣལ་འབྱོར་པའི། འདི་ནི་དགའ་བ་རྣམས་ཀྱིས་འགྱུར། །ཞེས་སྨྲས་ན་དགའ་བ་དེ་གང་ཡིན་ཞེས་འདྲི་ན། མཛོད་སྤུའི་པདྨར་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་དགའ་བ་རྣམས་ཀྱི་རྣམ་པར་


DTG013_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཞག་པ་གསུངས་ཏེ། ཚིགས་སུ་བཅད་པ་གཉིས་པོ་འདིས་ཀྱང་དགའ་བའི་མཚན་ཉིད་བརྗོད་པ་ལས་རྗེས་སུ་དྲན་པའི་ཡན་ལག་གསལ་བར་མཛད་དོ། །རབ་ཏུ་མི་གནས་མྱ་ངན་འདས། །ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་ཀྱིས་ནི། ཏིང་ངེ་འཛིན་གྱི་ཡན་ལག་གསལ་བར་མཛད་དོ། །རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་ནི། དཔྲལ་བར་རབ་ཏུ་གནས་པ་མ་ཡིན་ཞིང་རྡོ་རྗེ་ལས་ཕྱིར་འགྲོ་བ་མ་ཡིན་པ་རྡོ་རྗེ་གསུམ་གཅིག་ཏུ་འདྲེས་པར་གྱུར་པ་ལྷན་ཅིག་སྐྱེས་པའི་དགའ་བ་བདེ་བ་ཆེན་པོའོ། །འདི་ལས་ཕྱི་མར་ཚིགས་སུ་བཅད་པ་དུ་མ་རྣམས་ཀྱིས་རྗེས་སུ་དྲན་པ་དང་ཏིང་ངེ་འཛིན་དག་ཁོ་ནའི་ཁྱད་པར་དེ་དང་དེ་རྗོད་པར་བྱེད་དོ། །ཁུ་བ་ཟླ་འཆར་ཞེས་པ་ལ་སོགས་པ་ལ། དོན་ནི་འདི་ཡིན་ཏེ། འདིར་ཇི་ལྟར་ཕྱི་རོལ་དུ་ཚེས་གཅིག་ལ་སོགས་པ་ཚེས་ཀྱི་ཆ་འཕེལ་བའི་དབྱེ་བས་ཤར་བའི་ཟླ་བའི་ལྔ་པ་དང་བཅུ་པ་དང་བཅོ་ལྔ་པ་སྟེ་རྫོགས་པ་གསུམ་ཡིན་ནོ། །ཆ་བཅུ་དྲུག་པ་ཡང༌། དཀར་པོའི་ཕྱོགས་ཀྱི་མཐའ་དང་ནག་པོའི་ཕྱོགས་ཀྱི་དང་པོར་དབུས་སུ་འཇུག་པ་སྟེ། བཅུ་དྲུག་པ་ནི་ཆ་མེད་པ་གང་ཡིན་པའོ། །དེ་བཞིན་དུ་གསུངས་ལས་སོ། །དེ་བཞིན་དུ་ནང་དུ་གཙུག་ཏོར་དུ་ཤར་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བའི་དགའ་བ་ལ་སོགས་པའི་དབྱེ་བས་དཔྲལ་བ་དང་སྙིང་ག་དང་གསང་བའི་པདྨ་ལ་རིམ་གྱིས་ལྔ་པ་དང་བཅུ་པ་དང་བཅོ་ལྔ་པ་སྟེ་རྫོགས་པ་གསུམ་མོ། །ཆ་བཅུ་དྲུག་པ་ནི་ཆགས་པའི་མཐའ་དང་ཆགས་བྲལ་གྱི་དང་པོར་དབུས་སུ་འཇུག་པ། རྡོ་རྗེ་ལས་སྟེང་དུ་འགྲོ་བས་ན་རབ་ཏུ་མི་གནས་མྱ་ངན་ལས་འདས་པའི་མཚན་ཉིད་ལྷན་ཅིག་སྐྱེས་པའི་དགའ་བའི་སྒྲས་བརྗོད་པར་བྱ་བ་ཡིན་ནོ། །དེ་སྐད་དུ་ཡང་ཀྱེ་རྡོ་རྗེར་གསུངས་པ། བྱང་ཆུབ་སེམས་ནི་ཟླ་བར་འགྱུར། །བཅོ་ལྔ་ཆ་ཡི་བདག་ཉིད་ཅན། །བདེ་ཆེན་ཉིད་ནི་ཨཱ་ལིའི་གཟུགས། །རྣལ་འབྱོར་མ་རྣམས་དེའི་ཆ་ཉིད། །ཅེས་པའོ། །ཉི་མ་ཞེས་པ་ནི་རྡུལ་གྱི་ཁམས་སོ། །མཛོད་སྤུའི་གནས་ནི་དཔྲལ་བའི་པདྨའོ། །དེའི་ཞེས་པ་ཉི་མ་རྡུལ་གྱིའོ། །ཇི་ལྟར་སེམས་ཅན་རྣམས་འཁྲིག་པ་ན། གནས་སྐབས་ཀྱི་ཁྱད་པར་ལས་འགྱུར་བ་དེ་བཞིན་དུ་འཆི་བའི་དུས་སུ་གང་ཡིན་ཏེ། ཟླ་བ་བདུད་རྩི་འོག་ཏུ་ཞེས་པ་


DTG013_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལ་སོགས་པས་བསྟན་ཏོ། །སྲིད་པའི་མཚན་ཉིད་ནི། ལས་ཀྱི་བག་ཆགས་ཀྱི་དབང་གིས་བྱུང་བའི་མཚན་ཉིད་དོ། །དེ་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ནི། དེ་ལས་བཟློག་པ་བསྟན་ཏོ། །དེ་དག་གི་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཟླ་བ་དང་ཉི་མ་རྡུལ་དག་གིའོ། །དོན་དེ་ཉིད་དཔལ་འཇིག་རྟེན་དབང་ཕྱུག་ཞབས་ཀྱིས་ཕྱག་གི་སྒོ་ནས་གསུངས་པ། ཞབས་བས་གཅིག་རྡོ་རྗེ་ནོར་བུར་རྡུལ་དང་ཉི་མ་དང༌། །གཉིས་པ་གཙུག་ཏོར་ཁུ་བ་རི་བོང་ཅན་ལ་ནི། །རྟག་ཏུ་མི་ཆོས་དབྱེར་མེད་འདོད་པ་བཀོད་གྱུར་པ། །འཇིག་རྟེན་གསུམ་གྱིས་མཆོད་པའི་གཙོ་ལ་སྤྱི་བོས་འདུད། །ཅེས་སོ། །རབ་ཏུ་མི་གནས་མྱང་འདས་ལས། །ཞེས་པ་ནི་རྣམ་པར་མི་རྟོག་པ་འཛག་པ་མེད་པའི་བདེ་བ་ཆེན་པོ་ལས་སོ། །ཕྱིན་ཅི་ལོག་ཏུ་འགྱུར་ཞེས་པ་ལ་སོགས་པ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཏེ། རྣམ་པར་མི་རྟོག་ཅིང་སྒྲིབ་པ་མེད་པ་རྣམ་པ་ཐམས་ཅད་པ་ཉིད་དུ་འགྲོའོ་ཞེས་པའི་དོན་ཏོ། །གཟུགས་གཞན་དེ་ནི་ཞེས་གསུངས་པའི་ཕྱིར་རོ། །ད་ནི་ནོར་བུར་ཐུགས་དང་ཞེས་བྱ་བ་ལ་སོགས་པ་རྐང་པ་དང་བཅས་པའི་ཚིགས་སུ་བཅད་པས། ཡེ་ཤེས་རྡོ་རྗེ་རྣམ་པར་དག་པ་བདེ་བ་ཆེན་པོའི་སྐུ་ལས་ཐུགས་དང་གསུང་དང་སྐུ་རྡོ་རྗེ་རྣམ་པར་དག་པ་ཐབས་དང་འབྲེལ་པའི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་རྣམས་ལྟེ་བའི་འོག་ཏུ་སྤྲོ་བ་གསུངས་ཏེ། དེ་ལ་ཐབས་ཀྱི་ནི། ཕ་དང་འབྲེལ་བའི་བྱང་ཆུབ་སེམས་ཀྱིའོ། །དེ་ཁོ་ན་བཞིན་དུ། ཤེས་རབ་ཀྱི་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་སྐུ་རྡོ་རྗེ་ཡོངས་སུ་དག་པ་སྤྲུལ་པའི་སྐུ་ལས་ལྟེ་བའི་སྟེང་དུ་གསུང་རྡོ་རྗེ་ལ་སོགས་པ་ཡོངས་སུ་དག་པ་པ་ལོངས་སྤྱོད་རྫོགས་པ་ལ་སོགས་པའི་སྐུ་རྣམས་ཀྱི་སྤྲོ་བ་གསུངས་ཏེ། ཤེས་རབ་ཀྱིས་ནི། མ་དང་འབྲེལ་པའི་རྡུལ་གྱི་མཁས་ཀྱིའོ། །དམིགས་པ་མེད་པའི་སྙིང་རྗེ་ཐབས་ཀྱི་བདག་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་དང༌། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཤེས་རབ་ཀྱི་ཡེ་ཤེས་ཀྱི་ཡང་རང་གི་གཙོ་བོའི་ཡོན་ཏན་ལས་གྲངས་བཞིན་དུ་ལྷན་ཅིག་སྐྱེས་པ་ལ་སོགས་པ་དང༌། སྤྲུལ་པ་ལ་སོགས་པའི་སོ་


DTG013_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོར་སྤྲོ་བ་གསུངས་ཀྱི། སྐུ་ལ་སོགས་པ་རྣམས་དོན་དམ་པར་སོ་སོ་ཐ་དད་པར་འགྱུར་བ་ནི་མ་ཡིན་ནོ། །ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ནི། ཕྱག་རྒྱ་ཆེན་མོ་བསྒོམས་པ་ལས་སྐྱེས་པའི་རྣམ་པར་མི་རྟོག་པ་བདེ་བ་ཆེན་པོའི་ཡེ་ཤེས་འཕེལ་བར་འགྱུར་བའི་ཐབས་གསུངས་པ་ཡིན་ནོ། །ཡང་ན་ཕྱག་རྒྱ་གསུམ་དང་འབྲས་བུ་གསུམ་ཡང་རྒྱས་པར་བཤད་པ་ཡིན་ཏེ། དེ་སྐད་དུ་ཡང་དཔལ་དྲི་མ་མེད་པའི་འོད་ལས་གསུངས་པ། ལས་ཀྱི་ཕྱག་རྒྱའི་རྒྱུ་ལས་སྐྱེས་པའི་འབྲས་བུ་ནི། །འདོད་པ་ན་སྤྱོད་པའི་དངོས་གྲུབ་བོ། །ཡེ་ཤེས་ཀྱི་ཕྱག་རྒྱའི་རྒྱུ་ལས་སྐྱེས་པའི་འབྲས་བུ་ནི་གཟུགས་ན་སྤྱོད་པའི་དངོས་གྲུབ་པོ། །རྣམ་པར་མི་རྟོག་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཕྱག་རྒྱ་ཆེན་མོའི་རྒྱུ་ལས་སྐྱེས་པའི་འབྲས་བུ་ནི། རྣམ་པར་མི་རྟོག་ཅིང་ཐམས་ཅད་མཁྱེན་པའོ། །འདི་ཁོ་ན་ཡིན་གྱི་རྣམ་པར་རྟོག་པ་དང་བཅས་པའི་རྒྱུ་ཉིད་ནི། རྣམ་པར་མི་རྟོག་པ་བདེ་བ་ཆེན་པོའི་ཡེ་ཤེས་སུ་འགྱུར་བ་ཡིན་ནོ། །ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དག་གི་འདོད་ཆགས་ཆེན