cover

སྡེ་དགེའི་བསྟན་འགྱུར་པོད་གོ་དྲུག་པ།

དབུ་མ། ཙ༽

Nitartha Publication

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ།
འཕགས་པ་ཀླུ་སྒྲུབ།


DTG096_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །པྲ་ཛྙཱ་ནཱ་མ་མཱུ་ལ་མ་དྷྱཱ་མ་ཀ་ཀཱ་རི་ཀ །བོད་སྐད་དུ། །དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །རྐྱེན་རྣམ་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། །རྐྱེན་ལྔ་པ་ནི་ཡོད་མ་ཡིན། །དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་ལ་ཡོད་མ་ཡིན། །བདག་གི་དངོས་པོ་ཡོད་མིན་ན། །གཞན་དངོས་ཡོད་པ་མ་ཡིན་ནོ། །བྱ་བ་རྐྱེན་དང་ལྡན་པ་ཡིན། །རྐྱེན་དང་མི་ལྡན་བྱ་བ་མེད། །བྱ་བ་མི་ལྡན་རྐྱེན་


DTG096_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན། །བྱ་བ་ལྡན་ཡོད་འོན་ཏེ་ན། །འདི་དག་ལ་བརྟེན་སྐྱེ་བས་ན། །དེ་ཕྱིར་འདི་དག་རྐྱེན་ཅེས་གྲག །ཇི་སྲིད་མི་སྐྱེ་དེ་སྲིད་དུ། །འདི་དག་རྐྱེན་མིན་ཇི་ལྟར་མིན། །མེད་དམ་ཡོད་པའི་དོན་ལ་ཡང༌། །རྐྱེན་ནི་རུང་བ་མ་ཡིན་ཏེ། །མེད་ན་གང་གི་རྐྱེན་དུ་འགྱུར། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །གང་ཚེ་ཆོས་ནི་ཡོད་པ་དང༌། །མེད་དང་ཡོད་མེད་མི་འགྲུབ་པ། །ཇི་ལྟར་སྒྲུབ་བྱེད་རྒྱུ་ཞེས་བྱ། །དེ་ལྟ་ཡིན་ན་མི་རིགས་སོ། །ཡོད་པའི་ཆོས་འདི་དམིགས་པ་ནི། །མེད་པ་ཁོ་ན་ཉེ་བར་བསྟན། །ཅི་སྟེ་ཆོས་ནི་དམིགས་མེད་ན། །དམིགས་པ་ཡོད་པར་ག་ལ་འགྱུར། །ཆོས་རྣམས་སྐྱེས་པ་མ་ཡིན་ན། །འགག་པ་འཐད་པར་མི་འགྱུར་རོ། །དེ་ཕྱིར་དེ་མ་ཐག་མི་རིགས། །འགགས་ན་རྐྱེན་ཡང་གང་ཞིག་ཡིན། །དངོས་པོ་རང་བཞིན་མེད་རྣམས་ཀྱི། །ཡོད་པ་གང་ཕྱིར་ཡོད་མིན་ན། །འདི་ཡོད་པས་ན་འདི་འབྱུང་ཞེས། །བྱ་བ་འདི་ནི་འཐད་མ་ཡིན། །རྐྱེན་རྣམས་སོ་སོ་འདུས་པ་ལ། །འབྲས་བུ་དེ་ནི་མེད་པ་ཉིད། །རྐྱེན་རྣམས་ལ་ནི་གང་མེད་པ། །དེ་ནི་རྐྱེན་ལས་ཇི་ལྟར་སྐྱེ། །ཅི་སྟེ་དེ་ནི་མེད་པར་ཡང༌། །རྐྱེན་དེ་དག་ལས་སྐྱེ་འགྱུར་ན། །རྐྱེན་མ་ཡིན་པ་དག་ལས་ཀྱང༌། །ཅི་ཡི་ཕྱིར་ན་སྐྱེ་མི་འགྱུར། །འབྲས་བུ་རྐྱེན་གྱི་རང་བཞིན་ན། །རྐྱེན་རྣམས་བདག་གི་རང་


DTG096_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མིན། །བདག་དངོས་མིན་ལས་འབྲས་བུ་གང༌། །དེ་ནི་ཇི་ལྟར་རྐྱེན་རང་བཞིན། །དེ་ཕྱིར་རྐྱེན་གྱི་རང་བཞིན་མིན། །རྐྱེན་མིན་རང་བཞིན་འབྲས་བུ་ནི། །ཡོད་མིན་འབྲས་བུ་མེད་པས་ན། །རྐྱེན་མིན་རྐྱེན་དུ་ག་ལ་འགྱུར། །རྐྱེན་བརྟག་པ་ཞེས་བྱ་བ་སྟེ། །རབ་ཏུ་བྱེད་པ་དང་པོའོ།། །། རེ་ཞིག་སོང་ལ་མི་འགྲོ་སྟེ། །མ་སོང་བ་ལའང་འགྲོ་བ་མིན། །སོང་དང་མ་སོང་མ་གཏོགས་པར། །བགོམ་པ་ཤེས་པར་མི་འགྱུར་རོ། །གང་ན་གཡོ་བ་དེ་ན་འགྲོ། །དེ་ཡང་གང་གི་བགོམ་པ་ལ། །གཡོ་བ་སོང་མིན་མ་སོང་མིན། །དེ་ཕྱིར་བགོམ་ལ་འགྲོ་བ་ཡོད། །བགོམ་ལ་འགྲོ་བ་ཡིན་པར་ནི། །ཇི་ལྟ་བུར་ན་འཐད་པར་འགྱུར། །གང་ཚེ་འགྲོ་བ་མེད་པ་ཡི། །བགོམ་པ་འཐད་པ་མེད་ཕྱིར་རོ། །གང་གི་བགོམ་པ་ལ་འགྲོ་བ། །དེ་ཡི་བགོམ་ལ་འགྲོ་མེད་པར། །ཐལ་བར་འགྱུར་ཏེ་གང་གི་ཕྱིར། །བགོམ་ལ་འགྲོ་བ་ཡིན་ཕྱིར་རོ། །བགོམ་ལ་འགྲོ་བ་ཡོད་ན་ནི།། འགྲོ་བ་གཉིས་སུ་ཐལ་འགྱུར་ཏེ། །གང་གིས་དེ་བགོམ་འགྱུར་བ་དང༌། །དེ་ལ་འགྲོ་བ་གང་ཡིན་པའོ། །འགྲོ་བ་གཉིས་སུ་ཐལ་འགྱུར་ན། །འགྲོ་བ་པོ་ཡང་གཉིས་སུ་འགྱུར། །གང་ཕྱིར་འགྲོ་པོ་མེད་པར་ནི། །འགྲོ་བ་འཐད་པར་མི་འགྱུར་ཕྱིར། །གལ་ཏེ་འགྲོ་པོ་མེད་གྱུར་ན། །འགྲོ་བ་འཐད་པར་མི་འགྱུར་ཏེ། །འགྲོ་བ་མེད་ན་འགྲོ་བ་པོ། །ཡོད་པ་ཉིད་དུ་ག་ལ་འགྱུར། །རེ་ཞིག་འགྲོ་པོ་མི་འགྲོ་སྟེ། །འགྲོ་བ་པོ་མིན་འགྲོ་བ་མིན། །འགྲོ་པོ་འགྲོ་པོ་མིན་ལས་གཞན། །གསུམ་པ་གང་ཞིག་འགྲོ་བར་འགྱུར། །གང་ཚེ་འགྲོ་བ་མེད་པར་ནི། །འགྲོ་པོ་འཐད་པར་མི་འགྱུར་ན། །རེ་ཞིག་འགྲོ་པོ་འགྲོའོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །གང་གི་ཕྱོགས་ལ་འགྲོ་བ་པོ། །འགྲོ་བ་དེ་ལ་འགྲོ་མེད་པའི། །འགྲོ་པོ་ཡིན་པར་ཐལ་འགྱུར་ཏེ། །འགྲོ་པོ་འགྲོ་བར་འདོད་ཕྱིར་རོ། །གལ་ཏེ་འགྲོ་པོ་འགྲོ་གྱུར་ན། །འགྲོ་བ་གཉིས་སུ་ཐལ་འགྱུར་ཏེ། །གང་གིས་འགྲོ་པོར་མངོན་པ་དང༌། །འགྲོ་པོར་གྱུར་ནས་གང་འགྲོ་བའོ། །སོང་ལ་འགྲོ་བའི་རྩོམ་མེད་དེ། །མ་སོང་བ་ལའང་འགྲོ་རྩོམ་མེད། །བགོམ་ལ་རྩོམ་པ་ཡོད་མིན་ན། །གང་དུ་འགྲོ་བ་རྩོམ་པར་བྱེད། །འགྲོ་བ་རྩོམ་པའི་སྔ་རོལ་ན། །གང་དུ་འགྲོ་བ་རྩོམ་འགྱུར་བ། །བགོམ་པ་མེད་ཅིང་སོང་བ་མེད། །མ་སོང་


DTG096_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ག་ལ་ཡོད། །འགྲོ་རྩོམ་རྣམ་པ་ཐམས་ཅད་དུ། །སྣང་བ་མེད་པ་ཉིད་ཡིན་ན། །སོང་བ་ཅི་ཞིག་བགོམ་པ་ཅི། །མ་སོང་ཅི་ཞིག་རྣམ་པར་བརྟག །རེ་ཞིག་འགྲོ་པོ་མི་སྡོད་དེ། །འགྲོ་བ་པོ་མིན་སྡོད་པ་མིན། །འགྲོ་པོ་འགྲོ་པོ་མིན་ལས་གཞན། །གསུམ་པ་གང་ཞིག་སྡོད་པར་འགྱུར། །གང་ཚེ་འགྲོ་བ་མེད་པར་ནི། །འགྲོ་པོ་འཐད་པར་མི་འགྱུར་ན། །རེ་ཞིག་འགྲོ་པོ་སྡོད་དོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །བགོམ་ལམ་ལྡོག་པར་མི་འགྱུར་ཏེ། །སོང་དང་མ་སོང་ལས་ཀྱང་མིན། །འགྲོ་བ་དང་ནི་འཇུག་པ་དང༌། །ལྡོག་པ་ཡང་ནི་འགྲོ་དང་མཚུངས། །འགྲོ་བ་དེ་དང་འགྲོ་བ་པོ། །དེ་ཉིད་ཅེས་ཀྱང་བྱར་མི་རུང༌། །འགྲོ་བ་དང་ནི་འགྲོ་བ་པོ། །གཞན་ཉིད་ཅེས་ཀྱང་བྱར་མི་རུང༌། །གལ་ཏེ་འགྲོ་བ་གང་ཡིན་པ། །དེ་ཉིད་འགྲོ་པོ་ཡིན་གྱུར་ན། །བྱེད་པ་པོ་དང་ལས་ཉིད་ཀྱང༌། །གཅིག་པ་ཉིད་དུ་ཐལ་བར་འགྱུར། །གལ་ཏེ་འགྲོ་དང་འགྲོ་བ་པོ། །གཞན་པ་ཉིད་དུ་རྣམ་བརྟག་ན། །འགྲོ་པོ་མེད་པའི་འགྲོ་བ་དང༌། །འགྲོ་བ་མེད་པའི་འགྲོ་པོར་འགྱུར། །གང་དག་དངོས་པོ་གཅིག་པ་དང༌། །དངོས་པོ་གཞན་པ་ཉིད་དུ་ནི། །གྲུབ་པར་གྱུར་པ་ཡོད་མིན་ན། །དེ་གཉིས་གྲུབ་པ་ཇི་ལྟར་ཡོད། །འགྲོ་པ་གང་གིས་འགྲོ་པོར་མངོན། །འགྲོ་བ་དེ་ནི་དེ་འགྲོ་མིན། །གང་ཕྱིར་འགྲོ་བའི་སྔ་རོལ་མེད། །གང་ཞིག་གང་དུ་འགྲོ་བར་འགྱུར། །འགྲོ་བ་གང་གི་འགྲོ་པོར་མངོན། །དེ་ལས་གཞན་པ་དེ་འགྲོ་མིན། །གང་ཕྱིར་འགྲོ་པོ་གཅིག་པུ་ལ། །འགྲོ་བ་གཉིས་སུ་མི་འཐད་དོ། །འགྲོ་པོ་ཡིན་པར་གྱུར་པ་ནི། །འགྲོ་རྣམ་གསུམ་དུ་འགྲོ་མི་བྱེད། །མ་ཡིན་པར་ནི་གྱུར་དེ་ཡང༌། །འགྲོ་རྣམ་གསུམ་དུ་འགྲོ་མི་བྱེད། །ཡིན་དང་མ་ཡིན་གྱུར་པ་ཡང༌། །འགྲོ་རྣམ་གསུམ་དུ་འགྲོ་མི་བྱེད། །དེ་ཕྱིར་འགྲོ་དང་འགྲོ་པོ་དང༌། །བགྲོད་པར་བྱ་བའང་ཡོད་མ་ཡིན། །འགྲོ་བ་དང་འོང་བ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །།ལྟ་དང་ཉན་དང་སྣོམ་པ་དང༌། །མྱོང་བར་བྱེད་དང་རེག་བྱེད་ཡིད། །དབང་པོ་དྲུག་སྟེ་དེ་དག་གི །སྤྱོད་ཡུལ་བལྟ་བར་བྱ་ལ་སོགས། །ལྟ་དེ་རང་གི་བདག་ཉིད་ནི། །དེ་ལ་ལྟ་བ་མ་ཡིན་ཉིད། །གང་ཞིག་བདག་ལ་མི་ལྟ་བ། །དེ་དག་གཞན་ལ་ཇི་ལྟར་ལྟ།།


DTG096_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར། །མེ་ཡི་དཔེས་ནི་ནུས་མ་ཡིན། །སོང་དང་མ་སོང་བསྒོམ་པ་ཡིས། །དེ་ནི་ལྟ་བཅས་ལན་བཏབ་པོ། །གང་ཚེ་ཅུང་ཟད་མི་ལྟ་བ། །ལྟ་བར་བྱེད་པ་མ་ཡིན་ནོ། །ལྟ་བས་ལྟ་བར་བྱེད་ཅེས་བྱར། །དེ་ནི་ཇི་ལྟར་རིགས་པར་འགྱུར། །ལྟ་བ་ལྟ་ཉིད་མ་ཡིན་ཏེ། །ལྟ་བ་མིན་པ་མི་ལྟ་ཉིད། །ལྟ་བ་ཉིད་ཀྱིས་ལྟ་བ་པོའང༌། །རྣམ་པར་བཤད་པར་ཤེས་པར་བྱ། །མ་སྤངས་ལྟ་པོ་ཡོད་མིན་ཏེ། །ལྟ་བ་སྤངས་པར་གྱུར་ཀྱང་ངོ༌། །ལྟ་པོ་མེད་ན་བལྟ་བྱ་དང༌། །ལྟ་བདེ་དག་ག་ལ་ཡོད། །བལྟ་བྱ་ལྟ་བ་མེད་པའི་ཕྱིར། །རྣམ་པར་ཤེས་པ་ལ་སོགས་བཞི། །ཡོད་མིན་ཉེ་བར་ལེན་ལ་སོགས། །ཇི་ལྟ་བུར་ན་ཡོད་པར་འགྱུར། །ལྟ་བས་ཉན་དང་སྣོམ་པ་དང༌། །མྱོང་བར་བྱེད་དང་རེག་བྱེད་ཡིད། །ཉན་པ་པོ་དང་མཉན་ལ་སོགས། །རྣམ་པར་བཤད་པར་ཤེས་པར་བྱ། །དབང་པོ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གསུམ་པའོ།། །།གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ནི་དམིགས་པར་མི་འགྱུར་རོ། །གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ༌། །གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ན་གཟུགས་ནི་རྒྱུ་མེད་པར། །ཐལ་བར་གྱུར་ཏེ་དོན་གང་ཡང༌། །རྒྱུ་མེད་པ་ནི་གང་ནའང་མེད། །གལ་ཏེ་གཟུགས་ནི་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཞིག་ཡོད་ན་ནི། །འབྲས་བུ་མེད་པའི་རྒྱུར་འགྱུར་ཏེ། །འབྲས་བུ་མེད་པའི་རྒྱུ་མེད་དོ། །གཟུགས་ཡོད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །གཟུགས་མེད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །རྒྱུ་མེད་པ་ཡི་གཟུགས་དག་ནི། །འཐད་པར་མི་རུང་རུང་མིན་ཉིད། །དེ་ཕྱིར་གཟུགས་ཀྱི་རྣམ་པར་རྟོག །འགའ་ཡང་རྣམ་པར་བརྟག་མི་བྱ། །འབྲས་བུ་རྒྱུ་དང་འདྲ་བ་ཞེས། །བྱ་བ་འཐད་པ་མ་ཡིན་ཏེ། །འབྲས་བུ་རྒྱུ་དང་མི་འདྲ་ཞེས། །བྱ་བའང་འཐད་པ་མ་ཡིན་ནོ། །ཚོར་དང་འདུ་ཤེས་འདུ་བྱེད་དང༌། །སེམས་དང་དངོས་པོ་ཐམས་ཅད་ཀྱང༌། །རྣམ་པ་དག་ནི་ཐམས་ཅད་དུ། །གཟུགས་ཉིད་ཀྱིས་ནི་རིམ་པ་མཚུངས། །སྟོང་པ་ཉིད་ཀྱིས་བརྩད་བྱས་ཏེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་


DTG096_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །སྟོང་པ་ཉིད་ཀྱིས་བཤད་བྱས་ཚེ། །གང་ཞིག་སྐྱོན་འདོགས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་སྐྱོན་བཏགས་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཕུང་པོ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཞི་པའོ།། །།ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །གལ་ཏེ་མཚན་ལས་སྔ་གྱུར་ན། །མཚན་ཉིད་མེད་པར་ཐལ་བར་འགྱུར། །མཚན་ཉིད་མེད་པའི་དངོས་པོ་ནི། །འགའ་ཡང་གང་ནའང་ཡོད་མ་ཡིན། །མཚན་ཉིད་མེད་པའི་དངོས་མེད་ན། །མཚན་ཉིད་གང་དུ་འཇུག་པར་འགྱུར། །མཚན་ཉིད་མེད་ལ་མཚན་ཉིད་ནི། །མི་འཇུག་མཚན་ཉིད་བཅས་ལ་མིན། །མཚན་བཅས་མཚན་ཉིད་མེད་པ་ལས། །གཞན་ལའང་འཇུག་པར་མི་འགྱུར་རོ། །མཚན་ཉིད་འཇུག་པ་མ་ཡིན་ན། །མཚན་གཞི་འཐད་པར་མི་འགྱུར་རོ། །མཚན་གཞི་འཐད་པ་མ་ཡིན་ན། །མཚན་ཉིད་ཀྱང་ནི་ཡོད་མ་ཡིན། །དེ་ཕྱིར་མཚན་གཞི་ཡོད་མིན་ཏེ། །མཚན་ཉིད་ཡོད་པ་ཉིད་མ་ཡིན། །མཚན་གཞི་མཚན་ཉིད་མ་གཏོགས་པའི། །དངོས་པོ་ཡང་ནི་ཡོད་མ་ཡིན། །དངོས་པོ་ཡོད་པ་མ་ཡིན་ན། །དངོས་མེད་གང་གི་ཡིན་པར་འགྱུར། དངོས་དང་དངོས་མེད་མི་མཐུན་ཆོས། །གང་གིས་དངོས་དང་དངོས་མེད་ཤེས། །དེ་ཕྱིར་ནམ་མཁའ་དངོས་པོ་མིན། །དངོས་མེད་མ་ཡིན་མཚན་གཞི་མིན། །མཚན་ཉིད་མ་ཡིན་ཁམས་ལྔ་པོ། །གཞན་གང་དག་ཀྱང་ནམ་མཁའ་མཚུངས། །བློ་ཆུང་གང་དག་དངོས་རྣམས་ལ། །ཡོད་པ་ཉིད་དང་མེད་ཉིད་དུ། །ལྟ་བ་དེ་ནི་བལྟ་བྱ་བ། །ཉེ་བར་ཞི་བ་ཞི་མི་མཐོང༌། །ཁམས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ལྔ་པའོ།། །།གལ་ཏེ་འདོད་ཆགས་སྔ་རོལ་ན། །འདོད་ཆགས་མེད་པའི་ཆགས་ཡོད་ན། །དེ་ལ་བརྟེན་ནས་འདོད་ཆགས་ཡོད། །ཆགས་ཡོད་འདོད་ཆགས་ཡོད་པར་འགྱུར། །ཆགས་པ་ཡོད་པར་འགྱུར་ནའང༌། །འདོད་ཆགས་ཡོད་པར་ག་ལ་འགྱུར། །ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །འདོད་ཆགས་དང་ནི་ཆགས་པ་དག །ལྷན་ཅིག་ཉིད་དུ་སྐྱེ་མི་རིགས། །འདི་ལྟར་འདོད་ཆགས་ཆགས་པ་དག །


DTG096_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཚུན་ལྟོས་པ་མེད་པར་འགྱུར། །གཅིག་ཉིད་ལྷན་ཅིག་ཉིད་མེད་དེ། །དེ་ཉིད་དེ་དང་ལྷན་ཅིག་མིན། །ཅི་སྟེ་ཐ་དད་ཉིད་ཡིན་ན། །ལྷན་ཅིག་ཉིད་དུ་ཇི་ལྟར་འགྱུར། །གལ་ཏེ་གཅིག་པུ་ལྷན་ཅིག་ན། །གྲོགས་མེད་པ་ཡང་དེ་འགྱུར་རོ། །གལ་ཏེ་ཐ་དད་ལྷན་ཅིག་ན། །གོགས་མེད་པར་ཡང་དེར་འགྱུར་རོ། །གལ་ཏེ་ཐ་དད་ལྷན་ཅིག་ན། །ཅི་གོ་འདོད་ཆགས་ཆགས་པ་དག །ཐ་དད་ཉིད་དུ་གྲུབ་འགྱུར་རམ། །དེས་ན་དེ་གཉིས་ལྷན་ཅིག་འགྱུར། །གལ་ཏེ་འདོད་ཆགས་ཆགས་པ་དག །ཐ་དད་ཉིད་དུ་གྲུབ་གྱུར་ན། །དེ་དག་ལྷན་ཅིག་ཉིད་དུ་ནི། །ཅི་ཡི་ཕྱིར་ན་ཡོངས་སུ་རྟོག །ཐ་དད་གྲུབ་པར་མ་གྱུར་པས། །དེ་ཕྱིར་ལྷན་ཅིག་འདོད་བྱེད་ན། །ལྷན་ཅིག་རབ་ཏུ་གྲུབ་པའི་ཕྱིར། །ཐ་དད་ཉིད་དུ་ཡང་འདོད་དམ། །ཐ་དད་དངོས་པོ་མ་གྲུབ་པས། །ལྷན་ཅིག་དངོས་པོ་འགྲུབ་མི་འགྱུར། །ཐ་དད་དངོས་པོ་གང་ཡོད་ན། །ལྷན་ཅིག་དངོས་པོར་འདོད་པར་བྱེད། །དེ་ལྟར་འདོད་ཆགས་ཆགས་པ་དག །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །འདོད་ཆགས་བཞིན་དུ་ཆོས་རྣམས་ཀུན། །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །འདོད་ཆགས་དང་ཆགས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དྲུག་པའོ།། །། གལ་ཏེ་སྐྱེ་བ་འདུས་བྱས་ན། །དེ་ལ་མཚན་ཉིད་གསུམ་ལྡན་འགྱུར། །ཅི་སྟེ་སྐྱེ་བ་འདུས་མ་བྱས། །ཇི་ལྟར་འདུས་བྱས་མཚན་ཉིད་ཡིན། །སྐྱེ་ལ་སོགས་གསུམ་སོ་སོ་ཡིས། །འདུས་བྱས་མཚན་ཉིད་བྱ་བར་ནི། །ནུས་མིན་གཅིག་ལ་དུས་གཅིག་ཏུ། །འདུས་པ་ཡང་ནི་ཇི་ལྟར་རུང། །སྐྱེ་དང་གནས་དང་འཇིག་རྣམས་ལ། །འདུས་བྱས་མཚན་ཉིད་གཞན་ཞིག་ནི། །གལ་ཏེ་ཡོད་ན་ཐུག་མེད་འགྱུར། །མེད་ན་དེ་དག་འདུས་བྱས་མིན། །སྐྱེ་བའི་སྐྱེ་བས་རྩ་བ་ཡི། །སྐྱེ་བ་འབའ་ཞིག་སྐྱེད་པར་བྱེད། །རྩ་བའི་སྐྱེ་བས་སྐྱེ་བ་ཡི། །སྐྱེ་བའང་སྐྱེད་པར་བྱེད་པ་ཡིན། །གལ་ཏེ་ཁྱོད་ཀྱི་སྐྱེ་བའི་སྐྱེས། །རྩ་བའི་སྐྱེ་བ་སྐྱེད་བྱེད་ན། །ཁྱོད་ཀྱི་རྩ་བས་མ་བསྐྱེད་དེས། །དེ་ནི་ཇི་ལྟར་སྐྱེད་པར་བྱེད། །གལ་ཏེ་ཁྱོད་ཀྱི་རྩ་བ་ཡིས། །བསྐྱེད་པ་དེ་ཡིས་རྩ་སྐྱེད་ན། །དེས་མ་བསྐྱེད་པའི་རྩ་བ་དེས། །དེ་ནི་ཇི་ལྟར་སྐྱེད་པར་བྱེད། །གལ་ཏེ་མ་སྐྱེས་པ་དེ་ཡིས། །དེ་


DTG096_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་པར་ནི་བྱེད་ནུས་ན། །ཁྱོད་ཀྱི་སྐྱེ་བཞིན་པ་དེ་ཡིས། །དེ་སྐྱེད་པར་ནི་འདོད་ལ་རག །ཇི་ལྟར་མར་མེ་རང་དང་གཞན། །སྣང་བར་བྱེད་པ་དེ་བཞིན་དུ། །སྐྱེ་བའང་རང་དང་གཞན་གྱི་དངོས། །གཉིས་ཀ་སྐྱེད་པར་བྱེད་ཡིན་ན། །མར་མེ་དང་ནི་གང་དག་ན། །དེ་འདུག་པ་ན་མུན་པ་མེད། །མར་མེས་ཅི་ཞིག་སྣང་བར་བྱེད། །མུན་པ་སེལ་བས་སྣང་བྱེད་ཡིན། །གང་ཚེ་མར་མེ་སྐྱེ་བཞིན་པ། །མུན་པ་དང་ནི་ཕྲད་མེད་ན། །ཇི་ལྟར་མར་མེ་སྐྱེ་བཞིན་པས། །མུན་པ་སེལ་བར་བྱེད་པ་ཡིན། །མར་མེ་ཕྲད་པ་མེད་པར་ཡང༌། །གལ་ཏེ་མུན་པ་སེལ་བྱེད་ན་།འཇིག་རྟེན་ཀུན་ན་གནས་པའི་མུན། །འདི་ན་གནས་པ་ངེས་སེལ་འགྱུར། །མར་མེ་རང་དང་གཞན་གྱི་དངོས། །གལ་ཏེ་སྣང་བར་བྱེད་འགྱུར་ན། །མུན་པའང་རང་དང་གཞན་གྱི་དངོས། །སྒྲིབ་པར་འགྱུར་བར་ཐེ་ཚོམ་མེད། །སྐྱེ་བ་འདི་ནི་མ་སྐྱེས་པས། །རང་གི་བདག་ཉིད་ཇི་ལྟར་སྐྱེད། །ཅི་སྟེ་སྐྱེས་པས་སྐྱེད་བྱེད་ན། །སྐྱེས་ན་ཅི་ཞིག་བསྐྱེད་དུ་ཡོད། །སྐྱེས་དང་མ་སྐྱེས་སྐྱེ་བཞིན་པ། །ཇི་ལྟ་བུར་ཡང་མི་སྐྱེད་པ། །དེ་ནི་སོང་དང་མ་སོང་དང༌། །བགོམ་པས་རྣམ་པར་བཤད་པ་ཡིན། །གང་ཚེ་སྐྱེ་བ་ཡོད་པ་ན། །སྐྱེ་བཞིན་འདི་འབྱུང་མེད་པའི་ཚེ། །ཇི་ལྟར་སྐྱེ་ལ་བརྟེན་ནས་ནི། །སྐྱེ་བཞིན་ཞེས་ནི་བརྗོད་པར་བྱ། །རྟེན་ཅིང་འབྱུང་བ་གང་ཡིན་པ། །དེ་ནི་ངོ་བོ་ཉིད་ཀྱིས་ཞི། །དེ་ཕྱིར་སྐྱེ་བཞིན་ཉིད་དང་ནི། །སྐྱེ་བ་ཡང་ནི་ཞི་བ་ཉིད། །གལ་ཏེ་དངོས་པོ་མ་སྐྱེས་པ། །འགའ་ཞིག་གང་ན་ཡོད་གྱུར་ན། །དེ་ནི་སྐྱེ་འགྱུར་དངོས་པོ་དེ། །མེད་ན་ཅི་ཞིག་སྐྱེ་བར་འགྱུར། །གལ་ཏེ་སྐྱེ་བ་དེ་ཡིས་ནི། །སྐྱེ་བཞིན་པ་ནི་སྐྱེད་བྱེད་ན། །སྐྱེ་བ་དེ་ནི་སྐྱེ་བ་ལྟ། །གང་ཞིག་གིས་ནི་སྐྱེད་པར་བྱེད། །གལ་ཏེ་སྐྱེ་བ་གཞན་ཞིག་གིས། །དེ་སྐྱེད་ཐུག་པ་མེད་པར་འགྱུར། །ཅི་སྟེ་སྐྱེ་བ་མེད་སྐྱེ་ན། །ཐམས་ཅད་དེ་བཞིན་སྐྱེ་བར་འགྱུར། །རེ་ཤིག་ཡོད་དང་མེད་པ་ཡང༌། །སྐྱེ་བར་རིགས་པ་མ་ཡིན་ཞིང༌། །ཡོད་མེད་ཉིད་ཀྱང་མ་ཡིན་ཞེས། །གོང་དུ་བསྟན་པ་ཉིད་ཡིན་ནོ། །དངོས་པོ་འགག་བཞིན་ཉིད་ལ་ནི། །སྐྱེ་བ་འཐད་པར་མི་འགྱུར་རོ། །གང་ཞིག་འགག་བཞིན་མ་ཡིན་པ། །དེ་ནི་དངོས་པོར་མི་འཐད་དོ། །དངོས་པོ་གནས་པ་མི་གནས་ཏེ། །དངོས་པོ་


DTG096_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

མི་གནས་གནས་པ་མིན། །གནས་བཞིན་པ་ཡང་མི་གནས་ཏེ། །མ་སྐྱེས་གང་ཞིག་གནས་པར་འགྱུར། །དངོས་པོ་འགག་བཞིན་ཉིད་ལ་ནི། །གནས་པ་འཐད་པར་མི་འགྱུར་རོ། །གང་ཞིག་འགག་བཞིན་མ་ཡིན་པ། །དེ་ནི་དངོས་པོར་མི་འཐད་དོ། །དངོས་པོ་ཐམས་ཅད་དུས་ཀུན་དུ། །རྒ་དང་འཆི་བའི་ཆོས་ཡིན་ན། །གང་དག་རྒ་དང་འཆི་མེད་པར། །གནས་པའི་དངོས་པོ་གང་ཞིག་ཡོད། །གནས་པ་གནས་པ་གཞན་དང་ནི། །དེ་ཉིད་ཀྱིས་ཀྱང་གནས་མི་རིགས། །ཇི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་བསྐྱེད་པ་མ་ཡིན་བཞིན། །འགགས་པ་འགག་པར་མི་འགྱུར་ཏེ། །མ་འགགས་པ་ཡང་འགག་མི་འགྱུར། །འགག་བཞིན་པ་ཡང་དེ་བཞིན་མིན། །མ་སྐྱེས་གང་ཞིག་འགག་པར་འགྱུར། །རེ་ཞིག་དངོས་པོ་གནས་པ་ལ། །འགག་པ་འཐད་པར་མི་འགྱུར་རོ། །དངོས་པོ་མི་གནས་པ་ལ་ཡང༌། །འགག་པ་འཐད་པར་མི་འགྱུར་རོ། །གནས་སྐབས་དེ་ཡིས་གནས་སྐབས་ནི། །དེ་ཉིད་འགག་པ་ཉིད་མི་འགྱུར། །གནས་སྐབས་གཞན་གྱིས་གནས་སྐབས་ནི། །གཞན་ཡང་འགག་པ་ཉིད་མི་འགྱུར། །གང་ཚེ་ཆོས་རྣམས་ཐམས་ཅད་ཀྱི། །སྐྱེ་བ་འཐད་པར་མི་འགྱུར་པ། །དེ་ཚེ་ཆོས་རྣམས་ཐམས་ཅད་ཀྱི། །འགག་པ་འཐད་པར་མི་འགྱུར་རོ། །རེ་ཞིག་དངོས་པོ་ཡོད་པ་ལ། །འགག་པ་འཐད་པར་མི་འགྱུར་རོ། །གཅིག་ཉིད་ན་ནི་དངོས་པོ་དང༌། །དངོས་པོ་མེད་པ་འཐད་པ་མེད། །དངོས་པོ་མེད་པར་གྱུར་པ་ལའང༌། །འགག་པ་འཐད་པར་མི་འགྱུར་རོ། །མགོ་གཉིས་པ་ལ་ཇི་ལྟར་ནི། །གཅད་དུ་མེད་པ་དེ་བཞིན་ནོ། །འགག་པ་རང་གི་བདག་ཉིད་ཀྱིས། །ཡོད་མིན་འགག་པ་གཞན་གྱིས་མིན། །ཇི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་སྐྱེད་པ་མ་ཡིན་བཞིན། །སྐྱེ་དང་གནས་དང་འཇིག་པ་དག །མ་གྲུབ་ཕྱིར་ན་འདུས་བྱས་མེད། །འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་འགྲུབ། །རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པ་གསུངས། །སྐྱེ་བ་དང་གནས་པ་དང་འཇིག་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བདུན་པའོ།། །།བྱེད་པོ་ཡིན་པར་གྱུར་པ་དེ། །ལས་


DTG096_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་པ་མི་བྱེད་དོ། །བྱེད་པོ་མ་ཡིན་གྱུར་པ་ཡང༌། །ལས་སུ་མ་གྱུར་མི་བྱེད་དོ། །ཡིན་པར་གྱུར་ལ་བྱ་བ་མེད། །བྱེད་པོ་མེད་པའི་ལས་སུའང་འགྱུར། །ཡིན་པའང་གྱུར་ལ་བྱ་བ་མེད། །ལས་མེད་བྱེད་པ་པོར་ཡང་འགྱུར། །གལ་ཏེ་བྱེད་པོར་མ་གྱུར་པ། །ལས་སུ་མ་གྱུར་བྱེད་ན་ནི། །ལས་ལ་རྒྱུ་ནི་མེད་པར་འགྱུར། །བྱེད་པ་པོ་ཡང་རྒྱུ་མེད་འགྱུར། །རྒྱུ་མེད་ན་ནི་འབྲས་བུ་དང༌། །རྒྱུ་ཡང་འཐད་པར་མི་འགྱུར་རོ། །དེ་མེད་ན་ནི་བྱ་བ་དང༌། །བྱེད་པ་པོ་དང་བྱེད་མི་རིགས། །བྱ་བ་ལ་སོགས་མི་རིགས་ན། །ཆོས་དང་ཆོས་མིན་ཡོད་མ་ཡིན། །ཆོས་དང་ཆོས་མིན་མེད་ན་ནི། །དེ་ལས་བྱུང་བའི་འབྲས་བུ་མེད། །འབྲས་བུ་མེད་ན་ཐར་པ་དང༌། །མཐོ་རིས་འགྱུར་པའི་ལམ་མི་འཐད། །བྱ་བ་དག་ནི་ཐམས་ཅད་ཀྱང༌། །དོན་མེད་ཉིད་དུ་ཐལ་བར་འགྱུར། །བྱེད་པ་པོར་གྱུར་མ་གྱུར་པ། །གྱུར་མ་གྱུར་དེ་མི་བྱེད་དེ། །ཡིན་དང་མ་ཡིན་གྱུར་ཅིག་ལ། །ཕན་ཚུན་འགལ་བས་ག་ལ་ཡོད། །བྱེད་པ་པོར་ནི་གྱུར་པ་ཡིས། །མ་གྱུར་ལས་ནི་མི་བྱེད་དེ། །མ་གྱུར་པས་ཀྱང་གྱུར་མི་བྱེད། །འདིར་ཡང་སྐྱོན་དེར་ཐལ་བར་འགྱུར། །བྱེད་པ་པོར་ནི་གྱུར་པ་དང༌། །བཅས་པ་ལས་ནི་མ་གྱུར་དང༌། །གྱུར་མ་གྱུར་པ་མི་བྱེད་དེ། །གཏན་ཚིགས་གོང་དུ་བསྟན་ཕྱིར་རོ། །བྱེད་པ་པོར་ནི་མ་གྱུར་པས། །ལས་ནི་གྱུར་དང་བཅས་པ་དང༌། །གྱུར་མ་གྱུར་པ་མི་བྱེད་དེ། །གཏན་ཚིགས་གོང་དུ་བསྟན་ཕྱིར་རོ། །བྱེད་པ་པོར་གྱུར་མ་གྱུར་ནི། །ལས་སུ་གྱུར་དང་མ་གྱུར་པ། །མི་བྱེད་འདི་ཡང་གཏན་ཚིགས་ནི། །གོང་དུ་བསྟན་པས་ཤེས་པར་བྱ། །བྱེད་པ་པོ་ལས་བརྟེན་བྱས་ཤིང༌། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ༌། །དེ་བཞིན་ཉེར་ལེན་ཤེས་པར་བྱ། །ལས་དང་བྱེད་པོ་བསལ་ཕྱིར་རོ། །བྱེད་པ་པོ་དང་ལས་དག་གིས། །དངོས་པོ་ལྷག་མ་ཤེས་པར་བྱ། །བྱེད་པ་པོ་དང་ལས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བརྒྱད་པའོ།། །།ལྟ་དང་ཉན་ལ་སོགས་པ་དང༌། །ཚོར་སོགས་དང་ཡང་དབང་བྱས་པ། །གང་གི་ཡིན་པ་དེ་དག་གི །སྔ་རོལ་དེ་ཡོད་ཁ་ཅིག་སྨྲ། །དངོས་པོ་ཡོད་པ་མ་ཡིན་ན། །ལྟ་བ་ལ་སོགས་ཇི་ལྟར་འགྱུར། །


DTG096_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་དེ་དག་སྔ་རོལ་ན། །དངོས་པོ་གནས་པ་དེ་ཡོད་དོ། །ལྟ་དང་ཉན་ལ་སོགས་པ་དང༌། །ཚོར་བ་ལ་སོགས་ཉིད་ཀྱི་ནི། །སྔ་རོལ་དངོས་པོ་གང་གནས་པ། །དེ་ནི་གང་གིས་གདགས་པར་བྱ། །ལྟ་བ་ལ་སོགས་མེད་པར་ཡང༌། །གལ་ཏེ་དེ་ནི་གནས་གྱུར་ན། །དེ་མེད་པར་ཡང་དེ་དག་ནི། །ཡོད་པར་འགྱུར་བར་ཐེ་ཚོམ་མེད། །ཅི་ཡིས་གང་ཞིག་གསལ་བར་བྱེད། །གང་གིས་ཅི་ཞིག་གསལ་བར་བྱེད། །ཅི་མེད་གང་ཞིག་ག་ལ་ཡོད། །གང་མེད་ཅི་ཞིག་ག་ལ་ཡོད། །ལྟ་ལ་སོགས་པ་ཐམས་ཅད་ཀྱི། །སྔ་རོལ་གང་ཞིག་ཡོད་པ་མིན། །ལྟ་སོགས་ནང་ནས་གཞན་ཞིག་གིས། །གཞན་གྱི་ཚེ་ན་གསལ་བར་བྱེད། །ལྟ་ལ་སོགས་པ་ཐམས་ཅད་ཀྱི། །སྔ་རོལ་གལ་ཏེ་ཡོད་མིན་ན། །ལྟ་ལ་སོགས་པ་རེ་རེ་ཡི། །སྔ་རོལ་དེ་ནི་ཇི་ལྟར་ཡོད། །ལྟ་པོ་དེ་ཉིད་ཉན་པོ་དེ། །གལ་ཏེ་ཚོར་པོའང་དེ་ཉིད་ན། །རེ་རེའི་སྔ་རོལ་ཡོད་གྱུར་ན། །དེ་ནི་དེ་ལྟར་མི་རིགས་སོ། །གལ་ཏེ་ལྟ་པོ་གཞན་ཉིད་ལ། །ཉན་པ་པོ་གཞན་ཚོར་གཞན་ན། །ལྟ་པོ་ཡོད་ཚེ་ཉན་པོར་འགྱུར། །བདག་ཀྱང་མང་པོ་ཉིད་དུ་འགྱུར། །ལྟ་དང་ཉན་ལ་སོགས་པ་དང༌། །ཚོར་བ་དག་ལ་སོགས་པ་དང༌། །གང་ལས་འགྱུར་བའི་འབྱུང་དེ་ལའང༌། །དེ་ནི་ཡོད་པ་མ་ཡིན་ནོ། །ལྟ་དང་ཉན་ལ་སོགས་པ་དང༌། །ཚོར་བ་དག་ལ་སོགས་པ་ཡང༌། །གང་གི་ཡིན་པ་གལ་ཏེ་མེད། །དེ་དག་ཀྱང་ནི་ཡོད་མ་ཡིན། །གང་ཞིག་ལྟ་ལ་སོགས་པ་ཡི། །སྔ་རོལ་ད་ལྟ་ཕྱི་ན་མེད། །དེ་ལ་ཡོད་དོ་མེད་དོ་ཞེས། །རྟོག་པ་དག་ནི་ལྡོག་པར་འགྱུར། །སྔ་རོལ་ན་གནས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དགུ་པའོ།། །།བུད་ཤིང་གང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །རྟག་ཏུ་འབར་བ་ཉིད་དུ་འགྱུར། །འབར་བྱེད་རྒྱུ་ལས་མི་འབྱུང་ཞིང༌། །རྩོམ་པ་དོན་མེད་ཉིད་དུ་འགྱུར། །དེ་ལྟ་ཡིན་ན་ལས་ཀྱང་མེད། །གཞན་ལ་ལྟོས་པ་མེད་པའི་ཕྱིར། །འབར་བར་བྱེད་རྒྱུ་ལས་མི་འབྱུང༌། །རྟག་ཏུ་འབར་བ་ཡིན་ན་ནི། །རྩོམ་པ་དོན་མེད་ཉིད་དུ་འགྱུར། །དེ་ལ་གལ་ཏེ་འདི་སྙམ་དུ། །སྲེག་བཞིན་བུད་ཤིང་ཡིན་སེམས་ན། །གང་ཚེ་དེ་ཙམ་དེ་ཡིན་ན། །གང་གིས་


DTG096_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བུད་ཤིང་དེ་སྲེག་བྱེད། །གཞན་ཕྱིར་མི་ཕྲད་ཕྲད་མེད་ན། །སྲེག་པར་མི་འགྱུར་མི་སྲེག་ན། །འཆི་བར་མི་འགྱུར་མི་འཆི་ན། །རང་རྟགས་དང་ཡང་ལྡན་པར་གནས། །ཇི་ལྟར་བུད་མེད་སྐྱེས་པ་དང༌། །སྐྱེས་པའང་བུད་མེད་ཕྲད་པ་བཞིན། །གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་དང་ཕྲད་དུ་རུང་བར་འགྱུར། །གལ་ཏེ་མེ་དང་ཤིང་དག་ནི། །གཅིག་གིས་གཅིག་ནི་བསལ་གྱུར་ན། །ཤིང་ལས་མེ་གཞན་ཉིད་ཡིན་ཡང༌། །ཤིང་དང་ཕྲད་པར་འདོད་ལ་རག །གལ་ཏེ་ཤིང་ལྟོས་མེ་ཡིན་ལ། །གལ་ཏེ་མེ་ལྟོས་ཤིང་ཡིན་ན། །གང་ལྟོས་མེ་དང་ཤིང་འགྱུར་བ། །དང་པོར་གྲུབ་པ་གང་ཞིག་ཡིན། །གལ་ཏེ་ཤིང་ལྟོས་མེ་ཡིན་ན། །མེ་གྲུབ་པ་ལ་སྒྲུབ་པར་འགྱུར། །བུད་པར་བྱ་བའི་ཤིང་ལ་ཡང༌། །མེ་མེད་པར་ནི་འགྱུར་པ་ཡིན། །གལ་ཏེ་དངོས་པོ་གང་ལྟོས་འགྲུབ། །དེ་ཉིད་ལ་ཡང་ལྟོས་ནས་ནི། །ལྟོས་བྱ་གང་ཡིན་དེ་འགྲུབ་ན། །གང་ལ་ལྟོས་ནས་གང་ཞིག་འགྲུབ། །དངོས་པོ་ལྟོས་གྲུབ་གང་ཡིན་པ། །དེ་མ་གྲུབ་ན་ཇི་ལྟར་ལྟོས། །ཅི་སྟེ་གྲུབ་པ་ལྟོས་ཤེ་ན། །དེ་ནི་ལྟོས་པར་མི་རིགས་སོ། །ཤིང་ལ་ལྟོས་པའི་མེ་མེད་དེ། །ཤིང་ལ་མ་ལྟོས་མེ་ཡང་མེད། །མེ་ལ་ལྟོས་པའི་ཤིང་མེད་དེ། །མེ་ལ་མ་ལྟོས་ཤིང་ཡང་མེད། །མེ་ནི་གཞན་ལས་མི་འོང་སྟེ། །ཤིང་ལའང་མེ་ནི་ཡོད་མ་ཡིན། །དེ་བཞིན་ཤིང་གི་ལྷག་མ་ནི། །སོང་དང་མ་སོང་བགོམ་པས་བསྟན། །ཤིང་ཉིད་མེ་ནི་མ་ཡིན་ཏེ། །ཤིང་ལས་གཞན་ལ་མེ་ཡང་མེད། །མེ་ནི་ཤིང་དང་ལྡན་མ་ཡིན། །མེ་ལ་ཤིང་མེད་དེར་དེ་མེད། །མ་དང་ཤིང་གིས་བདག་དང་ནི། །ཉེ་བར་ལེན་པའི་རིམ་པ་ཀུན། །བུམ་རྣམ་སོགས་དང་ལྷན་ཅིག་ཏུ། །མ་ལུས་པར་ནི་རྣམ་པར་བཤད། །གང་དག་བདག་དང་དངོས་པོ་རྣམས། །དེ་བཅས་ཉིད་དང་ཐ་དད་པར། །སྟོན་པ་དེ་དག་བསྟན་དོན་ལ། །མཁས་སོ་སྙམ་དུ་མི་སེམས་སོ། །མེ་དང་བུད་ཤིང་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་པའོ།། །།སྔོན་མཐའ་མངོན་ནམ་ཞེས་ཞུས་ཚེ། །ཐུབ་པ་ཆེན་པོས་མིན་ཞེས་གསུངས། །འཁོར་བ་ཐོག་མ་མཐའ་མེད་དེ། །དེ་ལ་སྔོན་མེད་ཕྱི་མ་མེད། །གང་ལ་ཐོག་མེད་མཐའ་མེད་པར། །


DTG096_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དབུས་ནི་ག་ལ་ཡོད། །དེ་ཕྱིར་དེ་ལ་སྔ་ཕྱི་དང༌། །ལྷན་ཅིག་རིམ་པ་མི་འཐད་དོ། །གལ་ཏེ་སྐྱེ་བ་སྔ་གྱུར་ལ། །རྒ་ཤི་ཕྱི་མ་ཡིན་ན་ནི། །སྐྱེ་བ་རྒ་ཤི་མེད་པ་དང༌། །མ་ཤི་བར་ཡང་སྐྱེ་བར་འགྱུར། །གལ་ཏེ་སྐྱེ་བ་འཕྱི་འགྱུར་ལ། །རྒ་ཤི་སྔ་བ་ཡིན་ན་ནི། །སྐྱེ་བ་མེད་པའི་རྒ་ཤི་ནི། །རྒྱུ་མེད་པར་ནི་ཇི་ལྟར་འགྱུར། །སྐྱེ་བ་དང་ནི་རྒ་ཤི་དག །ལྷན་ཅིག་རུང་བ་མ་ཡིན་ཏེ། །སྐྱེ་བཞིན་པ་ན་འཆི་འགྱུར་ཞིང༌། །གཉིས་ཀ་རྒྱུ་མེད་ཅན་དུ་འགྱུར། །གང་ལ་སྔ་ཕྱི་ལྷན་ཅིག་གི །རིམ་པ་དེ་དག་མི་སྲིད་པའི། །སྐྱེ་བ་རེ་དང་རྒ་ཤི་དེ། །ཅི་ཡི་ཕྱིར་ན་སྤྲོ་བར་བྱེད། །འཁོར་བ་འབའ་ཞིག་སྔོན་གྱི་མཐའ། །ཡོད་མ་ཡིན་པར་མ་ཟད་ཀྱི། །རྒྱུ་དང་འབྲས་བུ་ཉིད་དང་ནི། །མཚན་ཉིད་དང་ནི་མཚན་གཞི་ཉིད། །ཚོར་དང་ཚོར་པོ་ཉིད་དང་ནི། །དོན་ཡོད་གང་དག་ཅི་ཡང་རུང༌། །དངོས་རྣམས་ཐམས་ཅད་ཉིད་ལ་ཡང༌། །སྔོན་གྱི་མཐའ་ནི་ཡོད་མ་ཡིན། །སྔོན་དང་ཕྱི་མའི་མཐའ་བརྟག་པ་ཞེས་བྱ་སྟེ་རབ་ཏུ་བྱེད་པ་བཅུ་གཅིག་པའོ།། །ཁ་ཅིག་སྡུག་བསྔལ་བདག་གིས་བྱས། །གཞན་གྱིས་བྱས་དང་གཉི་གས་བྱས། །རྒྱུ་མེད་པ་ལས་འབྱུང་བར་འདོད། །དེ་ནི་བྱ་བར་མི་རུང་ངོ༌། །གལ་ཏེ་བདག་གིས་བྱས་གྱུར་ན། །དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །གང་ཕྱིར་ཕུང་པོ་འདི་དག་ལ། །བརྟེན་ནས་ཕུང་པོ་དེ་དག་འབྱུང༌། །གལ་ཏེ་འདི་ལས་དེ་གཞན་ཞིང༌། །གལ་ཏེ་དེ་ལས་འདི་གཞན་ན། །སྡུག་བསྔལ་གཞན་གྱིས་བྱས་འགྱུར་ཞིང༌། །གཞན་དེ་དག་གིས་དེ་བྱས་འགྱུར། །གལ་ཏེ་གང་ཟག་བདག་གིས་ནི། །སྡུག་བསྔལ་བྱས་ན་གང་བདག་གིས། །སྡུག་བསྔལ་བྱས་པའི་གང་ཟག་ནི། །སྡུག་བསྔལ་མ་གཏོགས་གང་ཞིག་ཡིན། །གལ་ཏེ་གང་ཟག་གཞན་ལས་ནི། །སྡུག་བསྔལ་འབྱུང་ན་གཞན་ཞིག་གིས། །སྡུག་བསྔལ་དེ་བྱས་གང་སྦྱིན་དེ། །སྡུག་བསྔལ་མ་གཏོགས་ཇི་ལྟར་རུང༌། །གལ་ཏེ་གང་ཟག་གཞན་སྡུག་བསྔལ། །འབྱུང་ན་གང་གིས་དེ་བྱས་ནས། །གཞན་ལ་སྟེར་བའི་གང་ཟག་གཞན། །སྡུག་བསྔལ་མ་གཏོགས་གང་ཞིག་ཡིན། །བདག་གིས་བྱས་པར་མ་གྲུབ་པས། །སྡུག་བསྔལ་གཞན་གྱིས་ག་ལ་བྱས། །གཞན་གྱིས་སྡུག་བསྔལ་གང་བྱེད་པ། །དེ་ནི་དེ་ཡི་


DTG096_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བྱས་འགྱུར། །རེ་ཞིག་སྡུག་བསྔལ་བདག་བྱས་མིན། །དེ་ཉིད་ཀྱིས་ནི་དེ་མ་བྱས། །གལ་ཏེ་གཞན་བདག་མ་བྱས་ན། །སྡུག་བསྔལ་གཞན་བྱས་ག་ལ་འགྱུར། །གལ་ཏེ་རེ་རེས་བྱས་གྱུར་ན། །སྡུག་བསྔལ་གཉིས་ཀས་བྱས་པར་འགྱུར། །བདག་གིས་མ་བྱས་གཞན་མ་བྱས། །སྡུག་བསྔལ་རྒྱུ་མེད་ག་ལ་འགྱུར། །སྡུག་བསྔལ་འབའ་ཞིག་རྣམ་པ་བཞི། །ཡོད་མ་ཡིན་པར་མ་ཟད་ཀྱི། །ཕྱི་རོལ་དངོས་པོ་དག་ལ་ཡང༌། །རྣམ་པ་བཞི་པོ་ཡོད་མ་ཡིན། །བདག་གིས་བྱས་པ་དང་གཞན་གྱིས་བྱས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གཉིས་པའོ།། །།བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག །སླུ་བ་དེ་ནི་བརྫུན་ཞེས་གསུངས། །འདུ་བྱེད་ཐམས་ཅད་སླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། །གལ་ཏེ་སླུ་ཆོས་གང་ཡིན་པ། །དེ་བརྫུན་དེ་ལ་ཅི་ཞིག་སླུ། །བཅོམ་ལྡན་འདས་ཀྱིས་དེ་གསུངས་པ། །སྟོང་ཉིད་ཡོངས་སུ་བསྟན་པ་ཡིན། །དངོས་རྣམས་ངོ་བོ་ཉིད་མེད་དེ། །གཞན་དུ་འགྱུར་བ་སྣང་ཕྱིར་རོ། །དངོས་པོ་ངོ་བོ་ཉིད་མེད་མེད། །གང་ཕྱིར་དངོས་རྣམས་སྟོང་པ་ཉིད། །གལ་ཏེ་ངོ་བོ་ཉིད་མེད་ན། །གཞན་དུ་འགྱུར་བ་གང་གི་ཡིན། །གལ་ཏེ་ངོ་བོ་ཉིད་ཡོད་ན། །གཞན་དུ་འགྱུར་བར་ཇི་ལྟར་རུང༌། །དེ་ཉིད་ལ་ནི་གཞན་འགྱུར་མེད། །གཞན་ཉིད་ལ་ཡང་ཡོད་མ་ཡིན། །གང་ཕྱིར་གཞོན་ནུ་མི་རྒ་སྟེ། །གང་ཕྱིར་རྒས་པའང་མི་རྒའོ། །གལ་ཏེ་དེ་ཉིད་གཞན་འགྱུར་ན། །འོ་མ་ཉིད་ནི་ཞོར་འགྱུར་རོ། །འོ་མ་ལས་གཞན་གང་ཞིག་ནི། །ཞོ་ཡི་དངོས་པོ་ཡིན་པར་འགྱུར། །གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱུང་བར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །འདུ་བྱེད་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་སུམ་པའོ།། །།བལྟ་བྱ་ལྟ་བ་ལྟ་བ་པོ། །གསུམ་པོ་དེ་དག་གཉིས་གཉིས་དང༌། །ཐམས་ཅད་ཀྱང་ནི་ཕན་ཚུན་དུ། །ཕྲད་པར་འགྱུར་པ་ཡོད་མ་ཡིན། །དེ་བཞིན་འདོད་ཆགས་ཆགས་པ་


DTG096_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དང། །ཆགས་པར་བྱ་བ་ཉོན་མོངས་པ། །ལྷག་མ་རྣམས་དང་སྐྱེ་མཆེད་ཀྱི། །ལྷག་མའང་རྣམ་པ་གསུམ་ཉིད་ཀྱིས། །གཞན་དང་གཞན་དུ་ཕྲད་འགྱུར་ན། །གང་ཕྱིར་བལྟ་བྱ་ལ་སོགས་ལ། །གཞན་དེ་ཡོད་པ་མ་ཡིན་པ། །དེ་ཕྱིར་ཕྲད་པར་མི་འགྱུར་རོ། །བལྟ་བྱ་ལ་སོགས་འབའ་ཞིག་ལ། །གཞན་ཉིད་མེད་པར་མ་ཟད་ཀྱི། །གང་ཡང་གང་དང་ལྷན་ཅིག་ཏུ། །གཞན་པ་ཉིད་དུ་མི་འཐད་དོ། །གཞན་ནི་གཞན་ལ་བརྟེན་ཏེ་གཞན། །གཞན་མེད་པར་གཞན་གཞན་མི་འགྱུར། །གང་ལ་བརྟེན་ཏེ་གང་ཡིན་པ། །དེ་ནི་དེ་ལས་གཞན་མི་འཐད། །གལ་ཏེ་གཞན་ནི་གཞན་ལས་གཞན། །དེ་ཚེ་གཞན་མེད་པར་གཞན་འགྱུར། །གཞན་མེད་པར་ནི་གཞན་འགྱུར་པ། །ཡོད་མིན་དེ་ཡི་ཕྱིར་ན་མེད། །གཞན་ཉིད་གཞན་ལ་ཡོད་མ་ཡིན། །གཞན་མ་ཡིན་ལའང་ཡོད་མ་ཡིན། །གཞན་ཉིད་ཡོད་པ་མ་ཡིན་ན། །གཞན་ནམ་དེ་ཉིད་ཡོད་མ་ཡིན། །དེ་ནི་དེ་དང་ཕྲད་པ་མེད། །གཞན་དང་གཞན་ཡང་ཕྲད་མི་འགྱུར། །ཕྲད་བཞིན་པ་དང་ཕྲད་པ་དང༌། །ཕྲད་པ་པོ་ཡང་ཡོད་མ་ཡིན། །ཕྲད་པ་བརྟག་པ་ཞེས་བྱ་སྟེ་རབ་ཏུ་བྱེད་པ་བཅུ་བཞི་པའོ།། །།རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་བྱས་པ་ཅན་ཞེས་བྱར། །ཇི་ལྟར་བུར་ན་རུང་བར་འགྱུར། །རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །རང་བཞིན་ཡོད་པ་མ་ཡིན་ན། །གཞན་གྱི་དངོས་པོ་ག་ལ་ཡོད། །གཞན་གྱི་དངོས་པོའི་རང་བཞིན་ནི། །གཞན་གྱི་དངོས་པོ་ཡིན་ཞེས་བརྗོད། །རང་བཞིན་དང་ནི་གཞན་དངོས་དག །མ་གཏོགས་དངོས་པོ་ག་ལ་ཡོད། །རང་བཞིན་དང་ནི་དངོས་པོ་དག །ཡོད་ན་དངོས་པོ་འགྲུབ་པར་འགྱུར། །གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་མེད་འགྲུབ་པར་མི་འགྱུར་རོ། །དངོས་པོ་གཞན་དུ་གྱུར་པ་ནི། །དངོས་མེད་ཡིན་པར་སྐྱེ་བོ་སྨྲ། །གང་དག་རང་བཞིན་གཞན་དངོས་དང༌། །དངོས་དང་དངོས་མེད་ཉིད་ལྟ་བ། །དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་


DTG096_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏ་ཡ་ན་ཡི། །གདམ་ངག་ལས་ནི་ཡོད་པ་དང༌། །མེད་པ་གཉིས་ཀའང་དགག་པ་མཛད། །གལ་ཏེ་རང་བཞིན་གྱིས་ཡོད་ན། །དེ་ནི་མེད་ཉིད་མི་འགྱུར་རོ། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པར་མི་འགྱུར་རོ། །རང་བཞིན་ཡོད་པ་མི་ཡིན་ན། །གཞན་དུ་འགྱུར་པ་གང་གི་ཡིན། །རང་བཞིན་ཡོད་པ་ཡིན་ན་ཡང༌། །གཞན་དུ་འགྱུར་བ་ཇི་ལྟར་རུང༌། །ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །གང་ཞིག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །རང་བཞིན་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅོ་ལྔ་པའོ།། །།གལ་ཏེ་འདུ་བྱེད་འཁོར་ཞེ་ན། །དེ་དག་རྟག་ན་མི་འཁོར་ཏེ། །མི་རྟག་ན་ཡང་འཁོར་མི་འགྱུར། །སེམས་ཅན་ལ་ཡང་རིམ་འདི་མཚུངས། །གལ་ཏེ་གང་ཟག་འཁོར་ཞེ་ན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ལ། །དེ་ནི་རྣམ་པ་ལྔས་བཙལ་ན། །མེད་ན་གང་ཞིག་འཁོར་བར་འགྱུར། །ཉེ་བར་ལེན་ནས་ཉེར་ལེན་པར། །འཁོར་ན་སྲིད་པ་མེད་པར་འགྱུར། །སྲིད་མེད་ཉེ་བར་ལེན་མེད་ན། །དེ་གང་ཅི་ཞིག་འཁོར་བར་འགྱུར། །འདུ་བྱེད་མྱ་ངན་འདའ་བར་ནི། །ཇི་ལྟ་བུར་ཡང་མི་འཐད་དོ། །སེམས་ཅན་མྱ་ངན་འདའ་བར་ཡང༌། །ཇི་ལྟ་བུར་ཡང་འཐད་མི་འགྱུར། །སྐྱེ་འཇིག་ཆོས་ཅན་འདུ་བྱེད་རྣམས། །མི་འཆིང་གྲོལ་བར་མི་འགྱུར་ཏེ། །སྔ་མ་བཞིན་དུ་སེམས་ཅན་ཡང༌། །མི་འཆིང་གྲོལ་བར་མི་འགྱུར་རོ། །གལ་ཏེ་ཉེ་བར་ལེན་འཆིང་ན། །ཉེ་བར་ལེན་བཅས་འཆིང་མི་འགྱུར། །ཉེ་བར་ལེན་མེད་མི་འཆིང་སྟེ། །གནས་སྐབས་གང་ཞིག་འཆིང་བར་འགྱུར། །གལ་ཏེ་བཅིང་བྱའི་སྔ་རོལ་ན། །འཆིང་བ་ཡོད་ན་འཆིང་ལ་རག །དེ་ཡང་མེད་དེ་ལྷག་མ་ནི། །སོང་དང་མ་སོང་བགོམ་པས་བསྟན། །རེ་ཞིག་བཅིངས་པ་མི་གྲོལ་ཏེ། །མ་བཅིངས་པ་ཡང་གྲོལ་མི་འགྱུར། །བཅིངས་པ་གྲོལ་བཞིན་ཡིན་འགྱུར་ན། །བཅིངས་དང་གྲོལ་བ་དུས་གཅིག་


DTG096_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །བདག་ནི་ལེན་མེད་མྱ་ངན་འདའ། །མྱང་འདས་བདག་གིར་འགྱུར་རོ་ཞེས། །དེ་ལྟར་གང་དག་འཛིན་དེ་ཡི། །ཉེར་ལེན་འཛིན་པ་ཆེན་པོ་ཡིན། །གང་ལ་མྱ་ངན་འདས་བསྐྱེད་མེད། །འཁོར་བ་བསལ་བའང་ཡོད་མིན་པ། །དེ་ལ་འཁོར་བ་ཅི་ཞིག་ཡིན། །མྱ་ངན་འདས་པའང་ཅི་ཞིག་བརྟག །བཅིངས་པ་དང་ཐར་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་དྲུག་པའོ། །བདག་ཉིད་ལེགས་པར་སྡོམ་པ་དང༌། །གཞན་ལ་ཕན་འདོགས་བྱམས་སེམས་གང༌། །དེ་ཆོས་དེ་ནི་འདི་གཞན་དུ། །འབྲས་བུ་དག་གི་ས་བོན་ཡིན། །དྲང་སྲོང་མཆོག་གིས་ལས་རྣམས་ནི། །སེམས་པ་དང་ནི་བསམ་པར་གསུངས། །ལས་དེ་བདག་གི་བྱེ་བྲག་ནི། །རྣམས་པ་དུ་མར་ཡོངས་སུ་བསྒྲགས། །དེ་ལ་ལས་གང་སེམས་པ་ཞེས། །གསུངས་པ་དེ་ནི་ཡི་ཀྱིར་འདོད། །བསམས་པ་ཞེས་ནི་གང་གསུངས་པ། །དེ་ནི་ལུས་དང་ངག་གིར་ཡིན། །ངག་དང་བསྐྱོད་དང་མི་སྤོང་བའི། །རྣམ་རིག་བྱེད་མིན་ཞེས་བྱ་གང༌། །སྤོང་བའི་རྣམ་རིག་བྱེད་མིན་པ། །གཞན་དག་ཀྱང་ནི་དེ་བཞིན་འདོད། །ལོངས་སྤྱོད་ལས་བྱུང་བསོད་ནམས་དང༌། །བསོད་ནམས་མ་ཡིན་ཚུལ་དེ་བཞིན། །སེམས་པ་དང་ནི་ཆོས་དེ་བདུན། །ལས་སུ་མངོན་པར་འདོད་པ་ཡིན། །གལ་ཏེ་སྨིན་པའི་དུས་བར་དུ། །གནས་ན་ལས་དེ་རྟག་པར་འགྱུར། །གལ་ཏེ་འགགས་ན་འགགས་གྱུར་པ། །ཇི་ལྟར་འབྲས་བུ་སྐྱེ་པར་འགྱུར། །མྱུ་གུ་ལ་སོགས་རྒྱུན་གང་ནི། །ས་བོན་ལས་ནི་མངོན་པར་འབྱུང༌། །དེ་ལས་འབྲས་བུ་ས་བོན་ནི། །མེད་ན་དེ་ཡང་འབྱུང་མི་འགྱུར། །གང་ཕྱིར་ས་བོན་ལས་རྒྱུན་དང༌། །རྒྱུན་ལས་འབྲས་བུ་འབྱུང་འགྱུར་ཞིང༌། །ལས་ནི་འབྲས་བུའི་སྔོན་འགྲོ་བ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །སེམས་ཀྱི་རྒྱུན་ནི་གང་ཡིན་པ། །སེམས་ལས་མངོན་པར་འབྱུང་བར་འགྱུར། །དེ་ལས་འབྲས་བུ་སེམས་ལྟ་ཞིག །མེད་ན་དེ་ཡང་འབྱུང་མི་འགྱུར། །གང་ཕྱིར་སེམས་ལས་རྒྱུན་དང་ནི། །རྒྱུན་ལས་འབྲས་བུ་འབྱུང་འགྱུར་ཞིང༌། །ལས་ནི་འབྲས་བུའི་སྔོན་འགྲོ་བ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །དཀར་པོའི་ལས་ཀྱི་ལམ་བཅུ་པོ། །ཆོས་སྒྲུབ་པ་ཡི་ཐབས་ཡིན་ཏེ། །


DTG096_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་འབྲས་བུ་འདི་གཞན་དུ། །འདོད་པའི་ཡོན་ཏན་རྣམ་ལྔའོ། །གལ་ཏེ་བརྟག་པ་དེར་འགྱུར་ན། །ཉེས་པ་ཆེན་པོ་མང་པོར་འགྱུར། །དེ་ལྟ་བས་ན་བརྟག་པ་དེ། །འདིར་ནི་འཐད་པ་མ་ཡིན་ནོ། །སངས་རྒྱས་རྣམས་དང་རང་རྒྱལ་དང༌། །ཉན་ཐོས་རྣམས་ཀྱིས་གང་གསུངས་པའི། །བརྟག་པ་གང་ཞིག་འདིར་འཐད་པ། །དེ་ནི་རབ་ཏུ་བརྗོད་པར་བྱ། །ཇི་ལྟར་དབང་རྒྱ་དེ་བཞིན་ཆུང༌། །མི་ཟ་ལས་ནི་བུ་ལོན་བཞིན། །དེ་ནི་ཁམས་ལས་རྣམ་པ་བཞི། །དེ་ཡང་རང་བཞིན་ལུང་མ་བསྟན། །སྤོང་བས་སྤང་བ་མ་ཡིན་ཏེ།། བསྒོམ་པས་སྤང་བ་ཉིད་ཀྱང་ཡིན། །དེ་ཕྱིར་ཆུད་མི་ཟ་བ་ཡིས། །ལས་ཀྱི་འབྲས་བུ་སྐྱེད་པར་འགྱུར། །གལ་ཏེ་སྤོང་བས་སྤང་བ་དང༌། །ལས་འཕོ་བ་ཡིས་འཇིག་འགྱུར་ན། །དེ་ལ་ལས་འཇིག་ལ་སོགས་པའི། །སྐྱོན་རྣམས་སུ་ནི་ཐལ་བར་འགྱུར། །ཁམས་མཚུངས་ལས་ནི་ཆ་མཚུངས་དང༌། །ཆ་མི་མཚུངས་པ་ཐམས་ཅད་ཀྱི། །དེ་ནི་ཉིང་མཚམས་སྦྱོར་བའི་ཚེ། །གཅིག་པོ་ཁོ་ན་སྐྱེ་བར་འགྱུར། །མཐོང་བའི་ཆོས་ལ་རྣམ་གཉིས་པོ། །ཀུན་གྱི་ལས་དང་ལས་ཀྱི་དེ། །ཐ་དད་པར་ནི་སྐྱེ་འགྱུར་ཞིང༌། །རྣམ་པར་སྨིན་ཀྱང་གནས་པ་ཡིན། །དེ་ནི་འབྲས་བུ་འཕོ་བ་དང༌། །ཤི་བར་གྱུར་ན་འགག་པར་འགྱུར། །དེ་ཡི་རྣམ་དབྱེ་ཟག་མེད་དང༌། །ཟག་དང་བཅས་པར་ཤེས་པར་བྱ། །སྟོང་པ་ཉིད་དང་ཚད་མེད་དང༌། །འཁོར་བ་དང་ནི་རྟག་པ་མིན། །ལས་རྣམས་ཆུད་མི་ཟ་བའི་ཆོས། །སངས་རྒྱས་ཀྱིས་ནི་བསྟན་པ་ཡིན། །གང་ཕྱིར་ལས་ནི་སྐྱེ་བ་མེད། །འདི་ལྟར་རང་བཞིན་མེད་དེའི་ཕྱིར། །གང་ཕྱིར་དེ་ནི་མ་སྐྱེས་པ། །དེ་ཕྱིར་ཆུད་ཟར་མི་འགྱུར་རོ། །གལ་ཏེ་ལས་ལ་རང་བཞིན་ཡོད། །རྟག་པར་འགྱུར་བར་ཐེ་ཚོམ་མེད། །ལས་ནི་བྱས་པ་མ་ཡིན་འགྱུར། །རྟག་ལ་བྱ་བ་མེད་ཕྱིར་རོ། །ཅི་སྟེ་ལས་ནི་མ་བྱས་ན། །མ་བྱས་པ་དང་ཕྲད་འཇིགས་འགྱུར། །ཚངས་སྤྱོད་གནས་པ་མ་ཡིན་པའང༌། །དེ་ལ་སྐྱོན་དུ་ཐལ་བར་འགྱུར། །ཐ་སྙད་ཐམས་ཅད་ཉིད་དང་ཡང༌། །འགལ་བར་འགྱུར་བར་ཐེ་ཚོམ་མེད། །བསོད་ནམས་དང་ནི་སྡིག་བྱེད་པའི། །


DTG096_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དབྱེ་བའང་འཐད་མི་འགྱུར། །དེ་ནི་རྣམ་སྨིན་སྨིན་འགྱུར་པ། །ཡང་དང་ཡང་དུ་རྣམ་སྨིན་འགྱུར། །གལ་ཏེ་རང་བཞིན་ཡོད་ན་ནི། །གང་ཕྱིར་ལས་གནས་དེ་ཡི་ཕྱིར། །ལས་འདི་ཉོན་མོངས་དག་ཉིད་ལ། ཉོན་མོངས་དེ་དག་ཡང་དག་མིན། །གལ་ཏེ་ཉོན་མོངས་ཡང་དག་མིན། །ལས་ནི་ཡང་དག་ཇི་ལྟར་ཡིན། །ལས་དང་ཉོན་མོངས་པ་དག་ནི། །ལུས་རྣམས་ཀྱི་ནི་རྐྱེན་དུ་བསྟན། །གལ་ཏེ་ལས་དང་ཉོན་མོངས་པ། །དེ་སྟོང་ལུས་ལ་ཇི་ལྟར་བརྗོད། །མ་རིག་བསྒྲིབས་པའི་སྐྱེ་བོ་གང༌། །སྲེད་ལྡན་དེ་མི་ཟ་བ་པོ། །དེ་ཡང་བྱེད་ལས་གཞན་མིན་ཞིང༌། །དེ་ཉིད་དེ་ཡང་མ་ཡིན་ནོ། །གང་གི་ཕྱིར་ན་ལས་འདི་ནི། །རྐྱེན་ལས་བྱུང་བ་མ་ཡིན་ཞིང༌། །རྐྱེན་མིན་ལས་བྱུང་ཡོད་མིན་པ། །དེ་ཕྱིར་བྱེད་པ་པོ་ཡང་མེད། །གལ་ཏེ་ལས་དང་བྱེད་མེད་ན། །ལས་སྐྱེས་འབྲས་བུ་ག་ལ་ཡོད། །ཅི་སྟེ་འབྲས་བུ་ཡོད་མིན་ན། །ཟ་བ་པོ་ལྟ་ག་ལ་ཡོད། །ཇི་ལྟར་སྟོན་པས་སྤྲུལ་པ་ནི། །རྫུ་འཕྲུལ་ཕུན་ཚོགས་ཀྱིས་སྤྲུལ་ཞིང༌། །སྤྲུལ་པ་དེ་ཡང་སྤྲུལ་པ་ན། །སླར་ཡང་གཞན་ནི་སྤྲུལ་པ་ལྟར། །དེ་བཞིན་བྱེད་པོ་དེ་ལས་གང༌། །བྱས་པའང་སྤྲུལ་པའི་རྣམ་པ་བཞིན། །དཔེར་ན་སྤྲུལ་པས་སྤྲུལ་གཞན་ཞིག །སྤྲུལ་པ་མཛད་པ་དེ་བཞིན་ནོ། །ཉོན་མོངས་ལས་དང་ལུས་རྣམས་དང༌། །བྱེད་པ་པོ་དང་འབྲས་བུ་དག །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །ལས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་བདུན་པའོ།། །། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པར་ག་ལ་འགྱུར། །བདག་དང་བདག་གི་ཞི་བའི་ཕྱིར། །ངར་འཛིན་ང་ཡིར་འཛིན་མེད་འགྱུར། །ངར་འཛིན་ང་ཡིར་འཛིན་མེད་གང༌། །དེ་ཡང་ཡོད་པ་མ་ཡིན་ཏེ། །ངར་འཛིན་ང་ཡིར་འཛིན་མེད་པར། །གང་གིས་མཐོང་བས་མི་མཐོང་ངོ༌། །ནང་དང་ཕྱི་རོལ་ཉིད་དག་ལ། །བདག་དང་བདག་གི་སྙམ་ཟད་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང༌། །དེ་ཟད་


DTG096_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན་སྐྱེ་བ་ཟད། །ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང༌། །བདག་མེད་ཅེས་ཀྱང་བསྟན་པར་གྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་རྗེས་བསྟན་པའོ། །གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ། །གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཕྱིར། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །སངས་རྒྱས་འཇིག་རྟེན་མགོན་རྣམས་ཀྱི། །བསྟན་པ་བདུད་རྩིར་གྱུར་པ་དེ། །དོན་གཅིག་མ་ཡིན་ཐ་དད་མིན། ཆད་པ་མ་ཡིན་རྟག་མ་ཡིན། །རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང༌། །ཉན་ཐོས་རྣམས་ནི་ཟད་གྱུར་ཀྱང༌། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །སྟོན་པ་མེད་ལས་རབ་ཏུ་སྐྱེ། །བདག་དང་ཆོས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅྭ་བརྒྱད་པའོ།། །།ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་འདས་ལ་ལྟོས་གྱུར་ན། །ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། །ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་དེ་ན་མེད་གྱུར་ན། །ད་ལྟར་བྱུང་དང་མ་འོངས་པ། །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །འདས་པ་ལ་ནི་མ་ལྟོས་པར། །དེ་གཉིས་གྲུབ་པ་ཡོད་མ་ཡིན། །དེ་ཕྱིར་ད་ལྟར་བྱུང་བ་དང༌། །མ་འོངས་དུས་ཀྱང་ཡོད་མ་ཡིན། །རིམ་པའི་ཚུལ་ནི་འདི་ཉིད་ཀྱིས། །ལྷག་མ་གཉིས་པོ་བསྣོར་བ་དང༌། །མཆོག་དང་ཐ་མ་འབྲིང་ལ་སོགས། །གཅིག་ལ་སོགས་པའང་


DTG096_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱ། །མི་གནས་དུས་ནི་འཛིན་མི་བྱེད། །གང་ཞིག་གཟུང་བར་བྱ་བའི་དུས། །གནས་པ་ཡོད་པ་མ་ཡིན་པས། །མ་བཟུང་དུས་ནི་ཇི་ལྟར་གདགས། །གལ་ཏེ་དུས་ནི་དངོས་བརྟེན་ཏེ། །དངོས་མེད་དུས་ནི་ག་ལ་ཡོད། །དངོས་པོ་འགའ་ཡང་ཡོད་མིན་ན། །དུས་ལྟ་ཡོད་པར་ག་ལ་འགྱུར། །དུས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་དགུ་པའོ།། །།གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ཞིང༌། །ཚོགས་ལ་འབྲས་བུ་ཡོད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ཞིང༌། །ཚོགས་ལ་འབྲས་བུ་མེད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་ལ་འབྲས་བུ་ཡོད་ན་ནི། །ཚོགས་ལ་གཟུང་དུ་ཡོད་རིགས་ན། །ཚོགས་པ་ཉིད་ལ་གཟུང་དུ་མེད། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་ལ་འབྲས་བུ་མེད་ན་ནི། །རྒྱུ་རྣམས་དང་ནི་རྐྱེན་དག་ཀྱང༌། །རྒྱུ་རྐྱེན་མ་ཡིན་མཚུངས་པར་འགྱུར། །གལ་ཏེ་རྒྱུས་ནི་འབྲས་བུ་ལ། །རྒྱུ་བྱིན་ནས་ནི་འགག་འགྱུར་ན། །གང་བྱིན་པ་དང་གང་འགགས་པའི། །རྒྱུ་ཡི་བདག་ཉིད་གཉིས་སུ་འགྱུར། །གལ་ཏེ་རྒྱུས་ནི་འབྲས་བུ་ལ། །རྒྱུ་མ་བྱིན་པར་འགག་འགྱུར་ན། །རྒྱུ་འགགས་ནས་ནི་སྐྱེས་པ་ཡི། །འབྲས་བུ་དེ་དག་རྒྱུ་མེད་འགྱུར། །གལ་ཏེ་ཚོགས་དང་ལྷན་ཅིག་ཏུ། །འབྲས་བུ་ཡང་ནི་སྐྱེ་འགྱུར་ན། །སྐྱེད་པར་བྱེད་དང་བསྐྱེད་བྱ་གང༌། །དུས་གཅིག་པར་ནི་ཐལ་བར་འགྱུར། །གལ་ཏེ་ཚོགས་པའི་སྔ་རོལ་དུ། །འབྲས་བུ་སྐྱེས་པར་གྱུར་ན་ནི། །རྒྱུ་དང་རྐྱེན་རྣམས་མེད་པ་ཡི། །འབྲས་བུ་རྒྱུ་མེད་འབྱུང་བར་འགྱུར། །གལ་ཏེ་རྒྱུ་འགགས་འབྲས་བུ་ན། །རྒྱུ་ནི་ཀུན་ཏུ་འཕོ་བར་འགྱུར། །སྔོན་སྐྱེས་པ་ཡི་རྒྱུ་ཡང་ནི། །ཡང་སྐྱེ་བར་ནི་ཐལ་བར་འགྱུར། །འགགས་པ་ནུབ་པར་གྱུར་པ་ཡིས། །འབྲས་བུ་སྐྱེས་པ་ཇི་ལྟར་སྐྱེད། །འབྲས་བུ་དང་ནི་འབྲེལ་བའི་རྒྱུ། །གནས་པས་ཀྱང་ནི་ཇི་ལྟར་སྐྱེད། །ཅི་སྟེ་རྒྱུ་འབྲས་མ་འབྲེལ་ན། །འབྲས་བུ་གང་ཞིག་སྐྱེད་པར་བྱེད། །རྒྱུས་ནི་མཐོང་དང་མ་མཐོང་བར། །འབྲས་བུ་སྐྱེད་པར་མི་བྱེད་དོ། །འབྲས་བུ་འདས་པ་རྒྱུ་འདས་དང༌། །མ་སྐྱེས་པ་དང་


DTG096_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་དང༌། །ལྷན་ཅིག་ཕྲད་པར་འགྱུར་པ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །འབྲས་བུ་སྐྱེས་པ་རྒྱུ་མ་སྐྱེས། །འདས་པ་དང་ནི་སྐྱེས་པ་དང༌། །ལྷན་ཅིག་ཕྲད་པར་འགྱུར་པ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །འབྲས་བུ་མ་སྐྱེས་རྒྱུ་སྐྱེས་དང༌། །མ་སྐྱེས་པ་དང་འདས་པ་དང༌། །ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །ཕྲད་པ་ཡོད་པ་མ་ཡིན་ན། །རྒྱུས་ནི་འབྲས་བུ་ཇི་ལྟར་སྐྱེད། །ཕྲད་པ་ཡོད་པ་ཡིན་ན་ཡང༌། །རྒྱུས་ནི་འབྲས་བུ་ཇི་ལྟར་སྐྱེད། །གལ་ཏེ་འབྲས་བུས་སྟོང་པའི་རྒྱུས། །ཇི་ལྟར་འབྲས་བུ་སྐྱེད་པར་བྱེད། །གལ་ཏེ་འབྲས་བུས་མི་སྟོང་རྒྱུས། །ཇི་ལྟར་འབྲས་བུ་སྐྱེད་པར་བྱེད། །འབྲས་བུ་མི་སྟོང་སྐྱེ་མི་འགྱུར། །མི་སྟོང་འགག་པར་མི་འགྱུར་རོ། །མི་སྟོང་དེ་ནི་མི་འགགས་དང༌། །མ་སྐྱེས་པར་ཡང་འགྱུར་པ་ཡིན། །སྟོང་པ་ཇི་ལྟར་སྐྱེ་འགྱུར་ཞིང༌། །སྟོང་པ་ཇི་ལྟར་འགག་པར་འགྱུར། །སྟོང་པ་དེ་ཡང་མ་འགགས་དང༌། །མ་སྐྱེས་པར་ཡང་ཐལ་བར་འགྱུར། །རྒྱུ་དང་འབྲས་བུ་གཅིག་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཞན་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཅིག་ཉིད་ན། །བསྐྱེད་བྱ་སྐྱེད་བྱེད་གཅིག་ཏུ་འགྱུར། །རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །འབྲས་བུ་ངོ་བོ་ཉིད་ཡོད་ན། །རྒྱུས་ནི་ཅི་ཞིག་སྐྱེད་པར་བྱེད། །འབྲས་བུ་ངོ་བོ་ཉིད་མེད་ན། །རྒྱུས་ནི་ཅི་ཞིག་སྐྱེད་པར་བྱེད། །སྐྱེད་པར་བྱེད་པ་མ་ཡིན་ན། །རྒྱུ་ཉིད་འཐད་པར་མི་འགྱུར་རོ། །རྒྱུ་ཉིད་འཐད་པ་ཡོད་མིན་ན། །འབྲས་བུ་གང་གི་ཡིན་པར་འགྱུར། །རྒྱུ་རྣམས་དང་ནི་རྐྱེན་དག་གི །ཚོགས་པ་གང་ཡིན་དེ་ཡིན་ནི། །བདག་གིས་བདག་ཉིད་མི་སྐྱེད་ན། །འབྲས་བུ་ཇི་ལྟར་སྐྱེད་པར་བྱེད། །དེ་ཕྱིར་ཚོགས་པས་བྱས་པ་མེད། །ཚོགས་མིན་བྱས་པའི་འབྲས་བུ་མེད། །འབྲས་བུ་ཡོད་པ་མ་ཡིན་ན། །རྐྱེན་གྱི་ཚོགས་པ་ག་ལ་ཡོད། །ཚོགས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་པའོ།། །།འཇིག་པ་འབྱུང་བ་མེད་པར་རམ། །ལྷན་ཅིག་ཡོད་པ་ཉིད་མ་ཡིན། །འབྱུང་བ་འཇིག་པ་མེད་པར་རམ། །ལྷན་ཅིག་ཡོད་པ་ཉིད་མ་ཡིན། །འཇིག་པ་འབྱུང་བ་མེད་པར་ནི། །ཇི་ལྟ་བུར་ན་ཡོད་པར་འགྱུར། །སྐྱེ་བ་མེད་པར་འཆི་བར་འགྱུར། །འཇིག་


DTG096_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབྱུང་བ་མེད་པར་མེད། །འཇིག་པ་འབྱུང་དང་ལྷན་ཅིག་ཏུ། །ཇི་ལྟར་ཡོད་པ་ཉིད་དུ་འགྱུར། །འཆི་བ་སྐྱེ་དང་དུས་གཅིག་ཏུ། །ཡོད་པ་ཉིད་ནི་མ་ཡིན་ནོ། །འབྱུང་བ་འཇིག་པ་མེད་པར་ནི། །ཇི་ལྟ་བུར་ན་ཡོད་པར་འགྱུར། །དངོས་པོ་རྣམས་ལ་མི་རྟག་ཉིད། །ནམ་ཡང་མེད་པ་མ་ཡིན་ནོ། །འབྱུང་བ་འཇིག་དང་ལྷན་ཅིག་ཏུ། །ཇི་ལྟར་ཡོད་པ་ཉིད་དུ་འགྱུར། །སྐྱེ་བ་འཆི་དང་དུས་གཅིག་ཏུ། །ཡོད་པ་ཉིད་ནི་མ་ཡིན་ནོ། །གང་དག་ཕན་ཚུན་ལྷན་ཅིག་གམ། །ཕན་ཚུན་ལྷན་ཅིག་མ་ཡིན་པར། །གྲུབ་པ་ཡོད་པ་མ་ཡིན་པ། །དེ་དག་གྲུབ་པ་ཇི་ལྟར་ཡོད། །ཟད་ལ་འབྱུང་བ་ཡོད་མ་ཡིན། །མ་ཟད་པ་ལའང་འབྱུང་བ་མེད། །ཟད་ལ་འཇིག་པ་ཡོད་མ་ཡིན། །མ་ཟད་པ་ལའང་འཇིག་པ་མེད། །དངོས་པོ་ཡོད་པ་མ་ཡིན་པར། །འབྱུང་དང་འཇིག་པ་ཡོད་མ་ཡིན། །འབྱུང་དང་འཇིག་པ་མེད་པར་ནི། །དངོས་པོ་ཡོད་པ་མ་ཡིན་ནོ། །སྟོང་ལ་འབྱུང་དང་འཇིག་པ་དག །འཐད་པ་ཉིད་ནི་མ་ཡིན་ནོ། །མི་སྟོང་པ་ལའང་འབྱུང་འཇིག་དག །འཐད་པ་ཉིད་ནི་མ་ཡིན་ནོ། །འབྱུང་བ་དང་ནི་འཇིག་པ་དག །གཅིག་པ་ཉིད་དུ་མི་འཐད་དོ། །འབྱུང་བ་དང་ནི་འཇིག་པ་དག །གཞན་ཉིད་དུ་ཡང་མི་འཐད་དོ། །འབྱུང་བ་དང་ནི་འཇིག་པ་དག །མཐོང་ངོ་སྙམ་དུ་ཁྱོད་སེམས་ན། །འབྱུང་བ་དང་ནི་འཇིག་པ་དག །གཏི་མུག་ཉིད་ཀྱིས་མཐོང་བ་ཡིན། །དངོས་པོ་དངོས་ལས་མི་སྐྱེ་སྟེ། །དངོས་པོ་དངོས་མེད་ལས་མི་སྐྱེ། །དངོས་མེད་དངོས་མེད་མི་སྐྱེ་སྟེ། །དངོས་མེད་དངོས་ལས་མི་སྐྱེའོ། །དངོས་པོ་བདག་ལས་མི་སྐྱེ་སྟེ། །གཞན་ལས་སྐྱེ་བ་ཉིད་མ་ཡིན། །བདག་དང་གཞན་ལས་སྐྱེ་བ་ནི། །ཡོད་མིན་ཇི་ལྟར་སྐྱེ་བར་འགྱུར། །དངོས་པོ་ཡོད་པར་ཁས་བླངས་ན། །རྟག་དང་ཆད་པར་ལྟ་བར་ནི། །ཐལ་བར་འགྱུར་ཏེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། །དངོས་པོ་ཡོད་པར་ཁས་བླངས་ཀྱང༌། །ཆད་པར་མི་འགྱུར་རྟག་མི་འགྱུར། །འབྲས་བུ་རྒྱུ་ཡི་འབྱུང་འཇིག་གི །རྒྱུན་དེ་སྲིད་པ་ཡིན་ཕྱིར་རོ། །འབྲས་བུ་རྒྱུ་ཡི་འབྱུང་འཇིག་གི །རྒྱུན་དེ་སྲིད་པ་ཡིན་འགྱུར་ན། །འཇིག་ལ་ཡང་སྐྱེ་མེད་པའི་ཕྱིར། །རྒྱུ་ནི་ཆད་པར་ཐལ་བར་འགྱུར། །དངོས་པོ་ངོ་བོ་ཉིད་ཡོད་ན། །དངོས་མེད་འགྱུར་བར་མི་རིགས་སོ། །


DTG096_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་འདས་པའི་དུས་ན་ཆད། །སྲིད་རྒྱུན་རབ་ཏུ་ཞི་ཕྱིར་རོ། །ཐ་མ་འགགས་པར་གྱུར་པ་ན། །སྲིད་པ་དང་པོ་རིགས་མི་འགྱུར། །ཐ་མ་འགགས་པར་མ་གྱུར་ཚེ། །སྲིད་པ་དང་པོ་རིགས་མི་འགྱུར། །གལ་ཏེ་ཐ་མ་འགག་བཞིན་ན། །དང་པོ་སྐྱེ་བར་འགྱུར་ན་ནི། །འགག་བཞིན་པ་ནི་གཅིག་འགྱུར་ཞིང༌། །སྐྱེ་བཞིན་པ་ཡང་གཞན་དུ་འགྱུར། །གལ་ཏེ་འགག་བཞིན་སྐྱེ་བཞིན་དག །ལྷན་ཅིག་ཏུ་ཡང་རིགས་མིན་ན། །ཕུང་པོ་གང་ལ་འཆི་འགྱུར་བ། །དེ་ལ་སྐྱེ་བ་འབྱུང་འགྱུར་རམ། །དེ་ལྟར་དུས་གསུམ་དག་ཏུ་ཡང། །སྲིད་པའི་རྒྱུན་ནི་མི་རིགས་ན། །དུས་གསུམ་དག་ཏུ་གང་མེད་པ། །དེ་ནི་ཇི་ལྟར་སྲིད་པའི་རྒྱུན། །འབྱུང་བ་དང་འཇིག་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་གཅིག་པའོ།། །།ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེ་དེར་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །གལ་ཏེ་སངས་རྒྱས་ཕུང་པོ་ལ། །བརྟེན་ནས་རང་བཞིན་ལས་ཡོད་མིན། །རང་བཞིན་ལས་ནི་གང་མེད་པ། །དེ་གཞན་དངོས་ལས་ག་ལ་ཡོད། །གང་ཞིག་གཞན་གྱི་དངོས་བརྟེན་ནས། །དེ་བདག་ཉིད་དུ་མི་འཐད་དོ། །གང་ཞིག་བདག་ཉིད་མེད་པ་དེ། །ཇི་ལྟར་དེ་བཞིན་གཤེགས་པར་འགྱུར། །གལ་ཏེ་རང་བཞིན་ཡོད་མིན་ན། །གཞན་དངོས་ཡོད་པར་ཇི་ལྟར་འགྱུར། །རང་བཞིན་དང་ནི་གཞན་དངོས་དག །མ་གཏོགས་དེ་བཞིན་གཤེགས་དེ་གང༌། །གལ་ཏེ་ཕུང་པོ་མ་བརྟེན་པར། །དེ་བཞིན་གཤེགས་པ་འགའ་ཡོད་ན། །དེ་ནི་ད་གདོང་རྟེན་འགྱུར་ཞིང༌། །བརྟེན་ནས་དེ་ནས་འགྱུར་ལ་རག །ཕུང་པོ་རྣམས་ལ་མ་བརྟེན་པར། །དེ་བཞིན་གཤེགས་པ་འགའ་ཡང་མེད། །གང་ཞིག་མ་བརྟེན་ཡོད་མིན་ན། །དེས་ནི་ཇི་ལྟར་ཉེར་ལེན་འགྱུར། །ཉེ་བར་བླངས་པ་མ་ཡིན་པ། །ཉེ་བར་ལེན་པར་ཅིས་མི་འགྱུར། །ཉེ་བར་ལེན་པ་མེད་པ་ཡི། །དེ་བཞིན་གཤེགས་པ་ཅི་ཡང་མེད། །རྣམ་པ་ལྔས་ནི་བཙལ་བྱས་ན། །གང་ཞིག་དེ་ཉིད་གཞན་ཉིད་དུ། །མེད་པའི་དེ་བཞིན་གཤེགས་པ་དེ། །ཉེ་བར་ལེན་པས་ཇི་ལྟར་གདགས། །གང་ཞིག་ཉེ་བར་བླང་བ་དེ། །དེ་ནི་


DTG096_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ལས་ཡོད་མིན། །བདག་གི་དངོས་ལས་གང་མེད་པ། །དེ་གཞན་དངོས་ལས་ཡོད་རེ་སྐན། །དེ་ལྟར་ཉེར་བླང་ཉེར་ལེན་པོ། །རྣམ་པ་ཀུན་གྱིས་སྟོང་པ་ཡིན། །སྟོང་པས་དེ་བཞིན་གཤེགས་སྟོང་པ། །ཇི་ལྟ་བུར་ན་འདོགས་པར་འགྱུར། །སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང༌། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །གང་གིས་དེ་བཞིན་གཤེགས་ཡོད་ཅེས། །འཛིན་པ་སྟུག་པོ་བཟུང་གྱུར་པ། །དེ་ནི་མྱ་ངན་འདས་པ་ལ། །མེད་ཅེས་རྣམ་རྟོག་རྟོག་པར་བྱེད། །རང་བཞིན་གྱིས་ནི་སྟོང་དེ་ལ། །སངས་རྒྱས་མྱ་ངན་འདས་ནས་ནི། །ཡོད་དོ་ཞེའམ་མེད་དོ་ཞེས། །བསམ་པ་འཐད་པ་ཉིད་མི་འགྱུར། །གང་དག་སངས་རྒྱས་སྤྲོས་འདས་ཤིང༌། །ཟད་པ་མེད་ལ་སྤྲོས་བྱེད་པ། །སྤྲོས་པས་ཉམས་པ་དེ་ཀུན་གྱིས། །དེ་བཞིན་གཤེགས་པ་མཐོང་མི་འགྱུར། །དེ་བཞིན་གཤེགས་པའི་རང་བཞིན་གང༌། །དེ་ནི་འགྲོ་འདིའི་རང་བཞིན་ཡིན། །དེ་བཞིན་གཤེགས་པ་རང་བཞིན་མེད། །འགྲོ་བ་འདི་ཡི་རང་བཞིན་མེད། །དེ་བཞིན་གཤེགས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་གཉིས་པའོ།། །།འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཀུན་ཏུ་རྟོག་ལས་འབྱུང་བར་གསུངས། །སྡུག་དང་མི་སྡུག་ཕྱིན་ཅི་ལོག །བརྟེན་པ་ཉིད་ལས་ཀུན་ཏུ་འབྱུང༌། །གང་དག་སྡུག་དང་མི་སྡུག་དང༌། །ཕྱིན་ཅི་ལོག་ལས་བརྟེན་འབྱུང་བ།། དེ་དག་རང་བཞིན་ལས་མེད་དེ། །དེ་ཕྱིར་ཉོན་མོངས་ཡང་དག་མེད། །བདག་གི་ཡོད་ཉིད་མེད་ཉིད་ནི། །ཇི་ལྟ་བུར་ཡང་གྲུབ་པ་མེད། །དེ་མེད་ཉོན་མོངས་རྣམས་ཀྱི་ནི། །ཡོད་ཉིད་མེད་ཉིད་ཇི་ལྟར་འགྲུབ། །ཉོན་མོངས་དེ་དག་གང་གི་ཡིན། །དེ་ཡང་གྲུབ་པ་ཡོད་མ་ཡིན། །འགའ་མེད་པར་ནི་གང་གི་ཡང༌། །ཉོན་མོངས་པ་དག་ཡོད་མ་ཡིན། །རང་ལུས་ལྟ་བཞིན་ཉོན་མོངས་རྣམས། །ཉོན་མོངས་ཅན་ལ་རྣམ་ལྔར་མེད། །རང་ལུས་ལྟ་བཞིན་ཉོན་མོངས་ཅན། །ཉོན་མོངས་པ་ལ་རྣམ་ལྔར་མེད། །སྡུག་དང་མི་སྡུག་ཕྱིན་ཅི་ལོག །རང་བཞིན་ལས་ནི་ཡོད་མིན་ན། །


DTG096_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་དང་མི་སྡུག་ཕྱིན་ཅི་ལོག །བརྟེན་ནས་ཉོན་མོངས་གང་དག་ཡིན། །གཟུགས་སྒྲ་རོ་དང་རེག་པ་དང༌། །དྲི་དང་ཆོས་དག་རྣམ་དྲུག་ནི། །གཞི་སྟེ་འདོད་ཆགས་ཞེ་སྡང་དང༌། །གཏི་མུག་གི་ནི་ཡིན་པར་བརྟགས། །གཟུགས་སྒྲ་རོ་དང་རེག་པ་དང༌། །དྲི་དང་ཆོས་དག་འབའ་ཞིག་སྟེ། །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །སྒྱུ་མའི་སྐྱེས་བུ་ལྟ་བུ་དང༌། །གཟུགས་བརྙན་འདྲ་བ་དེ་དག་ལ། །སྡུག་པ་དང་ནི་མི་སྡུག་པ། །འབྱུང་བར་ཡང་ནི་ག་ལ་འགྱུར། །གང་ལ་བརྟེན་ནས་སྡུག་པ་ཞེས། །གདགས་པར་བྱ་བ་མི་སྡུག་པ། །སྡུག་ལ་མི་ལྟོས་ཡོད་མིན་པས། །དེ་ཕྱིར་སྡུག་པ་འཐད་མ་ཡིན། །གང་ལ་བརྟེན་ནས་མི་སྡུག་པར། །གདགས་པར་བྱ་བ་སྡུག་པ་ནི། །མི་སྡུག་མི་སྟོས་ཡོད་མིན་པས། །དེ་ཕྱིར་མི་སྡུག་འཐད་མ་ཡིན། །སྡུག་པ་ཡོད་པ་མ་ཡིན་ན། །འདོད་ཆགས་ཡོད་པར་ག་ལ་འགྱུར། །མི་སྡུག་ཡོད་པ་མ་ཡིན་ན། །ཞེ་སྡང་ཡོད་པར་ག་ལ་འགྱུར། །གལ་ཏེ་མི་རྟག་རྟག་པ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་མི་རྟག་ཡོད་མིན་པས། །འཛིན་པ་ཇི་ལྟར་ལོག་པ་ཡིན། །གལ་ཏེ་མི་རྟག་རྟག་གོ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་མི་རྟག་པའོ་ཞེས། །འཛིན་པའང་ཇི་ལྟར་ལོག་མ་ཡིན། །གང་གིས་འཛིན་དང་འཛིན་གང་དང༌། །འཛིན་པ་པོ་དང་གང་གཟུང་བ། །ཐམས་ཅད་ཉེ་བར་ཞི་བ་སྟེ། །དེ་ཕྱིར་འཛིན་པ་ཡོད་མ་ཡིན། །ལོག་པའམ་ཡང་དག་ཉིད་དུ་ནི། །འཛིན་པ་ཡོད་པ་མ་ཡིན་ན། །གང་ལ་ཕྱིན་ཅི་ལོག་ཡོད་ཅིང༌། གང་ལ་ཕྱིན་ཅི་མ་ལོག་ཡོད། །ཕྱིན་ཅི་ལོག་ཏུ་གྱུར་པ་ལ། །ཕྱིན་ཅི་ལོག་དག་མི་སྲིད་དེ། །ཕྱིན་ཅི་ལོག་ཏུ་མ་གྱུར་ལ། །ཕྱིན་ཅི་ལོག་དག་མི་སྲིད་དེ། །ཕྱིན་ཅི་ལོག་ཏུ་གྱུར་བཞིན་ལ། །ཕྱིན་ཅི་ལོག་དག་མི་སྲིད་དེ། །གང་ལ་ཕྱིན་ཅི་ལོག་སྲིད་པ། །བདག་ཉིད་ཀྱིས་ནི་རྣམ་པར་དཔྱོད། །ཕྱིན་ཅི་ལོག་རྣམས་མ་སྐྱེས་ན། །ཇི་ལྟ་བུར་ན་ཡོད་པར་འགྱུར། །ཕྱིན་ཅི་ལོག་རྣམས་སྐྱེ་མེད་ན། །ཕྱིན་ཅི་ལོག་ཅན་ག་ལ་ཡོད། །དངོས་པོ་བདག་ལས་མི་སྐྱེ་སྟེ། །གཞན་ལས་སྐྱེ་བ་ཉིད་མ་ཡིན། །བདག་དང་གཞན་ལས་ཀྱང་མིན་ན། །ཕྱིན་ཅི་ལོག་ཅན་ག་


DTG096_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡོད། །གལ་ཏེ་བདག་དང་གཙང་བ་དང༌། །རྟག་དང་བདེ་བ་ཡོད་ན་ནི། །བདག་དང་གཙང་དང་རྟག་པ་དང༌། །བདེ་བ་ཕྱིན་ཅི་ལོག་མ་ཡིན། །གལ་ཏེ་བདག་དང་གཙང་བ་དང༌། །རྟག་དང་བདེ་བ་མེད་ན་ནི། །བདག་མེད་མི་གཙང་མི་རྟག་དང༌། །སྡུག་བསྔལ་ཡོད་པ་མ་ཡིན་ནོ། །དེ་ལྟར་ཕྱིན་ཅི་ལོག་འགགས་པས། །མ་རིག་པ་ནི་འགག་པར་འགྱུར། །མ་རིག་འགགས་པར་གྱུར་ན་ནི། །འདུ་བྱེད་ལ་སོགས་འགག་པར་འགྱུར། །གལ་ཏེ་ལ་ལའི་ཉོན་མོངས་པ། །གང་དག་རང་བཞིན་གྱིས་ཡོད་ན། །ཇི་ལྟ་བུར་ན་སྤོང་བར་འགྱུར། །ཡོད་པ་སུ་ཞིག་སྤོང་བར་བྱེད། །གལ་ཏེ་ལ་ལའི་ཉོན་མོངས་པ། །གང་དག་རང་བཞིན་གྱིས་མེད་ན། །ཇི་ལྟ་བུར་ན་སྤོང་བར་འགྱུར། །མེད་པ་སུ་ཞིག་སྤོང་བར་བྱེད། །ཕྱིན་ཅི་ལོག་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་གསུམ་པའོ།། །། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །འཕགས་པའི་བདེན་པ་བཞི་མེད་པས། །ཡོངས་སུ་ཤེས་དང་སྤོང་བ་དང༌། །སྒོམ་དང་མངོན་དུ་བྱ་བ་དག །འཐད་པར་འགྱུར་པ་མ་ཡིན་ནོ། །དེ་དག་ཡོད་པ་མ་ཡིན་པས། །འབྲས་བུ་བཞི་ཡང་ཡོད་མ་ཡིན། །འབྲས་བུ་མེད་ན་འབྲས་གནས་མེད། །ཞུགས་པ་དག་ཀྱང་ཡོད་མ་ཡིན། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད། །དེ་དག་མེད་ན་དགེ་འདུན་མེད། །འཕགས་པའི་བདེན་རྣམས་མེད་པའི་ཕྱིར། །དམ་པའི་ཆོས་ཀྱང་ཡོད་མ་ཡིན། །ཆོས་དང་དགེ་འདུན་ཡོད་མིན་ན། །སངས་རྒྱས་ཇི་ལྟར་ཡོད་པར་འགྱུར། །དེ་སྐད་སྟོང་པ་ཉིད་སྨྲ་ན། །དཀོན་མཆོག་གསུམ་ལ་གནོད་པ་ནི། །བྱེད་ཅིང་འབྲས་བུ་ཡོད་པ་དང༌། །ཆོས་མ་ཡིན་པ་ཆོས་ཉིད་དང༌། །འཇིག་རྟེན་པ་ཡི་ཐ་སྙད་ནི། །ཀུན་ལའང་གནོད་པ་བྱེད་པ་ཡིན། །དེ་ལ་བཤད་པ་ཁྱོད་ཀྱིས་ནི། །སྟོང་ཉིད་དགོས་དང་སྟོང་ཉིད་དང༌། །སྟོང་ཉིད་དོན་ནི་མ་རྟོགས་པས། །དེ་ཕྱིར་དེ་ལྟར་གནོད་པ་ཡིན། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །


DTG096_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྤྲུལ་ལ་གཟུང་ཉེས་དང༌། །རིག་སྔགས་ཉེས་པར་བསྒྲུབས་པ་བཞིན། །དེ་ཕྱིར་ཞན་པས་ཆོས་འདི་ཡི། །གཏིང་རྟོགས་དཀའ་བར་མཁྱེན་གྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་ལོག་པར་གྱུར་པ་ཡིན། །སྐྱོན་དུ་ཐལ་བར་འགྱུར་བ་ནི། །སྟོང་ལ་འཐད་པ་མ་ཡིན་པས། །ཁྱོད་ནི་སྟོང་ཉིད་སྤོང་བྱེད་པ། །གང་དེ་ང་ལ་མི་འཐད་དོ། །གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མི་འགྱུར། །ཁྱོད་ནི་རང་གི་སྐྱོན་རྣམས་ནི། །ང་ལ་ཡོངས་སུ་སྒྱུར་བྱེད་པ། །རྟ་ལ་མངོན་པར་ཞོན་བཞིན་དུ། །རྟ་ཉིད་བརྗེད་པར་གྱུར་པ་བཞིན། །གལ་ཏེ་དངོས་རྣམས་རང་བཞིན་ལས། །ཡོད་པར་རྗེས་སུ་ལྟ་བྱེད་ན། །དེ་ལྟ་ཡིན་ན་དངོས་པོ་རྣམས། །རྒྱུ་རྐྱེན་མེད་པར་ཁྱོད་ལྟའོ། །འབྲས་བུ་དང་ནི་རྒྱུ་ཉིད་དང༌། །བྱེད་པ་པོ་དང་བྱེད་དང་བྱ། །སྐྱེ་བ་དང་ནི་འགག་པ་དང༌། །འབྲས་བུ་ལ་ཡང་གནོད་པ་བྱེད། །རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །རྟེན་ཅིང་འབྲེལ་འབྱུང་མ་ཡིན་ན། །


DTG096_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ཡོད་པར་ག་ལ་འགྱུར། །མི་རྟག་སྡུག་བསྔལ་གསུངས་པ་དེ། །རང་བཞིན་ཉིད་ལ་ཡོད་མ་ཡིན། །རང་བཞིན་ལས་ནི་ཡོད་ཡིན་ན། །ཅི་ཞིག་ཀུན་ཏུ་འབྱུང་བར་འགྱུར། །དེ་ཕྱིར་སྟོང་ཉིད་གནོད་བྱེད་ལ། །ཀུན་འབྱུང་ཡོད་པ་མ་ཡིན་ནོ། །སྡུག་བསྔལ་རང་བཞིན་གྱིས་ཡོད་ན། །འགོག་པ་ཡོད་པ་མ་ཡིན་ནོ། །རང་བཞིན་གྱིས་ནི་ཡོངས་གནས་ཕྱིར། །འགོག་ལ་གནོད་པ་བྱེད་པ་ཡིན། །ལམ་ལ་རང་བཞིན་ཡོད་ན་ནི། །སྒོམ་པ་འཐད་པར་མི་འགྱུར་རོ། །ཅི་སྟེ་ལམ་དེ་བསྒོམ་བྱ་ན། །ཁྱོད་ཀྱི་རང་བཞིན་ཡོད་མ་ཡིན། །གང་ཚེ་སྡུག་བསྔལ་ཀུན་འབྱུང་དང༌། །འགོག་པ་ཡོད་པ་མ་ཡིན་ན། །ལམ་གྱི་སྡུག་བསྔལ་འགོག་པ་ནི། །གང་ཞིག་ཐོབ་པར་འགྱུར་པར་འདོད། །གལ་ཏེ་རང་བཞིན་ཉིད་ཀྱིས་ནི། །ཡོངས་སུ་ཤེས་པ་མ་ཡིན་ན། །དེ་ནི་ཇི་ལྟར་ཡོངས་ཤེས་འགྱུར། །རང་བཞིན་གནས་པ་མ་ཡིན་ནམ། །དེ་བཞིན་དུ་ནི་ཁྱོད་ཉིད་ཀྱི། །སྤང་དང་མངོན་དུ་བྱ་བ་དང༌། །བསྒོམ་དང་འབྲས་བུ་བཞི་དག་ཀྱང༌། །ཡོངས་ཤེས་བཞིན་དུ་མི་རུང་ངོ༌། །རང་བཞིན་ཡོངས་སུ་འཛིན་པ་ཡིས། །འབྲས་བུ་རང་བཞིན་ཉིད་ཀྱིས་ནི། །ཐོབ་པ་མིན་པ་གང་ཡིན་དེ། །ཇི་ལྟར་འཐོབ་པར་ནུས་པར་འགྱུར། །འབྲས་བུ་མེད་ན་འབྲས་གནས་མེད། །ཞུགས་པ་དག་ཀྱང་ཡོད་མ་ཡིན། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད། །དེ་དག་མེད་ན་དགེ་འདུན་མེད། །འཕགས་པའི་བདེན་རྣམས་མེད་པའི་ཕྱིར། །དམ་པའི་ཆོས་ཀྱང་ཡོད་མ་ཡིན། །ཆོས་དང་དགེ་འདུན་ཡོད་མིན་ན། །སངས་རྒྱས་ཇི་ལྟར་ཡོད་པར་འགྱུར། །ཁྱོད་ཀྱིས་སངས་རྒྱས་བྱང་ཆུབ་ལ། །མ་བརྟེན་པར་ཡང་ཐལ་བར་འགྱུར། །ཁྱོད་ཀྱིས་བྱང་ཆུབ་སངས་རྒྱས་ལ། །མ་བརྟེན་པར་ཡང་ཐལ་བར་འགྱུར། །ཁྱོད་ཀྱི་རང་བཞིན་ཉིད་ཀྱིས་ནི། །སངས་རྒྱས་མིན་པ་གང་ཡིན་དེས། །བྱང་ཆུབ་སྤྱོད་ལ་བྱང་ཆུབ་ཕྱིར། །བརྩལ་ཀྱང་བྱང་ཆུབ་ཐོབ་མི་འགྱུར། །འགའ་ཡང་ཆོས་དང་ཆོས་མིན་པ། །ནམ་ཡང་བྱེད་པར་མི་འགྱུར་ཏེ། །མི་སྟོང་པ་ལ་ཅི་ཞིག་བྱ། །རང་བཞིན་ལ་ནི་བྱ་བ་


DTG096_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ཆོས་དང་ཆོས་མིན་མེད་པར་ཡང༌། །འབྲས་བུ་ཁྱོད་ལ་ཡོད་པར་འགྱུར། །ཆོས་དང་ཆོས་མིན་རྒྱུས་བྱུང་བའི། །འབྲས་བུ་ཁྱོད་ལ་ཡོད་མ་ཡིན། །ཆོས་དང་ཆོས་མིན་རྒྱུས་བྱུང་བའི། །འབྲས་བུ་གལ་ཏེ་ཁྱོད་ལ་ཡོད། །ཆོས་དང་ཆོས་མིན་ལས་བྱུང་བའི། །འབྲས་བུ་ཅི་ཕྱིར་སྟོང་མ་ཡིན། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །སྟོང་པ་ཉིད་ལ་གནོད་བྱེད་གང༌། །འཇིག་རྟེན་པ་ཡི་ཐ་སྙད་ནི། །ཀུན་ལ་གནོད་པ་བྱེད་པ་ཡིན། །སྟོང་པ་ཉིད་ལ་གནོད་བྱེད་ན། །བྱ་བ་ཅི་ཡང་མེད་འགྱུར་ཞིང༌། །རྩོམ་པ་མེད་པ་བྱ་བར་འགྱུར། །མི་བྱེད་པ་ཡང་བྱེད་པོར་འགྱུར། །རང་བཞིན་ཡོད་ན་འགྲོ་བ་རྣམས། །མ་སྐྱེས་པ་དང་མ་འགགས་དང༌། །ཐེར་ཟུག་ཏུ་ནི་གནས་འགྱུར་ཞིང༌། །གནས་སྐབས་སྣ་ཚོགས་བྲལ་བར་འགྱུར། །གལ་ཏེ་སྟོང་པ་ཡོད་མིན་ན། །མ་ཐོབ་ཐོབ་པར་བྱ་བ་དང༌། །སྡུག་བསྔལ་མཐར་བྱེད་ལས་དང་ནི། །ཉོན་མོངས་ཐམས་ཅད་སྤོང་བའང་མེད། །གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །མཐོང་བ་དེ་ནི་སྡུག་བསྔལ་དང། །ཀུན་འབྱུང་དང་ནི་འགོག་པ་དང༌། །ལམ་ཉིད་དེ་དག་མཐོང་བ་ཡིན། །འཕགས་པའི་བདེན་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་བཞི་པའོ།། །།གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །གང་ཞིག་སྤོང་དང་འགགས་པ་ལས། །མྱ་ངན་འདའ་བར་འགྱུར་བར་འདོད། །གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །གང་ཞིག་སྤོང་དང་འགགས་པ་ལས། །མྱ་ངན་འདའ་བར་འགྱུར་བར་འདོད། །སྤངས་པ་མེད་པ་ཐོབ་མེད་པ། ཆད་པ་མེད་པ་རྟག་མེད་པ། །འགག་པ་མེད་པ་སྐྱེ་མེད་པ། །དེ་ནི་མྱ་ངན་འདས་པར་བརྗོད། །རེ་ཞིག་མྱ་ངན་འདས་དངོས་མིན། །རྒ་ཤིའི་མཚན་ཉིད་ཐལ་བར་འགྱུར། །རྒ་དང་འཆི་བ་མེད་པ་ཡི། །དངོས་པོ་ཡོད་པ་མ་ཡིན་ནོ། །གལ་ཏེ་མྱ་ངན་འདས་


DTG096_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ན། །མྱ་ངན་འདས་པ་འདུས་བྱས་འགྱུར། །དངོས་པོ་འདུས་བྱས་མ་ཡིན་པ། །འགའ་ཡང་གང་ན་ཡོད་མ་ཡིན། །གལ་ཏེ་མྱ་ངན་འདས་དངོས་ན། །ཇི་ལྟར་མྱང་འདས་དེ་བརྟེན་མིན། །དངོས་པོ་བརྟེན་ནས་མ་ཡིན་པ། །འགའ་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་མྱ་ངན་འདས་དངོས་མིན། །དངོས་མེད་ཇི་ལྟར་རུང་བར་འགྱུར། །གང་ལ་མྱ་ངན་འདས་དངོས་མིན། །དེ་ལ་དངོས་མེད་ཡོད་མ་ཡིན། །གལ་ཏེ་མྱ་ངན་འདས་དངོས་མིན། །ཇི་ལྟར་མྱང་འདས་དེ་བརྟེན་མིན། །གང་ཞིག་བརྟེན་ནས་མ་ཡིན་པའི། །དངོས་མེད་ཡོད་པ་མ་ཡིན་ནོ། །འོང་བ་དང་ནི་འགྲོ་བའི་དངོས། །བརྟེན་ཏམ་རྒྱུར་བྱས་གང་ཡིན་པ། །དེ་ནི་བརྟེན་མིན་རྒྱུར་བྱས་མིན། །མྱ་ངན་འདས་པ་ཡིན་པར་བསྟན། །འབྱུང་བ་དང་ནི་འཇིག་པ་དག ། སྤང་བར་སྟོན་པས་བཀའ་སྩལ་ཏོ། །དེ་ཕྱིར་མྱ་ངན་འདས་པར་ནི། །དངོས་མིན་དངོས་མེད་མིན་པར་རིགས། །གལ་ཏེ་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ན། །དངོས་དང་དངོས་པོ་མེད་པ་དག །ཐལ་བར་འགྱུར་ན་དེ་མི་རིགས། །གལ་ཏེ་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ན། །མྱ་ངན་འདས་པ་མ་བརྟེན་མིན། །དེ་གཉིས་བརྟེན་ནས་ཡིན་ཕྱིར་རོ། །ཇི་ལྟར་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ཏེ། །མྱ་ངན་འདས་པ་འདུས་མ་བྱས། །དངོས་དང་དངོས་མེད་འདུས་བྱས་ཡིན། །ཇི་ལྟར་མྱ་ངན་འདས་པ་ལ། །དངོས་དང་དངོས་མེད་གཉིས་ཡོད་དེ། །དེ་གཉིས་གཅིག་ལ་ཡོད་མིན་ཏེ། །སྣང་བ་དང་ནི་མུན་པ་བཞིན། །དངོས་མིན་དངོས་པོ་མེད་མིན་པ། །མྱ་ངན་འདས་པར་གང་སྟོན་པ། །དངོས་པོ་མེད་དང་དངོས་པོ་དག །གྲུབ་ན་དེ་ནི་གྲུབ་པར་འགྱུར། །གལ་ཏེ་མྱ་ངན་འདས་པ་ནི། །དངོས་མིན་དངོས་པོ་མེད་མིན་ན། །དངོས་མིན་དངོས་པོ་མེད་མིན་ཞེས། །གང་ཞིག་གིས་ནི་དེ་མངོན་བྱེད། །བཅོམ་ལྡན་མྱ་ངན་འདས་གྱུར་ནས། །ཡོད་པར་མི་མངོན་


DTG096_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ། །མེད་དོ་ཞེའམ་གཉིས་ཀ་དང༌། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །བཅོམ་ལྡན་བཞུགས་པར་གྱུར་ན་ཡང༌། །ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེའམ་གཉིས་ཀ་དང༌། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །འཁོར་བ་མྱ་ངན་འདས་པ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་པ་འཁོར་བ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །གང་འདས་ཕན་ཆད་མཐའ་སོགས་དང༌། །རྟག་ལ་སོགས་པར་ལྟ་བ་དག །མྱ་ངན་འདས་དང་ཕྱི་མཐའ་དང༌། །སྔོན་གྱི་མཐའ་ལ་བརྟེན་པ་ཡིན། །དངོས་པོ་ཐམས་ཅད་སྟོང་པ་ལ། །མཐའ་ཡོད་ཅི་ཞིག་མཐའ་མེད་ཅི། །མཐའ་དང་མཐའ་མེད་ཅི་ཞིག་ཡིན། །མཐའ་དང་མཐའ་མེད་མིན་པ་ཅི། །དེ་ཉིད་ཅི་ཞིག་གཞན་ཅི་ཡིན། །རྟག་པ་ཅི་ཞིག་མི་རྟག་ཅི། །རྟག་དང་མི་རྟག་གཉིས་ཀ་ཅི། །གཉིས་ཀ་མིན་པ་ཅི་ཞིག་ཡིན། །དམིགས་པ་ཐམས་ཅད་ཉེར་ཞི་ཞིང༌། །སྤྲོས་པ་ཉེར་ཞི་ཞི་བ་སྟེ། །སངས་རྒྱས་ཀྱིས་ནི་གང་དུ་ཡང༌། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །མྱ་ངན་ལས་འདས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་ལྔ་པའོ།། །།མ་རིག་བསྒྲིབས་པས་ཡང་སྲིད་ཕྱིར། །འདུ་བྱེད་རྣམ་པ་གསུམ་པོ་དག། མངོན་པར་འདུ་བྱེད་གང་ཡིན་པའི། །ལས་དེ་དག་གིས་འགྲོ་བར་འགྲོ་།འདུ་བྱེད་རྐྱེན་ཅན་རྣམ་པར་ཤེས། །འགྲོ་བ་རྣམས་སུ་འཇུག་པར་འགྱུར། །རྣམ་པར་ཤེས་པ་ཞུགས་གྱུར་ན། །མིང་དང་གཟུགས་ནི་ཆགས་པར་འགྱུར། །མིང་དང་གཟུགས་ནི་ཆགས་གྱུར་ན། །སྐྱེ་མཆེད་དྲུག་ནི་འབྱུང་བར་འགྱུར། །སྐྱེ་མཆེད་དྲུག་ལ་བརྟེན་ནས་ནི། །རེག་པ་ཡང་དག་འབྱུང་བར་འགྱུར། །མིང་དང་གཟུགས་དང་དྲན་བྱེད་ལ། །བརྟེན་ནས་སྐྱེ་བ་ཁོ་ན་སྟེ། །དེ་ལྟར་མིང་དང་གཟུགས་བརྟེན་ནས། །རྣམ་པར་


DTG096_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་སྐྱེ་བར་འགྱུར། །མིག་དང་གཟུགས་དང་རྣམ་པར་ཤེས། །གསུམ་པོ་འདུས་པ་གང་ཡིན་པ། །དེ་ནི་རེག་པའོ་རེག་དེ་ལས། །ཚོར་བ་ཀུན་ཏུ་འབྱུང་བར་འགྱུར། །ཚོར་བའི་རྐྱེན་གྱིས་སྲེད་པ་སྟེ། །ཚོར་བའི་དོན་དུ་སྲེད་པར་འགྱུར། །སྲེད་པར་གྱུར་ན་ཉེ་བར་ལེན། །རྣམ་པ་བཞི་པོ་ཉེར་ལེན་འགྱུར། །ཉེར་ལེན་ཡོད་ན་ལེན་པ་པོའི། །སྲིད་པ་རབ་ཏུ་འབྱུང་བར་འགྱུར། །གལ་ཏེ་ཉེ་བར་ལེན་མེད་ན། །གྲོལ་བར་འགྱུར་ཏེ་སྲིད་མི་འགྱུར། །སྲིད་པ་དེ་ཡང་ཕུང་པོ་ལྔ། །སྲིད་པ་ལས་ནི་སྐྱེ་བར་འགྱུར། །རྒ་ཤི་དང་ནི་མྱ་ངན་དང༌། །སྨྲེ་སྔགས་འདོན་བཅས་སྡུག་བསྔལ་དང༌། །ཡིད་མི་བདེ་དང་འཁྲུག་པ་རྣམས། དེ་དག་སྐྱེ་ལས་རབ་ཏུ་འབྱུང༌། །དེ་ལྟར་སྡུག་བསྔལ་ཕུང་པོ་ནི། །འབའ་ཞིག་པ་འདི་འབྱུང་བར་འགྱུར། །འཁོར་བའི་རྩ་བ་འདུ་བྱེད་དེ། །དེ་ཕྱིར་མཁས་རྣམས་འདུ་མི་བྱེད། །དེ་ཕྱིར་མི་མཁས་བྱེད་པོ་ཡིན། །མཁས་མིན་དེ་ཉིད་མཐོང་ཕྱིར་རོ། །མ་རིག་འགགས་པར་གྱུར་ན་ནི། །འདུ་བྱེད་རྣམས་ཀྱང་འབྱུང་མི་འགྱུར། །མ་རིག་འགག་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་བསྒོམས་པས་སོ། །དེ་དང་དེ་ནི་འགགས་གྱུར་པས། །དེ་དང་དེ་ནི་མངོན་མི་འབྱུང༌། །སྡུག་བསྔལ་ཕུང་པོ་འབའ་ཞིག་པ། །དེ་ནི་དེ་ལྟར་ཡང་དག་འགག །སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་དྲུག་པའོ།། །།འདས་དུས་བྱུང་མ་བྱུང་ཞེས་དང༌། །འཇིག་རྟེན་རྟག་པ་ལ་སོགས་པར། །ལྟ་བ་གང་ཡིན་དེ་དག་ནི། །མངོན་གྱི་མཐའ་ལ་བརྟེན་པ་ཡིན། །མ་འོངས་དུས་གཞན་འབྱུང་འགྱུར་དང༌། །མི་འབྱུང་འཇིག་རྟེན་མཐའ་སོགས་པར། །ལྟ་བ་གང་ཡིན་དེ་དག་ནི། །ཕྱི་མའི་མཐའ་ལ་བརྟེན་པ་ཡིན། །འདས་པའི་དུས་ན་བྱུང་གྱུར་ཞེས། །བྱ་བ་དེ་ནི་མི་འཐད་དོ། །སྔོན་ཚེ་རྣམས་སུ་གང་བྱུང་བ། །དེ་ཉིད་འདི་ནི་མ་ཡིན་ནོ། །དེ་ཉིད་བདག་ཏུ་འགྱུར་སྙམ་ན། །ཉེ་བར་ལེན་པ་ཐ་དད་འགྱུར། །ཉེ་བར་ལན་


DTG096_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་གཏོགས་པར། །ཁྱོད་ཀྱི་བདག་ནི་གང་ཞིག་ཡིན། །ཉེ་བར་ལེན་པ་མ་གཏོགས་པའི། །བདག་ཡོད་མ་ཡིན་བྱས་པའི་ཚེ། །ཉེ་བར་ལེན་ཉིད་བདག་ཡིན་ན། །ཁྱོད་ཀྱི་བདག་ནི་མེད་པ་ཡིན། །ཉེ་བར་ལེན་ཉིད་བདག་མ་ཡིན། །དེ་འབྱུང་བ་དང་འཇིག་པ་ཡིན། །ཉེ་བར་བླང་བ་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །བདག་ནི་ཉེ་བར་ལེན་པ་ལས། །གཞན་དུ་འཐད་པ་ཉིད་མ་ཡིན། །གལ་ཏེ་གཞན་ན་ལེན་མེད་པར། །གཟུང་ཡོད་རིགས་ན་གཟུང་དུ་མེད། །དེ་ལྟར་ལེན་ལས་གཞན་མ་ཡིན། །དེ་ནི་ཉེར་ལེན་ཉིད་ཀྱང་མིན། །བདག་ནི་ཉེ་བར་ལེན་མེད་མིན། །མེད་པ་ཉིད་དུའང་དེ་མ་ངེས། །འདས་པའི་དུས་ན་མ་བྱུང་ཞེས། །བྱ་བ་དེ་ཡང་མི་འཐད་དོ། །སྔོན་ཚེ་རྣམས་སུ་གང་བྱུང་བ། །དེ་ལས་འདི་གཞན་མ་ཡིན་ནོ། །གལ་ཏེ་འདི་ནི་གཞན་གྱུར་ན། །དེ་མེད་པར་ཡང་འབྱུང་བར་འགྱུར། དེ་བཞིན་དེ་ནི་གནས་འགྱུར་ཞིང༌། །དེར་མ་ཤི་བར་སྐྱེ་བར་འགྱུར། །ཆད་དང་ལས་རྣམས་ཆུད་ཟ་དང༌། །གཞན་གྱིས་བྱས་པའི་ལས་རྣམས་ནི། །གཞན་གྱིས་སོ་སོར་མྱོང་བ་དང༌། །དེ་ལ་སོགས་པར་ཐལ་བར་འགྱུར། །མ་བྱུང་བ་ལས་འབྱུང་མིན་ཏེ། །འདི་ལ་སྐྱོན་དུ་ཐལ་བར་འགྱུར། །བདག་ནི་བྱས་པར་འགྱུར་བ་དང༌། །འབྱུང་བའམ་རྒྱུ་མེད་ཅན་དུ་འགྱུར། །དེ་ལྟར་བདག་བྱུང་བདག་མ་བྱུང༌། །གཉིས་ཀ་གཉིས་ཀ་མ་ཡིན་པར། །འདས་ལ་ལྟ་བ་གང་ཡིན་པ། །དེ་དག་འཐད་པ་མ་ཡིན་ནོ། །མ་འོངས་དུས་གཞན་འབྱུང་འགྱུར་དང༌། །འབྱུང་བར་མི་འགྱུར་ཞེས་བྱ་བར། །ལྟ་བ་གང་ཡིན་དེ་དག་ནི། །འདས་པའི་དུས་དང་མཚུངས་པ་ཡིན། །གལ་ཏེ་ལྷ་དེ་མི་དེ་ན། །དེ་ལྟ་ན་ནི་རྟག་པར་འགྱུར། །ལྷ་ནི་མ་སྐྱེས་ཉིད་འགྱུར་ཏེ། །རྟག་ལ་སྐྱེ་བ་མེད་ཕྱིར་རོ། །གལ་ཏེ་ལྷ་ལས་མི་གཞན་ན། །དེ་ལྟ་ན་ནི་མི་རྟག་འགྱུར། །གལ་ཏེ་ལྷ་མི་གཞན་ཡིན་ན། །རྒྱུད་ནི་འཐད་པར་མི་འགྱུར་རོ། །གལ་ཏེ་ཕྱོགས་གཅིག་ལྷ་ཡིན་ལ། །ཕྱོགས་གཅིག་མི་ནི་ཡིན་གྱུར་ན། །རྟག་དང་མི་རྟག་འགྱུར་བ་ཡིན། །དེ་ཡང་རིགས་པ་མ་ཡིན་ནོ། །གལ་ཏེ་རྟག་དང་མི་རྟག་པ། །གཉིས་ག་གྲུབ་པར་གྱུར་ན་ནི། །རྟག་པ་མ་ཡིན་མི་རྟག་མིན། །


DTG096_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་འགྱུར་བར་འདོད་ལ་རག །གལ་ཏེ་གང་ཞིག་གང་ནས་གར། །འོང་ཞིང་གོང་དུའང་འགྲོ་འགྱུར་ན། །དེ་ཕྱིར་འཁོར་བ་ཐོག་མེད་པར། །འགྱུར་ན་དེ་ནི་ཡོད་མ་ཡིན། །གལ་ཏེ་རྟག་པ་འགའ་མེད་ན། །མི་རྟག་གང་ཞིག་ཡིན་པར་འགྱུར། །རྟག་པ་དང་ནི་མི་རྟག་དང༌། །དེ་གཉིས་བསལ་བར་གྱུར་པའོ། །གལ་ཏེ་འཇིག་རྟེན་མཐའ་ཡོད་ན། །འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར། །གལ་ཏེ་འཇིག་རྟེན་མཐའ་མེད་ན། །འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར། །གང་ཕྱིར་ཕུང་པོ་རྣམས་ཀྱི་རྒྱུན། །འདི་ནི་མར་མེའི་འོད་དང་མཚུངས། །དེ་ཕྱིར་མཐའ་ཡོད་ཉིད་དང་ནི། །མཐའ་མེད་ཉིད་ཀྱང་མི་རིགས་སོ། གལ་ཏེ་སྔ་མ་འཇིག་འགྱུར་ཞིང༌། །ཕུང་པོ་འདི་ལ་བརྟེན་བྱས་ནས། །ཕུང་པོ་དེ་ནི་མི་འབྱུང་ན། །དེས་ན་འཇིག་རྟེན་མཐའ་ཡོད་འགྱུར། །གལ་ཏེ་སྔ་མ་མི་འཇིག་ཅིང༌། །ཕུང་པོ་འདི་ལ་བརྟེན་བྱས་ནས། །ཕུང་པོ་དེ་ནི་མི་འབྱུང་ན། །དེས་ན་འཇིག་རྟེན་མཐའ་མེད་འགྱུར། །གལ་ཏེ་ཕྱོགས་གཅིག་མཐའ་ཡོད་ལ། །ཕྱོགས་གཅིག་མཐའ་ནི་མེད་འགྱུར་ན། །འཇིག་རྟེན་མཐའ་ཡོད་མཐའ་མེད་འགྱུར། །དེ་ཡང་རིགས་པ་མ་ཡིན་ནོ། །ཇི་ལྟ་བུར་ན་ཉེར་ལེན་པོའི། །ཕྱོགས་གཅིག་རྣམ་པར་འཇིག་འགྱུར་ལ། །ཕྱོགས་གཅིག་རྣམ་པར་འཇིག་མི་འགྱུར། །དེ་ལྟར་དེ་ནི་མི་རིགས་སོ། །ཇི་ལྟ་བུར་ན་ཉེར་བླང་བ། །ཕྱོགས་གཅིག་རྣམ་པར་འཇིག་འགྱུར་ལ། །ཕྱོགས་གཅིག་རྣམ་པར་འཇིག་མི་འགྱུར། །དེ་ལྟར་དེ་ཡང་མི་རིགས་སོ། །གལ་ཏེ་མཐའ་ཡོད་མཐའ་མེད་པ། །གཉིས་ཀ་གྲུབ་པར་གྱུར་ན་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །འགྲུབ་པར་འགྱུར་བར་འདོད་ལ་རག །ཡང་ན་དངོས་པོ་ཐམས་ཅད་དག །སྟོང་ཕྱིར་རྟག་ལ་སོགས་ལྟ་བ། །གང་དག་གང་དུ་གང་ལ་ནི། །ཅི་ལས་ཀུན་ཏུ་འབྱུང་བར་འགྱུར། །ལྟ་བ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་བདུན་པའོ།། །།གང་གིས་ཐུགས་བརྩེ་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏ་མ་དེ་ལ་ཕྱག་འཚལ་ལོ། །


DTG096_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་ཐེག་པ་ཆེན་པོའི་ཆོས་མངོན་པ་རྣམ་པར་གཞག་པ། །དོན་དམ་པའི་དེ་ཁོ་ན་ཡང་དག་པར་སྟོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གསལ་བར་བྱེད་པ། སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་གསལ་བར་བྱེད་པ། རབ་ཏུ་དགའ་བའི་ས་བསྒྲུབས་ནས། བདེ་བ་ཅན་གྱི་ཞིང་དུ་གཤེགས་པ། འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ་རྫོགས་སོ།། །།དབང་ཕྱུག་དམ་པའི་མངའ་བདག་རྒྱལ་པོ་ཆེན་པོ་དཔལ་ལྷ་བཙན་པོའི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་ཆེན་པོ་དབུ་མ་པ། ཛྙཱ་ན་གརྦྷ་དང༌། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདི་ལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན། །ཤློ་ཀ་བཞི་བརྒྱ་བཞི་བཅུ་རྩ་དགུ་ཡོད། བམ་པོ་ནི་ཕྱེད་དང་གཉིས་སུ་བྱས་སོ། །སླད་ཀྱིས་ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱི་དབུས། གཙུག་ལག་ཁང་རིན་ཆེན་སྦས་པའི་དབུས་སུ། ཁ་ཆེའི་མཁན་པོ་ཧ་སུ་མ་ཏི་དང༌། བོད་ཀྱི་སྒྲ་བསྒྱུར་གྱི་ལོ་ཙྪ་བ་པ་ཚབ་ཉི་མ་གྲགས་ཀྱིས་མིའི་བདག་པོ་འཕགས་པ་ལྷའི་སྐུ་རིང་ལ་འགྲེལ་པ་ཚིག་གསལ་བ་དང་བསྟུན་ནས་བཅོས་པའོ།། །།སླད་ཀྱིས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ། རྒྱ་གར་གྱི་མཁན་པོ་ཀ་ན་ཀ་དང༌། ལོ་ཙྪ་བ་དེ་ཉིད་ཀྱིས་ཞུ་ཆེན་བགྱིས་པའོ།། །།


DTG096_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]


DTG096_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ།
འཕགས་པ་ཀླུ་སྒྲུབ།


DTG096_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཡུགྟི་ཥཥྛ་ཀཱ་ཀཱ་རི་ཀཱ་ནཱ་མ། བོད་སྐད་དུ། རིགས་པ་དྲུག་ཅུ་པའི་ཚིག་ལེ་འུར་བྱས་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གི་སྐྱེ་དང་འཇིག་པ་དག །ཚུལ་འདི་ཡིས་ནི་སྤངས་གྱུར་པ། །རྟེན་ཅིང་འབྱུང་བ་གསུངས་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །གང་གིས་བློ་གྲོས་ཡོད་མེད་ལས། །རྣམ་པར་འདས་ཤིང་མི་གནས་པ། །དེ་དག་གིས་ནི་རྐྱེན་གྱི་དོན། །ཟབ་མོ་དམིགས་མེད་རྣམ་པར་རྟོགས། །རེ་ཞིག་ཉེས་ཀུན་འབྱུང་བའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་གྱིས། །རིགས་པའི་གང་གིས་ཡོད་ཉིད་དང༌། །བཟློག་པར་འགྱུར་བ་མཉན་པར་གྱིས། །ཇི་ལྟར་བྱིས་པས་རྣམ་བརྟགས་བཞིན། །དངོས་པོ་གལ་ཏེ་བདེན་འགྱུར་ན། །དེ་དངོས་མེད་པས་རྣམ་ཐར་དུ། །གང་གིས་མི་འདོད་རྒྱུ་ཅི་ཞིག །ཡོད་པས་རྣམ་པར་མི་གྲོལ་ཏེ། །མེད་པས་སྲིད་པ་འདི་ལས་མིན། དངོས་དང་དངོས་མེད་ཡོངས་ཤེས་པས། །བདག་ཉིད་ཆེན་པོ་རྣམ་པར་གྲོལ། །དེ་ཉིད་མ་མཐོང་འཇིག་རྟེན་དང༌། །མྱ་ངན་འདས་པར་རློམ་སེམས་ཏེ། །དེ་ཉིད་གཟིགས་རྣམས་འཇིག་རྟེན་དང༌། །མྱ་ངན་འདས་པར་རློམ་སེམས་མེད། །སྲིད་པ་དང་ནི་མྱ་ངན་འདས། །གཉིས་པོ་འདི་ནི་ཡོད་མ་ཡིན། །སྲིད་པ་ཡོངས་སུ་ཤེས་པ་ཉིད། །མྱ་ངན་འདས་ཤེས་བྱ་བར་བརྗོད། །དངོས་པོ་བྱུང་བ་ཞིག་པ་ལ། །ཇི་ལྟར་འགོག་པར་བརྟགས་པ་བཞིན། །དེ་བཞིན་དམ་པ་རྣམས་ཀྱིས་ཀྱང༌། །སྒྱུ་མ་བྱས་ལྟའི་འགོག་པ་བཞེད། །རྣམ་པར་འཇིག་པས་འགོག་འགྱུར་གྱི། །འདུས་བྱས་ཡོངས་སུ་ཤེས་པས་མིན། །དེ་ནི་སུ་ལ་མངོན་སུམ་འགྱུར། །ཞིག་ཤེས་པ་དེར་ཇི་ལྟར་འགྱུར། །གལ་ཏེ་ཕུང་པོ་མ་འགགས་ན། །ཉོན་མོངས་ཟད་ཀྱང་འདས་མི་འགྱུར། །གང་ཚེ་འདིར་ནི་འགགས་གྱུར་པ། །དེ་ཡི་ཚེ་ན་གྲོལ་བར་འགྱུར། །མ་རིག་རྐྱེན་གྱིས་བྱུང་བ་ལ། །ཡང་དག་ཡེ་ཤེས་ཀྱིས་གཟིགས་ནས། །སྐྱེ་བ་དང་ནི་འགགས་པའང་རུང༌། །འགའ་ཡང་དམིགས་པར་མི་འགྱུར་རོ། །དེ་ཉིད་མཐོང་ཆོས་མྱ་ངན་འདས། །འདས་ཤིང་བྱ་བ་བྱས་པའང་ཡིན། །གལ་ཏེ་ཆོས་ཤེས་མཇུག་ཐོགས་སུ། །འདི་ལ་བྱེ་བྲག་ཡོད་ན་ནི། །དངོས་པོ་ཤིན་ཏུ་ཕྲ་བ་ལའང༌། །གང་


DTG096_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྐྱེ་བར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡི་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང༌། །ཉོན་མོངས་ཟད་པའི་དགེ་སློང་གི །གལ་ཏེ་འཁོར་བ་རྣམ་ལྡོག་ན། །ཅི་ཕྱིར་རྫོགས་སངས་རྒྱས་རྣམས་ཀྱིས། །དེ་ཡི་རྩོམ་པ་རྣམ་མི་བཤད། །རྩོམ་པ་ཡོད་ན་ངེས་པར་ཡང༌། །ལྟ་བར་འགྱུར་བ་ཡོངས་སུ་འཛིན། །རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ལ་སྔོན་དང་ཐ་མ་ཅི། །སྔོན་སྐྱེ་བ་ནི་ཇི་ལྟར་ན། །ཕྱི་ནས་སླར་ཡང་བཟློག་པར་འགྱུར། །སྔོན་དང་ཕྱི་མའི་མཐའ་བྲལ་བ། །འགྲོ་བ་སྒྱུ་མ་བཞིན་དུ་སྣང༌། །གང་ཚེ་སྒྱུ་མ་འབྱུང་ཞེའམ། །གང་ཚེ་འཇིག་པར་འགྱུར་སྙམ་དུ། །སྒྱུ་མ་ཤེས་པ་དེར་མི་རྨོངས། །སྒྱུ་མ་མི་ཤེས་ཡོངས་སུ་སྲེད། །སྲིད་པ་སྨིག་རྒྱུ་སྒྱུ་འདྲ་བར། །བློ་ཡིས་མཐོང་བར་གྱུར་བ་ནི། །སྔོན་གྱི་མཐའ་འམ་ཕྱི་མའི་མཐའ། །ལྟ་བས་ཡོངས་སུ་སླད་མི་འགྱུར། །གང་དག་གིས་ནི་འདུས་བྱས་ལ། །སྐྱེ་དང་འཇིག་པ་རྣམ་བརྟགས་པ། །དེ་དག་རྟེན་འབྱུང་འཁོར་ལོ་ཡིས། །འཁོར་ལོའི་འགྲོ་བ་རྣམ་མི་རྟོག །དེ་དང་དེ་བརྟེན་གང་འབྱུང་དེ། །རང་གི་དངོས་པོར་སྐྱེས་མ་ཡིན། །རང་གི་དངོས་པོ་གང་མ་སྐྱེས། །དེ་ནི་སྐྱེ་ཞེས་ཇི་ལྟར་བྱ། །རྒྱུ་ཟད་ཉིད་ལས་ཞི་བ་ནི། །ཟད་ཅེས་བྱ་བར་རྟོག་པ་སྟེ། །རང་བཞིན་གྱིས་ནི་གང་མ་ཟད། །དེ་ཡི་ཟད་ཅེས་ཇི་ལྟར་བརྗོད། །དེ་ལྟར་ཅི་ཡང་སྐྱེ་བ་མེད། །ཅི་ཡང་འགག་པར་མི་འགྱུར་རོ། །སྐྱེ་བ་དང་ནི་འཇིག་པའི་ལས། །དགོས་པའི་དོན་དུ་བསྟན་པའོ། །སྐྱེ་བ་ཤེས་པས་འཇིག་པ་ཤེས། །འཇིག་པ་ཤེས་པས་མི་རྟག་ཤེས། །མི་རྟག་ཉིད་ལ་འཇུག་ཤེས་པས། །དམ་པའི་ཆོས་ཀྱང་རྟོག་པར་གྱུར། །གང་དག་རྟེན་ཅིང་འབྲེལ་འབྱུང་བ། །སྐྱེ་དང་འཇིག་པ་རྣམ་སྤངས་པར། །ཤེས་པར་གྱུར་པ་དེ་དག་ནི། །ལྟར་གྱུར་སྲིད་པའི་རྒྱ་མཚོ་བརྒལ། །སོ་སོའི་སྐྱེ་བོ་དངོས་བདག་ཅན། །ཡོད་དང་མེད་པར་ཕྱིན་ཅི་ལོག །ཉེས་པས་ཉོན་མོངས་དབང་གྱུར་རྣམས། །རང་གི་སེམས་ཀྱིས་བསླུས་པར་འགྱུར། །དངོས་ལ་མཁས་པ་རྣམས་ཀྱིས་ནི། །དངོས་པོ་མི་རྟག་བསླུ་བའི་ཆོས། །གསོག་དང་སྟོང་པ་བདག་མེད་པ། །རྣམ་པར་དབེན་ཞེས་བྱ་བར་མཐོང༌། །གནས་མེད་དམིགས་པ་ཡོད་མ་ཡིན། །རྩ་བ་མེད་ཅིང་གནས་པ་མེད། །མ་རིག་རྒྱུ་ལས་ཤིན་དུ་བྱུང༌། །


DTG096_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མ་དབུས་མཐའ་རྣམ་པར་སྤངས། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །དྲི་ཟའི་གྲོང་ཁྱེར་འདྲ་བ་སྟེ། །རྨོངས་པའི་གྲོང་ཁྱེར་མི་བཟད་པའི། །འགྲོ་བ་སྒྱུ་མ་བཞིན་དུ་སྣང༌། །ཚངས་སོགས་འཇིག་རྟེན་འདི་ལ་ནི། །བདེན་པར་རབ་ཏུ་གང་སྣང་བ། །དེ་ནི་འཕགས་ལ་བརྫུན་ཞེས་གསུངས། འདི་ལས་གཞན་ལྟ་ཅི་ཞིག་ལུས། །འཇིག་རྟེན་མ་རིག་ལྡོངས་གྱུར་པ། །སྲེད་པ་རྒྱུན་གྱིས་རྗེས་འབྲང་དང༌། །མཁས་པ་སྲེད་པ་དང་བྲལ་བ། །དགེ་བ་རྣམས་ལྟ་ག་ལ་མཉམ། །དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་ལ། །ཕྱིས་ནི་རྣམ་པར་དབེན་པའོ། །རྣམ་པར་དབེན་དོན་མི་ཤེས་ལ། །ཐོས་པ་ཙམ་ལ་འཇུག་བྱེད་ཅིང༌། །གང་དག་བསོད་ནམས་མི་བྱེད་པ། །སྐྱེས་བུ་ཐ་ཤལ་དེ་དག་བརླག །ལས་རྣམས་འབྲས་བུ་བཅས་ཉིད་དང༌། །འགྲོ་བ་དག་ཀྱང་ཡང་དག་བཤད། །དེ་ཡི་རང་བཞིན་ཡོངས་ཤེས་དང༌། །སྐྱེ་བ་མེད་པ་དག་ཀྱང་བསྟན། །དགོས་པའི་དབང་གིས་རྒྱལ་བ་རྣམས། །ང་དང་ང་ཡི་ཞེས་གསུངས་ལྟར། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དེ་བཞིན་དགོས་པའི་དབང་གིས་གསུངས། །འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །དེ་ཤེས་པས་ནི་འབྲལ་འགྱུར་ན། །ལོག་པར་རྣམ་བརྟགས་མ་ཡིན་ནམ། །མྱ་ངན་འདས་པ་བདེན་གཅིག་པུར། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་མིན་ཞེས། །མཁས་པ་སུ་ཞིག་རྟོག་པར་བྱེད། །ཇི་སྲིད་ཡིད་ཀྱི་རྣམ་གཡོ་བ། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་དེ། །དེ་ལྟ་ཡིན་ན་འདི་ལ་ནི། །ཉེས་པ་མེད་པར་ཅིས་མི་འཐད། །འཇིག་རྟེན་མ་རིག་རྐྱེན་ཅན་དུ། །གང་ཕྱིར་སངས་རྒྱས་རྣམས་གསུངས་པ། །འདི་ཡི་ཕྱིར་ན་འཇིག་རྟེན་འདི། །རྣམ་རྟོག་ཡིན་ཞེས་ཅིས་མི་འཐད། །མ་རིག་འགགས་པར་གྱུར་པ་ན། །གང་ཞིག་འགག་པར་འགྱུར་བ་དེ། །མི་ཤེས་པ་ལས་ཀུན་བརྟགས་པར། །ཇི་ལྟ་བུར་ན་གསལ་མི་འགྱུར། །གང་ཞིག་རྒྱུ་དང་བཅས་འབྱུང་ཞིང༌། །རྐྱེན་མེད་པར་ནི་གནས་པ་མེད། །རྐྱེན་མེད་ཕྱིར་ཡང་འཇིག་འགྱུར་བ། །དེ་ནི་ཡོད་ཅེས་ཇི་ལྟར་རྟོགས། །གལ་ཏེ་ཡོད་པར་སྨྲ་བ་རྣམས། །


DTG096_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་མཆོག་ཞེན་ནས་གནས་པ་ནི། །ལམ་དེ་ཉིད་ལ་གནས་པ་སྟེ། །དེ་ལ་ངོ་མཚར་ཅུང་ཟད་མེད། །སངས་རྒྱས་ལམ་ལ་བརྟེན་ནས་ནི། །ཀུན་ལ་མི་རྟག་སྨྲ་བ་རྣམས། །རྩོད་པས་དངོས་རྣམས་མཆོག་བཟུང་བས། །གནས་པ་གང་ཡིན་དེ་སྨད་དོ། །འདི་འམ་དེའོ་ཞེས་གང་དུ། །རྣམ་པར་དཔྱད་ནས་མི་དམིགས་ན། །རྩོད་པ་འདི་འམ་དེ་བདེན་ཞེས། །མཁས་པ་སུ་ཞིག་སྨྲ་བར་འགྱུར། །དེ་དག་གིས་ནི་མ་བརྟེན་པར། །བདག་གམ་འཇིག་རྟེན་མངོན་ཞེན་པ། །དེ་དག་ཀྱེ་མ་རྟག་མི་རྟག །ལ་སོགས་ལྟ་བས་འཕྲོགས་པ་ཡིན། །གང་དག་བརྟེན་ནས་དངོས་པོ་རྣམས། །དེ་ཉིད་དུ་ནི་གྲུབ་འདོད་པ། །དེ་དག་ལ་ཡང་རྟགས་ལྕོགས་སྐྱོན། །དེ་དག་ཇི་ལྟར་འབྱུང་མི་འགྱུར། །གང་དག་བརྟེན་ནས་དངོས་པོ་རྣམས། །ཆུ་ཡི་ཟླ་བ་ལྟ་བུར་ནི། །ཡང་དག་མ་ཡིན་ལོག་མིན་པར། །འདོད་པ་དེ་དག་ལྟས་མི་འཕྲོགས། །དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་འབྱུང་བ་ཡི། །ལྟ་བ་མི་བཟད་མ་རུངས་འབྱུང༌། །དེ་ལས་བྱུང་བའི་སྤྱོད་པར་འགྱུར། །དེ་ནི་ལྟ་བ་ཀུན་གྱི་རྒྱུ། །དེ་མེད་ཉོན་མོངས་མི་སྐྱེ་སྟེ། །དེ་ཕྱིར་དེ་ནི་ཡོངས་ཤེས་ན། །ལྟ་དང་ཉོན་མོངས་ཡོངས་སུ་འབྱང༌། །དངོས་པོར་ཁས་ལེན་ཡོད་ན་ནི། །གང་གིས་དེ་ཤེས་འགྱུར་སྙམ་ན། །བརྟེན་ནས་འབྱུང་བ་མཐོང་བ་དེ། །བརྟེན་ནས་སྐྱེ་བ་མ་སྐྱེས་པས། །དེ་ཉིད་མཁྱེན་པ་མཆོག་གིས་གསུངས། །ལོག་པའི་ཤེས་པ་ཟིལ་གནོན་པ། །བདེན་པ་མིན་ལ་བདེན་རྫུན་པའི། །ཡོངས་སུ་འཛིན་དང་རྩོད་སྩོགས་ཀྱི། །རིམ་པ་ཆགས་ལས་འབྱུང་བར་འགྱུར། །ཆེ་བའི་བདག་ཉིད་ཅན་དེ་དག །རྣམས་ལ་ཕྱོགས་མེད་རྩོད་པ་མེད། །གང་རྣམས་ལ་ནི་ཕྱོགས་མེད་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །གང་ཡང་རུང་བའི་གནས་རྙེད་ནས། །ཉོན་མོངས་སྦྲུལ་གདུག་གཡོ་ཅན་གྱིས། །ཟིན་པར་འགྱུར་ཏེ་གང་གི་སེམས། །གནས་མེད་དེ་དག་ཟིན་མི་འགྱུར། །གནས་བཅས་སེམས་དང་ལྡན་རྣམས་ལ། །ཉོན་མོངས་དུག་ཆེན་ཅིས་མི་འགྱུར། །ཉོན་མོངས་སྤྲུལ་གྱིས་ཟིན་པར་འགྱུར། །བྱིས་པ་བདེན་པར་འདུ་ཤེས་པས། །གཟུགས་བརྙན་ལ་ནི་ཆགས་པ་བཞིན། །དེ་ལྟར་འཇིག་རྟེན་རྨོངས་


DTG096_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། །ཡུལ་གྱི་གཟེབ་ལ་ཐོགས་པར་འགྱུར། །བདག་ཉིད་ཆེ་རྣམས་དངོས་པོ་དག །གཟུགས་བརྙན་ལྟ་བུར་ཡེ་ཤེས་ཀྱི། །མིག་གིས་མཐོང་ནས་ཡུལ་ཞེས་ནི། །བྱ་བའི་འདམ་ལ་མི་ཐོགས་སོ། །བྱིས་པ་རྣམས་ནི་གཟུགས་ལ་ཆགས། །བར་མ་དག་ནི་ཆགས་བྲལ་འགྱུར། །གཟུགས་ཀྱི་རང་བཞིན་ཤེས་པ་ཡི། །བློ་མཆོག་ལྡན་པ་རྣམ་པར་གྲོལ། །སྡུག་སྙམ་པ་ལས་ཆགས་པར་འགྱུར། །དེ་ལས་བཟློག་པས་འདོད་ཆགས་བྲལ། །སྒྱུ་མའི་སྐྱེས་བུ་ལྟར་དབེན་པར། །མཐོང་ནས་མྱ་ངན་འདའ་བར་འགྱུར། །ལོག་པའི་ཤེས་པས་མངོན་གདུང་བའི། །ཉོན་མོངས་སྐྱོན་རྣམས་གང་ཡིན་དེ། །དངོས་དང་དངོས་མེད་རྣམ་རྟོག་པ། །དོན་ཤེས་འགྱུར་ལ་མི་འབྱུང་ངོ༌། །གནས་ཡོད་ན་ནི་འདོད་ཆགས་དང༌། །འདོད་ཆགས་བྲལ་བར་འགྱུར་ཞིག་ན། །གནས་མེད་བདག་ཉིད་ཆེན་པོ་རྣམས། །ཆགས་པ་མེད་ཅིང་ཆགས་བྲལ་མིན། །གང་དག་རྣམ་པར་དབེན་སྙམ་དུ། །གཡོ་བའི་ཡིད་ཀྱང་མི་གཡོ་བ། །ཉོན་མོངས་སྤྲུལ་གྱིས་དཀྲུགས་གྱུར་པ། །མི་ཟད་སྲིད་པའི་རྒྱ་མཚོ་བརྒལ། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག །རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མུ་ཏི་ཏ་ཤྲཱིའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙྪ་བ་པ་ཚབ་ཉི་མ་གྲགས་ཀྱིས་བཅོས་ཏེ་གཏན་ལ་ཕབ་པའོ།།

ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་མདོ།
འཕགས་པ་ཀླུ་སྒྲུབ།


DTG096_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཻ་ད་ལྱཾ་སཱུ་ཏྲ་ནཱ་མ། བོད་སྐད་དུ། ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་མདོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་ཕྱག་འཚལ་ལོ། །རྟོག་གེ་ཤེས་པའི་ང་རྒྱལ་གྱིས།།གང་ཞིག་རྩོད་པར་མངོན་འདོད་པ། །དེ་ཡི་ང་རྒྱལ་སྤང་པའི་ཕྱིར། །ཞིབ་མོ་རྣམ་འཐག་བཤད་པར་བྱ། །ཚད་མ་དང་གཞལ་བྱ་ནི་གཉིས་ཀ་འདྲེས་པ་ཡིན་ནོ། །རང་ལས་མ་གྲུབ་པའི་ཕྱིར་རོ། །ཡོད་པ་དང་མེད་པ་དང་གཉིས་ཀ་དག་ནི་ལྟོས་པ་མ་ཡིན་ནོ། །མ་ཡིན་ཏེ་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །


DTG096_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་རྣམས་ནི་མར་མེ་བཞིན། །རང་དང་གཞན་སྒྲུབ་པར་བྱེད་པ་ཡིན་ནོ། །ཚད་མ་རྣམས་ལ་ནི་ཚད་མ་མེད་དེ་མར་མེ་ནི་འཕྲད་པའམ་མ་འཕྲད་པའི་མུན་པ་གསལ་བར་བྱེད་པ་མ་ཡིན་ནོ། །གཟའི་གནོད་པ་བཞིན་དུ་འདིར་ཡང་འགྱུར་རོ་ཞེ་ན། མ་ཡིན་ཏེ། དཔེ་དང་འགལ་བའི་ཕྱིར་རོ། །བསྟན་བཅོས་ལས་འཇིག་རྟེན་པའི་སྤྱོད་པ་པོ་དེ་ཡང་སེང་གེ་ལ་སོགས་པ་དང་མཚུངས་པར་མངོན་པར་འདོད་པ་ཡིན་ནོ། །མར་མེ་ནི་རང་གི་བདག་ཉིད་གསལ་བ་མ་ཡིན་ཏེ། །མུན་པ་མེད་པའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་ཐལ་བར་འགྱུར་བའི་ཕྱིར་མུན་པ་ཡང་བདག་ཉིད་ལ་སྒྲིབ་པར་བྱེད་པར་འགྱུར་རོ། །ཚད་མ་དང་གཞལ་བྱ་དག་ནི་དུས་གསུམ་དུ་མ་གྲུབ་པའོ། །དུས་གསུམ་དུ་མ་གྲུབ་པས་ཚད་མ་དང་གཞལ་བྱ་འགག་པ་མི་འཐད་དོ། །དགག་པ་གྲུབ་ན་ཚད་མ་དང་གཞལ་བྱ་འང་གྲུབ་བོ་ཞེ་ན། མ་ཡིན་ཏེ། སྔར་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་ཚད་མ་དང་གཞལ་བྱ་མ་གྲུབ་པར་ཁས་བླངས་པ་ཡིན་ན་ནི་ཁས་བླངས་པ་དང་དུས་མཉམ་ཁོ་ནར་རྩོད་པ་རྫོགས་པ་ཡིན་ནོ། །མ་གྲུབ་པ་ལ་རྟོག་པ་སྤང་པའི་ཕྱིར་རོ། །མངོན་སུམ་ལ་སོགས་པ་ནི་ཡོད་པ་མ་ཡིན་ཏོ། །གང་ལས་ཤེ་ན། ཡང་དག་པར་རྟོགས་པའི་ཕྱིར་རོ། །མངོན་སུམ་ལ་སོགས་པ་གྲུབ་ན་གཞལ་བྱ་ནི་འཐད་པ་མ་ཡིན་ནོ། །དེའི་རྐྱེན་ཅན་ཡིན་པའི་ཕྱིར་ཤེས་པ་མ་ཡིན་ཞིང་ཤེས་བྱ་མ་ཡིན་ནོ། །བློ་ནི་ཚད་མ་མ་ཡིན་ཏེ། །གཞལ་བྱ་ཡིན་པར་བརྗོད་པའི་ཕྱིར་རོ། །དམིགས་པ་དང་མི་དམིགས་པ་ལ་ཐེ་ཚོམ་མེད་དོ། ཡོད་པ་ཡང་མེད་པའི་ཕྱིར་རོ། །ཐེ་ཚོམ་ཟ་བ་ནི་ཡོད་པ་མ་ཡིན་ཏེ། ཁྱད་པར་ལ་ལྟོས་པ་མེད་པའི་ཕྱིར་རོ། །ཁྱད་པར་ལ་ལྟོས་པ་མ་ཡིན་ནོ། །སྔར་བཀག་ཟིན་པའི་ཕྱིར། །དགོས་པ་མེད་དེ། ཡོད་པ་དང་མེད་པ་ཉིད་ཀྱི་ཕྱིར་རོ། །བྱེ་མ་ལ་འཇུག་པ་མ་ཡིན་ཏེ། །དཔེ་ཡོད་པའི་ཕྱིར་རོ། །དེ་ཡང་སྔ་མ་དང་མཚུངས་པ་ཉིད་དོ། །མཐའ་མཐོང་བ་ཡང་མ་ཡིན་ཏེ། ཐོག་མ་དང་དབུས་མེད་པའི་ཕྱིར་རོ། །མེ་ནི་གཟི་བརྗིད་ཀྱི་དཔེ་མ་ཡིན་ཏེ། །ཆོས་མཐུན་པ་ཉིད་ཀྱི་ཕྱིར་རོ། །གཟི་བརྗིད་ཀྱི་དཔེ་ཆུ་ཡང་མ་ཡིན་ཏེ། ཆོས་མི་མཐུན་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་ཅུང་ཟད་ཆོས་མཐུན་པས་


DTG096_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེ་ན། མ་ཡིན་ཏེ། །རི་རབ་དང་སྐྲ་བཞིན་ནོ། །ཕལ་ཆེར་ཆོས་མཐུན་པས་མ་ཡིན་ཏེ། སྔར་བཀག་པའི་ཕྱིར་རོ། །ཐོག་མ་མ་གྲུབ་ན་ཐ་མ་གྲུབ་པ་མ་ཡིན་ནོ། །གལ་ཏེ་ཐོག་མ་མ་གྲུབ་ན་དབུས་དང་མཐའ་མ་གཉིས་མ་གྲུབ་བོ། །ཡན་ལག་ཅན་མེད་པའི་ཕྱིར་ཡན་ལག་ཡོད་པ་མ་ཡིན་ནོ། །ཚོགས་པ་ལ་ཡང་མ་གྲུབ་སྟེ། །རེ་རེ་ལ་མེད་པའི་ཕྱིར་རོ། །ཡན་ལག་ཅན་ཡང་དུ་མར་འགྱུར་རོ། །ཡན་ལག་ཅན་གཅིག་ཡིན་པའི་ཕྱིར་ཡན་ལག་ཐམས་ཅད་གཅིག་ཏུ་ཐལ་བར་འགྱུར་རོ། །དུས་གསུམ་དུ་མ་གྲུབ་པས་ཡན་ལག་ཅན་མེད་དོ། །འོན་ཏེ་རྩ་བལ་བ་ཛ་བཞིན་དུ་འགྲུབ་པ་ཡིན་ནོ། །མ་ཡིན་ཏེ། བསྒྲུབ་བྱ་དང་མཚུངས་པས་སོ། །རིགས་པ་མེད་པའི་ཕྱིར་རོ། །གཞན་ཡང་ཡན་ལག་ཅན་ལ་ཡན་ལག་དགོས་པ་ལྟར། །ཡན་ལག་ཐམས་ཅད་ལ་ཡང་ཡན་ལག་ཡོད་པར་ཐལ་བའི་ཕྱིར་རོ། །དམ་བཅའ་བ་ལས་གཏན་ཚིགས་གཞན་དང་གཞན་མ་ཡིན་པའི་ཕྱིར་རོ། །གཏན་ཚིགས་མ་ཡིན་ན། །གཏན་ཚིགས་ལ་གཏན་ཚིགས་མེད་པའི་ཕྱིར་རོ། །དམ་བཅའ་དང་གཏན་ཚིགས་མེད་པའི་ཕྱིར་ཉེ་བར་སྦྱར་བ་དང་མཇུག་བསྡུ་བ་དག་མེད་པ་ཡིན་ནོ། །ལྷག་མ་དག་ལ་ཡང་གཏན་ཚིགས་མེད་དོ། །གལ་ཏེ་གྲུབ་པ་གཏན་ཚིགས་བྱས་པ་ཡིན་ནོ། །ཅི་ཞིག་ཐོབ་ཅེ་ན། དཔེ་ལ་སོགས་པ་དོན་མེད་དོ། །གཏན་ཚིག་དོན་མེད་པ་ཉིད་དོ། །བདག་མེད་དེ། །མ་གྲུབ་པའི་ཕྱིར་རོ། །གཞན་དང་གཞན་བརྗོད་པའི་ཕྱིར་གཅིག་ལ་གཅིག་མེད་དོ། །ཡི་གེ་དག་ལའང་དེ་ལྟ་བུ་ཡིན་ནོ། །ཐེ་ཚོམ་བཞིན་དུ་རྟོག་གེ་ཡང་ཡིན་ནོ། །རྫས་ཡོད་པ་དང༌། གཅིག་ཉིད་ལ་སོགས་པ་དག་ནི། གཞན་དང་གཞན་མ་ཡིན་པ་གཉིས་ཀ་མི་འཐད་པའི་ཕྱིར་གཏན་ལ་དབབ་པ་མེད་དོ། །རྩོད་པ་ནི་ཡོད་པ་མ་ཡིན་ཏེ། །བརྗོད་པ་དང་བརྗོད་པར་བྱའི་དག་མེད་པའི་ཕྱིར་རོ། །དོན་དམ་པ་དཔྱོད་པའི་སྐབས་ཡིན་པའི་ཕྱིར། བརྡ་བྱས་པའི་མིང་དག་ནི་རྣམ་པ་དུ་མར་མཐོང་བའི་ཕྱིར་རོ། །འཇིག་རྟེན་པའི་མཁས་པ་དག་ཀྱང་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་དུ་མར་སྦྱོར་བར་མཐོང་བའི་ཕྱིར། །རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་གཅིག་ཉིད་དང༌། གཞན་ཉིད་དུ་མ་གྲུབ་བོ། །བརྗོད་པ་དང་སུན་ཅི་ཕྱིན་དུ་རྒོལ་བ་དག་ཀྱང་དེ་བཞིན་ནོ། །གཏན་ཚིགས་


DTG096_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྣང་བ་ནི་མེད་དོ། །ཆོས་མཐུན་པ་ཉིད་དང་མི་མཐུན་པ་ཉིད་མེད་པའི་ཕྱིར་རོ། །མ་འཁྲུལ་བ་ནི་འཁྲུལ་པ་མེད་པའི་ཕྱིར་རོ། །འཁྲུལ་པ་དང་བཅས་པའི་གཏན་ཚིགས་ཡོད་དོ་ཞེ་ན། །མ་ཡིན་ཏེ། དེ་དག་ནི་གཞན་ཡིན་པའི་ཕྱིར་རོ། །སྐད་ཅིག་མ་ཉིད་ཀྱི་ཕྱིར་རོ། །ཁྱེད་ཀྱི་གཏན་ཚིགས་ཐམས་ཅད་འགལ་བ་བརྗོད་པ་ཡིན་གྱི། འཁྲུལ་པ་དང་བཅས་པ་ཡིན་ནོ། །མ་ཡིན་ཏེ། སྔ་མ་དང་ཕྱི་མར་འབྱུང་བས་འགལ་བ་མེད་པའི་ཕྱིར་རོ། །འདས་པ་འདས་པར་འགྱུར་བ་ཡིན་ན། འདས་པ་ནི་འདས་པར་འགྱུར་བའོ། །རྗོད་བྱེད་ཀྱི་རྣམ་པ་ཐམས་ཅད་མེད་པར་ཐལ་བར་འགྱུར་བའི་ཡང་ཕྱིར་རོ། །འདས་པའི་གཏན་ཚིགས་སམ་དུས་ནི་ཡོད་པ་མ་ཡིན་ཏེ། མི་སྲིད་པའི་ཕྱིར་རོ། །ཁྱོད་ཀྱི་ཐམས་ཅད་ཚིག་དོན་དུ་བརྗོད་པ་ཡིན་གྱི། དོན་དམ་པ་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ལན་ཐམས་ཅད་ལ་ཐལ་བར་འགྱུར་བའི་ཕྱིར་རོ། །སྐྱེས་པ་དང་མ་སྐྱེས་པ་དང༌། གཉིས་ཀ་མེད་པའི་ཕྱིར་ལྟག་ཆོད་ནི་མེད་དེ། །མ་ཡིན་ཏེ། སྔ་མ་དང་ཕྱི་མ་གཅིག་དང་གཞན་ཉིད་ལ་མེད་པའི་ཕྱིར་རོ། །ཚར་གཅད་པའི་གནས་ཀྱང་དེ་བཞིན་ནོ། །ཚར་གཅད་པའི་གནས་ལ་ནི། ཚར་གཅད་པ་མེད་པ་དེ་བཅིངས་པ་བཞིན་ནོ། །གཉིས་ཀ་ཁས་མ་བླངས་པའི་ཕྱིར་རོ། །དེ་མ་གྲུབ་ན་མ་གྲུབ་དུ་ཟད་དོ། །དེ་ཁོ་ན་བཞིན་དུ་བརྗོད་པ་མ་ཡིན་ཏེ། མངོན་པར་བརྗོད་པ་ནི་མེད་པ་ཉིད་ཡིན་ནོ། །ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་མདོ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཨ་ན་ནྟ་དང༌། ལོ་ཙྪ་བ་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་པའོ།།

སྟོང་པ་ཉིད་བདུན་ཅུ་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ།
འཕགས་པ་ཀླུ་སྒྲུབ།


DTG096_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤཱུཉ་ཏཱ་སཔྟི་ཀཱ་རི་ཀཱ་ནཱ་མ། །བོད་སྐད་དུ། སྟོང་པ་ཉིད་བདུན་ཅུ་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གནས་པའམ་སྐྱེ་འཇིག་ཡོད་མེད་དམ། །དམན་པའམ་མཉམ་དང་ཁྱད་པར་ཅན། །སངས་རྒྱས་འཇིག་རྟེན་སྙད་དབང་གིས། །གསུང་གི་ཡང་དག་དབང་གིས་མིན། །བདག་མེད་བདག་མེད་མིན་བདག་དང༌། །བདག་མེད་མིན་པས་བརྗོད་འགའ་མེད། །བརྗོད་བྱ་མྱ་ངན་འདས་དང་མཚུངས། །དངོས་པོ་ཀུན་གྱི་རང་བཞིན་


DTG096_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང། །གང་ཕྱིར་དངོས་རྣམས་ཐམས་ཅད་ཀྱི། །རང་བཞིན་རྒྱུ་རྐྱེན་ཚོགས་པའམ། །སོ་སོ་དངོས་པོ་ཐམས་ཅད་ལ། །ཡོད་མིན་དེ་ཕྱིར་སྟོང་པ་ཡིན། །ཡོད་ཕྱིར་ཡོད་པ་སྐྱེ་མིན་ཏེ། །མེད་ཕྱིར་མེད་པ་སྐྱེ་མ་ཡིན། །ཆོས་མི་མཐུན་ཕྱིར་ཡོད་མེད་མིན། །སྐྱེ་བ་མེད་པས་གནས་འགག་མེད། །གང་ཞིག་སྐྱེས་དེ་བསྐྱེད་བྱ་མིན། །མ་སྐྱེས་པ་ཡང་བསྐྱེད་བྱ་མིན། །སྐྱེས་པ་དང་ནི་མ་སྐྱེས་པའི། །སྐྱེ་བཞིན་པ་ཡང་བསྐྱེད་བྱ་མིན། །འབྲས་བུ་ཡོད་པས་འབྲས་ལྡན་རྒྱུ། །རྒྱུ་མིན་དང་མཚུངས་མེད་པ་ཡང༌། །མེད་དེ་ལ་ཡང་རྒྱུ་མིན་མཚུངས། །ཡོད་མིན་མེད་པའང་མིན་ན་འགལ། །དུས་གསུམ་རྣམས་སུ་འཐད་མ་ཡིན། །གཅིག་མེད་པར་ནི་མང་པོ་དང༌། །མང་པོ་མེད་པར་གཅིག་མི་འཇུག །དེ་ཕྱིར་རྟེན་ཅིང་འབྲེལ་འབྱུང་བའི། །དངོས་པོ་མཚན་མ་མེད་པ་ཡིན། །རྟེན་འབྱུང་ཡན་ལག་བཅུ་གཉིས་གང༌། །སྡུག་བསྔལ་འབྲས་ཅན་དེ་མ་སྐྱེས། །སེམས་གཅིག་ལ་ཡང་མི་འཐད་ཅིང༌། །དུ་མ་ལ་ཡང་འཐད་མ་ཡིན། །རྟག་མིན་མི་རྟག་མིན་བདག་དང༌། །བདག་མིན་གཙང་མིན་མི་གཙང་མིན། །བདེ་མིན་སྡུག་བསྔལ་མ་ཡིན་ཏེ། །དེ་ཕྱིར་ཕྱིན་ཅི་ལོག་རྣམས་མེད། །དེ་མེད་ཕྱིན་ཅི་ལོག་བཞི་ལས། །སྐྱེས་པའི་མ་རིག་མིན་སྲིད་ལས། །དེ་མེད་འདུ་བྱེད་མི་འབྱུང་ཞིང༌། །ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །མ་རིག་འདུ་བྱེད་མེད་མི་འབྱུང༌། །དེ་མེད་འདུ་བྱེད་མི་འབྱུང་ཞིང༌། །ཕན་ཚུན་རྒྱུ་ཕྱིར་དེ་གཉིས་ནི། །རང་བཞིན་གྱིས་ནི་མ་གྲུབ་ཡིན། །གང་ཞིག་བདག་ཉིད་རང་བཞིན་གྱིས། །མ་གྲུབ་དེ་གཞན་ཇི་ལྟར་བསྐྱེད། །དེ་ཕྱིར་གཞན་ལས་གྲུབ་པ་ཡིས། །རྐྱེན་གཞན་དག་ནི་སྐྱེད་བྱེད་མིན། །ཕ་ནི་བུ་མིན་བུ་ཕ་མིན། །དེ་གཉིས་ཕན་ཚུན་མེད་མིན་ལ། །དེ་གཉིས་ཅིག་ཆར་ཡང་མིན་ལྟར། །ཡན་ལག་བཅུ་གཉིས་དེ་བཞིན་ནོ། །ཇི་ལྟར་རྨི་ལམ་ཡུལ་བརྟེན་པའི། །བདེ་སྡུག་དང་དེའི་ཡུལ་མེད་པ། །དེ་བཞིན་གང་ཞིག་ལ་བརྟེན་ན། །གང་ཞིག་རྟེན་འབྱུང་དང་འདིའང་མེད། །གལ་ཏེ་དངོས་རྣམས་རང་བཞིན་གྱིས། །མེད་ན་དམན་མཉམ་ཁྱད་འཕགས་དང༌། །སྣ་ཚོགས་ཉིད་ནི་མི་འགྲུབ་ཅིང༌། །རྒྱུ་ལས་ཀྱང་ནི་མངོན་འགྲུབ་མིན། །རང་བཞིན་གྲུབ་ན་རྟེན་འབྱུང་གི །


DTG096_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མེད་འགྱུར་མ་བརྟེན་ན། །རང་བཞིན་མེད་པར་ག་ལ་གྱུར། །དངོས་པོ་ཡོད་དང་དངོས་མེད་ཀྱང༌། །མེད་ལ་རང་དངོས་གཞན་དངོས་སམ། །དངོས་མེད་འགྱུར་བ་ག་ལ་ཞིག །དེ་ན་རང་དངོས་གཞན་དངོས་དང༌། །དངོས་མེད་ཕྱིན་ཅི་ལོག་པ་ཡིན། །གལ་ཏེ་དངོས་པོ་སྟོང་ཡིན་ན། །འགག་པ་མེད་ཅིང་སྐྱེ་མི་འགྱུར། །ངོ་བོ་ཉིད་ཀྱིས་སྟོང་པ་ལ། །གང་ལ་འགག་ཅིང་གང་ལ་སྐྱེ། །དངོས་དང་དངོས་མེད་ཅིག་ཅར་མེད། །དངོས་མེད་མེད་ན་དངོས་པོ་མེད། །རྟག་ཏུ་དངོས་པོའང་དངོས་མེད་འགྱུར། །དངོས་མེད་མེད་པར་དངོས་མི་སྲིད། །དངོས་པོ་མེད་པར་དངོས་མེད་མིན། །རང་ལས་མིན་ཞིང་གཞན་ལས་མིན། །དེ་ལྟ་བས་ན་དེ་མེད་ན། །དངོས་པོ་མེད་ཅིང་དངོས་མེད་ན། །ཡོད་པ་ཉིད་ན་རྟག་ཉིད་དང༌། །མེད་ན་ངེས་པར་ཆད་ཉིད་ཡིན། །དངོས་པོ་ཡོད་ན་དེ་གཉིས་འགྱུར། །དེ་ཕྱིར་དངོས་པོ་ཁས་བླངས་མིན། །རྒྱུན་གྱིས་ཕྱིར་ན་འདི་མེད་དེ། །རྒྱུ་བྱིན་ནས་ནི་དངོས་པོ་འགག །སྔར་བཞིན་འདི་ཡང་མ་གྲུབ་ཅིང༌། །རྒྱུན་ཆད་པར་ཡང་ཐལ་བར་འགྱུར། །སྐྱེ་འཇིག་བསྟན་ཕྱིར་སངས་རྒྱས་ཀྱི། །ལམ་བསྟན་མ་ཡིན་སྟོང་ཉིད་ཕྱིར། །འདི་དག་ཕན་ཚུན་བཟློག་པ་རུ། །མཐོང་བ་ཕྱིན་ཅི་ལོག་ལས་ཡིན། །གལ་ཉེ་སྐྱེ་འགག་མེད་ཡིན་ན། །ཅི་ཞིག་འགགས་པས་མྱ་ངན་འདས། །རང་བཞིན་གྱིས་ནི་སྐྱེ་མེད་ཅིང༌། །འགག་མེད་གང་དེ་ཐར་མིན་ནམ། །གལ་ཏེ་འགག་ལས་མྱ་ངན་ཆད། །གལ་ཏེ་ཅིག་ཤོས་ལྟར་ན་རྟག །དེ་ཕྱིར་དངོས་དང་དངོས་མེད་དག །མྱ་ངན་འདས་པར་རུང་མ་ཡིན། །གལ་ཏེ་འགོག་པར་འགའ་གནས་ན། །དངོས་པོ་ལས་གཞན་དེ་ཡོད་འགྱུར། །དངོས་པོ་མེད་ཕྱིར་འདི་མེད་ལ། །དངོས་པོ་མེད་ཕྱིར་དེ་ལས་མེད། །མཚན་གཞི་ལས་གཞན་མཚན་ཉིད་ལས། །མཚན་གཞི་གྲུབ་པར་རང་མ་གྲུབ། །ཕན་ཚུན་ལས་ཀྱང་མ་གྲུབ་སྟེ། །མ་གྲུབ་མ་གྲུབ་སྒྲུབ་བྱེད་མིན། །འདིས་ནི་རྒྱུ་དང་འབྲས་བུ་དང༌། །ཚོར་དང་ཚོར་བ་པོ་སྩོགས་དང༌། །ལྟ་པོ་བལྟ་བུ་སོགས་ཅིའང་རུང༌། །དེ་ཀུན་མ་ལུས་བཤད་པ་ཡིན། །གནས་མེད་ཕན་ཚུན་ལས་གྲུབ་དང༌། །འཆོལ་ཕྱིར་རང་ཉིད་མ་གྲུབ་ཕྱིར། །དངོས་པོ་མེད་ཕྱིར་དུས་གསུམ་ནི། །ཡོད་པ་མ་ཡིན་རྟོག་པ་ཙམ། །གང་


DTG096_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་སྐྱེ་དང་གནས་དང་འཇིག །འདུས་བྱས་མཚན་ཉིད་འདི་གསུམ་མེད། །དེ་ཕྱིར་འདུས་བྱས་ཉིད་མ་ཡིན། །འདུས་མ་བྱས་ལའང་ཅུང་ཟད་མེད། །མ་ཞིག་མི་འཇིག་ཞིག་པའང་མིན། །གནས་པ་གནས་པ་མ་ཡིན་ཏེ། །མི་གནས་པ་ཡང་གནས་མ་ཡིན། །སྐྱེས་པ་མི་སྐྱེ་མ་སྐྱེས་མིན། །འདུས་བྱས་དང་ནི་འདུས་མ་བྱས། །དུ་མ་མ་ཡིན་གཅིག་མ་ཡིན། །ཡོད་མིན་མེད་མིན་ཡོད་མེད་མིན། །མཚམས་འདིར་སྣ་ཚོགས་ཐམས་ཅད་འདུས། །བཅོམ་ལྡན་བླ་མས་ལས་གནས་དང༌། །ལས་བདག་ལས་ཀྱི་འབྲས་བུ་དང༌། །སེམས་ཅན་རང་གི་ལས་དང་ནི། །ལས་རྣམས་ཆུད་མི་ཟ་བར་གསུངས། །ལས་རྣམས་རང་བཞིན་མེད་གསུངས་ཏེ། །མ་སྐྱེས་གང་དེ་ཆུད་མི་ཟ། །དེ་ལས་ཀྱང་ནི་བདག་འཛིན་སྐྱེ། །དེ་བསྐྱེད་འཛིན་དེའང་རྣམ་རྟོག་ལས། །གལ་ཏེ་ལས་ལ་རང་བཞིན་ཡོད། །དེ་སྐྱེས་ལུས་ནི་རྟག་པར་འགྱུར། །ལས་ཀྱང་སྡུག་བསྔལ་རྣམ་སྨིན་ཅན། །མི་འགྱུར་དེ་ཕྱིར་བདག་ཏུ་འགྱུར། །ལས་ནི་རྐྱེན་སྐྱེས་ཡོད་མིན་ཞིང༌། །རྐྱེན་མིན་ལས་སྐྱེས་ཅུང་ཟད་མེད། །འདུ་བྱེད་རྣམས་ནི་སྒྱུ་མ་དང༌། །དྲི་ཟའི་གྲོད་ཁྱེར་སྨིག་རྒྱུ་མཚུངས། །ལས་ནི་ཉོན་མོངས་རྒྱུ་མཚན་ཅན། །ཉོན་མོངས་འདུ་བྱེད་ལས་བདག་ཉིད། །ལུས་ནི་ལས་ཀྱི་རྒྱུ་མཚན་ཅན། །གསུམ་ཀའང་ངོ་བོ་ཉིད་ཀྱིས་སྟོང༌། །ལས་མེད་ན་ནི་བྱེད་པོ་མེད། །དེ་གཉིས་མེད་པས་འབྲས་བུ་མེད། །དེ་མེད་ཉེ་བར་སྤྱོད་པ་མེད། །དེ་བས་དངོས་པོ་དབེན་པ་ཡིན། །ལས་ནི་སྟོང་པར་ཡང་དག་པའི། །ཤེས་ན་དེ་ཉིད་མཐོང་བའི་ཕྱིར། །ལས་ནི་འབྱུང་སྟེ་དེ་མེད་ན། །ལས་ལས་འབྱུང་གང་མི་འབྱུང་ངོ༌། །ཇི་ལྟར་བཅོམ་ལྡན་དེ་བཞིན་གཤེགས། །རྫུ་འཕྲུལ་གྱིས་ནི་སྤྲུལ་པ་སྤྲུལ། །སྤྲུལ་པ་དེ་ཡིས་སླར་ཡང་ནི། །སྤྲུལ་པ་གཞན་ཞིག་སྤྲུལ་གྱུར་པ། །དེ་ལ་དེ་བཞིན་གཤེགས་སྤྲུལ་སྟོང༌། །སྤྲུལ་པས་སྤྲུལ་པ་སྨོས་ཅི་དགོས། །གཉིས་པོ་མིང་ཙམ་ཡོད་པ་ཡང༌། །གང་ཅིའང་རུང་སྟེ་རྟོག་པ་ཙམ། །དེ་བཞིན་བྱེད་པོ་སྤྲུལ་དང་མཚུངས། །ལས་ནི་སྤྲུལ་པས་སྤྲུལ་དང་མཚུངས། །རང་བཞིན་གྱིས་སྟོང་གང་ཅུང་ཟད། །ཡོད་པ་དེ་དག་རྟོག་པ་ཙམ། །གལ་ཏེ་ལས་ཀྱི་རང་བཞིན་ཡོད། །མྱང་


DTG096_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

འདས་བྱེད་པོ་ལས་ཀྱང་མེད། །གལ་ཏེ་མེད་ན་ལས་བསྐྱེད་པ། །འབྲས་བུ་སྡུག་དང་མི་སྡུག་མེད། །ཡོད་ཅེས་པ་ཡོད་མེད་ཅེས་ཡོད། །ཡོད་དང་མེད་ཅེས་དེ་ཡང་ཡོད། །སངས་རྒྱས་རྣམས་ཀྱི་དགོངས་པ་ཡིས། །གསུངས་པ་རྟོགས་པར་སླ་མ་ཡིན། །གལ་ཏེ་གཟུགས་ནི་རང་འབྱུང་བཞིན། །གཟུགས་དེ་འབྱུང་ལས་འབྱུང་མ་ཡིན། །རང་ལས་བྱུང་མིན་མ་ཡིན་ནམ། །གཞན་ལས་ཀྱང་མིན་དེ་མེད་ཕྱིར། །གཅིག་ལ་བཞི་ཉིད་ཡོད་མིན་ཅིང༌། །བཞི་ལའང་གཅིག་ཉིད་ཡོད་མིན་པས། །གཟུགས་ནི་འབྱུང་བ་ཆེན་པོ་བཞི། །རྒྱུར་བྱས་ནས་གྲུབ་ཇི་ལྟར་ཡོད། །ཤིན་ཏུ་མི་འཛིན་ཕྱིར་དེ་མེད། །རྟགས་ལས་ཤེ་ན་རྟགས་དེའང་མེད། །རྒྱུ་དང་རྐྱེན་ལས་སྐྱེས་པའི་ཕྱིར། །རྟགས་མེད་པར་ཡང་མི་རིགས་སོ། །གལ་ཏེ་བློ་དེས་གཟུགས་འཛིན་ན། །རང་གི་རང་བཞིན་ལ་འཛིན་འགྱུར། །རྐྱེན་ལས་སྐྱེས་པས་ཡོད་མིན་པས། །ཡང་དག་གཟུགས་མེད་ཇི་ལྟར་འཛིན། །ཇི་སྐད་བཤད་གཟུགས་སྐྱེས་པའི་བློའི། །སྐད་ཅིག་སྐད་ཅིག་གིས་མི་འཛིན། །འདས་དང་མ་འོངས་གཟུགས་ཀྱི་ནི། །དེ་ཡིས་ཇི་ལྟར་རྟོགས་པར་འགྱུར། །གང་ཚེ་ནམ་ཡང་ཁ་དོག་དང༌། །དབྱིབས་དག་ཐ་དད་ཉིད་མེད་པས། །དེ་དག་ཐ་དད་འཛིན་ཡོད་མིན། །གཟུགས་དེ་གཅིག་ཏུའང་གྲགས་པ་མིན། །མིག་བློ་མིག་ལ་ཡོད་མིན་ཏེ། །གཟུགས་ལ་ཡོད་མིན་པར་ན་མེད། །གཟུགས་དང་མིག་ལ་བརྟེན་ནས་དེ། །ཡོངས་སུ་རྟོག་པ་ལོག་པ་ཡིན། །གལ་ཏེ་མིག་བདག་མིག་མཐོང་ན། །དེ་གཟུགས་མཐོང་བར་ཇི་ལྟར་འགྱུར། །དེ་ཕྱིར་མིག་དང་གཟུགས་བདག་མེད། །སྐྱེ་མཆེད་ལྷག་མའང་དེ་བཞིན་ནོ། །མིག་ནི་རང་བདག་ཉིད་ཀྱིས་སྟོང༌། །དེ་ནི་གཞན་བདག་གིས་ཀྱང་སྟོང༌། །གཟུགས་ཀྱང་དེ་བཞིན་སྟོང་པ་སྟེ། །སྐྱེ་མཆེད་ལྷག་མའང་དེ་བཞིན་ནོ། །གང་ཚེ་གཅིག་རེག་ལྷན་ཅིག་འགྱུར། །དེ་ཚེ་གཞན་རྣམས་སྟོང་པ་ཉིད། །སྟོང་པའམ་མི་སྟོང་མི་སྟོན་ལ། །མི་སྟོང་པ་ཡང་རྟེན་མི་བརྟེན། །ངོ་བོ་མི་གནས་ཡོད་མིན་པས། །གསུམ་འདུས་པ་ཡོད་མ་ཡིན་ནོ། །དེ་བདག་ཉིད་ཀྱིས་རེག་མེད་པས། །དེ་ཚེ་ཚོར་བ་ཡོད་མ་ཡིན། །ནང་དང་ཕྱི་ཡི་སྐྱེ་མཆེད་ལ། །བརྟེན་ནས་རྣམ་པར་ཤེས་པ་འབྱུང༌། །དེ་ལྟ་བས་ན་རྣམ་ཤེས་ནི། །སྨིག་རྒྱུ་སྒྱུ་མ་བཞིན་དུ་སྟོང༌། །རྣམ་ཤེས་ཤེས་བྱ་ལ་བརྟེན་ནས། །འབྱུང་ལ་ཤེས་བྱ་ཡོད་མ་ཡིན། །ཤེས་བྱ་ཤེས་པ་མེད་པའི་ཕྱིར། །དེ་ཕྱིར་ཤེས་པ་པོ་ཉིད་མེད། །ཐམས་ཅད་


DTG096_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟག་ཡང་ན་ནི། །མི་རྟག་པ་ཡང་རྟག་པ་མེད། །དངོས་པོ་རྟག་དང་མི་རྟག་ཉིད། །འགྱུར་ན་དེ་ལྟ་ག་ལ་ཡོད། །སྡུག་དང་མི་སྡུག་ཕྱིན་ཅི་ལོག །རྐྱེན་ལས་ཆགས་སྡང་གཏི་མུག་དངོས། །འབྱུང་ཕྱིར་ཆགས་སྡང་གཏི་མུག་དང༌། །རང་བཞིན་གྱིས་ནི་ཡོད་མ་ཡིན། །གང་ཕྱིར་དེ་ཉིད་ལ་ཆགས་ཤིང༌། །དེ་ལ་ཞེ་སྡང་དེ་ལ་རྨོངས། །དེ་ཕྱིར་རྣམ་པར་རྟོག་པས་བསྐྱེད། །རྟོག་དེའང་ཡང་དག་ཉིད་དུ་མེད། །བརྟག་བྱ་གང་དེ་ཡོད་མ་ཡིན། །བརྟག་བྱ་མེད་རྟོག་ག་ལ་ཡོད། །དེ་ཕྱིར་བརྟག་བྱ་རྟོག་པ་དག །རྐྱེན་ལས་སྐྱེས་ཕྱིར་སྟོང་པ་ཉིད། །དེ་ཉིད་རྟོགས་པས་ཕྱིན་ཅི་ལོག །བཞི་ལས་བྱུང་བའི་མ་རིག་མེད། །དེ་མེད་ན་ནི་འདུ་བྱེད་རྣམས། མི་འབྱུང་ལྷག་མའང་དེ་བཞིན་ནོ། །གང་གང་ལ་བརྟེན་སྐྱེ་བའི་དངོས། །དེ་དེ་མེད་པས་དེ་མི་སྐྱེ། །དངོས་དང་དངོས་མེད་འདུས་བྱས་དང༌། །འདུས་མ་བྱས་འདི་མྱ་ངན་འདས། །རྒྱུ་རྐྱེན་ལས་སྐྱེས་དངོས་པོ་རྣམས། །ཡང་དག་ཉིད་དུ་རྟོག་པ་གང༌། །དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང༌། །དངོས་པོ་སྟོང་པར་དེ་རྟོགས་ནས། །ཡང་དག་མཐོང་ཕྱིར་རྨོངས་མི་འགྱུར། །དེ་ནི་མ་རིག་འགོག་པ་ཡིན། །དེ་ལས་ཡན་ལག་བཅུ་གཉིས་འགག །འདུ་བྱེད་དྲི་ཟའི་གྲོང་ཁྱེར་དང༌། །སྒྱུ་མ་སྨིག་རྒྱུ་སྐྲ་ཤད་དང༌། །དབུ་བ་ཆུ་བུར་སྤྲུལ་པ་དང༌། །རྨི་ལམ་མགལ་མེའི་འཁོར་ལོ་མཚུངས། །དངོས་ཀུན་རང་བཞིན་སྟོང་བས་ན། །དེ་བཞིན་གཤེགས་པ་མཚུངས་མེད་པས། །རྟེན་ཅིང་འབྲེལ་པར་འབྱུང་བ་འདི། །དངོས་པོ་རྣམས་སུ་ཉེ་བར་བསྟན། །དམ་པའི་དོན་ནི་དེར་ཟད་དེ། །འཇིག་རྟེན་དོར་བྱས་ཐ་སྙད་དག །སྣ་ཚོགས་ཐམས་ཅད་རྫོགས་སངས་རྒྱས། །བཅོམ་ལྡན་འདས་ཀྱིས་བརྟེན་བརྟག་མཛད། །འཇིག་རྟེན་པ་ཡི་ཆོས་བསྟན་མི་འཇིག་ཅིང༌། །ཡང་དག་ཉིད་དུ་ནམ་ཡང་ཆོས་བསྟེན་མེད། །དེ་བཞིན་གཤེགས་པས་གསུངས་པ་མ་རིག་པས། །དེ་ལས་དྲི་མེད་བརྗོད་པ་འདི་ལས་སྐྲག །འདི་ལ་བརྟེན་ནས་འདི་འབྱུང་ཞེས། །འཇིག་རྟེན་ཚུལ་འདི་མི་འགོག་ཅིང༌། །གང་བརྟེན་རང་བཞིན་མེད་པས་དེ། །ཇི་ལྟར་ཡོད་འགྱུར་དེ་ཉིད་ངེས། །དད་ལྡན་དེ་ཉིད་ཆོས་ལ་བརྩོན། །ཚུལ་འདི་རིགས་པས་རྗེས་དཔོགས་གང༌། །བརྟེན་མེད་ཆོས་འགལ་བརྟན་པ་ཡི། །སྲིད་དང་སྲིད་མིན་སྤངས་ནས་ཞི། །འདི་དག་རྐྱེན་འདི་ལས་རིགས་ནས། །ལྟ་ངན་དྲ་བ་ཀུན་ལྡོག་དེས། །ཆགས་རྨོངས་ཁོང་ཁྲོ་སྤངས་པའི་ཕྱིར། །མ་གོས་མྱ་ངན་འདས་པ་ཐོག །སྟོང་ཉིད་བདུན་ཅུ་པའི་ཚིག་ལེའུར་


DTG096_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ཞེས་བྱ་བ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།ལོ་ཙྪ་བ་གཞོན་ནུ་མཆོག་དང༌། སྙན་དར་མ་གྲགས་དང་ཁུའི་འགྱུར་དག་ལས་དོན་དང་ཚིག་བཟང་དུ་བྲིས་པའོ།།

རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ།
འཕགས་པ་ཀླུ་སྒྲུབ།


DTG096_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བི་གྲ་ཧ་བྱ་བརྟ་ནི་ཀཱ་རི་ཀཱ་ནཱ་མ། བོད་སྐད་དུ། རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གལ་ཏེ་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལ་ཡོད་མིན་ན། །ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །རང་བཞིན་བཟློག་པར་མི་ནུས་སོ། །འོན་ཏེ་ཚིག་དེ་རང་བཞིན་བཅས། །ཁྱོད་ཀྱི་དམ་བཅའ་སྔ་མ་ཉམས། །མི་འདྲ་ཉིད་དེ་དེ་ཡིན་ན། །ཁྱད་པར་གཏན་ཚིགས་བརྗོད་པར་གྱིས། །དེ་སྒྲ་མ་འབྱིན་ལྟ་བུའོ་ཞེས། །ཁྱོད་བློ་སེམས་ན་དེ་མི་འཐད། །འདི་ལ་སྒྲ་ནི་ཡོད་པ་ཡིས། །འབྱུང་བར་འགྱུར་བ་དེ་བཟློག་ཡིན། །འགོག་པའི་འགོག་པའང་དེ་ལྟ་ཞེས། །འདོད་ན་དེ་ཡང་བཟང་མིན་ཏེ། །ཁྱོད་ཀྱི་དམ་བཅའི་མཚན་ཉིད་ལས། །དེ་ལྟར་སྐྱོན་ཡོད་ངེད་ལ་མེད། །རེ་ཞིག་གལ་ཏེ་མངོན་སུམ་གྱིས། །དངོས་རྣམས་དམིགས་ནས་ཟློག་བྱེད་པ། །གང་གིས་དངོས་རྣམས་དམིགས་འགྱུར་བ། །མངོན་སུམ་དེ་ནི་མེད་པ་ཡིན། །རྗེས་དཔག་ལུང་དང་དཔར་འཇལ་དང༌། །རྗེས་དཔག་ལུང་གིས་བསྒྲུབ་བྱ་དང༌། །དཔེས་བསྒྲུབ་བྱ་བའི་དོན་གང་ཡིན། །མངོན་སུམ་གྱིས་ནི་ལན་བཏབ་པོ། །སྐྱེ་བོ་ཆོས་ཀྱི་གནས་སྐབས་མཁས། །དགེ་བདག་གི་ཆོས་རྣམས་ལ། །དགེ་བའི་རང་བཞིན་ཡིན་པར་ནི། །སེམས་ཤིང་ལྷག་མ་རྣམས་ལ་ཡང༌། །གང་དག་ངེས་པར་འབྱིན་པའི་ཆོས། །ཆོས་ཀྱི་གནས་སྐབས་གསུངས་དེ་རྣམས། །ངེས་པར་འབྱིན་པའི་རང་བཞིན་ཉིད། །རང་བཞིན་ངེས་འབྱིན་མིན་ལ་སོགས། །གལ་ཏེ་ཆོས་རྣམས་རང་བཞིན་མེད། །རང་བཞིན་མེད་ཅེས་བྱ་བ་ཡིན། །མིང་ཡང་དེ་བཞིན་མེད་འགྱུར་ཞིང༌། །གཞི་མེད་མིང་ནི་མེད་ཕྱིར་རོ། །འོན་ཏེ་རང་བཞིན་ཡོད་མོད་ཀྱི། །དེ་ནི་ཆོས་རྣམས་ལ་མེད་ན། །དེ་ཕྱིར་ཆོས་རྣམས་སྤངས་པ་ཡི། །རང་བཞིན་གང་དེ་བསྟན་པར་རིགས། །གང་ཕྱིར་ཁྱིམ་ན་བུམ་པ་མེད། །ཅེས་བྱའི་འགོག་པ་ཡོད་ཉིད་ལ། །མཐོང་བ་དེ་ཕྱིར་ཁྱོད་ཀྱི་ཡང༌། །འགོག་འདི་ཡོད་ལ་རང་བཞིན་ཡིན། །ཅི་སྟེ་རང་བཞིན་དེ་མེད་ན། །ཁྱོད་ཀྱི་ཚིག་འདིས་ཅི་ཞིག་


DTG096_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དགག །ཚིག་མེད་པར་ཡང་མེད་པ་ཡི། །འགོག་པ་རབ་ཏུ་གྲུབ་པ་ཡིན། །བྱིས་པ་རྣམས་ཀྱིས་སྨིག་རྒྱུ་ལ། །ཇི་ལྟར་ཆུ་ཞེས་ལོག་འཛིན་ལྟར། །དེ་བཞིན་ཁྱོད་ཀྱིས་ཡོད་མིན་ལ། །ལོག་པར་འཛིན་པ་འགོག་བྱེད་ན། །དེ་ལྟ་ན་ནི་འཛིན་པ་དང༌། གཟུང་དང་དེ་ཡི་འཛིན་པོ་དང༌། །འགོག་དང་འགོག་བྱ་འགོག་པ་པོ། །དེ་དྲུག་ཡོད་པ་མ་ཡིན་ནམ། །ཅི་སྟེ་འཛིན་པ་ཡོད་མིན་ཞིང༌། །གཟུང་མེད་འཛིན་པ་པོ་མེད་ན། །འོ་ན་འགོག་དང་དགག་བྱ་དང༌། །འགོག་པ་པོ་ཡང་ཡོད་མ་ཡིན། །གལ་ཏེ་འགོག་དང་དགག་བྱ་དང༌། འགོག་པ་པོ་ཡང་ཡོད་མིན་ན། །དངོས་པོ་ཀུན་དང་དེ་རྣམས་ཀྱི། །རང་བཞིན་ཉིད་ཀྱང་གྲུབ་པ་ཡིན། །ཁྱེད་ལ་གཏན་ཚིགས་མི་འགྲུབ་སྟེ། །རང་བཞིན་མེད་ཕྱིར་ཁྱོད་ཀྱི་རྟགས། །གལ་ཏེ་ཡོད་དེ་ཁྱོད་དོན་དེ། །གཏན་ཚིགས་མེད་ཕྱིར་འགྲུབ་མི་འཐད། །ཁྱོད་ལ་གཏན་ཚིགས་མེད་པར་ཡང༌། །རང་བཞིན་བཟློག་པ་གྲུབ་ཡིན་ན། །ང་ལའང་གཏན་ཚིགས་མེད་པར་ནི། །རང་བཞིན་ཡོད་པ་ཉིད་དུ་འགྲུབ། །ཅི་སྟེ་གཏན་ཚིགས་ཡོད་ན་དངོས། །རང་བཞིན་མེད་ཅེས་བྱ་མི་འཐད། །སྲིད་ན་རང་བཞིན་མེད་པ་ཡི། །དངོས་འགའ་ཡོད་པ་མ་ཡིན་ནོ། །གང་ལ་རང་བཞིན་ཡོད་མིན་པའི། །འགོག་པ་གལ་ཏེ་སྔ་འགྱུར་ཞིང༌། །དགག་བྱ་ཕྱི་ཞེས་འཐད་མིན་ལ། །ཕྱིས་དང་ཅིག་ཅར་ཡང་མི་འཐད། །གལ་ཏེ་ངའི་ཚིག་རྒྱུ་རྐྱེན་དང༌། །ཚོགས་དང་སོ་སོ་ལ་ཡང་མེད། །འོ་ན་དངོས་རྣམས་སྟོང་གྲུབ་སྟེ། །རང་བཞིན་མེད་པ་ཉིད་ཕྱིར་རོ། །རྟེན་རྣམས་འབྱུང་བའི་དངོས་རྣམས་གང༌། །དེ་ནི་སྟོང་ཉིད་ཅེས་བརྗོད་དེ། །གང་ཞིག་རྟེན་ནས་འབྱུང་བ་དེ། །རང་བཞིན་མེད་པ་ཉིད་ཡིན་ནོ། །སྤྲུལ་པ་ཡིས་ནི་སྤྲུལ་པ་དང༌། །སྒྱུ་མ་ཡིས་ནི་སྐྱེས་བུ་ཡི། །སྒྱུ་མས་ཕྱུང་ལ་འགོག་བྱེད་ལྟར། །འགོག་པ་འདི་ཡང་དེ་བཞིན་འགྱུར། །ང་ཡི་ཚིག་དེ་རང་བཞིན་མེད། །དེ་ཕྱིར་ང་ཡི་ཕྱོགས་མཉམ་ལ། །མི་འདྲ་ཉིད་ཀྱང་མེད་པས་ན། །གཏན་ཚིགས་ཁྱད་པར་བརྗོད་མི་བྱ། །སྒྲ་མ་འབྱིན་བྱ་བཞིན་ཞེ་ན། །ཁྱོད་ཀྱིས་གང་བརྩམས་དཔེ་འདི་མིན། །དེ་ནི་སྒྲ་ཡིས་སྒྲ་བཟློག་ལ། །འདིར་ནི་དེ་ལྟ་མ་ཡིན་ནོ། །གལ་ཏེ་རང་བཞིན་མེད་ཉིད་ཀྱིས། །ཅི་སྟེ་རང་བཞིན་མེད་པ་བཟློག །རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་རབ་འགྲུབ་འགྱུར། །ཡང་ན་ཁ་ཅིག་སྤྲུལ་པ་ཡི། །བུད་མེད་ལ་ནི་བུད་མེད་སྙམ། །ལོག་འཛིན་འབྱུང་ལ་སྤྲུལ་པ་ཡིས། །འགོག་བྱེད་དེ་ནི་དེ་ལྟ་ཡིན། །ཡང་ན་རྟགས་འདི་བསྒྲུབ་བྱ་དང༌། །མཚུངས་ཏེ་གང་ཕྱིར་སྒྲ་ཡོད་མིན། །ཐ་སྙད་ཁས་ནི་


DTG096_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

མ་བླངས་པར། །ངེད་ཅག་འཆད་པར་མི་བྱེད་དོ། །གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ལ་སྐྱོན་མེད་ཁོ་ན་ཡིན། །གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། །བསྒྲུབ་པའམ་བཟློག་པར་བྱ་ན་དེ། །མེད་ཕྱིར་དེ་ལ་ཀླན་ཀ་མེད། །གལ་ཏེ་ཁྱོད་ཀྱི་དོན་དེ་རྣམས། །ཚད་མ་ཉིད་ཀྱིས་རབ་བསྒྲུབས་ན། །ཁྱོད་ཀྱིས་ཚད་མ་དེ་རྣམས་ཀྱང༌། །ཇི་ལྟར་རབ་ཏུ་འགྲུབ་པ་སྨྲོས། །གལ་ཏེ་ཚད་མ་གཞན་རྣམས་ཀྱིས། །གྲུབ་པོ་སྙམ་ན་ཐུག་པ་མེད། །དེ་ཡང་དང་པོ་འགྲུབ་མིན་ལ། །བར་མ་ཡིན་ཞིང་ཐ་མའང་མིན། །འོན་ཏེ་ཚད་མ་མེད་པར་ཡང༌། །དེ་རྣམས་གྲུབ་ན་སྨྲ་བ་ཉམས། །མི་འདྲ་ཉིད་དེ་དེ་ཡིན་ན། །གཏན་ཚིགས་ཁྱད་པར་སྨྲ་བར་གྱིས། །ཇི་ལྟར་མེ་ཡིས་གཞན་བདག་ཉིད། །གསལ་བྱེད་དེ་བཞིན་རང་བདག་ལྟར། །དེ་བཞིན་ཚད་མ་རྣམས་ཀྱང་ནི། །རང་བཞིན་བདག་ཉིད་སྒྲུབ་ཅེ་ན། །སྨྲས་བ་དེ་ནི་མི་མཐུན་ཏེ། །མུན་ཁུང་ནང་གི་བུམ་པ་བཞིན། །དེ་ལ་མི་དམིགས་མ་མཐོང་བས། །མེ་ནི་རང་ཉིད་གསལ་བྱེད་མིན། །གལ་ཏེ་ཁྱེད་ཀྱི་ཚིག་གིས་ནི། །མེ་ཡིས་རང་བདག་གསལ་བྱེད་ན། །འོ་ན་མེ་ཡིས་གཞན་བཞིན་དུ། །རང་ཉིད་སྲེག་པའང་བྱེད་པར་འགྱུར། །གལ་ཏེ་ཁྱོད་ཀྱི་ཚིག་གིས་ནི། །མི་ཡིས་རང་གཞན་གསལ་བྱེད་ན། །མེ་བཞིན་དུ་ནི་མུན་པ་ཡང། །རང་གཞན་བདག་ཉིད་སྒྲིབ་པར་འགྱུར། །འབར་བྱེད་དང་ནི་གང་གཞན་ན། །མེ་འདུག་པན་མུན་པ་མེད། །གསལ་བྱེད་དེ་ནི་མུན་སེལ་ན། །ཇི་ལྟར་གསལ་བར་བྱེད་པ་ཡིན། །མེ་འབྱུང་ཉིད་ན་གསལ་བྱེད་པ། །ཡང་དག་མིན་པར་སྨྲ་བ་སྟེ། །མེ་འབྱུང་ཉིད་ན་མུན་པ་དང༌། །ཕྲད་པ་མེད་པ་ཁོ་ན་ཡིན། །ཡང་ན་མེ་དང་མ་ཕྲད་ཀྱང༌། །མུན་པ་སེལ་བར་བྱེད་ན་ནི། །འདི་ན་ཡོད་པ་གང་ཡིན་པས། །འཇིག་རྟེན་ཀུན་གྱི་མུན་སེལ་འགྱུར། །གལ་ཏེ་རང་ལས་ཚད་མ་གྲུབ། །གཞལ་བྱ་རྣམས་ལ་མ་ལྟོས་པར། །ཁྱོད་ཀྱི་ཚད་མ་གྲུབ་འགྱུར་འདི། །རང་གྲུབ་གཞན་ལ་ལྟོས་མ་ཡིན། །གལ་ཏེ་གཞལ་བྱའི་དོན་རྣམས་ལ། །མ་ལྟོས་ཁྱོད་ཀྱི་ཚད་མ་གྲུབ། །དེ་ལྟར་ཚད་མ་འདི་རྣམས་ནི། །གང་གིའང་ཡིན་པར་མི་འགྱུར་རོ། །འོན་ཏེ་ལྟོས་ནས་དེ་རྣམས་འགྲུབ། །འདོད་ན་དེ་ལ་སྐྱོན་ཅིར་འགྱུར། །མ་གྲུབ་གཞན་ལ་མི་ལྟོས་པས། །གྲུབ་པ་སྒྲུབ་པར་བྱེད་པ་ཡིན། །གལ་ཏེ་ཡོང་ཡེ་གཞལ་བྱ་ལ། །ལྟོས་ནས་ཚད་མ་འགྲུབ་ཡིན་ན། །ཚད་མ་རྣམས་ལ་མ་ལྟོས་


DTG096_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

པར། །གཞལ་བར་བྱ་བ་འགྲུབ་པར་འགྱུར། །གལ་ཏེ་ཚད་མ་རྣམས་ལ་ནི། །མ་ལྟོས་པར་ཡང་གཞལ་བྱ་འགྲུབ། །གང་ཕྱིར་དེ་དག་དེ་འགྲུབ་ན། །ཁྱོད་ཀྱི་ཚད་མ་འགྲུབ་པས་ཅི། །ཅི་སྟེ་ཁྱོད་ཀྱི་ཚད་མ་རྣམས། །གཞལ་བྱ་རྣམས་ལ་ལྟོས་ནས་འགྲུབ། །དེ་ལྟར་ཁྱོད་ཀྱི་ཚད་མ་དང༌། །གཞལ་བྱ་ངེས་པར་ལྡོག་པར་འགྱུར། འོན་ཏེ་ཁྱོད་ཀྱིས་ཚད་གྲུབ་པས། །གཞལ་བར་བྱ་བ་འགྲུབ་འགྱུར་ལ། །གཞལ་བྱ་གྲུབ་པས་ཚད་བསྒྲུབས་ན། །ཁྱོད་ཀྱིས་གཉིས་ཀའང་འགྲུབ་མི་འགྱུར། །གལ་ཏེ་ཚད་མ་གཞལ་བྱ་འགྲུབ། །གཞལ་བྱ་དེ་དག་རྣམས་ཀྱིས་ཀྱང༌། །དེ་དག་བསྒྲུབ་པར་བྱ་ཡིན་ན། །དེ་དག་ཇི་ལྟར་བསྒྲུབ་པར་འགྱུར། །གལ་ཏེ་གཞལ་བྱས་ཚད་མ་གྲུབ། །ཚད་མ་དེ་དག་རྣམས་ཀྱིས་ཀྱང༌། །དེ་དག་བསྒྲུབ་པར་བྱ་ཡིན་ན། །དེ་དག་ཇི་ལྟར་བསྒྲུབ་པར་འགྱུར། །གལ་ཏེ་ཕ་ཡིས་བུ་བསྐྱེད་བྱ། །གལ་ཏེ་བུ་དེ་ཉིད་ཀྱིས་ཀྱང༌། །ཅི་སྟེ་ཕ་དེ་བསྐྱེད་བྱ་ན། །དེས་ན་གང་གིས་གང་བསྐྱེད་སྨྲོས། །དེ་དག་གཉིས་ཀའང་ཕ་དང་བུའི། །མཚན་ཉིད་འཛིན་པས་དེ་ཡི་ཕྱིར། །དེ་ལ་ཁོ་བོ་ཐེ་ཚོམ་གྱུར། །དེ་ལས་ཕ་གང་བུ་གང་སྨྲོས། །ཚད་མ་རྣམས་ནི་རང་ཉིད་ཀྱིས། །འགྲུབ་མིན་ཕན་ཚུན་གྱིས་མིན་པའམ། །ཚད་མ་གཞན་གྱིས་མ་ཡིན་ལ། །གཞལ་བྱས་མ་ཡིན་རྒྱུ་མེད་མིན། །ཆོས་ཀྱི་གནས་སྐབས་རབ་མཁས་པ། །དགེ་བ་ཡིས་ནི་ཆོས་རྣམས་ཀྱི། །དགེ་བའི་ཆོས་རྣམས་རང་བཞིན་གང། །དེ་ལྟར་རབ་ཕྱེ་བརྗོད་བྱ་ཡིན། །གལ་ཏེ་དགེ་བའི་ཆོས་རྣམས་ཀྱི། །རང་བཞིན་འགའ་ཞིག་བརྟེན་སྐྱེ་བ། །དེ་ནི་གཞན་དོན་དེ་ལྟ་ན། །རང་གི་ངོ་བོ་ཇི་ལྟར་འགྱུར། །འོན་ཏེ་དགེ་བའི་ཆོས་རྣམས་ཀྱིས། །རང་གི་ངོ་བོ་དེ་འགའ་ལའང༌། །མ་བརྟེན་སྐྱེ་ན་དེ་ལྟ་ནའང༌། །ཚངས་པར་སྤྱོད་པ་གནས་མི་འགྱུར། རྒྱུ་མི་ལྡན་པ་རྟག་པའི་ཕྱིར། །ཆོས་རྣམས་ཐམས་ཅད་རྟག་པར་འགྱུར། །ཆོས་དང་ཆོས་མ་ཡིན་མེད་ཅིང༌། །འཇིག་རྟེན་པ་ཡི་ཐ་སྙད་མེད། །མི་དགེ་བ་དང་ལུང་མ་བསྟན། །དེས་འབྱིན་སོགས་ལའང་སྐྱོན་དེ་བཞིན། །དེ་བས་ཁྱོད་ཀྱི་འདུས་བྱས་ཀུན། །འདུས་མ་བྱས་པ་ཉིད་དུ་འགྱུར། །གང་ཞིག་རང་བཞིན་བཅས་པ་ཞེས། །མི་དེ་ཡོད་པར་སྨྲ་བ་ལ། །དེ་ལྟར་ཁྱོད་ཀྱིས་ལན་བཏབ་ཀྱི། །ང་ཡི་མིང་ཡོད་མི་སྨྲའོ། །མིང་མེད་ཅེས་བྱ་གང་ཡིན་འདི། །ཅི་དེ་ཡོད་པའམ་མེད་པ་ཡིན། །གལ་ཏེ་ཡོད་དམ་མེད་ཀྱང་རུང༌། །ཁྱོད་ཀྱིས་སྨྲས་པའང་གཉིས་ཀའང་ཉམས། །དངོས་པོ་དག་ནི་ཐམས་ཅད་ཀྱི། །སྟོང་པ་


DTG096_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི་སྔར་བསྟན་པས། །དེ་ཕྱིར་དམ་བཅས་མེད་པར་ཡང༌། ཀླན་ཀ་གང་ཡིན་དེ་ཚོལ་བྱེད། །འོན་ཏེ་རང་བཞིན་ཞིག་ཡོད་ལ། །དེ་ནི་ཆོས་ལ་མེད་དོ་ཞེས། །དོགས་འདི་རིགས་པ་མ་ཡིན་མོད། །དོགས་པ་དེ་ནི་ཁྱོད་ཀྱིས་བྱས། །གལ་ཏེ་ཡོད་ཉིད་འགོག་ཡིན་ན། །འོ་ན་སྟོང་ཉིད་རབ་འགྲུབ་སྟེ། །དངོས་རྣམས་རང་བཞིན་མེད་ཉིད་ལ། །ཁྱོད་ནི་འགོག་པར་བྱེད་པས་སོ། །སྟོང་ཉིད་གང་ལ་ཁྱོད་འགོག་པའི། །སྟོང་ཉིད་དེ་ཡང་མེད་ཡིན་ན། །འོ་ན་ཡོད་པ་འགོག་ཡིན་ཞེས། །སྨྲས་པ་དེ་ཉམས་མ་ཡིན་ནམ། །དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །དེ་ཕྱིར་འགོག་པ་བྱེད་དོ་ཞེས། །ཡང་དག་མིན་ཏེ་ཁྱོད་ཀྱིས་སྨྲས། །ཚིག་མེད་པར་ཡང་མེད་པ་ཡི། །འགོག་ཚིག་མི་འགྲུབ་མིན་ཞེ་ན། །དེ་ལ་ཚིག་ནི་མེད་ཅེས་པར། །གོ་བར་བྱེད་ཀྱི་སྐྱེ་སེལ་མིན། །སྨིག་རྒྱུ་དཔེ་ལ་ཁྱོད་ཀྱིས་ཀྱང༌། །རྩོད་པ་ཆེན་པོ་སྨྲས་པ་གང༌། །དེ་ཡང་ཅི་ནས་དཔེ་དེ་འཐད། །གཏན་ལ་དབབ་པ་མཉན་པར་གྱིས། །གལ་ཏེ་འཛིན་དེ་རང་བཞིན་ཡོད། །བརྟེན་ནས་འབྱུང་བར་མི་འགྱུར་རོ། །འཛིན་པ་གང་ཞིག་བརྟེན་འབྱུང་བ། །དེ་ཉིད་སྟོང་ཉིད་མ་ཡིན་ནམ། །གལ་ཏེ་འཛིན་པ་རང་བཞིན་ཡོད། །འཛིན་པ་དེ་ལ་སུ་ཡིས་བཟློག །ལྷག་མ་རྣམས་ལའང་ཚུལ་དེ་བཞིན། །དེ་ཕྱིར་ཀླན་ཀ་དེ་མེད་དོ། །སྨིག་རྒྱུའི་དཔེས་བཟློག་བསྒྲུབ་པའི་ཚེ། །སྔར་སྨྲས་གང་ཡིན་དེ་དང་ནི། །སྔ་མས་གཏན་ཚིགས་མེད་པ་ཡི། །ལན་བཏབ་གྱུར་ཏེ་མཚུངས་ཕྱིར་རོ། །དུས་གསུམ་གཏན་ཚིགས་གང་ཡིན་སྔར། །ལན་བཏབ་ཉིད་དམ་མཚུངས་ཕྱིར་རོ། །དུས་གསུམ་ཚོད་ཀྱི་གཏན་ཚིགས་ནི། །སྟོང་ཉིད་སྨྲ་བ་རྣམས་ལ་རུང༌། །གང་ལ་སྟོང་པ་ཉིད་སྲིད་པ། །དེ་ལ་དོན་རྣམས་ཐམས་ཅད་སྲིད། །གང་ལ་སྟོང་ཉིད་མི་སྲིད་པ། །དེ་ལ་ཅི་ཡང་མི་སྲིད་དོ། །གང་ཞིག་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌། བོད་ཀྱི་ལོ་ཙྪ་བ་ཀ་བ་དཔལ་བརྩེགས་ཀྱིས་ལ་སྒྱུར་བ་ལ། སླད་ཀྱིས་ཁ་ཆེའི་པཎྜི་ཏ་ཛ་ཡ་ཨ་ནནྟ་དང༌། ལོ་ཙྪ་བ་བུ་མདོ་སྡེ་དཔལ་གྱིས་བསྒྱུར་བའོ།། །།

དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད།
འཕགས་པ་ཀླུ་སྒྲུབ།


DTG096_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མཱུ་ལ་མ་དྷྱ་མི་ཀ་བྲྀ་ཏྟི་ཨ་ཀུ་ཏོ་བྷ་ཡ། བོད་སྐད་དུ། དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད། བམ་པོ་དང་པོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་ཕྱག་འཚལ་ལོ། །གང་གིས་སྐྱེ་དང་འཇིག་པ་དག །འདི་ཡི་ཚུལ་གྱིས་རབ་སྤངས་པ། །རྟེན་ཅིང་འབྲེལ་འབྱུང་གསུང་བ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་གང་གིས་འདུལ་བའི་སེམས་ཅན་དབང་ཕྱུག་དང༌། སྐྱེས་བུ་དང༌། གཉི་ག་དང༌། དུས་དང༌། རང་བཞིན་དང༌། ངེས་པ་དང༌། ངོ་བོ་ཉིད་དང༌། འགྱུར་བ་དང༌། རྡུལ་ཕྲན་གྱི་རྒྱུས་ལོག་པར་ཞུགས་པ། རྒྱུ་མེད་པ་དང༌། རྒྱུ་མི་མཐུན་པ་དང༌། ཆད་པ་དང༌། རྟག་པར་ལྟ་བ་ལ་མངོན་པར་ཞེན་པ། ཆོས་ཀྱི་སྐུ་མཐོང་བ་ལྐོག་ཏུ་གྱུར་པ། བདག་ཏུ་ལྟ་བ་དེ་དང་དེ་ལ་མངོན་པར་ཞེན་པ་དེ་དང་དེ་དག་རྒྱུ་མེད་པ་དང༌། རྒྱུ་མི་མཐུན་པ་དང༌། ཆད་པ་དང་རྟག་པར་ལྟ་བ་དང་རྣམ་པར་བཟློག་པའི་ཕྱིར་དང༌། ཆོས་ཀྱི་སྐུ་རྟོགས་པར་བྱ་བའི་ཕྱིར་དང༌། བདག་ཏུ་ལྟ་བ་དེ་དང༌། དེ་རྣམ་པར་བཟློག་པའི་ཕྱིར་ཤས་ཆེར་ཡོངས་སུ་སྦྱང་བ་བྱས་པ། བློ་རྒྱ་ཆེན་པོ་དང་ལྡན་པ་ཟབ་མོ་བསྟན་པའི་སྣོད་དུ་གྱུར་པ་རྣམས་ལ་སྔར་སྨོས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་འགག་པ་མེད་པ། སྐྱེ་བ་མེད་པ། ཆད་པ་མེད་པ། རྟག་པ་མེད་པ། འོང་བ་མེད་པ། འགྲོ་བ་མེད་པ། དོན་ཐ་དད་པ་མ་ཡིན་པ། དོན་གཅིག་མ་ཡིན་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་བཞི་བར་གྱུར་པ་བསྟན་པ་རྫོགས་པའི་སངས་རྒྱས་སྨྲ་བ་རྣམས་ཀྱི་དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ཡིན་ནོ། །དེ་བཞིན་གཤེགས་པའི་བསྟོད་པ་བརྗོད་པ་ཕྱག་འཚལ་བའི་བྱ་བ་ཉེ་བར་གདགས་པ་དང་ལྡན་པ་འདིས་ནི་དོན་དམ་པའི་བདེན་པ་ཡོངས་སུ་བསྟན་པ་ཡིན་ནོ། །དེ་ལ་འགག་པ་མེད་པ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་


DTG096_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་འདི་ལ་འགག་པ་ཡོད་པ་མ་ཡིན་པ་སྟེ། ཅིའི་ཕྱིར་ཞེ་ན། སྐྱེ་བ་མེད་པའི་ཕྱིར་རོ། །སྐྱེ་བ་མེད་པ་ཞེས་བྱ་བ་ནི། འགག་པ་མེད་པའི་ཕྱིར་རོ། །ཆད་པ་མེད་པ་ཞེས་བྱ་བ་ནི་ས་བོན་དང་མྱུ་གུ་ཡིན་ནོ། །རྟག་པ་མེད་པ་ཞེས་བྱ་བ་ནི་ས་བོན་དང་མྱུ་གུའི་ཡུན་གྱི་དངོས་པོ་བཞིན་ནོ། །འོང་བ་མེད་པ་འགྲོ་བ་མེད་པ་ཞེས་བྱ་བ་ནི་ནམ་མཁའ་བཞིན་ནོ། །ཐ་དད་དོན་མིན་ཞེས་བྱ་བ་ནི། འབྲས་སཱ་ལུའི་འབྲས་བུ་བཞིན་ནོ། །དོན་གཅིག་མིན་ཞེས་བྱ་བ་ནི་འབྲས་སཱ་ལུའི་ས་བོན་བཞིན་ནོ། །ཚིག་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཅི་རིགས་པར་ཚིག་སྦྱར་བ་བརྗོད་པར་བྱའོ། །འདིར་སྨྲས་པ། ཅིའི་ཕྱིར་རྣམ་པ་བརྒྱད་པོ་དག་སྨོས་སོ། །འདིར་སྨྲས་པ། འོ་ན་ཅིའི་ཕྱིར་འགག་པ་མེད་པའི་སྒྲ་སྔར་སྨོས། འདིར་བཤད་པ། འདི་ལྟར་རེ་ཞིག་སྐྱེ་བའི་སྒྲ་སྔར་བརྗོད་པར་ངེས་མོད་ཀྱི། འོན་ཀྱང་ཚིགས་སུ་བཅད་པ་སྦྱར་བའི་དབང་གིས་འགག་པ་མེད་པའི་སྒྲའི་སྐྱོར་བ་འགག་པ་མེད་པ་ལ་སོགས་པའི་ཚིག་བརྒྱད་པོ་དག་སྨོས་སོ། །འདིར་སྨྲས་པ། འོ་ན་ཅིའི་ཕྱིར་འགག་པ་མེད་པ་སྒྲ་སྔར་སྨོས། འདིར་བཤད་པ། འདི་ལྟར་རེ་ཞིག་སྐྱེ་བའི་སྒྲ་སྔར་བརྗོད་པར་ངེས་མོད་ཀྱི། འོན་ཀྱང་ཚིགས་སུ་བཅད་པ་སྦྱར་བའི་དབང་གིས་འགག་པ་མེད་པའི་སྒྲའི་སྐྱོར་བ་སྔ་བ་ལ་འགལ་བ་མེད་དོ། །ཡང་ན་འགག་པ་ཞེས་བྱ་བའི་མིང་ལ་དངོས་པོར་མངོན་པར་ཞེན་པ་རྣམས་ཀྱི་མངོན་པར་ཞེན་པ་དེ་སྤང་པའི་ཕྱིར་ཏེ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། རབ་འབྱོར་འདི་ཇི་སྙམ་དུ་སེམས། སེམས་འགགས་པ་གང་ཡིན་པ་དེ་ཡང་སྐྱེ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་རོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། སེམས་སྐྱེས་པ་གང་ཡིན་པ་དེ་འགག་པའི་ཆོས་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་འགག་པའི་ཆོས་ཅན་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། འགག་པའི་ཆོས་ཅན་གང་ཡིན་པ་དེ་འགག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་མི་འགྱུར་རོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། མ་སྐྱེས་པ་གང་ཡིན་པ་དེ་འགག་པའི་ཆོས་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །


DTG096_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། འགག་པའི་ཆོས་ཅན་གང་ཡིན་པ་དེ་སྐྱེ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་རོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། སེམས་འགག་པའི་ཆོས་ཅན་གང་ཡིན་པ་དེ་འགག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་རོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཆོས་རང་བཞིན་གྱིས་ངོ་བོ་ཉིད་མེད་ཅིང་འགགས་པ་གང་ཡིན་པ་དེ་འགག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་རོ། །ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེ་ལྟར་གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་འགག་པའི་ཆོས་ཅན་ལ་འགག་པར་འགྱུར་བའི་རིམ་པ་ཐ་སྙད་གདགས་པར་མཛད་པ་དེའི་ཕྱིར་འགག་པ་མེད་པའི་སྒྲའི་སྦྱོར་བ་སྔར་སྨོས་སོ། །ཡང་ན་འགག་པ་མེད་པ་ཞེས་བྱ་བའི་སྒྲའི་དོན་ནི་ཆད་པ་མེད་པ་ཞེས་བྱ་བའི་སྒྲའི་བར་དུ་གཅོད་པ་དང་འབྲེལ་པར་སྣང་བའི་ཕྱིར་འགག་པ་མེད་པའི་སྒྲའི་སྦྱོར་བ་སྔར་སྨོས་ཏེ། གང་གི་ཕྱིར་ཆད་པ་མེད་པས་འགག་པ་མེད་དེ། འདི་ན་གང་ཆད་པར་འགྱུར་བ་དེ་འགོག་པར་འགྱུར་བ་དེ་ལྟ་མ་ཡིན་པ་དེའི་ཕྱིར་འགག་པ་མེད་དོ། །གང་གི་ཕྱིར་སྐྱེ་བ་མེད་པ་ཞེས་བྱ་བའི་སྒྲའི་དོན་ནི་རྟག་པ་མེད་པ་ཞེས་བྱ་བའི་སྒྲའི་བར་དུ་ཆོད་པ་དང་འབྲེལ་པར་སྣང་བའི་ཕྱིར་འགག་པ་མེད་པའི་སྒྲའི་མཇུག་ཐོགས་སུ་སྐྱེ་བ་མེད་པ་སྨོས་སོ། །གང་གི་ཕྱིར་འགག་པ་མེད་པས་ཆད་པ་མེད་དེ། འདི་ན་གང་འགག་པར་འགྱུར་བ་དེ་ཆད་པར་འགྱུར་བ་དེ་ལྟ་མ་ཡིན་པ་དེའི་ཕྱིར་ཆད་པ་མེད་དོ། །གང་གི་ཕྱིར་སྐྱེ་བ་མེད་པས་རྟག་པ་མེད་དེ། འདི་ན་གང་སྐྱེ་བར་འགྱུར་བ་དེ་རྟག་པར་འགྱུར་བ་དེ་ལྟ་མ་ཡིན་པ་དེའི་ཕྱིར་རྟག་པ་མེད་དོ། །ད་ནི་གཞན་དུ་བརྟགས་ཏེ། འགག་པ་མེད་པ་ནི་འགགས་པ་དང་མ་འགགས་པ་དག་ལ་འགགས་པ་མི་འཐད་པའི་ཕྱིར་རོ། །སྐྱེ་བ་མེད་པ་ནི་འཕོ་བ་མེད་པར་མི་འཐད་པའི་ཕྱིར་རོ། །དེ་ལ་སྔ་མའི་རྣམ་གྲངས་གཞན་ཡང་འགག་པ་མེད་པ་ནི་དེ་ལས་གཞན་པའི་གནས་སྐབས་ལ་འགག་པ་མི་འཐད་པའི་ཕྱིར་རོ། །བརྟག་པ་གཞན་ཡང་འགག་པ་མེད་པ་ནི་ལུས་དང་མིང་མི་འཐད་པའི་ཕྱིར་རོ། །སྐྱེ་བ་མེད་པ་ལ་ཡང་ལུས་དང་མིང་མི་འཐད་པ་ཉིད་ཀྱི་ཕྱིར། རྣམ་


DTG096_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་གཞན་ཡང་འགག་པ་མེད་པ་ནི་ངོ་བོ་ཉིད་ཡོད་པར་མི་འཐད་པའི་ཕྱིར་རོ། །སྐྱེ་བ་མེད་པ་ཡང་ངོ་བོ་ཉིད་ཡོད་པར་མི་འཐད་པ་ཉིད་ཀྱི་ཕྱིར་རོ། །བརྟག་པ་གཞན་ཡང་འགག་པ་མེད་པ་ནི་ངོ་བོ་ཉིད་སྟོང་པའི་ཕྱིར་རོ། །སྐྱེ་བ་མེད་པ་ཡང་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རོ་། རྣམ་གྲངས་གཞན་ཡང་ཆད་པ་མེད་པ་ནི་འགག་པ་མེད་པའི་ཕྱིར་རོ། །རྟག་པ་མེད་པ་ནི་སྐྱེ་བ་མེད་པའི་ཕྱིར་རོ། །དོན་ཐ་དད་པ་མ་ཡིན་པ་ནི་སྐྱེ་བ་མེད་པའི་ཕྱིར་རོ། །དོན་གཅིག་པ་མ་ཡིན་པ་ནི་འགག་པ་མེད་པའི་ཕྱིར་རོ། །འོང་བ་མེད་པ་ནི་སྐྱེ་བ་མེད་པའི་ཕྱིར་རོ། །འགྲོ་བ་མེད་པ་ནི་འགག་པ་མེད་པའི་ཕྱིར་རོ། །བརྟག་པ་གཞན་ཡང་སྐྱེ་བ་ནི་འགག་པ་མེད་པའི་ཕྱིར་ལྷག་མ་ཐམས་ཅད་ལ་དེ་བཞིན་དུ་མངོན་པར་ཞེན་པ་དག་མེད་དོ། །བརྟག་པ་གཞན་ཡང་གང་ལ་བརྟེན་ནས་གང་འབྱུང་བ་དེ་ནི་གང་གི་ཕྱིར་དེ་ཉིད་ཀྱང་མ་ཡིན་ལ་གཞན་ཡང་མ་ཡིན་པ་དེའི་ཕྱིར་རྣམ་པ་གསུམ་པས་ཀྱང་དེ་ལ་སྐྱེ་བ་མི་འཐད་པས་དེའི་ཕྱིར་སྐྱེ་བ་མེད་དོ། །དེའི་ཕྱིར་སྐྱེ་བ་མེད་པའི་ཕྱིར་འོང་བ་མེད་དོ། །འོང་བ་མེད་པའི་ཕྱིར་འགྲོ་བ་མེད་དོ། །རྣམ་གྲངས་གཞན་ཡང་གང་ལ་བརྟེན་ནས་གང་འབྱུང་བ་དེ་ནི་གང་གི་ཕྱིར་དེ་ཉིད་མ་ཡིན་པ་དེའི་ཕྱིར་རྟག་པ་མེད་དོ། །གང་གི་ཕྱིར་གཞན་མ་ཡིན་པ་དེའི་ཕྱིར་ཆད་པ་མེད་དོ། །འདི་ནི་བརྟག་པ་གཞན་ཏེ། གང་ལ་བརྟེན་ནས་གང་འབྱུང་བ་ནི་གང་གི་ཕྱིར་དེ་ཉིད་མ་ཡིན་པ་དེའི་ཕྱིར་དོན་གཅིག་པ་མ་ཡིན་ནོ། །གང་གི་ཕྱིར་གཞན་མ་ཡིན་པ་དེའི་ཕྱིར་དོན་ཐ་དད་པ་མ་ཡིན་ནོ། །འདི་ནི་རྣམ་གྲངས་གཞན་ཏེ། གང་ལ་བརྟེན་ནས་གང་འབྱུང་བ་དེ་ནི་ངོ་བོ་ཉིད་མེད་དོ། ངོ་བོ་ཉིད་མེད་པའི་ཕྱིར་སྐྱེ་བ་མེད་དོ། །སྐྱེ་བ་མེད་པའི་ཕྱིར་དོན་གཅིག་པ་ཡིན་པ་དང༌། དོན་ཐ་དད་པ་མ་ཡིན་ནོ། །སྐྱེ་བ་མེད་པ་ཁོ་ནའི་ཕྱིར་འོང་བ་མེད་པ་དང་འགྲོ་བ་མེད་དོ། །འདི་ནི་རྣམ་གྲངས་གཞན་ཏེ། གང་ལ་བརྟེན་ནས་གང་འབྱུང་བ་དེ་ནི་ངོ་བོ་ཉིད་མེད་དེ། ངོ་བོ་ཉིད་མེད་པའི་ཕྱིར་འགག་པ་ལ་སོགས་པའི་མིང་གི་ཁྱད་པར་ཐམས་ཅད་ཀྱིས་མངོན་པར་ཞེན་པར་བྱ་བ་མ་ཡིན་ནོ། །འདི་ནི་རྣམ་གྲངས་གཞན་ཏེ། དེ་ལ་ཚིག་སྔ་མ་བཞི་པོ་འགག་པ་མེད་པ་ལ་སོགས་པ་རྟག་པ་མེད་པའི་མཐར་ཐུག་པ་དག་ནི་ཕལ་ཆེར་རང་གི་གཞུང་ལུགས་ཀྱི་ཡོངས་སུ་གཏོགས་པ་ཡིན་པས་དེ་དག་ནི་


DTG096_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བཤད་ཟིན་ཏོ། །ཕྱི་མ་གང་དག་ཡིན་པ་དེ་དག་ནི་གཞན་གྱི་གཞུང་ལུགས་ཀྱི་ཁོངས་སུ་གཏོགས་པ་ཡིན་པས་དེ་དག་རྣམ་པར་བཤད་པར་བྱ་སྟེ། གྲངས་ཅན་དག་ནི་རྒྱུ་དང་འབྲས་བུ་གཅིག་གོ་ཞེས་ཀུན་ཏུ་བསྒྲུབས་པས་དེ་བཟློག་པའི་ཕྱིར་དོན་གཅིག་པ་མ་ཡིན་ནོ། །བྱེ་བྲག་པ་དག་ནི་རྒྱུ་དང་འབྲས་བུ་ཐ་དད་དོ་ཞེས་ཀུན་ཏུ་བསྒྲུབས་པས་དེ་བཟློག་པའི་ཕྱིར་དོན་ཐ་དད་པ་མ་ཡིན་ནོ། །དེ་དག་གཉིས་ཀ་ཡང་དངོས་པོ་རྣམས་ལ་བྱ་བ་རྣམ་པ་ཐ་དད་པ་དག་ཡོད་པར་མངོན་པར་ཞེན་པས་དེ་དག་འགྲོ་བ་དག་ཏུ་བསྡུས་ནས་དེ་དག་བཟློག་པའི་ཕྱིར་འོང་བ་མེད་པ་དང་འགྲོ་བ་མེད་པ་བསྟན་ཏོ། །འདིར་སྨྲས་པ། དོན་མེད་ན་འགག་པ་ལ་སོགས་པའི་མིང་གི་ཁྱད་པར་དག་པ་མིང་འབྱུང་བས་དེའི་ཕྱིར་གང་དག་ཡོད་ན་འགག་པ་ལ་སོགས་པའི་མིང་གི་ཁྱད་པར་དག་འབྱུང་བར་བསམ་པའི་དངོས་པོ་རྣམས་ཡོད་དོ། །འདིར་བཤད་པ། མིང་དང་མིང་ཅན་དག་རབ་ཏུ་གྲུབ་ན་ནི་འགག་པ་ལ་སོགས་པ་དེ་དག་གི་མིང་གི་ཁྱད་པར་དག་ཀྱང་རབ་ཏུ་འགྲུབ་པར་འགྱུར་གྲང་ན། དེ་དག་ནི་མི་འཐད་དོ། །ཇི་ལྟ་ཞེ་ན། འདི་ལ་མིང་དང་མིང་ཅན་དག་གཅིག་པ་ཉིད་དམ་ཐ་དད་པ་ཉིད་དུ་འགྲུབ་པར་འགྱུར་གྲང་ན། གཉིས་ཀ་ལྟར་ཡང་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། རེ་ཞིག་གལ་ཏེ་མིང་གང་ཡིན་པ་དེ་ཉིད་མིང་ཅན་ཡིན་པར་གྱུར་ན་དེ་ལྟ་ན་མིང་ཅན་གཅིག་པ་ཉིད་དུ་འགྱུར་ཏེ། དེ་ལྟར་གཅིག་པ་ཉིད་ཡིན་ན་མ་ཞེས་བརྗོད་པ་ན་ཁ་ཚིག་པར་འགྱུར་བ་རིགས་ན་ཚིག་པར་ནི་མི་འགྱུར་རོ། །གཞན་ཡང་འདི་ན་སྒྲ་ལ་མཁས་པ་དག་བྱེད་པ་པོ་དང་ལས་རྣམ་པར་དབྱེ་བའི་ཕྱིར་ཀུན་ཏུ་བསྒྲུབས་པས་དེའི་ཕྱིར་དེ་གཉིས་གཅིག་པ་ཉིད་མ་ཡིན་ནོ། །ཅི་སྟེ་མིང་ཡང་གཞན་ལ་མིང་ཅན་ཡང་གཞན་ཡིན་པར་གྱུར་ན་ནི་དེ་ལྟ་ན་ཐ་དད་པ་ཉིད་ཡིན་ཏེ། དེ་གཉིས་རྒྱུ་མེད་པ་ཉིད་དུ་འགྱུར་བས་དེ་ནི་མི་འདོད་དོ། །མིང་ཅན་གྱི་མིང་ཡང་འཐད་པ་ཡིན་ན་མིང་ཅན་མེད་ན་དེ་གང་གི་མིང་ཅན་མིང་མེད་པར་ཡང་མིང་ཅན་ཞེས་བྱ་བ་མི་འཐད་དེ། གང་གིས་དེ་ལ་མིང་དུ་བཏགས་པར་གྱུར་པ་དེའི་ཕྱིར་དེ་གཉིས་ཐ་དད་པ་ཉིད་ཀྱང་མ་ཡིན་ནོ། །དེ་ལྟར་གང་གི་ཕྱིར་མིང་དང་མིང་ཅན་དེ་གཉིས་གཅིག་པ་ཉིད་དང་ཐ་དད་པ་ཉིད་དུ་འགྲུབ་པར་མི་འཐད་པ་དེའི་ཕྱིར་འགག་པ་ལ་སོགས་པའི་མིང་


DTG096_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཁྱད་པར་རྣམས་མི་འགྲུབ་བོ། །གཞན་ཡང་ལུང་གི་ཚད་མ་ལས་ཀྱང་མདོ་སྡེ་ལས། མིང་ནི་སྨིག་རྒྱུ་འདྲ་བ་སྟེ། གལ་ཏེ་སྨིག་རྒྱུ་འདྲ་བ་ཡིན་ན་ཕྱིན་ཅི་ལོག་ཡིན་ལ། གང་ཕྱིན་ཅི་ལོག་པ་དེ་ནི་ཡང་དག་པ་མ་ཡིན་ནོ། །གང་ཡང་དག་པ་མ་ཡིན་པའི་མིང་དུ་རྣམ་པར་རྟོག་པས་རབ་ཏུ་ཕྱེ་བ་དེས་ཡང་དག་པ་ཞེས་བྱ་བར་མི་རིགས་སོ་ཞེས་གསུངས་པས། དེའི་ཕྱིར་ལུང་གི་ཚད་མས་ཀྱང་མིང་དང་མིང་ཅན་དེ་གཉིས་སུ་མི་འགྲུབ་སྟེ། དེ་གཉིས་མ་གྲུབ་ན་འགག་པ་ལ་སྩོགས་པའི་མིང་དུ་རྣམ་པར་རྟོག་པ་དག་མི་འགྲུབ་པོ། །འདིའི་ཕྱིར་ཡང་འགག་པ་མི་འཐད་དེ། ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་མཐོང་བའི་ཕྱིར་ཏེ། འདི་ལྟར་འཇིག་རྟེན་ན་དངོས་པོ་རྣམས་འགག་པ་མེད་པ་ཞེས་བྱ་བ་མཐོང་སྟེ། འདི་ལྟ་སྟེ། བསྐལ་པ་དང་པོ་པའི་འབྲས་སཱ་ལུ་ལ་སོགས་པའི་དབྱེ་བ་གང་དག་འགག་པ་དེ་དག་གལ་ཏེ་འགག་པར་གྱུར་ན་ད་ལྟར་གྱི་དུས་ན་འབྲས་སཱ་ལུ་ལ་སོགས་པ་དག་མི་སྣང་བར་འགྱུར་བ་ཞིག་ན། སྣང་བས་དེའི་ཕྱིར་འགག་པ་མེད་དོ། །འདིར་སྨྲས་པ། འོ་ན་སྐྱེ་བ་ཡོད་དོ། །འདིར་བཤད་པ། སྐྱེ་བ་མེད་དོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་མཐོང་བའི་ཕྱིར་ཏེ། འདི་ལྟར་འཇིག་རྟེན་ན་དངོས་པོ་རྣམས་སྐྱེ་བ་མེད་པ་ཞེས་བྱ་བ་དེ་མཐོང་སྟེ། འདི་ལྟ་སྟེ། བསྐལ་པ་དང་པོའི་འབྲས་སཱ་ལུ་ལ་སོགས་པ་གང་དག་ཡིན་པ་དེ་དག་མེད་པ་ད་ལྟར་གྱི་འབྲས་སཱ་ལུ་ལ་སོགས་པ་འགའ་ཡང་མེད་དེ། གལ་ཏེ་དེ་དག་མེད་པར་ད་ལྟར་གྱི་དུས་ཀྱི་འབྲས་སཱ་ལུ་ལ་སོགས་པ་དག་སྣང་བར་གྱུར་ན་ནི། སྐྱེ་བ་ཡོད་དོ་ཞེས་སྨྲ་བར་རིགས་པ་ཞིག་ན། མི་སྣང་བས་དེའི་ཕྱིར་སྐྱེ་བ་མེད་དོ། །འདིར་སྨྲས་པ། ཆད་པ་ཡོད་དོ། །འདིར་བཤད་པ། ཆད་པ་མེད་དོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་མཐོང་བའི་ཕྱིར་ཏེ། འདི་ལྟར་འཇིག་རྟེན་ན་དངོས་པོ་རྣམས་ཆད་པ་མེད་པ་ཞེས་བྱ་བ་དེ་མཐོང་སྟེ། འབྲས་སཱ་ལུའི་ས་བོན་ལས་འབྲས་སཱ་ལུའི་མྱུ་གུ་ལ་སོགས་པ་དག་འབྱུང་བ་མཐོང་ངོ༌། །གལ་ཏེ་ཆད་པ་ཡིན་ན་འབྱུང་བ་ཉིད་མི་དམིགས་པར་འགྱུར་བ་ཞིག་ན། འབྱུང་བ་དམིགས་པས་དེའི་ཕྱིར་ཆད་པ་མེད་དོ། །འདིར་སྨྲས་པ། རྟག་པ་ཡོད་དོ། །འདིར་བཤད་པ། རྟག་པ་མེད་དོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་མཐོང་བའི་ཕྱིར་ཏེ། འདི་ལྟར་


DTG096_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ན་དངོས་པོ་རྣམས་རྟག་པར་མི་འཐད་པ་ཞེས་བྱ་བ་དེ་མཐོང་སྟེ། འབྲས་སཱ་ལུའི་ས་བོན་མྱུ་གུའི་དུས་ན་མི་དམིགས་ཏེ། དེ་ལྟར་གང་གི་ཕྱིར་མྱུ་གུའི་དུས་ན། ས་བོན་ལྡོག་པ་དེའི་ཕྱིར་རྟག་པ་མ་ཡིན་ནོ། །འབྲས་སཱ་ལུའི་ས་བོན་ཇི་ལྟ་བ་དེ་བཞིན་དུ་དངོས་པོ་ཐམས་ཅད་བསམ་པར་བྱའོ། །འདིར་སྨྲས་པ། གལ་ཏེ་དེ་ལྟར་ན། དེ་ཕྱིར་དངོས་པོ་རྣམས་དོན་གཅིག་པ་ཉིད་དུ་འགྱུར་རོ། །འདིར་བཤད་པ། དོན་གཅིག་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་མཐོང་བའི་ཕྱིར་ཏེ། འདི་ལྟར་འཇིག་རྟེན་ན་དངོས་པོ་རྣམས་དོན་གཅིག་པ་ཉིད་མ་ཡིན་པ་ཞེས་བྱ་བ་དེ་མཐོང་སྟེ། འདི་ན་འབྲས་སཱ་ལུའི་ས་བོན་མྱུ་གུ་མ་ཡིན་ནོ། །གལ་ཏེ་དོན་གཅིག་པ་ཉིད་ཡིན་ན། ས་བོན་དང་མྱུ་གུ་ཞེས་ཐ་དད་པར་རྗོད་པར་དེ་དག་བྱེད་པར་མི་འགྱུར་བ་ཞིག་ན། དེ་དག་ཐ་དད་པར་རྗོད་པར་བྱེད་པས་དེའི་ཕྱིར་དོན་གཅིག་པ་མ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་དོན་གཅིག་པ་ཉིད་དུ་མི་འདོད་ན། དེས་ན་དངོས་པོ་རྣམས་དོན་ཐ་དད་པར་འགྱུར་རོ། །འདིར་བཤད་པ། དོན་ཐ་དད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་མཐོང་བའི་ཕྱིར་ཏེ། འདི་ལྟར་འཇིག་རྟེན་ན་དངོས་པོ་རྣམས་དོན་ཐ་དད་པ་མ་ཡིན་པ་ཉིད་མཐོང་སྟེ། འདི་ན་འབྲས་སཱ་ལུའི་ས་བོན་དང་འབྲས་སཱ་ལུའི་མྱུ་གུ་དང༌། འབྲས་སཱ་ལུའི་འདབ་མ་ཞེས་བྱ་བ་ལ་སོགས་པ་དག་མཐོང་ངོ༌། །དེ་ལ་གལ་ཏེ་དོན་ཐ་དད་པ་ཉིད་དུ་འདོད་ན། འབྲས་སཱ་ལུའི་ས་བོན་དང་འབྲས་སཱ་ལུའི་མྱུ་གུ་དང༌། འབྲས་སཱ་ལུའི་འདབས་ཞེས་ངེས་པར་ལོ་དར་འདི་ཇི་ལྟར་སྨྲ་བར་འགྱུར། ཀོ་དྲ་བའི་ས་བོན་དང༌། ཀོ་དྲ་བའི་རྒྱུ་གུ་དང༌། ཀོ་དྲ་བའི་འདབ་མ་ཞེས་བྱ་བའི་ཡང་ཅིའི་ཕྱིར་མི་འགྱུར་བ། གང་གི་ཕྱིར་དེ་ལྟར་མི་འགྱུར་བ་དེའི་ཕྱིར་དོན་ཐ་དད་པ་མ་ཡིན་ནོ། །འདིར་སྨྲས་པ། འོང་བ་ཡོད་དོ། །འདིར་བཤད་པ། འོང་བ་མེད་དོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་མ་མཐོང་བའི་ཕྱིར་ཏེ། འདི་ལྟར་འཇིག་རྟེན་ན་དངོས་པོ་རྣམས་གང་ནས་ཀྱང་འོང་བ་མེད་པ་ཞེས་བྱ་བ་དེ་མཐོང་སྟེ། འདི་ན་འབྲས་སཱ་ལུའི་མྱུ་གུ་གཤེད་ནས་འོངས་ན། འབྲས་སཱ་ལུའི་ས་བོན་ལ་ངེས་པར་གནས་པར་མི་བྱེད་དོ། །གལ་ཏེ་མྱུ་གུའི་ཡུལ་གཞན་གཤེད་ནས་འོངས་ཏེ། པར་གནས་པར་བྱེད་པར་བྱེད་པར་གྱུར་ན། ཤིང་


DTG096_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོན་པ་ལ་བྱ་གནས་པ་བཞིན་དུ་སྣང་བར་འགྱུར་བ་བཞིན་ན། དེ་ལྟར་མི་སྣང་བས། དེའི་ཕྱིར་འོང་བ་མེད་དོ། །འདིར་སྨྲས་པ། འགྲོ་བ་ཡོད་དོ། །འདིར་བཤད་པ། འགྲོ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་མཐོང་བའི་ཕྱིར་ཏེ། འདི་ལྟར་འཇིག་རྟེན་ན་དངོས་པོ་རྣམས་འགྲོ་བ་མེད་པ་ཞེས་བྱ་བ་དེ་མཐོང་སྟེ། འདི་ན་འབྲས་སཱ་ལུའི་མྱུ་གུ་ས་བོན་ལ་འགྲོ་བ་མེད་པར་མཐོང་ངོ༌། །གལ་ཏེ་འགྲོ་བ་ཡོད་པར་འགྱུར་ན་ནི། རིལ་སྦྲུལ་བཞིན་དུ་སྣང་བར་འགྱུར་བ་ཞིག་ན། མི་སྣང་བས་དེའི་ཕྱིར་འགྲོ་བ་མེད་དོ། །དེ་ལྟར་འཇུག་པ་འདིས་ཀྱང་འགག་པ་ལ་སོགས་པ་དག་མི་འཐད་དེ་བརྟག་པ་དང་པོའོ། །འདིར་སྨྲས་པ། འོ་ན་གཞན་དུ་ན་ཇི་ལྟར་སྐྱེ་བ་མེད་པ། འདིར་བཤད་པ། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །བདག་ལས་མ་ཡིན་ཞེས་བྱ་བ་འདི་བདག་ཉིད་ལས་མ་ཡིན་པའོ། །གཞན་ལས་མིན་ཞེས་བྱ་བ་འདི་གཞན་གྱི་བདག་ཉིད་ལས་མ་ཡིན་པ་ཁོ་ནའོ། །གཉིས་ལས་མ་ཡིན་ཞེས་བྱ་བ་ནི། བདག་དང་གཞན་ལས་མ་ཡིན་པའོ། །རྒྱུ་མེད་མིན་ཞེས་བྱ་བ་ནི། རྒྱུ་མེད་པ་ལས་མ་ཡིན་པའོ། །དངོས་པོ་ཞེས་བྱ་བ་ནི། ཆོས་རྣམས་ཏེ་དངོས་པོ་ཞེས་བྱ་བའི་སྒྲས་ནི་འདི་མུ་སྟེགས་ཅན་ཐམས་ཅད་དང་ཐུན་མོང་ངོ་ཞེས་བྱ་བར་སྦྱར་རོ། །གང་དག་ཅེས་བྱ་བ་ནི་དངོས་པོ་འགའ་ཡང་ངོ༌། །གང་ན་ཡང་ཞེས་བྱ་བ་ནི། དུས་གང་ན་དང་ཡུལ་གང་ན་ཡང་ངོ༌། །སྐྱེ་བ་ཞེས་བྱ་བ་ནི། སྐྱེས་པ་དང༌། བྱུང་བ་དང༌། མངོན་པར་གྲུབ་པའོ། །ནམ་ཡང་ཞེས་བྱ་བའི་སྒྲ་ནི། ལན་འགའ་ཡང་ཞེས་བྱ་བའི་དོན་ཏོ། །ཡོད་མ་ཡིན་ཞེས་བྱ་བ་ནི། ཡོད་པ་མ་ཡིན་པའོ། །གང་གི་ཕྱིར་རིམ་པ་རྣམ་པ་བཞི་པོ་དེ་དག་གིས་ཀྱང་དངོས་པོ་རྣམས་སྐྱེ་བར་མི་འཐད་པ་དེའི་ཕྱིར་འགག་པ་མེད་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་སེལ་བའི་ཚིག་རྣམས་སྨོས་སོ། །འདིར་སྨྲས་པ། ཁྱོད་ཀྱིས་རིམ་པ་རྣམ་པ་བཞི་པོ་གང་དག་གིས་དངོས་པོ་རྣམས་སྐྱེ་བ་མེད་པར་དཔྱད་པ་དེའི་རིགས་པ་གང་གིས་ཇི་ལྟར་མི་འཐད་པར་ཤེས་པར་འགྱུར། འདིར་བཤད་པ། དངོས་པོ་རྣམས་ཀྱི་རང་


DTG096_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནི། །རྐྱེན་ལ་སོགས་ལ་ཡོད་མ་ཡིན། །བདག་གི་དངོས་པོ་ཡོད་མིན་ན། །གཞན་གྱི་དངོས་པོ་ཡོད་མ་ཡིན། །དངོས་པོ་རྣམས་ཀྱི་ཞེས་བྱ་བ་ནི་ཆོས་རྣམས་ཀྱིའོ། །རང་བཞིན་ནི་ཞེས་བྱ་བ་ནི། རང་གི་དངོས་པོ་ནི་རང་བཞིན་ཏེ། བདག་ཉིད་ཀྱི་དངོས་པོ་ཞེས་བྱ་བའི་ཐ་ཚིག་གོ ། རྐྱེན་ལ་སོགས་ཞེས་བྱ་བ་ནི་རྒྱུ་ལ་སོགས་པ་དག་ལ་ཞེས་བྱ་བའི་ཐ་ཚིག་གོ །སྩོགས་ལ་ཞེས་བྱ་བའི་སྒྲ་སྨོས་པ་ནི། གཞན་མུ་སྟེགས་ཅན་དག་གི་རྐྱེན་བསྟན་པ་ཐམས་ཅད་བསྡུས་པའི་ཕྱིར་རོ། །ཡོད་མ་ཡིན་ཞེས་བྱ་བ་ནི་རྒྱུ་བསྟན་པ་སྔར་བཏང་སྟེ། ཡོད་པ་མ་ཡིན་ནོ་ཞེས་དགག་པའི་དོན་ཏོ། །བདག་གི་དངོས་པོ་ཞེས་བྱ་བ་ནི་བདག་ཉིད་ཀྱི་དངོས་པོ་ཞེས་བྱ་བའི་ཐ་ཚིག་གོ །ཡོད་མིན་ན་ཞེས་བྱ་བ་ནི་ཡོད་པ་མ་ཡིན་ན་ཞེས་བྱ་བའི་དོན་ཏོ། །གཞན་གྱི་དངོས་པོ་ཞེས་བྱ་བ་ནི་གཞན་གྱི་ངོ་བོ་ཉིད་ནི་གཞན་གྱི་དངོས་པོ་སྟེ། བདག་ཉིད་ཀྱི་དངོས་པོ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ །ཡོད་མ་ཡིན་ཞེས་བྱ་བ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དངོས་པོ་རྣམས་ཀྱི་རང་བཞིན་རྐྱེན་ལ་སོགས་པ་དག་ལ་ཡོད་པ་མ་ཡིན་པ་དེའི་ཕྱིར་དངོས་པོ་རྣམས་བདག་ལས་སྐྱེ་བར་མི་འཐད་དོ། །གང་གི་ཕྱིར་བདག་གི་དངོས་པོ་ཡོད་པ་མིན་གཞན་གྱི་དངོས་པོ་ཡོད་མ་ཡིན་པ་དེའི་ཕྱིར་དངོས་པོ་རྣམས་གཞན་ལས་སྐྱེ་བར་མི་འཐད་དོ། །བདག་གི་དངོས་པོ་དང་གཞན་གྱི་དངོས་པོ་ཡོད་པ་མ་ཡིན་པས་དངོས་པོ་རྣམས་གཉིས་ལས་སྐྱེ་བར་མི་འཐད་དོ། །རྒྱུ་མེད་པ་ནི་ཐ་ཆད་ཁོ་ན་ཡིན་པར་དེ་ལས་ཀྱང་དངོས་པོ་རྣམས་སྐྱེ་བར་མི་འཐད་དོ། །འདིར་ཆོས་མངོན་པར་ཤེས་པ་དག་གིས་སྨྲས་པ། རྐྱེན་རྣམ་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། །རྐྱེན་ལྔ་པ་ནི་ཡོད་མ་ཡིན། །རབ་ཏུ་བྱེད་པ་རྩོམ་པ་དག་གིས་རྣམ་གྲངས་དེ་དང་དེ་དག་གིས་བརྟེན་པ་རྐྱེན་ཇི་སྙེད་གང་དག་བརྗོད་པ་དེ་དག་ཐམས་ཅད་ནི་རྐྱེན་བཞི་པོ་འདི་དག་ཉིད་དུ་འདུས་པས་རྐྱེན་ལྔ་པ་ཡོད་པ་མ་ཡིན་ནོ། །རྐྱེན་བཞི་པོ་གང་དག་ཏུ་འདུས་ཤེ་ན། རྒྱུའི་རྐྱེན་ནི་བསྐྱེད་པའི་དོན་གྱིས་སོ། །དམིགས་པའི་རྐྱེན་ནི་རྟེན་གྱི་དོན་གྱིས་སོ། །དེ་མ་ཐག་པའི་རྐྱེན་ནི་བར་དུ་མཆོད་པའི་དོན་གྱིས་སོ། །བདག་པོའི་རྐྱེན་ནི་དབང་བྱེད་པའི་


DTG096_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱིས་ཏེ། རྐྱེན་བཞི་པོ་དེ་དག་གིས་དངོས་པོ་རྣམས་ཀྱི་བྱ་བ་དང་སྐྱེ་བ་དང་འབྱུང་བ་དང༌། རྒྱུའི་རྣམ་གྲངས་ཀྱི་སྒྲ་བརྗོད་དོ། །འདིར་བཤད་པ། བྱ་བ་རྐྱེན་དང་ལྡན་མ་ཡིན། །རྐྱེན་དང་མི་ལྡན་བྱ་བ་མེད། །བྱ་བ་མི་ལྡན་རྐྱེན་མ་ཡིན། །བྱ་བ་ལྡན་ནམ་འོན་ཏེ་ན། །ཁྱེད་ཀྱི་རྐྱེན་བཞི་པོ་དག་གིས་དངོས་པོ་རྣམས་ཀྱི་བྱ་བ་བརྗོད་པ་གང་ཡིན་པ་དེ་རྐྱེན་དང་ལྡན་པ་ཡིན་ནམ། རྐྱེན་དང་མི་ལྡན་པ་ཡིན་གྲང་ན། དེ་ཡོད་པའམ་མེད་པ་གཉི་ག་ལ་ཡང་རྐྱེན་རྣམས་དགོས་པ་མེད་པས་ཡོད་པ་མ་ཡིན་ནོ། །རྐྱེན་རྣམས་ཀྱང་བྱ་བ་དང་ལྡན་པའམ་བྱ་བ་དང་མི་ལྡན་པ་ཡིན་གྲང་ན། དེ་དག་ཀྱང་ཡོད་པའམ་མེད་པ་གཉིས་ཀ་ལ་ཡང་བྱ་བ་མེད་དེ། བྱ་བ་བཞིན་ནམ། བསྲེགས་པ་དང་མ་བསྲེགས་པ་བཞིན་པས་དེ་ལ་རྐྱེན་བཞི་པོ་དག་གིས་དངོས་པོ་རྣམས་ཀྱི་བྱ་བ་བརྗོད་དོ་ཞེས་གང་སྨྲས་པ་དེའི་རིགས་པ་མ་ཡིན་ནོ། །ཡང་གཞན་ཡང༌། འདི་དག་ལ་བརྟེན་སྐྱེ་བས་ན། །དེ་ཕྱིར་འདི་དག་རྐྱེན་ཅེས་གྲག །འདི་དག་ལ་བརྟེན་ནས་དངོས་པོ་རྣམས་སྐྱེ་བས་ན། དེའི་ཕྱིར་འདི་དག་རྐྱེན་དུ་སྟོན་ཅེས་གྲག་པས་དེ་ལ་བཤད་པར་བྱ་སྟེ། ཇི་སྲིད་མི་སྐྱེ་དེ་སྲིད་དུ། །འདི་དག་རྐྱེན་མིན་ཇི་ལྟར་མིན། །ཇི་སྲིད་དུ་དངོས་པོ་མི་སྐྱེ་བ་དེ་སྲིད་དུ་འདི་དག་རྐྱེན་མ་ཡིན་པར་ཡང་ཇི་ལྟར་མི་འགྱུར་ཏེ། ཞིག་པ་དང་མ་ཞིག་པ་བཞིན་ནོ། །ཡང་གཞན་ཡང༌། མེད་དམ་ཡོད་པའི་དོན་ལ་ཡང༌། །རྐྱེན་ནི་རུང་བ་མ་ཡིན་ཏེ། །རྐྱེན་ནི་དངོས་པོ་མེད་པའི་འམ། ཡོད་པའི་ཡིན་གྲང་ན། གཉི་གར་ཡང་མི་འཐད་དེ། མ་སྐྱེས་པ་དང་སྐྱེས་པ་བཞིན་ནོ། །ཇི་ལྟ་ཞེ་ན། བཤད་པ། མེད་ན་གང་གི་རྐྱེན་དུ་འགྱུར། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །དམུས་ལོང་བཞིན་ནམ་ཐམས་ཅད་མཁྱེན་པར་ཞིན་ནོ། །འདིར་སྨྲས་པ། རྐྱེན་རྣམས་སྤྱིར་དགག་པ་ནི་བྱས་ན། དེ་དག་རེ་རེ་ནས་ཇི་ལྟར་དགག་པར་བྱ། འདིར་བཤད་པ། གང་ཚེ་ཆོས་ནི་ཡོད་པ་དང༌། །མེད་དང་ཡོད་མེད་མི་འགྲུབ་པ། །ཇི་ལྟ་བསྒྲུབ་བྱེད་རྒྱུ་ཞེས་བྱ། །དེ་ལྟ་ཡིན་ན་མི་རིགས་སོ། །འདི་ལ་ཆོས་གང་རྒྱུས་སྒྲུབ་པར་གྱུར་ན་དེ་ཡོད་པའམ་མེད་པའམ་ཡོད་མེད་གཅིག་སྒྲུབ་པར་འགྱུར་གྲང་ན། དེ་ལ་གང་གི་ཚེ་ཡོད་པ་ཡང་སྒྲུབ་པར་མི་བྱེད། མེད་པ་ཡང་སྒྲུབ་པར་མི་བྱེད།


DTG096_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་མེད་ཀྱང་སྒྲུབ་པར་མི་བྱེད་བ་དེའི་ཚེ་ཇི་ལྟར་སྒྲུབ་པར་བྱེད་པ་རྒྱུ་ཞེས་བྱ་སྟེ། དེ་ལྟ་ཡིན་ན་མི་རིགས་སོ། །དེ་ལྟར་རེ་ཞིག་རྒྱུ་བཀག་ཟིན་ཏོ། །དམིགས་པ་ཇི་ལྟར་དགག་ཅེ་ན། བཤད་པ། ཡོད་པའི་ཆོས་འདི་དམིགས་པ་ནི། །མེད་པ་ཁོ་ནར་ཉེ་བར་བསྟན། །དེ་ལྟར་ཆོས་འདི་དམིགས་མེད་ན། །དམིགས་པ་ཡོད་པར་ག་ལ་འགྱུར། །བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དག་ཏུ་ཆོས་གང་བསྟན་པ་དེ་ནི་རོ་གཅིག་པ་དམིགས་པ་མེད་པ་ཁོ་ན་ཡིན་ནོ་ཞེས་བཀའ་སྩལ་ཏེ། དེ་ལྟར་ཆོས་ཀྱི་དམིགས་པ་མེད་པར་བསྟན་པ་དེ་ལ་ཅིའི་ཕྱིར་དམིགས་པ་ཡོད་པར་སྟོན། དམིགས་པ་དེ་ནི་མི་འཐད་དེ་ནམ་མཁའ་བཞིན་ནོ། །དེ་མ་ཐག་པ་ཇི་ལྟར་དགག་ཅེ་ན། བཤད་པ། ཆོས་རྣམས་སྐྱེས་པས་ཡིན་ན། །འགག་པ་འཐད་པར་མི་འགྱུར་རོ། །དེ་ཕྱིར་དེ་མ་ཐག་མི་རེགས། །འགགས་ན་རྐྱེན་ཡང་གང་ཞིག་ཡིན། །ཆོས་རྣམས་སྐྱེ་བར་སྟོན་པ་ན། །ཆོས་མ་སྐྱེས་པ་རྣམས་ལ་འགག་པ་འཐད་པར་མི་འགྱུར་རོ། །སྐྱེས་པ་རྣམས་ལ་འཐད་པར་འགྱུར་བས་གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དེ་མ་ཐག་པའི་རྐྱེན་ཅེས་བྱའོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། འགགས་ན་རྐྱེན་དུ་བསྟན་པ་མི་འཐད་དེ་མེད་པ་རྐྱེན་དུ་བསྟན་པར་བྱ་བ་དེ་གང་ཡིན། དེ་ནི་དེ་མ་ཐག་པ་དགག་པའོ། །བདག་པོ་ཇི་ལྟར་དགག་ཅེ་ན། བཤད་པ། དངོས་པོ་རང་བཞིན་མེད་རྣམས་ཀྱི། །ཡོད་པ་གང་ཕྱིར་ཡོད་མིན་ན། །འདི་ཡོད་པས་ན་འདི་འབྱུང་ཞེས། །བྱ་བ་དེ་ནི་འཐད་མ་ཡིན། །དངོས་པོ་རང་བཞིན་མེད་པ་རྣམས་ཀྱི་ཡོད་པ་ཞེས་བྱ་བ་གང་གི་ཕྱིར་ཡོད་པ་མ་ཡིན་པ་དེའི་ཕྱིར་འདི་ཡོད་པས་འདི་འབྱུང་ངོ་ཞེས་བྱ་བ་དེ་འཐད་བ་མ་ཡིན་ཏེ། དེ་ནི་བདག་པོ་དགག་པའོ། །དེ་ལྟར་རྐྱེན་དེ་དག་སྤྱི་དང་སོ་སོར་བཀག་པས། རྐྱེན་རྣམས་སོ་སོ་འདུས་པ་ལས། །འབྲས་བུ་དེ་ནི་མེད་པ་ཉིད། །རྐྱེན་རྣམས་ལ་ནི་གང་མེད་པ། །དེ་ནི་རྐྱེན་ལས་ཇི་ལྟར་སྐྱེ། །རྐྱེན་རྣམས་སོ་སོ་དང་འདས་པ་དག་ལ་འབྲས་བུ་དེ་མེད་པ་ཉིད་ཡིན་ན། རྐྱེན་རྣམས་སོ་སོ་དང་འདུས་པ་དག་ལ་མེད་པ་གང་ཡིན་པ་དེ་རྐྱེན་ལས་སྐྱེ་བར་མི་རིགས་སོ། །ཅི་སྟེ་དེ་ནི་མེད་པར་ཡང༌། །རྐྱེན་དེ་དག་ལས་སྐྱེ་


DTG096_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ན། །རྐྱེན་མིན་ལས་ཀྱང་འབྲས་བུ་ནི། །ཅི་ཡི་ཕྱིར་ན་སྐྱེ་མི་འགྱུར། །ཅི་སྟེ་འབྲས་བུ་དེ་མེད་པར་ཡང་རྐྱེན་རྣམས་ལས་སྐྱེ་བར་སེམས་ན། འོ་ན་དེ་མེད་པར་འདྲ་བ་རྐྱེན་མ་ཡིན་པ་དག་ལས་ཀྱང་ཅིའི་ཕྱིར་སྐྱེ་བར་མི་འགྱུར། འདིར་སྨྲས་པ། ཁྱོད་ཀྱིས་རྐྱེན་དང་རྐྱེན་མ་ཡིན་པ་ཞེས་བརྗོད་པ་གང་དག་ཡིན་པ་དེ་དག་ནི་ཡོད་དོ། །འདིར་བཤད་པ། འབྲས་བུ་རྐྱེན་ལས་བྱུང་ཡིན་ན། །རྐྱེན་རྣམས་རང་ལས་བྱུང་མ་ཡིན། །རང་བྱུང་མིན་ལས་འབྲས་བུ་གང༌། །དེ་ནི་ཇི་ལྟར་རྐྱེན་ལས་བྱུང༌། །དེ་ཕྱིར་རྐྱེན་ལས་བྱུང་མ་ཡིན། །རྐྱེན་མིན་ལས་བྱུང་འབྲས་བུ་ནི། །ཡོད་མིན་འབྲས་བུ་མེད་པས་ན། །རྐྱེན་མིན་རྐྱེན་དུ་ག་ལ་འགྱུར། །ཁྱོད་ཀྱིས་རྐྱེན་དང་རྐྱེན་མ་ཡིན་པ་དག་ཡོད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ལ་བཤད་པར་བྱ་སྟེ། འདི་ལ་ཁྱོད་ཀྱིས་སྔར་འབྲས་བུ་རྐྱེན་ལས་བྱུང་བ་ཡིན་ནོ། །ཞེས་བྱ་བ་དེ་ལྟར་བསམས་པ་དེ་ལ་རིགས་པས་རབ་ཏུ་བརྟགས་ན། རྐྱེན་རྣམས་ནི་འབྲས་བུ་དང་འདྲ་བ་ཁོ་ནར་རང་ལས་བྱུང་བ་མ་ཡིན་ནོ། །རྐྱེན་རང་ལས་བྱུང་བ་མ་ཡིན་པ་དག་ལས་འབྲས་བུ་གང་བྱུང་བ་དེ་ཇི་ལྟར་རྐྱེན་ལས་བྱུང་བ་ཞེས་བྱ་བ་རིགས། དེ་ལྟ་བས་ན་འབྲས་བུ་རྐྱེན་ལས་བྱུང་བ་ཡང་མེད་ལ། རྐྱེན་མ་ཡིན་པ་ལས་བྱུང་བ་ཡང་མེད་དོ། །འབྲས་བུ་མེད་བས་ན་རྐྱེན་མ་ཡིན་པ་དང༌། རྐྱེན་དག་ཀྱང་འབྲས་བུ་དང་འདྲ་བ་ཁོ་ནར་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ། སྨིག་རྒྱུ་བཞིན་ནོ། །རྐྱེན་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་དང་པོའོ།། །།འདིར་སྨྲས་པ། འདི་ལ་དུས་གསུམ་གྱི་གནས་སྐབས་ཀྱི་བྱ་བ་དག་སྣང་སྟེ། དུས་གསུམ་གྱི་གནས་སྐབས་ཚད་མར་བྱས་ནས། སོང་བ་དང་མ་སོང་བ་དང་བགོམ་པ་ཞེས་བྱ་བ་ལ་སོགས་པ་དེ་དག་རྒྱ་ཆེར་བསྟན་པས། དེའི་ཕྱིར་བྱ་བ་ཡོད་དོ། །འདིར་བཤད་པ། རེ་ཞིག་སོང་ལ་འགྲོ་མེད་དེ། །མ་སོང་བ་ལའང་འགྲོ་བ་མེད། །སོང་དང་མ་སོང་མ་གཏོགས་པར། །བགོམ་པ་ཤེས་པར་མི་འགྱུར་རོ། །འདི་ལ་རེ་ཞིག་སོང་བ་ལ་འགྲོ་བ་མེད་དེ། སོང་ཟིན་པའི་ཕྱིར་ཏེ། བྱ་བ་དང་བྲལ་བ་ལ་མི་འཐད་པའི་ཕྱིར་རོ། །མ་སོང་བ་ལ་ཡང་འགྲོ་བ་མེད་དེ་འགྲོ་བ་མེད་པའི་ཕྱིར་རོ། །བགོམ་པ་ལ་ཡང་འགྲོ་བ་མེད་དེ་སོང་བ་དང་མ་སོང་བ་


DTG096_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དག་མ་གཏོགས་པར་བགོམ་པ་མེད་པའི་ཕྱིར་ཏེ། མར་མེ་དང་སྣང་བ་བཞིན་ནོ། །འདིར་སྨྲས་པ། གང་ན་གཡོ་བ་དེ་ན་འགྲོ་།དེ་ཡང་གང་གི་བགོམ་པ་ལ། །གཡོ་བ་སོང་མིན་མ་སོང་མིན། །དེ་ཕྱིར་བགོམ་ལ་འགྲོ་བ་ཡོད། །འདི་ན་གང་ན་གཡོ་བ་སྣང་བ་དེ་ན་འགྲོ་བ་ཡོད་དེ། དེ་ཡང་གང་གི་ཕྱིར་བགོམ་པ་ལ་སྣང་གི་གཡོ་བ་སོང་བ་ལ་ཡང་མི་སྣང༌། མ་སོང་བ་ལ་ཡང་མི་སྣང་བ་དེའི་ཕྱིར། བགོམ་པ་ལ་ཡང་འགྲོ་བ་ཡོད་དོ། །འདིར་བཤད་པ། བགོམ་ལ་འགྲོ་བ་ཡོད་པར་ནི། །ཇི་ལྟ་བུར་ན་འཐད་པར་འགྱུར། །གང་ཚེ་འགྲོ་བ་མེད་པ་ཡི། །བགོམ་པ་འཐད་པ་མེད་ཕྱིར་རོ། །འདི་ལ་བགོམ་པ་ལ་འགྲོ་བ་ཡོད་པ་མི་འཐད་དེ། ཅིའི་ཕྱིར་ཞེ་ན། འདི་ལྟར་འགྲོ་བ་མེད་པའི་བགོམ་པ་ངེས་པར་གཟུང་བ་མི་འཐད་པའི་ཕྱིར་ཏེ། མོ་གཤམ་གྱི་བུ་བཞིན་ནོ། །ཡང་གཞན་ཡང༌། གང་གི་བགོམ་ལ་འགྲོ་ཡོད་པ། །དེ་ཡི་འགོམ་ལ་འགྲོ་མེད་པར། །ཐལ་བར་འགྱུར་ཏེ་གང་གི་ཕྱིར། །བགོམ་པ་ཁོང་དུ་ཆུད་ཕྱིར་རོ། །འདི་ལ་གང་གི་ཕྱོགས་ལ་བགོམ་པ་ལ་འགྲོ་བ་ཡོད་པར་འདོད་པ་དེའི་བགོམ་པ་ལ་འགྲོ་བ་མེད་པར་ཐལ་བར་འགྱུར་ཏེ། མ་ལྟོས་པར་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བགོམ་པ་ཁོང་དུ་ཆུད་པའི་ཕྱིར་ཏེ། ཚིག་འདི་ལ་མངོན་བར་ཞེན་པའི་ཕྱིར་རོ། །དེ་ཡང་མི་འདོད་དེ། དེའི་ཕྱིར་བགོམ་པ་ལ་འགྲོ་བ་ཡོད་དོ། །ཞེས་བྱ་བ་ནི་རིགས་པ་མ་ཡིན་ཏེ། གྲུབ་མོ་བཞིན་ནོ། །ཡང་གཞན་ཡང༌། བགོམ་ལ་འགྲོ་བ་ཡོད་ན་ནི། །འགྲོ་བ་གཉིས་སུ་ཐལ་འགྱུར་ཏེ། །གང་གིས་བགོམ་པ་དེ་དང་ནི། །དེ་ལ་འགྲོ་བ་གང་ཡིན་པའོ། །འདི་ལ་བགོམ་པ་ལ་འགྲོ་བ་ཡོད་པར་འདོད་ན། འགྲོ་བ་གཉིས་སུ་ཐལ་བར་འགྱུར་ཏེ། ཇི་ལྟ་ཞེ་ན། འགྲོ་བ་གང་གིས་བགོམ་པ་ཞེས་བརྗོད་པ་དེ་དང་དེ་ལ་ཡང་འགྲོ་བར་འགྱུར་བ་གང་ཡིན་པའོ། །ཡང་གཞན་ཡང༌། འགྲོ་བ་གཉིས་སུ་ཐལ་འགྱུར་ན། །འགྲོ་བ་པོ་ཡང་གཉིས་སུ་འགྱུར། །གང་ཕྱིར་འགྲོ་བ་མེད་པར་ནི། །འགྲོ་བ་འཐད་པར་མི་འགྱུར་ཕྱིར། །འདི་ལ་འགྲོ་བ་གཉིས་སུ་ཐལ་བར་འགྱུར་ན། འགྲོ་བ་པོ་ཡང་གཉིས་སུ་ཐལ་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་


DTG096_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་པོ་མེད་པར་འགྲོ་བ་འཐད་པར་མི་འགྱུར་བའི་ཕྱིར་རོ། །འགྲོ་བ་གཉིས་དང་འགྲོ་བ་པོ་གཉིས་སུ་ཐལ་བར་འགྱུར་བ་དེ་ནི་མི་འདོད་དེ། དེའི་ཕྱིར་བགོམ་པ་ལ་འགྲོ་བ་ཡོད་དོ་ཞེས་བྱ་བ་དེ་རིགས་པ་མ་ཡིན་ཏེ། མགོ་བཅད་པ་བཞིན་ནོ། །འདིར་སྨྲས་པ། འགྲོ་བ་པོ་མེད་པར་འགྲོ་བ་འཐད་པར་མི་འགྱུར་བ་དེ་ནི་དེ་བཞིན་ཏེ། དེའི་ཕྱིར་འགྲོ་བ་པོ་དུས་གསུམ་དུ་ངེས་པར་གནས་པ་ལ་བརྟེན་པའི་འགྲོ་བ་ཡོད་དོ། །འདིར་བཤད་པ། གལ་ཏེ་འགྲོ་པོ་མེད་གྱུར་ན། །འགྲོ་བ་འཐད་པར་མི་འགྱུར་ཏེ། །འགྲོ་བ་མེད་ན་འགྲོ་བ་པོ། །ཡོད་པ་ཉིད་དུ་ག་ལ་འགྱུར། །གང་གི་ཚེ་འགྲོ་བ་པོ་མེད་ན་འགྲོ་བ་མི་འཐད་པ་དེའི་ཚེ། དེ་ཇི་ལྟར་འགྲོ་བ་མེད་ན། འགྲོ་བ་པོ་ཡོད་པར་འགྱུར་ཏེ། དེ་ལ་འགྲོ་བ་པོ་དུས་གསུམ་དུ་ངེས་པར་གནས་པ་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ། །ཡང་གཞན་ཡང༌། རེ་ཞིག་འགྲོ་པོ་མི་འགྲོ་སྟེ། །འགྲོ་བ་པོ་མིན་འགྲོ་བ་མིན། །འགྲོ་པོ་འགྲོ་པོ་མིན་ལས་གཞན། །གསུམ་པ་གང་ཞིག་འགྲོ་བར་འགྱུར། །འདི་ལ་འགྲོ་བ་པོ་ཞིག་འགྲོ་བར་འགྱུར་རམ། འགྲོ་བ་པོ་མ་ཡིན་པ་ཞིག་འགྲོ་བར་འགྱུར་རམ། དེ་གཉིས་ལས་གཞན་པ་གསུམ་པ་ཞིག་འགྲོ་བར་འགྱུར་གྲང་ན། དེ་ལ་རེ་ཞིག་འགྲོ་བ་པོ་ནི་མི་འགྲོ་སྟེ། འགྲོ་བ་ཡོད་པའི་ཕྱིར་རོ། །འགྲོ་བ་པོ་མ་ཡིན་པ་ཡང་མི་འགྲོ་སྟེ་འགྲོ་བ་མེད་པའི་ཕྱིར་རོ། །དེ་གཉིས་ལས་གཞན་པ་གསུམ་པ་ཡང་ནི་འགྲོ་སྟེ། མེད་པའི་ཕྱིར་རོ། །གང་ཞིག་ཡོད་ན་དེ་འགྲོ་བ་པོའམ། འགྲོ་བ་པོ་མ་ཡིན་པ་ཞིག་ཡིན་གྲང་ན། དེ་གཉི་ག་ཡང་འགྲོ་བར་མི་འཐད་པས་དེའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ། །ཡང་གཞན་ཡང༌། རེ་ཞིག་འགྲོ་པོ་འགྲོའོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །འགྲོ་བ་མེད་ན་འགྲོ་བ་པོ། །ནམ་ཡང་འཐད་པར་མི་འགྱུར་རོ། །འདི་ལ་འགྲོ་བ་པོ་འགྲོ་པོ་ཞེས་བྱ་བ་གང་ཡིན་པ་དེ་ལ་མངོན་པར་ཞེན་པ་དེ་ནི་མི་འཐད་དེ། ཅིའི་ཕྱིར་ཞེ་ན། འགྲོ་བ་མེད་ན་འགྲོ་བ་པོ་ནམ་ཡང་འཐད་པར་མི་འགྱུར་བའི་ཕྱིར་རོ། །ཡང་གཞན་ཡང༌། གང་གི་ཕྱོགས་ལ་འགྲོ་བ་པོ། །འགྲོ་བ་དེ་ལ་འགྲོ་མེད་པའི། །འགྲོ་པོ་ཡིན་པར་ཐལ་འགྱུར་ཏེ། །


DTG096_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་པོ་འགྲོ་བར་འདོད་ཕྱིར་རོ། །དེ་ལ་གང་གི་ཕྱོགས་ལ་འགྲོ་བ་པོ་འགྲོ་བར་འདོད་པ་དེ་ལ་འགྲོ་བ་མེད་པའི་འགྲོ་བ་པོ་ཡིན་པར་ཐལ་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་འགྲོ་བ་པོ་འགྲོ་བར་འདོད་པའི་ཕྱིར་རོ། །ཡང་གཞན་ཡང༌། གལ་ཏེ་འགྲོ་པོ་འགྲོ་འགྱུར་ན། །འགྲོ་བ་གཉིས་སུ་ཐལ་འགྱུར་ཏེ། །གང་གིས་འགྲོ་པོར་མངོན་པ་དང༌། །འགྲོ་པོར་གྱུར་ནས་གང་འགྲོ་བའོ། །འགྲོ་བ་པོ་འགྲོ་ཞེས་བྱ་བའི་ཕྱོགས་འདི་ལ། འགྲོ་བ་གཉིས་སུ་ཐལ་བར་འགྱུར་ཏེ། ཇི་ལྟ་ཞེ་ན། འགྲོ་བ་གང་གིས་འགྲོ་བ་པོར་མངོན་པ་དང༌། འགྲོ་བ་པོར་གྱུར་ནས་འགྲོ་བ་གཞན་གང་གིས་དུས་ཕྱིས་འགྲོ་བར་འགྱུར་བའོ། །དེ་ནི་མི་འདོད་པས་དེ་ལ་འགྲོ་བ་པོ་དུས་གསུམ་དུ་ངེས་པར་གནས་པ་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ཏེ། མོ་གཤམ་གྱི་བུ་བཞིན་ནོ། །དེའི་ཕྱིར་དེ་ལྟར་ཡོངས་སུ་བརྟགས་ན། སོང་ལ་འགྲོ་བའི་རྩོམ་མེད་དེ། །མ་སོང་བ་ལའང་འགྲོ་རྩོམ་མེད། །བགོམ་ལ་རྩོམ་པ་ཡོད་མིན་ན། །གང་དུ་འགྲོ་བ་རྩོམ་པར་བྱེད། །ཡང་གཞན་ཡང༌། འགྲོ་བ་རྩོམ་པའི་སྔ་རོལ་ན། །གང་དུ་འགྲོ་བ་རྩོམ་འགྱུར་བ། །བགོམ་པ་མེད་ཅིང་སོང་བ་མེད། །མ་སོང་འགྲོ་བ་ག་ལ་ཡོད། །འགྲོ་རྩོམ་རྣམ་པ་ཐམས་ཅད་དུ། །སྣང་བ་མེད་པ་ཉིད་ཡིན་ན། །སོང་བ་ཅི་ཞིག་བགོམ་པ་ཅི། །མ་སོང་ཅི་ཞེས་རྣམ་པར་བརྟག །འགྲོ་བ་རྩོམ་པའི་སྔ་རོལ་ན། །གང་དུ་འགྲོ་བ་རྩོམ་པར་འགྱུར་བའི་བགོམ་པ་མེད་ཅིང་སོང་བ་ཡང་མེད་དོ། །མ་སོང་བར་འགྲོ་བ་རྩོམ་པར་འགྱུར་རོ། །སྙམ་ན་དེ་ཡང་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། མ་སོང་བ་ཉིད་ཡོད་པ་མ་ཡིན་པའི་ཕྱིར། མ་སོང་བར་འགྲོ་བ་རྩོམ་པར་འགྱུར་བ་ག་ལ་ཡོད། དེའི་ཕྱིར་འགྲོ་བའི་རྩོམ་པ་རྣམ་པ་ཐམས་ཅད་དུ་སྣང་བ་མེད་པ་ཉིད་ཡིན་ན། སོང་བ་དང་བགོམ་པ་དང༌། མ་སོང་བ་ཞེས་བྱ་བ་གསུམ་དུ་རྣམ་པར་བརྟག་པ་གང་ཡིན་པ་དེ་དག་ཅིའི་ཕྱིར་རྣམ་པར་བརྟག་པར་བྱ་སྟེ། སེམས་བརྟག་པ་བཞིན་ནོ། །འདིར་སྨྲས་པ། འགྲོ་བ་པོའི་སྟོད་པ་ཡོད་དོ། །འདིར་བཤད་པ། རེ་ཞིག་འགྲོ་བོ་མི་སྡོད་དེ། །འགྲོ་བ་པོ་མིན་སྡོད་པ་མིན། །འགྲོ་པོ་འགྲོ་པོ་མིན་ལས་གཞན། །གསུམ་པ་གང་ཞིག་སྡོད་པར་འགྱུར། །འདི་ལ་འགྲོ་བ་པོ་


DTG096_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་སྡོད་པར་འགྱུར་རམ། འགྲོ་བ་པོ་མ་ཡིན་པ་ཞིག་སྡོད་པར་འགྱུར་རམ། དེ་གཉིས་ལས་གཞན་པ་གསུམ་པ་ཞིག་སྡོད་པར་འགྱུར་གྲང་ན། དེ་ལ་རེ་ཞིག་འགྲོ་བ་པོ་ནི་མི་སྡོད་དེ། འགྲོ་བ་ཡོད་པའི་ཕྱིར་རོ། །འགྲོ་བ་པོ་མ་ཡིན་པ་ཡང་མི་སྡོད་དེ། འགྲོ་བ་མེད་པའི་ཕྱིར་ཏེ། འགྲོ་བའི་མི་མཐུན་པའི་ཕྱོགས་ནི་སྡོད་པ་ཡིན་པའི་ཕྱིར་རོ། །འདི་གཉིས་ལས་གཞན་པ་གསུམ་པ་ཡང་མི་སྡོད་དེ། མེད་པའི་ཕྱིར་རོ། །གང་ཞིག་ཡོད་ན་དེ་འགྲོ་བ་པོའམ། འགྲོ་བ་པོ་མ་ཡིན་པ་ཞིག་ཡིན་པར་འགྱུར་གྲང་ན་གཉི་ག་ལྟར་ཡང་བཀག་པས་དེའི་ཕྱིར་འགྲོ་བ་པོའི་སྡོད་པ་ཡོད་དོ་ཞེས་བྱ་བ་དེ་རིགས་པ་མ་ཡིན་ཏེ། བྱེ་མ་དག་ལ་འབྲུ་མར་བཞིན་ནོ། །ཡང་གཞན་ཡང༌། རེ་ཞིག་འགྲོ་པོ་སྡོད་དོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །འགྲོ་བ་མེད་ན་འགྲོ་བ་པོ། །ནམ་ཡང་འཐད་པར་མི་འགྱུར་རོ། །འགྲོ་བ་པོ་སྡོད་དོ་ཞེས་བྱ་བ་གང་ཡིན་པ་དེ་ལ་མངོན་པར་ཞེན་པ་དེ་མི་འཐད་དེ། ཅིའི་ཕྱིར་ཞེ་ན། འགྲོ་བ་མེད་ན་འགྲོ་བ་པོ་ནམ་ཡང་འཐད་པར་མི་འགྱུར་པའི་ཕྱིར་ཏེ། རྡུལ་ཕྲ་རབ་དག་ཡོད་དོ་ཞེས་བྱ་བ་བཞིན་ནོ། །ཡང་གཞན་ཡང༌། བགོམ་ལས་སྡོད་པར་མི་འགྱུར་ཏེ། །སོང་དང་མ་སོང་ལས་ཀྱང་མིན། །ད་འགྲོ་བ་པོ་དེ་བགོམ་པ་ལས་སྡོད་པར་འགྱུར་རམ། སོང་བ་དང་མ་སོང་བ་ལས་སྡོད་པར་འགྱུར་གྲང་ན། དེ་གསུམ་ཆར་ལས་ཀྱང་སྡོད་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། དེ་གསུམ་ཆར་ལས་ཀྱང་སྡོད་པར་མི་འཐད་པའི་ཕྱིར་རོ། །དེ་ལ་འགྲོ་བ་པོའི་སྡོད་པ་ཡོད་དོ་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ཏེ། མོ་གཤམ་གྱི་བུ་འཆི་བ་བཞིན་ནོ། །དེ་ནི། འགྲོ་བ་དང་ནི་འཇུག་པ་དང༌། །ལྡོག་པ་ཡང་ནི་འགྲོ་དང་མཚུངས། །ཇི་ལྟར་འགྲོ་བ་རྒྱ་ཆེར་བསམས་པ་དེ་བཞིན་དུ་འཇུག་པ་དང་ལྡོག་པ་ཡང་འགྲོ་བ་དང་མཚུངས་པར་བསམ་པར་བྱའོ། །དེ་ནི་འགྲོ་བ་དང་འགྲོ་བ་པོ་དག་དེ་ཉིད་དང་གཞན་ཉིད་དུ་ཡང་མི་སྲིད་དེ། ཇི་ལྟ་ཞེ་ན། བཤད་པ། འགྲོ་བ་དེ་དང་འགྲོ་བ་པོ། །དེ་ཉིད་ཅེས་ཀྱང་བྱར་མི་རུང༌། །འགྲོ་བ་དང་ནི་འགྲོ་བ་པོ། །གཞན་ཉིད་ཅེས་ཀྱང་བྱར་མི་རུང༌། །འདིར་སྨྲས་པ། སྐྱོན་ཅིར་འགྱུར། བཤད་པ། གལ་ཏེ་འགྲོ་བ་གང་ཡིན་པ། །དེ་ཉིད་འགྲོ་


DTG096_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡིན་གྱུར་ན། །བྱེད་པ་པོ་དང་ལས་ཉིད་ཀྱང༌། །གཅིག་པ་ཉིད་དུ་ཐལ་བར་འགྱུར། །གལ་ཏེ་འགྲོ་དང་འགྲོ་བ་པོ། །གཞན་བ་ཉིད་དུ་རྣམ་བརྟགས་ན། །འགྲོ་པོ་མེད་པའི་འགྲོ་བ་དང༌། །འགྲོ་བ་མེད་པའི་འགྲོ་པོར་འགྱུར། །གང་དག་དངོས་པོ་གཅིག་པ་དང༌། །དངོས་པོ་གཞན་པ་ཉིད་དུ་ནི། །གྲུབ་པར་གྱུར་པ་ཡོད་མིན་ན། །དེ་གཉིས་གྲུབ་པ་ཇི་ལྟར་ཡོད། །ཕ་དང་བུ་བཞིན་ནོ། །ཡང་གཞན་ཡང༌། འགྲོ་བ་མི་སྲིད་པ་ཉིད་ཀྱི་ཕྱིར། ད་འགྲོ་བ་པོ་ཡང་མི་འགྲུབ་པོ། །ཇི་ལྟ་ཞེ་ན། བཤད་པ། །འགྲོ་བ་གང་གིས་འགྲོ་པོར་མངོན། །འགྲོ་བ་དེ་ནི་དེ་འགྲོ་མིན། །གང་ཕྱིར་འགྲོ་བའི་སྔ་རོལ་མེད། །གང་ཞིག་གང་དུ་འགྲོ་བར་འགྱུར། །འགྲོ་བ་གང་གིས་འགྲོ་བ་པོར་མངོན་པ་དང༌། མཚོན་པ་དང་གཟུང་བར་བྱེད་པའི་འགྲོ་བ་དེ་ནི་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འགྲོ་བ་དེའི་སྔ་རོལ་ན། འགྲོ་བ་པོ་མེད་དེ་དཔེར་ན་སྐྱེས་པ་དང་བུད་མེད་ལྟ་བུ་གང་ཞིག་གྲོང་ངམ་གྲོང་ཁྱེར་ལྟ་བུ་གང་དུ་འགྲོ་བར་འགྱུར་བ་མེད་པའི་ཕྱིར་རོ། །ཡང་གཞན་ཡང༌། འགྲོ་བ་གང་གིས་འགྲོ་པོར་མངོན། །དེ་ལས་གཞན་པ་དེ་འགྲོ་མིན། །གང་ཕྱིར་འགྲོ་བོ་གཅིག་པུ་ལ། །འགྲོ་བ་གཉིས་སུ་མི་འཐད་དོ། །འགྲོ་བ་གང་གིས་འགྲོ་བ་པོར་མཐོང་བ་དང༌། མཚོན་པ་དང་གཟུང་བར་བྱེད་པའི་འགྲོ་བ་དེ་ལས་གཞན་པ་ཡང་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འགྲོ་བ་པོ་གཅིག་པུ་ལ་འགྲོ་བ་གཉིས་སུ་མི་འཐད་པའི་ཕྱིར་ཏེ། ས་བོན་གཅིག་ལས་མྱུ་གུ་གཉིས་པ་བཞིན་ནོ། །ཡང་གཞན་ཡང༌། འགྲོ་པོ་ཡིན་པར་གྱུར་པ་ནི། །འགྲོ་རྣམ་གསུམ་དུ་འགྲོ་མི་བྱེད། །དེ་མ་ཡིན་པར་གྱུར་པ་ཡང༌། །འགྲོ་རྣམ་གསུམ་དུ་འགྲོ་མི་བྱེད། །ཡིན་དང་མ་ཡིན་གྱུར་པ་ཡང༌། །འགྲོ་རྣམ་གསུམ་དུ་འགྲོ་མི་བྱེད། །དེ་ཕྱིར་འགྲོ་དང་འགྲོ་བོ་དང༌། །བགྲོད་པར་བྱ་བའང་ཡོད་མ་ཡིན། །སྨིག་རྒྱུ་བཞིན་ནོ། །ཡིན་པར་གྱུར་པ་ཞེས་བྱ་བ་ནི། མ་ལྟོས་པར་གྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ །འགྲོ་ཞེས་བྱ་བ་ནི་བགྲོད་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པ་གསུམ་དུ་ཞེས་བྱ་བ་ནི་སོང་བ་


DTG096_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དང་མ་སོང་བ་དང་བ་གོམ་པ་ཞེས་བྱ་བའི་ཐ་ཚིག་གོ །འགྲོ་མི་བྱེད་ཅེས་བྱ་བ་ནི། །འགྲོ་བ་དགག་པའི་ཐ་ཚིག་གོ །དེ་མ་ཡིན་པར་གྱུར་པ་ཡང་ཞེས་བྱ་བ་ནི་ཡོད་པ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ །ལྷག་མ་ནི་སྔར་བསྟན་པ་བཞིན་ནོ། །ཡིན་པ་དང་མ་ཡིན་པར་གྱུར་པ་ཡང་ཞེས་བྱ་བ་ནི་སྔར་བསྟན་པ་རྣམ་པ་གཉིས་ཀ་འདྲེས་པའི་དངོས་པོར་བསྟན་པའོ། །ལྷག་མ་ནི་སྔར་བསྟན་པ་བཞིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་བསྡུ་བ་སྟེ། གང་གི་ཕྱིར་དེ་ལྟར་ཡོངས་སུ་བརྟགས་ན་དེ་དག་མི་འཐད་པ་དེའི་ཕྱིར། འགྲོ་བ་དང་འགྲོ་བ་པོ་དང་བགྲོད་པ་གསུམ་ཡང་ཡོད་པ་མ་ཡིན་ཏེ། མགལ་མེའི་འཁོར་ལོ་བཞིན་ནོ། །སོང་བ་དང་མ་སོང་བ་དང་བགོམ་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་གཉིས་པའོ།། །།འདིར་སྨྲས་པ། ལྟ་དང་ཉན་དང་སྣོམ་པ་དང༌། །མྱོང་བར་བྱེད་དང་རེག་བྱེད་ཡིད། །དབང་པོ་དྲུག་པོ་དེ་དག་གི །སྤྱོད་ཡུལ་བལྟ་བར་བྱ་ལ་སོགས། །ལྟ་བ་དང་ཉན་པ་ལ་སོགས་པ་དབང་པོ་དྲུག་པོ་དེ་དག་ནི་ཡོད་དོ། །དྲུག་པོ་དེ་དག་གི་སྤྱོད་ཡུལ་ནི་བལྟ་བར་བྱ་བ་ལ་སོགས་པ་དག་ཉིད་དོ། །མིག་གཟུགས་ལ་ལྟ་བ་ནས། ཡིད་ཆོས་རྣམས་ཤེས་པར་བྱེད་པའི་བར་དག་གོ ། འདིར་བཤད་པ། ལྟ་བ་རང་གི་བདག་ཉིད་ན། །དེ་ནི་དེ་ལ་མི་ལྟ་ཉིད། །གང་ཞིག་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་ལྟ། །ལྟ་བ་རང་གི་བདག་ཉིད་མེད་དེ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་དེ་ལ་མི་ལྟ་བ་ཉིད་ཡིན་པའི་ཕྱིར་རོ། །གང་རང་གི་བདག་ཉིད་ལ་མི་ལྟ་བ་དེ་གཞན་དག་ལ་ཇི་ལྟར་ལྟ་བར་འགྱུར་ཏེ། དེའི་ཕྱིར་མིག་ལྟ་བ་ཡིན་ནོ། །ཞེས་བྱ་བ་དེ་རིགས་པ་མ་ཡིན་ཏེ། དམུས་ལོང་བཞིན་ནོ། །འདིར་སྨྲས་པ། མིག་ནི་རང་གི་བདག་ཉིད་ལ་མི་ལྟ་ཡང་གཞན་དག་ལ་ལྟ་སྟེ། དཔེར་ན་མེ་བདག་ཉིད་སྲེག་པར་བྱེད་པ་མ་ཡིན་ཡང་གཞན་དག་སྲེག་པར་བྱེད་པ་བཞིན་ནོ། །འདིར་བཤད་པ། ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར། །མེ་ཡི་དཔེས་ནི་ནུས་མ་ཡིན། །སོང་གང་མ་སོང་བ་གོམ་པ་ཡིན། །དེ་ནི་ལྟར་བཅས་ལན་བཏབ་བོ། །ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར་མེའི་དཔེ་བྱས་པ་གང་ཡིན་པ་དེས་ནི་ནུས་པ་མ་ཡིན་ཏེ། མི་ནུས་པ་


DTG096_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་ཆོག་གོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་ལྟར་བཅས་ལན་བཏབ་པོ། །ཞེས་བྱ་བ་ནི་མེའི་དཔེ་དེ་ལྟ་བ་དང་བཅས་པ་ལ་ཕྱིར་ཀླན་ཀ་བཙལ་པ་སྟེ། ཕྱིར་བཟློག་གོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་ཇི་ལྟ་ཞེ་ན། སོང་བ་དང་མ་སོང་བ་དང་བ་གོམ་པ་དག་གིས་ཏེ། དཔེར་ན་སོང་བ་དང་མ་སོང་བ་དང་བ་གོམ་པ་དག་ལ་འགྲོ་བའི་བྱ་བ་མི་འཐད་པ་དེ་བཞིན་དུ། བསྲེགས་པ་དང་མ་བསྲེགས་པ་དང༌། བསྲེག་པ་དག་ལ་ཡང་སྲེག་པའི་བྱ་བ་མི་འཐད་ལ། དེ་བཞིན་དུ་བལྟས་པ་དང་མ་བལྟས་པ་དང༌། ལྟ་བ་དག་ལ་ཡང་ལྟ་བའི་བྱ་བ་མི་འཐད་དོ། །ཡང་གཞན་ཡང༌། གང་ཚེ་ཅུང་ཟད་མི་ལྟ་བ། །ལྟ་བར་བྱེད་པ་མ་ཡིན་ནོ། །ལྟ་བས་ལྟ་བར་བྱེད་ཅེས་བྱར། །དེ་ནི་ཇི་ལྟར་རིགས་པར་འགྱུར། །གང་གི་ཚེ་ཅུང་ཟད་ཀྱང་མི་ལྟ་བ་ནི་ལྟ་བར་བྱེད་པ་མ་ཡིན་ནོ། །ལྟ་བས་ལྟ་བ་བྱེད་ཅེས་བྱར་ཡང༌། དེ་ཇི་ལྟར་རིགས་པར་འགྱུར་ཏེ། གཉི་ག་ལྟར་ཡང་མི་འཐད་དོ། །ལྟ་བ་ལྟ་ཉིད་མ་ཡིན་ཏེ། །ལྟ་བ་མིན་པ་མི་ལྟ་ཉིད། །ལྟ་བ་ཉིད་ཀྱིས་ལྟ་བ་པོ། །རྣམ་པར་བཤད་པར་ཤེས་པར་བྱ། །རེ་ཞིག་ལྟ་བ་ནི་ལྟ་བར་བྱེད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྐྱོན་སྔར་བསྟན་པ་དག་ཏུ་ཐལ་བར་འགྱུར་བའི་ཕྱིར་ཏེ། སོང་བ་དང་མ་སོང་བ་དང༌། བགོམ་པས་བསམ་པ་གང་ཡིན་པར་འགྲོ་བ་པོ། །འགྲོའི་ཞེས་བྱ་བ་ལ་སྐྱོན་དུ་ཐལ་བ་གང་དག་ཏུ་ཐལ་བར་གྱུར་པ་དེ་དག་ཉིད་དུ་ཐལ་བར་འགྱུར་བས། དེའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ། །ལྟ་བ་མ་ཡིན་པ་ཡང་ལྟ་བར་བྱེད་པ་མ་ཡིན་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། ལྟ་བའི་བྱ་བ་དང་བྲལ་བའི་ཕྱིར་རོ། །འདི་ལྟར་གང་ལ་ལྟ་བའི་བྱ་བ་མེད་པ་དེ་ཇི་ལྟར་ལྟ་བར་འགྱུར་ཏེ། རྡུལ་ཕྲ་རབ་བཞིན་ནོ། །བསྒྲུབ་པ་འདི་ཉིད་ཀྱིས་ལྟ་བ་པོ་ཡང་རྣམ་པར་བཤད་པར་ཤེས་པར་བྱའོ། །ཡང་གཞན་ཡང༌། མ་སྤངས་ལྟ་པོ་ཡོད་མིན་ཏེ། །ལྟ་བ་སྤངས་པར་གྱུར་ཀྱང་ངོ༌། །ལྟ་པོ་མེད་ན་ཁྱོད་ཀྱི་ནི། །བལྟ་བྱ་ལྟ་བ་ག་ལ་ཡོད། །ལྟ་བ་མ་སྤངས་སམ། ལྟ་བ་སྤངས་པར་གྱུར་ཀྱང་ལྟ་བ་པོ་ཡོད་པ་མ་ཡིན་ཏེ། ལྟ་བ་དང་བཅས་སམ། ལྟ་བ་མེད་ཀྱང་ལྟ་བ་པོ་ཡོད་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ལྟ་བ་པོ་མེད་ན་ཁྱོད་ཀྱི་བལྟ་བར་བྱ་བ་དང་ལྟ་བ་དག་ག་ལ་ཡོད།


DTG096_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི། བལྟ་བྱ་ལྟ་བ་མེད་པའི་ཕྱིར། །རྣམ་པར་ཤེས་ལ་སོགས་པ་བཞི། །ཡོད་མིན་ཉེ་བར་ལེན་ལ་སོགས། །ཇི་ལྟ་བུར་ན་ཡོད་པར་འགྱུར། །བལྟ་བར་བྱ་བ་དང༌། ལྟ་བ་དག་མེད་པའི་ཕྱིར། རྣམ་པར་ཤེས་པ་དང་རེག་པ་དང༌། ཚོར་བ་དང་སྲེད་པ་ཞེས་བྱ་བ་བཞི་པོ་དག་ཡོད་པ་མ་ཡིན་ནོ། །ཉེ་བར་ལེན་པ་ལ་སོགས་པ་སྲིད་པའི་ཡན་ལག་ལྷག་མ་རྣམས་ཀྱང་ཇི་ལྟར་ཡོད་པ་ཉིད་དུ་འགྱུར། ལྟ་བས་ཉན་དང་སྣོམ་པ་དང༌། །མྱོང་བར་བྱེད་དང་རེག་བྱེད་ཡིད། །ཉན་པ་པོ་དང་མཉན་ལ་སོགས། །རྣམ་པར་བཤད་པར་ཤེས་པར་བྱ། །ལྟ་བ་ཉིད་ཀྱིས་ཉན་པ་དང་སྣོམ་པ་དང་མྱོང་བར་བྱེད་པ་དང༌། རེག་པར་བྱེད་པ་དང༌། ཡིད་དང་ཉན་པ་པོ་དང་མཉན་པར་བྱ་བ་ལ་སོགས་པ་དག་ཀྱང་རྣམ་པར་བཤད་པར་ཤེས་པར་བྱ་སྟེ། ཚ་ཆུ་འཐུང་བ་བཞིན་ནོ། །སྐྱེ་མཆེད་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་གསུམ་པའོ།། །། འདིར་སྨྲས་པ། ཕུང་པོ་ལྔ་ནི་ཡོད་དེ། གདགས་པ་བསྟན་པའི་ཕྱིར་རོ། །འདིར་བཤད་པ། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ནི་དམིགས་པར་མི་འགྱུར་རོ། །གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ༌། །གཟུགས་ཀྱི་རྒྱུ་མ་གཏོགས་པར་ཡང་གཟུགས་དམིགས་པར་མི་འགྱུར་རོ། །གཟུགས་ཞེས་བྱ་བ་མ་གཏོགས་པར་ཡང་གཟུགས་ཀྱི་རྒྱུ་མི་སྣང་ངོ༌། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དག་ལ་ཡང་བསྒྲུབ་པ་འདི་ཉིད་བལྟ་བར་བྱ་སྟེ། ས་བོན་དང་མྱུ་གུ་བཞིན་ནོ། །འདིར་སྨྲས་པ། གལ་ཏེ་གཟུགས་ཀྱི་རྒྱུ་མ་གཏོགས་པར་གཟུགས་དམིགས་པར་གྱུར་ན། སྐྱོན་དུ་ཐལ་བ་ཇི་ཞིག་ཏུ་ཐལ་བར་འགྱུར། འདིར་བཤད་པ། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ན་གཟུགས་ནི་རྒྱུ་མེད་པར། །ཐལ་བར་འགྱུར་ཏེ། གཟུགས་ཀྱི་རྒྱུ་མ་གཏོགས་པར་གཟུགས་དམིགས་པར་གྱུར་ན། གཟུགས་རྒྱུ་མེད་པར་ཐལ་བར་འགྱུར་རོ། །དེ་ལ་འདི་སྙམ་དུ་རྒྱུ་མེད་པར་གྱུར་ཀྱང་བླ་བར་སེམས་ན། དེ་ལ་བཤད་པར་བྱ་སྟེ། དོན་གང་ཡང༌། རྒྱུ་མེད་པ་ནི་གང་ནའང་མེད། དོན་གང་ཡང་རྒྱུ་མེད་པ་ནི་གང་ན་ཡང་མེད་དེ། ནམ་མཁའ་ལ་ས་བོན་དང་


DTG096_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

མྱུ་གུ་བཞིན་ནོ། །འདིར་སྨྲས་པ། འོ་ན་ད་གཟུགས་ཞེས་བྱ་བ་མ་གཏོགས་པར་གཟུགས་ཀྱི་རྒྱུ་སྣང་ན། སྐྱོན་དུ་ཐལ་བ་ཅི་ཞིག་ཏུ་ཐལ་བར་འགྱུར། འདིར་བཤད་པ། གལ་ཏེ་གཟུགས་ནི་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཞིག་ཡོད་ན་ནི། །འབྲས་བུ་མེད་པའི་རྒྱུར་འགྱུར་ཏེ། །གལ་ཏེ་གཟུགས་མ་གཏོགས་པར་གཟུགས་ཀྱི་རྒྱུ་ཞིག་ཡོད་པར་གྱུར་ན། དེ་ལྟ་ན་འབྲས་བུ་མེད་པའི་རྒྱུར་འགྱུར་རོ། །དེ་ལ་འབྲས་བུ་མེད་པའི་རྒྱུ་ཞེས་བྱ་བ་དེ་ལ་མངོན་པར་ཞེན་པས་དེ་ལྟར་གྱུར་ཅིག་ཅེ་ན། དེ་ལ་བཤད་པར་བྱ་སྟེ། འབྲས་བུ་མེད་པའི་རྒྱུ་མེད་དོ། །འབྲས་བུ་མེད་པའི་རྒྱུ་ནི་ཅུང་ཟད་ཀྱང་མེད་དེ། ཕ་དང་བུ་བཞིན་ནོ། །ཡང་གཞན་ཡང༌། གཟུགས་ཡོད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །གཟུགས་མེད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །གཉི་ག་ལྟར་ན་ཡང་གཟུགས་ཀྱི་རྒྱུ་འཐད་པར་མི་འགྱུར་བ་ཉིད་དེ། གཟུགས་ཡོད་ན་ཡང་གཟུགས་ཀྱི་རྒྱུ་འཐད་པར་མི་འགྱུར་བ་ཉིད་ལ། གཟུགས་མེད་ན་ཡང་གཟུགས་ཀྱི་རྒྱུ་འཐད་པར་མི་འགྱུར་བ་ཉིད་དེ། བསྲེགས་པ་དང་མ་བསྲེགས་པ་བཞིན་ནོ། །དེ་ལ་འདི་སྙམ་དུ་གཟུགས་ནི་རྒྱུ་མེད་པ་ཡིན་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། རྒྱུ་མེད་པ་ཡི་གཟུགས་དག་ནི། །འཐད་པར་མི་རུང་རུང་མ་ཡིན། །རྒྱུ་མེད་པའི་གཟུགས་དག་ནི། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་འཐད་པར་མི་རུང་སྟེ། རུང་བ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ། དེ་ཕྱིར་གཟུགས་ཀྱི་རྣམ་པར་རྟོག །འགའ་ཡང་རྣམ་པར་བརྟག་མི་བྱ། །དེ་ཕྱིར་ཞེས་བྱ་བ་ནི་མཇུག་པ་སྡུ་བའོ། །གཟུགས་ཀྱི་ཞེས་བྱ་བ་ནི་གཟུགས་ལ་གནས་པའི་ཞེས་བྱ་བའི་ཐ་ཚིག་གོ །གང་གི་ཕྱིར་དེ་ལྟར་ཡོངས་སུ་བརྟགས་ན། རྣམ་པ་ཐམས་ཅད་དུ་གཟུགས་མི་འཐད་པ་དེའི་ཕྱིར། གཟུགས་ལ་གནས་པའི་རྣམ་པར་རྟོག་པ་འགའ་ཡང་རྣམ་པར་བརྟག་པར་མི་བྱ་སྟེ། ནམ་མཁའ་བཞིན་ནོ། །ཡང་གཞན་ཡང༌། འབྲས་བུ་རྒྱུ་དང་འདྲ་བ་ཞེས་བྱ་བ་འཐད་པ་མ་ཡིན་ཏེ། འབྲས་བུ་རྒྱུ་དང་འདྲ་བ་ཞེས། །བྱ་བ་འཐད་པ་མ་ཡིན་ཏེ། །འབྲས་བུ་རྒྱུ་དང་མི་འདྲ་ཞེས། །བྱ་བའང་འཐད་པ་མ་ཡིན་ནོ། །རིགས་པས་


DTG096_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དཔྱད་ན། ད་འབྲས་བུ་རྒྱུ་དང་འདྲ་བ་ཞེས་བྱ་བ་དེ་ཡང་འཐད་པ་མ་ཡིན་ལ། འབྲས་བུ་རྒྱུ་དང་མི་འདྲ་ཞེས་བྱ་བ་དེ་ཡང་འཐད་པ་མ་ཡིན་ཏེ། ས་བོན་དང་མྱུ་གུ་དང་འབྲས་བུ་བཞིན་ནོ། །ཚོར་དང་འདུ་ཤེས་འདུ་བྱེད་དང༌། །སེམས་དང་དངོས་པོ་ཐམས་ཅད་ཀྱང༌། །རྣམ་པ་དག་ནི་ཐམས་ཅད་དུ། །གཟུགས་ཉིད་ཀྱིས་ནི་རིམ་པ་མཚུངས། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང༌། སེམས་ཀྱི་ཕུང་པོ་རྣམས་དང༌། དངོས་པོ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་དུ་རྒྱུ་དང་འབྲས་བུ་ལ་འཇུག་པ་མི་འཐད་པའི་རིམ་པ། གཟུགས་མི་འཐད་པའི་རིམ་པ་བསྟན་པ་ཉིད་ཀྱིས་མཚུངས་པར་བསམ་པར་བྱ་སྟེ། ཙ་ན་ག་ཀའི་གསེར་བཞིན་ནོ། །སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ནི་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །གང་དུ་ལ་ལར་སྟོང་པ་ཉིད་ཀྱིས་བརྩད་པར་བྱས་པའི་ཚེ། གང་ཞིག་སྟོང་པ་ཉིད་མ་ཡིན་པས་ལེན་འདེབས་ཤིང་སྨྲ་བར་བྱེད་པ་དེ་ཐམས་ཅད་ནི་ལན་བཏབ་པ་མ་ཡིན་ཏེ། དེ་དག་ནི་བསྒྲུབ་པར་བྱ་བ་དང་མཚུངས་པར་འགྱུར་བར་ཤེས་པར་བྱའོ། །སྟོང་པ་ཉིད་ཀྱིས་བཤད་བྱས་ཚེ། །གང་ཞིག་སྐྱོན་འདོགས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་སྐྱོན་བཏགས་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །གང་དུ་ལ་ལར་སྟོང་བ་ཉིད་བཤད་པར་བྱས་པའི་ཚེ། གང་ཞིག་སྟོང་པ་ཉིད་མ་ཡིན་པས་སྐྱོན་འདོགས་ཤིང་སྨྲ་བར་བྱེད་པ་དེས་ཐམས་ཅད་ནི་སྐྱོན་བཏགས་པ་མ་ཡིན་ཏེ། བསྒྲུབ་པར་བྱ་བ་དང༌། མཚུངས་པར་ཤེས་པར་བྱའོ། །རབ་ཏུ་བྱེད་པ་འདིའི་ཚིགས་སུ་བཅད་པ་ཐ་མ་དེ་གཉིས་ནི་སྟོང་པ་ཉིད་དང་ལྡན་པའི་གཏམ་ཐམས་ཅད་ལ་སྙིང་པོར་གྱུར་བ་ཡིན་པར་བལྟ་བར་བྱ་སྟེ། དྲི་ཟའི་གྲོང་ཁྱེར་སྟོང་པ་བཞིན་ནོ། །ཕུང་པོ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཞི་པའོ།། །། བམ་པོ་གཉིས་པ། འདིར་སྨྲས་པ། ཁམས་རྣམས་ནི་ཡོད་དེ། མཚན་ཉིད་རྣམ་པར་གཞག་པ་བསྟན་པའི་ཕྱིར་རོ། །འདིར་བཤད་པ། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །འདི་ན་ནམ་མཁའི་མཚན་ཉིད་ཀྱི་སྔ་རོལ་ན་ནམ་མཁའ་ཅུང་ཟད་ཀྱང་ཡོད་པ་


DTG096_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ། །དེ་ལ་འདི་སྙམ་དུ་གལ་ཏེ་ཡོད་པར་གྱུར་ན་སྔོན་ཅིར་འགྱུར་སྙམ་དུ་སེམས་ན་དེ་ལ་བཤད་པར་བྱ་སྟེ། གལ་ཏེ་མཚན་ལས་སྔར་གྱུར་ན། །མཚན་ཉིད་མེད་པར་ཐལ་པར་འགྱུར། །གལ་ཏེ་ནམ་མཁའི་མཚན་ཉིད་ཀྱི་སྔ་རོལ་ན་ནམ་མཁའ་ཡོད་པར་གྱུར་ན། ནམ་མཁའ་མཚན་ཉིད་མེད་པར་ཐལ་བར་འགྱུར་བས་དེ་ཡང་རིགས་པ་མ་ཡིན་ནོ། །དེ་ལ་འདི་སྙམ་དུ་མཚན་ཉིད་མེད་ཀྱང་ནམ་མཁའ་ནི་ཡོད་པར་སེམས་ན། འདིར་བཤད་པ། མཚན་ཉིད་མེད་པའི་དངོས་པོ་ནི། །འགའ་ཡང་གང་ནའང་ཡོད་མ་ཡིན། །ཡོངས་སུ་བརྟགས་ན་མཚན་ཉིད་མེད་པའི་དངོས་པོ་ནི་འགའ་ཡང་གང་ན་ཡང་ཡོད་པ་མ་ཡིན་ནོ། །མཚན་ཉིད་མེད་པའི་དངོས་མེད་ན། །མཚན་ཉིད་གང་དུ་འཇུག་པར་འགྱུར། །མཚན་ཉིད་མེད་པའི་དངོས་པོ་མེད་ན་མཚན་ཉིད་དེ་གང་དུ་འཇུག་པར་འགྱུར་ཏེ། བྱེ་མ་ལ་འབྲུ་མར་བཞིན་ནོ། །ཡང་གཞན་ཡང༌། གཉི་ག་ལྟར་ཡང་མཚན་ཉིད་མི་འཇུག་སྟེ། ཇི་ལྟ་ཞེ་ན། བཤད་པ། མཚན་ཉིད་མེད་ལ་མཚན་ཉིད་ནི། །མི་འཇུག་མཚན་ཉིད་བཅས་ལ་མིན། །མཚན་བཅས་མཚན་ཉིད་མེད་པ་ལས། །གཞན་ལའང་འཇུག་པར་མི་འགྱུར་རོ། །རེ་ཞིག་མཚན་ཉིད་དང་བཅས་པའི་དོན་ལ་ནི་མཚན་ཉིད་མི་འཇུག་སྟེ། ཅིའི་ཕྱིར ཞེ་ན། གལ་ཏེ་མཚན་ཉིད་དང་བཅས་པ་ཡིན་ན་དེ་ལ་མཚན་ཉིད་འཇུག་པར་བྱ་ཅི་དགོས། གལ་ཏེ་མཚན་ཉིད་དང་བཅས་པ་ལ་ཡང་མཚན་ཉིད་འཇུག་པར་འགྱུར་ན་ནི། མཚན་ཉིད་གཉིས་སུ་ཐལ་བར་འགྱུར་ཏེ། མཚན་ཉིད་གང་གིས་མཚོན་པར་གྱུར་པ་དང༌། དེ་ལ་ཡང་མཚན་ཉིད་འཇུག་པར་འགྱུར་བ་གང་ཡིན་པའོ། །མཚན་ཉིད་མེད་པའི་དོན་ལ་ཡང་མཚན་ཉིད་མི་འཇུག་སྟེ། དོན་གང་ལ་མཚན་ཉིད་འཇུག་པར་འགྱུར་བ་དེ་གང་ཡིན། ཅིའི་ཕྱིར་ཞེ་ན། འདི་ན་གླང་པོ་ཆེའི་མཚན་ཉིད་ནི་མཆེ་བ་ཅན་ཉིད་དང༌། སྣ་གཅིག་འཕྱང་བ་ཉིད་དང༌། མ་མཆུ་ཉ་ཕྱིས་ཀྱི་རྣམ་པ་འདྲ་བ་ཉིད་དང༌། མགོ་བོ་གླད་པ་གསུམ་གྱིས་བརྒྱན་པ་ཉིད་དང༌། རྣ་བ་ཞིབ་མ་འདྲ་བ་ཉིད་དང༌། བཤུལ་གཞུ་ལྟར་སྒུར་བ་ཉིད་དང༌། གསུས་པ་འཕྱང་བ་ཉིད་དང༌། ལྟོ་བ་ཆེ་བ་ཉིད་དང༌། མཇུག་མ་འཕོངས་དོ་ལ་འདུག་པ་ཉིད་དང༌། རྐང་ལག་སྦོམ་ཞིང་ཟླུམ་པ་བཞི་དང་


DTG096_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ཉིད་དག་ཡིན་ན། དེ་དག་མ་གཏོགས་པར་གང་ལ་གླང་པོ་ཆེའི་མཚན་ཉིད་འཇུག་པར་འགྱུར་བའི་གླང་པོ་ཆེ་དེ་དག་གང་ཡིན། དེ་བཞིན་དུ་རྟའི་མཚན་ཉིད་ཀྱང༌། གདོང་རིང་བ་ཉིད་དང༌། རྣ་བ་སྦུབས་ཅན་མཐོ་བ་ཉིད་དང༌། རྡོག་མ་ཅན་ཉིད་དང༌། རྐང་ལག་རྨིག་པ་གཅིག་པ་བཞི་དང་ལྡན་པ་ཉིད་དང༌། རྔམ་དྲུང་ནས་སྐྱེ་བ་དང་ལྡན་པ་ཉིད་དག་ཡིན་ན། དེ་དག་མ་གཏོགས་པར་གང་ལ་རྟའི་མཚན་ཉིད་འཇུག་པར་འགྱུར་པའི་རྟ་དེ་དག་གང་ཡིན་ཏེ། མཚན་ཉིད་དང་བཅས་པ་ལ་ཡང་མཚན་ཉིད་མི་འཇུག་ལ། མཚན་ཉིད་མེད་པ་ལ་ཡང་མཚན་ཉིད་མི་འཇུག་ན། མཚན་ཉིད་དང་བཅས་པ་དང༌། མཚན་ཉིད་མེད་པ་ལས་གཞན་པ་གང་ལ་མཚན་ཉིད་འཇུག་པར་འགྱུར་བ་རྣམ་པ་གསུམ་པ་ནི་མེད་དོ། །དེ་ལྟར་ཡོངས་སུ་བརྟགས་ན་གཉི་ག་ལྟར་ཡང་མཚན་ཉིད་འཇུག་པ་མ་ཡིན་པས། མཚན་ཉིད་འཇུག་པ་མ་ཡིན་ན། །མཚན་གཞི་འཐད་པར་མི་འགྱུར་རོ། །མཚན་གཞི་འཐད་པ་མ་ཡིན་ན། །མཚན་ཉིད་ཀྱང་ནི་ཡོད་མ་ཡིན། །གང་གི་ཕྱིར་ཡོངས་སུ་བརྟགས་ན། གཉི་ག་ལྟར་ཡང་མཚན་ཉིད་འཇུག་པ་མ་ཡིན་པས། མཚན་ཉིད་ཀྱི་གཞི་འཐད་པར་མི་འགྱུར་རོ། །མཚན་ཉིད་ཀྱི་གཞི་འཐད་པ་མ་ཡིན་ན། མཚན་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ཕྱིར་མཚན་གཞི་ཡོད་མིན་ཏེ། །མཚན་ཉིད་ཡོད་པ་ཉིད་མ་ཡིན། །མཚན་གཞི་མཚན་ཉིད་མ་གཏོགས་པའི། །དངོས་པོ་ཡང་ནི་ཡོད་མ་ཡིན། །དེ་ཕྱིར་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །གང་གི་ཕྱིར་རིགས་པ་མངོན་དུ་བཏང་སྟེ་ཡོངས་སུ་བརྟགས་ན། རྣམ་པ་ཐམས་ཅད་དུ་མཚན་ཉིད་ཀྱི་གཞི་འཐད་པ་མ་ཡིན་ཏེ། མཚན་ཉིད་ཀྱི་གཞི་འཐད་པ་མ་ཡིན་ན། མཚན་ཉིད་ཀྱང་ཡོད་པ་མ་ཡིན་པ་ཉིད་དོ། །དེ་གཉིས་མ་གཏོགས་པའི་དངོས་པོ་ཡོད་པ་མ་ཡིན་ཏེ། བུམ་པ་ངོ་བོ་ཉིད་ལས་གཞན་བཞིན་ནོ།། འདིར་སྨྲས་པ། གལ་ཏེ་དངོས་པོ་མེད་ན། འོ་ན་དངོས་པོ་མེད་པ་ནི་ཡོད་དོ། །འདིར་བཤད་པ། དངོས་པོ་ཡོད་པ་མ་ཡིན་ན། །དངོས་མེད་གང་གི་ཡིན་པར་འགྱུར། །འདི་ལ་དངོས་པོ་རབ་ཏུ་གྲུབ་ན་ནི། །དངོས་པོ་མེད་པ་ཡང་འཐད་ན། རྣམ་པར་དཔྱད་ན་དངོས་པོ་དེ་ནི་མེད་དེ། དེ་ཡོད་པ་མ་ཡིན་ན།


DTG096_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དངོས་པོ་མེད་པ་དེ་གང་གི་ཡིན་པར་འགྱུར་ཏེ། རི་བོང་གི་རྭ་བཞིན་ནོ། །འདིར་སྨྲས་པ། གང་གི་དངོས་པོ་དང༌། དངོས་པོ་མེད་པ་དེ་དག་རྣམ་པར་ཤེས་པར་བྱེད་ཅིང་རྣམ་པར་རྟོག་པར་བྱེད་པ་དེ་ཡོད་དོ། །འདིར་བཤད་པ། དངོས་དང་དངོས་མེད་མི་མཐུན་ཆོས། །གང་གིས་དངོས་དང་དངོས་མེད་ཤེས། །ཁྱོད་དངོས་པོ་དང་དངོས་པོ་མེད་པ་དག་རྣམ་པར་ཤེས་པར་བྱེད་པ་གང་ཡིན་པ་དེ་ལ་མངོན་པར་ཞེན་པར་བྱེད་པ་ནི། དངོས་པོ་དང་དངོས་པོ་མེད་པ་དེ་དག་གི་མི་མཐུན་པའི་ཆོས་དེ་འདིའོ་ཞེས་གང་གིས་བསྟན་པར་ནུས། དེ་ཕྱིར་ནམ་མཁའ་དངོས་པོ་མིན། །དངོས་མེད་མ་ཡིན་མཚན་གཞི་མིན། །མཚན་ཉིད་མ་ཡིན་ཁམས་ལྔ་པོ། །གཞན་གང་དག་ཀྱང་ནམ་མཁའ་མཚུངས། །དེའི་ཕྱིར་ཡོངས་སུ་བརྟགས་ན། ནམ་མཁའ་ནི་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན། མཚན་ཉིད་ཀྱི་གཞི་ཡང་མ་ཡིན། མཚན་ཉིད་ཀྱང་མ་ཡིན་ནོ། །ནམ་མཁའ་ཇི་ལྟ་བ་དེ་ལྟར་ཁམས་ལྔ་པོ་གཞན་གང་དག་ཡིན་པ་དེ་དག་ཀྱང་བལྟ་བར་བྱའོ། །བློ་ཆུང་གང་དག་དངོས་རྣམས་ལ། །ཡོད་པ་ཉིད་དང་མེད་ཉིད་དུ། །ལྟ་བ་དེ་ནི་བལྟ་བྱ་བ། །ཉེ་བར་ཞི་བཞི་མི་མཐོང༌། །བློ་ཆུང་ངུ་གང་དག་དངོས་པོ་རྣམས་ལ་ཡོད་པ་ཉིད་དང་མེད་པ་ཉིད་དུ་ལྟ་བ་དག་གིས་ནི་བལྟ་བར་བྱ་བ་མྱ་ངན་ལས་འདས་པ་ཉེ་བར་ཞི་ཞིང་ཞི་བ་མི་མཐོང་སྟེ། དམུས་ལོང་བཞིན་ནོ། །ཁམས་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ལྔ་པའོ།། །།འདིར་སྨྲས་པ། ཆོས་ཐམས་ཅད་ནི་ཡོད་དེ་འདོད་ཆགས་དང་ཆགས་པ་གདགས་པའི་ཕྱིར་རོ། །འདིར་བཤད་པ། གལ་ཏེ་འདོད་ཆགས་སྔ་རོལ་ན། །འདོད་ཆགས་མེད་པའི་ཆགས་ཡོད་ན། །དེ་ལ་བརྟེན་ནས་འདོད་ཆགས་ཡོད། །ཆགས་ཡོད་འདོད་ཆགས་ཡོད་པར་འགྱུར། །འདི་ལ་གལ་ཏེ་འདོད་ཆགས་ཀྱི་སྔ་རོལ་ན། འདོད་ཆགས་མེད་པའི་ཆགས་པ་ཡོད་པར་གྱུར་ན་ནི། དེ་ལ་བརྟེན་ནས་འདོད་ཆགས་ཀྱང་ཡོད་པར་འགྱུར་ཏེ། འདི་ལྟར་ཆགས་པ་ཡོད་ན་འདོད་ཆགས་ཡོད་པར་འགྱུར་བའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་ཆགས་པ་ཡོད་ན་འདོད་ཆགས་ཡོད་པ་སེམས་ན། འདིར་བཤད་པ། ཆགས་པ་ཡོད་པར་གྱུར་ན་ཡང༌། །འདོད་ཆགས་ཡོད་པར་གལ་འགྱུར། །ཆགས་པ་ཡོད་པར་


DTG096_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ན་ཡང་འདོད་ཆགས་ཡོད་པ་ཉིད་དུ་གལ་འགྱུར། ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །ཆགས་པ་ལ་ཡང་འདོད་ཆགས་ཡོད་དམ་མེད་ཀྱང་རུང་སྟེ། དེ་ཉིད་དང་རིམ་པ་མཚུངས་པར་བསམ་པར་བྱ་སྟེ། ཕ་དང་བུ་བཞིན་ནོ། །ཡང་གཞན་ཡང༌། གལ་ཏེ་ཆགས་པའི་སྔ་རོལ་ན། །ཆགས་མེད་འདོད་ཆགས་ཡོད་ན་ནི། །དེ་ལ་བརྟེན་ནས་ཆགས་པ་ཡོད། །འདོད་ཆགས་ཡོད་ན་ཆགས་ཡོད་འགྱུར། །འདི་ལ་གལ་ཏེ་ཆགས་པའི་སྔ་རོལ་ན། ཆགས་པ་མེད་པའི་འདོད་ཆགས་ཡོད་པར་འགྱུར་ན་ནི། དེ་ལ་བརྟེན་ནས་ཆགས་པ་ཡང་ཡོད་པར་འགྱུར་ཏེ། འདི་ལྟར་འདོད་ཆགས་ཡོད་ན་ཆགས་པ་ཡོད་པར་འགྱུར་བའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་འདོད་ཆགས་ཡོད་ན་ཆགས་པ་ཡོད་པར་སེམས་ན། འདིར་བཤད་པ། འདོད་ཆགས་ཡོད་པར་གྱུར་ན་ཡང༌། །ཆགས་པ་ཡོད་པར་གལ་འགྱུར། །འདོད་ཆགས་ཡོད་པར་གྱུར་ན་ཡང་ཆགས་པ་ཡོད་པ་ཉིད་དུ་གལ་འགྱུར། །འདོད་ཆགས་ལ་ཡང་ཆགས་པ་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །འདོད་ཆགས་ལ་ཡང་ཆགས་པ་ཡོད་དམ་མེད་ཀྱང་རུང་སྟེ། དེ་ཉིད་དང་རིམ་པ་མཚུངས་པར་བསམ་པར་བྱ་སྟེ། ཕ་དང་བུ་བཞིན་ནོ། །འདིར་སྨྲས་པ། འདོད་ཆགས་དང་ཆགས་པ་དག་རིམ་གྱིས་སྐྱེ་བར་མི་འཐད་ཀྱང་དེ་དག་ལྷན་ཅིག་ཉིད་དུ་སྐྱེ་བ་ཡིན་ནོ། །འདིར་བཤད་པ། འདོད་ཆགས་དང་ནི་ཆགས་པ་དག །ལྷན་ཅིག་ཉིད་དུ་སྐྱེ་མི་རིགས། །འདོད་ཆགས་དང་ཆགས་པ་དག་ལྷན་ཅིག་ཉིད་དུ་སྐྱེ་བར་མི་འཐད་དོ། །དེ་ལ་འདི་སྙམ་དུ་ལྷན་ཅིག་ཉིད་དུ་སྐྱེན། སྐྱོན་ཅིར་འགྱུར་སྙམ་དུ་སེམས་ན། དེ་ལ་བཤད་པར་བྱ་སྟེ། འདི་ལྟར་འདོད་ཆགས་ཆགས་པ་དག །ཕན་ཚུན་ལྟོས་པ་མེད་པར་འགྱུར། །ལྷན་ཅིག་ཉིད་དུ་སྐྱེ་བར་གྱུར་ན། འདི་ལྟར་འདོད་ཆགས་དང་ཆགས་པ་དག་ཕན་ཚུན་ལྟོས་པ་མེད་པར་འགྱུར་རོ། །དེ་སྟན་དེ་གཉིས་བརྟག་པ་ཉིད་དུ་ཐལ་བར་འགྱུར་ཞིང་བརྟགས་ན་སྐྱོན་ཆེན་པོ་ཁོ་ནར་འགྱུར་ཏེ། བ་ལང་གི་རྭ་བཞིན་ནོ། །ཡང་གཞན་ཡང༌། འདོད་ཆགས་དང་ཆགས་པ་དེ་དག་ལྷན་ཅིག་ཉིད་ཡིན་ན། གཅིག་པ་ཉིད་དམ་ཐ་དད་པ་ཉིད་དུ་འགྱུར་གྲང་ན། གཉི་ག་ལྟར་ཡང་མི་འཐད་དོ། །ཇི་ལྟ་ཞེ་ན། བཤད་


DTG096_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

པ། གཅིག་ཉིད་ལྷན་ཅིག་ཉིད་མེད་དེ། །དེ་ཉིད་དེ་དང་ལྷན་ཅིག་མིན། །ཅི་སྟེ་ཐ་དད་ཉིད་ཡིན་ན། །ལྷན་ཅིག་ཉིད་དུ་ཇི་ལྟར་འགྱུར། །གཅིག་པ་ཉིད་ཡིན་ན། ལྷན་ཅིག་ཉིད་མི་འཐད་དེ། ཅིའི་ཕྱིར་ཞེ་ན། དེ་ཉིད་དེ་དང་ལྷན་ཅིག་ཉིད་དུ་མི་འཐད་པའི་ཕྱིར་རོ། །ཅི་སྟེ་ཐ་དད་པ་ཉིད་ཡིན་ན་ཡང་ལྷན་ཅིག་ཉིད་དུ་ཇི་ལྟར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཐ་དད་པ་ཉིད་ཡིན་པའི་ཕྱིར་རོ། །ཡང་གཞན་ཡང༌། གལ་ཏེ་གཅིག་པུ་ལྷན་ཅིག་ན། །གྲོགས་མེད་པར་ཡང་དེར་འགྱུར་རོ། །གལ་ཏེ་གཅིག་པ་ཉིད་ལ་ལྷན་ཅིག་པ་ཉིད་དུ་རྟོག་ན། གྲོགས་མེད་པར་ཡང་ལྷན་ཅིག་ཉིད་དེར་འགྱུར་རོ། །གལ་ཏེ་ཐ་དད་ལྷན་ཅིག་ན། །གྲོགས་མེད་པར་ཡང་དེར་འགྱུར་རོ། །གལ་ཏེ་ཐ་དད་པ་ཉིད་ལ་ལྷན་ཅིག་ཉིད་དུ་རྟོག་ན་ཡང་གྲོགས་མེད་པར་ཡང་ལྷན་ཅིག་ཉིད་དུ་ཡང་འགྱུར་རོ། །གལ་ཏེ་ཐ་དད་ལྷན་ཅིག་ན། །འདོད་ཆགས་ཆགས་པ་ཅི་ཞིག་ཡིན། །ཐ་དད་ཉིད་དུ་གྲུབ་གྱུར་ན། དེས་ན་དེ་གཉིས་ལྷན་ཅིག་འགྱུར། །གལ་ཏེ་ཐ་དད་པ་ཉིད་ལ་ལྷན་ཅིག་ཉིད་དུ་རྣམ་པར་རྟོག་ན། འདོད་ཆགས་དང་ཆགས་པ་དག་ལ་ཇི་ཞིག་གྲུབ་པ་ཡིན་ཏེ། དེ་དག་ཐ་དད་པ་ཉིད་དུ་རྟོག་པ་ཡིན་གྱི། ལྷན་ཅིག་ཉིད་དུ་གྲུབ་པར་མི་འགྱུར་རོ། །དེ་ལྟ་ན་ཐ་དད་པ་ཉིད་དུ་གྲུབ་པར་གྱུར་ན་དེ་གཉིས་ལྷན་ཅིག་ཉིད་དུ་རྟོག་པ་ཡིན་པར་འགྱུར་རོ། །གལ་ཏེ་འདོད་ཆགས་ཆགས་པ་དག །ཐ་དད་ཉིད་དུ་གྲུབ་གྱུར་ན། །དེ་དག་ལྷན་ཅིག་ཉིད་དུ་ནི། །ཅི་ཡི་ཕྱིར་ན་ཡོངས་སུ་རྟོག །གལ་ཏེ་འདོད་ཆགས་དང་ཆགས་པ་དག་ཐ་དད་པ་ཉིད་དུ་གྲུབ་པར་གྱུར་ན། ད་དེ་དག་ལྷན་ཅིག་ཉིད་དུ་ཅིའི་ཕྱིར་ཡོངས་སུ་རྟོག་པར་བྱེད། ཐ་དད་གྲུབ་པར་མ་གྱུར་པས། །དེ་ཕྱིར་ལྷན་ཅིག་འདོད་བྱེད་དམ། །ལྷན་ཅིག་རབ་ཏུ་བསྒྲུབ་པའི་ཕྱིར། །ཐ་དད་ཉིད་དུ་ཡང་འདོད་དམ། །འདོད་ཆགས་དང་ཆགས་པ་དག་ཐ་དད་ཉིད་དུ་གྲུབ་པར་མ་གྱུར་པས་དེ་རབ་ཏུ་བསླབ་པའི་ཕྱིར་ལྷན་ཅིག་ཉིད་དུ་འདོད་པར་བྱེད་ལ། ལྷན་ཅིག་ཉིད་དུ་ཡང་མ་གྲུབ་པས། དེ་རབ་ཏུ་བསྒྲུབ་པའི་ཕྱིར་ཐ་དད་པ་ཉིད་དུ་ཡང་འདོད་པར་བྱེད་པ་ནི་རིགས་པ་མ་ཡིན་ནོ། །ཐ་དད་དངོས་པོ་མ་གྲུབ་པས། །ལྷན་ཅིག་དངོས་པོ་འགྲུབ་མི་འགྱུར། །ཐ་དད་དངོས་པོ་གང་ཞིག་ལ། །ལྷན་ཅིག་དངོས་པོར་འདོད་པར་བྱེད། །འདོད་


DTG096_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དང་ཆགས་པ་དག་ཐ་དད་པའི་དངོས་པོར་མ་གྲུབ་པས། ལྷན་ཅིག་གི་དངོས་པོ་འགྲུབ་པར་མི་འགྱུར་ཏེ། ཐ་དད་པའི་དངོས་པོ་མ་གྲུབ་པ་གང་ཞིག་ལ་ལྷན་ཅིག་གི་དངོས་པོར་འདོད་པར་བྱེད་དེ་དེ་ཡང་རིགས་པ་མ་ཡིན་ནོ། །དེ་ལྟར་འདོད་ཆགས་ཆགས་པ་དག། ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །འདོད་ཆགས་བཞིན་དུ་ཆོས་རྣམས་ཀུན། །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །དེ་ལྟར་ཡོངས་སུ་བརྟགས་ན་འདོད་ཆགས་ནི་ཆགས་པ་དང་ལྷན་ཅིག་གམ་ལྷན་ཅིག་མ་ཡིན་པར་ཡང་འགྲུབ་པར་མི་འཐད་ལ། འདོད་ཆགས་བཞིན་དུ་ཆོས་ཐམས་ཅད་ཀྱང་ལྷན་ཅིག་གམ་ལྷན་ཅིག་མ་ཡིན་པར་འགྲུབ་པར་མི་འཐད་དེ། མདུང་ཁྱིམ་བཞིན་ནོ། །འདོད་ཆགས་དང་ཆགས་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་དྲུག་པའོ།། །།འདིར་སྨྲས་པ། སྐྱེ་བ་དང་གནས་པ་དང་འཇིག་པ་དག་ནི་འདུས་བྱས་ཀྱི་མཚན་ཉིད་བསྟན་པས། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་འདུས་བྱས་ནི་ཡོད་དོ། །འདིར་བཤད་པ། དེ་ནི་ཡོད་པ་མ་ཡིན་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། སྐྱེ་བ་དང་གནས་པ་དང་འཇིག་པ་དག་མ་གྲུབ་པའི་ཕྱིར་རོ། །སྐྱེ་བ་དང་གནས་པ་དང་འཇིག་པ་དེ་དག་འདུས་བྱས་སམ་འདུས་མ་བྱས་ཞིག་ཡིན་གྲང་ན། དེ་གཉི་ག་ལྟར་ཡང་དེ་མི་འཐད་པའི་ཕྱིར་མི་འགྲུབ་པོ། །འདིར་སྨྲས་པ། གལ་ཏེ་དེ་དག་འདུས་བྱས་སམ་འདུས་མ་བྱས་ཡིན་པར་གྱུར་ན། དེས་སྐྱོན་ཅི་ཞིག་ཏུ་ཐལ་བར་གྱུར། འདིར་སྨྲས་པ། གལ་ཏེ་སྐྱེ་བ་འདུས་བྱས་ན། །དེ་ལ་མཚན་ཉིད་གསུམ་ལྡན་འགྱུར། །ཅི་སྟེ་སྐྱེ་བ་འདུས་མ་བྱས། །ཇི་ལྟར་འདུས་བྱས་མཚན་ཉིད་ཡིན། །གལ་ཏེ་རེ་ཞིག་སྐྱེ་བ་དེ་འདུས་བྱས་ཡིན་ན། དེ་ལ་མཚན་ཉིད་གསུམ་དང་ལྡན་པར་འགྱུར་ཏེ། མཚན་ཉིད་གསུམ་པོ་དེ་དག་ལ་ཡང་མཚན་ཉིད་གསུམ་པོ་གཞན་དག་དང་ལྡན་པས་འགྱུར་བས་ཐུག་པ་མེད་པའི་སྐྱོན་ཐལ་བར་འགྱུར་རོ། །གནས་པ་དང་འཇིག་པ་དག་ལ་ཡང་དེ་བཞིན་ནོ། །ཅི་སྟེ་སྐྱེ་བ་དེ་འདུས་བྱས་མ་ཡིན་ན་ནི། ཇི་ལྟར་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་འགྱུར་ཏེ། སྐྱེ་བ་དང་གནས་པ་དར་འཇིག་བདག་མེད་པར་ཇི་ལྟར་སྐྱེ་བ་ཡིན་པར་བརྟག་པར་ནུས། གཞན་ཡང་སྐྱེ་བ་དང་གནས་པ་དང་འཇིག་པ་དག་མེད་ན་སྐྱེ་བ་འདུས་


DTG096_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་མ་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་དང་མཚུངས་པའམ། །མྱ་ངན་ལས་འདས་པ་ཉིད་ཡིན་པར་འགྱུར་ཏེ། མྱ་ངན་ལས་འདས་པ་ནི་འདུས་བྱས་ཀྱི་མཚན་ཉིད་མ་ཡིན་ནོ། །གནས་པ་དང་འཇིག་པ་དག་ལ་ཡང་དེ་བཞིན་དུ་བརྟག་གོ །ཡང་གཞན་ཡང༌། སྐྱེ་ལ་སོགས་གསུམ་སོ་སོ་ཡིས། །འདུས་བྱས་མཚན་ཉིད་བྱ་བར་ནི། །ནུས་མིན་འདུས་པ་ཡིན་ན་ཡང༌། །གཅིག་ལ་དུས་གཅིག་ཇི་ལྟར་རུང༌། །སྐྱེ་བ་དང་གནས་པ་དང་འཇིག་པ་དེ་དག་སོ་སོ་འམ་འདུས་པ་ཞིག་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་འགྱུར་གྲང་ན། གཉི་ག་ལྟར་ཡང་མི་འཐད་དེ་ཅིའི་ཕྱིར་ཞེ་ན། རེ་ཞིག་གལ་ཏེ་སོ་སོ་ཡིན་པར་རྟོག་ན་སོ་སོས་འདུས་བྱས་ཀྱི་མཚན་ཉིད་བྱ་བར་མི་ནུས་ཏེ། འདུས་བྱས་ཀྱི་ཕྱོགས་གཅིག་ནི་མཚན་ཉིད་ཀྱིས་མཚོན་ལ། ཕྱོགས་གཅིག་ནི་མཚན་ཉིད་དང་བྲལ་བར་ཐལ་བར་འགྱུར་བས་དེ་ནི་རིགས་བམ་ཡིན་ནོ། །ཅི་སྟེ་འདུས་པ་ཡིན་པར་རྟོག་ན་ཡང༌། ཕན་ཚུན་མི་མཐུན་པ་དེ་དག་གཅིག་ལ་དུས་གཅིག་ཏུ་ཚོགས་པར་ཇི་ལྟར་རུང་སྟེ། ད་ཡང་མི་རིགས་པ་ཉིད་དེ། མེ་དང་ཆུ་བཞིན་ནོ། །ཡང་གཞན་ཡང༌། སྐྱེ་དང་གནས་དང་འཇིག་རྣམས་ལ། །འདུས་བྱས་མཚན་ཉིད་གཞན་ཞིག་ནི། །གལ་ཏེ་ཡོད་ན་ཐུག་པ་མེད། །མེད་ན་དེ་དག་འདུས་བྱས་མིན། །ཅི་སྟེ་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་ལ་འདུས་བྱས་ཀྱི་མཚན་ཉིད་གཞན་ཞིག་ཡོད་པར་འདོད་ན་ནི། ཐུག་པ་མེད་པར་ཐལ་བར་འགྱུར་རོ། །ཅི་སྟེ་མེད་ན་ནི་དེ་དག་འདུས་བྱས་མ་ཡིན་ཏེ་འདུས་བྱས་མ་ཡིན་ན། འདུས་བྱས་ཀྱི་མཚན་ཉིད་ཡིན་པར་མི་རིགས་སོ། །འདིར་སྨྲས་པ། །ཁྱོད་ཀྱི་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་ལ་འདུས་བྱས་ཀྱི་མཚན་ཉིད་གཞན་ཞིག་ཡོད་ན་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །ཞེས་གང་བཤད་པ་དེ་ལ་སྨྲ་བར་བྱ་སྟེ། སྐྱེ་བ་དང་དགག་པ་དང་འཇིག་པ་རྣམས་འདུས་བྱས་ཀྱང་ཡིན་ལ། ཐུག་པ་མེད་པར་ཡང་ཐལ་པར་མི་འགྱུར་ཏེ། ཇི་ལྟ་ཞེ་ན། སྨྲས་པ། སྐྱེ་བའི་སྐྱེ་བས་རྩ་བ་ཡི། །སྐྱེ་བ་འབའ་ཞིག་སྐྱེད་པར་བྱེད། །རྩ་བའི་སྐྱེ་བས་སྐྱེ་བ་ཡི། །སྐྱེ་བའང་སྐྱེད་པར་བྱེད་པ་ཡིན། །འདི་ལ་ཆོས་གང་ཡང་རུང་བ་ཞིག་སྐྱེ་བ་ཞིང་བདག་ཉིད་དང་བཅོ་ལྔ་སྐྱེ་སྟེ། རྣམ་པར་ཤེས་པའམ་ཚོར་


DTG096_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བའམ་འདུ་ཤེས་ལ་སོགས་པ་ཆོས་དེ་དང༌། ཆོས་དེའི་སྐྱེ་བ་དང་ཆོས་དེ་དག་གི་གནས་པ་དང༌། ཆོས་དེའི་འཇིག་པ་དང༌། ཆོས་དེའི་ལྡན་པ་དང༌། ཆོས་དེའི་རྒ་བ་དང༌། ཆོས་དེའི་རྣམ་པར་གྲོལ་བའམ། ལོག་པའི་རྣམ་པར་གྲོལ་བ་དང༌། ཆོས་དེའི་ངེས་པར་འབྱུང་བ་ཉིད་དམ། ངེས་པར་འབྱུང་བ་མ་ཡིན་པ་ཉིད་དེ། རེ་ཞིག་སྐྱེ་བ་དང༌། གནས་པ་དང༌། འཇིག་པ་དང་ལྡན་པ་དང༌། རྒ་བ་དང༌། རྣམ་པར་གྲོལ་བ་དང༌། ངེས་པར་འབྱུང་བ་ཉིད་ཅེས་བྱ་བ་དེ་དག་ནི་འཁོར་ཅེས་བྱའོ། །འཁོར་གྱི་ནང་དུས་འདིར་ཆོས་གཉིས་པོ་རྣམ་པར་གྲོལ་བ་དང་ངེས་པར་བྱུང་བ་ཉིད་དག་ནི་ཡང་ན་ལོག་པའི་རྣམ་པར་གྲོལ་བ་དང༌། ངེས་པར་འབྱུང་བ་མ་ཡིན་པ་ཉིད་ཀྱང་ཡིན་ཏེ། ཆོས་གང་དག་དཀར་པོ་དེ་དག་གི་ནི་རྣམ་པར་གྲོལ་བ་ཡིན་ལ་ནག་པོ་དེ་དག་གི་ནི་ལོག་པའི་རྣམ་པར་གྲོལ་བ་ཡིན་ནོ། །ཆོས་གང་དག་ངེས་པར་འབྱུང་བ་དེ་དག་གི་ནི་ངེས་པར་འབྱུང་བ་དེ་དག་ཉིད་ཡིན་ལ། ཆོས་གང་དག་ངེས་པར་འབྱུང་བ་མ་ཡིན་པ་དེ་དག་ནི་ངེས་པར་འབྱུང་བ་མ་ཡིན་པ་ཉིད་ཡིན་ནོ། །ད་ནི་འཁོར་གྱི་འཁོར་རྣམས་ནི་འདི་ལྟ་སྟེ། སྐྱེ་བའི་སྐྱེ་བ་དང༌། གནས་པའི་གནས་པ་དང༌། འཇིག་པའི་འཇིག་པ་དང༌། ལྡན་པའི་ལྡན་པ་དང༌། རྒ་བའི་རྒ་བ་དང༌། རྣམ་པར་གྲོལ་བའི་རྣམ་པར་གྲོལ་བ་དང༌། ངེས་པར་འབྱུང་བ་ཉིད་ཀྱི་ངེས་པར་འབྱུང་བ་ཉིད་དག་སྟེ། འཁོར་གྱི་འཁོར་རྣམས་ལས་ཀྱང་འདིར་ཆོས་གཉིས་པོ་རྣམ་པར་གྲོལ་བའི་རྣམ་པར་གྲོལ་བ་དང༌། ངེས་པར་འབྱུང་བ་ཉིད་ཀྱི་ངེས་པར་འབྱུང་བ་ཉིད་དག་ཀྱང༌། ཡང་ན་ལོག་པའི་རྣམ་པར་གྲོལ་བའི་ལག་པའི་རྣམ་པར་གྲོལ་བ་དང༌། ངེས་པར་འབྱུང་བ་མ་ཡིན་པ་ཉིད་ཀྱི་ངེས་པར་འབྱུང་བ་མ་ཡིན་པ་ཉིད་ཀྱང་ཡིན་ཏེ། ཆོས་གང་དག་དཀར་པོ་དེ་དག་གི་ནི་རྣམ་པར་གྲོལ་བའི་རྣམ་པར་གྲོལ་བ་ཡིན་ལ། ནག་པོ་དེ་དག་གི་ནི་ལོག་པའི་རྣམ་པར་གྲོལ་བའི་རྣམ་པར་གྲོལ་བ་ཡིན་ནོ། །ཆོས་གང་དག་ངེས་པར་འབྱུང་བ་དེ་དག་གི་ནི་ངེས་པར་འབྱུང་བ་ཉིད་ཀྱི་ངེས་པར་འབྱུང་བ་ཉིད་ཡིན་ལ། གང་དག་ངེས་པར་འབྱུང་བ་མ་ཡིན་པ་དེ་དག་གི་ནི་ངེས་པར་འབྱུང་བ་མ་ཡིན་པ་ཉིད་ཀྱི་ངེས་པར་འབྱུང་བ་མ་ཡིན་པ་ཉིད་ཡིན་ཏེ། དེ་ལྟར་སྡེ་ཆན་བཅོ་ལྔའོ། །དེ་ལ་རྩ་བའི་སྐྱེ་བ་གང་ཡིན་པ་དེས་ནི་བདག་ཉིད་མ་གཏོགས་པར་ཆོས་བཅུ་བཞི་པོ་ཐམས་


DTG096_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྐྱེད་བར་བྱེད་དོ། །སྐྱེ་བའི་སྐྱེ་བ་གང་ཡིན་པ་དེས་ནི་རྩ་བའི་སྐྱེ་བ་དེ་འབའ་ཞིག་སྐྱེད་པར་བྱེད་དོ། །རྩ་བའི་གནས་པ་གང་ཡིན་པ་དེས་ཀྱང་གནས་པའི་གནས་པ་གནས་པར་བྱེད་ལ། གནས་པའི་གནས་པས་ཀྱང་རྩ་བའི་གནས་པ་གནས་པར་བྱེད་དོ། །རྩ་བའི་འཇིག་པས་ཀྱང་འཇིགས་པའི་འཇིག་པ་འཇིག་པར་བྱེད་ལ། འཇིགས་པའི་འཇིག་པས་ཀྱང་རྩ་བའི་འཇིག་པ་འཇིག་པར་བྱེད་དོ། །ལྡན་པ་དང་རྒ་བ་དང་རྣམ་པར་གྲོལ་བ་དང་ངེས་པར་འབྱུང་བ་ཉིད་དག་ལ་ཡང་དེ་བཞིན་དུ་བལྟ་བར་བྱ་སྟེ། དེའི་ཕྱིར་སྐྱེ་བ་དང་གནས་པ་དང་འཇིག་པ་དག་འདུས་བྱས་ཀྱང་ཡིན་ལ། ཐུག་པ་མེད་པའི་སྐྱོན་དུ་ཡང་ཐལ་བར་མི་འགྱུར་རོ། །གནས་པ་དང་འཇིག་པ་དག་ལ་ཡང་དེ་བཞིན་དུ་བལྟ་བར་བྱ་སྟེ། ས་བོན་དང་མྱུ་གུ་བཞིན་ནོ། །འདིར་བཤད་པ། གལ་ཏེ་ཁྱོད་ཀྱི་སྐྱེ་བའི་སྐྱེས། །རྩ་བའི་སྐྱེ་བ་སྐྱེད་བྱེད་ན། །ཁྱོད་ཀྱི་རྩ་བས་མ་བསྐྱེད་དེས། །དེ་ནི་ཇི་ལྟར་སྐྱེད་པར་བྱེད། །གལ་ཏེ་ཁྱོད་ཀྱི་སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་སྐྱེད་པར་བྱེད་ན། ཁྱོད་ཀྱི་རྩ་བའི་སྐྱེ་བསམ་བསྐྱེད་པའི་སྐྱེ་བའི་སྐྱེ་བ་དེས་རྩ་བའི་སྐྱེ་བ་དེ་ཇི་ལྟར་སྐྱེད་པར་བྱེད་དེ། རང་ཉིད་མ་སྐྱེས་པའི་ཕྱིར་རོ། །ཅི་སྟེ་འདི་སྙམ་དུ་རྩ་བའི་སྐྱེ་བས་བསྐྱེད་པ་ཁོ་ནའི་སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་སྐྱེ་དང་པར་བྱེད་ཀྱི་མ་བསྐྱེད་པས་མི་བྱེད་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། གལ་ཏེ་ཁྱོད་ཀྱི་རྩ་བ་ཡིས། །བསྐྱེད་པ་དེ་ཡིས་རྩ་བསྐྱེད་ནས། །དེས་མ་བསྐྱེད་པའི་རྩ་བ་དེས། །དེ་ནི་ཇི་ལྟར་སྐྱེད་པར་བྱེད། །གལ་ཏེ་ཁྱོད་ཀྱི་རྩ་བའི་སྐྱེ་བས་བསྐྱེད་པའི་སྐྱེ་བའི་སྐྱེ་བ་དེས་རྩ་བའི་སྐྱེ་བདེ་སྐྱེད་པར་བྱེད་ན། སྐྱེ་བའི་སྐྱེ་བ་དེས་མ་བསྐྱེད་པའི་རྩ་བའི་སྐྱེ་བ་དེས་སྐྱེ་བའི་སྐྱེ་བ་ཇི་ལྟར་སྐྱེད་པར་བྱེད་དེ། རང་ཉིད་མ་སྐྱེས་པའི་ཕྱིར་རོ། །དེ་ལྟ་བས་ན་བརྟག་པ་དེས་ཀྱང་མི་ནུས་པས་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་དོ། །འདིར་སྨྲས་པ། རྩ་བའི་སྐྱེ་བ་ཉིད་སྐྱེ་བཞིན་པས་སྐྱེ་བའི་སྐྱེ་བསྐྱེད་པར་བྱེད་ཀྱི་མ་སྐྱེས་པས་མི་བྱེད་དོ། །འདིར་བཤད་པ། ཁྱོད་ཀྱི་དེ་ནི་དེ་བཞིན་པ། མ་སྐྱེས་དེ་ཡིས་གལ་ཏེ་ནི། །དེ་ནི་སྐྱེད་པར་བྱེད་ནུས་ན། །དེ་སྐྱེད་པར་ནི་འདོད་ལ་རག །ཁྱོད་ཀྱི་རྩ་བའི་སྐྱེ་བདེ་སྐྱེ་བཞིན་པ་རང་ཉིད་མ་སྐྱེས་པ་དེས་གལ་ཏེ་སྐྱེ་བའི་སྐྱེ་བ་གཞན་དེ་སྐྱང་པར་བྱེད་ནུས་ན་ནི། སྐྱེ་བའི་སྐྱེ་བ་དེ་སྐྱེད་པར་འདོད་ལ་རག་ལ་མི་ནུས་ཏེ། དེའི་ཕྱིར་ཁྱོད་ཀྱི་རྩ་


DTG096_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐྱེ་བ་དེས་སྐྱེ་བཞིན་པ་རང་ཉིད་མ་སྐྱེས་པ་དེས་སྐྱེ་བའི་སྐྱེ་བ་གཞན་དེ་བསྐྱེད་པར་མི་ནུས་སོ། །ཡང་ན་འདི་ནི་རྟག་པ་བཞིན་ཏེ། ཁྱོད་ཀྱི་སྐྱེ་བའི་སྐྱེ་བ་དེ་སྐྱེ་བཞིན་པ་རང་ཉིད་མ་སྐྱེས་པ་དེས་གལ་ཏེ་རྩ་བའི་སྐྱེ་བ་གཞན་ཏེ། སྐྱེད་པར་བྱེད་ནུས་ན་ནི་རྩ་བའི་སྐྱེ་བ་དེ་སྐྱེད་པར་འདོད་ལ་རག་ན་མི་ནུས་ཏེ། དེའི་ཕྱིར་ཁྱོད་ཀྱི་སྐྱེ་བའི་སྐྱེ་བ་དེ་སྐྱེད་བཞིན་པ་རང་ཉིད་མ་སྐྱེས་པ་དེས་རྩ་བའི་སྐྱེ་བ་གཞན་དེ་སྐྱེད་པར་མི་ནུས་སོ། །ཅིའི་ཕྱིར་སྐྱེ་བཞིན་པ་རང་ཉིད་མ་སྐྱེས་ཤེ་ན། སྐྱེ་བཞིན་པ་ནི་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །དེ་ལ་སྐྱེ་བཞིན་པ་དེས་དེ་སྐྱེད་པར་བྱེད་དོ་ཞེས་གང་སྨྲས་པ་དེ་མི་རིགས་ཏེ་ཞིག་པ་དང་མ་ཞིག་པ་བཞིན་ནོ། །འདིར་སྨྲས་པ། ཇི་ལྟར་མར་མེ་རང་དང་གཞན། །སྣང་བར་བྱེད་པ་དེ་བཞིན་དུ། །སྐྱེ་བའང་རང་དང་གཞན་གྱི་དངོས། །གཉི་ག་སྐྱེད་པར་བྱེད་པ་ཡིན། ཇི་ལྟར་མར་མེ་རང་དང་གཞན་གྱི་དངོས་པོ་གཉི་ག་སྣང་བར་བྱེད་པ་དེ་བཞིན་དུ་སྐྱེ་བ་ཡང་རང་དང་གཞན་གྱི་དངོས་པོ་གཉི་ག་སྐྱེད་པར་བྱེད་པ་ཡིན་ནོ། །འདིར་བཤད་པ། མར་མེ་དང་ནི་གང་དག་ན། །དེ་འདུག་པ་ན་མུན་པ་མེད། །མར་མེས་ཅི་ཞིག་སྣང་བར་བྱེད། །མུན་པ་སེལ་བས་སྣང་བྱེད་ཡིན། །འདི་ན་མར་མེ་ལ་ཡང་མུན་པ་མེད་ལ། གང་དག་ན་མར་མེ་དེ་འདུག་པ་དེ་དག་ན་ཡང་མུན་པ་མེད་དེ། གང་གི་ཚེ་མར་མེ་ལ་ཡང་མུན་པ་མེད་ལ། གང་དག་ན་མར་མེ་དེ་འདུག་པ་དེ་དག་ན་ཡང་མུན་པ་མེད་པ་དེའི་ཚེ། ད་མར་མེས་རང་དང་གཞན་གྱི་དངོས་པོ་ཅི་ཞིག་སྣང་བར་བྱེད། མུན་པ་སེལ་བས་སྣང་བྱེད་ཡིན་ཞེས་བྱ་ན། མུན་པ་སེལ་བས་དེ་ཡང་གང་གི་ཕྱིར་མར་མེས་རང་དང་གཞན་གྱི་དངོས་པོ་ལ་མི་བྱེད་པ་དེའི་ཕྱིར་མར་མེས་རང་གི་དངོས་པོ་ཡང་སྣང་བར་བྱེད་པ་མ་ཡིན་ལ། གཞན་གྱི་དངོས་པོ་ཡང་སྣང་བར་བྱེད་པ་མ་ཡིན་ཏེ། བྱི་ལ་དང་བྱི་བ་བཞིན་ནོ། །འདིར་སྨྲས་པ། གང་གི་ཕྱིར་མར་མེ་སྐྱེ་བཞིན་པ་ཉིད་ཀྱིས་མུན་པ་སེལ་བར་བྱེད་པ་དེའི་ཕྱིར་མར་མེ་དང་གང་དག་ན་མར་མེ་དེ་འདུག་པ་དེ་དག་ན་མུན་པ་མེད་དོ། །འདིར་བཤད་པ། ཇི་ལྟར་མར་མེ་སྐྱོ་བཞིན་པས། །མུན་པ་སེལ་བར་བྱེད་པ་ཡིན། །གང་ཚེ་མར་མེ་སྐྱེ་བཞིན་པ། །མུན་པ་དང་ནི་ཕྲད་པ་མེད། །ཇི་ལྟར་མར་མེ་སྐྱེ་བཞིན་པས། །མུན་པ་སེལ་བར་བྱེད་པ་ཡིན་ཏེ། གང་གི་ཚེ་མར་མེ་སྐྱེ་བཞིན་པ་དེའི་ཚེ་ན། མུན་པ་དང་


DTG096_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲད་པ་མེད་པའི་ཕྱིར་རོ། །ཡང་གཞན་ཡང༌། མར་མེ་ཕྲད་པ་མེད་པར་ཡང༌། །གལ་ཏེ་མུན་པ་སེལ་བྱེད་ན། །འཇིག་རྟེན་ཀུན་ན་གནས་པའི་མུན། །འདི་ན་འདུག་པ་དེས་སྤེལ་འགྱུར། །ཇི་སྟེ་ཡང་འདི་སྙམ་དུ་མར་མེ་དང་ཕྲད་པ་མེད་པར་ཡང་མུན་པ་སེལ་བར་བྱེད་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། གལ་ཏེ་མར་མེ་དང་ཕྲད་པ་མེད་པར་ཡང༌། མུན་པ་སེལ་བར་བྱེད་ན་ནི་འཇིག་རྟེན་ཀུན་ན་གནས་པའི་མུན་པ་དག་ཀྱང་མར་མེ་འདི་ན་འདུག་པ་དེས་བསལ་བར་འགྱུར་ཏེ། ཕྲད་པ་མེད་པར་འདྲ་ན། མར་མེ་སྐྱེ་བཞིན་པས་འདི་ན་འདུག་པའི་མུན་པ་འདི་སེལ་ལ། འཇིག་རྟེན་ཀུན་ན་གནས་པའི་མུན་པ་ནི་མི་སེལ་བ་ལ་ཁྱད་པར་ཅི་ཡོད། དེ་ལྟ་བས་ན་མར་མེ་སྐྱེ་བཞིན་པ་མུན་པ་དང་ཕྲད་པ་མེད་པས་མུན་པ་སེལ་བར་མི་བྱེད་དོ། །ཡང་གཞན་ཡང༌། མར་མེ་རང་དང་གཞན་གྱི་དངོས། །གལ་ཏེ་སྣང་བར་བྱེད་འགྱུར་ན། །མུན་པའང་རང་དང་གཞན་གྱི་དངོས། །སྒྲིབ་པར་འགྱུར་བར་ཐེ་ཚོམ་མེད། །གལ་ཏེ་མར་མེ་རང་དང་གཞན་གྱི་དངོས་པོ་དག །སྣང་བར་བྱེད་པ་ཡིན་པར་སེམས་ན། དེ་ལྟར་ན་མར་མེའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་མུན་པ་ཡང་རང་དང་གཞན་གྱི་དངོས་པོ་དག་སྒྲིབ་པར་འགྱུར་བར་ཐེ་ཚོམ་མེད་དོ། །མུན་པས་རང་གི་དངོས་པོ་བསྒྲིབས་ན་ནི། མུན་པ་མི་དམིགས་ཤིང་དངོས་པོ་རྣམས་རྟག་ཏུ་སྣང་བར་འགྱུར་བས་དེ་ནི་མི་འདོད་དོ། །ཅི་སྟེ་མར་མེའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་མུན་པ་རང་དང་གཞན་གྱི་དངོས་པོ་སྒྲིབ་པར་མི་བྱེད་ན་ནི། འོ་ན་གྲོགས་པོ་མར་མེ་རང་དང་གཞན་གྱི་དངོས་པོ་གཉི་ག་སྣང་བར་བྱེད་དོ། །ཞེས་གང་སྨྲས་པ་དེ་མི་རུང་སྟེ། དེ་ལྟར་རེ་ཞིག་དཔེ་བསལ་ཏོ། །དེ་ནི་དོན་འདི་ལ་ཁྱོད་ཀྱི་མར་མེའི་དཔེ་མཚོན་པའི་སྐྱེ་བས་རང་དང་གཞན་གྱི་དངོས་པོ་དག་སྐྱེད་པར་བྱེད་དོ། །ཞེས་བྱ་བ་དེ་ལ་བཤད་པར་བྱ་སྟེ། སྐྱེ་བ་འདི་ནི་མ་སྐྱེས་པས། །རང་གི་བདག་ཉིད་ཇི་ལྟར་སྐྱེད། །ཅི་སྟེ་སྐྱེས་པས་སྐྱེད་བྱེད་ན། །སྐྱེས་ན་ཅི་ཞིག་བསྐྱེད་དུ་ཡོད། །སྐྱེ་བ་གང་ཡིན་པ་འདིས་རང་གི་བདག་ཉིད་སྐྱེད་པར་བྱེད་ན། སྐྱེས་པའམ་མ་སྐྱེས་པ་ཞིག་སྐྱེད་པར་བྱེད་གྲང་ན། རེ་ཞིག་གལ་ཏེ་མ་སྐྱེས་པས་ནི་རང་གི་བདག་ཉིད་སྐྱེད་པར་མི་བྱེད་དེ། མ་སྐྱེས་པ་ནི་མེད་པ་ཉིད་ཡིན་པས་མེད་པ་དེས་རང་གི་བདག་ཉིད་ཇི་ལྟར་


DTG096_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་པར་བྱེད། ཅི་སྟེ་སྐྱེས་པས་སྐྱེད་པར་བྱེད་པར་སེམས་ན་དེ་ཡང་མི་རུང་སྟེ། གང་གི་ཚེ་དེ་སྐྱེས་ན་སྐྱེས་ཟིན་པ་ཡིན་པས། སྐྱེས་ཟིན་པ་དེ་ལ་ཡང་ཅི་ཞིག་བསྐྱེད་དུ་ཡོད་དེ། སྐྱེས་ཟིན་པ་ལ་ནི་བསྐྱེད་པར་བྱ་བ་མེད་ཅིང་བྱས་ཟིན་པ་ལ་ཡང་བྱ་བ་མེད་དོ། །དེ་ལྟར་སྐྱེ་བ་འདི་སྐྱེས་པས་རང་གི་བདག་ཉིད་སྐྱེད་དམ། མ་སྐྱེས་པས་སྐྱེད་པར་བྱེད་གྲང་ན། གཉི་ག་ལྟར་ཡང་སྐྱེད་པར་མི་བྱེད་པ་དེའི་ཕྱིར་སྐྱེ་བས་རང་གི་བདག་ཉིད་སྐྱེད་པར་མི་བྱེད་པས་དེ་ལ་སྐྱེས་པས་རང་གི་དངོས་པོ་སྐྱེད་པར་བྱེད་དོ་ཞེས་གང་སྨྲས་པ་དེ་མི་རིགས་སོ། །གནས་པ་དང་འཇིག་པ་དག་ལ་ཡང་དེ་བཞིན་དུ་བརྟག་གོ །ཡང་གཞན་ཡང༌། སྐྱེས་དང་མ་སྐྱེས་སྐྱེ་བཞིན་པ། །ཇི་ལྟ་བུར་ཡང་སྐྱེ་མི་བྱེད། །སོང་དང་མ་སོང་བགོམ་པ་ཡིས། །དེ་དག་རྣམ་པར་བཤད་པ་ཡིན། །སྐྱེ་བས་གཞན་སྐྱེད་པར་བྱེད་ན། སྐྱེས་པ་དང་མ་སྐྱེས་པ་དང་སྐྱེས་བཞིན་པ་ཞིག་སྐྱེད་པར་བྱེད་གྲང་ན། བརྟག་པ་རྣམ་པ་གསུམ་ཆར་ཡང་སྐྱེད་པར་མི་བྱེད་དེ། ཇི་ལྟར་སྐྱེད་པར་མི་བྱེད་པ་དེ་ལྟར་ནི་སོང་བ་དང་མ་སོང་བ་དང་བགོམ་པ་དག་གིས་དེ་དག་རྣམ་པར་བཤད་ཟིན་ཏོ། །དེ་ཡང་ཇི་ལྟར་ཞེ་ན། བཤད་པ། རེ་ཞིག་དངོས་པོ་སྐྱེས་པ་ནི་སྐྱེད་པར་མི་བྱེད་དེ། ཅིའི་ཕྱིར་ཞེ་ན། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་དང༌། བྱས་པ་ལ་བྱ་བ་མེད་པའི་ཕྱིར་ཏེ། དངོས་པོ་གང་སྐྱེས་པ་ཡང་སྐྱེད་པར་བྱེད་ན། ལན་གཉིས་སྐྱེས་པ་ཡང་ལན་གསུམ་བསྐྱེད་དགོས་ལ་ལན་གསུམ་སྐྱེད་པ་ཡང་ལན་བཞིར་བསྐྱེད་དགོས་པ་དང༌། །དེ་བཞིན་དུ་དང་པོ་སྐྱེས་པ་དང་འོག་ཏུ་སྐྱེས་པ་དག་ཀྱང་དེ་བཞིན་དུ་འགྱུར་ཏེ། དེ་ལྟ་ན་སྐྱེ་བ་མཐར་ཐུག་པ་མེད་པར་འགྱུར་པས་དེ་ནི་མི་འདོད་དེ། དེའི་ཕྱིར་དངོས་པོ་སྐྱེས་པས་སྐྱེད་པར་མི་བྱེད་དོ། །གལ་ཏེ་ཡང་སྐྱེས་པས་སྐྱེད་པར་བྱེད་ན། སྐྱེ་བ་གང་གིས་བསྐྱེད་པར་བྱ་བར་བརྗོད་པའི་སྐྱེ་བ་གཞན་དེ་མ་སྐྱེས་པ་སྐྱེད་པ་ཡིན་པས། དེ་མ་སྐྱེས་པ་སྐྱེད་པར་བྱེད་དོ། །ཞེས་དམ་བཅས་པ་ཉམས་ཏེ། ཅིའི་ཕྱིར་ཞེ་ན། དེ་དང་པོ་སྐྱེ་བའི་སྔ་རོལ་ན་མ་སྐྱེས་པ་ཡིན་ལ། དེ་ནས་སྐྱེད་པར་ཡང་བྱེད་ན། དེའི་ཕྱིར་འགའ་ཞིག་སྐྱེས་པ་སྐྱེད་པར་བྱེད་ལ། འགའ་ཞིག་ནི་མ་སྐྱེས་པ་སྐྱེད་པར་བྱེད་པས་མི་མཐུན་པ་ཉིད་དུ་འགྱུར་བའི་ཕྱིར་ཏེ། དེ་ལྟར་འདོད་ན་མ་ངེས་པ་


DTG096_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱང་ཡིན་ལ། བྱས་པ་ལ་བྱ་བ་མེད་པ་དང༌། བསྲེགས་པ་ལ་བསྲེག་པར་བྱ་བ་མེད་པ་དང༌། སོང་བ་ལ་བགྲོད་པར་བྱ་བ་མེད་པ་དང༌། མངོན་སུམ་དུ་བྱས་པ་ལ་མངོན་སུམ་དུ་བྱ་བ་མེད་པ་དང༌། སྐྱེས་པ་ལ་སྐྱེད་པར་བྱེད་པ་མེད་པས། དེའི་ཕྱིར་རེ་ཞིག་དེ་ལྟར་ཆོས་སྐྱེས་པ་འགའ་ཡང་སྐྱེད་པར་མི་བྱེད་དོ། །ཆོས་མ་སྐྱེས་པ་ཡང་སྐྱེད་པར་མི་བྱེད་དེ། ཅིའི་ཕྱིར་ཞེ་ན། སྐྱེ་བ་དང་མི་ལྡན་པའི་ཕྱིར་དང༌། མ་སྐྱེས་པ་ཐམས་ཅད་ཀྱང་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་ཏེ། འདི་ན་མ་སྐྱེས་པ་ནི་སྐྱེ་བ་དང་མི་ལྡན་ལ། དེ་ཡང་དངོས་པོ་སྐྱེ་བ་དང་ལྡན་པས་སྐྱེད་པར་བྱེད་དམ། འོན་ཏེ་དངོས་པོ་སྐྱེ་བ་དང་མི་ལྡན་པས་སྐྱེད་པར་བྱེད་གྲང་ན། དེ་ལྟ་ན་བྱ་བ་མེད་པར་ཡང་བྱེད་པ་དང༌། འགྲོ་བ་མེད་པར་ཡང་འགྲོ་བ་དང༌། ཟ་བ་མེད་པར་ཡང་ཟ་བ་དང༌། འདོད་ཆགས་མེད་པར་ཡང་ཆགས་པ་དང༌། ཞེ་སྡང་མེད་པར་ཡང་སྡང་བ་དང༌། གཏི་མུག་མེད་པར་ཡང་རྨོངས་པར་འགྱུར་ཏེ། ཐ་སྙད་རྣམས་དང་འགལ་བས་དེ་ཡང་མི་འདོད་དེ། དེའི་ཕྱིར་དངོས་པོ་མ་སྐྱེས་པ་ཡང་སྐྱེད་པར་མི་བྱེད་དོ། །གལ་ཏེ་ཡང་དངོས་པོ་མ་སྐྱེས་པ་སྐྱེད་པར་བྱེད་ན། དོན་གང་དག་མ་སྐྱེས་པ་དེ་དག་ཐམས་ཅད་ཀྱང་སྐྱེ་བར་ཐལ་བར་འགྱུར་ཏེ། དེ་ལ་བྱིས་པ་སོ་སོའི་སྐྱེ་པོ་ཐམས་ཅད་ལ་བྱང་ཆུབ་མ་སྐྱེས་པ་དེ་ཡང་སྐྱེ་བར་ཐལ་བ་དང༌། དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་རྣམས་ལ་ཀུན་ནས་ཉོན་མོངས་པ་མ་སྐྱེས་པ་དེ་ཡང་སྐྱེ་བར་ཐལ་བ་དང༌། རི་བོང་དང་རྟའི་རྭ་ལ་སོགས་པ་མ་སྐྱེས་པ་དེ་ཡང་སྐྱེ་བར་ཐལ་བར་འགྱུར་བས་དེ་ཡང་མི་འདོད་དེ། དེའི་ཕྱིར་མ་སྐྱེས་པ་ཡང་སྐྱེད་པར་མི་བྱེད་དེ། ཉོན་མོངས་པ་བསྲེགས་པའི་ཉོན་མོངས་པ་བསྐྱེད་པ་བཞིན་ནོ། །འདིར་སྨྲས་པ། མ་སྐྱེས་པ་ནི་སྐྱེད་པར་བྱེད་དེ་དེ་ཡང་གང་རྒྱུ་དང་རྐྱེན་ཚོགས་པ་དང༌། ཡུལ་དང་དུས་དང༌། བྱེད་པ་པོ་དང་ཐབས་དང་ལྡན་པར་སྐྱེད་པར་བྱེད་ཀྱི་མ་སྐྱེས་པ་ཐམས་ཅད་ནི་སྐྱེད་པར་མི་བྱེད་དེ། གང་རྒྱུ་དང་རྐྱེན་ཚོགས་པ་དང་ཡུལ་དང་དུས་དང་བྱེད་པ་པོ་དང་ཐབས་དང་བྲལ་བ་སྐྱེད་པར་མི་བྱེད་པས། དེའི་ཕྱིར་མ་སྐྱེས་པ་ཐམས་ཅད་སྐྱེ་བར་ཐལ་བར་མི་འགྱུར་རོ། །འདིར་བཤད་པ། གང་རྒྱུ་དང་རྐྱེན་ཚོགས་པ་དང༌། ཡུལ་དང་དུས་དང༌། བྱེད་པ་པོ་དང་ཐབས་དང་ལྡན་པ་སྐྱེད་པར་བྱེད་དོ་ཞེས་བྱ་བ་དེ་ཡང་ཡོད་པར་གྱུར་པ་ཡང་སྐྱེད་པར་


DTG096_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད། མེད་པར་གྱུར་པ་ཡང་སྐྱེད་པར་མི་བྱེད། ཡོད་མེད་དུ་གྱུར་པ་ཡང་སྐྱེད་པར་མི་བྱེད་དེ། རྣམ་པ་དེ་གསུམ་ཆར་གྱིས་སྐྱེད་པ་མི་འཐད་པར་སྔར་རྣམ་པར་བཤད་ཟིན་པས། དེའི་ཕྱིར་མ་སྐྱེས་པ་ཡང་སྐྱེད་པར་མི་བྱེད་དོ། །དེ་བཞིན་དུ་དངོས་པོ་སྐྱེ་བཞིན་པ་ཡང་སྐྱེད་པར་མི་བྱེད་དེ། ཅིའི་ཕྱིར་ཞེ་ན། སྐྱེས་པ་སྐྱེད་པར་བྱེད་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་དང༌། མ་སྐྱེས་པ་སྐྱེད་པར་བྱེད་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་ཏེ། སྐྱེ་བཞིན་པ་སྐྱེས་པ་གང་ཡིན་པ་ཡང་གཏན་ཚིགས་སྔར་སྨོས་པ་དག་གིས་སྐྱེད་པར་མི་བྱེད་ལ། སྐྱེ་བཞིན་པ་མ་སྐྱེས་པ་གང་ཡིན་པ་ཡང་གཏན་ཚིགས་སྔར་སྨོས་པ་དག་གིས་སྐྱེད་པར་མི་བྱེད་དོ། །གལ་ཏེ་ཡང་སྐྱེ་བཞིན་པ་སྐྱེ་བ་མེད་ཅིང༌། འོན་ཀྱང་སྐྱེ་བཞིན་པ་སྐྱེད་པར་ཡང་བྱེད་ན་ནི། སྐྱེ་བ་མེད་པའི་སྐྱེ་བཞིན་པ་མ་མཐོང་བས་དེའི་ཕྱིར་སྐྱེ་བཞིན་པ་སྐྱེད་པར་མི་བྱེད་དོ། །གང་ལ་སྐྱེ་བཞིན་པ་སྐྱེད་པར་བྱེད་པ་དེ་ལ་སྐྱེ་བ་གཉིས་སུ་ཐལ་བར་འགྱུར་ཏེ། སྐྱེ་བཞིན་པ་གང་གིས་སྐྱེ་བཞིན་པ་ཉིད་དུ་འགྱུར་བ་དང༌། སྐྱེ་བཞིན་པ་སྐྱེད་པར་བྱེད་པ་གང་ཡིན་པའོ། །སྐྱེ་བ་གཉིས་སུ་མི་རིགས་ཏེ། དངོས་པོ་སྐྱེས་པ་གཉིས་མེད་པའི་ཕྱིར་རོ། །དེའི་ཕྱིར་སྐྱེ་བཞིན་པ་ཡང་སྐྱེད་པར་མི་བྱེད་དོ། །སྐྱེ་བ་རྩོམ་པའི་སྔ་རོལ་ན་ཡང་གང་དུ་སྐྱེ་བ་རྩོམ་པར་འགྱུར་བའི་སྐྱེ་བཞིན་པ་མེད་དེ། སྐྱེ་བ་རྩོམ་པ་མེད་ན་སྐྱེ་བཞིན་པ་ཡང་མེད་པའི་ཕྱིར་སྐྱེ་བཞིན་པ་སྐྱེད་པར་མི་བྱེད་དོ། །དེ་ལྟར་སྐྱེས་པ་དང་མ་སྐྱེས་པ་དང་སྐྱེ་བཞིན་བསྐྱེད་པར་མི་བྱེད་པའི་ཕྱིར་སྐྱེ་བ་རབ་ཏུ་མི་འགྲུབ་སྟེ། སྐྱེ་བ་རབ་ཏུ་མ་གྲུབ་ན། གནས་པ་དང་འཇིག་པ་དག་ཀྱང་རབ་ཏུ་མི་འགྲུབ་བོ། །སྐྱེ་བ་དང་གནས་པ་དང་འཇིག་པ་དག་རབ་ཏུ་མ་གྲུབ་ན། འདུས་བྱས་ཀྱང་རབ་ཏུ་མི་འགྲུབ་སྟེ། དེ་ལྟར་དེ་དག་ནི་སོང་བ་དང་མ་སོང་བ་དང་བགོམ་པ་དག་ནི་རྣམ་པར་བཤད་པར་ཁོང་དུ་ཆུད་པར་བྱའོ། །འདིར་སྨྲས་པ། སྐྱེད་པ་ལ་བརྟེན་ནས་སྐྱེ་བཞིན་བ་ཞེས་བརྗོད་དེ། བསམ་པ་འདི་ན་སྐྱེ་བཞིན་པ་སྐྱེད་པར་བྱེད་དོ། །འདིར་བཤད་པ། གང་ཚེ་སྐྱེ་བ་ཡོད་པས་ནི། །སྐྱེ་བཞིན་འདི་འབྱུང་མེད་པའི་ཚེ། །ཇི་ལྟར་སྐྱེ་ལ་བརྟེན་ནས་ནི། །སྐྱེ་བཞིན་ཞེས་ནི་བརྗོད་པར་བྱ། །གང་གི་ཚེ་སྐྱེ་བ་ཡོད་པས། སྐྱེ་བཞིན་པ་འདི་འབྱུང་ངོ་ཞེས་


DTG096_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་མེད་པའི་ཚེ། ཇི་ལྟར་སྐྱེ་བ་ལ་བརྟེན་ནས་སྐྱེ་བཞིན་པ་ཞེས་བརྗོད་པར་བྱ། ཡང་གཞན་ཡང༌། རྟེན་ཅིང་འབྱུང་བ་གང་ཡིན་པ། །དེ་ནི་ངོ་བོ་ཉིད་ཀྱིས་ཞི། །དེ་ཕྱིར་སྐྱེ་བཞིན་ཉིད་དང་ནི། །སྐྱེ་བ་ཡང་ནི་ཞི་བ་ཉིད། །འདི་ལྟར་བརྟེན་ནས་འབྱུང་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་ཞི་བ་དེའི་ཕྱིར་སྐྱེ་བཞིན་པ་ཉིད་དང་སྐྱེ་བ་ཡང་ཞི་བ་ཉིད་དོ། །འདིར་སྨྲས་པ། དུས་གསུམ་རྣམ་པར་བཞག་པ་ལས་མ་འོངས་པའི་དངོས་པོ་མ་འོངས་པའི་བདག་ཉིད་ཀྱིས་ཡོད་པས་དེ་སྐྱེ་བར་འགྱུར་རོ། །འདིར་བཤད་པ། གལ་ཏེ་དངོས་པོ་མ་སྐྱེས་པ། །འགའ་ཞིག་གང་ན་ཡོད་གྱུར་ན། །དེ་ནི་ཅི་ཕྱིར་དེར་སྐྱེ་འགྱུར། །ཡོད་ན་སྐྱེ་བར་མི་འགྱུར་རོ། །གལ་ཏེ་དངོས་པོ་མ་སྐྱེས་པ་འགའ་ཞིག་མ་འོངས་པའི་དུས་གང་ན་ཡོད་པར་གྱུར་ན། དེ་ཅིའི་ཕྱིར་ད་ལྟར་གྱི་དུས་དེར་སྐྱེ་བར་འགྱུར་ཏེ། དེ་དེ་ན་ཡོད་ན་ཡོད་པའི་ཕྱིར་ད་འདིར་སྐྱེ་བར་མི་འགྱུར་རོ། །ཅི་སྟེ་སྐྱེ་བར་འདོད་ན། དེ་ལ་བཤད་པར་བྱ་སྟེ། དངོས་པོ་དེ་འདིར་སྐྱེ་བར་གྱུར་ན། དེ་ལྟ་ན་དངོས་པོ་དེ་མ་འོངས་པའི་དུས་དེ་ན་ཡོད་པ་མ་ཡིན་པར་འགྱུར་ཏེ། དེ་ཡང་མི་འདོད་པས། དེའི་ཕྱིར་མ་འོངས་པའི་དངོས་པོ་ཡོད་པ་དེ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་དེ་ཡང་མི་རིགས་སོ། །ཡང་གཞན་ཡང༌། ཁྱོད་ཀྱིས་སྔར་སྐྱེ་བས་སྐྱེ་བཞིན་པ་སྐྱེད་པར་བྱེད་དོ་ཞེས་གང་སྨྲས་པ་དེ་ལ་བཤད་པར་བྱ་སྟེ། གལ་ཏེ་སྐྱེ་བ་དེ་ཡིས་ནི། །སྐྱེ་བཞིན་པ་ནི་སྐྱེད་བྱེད་ན། །སྐྱེ་བ་དེ་ནི་སྐྱེད་བྱེད་པ། །སྐྱེ་བ་ཡང་ནི་གང་ཞིག་ཡིན། །གལ་ཏེ་སྐྱེ་བ་དེ་དེས་སྐྱེ་བཞིན་པ་སྐྱེད་པར་བྱེད་ན། འོ་ན་ད་སྐྱེ་བ་སྐྱེད་པར་བྱེད་པའི་སྐྱེ་བ་ཡང་གང་ཞིག་ཡིན། དེ་ལ་འདི་སྙམ་དུ་སྐྱེ་བ་གཞན་ཞིག་གིས་སྐྱེ་བ་དེས་སྐྱེད་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། གལ་ཏེ་སྐྱེ་བ་གཞན་ཞིག་གིས། །དེ་སྐྱེད་ཐུག་པ་མེད་པར་འགྱུར། །གལ་ཏེ་སྐྱེ་བ་གཞན་ཞིག་གིས་སྐྱེ་བཞིན་པ་སྐྱེད་པར་བྱེད་པའི་སྐྱེ་བ་དེ་སྐྱེད་པར་བྱེད་ན། དེ་ལྟ་ན་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །ཅི་སྟེ་འདི་སྙམ་དུ་སྐྱེ་བཞིན་པ་སྐྱེད་པར་བྱེད་པའི་སྐྱེ་བ་དེ་ནི་སྐྱེད་པ་གཞན་མེད་པ་ཁོ་ནར་སྐྱེས་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། ཅི་སྟེ་སྐྱེ་བ་མེད་སྐྱེས་ན། །ཐམས་ཅད་དེ་བཞིན་སྐྱེ་བར་འགྱུར། །ཅི་སྟེ་སྐྱེ་བཞིན་པ་སྐྱེད་པའི་སྐྱེ་བ་དེ་སྐྱེད་པ་གཞན་མེད་པར་སྐྱེས་པར་རྟོག་ན་གཞན་ཐམས་ཅད་ཀྱང་དེ་


DTG096_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སྐྱེད་པ་གཞན་མེད་པར་སྐྱེ་བར་འགྱུར་བར་བརྟག་པར་བྱའོ། །ཡང་གཞན་ཡང༌། རེ་ཞིག་ཡོད་དང་མེད་པ་ཡང༌། །སྐྱེ་བར་རིགས་པ་མ་ཡིན་ནོ། །ཡོད་མེད་ཉིད་ཀྱང་མ་ཡིན་ཏེ། །གོང་དུ་བསྟན་པ་ཉིད་ཡིན་ནོ། །འདི་ལ་གལ་ཏེ་དངོས་པོ་འགའ་ཞིག་སྐྱེ་བར་གྱུར་ན། དེ་ཡོད་པའམ་མེད་པ་ཞིག་སྐྱེ་བར་འགྱུར་གྲང་ན། རིགས་པས་ཡོངས་སུ་བརྟགས་ན། ཡོད་པ་ནི་སྐྱེ་བར་རིགས་པ་མ་ཡིན་ཏེ། སྐྱེ་བར་བརྟག་པ་དོན་མེད་པ་ཉིད་ཡིན་པའི་ཕྱིར་རོ། །མེད་པ་ཡང་སྐྱེ་བར་རིགས་པ་མ་ཡིན་ཏེ། མེད་པ་ཉིད་ཡིན་པའི་ཕྱིར་རོ། །ཅི་སྟེ་ཡོད་མེད་ཅིག་སྐྱེ་བར་སེམས་ན། དེ་ཡང་རིགས་པ་མ་ཡིན་ཏེ། ཁོ་བོས་གོང་དུ། རེ་ཞིག་ཡོད་དང་མེད་པ་ཡང༌། །སྐྱེ་བར་རིགས་པ་མ་ཡིན་ནོ། །ཞེས་བསྟན་པ་ཉིད་ཡིན་ནོ། །ཡང་ན་ཡོད་པ་དང་མེད་པ་དང་ཡོད་མེད་དག་ཇི་ལྟར་སྐྱེ་བར་རིགས་པ་མ་ཡིན་པ་དེ་ལྟར་ཁོ་བོས་གོང་དུ། གང་ཚེ་ཆོས་ནི་ཡོད་པ་དང༌། །མེད་དང་ཡོད་མེད་མི་སྒྲུབ་པ། །ཇི་ལྟར་སྒྲུབ་བྱེད་རྒྱུ་ཞེས་བྱ། །དེ་ལྟར་ཡིན་ན་མི་རིགས་སོ། །ཞེས་བསྟན་པ་ཉིད་ཡིན་ནོ། །ཡང་གཞན་ཡང༌། དངོས་པོ་འགའ་བཞིན་ཉིད་ལ་ནི། །སྐྱེ་བ་འཐད་པར་མི་འགྱུར་རོ། །འདི་ལ་ཁྱོད་ཀྱིས་དངོས་པོ་སྐྱེ་བཞིན་བསྐྱེད་པར་བྱེད་དོ་ཞེས་གང་སྨྲས་པའི་དངོས་པོ་སྐྱེ་བཞིན་པ་གང་ཡིན་པ་དེ་ནི་འགག་པའི་ཆོས་ཅན་ཡིན་པས་འགག་བཞིན་པ་ཉིད་ཀྱང་ཡིན་ཏེ། དངོས་པོ་འགག་བཞིན་པ་ཉིད་དེ་ལ་ནི་སྐྱེ་བ་འཐད་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། དེ་ལ་ཕན་ཚུན་མི་མཐུན་པའི་བྱ་བ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་ཏེ། འགག་པའི་བྱ་བ་གང་གིས་འགག་བཞིན་པའི་ཆོས་ཅན་དུ་བརྟག་པ་དང་དེ་ལ་ཡང་སྐྱེ་བའི་བྱ་བ་ཡོད་པ་གང་ཡིན་པ་སྟེ། གཅིག་ལ་དུས་གཅིག་ཏུ་འགག་པ་དང༌། སྐྱེ་བ་སྟོན་པའི་བྱ་བ་ཕན་ཚུན་མི་མཐུན་པ་གཉིས་ཡོད་པ་དེ་ནི་མི་འདོད་པས། དེའི་ཕྱིར་འགག་བཞིན་པའི་ཆོས་ཅན་ཉིད་ལ་སྐྱེ་བ་འཐད་པར་མི་འགྱུར་ཏེ། སྣང་བ་དང་མུན་པ་བཞིན་ནོ། །འདིར་སྨྲས་པ། འོ་ན་དེ་གང་འགག་བཞིན་པའི་ཆོས་ཅན་མ་ཡིན་པའི་དངོས་པོ་དེ་སྐྱེ་བར་འགྱུར་རོ། །འདིར་བཤད་པ། གང་ཞིག་འགག་བཞིན་མ་ཡིན་པ། །དེ་ནི་དངོས་པོར་མི་འཐད་དོ། །གང་ཞིག་འགག་


DTG096_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མ་ཡིན་པ་དེ་ནི་འགའ་ཡང་དངོས་པོར་མི་འཐད་དོ། །ཡང་གཞན་ཡང༌། ད་ནི་དངོས་པོ་ཁས་བླངས་ཀྱང་གནས་པ་མི་འཐད་དེ། ཇི་ལྟར་ཞེ་ན་བཤད་པ། དངོས་པོ་གནས་པ་མི་གནས་ཏེ། །དངོས་པོ་མི་གནས་གནས་པ་མིན། །གནས་བཞིན་པ་ཡང་མི་གནས་ཏེ། །མ་སྐྱེས་གང་ཞིག་གནས་པར་བྱེད། །རེ་ཞིག་དངོས་པོ་གནས་པ་ནི་གནས་པར་མི་བྱེད་དེ་གནས་པ་ཡོད་པའི་ཕྱིར་རོ། །མི་གནས་པ་ཡང་གནས་པར་མི་བྱེད་དེ་གནས་པ་མེད་པའི་ཕྱིར་རོ། །དེ་གཉིས་ལས་གཞན་པ་གནས་བཞིན་པ་ཞེས་བྱ་བ་གསུམ་པ་ཡང་གནས་པར་མི་བྱེད་དེ་མེད་པའི་ཕྱིར་རོ། །དེ་ལྟར་རྣམ་པ་ཐམས་ཅད་དུ་ཡོངས་སུ་བརྟགས་ན། མ་སྐྱེས་པ་གང་ཞིག་ད་གནས་པར་བྱེད། ཡང་གཞན་ཡང༌། དངོས་པོ་འགག་བཞིན་ཉིད་ལ་ནི། །གནས་པ་འཐད་པར་མི་འགྱུར་རོ། །དེ་ལ་ནི་གནས་པ་མི་འཐད་དེ། ཅིའི་ཕྱིར་ཞེ་ན། དེ་ལ་གནས་སྐབས་ཕན་ཚུན་མི་མཐུན་པ་གཉིས་སུ་ཐལ་པར་འགྱུར་བའི་ཕྱིར་ཏེ། གནས་སྐབས་གང་གི་འགག་བཞིན་པ་ཞེས་བྱ་བར་འགྱུར་བ་དང༌། དེ་ལ་ཡང་གནས་པའི་གནས་སྐབས་སུ་བརྟག་པ་གང་ཡིན་པའོ། །གཅིག་ལ་དུས་གཅིག་ཏུ་འགག་བཞིན་པ་དང༌། གནས་པ་སྟོན་པར་བྱེད་པའི་གནས་སྐབས་ཕན་ཚུན་མི་མཐུན་པ་གཉིས་ཡོད་པ་དེ་ནི་མི་འདོད་པས། དེའི་ཕྱིར་འགག་བཞིན་པའི་ཆོས་ཅན་ཉིད་གནས་པར་བྱེད་དོ་ཞེས་བྱ་བ་དེ་རིགས་པ་མ་ཡིན་ནོ། །འདིར་སྨྲས་པ། འོ་ན་དངོས་པོ་གང་འགག་བཞིན་པའི་ཆོས་ཅན་མ་ཡིན་པ་དེ་གནས་པར་བྱེད་དོ། །འདིར་བཤད་པ། གང་ཞིག་འགག་བཞིན་མ་ཡིན་པ། །དེ་ནི་དངོས་པོར་མི་འཐད་དོ། །གང་ཞིག་འགག་བཞིན་མ་ཡིན་པ་དེ་ནི་འགའ་ཡང་དངོས་པོ་ཉིད་དུ་མི་འཐད་དོ། །ཡང་གཞན་ཡང༌། དངོས་པོ་ཐམས་ཅད་དུས་ཀུན་ཏུ། །རྒ་དང་འཆི་བའི་ཆོས་ཡིན་ན། །གང་དག་རྒ་དང་འཆི་མེད་པར། །གནས་པའི་དངོས་པོ་གང་ཞིག་ཡིན། །དངོས་པོ་ཐམས་ཅད་དུས་ཀུན་ཏུ་རྒ་བ་དང་འཆི་བའི་ཆོས་ཡིན་ན་གང་དག་རྒ་བ་དང༌། འཆི་བ་མེད་པར་གནས་པའི་དངོས་པོ་དེ་དག་གང་ཞིག་ཡིན་པར་འགྱུར། ཡང་གཞན་ཡང༌། གནས་པ་གནས་པ་གཞན་དང་ནི། །དེ་ཉིད་ཀྱིས་ཀྱང་གནས་མི་རིགས། །ཇི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་སྐྱེས་པ་མ་ཡིན་བཞིན། །


DTG096_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སྔར་ཡོངས་སུ་བརྟགས་ན་སྐྱེ་བ་རང་དང་གཞན་གྱིས་བསྐྱེད་པར་མི་རིགས་པ་དེ་བཞིན་དུ་གནས་པ་ཡང་གནས་པ་དེ་ཉིད་དང་གཞན་གྱིས་གནས་པར་མི་རིགས་སོ། །ད་ནི་འགག་པ་ཡང་མི་འཐད་དེ། ཇི་ལྟ་ཞེ་ན། བཤད་པ། འགགས་པ་འགག་པར་མི་བྱེད་དེ། །མ་འགགས་པ་ཡང་འགག་མི་བྱེད། །འགག་བཞིན་པ་ཡང་དེ་བཞིན་མིན། །མ་སྐྱེས་གང་ཞིག་འགག་པར་བྱེད། །རེ་ཞིག་འགག་པ་གང་ཡིན་པ་དེ་ནི་ཡང་འགག་པར་མི་བྱེད་དེ། འགགས་ཟིན་པའི་ཕྱིར་རོ། །མ་འགགས་པ་གང་ཡིན་པ་དེ་ཡང་འགག་པར་མི་བྱེད་དེ། འགགས་པའི་བྱ་བ་དང་བྲལ་བའི་ཕྱིར་རོ། །དེ་གཉིས་ལས་གཞན་པ་འགག་བཞིན་པ་ཞེས་བྱ་བའི་གསུམ་པ་ཡང་འགག་པར་མི་བྱེད་དེ་མེད་པའི་ཕྱིར་རོ། །དེ་ལྟར་རིགས་པས་ཡོངས་སུ་བརྟགས་ནས། མ་སྐྱེས་པ་གང་ཞིག་དེ་འགག་པར་བྱེད། ཡང་གཞན་ཡང༌། རེ་ཞིག་དངོས་པོ་གནས་པ་ལ། །འགག་པ་འཐད་པར་མི་འགྱུར་རོ། །དངོས་པོ་མི་གནས་པ་ལ་ཡང༌། །འགག་པ་འཐད་པར་མི་འགྱུར་རོ། །རེ་ཞིག་དངོས་པོ་གནས་པ་གང་ཡིན་པ་དེ་ལ་ནི་འགག་པ་འཐད་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གནས་པ་ཡོད་པའི་ཕྱིར་རམ། ཡང་ན་གནས་པ་དང༌། འགག་པ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །དངོས་པོ་མི་གནས་པ་གང་ཡིན་པ་དེ་ལ་ཡང་འགག་པ་འཐད་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གནས་པ་དང་བྲལ་བའི་ཕྱིར་དང་མེད་པའི་ཕྱིར་རོ། །ཡང་གཞན་ཡང༌། གནས་སྐབས་དེ་ཡིས་གནས་པ་ནི། །དེ་ཡིས་འགག་པ་ཉིད་མི་འགྱུར། །གནས་སྐབས་གཞན་གྱིས་གནས་པ་ཡང༌། །གཞན་གྱིས་འགག་པ་ཉིད་མི་འགྱུར། །འདི་ལ་དངོས་པོ་གང་ལ་འགག་པར་བརྟག་པ་དེ་ནི་གནས་སྐབས་དེ་ཉིད་དང་གནས་སྐབས་གཞན་གཉིས་ཀྱང་འགག་པ་ཉིད་དུ་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འོ་མ་ནི་འོ་མའི་གནས་སྐབས་ཀྱིས་འགག་པར་མི་འགྱུར་ཏེ། ཇི་སྲིད་འོ་མ་ཡིན་པ་དེ་སྲིད་དུ་འགག་པ་ཉིད་དུ་མི་འགྱུར་བའི་ཕྱིར་དང༌། འོ་མ་མ་ཡིན་པའི་གནས་སྐབས་སུ་ཡང་འགག་པར་མི་འགྱུར་ཏེ། གང་གི་ཚེ་འོ་མ་མ་ཡིན་པ་དེའི་ཚེ་ན་གང་ཡང་འགག་པར་མི་འགྱུར་བའི་ཕྱིར་རོ། །ཡང་གཞན་ཡང༌། གང་ཚེ་ཆོས་རྣམས་


DTG096_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི། །སྐྱེ་བ་འཐད་པར་མི་འགྱུར་བ། །དེ་ཚེ་ཆོས་རྣམས་ཐམས་ཅད་ཀྱི། །འགག་པ་འཐད་པར་མི་འགྱུར་རོ། །གང་གི་ཚེ་རིགས་པས་ཡོངས་སུ་བརྟགས་ན། ཆོས་ཐམས་ཅད་ཀྱི་སྐྱེ་བ་འཐད་པར་མི་འགྱུར་བ་དེའི་ཚེ། ཆོས་ཐམས་ཅད་ཀྱི་འགག་པ་ཡང་འཐད་པར་མི་འགྱུར་རོ། །ཡང་གཞན་ཡང༌། རེ་ཞིག་དངོས་པོ་ཡོད་པ་ལ། །འགག་པར་འཐད་པར་མི་འགྱུར་རོ། །དངོས་དང་དངོས་པོ་མེད་པ་དག །གཅིག་ཉིད་ལ་ནི་འཐད་པ་མེད། །འདི་ལ་ཡང་རིགས་པས་ཡོངས་སུ་བརྟགས་ན། རེ་ཞིག་དངོས་པོ་ཡོད་པ་ལ་འགག་པ་འཐད་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། དངོས་པོ་དང་དངོས་པོ་མེད་པ་དག་གཅིག་ཉིད་ན་ཡོད་པ་མི་འཐད་པའི་ཕྱིར་རོ། །ཡང་གཞན་ཡང༌། དངོས་པོ་མེད་པར་གྱུར་པ་ལའང༌། །འགག་པ་འཐད་པར་མི་འགྱུར་རོ། །མགོ་གཉིས་པ་ལ་ཇི་ལྟར་ནི། །གཅད་དུ་མེད་པ་དེ་བཞིན་ནོ། །དངོས་པོ་མེད་པ་ལ་ཡང་འགག་པ་འཐད་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། མེད་པའི་ཕྱིར་ཏེ། ཇི་ལྟར་མགོ་གཉིས་པ་ལ་གཅད་དུ་མེད་པ་དེ་བཞིན་ནོ། །ཡང་གཞན་ཡང༌། འགག་པ་འགག་པ་གཞན་དང་ནི། །དེ་ཉིད་ཀྱིས་ཀྱང་འགག་མི་རིགས། །ཇི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་བསྐྱེད་པ་མ་ཡིན་བཞིན། །ཇི་ལྟར་སྔར་ཡོངས་སུ་བརྟགས་ནས་སྐྱེ་བ་རང་དང་གཞན་གྱིས་སྐྱེད་པར་མི་རིགས་པ་དེ་བཞིན་དུ་འགག་པ་ཡང་འགག་པ་དེ་ཉིད་དང་གཞན་གྱིས་འགག་པར་མི་རིགས་སོ། །སྐྱེ་དང་གནས་དང་འཇིག་པ་དག །མ་གྲུབ་ཕྱིར་ན་འདུས་བྱས་མེད། །འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་འགྲུབ། །དེ་ལྟར་སྐྱེ་བ་དང་གནས་པ་དང་འཇིག་པ་དེ་དག་མ་གྲུབ་པའི་ཕྱིར་འདུས་བྱས་མེད་དོ། །འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ཇི་ལྟར་འགྲུབ་པར་འདོད། འདིར་སྨྲས་པ། གལ་ཏེ་སྐྱེ་བ་དང་གནས་པ་དང་འཇིག་པ་འགའ་ཡང་མེད་ན་ཇི་ལྟར་གསུངས། འདིར་བཤད་པ། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྤྱོད་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པར་གསུངས། །དེ་ལྟར་སྐྱེ་བ་དང་གནས་པ་དང་འཇིག་པ་དེ་དག་ནི་རྨི་ལམ་དང་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་དང་འདྲ་བར་གསུངས་པར་ཤེས་པར་


DTG096_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །སྐྱེ་བ་དང་གནས་པ་དང་འཇིག་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བདུན་པའོ།། །།བམ་པོ་གསུམ་པ། འདིར་སྨྲས་པ། བྱེད་པ་པོ་དང་ལས་དག་ནི། །བསྟན་བཅོས་དང་འཇིག་རྟེན་དང་རིག་བྱེད་ལས་གྲགས་པའི་ཕྱིར་རབ་ཏུ་འགྲུབ་སྟེ། དེ་དག་རབ་ཏུ་གྲུབ་ན་ལས་དང་འབྲས་བུ་བརྒྱུད་པ་ཡང་ཡོད་པས་དེའི་ཕྱིར་བྱེད་པ་པོ་དང་ལས་དག་ཡོད་དོ། །འདིར་བཤད་པ། བྱེད་པོ་ཡིན་པར་གྱུར་པ་དེ། །ལས་སུ་གྱུར་པ་མི་བྱེད་དོ། །བྱེད་པོ་མ་ཡིན་གྱུར་པ་ཡང༌། །ལས་སུ་མ་གྱུར་མི་བྱེད་དོ། །རེ་ཞིག་བྱེད་པ་པོ་ཡིན་པར་གྱུར་པ་དེ་ནི་ལས་ཡིན་པར་གྱུར་པ་མི་བྱེད་དོ། །བྱེད་པ་པོ་མ་ཡིན་པར་གྱུར་པ་ཡང་ལས་མ་ཡིན་པར་གྱུར་པ་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། ཡིན་པར་གྱུར་ལ་བྱ་བ་མེད། །ལས་ཀྱང་བྱེད་པོ་མེད་པར་འགྱུར། །ཡིན་པར་གྱུར་ལ་བྱ་བ་མེད། །བྱེད་པ་པོ་ཡང་ལས་མེད་འགྱུར། །ལས་ཡིན་པར་གྱུར་པ་ལས་བྱ་བ་མེད་པ་དང༌། ཡང་གཞན་ཡང༌། ལས་ཀྱང་བྱེད་པ་པོ་མེད་པར་རབ་ཏུ་འགྲུབ་པར་འགྱུར་བས་དེ་ནི་མི་འདོད་དོ། །དེའི་ཕྱིར་བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་འགྱུར་བ་བྱེད་དོ། །ཞེས་བྱ་བ་དེ་རིགས་པ་མ་ཡིན་ནོ། །དེ་ནི་བྱེད་པ་པོ་མ་ཡིན་པར་གྱུར་པ་ཡང་ལས་མ་ཡིན་པར་གྱུར་པ་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་བྱེད་པོར་མ་གྱུར་པ། །ལས་སུ་མ་གྱུར་བྱེད་ན་ནི། །ལས་ལ་རྒྱུ་ནི་མེད་པར་འགྱུར། །བྱེད་པ་པོ་ཡང་རྒྱུ་མེད་འགྱུར། །གལ་ཏེ་བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་བྱེད་ན། དེ་ལྟ་ན་ལས་ལ་རྒྱུ་མེད་པར་འགྱུར་བ་དང༌། བྱེད་པ་པོ་ཡང་རྒྱུ་མེད་པར་འགྱུར་རོ། །འདིར་སྨྲས་པ། གལ་ཏེ་ལས་དང་བྱེད་པ་པོ་དག་རྒྱུ་མེད་པར་གྱུར་ན། དེས་ཅིར་འགྱུར། འདིར་བཤད་པ། རྒྱུ་མེད་ན་ནི་འབྲས་བུ་དང༌། །རྒྱུ་ཡང་འཐད་པར་མི་འགྱུར་རོ། །དེ་མེད་ན་ནི་བྱ་བ་དང༌། །བྱེད་པ་པོ་དང་བྱེད་མི་རིགས། །བྱ་བ་ལ་སོགས་མི་རིགས་ན། །ཆོས་དང་ཆོས་མིན་ཡོད་མ་ཡིན། །ཆོས་དང་ཆོས་མིན་མེད་ན་ནི། །དེ་ལས་བྱུང་བའི་འབྲས་བུ་མེད། །འབྲས་བུ་མེད་ན་ཐར་པ་དང༌། མཐོ་རིས་འགྱུར་བའི་ལམ་མི་འཐད། །བྱ་བ་དག་ནི་ཐམས་ཅད་ཀྱང༌། །དོན་མེད་ཉིད་དུ་ཐལ་བར་འགྱུར། །རྒྱུ་མེད་པ་ཉིད་ཡིན་ན་འབྲས་བུ་དང་རྒྱུ་དག་མེད་


DTG096_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐལ་བར་འགྱུར་རོ། །དེ་དག་མེད་ན་བྱ་བ་དང༌། བྱེད་པ་པོ་དང་བྱེད་པ་དག་མེད་དོ། །བྱ་བ་དང་བྱེད་པ་པོ་དང་བྱེད་པ་དག་མེད་ན། །ཆོས་དང་ཆོས་མ་ཡིན་པ་དག་ཀྱང་མེད་དོ། །ཆོས་དང་ཆོས་མ་ཡིན་པ་དག་མེད་ན་དེ་ལས་བྱུང་བའི་འབྲས་བུ་ཡང་མེད་དོ། །འབྲས་བུ་མེད་ན་ཐར་པ་དང་མ་ཐོ་རིས་སུ་འགྱུར་བའི་ལམ་ཡང་མི་འཐད་དོ། །ཡང་གཞན་ཡང༌། བྱ་བ་ཐམས་ཅད་ཀྱང་དོན་མེད་པ་ཉིད་དུ་ཐལ་བར་འགྱུར་ཏེ། དེ་ལྟར་རྒྱུ་མེད་པ་ཉིད་ཡིན་ན། སྐྱོན་དེ་དག་ཏུ་ཐལ་བར་འགྱུར་བས་དེའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ། །འདིར་སྨྲས་པ། བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་བྱ་བ་དང་ལྡན་པ་དང་མི་ལྡན་པ་ལས་ཡིན་པ་དང་མ་ཡིན་པར་གྱུར་པ་བྱ་བ་དང་ལྡན་པ་དང་མི་ལྡན་པ་བྱེད་དོ། །འདིར་བཤད་པ། བྱེད་པ་པོར་གྱུར་མ་གྱུར་པ། །གྱུར་མ་གྱུར་དེ་མི་བྱེད་དོ། །ཡིན་དང་མ་ཡིན་གྱུར་པ་ནི། །ཕན་ཚུན་འགལ་བས་ག་ལ་གཅིག ། བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལས་ཡིན་པ་དང་མ་ཡིན་པར་གྱུར་པ་དེ་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། ཡིན་པ་དང་མ་ཡིན་པར་གྱུར་པ་ནི་ཕན་ཚུན་འགལ་བ་ཡིན་པས་གཅིག་ན་ཡོད་པར་ག་ལ་འགྱུར་བས་དེའི་ཕྱིར་དེས་དེ་མི་བྱེད་དོ། །ཡང་གཞན་ཡང༌། བྱེད་པ་པོ་དང་ལས་དག་ནི། །གྱུར་པ་མ་གྱུར་མི་བྱེད་དོ། །མ་གྱུར་པ་ཡང་གྱུར་མི་བྱེད། །འདིར་ཡང་སྐྱོན་དེར་ཐལ་བར་འགྱུར། །བྱེད་པ་པོ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་མི་བྱེད་དོ། །བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པར་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། འདིར་ཡང་སྐྱོན་སྔར་བསྟན་པ་དེར་ཐལ་པར་འགྱུར་བའི་ཕྱིར་རོ། །ཡང་གཞན་ཡང༌། བྱེད་པ་པོ་དང་ལས་དག་ནི། །གྱུར་དང་བཅས་པ་མ་གྱུར་དང༌། །གྱུར་མ་གྱུར་པ་མི་བྱེད་དེ། །གཏན་ཚིགས་གོང་དུ་བསྟན་ཕྱིར་རོ། །བྱེད་པ་པོ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་དང་ཡིན་པ་དང་མ་ཡིན་པར་གྱུར་པ་མི་བྱེད་དེ། ཅིའི་ཕྱིར་ཞེ་ན། གཏན་ཚིགས་གོང་དུ་བསྟན་པ་དག་གིས་འདིར་ཡང་སྐྱོན་དེར་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་གཞན་ཡང༌། བྱེད་པ་པོ་དང་ལས་དག་ནི། །མ་གྱུར་པ་ནི་གྱུར་བཅས་དང༌། །གྱུར་མ་གྱུར་པ་མི་བྱེད་དེ། །གཏན་ཚིགས་གོང་དུ་བསྟན་ཕྱིར་རོ།།


DTG096_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་དང༌། ཡིན་པ་དང་མ་ཡིན་པར་གྱུར་པ་མི་བྱེད་དེ། ཅིའི་ཕྱིར་ཞེ་ན། གཏན་ཚིགས་གོང་དུ་བསྟན་པ་དག་གིས་འདིར་ཡང་སྐྱོན་དེར་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་གཞན་ཡང༌། བྱེད་པ་པོར་གྱུར་མ་གྱུར་ནི། །ལས་སུ་གྱུར་དང་མ་གྱུར་པ། །མི་བྱེད་འདིར་ཡང་གཏན་ཚིགས་ནི། །གོང་དུ་བསྟན་པས་ཤེས་པར་བྱ། །བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལས་ཡིན་པ་དང་མ་ཡིན་པར་གྱུར་པ་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། འདིར་ཡང་གཏན་ཚིགས་གོང་དུ་བསྟན་པ་དག་གིས་སྐྱོན་དེར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་རྣམ་པ་དེ་དག་ཐམས་ཅད་ཀྱི་བྱེད་པ་པོ་དང་ལས་དག་རབ་ཏུ་འགྲུབ་པར་མི་བྱེད་དོ། །དེ་ལྟར་ན། བྱེད་པོ་ལས་ལ་བརྟེན་བྱས་ཤིང༌། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པར། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ༌། །བྱེད་པ་པོ་ནི་ལས་ལ་བརྟེན་ནས་འབྱུང་ཞིང་ལས་ཀྱང་བྱེད་པ་པོ་དེ་ཉིད་ལ་བརྟེན་ནས་འབྱུང་སྟེ། བརྟེན་པ་དེ་མ་གཏོགས་པར་འགྲུབ་པའི་རྒྱུའི་གཞན་ནི་མ་མཐོང་ངོ༌། །དེ་བཞིན་ཉེར་ལེན་ཤེས་པར་བྱ། །ལས་དང་བྱེད་པོ་བསལ་ཕྱིར་རོ། །བྱེད་པ་པོ་དང་ལས་དག་གིས། །དངོས་པོ་ལྷག་མ་ཤེས་པར་བྱ། །ཇི་ལྟར་སྒྲུབ་པ་སྔར་བསྟན་པ་དེས་བྱེད་པ་པོ་དང༌། ལས་དག་བརྟེན་ནས་འབྱུང་བ་མ་གཏོགས་པར་འགྲུབ་པ་མི་འཐད་པ་དེ་བཞིན་དུ་བྱེད་པ་པོ་དང་ལས་དག་བསལ་བའི་ཕྱིར་སྒྲུབ་པ་དེ་ཉིད་ཀྱིས་ཉེ་བར་ལེན་པ་པོ་དང་ཉེ་བར་བླངས་པ་དག་ཀྱང་ཤེས་པར་བྱའོ། །བྱེད་པ་པོ་དང་ལས་དག་གིས་ཉེ་བར་ལེན་པ་པོ་དང་ཉེ་བར་བླངས་པ་དག་བསྩལ་བར་ཤེས་པར་བྱ་བ་འབའ་ཞིག་ཏུ་ཡང་མ་ཟད་དེ། དངོས་པོ་ལྷག་མ་རྣམས་ཀྱང་བསྩལ་བར་ཤེས་པར་བྱའོ། །བྱེད་པ་པོ་དང་ལས་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བརྒྱད་པའོ།། །།འདིར་སྨྲས་པ། ལྟ་དང་ཉན་ལ་སོགས་པ་དང༌། ཚོར་སོགས་དང་ཡང་དབང་བྱས་པ། །གང་གི་ཡིན་པ་དེ་དག་གི །སྔ་རོལ་དེ་ཡོད་ཁ་ཅིག་སྨྲ། །ལྟ་བ་དང་ཉན་པ་ལ་སོགས་པ་དབང་པོ་རྣམས་དང༌། ཚོར་བ་ལ་སོགས་པ་དང༌། ཡང་ཆོས་གང་དག་གི་དབང་དུ་བྱས་པ་དག་དངོས་པོ་གང་གི་ཡིན་པ་དེ་དག་


DTG096_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྔ་རོལ་ན་དངོས་པོ་དེ་ངེས་པར་གནས་པ་དེ་ཡོད་དོ་ཞེས་སློབ་དཔོན་ཁ་ཅིག་སྨྲའོ། །དངོས་པོ་ཡོད་པ་མ་ཡིན་ན། །ལྟ་ལ་སོགས་པར་ཇི་ལྟར་འགྱུར། །དེ་ཕྱིར་དེ་དག་སྔ་རོལ་ན། །དངོས་པོ་གནས་པ་དེ་ཡོད་དོ། །དངོས་པོ་ཡོད་པ་མ་ཡིན་ན་ལྟ་བ་ལ་སོགས་པ་དག་ཇི་ལྟར་ཡོད་པར་འགྱུར་ཏེ། དེའི་ཕྱིར་ལྟ་བ་དང་ཉན་པ་ལ་སོགས་པ་དང༌། ཚོར་བ་ལ་སོགས་པ་དང༌། ཡང་ཆོས་དག་གང་གི་དབང་དུ་བྱས་པ་དེ་དག་གི་སྔ་རོལ་ན། དངོས་པོ་ངེས་པར་གནས་པ་དེ་ཡོད་དོ། །འདིར་བཤད་པ། ལྟ་དང་ཉན་ལ་སོགས་པ་དང༌། །ཚོར་བ་ལ་སོགས་ཉིད་ཀྱི་ནི། །སྔ་རོལ་དངོས་པོ་གང་གནས་པ། །དེ་ནི་གང་གིས་གདགས་པར་བྱ། །ལྟ་བ་དང་ཉན་པ་ལ་སོགས་པ་དབང་པོ་རྣམས་དང༌། ཚོར་བ་ལ་སོགས་པ་ཆོས་རྣམས་ཀྱི་སྔ་རོལ་ན། དངོས་པོ་གང་ངེས་པར་གནས་པ་དེ་ཡོད་དོ་ཞེས་གང་གིས་གདགས་པར་བྱ། འདིར་སྨྲས་པ། དེ་ནི་ལྟ་བ་དང་ཉན་པ་ལ་སོགས་པ་དབང་པོ་རྣམས་དང༌། ཚོར་བ་ལ་སོགས་པ་ཆོས་རྣམས་མེད་པར་ཡང་ངེས་པར་གནས་པ་ཡིན་ནོ། །འདིར་བཤད་པ། ལྟ་བ་ལ་སོགས་མེད་པར་ཡང༌། །གལ་ཏེ་དེ་ནི་གནས་གྱུར་ན། །དེ་མེད་པར་ཡང་དེ་དག་ནི། །ཡོད་པར་འགྱུར་བར་ཐེ་ཚོམ་མེད། །ལྟ་བ་དང་ཉན་པ་ལ་སོགས་པ་དབང་པོ་རྣམས་དང༌། ཚོར་བ་ལ་སོགས་པ་ཆོས་རྣམས་མེད་པར་ཡང་གལ་ཏེ་དངོས་པོ་དེ་ངེས་པར་གནས་པར་ཡོད་པར་གྱུར་ན། དངོས་པོ་དེ་མེད་པར་ཡང་ལྟ་བ་དང་ཉན་པ་ལ་སོགས་པ་དབང་པོ་རྣམས་དང༌། ཚོར་བ་ལ་སོགས་པ་ཆོས་དེ་དག་ཡོད་པར་འགྱུར་བར་ཐེ་ཚོམ་མེད་དོ། །འདིར་སྨྲས་པ། ལྟ་བ་དང་ཉན་པ་ལ་སོགས་པ་དག་གི་སྔ་རོལ་ན། གང་ངེས་པར་གནས་པའི་དངོས་པོ་དེ་ཕན་ཚུན་གསལ་བར་བྱེད་པ་མེད་པར་ཡོད་དོ། །འདིར་བཤད་པ། ཅི་ཡིས་གང་ཞིག་གསལ་བར་བྱེད། །གང་གིས་ཅི་ཞིག་གསལ་བར་བྱེད། །ཅི་མེད་གང་ཞིག་ག་ལ་ཡོད། །གང་མེད་ཅི་ཞིག་ག་ལ་ཡོད། །ལྟ་བ་ལ་སོགས་པ་ཅི་ཡིས་དངོས་པོ་གང་ཞིག་གསལ་བར་བྱེད་ལ། དངོས་པོ་གང་གིས་ཀྱང་ལྟ་བ་ལ་སོགས་པ་ཅི་ཞིག་གསལ་བར་བྱེད་པ་ཡིན་ཏེ། གསལ་བར་བྱེད་ཅེས་བྱ་བ་ནི། མཚོན་པར་བྱེད་པ་དང༌། གཟུང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །འོ་ན་


DTG096_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བ་ལ་སོགས་པ་ཅི་ཞིག་པོ་དག་མེད་ན། དངོས་པོ་གང་ཞིག་པོ་ག་ལ་ཡོད་ལ། དངོས་པོ་གང་ཞིག་པོ་མེད་ན་ཡང་ལྟ་བ་ལ་སོགས་པ་ཅི་ཞིག་པོ་དག་ག་ལ་ཡོད། འདིར་སྨྲས་པ། ལྟ་ལ་སོགས་པ་ཐམས་ཅད་ཀྱི། །སྔ་རོལ་གང་ཞིག་ཡོད་པ་མིན། །ལྟ་ལ་སོགས་པ་གཞན་དག་གིས། །གཞན་གྱི་ཚེ་ན་གསལ་བར་བྱེད། །ལྟ་བ་ལ་སོགས་པ་ཅི་ཞིག་པོ་ཐམས་ཅད་ཀྱི་སྔ་རོལ་ན། དངོས་པོ་གང་ཞིག་པོ་ཡོད་དོ་ཞེས་ནི་མི་སྨྲའོ། །འདི་ལྟར་ལྟ་བ་ལ་སོགས་པ་ཇི་ཞིག་པོ། དེ་དག་རེ་རེའི་སྔ་རོལ་ན་ཡོད་པས་དེ་ཕྱིར་དེ་ནི་ལྟ་བ་ལ་སོགས་པ་གཞན་དང་གཞན་དག་གིས་དུས་གཞན་གྱི་ཚེ་ན། ལྟ་བ་པོ་དང་ཉན་པ་པོ་དང་ཚོར་བ་པོ་ཞེས་གསལ་བར་བྱེད་པས། དེ་ནི་ལྟ་བ་ལ་སོགས་པ་དག་གི་སྔ་རོལ་ན་མེད་པ་ཡང་མ་ཡིན་ལ་གསལ་བར་བྱེད་པ་མེད་པ་ཡང་མ་ཡིན་ནོ། །འདིར་བཤད་པ། ལྟ་ལ་སོགས་པ་ཐམས་ཅད་ཀྱི། །སྔ་རོལ་གལ་ཏེ་ཡོད་མིན་ན། །ལྟ་ལ་སོགས་པ་རེ་རེ་ཡི། །སྔ་རོལ་དེ་ནི་ཇི་ལྟར་ཡོད། །ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན། གལ་ཏེ་དེ་ཡོད་པ་མ་ཡིན་ན། ལྟ་བ་ལ་སོགས་པ་རེ་རེའི་སྔ་རོལ་ན་ཡང་དེ་ཇི་ལྟར་ཡོད། ཡང་གཞན་ཡང༌། གལ་ཏེ་རེ་རེའི་སྔ་རོལ་ན། །ལྟ་པོ་དེ་ཉིད་ཉན་པོ་དེ། །ཚོར་བ་པོ་ཡང་དེ་ཉིད་འགྱུར། །དེ་ནི་དེ་ལྟར་མི་རིགས་སོ། །གལ་ཏེ་ལྟ་བ་ལ་སོགས་པ་རེ་རེའི་སྔ་རོལ་ན་ཡོད་པར་གྱུར་ན། དེ་ལྟ་ན་ལྟ་བ་པོ་ཡང་དེ་ཉིད་ཡིན་ལ་ཉན་པ་པོ་ཡང་དེ་ཉིད་ཡིན་ཚོར་བ་པོ་ཡང་དེ་ཉིད་ཡིན་པར་འགྱུར་ཏེ། དེ་དེ་ལྟར་ནི་མི་རིགས་སོ། །འདིར་སྨྲས་པ། ལྟ་བ་པོ་ཡང་གཞན་ཉིད་ཡིན་ལ། ཉན་པ་པོ་ཡང་གཞན་ཉིད་ཡིན་ཚོར་བ་པོ་ཡང་གཞན་ཉིད་ཡིན་ནོ། །འདིར་བཤད་པ། གལ་ཏེ་ལྟ་པོ་གཞན་ཉིད་ལ། །ཉན་པ་པོ་གཞན་ཚོར་གཞན་ན། །ལྟ་པོའི་ཚེ་ན་ཉན་པོ་ཡོད། །བདག་ཀྱང་མང་པོ་ཉིད་དུ་འགྱུར། །གལ་ཏེ་ལྟ་བ་པོ་ཡང་གཞན་ཉིད་ཡིན་ལ་ཉན་པ་པོ་ཡང་གཞན་ཉིད་ཡིན་ཚོར་བ་པོ་ཡང་གཞན་ཉིད་ཡིན་པར་གྱུར་ན། དེ་ལྟ་ན་ལྟ་བ་པོའི་ཚེ་ན་ཉན་པ་པོ་དང་སྣོམ་པ་པོ་དང་མྱོང་བ་པོ་དང་རེག་པ་པོ་དང༌། སེམས་པ་པོ་དག་ཀྱང་ཡོད་པར་འགྱུར་རོ། །ཡང་གཞན་ཡང༌། བདག་ཀྱང་མང་པོ་ཉིད་དུ་ཐལ་བར་འགྱུར་ཏེ།


DTG096_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་མི་འདོད་པས་དེའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ། །འདིར་སྨྲས་པ། ལྟ་བ་ལ་སོགས་པ་སྐྱེ་མཆེད་རྣམས་གཟུགས་གང་ལས་བྱུང་བའི་འབྱུང་བ་ཆེན་པོ་བཞི་པོ་དག་ལ་དངོས་པོ་ངེས་པར་གནས་པ་དེ་ཡོད་པས་དེས་ན་ལྟ་བ་ལ་སོགས་པ་དག་གི་སྔ་རོལ་ན་དངོས་པོ་གནས་པ་ཡོད་དོ་ཞེས་བྱ་བ་དེ་འཐད་དོ། །འདིར་སྨྲས་པ། ལྟ་དང་ཉན་ལ་སོགས་པ་དང༌། །ཚོར་བ་དག་ལ་སོགས་པ་ཡང༌། །གང་ལས་འགྱུར་བའི་འབྱུང་དེ་ལའང༌། །དེ་ནི་ཡོད་པ་མ་ཡིན་ནོ། །ཁྱོད་ལྟ་བ་དང་ཉན་པ་ལ་སོགས་པ་དབང་པོ་རྣམས་ཀྱི་སྔ་རོལ་ན་དངོས་པོ་ངེས་པར་གནས་པ་དེ་ཡོད་པར་མངོན་པར་ཞེན་པར་བྱེད་པ་དེ་ནི་ལྟ་བ་དང་ཉན་པ་ལ་སོགས་པ་དང༌། ཚོར་བ་ལ་སོགས་པ་དག་རིམ་གྱིས་གང་དག་ལས་འགྱུར་བའི་འབྱུང་བ་དེ་དག་ལ་ཡང་ཡོད་པ་མ་ཡིན་ཏེ། ལུས་འདི་འབའ་ཞིག་ལ་ཡོད་པ་མ་ཡིན་པར་མ་ཟད་དོ། །འདིར་སྨྲས་པ། ལྟ་བ་དང་ཉན་པ་ལ་སོགས་པའི་དབང་པོ་ཅི་ཞིག་པོ་དག་གང་གི་ཡིན་པའི་དངོས་པོ་གང་ཞིག་པོ་དེ་ཡང་ཡོད་ལ་དངོས་པོ་གང་ཞིག་པོ་དེ་ཡོད་ན། ལྟ་བ་དང་ཉན་པ་ལ་སོགས་པ་དབང་པོ་ཅི་ཞིག་པོ་དག་ཀྱང་ཡོད་དོ། །འདིར་བཤད་པ། ལྟ་དང་ཉན་ལ་སོགས་པ་དང༌། །ཚོར་བ་དག་ལ་སོགས་པ་ཡང༌། །གང་གི་ཡིན་པ་གལ་ཏེ་མེད། །དེ་དག་ཀྱང་ནི་ཡོད་མ་ཡིན། །ལྟ་བ་དང་ཉན་པ་ལ་སོགས་པ་དབང་པོ་རྣམས་དང༌། ཚོར་བ་ལ་སོགས་པ་ཅི་ཞིག་པོ་དག་གང་གི་ཡིན་པའི་དངོས་པོ་གང་ཞིག་པོ་དེ་གལ་ཏེ་མེད་ན། ལྟ་བ་ལ་སོགས་པ་ཅི་ཞིག་པོ་དེ་དག་ཀྱང་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། ཅི་ཁྱོད་ཀྱི་དངོས་པོ་ཅི་ཞིག་པོ་མེད་པ་དེ་ཤིན་ཏུ་ངེས་པ་ཡིན་ནམ། འདིར་བཤད་པ། གང་ཞིག་ལྟ་ལ་སོགས་པ་ཡི། །སྔ་རོལ་ད་ལྟ་ཕྱི་ན་མེད། །དེ་ལ་ཡོད་དོ་མེད་དོ་ཞེས། རྟོག་པ་དག་ནི་ལྡོག་པར་འགྱུར། །དེ་ལྟར་རིགས་པས་ཡོངས་སུ་བརྟགས་ན་དངོས་པོ་གང་ཞིག་པོ་ལྟ་བ་ལ་སོགས་པ་ཅི་ཞིག་པོ་དག་གི་སྔོན་དང་དེ་ལྟར་དང་ཕྱི་མའི་དུས་ན་རྣམ་པ་ཐམས་ཅད་དུ་བཙལ་ན། དེ་འདིའོ་ཞེས་རང་ལས་རབ་ཏུ་གྲུབ་པ་མེད་པ་དེ་ལྟ་བ་ལ་སོགས་པ་དག་གི་ཡོད་དོ་མེད་དོ་ཞེས་གདགས་པའི་རྟོག་པ་དག་ལྡོག་པར་འགྱུར་རོ། །ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་བརྟག་


DTG096_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་དགུ་པའོ།། །།འདིར་སྨྲས་པ། མེ་དང་བུད་ཤིང་གི་དཔེ་ཉེ་བར་སྦྱར་བ་མེ་བཞིན་དུ་ཉེ་བར་ལེན་པ་པོ་བདག་ལ་ཡོད། བུད་ཤིང་བཞིན་དུ་ཉེ་བར་བླང་བ་ཕུང་པོ་ལྔ་ཡང་ཡོད་དོ། །འདིར་བཤད་པ། དེ་དག་ནི་ཡོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མེ་དང་བུད་ཤིང་དག་མ་གྲུབ་པའི་ཕྱིར་ཏེ། འདི་ལ་མེད་དང་བུད་ཤིང་དག་གཅིག་པ་ཉིད་དམ་གཞན་ཉིད་དུ་རབ་ཏུ་འགྲུབ་པར་འགྱུར་གྲང་ན། གཉི་ག་ལྟར་ཡང་རབ་ཏུ་མི་འགྲུབ་བོ། །གལ་ཏེ་ཇི་ལྟར་ཞེ་ན། བཤད་པ། གལ་ཏེ་ཤིང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །གལ་ཏེ་རེ་ཞིག་བུད་ཤིང་གང་ཁོ་ན་ཡིན་པ་དེ་ཉིད་མེ་ཡིན་པར་གྱུར་ན་བྱེད་པ་པོ་དང་ལས་གཅིག་པ་ཉིད་དུ་ཐལ་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། མེ་ནི་བྱེད་པ་པོར་འགྱུར་བ་ཡིན་ལ་བུད་ཤིང་ནི་ལས་སུ་གྱུར་པ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་མེ་དང་བུད་ཤིང་དག་གཅིག་པ་ཉིད་ཡིན་ནོ་ཞེས་བྱ་བ་དེ་རིགས་པ་མ་ཡིན་ནོ། །ཅི་སྟེ་འདི་སྙམ་དུ་མེ་དང་བུད་ཤིང་དག་གཞན་ཉིད་ཡིན་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །གལ་ཏེ་བུད་ཤིང་ལས་མེ་གཞན་ཉིད་ཡིན་པར་གྱུར་ན། དེ་ལྟ་ན་བུད་ཤིང་མེད་པར་ཡང་མེ་འབྱུང་བར་འགྱུར་བས། དེ་ཕྱིར་མེ་དང་བུད་ཤིང་དག་གཞན་ཉིད་ཅེས་བྱ་བ་དེ་ཡང་རིགས་པ་མ་ཡིན་ནོ། །ཡང་གཞན་ཡང༌། རྟག་ཏུ་འབར་བ་ཉིད་དུ་འགྱུར། །འབར་བྱེད་མེད་པའི་རྒྱུ་ལས་བྱུང༌། །རྩོམ་པ་དོན་མེད་ཉིད་དུ་འགྱུར། །དེ་ལྟ་ཡིན་ན་ལས་ཀྱང་མེད། །གཞན་ཉིད་ཡིན་ན་རྟག་ཏུ་འབར་བ་ཉིད་དུ་འགྱུར་བ་དང༌། །འབར་བྱེད་མེད་པའི་རྒྱུ་ལས་བྱུང་བ་དང༌། །དེའི་ཕྱིར་རྩོམ་པ་དོན་མེད་པ་ཉིད་དུ་ཡང་འགྱུར་ཏེ། དབྱུང་བ་དང་སྤར་བ་ལ་སོགས་པ་རྩོམ་པ་དག་དོན་མེད་པ་ཉིད་དུ་འགྱུར་རོ། །ཡང་གཞན་ཡང༌། དེ་ལྟ་ཡིན་ན་ལས་ཀྱང་མེད་པར་ཐལ་བར་འགྱུར་ཏེ། །དེའི་ལས་སྲེག་པ་དང་འཆད་པ་ལ་སོགས་པ་གང་ཡིན་པ་དེ་དག་མེད་པར་འགྱུར་རོ། །དེ་ལ་འདི་སྙམ་དུ་ཅིའི་ཕྱིར་འབར་བྱེད་མེད་པའི་རྒྱུ་ལས་བྱུང་བ་དང༌། རྩོམ་པ་དོན་མེད་པ་ཉིད་དུ་ཐལ་བར་འགྱུར་སྙམ་དུ་སེམས་ན། དེ་ལ་བཤད་པར་བྱ་


DTG096_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། གཞན་ལ་ལྟོས་པ་མེད་པའི་ཕྱིར། །འབར་བྱེད་མེད་པའི་རྒྱུ་ལས་བྱུང༌། །རྟག་ཏུ་འབར་བ་ཉིད་ཡིན་ན། །རྩོམ་པ་དོན་མེད་ཉིད་དུ་འགྱུར། །གཞན་ལ་ལྟོས་པ་མེད་པའི་ཕྱིར་འབར་བྱེད་མེད་པའི་རྒྱུ་ལས་བྱུང་བར་འགྱུར་ལ། རྟག་ཏུ་འབར་བ་ཉིད་ཡིན་ན་རྩོམ་པ་དོན་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལ་གལ་ཏེ་འདི་སྙམ་དུ། བསྲེག་བཞིན་བུད་ཤིང་ཡིན་སེམས་ན། དེ་ལ་གལ་ཏེ་འདི་སྙམ་དུ་བསྲེག་བཞིན་པ་ཉིད་བུད་ཤིང་ཡིན་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། གང་ཚེ་དེ་ཙམ་དེ་ཡིན་ན། །གང་གིས་བུད་ཤིང་དེ་སྲེག་བྱེད། གང་གི་ཚེ་བསྲེག་བཞིན་པ་དེ་ཙམ་བུད་ཤིང་ཡིན་ཞིང་གཞན་གང་དང་ལྡན་པས་ཀྱང་བསྲེག་བཞིན་པ་མ་ཡིན་ན། མེ་གང་གིས་བུད་ཤིང་དེ་སྲེག་པར་བྱེད་དེ། མེ་མེད་པར་ཡང་བུད་ཤིང་ཡིན་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ ། །ཡང་གཞན་ཡང༌། གཞན་ན་མི་ཕྲད་ཕྲད་མེད་ན། །སྲེག་པར་མི་འགྱུར་མི་སྲེག་ན། །འཆི་བར་མི་འགྱུར་མི་འཆི་ན། །རང་གི་རྟགས་དང་ལྡན་པར་གནས། །མེ་གཞན་ཡིན་ན་བུད་ཤིང་དང་མི་ཕྲད་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། མི་ལྟོས་པར་གྲུབ་པའི་ཕྱིར་རོ། །ཕྲད་པ་མེད་ན་བུད་ཤིང་སྲེག་པར་མི་འགྱུར་རོ། །མི་སྲེག་ན་འཆི་བར་མི་འགྱུར་རོ། །མི་འཆི་ན་རང་གི་རྟགས་དང་ལྡན་པར་གནས་པར་འགྱུར་རོ། །འདིར་སྨྲས་པ། མེ་གཞན་ཡིན་ན་བུད་ཤིང་དང་མི་ཕྲད་པར་འགྱུར་རོ་ཞེས་གང་བཤད་པ་དེ་ལ་སྨྲ་བར་བྱ་སྟེ། གལ་ཏེ་ཤིང་ལས་མེ་གཞན་ཡང༌། །ཤིང་དང་ཕྲད་དུ་རུང་བར་འགྱུར། །ཇི་ལྟར་བུད་མེད་སྐྱེས་པ་དང༌། །སྐྱེས་པའང་བུད་མེད་ཕྲད་པ་བཞིན། །གལ་ཏེ་བུད་ཤིང་ལས་མེ་གཞན་ཡིན་ན་ཡང་བུད་ཤིང་དང་ཕྲད་དུ་རུང་བར་འགྱུར་ཏེ། ཇི་ལྟར་བུད་མེད་དང་སྐྱེས་པ་གཞན་ཉིད་ཡིན་ཡང་ཕན་ཚུན་ནས་ཕྲད་དུ་རུང་བ་བཞིན་ནོ། །འདིར་བཤད་པ། གལ་ཏེ་མེ་དང་ཤིང་དག་ནི། །གཅིག་གིས་གཅིག་ནི་བསལ་གྱུར་ན། །ཤིང་ལས་མེ་གཞན་ཉིད་ཡིན་ཡང༌། །ཤིང་དང་ཕྲད་པར་འདོད་ལ་རག །གལ་ཏེ་མེ་དང་བུད་ཤིང་དག་སྐྱེས་པ་དང་བུད་མེད་དག་བཞིན་དུ་གཞན་ཉིད་ཡིན་ཞིང་གཅིག་གིས་གཅིག་བསལ་བར་གྱུར་ན་ནི། བུད་ཤིང་ལས་མེ་གཞན་ཉིད་ཡིན་ཡང་བུད་ཤིང་དང་ཕྲད་པར་འདོད་ལ་


DTG096_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

རག་ན། གང་གི་ཕྱིར་དེ་ལྟ་མ་ཡིན་པ་དེའི་ཕྱིར་ཁྱོད་ཀྱིས་གལ་ཏེ་བུད་ཤིང་ལས་མེ་གཞན་ཡིན་ཡང་བུད་ཤིང་དང་ཕྲད་དུ་རུང་བར་འགྱུར་རོ་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ། །འདིར་སྨྲས་པ། བུད་ཤིང་ལ་ལྟོས་ན་མེ་ཡིན་ལ་མེ་ལ་ལྟོས་ནས་ཀྱང་བུད་ཤིང་ཡིན་པས་བུད་ཤིང་དང་མེ་དག་ནི་ལྟོས་པ་ཅན་དུ་འགྲུབ་བོ། །འདིར་བཤད་པ། གལ་ཏེ་ཤིང་ལྟོས་མེ་ཡིན་ལ། །གལ་ཏེ་མེ་ལྟོས་ཤིང་ཡིན་ན། །གང་ལ་ལྟོས་པའི་མེ་དང་ཤིང༌། །དང་པོར་གྲུབ་པ་གང་ཞིག་ཡིན། །གལ་ཏེ་བུད་ཤིང་ལ་ལྟོས་ནས་མེ་ཡིན་ལ། མེ་ལ་ལྟོས་ནས་བུད་ཤིང་ཡིན་ན་གང་ལ་ལྟོས་ནས་མེ་ཡིན་པར་འགྱུར་བའམ། བུད་ཤིང་ཡིན་པར་འགྱུར་བ་དེ་གཉིས་ལས་དང་པོར་གྲུབ་པ་གང་ཡིན། དེ་ལ་འདི་སྙམ་དུ་བུད་ཤིང་དང་པོར་གྲུབ་ལ་དེ་ལ་ལྟོས་ནས་མེ་ཡིན་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། གལ་ཏེ་ཤིང་ལྟོས་མེ་ཡིན་ན། །མེ་གྲུབ་པ་ལ་སྒྲུབ་པར་འགྱུར། །གལ་ཏེ་བུད་ཤིང་དང་པོར་གྲུབ་ལ་དེ་ལ་ལྟོས་ནས་མེ་ཡིན་པར་འགྱུར་ན། དེ་ལྟ་ན་མེ་གྲུབ་ཟིན་པ་ཡང་སྒྲུབ་པར་འགྱུར་བ་ཡིན་ནོ། །ཡང་གཞན་ཡང༌། བུད་པར་བྱ་བའི་ཤིང་ལ་ཡང༌། །མེ་མེད་པར་ནི་འགྱུར་བ་ཡིན། །དེ་ལྟ་ན་བུད་ཤིང་ལ་ཡང་མེ་མེད་པར་འགྱུར་བ་ཡིན་ནོ། །དེ་ནི་མི་འདོད་པས་དེའི་ཕྱིར་མེ་དང་བུད་ཤིང་དག་ལྟོས་པ་ཅན་དུ་འགྱུར་རོ་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ། །འདིར་སྨྲས་པ། དེ་དག་གང་ཡང་རུང་བ་དང་པོར་མ་གྲུབ་ཀྱང་ཕན་ཚུན་ལྟོས་པ་ཉིད་འགྲུབ་བོ། །འདིར་སྨྲས་པ། གལ་ཏེ་དངོས་པོ་གང་ལྟོས་འགྲུབ། །དེ་ཉིད་ལ་ཡང་ལྟོས་ནས་ནི། །ལྟོས་བྱ་གང་ཡིན་དེ་འགྲུབ་ན། །གང་ལ་ལྟོས་ནས་གང་ཞིག་འགྲུབ། །གལ་ཏེ་བསྒྲུབ་པར་བྱ་བའི་དངོས་པོ་གང་ཡིན་པ་དེ་ནི། དངོས་པོ་གཞན་ལ་ལྟོས་ཏེ་འགྲུབ་ཅིང༌། བསྒྲུབ་པར་བྱ་བའི་དངོས་པོ་དེ་ཉིད་ལ་ཡང་ལྟོས་ནས་ལྟོས་པར་བྱ་བའི་དངོས་པོ་གཞན་གང་ཡིན་པ་དེ་འགྲུབ་ན། བོད་པའི་ཚིག་འོ་ན་གྲུབ་པར་འདོད་པ་གང་ལ་ལྟོས་ནས་གང་ཞིག་འགྲུབ་པར་འགྱུར། ཡང་གཞན་ཡང༌། དངོས་པོ་ལྟོས་འགྲུབ་པ་གང་ཡིན་པ། །དེ་མ་གྲུབ་ན་ཇི་ལྟར་ལྟོས། །ཇི་སྟེ་གྲུབ་པ་ལྟོས་ཤེ་ན། །དེ་ནི་ལྟོས་པར་


DTG096_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

མི་རིགས་སོ། །དངོས་པོ་གང་དངོས་པོ་གཞན་ལ་ལྟོས་ཏེ་འགྲུབ་བོ་ཞེས་བརྗོད་པའི་དངོས་པོ་དེ་མ་གྲུབ་ཅིང་མེད་ན་ཇི་ལྟར་ལྟོས་པར་བྱེད། དེ་མ་གྲུབ་ཅིང་མེད་པ་ལ་ཡང་ཇི་ལྟར་ལྟོས་པར་བྱ། ཇི་སྟེ་ཡང་གྲུབ་པ་ཉིད་གཞན་ལ་ལྟོས་པར་སེམས་ན་དེ་ཡང་མི་རིགས་ཏེ། དངོས་པོ་གྲུབ་ཅིང་ཡོད་པ་ཡང་གྲུབ་པར་བྱ་བའི་ཕྱིར་གཞན་ལ་ལྟོས་པ་ནི་དོན་མེད་པའི་ཕྱིར་མི་རིགས་སོ། །དེ་གྲུབ་ཅིང་ཡོད་པ་ལ་གཞན་ལ་ལྟོས་པར་ཡང་མི་རིགས་སོ། །ཡང་གཞན་ཡང༌། ཤིང་ལ་ལྟོས་པའི་མེ་མེད་དེ། །ཤིང་ལ་མ་ལྟོས་མེ་ཡང་མེད། །མེ་ལ་ལྟོས་པའི་ཤིང་མེད་དེ།། མེ་ལ་མ་ལྟོས་ཤིང་ཡང་མེད། །དེའི་ཕྱིར་དེ་ལྟར་རིགས་པ་སྔོན་དུ་བཏང་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་ན། བུད་ཤིང་ལ་ལྟོས་པའི་མེ་མེད་དེ། མེད་དང་བུད་ཤིང་གྲུབ་པ་དང་མ་གྲུབ་པ་དག་ལྟོས་པར་མི་འཐད་པའི་ཕྱིར་རོ། །བུད་ཤིང་ལ་མ་ལྟོས་པའི་མེ་ཡང་མེད་དེ་གཞན་ལ་ལྟོས་པ་མེད་པ་དང་འབར་བར་བྱེད་པའི་རྒྱུ་ལས་བྱུང་བ་དང་རྟག་ཏུ་འབར་བ་ཐལ་བར་འགྱུར་བའི་ཕྱིར་རོ། །ད་ནི་མེ་ལ་ལྟོས་པའི་བུད་ཤིང་ཡང་མེད་དེ་མེ་དང་བུད་ཤིང་གྲུབ་པ་དང་མ་གྲུབ་པ་དག་ལྟོས་པར་མི་འཐད་པའི་ཕྱིར་རོ། །མེ་ལ་མ་ལྟོས་པའི་བུད་ཤིང་ཡང་མེད་དེ་མེ་མེད་ཅིང་བསྲེག་བཞིན་མ་ཡིན་པ་བུད་ཤིང་དུ་མི་འགྱུར་བའི་ཕྱིར་རོ། །ཡང་གཞན་ཡང༌། མེ་ནི་གཞན་ལས་མི་འོང་སྟེ། །ཤིང་ལའང་མེ་ནི་ཡོད་མ་ཡིན། །མེ་ནི་གཞན་ལས་མི་འོང་སྟེ་གཞན་ལས་འོང་བར་བརྟག་པ་དེ་ཡང་བུད་ཤིང་དང་བཅས་པར་རམ་བུད་ཤིང་མེད་པར་འོང་བར་མི་འཐད་པའི་ཕྱིར་རོ། །བུད་ཤིང་ལ་ཡང་མེ་ཡོད་པ་མ་ཡིན་ཏེ། མི་དམིགས་པའི་ཕྱིར་དང༌། རྩོམ་པ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། སོང་དང་མ་སོང་བགོམ་པ་ཡིས། །དེ་བཞིན་ཞིང་ལ་ལྷག་མ་བསྟན། །རྣམ་པ་དེ་དག་གིས་དེ་བཞིན་དུ་བུད་ཤིང་ལ་ཡང་བརྗོད་པ་ལྷག་མ་དག་བསྟན་པར་ཁོང་དུ་ཆུད་པར་བྱའོ། །རྣམ་པ་གང་དག་གིས་ཤེ་ན། །སོང་དང་མ་སོང་བ་དང་བགོམ་པའི་རྣམ་པ་དག་གིས་ཏེ། ཇི་ལྟར་སོང་བ་དང་མ་སོང་བ་དང་བགོམ་པ་དང་འགྲོ་བ་མེད་པ་དེ་བཞིན་དུ། བུད་ཤིང་བསྲེགས་པ་དང་མ་བསྲེགས་པ་དང་བསྲེག་བཞིན་པ་ལ་ཡང་


DTG096_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་པ་མེད་དོ། །ཇི་ལྟར་སོང་བ་དང་མ་སོང་བ་དང་བགོམ་པ་ལ་འགྲོ་བའི་རྩོམ་པ་མེད་པ་དེ་བཞིན་དུ་བུད་ཤིང་བསྲེགས་པ་དང་མ་བསྲེགས་པ་དང་བསྲེག་བཞིན་པ་ལ་ཡང་སྲེག་པའི་རྩོམ་པ་མེད་དོ། །ཇི་ལྟར་འགྲོ་བ་པོ་དང་འགྲོ་བ་པོ་མ་ཡིན་པ་དང་འགྲོ་བ་པོ་ཡིན་པ་དང༌། མ་ཡིན་པ་འགྲོ་བར་མི་བྱེད་པ་དེ་བཞིན་དུ། སྲེག་པ་པོ་དང་སྲེག་པ་པོ་མ་ཡིན་པ་དང༌། སྲེག་པ་པོ་ཡིན་པ་དང་མ་ཡིན་པར་ཡང་སྲེག་པར་མི་བྱེད་དོ། །དེ་བཞིན་དུ་ལྷག་མ་རྣམས་ཀྱང་བསྟན་པར་བྱའོ། །ཡང་གཞན་ཡང༌། ཤིང་ཉིད་མེ་ནི་མ་ཡིན་ཏེ། །ཤིང་ལས་གཞན་ལ་མེ་ཡང་མེད། །མེ་ནི་ཤིང་དང་ལྡན་མ་ཡིན། །མེ་ལ་ཤིང་མེད་དེར་དེ་མེད། །རེ་ཞིག་བུད་ཤིང་གང་ཁོ་ན་ཡིན་པ་དེ་ཉིད་མེ་མ་ཡིན་ཏེ། བྱེད་པ་པོ་དང་ལས་དག་གཅིག་པ་ཉིད་ཀྱི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །བུད་ཤིང་ལས་གཞན་ལ་ཡང་མེ་མེད་དེ་གཞན་ལ་ལྟོས་པ་ཉིད་ལ་སོགས་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །མེ་བུད་ཤིང་དང་ལྡན་པ་ཡང་མ་ཡིན་མེ་ལ་ཡང་བུད་ཤིང་མེད་བུད་ཤིང་ལ་ཡང་མེ་མེད་དེ། གཞན་ཉིད་ཀྱི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །མེ་དང་ཤིང་གིས་བདག་དང་ནི། །ཉེ་བར་བླང་བའི་རིམ་པ་ཀུན། །བུམ་སྣམ་ལ་སོགས་ལྷན་ཅིག་ཏུ། །མ་ལུས་པར་ནི་རྣམ་པར་བཤད། །མེ་དང་བུད་ཤིང་དག་གིས་བདག་དང་ཉེ་བར་བླང་བ་དག་གི་གཅིག་པ་ཉིད་དང་གཞན་ཉིད་དང༌། ཕན་ཚུན་ལྟོས་པ་མི་འཐད་པའི་རིམ་པ་ཐམས་ཅད་བུམ་པ་དང་སྣམ་བུ་ལ་སོགས་པ་དག་དང་ལྷན་ཅིག་ཏུ་མ་ལུས་པར་རྣམ་པར་བཤད་པར་ཁོང་དུ་ཆུད་པར་བྱའོ། །གང་དག་བདག་དང་དངོས་པོ་རྣམས། །དེ་བཅས་ཉིད་དང་ཐ་དད་པར། །སྟོན་པ་དེ་དག་བསྟན་དོན་ལ། །མཁས་སོ་སྙམ་དུ་མི་སེམས་སོ། །གང་དག་བདག་དེ་དང་བཅས་པ་ཉིད་དང་ཐ་དད་པ་དང༌། དངོས་པོ་རྣམས་དེ་དང་བཅས་པ་ཉིད་དང་ཐ་དད་པར་སྟོན་པ་དེ་དག་བསྟན་པའི་དོན་ལ་མཁས་པ་ཡིན་པར་ཁོ་བོས་མི་སེམས་སོ། །མེ་དང་བུད་ཤིང་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་པའོ།། །།འདིར་སྨྲས་པ། བཅོམ་ལྡན་འདས་ཀྱིས་ཐོག་མ་དང་ཐ་མ་མེད་པའི་མདོ་ལས་དགེ་སློང་དག་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་དེ་སྔོན་དང་ཕྱི་མའི་


DTG096_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་མི་མངོན་ནོ་ཞེས་གསུངས་པས། དེའི་ཕྱིར་འཁོར་བ་ཡོད་པ་ཉིད་དུ་བསྟན་པ་མཛད་པ་དེ་ཅི་ལས་དགོངས་ཏེ་གསུངས་པ་ཁྱོད་ཀྱིས་རྣམ་པར་བཤད་པར་བྱ་བའི་རིགས་སོ། །འདིར་བཤད་པ། སྔོན་མཐའ་མངོན་ནམ་ཞེས་ཞུས་ཚེ། །ཐུབ་པ་ཆེན་པོས་མིན་ཞེས་གསུངས། །འཁོར་བ་ཐོག་མ་ཐ་མེད་དེ། །དེ་ལ་སྔོན་མེད་ཕྱི་མ་མེད། །སྔོན་གྱི་མཐའ་མངོན་ནམ་ཞེས་ཞུས་པའི་ཚེ། ཐུབ་པ་ཆེན་པོས་མི་མངོན་ནོ་ཞེས་གསུངས་པས་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་དོ། །ཅིའི་ཕྱིར་ཞེ་ན། དེ་ལ་སྔོན་ཡང་མེད་ལ་ཕྱི་མ་ཡང་མེད་པའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་འཁོར་བའི་དབུས་ཡོད་པར་སེམས་ན་དེ་ཡང་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། འདི་ལྟར། གང་ལ་ཐོག་མེད་ཐ་མེད་པ། །དེ་ལ་དབུས་ནི་ག་ལ་ཡོད། །གང་ལ་ཐོག་མ་དང་ཐ་མ་མེད་པ་དེ་ལ་དབུས་ཡོད་པར་ག་ལ་འགྱུར། དེ་ཕྱིར་དེ་ལ་སྔ་ཕྱི་དང༌། །ལྷན་ཅིག་རིམ་པ་མི་འཐད་དོ། །གང་གི་ཕྱིར་འཁོར་བ་དེ་ལ་ཐོག་མ་དང་དབུས་དང་ཐ་མ་མེད་པ་དེའི་ཕྱིར་དེ་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མི་འཐད་དོ། །དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། བཤད་པ། གལ་ཏེ་སྐྱེ་བ་སྔ་གྱུར་ལ། །རྒ་ཤི་འཕྱི་བ་ཡིན་ན་ནི། །སྐྱེ་བ་རྒ་ཤི་མེད་པ་དང༌། །མ་ཤི་བར་ཡང་སྐྱེ་བར་འགྱུར། །གལ་ཏེ་སྐྱེ་བ་སྔ་བར་གྱུར་ལ་རྒ་ཤི་འཕྱི་བ་ཡིན་ན་ནི། དེ་ལྟ་ན་སྐྱེ་བ་དེ་ལ་རྒ་ཤི་མེད་པ་དང་སྔར་མ་ཤི་བར་ཡང་འདིར་སྐྱེ་བའི་སྐྱོན་དུ་ཐལ་བར་འགྱུར་རོ། །ཡང་གཞན་ཡང༌། གལ་ཏེ་སྐྱེ་བ་འཕྱི་གྱུར་ལ། །རྒ་ཤི་སྔ་བ་ཡིན་ན་ནི། །སྐྱེ་བ་མེད་པའི་རྒ་ཤི་ནི། །རྒྱུ་མེད་པར་ནི་ཇི་ལྟར་འགྱུར། །གལ་ཏེ་སྐྱེ་བ་འཕྱི་བར་གྱུར་ལ་རྒ་ཤི་སྔ་བ་ཡིན་ན་ནི། དེ་ལྟ་ན་སྐྱེ་བ་མེད་པའི་རྒ་ཤི་རྒྱུ་མེད་པར་ཇི་ལྟར་འབྱུང་བར་འགྱུར། འདིར་སྨྲས་པ། དེ་དག་ལ་སྔ་ཕྱི་མེད་དེ། དེ་ནི་རྒ་ཤི་དང་རྗེས་སུ་འབྲེལ་བཞིན་པ་ཁོ་ནར་སྐྱེའོ། །འདིར་བཤད་པ། སྐྱེ་བ་དང་ནི་རྒ་ཤི་དག །ལྷན་ཅིག་རུང་བ་མ་ཡིན་ནོ། །སྐྱེ་བཞིན་པར་ནི་འཆི་འགྱུར་ཞིང༌། །གཉི་ག་རྒྱུ་མེད་ཅན་དུ་འགྱུར། །སྐྱེ་བ་དང་རྒ་ཤི་དག་ལྷན་ཅིག་ཉིད་དུ་འགྱུར་བར་མི་འཐད་དེ། ཇི་སྟེ་ལྷན་ཅིག་ཉིད་དུ་འགྱུར་ན་ནི། །སྐྱེ་བཞིན་པ་ན་འཆི་བར་འགྱུར་བ་དང༌། །གཉི་ག་རྒྱུ་མེད་པ་ཅན་དུ་འགྱུར་བས་དེ་ནི་མི་འཐད་དོ། །


DTG096_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྨྲས་པ། དེ་དག་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དེ་དག་མི་འཐད་ཀྱང་ཡང་སྐྱེ་བ་དང་རྒ་ཤི་དག་ཡོད་པས་དེ་དག་གང་གི་ཡིན་པའི་བདག་ཀྱང་ཡོད་དོ། །འདིར་བཤད་པ། གང་ལ་སྔ་ཕྱི་ལྷན་ཅིག་གི །རིམ་པ་དེ་དག་མི་སྲིད་པའི། །སྐྱེ་བ་དེ་དང་རྒ་ཤི་དེ། །ཅི་ཡི་ཕྱིར་ན་སྤྲོས་པར་བྱེད། །དེ་ལྟར་རིགས་པ་སྔོན་དུ་བཏང་སྟེ་བརྟགས་ན། སྐྱེ་བ་དང་རྒ་ཤི་དག་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དེ་དག་མི་སྲིད་ན། དེ་ལ་ཅིའི་སྐྱེ་བ་དེ་རྒ་ཤི་དེ་ཞེས་སྤྲོས་པར་བྱེད་ཅིང་རྗོད་པར་བྱེད། དེ་དག་མི་འཐད་ན། བདག་ཡོད་པར་འཐད་པར་ག་ལ་འགྱུར། །རྒྱུ་དང་འབྲས་བུ་ཉིད་དང་ནི། །མཚན་ཉིད་དང་ནི་མཚན་གཞི་ཉིད། །ཚོར་དང་ཚོར་པོ་ཉིད་དང་ནི། །དོན་ཡོད་གང་དག་ཅི་ཡང་རུང༌། །ཇི་ལྟར་བརྟགས་ན། སྐྱེ་བ་དང་རྒ་ཤི་དག་གི་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མི་འཐད་པ་དེ་བཞིན་དུ། རྒྱུ་དང་འབྲས་བུ་ཉིད་དང༌། མཚན་ཉིད་དང་མཚན་ཉིད་ཀྱི་གཞི་ཉིད་དང༌། ཚོར་བ་དང་ཚོར་བ་པོ་ཉིད་དང༌། དོན་གཞན་གང་དག་ཅི་ཡང་རུང་བ་རྣམ་པར་གྲོལ་བ་དང༌། མྱ་ངན་ལས་འདས་པ་དང༌། ཤེས་པ་དང་ཤེས་བྱ་དང༌། ཚད་མ་དང་གཞལ་བྱ་ལ་སོགས་པ་དེ་དག་ཡོད་པར་བརྟག་པ་དེ་དག་ཐམས་ཅད་ལ་ཡང་སྔ་ཕྱི་དང་ལྷན་ཅིག་གི་གོ་རིམ་པ་དག་མི་འཐད་དོ། །འཁོར་བ་འབའ་ཞིག་སྔོན་གྱི་མཐའ། །ཡོད་མ་ཡིན་པ་མ་ཡིན་གྱི། །དངོས་རྣམས་ཐམས་ཅད་ཉིད་ལ་ཡང༌། །སྔོན་གྱི་མཐའ་ནི་ཡོད་མ་ཡིན། །གང་གི་ཕྱིར་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་ན་དངོས་པོ་ཐམས་ཅད་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མི་འཐད་པ་དེའི་ཕྱིར་འཁོར་བ་འབའ་ཞིག་ལ་སྔོན་གྱི་མཐའ་ཡོད་པ་མ་ཡིན་པར་མ་ཟད་ཀྱི་དངོས་པོར་འདོད་པ་ཐམས་ཅད་ལ་ཡང་སྔོན་གྱི་མཐའ་ཡོད་པ་མ་ཡིན་པས། དངོས་པོར་སྣང་བ་ནི་སྒྱུ་མ་དང་སྨིག་རྒྱུ་དང་དྲི་ཟའི་གྲོང་ཁྱེར་དང་གཟུགས་བརྙན་བཞིན་དུ་འགྲུབ་བོ། །འཁོར་བ་བརྟགས་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་གཅིག་པའོ།། །།འདིར་སྨྲས་པ། ཁ་ཅིག་སྡུག་བསྔལ་བདག་གིས་བྱས་པ་དང༌། གཞན་གྱིས་བྱས་པ་དང་གཉི་གས་བྱས་པ་དང༌། རྒྱུ་མེད་པ་ལས་བྱུང་བར་འདོད་པས་དེའི་ཕྱིར་དེ་ལྟར་སྡུག་བསྔལ་ཡོད་དོ། །འདིར་བཤད་པ།


DTG096_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་སྡུག་བསྔལ་བདག་གིས་བྱས། །གཞན་གྱིས་བྱས་དང་གཉི་གས་བྱས། །རྒྱུ་མེད་པ་ལས་བྱུང་བར་འདོད། །དེ་ནི་བྱ་བར་མི་རུང་ངོ༌། །འདི་ལ་ཁ་ཅིག་གིས་ནི་སྡུག་བསྔལ་བདག་གིས་བྱས་པར་འདོད། ཁ་ཅིག་ནི་གཞན་གྱིས་བྱས་པར་འདོད། ཁ་ཅིག་ནི་བདག་དང་གཞན་གཉི་གས་བྱས་པར་འདོད། ཁ་ཅིག་ནི་རྒྱུ་མེད་པ་ལས་བྱུང་བར་འདོད་དེ། དེ་ནི་རིམ་པ་བཞི་པོ་དེ་དག་གང་གིས་ཀྱང་བྱ་བ་ཡིན་པ་མི་རུང་ངོ༌། །དེ་ལ་འདི་སྙམ་དུ་རིགས་པ་གང་གིས་བྱ་བར་མི་རུང་སྙམ་དུ་སེམས་ན། འདིར་བཤད་པ། གལ་ཏེ་བདག་གིས་བྱས་གྱུར་ན། །དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །གང་ཕྱིར་ཕུང་པོ་འདི་དག་ལ། །བརྟེན་ནས་ཕུང་པོ་དེ་དག་འབྱུང༌། །གལ་ཏེ་སྡུག་བསྔལ་བདག་གིས་བྱས་པར་གྱུར་ན། ད་ལྟ་ན་བརྟེན་ནས་འབྱུང་བར་མི་འགྱུར་བ་ཞིག་ན། བརྟེན་ནས་ཀྱང་འབྱུང་སྟེ། གང་གི་ཕྱིར་ད་ལྟར་གྱི་ཕུང་པོ་འདི་དག་ལ་བརྟེན་ནས་མ་འོངས་པའི་ཕུང་པོ་དེ་དག་འབྱུང་བར་འགྱུར་བ་དེའི་ཕྱིར། སྡུག་བསྔལ་བདག་གིས་བྱས་པར་མི་རིགས་སོ། །འདིར་སྨྲས་པ། སྡུག་བསྔལ་བདག་གིས་མ་བྱས་ཀྱང་གཞན་གྱིས་བྱས་ཏེ། ཇི་ལྟ་ཞེ་ན། གང་གི་ཕྱིར་ཕུང་པོ་གཞན་དུ་འགྱུར་བ་འདི་དག་ལ་བརྟེན་ནས་ཕུང་པོ་དེ་དག་འབྱུང་བའི་ཕྱིར་རོ། །འདིར་བཤད་པ། གལ་ཏེ་དེ་ལས་འདི་གཞན་ཞིང༌། །གལ་ཏེ་འདི་ལས་དེ་གཞན་ན། །གཞན་དེ་དག་གིས་འདི་བྱས་པས། །སྡུག་བསྔལ་གཞན་གྱིས་བྱས་པར་འགྱུར། །གལ་ཏེ་མ་འོངས་པའི་ཕུང་པོ་དེ་དག་ལས་ད་ལྟར་གྱི་ཕུང་པོ་འདི་དག་གཞན་ཡིན་པར་གྱུར་ཅིང༌། ད་ལྟར་གྱི་ཕུང་པོ་འདི་དག་ལས་ཀྱང་མ་འོངས་པའི་ཕུང་པོ་དེ་དག་གཞན་ཡིན་པར་གྱུར་ན་ནི། དེ་ལྟ་ན་ད་ལྟར་གྱི་ཕུང་པོ་གཞན་དེ་དག་གིས་མ་འོངས་པའི་ཕུང་པོ་གཞན་འདི་དག་བྱས་པས་སྡུག་བསྔལ་གཞན་གྱིས་བྱས་པར་ཡང་འགྱུར་བ་ཞིག་ན། གང་གི་ཕྱིར་དེ་ལྟ་མ་ཡིན་པ་དེའི་ཕྱིར་སྡུག་བསྔལ་གཞན་གྱིས་བྱས་པར་ཡང་མི་འཐད་དོ། །འདིར་སྨྲས་པ། སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བྱས་པས་དེའི་ཕྱིར་སྡུག་བསྔལ་བདག་གིས་བྱས་སོ་ཞེས་ཀྱང་མི་སྨྲའོ། །སྡུག་བསྔལ་རྒྱུ་དང་རྐྱེན་ལས་བྱུང་བས་དེའི་ཕྱིར་སྡུག་བསྔལ་གཞན་གྱིས་བྱས་སོ་ཞེས་ཀྱང་མི་སྨྲའོ། །སྡུག་བསྔལ་


DTG096_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་བདག་གིས་བྱས་པས་དེའི་ཕྱིར་རེ་ཞིག་སྡུག་བསྔལ་བདག་གིས་བྱས་སོ་ཞེས་ཀྱང་སྨྲ་ལ། སྡུག་བསྔལ་གང་ཟག་གཞན་གྱིས་བྱས་པས་དེའི་ཕྱིར་སྡུག་བསྔལ་གཞན་གྱིས་བྱས་སོ་ཞེས་ཀྱང་སྨྲའོ། །འདིར་བཤད་པ། གལ་ཏེ་གང་ཟག་བདག་གིས་ནི། །སྡུག་བསྔལ་བྱས་ན་གང་བདག་གིས། །སྡུག་བསྔལ་བྱས་པའི་གང་ཟག་ནི། །སྡུག་བསྔལ་མེད་པ་དེ་གང་ཡིན། །གལ་ཏེ་གང་ཟག་བདག་གིས་ཕུང་པོ་སྡུག་བསྔལ་བྱས་པར་སེམས་ན། གང་གི་སྡུག་བསྔལ་དེ་བྱས་པའི་གང་ཟག་དེས་སྡུག་བསྔལ་དེ་མ་བྱས་པའི་སྔ་རོལ་ན་བྱེད་པའི་གང་ཟག་སྡུག་བསྔལ་མེད་པ་དེ་གང་ཡིན་ཏེ་དེ་འདིའོ་ཞེས་བསྟན་དགོས་ནས། དེ་ཡང་མེད་པས་དེའི་ཕྱིར་སྡུག་བསྔལ་གང་ཟག་བདག་གིས་བྱས་སོ་ཞེས་བྱ་བ་དེ་མི་འཐད་དོ། །གང་ཟག་གཞན་གྱིས་སྡུག་བསྔལ་བྱས་སོ་ཞེས་གང་སྨྲས་པ་དེ་ལ་ཡང་བཤད་པར་བྱ་སྟེ། གལ་ཏེ་གང་ཟག་གཞན་ལས་ནི། །སྡུག་བསྔལ་འབྱུང་ན་གཞན་ཞིག་གིས། །སྡུག་བསྔལ་དེ་བྱས་གང་སྦྱིན་དེ། །སྡུག་བསྔལ་མེད་པར་ཇི་ལྟར་རུང༌། །གལ་ཏེ་གང་ཟག་གཞན་གྱིས་ཕུང་པོ་སྡུག་བསྔལ་བྱས་ཤིང་དེས་དེ་བྱས་ནས་གཞན་ལ་སྦྱིན་པར་བྱེད་ན། སྦྱིན་པ་བྱེད་པ་དེས་དེ་བྱས་ནས་གང་ལ་སྦྱིན་པར་བྱ་བ་དེ་ལ་མ་སྦྱིན་པའི་སྔ་རོལ་ན། ལེན་པར་བྱེད་པའི་གང་ཟག་སྡུག་བསྔལ་མེད་པ་དེ་གང་ཡིན་ཏེ། དེ་འདིའོ་ཞེས་བསྟན་དགོས་ན། དེ་ཡང་མེད་པས་དེའི་ཕྱིར་སྡུག་བསྔལ་གང་ཟག་གཞན་གྱིས་བྱས་སོ་ཞེས་བྱ་བ་དེ་ཡང་མི་འཐད་དོ། །ཡང་གཞན་ཡང༌། བདག་གིས་བྱས་པར་མ་གྲུབ་པས། །སྡུག་བསྔལ་གཞན་གྱིས་ག་ལ་བྱས། །གཞན་གྱིས་སྡུག་བསྔལ་གང་བྱེད་པ། །དེ་ནི་དེ་ཡི་བདག་བྱས་འགྱུར། །བདག་གིས་སྡུག་བསྔལ་བྱས་པར་རབ་ཏུ་མ་གྲུབ་པས། སྡུག་བསྔལ་གཞན་གྱིས་བྱས་པར་ག་ལ་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གཞན་གྱིས་སྡུག་བསྔལ་གང་བྱེད་པ་དེ་ནི་དེའི་བདག་གིས་བྱས་པ་ཡིན་པར་འགྱུར་ན། དེ་ཡང་དང་པོ་ཉིད་དུ་རིགས་པས་ཡོངས་སུ་བརྟགས་ན་སྡུག་བསྔལ་གང་ཟག་བདག་གིས་བྱས་པར་མི་འཐད་པས། དེའི་ཕྱིར་སྡུག་བསྔལ་གང་ཟག་བདག་གིས་བྱས་པར་མ་གྲུབ་པས་སྡུག་བསྔལ་གཞན་གྱིས་བྱས་པར་ཡང་


DTG096_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཐད་དོ། །འདིར་སྨྲས་པ། སྡུག་བསྔལ་དེ་ལས་གང་ཟག་དེ་གཞན་གྱི་མ་ཡིན་པས་སྡུག་བསྔལ་གྱིས་སྡུག་བསྔལ་བྱས་པའི་ཕྱིར་རྣམ་གྲངས་ལས་སྡུག་བསྔལ་བདག་གིས་བྱས་སོ་ཞེས་ཀྱང་སྨྲ་ཞིང་སྡུག་བསྔལ་གང་ཡིན་པ་དེ་ཉིད་གང་ཟག་མ་ཡིན་པས་རྣམ་གྲངས་ལས་སྡུག་བསྔལ་གཞན་གྱིས་བྱས་སོ་ཞེས་ཀྱང་སྨྲའོ། །འདིར་བཤད་པ། རེ་ཞིག་སྡུག་བསྔལ་བདག་བྱས་མིན། །དེ་ཉིད་ཀྱིས་ནི་དེ་མ་བྱས། །རེ་ཞིག་སྡུག་བསྔལ་རྣམ་གྲངས་ལས་བདག་གིས་བྱས་སོ་ཞེས་བྱ་བ་དེ་མི་འཐད་དེ། ཅིའི་ཕྱིར་ཞེ་ན། དེ་ཉིད་ཀྱིས་དེ་མ་བྱས་པའི་ཕྱིར་རོ། །སྡུག་བསྔལ་རྣམ་གྲངས་ལས་གཞན་གྱིས་བྱས་སོ་ཞེས་གང་སྨྲས་པ་དེ་ལ་ཡང་དཔྱད་པར་བྱ་སྟེ། གལ་ཏེ་གཞན་བདག་མ་བྱས་ན། །སྡུག་བསྔལ་གཞན་བྱས་ག་ལ་འགྱུར། །གཞན་གྱིས་བྱས་སོ་ཞེས་བྱ་བར་མངོན་པར་ཞེན་པ་དེ་ཡང་གལ་ཏེ་གཞན་ཏེ། བདག་ཉིད་མ་བྱས་ཤིང་མ་གྲུབ་ན་སྡུག་བསྔལ་དེ་གཞན་གྱིས་བྱས་པར་ག་ལ་འགྱུར། འདིར་སྨྲས་པ། སྡུག་བསྔལ་བདག་དང་གཞན་གཉི་ག་འདུས་པས་བྱས་པ་ཡོད་དོ། །འདིར་བཤད་པ། གལ་ཏེ་རེ་རེས་བྱས་གྱུར་ན། །སྡུག་བསྔལ་གཉི་གས་བྱས་པར་འགྱུར། །གལ་ཏེ་རེ་རེས་བྱས་པ་ཡོད་པར་འགྱུར་ན་ནི། སྡུག་བསྔལ་གཉི་གས་བྱས་པར་འགྱུར་བ་ཞིག་ན། གང་གི་ཕྱིར་དེ་ལ་མ་ཡིན་པ་དེའི་ཕྱིར་སྡུག་བསྔལ་བདག་དང་གཞན་གཉི་གས་འདུས་པས་བྱས་པ་ཡང་མེད་དོ། །འདིར་སྨྲས་པ། དེ་ལྟར་བདག་དང་གཞན་དང་གཉི་གས་བྱས་པར་མི་རིགས་ན། འོ་ན་སྡུག་བསྔལ་རྒྱུ་མེད་པ་ལས་བྱུང་བ་ཡིན་ནོ། །འདིར་བཤད་པ། གཞན་གྱིས་མ་བྱས་བདག་མ་བྱས། །སྡུག་བསྔལ་རྒྱུ་མེད་ག་ལ་འགྱུར། །དེ་ལྟར་གཞན་གྱིས་ཀྱང་མ་བྱས་བདག་གིས་ཀྱང་མ་བྱས་ན། སྡུག་བསྔལ་རྒྱུ་མེད་པ་ལས་བྱུང་བར་ག་ལ་འཐད་དེ། སྐྱོན་ཆེན་པོར་ཐལ་བར་འགྱུར་བའི་ཕྱིར་རོ། །སྡུག་བསྔལ་འབའ་ཞིག་རྣམ་པ་བཞི། །ཡོད་མ་ཡིན་པ་མ་ཡིན་གྱི། །ཕྱི་རོལ་དངོས་པོ་རྣམས་ལ་ཡང༌། །རྣམ་པ་བཞི་པོ་ཡོད་མ་ཡིན། །ཕུང་པོ་སྡུག་བསྔལ་འབའ་ཞིག་ལ། །བདག་དང་གཞན་དང་གཉི་ག་དང་རྒྱུ་མེད་པ་ལས་བྱུང་བ་


DTG096_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་བཞི་པོ་དེ་དག་ཡོད་པ་མ་ཡིན་པར་མ་ཟད་ཀྱི་ཕྱི་རོལ་གྱི་དངོས་པོ་གཟུགས་ལ་སོགས་པ་རྣམས་ལ་ཡང་རྣམ་པ་བཞི་པོ་དག་ཡོད་པ་མ་ཡིན་ནོ། །སྡུག་བསྔལ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་གཉིས་པའོ།། །།འདིར་སྨྲས་པ། རྣམ་པ་བཞི་པོ་དག་མེད་དུ་ཟིན་ཀྱང་སྡུག་བསྔལ་དང་ཕྱི་རོལ་གྱི་དངོས་པོ་འདུ་བྱེད་རྣམས་ནི་ཡོད་དོ། །འདིར་བཤད་པ། ཆོས་གང་སླུ་བ་དེ་བརྫུན་ཞེས། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས། །འདུ་བྱེད་ཐམས་ཅད་སླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། །འདི་ལ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་ཆོས་གང་སླུ་བ་དེ་ནི་བརྫུན་པའོ། །དགེ་སློང་དག་འདི་ལྟ་སྟེ། མི་སླུ་བའི་ཆོས་མྱ་ངན་ལས་འདས་པ་དེ་ནི་བདེན་པའི་མཆོག་གོ་ཞེས་གསུངས་པས། དེའི་ཕྱིར་འདུ་བྱེད་ཐམས་ཅད་ནི་སླུ་བའི་ཆོས་ཡིན་པས། དེས་ན་དེ་དག་བརྫུན་པ་ཡིན་ཏེ། ལོག་པར་སྣང་བའི་ཕྱིར་རྣམ་པར་བརྟགས་པའི་ངོ་བོ་སྟོང་པ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་འདུ་བྱེད་སླུ་བའི་ཆོས་གང་ཡིན་པ་དེ་བརྫུན་པ་ཡིན་ན། དེ་གཉི་ག་ཡང་མེད་པའི་དོན་ཡིན་པར་འདྲ་བས། སླུ་བའི་ཆོས་ཀྱིས་བརྫུན་པ་ཇི་ལྟར་བསྒྲུབ་པར་བྱ། འདིར་བཤད་པ། གལ་ཏེ་སླུ་ཆོས་གང་ཡིན་པ། །དེ་བརྫུན་དེ་ལ་ཅི་ཞིག་སླུ། །བཅོམ་ལྡན་འདས་ཀྱིས་དེ་གསུངས་པ། །སྟོང་ཉིད་ཡོངས་སུ་བསྟན་པ་ཡིན། །གལ་ཏེ་སླུ་བའི་ཆོས་ཞེས་གསུངས་པ་གང་ཡིན་པ་དེ་བརྫུན་པ་ཡིན་ན་ནི་མེད་པའི་དོན་ཡིན་པར་འདྲ་བས་དེ་ལ་ཅི་ཞིག་སླུ་བར་འགྱུར། འདི་ལྟར་སླུ་བ་ནི་ལོག་པར་སྣང་བ་ཡིན་ལ་བརྫུན་པ་ནི་རྣམ་པར་བརྟགས་པའི་ངོ་བོ་ཉིད་སྟོང་པ་ཡིན་པས་མེད་པའི་དོན་མ་ཡིན་པའི་ཕྱིར་སླུ་བའི་ཆོས་ཀྱིས་བརྫུན་པ་བསྒྲུབ་ཏུ་རུང་ངོ༌། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་སླུ་བའི་ཆོས་ཞེས་བྱ་བ་དེ་གསུངས་པ་ནི་སྟོང་པ་ཉིད་ཡོངས་སུ་སྟོན་པར་བྱེད་པ་ཡིན་པར་ཤེས་པར་བྱའོ། །འདིར་སྨྲས་པ། དངོས་རྣམས་ངོ་བོ་ཉིད་མེད་དེ། །གཞན་དུ་འགྱུར་བ་སྣང་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བརྫུན་པ་ཞེས་གསུངས་པ་ནི་མེད་པ་དང་ཆོས་བདག་མེད་པའི་དོན་མ་ཡིན་གྱི་དངོས་པོ་རྣམས་ལ་གང་ཟག་ངོ་བོ་ཉིད་མེད་པའི་དོན་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གནས་སྐབས་གཞན་དུ་འགྱུར་


DTG096_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྣང་བའི་ཕྱིར་རོ། །ངོ་བོ་ཉིད་མེད་དངོས་པོ་མེད། །གང་ཕྱིར་དངོས་རྣམས་སྟོང་པ་ཉིད། །ཆོས་ཀྱི་ངོ་བོ་ཉིད་མེད་པའི་དངོས་པོ་ནི་མེད་དོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དངོས་པོ་རྣམས་སྟོང་པ་ཉིད་ཡིན་ན་ཆོས་ཀྱི་ངོ་བོ་ཉིད་ཡོད་པར་མི་འཐད་པའི་ཕྱིར་རོ། །གལ་ཏེ་ངོ་བོ་ཉིད་མེད་ན། །གཞན་དུ་འགྱུར་བ་གང་གི་ཡིན། །གལ་ཏེ་ཆོས་ཀྱི་ངོ་བོ་ཉིད་མེད་ན། གནས་སྐབས་གཞན་དུ་འགྱུར་བར་སྣང་བ་དག་གི་ཡིན་པར་འགྱུར་ཏེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བརྫུན་པ་ཞེས་གསུངས་པ་ནི་དངོས་པོ་རྣམས་ལ་གང་ཟག་ངོ་བོ་ཉིད་མེད་པའི་དོན་ཡིན་གྱི་ཆོས་ཀྱི་ངོ་བོ་ཉིད་མེད་པ་མ་ཡིན་ནོ། །འདིར་བཤད་པ། གལ་ཏེ་ངོ་བོ་ཉིད་ཡོད་ན། །ཇི་ལྟ་བུར་ན་གཞན་དུ་འགྱུར། །གལ་ཏེ་ཆོས་ཀྱི་ངོ་བོ་ཉིད་ཡོད་ན་དེ་ཇི་ལྟར་གཞན་དུ་འགྱུར་ཏེ། རྣམ་པར་འགྱུར་བ་མེད་པའི་ཕྱིར་རོ། །ཡང་གཞན་ཡང༌། དེ་ཉིད་ལ་ནི་གཞན་འགྱུར་མེད། །གཞན་ཉིད་ལ་ཡང་ཡོད་མ་ཡིན། །གང་ཕྱིར་གཞོན་ནུ་མི་རྒ་སྟེ། །གང་ཕྱིར་རྒས་བའང་མི་རྒའོ། །འདི་ལ་དངོས་པོ་ཁས་བླངས་པ་དེ་ལ་གཞན་དུ་འགྱུར་བ་རྣམ་པ་གཉིས་ཏེ། དེ་ཉིད་དམ་གཞན་ཞིག་འགྱུར་གྲང་ན། གཉི་ག་ལྟར་ཡང་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་གཞོན་ནུ་མི་རྒ་ལ་གང་གི་ཕྱིར་རྒས་པ་ཡང་མི་རྒ་བའི་ཕྱིར་རོ། །འདིར་སྨྲས་པ། གལ་ཏེ་དེ་ཉིད་གཞན་དུ་འགྱུར་ན་དེས་སྐྱོན་ཅིར་འགྱུར། འདིར་བཤད་པ། གལ་ཏེ་འདི་ཉིད་གཞན་འགྱུར་ན། །འོ་མ་ཉིད་ནི་ཞོར་འགྱུར་རོ། །གལ་ཏེ་དེ་ཉིད་གཞན་དུ་འགྱུར་ན་དེ་ལྟ་ན་འོ་མ་ཉིད་ཞོར་འགྱུར་ཏེ། དེ་ལྟ་བུ་ནི་མི་འཐད་དོ། །ཅི་སྟེ་འདི་སྙམ་དུ་གཞན་ཞིག་གཞན་དུ་འགྱུར་བར་སེམས་ན། དེ་ལ་བཤད་པར་བྱ་སྟེ། འོ་མ་ལས་གཞན་གང་གི་ནི། །དངོས་པོ་ཞོ་ནི་ཡིན་པར་འགྱུར། །གལ་ཏེ་གཞན་ཞིག་གཞན་དུ་འགྱུར་བར་སེམས་ན། འོ་མ་ལས་གཞན་པ་གང་གི་དངོས་པོ་ཞོ་ཡིན་པར་འགྱུར། དེའི་ཕྱིར་རྣམ་པ་གཉི་ག་ཡང་གཞན་དུ་འགྱུར་བར་མི་འཐད་དོ། །འདིར་སྨྲས་པ། ཅི་འོ་ན་ད་སྟོང་པ་ཞེས་བྱ་བ་དེའི་མཐར་ཐུག་པ་ཡིན་ནམ། འདིར་བཤད་པ། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་


DTG096_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་ག་ལ་འགྱུར། །གལ་ཏེ་མི་སྟོང་པ་ཅུང་ཟད་ཅིག་ཡོད་པར་གྱུར་ན་ནི། དེས་ན་དེའི་གཉེན་པོ་སྟོང་པ་ཡང་ཅུང་ཟད་ཡོད་པར་འགྱུར་བ་ཞིག་ན། མི་སྟོང་པ་ཅུང་ཟད་ཡོད་པ་དེ་ལྟར་ཁས་མ་བླངས་པས་དེའི་གཉེན་པོ་མེད་པའི་ཕྱིར་སྟོང་པ་ཡང་ཡོད་པར་ག་ལ་འགྱུར། ཡང་གཞན་ཡང༌། རྒྱལ་བ་རྣམས་ཀྱིས་སྟོང་ཉིད་ནི། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྟོང་པ་ཉིད་ནི་ལྟ་བ་ཐམས་ཅད་ཀྱི་གཉེན་པོར་གྱུར་བ་ཡིན་པའི་ཕྱིར་ལྟ་བ་ཀུན་ལས་ངེས་པར་འབྱིན་པ་ཡིན་པར་གསུངས་པས། གང་དག་སྟོང་པ་ཉིད་དུ་ལྟ་བ་དེ་དག་ནི་བསྒྲུབ་ཏུ་མི་རུང་བ་ཉིད་ཡིན་པར་གསུངས་ཏེ། བསམ་གཏན་པའི་མགོ་ལ་ཐོད་པ་བཞིན་ནོ། །དེ་ཁོ་ན་ཉིད་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་གསུམ་པའོ།། །། བམ་པོ་བཞི་པ། འདིར་སྨྲས་པ། དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། འཇིག་རྟེན་ན་ཕྲད་པ་མཐོང་བའི་ཕྱིར་རོ། །འདིར་བཤད་པ། སྔར་དབང་པོ་བརྟག་པར་བལྟ་བར་བྱ་བ་དང་ལྟ་བ་དང་ལྟ་བ་པོ་གསུམ་པོ་དག་ལ་བྱ་བ་མི་འཐད་པར་ཡོངས་སུ་བརྟགས་པ་དེ་དག་ཉིད་ལ་གཞན་ཉིད་མེད་པའི་ཕྱིར་དང་ནི་ཇི་ལྟར་ཕན་ཚུན་དུ་ཕྲད་པ་དང་མི་ཕྲད་པར་མི་འཐད་པ་དེ་ལྟར་བསྟན་པར་བྱ་སྟེ། དེ་ལ་འདི་སྙམ་དུ་རིགས་པ་གང་གིས་ཤེན་བཤད་པ། བལྟ་བྱ་ལྟ་བ་ལྟ་བ་པོ། །གསུམ་པོ་དེ་དག་གཉིས་གཉིས་དང༌། །ཐམས་ཅད་ཀྱང་ནི་ཕན་ཚུན་དུ། །ཕྲད་པར་འགྱུར་བ་ཡོད་མ་ཡིན། །བལྟ་བར་བྱ་བ་ནི་དབང་པོའི་དོན་ཏོ། །ལྟ་བ་ནི་དབང་པོའོ། །ལྟ་བ་པོ་ནི་བདག་གོ །བལྟ་བར་བྱ་བ་དང་ལྟ་བ་དང་ལྟ་བ་པོ་གསུམ་པོ་དེ་དག་ནི་གཉིས་གཉིས་དང་ཐམས་ཅད་ཀྱང་ཕན་ཚུན་དུ་ཕྲད་པར་མི་འགྱུར་ཏེ། བལྟ་བར་བྱ་བ་དང༌། ལྟ་བ་ཡང་ཕྲད་པར་མི་འགྱུར་ལ། བལྟ་བར་བྱ་བ་དང༌། ལྟ་བ་པོ་ཡང་ཕྲད་པར་མི་འགྱུར། ལྟ་བ་དང་ལྟ་བ་པོ་ཡང་འཕྲད་པར་མི་འགྱུར། བལྟ་བར་བྱ་བ་དང་ལྟ་བ་དང་ལྟ་བ་པོ་ཡང་ཕྲད་པར་མི་འགྱུར་ཏེ། མར་མེ་དང་མུན་པ་བཞིན་ནོ། །དེ་བཞིན་འདོད་ཆགས་ཆགས་པ་དང༌། །ཆགས་པར་གྱུར་དང་ཉོན་


DTG096_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་དང༌། །ལྷག་མ་རྣམས་ཀྱང་སྐྱེ་མཆེད་ཀྱི། །ལྷག་མའང་རྣམ་པ་གསུམ་གྱིས་ལྟ། །ཇི་ལྟར་བལྟ་བར་བྱ་བ་དང་ལྟ་བ་དང་ལྟ་བ་པོ་དག་གཉིས་གཉིས་དང་ཐམས་ཅད་ཀྱང་ཕན་ཚུན་ལྷན་ཅིག་ཏུ་ཕྲད་པར་མི་འགྱུར་བ་དེ་བཞིན་དུ། འདོད་ཆགས་དང་ཆགས་པ་དང༌། ཆགས་པར་འགྱུར་བདག་ཀྱང་གཉིས་གཉིས་དང་ཐམས་ཅད་ཀྱང་ཕན་ཚུན་ལྷན་ཅིག་ཏུ་ཕྲད་པར་མི་འགྱུར་ཏེ། འདོད་ཆགས་དང་ཆགས་པ་ཡང་ཕྲད་པར་མི་འགྱུར་ལ། འདོད་ཆགས་དང་ཆགས་པར་འགྱུར་བ་ཡང་ཕྲད་པར་མི་འགྱུར། ཆགས་པ་དང་ཆགས་པར་འགྱུར་བ་ཡང་ཕྲད་པར་མི་འགྱུར། འདོད་ཆགས་དང་ཆགས་པ་དང་ཆགས་པར་འགྱུར་བ་ཡང་ཕྲད་པར་མི་འགྱུར་རོ། །དེ་བཞིན་དུ་ཉོན་མོངས་པ་ལྷག་མ་ཞེ་སྡང་ལ་སོགས་པ་རྣམས་དང༌། སྐྱེ་མཆེད་ཀྱི་ལྷག་མ་སྒྲ་དང༌། ཉན་པ་པོ་ལ་སོགས་པ་དག་ཀྱང་གཉིས་གཉིས་དང་ཐམས་ཅད་ཀྱང་ཕན་ཚུན་ལྷན་ཅིག་ཏུ་ཕྲད་པར་མི་འགྱུར་བར་རྣམ་པ་གསུམ་གྱིས་བལྟ་བར་བྱའོ། །འདིར་སྨྲས་པ། ཅིའི་ཕྱིར་བལྟ་བར་བྱ་བ་ལ་སོགས་པ་དེ་དག་ཕན་ཚུན་ལྷན་ཅིག་ཕྲད་པར་མི་འགྱུར། འདིར་བཤད་པ། གཞན་ན་གཞན་དང་ཕྲད་གྱུར་ན། །གང་ཕྱིར་བལྟ་བྱ་ལ་སོགས་ལ། །གཞན་དེ་ཡོད་པ་མ་ཡིན་པ། །དེ་ཕྱིར་ཕྲད་པར་མི་འགྱུར་རོ། །འདི་ལ་དེ་དག་གཞན་ཡིན་ན་གཞན་དང་ཕྲད་པར་འགྱུར་བར་འདོད་ན། གང་གི་ཕྱིར་བལྟ་བར་བྱ་བ་ལ་སོགས་པ་དག་ལ་རིགས་པས་རྣམ་པར་བརྟགས་ན། གཞན་དེ་ཡོད་པ་མ་ཡིན་པ་དེའི་ཕྱིར་ཕྲད་པར་མི་འགྱུར་རོ། །ཡང་གཞན་ཡང༌། བལྟ་བྱ་ལ་སོགས་འབའ་ཞིག་ལ། །གཞན་ཉིད་མེད་པར་མ་ཟད་ཀྱི། །གང་ཡང་གང་དང་ལྷན་ཅིག་ཏུ། །གཞན་པ་ཉིད་དུ་མི་འཐད་དོ། །བལྟ་བར་བྱ་བ་ལ་སོགས་པ་དེ་དག་འབའ་ཞིག་ལ་ཕན་ཚུན་གཞན་ཉིད་མི་འཐད་པར་མ་ཟད་ཀྱི། འདི་ལྟར་དངོས་པོ་གང་ཡང་དངོས་པོ་གང་དང་ལྷན་ཅིག་ཏུ་གཞན་ཉིད་དུ་མི་འཐད་དོ། །གཞན་ཉིད་མེད་ན་གང་ཡང་གང་དང་ཡང་ལྷན་ཅིག་ཕྲད་པར་མི་འཐད་དོ། །འདིར་སྨྲས་པ། རིགས་པ་གང་གིས་གཞན་ཉིད་མི་འཐད་པ་ཡིན། འདིར་བཤད་པ། གཞན་ནི་གཞན་ལ་བརྟེན་ཏེ་གཞན། །གཞན་མེད་གཞན་ལས་གཞན་མི་འགྱུར། །གང་ལ་


DTG096_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ཏེ་གང་ཡིན་པ། །དེ་ནི་དེ་ལས་གཞན་མི་འཐད། །འདི་ལ་ཁྱོད་གཞན་ཞེས་བྱ་བར་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་དེ་ལས་གཞན་པ་འགའ་ཞིག་ལ་བརྟེན་ཏེ་གཞན་དུ་འགྱུར་བ་ཡིན་ན། གཞན་མེད་ན་གཞན་ནི་རང་ལས་གཞན་དུ་མི་འགྱུར་རོ། །ཡང་གཞན་ཡང། གང་ལ་བརྟེན་ཏེ་གང་འབྱུང་བ་དེ་ནི་དེ་ལས་གཞན་ཡིན་པར་མི་འཐད་དོ། །འདིར་སྨྲས་པ། གལ་ཏེ་གཞན་ཡིན་པར་འགྱུར་ན་དེས་སྐྱོན་ཅི་ཞིག་ཏུ་ཐལ་བར་འགྱུར། འདིར་བཤད་པ། གལ་ཏེ་གཞན་ནི་གཞན་ལས་གཞན། །གཞན་མེད་པར་ཡང་རུང་བར་འགྱུར།།གཞན་ལས་གཞན་པའི་གཞན་པ་དེ། །མེད་ན་མེད་པས་དེའི་ཕྱིར་མེད། །གལ་ཏེ་གང་ལ་བརྟེན་ནས་གཞན་དུ་འགྱུར་བ་དེ། དེ་ལས་གཞན་ཡིན་པར་གྱུར་ན་ནི། གཞན་དེ་མེད་པར་ཡང་དེ་བཞིན་དུ་རུང་བར་འགྱུར་བས་དེ་ནི་མི་འཐད་དོ། །ཅི་སྟེ་འདི་སྙམ་དུ་གཞན་ནི་གཞན་ལ་བརྟེན་ནས་གཞན་དུ་འགྱུར་བར་སེམས་ན། གང་གི་ཕྱིར་གཞན་གང་ལས་གཞན་པའི་གཞན་པ་དེ་མེད་ན་གཞན་མེད་པས་རང་ཉིད་ལས་གཞན་ཉིད་དུ་མི་འགྱུར་བ་དེའི་ཕྱིར་གཞན་མེད་པ་ཁོ་ནར་ཤེས་པར་གྱིས་ཤིག །འདིར་སྨྲས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གཞན་ཉིད་མ་ཡིན་མོད་ཀྱི་འོན་ཀྱང་གཞན་ཉིད་ཅེས་བྱ་བ་སྤྱི་གང་ཡིན་པ་དེ་ལ་ལྟོས་ནས་དེ་གཞན་ཉིད་དུ་འགྱུར་རོ། །འདིར་བཤད་པ། གཞན་ཉིད་གཞན་ལ་ཡོད་མ་ཡིན། །གཞན་མ་ཡིན་ལའང་ཡོད་མ་ཡིན། །གཞན་ཉིད་ཡོད་པ་མ་ཡིན་ན། །གཞན་ནམ་དེ་ཉིད་ཡོད་མ་ཡིན། །ཁྱོད་ཀྱིས་གཞན་ཉིད་ཅེས་བྱ་བ་སྤྱི་གང་ཡིན་པ་དེ་ལ་ལྟོས་ནས་དེ་གཞན་དུ་འགྱུར་རོ་ཞེས་སྨྲས་པ་དེས་ན། དེ་ལྟ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དུ་སྨྲས་པ་མ་ཡིན་ནམ། གཞན་ཡང་གཞན་ཉིད་ཅེས་བྱ་བ་གང་ཡིན་པ་དེ་ཡང་དངོས་པོ་ལ་བརྟེན་ཅིང་ལྟོས་ནས་འགྲུབ་པའི་ཕྱིར་དེ་ནི་དངོས་པོ་ལས་གཞན་ལ་ཡང་ཡོད་པ་མ་ཡིན་ལ། གཞན་མ་ཡིན་པ་ལ་ཡང་ཡོད་པ་མ་ཡིན་ནོ། །གཞན་ཉིད་ཡོད་པ་མ་ཡིན་ན་གཞན་ནམ་གཞན་མ་ཡིན་པ་དེ་ཉིད་དུ་རྣམ་པར་བརྟགས་པ་དེ་གཉི་ག་ཡང་ཡོད་པ་མ་ཡིན་ནོ། །ཡང་གཞན་ཡང༌། དེ་ནི་དེ་དང་ཕྲད་པ་མེད། །གཞན་དང་གཞན་ཡང་ཕྲད་མི་འགྱུར། །ཕྲད་བཞིན་པ་དང་ཕྲད་པ་


DTG096_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དང། །ཕྲད་པ་པོ་ཡང་ཡོད་མ་ཡིན། །དེ་ཉིད་ནི་དེ་དང་ཕྲད་པ་མེད་དེ། ཅིའི་ཕྱིར་ཞེ་ན། གཅིག་ཡིན་པའི་ཕྱིར་ཏེ་དེ་ཉིད་དེ་དང་ཕྲད་པར་མི་འགྱུར་བའི་ཕྱིར་རོ། །གཞན་དང་གཞན་ཡང་ཕྲད་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཐ་དད་པའི་ཕྱིར་ཏེ། ཐ་དད་པ་དག་ནི་ཕྲད་པར་མི་འདོད་པའི་ཕྱིར་དང་དགོས་པ་མེད་པའི་ཕྱིར་རོ། །དེ་ལྟར་གང་གི་ཕྱིར་ཡོངས་སུ་བརྟགས་ན་དངོས་པོ་རྣམས་ལ་ཕྲད་པ་མི་འཐད་པ་དེའི་ཕྱིར་ཕྲད་བཞིན་པ་དང་ཕྲད་པ་དང་ཕྲད་པ་པོ་ཡང་ཡོད་པ་མ་ཡིན་ཏེ། གནམ་ས་བཞིན་ནོ། །ཕྲད་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་བཞི་པའོ།། །། འདིར་སྨྲས་པ། དངོས་པོ་རྣམས་ནི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། སོ་སོའི་བྱ་བ་བྱེད་ནུས་པར་སྣང་བའི་ཕྱིར་དང༌། དེ་བཞིན་དུ་བུམ་པའི་ངོ་བོ་ཉིད་དང༌། སྣམ་བུའི་ངོ་བོ་ཉིད་དག་ཀྱང་རྒྱུ་དང་རྐྱེན་རྣམས་ལས་འབྱུང་བའི་ཕྱིར་རོ། །འདིར་བཤད་པ། ངོ་བོ་ཉིད་ནི་རྒྱུ་རྐྱེན་ལས། །འབྱུང་བར་རིགས་པ་མ་ཡིན་ནོ། །ངོ་བོ་ཉིད་ནི་རྒྱུ་དང་རྐྱེན་རྣམས་ལས་བྱུང་བར་རིགས་པ་མ་ཡིན་ནོ། །དེ་ལ་འདི་སྙམ་དུ་གལ་ཏེ་ངོ་བོ་ཉིད་རྒྱུ་དང་རྐྱེན་རྣམས་ལས་བྱུང་བར་གྱུར་ན་དེས་སྐྱོན་ཅིར་འགྱུར་སྙམ་དུ་སེམས་ན། འདིར་བཤད་པ། རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །ངོ་བོ་ཉིད་ནི་བྱས་པར་འགྱུར། །རྒྱུ་དང་རྐྱེན་རྣམས་ལས་བྱུང་བར་གྱུར་ན། ངོ་བོ་ཉིད་བྱས་པ་ཡིན་པའི་སྐྱོན་དེར་འགྱུར་རོ། །འདིར་སྨྲས་པ། གལ་ཏེ་ངོ་བོ་ཉིད་བྱས་པ་ཉིད་ཡིན་པར་གྱུར་ན་དེས་ཅིར་འགྱུར། འདིར་སྨྲས་པ། ངོ་བོ་ཉིད་ནི་བྱས་པ་ཞེས། །ཇི་ལྟ་བུར་ན་རུང་བར་འགྱུར། །ངོ་བོ་ཉིད་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ངོ་བོ་ཉིད་ནི་བྱས་པ་ཞེས་བྱ་བར་ཇི་ལྟར་རུང་བར་འགྱུར་ཏེ། གང་གི་ཕྱིར་ངོ་བོ་ནི་བཅོས་མ་མ་ཡིན་པ་དང་གཞན་ལ་ལྟོས་པ་མེད་པ་ཡིན་པའི་ཕྱིར་རོ། །འདིར་སྨྲས་པ། གལ་ཏེ་ངོ་བོ་ཉིད་མེད་ན་འོ་ན་ད་གཞན་གྱི་དངོས་པོ་ནི་ཡོད་དོ། །འདིར་བཤད་པ། ངོ་བོ་ཉིད་ནི་ཡོད་མིན་ན། །གཞན་གྱི་དངོས་པོ་ག་ལ་ཡོད། །གཞན་གྱི་དངོས་པོའི་ངོ་བོ་ཉིད། །གཞན་གྱི་དངོས་པོ་ཡིན་ཞེས་བརྗོད། །ངོ་བོ་ཉིད་ཡོད་པ་མ་ཡིན་ན། གཞན་གྱི་དངོས་པོ་ག་ལ་ཡོད་དོ། །གང་གི་ཕྱིར་གཞན་གྱི་དངོས་པོའི་ངོ་བོ་


DTG096_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི་གཞན་གྱི་དངོས་པོ་ཡིན་ཞེས་བརྗོད་ན། ངོ་བོ་ཉིད་དེ་ཡང་ཡོངས་སུ་བརྟགས་ན། མི་འཐད་པ་དེའི་ཕྱིར་གཞན་གྱི་དངོས་པོ་ཡང་མེད་དོ། །འདིར་སྨྲས་པ། ངོ་བོ་ཉིད་དང་གཞན་གྱི་དངོས་པོ་དག་མེད་པར་ཡང་དངོས་པོ་ཡོད་པར་འགྱུར་རོ། །འདིར་བཤད་པ། ངོ་བོ་ཉིད་དང་གཞན་དངོས་དག །མ་གཏོགས་དངོས་པོ་ག་ལ་ཡོད། །ངོ་བོ་ཉིད་དང་གཞན་དངོས་དག །ཡོད་ན་དངོས་པོ་འགྲུབ་པར་འགྱུར། །ངོ་བོ་ཉིད་དང་གཞན་གྱི་དངོས་པོ་དག་མ་གཏོགས་པའི་དངོས་པོ་ག་ལ་ཡོད་དེ། ཅིའི་ཕྱིར་ཞེ་ན། འདི་ལྟར་ངོ་བོ་ཉིད་དང༌། གཞན་གྱི་དངོས་པོ་དག་ཡོད་ན་དངོས་པོ་འགྲུབ་པར་འགྱུར་བའི་ཕྱིར་རོ། །འདིར་སྨྲས་པ། འོ་ན་དངོས་པོ་མེད་པ་ཡོད་དོ། །འདིར་བཤད་པ། གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་མེད་འགྲུབ་པར་མི་འགྱུར་རོ། །དངོས་པོ་གཞན་དུ་འགྱུར་བ་ནི། །དངོས་མེད་ཡིན་པར་སྐྱེ་བོ་སྨྲ། །གལ་ཏེ་དངོས་པོ་ཁས་བླངས་པ་དེ་རབ་ཏུ་མ་གྲུབ་ན། འོ་ན་དེ་ལྟ་ན་དངོས་པོ་མེད་པ་ཡང་རབ་ཏུ་འགྲུབ་པར་མི་འགྱུར་བ་མ་ཡིན་ནམ། ཅིའི་ཕྱིར་ཞེ་ན། དངོས་པོ་གཞན་དུ་འགྱུར་བ་དེ་ནི་དངོས་པོ་མེད་པ་ཡིན་པར་སྐྱེ་བོ་དག་སྨྲ་བའི་ཕྱིར་རོ། །འདིར་སྨྲས་པ། འདི་ལ་དངོས་པོའི་དེ་ཁོ་ན་མཐོང་བས་ཐར་པར་འགྱུར་རོ། །ཞེས་བྱ་བ་ཡོད་པས་དེའི་ཕྱིར་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཀྱང་ཡོད་དོ། །འདིར་བཤད་པ། གང་དག་དངོས་ཉིད་གཞན་དངོས་དང༌། །དངོས་དང་དངོས་མེད་ཉིད་ལྟ་བ། །དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་ཡིན་ནོ། །གང་དག་ངོ་བོ་ཉིད་དང་གཞན་གྱི་དངོས་པོ་དང༌། དངོས་པོ་དང་དངོས་པོ་མེད་པ་ཉིད་ཅེས་བྱ་བ་རྣམ་པ་བཞི་པོ་དག་ཏུ་ལྟ་བ་དེ་དག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་ལ་དེ་ཁོ་ན་མཐོང་བ་མ་ཡིན་ནོ། །ཡང་གཞན་ཡང༌། བཅོམ་ལྡན་དངོས་དང་དངོས་མེད་པ། །སྟོན་པས་ཀཱ་ཏྱཱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང༌། །མེད་པ་གཉི་གའང་དགག་པ་མཛད། །གང་གི་ཕྱིར་བཅོམ་ལྡན་འདས་དངོས་པོ་དང་དངོས་པོ་མེད་པ་སྟོན་པས་ཀཱ་ཏྱཱ་ཡ་ནའི་གདམས་ངག་ཅེས་བྱ་བའི་མདོ་ལས་ཡོད་པ་དང་མེད་པ་གཉི་ག་ཡང་དགག་པ་མཛད་དེ། དེའི་ཕྱིར་


DTG096_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་དང་དངོས་པོ་མེད་པར་ལྟ་བ་དེ་དག་སྤང་བར་བྱའོ། །ཡང་གཞན་ཡང༌། གལ་ཏེ་རང་གཞན་ཡོད་ཉིད་ན། །དེ་ནི་མེད་ཉིད་མི་འགྱུར་རོ། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པར་མི་འགྱུར་རོ། །གལ་ཏེ་རང་བཞིན་གྱིས་ཡོད་པ་ཉིད་ཡིན་ན། དེ་ལྟ་ན་དེ་ནི་མེད་པ་ཉིད་དུ་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རང་བཞིན་གཞན་དུ་འགྱུར་བ་ནི་ནམ་ཡང་འཐད་པར་མི་འགྱུར་བའི་ཕྱིར་རོ། །ཡང་གཞན་ཡང༌། རང་བཞིན་ཡོད་པ་མ་ཡིན་ན། །གཞན་དུ་འགྱུར་བ་གང་གི་ཡིན། །རང་བཞིན་ཡོད་པ་ཡིན་ན་ཡང༌། །གཞན་དུ་འགྱུར་བ་ཇི་ལྟར་རུང༌། །དངོས་པོ་རྣམས་ཀྱི་ཡོད་པ་ཉིད། །རང་བཞིན་གྱིས་ཡོད་པ་མ་ཡིན་ན་གཞན་དུ་འགྱུར་བ་དེ་གང་གི་ཡིན་པར་འགྱུར། གལ་ཏེ་རང་བཞིན་གྱིས་ཡོད་པ་ཡིན་ན་ཡང་དེ་ཉིད་གཞན་དུ་འགྱུར་བར་ཇི་ལྟར་རུང་སྟེ་དེ་ཡང་འཐད་བར་མི་འགྱུར་ཞེས་པའོ། །ཡང་གཞན་ཡང༌། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཡོད་ཅེས་བྱ་བར་དེ་ལྟར་མངོན་པར་ཞེན་ན་རྟག་པར་འཛིན་མ་ཡིན་ལ། མེད་ཅེས་བྱ་བ་དེ་ལྟར་མངོན་པར་ཞེན་ན་ཆད་པར་ལྟ་བ་ཡིན་པས། དེ་ཕྱིར་ཡོད་པ་ཉིད་དང་མེད་པ་ལ་མཁས་པས་གནས་པར་མི་བྱའོ། །འདིར་སྨྲས་པ། ཇི་ལྟར་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་འགྱུར། འདིར་བཤད་པ། གང་ཞིག་ངོ་བོ་ཉིད་ཡོད་པས། །དེ་ནི་མེད་པ་མིན་པས་རྟག །སྔོན་བྱུང་ད་ལྟར་མེད་ཅེས་བྱ། །དེ་ན་ཆད་པར་ལྟ་བར་འགྱུར། །གང་ཞིག་ངོ་བོ་ཉིད་ཀྱིས་ཡོད་པ་དེ་ནི་ཕྱིས་མེད་པ་ཉིད་དུ་མི་འཐད་དེ། རང་བཞིན་ནི་མི་འགྱུར་བས་དེའི་ཕྱིར་ཡོད་པ་ཉིད་དུ་ལྟ་བ་ལས་རྟག་པར་ལྟ་བར་ཐལ་བར་འགྱུར་རོ། །དངོས་པོ་དེ་སྔོན་བྱུང་བ་དེ་ལྟར་མེད་དོ་ཞེས་དངོས་པོ་ཡོད་པ་ལ་འཇིག་པར་ལྟ་བ་དེས་ན་ཆད་པར་ལྟ་བར་ཐལ་བར་འགྱུར་རོ། །དེ་ལྟར་གང་གི་ཕྱིར་དངོས་པོ་རྣམས་ལ་ཡོད་པ་ཉིད་དང་མེད་པ་ཉིད་དུ་ལྟ་བ་ལ་སྐྱོན་དུ་མར་འགྱུར་བ་དེའི་ཕྱིར་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཞེས་བྱ་བ་དེ་ནི་དེ་ཁོ་ན་མཐོང་བ་སྟེ། དབུ་མའི་ལམ་ཡིན་ལ་དེ་ཉིད་དོན་དམ་པ་འགྲུབ་པ་ཡིན་ནོ། །དངོས་པོ་དང་དངོས་པོ་མེད་པ་བརྟག་པ་


DTG096_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅོ་ལྔ་པའོ།། །།འདིར་སྨྲས་པ། གཞི་མེད་པ་ལ་འཁོར་བ་དང་མྱ་ངན་ལས་འདས་པ་དང༌། བཅིངས་པ་དང་ཐར་པ་རྟག་ཏུ་མི་རུང་བས། འདུ་བྱེད་རྣམས་དང༌། སེམས་ཅན་འཁོར་བ་དང༌། མྱ་ངན་ལས་འདས་པ་དང་བཅིངས་པ་དང་ཐར་བར་འགྱུར་རོ། །རིགས་པ་གང་གིས་འདུ་བྱེད་རྣམས་དང་སེམས་ཅན་འཁོར་བ་དང་མྱ་ངན་ལས་འདས་པ་དང༌། བཅིངས་པ་དང་ཐར་བར་མི་འཐད་པར་བསྟན་པ་དེ་ཡང་ཉན་པར་འདོད་དོ། །འདིར་བཤད་པ། གལ་ཏེ་འདུ་བྱེད་འཁོར་ཞེ་ན། །དེ་དག་རྟག་ན་མི་འཁོར་ཏེ། །མི་རྟག་ན་ཡང་འཁོར་མི་འགྱུར། །སེམས་ཅན་ལ་ཡང་རིམ་འདི་མཚུངས། །གལ་ཏེ་འདུ་བྱེད་རྣམས་འཁོར་བར་ཡོངས་སུ་རྟོག་ན། དེ་དག་རྟག་པའམ་མི་རྟག་པ་བཞི་འཁོར་བར་འགྱུར་གྲང་ན། གཉི་ག་ལྟར་ཡང་མི་འཐད་དོ། །རེ་ཞིག་རྟག་ན་ནི་མི་འཁོར་ཏེ། ཅིའི་ཕྱིར་ཞེ་ན། ངེས་པར་གནས་པའི་ཕྱིར་དང༌། ངོ་བོ་ཉིད་ཡོད་པའི་ཕྱིར་དང༌། རྣམ་པར་མི་འགྱུར་བའི་ཕྱིར་རོ། །མི་རྟག་ན་ཡང་འཁོར་ཏེ། ཅིའི་ཕྱིར་ཞེ་ན། ངེས་པར་མི་གནས་པའི་ཕྱིར་དང༌། ངོ་བོ་ཉིད་སྟོང་པའི་ཕྱིར་དང་རྣམ་པར་འགྱུར་བའི་ཕྱིར་རོ། །ཇི་སྟེ་སེམས་ཅན་འཁོར་བར་སེམས་ན། སེམས་ཅན་ཡང་རིམ་པ་འདི་མཚུངས་པར་ཤེས་པར་བྱའོ། །འདིར་སྨྲས་པ། སེམས་ཅན་ཕུང་པོ་དང་སྐྱེ་མཆེད་དང༌། ཁམས་ལས་དེ་ཉིད་དང་གཞན་ཉིད་དང་རྟག་པ་དང་མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་འཁོར་རོ། །འདིར་བཤད་པ། གལ་ཏེ་གང་ཟག་འཁོར་ཞེ་ན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ལ། །དེ་ནི་རྣམ་པ་ལྔས་བཙལ་ན། །མེད་ན་གང་ཞིག་འཁོར་བར་འགྱུར། །གལ་ཏེ་གང་ཟག་འཁོར་བར་སེམས་ན་དེ་ནི་ཆེས་ཤིན་ཏུ་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཕུང་པོ་དང་སྐྱེ་མཆེད་དང༌། ཁམས་རྣམས་ལ་དེ་དེ་དག་ཉིད་དམ། དེ་དག་ལས་གཞན་ནམ། དེ་ལ་དེ་དག་ཡོད་དམ། དེ་དག་ལ་དེ་ཡོད་དམ། དེ་དེ་དག་དང་ལྡན་ནམ་ཞེས་རྣམ་པ་ལྔས་བཙལ་ན་མེད་པའི་ཕྱིར་ཏེ། དེ་མེད་ན་གང་ཞིག་འཁོར་བར་འགྱུར། ཡང་གཞན་ཡང༌། ཉེ་བར་ལེན་ནས་ཉེར་ལེན་པར། །འཁོར་ན་སྲིད་པ་


DTG096_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་འགྱུར། །སྲིད་མེད་ཉེ་བར་ལེན་མེད་ན། །དེ་གང་ཅི་ཞིག་འཁོར་བར་འགྱུར། །གལ་ཏེ་གང་ཟག་འཁོར་རོ་ཞེས་བརྟགས་ན་དེ་ཉེ་བར་ལེན་པ་དང་བཅས་པ་ཞིག་གམ། ཉེ་བར་ལེན་པ་མེད་པ་ཞིག་འཁོར་བར་འགྱུར་གྲང་ན། གཉི་ག་ལྟར་ཡང་མི་འཐད་དོ། །དེ་ལ་རེ་ཞིག་ཉེ་བར་ལེན་པ་དང་བཅས་པ་ནི་འཁོར་བར་མི་འཐད་དེ། ཅིའི་ཕྱིར་ཞེ་ན། ཉེ་བར་ལེན་པ་ནས་ཉེ་བར་ལེན་པ་གཞན་དུ་འཁོར་བ་ན་དེའི་བར་སྐབས་ན་སྲིད་པ་མེད་པར་འགྱུར་བའི་ཕྱིར་རོ། །ཉེ་བར་ལེན་པ་མེད་པ་ཡང་མི་འཁོར་ཏེ། ཅིའི་ཕྱིར་ཞེ་ན། སྲིད་པ་དང་ཉེ་བར་ལེན་པ་མེད་པའི་ཕྱིར་ཏེ། དེ་མེད་ན་དེ་གང་ཞིག་ཡིན་ཞིང་ཅི་ཞིག་འཁོར་བར་འགྱུར། འདིར་སྨྲས་པ། གཞི་མེད་པར་མྱ་ངན་ལས་འདའ་བ་མི་འཐོབ་པས། འདུ་བྱེད་རྣམས་དང་སེམས་ཅན་མྱ་ངན་ལས་འདའ་བར་འགྱུར་རོ། །འདིར་བཤད་པ། འདུ་བྱེད་མྱ་ངན་འདའ་བར་ནི། །ཇི་ལྟ་བུར་ཡང་མི་འཐད་དོ། །སེམས་ཅན་མྱ་ངན་འདའ་བར་ཡང༌། །ཇི་ལྟ་བུར་ཡང་འཐད་མི་འགྱུར། །ཁྱོད་ཀྱི་འདུ་བྱེད་རྣམས་དང༌། སེམས་ཅན་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་གང་སྨྲས་པ་དེ་ལ་ཡང་ཁོ་བོས་སྔར་འདུ་བྱེད་རྣམས་དང༌། སེམས་ཅན་ངོ་བོ་ཉིད་མེད་པའི་ཕྱིར་རྣམ་པ་ཐམས་ཅད་ཀྱིས་འཁོར་བར་མི་འཐད་དོ། །ཞེས་བསྟན་ཟིན་པས་འཁོར་བར་མི་འཐད་པའི་ཕྱིར་འདུ་བྱེད་རྣམས་དང་སེམས་ཅན་རྣམ་པ་གཞན་གང་གིས་མྱ་ངན་ལས་འདའ་བ་འཐད་པར་འགྱུར། འདིར་སྨྲས་པ། གཞི་མེད་པར་འཆིང་བ་དང་ཐར་པ་དག་བསམ་དུ་མི་རུང་བས་འདུ་བྱེད་རྣམས་དང་སེམས་ཅན་འཆིང་བ་དང༌། ཐར་པ་གཉི་གར་འགྱུར་རོ། །འདིར་བཤད་པ། སྐྱེ་འཇིག་ཆོས་ཅན་འདུ་བྱེད་རྣམས། །མི་འཆིང་གྲོལ་བར་མི་འགྱུར་ཏེ། །སྔ་མ་བཞིན་དུ་སེམས་ཅན་ཡང༌། །མི་འཆིང་གྲོལ་པར་མི་འགྱུར་རོ། །ཁྱོད་ཀྱིས་འདུ་བྱེད་རྣམས་དང་སེམས་ཅན་འཆིང་བ་དང་ཐར་པ་གཉི་གར་འགྱུར་རོ་ཞེས་གང་སྨྲས་པ་དེ་ལ། རེ་ཞིག་འདུ་བྱེད་རྣམས་ནི་འཆིང་བ་དང་ཐར་པར་མི་འཐད་དེ། ཅིའི་ཕྱིར་ཞེ་ན། སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །སེམས་ཅན་ཡང་འཆིང་བ་དང་ཐར་པར་མི་འཐད་དེ། ཅིའི་ཕྱིར་ཞེ་ན། སྔ་མ་བཞིན་དུ་


DTG096_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལ་རྣམ་པ་ལྔས་བཙལ་ན་མེད་པའི་ཕྱིར་རོ། །འདིར་སྨྲས་པ། སེམས་ཅན་ཉེ་བར་ལེན་པ་དང་བཅས་པ་དང༌། ཉེ་བར་ལེན་པ་མེད་པ་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་འཆིང་བར་འགྱུར་རོ། །འདིར་བཤད་པ། གལ་ཏེ་ཉེ་བར་ལེན་འཆིང་ན། །ཉེ་བར་ལེན་བཅས་འཆིང་མི་འགྱུར། །ཉེ་བར་ལེན་མེད་མི་འཆིང་སྟེ། །གནས་སྐབས་གང་ཞིག་འཆིང་བར་འགྱུར། །གལ་ཏེ་ཉེ་བར་ལེན་པ་འཆིང་བ་ཡིན་པར་སེམས་ན། དེ་ལྟ་ན་ཉེ་བར་ལེན་པ་དང་བཅས་པ་ནི་འཆིང་བར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཉེ་བར་ལེན་པ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཉེ་བར་ལེན་པ་མེད་པ་ཡང་འཆིང་བར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཉེ་བར་ལེན་པ་མེད་ཅིང་སྲིད་པ་མེད་པ་ལ་གང་གིས་ཀྱང་འཆིང་བར་མི་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་འོ་ན་དེ་གནས་སྐབས་གསུམ་པ་གང་ཞིག་འཆིང་བར་འགྱུར་བར་རྟོག །ཡང་གཞན་ཡང༌། གལ་ཏེ་བཅིངས་པའི་སྔ་རོལ་ན། །འཆིང་བ་ཡོད་ན་འཆིང་ལ་རག །དེ་ཡང་མེད་དེ་ལྷག་མ་ནི། །སོང་དང་མ་སོང་བགོམ་པས་བསྟན། །གལ་ཏེ་བཅིངས་པའི་དངོས་པོའི་སྔ་རོལ་ན་འཆིང་བ་ཡོད་ན་ནི་དེས་དེ་འཆིང་ལ་རག་ན་གང་གི་ཕྱིར་ཡོངས་སུ་བརྟགས་ན། འཆིང་བ་དེ་ཡང་སྔ་རོལ་ན་མེད་པ་དེའི་ཕྱིར་ཉེ་བར་ལེན་པ་འཆིང་བ་མི་འཐད་དོ། །ལྷག་མ་ནི་སོང་བ་དང་མ་སོང་བ་དང་བགོམ་པས་བསྟན་ཏེ། ཇི་ལྟར་སོང་བ་དང་མ་སོང་བ་དང་བགོམ་པ་དག་ལ་འགྲོ་བ་དང་འགྲོ་བའི་རྩོམ་པ་མེད་པ་ལ་སོགས་པ་བཞིན་དུ། བཅིངས་པ་དང༌། མ་བཅིངས་པ་དང༌། འཆིང་བཞིན་པ་དག་ལ་ཡང་འཆིང་བ་དང་འཆིང་བའི་རྩོམ་པ་མེད་པ་ལ་སོགས་པའོ། །འདིར་སྨྲས་པ། ཐར་པ་ནི་ཡོད་དོ། །འདིར་བཤད་པ། རེ་ཞིག་བཅིངས་པ་མི་གྲོལ་ཏེ། །མ་བཅིངས་པ་ཡང་གྲོལ་མི་འགྱུར། །རེ་ཞིག་བཅིངས་པ་ནི་མི་གྲོལ་ཏེ། ཅིའི་ཕྱིར་ཞེ་ན། བཅིངས་པའི་ཕྱིར་རོ། །མ་བཅིངས་པ་ཡང་གྲོལ་བར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འཆིང་བ་མེད་པའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་གལ་ཏེ་བཅིངས་པ་གྲོལ་བར་འགྱུར་ན། དེས་སྐྱོན་ཅིར་འགྱུར་སྙམ་དུ་


DTG096_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ན། དེ་ལ་བཤད་པར་བྱ་སྟེ། བཅིངས་པ་གྲོལ་བཞིན་ཡིན་གྱུར་ན། །བཅིངས་དང་གྲོལ་བ་དུས་གཅིག་འགྱུར། །བཅིངས་པ་གྲོལ་བཞིན་ཡིན་པར་གྱུར་ན། །བཅིངས་པ་དང་གྲོལ་བ་དུས་གཅིག་ཏུ་འགྱུར་བས་དེ་ནི་མི་འདོད་དེ། བཅིངས་པ་དང་གྲོལ་བ་གཉིས་སུ་མི་མཐུན་པའི་ཕྱིར་མར་མེ་དང་མུན་པ་བཞིན་ནོ། །འདིར་སྨྲས་པ། ཐར་བ་ནི་ཡོད་དེ་འཁོར་བས་འཇིགས་པ་རྣམས་ལ་ནམ་ཞིག་ན་བདག་ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཞིག་གུ། ནམ་ཞིག་ན་ཡོངས་སུ་མྱ་ངན་ལས་འདས་པར་བདག་གིར་འགྱུར་ཞིག་གུ་སྙམ་དུ་སེམས་པ་ཡོད་པའི་ཕྱིར་རོ། །འདིར་བཤད་པ། བདག་ནི་ལེན་མེད་མྱ་ངན་འདས། །མྱང་འདས་བདག་གིར་གྱུར་ཅིག་ཅེས། །གང་དག་འཛིན་པ་དེ་དག་གི །ཉེར་ལེན་ལེགས་པར་ཟིན་མ་ཡིན། །གང་དག་ནམ་ཞིག་ན་བདག་ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཞིག་གུ། །ནམ་ཞིག་ན་ཡོངས་སུ་མྱ་ངན་ལས་འདས་པ་བདག་གིར་འགྱུར་ཞིག་གུ་སྙམ་དུ་འཛིན་པ་དེ་དག་གི་བདག་དང་བདག་གིར་འཛིན་པའི་ཉེ་བར་ལེན་པ་དེ་ནི་ལེགས་པར་ཟིན་པ་མ་ཡིན་པར་ཤེས་པར་བྱའོ། །འདིར་སྨྲས་པ། རེ་ཞིག་འཁོར་བ་དང་མྱ་ངན་ལས་འདས་པ་དག་ནི་ཡོད་དོ། །དེ་དག་ཀྱང་འགའ་ཞིག་ཁོ་ནའི་ཡིན་གྱི་ཅི་ཡང་མེད་པའི་མ་ཡིན་པས་དེ་འཁོར་བ་པོ་དང་མྱ་ངན་ལས་འདའ་བ་པོ་ཡང་ཡོད་དོ། །འདིར་བཤད་པ། གང་ལ་མྱ་ངན་འདའ་བསྐྱེད་མེད། །འཁོར་བ་བསལ་བའང་ཡོད་མིན་པ། །དེ་ལ་འཁོར་བ་ཅི་ཞིག་ཡིན། །མྱ་ངན་འདས་པའང་ཇི་ཞིག་བརྟག །གང་ལ་དོན་དམ་པ་མྱ་ངན་ལས་འདས་པ་བསྐྱེད་དུ་མེད་ཅིང་འཁོར་བ་བསལ་བ་ཡང་ཡོད་པ་མ་ཡིན་པ་དེ་ལ་འཁོར་བ་ཇི་ཞིག་ཡིན་པར་བརྟག་ཅིང་མྱ་ངན་ལས་འདས་པ་ཡང་ཇི་ཞིག་ཡིན་ཞེས་བརྟག་པར་བྱ། དེ་དག་མེད་ན་འཁོར་བ་པོ་དང༌། མྱ་ངན་ལས་འདའ་བ་པོ་ཡང་ཡོད་པ་མ་ཡིན་ཏེ། ནམ་མཁའ་བཞིན་ནོ། །བཅིངས་པ་དང་ཐར་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་དྲུག་པའོ།། །།འདིར་སྨྲས་པ། དངོས་པོ་ཐམས་ཅད་ནི་སྟོན་པ་ཡིན་ཏེ། ལས་དང་འབྲས་བུ་རྣམ་པར་གཞག་


DTG096_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །ལས་གང་ཞེ་ན། བདག་ཉིད་ལེགས་པར་སྡོམ་པ་དང༌། །གཞན་ལ་ཕན་འདོགས་བྱམས་སེམས་གང༌། །དེ་ཆོས་དེ་ནི་འདི་གཞན་དུ། །འབྲས་བུ་དག་གི་ས་བོན་ཡིན། །བདག་ཉིད་ལེགས་པར་སྡོམ་པ་ནི། །བདག་ཉིད་ངེས་པར་འཛིན་པ་ཡིན་པར་བསྟན་ཏོ། །གཞན་ལ་ཕན་འདོགས་པ་ནི་གཞན་དག་ལ་ཕན་འདོགས་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །བྱམས་པ་ནི་བྱམས་པ་དང་ལྡན་པ་སྟེ། སེམས་ཅན་རྣམས་ལ་ཕན་པར་འདོད་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་གི་སེམས་གང་ཡིན་པ་དེ་ནི་ཆོས་ཡིན་པར་ངེས་པར་གཟུང་བར་བསྟན་ཏོ། །དེ་ནི་འཇིག་རྟེན་འདི་དང་གཞན་དག་ཏུ་འབྲས་བུ་དག་གི་ས་བོན་ཡིན་པར་བསྟན་ཏོ། །དེ་ཡང་གང་ཞེ་ན། སྨྲས་པ། དྲང་སྲོང་མཆོག་གིས་ལས་རྣམས་ནི། །སེམས་པ་དང་ནི་བསམ་པར་གསུངས། །ལས་དེ་དག་གི་བྱེ་བྲག་ནི། །རྣམ་པ་དུ་མར་ཡོངས་སུ་བསྒྲགས། །ལས་དེ་དག་གི་བྱེ་བྲག་རྒྱས་པར་ནི་ཆོས་མངོན་པ་ལས་གསུངས་པས་འཕྲོས་པ་གསལ་བའི་ཕྱིར་འདིར་མ་བརྗོད་དེ། །དེ་ལ་ལས་གང་སེམས་པ་ཞེས། །གསུངས་པ་དེ་ནི་ཡིད་ཀྱིར་འདོད། །བསམ་པ་ཞེས་ནི་གང་གསུངས་པ། །དེ་ནི་ལུས་དང་ངག་གི་ཡིན། །དེ་དག་རྣམ་པར་བཤད་པ་ནི་འདི་ཡིན་ཏེ། དེ་ཡང་མདོར་བསྡུས་ན་མཚན་ཉིད་ཇི་ལྟ་བུ་ཞེ་ན། སྨྲས་པ། ངག་དང་བསྐྱོད་དང་མི་སྤོང་པའི། །རྣམ་རིག་བྱེད་མིན་ཞེས་བྱ་གང༌། །སྤོང་པའི་རྣམ་རིག་བྱེད་མིན་པ། །གཞན་དག་ཀྱང་ནི་དེ་བཞིན་འདོད། །ལོངས་སྤྱོད་ལས་བྱུང་བསོད་ནམས་དང༌། །བསོད་ནམས་མ་ཡིན་ཚུལ་དེ་བཞིན། །སེམས་པ་དང་ནི་ཆོས་དེ་བདུན། །ལས་སུ་མངོན་པར་འདོད་པ་ཡིན། །ངག་ཅེས་བྱ་བ་ནི་ངག་གི་ལས་རྣམ་པ་བཞིའོ། །བསྐྱོད་པ་ཞེས་བྱ་བ་ནི་ལུས་ཀྱི་གཡོ་བ་རྣམ་པ་གསུམ་མོ། །མི་སྤོང་བའི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། མི་དགེ་བ་ཡང་དག་པར་བླངས་པ་ཚུན་ཆད་ནས་མི་སྤོང་པ་གཞན་ཉེ་བར་སྐྱེས་པ་ལུས་དང་ངག་གི་གང་ཡིན་པའོ། །རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་ནི་བསྐྱོད་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ །སྤོང་བ་


DTG096_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རིག་བྱེད་མ་ཡིན་པ་གཞན་དག་ཀྱང་དེ་བཞིན་དུ་འདོད་དོ། །ཞེས་བྱ་བ་ནི་དགེ་བ་ཡང་དག་པར་བླངས་པ་ཚུན་ཆད་ནས། སྤོང་བ་གཞན་ཉེ་བར་སྐྱེས་པ་ལུས་དང་ངག་གི་གང་ཡིན་པ་སྟེ། མི་སྤོང་བ་དང་འདྲ་བར་བསྟན་ཏོ། །ལོངས་སྤྱད་པ་ལས་བྱུང་བའི་བསོད་ནམས་ཞེས་བྱ་བ་ནི། ཡོངས་སུ་ལོངས་སྤྱོད་པའི་རྒྱུ་ལས་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ །བསོད་ནམས་མ་ཡིན་ཚུལ་དེ་བཞིན། །ཞེས་བྱ་བ་ནི་ཡོངས་སུ་ལོངས་སྤྱད་པའི་རྒྱུ་ལས་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ །སེམས་པ་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་དེ་བདུན་ལས་སུ་མངོན་པར་འདོད་པ་ཡིན་ནོ། །ཞེས་བྱ་བ་ནི་མདོར་བསྡུ་ན་ཆོས་བདུན་པོ་དེ་དག་ནི་ལས་མངོན་པར་བྱེད་པ་ཡིན་པར་བསྟན་ཏེ། ལས་སུ་མངོན་པར་བྱེད་པ་ནི་དེ་དག་གི་ལས་ཡིན་པར་མངོན་པ་དང༌། གསལ་བ་དང༌། གཟུང་བ་དང་མཚོན་པར་བྱེད་པ་ཡིན་ནོ། །དེ་ལྟར་གང་གི་ཕྱིར་ལས་དེ་ལྟ་བུ་དག་གི་འབྲས་བུ་འདི་དང་གཞན་དུ་འབྱུང་བར་བསྟན་པ་དེའི་ཕྱིར་ལས་དང་འབྲས་བུ་རྣམ་པར་བཞག་པས་དངོས་པོ་ཐམས་ཅད་སྟོང་པ་མ་ཡིན་ནོ། །འདིར་བཤད་པ། གལ་ཏེ་སྨིན་པའི་དུས་བར་དུ། །གནས་ན་ལས་དེ་རྟག་པར་འགྱུར། །གལ་ཏེ་འགག་ན་འགག་གྱུར་པས། །ཇི་ལྟར་འབྲས་བུ་སྐྱེད་པར་འགྱུར། །འདི་ལ་ལས་གནས་པའམ་འགག་པ་ཞིག་འབྲས་བུ་སྐྱེད་པར་གྱུར་གྲང་ན། གཉི་ག་ལྟར་ཡང་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། རེ་ཞིག་གལ་ཏེ་ལས་སྨིན་པའི་དུས་ཀྱི་བར་དུ་གནས་ན། དེ་ལྟར་ན་རྟག་པར་གྱུར་བས་དེ་ནི་མི་འདོད་དོ། །གལ་ཏེ་འགག་པར་སེམས་ན། འགག་པར་གྱུར་པ་ནི་མེད་པ་ཡིན་པས་ཇི་ལྟར་འབྲས་བུ་སྐྱེད་པར་འགྱུར། འདིར་སྨྲས་པ། མྱུ་གུ་ལ་སོགས་རྒྱུན་གང་ནི། །ས་བོན་ལས་ནི་མངོན་པར་བྱུང༌། །དེ་ལས་འབྲས་བུ་ས་བོན་ནི། །མེད་ན་དེ་ཡང་འབྱུང་མི་འགྱུར། །གང་ཕྱིར་ས་བོན་ལས་རྒྱུན་དང༌། །རྒྱུན་ལས་འབྲས་བུ་འབྱུང་འགྱུར་ཞིང༌། །ས་བོན་འབྲས་བུའི་སྔོན་འགྲོ་བ། །དེ་ཕྱིར་ཆད་མིན་རྟག་པ་མིན། །འདི་ལ་ས་བོན་ནི་མྱུ་གུའི་རྒྱུན་བསྐྱེད་ནས་འགག་གོ །མྱུ་གུ་ལ་སོགས་པའི་རྒྱུན་གང་ཡིན་པ་དེ་ནི་


DTG096_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་ལས་མངོན་པར་འབྱུང་ཞིང་རྒྱུ་དེ་ལས་འབྲས་བུ་མངོན་པར་འབྱུང་ངོ༌། །ས་བོན་མེད་ན་མྱུ་གུ་ལ་སོགས་པའི་རྒྱུན་དེ་མངོན་པར་འབྱུང་བར་མི་འགྱུར་རོ། །གང་གི་ཕྱིར་ས་བོན་ལས་རྒྱུན་མངོན་པར་འབྱུང་ལ་རྒྱུན་ལས་འབྲས་བུ་མངོན་པར་འབྱུང་བར་འགྱུར་ཞིང་ས་བོན་འབྲས་བུའི་སྔོན་དུ་འགྲོ་བ་དེའི་ཕྱིར་ཆད་པ་དང་རྟག་པ་མ་ཡིན་ཏེ། གང་གི་ཕྱིར་ས་བོན་རྣམ་པ་ཐམས་ཅད་དུ་ཆད་ནས་རྒྱུན་བྱུང་བ་མ་ཡིན་གྱི། རྒྱུན་གྱིས་རྗེས་སུ་འཇུག་པ་དེའི་ཕྱིར་ཆད་པ་མ་ཡིན་ལ། གང་གི་ཕྱིར་ས་བོན་འགག་ཅིང་ངེས་པར་མི་གནས་པ་དེའི་ཕྱིར་རྟག་པ་ཡང་མ་ཡིན་ནོ། །དེ་ཇི་ལྟ་བ་དེ་བཞིན་དུ། སེམས་ཀྱི་རྒྱུན་ནི་གང་ཡིན་པ། །སེམས་པ་ལས་ནི་མངོན་པར་འབྱུང༌། །དེ་ལས་འབྲས་བུ་སེམས་པ་ནི། །མེད་ན་དེ་ཡང་འབྱུང་མི་འགྱུར། །གང་ཕྱིར་སེམས་པ་ལས་རྒྱུན་དང༌། །རྒྱུན་ལས་འབྲས་བུ་འབྱུང་འགྱུར་ཞིང༌། །ལས་ནི་འབྲས་བུ་སྔོན་འགྲོ་བ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །སེམས་ཀྱི་རྒྱུན་གང་ཡིན་པ་དེ་ནི་སེམས་པ་ལས་སུ་བརྗོད་པ་གང་ཡིན་པ་འགག་བཞིན་པ་དེ་ལས་མངོན་པར་འབྱུང་ཞིང་རྒྱུན་དེ་ལས་འབྲས་བུ་མངོན་པར་འབྱུང་ངོ༌། །སེམས་པ་མེད་ན་སེམས་ཀྱི་རྒྱུན་དེ་ཡང་མངོན་པར་འབྱུང་བར་མི་འགྱུར་རོ། །གང་གི་ཕྱིར་སེམས་པ་ལས་སུ་བརྗོད་པ་ལས་སེམས་ཀྱི་རྒྱུན་མངོན་པར་འབྱུང་ལ། སེམས་ཀྱི་རྒྱུན་ལས་འབྲས་བུ་མངོན་པར་འབྱུང་བར་འགྱུར་ཞིང་ལས་དང་འབྲས་བུའི་སྔོན་དུ་འགྲོ་བ་དེའི་ཕྱིར་ཆད་པ་དང་རྟག་པ་མ་ཡིན་ཏེ། གང་གི་ཕྱིར་སེམས་པ་འགག་བཞིན་པ་ལས་སེམས་ཀྱི་རྒྱུན་འབྱུང་གི་སེམས་པ་རྣམ་པ་ཐམས་ཅད་དུ་འགག་པར་མི་འགྱུར་བ་དེའི་ཕྱིར་ཆད་པ་མ་ཡིན་ལ། གང་གི་ཕྱིར་སེམས་པ་འགག་ཅིང་ངེས་པར་མི་གནས་པ་དེའི་ཕྱིར་རྟག་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་རྒྱུན་གྱིས་འབྲས་བུ་འགྲུབ་པས་ན་འཁོར་བ་ཡང་འཐད་ལ་རྟག་པ་དང་ཆད་པའི་སྐྱོན་དུ་ཡང་ཐལ་བར་མི་འགྱུར་རོ། །ཆོས་དེ་སྒྲུབ་པའི་ཐབས་རྣམས་ནི་གང་ཡིན། འབྲས་བུ་ནི་གང་ཡིན་ཞེ་ན། སྨྲས་པ། ཆོས་བསྒྲུབ་པ་ཡི་ཐབས་རྣམས་ནི། །དཀར་པོའི་


DTG096_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་ལམ་བཅུ་སྟེ། །ཆོས་ཀྱི་འབྲས་བུ་འདི་གཞན་དུ། །འདོད་པའི་ཡོན་ཏན་རྣམ་ལྔའོ། །འདི་ལ་བཅོམ་ལྡན་འདས་ཀྱིས་ཆོས་བསྒྲུབ་པའི་ཐབས་ནི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡིན་པར་བསྟན་ལ། དེའི་འབྲས་བུ་ཡང་འདི་དང་གཞན་དུ་འདོད་པའི་ཡོན་ཏན་ལྔ་པོ་དག་ཡིན་པར་བསྟན་ཏེ། ཚིགས་སུ་བཅད་པ་དེ་ནི་དེ་ཙམ་ཉིད་ཀྱིས་རྣམ་པར་བཤད་པས་ཆོག་སྟེ། འཕྲོས་པར་ཐལ་ན་མི་རུང་བའི་ཕྱིར་རོ། །དེ་ལྟར་གང་གི་ཕྱིར་ཆོས་བསྒྲུབ་པའི་ཐབས་དང་ཆོས་ཀྱི་འབྲས་བུ་བསྟན་པ་དེའི་ཕྱིར་ལས་དང་འབྲས་བུར་འབྲེལ་པ་ཡང་ཡོད་ལ་རྟག་པ་དང་ཆད་པར་ཡང་ཐལ་བར་མི་འགྱུར་རོ། །གཞན་དག་གིས་སྨྲས་པ། གལ་ཏེ་བརྟག་པ་དེར་གྱུར་ན། །ཉེས་པ་ཆེན་པོ་མང་པོར་འགྱུར། །དེ་ལྟ་བས་ན་བརྟག་པ་དེ། །འདིར་ནི་འཐད་པ་མ་ཡིན་ནོ། །གལ་ཏེ་ཁྱོད་ཀྱི་ལས་དང་འབྲས་བུར་འབྲེལ་བ་བསྒྲུབ་པ་དཔེར་ན་ས་བོན་དང་མྱུ་གུའི་རྒྱུན་འབྲེལ་པ་བསྟན་པའི་བརྟག་པ་དེ་ལྟར་གྱུར་ན། དེ་ལ་ཉེས་པའི་སྐྱོན་ཆེན་པོ་མང་དུ་འབྱུང་བར་འགྱུར་བས། བརྟག་པ་དེ་འདིར་འཐད་པ་མ་ཡིན་ནོ། །གཏན་ཚིགས་དེས་འདིར་ལས་དང་འབྲས་བུར་འབྲེལ་པ་དག་མི་འཐད་དེ། འཕྲོས་པ་སྤངས་པའི་ཕྱིར་རྒྱས་པར་མི་བརྗོད་དོ། །འོ་ན་ཇི་ལྟ་བུར་འཐད་ཅེ་ན། སྨྲས་པ། སངས་རྒྱས་རྣམས་དང་རང་རྒྱལ་དང༌། །ཉན་ཐོས་རྣམས་ཀྱིས་གང་གསུངས་པ། །བརྟག་པ་གང་ཞིག་འདིར་འཐད་པ། །དེ་ནི་རབ་ཏུ་བརྗོད་པར་བྱ། །དེ་ཡང་གང་ཞེ་ན་སྨྲས་པ། ཇི་ལྟར་བུ་ལོན་དཔང་རྒྱ་ལྟར། །དེ་ལྟར་ལས་དང་ཆུད་མི་ཟ། །བུ་ལོན་ཇི་ལྟ་བ་དེ་ལྟར་ནི་ལས་བལྟ་བར་བྱ་ལ། །དཔང་རྒྱ་ཇི་ལྟ་བ་དེ་ལྟར་ནི་ཆུད་མི་ཟ་བ་བ་བལྟ་བར་བྱ་སྟེ། དཔེར་ན་བུ་ལོན་གྱི་ནོར་དེ་སྤྱད་ཀྱང་དཔང་རྒྱ་ཡོད་པས་ནོར་བདག་གི་ནོར་ཆུད་མི་ཟ་ཞིང་ནོར་གྱི་ཕུང་པོ་སྐྱེག་དང་བཅས་པར་འོང་བ་དེ་བཞིན་དུ། ལས་སྐད་ཅིག་མ་འགགས་སུ་ཟིན་ཀྱང་དེའི་རྒྱུ་ལས་བྱུང་བ་ཆུད་མི་ཟ་བ་ཞེས་བྱ་བའི་ཆོས་ཡོད་པས་བྱེད་པ་པོའི་ལས་ཀྱི་འབྲས་བུ་ཆུད་མི་ཟ་ཞིང་འབྲས་བུ་ཁྱད་པར་དང་བཅས་པ་འོང་བར་འགྱུར་རོ། །ཇི་ལྟར་ནོར་བདག་གིས་ནོར་ཕྱིར་ཞུགས་ན་བུ་ལོན་གྱི་དཔང་རྒྱ་རོང་འགྱུར་བ་དེ་ལྟར་བྱེད་པ་པོས་འབྲས་བུ་


DTG096_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་ན་ཆུད་མི་ཟ་བ་ཡང་དེ་བཞིན་དུ་འགྱུར་རོ། །དེ་ནི་ཁམས་ལས་རྣམ་པ་བཞི། །ཆུད་མི་ཟ་བ་དེ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པར་རྟོགས་པ་དང་ཟག་པ་མེད་པའི་ཁམས་ཀྱི་བྱེ་བྲག་ལས་རྣམ་པ་བཞིར་འགྱུར་རོ། །དེ་ཡང་རང་བཞིན་ལུང་མ་བསྟན། །ཆུད་མི་ཟ་བ་དེ་ཡང་རང་བཞིན་གྱིས་དགེ་བ་དང་མི་དགེ་བ་ཉིད་དུ་བརྡ་མི་སྤྲོད་པའི་ཕྱིར་ལུང་དུ་མ་བསྟན་པ་ཡིན་ཏེ། སྐྱོན་དེ་དག་ཡོངས་སུ་སྤངས་པའི་ཕྱིར། རང་བཞིན་ལུང་དུ་མ་བསྟན་པར་རྣམ་པར་བཞག་གོ །དེ་དག་ཀྱང་ཆོས་མངོན་པ་ལས་ཤེས་པར་བྱ་བ་ཡིན་པས་འཕྲོས་པ་ཡོངས་སུ་སྤང་པའི་ཕྱིར་མི་བརྗོད་དོ། །སྤོང་བས་སྤང་བ་མ་ཡིན་ཏེ། །བསྒོམ་པས་སྤང་བ་ཉིད་ཀྱང་ཡིན། །ཆུད་མི་ཟ་བ་དེ་ནི་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་སྤོང་བས་སྤང་བ་མ་ཡིན་ཏེ། འབྲས་བུ་འཕོ་བ་ན་བསྒོམ་པའི་ལམ་གྱིས་སྤང་བ་དང༌། འབྲས་བུ་སྐྱེད་པས་ཀྱང་སྤང་བ་ཉིད་ཡིན་ནོ། །དེ་ཕྱིར་ཆུད་མི་ཟ་བ་ཡིས། །ལས་ཀྱི་འབྲས་བུ་སྐྱེད་པར་འགྱུར། །དེ་ལྟར་གང་གི་ཕྱིར་དེ་ལྟར་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་སྤོང་བས་སྤང་བ་མ་ཡིན་པ་དེའི་ཕྱིར་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བའི་ལས་མི་དགེ་བ་བཞིན་དུ། ལས་སྤངས་སུ་ཟིན་ཀྱང་ཆུད་མི་ཟ་བས་ལས་རྣམས་ཀྱི་འབྲས་བུ་སྐྱེད་པར་འགྱུར་རོ། །གལ་ཏེ་སྤོང་བས་སྤང་བ་དང༌། །ལས་འཕོ་བ་དང་མཐུན་གྱུར་ན། །དེ་ལ་ལས་འཇིག་ལ་སོགས་པའི། །སྐྱོན་རྣམས་སུ་ནི་ཐལ་བར་འགྱུར། །དེ་ལ་གལ་ཏེ་ཆུད་མི་ཟ་བ་དེ་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་སྤོང་བའི་སྤང་བ་དང་ལས་འགག་ཅིང་འཕོ་བ་དང༌། རིགས་མཐུན་པ་ཡིན་པར་འགྱུར་ན། དེ་ལ་ལས་ཀྱི་འབྲས་བུ་མེད་པས་ལས་འཇིག་པ་ལ་སོགས་པའི་སྐྱོན་རྣམས་སུ་ཐལ་བར་འགྱུར་བས་དེ་ནི་མི་འདོད་དོ། །དེ་དག་ཀྱང་རྒྱས་པར་ཆོས་མངོན་པ་ལས་རྣམ་པར་བཤད་པས་འདིར་མི་བརྗོད་དོ། །ཡང་གཞན་ཡང༌། ཁམས་མཚུངས་ལས་ནི་ཆ་མཚུངས་དང༌། །ཆ་མི་མཚུངས་པ་ཐམས་ཅད་ཀྱི། །དེ་ནི་ཉིད་མཚམས་སྦྱོར་བའི་ཚེ། །གཅིག་པུ་ཁོ་ན་སྐྱེ་


DTG096_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར། །འདོད་པ་དང་གཟུགས་དང་གཟུགས་མེད་པ་དང་ཟག་པ་མེད་པའི་ཁམས་དག་ལས་ཁམས་མཚུངས་པའི་ལས་དགེ་བའམ་མི་དགེ་བའམ་ལུང་དུ་མ་བསྟན་པའམ། ཟག་པ་མེད་པ་ཆ་མཚུངས་པ་དང་མི་མཚུངས་པ་ཐམས་ཅད་ཀྱི་ཆུད་མི་ཟ་བ་ཚེ་འདི་ལ་ལས་རེ་རེ་ལས་སྐྱེ་བ་དེ་ནི་ཉིད་མཚམས་སྦྱོར་བའི་ཚེ་ན། གཅིག་པུ་ཁོ་ན་སྐྱེ་བར་འགྱུར་རོ། །ཚེ་འདི་ལ་ནི་ལས་དང་ལས། །རྣམ་པ་གཉིས་པོ་ཐམས་ཅད་ཀྱི། །དེ་ནི་ཐ་དད་སྐྱེ་འགྱུར་ཞིང༌། །རྣམ་པར་སྨིན་ཀྱང་གནས་པ་ཡིན། །ཚེ་འདི་ལ་ནི་ལས་དང་ལས་སོ་སོ་བ་སེམས་པ་དང་བསམ་པའི་བྱེ་བྲག་གམ་དགེ་བ་དང་མི་དགེ་བའི་བྱེ་བྲག་གིས་རྣམ་པ་གཉིས་པོ་ཐམས་ཅད་ཀྱི་ཆུད་མི་ཟ་བ་གང་ཡིན་པ་དེ་ནི་ཐ་དད་པར་སྐྱེ་བར་འགྱུར་རོ། །རྣམ་པར་སྨིན་ན་ཡང་གནས་པ་ཡིན་ཏེ། དེ་ནི་ལས་རྣམ་པར་སྨིན་པར་བྱེད་པའི་རྒྱུས་འགག་པ་ལྟར་ངེས་པ་ཉིད་མ་ཡིན་ནོ། དེ་གནས་སུ་ཟིན་ཀྱང་འབྲས་བུ་སྐྱེད་པར་མི་ནུས་ཏེ། འབྲས་བུ་བསྐྱེད་ཟིན་པའི་ཕྱིར་ངེས་པར་སྤྱད་ཟིན་པའི་དཔང་རྒྱ་བཞིན་ནོ། །དེ་ནི་འབྲས་བུ་འཕོས་པ་དང༌། །ཤི་བར་གྱུར་ན་འགག་པར་འགྱུར། །ཆུད་མི་ཟ་བ་དེ་ནི་འབྲས་བུ་འཕོས་པར་གྱུར་པ་དང༌། ཤི་བར་གྱུར་ན་འགག་པར་འགྱུར་ཏེ། དེ་ལ་འབྲས་བུ་འཕོས་པར་གྱུར་པ་ནི་བསྒོམ་པས་སྤང་བ་ཉིད་དང༌། འབྲས་བུ་བསྐྱེད་པས་སྤང་བ་ཉིད་ཡིན་ནོ། །ཤི་བར་གྱུར་པ་ནི་ཉིང་མཚམས་སྦྱོར་བའི་ཚེ། གཅིག་པུ་སྐྱེ་བར་འགྱུར་བ་ཁོ་ན་ཡིན་ནོ། །དེ་ཡི་རྣམ་དབྱེ་ཟག་མེད་དང༌། །ཟག་དང་བཅས་པར་ཤེས་པར་བྱ། །ཆུད་མི་ཟ་བ་དེའི་རྣམ་པར་དབྱེ་བ་ནི་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། ཟག་པ་མེད་པ་དང༌། ཟག་པ་དང་བཅས་པའི་ལས་ཀྱི་བྱེ་བྲག་གིས་སོ། །དེའི་ཕྱིར་དེ་ལྟར་ཆུད་མི་ཟ་བ་ཡོད་ན་སྲོག་ཆགས་ལས་སྣ་ཚོགས་པ་ལས་སྐྱེས་པ་འགྲོ་བ་དང་རིགས་དང་རུས་དང་ཡུལ་དང་དུས་ཐ་དད་པ་རྣམས་ཀྱི་ལུས་དང༌། དུས་དང་དབང་པོ་དང་ཁ་དོག་དང་དབྱིབས་དང་སྟོབས་དང་བློ་དང་མོས་པ་དང་ངང་ཚུལ་དང༌། ལོངས་སྤྱོད་ལ་སོགས་པ་ཐ་དད་པ་དག་མངོན་པར་གྲུབ་པར་འགྱུར་རོ། །སྟོང་པ་ཉིད་དང་ཆད་མིན་དང༌། །འཁོར་བ་དང་


DTG096_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྟག་པ་མིན། །ལས་རྣམས་ཆུད་མི་ཟ་བའི་ཆོས། །སངས་རྒྱས་ཀྱིས་ནི་བསྟན་པ་ཡིན། །དེ་ལྟར་གང་གི་ཕྱིར་ལས་དང་འབྲས་བུར་འབྲེལ་པ་དེའི་ཕྱིར་སྟོང་པ་ཉིད་ཀྱང་འཐད་པ་ཡིན་ཏེ། འདུ་བྱེད་རྣམས་མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པའི་བདག་གིས་སྟོང་པའི་ཕྱིར་རོ། །ཆད་པ་ཡང་མ་ཡིན་ཏེ་ཆུད་མི་ཟ་བ་ངེས་པར་གནས་པའི་ཕྱིར་རོ། །འཁོར་བ་ཡང་འཐད་དེ་འགྲོ་བ་ཐ་དད་པར་བྱེད་རྣམས་མངོན་པར་འགྲུབ་པའི་མཚན་ཉིད་ཡོད་པའི་ཕྱིར་རོ། །རྟག་པ་ཡང་མ་ཡིན་ཏེ་ལས་རྣམ་པར་འཇིག་པའི་ཕྱིར་རོ། །ལས་རྣམས་ཀྱང་ཆུད་མི་ཟ་སྟེ། ཆུད་མི་ཟ་བ་ཞེས་བྱ་བའི་ཆོས་སངས་རྒྱས་ཀྱིས་བསྟན་པ་དེ་ཡང་གྲུབ་པའི་ཕྱིར་རོ། །དེ་བས་ན་བརྟག་པ་དེ་ཉིད་འདིར་འཐད་པ་ཡིན་ནོ། །འདིར་བཤད་པ། བརྟག་པ་དེ་གཉི་ག་ཡང་རྟག་པ་དང་ཆད་པ་ལ་སོགས་པའི་སྐྱོན་དག་ལས་མི་འགྲོལ་བས་དེའི་ཕྱིར་དེ་དག་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་གལ་ཏེ་ལས་ངོ་བོ་ཉིད་ཀྱིས་གྲུབ་པ་ཅུང་ཟད་ཅིག་འཐད་ན་ནི་དེས་ན་ལས་ཡོད་པ་དེའི་རྒྱུན་འབྲེལ་པས་སམ། ཆུད་མི་ཟ་བས་ཡོངས་སུ་བཟུང་བས་འབྲས་བུ་དང་འབྲེལ་པ་ཡིན་པར་བསམ་པ་ཡང་རིག་པར་འགྱུར་གྲང་ན་གང་གི་ཚེ་ལས་དེ་ཉིད་ངོ་བོ་ཉིད་ཀྱིས་གྲུབ་པར་མི་འཐད་པ་དེའི་ཚེ། གཞི་མེད་པ་ལ་བསམ་པ་དེ་དག་མི་འཐད་པའི་ཕྱིར་རོ། །གལ་ཏེ་ལས་ཇི་ལྟར་མི་འཐད་ཅེ་ན། བཤད་པ། གང་ཕྱིར་ལས་ནི་སྐྱེ་མེད་པར། །དེའི་ཕྱིར་མི་འཐད་དེ་འདི་ལྟར་མ་སྐྱེས་ན་ཇི་ལྟར་འཐད་པར་འགྱུར། ཅིའི་ཕྱིར་ལས་སྐྱེ་བ་མེད་ཅེ་ན། བཤད་པ། འདི་ལྟར་དངོས་ཉིད་མེད་དེའི་ཕྱིར། །གང་གི་ཕྱིར་ལས་ངོ་བོ་ཉིད་མེད་པ་དེའི་ཕྱིར་སྐྱེ་བ་མེད་པས་མི་འཐད་དོ། །འདིར་སྨྲས་པ། ལས་ནི་སྐྱེ་བ་ཡོད་པ་དེ་ཉིད་དེ། ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་ལས་རྣམས་ཆུད་མི་ཟའོ་ཞེས་གསུངས་པའི་ཕྱིར། འདིར་བཤད་པ། གང་ཕྱིར་དེ་ནི་མ་སྐྱེས་པ། །དེ་ཕྱིར་ཆུད་ཟར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་གང་གི་ཕྱིར་ལས་མ་སྐྱེས་པ་དེའི་ཕྱིར་ཆུད་ཟ་བར་མི་འགྱུར་རོ་ཞེས་གསུངས་པས་དེ་ཉིད་ཀྱི་ལས་སྐྱེ་བ་མེད་པ་ཉིད་དུ་རབ་ཏུ་གྲུབ་


DTG096_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །གཞན་དུ་ན་སྐྱེས་ན་ཇི་ལྟར་ཆུད་མི་ཟ་བར་འགྱུར། ཇི་སྟེ་འགྱུར་ན་ནི་སྐྱེས་སོ་ཅོག་ཀྱང་འཆི་བར་མི་འགྱུར་བ་ཞིག་ན། གང་གི་ཕྱིར་དེ་ལྟ་མ་ཡིན་པ་དེའི་ཕྱིར་སྐྱེས་ན་ཆུད་ཟ་བར་འགྱུར་གྱི། མ་སྐྱེས་ན་ཆུད་ཟ་བར་མི་འགྱུར་རོ། །འདིར་སྨྲས་པ། གལ་ཏེ་ལས་ལ་ངོ་བོ་ཉིད་ཡོད་ན་དེས་སྐྱོན་ཅིར་འགྱུར། འདིར་བཤད་པ། གལ་ཏེ་ལས་ལ་དངོས་པོ་ཡོད། །རྟག་པར་འགྱུར་བར་ཐེ་ཚོམ་མེད། །གལ་ཏེ་ལས་ལ་ངོ་བོ་ཉིད་ཡོད་པར་འགྱུར་ན་རྟག་པར་འགྱུར་བར་ཐེ་ཚོམ་མེད་དེ། རང་བཞིན་ནི་མི་འགྱུར་བའི་ཕྱིར་རོ། །དེ་ལས་རྟག་པར་གྱུར་ན། དེས་སྐྱོན་ཅིར་འགྱུར་ཞེ་ན། བཤད་པ། ལས་ནི་བྱས་པ་མ་ཡིན་འགྱུར། །རྟག་ལ་བྱ་བ་མེད་ཕྱིར་རོ། །ལས་རྟག་པ་ཉིད་ཡིན་ན་བྱས་པ་མ་ཡིན་པར་ཐལ་བར་འགྱུར་ཏེ། རྟག་པ་ལ་བྱ་བ་མེད་པའི་ཕྱིར་རོ། །ལས་མ་བྱས་པ་ལ་འབྲས་བུ་མྱོང་བ་ཡོད་པར་རྟོག་ན་སྐྱོན་འདིར་ཡང་འགྱུར་ཏེ། ཅི་སྟེ་ལས་ནི་མ་བྱས་ན། །མ་བྱས་པ་དང་ཕྲད་འཇིགས་འགྱུར། །ཅི་སྟེ་ལས་མ་བྱས་པ་ཡིན་ཡང་འབྲས་བུ་སྐྱེད་པར་འགྱུར་ན་དེ་ལྟ་ན་མ་བྱས་པ་དང་ཕྲད་པའི་འཇིགས་པ་འབྱུང་བར་འགྱུར་རོ། །ཡང་གཞན་ཡང༌། ཚངས་སྤྱོད་གནས་པ་མ་ཡིན་པའང༌། །དེ་ལ་སྐྱོན་དུ་ཐལ་བར་འགྱུར། །ལས་མ་བྱས་པ་ཡིན་ཡང་འབྲས་བུ་སྐྱེད་པར་འགྱུར་ན། ཚངས་པར་སྤྱོད་པ་ལ་གནས་པ་མ་ཡིན་པ་ཡང་ཚངས་པར་སྤྱོད་པ་ལ་གནས་པའི་སྐྱོན་དུ་ཐལ་བར་འགྱུར་ཏེ། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ལས་མ་བྱས་པ་ཉིད་ལ་ཡང་དེ་ཡོད་པར་འགྱུར་པའི་ཕྱིར་རོ། །ཡང་གཞན་ཡང༌། ཐ་སྙད་ཐམས་ཅད་ཉིད་དང་ཡང༌། །འགལ་བར་འགྱུར་བར་ཐེ་ཚོམ་མེད། །ལས་མ་བྱས་པ་ཡིན་ཡང་འབྲས་བུ་སྐྱེད་པར་འགྱུར་ན། འཇིག་རྟེན་ན་འབྲས་བུའི་དོན་དུ་ཐ་སྙད་རྩོམ་པར་བྱེད་པ་ཞིང་ལས་དང་ཉོ་ཚོང་དང་ཕྱུགས་བཙལ་བ་དང་རྒྱལ་པོ་ལ་བརྟན་པ་དང༌། རིག་པ་དང་བཟོ་བ་དང་སྒྱུ་རྩལ་གོམས་པར་བྱེད་པ་དང༌། འདི་ནི་དབྱར་ངོ་དག་ལ་བྱའོ། །འདི་ནི་དགུན་དང་དཔྱིད་ངོ་དག་ལ་བྱའོ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་ཐམས་ཅད་དང་ཡང་འགལ་བར་འགྱུར་པར་ཐེ་ཚོམ་མེད་དེ། བྱེད་པ་དང་མི་བྱེད་པ་


DTG096_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་དེ་དག་གི་འབྲས་བུ་འོང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་གཞན་ཡང༌། བསོད་ནམས་དང་ནི་སྡིག་བྱེད་པའི། །རྣམ་པར་དབྱེ་བའང་འཐད་མི་འགྱུར། །ལས་མ་བྱས་པ་ཡིན་ན་ཡང་འབྲས་བུ་སྐྱེད་པར་འགྱུར་ན། འདི་ནི་བསོད་ནམས་བྱེད་པ་ཕོ་འདི་ནི་སྡིག་པ་བྱེད་དོ་ཞེས་བྱ་བའི་རྣམ་པར་དབྱེ་བ་དེ་དག་ཀྱང་འཐད་པ་ཉིད་དུ་མི་འགྱུར་ཏེ། དགེ་བ་དང་མི་དགེ་བའི་ལས་མ་བྱས་པ་ཐམས་ཅད་ཀྱང་ཡོད་པར་ཐལ་བར་འགྱུར་བ་དང༌། དེ་དག་གི་འབྲས་བུ་ཡང་ཐོབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་གཞན་ཡང། དེ་ཡི་རྣམ་སྨིན་སྨིན་གྱུར་པ། །ཡང་དང་ཡང་དུ་རྣམ་སྨིན་འགྱུར། །གལ་ཏེ་གང་ཕྱིར་ལས་གནས་པ། །དེ་ཕྱིར་ངོ་བོ་ཉིད་ཡོད་ཕྱིར། །ལས་མ་བྱས་པ་ཡིན་ཡང་འབྲས་བུ་སྐྱེད་པར་འགྱུར་ན། ལས་དེ་འབྲས་བུ་རྣམ་པར་སྨིན་ཟིན་པར་འགྱུར་བ་ལ་ཡང༌། ཡང་དང་ཡང་དུ་རྣམ་པར་སྨིན་པའི་འབྲས་བུ་གཞན་དག་སྨིན་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གལ་ཏེ་གང་གི་ཕྱིར་ལས་ངོ་བོ་ཉིད་ཀྱིས་ངེས་པར་གནས་པ་དེའི་ཕྱིར་ངོ་བོ་ཉིད་ཡོད་པའི་ཕྱིར་རོ། །འདིར་སྨྲས་པ། ལས་ནི་ཡོད་པ་ཁོ་ན་ཡིན་ཏེ། ལས་ཀྱི་རྒྱུ་ཉོན་མོངས་པ་དག་ཡོད་པའི་ཕྱིར་རོ། །འདིར་བཤད་པ། ལས་ནི་ཉོན་མོངས་བདག་ཉིད་ན། །ཉོན་མོངས་དེ་དག་ཡང་དག་མིན། །གལ་ཏེ་ཉོན་མོངས་ཡང་དག་མིན། །ལས་ནི་དེ་ཡིས་ཇི་ལྟར་བྱས། །ལས་ནི་ཉོན་མོངས་པའི་རྒྱུ་ལས་བྱུང་བ་ཡིན་ན་ཉོན་མོངས་པ་དེ་དག་ནི་སྐྱེ་བ་མེད་པའི་ཕྱིར་དང༌། ངོ་བོ་ཉིད་མེད་པའི་ཕྱིར་དང༌། བརྟེན་ནས་བྱུང་བའི་ཕྱིར་ཡང་དག་པ་མ་ཡིན་པས། གལ་ཏེ་དེ་ལྟར་ཉོན་མོངས་པ་དེ་དག་ཡང་དག་པ་མ་ཡིན་ན། །འོ་ན་ལས་དང་ཉོན་མོངས་པ་དེས་ཇི་ལྟར་བྱས་པར་འགྱུར་ཏེ། ལས་ཀྱི་རྒྱུ་ཉོན་མོངས་པ་རྣམས་ངོ་བོ་ཉིད་མེད་པའི་ཕྱིར་རོ། །འདིར་སྨྲས་པ། ལས་དང་ཉོན་མོངས་པ་དག་ནི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། ཉོན་མོངས་པ་རྣམས་ཀྱི་འབྲས་བུ་ལས་དང་ལུས་ཀྱི་མཚན་ཉིད་ཡོད་པའི་ཕྱིར་དང༌། ལས་ཀྱི་འབྲས་བུ་ལུས་ཀྱི་མཚན་ཉིད་ཡོད་པའི་ཕྱིར་རོ། །འདིར་བཤད་པ། ལས་


DTG096_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཉོན་མོངས་པ་དག་ནི། །ལུས་རྣམས་ཀྱི་ནི་རྐྱེན་དུ་བསྟན། །གལ་ཏེ་ལས་དང་ཉོན་མོངས་པ། །དེ་སྟོང་ལུས་ལ་ཇི་ལྟར་བརྗོད། །འདི་ལ་ཁྱོད་ཀྱིས་ལས་དང་ཉོན་མོངས་པ་དག་ནི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་གི་འབྲས་བུ་ཡོད་པའི་ཕྱིར་རོ་ཞེས་སྨྲས་པ་ནི། བསྟན་བཅོས་ལས་ལས་དང་ཉོན་མོངས་པ་དག་ལུས་རྣམས་ཀྱི་རྐྱེན་དུ་བསྟན་པ་ནི་ཐ་སྙད་པ་ཡིན་གྱི་དོན་དམ་པ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ལས་དང་ཉོན་མོངས་པ་དག་ལ་ངོ་བོ་ཉིད་མེད་པའི་ཕྱིར། དེ་དག་གི་འབྲས་བུ་ལུས་ཀྱང་ངོ་བོ་ཉིད་མེད་པའི་ཕྱིར་རོ། །འདིར་སྨྲས་པ། ལས་ནི་ཡོད་པ་ཁོ་ན་ཡིན་ཏེ། དེའི་འབྲས་བུ་ལ་ལོངས་སྤྱོད་པའི་ཟ་བ་པོ་ཡོད་པའི་ཕྱིར་རོ། །གལ་ཏེ་དེ་ཇི་ལྟར་ཤེས་ཤེ་ན། སྨྲས་པ། མ་རིག་བསྒྲིབས་པའི་སྐྱེ་བོ་གང༌། །སྲེད་ལྡན་དེ་ནི་ཟ་བ་པོ། །དེ་ཡང་བྱེད་ལས་གཞན་མིན་ཞིང༌། །དེ་ཉིད་དེ་ཡང་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཐོག་མ་དང་ཐ་མ་མེད་པའི་མདོ་དག་ལས། མ་རིག་བསྒྲིབས་པའི་སེམས་ཅན་དག །སྲེད་པ་ཀུན་དུ་སྦྱོར་དང་ལྡན། །ཞེས་བྱ་བ་དང༌། དེ་བཞིན་དུ་ཇི་སྟེ་ཁྱོད་རང་ཉིད་ཀྱིས་སྡིག་པའི་ལས་འདི་བྱས་ན་ཁྱོད་རང་ཉིད་ཀྱིས་དེའི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་བྱ་དགོས་སོ་ཞེས་ཀྱང་གསུངས་ལ། དེ་ཡང་བྱེད་པ་པོ་ལས་གཞན་མ་ཡིན་ཞིང་དེ་ཉིད་དེ་ཡང་མ་ཡིན་ཏེ། དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པས། དེའི་ཕྱིར་ལས་ཀྱང་ཡོད་པ་ཁོ་ན་ཡིན་ནོ། །འདིར་བཤད་པ། གང་གི་ཕྱིར་ན་ལས་འདི་ནི། །རྐྱེན་ལས་བྱུང་བ་མ་ཡིན་ཞིང། །རྐྱེན་མིན་ལས་བྱུང་ཡོད་མིན་པ། །དེ་ཕྱིར་བྱེད་པ་པོ་ཡང་མེད། །བྱེད་པ་པོ་དེ་ཡང་ལས་དེ་བཞིན་དུ་མ་སྐྱེས་པའི་ཕྱིར་དང༌། བྱེད་པ་པོ་བཀག་པའི་ཕྱིར་དང༌། རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་ལས་དང་བྱེད་པ་པོ་མེད་དོ། །ཡང་གཞན་ཡང༌། གལ་ཏེ་ལས་དང་བྱེད་མེད་ན། །ལས་སྐྱེས་འབྲས་བུ་ག་ལ་ཡོད། །ཇི་སྟེ་འབྲས་བུ་ཡོད་མིན་ན། །ཟ་བ་པོ་ལྟ་ག་ལ་ཡོད། །གལ་ཏེ་བརྟགས་ན་ལས་ཀྱང་མེད་ལ་བྱེད་པ་པོ་ཡང་མེད་ན་ལས་ལས་སྐྱེས་པའི་འབྲས་བུ་ག་ལ་ཡོད། །ཇི་སྟེ་འབྲས་བུ་ཡོད་པ་མ་ཡིན་ན། ཟ་བ་པོ་ལྟ་ག་ལ་ཡོད་དེ། ཟབ་པོའི་སྒྲར་


DTG096_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་ཉིད་ཀྱི་རྒྱུ་མེད་པའི་ཕྱིར་རོ། །འདིར་སྨྲས་པ། ཇི་བྱེད་པ་པོ་དང་ལས་དང་འབྲས་བུ་དང་ཟབ་པོ་དང་ལས་དང་ཉོན་མོངས་པ་དག་མེད་དོ་ཞེས་བྱ་བ་དེ་ཤིན་ཏུ་ངེས་པ་ཡིན་ནམ། འདིར་བཤད་པ། གང་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ལ་ཡོད་དོ། །ཞེའམ་མེད་དོ་ཞེས་བྱ་བ་སྨྲ་བར་ག་ལ་རིགས་ཏེ། དེ་ལྟར་འཛིན་པ་བཟློག་པའི་ཕྱིར་དཔེ་འདི་ཟུང་ཤིག །ཇི་ལྟར་སྤྲུལ་པ་སྟོན་བྱེད་པ། །རྫུ་འཕྲུལ་ཕུན་སུམ་ཚོགས་པ་ཡིས། །སྤྲུལ་ཞིང་སྤྲུལ་པའང་གཞན་སྤྲུལ་བྱེད། །སྤྲུལ་པ་དེས་ཀྱང་གཞན་དག་ལྟར། །དེ་བཞིན་བྱེད་པོས་ལས་གང་བྱས། །དེ་ཡང་སྤྲུལ་པའི་རྣམ་པ་བཞིན། །དཔེར་ན་སྤྲུལ་པས་སྤྲུལ་གཞན་ཞིག །སྤྲུལ་པ་མཛད་པ་དེ་བཞིན་ནོ། །ཉོན་མོངས་ལས་དང་ལུས་རྣམས་དང༌། །བྱེད་པ་པོ་དང་འབྲས་བུ་དག །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །ཆོས་ཐམས་ཅད་དེ་ལྟར་བལྟ་བར་བྱའོ། །ལས་དང་འབྲས་བུ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་བདུན་པའོ།། །།བམ་པོ་ལྔ་པ། འདིར་སྨྲས་པ། འོ་ན་དེ་ཁོ་ནའི་མཚན་ཉིད་ནི་གང་ཡིན། རྣམ་པ་གང་གིས་ནི་དེ་ཁོ་ན་རྟོགས་པར་འགྱུར། འདིར་བཤད་པ། བདག་དང་བདག་གི་དང་བྲལ་བ་ནི་དེ་ཁོ་ནའི་མཚན་ཉིད་ཡིན་ལ། རིགས་པ་སྔོན་དུ་བཏང་སྟེ་ཡོངས་སུ་རྟོགས་པ་ནི་དེ་ཁོ་ན་རྟོགས་པར་འགྱུར་རོ། །གལ་ཏེ་ཇི་ལྟར་ཞེན་བཤད་པ། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་བདག་ཉིད་ཡིན་པར་གྱུར་ན། དེ་ལྟ་ན་སྐྱེ་བ་དང་འཇིག་པའི་ཆོས་ཅན་དུ་འགྱུར་ཏེ། ཕུང་པོ་རྣམས་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །བདག་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་ན། མི་རྟག་པའི་སྐྱོན་གང་དག་ཡིན་པ་དེ་རབ་ཏུ་ཐལ་བར་འགྱུར་ཏེ། དེ་ནི་འཕྲོས་པ་སྤངས་པའི་ཕྱིར་མི་བརྗོད་དོ། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོ་མཚན་ཉིད་མེད་པར་འགྱུར། །གལ་ཏེ་བདག་ཕུང་པོ་རྣམས་ལས་གཞན་ཡིན་པར་གྱུར་ན། དེ་ལྟ་ན་ཕུང་པོའི་མཚན་ཉིད་མ་ཡིན་པར་འགྱུར་ཏེ། ཕུང་པོ་རྣམས་ལས་གཞན་པ་ནི་རྟག་པ་ཡིན་པའི་


DTG096_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །བདག་ཕུང་པོའི་མཚན་ཉིད་མ་ཡིན་ན་རྟག་པའི་སྐྱོན་གང་དག་ཡིན་པ་དེ་དག་ཏུ་ཐལ་བར་འགྱུར་ཏེ། དེ་ཡང་འཕྲོས་པ་སྤངས་པའི་ཕྱིར་མི་བརྗོད་དོ། །དེ་ལྟར་གང་གི་ཕྱིར་ཡོངས་སུ་བརྟགས་ན་བདག་གཉི་ག་ལྟར་ཡང་མི་འཐད་པའི་ཕྱིར། བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པར་ག་ལ་འགྱུར། །བརྟགས་ན་དེ་ལྟར་བདག་ཉིད་རྣམ་པ་ཐམས་ཅད་དུ་མི་འཐད་ན་བདག་གི་ཡོད་པར་ག་ལ་འགྱུར་ཏེ། འདི་ལྟར་བདག་ཅིས་བྱ་བའི་གང་ཡིན་པ་དེ་བདག་གི་ཞེས་བྱ་བ་ན། བདག་དེ་མེད་པས་དེའི་འདི་ཡིན་ནོ་ཞེས་བྱ་བ་མི་འཐད་པའི་ཕྱིར་རོ། །དེ་ལྟར་བདག་དང་བདག་གི་མེད་པ་ནི་དེ་ཁོ་ནའི་མཚན་ཉིད་ཡིན་ནོ། །བདག་དང་བདག་གི་ཞི་བའི་ཕྱིར། །ངར་འཛིན་ང་ཡིད་འཛིན་མེད་འགྱུར། །དེ་ལྟར་བདག་དང་བདག་གིར་མངོན་པར་ཞེན་པ་ཉེ་བར་ཞི་བའི་ཕྱིར་དེ་ལ་ངར་འཛིན་པ་དང༌། ང་ཡིར་འཛིན་པ་མེད་པར་འགྱུར་ཏེ། འདི་ལྟར་བདག་ཏུ་མངོན་པར་ཞེན་པ་ལ་བརྟེན་ནས་ངར་འཛིན་པར་འགྱུར་ལ། བདག་གིར་མངོན་པར་ཞེན་པ་ལ་བརྟེན་ནས་ང་ཡིར་འཛིན་པར་འགྱུར་པས། གང་གི་ཕྱིར་བདག་ཏུ་མངོན་པར་ཞེན་པ་ཉེ་བར་ཞི་བ་དེའི་ཕྱིར་ངར་འཛིན་པ་མེད་པར་འགྱུར་ལ། བདག་གིར་མངོན་པར་ཞེན་པ་ཉེ་བར་ཞི་བ་དེའི་ཕྱིར་ང་ཡིར་འཛིན་པ་མེད་པར་འགྱུར་རོ། །འདིར་སྨྲས་པ། གང་གིས་དེ་ལྟར་དེ་ཁོ་ན་མཐོང་ན་ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་པར་འགྱུར་རོ་ཞེས་བྱ་བ་དེ་ཉིད་བདག་ཡིན་པས་བདག་ཡོད་པའི་ཕྱིར་བདག་གི་ཡང་ཡོད་དོ། །འདིར་བཤད་པ། ངར་འཛིན་ང་ཡིར་འཛིན་མེད་གང༌། །དེ་ཡང་ཡོད་པ་མ་ཡིན་ཏེ། །ངར་འཛིན་ང་ཡིར་འཛིན་མེད་པར། །གང་གིས་མཐོང་བས་མི་མཐོང་ངོ༌། །དེ་ལྟར་ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་བ་ཞེས་བྱ་བ་གང་ཡིན་པ་དེ་ཡང་ཡོད་པ་མ་ཡིན་ཏེ། ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་པར་གང་གིས་མཐོང་བས་ལོག་པར་ལྟ་བས་བློ་གྲོས་ཀྱི་མིག་ཉམས་པ་དེས་ནི་དེ་ཁོ་ན་མི་མཐོང་ངོ༌། །ནང་དང་ཕྱི་རོལ་ཉིད་དག་ལ། །བདག་དང་བདག་གིར་ཟད་གྱུར་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང༌། །དེ་ཟད་པས་ན་སྐྱེ་བ་ཟད། །དེ་ལྟར་ན་ང་ཉིད་ལ་བདག་ཏུ་མངོན་པར་ཞེན་པ་དང༌། ཕྱི་