་པོ་ལ་བརྟེན་ནས་བསྒོམ་པའི་ཐབས་ལ་མཁས་པ་ཙམ་བསྟན་པ་ཡིན་གྱི་དེ་དག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྐྱེ་བར་བྱེད་པ་པོ་ཉིད་ནི་མ་ཡིན་ནོ། །མི་འགྱུར་བ་དེ་ཞེས་པ་ནི། སྐུ་བཞི་པོ་གཅིག་ཏུ་འདྲེས་པར་གྱུར་པ་རྣམ་པར་མི་རྟོག་པ་བདེ་བ་ཆེན་པོའི་ཡེ་ཤེས་སོ། །དེ་ལ་ཅི་འདི་འཕེལ་བའི་རང་བཞིན་འཕེལ་བར་འགྱུར་རམ། མི་འཕེལ་བའི་རང་བཞིན་འཕེལ་བར་འགྱུར། གཉིས་ཀ་ལྟར་ཡང་མི་རིགས་ཏེ། དེ་ལྟར་ནི། འཕེལ་བའི་རང་བཞིན་གྱི་འཕེལ་བ་ནི་དོན་མེད་པའི་ཕྱིར་དང༌། མི་འཕེལ་བའི་རང་བཞིན་གྱི་ནུས་པ་དང་མི་འབྱོར་པའི་ཕྱིར་རོ་ཞེས་རྒོལ་ན། དོན་དམ་པའི་བདེན་པ་ལ་བརྟེན་ནས་རྩོད་པར་བྱ་བ་མ་ཡིན་ནོ་ཞེས་རྟོགས་པར་བྱ་བའི་ཕྱིར་དུ། འཕེལ་བའི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གསུངས་པ་ཡིན་ནོ། །གལ་ཏེ་དེ་ལྟར་ན་སྐྱེ་བ་དང་འགག་པར་ཅི་ལྟར་འགྱུར་ཞེ་ན། རང་བཞིན་


DTG013_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་མེད་པའི་ཆོས་གང་ཡིན་པ་དེ་རྣམས་ཀྱི་སྐྱེ་བ་དང་འཇིག་པ་དག་ནི་སྒྱུ་མ་བཞིན་དུ་རིག་པར་བྱའོ་ཞེས་པ་སྒྱུ་མའི་དཔེ་ལས་ཀུན་རྫོབ་ཀྱི་བདེན་པར་ཐམས་ཅད་མི་འགལ་ལོ། །མ་སྐྱེས་པ་དང་མ་འགགས་པ་དང་དངོས་པོ་དང་དངོས་པོ་མེད་པ་སྣ་ཚོགས་ལ་མཐའ་གཅིག་ཏུ་ཕྱོགས་སུ་མངོན་པར་ཞེན་པ་དུ་མ་བུར་བྱ་བའི་ཕྱིར། འབྱུང་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དངོས་དང་དངོས་མེད་མཚན་ཉིད་གཅིག །ཅེས་པ་ནི། དངོས་པོའི་རྣམ་པ་ཐམས་ཅད་དང་དངོས་པོ་མེད་པ་ནི། སྟོང་པ་ཉིད་དང་འོད་གསལ་བ་ཞེས་པའི་དོན་ཏོ། །དེའི་ཕྱིར་ན་གཅིག་པ་སྟེ་ཐ་མི་དད་པའི་མཚན་ཉིད་དེ་རང་བཞིན་གང་གི་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་ཡང་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། དངོས་ལས་སྟོང་ཉིད་གཞན་མིན་ཏེ། །དེ་དོར་ནས་ཀྱང་དངོས་ཡོད་མིན། །དེ་ཕྱིར་རྐྱེན་ལས་སྐྱེས་དངོས་རྣམས། །སྟོང་པར་ཁྱོད་ཀྱིས་རབ་ཏུ་བསྟན། །ཞེས་གསུངས་སོ། །རང་གི་ཤེས་རབ་ཅེས་པ་ལ་སོགས་པ་ནི། ལས་དང་ཡེ་ཤེས་དང་ཕྱག་རྒྱ་ཆེན་མོ་ལ་ལྟོས་ནས་གསུངས་པ་ཡིན་ཏེ། དེ་ལ་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་བརྟགས་ཤིང་བསྒོམས་པ་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དང་ཞིང་ཞུ་བ་རྡོ་རྗེའི་རྩེ་མོར་སོན་པ་གང་ཡིན་པ་དེ་ཉིད་ཀྱི་འཛག་པ་ནི། དོན་དམ་པའི་བདེན་པ་བསྒོམས་པ་ལས་འཛག་པ་མེད་པར་འགྱུར་རོ། །ལུས་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ནི། ལུས་དང་ངག་དང་སེམས་ཀྱི་རང་གི་རྟེན་གྱི་རྩ་རྣམས་སུ་སྐུ་ལ་སོགས་པ་སོ་སོར་བསྒོམ་པའི་ཡོངས་སུ་དག་པ་བསྟན་ཏེ། གང་གི་ཚེ་སླར་ཡང་དུང་ཅན་མར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒོམ་པ་དེའི་ཚེ། འདི་ཉིད་དུ་སྐུ་རྡོ་རྗེ་ལ་སོགས་པ་རྣམས་ལྷན་ཅིག་སྐྱེས་པ་དང་གཅིག་ཏུ་འདྲེག་པར་གྱུར་པ་ཉིད་དུ་འགྱུར་རོ། །མགོ་བོ་ནི་དཔྲལ་བ་ལས་ཏེ། རྫོགས་པའི་གནས་སུ་ནི་གསངས་བའི་པདྨར་རོ། །བཅིང་བ་ནི་བརྟན་པའི་དངོས་པོ་སྟེ། དོན་དམ་པ་ལས་ནི། ཕྱག་རྒྱ་ཆེན་མོའི་དེ་ཁོ་ན་ཉིད་བསྒོམས་པ་ལས་སོ། །རྫོགས་པ་གང་ཞེས་པ་ནི། ཆ་བཅུ་དྲུག་པ་ལྷན་