DTG096_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཉིད་ལ་བདག་གིར་མངོན་པར་ཞེན་པ་ཟད་པར་གྱུར་ན། ཉེ་བར་ལེན་པ་རྣམ་པ་བཞི་འགག་པར་འགྱུར་ཞིང་དེ་འགགས་པས་སྲིད་པ་ཟད་པར་འགྱུར་ལ། སྲིད་པ་ཟད་པས་སྐྱེ་བཟད་པར་འགྱུར་བ་དེ་ནི་གང་ཟག་ལ་བདག་མེད་པའི་དེ་ཁོ་ན་རྟོགས་པའི་འབྲས་བུ་ཉོན་མོངས་པའི་སྒྲིབ་པ་སྤངས་པས་རབ་ཏུ་ཕྱེ་བ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཡིན་ནོ། །ད་ནི་ཆོས་བདག་མེད་པའི་དེ་ཁོ་ན་རྟོག་པའི་འབྲས་བུ་ཤེས་བྱའི་སྒྲིབ་པ་སྤངས་པས་རབ་ཏུ་ཕྱེ་བའི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པའི་ཐབས་བསྟན་པའི་ཕྱིར་བཤད་པ། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །འདི་ལ་ལས་དང་ཉོན་མོངས་པ་དག་ནི་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་དེ་དག་ཟད་པས་སྡུག་བསྔལ་ལས་རྣམ་པར་གྲོལ་བ་ནི་ཐར་པ་སྟེ། དེས་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པར་བསྟན་ཏོ། །ལས་དང་ཉོན་མོངས་པ་དེ་དག་ནི་རྣམ་པར་རྟོག་པ་ལས་འབྱུང་སྟེ། དེ་དག་ཡོད་ན་འབྱུང་བའི་ཕྱིར་རོ། །རྣམ་པར་རྟོག་པ་དེ་དག་ནི་སྤྲོས་པ་ལས་འབྱུང་སྟེ། ཐ་སྙད་ཀྱི་བདེན་པ་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་སྤྲོས་པ་ལས་འབྱུང་བའི་ཕྱིར་རོ། །སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་ཏེ། ཆོས་བདག་མེད་པ་ཉིད་ཀྱི་མཚན་ཉིད་རྟོགས་པས་འགག་པར་འགྱུར་བའི་ཕྱིར་རོ། །དེ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པར་བསྟན་ཏོ། །འདིར་སྨྲས་པ། བདག་ནི་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བདག་ཡོད་པར་གསུངས་པའི་ཕྱིར་རོ། །འདིར་བཤད་པ། བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང༌། །བདག་མེད་ཅེས་ཀྱང་བསྟན་པར་འགྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་ཡང་མེད་པར་བསྟན། །སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་བསམ་པ་དང་བག་ལ་ཉལ་མཁྱེན་པ་ལ་མཁས་པ་རྣམས་ཀྱིས། གདུལ་བ་དེ་དང་དེ་དག་ལ་ཡང་དག་པར་གཟིགས་ནས། གདུལ་བ་གང་དག་ལ་འཇིག་རྟེན་འདི་མེད་


DTG096_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །འཇིག་རྟེན་ཕ་རོལ་མེད་དོ། །སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་སྙམ་པའི་ལྟ་བ་དེ་ལྟ་བུ་བྱུང་བར་གྱུར་པ་དེ་དག་གི་བདག་མེད་པར་ལྟ་བ་བཟློག་པའི་ཕྱིར་བདག་གོ་ཞེས་ཀྱང་བཏགས་པར་གྱུར་རོ། །གདུལ་བ་གང་དག་ལ་ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་བྱེད་པ་པོ་དང་དེ་དག་གི་འབྲས་བུ་ཟབ་པོ་དང་བཅིངས་པ་དང་ཐར་པ་དག་སྟོན་པར་བྱེད་པའི་བདག་ཅེས་བྱ་བ་དེ་ནི་འགའ་ཞིག་ཡོད་དོ་སྙམ་པའི་ལྟ་བ་དེ་ལྟ་བུ་བྱུང་བར་གྱུར་པ་དེ་དག་གི་བདག་ཏུ་ལྟ་བ་བཟློག་པའི་ཕྱིར་རོ། །བདག་མེད་ཅེས་ཀྱང་བསྟན་པར་གྱུར་རོ། །གདུལ་བ་བཟང་པོ་གང་དག་དགེ་བའི་རྩ་བའི་ཚོགས་ཡོངས་སུ་སྨིན་པ། སྲིད་པའི་ཆུ་བོ་ལས་བརྒལ་བར་ནུས་པ་དོན་དམ་པའི་གཏམ་གྱི་སྣོད་དུ་གྱུར་པ་དེ་དག་ལ་ནི་བདག་དང་བདག་མེད་འགའ་ཡང་མེད་པར་བསྟན་ཏོ། །ཡང་ན་གཞན་དུ་བརྟག་སྟེ་མུ་སྟེགས་བྱེད་པ་ཅིག་འདུ་བྱེད་བདག་མེད་པ་བྱེད་པ་བྱེད་པ་སྐད་ཅིག་མ་རེ་རེ་ལ་རྣམ་པར་འཇིག་པའི་དང་ཅན་ནམ་དུས་གཞན་དུ་ངེས་པར་གནས་པ་རྣམས་ལ་བདག་མེད་ན། ལས་དང་འབྲས་བུ་མེད་པར་བརྟགས་ནས་འཇིགས་པར་གྱུར་བདག་གིས་ནི་བདག་གོ་ཞེས་ཀྱང་བཏགས་པར་གྱུར་ཏོ། །གཞན་གང་དག་འདི་ནི་ལུས་དང་དབང་པོ་དང་བློའི་ཚོགས་ཙམ་དུ་ཟད་དེ། འདི་ལ་རྒྱུ་དང་འབྲས་བུ་ལས་གང་རྟོགས་པར་འགྱུར་བའི་བདག་ནི་ངོ་བོ་ཉིད་ཀྱིས་མེད་དོ། །སེམས་ཅན་དུ་བགྲང་བའི་འདུ་བྱེད་བདག་མེད་པ་ངེས་པར་མི་གནས་པ་གནས་སུ་མ་བྱས་པ་འདི་དག་ལ་ཡང་འཁོར་བ་མི་འཐད་དོ་ཞེས་བྱ་བར་རིག་ནས། རྒྱུ་དང་འབྲས་བུའི་འབྲེལ་པ་ལ་རྨོངས་པ་དག་གིས་ནི་བདག་མེད་ཅེས་ཀྱང་བསྟན་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་མཁྱེན་པ་ལྐོག་ཏུ་མ་གྱུར་པ་འཇུག་པ་རྣམས་ཀྱིས་ནི། བདག་དང་བདག་མེད་པ་འགའ་ཡང་མེད་པར་བསྟན་ཏོ། །འདིར་སྨྲས་པ། སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ་ཞེས་གང་བཤད་པ་དེ་ལ་རིགས་པ་གང་ཡིན། འདིར་བཤད་པ་བརྗོད་པར་བྱ་བ་ལྡོག་པས་ཏེ། སྒྲས་བརྗོད་པར་བྱ་བའི་དོན་བུམ་པ་དང་སྣམ་བུ་དང་ཤིང་རྟ་ལ་སོགས་པ་སྟོང་པ་ཉིད་དུ་མཐོང་བས་སྤྲོས་པ་དགག་པར་འགྱུར་ཏེ། དེ་ལ་བརྗོད་པར་བྱ་བ་ལ་རྟོགས་པས་སྒྲོ་བཏགས་པ་ལས་ནི་བརྗོད་


DTG096_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདག་ཉིད་ཀྱིས་སྤྲོས་པ་དཔག་ཏུ་མེད་པར་འབྱུང་ལ་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་རབ་ཏུ་དབེན་པའི་མཚན་ཉིད་ཀྱི་སྟོང་པ་ཉིད་ནམ་མཁའ་ལྟ་བུ་མངོན་སུམ་དུ་བྱར་མེད་པའི་ཚུལ་གྱིས་མངོན་སུམ་དུ་བྱས་ཤིང་དངོས་པོ་ཐམས་ཅད་བརྗོད་དུ་མེད་པར་མཐོང་ན། བརྗོད་པའི་བདག་ཉིད་ཀྱིས་སྤྲོས་པ་འགག་པའི་ཕྱིར་རོ། །བརྗོད་པར་བྱ་བ་དེ་ཡང་ཇི་ལྟར་ལྡོག་པར་འགྱུར་ཞེ་ན། བཤད་པ། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །སེམས་ཀྱི་སྤྱོད་ཡུལ་གཟུགས་ལ་སོགས་པ་ངོ་བོ་ཉིད་མེད་པ་ཉིད་དུ་མཐོང་བས་བརྗོད་པར་བྱ་བ་ལྡོག་སྟེ། དེ་ཡང་དོན་དམ་པར་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །དེ་ལ་ཡང་དག་པར་ཇི་ལྟ་བ་བཞིན་དུ་མཐོང་བ་ཐོབ་ན། བརྗོད་པར་བྱ་བ་ལྡོག་ལ་དོན་དམ་པ་ཤེས་པ་ཐོབ་ན་སེམས་ཀྱི་སྤྱོད་ཡུལ་ལྡོག་གོ །སེམས་ཀྱི་སྤྱོད་ཡུལ་དེ་ཡང་ཇི་ལྟར་ལྡོག་པར་འགྱུར་ཞེ་ན། བཤད་པ། མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །སེམས་ཀྱི་སྤྱོད་ཡུལ་གཟུགས་ལ་སོགས་པ་དག་མ་སྐྱེས་པ་དང་མ་འགགས་པའི་ཆོས་ཉིད་མྱ་ངན་ལས་འདས་པ་དང་མཚུངས་པར་རབ་ཏུ་ཤེས་པས་སེམས་ཀྱི་སྤྱོད་ཡུལ་ལྡོག་པར་འགྱུར་རོ། །འདིར་སྨྲས་པ། དོན་དམ་པར་དངོས་པོ་ཐམས་ཅད་མ་སྐྱེས་པ་དང་མ་འགགས་པའི་ཆོས་ཉིད་མྱ་ངན་ལས་འདས་པ་དང་མཚུངས་པ་ཡིན་ན། འཇིག་རྟེན་གྱི་ཐ་སྙད་དུ་བསྟན་པའི་ཚུལ་ཇི་ལྟ་བུ་ཡིན། འདིར་བཤད་པ། ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་བསྟན་པའོ། །ཐམས་ཅད་ཡང་དག་ཅེས་བྱ་བ་ནི་མིག་ལ་སོགས་པ་སྐྱེ་མཆེད་རྣམས་དང་གཟུགས་ལ་སོགས་པའི་ཡུལ་རྣམས་ཐ་སྙད་ཀྱི་བདེན་པ་དང་མི་འགལ་བར་ཡོད་པའི་ཕྱིར་རོ། །ཡང་དག་མིན་ཞེས་བྱ་བ་ནི་དོན་དམ་པར་བརྟེན་ནས་བྱུང་བ་སྒྱུ་མ་བཞིན་དུ་ངོ་བོ་ཉིད་ཡོངས་སུ་མ་གྲུབ་པའི་ཕྱིར་ཇི་ལྟར་སྣང་བ་དེ་ལྟར་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཡང་དག་ཡང་མ་ཡིན་ཉིད། །ཅེས་བྱ་ནི། བདེན་པ་གཉི་གའི་རྣམ་བལ་ལྟོས་པའི་ཕྱིར་རོ། །ཡང་དག་མིན་མིན་ཡང་དག་མིན། །ཞེས་བྱ་བ་ནི། མངོན་པར་


DTG096_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་དུས་ན་རྣལ་འབྱོར་པ་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ལ་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཡང་ན་ཐམས་ཅད་ལ་ཡང་དག་ཅེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྤང་པའི་ཕྱིར་ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་བདག་དང་བདག་གི་དང་བྲལ་བའི་མཚན་ཉིད་གཡོ་བ་མེད་པ་ཤེས་བྱར་བསྟན་པ་དག་ཡིན་ནོ། །ཡང་དག་མིན་ཞེས་བྱ་བ་ནི་རྣམ་བར་ཤེས་པའི་མཚན་ཉིད་ཀྱི་བདག་གིས་བདག་དང་བཅས་པའི་ཕྱིར་དང་བདག་གི་ཡིན་པའི་ཕྱིར་བྱེད་པ་པོར་བརྗོད་པས་ཉན་པ་དང་སེམས་པ་དང་སྒོམ་པར་བྱེད་པ་དག་ཡིན་ནོ། །ཡང་དག་ཡང་དག་མ་ཡིན་ཉིད། །ཅེས་བྱ་བ་ནི་འཇིག་རྟེན་དང་བསྟན་བཅོས་ཀྱི་ཐ་སྙད་ལ་ལྟོས་པ་དག་ཡིན་ནོ། །ཡང་དག་མིན་མིན་ཡང་དག་མིན། །ཞེས་བྱ་བ་སྟེ། དོན་དམ་པའི་ཚུལ་གྱིས་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་ཤེས་པ་རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་རྟོག་པ་མེད་པའི་སྤྱོད་ཡུལ་ཉིད་དུ་འགྱུར་བ་དངོས་པོའི་ཚུལ་གྱིས་ཡང་དག་བ་མ་ཡིན་པ་ཉིད་དུ་རྣམ་པར་བརྟགས་པ་དང་ཡང་དག་པ་ཉིད་དུ་རྣམ་པར་བརྟགས་པ་གང་ཡིན་པ་དེ་ལྟ་བུ་མེད་པ་ཡིན་ནོ། །དེ་ནི་སངས་རྒྱས་བསྟན་པའོ། །ཞེས་བྱ་བ་ནི་རིམ་པ་རྣམ་པ་བཞི་པོ་དེ་དག་གིས་སེམས་ཅན་གྱི་དོན་ཡང་དག་པར་ཐོབ་པར་བྱ་བའི་ཕྱིར་བསྟན་པ་འཇུག་པ་གང་ཡིན་པ་དེ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པ་སྟེ། འདིས་སློབ་མའི་ཚོགས་རྣམ་པ་མང་པོ་དག་ལ་དབང་པོ་དང་བསམ་པ་དང་བག་ལ་ཉལ་དང་དུས་ཀྱི་དབང་གིས་མཐོ་རིས་དང་བྱད་གྲོལ་གྱི་ལམ་ཕྱིན་ཅི་མ་ལོག་པར་རྗེས་སུ་སྟོན་པས་བསྟན་པའོ། །འདིར་སྨྲས་པ་དེ་ཁོ་ནའི་མཚན་ཉིད་གང་ཡིན། འདིར་བཤད་པ། གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །གཞན་ལས་ཤེས་མིན་ཞེས་བྱ་བ་ནི་འདི་ལ་གཞན་ལས་ཤེས་པ་མེད་པ་སྟེ། ལུང་མེད་པར་བདག་གི་མངོན་སུམ་དུ་འགྱུར་ཞིང་བདག་ཉིད་ཀྱིས་རང་རིག་པར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ །ཞི་བ་ཞེས་བྱ་བ་ནི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཏེ། དངོས་པོའི་ངོ་བོ་ཉིད་དང་ཁྱད་པར་གྱི་ཡུལ་ལ་རྣམ་པར་རྟོག་པའི་སྤྱོད་ཡུལ་མ་


DTG096_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་རོ། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ་ཞེས་བྱ་བ་ནི། མངོན་པར་བརྗོད་པ་མཚན་ཉིད་ཀྱི་སྤྲོས་པ་ཉེ་བར་ཞི་བའི་ཕྱིར་རོ། །རྣམ་པར་རྟོག་པ་མེད་པ་ཞེས་བྱ་བ་ནི་སྣང་བ་མེད་པ་ཉིད་ཀྱིས་འདི་དང་འདིའོ་ཞེས་རྣམ་པར་མ་བརྟགས་པའི་ཕྱིར་རོ། །དོན་ཐ་དད་པ་མ་ཡིན་པ་ཞེས་བྱ་བ་ནི་ཆོས་ཉིད་རོ་གཅིག་པའི་ཕྱིར་དོན་དབྱེར་མེད་པའོ། །ཡང་ན་གང་གི་ཕྱིར་རྣམ་པར་རྟོག་པ་མེད་པ་དེའི་ཕྱིར་སྤྲོས་པ་རྣམས་ཀྱིས་མ་སྤྲོས་པའོ། །གང་གི་ཕྱིར་སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ་དེའི་ཕྱིར་ཞི་བའོ། །གང་གི་ཕྱིར་ཞི་བ་དེའི་ཕྱིར་དོན་ཐ་དད་པ་མ་ཡིན་ནོ། །གང་གི་ཕྱིར་དོན་ཐ་དད་པ་མ་ཡིན་པ་དེའི་ཕྱིར་རྣམ་པར་རྟོགས་པ་མེད་པ་དེའི་ཕྱིར་གཞན་ལས་ཤེས་པ་མ་ཡིན་ནོ་ཞེས་རྣམ་གྲངས་ཀྱི་སྒྲར་བསྟན་ཏེ། དེ་ནི་དེ་ཁོ་ནའི་མཚན་ཉིད་ཡིན་ནོ། །འདི་ཡང་དེ་ཁོ་ནའི་མཚན་ཉིད་གཞན་ཡིན་ཏེ། གང་ལ་བརྟེན་ནས་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཕྱིར། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །འདི་ལྟར་གང་ལ་བརྟེན་ཏེ་གང་བྱུང་བ་དེ་མིན་ཞིག་དེ་ཉིད་ཀྱང་མ་ཡིན་ལ། དེ་ལས་གཞན་པ་ཡང་མ་ཡིན་པའི་ཕྱིར་ཚད་པ་ཡང་མ་ཡིན་ལ། རྟག་པ་ཡང་མ་ཡིན་ཏེ་བརྟག་པ་འདིས་དོན་གཅིག་པ་མ་ཡིན་པ་དང༌། དོན་ཐ་དད་པ་མ་ཡིན་པ་དང༌། ཆད་པ་མ་ཡིན་པ་དང༌། རྟག་པ་མ་ཡིན་པ་བསྟན་ཏོ། །དོན་གཅིག་མིན་དོན་ཐ་དད་མིན། །ཆད་པ་མ་ཡིན་རྟག་མིན་པ། །དེ་ནི་སངས་རྒྱས་འཇིག་རྟེན་གྱི། །མགོན་པོའི་བསྟན་པ་བདུད་རྩི་ཡིན། །དེ་ལྟར་ན་མཐོ་རིས་དང་བྱང་གྲོལ་གྱི་ལམ་རྣམ་པར་འབྱེད་པ་དོན་གཅིག་པ་མ་ཡིན་པ། དོན་ཐ་དད་པ་མ་ཡིན་པ། ཆད་པ་མ་ཡིན་པ། རྟག་པ་མ་ཡིན་པ། མཆོག་ཏུ་ཟབ་པ་དོན་དམ་པའི་དེ་ཁོ་ན་གསལ་བར་བྱེད་པ་དེ་ནི། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་མགོན་པོའི་བསྟན་པ་དུས་རྩིའི་གོ་འཕང་འཐོབ་པའི་རྒྱུ་ཡིན་ནོ། །རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང༌། །ཉན་ཐོས་རྣམས་ནི་ཟད་གྱུར་ཀྱང༌། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་ལས་རབ་ཏུ་སྐྱེ། །ཉན་ཐོས་གང་འདི་ལ་གོམས་པར་མ་བྱས་པ་རྣམས་ལ། བརྒྱལ་རྫོགས་པའི་སངས་


DTG096_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམས་མ་བྱུང་ངམ། ཉན་ཐོས་རྣམས་ཟད་པར་གྱུར་ཏེ། རྐྱེན་དང་མི་ལྡན་དུ་ཟིན་ན་ཡང་དེ་དག་གི་སྔོན་གོམས་པའི་རྒྱུ་ལས་བྱུང་བ་རང་སངས་རྒྱས་ཀྱི་ཡེ་ཤེས་གཞན་ལས་ཤེས་པ་མ་ཡིན་པ་བརྟེན་པ་མེད་པ་ཙམ་གྱི་རྐྱེན་ལས་རབ་ཏུ་སྐྱེས་བར་འགྱུར་རོ། །དེའི་ཕྱིར་བསྟན་པ་བདུད་རྩི་དེ་ནི་བསྒྲུབ་པ་རྣམས་ལ་ཚེ་འདི་དང་ཚེ་ཕྱི་མ་དག་ལ་བདུད་རྩིའི་གོ་འཕང་ཐོབ་པར་བྱེད་པ་ཡིན་པས་བདག་ལ་ལེགས་པར་འདོད་པ་རྣམས་ཀྱི་བསམ་པ་ཐག་པས་དེ་བསྒྲུབས་པར་བྱའོ། །བདག་དང་ཆོས་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱད་པ་བཅོ་བརྒྱད་པའོ།། །།འདིར་སྨྲས་པ། དུས་ནི་ཡོད་པ་ཡིན་ཏེ། དེ་ཡང་ལྟོས་པ་ཅན་དུ་འགྲུབ་སྟེ། ད་ལྟར་བྱུང་བ་དང་མ་འོངས་པ་དག་ནི་འདས་པ་ལ་ལྟོས་པ། འདས་པ་དང་མ་འོངས་པ་དག་ནི་ད་ལྟར་ལ་ལྟོས་ལ། ད་ལྟར་དང་འདས་པ་དག་ནི་མ་འོངས་པ་ལ་ལྟོས་ཏེ་འགྲུབ་པོ། །དེ་བཞིན་དུ་མཆོག་དང་ཐ་མ་དང་འབྲིང་ལ་སོགས་པ་དང༌། གཅིག་ལ་སོགས་པའི་དངོས་པོ་རྣམས་ཀྱང་རིམ་པ་འདི་ཉིད་ཀྱིས་ཡོད་པར་ཤེས་པར་བྱའོ། །འདིར་བཤད་པ། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་འདས་ལ་ལྟོས་གྱུར་ན། །ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་གལ་ཏེ་འདས་པའི་དུས་ལ་ལྟོས་ནས་ཡོད་པར་གྱུར་ན། དེ་ལྟ་ན་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་འདས་པའི་དུས་ན་ཡོད་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་གཉིས་དེ་ན་ཡོད་ན་ལྟོས་སུ་རུང་བའི་ཕྱིར་རོ། །དེ་ཡང་མི་འཐད་པས་དེའི་ཕྱིར་དེ་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་འདས་པ་ལ་ལྟོས་ནས་འགྲུབ་པོ། །ཞེས་གང་སྨྲ་སྤ་དེ་རིགས་པ་མ་ཡིན་ནོ། །འདིར་སྨྲས་པ། དེ་ལྟར་བྱུང་བ་དང་མ་འོངས་པ་དག་འདས་པའི་དུས་དེ་ན་ཡོད་པ་མ་ཡིན་ཏེ། འོ་ན་ཇི་ཞེ་ན། དེ་ལ་ལྟོས་ནས་འགྲུབ་པ་ཡིན་ནོ། །འདིར་བཤད་པ། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་དེ་ན་མེད་གྱུར་ན། །དེ་ལྟར་བྱུང་དང་མ་འོངས་པ། །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །དེ་ལྟར་བྱུང་བ་དང་མ་འོངས་པ་དག་གལ་ཏེ་འདས་པའི་དུས་དེ་ན་མེད་པར་གྱུར་ལ། ད་ལྟར་བྱུང་བ་དང་མ་འོངས་


DTG096_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་དེ་ན་མེད་པ་དེ་དག་ཇི་ལྟར་དེ་ལ་ལྟོས་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་གསུམ་ཅར་ཡང་ཚོགས་པར་གྱུར་ན་ལྟོས་པ་འཐད་པའི་ཕྱིར་རོ། །འདིར་སྨྲས་པ། ད་ལྟར་བྱུང་བ་དང་མ་འོངས་པ་དག་འདས་པ་ལ་མ་ལྟོས་པ་ཁོ་ནར་འགྲུབ་པར་འགྱུར་རོ། འདིར་བཤད་པ། །འདས་པ་ལ་ནི་མ་ལྟོས་པར། །དེ་གཉིས་འགྲུབ་པ་ཡོད་མ་ཡིན། །འདས་པའི་དུས་ལ་ཡོད་པར་མ་ལྟོས་པར་ཡང་དེ་ལྟར་བྱུང་པ་དང་མ་འོངས་པའི་དུས་དེ་གཉིས་རང་ལས་རབ་ཏུ་འགྲུབ་པ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་ད་ལྟར་བྱུང་བ་དང༌། །མ་འོང་དུས། ཀྱང་ཡོད་མ་ཡིན། །དེ་ལྟར་གང་གི་ཕྱིར་ད་ལྟར་བྱུང་བ་དང་མ་འོངས་པ་གཉིས་འདས་པའི་དུས་ན་ཡོད་པ་མ་ཡིན་པས། ལྟོས་པར་མི་འཐད་ལ། འདས་པ་ལམ་ལྟོས་པར་ཡང་དེ་གཉིས་འགྲུབ་པ་ཡོད་པ་མ་ཡིན་པ་དེའི་ཕྱིར་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་ཀྱང་ཡོད་པ་མ་ཡིན་ནོ། །རིམ་པའི་ཚུལ་ནི་འདི་ཉིད་ཀྱིས། །ལྷག་མ་གཉིས་པོ་བསྣོར་བ་དང༌། །མཆོག་དང་ཐ་མ་འབྲིད་ལ་སོགས། །གཅིག་ལ་སོགས་པའང་ཤེས་པར་བྱ། །རིམ་པའི་ཚུལ་འདི་ཉིད་ཀྱིས་དུས་ལྷག་མ་གཉིས་པོ་བསྣོར་བ་དང་མཆོག་དང་ཐ་མ་དང་འབྲིང་ལ་སོགས་པ་དང་གཅིག་དང་གཉིས་དང་མང་པོ་ལ་སོགས་པ་དག་ཀྱང་ཤེས་པར་བྱའོ། །འདིར་སྨྲས་པ། དུས་ནི་མ་ལྟོས་པར་ཡང་ཡོད་པ་ཁོ་ན་ཡིན་ཏེ། སྐད་ཅིག་དང་ཐད་ཅིག་དང་ཡུད་ཙམ་དང༌། མཚན་མོ་དང་ཉིན་མོ་དང་ཟླ་བ་ཕྱེད་དང༌། ཟླ་བ་དང་དུས་ཚིགས་དང་ནུར་བ་དང་ལོ་ལ་སོགས་པའི་ཚད་དང་ལྡན་པའི་ཕྱིར་རོ། །འདིར་བཤད་པ། མི་གནས་དུས་སུ་འཛིན་མི་བྱེད། །གང་ཞིག་གཟུང་བར་བྱ་བའི་དུས། །གནས་པ་ཡོད་པ་མ་ཡིན་པས། །མ་བཟུང་དུས་སུ་ཇི་ལྟར་གདགས། །དངོས་པོ་མི་གནས་པ་ལ་ནི་སུ་ཡང་དུས་སུ་འཛིན་པར་མི་བྱེད་ལ་དངོས་པོ་ལས་གཞན་པ་གང་ཞིག་གང་གིས་དུས་དེའི་ངོ་བོ་ཉིད་དུ་གཟུང་བར་བྱ་བའི་ཆོས་གནས་པ་ཡང་ཡོད་པ་མ་ཡིན་པས། མ་བཟུང་བ་དུས་སུ་ཇི་ལྟར་གདགས་ཏེ། དེའི་ཕྱིར་དུས་ཞེས་བྱ་བ་དངོས་པོ་འགའ་ཡང་མི་འཐད་དོ། །འདིར་སྨྲས་པ། དུས་ནི་ཡོད་པ་ཁོ་ན་ཡིན་ཏེ། སྔ་མ་དང་ཕྱི་མ་དང་ཅིག་ཅར་


DTG096_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་དང༌། ཡུན་རིང་པོ་དང་མྱུར་བ་ཞེས་བྱ་བ་ལ་སོགས་པའི་རྟགས་ཡོད་པའི་ཕྱིར་རོ། །འདིར་བཤད་པ། གལ་ཏེ་དུས་ནི་དངོས་བརྟེན་ན། །དངོས་མེད་དུས་ནི་གལ་ཡོད། །དངོས་པོ་འགའ་ཡང་ཡོད་མིན་ན། །དུས་ལྟ་ཡོད་པར་གལ་འགྱུར། །གལ་ཏེ་དུས་དངོས་པོ་ལ་བརྟན་པ་ཡིན་ན། དངོས་པོ་མེད་ན་དུས་ག་ལ་ཡོད་དེ། ཅིའི་ཕྱིར་ཞེ་ན། དངོས་པོ་འགའ་ཡང་མི་འཐད་དོ་ཞེས་བསྟན་ཟིན་པའི་ཕྱིར་རོ། །དངོས་པོ་འགའ་ཡང་ཡོད་པ་མ་ཡིན་ན་དུས་ལྟ་ཡོད་པར་གལ་འགྱུར་ཏེ་མ་གལ་མེའི་འཁོར་ལོ་བཞིན་ནོ། །དུས་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་དགུ་པའོ། །འདིར་སྨྲས་པ། དུས་ནི་ཡོད་པ་ཁོ་ན་ཡིན་ཏེ། དུས་དང་རྒྱུ་རྐྱེན་ཚོགས་པ་ཉིད་ལས་འབྲས་བུ་འགྲུབ་པའི་ཕྱིར་རོ། །དེ་ལྟ་བས་ན་ཚོགས་པ་ཉིད་དང༌། དེ་ལས་བྱུང་བའི་འབྲས་བུ་ཡང་ཡོད་དོ། །འདིར་བཤད་པ། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཆོགས་པ་ཉིད་ལས་སྐྱེ་གྱུར་ན། །ཚོགས་ལ་འབྲས་བུ་ཡོད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་འབྲས་བུ་སྐྱེ་བར་གྱུར་ན། ཚོགས་པ་ཉིད་དེ་ལ་འབྲས་བུ་དེ་ཡོད་པ་ཉིད་ཡིན་ན་ནི། འབྲས་བུ་ཡོད་པ་དེ་ཇི་ལྟར་ཚོགས་པ་ཉིད་དེ་ལས་སྐྱེ་བར་འགྱུར་ཏེ། དེ་ནི་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། ཡོད་པ་ལ་སྐྱེ་བ་མི་འཐད་པའི་ཕྱིར་རོ། །འདིར་སྨྲས་པ། རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་མེད་མོད་ཀྱི་འོན་ཀྱང་དེ་ལས་སྐྱེའོ། །འདིར་བཤད་པ། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ན། །ཚོགས་ལ་འབྲས་བུ་མེད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་འབྲས་བུ་སྐྱེ་བར་འགྱུར་ན། ཚོགས་པ་ཉིད་དེ་ལ་འབྲས་བུ་དེ་མེད་པ་ཉིད་ཡིན་ན་ནི། འབྲས་བུ་མེད་པ་དེ་ཇི་ལྟར་ཚོགས་པ་ཉིད་དེ་ལས་སྐྱེ་བར་འགྱུར་ཏེ། དེ་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། མེད་པ་སྐྱེ་བ་མི་འཐད་པའི་ཕྱིར་རོ། །ཡང་གཞན་ཡང༌། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། ཚོགས་ལ་འབྲས་བུ་ཡོད་ན་ནི། ཚོགས་ལ་གཞུང་དུ་ཡོད་རིགས་ན། ཚོགས་པ་ཉིད་ལ་གཟུང་དུ་མེད། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་འབྲས་


DTG096_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དེ་ཡོད་པ་ཉིད་ཡིན་པར་གྱུར་ན། དེ་ལྟ་ན་ཚོགས་པ་ཉིད་དེ་ལ་འབྲས་བུ་ཡོད་པ་དེ་མིག་གིས་གཟུགས་བལྟ་བ་དང་ཡིད་ཀྱིས་ཆོས་གཟུང་བའི་བར་དག་བཞིན་དུ། གཟུང་དུ་ཡོད་པའི་རིགས་ན་ཚོགས་པ་ཉིད་ལ་གཟུང་དུ་མེད་པས། དེའི་ཕྱིར་ཚོགས་པ་ཉིད་ལ་འབྲས་བུ་དེ་ཡོད་དོ་ཞེས་བྱ་བ་དེ་རིགས་པ་མ་ཡིན་ནོ། །ཡང་གཞན་ཡང༌། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་ལ་འབྲས་བུ་མེད་ན་ནི། །རྒྱུ་རྣམས་དང་ནི་རྐྱེན་དག་ཀྱང༌། །རྒྱུ་ཅན་མ་ཡིན་མཚུངས་པར་འགྱུར། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་དེ་མེད་པ་ཉིད་ཡིན་པར་གྱུར་ན། དེ་ལྟ་ན་རྒྱུ་རྣམས་དང་རྐྱེན་དག་ཀྱང་རྒྱུ་དང་རྐྱེན་མ་ཡིན་པ་རྣམས་དང་མཚུངས་པར་འགྱུར་བས་དེ་ནི་མི་འདོད་དེ། དེའི་ཕྱིར་ཚོགས་པ་ཉིད་ལ་འབྲས་བུ་མེད་པ་སྐྱེའོ་ཞེས་བྱ་བ་དེའི་རིགས་པ་མ་ཡིན་ནོ། །འདིར་སྨྲས་པ། རྒྱུས་འབྲས་བུ་ལ་རྒྱུ་བྱིན་ནས་འགགས་པས་དེའི་ཕྱིར་ཚོགས་པ་ཉིད་ལ་འབྲས་བུ་མེད་ཀྱང་འབྲས་བུ་རྒྱུ་དང་བཅས་པ་ཉིད་ཀྱང་ཡིན་ལ་ཇི་སྐད་བཤད་པའི་སྐྱོན་དུ་ཡང་མི་འགྱུར་རོ། །འདིར་བཤད་པ། གལ་ཏེ་རྒྱུས་ནི་འབྲས་བུ་ལ། །རྒྱུ་བྱིན་ནས་ནི་འགག་འགྱུར་ན། །གང་བྱིན་པ་དང་གང་འགགས་པའི། །རྒྱུ་ཡི་བདག་ཉིད་གཉིས་སུ་འགྱུར། །གལ་ཏེ་རྒྱུས་འབྲས་བུ་ལ་རྒྱུ་བྱིན་ནས་འགག་པ་འགྱུར་ན། དེ་ལྟ་ན་གང་བྱིན་པ་དང༌། གང་འགགས་པ་དེས་རྒྱུའི་བདག་ཉིད་གཉིས་སུ་འགྱུར་པས་དེ་ཡང་མི་འདོད་དེ། དེའི་ཕྱིར་རྒྱུས་འབྲས་བུ་ལ་རྒྱུ་བྱིན་ནས་འགག་པར་འགྱུར་རོ། །ཞེས་བྱ་བ་དེ་རིགས་པ་མ་ཡིན་ནོ། །འདིར་སྨྲས་པ། རྒྱུས་འབྲས་བུ་ལ་རྒྱུ་བྱིན་ནས་འགག་པ་མ་ཡིན་གྱིས་འདི་ལྟར་རྒྱུ་འགགས་མ་ཐག་ཏུ་འབྲས་བུ་སྐྱེའོ། །འདིར་བཤད་པ། གལ་ཏེ་རྒྱུས་ནི་འབྲས་བུ་ལ། །རྒྱུ་མ་བྱིན་པར་འགག་འགྱུར་ན། །རྒྱུ་འགགས་ནས་ནི་སྐྱེས་པ་ཡི། །འབྲས་བུ་དེ་ནི་རྒྱུ་མེད་འགྱུར། །གལ་ཏེ་རྒྱུས་འབྲས་བུ་ལ་རྒྱུ་མ་བྱིན་པར་འགག་པར་འགྱུར་ན། དེ་ལྟ་ན་རྒྱུ་འགགས་ནས་སྐྱེས་པའི་འབྲས་བུ་དེ་རྒྱུ་མེད་པར་འགྱུར་བས་དེ་ནི་མི་འདོད་དེ། དེའི་ཕྱིར་རྒྱུས་འབྲས་བུ་ལ་རྒྱུ་མ་བྱིན་པར་འགག་པར་འགྱུར་


DTG096_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཞེས་བྱ་བ་དེ་རིགས་པ་མ་ཡིན་ནོ། །འདིར་སྨྲས་པ། འབྲས་བུ་ནི་ཚོགས་པ་ཉིད་དང་ལྷན་ཅིག་སྐྱེའོ། །འདིར་བཤད་པ། གལ་ཏེ་ཚོགས་དང་ལྷན་ཅིག་ཏུ། །འབྲས་བུ་ཡང་ནི་སྐྱེ་འགྱུར་ན། །སྐྱེད་པ་དང་ནི་གང་བསྐྱེད་པ། །དུས་གཅིག་པར་ནི་ཐལ་བར་འགྱུར། །གལ་ཏེ་ཚོགས་པ་དང་འབྲས་བུ་ལྷན་ཅིག་ཁོ་ན་སྐྱེ་བར་གྱུར་ན། དེ་ལྟ་ན་སྐྱེད་པ་ཚོགས་པ་ཉིད་གང་ཡིན་པ་དང་བསྐྱེད་པ་འབྲས་བུ་གང་ཡིན་པ་ཕ་དང་བུ་ལྟ་བུ་དེ་དག་དུས་གཅིག་ཏུ་འབྱུང་བར་ཐལ་བར་འགྱུར་བ་དེ་ནི་མི་འདོད་དེ། དེའི་ཕྱིར་འབྲས་བུ་ཚོགས་པ་ཉིད་དང་ལྷན་ཅིག་སྐྱེའོ་ཞེས་བྱ་བ་དེ་རིགས་པ་མ་ཡིན་ནོ། །འདིར་སྨྲས་པ། འབྲས་བུ་ནི་ཚོགས་པ་ཉིད་ཀྱི་སྔ་རོལ་ཉིད་ན་ཡོད་དེ། དེ་ནི་ཕྱིས་ཚོགས་པ་ཉིད་སྐྱེས་པས་གསལ་བར་བྱེད་དེ་མར་མེ་དང་བུམ་པ་བཞིན་ནོ། །འདིར་བཤད་པ། གལ་ཏེ་ཚོགས་པའི་སྔ་རོལ་ན། །འབྲས་བུ་སྐྱེས་པར་གྱུར་ན་ནི། །རྒྱུ་དང་རྐྱེན་རྣམས་མེད་པ་ཡི། །འབྲས་བུ་རྒྱུ་མེད་འབྱུང་བར་འགྱུར། །གལ་ཏེ་ཚོགས་པ་ཉིད་ཀྱི་སྔ་རོལ་དུ་འབྲས་བུ་སྐྱེས་པར་གྱུར་ན། དེ་ལྟར་ན་རྒྱུ་དང་རྐྱེན་རྣམས་མེད་པའི་འབྲས་བུ་རྒྱུ་མེད་པ་ལ་འབྱུང་བར་འགྱུར་བས་དེ་ནི་མི་འདོད་དེ། སྐྱོན་ཆེན་པོར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་འབྲས་བུ་ཚོགས་པ་ཉིད་ཀྱི་སྔ་རོལ་ན་ཡོད་དོ་ཞེས་བྱ་བ་དེ་རིགས་པ་མ་ཡིན་ནོ། །འདིར་སྨྲས་པ། རྒྱུས་རྒྱུའི་ངོ་བོ་ཉིད་ཡོངས་སུ་མ་སྤངས་པ་འགག་པ་འབྲས་བུའི་བདག་ཉིད་དུ་གནས་ཏེ། རྒྱུ་ཡོངས་སུ་གྱུར་པ་ལས་འབྲས་བུར་འགྲུབ་པོ། །འདིར་བཤད་པ། གལ་ཏེ་རྒྱུ་འགགས་འབྲས་བུ་ན། །རྒྱུ་ནི་ཀུན་ཏུ་འཕོ་བར་འགྱུར། །སྔོན་སྐྱེས་པ་ཡི་རྒྱུ་ཡང་ནི། །ཡང་སྐྱེ་བར་ནི་ཐལ་བར་འགྱུར། །གལ་ཏེ་རྒྱུས་རྒྱུའི་ངོ་བོ་ཉིད་ཡོངས་སུ་མ་སྤངས་པ། འགགས་པ་འབྲས་བུའི་བདག་ཉིད་དུ་གནས་ཤིང་རྒྱུ་ཡོངས་སུ་འགྱུར་བ་ལས་འབྲས་བུ་འགྲུབ་ན། དེ་ལྟ་ན་རྒྱུ་ཀུན་ཏུ་འཕོ་བར་འགྱུར་གྱི་སྐྱེ་བ་མ་ཡིན་པར་འགྱུར། གཞན་ཡང་འདི་ལ་རྒྱུ་རྣམ་པ་གཉིས་སུ་བསམ་པ་ལྷན་ཅིག་སྐྱེས་པ་དང་སྔོན་སྐྱེས་བདག་ལས། དེ་ལ་སྔོན་སྐྱེས་པའི་རྒྱུ་ཉིད་ཀྱང་ཡང་སྐྱེ་བར་ཐལ་བར་འགྱུར་རོ། །འདིར་སྨྲས་པ། འབྲས་བུ་སྔ་ན་ཡོད་པ་ཉིད་རྒྱུ་འགགས་


DTG096_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྐྱེད་པར་བྱེད་དོ། །འདིར་བཤད་པ། འགགས་པ་ནུབ་པར་གྱུར་པ་ཡིས། །འབྲས་བུ་སྐྱེས་པ་ཇི་ལྟར་སྐྱེད། །རྒྱུ་འགགས་པ་ནུབ་པར་གྱུར་པས་འབྲས་བུ་སྐྱེས་པ་རིགས་པ་གང་གིས་སྐྱེས་པར་འགྱུར། འདིར་སྨྲས་པ། འོ་ན་འབྲས་བུ་སྔ་ན་ཡོད་པ་རྒྱུ་གནས་པས་སྐྱེད་པར་བྱེད་དོ། །འདིར་བཤད་པ། འབྲས་བུ་དང་ནི་འབྲེལ་བའི་རྒྱུ། །གནས་པས་ཀྱང་ནི་ཇི་ལྟར་སྐྱེད། །འབྲས་བུ་དང་འབྲེལ་པའི་རྒྱུ་གནས་པས་ཀྱང་རིགས་པ་གང་གིས་འབྲས་བུ་སྐྱེད་པར་འགྱུར། འདིར་སྨྲས་པ། རྒྱུ་དང་འབྲས་བུ་དང་མ་འབྲེལ་བ་དེས་འབྲས་བུ་སྐྱེད་པར་བྱེད་དོ། །འདིར་བཤད་པ། ཅི་སྟེ་དེ་འབྲས་མ་འབྲེལ་ན། །འབྲས་བུ་གང་ཞིག་སྐྱེད་པར་བྱེད། །ཅི་སྟེ་རྒྱུ་དེ་འབྲས་བུ་དང་མ་འབྲེལ་པ་ཡིན་ན་དེས་འབྲས་བུ་གང་ཞིག་སྐྱེད་པར་བྱེད་དེ། ཅིའི་ཕྱིར་ཞེ་ན། འབྲས་བུ་མ་སྐྱེས་ཤིང་སྔོན་ན་མེད་པ་རྒྱུ་དང་མ་འབྲེལ་པའི་ཕྱིར་རོ། །ཡང་གཞན་ཡང༌། རྒྱུས་ནི་མཐོང་དང་མ་མཐོང་པར། །འབྲས་བུ་སྐྱེད་པར་མི་བྱེད་དོ། །འདི་ལ་མིག་གི་དབང་པོ་ནི་མིག་གི་རྣམ་པར་ཤེས་པའི་རྒྱུ་ཡིན་ན། དེའི་གཟུགས་མཐོང་ནས་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་དམ། མ་མཐོང་བར་སྐྱེད་པར་བྱེད་གྲང་ན། གཉི་ག་ལྟར་ཡང་མི་འཐད་དེ། ཅིའི་ཕྱིར་ཞེ་ན། མཐོང་ན་ནི་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། མ་མཐོང་ན་ཡང་རྐྱེན་མེད་པའི་ཕྱིར་རོ། །འདིར་སྨྲས་པ། རྒྱུས་ནི་འབྲས་བུ་སྐྱེད་པར་བྱེད་པ་ཉིད་དེ། འབྲས་བུའི་རྒྱུ་ཡིན་པའི་ཕྱིར་རོ། །འདིར་བཤད་པ། འདི་ལ་གལ་ཏེ་རྒྱུས་འབྲས་བུ་སྐྱེད་པར་གྱུར་ན། ཕྲད་ནས་སྐྱེད་པར་འགྱུར་གྲང་ན། འབྲས་བུ་དང་རྒྱུ་དག་ཕྲེད་པ་ནི་ནམ་ཡང་མི་འཐད་དེ། ཅི་ལྟ་ཞེ་ན། འབྲས་བུ་འདས་པ་རྒྱུ་འདས་དང༌། །མ་སྐྱེས་པ་དང་སྐྱེས་པ་དང༌། །ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །འབྲས་བུ་འདས་པ་ནི་རྒྱུ་འདས་པ་དང་མ་སྐྱེས་པ་དིར་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། འདས་པ་དང་མ་འོངས་པ་དག་གིས་འབྲས་བུ་དང་རྒྱུ་དག་མེད་པའི་ཕྱིར་རོ། །འབྲས་བུ་འདས་པ་དང་རྒྱུ་སྐྱེས་པ་ཡང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ།


DTG096_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་མེད་པའི་ཕྱིར་རོ། །འབྲས་བུ་མ་སྐྱེས་རྒྱུ་མ་སྐྱེས། །འདས་པ་དང་ནི་སྐྱེས་པ་དང༌། །ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །འབྲས་བུ་མ་སྐྱེས་པ་ནི་རྒྱུ་མ་སྐྱེས་པ་དང་འདས་པ་དང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། འདས་པ་དང་མ་འོངས་པ་དག་གིས་འབྲས་བུ་དང་རྒྱུ་དག་མེད་པའི་ཕྱིར་རོ། །འབྲས་བུ་མ་སྐྱེས་པ་དང་རྒྱུ་མེད་པ་ཡང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། འབྲས་བུ་མེད་པའི་ཕྱིར་རོ། །འབྲས་བུ་སྐྱེས་པ་རྒྱུ་སྐྱེས་དང༌། །མ་སྐྱེས་པ་དང་འདས་པ་དང༌། ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །འབྲས་བུ་སྐྱེས་པ་ནི་རྒྱུ་སྐྱེས་པ་དང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་གཉིས་དུས་གཅིག་ཏུ་འབྱུང་བ་བཀག་པའི་ཕྱིར་རོ། །འབྲས་བུ་སྐྱེས་པ་དང་རྒྱུ་མ་སྐྱེས་པ་དང་འདས་པ་ཡང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། འདས་པ་དང་མ་འོངས་པ་དག་གི་རྒྱུ་དག་མེད་པའི་ཕྱིར་རོ། །ད་ལྟར་དུས་གསུམ་གྱི་རྒྱུ་དང་འབྲས་བུ་དག་ལྷན་ཅིག་ཕྲད་པར་འགྱུར་པ་ནམ་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་རྒྱུས་འབྲས་བུ་སྐྱེད་པར་བྱེད་པ་ཉིད་དེ། འབྲས་བུའི་རྒྱུ་ཡིན་ཕྱིར་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ། །ཕྲད་པ་ཡོད་པ་མ་ཡིན་ན། །རྒྱུས་ནི་འབྲས་བུ་ཇི་ལྟར་སྐྱེད། །ཡོད་པར་གྱུར་པ་མ་ཡིན་པའི་ཕྱིར་རོ། །ཕྲད་པ་ཡོད་པ་ཡིན་ན་ཡང༌། །རྒྱུས་ནི་འབྲས་བུ་ཇི་ལྟར་སྐྱེད། །ཡོད་པར་གྱུར་པའི་ཕྱིར་རོ། །ཡང་རྒྱུའི་དབང་དུ་བྱས་ནས་རྣམ་གྲངས་གཞན་དུ་དཔྱད་དེ། གལ་ཏེ་འབྲས་བུས་སྟོང་པའི་རྒྱུས། །ཇི་ལྟར་འབྲས་བུ་སྐྱེད་པར་བྱེད། །འབྲས་བུ་སྟོང་པའི་ཕྱིར་རོ། །དཔེར་ན་དེ་ལས་གཞན་པ་བཞིན་ནོ། །གལ་ཏེ་འབྲས་བུས་མི་སྟོང་རྒྱུས། །ཇི་ལྟར་འབྲས་བུ་སྐྱེད་པར་བྱེད། །འབྲས་བུ་མི་སྟོད་པའི་ཕྱིར་དཔེར་ན་འབྲས་བུའི་བདག་ཉིད་བཞིན་ནོ། །ཡང་འབྲས་བུའི་དབང་དུ་བྱས་ནས་རྣམ་གྲངས་གཞན་དུ་དཔྱད་དེ། འབྲས་བུ་མི་སྟོང་སྐྱེ་མི་འགྱུར། །མི་སྟོང་འགག་པར་མི་འགྱུར་རོ། །མི་སྟོང་དེ་ནི་མ་འགགས་དང༌། །མ་སྐྱེས་པར་ཡང་འགྱུར་བ་ཡིན། །


DTG096_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་སྐྱེ་བའི་སྔ་རོལ་ན་འབྲས་བུའི་བདག་ཉིད་ཀྱིས་སྟོང་པ་ནི་སྐྱེ་བ་དང་འགག་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རང་གི་བདག་ཉིད་ཀྱིས་ངེས་པར་གནས་པའི་ཕྱིར་རོ། །དེའི་ཕྱིར་འབྲས་བུ་སྐྱེ་བའི་སྔ་རོལ་ན་འབྲས་བུའི་བདག་ཉིད་ཀྱིས་མི་སྟོང་པར་ཡོངས་སུ་རྟོག་ན་རྟག་པའི་ཕྱིར་དེ་ནི་མ་འགགས་པ་དང་མ་སྐྱེས་པར་ཡང་ཐལ་བར་འགྱུར་བས་དེ་ནི་མི་འདོད་དེ། འབྲས་བུ་ནི་སྐྱེ་བ་དང་འགག་པའི་ཆོས་ཅན་ཉིད་དུ་འདོད་དོ། །སྟོང་པ་ཇི་ལྟར་སྐྱེ་འགྱུར་ཞིང༌། །སྟོང་པ་ཇི་ལྟར་འགག་པར་འགྱུར། །སྟོང་པ་དེ་ཡང་མ་འགགས་དང༌། །མ་སྐྱེས་པར་ཡང་ཐལ་བར་འགྱུར། །འབྲས་བུ་སྐྱེ་བའི་སྔ་རོལ་ན་འབྲས་བུའི་བདག་ཉིད་ཀྱིས་སྟོང་པ་ནི་སྐྱེ་བ་དང་འགག་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རང་གི་བདག་ཉིད་ཀྱིས་ངེས་པར་མི་གནས་པའི་ཕྱིར་རོ། །དེའི་ཕྱིར་འབྲས་བུ་སྐྱེ་བའི་སྔ་རོལ་ན་འབྲས་བུའི་བདག་ཉིད་ཀྱིས་སྟོང་པར་ཡོངས་སུ་རྟོག་ན་མེད་པའི་ཕྱིར་དེ་ཡང་མ་འགགས་པ་དང་མ་སྐྱེས་པ་ཡང་ཐལ་བར་འགྱུར་བས་དེ་ཡང་མི་འདོད་དེ། འབྲས་བུ་ནི་སྐྱེ་བ་དང་འགག་པའི་ཆོས་ཅན་ཉིད་དུ་འདོད་དོ། །ཡང་གཞན་ཡང༌། རྒྱུ་དང་འབྲས་བུ་དག་དེ་ཉིད་དང་གཞན་ཉིད་མ་ཡིན་པའི་དབང་དུ་བྱས་ནས་རྣམ་གྲངས་གཞན་དུ་དཔྱད་དེ། རྒྱུ་དང་འབྲས་བུ་གཅིག་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཞན་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །སྐྱོན་ཅིར་འགྱུར་ཞེ་ན། རྒྱུ་དང་འབྲས་བུ་གཅིག་ཉིད་ན། །སྐྱེ་དང་བསྐྱེད་པ་གཅིག་ཏུ་འགྱུར། །རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །དེ་ལྟ་བས་ན་རྒྱུ་དང་འབྲས་བུ་དག་གཅིག་པ་ཉིད་དང་གཞན་ཉིད་དུ་མི་འཐད་དོ། །ཡང་གཞན་ཡང༌། འབྲས་བུ་ངོ་བོ་ཉིད་ཡོད་པ་དང་མེད་པའི་དབང་དུ་བྱས་ནས་རྣམ་གྲངས་གཞན་དུ་དཔྱད་དེ། འབྲས་བུ་ངོ་བོ་ཉིད་ཡོད་ན། །རྒྱུས་ནི་ཅི་ཞིག་སྐྱེད་པར་འགྱུར། །འབྲས་བུའི་ངོ་བོ་ཉིད་ཡོད་པ་སྐྱེས་བ་ནི་ཐ་སྙད་དུ་ཡང་བསྟན་པ་དཀའ་བའི་ཕྱིར་རོ། །འབྲས་བུ་ངོ་བོ་ཉིད་མེད་ན། །རྒྱུས་ནི་ཅི་ཞིག་བསྐྱེད་པར་འགྱུར། །འབྲས་བུ་ངོ་བོ་ཉིད་མེད་པ་སྐྱེ་བ་ཡང་ཐ་སྙད་དུ་ཡང་བསྟན་དཀའ་བའི་ཕྱིར་རོ། །དེ་ལྟ་བས་ན་འབྲས་བུ་ངོ་བོ་ཉིད་


DTG096_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་དང་མེད་པ་ཡང་རྒྱུས་སྐྱེད་པར་མི་འཐད་དོ། །སྐྱེ་བ་ཡོད་པ་མ་ཡིན་ན། །རྒྱུ་ཉིད་འཐད་པར་མི་འགྱུར་རོ། །དེ་ལྟར་རྒྱུ་གང་གིས་ཀྱང་འབྲས་བུ་སྐྱེད་པར་མི་བྱེད་པས་རྒྱུ་ཉིད་འཐད་པར་མི་འགྱུར་རོ། །འདིར་སྨྲས་པ། རྒྱུ་ནི་འབྲས་བུ་སྐྱེད་པར་བྱེད་པ་ཉིད་དེ། རྒྱུ་འདིའི་འབྲས་བུ་འདིའོ་ཞེས་བརྗོད་པའི་ཕྱིར་རོ། །འདིར་བཤད་པ། རྒྱུ་ཉིད་འཐད་པ་ཡོད་མིན་ན། །འབྲས་བུ་གང་གི་ཡིན་པར་འགྱུར། །འབྲས་བུ་སྐྱེད་པའི་རྒྱུ་ཉིད་ཡོད་པ་མ་ཡིན་ན། འབྲས་བུ་དེ་གང་གི་ཡིན་པར་འགྱུར་ཏེ། དེའི་ཕྱིར་རྒྱུས་ནི་འབྲས་བུ་སྐྱེད་པར་བྱེད་པ་ཉིད་དེ་རྒྱུ་འདིའི་འབྲས་བུ་འདིའོ་ཞེས་བརྗོད་པའི་ཕྱིར་རོ། །ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ། །འདིར་སྨྲས་པ། རྒྱུ་འབའ་ཞིག་ལས་འབྲས་བུ་འགྲུབ་པ་མ་ཡིན་གྱི། ཚོགས་པ་རྙེད་ན་འབྲས་བུ་འགྲུབ་པར་འགྱུར་ལ། དུས་ཀྱང་ཚོགས་པའི་ཡན་ལག་ཡིན་པས་དེ་ན་ཚོགས་པས་སྐྱེད་པའི་འབྲས་བུ་ཡོད་དོ། །འདིར་བཤད་པ། རྒྱུ་རྣམས་དང་ནི་རྐྱེན་དག་གི །ཚོགས་པ་གང་ཡིན་དེ་ཡིས་ནི། །བདག་གིས་བདག་ཉིད་མི་བསྐྱེད་ན། །འབྲས་བུ་ཇི་ལྟར་སྐྱེད་པར་བྱེད། །རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པས་འབྲས་བུ་སྐྱེད་པར་བྱེད་དོ་ཞེས་བྱ་བར་བརྟགས་པ་གང་ཡིན་པ་དེས་ནི། རེ་ཞིག་བདག་གིས་བདག་ཉིད་མི་སྐྱེད་དེ། ཅིའི་ཕྱིར་ཞེ་ན། ཚོགས་པ་ནི་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཚོགས་པ་བདག་གིས་བདག་ཉིད་མི་བསྐྱེད་པ་དེས་འབྲས་བུ་ཇི་ལྟར་སྐྱེད་པར་བྱེད་དེ་བདག་ཉིད་རབ་ཏུ་མ་གྲུབ་པའི་ཕྱིར་རོ། །ཡང་ན་འབྲས་བུ་སྐྱེ་བ་རྣམ་པ་ཐམས་ཅད་དུ་མི་འཐད་པའི་ཕྱིར། དེའི་ཚོགས་པ་ཡང་མེད་པས་དེས་འབྲས་བུ་ཇི་ལྟར་སྐྱེད་པར་བྱེད་དེ་འབྲས་བུ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཚོགས་པས་བྱས་པ་དང༌། །ཚོགས་མིན་བྱས་པའི་འབྲས་བུ་མེད། །དེ་ལྟར་གང་གི་ཕྱིར་ཚོགས་པ་དེ་བདག་ཉིད་མ་སྐྱེས་ཤིང་རབ་ཏུ་མ་གྲུབ་པ་དེའི་ཕྱིར་ཆོགས་པས་བྱས་པའི་འབྲས་བུ་མེད་དོ། །གང་གི་ཚེ་ཚོགས་པས་བྱས་པའི་འབྲས་བུ་ཉིད་མི་འཐད་པ་དེའི་ཚེ། ཚོགས་པ་མ་ཡིན་པས་བྱས་པའི་འབྲས་བུ་རྒྱུ་མེད་པ་ལས་བྱུང་བ་ཡང་མི་འཐད་པས་ཚོགས་པ་མ་ཡིན་པས་བྱས་པའི་འབྲས་བུ་ཡང་མེད་དོ། །འདིར་སྨྲས་པ།


DTG096_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་ནི་རྫས་སུ་ཡོད་པ་ཉིད་དེ་རང་གི་ཡན་ལག་དག་ལས་གཞན་མ་ཡིན་པའི་ཕྱིར་རོ། །འདིར་བཤད་པ། འབྲས་བུ་ཡོད་པ་མ་ཡིན་ན། །རྐྱེན་གྱི་ཚོགས་པ་ག་ལ་ཡོད། །གང་གི་ཕྱིར་འབྲས་བུ་སྐྱེ་བ་མེད་པ་དང་རྫས་སུ་ཡོད་པ་ཉིད་མ་ཡིན་པ་དེའི་ཕྱིར་རྐྱེན་གྱི་ཚོགས་པ་ག་ལ་ཡོད་དེ། དེ་ལ་ཚོགས་པ་ནི་རྫས་སུ་ཡོད་པ་ཉིད་དེ་རང་གི་ཡན་ལག་དག་ལས་གཞན་མ་ཡིན་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ཏེ། ས་བོན་ཚིག་པ་བཞིན་ནོ། །རྒྱུ་དང་འབྲས་བུ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་པའོ།། །།འདིར་སྨྲས་པ། དུས་ལ་སོགས་པ་དག་ནི་ཡོད་པ་ཁོ་ན་ཡིན་ཏེ། འབྱུང་བ་དང་འཇིག་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདིར་བཤད་པ། འཇིག་པ་འབྱུང་བ་མེད་པར་རམ། །ལྷན་ཅིག་ཡོད་པ་ཉིད་མ་ཡིན། །འཇིག་པ་ནི་འབྱུང་བ་མེད་པར་རམ། འབྱུང་བ་དང་ལྷན་ཅིག་ཀྱང་ཡོད་པ་ཉིད་མ་ཡིན་ཏེ། རིགས་པ་གང་གིས་ཤེ་ན། བཤད་པ། གལ་ཏེ་འཇིག་པ་འབྱུང་བ་མེད་པར་ཡོད་པ་ཉིད་དུ་གྱུར་ན། འབྱུང་བ་ལ་མ་ལྟོས་པ་རྒྱུ་མེད་པར་རབ་ཏུ་འགྲུབ་པར་འགྱུར་བས་དེ་ནི་མི་འདོད་དེ། དེའི་ཕྱིར་འཇིག་པ་འབྱུང་བ་མེད་པར་ཡོད་པ་ཉིད་མ་ཡིན་ནོ། །གལ་ཏེ་འཇིག་པ་འབྱུང་བ་དང་ལྷན་ཅིག་ཡོད་པ་ཉིད་ཡིན་པར་གྱུར་པ་དེ་ལྟ་ན་ཡང་སོ་སོར་གྲུབ་པས། རྒྱུ་མེད་པ་ལས་འབྱུང་བར་འགྱུར་ཏེ་སོ་སོར་གྲུབ་པ་ཉིད་ཡིན་ན་ལྷན་ཅིག་ཡོད་པ་ཉིད་དུ་བརྟག་ཏུ་རུང་བས་དེ་ཡང་མི་འདོད་དེ། དེའི་ཕྱིར་འཇིག་པ་འབྱུང་བ་དང་ལྷན་ཅིག་ཀྱང་ཡོད་པ་ཉིད་མ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་འཇིག་པ་འབྱུང་བ་མེད་པར་རམ། ལྷན་ཅིག་ཡོད་པ་ཉིད་མ་ཡིན་ན། འོ་ན་འབྱུང་བ་ནི་ཡོད་དོ། །འདིར་བཤད་པ། འབྱུང་བ་འཇིག་པ་མེད་པར་རམ། །ལྷན་ཅིག་ཡོད་པ་ཉིད་མ་ཡིན། །འབྱུང་བ་ཡང་འཇིག་པ་མེད་པར་རམ། འཇིག་པ་དང་ལྷན་ཅིག་ཀྱང་ཡོད་པ་ཉིད་མ་ཡིན་ཏེ། རིགས་པ་གང་གིས་ཤེ་ན། བཤད་པ། གལ་ཏེ་འབྱུང་བ་འཇིག་པ་མེད་པར་ཡོད་པ་ཉིད་དུ་གྱུར་ན། རྟག་པ་དང་མི་འགྱུར་པར་འགྱུར་ཏེ། འཇིག་རྟེན་ན་རྟག་པ་དང་མི་འགྱུར་བ་ནི་འགའ་


DTG096_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་སྣང་བས་དེ་ནི་མི་འདོད་དེ། དེའི་ཕྱིར་འབྱུང་བ་འཇིག་པ་མེད་པར་ཡོད་པ་ཉིད་མ་ཡིན་ནོ། །གལ་ཏེ་འབྱུང་བ་འཇིག་པ་དང་ལྷན་ཅིག་ཡོད་པ་ཉིད་ཡིན་པར་གྱུར་ན། དེ་ལྟ་ན་ཡང་དོན་ཕན་ཚུན་མི་མཐུན་པ་གཉིས་གཅིག་ལ་དུས་གཅིག་ཏུ་འབྱུང་བར་གྱུར་ཏེ། འབྱུང་བ་དང་འཇིག་པའི་དོན་མི་མཐུན་པ་གཉིས་དངོས་པོ་གཅིག་ལ་དུས་གཅིག་ཏུ་འབྱུང་བ་ནི་འགལ་བས་དེ་ཡང་མི་འདོད་དེ། དེའི་ཕྱིར་འབྱུང་བ་འཇིག་པ་དང་ལྷན་ཅིག་ཀྱང་ཡོད་པ་ཉིད་མ་ཡིན་ནོ། །ཡང་གཞན་ཡང༌། ཇི་ལྟར་ཆོས་ཀྱི་གནས་སྐབས་ལ་མཁས་པ་དག་བརྗོད་པ། གལ་ཏེ་འབྱུང་བ་འཇིག་པ་དང་ལྷན་ཅིག་ཡོད་པ་ཉིད་ཡིན་ན། དུས་ཐམས་ཅད་དུ་འབྱུང་བ་འཇིག་པ་ཐལ་བར་འགྱུར་བས། འབྱུང་བ་ནི་དུས་ཐམས་ཅད་དུ་འཇིག་པར་མི་འཐད་དོ། །གལ་ཏེ་འབྱུང་བ་དུས་ཐམས་ཅད་དུ་འཇིག་པར་གྱུར་ན། དེ་ནམ་ཡང་གནས་པར་མི་འགྱུར་རོ། །དེ་ནི་གནས་པར་ཡང་འདོད་པས་དེ་ལྟར་རིགས་པ་དེས་ཀྱང་འབྱུང་བ་འཇིག་པ་མེད་པར་རམ་ལྷན་ཅིག་ཀྱང་ཡོད་པ་ཉིད་མ་ཡིན་ནོ། །ཡང་གཞན་ཡང༌། འཇིག་པ་འབྱུང་བ་མེད་པ་ནི། །ཇི་ལྟ་བུར་ན་ཡོད་པར་འགྱུར། །འཇིག་པ་འབྱུང་བ་མེད་པར་རིགས་པ་གང་གིས་རབ་ཏུ་འགྲུབ་པར་འགྱུར་ཏེ། རྣམ་པ་ཐམས་ཅད་དུ་ཡང་མི་འཐད་དོ། །དཔེ་ཇི་ལྟ་བུ་ཞེ་ན། འཆི་བ་སྐྱེ་བ་མེད་པ་ལྟར། །འཇིག་པ་འབྱུང་བ་མེད་པར་མེད། །ཇི་ལྟར་འཆི་བ་སྐྱེ་བ་མེད་པར་མེད་པ་དེ་ལྟར་འཇིག་པ་ཡང་འབྱུང་བ་མེད་པར་མེད་དོ། །དེ་ལ་འདི་སྙམ་དུ་གལ་ཏེ་འཇིག་པ་འབྱུང་བ་མེད་པར་མི་འཐད་པས་འབྱུང་བ་དང་ལྷན་ཅིག་ཡོད་པར་སེམས་ན། འདིར་བཤད་པ། འཇིག་པ་འབྱུང་དང་ལྷན་ཅིག་ཏུ། །ཇི་ལྟར་ཡོད་པ་ཉིད་དུ་འགྱུར། །འཇིག་པ་འབྱུང་བ་དང་ལྷན་ཅིག་ཡོད་པར་རིགས་པ་གང་གིས་རབ་ཏུ་འགྲུབ་པར་འགྱུར་ཏེ། རྣམ་པ་ཐམས་ཅད་དུ་ཡང་མི་འདོད་དོ། །དཔེ་ཇི་ལྟ་བུ་ཞེ་ན། འཆི་བ་སྐྱེ་དང་དུས་གཅིག་ཏུ། །ཡོད་པ་ཉིད་ནི་མ་ཡིན་བཞིན། །ཇི་ལྟར་འཆི་བ་སྐྱེ་བ་དང་དུས་གཅིག་ཏུ་ཡོད་པ་ཉིད་མ་ཡིན་པ་དེ་བཞིན་དུ། འཇིག་པ་ཡང་འབྱུང་བ་དང་ལྷན་ཅིག་ཡོད་པ་ཉིད་མ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་འཇིག་པ་འབྱུང་བ་མེད་པར་


DTG096_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

རམ། ལྷན་ཅིག་ཡོད་པ་མ་ཡིན་ན། །འོ་ན་ད་འབྱུང་བ་ནི་འཇིག་པ་མེད་པར་ཡོད་དོ། །འདིར་བཤད་པ། འབྱུང་བ་འཇིག་པ་མེད་པར་ནི། །ཇི་ལྟར་ཡོད་པ་ཉིད་དུ་འགྱུར། །འབྱུང་བ་འཇིག་པ་མེད་པར་རིགས་པ་གང་གིས་རབ་ཏུ་འགྲུབ་པར་འགྱུར་ཏེ། རྣམ་པ་ཐམས་ཅད་དུ་ཡང་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། དངོས་པོ་རྣམས་ལ་མི་རྟག་ཉིད། །ནམ་ཡང་མེད་པ་མ་ཡིན་ནོ། །དེའི་བདག་ཉིད་ཡིན་པའི་ཕྱིར་དཔེར་ན་དངོས་པོའི་རང་གི་བདག་ཉིད་བཞིན་ནོ། །དེ་ལ་འདི་སྙམ་དུ་གལ་ཏེ་འབྱུང་བ་འཇིག་པ་མེད་པར་མི་འཐད་པས་འཇིག་པ་དང་ལྷན་ཅིག་ཡོད་པར་སེམས་ན། འདིར་བཤད་པ། འབྱུང་བ་འཇིག་དང་ལྷན་ཅིག་ཏུ། །ཇི་ལྟར་ཡོད་པ་ཉིད་དུ་འགྱུར། །འབྱུང་བ་འཇིག་པ་དང་ལྷན་ཅིག་ཡོད་པར་རིགས་པ་གང་གིས་རབ་ཏུ་འགྲུབ་པར་འགྱུར་ཏེ། རྣམ་པ་ཐམས་ཅད་དུ་ཡང་མི་འཐད་དོ། །དཔེ་ཇི་ལྟ་བུ་ཞེ་ན། སྐྱེ་བ་འཆི་དང་དུས་གཅིག་དུ། །ཡོད་པ་ཉིད་དུ་མི་རིགས་བཞིན། །ཇི་ལྟར་སྐྱེ་བ་འཆི་བ་དང་དུས་གཅིག་ཏུ་ཡོད་པ་ཉིད་དུ་མི་རིགས་པ་དེ་བཞིན་དུ། འབྱུང་བ་ཡང་འཇིག་པ་དང་ལྷན་ཅིག་ཡོད་པ་ཉིད་དུ་མི་རིགས་སོ། །གང་དག་ཕན་ཚུན་ལྷན་ཅིག་གམ། །ཕན་ཚུན་ལྷན་ཅིག་མ་ཡིན་པར། །གྲུབ་པ་ཡོད་པ་མ་ཡིན་པ། །དེ་དག་འགྲུབ་པ་ཇི་ལྟར་ཡོད། །གང་གི་ཕྱིར་དེ་ལྟར་ཡོངས་སུ་བརྟགས་ན། འཇིག་པ་ནི་འབྱུང་བ་མེད་པར་རམ། ལྷན་ཅིག་ཡོད་པ་ཉིད་མ་ཡིན་ལ། འབྱུང་བ་ཡང་འཇིག་པ་མེད་པར་རམ། ལྷན་ཅིག་ཡོད་པ་ཉིད་མ་ཡིན་པ་དེའི་ཕྱིར། འབྱུང་བ་དང་འཇིག་པ་དག་གྲུབ་པ་ཡོད་པ་མ་ཡིན་པས། དེའི་ཕྱིར་དེ་དག་འགྲུབ་པ་རྣམ་པ་གཞན་ཇི་ལྟར་ཡོད་དེ་དེ་ལྟ་བས་ན་འབྱུང་བ་དང་འཇིག་པ་དག་ཡོད་པ་མ་ཡིན་ནོ། །དེ་དག་མེད་ན་དུས་ལ་སོགས་པ་དག་ཡོད་པར་ག་ལ་འགྱུར་ཏེ། སྟོང་པ་ཉིད་བདུན་ཅུ་པ་ལས་ཀྱང༌། །དངོས་དང་དངོས་མེད་ཅིག་ཅར་མེད། །དངོས་མེད་མེད་པར་དངོས་པོ་མེད། །རྟག་ཏུ་དངོས་དང་དངོས་མེད་འགྱུར། །དངོས་མེད་དངོས་པོ་མེད་མི་འབྱུང༌། །དངོས་པོ་མེད་པར་དངོས་མེད་མེད། །བདག་ལས་མ་ཡིན་གཞན་ལས་མིན། །དེ་ལྟ་བས་ན་དངོས་པོ་མེད། །དེ་མེད་ན་ནི་དངོས་མེད་


DTG096_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །དངོས་པོ་ཡོད་པ་ཉིད་ན་རྟག །མེད་ན་ངེས་པར་ཆད་པ་ཡིན། །དངོས་པོ་ཡོད་ན་དེ་གཉིས་ཡིན། །དེ་ཕྱིར་དངོས་པོ་ཁས་བླངས་མིན། །ཞེས་བཤད་དོ། །འདིར་སྨྲས་པ། དངོས་པོ་ནི་འཇིག་པའི་བདག་ཉིད་ཅན་ཡིན་ཡང་སྐྱེས་མ་ཐག་ཏུ་འཇིག་པར་མི་འགྱུར་ཏེ། འདི་ལྟར་སྐྱེས་མ་ཐག་ཏུ་གནས་པ་འབྱུང་བར་འགྱུར་ཞིང་དེའི་འོག་ཏུ་འཇིག་པར་འགྱུར་བས་དེའི་ཕྱིར་འཇིག་པ་ནི་འབྱུང་བ་མེད་པར་ཡོད་ལ། འབྱུང་བ་ཡང་འཇིག་པ་མེད་པར་ཡོད་དོ། །འདིར་བཤད་པ། ཟད་ལ་འབྱུང་བ་ཡོད་མ་ཡིན། །མ་ཟད་པ་ལའང་འབྱུང་བ་མེད། །ཟད་ལ་འཇིག་པ་ཡོད་མ་ཡིན། །མ་ཟད་པ་ལའང་འཇིག་པ་མེད། །གང་རྒྱུན་ཏུ་འཇིག་ཅིང་ཉི་མ་རེ་རེའི་སྐད་ཅིག་སྐད་ཅིག་ལ་ཟད་ཅིང་འབྲལ་བར་འགྱུར་བ་དེ་ནི་ཟད་པ་ཞེས་བྱ་སྟེ། ཆུ་བོའི་རྒྱུན་བཞིན་དུ་ངེས་པར་མི་གནས་པ་ངོ་བོ་ཉིད་མངོན་པར་མ་ཐོབ་པ་དེ་ལ་འབྱུང་བ་བརྟག་པར་མི་ནུས་པས། དེའི་ཕྱིར་ཟད་པ་ལ་འབྱུང་བ་ཡོད་པ་མ་ཡིན་ནོ། །གང་བརྟག་པ་རྣམ་པར་མི་འགྱུར་བ་གཏན་དུ་ཟད་པར་མི་འགྱུར་ཞིང་འབྲལ་བར་མི་འགྱུར་བ་དེ་ནི་མ་ཟད་པ་ཞེས་བྱ་སྟེ། བརྟག་པ་རྣམ་པ་དེ་དང་དེས་ངེས་པར་གནས་པ་མི་ལྡོག་པ་དེ་ལ་འབྱུང་བ་བརྟག་པར་མི་འཐད་པས། དེའི་ཕྱིར་མ་ཟད་པ་ལ་ཡང་འབྱུང་བ་མེད་དོ། །ཟད་པ་གང་ལ་འབྱུང་བ་མེད་པ་དེ་ལ་འཇིག་པ་མི་འཐད་པས། དེའི་ཕྱིར་ཟད་པ་ལ་འཇིག་པ་ཡོད་པ་མ་ཡིན་ནོ། །མ་ཟད་པ་གང་ལ་འབྱུང་བ་མི་འཐད་པ་དེ་ལ་ཡང་འཇིག་པ་མི་འཐད་པས། དེའི་ཕྱིར་མི་ཟད་པ་ལ་ཡང་འབྱུང་བ་མེད་དོ། །དེ་ལྟར་དངོས་པོ་གང་འཇིག་པའི་བདག་ཉིད་ཅན་ཡིན་ན། ཟད་པའི་ངང་ཅན་ཡིན་པ་དེ་ལ་འབྱུང་བ་ཡོད་པ་མ་ཡིན་པ་དང༌། ཇི་སྟེ་སྐྱེས་མ་ཐག་ཏུ་མི་འཇིག་ན། །ཟད་པའི་ངང་ཅན་མ་ཡིན་པས། །དེ་ལ་ཡང་འབྱུང་བ་ཡོད་པ་མ་ཡིན་ལ། དེ་བཞིན་དུ་དངོས་པོ་གང་འཇིག་པའི་བདག་ཉིད་ཅན་ཡིན་ན། ཟད་པའི་ངང་ཅན་ཡིན་པས་དེ་ལ་འཇིག་པ་ཡོད་པ་མ་ཡིན་པ་དང༌། ཅི་སྟེ་སྐྱེས་མ་ཐག་ཏུ་མི་འཇིག་ན་ཟད་པའི་ངང་ཅན་མ་ཡིན་པས། དེ་ལ་ཡང་འཇིག་པ་ཡོད་པ་མ་ཡིན་པ་དེའི་ཕྱིར། དངོས་པོ་ནི་འཇིག་པའི་བདག་ཉིད་ཅན་ཡིན་ཡང་སྐྱེས་མ་ཐག་ཏུ་འཇིག་པར་མི་འགྱུར་ཏེ། འདི་ལྟར་སྐྱེས་


DTG096_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐག་ཏུ་གནས་པ་འབྱུང་བར་འགྱུར་ཞིང་དེའི་འོག་ཏུ་འཇིག་པར་འགྱུར་བས། དེའི་ཕྱིར་འཇིག་པ་ནི་འབྱུང་བ་མེད་པར་ཡོད་ལ། འབྱུང་བ་ཡང་འཇིག་པ་མེད་པར་ཡོད་དོ་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ན། །འདིར་སྨྲས་པ། འབྱུང་བ་དང་འཇིག་པ་དག་ནི་འཇིག་པ་ཁོ་ན་ཡིན་ཏེ། དངོས་པོའི་ཆོས་ཡིན་པའི་ཕྱིར་རོ། །འདིར་བཤད་པ། འབྱུང་དང་འཇིག་པ་མེད་པར་ནི། །དངོས་པོ་ཡོད་པ་མ་ཡིན་ནོ། །འབྱུང་བ་དང་འཇིག་པ་དག་མེད་པར་ནི་དངོས་པོ་ཡོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གང་ལ་འབྱུང་བ་དང་འཇིག་པ་དག་མེད་པ་དེ་ནི་རྟག་པའམ་མེད་པ་ཉིད་དུ་འགྱུར་བའི་ཕྱིར་ཏེ། དེ་ལ་རྟག་པ་ནི་འཇིག་རྟེན་ན་འགའ་ཡང་མེད་ལ། མེད་པ་ཉིད་ཡིན་ན་ནི་དེ་དངོས་པོ་ཡོད་པ་མ་ཡིན་ནོ། །དངོས་པོ་ཡོད་པ་མ་ཡིན་པར། །འབྱུང་དང་འཇིག་པ་ཡོད་མ་ཡིན། །དངོས་པོ་ཡོད་པ་མ་ཡིན་པར་འབྱུང་བ་དང་འཇིག་པ་དག་ཡོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དངོས་པོ་མེད་ན་འབྱུང་བ་དང་འཇིག་པ་དག་གཞི་མེད་པའི་ཕྱིར་རོ། །དེའི་ཕྱིར་འབྱུང་བ་དང་འཇིག་པ་དག་ནི་ཡོད་པ་ཁོ་ན་ཡིན་ཏེ། དངོས་པོའི་ཆོས་ཡིན་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ། །ཡང་གཞན་ཡང༌། སྟོང་ལ་འབྱུང་དང་འཇིག་པ་དག །འཐད་པ་ཉིད་ནི་མ་ཡིན་ནོ། །མི་སྟོང་པ་ལའང་འབྱུང་འཇིག་དག །འཐད་པ་ཉིད་ནི་མ་ཡིན་ནོ། །འདི་ལ་གལ་ཏེ་འབྱུང་བ་དང་འཇིག་པ་དག་ཡོད་པ་ཉིད་དུ་གྱུར་ན། དེ་དག་དངོས་པོ་ངོ་བོ་ཉིད་སྟོང་པའམ་མི་སྟོང་པ་ལ་ཡོད་པར་འགྱུར་གྲང་ན། དེ་ལ་རེ་ཞིག་དངོས་པོ་ཡོད་པར་གྱུར་པ་མ་ཡིན་པ་ངོ་བོ་ཉིད་སྟོང་པ་ལ་ནི་འབྱུང་བ་དང་འཇིག་པ་དག་ཡོད་པ་ཉིད་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་སྟོང་པ་ལ་འབྱུང་བ་དང་འཇིག་པ་དེ་དག་མི་འཐད་པའི་ཕྱིར་རོ། །དངོས་པོ་ཡོད་པར་གྱུར་པ་ངོ་བོ་ཉིད་མི་སྟོང་པ་ལ་ཡང་འབྱུང་བ་དང་འཇིག་པ་དག་ཡོད་པ་ཉིད་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་མི་སྟོང་པ་ངེས་པར་གནས་པ་རྣམ་པར་འགྱུར་བ་མེད་པ་ལ་འབྱུང་བ་དང་འཇིག་པ་དག་མི་འཐད་པའི་ཕྱིར་རོ། །ཡང་གཞན་ཡང༌། འབྱུང་བ་དག་ནི་འཇིག་པ་དག །གཅིག་པ་ཉིད་དུ་མི་


DTG096_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་དོ། །འབྱུང་བ་དང་ནི་འཇིག་པ་དག །གཞན་ཉིད་དུ་ཡང་མི་འཐད་དོ། །འདི་ལ་གལ་ཏེ་འབྱུང་བ་དང་འཇིག་པ་དག་ཡོད་པར་གྱུར་ན། གཅིག་པ་ཉིད་དམ་གཞན་ཉིད་དུ་འགྱུར་གྲང་ན། རེ་ཞིག་གཅིག་པ་ཉིད་དུ་ནི་མི་འཐད་དེ། མི་མཐུན་པའི་ཕྱིར་དཔེར་ན་ཤེས་པ་དང་མི་ཤེས་པ་དག་བཞིན་ནོ། །གཞན་ཉིད་དུ་ཡང་མི་འཐད་དེ། དངོས་པོ་གཅིག་ལ་བརྟེན་པའི་ཕྱིར་དཔེར་ན་གང་ཡང་རུང་བའི་བདག་ཉིད་བཞིན་ནོ། །འབྱུང་བ་དང་ནི་འཇིག་པ་དག །མཐོང་ངོ་སྙམ་དུ་ཁྱོད་སེམས་ན། །འབྱུང་བ་དང་ནི་འཇིག་པ་དག །གཏི་མུག་ཉིད་ཀྱིས་མཐོང་བ་ཡིན། །ཇི་སྟེ་བརྒྱ་ལ་ཁྱོད་འདི་སྙམ་དུ་དངོས་པོ་རྣམས་ཀྱི་འབྱུང་བ་དང་འཇིག་པ་དག་མངོན་སུམ་ཉིད་དུ་མཐོང་བས་དེ་ལས་འཐད་པ་གཞན་ཅི་དགོས་སྙམ་དུ་སེམས་ན། དེ་ལ་བཤད་པར་བྱ་སྟེ། འབྱུང་བ་དང་འཇིག་པ་དག་ནི་གཏི་མུག་ཅན་མི་ཤེས་པ་ཕྱིན་ཅི་ལོག་དང་ལྡན་པས་མཐོང་བ་ཡིན་ཏེ། གང་ཕྱིན་ཅི་ལོག་དང་ལྡན་པས་མཐོང་བ་དེ་ནི་དོན་དམ་པར་མཐོང་བ་མ་ཡིན་ནོ། །ཡང་གཞན་ཡང༌། དངོས་པོ་དངོས་ལས་མི་སྐྱེ་སྟེ། །དངོས་མེད་དངོས་ལས་མི་སྐྱེའོ། །དངོས་པོ་དངོས་མེད་མི་སྐྱེ་སྟེ། །དངོས་མེད་དངོས་མེད་མི་སྐྱེའོ། །འདི་ལ་གལ་ཏེ་འབྱུང་བ་དང་འཇིག་པ་དངོས་པོ་ལ་བརྟེན་པ་ཞིག་ཡོད་པར་རྟོག་ན། དེ་ལ་དངོས་པོ་དངོས་པོ་ལས་སྐྱེ་བའམ། དངོས་པོ་མེད་པ་དངོས་པོ་ལས་སྐྱེ་བའམ། དངོས་པོ་དངོས་པོ་མེད་པ་ལས་སྐྱེ་བའམ། དངོས་པོ་མེད་པ་དངོས་པོ་མེད་པ་ལས་སྐྱེ་བར་འགྱུར་གྲང་ན། དེ་ལ་རེ་ཞིག་དངོས་པོ་ནི་དངོས་པོ་ལས་མི་སྐྱེ་སྟེ། དངོས་པོ་ཡིན་པའི་ཕྱིར་དཔེར་ན་སྐྱེས་པ་བཞིན་ནོ། །དངོས་པོ་མེད་པ་ཡང་དངོས་པོ་ལས་མི་སྐྱེ་སྟེ། སྐྱེ་བའི་སྔ་རོལ་ན་མེད་པའི་ཕྱིར་རམ། བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་དཔེར་ན་དེ་ལས་གཞན་པ་བཞིན་ནོ། །དངོས་པོ་ནི་དངོས་པོ་མེད་པ་ལས་མི་སྐྱེ་སྟེ། ཕྱོགས་གཉི་གར་བསྟན་པའི་ཕྱིར་རམ། རྒྱུ་མེད་པ་ལས་བྱུང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དངོས་པོ་མེད་པ་ཡང་དངོས་པོ་མེད་པ་ལས་མི་སྐྱེ་སྟེ། རྗེས་སུ་དཔག་པ་དང་གྲགས་པའི་གནོད་པས་གནོད་པར་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་རྣམ་པ་ཐམས་ཅད་དུ་དངོས་པོ་སྐྱེ་བ་མི་འཐད་པ་དེའི་ཕྱིར་འབྱུང་བ་དང་འཇིག་


DTG096_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་དངོས་པོ་ལ་བརྟེན་པར་མི་འཐད་དོ། །ཡང་གཞན་ཡང༌། དངོས་པོ་བདག་ལས་མི་སྐྱེ་སྟེ། །གཞན་ལས་སྐྱེ་བ་ཉིད་མ་ཡིན། །བདག་དང་གཞན་ལས་སྐྱེ་བ་ནི། །ཡོད་མིན་ཇི་ལྟར་སྐྱེ་བར་འགྱུར། །འདི་ལ་གལ་ཏེ་དངོས་པོ་སྐྱེ་བར་འགྱུར་ན། དེ་བདག་ལས་སམ། གཞན་ལས་སམ། གཉིས་ཀ་ལས་སྐྱེ་བར་འགྱུར་གྲང་ན། དེ་ལ་རེ་ཞིག་དངོས་པོ་ནི་བདག་ལས་སྐྱེ་བ་མེད་དེ། རང་གི་བདག་ཉིད་ཀྱིས་ཡོད་ལ་ཡང་སྐྱེ་བར་བརྟག་པ་དོན་མེད་དུ་འགྱུར་བའི་ཕྱིར་དང༌། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དངོས་པོ་ནི་གཞན་ལས་ཀྱང་སྐྱེ་བ་མེད་དེ། དངོས་པོ་མ་སྐྱེས་ཤིང་མེད་པ་ལས་གཞན་མི་འཐད་པའི་ཕྱིར་རོ། །དངོས་པོ་ནི་བདག་དང་གཞན་ལས་སྐྱེ་བ་མེད་དེ། ཇི་སྐད་བསྟན་པའི་སྐྱོན་དེ་གཉི་གར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་དངོས་པོ་གང་བདག་དང་གཞན་དང་གཉི་ག་ལས་སྐྱེ་བ་མེད་པ་དེ། དེ་རྣམ་པ་གཞན་གང་ལས་ཇི་ལྟར་སྐྱེ་བར་འགྱུར་ཏེ། དེ་ལྟ་བས་ན་དངོས་པོ་སྐྱེ་བ་མི་འཐད་དོ། །དངོས་པོ་ཡོད་པ་མ་ཡིན་ན། འབྱུང་བ་དང་འཇིག་པ་དག་གཞི་མེད་པས་ཡོད་པར་མི་འཐད་དོ། །ཡང་གཞན་ཡང༌། དངོས་པོ་ཡོད་པར་ཁས་བླངས་ན། །རྟག་དང་ཆད་པར་ལྟ་བར་ནི།། ཐལ་བར་འགྱུར་ཏེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། །དངོས་པོ་ཡོད་པར་ཁས་བླངས་ན། །རྟག་པ་དང་ཆད་པར་ལྟ་བར་ཐལ་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། དངོས་པོ་དེ་ནི་རྟག་པ་དང་མི་རྟག་པར་འགྱུར་བའི་ཕྱིར་ཏེ། དེ་ལ་རེ་ཞིག་གལ་ཏེ་དངོས་པོ་དེ་རྟག་ན་ནི་མི་འཇིག་པའི་ཕྱིར་རྟག་པར་ལྟ་བར་ཐལ་བར་འགྱུར་ལ། མི་རྟག་ན་ནི་འཇིག་པའི་ཕྱིར་ཆད་པར་ལྟ་བར་ཐལ་བར་འགྱུར་བས། དེ་ཡང་མི་འདོད་དེ་སྐྱོན་ཆེ་བའི་ཕྱིར་རོ། །འདིར་སྨྲས་པ། དངོས་པོ་ཡོད་པར་ཁས་བླངས་ཀྱང༌། །ཆད་པར་མི་འགྱུར་རྟག་མི་འགྱུར། །ཅིའི་ཕྱིར་ཞེ་ན། འདི་ལྟར། འབྲས་བུ་རྒྱུ་ཡི་འབྱུང་འཇིག་གི །རྒྱུན་དོ་སྲིད་པ་ཡིན་ཕྱིར་རོ། །དེ་ལ་རྒྱུ་འགག་བཞིན་པ་ལས་འབྲས་བུ་སྐྱེ་བའི་ཕྱིར་ཆད་པར་མི་འགྱུར་ལ། འབྲས་བུ་སྐྱེས་པ་ན་རྒྱུ་འགག་པའི་ཕྱིར་རྟག་པར་མི་འགྱུར་རོ། །འདིར་བཤད་པ། གལ་ཏེ་འབྲས་རྒྱུའི་འབྱུང་འཇིག་གི །རྒྱུན་དེ་སྲིད་པ་


DTG096_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱུར་ན། །འཇིག་ལ་ཡང་སྐྱེ་མེད་པའི་ཕྱིར། །རྒྱུ་ནི་ཆད་པར་ཐལ་བར་འགྱུར། །གལ་ཏེ་འབྲས་བུ་དང་རྒྱུ་ནི་འབྱུང་བ་དང་འཇིག་པའི་རྒྱུན་ནི་གང་ཡིན་པ་དེ་སྲིད་པ་ཡིན་པར་འགྱུར་ན། དེ་ལྟ་ན་འཇིག་པ་ལ་ཡང་སྐྱེ་བ་མེད་པའི་ཕྱིར་རྒྱུན་ཆད་པ་ཐལ་བར་འགྱུར་ཏེ། དཔེར་ན་ས་བོན་ཚིག་པ་བཞིན་ནོ། །ཡང་གཞན་ཡང༌། དངོས་པོ་ངོ་བོ་ཉིད་ཡོད་ན། །དངོས་མེད་འགྱུར་བར་མི་རིགས་སོ། །བུམ་པའི་དངོས་པོ་བུམ་པ་ངོ་བོ་ཉིད་ཀྱིས་ཡོད་ན། དངོས་པོ་མེད་པར་འགྱུར་བར་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ནི་གཞན་དུ་མི་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་དངོས་པོར་ལྟ་བ་ཡོད་ན། རྒྱུ་ཡང་འགག་པར་མི་འཐད་ལ། འབྲས་བུ་ཡང་སྐྱེ་བར་མི་འཐད་དེ་སྐྱེ་བ་དང་འགག་པ་དག་ནི་འགྱུར་བ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཡང་དེ་ལ་རྟག་པར་ལྟ་བར་ཐལ་བར་འགྱུར་བས་དེ་ནི་མི་འདོད་དོ། །ཡང་གཞན་ཡང༌། མྱ་ངན་འདས་པའི་དུས་ན་ཆད། །སྲིད་རྒྱུན་རབ་ཏུ་ཞི་ཕྱིར་རོ། །གལ་ཏེ་སྲིད་པའི་རྒྱུན་ཡོད་པར་འདོད་ན་དེ་ལྟ་ན་མྱ་ངན་ལས་འདས་པའི་དུས་ན་ཆད་པར་ལྟ་བར་ཐལ་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པའི་དུས་ན་དགྲ་བཅོམ་པའི་སྲིད་པའི་རྒྱུན་རབ་ཏུ་ཞི་པའི་ཕྱིར་རོ། །དེ་ལྟ་བས་ན་སྲིད་པའི་རྒྱུན་ཡོད་པར་རྟོག་ན་ཡང་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་འགྱུར་རོ། །འདིར་སྨྲས་པ། མྱ་ངན་ལས་འདས་པའི་དུས་ན་ཆད་པར་གྱུར་ན་གྱུར་ཀྱང་བླ་སྟེ། སྲིད་པའི་རྒྱུན་ཉིད་མཚམས་སྦྱོར་བ་ཡོད་པས་ཆད་པར་ལྟ་བར་ཐལ་བར་མི་འགྱུར་རོ། །འདིར་བཤད་པ། ཐ་མ་འགགས་པར་གྱུར་པ་ནི། །སྲིད་པ་དང་པོ་སྦྱོར་མི་འགྱུར། །ཐ་མ་འགགས་པར་མ་གྱུར་པ། །སྲིད་པ་དང་པོ་སྦྱོར་མི་འགྱུར། །འདི་ལ་སྲིད་པ་ཐ་མ་ནི་འཆི་བའི་ཆར་གཏོགས་པའི་སེམས་ཅན་ཐ་མ་ཡིན་ལ། སྲིད་པ་དང་པོ་ནི་སྐྱེ་བའི་ཆར་གཏོགས་པའི་སེམས་དང་པོ་ཡིན་ནོ། །དེ་ལ་གལ་ཏེ་སྲིད་པའི་རྒྱུན་ཉིད་མཚམས་སྦྱོར་བ་ཞིག་ཡོད་ན། སྲིད་པ་ཐ་མ་འགགས་པའམ། མ་འགགས་བ་ཞིག་སྲིད་པ་དང་པོ་དང་ཉིད་མཚམས་སྦྱོར་བར་འགྱུར་གྲང་ན། དེ་ལ་རེ་ཞིག་སྲིད་པ་ཐ་མ་འགགས་པར་གྱུར་པ་ནི་སྲིད་པ་དང་པོ་དང་ཉིད་མཚམས་སྦྱོར་བར་མི་


DTG096_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འགགས་པ་ཉིད་ཡིན་པའི་ཕྱིར་རམ། སྲིད་པ་ཐ་མ་ཡིན་པའི་ཕྱིར་དཔེར་ན་དགྲ་བཅོམ་པའི་སྲིད་པ་ཐ་མ་འགགས་པ་བཞིན་ནོ། །སྲིད་པ་ཐ་མ་འགགས་པར་མ་གྱུར་པ། ཡང་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། མ་འགགས་པ་ཉིད་ཡིན་པའི་ཕྱིར་ཏེ་དཔེར་ན་ད་ལྟར་གྱི་སྲིད་པ་བཞིན་ནོ། །འདིར་སྨྲས་པ། སྲིད་པ་ཐ་མ་འགགས་པ་དང་མ་འགགས་པ་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བ་མེད་ཀྱང༌། སྲིད་པ་ཐ་མ་འགག་བཞིན་པ་སྲིད་པ་དང་པོ་ཉིང་མཚམས་སྦྱོར་རོ། །འདིར་བཤད་པ། གལ་ཏེ་ཐ་མ་འགག་བཞིན་པ། །དང་པོར་སྐྱེ་བར་གྱུར་ན་ནི། །འགག་བཞིན་པ་ནི་གཅིག་འགྱུར་ཞིང༌། །སྐྱེ་བཞིན་པ་ཡང་གཞན་དུ་འགྱུར། །གལ་ཏེ་སྲིད་པ་ཐ་མ་འགག་བཞིན་པ་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བར་གྱུར་ན། དེ་ལྟ་ན་སྲིད་པ་གཉིས་སུ་ཐལ་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འགག་བཞིན་པ་ནི་གཅིག་ཏུ་འགྱུར་ཞིང༌། སྐྱེ་བཞིན་པ་ཡང་གཞན་དུ་འགྱུར་བའི་ཕྱིར་ཏེ། རྒྱུ་ཐ་དད་པའི་སྲིད་པ་བཞིན་པས་དེ་ནི་མི་འདོད་དོ། །འདིར་སྨྲས་པ། འདི་ལ་འགག་བཞིན་པ་དང་སྐྱེ་བཞིན་པ་ཞེས་བྱ་བ་དེ་གཉིས་དུས་གཅིག་ན་ཡོད་པ་མ་ཡིན་གྱི། འདི་ལྟར་སྲིད་པ་ཐ་མ་འགག་བཞིན་པ་ན་སྲིད་པ་དང་པོ་སྐྱེའོ། །འདིར་བཤད་པ། གལ་ཏེ་འགག་བཞིན་སྐྱེ་བཞིན་དག །ལྷན་ཅིག་སྦྱོར་བའང་ཡོད་མིན་ན། །ཕུང་པོ་གང་ལ་འཆི་འགྱུར་བ། །དེར་ནི་སྐྱེ་བའང་འབྱུང་བར་འགྱུར། །གལ་ཏེ་འགག་བཞིན་པ་དང་སྐྱེ་བཞིན་པ་ཞེས་བྱ་བ་དེ་གཉིས་དུས་གཅིག་ན་ཡོད་པ་མ་ཡིན་གྱི། འདི་ལྟར་སྲིད་པ་ཐ་མ་འགག་བཞིན་པ་ན། སྲིད་པ་དང་པོ་སྐྱེ་བ་ཡིན་ན། འོ་ན་ད་དེ་ལྟ་ན་ཕུང་པོ་གང་དག་ལ་འཆི་བར་འགྱུར་བ་དེ་དག་ཉིད་ལ་སྐྱེ་བ་ཡང་འབྱུང་བར་ཐལ་བར་གྱུར་ཏེ། ཅིའི་ཕྱིར་ཞེ་ན། ཕུང་པོ་གང་དག་འགག་བཞིན་པ་དེ་དག་ཉིད་ལ་སྐྱེ་བཞིན་པ་ཡོད་པར་འདོད་པའི་ཕྱིར་རོ། །དེ་ལྟ་ན་འཆི་བ་དང་སྐྱེ་བ་མི་མཐུན་པ་གཉིས་ཕུང་པོ་གཅིག་ལ་དུས་གཅིག་ཏུ་འབྱུང་བར་འགྱུར་བས། དེ་ནི་མི་འདོད་དེ། དེའི་ཕྱིར་འདི་ལ་འགག་བཞིན་པ་དང་སྐྱེ་བཞིན་པ་ཞེས་བྱ་བ་དེ་གཉིས་དུས་གཅིག་ན་ཡོད་པ་


DTG096_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་གྱི། འདི་ལྟར་སྲིད་པ་ཐ་མ་འགག་བཞིན་པ་ན། སྲིད་པ་དང་པོ་སྐྱེའོ་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ། །དེ་ལྟར་དུས་གསུམ་དག་ཏུ་ཡང༌། །སྲིད་པའི་རྒྱུན་ནི་མི་རིགས་ཏེ། །དུས་གསུམ་དག་ཏུ་གང་མེད་པ། དེ་ནི་ཇི་ལྟར་སྲིད་པའི་རྒྱུན། །དེ་ལྟར་ཡོངས་སུ་བརྟགས་ན་དུས་གསུམ་དག་ཏུ་ཡང་སྲིད་པའི་རྒྱུན་མི་རིགས་ན། དུས་གསུམ་དག་ཏུ་རྣམ་པ་ཐམས་ཅད་དུ་བརྟགས་ན། གང་མེད་པ་དེ་ཇི་ལྟར་སྲིད་པའི་རྒྱུན་ཡིན་ཏེ་ས་བོན་ཚིག་པ་བཞིན་ནོ། །འབྱུང་བ་དང་འཇིག་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་གཅིག་པའོ།། །། བམ་པོ་དྲུག་པ། འདིར་སྨྲས་པ། དངོས་པོ་རྣམས་ནི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་གྱི་གཙོ་བོ་འཇིག་རྟེན་ཐམས་ཅད་སྣང་བར་མཛད་པ་སྟོན་པ་བསྟན་པ་རབ་ཏུ་གནས་པར་མཛད་པ་ཡོད་བ་བཞིན་ནོ། །འདིར་བཤད་པ། སྐུ་མིན་སྐུ་ལས་གཞན་མ་ཡིན། །དེ་ལ་སྐུ་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་སྐུ་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །འདི་ལ་གལ་ཏེ་དེ་བཞིན་གཤེགས་པ་ཞེས་བྱ་བ་འགའ་ཞིག་ཡོད་པར་གྱུར་ན། དེ་ཕུང་པོ་རྣམས་ཉིད་དམ། ཕུང་པོ་རྣམས་ལས་གཞན་ནམ། དེ་ལ་ཕུང་པོ་རྣམས་ཡོད་པའམ། ཕུང་པོ་རྣམས་ལ་དེ་ཡོད་པའམ། དེའི་ཕུང་པོ་རྣམས་དང་ལྡན་པ་ཞིག་ཡིན་གྲང་ན། དེ་ལ་རེ་ཞིག་དེ་བཞིན་གཤེགས་པ་ཕུང་པོ་རྣམས་ཉིད་མ་ཡིན་ཏེ། གལ་ཏེ་དེ་བཞིན་གཤེགས་པ་ཕུང་པོ་རྣམས་ཡིན་པར་གྱུར་ན། འབྱུང་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་མི་རྟག་པ་ཉིད་དང༌། ཉེ་བར་ལེན་པ་དང་བཅས་པ་ཉིད་དུ་ཐལ་བར་འགྱུར་བས་དེ་ལྟ་མ་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཕུང་པོ་རྣམས་ཉིད་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཕུང་པོ་རྣམས་ལས་གཞན་པ་ཡང་མ་ཡིན་ཏེ། གལ་ཏེ་དེ་བཞིན་གཤེགས་པ་ཕུང་པོ་རྣམས་ལས་གཞན་ཡིན་པར་གྱུར་ན་འབྱུང་བ་དང་འཇིག་པའི་ཆོས་ཅན་མ་ཡིན་པའི་ཕྱིར་རྟོག་པ་ལ་སོགས་པའི་སྐྱོན་དུ་ཐལ་བར་འགྱུར་བ་དང༌། གཞན་ཡིན་ན་མིག་ལ་སོགས་པའི་དབང་པོ་རྣམས་ཀྱི་གཟུང་དུ་ཡོད་པར་འགྱུར་བར་རིགས་ན། དེ་


DTG096_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་མ་ཡིན་པས་དེའི་ཕྱིར་དེ་བཞིན་གཤེགས་པ་ཕུང་པོ་རྣམས་ལས་གཞན་མ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་ཕུང་པོ་རྣམས་ཡོད་པ་མ་ཡིན་ཏེ། གལ་ཏེ་དེ་བཞིན་གཤེགས་པ་ལ་ཕུང་པོ་རྣམས་ཡོད་པར་གྱུར་ན། ཇི་ལྟར་གངས་ལ་སྨན་དང་འོ་མ་ལ་སྦྲང་བུ་ཡོད་པ་བཞིན་དུ། དེ་ལ་ཕུང་པོ་རྣམས་གཞན་ཉིད་དུ་གསལ་བར་དམིགས་པར་འགྱུར་བ་དང༌། གཞན་ཉིད་ཡིན་ན་སྐྱོན་སྔར་བསྟན་པ་དག་ཏུ་འགྱུར་བས་དེ་ལྟ་མ་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ལ་ཕུང་པོ་རྣམས་ཡོད་པ་མ་ཡིན་ནོ། །ཕུང་པོ་རྣམས་ལ་ཡང་དེ་བཞིན་གཤེགས་པ་ཡོད་པ་མ་ཡིན་ཏེ། གལ་ཏེ་ཕུང་པོ་རྣམས་ལ་དེ་བཞིན་གཤེགས་པ་ཡོད་པར་གྱུར་ན། ཇི་ལྟར་འདུག་ནས་གཞན་ན། བྲམ་ཟེ་དང་ཁྱེའུ་ལ་ལྟད་མོ་པ་དང༌། ཕྲུ་རྟོག་ན་འོ་མ་ཡོད་པ་བཞིན་དུ། ཕུང་པོ་རྣམས་ལ་དེ་གཞན་ཉིད་དུ་གསལ་བར་དམིགས་པར་འགྱུར་བ་དང༌། གཞན་ཉིད་ཡིན་ན་སྐྱོན་སྔར་བསྟན་པ་དག་ཏུ་འགྱུར་བས་དེ་ལྟ་མ་ཡིན་ཏེ། དེའི་ཕྱིར་ཕུང་པོ་རྣམས་ལ་དེ་བཞིན་གཤེགས་པ་ཡོད་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཕུང་པོ་རྣམས་དང་ལྡན་པ་མ་ཡིན་ཏེ། གལ་ཏེ་དེ་བཞིན་གཤེགས་པ་ཕུང་པོ་རྣམས་དང་ལྡན་པར་གྱུར་ན། ཇི་ལྟར་བ་ལང་དང་ལྡན་པ་དང་ནོར་དང་ལྡན་པ་བཞིན་དུ། དེ་ལ་ཕུང་པོ་རྣམས་གཞན་ཉིད་དུ་གསལ་བར་དམིགས་པར་འགྱུར་བ་དང༌། གཞན་ཉིད་ཡིན་ན་སྐྱོན་སྔར་བསྟན་པ་དག་ཏུ་འགྱུར་བས་དེ་ལྟ་མ་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཕུང་པོ་རྣམས་དང་ལྡན་པ་མ་ཡིན་ནོ། །དེ་ལྟར་རྣམ་པ་ལྔས་བཙལ་ནས་ཡོད་པ་མ་ཡིན་པའི་དེ་བཞིན་གཤེགས་པ་དེ་གང་ཞིག་ཡིན་ཏེ། དེའི་ཕྱིར་དངོས་པོ་རྣམས་ཡོད་པ་ཁོ་ན་ཡིན་ཏེ། དེ་བཞིན་གཤེགས་པ་ཡོད་བཞིན་ནོ་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ། །འདིར་སྨྲས་པ། དེ་བཞིན་གཤེགས་པ་བརྟག་པ་དེ་དག་གིས་བཙལ་ན་མེད་དུ་ཟིན་ཀྱང་ཕུང་པོ་རྣམས་ལ་བརྟེན་ནས་གདགས་པར་ཡོད་དོ། །འདིར་བཤད་པ། གལ་ཏེ་སངས་རྒྱས་ཕུང་པོ་ལ། །བརྟེན་ནས་ངོ་བོ་ཉིད་ལས་མེད། །གལ་ཏེ་དེ་བཞིན་གཤེགས་པ་ཕུང་པོ་ལ་བརྟེན་ནས་གདགས་


DTG096_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདོད་ན་འོ་ན་ད་དེ་ལྟ་ན་ངོ་བོ་ཉིད་ལས་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། དེ་ངོ་བོ་ཉིད་ལས་ཡོད་པ་མ་ཡིན་ཡང་གཞན་གྱི་དངོས་པོ་ལས་ཡོད་དོ། །འདིར་བཤད་པ། ངོ་བོ་ཉིད་ལས་གང་མེད་པ། །དེ་གཞན་དངོས་ལས་ག་ལ་ཡོད། །གལ་ཏེ་ངོ་བོ་ཉིད་ལས་གང་མེད་པ་དེ་གཞན་གྱི་དངོས་པོ་ལས་ཡོད་པར་གལ་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གཞན་གྱི་དངོས་པོ་དེ་ལ་ཡང་ངོ་བོ་ཉིད་མེད་པའི་ཕྱིར་དང༌། གཉེན་པོ་མེད་པའི་ཕྱིར་གཞན་གྱི་དངོས་པོ་མི་འཐད་བས་དེའི་ཕྱིར་དེ་བཞིན་གཤེགས་པ་ངོ་བོ་ཉིད་ལས་མེད་པ་གང་ཡིན་པ་དེ་ཅིའི་ཕྱིར་གཞན་གྱི་དངོས་པོ་ལས་ཡོད་པར་འགྱུར། འདིར་སྨྲས་པ། དེ་ནི་ཉེ་བར་ལེན་པ་གཞན་དུ་གྱུར་པ་ལ་བརྟེན་ནས་གདགས་པ་ཡིན་ནོ། །འདིར་བཤད་པ། གང་ཞིག་གཞན་གྱི་དངོས་བརྟེན་ནས། །དེ་བདག་ཉིད་དུ་མི་འཐད་དོ། །གང་ཞིག་གཞན་གྱི་དངོས་པོ་ལ་བརྟེན་ནས་གདགས་པར་བྱ་བ་དེ་ནི། བདག་ཉིད་ཡོད་དོ་ཞེས་བརྗོད་པར་མི་འཐད་དེ། ཅིའི་ཕྱིར་ཞེ་ན། རང་ལས་མ་གྲུབ་པའི་ཕྱིར་རོ། །གང་ཞིག་བདག་ཉིད་མེད་པ་དེ། །ཇི་ལྟར་དེ་བཞིན་གཤེགས་པར་འགྱུར། །དེ་བཞིན་གཤེགས་པ་གང་ཞིག་རང་གི་བདག་ཉིད་མེད་པ་དེ། དེ་ཉེ་བར་ལེན་པ་གཞན་དུ་གྱུར་པ་ལ་བརྟེན་ནས་གདགས་པར་བྱ་བས་ཇི་ལྟར་དེ་བཞིན་གཤེགས་པར་འགྱུར། ཡང་གཞན་ཡང༌། གལ་ཏེ་ངོ་བོ་ཉིད་མེད་ན། །གཞན་དངོས་ཡོད་པར་ཇི་ལྟར་འགྱུར། །གལ་ཏེ་དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་ན། དེ་ལ་གཞན་གྱི་དངོས་པོ་ཡོད་པར་ཇི་ལྟར་གྱུར་ཏེ། དེ་མེད་ན་དེ་བཞིན་གཤེགས་པ་གཞན་གྱི་དངོས་པོ་ལ་བརྟེན་ནས་འགྲུབ་པར་འགྱུར་བ་ཡང་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། དེ་བཞིན་གཤེགས་པའི་ངོ་བོ་ཉིད་ངེས་པར་མ་ཟིན་ཀྱང་ཡོད་པའི་ཕྱིར་དེ་བཞིན་གཤེགས་པ་འགྲུབ་བོ། །འདིར་བཤད་པ། ངོ་བོ་ཉིད་དང་གཞན་དངོས་དག ། མ་གཏོགས་དེ་བཞིན་གཤེགས་དེ་གང༌། །ངོ་བོ་ཉིད་དང་གཞན་གྱི་དངོས་པོ་དག་མ་གཏོགས་པར་དེ་བཞིན་གཤེགས་པ་དེ་གང་ཡིན་པ་དང༌། གང་གིས་གདགས་པར་བྱ་བ་གཞན་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། དེ་བཞིན་གཤེགས་པ་ནི་ཕུང་པོ་རྣམས་ལ་བརྟེན་ནས་གདགས་


DTG096_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་ཉིད་ཡིན་ཏེ། དེ་ནི་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པས། ཕུང་པོ་རྣམས་ཀྱི་ངོ་བོ་ཉིད་ཀྱང་མ་ཡིན་ལ་གཞན་གྱི་ངོ་བོ་ཉིད་ཀྱང་མ་ཡིན་ནོ། །འདིར་བཤད་པ། གལ་ཏེ་ཕུང་པོ་མ་བརྟེན་པར། །དེ་བཞིན་གཤེགས་པ་འགའ་ཡོད་ན། །དེ་ནི་ད་གདོད་བརྟེན་འགྱུར་ཞིང༌། །བརྟེན་ནས་དེ་ལ་འགྱུར་ལ་རག །འདི་ལ་གལ་ཏེ་དེ་བཞིན་གཤེགས་པ་ཕུང་པོ་རྣམས་ལ་བརྟེན་ནས་གདགས་པར་བྱ་བ་ཉིད་ཡིན་ན། དེ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པ་མ་ཡིན་པ་ཞིག་དེ་བཞིན་གཤེགས་པའི་ཕུང་པོ་རྣམས་ལ་བརྟེན་ནས་གདགས་པར་བྱ་བ་ཉིད་ཡིན་གྲང་ན། དེ་ལ་གལ་ཏེ་དེ་བཞིན་གཤེགས་པ་ཡིན་ན་ནི། དེ་དེ་ལ་བརྟེན་པ་དོན་མེད་པ་ཉིད་དོ། །འོ་ན་གལ་ཏེ་དེ་བཞིན་གཤེགས་པ་མ་ཡིན་ན་ནི་དེ་ལྟ་ན་ཡང་གལ་ཏེ་ཕུང་པོ་རྣམས་ལ་མ་བརྟེན་པའི་སྔ་རོལ་ན་དེ་བཞིན་གཤེགས་པ་བདག་ཉིད་གཞན་གྱི་གནས་པ་འགའ་ཞིག་ཡོད་ན་ནི་དེ་དག་དོད་ཕུང་པོ་རྣམས་ལ་བརྟེན་པར་འགྱུར་ཞིང་བརྟེན་ནས་དེ་ལས་དེ་བཞིན་གཤེགས་པར་འགྱུར་ལ་རག་གོ །འདིར་སྨྲས་པ། དེ་ལྟར་འགྱུར་རོ། །འདིར་བཤད་པ། ཕུང་པོ་རྣམས་ལ་མ་བརྟེན་པར། །དེ་བཞིན་གཤེགས་པ་འགའ་ཡང་མེད། །གང་ཞིག་མ་བརྟེན་ཡོད་མིན་པ། །དེས་ནི་ཇི་ལྟར་ཉེར་ལེན་འགྱུར། །ཕུང་པོ་རྣམས་ལ་མ་བརྟེན་པར་དེ་བཞིན་གཤེགས་པ་འགའ་ཡང་མི་འཐད་དོ། །གང་ཕུང་པོ་རྣམས་ལ་མ་བརྟེན་པར་ཡོད་པ་མ་ཡིན་པ་དེས་ཇི་ལྟར་ཕུང་པོ་རྣམས་ཉེ་བར་ལེན་པར་འགྱུར་ཏེ། དེ་བཞིན་གཤེགས་པ་མ་ཡིན་པའི་ཕྱིར། དཔེར་ན་དེ་ལས་གཞན་བཞིན་ནོ། །འདིར་སྨྲས་པ། འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པའི་ཕྱིར་དང༌། དེ་བཞིན་གཤེགས་པ་ལ་ཡང་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་ལ་སྔ་ཕྱི་མེད་པས་དེ་དག་བརྟེན་ནས་གདགས་པར་བྱ་བ་ཉིད་ཡིན་ནོ། །འདིར་བཤད་པ། ཉེ་བར་བླངས་པ་མ་ཡིན་པ། །ཉེ་བར་ལེན་པར་ཅིས་མི་འགྱུར། །ཉེ་བར་ལེན་པ་མེད་པ་ཡི། །དེ་བཞིན་གཤེགས་པ་ཅི་ཡང་མེད། །གལ་ཏེ་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པར་ཉེ་བར་ལེན་པ་པོ་དང༌། ཉེ་བར་བླང་བ་དག་ལ་སྔ་ཕྱི་ཡོད་པར་མི་འཐད་ན། དེ་བཞིན་གཤེགས་པ་ནི་


DTG096_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་ལེན་པ་པོ་ཡིན་ལ། ཕུང་པོ་རྣམས་ནི་ཉེ་བར་བླངས་པ་ཡིན་ནོ་ཞེས་བྱ་བ་དེ་ཡང་མི་འཐད་དེ། ཅིའི་ཕྱིར་ཞེ་ན། འདི་ལ་ཉེ་བར་བླང་བ་ཡིན་པས། ཉེ་བར་ལེན་པ་ཞེས་བྱ་ལ་ཉེ་བར་ལེན་པར་བྱེད་པས་ཉེ་བར་ལེན་པ་པོ་ཞེས་བྱ་བ་ཡིན་ན། འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པས་འདི་ནི་ཉེ་བར་བླང་བའོ། །འདི་ནི་ཉེ་བར་ལེན་པར་བྱེད་པའོ་ཞེས་བྱ་བ་དེ་དག་མི་འཐད་པའི་ཕྱིར། ཉེ་བར་ལེན་པ་པོས་ཉེ་བར་བླངས་པ་མ་ཡིན་པ་ཡང་ཉེ་བར་ལེན་པར་མི་འགྱུར་ལ། ཉེ་བར་ལེན་པ་མེད་པ་ཡང་ཉེ་བར་ལེན་པ་པོ་དེ་བཞིན་གཤེགས་པ་ཞེས་བྱ་བར་མི་འགྱུར་བའི་ཕྱིར་རོ། །འདིར་སྨྲས་པ། དེ་བཞིན་གཤེགས་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། ཉེ་བར་ལེན་པས་གདགས་པར་བྱ་བ་ཡིན་པའི་ཕྱིར་རོ། །འདིར་བཤད་པ། རྣམ་པ་ལྔས་ནི་བཙལ་བྱས་ན། །གང་ཞིག་དེ་ཉིད་གཞན་ཉིད་དུ། །མེད་པའི་དེ་བཞིན་གཤེགས་པ་དེ། །ཉེ་བར་ལེན་པས་ཇི་ལྟར་གདགས། །འདི་ལ་གལ་ཏེ་དེ་བཞིན་གཤེགས་པ་ཉེ་བར་ལེན་པས་གདགས་པར་བྱ་བ་ཞིག་ཡོད་པར་གྱུར་ན། དེ་ཉེ་བར་ལེན་པ་ལས་དེ་ཉིད་དམ། གཞན་ཉིད་དུ་འགྱུར་གྲང་ན། རྣམ་པ་ལྔས་བཙལ་ན་གང་ཞིག་དེ་ཉིད་དང་གཞན་ཉིད་དུ་མེད་པའི་དེ་བཞིན་གཤེགས་པ་དེ་ཉེ་བར་ལེན་པས་ཇི་ལྟར་གདགས་པར་བྱ་སྟེ། དེའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ནོ། །འདིར་སྨྲས་པ། ཉེ་བར་ལེན་པ་པོ་ནི་ཡོད་པ་ཁོ་ན་ཡིན་ཏེ། ཉེ་བར་བླང་བ་ཡོད་པའི་ཕྱིར་རོ། །འདིར་བཤད་པ། གང་ཞིག་ཉེ་བར་བླང་བ་དེ། །དེ་ནི་ངོ་བོ་ཉིད་ལས་མེད། །ཉེ་བར་བླང་བ་གནག་ཡོད་དོ་སྙམ་དུ་སེམས་པ་དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་ངོ་བོ་ཉིད་ལས་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། ཉེ་བར་བླང་བ་དེ་ནི་ངོ་བོ་ཉིད་ལས་ཡོད་པ་མ་ཡིན་ཡང་གཞན་གྱི་དངོས་པོ་ལས་ཡོད་དོ། །འདིར་བཤད་པ། བདག་གི་དངོས་ལས་གང་མེད་པ། །དེ་གཞན་དངོས་ལས་ཡོད་རེ་སྐན། །ཉེ་བར་ལེན་པ་གང་བདག་གི་དངོས་པོ་ལས་མེད་པ་དེ་གཞན་གྱི་དངོས་པོ་ལས་ཡོད་པར་འགྱུར་རེ་སྐན་ཏེ། ཅིའི་ཕྱིར་ཞེ་ན། བདག་གི་དངོས་པོ་ཡོད་པ་མ་ཡིན་པས། གཞན་གྱི་དངོས་པོ་ཡང་མེད་པའི་ཕྱིར་རོ། །ཡང་བཤད་པ། བདག་ཅེས་བྱ་བ་བརྟེན་ནས་ནི། །རྣམ་ལྔའི་སྔ་རོལ་ཉེར་ལེན་མེད། །མ་བརྟེན་ཉེ་བར་ལེན་པ་


DTG096_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །འགའ་ཡང་ཇི་ལྟར་ཡོད་མི་འགྱུར། །ཉེ་བར་བླང་བ་དེ་ཡང་ནི། །ཉེར་ལེན་དེ་ཡི་སྔ་རོལ་ན། །ཉེ་བར་བླང་བ་ཡོད་མིན་ན། །ཉེར་ལེན་ཇི་ལྟར་ཡོད་པར་འགྱུར། །ཉེར་ལེན་ཉེ་བར་བླང་དེ་ལ། །བརྟེན་པ་ཡོད་མིན་མ་བརྟེན་མེད། །ཉེར་ལེན་ཉེ་བར་བླང་ལས་མིན། །ཉེར་བླང་མིན་ལས་ཡོད་མ་ཡིན། །ཉེར་བླང་ཉེ་བར་ལེན་པའི་མིན། །ཉེར་ལེན་མིན་པའི་མ་ཡིན་ཏེ། །དེ་ནི་ཉེར་ལེན་བརྟེན་པ་མིན། །ཉེར་ལེན་མིན་ལ་བརྟེན་མ་ཡིན། །ཉེར་ལེན་འགྲུབ་པ་གང་ཡིན་པ། །ཉེ་བར་བླང་ལས་འགྱུར་ཡིན་ན། །དེ་གྲུབ་མེད་ན་ཉེར་ལེན་པའི། །འགྲུབ་པ་ཇི་ལྟར་ཡོད་པར་འགྱུར། །གལ་ཏེ་ཉེར་ལེན་འགྲུབ་འགྱུར་བའི། །ཉེ་བར་བླང་བ་མ་གྲུབ་ན། །ཉེར་ལེན་གྲུབ་པ་ཡོད་མིན་པས། །ཉེ་བར་བླང་བའི་བྱེད་པ་མེད། །དེ་ལྟར་ཉེར་བླང་ཉེར་ལེན་པོ། །རྣམ་པ་ཀུན་གྱིས་སྟོང་པ་ཡིན། །སྟོང་བས་དེ་བཞིན་གཤེགས་སྟོང་པ། །ཇི་ལྟ་བུར་ན་འདོགས་པར་འགྱུར། །དེ་ལྟར་གང་གི་ཕྱིར་ཉེ་བར་བླང་བ་དང་ཉེ་བར་ལེན་པ་པོ་དག་ངོ་བོ་ཉིད་དང་གཞན་གྱི་དངོས་པོ་དང་དེ་ཉིད་དང་གཞན་ཉིད་ལ་སོགས་པ་རྣམ་པ་ཀུན་གྱིས་སྟོང་པ་དེའི་ཕྱིར། དོན་དམ་པའི་དེ་ཁོ་ན་མཐོང་བ་དག་ཉེ་བར་བླང་བ་དང་ཉེ་བར་ལེན་པ་པོ་རྟོགས་པ་དེ་ལྟ་བུ་དེས། དེ་བཞིན་གཤེགས་པ་ཡོད་དོ་ཞེས་འདོགས་པར་མི་འགྱུར་རོ། །དེ་ལྟ་བས་ན་བརྟེན་ནས་གདགས་པར་བྱ་བའི་དོན་ནི་རྣམ་པ་ཐམས་ཅད་དུ་སྟོང་པ་ཉིད་ཡིན་པའི་ཕྱིར་ངོ་བོ་ཉིད་དང་གཞན་གྱི་དངོས་པོ་དང་དེ་ཉིད་དང་གཞན་ཉིད་ལ་སོགས་པར་བརྗོད་པར་བྱ་བ་མ་ཡིན་ནོ། །འདིར་སྨྲས་པ། ཇི་འོ་ན་ད་སྟོང་ངོ་ཞེས་བྱ་བ་དེ་ངེས་པ་ཡིན་ནམ། འདིར་སྨྲས་པ། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང༌། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །སྟོང་ངོ་ཞེས་ཀྱང་བརྗོད་པར་མི་བྱ། མི་སྟོང་ངོ་ཞེས་ཀྱང་བརྗོད་པར་མི་བྱ། སྟོང་པ་དང་མི་སྟོང་པ་ཞེས་ཀྱང་བརྗོད་བར་མི་བྱ། སྟོང་པ་ཡང་མ་ཡིན་མི་སྟོང་པ་ཡང་མ་ཡིན་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། མི་མཐུན་པའི་ཕྱོགས་ཙམ་གསལ་བ་ལ་འཇུག་པའི་ཕྱིར་རོ། །ཡང་དག་པ་མ་ཡིན་པར་རྟོག་པའི་དྲི་མ་བཀྲུ་བའི་ཕྱིར་དང་དོན་དམ་པའི་དོན་ཁོ་ན་གདགས་


DTG096_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་དུ་ནི་དེ་དག་བརྗོད་པར་བྱའོ། །འདིར་སྨྲས་པ། གལ་ཏེ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་དང་གཞན་གྱི་དངོས་པོ་ལས་ཀྱང་ཡོད་པ་མ་ཡིན་ན། ཅིའི་ཕྱིར་རྟག་པ་དང་མི་རྟག་པ་ལ་སོགས་པ་དང་མཐའ་དང་མཐའ་མེད་པ་ལ་སོགས་པར་བརྗོད་པར་བྱ་བ་མ་ཡིན་ཞེན། འདིར་བཤད་པ། རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་ཞི་བ་འདི་ལ་རྟག་པ་དང་མི་རྟག་པ་དང་རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང༌། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་ཞེས་བྱ་བ་སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་བཞི་པོ་དེ་དག་དང༌། མཐའ་ཡོད་པ་དང་མཐའ་མེད་པ་དང་མཐའ་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང༌། མཐའ་ཡོད་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་པ་ཞེས་བྱ་བ་ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་བ་བཞི་པོ་དེ་དག་ག་ལ་ཡོད་དེ། དོན་དམ་པར་དེ་བཞིན་གཤེགས་པ་སྐྱེ་བ་མེད་པའི་ཕྱིར་རོ། །འདིར་སྨྲས་པ། དེ་བཞིན་གཤེགས་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། མྱ་ངན་ལས་འདས་ནས་མེད་དོ་ཞེས་ལུང་དུ་མ་བསྟན་པའི་ཕྱིར་རོ། །འདིར་བཤད་པ། གང་གིས་འཛིན་སྟུག་བཟུང་གྱུར་པ། །དེ་ནི་མྱ་ངན་འདས་པ་ལ། །དེ་བཞིན་གཤེགས་པ་ཡོད་ཅེའམ། །མེད་ཅེས་རྣམ་རྟོག་རྟོག་པར་བྱེད། །རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་ལ་གོམས་པའི་བག་ཆགས་ཀྱིས་བསྒོས་པའི་བློ་གྲོས་ཅན་གང་གིས་འདི་ཉིད་བདེན་གྱི་གཞན་ནི་དོན་མེད་པའོ་སྙམ་དུ་འཛིན་པ་སྟུག་པོ་བཟུང་བར་གྱུར་པ་དེ་ནི་མྱ་ངན་ལས་འདས་པ་ལ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཡོད་དེ་ཞེའམ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་མེད་ཅེའམ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཡོད་ཀྱང་ཡོད་ལ། མེད་ཀྱང་མེད་ཅེའམ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་བྱ་བ་མྱ་ངན་ལས་འདས་པ་ལ་བརྟེན་པའི་ལྟ་བ་བཞི་པོ་དག་ཏུ་རྣམ་པར་རྟོག་པ་ལ་རྟོགས་པར་བྱེད་དོ། །ངོ་བོ་ཉིད་ཀྱིས་སྟོང་དེ་ལ། །སངས་རྒྱས་མྱ་ངན་ལས་འདས་ནས། །ཡོད་དོ་ཞེའམ་མེད་དོ་ཞེས། །བསམ་པ་འཐད་པ་


DTG096_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མི་འགྱུར། །ཡང་དག་པའི་ཡེ་ཤེས་ཀྱི་མིག་བྱེ་བདག་ལ་ནི་མྱ་ངན་ལས་འདས་པ་ལ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཡོད་ཅེའམ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་མེད་ཅེའམ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེའམ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཞེས་བྱ་བ་མྱ་ངན་ལས་འདས་པ་ལ་བརྟེན་པའི་ལྟ་བ་བཞི་པོ་དེ་དག་གི་བསམ་པ་འཐད་པ་ཉིད་དུ་མི་འགྱུར་ཏེ། རྣམ་པར་རྟོག་པའི་བློ་ཡུལ་མེད་པ་ལ་སྐྱེ་བར་མི་འགྱུར་བའི་ཕྱིར་རོ། །གང་དག་སངས་རྒྱས་སྤྲོས་འདས་ཤིང༌། །ཟད་པ་མེད་ལ་སྤྲོས་བྱེད་པ། །སྤྲོས་པས་ཉམས་པ་དེ་ཀུན་གྱིས། །དེ་བཞིན་གཤེགས་པ་མཐོང་མི་འགྱུར། །གང་དག་སངས་རྒྱས་བཅོམ་ལྡན་འདས་སྤྲོས་པ་ལས་འདས་ཤིང་ཟད་པ་མེད་པ་ལ། ཡོད་པ་དང་མེད་པ་དང་རྟག་པ་དང་མི་རྟག་པ་དང་གཟུགས་ཀྱི་སྐུ་དང༌། ཆོས་ཀྱི་སྐུ་དང༌། གསུང་རབ་ཀྱི་སྐུ་དང༌། མཚན་ཉིད་དང་མཚན་ཉིད་ཀྱི་གཞི་དང་རྒྱུ་དང་འབྲས་བུ་དང་བློ་དང་རྟོགས་པར་བྱ་བ་དང༌། སྟོང་པ་དང་མི་སྟོང་པ་ལ་སོགས་པའི་སྤྲོས་པ་དག་གིས་སྤྲོས་པར་བྱེད་པ་དང༌། རྟོགས་པར་བྱེད་པ་དང་རློམ་སེམས་སུ་བྱེད་པ་དང་སྤྲོས་པས་བློ་གྲོས་ཀྱི་མིག་ཉམས་པ་དེ་དག་ཐམས་ཅད་ཀྱིས་དམུས་ལོང་གིས་ཉི་མ་བཞིན་དུ། དེ་བཞིན་གཤེགས་པ་སྤྲོས་པ་ལས་འདས་ཤིང༌། ཟད་པ་མེད་པ་ཆོས་ཀྱི་སྐུ་ལས་མཐོང་བར་མི་འགྱུར་རོ། །དེ་བཞིན་གཤེགས་པའི་དངོས་ཉིད་གང༌། །དེ་ནི་འགྲོ་བའི་ངོ་བོ་ཉིད། །དེ་བཞིན་གཤེགས་པའི་དངོས་ཉིད་མེད། །འགྲོ་འདི་ངོ་བོ་ཉིད་མེད་དོ། །གང་གི་ཕྱིར་དེ་ལྟར་ཡོངས་སུ་བརྟགས་ན། དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་པ་དེའི་ཕྱིར། དེ་བཞིན་གཤེགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི། སེམས་ཅན་དང་འདུ་བྱེད་ཀྱི་འགྲོ་བ་འདི་དག་གི་ངོ་བོ་ཉིད་ཀྱང་ཡིན་ནོ། །དེ་བཞིན་གཤེགས་པའི་ངོ་བོ་ཉིད་གང་ཡིན་ཞེ་ན། བཤད་པ། དེ་བཞིན་གཤེགས་པའི་ངོ་བོ་ཉིད་མེད་དེ། འགྲོ་བ་འདི་དག་ཀྱང་ངོ་བོ་ཉིད་མེད་པར་མཉམ་པ་ཡིན་གྱི། ཡོན་ཏན་གྱིས་མཉམ་པ་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པ་བརྟག་


DTG096_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་གཉིས་པའོ།། །།འདིར་སྨྲས་པ། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཀུན་དུ་རྟོག་ལས་འབྱུང་བར་གསུངས། །སྡུག་དང་མི་སྡུག་ཕྱིན་ཅི་ལོག །བརྟེན་པ་ཉིད་ལས་ཀུན་དུ་འབྱུང༌། །འདི་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ནི་ཀུན་དུ་རྟོག་པ་ལས་འབྱུང་བར་མདོ་སྡེ་དག་ལས་རྒྱ་ཆེར་གསུངས་ཏེ། དེ་དག་ཀྱང་སྡུག་པ་དང་མི་སྡུག་པའི་ཕྱིན་ཅི་ལོག་ལ་བརྟེན་པ་ཉིད་ལས་ཀུན་དུ་འབྱུང་བས། དེའི་ཕྱིར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ནི་ཡོད་པ་ཡིན་ནོ། །འདིར་བཤད་པ། གང་དག་སྡུག་དང་མི་སྡུག་པའི། །ཕྱིན་ཅི་ལོག་ལ་བརྟེན་འབྱུང་བ། །དེ་དག་ངོ་བོ་ཉིད་ལས་མེད། །དེ་ཕྱིར་ཉོན་མོངས་ཡང་དག་མེད། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་ཉོན་མོངས་པ་གང་དག་སྡུག་པ་དང་མི་སྡུག་པའི་ཕྱིན་ཅི་ལོག་ལ་བརྟེན་ནས་འབྱུང་བ་དེ་དག་ནི་ངོ་བོ་ཉིད་ལས་མེད་པ་དེའི་ཕྱིར་ཉོན་མོངས་པ་རྣམས་ཡང་དག་པར་ཡོད་པ་མ་ཡིན་ནོ། །ཡང་གཞན་ཡང༌། བདག་གི་ཡོད་ཉིད་མེད་ཉིད་ནི། །ཇི་ལྟ་བུར་ཡང་འགྲུབ་པ་མེད། །དེ་མེད་ཉོན་མོངས་རྣམས་ཀྱི་ནི། །ཡོད་ཉིད་མེད་ཉིད་ཇི་ལྟར་འགྲུབ། །འདི་ལ་གལ་ཏེ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ཀྱི་རྟེན་བདག་ཅེས་བྱ་བ་ཡོད་ན་ནི། དེ་ལ་བརྟེན་པ་ཉོན་མོངས་པ་རྣམས་ཀྱང་ཡོད་པར་བརྟག་ཏུ་རུང་ན། བདག་གིས་ཡོད་པ་ཉིད་དང་མེད་པ་ཉིད་ནི་རྣམ་པ་གང་གིས་ཀྱང་ཇི་ལྟ་བུར་ཡང་འགྲུབ་པ་མེད་དེ། བདག་དེ་མེད་ན་ཉོན་མོངས་པ་རྣམས་ཀྱི་ཡོད་པ་ཉིད་དང་མེད་པ་ཉིད་ཇི་ལྟར་འགྲུབ་པར་འགྱུར་ཏེ། མི་འགྲུབ་པོ། །ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་དེ་དག་གང་གི་ཡིན། །དེ་ཡང་གྲུབ་པ་ཡོད་མ་ཡིན། །གལ་ཏེ་གང་མེད་ཅི་ཞིག་ཡོད། །ཉོན་མོངས་ཅུང་ཟད་ཡོད་མ་ཡིན། །ཉོན་མོངས་པ་དེ་དག་བདག་གང་གི་ཡིན་པའི་བདག་དེ་ཡོད་རྣམ་པ་ཐམས་ཅད་དུ་འགྲུབ་པ་ཡོད་པ་མ་ཡིན་ཏེ། གལ་ཏེ་བདག་གང་ཡང་མེད་ན་ཉོན་མོངས་པ་ཅི་ཞིག་ཡོད་དེ་ཉོན་མོངས་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་འདི་སྙམ་དུ་བདག་གང་ཡང་མེད་པར་ཉོན་མོངས་པ་རྣམས་ཡོད་པར་སེམས་ན་དེ་ལ་བཤད་པར་བྱ་སྟེ། རང་ལུས་


DTG096_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བཞིན་ཉོན་མོངས་རྣམས། །ཉོན་མོངས་ཅན་ལ་རྣམ་ལྡན་མེད། །རང་ལུས་ལྟ་བཞིན་ཉོན་མོངས་ཅན། །ཉོན་མོངས་པ་ལ་རྣམ་ལྔར་མེད། །ཇི་ལྟར་རང་གི་ལུས་ལ་ལྟ་བ་ཕུང་པོ་རྣམས་ལ་རྣམ་པ་ལྔར་ཡོད་པ་མ་ཡིན་པ་དེ་བཞིན་དུ་ཉོན་མོངས་པ་རྣམས་ཀྱང་ཉོན་མོངས་པ་ཅན་གྱི་སེམས་ལ་རྣམ་པ་ལྔར་ཡོད་པ་མ་ཡིན་ནོ། །ཇི་ལྟར་རང་གི་ལུས་ལ་ལྟ་བ་ཕུང་པོ་རྣམས་ལ་རྣམ་པ་ལྔར་ཡོད་པ་མ་ཡིན་པ་དེ་བཞིན་དུ། ཉོན་མོངས་པ་ཅན་གྱི་སེམས་ཀྱང་ཉོན་མོངས་པ་རྣམས་ལ་རྣམ་པ་ལྡར་ཡོད་པ་མ་ཡིན་ན། ཡང་གཞན་ཡང༌། སྡུག་དང་མི་སྡུག་ཕྱིན་ཅི་ལོག །ངོ་བོ་ཉིད་ལས་ཡོད་མིན་ན། །སྡུག་དང་མི་སྡུག་ཕྱིན་ཅི་ལོག །བརྟེན་ནས་ཉོན་མོངས་གང་དག་ཡིན། །གང་གི་ཚེ་སྡུག་པ་དང་མི་སྡུག་པའི་ཕྱིན་ཅི་ལོག་དག་ངོ་བོ་ཉིད་ལས་ཡོད་པ་མ་ཡིན་ནོ། །དེའི་ཚེ་ཕྱིན་ཅི་ལོག་རྣམས་ཡང་དག་པ་མ་ཡིན་ནོ། །གང་ཡང་དག་པ་མ་ཡིན་པ་དེ་ནི་ངོ་བོ་ཉིད་ལས་ཡོད་པ་མ་ཡིན་ཏེ། དེ་དག་ངོ་བོ་ཉིད་ལས་ཡོད་པ་མ་ཡིན་ན། དེ་དག་ལ་བརྟེན་ནས་ཉོན་མོངས་པ་གང་དག་འབྱུང་ངོ་ཞེས་བྱ་བ་དེ་དག་ཇི་ལྟར་ཡོད་པར་འགྱུར། འདིར་སྨྲས་པ། གཟུགས་སྒྲ་རོ་དང་རེག་པ་དང༌། །དྲི་དང་ཆོས་དག་རྣམ་དྲུག་ནི། །གཞི་སྟེ་འདོད་ཆགས་ཞེ་སྡང་དང༌། །གཏི་མུག་གིར་ནི་རྣམ་པར་བརྟག །གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་དང་ཆོས་རྣམ་པ་དྲུག་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་གཞི་ཡིན་པར་རྣམ་པར་བརྟགས་ཏེ། གཞི་དེ་ལ་བརྟེན་ནས་སྡུག་པ་དང་མི་སྡུག་པའི་ཕྱིན་ཅི་ལོག་དག་འབྱུང་ཞིང་སྡུག་པ་དང་མི་སྡུག་པའི་ཕྱིན་ཅི་ལོག་དག་ལ་བརྟེན་ནས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་འབྱུང་ངོ༌། །འདིར་བཤད་པ། གཟུགས་སྒྲ་རོ་དང་རེག་པ་དང༌། །དྲི་དང་ཆོས་དང་འབའ་ཞིག་པ། །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །སྒྱུ་མའི་སྐྱེས་བུ་ལྟ་བུ་དང༌། །གཟུགས་བརྙན་འདྲ་བ་དེ་དག་ལ། །སྡུག་པ་དང་ནི་མི་སྡུག་པ། །འབྱུང་བར་ཡང་ནི་ག་ལ་འགྱུར། །གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་དང་ཆོས་དག་ནི་འབའ་ཞིག་པ་བྲལ་བ་ཅི་ཡང་མེད་པ་མ་འདྲེས་པ་ངོ་བོ་ཉིད་མེད་པ་སྟེ། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། སྨིག་རྒྱུ་དང་རྨི་ལམ་འདྲ་བ་ཡིན་པས། སྒྱུ་མའི་སྐྱེས་བུ་ལྟ་བུ་དང་གཟུགས་བརྙན་འདྲ་བ་དེ་


DTG096_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་སྡུག་པ་དང་མི་སྡུག་པ་འབྱུང་བར་ག་ལ་འགྱུར། ཡང་གཞན་ཡང༌། གང་ལ་བརྟེན་ནས་སྡུག་པ་ཞེས། །མི་སྡུག་པར་ནི་གདགས་བྱ་བ། །སྡུག་ལ་མ་ལྟོས་ཡོད་མིན་པས། །དེ་ཕྱིར་སྡུག་པ་འཐད་མ་ཡིན། །སྡུག་པ་གང་ལ་བརྟེན་ནས་སྡུག་པ་གང་མི་སྡུག་པར་གདགས་པར་བྱ་བའི་སྡུག་པ་དེ་སྡུག་པ་ལ་མ་ལྟོས་པའི་སྔ་རོལ་ན་ཡོད་པ་མ་ཡིན་པས་དེའི་ཕྱིར་སྡུག་པ་འཐད་པ་མ་ཡིན་ནོ། །གང་ལ་བརྟེན་ནས་མི་སྡུག་པ། །སྡུག་པ་ཞེས་ནི་གདགས་བྱ་བ། །མི་སྡུག་མ་ལྟོས་ཡོད་མིན་པས། །དེ་ཕྱིར་མི་སྡུག་འཐད་མ་ཡིན། །མི་སྡུག་པ་གང་ལ་བརྟེན་ནས་མི་སྡུག་པ་གང་སྡུག་པར་གདགས་པར་བྱའི་མི་སྡུག་པ་དེ་མི་སྡུག་པ་ལ་མི་ལྟོས་པའི་སྔ་རོལ་ན་ཡོད་པ་མ་ཡིན་པས་དེའི་ཕྱིར་མི་སྡུག་པའང་འཐད་པ་མ་ཡིན་ནོ། །སྡུག་པ་ཡོད་པ་མ་ཡིན་ན། །འདོད་ཆགས་འབྱུང་བར་གལ་འགྱུར། །མི་སྡུག་ཡོད་པ་མ་ཡིན་ན། །ཞེ་སྡང་འབྱུང་བར་ག་ལ་འགྱུར། །སྡུག་པ་དང་མི་སྡུག་པ་དེ་དག་ཡོད་པ་མ་ཡིན་ན། འདོད་ཆགས་དང་ཞེ་སྡང་དག་འབྱུང་བར་ག་ལ་འགྱུར་ཏེ། དེ་དག་མེད་པའི་ཕྱིར་གཏི་མུག་ཀྱང་མེད་དེ། དེ་དག་མེད་པ་ཁོ་ནས་དེ་ཡང་ཡོད་པ་མ་ཡིན་པར་གྲུབ་པོ། །འདིར་སྨྲས་པ། སྡུག་པ་དང་མི་སྡུག་པའི་ཕྱིན་ཅི་ལོག་དག་ནི་ཡོད་པ་ཁོ་ན་ཡིན་ཏེ། མདོ་སྡེ་ལས་རྟག་པ་ལ་སོགས་པའི་ཕྱིན་ཅི་ལོག་བཞི་ཡོད་པར་གསུངས་པའི་ཕྱིར་རོ། །དེ་དག་ཡོད་པའི་ཕྱིར་ཕྱིན་ཅི་ལོག་ཏུ་གྱུར་པ་ཡང་ཡོད་དེ། དེ་ལ་གང་མི་རྟག་པ་ལ་རྟག་པ་ཞེས་འཛིན་པ་དེ་ནི་ཕྱིན་ཅི་ལོག་ཡིན་ལ། གང་མི་རྟག་པ་ལ་མི་རྟག་པ་ཞེས་འཛིན་པ་དེ་ནི་ཕྱིན་ཅི་ལོག་མ་ཡིན་ཏེ། ལྷག་མ་རྣམས་ལ་ཡང་དེ་བཞིན་ནོ། །འདིར་བཤད་པ། གལ་ཏེ་མི་རྟག་རྟག་པ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་རྟག་པ་ཡོད་མིན་པས། །འཛིན་པ་ཇི་ལྟར་ལོག་མ་ཡིན། །གལ་ཏེ་མི་རྟག་པ་ལ་རྟག་པ་ཞེས་དེ་ལྟར་འཛིན་པ་ཕྱིན་ཅི་ལོག་ཡིན་ནོ་སྙམ་དུ་སེམས་ན། དེ་ལ་བཤད་པར་བྱ་སྟེ། ངོ་བོ་ཉིད་སྟོང་པ་ལ་རྟག་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས། དེ་མེད་ན་དེ་ལྟར་འཛིན་པ་ཇི་ལྟར་ཕྱིན་ཅི་ལོག་མ་ཡིན་པར་འགྱུར་ཏེ་དེ་ནི་ཕྱིན་ཅི་ལོག་ཡིན་ནོ། །ལྷག་མ་རྣམས་ལ་ཡང་དེ་བཞིན་ནོ། །གལ་ཏེ་མི་རྟག་མི་རྟག་ཅེས། །དེ་ལྟར་འཛིན་པ་ལོག་མིན་ན། །སྟོང་ལ་མི་རྟག་


DTG096_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་མིན་པས། །འཛིན་པ་ཇི་ལྟར་ལོག་མ་ཡིན་། །གལ་ཏེ་མི་རྟག་པ་ལ་མི་རྟག་པ་ཞེས་དེ་ལྟར་འཛིན་པ་ཕྱིན་ཅི་ལོག་མ་ཡིན་ནོ་སྙམ་དུ་སེམས་ན། དེ་ལ་བཤད་པར་བྱ་སྟེ། ངོ་བོ་ཉིད་སྟོང་པ་ལ་མི་རྟག་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས་དེ་མེད་ན་དེ་ལྟར་འཛིན་པ་ཇི་ལྟར་ཕྱིན་ཅི་ལོག་མ་ཡིན་པར་འགྱུར་ཏེ་དེ་ཡང་ཕྱིན་ཅི་ལོག་ཡིན་ནོ། །ལྷག་མ་རྣམས་ལ་ཡང་དེ་བཞིན་ནོ། །འདིར་སྨྲས་པ། འཛིན་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་འཛིན་པར་བྱེད་པ་དང༌། འཛིན་པ་པོ་དང༌། གཟུང་བ་དག་ཡོད་པའི་ཕྱིར་རོ། །འདིར་བཤད་པ། གང་གིས་འཛིན་དང་འཛིན་གང་དང༌། །འཛིན་པ་པོ་དང་གང་གཟུང་དང༌། །ཐམས་ཅད་ཉེ་བར་ཞི་བ་སྟེ། །དེ་ཕྱིར་འཛིན་པ་ཡོད་མ་ཡིན། །གང་གིས་འཛིན་པ་ནི་བྱེད་པར་གྱུར་པས་སོ། །འཛིན་པ་གང་ཡིན་པ་ནི་དངོས་པོར་གྱུར་པའོ། །འཛིན་པ་པོ་གང་ཡིན་པ་ནི་བྱེད་པ་པོར་གྱུར་པའོ། །གང་གཟུང་བ་ནི་ལས་སུ་གྱུར་པའོ། །དེ་དག་ཐམས་ཅད་ཉེ་བར་ཞི་བ་ནི་ངོ་བོ་ཉིད་ལས་ཉེ་བར་ཞི་བ་སྟེ། དེ་དག་ཇི་ལྟར་ངོ་བོ་ཉིད་ལས་ཉེ་བར་ཞི་བ་དེ་ལྟར་ནི་དེ་བཞིན་གཤེགས་པ་བརྟག་པར་རྒྱས་པར་བསྟན་ཟིན་པས། དེའི་ཕྱིར་འཛིན་པ་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། ཕྱིན་ཅི་ལོག་རྣམས་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་དང་ལྡན་པ་ཡོད་པའི་ཕྱིར་རོ། །འདིར་བཤད་པ། ལོག་པའམ་ཡང་དག་ཉིད་དུ་ནི། །འཛིན་པ་ཡོད་པ་མ་ཡིན་ན། །གང་ལ་ཕྱིན་ཅི་ལོག་ཡོད་ཅིང༌། །གང་ལ་ཕྱིན་ཅི་མ་ལོག་ཡོད། །དེ་ལྟར་ཕྱིན་ཅི་ལོག་གམ་ཕྱིན་ཅི་མ་ལོག་པ་ཉིད་དུ་འཛིན་པ་དེ་ཡོད་པ་མ་ཡིན་ན། གང་ལ་ཕྱིན་ཅི་ལོག་ཡོད་ཅིང་གང་ལ་ཕྱིན་ཅི་མ་ལོག་པ་ཡོད་དེ། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་སྤྱོད་པ་ལ་གནས་པ་ལ་རྟག་དང་མི་རྟག་པ་ལ་སོགས་པར་ཤེས་པ་ཀུན་དུ་མི་འབྱུང་བའི་ཕྱིར་རོ། །ཡང་གཞན་ཡང༌། ཕྱིན་ཅི་ལོག་ཏུ་གྱུར་པ་ལ། །ཕྱིན་ཅི་ལོག་དག་མི་སྲིད་དོ། །ཕྱིན་ཅི་ལོག་ཏུ་མ་གྱུར་ལ། །ཕྱིན་ཅི་ལོག་དག་མི་སྲིད་དོ། །ཕྱིན་ཅི་ལོག་ཏུ་འགྱུར་བཞིན་ལ། །ཕྱིན་ཅི་ལོག་དག་མི་སྲིད་དོ། །ཕྱིན་ཅི་ལོག་ཏུ་གྱུར་པ་ལ་ཕྱིན་ཅི་ལོག་དག་མི་སྲིད་ཅིང༌། ཕྱིན་ཅི་ལོག་ཏུ་མ་གྱུར་པ་ལའང་མི་སྲིད། ཕྱིན་ཅི་ལོག་ཏུ་འགྱུར་བཞིན་པ་ལ་ཡང་མི་སྲིད་དེ། ཇི་


DTG096_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མི་སྲིད་པ་དེ་ལྟར་ནི་སོང་བ་དང་མ་སོང་བ་དང་བགོམ་པ་བརྟག་པའི་རབ་ཏུ་བྱེད་པར་རྒྱས་པར་བསྟན་པ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །གང་ལ་ཕྱིན་ཅི་ལོག་སྲིད་པ། །བདག་ཉིད་ཀྱིས་ནི་རྣམ་པར་དཔྱོད། །དགང་ལ་ཕྱིན་ཅི་ལོག་དག་སྲིད་པ་བདག་ཉིད་ཀྱིས་རྣམ་པར་དཔྱོད་ཅིག །ཡང་གཞན་ཡང༌། ཕྱིན་ཅི་ལོག་རྣམས་མ་སྐྱེས་ན། །ཇི་ལྟ་བུར་ན་ཡོད་པར་འགྱུར། །ཕྱིན་ཅི་ལོག་རྣམས་སྐྱེ་མེད་ན། །ཕྱིན་ཅི་ལོག་ཅན་ག་ལ་ཡོད། །ཕྱིན་ཅི་ལོག་གང་དག་ངོ་བོ་ཉིད་ལས་མ་སྐྱེས་པ་དེ་དག་ཇི་ལྟ་བུར་ན་ཡོད་པར་འགྱུར། ད་ཕྱིན་ཅི་ལོག་དེ་རྣམས་ངོ་བོ་ཉིད་ལས་སྐྱེ་བ་མེད་ན་ཕྱིན་ཅི་ལོག་ཅན་ཡོད་པར་ག་ལ་འགྱུར། དེའི་ཕྱིར་ཕྱིན་ཅི་ལོག་རྣམས་ལ་མེད་པར་ཐ་ཡིན་ཏེ། དེ་དང་ལྡན་པ་ཡོད་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ། །ཡང་གཞན་ཡང༌། གལ་ཏེ་བདག་དང་སྡུག་པ་དང༌། །རྟག་དང་བདེ་བ་ཡོད་ན་ནི། །བདག་ཤེས་སྡུག་ཤེས་རྟག་ཤེས་དང། །བདེ་ཤེས་ཕྱིན་ཅི་ལོག་མ་ཡིན། །གལ་ཏེ་བདག་དང་སྡུག་པ་དང༌། །རྟག་པ་དང་བདེ་བ་ཞེས་བྱ་བ་བཞི་པོ་དེ་དག་ཡོད་ན་ནི། དེ་དག་ཡོད་པའི་ཕྱིར་བདག་ཏུ་ཤེས་པ་དང༌། སྡུག་པར་ཤེས་པ་དང༌། རྟག་པར་ཤེས་པ་དང༌། བདེ་བར་ཤེས་པ་དེ་དག་ཕྱིན་ཅི་ལོག་མ་ཡིན་པར་འགྱུར་རོ། །གལ་ཏེ་འདི་སྙམ་དུ་བདག་དང་སྡུག་པ་དང་རྟག་པ་དང༌། བདེ་བ་ཞེས་བྱ་བ་བཞི་པོ་དེ་དག་ནི་ཡོད་པ་མ་ཡིན་གྱི་བདག་མེད་པ་ལ་སོགས་པ་བཞི་པོ་དག་ནི་ཡོད་དེ། དེ་དག་ལ་ཕྱིན་ཅི་ལོག་ཏུ་འཛིན་པས་ཕྱིན་ཅི་ལོག་དག་ཀྱང་ཡོད་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། གལ་ཏེ་བདག་དང་སྡུག་པ་དང༌། །རྟག་དང་བདེ་བ་མེད་ན་ནི། བདག་མེད་མི་སྡུག་མི་རྟག་དང༌། །སྡུག་བསྔལ་ཡོད་པ་མ་ཡིན་ནོ། །གལ་ཏེ་བདག་དང་སྡུག་པ་དང་རྟག་པ་དང་བདེ་བ་ཞེས་བྱ་བ་བཞི་པོ་དེ་དག་མེད་ན་ནི། དེ་དག་མེད་པའི་ཕྱིར་བདག་མེད་པ་དང་མི་སྡུག་པ་དང་མི་རྟག་པ་དང་སྡུག་བསྔལ་བ་ཞེས་བྱ་བ་བཞི་པོ་དེ་དག་ཀྱང་ཡོད་པ་མ་ཡིན་ཏེ། ལྟོས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་རྒྱུའི་ཁྱད་པར་འདིས་ཀྱང་ཕྱིན་ཅི་ལོག་རྣམས་ཡོད་པ་མ་ཡིན་ནོ། །དེ་ལྟར་ཕྱིན་ཅི་ལོག་འགགས་པས། །མ་རིག་པ་ནི་འགག་པར་འགྱུར། །མ་རིག་འགག་པར་གྱུར་ན་ནི། །འདུ་བྱེད་ལ་སོགས་འགག་པར་འགྱུར།


DTG096_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ལམ་འདིས་ཕྱིན་ཅི་ལོག་རྣམས་འགག་ལ་ཕྱིན་ཅི་ལོག་འགགས་པས། མ་རིག་པ་འགགས་པས་འདུ་བྱེད་ལ་སོགས་པའི་དོན་འགག་པར་འགྱུར་རོ། །གལ་ཏེ་ལ་ལའི་ཉོན་མོངས་པ། །གང་དག་ངོ་བོ་ཉིད་ཡོད་ན། །ཇི་ལྟ་བུར་ན་སྤོང་བར་འགྱུར། །ཡོད་པ་སུ་ཞིག་སྤོང་བར་བྱེད། གལ་ཏེ་ལ་ལའི་ཉོན་མོངས་པ་གང་དག་ངོ་བོ་ཉིད་ཀྱིས་ཡོད་ཅིང་ཡང་དག་པ་དང་དེ་ཁོ་ན་དང་བདེན་པ་ཡིན་ན། དེ་དག་ཇི་ལྟར་སྤོང་བར་འགྱུར། །ཡོད་པ་སུ་ཞིག་སྤོང་བར་བྱེད་དེ། སྤོང་བ་མི་འཐད་པའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་ཉོན་མོངས་པ་རྣམས་ངོ་བོ་ཉིད་ཀྱིས་མེད་པ་ཡིན་ཏེ། ངོ་བོ་ཉིད་ཀྱིས་མེད་པ་དེ་དག་སྤོང་བར་སེམས་ན། དེ་ལ་བཤད་པར་བྱ་སྟེ། གལ་ཏེ་ལ་ལའི་ཉོན་མོངས་པ། །གང་དག་ངོ་བོ་ཉིད་མེད་ན། །ཇི་ལྟ་བུར་ན་སྤོང་བར་འགྱུར། །མེད་པ་སུ་ཞིག་སྤོང་བར་བྱེད། །གལ་ཏེ་ལ་ལའི་ཉོན་མོངས་པ་གང་དག་ངོ་བོ་ཉིད་ཀྱིས་མེད་ཅིང་ཡང་དག་པ་དང་དེ་ཁོ་ན་དང་བདེན་པ་མ་ཡིན་ན། དེ་དག་ཇི་ལྟར་སྤོང་བར་འགྱུར། །མེད་པ་སུ་ཞིག་སྤོང་བར་བྱེད་དེ། སྤོང་བ་མི་འཐད་པའི་ཕྱིར། བསམ་གཏན་པའི་མགོ་ལ་ཐོད་པ་བཞིན་ནོ། །ཕྱིན་ཅི་ལོག་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་གསུམ་པའོ།། །།འདིར་སྨྲས་པ། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །འཕགས་པའི་བདེན་པ་བཞི་མེད་པས། །ཡོངས་སུ་ཤེས་དང་སྤང་བ་དང༌། །བསྒོམ་དང་མངོན་དུ་བྱ་བ་དག །འཐད་པར་འགྱུར་བ་མ་ཡིན་ནོ། །དེ་དག་ཡོད་པ་མ་ཡིན་པས། །འབྲས་བུ་བཞི་ཡང་ཡོད་མ་ཡིན། །འབྲས་བུ་མེད་ན་འབྲས་གནས་མེད། །ཞུགས་པ་དག་ཀྱང་ཡོད་མ་ཡིན། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད། །དེ་དག་མེད་ན་དགེ་འདུན་མེད། །འཕགས་པའི་བདེན་རྣམས་མེད་པའི་ཕྱིར། །དམ་པའི་ཆོས་ཀྱང་ཡོད་མ་ཡིན། །ཆོས་དང་དགེ་འདུན་ཡོད་མིན་ན། །སངས་རྒྱས་ཇི་ལྟར་ཡོད་པར་འགྱུར། །དེ་སྐད་སྨྲ་ན་དཀོན་པའི་མཆོག །གསུམ་ལ་གནོད་པ་བྱེད་པ་ཡིན། །གལ་ཏེ་འགྲོ་བ་འདི་དག་ཀུན་སྟོང་ན་དེའི་ཕྱིར་འབྱུང་བ་མེད་ཅིང་འཇིག་པ་མེད་དོ། །དེ་དག་མེད་པས་འཕགས་པའི་


DTG096_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་བཞི་པོ་རྣམས་ཁྱོད་ལ་མེད་པར་ཐལ་བར་འགྱུར་རོ། །འཕགས་པའི་བདེན་པ་བཞི་མེད་པས་སྡུག་བསྔལ་ཡོངས་སུ་ཤེས་པ་དང༌། ཀུན་འབྱུང་བ་སྤང་བ་དང་ལམ་བསྒོམ་པ་དང༌། འགོག་པ་མངོན་སུམ་དུ་བྱ་བ་དག་འཐད་པར་འགྱུར་བ་མ་ཡིན་ནོ། །སྡུག་བསྔལ་ཡོངས་སུ་ཤེས་པ་དང། ཀུན་འབྱུང་བ་སྤང་བ་དང༌། ལམ་བསྒོམ་པ་དང་འགོག་པ་མངོན་སུམ་དུ་བྱ་བ་དེ་དག་ཡོད་པ་མ་ཡིན་པས། དགེ་སྦྱོང་གི་འབྲས་བུ་བཞི་ཡང་ཡོད་པ་མ་ཡིན་ནོ། །དགེ་སྦྱོང་གི་འབྲས་བུ་རྣམས་མེད་ན། འབྲས་བུ་ལ་གནས་པ་དང་ཞུགས་པ་སྐྱེས་བུ་གང་ཟག་བརྒྱད་པོ་དག་ཀྱང་ཡོད་པ་མ་ཡིན་ནོ། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད་པོ་དེ་དག་མེད་ན་དགེ་འདུན་མེད་དོ། །ཡང་གཞན་ཡང༌། འཕགས་པའི་བདེན་པ་རྣམས་མེད་པའི་ཕྱིར་དམ་པའི་ཆོས་ཀྱང་ཡོད་པ་མ་ཡིན་ནོ། །ཆོས་དང་དགེ་འདུན་ཡོད་པ་མ་ཡིན་ན། སངས་རྒྱས་ཇི་ལྟར་ཡོད་པར་འགྱུར་ཏེ། དེ་སྐད་དུ་སྟོང་པ་ཉིད་དུ་སྨྲ་ན། དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ཡིན་ནོ། །ཡང་གཞན་ཡང༌། སྟོང་ཉིད་འབྲས་བུ་ཡོད་པ་དང༌། །ཆོས་མ་ཡིན་དང་ཆོས་ཉིད་དང༌། །འཇིག་རྟེན་པ་ཡི་ཐ་སྙད་ནི། །ཀུན་ལའང་གནོད་པ་བྱེད་པ་ཡིན། །སྟོང་པ་ཉིད་བཟུང་ན་ཆོས་མ་ཡིན་པ་དང༌། ཆོས་ཉིད་དང༌། དེ་དག་གིས་བྱས་པའི་འབྲས་བུ་ཡོད་པ་དང༌། འཇིག་རྟེན་པའི་ཐ་སྙད་ཀུན་ལ་ཡང་གནོད་པར་བྱེད་པ་ཡིན་པས། དེ་ལྟ་བ་ན་དངོས་པོ་ཐམས་ཅད་སྟོང་བ་མ་ཡིན་ནོ། །དེ་ལ་བཤད་པ་ཁྱོད་ཀྱིས་ནི། །སྟོང་ཉིད་དགོས་དང་སྟོང་ཉིད་དང༌། །སྟོང་ཉིད་དོན་ནི་མ་རྟོགས་བས། །དེ་ཕྱིར་དེ་ལྟར་གནོད་པ་བྱེད། །ཁྱོད་ཀྱིས་ནི་སྟོང་པ་ཉིད་བསྟན་པའི་དགོས་པ་གང་ཡིན་པ་དང༌། སྟོང་པ་ཉིད་ཀྱི་མཚན་ཉིད་གང་ཡིན་པ་དང༌། སྟོང་པ་ཉིད་ཀྱི་དོན་གང་ཡིན་པ་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་རྟོགས་པས་དེའི་ཕྱིར་དེ་ལྟར་གནོད་པ་བྱེད་དོ། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །སངས་


DTG096_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི་བདེན་པ་གཉིས་པོ་འདི་དག་ལ་བརྟེན་ནས་འབྱུང་སྟེ། འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བ་ནི་ཆོས་རྣམས་ངོ་བོ་ཉིད་སྟོང་པ་དག་ལ་འཇིག་རྟེན་གྱི་ཕྱིན་ཅི་ལོག་མ་རྟོགས་པས་ཆོས་ཐམས་ཅད་སྐྱེ་བར་མཐོང་བ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་ཀུན་རྫོབ་ཏུ་བདེན་པ་ཉིད་ཡིན་པས་ཀུན་རྫོབ་ཀྱི་བདེན་པའོ། །དོན་དམ་པའི་བདེན་པ་ནི་འཕགས་པ་རྣམས་ཀྱིས་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པས། ཆོས་ཐམས་ཅད་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལས་དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ། །དེ་ལ་གང་དག་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་དེ་གཉིས་ཀྱི་རྣམ་པར་དབྱེ་བ་དེ་ལྟར་རྣམ་པར་མི་ཤེས་པ་དེ་དག་ནི། སངས་རྒྱས་ཀྱི་བསྟན་པ་ཟབ་མོའི་དེ་ཉིད་རྣམ་པར་མི་ཤེས་པ་ཡིན་ནོ། །དེ་ལ་འདི་སྙམ་དུ་སྨྲ་བར་འདོད་པའི་དོན་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བ་དོན་དམ་པའི་བདེན་པ་དེ་ཉིད་ཡིན་ན། ཐ་སྙད་ཀྱི་བདེན་པ་གཉིས་པ་འདི་ཅི་དགོས་སྙམ་དུ་སེམས་ན། དེ་ལ་བཤད་པར་བྱ་སྟེ། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ལ་མ་བརྟེན་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །གང་གི་ཕྱིར་ཐ་སྙད་ལ་མ་བརྟེན་པར་དོན་དམ་པ་བསྟན་པར་མི་ནུས་པ་དང༌། གང་གི་ཕྱིར་དོན་དམ་པ་ལ་མ་བརྟེན་པར་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་བ་དེའི་ཕྱིར་བདེན་པ་གཉི་ག་གདགས་དགོས་སོ། །སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་ལྡན་ཕུང་བར་བྱེད། །ཇི་ལྟར་སྤྲུལ་ལ་བཟུང་ཉེས་དང༌། །རིག་སྔགས་ཉེས་པར་བསྒྲུབས་པ་བཞིན། །དོན་དམ་པ་སྟོང་པ་ཉིད་ལ་བལྟ་ཉེས་བརྟགས་ཉེས་ན། ཤེས་རབ་ཆུང་ངུ་དང་ལྡན་པ་ཕུང་བར་བྱེད་ཅིང་དེ་ལ་གནོད་པ་ཆེན་པོ་འབྱུང་བར་འགྱུར་ཏེ། ཇི་ལྟར་དཔེར་ན་སྦྲུལ་ལ་བཟུང་ཉེས་ན་ཕུང་བར་བྱེད་ཅིང་དེ་ལ་འཆི་བ་ལ་ཐུག་པའི་ཉེན་ཆེན་པོ་སྐྱེད་པར་བྱེད་པ་དང༌། ཇི་ལྟར་དཔེར་ན་རིག་སྔགས་དང་གསང་སྔགས་བྱ་བ་དང༌། ཆོ་ག་ཉམས་པས་བསྒྲུབས་ཉེས་ན་ཕུང་བར་བྱེད་ཅིང༌། དེ་ལ་སྲོག་གི་མཐར་ཐུག་པའི་ཉེན་ཆེན་པོ་སྐྱེད་པར་བྱེད་པ་དེ་བཞིན་ནོ། །དེ་ཕྱིར་ཞན་པས་ཆོས་འདི་ཡི། །


DTG096_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གཏིང་རྟོགས་དཀའ་བར་མཁྱེན་གྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་ལོག་པར་གྱུར་པ་ཡིན། །རྒྱུ་དེ་ཁོ་ནའི་ཕྱིར་ཤེས་རབ་ཞན་པ་རྣམས་ཀྱིས་ཆོས་འདིའི་གཏིང་རྟོགས་པར་དཀའ་བ་ཉིད་དུ་མཁྱེན་པར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཐུགས་ཆོས་བསྟན་པ་ལས་རབ་ཏུ་ལོག་པར་གྱུར་པ་ཡིན་ནོ། །ཁྱོད་ནི་ང་ལ་སྟོང་པ་ཉིད། །སྐྱོན་དུ་ཐལ་བར་འགྱུར་བ་ཡིས། །སྤོང་བར་བྱེད་པ་གང་ཡིན་པ། །དེ་ནི་སྟོང་ལ་མི་འཐད་དོ། །ཁྱོད་ང་ལ་སྟོང་པ་ཉིད་སྐྱོན་དུ་ཐལ་བར་འགྱུར་བས་སྤོང་བར་བྱེད་པ་དེ་ནི་ངོ་བོ་ཉིད་སྟོང་པ་ལ་མི་འཐད་དོ།། །།བམ་པོ་བདུན་པ་སྟེ་ཐ་མའོ། །ཡང་གཞན་ཡང༌། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་མི་རུང་འགྱུར། །གང་ལ་ངོ་བོ་ཉིད་སྟོང་པ་ཉིད་རུང་བ་དེ་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་རུང་བར་འགྱུར་རོ། །གང་ལ་ངོ་བོ་ཉིད་སྟོང་པ་ཉིད་མི་རུང་བ་དེ་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་མི་རུང་བར་འགྱུར་རོ། །ཁྱོད་ཉིད་རང་གི་སྐྱོན་རྣམས་ནི། །ང་ལ་ཡོངས་སུ་སྒྱུར་བྱེད་པ། །རྟ་ལ་མངོན་པར་ཞོན་བཞིན་དུ། །རྟ་ཉིད་བརྗེད་པར་གྱུར་པ་བཞིན། །ཁྱོད་ཉིད་རང་གི་སྐྱོན་རྣམས་ང་ལ་ཡོངས་སུ་སྒྱུར་བར་བྱེད་པ་ནི་རྟ་ལ་མངོན་པར་ཞོན་བཞིན་དུ་རྟ་དེ་ཉིད་བརྗེད་པར་གྱུར་པ་བཞིན་ནོ། །ཡང་གཞན་ཡང༌། གལ་ཏེ་དངོས་རྣམས་དངོས་ཉིད་ལས། །ཡོད་པར་རྗེས་སུ་ལྟ་བྱེད་ན། །དེ་ལྟ་ཡིན་ན་དངོས་པོ་རྣམས། །རྒྱུ་རྐྱེན་མེད་པར་ཁྱོད་ལྟའོ། །འབྲས་བུ་དང་ནི་རྒྱུ་ཉིད་དང༌། །བྱེད་པ་པོ་དང་བྱེད་དང་བྱ། །སྐྱེ་བ་དང་ནི་འགག་པ་དང༌། །འབྲས་བུ་ལ་ཡང་གནོད་པ་བྱེད། །གལ་ཏེ་དངོས་པོ་རྣམས་ངོ་བོ་ཉིད་ལས་ཡོད་པར་རྗེས་སུ་ལྟ་བར་བྱེད་ན། དེ་ལྟ་ན་ཁྱོད་དངོས་པོ་རྣམས་ལ་རྒྱུ་དང་རྐྱེན་མེད་པར་ལྟ་བ་ཡིན་ནོ། །དེས་ན་འབྲས་བུ་དང་རྒྱུ་ཉིད་དང་བྱེད་པ་པོ་དང་བྱེད་པ་དང་བྱ་བ་དང་སྐྱེ་བ་དང་འགག་པ་དང་འབྲས་བུ་ལ་ཡང་གནོད་པ་བྱེད་པ་ཡིན་ནོ། །རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །


DTG096_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཁོ་བོ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་དེ་ནི། སྟོང་པ་ཉིད་དུ་འཆད་དེ་དེ་ནི་བརྟེན་ནས་གདགས་པ་ཡིན་ཏེ། དེ་ཉིད་དབུ་མའི་ལམ་ཡིན་ནོ། །དེ་ལ་དངོས་པོ་འགའ་ཞིག་ཡོད་པ་ཉིད་ཡིན་ན། དེ་ནི་བརྟེན་ནས་འབྱུང་བ་དང་བརྟེན་ནས་གདགས་པ་ཡིན་པས། གང་གི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པའི་ཆོས་འགའ་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་སྟོང་པ་མ་ཡིན་པའི་ཆོས་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །གལ་ཏེ་འགྲོ་བ་འདི་ཀུན་མི་སྟོད་ན་དེའི་ཕྱིར་འབྱུང་བ་མེད་ཅིང་འཇིག་པ་མེད་དོ། །དེ་དག་མེད་པའི་ཕྱིར་འཕགས་པའི་བདེན་པ་བཞི་པོ་རྣམས་ཁྱོད་ལ་མེད་པར་ཐལ་བར་འགྱུར་རོ། །གལ་ཏེ་ཇི་ལྟར་ཞེ་ན། བཤད་པ། རྟེན་ཅིང་འབྲེལ་འབྱུང་མ་ཡིན་ན། །སྡུག་བསྔལ་ཡོད་པར་ག་ལ་འགྱུར། །མི་རྟག་སྡུག་བསྔལ་གསུངས་པ་དེ། །ངོ་བོ་ཉིད་ལ་ཡོད་མ་ཡིན། །རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་ན། སྡུག་བསྔལ་ཡོད་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། མདོ་སྡེ་དག་ལས་མི་རྟག་པ་ནི་སྡུག་བསྔལ་ལོ་ཞེས་གསུངས་པའི་དེ་ངོ་བོ་ཉིད་ལ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཡང་གཞན་ཡང༌། །ངོ་བོ་ཉིད་ལས་ཡོད་ཡིན་ན། །ཇི་ཞིག་ཀུན་དུ་འབྱུང་བར་འགྱུར། །དེ་ཕྱིར་སྟོང་ཉིད་གནོད་བྱེད་ལ། །ཀུན་འབྱུང་ཡོད་པ་མ་ཡིན་ནོ། །སྡུག་བསྔལ་དེ་ངོ་བོ་ཉིད་ལས་ཡོད་པ་ཡིན་ན། ཅི་ཞིག་ཀུན་དུ་འབྱུང་བར་འགྱུར་ཏེ། ངོ་བོ་ཉིད་ལས་ཡོད་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་སྟོང་པ་ཉིད་ལ་གནོད་པར་བྱེད་པ་ལ་ཀུན་འབྱུང་བ་ཡོད་པ་མ་ཡིན་ནོ། །སྡུག་བསྔལ་ངོ་བོ་ཉིད་ཡོད་ལ། །འགོག་པ་ཡོད་པ་མ་ཡིན་ནོ། །ངོ་བོ་ཉིད་ནི་ཡོངས་གནས་ཕྱིར། །འགོག་ལ་གནོད་པ་བྱེད་པ་ཡིན། །སྡུག་བསྔལ་ངོ་བོ་ཉིད་ཀྱིས་ཡོད་པ་ལ་འགོག་པ་ཡོད་པ་མ་ཡིན་ཏེ། མི་འཇིག་པའི་ཕྱིར་རོ། །དེས་ན་ངོ་བོ་ཉིད་ཡོངས་སུ་གནས་པའི་ཕྱིར་འགོག་པ་ལ་གནོད་པར་བྱེད་པ་ཡིན་ནོ། །ལམ་ནི་ངོ་བོ་ཉིད་ཡོད་ན། །བསྒོམ་པ་འཐད་པར་མི་འགྱུར་ཏེ། །ཇི་


DTG096_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ལམ་དེ་བསྒོམ་བྱ་ན། །ཁྱོད་ཀྱི་དངོས་ཉིད་ཡོད་མ་ཡིན། །ལམ་ངོ་བོ་ཉིད་ཡོད་པར་འཛིན་ན་བསྒོམ་པ་འཐད་པར་མི་འགྱུར་ཏེ། དོན་མེད་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་རྟག་པ་གང་ཡིན་པ་དེ་ལ་བསྒོམ་ཞིང་བསྒྲུབ་པའི་ཐབས་མེད་པས། དེའི་ཕྱིར་ལམ་བསྒོམ་པ་འཐད་པར་མི་འགྱུར་རོ། །ཅི་སྟེ་ལམ་དེ་བསྒོམ་པར་བྱ་བ་ཡིན་ན་ནི། ཁྱོད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ནོ། །ཡང་གཞན་ཡང༌། གང་ཚེ་སྡུག་བསྔལ་ཀུན་འབྱུང་དང༌། །འགོག་པ་ཡོད་པ་མ་ཡིན་ན། །ལམ་གྱི་སྡུག་བསྔལ་འགོག་པ་ནི། །གང་ཞིག་ཐོབ་པར་འགྱུར་བར་འདོད། །གང་གི་ཚེ་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པའི་ཆོས་གསུམ་པོ་དག་ཡོད་པ་མ་ཡིན་པ་དེའི་ཚེ། ཁྱོད་ཀྱི་སྡུག་བསྔལ་འགོག་པ་གང་ཞིག་ལམ་གྱིས་ཐོབ་པར་འགྱུར་བར་འདོད། ཡང་གཞན་ཡང༌། གལ་ཏེ་ངོ་བོ་ཉིད་ཀྱིས་ནི། །ཡོངས་སུ་ཤེས་པ་མ་ཡིན་ན། །དེ་ནི་ཇི་ལྟར་ཡོངས་ཤེས་འགྱུར། །དངོས་ཉིད་གནས་ཤེས་མ་ཡིན་ནམ། །གལ་ཏེ་སྡུག་བསྔལ་གང་ངོ་བོ་ཉིད་ཀྱིས་ཡོངས་སུ་ཤེས་པ་མ་ཡིན་ན། དེ་ཇི་ལྟར་ཡོངས་སུ་ཤེས་པར་བྱ་བར་ནུས་ཏེ། ངོ་བོ་ཉིད་ཀྱིས་ཡོངས་སུ་མ་ཤེས་པའི་ཕྱིར་ཏེ། ཁྱོད་ཀྱིས་ངོ་བོ་ཉིད་ནི་ངེས་པར་གནས་པ་ཡིན་ཞེས་སྨྲས་པ་མ་ཡིན་ནམ། དེ་བཞིན་དུ་ནི་ཁྱོད་ཉིད་ཀྱི། །སྤང་དང་མངོན་སུམ་བྱ་བ་དང༌། །བསྒོམ་དང་འབྲས་བུ་བཞི་དག་ཀྱང༌། །ཡོངས་སུ་ཤེས་བཞིན་མི་རུང་ངོ༌། །དེ་བཞིན་དུ་ཁྱོད་ཉིད་ཀྱི་ཀུན་འབྱུང་བ་སྤང་བ་དང༌། འགོག་པ་མངོན་སུམ་དུ་བྱ་བ་དང་ལམ་བསྒོམ་པ་དང༌། འབྲས་བུ་བཞི་པོ་དག་ཀྱང་སྡུག་བསྔལ་ཡོངས་སུ་ཤེས་པ་བཞིན་དུ་མི་རུང་སྟེ་ཀུན་འབྱུང་བ་ངོ་བོ་ཉིད་ཀྱིས་མ་སྤངས་པ་གང་ཡིན་པ་དེ་ཡང་སྤང་བར་མི་ནུས་ཏེ། ངོ་བོ་ཉིད་ཀྱིས་མ་སྤངས་པའི་ཕྱིར་རོ། །འགོག་པ་ངོ་བོ་ཉིད་ཀྱིས་མངོན་སུམ་དུ་མ་བྱས་པ་གང་ཡིན་པ་དེ་ཡང་མངོན་སུམ་དུ་བྱ་བར་མི་ནུས་ཏེ། ངོ་བོ་ཉིད་ཀྱིས་མངོན་སུམ་དུ་མ་བྱས་པའི་ཕྱིར་རོ། །ལམ་ངོ་བོ་ཉིད་ཀྱིས་མ་བསྒོམས་པ་གང་ཡིན་པ་དེ་ཡང་བསྒོམ་པར་མི་ནུས་ཏེ། ངོ་བོ་ཉིད་ཀྱིས་མ་བསྒོམས་པའི་ཕྱིར་རོ། །དེ་ལྟར་ན་འཕགས་པའི་བདེན་པ་བཞི་པོ་དེ་དག་ཡོངས་སུ་ཤེས་པ་དང༌། སྤངས་པ་དང་མངོན་སུམ་དུ་བྱ་བ་དང་བསྒོམ་པའི་བྱ་བ་བཞི་པོ་དེ་དག་ཀྱང་མི་འཐད་དོ། །ཡང་གཞན་ཡང༌། འབྲས་བུ་


DTG096_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པོ་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དག་ཀྱང་བྱ་བ་བཞི་པོ་དག་མེད་པས་མི་རུང་ངོ༌། །ཡང་གཞན་ཡང༌། ངོ་བོ་ཉིད་ནི་ཡོངས་འཛིན་པས། །འབྲས་བུ་ངོ་བོ་ཉིད་ཀྱིས་ནི། །ཐོབ་པ་མིན་པ་གང་ཡིན་དེ། །ཇི་ལྟར་ཐོབ་པར་ནུས་པར་འགྱུར། །ངོ་བོ་ཉིད་ཡོངས་སུ་འཛིན་པས་འབྲས་བུ་ངོ་བོ་ཉིད་ཀྱིས་ཐོབ་པ་མ་ཡིན་པ་གང་ཡིན་པ་དེ་དག་ཀྱང་ཐོབ་པར་མི་ནུས་པར་འགྱུར་རོ། །འབྲས་བུ་མེད་ན་འབྲས་གནས་མེད། །ཞུགས་པ་དག་ཀྱང་ཡོད་མ་ཡིན། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད། །དེ་དག་མེད་ན་དགེ་འདུན་མེད། །དགེ་སྦྱོང་གི་འབྲས་བུ་རྣམས་མེད་ན། འབྲས་བུ་ལ་གནས་པ་དང་ཞུགས་པའི་སྐྱེས་བུ་གང་ཟག་བརྒྱད་པོ་དེ་དག་ཀྱང་ཡོད་པ་མ་ཡིན་ནོ། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད་པོ་དེ་དག་མེད་ན་དགེ་འདུན་ཡང་མེད་དོ། །ཡང་གཞན་ཡང༌། འཕགས་པའི་བདེན་རྣམས་མེད་པའི་ཕྱིར། །དམ་པའི་ཆོས་ཀྱང་ཡོད་མ་ཡིན། །ཆོས་དང་དགེ་འདུན་ཡོད་མིན་ན། །སངས་རྒྱས་ཇི་ལྟར་ཡོད་པར་འགྱུར། །ཁྱོད་ཀྱིས་སངས་རྒྱས་བྱང་ཆུབ་ལ། །མ་བརྟེན་པར་ཡང་ཐལ་བར་འགྱུར། །ཁྱོད་ཀྱིས་བྱང་ཆུབ་སངས་རྒྱས་ལ། །མ་བརྟེན་པར་ཡང་ཐལ་བར་འགྱུར། །ཁྱོད་ཀྱི་ངོ་བོ་ཉིད་ཀྱིས་ནི། །སངས་རྒྱས་མིན་པ་གང་ཡིན་དེས། །བྱང་ཆུབ་བྱང་ཆུབ་སྤྱོད་པ་ལ། །བརྩལ་ཀྱང་བྱང་ཆུབ་འཐོབ་མི་འགྱུར། །འགའ་ཡང་ཆོས་དང་ཆོས་མིན་པ། །ནམ་ཡང་བྱེད་པར་མི་འགྱུར་ཏེ། །མི་སྟོང་པ་ལ་ཅི་ཞིག་བྱ། །ངོ་བོ་ཉིད་ལ་བྱ་བ་མེད། །ཆོས་དང་ཆོས་མིན་རྒྱུས་བྱུང་བའི། །འབྲས་བུ་ཁྱོད་ལ་ཡོད་མ་ཡིན། །ཆོས་དང་ཆོས་མིན་མེད་པར་ཡང༌། །འབྲས་བུ་ཁྱོད་ལ་ཡོད་མར་འགྱུར། །ཆོས་དང་ཆོས་མིན་རྒྱུས་བྱུང་བའི། །འབྲས་བུ་གལ་ཏེ་ཁྱོད་ལ་ཡོད། །ཆོས་དང་ཆོས་མིན་ལས་བྱུང་བའི། །འབྲས་བུ་ཅི་ཕྱིར་སྟོང་མ་ཡིན། །འཇིག་རྟེན་པ་ཡི་ཐ་སྙད་ནི། །ཀུན་ལའང་གནོད་པ་བྱེད་པ་ཡིན། །རྟེན་ཅིང་འབྲེལ་འབྱུང་གང་ཡིན་པའི། །སྟོང་པ་ཉིད་ལའང་གནོད་པ་བྱེད། །བྱ་བ་ཅི་ཡང་མེད་འགྱུར་ཞིང༌། །བྱ་བ་རྩོམ་པའང་མེད་པར་འགྱུར། །སྟོང་པ་ཉིད་ལ་གནོད་བྱེད་ན། །མི་བྱེད་པའང་བྱེད་པོར་འགྱུར། །དངོས་ཉིད་


DTG096_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ན་འགྲོ་བ་རྣམས། །གནས་སྐབས་སྣ་ཚོགས་འབྲལ་འགྱུར་ཞིང༌། །མ་སྐྱེས་པ་དང་མ་འགགས་དང༌། །ཐེར་ཟུག་ཏུ་ཡང་གནས་པར་འགྱུར། །ངོ་བོ་ཉིད་ཡོད་པ་ཡིན་ན་འགྲོ་བ་མ་ལུས་པ་རྣམས་སྐབས་སྣ་ཚོགས་དང་བྲལ་བར་འགྱུར་ཞིང་མ་སྐྱེས་པ་དང་མ་འགགས་པ་དང༌། ཐེར་ཟུག་ཏུ་གནས་པར་ཡང་འགྱུར་རོ། །དེ་ལྟ་བས་ན་དེ་ལྟར་ངོ་བོ་ཉིད་དུ་སྨྲ་བ་ཡོངས་སུ་འཛིན་ན། ཇི་སྐད་བསྟན་པའི་སྐྱོན་དེ་དག་ཐམས་ཅད་དུ་ཡང་ཐལ་བར་འགྱུར་རོ། །ཡང་གཞན་ཡང༌། གལ་ཏེ་སྟོང་པ་ཡོད་མིན་ན། །མ་ཐོབ་ཐོབ་པར་བྱ་བ་དང༌། །སྡུག་བསྔལ་མཐར་བྱེད་ལས། དང་ནི། །ཉོན་མོངས་ཐམས་ཅད་སྤོང་བའང་མེད། །གལ་ཏེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་མ་ཡིན་ན། དེའི་ཕྱིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་མ་ཐོབ་པ་ཐོབ་པར་བྱ་བ་གང་དག་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཐོབ་པར་བྱ་བ་ཡང་མེད་པར་འགྱུར་ལ། སྡུག་བསྔལ་མཐར་བྱེད་པའི་ལས་ཀྱང་མེད་པར་འགྱུར་ཞིང༌། ཉོན་མོངས་པ་ཐམས་ཅད་སྤོང་བ་ཡང་མེད་པར་འགྱུར་རོ། །གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །མཐོང་བ་དེས་ནི་སྡུག་བསྔལ་དང༌། །ཀུན་འབྱུང་དང་ནི་འགོག་པ་དང༌། །ལམ་ཉིད་དེ་དག་མཐོང་བ་ཡིན། །གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་བཞི་པོ་སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་ཉིད་ཅེས་བྱ་བ་དེ་དག་མཐོང་བ་ཡིན་ཏེ། ཇི་ལྟར་སྐྱེས་བུ་མིག་དང་ལྡན་པས་མར་མེའི་སྣང་བ་གཟུགས་ཀྱི་རྣམ་པ་དེ་དག་ཐམས་ཅད་མཐོང་བ་དེ་བཞིན་ནོ། །འཕགས་པའི་བདེན་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་བཞི་པའོ།། །།འདིར་སྨྲས་པ། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །གང་ཞིག་སྤོང་དང་འགགས་པ་ལས། །མྱ་ངན་འདའ་བར་འགྱུར་བར་འདོད། །གལ་ཏེ་འགྲོ་བ་འདི་དག་ཀུན་སྟོང་ན། །དེ་ལྟ་ན་འབྱུང་བ་མེད་ཅིང་འཇིག་པ་མེད་དོ། །དེ་དག་མེད་པའི་ཕྱིར་གང་ཞིག་སྤོང་བ་དང་འགགས་པ་ལས་མྱ་ངན་ལས་འདའ་བར་འདོད་དེ། སྤོང་བ་དང་འགགས་པ་མི་འཐད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟ་མ་ཡིན་ནོ། །སྟོང་པ་མ་ཡིན་ན་ནི་ཉོན་མོངས་པ་སྤོང་བ་དང༌། ཕུང་པོ་འགགས་པ་ལས་མྱ་ངན་


DTG096_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདའ་བ་འཐོབ་པར་ཡང་འགྱུར་རོ། །འདིར་བཤད་པ། གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །གང་ཞིག་སྤོང་དང་འགགས་པ་ལས། །མྱ་ངན་འདའ་བར་འགྱུར་བར་འདོད། །གལ་ཏེ་འགྲོ་བ་འདི་དག་ཀུན་མི་སྟོང་ན། དེ་ལྟ་ན་འབྱུང་བ་མེད་ཅིང་འཇིག་པ་མེད་དོ། །དེ་དག་མེད་པའི་ཕྱིར་གང་ཞིག་སྤོང་བ་དང་འགགས་པ་ལས་མྱ་ངན་ལས་འདའ་བར་འགྱུར་བར་འདོད་དེ། སྤོང་བ་དང་འགགས་པ་མི་འཐད་པའི་ཕྱིར་རོ། །དེ་ལྟ་བས་ན་རིམ་པ་འདིས་མྱ་ངན་ལས་འདས་པ་མི་འཐད་པར་ཁོང་དུ་ཆུད་པར་བྱའོ། །འོ་ན་ཇི་ལྟ་བུ་ཞེ་ན། སྤངས་པ་མེད་པ་ཐོབ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འགག་པ་མེད་པ་སྐྱེ་མེད་པ། །དེ་ནི་མྱ་ངན་འདས་པར་འདོད། །དེའི་ཕྱིར་མྱ་ངན་ལས་འདས་པའི་མཚན་ཉིད་ནི་དེ་ལྟ་བུ་ཡིན་པར་གདགས་སོ། །ཡང་གཞན་ཡང༌། མྱ་ངན་འདས་པ་དངོས་པོ་མིན། །རྒ་ཤིའི་མཚན་ཉིད་ཐལ་བར་འགྱུར། །རྒ་དང་འཆི་བ་མེད་པ་ཡི། །དངོས་པོ་ཡོད་པ་མ་ཡིན་ནོ། །རེ་ཞིག་མྱ་ངན་ལས་འདས་པ་ནི་རྣམ་པ་ཐམས་ཅད་དུ་ཡང་དངོས་པོ་མ་ཡིན་ཏེ། གལ་ཏེ་དངོས་པོ་ཡིན་པར་གྱུར་པ། རྒ་ཤིའི་མཚན་ཉིད་ཅན་ཡིན་པར་ཐལ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྒ་ཤི་མེད་པའི་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཡང་གཞན་ཡང༌། གལ་ཏེ་མྱ་ངན་འདས་དངོས་ན། །མྱ་ངན་འདས་པ་འདུས་བྱས་འགྱུར། །དངོས་པོ་འདུས་བྱས་མ་ཡིན་པ། །འགའ་ཡང་ཇི་ལྟར་ཡོད་མ་ཡིན། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་ཡིན་ན། དེའི་ཕྱིར་མྱ་ངན་ལས་འདས་པ་འདུས་བྱས་སུ་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། དངོས་པོ་འདུས་བྱས་མ་ཡིན་པ་ནི་འགའ་ཡང་ཇི་ལྟར་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཡང་གཞན་ཡང༌། གལ་ཏེ་མྱ་ངན་འདས་དངོས་ན། །ཇི་ལྟར་མྱང་འདས་དེ་བརྟེན་མིན། །དངོས་པོ་བརྟེན་པ་མ་ཡིན་པ། །འགའ་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་ཡིན་པར་འདོད་ན་མྱ་ངན་ལས་འདས་པ་དེ་བརྟེན་པ་མ་ཡིན་ནོ། །ཞེས་གང་སྨྲས་པ་དེ་མི་འཐད་དེ། ཅིའི་ཕྱིར་ཞེ་ན། དངོས་པོ་བརྟེན་པ་མ་ཡིན་པ་ནི་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཏེ། དེ་སྟབས་ན་མྱ་ངན་ལས་འདས་པ་ནི་དངོས་པོ་མ་ཡིན་ནོ། །འདིར་སྨྲས་པ། འོ་ན་དེ་མྱ་ངན་


DTG096_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པ་ནི་དངོས་པོ་མེད་པ་ཡིན་ནོ། །འདིར་བཤད་པ། གལ་ཏེ་མྱ་ངན་འདས་དངོས་མིན། །དངོས་མེད་ཇི་ལྟར་རུང་བར་འགྱུར། །གལ་ཏེ་མྱ་ངན་ལས་འདས་པ་ཇི་ལྟར་ཡང་དངོས་པོ་ཡིན་པར་མ་གྱུར་པས་ན། དངོས་པོ་མེད་པ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དངོས་པོ་རབ་ཏུ་གྲུབ་པར་གྱུར་ན་དངོས་པོ་མེད་པ་ཡང་རབ་ཏུ་འགྲུབ་པར་འགྱུར་བའི་ཕྱིར་རོ། །ཡང་གཞན་ཡང༌། གང་ལ་མྱ་ངན་འདས་དངོས་ཡིན། །དེ་ལ་དངོས་མེད་ཡོད་མ་ཡིན། །གང་ལ་མྱ་ངན་ལས་འདས་པ་དངོས་པོ་ཡིན་པར་འདོད་པ་དེ་ལ་དངོས་པོ་མེད་པ་ཡོད་པ་མ་ཡིན་ཏེ། འདི་ལྟར་གང་དངོས་པོ་ཡོད་པ་དེ་དངོས་པོ་མེད་པ་ཞེས་བྱ་བར་མི་རིགས་པའི་ཕྱིར་ཏེ། དེ་ལྟ་བས་ན་མྱ་ངན་ལས་འདས་པ་ནི་དངོས་པོ་མེད་པ་ཡང་མ་ཡིན་ནོ། །ཡང་གཞན་ཡང༌། གལ་ཏེ་མྱ་ངན་འདས་དངོས་མིན། །ཇི་ལྟར་མྱ་འདས་དེ་བརྟེན་མིན། །གང་ཞིག་བརྟེན་པ་མ་ཡིན་པའི། །དངོས་མེད་ཡོད་པ་མ་ཡིན་ནོ། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་མེད་པ་མ་ཡིན་པར་འདོད་ན། མྱ་ངན་ལས་འདས་པ་དེ་བརྟེན་པ་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་མི་འཐད་དེ། ཅིའི་ཕྱིར་ཞེ་ན། གང་བརྟེན་པ་མ་ཡིན་པའི་དངོས་པོ་མེད་པ་ནི་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་མྱ་ངན་ལས་འདས་པ་ནི་དངོས་པོ་མེད་པ་ཡང་མ་ཡིན་ནོ། །སྨྲས་པ། འོ་ན་མྱ་ངན་ལས་འདས་པ་ཇི་ལྟ་བུ་ཡིན་པར་བརྗོད་པར་བྱ། བཤད་པ། འོང་བ་དང་ནི་འགྲོ་བའི་དངོས། །བརྟེན་ཏམ་རྒྱུར་བྱས་གང་ཡིན་པ། །དེ་ནི་བརྟེན་མིན་རྒྱུར་བྱས་མིན། །མྱ་ངན་འདས་པ་ཡིན་པར་བསྟན། །ཕྱིན་ཅི་ལོག་མ་རྟོགས་པ་འོང་བ་དང་འགྲོ་བའི་དངོས་པོ་ཕུང་པོ་རྣམས་བརྟེན་ཏམ་རྒྱུར་བྱས་པ་གང་ཡིན་པ་དེ་ཉིད་ཕྱིན་ཅི་ལོག་རྟོགས་པས་བརྟེན་པ་མ་ཡིན་ཞིང་རྒྱུར་བྱས་པ་མ་ཡིན་པས། ཕུང་པོ་རྣམས་མི་འབྱུང་བ་ནི་མྱ་ངན་ལས་འདས་པ་ཡིན་པར་བསྟན་ཏོ། །ཡང་གཞན་ཡང༌། འབྱུང་བ་དང་ནི་འཇིག་པ་དག །སྤོང་བར་སྟོན་པས་བཀའ་སྩལ་ཏོ། །དེ་ཕྱིར་མྱ་ངན་འདས་པར་ནི། །དངོས་མིན་དངོས་མེད་མིན་པར་རིགས། །བཅོམ་ལྡན་འདས་ཀྱིས་འབྱུང་བ་དང་འཇིག་པ་དག་རྣམ་པ་ལས་སྤང་བར་བཀའ་སྩལ་པས་དེའི་ཕྱིར་མྱ་ངན་ལས་འདས་པ་ནི་དངོས་པོ་ཡོད་པ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་པར་རིགས་སོ། །འདིར་སྨྲས་པ། འོ་ན་མྱ་ངན་ལས་འདས་པ་ནི་དངོས་པོ་


DTG096_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དང་དངོས་པོ་མེད་པ་གཉི་ག་ཡིན་ནོ། །འདིར་བཤད་པ། གལ་ཏེ་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ན། །དངོས་དང་དངོས་པོ་མེད་པ་དག །ཐར་པར་འགྱུར་བ་དེ་མི་རིགས། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་གཉི་ག་ཡིན་ན། དེ་ལྟ་ན་དངོས་པོ་དང་དངོས་པོ་མེད་པ་དག་ཐར་པ་ཡིན་པར་འགྱུར་བས་དེ་ཡང་མི་རིགས་ཏེ། ཕན་ཚུན་འགལ་བ་གཉིས་དུས་གཅིག་ཏུ་མི་སྲིད་པའི་ཕྱིར་རོ། །ཡང་གཞན་ཡང༌། གལ་ཏེ་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ན། །མྱ་ངན་འདས་པ་མ་བརྟེན་མིན། །དེ་ནི་གཉིས་ལ་བརྟེན་ཕྱིར་རོ། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་གཉི་ག་ཡིན་ན། དེ་ལྟ་ན་མྱ་ངན་ལས་འདས་པ་མ་བརྟེན་པ་མ་ཡིན་པར་འགྱུར་ཏེ། མྱ་ངན་ལས་འདས་པ་དེ་དངོས་པོ་དང་དངོས་པོ་མེད་པ་གཉིས་ལ་བརྟེན་པའི་ཕྱིར་རོ། །དེ་ནི་མི་འདོད་པས་དེའི་ཕྱིར་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་གཉི་ག་ཡིན་ནོ་ཞེས་བྱ་བ་དེ་རིགས་པ་མ་ཡིན་ཏེ། ཡང་གཞན་ཡང༌། འདིའི་ཕྱིར་ཡང་རིགས་པ་མ་ཡིན་ཏེ། གལ་ཏེ་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ན། །མྱ་ངན་འདས་པ་འདུས་མ་བྱས། །དངོས་དང་དངོས་མེད་འདུས་བྱས་ཡིན། །མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་པོ་མེད་པ་གཉི་ག་ཡིན་པར་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་ནི་འདུས་མ་བྱས་ཡིན་ལ། དངོས་པོ་དང་དངོས་པོ་མེད་པ་གཉིས་ནི་འདུས་བྱས་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རྒྱུའི་ཁྱད་པར་འདིས་ཀྱང་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་གཉི་ག་ཡིན་པར་མི་རིགས་སོ། །འདིར་སྨྲས་པ། མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་པོ་མེད་པ་གཉི་ག་ཡང་མ་ཡིན་གྱི། གང་ལ་དེ་གཉིས་ཡོད་པ་དེ་ནི་མྱ་ངན་ལས་འདས་པ་ཡིན་ནོ། །འདིར་བཤད་པ། གལ་ཏེ་མྱ་ངན་འདས་པ་ལ། །དངོས་དང་དངོས་མེད་གཉིས་ཡོད་ན། །དེ་གཉིས་གཅིག་ལ་ཡོད་མིན་ཏེ། །སྣང་བ་དང་ནི་མུན་པ་བཞིན། །མྱ་ངན་ལས་འདས་པ་ལ་དངོས་པོ་དང་དངོས་པོ་མེད་པ་གཉིས་ཡོད་པར་ཡང་མི་འཐད་དེ། ཅིའི་ཕྱིར་ཞེ་ན། ཕན་ཚུན་མི་མཐུན་པ་དེ་གཉིས་ཡུལ་གཅིག་ན་དུས་གཅིག་ཏུ་ལྷན་ཅིག་ཡོད་པར་མི་རིགས་ཏེ། དཔེར་ན་སྣང་བ་དང་མུན་པ་


DTG096_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་པས། དེ་ལ་གང་ལ་དངོས་པོ་དང་དངོས་པོ་མེད་པ་དེ་གཉིས་ཡོད་པ་དེ་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་གང་སྨྲས་པ་དེ་མི་རིགས་སོ། །འདིར་སྨྲས་པ། མྱ་ངན་ལས་འདས་པ་ནི་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་ནོ། །འདིར་བཤད་པ། དངོས་མིན་དངོས་པོ་མེད་མིན་པ། །མྱ་ངན་འདས་པར་གང་སྟོན་པ། །དངོས་པོ་མེད་དང་དངོས་པོ་དག །གྲུབ་ན་དེ་ནི་འགྲུབ་པར་འགྱུར། །ཁྱོད་ཀྱིས་མྱ་ངན་ལས་འདས་པ་ནི་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ནི་མི་འཐད་དེ། ཅིའི་ཕྱིར་ཞེ་ན། དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་པ་ཞེས་བྱ་བར་གསལ་བ་དང་འཛིན་པ་དང༌། རྩོལ་བའི་བློ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་དང་དངོས་པོ་དག་གྲུབ་ན། དེ་ཡང་འགྲུབ་པར་འགྱུར་བ་ཡིན་ན། དངོས་པོ་མེད་པ་དང་དངོས་པོ་དེ་དག་མ་གྲུབ་པས། དེའི་ཕྱིར་མྱ་ངན་ལས་འདས་པ་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་དེ་མི་འཐད་དོ། །ཡང་གཞན་ཡང༌། གལ་ཏེ་མྱ་ངན་འདས་པ་ནི། །དངོས་མིན་དངོས་པོ་མེད་མིན་ན། །དངོས་མིན་དངོས་པོ་མེད་མིན་ཞེས། །གང་ཞིག་གིས་ནི་དེ་མངོན་བྱེད། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་པ་ཡིན་ན། དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་པ་དག་ནི་མེད་དེ། དེ་དག་མེད་པའི་ཕྱིར་མྱ་ངན་ལས་འདས་པ་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་ཞེས་གང་ཞིག་གིས་དེ་མངོན་པར་བྱེད་ཅིང་མཚོན་པར་བྱེད། འཛིན་པར་བྱེད། འདོགས་པར་བྱེད་དེ། དེ་ལྟ་བས་ན་མྱ་ངན་ལས་འདས་པ་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་དེ་ཡང་མི་རིགས་སོ། །འདིའི་ཕྱིར་ཡང་མྱ་ངན་ལས་འདས་པ་མི་འཐད་དེ། ཇི་ལྟ་ཞེ་ན། བཅོམ་ལྡན་མྱ་ངན་འདས་གྱུར་ནས། །ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེའམ་གཉི་ག་དང༌། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །བཅོམ་ལྡན་བཞུགས་པར་གྱུར་ན་ཡང༌། །ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེའམ་གཉི་ག་དང༌། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །གང་གི་ཕྱིར་བཅོམ་ལྡན་འདས་མྱ་ངན་ལས་འདས་སམ་བཞུགས་ཀྱང་རུང་སྟེ་ཡོད་དོ་ཞེའམ་མེད་དོ་ཞེའམ་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་དོ་ཞེའམ། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་


DTG096_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་བྱ་བར་མི་མངོན་ཞིང་མཚོན་དུ་མེད་གཟུང་དུ་མེད་གདགས་སུ་མེད་པ་དེའི་ཕྱིར་མྱ་ངན་ལས་འདས་པ་ཡང་གདགས་སུ་མེད་དེ། དེ་མེད་ན་མྱ་ངན་ལས་འདས་པ་གང་གི་ཡིན་པར་འགྱུར། དེ་ལྟ་བས་ན་རྣམ་པ་ཐམས་ཅད་ཀྱིས་ཀྱང་མྱ་ངན་ལས་འདས་པ་མི་འཐད་དོ། །ཡང་གཞན་ཡང༌། འཁོར་བ་མྱ་ངན་འདས་པ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་པ་འཁོར་བ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །འདི་ལ་ཕུང་པོའི་རྒྱུན་ལ་བརྟེན་ནས་འཁོར་བ་ཞེས་གདགས་ན། ཕུང་པོ་དེ་དག་ནི་ངོ་བོ་ཉིད་ཀྱིས་སྟོད་པའི་ཕྱིར་ཇི་ལྟར་གཏན་སྐྱེ་བ་མེད་པ་དང༌། འགག་པ་མེད་པའི་ཆོས་ཅན་ཡིན་པ་དེ་ལྟར་ཁོ་བོས་དང་པོ་ཁོ་ནར་བསྟན་ཟིན་པས། དེའི་ཕྱིར་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་མཉམ་པ་ཉིད་ཀྱིས་འཁོར་བ་ནི་མྱ་ངན་ལས་འདས་པ་ལས་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཇི་ལྟར་འཁོར་བ་མྱ་ངན་ལས་འདས་པ་ལས་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་དེ་བཞིན་དུ། མྱ་ངན་ལས་འདས་པ་ཡང་འཁོར་བ་ལས་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །མྱ་ངན་ལས་འདས་པ་དང་འཁོར་བའི་ཡང་དག་པའི་མཐའ་དང་སྐྱེ་བ་མེད་པའི་མཐའ་དང་ཡང་དག་པའི་མཐར་ཐུག་པ་གང་ཡིན་པ་དེ་དག་ནི་དམིགས་སུ་མེད་པར་མཉམ་པ་ཉིད་ཀྱིས་ཁྱད་པར་ཤིན་ཏུ་ཕྲ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འགགས་པར་གྱུར་དང་མཐའ་སྩོགས་དང༌། །རྟག་ལ་སོགས་པར་ལྟ་བ་དག །མྱ་ངན་འདས་དང་ཕྱི་མཐའ་དང༌། །སྔོན་གྱི་མཐའ་ལ་བརྟེན་པ་ཡིན། །དེ་བཞིན་གཤེགས་པ་འགགས་པར་གྱུར་ནས་ཡོད་པ་དང་མེད་པ་དང༌། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང༌། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་བྱ་བར་ལྟ་བ་གང་དག་ཡིན་པ་དང༌། འཇིག་རྟེན་མཐའ་ཡོད་པ་དང༌། འཇིག་རྟེན་མཐའ་མེད་པ་དང༌། མཐའ་ཡོད་ཀྱང་ཡོད་ལ་མཐའ་མེད་ཀྱང་མེད་པ་དང༌། མཐའ་ཡོད་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་ཞེས་བྱ་བར་ལྟ་བ་གང་དག་ཡིན་པ་དང༌། འཇིག་རྟེན་རྟག་པ་དང༌། འཇིག་རྟེན་མི་རྟག་པ་དང༌། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང༌། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་བྱ་བར་ལྟ་བ་གང་དག་ཡིན་པ་དེ་


DTG096_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི་གོ་རིམས་བཞིན་དུ་མྱ་ངན་ལས་འདས་པ་དང༌། ཕྱི་མའི་མཐའ་དང་སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ནོ། །དེ་ལ། དངོས་པོ་ཐམས་ཅད་སྟོང་པ་ལ། །མཐའ་ཡོད་ཅི་ཞིག་མཐའ་མེད་ཅི། །མཐའ་དང་མཐའ་མེད་ཅི་ཞིག་ཡིན། །མཐའ་དང་མཐའ་མེད་མིན་པ་ཅི། །དེ་ཉིད་ཅི་ཞིག་གཞན་ཅི་ཡིན། །རྟག་པ་ཅི་ཞིག་མི་རྟག་ཅི།། རྟག་དང་མི་རྟག་གཉི་ག་ཅི། །གཉི་ག་མིན་པའང་ཅི་ཞིག་ཡིན། །དམིགས་པ་ཐམས་ཅད་ཉེར་ཞི་ཞིང༌། །སྤྲོས་པ་ཉེར་ཞི་ཞིབ་སྟེ། །སངས་རྒྱས་ཀྱིས་ནི་གང་དུ་ཡང༌། །སུ་ལའང་ཆོས་འགའམ་བསྟན་ཏོ། །སྤྲུལ་བ་བཞིན་ནམ་སོར་ཕྲེང་བཞིན་ནོ། །མྱ་ངན་ལས་འདས་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་ལྔ་པའོ།། །འདིར་སྨྲས་པ། ཁྱོད་ཀྱིས་ཐེག་པ་ཆེན་པོའི་གཞུང་ལུགས་ཀྱིས་དོན་དམ་པ་ལ་འཇུག་པ་ནི་བསྟན་ཟིན་ན། དེ་ཁྱོད་ཀྱིས་ཉན་ཐོས་ཀྱི་གཞུང་ལུགས་ཀྱིས་དོན་དམ་པ་ལ་འཇུག་པ་སྟོན་ཅིག །འདིར་བཤད་པ། མ་རིག་བསྒྲིབས་པས་ཡང་སྲིད་ཕྱིར། །འདུ་བྱེད་རྣམ་པ་གསུམ་པོ་དག །མངོན་པར་འདུ་བྱེད་གང་ཡིན་པའི། །ལས་དེ་དག་གིས་འགྲོ་བར་འགྲོ། །འདུ་བྱེད་རྐྱེན་ཅན་རྣམ་པར་ཤེས། །འགྲོ་བ་རྣམས་སུ་འཇུག་པར་འགྱུར། །རྣམ་པར་ཤེས་པ་ཞུགས་གྱུར་ན། །མིང་དང་གཟུགས་ནི་ཆགས་པར་འགྱུར། །མིང་དང་གཟུགས་ནི་ཆགས་གྱུར་ན། །སྐྱེ་མཆེད་དྲུག་ནི་འབྱུང་བར་འགྱུར། །སྐྱེ་མཆེད་དྲུག་ལ་བརྟེན་ནས་ནི། །དེ་ལས་རེག་པ་འབྱུང་བར་འགྱུར། །མིག་དང་གཟུགས་དང་དྲན་བྱེད་ལ། །བརྟེན་ནས་སྐྱེ་བ་ཁོ་ན་ཡིན། །དེ་ལྟར་མིང་དང་གཟུགས་བརྟེན་ནས། །རྣམ་པར་ཤེས་པ་སྐྱེ་བར་འགྱུར། །མིག་དང་གཟུགས་དང་རྣམ་པར་ཤེས། །གསུམ་པོ་འདུས་པ་གང་ཡིན་པ། །དེ་ནི་རེག་པའོ་རེག་དེ་ལས། །ཚོར་བ་ཀུན་དུ་འབྱུང་བར་འགྱུར། །ཚོར་བའི་རྐྱེན་གྱིས་སྲེད་པ་སྟེ། །ཚོར་བའི་དོན་གྱིས་སྲེད་པར་འགྱུར། །སྲེད་པར་གྱུར་ན་ཉེ་བར་ལེན། །རྣམ་པ་བཞི་པོ་ཉེར་ལེན་འགྱུར། །ཉེར་ལེན་ཡོད་ན་ལེན་པ་པོའི། །སྲིད་པ་རབ་ཏུ་འབྱུང་བར་འགྱུར། །གལ་ཏེ་ཉེ་བར་ལེན་མེད་ན། །གྲོལ་བར་འགྱུར་ཏེ་སྲིད་མི་འགྱུར། །སྲིད་པ་དེ་ཡང་ཕུང་པོ་ལྔ། །སྲིད་པ་ལས་ནི་སྐྱེ་བ་འབྱུང༌། །རྒ་ཤི་དང་ནི་མྱ་ངན་དང༌། །སྨྲེ་སྔགས་འདོན་བཅས་སྡུག་བསྔལ་དང༌། །ཡིད་མི་བདེ་དང་འཁྲུག་པ་རྣམས། །དེ་དག་སྐྱེ་ལས་རབ་ཏུ་འབྱུང༌། །དེ་ལྟར་སྡུག་བསྔལ་ཕུང་པོ་ནི། །འབའ་ཞིག་པོ་འདི་འབྱུང་བར་འགྱུར། །དེ་ཕྱིར་མཁས་རྣམས་འཁོར་བ་ཡི། །རྩ་བའི་འདུ་བྱེད་འདུ་མི་བྱེད། །དེ་ཕྱིར་མི་མཁས་


DTG096_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པོ་ཡིན། །མཁས་མིན་དེ་ཉིད་མཐོང་ཕྱིར་རོ། །མ་རིག་འགགས་པར་གྱུར་ན་ནི། །འདུ་བྱེད་རྣམས་ཀྱང་འབྱུང་མི་འགྱུར། །མ་རིག་འགག་པར་འགྱུར་བ་ནི། །ཤེས་པ་དེ་ཉིད་བསྒོམས་པས་སོ། །དེ་དང་དེ་ནི་འགགས་གྱུར་པས། །དེ་དང་དེ་ནི་མངོན་མི་འགྱུར། །སྡུག་བསྔལ་ཕུང་པོ་འབའ་ཞིག་པ། །དེ་ནི་དེ་ལྟར་ཡང་དག་འགག །བྱིས་པ་མ་རིག་པས་བསྒྲིབས་པ་ཡང་སྲིད་པའི་ཕྱིར་སེམས་ཅན་དམྱལ་བ་ལ་སོགས་པ་འདུ་བྱེད་པའི་འདུ་བྱེད་རྣམ་པ་གསུམ་པོ་དག་ལུས་དང་ངག་དང་ཡིད་དག་གིས་མངོན་པར་འདུ་བྱེད་དོ། །ལས་དགེ་བ་དང་མི་དགེ་བ་ཇི་ལྟར་མངོན་པར་འདུས་བྱས་པ་ཆེན་པོ་དང་འབྲིང་དང་ཆུང་ངུ་གང་དག་ཡིན་པ་དེ་དག་གིས་སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བ་རྣམས་སུ་འགྲོའོ། །དེ་ལ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཇི་ལྟར་འགྲོ་བ་རྣམས་སུ་ཞུགས་པར་གྱུར་པས་མིང་དང་གཟུགས་འཆགས་པར་འགྱུར་རོ། །མིང་དང་གཟུགས་ཆགས་པར་གྱུར་ན་མིང་དང་གཟུགས་ཆགས་པ་ལས་སྐྱེ་མཆེད་དྲུག་འབྱུང་བར་འགྱུར་རོ། །སྐྱེ་མཆེད་དྲུག་ལ་བརྟེན་ནས་དེ་ལས་རེག་པ་འབྱུང་བར་འགྱུར་ཏེ། རེག་པ་འདི་སྐྱེ་བའི་རིམ་པ་ནི་འདི་ཡིན་ཏེ། མིག་དང་གཟུགས་དང་ཡིད་ལ་བྱེད་པ་ལ་བརྟེན་ནས་སྐྱེ་བ་ཁོ་ན་ཡིན་ཏེ། དེ་ལྟར་མིང་དང་གཟུགས་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཞིང༌། དེ་ལྟར་མིག་དང་གཟུགས་དང་རྣམ་པར་ཤེས་པ་གསུམ་པོ་འདུས་པ་གང་ཡིན་པ་དེ་ནི་རེག་པའོ། །རེག་པ་དེ་ལས་ཚོར་བ་ཀུན་དུ་འབྱུང་བར་འགྱུར་རོ། །ཚོར་བའི་རྐྱེན་གྱིས་སྲེད་པ་སྟེ་ཚོར་བའི་དོན་ལ་སྲེད་པར་འགྱུར་རོ། །སྲེད་པར་གྱུར་ན་ཉེ་བར་ལེན་པ་རྣམ་པ་བཞི་པོ་དག་ཉེ་བར་ལེན་པར་འགྱུར་རོ། །ཉེ་བར་ལེན་པ་ཡོད་ན་ལེན་པ་པོའི་སྲེད་པ་རབ་ཏུ་འབྱུང་བར་འགྱུར་ཏེ། གལ་ཏེ་ཉེ་བར་ལེན་པ་མེད་ན་དེས་གྲོལ་བར་འགྱུར་ཏེ། དེའི་སྲིད་པ་འབྱུང་བར་མི་འགྱུར་བ་ཞིག་ན་གང་གི་ཕྱིར་ཉེ་བར་ལེན་པ་དང་བཅས་པ་དེའི་ཕྱིར་དེའི་སྲིད་པ་འབྱུང་བར་འགྱུར་ཏེ། སྲིད་པ་དེ་ཡང་ཕུང་པོ་ལྔ་ཡིན་པར་ཤེས་པར་བྱའོ། །སྲིད་པ་ལས་ནི་སྐྱེ་བ་འབྱུང་ངོ༌། །སྐྱེ་བ་ལས་ནི་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང་ཡིད་མི་བདེ་པ་དང་འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་སྡུག་བསྔལ་གྱི་ཚོགས་འབའ་ཞིག་པ་མ་འདྲེས་པ་འདི་འབྱུང་བར་འགྱུར་རོ། །དེའི་ཕྱིར་མཁས་པ་རྣམས་ནི་འཁོར་བའི་རྩ་བའི་འདུ་བྱེད་རྣམས་འདུ་མི་བྱེད་དོ། །དེའི་ཕྱིར་མི་


DTG096_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་རྣམས་ནི་འདུ་བྱེད་རྣམས་ཀྱི་བྱེད་པ་པོ་ཡིན་གྱི་མཁས་པ་རྣམས་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་མཐོང་བའི་ཕྱིར་རོ། །དེ་ལམ་རིག་པ་འགགས་པར་གྱུར་ན་འདུ་བྱེད་རྣམས་ཀྱང་འབྱུང་བར་མི་འགྱུར་རོ། །མ་རིག་པ་འགག་པར་འགྱུར་པ་ནི་ཡན་ལག་བཅུ་གཉིས་ཤེས་པ་དེ་ཉིད་བསྒོམ་པ་གོམས་པར་བྱས་པ་དང་བརྟན་པོ་ཉིད་དུ་བྱ་བས་སོ། །སྲིད་པའི་ཡན་ལག་དེ་དང་དེ་འགགས་པར་གྱུར་པས་སྲིད་པའི་ཡན་ལག་དེ་དང་དེ་མངོན་པར་མི་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་སྡུག་བསྔལ་གྱི་ཚོགས་འབའ་ཞིག་མ་འདྲེས་པ་དེ་ཡང་དག་པར་འགག་ཅིང་གཏན་འགག་པར་འགྱུར་ཏེ། ས་བོན་ཚིག་པ་བཞིན་ནོ། །སྲིད་པའི་ཡན་ལག་བཅུ་གཉིས་པོ་དེ་དག་ལ་འཇུག་པ་རྒྱ་ཆེར་ནི་མདོ་སྡེ་དང་ཆོས་མངོན་པ་དག་ལས་ཁོང་དུ་ཆུད་པར་བྱའོ། །མདོར་བསྡུ་བའི་དབང་གིས་འདི་ལས་བརྗོད་དོ། །སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་དྲུག་པའོ།། །། འདིར་སྨྲས་པ། དེ་ཁྱོད་ཀྱིས་ཉན་ཐོས་ཀྱི་ཐེག་པ་དང་མཐུན་པའི་མདོ་སྡེའི་མཐའ་ལ་བརྟེན་ནས་ལྟ་བའི་རྣམ་པ་རྣམས་མི་སྲིད་པར་སྟོན་ཅིག །འདིར་བཤད་པ། འདས་པའི་དུས་ན་བྱུང་ཞེས་དང༌། །མ་བྱུང་འཇིག་རྟེན་རྟག་སྩོགས་པར། །ལྟ་བ་གང་ཡིན་དེ་དག་ནི། །སྔོན་གྱི་མཐའ་ལ་བརྟེན་པ་ཡིན། །མ་འོངས་དུས་གཞན་འབྱུང་འགྱུར་དང༌། །མི་འབྱུང་འཇིག་རྟེན་མཐའ་སོགས་པར། །ལྟ་བ་གང་ཡིན་དེ་དག་ནི། །ཕྱི་མའི་མཐའ་ལ་བརྟེན་པ་ཡིན། །ཟག་པ་ཐམས་ཅད་སྡོམ་པའི་རྣམ་གྲངས་ཞེས་བྱ་བའི་མདོ་སྡེ་ལས་གསུངས་པ། བདག་སྔོན་འདས་པའི་དུས་ན་བྱུང་བར་གྱུར་ཅེས་བྱ་བ་དང༌། བདག་སྔོན་འདས་པའི་དུས་ན་བྱུང་བར་མ་གྱུར་ཅེས་བྱ་བའི་རྒྱུ་འདིས་འཇིག་རྟེན་རྟག་པ་ལ་སོགས་པར་ལྟ་བ་གང་ཡིན་པ་དེ་དག་ནི་སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ནོ། །བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་འགྱུར་ཞེས་བྱ་བ་དང༌། བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་མི་འགྱུར་ཞེས་བྱ་བའི་རྒྱུ་འདིས་འཇིག་རྟེན་མཐའ་ཡོད་པ་ལ་སོགས་པར་ལྟ་བ་གང་ཡིན་པ་དེ་དག་ནི་ཕྱི་མའི་མཐའ་ལ་བརྟེན་པ་ཡིན་ནོ། །དེ་དག་ནི་མི་འཐད་དེ། རིགས་པ་གང་གིས་ཤེ་ན། བཤད་པར་བྱ་སྟེ། འདས་པའི་དུས་ན་བྱུང་གྱུར་ཅེས། །བྱ་བ་དེ་ནི་མི་འཐད་དོ། །སྔོན་ཚེ་རྣམས་སུ་གང་བྱུང་བ། །དེ་ཉིད་འདི་ནི་མ་ཡིན་ནོ། །


DTG096_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་བདག་ཏུ་འགྱུར་སྙམ་ན། །ཉེ་བར་ལེན་པ་ཐ་དད་འགྱུར། །ཉེ་བར་ལེན་པ་མ་གཏོགས་པར། །ཁྱོད་ཀྱི་བདག་ནི་གང་ཞིག་ཡིན། །ཉེ་བར་ལེན་པ་མ་གཏོགས་པའི། །བདག་ཡོད་མ་ཡིན་བྱས་པའི་ཚེ། །ཉེ་བར་ལེན་ཉིད་བདག་ཡིན་ན། །ཁྱོད་ཀྱི་བདག་ནི་མེད་པ་ཡིན། །ཉེ་བར་ལེན་ཉིད་བདག་མ་ཡིན། །དེ་ནི་འབྱུང་དང་འཇིག་པ་ཡིན། །ཉེ་བར་བླང་བ་ཇི་ལྟ་བུར། །ཉེ་བར་ལེན་པ་ཡིན་པར་འགྱུར། །བདག་ནི་ཉེ་བར་ལེན་པ་ལས། །གཞན་དུ་འཐད་པ་ཉིད་མ་ཡིན། །གལ་ཏེ་གཞན་ན་ལེན་མེད་པར། །གཟུང་ཡོད་རིགས་ན་གཟུང་དུ་མེད། །དེ་ལྟར་ལེན་པས་གཞན་མ་ཡིན། །དེ་ནི་ཉེར་ལེན་ཉིད་ཀྱང་མིན། །བདག་ནི་ཉེ་བར་ལེན་མེད་མིན། །མེད་པ་ཉིད་དུའང་དེ་མ་ངེས། །བདག་སྔོན་འདས་པའི་དུས་ན་བྱུང་བར་གྱུར་ཞེས་བྱ་བ་དེ་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། སྔོན་གྱི་ཚེ་རབས་རྣམས་སུ་གང་བྱུང་བར་གྱུར་པ་དེ་ཉིད་ད་ལྟར་གྱི་བདག་འདི་མ་ཡིན་པའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་གལ་ཏེ་སྔོན་གྱི་ཚེ་རབས་རྣམས་སུ་གང་བྱུང་བར་གྱུར་པ་དེ་ཉིད་དུ་ད་ལྟར་གྱི་བདག་འདི་ཡིན་པར་གྱུར་ན་དེའི་ཕྱིར་སྐྱོན་ཅིར་འགྱུར་སྙམ་དུ་སེམས་ན། དེ་ལ་བཤད་པར་བྱ་སྟེ། གལ་ཏེ་སྔོན་གྱི་ཚེ་རབས་རྣམས་སུ་གང་བྱུང་བར་གྱུར་པ་དེ་ཉིད་ད་ལྟར་གྱི་བདག་འདི་ཡིན་པར་གྱུར་ན། དེ་ལྟར་ན་ཉེ་བར་ལེན་པ་ཐ་དད་པར་མི་འགྱུར་བ་ཞིག་ན་ཉེ་བར་ལེན་པ་ཐ་དད་པར་ཡང་འགྱུར་ལ། ཉེ་བར་ལེན་པ་མ་གཏོགས་པར་བདག་ཡོད་པར་ཐལ་བར་ཡང་འགྱུར་རོ། །དེ་ལ་ཉེ་བར་ལེན་པ་མ་གཏོགས་པར་ཁྱོད་ཀྱི་བདག་དེ་གང་ཞིག་ཡིན་སྨྲ་བར་ནུས་སམ་ཁོ་བོས་ནི་རྣམ་པ་ཐམས་ཅད་དུ་ཡང་མི་འཐད་པར་ཤེས་སོ། །དེ་ལ་འདི་སྙམ་དུ་ཉེ་བར་ལེན་པ་མ་གཏོགས་པའི་བདག་ཡོད་པ་མ་ཡིན་ནོ་སྙམ་དུ་སེམས་ན་ནི། དེའི་ཕྱིར་དེ་ཉེ་བར་ལེན་པ་ཉིད་བདག་ཡིན་པར་འགྱུར་བའམ། ཡང་ན་ཁྱོད་ཀྱི་བདག་མེད་པ་ཡིན་ནོ། །ཉེ་བར་ལེན་པ་ཉིད་བདག་ཡིན་ནོ་ཞེས་བྱ་བ་དེ་ཡང་མི་འཐད་དེ། ཅིའི་ཕྱིར་ཞེ་ན། ཉེ་བར་ལེན་པ་དེ་ནི་འབྱུང་བ་དང་འཇིག་པ་ཡིན་བས་སྐྱེ་བ་དང་འཇིག་པར་འགྱུར་བའི་ཕྱིར་ཏེ། དེ་ལྟ་བུ་ནི་བདག་གི་མཚན་ཉིད་མ་ཡིན་ནོ། །ཡང་གཞན་ཡང༌། ཉེ་བར་བླང་བ་གང་ཡིན་པ་དེ་ནི་ཇི་ལྟ་བུར་ཉེ་བར་ལེན་པ་པོ་ཡིན་པར་འགྱུར་ཏེ། སྐྱོན་དུ་མར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་


DTG096_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདི་སྙམ་དུ་ཉེ་བར་བླང་བ་ལས་ཉེ་བར་ལེན་པ་པོ་གཞན་ཡིན་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། བདག་ནི་ཉེ་བར་ལེན་པ་ལས་གཞན་དུ་འཐད་པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་གཞན་ཡིན་ན་ཉེ་བར་ལེན་པ་མེད་པར་ཡང་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་གཟུང་དུ་ཡོད་པའི་རིགས་ན་གཟུང་དུ་མེད་པའི་ཕྱིར་རོ། །དེ་ལྟར་ན་བདག་ནི་ཉེ་བར་ལེན་པ་ལས་གཞན་ཡང་མ་ཡིན་ལ། དེ་ནི་ཉེ་བར་ལེན་པ་ཉིད་ཀྱང་མ་ཡིན་ཉེ་བར་ལེན་པ་མེད་པ་ཡང་མ་ཡིན། འགའ་ཡང་མེད་པ་ཉིད་དུ་ངེས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་བརྟག་པ་འདིས་བདག་སྔོན་འདས་པའི་དུས་ན་བྱུང་བར་གྱུར་ཅེས་བྱ་བ་དེ་མི་འཐད་དོ། །ད་ནི། འདས་པའི་དུས་ན་མ་བྱུང་ཞེས། །བྱ་བ་དེ་ཡང་མི་འཐད་དོ། །སྔོན་ཚེ་རྣམས་སུ་གང་བྱུང་བ། །དེ་ལས་འདི་གཞན་མ་ཡིན་ནོ། །གལ་ཏེ་འདི་ནི་གཞན་གྱུར་ན། །དེ་མེད་པར་ཡང་འབྱུང་བར་འགྱུར། །དེ་བཞིན་དུ་ནི་གནས་འགྱུར་ཞིང༌། །དེར་མ་ཤི་བར་སྐྱེ་བར་འགྱུར། །ཆད་དང་ལས་རྣམས་ཆུད་ཟ་དང༌། །གཞན་གྱིས་བྱས་པའི་ལས་རྣམས་ནི། །གཞན་གྱིས་སོ་སོར་མྱོང་བ་དང༌། །དེ་ལ་སོགས་པར་ཐལ་བར་འགྱུར། །མ་བྱུང་བ་ལས་འབྱུང་མིན་ཏེ། །འདི་ལ་སྐྱོན་དུ་ཐལ་བར་འགྱུར། །བདག་ནི་བྱས་པར་འགྱུར་བ་དང༌། །འབྱུང་བའམ་རྒྱུ་མེད་ཅན་དུ་འགྱུར། །ད་ནི་བདག་སྔོན་འདས་པའི་དུས་ན་བྱུང་བར་མ་གྱུར་ཅེས་བྱ་བ་དེ་ཡང་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། སྔོན་གྱི་ཚེ་རབས་རྣམས་སུ་གང་བྱུང་བར་གྱུར་པ་དེ་ལས་འདི་གཞན་མ་ཡིན་པའི་ཕྱིར་རོ། །གལ་ཏེ་འདི་གཞན་ཡིན་པར་གྱུར་ན་དེའི་ཕྱིར་དེ་མེད་པར་ཡང་འདི་འབྱུང་བར་འགྱུར་རོ། །ཡང་གཞན་ཡང༌། སྔ་མ་དེ་དེ་བཞིན་དུ་དེ་ན་གནས་པར་འགྱུར་ཞིང་འདི་ཡང་དེར་མ་ཤི་བར་དེར་སྐྱེ་བར་འགྱུར་རོ། །དེ་ལྟ་བས་ན་ཆད་པ་དང་ལས་རྣམས་ཆུད་ཟ་བ་དང་གཞན་གྱིས་བྱས་པའི་ལས་རྣམས་གཞན་གྱིས་སོ་སོར་མྱོང་བ་དང༌། དེ་ལ་སོགས་པ་སྐྱོན་མང་པོ་དག་ཏུ་ཐལ་བར་འགྱུར་རོ། །ཡང་གཞན་ཡང༌། དེ་ལྟ་ན་བདག་མ་བྱུང་བ་ལས་འབྱུང་བར་ཐལ་བར་འགྱུར་ཏེ། བདག་མ་བྱུང་བ་ལས་འབྱུང་བ་ནི་མ་ཡིན་པས། དེའི་ཕྱིར་འདི་ལ་ཡང་བདག་བྱས་པར་འགྱུར་བ་དང༌། བྱུང་བ་རྒྱུ་མེད་པ་ཅན་དུ་འགྱུར་བའི་སྐྱོན་དུ་ཐལ་བར་འགྱུར་བས། དེ་ནི་མི་འདོད་དོ། །དེའི་ཕྱིར་བརྟག་པ་འདིས་


DTG096_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སྔོན་འདས་པའི་དུས་ན་བྱུང་བར་མ་གྱུར་ཅེས་བྱ་བ་དེ་ཡང་མི་འཐད་དོ། །དེ་ལྟར་བདག་བྱུང་བདག་མ་བྱུང༌། །གཉི་ག་གཉི་ག་མ་ཡིན་པར། །འདས་ལ་ལྟ་བ་གང་ཡིན་པ། །དེ་དག་འཐད་པ་མ་ཡིན་ནོ། །དེ་ལྟར་ཡོངས་སུ་བརྟགས་ན་སྔོན་འདས་པའི་དུས་ན་བྱུང་བར་གྱུར་ཅེས་བྱ་བ་དང༌། བདག་སྔོན་འདས་བའི་དུས་ན་བྱུང་བར་མ་གྱུར་ཅེས་བྱ་བ་དང༌། སྔོན་འདས་པའི་དུས་ན་བྱུང་བར་གྱུར་ཀྱང་གྱུར་ལ། བྱུང་བར་མ་གྱུར་ཀྱང་མ་གྱུར་ཅེས་བྱ་བ་དང༌། སྔོན་འདས་པའི་དུས་ན་བྱུང་བར་གྱུར་པ་ཡང་མ་ཡིན་ལ། བྱུང་བར་མ་གྱུར་པ་ཡང་མ་ཡིན་ནོ་ཞེས་བྱ་བར་འདས་པའི་དུས་ལ་ལྟ་བ་གང་ཡིན་པ་དེ་དག་འཐད་པ་མ་ཡིན་ནོ། །ད་ནི། མ་འོངས་དུས་གཞན་འབྱུང་འགྱུར་དང༌། །འབྱུང་བར་མི་འགྱུར་ཞེས་བྱ་བར། །ལྟ་བ་གང་ཡིན་དེ་དག་ནི། །འདས་པའི་དུས་དང་མཚུངས་པ་ཡིན། །ད་ནི་བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་འགྱུར་ཞེས་བྱ་བ། བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་མི་འགྱུར་ཞེས་བྱ་བར་མ་འོངས་པའི་དུས་ན་ལྟ་བ་གང་ཡིན་པ་དེ་དག་ནི་འདས་པའི་དུས་དང་མཚུངས་པར་བསམ་པར་བྱ་སྟེ། འདས་པའི་དུས་ལ་བརྩམས་པའི་སྐྱོན་གང་དག་ཡིན་པ་དེ་དག་ཉིད་འདིར་ཡང་བྱེ་བྲག་ཏུ་ཤེས་པར་བྱའོ། །ཡང་གཞན་ཡང༌། གལ་ཏེ་ལྷ་དེ་མི་དེ་ན། །དེ་ལྟ་ན་ནི་རྟག་པར་འགྱུར། ལྷ་ནི་མ་སྐྱེས་ཉིད་འགྱུར་ཏེ། །རྟག་ལ་སྐྱེ་བ་མེད་ཕྱིར་རོ། །གལ་ཏེ་ལྷ་དེ་ཉིད་མི་དེ་ཉིད་དུ་གྱུར་ན་དེ་ལྟ་ན་ནི་རྟག་པར་འགྱུར་རོ། །ཡང་གཞན་ཡང༌། ལྷ་མ་སྐྱེས་པ་ཉིད་དུ་ཡང་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རྟག་པ་ལ་སྐྱེ་བ་མེད་པའི་ཕྱིར་རོ། །གང་གི་ཕྱིར་ལྷ་གང་ཡིན་པ་དེ་ཉིད་མི་མ་ཡིན་ཞིང་ལྷ་མ་སྐྱེས་པ་ཉིད་ཀྱང་མ་ཡིན་པ་དེའི་ཕྱིར་རྟག་པ་མ་ཡིན་ནོ། །གལ་ཏེ་ལྷ་ལས་མི་གཞན་ན། །དེ་ལྟ་ན་ནི་མི་རྟག་འགྱུར། །གལ་ཏེ་ལྷ་མི་གཞན་ཡིན་ན། །རྒྱུད་ནི་འཐད་པར་མི་འགྱུར་རོ། །གལ་ཏེ་ལྷ་ལས་མི་གཞན་ཡིན་ན་དེ་ལྟ་ན་ནི་མི་རྟག་པར་འགྱུར་རོ། །རྒྱུད་ཀྱི་གཏན་ཚིགས་ཀྱི་ལྷ་ལས་མི་གཞན་ཡིན་པར་མི་འཐད་པས། དེའི་ཕྱིར་མི་རྟག་པ་མ་ཡིན་ནོ། །གལ་ཏེ་ཕྱོགས་གཅིག་ལྷ་ཡིན་ལ། །ཕྱོགས་གཅིག་མི་ནི་ཡིན་གྱུར་ན། །རྟག་དང་མི་རྟག་འགྱུར་བའི་ཕྱིར། །དེ་ཡང་རིགས་པ་མ་ཡིན་ནོ། །གལ་ཏེ་ཕྱོགས་གཅིག་ནི་ལྷ་ཡིན་ལ། ཕྱོགས་གཅིག་ནི་མི་ཡིན་པར་གྱུར་ན། དེ་ལྟ་ན་རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་


DTG096_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བ་ཞིག་ན། གང་གི་ཕྱིར་དེ་ལྟར་བདག་ཉིད་གཉིས་པ་ཉིད་མི་རིགས་པ་དེའི་ཕྱིར་རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་མ་ཡིན་ནོ། །གལ་ཏེ་རྟག་དང་མི་རྟག་པ། །གཉི་ག་གྲུབ་པར་གྱུར་ན་ནི། །རྟག་པ་མ་ཡིན་མི་རྟག་མིན། །འགྲུབ་པར་འགྱུར་བར་འདོད་ལ་རག །གལ་ཏེ་རྟག་པ་དང་མི་རྟག་པ་ཞེས་བྱ་བ་དེ་གཉི་ག་རབ་ཏུ་གྲུབ་པར་གྱུར་ན་ནི། དེའི་ཕྱིར་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་ཞེས་བྱ་བ་དེ་ཡང་རབ་ཏུ་འགྲུབ་པར་འགྱུར་བར་འདོད་ལ་རག་ན། གང་གི་ཕྱིར་རྟག་པ་དང་མི་རྟག་པ་དེ་གཉི་ག་རབ་ཏུ་མ་གྲུབ་པ་དེའི་ཕྱིར་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་པ་ཞེས་བྱ་བ་དེ་ཡང་རབ་ཏུ་མི་འགྲུབ་པོ། །གལ་ཏེ་གང་ཞིག་གང་ནས་འོངས། །ཅི་ཞིག་གང་དུ་འགྲོ་འགྱུར་ན། །དེ་ཕྱིར་དེ་ལ་ཐོག་མེད་པས། །རྟག་པར་འགྱུར་ན་དེ་ཡང་མེད། །གལ་ཏེ་དངོས་པོ་གང་ཞིག་ཡུལ་གང་ནས་འོངས་ཤིང་ཅི་ཞིག་ཅིག་ཏུ་གང་དུ་འགྲོ་བར་འགྱུར་ན་ནི། དེའི་ཕྱིར་དེ་ལ་ཐོག་མ་མེད་པས་རྟག་པར་འགྱུར་བ་ཞིག་ན། ཤེས་རབ་ཀྱིས་བཙལ་ན་དངོས་པོ་གང་ཞིག་ཡུལ་གང་ནས་འོངས་ཤིང་ཅི་ཞིག་ཅིག་ཏུ་གང་དུ་འགྲོ་བར་འགྱུར་བ་དེ་ལྟ་བུའི་དངོས་པོ་འགའ་ཡང་མེད་པས། དེའི་ཕྱིར་དེ་ལ་ཐོག་མ་མེད་པ་ཡང་མེད་པས་རྟག་པ་མ་ཡིན་ནོ། །གལ་ཏེ་རྟག་བ་འགའ་མེད་ན། །མི་རྟག་གང་ཞིག་ཡིན་པར་འགྱུར། །རྟག་པ་དང་ནི་མི་རྟག་དང༌། །དེ་གཉིས་བསལ་བར་གྱུར་པའོ། །གལ་ཏེ་དེ་ལྟར་ཤེས་རབ་ཀྱིས་བརྟགས་ན་དངོས་པོ་རྟག་པ་འགའ་ཡང་མེད་ན། ད་མི་རྟག་པ་གང་ཞིག་ཡིན་པར་འགྱུར། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང༌། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་ཡང་གང་ཞིག་ཡིན་པར་འགྱུར་ཏེ། དེ་ལྟ་བས་ན་སྔོན་གྱི་མཐའ་ལས་བརྩམས་པའི་རྟག་པ་དང་མི་རྟག་པ་ལ་སོགས་པ་བཞི་པོ་དེ་དག་མི་འཐད་དོ། །ད་ནི་ཕྱི་མའི་མཐའ་ལས་བརྩམས་པའི་མཐའ་དང་མཐའ་མེད་པ་ལ་སོགས་པ་བཞི་པོ་དེ་དག་ཇི་ལྟར་མི་འཐད་པ་དེ་ལྟར་བཤད་པར་བྱ་སྟེ། གལ་ཏེ་ཇི་ལྟར་ཞེ་ན། བཤད་པ། གལ་ཏེ་འཇིག་རྟེན་མཐའ་ཡོད་ན། །འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར། །གལ་ཏེ་འཇིག་རྟེན་མཐའ་མེད་ན། །འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར། །འཇིག་རྟེན་མཐའ་ཡོད་ཅེས་བྱ་བ་མི་འཐད་དེ། ཅིའི་ཕྱིར་ཞེ་ན། གལ་ཏེ་འཇིག་རྟེན་མཐའ་ཡོད་པར་


DTG096_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ན། དེའི་ཕྱིར་འཇིག་རྟེན་ཕ་རོལ་ཡོད་པར་མི་འགྱུར་བའི་ཕྱིར་རོ། །འཇིག་རྟེན་ཕ་རོལ་ཡང་ཡོད་པས་དེའི་ཕྱིར་འཇིག་རྟེན་མཐའ་ཡོད་ཅེས་བྱ་བ་མི་འཐད་དོ། །འཇིག་རྟེན་མཐའ་མེད་ཅེས་བྱ་བ་དེ་ཡང་མི་འཐད་དེ། ཅིའི་ཕྱིར་ཞེ་ན། གལ་ཏེ་འཇིག་རྟེན་མཐའ་མེད་པར་གྱུར་ན་དེའི་ཕྱིར་འཇིག་རྟེན་ཕ་རོལ་མེད་པར་འགྱུར་བའི་ཕྱིར་རོ། །འཇིག་རྟེན་ཕ་རོལ་ཡང་ཡོད་པས་དེའི་ཕྱིར་འཇིག་རྟེན་མཐའ་མེད་ཅེས་བྱ་བ་ཡང་མི་འཐད་དོ། །དེ་གཉིས་ཅིའི་ཕྱིར་མི་འཐད་ཅེ་ན། དེ་ལ་བཤད་པར་བྱ་སྟེ། གང་ཕྱིར་ཕུང་པོ་རྣམས་ཀྱི་རྒྱུན། །འདི་ནི་མར་མེའི་འོད་དང་མཚུངས། །དེ་ཕྱིར་མཐའ་ཡོད་ཉིད་དང་ནི།། མཐའ་མེད་ཉིད་ཀྱང་མི་རིགས་སོ། །གང་གི་ཕྱིར་ཕུང་པོ་རྣམས་ཀྱི་རྒྱུན་འདི་ནི་མར་མེའི་འོད་དང་མཚུངས་པར་རྒྱུ་དང་རྐྱེན་གྱིས་ཚོགས་པའི་དབང་གིས་འབྱུང་བ་དེའི་ཕྱིར་འཇིག་རྟེན་མཐའ་ཡོད་པ་ཉིད་དང་མཐའ་མེད་པ་ཉིད་ཅེས་བྱ་བ་ཡང་མི་རིགས་སོ། །ཅིའི་ཕྱིར་མི་རིགས་ཤེ་ན། དེ་ལ་བཤད་པར་བྱ་སྟེ། གལ་ཏེ་སྔ་མ་འཇིག་འགྱུར་ཞིང༌། །ཕུང་པོ་འདི་ལ་བརྟེན་བྱས་ནས། །ཕུང་པོ་དེ་ནི་མི་འབྱུང་ན། །དེས་ན་འཇིག་རྟེན་མཐའ་ཡོད་འགྱུར། །གལ་ཏེ་སྔ་མ་མི་འཇིག་ཅིང༌། །ཕུང་པོ་འདི་ལ་བརྟེན་བྱས་ནས། །ཕུང་པོ་དེ་ནི་མི་འབྱུང་ན། །དེས་ན་འཇིག་རྟེན་མཐའ་མེད་འགྱུར། །གལ་ཏེ་ཕུང་པོ་སྔ་མ་རྣམས་འཇིག་པར་འགྱུར་ཞིང༌། ཕུང་པོ་འདི་དག་ལ་བརྟེན་ནས་ཕུང་པོ་གཞན་དེ་དག་མི་འབྱུང་ན་ནི། དེས་ན་འཇིག་རྟེན་མཐའ་ཡོད་པར་འགྱུར་བ་ཞིག་ན། གང་གི་ཕྱིར་དེ་ལྟ་མ་ཡིན་པ་དེའི་ཕྱིར་འཇིག་རྟེན་མཐའ་ཡོད་ཅེས་བྱ་བ་མི་འཐད་དོ། །གལ་ཏེ་ཕུང་པོ་སྔ་མ་རྣམས་མི་འཇིག་ཅིང་ཕུང་པོ་འདི་དག་ལ་བརྟེན་ནས་ཕུང་པོ་ཕྱི་མ་དེ་དག་མི་འབྱུང་ན་ནི། དེས་ན་འཇིག་རྟེན་མཐའ་མེད་པར་གྱུར་བ་ཞིག་ན། གང་གི་ཕྱིར་འཇིག་རྟེན་མཐའ་མེད་ཅེས་བྱ་བ་ཡང་མི་ཐད་དོ། བཙུན་པ་འཕགས་པ་ལྷས་ཀྱང༌། ཉན་པ་པོ་དང་མཉན་བྱ་དང༌།སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། དེ་ཕྱིར་མ་དོད་ན་འཁོར་བ་ནི། མཐའ་ཡོད་མ་ཡིན་མཐའ་མེད་མིན།། ཞེས་བཤད་དོ། ད་ནི་འཇིག་རྟེན་མཐའ་ཡོད་ཀྱང་ཡོད་ལ་མཐའ་མེད་ཀྱང་མེད་ཅེས་བྱ་བ་དེ་ཡང་མི་འཐད་དོ། ཅིའི་ཕྱིར་ཞེ་ན། བཤད་པར་བྱ་སྟེ། གལ་ཏེ་ཕྱོགས་གཅིག་མཐའ་ཡོད་ལ། ཕྱོགས་གཅིག་མཐའ་ནི་


DTG096_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གྱུར་ན། །འཇིག་རྟེན་མཐའ་ཡོད་མཐའ་མེད་འགྱུར། །དེ་ཡང་རིགས་པ་མ་ཡིན་ནོ། །གལ་ཏེ་ཕྱོགས་གཅིག་མཐའ་ཡོད་པར་གྱུར་ལ་ཕྱོགས་གཅིག་མཐའ་མེད་གྱུར་ན་ནི། དེའི་ཕྱིར་འཇིག་རྟེན་མཐའ་ཡོད་ཀྱང་ཡོད་ལ་མཐའ་མེད་ཀྱང་མེད་པར་འགྱུར་བ་ཞིག་ན། དེ་ལྟ་ན་དངོས་པོ་བདག་གཉིས་པ་ཉིད་དུ་འགྱུར་བས་དེ་ནི་མི་འཐད་དོ། །ཇི་ལྟ་བུར་ཉེར་ལེན་པ། །ཕྱོགས་གཅིག་རྣམ་པར་འཇིག་འགྱུར་ལ། །ཕྱོགས་གཅིག་རྣམ་པར་འཇིག་མི་འགྱུར། །དེ་ལྟར་དེ་ནི་མི་རིགས་སོ། །ཇི་ལྟ་བུར་ན་ཉེར་བླང་བ། །ཕྱོགས་གཅིག་རྣམ་པར་འཇིག་འགྱུར་ལ། །ཕྱོགས་གཅིག་རྣམ་པར་མི་འཇིག་འགྱུར། །དེ་ལྟར་དེ་ཡང་མི་རིགས་སོ། །རེ་ཞིག་ཉེ་བར་ལེན་པ་པོ་རིགས་པ་གང་གིས་ཕྱོགས་གཅིག་རྣམ་པར་འཇིག་པར་འགྱུར་ལ། ཕྱོགས་གཅིག་རྣམ་པར་འཇིག་པར་མི་འགྱུར་ཏེ། རྟག་པ་དང་མི་རྟག་པ་ཉིད་མེད་པའི་ཕྱིར་དེ་ལྟར་དེ་ནི་མི་རིགས་སོ། །ཉེ་བར་བླང་བ་ཡང་རྣམ་པ་གང་གིས་ཕྱོགས་གཅིག་རྣམ་པར་འཇིག་པར་འགྱུར་ལ། ཕྱོགས་གཅིག་རྣམ་པར་འཇིག་པར་མི་འགྱུར་ཏེ། རྟག་པ་དང་མི་རྟག་པ་ཉིད་མི་འཐད་པ་ཁོ་ནའི་ཕྱིར་དེ་ལྟར་དེ་ཡང་མི་རིགས་སོ། །དེ་ལྟར་གང་གི་ཕྱིར་དངོས་པོ་བདག་ཉིད་གཉིས་པ་ཉིད་མི་འཐད་པ་དེའི་ཕྱིར། འཇིག་རྟེན་མཐའ་ཡོད་ཀྱང་ཡོད་ལ་མཐའ་མེད་ཀྱང་མེད་ཅེས་བྱ་བ་མི་འཐད་དོ། །དེ་ནི་འཇིག་རྟེན་མཐའ་ཡོད་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་ཞེས་བྱ་བ་དེ་ཡང་མི་འཐད་དེ། ཅིའི་ཕྱིར་ཞེ་ན། བཤད་པར་བྱ་སྟེ། གལ་ཏེ་མཐའ་ཡོད་མཐའ་མེད་པ། །གཉི་ག་གྲུབ་པར་གྱུར་ན་ནི། །མཐར་ཡོད་མ་ཡིན་མཐའ་མེད་མིན། །འགྲུབ་པར་འགྱུར་པ་འདོད་ལ་རག །གལ་ཏེ་མཐའ་ཡོད་པ་དང་མཐའ་མེད་པ་ཞེས་བྱ་བ་དེ་གཉི་ག་རབ་ཏུ་གྲུབ་པར་གྱུར་ན་ནི། དེའི་ཕྱིར་མཐའ་ཡོད་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་ཞེས་བྱ་བ་འདི་རབ་ཏུ་འགྲུབ་པར་འགྱུར་པ་ཡང་འདོད་ལ་རག་ན། གང་གི་ཕྱིར་མཐའ་ཡོད་པ་དང་མཐའ་མེད་པ་ཞེས་བྱ་བ་དེ་གཉིས་རབ་ཏུ་མ་གྲུབ་པ་དེའི་ཕྱིར། མཐའ་ཡོད་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་ཞེས་བྱ་བ་དེ་ཡང་རབ་ཏུ་མ་གྲུབ་བོ། དེ་ལྟ་བས་ན་བརྟག་པ་འདིས་བྱི་མའི་མཐའ་ལས་བརྩམས་པའི་མཐའ་དང་མཐའ་མེད་པ་ལ་སོགས་པ་བཞི་པོ་མི་འཐད་དོ། །ཡང་ན་དངོས་པོ་ཐམས་ཅད་དག །སྟོང་ཕྱིར་རྟག་ལ་སོགས་ལྟ་བ། །གང་དུ་གང་ལ་གང་དག་གིས། །ཇི་ལྟར་ཀུན་དུ་འབྱུང་བར་འགྱུར། །ཡང་ན་དངོས་པོ་ཐམས་ཅད་སྟོང་པའི་ཕྱིར་རྟག་པ་ལ་སོགས་པར་ལྟ་བ་དག་ཡུལ་


DTG096_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དང་དུས་གང་དུ་དངོས་པོ་གང་ལ་ལྟ་བ་གང་དག་རྒྱུ་ཅིའི་ཕྱིར་ཀུན་དུ་འབྱུང་བར་འགྱུར། གང་གིས་ཐུགས་བརྩེ་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤང་པའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏ་མ་དེ་ལ་ཕྱག་འཚལ་ལོ། །གང་གིས་ཐུགས་བརྩེ་བ་ཉེ་བར་བཟུང་ནས། ལྟ་བ་ཐམས་ཅད་སྤང་བའི་ཕྱིར། དམ་པའི་ཆོས་ནི་བསྟན་པར་མཛད། སངས་རྒྱས་བཅོམ་ལྡན་འདས་ཤིན་ཏུ་རྨད་དུ་བྱུང་བ་བསམ་གྱིས་མི་ཁྱབ་པ་མཚུངས་པ་མེད་པ་གཞལ་དུ་མེད་པ་གདུང་གཽ་ཏ་མ་དང་གཅིག་པ་དེ་ལ་ཕྱག་འཚལ་ཏེ། དཔེར་ན་བྱང་ཆུབ་སེམས་དཔའ་དགའ་བྱེད་བཞིན་ནོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ལས། ལྟ་བ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་བདུན་པ་སྟེ་ཐ་མའོ། །དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཅེས་བྱ་བའི་ཚིག་ལེའུར་བྱས་པ། ཤེས་རབ་ཅེས་བྱ་བའི་དོན་མདོར་བསྟན་པ། བསྟན་བཅོས་དང་རབ་ཏུ་བྱེད་པ་དང༌། ངག་དང་ཚིག་རིག་པ་དང༌། ལུང་གིས་གྲུབ་པ། རང་དང་གཞན་གྱི་གྲུབ་པའི་མཐའ་སྨྲ་བའི་ཕྱོགས་ག་ལས་ཀྱང་འཇིགས་པ་མེད་པ། རྗེས་སུ་དཔག་པ་དང༌། སུན་དབྱུང་བའི་བསལ་བ་དང༌། དེ་ཁོ་ན་དག་བསྟན་པ་ལྟ་བ་ངན་པའི་དྲི་བཞི་བར་བྱེད་པ་དང་ལྡན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་སྟོན་པ། སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་རབ་ཏུ་འབྱེད་པ་རབ་ཏུ་དགའ་བའི་ས་བསྒྲུབས་ནས། བདེ་བ་ཅན་གྱི་ཞིང་དུ་གཤེགས་པ་འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ་ཞེས་བྱ་བ་རྫོགས་སོ།། །། དབང་ཕྱུག་དམ་པའི་མངའ་བདག་རྒྱལ་པོ་ཆེན་པོ་དཔལ་ལྷ་བཙན་པོའི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང༌། བོད་ཀྱི་ནུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ་པའོ། །ཐེག་པ་ཆེན་པོའི་ངེས་དོན་དབུ་མའི་བསྟན་བཅོས་ཤེས་རབ་ཅེས་བྱ་བའི་འགྲེལ་པ་མཛད་པ། སློབ་དཔོན་ཀླུ་སྒྲུབ་དང༌། གནས་བརྟན་བུདྡྷ་པཱ་ལི་ཏ་དང༌། ཙནྡྲ་ཀཱི་རྟི་དང༌། དེ་བ་ཤར་མ་དང༌། གུན་ཤྲཱི་དང༌། གུན་མ་ཏི་དང༌། སྦི་ར་མ་ཏི་དང༌། ལེགས་ལྡན་འབྱེད་དང་བརྒྱད་ཅེས་གནའ་མཆན་གཅིག་ལས་འབྱུང༌། འདི་ལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན། ཤློ་ཀ་ནི་ཉིས་སྟོང་ཚིག་བརྒྱ་ཡོད། བམ་པོ་ནི་བདུན་དུ་བྱས་སོ།། །།

ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།
འཕགས་པ་ཀླུ་སྒྲུབ།


DTG096_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཻ་ད་ལྱཾ་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྟོག་གེ་ཤེས་པའི་ང་རྒྱལ་གྱིས། །གང་ཞིག་རྩོད་པར་མངོན་འདོད་པ། །དེ་ཡི་ང་རྒྱལ་སྤང་བའི་ཕྱིར། །ཞིབ་མོ་རྣམ་འཐག་བཤད་པར་བྱ། །གཞན་དག་འདིར་རྒོལ་བ་ཐམས་ཅད་ཀྱིས་ཚད་མ་དང༌། གཞལ་བྱ་དང༌། ཐེ་ཚོམ་དང༌། དགོས་པ་དང༌། དཔེ་དང༌། གྲུབ་པའི་མཐའ་དང༌། ཡན་ལག་དང༌། རྟོག་གེ་དང༌། གཏན་ལ་དབབ་པ་དང༌། རྩོད་པ་དང༌། བརྗོད་པ་དང༌། སུན་ཅི་ཕྱིན་དུ་བརྒལ་བ་དང༌། གཏན་ཚིགས་ལྟར་སྣང་བ་དང༌། ཚིག་དོར་བ་དང༌། ལྟག་ཆོད་དང༌། ཚར་གཅད་པའི་གནས་རྣམས་གདོན་མི་ཟ་བར་ཁས་བླངས་ནས་གཏན་དུ་བྱེད་ཀྱི་སྟོང་པ་ཉིད་དུ་སྨྲ་བ་རྣམ་ཀྱིས་ནི་ཞེན་པ་མེད་པའི་ཕྱིར་ཚད་མ་ལ་སོགས་པའི་དོན་ཁས་ལེན་པར་མི་བྱེད་དོ་ཞེས་ཟེར་རོ། །འདི་ལ་བརྗོད་པར་བྱ་སྟེ། ཚད་མ་དང་གཞལ་བྱ་དག་གཉི་ག་འདྲེས་སོ། །འདིར་ཚད་མ་དང་གཞལ་བྱ་གཉི་ག་འདྲེས་པར་མཐོང་སྟེ། གང་གི་ཕྱིར་གཞལ་བྱ་ཡོད་ན་ཚད་མ་ཉིད་དུ་འགྱུར་ཞིང༌། ཚད་མ་ཡོད་ན་ཡང་གཞལ་བྱ་ནི་གཞལ་བྱ་ཉིད་དུ་འགྱུར་རོ། །ཞེས་གཞལ་བྱ་ལས་ཚད་མ་གྲུབ་པ་དང༌། ཚད་མ་ལས་ཀྱང་གཞལ་བྱ་གྲུབ་པར་བྱས་ནས། ཚད་མ་ནི་གཞལ་བྱའི་གཞལ་བྱར་འགྱུར་ལ། གཞལ་བྱ་ཡང་ཚད་མའི་ཚད་མར་འགྱུར་བས་ཕན་ཚུན་ལྟོས་ནས་བདག་ཉིད་ཐོབ་པར་འགྱུར་པ་དེའི་ཕྱིར་ཚད་མ་ཡང་གཉི་གར་འགྱུར་ལ། གཞལ་བྱ་ཡང་གཉི་གར་འགྱུར་བས་ན་གཉིས་ཀ་འདྲེས་པའོ། །དེའི་ཕྱིར་རང་ལས་གྲུབ་པ་མ་ཡིན་ནོ། །གལ་ཏེ་ཚད་མ་དང་གཞལ་བྱ་དག་རང་གི་ངོ་བོས་གྲུབ་པར་འགྱུར་ན་ནི། ཚད་མ་དང་གཞལ་བྱ་དག་ཏུ་འགྱུར་ན། གང་གི་ཕྱིར་ལྟོས་ནས་གྲུབ་པ་ནི། ཕན་ཚུན་སྐྱེད་པར་བྱེད་པ་ཞེས་བྱ་བའི་དོན་ཡིན་པ། དེའི་ཕྱིར་རང་ལས་གྲུབ་པ་མ་ཡིན་ནོ། །གཞན་ཡང༌། ཡོད་པ་དང་མེད་པ་དང་གཉི་གའི་དངོས་པོ་དག་ནི་ལྟོས་པ་ཅན་མ་ཡིན་ནོ། །གལ་ཏེ་ཡང་ལྟོས་པ་ཅན་དུ་འགྲུབ་པར་འགྱུར་ན་ཡོད་པའམ། མེད་པ་གཉི་ག་གང་ཞིག་ཡིན་གྲང་


DTG096_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ན། དེ་ལ་རེ་ཞིག་ཡོད་པ་ཉིད་ཀྱི་ཕྱིར་ཡོད་པ་ནི་ལྟོས་པ་མ་ཡིན་ཏེ། ཡོད་པའི་བུམ་པ་ནི་གཞན་འཇིམ་པ་ལ་སོགས་པ་ལ་ལྟོས་པ་མ་ཡིན་ནོ། །མེད་པ་ཉིད་ཀྱི་ཕྱིར་མེད་པ་ཡང་ལྟོས་པ་མ་ཡིན་ཏེ། རི་བོང་གི་རྭ་ལ་སོགས་པ་ཡང་ལྟོས་པར་ཐལ་བའི་ཕྱིར་རོ། །ཉེས་པ་གཉི་ག་ཡོད་པའི་ཕྱིར་གཉི་ག་ཡང་ལྟོས་པ་མ་ཡིན་ནོ། །སྨྲས་པ། ཇི་ལྟར་སྲང་ལ་སོགས་པ་མེད་ན་གཞལ་བྱ་གཟུང་བ་མེད་པ་དེ་བཞིན་དུ་ཚད་མ་མེད་ན་ཡང་གཞལ་བྱ་གཟུང་བ་མེད་དོ་ཞེས་སྨྲ་ན་བརྗོད་པར་བྱ་སྟེ། མ་ཡིན་ཏེ་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཚད་མ་མེད་པས་གཞལ་བྱ་གྲུབ་པ་མ་ཡིན་པར་འདོད་ན་གང་གིས་ན་ཚད་མ་རྣམས་མེད་པར་ཚད་མ་རྣམས་གྲུབ་པར་འདོད་པ་ཡིན་ཏེ། ཁྱད་པར་གྱི་གཏན་ཚིགས་སམ་མི་འདྲ་བ་ཉིད་བརྗོད་དགོས་སོ། །གལ་ཏེ་ཡང་དོན་ཐམས་ཅད་ཚད་མས་གྲུབ་པ་ཡིན་ནོ་ཞེ་ན། ཚད་མ་རྣམས་དེ་ལས་གཞན་པའི་ཚད་མས་གྲུབ་བོ་ཞེས་བྱ་བར་ཐལ་བར་འགྱུར་ཏེ། ཚད་མ་རྣམས་ནི་དོན་ཐམས་ཅད་ཀྱི་ནང་དུ་གཏོགས་པའི་ཕྱིར་རོ། །གལ་ཏེ་ཚད་མ་རྣམས་ནི་ཚད་མ་རྣམས་ཀྱིས་འགྲུབ་པ་མ་ཡིན་ན་ནི་དོན་ཐམས་ཅད་ཚད་མས་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དམ་བཅའ་ཉམས་པ་ཡིན་ནོ། །སྨྲས་པ། ཚད་མ་རྣམས་ལ་ནི་ཚད་མ་མེད་དེ། འདིར་མར་མེ་བཞིན་ཚད་མ་ནི་རང་དང་གཞན་སྒྲུབ་པར་བྱེད་པ་ཡིན་ནོ། །ཇི་ལྟར་མར་མེ་ནི་རང་དང་གཞན་རབ་ཏུ་གསལ་བར་བྱེད་པ་མཐོང་བ་དེ་བཞིན་དུ་ཚད་མ་རྣམས་ཀྱང་རང་དང་གཞན་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་ཐག་པ་མེད་པ་མར་མེ་ལ་སོགས་པའི་སྐྱོན་སྲིད་པ་མ་ཡིན་ནོ། །བརྗོད་པར་བྱ་སྟེ། མར་མེ་ནི་མུན་པ་དང་ཕྲད་པའམ་མ་ཕྲད་ཀྱང་རུང་སྟེ་གསལ་བར་བྱེད་པ་མ་ཡིན་ནོ། །མར་མེ་ནི་མུན་པ་དང་ཕྲད་ནས་གསལ་བར་བྱེད་དམ། མ་ཕྲད་པར་ཡང་གསལ་བར་བྱེད་གྲང་ན། རེ་ཞིག་མར་མེ་ནི་མུན་པ་དང་ཕྲད་ནས་གསལ་བར་བྱེད་བར་མི་འགྱུར་ཏེ་ཕྲད་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་མར་མེ་དང་མུན་པ་ནི་ཕྲད་པ་ཡོད་པ་མ་ཡིན་ཏེ། འགལ་བའི་ཕྱིར་རོ། །གང་ན་མར་མེ་ཡོད་པ་དོན་མུན་པ་མེད་ན་ཇི་


DTG096_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མར་མེ་འདི་མུན་པ་སེལ་བར་བྱེད་པའམ་གསལ་བར་བྱེད་པར་འགྱུར། མ་ཕྲད་པ་ཡིན་ན་ཡང་མ་ཕྲད་པའི་རལ་གྲི་ནི་གཅོད་པར་མི་བྱེད་པ་བཞིན་ནོ། །གཟའི་གནོད་པ་བཞིན་དུ་འདི་ཡང་འགྱུར་རོ་ཞེ་ན་མ་ཡིན་ཏེ་དཔེ་དང་འགལ་བའི་ཕྱིར་རོ། །འདི་ལྟ་སྦྱིན་ལ་སོགས་པ་ལ་གཟས་བྱས་པའི་སྐྱོན་ཕྲད་ནས་གནོད་པ་བྱེད་པའམ། རང་གི་ལུས་ལ་སོགས་པ་རྣམས་འཛིན་པར་བྱེད་པ་དེ་ལྟར་ནི་མར་མེས་བྱས་པའི་གནོད་པ་སུན་པ་ལ་ཡོད་པ་མ་ཡིན་པ་ཇི་ལྟར་གཟས་བྱས་པའི་སྐྱོན་དང་མཚུངས་པ་ཡིན། གཟའ་ལ་སོགས་པ་ལུས་དང་ལྡན་པས་སྐྱེས་བུ་ལ་སོགས་པ་རྣམས་ལ་བྱེད་པར་འགྱུར་བ་མེ་དང༌། ཐག་པ་དང༌། ཆུ་དང༌། ནད་དང༌། སྦྲུལ་དང་རིམས་ལ་སོགས་པ་ལུས་ཅན་རྣམས་ཁོ་ནས་གནོད་པར་བྱེད་པ་དེ་ལྟ་བུ་ནི་མར་མེ་ལ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དེ་ནས་ཆོས་མཐུན་པ་ཉིད་མ་ཡིན་ནོ། །གཞན་ཡང་ཐག་རིང་པོ་ན་ཡོད་པའི་མེ་ནི་མུན་པའི་ལུས་དང་དབང་པོ་ལ་སོགས་པ་ལ་གནོད་པར་བྱེད་པ་མ་ཡིན་ཏེ་དེ་དག་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་གཟའི་དཔེ་ནི་མ་ཕྲད་པར་སྒྲུབ་པར་བྱེད་པ་ལ་སོགས་པ་མ་ཡིན་ནོ། །གལ་ཏེ་ཡང་མར་མེ་ནི་མ་ཕྲད་པར་གསལ་བར་བྱེད་པར་འགྱུར་ན་ནི་འདི་ན་གནས་པ་ཁོ་ནས་རི་ཐམས་ཅད་ཀྱི་ཕུག་གི་ནང་དུ་གཏོགས་པའི་མུན་པ་སེལ་བར་བྱེད་པའམ་གསལ་བར་བྱེད་པར་འགྱུར་བ་ཞིག་ནེ་དེ་ལྟར་ནི་འཇིག་རྟེན་ན་མ་མཐོང་བ་འམ་འདོད་པ་ཡང་མ་ཡིན་ནོ། །བསྟན་བཅོས་ལས་འཇིག་རྟེན་པའི་སྤྱོད་པ་པོ་དེ་ཡང་སེང་གེ་ལ་སོགས་པ་དང་མཚུངས་པར་མངོན་པར་འདོད་པ་ཡིན་ནོ། །དེ་ལ་འཇིག་རྟེན་པ་ནི་བྱིས་པ་ལ་སོགས་པ་ནས་བ་ལང་རྫིའི་བར་དུའོ། །སྤྱོད་པ་པོ་ནི་ཁྱབ་འཇུག་དང་དབང་ཕྱུག་དང་ཆངས་པ་དང་སེར་སྐྱ་དང་འུག་པ་དང་རྒྱས་པ་དང་གནས་འཇོག་དང་བྱ་གྷྲ་དང་འབྱོར་ལྡན་དང༌། ག་ག་ར་དང༌། མ་ཐ་ར་ལ་སོགས་པ་སྟེ། དེ་དག་དོན་གང་ལ་བློ་མཐུན་པ་དེ་ནི་དཔེ་རབ་ཏུ་གྲུབ་པ་ཡིན་ནོ། །དེ་ལ་ཁྱབ་འཇུག་ལ་སོགས་པ་ནི་འོད་མེད་པ་ཙམ་ལ་མུན་པར་འདོད་དེ། ཇི་ལྟ་ཞེ་ན། འོད་མེད་པ་ནི་མུན་པའོ་ཞེས་བརྗོད་པའི་ཕྱིར་རོ། །འདི་ན་མུན་པ་ཡིན་ཏེ། སྣང་བ་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཞན་དག་དཔྱོད་པ་པོ་ལ་མུན་པ་ཞེས་བྱ་


DTG096_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དངོས་པོ་ཅི་འདྲ་བ་ཞིག་ཡོད་པ་ཡིན་ཏེ། སུ་ཞིག་ལ་ཡང་ཡོད་པ་མ་ཡིན་ནོ། །དེ་བས་ན་མར་མེས་མུན་པ་བསལ་བ་ཞེས་བྱ་བ་འདི་མ་གྲུབ་པ་ཡིན་ནོ། །དེའི་ཕྱིར་གང་མར་མེ་ནི་མུན་པ་སེལ་བར་བྱེད་པའོ། །ཞེས་བྱ་བའི་དཔེ་ནི་འདི་རིགས་པ་མ་ཡིན་ནོ། །དེ་མི་རིགས་པས་དཔེ་ཅན་གྱི་དོན་ཚད་མ་ཞེས་བྱ་བ་མ་གྲུབ་པ་མ་ཡིན་ནོ། །དེའི་ཕྱིར་རང་དང་གཞན་སྒྲུབ་པར་བྱེད་པའི་ཚད་མ་ཞེས་བྱ་བ་ཡོད་པ་མ་ཡིན་ནོ། །གཞན་ཡང་མར་མེ་ནི་བདག་ཉིད་གསལ་བར་བྱེད་པ་མ་ཡིན་ཏེ། མུན་པ་མེད་པའི་ཕྱིར་མར་མེ་ནི་རང་གི་བདག་ཉིད་ཀྱང་གསལ་བར་བྱེད་པ་མ་ཡིན་ནོ། །མར་མེ་ལ་ནི་མུན་པ་ཡོད་པ་མ་ཡིན་ན་ཅི་ཞིག་གསལ་བར་བྱེད་དེ། མར་མེ་དང་གསལ་བ་ཞེས་བྱ་བ་དོན་གཅིག་པ་ཡིན་ནོ། །དེ་ལ་མུན་པ་ཡོད་པ་མ་ཡིན་ཏེ་འགལ་བའི་ཕྱིར་རོ། །གཞན་ཡང་ཕྱིན་ཅི་ལོག་ཏུ་ཐལ་བར་འགྱུར་བའི་ཕྱིར། མུན་པ་ཡང་བདག་ཉིད་ལ་སྒྲིབ་པར་བྱེད་པར་འགྱུར་རོ། །གལ་ཏེ་མར་མེ་རང་དང་གཞན་གསལ་བར་བྱེད་པ་ཡིན་ན་དཔེ་ཅི་ཞིག་ལ་ཐོབ་པར་འགྱུར་ཞེ་ན། ཕྱིན་ཅི་ལོག་པའི་ཕྱིར་མུན་པ་ཡང་བདག་ཉིད་ལ་སྒྲིབ་པར་བྱེད་པར་འགྱུར་རོ། །གལ་ཏེ་ཡང་མུན་པ་རང་གི་བདག་ཉིད་ལ་སྒྲིབ་པར་བྱེད་པ་ཡིན་ན་དེ་ལ་མུན་པ་མི་དམིགས་པ་ཐོབ་པར་འགྱུར་རོ། །སུ་ཞིག་ལ་བརྗོད་པར་བྱ་ཞེ་ན། མར་མེས་བདག་ཉིད་དང་གཞན་གསལ་བར་བྱེད་པར་རང་གིས་ཁས་བླངས་པའི་དེའི་འདོད་པ་ལ་ལྟོས་ནས་གལ་ཏེ་ཞེས་བྱ་བའི་སྒྲ་སྨོས་སོ། །མུན་པ་ཡང་བདག་ཉིད་ཁོ་ནས་བདག་ཉིད་སྒྲིབ་པ་ན་མར་མེ་དེ་ལ་གསལ་བར་བྱེད་པར་མི་འགྱུར་རོ། །གཞན་ཡང་ཚད་མ་དང་གཞལ་བྱ་དག་ནི་དུས་གསུམ་དུ་མ་གྲུབ་པོ། །ཚད་མ་ནི་གཞལ་བྱའི་དོན་ལས་སྔ་རོལ་དུའམ་ཕྱིས་སམ། ཚད་མ་དང་གཞལ་བྱ་དག་ཅིག་ཅར་དུ་ཡིན་གྲང། དེ་ལ་གལ་ཏེ་ཚད་མ་གཞལ་བྱའི་དོན་ལས་སྔ་རོལ་དུ་ཡིན་ན་ནི་གང་གིས་ན་དེ་ཚད་མར་བརྗོད་པར་བྱ་བ་གཞལ་བྱའི་དོན་ཡོད་པ་མ་ཡིན་པ་གང་གིས་ཚད་མ་ཡིན་ཞིང་ཅི་ཞིག་ཚད་མས་ངེས་པར་བྱེད། འོན་ཏེ་ཕྱིས་ནས་ཡིན་ན་གཞལ་བྱ་ཡོད་པ་ལ་ཅི་ཞིག་ཚད་མར་གྱུར།


DTG096_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐྱེས་པ་ནི་སྐྱེས་པའི་ཚད་མར་འཐད་པ་མ་ཡིན་ཏེ། རི་བོ་ལ་སོགས་པ་ཡང་ཚད་མ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང༌། མ་སྐྱེས་པ་དང་སྐྱེས་པ་དག་ལྷན་ཅིག་མི་གནས་པའི་ཡང་ཕྱིར་རོ། །འོན་ཏེ་ཅིག་ཅར་བ་ཡིན་ན་དེ་ཡང་སྲིད་པ་མ་ཡིན་ཏེ། དཔེར་ན་བ་ལང་གི་རྭ་ཅིག་ཅར་སྐྱེས་པ་དག་རྒྱུ་དང་འབྲས་བུར་མི་འཐད་པ་བཞིན་ནོ། །སྨྲས་པ། དུས་གསུམ་དུ་ཚད་མ་དང་གཞལ་བྱ་དག་མ་གྲུབ་པས་འགག་པ་མི་འཐད་དོ། །དུས་གསུམ་དུ་གཞལ་བྱ་དག་མ་གྲུབ་པར་འདོད་པ་དེའི་ཕྱིར་ཁྱོད་ཀྱིས་བརྗོད་པའི་ཚད་མ་དང་གཞལ་བྱའི་འགག་པ་གང་ཡིན་པ་དེ་ཡང་དགག་པར་བྱ་བའི་དོན་ལས་སྔ་རོལ་དུའམ་ཕྱིས་ནས་སམ་ཅིག་ཅར་ཡིན་གྲང་ན་འགག་པ་དེ་ཡང་དུས་གསུམ་དུ་མི་འགྲུབ་སྟེ་དགག་པར་བྱ་བ་མེད་པའི་ཕྱིར་ཇི་ལྟར་ཁྱོད་ཀྱི་ཚིག་ཀྱང་འགག་པར་བྱེད་པར་འགྱུར་ཞིང་ཇི་ལྟར་ན་དེའི་དགག་པ་གྲུབ་པར་འགྱུར། འོན་ཏེ་དགག་ལ་འགྲུབ་པོ་ཞེ་ན། དུས་གསུམ་གྱི་བརྟག་པའི་དོན་མཚུངས་པ་ཉིད་གྲུབ་པ་ན་ཚད་མ་དང་གཞལ་བྱ་གྲུབ་པའང་མི་འདྲ་བ་ཉིད་བརྗོད་དགོས་སོ། །དེ་ལྟར་དགག་པར་བྱ་བ་དང༌། འགོག་པར་བྱེད་པ་དེ་དུས་གསུམ་དུ་མ་གྲུབ་པ་ན་དེ་ལྟ་ཡིན་དང༌། འགག་པ་ཡང་མི་འགྲུབ་བོ་ཞེ་ན་བརྗོད་པར་བྱ་སྟེ། དགག་པར་གྲུབ་ན་ཚད་མ་དང་གཞལ་བྱ་ཡང་གྲུབ་བོ་ཟེར་བ་ནི་མ་ཡིན་ཏེ། སྔར་ཁས་བླངས་པའི་ཕྱིར་རོ། །དུས་གསུམ་གྱི་བརྟག་པས་དགག་པས་ན་ཚད་མ་དང་གཞལ་བྱ་དག་གོ་ཞེས་སྨྲས་པ་དེ་ནི་མ་ཡིན་ནོ། །གང་ལས་ཤེ་ན། སྔར་ཁས་བླངས་པའི་ཕྱིར་ཏེ། སྔར་ཉིད་ཁྱོད་ཀྱིས་ཚད་མ་དང་གཞལ་བྱ་དག་དུས་གསུམ་དུ་མ་གྲུབ་པོ། །ཞེས་ཁས་བླངས་པའི་ཕྱི་ནས་ནི་འདི་སྐྱོན་བྱུང་བ་མཐོང་ནས། དེས་འཇིག་པས་འགག་པ་ཡང་མི་འགྲུབ་པོ་ཞེས་ཡོངས་སུ་བརྟགས་ཏེ་སྨྲས་པ་མ་ཡིན་ནོ། །གལ་ཏེ་ཚད་མ་དང་གཞལ་བྱ་དག་མ་གྲུབ་པར་ཁས་བླངས་པ་ཡིན་ན་ནི་ཁས་བླངས་པ་དང་དུས་མཉམ་པ་ཁོ་ནར་རྩོད་པ་རྫོགས་པ་ཡིན་ནོ། །ཇི་ལྟ་ཞེ་ན། ཡོངས་སུ་ཚིམ་པ་ལྷ་རྣམས་དགའ་བ་ཁྱོད་ཀྱིས་གང་གི་ཚེ་ཁོ་ནར་ཚད་མ་དང་གཞལ་བྱ་དག་དུས་གསུམ་དུ་མ་གྲུབ་པ་ཡིན་ན་དགག་པ་དང་འགོག་པར་བྱེད་པའི་ཚིག་ཀྱང་མ་གྲུབ་པོ་ཞེས་སྨྲས་པར་བྱེད་པ་དེའི་ཚེ་ཁོ་ནར་རང་གི་


DTG096_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་སྤང་བར་འདོད་པ་ཁྱོད་ཀྱིས་ཚད་མ་དང་གཞལ་བྱ་དག་མེད་པར་ཁས་བླངས་པ་མ་ཡིན་ནམ། ཚད་མ་དང་གཞལ་བྱ་དག་མེད་པའི་ཕྱིར་འགག་པ་འདི་གང་ཡིན་ཞེས་སྨྲ་བར་བྱེད། གང་གི་ཕྱིར་ཚད་མ་དང་གཞལ་བྱ་དག་མེད་པ་དེ་ཁས་བླངས་ནས་ཕྱི་ནས་འགག་པ་འགོག་བར་བྱེད་པའི་ཕྱིར་དང་པོ་ཁས་བླངས་པ་ན་རྩོད་པ་རྫོགས་པ་ཡིན་ནོ། །དགག་པར་བྱེད་པ་མེད་ན་འགག་པ་ཞེས་བྱ་བ་མེད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། མ་གྲུབ་པའི་རྟོག་པ་སྤོང་པ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་ཆུ་ཤིན་ཏུ་གཏིང་རིང་བ་མ་ཡིན་པ་ལ། གཏིང་རིང་བའི་བློ་དང་མངོན་པར་ལྡན་ཞིང་འཇིགས་པར་འགྱུར་བ་ལ་དེའི་འཇིགས་པའི་དོགས་པ་སྤང་བའི་དོན་དུ་གཞན་དེ་ཤེས་པས་འདི་ལ་ཆུ་གཏིང་རིང་བ་ཡོད་པ་མ་ཡིན་ནོ། །ཞེས་སྨྲ་བ་ནི་དེ་མེད་པ་ལ་དེའི་བློ་གསལ་བའི་དོན་དུ་འཐད་པ་ཡིན་པའི་ཕྱིར་དགག་བྱ་མེད་པ་ལ་ཡང་དགག་བྱ་བརྗོད་པ་ལས་དགག་པ་བྱེད་པ་ཡིན་ནོ། །གཞན་ཡང་གལ་ཏེ་མཚུངས་པའི་སྐྱོན་ཁས་ལེན་ན་མཚུངས་པའི་སྐྱོན་ཁས་བླངས་པ་ཉིད་ཀྱིས་རྩོད་པ་རྫོགས་པ་ཡིན་ནོ། །ཞེས་ཁས་བླངས་ནས་སྨྲ་བར་འདོད་པར་བྱའོ། །སྨྲས་པ། མངོན་སུམ་ལ་སོགས་པ་ནི་ཡོད་པ་མ་ཡིན་ཏེ། གང་ལས་ཤེ་ན། ཡང་དག་པ་རྟོགས་པའི་ཕྱིར་རོ། །འདི་མངོན་སུམ་གྱི་དོན་ལ་དམིགས་ནས་བྱ་བ་དང་བྱ་བ་མ་ཡིན་པའི་ཡོན་ཏན་ཤེས་བྱ་ཡང་དག་པར་རྟོགས་པར་འགྱུར་རོ། །ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །དེའི་ཕྱིར་ཚད་མ་དང་གཞལ་བྱ་ཡོད་དོ་ཞེ་ན། བརྗོད་པར་བྱ་སྟེ། མངོན་སུམ་ལ་སོགས་པ་གྲུབ་ཀྱང་གཞལ་བྱ་ནི་འཐད་པ་མ་ཡིན་ནོ། །དེ་ནི་ཁས་བླངས་ན་བརྗོད་པར་བྱ་སྟེ། མངོན་སུམ་ལ་སོགས་པའི་ཚད་མ་རྣམས་ནི་གྲུབ་ན་གཞན་གཞལ་བྱའི་དོན་གང་ཞིག་ཡིན་པ་སྨྲོས་ཤིག །གང་གི་ཕྱིར་བུམ་པ་ཉིད་མངོན་སུམ་ཡིན་གྱི་བུམ་པ་ནི་མ་ཡིན་ཏེ་དབང་པོ་ལ་རབ་ཏུ་ཕྱོགས་པའི་དོན་གང་ཡིན་པ་དེ་ནི་མངོན་སུམ་ཡིན་པར་བྱས་ནས། མིག་གི་དབང་པོ་ལ་དབང་པོའི་བརྡ་བྱས་ལ་དེ་ལ་རབ་ཏུ་ཕྱོགས་པའི་དོན་གང་ཡིན་པ་དེ་ནི་མངོན་སུམ་ཡིན་ཞིང་དེ་ཡང་སྣང་བ་ལ་སོགས་པའི་རྐྱེན་ལ་ལྟོས་པ་སྟེ། དེ་ཕྱིར་བུམ་པ་ལ་སོགས་པ་ཉིད་


DTG096_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དུ་ཡོངས་སུ་གྲུབ་པ་ཡིན་ན་ཚད་མ་དེ་གང་གི་ཡིན་པ་དོན་གཞལ་བྱར་གྱུར་པ་དེ་གང་ཞིག་ཡིན་པར་འགྱུར། དེ་བཞིན་དུ་མེ་དང་དུ་བ་ལ་འབྲེལ་པ་ལས་མངོན་སུམ་སྔོན་དུ་འགྲོ་བ་ཅན་རྗེས་སུ་དཔག་པ་ཡིན་ནོ། །དེ་ན་རྗེས་སུ་དཔག་པའི་ཤེས་པ་སྐྱེས་པ་ན་ཡང་གང་གི་དེ་རྗེས་སུ་དཔག་པར་འགྱུར། རྗེས་སུ་དཔག་པར་བྱ་བའི་དོན་གཞན་གང་ཞིག་ཡིན་པར་འགྱུར། ལྷག་མ་ལ་ཡང་དེ་བཞིན་ནོ། །སྨྲས་པ། བུམ་པ་ལ། བུམ་པའི་བློ་ནི་ཚད་མ་ཡིན་ལ་བུམ་པ་ནི་གཞལ་བྱ་ཡིན་ནོ་ཞེ་ན་བརྗོད་པར་བྱ་སྟེ། དེ་རྐྱེན་དུ་གྱུར་པ་ཉིད་ཡིན་པའི་ཕྱིར་ཤེས་པ་ཡང་མ་ཡིན་ཞིང་ཤེས་བྱ་ཡང་མ་ཡིན་ནོ། །གང་གི་ཕྱིར་དབང་པོ་དང་དོན་ཕྲད་པ་ལས་བློ་སྐྱེ་བར་འདོད་པ་དེའི་བུམ་པ་ནི་རྐྱེན་དུ་གྱུར་པ་ཉིད་ཡིན་པ་དེའི་ཕྱིར་བློ་ནི་ཚད་མ་ཡིན་ལ་བུམ་པ་ཡང་གཞལ་བྱ་མ་ཡིན་ནོ། །གཞལ་བྱ་ཡང་བློ་ནི་ཚད་མ་མ་ཡིན་ཏེ། གཞལ་བྱ་ཡིན་བར་མངོན་པར་བརྗོད་པའི་ཕྱིར་རོ། །གང་གི་ཕྱིར་ཁྱོད་ཀྱི་བློ་གཞལ་བྱ་ཡིན་པར་རྗོད་པར་བྱེད་དེ་ཇི་ལྟ་ཞེ་ན། བདག་དང༌། ལུས་དང༌། དབང་པོ་དང༌། དོན་དང༌། བློ་དང༌། ཡིད་དང༌། འཇུག་པ་དང༌། སྐྱོན་དང༌། སྲིད་པ་ཕྱི་མ་དང༌། འབྲས་བུ་དང༌། སྡུག་བསྔལ་དང་བྱང་གྲོལ་རྣམས་ནི་གཞལ་བྱ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་རོ། །དེའི་ཕྱིར་གཉི་ག་ཡང་མེད་པ་ཡིན་ནོ། །སྨྲས་པ། ཚད་མ་ཉིད་གང་ཡིན་པ་དེ་ཉིད་གཞལ་བྱ་ཡིན་ནོ་ཞེས་བརྗོད་པ་ན་ཐེ་ཚོམ་ཟ་བ་ཡོན་ནོ། །ཐེ་ཚོམ་ཡོད་པའི་ཕྱིར་ཚད་མ་དང་གཞལ་བྱ་གཉི་ག་གྲུབ་པ་ཡིན་ནོ། །ཐེ་ཚོམ་ཞེས་བྱ་བའི་ཚིག་གི་དོན་ནི་ཡོད་པ་ཉིད་དེ་མ་བདེན་པའི་དོན་ལ་འདི་ཡོད་མ་ཡིན་ནོ་ཞེ་ན་བརྗོད་པར་བྱ་སྟེ། དམིགས་པའམ་མ་དམིགས་པ་དག་ལ་ཐེ་ཚོམ་ཟ་བ་མེད་པ་དེ་ཡོད་པ་དང་མེད་པ་ཉིད་ཀྱི་ཕྱིར་རོ། །འདིར་དམིགས་པའི་དོན་ལའམ་མ་དམིགས་པའི་དོན་ལའམ་དམིགས་བཞིན་པའི་དོན་ལ་ཐེ་ཚོམ་ཟ་གྲང༌། དམིགས་པའི་དོན་ལ་ཐེ་ཚོམ་ཟ་བ་མི་རིགས་ཤིང༌། མ་དམིགས་པའི་དོན་ལ་ཡང་ཐེ་ཚོམ་ཟ་བར་མི་རིགས་ལ། དམིགས་བཞིན་ཞེས་བྱ་བའི་དོན་གསུམ་པ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་ཐེ་ཚོམ་ནི་ཡོད་པ་མ་ཡིན་ནོ། །སྨྲས་པ། ཐེ་ཚོམ་ནི་ཡོད་པ་མ་ཡིན་ཏེ། ཁྱད་པར་ལ་ལྟོས་པ་མེད་པའི་ཕྱིར་


DTG096_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །འདིར་སྡོང་དུམ་མམ་སྐྱེས་བུ་ཞེས་བྱ་བ་ཡུལ་ཐག་རིང་པོ་ནས་མཐོང་ནས་ཕྱིར་འཛིན་པ་འདི་སྐྱེས་བུའམ། འོན་ཏེ་སྡོང་དུམ་ཡིན་ཞེས་ཐེ་ཚོམ་ཟ་བར་འགྱུར་རོ། །གང་གི་ཚེ་བྱའི་ཚང་བཅས་པའམ་རི་དགས་འཁྲུག་པ་ལ་སོགས་པའི་ཁྱད་པར་མཐོང་བ་དེའི་ཚེ་འདི་ནི་སྡོང་དུམ་ཉིད་དོ། །ཞེས་ངེས་པར་འགྱུར་ཞིང་དེ་ལས་བཟློག་པ་ཡིན་པའི་ཕྱིར་དང༌། མགོ་བསྒྱུར་བ་དང༌། ལག་པ་གཡོ་བ་ལ་སོགས་པའི་བྱ་བ་མཐོང་བའི་ཕྱིར་སྐྱེས་བུའི་བློ་འབྱུང་བ་ཡིན་ནོ། །འདི་ཡང་ཡོད་པ་དང་མེད་པ་ཉིད་ཀྱི་ཕྱིར་ཁྱད་པར་ལ་ལྟོས་པ་ཡིན་ལ་དེ་ལས་གཞན་དུ་ན་ཐེ་ཚོམ་ཟ་བ་ཡིན་ནོ། །དེའི་ཕྱིར་ཐེ་ཚོམ་ནི་ཡོད་པ་ཡིན་ནོ་ཞེ་ན་བརྗོད་པར་བྱ་སྟེ། སྔར་བཀག་ཟིན་པའི་ཕྱིར་ཐེ་ཚོམ་ནི་ཁྱད་པར་ལ་ལྟོས་པ་མ་ཡིན་ནོ། །ཡོད་པ་དང་མེད་པའི་ཕྱིར་ཐེ་ཚོམ་མེད་དོ་ཞེས་བྱ་བ་འདིས་སྔར་ཉིད་བཀག་པ་ཡིན་ནོ། །ཇི་ལྟ་ཞེ་ན། སྡོང་དུམ་ལ་བྱའི་ཚང་བཅས་པ་སོགས་པའི་རྒྱུ་མཚན་དམིགས་པས་འདི་ན་སྡོང་དུམ་ཡིན་ནོ། །ཞེས་ཤེས་པ་སྐྱེའི་ཐེ་ཚོམ་ནི་མ་ཡིན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་སྐྱེས་བུ་ཡིན་པ་ལ་ཡང་མགོ་བསྒྱུར་བ་ལ་སོགས་པའི་རྒྱུ་མཚན་དམིགས་པས་འདི་ནི་སྐྱེས་བུ་ཉིད་དོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་སྐྱེ་བར་འགྱུར་བ་ཐེ་ཚོམ་ནི་མ་ཡིན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཉིད་ཀྱི་ཕྱིར་རོ། །གཉི་ག་ལ་ཡང་ཡང་དག་པའི་ཤེས་པའི་རྒྱུ་མཚན་མེད་ན་མ་རྟོགས་པ་ཉིད་ཡིན་གྱི་ཐེ་ཚོམ་མ་ཡིན་ཏེ། མ་ངེས་པ་དང༌། མ་རྟོགས་པ་དང༌། མ་བཟུང་བ་དང༌། མི་ཤེས་པ་དང༌། མ་མཐོང་བའི་དོན་རྣམས་གཞན་མ་ཡིན་ཞིང་དེ་དག་ནི་མི་ཤེས་པའི་རྣམ་གྲངས་ཡིན་ཏེ། ཤེས་པ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །འདི་སྐད་དུ་སྟོན་པར་འགྱུར་ཏེ། ཁྱད་པར་ལ་ལྟོས་ནས་ཤེས་པར་འགྱུར་ལ། ཁྱད་པར་མ་མཐོང་བ་ལ་ནི་མི་ཤེས་པ་སྐྱེ་བར་འགྱུར་རོ། །མགོ་བསྒྱུར་བ་དང༌། ལག་པ་གཡོ་བ་ལ་སོགས་པ་མཐོང་ན་ཐེ་ཚོམ་དུ་འགྱུར་བ་མ་ཡིན་ལ། ཁྱད་པར་མེད་ན་ནི་མི་ཤེས་པ་ཉིད་ཡིན་ནོ། །འདི་ལྟ་བུར་འགྱུར་ཏེ་ཁྱད་པར་ཡོད་ན་ཤེས་པར་འགྱུར་ཞིང་དེ་མེད་ན་མི་ཤེས་པ་ཉིད་


DTG096_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དོ། གང་ལ་ཁྱད་པར་དང་ཁྱད་པར་མེད་པ་དག་ཅིག་ཅར་འགྱུར་བ་རྟོག་པ་གསུམ་པ་ནི་མེད་པའི་ཕྱིར་ཐེ་ཚོམ་ཡོད་པ་མ་ཡིན་ནོ། །སྨྲས་པ། དགོས་པའི་དོན་གང་ལ་ཁོ་བོ་ཅག་གི་ཤེས་པ་ངེས་པར་མ་སྐྱེས་པའི་དགོས་པ་དོན་དེ་ལ་ཐེ་ཚོམ་ཡོད་པ་ཡིན་ནོ་ཞེ་ན་བརྗོད་པར་བྱ་སྟེ། ཡོད་པ་དང་མེད་པ་ཉིད་ཀྱི་ཕྱིར་དགོས་པའི་དོན་ནི་མེད་པ་ཡིན་ནོ། །དོན་གང་གི་ཆེད་དུ་གཉེར་ནས་འཇུག་པ་དེ་ནི་དགོས་པ་ཡིན་ནོ། །ཞེས་ཁྱོད་ཀྱིས་བརྗོད་པ་ཡིན་ཏེ། ཇི་ལྟར་བུམ་པའི་དོན་དུ་རྫ་མཁན་འཇུག་པ་བཞིན་ནོ། །གལ་ཏེ་འཇིམ་པ་ལ་བུམ་པ་ཡོད་པ་དེའི་ཚེ་དེའི་འཇུག་པ་དོན་མེད་པར་འགྱུར་རོ། །འོན་ཏེ་མེད་ན་བྱེ་མ་བཞིན་དུ་མེད་པ་ཉིད་ཀྱིས་དེ་ལ་འཇུག་པ་མ་ཡིན་ནོ། །སྨྲས་པ། བྱེ་མ་ལ་འཇུག་པ་ནི་མ་ཡིན་ཏེ། དཔེ་ཡོད་པའི་ཕྱིར་རོ། །ཇི་ལྟར་སྣམ་བུ་དགོས་པ་ན་སྣམ་བུ་ལ་སོགས་པ་ལ་འཇུག་པ་ཡིན་གྱི་འཇུག་པ་ལ་མ་ཡིན་པ་བཞིན་ནོ་ཞེ་ན་བརྗོད་པར་བྱ་སྟེ། དེ་ལྟ་བུ་དེ་ཡང་སྔ་མ་དང་མཚུངས་པ་ཉིད་དོ། །གཞན་ཡང་ཐོག་མ་དང་དབུས་མེད་པའི་ཕྱིར་མཐའ་ཡང་མཐོང་བ་མ་ཡིན་ནོ། །གང་གི་དོན་གྱི་ཐོག་མ་དང་དབུས་མ་མཐོང་བ་དེས་ཇི་ལྟར་མཐར་མཐོང་བ་ཡིན་ཏེ། ཐོག་མ་དང་དབུས་མེད་ན་མཐའ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དཔེ་མེད་པ་ཡིན་ནོ། །སྨྲས་པ། འཇིག་རྟེན་པ་དང་སྤྱོད་པ་པོ་དག་དོན་གང་བློ་མཐུན་པ་དེ་ནི་དཔེ་ཡིན་ལ་དེ་ཡང་ཆོས་མཐུན་པ་ཉིད་དང༌། ཆོས་མི་མཐུན་པ་ཉིད་ཡིན་ནོ་ཞེ་ན་བརྗོད་པར་བྱ་སྟེ། ཆོས་མཐུན་པ་ཉིད་ཀྱི་ཕྱིར་མེ་ནི་མེའི་དཔེ་ཉིད་མ་ཡིན་ནོ། །ཆོས་མཐུན་པ་ཉིད་ཀྱི་ཕྱིར་དཔེ་ཞེས་གང་བརྗོད་པ་དེ་ནི་མ་ཡིན་ནོ། །གང་གི་ཕྱིར་མེ་ནི་མེའི་དཔེ་མ་ཡིན་ཏེ། བསྒྲུབ་པར་བྱ་བ་དང༌། སྒྲུབ་པར་བྱེད་པ་དག་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་ཞིང་དེ་ཉིད་སྒྲུབ་པར་བྱེད་པ་ཡིན་ན་ཡང་ཇི་ལྟར་ན་དཔེ་ཁྱད་པར་ཅན་དུ་འགྱུར། གཞན་ཡང་ཆུ་ནི་མེའི་དཔེ་མ་ཡིན་ཏེ། ཆོས་མི་མཐུན་པ་ཉིད་ཀྱི་ཕྱིར། གྲང་བར་གཏོགས་པའི་ཆུ་ནི་མེའི་དཔེར་འཐད་པ་མ་ཡིན་ཏེ། ལ་ལ་དག་ཏུ་ཆུ་ནི་གྲང་བ་ཡིན་ཏེ། དཔེར་ན་མེ་བཞིན་ནོ་ཞེས་སྨྲས་པ་དེ་དང་འདྲའོ། །གཞན་ཡང་ཅུང་ཟད་ཆོས་མཐུན་པ་ལས་ཡིན་ནོ་ཞེ་ན་མ་ཡིན་ཏེ་རི་རབ་དང་སྐྲ་བཞིན་ནོ། །དེ་ལ་


DTG096_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་ཆོས་མཐུན་པ་ལས་དཔེ་ཡིན་ནོ་ཞེས་བྱ་བ་དེ་ལྟར་འགྱུར་རོ་ཞེ་ན་དེ་ནི་མ་ཡིན་ཏེ། གང་ལས་ཤེ་ན། འདིར་རི་རབ་དང་སྐྲ་དག་ཀྱང་ཡོད་པ་ཉིད་དང་གཅིག་པ་ཉིད་དང་ལུས་ཅན་ཉིད་དུ་ཅུང་ཟད་ཆོས་མཐུན་པ་ཡིན་ནོ། །གཞན་ཡང་རི་རབ་དང་མཚུངས་པའི་སྐྲ་ཞེས་རབ་ཏུ་གྲགས་པ་ནི་མ་ཡིན་ནོ། །ཕལ་ཆེར་ཆོས་མཐུན་པ་ལ་འགྱུར་རོ་ཞེ་ན་བརྗོད་པར་བྱ་སྟེ། སྔར་བཀག་པ་ཉིད་ཀྱིས་ཕལ་ཆེར་ཆོས་མཐུན་པར་ནི་མ་ཡིན་ནོ། །འདིར་ཕལ་ཆེར་ཆོས་མི་མཐུན་པར་འགྱུར་བ་ཡང་མ་ཡིན་ཏེ། དེ་ལ་ཕལ་ཆེར་ཆོས་མཐུན་པ་དང་ཆོས་མི་མཐུན་པ་ཉིད་ཀྱིས་མ་གྲུབ་པ་ཡིན་ནོ། །སྨྲས་པ། ཁྱོད་ནི་གྲུབ་པ་མེད་པ་ཉིད་དུ་བརྗོད་པ་ཡིན་ཏེ་གྲུབ་མཐའ་མེད་པ་དང་ལྷན་ཅིག་སྨྲ་བར་བྱ་བ་མ་ཡིན་ནོ་ཞེ་ན་བརྗོད་པར་བྱ་སྟེ། ཐོག་མ་མ་གྲུབ་ན་ཐ་མ་འགྲུབ་པ་ཡང་མ་ཡིན་ནོ། །གལ་ཏེ་ཐོག་མ་མ་གྲུབ་ན་དབུས་དང་མཐའ་གཉིས་མ་གྲུབ་པོ། །སྨྲས་པ། ཡན་ལག་དང་བྲལ་བ་ནི་སྒྲུབ་པར་བྱེད་པ་མ་ཡིན་ལ་ཁྱེད་ཅག་གི་ཡན་ལག་ཏུ་སྨྲ་བ་ནི་མ་ཡིན་ནོ། །དེས་ན་ཐམས་ཅད་མ་འབྲེལ་བ་ཉིད་ཀྱིས་འགོག་པ་ཡིན་པ་དེའི་ཕྱིར་གདོན་མི་ཟ་བར་ཡན་ལག་གཟུང་བར་བྱས་ནས་བརྗོད་པར་བྱ་དགོས་ཏེ། རྣམ་པ་གཞན་དུ་ན་དགག་པ་མི་འགྲུབ་པོ་ཞེ་ན་བརྗོད་པར་བྱ་སྟེ། ཡན་ལག་ཅན་མེད་པའི་ཕྱིར་ཡན་ལག་ཡོད་པ་མ་ཡིན་ནོ། །འདིར་དམ་བཅའ་བ་དང་གཏན་ཚིགས་དང་དཔེ་དང་ཉེ་བར་སྦྱོར་བ་དང་མཇུག་བསྡུ་བའི་ཡན་ལག་རྣམས་ལ་ཡན་ལག་ཅན་མེད་པའི་ཕྱིར་ཡན་ལག་རྣམ་པ་མེད་པ་ཡིན་ནོ། །སྨྲས་པ། ཚོགས་པ་ལ་ཡན་ལག་མ་གྲུབ་བོ་ཞེ་ན་བརྗོད་པར་བྱ་སྟེ། རེ་རེ་ལ་མེད་པའི་ཕྱིར་ཚོགས་པ་ལ་ཡང་མི་འགྲུབ་པོ། །ཚོགས་པ་ལ་ཡན་ལག་ཅན་ཡོད་པ་ཞེས་བྱ་བར་བརྗོད་པ་གང་ཡིན་པ་དེ་ནི་མ་ཡིན་ཏེ། ཡན་ལག་རེ་རེ་ལ་ཡན་ལག་ཅན་མེད་པའི་ཕྱིར་ཚོགས་པ་ལ་ཡང་ཡོད་པ་མ་ཡིན་ནོ། །གཞན་ཡང༌། ཡན་ལག་ཅན་གཅིག་ཡིན་པའི་ཕྱིར་ཡན་ལག་རྣམ་པ་ཐམས་ཅད་གཅིག་ཉིད་དུ་ཐལ་བར་འགྱུར་ཏེ། སྐྱོན་འདི་ནི་གཞན་ཡང་ཡིན་པ་ལའོ། འོན་ཏེ་ཡན་ལག་ལྔ་ལས་གཞན་པ་གཅིག་ཡིན་ན་ནི་དྲུག་པར་ཐལ་བར་འགྱུར་རོ། །གཞན་ཡང༌། དུས་གསུམ་ལམ་


DTG096_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པས་ཡན་ལག་མེད་པ་ཉིད་དོ། །དམ་བཅའ་བ་ལ་སོགས་པ་སྐྱེས་པ་དང༌། མ་སྐྱེས་པ་དང༌། ད་ལྟར་བ་རྣམ་པ་ལས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བ་རྣམས་ཡོངས་སུ་བརྟག་བཟོད་པ་མ་ཡིན་ཏེ། རིགས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཡན་ལག་ཅན་མེད་པ་ཡིན་ཞིང་ཡན་ལག་ཀྱང་མེད་པ་ཡིན་ནོ། །འོན་ཏེ་རྩྭ་བལ་བ་ཛ་བཞིན་དུ་དེ་ཡང་གྲུབ་པོ། །ཇི་ལྟར་རྩྭ་བལ་བ་ཛ་གཅིག་གིས་གླང་པོ་ཆེ་འཆིང་བར་མི་ནུས་ཀྱང་རྩྭ་བལ་པ་ཛ་ཚོགས་པས་ནི་ནུས་པ་ལྟར་དེ་བཞིན་དུ་ན་དམ་བཅའ་པ་ལ་སོགས་པ་ལ་ཡན་ལག་ཅན་ཡོད་པ་མ་ཡིན་ནོ་ཞེ་ན་བརྗོད་པར་བྱ་སྟེ་མ་ཡིན་ཏེ། བསྒྲུབ་པར་བྱ་བ་དང་མཚུངས་པའི་ཕྱིར་རོ། །འདི་ནི་མོ་གཤམ་དང་ལོང་བ་དང་བྱེ་མ་ལྟ་བུ་ཡིན་ཏེ་གང་གི་ཚེ་མོ་གཤམ་གཅིག་གིས་བུ་བསྐྱེད་མི་ནུས་པ་དེ་བཞིན་དུ་མོ་གཤམ་སྟོང་ཕྲག་དུ་མ་ཚོགས་པས་ཀྱང་བསྐྱེད་པར་ནུས་པར་མི་འགྱུར་རོ། །ཇི་ལྟར་ལོང་བ་གཅིག་ལ་མཐོང་བའི་ནུས་པ་མེད་པ་དེ་བཞིན་དུ་ལོང་བ་སྟོང་ཕྲག་དུ་མ་ལ་ཡང་མཐོང་བའི་ནུས་པ་ཡོད་པ་མ་ཡིན་ནོ། །ཇི་ལྟར་བྱེ་མ་རེ་རེ་ལ་ཏིལ་མར་མེད་པ་དེ་བཞིན་དུ། མང་པོ་ཚོགས་པས་འབྱིན་པ་མེད་དེ་མེད་པ་ཉིད་ཀྱི་ཕྱིར་རོ། །འོན་ཏེ་མོ་གཤམ་ལ་སོགས་པའི་དཔེ་ནི་མཚུངས་པ་ཉིད་དེ་གང་གིས་ན་དེ་ཕྱེ་མ་ལེབ་ལ་སོགས་པའམ། དེ་ལྟ་བུའི་ངོ་བོ་འགའ་ཞིག་འཆིང་བར་འགྱུར་བ་བལ་བ་ཛ་གཅིག་ལ་ཡང་བལ་བ་ཛའི་ངོ་བོ་དང་རྗེས་སུ་མཐུན་པའི་ནུས་པ་ཡོད་པ་ཡིན་ལ། མང་པོ་འདུས་པས་ནི་གླང་པོ་ཆེ་འང་འཆིང་བར་ནུས་པར་འགྱུར་རོ་སྙམ་དུ་སེམས་ན། དེ་ཡང་སྲིད་པ་མ་ཡིན་ཏེ། གང་ལས་ཤེ་ན་རིགས་པ་མེད་པའི་ཕྱིར་རོ། །རབ་ཏུ་གྲགས་པའི་ཡན་ལག་ཅན་གྱི་དཔེར་ཡིན་ན། ཡན་ལག་ཅན་དག་ལ་ནི་མ་ཡིན་ཏེ། ལྷན་ཅིག་གནས་པ་མེད་པའི་ཕྱིར་རོ། །དུས་གཅིག་ལམ་ཁ་སྒོའི་ཡུལ་ལ་དམ་བཅའ་བ་ལ་སོགས་པའམ་དེའི་ཡི་གེ་དག་ལྷན་ཅིག་གནས་པ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་བལ་བ་ཛའི་དཔེ་འདི་མི་རིགས་སོ། །དེ་མི་རིགས་པའི་ཕྱིར་ཡན་ལག་མེད་དོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །གཞན་ཡང༌། ཡན་ལག་དག་ལ་ཡང་ཡན་ལག་ཡོད་པར་ཐལ་བར་འགྱུར་རོ། །གལ་ཏེ་ཡན་ལག་ནི་མ་གྲུབ་པའི་དོན་སྒྲུབ་པར་བྱེད་


DTG096_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ན། དེ་དག་ཀྱང་གྲུབ་པ་ཞིག་སྒྲུབ་པར་བྱེད་པ་ཡིན་ནམ་མ་གྲུབ་པ་ཞིག་ཡིན་གྲང༌། གལ་ཏེ་གྲུབ་པ་ཞིག་སྒྲུབ་པར་བྱེད་པ་ཡིན་ན་སྒྲུབ་བྱེད་གང་གིས། དེ་དག་སྒྲུབ་པར་བྱེད་པ་དེ་དག་ལ་ཡང་སྒྲུབ་པར་བྱེད་པ་གཞན་ཞིག་ཡོད་པར་འགྱུར་ལ་དེ་དག་ལ་ཡང་གཞན་ཡོད་པས་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །འོན་ཏེ་དེ་དག་ལ་ཡང་གཞན་ཡོད་པ་མ་ཡིན་ན་མི་འདྲ་བ་ཉིད་དང་དམ་བཅའ་བ་ཉམས་པ་ཞེས་བྱ་བའི་འདི་དག་ཐམས་ཅད་ཡན་ལག་གི་སྒོ་ནས་ཡན་ལག་ཅན་སྒྲུབ་པར་འདོད་པ་ལ་བརྗོད་པར་བྱའོ། །གཞན་ཡང༌། དམ་བཅའ་བ་ལས་གཏན་ཚིགས་གཞན་དང་གཞན་མ་ཡིན་པའི་ཕྱིར་གཏན་ཚིགས་མ་ཡིན་ནོ། །དམ་བཅའ་བ་ནི་སྒྲུབ་བྱེད་ན་གང་པོས་མི་འགྲུབ་པའི་ཕྱིར་རོ། །འོན་ཏེ་གཏན་ཚིགས་དང་དམ་བཅའ་བདག་མ་ཡིན་ན་ཅི་ཞིག་འཐོབ་པར་འགྱུར་ཞེ་ན་དམ་བཅའ་བ་ནི་སྣམ་བུ་དཀར་པོའི་གཏན་ཚིགས་གང་ཞེ་ན་དཀར་པོ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ནི་དེའི་སྒྲུབ་བྱེད་མ་ཡིན་ཏེ་འདི་ནི་བསྒྲུབ་པར་བྱ་བ་དང་མཚུངས་པ་ཡིན་ནོ། །གཞན་ཡང་གཏན་ཚིགས་ལ་གཏན་ཚིགས་མེད་པའི་ཡང་ཕྱིར་རོ། །གཏན་ཚིགས་ལས་གྲུབ་པོ་ཞེས་བརྗོད་པ་གང་ཡིན་པ་དེ་ནི་མ་ཡིན་ཏེ་གཏན་ཚིགས་ལ་ཡང་གཏན་ཚིགས་གཞན་ཐོབ་པར་འགྱུར་ཞིང་དེ་ལ་ཡང་གཞན་ཡིན་ནོ། །ཞེས་ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་གཏན་ཚིགས་ལ་ཡང་གཏན་ཚིགས་ཡོད་པར་མི་འདོད་ན་དེའི་ཕྱིར་གཏན་ཚིགས་མེད་པ་ཡིན་ནོ། །ཡང་ན་གཏན་ཚིགས་བཞིན་དུ་ཐམས་ཅད་ཀྱང་གཏན་ཚིགས་མེད་པར་གྲུབ་པར་འགྱུར་རོ། །གཞན་ཡང༌། དམ་བཅའ་བ་དང་གཏན་ཚིགས་མེད་པའི་ཕྱིར་ཉེ་བར་སྦྱོར་བ་དང་མཇུག་བསྡུ་བ་དག་མེད་པ་ཡིན་ནོ། །དེ་ལྟར་ན་དམ་བཅས་པ་དང་གཏན་ཚིགས་དང་དཔེ་དག་མེད་པ་ཉིད་ཀྱིས་ཉེ་བར་སྦྱོར་བ་དང་མཇུག་བསྡུ་བ་དག་ཀྱང་ཡོད་པ་མ་ཡིན་ནོ། །གཞན་ཡང་ལྷག་མ་དག་ལ་གཏན་ཚིགས་མེད་དོ། །གལ་ཏེ་ཡང་དམ་བཅའ་བ་ནི་གཏན་ཚིགས་ལས་གྲུབ་པ་ཡིན་ན་དཔེ་ལ་སོགས་པ་སྒྲུབ་པར་བྱེད་པ་ལ་ནི་གཏན་ཚིགས་མེད་པར་ཐལ་བར་འགྱུར་རོ། །གཞན་ཡང་གལ་ཏེ་གྲུབ་པ་ནི་གཏན་ཚིགས་ཀྱིས་བྱས་པ་ཡིན་ན་ཅི་ཞིག་


DTG096_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ་ཅེ་ན། དཔེ་ལ་སོགས་པ་དོན་མེད་དོ། །ཁྱོད་གཏན་ཚིགས་ཁོ་ནས་འགྲུབ་པར་སེམས་ཅན་དེའི་ཕྱིར་དཔེ་ལ་སོགས་པ་དག་དོན་མེད་པར་འགྱུར་ཏེ་གཏན་ཚིགས་ཁོ་ནའི་དོན་འགྲུབ་པའི་ཕྱིར་རོ། །གཞན་ཡང་གཏན་ཚིགས་དོན་མེད་པ་ཉིད་དམ། འོན་ཏེ་དཔེ་གྲུབ་པར་འདོད་ན་དེའི་ཚེ་གཏན་ཚིགས་དོན་མེད་པར་ཐོབ་པར་འགྱུར་རོ། །ཡང་ན་དཔེ་དོན་མེད་པ་ཡིན་ནོ། །སྨྲས་པ། བདག་སྒྲུབ་པ་ལ་གཏན་ཚིགས་དང་དཔེ་ཡིན་ནོ་ཞེ་ན། བརྗོད་པར་བྱ་སྟེ། བདག་འགྲུབ་པ་ནི་མ་ཡིན་ནོ། །གཏན་ཚིགས་ཀྱིས་འགྲུབ་པར་སེམས་ཏེ། ཇི་ལྟར་སྐྱེས་བུ་རྟག་པ་ནི་དམ་བཅའ་བའོ། །ལུས་ཅན་མ་ཡིན་པའི་ཕྱིར་ནི་གཏན་ཚིགས་སོ། །དཔེ་ནི་ནམ་མཁའ་བཞིན་ནོ་ཞེས་ཁྱོད་ཀྱིས་སྨྲས་པ་ཡིན་ནོ། །གཏན་ཚིགས་ཀྱིས་འགྲུབ་པར་རྟག་པ་མ་ཡིན་ཏེ། མི་རྟག་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་རང་ཉིད་ཀྱིས་མེད་པས་རྟག་པའི་ངོ་བོ་ཉིད་མེད་པ་ཡིན་ནོ། །དེའི་ཚེ་གཏན་ཚིགས་བརྗོད་པ་ན་ཡང་དམ་བཅའ་ལ་སོགས་པ་མེད་དོ། །དེའི་ཕྱིར་གཏན་ཚིགས་ལ་སོགས་པ་དག་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། ཁྱོད་ཀྱི་ཡན་ལག་ཐམས་ཅད་མེད་དོ་ཞེས་དམ་བཅའ་བ་དེ་ལྟ་བས་ན། དམ་བཅའ་བ་ཁས་བླངས་པའི་ཕྱིར་ཁྱོད་ལ་ལྷག་མ་དག་ཀྱང་གྲུབ་པ་ཡིན་ནོ་ཞེ་ན་བརྗོད་པར་བྱ་སྟེ། ཡི་གེ་དག་ལ་ཡང་དེ་ལྟ་བུ་ཡིན་ནོ། །ཡན་ལག་མ་གྲུབ་པའི་རྣམ་པ་གང་ཡིན་པ་དེ་ཡི་གེ་ཐམས་ཅད་ལ་ཡང་ལྟ་བར་བྱེད་དེ། ཇི་ལྟར་པྲའི་ཡི་གེ་དང༌། ཏིའི་ཡི་གེ་དང༌། ཛྙའི་ཡི་གེ་དག་ལྷན་ཅིག་གནས་པ་མེད་པའི་ཕྱིར་དམ་བཅའ་བ་མེད་པ་ཉིད་དོ། །དེ་བཞིན་དུ་པྲའི་ཡི་གེ་ལ་ཡང་བྲ་ལ་སོགས་པའི་རིམ་གྱིས་བརྗོད་པའི་ཕྱིར་ཡི་གེ་མེད་དོ། །རླུང་དང༌། ནམ་མཁའ་དང༌། ལྕེ་དང༌། སོ་དང༌། མགྲིན་པ་དང༌། རྐན་དང༌། ཆུ་དང་འབད་པ་ལ་སོགས་པའི་རྐྱེན་ལས་བྱུང་བའི་ཚེ་གཅིག་ལ་གཅིག་མེད་པ་ཡིན་ནོ། །སྨྲས་པ། གང་གི་ཕྱིར་བརྟགས་ན་དེ་མ་ཐག་ཏུ་རབ་ཏུ་རྟོག་པ་དེ་ཕྱིར་རྟོག་གེ་ཞེས་བྱ་བའི་ཚིག་གི་དོན་ཡོད་པ་ཡིན་ནོ། །དེ་ཡོད་པའི་ཕྱིར་གཞན་དག་ཀྱང་གྲུབ་པ་ཡིན་ནོ་ཞེ་ན་བརྗོད་པར་བྱ་སྟེ། ཐེ་ཚོམ་བཞིན་དུ་རྟོག་གེ་ཡང་ཡིན་ནོ། །ཇི་ལྟ་ཞེ་ན། ཤེས་


DTG096_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ལ་དཔྱོད་པ་ཡིན་ནམ་མི་ཤེས་པའི་དོན་ལ་དཔྱོད་པ་ཡིན་གྲང༌། དེ་ལ་གལ་ཏེ་ཤེས་པའི་དོན་ལ་ཡིན་ན་ཅི་ཞིག་དཔྱོད་པར་འགྱུར། འོན་ཏེ་མི་ཤེས་པའི་དོན་ལ་ཡིན་ན་ཡང་ཅི་ཞིག་དཔྱོད་པར་འགྱུར། རྣམ་པར་རྟོག་པ་གསུམ་པ་ནི་མེད་དོ། །སྨྲས་པ། རྣམ་པར་དཔྱད་པ་དོན་ཁོང་དུ་ཆུད་པ་ནི་གཏན་ལ་ཕབ་པ་ཡིན་ལ། ངོ་ཤེས་པའི་རླུང་མཚན་ནི་འཐད་པའོ། །དེ་ཁོ་ན་ཉིད་ཤེས་པའི་དོན་དུ་དཔྱོད་པར་བྱེད་པ་ནི་རྟོག་གེ་ཡིན་ནོ་ཞེ་ན་བརྗོད་པར་བྱ་སྟེ། རྫས་དང་ཡོད་པ་དང་གཅིག་ཉིད་ལ་སོགས་པ་དག་ནི་གཞན་དང་གཞན་མ་ཡིན་པ་དང་གཉིས་ཀ་མེད་པའི་ཕྱིར་གཏན་ལ་ཕབ་པ་མེད་དོ། །འདིར་བུམ་པ་དང༌། ཡོད་པ་དང༌། གཅིག་དང༌། ཟླུམ་པོ་དང༌། དམར་པོ་ལ་སོགས་པ་དག་གཅིག་ཉིད་དམ་གཞན་ཉིད་གྲང༌། དེ་ལ་གལ་ཏེ་གཅིག་ཉིད་དུ་འདོད་ན་གང་ལ་ཡོད་པ་ལ་སོགས་པ་དག་གི་ནང་ནས་གང་ཡང་རུང་བ་གཅིག་སྲིད་པ་དེ་ལ་ནུས་པ་ཡོད་པར་འགྱུར་ཏེ། དབང་དང་ནུས་པ་ལྡན་དང་གྲོང་ཁྱེར་འཇིག་པར་བྱེད་པ་བཞིན་ནོ། །འོན་ཏེ་དེ་ལྟ་མ་ཡིན་ན་དེ་ལྟ་བས་ན་གཅིག་ཉིད་མེད་དོ། །འོན་ཏེ་གཞན་ཡིན་ན་དེའི་ཕྱིར་བུམ་པ་ཡོད་པ་མ་ཡིན་ཞིང་གཅིག་ཀྱང་མ་ཡིན་ལ། ཟླུམ་པོ་དང་དམར་པོ་ཡང་མ་ཡིན་ནོ། །བུམ་པ་ནི་ཡོད་པ་ཡིན་ཏེ། ཡོད་པ་ཉིད་དང་ལྡན་པའི་ཕྱིར་རོ་ཞེ་ན་དེ་ནི་མ་ཡིན་ནོ། །གང་ཞིག་གང་དང་ལྡན་པ་དེ་ནི་དེ་ཉིད་དུ་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་གཅིག་ཉིད་དང་གཞན་ཉིད་དང་གཉི་ག་མེད་པའི་ཕྱིར་གཏན་ལ་དབབ་པ་མེད་དོ། །སྨྲས་པ། ཚད་མས་སྒྲུབ་པར་བྱེད་པ་དམིགས་པ་ཅན་གྲུབ་མཐའ་དང་མི་འགལ་བ་ཡན་ལག་ལྔ་ལས་སྐྱེས་པ་ཕྱོགས་དང་མི་མཐུན་པ་དག་ཡོངས་སུ་འཛིན་པ་ནི་རྩོད་པ་ཡིན་ལ། འདིར་བུམ་པ་ལ་སོགས་པ་གསལ་བར་འདོད་པ་ཁྱོད་ཕྱོགས་དང་མི་མཐུན་པ་ཡོངས་སུ་འཛིན་པ་ཡིན་ནོ་བརྗོད་པར་བྱ་སྟེ། རྩོད་པ་ནི། ཡོད་པ་མ་ཡིན་ཏེ། བརྗོད་པར་བྱེད་པ་དང་བརྗོད་བྱ་དག་མེད་པའི་ཕྱིར་རྩོད་པ་ཡང་མེད་དོ། །ཇི་ལྟར་རྫས་དང་ཡོད་པ་དང་གཅིག་ཉིད་ལ་སོགས་པ་དག་ནི་གཞན་དང་གཞན་མ་ཡིན་པ་གཉི་ག་མེད་པས་གཏན་ལ་ཕབ་པ་མེད་པ་དེ་བཞིན་གལ་ཏེ་བུམ་པ་མངོན་པར་བརྗོད་པ་དང༌།


DTG096_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་གཅིག་ཉིད་ཡིན་ན་བུམ་པ་བརྗོད་པ་བཞིན་དུ་ཕྱི་རོལ་ཡང་འཇིམ་པའི་གོང་བུ་དང༌། འཁོར་ལོ་དང༌། ཆུ་ལ་སོགས་པ་འདུས་པ་ལ་མ་ལྟོས་པར་གྲུབ་པར་འགྱུར་ཏེ། བུམ་པ་ལ་སོགས་པ་མངོན་པར་རྟོགས་ནས་བུམ་པ་ལ་སོགས་པ་འགྲུབ་པར་འགྱུར་རོ། །བུམ་པ་ཞེས་བརྗོད་པ་ན་ཁ་གང་བར་འགྱུར་ལ་མེ་ཞེས་བརྗོད་པ་ན་མཆུ་འཚིག་པར་འགྱུར་ཏེ་དེ་ལྟར་འདོད་པ་ཡང་མ་ཡིན་ནོ། །གཞན་ཡིན་ན་བུམ་པ་ཞེས་ངེས་པར་བརྗོད་པ་ན་བུམ་པ་ངེས་པར་མི་འགྱུར་རོ། །བརྡ་བྱས་པའི་བརྗོད་པའི་ཐ་སྙད་ཡིན་ནོ་ཞེ་ན་མ་ཡིན་ཏེ། དོན་དམ་པ་དཔྱོད་པའི་སྐབས་ཡིན་པའི་ཕྱིར་རོ། །འདི་ལྟར་ལྷ་རྣམས་དགའ་བའི་རིགས་པ་ཕྲ་བའི་ཕྱོགས་སུ་ལྷུང་བ་ཁྱོད་ཀྱི་ཚིག་གི་དོན་བཅུ་དྲུག་ཡོངས་སུ་ཤེས་པས་གྲོལ་བར་འགྱུར་རོ། །ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ནོ། །གང་གི་ཕྱིར་ཚད་མ་ལ་སོགས་པའི་ཚིག་དོན་བཅུ་དྲུག་པོ་འདི་དག་དོན་དམ་པར་འགྱུར་བ་ནི་འདི་ལ་རིགས་པ་ཅི་ཞིག་ཅེས་མཁས་པ་རྣམས་ཀྱིས་རྟོགས་པར་བྱེད་དོ། །རང་གིས་བརྡ་བྱས་པའི་མིང་འདི་དག་ནི་ཡང་དག་པ་མ་ཡིན་པའི་དོན་དག་ལ་ཡང་མཐོང་སྟེ། འདི་ལྟར་ལྷ་སྦྱིན་དང་དབང་པོས་སྦེད་ཅེས་བྱ་བ་ཡིན་ནོ། གལ་ཏེ་འཇིག་རྟེན་པའི་ཐ་སྙད་འབའ་ཞིག་ལས་གྲོལ་བ་ཡིན་ན་བ་ལང་རྫི་ལ་སོགས་པ་ཐམས་ཅད་ཀྱང་གྲོལ་བར་འགྱུར་བ་དང༌། མཁས་པ་དང༌། རྨོངས་པ་ཞེས་བྱ་བའི་ཁྱད་པར་དག་ཀྱང་མེད་པར་འགྱུར་རོ། །གཞན་ཡང་བརྡ་བྱས་པའི་མིང་དག་ནི་རྣམ་པ་དུ་མ་མཐོང་སྟེ། འདི་ལྟ་སྟེ། བ་ལང་ལ་ཌ་མི་ཌ་ལ་སོགས་པ་ནི་སྟིགས་ཏ་དང་འཕགས་པ་ཞེས་མིང་དུ་བྱས་པ་ལྟ་བུ་དང༌། དེ་བཞིན་དུ་ཡུལ་ཚིགས་འཇིག་པ་དག་གིས་ཀྱང་པིཎ་ཌ་ར་ས་དང་སྐྱུར་རྩི་ལ་སོགས་པའི་རྫས་ལ་ཚོགས་ཅན་དང་ཤ་ལོ་ཀ་ལ་སོགས་པ་ལྟ་བུའོ། །གཞན་ཡང་འཇིག་རྟེན་པའི་མཁས་པ་དག་ཀྱང་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་དུ་མ་ལ་སྦྱོར་བ་མཐོང་བའི་ཕྱིར་རོ། །འཇིག་རྟེན་པའི་མཁས་པ་དག་ནི་གོའི་སྒྲ་དུ་མ་ལ་སྦྱོར་བར་བྱེད་དེ། ཧ་རིའི་སྒྲ་ཡང་དེ་བཞིན་ནོ། །གོའི་སྒྲ་རྣམ་པ་དུ་མ་ལ་འཇུག་པ་ནི་འདི་ལྟ་སྟེ། དག་ཕྱོགས་དང་ནི་ས་གཞི་དང༌། །འོད་ཟེར་རྡོ་རྗེ་ཕྱུགས་དང་མིག །


DTG096_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་དང་མཐོ་རིས་དོན་དགུ་ལ། །མཁས་པས་གོ་སྒྲ་ངེས་གཟུང་བྱ། །ཇི་ལྟར་ཁྱབ་འཇུག་སེང་གེ་གླང་པོ་སྦལ། །ཉི་ཟླ་འོད་དང་སྤྲེའུ་དང༌། །སེར་སྐྱ་ནེ་ཚོ་དབང་པོ་ཀླུ། །མཁས་པས་ཧ་རིར་ཤེས་པར་བྱ། །སྒྲ་གཅན་གནས་ལྡན་ཁྱབ་འཇུག་དང༌། །ཧ་རི་བན་གླང་སྐྱོང་བདག་དང༌། །མི་ཡི་སེང་གེ་མི་ཐུང་སྤྲུལ། །སྲེད་མེད་བུ་འདི་གྲགས་པ་ཡིན། །དེ་བཞིན་དུ་སྒྲ་གཞན་ལ་ཡང་ཉེ་བར་གཟུང་བར་བྱའོ། །འདི་ལྟར་རེ་ཞིག་རྗོད་པར་བྱེད་པ་གཅིག་ལ་དོན་དུ་མ་ཡིན་པ་དང༌། བརྗོད་པར་བྱ་བ་རེ་རེ་ལ་ཡང་རྗོད་པར་བྱེད་པ་དུ་མ་ཡིན་ནོ། །དེ་བཞིན་དུ་ནུས་ལྡན་དང༌། དབང་པོ་དང༌། གྲོང་ཁྱེར་འཇིག་དང༌། མཆོད་སྦྱིན་དང༌། ཀཽ་ཤི་ཀ་དང༌། བརྒྱ་བྱིན་དག་གི་སྒྲ་ནི་བརྗོད་པར་བྱ་བ་གཅིག་ལ་འཇུག་པ་ཡིན་ནོ། །མེད་པ་དང་ཡོད་པ་མ་ཡིན་པ་དང་མི་འདོགས་པ་ཞེས་བྱ་བའི་མིང་གི་རྣམ་གྲངས་ཡིན་ནོ། །དེ་ཡང་དོན་དམ་པར་གྲུབ་པ་མ་ཡིན་ནོ། །དེའི་ཕྱིར་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་དག་རྣམ་པ་དུ་མ་འདྲེས་པའི་སྐྱོན་མཐོང་བའི་ཕྱིར་མ་ངེས་པས་མ་གྲུབ་པ་ཡིན་ནོ། །གཞན་ཡང་གཅིག་ཉིད་ཡིན་ན་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་མ་གྲུབ་པ་ཡིན་ལ། གཞན་ཉིད་ཡིན་ན་ནི་བུམ་པ་ཞེས་བྱ་བའི་རྗོད་པར་བྱེད་པ་སྦྱོར་བ་ན་བུམ་པ་ལ་ཤེས་པ་ངེས་པར་མི་འགྱུར་རོ། །དེ་ཁོ་ན་བཞིན་དུ་གཞན་ལ་ཡང་གཅིག་ཉིད་ཡིན་ན། སྔར་བཤད་པའི་སྐྱོན་ཉིད་ཡིན་ནོ། །དེའི་ཕྱིར་རྩོད་པ་ནི་མི་སྲིད་དོ། །གཞན་ཡང་བརྗོད་པ་དང་སུན་ཅི་ཕྱིན་དུ་བརྒལ་བ་ཡང་དེ་བཞིན་ནོ། །དེ་བཞིན་ཞེས་བྱ་བ་ནི་རྣམ་པ་གང་གིས་རྩོད་པ་སུན་ཕྱུང་བའི་རྣམ་པ་དེས་ཞེས་བྱ་བའི་དོན་ཏོ། །དེས་བརྗོད་པ་དང་སུན་ཅི་ཕྱིན་དུ་བརྒལ་བ་དག་མེད་པ་ཡིན་ནོ། །སྨྲས་པ། ཁྱོད་ཀྱིས་ཐམས་ཅད་གཏན་ཚིགས་ལྟར་སྣང་བར་བརྗོད་ཅིང་ལན་དང་ལྡན་པ་མ་ཡིན་ནོ་ཞེ་ན་བརྗོད་པར་བྱ་སྟེ། ཆོས་མཐུན་པ་ཉིད་དང༌། ཆོས་མི་མཐུན་པ་ཉིད་མེད་པའི་ཕྱིར་གཏན་ཚིགས་ལྟར་སྣང་བ་མ་ཡིན་ནོ། །གལ་ཏེ་གཏན་ཚིགས་ལྟར་སྣང་བ་ཡོད་ན་དེ་ཆོས་མཐུན་པ་ཉིད་ཀྱིས་ཡིན་ནམ་ཆོས་མི་མཐུན་པ་ཉིད་ཀྱིས་ཡིན་གྲང༌། རེ་ཞིག་ཆོས་མཐུན་པ་ཉིད་ཀྱིས་ནི་གཏན་ཚིགས་ལྟར་སྣང་བར་འགྱུར་བ་མ་ཡིན་ཏེ། ཇི་ལྟར་


DTG096_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་ཉིད་ལ་གསེར་ཉིད་ཀྱི་ཡོངས་སུ་དཔྱོད་པ་ན་གསེར་ཉིད་དོར་བར་མི་བྱེད་པ་དེ་ནི་གསེར་ཡིན་གྱི་གསེར་ལྟར་སྣང་བ་ནི་མ་ཡིན་ནོ། །དེ་བཞིན་དུ་གཏན་ཚིགས་གང་ཡིན་པ་དེ་ནི་གཏན་ཚིགས་ཁོ་ན་ཡིན་གྱི་གཏན་ཚིགས་ལྟར་སྣང་བ་མ་ཡིན་ནོ། །དེ་བཞིན་དུ་ཆོས་མི་མཐུན་པ་ཉིད་ཀྱིས་ཀྱང་གཏན་ཚིགས་ལྟར་སྣང་བར་མི་འགྱུར་ཏེ། ཇི་ལྟར་བོང་བ་ལ་སོགས་པ་གསེར་མ་ཡིན་པ་གང་ཡིན་པ་དེ་ནི་ཇི་ལྟར་ན་གསེར་ལྟར་སྣང་བར་འགྱུར། དེ་བཞིན་དུ་གཏན་ཚིགས་མ་ཡིན་པ་དེ་ནི་གཏན་ཚིགས་ལྟར་སྣང་བ་མ་ཡིན་ཏེ། གཏན་ཚིགས་ཉིད་མ་ཡིན་པའི་ཕྱིར་རོ། །ལྟར་སྣང་ཞེས་བྱ་བ་ནི་དངོས་པོ་དེ་ཉིད་མ་ཡིན་ཏེ། དེ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །རང་གི་རྒྱུད་ཡོངས་སུ་འགྱུར་བའི་ཕྱིར་ཁྱད་པར་ཁམས་མི་མཉམ་པ་ཉིད་ལས་མི་ཉམས་པའམ། ཁམས་མཉམ་པ་ལས་དེའི་བློ་ནི་ཤེས་པ་ཉིད་ཡིན་པ་ལྟར། ཡོངས་སུ་བརྟགས་ན་གཏན་ཚིགས་ལྟར་སྣང་བ་ཞེས་བྱ་བ་ཅུང་ཟད་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་གཏན་ཚིགས་མ་ཡིན་པ་དང༌། གཏན་ཚིགས་ལས་གཞན་གསུམ་པ་འདི་འཐད་པ་མ་ཡིན་ནོ། །དེ་ལྟ་བས་ན་གཏན་ཚིགས་ལྟར་སྣང་བ་ནི་ཡོད་པ་མ་ཡིན་ནོ། །གཞན་ཡང༌། མ་འཁྲུལ་བ་ནི་འཁྲུལ་བ་དང་བྲལ་བ་ལས་ཡིན་ནོ། །མ་འཁྲུལ་བ་ཉིད་གང་ལས་ཤེ་ན། རང་གི་བདག་ཉིད་ལ་འཁྲུལ་པ་དང་བཅས་པ་ཡིན་པར་འགྱུར་རམ་མ་འཁྲུལ་པར་འགྱུར་གྲང༌། གལ་ཏེ་བདག་ཉིད་ལ་འཁྲུལ་པར་མི་འགྱུར་བ་ཡིན་ན་འཁྲུལ་པ་དང་བཅས་པར་མི་འགྱུར་ཏེ། ཇི་ལྟ་ཞེ་ན། བདག་ཉིད་རང་གི་ངོ་བོ་མི་འདོར་པའི་ཕྱིར་རོ། །བདག་ཉིད་དེས་ཡོད་པ་ཉིད་ཀྱི་ཕྱིར་འཁྲུལ་པ་དང་བཅས་པར་མི་འགྱུར་རོ། །འོན་ཏེ་རང་གི་ངོ་བོ་འདོར་བར་བྱེད་པ་དེ་ལྟ་ན་ཡང་འཁྲུལ་པ་དང་བཅས་པ་མ་ཡིན་ཏེ། རང་གི་ངོ་བོ་དོར་ནས་དེ་ཉིད་མེད་པའི་ཕྱིར་རོ། །རྣམ་པ་གཞན་དུ་ན་ཡང་རིགས་པ་ཡོད་པ་མ་ཡིན་ནོ། །འདི་སྐད་བསྟན་པར་འགྱུར་ཏེ། གཏན་ཚིགས་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་རང་བཞིན་ཅན་གང་ཡིན་པ་དེ་ནི་བདག་ཉིད་དེས་འཁྲུལ་པ་ཅན་མ་ཡིན་ལ། བསྒྲུབ་བྱ་སྒྲུབ་པར་བྱེད་པའི་རང་བཞིན་མ་ཡིན་པ་དེ་ནི་གཏན་ཚིགས་མ་ཡིན་པ་ཉིད་ཀྱི་ཕྱིར་འཁྲུལ་པ་དང་


DTG096_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་མ་ཡིན་ཏེ། རྣམ་པར་རྟོག་པ་གསུམ་པ་མེད་པའི་ཕྱིར་རོ། སྨྲས་པ། འཁྲུལ་པ་དང་བཅས་པའི་གཏན་ཚིགས་ཡོད་དོ། །འདི་ལྟ་སྟེ། ནམ་མཁའ་དང་ལས་ཞེས་བྱ་བ་དག་ལ་ལུས་ཅན་མ་ཡིན་པ་ཉིད་དང༌། རྡུལ་ཕྲ་རབ་དང༌། བུམ་པ་ཞེས་བྱ་བ་ལ་སོགས་པ་ལ་སྤྱི་དང་ཁྱད་པར་ལྟ་བུའོ་ཞེ་ན་མ་ཡིན་ཏེ། དེ་དག་ལས་གཞན་ཡིན་པའི་ཕྱིར་རོ། །དེ་ནི་ཡོད་པ་ཡིན་ནོ། །གང་ལས་ཤེ་ན་དེ་དག་གཞན་ཉིད་ཡིན་པའི་ཕྱིར་རོ། །ནམ་མཁའ་ལ་ཡོད་པའི་ལུས་ཅན་མ་ཡིན་པ་གང་ཡིན་པ་དེ་ནི་ཉིད་ལས་དང་བློ་ལ་ཡོད་པར་རིགས་པ་མ་ཡིན་ཏེ་སྐྱེས་པ་དང་མ་སྐྱེས་པ་འགལ་བའི་ཕྱིར་རོ། །འདིར་ལས་དང་བློ་ལ་སོགས་པ་དག་གི་ལུས་ཅན་མ་ཡིན་པ་ནི་སྐྱེ་བ་དང་ལྡན་པ་ཡིན་ལ། ནམ་མཁའ་ནི་མ་ཡིན་པ་ཉིད་དེ། །ནམ་མཁའི་ལུས་ཅན་མ་ཡིན་པ་ཉིད་གང་ཡིན་པ་དེ་ནི་ལས་ལ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ལས་ནི་སྐྱེ་བ་དང་ལྡན་པའི་ཕྱིར་རོ། །ལུས་ཅན་མ་ཡིན་པ་དེ་དང་ལྷན་ཅིག་སྐྱེ་བ་ན་སྐྱེ་བ་དང༌། དེས་འཇིག་པ་ན་ཡང་འཇིག་པའི་ཕྱིར་རོ། །དེའི་ཕྱིར་ནམ་མཁའ་དང་ལུས་ཅན་མ་ཡིན་པ་གཞན་ཉིད་ཡིན་ནོ། །ནམ་མཁའི་ལུས་ཅན་མ་ཡིན་པ་ཉིད་གང་ཡིན་པ་དེ་ལས་བློ་ལ་སོགས་པ་ལ་རིགས་པ་མ་ཡིན་ལ་ལས་ཀྱི་ལུས་ཅན་མ་ཡིན་པ་ཉིད་གང་ཡིན་པ་དེ་ཡང་ནམ་མཁའ་ལ་ཡོད་པ་མ་ཡིན་ནོ། །སྒྲུབ་པ་དང་སུན་འབྱིན་པ་ལ་རྒྱུ་མཚན་འགའ་ཞིག་ཡོད་པ་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་སྒྲུབ་པར་བྱེད་པ་ཉིད་དུ་མི་འཁྲུལ་ལ། དེ་བཞིན་དུ་སུན་འབྱིན་པ་ལ་ཡང་བརྗོད་པར་བྱའོ། །དེའི་ཕྱིར་འཁྲུལ་པ་དང་ལྡན་པའོ་གཏན་ཚིགས་ནི་ཡོད་པ་མ་ཡིན་ནོ། །འགལ་བ་ཉིད་ཡིན་གྱི་འཁྲུལ་པ་དང་བཅས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ནམ་མཁའི་ལུས་ཅན་མ་ཡིན་པ་ཉིད་ནི་རྟག་པ་ཉིད་ནི་སྒྲུབ་པ་ལ་འཁྲུལ་པ་མ་ཡིན་ནོ། །དེ་ལས་ལ་སོགས་པ་ལ་ཡང་དེ་བཞིན་ནོ། །གཞན་ཡང༌། སྐད་ཅིག་མ་ཉིད་ཀྱི་ཕྱིར་ཡང་ངོ༌། །དོན་གང་ལ་བསྒྲུབ་པའམ་སུན་འབྱིན་པར་བྱེད་པ་དེ་ལ་འཇིག་པ་ཡོད་པ་ཡིན་ན་སྒྲུབ་པའམ་སུན་འབྱིན་པར་བྱེད་པ་རིགས་པ་མ་ཡིན་ནོ། །གཉི་ག་གནས་པ་ཡིན་ན་གཏན་ཚིགས་སྒྲུབ་པའམ་སུན་འབྱིན་པར་


DTG096_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཡིན་གྱི་དེ་འཇིག་པ་ན་གཏན་ཚིགས་དེ་སྒྲུབ་པའམ་སུན་འབྱིན་པར་བྱེད་པར་རིགས་པ་མ་ཡིན་ཏེ། གཉི་ག་གནས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་འཁྲུལ་པ་དང་བཅས་པའི་གཏན་ཚིགས་ཡོད་པ་མ་ཡིན་ནོ། །སྨྲས་པ། ཁྱོད་ཀྱི་གཏན་ཚིགས་ཐམས་ཅད་འགལ་བར་བརྗོད་པ་ཡིན་གྱི་འཁྲུལ་པ་དང་བཅས་པ་ནི་མ་ཡིན་ནོ། །མ་ངེས་པ་ཁོ་ན་འཁྲུལ་པ་དང་བཅས་པ་ཡིན་ནོ། །སྒྲུབ་པར་བྱེད་པ་གང་ཡིན་པ་དེ་སྒྲུབ་པར་བྱེད་པ་ཉིད་ལམ་འཁྲུལ་པ་ཡིན་ལ། དེ་བཞིན་དུ་སུན་འབྱིན་པར་བྱེད་པ་ལ་ཡང་བརྗོད་པར་བྱའོ། །དེའི་ཕྱིར་འཁྲུལ་པ་དང་ལྡན་པའི་གཏན་ཚིགས་མེད་པའི་ཕྱིར་ཞེས་འགལ་བ་ཉིད་ཡིན་ནོ་ཞེ་ན་བརྗོད་པར་བྱ་སྟེ། སྔ་མ་དང་ཕྱི་མར་འབྱུང་བའི་ཕྱིར་འགལ་བ་མེད་དོ། །འགལ་བར་བརྗོད་པ་གང་ཡིན་པ་དེ་ནི་མེད་དེ། རེ་ཞིག་སྔ་མ་ལ་འགལ་བ་མེད་དེ་ཕྱི་མ་མེད་པའི་ཕྱིར་རོ། །ཕྱི་མར་བརྗོད་པ་ལ་ཡང་འགལ་བ་མེད་དེ། ལྔ་མའི་གཏན་ཚིགས་མེད་པའི་ཕྱིར་རོ། །གཉི་ག་དུས་གཅིག་ཏུ་གནས་པ་ན་འགལ་བ་ཡིན་ལ། རྒོལ་བ་དང་ཕྱིར་རྒོལ་པ་དུས་གཅིག་ཁོ་ནར་ལན་ཕྱིར་རྒོལ་བའི་ལན་དག་སྨྲ་བའི་སྐབས་ནི་མེད་དེ། ལྷན་ཅིག་གནས་པ་མེད་པ་དག་ནི་འགལ་བ་མེད་པའི་ཕྱིར་རོ། །སྨྲས་པ། འདས་པའི་དུས་ཞེས་བྱ་བ་གཏན་ཚིགས་ལྟར་སྣང་བ་ཡོད་དོ། །དེ་ཡོད་པས་གཏན་ཚིགས་ལྟར་སྣང་བ་ཡོད་དོ་ཞེ་ན་བརྗོད་པར་བྱ་སྟེ། འདས་པ་ནི་འདས་པའོ། །འདས་པ་ཞེས་བྱ་བ་འདས་པར་གྱུར་པའོ། །འདིར་ཁྱོད་ཀྱི་བུམ་པའི་བདག་ཉིད་ཀྱི་དུས་ནི་ད་ལྟ་བ་ཡིན་ལ། འཇིམ་གོང་གི་དུས་ནི་འདས་པ་ཡིན་ཞིང་གྱོ་མོའི་བདག་ཉིད་ནི་མ་འོངས་པའི་དུས་ཡིན་པར་བརྗོད་དོ། །གྱོ་མོ་མ་འོངས་པ་དེའི་ཕྱིར་ཡང་འཇིམ་གོང་དང་བུམ་པའི་དུས་དག་འདས་པར་གྱུར་པ་ཡིན་ནོ། །དེའི་ཚེ་དེ་དག་མེད་པའི་ཕྱིར་འདི་ནི་གང་གི་མ་འོངས་པར་འགྱུར། ད་ལྟར་དང་འདས་པ་ཡོད་དོ་ཞེ་ན། དེ་ཡང་མ་ཡིན་ཏེ། ད་ལྟར་གྱི་དུས་ལ་འདས་པ་མེད་པའི་ཕྱིར་དང་དེ་བཞིན་དུ་འདས་པའི་དུས་ལ་ཡང་ད་ལྟར་བ་མེད་པའི་ཕྱིར་དུས་ཐམས་ཅད་ལ་འཐོབ་པར་འགྱུར་རོ། །རྗོད་བྱེད་ཀྱི་རྣམ་པ་ཐམས་ཅད་མེད་པར་ཐལ་བར་འགྱུར་བའི་ཡང་ཕྱིར་རོ། །འཇིག་


DTG096_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ན་ནི་རྗོད་བྱེད་ཀྱི་རྣམ་པ་དུ་མ་ཡོད་དེ་ལེགས་པར་སྦྱར་བ་དང༌། ལེགས་པར་སྦྱར་བ་མ་ཡིན་པ་དང༌། ཐ་མལ་པའོ། །འབྱུང་བར་གྱུར་པ་ནི་འདས་པའོ། །ཡོད་པ་ནི་ད་ལྟར་བྱུང་བའོ། །འབྱུང་བར་འགྱུར་བ་ཞེས་བྱ་བ་ནི་མ་འོངས་པའོ། །དེ་བཞིན་དུ་ལེགས་པར་སྦྱར་བ་མ་ཡིན་པ་དང་ཐ་མལ་པའི་རྗོད་པར་བྱེད་པ་ལ་ཡང་སྦྱར་བར་བྱ་སྟེ། གཞུང་མངས་པའི་ཉེས་པས་མ་བརྗོད་དོ། །གཞན་ཡང༌། འདས་པའི་གཏན་ཚིགས་སམ་འདས་པའི་དུས་ནི་ཡོད་པ་མ་ཡིན་ཏེ། གང་ལས་ཤེ་ན་མི་སྲིད་པའི་ཕྱིར་རོ། །རྣ་བའི་དབང་པོས་ནི་གཏན་ཚིགས་ཉིད་ཐོས་པས་ཡིན་གྱི་འདས་པ་མ་ཡིན་ཏེ། འདས་པའི་ཕྱིར་རོ། །འདས་པའི་དུས་ཀྱང་རིགས་པ་མ་ཡིན་ཏེ། གཏན་ཚིགས་འདས་པ་ཡིན་པའི་ཕྱིར་རོ། །ད་ལྟར་གྱི་དུས་ནི་འདས་པའི་གཏན་ཚིགས་དང་འབྲེལ་པ་མ་ཡིན་ཏེ། གང་དང་འདི་འབྲེལ་བར་འགྱུར་ཏེ་དེ་ཉིད་གཏན་ཚིགས་ཀྱི་དུས་ཡིན་ནོ། །དེའི་ཕྱིར་དེ་ལྟ་བུ་ལ་སོགས་པའི་རྒྱུ་མཚན་གྱིས་རྣམ་པར་དཔྱད་ན་འདས་པའི་དུས་ཡོད་པ་མ་ཡིན་ཞིང་གཏན་ཚིགས་ཀྱང་ཡོད་པ་མ་ཡིན་ནོ། །སྨྲས་པ། ཁྱོད་ཀྱི་ཐམས་ཅད་ཚིག་དོན་དུ་བརྗོད་པ་ཡིན་གྱི་དོན་དམ་པར་མ་ཡིན་ནོ་ཞེ་ན་བརྗོད་པར་བྱ་སྟེ། མ་ཡིན་ཏེ། ལན་ཐམས་ཅད་ལ་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ནི་དེ་ལྟ་བུ་མ་ཡིན་ཏེ། གང་ཅུང་ཟད་ལན་དུ་བརྗོད་པ་དེ་ཐམས་ཅད་ཚིག་དོན་ཉིད་དུ་འགྱུར་བའི་ཕྱིར་རོ། །གང་ལས་ཤེ་ན། སྨྲ་བ་པོ་ཐམས་ཅད་ནི་འཐད་པས་གདོན་མི་ཟ་བར་ཚིག་ཉམས་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་ལན་དུ་འཐད་པ་ཡིན་ནོ། །ཚིག་དོར་བ་མེད་པའམ། ཡང་ན་ཚུལ་འདི་མི་འདོད་ན་དེའི་ཕྱིར་ཚིག་དོར་བ་མེད་པར་འགྱུར་རོ། །སྨྲས་པ། གང་ལ་བརྒྱའམ་སྟོང་དུ་ལན་བཏབ་པས་ལྟག་ཆོད་དུ་ཐལ་བར་འགྱུར་བ་ངེས་པའི་དོན་ལ་ལྟག་ཆོད་ཅེས་བྱ་བ་ཚིག་གི་དོན་ཡོད་དོ་ཞེ་ན་བརྗོད་པར་བྱ་སྟེ། སྐྱེས་པ་དང་མ་སྐྱེས་པ་གཉི་ག་མེད་པའི་ཕྱིར་ལྟག་ཆོད་ནི་མེད་དོ། །ལྟག་ཆོད་ཅེས་བརྗོད་པ་གང་ཡིན་པ་དེ་གང་ལས་ཤེ་ན། སྐྱེས་པའམ་མ་སྐྱེས་པའམ། སྐྱེ་བཞིན་སྐྱེ་བ་ཡིན་གྲང༌། རེ་ཞིག་སྐྱེས་པ་མ་ཡིན་ཏེ། སྐྱེས་ཟིན་པ་ཉིད་ཀྱི་ཕྱིར་རོ། །མ་སྐྱེས་པའང་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །


DTG096_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གཉི་ག་མེད་པའི་ཕྱིར་སྐྱེ་བཞིན་པ་ཡོད་པ་མ་ཡིན་ཏེ་སྐྱེས་པ་དང་མ་སྐྱེས་པ་ལས་མ་གཏོགས་པའི་སྐྱེ་བཞིན་པ་བྱ་བ་ནི་ཡོད་པ་མ་ཡིན་ནོ། སྨྲས་པ། ཁྱོད་ཀྱིས་ཟློས་པ་བརྗོད་པར་རྟོགས་པར་བྱེད་དེ་གང་གི་ཕྱིར་ཁྱོད་སྣ་ཚོགས་པའི་དོན་ལ་ཡོད་པ་དང་མེད་པ་ཉིད་ཀྱིས་དགག་པ་བྱེད་ཀྱི་རྣམ་པ་གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་ཚར་གཅད་པའི་གནས་ཡིན་ནོ། །ཞེ་ན་བརྗོད་པར་བྱ་སྟེ། མ་ཡིན་ཏེ་སྔ་མ་ཕྱི་མ་དག་གཅིག་ཉིད་དང༌། གཞན་ཉིད་དུ་མེད་པའི་ཕྱིར་ཟློས་པ་བརྗོད་པ་ནི་མ་ཡིན་ནོ། །གལ་ཏེ་ཟློས་པ་བརྗོད་པར་འགྱུར་ན་གཅིག་གིས་སམ་གཞན་གྱིས་ཡིན་གྲང། སྔ་མ་དང་ཕྱི་མའི་ཚིག་དེ་ནི་གཅིག་ཉིད་ཀྱི་ཟློས་པ་བརྗོད་པ་སྲིད་པ་མ་ཡིན་ནོ། །ཇི་ལྟ་ཞེ་ན། གང་གི་ཕྱིར་བརྗོད་པ་དེའི་ཕྱིར་ཟློས་པ་བརྗོད་པ་མ་ཡིན་ཏེ། དེ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཡིན་པའི་ཕྱིར་ལན་བརྒྱར་བརྗོད་ཀྱང་ཇི་ལྟར་ཟློས་པར་འགྱུར། འོན་ཏེ་སྔ་མ་ལས་གཞན་ཡིན་ནོ་ཞེ་ན། དེ་ཡང་ཟློས་པ་བརྗོད་པར་མི་འགྱུར་ཏེ། གཞན་ཉིད་ཡིན་པའི་ཕྱིར་དང༌། སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་རོ། །སྒྲ་ཡང་བརྗོད་པ་སྔ་མ་གཞན་ཡིན་ལ། ཕྱི་མ་ཡང་དེ་དང་འདྲ་བར་གཞན་ཡིན་ནོ། །དེའི་ཕྱིར་ཟློས་པ་བརྗོད་པ་གཞན་ཡིན་ནོ། །གཞན་ཡང། ཚར་གཅད་པའི་གནས་ཀྱང་དེ་བཞིན་ནོ། །ཇི་ལྟར་སྐྱེས་པ་དང་མ་སྐྱེས་པ་གཉི་ག་མེད་པའི་ཕྱིར་ལྟག་ཆོད་མེད་པ་བཞིན་དུ་ཚར་གཅད་པའི་གནས་ཀྱང་མེད་པ་ཡིན་ནོ། །ཚར་གཅད་པའི་གནས་ཞེས་བྱ་བ་ཚར་གཅད་པ་ལས་འགྱུར་རམ་མ་གཅད་པ་ལས་འགྱུར་གྲང་ན། རྣམ་པ་གཉི་ག་ཡང་སྲིད་པ་མ་ཡིན་ཏེ། དེའི་ཕྱིར་དེ་ནི་མེད་དོ། །གཞན་ཡང༌། ཚར་གཅད་པའི་གནས་ལ་ནི་ཚར་གཅད་པ་མེད་དེ་བཅིངས་པ་བཞིན་ནོ། །ཚར་གཅད་པའི་གནས་ལ་ཡང་ཚར་གཅོད་པར་མི་འགྱུར་ཏེ། དཔེར་ན་བཅིངས་པའི་གནས་ན་གནས་པ་ཡང་གདོན་མི་ཟ་བར་བཅིངས་པར་འགྱུར་བ་མ་ཡིན་པས་ན་འདིའི་ངེས་པ་འདི་ཡོད་པ་མ་ཡིན་ནོ། །སྨྲས་པ། ཚད་མ་ལ་སོགས་པ་འགག་པར་བྱ་བ་བཞིན་དུ་དགག་པ་ཡང་མེད་པ་ཡིན་ནོ་ཞེ་ན་བརྗོད་པར་བྱ་སྟེ། གཉི་ག་ཁས་མ་བླངས་པའི་ཕྱིར་རོ། །དེ་མ་གྲུབ་ན་མ་གྲུབ་པ་ཁོ་ནར་ཟད་དོ། །


DTG096_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ཚད་མ་ལ་སོགས་པ་དག་མེད་པས་དགག་པ་ཡང་མེད་པ་ཡིན་ཏེ། དེ་ལྟ་བས་ན་གཉི་ག་ཡང་མ་གྲུབ་བོ་ཞེས་བྱ་བར་འདོད་ན། དེ་ཁོ་ན་བཞིན་དུ་བརྗོད་པ་ཡིན་ནོ། །མངོན་པར་བརྗོད་པ་ནི་མེད་པ་ཉིད་དོ། །གཅིག་ཉིད་དང་གཞན་ཉིད་དང་གཉི་ག་མེད་པའི་ཕྱིར་དངོས་པོ་ཐམས་ཅད་མེད་པར་ཁས་བླངས་པ་ཡིན་ནོ། །དེ་ལྟ་བས་ན་དངོས་པོ་མེད་པར་མངོན་པར་བརྗོད་པར་བྱ་བ་དང༌། མངོན་པར་བརྗོད་པ་ཡང་མེད་པ་ཡིན་ནོ། །དེའི་ཕྱིར་མྱ་ངན་ལས་འདས་པ་དང་བྱང་གྲོལ་ཞེས་བྱ་བ་དག་དོན་གཞན་ཉིད་ནི་མ་ཡིན་ནོ། །ཚད་མ་ལ་སོགས་པ་ཚིག་གིས་དོན་བཅུ་དྲུག་སེལ་བར་བྱེད་པ་ཞིབ་མོ་རྣམ་པར་འཐག་པའི་རབ་ཏུ་བྱེད་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཡོན་ཏན་གྲགས་པའི་བཀས། ཁ་ཆེའི་པཎྜི་ཏ་ཛ་ཡ་ཨཱ་ནནད་དང༌། བོད་ཀྱི་ལོ་ཙྪ་བ་ཆེན་པོ་ཤཱཀྱའི་དགེ་སློང་ཁུམྡོ་སྡེ་འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

སྟོང་པ་ཉིད་བདུན་ཅུ་པའི་འགྲེལ་པ།
འཕགས་པ་ཀླུ་སྒྲུབ།


DTG096_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤཱུཉ་ཏཱ་སྱ་ས་པྟ་ཏི་བྲྀ་ཏྟི། བོད་སྐད་དུ། སྟོང་པ་ཉིད་བདུན་ཅུ་པའི་འགྲེལ་པ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །གནས་པའམ་སྐྱེ་འཇིག་ཡོད་མེད་དམ། །དམན་པའམ་མཉམ་པའམ་ཁྱད་པར་ཅན། །སངས་རྒྱས་འཇིག་རྟེན་སྙན་དབང་གིས། །གསུང་གི་ཡང་དག་དབང་གིས་མིན། །གནས་པའམ་སྐྱེ་བའམ་འཇིག་པའམ། །ཡོད་པའམ་མེད་པའམ་དམན་པའམ། །མཉམ་པའམ་ཁྱད་པར་ཅན་ཡང་རུང་སྟེ། དེ་ཐམས་ཅད་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་སངས་རྒྱས་ཀྱིས་གསུང་གི་དེ་ཁོ་ནའི་དབང་གིས་ནི་མ་ཡིན་ནོ། །འདིར་སྨྲས་པ། བདག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་མངོན་པར་བརྗོད་པ་གང་ཡིན་པ་འདི་ཅི་ནས་མེད་པ་ཞིག་ཡིན་ནམ་བདག་མེད་དོ་སྙམ་པའི་བློ་དག་ཀྱང་འཇུག་པས་བདག་ནི་གདོན་མི་ཟ་བ་ཁོ་ནར་ཡོད་དོ། །འདིར་བཤད་པ། བདག་མེད་བདག་མེད་མིན་བདག་དང༌། བདག་མེད་མིན་པས་བརྗོད་འགའ་འང་མེད། །ཅིའི་ཕྱིར་ཞེ་ན། བརྗོད་པར་བྱ་བའི་ཆོས་རྣམས་


DTG096_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །མྱ་ངན་འདས་མཚུངས་རང་བཞིན་སྟོང༌། །འདིར་སྨྲས་པ། དངོས་པོ་ཐམས་ཅད་རང་བཞིན་སྟོང༌། །ཞེས་བྱ་བ་འདི་ཅི་ལྟར་རྒྱལ་པོའི་བཀའ་ཚིག་གམ། འོན་ཏེ་གང་གིས་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བ་དེ་ལྟར་ཁོང་དུ་ཆུད་པར་བྱ་བའི་རིགས་པ་འབའ་ཞིག་ཡོད། འདིར་བཤད་པ། གང་ཕྱིར་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་རྒྱུ་རྐྱེན་ཚོགས་པའམ། །སོ་སོ་རྣམས་ལའམ་ཐམས་ཅད་ལ། །ཡོད་མིན་དེ་ཕྱིར་སྟོང་པ་ཡིན། །གང་གི་ཕྱིར་དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྒྱུའི་རྐྱེན་རྣམས་སམ། རྒྱུ་རྐྱེན་ཚོགས་པའམ། དངོས་པོ་ཐམས་ཅད་ལ་རུང་སྟེ། ཐམས་ཅད་ལ་ཡོད་པ་མ་ཡིན་པ་དེའི་ཕྱིར་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་སྨྲའོ། །གཞན་ཡང༌། ཡོད་པ་ཡོད་ཕྱིར་སྐྱེ་མ་ཡིན། །མེད་པ་མེད་པའི་ཕྱིར་མ་ཡིན། །ཆོས་མི་མཐུན་ཕྱིར་ཡོད་མེད་མིན། །སྐྱེ་བ་མེད་ཕྱིར་གནས་འགག་མེད། །དངོས་པོ་ཡོད་པའི་ཕྱིར་རྒྱུ་ལས་སྐྱེ་བར་མི་འགྱུར་ཏེ། ཡོད་པ་ནི་ཡོད་བཞིན་པ་ཞེས་བཤད་པས་སོ། །མེད་པ་ནི་མེད་པའི་ཕྱིར་རྒྱུ་ལས་སྐྱེ་བ་མེད་དོ། །ཡོད་མེད་ནི་མི་འདྲ་བའི་ཕྱིར་སྐྱེ་བ་མ་ཡིན་ཏེ་ཕན་ཚུན་འགལ་ལོ། །འདི་ལྟར་ཡོད་པ་དང་མེད་པ་དག་ནི་ཕན་ཚུན་འགལ་བའི་ཆོས་ཅན་ཡིན་པས་ཆོས་མི་མཐུན་པའི་ཕྱིར་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་གལ་སྤྱི། སྐྱེ་བ་མེད་པའི་ཕྱིར་གནས་པ་དང་འགག་པ་ཡང་མེད་དོ། །འདིར་སྨྲས་པ། འདུས་བྱས་ཀྱི་མཚན་ཉིད་གསུམ་པོ་སྐྱེ་བ་དང༌། གནས་པ་དང༌། འཇིག་པ་དང་ལྡན་པར་གསུངས་ལ། སྐྱེ་བའི་ཚེ་སྐྱེ་བ་ཡང་སྟོན་ཏེ། དེ་ལྟ་བས་ན་འགའ་ཞིག་ལས་འདུས་བྱས་སྐྱེ་བ་ཡོད་དོ། །འདིར་བཤད་པ། སྐྱེས་པ་བསྐྱེད་པར་བྱ་བ་མིན། །མ་སྐྱེས་པ་ཡང་བསྐྱེད་བྱ་མིན། །སྐྱེ་བའི་ཚེ་ཡང་བསྐྱེད་བྱ་མིན། །སྐྱེ་དང་མ་སྐྱེས་པ་ཡི་ཕྱིར། །རེ་ཞིག་སྐྱེས་པ་ནི་བསྐྱེད་པར་བྱ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྐྱེས་ཟིན་པའི་ཕྱིར་ཏེ། སྐྱེས་ཟིན་པ་ནི་བསྐྱེད་པར་བྱ་བ་མ་ཡིན་ནོ། །མ་སྐྱེས་པ་ཡང་བསྐྱེད་པར་བྱ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མ་སྐྱེས་པའི་ཕྱིར་རོ། །གང་མ་སྐྱེས་པ་དེ་ནི་བསྐྱེད་པར་བྱ་བ་མ་ཡིན་ཏེ། བྱ་བ་དང་བྲལ་བ་དང༌།


DTG096_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་མེད་པ་དང༌། ཡོད་པ་མ་ཡིན་པ་དེའི་ཕྱིར་བསྐྱེད་པར་བྱ་བ་མ་ཡིན་ནོ། །སྐྱེ་བའི་ཚེ་ཡང་བསྐྱེད་པར་བྱ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ནི་སྐྱེད་བ་དང་མ་སྐྱེས་བར་ཟད་ལ། །སྐྱེས་པ་དང་མ་སྐྱེས་པ་གང་ཡིན་པ་དེ་ཡང་སྔར་བཤད་པའི་རིམ་པ་ཁོ་ནས་བསྐྱེད་པར་བྱ་བ་མ་ཡིན་ཏེ། དེ་ལ་རེ་ཞིག་སྐྱེས་པ་ནི་སྐྱེས་ཟིན་པའི་ཕྱིར་བསྐྱེད་པར་བྱ་བ་མ་ཡིན་ནོ། །མ་སྐྱེས་པ་གང་ཡིན་པ་དེ་ཡང་མ་སྐྱེས་པའི་ཕྱིར་དང༌། སྐྱེ་བའི་བྱ་བ་དང་བྲལ་བའི་ཕྱིར་དང༌། མཐུ་མེད་པའི་ཕྱིར་དང༌། མེད་པའི་ཕྱིར་བསྐྱེད་པར་བྱ་བ་མ་ཡིན་ནོ། །དེ་ལྟ་བས་ན་གང་གི་ཕྱིར་སྐྱེས་པ་དང་མ་སྐྱེས་པ་ལས་མ་གཏོགས་པ་གཞན་གསུམ་པ་སྐྱེ་བའི་ཚེ་དེ་ནི་ཅི་ཡང་མེད་པ་དེའི་ཕྱིར་ཡང་བསྐྱེད་པར་བྱ་བ་མ་ཡིན་ནོ། །གཞན་ཡང༌། རྒྱུ་མི་འཐད་པའི་ཕྱིར་ཡང་སྐྱེ་བ་མེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འབྲས་ཡོད་འབྲས་དང་ལྡན་པའི་རྒྱུ། །དེ་མེད་ན་ནི་རྒྱུ་མིན་མཚུངས། །ཡོད་མིན་མེད་པ་ཡིན་ན་འགལ། །དུས་གསུམ་རྣམས་སུ་འཐད་མ་ཡིན། །འབྲས་བུ་ཡོད་ན་འབྲས་བུ་དང་ལྡན་པ་དེ་རྒྱུ་ཡིན་ནོ། །འབྲས་བུ་དེ་མེད་ན་ནི་རྒྱུ་མ་ཡིན་པ་དང་མཚུངས་པར་འགྱུར་རོ། །འབྲས་བུ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་ནི་འགལ་ཏེ། །མེད་པ་དང་ཡོད་པ་དུས་གཅིག་ཁོ་ན་ནི་ཡོད་པ་ནི་མ་ཡིན་ནོ། །གཞན་ཡང༌། དུས་གསུམ་དུ་ཡང་རྒྱུར་འཐད་པ་མ་ཡིན་ནོ། །ཇི་ལྟ་ཞེ་ན། རེ་ཞིག་གལ་ཏེ་རྒྱུ་སྔ་བར་བརྟགས་ན་ནི་གང་གི་རྒྱུ་ཡིན། འོན་ཏེ་ཕྱི་མར་བརྟགས་ན་ནི་གྲུབ་ཟིན་པ་ལ་རྒྱུ་ཅི་དགོས། འོན་ཏེ་རྒྱུ་དང་འབྲས་བུ་ཅིག་ཅར་ཡིན་པར་བརྟགས་ན་ནི་རྒྱུ་དང་འབྲས་བུ་ཅིག་ཅར་སྐྱེས་པ་གཉིས་གང་གི་རྒྱུ་གང་ཡིན། གང་གི་འབྲས་བུ་གང་ཡིན། དེ་ལྟར་དུས་གསུམ་ཅར་དུ་ཡང་རྒྱུར་མི་འཐད་དོ། །འདིར་སྨྲས་པ། གྲངས་འཐད་པའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་མ་ཡིན་ཏེ། གཅིག་དང་གཉིས་དང་མང་པོ་ཞེས་བྱ་བའི་གྲངས་གང་དག་ཡིན་པ་འདི་ནི་ཡོད་དོ། །གྲངས་ཀྱང་དངོས་པོ་རྣམས་ཡོད་ན་འཐད་པས་དེའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་མ་ཡིན་ནོ། །འདིར་བཤད་པ། གཅིག་མེད་པར་ནི་མང་པོ་དང༌། །མང་


DTG096_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མེད་པར་གཅིག་མི་འཇུག །དེ་ཕྱིར་བརྟེན་ནས་དངོས་པོ་རྣམས། །འབྱུང་བ་མཚན་མ་མེད་པ་ཡིན། །གང་གི་ཕྱིར་གཅིག་མེད་ན་མང་པོ་མི་འཇུག་ལ་མང་པོ་མེད་ན་ཡང་གཅིག་མི་འཇུག་པ་དེའི་ཕྱིར་དངོས་པོ་རྣམས་ནི་བརྟེན་ནས་འབྱུང་བ་ཡིན་ལ། དེ་ཉིད་ཀྱི་ཕྱིར་མཚན་མ་མེད་པ་ཡིན་ནོ། །འདིར་སྨྲས་པ། མདོ་སྡེ་ལས། རྟེན་ཅིང་འབྲེལ་པར་འབྱུང་བ་སྡུག་བསྔལ་གྱི་འབྲས་བུ་ཅན་ཡང་རྒྱས་པར་བསྟན་ཅིང་ལུང་འབོགས་པར་བྱེད་པའི་སློབ་དཔོན་རྣམས་ཀྱིས་ཀྱང་སེམས་གཅིག་དང་སེམས་ཐ་དད་པ་ལ་བསྟན་ཏེ། དེ་ལྟ་བས་ན་དངོས་པོ་ཐམས་ཅད་སྟོང་པ་མ་ཡིན་ནོ། །འདིར་བཤད་པ། རྟེན་འབྱུང་ཡན་ལག་བཅུ་གཉིས་གང༌། །སྡུག་བསྔལ་འབྲས་ཅན་དེ་མ་སྐྱེས། །སེམས་གཅིག་ལ་ཡང་མི་འཐད་ལ། །དུ་མ་ལ་ཡང་མི་འཐད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལ་སྡུག་བསྔལ་འབྲས་བུ་ཅན་གང་ཡིན་པ་དེ་ནི་མ་སྐྱེས་པའོ། །དེ་ནི་སེམས་གཅིག་ལ་ཡང་མི་འཐད་ལ། མང་པོ་ལ་ཡང་མི་འཐད་དེ། གང་གི་ལྟར་ན་སེམས་གཅིག་ཡིན་པ་དེའི་ལྟར་ན་འབྲས་བུ་རྒྱུ་དང་ལྷན་ཅིག་སྐྱེས་པར་འགྱུར་རོ། །གང་གི་ལྟར་ན་སེམས་ཐ་དད་པ་ཡིན་པ་དེའི་ལྟར་ན་ཡང་ཡན་ལག་སྔ་མ་སྔ་མ་ཞིག་པ་ཕྱི་མ་ཕྱི་མའི་རྒྱུ་མ་ཡིན་ནོ། །དེ་ལྟ་བས་ན་གཉི་ག་ལྟར་ཡང་མི་འཐད་པ་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་མ་སྐྱེས་པ་ཡིན་ནོ། །ཅིའི་ཕྱིར་མི་སྐྱེ་ཞེ་ན། འདི་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་མ་རིག་པའི་རྒྱུ་ལས་བྱུང་བར་བརྟགས་ལ། མ་རིག་པ་དེ་ཡང་རྐྱེན་ཕྱིན་ཅི་ལོག་པར་སྟོན་ཏེ། ཕྱིན་ཅི་ལོག་དེ་དག་ཀྱང་རང་བཞིན་གྱིས་སྟོང་པ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། མི་རྟག་རྟག་མིན་བདག་མེད་པ། །བདག་མིན་མི་གཙང་གཙང་མ་ཡིན། །སྡུག་བསྔལ་བདེ་བ་མ་ཡིན་ཏེ། །དེ་ཕྱིར་ཕྱིན་ཅི་ལོག་རྣམས་མེད། །མི་རྟག་པ་ནི་རྟག་པ་མེད་པའོ། །རྟག་པ་མེད་ན་དེའི་གཉེན་པོར་གྱུར་པ་མི་རྟག་པ་ཡང་མེད་དོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་སྦྱོར་རོ། །དེ་ལྟ་བས་ན་ཕྱིན་ཅི་ལོག་རྣམས་མེད་དོ། །དེ་མེད་ན་ནི་ཕྱིན་ཅི་ལོག །བཞི་ལས་སྐྱེས་པའི་མ་རིག་མེད། །དེ་མེད་ན་ནི་འདུ་བྱེད་རྣམས། །མི་འབྱུང་ལྷག་མའང་དེ་བཞིན་


DTG096_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཕྱིན་ཅི་ལོག་དེ་དག་མེད་ན་དེ་ལས་སྐྱེས་པའི་མ་རིག་པ་མེད་ལ། མ་རིག་པ་མེད་ན་འདུ་བྱེད་རྣམས་མི་འབྱུང་སྟེ། ལྷག་མ་ཡང་དེ་དང་འདྲའོ། །གཞན་ཡང༌། མ་རིག་འདུ་བྱེད་མེད་མིན་འབྱུང༌། །དེ་མེད་འདུ་བྱེད་མི་འབྱུང་བས། །དེ་གཉིས་ཕན་ཚུན་རྒྱུ་ཕྱིར་ཡང༌། །རང་བཞིན་གྱིས་ནི་མ་གྲུབ་མིན། །གང་ཞིག་བདག་ཉིད་རང་བཞིན་གྱིས། །མ་གྲུབ་དེ་བཞིན་ཇི་ལྟར་བསྐྱེད། །དེ་ལྟ་བས་ན་ཕ་རོལ་པོ། །མ་གྲུབ་རྐྱེན་གཞན་སྐྱེད་པ་མིན། །རེ་ཞིག་མ་རིག་པ་ནི་འདུ་བྱེད་མེད་ན་མི་འབྱུང་ངོ༌། །མ་རིག་པ་དེ་མེད་པར་ཡང་འདུ་བྱེད་རྣམས་མི་འབྱུང་སྟེ། དེ་གཉིས་ནི་ཕན་ཚུན་རྒྱུ་ལས་བྱུང་བ་ཡིན་པའི་ཕྱིར་ཡང་རང་བཞིན་གྱིས་མ་གྲུབ་པ་ཡིན་ནོ། །གང་ཞིག་བདག་ཉིད་རང་བཞིན་གྱིས་མ་གྲུབ་པ་དེས་གཞན་ཇི་ལྟར་བསྐྱེད། དེ་ལྟ་བས་ན་ཕ་རོལ་མ་གྲུབ་པའི་རྐྱེན་རྣམས་ནི་གཞན་སྐྱེད་པར་བྱེད་པ་དག་མ་ཡིན་ནོ། །གཞན་ཡང༌། ཕ་བུ་མ་ཡིན་བུ་ཕ་མིན། །དེ་གཉིས་ཕན་ཚུན་མེད་མིན་ལ། །དེ་གཉིས་ཅིག་ཅར་ཡང་མིན་ལྟར། །ཡན་ལག་བཅུ་གཉིས་དེ་བཞིན་ནོ། །རེ་ཞིག་ཕ་ཡང་བུ་མ་ཡིན་ལ་བུ་ཡང་ཕ་མ་ཡིན་ནོ། །དེ་གཉིས་ཕན་ཚུན་མེད་པ་ཡང་མ་ཡིན་ལ། དེ་གཉིས་ཅིག་ཅར་ཡང་མ་ཡིན་ནོ། །ཇི་ལྟར་རིམ་པ་འདིས་ཕ་དང་བུ་དག་མ་གྲུབ་པ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱང་དེ་དང་འདྲའོ། །གཞན་ཡང༌། རྨི་ལམ་ཡུལ་བརྟེན་བདེ་སྡུག་དང༌། །ཡུལ་དེའང་མེད་ལྟར་བརྟེན་ནས་གང༌། །འབྱུང་བ་དེ་ཡང་དེ་བཞིན་མེད། །བརྟེན་ནས་གང་ཡིན་དེ་ཡང་མེད། །དཔེར་ན་རྨི་ལམ་ན་ཡུལ་ལ་བརྟེན་པའི་བདེ་བ་དང་སྡུག་བསྔལ་མེད་པ་དང༌། ཇི་ལྟར་ཡུལ་ཡང་ཡོད་པ་མ་ཡིན་པ་དེ་ལྟར་བརྟེན་ནས་བྱུང་བ་གང་ཡིན་པ་དེ་དང༌། བརྟེན་ནས་གང་ཡིན་པ་དེ་ཡང་དེ་བཞིན་དུ་མེད་དོ། །འདིར་སྨྲས་པ། གལ་ཏེ་དངོས་རྣམས་རང་བཞིན་གྱིས། །མེད་ན་དམན་མཉམ་ཁྱད་འཕགས་ཉིད། །ཡོད་མིན་སྣ་ཚོགས་ཉིད་མི་འགྲུབ། །རྒྱུ་ལས་མངོན་པར་གྲུབ་པ་མེད། །དེ་ལྟ་བས་ན་དངོས་པོ་རྣམས་རང་བཞིན་གྱིས་མེད་དོ། །ཞེས་བྱ་བ་དེ་ནི་མི་རུང་ངོ༌། །འདིར་བཤད་པ། རང་བཞིན་


DTG096_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བརྟེན་དངོས་མིན་འགྱུར། །མ་བརྟེན་པར་ཡང་ག་ལ་ཡོད། །རང་བཞིན་མེད་ཉིད་མི་འགྱུར་ཞིང༌། །རང་བཞིན་ཡོད་པ་མི་འཇིག་གོ །གལ་ཏེ་དངོས་པོ་རྣམས་རང་བཞིན་གྱིས་ཡོད་པར་གྱུར་ན་བརྟེན་ནས་དངོས་པོར་མི་འགྱུར་རོ། །དེ་ལ་འདི་སྙམ་དུ་མ་བརྟེན་པར་ཡང་དངོས་པོ་ཡིན་དུ་ཟད་མོད་སྙམ་དུ་སེམས་ན། འདིར་བཤད་པ། མ་བརྟེན་པར་ཡང་ག་ལ་ཡོད། །མ་བརྟེན་པར་ཡང་དངོས་པོར་མི་འགྱུར་རོ། །གལ་ཏེ་མ་བརྟེན་པར་ཡང་དངོས་པོ་ཞིག་ཏུ་འགྱུར་ན་རང་བཞིན་མེད་པ་ཉིད་དུ་མི་འགྱུར་ཞིང༌། རང་བཞིན་ཡོད་པར་ནི་འཇིག་པར་ཡང་མི་འགྱུར་ཏེ། མེད་པར་ཡང་མི་འགྱུར་རོ། །ཞེས་བཤད་པ་ཡིན་ནོ། །འདིར་སྨྲས་པ། རང་གི་དངོས་པོ་དང༌། གཞན་གྱི་དངོས་པོ་དང༌། དངོས་པོ་མེད་པ་ཞེས་བྱ་བའི་བློ་འདི་རྟེན་མེད་པ་མ་ཡིན་ཏེ། དེ་ལྟ་བས་ན་དངོས་པོ་རྣམས་སྟོང་པ་མ་ཡིན་ནོ། །འདིར་བཤད་པ། མེད་ལ་རང་གི་དངོས་པོའམ།། གཞན་དངོས་འཇིག་པར་ག་ལ་འགྱུར། །དེ་ཕྱིར་གཞན་དངོས་དངོས་མེད་དང༌། །དངོས་དང་རང་དངོས་ལོག་པ་ཡིན། །མེད་པ་ལ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་པ་ལ་ཞེས་བཤད་པ་ཡིན་ཏེ། མེད་པ་དེ་ལ་རང་གི་དངོས་པོ་ཞེས་བྱ་བའམ། གཞན་གྱི་དངོས་པོ་ཞེས་བྱ་བའམ། འཇིག་པ་ཞེས་བྱ་བར་ལྟ་ག་ལ་འགྱུར། །དེའི་ཕྱིར་རང་གི་དངོས་པོ་དང༌། །གཞན་གྱི་དངོས་པོ་དང༌། དངོས་པོ་མེད་པ་དང༌། དངོས་པོ་དང་རང་གི་དངོས་པོ་ནི་ལོག་པ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་དངོས་པོ་སྟོང་ཡིན་ན། །འགག་པར་མི་འགྱུར་སྐྱེ་མི་འགྱུར། །ངོ་བོ་ཉིད་ཀྱིས་སྟོང་པ་ལ། །གང་ལ་འགག་ཅིང་གང་ལ་སྐྱེ། །གལ་ཏེ་དངོས་པོ་རང་བཞིན་གྱིས་སྟོང་པ་ཡིན་དུ་ཟིན་ན་འགག་པར་མི་འགྱུར་ཞིང༌། སྐྱེ་བར་ཡང་མི་འགྱུར་རོ། །ཅི་སྟེ་རང་བཞིན་གྱིས་སྟོང་པ་ལ་སྐྱེ་བ་དང་འགག་པར་འདོད་ན་ནི། འདིར་ངོ་བོ་ཉིད་ཀྱིས་སྟོང་པ་ལ་གང་ལ་འགག་ཅིང་གང་ལ་སྐྱེ་ཞེས་སྨྲའོ། །འདིར་བཤད་པ། ཆོས་ཐམས་ཅད་ནི་སྟོང་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་དང་དངོས་མེད་ཅིག་ཅར་མེད། །དངོས་མེད་མེད་པར་དངོས་པོ་མེད། །རྟག་ཏུ་དངོས་དང་དངོས་མེད་འགྱུར། །དངོས་མེད་དངོས་པོ་མེད་མི་འབྱུང༌། །དངོས་པོ་དང་དངོས་པོ་མེད་


DTG096_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་ཅིག་ཅར་བ་ཡང་མེད་དོ། །ཇི་སྐད་དུ་བཤད་པ་ཡིན་ཞེ་ན། དངོས་པོ་དག་དངོས་པོ་མེད་པ་གཉིས་དུས་གཅིག་ན་མི་སྲིད་དོ་ཞེས་བཤད་པ་ཡིན་ནོ། །དེ་ལ་འདི་སྙམ་དུ་དངོས་པོ་གཅིག་པུ་ཡིན་དུ་ཟད་མོད་སྙམ་དུ་སེམས་ན་འདིར་བཤད་པ། དངོས་མེད་མེད་པར་དངོས་པོ་མེད། །གང་གི་ཕྱིར་དངོས་པོ་མེད་པར་དངོས་པོ་མི་འཐད་དོ། །མི་རྟག་པ་ཉིད་མེད་པར་དེ་མེད་དོ། །གཞན་ཡང༌། རྟག་ཏུ་དངོས་དང་དངོས་མེད་འགྱུར། །རྟག་ཏུ་དངོས་པོ་དང་མི་རྟག་པ་ཉིད་དུ་འགྱུར་རོ། །དེ་ལ་འདི་སྙམ་དུ་དེ་འདི་ལྟར་ཡིན་ཏེ། རྟག་ཏུ་དངོས་པོ་མི་རྟག་པ་ཉིད་ནི་རྟག་ཏུ་དངོས་པོའི་རྗེས་སུ་འབྲེལ་ལ། སྐྱེ་བའི་ཚེ་འམ་གནས་པའི་ཚེ་ནི་ལས་མི་བྱེད་ཀྱི་དངོས་པོ་འཇིག་པའི་དངོས་པོ་འཇིག་པར་བྱེད་དོ་སྙམ་དུ་སེམས་ན། འདིར་བཤད་པ། དངོས་མེད་དངོས་པོ་མེད་མི་འབྱུང༌། །དངོས་པོ་མེད་པར་དངོས་པོ་མེད་པ་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་འཇིག་པ་མེད་ན་འཇིག་པའི་མཚན་ཉིད་མི་རྟག་པ་ཉིད་མི་རུང་སྟེ། མི་འཇིག་ན་མི་རྟག་པ་ཉིད་ཅེས་བྱ་བ་མི་འཐད་པ་ཉིད་ཀྱི་ཕྱིར་རྟག་ཏུ་དངོས་པོ་མེད་པ་ཁོ་ནར་འགྱུར་རོ། །འདིར་སྨྲས་པ། དངོས་པོ་མེད་པ་གཅིག་པུ་ཡིན་དུ་ཟད་མོད། འདིར་བཤད་པ། དངོས་པོ་མེད་པར་དངོས་མེད་མེད། །བདག་ལས་མ་ཡིན་གཞན་ལས་མིན། །དེ་ལྟ་བས་ན་དངོས་པོ་མེད། །དེ་མེད་ན་ནི་དངོས་མེད་མེད། །དངོས་པོ་མེད་པར་ནི་དངོས་པོ་མེད་པ་མེད་ལ། དངོས་པོ་དེ་ཡང་བདག་ལས་མ་ཡིན་གཞན་ལས་མ་ཡིན་ནོ། །དེ་ལྟ་བས་ན་གང་གི་ཕྱིར་རིགས་པ་འདིས་ཡོད་པ་མ་ཡིན་པ་དེའི་ཕྱིར་དངོས་པོ་མེད་པ་ནི་མ་སྐྱེས་པ་ཡིན་ནོ། །ཞེས་བཤད་པ་ཡིན་ནོ། །དེ་མེད་ན་ནི་དངོས་པོ་མེད། །དངོས་པོ་དེ་མེད་ན་དངོས་པོ་དེ་མེད་པ་ཡང་མེད་དོ། །དེའི་དངོས་པོ་མེད་པའང་མི་སྲིད་དོ་ཞེས་བཤད་པ་ཡིན་ནོ། །གཞན་ཡང༌། དངོས་པོ་ཡོད་པ་ཉིད་ན་རྟག །མེད་ན་ངེས་པར་ཆད་པ་ཡིན། །དངོས་པོ་ཡོད་ན་དེ་གཉིས་མིན། །དེ་ཕྱིར་དངོས་པོ་ཁས་བླངས་མིན། །གང་གི་ཕྱིར་དངོས་པོ་ཡོད་པ་ཉིད་ཡོད་ན་རྟག་པར་ཐལ་བར་འགྱུར་རོ། །མེད་པ་ཉིད་ན་ནི་ངོས་པར་ཆད་པར་ཐལ་བར་འགྱུར་ཏེ། དངོས་པོ་ཡོད་ན་དེ་


DTG096_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་ཐལ་བར་འགྱུར་བས་དེའི་ཕྱིར་དངོས་པོ་ཁས་བླང་བར་མི་བྱའོ། །འདིར་སྨྲས་པ། རྒྱུན་གྱི་ཕྱིར་ན་དེ་མེད་དེ། །རྒྱུ་བྱིན་ནས་ནི་དངོས་པོ་དགག །སྐྱེ་བ་དང་འཇིག་པའི་རྒྱུན་གྱི་ཕྱིར་རྟག་པ་དང་ཆད་པ་འདི་གཉི་གར་མི་འགྱུར་ཏེ། རྒྱུ་བྱིན་ནས་དངོས་པོ་འགག་པར་འགྱུར་རོ། །འདིར་བཤད་པ། སྔ་མ་བཞིན་དུ་འདི་མ་གྲུབ། །རྒྱུན་ཆད་པ་ཡི་ཉེས་པའང་ཡོད། །ཁོ་བོ་ཅག་ནི་སྔར་དངོས་པོ་དང་དངོས་པོ་མེད་པ་གཉིས་ཅིག་ཅར་དུ་མི་སྲིད་དོ། །ཞེས་བརྟགས་ཟིན་ཏེ། དེའི་ཕྱིར་རྒྱུན་ཞེས་ཁས་ལེན་པ་གང་ཡིན་པ་དེ་ཡང་སྔ་མ་ཁོ་ན་བཞིན་དུ་མ་གྲུབ་པ་ཡིན་ནོ། །གཞན་ཡང༌། རྒྱུན་ཆད་པའི་ཉེས་པའང་ཡོད་པར་ཐལ་བར་འགྱུར་རོ། །འདིར་སྨྲས་པ། སྐྱེ་འཇིག་གཟིགས་པས་མྱ་ངན་འདས། །ལམ་བསྟན་སྟོང་ཉིད་ཕྱིར་མ་ཡིན། །སྐྱེ་བ་དང་འཇིག་པ་གཟིགས་ནས། མྱ་ངན་ལས་འདས་པའི་ལམ་བསྟན་གྱི། སྟོང་པ་ཉིད་ཀྱི་ཕྱིར་ནི་མ་ཡིན་ནོ། །འདིར་བཤད་པ། འདི་དག་ཕན་ཚུན་བཟློག་ཕྱིར་དང༌། །ལོག་པའི་ཕྱིར་ན་མཐོང་བ་ཡིན། །རེ་ཞིག་བཤད་པ་འདི་ནི་གང་མ་སྐྱེས་པ་ཤེས་པ་དེའི་མ་ཡིན་གྱི། གང་སྐྱེ་བ་དང་འཇིག་པ་མཐོང་གི་སྐྱེ་བ་དེ་ཡང་འཇིག་པ་ལས་བཟློག་པར་མཐོང༌། འཇིག་པ་ལས་སྐྱེ་བ་ལས་བཟློག་པར་མཐོང་བ་དེའི་སྐྱེ་བ་དང༌། འཇིག་པ་འདི་གཉིས་ཕན་ཚུན་བཟློག་པ་ཡིན་པའི་ཕྱིར་དང༌། ཤེས་པ་ཡང་བཟློག་པ་ཡིན་པའི་ཕྱིར་སྐྱེ་བ་དང་འཇིག་པར་མཐོང་བ་ཡིན་ནོ། །གང་གི་ཕྱིར་སྐྱེ་བ་ལ་བརྟེན་ནས་འཇིག་པ་དང༌། འཇིག་པ་ལ་བརྟེན་ནས་སྐྱེ་བ་ཡིན་པ་དེའི་ཕྱིར་ཡང་སྟོང་པ་ཉིད་ཁོ་ན་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་སྐྱེ་དང་འགག་མེད་ན། །གང་ཞིག་འགག་ཕྱིར་མྱ་ངན་འདས། །གལ་ཏེ་སྐྱེ་བ་ཡང་མེད་འགག་པ་ཡང་མེད་ན་གང་ཞིག་འགག་པའི་ཕྱིར་མྱ་ངན་ལས་འདས་པར་འགྱུར། འདིར་བཤད་པ། གང་ཞིག་རང་བཞིན་སྐྱེ་མེད་ཅིང༌། །འགག་མེད་དེ་ཐར་མ་ཡིན་ནམ། །གང་རང་བཞིན་གྱིས་སྐྱེ་བ་མེད་པ་ཡང་འགག་པ་མེད་པ་དེ་ཐར་པ་མ་ཡིན་ནམ། གཞན་ཡང༌། གལ་ཏེ་མྱང་འདས་འགོག་ཆ་དང༌། །གལ་ཏེ་ཅིག་ཤོས་ལྟར་བརྟག་པ། །དེ་ཕྱིར་དངོས་དང་དངོས་མེད་མིན། །