DTG013_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅིག་སྐྱེས་པའི་དགའ་བའི་མཚན་ཉིད་དོ། །དེ་ལ་སྐད་ཅིག་ཐམས་ཅད་རྫོགས། །ཞེས་པ་ནི་སྐད་ཅིག་མ་ཕྱི་མ་རྣམས་དང༌། རྣམ་པར་མ་བརྟགས་པའི་ལྷན་ཅིག་སྐྱེས་པའི་སྐད་ཅིག་མ་ཐོག་མ་རང་བཞིན་གཅིག་པ་ཉིད་ཀྱི་ཕྱིར་ཏེ། དེ་སྐད་དུ་ཡང༌། གང་གིས་དེ་ཉིད་ལས་ནི་དངོས་གཅིག་མཐོང༌། །དེ་ཡིས་དངོས་ཀུན་དེ་ཉིད་ལས་མཐོང་ངོ༌། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྐད་ཅིག་ནི། འདིར་དབུགས་འབྱུང་བ་དང་རྔུབ་པའི་མཚན་ཉིད་དེ། དེ་ཡང་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་གྲངས་ནི་སྐད་ཅིག་ཐམས་ཅད་དུ་བརྗོད་དོ། །དེ་ལ་དབུགས་བརྒྱ་ཕྲག་བཅོ་བརྒྱད་འགོག་པ་ལས། མཚན་མ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་ཏུ་འདྲེས་པར་གྱུར་པའི་རང་བཞིན་རྣམས་ཀྱིས་ས་གཅིག་ཐོབ་ལ། དེ་བཞིན་དུ་རིམ་གྱིས་ས་བཅུ་གཉིས་སོ་སོར་ཐོབ་པ་ལས་སྐད་ཅིག་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །འདིའི་ཞེས་པ་ནི། ཆ་བཅུ་དྲུག་པའི་རང་བཞིན་གང་ཡིན་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིའོ། །ཆ་ཉམས་པ་ཞེས་པ་ནི། ཆ་བཅོ་ལྔ་ཁོ་ན་དོར་བ་ཡིན་གྱི་ཆ་བཅུ་དྲུག་པའི་ནི་མ་ཡིན་ཏེ། དེ་ནི་འཆི་བའི་དུས་ཁོ་ནར་འབྱུང་བར་འགྱུར་བ་ཡིན་ནོ། །ཉམས་པའི་ཞེས་པ་ནི། རྡུལ་གྱི་ཁམས་ཀྱིའོ། །ཡེ་ཤེས་ཉམས་པ་མིན་ཞེས་པ་ནི། ཆ་བཅུ་དྲུག་པ་ཡོངས་སུ་དྲོག་བ་མིན་པའོ། །འདིའི་ཞེས་པ་ནི། ལྷན་ཅིག་སྐྱེས་པའི་དགའ་བའི་བདག་ཉིད་ཀྱི་ཡེ་ཤེས་ཀྱིའོ། །དངོས་པོ་བར་མ་གཞན་ཞེས་པ་ནི། ཆགས་པ་དང༌། ཆགས་བྲལ་དང༌། དཀར་པོ་དང༌། ནག་པོ་དང༌། དངོས་པོ་དང་དངོས་པོ་མེད་པའི་ཕྱོགས་ཀྱི་མཚན་ཉིད་དོ། །ཕྱོགས་གཉིས་ཞེས་པ་ནི། ཆགས་པ་དང་ཆགས་བྲལ་ལ་སོགས་པའོ། །ཇི་ལྟར་ཆུ་བོའི་ཆུ་ཞེས་བྱ་བ་ལ་སོགས་པའི་དཔེས། བདེ་བ་ཆེན་པོའི་ཡེ་ཤེས་ལ་ཞུགས་པ་ན་དངོས་པོ་ཐམས་ཅད་ལྷན་ཅིག་སྐྱེས་པ་དང་རོ་མཉམ་པ་ཉིད་དུ་གསུངས་ཏེ། དང་པོར་མངོན་དུ་བྱས་པའི་རྣལ་འབྱོར་པ་ནི་རྣམ་པར་མི་རྟོག་པ་སོ་སོ་རང་རིག་པའི་བསམ་གཏན་ལས་ལངས་པ་ན། བདག་ལ་བདེ་བ་འདི་བྱུང་ངོ་ཞེས་ཇི་ལྟ་བའི་གཏམ་


DTG013_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བྱེད་དོ། །ཀུན་ནས་རྫོགས་པའི་གནས་སྐབས་ཐོབ་པའི་རྣལ་འབྱོར་པ་ནི། དེ་ལྟ་བུ་མ་ཡིན་ཏེ། དེ་ནི་རྣམ་པར་ཐམས་ཅད་དུ་བདེ་བའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །འདི་རྣམས་ཉིད་རྟོགས་པར་བྱ་བའི་ཕྱིར། མཆེ་རྨའི་ཞེས་བྱ་བ་ལ་སོགས་པས་དཔེ་དང་དཔེ་ཅན་གསུངས་ཏེ། དེ་ལ་རྫོགས་པའི་གནས་སྐབས་ནི་གཙུག་ཏོར་གྱི་གནས་སུའོ། །སེམས་ནི་རྣམ་པར་མི་རྟོག་པའི་བྱང་ཆུབ་ཀྱི་སེམས་སུའོ། །རྫོགས་ནས་ཞེས་པ་ནི་འཛག་པ་མེད་པ་ལ་སོགས་པའི་དབྱེ་བས་ཇི་སྲིད་ཆ་བཅུ་དྲུག་པ་ཡོངས་སུ་རྫོགས་པ་ཉིད་ཐོབ་པ་ནའོ། །ཇི་ལྟར་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་རོའི་དཔེས་རྣམ་པར་མི་རྟོག་པ་ཕྱག་རྒྱ་ཆེན་མོ་ལས་སྐྱེས་པའི་ཡེ་ཤེས་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ལས་ཀྱི་ཕྱག་རྒྱ་བསྒོམ་པས་ན། ཐབས་ལ་མཁས་པ་ཡིན་ནོ་ཞེས་གསུངས་ཏེ། གང་གི་ཚེ་ཀུན་རྫོབ་ཀྱི་བདེན་པར་ཡང༌། རོའི་རེག་པ་ལ་སོགས་པས་འབུགས་པའི་ནུས་པ་འཇིག་རྟེན་པས་གཟུང་བར་མི་ནུས་པ་དེའི་ཚེ། དོན་དམ་པར་མཐའ་ཡས་པའི་ཡོན་ཏན་གྱི་ཡེ་ཤེས་ཀྱིས་ཅི་ཞིག་ཅེས་པའོ། །འདི་ལས་གསུངས་པ། ཅི་འདིར་ཞེས་པ་ལ་སོགས་པའོ། །དྲི་མ་རང་བཞིན་དུ་ལྷག་པར་གནས་ན། གྲུབ་པར་གྱུར་བ་མ་ཡིན་ནོ་ཞེས་རྟོགས་པར་བྱ་བའི་ཕྱིར། སེམས་ལ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ནི་དམ་བཅའ་བ་བཞི་ཉེ་བར་བསྟན་ལ། གལ་ཏེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ནི། དེ་ཉིད་སྒྲུབ་པར་བྱེད་དོ། །ཡེ་ཤེས་སྟོང་པ་ཉིད་དང་སྦྱོར་བ་ལས། ཅི་དེ་རང་བཞིན་ཆད་པའམ་རྟག་པར་འགྱུར་ཞེས་དོགས་པ་བསལ་བའི་ཕྱིར། ཇི་ལྟར་ཟངས་ཀྱི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་དཔེ་དང་དཔེ་ཅན་གྱི་དབྱེ་བས་ངོ་མཚར་བ་ཉིད་གསུངས་སོ། །དགོངས་པ་ནི་འདི་ཡིན་ཏེ། དྲི་མ་དེ་ཟངས་ཀྱི་ཡིན་ན། དེ་ལས་ཐ་མི་དད་པའམ་ཐ་དད་པ་ཡིན། གལ་ཏེ་ཐ་མི་དད་ན། རོའི་སྦྱོར་བས་དྲི་མ་ཉམས་པ་ན། ཟངས་ཉམས་པར་འགྱུར་ཏེ། དེའི་བདག་ཉིད་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཐ་དད་


DTG013_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཡིན་ན་ཡང༌། ཟངས་ཀྱིའོ་ཞེས་ཅི་ལྟར་ཐོབ་སྟེ། དེ་དང་འབྲེལ་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེས་ན་ཡང་ཇི་ལྟར་ཐ་དད་པ་དང༌། ཐ་མི་དད་པར་བརྗོད་པར་བྱ་སྟེ། དྲི་མ་ཉམས་པ་ལས་གསེར་དུ་སྣང་བ་ནི་བསམ་གྱིས་མི་ཁྱབ་པའོ། །དེ་ཁོ་ན་བཞིན་དུ་སྟོང་པ་ཉིད་ཀྱི་སྦྱོར་བས་མི་ཤེས་པའི་དྲི་མ་དོར་བ་ལས། མཐའ་ཡས་པའི་ཡོན་ཏན་གྱི་ཚོགས་ཀྱི་གནས། འཁོར་བ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པ། རྨི་ལམ་དང་མཚུངས་པ། རྣམ་པར་མི་རྟོག་པ་རྣམ་པ་ཐམས་ཅད་པའི་ཡེ་ཤེས་སོ། །དེ་ལྟར་ཡང་ས་ར་ཧའི་ཞབས་ཀྱིས། རྟོག་པ་ཉམས་པ་བློ་ཉམས་པའི། །བློ་ངན་རྗེས་སུ་རྟོག་བྱེད་ལོ། །བློ་བཟང་རྣམས་ལ་འདི་ཉིད་ལས། །མཁའ་ལས་ལྷག་པར་ཅི་ཡང་འཆར། །ཞེས་སོ། །འགྱུར་མེད་བདེ་བ་ཞེས་པ་ནི། རྣམ་པར་མི་རྟོག་པའི་བདེ་བ་ཆེན་པོ་ལའོ། །ཆགས་བྲལ་ཞེས་པ་ནི། འཁོར་བར་ཆགས་པའི་བག་ཆགས་ཀྱིས་འཕོ་བ་ལ་མངོན་པར་ཞེན་པའོ། །མི་བྱ་ཞེས་པ་ནི། རྗེས་སུ་གནས་པར་མི་བྱ་བ་སྟེ། ཅིའི་ཕྱིར་ན། ཆགས་པའི་བག་ཆགས་ཀྱིས་འཕོ་བ་ནི། འཁོར་བ་འཕེལ་བའི་རྩ་བ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདི་ནི་འཕོས་པ་ལས་ནི་ཞེས་པ་ལ་སོགས་པས་གསུངས་སོ། །བདེ་བ་དོན་དུ་གཉེར་བའི་འཇིག་རྟེན་པས་ཀྱང་འཕོ་བའི་བདེ་བ་འདོད་ཅིང་རེ་བར་བྱ་བ་མ་ཡིན་ན། དེ་ཅི་ལྟར་ན། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་འདོད་པར་བྱ་བ་ཡིན་ཞེས་བྱ་བ་འདི་ནི་ཆགས་ཅན་ཞེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ནོ། །དེའི་ཕྱིར་རྣམ་པར་མི་རྟོག་པའི་བྱང་ཆུབ་ཀྱི་སེམས་འགྱུར་བ་མེད་པའི་རྣལ་འབྱོར་ཁོ་ན་ལས། མ་བརྟགས་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་བསྒྲུབ་པར་བྱ་བ་ཡིན་གྱི། བརྟགས་པའི་ཧཱུཾ་དང༌། ཕཊ་ལ་སོགས་པའི་ཡི་གེ་འགྱུར་བའི་རྣལ་འབྱོར་ལས་ནི་མ་ཡིན་ཏེ། འདི་ནི་ཁུ་བ་ཞེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ནོ། །དོན་དམ་པའི་བདེན་པ་ལས་ནི། སྒྲུབ་པར་བྱེད་པ་དང་བསྒྲུབ་པར་བྱ་བའི་རྟོག་པ་ཡང་ཡོད་པ་མ་


DTG013_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་ཏེ། འདི་ནི་སེམས་ཞེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ནོ། །འདི་ཉིད་ནི་རྣམ་པར་མི་རྟོག་པ་འགྱུར་བ་མེད་པའི་ཡེ་ཤེས་ལས་སྐྱེས་པའི་སྐུའི་ཧཱུཾ་ཡིག་ལ་སོགས་པ་བརྟག་ཅིང་འགྱུར་བའི་ས་བོན་ལས་སྐྱེས་པ་ནི་དེ་ཁོ་ན་ཉིད་ཡིན་པ་འགོག་པ་གསལ་བར་བྱེད་པ་བཅོམ་ལྡན་འདས་ཀྱིས། འགྱུར་མེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ད་ནི་སྟོང་པ་ཞེས་བྱ་བ་ལ་སོགས་པས། རྣམ་པར་མི་རྟོག་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཀུན་རྫོབ་ཀྱི་བདེན་པས་རྒྱུ་དང་འབྲས་བུའི་དངོས་པོ་གསུངས་ཏེ། སྟོང་པ་ལས་བྱུང་ནི། རང་བཞིན་མེད་པ་ལས་སྐྱེས་པ་རྣམ་པ་ཐམས་ཅད་པའི་གཟུགས་སོ། །འགྱུར་མེད་ལས་སྐྱེས་ནི། རྣམ་པར་མི་རྟོག་པ་རྣམ་པ་ཐམས་ཅད་པ་ཕྱག་རྒྱ་ཆེན་མོའི་ཡེ་ཤེས་ལས་སྐྱེས་པའོ། །སྙིང་ཉིད་ཅེས་བྱ་བ་ལ་སོགས་པས་གསུངས་པ་ཁོ་ནའི་དོན་ཏེ། མིང་གཞན་གྱིས་གསལ་བར་བྱེད་པའོ། །སྟོང་པ་ཉིད་ཀྱི་གཟུགས་བརྙན་དང༌། མི་འགྱུར་བའི་ཡེ་ཤེས་དག་ལ་ཆད་པ་དང་རྟག་པ་ཉིད་དུ་དོགས་པ་ནི། མྱ་ངན་ལས་འདས་པ་བྲལ་བའི་ཞེས་བྱ་བ་ལ་སོགས་པས་སེལ་བར་བྱེད་དོ། །ཅི་ལྟར་ན་ཆད་པ་དང་རྟག་པའི་སྐྱོན་དུ་མི་འགྱུར་ཞེས་བྱ་བའི་ལན་ནི། དངོས་མེད་ཅེས་བྱ་བ་ལ་སོགས་པས་གསུངས་ཏེ། དེ་ལ། དངོས་མེད་ལས་བྱུང་མཚན་ཉིད་ཕྱིར། །ཞེས་པ་ནི། རྣལ་འབྱོར་པ་སོ་སོ་རང་གིས་རིག་པ་རང་བཞིན་མེད་པ་ལས་བྱུང་བ་རྣམ་པ་ཐམས་ཅད་པ་སྣང་བཞིན་པ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དངོས་པོ་ལས་བྱུང་མཚན་ཉིད་ཕྱིར། །ཞེས་པ་ནི། གདོད་མ་ནས་མ་སྐྱེས་པ་རྣམ་པ་ཐམས་ཅད་པ་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ། །འདི་ཉིད་ནི། དངོས་མེད་ཅེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ནོ། །གཟུགས་དང་གཟུགས་མིན་རྣམ་དེས་གྲོལ། །ཞེས་པ་ནི། རྟག་པ་དང་ཆད་པ་དང་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་འཛིན་པ་དང་བྲལ་བའོ། །ད་ནི། ཤེས་རབ་ཅེས་པ་ལ་སོགས་པས་སྔར་གསུངས་པའི་རྒྱུ་དང་འབྲས་བུ་དག་མ་བརྟགས་ཤིང་གཉིས་སུ་མེད་པའི་གཟུགས་ཉིད་དུ་གསུངས་ཏེ། ཤེས་རབ་ནི་རྣམ་