DTG096_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མེད་འགག་པའང་མེད་པ་ཡིན། །གལ་ཏེ་མྱ་ངན་ལས་འདས་པ་འགོག་པ་ཡིན་ན་ཆད་པར་ཐལ་བར་འགྱུར་རོ། །ཇི་ལྟར་འགོག་པ་མ་ཡིན་ན་ནི་རྟག་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་པོ་མེད་པ་མ་ཡིན་གྱི། སྐྱེ་བ་མེད་ཅིང་འགག་པ་མེད་པ་དེ་ལྟ་བུ་མྱ་ངན་ལས་འདས་པ་ཡིན་ནོ། །འདིར་སྨྲས་པ། འགོག་པ་ནི་ཡོད་དེ་དེ་ཡང་རྟག་ཏུ་གནས་པ་ཡིན་ནོ་ཞེ་ན། འདིར་བཤད་པ། གལ་ཏེ་འགོག་པ་འགའ་གནས་ཡོད། །དངོས་མེད་པར་ཡང་དེར་འགྱུར་རོ། །གལ་ཏེ་འགོག་པ་འགའ་ཞིག་གནས་པར་འགྱུར་ན་དེའི་ཚེ་དངོས་པོ་མེད་པར་ཡང་འགྱུར་ཏེ། མ་བརྟེན་པར་ཡང་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །དེ་ཡང་རིགས་པ་མ་ཡིན་ཏེ། །དངོས་མེད་པར་ཡང་དེ་མེད་དེ། །དངོས་མེད་མེད་པར་ཡང་དེ་མེད། །དངོས་པོ་མེད་པ་དང་དངོས་པོ་མེད་པ་གཉི་ག་ལྟར་ཡང་འགོག་པ་དེ་མེད་དོ། །ཇི་སྐད་དུ་བཤད་པ་ཡིན་ཞེ་ན། མཚན་གཞི་ལས་མཚན་གྲུབ་མཚན་ལས། །མཚན་གཞི་གྲུབ་སྟེ་རང་མ་གྲུབ། །གཅིག་ལས་གཅིག་ཀྱང་མ་གྲུབ་སྟེ། །མ་གྲུབ་མ་གྲུབ་སྒྲུབ་བྱེད་མིན། །མཚན་ཉིད་ཀྱང་མཚན་གཞི་ལས་གྲུབ་ལ། མཚན་གཞི་ཡང་མཚན་ཉིད་ལས་གྲུབ་པ་ལས་རང་གི་གྲུབ་པ་མ་ཡིན་ནོ། །གཅིག་ལས་གཅིག་ཀྱང་མ་གྲུབ་སྟེ། །ཕན་ཚུན་དུ་ཡང་མ་གྲུབ་བོ། །ཞེས་བཤད་པ་ཡིན་ནོ། །གང་གི་ཕྱིར་རིམ་པ་འདིས་མཚན་གཞི་དང་མཚན་ཉིད་གཉིས་གྲུབ་པ་མེད་པ་དེའི་ཕྱིར་མཚན་གཞི་དང་མཚན་ཉིད་མ་གྲུབ་སྟེ། དངོས་པོ་འདི་དག་གྲུབ་པར་བྱེད་པ་མ་ཡིན་ནོ། །འདིས་ནི་རྒྱུ་དང་འབྲས་བུ་དང༌། །ཚོར་བཅས་ཚོར་བ་པོ་སོགས་དང༌། །ལྟ་པོ་བལྟ་བྱ་སོགས་ཅིའང་རུང༌། །དེ་ཀུན་མ་ལུས་བཤད་པ་ཡིན། །འདིར་སྨྲས་པ། དུས་རིག་པ་དག་དུས་གསུམ་པ་དུ་མར་སེམས་ཏེ། དེ་ལྟ་བས་ན་དུས་ནི་ཡོད་དོ། །འདིར་བཤད་པ། མི་གནས་ཕན་ཚུན་གྲུབ་ཕྱིར་དང༌། །འཚོལ་ཕྱིར་བདག་ཉིད་མ་གྲུབ་ཕྱིར། །དངོས་པོ་མེད་ཕྱིར་དུས་གསུམ་ནི། །ཡོད་པ་མ་ཡིན་རྟོག་པ་ཙམ། །དུས་ནི་མ་གྲུབ་པོ། །ཅིའི་ཕྱིར་ཞེ་ན། མི་གནས་པའི་ཕྱིར་ཏེ། དུས་ནི་མི་གནས་པ་ཡིན་པ་ཡིན་པར་


DTG096_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པའོ། །གང་མི་གནས་པ་དེ་ནི་གཟུང་བར་མི་ནུས་སོ། །གང་གཟུང་དུ་མེད་པ་དེ་ཇི་ལྟར་གདགས་པར་འགྱུར། དེ་ལྟ་བས་ནམ་གྲུབ་བོ། །གཞན་ཡང༌། ཕན་ཚུན་གྲུབ་ཕྱིར་ཕན་ཚུན་ལས་གྲུབ་པར་བརྟག་པ་སྟེ། འདས་པ་ལ་བརྟེན་ནས་ད་ལྟར་དང་མ་འོངས་པ་སྒྲུབ་པར་བྱེད། ད་ལྟར་ལ་བརྟེན་ནས་འདས་པ་དང་མ་འོངས་པ་སྒྲུབ་པར་བྱེད། མ་འོངས་པ་ལ་བརྟེན་ནས་ད་ལྟར་དང་འདས་པ་སྒྲུབ་པར་བྱེད་པས་གང་གི་ཕྱིར་བརྟེན་ནས་གྲུབ་པ་ཡིན་པར་བརྟག་པ་ཡིན་པ་དེའི་ཕྱིར་དུས་མ་གྲུབ་བོ། །དེ་ཉིད་ད་ལྟར་ལ་བརྟགས་ནས་ད་ལྟར་ཞེས་བྱ། དེ་ཉིད་མ་འོངས་པ་ལ་བརྟགས་ནས་འདས་པ་ཡིན་ལ། དེ་ཉིད་འདས་པ་ལ་བརྟགས་ནས་མ་འོངས་པ་ཡིན་ཏེ། གང་གི་ཕྱིར་དེ་ལྟར་འཚོལ་བ་ཡིན་པ་དེའི་ཕྱིར་མ་གྲུབ་པའོ། །གཞན་ཡང༌། བདག་ཉིད་མ་གྲུབ་པའི་ཕྱིར་དུས་འདི་ནི་བདག་ཉིད་ཀྱིས་མ་གྲུབ་པས་དེ་ལྟ་བས་ན་མ་གྲུབ་པ་ཡིན་ནོ། །གཞན་ཡང༌། དངོས་པོ་མེད་པའི་ཕྱིར་ཡོད་པ་ཡང་མ་ཡིན་ནོ། །དངོས་པོ་གྲུབ་ན་ནི་དུས་ཀྱང་གྲུབ་པར་འགྱུར་བ་ཞིག་ན། དངོས་པོ་དེ་ནི་བཙལ་ནས་རང་གི་ངོ་བོར་གྲུབ་པ་མེད་དོ། །དེའི་ཕྱིར་དུས་ནི་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པ་ཁོ་ན་སྟེ། རྣམ་པར་རྟོག་པ་ཙམ་འབའ་ཞིག་ཏུ་ཟད་དོ། །འདིར་སྨྲས་པ། འདུས་བྱས་ཐམས་ཅད་ནི་མཚན་ཉིད་གསུམ་པོ་སྐྱེ་བ་དང༌། གནས་པ་དང༌། འཇིག་པ་དང་ལྡན་པ་ཡིན་ལ། དེ་ལས་བཟློག་པ་ནི་འདུས་མ་བྱས་ཡིན་པར་གསུངས་ཏེ། དེ་ལྟ་བས་ན་འདུས་བྱས་དང་འདུས་མ་བྱས་ནི་ཡོད་དོ། །འདིར་བཤད་པ། གང་ཕྱིར་སྐྱེ་དང་གནས་དང་འཇིག །འདུས་བྱས་མཚན་ཉིད་འདི་གསུམ་མེད། །དེ་ཕྱིར་འདུས་བྱས་འདུས་མ་བྱས། །ཅི་ཡང་ཡོད་པ་མ་ཡིན་ནོ། །སྐྱེ་བ་དང་གནས་པ་དང་འཇིག་པ་གང་དག་འདུས་བྱས་ཀྱི་མཚན་ཉིད་དུ་གསུངས་པ་དེ་དག་དཔྱད་ན་མི་འཐད་པའི་ཕྱིར་མེད་དོ། །གང་གི་ཕྱིར་དེ་མེད་པ་དེའི་ཕྱིར་འདུས་བྱས་སམ། འདུས་མ་བྱས་པ་ཅི་ཡང་ཡོད་པ་མ་ཡིན་ནོ། །གཞན་ཡང༌། འདུས་བྱས་ཁས་བླངས་སུ་ཟིན་ཀྱང་གང་གི་ཕྱིར་དཔྱད་ན་མི་འཐད་པ་དེའི་ཕྱིར་མེད་དོ། །ཞེས་སྨྲའོ། །ཅིའི་ཕྱིར་ཞེ་ན། མ་ཞིག་མི་འཇིག་ཞིག་པའང་མིན། །གནས་པ་གནས་པ་མ་ཡིན་ཏེ། །མི་


DTG096_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཡང་གནས་མ་ཡིན། །སྐྱེས་བ་མི་སྐྱེ་མ་སྐྱེས་མིན། །འདི་ལ་སྐྱེས་པ་ཞིག་སྐྱེ་བར་འགྱུར་རམ། མ་སྐྱེས་པ་ཞིག་སྐྱེ་བར་འགྱུར་གྲང་ན། དེ་ལ་རེ་ཞིག་སྐྱེས་པ་ནི་སྐྱེ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྐྱེས་ཟིན་པའི་ཕྱིར་རོ། །མ་སྐྱེས་པའང་སྐྱེ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མ་སྐྱེས་པའི་ཕྱིར་རོ། །སྐྱེས་པ་དེ་ཉིད་གནས་པ་ཞིག་གནས་པའང༌། མི་གནས་པ་ཞིག་གནས་པར་འགྱུར་གྲང་ན། འདི་ལ་ཡང་གནས་པ་ནི་གནས་པ་མ་ཡིན་ཏེ། །གནས་ཟིན་པའི་ཕྱིར་རོ། །མི་གནས་པ་ཡང་གནས་པ་མ་ཡིན་ཏེ། །ཅིའི་ཕྱིར་ཞེ་ན། གནས་པར་མ་གྱུར་པའི་ཕྱིར་རོ། །ད་ནི་ཞིག་པ་ཞིག་འཇིག་པར་འགྱུར་བའམ། མ་ཞིག་འཇིག་པར་འགྱུར་གྲང་ན། །གཉིས་ཀ་ལྟར་ཡང་མི་འཐད་དོ། །གང་གི་ཕྱིར་འདུས་བྱས་ཁས་བླངས་སུ་ཟིན་ཡང་རིམ་པ་འདི་གསུམ་གྱིས་བཙལ་ན་མི་འཐད་པ་དེའི་འདུས་བྱས་མེད་དོ། །འདུས་བྱས་མེད་པའི་ཕྱིར་འདུས་མ་བྱས་ཀྱང་མི་སྲིད་དོ། །གཞན་ཡང༌། འདུས་བྱས་དང་ནི་འདུས་མ་བྱས། །དུ་མ་མ་ཡིན་གཅིག་མ་ཡིན། །ཡོད་མིན་མེད་མིན་ཡོད་མེད་མིན། །མཚམས་འདིར་རྣམ་པ་འདི་ཀུན་འདུས། །དཔྱད་ན་འདུས་བྱས་དང་འདུས་མ་བྱས་འདི་ནི་དུ་མ་ཡང་མ་ཡིན། གཅིག་ཀྱང་མ་ཡིན། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། ཡོད་མེད་ཀྱང་མ་ཡིན་ནོ། །མཚམས་འདིར་ཏེ་ངེས་པར་གཟུང་བ་འདིར་ནི་འདི་ཀུན་འདུས་ཏེ་མ་ལུས་པ་ཐམས་ཅད་འདུ་བ་ཞེས་བཤད་པ་ཡིན་ནོ། །ཐམས་ཅད་ནི་མཐའ་དག་གོ །འདི་གཉིས་ཀྱི་རྣམ་པ་རྣམས་བསྡུས་ཟིན་པར་རིག་པར་བྱའོ། །འདིར་སྨྲས་པ། ལས་གནས་པ་ནི་བཅོམ་ལྡན་གསུངས། །བླ་མ་ལས་བདག་འབྲས་བུ་དང༌། །སེམས་ཅན་ལས་བདག་བྱ་བ་དང༌། །ལས་རྣམས་ཆུད་ཟ་མིན་པར་གསུངས། །བཅོམ་ལྡན་འདས་ཀྱིས་མདོ་སྡེ་དག་ལས། ལས་དང་ལས་ཀྱི་འབྲས་བུ་ཡང་རྣམ་པ་དུ་མར་ཡོངས་སུ་བསྟན། ལས་རྣམས་འབྲས་བུ་མེད་པ་མ་ཡིན་པར་ཡང་གསུངས། ལས་རྣམས་ཆུད་མི་ཟ་བ་དང༌། །སེམས་ཅན་རྣམས་ནི་ལས་བདག་གིར་བྱ་བ་ཡིན་ནོ། །ཞེས་ཀྱང་གསུངས། དེ་ལྟ་བས་ན་ལས་དང་ལས་ཀྱི་འབྲས་བུ་ཡོད་དོ། །


DTG096_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བཤད་པ། གང་ཕྱིར་རང་བཞིན་མེད་བསྟན་པ། །དེ་ཕྱིར་དེ་མ་སྐྱེས་པ་ལས། །མི་འཇིག་བདག་འཛིན་དེ་ལས་སྐྱེ། །དེ་སྐྱེད་འཛིན་དེའང་རྣམ་རྟོག་ལས། །གང་གི་ཕྱིར་ལས་རང་བཞིན་མེད་པར་བསྟན་ཟིན་པ་དེའི་ཕྱིར། དེ་མ་སྐྱེས་པས་ནི་དེ་འཇིག་པ་མེད་དོ། །གཞན་ཡང༌། བདག་འཛིན་དེ་ལས་སྐྱེས། །དེའི་ཕྱིར་ལས་ནི་བདག་ཏུ་འཛིན་པས་སྐྱེད་ལ། དེ་ཡང་རྣམ་པར་རྟོག་པ་ལས་བྱུང་ངོ༌། །གཞན་ཡང༌། གལ་ཏེ་ལས་ནི་རང་བཞིན་འགྱུར། །དེ་ལས་སྐྱེས་ལུས་རྟག་པར་འགྱུར། །གལ་ཏེ་ལས་རང་བཞིན་ཅན་དུ་འགྱུར་ན། དེ་ལྟ་ཡིན་ན་ནི་ལས་དེ་ལས་སྐྱེས་པའི་ལུས་གང་ཡིན་པ་དེ་ཡང་དག་པར་འགྱུར་ཏེ་ཐེར་ཟུག་གི་རང་བཞིན་དུ་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །གཞན་ཡང༌། སྡུག་བསྔལ་རྣམ་སྨིན་ཅན་མི་འགྱུར། །ལས་དེ་སྡུག་བསྔལ་གྱི་རྣམ་པར་སྨིན་པ་ཅན་དུ་ཡང་མི་འགྱུར་རོ། །གཞན་ཡང༌། དེ་ཕྱིར་ལས་ཀྱང་བདག་ཏུ་འགྱུར། །གང་གི་ཕྱིར་ལས་དེ་རྟག་པ་དེའི་ཕྱིར་བདག་ཏུ་འགྱུར་ཏེ། གང་གི་ཕྱིར་མི་རྟག་པ་དེ་སྡུག་བསྔལ་བ་གང་སྡུག་བསྔལ་བ་དེ་ནི་བདག་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་ལས་རང་བཞིན་མེད་པའི་ཕྱིར་སྐྱེ་བ་མེད་དོ། །མི་སྐྱེ་བའི་ཕྱིར་ཆུད་མི་ཟའོ། །གཞན་ཡང༌། ལས་ནི་རྐྱེན་སྐྱེས་ཅི་ཡང་མེད། །རྐྱེན་མིན་སྐྱེ་བའང་ཡོད་མིན་ཏེ། །ལས་ནི་རྐྱེན་ལས་སྐྱེས་པའང་མེད་ལ། །རྐྱེན་མ་ཡིན་པ་ལས་སྐྱེས་པ་ཅི་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། འདུ་རྣམས་ནི་སྒྱུ་མ་དང༌། །དྲི་ཟའི་གྲོང་ཁྱེར་སྨིག་རྒྱུ་འདྲ། །གང་གི་ཕྱིར་འདུ་བྱེད་རྣམས་ནི་དྲི་ཟའི་གྲོང་ཁྱེར་དང༌། སྒྱུ་མ་དང༌། སྨིག་རྒྱུ་དག་དང་འདྲ་བ་དེའི་ཕྱིར་ལས་རང་བཞིན་གྱིས་མེད་དོ། །གཞན་ཡང༌། ལས་ནི་ཉོན་མོངས་རྒྱུ་མཚན་ཅན། །འདུ་བྱེད་ཉོན་མོངས་ལས་བདག་ཉིད། །ལུས་ནི་ལས་ཀྱི་རྒྱུ་མཚན་ཅན། །གསུམ་ཀའང་ངོ་བོ་ཉིད་ཀྱིས་སྟོང༌། གང་གི་ཕྱིར་ལས་ནི་ཉོན་མོངས་པའི་རྒྱུ་ལས་བྱུང་བ་ཡིན་པ་དང༌། གང་གི་ཕྱིར་འདུ་བྱེད་རྣམས་ལས་དང་ཉོན་མོངས་རྒྱུ་ལས་བྱུང་བ་ཡིན་པ་དང༌། གང་གི་ཕྱིར་ལུས་ཀྱི་རྒྱུ་ལས་བྱུང་བ་དེའི་ཕྱིར་དེ་གསུམ་ཅར་ཡང་རང་བཞིན་གྱིས་སྟོང་ངོ༌། །དེ་ལྟར་ཡིན་ན། ལས་མེད་ན་ནི་བྱེད་པ་མེད། །


DTG096_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་མེད་པར་འབྲས་བུ་མེད། །དེ་མེད་ཕྱིར་ན་ཟ་བ་པོ། །མེད་པ་ཡིན་པས་དཔེན་བ་ནི། །དེ་ལྟར་རིགས་པས་ཀྱང་དཔྱད་ན་འབྲས་བུ་རང་བཞིན་གྱིས་མེད་ན་ལས་མེད་པ་ཡིན་ནོ། །ལས་མེད་ན་བྱེད་པ་པོ་མེད་པ་ཡིན་ནོ། །ལས་དང་བྱེད་པ་པོ་མེད་ན་འབྲས་བུ་མེད་དོ། །དེ་མེད་ན་ཟ་བ་པོ་མེད་པ་ཡིན་ཏེ། དེའི་ཕྱིར་དབེན་པ་ཡིན་ནོ། །གཞན་ཡང༌། ཡང་དག་མཐོང་ཕྱིར་ལས་སྟོང་པར། །ལེགས་པར་རྣམ་པར་ཤེས་ན་ནི། །ལས་མི་འབྱུང་སྟེ་ལས་མེད་ན། །ལས་ལས་གང་བྱུང་མི་འབྱུང་ངོ༌། །དེ་ཁོ་ན་མཐོང་བའི་རྒྱུ་ལས་རང་བཞིན་གྱིས་སྟོང་པ་ལེགས་པར་རྣམ་པར་ཤེས་ན་ལས་ནི་མི་འབྱུང་ངོ༌། །ལས་དེ་མེད་ན་ལས་དེ་ལས་བྱུང་བ་གང་ཡིན་པ་དེ་ཡང་མི་འབྱུང་ངོ༌། །འདིར་སྨྲས་པ། ད་ཅི་མེད་པ་ཁོ་ན་ཡིན་ནམ། འོན་ཏེ་འགའ་ཞིག་ཡོད། འདིར་བཤད་པ་ཡོད་དོ། །གལ་ཏེ་ཇི་ལྟ་ཞེ་ན། ཇི་ལྟར་བཅོམ་ལྡན་དེ་བཞིན་གཤེགས། །དེ་ནི་རྫུ་འཕྲུལ་གྱིས་སྤྲུལ་པ། །སྤྲུལ་པ་མཛད་ལ་སྤྲུལ་དེས་ཀྱང༌། །སྤྲུལ་པ་གཞན་ཞིག་སྤྲུལ་པར་བྱེད། །དེ་ལས་དེ་བཞིན་གཤེགས་སྤྲུལ་སྟོང༌། །སྤྲུལ་པས་སྤྲུལ་པ་སྨོས་ཅི་དགོས། །རྟོག་པ་ཙམ་གང་ཅི་ཡང་རུང༌། །དེ་དག་གཉི་ག་ཡོད་པ་ཡིན། །དེ་བཞིན་བྱེད་པོ་སྤྲུལ་པར་མཚུངས། །ལས་ནི་སྤྲུལ་པས་སྤྲུལ་དང་མཚུངས། །རང་བཞིན་གྱིས་ནི་སྟོང་པ་ཡིན། །རྟོག་ཙམ་གང་ཅིའང་རུང་བར་ཡོད། །ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་རྫུ་འཕྲུལ་གྱིས་སྤྲུལ་པ་མཛད་ལ། སྤྲུལ་པ་དེས་ཀྱང་སྤྲུལ་པ་གཞན་ཞིག་སྤྲུལ་པར་བྱེད་པ་དེ་བཞིན་དུ་ལས་ཀྱང་ཁོང་དུ་ཆུད་པར་བྱའོ། །དེ་ལ་རེ་ཞིག་དེ་བཞིན་གཤེགས་པས་སྤྲུལ་པ་ཡང་རང་བཞིན་གྱིས་སྟོང་ན། སྤྲུལ་པས་སྤྲུལ་པ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཇི་ལྟར་རྟོག་པ་ཙམ་གང་ཅི་ཡང་རུང་བ་གཉི་ག་ལ་ཡང་ཡོད་པ་ལྟར་ལས་ཀྱང་དེ་དང་འདྲའོ། །གཞན་ཡང༌། གལ་ཏེ་རང་བཞིན་གྱིས་ལས་ཡོད། །མྱ་ངན་འདས་ལས་བྱེད་པོ་མེད། །གལ་ཏེ་མེད་ན་ལས་སྐྱེད་པའི། །འབྲས་བུ་སྡུག་དང་མི་སྡུག་མེད། །གལ་ཏེ་ལས་རང་བཞིན་ཡོད་ན་ལས་རང་བཞིན་གྱིས་གྲུབ་པ་ཕན་ཆད་མྱ་ངན་ལས་འདས་པ་མེད་དོ། །གཞན་ཡང༌།


DTG096_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་བྱེད་པ་པོ་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། བྱེད་པ་པོ་ཡང་མེད་པར་ཡང་ལས་རབ་ཏུ་འགྲུབ་པའི་ཕྱིར་རོ། །གལ་ཏེ་རང་བཞིན་གྱིས་མེད་ན་ནི་ལས་ཀྱིས་སྐྱེད་པའི་འབྲས་བུ་སྡུག་དང་མི་སྡུག་པ་གང་ཡིན་པ་དེ་ཡང་མེད་དོ། །འདིར་སྨྲས་པ། མདོ་སྡེ་ལས་ཡོད་དོ་ཞེས་རྒྱ་ཆེར་གསུངས་ན་དེ་ཇི་ལྟར་མེད་དོ་ཞེས་བྱ་བར་འགྱུར། འདིར་བཤད་པ། ཡོད་ཅེས་པ་ཡོད་མེད་ཅེས་པའང༌། །ཡོད་དེ་ཡོད་མེད་ཅེས་དེའང་ཡོད། །སངས་རྒྱས་རྣམས་ཀྱིས་དགོངས་ན་ནི། །གསུངས་པ་རྟོགས་པར་སླ་མ་ཡིན། །ཡོད་དོ་ཞེས་གསུངས་པ་གང་ཡིན་པ་དེ་ཡང་བརྟག་པར་ཡོད་དོ། །མེད་དོ་ཞེས་གསུངས་པ་གང་ཡིན་པ་དེ་ཡང་བརྟག་པར་ཡོད་དོ། །ཡོད་མེད་ཅེས་པ་གང་ཡིན་པ་དེ་ཡང་བརྟག་པ་ཁོ་ནར་ཟད་དོ། །སངས་རྒྱས་ཀྱིས་དགོངས་ཏེ་གསུངས་པ་རྣམས་ནི། རྣམ་པ་ཐམས་ཅད་དུ་རྟོགས་པར་སླ་བ་མ་ཡིན་ནོ། །འདིར་སྨྲས་པ། འདི་ལ་གཟུགས་ནི་འབྱུང་བ་ལས་གྱུར་པ་ཡིན་པར་འདོད་དེ་ཡོད་ལ། ལྷག་མ་གཟུགས་ཅན་མ་ཡིན་པའི་ཕྱིར་ཆོས་རྣམས་ཀྱང་ཅི་རིགས་པར་ཡོད་དོ། །འདིར་བཤད་པ། གལ་ཏེ་གཟུགས་འབྱུང་ལས་བྱུང་ན། །ཡང་དག་མིན་ལས་གཟུགས་འབྱུང་འགྱུར། །རང་གི་ངོ་བོ་ལས་མ་ཡིན། །དེ་མེད་ཕྱིར་ན་གཞན་ལས་མིན། །གལ་ཏེ་གཟུགས་འབྱུང་བ་ལས་གྱུར་པ་ཡིན་པར་འདོད་ན། དེ་ལྟ་ན་ནི་གཟུགས་ཡང་དག་པར་ཡིན་པ་ལས་བྱུང་བ་ཡིན་ཏེ། ཡང་དག་པ་མ་ཡིན་པ་ལས་ཞེས་བྱ་བ་ནི་བདག་མ་ཡིན་པ་ལས་བཤད་པ་ཡིན་ནོ། །དེ་ལྟར་གཟུགས་ནི་རང་གི་ངོ་བོ་ལས་མ་ཡིན་པའོ། །འདིར་སྨྲས་པ། དེ་དེ་བཞིན་ཏེ་རང་གི་ངོ་བོ་ལས་ནི་མ་ཡིན་ཏེ། གཞན་ལས་ཡིན་ཏེ་འབྱུང་བ་རྣམས་ནི་དེ་བཞིན་ནོ། །འདིར་བཤད་པ། དེ་མེད་ཕྱིར་ན་གཞན་ལས་མིན། །གཟུགས་དེ་གཞན་ལས་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་མེད་པའི་ཕྱིར་གཞན་དེ་མེད་པའི་ཕྱིར་གཞན་དེ་མེད་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། འདི་ལྟར་རང་གི་ངོ་བོ་ཉིད་མ་གྲུབ་པའི་ཕྱིར་གཞན་ལས་ཤེས་བྱ་བ་མི་འཐད་དེ། མེད་པ་ནི་དེའི་གཞན་ལས་ཤེས་བྱ་བ་མི་འཐད། མེད་པ་དེའི་གཞན་ཞེས་བྱ་བ་མ་ཡིན་ནོ། །གཞན་ཡང༌། འབྱུང་བ་ཆེན་པོ་དེ་དག་ཉིད་མེད་པའི་ཕྱིར་ཏེ། འདི་ལ་མཚན་ཉིད་ལས་བྱུང་བ་


DTG096_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འགྲུབ་པར་འདོད་ན་མཚན་ཉིད་དེ་ཡང་འབྱུང་བ་རྣམས་སྔོན་རོལ་དུ་འགྲུབ་པ་མི་འཐད་དོ། །དེ་མ་གྲུབ་པའི་མཚན་གཞི་འབྱུང་བ་རྣམས་ཀྱང་མ་གྲུབ་བོ། །གཅིག་པའང་བཞི་ནི་ཡོད་མིན་ཞིང༌། །བཞི་ལའང་གཅིག་ནི་ཡོད་མིན་ན། །འབྱུང་བ་ཆེ་བཞི་མེད་བརྟེན་ནས། །གཟུགས་ནི་ཇི་ལྟར་འགྲུབ་པར་འགྱུར། །དེ་ལྟ་བས་ན། བཞི་ལའང་གཅིག་ཉིད་མེད་ལ། །གཅིག་པའང་བཞི་ཉིད་མེད་པའི་ཕྱིར། །འབྱུང་བ་ཆེན་པོ་བཞི་མེད་པ་ལ་བརྟེན་ནས། །གཟུགས་ཇི་ལྟར་འགྲུབ་པར་འགྱུར། །མེད་པ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་པ་ཞེས་བཤད་པ་ཡིན་ནོ། །གཞན་ཡང༌། ཤིན་ཏུ་མི་འཛིན་ཕྱིར་གལ་ཏེ། །རྟགས་ལས་ཤེ་ན་རྟགས་དེ་མེད། །རྒྱུ་དང་རྐྱེན་ལས་བྱེད་ཕྱིར་རོ། །ཡོད་ནའང་རྟགས་མེད་རིགས་མ་ཡིན། །ཤིན་ཏུ་མི་འཛིན་པའི་ཕྱིར་གཟུགས་ནི་ཡོད་པ་མ་ཡིན་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། ཤིན་ཏུ་མི་འཛིན་པའི་ཕྱིར་གཟུགས་ནི་ཤིན་ཏུ་མི་འཛིན་པ་ཉིད་དེ། གང་ལ་འཛིན་པ་མི་སྲིད་པ་དེ་ཇི་ལྟར་ཡོད་དོ་ཞེས་བྱ་བར་འགྱུར། །འདི་ལ་འདི་སྙམ་དུ་རྟགས་ལས་ཏེ། གལ་ཏེ་འདིའི་རྟགས་གཟུགས་སོ་སྙམ་པའི་བློ་གཟུགས་ཅན་གྱི་བློ་ཡོད་ན་གཟུགས་ཞེས་བྱ་བ་འགྲུབ་པར་འགྱུར་ཏེ། གང་གི་ཕྱིར་དོན་མེད་པ་ལ་བློ་མི་འཇུག་པ་དེའི་ཕྱིར་རྟགས་བློ་ལ་གཟུགས་ཡོད་དོ་སྙམ་དུ་སེམས་ན། འདིར་བཤད་པ། གལ་ཏེ། རྟགས་ལས་ཤེ་ན་རྟགས་དེ་མེད། །རྟགས་དེ་ནི་མེད་དེ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྒྱུ་དང་རྐྱེན་ལས་སྐྱེས་ཕྱིར་རོ། །གང་གི་རྟགས་བློ་དེ་ནི་རྒྱུ་དང་རྐྱེན་རྣམས་ལས་སྐྱེས་པ་དེའི་ཕྱིར་དེ་མེད་དོ། །གཞན་ཡང༌། ཡོད་ནའང་རྟགས་མེད་རིགས་མ་ཡིན། །གལ་ཏེ་གཟུགས་དེ་ཡོད་དུ་ཟིན་ན། ཡང་དེ་ལྟ་ན་ཡང༌། གཟུགས་ཡོད་པའི་རྟགས་མེད་པའི་རིགས་པ་མ་ཡིན་ཏེ། རྟགས་ཡོད་པ་མ་ཡིན་པ་ནི་མི་རིགས་སོ། །གཞན་ཡང༌། གལ་ཏེ་གཟུགས་ནི་འཛིན་འགྱུར་ན། །བདག་གི་རང་བཞིན་ཉིད་འཛིན་འགྱུར། །མེད་ལས་རྐྱེན་ལས་སྐྱེས་པའི་བློས། །གཟུགས་མེད་ཇི་ལྟར་འཛིན་པར་འགྱུར། །གལ་ཏེ་གཟུགས་འཛིན་པར་གྱུར་ཏེ། །


DTG096_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་ཡིན་ན་ནི་བདག་གི་རང་བཞིན་ཉིད་ཇི་ལྟ་བར་འགྱུར་ཏེ། རང་གི་བདག་ཉིད་ལ་འཛིན་པར་འགྱུར་རོ། །ཞེས་བཤད་པ་ཡིན་ནོ། །དེ་ཡང་མ་མཐོང་སྟེ་དེ་ཉིད་ཀྱིས་དེ་ལ་འཛིན་པ་ནི་མ་ཡིན་ནོ། །གང་གི་ཕྱིར་རང་བཞིན་གྱིས་སྟོང་པ་དེའི་ཕྱིར་མེད་པ་རྐྱེན་ལས་སྐྱེས་པའི་བློ་དེས་གཟུགས་མེད་པ་ཇི་ལྟར་འཛིན་པར་འགྱུར། །འདིར་སྨྲས་པ། མདོ་སྡེ་ལས་གཟུགས་འདས་པ་དང་མ་འོངས་པའི་གཟུགས་འཛིན་པ་མང་དུ་གསུངས་ཏེ། དེ་ལྟ་བས་ན་གཟུགས་འཛིན་པ་ནི་ཡོད་དོ། །འདིར་བཤད་པ། གང་ཚེ་བློ་འབྱུང་སྐད་ཅིག་པས། །གཟུགས་སྐྱེས་སྐད་ཅིག་མི་འཛིན་ན། །དེ་ཡིས་འདས་དང་མ་འོངས་པའི། །གཟུགས་ནི་ཇི་ལྟར་རྟོགས་པར་འགྱུར། །འདི་ལ་གཟུགས་དང་བློ་འདི་གཉི་ག་ཡང་སྐད་ཅིག་ཡིན་པར་བསམས་ཏེ། གང་གི་ཚེ་བློ་བྱུང་བ་སྐད་ཅིག་ཡིན་པས་གཟུགས་སྐྱེས་པ་སྐད་ཅིག་མི་འཛིན་ན་འདས་པ་དང་མ་འོངས་པའི་གཟུགས་ཇི་ལྟར་རྟོགས་པར་འགྱུར་ཏེ། མི་སྲིད་པའི་ཕྱིར་རྟོགས་པར་མི་འགྱུར་རོ། །ཇི་ལྟར་ཞེས་བྱ་བ་ནི་གསལ་བའི་དོན་ཡིན་པའི་ཕྱིར་རོ། །རིགས་པ་འདི་ནི་གཟུགས་ཤིན་ཏུ་མི་འཛིན་ནོ། །གཞན་ཡང་ཁ་དོག་དང་དབྱིབས་ཁས་བླངས་སུ་ཟིན་ཡང་གཟུགས་འཛིན་པར་མི་འཐད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། གང་ཚེ་ནམ་ཡང་ཁ་དོག་དབྱིབས། །ཐ་དད་ཉིད་ནི་ཡོད་མ་ཡིན། །ཐ་དད་གཅིག་ཏུ་འཛིན་པ་མེད། །དེ་གཉིས་གཟུགས་སུ་གྲགས་ཕྱིར་རོ། །གལ་ཏེ་ཁ་དོག་དང་དབྱིབས་གཉིས་ཐ་དད་ཉིད་དུ་གྱུར་ན་ནི། དེའི་ཕྱིར་དེ་གཉིས་ཐ་དད་དུ་འཛིན་པ་འཐད་པར་འགྱུར། གང་གི་ཚེ་ཁ་དོག་དང་དབྱིབས་དེ་དག་གཟུགས་ཡིན་པར་འདོད་པ་དེའི་ཚེ་འཐད་པར་མི་འགྱུར་རོ། །གཞན་ཡང༌། མིག་བློ་མིག་ལ་ཡོད་མིན་ཏེ། །གཟུགས་ལ་ཡོད་མིན་བར་ནའང་མེད། །མིག་དང་གཟུགས་ལ་བརྟེན་ནས་དེ། །ཡོངས་སུ་རྟོག་པ་ལོག་པ་ཡིན། །དེ་ནི་བརྟགས་ན་མིག་གི་བློ་ནི་མིག་ལ་ཡང་མེད། གཟུགས་ལ་ཡང་མེད། དེ་གཉི་གའི་བར་ན་ཡང་མེད་ན། དེ་ནི་མིག་དང་གཟུགས་ལ་བརྟེན་ནས་སྐྱེ་བར་ཡོངས་སུ་རྟོག་པ་དེ་ནི་ལོག་པ་ཡིན་ནོ། །འདིར་སྨྲས་པ། མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ནི་


DTG096_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། དེ་དག་གི་སྤྱོད་ཡུལ་བལྟ་བར་བྱ་བ་ལ་སོགས་པ་ཡོད་པ་ཡིན་ནོ། །དེ་ལ་མིག་ནི་གཟུགས་ལ་ལྟ་ལ། རྣ་བ་ལ་སོགས་པ་ཡང་ཅི་རིགས་པར་དེ་དང་འདྲའོ། །འདིར་བཤད་པ། གལ་ཏེ་མིག་བདག་མི་མཐོང་ན། །དེ་གཟུགས་མཐོང་བར་ཇི་ལྟར་འགྱུར།། དེ་ཕྱིར་མིག་དང་གཟུགས་བདག་མེད། །སྐྱེ་མཆེད་ལྷག་མའང་དེ་དང་འདྲ། །མིག་དེ་རང་བདག་ཉིད་ཀྱིས་སྟོང༌། །དེ་ནི་གཞན་བདག་ཉིད་ཀྱིས་སྟོང༌། །གཟུགས་ཀྱང་དེ་བཞིན་སྟོང་བ་སྟེ། །སྐྱེ་མཆེད་ལྷག་མའང་དེ་བཞིན་སྟོང༌། །དེ་བཞིན་ཞེས་བྱ་བ་ནི། །ཇི་ལྟར་གཟུགས་རང་གི་བདག་ཉིད་དང་གཞན་གྱི་བདག་ཉིད་ཀྱིས་སྟོང་པ་དེ་བཞིན་དུ་སྐྱེ་མཆེད་ལྷག་མ་ཡང་རང་གི་བདག་ཉིད་དང་གཞན་གྱི་བདག་ཉིད་ཀྱིས་སྟོང་ངོ༌། །ཞེས་མཐུན་པར་བསྟན་ཏེ། དེ་ལྟ་བས་ན་གཟུགས་ནི་རང་གི་བདག་ཉིད་དང་གཞན་གྱི་བདག་ཉིད་ཀྱིས་སྟོང་པ་ཡིན་ནོ། །གཞན་ཡང༌། བརྟེན་ནས་བྱུང་བའི་ཕྱིར་ཡང་སྟོང་པ་ཡིན་ཏེ། འདི་ལ་གཟུགས་ཉིད་ཀྱིས་འབྱུང་བ་རྣམས་རྒྱུར་བྱས་ནས་གྲུབ་པ་དེ་ནི་བརྟེན་ནས་གྲུབ་པ་ཡིན་ལ། གང་ལ་བརྟེན་ནས་གྲུབ་པ་དེ་ནི་རང་གི་ངོ་བོ་མ་གྲུབ་སྟེ། དེ་ལྟ་བས་ན་གཟུགས་ནི་རང་གི་ངོ་བོས་སྟོང་པ་ཡིན་ནོ། །གཞན་གྱི་བདག་ཉིད་ཀྱིས་ཀྱང་སྟོང་པ་ཡིན་ཏེ་།དེའི་གཞན་ནི་མིག་དང་བློ་ཡིན་ནོ། །བློ་དང་བཅས་པའི་མིག་དེ་ནི་ཡུལ་ཅན་ཡིན་ལ། གཟུགས་ནི་ཡུལ་ཏེ་ཡུལ་གང་ཡིན་པ་དེ་ནི་ཡུལ་ཅན་མ་ཡིན་ནོ། །དེ་ལྟ་བས་ན་གཞན་གྱི་བདག་ཉིད་ཀྱིས་ཀྱང་སྟོང་ངོ༌། །རྣམ་པ་གཅིག་ཏུ་ན་བློ་ནི་ནང་ཡིན་ལ་གཟུགས་ནི་སྤྱད་པར་བྱ་བ་དང་ཕྱི་རོལ་ཏེ། ནང་གི་མ་ཡིན་པ་དེའི་ཕྱིར་གཞན་གྱི་བདག་ཉིད་ཀྱིས་ཀྱང་སྟོང་ངོ༌། །གང་ལས་ཤེ་ན། བློ་ཉིད་བརྟེན་ནས་བྱུང་བའི་ཕྱིར་ཏེ་ཇི་ལྟར་བརྟེན་གྲུབ་ཡིན་ཞེ་ན། བློ་ཉིད་ནི་རྟོགས་བྱས་ལ་སོགས་པ་ལ་བརྟེན་ནས་གྲུབ་པ་ཡིན་ནོ།། གང་བརྟེན་ནས་གྲུབ་པ་དེ་ནི་རང་གི་བདག་ཉིད་དེ། དེ་ལྟ་བས་ན་བློ་དེ་ནི་རང་གི་བདག་ཉིད་མེད་དོ། །དེའི་ཕྱིར་བློ་ནི་དོན་ཕྲ་མོ་ལ་སོགས་པ་འཛིན་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་དེ་མི་རུང་ངོ༌། །གཟུགས་ཀྱང་དེ་བཞིན་ཞེས་བྱ་བ་ནི་དེ་དང་མཚུངས་པ་སྟེ། ཇི་ལྟར་མིག་རང་གི་བདག་


DTG096_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང༌། གཞན་གྱི་བདག་ཉིད་ཀྱིས་སྟོང་པ་དེ་བཞིན་དུ་གཟུགས་ཀྱང་རང་གི་བདག་ཉིད་དང་གཞན་གྱི་བདག་ཉིད་ཀྱིས་སྟོང་ངོ༌། །གཟུགས་ཇི་ལྟར་རང་གི་བདག་ཉིད་དང་གཞན་གྱི་བདག་ཉིད་ཀྱིས་སྟོང་ངོ་ཞེ་ན། གང་ཕྱིར་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལ་ཡོད་མ་ཡིན། །ཞེས་སྔར་བཤད་པ་ཡིན་ནོ། །བརྟགས་ན་དངོས་པོ་ཐམས་ཅད་ཡོད་པ་མ་ཡིན་ཏེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཉིད་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ ། །སྟོང་ཞེས་བྱ་བ་ནི་མི་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ །མིག་ནི་བརྟེན་ནས་བྱུང་བའི་ཕྱིར་སྟོང་སྟེ་མིག་ཉིད་ནི་བརྟེན་ནས་འགྲུབ་པ་ཡིན་ནོ། །གང་བརྟེན་ནས་འགྲུབ་པ་དེ་ནི་རང་གི་བདག་ཉིད་དུ་མ་གྲུབ་པའི་ཕྱིར་དེ་ལྟ་བས་ན་མིག་ནི་རང་གི་བདག་ཉིད་ཀྱིས་སྟོང་ངོ༌། །ཇི་སྟེ་གཞན་གྱི་བདག་ཉིད་དུ་ཡོད་པར་འདོད་ན་དེ་ཡང་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། གང་ལ་རང་གི་བདག་ཉིད་མེད་པ་དེ་ལ་གཞན་གྱི་དངོས་པོ་གལ་ཡོད་དེ་གཞན་གྱི་དངོས་པོ་ཡང་མེད་དོ། །དེ་ལྟ་བས་ན་གཞན་གྱི་བདག་ཉིད་ཀྱིས་སྟོང་ངོ༌། །རྣམ་པ་གཅིག་ཏུ་ན་གཞན་གྱི་བདག་ཉིད་ཀྱིས་ཀྱང་སྟོང་ཞེས་བྱ་བ་ནི་དེ་ཡང་དེའི་གཞན་གྱི་བློ་ཡིན་ཏེ། མིག་ནི་བློས་ཀྱང་སྟོང་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་ཞེ་ན། མིག་ནི་ཤེས་པ་ཡོད་པ་མ་ཡིན་པའི་ཕྱིར་ཏེ། གང་གི་ཕྱིར་ཤེས་པ་མེད་པ་ནི་ཤེས་པ་ཡོད་པའི་བདག་ཉིད་དུ་འགྱུར་བར་འོས་པ་མ་ཡིན་པ་དེའི་ཕྱིར་གཞན་གྱི་བདག་ཉིད་ཀྱིས་ཀྱང་སྟོང་ངོ༌། །གཞན་ཡང་བློ་ཉིད་སྟོང་པ་ཡིན་ནོ། །འདིར་སྨྲས་པ། མིག་ནི་བདག་ཉིད་མཐོང་གི །བློ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བློ་ནི་འཛིན་པར་བྱེད་པ་ཡིན་པའི་ཕྱིར་ཏེ། གང་གི་ཕྱིར་བློ་ནི་དོན་ཕྲ་མོ་ལ་སོགས་པ་འཛིན་པར་བྱེད་པ་དེའི་ཕྱིར་བློ་ཡིན་ལ། མིག་གིས་ནི་བདག་ཉིད་མཐོང་ངོ༌། །འདི་ལྟ་སྟེ། མིག་ནི་འབྱུང་བ་དང་བའི་བདག་ཉིད་ཡིན་ཏེ། དེ་ནི་མིག་གི་རང་བཞིན་ཡིན་ནོ། །དེ་འཛིན་པར་བྱེད་པའི་བློ་ཁོ་ན་ཡིན་ནོ། །དེ་བཞིན་དུ་ཁ་དོག་དང་དབྱིབས་ཀྱི་ཁྱད་པར་གཟུགས་རྣམས་འཛིན་པར་བྱེད་པ་ཡང་བློ་ཁོ་ན་ཡིན་ཏེ། དེ་ལྟ་བས་ན། གལ་ཏེ་མིག་བདག་མི་མཐོང་ན། །དེ་གཟུགས་མཐོང་བར་ཇི་ལྟར་འགྱུར། །ཞེས་ཁྱོད་ཀྱིས་གང་


DTG096_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ་དེ་མི་འཐད་དོ། །འདིར་བཤད་པ། དེ་ནི་དེ་ལྟ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མིག་དེ་རང་བདག་ཉིད་ཀྱིས་སྟོང༌། །དེ་ནི་གཞན་བདག་ཉིད་ཀྱིས་སྟོང༌། །དེ་བཞིན་གཟུགས་ཀྱིས་སྟོང་པ་སྟེ། །སྐྱེ་མཆེད་ལྷག་མའང་དེ་བཞིན་སྟོང༌། །འདི་ལ་མིག་ནི་རང་གི་བདག་ཉིད་ཀྱིས་སྟོང་ངོ༌། །རང་གི་བདག་ཉིད་ཅེས་བྱ་བ་ནི་རང་ཉིད་ཡིན་ནོ། །གལ་ཏེ་མིག་གི་བདག་ཉིད་མི་མཐོང་ན་དེས་གཟུགས་མཐོང་བར་ཇི་ལྟར་འགྱུར། །གང་གི་ཕྱིར་བདག་ཉིད་ཀྱང་མི་མཐོང་ན་གཟུགས་ཀྱང་མི་མཐོང་བ་དེའི་ཕྱིར་མིག་ནི་བདག་མེད་དེ་རང་བཞིན་མེད་དོ། །ཞེས་བཤད་པ་ཡིན་ནོ། །གཞན་ཡང་གཟུགས་ནི་བདག་མེད་དོ། །མི་སྣང་བ་ནི་གཟུགས་མ་ཡིན་པ་ལྟར་སྐྱེ་མཆེད་ལྷག་མ་དེ་དང་འདྲ། རིམ་པ་དེ་ཉིད་ཀྱིས་སྐྱེ་མཆེད་ལྷག་མ་རྣམས་བདག་ཉིད་མེད་དེ་རང་བཞིན་མེད་པ་ཡིན་ནོ། །གཞན་ཡང༌། གལ་ཏེ་གཅིག་རེག་ལྷན་ཅིག་འགྱུར།། དེ་ཚེ་གཞན་རྣམས་སྟོང་པ་ཡིན། །སྟོང་པའང་མི་སྟོང་མི་སྟོན་ཏེ། །མི་སྟོང་པ་ཡང་སྟོང་པ་མིན། །གང་གི་ཚེ་སྐྱེ་མཆེད་གཅིག་རེག་པ་དང་ལྷན་ཅིག་ཏུ་གྱུར་པའི་ཚེ་གཞན་རྣམས་སྟོང་པ་ཡིན་ཏེ། སྟོང་པ་ཡིན་པའང་མི་སྟོང་བ་མི་བརྟེན་ལ། མི་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་མི་བརྟེན་ཏོ། །གཞན་ཡང༌། གསུམ་པོ་ཡོད་མིན་མི་གནས་པའི། །རང་བཞིན་འདུ་བ་ཡོད་མིན་པས། །དེ་བདག་ཉིད་ཀྱིས་རེག་པ་མེད། །དེ་ཕྱིར་ཚོར་བ་ཡོད་མ་ཡིན། །གསུམ་པོ་ཡོད་པ་མ་ཡིན་པ་དེ་མེད་པ་མི་གནས་པའི་རང་བཞིན་རྣམས་ལ་འདུ་བ་མེད་དོ། །འདུ་བ་མེད་པའི་ཕྱིར་དེའི་བདག་ཉིད་ཀྱིས་རེག་པ་མེད་དེ་དེ་ལས་བྱུང་བའི་རེག་པ་མེད་ཅེས་བཤད་པ་ཡིན་ནོ། །རེག་པ་མེད་པའི་ཕྱིར་ཚོར་བ་མེད་དོ། །གཞན་ཡང༌། ནང་དང་ཕྱི་ཡི་སྐྱེ་མཆེད་ལ། །བརྟེན་ནས་རྣམ་པར་ཤེས་པ་འབྱུང༌། །དེ་ལྟ་བས་ན་རྣམ་ཤེས་མེད། །སྨིག་རྒྱུ་སྒྱུ་མ་བཞིན་དུ་སྟོང༌། །གང་གི་ཕྱིར་ཕྱི་དང་ནང་གི་སྐྱེ་མཆེད་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བའི་ཕྱིར་རྣམ་པར་ཤེས་པ་དེ་ཡང་མེད་དེ། སྨིག་རྒྱུ་སྒྱུ་མ་བཞིན་དུ་སྟོང་ངོ༌། །དེ་ལ་འདི་སྙམ་དུ་རྣམ་པར་ཤེས་པ་རྣམ་པར་ཤེས་པ་བྱེད་པར་ཡོད་དོ་སྙམ་དུ་སེམས་ན་དེ་ཡང་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། རྣམ་ཤེས་རྣམ་ཤེས་


DTG096_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བརྟེན་ནས། །འབྱུང་བས་ཡོད་མིན་ཤེས་པ་དང༌། །རྣམ་ཤེས་བྱ་མེད་ཕྱིར་དེའི་ཕྱིར། །རྣམ་ཤེས་བྱེད་པ་མེད་པ་ཉིད། །གང་གི་ཕྱིར་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པར་བྱ་བར་བརྟེན་ནས་འབྱུང་བ་དེའི་ཕྱིར་མེད་དོ། །རྣམ་པར་ཤེས་པར་བྱ་བ་དང་རྣམ་པར་ཤེས་པ་མེད་པའི་ཕྱིར། རྣམ་པར་ཤེས་པ་ཡང་མེད་པ་ཉིད་དོ། །འདིར་སྨྲས་པ། ཐམས་ཅད་མི་རྟག་གོ་ཞེས་གསུངས་ཏེ་ཐམས་ཅད་མི་རྟག་པར་བསྟན་པས་མི་སྟོང་པ་ཉིད་ཀྱང་བསྟན་པ་མཛད་པ་ཡིན་ནོ། །འདིར་བཤད་པ། ཐམས་ཅད་མི་རྟག་མི་རྟག་པའམ། །ཡང་ན་རྟག་པ་ཅི་ཡང་མེད། །དངོས་ཡོད་རྟག་དང་མི་རྟག་ཉིད། །ཡིན་ན་དེ་ལྟར་ག་ལ་ཡོད། །ཐམས་ཅད་མི་རྟག་ཅེས་གསུངས་པ་ནི་འདིར་བརྗོད་པར་བཞེད་པ་ཤེས་པར་བྱ་སྟེ། གང་གི་ཕྱིར་མི་རྟག་པའམ་རྟག་པ་ནི་ཅི་ཡང་མེད་དོ། །དངོས་པོ་ཡོད་ན་རྟག་པའམ་མི་རྟག་པ་ཉིད་ཡིན་ན། དངོས་པོ་དེ་དག་ག་ལ་ཡོད་དོ། མེད་དོ་ཞེས་བཤད་པ་ཡིན་ནོ། །འདིར་སྨྲས་པ། འདི་ལྟར་མདོ་སྡེ་ལས་རྒྱས་པར་བསྟན་པས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ནི་ཡོད་དོ། །འདིར་བཤད་པ། སྡུག་དང་མི་སྡུག་ཕྱིན་ཅི་ལོག །རྐྱེན་སྐྱེས་ཆགས་སྡང་གཏི་མུག་རྣམས། །འབྱུང་སྟེ་དེ་ཕྱིར་རང་བཞིན་གྱིས། འདོད་ཆགས་ཞེ་སྡང་གཏི་མུག་མེད། །གང་གི་ཕྱིར་སྡུག་པའི་རྐྱེན་དང༌། མི་སྡུག་པའི་རྐྱེན་དང༌། ཕྱིན་ཅི་ལོག་གི་རྐྱེན་ལས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་བྱུང་བ་དེའི་ཕྱིར་རང་བཞིན་གྱིས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་མེད་དོ། །གཞན་ཡང༌། གང་ཕྱིར་དེར་ཆགས་དེར་སྔར་དེར། །རྨོངས་པ་དེ་ཕྱིར་དེ་དག་ནི། །རྣམ་རྟོག་གིས་བསྐྱེད་རྣམ་རྟོག་ཀྱང༌། །ཡང་དག་ཉིད་དུ་ཡོད་མ་ཡིན། །གང་གི་ཕྱིར་གཅིག་པོ་དེ་ཉིད་ལ་ཆགས། དེ་ཉིད་ལ་སྡང༌། དེ་ཉིད་ལ་རྨོངས་པ་དེའི་ཕྱིར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ནི་རྣམ་པར་རྟོག་པས་བསྐྱེད་པ་ཡིན་ནོ། །གཞན་ཡང༌། རྣམ་པར་རྟོག་པ་དག་ཀྱང་ཡང་དག་པ་མ་ཡིན་ཏེ། རྣམ་པར་རྟོག་པ་གང་དག་གིས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམ་པར་སྐྱེད་པར་བྱེད་པ་དེ་དག་ཀྱང་ཡང་དག་པར་མེད་དོ། །ཇི་ལྟར་མེད་ཅེ་ན། དེ་བཤད་པ།


DTG096_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བརྟག་བྱ་གང་དེ་ཡོད་མིན། །བརྟག་བྱ་མེད་རྟོག་ག་ལ་ཡོད། །དེ་ཕྱིར་རྐྱེན་ལས་སྐྱེས་པའི་ཕྱིར། །བརྟག་བྱ་རྣམ་པར་རྟོག་པ་སྟོང༌། །རྣམ་པར་བརྟག་པར་བྱ་བ་གང་ཡིན་པ་དེ་ནི་མེད་དོ། །རྣམ་པར་བརྟག་པར་བྱ་བ་མེད་ན་རྣམ་པར་རྟོག་པ་ཡོད་པར་ག་ལ། འགྱུར་ཏེ། རྐྱེན་ལས་སྐྱེས་པའི་ཕྱིར་རྣམ་པར་བརྟག་པར་བྱ་བ་ཡང་རང་བཞིན་གྱིས་སྟོང་ལ། རྣམ་པར་རྟོག་པ་ཡང་རང་བཞིན་གྱིས་སྟོང་ངོ༌། །གཞན་ཡང༌། ཡང་དག་མཐོང་ཕྱིར་ཕྱིན་ཅི་ལོག །བཞི་ལས་སྐྱེས་བའི་མ་རིག་མེད། །དེ་མེད་ཕྱིར་ན་འདུ་བྱེད་རྣམས། །མི་འབྱུང་ལྷག་མ་འང་དེ་བཞིན་ནོ། །དེ་ལྟར་ཡང་དག་པར་རྟོགས་པས་ཕྱིན་ཅི་ལོག་བཞི་ལས་སྐྱེས་པའི་མ་རིག་པ་མི་འབྱུང་ངོ༌། །དེ་མེད་པའི་ཕྱིར་ན་མ་རིག་པ་དེ་མེད་པས་འདུ་བྱེད་རྣམས་མི་འབྱུང་སྟེ། དེ་བཞིན་དུ་ལྷག་མ་མི་འབྱུང་ངོ༌། །གཞན་ཡང༌། གང་བརྟེན་གང་སྐྱེས་དེ་དེ་ལས། །སྐྱེས་དེ་དེ་མེད་མི་འབྱུང་ངོ༌། །དངོས་དང་དངོས་མེད་འདུས་བྱས་དང༌། །འདུས་མ་བྱས་ཤིང་མྱ་ངན་འདས། །གང་ལ་བརྟེན་ནས་གང་སྐྱེས་པ་དེ་ནི་དེ་ལས་སྐྱེས་པ་ཡིན་ཏེ་དེ་མེད་ན་མི་འབྱུང་ངོ༌། །དངོས་དང་དངོས་པོ་མེད་པ་ཞི་བ་དང༌། འདུས་བྱས་དང་འདུས་མ་བྱས་ཞི་བ་དང༌། མྱ་ངན་ལས་འདས་པ་ཡིན་ནོ། །གཞན་ཡང༌། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང༌། །བརྟེན་པའི་དངོས་པོར་མངོན་པར་ཞེན་པ་དང་ལྟ་བ་དང་རྟོག་པ་དང་འཛིན་པ་དང༌། དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང༌། །གཞན་ཡང། ཡང་དག་མཐོང་ཕྱིར་དངོས་སྟོང་པར། །ལེགས་ཤེས་མ་རིག་མི་འབྱུང་བ། །དེ་ནི་མ་རིག་འགོག་པ་ཡིན། །དེ་ཕྱིར་ཡན་ལག་བཅུ་གཉིས་འགག །དངོས་པོ་དེ་དག་རང་བཞིན་གྱིས་སྟོང་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལེགས་པར་ཤེས་ན་མ་རིག་པ་ནི་འབྱུང་བ་དེ་ནི་མ་རིག་པ་འགོག་པ་ཡིན་ནོ། །དེའི་ཕྱིར་ཡན་ལ་བཅུ་གཉིས་འགོག་གོ །ཅིའི་ཕྱིར་ཞེ་ན། འདུ་བྱེད་དྲི་ཟའི་གྲོང་ཁྱེར་དང༌། །སྒྱུ་མ་སྨིག་རྒྱུ་ཆུ་བུར་དང༌། །ཆུ་ཡི་དབུ་བ་མཚུངས་པ་སྟེ། །རྨི་ལམ་མགལ་མེའི་འཁོར་ལོ་འདྲ། །གང་གི་ཕྱིར་ཡོངས་སུ་བརྟགས་ནས་འདུ་བྱེད་རྣམས་སྒྱུ་མ་


DTG096_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དང། སྨིག་རྒྱུ་དང༌། དྲི་ཟའི་གྲོང་ཁྱེར་དང་འདྲ་བ་དེའི་ཕྱིར་རང་བཞིན་གྱིས་སྟོང་པར་དེ་དག་ལེགས་པར་རྣམ་པར་ཤེས་པ་མ་རིག་པ་མི་འབྱུང་བ་དེ་ཉིད་མ་རིག་པ་འགོག་པ་ཡིན་ཏེ། དེའི་ཕྱིར་ཡན་ལག་བཅུ་གཉིས་འགག་པར་འགྱུར་རོ། །རང་བཞིན་གྱིས་ནི་དངོས་འགག་མེད། །འདི་ལ་དངོས་པོ་མེད་པའང་མེད། །རྒྱུ་དང་རྐྱེན་ལས་སྐྱེས་པ་ཡི། །དངོས་དང་དངོས་མེད་སྟོང་པ་ཡིན། །བཙལ་ན་དོན་དམ་པར་རང་བཞིན་གྱིས་དངོས་པོ་འགའ་ཡང་མེད་ལ། འདི་ལ་དངོས་པོ་མེད་པ་འགའ་ཡང་མེད་དེ། རྒྱུ་དང་རྐྱེན་ལས་སྐྱེས་པའི་དངོས་པོ་དང་དངོས་པོ་མེད་པ་ནི་སྟོང་པ་ཡིན་ནོ། །དངོས་པོ་ཐམས་ཅད་རང་བཞིན་གྱིས། །སྟོང་པ་ཡིན་པས་དངོས་རྣམས་ཀྱིས། །རྟེན་འབྱུང་དེ་ནི་དེ་བཞིན་གཤེགས། །མཚུངས་པ་མེད་པར་ཉེ་བར་བསྟན། །དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་པས། དངོས་པོ་རྣམས་ཀྱི་བརྟེན་ནས་འབྱུང་བ་འདི་དེ་བཞིན་གཤེགས་པས་ཉེ་བར་བསྟན་ཏོ། །དམ་པའི་དོན་ནི་དེར་ཟད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི། །འཇིག་རྟེན་ཐ་སྙད་བརྟེན་ནས་སུ། །སྣ་ཚོགས་ཐམས་ཅད་ཡང་དག་འཕགས། །དོན་དམ་པར་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་ངོ༌། །ཞེས་བྱ་བ་དེར་ཟད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་འཇིག་རྟེན་པའི་ཐ་སྙད་ལ་བརྟེན་ནས། སྣ་ཚོགས་མ་ལུས་པ་ཐམས་ཅད་ཡང་དག་པ་དེ་བཞིན་ཉིད་དུ་བརྟག་པར་ཟད་དོ། །འཇིག་རྟེན་པ་ཡི་བསྟན་མི་འཇིག །ཡང་དག་ཆོས་བསྟན་ཅི་ཡང་མེད། །དེ་བཞིན་གཤེགས་བཤད་མ་རྟོགས་ནས། དེ་ཕྱིར་སྒྲུབ་རྟོག་མེད་འདིར་སྐྲག །འཇིག་རྟེན་པའི་ཆོས་བཤད་པ་གང་ཡིན་པ་དེ་ཡང་མི་འཇིག་ལ། ཡང་དག་པར་ན་ནམ་ཡང་ཆོས་བསྟན་པར་མཛད་པ་མ་ཡིན་ནོ། །དེ་ལྟར་བརྟེན་པའི་དོན་དམ་པར་མི་ཤེས་ཏེ། དེ་བཞིན་གཤེགས་པས་བཤད་པ་མ་རྟོགས་ནས་དེའི་ཕྱིར་རྨོངས་པ་རྣམས་སྒྲུབ་པ་རྟོག་པ་མེད་པ། མཚན་ཉིད་མེད་པ་འདི་ལ་སྐྲག་པར་འགྱུར་རོ། །འདི་བརྟེན་འདི་འབྱུང་ཞེས་བྱ་བ་ནི། འཇིག་རྟེན་སྒྲུབ་འདི་འགོག་མི་མཛད། །རྟེན་འབྱུང་གང་དེ་རང་བཞིན་མེད། །ཇི་ལྟར་དེ་


DTG096_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཡང་དག་ངེས། །འདི་ལ་བརྟེན་ནས་འདི་འབྱུང་ངོ༌། །ཞེས་བྱ་བའི་འཇིག་རྟེན་པའི་སྒྲུབ་པ་འདི་ནི་མི་འགོག་གོ །བརྟེན་ནས་སྐྱེས་པ་གང་ཡིན་པ་འདི་ནི་རང་བཞིན་གྱིས་མེད་ན། གང་མེད་པ་དེ་ནི་ཇི་ལྟར་ཡོད་ཅེས་བྱ་བ་འདི་ནི་དེའི་ངེས་པ་ཡིན་ནོ། །དད་ལྡན་ཡང་དག་ཚོལ་ལྷུར་ལེན། །ཆོས་བསྟན་གང་ལའང་མི་བརྟེན་གང༌། །སྒྲུབ་འདིར་རིགས་པས་རྗེས་གཉེར་ཏེ། །དངོས་དང་དངོས་མེད་སྤངས་ནས་ཞི། །དད་པ་དང་ལྡན་པ་ཡང་དག་ཚོལ་བ་ལྷུར་ལེན་པ། ཆོས་བསྟན་པ་གང་ལ་ཡང་མི་བརྟེན་པ་འགག་ཞིག་བསྒྲུབ་པ་འདི་རིགས་པས་རྗེས་སུ་གཉེར་ཞིག །རྗེས་སུ་འདོད་པ་ནི་དངོས་པོ་དང་དངོས་པོ་མེད་པ་སྤངས་ནས་ཞི་བར་འགྱུར་རོ། །རྐྱེན་ཉིད་འདི་པ་འདི་ཤེས་ནས། །ལྟ་ངན་དྲ་བའི་རྟོག་པ་ལྡོག །ཆགས་རྨོངས་ཁོང་ཐོ་སྤང་ཕྱིར་ཏེ། །མ་གོས་མྱ་ངན་འདས་ཉེར་འགྲོ། །སྟོང་པ་ཉིད་བདུན་ཅུ་པའི་བཤད་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་ཞུས་ཏེ་གཏན་ལ་ཕབ་པའོ།།

རྩོད་པ་བཟློག་པའི་འགྲེལ་པ།


DTG096_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བིགྲ་ཧ་བྱ་བ་རྟ་ནི་བྲྀ་ཏྟི། བོད་སྐད་དུ། རྩོད་པ་བཟློག་པའི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གལ་ཏེ་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལ་ཡོད་མིན་ན། །ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །རང་བཞིན་བཟློག་པར་མི་ནུས་སོ། །གལ་ཏེ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ནི་རྒྱུ་དང་རྐྱེན་དང༌། རྒྱུ་དང་རྐྱེན་ཚོགས་པ་དང་ཐ་དད་པ་ཀུན་ལ་ཡོད་པ་མ་ཡིན་པའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་ཡིན་ཏེ། མྱུ་གུ་ནི་རྒྱུ་ས་བོན་དུ་གྱུར་པ་ལ་ཡང་མེད། རྐྱེན་ཞེས་བྱ་བས་དང་ཆུ་དང་མེ་དང་རླུང་ལ་སོགས་པ་རེ་རེ་ལ་ཡང་མེད། རྐྱེན་འདུས་པ་དག་ལ་ཡང་མེད། རྒྱུ་དང་རྐྱེན་ཚོགས་པ་དག་ལ་ཡང་མེད། རྒྱུ་དང་རྐྱེན་ཚོགས་པ་ལས་མ་གཏོགས་པ་ཐ་དད་པ་ལ་ཡང་མེད་དོ། །གང་གི་ཕྱིར་རང་བཞིན་འདི་ཐམས་ཅད་ལ་ཡང་མེད་པ་དེའི་ཕྱིར་མྱུ་གུའི་རང་བཞིན་མེད་དེ་དེ་བས་ན་སྟོང་པ་ཡིན་ནོ། །ཇི་ལྟར་མྱུ་གུ་རང་བཞིན་མེད། རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར། སྟོང་པ་ཡིན་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར། སྟོང་པ་ཡིན་ནོ་ཞེ་ན། གལ་


DTG096_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དེ་ལྟ་མ་ཡིན་ན་ནི་དངོས་པོ་ཐམས་ཅད་སྟོང་པ་ཡིན་ནོ་ཞེས་བྱ་བ་གང་ཡིན་པའི་ཁྱོད་ཀྱི་ཚིག་དེ་ཡང་སྟོང་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ཡང་རྒྱུ་འབྱུང་བ་ཆེན་པོ་རྣམས་དང་མཚུངས་པར་ལྡན་པ་རྣམས་དང་ལྡན་པ་མ་ཡིན་པ་རྣམས་ལ་ཡང་མེད། རྐྱེན་བྲང་དང༌། ལྐོག་མ་དང༌། མཆུ་དང༌། ལྕེ་རྩེ་དང༌། སོའི་བྲུན་དང༌། རྐན་དང༌། སྣ་དང༌། སྤྱི་བོ་ལ་སོགས་པ་དང༌། འབད་པ་རྣམས་ལ་ཡང་མེད། གཉི་ག་ཚོགས་པ་ཡང་མེད། རྒྱུ་དང་རྐྱེན་ཚོགས་པ་ལ་ཡང་མེད། རྒྱུ་དང་རྐྱེན་ཚོགས་པ་ལས་མ་གཏོགས་པ་ཐ་དད་པ་ཡང་མེད་དོ། །གང་གི་ཕྱིར་འདི་ཐམས་ཅད་ལ་མེད་པའི་ཕྱིར་འདི་རང་བཞིན་མེད་པ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་སྟོང་པ་ཡིན་ནོ། །དེ་ལྟ་བས་ན་འདིས་དངོས་པོ་ཐམས་ཅད་ཟློག་པར་བྱེད་མི་ནུས་སོ། །མེ་མེད་པས་ཀྱང་སྲེག་པར་བྱེད་མི་ནུས་སོ། །མཚོན་ཆ་མེད་པས་ཀྱང་གཅད་པར་མི་ནུས་ཤིང་ཆུ་མེད་པས་ཀྱང་བངས་པར་མི་ནུས་པ་དེ་བཞིན་དུ་ཚིག་མེད་པས་ཀྱང༌། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཟློག་པར་བྱེད་མི་ནུས་པས་དེ་ལ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་བཀག་གོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ༌། །འོན་ཏེ་ཚིག་དེ་རང་བཞིན་བཅས། །ཁྱོད་ཀྱིས་དམ་བཅས་སྔ་མ་ཉམས། །མི་འདྲ་ཉིད་དེ་དེ་ཡིན་ན། །གཏན་ཚིགས་ཁྱད་པར་བརྗོད་པར་བྱོས། །འོན་ཏེ་སྐྱོན་དེར་གྱུར་ན་མི་རུང་ངོ་སྙམ་ནས་ངའི་ཚིག་དེ་ནི་རང་བཞིན་དང་བཅས་པ་ཡིན་ཏེ། དེའི་ཕྱིར་སྟོང་པ་མ་ཡིན་ནོ། །དེ་བས་ན་འདིས་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་བཀག་གོ་སྙམ་དུ་སེམས་ན། འོ་ན་དེ་ལྟར་ཡིན་ན་ནི་དངོས་པོ་ཐམས་ཅད་ནི་སྟོང་པ་ཡིན་ནོ་ཞེས་སྔར་དམ་བཅས་པ་གང་ཡིན་པ་དེ་ཉམས་པ་ཡིན་ནོ། །འདི་ལྟར་གཞན་ཡང་ཐམས་ཅད་ཀྱི་ནང་དུ་ནི་ཁྱོད་ཀྱི་ཚིག་ཀྱང་འདུས་པ་ཡིན་ན། ཅིའི་ཕྱིར་དངོས་པོ་ཐམས་ཅད་སྟོང་བ་ཡིན་བཞིན་དུ་འདི་ལྟར་སྟོང་པ་ཉིད་མ་ཡིན་པའི་ཕྱིར་དེས་དངོས་པོ་ཐམས་ཅད་རང་བཞིན་བཀག་གོ་ཞེས་བྱ་བའི་ཁྱོད་ཀྱི་ཚིག་སྟོང་པ་མ་ཡིན་པར་འགྱུར། དེ་ལྟ་ན་ནི་སྨྲས་པ་མུ་དྲུག་ཏུ་ཐལ་བར་འགྱུར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན། འོན་ཀྱང་གལ་ཏེ་དངོས་པོ་ཐམས་ཅད་སྟོང་པ་ཡིན་ནོ་ཞེ་ན་ཁྱོད་ཀྱི་ཚིག་ཀྱང་སྟོང་པ་ཡིན་ཏེ། ཐམས་ཅད་ཀྱི་ནང་དུ་


DTG096_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་ཕྱིར། །སྟོང་པ་དེས་པ་ནི་དགག་པ་མི་འཐད་པས་དེ་ལ་དངོས་པོ་ཐམས་ཅད་ནི་སྟོང་པ་ཡིན་ནོ་ཞེས་དགག་པ་གང་ཡིན་པ་དེ་འཐད་པ་མ་ཡིན་ནོ། །གལ་ཏེ་འཐད་པ་ཡིན་ནོ་ཞེ་ན། དངོས་པོ་ཐམས་ཅད་ནི་སྟོང་པ་ཡིན་ཞེས་བཀག་པས་དེས་ན་ཁྱོད་ཀྱི་ཚིག་ཀྱང་སྟོང་པ་ཡིན་ལ། སྟོང་པ་ཉིད་ཡིན་པའི་ཕྱིར་དེས་ནི་འགོག་པ་མི་འཐད་དོ། །གལ་ཏེ་དངོས་པོ་ཐམས་ཅད་ནི་སྟོང་པ་ཡིན་ལ། གང་གིས་འགོག་པར་བྱེད་པ་ཁྱོད་ཀྱི་ཚིག་ནི་སྟོང་པ་མ་ཡིན་ནོ་ཞེ་ན། དེས་ན་ཁྱོད་ཀྱི་ཚིག་ཐམས་ཅད་ཀྱི་ནང་དུ་མ་འདུས་པ་ཡིན་ཏེ། དེ་ལ་འགལ་བའི་དཔེར་འགྱུར་རོ། །གལ་ཏེ་ཐམས་ཅད་ཀྱི་ནང་དུ་ཁྱོད་ཀྱི་ཚིག་བསྡུས་སོ་ཞེ་ན། དངོས་པོ་ཐམས་ཅད་སྟོང་པ་ཡིན་པས་དེས་ན་དེ་ཡང་སྟོང་པ་ཡིན་ནོ། །དེའི་ཕྱིར་འདིས་འགོག་པ་མེད་དོ། །གལ་ཏེ་སྟོང་པ་ཡིན་ཡང་དངོས་པོ་ཐམས་ཅད་ནི་སྟོང་པའོ་ཞེས་འདིས་འགོག་པ་ཡོད་དོ་ཞེ་ན། དེས་ན་དངོས་པོ་ཐམས་ཅད་སྟོང་པ་ཡིན་ཡང་བྱ་བ་བྱེད་ནུས་པར་འགྱུར་ཏེ་དེ་ནི་འདོད་པ་མ་ཡིན་ནོ། །གལ་ཏེ་འགལ་བའི་དཔེར་གྱུར་ནས་མི་རུང་ངོ་སྙམ་ནས་དངོས་པོ་ཐམས་ཅད་སྟོང་པ་ཡིན་ཏེ་བྱ་བ་བྱེད་མི་ནུས་སོ་ཞེ་ན། ཁྱོད་ཀྱི་ཚིག་སྟོང་བས་ཀྱང་དངོས་པོ་ཐམས་ཅད་ཀྱི་རང་བཞིན་འགོག་པར་མི་འཐད་དོ། །ཇི་ལྟར་གཞན་ཡང་དེ་སྐད་ཟེར་ན་ནི་ཁ་ཅིག་ནི་སྟོང༌། ཁ་ཅིག་ནི་མི་སྟོང་ངོ་ཞེས་མི་འདྲ་བ་ཉིད་དུ་ཐལ་བར་འགྱུར་རོ། །མི་འདྲ་བ་ཉིད་ཡིན་ན་ནི་གང་གིས་ན་ཁ་ཅིག་ནི་སྟོང་ཁ་ཅིག་ནི་མི་སྟོང་པར་གྱུར་པའི་གཏན་ཚིགས་ཀྱི་ཁྱད་པར་ཡང་སྨྲོས་ཤིག ། གཏན་ཚིགས་དེ་ཡང་མ་བརྟན་པས་དེ་ལ་དངོས་པོ་ཐམས་ཅད་ནི་སྟོང་པའོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ༌། །འདི་ལྟར་གཞན་ཡང༌། དེ་སྒྲ་མ་འབྱིན་ལྟ་བུའོ་ཞེས། ཁྱོད་བློ་སེམས་ན་དེ་མི་འཐད། །འདི་ལ་སྒྲ་ནི་ཡོད་པ་ཡིས། །འབྱུང་བར་འགྱུར་བ་དེ་བཟློག་ཡིན། །དཔེར་ན་ཁ་ཅིག་ན་རེ་སྒྲ་མ་འབྱིན་ཅིག་ཅེས་བདག་ཉིད་སྒྲ་འབྱིན་ཏེ། སྒྲ་དེས་སྒྲ་ཟློག་པར་བྱེད་དོ། །དེ་བཞིན་དུ་དངོས་པོ་ཐམས་ཅད་ནི་སྟོང་པ་ཞེས་སྟོང་པའི་རང་བཞིན་གྱི་ཚིག་གིས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཟློག་པར་བྱེད་དོ་སྙམ་ན། འདིར་སྨྲས་པ། དེར་ཡང་འཐད་པ་མ་


DTG096_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། འདི་ལ་སྒྲ་ཡོད་པས་སྒྲ་འབྱུང་བར་འགྱུར་བ་འགོག་པར་བྱེད་པ་ཡིན་གྱི། འདིར་ནི་ཁྱོད་ཀྱི་ཡོད་པའི་ཚིག་གིས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་འགོག་པར་མི་བྱེད་དེ། ཁྱོད་ཀྱི་ལུགས་ཀྱི་ཚིག་ཀྱང་ཡོད་པ་མ་ཡིན། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཡང་ཡོད་པ་མ་ཡིན་པས་དེའི་ཕྱིར་སྒྲ་མ་འབྱིན་ཞེས་པ་ལྟ་བུའོ་ཞེས་བྱ་བ་འདི་ནི་མི་མཐུན་པར་སྒྲ་སྨྲས་པ་ཡིན་ནོ། །འགོག་པའི་འགོག་པའང་དེ་ལྟ་ཞེས། །འདོད་ན་དེ་ཡང་བཟང་མིན་ཏེ། །དེ་ལྟ་བས་ནའང་ཁྱོད་དམ་བཅས། །མཚན་ཉིད་སྐྱོན་ཡོད་ངེད་ལ་མེད། །ཁྱོད་ཀྱི་བློ་ལ་རྣམ། པ་འདི་ཉིད་ཀྱིས་འགོག་པའི་འགོག་པ་ཡང་མི་འཐད་དེ། དེ་ལ་ཁྱོད་ཀྱིས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་འགོག་པའི་ཚིག་འགོག་པར་བྱེད་པའི་ཚིག་གང་ཡིན་པ་དེ་ཡང་མི་འཐད་དོ་སྙམ་དུ་སེམས་ན། འདིར་སྨྲ་བར་བྱ་སྟེ། དེ་ཡང་བཟང་པོ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཁྱེད་ལ་ནི་དམ་བཅས་པའི་མཚན་ཉིད་ཀྱིས་འདི་འཐོབ་ཀྱི། ངེད་ལ་ནི་མེད་པས་དེ་ལྟ་ཡིན་ན་ནི་འགོག་པའི་འགོག་པ་ཡང་འཐད་པ་མ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ༌། །འདི་ལྟར་གཞན་ཡང༌། རེ་ཞིག་དངོས་རྣམས་མངོན་སུམ་གྱིས། །དམིགས་ནས་ཟློག་པར་བྱེད་མིན་ན། །གང་གིས་དངོས་རྣམས་དམིགས་འགྱུར་བ། །མངོན་སུམ་དེ་ནི་མེད་པ་ཡིན། །གལ་ཏེ་ཁྱོད་ཀྱིས་དངོས་པོ་ཐམས་ཅད་མངོན་སུམ་གྱི་དམིགས་ནས་དངོས་པོ་ཐམས་ཅད་ནི་སྟོང་པའོ་ཞེས་ཟློག་པར་བྱེད་ན་ནི་མི་རུང་ངོ༌། །དེ་ཡང་འཐད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དངོས་པོ་ཐམས་ཅད་ཀྱི་ནང་དུ་ནི་མངོན་སུམ་གྱི་ཚད་མ་ཡང་འདུས་པའི་ཕྱིར་སྟོང་པ་ཡིན་ལ། དངོས་པོ་ལ་དམིགས་པར་བྱེད་པ་གང་ཡིན་པ་དེ་ཡང་སྟོང་པ་ཡིན་ནོ། །དེའི་ཕྱིར་མངོན་སུམ་གྱི་ཚད་མས་དམིགས་པ་མེད་དོ། །མི་དམིགས་པ་འགོག་པ་ཡང་མི་འཐད་པས་དེ་ལ་དངོས་པོ་ཐམས་ཅད་ནི་སྟོང་པའོ་ཞེས་སྨྲས་པ་གང་ཡིན་པ་དེ་འཐད་པ་མ་ཡིན་ནོ། །འོན་ཏེ་ཁྱོད་ཀྱི་བློ་ལ་རྗེས་སུ་དཔག་པ་དང་ལུང་དང་དཔེས་སེམས་འཇལ་བས་དམིགས་ནས་དངོས་པོ་འདི་ཐམས་ཅད་ཟློག་པར་བྱེད་དོ་སྙམ་དུ་སེམས་ན་འདིར་སྨྲ་བར་བྱ་སྟེ། རྗེས་དཔག་ལུང་དང་


DTG096_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དཔེས་འཇལ་དང༌། །རྗེས་དཔག་ལུང་གིས་བསྒྲུབ་བྱ་དང༌། །དཔེས་བསྒྲུབ་བྱ་བའི་དོན་གང་ཡིན། །མངོན་སུམ་གྱིས་ནི་ལན་བཏབ་པོ། །རྗེས་སུ་དཔག་པ་དང༌། དཔེས་འཇལ་བ་དང༌། ལུང་ཡང་མངོན་སུམ་གྱི་ཚད་མས་ལན་བཏབ་པ་ཡིན་ཏེ། འདི་ལྟར་མངོན་སུམ་གྱི་ཚད་མ་ནི་སྟོང་པ་ཡིན་ཏེ། དངོས་པོ་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རྗེས་སུ་དཔག་པ་དང༌། དཔེས་འཇལ་བ་དང༌། ལུང་ཡང་སྟོང་པ་ཡིན་ཏེ། དངོས་པོ་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པས་བསྒྲུབ་པར་བྱ་བའི་དོན་དང༌། ལུང་གིས་བསྒྲུབ་པར་བྱ་བ་དང༌། དཔེས་བསྒྲུབ་བར་བྱ་བ་གང་ཡིན་པ་དེ་དག་ཀྱང་སྟོང་པ་མ་ཡིན་ཏེ། དངོས་པོ་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པ་དང༌། ལུང་དང༌། དཔེས་འཇལ་བ་དག་གིས་དངོས་པོ་རྣམས་ལ་དམིགས་པར་བྱེད་པ་གང་ཡིན་པ་དེ་ཡང་སྟོང་པ་ཉིད་ཡིན་ཏེ། དེའི་ཕྱིར་དངོས་པོ་རྣམས་དམིགས་པ་མེད་དོ། །མི་དམིགས་པའི་རང་བཞིན་འགོག་པ་མི་འཐད་པས་དེ་ལ་དངོས་པོ་ཐམས་ཅད་ནི་སྟོང་པའོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ༌། །འདི་ལྟར་གཞན་ཡང༌། སྐྱེ་བོ་ཆོས་ཀྱི་གནས་སྐབས་མཁས། །དགེ་བ་དག་གི་ཆོས་རྣམས་ལ། །དགེ་བའི་རང་བཞིན་ཡིན་པར་ནི། །སེམས་ཤིང་ལྷག་མ་རྣམས་ལ་ཡང༌། །འདི་ལ་སྐྱེ་བོ་ཆོས་ཀྱི་གནས་སྐབས་ལ་མཁས་པ་རྣམས་ནི་དགེ་བའི་ཆོས་རྣམས་ལ་བརྒྱ་རྩ་བཅུ་དགུར་སེམས་ཏེ། འདི་ལྟ་སྟེ། རྣམ་པར་ཤེས་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་དང༌། རེག་པ་དང༌། ཡིད་ལ་བྱེད་པ་དང༌། འདུན་པ་དང༌། མོས་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། བཏང་སྙོམས་དང༌། སྦྱོར་བ་དང༌། ཡང་དག་པར་སྦྱོར་བ་དང༌། ཐོབ་པ་དང༌། ལྷག་པའི་བསམ་པ་དང༌། ཁོང་ཁྲོ་བ་མེད་པ་དང༌། དགའ་བ་དང༌། འབད་པ་དང༌། རྩོལ་བ་དང༌། རྨོངས་པ་མེད་པ་དང༌། སྤྲོ་བ་དང༌། གནོད་པ་མེད་པ་དང༌། དབང་དང་ལྡན་པ་དང༌། ཁོང་ཁྲོ་དང༌། ཡིད་ལ་གཅགས་པ་མེད་པ་དང༌།


DTG096_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་དང༌། མི་འཛིན་པ་དང༌། དྲན་པ་དང༌། བརྟན་པ་དང༌། ལྷག་པར་ཞེན་པ་དང༌། རྨོངས་འབྲེལ་དང༌། སྤྲོ་བ་མེད་པ་དང༌། དོན་དུ་གཉེར་བ་དང༌། སྨོན་ལམ་དང༌། རྒྱགས་པ་དང༌། ཡུལ་དང་མི་ལྡན་པ་དང༌། ངེས་པར་འབྱིན་པ་མ་ཡིན་པ་དང༌། སྐྱེ་བ་དང༌། གནས་པ་དང་མི་རྟག་པ་དང༌། རྒ་བ་དང༌། ལྡན་པ་དང༌། ཡོངས་སུ་གདུངས་པ་དང༌། མི་དགའ་བ་དང༌། རྟོག་པ་དང༌། སྡུག་པ་དང༌། དང་བ་དང༌། འདོད་པ་དང༌། མི་མཐུན་པ་དང༌། མཐུན་པར་འཛིན་པ་དང༌། རྗེས་སུ་མི་མཐུན་པར་བཟུང་བ་དང༌། མི་འཇིགས་པ་དང༌། ཞེས་དང༌། རི་མོར་བྱེད་པ་དང༌། དད་པ་དང༌། མ་དད་པ་དང༌། བསྒོ་བ་བཞིན་བྱེད་པ་དང༌། གུས་པ་དང༌། མ་གུས་པ་དང༌། རྒོད་པ་དང༌། ཤིན་ཏུ་སྦྱངས་པ་དང༌། ངག་དང༌། འགུལ་བ་དང༌། གྲུབ་པ་དང༌། མ་དང་བ་དང༌། ཤིན་ཏུ་མ་སྦྱངས་པ་དང༌། རྣམ་པར་བྱང་བ་དང༌། བརྟན་པ་དང༌། དེས་པ་དང༌། ཡིད་ལ་གཅགས་པ་དང༌། མྱ་ངན་དང༌། འཁྲུགས་པ་དང༌། རྒྱགས་པ་དང༌། མི་མཐུན་པར་འཛིན་པ་དང༌། ཐེ་ཚོམ་དང༌། སྡོམ་པ་དང༌། ཡོངས་སུ་དག་པ་དང༌། ནང་ལེགས་པར་དང་བ་དང༌། འཇིགས་པའི་ཕྱོགས་གཅིག་དང༌། དད་པ་དང༌། ངོ་ཚ་ཤེས་པ་དང༌། གནམ་པ་དང༌། མི་འདྲིད་པ་དང༌། ཉེ་བར་ཞི་བ་དང༌། རྟབ་བག་མ་ཡིན་པ་དང༌། བག་ཡོད་པ་དང༌། བྱམས་པར་ལྟ་བ་དང༌། སོ་སོར་བརྟག་པ་དང༌། ཡིད་བྱུང་བ་དང༌། ཡོངས་སུ་གདུངས་པ་མེད་པ་དང༌། རྒྱགས་པ་མེད་པ་དང༌། ཆགས་པ་མེད་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་དང༌། ཐམས་ཅད་ཤེས་པ་ཉིད་དང༌། མི་གཏོང་བ་དང༌། འབྱོར་བ་དང༌། ཁྲེལ་ཡོད་པ་དང༌། མི་འཆབ་པ་དང༌། སྙིང་རྗེ་དང༌། སེམས་པ་མི་གཏོང་བ་དང༌། བྱམས་པ་དང༌། ཞུམ་པ་མེད་པ་དང༌། དགའ་བྲལ་བ་དང༌། རྫུ་འཕྲུལ་དང༌། ཁོན་དུ་མི་འཛིན་པ་དང༌། ཕྲག་དོག་མེད་པ་དང༌། སེམས་ཡོངས་སུ་གདུག་པ་མེད་པ་དང༌། བཟོད་པ་དང༌། རྣམ་པར་སྤངས་བ་དང༌། དེས་པ་མ་ཡིན་པ་དང༌། ཡོངས་སུ་ལོངས་སྤྱོད་པའི་རྗེས་སུ་མཐུན་པ་དང༌། བསོད་ནམས་དང༌། འདུ་ཤེས་པའི་སྙོམས་པར་འཇུག་པ་དང༌། ངེས་པར་འབྱིན་པ་ཉིད་དང༌། ཐམས་ཅད་མི་ཤེས་པ་ཉིད་དང༌། འདུས་


DTG096_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་པའི་ཆོས་སོ་ཞེས་དེ་ལྟར་དགེ་བའི་ཆོས་རྣམས་ལ་དགེ་བའི་རང་བཞིན་བརྒྱ་རྩ་བཅུ་དགུ་དང༌། དེ་བཞིན་དུ་མི་དགེ་བའི་ཆོས་རྣམས་པ་མི་དགེ་བའི་རང་བཞིན་དང༌། བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ལ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རང་བཞིན་དང༌། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ལ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རང་བཞིན་དང༌། འདོད་པར་གསུངས་པ་རྣམས་ལ་འདོད་པར་གསུངས་པ་དང༌། གཟུགས་སུ་གསུངས་པ་རྣམས་ལ་གཟུགས་སུ་གསུངས་པ་དང༌། གཟུགས་མེད་པར་གསུངས་པ་རྣམས་ལ་གཟུགས་མེད་པར་གསུངས་པ་དང༌། ཟག་པ་མེད་པ་རྣམས་ལ་ཟག་པ་མེད་པ་དང༌། སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་ཞེས་བྱ་བ་རྣམས་ལ་སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་ཞེས་བྱ་བའི་རང་བཞིན་དང༌། བསྒོམས་པས་སྤང་བར་བྱ་བ་རྣམས་ལ་བསྒོམས་པས་སྤང་བར་བྱ་བ་དང༌། སྤང་བར་བྱ་བ་མ་ཡིན་པ་རྣམས་ལ་སྤང་བར་བྱ་བ་མ་ཡིན་པའི་རང་བཞིན་དུ་སེམས་ཏེ། དེའི་ཕྱིར་དེ་ལྟར་ན་རྣམ་པ་དུ་མའི་ཆོས་ཀྱི་རང་བཞིན་མཐོང་བས་དེ་བས་ན་དངོས་པོ་ཐམས་ཅད་ནི་རང་བཞིན་མེད་པ་སྟེ། རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་སྟོང་པའོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ༌། །འདི་ལྟར་གཞན་ཡང༌། ངེས་འབྱིན་ལ་སོགས་རྣམས་ཀྱི་ཆོས། །གནས་སྐབས་གསུངས་པ་དེ་རྣམས་ལ། །ངེས་འབྱིན་རང་བཞིན་ཆོས་རྣམས་དང༌། །ངེས་འབྱིན་མིན་གང་ཚུལ་དེ་བཞིན། །འདི་ལ་ངེས་པར་འབྱིན་པའི་ཆོས་ཀྱི་གནས་སྐབས་གསུངས་པ་རྣམས་ལ་ངེས་པར་འབྱིན་པའི་རང་བཞིན་དང༌། ངེས་པར་འབྱིན་པ་མ་ཡིན་པ་རྣམས་ལ་ངེས་པར་འབྱིན་པ་མ་ཡིན་པའི་རང་བཞིན་དང༌། བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པ་རྣམས་ལ་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པ་དང༌། བྱང་ཆུབ་ཀྱི་ཡན་ལག་དང་མི་ལྡན་པ་རྣམས་ལ་བྱང་ཆུབ་ཀྱི་ཡན་ལག་དང་མི་ལྡན་པ་དང༌། བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པ་རྣམས་ལ་བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པ་དང༌། བྱང་ཆུབ་ཀྱི་ཕྱོགས་དང་མི་ལྡན་པ་རྣམས་ལ་བྱང་ཆུབ་ཀྱི་ཕྱོགས་དང་མི་ལྡན་པ་དང་ལྷག་མ་རྣམས་ལ་ཡང་དེ་


DTG096_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཏེ། དེའི་ཕྱིར་དེ་ལྟར་རྣམ་པ་དུ་མའི་ཆོས་རྣམས་ཀྱི་རང་བཞིན་མཐོང་བ་དེའི་ཕྱིར་དངོས་པོ་ཐམས་ཅད་ནི་རང་བཞིན་མེད་པ་སྟེ། དེ་བས་ན་སྟོང་པའོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ༌། །འདི་ལྟར་གཞན་ཡང༌། གལ་ཏེ་ཆོས་ཀྱི་རང་བཞིན་མེད། །རང་བཞིན་མེད་ཅེས་བྱ་བའི་མིང༌། །མིང་ཡང་དེ་བཞིན་མེད་འགྱུར་ཉིད། །གཞི་མེད་མིང་ནི་མེད་ཕྱིར་རོ། །གལ་ཏེ་ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པ་ཡིན་ན་དེ་ལ་ཡང་རང་བཞིན་མེད་དོ་ཞེས་བྱ་བའི་མིང་ཡང་དེ་བཞིན་དུ་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གཞི་མེད་པའི་མིང་ནི་འགའ་ཡང་མེད་པའི་ཕྱིར་རོ། །དེ་བས་ན་མི་སྲིད་པའི་ཕྱིར་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་དོ། །རང་བཞིན་ཡོད་པའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་མ་ཡིན་ནོ། །དེ་བས་ན་ཆོས་ཐམས་ཅད་རང་བཞིན་མེད་པ་སྟེ། རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་སྟོང་པའོ་ཞེས་སྨྲས་པ་གང་ཡིན་པ་དེ་རིགས་པ་མ་ཡིན་ནོ། །འོན་ཏེ་འདི་ལྟར་རང་བཞིན་ཡོད། །དེ་ནི་ཆོས་ལ་མེད་ཅེ་ན། །ཆོས་རྣམས་མེད་པའི་རང་བཞིན་ཏེ། །གང་གི་ཡིན་པ་དེ་བསྟན་རིགས། །འོན་ཏེ་གཞི་མེད་པའི་མིང་དུ་གྱུར་ན་མི་རུང་ངོ་སྙམ་ནས་རང་བཞིན་ནི་ཡོད་ལ། དེ་ཡང་ཆོས་ཐམས་ཅད་ལ་ནི་མི་སྲིད་དོ། །དེ་ལྟར་ན་ཆོས་རྣམས་རང་བཞིན་མེད་པའི་ཕྱིར་ཆོས་ནི་སྟོང་པར་འགྱུར་ལ། མིང་གཞི་མེད་པར་ཡང་མ་ཡིན་ནོ་སྙམ་དུ་སེམས་ན། འདིར་སྨྲ་བར་བྱ་སྟེ། དེ་ལྟ་ཡིན་ན་རང་བཞིན་དེ་ཆོས་ལ་གཏོགས་པའི་དོན་གང་ཡིན་པའི་དོན་དེ་བསྟན་པར་རིགས་སོ། །དེ་ཡང་མ་བསྟན་པས་དེའི་ཕྱིར་རང་བཞིན་ནི་ཡོད་ལ། དེ་ཡང་ཆོས་རྣམས་ནི་མེད་དོ་ཅེས་རྟོག་པ་གང་ཡིན་པ་དེ་ཉམས་སོ། །འདི་ལྟར་གཞན་ཡང༌། གང་ཕྱིར་ཁྱིམ་ན་བུམ་པ་དེ། །མེད་ཅེས་ཡོད་པ་ཉིད་ལ་འགོག །མཐོང་སྟེ་དེ་ཕྱིར་ཁྱོད་ཀྱིས་འདི། །ཡོད་པའི་རང་བཞིན་འགོག་པ་ཡིན། །འདི་ལ་དོན་ཡོད་པ་ལ་འགོག་པར་བྱེད་ཀྱི། མེད་པ་ལ་ནི་མ་ཡིན་ཏེ། དཔེར་ན་ཁྱིམ་ན་བུམ་པ་མེད་ཅེས་བྱ་བ་ལྟ་བུ་སྟེ། བུམ་པ་ཡོད་པ་ལ་འགོག་པ་ཡིན་གྱི། མེད་པ་ལ་ནི་མ་ཡིན་ནོ། །དེ་བཞིན་དུ་ཆོས་རྣམས་ཀྱི་རང་བཞིན་མེད་དོ་ཞེས་བྱ་བ་ཡང་རང་བཞིན་ཡོད་པ་ལ་འགོག་པར་


DTG096_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་ཡིན་གྱི། མེད་པ་ལ་ནི་མ་ཡིན་པས་དེ་ལ་ཆོས་ཐམས་ཅད་ཀྱི་རང་བཞིན་མེད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ༌། །འདི་ལྟར་གཞན་ཡང་འགོག་པ་ཡོད་པ་ཉིད་ཀྱི་ཕྱིར་དངོས་པོ་ཐམས་ཅད་ཀྱི་རང་བཞིན་རབ་ཏུ་གྲུབ་པ་ཡིན་ནོ། །ཇི་ལྟར་རང་བཞིན་དེ་མེད་ན། །ཁྱོད་ཀྱི་ཚིག་དེས་ཅི་ཞིག་དགག །མེད་པ་ཡིན་ན་ཚིག་མེད་པར། །འགོག་པར་རབ་ཏུ་གྲུབ་པ་ཡིན། །ཇི་སྟེ་རང་བཞིན་དེ་མེད་པ་ཉིད་ཡིན་ན་ནི། དངོས་པོ་ཐམས་ཅད་རང་བཞིན་མེད་དོ་ཞེས་བྱ་བའི་ཚིག་འདིས་ཁྱོད་ཀྱིས་ཅི་ཞིག་འགོག་པར་བྱེད། འདི་ལྟར་མེད་པ་ལ་ནི་ཚིག་མེད་པར་ཡང་འགོག་པར་འགྲུབ་སྟེ། ཇི་ལྟར་མེ་ལ་གྲང་བ་ཉིད་དང༌། ཆུ་ལ་ཚ་བ་ཉིད་ལྟ་བུའོ། །འདི་ལྟར་གཞན་ཡང༌། བྱིས་པ་རྣམས་ནི་སྨིག་རྒྱུ་ལ། །ཇི་ལྟར་ལོག་པར་ཆུར་འཛིན་ལྟར། །དེ་བཞིན་ཁྱོད་ཀྱིས་ལོག་པར་འཛིན། །ཡོད་པར་མིན་ལ་དགག་པར་བྱ། །ཁྱོད་ཀྱི་བློ་ལ་ཇི་ལྟར་བྱིས་པ་རྣམས་སྨིག་རྒྱུ་ལ་ལོག་པར་ཆུར་འཛིན་པ་ན། དེ་སྐྱེས་བུ་མཁས་པའི་རང་བཞིན་ཅན་གྱིས་འཛིན་པ་དེ་བཟློག་པའི་ཕྱིར་དེ་ན་ཆུ་མེད་ཀྱི། དེ་ནི་སྨིག་རྒྱུའོ་ཞེས་ཟེར་བ་དེ་བཞིན་དུ་རང་བཞིན་མེད་པ་རྣམས་ལ་སེམས་ཅན་རྣམས་ཀྱི་རང་བཞིན་དུ་འཛིན་པ་གང་ཡིན་པ་དེ་བཟློག་པའི་ཕྱིར་དངོས་པོ་ཐམས་ཅད་ནི་རང་བཞིན་མེད་པའོ་ཞེས་བྱ་བའོ་སྙམ་དུ་སེམས་ན། འདིར་སྨྲ་བར་བྱ་སྟེ། དེ་ལྟ་ན་ནི་འཛིན་པ་དང༌། །གཟུང་བ་འཛིན་པ་པོ་དེ་དང༌། །འགོག་པ་དགག་བྱ་འགོག་པ་པོ། །དེ་དྲུག་ཡོད་པ་མ་ཡིན་ནམ། །གལ་ཏེ་དེ་ལྟ་ན་ནི་རེ་ཞིག་སེམས་ཅན་རྣམས་ཀྱི་འཛིན་པ་ཡང་ཡོད་པ་དང༌། གཟུང་བ་ཡོད་པ་དང༌། དེ་འཛིན་པ་པོ་ཡོད་པ་དང༌། ལོག་པར་འཛིན་པ་དེ་འགོག་པ་ཡང་ཡོད་པ་དང༌། དགག་པར་བྱ་བ་ལོག་པར་འཛིན་པ་དེ་ཡང་ཡོད་པ་དང༌། ཁྱེད་ལ་སོགས་པ་འཛིན་པ་དེ་འགོག་པ་པོ་ཡང་ཡོད་དེ། དྲུག་ཏུ་གྲུབ་པ་མ་ཡིན་ནམ། དེ་དྲུག་ཏུ་གྱུར་ན་ནི། མ་བཀག་པ་ཉིད་ཡིན་པའི་ཕྱིར་དང་དངོས་པོ་ཐམས་ཅད་ནི་སྟོང་པའོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ༌། །ཇི་སྟེ་འཛིན་པ་ཡོད་མིན་ཞིང༌། །གཟུང་མེད་འཛིན་པ་པོ་མེད་ན། །འོ་ན་འགོག་


DTG096_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དང་དགག་བྱ་དང༌། །འགོག་པ་པོ་ཡང་ཡོད་མིན་ཏེ། །ཅི་སྟེ་སྐྱོན་དེར་གྱུར་ན་མི་རུང་ངོ་སྙམ་ནས་འཛིན་པ་ཡང་མེད། གཟུང་བ་ཡང་མེད་འཛིན་པ་པོ་ཡང་མེད་དོ་ཞེ་ན། དེ་ལྟ་ན་ནི་དངོས་པོ་ཐམས་ཅད་ནི་རང་བཞིན་མེད་དོ་ཞེས་བྱ་བ་འཛིན་པ་འགོག་པ་གང་ཡིན་པ་དེ་ཡང་མེད་ལ། དགག་པར་བྱ་བ་ཡང་མེད། འགོག་པ་པོ་ཡང་མེད་པར་འགྱུར་ཏེ། གལ་ཏེ་འགོག་དང་དགག་བྱ་དང༌། །འགོག་པ་པོ་ཡང་ཡོད་མིན་ན། །དངོས་པོ་ཀུན་དང་དེ་རྣམས་ཀྱི། །རང་བཞིན་ཉིད་ཀྱང་གྲུབ་ཡིན་ན། །གལ་ཏེ་འགོག་པ་ཡང་མེད། དགག་པར་བྱ་བ་ཡང་མེད། འགོག་པ་པོ་ཡང་མེད་ན་ནི། དངོས་པོ་ཐམས་ཅད་ཀྱང་མ་བཀག་པར་ཡོད་ལ། དངོས་པོ་རྣམས་ཀྱི་རང་བཞིན་ཡང་ཡོད་དོ། །འདི་ལྟར་གཞན་ཡང༌། ཁྱོད་ལ་གཏན་ཚིགས་མ་གྲུབ་སྟེ། །རང་བཞིན་མེད་ཕྱིར་ཁྱོད་གཏན་ཚིགས། །གང་ལ་ཡོད་དེ་ཁྱོད་དོན་ཏེ། །གཏན་ཚིགས་མེད་ཕྱིར་གྲུབ་མི་འཐད། །དངོས་པོ་ཐམས་ཅད་ནི་རང་བཞིན་མེད་དོ་ཞེས་བྱ་བའི་དོན་འདི་ལ་ཁྱོད་ཀྱི་གཏན་ཚིགས་མ་གྲུབ་སྟེ། དེ་ཅིའི་ཕྱིར་ཞེ་ན། དངོས་པོ་ཐམས་ཅད་ནི་རང་བཞིན་མེད་པའི་ཕྱིར་སྟོང་པ་ཉིད་ཡིན་པས་དེའི་ཕྱིར་གཏན་ཚིགས་ག་ལ་ཡོད། གཏན་ཚིགས་མེད་ན་ནི་གཏན་ཚིགས་མེད་པར་དངོས་པོ་ཐམས་ཅད་སྟོང་པའོ་ཞེས་བྱ་བའི་དོན་གང་ལ་གྲུབ་པས་དེ་ལ་དངོས་པོ་ཐམས་ཅད་སྟོང་པའོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་བོ། །འདི་ལྟར་གཞན་ཡང༌། ཁྱོད་ལ་གཏན་ཚིགས་མེད་པར་ཡང༌། །རང་བཞིན་བཟློག་པ་གྲུབ་ཡིན་ན། །ང་ལ་འང་གཏན་ཚིགས་མེད་པར་ནི། །རང་བཞིན་ཉིད་ནི་ཡོད་པར་འགྲུབ། །ཅི་སྟེ་དེ་ལ་གཏན་ཚིགས་མེད་པར་ཡང་དངོས་པོ་རྣམས་ཀྱི་རང་བཞིན་མེད་པར་འགྲུབ་པོ་སྙམ་དུ་སེམས་ན། ཇི་ལྟར་ཁྱོད་ལ་གཏན་ཚིགས་མེད་པར་རང་བཞིན་བཟློག་པ་གྲུབ་པ་དེ་བཞིན་དུ། ང་ལ་ཡང་གཏན་ཚིགས་མེད་པར་དངོས་པོའི་རང་བཞིན་ཡོད་པར་འགྲུབ་བོ། །ང་ལ་ཡང་ཞེས་བྱ་བ་ནི་ངེད་ལ་ཡང་ངོ༌། །གལ་ཏེ་གཏན་ཚིགས་ཡོད་ན་དངོས། །རང་བཞིན་མེད་ཅེས་བྱ་མི་འཐད། །འཇིག་རྟེན་ན་ནི་རང་བཞིན་མེད། །དངོས་པོ་འགའ་ཡང་ཡོད་མིན་ནོ། །གལ་


DTG096_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དངོས་པོ་རྣམས་ཀྱི་རང་བཞིན་མེད་པ་ཉིད་ཀྱི་གཏན་ཚིགས་ཡོད་པ་ཁོ་ནའོ་སྙམ་དུ་སེམས་ན། དེ་ལྟ་ན་ནི་དངོས་པོ་ཐམས་ཅད་རང་བཞིན་མེད་དོ་ཞེས་བྱ་བ་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་རང་བཞིན་མེད་པའི་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་ནོ། །འདི་ལྟར་རང་བཞིན་ཡོད་མིན་ན། །གལ་ཏེ་འགོག་སྔ་དགག་ཕྱི་ཞེས། །ཟེར་ན་འཐད་པ་མ་ཡིན་ལ། །འཕྱི་ཞིང་ཅིག་ཅར་འང་མི་འཐད་དོ། །རང་བཞིན་མེད་པ་ཞེས་བྱ་བ་འདིར་གལ་ཏེ་འགོག་པ་ནི་སྔ་ལ་དགག་པར་བྱ་བ་ནི་འཕྱིའོ་ཞེ་ན། འཐད་པ་མ་ཡིན་ཏེ། དགག་པར་བྱ་བ་ཡོད་པ་མ་ཡིན་ན་གང་གི་འགོག་པ་ཡིན་པར་འགྱུར་རོ། །འོན་ཏེ་འགོག་པ་ནི་འཕྱི་ལ་དགག་པར་བྱ་བ་ནི་སྔའོ་ཞེ་ན། དེ་འཐད་པ་མ་ཡིན་ཏེ། དགག་པར་བྱ་བ་གྲུབ་ཟིན་ན། ཅི་ཞིག་འགོག་པར་བྱེད། འོན་ཏེ་འགོག་པ་དང་དགག་པར་བྱ་བ་འགོག་མཉམ་མོ་ཞེ་ན། དེ་ལྟ་ན་ཡང་འགོག་པ་ནི་དགག་པར་བྱ་བའི་དོན་གྱི་རྒྱུ་མ་ཡིན་ལ། དགག་པར་བྱ་བ་ཡང་འགོག་པའི་མ་ཡིན་ཏེ། དཔེར་ན་རི་བོང་གི་རྭ་གཡས་གཡོན་གཉིས་མགོ་མཉམ་དུ་སྐྱེས་པ་ལྟ་བུ་སྟེ། རྭ་གཡས་པ་ཡང་གཡོན་པའི་རྒྱུ་མ་ཡིན་པ། གཡོན་པ་ཡང་གཡས་པའི་རྒྱུ་མ་ཡིན་པ་ལྟ་བུ་ཡིན་པས་དེ་ལ་དངོས་པོ་ཐམས་ཅད་རང་བཞིན་མེད་དོ་ཞེས་པ་གང་ཡིན་པ་དེ་མི་རུང་ངོ༌། །འདིར་བཤད་པ་རེ་ཞིག་ཁྱོད་ཀྱིས། གལ་ཏེ་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལའང་ཡོད་མིན་ན། །ཁྱོད་ཀྱི་ཚིགས་ཀྱང་རང་བཞིན་མེད། །རང་བཞིན་བཟློག་པར་མི་ནུས་སོ། །ཞེས་སྨྲས་པ་གང་ཡིན་པ་དེ་ལ་བཤད་པར་བྱ་སྟེ། གལ་ཏེ་ངའི་ཚིག་རྒྱུ་རྐྱེན་དང༌། །ཚོགས་དང་ཐ་དད་པ་ཡང་མེད། །འོ་ན་དངོས་རྣམས་སྟོང་གྲུབ་སྟེ། །རང་བཞིན་མེད་པ་ཉིད་ཕྱིར་རོ། །གལ་ཏེ་ངའི་ཚིག་རྒྱུ་འབྱུང་བ་ཆེན་པོ་རྣམས་དང་མཚུངས་པར་ལྡན་པ་རྣམས་དང༌། ལྡན་པ་མ་ཡིན་པ་རྣམས་ལ་ཡང་མེད། རྐྱེན་བྲང་དང༌། ལྐོག་མ་དང༌། མཆུ་དང༌། ལྕེ་དང༌། སོའི་ཐུན་དང༌། རྐན་དང༌། སྣ་དང༌། སྤྱི་བོ་ལ་སོགས་པ་དང༌། འབད་པ་རྣམས་ལ་ཡང་མེད། གཉི་ག་ཚོགས་པ་ལ་ཡང་མེད། རྒྱུ་དང་རྐྱེན་ཚོགས་པ་ལ་ཡང་མེད། རྒྱུ་དང་རྐྱེན་ཚོགས་པ་ལས་མ་


DTG096_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པ་ཐ་དད་པ་ཡང་མེད་དོ། །དེའི་ཕྱིར་རང་བཞིན་མེད་པ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་སྟོང་པ་ཡིན་ནོ་ཞེ་ན། འོ་ན་ནི་ངའི་ཚིག་དེ་སྟོང་པར་གྲུབ་སྟེ། རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་ངའི་ཚིག་དེ་རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་སྟོང་པ་ཡིན་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་སྟོང་པ་ཡིན་པས་ན་དེ་ལ་ཁྱོད་ཀྱིས་ཚིག་སྟོང་པ་ཡིན་པའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་མི་འཐད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ༌། །འདི་ལྟར་གཞན་ཡང༌། དངོས་རྣམས་རྟེན་ནས་བྱུང་བ་གང༌། །དེ་ནི་སྟོང་ཉིད་ཅེས་བྱ་དང༌། །གང་ཞིག་རྟེན་ནས་འབྱུང་བ་དེ། །རང་བཞིན་ཉིད་མེད་ཡིན་པར་སྨྲ། །ཁྱོད་ཀྱིས་ནི་དངོས་པོ་རྣམས་ཀྱི་སྟོང་པ་ཉིད་ཀྱི་དོན་ཁོང་དུ་ཆུད་པར་ཁྱོད་ཀྱི་ཚིག་རང་བཞིན་མེད་པ་ཡིན་པའི་ཕྱིར། དངོས་པོ་རྣམས་ཀྱི་རང་བཞིན་འགོག་པ་མི་འཐད་དེ་ཞེས་ཀླན་ཀ་ཚོལ་བ་སྨྲ་བར་བྱེད་དེ། འདིར་ནི་དངོས་པོ་རྣམས་རྟེན་ནས་འབྱུང་བ་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དངོས་པོ་གནག་དག་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་དག་ནི་རང་བཞིན་དང་བཅས་པ་མ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། རྒྱུ་དང་རྐྱེན་ལ་ལྟོས་པ་དང་བཅས་པའི་ཕྱིར་རོ། །གལ་ཏེ་དངོས་པོ་རྣམས་རང་བཞིན་གྱིས་ཡོད་པ་ནི་རྒྱུ་དང་རྐྱེན་མེད་ཀྱང་ཡོད་པར་འགྱུར་བ་ཞིག་ན། དེ་ལྟར་ཡང་མ་ཡིན་པས་དེའི་ཕྱིར་རང་བཞིན་མེད་པ་ཡིན་ཏེ། དེས་ན་སྟོང་པའོ། །ཞེས་བྱ་བར་འཐད་དོ། །དེ་བཞིན་དུ་ངའི་ཚིག་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ། དེའི་ཕྱིར་རང་བཞིན་མེད་དོ། །རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་སྟོང་པའོ་ཞེས་བྱ་བར་འཐད་པ་ཡིན་ནོ། །ཇི་ལྟར་བུམ་པ་དང་སྣམ་བུ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཡིན་པའི་ཕྱིར་རང་བཞིན་སྟོང་པ་ཡིན་པ་སྦྲང་རྩེ་དང༌། ཆུ་དང༌། འོ་ཐུག་འཛིན་པ་དང༌། ལེན་པ་དང༌། གྲང་བ་དང༌། རླུང་དང༌། ཉི་མས་ཡོངས་སུ་སྐྱོབ་བར་ནུས་པ་དེ་བཞིན་དུ་ངའི་ཚིག་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་རང་བཞིན་མེད་པ་ཡིན་ཡང་དངོས་པོ་རྣམས་རང་བཞིན་མེད་པར་རབ་


DTG096_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྒྲུབ་པར་ནུས་པ་ཡིན་པས་དེ་ལ་ཁྱོད་ཀྱི་ཚིག་རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་དངོས་པོ་ཐམས་ཅད་ཀྱི་རང་བཞིན་འགོག་པ་འཐད་པ་མ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ༌། །འདི་ལྟར་གཞན་ཡང༌། སྤྲུལ་པ་ཡིས་ནི་སྤྲུལ་པ་དང༌། །སྒྱུ་མ་ཡིས་ནི་སྐྱེས་བུ་ཡི། །སྒྱུ་མས་ཕྱུང་ལ་འགོག་བྱེད་ལྟར། །འགོག་པ་དེ་ཡང་དེ་བཞིན་འགྱུར། །ཇི་ལྟར་སྤྲུལ་པའི་སྐྱེས་བུས་སྤྲུལ་པའི་སྐྱེས་བུ་ཞིག་དོན་འགའ་ཞིག་གི་ཕྱིར་འོང་བར་བྱེད་པ་ལ་འགོག་པར་བྱེད་པ་དང༌། སྒྱུ་མ་མཁན་གྱིས་ཕྱུང་བའི་སྒྱུ་མའི་སྐྱེས་བུས་སྒྱུ་མའི་སྐྱེས་བུ་གཞན་ཞིག་དོན་འགའ་ཞིག་གི་ཕྱིར་འོང་བར་བྱེད་པ་ལ་འགོག་པར་བྱེད་པ་བཞིན་ཏེ་དེ་ལ་སྤྲུལ་པའི་སྐྱེས་བུ་དགག་པར་བྱ་བ་གང་ཡིན་པ་དེ་ཡང་སྟོང་པ་ཡིན། འགོག་པར་བྱེད་པ་དེ་ཡང་སྟོང་པ་ཡིན་སྒྱུ་མའི་སྐྱེས་བུ་དགག་པར་བྱ་བ་གང་ཡིན་པ་དེ་ཡང་སྟོང་པ་ཡིན་འགོག་པར་བྱེད་པ་གང་ཡིན་པ་དེ་ཡང་སྟོང་པ་ཡིན་པ་དེ་བཞིན་དུ་ངའི་ཚིག་སྟོང་པས་ཀྱང་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་འགོག་པ་འཐད་པ་ན་དེ་ལ་ཁྱོད་ཀྱི་ཚིག་སྟོང་པ་ཉིད་ཡིན་པའི་ཕྱིར་དངོས་པོ་ཐམས་ཅད་ཀྱི་རང་བཞིན་འགོག་པ་འཐད་པ་མ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་རུང་བ་མ་ཡིན་ནོ། །དེ་ལ་ཁྱོད་ཀྱིས་མུ་དྲུག་ཏུ་སྨྲས་པ་གང་ཡིན་པ་དེ་ཡང་དེ་ཉིད་ཀྱིས་བཀག་པ་ཡིན་ཏེ། དེ་ལྟ་ཡིན་ན་ཐམས་ཅད་ཀྱི་ནང་དུ་ངའི་ཚིག་ཀྱང་མ་འདུས་པ་ཡིན་ཞིང་མི་སྟོང་བའང་མ་ཡིན་ལ། དངོས་པོ་ཐམས་ཅད་ཀྱང་མི་སྟོང་བ་མ་ཡིན་ནོ། །ཡང་ཁྱོད་ཀྱིས། འོན་ཏེ་ཚིག་དེ་རང་བཞིན་བཅས། །ཁྱོད་ཀྱི་དམ་བཅས་སྔ་མ་ཉམས། །མི་འདྲ་ཉིད་དེ་དེ་ཡིན་ན། །གཏན་ཚིག་ཁྱད་པར་བརྗོད་པར་བྱོས། །ཞེས་སྨྲས་པ་གང་ཡིན་པ་འདི་ལ་བཤད་པར་བྱ་སྟེ། ངའི་ཚིག་དེ་རང་བཞིན་མེད། །དེ་ཕྱིར་སྨྲས་པ་མ་ཉམས་ལ། །མི་འདྲ་ཉིད་ཀྱང་མེད་པས་ན། །གཏན་ཚིགས་ཁྱད་པར་བཤད་མི་བྱ། །རེ་ཞིག་ངའི་ཚིག་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་བཞིན་འཐད་པ་མ་ཡིན་ཏེ། ཇི་སྐད་དུ། སྔར་རང་བཞིན་འཐད་པ་མ་ཡིན་པའི་ཕྱིར་སྟོང་པ་ཡིན་ནོ་ཞེས་བཤད་པ་ལྟ་བུའོ། །གང་གི་ཕྱིར་ངའི་ཚིག་དེ་


DTG096_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྟོང་པ་ཡིན། དངོས་པོ་ལྷག་མ་རྣམས་ཀྱང་སྟོང་པ་ཡིན་པ་དེའི་ཕྱིར་མི་འདྲ་བ་ཉིད་མེད་དོ། །གལ་ཏེ་ང་ན་རེ་ཚིག་དེ་ནི་སྟོང་པ་མ་ཡིན་ལ་དངོས་པོ་ལྷག་མ་ཐམས་ཅད་ནི་སྟོང་པ་ཡིན་ནོ་ཞེས་འཆད་བ་ནི་དེས་ན་མི་འདྲ་བ་ཉིད་དུ་ཡང་འགྱུར་ན། དེ་ན་དེ་ལྟ་མ་ཡིན་པས་དེའི་ཕྱིར་མི་འདྲ་བ་ཉིད་མེད་དོ། །གང་གི་ཕྱིར་ཚིག་དེ་ནི་སྟོང་པ་མ་ཡིན་ལ་དངོས་པོ་ལྷག་མ་ཐམས་ཅད་ནི་སྟོང་པ་ཡིན་ནོ་ཞེས་མི་འདྲ་བ་ཉིད་མི་སྲིད་པ་དེའི་ཕྱིར་ཁོ་བོས་གཏན་ཚིགས་དེས་ན་ཚིག་དེ་ནི་སྟོང་པ་མ་ཡིན་ལ། དངོས་པོ་ཐམས་ཅད་ནི་སྟོང་པ་ཡིན་ནོ་ཞེས་གཏན་ཚིགས་ཀྱི་ཁྱད་པར་བཤད་པར་མི་བྱ་སྟེ། དེ་ལ་ཁྱེད་ཀྱིས་སྨྲས་པ་ཡང་ཉམས་ལ། མི་འདྲ་བ་ཉིད་ཀྱང་ཡིན་པས་ཁྱད་ཀྱིས་གཏན་ཚིགས་ཁྱད་པར་ཡང་བརྗོད་པར་བྱོས་ཤིག་ཅེས་སྨྲས་པ་གང་ཡིན་པ་དེ་མི་དྲུང་ངོ༌། །ཡང༌། དེ་སྒྲ་མ་འབྱིན་ལྟ་བུའོ། ཞེས། །ཁྱོད་བློ་སེམས་ནི་དེ་མི་འཐད། །འདི་ལ་སྒྲ་ནི་ཡོད་པ་ཡིས། །འབྱུང་བར་འགྱུར་བ་དེ་བཟློག་ཡིན། །ཞེས་སྨྲས་པ་གང་ཡིན་པ་འདི་ལ་བཤད་པར་བྱ་སྟེ། སྒྲ་མ་འབྱིན་ཞེས་བྱ་བཞིན་ཞེས། །ཁྱོད་ཀྱིས་གང་བརྩམས་དཔེ་འདི་མིན། །དེ་ནི་སྒྲ་ཡིས་སྒྲ་བཟློག་པས། །འདི་ནི་དེ་ལྟ་མ་ཡིན་ནོ། །འདི་ནི་དེད་ཀྱི་དཔེ་མ་ཡིན་ཏེ། ཇི་ལྟར་འགའ་ཞིག་ན་རེ། སྒྲ་མ་འཛིན་ཞེས་དེ་སྐད་ཟེར་བ་ན་སྒྲ་ཉིད་འབྱིན་ཅིང་སྒྲ་ཟློག་པར་བྱེད་པ་ལྟར་ཚིག་སྟོང་པ་དེ་ཉིད་འགོག་པར་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། འདི་ལ་དཔེས་སྒྲ་ཟློག་པར་བྱེད་པ་དེ་ལྟར་འདི་ནི་མ་ཡིན་ཏེ། ངེད་ནི་དངོས་པོ་ཐམས་ཅད་རང་བཞིན་མེད་པ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་སྟོང་པ་ཡིན་ན་ཞེས་འཆད་དོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་རང་བཞིན་མེད་ཉིད་ཀྱིས། །ཇི་སྟེ་རང་བཞིན་མེད་ལ་བཟློག །རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་རབ་གྲུབ་འགྱུར། །ཇི་ལྟར་སྒྲ་མ་འབྱིན་ཅེས་བྱ་བ་ལྟ་བུ་སྒྲས་ཟློག་པར་བྱེད་པ་དེ་བཞིན་དུ། གལ་ཏེ་ཚིག་རང་བཞིན་མེད་པ་ཉིད་ཀྱི་དངོས་པོ་རང་བཞིན་མེད་པ་རྣམས་ལ་ཟློག་པར་བྱེད་ན་ནི་དེས་ན་དཔེ་འདི་འཐད་པར་འགྱུར་བ་ཞིག་ན། འདིར་ནི་ཚིག་རང་བཞིན་མེད་པ་ཉིད་ཀྱི་དངོས་པོ་རྣམས་ཀྱི་རང་བཞིན་འགོག་པར་བྱེད་དོ། །གལ་ཏེ་ཚིག་རང་བཞིན་མེད་པ་ཉིད་ཀྱིས་དངོས་པོ་རྣམས་ཀྱི་


DTG096_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་མེད་པ་ཉིད་འགོག་པར་བྱེད་ན་ནི་རང་བཞིན་མེད་པ་ཉིད་བཀག་པའི་ཕྱིར་དངོས་པོ་རྣམས་རང་བཞིན་དང་བཅས་པར་འགྱུར་ལ། རང་བཞིན་དང་བཅས་པའི་ཕྱིར་སྟོང་པ་མ་ཡིན་པར་འགྱུར་རོ། །ཁོ་བོ་ཅག་ནི་དངོས་པོ་རྣམས་སྟོང་པ་ཉིད་སྨྲ་ཡི། སྟོང་པ་ཉིད་མ་ཡིན་པར་ནི་སྨྲ་བ་མ་ཡིན་པས་དཔེ་མ་ཡིན་ནོ། །ཡང་ན་ཁ་ཅིག་སྤྲུལ་པ་ཡིས། །བུད་མེད་ལ་ནི་བུད་མེད་སྙམ། །ལོག་འཛིན་འབྱུང་ལ་སྤྲུལ་པ་ཡིས། །འགོག་བྱེད་འདི་ནི་དེ་ལྟ་ཡིན། །ཡང་ན་ཇི་ལྟར་སྐྱེས་བུ་ཁ་ཅིག་སྤྲུལ་པའི་བུད་མེད་རང་བཞིན་གྱིས་སྟོང་པ་ཡིན་པ་ལ་དོན་དམ་པར་བུད་མེད་དོ་སྙམ་དུ་ལོག་པར་འཛིན་པར་འགྱུར་རོ། །དེའི་ཕྱིར་དེ་ལོག་པར་འཛིན་པ་དེས་དེའི་འདོད་ཆགས་བསྐྱེད་པ་ལ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱིས་སྤྲུལ་པ་ཞིག་སྤྲུལ་ལ། དེས་དེའི་ལོག་པར་འཛིན་པ་དེ་ཟློག་པར་བྱེད་དོ། །དེ་བཞིན་དུ་ངའི་ཚིག་སྟོང་པ་སྤྲུལ་པ་ལྟ་བུས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མེད་པ་སྤྲུལ་པའི་བུད་མེད་དང་འདྲ་བ་དག་ལ་རང་བཞིན་ཡོད་པར་འཛིན་པ་གང་ཡིན་པ་ཟློག་པར་བྱེད་དོ། །དེ་བས་ན་འདིར་སྟོང་པ་ཉིད་དུ་རབ་ཏུ་བསྒྲུབ་པ་ལ་དཔེ་འདི་འཐད་པ་ཡིན་གྱི། ཅིག་ཤོས་ནི་མ་ཡིན་ནོ། །ཡང་ན་གང་ཕྱིར་བསྒྲུབ་བྱ་དང༌། །གཏན་ཚིགས་འདི་མཚུངས་སྒྲ་ཡོད་མིན། །ཐ་སྙད་ཁས་རྣམས་མ་བླངས་པར། །ངེད་ཅག་འཆད་པར་མི་བྱེད་དོ། །བསྒྲུབ་པར་བྱ་བ་དང༌། སྒྲ་མ་འབྱིན་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བའི་གཏན་ཚིགས་འདི་མཚུངས་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོ་ཐམས་ཅད་ནི་རང་བཞིན་མེད་པ་ཉིད་དུ་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་སྒྲ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཡིན་པའི་ཕྱིར་རང་བཞིན་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་རང་ཞིན་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར། འདི་ལ་སྒྲ་ནི་ཡོད་པ་ཡིས། །འབྱུང་བར་གྱུར་པ་དེ་བཟློག་ཡིན།། ཞེས་སྨྲས་པ་གང་ཡིན་པ་བཟློག་པ་ཡིན་ནོ། །གཞན་ཡང་ཐ་སྙད་ཀྱི་བདེན་པ་ཁས་མ་བླངས་ཤིང་མ་བརྟེན་པར་དངོས་པོ་ཐམས་ཅད་སྟོང་པའོ་ཞེས་མི་འཆད་དོ། །ཐ་སྙད་ཀྱི་བདེན་པ་ཁས་མ་བླངས་པར་ནི་ཆོས་བསྟན་པར་མི་ནུས་ཏེ། ཇི་སྐད་དུ། ཐ་སྙད་ལ་ནི་མ་བརྟེན་པར། །


DTG096_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་དོན་ལ་མི་སྟོན་ལ། །དམ་པའི་དོན་ལ་མ་བརྟེན་པར། །མྱ་ངན་འདས་པ་མི་རྟོགས་སོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བས་ན་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མེད་པ་ཉིད་དུ་གཉི་ག་འཐད་པ་ན་ངའི་ཚིག་བཞིན་དུ་དངོས་པོ་ཐམས་ཅད་སྟོང་པ་ཡིན་ནོ། །ཡང་ཁྱོད་ཀྱིས། འགོག་པའི་འགོག་པའང་དེ་ལྟ་ཞེས། །འདོད་ན་དེ་ཡང་བཟང་མིན་ཏེ། །དེ་ལྟ་ན་ཡང་ཁྱོད་དམ་བཅས། །མཚན་ཉིད་སྐྱོན་ཡོད་ངེད་ལ་མེད། །ཅེས་སྨྲས་པ་གང་ཡིན་པ་འདི་ལ་བཤད་པར་བྱ་སྟེ། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅས་མེད་པས་ན། །ང་ལ་སྐྱོན་མེད་ཁོ་ན་ཡིན། །གལ་ཏེ་དམ་བཅས་པ་འགའ་ཞིག་ཡོད་ན་ནི། དེས་ན་ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་དུ། །ང་ལ་དམ་བཅས་པའི་མཚན་ཉིད་ཁས་བླངས་པ་སྔོན་དུ་སོང་བའི་སྐྱོན་ཡོད་པ་ཞིག་ན་ང་ལ་དམ་བཅས་པ་འགའ་ཡང་མེད་དོ། །དེའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་གཏན་དུ་ཉེ་བར་ཞི་བ་རང་བཞིན་གྱིས་དབེན་པ་དག་ལ་དམ་བཅས་པ་ག་ལ་ཡོད། དམ་བཅས་པའི་མཚན་ཉིད་ཀྱང་ག་ལ་ཡོད། དམ་བཅས་པའི་མཚན་ཉིད་ལས་བྱུང་བའི་སྐྱོན་ཡང་ག་ལ་ཡོད་དེ། དེ་ལ་ཁྱོད་ལ་དམ་བཅས་པའི་མཚན་ཉིད་ཀྱིས་ཐོབ་པའི་ཕྱིར་ཁྱོད་ལ་སྐྱོན་ཡོད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་མེད་དོ། །ཡང་ཁྱོད་ཀྱིས། རེ་ཞིག་དངོས་རྣམས་མངོན་སུམ་གྱིས། །དམིགས་ནས་ཟློག་པར་བྱེད་ཡིན་ན། །གང་གིས་དངོས་རྣམས་དམིགས་འགྱུར་བ། །མངོན་སུམ་དེ་ནི་མེད་པ་ཡིན། །རྗེས་དཔག་ལུང་དང་དཔེས་གཞལ་དང༌། །རྗེས་དཔག་ལུང་གིས་བསྒྲུབ་བྱ་དང༌། །དཔེས་བསྒྲུབ་བྱ་བའི་དོན་གང་ཡིན། །མངོན་སུམ་གྱིས་ནི་ལན་བཏབ་པོ། །ཞེས་སྨྲས་པ་གང་ཡིན་པ་འདི་ལ་བཤད་པར་བྱ་སྟེ། །གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། །བསྒྲུབ་པའམ་བཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །གལ་ཏེ་ངས་མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། དཔེས་འཇལ་བ་དང༌། ལུང་རྣམས་ཀྱིས་སམ། ཚད་མ་བཞི་རྣམས་ལས་གང་ཡང་རུང་བ་ཞིག་གིས་འགའ་ཞིག་དམིགས་ན་ནི་


DTG096_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་སྒྲུབ་པར་བྱེད་པའམ། དོན་བཟློག་པར་བྱ་ན་ངས་དོན་ཇི་ལྟར་ཡང་མ་དམིགས་པས་དེའི་ཕྱིར་བསྒྲུབ་པར་ཡང་མི་བྱ། བཟློག་པར་ཡང་མི་བྱ། དེ་ལྟར་གྱུར་དང་དེ་ལ་ཁྱོད་ཀྱིས་གལ་ཏེ་མངོན་སུམ་ལ་སོགས་པ་རྣམས་ལ་ཚད་མ་གང་ཡང་རུང་བ་ཞིག་གིས་དངོས་པོ་རྣམས་དམིགས་ནས་ཟློག་པར་བྱེད་པ་ཡིན་ན། ཚད་མ་དེ་དག་ཀྱང་མེད། དེ་དག་གིས་ཁོང་དུ་ཆུད་པར་བྱ་བའི་དོན་ཡང་མེད་པས་ཞེས་ཀླན་ཀ་སྨྲ་བ་གང་ཡིན་པའི་ཀླན་ཀ་དེ་ང་ལ་མི་འབྱུང་ངོ༌། །འདི་ལྟར་གཞན་ཡང༌། གལ་ཏེ་ཁྱོད་ཀྱིས་དོན་དེ་རྣམས། །ཚད་མ་ཉིད་ཀྱིས་རབ་གྲུབ་ན། །ཁྱོད་ཀྱིས་ཚད་མ་དེ་རྣམས་ཀྱང༌། །ཇི་ལྟར་རབ་ཏུ་འགྲུབ་པར་འགྱུར། །གལ་ཏེ་འཇལ་བར་བྱེད་པ་རྣམས་ཀྱིས་གཞལ་བར་བྱ་བ་དག་བཞིན་དུ་ཁྱོད་ཀྱི་དོན་གཞལ་བར་བྱ་བ་དེ་རྣམས་ཚད་མ་ཉིད་ཀྱིས་རབ་ཏུ་འགྲུབ་པ་ཡིན་པར་སེམས་ན། འོན་ད་ཚད་མ་རྣམས་པ་བཞི་པོ་མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། དཔེས་གཞལ་བ་དང༌། ལུང་དེ་རྣམས་གང་གིས་རབ་ཏུ་འགྲུབ། གལ་ཏེ་རེ་ཞིག་ཚད་མ་དེ་རྣམས་ནི་ཚད་མ་གཞན་རྣམས་ཀྱིས་ཡོད་པར་འགྲུབ་ལ། དོན་རྣམས་ནི་ཚད་མས་རབ་ཏུ་འགྲུབ་པ་ཡིན་ནོ་ཞེ་ན། དམ་བཅས་པ་ཉམས་པར་འགྱུར་རོ། །འོན་ཏེ་ཡང༌། གལ་ཏེ་ཚད་མ་གཞན་རྣམས་ཀྱིས། །ཚད་མ་འགྲུབ་ན་ཐུག་པ་མེད། །གལ་ཏེ་འདི་སྙམ་དུ་གཞལ་བར་བྱ་བ་ནི་ཚད་མ་རྣམས་ཀྱིས་འགྲུབ་ལ། ཚད་མ་དེ་རྣམས་ཀྱང་ཚད་མ་གཞན་རྣམས་ཀྱིས་འགྲུབ་པར་སེམས་ན། དེ་ལྟ་ན་ཡང་ཐུག་པ་མེད་པར་འགྱུར་རོ། །དེ་ལ་ཐུག་པ་མེད་པར་གྱུར་ན་ཉེས་པ་ཅི་ཡོད་ཅེ་ན། དེ་ལ་འདི་ལྟར་བཤད་པར་བྱ་སྟེ། དེ་ལ་དང་པོ་འགྲུབ་མིན་ལ། །བར་མ་མིན་ཞིང་ཐ་མའང་མིན། །ཐུག་པ་མེད་པར་གྱུར་པ་ན། །དང་པོ་འགྲུབ་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཚད་མ་དེ་རྣམས་ཀྱང་ཚད་མ་གཞན་རྣམས་ཀྱིས་རབ་ཏུ་འགྲུབ་པ་ཡིན་ལ། དེ་རྣམས་ཀྱང་གཞན་རྣམས་ཀྱི་ཡིན་པས་འདི་ལ་དང་པོ་མེད་དོ། །དང་པོ་མེད་པའི་ཕྱིར་བར་མ་ཡང་ག་ལ་ཡོད། ཐ་མ་ཡང་ག་ལ་ཡོད་དེ་དེའི་ཕྱིར་ཚད་མ་དེ་རྣམས་ནི་ཚད་མ་གཞན་རྣམས་ཀྱིས་རབ་ཏུ་


DTG096_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པའོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་འཐད་དོ། །འོན་ཏེ་ཚད་མ་མེད་པར་ཡང༌། །དེ་རྣམས་འགྲུབ་ན་སྨྲ་བ་ཉམས། །མི་འདྲ་ཉིད་དེ་དེ་ཡིན་ན། །གཏན་ཚིགས་ཁྱད་པར་སྨྲ་བར་གྱིས། །འོན་ཏེ་ཚད་མ་རྣམས་མེད་པར་ཡང་ཚད་མ་དེ་རྣམས་རབ་ཏུ་འགྲུབ་པ་ཡིན་ལ། གཞལ་བར་བྱ་བའི་དོན་རྣམས་ནི་ཚད་མ་རྣམས་ཀྱིས་རབ་ཏུ་འགྲུབ་པ་ཡིན་ནོ་སྙམ་དུ་སེམས་ན་དེ་ལྟ་ན་ནི་ཁྱོད་ཀྱི་ཚད་མ་རྣམས་ཀྱིས་དོན་རྣམས་འགྲུབ་པོ་ཞེས་སྨྲས་པ་གང་ཡིན་པ་དེ་ཉམས་པར་འགྱུར་ལ་དོན་ཁ་ཅིག་ནི་ཚད་མ་རྣམས་ཀྱིས་རབ་ཏུ་འགྲུབ་པ་ཡིན། ཁ་ཅིག་ནི་མ་ཡིན་ནོ་ཞེས་མི་འདྲ་པ་ཉིད་དུ་ཡང་འགྱུར་རོ། །དེ་ལྟ་ན་ནི་གཏན་ཚིགས་གང་གིས་ན་དོན་ཁ་ཅིག་ནི་ཚད་མ་རྣམས་ཀྱིས་རབ་ཏུ་འགྲུབ་པ་ཡིན་ལ། ཁ་ཅིག་ནི་མ་ཡིན་ནོ་ཞེས་གཏན་ཚིགས་ཀྱི་ཁྱད་པར་ཡང་སྨྲ་བར་བྱ་བ་ཡིན་ན། དེ་ཡང་མ་བསྟན་པས་དེའི་ཕྱིར་རྟོག་པ་འདི་ཡང་འཐད་པ་མ་ཡིན་ནོ། །འདིར་སྨྲས་པ། ཇི་སྐད་དུ། ཇི་ལྟར་མེ་ཡིས་གཞན་བདག་ཉིད། །གསལ་བྱེད་དེ་བཞིན་རང་ཉིད་ལྟར། །དེ་བཞིན་ཚད་མ་རྣམས་ཀྱང་ནི། །རང་གཞན་བདག་ཉིད་འགྲུབ་ཅེ་ན། །ཞེས་བསྟན་པ་ལྟ་བུར་ཚད་མ་རྣམས་ཀྱིས་རང་གི་བདག་ཉིད་དང༌། གཞན་གྱི་བདག་ཉིད་རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ཏེ། ཇི་ལྟར་མེས་རང་གི་བདག་ཉིད་དང༌། གཞན་གྱི་བདག་ཉིད་གསལ་བར་བྱེད་པ་དེ་བཞིན་དུ་ཚད་མ་རྣམས་ཀྱང་རང་གི་བདག་ཉིད་དང་གཞན་གྱི་བདག་ཉིད་རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེ་ན། འདིར་བཤད་པ། སྨྲས་པ་དེ་ནི་མི་མཐུན་ཏེ། །མུན་ཁུང་གི་ནི་རྫ་མ་ལྟར།། དེ་ལ་མི་དམིགས་མ་མཐོང་བས། །མེ་ནི་རང་ལ་གསལ་བྱེད་མིན། །མེ་དང་འདྲ་བར་ཚད་མ་རྣམས་ཀྱང་རང་དང་གཞན་གྱི་བདག་ཉིད་གཉིས་རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་སྨྲས་པ་དེ་ནི་མི་མཐུན་པ་ཉིད་ཡིན་ཏེ། མེ་ནི་རང་ལས་གསལ་བར་བྱེད་པ་མ་ཡིན་ཏེ། ཇི་ལྟར་མེ་མི་འབར་བའི་སྔ་རོལ་ན་མུན་ཁུང་ན་བུམ་པ་མི་དམིགས་པ་ལ། མེས་གསལ་བར་བྱས་ནས་ཕྱིས་དམིགས་པ་དེ་བཞིན་དུ། གལ་ཏེ་གསལ་བར་མ་བྱས་པའི་སྔ་རོལ་དུ་མེ་མུན་ཁུང་ན་ཡོད་ལ། ཕྱིས་མེས་གསལ་བར་འགྱུར་ན་ནི་དེའི་ཕྱིར་རང་གི་བདག་ཉིད་གསལ་བར་བྱེད་པ་ཡིན་ན། དེ་ཡང་དེ་ལྟ་


DTG096_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པས་རྟོག་པ་འདི་ཡང་འཐད་པ་མ་ཡིན་ནོ། །འདི་ལྟར་གཞན་ཡང༌། གལ་ཏེ་ཁྱོད་ཀྱི་ཚིག་གིས་ནི། །མེ་འདིས་རང་བདག་གསལ་བྱེད་ན། །འོན་མེ་ཡིས་གཞན་བཞིན་དུ། །རང་ལ་སྲེག་པའང་བྱེད་པར་འགྱུར། །གལ་ཏེ་ཁྱོད་ཟེར་བ་ཇི་ལྟར་མེས་གཞན་གྱི་རང་བཞིན་གསལ་བར་བྱེད་པ་དེ་བཞིན་དུ་རང་གི་བདག་ཉིད་ལ་ཡང་གསལ་བར་བྱེད་དོ་ཞེ་ན། འོན་ནི་ཇི་ལྟར་གཞན་གྱི་བདག་ཉིད་སྲེག་པར་བྱེད་པ་དེ་བཞིན་དུ་རང་གི་བདག་ཉིད་ལ་ཡང་སྲེག་པར་འགྱུར་བ་ཞིག་ན། དེ་ནི་དེ་ལྟར་ཡང་མ་ཡིན་པས་དེ་ལ་མེ་ནི་གཞན་གྱི་བདག་ཉིད་ལ་ཡང་གསལ་བར་བྱེད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ༌། །འདི་ལྟར་གཞན་ཡང༌། གལ་ཏེ་ཁྱོད་ཀྱི་ཚིག་གིས་ནི། །མེ་ཡིས་རང་གཞན་བདག་གསལ་བྱེད། །མེ་བཞིན་དུ་ནི་མུན་པ་ཡང༌། །རང་གཞན་བདག་ལ་བསྒྲིབ་པར་འགྱུར། །གལ་ཏེ་ཁྱོད་ཀྱི་ལུགས་ཀྱིས་ནི་མེ་ནི་རང་དང་གཞན་གྱི་བདག་ཉིད་གཉིས་གསལ་བར་བྱེད་པ་ཡིན་ན། འོན་ནི་ད་གཉེན་པོར་གྱུར་པ་མུན་པ་ཡང་རང་དང་གཞན་གྱི་བདག་ཉིད་གཉིས་བསྒྲིབ་པར་འགྱུར་བ་ཞིག་ན། དེ་ནི་དེ་ལྟར་ཡང་མ་ཡིན་པས་དེ་ལ་མེ་ནི་རང་དང་གཞན་གྱིས་བདག་ཉིད་གཉིས་གསལ་བར་བྱེད་པ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་རུང་བ་མ་ཡིན་ནོ། །འདི་ལྟར་གཞན་ཡང༌། གསལ་བྱེད་དེ་ནི་མུན་སེལ་ཏེ། །མེ་དང་གང་ན་མི་གནས་པ། །གཞན་ནའང་མུན་པ་ཡོད་མིན་ན། །ཇི་ལྟར་གསལ་བར་བྱེད་པ་ཡིན། །འདིར་མེ་ལ་ཡང་མུན་པ་མེད་ལ། །གང་ན་མེ་ཡོད་པ་དེ་ན་ཡང་མུན་པ་མེད་དོ། །གསལ་བར་བྱེད་པ་ཞེས་བྱ་བ་ནི་མུན་པ་སེལ་བ་ཡིན་པས་དེའི་ཕྱིར་མེ་ལ་ཡང་མུན་པ་མེད་ལ། གང་ན་མེ་ཡོད་པ་དེ་ན་ཡང་མུན་པ་མེད་ན་མེད་གང་ཞིག་སེལ་བར་རང་དང་གཞན་གྱི་བདག་ཉིད་གཉིས་གསལ་བར་བྱེད་པའི་མེས་མུན་པ་གང་ཞིག་སེལ་བར་བྱེད། འདིར་སྨྲས་པ། འོ་ན་གང་གི་ཕྱིར་མེ་ལ་ཡང་མུན་པ་མེད། མེ་གང་ན་ཡོད་པ་དེ་ན་ཡང་མུན་པ་མེད་པ་དེ་ཉིད་ཀྱི་ཕྱིར་མེ་ནི་རང་དང་གཞན་གྱི་བདག་ཉིད་གཉི་ག་གསལ་བར་བྱེད་པ་མ་ཡིན་ནམ། མེ་འབྱུང་བ་ཉིད་ན་མེ་དེས་མུན་པ་བསལ་བ་ཡིན་ཏེ། དེ་ལ་ཡང་མུན་པ་དེ་མེད།


DTG096_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

མེ་གང་ན་ཡོད་པ་དེ་ན་ཡང་མུན་པ་མེད་དེ་དེའི་ཕྱིར་མེ་འབྱུང་བ་ཁོ་ན་རང་གི་བདག་ཉིད་དང༌། གཞན་གྱི་བདག་ཉིད་གཉི་ག་གསལ་བར་བྱེད་པ་ཡིན་ནོ་ཞེ་ན། འདིར་སྨྲས་པ། མེ་འབྱུང་བ་ན་གསལ་བྱེད་པ། །ཡང་དག་མིན་པར་སྨྲ་བ་སྟེ། །མེ་འབྱུང་བ་ན་མུན་པ་དང༌།། ཕྲད་པ་མེད་པ་ཁོ་ན་ཡིན། །མེ་དེ་ནི་འབྱུང་བ་ཁོན་ན་རང་གི་བདག་ཉིད་དང་གཞན་གྱི་བདག་ཉིད་གསལ་བར་བྱེད་དོ་ཞེས་སྨྲ་བ་དེ་ནི་འཐད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མེ་འབྱུང་བ་ཉིད་ན་མུན་པ་དང་ཕྲད་པ་མེད་པ་ཁོ་ན་ཡིན། མེ་དེ་ནི་འབྱུང་བ་ཁོ་ན་ན་རང་གི་བདག་ཉིད་དང་གཞན་གྱི་བདག་ཉིད་གསལ་བར་བྱེད་དོ་ཞེས་སྨྲ་བ་དེ་ནི་འཐད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མེ་འབྱུང་བ་ཉིད་ན་མུན་པ་དང་ཕྲད་པ་མེད་པ་ཡིན་ཏེ། མ་ཕྲད་པའི་ཕྱིར་དེ་སེལ་བར་མི་བྱེད་དོ། །མུན་པ་མ་བསལ་བའི་ཕྱིར་གསལ་བར་ཡང་མི་བྱེད་དོ། །འདི་ལྟར་གཞན་ཡང༌། ཡང་ན་མེ་དང་མ་ཕྲད་ཀྱང༌། །མུན་པ་སེལ་བར་བྱེད་ན་ནི། །འདི་ན་ཡོད་པ་གང་ཡིན་པས། །ཇི་རྟེན་ཁམས་ཀུན་མུན་སེལ་འགྱུར། །འོན་ཏེ་མེ་ནི་མུན་པ་དང་ཕྲད་པར་ཡང་སེལ་བར་བྱེད་དོ་སྙམ་དུ་སེམས་ན། འོན་ནི་དེ་མ་ཕྲད་པར་འདྲ་བས་འདི་ན་གནས་པའི་མེས་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་མུན་པ་སེལ་བར་འགྱུར་བ་ཞིག་ན། དེ་ནི་དེ་ལྟར་ཡང་མ་ཡིན་པས་དེའི་ཕྱིར་མེ་ནི་མུན་པ་དང་མ་ཕྲད་པར་སེལ་བར་བྱེད་པར་འདོད་པ་གང་ཡིན་པ་དེ་མི་རུང་ངོ༌། །འདི་ལྟར་གཞན་ཡང༌། གལ་ཏེ་རང་ལས་ཚད་མ་གྲུབ། །གཞལ་བྱ་རྣམས་ལ་མ་ལྟོས་པར། །ཁྱོད་ཀྱི་ཚད་མ་འགྲུབ་འགྱུར་འདིར། །གཞན་ལ་མི་ལྟོས་རང་འགྲུབ་འགྱུར། །གལ་ཏེ་མེ་བཞིན་དུ་རང་ལས་ཚད་མ་གྲུབ་པོ་སྙམ་དུ་སེམས་ན། གཞལ་བར་བྱ་བའི་དོན་རྣམས་ལ་མ་ལྟོས་པར་ཡང་ཚད་མ་རྣམས་རབ་ཏུ་འགྲུབ་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རང་ལས་གྲུབ་པ་ནི་གཞན་ལ་ལྟོས་པ་མ་ཡིན་ནོ། །འོན་ཏེ་ལྟོས་ན་ནི་རང་ལས་གྲུབ་པ་མ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་ཚད་མ་རྣམས་གཞལ་བར་བྱ་པའི་དོན་རྣམས་ལ་ནི། མི་ལྟོས་ན་སྐྱོན་ཅིར་འགྱུར་ཞེ་ན། འདིར་བཤད་པ། གལ་ཏེ་གཞལ་བྱའི་དོན་རྣམས་ལ།


DTG096_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྟོས་ཁྱོད་ཀྱི་ཚད་མ་འགྲུབ། །ཚད་མ་འདི་རྣམས་ཁོ་ན་ནི། །གང་གིའང་ཡིན་པར་མི་འགྱུར་རོ། །གལ་ཏེ་ཚད་མ་རྣམས་གཞལ་བར་བྱ་བ་དོན་རྣམས་ལ་མི་ལྟོས་པར་རབ་ཏུ་འགྲུབ་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་ཁྱོད་ཀྱིས་ཚད་མ་འདི་རྣམས་གང་གི་ཕྱིར་ཚད་མ་ཡང་མ་ཡིན་པའི་སྐྱོན་དེ་ལྟ་བུར་འགྱུར་རོ། །འོ་ན་ཏེ་ཚད་མ་རྣམས་དོན་འགའ་ཞིག་གི་ཡིན་ནོ་ཞེ་ན། དེ་གཞལ་བར་བྱ་བའི་དོན་རྣམས་ལ་མི་ལྟོས་པར་ཚད་མ་རྣམས་སུ་འགྱུར་བ་མ་ཡིན་ནོ། །འོན་ཏེ་ལྟོས་ནས་དེ་རྣམས་འགྲུབ། །འདོད་ན་དེ་ལ་སྐྱོན་ཅིར་འགྱུར། །མ་གྲུབ་གཞན་ལ་མི་ལྟོས་པས། །གྲུབ་པ་སྒྲུབ་པར་བྱེད་པ་ཡིན། །འོན་ཏེ་གཞལ་བར་བྱ་བའི་དོན་རྣམས་ལ་ལྟོས་ནས་ཚད་མ་རྣམས་འགྲུབ་པ་ཡིན་པར་འདོད་དོ་ཞེ་ན། དེ་ལྟ་ན་ནི་དོན་མ་གྲུབ་པ་ནི་ལྟོས་པ་མེད་པ་ཡིན་ཏེ། ལྷ་སྦྱིན་མ་གྲུབ་པ་ན་ནི་དོན་འགའ་ལ་ཡང་ལྟོས་པ་མ་ཡིན་པས་ཁྱོད་ཀྱིས་ཚད་མ་གཞི་འགྱུར་བ་འགྲུབ་པར་བྱེད་པ་ཡིན་ནོ། །གྲུབ་པ་སྒྲུབ་པར་བྱེད་པ་ཡང་འདོད་པ་མ་ཡིན་ཏེ། བྱས་པ་བྱེད་པར་མི་འཐད་པའི་ཕྱིར་རོ། །འདི་ལྟར་གཞན་ཡང༌། གལ་ཏེ་ཡོང་ཡེ་གཞལ་བྱ་ལ། །ལྟོས་ནས་ཚད་མ་གྲུབ་ཡིན་ན། །ཚད་མ་རྣམས་ལ་མ་ལྟོས་པར། །གཞལ་བར་བྱ་བ་འགྲུབ་པར་འགྱུར། །གལ་ཏེ་ཚད་མ་རྣམས་ནི་གཞལ་བར་བྱ་བ་རྣམས་ལ་ལྟོས་ནས་སོ་ཞེ་ན། དེ་ཚད་མ་རྣམས་ལ་ལྟོས་ནས་གཞལ་བར་བྱ་བ་མ་གྲུབ་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་བ་ནི་སྒྲུབ་པར་བྱེད་པ་སྒྲུབ་པར་མི་བྱེད་ལ། ཚད་མ་རྣམས་ཀྱིས་སྒྲུབ་པར་བྱེད་པ་ཡང་གཞལ་བྱ་རྣམས་ཡིན་ནོ་ཞེས་གྲག་གོ །འདི་ལྟར་གཞན་ཡང༌། གལ་ཏེ་ཚད་མ་རྣམས་ལ་ནི། །མ་ལྟོས་པར་ཡང་གཞལ་བྱ་འགྲུབ། །གང་ཕྱིར་ཁྱོད་ཀྱི་དེ་གྲགས་པ། །ཚད་མ་གྲུབ་པས་ཅི་ཞིག་བྱ། །གལ་ཏེ་ཚད་མ་རྣམས་ལ་མ་ལྟོས་པར་གཞལ་བར་བྱ་བ་རྣམས་འགྲུབ་པོ་སྙམ་དུ་སེམས་ན། ཅི་དེ་ཁྱོད་ཀྱི་ཚད་མ་གྲུབ་པར་ཡོངས་སུ་བརྟག་པས་ཅི་ཞིག་བྱ། །ཅིའི་ཕྱིར་ཞེ་ན། གང་གི་དོན་དུ་ཁྱོད་ཀྱི་ཚད་མ་དེ་རྣམས་ཡོངས་སུ་བརྟག་པའི་གཞལ་བར་བྱ་བའི་


DTG096_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དེ་རྣམས་ནི་ཚད་མ་རྣམས་མེད་པར་ཡང་གྲུབ་པ་ཡིན་པས་དེ་ལ་ཁྱོད་ཀྱི་ཚད་མ་རྣམས་ཀྱིས་ཅི་ཞིག་བྱ། ཅི་སྟེ་ཁྱོད་ཀྱི་ཚད་མ་རྣམས། །གཞལ་བྱ་རྣམས་ལ་ལྟོས་ནས་འགྲུབ། །དེ་ལྟར་ཁྱོད་ཀྱི་ཚད་མ་རྣམས། །གཞལ་བྱ་ངེས་པར་བཟློག་པར་འགྱུར། །ཅི་སྟེ་སྔར་སྨྲས་པའི་སྐྱོན་དུ་འགྱུར་བ་ན་མི་རུང་ངོ་སྙམ་ནས་ཚད་མ་རྣམས་ནི་གཞལ་བར་བྱ་བའི་དོན་རྣམས་ལ་ལྟོས་པ་ཡིན་ནོ་སྙམ་དུ་སེམས་ན་དེ་ལྟ་ན་ནི་ཁྱོད་ཀྱི་ཚད་མ་དང་གཞལ་བར་བྱ་བ་རྣམས་བཟློག་པར་འགྱུར་ཏེ། ཁྱོད་ཀྱི་ཚད་མ་རྣམས་ཀྱང་གཞལ་བར་བྱ་བར་འགྱུར་རོ། །གཞལ་བར་བྱ་བ་རྣམས་ཀྱིས་རབ་ཏུ་བསྒྲུབ་པའི་ཕྱིར་རོ། །གཞལ་བར་བྱ་བ་ཡང་ཚད་མ་རྣམས་སུ་འགྱུར་ཏེ། ཚད་མ་རྣམས་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །འོན་ཏེ་ཁྱོད་ཀྱིས་ཚད་གྲུབ་པས། །གཞལ་བར་བྱ་བ་འགྲུབ་འགྱུར་ལ། །གཞལ་བྱ་གྲུབ་པས་ཚད་གྲུབ་ན། །ཁྱོད་ཀྱིས་གཉི་གའང་འགྲུབ་མི་འགྱུར། །འོན་ཏེ་ཚད་མ་གྲུབ་པས་གཞལ་བར་བྱ་བ་འགྲུབ་པར་འགྱུར་ཏེ། ཚད་མ་ལ་ལྟོས་པའི་ཕྱིར་རོ། །གཞལ་བར་བྱ་བ་འགྲུབ་པས་ཀྱང་ཚད་མ་འགྲུབ་པར་འགྱུར་ཏེ། གཞལ་བར་བྱ་བ་ལ་ལྟོས་པའི་ཕྱིར་རོ་སྙམ་དུ་སེམས་ན། དེ་ལྟ་ན་ནི་ཁྱོད་ཀྱིས་གཉི་གཡང་འགྲུབ་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་ཚད་མས་གཞལ་བྱ་འགྲུབ། །གཞལ་བྱ་དེ་དག་རྣམས་ཀྱིས་ཀྱང༌། །དེ་དག་བསྒྲུབ་པར་བྱ་ཡིན་ན། །དེ་དག་ཇི་ལྟར་བསྒྲུབ་པར་འགྱུར། །གལ་ཏེ་ཚད་མ་རྣམས་ཀྱིས་ནི་གཞལ་བར་བྱ་བ་རྣམས་འགྲུབ་པར་བྱེད་ལ། གཞལ་བར་བྱ་བ་དེ་དག་རྣམས་ཀྱིས་ཀྱང་ཚད་མ་དེ་དག་བསྒྲུབ་པར་བྱ་བ་ཡིན་ནོ་ཞེ་ན། འོན་གཞལ་བར་བྱ་བ་མ་གྲུབ་པ་རྣམས་ཀྱི་རྒྱུ་རབ་ཏུ་མ་གྲུབ་པའི་ཕྱིར་གཞལ་བར་བྱ་བ་མ་གྲུབ་པ་དག་ཇི་ལྟར་བསྒྲུབ་པར་འགྱུར། གལ་ཏེ་གཞལ་བྱས་ཚད་མ་འགྲུབ། ཚད་མ་དེ་དག་རྣམས་ཀྱིས་ཀྱང༌། །དེ་དག་བསྒྲུབ་པར་བྱ་ཡིན་ན། །དེ་དག་ཇི་ལྟར་བསྒྲུབ་པར་འགྱུར། །གལ་ཏེ་ཡང་གཞལ་བར་བྱ་བ་རྣམས་འགྲུབ་པར་འགྱུར་ལ། ཚད་མ་དེ་རྣམས་ཀྱིས་ཀྱང་གཞལ་བར་བྱ་བ་དེ་དག་བསྒྲུབ་པར་བྱ་བ་ཡིན་ནོ་ཞེ་ན། འོན་ཚད་མ་མ་གྲུབ་པ་


DTG096_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་རྒྱུ་ཡིན་ན་རྒྱུ་རབ་ཏུ་མ་གྲུབ་པའི་ཕྱིར་ཚད་མ་མ་གྲུབ་པ་དག་ཇི་ལྟར་བསྒྲུབ་པར་འགྱུར། གལ་ཏེ་ཕ་ཡིས་བུ་བསྐྱེད་བྱ། །གལ་ཏེ་བུ་དེ་ཉིད་ཀྱིས་ཀྱང༌། །ཅི་སྟེ་ཕ་དེ་བསྐྱེད་བྱ་ན། །དེ་ནི་གང་གིས་གང་བསྐྱེད་སྨྲོས། །ཇི་ལྟར་འགའ་ཞིག་ན་རེ་ཕས་བུ་བསྐྱེད་པར་བྱ་བ་ཡིན་ལ། ཕ་དེ་ཡང་བུ་དེ་ཉིད་ཀྱིས་བསྐྱེད་པར་བྱ་བ་ཡིན་ནོ་ཞེས་ཟེར་ན། ད་དེ་ན་གང་གིས་གང་བསྐྱེད་པར་སྨྲོས་ཤིག་ཅེས་བྱ་བ་དེ་བཞིན་དུ་ཁྱོད་ན་རེ་ཚད་མ་རྣམས་ཀྱིས་གཞལ་བར་བྱ་བ་དག་བསྒྲུབ་པར་བྱ་བ་ཡིན་ལ། ཚད་མ་དེ་དག་ཉིད་ཀྱང་གཞལ་བར་བྱ་བ་དེ་དག་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་ཟེར་བ། ད་དེ་ན་ཁྱོད་ཀྱིས་གང་དག་གིས་གང་དག་རབ་ཏུ་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་དག་གཉི་གའང་ཕ་དང་བུའི། །མཚན་ཉིད་འཛིན་པས་དེ་ཡི་ཕྱིར། །དེ་ལ་ཁོ་བོ་ཐེ་ཚོམ་གྱུར། །དེ་ན་ཕ་གང་བུ་གང་སྨྲོས། །གང་གི་ཕྱིར་ཕ་དང་བུ་སྔར་བསྟན་པ་དེ་གཉིས་ལས། བུ་ནི་གང་ཕ་ནི་གང་དེ་གཉི་ག་ཡང་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་ཕའི་མཚན་ཉིད་འཛིན་པར་བྱེད་པ་ཡིན་ལ། བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་བུའི་མཚན་ཉིད་འཛིན་པ་ཡིན་པས་འདི་ལ་ཁོ་བོ་ཐེ་ཚོམ་དུ་གྱུར་ན་དེ་ལ་ཕ་ནི་གང་བུ་ནི་གང་ཞེས་བྱ་བ་དེ་བཞིན་དུ་ཁྱོད་ཀྱིས་ཚད་མ་དང་གཞལ་བར་བྱ་བ་གང་དག་ཡིན་པ་དེ་དག་ཀྱང་དེ་ནི་ཚད་མ་དག་ནི་གང་ཡིན། གཞལ་བར་བྱ་བ་དག་ནི་གང་ཡིན། འདི་དག་གཉི་ག་ཡང་རབ་ཏུ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་ཚད་མ་དག་ཡིན་ལ། བསྒྲུབ་པར་བྱ་བ་དག་ཡིན་པའི་ཕྱིར་གཞལ་བར་བྱ་བ་ཡིན་པས་འདི་ལ་ཁོ་བོ་ཐེ་ཚོམ་དུ་གྱུར་ན་ཚད་མ་དག་ནི་གང་ཡིན་གཞལ་བར་བྱ་བ་དག་ནི་གང་ཡིན། ཚད་མ་རྣམས་ནི་རང་ཉིད་ཀྱིས། །འགྲུབ་མིན་ཕན་ཚུན་གྱིས་མིན་པའམ། །ཚད་མ་གཞན་གྱིས་མ་ཡིན་ལ། །གཞལ་བྱས་མ་ཡིན་རྒྱུ་མེད་མིན། །རང་གིས་ཏེ་མངོན་སུམ་ནི་མངོན་སུམ་དེ་ཉིད་ཀྱིས་དང༌། རྗེས་སུ་དཔག་པ་ནི་རྗེས་སུ་དཔག་པ་དེ་ཉིད་ཀྱིས་དང༌། ལུང་ནི་ལུང་དེ་ཉིད་ཀྱིས་དང༌། དཔེས་གཞལ་བ་ནི་དཔེས་འཇལ་བ་དེ་ཉིད་ཀྱིས་རབ་ཏུ་མི་འགྲུབ་ལ་ཕན་ཚུན་གྱིས་ཏེ། མངོན་སུམ་ནི་རྗེས་སུ་དཔག་པ་དང༌། དཔེས་འཇལ་བ་


DTG096_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དང། ལུང་རྣམས་ཀྱིས་དང༌། རྗེས་སུ་དཔག་པ་ནི་མངོན་སུམ་དང༌། དཔེ་འཇལ་བ་དང༌། ལུང་རྣམས་ཀྱིས་དང༌། དཔེས་འཇལ་བ་ནི་མངོན་སུམ་དང་རྗེ་སུ་དཔག་པ་དང༌། ལུང་རྣམས་ཀྱིས་དང༌། ལུང་ནི་མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། དཔེས་འཇལ་བས་ཀྱང་མ་ཡིན་ལ། རང་གི་ཇི་ལྟ་བ་བཞིན་དུ། མངོན་སུམ་དང་རྗེས་སུ་དཔག་པ་དང༌། དཔེས་འཇལ་བ་དང༌། ལུང་རྣམས་ཀྱིས་ནི་མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། དཔེས་འཇལ་བ་དང༌། ལུང་གཞན་རྣམས་ཀྱིས་ཀྱང་མ་ཡིན་ལ། གཞལ་བར་བྱ་བ་རང་དང་གཞན་གྱིས་བསྡུས་པ་མཐའ་དག་དང༌། རེ་རེས་ཀྱང་མ་ཡིན་ལ། རྒྱུ་མེད་པས་ཀྱང་མ་ཡིན་ལ། ཀུན་བསྡུས་པས་ཀྱང་མ་ཡིན་ནོ། །གཏན་ཚིགས་སྔར་བསྟན་པ་དེ་དག་ནི། ཉི་ཤུའམ། སུམ་ཅུའམ། བཞི་བཅུའམ། སུམ་ཅུ་རྩ་དྲུག་གིས་ཀྱང་མི་བསྒྲུབ་ན། དེ་ལ་གང་ཁྱོད་ཀྱིས་གཞལ་བར་བྱ་བའི་དངོས་པོ་རྣམས་ནི་ཚད་མས་ཁོང་དུ་ཆུད་པར་བྱ་བ་ཡིན་པའི་ཕྱིར་དངོས་པོ་གཞལ་བར་བྱ་བ་དེ་དག་ཀྱང་ཡོད་ལ། ཁྱོད་ཀྱི་ཚད་མ་གང་དག་གིས་དངོས་པོ་གཞལ་བར་བྱ་བ་དག་ཡང་དག་པར་ཁོང་དུ་ཆུད་པའི་ཚད་མ་དེ་དག་ཀྱང་ཡོད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ༌། །གཞན་ཡང་ཁྱོད་ཀྱིས། སྐྱེ་བོ་ཆོས་ཀྱི་གནས་སྐབས་མཁས། །དགེ་བ་དག་གི་ཆོས་རྣམས་ལ། །དགེ་བའི་རང་བཞིན་ཡིན་པར་ནི། །སེམས་ཤིང་ལྷག་མ་རྣམས་དང་ཡང༌། །ཞེས་སྨྲས་པ་གང་ཡིན་པ་དེ་ལ་བཤད་པར་བྱ་སྟེ། ཆོས་ཀྱི་གནས་སྐབས་རབ་མཁས་པ། །དགེ་བ་ཡིན་ནི་ཆོས་རྣམས་ཀྱི། །དགེ་བའི་རང་བཞིན་སྨྲ་བ་གང༌། །དེ་ལྟར་རབ་ཕྱེ་བརྗོད་བྱ་ཡིན། །ཆོས་ཀྱི་གནས་སྐབས་ལ་མཁས་པ་དགེ་བའི་ཆོས་ཀྱི་དགེ་བའི་རང་གི་ངོ་བོ་སེམས་པ་དེ་ཡང་ཁྱོད་ཀྱིས་རབ་ཏུ་ཕྱེ་སྟེ། འདི་ནི་དགེ་པའི་རང་གི་ངོ་བོ་ཡིན། འདི་དག་ནི་དགོ་བའི་ཆོས་དེ་དག་ཡིན་ཏེ། འདི་ནི་དགེ་བ་དེ་རྣམ་པར་ཤེས་པ་ཡིན། འདི་ནི་དགེ་བ་དེ་རྣམ་པར་ཤེས་པའི་རང་གི་ངོ་བོ་ཡིན། དེ་བཞིན་དུ་ཐམས་ཅད་ལ་བསྟན་པར་བྱ་བ་ཡིན་ནོ། དེ་ཡང་དེ་ལྟར་མ་བསྟན་པས་དེའི་ཕྱིར་རང་


DTG096_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངོ་བོ་ཇི་ལྟ་བ་བཞིན་དུ་ཆོས་རྣམས་ཀྱི་རང་གི་ངོ་བོ་བསྟན་ཏོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ༌། །འདི་ལྟར་གཞན་ཡང༌། གལ་ཏེ་དགེ་བའི་ཆོས་རྣམས་ཀྱི། །དགེ་བའི་རང་གི་ངོ་བོ་དེ། །བརྟེན་ནས་སྐྱེ་ན་དེ་ལྟ་ན། །གཞན་དངོས་རང་ངོར་ཇི་ལྟར་འགྱུར།། གལ་ཏེ་དགེ་བའི་ཆོས་རྣམས་ཀྱི་རང་གི་ངོ་བོ་ནི་རྒྱུ་དང་རྐྱེན་ཚོགས་པ་ལ་བརྟེན་ནས་སྐྱེའོ་ཞེ་ན། དེ་གཞན་གྱི་དངོས་པོ་ལ་བརྟེན་ནས་སྐྱེས་པ་ཡིན་ན། དགེ་བའི་ཆོས་རྣམས་ཀྱི་རང་གི་ངོ་བོར་ཇི་ལྟར་འགྱུར། མི་དགེ་བ་ལ་སོགས་པ་དག་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལ་གང་གི་ཕྱིར་དགེ་བའི་ཆོས་རྣམས་ཀྱི་དགེ་བའི་རང་གི་ངོ་བོ་ཡང་བསྟན་ལ། དེ་བཞིན་དུ་མི་དགེ་བ་ལ་སོགས་པའི་ཆོས་རྣམས་ཀྱི་མི་དགེ་བ་ལ་སོགས་པའི་རང་གི་ངོ་བོ་ཡང་བསྟན་པ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ༌། །འདི་ལྟར་གཞན་ཡང༌། འོན་ཏེ་དགེ་བའི་ཆོས་རྣམས་ཀྱི། །རང་གི་ངོ་བོ་དེ་འགའ་ལ་འང༌། །མ་བརྟེན་སྐྱེ་ན་དེ་ལྟ་ནའང༌། །ཚངས་པར་སྤྱོད་ལ་གནས་མི་འགྱུར། །འོན་ཏེ་དགེ་བའི་ཆོས་རྣམས་ཀྱི་དགེ་བའི་རང་གི་ངོ་བོ་ནི་འགའ་ལའང་མ་བརྟེན་པར་སྐྱེ་ལ། མི་དགེ་བ་ལ་སོགས་པ་དག་གི་ཡང་དེ་ལྟ་བུ་ཡིན་ནོ་སྙམ་དུ་སེམས་ན། དེ་ལྟ་ན་ནི་ཚངས་པར་སྤྱོད་པ་ལ་གནས་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ལྟ་ཡིན་ན་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་བཏང་བ་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བ་གཏང་བའི་ཕྱིར། རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་བཏང་བ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་པ་མ་ཡིན་པ་ནི་མཐོང་བ་སྟེ། དམིགས་པར་འཐད་པ་མ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་མེད་ན། ཆོས་མཐོང་བ་མེད་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ནི་དགེ་སློང་སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་ཞེས་གསུངས་སོ།། ཆོས་མཐོང་བ་མེད་པའི་ཕྱིར་ཚངས་པར་སྤྱོད་པ་ལ་གནས་པ་མེད་པ་ཡིན་ནོ། །ཡང་ན་རྟེན་ཅིང་འབྲེལ་པར་འབྱུང་བ་བཏང་བས་སྡུག་བསྔལ་ཀུན་འབྱུང་བ་བཏང་བ་ཡིན་ཏེ། སྡུག་བསྔལ་ཀུན་འབྱུང་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པས་སོ། །སྡུག་བསྔལ་ཀུན་འབྱུང་བ་


DTG096_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་བས་སྡུག་བསྔལ་བཏང་བ་ཡིན་ཏེ། ཀུན་འབྱུང་བ་མེད་ན་གང་ལས་སྡུག་བསྔལ་ཀུན་འབྱུང་བར་འགྱུར། སྡུག་བསྔལ་གཏང་བའི་ཕྱིར་དང༌། ཀུན་འབྱུང་བ་གཏང་བའི་ཕྱིར་དང༌། སྡུག་བསྔལ་འགོག་པ་བཏང་བ་ཡིན་ཏེ། སྡུག་བསྔལ་དང་ཀུན་འབྱུང་བ་གཉིས་མེད་ན་གང་ཞིག་སྤངས་པས་འགོག་པར་འགྱུར་བས་སོ། །སྡུག་བསྔལ་འགོག་པ་མེད་ན་གང་ཞིག་ཐོབ་པར་བྱ་བའི་ཕྱིར་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་དུ་འགྱུར། དེས་ན་འཕགས་པའི་བདེན་པ་བཞི་དག་མེད་པར་འགྱུར་ཏེ། དེ་མེད་པའི་ཕྱིར་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་མེད་པར་འགྱུར་ཏེ། བདེན་པ་མཐོང་བ་ལས་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་རྣམས་ཡང་དག་པར་འཐོབ་པས་སོ། །དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་རྣམས་མེད་པས་ཚངས་པར་སྤྱོད་པ་ལ་གནས་པར་མི་འགྱུར་རོ། །འདི་ལྟར་གཞན་ཡང༌། རྒྱུ་མི་ལྡན་པ་རྟག་པའི་ཕྱིར། །ཆོས་རྣམས་ཐམས་ཅད་རྟག་པར་འགྱུར། །ཆོས་སམ་ཆོས་མ་ཡིན་མེད་ཅིང༌། །འཇིག་རྟེན་པ་ཡི་ཐ་སྙད་མེད། །དེ་ལྟ་ཡིན་ན་རྟེན་ཅིང་འབྲེལ་པར་འབྱུང་བ་གཏོང་བ་དེ་ལ་སྐྱོན་ཅིར་འགྱུར་ཞེ་ན། ཆོས་མེད་པ་དང༌། ཆོས་མ་ཡིན་པ་མེད་པ་དང༌། འཇིག་རྟེན་པའི་ཐ་སྙད་རྣམས་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདི་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ན་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་མེད་ན་གང་ལས་འབྱུང་བར་འགྱུར། གཞན་ཡང་རང་གི་ངོ་བོ་དང་བཅས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པ་དང༌། རྒྱུ་མེད་པ་ལས་བྱུང་བ་དང་རྟག་པར་འགྱུར་ཏེ། རྒྱུ་མེད་པ་རྣམས་ནི་རྟག་པ་ཉིད་ཡིན་པའི་ཕྱིར་དང༌། དེ་ལ་ཚངས་པར་སྤྱོད་པ་ལ་གནས་པ་མ་ཡིན་པ་དེ་ཉིད་དུ་ཡང་འགྱུར་རོ། །གྲུབ་པའི་མཐའ་དང་ཡང་འགལ་ཏེ། ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ་ཞེས་བཤད་པ་ཡིན་ནོ། །དེ་དག་ནི་རང་གི་ངོ་བོ་ཉིད་དང་བཅས་པའི་རྟག་པ་ཉིད་ཀྱིས་རྟག་པ་ཡིན་ནོ། །མི་དགེ་བ་དང་ལུང་མ་བསྟན། །ངེས་འབྱིན་སྩོགས་ལའང་སྐྱོན་དེ་བཞིན། །དེ་བས་ཁྱོད་ཀྱི་འདུས་བྱས་ཀུན། །འདུས་མ་བྱས་པ་ཉིད་དུ་འགྱུར། །དགེ་བའི་


DTG096_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་ལ་རྟག་པ་དེ་བསྟན་པ་གང་ཡིན་པ་དེ་ཉིད་མི་དགེ་བ་རྣམས་དང༌། ལུང་དུ་མ་བསྟན་པ་རྣམས་ལ་ཡང་ཡོད། དེ་ཉིད་ངེས་པར་འབྱིན་པ་ལ་སོགས་པ་ལ་ཡང་ཡོད་དོ། །དེ་བས་ན་ཁྱོད་ཀྱི་འདུས་བྱས་འདི་ཐམས་ཅད་འདུས་མ་བྱས་སུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྒྱུ་མེད་ན་སྐྱེ་བ་དང་གནས་པ་དང་འཇིག་པ་དག་མེད་པའི་ཕྱིར་རོ། །དེ་མེད་ན་འདུས་བྱས་ཀྱི་མཚན་ཉིད་མེད་པའི་ཕྱིར་ཐམས་ཅད་འདུས་མ་བྱས་སུ་འགྱུར་རོ། །དེ་ལ་དགེ་བ་ལ་སོགས་པ་དག་གི་དངོས་པོ་དག་གི་རང་གི་ངོ་བོ་ཡོད་པའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་མ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ༌། །གཞན་ཡང་ཁྱོད་ཀྱིས། གལ་ཏེ་ཆོས་ཀྱི་རང་བཞིན་མེད། །རང་བཞིན་མེད་ཅེས་བྱ་བའི་མིང༌། །དེ་ཡང་དེ་བཞིན་མེད་འགྱུར་ཏེ། །གཞི་མེད་མིང་ནི་མེད་པས་སོ། །ཞེས་སྨྲས་པ་གང་ཡིན་པ་འདི་ལ་བཤད་པར་བྱ་སྟེ། གང་ཞིག་རང་བཞིན་བཅས་པ་ཞེས། །མིང་ནི་ཡོད་པར་སྨྲ་བ་ལ། །དེ་ལྟར་མིང་གི་ལན་བཏབ་ཀྱིས། །ང་ནི་མིང་ཡོད་མི་སྨྲའོ། །གང་ཞིག་མིང་འདི་རང་བཞིན་དང་བཅས་པ་ཡིན་ནོ་ཞེས་མིང་ཡོད་པར་སྨྲ་བ་དེ་ལ་ཁྱོད་ཀྱིས་ལན་གདབ་པར་བྱ་བ་ཡིན་གྱི། གལ་ཏེ་མིང་ཅན་གྱི་རང་བཞིན་དེ་མེད་ན། དེའི་ཕྱིར་མིང་དེ་ཡང་རང་བཞིན་ཡོད་པ་མ་ཡིན་པར་བྱ་དགོས་ཏེ། ཡོད་པ་མ་ཡིན་པ་ལ་ནི་མིང་གི་རང་བཞིན་ཡོད་པར་མི་འགྱུར་བས་ངེད་ཅག་ཀྱང་མིང་གི་རང་བཞིན་ཡོད་པར་མི་སྨྲའོ། །དེ་བས་ན་དངོས་པོ་རྣམས་ཀྱི་རང་བཞིན་ཡང་མེད་པའི་ཕྱིར་མིང་གི་རང་བཞིན་ཡང་མེད་པ་ཡིན་ནོ། །དེའི་ཕྱིར་སྟོང་པ་ཡིན་ནོ། །སྟོང་པ་ཉིད་ཡིན་པའི་ཕྱིར་ཡོད་པ་མ་ཡིན་པས་དེ་ལ་ཁྱོད་ཀྱིས་མིང་ཡོད་པའི་ཕྱིར་རང་གི་ངོ་བོ་ཡོད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ༌། །འདི་ལྟར་གཞན་ཡང༌། མེད་ལ་མིང་མེད་ཅེས་གང་འདི། །ཅི་དེ་ཡོད་པའམ་མེད་པ་ཡིན། །གལ་ཏེ་ཡོད་པའམ་མེད་པ་ཡིན། །ཁྱོད་ཀྱིས་སྨྲས་པ་གཉི་གའང་ཉམས། །མེད་པ་ལ་མིང་མེད་དོ་ཞེས་བྱ་བ་གང་ཡིན་པ་འདི་ཅི་མིང་མེད་པ་དེ་ཡོད་པ་ཡིན་ནམ་འོན་ཏེ་མེད་པ་ཡིན། གལ་ཏེ་མིང་དེ་ཡོད་པ་ཞིག་གི་ཡིན་ནམ། གལ་ཏེ་


DTG096_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཞིག་གི་ཡིན་ན་དམ་བཅས་པ་གཉི་ག་ཡང་ཉམས་པར་འགྱུར་ཏེ། དེ་ལ་གལ་ཏེ་རེ་ཞིག་མིང་མེད་པ་ཞེས་བྱ་བའི་མིང་ཡོད་པ་ཡིན་ནོ་ཞེ་ན། མིང་མེད་དོ་ཞེས་བྱ་བའི་དམ་བཅས་པ་ཉམས་པར་འགྱུར་ཏེ། ད་ནི་དེ་མེད་པ་མ་ཡིན་ཏེ། ད་ནི་དེ་ཡོད་པས་སོ་ཅི་སྟེ་མིང་མེད་པ་ཞེས་བྱ་བ་མེད་པ་ཡིན་ནོ་ཞེ་ན། མེད་པ་ལ་ནི་མིང་མེད་དོ། །དེ་བས་ན་མིང་གི་རང་བཞིན་ཡོད་དོ་ཞེས་ཁྱོད་ཀྱིས་དམ་བཅས་པ་གང་ཡིན་པ་དེ་ཉམས་པ་ཡིན་ནོ། །འདི་ལྟར་གཞན་ཡང༌། དངོས་པོ་དག་ནི་ཐམས་ཅད་ཀྱི། །སྟོང་པ་ཉིད་ནི་སྔར་བསྟན་པས། །དེ་ཕྱིར་དམ་བཅས་མེད་པར་ཡང༌། །ཀླན་ཀ་གང་ཡིན་དེ་ཚོལ་བྱེད། །འདིར་ངེད་ཅག་གི་སྔར་དངོས་པོ་ཐམས་ཅད་ཀྱི་སྟོང་པ་ཉིད་རྒྱ་ཆེར་བསྟན་པས་དེར་མིང་ཡང་སྟོང་པ་ཉིད་དུ་བསྟན་པ་ཡིན་ནོ། །དེའི་ཕྱིར་དམ་བཅས་པ་མེད་པར་ཡང་ཁྱོད་ཀླན་ཀ་འདི་ཚོལ་བར་བྱེད་ཀྱི། ངེད་མིང་ཡོད་དོ་ཞེས་མི་སྨྲའོ། གཞན་ཡང་ཁྱོད་ཀྱིས། འོན་ཏེ་འདི་ལྟར་རང་བཞིན་ཡོད། །དེ་ནི་ཆོས་ལ་མེད་ཅེ་ན། །ཆོས་རྣམས་མེད་པར་རང་བཞིན་ཏེ། །གང་གི་ཡིན་པར་དེ་བསྟན་རིགས། །ཞེས་སྨྲས་པ་གང་ཡིན་པ་འདི་ལ་བཤད་པར་བྱ་སྟེ། འོན་ཏེ་རང་བཞིན་ཞིག་ཡོད་ལ། །དེ་ནི་ཆོས་ལ་མེད་དོ་ཞེས། །དོགས་པ་བསུ་ན་སྨྲ་བ་འདི། །དོགས་པ་གང་ཡིན་དེ་མེད་དོ། །ངེད་ནི་ཆོས་རྣམས་ཀྱི་རང་བཞིན་ཡང་འགོག་པར་མི་བྱེད་ལ། ཆོས་ལས་མ་གཏོགས་པའི་དོན་འགའ་ཞིག་གི་རང་བཞིན་ཡིན་པར་ཡང་ཁས་མི་ལེན་ནོ། །དེ་ལྟ་ཡིན་ན་འོན་ཏེ་ཆོས་རྣམས་རང་བཞིན་མེད་པ་ཡིན་ན། རང་བཞིན་ཏེ་ཆོས་ལས་མ་གཏོགས་པ་དོན་གཞན་གང་ཞིག་གི་ཡིན་པ་དེ་བསྟན་པའི་རིགས་སོ་ཞེས་བྱ་བའི་ཁྱོད་ཀྱི་ཀླན་ཀ་ཐག་བསྲིངས་པ་ཡིན་པས་ཀླན་ཀར་མི་འགྱུར་བ་མ་ཡིན་ནམ། གཞན་ཡང་ཁྱོད་ཀྱིས། གང་ཕྱིར་ཁྱིམ་ན་བུམ་པ་དེ། །མེད་ཅེས་ཡོད་པ་ཉིད་ལ་འགོག །མཐོང་སྟེ་དེ་ཕྱིར་ཁྱོད་ཀྱི་འདི། །ཡོད་པའི་རང་བཞིན་འགོག་པ་ཡིན། །ཞེས་སྨྲས་པ་གང་ཡིན་པ་འདི་ལ་བཤད་པར་བྱ་སྟེ། གལ་ཏེ་ཡོད་ལ་འགོག་ཡིན་ན། །འོ་ན་སྟོང་ཉིད་རབ་འགྲུབ་སྟེ། །དངོས་རྣམས་རང་བཞིན་མེད་ཉིད་ལ། །ཁྱོད་ནི་འགོག་པར་བྱེད་པས་སོ།།


DTG096_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ཡོད་པ་ཁོ་ན་ལ་འགོག་པར་བྱེད་པ་ཡིན་གྱི། མེད་པ་ལ་ནི་མ་ཡིན་ནོ། །ཁྱེད་ཀྱང་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མེད་པ་ཉིད་འགོག་པར་བྱེད་པ་ཡིན་པས་འོ་ན་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མེད་པ་ཉིད་རབ་ཏུ་གྲུབ་པ་མ་ཡིན་ནམ། ཁྱོད་ཀྱི་གཏན་ཚིགས་འགོག་པར་བྱེད་པ་ཡོད་པའི་ཕྱིར་དང༌། དངོས་པོ་ཐམས་ཅད་ཀྱི་རང་བཞིན་མེད་པ་ཉིད་བཀག་པའི་ཕྱིར་སྟོང་པ་ཉིད་རབ་ཏུ་གྲུབ་པ་ཡིན་ནོ། །སྟོང་ཉིད་གང་ལ་ཁྱོད་འགོག་པའི། །སྟོང་ཉིད་དེ་ཡང་མེད་ཡིན་ན། །འོ་ན་ཡོད་ལ་འགོག་ཡིན་ཞེས། །སྨྲས་པ་དེ་ཉམས་མ་ཡིན་ནམ། །ཅི་སྟེ་ཁྱོད་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མེད་པ་ཉིད་དེ། སྟོང་པ་ཉིད་འགོག་པར་བྱེད་ལ་སྟོང་པ་དེ་ཡང་མེད་པ་ཡིན་ན། འོ་ན་ཡོད་པ་ལ་འགོག་པར་བྱེད་ཀྱི་མེད་པ་ལ་ནི་མ་ཡིན་ནོ་ཞེས་ཁྱོད་ཀྱིས་དམ་བཅས་པ་གང་ཡིན་པ་དེ་ཉམས་པ་ཡིན་ནོ། །འདི་ལྟར་གཞན་ཡང༌། དགག་བྱ་ཅི་ཡང་མེད་པས་ན། །ད་ནི་ཅི་ཡང་མི་འགོག་གོ །དེ་ཕྱིར་འགོག་པར་བྱེད་དོ་ཞེས། །སྐུར་པ་དེ་ནི་ཁྱོད་ཀྱིས་བཏབ། །གལ་ཏེ་ངས་ཅི་ཞིག་འགོག་པར་བྱེད་ན་ནི་དེའི་ཕྱིར་ཁྱོད་ཀྱིས་དེ་སྐད་ཀྱང་སྨྲ་བའི་རིགས་ན་གང་གི་ཕྱིར་དགག་པར་བྱ་བ་ཅི་ཡང་མེད་པས་ད་ནི་ཅུང་ཟད་ཀྱང་འགོག་པར་མི་བྱེད་དོ། །དེའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་ཡིན་ཏེ། དགག་པར་བྱ་བ་དང༌། འགོག་པར་བྱེད་པ་ཡོད་པ་མ་ཡིན་པ་ལས་འགོག་པར་བྱེད་དོ་ཞེས་ཁྱོད་ཀྱིས་སྐུར་པ་ཐོག་ཏུ་མ་བབ་པ་དེ་བཏབ་བོ། །གཞན་ཡང་ཁྱོད་ཀྱིས། ཅི་སྟེ་རང་བཞིན་དེ་མེད་ན། །ཁྱོད་ཀྱི་ཚིག་དེས་ཅི་ཞིག་དགག །མེད་པ་ཡིན་ན་ཚིག་མེད་པར། །འགོག་པ་རབ་ཏུ་གྲུབ་པ་ཡིན། །ཞེས་སྨྲས་པ་གང་ཡིན་པ་དེ་འདི་ལ་བཤད་པར་བྱ་སྟེ། ཚིག་མེད་པར་ཡང་མེད་པ་ཡི། །འགོག་པ་འགྲུབ་པར་འགྱུར་ཞེས་པ། །དེ་ལ་ཚིག་ནི་མེད་ཅེས་པར། །གོ་བར་བྱེད་ཀྱི་སྐྱེ་སེལ་མིན། །ཁྱོད་ཀྱི་ཚིག་དག་མེད་པར་ཡང་སྟེ། ཚིག་མ་གཏོགས་པར་ཡང་མེད་པའི་འགོག་པ་འགྲུབ་ན། དེ་ལ་ཅིའི་དངོས་པོ་ཐམས་ཅད་རང་བཞིན་མེད་པ་ཡིན་ནོ་ཞེས་སྨྲས་པའི་ཁྱོད་ཀྱི་ཚིག་དེས་ཅི་ཞིག་བྱེད་ཅེས་སྨྲས་པ་གང་ཡིན་པ་འདི་ལ་བཤད་པར་བྱ་སྟེ། དངོས་པོ་


DTG096_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རང་བཞིན་མེད་པའོ་ཞེས་བྱ་བའི་ཚིག་འདི་ནི་དངོས་པོ་རྣམས་རང་བཞིན་མེད་པ་ཉིད་དུ་བྱེད་པ་མ་ཡིན་གྱི། འོན་ཀྱང་རང་བཞིན་མེད་པ་ལ་དངོས་པོ་རྣམས་རང་བཞིན་མེད་པའོ་ཞེས་གོ་བར་བྱེད་པ་ཡིན་ནོ། །དཔེར་ན་འགའ་ཞིག་ན་རེ་ལྷ་སྦྱིན་ཁྱིམ་ན་མེད་བཞིན་དུ་ལྷ་སྦྱིན་ཁྱིམ་ན་ཡོད་དོ་ཞེས་ཟེར་བ་དང༌། དེ་ནི་དེ་ལ་ཁ་ཅིག་ན་རེ་མེད་དོ་ཞེས་ཟེར་བ་ན། ཚིག་དེས་ལྷ་སྦྱིན་མེད་པར་མི་བྱེད་ཀྱི་ལྷ་སྦྱིན་ཁྱིམ་ན་མི་སྲིད་པར་སྟོན་པ་འབའ་ཞིག་ཏུ་ཟད་དོ། །དེ་བཞིན་དུ་དངོས་པོ་རྣམས་ཀྱི་རང་བཞིན་མེད་དོ་ཞེས་བྱ་བའི་ཚིག་དེ་ཡང་དངོས་པོ་རྣམས་ཀྱི་རང་བཞིན་མེད་པ་ཉིད་དུ་བྱེད་པ་མ་ཡིན་གྱི། འོན་ཀྱང་དངོས་པོ་ཐམས་ཅད་རང་བཞིན་མེད་པ་སྒྱུ་མའི་སྐྱེས་བུ་དང་འདྲ་བར་སྐྱེས་བུ་ཡང་དག་པའི་ངོ་བོ་དང་བྲལ་བ་རྣམས་ལ་རྨོངས་པའི་ཕྱིར། བྱིས་པ་སྐྱེ་བོ་མ་རིག་པས་རྨོངས་པ་རྣམས་ཀྱི་རང་བཞིན་དང་བཅས་པ་ཉིད་དུ་སྒྲོ་བཏགས་པ་རྣམས་ལ་རང་བཞིན། ཡོད་པ་མ་ཡིན་པར་གོ་བར་བྱེད་པ་ཡིན་པས་དེ་ལ་རང་བཞིན་ཡོད་པ་མ་ཡིན་ན་ཚིག་མེད་པར་ཡང་སྟེ་ཚིག་མ་གཏོགས་པར་ཡང་རང་བཞིན་ཡོད་པ་མ་ཡིན་པར་རབ་ཏུ་གྲུབ་པ་ཡིན་ནོ། །རང་བཞིན་མེད་དོ་ཞེས་བྱ་བའི་ཚིག་དེས་ཅི་ཞིག་བྱེད་ཅེས་ཁྱོད་ཀྱིས་སྨྲས་པ་གང་ཡིན་པ་དེ་རིགས་པ་མ་ཡིན་ནོ། །གཞན་ཡང༌། བྱིས་པ་རྣམས་ནི་སྨིག་རྒྱུ་ལ། །ཇི་ལྟར་ལོག་པར་ཆུར་འཛིན་ལྟར། །དེ་བཞིན་ཁྱོད་ཀྱིས་ལོག་པར་འཛིན། །ཡོད་པ་ཡིན་ལ་དགག་པར་བྱ། །ཞེས་བཤད་པ་ལ་སོགས་པ་ཡང་ཁྱོད་ཀྱིས་ཚིགས་སུ་བཅད་པ་བཞི་སྨྲས་པ་གང་ཡིན་པ་འདི་ལ་བཤད་པར་བྱ་སྟེ། སྨིག་རྒྱུའི་དཔེ་ལ་ཁྱོད་ཀྱིས་ཀྱང༌། །འགྲོ་བ་ཆེན་པོས་སྨྲས་པ་གང༌། །དེར་ཡང་ཅི་ནས་དཔེ་དེ་འཐད། །གཏན་ལ་དབབ་ལ་མཉན་པར་གྱིས། །ཁྱོད་ཀྱིས་སྨིག་རྒྱུའི་དཔེ་དེ་ལ་འགྲོ་བ་ཆེན་པོ་སྨྲས་པ་གང་ཡིན་པ་དེར་ཡང་དཔེ་དེ་ཅི་ནས་ཀྱང་འཐད་པ་གཏན་ལ་དབབ་པ་གང་ཡིན་པ་དེ་ཉོན་ཅིག །གལ་ཏེ་འཛིན་དེ་རང་བཞིན་ཡོད། །བརྟེན་ནས་འབྱུང་བར་མི་འགྱུར་རོ། །འཛིན་པ་གང་ཞིག་བརྟེན་ནས་འབྱུང༌། །དེ་ཉིད་སྟོང་ཉིད་མ་ཡིན་ནམ། །གལ་ཏེ་སྨིག་རྒྱུ་ལ་ཆུའོ་སྙམ་དུ་འཛིན་པ་རང་བཞིན་གྱིས་ཡོད་པ་ཞིག་ཡིན་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པར་མི་འགྱུར་