DTG013_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ། །རྒྱུ་ཡིད་དོ། །རྒྱུའི་ནི། ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མཚན་ཉིད་ཀྱི་ཕྱིར་རོ། །འབྲས་བུ་ཞེས་པ་ནི། དམིགས་པ་མེད་པའི་སྙིང་རྗེའི་བདག་ཉིད་སངས་རྒྱས་ཉིད་དེ། །འགྲོ་བའི་དོན་བྱེད་པ་པོའོ། །དེ་ལྟར་ཡང་འབུམ་ཕྲག་ལྔ་པའི་ཀྱེ་རྡོ་རྗེ་ལས། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་རྒྱུ་ནི་དང་པོར་ཏེ། །ཕྱི་ནས་དམིགས་མེད་སྙིང་རྗེ་ཡིས། །འགྲོ་བའི་དོན་བྱེད་འབྲས་བུའོ། །ཞེས་སོ། །དེའི་ཕྱིར་རང་བཞིན་གྱིས་མ་གྲུབ་པའི་རྒྱུའི་འབྲས་བུ་ནི། རྒྱུ་ལས་སྐྱེས་པར་མི་འགྱུར་རོ། །འབྲས་བུ་ཞེས་བྱ་བ་ལ་སོགས་པས། རྒྱུ་དང་འབྲས་བུ་ཡོད་ན་རྒྱས་གདབ་པར་བྱ་བ་དང་རྒྱས་འདེབས་པ་པོར་འགྱུར་ན། གང་གི་ཚེ་དེ་དག་ཉིད་ཀྱི་རང་བཞིན་མ་གྲུབ་པ་དེའི་ཚེ་ཅི་ལྟར་ན་དེར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཅི། རྣམ་པ་ཐམས་ཅད་ཉིད་དུ་རྒྱུ་དང་འབྲས་བུའི་དངོས་པོ་མེད་པ་ཡིན་ནམ་ཞེ་ན། འདིར་སྨྲས་པ། རྒྱུ་ཞེས་པ་ལ་སོགས་པ་སྟེ། འདིའི་དགོངས་པ་ནི། རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ཀྱི་རྒྱུ་དང་འབྲས་བུའི་དངོས་པོ་སྒྱུ་མ་ལ་སོགས་པའི་བདེན་པར་བསྒྲུབ་པ་ཀུན་རྫོབ་ཀྱི་བདེན་པར་ཡོད་པ་ཁོ་ནའོ། །དེའི་ཕྱིར་རྒྱུ་དང་འབྲས་བུ་ལ་སོགས་པར་རྟོག་པ་དང་བྲལ་བ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཟུང་དུ་འཇུག་པའི་གཟུགས། བདེ་བ་ཆེན་པོའི་ཡེ་ཤེས་དུས་ཐམས་ཅད་དུ་ཤར་བར་གྱུར་པའོ། །འདི་ཉིད་ནི། ཕན་ཚུན་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་གསུངས་པ་ཡིན་ནོ། །དེ་ལྟར་ཡང་ས་ར་པའི་ཞབས་ཀྱིས་གསུངས་པ། བྱེད་པ་དང་བྲལ་འགྲོ་ལ་རྟག་ཏུ་ཤར། །གང་ཞིག་དུས་སུ་ངེས་པར་གསུངས་པ་ན། །ཐམས་ཅད་མཁྱེན་པའང་ཚིག་གིས་དབུལ་འགྱུར་བ། །བདེ་བའི་རྒྱལ་པོ་གཅིག་པུ་རྒྱལ་གྱུར་ཅིག །ཅེས་པའོ། །གལ་ཏེ་རེ་ཞིག་ཆོས་རྣམས་མ་སྐྱེས་ཤིང་མ་འགགས་པ་ཡིན་ན། དེ་ལ་ཅི་ལྟར་ན། ཤེས་བྱ་དང་ཤེས་པའི་རྣམ་པས་ཐ་སྙད་དུ་གྲུབ་


DTG013_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་འགྱུར་ཞེ་ན། དེའི་ཕྱིར། དེ་ནི་རང་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྨི་ལམ་ལྟ་བུའི་རང་བཞིན་མ་སྐྱེས་པའི་ཤེས་བྱ་མཐོང་བ་ཡང་འདི་ལྟ་བུའོ། །དེ་ལྟར་ན། རྣམ་པར་ཤེས་པ་སྨྲ་བའི་དོན་དམ་པར་ཡོད་པའི་མཚན་ཉིད་དོ་ཞེ་ན། དེའི་ཕྱིར་བདག་གིས་བདག་ཉིད་ལ་ཞེས་བྱ་བ་ལ་སོགས་པས། རྣམ་པར་ཤེས་པར་ཡོད་པ་ཡང་འགོག་པར་བྱེད་བཞིན་དུ་གསུངས་སོ། །མོ་གཤམ་ཞེས་བྱ་བ་ལ་སོགས་པས་ནི། རྣམ་པར་མ་བརྟགས་པ་རྣམ་པ་ཐམས་ཅད་པའི་གཟུགས་བརྙན་ལས་སྐྱེས་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གཟུགས་དཔེ་དང་བཅས་པ་གསུངས་པའོ། །དགོངས་པ་ནི་འདི་ཡིན་ཏེ། ཇི་ལྟར་རྨི་ལམ་དུ་རང་བཞིན་གྱིས་མ་སྐྱེས་པའི་སྣང་བའི་མོ་གཤམ་གྱི་བུ་མོ་དང་འགྲོགས་པས། སེམས་ཅན་ཅི་ཡང་རུང་བས་བདེ་བ་མྱོང་བར་འགྱུར་རོ། །དེ་བཞིན་དུ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས། རང་བཞིན་གྱིས་མ་སྐྱེས་ཤིང་རྣམ་པར་མི་རྟོག་པ་རྣམ་པ་ཐམས་ཅད་པའི་གཟུགས་བརྙན་དང་གཅིག་ཏུ་འདྲེས་པར་གྱུར་པ། མ་བརྟགས་པའི་བདེ་བ་ཆེན་པོ་མྱོང་བར་འགྱུར་རོ། །ད་ནི་ཤེས་རབ་མ་ཡིན་ཞེས་བྱ་བ་ལ་སོགས་པས་རྣམ་པར་མི་རྟོག་པའི་བདེ་བ་ཆེན་པོའི་ཡེ་ཤེས་འདི་ཉིད་ཀྱི་ཁྱད་པར་དེ་དང་དེ་གསུངས་སོ། །ད་ནི་རང་བྱུང་ཞེས་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས། སེམས་ཅན་གྱི་བསམ་པས། རྒྱུད་གཞན་དུ་གསུངས་པའི་བདེ་བ་ཆེན་པོའི་ཡེ་ཤེས་འདི་ཉིད་ཀྱི་མཐར་ཐུག་པ་ཐོབ་པའི་སྣ་ཚོགས་པའི་མིང་མདོར་བསྟན་པའི་ཚིག་གསུངས་ནས། རྡོ་རྗེ་མི་ཕྱེད་ཅེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ནི་མདོར་བསྟན་པའི་ཚིག་འདི་རྒྱས་པར་བཤད་པ་གསུངས་སོ། །འདིར་བསྡུས་པའི་དོན་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ཐུགས་དང་གསུང་དང་སྐུ་ཡོངས་སུ་དག་པ། རྒྱུ་མཐུན་པ་དང་རྣམ་པར་སྨིན་པ་དང་སྐྱེས་བུ་བྱད་པ་དང་དྲི་མ་དང་བྲལ་བ་ཉིད་ཀྱི་བདག་ཉིད་ཅན། ལྷན་ཅིག་སྐྱེས་པ་དང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རང་བཞིན་རིགས་བཞི་ཡོངས་སུ་དག་པ། རྡོ་རྗེ་སེམས་དཔའ་དང་བྱང་ཆུབ་


DTG013_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སེམས་དཔའ་དང་སེམས་དཔའ་ཆེན་པོ་རྣམས་དམ་ཚིག་སེམས་དཔའི་རང་བཞིན་དུ་གསུངས་སོ། །རིགས་བཞི་པོ་འདི་ཉིད་ཀྱིས་རྒྱུད་གཞན་དུ་སྣ་ཚོགས་པ་རིགས་བཞིར་སྡོམ་པའི་དབྱེ་བ་ཤེས་པར་བྱའོ། །དེ་བཞིན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་མེ་དང་ནམ་མཁའ་དང་ས་དང་རླུང་དང་ཆུའི་ཁམས་ཡོངས་སུ་དག་པ། ཡེ་ཤེས་དང་ཚོར་བ་དང་རྣམ་པར་ཤེས་པ་དང་གཟུགས་དང་འདུ་བྱེད་དང་འདུ་ཤེས་ཀྱི་ཕུང་པོའི་བདག་ཉིད་ཅན། སེར་སྣ་ཆེན་པོ་དང༌། འདོད་ཆགས་ཆེན་པོ་དང༌། ཞེ་སྡང་ཆེན་པོ་དང༌། གཏི་མུག་ཆེན་པོ་དང༌། ཁྲོ་བ་ཆེན་པོ་དང༌། འདོད་པ་ཆེན་པོ་ཡོངས་སུ་དག་པའི་རྡོ་རྗེ་སེམས་དཔའ་དང༌། རིན་ཆེན་འབྱུང་ལྡན་དང༌། མི་བསྐྱོད་པ་དང༌། རྣམ་པར་སྣང་མཛད་དང༌། དོན་ཡོད་གྲུབ་པ་དང༌། འོད་དཔག་མེད་དེ། དེ་བཞིན་གཤེགས་པ་དྲུག་རྣམ་པར་དག་པ་རིགས་དྲུག་ཏུ་གསུངས་སོ། །རིགས་བཞི་དང་རིགས་དྲུག་འདི་ཉིད་ཀྱི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ལ་ཁྱབ་པ་སྟེ། རིགས་བཞི་དང་རིགས་དྲུག་གི་དབྱེ་བ་ཁོ་ན་བཤད་པ་ཡིན་ནོ། །སྐུ་ཞེས་པ་ལ་སོགས་པ་རྣམས་ཀྱིས་ནི་དཀྱིལ་འཁོར་གསུམ་གསུངས་སོ། །གསང་བའི་དབང་པོ་ནི་གསུང་རྡོ་རྗེའོ། །ཟླ་བ་ཞེས་པ་ནི། ཟླ་བ་བཟང་པོ་ལ་བོད་པའོ། །དབང་མདོར་བསྟན་པའི་མདོར་བཤད་པ། །བདག་གིས་བྲིས་ལས་དགེ་བ་གང༌། །ཐོབ་དེས་རྡོ་རྗེ་སེམས་དཔའ་ཡི། །གོ་འཕང་སྐྱེ་བོས་ཐོབ་པར་ཤོག །སཱ་ཧཱུ་པུ་ཏྲ་དཔལ་འཛིན་དགའ་བས་མཛད་པའི་དབང་མདོར་བསྟན་པའི་མདོར་བཤད་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་གནས་བརྟན་བྱང་ཆུབ་སེམས་དཔའ་ནགས་ཀྱི་རིན་ཆེན་གྱི་ཞལ་སྔ་ནས་དང༌། ལོ་ཙཱ་བའི་ཆ་ཤས་སུ་གྱུར་པ་གཞོན་ནུ་དཔལ་གྱིས། ཆོས་འཁོར་དཔལ་བསམ་ཡས་ཀྱི་དབེན་གནས་དམ་པ་མཆིམས་ཕུའི་དབེན་གནས་སུ་བསྒྱུར་བའོ། །