DTG096_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞིག་ན། གང་གི་ཕྱིར་སྨིག་རྒྱུ་ལ་ཡང་བརྟེན། ཕྱིན་ཅི་ལོག་གི་ལྟ་བ་དང༌། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལ་མ་བརྟེན་ནས་བྱུང་བ་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནོ། །གང་གི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པ་དེའི་ཕྱིར་རང་བཞིན་གྱིས་སྟོང་པ་ཡིན་ཏེ། སྔར་ཇི་སྐད་བསྟན་པ་དེ་དང་འདྲའོ། །འདི་ལྟར་གཞན་ཡང༌། གལ་ཏེ་འཛིན་པ་རང་བཞིན་ཡོད། །འཛིན་པ་དེ་ལ་སུ་ཞིག་བཟློག །ལྷག་མ་རྣམས་ལའང་ཚུལ་དེ་ཡིན། །དེ་ཕྱིར་ཀླན་ཀ་དེ་མེད་དོ། །གལ་ཏེ་སྨིག་རྒྱུ་ལ་ཆུར་འཛིན་པ་འདི་རང་བཞིན་གྱིས་ཡོད་པ་ཞིག་ཡིན་ན། དེ་ལ་སུས་ཀྱང་བཟློག་པར་མི་འགྱུར་ཏེ། ཇི་ལྟར་མེའི་ཚ་བ་ཉིད་དང༌། ཆུའི་གཤེར་བ་ཉིད་དང༌། ནམ་མཁའི་མི་བསྒྲིབ་པ་ཉིད་བཞིན་དུ་རང་བཞིན་ནི་བཟློག་པར་མི་ནུས་པ་ཡིན་ན་དེ་ནི་བཟློག་པར་ཡང་མཐོང་ངོ༌། །དེའི་ཕྱིར་འཛིན་པ་དེ་རང་བཞིན་གྱིས་མེད་པ་ཡིན་ནོ། །འདི་ཇི་ལྟ་བ་བཞིན་ན་གཟུང་བ་ལ་སོགས་པ་ཆོས་ལྷག་མ་ལྔ་པོ་རྣམས་ལ་ཡང་ཚུལ་དེ་ལྟ་བུར་རྟོགས་པར་བྱ་བ་ཡིན་པས་དེ་ལ་དྲུག་ཚན་དྲུག་ཡོད་པའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་མ་ཡིན་ནོ་ཞེས་སྨྲ་བ་གང་ཡིན་པ་དེ་མི་རུང་ངོ༌། །གཞན་ཡང༌། ཁྱོད་ལ་གཏན་ཚིགས་མ་གྲུབ་སྟེ། །རང་བཞིན་མེད་ཕྱིར་ཁྱོད་གཏན་ཚིགས། །གང་ལ་ཡོད་དོ་ཁྱོད་དོན་དེ། །གཏན་ཚིགས་མེད་པར་འགྲུབ་མི་འཐད། །ཅེས་བྱ་བ་འདིར་བཤད་པར་བྱ་སྟེ། འདི་ལ་སྔ་མས་གཏན་ཚིགས་མེད། །ལན་བཏབ་བསྒྲུབ་བྱར་མཚུངས་ཕྱིར་རོ། །སྔ་མ་སྨིག་རྒྱུའི་དཔེས་བཟློག་པ། །བསྒྲུབ་ཚེ་སྨྲས་པ་གང་ཡིན་པའོ། །ད་ལྟར་གྱི་འགྲོ་བ་འདི་དག་དང་སྔར་བསྟན་པས་གཏན་ཚིགས་མེད་པའི་ཡང་ལན་བཏབ་པར་རིགས་པར་བྱ་སྟེ། སྔར་གཏན་ཚིགས་བསྟན་པ་དྲུག་ཚན་འགག་པར་བྱེད་པའི་འགྲོ་བ་གང་ཡིན་པ་དེ་ཉིད་འདིར་ཡང་འགྲོ་བར་བྱ་བ་ཡིན་ནོ། །གཞན་ཡང༌། འདི་ལྟར་རང་བཞིན་ཡོད་མིན་ན། །གལ་ཏེ་འགོག་སྔ་དགག་འཕྱི་ཞེས། །ཟེར་ན་འཐད་པ་མ་ཡིན་ལ། །འཕྱི་དང་ཅིག་ཅར་མི་འཐད་དོ། །ཞེས་སྨྲས་པ་གང་ཡིན་པ་འདི་ལ་བཤད་པར་བྱ་སྟེ། དུས་གསུམ་གཏན་ཚིགས་གང་ཡོད་སྔར། །ལན་བཏབ་


DTG096_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་མཚུངས་ཕྱིར་རོ། །དུས་གསུམ་ཁྱེད་ཀྱི་གཏན་ཚིགས་ནི། །སྟོང་ཉིད་སྨྲ་བ་རྣམས་ལ་རུང༌། །གཏན་ཚིགས་དུས་གསུམ་འགོག་པར་བྱེད་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་ལན་བཏབ་ཟིན་ཏེ། གང་གི་ཕྱིར་ཞེ་ན་བསྒྲུབ་པར་བྱ་བ་དང་མཚུངས་པའི་ཕྱིར་རོ། །འདི་ལྟར་ཁྱོད་ཀྱི་ཚིག་གིས་འགོག་པ་དུས་གསུམ་དུ་ཡང་མི་འཐད་པར་འགྱུར་བའི་འགོག་པ་བཞིན་དུ་དགག་པར་བྱ་བ་ཡང་དེ་ཡིན་ནོ། །དེའི་ཕྱིར་འགོག་པ་དང་དགག་པར་བྱ་བ་མེད་ན་འགོག་པ་བཀག་གོ་སྙམ་དུ་ཁྱོད་སེམས་པ་གང་ཡིན་པ་དེ་མི་རུང་ངོ༌། །འགོག་པ་དུས་གསུམ་ལ་ཞེས་བྱ་བའི་གཏན་ཚིགས་དུས་གསུམ་འགོག་པར་བྱེད་པ་ཞེས་བྱ་བ་གང་ཡིན་པ་དེ་ཉིད་ནི་དངོས་པོ་ཐམས་ཅད་འགོག་པར་བྱེད་པ་ཞེས་བྱ་བ་གང་ཡིན་པའི་ཕྱིར་སྟོང་པ་ཉིད་སྨྲ་བ་རྣམས་ལ་ཡོད་པ་ཉིད་ཡིན་གྱི། ཁྱོད་ལ་ནི་མེད་དོ། །ཡང་ན་འདི་ཇི་ལྟར་ལན་བཏབ་པ་ཡིན་ཞེ་ན། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ ། །དེ་ཕྱིར་འགོག་པར་བྱེད་དོ་ཞེས། །སྐུར་བ་དེ་ནི་ཁྱོད་ཀྱིས་བཏབ། །ཅེས་ལན་བཏབ་པ་ཡིན་ནོ། །འོན་ཏེ་དུས་གསུམ་ཅར་དུ་ཡང་འགོག་པ་གྲུབ་པ་ཡིན་པས་ཏེ། སྔོན་གྱི་དུས་ཀྱི་རྒྱུ་དང༌། ཕྱི་མའི་དུས་ཀྱི་རྒྱུ་དང༌། ཅིག་ཅར་གྱི་དུས་ཀྱི་རྒྱུ་ཡང་མཐོང་བས་སོ། །དེ་ལ་སྔོན་གྱི་དུས་ཀྱི་རྒྱུ་ནི་ཇི་ལྟ་བུའི་ཕ་བཞིན་ནོ། །ཕྱི་མའི་དུས་ཀྱི་ནི་ཇི་ལྟར་སློབ་དཔོན་གྱིས་སློབ་མ་བཞིན་ནོ། །ཅིག་ཅར་གྱི་དུས་ཀྱི་ནི་ཇི་ལྟར་སྣང་བའི་སྒྲོན་མ་བཞིན་ནོ་སྙམ་དུ་སེམས་ན་དེ་ནི་དེ་ལྟ་མ་ཡིན་པར་ཚུལ་འདི་ལ་སྐྱོན་སྔར་བསྟན་ཟིན་ཏོ། །གཞན་ཡང་གལ་ཏེ་དེ་ལྟ་ཡིན་ན་དགག་པ་སྲིད་པར་ཁྱོད་ཀྱིས་ཁས་བླངས་ལ། དེ་ནི་མ་གྲུབ་པས་ཁྱོད་ཀྱིས་དམ་བཅས་པ་ཡང་ཉམས་པ་ཡིན་ནོ། །རྒྱུ་འདིས་རང་བཞིན་འགོག་པ་ཡང་གྲུབ་པ་ཡིན་ནོ། །གང་ལ་སྟོང་པ་ཉིད་སྲིད་པ། །དེ་ལ་དོན་རྣམས་ཐམས་ཅད་སྲིད། །གང་ལ་སྟོང་ཉིད་མི་སྲིད་པ། །དེ་ལ་ཅི་ཡང་མི་སྲིད་དོ། །གང་ལ་སྟོང་ཉིད་འདི་སྲིད་པ་དེ་ལ་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་དོན་ཐམས་ཅད་སྲིད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་ལ་སྲིད་པ་དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། འཕགས་པའི་བདེན་པ་བཞི་དང༌། དགེ་


DTG096_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་གི་འབྲས་བུ་དང༌། ཁྱད་པར་དུ་རྟོགས་པ་ཐམས་ཅད་སྲིད་དོ། །གང་ལ་ཁྱད་པར་དུ་རྟོགས་པ་ཐམས་ཅད་སྲིད་པ་དེ་ལ་དཀོན་མཆོག་གསུམ་པོ། །སངས་རྒྱས་དང༌། ཆོས་དང༌། དགེ་འདུན་སྲིད་དོ། །གང་ལ་རྟེན་ཅིང་འབྲེལ་བར་འབྱུང་པ་སྲིད་པ་དེ་ལ་ཆོས་དང། ཆོས་ཀྱི་རྒྱུ་དང༌། ཆོས་ཀྱི་འབྲས་བུ་དང༌། ཆོས་མ་ཡིན་པ་དང༌། ཆོས་མ་ཡིན་པའི་རྒྱུ་དང༌། ཆོས་མ་ཡིན་པའི་འབྲས་བུ་སྲིད་དོ། །གང་ལ་ཆོས་དང༌། ཆོས་མ་ཡིན་པ་དང༌། རྒྱུ་དང་འབྲས་བུ་སྲིད་པ་དེ་ལ་ཉོན་མོངས་པ་དང་ཉོན་མོངས་པ་ཀུན་འབྱུང་བ་དང༌། ཉོན་མོངས་པའི་གཞི་རྣམས་སྲིད་དོ། །གང་ལ་སྔར་བསྟན་པ་དེ་ཐམས་ཅད་སྲིད་པ་དེ་ལ་བདེ་འགྲོ་དང༌། ངན་འགྲོ་རྣམ་པར་གཞག་པ་དང༌། བདེ་འགྲོ་དང༌། ངན་འགྲོར་འགྲོ་བའི་སེམས་ཅན་དང༌། བདེ་འགྲོ་དང༌། ངན་འགྲོ་ལས་འདའ་བ་དང༌། བདེ་འགྲོ་དང༌། ངན་འགྲོ་ལས་འགྲོ་བའི་ཐབས་དང༌། འཇིག་རྟེན་པའི་ཐ་སྙད་ཐམས་ཅད་རྣམ་པར་གཞག་པ་ཡིན་ཏེ་ཚིག་གིས་ཇི་སྙེད་ཅིག་བསྟན་པར་ནུས་པས་ཕྱོགས་འདིས་རང་གིས་རྟོགས་པར་བྱའོ། །འདིར་ཡང༌། གང་ཞིག་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །རྩོད་པ་བཟློག་པའི་རབ་ཏུ་བྱེད་པའི་འགྲེལ་པ་ས་དང་པོ་རབ་ཏུ་དགའ་བ་ལ་བཞུགས་པ་སློབ་དཔོན་འཕགས་པ་ནཱ་གཱ་རྫུ་ནས་མཛད་པ་རྫོགས་སོ།། །།ཡོད་དམ་མེད་པའི་རྩོད་པ་སྨྲ་བ་མུན་བསལ་ཏེ། །བསྟན་ཟབ་གཉིས་མེད་དེ་བཞིན་ཉིད་ཆོས་སྣང་གྱུར་ནས། །སྲིད་པའི་མངལ་དུ་སྐྱེས་པའི་འཇིག་རྟེན་མ་ལུས་པ། །ལྷ་དང་མི་དང་ལྷ་མིན་ཐམས་ཅད་དགེ་བར་ཤོག །དངོས་འཛིན་གདོན་གྱིས་བརླ་མས་པ་ཡི། །རིམས་ནད་རྟག་ཏུ་ཟློག་བྱེད་ཅིང༌། །འཇིག་རྟེན་འདི་ཡི་མུན་སེལ་བ། །དྲི་མེད་མི་གཡོ་རིགས་འདི་ཡིན།། །།རྒྱ་གར་གྱི་མཁན་པོ་ཛྙཱན་གརྦྷ་དང༌། ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཏེ་གཏན་ལ་ཕབ་པ།། །།

ཐེག་པ་ཆེན་པོ་ཉི་ཤུ་པ།
འཕགས་པ་ཀླུ་སྒྲུབ།


DTG096_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་བིཾ་ཤི་ཀཱ། བོད་སྐད་དུ། ཐེག་པ་ཆེན་པོ་ཉི་ཤུ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཆགས་མེད་ཐུགས་སུ་ཆུད་སངས་རྒྱས། །རྗོད་བྱེད་བརྗོད་པར་བྱ་བ་མིན། །ཐུགས་རྗེས་རྒྱལ་བ་སྣང་གྱུར་པ། །མཐུ་བསམ་མི་ཁྱབ་ཕྱག་འཚལ་ལོ། །དམ་པའི་དོན་དུ་སྐྱེ་མེད་ཕྱིར། །དེ་ཉིད་དུ་ནི་གྲོལ་བའང་མེད། །མཁའ་བཞིན་སངས་རྒྱས་དེ་བཞིན་ཏེ། །སེམས་ཅན་དང་ནི་མཚན་ཉིད་གཅིག །ཕ་རོལ་ཚུ་རོལ་སྐྱེ་མེད་པས། །རང་བཞིན་མྱ་ངན་འདས་པའང་མེད། །དེ་བཞིན་འདུས་བྱས་མངོན་པར་སྟོང༌། །ཀུན་མཁྱེན་ཡེ་ཤེས་སྤྱོད་ཡུལ་ཡིན། །དངོས་པོ་ཀུན་གྱི་རང་བཞིན་ནོ། །གཟུགས་བརྙན་དང་ནི་མཚུངས་པར་རྟོགས། །རྣམ་དག་ཞི་བའི་ངོ་བོ་ཉིད། །གཉིས་མེད་དེ་བཞིན་ཉིད་དུ་མཉམ། །བདག་དང་བདག་མེད་བདེན་མིན་ཏེ། །སོ་སོའི་སྐྱེ་བོས་བརྟགས་པ་ཡིན། །བདེ་དང་སྡུག་བསྔལ་ལྟོས་པ་སྟེ། །ཉོན་མོངས་རྣམས་དང་གྲོལ་དེ་བཞིན། །འགྲོ་བ་རིགས་དྲུག་འཁོར་བ་རུ། །མཐོ་རིས་མཆོག་དང་བདེ་བ་དང༌། །དམྱལ་བར་སྡུག་བསྔལ་ཆེན་པོ་སྟེ། །དེ་དག་ཡུལ་རྣམས་ཉམས་སུ་མྱོང། །མི་དགེས་མཆོག་ཏུ་སྡུག་བསྔལ་ཞིང༌། །དགའ་ན་མི་རྟག་རྒུད་པ་ཡིན། །དགེ་བའི་ལས་རྣམས་ཉིད་ཀྱིས་ཀྱང༌། །བཟང་པོ་ཉིད་དུ་ངེས་པ་ཡིན། །སྐྱེ་མེད་རྟོགས་པས་བསྐྲུན་པ་ཡིས། །དམྱལ་ལ་སོགས་པ་སྣང་བ་ནི། །ཉེས་པ་ནགས་ཀྱི་མེ་བཞིན་བསྲེག ། སྒྱུ་མ་ཇི་ལྟ་ཇི་ལྟ་བར། །དེ་བཞིན་སེམས་ཅན་ཡུལ་ལ་སྤྱོད། །འགྲོ་བ་སྒྱུ་མའི་རང་བཞིན་ཡིན། །དེ་བཞིན་དུ་ནི་བརྟེན་ནས་བྱུང༌། །ཇི་ལྟར་རི་མོ་མཁན་གྱིས་གཟུགས། །གནོད་སྦྱིན་འཇིགས་པ་བྲིས་པ་ཡིས། །དེ་ཡིས་རང་ཉིད་སྐྲག་པ་ལྟར། །མི་མཁས་འཁོར་བར་དེ་བཞིན་ནོ། །ཇི་ལྟར་རང་གིས་འདམ་གཡོས་པས། །བྱིས་པ་འགའ་ཞིག་བྱིང་བ་ལྟར། །དེ་བཞིན་རྟོག་པའི་འདམ་བྱིང་བས། །སེམས་ཅན་རྣམས་ནི་དབྱུང་མི་ནུས། །དངོས་མེད་དངོས་པོར་ལྟ་བ་ཡིས། །སྡུག་བསྔལ་ཚོར་བ་ཉམས་སུ་མྱོང༌། །ཡུལ་དང་ཤེས་པ་དེ་དག་ཏུ།།


DTG096_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྟོག་བའི་དུག་གིས་བཅིངས། །དེ་དག་སྙིང་པོ་མེད་མཐོང་བས། །ཤེས་རབ་སྙིང་རྗེའི་ཡིད་ཀྱིས་ནི། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །རྫོགས་སངས་རྒྱས་ལ་སྦྱར་བར་བྱ། །དེས་ཀྱང་ཚོགས་བསགས་ཀུན་རྫོབ་ཏུ། །བླ་ན་མེད་པའི་བྱང་ཆུབ།། ཐོབ། །རྟོག་པའི་འཆིང་བ་རྣམས་ལས་གྲོལ། །སངས་རྒྱས་དེ་ནི་འཇིག་རྟེན་གཉེན། །ཇི་ལྟར་རྟེན་ཅིང་འབྲེལ་འབྱུང་བ། །གང་གིས་ཡང་དག་དོན་དུ་གཟིགས། །དེ་ཡིས་འགྲོ་བ་སྟོང་པར་མཁྱེན། །ཐོག་མ་དབུས་དང་ཐ་མ་སྤངས། །དེ་ལྟར་མཐོང་བས་འཁོར་བ་དང༌། །མྱ་ངན་འདས་པའང་དེ་ཉིད་མིན། །ཉོན་མོངས་པ་ཡི་རྣམ་པ་མེད། །ཐོག་མ་དབུས་མཐའི་རང་བཞིན་བསལ། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །སོ་སོར་རྟོག་པས་སྣང་མ་ཡིན། །རྨོངས་པའི་མུན་པ་གཉིད་སད་ལ། །འཁོར་བ་རྣམས་ནི་དམིགས་པ་མེད། །སྒྱུ་མས་སྤྲུལ་པ་སྒྱུ་མར་མཐོང༌། །གང་ཚེ་འདུས་པ་དེ་ཡི་ཚེ། །ཅུང་ཟད་ཡོད་པ་མ་ཡིན་ཏེ། །དེ་ནི་ཆོས་རྣམས་ཆོས་ཉིད་ཡིན། །འདི་དག་ཐམས་ཅད་སེམས་ཙམ་སྟེ། །སྒྱུ་མ་ལྟ་བུར་གནས་པ་ཡིན། །དགེ་དང་མི་དགེ་ལས་རྣམས་ཀྱིས། །དེ་ཡིས་བཟང་ངན་སྐྱེ་བ་རྣམས།། སེམས་ཀྱི་འཁོར་ལོ་འགགས་པ་ཡིས། །ཆོས་རྣམས་ཐམས་ཅད་འགག་པ་ཉིད། །དེ་ཕྱིར་ཆོས་ཉིད་བདག་མེད་ཅིང༌། །དེས་ན་ཆོས་ཉིད་རྣམ་པར་དག །དངོས་པོ་འམ་ནི་རང་བཞིན་ལ། །རྟག་ཏུ་བདེ་བར་འདུ་ཤེས་ཤིང༌། །རྨོངས་པའི་མུན་པས་བསྒྲིབས་པ་ན། །བྱིས་པ་འཁོར་བའི་རྒྱ་མཚོར་འཁྱམ། །རྟོག་པའི་ཆུ་བོས་གང་བ་ཡི། །འཁོར་བའི་རྒྱ་མཚོ་ཆེན་པོ་ལ། །ཐེག་ཆེན་གྲུ་ལ་མི་ཞོན་པ། །གང་གིས་ཕ་རོལ་ཕྱིན་པར་འགྱུར། །མ་རིག་རྐྱེན་གྱིས་བྱུང་བ་འདི། །ཡང་དག་འཇིག་རྟེན་མཁྱེན་པའི་ཕྱིར། །རྣམ་པར་རྟོག་པ་འདི་དག་ནི། །ཅི་ཞིག་ལས་ནི་འབྱུང་བར་འགྱུར། །ཐེག་པ་ཆེན་པོ་ཉི་ཤུ་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ལྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཙནྡྲ་ཀུ་མཱ་ར་དང༌། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བའོ།། །།

ཡི་གེ་བརྒྱ་པ།
འཕགས་པ་ཀླུ་སྒྲུབ།


DTG096_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཀྵ་ར་ཤ་ཏ་ཀ །བོད་སྐད་དུ། ཡི་གེ་བརྒྱ་པ། འཇམ་པའི་དཔལ་རྡོ་རྗེ་ལ་ཕྱག་འཚལ་ལོ། །དངོས་པོ་རྣམས་གཅིག་པ་ཉིད་མ་ཡིན་ནོ། །གཞན་པ་ཉིད་ཀྱང་དེ་བཞིན་ནོ། །ཡོད་པ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ནོ། །མེད་པ་ཉིད་ཀྱང་བསྒྲུབ་པར་བྱ་པའོ། །རྒྱུ་ཡོད་པ་མ་ཡིན་ནོ། །མ་ཡིན་ཏེ་ལྟོས་པའི་ཕྱིར་རོ། །འདོད་པས་ཡོད་པ་མ་ཡིན་ནོ། །བརྡ་མ་གྲུབ་པོ། །གཏན་ཚིགས་དག་དོན་མེད་དོ། །རང་བཞིན་བརྗོད་པར་བྱའོ། །གཅིག་ཉིད་ལ་སྐྱོན་ཡོད་དོ། །གཞན་ཉིད་ན་དངོས་པོ་མེད་པ་ཡིན་ནོ། །འཛིན་པར་མི་ནུས་སོ། །དངོས་པོ་མཐོང་བ་མ་ཡིན་ནོ། །ཡོད་པ་ནི་བྱ་བ་མ་ཡིན་ནོ། །དེ་དག་ལ་སྐྱེ་བ་མེད་དོ། །འདུས་བྱས་མེད་དོ། །ཕྱོགས་གཅིག་ཙམ་མོ། །རྨི་ལམ་དང་མཚུངས་སོ། །མིང་ནི་དངོས་པོ་མ་ཡིན་ནོ། །བསྒྲུབ་བྱ་དང་མཚུངས་སོ། །ཡི་གེ་བརྒྱ་པ་རྫོགས་སོ།།

ཡི་གེ་བརྒྱ་པ་ཞེས་བྱ་བའི་འགྲེལ་པ།
འཕགས་པ་ཀླུ་སྒྲུབ།


DTG096_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཀྵ་ར་ཤ་ཏི་ཀ་ནཱ་མ་བྲྀཏྟི། བོད་སྐད་དུ། ཡི་གེ་བརྒྱ་པ་ཞེས་བྱ་བའི་འགྲེལ་པ། འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཐམས་ཅད་ཐམས་ཅད་ཀྱི་བདག་ཉིད་དོ། །ཞེས་དམ་བཅའ་བ་གང་ངམ། གང་དག་གམ། གང་རྣམས་འདོད་པ་དེ་དག་གི་གཏན་ཚིགས་ལས་གྲུབ་པར་མི་འགྱུར་གྱི། གཏན་ཚིགས་ཉིད་མེད་པར་འགྲུབ་པར་འགྱུར་རོ། །འདི་སྙམ་དུ་ཐམས་ཅད་ཐམས་ཅད་ཀྱི་བདག་ཉིད་དོ་ཞེས་བྱ་བར་དམ་བཅའ་བ་ནི། གཏན་ཚིགས་ཁོ་ན་ལས་དེ་ཡོད་པར་མཚུངས་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །དཔེ་གང་ཞེ་ན། བུམ་པ་དང་སྣམ་བུ་ལ་སོགས་པ་བཞིན་ནོ། །ཇི་ལྟར་བུམ་པ་དང་སྣམ་བུ་ལ་སོགས་པ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་ཡོད་པ་ཉིད་དུ་མཚུངས་པར་འཇུག་སྟེ། དེ་ལྟ་བས་ན་དངོས་པོ་རྣམས་གཅིག་པར་གྲུབ་པར་འདོད་དོ་ཞེ་ན། སྨྲས་པ། དངོས་པོ་རྣམས་གཅིག་པ་མ་ཡིན་ནོ། །འདིར་གཏན་ཚིགས་གང་ཡིན་པ་དེ་གཅིག་ཉིད་ཀྱི་མཚན་ཉིད་དུ་གྱུར་པ་ཞིག་གམ། འོན་ཏེ་མ་ཡིན། གཉི་ག་ལྟར་ཡང་སྐྱོན་ཡོད་དོ། །གལ་ཏེ་གཅིག་པ་ཉིད་ཀྱི་མཚན་ཉིད་དུ་གྱུར་ན་ནི་དེའི་འདིའི་གཏན་ཚིགས་སུ་འགྱུར་བ་མ་


DTG096_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། དམ་བཅའ་བ་ལས་གཞན་མ་ཡིན་པའི་ཕྱིར་རོ། །འོན་ཏེ་འདི་ཐ་དད་པ་ཡིན་ན་དེ་ལྟ་ན་འདི་དམ་བཅའ་བ་ཉམས་ཏེ། གཏན་ཚིགས་ལས་གཞན་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་དངོས་པོ་རྣམས་གཅིག་མ་ཡིན་ནོ། །འདིར་སྨྲས་པ། གཅིག་པ་ཉིད་དུ་འདོད་པ་དེ་ལ་སྐྱོན་དེ་ཡོད་ཀྱི་བདག་ཅག་ནི་གཞན་ཉིད་འདོད་པ་ཡིན་ནོ་ཞེ་ན། སྨྲས་པ། གཞན་བ་ཉིད་ཀྱང་མེད་དོ། །འདིར་གཞན་པ་ཉིད་ལ་ཡང་སྐྱོན་འདི་དག་འབྱུང་བར་འགྱུར་ཏེ། ཇི་ལྟ་ཞེ་ན། གལ་ཏེ་རེ་ཞིག་ཁྱེད་ཅག་གཏན་ཚིགས་མེད་པར་གཞན་པ་ཉིད་དུ་འདོད་ན་ནི་དེའི་ཚེ་ངའི་ཡང་གཏན་ཚིགས་མེད་པ་ཁོ་ནར་གཅིག་པ་ཉིད་དུ་འགྱུར་རོ། །འོན་ཏེ་གཏན་ཚིགས་ཁོ་ན་ལས་དངོས་པོ་རྣམས་གཞན་པ་ཉིད་དུའོ་ཞེས་དམ་བཅས་པ་འདི་ལ། ད་ནི་གཏན་ཚིགས་བརྗོད་པར་བྱའོ། །སྨྲས་པ། མཚན་ཉིད་ཐ་དད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །དཔེ་ནི་རྟ་དང་གླང་པོ་ལ་སོགས་པ་བཞིན་ཏེ། ཇི་ལྟར་རྟ་དང་གླང་པོ་ལ་སོགས་པ་དག་མཚན་ཉིད་ཐ་དད་པས་ཐ་དད་པ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་ཡིན་ཏེ། དེ་བས་ན་དངོས་པོ་རྣམས་གཞན་པ་ཉིད་དུ་གྲུབ་པོ་ཞེ་ན། སྨྲས་པ། གལ་ཏེ་གཏན་ཚིགས་འདི་ཡང་མཚན་ཉིད་གཞན་དུ་གྱུར་ན་ནི་དེའི་ཚེ་གཏན་ཚིགས་དེ་བསྒྲུབ་བྱ་དང་མཚུངས་པར་འགྱུར་རོ། །གང་བསྒྲུབ་བྱ་དང་མཚུངས་པ་དེ་ནི་གཏན་ཚིགས་མ་ཡིན་པར་འགྱུར་ཏེ། དམ་བཅའ་བ་ལས་གཞན་མ་ཡིན་པའི་ཕྱིར་རོ། །འོན་ཏེ་མཚན་ཉིད་གཞན་པ་ཉིད་དུ་གྱུར་པ་ཡིན་ན་ནི་དེའི་ཚེ་དམ་བཅའ་བ་ཉམས་པ་ཉིད་དུ་འགྱུར་རོ། །འདིར་སྨྲས་པ། གལ་ཏེ་དངོས་པོ་རྣམས་གཅིག་པ་ཉིད་དམ། །གཞན་པ་ཉིད་ཅེས་བྱ་བར་མ་གྲུབ་པ་དེ་ལྟ་ན་ཡང་ཡོད་པ་ཉིད་དུ་གྲུབ་སྟེ། དེ་གྲུབ་པ་ན་དངོས་པོ་རྣམས་གཅིག་པ་ཉིད་དམ་གཞན་པ་ཉིད་གདོན་མི་ཟ་བར་གྲུབ་པར་འགྱུར་རོ་ཞེ་ན། འདི་ལ་བརྗོད་པ་ཡོད་པ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །འདིར་གལ་ཏེ་ཁྱེད་ཅག་གཏན་ཚིགས་མེད་པ་ལས་ཡོད་པ་ཉིད་ཡིན་ན་ནི་བདག་ཅག་གི་མེད་པ་ཉིད་ཀྱང་གཏན་ཚིགས་མེད་པ་ལས་འགྲུབ་པར་འགྱུར་ཏེ། གཏན་ཚིགས་མེད་པ་ཉིད་དུའོ། །འོན་ཏེ་གཏན་ཚིགས་ལས་དངོས་པོ་


DTG096_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཡོད་པའོ་ཞེས་དམ་བཅས་པའོ། །དེའི་ཚེ་འདིར་གཏན་ཚིགས་བརྗོད་པར་བྱ་དགོས་སོ། །སྨྲས་པ། མངོན་དུ་དམིགས་པའི་ཕྱིར་རོ། །དཔེ་ཅི་ཞེ་ན། སྨྲས་པ། ཆོས་མི་མཐུན་པ་ནི་ནམ་མཁའི་མེ་ཏོག་བཞིན་ཏེ། ཇི་ལྟར་ནམ་མཁའི་མེ་ཏོག་དངོས་པོ་མེད་པས་མི་དམིགས་ཏེ། གང་གི་ཕྱིར་དེ་དང་ཆོས་མི་མཐུན་པས་བུམ་པ་དང་སྣམ་བུ་དག་ལ་སོགས་པའི་དངོས་པོ་རྣམས་ཡང་དག་པར་དམིགས་པ་དེའི་ཕྱིར་དངོས་པོ་རྣམས་ཡོད་པ་མ་ཡིན་ནོ་ཞེ་ན། སྨྲས་པ། འདིར་གཏན་ཚིགས་གང་ཡིན་པ་དེ་ཡོད་པ་ཉིད་ཀྱི་མཚན་ཉིད་དུ་འགྱུར་བ་ཞིག་གམ། འོན་ཏེ་མ་ཡིན། དེས་ཅིར་འགྱུར་ཞེ་ན། གལ་ཏེ་ཡོད་པ་ཉིད་དུ་འགྱུར་ན་དེའི་བསྒྲུབ་བར་བྱ་བ་དང་མཚུངས་པར་འགྱུར་རོ། །འོན་ཏེ་ཡོད་པ་ཉིད་ལས་གཞན་པ་ཁོ་ན་ཡིན་པ་དེའི་ཚེ་ཡང་དམ་བཅའ་ཉམས་པར་འགྱུར་ཏེ། དེ་བས་ན་ཡོད་པ་ཉིད་མི་འགྲུབ་བོ། །འདིར་སྨྲས་པ། ཡོད་པ་ཉིད་ལ་བཀག་པ་ཉིད་ཀྱིས་མེད་པ་ཉིད་ཁས་བླངས་པ་ཡིན་ཏེ། དཔེར་ན་སྨྲ་བ་པོ་བདག་གིས་དེ་རིང་ཟས་ཞིམ་པོ་མྱོང་ངོ་ཞེས་ཟེར་ན། འདིར་དོན་གྱི་ཤུགས་ཀྱིས་སྔར་མི་ཞིམ་པར་རྟོགས་པ་བཞིན་ནོ་ཞེ་ན། སྨྲས་པ། མེད་པ་ཉིད་དུ་བསྒྲུབ་པར་བྱ་བའོ། །གལ་ཏེ་ཁྱེད་ཅག་མེད་པ་ཉིད་གཏན་ཚིགས་མེད་པ་ཉིད་དུ་འདོད་ན། བདག་ཅག་ཀྱང་གཏན་ཚིགས་མེད་པ་ཉིད་ཁོ་ནར་ཡོད་པ་ཉིད་དུ་འགྱུར་རོ། །འདི་སྙམ་དུ་དངོས་པོ་རྣམས་མེད་པ་ཡིན་ནོ་ཞེས་དམ་བཅའ་བ་འདི་གཏན་ཚིགས་ཉིད་ལས་ཡིན་པར་འདོད་དོ། །འདིར་གཏན་ཚིགས་གང་ཡིན་ཞེ་ན། རང་བཞིན་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །དཔེ་ཅི་ཞེ་ན། དཔེ་ནི་སྨིག་རྒྱུ་སྟེ། ཇི་ལྟར་གང་གི་ཕྱིར་སྨིག་རྒྱུ་རང་བཞིན་མེད་པའི་ཕྱིར་ཡོད་པ་མ་ཡིན་པ་ལས་སྐད་ཅིག་ཙམ་ཡང་མ་ཡིན་པ་དེ་ལྟར་སྣམ་བུ་ལ་སོགས་པ་རྣམས་ལ་ཡང་སྣལ་མ་ལ་སོགས་པའི་ཡན་ལག་རྣམས་ཀྱིས་ཕྱེ་ཞིང་གཟིགས་ན་ཡོད་པ་མ་དམིགས་ཏེ། དེའི་ཕྱིར་དངོས་པོ་རྣམས་མེད་པ་ཞེས་བྱའོ་ཞེ་ན། འདིར་གཏན་ཚིགས་སུ་ཉེ་བར་བཀོད་པ་གང་ཡིན་པ་དེ་ནི་ཅི་མེད་པ་ཉིད་ཀྱི་མཚན་ཉིད་དུ་འགྱུར་པའམ། འོན་ཏེ་མ་ཡིན་ཏེ། གལ་ཏེ་


DTG096_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཉིད་ཀྱི་མཚན་ཉིད་དུ་གྱུར་ན་ནི། དེ་ལྟ་ན་བསྒྲུབ་པར་བྱ་བ་དང་མཚུངས་པར་འགྱུར་རོ། །ཅི་སྟེ་མེད་པ་ལས་གཞན་ཁོ་ན་ཡིན་ན་ནི་དེའི་ཚེ་དམ་བཅའ་བ་ཉམས་པར་འགྱུར་ཏེ། དེའི་ཕྱིར་མེད་པ་ཉིད་ཀྱང་མ་གྲུབ་བོ། །འདིར་སྨྲས་པ། འདིར་འཇིམ་པ་དང༌། སྣལ་མ་དང་ཐགས་བཟངས་ལ་སོགས་པ་དངོས་པོ་རྣམས་ཀྱི་རྒྱུ་མ་བཀག་པ་དེ་བས་ན་དངོས་པོ་རྣམས་མེད་དོ། །སྨྲས་པ། རྒྱུ་ཡོད་པ་མ་ཡིན་ནོ། །འདི་ལ་འབྲས་བུ་ཡོད་པ་གང་དག་ཡིན་པ་དེ་དག་གི་རྒྱུ་ནི་ཡོད་པ་མ་ཡིན། ཅིའི་ཕྱིར་ཞེ་ན། དངོས་པོ་ཡོད་པ་བུམ་པ་དང་སྣམ་བུ་ལ་སོགས་པ་རྣམས་ཀྱི་རྒྱུ་འཇིམ་པ་དང༌། སྣལ་མ་དང༌། ཐགས་བཟངས་དང༌། ཐག་པ་ལ་སོགས་ལ་མ་ཡིན་ཏེ་ཡོད་པའི་ཕྱིར་རོ། །གང་དག་འབྲས་བུ་མེད་པ་དག་གི་ཡང་རྒྱུ་ཡོད་པ་མ་ཡིན་ཏེ། མེད་པའི་ཕྱིར་རོ། །གང་དག་འབྲས་བུ་ཡོད་པ་དང་མེད་པ་དག་གི་ཡང་རྒྱུ་ཡོད་པ་དང་མེད་པ་དེ་དག་གང་ཡང་རྒྱུ་ཡོད་པར་མི་འགྱུར་ཏེ། གཉི་གའི་སྐྱོན་དུ་ཐལ་བའི་ཕྱིར་རོ། །དེ་ལ་གང་ཡོད་པ་དེ་ནི་ཡོད་པའི་ཕྱིར་དང༌། །གང་མེད་པ་དེ་ནི་མེད་པའི་ཕྱིར་རོ། །གཅིག་ལ་གཉི་ག་སྲིད་པ་ཡང་འགལ་བའི་ཕྱིར་རོ། །གང་གིས་ཡོད་པ་དེའི་མཚན་ཉིད་འཛིན་པ་དེས་མེད་པ་མ་ཡིན་ནོ། །གང་གིས་མེད་པ་དེའི་མཚན་ཉིད་འཛིན་པ་དེས་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་རྣམས་ཀྱི་རྒྱུ་ཡང་ཡོད་པ་མ་ཡིན་ནོ། །གང་དག་རྒྱུ་མེད་པ་ཉིད་ལས་ཡིན་པ་དེ་དག་གི་ཡང་རྒྱུ་ཡོད་པ་ཡིན་ཏེ། རྒྱུ་མེད་པ་ཉིད་ལས་གྲུབ་པའི་ཕྱིར་རོ། །རྒྱུ་མེད་པ་ལས་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་དེའི་ཚེ་ཡང་འདི་དག་གི་དམ་བཅའ་པ་ཉམས་པར་འགྱུར་ཏེ། རྒྱུ་དང་བྱེད་རྒྱུ་དང་རྒྱུ་མཚན་ཞེས་བྱ་བའི་དོན་གཞན་མ་ཡིན་ནོ། །དེ་ལྟ་བས་ན་རྒྱུ་ཡོད་པའི་ཕྱིར་དངོས་པོ་རྣམས་ཡོད་དོ་ཞེས་གང་བརྗོད་པ་དེ་ནི་མ་ཡིན་ནོ། །འདིར་སྨྲས་པ། འདི་ཡང་རྒྱུ་དགག་པ་བྱས་པ་ཉིད་ཀྱིས་འབྲས་བུ་བཀག་པའི་ཕྱིར་རོ། །ཤུགས་ཀྱིས་རྒྱུ་དང་འབྲས་བུ་གཉི་ག་ཡང་ཁས་བླངས་པར་འགྱུར་ཏེ། རབ་ཏུ་གྲུབ་པའི་ཕྱིར་དངོས་པོ་ཐམས་ཅད་གྲུབ་བོ་ཞེས་བྱ་ཞེ་ན། སྨྲས་པ། མ་ཡིན་ཏེ་ལྟོས་པའི་ཕྱིར་རོ། །འདིར་ཁྱད་ཅག་རྣམས་ཀྱིས་གཉི་ག་གྲུབ་བོ་ཞེས་གང་བརྗོད་པ་དེ་


DTG096_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལྟོས་པའི་ཕྱིར་རོ། །རྒྱུ་ནི་རྒྱུ་ཉིད་དུ་འབྲས་བུ་ལ་ལྟོས་ནས་དང༌། འབྲས་བུ་ཡང་འབྲས་བུ་ཉིད་དུ་རྒྱུ་ལ་ལྟོས་ནས་ཡོངས་སུ་བཏགས་ཏེ། དེ་ལྟར་ན་ཕན་ཚུན་ལྟོས་པ་ཡིན་པའི་ཕྱིར་གཉི་གའང་རྒྱུ་ཉིད་དུ་ཐལ་བར་འགྱུར་ལ། གཉི་ག་རྒྱུ་ཉིད་དུ་ཐལ་ན་ཡང་འབྲས་བུ་མེད་དོ། །དེ་མེད་པ་ལ་རྒྱུ་མེད་དོ། །དེ་བཞིན་དུ་རང་བཞིན་དང༌། དབང་ཕྱུག་དང༌། རྡུལ་ཕྲ་རབ་དང༌། ཕྱོགས་དང༌། དུས་ལ་སོགས་པ་ཐམས་ཅད་རྒྱུ་མ་ཡིན་ཏེ། ལྟོས་པའི་ཕྱིར་རོ། །འདི་རྣམས་ནི་མི་རྟག་པ་ཉིད་དུ་ཡང་འགྱུར་ཏེ། ལྟོས་ནས་གྲུབ་པ་ཉིད་ཀྱི་ཕྱིར་རོ། །བྱས་པ་ཉིད་དུ་ཡང་ཐལ་བར་འགྱུར་ཏེ། དེ་བས་ན་མི་རྟག་པ་ཉིད་དང༌། རྒྱུ་མེད་པ་ཉིད་དང༌། བྱས་པ་ཉིད་དུ་ཐལ་བར་འགྱུར་ཏེ། དེ་བས་ན་རང་བཞིན་དང༌། དབང་ཕྱུག་དང༌། རྡུལ་ཕྲ་རབ་དང༌། ཕྱོགས་དང༌། དུས་ལ་སོགས་པ་རྣམས་མི་འགྲུབ་སྟེ། རྒྱུ་ཉིད་ལ་ལྟོས་པའི་ཕྱིར་རོ། །འདིར་སྨྲས་པ། དེ་ལྟར་ན་ཇི་ལྟར་བདག་ཅག་རྣམས་ཀྱིས་བརྗོད་པ་མི་སླུ་བའི་ཉེ་བར་གདགས་པ་ལས་གཞན་ལ་ནི་མ་ཡིན་ཏེ་ཞེ་ན། སྨྲས་པ། འདོད་པས་ཡོད་པ་མ་ཡིན་ནོ། །འདིར་གལ་ཏེ་འདོད་པས་གྲུབ་པར་འགྱུར་ན་ནི། དེའི་རིགས་པ་སྤང་བའི་ཕྱིར་ངའི་འདོད་པ་ལས་ཁྱོད་ཀྱི་ཡང་ཡོད་པ་གང་ཡིན་པ་དེ་ངའི་མེད་པའོ། །ཅིའི་ཕྱིར་ཞེ་ན། འདོད་པ་ལས་གྲུབ་པའི་ཕྱིར་རོ། །ཅི་སྟེ་ཁྱེད་ཅག་གི་འདོད་པ་ལས་གྲུབ་ཀྱི། ངའི་ནི་མ་ཡིན་ན་དེ་འདིར་མི་འདྲ་བ་ཉིད་ལ་གཏན་ཚིགས་ཁྱད་པར་ཅན་མ་བརྗོད་པའི་ཕྱིར་ཏེ། དེ་བས་ན་འདོད་པ་གྲུབ་པ་མ་ཡིན་ནོ། །འདིར་སྨྲས་པ། འདི་ནི་བདག་ཅག་གི་བརྡ་ལས་སོ་ཞེ་ན། སྨྲས་པ། བརྡ་མ་གྲུབ་པོ། །འདི་ལྟར་གང་ཁྱེད་ཅག་གིས་བརྡ་མ་གྲུབ་པ་སྟེ། མ་གྲུབ་པ་ལ་ཡང་ཇི་ལྟར་སྒྲུབ་བྱེད་དུ་འགྱུར་ཏེ། མ་གྲུབ་པ་ནི་རིགས་པ་དང༌། རིགས་པ་མ་ཡིན་པའི་སྒྲུབ་བྱེད་མ་ཡིན་ནོ། །དེའི་ཕྱིར་བརྡ་མ་གྲུབ་པ་ཡིན་ནོ། །རིགས་པ་དང་བྲལ་བ་ཉིད་ཀྱིས་བསྟན་བཅོས་རྣམས་ལ་བརྗོད་པར་བྱ་བ་ཡོད་པར་སྨྲ་བ་པོ་ནི་མི་རྙེད་དོ། །གཞན་ཡང་སྨྲས་པ། ཁ་ཅིག་ཏུ་རིགས་པ་ཡང་བརྗོད་པར་བྱ་སྟེ། ཇི་སྐད་དུ། མེད་པ་བྱ་བ་མ་ཡིན་པའི་ཕྱིར་དང༌།


DTG096_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་ལེན་པ་གཟུང་བའི་ཕྱིར་དང༌། ཐམས་ཅད་ལ་འབྱུང་བ་མེད་པའི་ཕྱིར་དང༌། ནུས་པ་ཅན་ནི་ནུས་པ་མེད་པའི་ཕྱིར་དང༌། རྒྱུའི་ངོ་བོ་ཡིན་པའི་ཕྱིར་འབྲས་བུ་ཡོད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བཤད་པ་ལྟ་བུའོ། །སྨྲས་པ། གཏན་ཚིགས་དག་དོན་མེད་དོ། །འདིར་ཁྱེད་ཅག་གི་གཏན་ཚིགས་གང་ཡིན་པ་དེ་གལ་ཏེ་བསྒྲུབ་པའི་མཚན་ཉིད་དུ་གྱུར་པ་དེའི་ཚེ། ངེད་ཀྱི་ཕྱོགས་ཀྱང་གྲུབ་པར་འགྱུར་རོ། །ཅི་སྟེ་སུན་འབྱིན་པའི་མཚན་ཉིད་དུ་གྱུར་ན་ནི་དེའི་ཚེ་གཉི་ག་ལ་ཡང་སྐྱོན་དུ་འགྱུར་ཏེ། དཔེར་ན་མེ་ནི་གཉི་ག་ལ་སྲེག་པར་བྱེད་ཀྱི། གཅིག་ལ་ནི་མ་ཡིན་ནོ། །གཞན་ཡང༌། གལ་ཏེ་གཏན་ཚིགས་ལས་གཞལ་བྱ་གྲུབ་ན་ནི་དེའི་ཚེ་ཕ་རོལ་ཕོས་ཀྱང་གཏན་ཚིགས་བརྗོད་པར་བྱ་དགོས་ཏེ། གཉི་ག་འགྲུབ་པར་ཡང་མི་འདོད་དེ། དཔེར་ན་ཁྱེད་ཅག་གི་དམ་བཅའ་བ་ནི་སྒྲ་རྟག་སྟེ། ལུས་ཅན་མ་ཡིན་པའི་ཕྱིར་ནམ་མཁའ་བཞིན་ནོ། །ཇི་ལྟར་ནམ་མཁའ་ལུས་ཅན་མ་ཡིན་པའི་ཕྱིར་རྟག་པ་དེ་བཞིན་དུ་སྒྲ་ཡང་རྟག་སྟེ། དེ་བས་ན་སྒྲ་ནི་རྟག་པར་གྲུབ་པོ་ཞེས་བྱའོ། །དེ་བཞིན་དུ་གཞན་ཡང་བརྗོད་པར་བྱ་སྟེ། བདག་ཅག་གི་དམ་བཅའ་བ་འདི་ཡིན་ཏེ། སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་བུམ་པ་བཞིན་ནོ། །ཇི་ལྟར་བུམ་པ་ནི་འཇིམ་གོང་ལ་སོགས་པ་དང༌། སྐྱེས་བུའི་རྩོལ་བ་ལས་ཡང་དག་པར་སྐྱེ་བཞིན་པ་ནི་བྱས་པའོ། །དེ་བཞིན་དུ་སྒྲ་ཡང་རྐན་ལ་སོགས་པ་རྣམས་ལས་འབྱུང་བཞིན་པ་ལ་ནི་བྱས་པ་ཞེས་བྱའོ། །དེ་བས་ན་གཏན་ཚིགས་མིང་དུ་ཟད་དེ་གྲུབ་པ་ནི་མེད་དོ། །འོན་ཀྱང་ཚད་མ་ལས་མིང་ཙམ་ལས་མ་ཡིན་ཏེ། མི་སླུ་བའི་ཕྱིར་རོ། །འདིའི་ཕྱིར་ཡང་གཏན་ཚིགས་རྣམས་དོན་མེད་པ་ཡིན་ཏེ། དམ་བཅའ་བའི་དུས་སུ་ནི་གཏན་ཚིགས་ཡོད་པ་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར་རོ། །དེ་བཞིན་དུ་གཏན་ཚིགས་ཀྱིས་དུས་སུ་ཡང་དམ་བཅའ་པ་ཡོད་པ་མ་ཡིན་ཏེ། འགག་པའི་ཆོས་ཡོད་པའི་ཕྱིར་རོ། །དེའི་ཕྱིར་དམ་བཅའ་བའི་དངོས་པོ་མེད་པ་ལ་འདི་གང་གི་གཏན་ཚིགས་སུ་འགྱུར། དེ་བཞིན་དུ་དམ་བཅའ་བ་ལ་ཅིག་ཅར་མེད་པའི་ཆོས་ཅན་གྱི་ཕྱིར་ཏེ། གང་གི་ཚེ་ཡི་གེ་བྲ་ཡོད་པ་དེའི་ཚེ་ཡི་གེ་ཧེ་དང༌། ཡི་གེ་


DTG096_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་དུས་གཅིག་ཏུ་པ་ཡིག་དང༌། ར་ཡིག་དང༌། ཡི་གེ་ཨ་ལ་སོགས་པ་རྣམས་ཀྱང་ཅིག་ཅར་འབྱུང་བ་མ་ཡིན་ནོ། །གཏན་ཚིགས་ཀྱི་ཡང་ཡི་གེ་རྣམས་ཅིག་ཅར་འབྱུང་བ་མ་ཡིན་ནོ། །མ་སྐྱེས་པའི་བུའམ་མ་ནིང་པའི་བུས་བུའི་བྱ་བ་བྱེད་མི་ནུས་པ་དེ་བཞིན་དུ་གཏན་ཚིགས་རྣམས་ཀྱང་དོན་མེད་དོ། །འདིར་སྨྲས་པ། གལ་ཏེ་རྒྱུ་དང་འབྲས་བུ་ཞེས་བྱ་བ་མ་གྲུབ་མོད། དེ་ལྟ་ན་ཡང་བདག་ནི་གྲུབ་སྟེ། དེ་འགྲུབ་པའི་རྒྱུ་དང་འབྲས་བུ་དག་ཀྱང་འགྲུབ་པར་འགྱུར་རོ་ཞེ་ན། སྨྲས་པ། རང་བཞིན་བརྗོད་པར་བྱའོ། །འདིར་གལ་ཏེ་བདག་ཡོད་ན་དེའི་ཚེ་དེའི་རང་བཞིན་བརྗོད་དགོས་སོ། །ཅི་སྟེ་ཤེས་པའི་རང་བཞིན་ཡིན་པར་སྨྲན་ནི་དེའི་ཚེ་རྟག་པ་མ་ཡིན་པར་འགྱུར་ཏེ། ཤེས་པ་ནི་མི་རྟག་པ་ཡིན་པའི་ཕྱིར་རོ། །འདིར་བུམ་པའི་ཤེས་པ་འགགས་ཏེ། སྣམ་བུའི་ཤེས་པ་སྐྱེས་སོ། །ཅི་སྟེ་ཤེས་པ་ལས་གཞན་ཡིན་པ་དེ་ལྟ་ན་ནི་མི་ཤེས་པར་འགྱུར་རོ། །མི་ཤེས་པ་ཡིན་ན་ཡང་སྡུག་བསྔལ་བ་དང་བདེ་བ་མེད་པར་ཐལ་བར་འགྱུར་རོ། །གཉི་ག་སྨྲ་བ་རྣམས་ལ་ནི་གཉི་གའི་སྐྱོན་དུ་ཐལ་བར་འགྱུར་ཏེ། ཤེས་པ་སེམས་དང་ལྡན་པར་སྨྲ་བ་རྣམས་ཀྱི་བདག་མེད་པ་ཁོ་ན་ཡིན་ནོ། །གང་གི་ཚེ་བདག་སེམས་པ་ཅན་དུ་སྐྱེ་བ་དེའི་ཚེ་སེམས་པ་དང་བཅས་པར་འགྱུར་རོ། །དེ་ལྟ་ན་ཡང་བདག་མེད་པར་ཡང་འགྱུར་ཏེ། སེམས་པ་བདག་མེད་པའི་ཕྱིར་རོ། །གལ་ཏེ་ཡང་སེམས་པ་དེ་ཉིད་དང་སེམས་པ་དེ་ཉིད་དང་ལྡན་པར་འགྱུར་ན་ནི་དེའི་ཚེ་བདག་མེད་པ་ཉིད་དུ་ཡང་འགྱུར་ཏེ། དེ་དང་ལྡན་པའི་ཕྱིར་རོ། །འདིར་སྨྲས་པ། བདག་ཡོད་དེ་བདག་གི་བའི་དངོས་པོ་ཡོད་པའི་ཕྱིར་རོ། །འདི་ལྟར་བདག་གིས་བུམ་པ་དང་སྣམ་བུ་ལ་སོགས་པ་བགག་པ་མ་ཡིན་ཏེ། དེ་མ་བཀག་པའི་ཕྱིར་བདག་ཡོད་དོ་ཞེ་ན། སྨྲས་པ། གཅིག་ཉིད་ལ་སྐྱོན་ཡོད་དོ། །འདིར་གལ་ཏེ་བུམ་པ་ལ་སོགས་པ་རྣམས་ཧ་སྟེ་དང༌། ཀརྞ་དང་ཕན་བཞིན་དུ་གཅིག་ཉིད་ཡིན་ན་ནི་དེའི་ཚེ་ཐམས་ཅད་བུམ་པ་ཉིད་དུ་ཤེས་བར་འགྱུར་རོ། །གང་དང་གང་ཡོད་པ་དེ་ནི་མིང་བུམ་པ་དང་གཅིག་ཡིན་ནོ། །བུམ་པ་ཞིག་ན་ཐམས་ཅད་དུ་ཐམས་ཅད་འཇིག་པར་འགྱུར་ཏེ་ཧ་སྟ་ཞིག་ན་ཀརྞ་


DTG096_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པ་བཞིན་ནོ། །ཕྱིན་ཅི་ལོག་པར་ཐལ་བར་འགྱུར་བ་དང༌། གཅིག་ཡིན་པའི་ཕྱིར་ཟློས་པའི་སྐྱོན་དུ་ཡང་འགྱུར་ཏེ། ཇི་ལྟར་ཧ་སྟ་ཞེས་བརྗོད་ན། ཀརྞ་དང་པ་ན་ཉིད་བརྗོད་པར་འགྱུར་བ་དེ་བཞིན་དུ། ཡོད་པ་ཞེས་བརྗོད་པས་བུམ་པ་དང་གཅིག་ཉིད་བརྗོད་པར་འགྱུར་ཏེ། དེའི་ཕྱིར་དངོས་པོ་རྣམས་གཅིག་པ་མ་ཡིན་ཏེ། སྐྱོན་དང་བཅས་པའི་ཕྱིར་རོ། །གང་དག་གི་གཅིག་པ་ཉིད་དེ་དག་ལ་ནི་སྐྱོན་འདི་ཡོད་ཀྱི་བདག་ཅག་ནི་གཞན་པ་ཉིད་དུ་ཁས་ལེན་པའི་ཕྱིར་སྐྱོན་འདི་མེད་དོ། །གཞན་པ་ཉིད་ཡིན་ན་ཡོད་པ་དང་གཅིག་པ་དང་བུམ་པ་རྣམས་མ་འདྲེས་པ་ཡིན་ཏེ། རྫས་དང༌། ཡོན་ཏན་དང༌། ལས་དང༌། སྤྱི་དང༌། ཁྱད་པར་དང༌། འདུ་བ་རྣམས་ཐ་དད་པའི་ཕྱིར་རོ། །དེ་ལ་བུམ་པ་ནི་རྫས་སོ། །གཅིག་པ་ནི་ཡོན་ཏན་ནོ། །ཡོད་པ་ཞེས་བྱ་བ་ནི་སྤྱི་བོའོ་ཞེ་ན། སྨྲས་པ། གཞན་ཉིད་ན་དངོས་པོ་མེད་པ་ཡིན་ནོ། །འདིར་གཞན་པ་ཉིད་ཡིན་ན་ཡོད་པ་དང་གཅིག་པ་དང་བུམ་པ་རྣམས་དངོས་པོ་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཡོད་པ་ལས་གཞན་པ་གང་ཡིན་པ་དེ་ནི་མེད་པ་ཡིན་ལ། བུམ་པ་ཡང་ཡོད་པ་ལས་གཞན་པ་ཡིན་ཏེ། དེ་ལྟ་བས་ན་བུམ་པ་མེད་དོ། །དཔེར་ན་བྲམ་ཟེ་ལས་གཞན་པ་དེ་ནི་བྲམ་ཟེ་མ་ཡིན་པ་བཞིན་ནོ། །བུམ་པ་ལ་སོགས་པའི་ཐ་དད་པའི་ཡོད་པ་ཉིད་ནི་མི་དམིགས་ཏེ། ཤིང་ལ་སོགས་པ་བཞིན་ནོ། །དེ་ལྟ་ན་གཞན་པ་ཉིད་ཡིན་ན་ཡོད་པ་དང་གཅིག་པ་དང་བུམ་པ་རྣམས་དངོས་པོ་མེད་པ་ཡིན་ནོ། །འདིར་སྨྲས་པ། གཅིག་པ་ཉིད་དང་གཞན་པ་ཉིད་དག་མ་གྲུབ་ཀྱང༌། བུམ་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། མངོན་སུམ་དུ་དམིགས་པའི་ཕྱིར་རོ། །ནམ་མཁའི་མེ་ཏོག་ལྟ་བུ་ནི་མ་ཡིན་ཏེ། ཇི་ལྟར་གང་གི་ཕྱིར་ནམ་མཁའི་མེ་ཏོག་དངོས་པོ་མེད་པས་མི་དམིགས་པ་དེ་ལྟ་བུར་བུམ་པ་ནི་མ་ཡིན་ཏེ། དེ་བས་ན་བུམ་པ་ཡོད་པ་ཡིན་ནོ་ཞེ་ན། སྨྲས་པ། འཛིན་པར་མི་ནུས་སོ། །འདིར་དབང་པོ་དང་དབང་པོ་དོན་ཡོད་པའི་ཕྱིར་བུམ་པ་ཡོད་པའོ་ཞེས་གང་གསུངས་པ་དེ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འདི་དག་ལ་འཛིན་པའི་ནུས་པ་མེད་དེ། གལ་


DTG096_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཡོད་ན་ནི་དེ་ལོང་བས་ཀྱང་མཐོང་བར་འགྱུར་རོ། །མིག་ལ་ནི་སེམས་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡོད་ན་ནི་ཡིད་ལ་བྱེད་པ་གཞན་གྱིས་ཀྱང་དེ་མཐོང་བར་མི་འགྱུར་རོ། །གཟུགས་ལ་ནི་མཐོང་བ་དང་སེམས་པ་གཉི་ག་མེད་དོ། །དེ་བས་ན་གཟུང་བའི་ཕྱིར་དབང་པོ་དང་དབང་པོའི་དོན་གྲུབ་པ་ལ་དགོས་པ་མེད་དོ། །འདིར་སྨྲས་པ། དབང་པོ་དང་དབང་པོའི་དངོས་པོ་མེད་ཀྱང་བུམ་པ་ནི་མཐོང་བ་ཁོ་ན་ཡིན་ཏེ། གཟུགས་སུ་བསྟན་པའི་ཕྱིར་རོ། །མ་མཐོང་བ་གཟུགས་སུ་བསྟན་པ་ནི་མེད་དོ། །དེ་བས་ན་གཟུགས་ནི་མཐོང་བ་དེའི་བུམ་པ་མཐོང་བ་བཞིན་ནོ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། དངོས་པོ་མཐོང་བ་མ་ཡིན་ནོ། །འདིར་བུམ་པ་མཐོང་ཞེས་གང་བརྗོད་པ་དེ་ཅི་མཐོང་བ་དེ་ཉིད་བུམ་པ་ལས་གཞན་ནམ། འོན་ཏེ་གཞན་མ་ཡིན། གལ་ཏེ་གཞན་ཡིན་ན་དེའི་ཚེ་མཐོང་བ་ལས་གཞན་གང་ཡིན་པ་དེ་ནི་མི་མཐོང་བར་འགྱུར་ཏེ། གཞན་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་རྟ་ལས་གཞན་པ་གང་ཡིན་པ་དེ་ནི་རྟ་མ་ཡིན་པ་དེ་བཞིན་ཏེ། དེ་ལྟ་ཡིན་དང་བུམ་པ་ནི་མི་མཐོང་བར་འགྱུར་རོ། །གཅིག་པ་ཉིད་ཡིན་ན་ཡང་མཐོང་བ་ཉིད་མེད་ན། བུམ་པ་མེད་པར་འགྱུར་ཏེ། རྩིག་པ་ལ་སོགས་པ་རྣམས་ཀྱིས་བསྒྲིབས་པའི་ཕྱིར་རོ། །དེའི་ཕྱིར་གལ་ཏེ་མཐོང་བ་ཉིད་མེད་ན་ཡང་བུམ་པ་མེད་པར་མི་འགྱུར་ན། དེའི་ཚེ་དེ་དག་གཅིག་མ་ཡིན་ནོ། །གཅིག་པ་ཉིད་མེད་པས་ཀྱང་བུམ་པ་མཐོང་བ་མ་ཡིན་ནོ་ཞེས་བྱ་བའོ། །མཐོང་བ་ཞིག་པས་བུམ་པ་ཡང་འཇིག་པར་འགྱུར་ཏེ། དེ་ལ་བུམ་པ་དང་མཐོང་བ་ནི་གཅིག་པའོ་ཞེས་གང་བརྗོད་པ་དེ་ནི་མ་ཡིན་ནོ། །འདིར་སྨྲས་པ། བདག་ཅག་གི་ཡོད་པའི་ཕྱིར་ཅུང་ཟད་འཇིག་པའམ་སྐྱེ་བ་མེད་དོ། །དེའི་ཕྱིར་མཐོང་བ་ལ་འཇིག་པ་དང་སྐྱེ་བ་མེད་དོ་ཞེས་བྱའོ། །འོན་ཀྱང་གང་འདི་ལ་སྐྱེ་བ་ཞེས་འཛིན་པ་ནི་རྒྱུ་ལས་བྲ་བའི་བདག་ཉིད་དུ་ཡོད་པའི་ཕྱིར་བྱེད་པ་ཡིན་ནོ། །རྒྱུ་ཡོད་པའི་ཕྱིར་ཡང་འབྲས་བུ་ཡོད་པ་ཡིན་ཏེ། ཡོད་པས་དེའི་ཕྱིར་མཐོང་བ་ལ་འཇིག་པ་དང་སྐྱེ་བ་མེད་པ་ཞེས་བྱའོ་ཞེ་ན། སྨྲས་པ། ཡོད་པ་ནི་བྱ་བ་མ་ཡིན་ནོ། །འདིར་གལ་ཏེ་སྐྱེ་བ་དང་འཇིག་པ་མེད་པ་ཡིན་ན་དེའི་ཚེ་


DTG096_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་ག་པ་ལ་སོགས་པ་རྣམས་མེད་པར་འགྱུར་རོ། །གལ་ཏེ་སྣམ་བུ་ལ་སོགས་པ་རྣམས་ཡོད་པ་ཡིན་ན་དེའི་མ་འོངས་པ་མེད་པར་ཐལ་བར་འགྱུར་ཏེ། ཡོད་པའི་ཕྱིར་ན་ཡོད་པ་ཡང་མ་འོངས་པ་ཉིད་དུ་ཇི་ལྟར་འགྱུར། འཇིག་པ་མེད་པའི་ཕྱིར་ཡང་ཆོས་དང་ཆོས་མ་ཡིན་པ་དག་མེད་པར་འགྱུར་ཏེ། འདིར་ཆོས་མ་ཡིན་པ་ཞིག་པ་ནི་ཆོས་སུ་འགྱུར་ལ་ཆོས་མེད་པ་ཡང་ཆོས་མ་ཡིན་པ་ཡིན་ཞིང་བྱ་བ་ཡང་མེད་པར་འགྱུར་རོ། །དེ་མེད་ན་ཐམས་ཅད་མེད་པར་འགྱུར་ཏེ། དེའི་ཕྱིར་སྐྱེ་བ་དང་འཇིག་པ་དག་གདོན་མི་ཟ་བར་ཁས་བླང་བར་བྱའོ། །དེ་ལྟ་ན་བྱ་བ་ཡང་ཡོད་དེ། དེའི་ཕྱིར་ཡོད་པ་བྱ་བ་མ་ཡིན་ནོ། །གཞན་ཡང་གལ་ཏེ་རྒྱུ་ལས་འབྲས་བུ་བྱ་བའི་བདག་ཉིད་དུ་ཡོད་པ་དེ་ཉིད་ཀྱི་ཕྱིར་འབྲས་བུ་མེད་པ་ཡིན་ཏེ། རིགས་པ་ཉིད་མེད་པའི་ཕྱིར་རོ། །འདི་ལྟར་ཕྲ་བའི་གནས་སྐབས་ན་དེའི་ཕྲ་བ་ཉིད་ཡོད་ཀྱི་འདི་ལྟར་དེ་ལ་རགས་པ་ཉིད་མེད་དོ། དེའི་ཕྱིར་མེད་པ་སྐྱེ་བ་དང༌། ཆོས་ཞིག་ན་ཡང་ཆོས་མ་ཡིན་པར་འབྱུང་བར་འགྱུར། གལ་ཏེ་སྐྱེ་བ་དང་འཇིག་པ་ཉིད་མེད་ན། དེའི་ཚེ་འདས་པ་དང་མ་འོངས་པ་ཡང་མེད་པར་འགྱུར་ལ། དེ་དག་མེད་པའི་ཕྱིར་ད་ལྟར་བྱུང་བ་ཡང་མེད་དོ་གལ་ཏེ་འདས་པ་དང་མ་འོངས་པ་མེད་ན་ད་ལྟར་བྱུང་བ་འདི་གང་གི་ཡིན་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་མེད་པའི་ཕྱིར་ཐམས་ཅད་མེད་པར་ཐལ་བར་འགྱུར་རོ། །འདིའི་ཕྱིར་ཡང་འབྲས་བུ་མེད་པར་སྨྲ་བ་ཡིན་ནོ། །གལ་ཏེ་འོ་མ་ཞེས་བྱ་བའི་རྒྱུ་ལས་ཞོ་ཞེས་བྱ་བའི་འབྲས་བུ་ཡོད་པ་ཞེས་བྱ་བ་དེ་ལྟ་ན་ནི་དེ་སྐྱེ་བར་མི་འགྱུར་ཏེ་ཡོད་པའི་ཕྱིར་རོ། །དེ་བས་ན་ཞོ་ནི་མེད་པ་ཁོ་ན་སྐྱེ་བར་འགྱུར་ཏེ། དེ་ལྟ་ན་མེད་པ་འབྲས་བུར་ཐལ་བར་འགྱུར་བ་དེ་བས་ན་ཡོད་པ་ནི་བྱ་བ་མ་ཡིན་ནོ། །འདིར་སྨྲས་པ། གང་ཡང་འབྲས་བུ་ཡོད་པར་སྨྲ་བ་དེ་དག་ལ་སྐྱེ་འཇིག་མེད་པར་ཐལ་བས་ཉེས་པར་འགྱུར་མོད། གང་ཡང་འབྲས་བུ་ཡོད་པ་དང༌། མེད་པ་སྨྲ་བ་དེ་དག་ལ་སྐྱོན་མེད་ལ། འདེ་ཁས་བླངས་པ་ལས་དོན་གཉི་ག་གྲུབ་ཅིང༌། དེ་གྲུབ་པའི་ཕྱིར་ཡང་འབྲས་བུ་ཡོད་པ་དང་མེད་པར་འགྱུར་རོ་ཞེ་ན། སྨྲས་པ། དེ་དག་སྐྱེ་བ་


DTG096_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ། །འདིར་ཡོད་པ་ནི་སྐྱེ་བ་མ་ཡིན་ཏེ་ཡོད་པའི་ཕྱིར་རོ། །འདི་ལྟར་ཡོད་པའི་བུམ་པ་འཇིམ་གོང་ལ་སོགས་པ་རྣམས་ཀྱིས་སྐྱེད་པར་བྱེད་པ་མ་ཡིན་ནོ། །མེད་པ་ཡང་སྐྱེ་བར་བྱེད་པ་མ་ཡིན་ཏེ་མེད་པའི་ཕྱིར་རོ། །ཐག་པ་ལ་སོགས་པས་རུས་སྦལ་གྱི་སྤུའི་གོས་སྐྱེད་པར་བྱེད་པ་མ་ཡིན་ཏེ་མེད་པའི་ཕྱིར་རོ། །དེ་ལྟར་ཡོད་པ་དང་མེད་པ་སྐྱེ་བ་མ་ཡིན་ནོ། །སྐྱེས་པ་ནི་སྐྱེས་པའི་ཕྱིར་མི་སྐྱེ་ལ། མ་སྐྱེས་པ་ཡང་མ་སྐྱེས་པའི་ཕྱིར་མི་སྐྱེའོ། །གཞན་ཡང་སྐྱེ་བ་གང་ཡིན་པ་འདི་རང་ལས་སམ་གཞན་ལས་འགྱུར་གྲང་ན། གཉི་ག་ཡང་སྐྱོན་ཡོད་དོ། །མ་སྐྱེས་པ་ལ་རང་གི་བདག་ཉིད་མེད་ན་ཇི་ལྟར་རང་ལས་སྐྱེ་བར་འགྱུར། ཅི་སྟེ་ཡོད་པ་དེ་ལྟ་ན་ཡང་ཡོད་པ་ལ་ནི་སྐྱེ་བ་ཡོད་པ་མ་ཡིན་ནོ། །དེ་ལྟར་རེ་ཞིག་རང་ལས་སྐྱེ་བ་མ་ཡིན་ནོ། །གཞན་ལས་ཀྱང་སྐྱེ་བ་མ་ཡིན་ཏེ། སྐྱེས་པ་ལས་གཞན་དུ་གྱུར་ན་གང་ལས་གཞན་ལས་སྐྱེ་བ་མེད་པ་ལས་ཅི་སྟེ་ཡོད་པ་ལས་གཞན་མི་སྐྱེའོ། །ཅི་སྟེ་ཡོད་མེད་གཞན་ལས་མི་སྐྱེ་སྟེ། གཉི་གའི་སྐྱོན་དུ་ཐལ་བའི་ཕྱིར་རོ། །དེ་ལྟར་ཡོད་པ་དང་མེད་པ་དང་ཡོད་མེད་ནི་རང་ངམ། གཞན་ལས་སྐྱེ་བར་མི་འགྱུར་ཏེ། སྐྱེ་བ་མེད་པས་ཐམས་ཅད་མེད་དོ། །འདིར་སྨྲས་པ། གལ་ཏེ་སྐྱེ་བར་མི་འགྱུར་ན་དེའི་ཚེ་འདུས་བྱས་ཀྱི་མཚན་ཉིད་མེད་པར་འགྱུར་ཏེ། འདུས་བྱས་ནི་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་ཀྱིས་མངོན་པར་གསལ་བར་བྱས་པའོ། །དེའི་ཕྱིར་འདུས་བྱས་ནི་ཡོད་པ་སྟེ། དེ་ཡོད་པའི་ཕྱིར་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེ་ན། སྨྲས་པ། འདུས་བྱས་མེད་དོ། །འདིར་ཁྱེད་ཀྱིས་འདུས་བྱས་སུ་མངོན་པར་བརྗོད་པ་གང་ཡིན་པ་དེའི་མཚན་ཉིད་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་ནི་རིམ་གྱིས་ཡོད་པ་མ་ཡིན་ཞིང་ཅིག་ཅར་ཡང་མ་ཡིན་ཏེ། འདི་ལྟར་གང་གི་ཚེ་སྐྱེ་བ་དེའི་ཚེ་གནས་པ་དང་འཇིག་པ་མེད་ལ། དེ་དག་མེད་ན་སྐྱེ་བ་གང་ཞིག་ཡིན། གང་གི་ཚེ་གནས་པ་མེད་པ་དེའི་ཚེ་སྐྱེ་བར་འགྱུར་རོ་ཞེས་བྱ་བར་མི་རིགས་ལ། སྐྱེ་བ་མེད་ན་གང་གི་གནས་པར་འགྱུར། གལ་ཏེ་སྐྱེ་བ་མེད་པར་གང་གི་གནས་པར་འགྱུར་ན་དེའི་ཚེ་མོ་གཤམ་གྱི་བུ་ལ་སོགས་པ་རྣམས་ཀྱང་གནས་པར་


DTG096_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །རྩོད་པ་པོ་ལས་བརྗོད་པར་བྱ་སྟེ། མགོ་གཉིས་པ་ལག་པ་གསུམ་པ་དག་མ་སྐྱེས་པ་ཡང་ཅིའི་ཕྱིར་གནས་པ་མེད། འདི་ནི་འདོད་པ་ཡང་མ་ཡིན་ཏེ་དེ་བས་ན་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་རིམ་གྱིས་འབྱུང་བ་མ་ཡིན་ནོ། །ཅིག་ཅར་ཡང་མ་ཡིན་ཏེ། འདི་ལྟར་སྐྱེ་བའི་དུས་ན་འཇིག་པ་དང་གནས་པ་མེད་ལ། འཇིག་པའི་དུས་ན་ཡང་སྐྱེ་བ་དང་གནས་པ་མེད་ཅིང༌། གནས་པའི་དུས་ན་ཡང་སྐྱེ་བ་དང་འཇིག་པ་དག་མེད་པ་དེ་བས་ཅིག་ཙོར་འབྱུང་བ་ནི་ཡོད་པ་མ་ཡིན་ནོ། །དུས་གཅིག་པ་ཡིན་ན་སྐྱེ་བ་དང་འཆི་བདག་གཅིག་ཏུ་འགྱུར་ཏེ། འདི་ནི་འདོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་འདི་དག་རིམ་དང་ཅིག་ཅར་དུ་འབྱུང་བ་མེད་དོ། །གཞན་ཡང༌། གལ་ཏེ་འདུས་བྱས་ཀྱི་མཚན་ཉིད་གསུམ་ཡིན་པ་དེ་ལྟ་ན་ཐུག་པ་མེད་པར་ཐལ་བར་འགྱུར་ཏེ། དེ་ལ་གཞན་དང་གཞན་ཡིན་པས་ཐམས་ཅད་དུས་གསུམ་ཉིད་འབྱུང་བར་འགྱུར་རོ། །དེའི་ཕྱིར་སྐྱེ་བ་ལ་སྐྱེ་བ་དང་གནས་པ་དང་འཇིག་པ་གསུམ་དུ་འགྱུར་ལ། དེ་བཞིན་དུ་གནས་པ་དང་འཇིག་པ་དག་ལ་ཡང་སྦྱར་བར་བྱའོ། །ཐུག་པ་མེད་པར་ཐལ་བར་འགྱུར་བ་ཡང་འཐོབ་སྟེ། དེ་རྣམས་ཀྱང་གཞན་དང༌། གཞན་གྱི་ནུས་པས་སྐྱེ་བ་དང༌། གནས་པ་དང་འཇིག་པར་ཐལ་བར་འགྱུར་རོ། །དེ་བས་ན་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་ལ་རེ་རེ་ལ་གསུམ་གསུམ་དུ་འགྱུར་རོ། །དེ་ལྟ་མ་ཡིན་ན་འདུས་བྱས་མ་ཡིན་པར་ཐལ་བར་འགྱུར་རོ། །དེ་ལས་མ་གཏོགས་པ་གཞན་འདུས་བྱས་ཉིད་ནི་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་འདུས་བྱས་མཚན་ཉིད་གསུམ་པའོ་ཞེས་གང་བརྗོད་པ་འདི་དམ་བཅའ་བ་ཉམས་པར་ཐལ་བར་འགྱུར་ཏེ། དེ་བས་ན་འདུས་བྱས་ནི་མེད་དོ། །འདིར་སྨྲས་པ། འདུས་བྱས་བཀག་པའི་ཕྱིར་འདུས་མ་བྱས་ཁས་བླངས་ལ། དེ་ཁས་བླངས་པའི་ཕྱིར་འདུས་བྱས་འགྲུབ་སྟེ། ཐམས་ཅད་ནི་ཟླ་ཡོད་པར་དམིགས་ཏེ། ཇི་ལྟར་སྡུག་བསྔལ་དང༌། བདེ་བ་དང༌། ཆོས་དང༌། ཆོས་མ་ཡིན་པ་དང༌། གྲང་བ་དང་དྲོ་བ་བཞིན་ཏེ། དེ་བཞིན་དུ་འདུས་བྱས་དང་འདུས་མ་བྱས་ཀྱང་ཡིན་པར་བྱ་སྟེ། དེ་བས་ན་འདུས་མ་


DTG096_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་གྲུབ་པའི་ཕྱིར་གཉི་ག་གྲུབ་པོ། །འདུས་མ་བྱས་ཀྱང་ཐམས་ཅད་དུ་འགྲོ་བ་དང༌། རྟག་པ་དང༌། ཕྱོགས་དང་བྲལ་བ་རྣམས་སོ་ཞེ་ན། སྨྲས་པ། ཕྱོགས་གཅིག་ཙམ་མོ། །འདིར་གལ་ཏེ་བདག་དང༌། རྡུལ་ཕྲ་རབ་དང༌། ནམ་མཁའ་དང༌། དུས་དང༌། ཕྱོགས་ལ་སོགས་པ་དེ་དག་གི་ཐམས་ཅད་དུ་འགྲོ་བ་ཉིད་དེའི་ཚེ་འདི་ལ་དྲི་བར་བྱ་སྟེ་ཅི་ཁྱེད་ཅག་གི་བདག་འདི་ལུས་ལ་ཕྱོགས་གཅིག་གིས་གནས་སམ་འོན་ཏེ་བདག་ཉིད་ཐམས་ཅད་ཀྱི་གལ་ཏེ་ཕྱོགས་གཅིག་གིས་སོ་ཞེ་ན། དེའི་ཚེ་ཕྱོགས་གཅིག་པས་རྣམ་པར་གནས་པའི་ཕྱིར་ཕྱོགས་གཅིག་པ་གཞན་རྣམས་ཀྱིས་ཀྱང་འགྱུར་བར་བྱ་དགོས་སོ། །ཕྱོགས་དང་བཅས་པའི་ཕྱིར་ཡང་མི་རྟག་པ་ཉིད་དེ་ལྟར་གང་ཕྱོགས་སུ་འཇུག་པ་དེ་དག་ནི་མི་རྟག་པ་སྟེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུའོ། །ཅི་སྟེ་བདག་ཉིད་ཐམས་ཅད་ཀྱི་ལུས་ལ་གནས་ན་ནི་དེའི་ཚེ་ཕྱོགས་ཐམས་ཅད་དུ་འགྲོ་བ་ཉིད་ཁོ་ནའི་ལུས་ཡོངས་སུ་རྫོགས་པས་དེའི་ཕྱིར་ཕྱོགས་གཅིག་ཙམ་དུ་ཐལ་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བཀག་པས་ཐམས་ཅད་དུ་འགྲོ་བ་དང༌། རྡུལ་ཕྲ་རབ་ལ་སོགས་པ་གང་དག་ཡིན་པ་དེ་དག་རྟག་པ་དང༌། ཐམས་ཅད་དུ་འགྲོ་བ་དང༌། ཕྱོགས་དང་བྲལ་བ་རྣམས་ཕྱོགས་གཅིག་དང་བཅས་པ་ཉིད་དུ་འགྱུར་ཏེ། ལུས་ཕྱོགས་དང་བཅས་པའི་ཕྱིར་འདི་རྣམས་ཀྱང་ཕྱོགས་དང་བཅས་པ་ཉིད་དུ་ཐལ་བར་འགྱུར་རོ། །ཡང་རྟག་པ་རྣམས་རྒྱུ་ལས་སམ། རྒྱུ་མེད་པ་ལས་འགྲུབ་པར་འགྱུར། དེས་ཅིར་འགྱུར་ཞེ་ན། གཉི་ག་ལ་ཡང་སྐྱོན་ཡོད་དེ། གལ་ཏེ་རྒྱུ་ལས་ཡིན་ན་དེའི་ཚེ་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་ཏེ། རྒྱུ་ལས་སྐྱེ་བ་ཡིན་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ། །ཅི་སྟེ་རྒྱུ་མེད་པ་ལས་སོ་ཞེ་ན། དེ་ལྟ་ན་ཡང་ངེས་པ་མེད་པ་ཉིད་དུ་ཐལ་བར་འགྱུར་ཏེ། རྒྱུ་མེད་པ་དག་ན་ཡུལ་དང་དུས་དང་རང་བཞིན་ངེས་པ་མེད་པའི་ཕྱིར་རོ། །དངོས་པོ་མེད་པ་ཉིད་དུ་ཡང་ཐལ་བར་ཡང་འགྲུབ་སྟེ། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །ཅི་སྟེ་ཁྱེད་ཅག་གི་ཚིག་ཙམ་གྱིས་གྲུབ་ཀྱི་བདག་གིས་ནི་མ་ཡིན་ནོ། འདིར་བྱེ་བྲག་གིས་གཏན་ཚིགས་བརྗོད་དགོས་སོ། །ཅི་སྟེ་རྒྱུ་ནི་རྣམས་པ་གཉིས་ཏེ། མེད་པ་དང༌། གསལ་བའོ། །དེ་ལ་གང་


DTG096_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དག་བྱེད་པའི་རྒྱུས་སྐྱེད་པ་དེ་དག་ནི་རྟག་པ་མ་ཡིན་ཏེ། ཇི་ལྟར་བུམ་པ་ལ་སོགས་པ་བཞིན་ནོ། །གང་གི་གནས་བཞིན་པ་དེ་དག་ཉིད་ཀྱིས་མངོན་པར་གསལ་བར་བྱེད་ཀྱི་སྐྱེད་པ་མ་ཡིན་པ་དེ་ནི་གསལ་བར་བྱེད་པའི་རྒྱུ་སྟེ། ཇི་ལྟར་སྒྲོན་མ་དང་ནོར་བུ་ལ་སོགས་པའི་འོད་ལྟ་བུའོ། །དེ་ལ་བྱེད་པའི་རྒྱུས་ནི་མི་རྟག་པ་ཉིད་དུ་འགྱུར་ལ། མ་བྱས་པ་རྣམས་མངོན་པར་གསལ་བར་བྱེད་པ་དག་གིས་མངོན་པར་གསལ་བ་འབའ་ཞིག་ཏུ་ཟད་ཀྱི་སྐྱེད་པ་ནི་མ་ཡིན་ནོ། །ཡང་གང་དག་སྐྱེ་བ་དེ་དག་ནི་རྟག་པ་མ་ཡིན་ཏེ། ཆོས་མི་མཐུན་པ་ནི་གང་དག་མི་སྐྱེ་བ་རྒྱུས་མངོན་པར་གསལ་བ་འབའ་ཞིག་པ་དེ་དག་ནི་རྟག་པའོ། །དེ་བས་ན་ཆོས་མི་མཐུན་པའི་ཕྱིར་མ་བྱས་པ་རྣམས་ནི་རྟག་པ་མ་ཡིན་ནོ་ཞེས་སྨྲའོ། །དེ་ལྟ་ན་ནི་འོ་ན་བྱས་པ་ཡོད་པ་ཉིད་དུ་མཐོང་བས། ཆོས་མི་མཐུན་པས་བྱས་པ་རྣམས་མེད་པ་ཉིད་དུ་འགྱུར་བས་རྟག་པ་རྣམས་དོན་མེད་དོ། །དེ་ལྟར་འདུས་བྱས་དང༌། འདུས་མ་བྱས་ཡོངས་སུ་བཏང་བ་ལས་ངར་འཛིན་པ་དང་ང་ཡིར་འཛིན་པ་དག་རབ་ཏུ་སྤངས་པ་ཡིན་ལ་དེའི་ཕྱིར་མྱ་ངན་ལས་འདས་སོ། །དེ་གསུངས་པ། ཤེས་པ་རྟེན་མེད་མི་འཇུག་སྟེ། །རྣམ་ཤེས་འགག་པར་གྱུར་པ་ཡིས། །སྲིད་པའི་ས་བོན་འགག་པར་འགྱུར། །འདུས་བྱས་དངོས་པོ་མེད་པའི་ཚེ། །འདི་ལྟར་དངོས་པོ་རྣམས་འདི་རྣམས་དངོས་པོ་ཉིད་ཡིན་ཞེ་ན། སྨྲས་པ། རྨི་ལམ་དང་མཚུངས་སོ། །འདིར་ནི་ཐ་སྙད་ལས་དངོས་པོ་རྣམས་ཀྱི་དངོས་པོ་ཉིད་རྨི་ལམ་དང་མཚུངས་སོ། །ཇི་ལྟར་རྨི་ལམ་ཡོད་པ་ཉིད་ཀྱི་མཚན་ཉིད་དུ་འགྱུར་བ་མ་ཡིན། མེད་པ་ཉིད་ཀྱི་མཚན་ཉིད་དུ་འགྱུར་བ་ཡང་མ་ཡིན་ལ། རྒྱུ་མེད་པ་ཡང་མ་ཡིན་ཏེ། དེ་བཞིན་དུ་ཐ་སྙད་ལ་སོགས་པ་རྣམས་ཡོད་པ་ཉིད་དོ། །གལ་ཏེ་དོན་དམ་པར་ཁྱིམ་ལ་སོགས་པ་ཡོད་པའི་མཚན་ཉིད་དུ་འགྱུར་ན། རྩིག་ངོས་མེད་པ་ཡང་དེ་དམིགས་པར་འགྱུར་ཏེ་ཡོད་པའི་ཕྱིར་རོ། །ཅི་སྟེ་མེད་པའི་མཚན་ཉིད་དུ་གྱུར་ན་དེའི་ཚེ་བྱས་པ་ན་ཡང་མི་དམིགས་པར་འགྱུར་ཏེ། མེད་པའི་ཕྱིར་རོ། །ཅི་སྟེ་གཉི་གའི་མཚན་ཉིད་དུ་གྱུར་ན། དེ་ལྟ་ན་བྱས་པ་དང་མ་བྱས་པ་གཉི་ག་ཡང་དམིགས་པར་འགྱུར་


DTG096_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞིག་ན། གཉི་གར་དམིགས་པ་ཡང་མེད་དོ། །རྒྱུ་མེད་པ་ཡང་མ་ཡིན་ཏེ། རྩྭ་ལ་སོགས་པ་རྣམས་ཀྱིས་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ན་འབྲས་བུ་ཡོད་པ་མ་ཡིན་ཞིང་འབྲས་བུ་མེད་པ་མ་ཡིན་ལ། འབྲས་བུ་ཡོད་པ་དང་མེད་པ་ཡང་མ་ཡིན་ལ། རྒྱུ་མེད་པ་ཡང་མ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་དངོས་པོ་རྣམས་རྨི་ལམ་དང་མཚུངས་པ་ན་དེའི་ཚེ་མིང་བསྟན་པས་དངོས་པོ་རྣམས་ལས་འགའ་ཡང་རྟོགས་པར་མི་བྱེད་དེ། འདིར་ལྟར་བུམ་པ་འོ་ན་ཅིག་ཅེས་བརྗོད་པ་ན། བྱིས་པའམ་མཁས་པ་ཡང་རུང་བུམ་པ་ཞེས་བྱ་བའི་མིང་འདིས་མིང་ཅན་བུམ་པ་ལ་རྟོགས་པར་བྱས་ནས་བུམ་པ་ཁྱེར་ནས་འོང་གི་སྣམ་བུ་ནི་མ་ཡིན་ཏེ། དེ་བས་ན་མིང་བསྟན་པ་ལས་དངོས་པོ་ཡོད་དོ་ཞེ་ན་འདི་ལ་བརྗོད་པ། མིང་ནི་དངོས་པོ་མ་ཡིན་ནོ། །འདིར་མིང་དངོས་པོ་མ་ཡིན་ཏེ། །གལ་ཏེ་མིང་དངོས་པོར་གྱུར་ན་དེའི་ཚེ་བུམ་པ་ཞེས་བརྗོད་པ་ནི་ཡི་གེ་གཉིས་པོ་དེ་དག་ཉིད་ཀྱིས་སྦྲང་རྩི་དང་ཆུ་ལ་སོགས་པ་འཛིན་པ་དང༌། འཐུང་བར་བྱེད་པར་འགྱུར་ན། དེ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་མིང་གཞན་ལ་དངོས་པོ་གཞན་ནོ། །གལ་ཏེ་མིང་དངོས་པོར་གྱུར་ན་ནི་མི་མཁས་པ་སུ་ཞིག་ཚིག་ཙམ་གྱིས་ཡོད་པའི་བུམ་པ་རྫ་མཁན་ལས་རིན་གྱིས་ཉོ་བར་བྱེད། གལ་ཏེ་མིང་དངོས་པོར་གྱུར་ན་ནི་དེའི་ཚེ་གཅིག་ལ་རྟགས་གསུམ་མམ། བུད་མེད་དང༌། སྐྱེས་པ་དང༌། མ་ནིང་རྣམས་འདྲེས་པར་ཐལ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདི་ནི་དྷ་དྷ་ཞེས་བརྗོད་པ་ནི་སྐྱེས་པ་དང༌། ཏ་ནི་ཞེས་བརྗོད་པ་ན་བུད་མེད་དང༌། ཤ་རི་རཾ་ཞེས་བརྗོད་པ་ན། མ་ནིང་ཞེས་བསྟན་ཏེ། རྟགས་གསུམ་པོ་འདི་ནི་སྲོག་ཆགས་དང༌། སྲོག་ཆགས་མ་ཡིན་པ་ཐམས་ཅད་ལ་འཇུག་པར་འགྱུར་ཏེ། དེ་བས་ན་གལ་ཏེ་མིང་དངོས་པོར་གྱུར་ན། གཅིག་ལ་གསུམ་དུ་འགྱུར་ཏེ། དེའི་ཕྱིར་སྐྱེས་བུ་ལ་བུད་མེད་དང་སྐྱེས་པ་དང་མ་ནིང་དུ་འགྱུར་ན་དེ་ཡང་མི་འདོད་དེ། །དེའི་ཕྱིར་མིང་དངོས་པོ་མ་ཡིན་ཏེ། གང་གི་ཕྱིར་མིང་ནི་རྣ་བས་དང༌། བུམ་པ་ནི་མིག་ལ་སོགས་པ་རྣམས་ཀྱིས་འཛིན་པར་བྱེད་དོ། །གལ་ཏེ་ཡང་མིང་བུམ་པར་གྱུར་ན་དེའི་ཚེ་གྷ་ཌ་དང་ཀུམ་བྷ་དང༌། ཀ་ལ་ཤ་ཞེས་བྱ་བ་ལ་སོགས་པ་མིང་མང་


DTG096_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་དངོས་པོ་མང་བ་ཉིད་དུ་འགྱུར་ཏེ། དེ་ལྟར་ཐམས་ཅད་ཀྱིས་བསལ་ན་མིང་ནི་དངོས་པོ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས། འཇིག་རྟེན་ཞེས་བྱ་མིང་ཙམ་སྟེ། །མིང་དང་སྨིག་རྒྱུ་དང་མཚུངས་པའི། །ཚིག་ཙམ་ཚིག་གིས་སྟོང་པ་སྟེ། །རྒྱུད་མང་ས་རྫ་རྔ་སྒྲ་བརྙན་མཚུངས། །ཞེས་གསུངས་པ། དེ་བས་ན་ཐ་སྙད་རྨི་ལམ་དང་མཚུངས་སོ། །དེའི་ཕྱིར་དངོས་པོ་མ་ཡིན་ནོ། །འདིར་སྨྲས་པ། དེ་ལྟར་བཀག་པ་གང་ཡིན་པ་དེ་ཅི་རང་བཞིན་མེད་པ་ཞིག་གམ་འོན་ཏེ་མ་ཡིན། འོན་ཏེ་རང་བཞིན་དང་བཅས་པ་ཡིན་ན་དེའི་ཚེ་དམ་བཅའ་བ་ཉམས་སོ། །ཅི་སྟེ་རང་བཞིན་མེད་ན་དེའི་ཚེ་དགག་པར་བྱ་བར་མི་ནུས་ཏེ། རང་བཞིན་མེད་པའི་ཕྱིར་རོ་ཞེ་ན། སྨྲས་པ། བསྒྲུབ་པར་བྱ་བ་དང་མཚུངས་སོ། །འདིར་ཁྱེད་ཀྱིས་དགག་པ་གང་ཡིན་པ་འདི་བརྗོད་པ། ཅི་ཡོད་པ་དང་མེད་པ་ཞེས་བྱ་བའི་དགག་པར་བྱེད་པའི་ཕྱིར་མི་སྲིད་དོ། །དགག་པར་བྱ་བ་མེད་པ་ལ་ནི་འདི་ཅི་ཞིག་འགེགས། དགག་པར་བྱ་བ་དང༌། དགག་པ་དག །འགེགས་པ་རྣམས་རིམ་གྱིས་མི་སྲིད་ལ། ཅིག་ཅར་ཡང་མ་ཡིན་ནོ། །འདི་ལྟར་གལ་ཏེ་དགག་པར་བྱ་བ་མེད་ན་གང་གི་དགག་པ་ཡིན། དེ་བཞིན་དུ་གལ་ཏེ་དགག་པར་མེད་ན་ཇི་ལྟར་དགག་པར་བྱ་བ་ཡིན་པར་འགྱུར། དེ་དག་མེད་ན་འགེགས་པ་པོར་ཇི་ལྟར་འགྱུར། དེ་དག་མེད་པར་ཡང་དེ་ཇི་ལྟར་འགྱུར། དེ་ལྟར་རེ་ཞིག་རིམ་གྱིས་མ་ཡིན་ནོ། །དགག་པར་བྱ་བ་དང༌། དགག་པ་དང༌། འགེགས་པ་པོ་ཅིག་ཅར་ཡང་ཡོད་པ་མ་ཡིན་ཏེ། ཅིག་ཅར་སྐྱེ་བའི་བ་ལང་གི་ར་དག་ལ་ནི་ཕན་ཚུན་དགག་པར་བྱ་བ་དང༌། དགག་པ་དང་འགེགས་པ་པོ་དག་མེད་དོ། །དེ་བས་ན་ཚིག་འདི་གྲུབ་པར་བྱ་བ་དང་མཚུངས་སོ། །དེ་ལྟར་ཡིན་དང་རྟེན་མེད་པའི་ཉོན་མོངས་པ་རྣམས་རབ་ཏུ་སྤོང་བ་ཡིན་ནོ། །ཡང། །བདག་ཉིད་ཆེན་པོ་ཆགས་པ་ཡིན། །ཆགས་བྲལ་མ་ཡིན་རྟེན་མེད་ཕྱིར། །རྟེན་ཡོད་ན་ནི་ཆགས་པ་དང༌། །ཆགས་བྲལ་ཉེ་བར་སྐྱེད་པར་བྱེད། །ཅེས་གསུངས་སོ། །ཡི་གེ་བརྒྱ་པ་ཞེས་བྱ་བའི་རབ་ཏུ་བྱེད་པའི་འགྲེལ་པ། སློབ་དཔོན་འཕགས་པ་ཀླུ་


DTG096_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།དཔལ་ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་བནྡེ་གཞོན་ནུ་ཤེས་རབ་ཀྱིས་བསྒྱུར་བའོ།། །།སླད་ཀྱིས་པཎྜི་ཏ་ཨ་ནནྟ་དང༌། ལོ་ཙྪ་བ་གྲགས་འབྱོར་ཤེས་རབ་ཀྱིས་ཞུ་ཆེན་ལེགས་པར་བྱས་སོ།། །།

རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ།
འཕགས་པ་ཀླུ་སྒྲུབ།


DTG096_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲ་ཏི་ཏྱ་ས་མུ་ཏྤ་ད་ཧྲྀ་ད་ཡ་ཀཱ་རི་ཀཱ །བོད་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཡན་ལག་བྱེ་བྲག་བཅུ་གཉིས་གང༌། །ཐུབ་པས་རྟེན་འབྱུང་གསུངས་དེ་དག །ཉོན་མོངས་ལས་དང་སྡུག་བསྔལ་དང༌། །གསུམ་པོ་དག་ཏུ་ཟད་པར་འདུས། །དང་པོ་བརྒྱད་དང་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ཡང་སྡུག་བསྔལ་ཡིན། །བཅུ་གཉིས་ཆོས་ནི་གསུམ་དུ་འདུས། །གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །འགྲོ་ཀུན་རྒྱུ་དང་འབྲས་བུ་སྟེ། །འདི་ལ་སེམས་ཅན་ཅི་ཡང་མེད། །སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་པའི་ཆོས་རྣམས་འབྱུང་བ་ཟད། །བདག་དང་བདག་གི་མེད་པའི་ཆོས། །ཁ་ཐོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང༌། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཤིན་ཏུ་ཕྲ་བའི་དངོས་ལ་ཡང༌། །གང་གི་ཆད་པར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡི་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང༌། །འདི་ལ་གསལ་བྱ་གང་ཡང་མེད། །གཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།།

རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ།
འཕགས་པ་ཀླུ་སྒྲུབ།


DTG096_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲ་ཏི་ཏྱ་ས་མུ་ཏྤ་ད་ཧྲྀ་ད་ཡ་བྱ་ཁྱ་ན། བོད་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ། འཇམ་དཔལ་


DTG096_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་ལ་དགེ་སྦྱོང་ཉན་འདོད་པ། མཉན་པ་དང༌། གཟུང་བ་དང༌། ཁོང་དུ་ཆུད་པར་བྱ་བ་དང༌། རྟོག་པ་དང༌། སེལ་ནུས་པ་དང་ལྡན་པའི་སློབ་མ་ཞིག་སློབ་དཔོན་གྱི་གན་དུ་འོངས་ནས། དེ་བཞིན་གཤེགས་པས་བསྟན་པ་ལས་བརྩམས་ཏེ། འདི་སྐད་འདྲིའོ། །བཅོམ་ལྡན་འདས་འདི་ལ། ཡན་ལག་བྱེ་བྲག་བཅུ་གཉིས་གང༌། །ཐུབ་པས་རྟེན་འབྱུང་གསུངས་དེ་དག །གང་དུ་བསྡུ་བ་ལྟ་བ་ཐོས་པར་འཚལ་ལོ། །དེ་ཆོས་དེ་དག་དེ་ཁོ་ན་ཉིད་འདྲི་བར་རིག་ནས་སློབ་དཔོན་གྱིས་འདི་སྐད་ཅེས་བུ། ཉོན་མོངས་ལས་དང་སྡུག་བསྔལ་དང༌། །གསུམ་པོ་དག་ཏུ་ཟད་པར་འདུས། །ཞེས་གསལ་ཞིང་ཟུར་ཕྱིན་པའི་ཚིག་འདིས་སྨྲས་སོ། །དེ་ལ་བཅུ་དང་གཉིས་ནི་བཅུ་གཉིས་སོ། །ཡན་ལག་རྣམ་ཉིད་བྱེ་བྲག་ཡིན་པས་ན་ཡན་ལག་བྱེ་བྲག་སྟེ། ཤིང་རྟའི་ཡན་ལག་བཞིན་དུ་ཡན་ལག་ཏུ་གྱུར་པ་བསྟན་ཏོ། །སྐུ་དང༌། གསུང་དང༌། ཐུགས་ཐུབ་པས་ན་ཐུབ་པའོ། །ཐུབ་པ་དེས་གསུངས་པ་ཞེས་བྱ་བ་ནི་བསྟན་པ་དང༌། བཤད་པ་ཞེས་བྱ་བའི་རྣམ་གྲངས་སུ་གཏོགས་པའོ། །དེ་ཡང་རང་བཞིན་དང༌། ངེས་པ་དང༌། སྐྱེས་བུ་དང། གཞན་ལ་རག་ལས་པ་དང༌། དབང་ཕྱུག་དང༌། དུས་དང༌། ངོ་བོ་ཉིད་དང༌། འདོད་རྒྱལ་དང༌། གནམ་གྱིས་བསྐོས་པ་དང༌། གྱི་ན་ལ་སོགས་པའི་རྒྱུ་རྣམས་ལས་བྱུང་བ་ནི་མ་ཡིན་ཏེ། འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཡན་ལག་བཅུ་གཉིས་པོ་འདི་དག་ནི་ཉོན་མོངས་པ་དང༌། ལས་དང༌། སྡུག་བསྔལ་རྣམས་སུ་གཅིག་ལ་གཅིག་བརྟེན་ཏེ་མདུང་ཁྱིམ་གྱི་ཚུལ་དུ་གསུམ་པོ་དག་ཏུ་ཟད་པར་འདུས་པར་འགྱུར་རོ། །ཟད་པར་ཞེས་བྱ་བ་ནི་མ་ལུས་པར་ཞེས་བྱ་བའི་ཐ་ཚིག་གོ །དྲིས་པ། ཉོན་མོངས་པ་རྣམས་ནི་གང༌། ལས་དག་ནི་གང༌། སྡུག་བསྔལ་ནི་གང༌། རྟེན་པའི་བྱེ་བྲག་འདི་དག་གང་དུ་ཇི་ལྟར་བསྡུ་བར་འགྱུར། སྨྲས་པ། དང་པོ་བརྒྱད་དང་དགུ་ཉོན་མོངས། །བྱེ་བྲག་བཅུ་གཉིས་ཀྱི་དང་པོ་ནི་མ་རིག་པ། བརྒྱད་པ་ནི་སྲིད་པ། དགུ་པ་ནི་ལེན་པ་སྟེ། འདི་གསུམ་ནི་ཉོན་མོངས་པ་རྣམས་སུ་ཤེས་པར་


DTG096_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ལས་དེ་གང་ཞེ་ན། གཉིས་དང་བཅུ་པ་ལས་ཡིན་ཏེ། གཉིས་པ་ནི་འདུ་བྱེད། བཅུ་པ་ནི་སྲིད་པ་སྟེ། ཆོས་འདི་གཉིས་ནི་ལས་སུ་བསྡུ་བར་ཤེས་པར་བྱའོ། །ལྷག་མ་བདུན་ཡང་སྡུག་བསྔལ་ཡིན། །ཉོན་མོངས་པ་དང༌། ལས་སུ་བསྡུས་པའི་བྱེ་བྲག་དེ་དག་གི་ལྷག་མ་བྱེ་བྲག་བདུན་པོ་གང་ཡིན་པ་དེ་དག་ནི་སྡུག་བསྔལ་དུ་བསྡུ་བར་ཤེས་པར་བྱ་སྟེ། འདི་ལྟ་སྟེ། རྣམ་པར་ཤེས་པ་དང༌། མིང་དང༌། གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྐྱེ་བ་དང༌། རྒ་ཤི་རྣམས་སོ། །ཡང་ཞེས་བྱ་བའི་སྒྲ་ནི་བསྡུ་བ་སྟེ། སྡུག་པ་དང་བྲལ་བ་དང༌། མི་སྡུག་པ་དང་ཕྲད་པ་དང༌། འདོད་པས་ཕོངས་པའི་སྡུག་བསྔལ་རྣམས་སྡུག་པའོ། །བཅུ་གཉིས་ཆོས་ནི་གསུམ་དུ་འདུས། །དེའི་ཕྱིར་ཆོས་བཅུ་གཉིས་པོ་དེ་དག་ནི་ལས་དང་ཉོན་མོངས་པ་དང༌། སྡུག་བསྔལ་རྣམས་སུ་ཤེས་པར་བྱའོ།། ནི་ཞེས་བྱ་བའི་སྒྲས་ནི་ལྷག་མའི་ཚིགས་བཅད་པའི་དོན་ཏེ། མདོ་ལས་བསྟན་པའི་ཆོས་རྣམས་ནི་འདི་དག་ཏུ་ཟད་ཀྱི་དེ་ལས་གཞན་ཅི་ཡང་མེད་དོ་ཞེས་བཅད་པའོ། །དྲིས་པ། དེ་དག་ནི་འཚལ་ན་ཉོན་མོངས་པ་དང༌། ལས་དང༌། སྡུག་བསྔལ་འདི་དག་ནི་གང་ལས་གང་བྱུང་བ་བསྟན་དུ་གསོལ། སྨྲས་པ། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །ཉོན་མོངས་པ་གསུམ་པོ་དག་ལས་ལས་ཞེས་བྱ་བ་གཉིས་འབྱུང་ངོ༌། །གཉིས་ལས་བདུན་འབྱུང༌། སྡུག་བསྔལ་ཞེས་བྱ་བ་གོང་དུ་བསྟན་པ་རྣམས་སོ། །བདུན་ལས་ཀྱང་གསུམ་འབྱུང༌། ཉོན་མོངས་ཞེས་བྱ་བ་རྣམས་སོ། །ཡང་ཉོན་མོངས་པ་རྣམས་གསུམ་པོ་དེ་དག་ལས། ལས་གཉིས་འབྱུང་སྟེ། སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །སྲིད་པ་ནི་གསུམ་སྟེ། འདོད་པ་དང༌། གཟུགས་དང༌། གཟུགས་མེད་པ་ཞེས་བྱ་སྟེ། དེ་དག་ཏུ་མི་འདོད་པར་འཁོར་བའི་འཁོར་ལོར་གྱུར་པ་སོ་སོའི་སྐྱེ་བོའི་འཇིག་རྟེན་འདི་ཉིད་བདག་ཉིད་ཀུན་ཏུ་འཕྱན་ནོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་པ་མེད་པར་བསྟན་པའི་དོན་ཏེ། ཇི་ལྟར་འཁོར་ལོ་རིམ་གྱིས་འཁོར་བ་དེ་ལྟར་སྲིད་པ་རྣམས་སུ་འབྱུང་བ་ཡང་མ་ཡིན་གྱི་ངེས་པ་མེད་པར་


DTG096_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ། །དྲིས་པ། འོ་ན་ལུས་ཐམས་ཅད་ཀྱི་དབང་ཕྱུག་སེམས་ཅན་ཞེས་བགྱི་བ་གང་ལགས། དེའི་བགྱིད་པ་ཇི་ལྟ་བུ། སྨྲས་པ། འགྲོ་ཀུན་རྒྱུ་དང་འབྲས་བུ་སྟེ། །བཏགས་པ་མ་གཏོགས་པར། འདི་ལ་སེམས་ཅན་ཅི་ཡང་མེད། །འདི་ན་ཡང་དག་པར་བརྟགས་པ་སྟེ། བརྟགས་པ་ཙམ་གྱི་ཚུལ་དུ་ནི་མ་ཡིན་ནོ། །བརྟགས་པ་ཙམ་དུ་ཡོད་པ་དེ་ནི། རྫས་སུ་ཡོད་པར་མི་རུང་ངོ༌། །དྲིས་པ། གལ་ཏེ་དེ་ལྟར་ན། འོ་ན་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་སུ་མཆི། སྨྲས་པ། འདི་ནས་འཇིག་རྟེན་ཕ་རོལ་དུ་རྡུལ་ཕྲ་མོ་ཙམ་ཡང་མི་འཕོ་སྟེ། འོན་ཀྱང༌། སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་པའི་ཆོས་རྣམས་འབྱུང་བར་ཟད། །བདག་དང་བདག་གི་མེད་པའི་ཆོས། །ཉོན་མོངས་པ་དང་ལས་ཞེས་བྱ་བ་རྒྱུར་གྱུར་པ་ལྔ་པོ་སྟོང་པ་རྣམས་ལས། བདག་དང་བདག་གི་མེད་པ་སྡུག་བསྔལ་དུ་བརྗོད་པ། འབྲས་བུར་བཏགས་པའི་ཆོས་སྟོང་པ་བདུན་པོ་དག་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་འདི་སྐད་དུ། བདག་དང་བདག་གི་མེད་ལ། དེ་དག་ཕན་ཚུན་དུ་ཡང་བདག་དང་བདག་གི་མ་ཡིན་ཏེ། འོན་ཀྱང་རང་བཞིན་གྱིས་བདག་མེད་པའི་ཆོས་རྣམས་ལས་རང་བཞིན་གྱིས་བདག་མེད་པའི་ཆོས་རྣམས་འབྱུང་བ་དེ་ལྟར་ཁོང་དུ་ཆུད་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །འདིར་སྨྲས་པ། རང་བཞིན་གྱིས་བདག་མེད་པའི་ཆོས་དག་ལས་རང་བཞིན་གྱིས་བདག་མེད་པའི་ཆོས་ཁོ་ན་དག་འབྱུང་བ་འདི་ལ་དཔེ་ཅི་མཆིས། འདིར་སྨྲས་པ། ཁ་ཐོན་མར་མེ་མེ་ལོང་རྒྱུ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །དཔེ་འདི་རྣམས་དང་བཅས་པས་ཀྱང་རང་བཞིན་གྱིས་བདག་མེད་པ་དང་འཇིག་རྟེན་ཕ་རོལ་འགྲུབ་པར་ཤེས་པར་བྱའོ། །དཔེར་ན་བླ་མའི་ཁ་ནས་བརྗོད་པ་རྣམས་སློབ་མ་ལ་འཕོ་བ་ནི་བླ་མས་བརྗོད་དུ་མེད་པར་འགྱུར་བས་མི་འཕོའོ། །སློབ་མས་སྨྲ་བ་ཡང༌། གཞན་ལས་མ་ཡིན་ཏེ། རྒྱུ་མེད་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་བླ་མའི་ཁ་ནས་བརྗོད་པ་ལྟར་འཆི་ཁའི་སེམས་ཀྱང་དེ་བཞིན་ཏེ། རྟག་པའི་སྐྱོན་དུ་འགྱུར་བས་འཇིག་རྟེན་ཕ་རོལ་དུ་མི་འགྲོའོ། །འཇིག་


DTG096_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཕ་རོལ་ཡང་གཞན་ལས་མི་འབྱུང་སྟེ། རྒྱུ་མེད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །ཇི་ལྟར་བླ་མས་བརྗོད་པའི་རྒྱུ་ལས་འབྱུང་བས་སློབ་མ་དེ་ཉིད་དང་དེ་དག་གཞན་ནོ་ཞེས་བརྗོད་པར་མི་ནུས་པ་ལྟར་འཆི་ཁའི་སེམས་ལ་བརྟེན་ནས་སྐྱེས་པའི་ཆར་གཏོགས་པའི་སེམས་ཀྱང་དེ་བཞིན་ཏེ། དེ་དག་ཉིད་དང་དེ་ལས་གཞན་ཞེས་བརྗོད་པར་མི་ནུས་སོ། །དེ་བཞིན་དུ་མར་མེ་ལས་མར་མེ་དང༌། བཞིན་ལས་མེ་ལོང་གི་གཟུགས་བརྙན་འབྱུང་བ་དང༌། རྒྱ་ལས་རྒྱའི་འབུར་དང༌། མེ་ཤེལ་ལས་མེ་དང༌། ས་བོན་ལས་མྱུ་གུ་དང༌། ཤིང་ཐོག་སྐྱུར་པོའི་རྒྱུས་འགྲམ་ཆུ་ལྡང་བ་དང༌། སྒྲ་ལས་བྲག་ཅི་འབྱུང་བར་འགྱུར་ཞིང༌། དེ་དག་ཀྱང་དེ་ཉིད་དང་གཞན་ཤེས་པར་སླ་བ་མ་ཡིན་པ་དེ་བཞིན་དུ། ཕུང་པོ་ཉིད་མཚམས་སྦྱོར་བ་ཡང༌། །མི་འཕོ་བར་ཡང་མཁས་རྟོག་བྱ། །དེ་ལ་ཕུང་པོ་ནི། གཟུགས་དང༌། ཚོར་བ་དང། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་ཕུང་པོའོ། །དེ་དག་ཉིད་མཚམས་སྦྱོར་བ་ཞེས་བྱ་བ་མི་འགགས་ནས་རྒྱུ་དེ་ལས་འབྱུང་བ་གཞན་དག་འབྱུང་བ་སྟེ། འཇིག་རྟེན་འདི་ནས་ཕ་རོལ་ཏུ་དངོས་པོ་རྡུལ་ཕྲ་མོ་ཙམ་ཡང་མི་འགྲོའོ། །དེ་ལྟར་ན་འཁོར་བའི་འཁོལ་ལོར་ནོར་བའི་རྣམ་པར་རྟོག་པའི་བག་ཆགས་ཀྱིས་བསྐྱེད་པ་ཡིན་ནོ། །ཐ་མའི་ཡང་ཞེས་པའི་སྒྲ་ནི་ལོག་པ་སྟེ། དེ་ལས་བཟློག་པར་ཤེས་པར་བྱའོ། །དངོས་པོ་རྣམས་ལ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པར་རྟོགས་ན། །དངོས་པོ་ལ་རྨོངས་པར་མི་འགྱུར་རོ། །རྨོངས་པ་མེད་ན་མི་ཆགས་སོ། །མ་ཆགས་ན་ཞེ་སྡང་བར་མི་འགྱུར་རོ། །ཞེ་སྡང་མེད་ན་ལས་མི་བྱེད་དོ། །ལས་མེད་ན་དངོས་པོ་མི་ལེན་ནོ། །ལེན་པ་མེད་ན་སྲིད་པ་མངོན་པར་འདུ་མི་བྱེད་དོ། །སྲིད་པ་མེད་ན་མི་སྐྱེའོ། །མ་སྐྱེས་ན་ལུས་དང༌། སེམས་ལ་སྡུག་བསྔལ་མི་འབྱུང་ངོ༌། །དེ་ལྟར་འདིར་རྒྱུ་ལྔ་པ་དེ་དག་མ་བསགས་པས་གཞན་དུ་འབྲས་བུ་མི་འབྱུང་སྟེ། འདི་ནི་ཐར་པ་ཞེས་བྱའོ། །དེ་ལྟར་ན་རྟག་པ་དང་ཆད་པའི་མཐའ་ལ་སོགས་པ་ལྟ་བ་ངན་པ་རྣམས་གསལ་བ་ཡིན་ནོ། །འདི་


DTG096_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཚིགས་སུ་བཅད་པ་གཉིས་ཡོད་དེ། ཤིན་ཏུ་ཕྲ་བའི་དངོས་ལ་ཡང༌། །གང་གི་ཆད་པར་རྣམ་བརྟགས་པར། །རྣམ་པར་མི་མཁས་དེ་ཡི་ནི། །རྐྱེན་ལས་སྐྱེས་པའི་དོན་མ་མཐོང༌། །འདི་ལ་གསལ་བྱ་གང་ཡང་མེད། །གཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས།།

མ་རྟོགས་པ་རྟོགས་པར་བྱེད་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།
འཕགས་པ་ཀླུ་སྒྲུབ།


DTG096_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་བུ་དྷ་བོ་དྷ་ཀ་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། མ་རྟོགས་པ་རྟོགས་པར་བྱེད་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྐྱོན་མེད་ཡོན་ཏན་རྒྱ་མཚོ་ཡི། །འཇམ་པའི་དཔལ་ལ་ཕྱག་འཚལ་ཏེ། །དེ་ཉིད་མ་རྟོགས་རྟོགས་བྱེད་པ། །བདག་གིས་བརྩེ་བས་བྲི་བར་བྱ། །དེ་ནས་གཞན་གྱིས་བརྒལ་བ་དང༌། དགག་པ་དང༌། དེའི་རྟོགས་པ་དང༌། ཆོས་ཀྱི་དེ་ཁོ་ན་ཉིད་དོ། །གཞན་གྱིས་བརྒལ་བ་ནི་གང་ཞེ་ན། སྨྲས་པ། བདག་ཡོད་དོ། །དེ་ཡང་རྟག་པ་དང༌། ཁྱབ་པ་དང༌། གཅིག་པུ་དང༌། བྱེད་པ་པོ་དང༌། ཟ་བ་པོ་ཡིན་ནོ། །འདིར་ཡང་དགག་པ་ནི་བདག་འདི་གང་ཡིན། རེ་ཞིག་ཕུང་པོ་ནི་བདག་མ་ཡིན་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །ཕུང་པོ་བདག་ལས་གཞན་ཡང་མ་ཡིན་ཏེ། འདི་ལྟར་བུམ་པ་ལས་སྣམ་བུ་བཞིན་དུ་ཐ་དད་པ་མི་དམིགས་པའི་ཕྱིར་རོ། །བུམ་པ་ལ་ཆུ་འམ་ཆུ་ལ་སྣམ་བུ་བཞིན་དུ་རྟེན་དང་བརྟེན་པ་ཡང་མ་ཡིན་ནོ། །འབྲས་བུ་དང་ཤུན་པ་བཞིན་དུ་ཕུང་པོའི་གནས་ལུགས་ཀྱང་མ་ཡིན་ནོ། །ཕུང་པོ་ལ་འདུ་བ་ཡང་མ་ཡིན་ཏེ། ཕུང་པོ་རྣམས་ནི་མེད་བ་ཉིད་ཀྱི་ཕྱིར་རོ། །ལྷ་སྦྱིན་བ་ལང་དང་ལྡན་པ་བཞིན་དུ་ཕུང་པོ་དང་ལྡན་པ་ཡང་མ་ཡིན་ནོ། །དེ་ནས་ཕ་རོལ་རྒོལ་བས། འདི་སྐད་སྨྲས་ཏེ། བདག་མེད་ན་དེའི་ཚེ་སྦྱིན་པ་ལ་སོགས་པའི་ལས་དང་འབྲས་བུ་འབྲེལ་པ་དོན་མེད་པར་འགྱུར་ཏེ། ཇི་ལྟར་བ་ལང་ཤིན་རྭ་དང་མཇུག་མ་དང༌། རྨིག་པ་ལ་སོགས་པ་འགྲུབ་བར་འགྱུར་བ་བཞིན་ནོ་ཞེ་


DTG096_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ན། བརྗོད་པ་དཔེའི་ཁྱད་པར་ཉོན་ཅིག །དཔེར་ན་ཟླ་བའི་འོད་ལ་ཐག་པ་ལ་སྤྲུལ་དུ་ཤེས་ནས་སྐྲག་པ་དེ་ལྟ་བུ་ལ་གང་གི་ཆེ་མར་མ་ཐགས་ནས་བལྟ་བ་དེའི་ཚེ་འདི་ནི་ཐག་པ་ཡིན་ལ། འདི་ནི་སྤྲུལ་མ་ཡིན་གྱི་འོན་ཀྱང་སྒྲོ་བཏགས་པ་ཉིད་བསལ་བ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། གང་ཟག་ལ་བདག་མེད་པ་བསྡུས་པའོ། །ཡང་སྨྲས་པ། རེ་ཞིག་ཐག་པ་ནི་ཡོད་དོ་ཞེ་ན། སྨྲས་པ། འདི་ནི་ཐག་པ་མ་ཡིན་གྱི་རྐྱང་པ་གཉིས་ཡིན་ནོ། །རྐྱང་པ་ཡང་མེད་དེ་རྡུལ་ཕྲ་རབ་འདུས་པའི་ཕྱིར་རོ། །རྡུལ་ཕྲ་རབ་ཀྱང་ཡོད་པ་མ་ཡིན་ཏེ། ཕྱོགས་ཆའི་བྱེ་བྲག་གིས་ཏེ། ཕྱོགས་ཀྱི་དབྱེ་བས་ཕྱེ་བ་ན། རྡུལ་ཕྲན་ལ་ཡང་དབྱེ་བ་མཐོང༌། གང་ལ་ཆ་ཤས་ཀྱིས་བརྟགས་ནས། དེ་ཡི་རྡུལ་ཕྲན་ཇི་ལྟར་ཡོད། འོ་ན་མེད་པ་ཡིན་ལ་རག་མོད་ཅེ་ན། དངོས་པོ་ཡོད་པ་མ་ཡིན་ནོ། །དངོས་མེད་གང་གི་ཡིན་པར་འགྱུར། གང་གིས་དངོས་དང་དངོས་མེད་ཤེས། ཞེས་བྱ་བ་ནི་ཆོས་ལ་བདག་མེད་པའོ། །འདིར་སྨྲས་པ། སྐྱེ་བ་དང༌། གནས་པ་དང༌། འཇིག་པ་ཇི་ལྟར་བལྟ་བར་བྱ་ཞེ་ན། བརྗོད་པ། ཅི་ཞིག་ཡོད་པར་སྲིད་པར་སྨྲས་པ། སྐྱེ་བའོ། །གནས་པ་དང་འཇིག་པ་མེད་པར་སྐྱེ་བ་འདོད་ན་དེའི་ཚེ་རི་བོང་གི་རྭ་ལ་སོགས་པ་དག་གི་སྐྱེ་བ་གང་གིས་ཟློག་པར་བྱེད། སྨྲས་པ། ཡོད་དུ་ཆུག་མོད་ཅེ་ན། སྐྱེ་བ་དང༌། འཇིག་པ་མེད་ན་འོ་ན་གང་གིས་གནས་པ་ཡིན་ཞེ་ན། སྨྲས་པ། འཇིག་པ་ཡང་ཡིན་མོད་ཅེ་ན། དེ་ནི་མི་རིགས་ཏེ། ཇི་ལྟར་གང་ལ་སྐྱེ་བ་དང་འཇིག་པ་མེད་པ་དེ་ལ་འཇིག་པར་འགྱུར་རོ་ཞེ་ན། འོན་ཏེ་ཅིག་ཅར་འབྱུང་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ་ཕན་ཚུན་འགལ་བའི་ཕྱིར་སྣང་བ་དང་མུན་པ་བཞིན་ནོ། །ཡང་རྣམ་པར་ཤེས་པ་སྨྲ་བས་འདི་སྐད་དུ་སྨྲས་པ། རྣམ་པར་ཤེས་པ་ཡོད་དོ། །བརྗོད་པ། གལ་ཏེ་རྣམ་པར་ཤེས་པ་ཡོད་ན་དེའི་ཚེ་དེའི་རང་གི་ངོ་བོ་སྟོན་ཅིག །ཅི་ངོ་བོ་གཅིག་པ་ཞིག་གམ་ཡང་ན་ངོ་བོ་དུ་མ་ཞིག་ཡིན། རེ་ཞིག་ངོ་བོ་དུ་མ་ཞིག་ཡིན་ཏེ་ཡུལ་དུ་མའི་བྱེ་བྲག་གིས་ཐ་དད་པའི་ཕྱིར་རོ། །གཅིག་གི་ངོ་བོ་མེད་པ་ན་དུ་མའི་ངོ་བོ་མེད་དོ། །དེ་གཅིག་གི་ངོ་


DTG096_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བོར་ཡང་མ་དམིགས་ལ། དོན་འགའ་ཞིག་ཀྱང་མི་རུང་སྟེ། རང་ངམ་གཞན་ནམ་གཉི་གའམ་རྒྱུ་མེད་པ་ལས་སྐྱེ་བ་མི་འཐད་པའི་ཕྱིར་རོ། །ཡང་སྨྲས་པ། གལ་ཏེ་འདི་དག་ཐམས་ཅད་མེད་ན་ཅི་ཞིག་ཡོད་ཅེ་ན། མགལ་མེའི་འཁོར་ལོ་སྤྲུལ་པ་དང༌། །རྨི་ལམ་སྒྱུ་མ་ཆུ་ཟླ་དང༌། །རླངས་པ་ཕུག་གི་བྲག་ཅ་དང༌། །སྨིག་རྒྱུ་སྤྲིན་དང་མཚུངས་པ་ཡིན། །འདི་ལ་གསལ་ཆ་ཅི་ཡང་མེད། །བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །འདི་ལ་ཐམས་ཅད་དམིགས་མེད་དེ། །དམིགས་པ་མེད་པར་རབ་ཏུ་གསལ། །བློ་ནི་དམིགས་པ་མེད་བྱས་ནས། །དམིགས་པ་མེད་པ་འབྱུང་བར་འགྱུར། །མ་རྟོགས་པ་རྟོགས་པར་བྱེད་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་གཉི་ག་བདག་མེད་པར་རབ་ཏུ་གསལ་བར་བྱེད་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཨ་ན་ནྟ་དང༌། ལོ་ཙྪ་བ་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའོ།།

སྐྱེ་མེད་རིན་པོ་ཆེའི་མཛོད་ཅེས་བྱ་བ།
ཀླུ་སྒྲུབ་སྙིང་པོ།


DTG096_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རཏྣ་ཨ་སཱུ་ཀོ་ཥ་ནཱ་མ། བོད་སྐད་དུ། སྐྱེ་མེད་རིན་པོ་ཆེའི་མཛོད་ཅེས་བྱ་བ། རྨ་བྱ་ཆེན་མོ་རྨ་བྱ་ལྟར་མཛེས་བདེ་གཤེགས་ཡུམ། །བཅོམ་ལྡན་མ་ལ་བདག་འདུད་གུས་པས་ཕྱག་འཚལ་འདུད། །གང་གི་དྲིན་གྱིས་མ་རྟོགས་རྟོགས་བྱེད་སྟོང་པ་ཡིས། །དོན་མཐོང་ཡེ་ཤེས་ཉི་མ་བྱང་ཆུབ་ལམ་གྱི་སྒྲོན། །སྐྱེ་མེད་སྤྲོས་བྲལ་གཉིས་མེད་གཉིས་སུ་མེད་པ་ཡི། །ཡང་དག་ལ་མ་མཁན་བདེ་འབྱུང་ཆོས་ཉིད་ཆོས་སྐུའི་སྤྱན། །གཟུགས་འཛིན་ཆགས་བྲལ་རྒྱ་མཚོའི་གླིང༌། །སྙིང་རྗེའི་བློ་ཅན་དེད་དཔོན་མཆོག །མུ་ཏིག་ལྟར་དཀར་རིན་ཆེན་བརྒྱན། །གཞུང་ལམ་འབྲས་བུ་བྱང་ཆུབ་མཛོད། །ཤེས་སྤངས་རྟེན་ཐོབ་འཁོར་འདས་སྟོང༌། །སྟོང་ཉིད་འཁོར་འདས་སྙིང་པོ་ཅན། །གཞི་ལམ་འབྲས་བུ་སྐྱེ་མེད་ཀྱི། །གཞི་རྩ་དྲན་མེད་བློ་ལས་འདས། །སེམས་མེད་སེམས་ལས་བྱུང་བའང་མེད། །བྱ་བྲལ་རེ་དོགས་རྒྱུན་ཐག་ཆད། །ཤིང་ལས་མི་སྐྱེ་ཤིང་ལས་སྤྲུལ། །ཆུ་ལས་མེ་བྱུང་ངེས་མེད་སྟོང༌། །སྣོད་


DTG096_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ཆུ་ལྦུ་སྙིང་པོ་མེད། །ཆུ་ཤིང་གར་མཁན་ལྟར་འགྱུར་ཏེ། །སངས་རྒྱས་སེམས་ཅན་རིགས་དྲུག་ནི། །དངོས་ཡིད་ཐ་དད་སྣང་དང་བྲལ། །མཚན་གཞི་མོ་གཤམ་མཚན་ཉིད་ནི། །ཡི་གེ་སྤྲོས་དང་བྲལ་བ་ཉིད། །ཅིར་ཡང་མི་རྟོག་སྟོང་པ་སྟེ། །ཡིད་ལ་མི་བྱེད་སྐྱེ་འཆི་མེད། །སྣང་བ་སྒྱུ་མ་དགེ་སྡིག་བྲལ། །སྟོང་དང་སྙིང་རྗེ་འཁོར་འདས་སྟོང༌། །སྒྱུ་མ་གསལ་སྟོང་བརྗོད་མེད་ཀྱི། །ཆོས་ཉིད་གསལ་དངོས་རྟོག་པ་མེད། །གྲུབ་པ་མེད་པའི་ཆོས་རྣམས་ལ། །གཉིས་དང་གསུམ་སོགས་ག་ལ་སྲིད། །སྣང་སེམས་ཁས་ལེན་སྤྲོས་དང་བྲལ། །ཆོས་ཉིད་བློ་འདས་བསྒོམ་དུ་མེད། །དངོས་རྣམས་སྣང་ཙམ་ཉིད་ན་ནི། །སྣང་བ་ཉིད་ཀྱིས་སྟོང་པའི་ཕྱིར། །ཆོས་རྣམས་སྣང་མེད་སྟོང་པ་ཉིད། །སྟོང་ཉིད་ཅིར་ཡང་མི་རྟོག་སྟོང༌། །སྣང་བ་སྒྱུ་མ་སྨིག་རྒྱུ་བདེན་དང་བྲལ། །བརྟགས་པ་ན་བུན་ཆུ་ལྦུ་སྙིང་པོ་མེད། །བྲག་ཅ་གྲག་སྟོང་བདེན་བྲལ་སྒྲ་ཡིས་སྟོང༌། །མི་རྟག་མི་བརྟན་སླུ་བྱེད་སྒྱུ་མའི་གཟུགས། །རྒྱུ་བྱུང་རྒྱལ་སྲིད་རྐྱེན་གྱིས་མི་རྟག་ཅིང༌། །ཡིད་འོང་ལྷ་གནས་དཔལ་ལྡན་འཇིག་དང་བཅས། །མཚན་མོ་གཡེང་མེད་སྐམ་ས་ཤིང་བྲལ་ཀྱང༌། །མེ་བདུན་ཆུ་ལ་རླུང་གིས་གཏོར་མི་རྟག །གང་ཡང་མི་རྟག་སླུ་ཕྱིར་སྙིང་པོ་མེད། །འདོད་ཆགས་ཆུ་ལྟར་དགྲ་བུ་ལན་ཆགས་སྙེགས། །སྒེག་མོ་གཟུགས་འཚོང་བྱས་པ་དྲིན་མི་གཟོ། །འདོད་པ་ལན་ཚྭའི་ཆུ་འཐུང་སྲིད་མི་ལྡོག །རྔོན་པའི་གླུ་དབྱངས་རི་དྭགས་སྲོག་དང་འབྲེལ། །གཤིན་རྗེའི་གཤེད་མ་རྒྱ་མཚོའི་གླིང༌། །ཆུ་སྲིན་ཁར་ཆུད་བདེ་དང་བྲལ། །བདག་གཞན་སྣོད་བཅུད་ཕྱི་ནང་མི་རྟག་འགྱུར། །ཚེ་འདི་སླུ་བྱེད་ཕྱི་མ་བདེ་དང་བཅས། །སྨན་པའི་ངག་བཞིན་བ་མ་སངས་རྒྱས་གསུངས། །ཉམས་ལེན་མི་རྟག་དོན་མཐོང་སྒྱུ་མའི་འགྲོས། །སྒྱུ་མ་བདེན་བྲལ་མི་རྟག་སྒྱུ་མ་ཡིས། །སྟོང་གི་སྒྱུ་མ་སྟོང་ཕྱིར་དོན་མཐོང་མཛོད། །སྐྱེ་མེད་དོན་མཐོང་ཆོས་ཉིད་སྤོས་བྲལ་གྱི། །སྒྲོན་མ་སངས་རྒྱས་ཉི་མ་བྱང་ཆུབ་ལམ། །དཔལ་ལྡན་བདེ་ཆེན་ཡོན་ཏན་རིན་ཆེན་མཛོད། །བདག་གཞན་དོན་སྒྲུབ་རྟོག་མེད་དོན་མཐོང་ཤོག །


DTG096_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མེད་རིན་པོ་ཆེའི་མཛོད་ཅེས་བྱ་བ་འཕགས་པ་ཀླུ་སྒྲུབ་སྙིང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀན་ཀ་བརྨ་དང༌། ལོ་ཙྪ་བ་སུཪྻ་ཀཱི་རྟིས་ལྷ་ས་ར་མོ་ཆེར་བསྒྱུར་བའོ།།

སྲིད་པ་འཕོ་བ།
འཕགས་པ་ཀླུ་སྒྲུབ།


DTG096_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །བྷ་བ་སཾ་ཀྲཱནྟི། བོད་སྐད་དུ། །སྲིད་པ་འཕོ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དངོས་པོ་མེད་པས་སྐྱེ་བ་མེད། །དངོས་པོ་མེད་པ་དེ་ལ་ནི། །སྐྱེ་བ་བླངས་པ་སྲིད་པ་ཡིན། །རྟག་ཏུ་དངོས་པོ་ཡོད་བསམ་པ། །དེ་ལྟར་བསམ་པ་འཁྲུལ་བ་ཡིན།། ནམ་མཁའི་མེ་ཏོག་དང་འདྲ་བ། །མཁའ་དང་མཉམ་པའི་ཆོས་ཉིད་ལ། །དེ་ལ་སྐྱེས་པ་མཁའ་དང་མཉམ། །རང་བཞིན་ཐམས་ཅད་མཁའ་དང་མཉམ། །དེ་ལྟར་མཁས་པས་རྟོགས་པར་བྱ། །རྒྱུ་མེད་འབྲས་བུ་མེད་པ་དང༌། །ལས་ཀྱི་དངོས་པོ་མེད་པ་དང༌། །དངོས་པོ་ཐམས་ཅད་འདི་ལྟར་མེད། །འཇིག་རྟེན་འདི་དང་ཕ་རོལ་དང༌། །སྐྱེ་བ་མེད་པའི་ངོ་བོ་ཉིད། །དེ་ལས་གཞན་ནི་སྐྱེ་བར་བྱེད། །མོ་གཤམ་བུ་ཡི་བུ་ལ་ཡང༌། །དེ་ལ་སུ་ནི་སྐྱེ་བར་མཛོད། །འཇིག་རྟེན་པ་འདི་སྔར་མ་སྐྱེས། །དེ་ལས་སུས་ཀྱང་བྱས་པ་མེད།། དོན་མེད་འཁོར་བའི་འཇིག་རྟེན་ན། །སྒྱུ་མའི་གྲོང་ཁྱེར་འཁྱམས་པ་བཞིན། །ཡོད་མེད་གང་ཡང་མིང་བསྟན་པ། །ཆོས་ཉིད་ཀྱི་ལེའུ་སྟེ་དང་པོའོ།། །།རྣམ་རྟོག་ལས་ནི་འཇིག་རྟེན་འབྱུང༌། །རྣམ་རྟོག་དེ་ལས་སེམས་ཀྱང་འབྱུང༌། །སེམས་ལས་ལུས་ཀྱང་བྱུང་བ་ན། །ལུས་ལ་བརྟག་པར་གྱིས་ཙམ་ན། །གཟུགས་དང་ཚོར་བ་མིང་དང་ནི། །དངོས་པོ་སྟོང་ཉིད་མེད་པ་ཡིན། །འདུ་བྱེད་དངོས་པོ་དེ་ཡང་མེད། །སེམས་ཀྱིས་བརྟག་པ་གང་ཡང་མེད། །སེམས་ནི་རྟོག་མེད་ངོ་བོ་ཡིན། །ཕུང་པོ་ལྔ་སྟོང་པ་ཉིད་དུ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།སེམས་མེད་པས་ན་ཆོས་ཀྱང་མེད། །དེ་ལྟར་ལུས་དང་ཁམས་ཀྱང་མེད། །དེ་ལྟར་གཉིས་མེད་ལམ་གྱི་ནི། །དེ་ཉིད་དུ་ནི་རབ་ཏུ་བཤད། །འདི་དག་ཐམས་ཅད་རྟེན་མེད་ཡིན། །རྟེན་མེད་དུ་ནི་རབ་ཏུ་བཤད། །བློ་ནི་རྟེན་མེད་


DTG096_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་ནི། །དེ་ཡང་རྟེན་མེད་འབྱུང་བའོ། །ཤེས་རབ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང༌། །བརྩོན་འགྲུས་བསམ་གཏན་ཤེས་རབ་སོགས། །རྟག་ཏུ་དེ་བྱས་ལས་ཀྱིས་ནི། །མྱུར་བའི་འདུས་སུ་བྱང་ཆུབ་ཐོབ། །ཐབས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།ཐབས་དང་ཤེས་རབ་གནས་པ་ལ། །དེ་ལས་སྐྱེ་བའི་བདུད་རྩི་ནི། །བླ་མའི་བཀའ་ཡིས་ཟད་པ་མེད། །མྱུར་བའི་དུས་ལ་རྙེད་ནས་ནི། །ཐམས་ཅད་མཁྱེན་པ་ཐེ་ཚོམ་མེད། །འདི་དག་ཐམས་ཅད་མིང་ཙམ་ཡིན། །མིང་གི་ཁམས་སུ་རབ་ཏུ་གནས། །བཤད་བྱེད་དེ་ཡང་གུད་དུ་ཡང༌། །བཤད་བྱ་དེ་ཡང་གང་ན་ཡོད། །གང་ལས་གང་བྱུང་མིང་དེ་ནི། །གང་ལས་གང་བྱུང་ཆོས་དེ་རྣམས། །དེ་ནི་མེད་པར་འགྲོ་བ་ཡིན། །ཆོས་དེ་མེད་པས་ཆོས་ཉིད་ཡིན། །མ་བྱུང་མིང་ནི་སྟོང་ཉིད་ཡིན། །དེ་ཡང་མིང་དུ་གྲུབ་པ་མེད། །ཆོས་རྣམས་ཐམས་ཅད་མིང་མེད་པ། །མིང་མེད་དུ་ནི་ཤིན་ཏུ་གསལ། །དེ་ལྟར་རྣམ་རྟོག་གང་བྱུང་བ། །དེ་ཡང་སྟོང་ཉིད་རྣམ་རྟོག་ཡིན། །མིག་གིས་མཐོང་བའི་གཟུགས་དེ་ནི། །དེ་ཉིད་མཁྱེན་པས་ཡོད་པར་བཤད། །བརྫུན་གྱི་ང་རྒྱལ་འཇིག་རྟེན་པ། །ཀུན་རྫོབ་སེམས་པ་བརྟེན་པ་ཡིན། །རྟེན་འབྲེལ་འཛོམ་པས་མཐོང་བ་གང༌། །དེར་སྣང་སྟོན་པ་འདྲེན་པ་ཡིན། །འཛིན་པ་སྤྱོད་པའི་ས་ཡོད་པར། །དོན་དམ་པ་ཡི་བློ་མ་ཡིན། །མིག་གིས་གཟུགས་ནི་མཐོང་མི་འགྱུར། །སེམས་ཆོས་དེ་ཡང་ཡོད་མི་འགྱུར། །གང་སྣང་ཐམས་ཅད་བརྫུན་དུ་བཤད། །འཇིག་རྟེན་པས་ནི་གང་སྤངས་པ། །དེ་ནི་དོན་དམ་ཡིན་པར་བཤད། །བདེན་པ་གཉིས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དབུ་མ་སྲིད་པའི་འཕོ་བ་ཞེས་བྱ་བ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།

སྲིད་པ་འཕོ་བའི་ཊཱི་ཀཱ།
བྱམས་པ་མགོན་པོ།


DTG096_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བྷ་བ་སཾ་ཀྲཱནྟི་ཊཱི་ཀ །བོད་སྐད་དུ། སྲིད་པ་འཕོ་བའི་ཊྭི་ཀ །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དངོས་པོ་མེད་པས་སྐྱེ་བ་མེད། །ཅེས་བྱ་བ་ལ། ས་བོན་ལས་ས་བོན་འབྱུང་བ་བཞིན་དེ་ལྟར་ཡིན་ན་ནི་བུམ་པ་ལས་ཀྱང་བུམ་པ་འབྱུང་བར་


DTG096_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

རིགས། རང་ཉིད་བྱ་བ་འགགས་པས་ས་བོན་འབྱུང་མི་སྲིད། །འབྱུང་བ་རྣམ་པ་ལྔས་བསྒྱུར་བའི་ཆོས་ཉིད་ཡིན་པ་རྟེན་འབྲེལ་ཆོས་ཉིད་ཡིན། དེ་ལྟ་ཡིན་ན་དགེ་སྡིག་སུས་ཁུར་ཆད་ལྟར་འགྱུར། སྐྱེ་བ་དེ་ནི་མ་ཡིན་ནོ། །བྱི་བས་སོ་བཏབ་པའི་དུག་འབྲུག་གྲག་ཙ་ན་ན་བ་བཞིན་ནོ། །རྟེན་འབྲེལ་ལས་སྐྱེས་པའི་ཆོས་ཉིད་དོ། །དེ་ནས་དངོས་པོ་ལས་སྐྱེས་པ་ཆོས་ཉིད་མ་ཡིན། དངོས་པོ་མེད་པ་དེ་ལ་ནི། །སྐྱེ་བ་བླངས་པ་སྲིད་པ་ཡིན། །ཞེས་པ་དེ་ལྟར་ཡིན་ན་དངོས་པོ་མེད་པ་ལས་བྱུང་ན་ནི། མོ་གཤམ་བུ་ནམ་མཁའི་མེ་ཏོག་དང་རི་བོང་གི་རྭ་ཡང་སྲིད། དེ་ལྟར་མ་ཡིན་པ་འབྱུང་བས་ན་འབྱུང་མི་སྲིད། མེའི་ནང་དུ་ས་བོན་བཏབ་ན་སྐྱེ་མི་སྲིད། དངོས་པོ་མེད་པ་དེ་ལ་ནི། །སྐྱེ་བ་བླངས་པ་སྲིད་པ་བསྟན་པ་ནི། ཇི་ལྟར་ཆུ་དང་ས་པས་གང་བའི་མཚོ་ལ་ཟིམ་དང་པདྨ་སྐྱེས་པ་བཞིན་ནོ། །གཙུབ་ཤིང་དང་ལྕགས་མག་ལས་མེ་འབྱུང་བ་བཞིན་ནོ། །བྱུང་མོད་སྐྱོན་ཅི་ཡོད། རྟག་ཏུ་དངོས་པོ་ལས་བྱུང་བར་བདག་འདོད། དེ་ལྟར་མ་ཡིན་འཁྲུལ་བ་ཡིན། །དབང་པོ་རྣམས་ཀྱིས་གང་རེད་པ། །དེ་ནི་དེ་དག་ཉིད་འགྱུར་ན། །དེ་ཉིད་མཁྱེན་པ་བྱིས་པར་འགྱུར། །དེ་ཉིད་ཡེ་ཤེས་བྱ་རྒྱུ་མེད། །ལང་ཀར་གཤེགས་པའི་མདོ་ལས། དངོས་པོ་ཐམས་ཅད་ཡོད་བསམ་པ། །དེ་ལྟར་བྱིས་པས་བརྟགས་པ་བཞིན། །གལ་ཏེ་དེ་ལྟར་མཐོང་གྱུར་ན། །ཐམས་ཅད་དེ་ཉིད་མཁྱེན་པར་འགྱུར། །གཞན་སྟོན་པ་ནི། མིག་གིས་གཟུགས་མི་མཐོང་བ་བཞིན། །འཇིག་རྟེན་པས་ནི་གཏི་མུག་གིས། །དབང་པོའི་ལམ་ལས་བྱུང་གྱུར་པ། །དེ་ཡི་དཔེ་ནི་འདི་ལྟར་ཡིན། །སྒྱུ་མ་ལྟར། སྨིག་རྒྱུ། རྨི་ལམ། བྲག་ཅ། འཇའ་ཚོན། ཆུ་ཟླའི་གཟུགས་པའི་སྒྱུ་མའི་གྲོང་ཁྱེར་རྣམ་རྟོག་བཞིན་ནོ། །དཔའ་བོའི་ཞབས་ཀྱིས་ཀྱང་གསུངས་སོ། །ཡོད་དང་མེད་པ་སྐྱེ་དང་འཆི། །དེ་ནི་འགག་པ་གང་མེད་པ། །དངོས་པོ་སྟོང་པ་ཉིད་ཡིན་ནོ། །མཚན་མ་དངོས་པོ་མཐོང་བ་རྣམས། །དངོས་པོ་མཐོང་བས་འཁྲུལ་པ་ཡིན། །ཇི་ལྟར། ནམ་མཁའི་མེ་ཏོག་བསམ་པ་འདྲ། །མཁའ་དང་མཉམ་པའི་ཆོས་ཉིད་ལ། །ཞེས་པ་ནི་ནམ་


DTG096_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་དང་མཉམ་པ་དངོས་པོ་སྟོང་ཉིད་ཡིན་པས་ན། སྐྱེ་བ་དང་འཇིག་པའི་སྐྱོན་གྱི་དྲི་མ་སམ་གོས་པས་ན། ཆོས་ཉིད་ཙམ་ལ་གཟུགས་དང་ཚོར་བ་ལ་སོགས་པ་དེ་རྣམས་ནམ་མཁའ་དང་མཉམ་པའོ། །གཞན་སྐྱེ་བ་ན་རྟེན་འབྲེལ་འཛོམ་པས་སྐྱེའོ། །དེ་ཡང་ཀུན་རྫོབ་འཇིག་རྟེན་པ་ལ་ཡིན། དོན་དམ་པ་ལ་མི་མཐུན་མེད། །བསམ་གྱིས་མི་ཁྱབ་སྒྱུ་མ་ཆོས་ཀྱི་མཚན་ཉིད་ཡིན། སཱ་ལུ་ལྗང་པའི་མདོ་ལས། རྟེན་འབྲེལ་གྱིས་ནི་སྐྱེས་པ་གང༌། །རྒྱུ་ལྔ་རྣམས་ཀྱིས་མཐོང་གྱུར་པ། །ཁོ་རང་ངེས་པ་མ་ཡིན། ཆད་པ་པོ་ཡང་མ་ཡིན། འཕོ་བ་པོ་ཡང་མ་ཡིན། རྒྱུ་རང་འབྱུང་བ་ཡང་མ་ཡིན། འབྲས་བུ་སྨིན་ནས་བྱུང་བ་ཡང་མ་ཡིན། དེ་རྣམས་ནི་མཐུན་པར་མི་འབྲེལ། ཁོ་རང་ངེས་པས་ཡིན་པ་གང་ཞེ་ན། ཇི་ལྟར་ས་བོན་དང་མྱུ་གུ་མི་མཐུན་པ་བཞིན་ནོ། །མ་ཡིན་ཏེ་དེ་ལྟར་ཡིན་ན་ས་བོན་གང་ཡིན་པ་དེ་ཉིད་མྱུ་གུ། དེ་ལྟར་ཡིན་ན་ས་བོན་འགག །མྱུ་གུ་སྐྱེས་པ་ན། ཚད་པ་ཡང་མ་ཡིན་པ་གང་ཞེ་ན། སྔ་མ་ས་བོན་བཀག་པས་མྱུ་གུ་སྐྱེ་བ་མ་ཡིན། ས་བོན་བཀག་པ་ཙམ་ལས་དེའི་དུས་སུ་མྱུ་གུ་སྐྱེ་བས་ན། སྲང་ལ་འཇལ་བའི་མཐོ་དམན་བཞིན་ནོ། །འཕོ་བ་པོ་མ་ཡིན་པ་གང་ཞེ་ན། ས་བོན་ལྟར་མ་ཡིན་མྱུ་གུའོ། །རྒྱུ་རང་བྱུང་བ་མ་ཡིན་པ་གང་ཞེ་ན། དང་པོ་འབྲས་བུ་རང་མ་བྱུང་བས་སོ། །འབྲས་བུ་སྨིན་ནས་བྱུང་བ་མ་ཡིན་པ་གང་ཡིན་ན། འབྲས་བུའི་ངོ་བོར་གྲུབ་པ་སྟེ། འབྲས་བུས་འབྲས་བུ་བསྐྱེད་པ་ནི་མ་ཡིན་ནོ། །མི་མཐུན་པར་འབྲེལ་པ་གང་ཞེ་ན། དེ་ལྟར་དུ་རྟེན་འབྲེལ་གྱིས་འབྱུང་བ་སྟེ་དེ་རྣམས་ཀྱིས་བསྐྱེད་པའི་འབྲས་བུའོ། །ཕུང་པོ་བསྐྱེད་ལུགས་ཀྱང༌། མ་རིག་པས་འདུ་བྱེད། །རྣམ་པར་ཤེས་པས་མིང་དང་གཟུགས། །སྐྱེ་མཆེད་དྲུག་དང་ལྔ་ཡིས་ཕུང་པོ་གྲུབ་པོ། །སྟོང་ཉིད་རྣམས་ཀྱི་བྱུང་བ་གང༌། །དེ་གཟུགས་རྣམས་ཀྱི་ངོ་བོ་ནི། །རྟེན་འབྲེལ་རྐྱེན་གྱིས་བྱུང་བ་ཡིན། །དེ་ལྟར་གྲུབ་པས་རབ་ཏུ་གྲགས། །དེ་ལྟར་སྟོང་ཉིད་དེ་རང་ནི། །སྐྱེས་ནས་གཟུགས་ནི་མཐོང་འགྱུར་བ། །དངོས་པོ་ཐམས་ཅད་སྟོང་ཉིད་ཡིན། །དེ་ལྟར་སྟོང་ཉིད་རབ་ཏུ་སྐྱེས། །དེ་ལྟར་དུ་ཕྱི་ནང་གི་ཆོས་


DTG096_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྟོང་པའོ། །རང་བཞིན་དངོས་པོ་ནི་གང་གི་རྒྱུས་བྱུང་བས། ཆོས་ཐམས་ཅད་ནམ་མཁའ་དང་མཉམ། དེ་ལྟར་དངོས་པོ་མེད་པ་སྲིད་པ་ཡིན་ནོ། །རྒྱུ་མེད་འབྲས་བུ་མེད་པ་དང༌། །ཞེས་པ་ནས། འཇིག་རྟེན་འདི་དང་ཕ་རོལ་དང༌། །ཞེས་པའི་བར་ལ། རྒྱུ་དབང་ཕྱུག་གིས་བྱས་པར་འདོད་པ་དང༌། ལས་ཀྱི་འབྱུང་བ་སེམས་ཙམ་པ་འདོད་པའམ། དེ་ལྟར་མི་འདོད་ན་དགེ་སྡིག་སུས་ཁུར། མུ་སྟེགས་ཆད་པ་པོ་རུ་ཐལ། །དེའི་ལན་ནི། དངོས་པོ་ལ་ནི་བདེན་པ་མེད། །ལས་ཀྱིས་འབྱུང་ཡང་རྨི་ལམ་བཞིན། །དངོས་པོ་འདི་ལྟར་མེད་པས་ན། །མ་སྐྱེས་མེད་པ་དེ་ལ་ནི། །ཡུན་རིང་རྟེན་འབྲེལ་འདོད་ཙམ་ན། །དེ་དུས་ལས་ཀྱི་འབྲས་བུ་མྱོང༌། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། འཇིག་རྟེན་འདི་ལ་འཆི་བ་གང་ཡང་མེད། །འཇིག་རྟེན་ཕ་རོལ་དུ་འགྲོ་བ་གང་ཡང་མེད། ལས་ཀྱིས་མེད་པ་མི་སྲིད་དོ། །བྱས་པའི་འབྲས་བུ་སྟེར་བར་བྱེད། །ཐོག་མ་མེད་པ་འཁོར་བ་ལ། །ལང་ཀར་གཤེགས་པའི་མདོ་ལས། གང་གིས་རྟག་ཏུ་སྟོང་ཉིད་བཤད། །ཡོད་དང་ཆད་པ་སྤངས་པ་ཉིད། །འཁོར་བའི་རྨི་ལམ་སྒྱུ་མ་མིང༌། །ལས་མེད་པར་ནི་མི་འགྲོའོ། །འཕགས་པ་ནམ་མཁའ་དང་མཉམ་པ་ཏིང་ངེ་འཛིན་གྱི་མདོ་ལས། སྔར་བྱས་དེ་ནི་མི་འཛད་དོ། །མི་འཛད་པ་དེ་དགེ་མི་དགེ །བདེ་བར་གཤེགས་ཀྱིས་སྔར་བགྱིས་པ། །དེ་ཡང་འཛད་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའི་བྱང་ཆུབ་སེམས། །དེ་ཡང་འཛད་པར་མི་འགྱུར་རོ། །བརྟན་པ་ཐོབ་པར་བྱས་པ་ཡང༌། །དེ་ཡང་འཛད་པར་མི་འགྱུར་རོ། །ལས་ཀྱང་མེད་པར་མི་འགྱུར་རོ། །བསྐལ་པ་བྱེ་བའི་བར་དུ་ཡང༌། །རྟེན་འབྲེལ་འཛོམ་པའི་དུས་ལས་ནི། །ལུས་ཅན་རྣམས་ཀྱིས་འབྲས་བུ་མྱོང༌། །སྐྱེ་བ་མེད་པའི་ངོ་བོ་ཉིད། །ཅེས་པ་ལ། དབང་ཕྱུག་གིས་ཇི་ལྟར་གལ་ཏེ་མ་སྤྲུལ་ན། འཇིག་རྟེན་པ་ཇི་ལྟར་བྱུང༌། མོ་གཤམ་མོ་ཡི་བུ་ལ་ཡང༌། །དེ་ལ་བུ་སྐྱེས་སྐྱེ་བར་མཛད། །འཇིག་རྟེན་པ་འདི་སྔར་མ་སྐྱེས། །ཤེས་པ་ལ་སོགས་པ་ལ་དང་པོར་རང་མ་སྐྱེས་པ་རྟེན་འབྲེལ་ལས་འབྱུང་


DTG096_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དངོས་པོ་ཡིན། དེ་ལ་དབང་ཕྱུག་ལ་སོགས་པ་སུས་ཀྱང་སྐྱེར་འཇུག་པ་མེད། སེམས་ཅན་པ་དང་པོ་རང་སྐྱེས་པ་མེད་པས། དབང་ཕྱུག་ཁོ་རང་མ་གྲུབ་པ་ལ། རྟེན་འབྲེལ་ལས་འབྱུང་བའི་དབང་ཕྱུག་གིས་སྐྱེ་རུ་བཅུག་པ་མེད། ལང་ཀར་གཤེགས་པའི་མདོ་ལས། སྐྱེ་དང་འཆི་བ་དེ་གཉིས་ནི། །བྱིས་པ་རྨོངས་པ་མཐོང་བ་ཡིས། །སྐྱེ་མེད་འཆི་མེད་དེ་གཉིས་ནི། །ཤེས་རབ་ཅན་གྱིས་དེ་ལྟར་མཐོང༌། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། ཡོད་པ་མེད་པ་དེ་ལ་ནི། །གཉིས་ཀ་མཐའ་ནི་མེད་པ་ཡིན། །དག་དང་མ་དག་དེ་ལ་ནི། །དེ་གཉིས་ལ་ཡང་མཐའ་མེད་དོ། །དེ་གཉིས་སྤངས་པ་དེ་ལ་ནི། །དབུས་སུ་གནས་པ་གང་ཡང་མེད། །དེ་ལྟར་མཁས་པས་རྟོགས་པར་བྱ། །དབུ་མ་དར་བ་ནས། རྟོག་པ་གང་གིས་རྟོག་ཙམ་ན། །དེ་རྟོག་འབྲས་བུ་མེད་པར་འདུག ། དེ་ལྟར་ན་ནི་མཁྱེན་པས་གསུངས། །རྣམ་རྟོག་གིས་ནི་ཐ་མལ་བཅིངས། །བརྟགས་པ་བྱས་ནས་གྲོལ་བར་བྱེད། །དེ་བྱེད་པས་ནི་གྲོལ་བ་ཡིན། །རྣལ་འབྱོར་བས་ནི་སྟོང་པར་མཐོང༌། །ཇི་ལྟར་རབ་རིབ་མཐོང་གྱུར་པ། །སྨན་གྱི་སྦྱོར་བས་མཐོང་བ་ལྟར། །རབ་རིབ་དེ་ཡང་གསལ་བར་འགྱུར། །མ་རིག་པ་ཡི་རབ་རིབ་ཀྱིས། །བསྒྲིབས་པའི་མིག་གིས་སྐྱེ་བ་དང༌། །འཆི་བ་བསྟན་པར་གཟུང་ནས་ཏེ། །བག་ཆགས་དབང་གིས་གྲོལ་མ་ནུས་པ་རྣམས་ལ་གསུངས། དོན་མེད་འཁྱམས་པ་འཇིག་རྟེན་པ་ལ་སོགས་པའི་གསུངས་སོ། །བྱེད་པ་པོ་དང༌། ཚོར་བ་པོ་ལ་སོགས་པ་གང་ཡང་མེད་པ་ལ། གྲོལ་བའི་དོན་མི་བྱེད་པར་དོན་དམ་པར་འཁྱམས་པའོ། །ཡང་ན་དོན་མེད་དུ་འཁྱམས་པ་སྲིད་པའི་རྒྱ་མཚོ་ལས་སྒྱུ་མའི་གྲོང་ཁྱེར་ལྟར། འཕགས་པ་ལྷའི་ཞབས་ཀྱིས་གསུངས་པ་ནི། །ཡོད་དམ་མེད་པ་གཉི་ག་མེད། ཡོད་མེད་གཉིས་བསྲེ་ས་དེ་ཡང་མེད། །དེ་མིན་ལོགས་ན་དེ་ཡང་མེད། །བརྟག་པ་ཡུན་རིང་བྱས་ཀྱང་ནི། །དེ་ལྟ་ཚིག་བརྗོད་ཤིན་ཏུ་དཀའ། །དངོས་པོ་ཡོད་པ་དང༌། མེད་པ་དང༌། སྐྱེ་བ་དང༌། འཆི་བ་གང་ཡང་སྤངས་པའི་ཆོས་བདག་མེད་པར་བསྟན་པའི་


DTG096_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་སྟེ་དང་པོའོ།། །།ད་ནི་ཕུང་པོ་བདག་མེད་དུ་སྟོན་པ་ནི་ཀུན་རྫོབ་ལ་བརྟེན་ནས་གསུངས་ཏེ། འཇིག་རྟེན་པ་ཡི་སྐྱེ་ལུགས་ནི། །རྣམ་རྟོག་ལས་ནི་འཇིག་རྟེན་འབྱུང༌། །ཞེས་པ་ནི། རྣམ་རྟོག་ནི་དགེ་བ་དང་མི་དགེ་བའི་རྟོག་པའོ། །དེ་ལ་རྟེན་འབྲེལ་གྱིས་བྱུང་བ་འཇིག་རྟེན་པའོ། །དགེ་བ་དང་མི་དགེ་བས་འགྲོ་བ་རིགས་དྲུག་ཏུ་ཕུང་པོ་བླངས་ཏེ་འཇིག་རྟེན་པའི་མིང་ངོ༌། །རྣམ་རྟོག་གིས་བསྐྱེད་པའོ། །ཆུ་འམ་འབྲས་བུ་ལ་སོགས་པ་རྣམ་རྟོག་དང་རྟེན་འབྲེལ་གྱིས་བླངས་པ་ཡིན། སྐྱེ་བ་བླངས་པས་སེམས་བྱུང༌། སེམས་ལས་བདག་འཛིན་བྱུང༌། དེ་ལས་གཞན་ཡང་འབྱུང་ངོ༌། །དེ་ཡང་རིན་པོ་ཆེ་ཕྲེང་བ་ནས་གསུངས་པ། ཕུང་པོ་འཇིག་པའི་བར་དུ་ནི། །དེ་ལ་བདག་འཛིན་འབྱུང་བར་འགྱུར། །བདག་འཛིན་བྱས་པའི་དུས་སུ་ཡང༌། །དེ་ལ་ལས་བྱས་སྐྱེ་བ་ལེན། །དུས་གསུམ་དུ་ནི་མཐའ་མེད་པར། །དབུས་སུ་འཁོར་བའི་འཁོར་ལོ་ནི། །མགལ་མེའི་འཁོར་ལོ་ལྟར་དུ་འཁོར། །རྟེན་འབྲེལ་འཛོམ་པས་འཁོར་བའོ། །སེམས་ལས་ལུས་ཀྱང་བྱུང་བ་ལ། །ཞེས་པ་ནི། བདག་ཡོད་པ་ནི་གཞན་འབྱུང་ངོ༌། །རང་གཞན་ཆ་ཡིས་ཞེ་སྡང་འབྱུང༌། །དེ་གཉིས་ཀྱིས་ནི་རབ་བཅིངས་པ། །སྐྱོན་རྣམས་ཐམས་ཅད་རབ་ཏུ་སྐྱེས། །ལུས་ལ་བརྟག་པར་བགྱིས་ཙམ་ན། །སེམས་ཙམ་པ་ཡི་འདོད་ལུགས་ལ། །སྔར་བརྟགས་པ་བྱས་པ་བཞིན་ཤེས་པར་བྱའོ།། ཕྱིའི་ཕུང་པོ་བརྟག་པ་ནི། གཟུགས་དང་ཚོར་བ་མིང་དང་ནི། །ཞེས་པ་སྟེ། གཟུགས་ནི་འབྱུང་བས་འབྱུང་བའོ། །གཟུགས་དང་ཁ་རོག་ལ་སོགས་པ་བདག་ཉིད་ཡོད་པ་དང་མེད་པ་དང༌། གཉི་ག་དང༌། གཉི་ག་མ་ཡིན་པའི་རྒྱུས་སྐྱེས་པ་བརྟགས་པ་ཙམ་ན། མི་བདེན་པས་བརྟགས་མི་ནུས་པས་ལྦུ་བ་དང་འདྲ་སྟེ་སྟོང་ཉིད་དོ། །ཚོར་བ་ནི་བདེ་སྡུག་གི་བདག་ཉིད་ཅན་དེ་ཡང༌། རྟེན་འབྲེལ་གྱི་སྐྱེས་པ་མེད་པའི་རྒྱུ་ཆུ་བུར་དང་འདྲའོ། །འདུ་ཤེས་ནི་དངོས་པོ་ཡོད་པ་མ་ཡིན་ཏེ། དེ་ནི་མིང་ཙམ་ཡིན་ནམ། སྨིག་རྒྱུ་དང་འདྲ་བར་མེད་པའོ། །


DTG096_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་ནི་དངོས་པོ་མེད་པ་སྟེ། བཟའ་བ་དང༌། བཏུང་བ་དང༌། སྐོམ་པ་བདེ་བ་སྐྱེད་པ། དེ་ཡང་བ་ལ་སོགས་པའི་འབྱུང་བའི་རྐྱེན་གྱིས་སོ། །དེ་ཡང་རྣམ་རྟོག་མེད་པའི་དངོས་པོ་ཆུ་ཤིང་ལྟ་བུའོ། །སེམས་ཏེ་རྣམ་པར་ཤེས་པ་ནི་རང་དབང་མེད་པར་འབྱུང་བའི་མཚན་ཉིད་དོ། །སེམས་ནི་རྣམ་པར་རྟོག་པ་ཙམ་སྟེ་སྒྱུ་མ་ལྟ་བུའོ། །དོན་དམ་པ་ལ་མེད་པའོ། །ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་གསུངས་པ། སེམས་ཡོད་པ་དང༌། མེད་པ་དང༌། གཞན་ཡང་རང་བཞིན་མེད་པར་སྟོང་བའོ། །སེམས་ཀྱིས་སེམས་ལ་བལྟས་ཙམ་ན། གང་ཡང་མ་མཐོང་བར་སྟོང་པའོ། །དེ་ལྟར་ཡིན་ན་བདེ་གཤེགས་བེམ་པོར་འགྱུར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ། ནམ་སེམས་དང་རྣམ་པར་ཤེས་པ་དང༌། རྣམ་རྟོག་ལོག་པའི་དུས་ཙམ་ན་ཆོས་སྐུ་ཐོབ་པའོ། །སངས་རྒྱས་ཀྱི་གནས་ཐོབ་སྟེ། ཡེ་ཤེས་ཀྱི་སྐུའོ།། དེ་ཡང། འདི་ལྟར་དངོས་པོ་དེ་ཡང་མེད། །ཤེས་བྱ་དེ་ཡང་འདི་ལྟར་མེད། །གནས་པ་པོ་ཡང་མེད། །གནས་པ་ཡང་མེད་པའོ། །རོ་དང་འདྲ་བའི་ཚད་མ་མཁན་བྱིས་པ་རྣམས་ཀྱི་རྣམ་རྟོག་ཡིན་ནོ། །བདེ་གཤེགས་ནི་འདས་པ་དང༌། མ་འོངས་པ་དང༌། དེ་ལྟར་བ་མཁྱེན་པ་ཡིན་ནོ། །མངོན་པར་ཤེས་པའི་སྤྱན་གྱིས་ཐམས་ཅད་གཟིགས་པའོ། །སེམས་ལས་བྱུང་བ་ནི། སེམས་ཀྱི་རྣམ་རྟོག་གོ །བརྟག་པ་ནི་སྔར་བཞིན་ནོ། །གཟུགས་ནི་ལྦུ་བ་བཞིན་ནོ། །ཚོར་བ་ཆུ་བུར་བཞིན་ནོ། །འདུ་ཤིས་སྨིག་རྒྱུ་བཞིན་ནོ། །འདུ་བྱེད་ནི་ཆུ་ཤིང་བཞིན་ནོ། །རྣམ་པར་ཤེས་པ་ནི་སྒྱུ་མ་བཞིན་ནོ། །རྣམ་པར་རྟོག་པ་ནི་ཕུང་པོ་བདག་མེད་རྣམ་པར་ཤེས་པ་བདག་མེད་དངོས་པོ་གྲུབ་པ་འདི་ལྟར་མེད་མོ་གཤམ་མོའི་བུའི་དཔོན་བཞིན་ནོ། །ཕུང་པོ་བདག་མེད་པ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།ད་ནི་ཤེས་རབ་འཕེལ་བར་བྱེད་པའི་དོན་དུ་བདག་མེད་གཉིས་སུ་བསྡུས་ནས་བཤད་པ་སྟེ། སེམས་མེད་པས་ན་ཆོས་ཀྱང་མེད། །ཅེས་པ་ལ་སོགས་པས། །ཆོས་ནི་དངོས་པོ་སྟེ། བྱས་པ་དང༌། མ་བྱས་པ་མེད་པའི་ཕུང་པོ། སའི་ཁམས་ལ་སོགས་པ་ཡང་དེ་


DTG096_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །ཆོས་རྣམས་ཀྱི་རྩ་བ་འདི་སེམས་ཡིན་པས་ན། སེམས་འགོག་པའོ། །གོང་དུ་སེམས་བྱུང་ཆོས་ཉིད་ལས་སེམས་འཁྱོགས་པའི་ཚིག་གསུངས་པ། གཞན་ཡང་སངས་རྒྱས་ཀྱིས་གསུངས་པ་ནི། ཡི་གེ་མེད་པའི་ཆོས་ཉིད་ལ། །ཐོས་པ་ཅི་ཡོད་བཤད་ཅི་ཡོད། །ཐོས་དང་བཤད་དང་དོན་ལ་ནི། །མཉམ་པ་ཉིད་དེ་ཡི་གེ་མེད། །གཞན་ཡང་སངས་རྒྱས་ཀྱིས་གསུངས་པ་ནི། ཀུན་རྫོབ་སྤྱོད་ལ་མ་བརྟེན་པར། །དོན་དམ་པ་ལ་བཤད་པ་མེད། །དོན་དམ་པ་དེས་མ་ཤེས་པར། །མྱ་ངན་འདས་པ་མི་འབྱུང་ངོ༌། །གཞན་ཡང་བསྟན་བཅོས་ལས་གསུངས་པ་ནི། རྟེན་འབྲེལ་རྟེན་ནས་སྐྱེས་པ་གང༌། །དེ་ནི་སྟོང་ཉིད་རབ་ཏུ་བཤད། །རྟེན་འབྲེལ་གྱིས་གང་སྐྱེས་པ་དང༌། དེ་ནི་སྐྱེ་མེད་ངོ་བོ་ཡིན། །རྟེན་འབྲེལ་ལ་རྟེན་གང་འབྱུང་བ། །སྟོང་པ་རུ་ནི་རབ་ཏུ་བཤད། །སྟོང་ཉིད་ཤེས་པ་གང་ཡིན་པ། །བསྙོ་མེད་མཁྱེན་པ་དེ་ཡིན་ནོ། །མང་དུ་བཤད་པ་དོན་མེད་ཡིན། །དེ་ལྟར་གཉིས་སུ་མེད་པའི་ལམ་གྱིས་སངས་རྒྱས་གྲུབ་པ་ཐམས་ཅད་མཁྱེན་པའོ། །དེའི་ལམ་དེ་ངེས་པར་ཤེས་པར་བྱ་བའི་དོན་དུ་གཉིས་མེད་ཀྱི་ལམ་གང་ཡིན་པ་དེ་རང་ཉིད་གཉིས་མེད་དོ། །ཡང་ན་སྐྱེ་བ་དང་འཆི་བ་མེད་པས་ན། ཡོད་པ་དང་མེད་པ་རྟག་པ་དང་མི་རྟག་པ་དང༌། དངོས་པོ་ཡོད་པ་དང་མེད་པ་ལ་སོགས་པ་གཉི་ག་རྟོག་པ་མེད་པས་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ལྟར་ན་གཉིས་མེད་དོ། །དེ་གཉིས་ཀྱི་ཐེ་ཚོམ་བརྗོད་དུ་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་སོ། །དེ་ཤེས་ནས་དངོས་སུ་གང་བྱེད་པ་དེ། དེ་ཉིད་མཁྱེན་པས་སངས་རྒྱས་བཅོམ་ལྡན་འདས་སོ། །སངས་རྒྱས་དེ་སྙིང་རྗེའི་སྟོབས་ཀྱིས་རབ་ཏུ་གསུངས་སོ། །མ་རིག་པ་ལ་སོགས་པ་ཡོད་ཀྱི་བར་ལ་སྐྱེ་བ་ལེན་ནོ། །མ་རིག་པ་ལ་སོགས་པ་ནམ་འགགས་པ་ཤེས་ཙམ་ན་དེ་ཉིད་མཁྱེན་པའོ། །འདི་དག་ཐམས་ཅད་རྟེན་མེད་ཡིན། །ཞེས་པ་ནི་རྟེན་མེད་པའི་སྙིང་རྗེ་ཤེས་རབ་ཀྱི་སྤྱན་གྱིས་བདག་མེད་པའོ། །དངོས་པོ་སྟོང་པ་ཉིད་བྱེད་པ་པོ་དང་ཚོར་བ་པོ་རྟེན་པ་མེད་པའི་སྙིང་རྗེ་


DTG096_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱིས་བདག་མེད་པ། དངོས་པོ་སྟོང་ཉིད་བྱེད་པ་པོ་དང་ཚོར་བ་པོ་རྟེན་པ་མེད་པའོ། །འདི་ཐམས་ཅད་ཁམས་གསུམ་མ་ལུས་པ་སྟེ་མེད་པ་སྟོང་པ་ཉིད་དོ། །དེ་ནི་དོན་དམ་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་གསུངས་ཏེ། གཟུགས་རབ་ཏུ་མི་མཐོང་ངོ་ཞེས་པ་ལ་སོགས་པ་རབ་འབྱོར་ལ་གསུངས་སོ། །རྟེན་འབྲེལ་བཅུ་གཉིས་འགག་པའི་ཆོས་ཉིད་ལས། སངས་རྒྱས་ཀྱི་ཡོན་ཏན་གྱི་ཆ་ངེས་པ་ཆོས་ཀྱི་སྐུ་སྟོང་པ་ཉིད་ཀྱི་དངོས་པོ་རབ་ཏུ་བཤད་དོ། །དེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །ཤེས་རབ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ལྟར་ཤེས་རབ་བསྟན་ནས་ད་ནི་ཐབས་བསྟན་ཏེ་ཀུན་རྫོབ་ལ། སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང༌། །ཞེས་བྱ་བ་ལ་སོགས་པ་སྟེ། ཉི་མ་ཤར་ཙམ་ན་གྲི་བ་མ་འབྱུང་བ་ལྟར་ཐབས་བསྟན་ཏོ། །དང་པོ་སྦྱིན་པ་རྩ་བར་བཤད། གཞན་ཡང་གསུངས་པ། འཇིག་རྟེན་པ་འདི་ཐམས་ཅད་ནི། །བདེ་སྐྱིད་གཅིག་པུ་རེ་བ་ཡིན། །ལོངས་སྤྱོད་མེད་པའི་མི་རྣམས་ལ། །བདེ་བ་རེ་ཡང་ག་ན་ཐོབ། །སྦྱིན་པ་བཏང་བས་ལོངས་སྤྱོད་འབྱུང༌། །དེ་ནས་སྦྱིན་པ་རྩ་བར་བཤད། སྦྱིན་པ་ལ་ཡང་བཞི་སྟེ། ཆོས་ཟང་ཟིང་མི་འཇིགས་བྱམས་པའོ། །རྒྱལ་སྲིད་བདག་གི་མགོ་མཐར་ཐུག་པ་ཚུན་ཆད་སྦྱིན་པའོ། །ནོར་འབྲུ། གསེར། དངུལ། རིན་པོ་ཆེ། མུ་ཏིག །བྱི་རུ། ཤིང་རྟ། གླང་པོ་ཆེ། གཡོག །ཁོལ་པོ། ཁོལ་མོ། གྲོགས། ཆུང་མ། བུ་མོ། བུ་ཕོ། གཅེས་པའི་ནོར། མགོ །རྣ་བ། སྣ། ལག་པ། རྐང་པ། མིག །རང་གི་ཤ །ཁྲག །རུས་པ། རྐང་མར། ཚིལ་བུ། པགས་པ། སྙིང་གི་དངོས་པོ་ཐམས་ཅད་སྦྱིན་པའོ། །དེ་ལྟར་ཡིན་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཤིན་ཏུ་མི་དཀའ་འམ། བདེ་བའི་ཐབས་སངས་རྒྱས་ཐོབ་པར་བྱེད་པ་ལ། སངས་རྒྱས་ཀྱི་བདེ་བ་དང་མི་མཉམ་པའི་བདེ་བའོ། །སྡུག་བསྔལ་བརྒྱ་ཕྲག་གིས་སྤྱོད་པ་ཡང༌། སྡུག་བསྔལ་དུ་མི་འགྱུར་རོ། །དཔེར་ན་བུ་གཅིག་གསོད་པའི་དུས་


DTG096_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཕས་རྗེས་པ་ལྟར་རོ། །སེམས་གོམས་ཙམ་ན་མི་ནུས་པ་གང་ཡང་མེད་དེ། ལུས་པོའི་བྱེ་བྲག་གིས་སྤྲུལ་དང་དུག་རྨ་བྱའི་བདུད་རྩིའོ། །དེ་གོམས་པས་དུག་ཀྱང་བཅུད་ལེན་དུ་འགྱུར་རོ། །ཁྱད་པར་དུ་དགའ་བ་དང་བདེ་བ་སྐྱེའོ། །གོམས་པ་གང་ཡིན་པ་དེ་བདུད་རྩིར་འགྱུར་བ་ཡིན་པས་ན། སྡུག་བསྔལ་སེམས་ཀྱི་རྣམ་རྟོག་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཐབས་ནི། ཚུལ་ཁྲིམས་རྐང་པ་སྤྱོད་པ་ཡིན། མི་དགེ་བ་བཅུ་སྤོངས་པ་དང༌། སོ་སོར་ཐར་པའི་སྡོམ་པ་བསྲུང་བ་དང༌། སྲོག་ཆགས་ཐམས་ཅད་ལ་ཕན་འདོགས་བྱེད་པ་བྱམས་པའི་སེམས་དང་ལྡན་པ། རང་གི་ལོངས་སྤྱོད་ལ་ཆོག་ཤེས་པ། མི་ཚངས་པར་སྤྱོད་པ་སྤངས་པ། བདེན་པར་སྨྲ་བ། དེ་ལྟར་བྱེད་པའོ། །ཚིག་རྩུབ་མི་སྨྲ་བ། གཞན་གཉིས་པར་བྱེད་པ། དུལ་བའི་སྤྱོད་པ་ཆོས་བཞིན་དུ་སྨྲ་བ། གུས་པར་སྨྲ་བ། གཞན་གྱིས་བདག་ཏུ་བཟུང་བ་ལ་འདོད་སྲེད་མེད་པ། འདོད་པའི་སེམས་རྣམས་མི་སྐྱེ་བ། ལྟད་མོ་ལ་སོགས་པ་ངོ་མཚར་སྤངས་པ། དྲང་བ། གཡོ་སྒྱུ་མེད་པ། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་གསུམ་ལ་ཤིན་ཏུ་མོས་གུས་ཆེ་བའི་སེམས་དང༌། སེམས་ཅན་རྣམས་སངས་རྒྱས་པར་བྱེད་པ་ལ་སྤྲོ་བ་ཆེ་བ། སྦྱིན་དང་ཚུལ་ཁྲིམས་ལ་སོགས་ཀྱིས། །ཡུན་རིངས་བསོད་ནམས་བསགས་པ་ཡང༌། །གལ་ཏེ་བཟོད་པ་མེད་ན་ནི། །མདོ་ལས་བསོད་ནམས་མེད་པར་གྱུར་ཏེ། ཞི་བ་ལྷས་ཀྱང་གསུངས་པ། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཡང༌། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱའོ། །ཞེས་གསུངས་སོ། །བཟོད་པ་ལ་གསུམ་སྟེ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང༌། བརྙས་པ་ལ་ཇི་མི་སྙམ་པའི་བཟོད་པ་དང༌། །ཆོས་ལ་ངེས་པར་སེམས་པའི་བཟོད་


DTG096_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ལ་དང་པོ་ནི་སུ་དག་གིས་འདི་སྐད་སྨྲ་ན། འདི་ལྟར་དུ་བདག་གིས་ཁྱེད་ལ་ཆོས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་དག་པར་བྱེད་པ་ལ། བདག་གིས་སྨྲས་པ་ཉོན་ཅིག །མི་ཉན་ན་མེ་ཆེན་པོ་འབར་བའི་ནང་དུ་ཆུག་ལ་སྲེགས་ཤིག །ཤིན་ཏུ་སྡུག་བསྔལ་འབྱུང་བར་ལུས་པོས་ཁུར་ཅིག །དེའི་ལན་ནི་འདི་སྐད་སྨྲའོ། །དེ་ལྟར་བྱུང་མོད་ཤིན་ཏུ་སྤྲོ། །བདག་གཅིག་ཆོས་ཀྱིས་བླ་ན་མེད་པའི་རྫོགས་པའི་སངས་རྒྱས། བྱང་ཆུབ་སེམས་དཔའི་སྤྱོད་པ་དག་པར་བྱེད་པའི་དོན་དུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་མེ་འབར་བ་ཡོད་པ་ལ། ཚངས་པའི་གནས་རང་ལྷུང་ནས་འཚོད། ཁྱེད་གསུངས་པའི་མེ་ལྟ་བུ་སྨོས་ཀྱང་ཅི་འཚལ། གཞན་གྱིས་བརྙས་པ་ལ་ཇི་མི་སྙམ་པའི་བཟོད་པ་ནི། རྟགས་པས་ཁྲོ་བ་མ་མཐོང་བར་མཚོན་ནས་ཤག་ཅད་ཅིང་ཡོད་པ་ལ་བླ་ལྷག་བཟོད་པ་བསྐྱེད་ལ། བདག་གི་ལག་པ་བརྒྱ་ཕྲག་གཅོད་པ་པོ་ཡང་སྤྱི་བོར་འཁུར་རོ། །དེའི་ཐོག་ཏུ་ཡང་བྱམས་པའི་སེམས་དང་ལྡན་ནོ། །ཆོས་ལ་ངེས་པར་སེམས་པའི་བཟོད་པ་ནི། ཤིན་ཏུ་ཟབ་པའི་ཐེག་པ་ལ་ཤིན་ཏུ་ལེགས་པའི་ཐུབ་པའི་ཆོས་ལ་ཐོག་མ་ནས་རྙེད་པ་ལ། སྐད་ཅིག་ཀྱང་སེམས་ཐེ་ཚོམ་མི་ཟ་བར་ཁ་ཅིག་ནི་ཆོས་ལ་ངེས་པར་སེམས་པའི་བཟོད་པའི་འདོད་ལུགས་ནི། གཞན་གྱིས་བརྙེས་པ་ལ་ཇི་མི་སྙམ་པའི་བཟོད་པ་བཞིན་དུ། དེ་ལ་ཁྱེད་ནི་ཆོས་ཀྱི་དངོས་པོ་རང་ལ་བརྟེན་པས་སོ། །བརྩོན་འགྲུས་ནི་ཞི་བ་ལྷས་གསུངས་པ། འདི་ལྟར་བརྩོན་ལ་བྱང་ཆུབ་གནས། །རླུང་མེད་འགྲོ་བ་མེད་པ་བཞིན། །བསོད་ནམས་བརྩོན་འགྲུས་མེད་མེ་འབྱུང༌། །བརྩོན་གང་དགེ་ལ་སྤྲོ་བ་ཡིན། །ཞེས་གསུངས་པས་སོ།། བརྩོན་འགྲུས་བྱེད་པའི་དོན་ལྟ་བ་ནི། ཅིས་ཀྱང་མཛའ་བ་དང་བྲལ་བ། མི་མཛའ་བ་དང་འགྲོགས་པ་དང༌། ནད་དང་རྒས་ངང་འཆི་བ་དང༌། །མྱ་ངན་ལ་སོགས་པའི་སྡུག་བསྔལ་ངན་སོང་ལ་སོགས་པར་ལྷུང་ནས་རྟག་ཏུ་བདེ་བ་སྐད་ཅིག་བདེ་བར་ལྟ་བ། མི་ཁོམ་པའི་


DTG096_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བརྒྱད་ལས་གྲོལ་བའི་དུས་སུ། བྱང་ཆུབ་ཀྱི་སྤྱོད་པ་ལ་ཡང་དག་པར་བལྟས་ནས་ལེ་ལོ་སྤངས་ཏེ། བརྟན་པར་བྱས་ནས་ཐེ་ཚོམ་མེད་པར་སྡུག་བསྔལ་སྤངས་པའི་དོན་དུ་བརྩོན་འགྲུས་བརྩོམ་པར་བྱའོ། །བསམ་གཏན་ནི། ཤེས་རབ་དང་ཐབས་གཉིས་སུ་བྱས་ནས་སེམས་རྩེ་གཅིག་ཏུ་བྱེད་པ་ནི་བསམ་གཏན་ནོ། །ཤེས་རབ་ནི་སྔར་བསྟན་པ་བཞིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྟེར་བ་པོ་དང༌། ལེན་པ་པོ་གང་ཡང་མི་དམིགས་པར་སྟོང་པ་ཉིད་དུ་རྟོག་པའོ། །ཉི་མ་ཇི་ལྟར་གླིང་རྣམས་ལ་བསྐོར་ནས་བཟློག་པ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་ཁྱབ་པའོ། །དེ་ལྟར་ཁྱབ་པའོ། །ཕ་རོལ་ཏུ་ཕྱིན་པ་བསྡུས་པ་ནི། རང་གི་དོན་རྣམས་སྤངས་པ་ནི་སྦྱིན་པའོ། །གཞན་ལ་ཕན་འདོགས་པ་ནི་ཚུལ་ཁྲིམས་སོ། །ཁྲོ་བ་སྤངས་པ་ནི་བཟོད་པའོ། །དགེ་བ་ལ་བརྩོན་པ་ནི་བརྩོན་འགྲུས་སོ། །སྡིག་པས་མི་གོས་པ་གཅིག་པུ་ནི་བསམ་གཏན་ནོ། །བདེན་པ་དོན་དམ་པ་བསྟན་པ་ནི་ཤེས་རབ་བོ། །སེམས་ཅན་རྣམས་ལ་སྙིང་རྗེས་ཁྱབ་པར་བྱེད་པ་ནི་ཤེས་རབ་བོ། །སངས་རྒྱས་གྲུབ་པར་བྱེད་པ་ནི། ཕ་དང༌། མ་དང༌། བུ་མོ་དང༌། གཉེན་དང༌། འཁོར་དང༌། ཆུང་མ་ལ་སོགས་པ། རྒྱས་པ་དང༌། ཕྱུག་པ་དང༌། སྐྱིད་པ་ལ་སོགས་པ་ཟན་ལྷག་མ་བཞིན་དུ་སྤངས་ནས་གྲོལ་བའི་དོན་དུ། ནགས་གསེབ་དུ་འགྲོ་བར་བྱའོ། །སྦྱིན་པ་ལ་སོགས་སྡུག་བསྔལ་མ་ཡིན་ཞིང༌། སངས་རྒྱས་ཐོབ་པའི་བདེ་བ་དང་མི་མཉམ་མོ། །ཐབས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།ཐབས་དང་ཤེས་རབ་གནས་པ་ལ། །ཞེས་པ་ནི། ཤེས་རབ་ནི་སྔར་གསུངས་པ་བཞིན་ནོ། །ཇི་ལྟར་རྟེན་འབྲེལ་གྱིས་སྐྱེད་པས་དངོས་པོ་རྟོག་པའི་མཚན་ཉིད་དོ། །ཐབས་ནི་སྔར་བཤད་པ་བཞིན་སྦྱིན་པ་ལ་སོགས་པ་བྱེད་དོ། །དེ་གཉིས་གཅིག་ཏུ་བྱས་ཏེ་བསྟན་པར་བྱེད་པ་ནི་བླ་མ་མེད་ན་རྨི་ལམ་ན་ཡང་འབྱུང་ངོ༌། །དེ་ལྟར་ཡིན་


DTG096_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཐབས་དང་ཤེས་རབ་གཉིས་སུ་དེ་ཕྱི་ནས་གཉིས་སུ་བྱུང་ཡང་སྦྱིན་པ་ལ་སོགས་པ་དབྱེ་ན་མང་དུ་འགྱུར་བའི་སྐྱོན་བྱུང་ཞེ་ན། འདི་དག་ཐམས་ཅད་མིང་ཙམ་སྟེ། ཐབས་དང་ཤེས་རབ་དཔེ་ཀུན་རྫོབ་ཙམ་ལ་བརྟེན་ནས་གྲུབ་བོ། །ཕ་རོལ་ཏུ་ཕྱིན་པ་ནས་ཀྱང་གསུངས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མིང་ཙམ་མོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིང་ཙམ་མོ། །ཁམས་གསུམ་ཡང་མིང་ཙམ་མོ། །དེ་གཉིས་གསལ་བར་གསུངས་པས། གང་ལས་གང་བྱུང་མིང་དེ་ནི། །ཞེས་པ་ལ་སོགས་པ་གསུངས་ཏེ། སྔར་བརྟག་པ་བཞིན་ཆོས་མིང་ཙམ་དུ་བསྟན་ཏེ། དོན་དམ་པར་དངོས་པོ་མེད་པའོ། །ཆོས་དེ་མེད་པས་ཆོས་ཉིད་ཡིན། །ཞེས་པ་ནི། མིང་ཙམ་དུ་གྲུབ་པ་སྟེ་དངོས་པོ་སྟོང་པ་ཉིད་ཡིན། རྟེན་འབྲེལ་ལས་བྱུང་བ་ཀུན་རྫོབ་ཙམ་མོ། །མ་བྱུང་མིང་ནི་སྟོང་ཉིད་ཡིན། །ཞེས་པ་ལ་སོགས་པ་ནི། ཀུན་རྫོབ་ཏུ་མིང་བཏགས་པ་ཙམ་ཡིན་ནོ། །སྒྲ་མཁན་པ་ན་རེ་སྒྲ་ལས་ཐམས་ཅད་བྱུང་ཟེར་བ་ལ། དེ་རང་ཡང་ཀུན་རྫོབ་ལ་མིང་ཙམ་དུ་གྲུབ་པའོ། །དེ་ལྟར་རྣམ་རྟོག་གང་བྱུང་བ། །ཞེས་པ་སོགས་པ་ནི་མིང་ཙམ་དུ་ཡིན། སྟོང་ཉིད་དུ་བརྟག་པ་སྔར་བཞིན་དུ་གོ་སླའོ། །མིག་གིས་མཐོང་བའི་གཟུགས་དེ་ནི། །ཞེས་པ་ལ་སོགས་པ་ནི། མིག་གིས་གཟུགས་མཐོང་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་ནི་ཀུན་རྫོབ་པ་ལ་བསྟན་པའོ། །བརྫུན་གྱི་ང་རྒྱལ་འཇིག་རྟེན་པ། །ཞེས་པ་ལ་སོགས་པ་ལ། ང་རྒྱལ་གྱིས་སེམས་ཅན་བརྟེན་ནས། ཡུལ་དང་དུས་ཚོད་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱིས་བརྫུན་ཅན་ལྟ་བུར་གསུངས་སོ། །དོན་དམ་པ་ལ་བཤད་པ་མེད་དོ། །དོན་དམ་པའི་གཏན་ལ་འབེབས་པའི་ཐབས་སུ་བརྫུན་དུ་བཤད་དོ། །འཕགས་པའི་བདེན་པ་བཞི་ནི། སྡུག་བསྔལ་གྱི་བདེན་པ་དང༌། ཀུན་འབྱུང་གི་བདེན་པ་དང༌། འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པ་ལ་སོགས་པ་ཀུན་རྫོབ་པ་ལ་བསྟན་ཏོ། །རྟེན་འབྲེལ་འཛོམ་པས་མཐོང་བ་གང༌། །ཞེས་པ་ལ་སོགས་པ་ནི། འདྲེན་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གཟུགས་སྒྲ་ལ་སོགས་པ་འཛོམ་པར་འདོད་པའི་སེམས་ཅན་རྣམས་ལ་སྣང་བར་བསྟན་ཏོ། །གང་གིས་གང་ལ་ཐབས་སྣ་ཚོགས་


DTG096_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒོ་ནས་སེམས་ཅན་གདུལ་བྱ་བཏུལ་ནས་དེ་རྣམས་གྲོལ་བར་བྱས་ནས་འདྲེན་པས་ན་བཅོམ་ལྡན་འདས་སོ། །འཛིན་པ་སྤྱོད་པའི་ས་ཡོད་པར། །ཞེས་པ་ལ་སོགས་པ་ལ། ཀུན་རྫོབ་ལ་བརྟེན་ནས་ས་དང་པོ་ལ་སོགས་པ་བསྟན་པའོ། །དོན་དམ་པའི་ས་ནི་བློ་ཤིན་ཏུ་ཕྲ་བ་མཐར་ཐུག་མེད་པ་རྟོག་པ་དང་བྲལ་བ་སྟོང་ཉིད་དུ་མཁྱེན་པའི་ཤེས་རབ་ཅན་གང་ལ་ཡོད་པ་དེ་བློ་ལྡན་ཡིན་ཏེ་དེ་ནི་བཅོམ་ལྡན་འདས་སོ། །མིག་གིས་གཟུགས་ཀྱང་མཐོང་མི་འགྱུར། །ལ་སོགས་པ་ནི། རབ་རིབ་ཅན་ལྟ་བུ་མིག་རང་གིས་མིག་དང་གཟུགས་མི་མཐོང་ངོ༌། །སེམས་ཆོས་དེ་ཡང་སེམས་ཀྱིས་སེམས་ལ་བལྟས་ཙམ་ན་སེམས་མི་མཐོང་ངོ༌། །དེས་ན་ཡོད་པར་མི་འགྱུར་རོ། །ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང་གསུངས་ཏེ། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་དང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་མེད་ཅེས་གསུངས་སོ། །དེ་ནི་མཇུག་བསྡུ་བ་གསུངས་པ་ནི། གང་སྣང་ཐམས་ཅད་ལ་སོགས་པ་སྟེ། སྔར་བཤད་པའི་ཐབས་དང་ཤེས་རབ་གཉིས་གཅིག་ཏུ་བྱས་པའི་ཡེ་ཤེས་ལ་སོགས་པ་བརྫུན་དུ་བཤད་པའོ། །འཇིག་རྟེན་པས་ནི་གང་སྤངས་པ། །ཞེས་པ་ནི། ཕྱིན་ཅི་མ་ལོག་པ་དེ་དེ་ཉིད། འཇིག་རྟེན་པ་ཐ་མལ་པས། གང་ལ་མ་རྟོགས་པ་གང་ཡིན་གྱི་བསམ་པར་མ་གྱུར། ཡིད་ཀྱི་བསམ་གྱིས་མི་ཁྱབ་པ། །དབང་པོ་ཡུལ་དུ་མ་གྱུར་པ། །མ་རིག་པའི་ལིང་ཐོག་གི་མུན་པས་མ་མཐོང་བ་སྤངས་པ། དབང་པོ་ཤིན་ཏུ་རྣོན་པོ་འཕགས་པའི་ཡེ་ཤེས་ཀྱིས་མཐོང་བའི་ཡུལ་དོན་དམ་པའོ། །འཕགས་པ་གྷ་ན་བྷཱུ་ཧའི་མདོ་ལས། དེ་ཉིད་ཤིན་ཏུ་ངོ་མཚར་ཅན། །ཟབ་པ་དེ་ནི་མཐའ་མེད་པ། །དེ་ནི་རྙེད་པར་དཀའ་བས་ན། །འཇིག་རྟེན་པ་ཡི་བློ་ཡིས་ནི། །དེ་ཡི་སྤྱོད་ཡུལ་ཡེ་ཤེས་མེད། །ཀུན་རྫོབ་དང་དོན་དམ་པའི་བདེན་པའི་ལེའུ་སྟེ་ལྔ་པའོ།། །།འགྲོ་བ་རིགས་དྲུག་ལས་སྲིད་པ་འཕོ་བའི་ཐབས་སངས་རྒྱས་ཐོབ་པར་བྱེད་པའི་ཐབས་རྫོགས་སོ།། །།པཎྜི་ཏ་བྱམས་པ་མགོན་པོས་མཛད་པའོ། །པཎྜི་ཏ་ཟླ་བ་གཞོན་ནུ་ལ། གྲུ་སྟོན་ཆུང་གིས་ནུས་ནས་རང་འགྱུར་དུ་མཛད་པ་རྫོགས་སོ།། །།

དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏ།
སངས་རྒྱས་བསྐྱངས།


DTG096_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བུདྡྷ་པཱ་ལི་ཏ་མཱུ་ལ་མ་དྷྱ་མ་ཀ་པྲྀཏྟི། བོད་སྐད་དུ། དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏ། བམ་པོ་དང་པོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་ཕྱག་འཚལ་ལོ། །སློབ་དཔོན་བཙུན་པ་བུད་དྷ་པཱ་ལི་ཏ་ལ་ཕྱག་འཚལ་ལོ། །འདི་ལྟར་སློབ་དཔོན་རྟེན་ཅིང་འབྲེལ་པར་འབྱུང་བ་རྗེས་སུ་སྟོན་པར་བཞེད་པས། རྟེན་ཅིང་འབྲེལ་པར་འབྱུང་བའི་ཟབ་མོ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་གཟིགས་པས་ངོ་མཚར་དུ་གྱུར་པའི་ཐུགས་དང་ལྡན་པ། དད་པ་ལས་བྱུང་བའི་མཆི་མ་དཀྲུག་ཅེས་མཛད་པའི་སྤྱན་མངའ་བ། སྐུའི་སྤུ་ཟིང་ཞེས་མཛད་པ་དང་ལྡན་པས་ཐལ་མོ་སྦྱར་བ་དབུར་བཞག་སྟེ། དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུའོ་ཞེས་དོན་དམ་པ་སྟོན་པའི་ཚིགས་སུ་བཅད་པ་འདི་བརྗོད་པས་མདུན་དུ་འདུག་པ་དང་འདྲ་བར་བཞག་ནས། དེ་བཞིན་གཤེགས་པ་བླ་མ་དམ་པ་ལ། གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་རྒྱུ་སྔ་ན་ཡོད་པའི་ཕྱག་བཞེས་པ་མཛད་དེ། གང་གིས་དབང་ཕྱུག་དང་དུས་དང་རྡུལ་ཕྲན་དང་རང་བཞིན་དང་ངོ་བོ་ཉིད་ལ་སོགས་པར་སྨྲ་བ་སྤྲོས་པ་ཐིབས་པོར་འཁྱམས་པའི་འཇིག་རྟེན་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་དོན་དམ་པའི་བདེན་པ་མཆོག་ཏུ་ཟབ་པ། འགག་པ་མེད་པ་སྐྱེ་བ་མེད་པ། ཆད་པ་མེད་པ་རྟག་པ་མེད་པ། འོང་བ་མེད་པ་འགྲོ་བ་མེད་པ་དོན་ཐ་དད་མ་ཡིན་པ། དོན་གཅིག་མ་ཡིན་པ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ། ཞི་བ་ལམ་དྲང་པོ་འདི་བསྟན་པ། ཡང་དག་པར་རྫོགས་པའི་སངས་རྒྱས་སྨྲ་བ་རྣམས་ཀྱི་དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཕྱི་རོལ་པ་ཕས་ཀྱི་རྒོལ་བ་ཐམས་ཅད་བྱིས་བ་བླ་བ་འདྲ་བར་ཐུགས་སུ་ཆུད་ནས་འགྲོ་བ་ལོང་བ་ལག་ནོམ་བྱེད་པ་ལྟ་བུ་


DTG096_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པར་སློབ་དཔོན་གྱིས་ཡང་དག་པར་གཟིགས་པས་སྨྲ་བ་རྣམས་ཀྱི་དམ་པ་ཞེས་གསུངས་སོ། །འགག་པ་མེད་པ་ཞེས་བྱ་བ་ནི་འདི་ལ་འགག་པ་ཡོད་པ་མ་ཡིན་པའོ། །ཚིག་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཚིགས་སུ་བཅད་པ་དེ་ནི་མདོ་ལྟ་བུ་སྟེ། བསྟན་བཅོས་ལྷག་མས་དེ་རྣམ་པར་བཤད་པ་བྱེད་པར་འགྱུར་རོ། །དེ་ཡང་བརྗོད་པ་ལ་མངོན་པར་ཞེན་པའི་དབང་གིས་སྒོ་དེ་དང་དེས་བྱེད་པར་འགྱུར་གྱི་གོ་རིམས་ཇི་ལྟ་བ་བཞིན་དུ་ནི་མི་བྱེད་དོ། །ཅི་སྟེ་རྟེན་ཅིང་འབྲེལ་པར་འབྱུང་བ་རྗེས་སུ་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། བཤད་པ། སློབ་དཔོན་ཐུགས་རྗེའི་བདག་ཉིད་ཅན་གྱིས་སེམས་ཅན་རྣམས་སྡུག་བསྔལ་སྣ་ཚོགས་ཀྱིས་ཉེན་པར་གཟིགས་ནས་དེ་དག་རྣམ་པར་གྲོལ་བར་བྱ་བའི་ཕྱིར་དངོས་པོ་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་རབ་ཏུ་བསྟན་པར་བཞེད་པས་རྟེན་ཅིང་འབྲེལ་པར་འབྱུང་བ་རྗེས་སུ་བསྟན་པ་བརྩམས་ཏེ། །ཡང་དག་མ་ཡིན་མཐོང་བ་འཆིང༌། །ཡང་དག་མཐོང་བ་རྣམ་པར་གྲོལ། །ཞེས་གསུངས་པའི་ཕྱིར་རོ། །དངོས་པོ་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་ཉིད་གང་ཡིན། བཤད་པ། ངོ་བོ་ཉིད་མེད་པ་ཉིད་དེ། མི་མཁས་པ་གཏི་མུག་གི་མུན་པས་བློ་གྲོས་ཀྱི་མིག་བསྒྲིབས་པ་ནི་དངོས་པོ་རྣམས་ལ་ངོ་བོ་ཉིད་དུ་རྣམ་པར་རྟོག་ན་དེ་དག་ལ་འདོད་ཆགས་དང་ཞེ་སྡང་དག་སྐྱེད་པར་བྱེད་དོ། །གང་གི་ཚེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའི་སྣང་བས་གཏི་མུག་གི་མུན་པ་བསལ་ཅིང༌། ཤེས་རབ་ཀྱི་མིག་གིས་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་མཐོང་བ་དེའི་ཚེ་ན་གནས་མེད་པ་ལ་དེའི་འདོད་ཆགས་དང་ཞེ་སྡང་དག་མི་སྐྱེའོ། །འདི་ལྟ་སྟེ་དཔེར་ན་ལ་ལ་ཞིག་གཟུགས་བརྙན་གྱི་བུད་མེད་ལ་བུད་མེད་དོ་སྙམ་པའི་བློ་གྲོས་སྐྱེས་ནས་ཀུན་ཏུ་འདོད་ཆགས་སྐྱེད་དེ་དེ་དང་འབྲེལ་བའི་ཡིད་ཀྱིས་དེ་ལ་རྣམ་པར་རྟོག་པར་བྱེད་དོ། །གང་གི་ཚེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་དེའི་ཚེ་ན་བུད་མེད་ཀྱི་བློ་གྲོས་མེད་པར་གྱུར་ཅིང་འདོད་ཆགས་དང་བྲལ་ནས་ཤིན་ཏུ་ངོ་ཚ་བ་སྐྱེས་ཏེ། རང་བཞིན་གྱི་སེམས་གནས་མེད་པ་ལ་འདོད་ཆགས་སྐྱེ་བ་ལ་འཕྱ་བ་དེ་དང་འདྲ་སྟེ་དེ་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་དག་བུད་མེད་ལ་ནང་གི་བུད་མེད་ཀྱི་དབང་པོ་ཡང་དག་པར་


DTG096_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་མི་མཐོང་སྟེ། དགེ་སློང་དག་གལ་ཏེ་བུད་མེད་ཡིན་ན་ནང་གི་བུད་མེད་ཀྱི་དབང་པོ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་རྒྱ་ཆེར་བཀའ་སྩལ་ཏོ། །དེའི་ཕྱིར་སློབ་དཔོན་འཕགས་པ་ལྷས་ཀྱང༌། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། །ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་གསུངས་སོ། །དེ་ལྟ་བས་ན་སློབ་དཔོན་གྱིས་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་རབ་ཏུ་བསྟན་པའི་ཕྱིར་འདི་བརྩམ་མོ། །འདིར་སྨྲས་པ། གང་གི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་ཐུགས་རྗེ་ཆེན་པོ་མངའ་བ་ཉིད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་དང་དེར་དེ་ལྟ་དེ་ལྟར་བཤད་ཅིང་རབ་ཏུ་བསྟན་ཟིན་ན། ཡང་དེ་རྗེས་སུ་རབ་ཏུ་བསྟན་པ་ལ་དགོས་པ་ཅི་ཡོད། བཤད་པ། དེ་བཞིན་གཤེགས་པ་ཉིད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་བཤད་ཅིང་རབ་ཏུ་བསྟན་པ་བདེན་མོད་ཀྱི། འོན་ཀྱང་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་སྐྱེ་བ་ལ་སོགས་པའི་བརྗོད་པ་དག་གིས་བཤད་ཅིང་རབ་ཏུ་བསྟན་པས། དེ་ལ་ད་ལྟར་ཉིད་ཀྱང་བརྗོད་པ་ཙམ་ལ་མངོན་པར་ཞེན་པའི་བློ་ཅན་ཁ་ཅིག་རྟེན་ཅིང་འབྲེལ་པར་འབྱུང་བ་མཆོག་ཏུ་ཟབ་པ་མ་རྟོགས་པ་ན། དངོས་པོ་རྣམས་ནི་ཡོད་པ་ཁོ་ན་ཡིན་ཏེ། གང་གི་ཕྱིར་དེ་དག་གི་སྐྱེ་བ་དང་འགག་པ་དང་འགྲོ་བ་དང་འོང་བ་དག་བརྗོད་པའི་ཕྱིར་རོ། །གང་ཞིག་ཡོད་པ་ལས་རྟག་པ་དང་ཆད་པ་དང་དེ་ཉིད་དང་གཞན་ཉིད་དུ་སེམས་པ་དག་བྱེད་ཀྱི། རི་བོང་གི་རྭ་ལ་སོགས་པ་མེད་པ་དག་ལ་དེ་དག་མི་འབྱུང་ངོ་སྙམ་དུ་སེམས་པ་དེ་དག་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་རབ་ཏུ་བསྟན་པའི་ཕྱིར་སློབ་དཔོན་གྱིས་རིགས་པ་དང་ལུང་སྔོན་དུ་བཏང་བ་འདི་བརྩམས་སོ། །གཞན་ཡང་གང་ཁོ་ནའི་ཕྱིར་དེ་བཞིན་གཤེགས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་བཤད་ཅིང་རབ་ཏུ་བསྟན་པ་དེ་ཁོ་ནའི་ཕྱིར་སློབ་དཔོན་གྱིས་རྗེས་སུ་རབ་ཏུ་བསྟན་པར་འཐད་ཀྱི། མ་བཤད་ཅིང་རབ་ཏུ་མ་བསྟན་པར་རྗེས་སུ་རབ་ཏུ་སྟོན་པར་འོས་པ་དེ་གང་ཞིག་ཡིན། འདི་ལྟར་འཇིག་རྟེན་པའི་བསྟན་བཅོས་དག་ཀྱང་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཤད་ཅིང་རབ་ཏུ་བསྟན་པས་ད་ལྟར་ཉིད་ཀྱང་དེ་རྣམས་ཀྱི་སློབ་མ་དག་རྗེས་སུ་སྨྲ་བར་བྱེད་དོ། །དེའི་ཕྱིར་སློབ་དཔོན་གྱིས་


DTG096_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་རབ་ཏུ་བསྟན་པར་རིགས་སོ། །འདིར་སྨྲས་པ། ཅིའི་ཕྱིར་འགག་པ་ལ་སོགས་པ་བརྒྱད་པོ་དེ་དག་འགོག་པར་བྱེད། འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །ཞེས་བྱ་བ་དེ་ཙམ་ཞིག་བྱས་པས་མི་ཆོག་གམ། བཤད་པ། དངོས་པོའི་ངོ་བོ་ཉིད་སྨྲ་བ་དག་ཕལ་ཆེར་ཐ་སྙད་ཀྱི་དབང་གིས་བསྟན་པ་འགག་པ་ལ་སོགས་པ་བརྗོད་པ་བརྒྱད་པོ་དེ་དག་གིས་དངོས་པོ་ཡོད་པ་ཉིད་དུ་སྟོན་པར་བྱེད་པས་དེའི་ཕྱིར་འགག་པ་ལ་སོགས་པ་བརྒྱད་པོ་དེ་དག་ཉིད་དགག་པ་མཛད་དོ། །དེ་བཞིན་དུ་དེ་ཁོ་ན་སེམས་པར་བྱེད་པའམ། འགྱེད་པ་རྩོམ་པར་བྱེད་པ་གང་དག་ཅི་ཡང་རུང་བ་དེ་དག་ཀྱང་འགག་པ་ལ་སོགས་པའི་དོན་དེ་དག་ལ་བརྟེན་ནས་སེམས་པ་དང་རྩོམ་པར་བྱེད་དེ། འདི་ལྟ་སྟེ། རེ་ཞིག་ཁ་ཅིག་ན་རེ་དངོས་པོ་ཐམས་ཅད་ནི་སྐྱེ་བ་དང་འགག་པའི་ཆོས་ཅན་སྐད་ཅིག་མ་སྟེ་རྒྱུན་གྱིས་རྒྱུན་དུ་འབྱུང་ངོ༌། །ཞེས་ཟེར་རོ། །གཞན་དག་ན་རེ་ས་ལ་སོགས་པ་རྫས་དགུ་པོ་དག་རྟག་ཅེས་ཟེར་རོ། །ཡང་གཞན་དག་ནི་ཆོས་དང་ཆོས་མ་ཡིན་པ་དང༌། གང་ཟག་ནམ་མཁའ་དང༌། དུས་དང་གང་ཟག་དང་སྲོག་ཅེས་བྱ་བ་རྫས་དྲུག་པོ་དག་རྟག་ཅེས་བརྗོད་དོ། །དེ་བཞིན་དུ་ཕལ་ཆེར་སྲོག་དང་ལུས་གཉིས། མེ་དང་བུད་ཤིང་གཉིས། རྒྱུ་དང་འབྲས་བུ་གཉིས། ཡོན་ཏན་དང་ཡོན་ཅན་གཉིས། ཡན་ལག་དང་ཡན་ལག་ཅན་གཉིས་ནི་དེ་ཉིད་དང་གཞན་ཉིད་ཅེས་བྱ་བ་འགྱེད་པར་བྱེད་དོ། །དེ་བཞིན་དུ་ཁ་ཅིག་ན་རེ་ཡོན་ཏན་བྱ་བ་དང་ལྡན་པ་རྣམས་དང་རྟག་འཁོར་ལོ་ཞེས་ཟེར་རོ། །གཞན་དག་ན་རེ་རྡུལ་ཕྲན་དང་ཡིད་གཉིས་ནི་མི་འགྲོའོ་ཞེས་ཟེར་རོ། །གཞན་དག་ནི་སྲོག་དང་གང་ཟག་གཉིས་འགྲོ་བ་དང་ལྡན་ཞེས་བརྗོད་དོ། །གྲུབ་ནས་གང་དུ་འགྲོ་བར་ཡང་འདོད་དོ། །དེའི་ཕྱིར་དེ་ཁོ་ན་སེམས་པ་དང་འགྱེད་པ་རྩོམ་པའི་དབང་གིས་འགག་པ་ལ་སོགས་པ་བརྒྱད་པོ་དགག་པར་མཛད་དོ། །འདིར་སྨྲས་པ། འོ་ན་ཅིའི་ཕྱིར་འགག་པ་སྔར་བཀག་པ། སྐྱེ་བ་ཕྱིས་བཀག །སྐྱེ་བ་མེད་པ་སྔར་བརྗོད་པར་བྱ་བའི་རིགས་སྙམ་ན། །བཤད་པ། དེ་ནི་ཀླན་ཀར་མི་རུང་སྟེ། །ཅིའི་ཕྱིར་ཞེ་ན། ཡི་གེ་ལ་མཁས་པ་རྣམས་ནི་བསྡུ་བ་ལ་སྦྱོར་བ་ལྟག་འོག་ངེས་པ་ཡོད་ཀྱི། གཞན་ལ་ནི་ངེས་པ་མེད་པའི་ཕྱིར་རོ། །འདིར་སྨྲས་པ། དེ་ལྟ་ན་ཡང་


DTG096_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་ཡོད་ན་འགག་པར་འགྱུར་གྱི་མེད་ན་མི་འགྱུར་བ་གོ་རིམས་བཞིན་དུ་སྔར་སྐྱེ་བ་མེད་པ་ཞེས་བརྗོད་པར་བྱ་བ་ཁོ་ནར་འགྱུར་རོ། །བཤད་པ། གྲོགས་པོ་འདི་ལྟར་སྐྱེ་བ་སྔ་ལ་འགག་པ་འཕྱིའོ། །ཞེས་བྱ་བར་གང་གིས་ཁོ་བོ་ཅག་ཡིད་ཆེས་པར་འགྱུར་བའི་དཔེ་འགའ་ཞིག་ཇེ་གྱིས་ཤིག་སྨྲས་པ་ཐམས་ཅད་ཀྱང་དཔེ་ཡིན་ཏེ། ཇི་ལྟར་ཞེ་ན། རེ་ཞིག་སྐྱེ་འདི་དོན་མེད་གང་ཕྱིར་སྐྱེ་བ་ཡོད་ན་རྒ་ཤི་དང༌། །ནད་དང་སྡུག་བསྔལ་བསང་དང་བཅིངས་ལ་སོགས་པའི་དགྲ་དག་ཡོད། །ཅེས་བྱ་བ་བཞིན་ནོ། །བཤད་པ། གང་ལ་འཆི་བ་ཡོད་པའི་སྐྱེ་བ་གང་ཡིན་པ་དེ་ལ་ཡང་འཆི་བ་སྔོན་དུ་འགྲོ་བ་ཁོ་ན་ཡིན་པ་སྙམ། གལ་ཏེ་དེ་འཆི་བ་སྔོན་དུ་འགྲོ་བ་མ་ཡིན་ན་ནི་འཁོར་བ་ལ་ཐོག་མ་ཡོད་པར་ཐལ་བར་འགྱུར་བས། དེ་ཡང་མི་འདོད་དེ། དེའི་ཕྱིར་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པའི་ཕྱིར་སྐྱེ་བ་སྔ་ལ་འཆི་བ་འཕྱི་བ་འམ་འཆི་བ་སྔ་ལ་སྐྱེ་བ་འཕྱིའོ་ཞེས་བྱ་བར་བརྗོད་པར་མི་ནུས་སོ། །འོག་ནས་ཀྱང༌། །གལ་ཏེ་སྐྱེ་བ་སྔ་གྱུར་ལ། །རྒ་ཤི་འཕྱི་བ་ཡིན་ན་ནི། །རྒ་ཤི་མེད་པར་སྐྱེ་བ་དང༌། །མ་ཤི་བར་ཡང་སྐྱེ་བར་འགྱུར། །ཞེས་འབྱུང་ངོ༌། །སྨྲས་པ་འོ་ན། གལ་ཏེ་འཇིག་མེད་སྐྱེ་བ་མེད་ན་དོན་མེད་དེ་མི་འབྱུང༌། །ཤིང་སྐྱེས་མེད་ན་ནགས་མེད་རླུང་གིས་སྒྱེལ་བར་མི་འགྱུར་བཞིན། །ཞེས་བྱ་བ་འདིས་ནི་དཔེ་གཞན་ཡིན་ན། །བཤད་པ། འདི་ལ་ཁྱད་པར་ཅི་ཡོད། སྨྲས་པ། ཁྱད་པར་ནི་འདི་ཡིན་ཏེ། གང་གི་ཕྱིར་འདི་ལ་འགག་པ་སྔོན་དུ་འགྲོ་བའི་སྐྱེ་བ་མེད་དོ། །འདི་ལྟར་ཤིང་ལོན་པ་གཞན་དུ་འགགས་ལ་འདིར་སྐྱེས་པ་མེད་པའི་ཕྱིར་རོ།། བཤད་པ། །འདི་ལ་ཡང་ས་བོན་འགག་པ་སྔོན་དུ་འགྲོ་བ་ལས་སྐྱེ་བས་དེ་ཡང་འགག་པ་སྔོན་དུ་འགྲོ་བ་ཁོ་ན་ལས་སྐྱེ་བ་ཡིན་ནོ། །འདིར་སྨྲས་པ། དེ་ནི་མི་འདྲ་སྟེ། ཅིའི་ཕྱིར་ཞེ་ན། གཞན་ཁོ་ན་འགགས་ལ་གཞན་ཁོ་ན་སྐྱེ་བའི་ཕྱིར་ཏེ། འདི་ལྟར་འདི་ལ་ས་བོན་འགགས་ལ་མྱུ་གུ་སྐྱེའི་མྱུ་གུ་ཉིད་འགགས་ལ་མྱུ་གུ་ཉིད་མི་སྐྱེ་བས་དེའི་ཕྱིར་དེ་ནི་མི་འདྲའོ། །བཤད་པ། དེ་ནི་འདྲ་བ་ཁོ་ན་སྟེ། ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེ་བ་དང་འཆི་བ་གཉིས་ཀྱང་གང་ཁོ་ན་ཤི་བ་དེ་ཉིད་སྐྱེ་བ་མ་ཡིན་པའི་ཕྱིར་ཏེ། གལ་ཏེ་གང་ཁོ་ན་འཆི་བ་དེ་ཉིད་སྐྱེ་བར་འགྱུར་ན་ནི་དེ་ལྟ་ན་རྟག་པའི་སྐྱོན་དུ་ཐལ་བར་


DTG096_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། ལྷ་གང་ཡིན་པ་དེ་ཡང་ལྷ་ཁོ་ནར་འགྱུར་ལ། དུད་འགྲོ་གང་ཡིན་པ་དེ་ཡང་དུད་འགྲོ་ཁོ་ནར་འགྱུར་རོ། །དེ་ལྟ་ཡིན་ན་ལས་དང་ཉོན་མོངས་པས་བྱས་པའི་སྐྱེ་བ་དང་འགྲོ་བ་འཁྲུལ་པ་མེད་པར་འགྱུར་བས་དེ་ཡང་མི་འདོད་དེ། དེ་ནས་གང་ཁོ་ན་འཆི་བ་དེ་ཉིད་སྐྱེ་བར་འགྱུར་རོ། །ཞེས་བྱ་བ་དེ་བརྗོད་པར་མི་ནུས་པས་དེའི་ཕྱིར་དེའི་འདྲ་བ་ཁོ་ནའོ། །འདི་ལ་གཞན་ཁོ་ན་འགག ། གཞན་ཁོ་ན་སྐྱེའོ་ཞེས་པ་གང་ཡིན་པ་དེ་ཡང་མི་རིགས་ཏེ། གལ་ཏེ་ས་བོན་དང་མྱུ་གུ་གཉིས་གཞན་ཉིད་ཡིན་པར་གྱུར་ན་དེ་གཉིས་ལ་རྒྱུ་དང་འབྲས་བུའི་ཐ་སྙད་ཀྱང་མེད་པར་འགྱུར་བ་ཞིག་ན་ཐ་སྙད་ཡོད་པས་དེའི་ཕྱིར་དེ་གཉིས་གཞན་ཉིད་མ་ཡིན་ནོ། །གཞན་ཡང་འདི་ན་སྨྲ་བ་པོ་དག་ས་བོན་བཏབ་ནས་བདག་གིས་ཤིང་ལྗོན་པ་འདི་བཙུགས། བདག་གིས་བུ་འདི་བསྐྱེད་དེ། ཤིང་ལྗོན་པ་འདི་ནི་བདག་གིའོ། །བུ་འདི་ནི་བདག་གིའོ་ཞེས་ཟེར་རོ། །དེ་ལ་གལ་ཏེ་ས་བོན་དང་ཤིང་ལྗོན་པ་དང་བུ་དག་གཞན་ཉིད་ཡིན་པར་གྱུར་ན་འཇིག་རྟེན་གྱི་ཐ་སྙད་དེ་དག་མི་སྲིད་པར་འགྱུར་བ་ཞིག་ན་སྲིད་པས་དེའི་ཕྱིར་ས་བོན་དང་མྱུ་གུ་གཉིས་གཞན་ཉིད་དུ་བརྗོད་པར་མི་ནུས་ཏེ། འོག་ནས་ཀྱང༌། གཞན་ནི་གཞན་ལས་བརྟེན་ཏེ་གཞན། །གཞན་མེད་གཞན་ལས་གཞན་མི་འགྱུར། །གང་ལས་བརྟེན་ཏེ་གང་ཡིན་པ། །དེ་ནི་དེ་ལས་གཞན་མི་འཐད། །ཅིས་འབྱུང་ངོ༌། །འདིར་སྨྲས་པ། དེ་ལྟ་ན་ཡང་ས་བོན་ཡོད་པ་ཉིད་ཡིན་ན་འགག་པར་འགྱུར་གྱིས་མེད་ན་མི་འགྱུར་བས་འདི་ཡང་སྐྱེ་བ་སྔ་ལ་འགག་པ་འཕྱི་བར་འགྱུར་རོ། །བཤད་པ། འདི་ལྟར་ས་བོན་དེ་ལ་ཡང་ས་བོན་འགག་པ་སྔོན་དུ་འགྲོ་བ་ཉིད་ཡོད་དེ། ཅིའི་ཕྱིར་ཞེ་ན། འདི་ལྟར་མྱུ་གུ་ལས་ཀྱང་ཤིང་ལྗོན་པ་གཞན་མ་ཡིན་ལ་ཤིང་ལྗོན་པ་ལས་ཀྱང་ས་བོན་གཞན་མ་ཡིན་པའི་ཕྱིར་ས་བོན་འགག་པ་སྔོན་དུ་འགྲོ་བ་ལས་མྱུ་གུ་སྐྱེ་ལ། ས་བོན་ཡང་ས་བོན་འགག་པ་སྔོན་དུ་འགྲོ་བ་ལས་སྐྱེ་སྟེ། དེ་ལྟར་སློབ་དཔོན་འཕགས་པ་ལྷས་ཀྱང༌། །ས་བོན་དཔེ་ནི་ཇི་ལྟ་བར། །དེ་ལ་ཐོག་མ་ཡོད་མ་ཡིན། །དེ་ལྟར་རྒྱུ་དང་མི་ལྡན་ལས། །སྐྱེ་བའང་སྲིད་པར་མི་འགྱུར་རོ། །ཞེས་གསུངས་སོ། །དེའི་ཕྱིར་སྐྱེ་བ་དང་འགག་པ་གཉིས་ལ་སྔ་ཕྱིའི་རྣམ་པར་བཞག་པ་མེད་པས་ཅིའི་ཕྱིར་


DTG096_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

འགག་པ་སྔར་བཀག་ལ་སྐྱེ་བ་ཕྱིས་བཀག་ཅེས་བྱ་བ་དེ་ཀླན་ཀར་མི་རུང་ངོ༌། །དེ་གཉིས་ལ་སྔ་ཕྱིའི་རྣམ་པར་བཞག་པ་མེད་པ་དེ་ཉིད་རབ་ཏུ་བསྟན་པའི་ཕྱིར་སློབ་དཔོན་གྱིས་འདིར་འགག་པ་སྔར་གཟུང་བ་མཛད་ལ་སྐྱེ་བ་ཕྱིས་བརྟགས་སོ། །འདིར་སྨྲས་པ། རེ་ཞིག་ཇི་ལྟར་སྐྱེ་བར་བརྗོད་པ་ཐ་སྙད་ཙམ་ཡིན་པ་དེ་ལྟར་རབ་ཏུ་སྟོན་ཅིག ། བཤད་པ་ཏེ་པོར་བསྟན་པར་བྱའོ། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །འདི་ལ་གལ་ཏེ་དངོས་པོ་འགའ་ཞིག་སྐྱེ་བར་གྱུར་ན། དངོས་པོ་དེའི་སྐྱེ་བ་དེ་བདག་ལས་སམ། གཞན་ལས་སམ། བདག་དང་གཞན་གཉིས་ལས་སམ། རྒྱུ་མེད་པ་ལས་འགྱུར་གྲང་ན། བརྟགས་ནས་རྣམ་པ་ཐམས་ཅད་ལས་མི་འཐད་དོ། །ཇི་ལྟར་ཞེ་ན། བདག་ལས་ཞེས་བྱ་བ་ནི་བདག་ཉིད་ལས་ཞེས་བྱ་བའི་ཐ་ཚིག་གོ ། །དེ་ལ་རེ་ཞིག་དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །འདི་ལྟར་དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ཡང་སྐྱེ་བ་དགོས་པ་མེད་དོ། །གལ་ཏེ་ཡོད་ཀྱང་ཡང་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་བས་དེ་ཡང་མི་འདོད་དེ། དེའི་ཕྱིར་རེ་ཞིག་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དོ། །གཞན་ལས་ཀྱང་སྐྱེ་བ་མེད་དེ། ཅིའི་ཕྱིར་ཞེ་ན། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །བདག་དང་གཞན་གཉིས་ལས་ཀྱང་སྐྱེ་བ་མེད་དེ། གཉི་གའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མེད་དེ། རྟག་ཏུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་དང༌། རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་ཀྱི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་གང་གི་ཕྱིར་དངོས་པོ་སྐྱེ་བ་རྣམ་པ་ཐམས་ཅད་དུ་མི་འཐད་པས་དེའི་ཕྱིར་སྐྱེ་བ་མེད་པས་སྐྱེ་བར་བརྗོད་པ་ནི་ཐ་སྙད་ཙམ་ཡིན་ནོ། །སྨྲས་པ། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། འདི་ལྟར་མྱུ་གུ་དེ་ཉིས་ལས་ཇི་ལྟར་སྐྱེ་ཞེས་བཤད་པ་གང་ཡིན་པ་དང༌། བདག་ལས་སྐྱེ་བ་མེད་ན་བདག་དང་གཞན་གཉིས་ལས་སྐྱེ་བ་དེ་ཡང་མི་རིགས་ཏེ།


DTG096_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཅིག་ཉམས་པའི་ཕྱིར་རོ་ཞེས་བྱ་བ་དང༌། འདི་ལྟར་རྒྱུ་མེད་པ་ལས་སྐྱེའོ་ཞེས་བྱ་བའི་ཕྱོགས་དེ་ནི་ཐ་ཆད་ཡིན་པས་དེ་དག་ནི་རེ་ཞིག་ཁས་མི་ལེན་ཏོ། །དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་པ་ཁོ་ནའོ། །ཞེས་བྱ་བ་དེ་ངེས་པར་གཟུང་སྟེ་བཤད་པ་གང་ཡིན་པ་དེ་ལ་སྨྲ་བར་བྱ་སྟེ། རྐྱེན་རྣམས་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། །རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ལྔ་པ་ཡོད་པ་མ་ཡིན་ཞེས་བྱ་བས་ནི་སློབ་དཔོན་ཁ་ཅིག་གིས་རྐྱེན་བཞི་པོ་འདི་ལས་གཞན་གང་དག་ཐ་སྙད་དུ་བརྗོད་པ་དེ་དག་ཐམས་ཅད་ཀྱང་རྐྱེན་བཞི་པོ་འདི་དག་ཏུ་འདུས་སོ། །ཞེས་ངེས་པར་འཛིན་པར་བྱེད་དོ། །དེ་རབ་ཏུ་བསྟན་པའི་ཕྱིར་རྒྱུ་ལ་སོགས་པ་རྐྱེན་བཞི་པོ་དེ་དག་དངོས་པོ་རྣམས་སྐྱེད་པའི་རྐྱེན་དུ་བསྟན་ཏེ། རྐྱེན་བཞི་པོ་དེ་དག་ལས་དངོས་པོ་རྣམས་སྐྱེ་བར་འགྱུར་རོ། །གང་གི་ཕྱིར་རྐྱེན་བཞི་པོ་གཞན་དུ་གྱུར་པ་དེ་དག་ལས་དངོས་པོ་རྣམས་སྐྱེ་བར་འགྱུར་བ་དེའི་ཕྱིར་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་པ་ཁོ་ནའོ། །ཞེས་བྱ་བ་དེ་བཟང་པོ་མ་ཡིན་ནོ། །བཤད་པ། གལ་ཏེ་ཁྱོད་ཀྱིས་རྒྱུ་ལ་སོགས་པ་རྐྱེན་བཞི་པོ་གང་དག་གཞན་ཡིན་པར་ཐ་སྙད་བཏགས་པ་དེ་དག་དངོས་པོ་རྣམས་ལས་གཞན་ཡིན་པར་གྱུར་ན་ནི་དངོས་པོ་རྣམས་གཞན་ལས་སྐྱེ་བར་ཡང་འགྱུར་བ་ཞིག་ན། དེ་དག་ནི་གཞན་ཡིན་པར་མི་འཐད་དོ། །ཇི་ལྟར་ཞེ་ན། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་ལ་ཡོད་མ་ཡིན། །བདག་གི་དངོས་པོ་ཡོད་མིན་ན། །གཞན་གྱི་དངོས་པོ་ཡོད་མ་ཡིན། འདི་ལ་དངོས་པོ་ཡོད་པ་རྣམས་གཅིག་ལ་གཅིག་ལྟོས་ནས་གཞན་ཉིད་དུ་འགྱུར་བ་ནི་དཔེར་ན་ཙཻ་ཏྲ་ལས་གུབ་ཏ་གཞན་དུ་འགྱུར་ལ། གུབ་ཏ་ལས་ཀྱང་ཙཻ་ཏྲ་གཞན་དུ་འགྱུར་བ་ལྟ་བུ་ཡིན་ན། གནས་སྐབས་གང་ན་ས་བོན་ལ་སོགས་རྐྱེན་རྣམས་ཡོད་པའི་གནས་སྐབས་དེ་ན་མྱུ་གུ་ལ་སོགས་པ་དངོས་པོ་རྣམས་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་རྒྱུ་ལ་སོགས་པ་རྐྱེན་རྣམས་ཡོད་པ་ན་མྱུ་གུ་ལ་སོགས་པ་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་པ་མ་ཡིན་ནོ། །དེ་རྣམས་ཀྱི་བདག་གི་དངོས་པོ་ཡོད་པ་མ་ཡིན་ན་རྒྱུ་ལ་སོགས་པ་དག་ཇི་ལྟར་གཞན་དུ་འགྱུར། དེ་ལྟ་བས་ན་རྒྱུ་ལ་སོགས་


DTG096_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྐྱེན་རྣམས་མྱུ་གུ་ལ་སོགས་པ་དངོས་པོ་རྣམས་ལས་གཞན་ཉིད་ཡིན་པར་མི་འཐད་དོ། །དེའི་ཕྱིར་གཞན་གྱི་དངོས་པོ་མེད་པ་ཁོ་ནའི་ཕྱིར་དངོས་པོ་རྣམས་གཞན་ལས་སྐྱེའོ། །ཞེས་བྱ་བ་དེ་འཐད་པ་མ་ཡིན་ནོ། །རྐྱེན་ལ་སོགས་ལ། ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་གཞན་གྱི་གཞུང་ལུགས་ཀྱང་ངེས་པར་གཟུང་བའི་ཕྱིར་ཏེ། དེས་ན་གཞན་གྱི་གཞུང་ལུགས་དག་ལ་ཡང་དངོས་པོ་རྣམས་སྐྱེ་བ་མི་འཐད་པར་རབ་ཏུ་བསྟན་པ་ཡིན་ནོ། །འདིར་སྨྲས་པ། གཟུགས་ལ་སོགས་པ་རྐྱེན་རྣམས་ཡོད་ན་རྣམ་པར་ཤེས་པ་སྐྱེ་བ་མ་ཡིན་ནམ་བཤད་པ། མ་ཡིན་ཏེ་དངོས་པོ་རྣམས་ཀྱི་སྐྱེ་བ་འདི་བརྟག་པར་བྱའོ། །ཁྱོད་རྣམ་པར་ཤེས་པ་མ་སྐྱེས་པ་རྐྱེན་གཞན་དུ་གྱུར་པ་དག་ལས་སྐྱེ་བར་འདོད་ན། རྣམ་པར་ཤེས་པ་མ་སྐྱེས་པ་ལ་བདག་གི་དངོས་པོ་ག་ལ་ཡོད། བདག་གི་དངོས་པོ་མེད་ན་གཞན་གྱི་དངོས་པོ་ཡང་ག་ལ་ཡོད། གཞན་གྱི་དངོས་པོ་མེད་ན་དེ་མྱུ་གུ་ལ་སོགས་པ་དང་མཚུངས་པ་ཡིན་ནོ། །ཡང་ན་འདི་ནི་དོན་གཞན་ཡིན་ཏེ། དངོས་པོ་རྣམས་ཀྱི་རང་བཞིན་ནི་རྐྱེན་རྣམས་ལ་ཡང་ཡོད་པ་མ་ཡིན། རྐྱེན་རྣམས་ལས་གཞན་པ་ལ་ཡོད་པ་མ་ཡིན། གཉི་ག་ལ་ཡང་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྐྱེ་བའི་རྐྱེན་དུ་བརྟག་པ་དོན་མེད་པ་ཉིད་ཀྱི་སྐྱོན་དུ་འགྱུར་བའི་ཕྱིར་ཏེ། འདི་ལྟར་གལ་ཏེ་དངོས་པོ་རྣམས་ཀྱི་རང་བཞིན་རྐྱེན་རྣམས་ལ་འམ་རྐྱེན་རྣམས་ལས་གཞན་པ་ལ་འམ། གཉི་ག་ལ་ཡོད་པར་གྱུར་ན། ཡོད་པ་ལ་སྐྱེ་བ་ཅི་ཞིག་བྱ་སྟེ། དངོས་པོ་རང་བཞིན་གྱིས་ཡོད་པ་རྣམས་ལ་ཡང་སྐྱེ་བར་བརྟག་པ་དོན་མེད་པ་ཉིད་དུ་འགྱུར་རོ། །ཡོད་པ་ལ་རྐྱེན་རྣམས་ཀྱིས་ཀྱང་ཅི་ཞིག་བྱ་སྟེ། རྐྱེན་དུ་བརྟག་པ་ཡང་དོན་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟ་བས་ན། །དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་ལ་ཡོད་མ་ཡིན། །གང་རྐྱེན་ལ་སོགས་པ་ལ་ཡོད་པ་མ་ཡིན་པ་དེ་ནི་བདག་གི་དངོས་པོ་ཡོད་པ་མ་ཡིན་པ་སྟེ། དེ་དག་ལས་གཞན་དུ་ཡོངས་སུ་བརྟག་ཏུ་མེད་པའི་ཕྱིར་རོ། །བདག་གི་དངོས་པོ་ཡོད་མིན་ན། །གཞན་གྱི་དངོས་པོ་ཡོད་མ་ཡིན། །གཞན་གྱི་དངོས་པོ་མེད་ན་སུ་ཞིག་དངོས་པོ་རྣམས་གཞན་ལས་སྐྱེ་བའོ་ཞེས་སྨྲ་བར་རིགས། འདིར་སྨྲས་པ། དངོས་པོ་རྣམས་


DTG096_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་གཞན་ལ་སོགས་པ་ལས་སྐྱེའོ་ཞེས་བྱ་བ་འདིས་ཁོ་བོ་ཅག་ལ་ཅི་བྱ་སྟེ། འདི་ལྟར་མིག་ལ་སོགས་པ་ནི་རྣམ་པར་ཤེས་པ་སྐྱེ་བར་བྱ་བའི་རྐྱེན་ཡིན་ནོ། །དེ་ཡང་ཇི་ལྟར་ཞེ་ན། འདི་ལ་སྐྱེ་བའི་བྱ་བ་ནི་སྐྱེད་པ་དང་སྐྱེ་བ་དང་འབྱུང་བ་སྟེ་གཙོ་ཆེར་རྣམ་པར་ཤེས་པ་ལ་འཇུག་གོ ། །རྣམ་པར་ཤེས་པ་ནི་སྐྱེ་བ་ཡིན་ནོ། །འདི་ལྟར་མིག་ལ་སོགས་པ་ནི་རྣམ་པར་ཤེས་པ་སྐྱེ་བའི་བྱ་བ་དེ་སྒྲུབ་པར་བྱེད་པ་ཡིན་ཏེ། སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རྐྱེན་ཡིན་ནོ། །དཔེར་ན་བཙོ་བའི་བྱ་བ་ནི་འཚེད་པ་དང་བཙེད་པ་སྟེ་གཙོ་ཆེར་འབྲས་ཆན་ལ་འཇུག་ཅིང། འབྲས་ཆན་ནི་བཙོ་བ་ཡིན་ལ། མི་དང་སྣོད་དང་ཆུ་དང་མེ་དང་ཐབ་ལ་སོགས་པ་རང་རང་གི་བྱ་བ་བྱེད་པ་དག་ནི་བཙོ་བའི་བྱ་བ་དེ་སྒྲུབ་པར་བྱེད་པའི་རྐྱེན་དག་ཡིན་པར་མཐོང་བ་བཞིན་ནོ། །འདིར་བཤད་པ། བྱ་བ་རྐྱེན་དང་ལྡན་མ་ཡིན། འདི་ལ་ཁྱེད་ན་རེ་མིག་ལ་སོགས་པ་ནི་རྣམ་པར་ཤེས་པ་སྐྱེ་བའི་བྱ་བ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རྣམ་པར་ཤེས་པའི་རྐྱེན་ཡིན་ལ། དེ་ཉིད་ཀྱང་རྣམ་པར་ཤེས་པ་ལ་འཇུག་གོ་ཞེས་ཟེར་བ་ནི་བྱ་བ་བརྟགས་ན་མི་འཐད་པས་མིག་ལ་སོགས་པ་དག་དེ་སྒྲུབ་པར་བྱེད་པ་ཡིན་པར་ག་ལ་འགྱུར། གལ་ཏེ་ཇི་ལྟར་ཞེ་ན། དེའི་ཕྱིར་བཤད་པ་འདི་ལ་སྐྱེ་བའི་བྱ་བ་ནི་རྣམ་པར་ཤེས་པ་མ་སྐྱེས་པ་འམ་སྐྱེས་པ་ལ་འཇུག་པར་འགྱུར་གྲོང་ན། དེ་ལ་རེ་ཞིག་མ་སྐྱེས་པ་ལ་ནི་མི་འཇུག་སྟེ། གནས་པ་མེད་པའི་ཕྱིར་རོ། །འདི་ལྟར་སྐྱེ་བའི་བྱ་བ་ནི་རྣམ་པར་ཤེས་པའི་གནས་ལ་འཇུག་གི །གནས་མེད་པ་ལ་མི་འཇུག་པས་རྣམ་པར་ཤེས་པ་མ་སྐྱེས་པ་དེ་ཡང་མེད་པ་ཡིན་ལ། དེ་མེད་ན་སྐྱེ་བའི་བྱ་བ་དེ་ལ་གནས་པ་ཡོད་པར་ག་ལ་འགྱུར། རྣམ་པར་ཤེས་པ་སྐྱེས་པ་ལ་ཡང་སྐྱེ་བའི་བྱ་བ་མི་འཇུག་སྟེ། ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་སྐྱེས་ཟིན་པའི་ཕྱིར་ཏེ། འདི་ལྟར་སྐྱེས་ཟིན་པ་ལ་ནི་ཡང་སྐྱེ་བ་མེད་དོ། །དེ་ལ་འདི་སྙམ་དུ་རྣམ་པར་ཤེས་པ་སྐྱེ་བཞིན་པ་ལ་སྐྱེ་བའི་བྱ་བ་ཡོད་པར་སེམས་ན། དེ་ཡང་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། སྐྱེས་པ་དང་མ་སྐྱེས་པ་མ་གཏོགས་པར་སྐྱེ་བཞིན་པ་མེད་པའི་ཕྱིར་རོ། །སྐྱེ་བ་དང་མ་སྐྱེས་པ་གཉིས་ལ་སྐྱེ་བའི་བྱ་བ་མི་འཇུག་པར་ནི་བསྟན་


DTG096_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པས་དེའི་ཕྱིར་སྐྱེ་བའི་བྱ་བ་མེད་དོ། །འདིས་བཙོ་བའི་བྱ་བ་ཡང་བསལ་ཏེ། དེ་ལྟ་བས་ན་བྱ་བ་རྐྱེན་དང་ལྡན་པ་མི་འཐད་དོ། །དེ་ལ་འདི་སྙམ་དུ་རྐྱེན་དང་མི་ལྡན་པའི་བྱ་བ་ཡོད་པར་སེམས་ན། བཤད་པ། རྐྱེན་དང་མི་ལྡན་བྱ་བ་མེད། །འདི་ལྟར་རྐྱེན་དང་མི་ལྡན་པའི་བྱ་བ་མེད་དོ། །གལ་ཏེ་ཡོད་པར་གྱུར་ན་རྟག་ཏུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་རོ། །དེ་ལྟ་ཡིན་ན་རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་དུ་འགྱུར་བས་དེ་ཡང་མི་འདོད་དེ། དེའི་ཕྱིར་རྐྱེན་དང་མི་ལྡན་པའི་བྱ་བ་ཡང་མི་འཐད་དོ། །འདིར་སྨྲས་པ། རེ་ཞིག་རྐྱེན་རྣམས་ནི་ཡོད་དོ། །དེ་དག་ཡོད་པས་དངོས་པོ་འགྲུབ་བོ། །དེ་གྲུབ་པས་སྐྱེ་བ་འགྲུབ་བོ། །བཤད་པ། བྱ་བ་མི་ལྡན་རྐྱེན་མ་ཡིན། །གང་དག་ལ་བྱ་བ་མེད་པ་དེ་དག་ནི་རྐྱེན་མ་ཡིན་ནོ། །ཇི་ལྟར་ཞེ་ན། མིག་ལ་སོགས་པ་ནི་སྐྱེ་བའི་བྱ་བ་སྒྲུབ་པར་བྱེད་པས་རྣམ་པར་ཤེས་པའི་རྐྱེན་དུ་འགྱུར་ན། སྐྱེ་བའི་བྱ་བ་དེ་མི་འཐད་པར་ནི་སྔར་རབ་ཏུ་བསྟན་ཟིན་ཏོ། །དེ་མེད་པའི་ཕྱིར་དེ་སྒྲུབ་པར་བྱེད་པ་ཡོད་པར་གལ་འགྱུར། དེ་སྒྲུབ་པར་བྱེད་པ་མེད་པའི་ཕྱིར་མིག་ལ་སོགས་པ་སྐྱེ་བར་བྱ་བའི་རྐྱེན་མ་ཡིན་ནོ། །སྐྱེ་བར་བྱ་བའི་རྐྱེན་མ་ཡིན་ན་ཇི་ལྟར་རྐྱེན་དུ་འགྱུར། ཅི་སྟེ་འགྱུར་ན་ནི་ཐམས་ཅད་ཀྱང་ཐམས་ཅད་ཀྱི་རྐྱེན་དུ་འགྱུར་རོ། །དེ་ལྟ་ཡིན་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་བ་ཞིག་ན། དེ་ལྟར་ཡང་མི་འགྱུར་ཏེ། དེའི་ཕྱིར་བྱ་བ་དང་མི་ལྡན་པ་རྣམས་རྐྱེན་མ་ཡིན་ནོ། །སྨྲས་པ། ཅི་ཁོ་བོ་རྐྱེན་རྣམས་བྱ་བ་དང་མི་ལྡན་ནོ་ཞེས་སྨྲ་འམ། འདི་ལྟར་རྐྱེན་རྣམས་ནི་བྱ་བ་དང་ལྡན་པ་ཁོ་ན་ཡིན་ནོ། །བཤད་པ། བྱ་བ་ལྡན་ནམ་འོན་ཏེ་ནམ་ཡིན་ཞེས་བྱ་བའི་སྐབས་དེ་དང་སྦྱར་ཏེ་རྐྱེན་རྣམས་བྱ་བ་དང་ལྡན་པ་མ་ཡིན་ནོ། །བྱ་བ་རྐྱེན་དང་ལྡན་པ་མ་ཡིན་པ་དང་རྐྱེན་དང་མི་ལྡན་པ་མེད་པ་དེ་ནི་སྔར་རབ་ཏུ་བསྟན་པ་ཁོ་ན་ཡིན་ནོ། །བྱ་བ་མེད་ན་ཇི་ལྟར་རྐྱེན་རྣམས་བྱ་བ་དང་ལྡན་པར་འགྱུར། དེ་ལྟར་ན་གང་གི་ཕྱིར་བྱ་བ་དང་མི་ལྡན་པའི་རྐྱེན་ཀྱང་མི་འཐད་ལ། བྱ་བ་དང་ལྡན་པ་ཡང་མེད་པས་དེའི་ཕྱིར་རྐྱེན་དུ་རྣམ་པར་བརྟག་པ་ནི་དོན་མེད་པ་ཉིད་དོ། །འདིར་སྨྲས་པ། ཅིའི་རྐྱེན་རྣམས་བྱ་བ་དང་མི་ལྡན་ནོ་ཞེ་འམ། བྱ་བ་དང་


DTG096_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ནོ་ཞེས་བྱ་བ་མི་དགོས་པ་བསམ་པ་འདིས་ཅི་བྱ། གང་གི་ཕྱིར་རྣམ་པ་ཐམས་ཅད་དུ་རྒྱུ་ལ་སོགས་པའི་རྐྱེན་བཞི་པོ་དེ་དག་ལ་བརྟེན་ནས་དངོས་པོ་རྣམས་སྐྱེ་བས་དེའི་ཕྱིར་དེ་དག་དངོས་པོའི་རྐྱེན་ཡིན་ནོ། །བཤད་པ། ཅི་ཁྱོད་ནམ་མཁའ་ལ་ཁུ་ཚུར་དག་གིས་བརྡེག་གམ། གང་གི་ཚེ་སྐྱེ་བའི་བྱ་བ་མེད་པ་ཁོ་ན་སྟེ་དེ་མེད་པའི་ཕྱིར་རྐྱེན་རྣམས་མི་འཐད་དོ་ཞེས་སྔར་བསྟན་པའི་ཚེ་དེ་དག་ལ་བརྟེན་ནས་དངོས་པོ་རྣམས་སྐྱེ་བ་ཞེས་བྱ་བ་དེ་ཇི་ལྟར་སྨྲ་བར་འཐད། ཡང་གཞན་ཡང༌། འདི་དག་ལ་བརྟེན་སྐྱེ་བས་ན། །དེ་ཕྱིར་འདི་དག་རྐྱེན་ཞེས་གྲགས། །ཇི་སྲིད་མི་སྐྱེ་དེ་སྲིད་དུ། །འདི་དག་རྐྱེན་མིན་ཇི་ལྟར་མིན། །གལ་ཏེ་འདི་དག་ལ་བརྟེན་ནས་སྐྱེ་བས་རྐྱེན་ཡིན་ནོ་ཞེས་དེ་ལྟར་རྟོག་ན། ཇི་སྲིད་དུ་མི་སྐྱེ་བ་དེ་སྲིད་དུ་རྐྱེན་མ་ཡིན་ནོ་ཞེས་བྱ་བར་ཡང་ཅིའི་ཕྱིར་མི་བརྟག །ཅི་སྟེ་སྔར་རྐྱེན་དུ་མ་གྱུར་པ་ཕྱིས་རྐྱེན་དུ་འགྱུར་བར་སེམས་ན། དེ་ཡང་མི་འཐད་དེ། ཅིའི་ཕྱིར་ཞེ་ན། ཐམས་ཅད་ཀྱི་རྐྱེན་དུ་ཐལ་བར་འགྱུར་བའི་ཕྱིར་དེ་ཡང་མི་འདོད་དོ། །ཅི་སྟེ་རྐྱེན་མ་ཡིན་པ་དག་ཀྱང་གཞན་འགའ་ཞིག་ལ་ལྟོས་ནས་རྐྱེན་དུ་འགྱུར་ཏེ། དེས་ན་ཐམས་ཅད་ཀྱི་རྐྱེན་དུ་ཐམས་ཅད་ཐལ་བར་མི་འགྱུར་བར་སེམས་ན། དེ་ལ་ཡང་དེ་ཉིད་དོ། །གང་ཡང་རུང་བ་ལ་ལྟོས་ནས་རྐྱེན་མ་ཡིན་པ་ཡང་རྐྱེན་ཉིད་དུ་འགྱུར་ན། རྐྱེན་ཉིད་དེ་ལ་ཡང་རྐྱེན་ཡོད་པར་འགྱུར་ཞིང༌། དེ་ལ་ཡང་དེ་ལྟར་བསམ་དགོས་སོ། །ཐུག་པ་མེད་པའི་སྐྱོན་དུ་ཡང་འགྱུར་ཏོ། གལ་ཏེ་གཞན་ཡང་གཞན་འགའ་ཞིག་ལ་ལྟོས་ནས་རྐྱེན་ཉིད་དུ་འགྱུར་ན། དེ་ཡང་གཞན་ལ་ལྟོས་ལ་དེ་ཡང་གཞན་ལ་ལྟོས་པས་ཐུག་པ་མེད་པར་ཐལ་བར་འགྱུར་བས་དེ་ཡང་མི་འདོད་དོ། །དེའི་ཕྱིར་རྐྱེན་རྣམས་མི་འཐད་པ་ཁོ་ནའོ། །ཡང་གཞན་ཡང༌། མེད་དམ་ཡོད་པའི་དོན་ལ་ཡང༌། །རྐྱེན་ནི་རུང་བ་མ་ཡིན་ནོ། །མེད་ན་གང་གི་རྐྱེན་དུ་འགྱུར། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །འདི་ལ་བརྟེན་ནས་འདི་སྐྱེའོ་ཞེས་པའི་འབྲེལ་པ་འདི་ས་དོན་འདིའི་རྐྱེན་འདིའོ་ཞེས་ཟེར་ན། འདིའོ་འདིའོ་ཞེས་བྱ་བའི་འབྲེལ་པ་དེ་ཡང་དོན་མེད་པའམ་ཡོད་པའི་རྐྱེན་ཉིད་དུ་བརྟག་གྲང་ན། དོན་མེད་པ་དང་ཡོད་པའི་རྐྱེན་འདིའོ་ཞེས་བྱ་བར་མི་རུང་ངོ༌། །


DTG096_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ཞེ་ན། མེད་ན་གང་གི་རྐྱེན་དུ་འགྱུར། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །དངོས་པོ་མེད་པའི་རྐྱེན་དུ་བརྟགས་ན་རྐྱེན་འདི་གང་གི་ཞེས་ཟེར་བ་ལ་ཇི་སྐད་བརྗོད་པར་བྱ། འདི་ལྟར་སྣམ་བུ་མེད་པའི་རྐྱེན་རྒྱུ་སྤུན་དག་ཡིན་ནོ་ཞེས་བསྟན་པར་མི་རིགས་སོ། །སྨྲས་པ། རྒྱུ་སྤུན་དག་ལས་སྣམ་བུ་འབྱུང་བས་ཕྱིས་འབྱུང་བའི་ཚུལ་གྱིས་རྒྱུ་སྤུན་དག་སྣམ་བུའི་རྐྱེན་ཡིན་པར་བསྟན་དུ་རུང་ངོ༌། །བཤད་པ། ཅི་ཁྱོད་བུམ་འབྱུང་བའི་ནོར་གྱིས་བུའི་མ་ཁ་དྲངས་པར་འདོད་དམ། དངོས་པོ་མེད་པའི་རྐྱེན་མི་འཐད་དོ་ཞེས་སྨྲས་ཏེ། རྐྱེན་མི་འཐད་པས་དངོས་པོ་སྐྱེ་བ་བཀག་བཞིན་དུ་ཁྱོད་མ་འོངས་པའི་དངོས་པོ་སྐྱེ་བས་རྐྱེན་ཉིད་བསྒྲུབ་པར་འདོད་དོ། །གང་གི་ཚེ་གང་དུ་དུས་ལ་ལར་ཡང༌། དངོས་པོ་སྐྱེ་བ་མེད་པ་ལ། །མེད་ན་གང་གི་རྐྱེན་དུ་འགྱུར། །ཞེས་བྱ་བ་འདི་ཉེ་བར་གནས་པ་དེའི་ཚེ་དངོས་པོ་ཕྱིས་སྐྱེ་བར་འགྱུར་བ་དེ་ལ་ལྟོས་ནས་ཁྱེད་ཀྱི་རྐྱེན་འགྲུབ་པར་འགྱུར་བ་གང་ལ་ཡོད། དེ་ལྟ་བས་ན་དེ་ནི་གྱི་ནའོ། །དེ་ལ་འདི་སྙམ་དུ་ཡོད་པའི་རྐྱེན་དུ་འགྱུར་སེམས་ན། བཤད་པ། ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །དངོས་པོ་ཡོད་པ་ལ་རྐྱེན་མི་འཐད་དོ། །འདི་ལྟར་ཡོད་པ་ལ་ཡང་རྐྱེན་གྱིས་ཅི་ཞིག་བྱ་སྟེ། སྣམ་བུ་གྲུབ་ཅིང་ཡོད་པའི་རྐྱེན་རྒྱུ་སྤུན་དག་ཡིན་ནོ། །ཞེས་བསྟན་པར་མི་རིགས་སོ། །སྨྲས་པ། ཁོ་བོ་སྐྱེས་པ་ལ་ཡང་རྐྱེན་གྱི་བྱ་བ་ཡོད་དོ་ཞེས་མི་སྨྲ་སྟེ་འོན་ཀྱང་སྣམ་བུ་ཡོད་པའི་རྐྱེན་རྒྱུ་སྤུན་ཡིན་པར་ཐ་སྙད་འདོགས་པར་བྱེད་པས་སྣམ་བུ་དེའི་རྐྱེན་རྒྱུ་སྤུན་དག་ཡིན་ནོ། །བཤད་པ། ཅི་ཁྱོད་རང་གི་ཆུང་མ་མ་བླངས་པར་བུའི་ཆུང་མ་བླང་བར་སེམས་སམ། དངོས་པོ་ཡོད་པ་སྐྱེ་བའི་རྐྱེན་མི་འཐད་པས་དངོས་པོ་སྐྱེ་བ་བཀག་བཞིན་དུ་ཁྱོད་སྣམ་བུ་སྐྱེས་པའི་རྐྱེན་སྟོན་པར་བྱེད་འདོད་གོ །འོ་ན་ནི་དངོས་པོ་སྐྱེ་བ་སྒྲུབ་པའི་ཕྱིར་ཇེ་སྒྲིམས་ཤིག་དང་དེའི་འོག་ཏུ་འདིའི་རྐྱེན་འདིའོ། །ཞེས་བྱ་བ་དེ་འཐད་པར་འགྱུར་རོ། །དེ་ལྟ་བས་ན་དེ་ཡང་གྱི་ནའོ། །འདིར་སྨྲས་པ། འདི་ལ་དངོས་པོ་རྣམས་ནི་མཚན་ཉིད་ལ་འགྲུབ་ལ། རྒྱུ་ནི་སྒྲུབ་པར་བྱེད་པའོ། །ཞེས་རྒྱུའི་མཚན་ཉིད་ཀྱང་བསྟན་པས་དེ་ལྟར་མཚན་ཉིད་ཡོད་པའི་རྒྱུ་ཡོད་དེ། བཤད་པ། གང་ཚེ་ཆོས་ནི་ཡོད་པ་དང༌།།


DTG096_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དང་ཡོད་མེད་མི་འགྲུབ་པས། །ཇི་ལྟར་སྒྲུབ་བྱེད་རྒྱུ་ཞེས་བྱ། །དེ་ལྟར་ཡིན་ན་མི་རིགས་སོ། །འདི་ལ་ཆོས་གང་རྒྱུས་སྒྲུབ་པར་གྱུར་ན་དེ་ཡོད་པའམ་མེད་པའམ་ཡོད་མེད་ཅིག་སྒྲུབ་པར་འགྱུར་གྲང་ན། རྣམ་པ་ཐམས་ཅད་མི་འཐད་དོ། །དེ་ལ་རེ་ཞིག་ཡོད་པ་ནི་སྒྲུབ་པར་མི་བྱེད་དེ། སྐྱེས་ཟིན་པའི་ཕྱིར་རོ། །འདི་ལྟར་སྐྱེས་པ་ལ་ཡང་སྐྱེ་བས་ཅི་བྱ་སྟེ། ཅི་སྟེ་ཡོད་ཀྱང་ཡང་སྐྱེ་བ་ནི་ནམ་ཡང་མི་སྐྱེ་བར་མི་འགྱུར་བས་དེ་ཡང་མི་འདོད་དོ། །རྒྱུར་བསྟན་དུ་ཡང་མི་འཐད་དེ། འདི་ལྟར་ཡོད་པ་ལ་རྒྱུས་ཅི་བྱ། འདི་ལྟར་རེ་ཞིག་ཡོད་པ་ནི་སྒྲུབ་པར་མི་བྱེད་དོ། །ད་ནི་མེད་པ་ཡང་སྒྲུབ་པར་མི་བྱེད་དེ་མེད་པའི་ཕྱིར་རོ། །ཅི་སྟེ་མེད་ཀྱང་སྐྱེ་ན་ནི་རི་བོང་གི་རྭ་ཡང་སྐྱེ་བར་འགྱུར་རོ། །གལ་ཏེ་དངོས་པོ་ནི་རྒྱུ་ལས་སྐྱེའོ་ཞེ་ན། མི་རུང་སྟེ། རྒྱུ་མི་འཐད་པའི་ཕྱིར་རོ། །འདི་ལྟར་དངོས་པོ་མེད་ན་གང་གི་རྒྱུར་ཅི་འགྱུར། ཡང་ན་ཅི་ཞིག་བྱས་ན་རྒྱུའི་རྒྱུ་ཉིད་དུ་འགྱུར། འདི་ལྟར་ཐམས་ཅད་དུ་དངོས་པོ་མེད། དེ་ལ་འདི་ནི་རྒྱུའོ། །འདི་ནི་མ་ཡིན་ནོ་ཞེས་བྱེ་བྲག་བསྟན་པ་དེ་ཡོད་པར་ག་ལ་འགྱུར། དེ་ལྟ་བས་ན་མེད་པ་ཡང་སྒྲུབ་པར་མི་བྱེད་དོ། །ད་ནི་ཡོད་མེད་ཀྱང་སྒྲུབ་པར་མི་བྱེད་དེ། ཡོད་པ་དང་མེད་པ་གཉིས་ལྷན་ཅིག་འབྱུང་བ་འགལ་བའི་ཕྱིར་དང༌། སྐྱོན་སྔ་མར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་ཡོད་མེད་ཀྱང་སྒྲུབ་པར་མི་བྱེད་དོ། །དེའི་ཕྱིར་དེ་ལྟར་བརྟགས་ན་གང་གི་ཚེ་དངོས་པོ་གྲུབ་པ་ཇི་ལྟར་ཡང་མི་འཐད་པ་དེའི་ཚེ། ཇི་ལྟར་སྒྲུབ་བྱེད་རྒྱུ་ཞེས་བྱ། །དེ་ལྟར་ཡིན་ན་མི་རིགས་སོ། །དེ་ལྟར་ཡིན་ན་སྒྲུབ་པར་བྱེད་རྒྱུ་ཞེས་བྱ་བ་དེ་མི་རིགས་སོ། །འདིར་སྨྲས་པ། དམིགས་པ་ནི་ཡོད་དེ། རྣམ་པར་ཤེས་པ་ལ་སོགས་པའི་གནས་སུ་གྱུར་པའི་ཕྱིར་རོ། །བཤད་པ། ཡིན་པའི་ཆོས་ནི་དམིགས་པ་ནི། མེད་པ་ཁོ་ནར་ཉེ་བར་བསྟན། །འདི་ལ་དམིགས་པ་དང་བཅས་པར་ཞེས་བྱ་བའི་ཚིག་གི་ལྷག་མའོ། །ཡིན་པའི་ཆོས་འདི་དམིགས་པ་ཁོ་ན་ལས་དམིགས་པ་དང་བཅས་པར་ཉེ་བར་བསྟན་ཏོ། །ཡིན་པའི་ཆོས་འདི་དམིགས་པ་མེད་པ་ཁོ་ན་ལས་ཁྱོད་ཀྱིས་རང་གི་བློ་དམིགས་པ་དང་བཅས་པ་ཞེས་བརྗོད་དོ། །ཇི་ལྟ་ཞེ་


DTG096_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ན་འདི་ལ་དམིགས་པ་དང་བཅས་པ་ཞེས་བྱ་བ་ནི་དམིགས་པ་ཡོད་པ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཡོད་པ་ནི་དམིགས་པ་དང་བཅས་པར་འགྱུར་གྱི་མེད་པ་ནི་མི་འགྱུར་རོ། །དམིགས་པ་དང་བཅས་པའི་སྔོན་རོལ་ན་དམིགས་པ་མེད་པས་དེ་ནི་དམིགས་པ་མེད་པ་ཡིན་ནོ། །འདི་ལྟ་སྟེ། དཔེར་ན་ནོར་ཡོད་པ་ནི་ནོར་དང་བཅས་པ་སྟེ་ནོར་ཅན་ཞེས་བྱའོ། །འགའ་ཞིག་ཡོད་ན་ནོར་དང་བཅས་པར་འགྱུར་གྱི། མེད་ན་མི་འགྱུར་རོ། །ནོར་དང་བཅས་པའི་སྔོན་རོལ་ན་ནོར་མེད་པས་དེ་ནི་ནོར་མེད་པ་ཡིན་པ་བཞིན་ནོ། །དེའི་ཕྱིར་དམིགས་པ་མེད་པ་ཁོ་ན་ཡིན་པའི་ཆོས་འདི་ལ་ཁྱེད་རང་གི་རྣམ་པར་རྟོག་པས་དམིགས་པ་དང་བཅས་པར་རྟོག་པར་བྱེད་དོ། །དེ་ལ་ཁོ་བོས་བཤད་པར་བྱ་སྟེ། དེ་ལྟར་ཆོས་ནི་དམིགས་མེད་ན། །དམིགས་པ་ཡོད་པར་ག་ལ་འགྱུར། །དེ་ལྟར་ཞེས་བྱ་བའི་སྒྲ་ནི་དྲི་བའོ། །ག་ལ་འགྱུར་ཞེས་བྱ་བ་གཏན་ཚིགས་བསྟན་པ་སྟེ། དེ་ལྟར་ཆོས་དམིགས་པ་མེད་པར་གྲུབ་ན་ཅིའི་ཕྱིར་དོན་མེད་པའི་དམིགས་པ་ལ་རྟོག་པར་བྱེད། སྨྲས་པ། ཁྱོད་ཉིད་གཞུང་ལུགས་ཁོང་དུ་མ་ཆུད་པ་ཁོ་ནས་ལོག་པར་རྟོག་གི །ཁོ་བོ་ནི་དམིགས་པ་ཡོད་པ་ནི་དམིགས་པ་དང་བཅས་པ་སྟེ་ནོར་དང་བཅས་པ་བཞིན་ནོ་ཞེས་མི་སྨྲའོ། །དེའི་དོན་ནི་འདི་ཡིན་ཏེ་ཆོས་གྲུབ་པ་ནི་གཞི་གང་གིས་སྒྲུབ་པར་བྱེད་པ་དེ་ནི་དེའི་དམིགས་པ་ཡིན་ཏེ། དེས་ན་དེ་དམིགས་པ་དང་བཅས་པ་ཞེས་ཉེ་བར་སྟོན་ཏེ། །བཤད་པ། དེ་མི་འཐད་དེ། དེ་ལ་ཡང་བཤད་པར་བྱའོ། །དེ་ལྟར་ཆོས་ནི་དམིགས་མེད་ན། །དམིགས་པ་ཡོད་པར་ག་ལ་འགྱུར། །དེ་ལྟར་ཆོས་དམིགས་པ་མེད་དེ་ཡོད་པ་མ་ཡིན་ཞིང་མངོན་པར་མ་གྲུབ་ན་དམིགས་པ་ཡོད་པར་འཐད་པར་ག་ལ་འགྱུར། ཆོས་ཀྱི་དམིགས་པ་ཞེས་བྱ་བ་དེ་ཡང་མངོན་པར་མ་གྲུབ་པ་ཁོ་ནའོ། །མངོན་པར་མ་གྲུབ་ཅིང་མེད་པ་དེ་ལ་དམིགས་པ་ཡོད་པར་ག་ལ་འགྱུར། དམིགས་པ་མེད་ན་ཇི་ལྟར་དམིགས་པས་ཆོས་སྒྲུབ་པར་བྱེད། དེའི་ཕྱིར་དམིགས་པ་ཡང་ཡོད་པ་མ་ཡིན་ལ། ཆོས་ཀྱང་དམིགས་པ་དང་བཅས་པ་མ་ཡིན་པ་ཁོ་ནའོ། །འདིར་སྨྲས་པ། དངོས་པོ་གཞན་འགགས་མ་ཐག་པ་ནི་དངོས་པོ་གཞན་སྐྱེ་བའི་རྐྱེན་ཡིན་ནོ། །དེ་ནི་དེ་མ་ཐག་པ་ཞེས་བྱ་བ་


DTG096_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་དེ་ཡོད་དོ། །བཤད་པ། ཆོས་རྣམས་སྐྱེས་པ་མ་ཡིན་ན། །འགག་པ་འཐད་པར་མི་འགྱུར་རོ། །དེ་ཕྱིར་དེ་མ་ཐག་མི་རིགས། །འགགས་ན་རྐྱེན་ཡང་གང་ཞིག་ཡིན། །དེ་ལ་རྩ་བ་འོག་མ་གཉིས། །འགགས་ན་རྐྱེན་ཡང་གང་ཞིག་ཡིན། །དེ་ཕྱིར་དེ་མ་ཐག་མི་རིགས། །ཞེས་བ་སྣོར་བར་བལྟ་བར་བྱའོ། །ཞེས་བྱ་བའི་སྒྲ་ནི་འདིར་མ་སྐྱེས་པ་ལ་ལྟོས་པར་བལྟ་བར་བྱའོ། །དེ་ཡང་མ་སྐྱེས་པའི་སྒྲ་ལ་ལྟོས་ནས། འགགས་ན་རྐྱེན་ཡང་གང་ཞིག་ཡིན། །མ་སྐྱེས་པའི་རྐྱེན་གང་ཞིག་ཡིན། །ཞེས་བྱ་བར་སྦྱར་རོ། །དེ་གཉིས་ནི་ཚིགས་སུ་བཅད་པ་སྦྱར་བའི་ཕྱིར་གོ་རིམས་བཞིན་མ་བྱས་སོ། །དངོས་པོ་གཞན་འགག་མ་ཐག་པ་ནི་དངོས་པོ་གཞན་སྐྱེ་བའི་རྐྱེན་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། ཆོས་རྣམས་སྐྱེས་པ་མ་ཡིན་ན། །འགག་པ་འཐད་པར་མི་འགྱུར་རོ། །འགགས་ན་རྐྱེན་ཡང་གང་ཞིག་ཡིན། །འགག་པ་ཞེས་བྱ་བ་ནི་མེད་པ་སྟེ། དེ་ལ་གལ་ཏེ་མྱུ་གུ་སྐྱེ་བའི་སྔོན་རོལ་དུ་ས་བོན་འགག་པར་འགྱུར་ན་ནི་ས་བོན་འགགས་ཏེ་མེད་ན་མྱུ་གུ་སྐྱེ་བར་འགྱུར་བ་གང་ཡིན་པ་དེའི་རྐྱེན་ཡང་གང་ཞིག་ཡིན། ཡང་ན་ས་བོན་འགག་པའི་རྐྱེན་ཡང་གང་ཞིག་ཡིན། ས་བོན་འགགས་ཏེ་མེད་པ་ཡང་ཇི་ལྟར་མྱུ་གུ་སྐྱེ་བའི་རྐྱེན་དུ་འགྱུར། མྱུ་གུ་མ་སྐྱེས་པའི་རྐྱེན་དུ་ས་བོན་འགག་པ་ཇི་ལྟར་འགྱུར། དེ་ལྟ་བས་ན་ས་བོན་འགགས་ནས་མྱུ་གུ་སྐྱེ་བར་རྟོག་ན་དེ་གཉི་ག་རྒྱུ་མེད་པར་ཐལ་བར་འགྱུར་ཏེ། རྒྱུ་མེད་པར་ནི་མི་འདོད་དོ། །སྨྲས་པ། གལ་ཏེ་མྱུ་གུ་སྐྱེས་མ་ཐག་ཏུ་ས་བོན་འགག་པར་འགྱུར་ན། དེ་ལྟ་ན་ཡང་དེ་མ་ཐག་འགྲུབ་སྟེ། འདི་ལྟར་མྱུ་གུ་སྐྱེས་མ་ཐག་ཏུ་ས་བོན་འགག་པའི་རྐྱེན་དུ་འགྱུར་བའི་ཕྱིར་རོ། །བཤད་པ། དེ་ཡང་མི་འཐད་དེ། ཅིའི་ཕྱིར་ཞེ་ན། སྐྱེས་ནའང་རྐྱེན་དུ་ཇི་ལྟར་འགྱུར་ཏེ། གལ་ཏེ་མྱུ་གུ་སྐྱེ་ཞིང་མྱུ་གུ་སྐྱེ་བའི་བྱ་བ་མཐར་ཐུག་པའི་ཚེ་ས་བོན་འགག་པར་འགྱུར་ན་འགག་པ་དེའི་རྐྱེན་ཡང་གང་ཞིག་ཡིན་པར་འགྱུར། མྱུ་གུ་སྐྱེ་བའི་རྐྱེན་ཡང་གང་ཞིག་ཡིན་པར་འགྱུར་ཏེ། དེའི་ཕྱིར་དེ་ལྟ་ན་ཡང་དེ་གཉི་ག་སྔ་མ་བཞིན་དུ་རྒྱུ་མེད་པར་ཐལ་བར་འགྱུར་རོ། །ཅི་སྟེ་ས་བོན་འགག་བཞིན་པ་ན་མྱུ་གུ་སྐྱེ་བས་དེས་ན་རྒྱུ་མེད་


DTG096_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྐྱེན་དུ་མི་འགྱུར་བར་སེམས་ན། དེ་ཡང་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། གང་འགག་པ་དང་གང་སྐྱེ་བ་དེ་གཉི་ག་ཡང་ཡོད་པ་མ་ཡིན་ཏེ། མ་འགག་པའི་ཕྱིར་དང༌། སྐྱེས་ཟིན་པའི་ཕྱིར་རོ། །དངོས་པོ་གཉིས་ཡོད་ན། དེ་མ་ཐག་པའི་རྐྱེན་ཉིད་དུ་ཇི་ལྟར་འགྱུར། སྐྱེ་བ་དང་འགག་པ་གཉིས་དུས་གཅིག་ཏུ་རྟོག་ན་ཡང་དེ་མ་ཐག་པ་མི་འཐད་དེ། དུས་མཉམ་པའི་ཕྱིར་རོ། །དེའི་ཕྱིར་དེ་མ་ཐག་མི་རིགས། དེ་ལྟར་གང་གི་ཕྱིར་རྣམ་པ་ཐམས་ཅད་དུ་བརྟགས་ན་དེ་མ་ཐག་པ་མི་འཐད་དེ། དེའི་ཕྱིར་དེ་མ་ཐག་པའི་རྐྱེན་ཡོད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་འཐད་དོ། །ཡང་ན་འདི་ནི་དོན་གཞན་ཡིན་ཏེ། འདི་ལ་དངོས་པོ་རྣམས་མ་སྐྱེས་པ་ཞེས་བྱ་བ་དེ་ནི་སྔར་བསྒྲུབས་ཟིན་ཏེ། དེའི་ཕྱིར་དངོས་པོ་རྣམས་སྐྱེ་བ་མེད་པ་དེ་གྲུབ་པར་བྱས་ནས། །བཤད་པ། ཆོས་རྣམས་སྐྱེས་པ་མ་ཡིན་ན། །འགག་པ་འཐད་པར་མི་འགྱུར་རོ། །དངོས་པོ་རྣམས་སྐྱེས་པ་མ་ཡིན་ཞིང་མེད་ན་འགག་པ་འཐད་པར་མི་འགྱུར་ཏེ། མེད་པ་ལ་ཅི་ཞིག་འགག་པར་འགྱུར། དེ་ཕྱིར་དེ་མ་ཐག་མི་རིགས། །དེ་ལྟར་གང་གི་ཕྱིར་དངོས་པོ་འགག་པ་ཉིད་མི་འཐད་པ་དེའི་ཕྱིར་དེ་མ་ཐག་པ་མི་རིགས་སོ། །དེ་ནི་འགག་པར་རྟོག་ན་ཡང་དེ་མ་ཐག་པ་མི་རིགས་ཏེ། ཇི་ལྟར་ཞེ་ན། འགགས་ན་རྐྱེན་ཡང་གང་ཞིག་ཡིན། སྐྱེས་ནའང་རྐྱེན་དུ་ཇི་ལྟར་འགྱུར་ཏེ། དེའི་དོན་ནི་སྔར་རྣམ་པར་བཤད་ཟིན་ཏོ། །འདིར་སྨྲས་པ། བདག་པོ་ཉིད་ནི་ཡོད་དོ། །བདག་པོའི་དངོས་པོ་ནི་བདག་པོ་ཉིད་དེ། དེ་ཡང་མདོར་བསྡུ་ན་གང་ཡོད་ན་གང་འབྱུང་བ་དང༌། གང་མེད་ན་གང་མི་འབྱུང་བ་དེ་ནི་དེའི་བདག་པོ་ཉིད་དོ། །བཤད་པ། དངོས་པོ་རང་བཞིན་མེད་རྣམས་ཀྱི། །ཡོད་པ་གང་ཕྱིར་ཡོད་མི་མན། །འདི་ཡོད་པས་ན་འདི་འབྱུང་ཞེས། །བྱ་བ་དེ་ནི་འཐད་མ་ཡིན། འདི་ལ་དངོས་པོ་རྣམས་ཀྱི་རང་བཞིན་མེད་པ་ཉིད་ནི་སྔར་ཡང་ཀུན་ཏུ་བསྟན་ཅིང་ཕྱིས་ཀྱང་རྒྱ་ཆེར་སྟོན་ཏོ། །དེའི་ཕྱིར་དེ་རབ་ཏུ་གྲུབ་པར་བྱས་ནས་དངོས་པོ་རང་བཞིན་མེད་པ་རྣམས་ཀྱིས་ཞེས་བྱ་བ་གསུངས་སོ། །ཇི་ལྟར་གང་གི་ཕྱིར་དངོས་པོ་རང་བཞིན་མེད་པ་རྣམས་ཀྱིས་ཡོད་པ་ཞེས་བྱ་བ་ཡོད་པའི་དངོས་པོ་མི་འཐད་པ་དེའི་ཕྱིར་གང་ཡོད་ན་འདི་ཡོད་པས་ཞེས་བརྗོད་པར་ནུས་པའི་དངོས་


DTG096_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་ཉིད་མེད་དོ། །འདི་ཡོད་པས་ཞེས་བྱ་བ་འདི་ལ་མེད་ན་འདི་འབྱུང་ཞེས་བྱ་བ་དེ་འཐད་པར་ག་ལ་འགྱུར། འདི་ཡོད་པས་འདི་འབྱུང་ཞེས་བྱ་བ་འདི་ལ་མི་འཐད་ན་གང་གི་བདག་པོ་ཉིད་དུ་ཇི་ཞིག་འགྱུར། དེའི་ཕྱིར་བདག་པོ་ཉིད་ཀྱང་མི་འཐད་དོ། །འདིར་སྨྲས་པ། རྐྱེན་གྱི་དངོས་པོ་རྣམས་འདི་ལྟར་གྲུབ་པར་བྱེད་དོ་ཞེས་བྱ་བ་དེ་སྨྲ་བར་མི་ནུས་མོད་ཀྱི། འོན་ཀྱང་རྐྱེན་རྣམས་ནི་ཡོད་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་དག་ལས་འབྲས་བུ་སྐྱེ་བའི་ཕྱིར་ཏེ། འདི་ན་ས་བོན་ལ་སོགས་པ་རྐྱེན་རྣམས་ལས་མྱུ་གུ་ལ་སོགས་པ་འབྲས་བུ་སྐྱེ་བར་མཐོང་སྟེ། དེའི་ཕྱིར་དེ་དག་ལས་འབྲས་བུ་སྐྱེ་བར་མཐོང་ནས་འབྲས་བུའི་རྐྱེན་ནི་འདི་དག་གོ་ཞེས་བྱ་བར་ཤེས་སོ། །བཤད་པ། རྐྱེན་རྣམས་སོ་སོ་འདུས་པ་ལས། །འབྲས་བུ་དེ་ནི་མེད་པ་ཉིད། །རྐྱེན་རྣམས་ལ་ནི་གང་མེད་པ། །དེ་ནི་རྐྱེན་ལས་ཇི་ལྟར་སྐྱེ། །ཉིད་ཅེས་བྱ་བའི་སྒྲ་ནི་ཁོ་ན་ཞེས་བྱ་བའི་དོན་ཏོ། །སོ་སོ་བདག་ལ་ཡང་མེད་པ་ཁོ་ན་ཡིན་ལ། འདུས་པ་དག་ལ་ཡང་མེད་པ་ཁོ་ནའོ་ཞེས་བྱའོ། །ཁྱོད་ཀྱིས་རྐྱེན་རབ་ཏུ་བསྒྲུབ་པའི་ཕྱིར་འབྲས་བུ་སྐྱེ་བར་བསྟན་པ་གང་ཡིན་པ་དེ་ཉིད་མི་འཐད་ན། རྐྱེན་འགྲུབ་པར་ག་ལ་འགྱུར་ཇི་ལྟར་ཞེ་ན། གང་གི་ཕྱིར་རྐྱེན་རྣམས་སོ་སོ་བ་དང་འདུས་པ་ལ་འབྲས་བུ་དེ་མེད་པ་ཉིད་ཡིན་པའི་ཕྱིར་ཏེ། རྐྱེན་རྣམས་སོ་སོ་བ་དང་འདུས་པ་ལ་མེད་པ་ཉིད་གང་ཡིན་པ་དེ་ཇི་ལྟར་དེ་དག་ལས་སྐྱེ་བར་འགྱུར། འབྲས་བུ་སྐྱེ་བ་མེད་ན་ཁྱོད་ཀྱིས་རྐྱེན་འགྲུབ་པར་ག་ལ་འགྱུར། དེ་ལ་འདི་སྙམ་དུ་རྐྱེན་རྣམས་ལས་འབྲས་བུ་ཡོད་པ་ཁོ་ནར་སེམས་ན། དེ་ལྟ་ན་ཡང་རྐྱེན་འཐད་པ་མ་ཡིན་ཏེ། འདི་ལྟར་ཡོད་པ་ལ་རྐྱེན་གྱིས་བྱ་བ་མེད་དེ་སྐྱེས་ཟིན་པ་ཡང་སྐྱེད་མི་དགོས་པའི་ཕྱིར་རོ། །ཡང་གཞན་ཡང་གལ་ཏེ་རྐྱེན་རྣམས་ལ་འབྲས་བུ་དེ་ཡོད་པར་གྱུར་ན། རྐྱེན་དུ་མའི་འབྲས་བུ་གང་ཡིན་པ་དེ་རྐྱེན་རེ་རེ་ལ་ཡོངས་སུ་རྫོགས་པར་ཡོད་པའམ། ཆ་ཤས་ཅིག་ཡོད་པར་འགྱུར་གྲང་ན། དེ་ལ་རེ་ཞིག་གལ་ཏེ་རེ་རེ་ལ་ཡོངས་སུ་རྫོགས་པ་ཡོད་པར་བརྟགས་ན་ནི་རྐྱེན་དུ་མར་མི་འགྱུར་ཏེ། རེ་རེ་ལ་ཡང་ཡོད་པའི་ཕྱིར་མི་ལྟོས་པར་རེ་རེ་ལས་ཀྱང་འབྲས་བུ་སྐྱེ་བར་ཐལ་བར་འགྱུར་རོ། །ཅི་སྟེ་རྐྱེན་རྣམས་ལ་


DTG096_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའི་ཆ་ཤས་ཡོད་པར་བརྟགས་ན་ནི། དེ་ལྟ་ན་ཡང་མི་ལྟོས་པར་རེ་རེ་ལས་འབྲས་བུའི་ཆ་ཤས་སྐྱེ་བར་ཐལ་བར་འགྱུར་བས་དེ་ཡང་མི་འདོད་དེ། དེའི་ཕྱིར་རྐྱེན་རྣམས་སོ་སོ་བ་དང་འདུས་པ་ལ་འབྲས་བུ་དེ་ཡོད་པར་མི་འཐད་དོ། །ཅི་སྟེ་རྐྱེན་རྣམས་ལ་འབྲས་བུ་མེད་ཀྱང་རྐྱེན་རྣམས་ལས་སྐྱེ་སྟེ། འབྲས་བུ་སྐྱེ་བ་ལ་ལྟོས་ནས་ཁོ་བོའི་རྐྱེན་རབ་ཏུ་འགྲུབ་བོ་སྙམ་དུ་སེམས་ན། དེ་ལ་བཤད་པར་བྱ་སྟེ། ཅི་སྟེ་དེ་ནི་མེད་པར་ཡང༌། །རྐྱེན་དེ་དག་ལས་སྐྱེ་འགྱུར་ན། །རྐྱེན་མིན་ལས་ཀྱང་འབྲས་བུ་ནི། །ཅིའི་ཕྱིར་ཞེ་ན་སྐྱེ་མི་འགྱུར། །འདི་ལ་འབྲས་བུ་ཡོད་པ་ལས་རྐྱེན་དང་རྐྱེན་མ་ཡིན་པའི་བྱེ་བྲག་ཏུ་འགྱུར་ན། འབྲས་བུ་དེ་ཡང་རྐྱེན་དང་རྐྱེན་མ་ཡིན་པ་དག་ལ་མེད་དོ། །དེ་དག་ལ་མེད་བཞིན་དུ་གལ་ཏེ་རྐྱེན་རྣམས་ལས་འབྲས་བུ་སྐྱེ་ན་ནི་རྐྱེན་མ་ཡིན་པ་རྣམས་ལས་ཀྱང་ཅིའི་ཕྱིར་མི་སྐྱེ་སྟེ། འདི་ལྟར་རྐྱེན་དང་རྐྱེན་མ་ཡིན་པ་རྣམས་ལ་འབྲས་བུ་མེད་པར་མཚུངས་པ་ལས། རྐྱེན་རྣམས་ལས་ནི་འབྲས་བུ་སྐྱེ་ལ་རྐྱེན་མ་ཡིན་པ་རྣམས་ལས་ནི་མི་སྐྱེ་བ་ཞེས་བྱ་བ་དེ་ནི་ཡིད་ལ་བསམས་པ་ཙམ་དུ་ཟད་དོ། །དེའི་ཕྱིར་འབྲས་བུ་སྐྱེ་བ་མི་འཐད་དེ། འབྲས་བུ་སྐྱེ་བ་མེད་ན་རྐྱེན་འགྲུབ་པར་ག་ལ་འགྱུར། འདིར་སྨྲས་པ། རྐྱེན་རྣམས་ལ་འབྲས་བུ་ཡོད་པ་དང་མེད་པའི་རྐྱེན་རྣམས་ལས་སྐྱེའོ། །ཞེས་ནི་མི་སྨྲའོ། །འབྲས་བུ་ནི་རྐྱེན་རྣམས་ལས་གྱུར་པའི་རྐྱེན་གྱི་བདག་ཉིད་རྐྱེན་ལས་བྱུང་བ་ཡིན་ནོ། །ཞེས་སྨྲའོ། །དེ་ལྟ་ཡིན་ནི་སྣམ་བུ་ནི་རྒྱུ་སྤུན་གྱི་བདག་ཉིད་ལས་བྱུང་བ་ཡིན་པས། རྒྱུ་སྤུན་དག་ནི་སྣམ་བུའི་རྐྱེན་ཡིན་ནོ། །བཤད་པ། འབྲས་བུ་རྐྱེན་ལས་བྱུང་ཡིན་ནོ། །རྐྱེན་རྣམས་རང་ལས་བྱུང་མ་ཡིན། །རང་བྱུང་མིན་ལས་འབྲས་བུ་གང༌། །དེ་ནི་ཇི་ལྟར་རྐྱེན་ལས་བྱུང༌། །འབྲས་བུ་རྐྱེན་ལས་གྱུར་པ་རྐྱེན་གྱི་བདག་ཉིད་ལས་བྱུང་བ་མ་ཡིན་པར་བརྟགས་ན། རྐྱེན་དེ་རྣམས་ནི་རང་ལས་གྱུར་པ་མ་ཡིན། རང་ཉིད་རབ་ཏུ་གྲུབ་པ་མ་ཡིན། རང་ཉིད་བདག་ཉིད་མ་ཡིན། རང་ལས་བྱུང་བ་མ་ཡིན་ཏེ་ངོ་བོ་ཉིད་མེད་པ་ཡིན་ནོ། །རྐྱེན་རང་ལས་གྱུར་པ་མ་ཡིན་པ། རང་ཉིད་རབ་ཏུ་གྲུབ་པ་མ་ཡིན་པ། རང་གི་བདག་ཉིད་མ་ཡིན་པ། རང་ལས་བྱུང་བ་མ་ཡིན་པ་ངོ་བོ་ཉིད་མེད་པ་དེ་དག་


DTG096_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྲས་བུ་བྱུང་བར་རྟོག་ན་ཇི་ལྟར་རྐྱེན་ལས་བྱུང་བར་ཉེ་བར་བརྟགས་ན། འདི་ལྟར་གལ་ཏེ་རྒྱུ་སྤུན་དག་རང་ཉིད་རབ་ཏུ་གྲུབ་ན་ནི་རང་ལས་བྱུང་བར་ཡང་འགྱུར་བས། དེས་ན་སྣམ་བུ་རྒྱུ་སྤུན་དག་ལས་བྱུང་བ་ཞེས་བྱ་བ་དེ་ཡང་འཐད་པར་འགྱུར་བ་ཞིག་ན། གང་གི་ཚེ་རྒྱུ་དག་རང་ཉིད་རབ་ཏུ་མ་གྲུབ་པ་རང་ལས་བྱུང་བ་མ་ཡིན་པ་ངོ་བོ་ཉིད་མེད་པ་སྟེ། རྒྱུ་དག་ལས་གྱུར་པ་རྒྱུ་དག་གི་བདག་ཉིད་རྒྱུ་ལས་བྱུང་བ་ཡིན་པ་དེའི་ཚེ། སྣམ་བུ་རྒྱུ་སྤུན་དག་ལས་བྱུང་ངོ༌། །ཞེས་བྱ་བ་དེ་ཇི་ལྟར་འཐད་པར་འགྱུར། སློབ་དཔོན་འཕགས་པ་ལྷས་ཀྱང༌། །སྣམ་བུ་རྒྱུ་ལས་གྲུབ་ཡིན་ན། །རྒྱུ་ཡང་གཞན་ལས་གྲུབ་པ་ཡིན། །གང་ལ་རང་ལས་གྲུབ་མེད་པ། །དེ་ཡིས་གཞན་ནི་ཇི་ལྟར་བསྐྱེད། །ཅེས་གསུངས་སོ། །དེ་ལྟར་གང་གི་ཕྱིར་རྐྱེན་རྣམས་རང་ཉིད་རབ་ཏུ་མ་གྲུབ་རང་ལས་བྱུང་བ་མ་ཡིན་ཞིང་ངོ་བོ་ཉིད་མེད་པ། དེའི་ཕྱིར་རྐྱེན་བྱུང་མ་ཡིན། འབྲས་བུ་རྐྱེན་ལས་བྱུང་བ་མ་ཡིན་ནོ། །དེ་ལ་འདི་སྙམ་དུ་འབྲས་བུ་རྐྱེན་མ་ཡིན་པ་ལས་བྱུང་བར་སེམས་ན། བཤད་པ། རྐྱེན་མིན་ལས་བྱུང་འབྲས་བུ་ནི། །ཡོད་མིན། གང་གི་ཚེ་སྣམ་བུ་རྒྱུ་སྤུན་ལས་བྱུང་བར་མི་འཐད་པ་དེའི་ཚེ་སྣམ་བུ་རྩི་རྐྱང་ལས་བྱུང་ངོ༌། །ཞེས་བྱ་བ་འཇིག་རྟེན་དང་འགལ་བ་འདི་ཇི་ལྟར་འཐད་པར་འགྱུར། དེའི་ཕྱིར་འབྲས་བུ་རྐྱེན་མ་ཡིན་པ་ལས་བྱུང་བ་ཡང་མེད་དོ། །སྨྲས་པ། རྐྱེན་རྣམས་ནི་ཡོད་པ་ཁོ་ན་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྐྱེན་དང་རྐྱེན་མ་ཡིན་པ་ངེས་པའི་ཕྱིར་རོ། །འདི་ན་རྐྱེན་དང་རྐྱེན་མ་ཡིན་པ་ངེས་པ་མཐོང་སྟེ། འབྲུ་དག་ལས་འབྲུ་མར་ཁོ་ན་འབྱུང་གི་མར་མི་འབྱུང་ངོ༌། །ཞོ་ལས་ནི་མར་ཁོ་ན་འབྱུང་གི་འབྲུ་མར་མི་འབྱུང་ངོ༌། །བྱེ་མ་དག་ལས་ནི་དེ་གཉི་ག་མི་འབྱུང་ངོ༌། །འདི་ལྟར་གང་གི་ཕྱིར་འདི་དག་ནི་འདིའི་རྐྱེན་ཡིན་ནོ། །འདི་དག་ནི་འདིའི་རྐྱེན་མ་ཡིན་ནོ་ཞེས་བྱ་བ་དེ་ཡོད་པས་དེའི་ཕྱིར་རྐྱེན་འགྲུབ་པོ། །བཤད་པ། འབྲས་བུ་མེད་པས་ན། །རྐྱན་མིན་རྐྱེན་དུ་ག་ལ་འགྱུར། །འདི་ལ་ཁྱོད་ཀྱིས་འབྲུ་མ་རལ་སོགས་པ་འབྲས་བུ་འབྱུང་བ་དང༌། མི་འབྱུང་བ་རྐྱེན་དང་རྐྱེན་མ་ཡིན་པར་ངེས་པའི་རྒྱུར་སྨྲས་པ་ནི་འབྲས་བུ་སྐྱེ་བ་མི་འཐད་དོ་ཞེས་སྔར་བསྟན་ཟིན་ཏེ། འབྲས་བུ་དེ་མེད་ན་


DTG096_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་ནི་འདིའི་རྐྱེན་མ་ཡིན་ནོ། །འདི་དག་ནི་འདིའི་རྐྱེན་ཡིན་ནོ། །ཞེས་བྱ་བ་དེ་འཐད་པར་གལ་འགྱུར། འབྲས་བུ་ལ་ལྟོས་ནས་དེ་གཉིས་སུ་འགྱུར་ན་འབྲས་བུ་དེ་ཡང་མེད་དོ། །འབྲས་བུ་མེད་པས་ན་རྐྱེན་མ་ཡིན་པ་དང་རྐྱེན་དུ་ག་ལ་འགྱུར། དེ་ལྟར་བས་ན་འབྲས་བུ་ཡང་མི་འཐད་ལ་རྐྱེན་དང་རྐྱེན་མ་ཡིན་པ་དག་ཀྱང་མེད་དོ། །འབྲས་བུ་དང་རྐྱེན་དང་རྐྱེན་མ་ཡིན་པ་དག་མེད་པས་སྐྱེ་བར་བརྗོད་པ་ནི་ཐ་སྙད་ཙམ་དུ་གྲུབ་པོ། །རྐྱེན་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དང་པོའོ།། །།སྨྲས་པ། ཁྱེད་ཀྱིས་སྐྱེ་བ་མེད་པའི་རིགས་པ་འདི་རྗེས་སུ་རབ་ཏུ་བསྟན་པས་ཁོ་བོའི་ཡིད་སྟོང་པ་ཉིད་ཉན་པ་ལ་ངོ་མཚར་སྙིང་པོ་ཅན་དུ་བྱས་ཀྱིས། ཇི་ལྟར་འཇིག་རྟེན་གྱིས་མངོན་སུམ་གྱི་འགྲོ་བ་དང་འོང་བ་མི་འཐད་པ་དེ་ཇེ་སྨྲོས་ཤིག །བཤད་པ། རེ་ཞིག་སོང་ལ་འགྲོ་མེད་དེ། །མ་སོང་བ་ལའང་འགྲོ་བ་མེད། །འདི་ལ་གལ་ཏེ་འགྲོ་བ་ཞིག་ཡོད་པར་གྱུར་ན། དེ་སོང་བ་ལ་འམ། མ་སོང་པ་ལ་ཡོད་པར་འགྱུར་གྲང་ན། དེ་ལ་རེ་ཞིག་སོང་བ་ལ་ནི་འགྲོ་བ་མེད་དོ། །འགྲོ་བའི་བྱ་བ་འདས་ཟིན་པའི་ཕྱིར་རོ། །མ་སོང་བ་ལ་ཡང་འགྲོ་བ་མེད་དེ། འགྲོ་བའི་བྱ་བ་མ་བརྩམས་པའི་ཕྱིར་རོ། །སྨྲས་པ། དེ་ནི་དེ་བཞིན་ཏེ། སོང་བ་དང་མ་སོང་བ་ལ་འགྲོ་བ་མེད་མོད་ཀྱི། འོན་ཀྱང་བགོམ་པ་ལ་འགྲོ་བ་ཡོད་དོ། །བཤད་པ། །སོང་དང་མ་སོང་མ་གཏོགས་པར། །བགོམ་པ་ཤེས་པར་མི་འགྱུར་རོ། སོང་བ་དང་མ་སོང་བ་མ་གཏོགས་པར་བགོམ་པ་ཅི་ཞིག་ཡོད་དོ། །ཤེས་པར་མི་འགྱུར་རོ། །ཇི་ལྟར་ཞེ་ན། འདི་ལྟར། ཤེས་པར་མི་འགྱུར་རོ། །ཞེས་བྱ་བ་ནི། གཟུང་དུ་མེད་པས་ཏེ་མི་འཐད་དོ་ཞེས་བྱ་བའི་ཐ་ཚིག་གོ ། །དེ་ལྟར་གང་གི་ཕྱིར་སོང་བ་དང་མ་སོང་བ་མ་གཏོགས་པར་བསྒོམ་གཟུང་དུ་མེད་པ་ཁོ་ན་སྟེ་མི་འཐད་པ་དེའི་ཕྱིར་མེད་པ་ཁོ་ན་ཡིན་པས་འགྲོ་བ་མེད་དོ། །སྨྲས་པ། བགོམ་པ་ཁོ་ན་ཡིན་ཏེ། དེ་ལ་འགྲོ་བ་ཡོད་དོ། །ཇི་ལྟར་ཞེ་ན། གང་ན་གཡོ་བ་ངེ་ན་འགྲོ། །དེ་ཡང་གང་གི་བགོམ་པ་ལ། །གཡོ་བ་སོང་མིན་མ་སོང་མིན། །དེ་ཕྱིར་བགོམ་ལ་འགྲོ་བ་ཡོད། འདི་ལ་ཁྱོད་ཀྱི་འགྲོ་བ་མེད་པའི་གཏན་ཚིགས་སུ་འགྲོ་བའི་བྱ་བ་འདས་ཟིན་པ་དང་མ་བརྩམས་པ་བསྟན་པ་དེའི་ཕྱིར། །གང་


DTG096_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ན་གཡོ་བ་དེ་ན་འགྲོ། །ཞེས་བྱ་བ་འདི་འབྱུང་བར་འགྱུར་ཏེ། དེ་ཡང་གང་གི་བགོམ་པ་ལ་གཡོ་བ་དེ་དམིགས་པ་ནའོ། །གང་གི་ཞེས་བྱ་བ་ནི་འགྲོ་བ་པོའི་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་གང་གི་ཕྱིར་གཡོ་བ་ནི་སོང་བ་ལ་མེད། མ་སོང་བ་ལ་ཡང་མེད་ཀྱི་བགོམ་པ་ལ་ཡོད་པ་དེའི་ཕྱིར་གང་ན་གཡོ་བ་ཡོད་པ་དེ་ན་འགྲོ་བ་ཡོད་དོ། །དེ་ལྟར་འགྲོ་བ་ཡོད་པས་བགོམ་པ་ལ་འགྲོ་བ་ཡོད་དོ། །བཤད་པ། བགོམ་ལ་འགྲོ་བ་ཡོད་པར་ནི། །ཇི་ལྟ་བུར་ན་འཐད་པར་འགྱུར། གང་ཚེ་འགྲོ་བ་མེད་པ་ཡི། བགོམ་པ་འཐད་པ་མེད་ཕྱིར་རོ། །འདི་ལ་ཁྱོད་འགྲོ་བ་དང་ལྡན་པས་བགོམ་པར་འདོད་ལ་དེ་ལ་འགྲོ་བ་ཡོད་དོ་ཞེས་ཟེར་ན་འདི་ལ་འགྲོ་བའི་བྱ་བ་ནི་གཅིག་ཏུ་ཟད་ལ། དེ་ནི་བགོམ་པ་ཞེས་བྱ་བ་དེ་ལ་ཉེ་བར་སྦྱར་བས་དེའི་ཕྱིར་འགྲོ་བ་ཞེས་བྱ་བ་དེ་ནི་འགྲོ་བའི་བྱ་བ་དང་བྲལ་བས་འགྲོ་བ་མེད་པར་ཐལ་བར་འགྱུར་རོ། །དེ་ཡང་མི་འཐད་དེ། འདི་ལྟར་འགྲོ་བ་མེད་པར་ཇི་ལྟར་འགྲོ་བར་འགྱུར། དེ་ལ་གང་གི་ཚེ་འགྲོ་བ་ཞེས་བྱ་བ་དེ་འགྲོ་བའི་བྱ་བ་དང་བྲལ་བས་མི་འཐད་པས་དེའི་ཚེ་བགོམ་པ་ལ་འགྲོ་བ་ཡོད་པར་ཇི་ལྟར་འཐད་པར་འགྱུར། ཡང་གཞན་ཡང༌། བཤད་པ། གང་གི་བགོམ་ལ་འགྲོ་ཡོད་པ། །དེ་ཡི་བགོམ་ལ་འགྲོ་མེད་པར། །ཐལ་བར་འགྱུར་ཏེ་གང་གི་ཕྱིར། །བགོམ་པ་ཁོང་དུ་ཆུད་ཕྱིར་རོ། །གང་གི་བློ་ལ་སྐྱོན་དེར་གྱུར་ན་མི་རུང་ངོ་སྙམ་པས་འགྲོ་བ་ཞེས་བྱ་བ་དེ་འགྲོ་བ་དང་ལྡན་པས་འགྲོ་བར་སེམས་པ་དེའི་ཡང་འགྲོ་བ་འགྲོ་བ་ཞེས་བྱ་བ་དེ་ལ་ཉེ་བར་སྦྱར་བ་བྱས་པས་བགོམ་པ་ནི་འགྲོ་བ་མེད་པ་འགྲོ་བ་དང་བྲལ་བ་གྲོང་དང་གྲོང་ཁྱེར་ལྟ་བུར་ཐལ་བར་འགྱུར་ཏེ། དཔེར་ན་གྲོང་འགྲོ་ཞེས་བྱ་བ་དེ་བཞིན་དུ་བགོམ་པ་ཡང་ཐལ་བར་འགྱུར་བས་དེ་ཡང་མི་འདོད་དེ། དེའི་ཕྱིར་བགོམ་པ་ལ་འགྲོ་བ་ཡོད་དོ། །ཞེས་བྱ་བ་དེ་ཇི་ལྟར་ཡང་མི་འཐད་དོ། །ཅི་སྟེ་སྐྱོན་དེར་གྱུར་ན་མི་རུང་ངོ་སྙམ་པས་འགྲོ་ཞེས་བྱ་བ་དེ་དང་བགོམ་པ་ཞེས་བྱ་བ་དེ་གཉིས་ཀ་ཡང་འགྲོ་བ་དང་ལྡན་པར་སེམས་ན། དེ་ལ་སྐྱོན་འདི་ཡོད་དེ། བཤད་པ། །བགོམ་ལ་འགྲོ་བ་ཡོད་ན་ནི། །འགྲོ་བ་གཉིས་སུ་ཐལ་འགྱུར་ཏེ། །གང་གིས་བགོམ་པ་དེ་དང་ནི། །དེ་ལ་འགྲོ་བ་གང་ཡིན་པའོ། །བགོམ་པ་འགྲོ་བ་དང་ལྡན་


DTG096_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་འགྲོ་བར་བརྟགས་ན། འགྲོ་བ་གཉིས་སུ་ཐལ་བར་འགྱུར་ཏེ། འགྲོ་བ་དང་ལྡན་པས་བགོམ་པ་ཞེས་བྱ་བར་འགྱུར་བ་དང༌། དེ་ལ་འགྲོ་བ་ཞེས་བྱ་བའི་འགྲོ་བ་གཉིས་པར་བརྟག་པའོ། །འགྲོ་བ་གཉིས་སུ་ནི་མི་འདོད་པས་དེའི་ཕྱིར་དེ་ཡང་མི་འཐད་དོ། །དེ་ལ་སྐྱོན་གཞན་འདི་ཡང་ཡོད་དོ། །བཤད་པ། །འགྲོ་བ་གཉིས་སུ་ཐལ་འགྱུར་ན། །འགྲོ་བ་པོ་ཡང་གཉིས་སུ་འགྱུར། །གང་ཕྱིར་འགྲོ་པོ་མེད་པར་ནི། །འགྲོ་བ་འཐད་པར་མི་འགྱུར་ཕྱིར། །འགྲོ་བ་གཉིས་སུ་ཐལ་བར་འགྱུར་ན་འགྲོ་བ་པོ་ཡང་གཉིས་སུ་ཐལ་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གང་ཕྱིར་འགྲོ་པོ་མེད་པར་ནི། །འགྲོ་བ་འཐད་པར་མི་འགྱུར་ཕྱིར། །གང་གི་ཕྱིར་འགྲོ་བ་པོ་ཡོད་ན་འགྲོ་བ་ཡང་ཡོད་ཀྱི། འགྲོ་བ་པོ་སྤངས་ན་འགྲོ་བ་མེད་པ་དེའི་ཕྱིར་འགྲོ་བ་གཉིས་སུ་ཐལ་བར་འགྱུར་ན་འགྲོ་བ་པོ་ཡང་གཉིས་སུ་ཐལ་བར་འགྱུར་བས་དེ་ཡང་མི་འདོད་དེ། དེའི་ཕྱིར་དེ་ལྟར་སྐྱོན་དུ་མ་ཡོད་པས་བགོམ་པ་ལ་འགྲོ་བ་མེད་པ་ཉིད་དོ། །གང་གི་ཕྱིར་སོང་བ་དང་མ་སོང་བ་དང་བགོམ་པ་ལ་འགྲོ་བ་མི་འཐད་པ་དེའི་ཕྱིར་འགྲོ་བ་མེད་པ་ཁོ་ནའོ། །འདིར་སྨྲས་པ། སོང་བ་དང་མ་སོང་བ་དང་བགོམ་པ་ལ་འགྲོ་བ་མི་འཐད་དུ་ཟིན་ཀྱང༌། འགྲོ་བ་པོ་ལ་བརྟེན་པའི་འགྲོ་བ་ཡོད་པ་ཉིད་དེ། འདི་ལྟར་འགྲོ་བ་པོ་ལ་འགྲོ་བ་དམིགས་པའི་ཕྱིར་རོ། །བཤད་པ། གལ་ཏེ་འགྲོ་པོ་མེད་གྱུར་ན། །འགྲོ་བ་འཐད་པར་མི་འགྱུར་ཏེ། །འགྲོ་པོ་མེད་པར་གྱུར་ན་འགྲོ་བ་འཐད་པར་མི་འགྱུར་བར་ནི་སྔར་བསྟན་ཟིན་ཏོ། །གལ་ཏེ་འགྲོ་བ་པོ་མེད་པར་གྱུར་ན་འགྲོ་བ་འཐད་པར་མི་འགྱུར་ན་གང་འགྲོ་བ་པོ་ལ་བརྟེན་ཅིང་འགྲོ་བ་པོ་ལ་འཇུག་པའི་འགྲོ་བ་དེ་གང་ཡིན། སྨྲས་པ། གང་འགྲོ་བ་པོ་ལ་འཇུག་པའི་འགྲོ་བ་གཞན་འགྲོ་བ་པོ་ལས་ཐ་དད་དུ་གྱུར་པ་ཡོད་དོ་ཞེས་ནི་མི་སྨྲའོ། །འདི་ལྟར་འགྲོ་བ་གང་དང་ལྡན་པས་འགྲོ་བ་པོ་ཞེས་བྱ་བར་འགྱུར་བ་དེ་ཡོད་དོ་ཞེས་སྨྲའོ། །འདིར་བཤད་པ། །འགྲོ་བ་མེད་ན་འགྲོ་བ་པོ། །ཡོད་པ་ཉིད་དུ་ག་ལ་འགྱུར། གལ་ཏེ་རྟེན་ཅུང་ཟད་ཀྱང་མེད་པའི་འགྲོ་བ་ཞིག་རབ་ཏུ་གྲུབ་པར་གྱུར་ན་ནི་དེ་དང་འགྲོ་བ་པོའམ། འགྲོ་བ་པོ་མ་ཡིན་པ་ལྡན་པར་ཡང་འགྱུར་གྲང་ན། ཐ་དད་པར་གྱུར་བ་རྟེན་མེད་པའི་


DTG096_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ནི་འགའ་ཡང་མེད་དེ། དེས་ན་ཐ་དད་པར་གྲུབ་པའི་འགྲོ་བ་མེད་པར་ཁྱོད་ཀྱིས་འགྲོ་བ་ལྡན་པས་འགྲོ་བ་པོར་འགྱུར་བ་ཡོད་པ་ཉིད་དུ་ག་ལ་འགྱུར་འགྲོ་བ་པོ་མེད་ན་ཡང་སུ་ཡི་འགྲོ་བར་འགྱུར་ཏེ། དེ་བས་ན་འགྲོ་བ་མེད་དོ། །སྨྲས་པ། སྤྲོས་པ་འདིས་ཅི་བྱ། གང་ལ་ལྟོས་ནས་འགྲོའོ། །ཞེས་བྱ་བ་དེ་འགྲོ་བ་ཡིན་ནོ། །འདིར་བཤད་པ། གལ་ཏེ་འགྲོ་པོ་ཞེས་བྱ་བ་དེ་ཉིད་རབ་ཏུ་གྲུབ་པར་གྱུར་ན་ནི་དེས་ན་འགྲོ་བ་ཡང་རབ་ཏུ་འགྲུབ་པར་འགྱུར་གྲང་ན། དེ་རབ་ཏུ་མི་འགྲུབ་པས་འགྲོ་བ་རབ་ཏུ་འགྲུབ་པར་ག་ལ་འགྱུར། ཇི་ལྟར་ཞེ་ན། འདི་ལ་འགྲོ་བ་ཞིག་ཡོད་ན་འགྲོ་བ་པོ་འམ། འགྲོ་བ་པོ་མ་ཡིན་པ་འགྲོ་གྲང་ན། འདིར་བཤད་པ། རེ་ཞིག་འགྲོ་པོ་མི་འགྲོ་སྟེ། །འགྲོ་བ་པོ་མིན་འགྲོ་པོ་མིན། །འགྲོ་པོ་འགྲོ་པོ་མིན་ལས་གཞན། །གསུམ་པ་གང་ཞིག་འགྲོ་བར་འགྱུར། །དེ་བས་ན་འགྲོའོ་ཞེས་བྱ་བ་ཉིད་མི་འགྲུབ་པོ། །ཅིའི་ཕྱིར་ཞེ་ན། མི་འཐད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། རེ་ཞིག་འགྲོ་པོ་འགྲོའོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །འགྲོ་བ་མེད་ན་འགྲོ་བ་པོ། །ནམ་ཡང་འཐད་པར་མི་འགྱུར་རོ། །འདི་ལ་འགྲོ་བ་པོ་འགྲོའོ། །ཞེས་བྱ་བ་ལ། འགྲོ་བའི་བྱ་བ་གཅིག་པུ་ཞིག་ཡོད་པ་དེ་ནི་འགྲོ་ཞེས་བྱ་བ་དེ་ལ་ཉེ་བར་སྦྱར་བས་དེས་ན་འགྲོ་བ་པོ་ནི་འགྲོ་བ་དང་བྲལ་ཏེ། གུབ་ཏ་དང་ཙཻ་ཏྲ་བཞིན་དུ་མིང་ཙམ་དུ་གྱུར་པར་ཐལ་བར་འགྱུར་བས་དེ་ཡང་མི་འདོད་དོ། །དེའི་ཚེ་གང་གི་ཚེ་འགྲོ་བ་མེད་ན་འགྲོ་བ་པོ་ནམ་ཡང་འཐད་པར་མི་འགྱུར་བ་དེའི་ཚེ་འགྲོ་བ་པོ་འགྲོའི་ཞེས་བྱ་བ་དེ་ཇི་ལྟར་འཐད་པ་ཉིད་དུ་འགྱུར། ཡང་གཞན་ཡང་བཤད་པ། གང་གི་ཕྱོགས་ལ་འགྲོ་བ་པོ། །འགྲོ་བ་དེ་ལ་འགྲོ་མེད་པའི། །འགྲོ་པོ་ཡིན་པར་ཐལ་འགྱུར་ཏེ། །འགྲོ་པོ་འགྲོ་བར་འདོད་ཕྱིར་རོ། །གང་གི་ཕྱོགས་ལ་སྐྱོན་དེར་གྱུར་ན་མི་རུང་ངོ་སྙམ་པས་འགྲོ་བ་པོ་འགྲོ་བ་དང་ལྡན་པས་འགྲོ་པོ་སྙམ་པ་དེ་ལ་ཡང་འགྲོ་བ་པོ་ཞེས་བྱ་བ་དེ་འགྲོ་བའི་བྱ་བ་ཉེ་བར་སྦྱར་བ་བྱས་པས་འགྲོ་བ་མེད་པའི་འགྲོ་བ་པོ་ཡིན་པར་ཐལ་བར་འགྱུར་བ་སྟེ། འགྲོ་བ་པོ་འགྲོ་བར་འདོད་པའི་ཕྱིར་འགྲོ་བ་མེད་པར་འགྲོའོ་ཞེས་བྱ་བ་དེར་ཐལ་བར་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་མི་འཐད་དེ། འགྲོའོ་ཞེས་བྱ་བ་དེ། འགྲོ་བ་མེད་པར་ཇི་ལྟར་འགྱུར་རོ། །ཅི་སྟེ་


DTG096_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་དེར་གྱུར་ན་མི་རུང་ངོ་སྙམ་པས་འགྲོ་བ་པོ་ཞེས་བྱ་བ་དང༌། འགྲོ་བ་པོ་ཞེས་བྱ་བ་དེ་གཉི་ག་ཡང་འགྲོ་བ་དང་ལྡན་ནོ་ཞེ་ན། དེ་ལ་ཡང་སྐྱོན་འདི་ཡོད་དེ། བཤད་པ། གལ་ཏེ་འགྲོ་པོ་འགྲོ་འགྱུར་ན། །འགྲོ་བ་གཉིས་སུ་ཐལ་འགྱུར་ཏེ། །གང་གིས་འགྲོ་པོར་མངོན་པ་དང༌། །འགྲོ་པོར་གྱུར་ནས་གང་འགྲོ་བའོ། །འགྲོ་བ་པོ་འགྲོ་བ་དང་ལྡན་པ་ལ་འགྲོ་བར་བརྟགས་ན་འགྲོ་བ་གཉིས་སུ་ཐལ་བར་འགྱུར་ཏེ། འགྲོ་བ་གང་དག་ལྡན་པས་འགྲོ་བ་པོ་ཞེས་བྱ་བར་མངོན་པ་དང༌། དེ་འགྲོ་བ་གང་ལ་ལྟོས་ནས་འགྲོའོ་ཞེས་བྱ་བར་འགྱུར་བའོ། །འགྲོ་བ་གཉིས་སུ་ནི་མི་འཐད་དེ། འགྲོ་བ་གཉིས་སུ་ཐལ་བར་གྱུར་ན་སྔ་མ་བཞིན་དུ་འགྲོ་བ་པོ་ཡང་གཉིས་སུ་ཐལ་བར་འགྱུར་བས་དེ་ཡང་མི་འདོད་དེ་དེ་ལྟ་བས་འགྲོ་བ་པོ་འགྲོའོ་ཞེས་བྱ་བ་དེ་མི་འཐད་དོ། །ད་ནི་འགྲོ་བ་པོ་མ་ཡིན་པ་ཡང་མི་འགྲོ་སྟེ། གང་གི་ཚེ་འགྲོ་བ་པོ་འགྲོ་པོ་ཞེས་བྱ་བ་དེ་མི་འཐད་པ་དེ་ཚེ་འགྲོ་བ་པོ་མ་ཡིན་པ་འགྲོ་བ་དང་བྲལ་བའང་འགྲོ་བའོ། །ཞེས་བྱ་བ་དེ་ཇི་ལྟར་འཐད་པ་ཉིད་དུ་འགྱུར། དེ་ལྟ་བས་ན་འགྲོ་བ་པོ་མ་ཡིན་པ་ཡང་མི་འགྲོའོ། །དེ་ལ་འདི་སྙམ་དུ་འགྲོ་བ་པོ་ཡིན་པ་དང་འགྲོ་བ་པོ་མ་ཡིན་པ་འགྲོ་བར་སེམས་ན། བཤད་པ། འགྲོ་པོ་འགྲོ་པོ་མིན་ལས་གཞན། །གསུམ་པོ་གང་ཞིག་འགྲོ་བར་འགྱུར། །འགྲོ་བ་པོ་དང་འགྲོ་བ་པོ་མ་ཡིན་པ་ལས་གཞན་པ་གསུམ་པ། འགྲོ་བ་པོ་ཡིན་པ་དང་འགྲོ་བ་པོ་མ་ཡིན་པ་གང་འགྲོའོ་ཞེས་བྱ་བར་འཐད་པ་ཞིག་གང་ཞིག་ཡིན། དེ་ལྟ་བས་ན་མེད་པའི་ཁོ་ནའི་ཕྱིར་འགྲོ་བ་པོ་མ་ཡིན་པ་དང་འགྲོ་བ་པོ་མ་ཡིན་པ་ཡང་མི་འགྲོའོ། །དེ་ལྟར་གང་གི་ཕྱིར་འགྲོ་བ་པོ་དང༌། འགྲོ་བ་པོ་མ་ཡིན་པ་དང༌། འགྲོ་བ་པོ་ཡིན་པ་དང༌། འགྲོ་བ་པོ་མ་ཡིན་པ་འགྲོའོ། །ཞེས་བྱ་བ་དེ་མི་འཐད་པ་དེའི་ཕྱིར། འགྲོའོ་ཞེས་བྱ་བ་དེ་རབ་ཏུ་མི་འགྲུབ་བོ། །འགྲོའོ་ཞེས་བྱ་བ་དེ་མེད་ན་འགྲོ་བ་རབ་ཏུ་འགྲུབ་པར་ག་ལ་འགྱུར། འདིར་སྨྲས་པ། འགྲོ་བ་པོ་དང། འགྲོ་བ་པོ་ཡིན་པ་དང༌། འགྲོ་བ་པོ་མ་ཡིན་པ་འགྲོའོ། །ཞེས་བྱ་བ་མི་འཐད་དུ་ཟིན་ཀྱང༌། གུབ་ཏ་འགྲོའོ། །ཙཻ་ཏྲ་འགྲོའོ་ཞེས་བྱ་བ་དེ་ལ་འགྲོའོ་ཞེས་བྱ་བ་འཐད་དོ། །བཤད་པ། དེས་ནི་ཅི་ཡང་སྨྲས་པ་མ་ཡིན་ཏེ། གུབ་ཏ་ལ་བརྟེན་ན་ཅི་གུབ་ཏ་འགྲོ་བ་པོར་གྱུར་ནས་འགྲོའམ།


DTG096_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཏེ་འགྲོ་བ་པོ་མ་ཡིན་འགྲོའམ། འོན་ཏེ་འགྲོ་བ་པོ་ཡིན་པ་དང༌། འགྲོ་བ་པོ་མ་ཡིན་པ་ཞིག་འགྲོ་ཞེས་བྱ་བ་འདི་གསལ་བ་མ་བྱས་སམ། དེ་ལྟ་བས་ན་འདི་ནི་གྱི་ནའོ། །འདིར་སྨྲས་པ། འགྲོ་བ་ནི་ཡོད་པ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། འགྲོ་བའི་བྱ་བ་རྩོམ་པ་ཡོད་པའི་ཕྱིར་རོ། །འདི་ལ་སོང་བ་དང་མ་སོང་བ་དང་བགོམ་པ་ལ་འགྲོ་བ་ཡོད་དོ། །ཞེས་བྱ་བ་དེ་བརྗོད་པར་མི་ནུས་སུ་ཟིན་ཀྱང༌། གང་གི་ཚེ་སྡོད་པ་ལས་འགྲོ་བ་དེའི་ཚེ་ན་སྡོད་པའི་བྱས་པ་འདས་མ་ཐག་ཏུ་འགྲོ་བའི་བྱ་བ་འཇུག་པར་འགྱུར་བས་དེ་ལྟ་བས་ན་བྱ་བ་རྩོམ་པ་ཡོད་པས་འགྲོ་བ་ཡོད་པ་ཁོ་ནའོ། །བཤད་པ། ཅི་ཁྱོད་མིང་གཞན་དུ་བསྒྱུར་བས་སེམས་རྨོངས་ནས་རང་གི་བུ་ངོ་མི་ཤེས་སམ། ཁྱོད་དོན་དེ་ཉིད་ལ་བློ་ཕྱི་མས་བརྗོད་པ་གཞན་གྱིས་བརྗོད་ཀོ་འགྲོ་བའི་བྱ་བ་རྩོམ་པ་ཡོད་པར་ཡོངས་སུ་བརྟག་པ་གང་ཡིན་པ་དེ་ཡང་སོང་བ་འམ་མ་སོང་བ་འམ། བགོམ་པ་ལ་ཡོད་གྲང་ན། དེ་ལ་གཏན་ཚིགས་སྔར་བསྟན་པ་དག་ཉིད་ཀྱིས་བཤད་པ། སོང་ལ་འགྲོ་བའི་རྩོམ་མེད་དེ། །ཅིའི་ཕྱིར་ཞེ་ན། འགྲོ་བའི་བྱ་བ་འདས་ཟིན་པའི་ཕྱིར་རོ། །མ་སོང་བ་ལའང་འགྲོ་རྩོམ་མེད། །ཅིའི་ཕྱིར་ཞེ་ན། འགྲོ་བའི་བྱ་བ་མ་བརྩམས་པའི་ཕྱིར་རོ། །བགོམ་ལ་རྩོམ་པ་ཡོད་མིན་ན། །ཅིའི་ཕྱིར་ཞེ་ན། བགོམ་པ་མེད་པའི་ཕྱིར་དང༌། འགྲོ་བ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་དང༌། འགྲོ་བ་པོ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །གང་དུ་འགྲོ་བ་རྩོམ་པར་བྱེད། །ཅེས་བྱ་བའི་ལན་དེ་པ་སྨྲོས་ཤིག །དེ་ལྟ་བས་ན་འགྲོ་བའི་རྩོམ་པ་མེད་དོ། །རྩོམ་པ་མེད་ན་འགྲོ་བ་ཡོད་པར་ག་ལ་འགྱུར། འདིར་སྨྲས་པ། འགྲོ་བ་ནི་ཡོད་པ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། བགོམ་པ་དང་སོང་བ་དང་མ་སོང་བ་ཡོད་པའི་ཕྱིར་ཏེ། གང་གི་ཕྱིར་འགྲོ་བ་དང་ལྡན་པའི་ཕྱིར་བགོམ་པ་ཞེས་བྱ་བ་ཡིན་ལ། འགྲོ་བ་མཐར་ཕྱིན་པ་ནི་སོང་བ་ཞེས་བྱ་བ་ཡིན། འགྲོ་བའི་བྱ་བ་མ་སོང་བ་ལ་ལྟོས་ནས་མ་སོང་བ་ཞེས་བྱ་བ་ཡིན་པས་ན་དེ་ལྟ་བས་ན་བགོམ་པ་དང་སོང་བ་དང༌། མ་སོང་བ་ཡོད་པའི་ཕྱིར་འགྲོ་བ་ཡོད་དོ། །བཤད་པ། ཅི་ཁྱེད་ནམ་མཁའ་འདི་ལ་ལྡང་བར་བསྐྱོད་དམ། གང་གི་ཚེ། །འགྲོ་བ་རྩོམ་པའི་སྔ་རོལ་ན། །གང་དུ་འགྲོ་བ་རྩོམ་འགྱུར་བ། །


DTG096_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བགོམ་པ་མེད་ཅིང་སོད་བ་མེད། །འདི་ལ་འགྲོ་བ་རྩོམ་པའི་སྔ་རོལ་སྡོད་པར་གྱུར་པ་ན་གང་དུ་འགྲོ་བ་རྩོམ་པར་འགྱུར་བའི་བགོམ་པ་ཡང་མེད་ཅིང༌། སོང་བ་ཡང་མེད་དོ། །འགྲོ་བ་རྩོམ་པ་མེད་ན་བགོམ་པ་འགྲོ་བ་དང་ལྡན་པར་ག་ལ་འགྱུར། འགྲོ་བ་དང་ལྡན་པ་མེད་ན་འགྲོ་བ་མཐར་ཕྱིན་པ་ཡོད་པར་ཡང་ག་ལ་འགྱུར། འདིར་སྨྲས་པ། མ་སོང་བ་ནི་ཡོད་དེ། དེར་འགྲོ་བ་རྩོམ་པར་འགྱུར་རོ། །བཤད་པ། མ་སོང་འགྲོ་བ་ག་ལ་ཡོད། །འདི་ལ་སྡོད་ཅིང་མི་བསྐྱོད་པ་གང་ཡིན་པ་དེ་ནི་མ་སོང་བ་སྟེ། དེ་ལ་ནི་རྩོམ་པ་མེད་དོ། །གང་གི་ཚེ་སྐྱོད་པར་བྱེད་པ་དེའི་ཚེ་ན་ནི་གོ་སྐབས་གང་དུ་སྐྱོད་པར་བྱེད་པ་དེ་མ་སོང་བ་མ་ཡིན་ནོ། །དེའི་ཚེ་མ་སོང་བའི་གོ་སྐབས་གང་ཡིན་པ་དེ་ལ་ནི་བསྐྱོད་པ་མེད་དོ། །དེ་ལྟ་བས་ན་མ་སོང་བ་ལ་འགྲོ་བའི་རྩོམ་པ་གང་ལ་ཡོད། །དེ་ལྟར་བརྟགས་ན། འགྲོ་རྩོམ་རྣམ་པ་ཐམས་ཅད་དུ། །སྣང་བ་མེད་པ་ཉིད་ཡིན་ན། །སོང་བ་ཅི་ཞིག་བགོམ་པ་ནི། །མ་སོང་ཅི་ཞེས་རྣམ་པར་བརྟག །གང་གི་ཚེ་དེ་ལྟར་རྣམ་པ་ཐམས་ཅད་ཀྱིས་རྣམ་པར་བརྟག་པ་ན་འགྲོ་བའི་རྩོམ་པ་སྣང་བ་མེད་པ་ཉིད་ཡིན་པ་དེའི་ཚེ་ཁྱོད་ཀྱི་སོང་བ་ཡང་ཅི། བགོམ་པ་ཡང་ཅི། མ་སོང་བ་དེ་ཡང་ཅི། ཞེས་རྣམ་པར་བརྟག །སྨྲས་པ། རེ་ཞིག་མ་སོང་བ་ནི་ཡོད་དོ། །བཤད་པ། ཅི་ཁྱོད་བུ་མ་བཙས་པར་འཆི་བའི་མྱ་ངན་བྱེད་དམ། ཁྱོད་སྲོང་བ་མེད་པར་མ་སོང་བ་ལ་རྟོག་གོ །འདི་ལྟར་སོང་བའི་གཉེན་པོ་ནི་མ་སོང་བ་ཡིན་ན། དེ་ལ་གལ་ཏེ་སོང་བ་ཉིད་མེད་ན་ཁྱོད་ཀྱི་མ་སོང་བ་ཡོད་པར་ག་ལ་འགྱུར། སྨྲས་པ། གལ་ཏེ་གཉེན་པོ་མེད་པས་སོང་བ་མེད་ན་འོ་ན། འགྲོ་བ་འགྲུབ་པོ། །ཅིའི་ཕྱིར་ཞེ་ན། མི་མཐུན་པའི་ཡོད་པའི་ཕྱིར་ཏེ། འདི་ལྟར་འགྲོ་བའི་མི་མཐུན་པ་སྡོད་པ་ཡོད་དེ། དེ་བས་ན་མི་མཐུན་པ་ཡོད་པའི་ཕྱིར་འགྲོ་བ་ཡོད་པ་ཁོ་ནའོ། །བཤད་པ། གལ་ཏེ་སྡོད་པ་ཡོད་ན་ནི་འགྲོ་བ་ཡང་ཡོད་པར་འགྱུར་གྲང་ན། སྡོད་པ་མི་འཐད་པས་འགྲོ་བ་ཡོད་པར་ག་ལ་འགྱུར། ཇི་ལྟར་ཞེ་ན། འདི་ལ་གལ་ཏེ་སྡོད་པ་ཡོད་པར་གྱུར་ན། འགྲོ་བ་པོའི་འམ། འགྲོ་བ་པོ་མ་ཡིན་པའི་ཡིན་གྲང་ན། དེ་ལ། རེ་ཞིག་འགྲོ་པོ་མི་སྡོད་དེ། །འགྲོ་བ་པོ་མིན་སྡོད་པ་མིན། །འགྲོ་པོ་འགྲོ་པོ་མིན་ལས་གཞན། །གསུམ་པ་གང་


DTG096_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་སྡོད་པར་འགྱུར། དེ་ལྟ་བས་ན་སྡོད་པ་ནི་མེད་པ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། མི་འཐད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། བཤད་པ། རེ་ཞིག་འགྲོ་པོ་སྡོད་དོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །འགྲོ་བ་མེད་ན་འགྲོ་བ་པོ། །ནམ་ཡང་འཐད་པར་མི་འགྱུར་རོ། །འདི་ལ་འགྲོ་བ་དང་ལྡན་པས་འགྲོ་བ་པོར་འགྱུར་བས་འགྲོ་བ་མེད་ན། འགྲོ་བ་པོར་མི་འཐད་པ་ཉིད་དོ། །འགྲོ་བ་ལོག་པ་ནི་སྡོད་པ་ཞེས་བྱ་བ་ན་འགྲོ་བ་དང་སྡོད་པ་མི་མཐུན་པ་དེ་གཉིས་གཅིག་ན་ལྷན་ཅིག་འདུག་པ་མེད་དོ། །དེའི་ཕྱིར་དེ་ལྟར་རེ་ཞིག་འགྲོ་བ་པོ་སྡོད་དོ་ཞེས་བྱ་བ་དེ་ཇི་ལྟར་འཐད་པ་ཉིད་དུ་འགྱུར། དེ་ནི་འགྲོ་བ་པོ་མ་ཡིན་པ་ཡང་མི་སྡོད་དེ། ཅིའི་ཕྱིར་ཞེ་ན། འགྲོ་བ་མེད་པའི་ཕྱིར་རོ། །འདི་ལ་འགྲོ་བ་ལོག་པ་ནི་སྡོད་པ་ཞེས་བྱ་བ་ན་འགྲོ་བ་པོ་མ་ཡིན་པ་ནི་འགྲོ་བ་དང་བྲལ་བའི་ཕྱིར་སྡོད་པ་ཉིད་ཡིན་པས་དེ་ལ་ཡང་སྡོད་པས་ཅི་ཞིག་བྱ། སྡོད་པ་དེ་ལ་ཡང་སྡོད་པར་བརྟག་ན། སྡོད་པ་གཉིས་སུ་ཐལ་བར་འགྱུར་བ་དང༌། སྡོད་པ་པོ་ཡང་གཉིས་སུ་ཐལ་བར་འགྱུར་བས་དེའི་ཕྱིར་འགྲོ་བ་པོ་མ་ཡིན་པ་ཡང་མི་སྡོད་དོ། །དེ་ལ་འདི་སྙམ་དུ་འགྲོ་བ་པོ་ཡིན་པ་དང༌། འགྲོ་བ་པོ་མ་ཡིན་པ་སྡོད་པར་སེམས་ན། བཤད་པ། འགྲོ་པོ་འགྲོ་པོ་མིན་ལས་གཞན། །གསུམ་པ་གང་ཞིག་སྡོད་པར་འགྱུར། འགྲོ་བོ་དང་འགྲོ་བ་པོ་མ་ཡིན་པ་ལས་གཞན་པ་གསུམ་པ་འགྲོ་བ་པོ་ཡིན་པ་དང༌། འགྲོ་བ་པོ་མ་ཡིན་པ་གང་སྡོད་དོ་ཞེས་བྱ་བར་བརྟགས་པ་དེ་གང་ཞིག་ཡིན། དེ་ལྟ་བས་ན་མེད་པ་ཁོ་ནའི་ཕྱིར་འགྲོ་བ་པོ་ཡིན་པ་དང༌། འགྲོ་བ་པོ་མ་ཡིན་པ་ཡང་མི་སྡོད་དོ། །ཡང་གཞན་ཡང༌། འགྲོ་བ་ལོག་པ་ནི་སྡོད་པ་ཞེས་བྱ་བ། ལྡོག་པ་དེ་ཡང་བགོམ་པ་ལས་སམ། སོང་བ་ལས་སམ་མ་སོང་བ་ལས་ལྡོག་པར་འགྱུར་གྲང་ན། དེ་ལ། བགོམ་ལས་ལྡོག་པར་མི་འགྱུར་ཏེ། སོང་དང་མ་སོང་ལས་ཀྱང་མིན། བགོམ་པ་ལས་སྡོད་པ་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་འགྲོ་བ་དང་ལྡན་པའི་ཕྱིར་བགོམ་པ་ཡིན་ལ། འགྲོ་བ་ལོག་པ་ནི་སྡོད་པ་ཡིན་པས་སྡོད་པ་དང་འགྲོ་བ་མི་མཐུན་པ་དེ་གཉིས་ཅིག་ན་མི་སྲིད་པས་དེའི་ཕྱིར་རེ་ཞིག་བགོམ་པ་ལས་ལྡོག་པར་མི་འགྱུར་ཏེ། དེ་ནི་སོང་བ་དང་མ་སོང་བ་ལས་ཀྱང་སྡོད་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འགྲོ་བ་མེད་པའི་ཕྱིར་


DTG096_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །འདི་ལྟར་འགྲོ་བ་ལོག་པ་ནི་སྡོད་པ་ཡིན་ན། འགྲོ་བ་ནི་སོང་བ་དང་མ་སོང་བ་ལ་མེད་དེ། འགྲོ་བ་མེད་ན་འགྲོ་བ་ལྡོག་པ་ག་ལ་ཡོད། འགྲོ་བ་ལྡོག་པ་མེད་ན་སྡོད་པ་ག་ལ་ཡོད། དེ་ལྟ་བས་ན་སོང་བ་དང་མ་སོང་བ་ལས་ཀྱང་ལྡོག་པར་མི་འགྱུར་རོ། །འགྲོ་བ་དང་ནི་འཇུག་པ་དང༌། ལྡོག་པ་ཡང་ནི་འགྲོ་དང་མཚུངས། ཇི་ལྟར་འགྲོ་བ་པོ་མི་སྡོད་དེ། སྡོད་པ་དང༌། འགྲོ་བ་གཉིས་མི་མཐུན་པའི་ཕྱིར་རོ། །ཞེས་བཤད་པ་དེ་བཞིན་དུ་སྡོད་པ་པོ་ཡང་མི་འགྲོ་སྟེ། སྡོད་པ་དང་འགྲོ་བ་གཉིས་མི་མཐུན་པའི་ཕྱིར་རོ། །ཇི་ལྟར་འགྲོ་བ་པོ་མ་ཡིན་པ་མི་སྡོད་དེ། སྡོད་པ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བཤད་པ་དེ་བཞིན་དུ་སྡོད་པ་པོ་མ་ཡིན་པ་ཡང་མི་འགྲོ་སྟེ། འགྲོ་བ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་འགྲོ་བ་པོ་ཡིན་པ་དང༌། ཇི་ལྟར་འགྲོ་བ་པོ་མ་ཡིན་པ་མི་སྡོད་དེ། མི་སྲིད་པའི་ཕྱིར་རོ་ཞེས་བཤད་པ་དེ་བཞིན་དུ་སྡོད་པ་པོ་ཡིན་པ་དང། སྡོད་པ་པོ་མ་ཡིན་པ་ཡང་མི་འགྲོ་སྟེ། མི་སྲིད་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་འགྲོ་བ་པོའི་སྡོད་པ་དང༌། སྡོད་པ་པོའི་འགྲོ་བ་མཚུངས་པ་ཡིན་ནོ། །ད་ནི་ཇི་ལྟར་འགྲོ་བའི་རྩོམ་པ་སོང་བ་དང༌། མ་སོང་བ་དང༌། བགོམ་པ་ལ་མི་འཐད་དོ་ཞེས་བཤད་པ་དེ་བཞིན་དུ་སྡོད་པའི་འཇུག་པ་ཡང་བསྡད་པ་དང་མ་བསྡད་པ་དང༌། སྡོད་པ་ལ་མི་འཐད་དེ། དེ་ལྟར་ན་འགྲོ་བའི་རྩོམ་པ་དང་སྡོད་པའི་འཇུག་པ་མཚུངས་པ་ཡིན་ནོ། །ད་ནི་ཇི་ལྟར་འགྲོ་བའི་ལྡོག་པ་སོང་བ་དང༌། མ་སོང་བ་དང༌། བགོམ་པ་ལས་ལྡོག་པར་མི་འགྱུར་ཞེས་བཤད་པ་དེ་བཞིན་དུ་སྡོད་པའི་ལྡོག་པ་ཡང་གང་དུ་བསྡད་པ་དེ་ནས་མི་འགྲོ་སྟེ། འགྲོ་བ་མེད་པའི་ཕྱིར་རོ། །གང་དུ་མ་བསྡད་པ་དེ་ནས་ཀྱང་མི་འགྲོ་སྟེ། འགྲོ་བ་མེད་པའི་ཕྱིར་རོ། །གང་དུ་བསྡད་པ་དེ་ནས་ཀྱང་མི་འགྲོ་སྟེ། སྡོད་པ་དང་འགྲོ་བ་གཉིས་མི་མཐུན་པའི་ཕྱིར་རོ། །དེ་ལྟར་ན་འགྲོ་བའི་ལྡོག་པ་དང༌། སྡོད་པའི་ལྡོག་པ་མཚུངས་པ་ཡིན་ནོ། །འདིར་སྨྲས་པ། འགྲོ་བ་དང་འཇུག་པ་དང༌། ལྡོག་པ་སོང་བ་དང་མ་སོང་བ་དང༌། བགོམ་པ་ལ་ཡོད་དོ་ཞེའམ་འགྲོ་བ་པོ་དང༌། འགྲོ་བ་པོ་མ་ཡིན་པ་དང༌། དེ་ལས་གཞན་པ་ལ་ཡོད་དོ་ཞེས་བྱ་བ་དེ་ལ་བརྗོད་པར་མི་ནུས་སུ་ཟིན་ཀྱང༌། ཙཻ་ཏྲའི་གོམ་པ་འདོར་བ་མཐོང་ནས། ཙཻ་ཏྲའི་འགྲོ་


DTG096_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བ་པོ་ཞེས་བྱ་བར་འགྱུར་བས་དེའི་ཕྱིར་འགྲོ་བ་པོ་དང་འགྲོ་བ་ཡོད་དོ། །བཤད་པ། རེ་ཞིག་བརྗོད་པར་མི་ནུས་སུ་ཟིན་ཀྱང་ཞེས་བྱ་བ་དེ་ནི་ཕོངས་པའི་ཚིག་ཡིན་ནོ། །འོན་ཀྱང་གང་མཐོང་ནས་ཙཻ་ཏྲ་འགྲོ་བ་པོ་ཞེས་བྱ་བར་སེམས་པ་ཙཻ་ཏྲའི་གོམ་པ་འདོར་བ་གང་ཡིན་པ་འདོར། གོམ་པ་འདོར་བ་དེ་དང་ཙཻ་ཏྲ་གཅིག་པ་ཉིད་དམ་གཞན་པ་ཉིད་དུ་འགྱུར་གྲང་ན། དེ་ལ། འགྲོ་བ་དེ་དང་འགྲོ་བ་པོ། །དེ་ཉིད་ཅེས་ཀྱང་བྱར་མི་རུང༌། །འགྲོ་བ་དང་ནི་འགྲོ་བ་པོ། །གཞན་ཉིད་ཅེས་ཀྱང་བྱར་མི་རུང༌། །ཇི་ལྟར་ཞེ་ན། གལ་ཏེ་འགྲོ་བ་གང་ཡིན་པ། །དེ་ཉིད་འགྲོ་པོ་ཡིན་གྱུར་ན། །བྱེད་པ་པོ་དང་ལས་ཉིད་ཀྱང། གཅིག་པ་ཉིད་དུ་ཐལ་བར་འགྱུར། །གལ་ཏེ་འགྲོ་བ་གང་ཡིན་པ་དེ་ཉིད་འགྲོ་བ་པོ་ཡིན་པར་གྱུར་ན། དེ་ལྟ་ན་བྱེད་པ་པོ་དང་བྱ་བ་ཡང་གཅིག་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ནི་མི་འཐད་དོ། བྱེད་པ་པོ་གང་ཡིན་པ་དེ་ཉིད་བྱ་བ་ཡིན་པར་ཇི་ལྟར་འགྱུར། ཅི་སྟེ་སྐྱོན་དེར་གྱུར་ན་མི་རུང་ངོ། །སྙམ་པས་བྱེད་པ་པོ་དང་བྱ་བ་གཉིས་གཞན་པ་ཉིད་ཡིན་ནོ་ཞེ་ན། དེ་ལ་བཤད་པར་བྱ་སྟེ། གལ་ཏེ་འགྲོ་དང་འགྲོ་བ་པོ། །གཞན་པ་ཉིད་དུ་རྣམ་བརྟགས་ན། །འགྲོ་པོ་མེད་པའི་འགྲོ་བ་དང༌། །འགྲོ་བ་མེད་པའི་འགྲོ་པོར་འགྱུར། །གལ་ཏེ་བྱེད་པ་པོ་དང༌། བྱ་བ་གཉིས་གཅིག་པ་ཉིད་ཀྱི་སྐྱོན་མཐོང་བས་འགྲོ་བ་པོ་དང༌། །འགྲོ་བ་གཞན་པ་ཉིད་དུ་རྣམ་པར་བརྟགས་ན། དེ་ལྟ་ན་འགྲོ་བ་པོ་ལས་ཐ་དད་པར་གྱུར་པའི་འགྲོ་བ་གཞི་མེད་པ་རང་ལས་རབ་ཏུ་གྲུབ་པར་འགྱུར་བ་དང༌། འགྲོ་བ་གཞི་མེད་པ་རང་ལས་རབ་ཏུ་གྲུབ་པར་གྱུར་ན་འགྲོ་བ་པོ་ཡང་འགྲོ་བ་དང་བྲལ་བ་མི་ལྟོས་པ་རང་ལས་རབ་ཏུ་གྲུབ་པར་འགྱུར་བ་ཞིག་ན། དེ་གཉིས་གང་ཡང་མི་འཐད་དེ་འགྲོ་བ་པོ་མེད་པར་འགྲོ་བ་དང༌། འགྲོ་བ་མེད་པར་འགྲོ་བ་པོར་ཇི་ལྟར་འགྱུར། འདིར་སྨྲས་པ། ཅི་ཁྱེད་གསོད་པ་པོ་ཉིད་ལ་དཔར་འཛུགས་སམ། ཁོ་བོ་ནི་བྱེད་པ་པོ་དང་བྱ་བ་གཉིས་ཐ་དད་པར་འགྱུར་གྲུབ་པ་མེད་པའི་ཕྱིར། གཞན་པ་ཉིད་དུ་ཡང་མི་འདོད་ལ། བྱེད་པ་པོ་ཐ་དད་པའི་ཕྱིར་གཅིག་པ་ཉིད་དུ་ཡང་མི་འདོད་པས་དེའི་ཕྱིར་དེ་གཉི་ག་མེད་པར་ཡང་དེ་གཉིས་གྲུབ་པོ། །བཤད་པ། ཁོ་བོ་ནི་གསོད་པ་པོ་ཉིད་ལ་དབང་མི་འཛུགས་ཀྱི། ཁྱོད་ཉིད་ལག་པ་བརྐྱང་སྟེ་ཚིགས་


DTG096_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་གཡོབ་ཅིང་ཁོང་པ་དབུགས་ཀྱིས་བརྫངས་བཞིན་དུ་སྨིག་རྒྱུའི་ཆུ་ལ་རྐྱལ་བར་བྱེད་དམ། ཁྱོད་དེ་ཉིད་དང་གཞན་མ་གཏོགས་པ་མེད་པའི་ཕྱོགས་ལ་ཡོད་པའི་བློས་གནས་པར་བྱེད་ཀོ། །གང་དག་དངོས་པོ་གཅིག་པ་དང༌། །དངོས་པོ་གཞན་པ་ཉིད་དུ་ནི། །གྲུབ་པར་གྱུར་བ་ཡོད་མིན་ན།། དེ་གཉིས་གྲུབ་པ་ཇི་ལྟར་ཡོད། །གལ་ཏེ་བྱེད་པ་པོ་དང་བྱ་བ་གཉིས་གཅིག་པ་ཉིད་དང་གཞན་པ་ཉིད་དུ་གྲུབ་པ་མེད་དེ་གཉིས་མ་གཏོགས་པར་རྣམ་པ་གཞན་གང་གིས་དེ་གཉིས་གྲུབ་པ་ཡོད་པ་དེ་ཇེ་སྨྲོས་ཤིག །དེ་ལྟ་བས་ན་དེ་ནི་བརྟགས་པ་ཙམ་དུ་ཟད་དོ། །འདིར་སྨྲས་པ། འཇིག་རྟེན་མངོན་སུམ་གྱི་དོན་འདི་གབ་གབ་ཀྱིས་གནོན་པར་ཇི་ལྟར་ནུས། ཡོང་ནི་གང་མེད་པས་འགྲོ་བ་པོ་མ་ཡིན་ནོ། །ཞེས་བྱ་བ་དང༌། གང་ལ་ལྟོས་ནས་འདི་འགྲོ་བ་པོ་ཡིན་ནོ་ཞེས་བྱ་བ་དེ་ནི་འགྲོ་བ་ཡིན་ལ། དེ་ཡང་འགྲོ་བ་པོ་ཞེས་བྱའོ། །བཤད་པ། ཅི་ཁྱོད་བུ་འདོད་ལ་མ་ནིང་ལ་སྤྱོད་དམ། ཁྱོད་འགྲོ་བ་པོ་མེད་པ་ལ་འགྲོ་བ་པོར་རྟོག་གོ །འདི་ལྟར་བགྲོད་པར་བྱ་བ་ཞིག་ཡོད་ན་ནི་འགྲོ་བ་པོར་བརྟག་ཏུ་ཡང་རུང་གྲང་ན། གང་གི་ཚེ་འགྲོ་བ་པོར་བརྟགས་ཀྱང་བགྲོད་པར་བྱ་བ་མི་འཐད་པ་དེའི་ཚེ་ཅི་ཡང་མི་ཕན་པ་ཡོངས་སུ་བརྟགས་པ་འདིས་ཅི་ཞིག་བྱ། བགྲོད་པར་བྱ་བ་ཇི་ལྟར་མི་འཐད་ཅེ་ན། དེ་ནི་སོང་བ་ཡང་མ་ཡིན་མ་སོང་བ་ཡང་མ་ཡིན་ལ། བགོམ་པ་ནི་ཤེས་པར་མི་འགྱུར་རོ་ཞེས་བསྟན་ཟིན་ཏེ། །དེ་དག་ཙམ་དུ་དེ་འགྲོ་བས་འགྲོ་བ་པོ་ཡིན་གྲང་ན། དེ་ནི་མི་འགྲོ་བས་དེའི་ཕྱིར་འགྲོ་བ་པོར་བརྟགས་པ་ནི་དོན་མེད་པ་ཡིན་ནོ། །འདིར་སྨྲས་པ། འགྲོ་བ་པོ་ཡིན་པས་འགྲོ་བ་ཉིད་འགྲོ་སྟེ། དཔེར་ན་སྨྲ་པོ་དག་ན་རེ་ཚིག་སྨྲའོ། །བྱ་བ་བྱེད་དོ་ཞེས་ཟེར་བ་བཞིན་ནོ། །བཤད་པ། འགྲོ་བ་པོའི་འགྲོ་བ་ལ་བརྟག་ན་ཡང་འགྲོ་བ་གང་གིས་དེའི་འགྲོ་བ་པོར་མངོན་པའི་འགྲོ་བ་དེ་ཉིད་དམ། དེ་ལས་གཞན་པ་ཞིག་འགྲོ་གྲང་ན། གཉི་ག་ཡང་མི་མཐོང་ངོ༌། །ཇི་ལྟར་ཞེ་ན། འགྲོ་བ་གང་གི་འགྲོ་པོར་མངོན། །འགྲོ་བ་དེ་ནི་དེ་འགྲོ་མིན། འགྲོ་བ་གང་དང་ལྡན་ན། ཙཻ་ཏྲ་འགྲོ་བ་པོ་ཞེས་བྱ་བར་མངོན་པའི་འགྲོ་བ་དེ་ནི་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་འགྲོ་བའི་སྔ་རོལ་མེད། །གང་ཞིག་གང་དུ་འགྲོ་བར་འགྱུར། །གང་གི་ཕྱིར་འགྲོ་བ་


DTG096_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་འགྲོ་བ་པོ་ཞེས་བྱ་བར་མངོན་པའི་འགྲོ་བ་འདི་སྔ་རོལ་ནི་འགྲོ་བའི་སྔ་རོལ་ཏེ་དེའི་སྔ་རོལ་ན་འགྲོ་བ་པོ་མེད་དོ། །དེ་དང་ལྡན་པ་ཁོ་ནའི་ཕྱིར་འགྲོ་བ་པོ་ཞེས་བརྗོད་པ་ཡིན་ཏེ། གང་ཞིག་གང་དུ་དཔེར་ན་གྲང་དང་གྲོང་ཁྱེར་ལྟ་བུ་ཐ་དད་པར་གྱུར་པས་འགྲོ་བར་འགྱུར་བ་ཡིན་ན་འགྲོ་བ་པོར་གྱུར་ནས་གང་འགྲོ་བར་འགྱུར་བའི་འགྲོ་བ་དེ་ནི་འགྲོ་བ་པོ་ལས་གྲོང་དང་གྲོང་ཁྱེར་ལྟ་བུར་ཐ་དད་པར་གྱུར་པ་མེད་དོ། །དེ་ལྟར་རེ་ཞིག་འགྲོ་བ་གང་གིས་འགྲོ་བ་པོ་ཞེས་བྱ་བར་མངོན་པའི་འགྲོ་བ་དེ་ནི་འགྲོ་བ་པོ་འགྲོ་བར་བྱེད་པ་མ་ཡིན་ནོ། །དེ་ལ་འདི་སྙམ་དུ་དེ་ལས་གཞན་པ་ཞིག་འགྲོ་བར་སེམས་ན། བཤད་པ། འགྲོ་བ་གང་གིས་འགྲོ་པོར་མངོན། །དེ་ལས་གཞན་པ་དེ་འགྲོ་མིན། །འགྲོ་བ་གང་དང་ལྡན་ན་ཙཻ་ཏྲ་འགྲོ་བ་པོ་ཞེས་བྱ་བར་མངོན་པ་དེ་ལས་གཞན་པའི་འགྲོ་བ་ཡང་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་འགྲོ་པོ་གཅིག་པུ་ལ། །འགྲོ་བ་གཉིས་སུ་མི་འཐད་དོ། །གང་གི་ཕྱིར་འགྲོ་བ་པོ་གཅིག་པུ་ལ་གང་གི་འགྲོ་བ་པོ་ཞེས་བྱ་བར་མངོན་པ་དང་འགྲོ་པོར་གྱུར་ནས་གང་འགྲོ་བར་འགྱུར་བའི་འགྲོ་བ་གཉིས་མི་འཐད་པ་དེའི་ཕྱིར་དེ་ལས་གཞན་པའི་འགྲོ་བ་ཡང་འགྲོ་བ་པོ་འགྲོ་བར་བྱེད་པ་མ་ཡིན་ནོ།། དེས་ན་ཚིག་སྨྲའོ། །བྱ་བ་བྱེད་དོ་ཞེས་བྱ་བ་ཡང་ལན་བཏབ་པ་ཡིན་ནོ། །འདིར་སྨྲས་པ། འགྲོ་བ་པོའི་བགྲོད་པར་བྱ་བ་གྲོང་དང་གྲོང་ཁྱེར་ལ་སོགས་པ་ཡོད་པ་མ་ཡིན་ནམ། བཤད་པ། དེ་ལ་ནི་ལན་བཏབ་ཟིན་ཏེ། གྲོང་དང་གྲོང་ཁྱེར་ལ་བརྟེན་ནས། ཅི་དེ་གྲོང་དུ་སོང་བ་ལ་འགྲོ་བ་ཡོད་དམ་མ་སོང་བ་ལ་འགྲོ་བ་ཡོད་དམ་བགོམ་པ་ལ་འགྲོ་བ་ཡོད་ཅེས་བསམས་ཟིན་པས་དེའི་ཕྱིར་དེ་ནི་གྱི་ནའོ། །ཡང་གཞན་ཡང༌། འགྲོ་པོ་ཡིན་པར་གྱུར་པ་ནི། །འགྲོ་རྣམ་གསུམ་དུ་འགྲོ་མི་བྱེད། །མ་ཡིན་པར་ནི་གྱུར་དེ་ཡང༌། །འགྲོ་རྣམ་གསུམ་དུ་འགྲོ་མི་བྱེད། །ཡིན་དང་མ་ཡིན་གྱུར་པ་ཡང༌། །འགྲོ་རྣམ་གསུམ་དུ་འགྲོ་མི་བྱེད། །དེ་ཕྱིར་འགྲོ་དང་འགྲོ་པོ་དང༌། །བགྲོད་པར་བྱ་བའང་ཡོད་མ་ཡིན། །འགྲོ་བ་པོ་ཡིན་པར་གྱུར་བ་ཞེས་བྱ་བ་ནི་འགྲོ་བ་པོ་གང་འགྲོ་བ་དང་ལྡན་པའོ། །དེ་མ་ཡིན་པར་གྱུར་པ་ཡང་ཞེས་བྱ་བ་ནི་འགྲོ་བ་པོ་གང་འགྲོ་བ་དང་བྲལ་བའོ། །ཡིན་པ་


DTG096_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དང་མ་ཡིན་པར་གྱུར་པ་ཡང་ཞེས་བྱ་བ་ནི་འགྲོ་བ་པོ་གང་འགྲོ་བ་དང་ལྡན་པ་ཡང་ཡིན་ལ་འགྲོ་བ་དང་བྲལ་བ་ཡང་ཡིན་པའོ། །འགྲོ་ཞེས་བྱ་བ་ནི་བགྲོད་པར་བྱ་བའི་ཐ་ཚིག་གོ །རྣམ་གསུམ་དུ་ཞེས་བྱ་བ་ནི་སོང་བ་དང་མ་སོང་བ་དང་བགོམ་པར་རོ། །དེའི་ཕྱིར་དེ་ལྟར་ཡང་དག་པའི་རྗེས་སུ་འབྲང་བའི་བློས་ཡོངས་སུ་བརྟགས་ན། འགྲོ་བ་པོ་ཡིན་པར་གྱུར་པ་ནི་བགྲོད་པར་བྱ་བ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་ལ། འགྲོ་བ་པོ་མ་ཡིན་པར་གྱུར་པ་ཡང་བགྲོད་པར་བྱ་བ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་ཅིང༌། འགྲོ་བ་པོ་ཡིན་པ་དང་མ་ཡིན་པར་གྱུར་བ་ཡང་བགྲོད་པར་བྱ་བ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་པ་དེའི་ཕྱིར་འགྲོ་བ་དང་འགྲོ་བ་པོ་དང་བགྲོད་པར་བྱ་བ་མེད་དོ། །བྱ་བ་རྣམས་ཀྱི་ནང་ན་འགྲོ་བའི་བྱ་བ་གཙོ་བོ་ཡིན་པས། འགྲོ་བའི་བྱ་བ་ཡོངས་སུ་བརྟགས་ཏེ། ཇི་ལྟར་འགྲོ་བ་མི་འཐད་པར་རབ་ཏུ་སྒྲུབ་པ་དེ་བཞིན་དུ་བྱ་བ་ཐམས་ཅད་ཀྱང་མི་འཐད་པར་གྲུབ་བོ། །སོང་བ་དང་མ་སོང་བ་དང་བགོམ་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །།དབུ་མ་རྩ་བའི་འགྲེལ་པ་བུད་དྷ་པཱ་ལི་ཏ། བམ་པོ་གཉིས་པ། འདིར་སྨྲས་པ། ཁྱེད་ཀྱིས་འགྲོ་བ་མི་འཐད་པ་དེ་རྗེས་སུ་རབ་ཏུ་བསྟན་པས་ཁོ་བོའི་ཡིད་སྟོང་པ་ཉིད་ཉན་པ་ལ་སྤྲོ་བར་བྱས་ཀྱིས། དེའི་ཕྱིར་ད་ནི་རང་གི་གཞུང་ལུགས་ལ་བརྟེན་པ་ཆུང་ཞིག་རྗེས་སུ་རབ་ཏུ་བསྟན་པའི་རིགས་སོ། །བཤད་པ། དེ་ལྟར་བྱའོ། །སྨྲས་པ། ལྟ་དང་ཉན་དང་སྣོམ་པ་དང༌། །མྱོང་བར་བྱེད་དང་རེག་བྱེད་ཡིད། །དབང་པོ་དྲུག་པོ་དེ་དག་གི །སྤྱོད་ཡུལ་བལྟ་བར་བྱ་ལ་སོགས། །ལྟ་བ་ལ་སོགས་པ་དེ་དག་ནི་དབང་པོ་དྲུག་ཏུ་བསྟན་ལ། དེ་དག་གི་སྤྱོད་ཡུལ་ནི་གཟུགས་ལ་སོགས་པ་དྲུག་པོ་དག་ཉིད་ཡིན་པར་བསྟན་ཏོ། །དེ་ལ་གཟུགས་ལ་ལྟ་བར་བྱེད་པས་ལྟ་བར་བསྟན་ལ། ལྷག་མ་རྣམས་ཀྱང་རང་རང་གི་ཡུལ་འཛིན་པར་བྱེད་པས་བསྟན་ཏོ། །དངོས་པོ་མེད་ན་གཟུགས་ལ་ལྟ་བར་བྱེད་པས་ལྟ་བ་ཞེས་བརྗོད་པར་མི་འཐད་དོ། །འདི་ལྟར་མེད་པས་ཇི་ལྟར་ལྟ་བར་འགྱུར། ཅི་སྟེ་ལྟ་ན་ནི་རི་བོང་གི་རྭས་ཀྱང་རུས་སྦལ་གྱི་སྤུ་སོགས་པར་འགྱུར་བ་ཞིག་ན་དེ་ནི་མི་འཐད་པས་དེའི་ཕྱིར་སྐྱེ་མཆེད་རྣམས་ཡོད་དོ། །བཤད་པ། གལ་ཏེ་གཟུགས་ལ་


DTG096_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བར་བྱེད་པས་ལྟའོ་ཞེས་བྱ་བ་དེ་འཐད་ན་ནི། སྐྱེ་མཆེད་རྣམས་ཡོད་པ་འགྱུར་བ་ཞིག་ན་དེ་ནི་འཐད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། ལྟ་དེ་རང་གི་བདག་ཉིད་ན། །དེ་ནི་དེ་ལ་མི་ལྟ་ཉིད། །གང་ཞིག་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་ལྟ། །འདི་ལ་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ནི་རང་གི་བདག་ཉིད་ལ་མཐོང་ན་དེ་དང་ལྡན་པས་གཞན་གྱི་བདག་ཉིད་ལ་ཡང་དམིགས་པར་འགྱུར་ཏེ། དཔེར་ན་ཆུ་ལ་རླན་མཐོང་ན་དེ་དང་ལྡན་པས། ས་ལ་ཡང་དམིགས་པ་དང༌། མེ་ལ་ཚ་བ་མཐོང་ན་དེ་དང་ལྡན་པས་ཆུ་ལ་ཡང་དམིགས་པ་དང༌། སྣ་མའི་མེ་ཏོག་ལ་དྲི་ཞིམ་པ་ཉིད་མཐོང་ན་དེ་དང་ལྡན་པས་གོས་ལ་ཡང་དམིགས་པ་ལྟ་བུ་ཡིན་ན་དངོས་པོ་གང་རང་གི་བདག་ཉིད་ལ་མི་སྣང་བ་དེ་གཞན་གྱི་བདག་ཉིད་ལ་ཇི་ལྟར་དམིགས་པར་འགྱུར་ཏེ། འདི་ལྟར་སྣ་མའི་མེ་ཏོག་ལ་དྲི་ང་བ་ཉིད་མ་མཐོང་ན་གོས་ལ་ཡང་དམིགས་པར་མི་འགྱུར་བ་ལྟ་བུའོ། །དེའི་ཕྱིར་གལ་ཏེ་ལྟ་བ་རང་གི་བདག་ཉིད་ལ་ལྟ་བར་བྱེད་ན་ནི་དེས་ན་གཟུགས་ལ་ལྟ་བར་བྱེད་པས་ལྟ་བའོ་ཞེས་བྱ་བ་དེ་འཐད་པར་འགྱུར་བ་ཞིག་ན་ལྟ་བ་ནི་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་དོ། །དེ་གང་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པ་དེ་གཞན་དག་ལ་ཇི་ལྟར་ལྟ་བར་བྱེད་དེ། དེས་ན་གཟུགས་ལ་ལྟ་བར་བྱེད་པས་ལྟ་བའོ། །ཞེས་བྱ་བ་དེ་མི་འཐད་དོ། །སློབ་དཔོན་འཕགས་པ་ལྷས་ཀྱང༌། །དངོས་པོ་ཀུན་གྱི་རང་བཞིན་ནོ། །ཐོག་མར་བདག་ལ་སྣང་གྱུར་ན། །མིག་ཉིད་ལ་ཡང་མིག་གིས་ནི། །ཅི་ཡི་ཕྱིར་ན་འཛིན་མི་འགྱུར། །ཞེས་གསུངས་སོ། །སྨྲས་པ། མེ་བཞིན་དུ་ལྟ་བ་ལ་སོགས་པ་འགྲུབ་སྟེ། དཔེར་ན་མེ་ནི་སྲེག་པར་བྱེད་པ་ཡིན་ཡང་གཞན་དག་སྲེག་པར་བྱེད་པ་ཡིན་གྱི། རང་གི་བདག་ཉིད་སྲེག་པར་བྱེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ལྟ་བ་ཡང་ལྟ་བར་བྱེད་པ་ཡིན་ཡང་གཞན་དག་ལ་ལྟ་བར་བྱེད་པ་ཉིད་ཡིན་གྱི་རང་གི་བདག་ཉིད་ལ་ལྟ་བར་བྱེད་པ་ནི་མ་ཡིན་ནོ། །བཤད་པ། ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར། །མི་ཡི་དཔེ་ནི་ནུས་མ་ཡིན། །ནུས་མ་ཡིན་ཞེས་བྱ་བ་ནི་མི་ཆོག་པ་དང༌། མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་སྟེ། ཁྱོད་ཀྱིས་ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར་མེའི་དཔེ་བྱས་པ་གང་ཡིན་པ་དེས་ནི་ལྟ་བ་རབ་ཏུ་བསྒྲུབ་


DTG096_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། འདི་ལ་བུད་ཤིང་བསྲེག་གོ་ཞེས་བྱ་མོད་ཀྱི། བུད་ཤིང་ལས་མེ་གུད་ན་མེད་པའི་ཕྱིར་ཏེ། དེ་བས་ན་མེ་ནི་རང་གི་བདག་ཉིད་སྲེག་པར་བྱེད་པ་ཉིད་ཡིན་གྱི་གཞན་དག་སྲེག་པར་བྱེད་པ་ནི་མ་ཡིན་ནོ། །ཅི་སྟེ་གཞན་པ་ཉིད་མ་ཡིན་དུ་ཟིན་ཀྱང་བུད་ཤིང་ནི་བསྲེག་པར་བྱ་བའོ། །མེ་ནི་སྲེག་པར་བྱེད་པའོ་ཞེས་རྟོག་ན། ཁོ་བོས་ཀྱང་བུད་ཤིང་ནི་སྲེག་པར་བྱེད་པའོ། །མེ་ནི་བསྲེག་པར་བྱ་བའོ། །ཞེས་སྨྲ་ལ་རག་གོ །ཡང་ན་ཁྱད་པར་གྱི་གཏན་ཚིགས་བསྟན་པ་བརྗོད་དགོས་སོ། །སློབ་དཔོན་འཕགས་པ་ལྷས་ཀྱང༌། མེས་ནི་ཚ་བ་ཉིད་བསྲེག་སྟེ། །ཚ་བ་ལ་ཡིན་ཇི་ལྟར་བསྲེག །དེས་ན་བུད་ཤིང་ཞེས་བྱ་མེད། །དེ་མ་གཏོགས་པར་མེ་ཡང་མེད། །ཅེས་གསུངས་སོ། །དེ་ལྟ་བས་ན་མེའི་དཔེས་ནུས་པ་མ་ཡིན་ནོ། །འདི་ལ་ཁ་ཅིག་མེ་ནི་རང་གཞན་གྱི་བདག་ཉིད་དག་སྣང་བར་བྱེད་དོ་སྙམ་དུ་སེམས་པ་དེས་ཀྱང་ནུས་པ་མ་ཡིན་ཏེ། མེ་ནི་ཇི་ལྟར་རང་དང་གཞན་གྱི་བདག་ཉིད་དག་སྣང་བར་བྱེད་པ་དེ་བཞིན་དུ་རང་གཞན་གྱི་བདག་ཉིད་དག་སྲེག་པར་ཡང་བྱེད་པའི་རིགས་སོ། །འོན་ཀྱང་གཞན་དག་སྲེག་པར་བྱེད་པ་ཉིད་ཡིན་གྱི་རང་གི་བདག་ཉིད་སྲེག་པར་བྱེད་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟར་ན་ཡང་མེས་ཇི་ལྟར་གཞན་དག་སྲེག་པར་བྱེད་ཀྱི། རང་གི་བདག་ཉིད་སྲེག་པར་མི་བྱེད་པ་དེ་བཞིན་དུ་ལྟ་བ་ཡང་གཞན་དག་ལ་ལྟ་བར་བྱེད་ཀྱི། རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་དོ་ཞེས་བྱ་བ་དེ་ཇི་ལྟར་རུང་སྟེ། མི་ཇི་ལྟར་རང་དང་གཞན་གྱི་བདག་ཉིད་དག་སྣང་བར་བྱེད་པ་དེ་བཞིན་དུ་ལྟ་བ་ཡང་ནི་གལ་ཏེ་ལྟ་བ་ཡིན་ན། རང་དང་གཞན་གྱི་བདག་ཉིད་དག་ལ་ལྟ་བར་བྱེད་དོ། །ཞེས་བྱ་བ་དེ་ལྟ་བུར་ཡང་ཅིའི་ཕྱིར་མི་འགྱུར། བདག་ཉིད་བདག་ཉིད་ལ་ལྟའོ་ཞེས་ཀྱང་ཟེར་ལ། དེ་བཞིན་དུ་འཇིག་རྟེན་ན་སྨྲ་བ་པོ་དག་བདག་ཉིད་ཀྱིས་བདག་ཉིད་འཛིན་ཏོ་ཞེས་ཀྱང་ཟེར་བས། དེའི་ཕྱིར་རང་གི་བདག་ཉིད་ལ་འཇུག་པའི་ཚིག་གིས་ན། ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར་མེའི་དཔེས་ནུས་པ་མ་ཡིན་ནོ། །ཡང་གཞན་ཡང༌། སོང་དང་མ་སོང་བགོམ་པ་ཡིས། །དེ་ནི་ལྟར་བཅས་ལན་བཏབ་པོ། །ལྟར་བཅས་ཞེས་བྱ་བ་ནི་ལྟ་བ་དང་བཅས་པའོ། །གང་ཞེ་ན། མེའི་


DTG096_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་སྟེ། དཔེ་དང་ལྟ་བ་དེ་གཉི་ག་མཚུངས་པར་ལན་བཏབ་ཟིན་ཏོ་ཞེས་བྱ་བའི་ཐ་ཚིག་གོ །གང་གིས་ལན་བཏབ་ཅེ་ན། སོང་བ་དང༌། མ་སོང་བ་དང༌། བགོམ་པ་དག་གིས་ཏེ། ཇི་ལྟར་སོང་བ་དང༌། བགོམ་པ་བརྟག་པར་སྤོང་བ་ལ་ཡང་འགྲོ་བ་མེད། མ་སོང་བ་ལ་ཡང་མེད། བགོམ་པ་ལ་ཡང་འགྲོ་བ་མེད་དོ། །ཞེས་བཤད་པ་དེ་བཞིན་དུ་མེས་ཀྱང་བསྲེགས་པ་ཡང་སྲེག་པར་མི་བྱེད། མ་བསྲེགས་པ་ཡང་སྲེག་པར་མི་བྱེད། ལྟ་བ་ཡང་བལྟས་པ་ལ་ཡང་ལྟ་བར་མི་བྱེད། མ་བལྟས་པ་ལ་ཡང་ལྟ་བར་མི་བྱེད། ལྟ་བ་ལ་ཡང་ལྟ་བར་མི་བྱེད་དོ། །དེ་ལྟར་མེ་ཡང་སྲེག་པར་མི་བྱེད་ལ། ལྟ་བ་ཡང་ལྟ་བར་མི་བྱེད་ན་ཅི་ཞིག་གང་གི་དཔེར་འགྱུར། དེའི་ཕྱིར་ཡང་ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར་མེའི་དཔེས་ནུས་པ་མ་ཡིན་ནོ། །ཡང་གཞན་ཡང༌། གང་ཚེ་ཅུང་ཟད་མི་ལྟ་བ། །ལྟ་བར་བྱེད་པ་མ་ཡིན་ནོ། །ལྟ་བས་ལྟ་བར་བྱེད་ཅེས་བྱར། །དེ་ནི་ཇི་ལྟར་རིགས་པར་འགྱུར། །འདི་ལྟར་ཁྱོད་ཀྱིས་གཟུགས་ལ་ལྟ་བར་བྱེད་པས་ལྟ་བའོ་ཞེས་སྨྲས་པ་ནི་བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ནས་ལྟ་བར་བྱེད་པས་ལྟ་བ་ཡིན་ནོ། །དེའི་ཕྱིར་ལྟ་བ་ཉིད་ན་ལྟ་བ་ཡིན་གྱི་མི་ལྟ་བ་ནི་མ་ཡིན་ནོ། །དེའི་ཕྱིར་གང་གི་ཆེ་ན་ལྟ་བ་ཉིད་ན་ལྟ་བ་ཡིན་གྱི་མི་ལྟ་བ་ན་མ་ཡིན་པ་དེའི་ཚེ་ལྟ་བར་བྱེད་པས་ལྟ་བའོ་ཞེས་བྱ་བ་དེ་སྨྲ་བ་ཇི་ལྟར་རིགས་པར་འགྱུར་ཏེ། འདི་ལ་གང་གིས་ལྟ་བར་བྱེད་དོ། །ཞེས་བྱ་བ་དེ་རིགས་པར་འགྱུར་བ་ལྟ་བའི་བྱ་བ་གཉིས་པ་དེ་ག་ལ་ཡོད། ཅི་སྟེ་འདི་ལ་ལྟ་བའི་བྱ་བ་གཉིས་པ་མེད་བཞིན་དུ་ཡང་རབ་ཏུ་རྟོག་ན། དེ་ལྟ་བས་ན་ཡང་ལྟ་བ་གཉིས་སུ་ཐལ་བ་དང༌། ལྟ་བ་པོ་ཡང་གཉིས་སུ་ཐལ་བར་འགྱུར་བས་དེ་ནི་མི་འདོད་དོ། །དེ་ལྟ་བས་ན་གཟུགས་ལ་ལྟ་བར་བྱེད་པས་ལྟ་བའོ། །ཞེས་བྱ་བ་དེ་མི་འཐད་དོ། །ཅི་སྟེ་ཐལ་བའི་བྱ་བ་གཉིས་སུ་ཐལ་བར་འགྱུར་བའི་སྐྱོན་དེར་གྱུར་ན་མི་རུང་ངོ༌། །སྙམ་ནས་ལྟ་བ་ཉིད་ལྟ་བའི་བྱ་བ་དང་ལྡན་པའི་ཕྱིར་ལྟ་བར་བྱེད་པས་ལྟ་བའོ་ཞེ་ན། དེ་ལ་བཤད་པ། ལྟ་བ་ལྟ་ཉིད་མ་ཡིན་ཏེ། །ལྟ་བ་ལྟ་བར་བྱེད་པ་ཉིད་དོ། །ཞེས་དེ་ལྟར་རྟོག་ན་དེ་ཡང་མི་རིགས་པ་མ་ཡིན་ཏེ་ལྟ་བར་བྱེད་དོ། །ཞེས་བྱ་བ་དེ་ལ་


DTG096_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་བྱ་བ་མེད་པའི་ཕྱིར་རོ། །དེ་དེ་ལ་འདི་སྙམ་དུ་སྐྱོན་དེར་གྱུར་ན་མི་རུང་བས་ལྟ་བར་བྱེད་དོ། །ཞེས་བྱ་བ་དེ་ཉིད་ལྟ་བའི་བྱ་བ་དང་ལྡན་པར་སེམས་ན། དེ་ལྟ་བཤད་པ། ལྟ་བ་མིན་པ་མི་ལྟ་ཉིད། །དེ་ལྟ་ན་ཡང་ལྟ་བའི་བྱ་བ་དང་བྲལ་བའི་ལྟ་བ་ནི་ལྟ་བ་མ་ཡིན་པར་འགྱུར་རོ། །དེ་ལ་ལྟ་བ་མ་ཡིན་པ་ཇི་ལྟར་ལྟ་བར་བྱེད་དོ། །ཞེས་བྱར་ནི་མི་རུང་སྟེ། འདི་ལྟར་ལྟ་བ་མ་ཡིན་པ་ཇི་ལྟར་ལྟ་བར་འགྱུར། ཅི་སྟེ་ལྟ་ན་ནི་སོར་མོའི་རྩེ་མོ་ཡང་ལྟ་བར་འགྱུར་བ་ཞིག་ན་མི་ལྟ་སྟེ། དེ་ལྟ་བས་ན་ལྟ་བ་མ་ཡིན་པ་ལྟ་བར་བྱེད་དོ་ཞེས་བྱ་བ་དེ་ཡང་མི་རུང་ངོ༌། །སྨྲས་པ། བྱ་བའི་རྐྱེན་འདི་ནི་བྱེད་པ་ལ་བརྗོད་པ་ཡིན་གྱི་བྱེད་པ་པོ་ལ་མ་ཡིན་པས། འདིས་ལྟ་བར་བྱེད་པས་ལྟ་བ་སྟེ། གང་ཞིག་ལྟ་བར་བྱེད་ཅེ་ན། ལྟ་བ་པོའོ། །བཤད་པ། ལྟ་བ་ཉིད་ཀྱིས་ལྟ་བ་པོའང༌། །རྣམ་པར་བཤད་པར་ཤེས་པར་བྱ། །འདི་ལ། ལྟ་བ་རང་གི་བདག་ཉིད་ནི། །དེ་ནི་དེ་ལ་མི་ལྟ་ཉིད། །གང་ཞིག་བདག་ལ་མི་ལྟ་བར། །དེ་གཞན་དག་ལ་ཇི་ལྟར་ལྟ། །ཞེས་བྱ་བ་ལ་སོགས་པ་དག་གིས་ལྟ་བས་ལྟ་བར་བྱེད་དོ་ཞེས་བྱ་བ་དེ་བསལ་ཟིན་ཏེ། ལྟ་བས་བསལ་བ་དེ་ཉིད་ཀྱིས་ལྟ་བ་པོ་ཡང་བསལ་བ་ཉིད་དུ་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། འདིར་དོན་གཞན་ཅུང་ཟད་མ་སྨྲས་པ་སྟེ། མིག་ལྟ་བ་པོ་ཉིད་ཡིན་ནོ་ཞེས་བྱ་བ་བཏང་སྟེ་བདག་ལྟ་བ་པོ་ཡིན་ནོ་ཞེས་སྨྲས་པ་འབའ་ཞིག་ཏུ་ཟད་པའི་ཕྱིར་རོ། །དེ་ལ་ལྟ་བ་ལ་ལྟ་བ་པོར་རྟོག་གམ་བདག་ལ་ལྟ་བ་པོར་རྟོག་ཀྱང་རུང་སྟེ་བསལ་བའི་གཏན་ཚིགས་དག་ནི་མཚུངས་སོ། །འདིར་སྐྱོན་གཞན་འདི་ཡང་ཡོད་དེ། ལྟ་བ་པོས་ལྟ་བས་ལྟ་བར་བྱེད་ན་ལྟ་བ་གསུམ་དུ་ཐལ་བར་འགྱུར་རོ། །སྨྲས་པ། ལྟ་བས་ལྟ་བར་བྱེད་ཞེའམ་ལྟ་བ་པོས་ལྟ་བར་བྱེད་དོ་ཞེས་བྱ་བ་འདིས་ཁོ་བོ་ལ་ཅི་བྱ། ཡོང་ནི་བལྟ་བར་བྱ་བ་བུམ་པ་དང་སྣམ་བུ་ལ་སོགས་པ་དག་ཡོད་པ་ལ་གང་གིས་ལྟ་བར་བྱེད་པའི་ལྟ་བ་དེ་ནི་ཡོད་དོ། བཤད་པ། ཅི་ཁྱོད་ས་མཁན་མེད་པར་འབྲོག་དགོན་པར་འཐོམ་མམ། ཁྱོད་ལྟ་བ་པོ་མེད་པར་བལྟ་བར་བྱ་བ་དང་ལྟ་བ་ཡོད་པར་འདོད་ཀོ། །མ་སྤངས་ལྟ་བོ་ཡོད་མིན་ཏེ། །ལྟ་བ་སྤངས་པར་གྱུར་ཀྱང་ངོ༌། །ལྟ་བོ་མེད་ན་བལྟ་བྱ་དང༌། །ལྟ་བ་དེ་དག་


DTG096_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ག་ལ་ཡོད། །འདི་ལ་ལྟ་བ་ཉིད་ན་ལྟ་བ་པོ་ཡིན་གྱི་མི་ལྟ་ན་མ་ཡིན་ནོ། །ཞེས་སྔར་བསྟན་པ་དེས་ན་ལྟ་བ་དང་ལྡན་པའི་ཕྱིར་ལྟ་བ་པོ་ཡིན་པས་ལྟ་བ་པོ་ལྟ་བར་བྱེད་དོ། །ཞེས་བྱ་བ་དེ་མི་འཐད་དོ། །ལྟ་བའི་བྱ་བ་གཉིས་ལ་མེད་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་ལྟ་བ་མ་སྤངས་ན་ལྟ་བ་པོ་མ་ཡིན་པས་ལྟ་བ་པོ་མེད་དོ། །ད་ནི་ལྟ་བ་པོ་མ་ཡིན་པ་ཡང་ལྟ་བར་མི་བྱེད་པ་ཉིད་དེ། ལྟ་བའི་བྱ་བ་དང་བྲལ་བའི་ཕྱིར་རོ་ཞེས་བསྟན་པ་དེ་བཞིན་དུ་ལྟ་བ་སྤངས་པར་གྱུར་ན་ཡང་ལྟ་བ་པོ་མེད་དོ། །དེ་ལ་ལྟ་བ་སྤངས་ཀྱང་རུང་མ་སྤངས་ཀྱང་རུང་སྟེ་ལྟ་བ་པོ་མེད་ན་ཁྱོད་ཀྱི་བལྟ་བར་བྱ་བ་དང་ལྟ་བ་ཡོད་པར་ག་ལ་འགྱུར། འདི་ལྟར་གང་གིས་ལྟ་བར་བྱེད་པས་བལྟ་བར་བྱ་བ་ཡིན་ན་གང་གིས་ལྟ་བར་བྱེད་པས་དེ་ནི་མེད་དོ། །དེ་མེད་ན་གང་གིས་ལྟ་བར་འགྱུར། མི་ལྟ་ན་བལྟ་བར་བྱ་བར་ཇི་ལྟར་འགྱུར། འགའ་ཞིག་གིས་གང་གིས་ལྟ་བར་བྱེད་པ་དེ་ནི་དེའི་ལྟ་བ་ཡིན་ན་གང་གིས་ལྟ་བར་བྱེད་པ་དེ་ནི་མེད་དོ། །དེ་མེད་ན་གང་གིས་ལྟ་བར་འགྱུར་ཏེ། དེ་ལྟ་བས་ན་ལྟ་བ་པོ་མེད་ན་བལྟ་བར་བྱ་བ་དང་ལྟ་བ་མི་འཐད་པ་ཉིད་དོ། །དེའི་ཕྱིར་སྐྱེ་མཆེད་རྣམས་ཡོད་པ་མ་ཡིན་ནོ། །སྨྲས་པ། སྐྱེ་མཆེད་རྣམས་ནི་ཡོད་པ་ཉིད་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ཡོད་པའི་ཕྱིར་རོ། །འདི་ལྟར་རྣམ་པར་ཤེས་པ་དངོས་པོ་རྣམས་དམིགས་པར་བྱེད་པ་ནི་ཡོད་དོ། །དེ་ཡོད་པའི་ཕྱིར་སྐྱེ་མཆེད་རྣམས་ཀྱང་ཡོད་དོ། །བཤད་པ། བལྟ་བྱ་ལྟ་བ་མེད་པའི་ཕྱིར། །རྣམ་པར་ཤེས་ལ་སོགས་པ་བཞི། །ཡོད་མིན་ཉེ་བར་ལེན་ལ་སོགས། །ཇི་ལྟ་བུར་ན་ཡོད་པར་འགྱུར། །གང་གི་ཚེ་ལྟ་བ་པོ་མེད་ན་བལྟ་བར་བྱ་བ་དང་ལྟ་བ་མི་འཐད་དོ། །ཞེས་བཤད་པ་དེའི་ཚེ་གནས་མེད་པར་རྣམ་པར་ཤེས་པ་ཇི་ལྟར་ཡོད་པར་འགྱུར་ཏེ། འདི་ལྟར་བལྟ་བར་བྱ་བ་ལས་གཞན་ཅི་ཞིག་རྣམ་པར་ཤེས་པར་འགྱུར། ལྟ་བ་མེད་ན་རྣམ་པར་ཤེས་པ་ལྟོས་པ་མེད་པར་ཇི་ལྟར་ཡོད་པར་འགྱུར། ཅི་སྟེ་འགྱུར་ན་ནི་ལོང་བ་ལ་ཡོད་པར་འགྱུར་བ་ཞིག་ན་མི་འགྱུར་རོ། །དེ་ལྟ་བས་ན་བལྟ་བར་བྱ་བ་དང་ལྟ་བ་མེད་ན་གནས་མེད་པར་རྣམ་པར་ཤེས་པ་ཡོད་པར་མི་འཐད་དོ། །རྣམ་པར་ཤེས་པ་མེད་ན་རེག་པ་ག་ལ་ཡོད། །རེག་པ་མེད་ན་ཚོར་


DTG096_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བ་ག་ལ་ཡོད། །ཚོར་བ་མེད་ན་སྲེད་པ་ག་ལ་ཡོད། །དེ་བཞིན་དུ་ཉེ་བར་ལེན་པ་དང་སྲིད་པ་དང༌། སྐྱེ་བ་དང་རྒ་ཤི་དག་ཀྱང་ཡོད་པར་ག་ལ་འགྱུར་ཏེ། དེ་བས་ན་སྐྱེ་མཆེད་རྣམས་ནི་ཡོད་པ་ཉིད་མ་ཡིན་ནོ། །དེ་སྐད་དུ། བཅོམ་ལྡན་འདས་ཀྱིས་ཀྱང༌། དེ་ལ་འཕགས་པ་ཉན་ཐོས་ནི་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་གང་དག་འདས་པ་དང༌། མ་འོངས་པ་དང་ད་ལྟར་བྱུང་བ་འདི་དག་ལ་རྟག་པ་ཉིད་དམ་བརྟན་པ་ཉིད་དམ། དེ་བཞིན་ཉིད་དམ་གཞན་མ་ཡིན་པ་དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་ནི་འགའ་ཡང་མེད་ཀྱི་སྒྱུ་མ་དེ་ནི་ཡོད་དོ། །སྒྱུ་མར་བྱས་པ་དེ་ནི་ཡོད་དོ། །སེམས་རྨོངས་པར་བྱེད་པ་དེ་ནི་ཡོད་དེ། དེ་ནི་གྱི་ན་ཞིག་ཡོད་དོ། །སྙམ་དུ་དེ་ལྟར་སོ་སོར་རྟོག་པར་བྱེད་དོ། །ཞེས་གསུངས་སོ། །སྨྲས་པ། ཁྱོད་ཀྱིས་རེ་ཞིག་ལྟ་བ་ནི་བཀག་ན་ཉན་པ་ལ་སོགས་པ་ནི་མ་བཀག་པས་དེས་ན་ཉན་པ་ལ་སོགས་པ་ཡོད་པའི་ཕྱིར་དངོས་པོ་རྣམས་ཡོད་དོ། །བཤད་པ། ལྟ་བས་ཉན་དང་སྣོམ་པ་དང༌། །མྱོང་བར་བྱེད་དང་རེག་བྱེད་ཡིད། །ཉན་པ་པོ་དང་མཉན་ལ་སོགས། །རྣམ་པར་བཤད་པར་ཤེས་པར་བྱ། །ཉན་པ་ལ་སོགས་པ་དེ་དག་ནི་རྣམ་པར་བཤད་པ་ཉིད་དུ་ཤེས་པར་བྱའོ། །གང་གིས་རྣམ་པར་བཤད་ཅེ་ན། ལྟ་བ་ཉིད་ཀྱིས་ཏེ། ཇི་ལྟར་ལྟ་བ་རྣམ་པ་ཐམས་ཅད་དུ་བརྟགས་ན་མི་འཐད་པ་དེ་བཞིན་དུ་ཉན་པ་ལ་སོགས་པ་དག་ཀྱང་ཤེས་པར་བྱའོ། །ཇི་ལྟར་ལྟ་བ་པོ་མི་འཐད་པ་དེ་བཞིན་དུ་ཉན་པ་པོ་ལ་སོགས་པ་དག་ཀྱང་ཤེས་པར་བྱའོ། །ཇི་ལྟར་བལྟ་བར་བྱ་བ་བསལ་བ་དེ་བཞིན་དུ་མཉན་པར་བྱ་བ་ལ་སོགས་པ་དག་ཀྱང་ཤེས་པར་བྱའོ། །དེ་ལྟ་བྱས་ན་སྐྱེ་མཆེད་རྣམས་ཀྱང་སྟོང་པ་ཉིད་དུ་གྲུབ་པར་ཤེས་པར་བྱའོ། །སྐྱེ་མཆེད་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གསུམ་པའོ།། །།འདིར་སྨྲས་པ། འདི་ལ་གཟུགས་ལ་སོགས་པ་ཕུང་པོ་ལྔ་པོ་དག་བསྟན་ཏོ། །དེ་དག་སྡུག་བསྔལ་ལོ་ཞེས་གསུངས་ཏེ། །སྡུག་བསྔལ་འཕགས་པའི་བདེན་པར་གསུངས་སོ། །འཕགས་པའི་བདེན་པ་གང་ཡིན་པ་དེ་ནི་མེད་པར་ཇི་ལྟར་འགྱུར་ཏེ། དེ་བས་ན་ཕུང་པོ་རྣམས་ནི་ཡོད་དོ། །བཤད་པ། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ནི་དམིགས་པར་མི་འགྱུར་


DTG096_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །འདི་ལ་འབྱུང་བ་ཆེན་པོ་བཞི་པོ་དག་ནི་གཟུགས་ཀྱི་རྒྱུར་བསྟན། གཟུགས་ནི་དེ་དག་གི་འབྲས་བུར་བསྟན་ན། འབྱུང་བ་ཆེན་པོ་བཞི་པོ་དག་མ་གཏོགས་པར་འབྱུང་བ་ཆེན་པོ་བཞི་པོ་དེ་དག་ལས་དོན་གཞན་དུ་གྱུར་པ་གཟུགས་ཞེས་བྱ་བར་འབྲས་བུ་ནི་ཅི་ཡང་མེད་དེ། དེ་ལྟ་བས་ན་གཟུགས་ནི་མི་འཐད་དོ། །སྨྲས་པ། རེ་ཞིག་འབྱུང་བ་དག་ནི་ཡོད་དེ། དེ་ལ་རྒྱུ་ཡོད་པའི་ཕྱིར་འབྲས་བུ་ཡང་ཡོད་པས་གཟུགས་ཀྱང་རབ་ཏུ་གྲུབ་པ་ཉིད་དོ། །བཤད་པ། གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ༌། །གཟུགས་མ་གཏོགས་པར་ཡང་འདི་ནི་གཟུགས་ཀྱི་རྒྱུའོ། །ཞེས་བྱ་བ་མི་སྣང་བ་ཉིད་དོ། །གཟུགས་ནི་མི་འཐད་པར་སྨྲས་ཟིན་ཏེ། དེ་ལྟར་གཟུགས་མི་འཐད་པའི་ཕྱིར་གཟུགས་ཀྱི་རྒྱུ་ཡང་མི་འཐད་དོ། །སྨྲས་པ། །འདི་ལ་ཁྱོད་རྒྱུ་ལ་བརྟེན་ནས་འབྲས་བུ་སེལ་བར་བྱེད་ཅིང༌། འབྲས་བུ་ལ་བརྟེན་ནས་རྒྱུ་སེལ་བར་བྱེད་པས་དེ་ལ་གང་ལ་བརྟེན་ནས་གཞན་ཞིག་སེལ་བར་བྱེད་པ་དེ་ནི་རེ་ཞིག་ཡོད་དོ། །དེ་ཡོད་ན་གཞན་ཡང་རབ་ཏུ་འགྲུབ་པར་འགྱུར་རོ། །བཤད་པ། གཞན་ཡོད་པ་ཉིད་དོ། །ཞེས་བརྗོད་པར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ན་གཟུགས་ནི་རྒྱུ་མེད་པར། །ཐལ་བར་འགྱུར་ཏེ་དོན་གང་ཡང༌། །རྒྱུ་མེད་པ་ནི་གང་ནའང་མེད། གལ་ཏེ་རྒྱུ་བས་ཀྱང་འབྲས་བུ་ཡོད་ན་ནི་དེའི་ཚེ་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། དོན་གང་ཡང་རྒྱུ་མེད་པ་ཅན་ནི། མ་མཐོང་ཞིང་གང་དུ་ཡང་མ་བསྟན་ཏེ། རྟག་ཏུ་ཐམས་ཅད་ལས་ཐམས་ཅད་འབྱུང་བར་ཐལ་བར་འགྱུར་བའི་ཕྱིར་དང༌། རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་ཀྱི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ། གལ་ཏེ་གཟུགས་ནི་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཞིག་ཡོད་ན་ནི། །འབྲས་བུ་མེད་པའི་རྒྱུར་འགྱུར་ཏེ། །འབྲས་བུ་མེད་པའི་རྒྱུ་མེད་དོ། །གལ་ཏེ་འབྲས་བུ་བསལ་ཀྱང་རྒྱུ་ཡོད་ན་ནི་རྒྱུ་དེ་འབྲས་བུ་མེད་པ་ཅན་དུ་ཐལ་བར་འགྱུར་རོ། །འབྲས་བུ་མེད་པ་ཅན་གྱི་རྒྱུ་ནི་མེད་དེ། འདི་ནི་འདིའིའོ་ཞེས་བྱ་བའི་ཐ་སྙད་ཀྱང་མི་འཐད་པའི་ཕྱིར་དང༌། ཐམས་ཅད་ཀྱི་རྒྱུ་ཐམས་ཅད་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། དེ་ལྟ་བས་


DTG096_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ན་གཟུགས་ཀྱི་རྒྱུ་དག་ཀྱང་མི་འཐད་པ་ཉིད་ཡིན་ལ། གཟུགས་ཀྱང་འབྲས་བུར་མི་འཐད་དོ། །ཡང་གཞན་ཡང༌། གཟུགས་ཡོད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །གཟུགས་མེད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །འདི་ལ་གཟུགས་ཀྱི་རྒྱུ་ཅི་ཞིག་བརྟགས་ན་གཟུགས་ཡོད་པ་ལ་བརྟག་གམ། འོན་ཏེ་གཟུགས་མེད་པ་ལ་བརྟག་གྲང་ན། གཟུགས་ཡོད་པ་ལ་ནི་གཟུགས་ཀྱི་རྒྱུ་མི་འཐད་དེ། མེད་པ་ལ་ཡང་མི་འཐད་དོ། །དེ་ལ་རེ་ཞིག་ཡོད་པ་ནི་མི་འཐད་དེ། འདི་ལྟར་ཡོད་པ་ལ་རྒྱུས་ཅི་ཞིག་བྱ། ཅི་སྟེ་ཡོད་པ་ལ་ཡང་རྒྱུའི་བྱ་བ་ཡོད་པར་འགྱུར་ན་ནི་ནམ་ཡང་མི་བྱ་བར་མི་འགྱུར་རོ། །དེ་ཡང་མི་འདོད་དེ། དེ་ལྟ་བས་ན་གཟུགས་ཡོད་པ་ལ་གཟུགས་ཀྱི་རྒྱུ་མི་འཐད་དོ། །གཟུགས་མེད་པ་ལ་ཡང་གཟུགས་ཀྱི་རྒྱུ་མི་འཐད་དེ། འདི་ལྟར་གཟུགས་མེད་ན་དེ་གང་གི་རྒྱུར་འགྱུར། དེ་ལྟ་བས་ན་གཟུགས་མེད་པ་ལ་ཡང་གཟུགས་ཀྱི་རྒྱུ་མི་འཐད་དོ། །དེ་ནི་རྐྱེན་དགག་པར་ཡང་མེད་དམ། ཡོད་པའི་དོན་ལ་ཡང༌། རྐྱེན་ནི་རུང་བ་མ་ཡིན་ཏེ། །ཞེས་རབ་ཏུ་བསྟན་ཟིན་མོད་ཀྱི། ཡང་འདི་ཡང་སྐབས་སུ་བབ་པས་བསྟན་ཏོ། །རྒྱུ་མེད་པ་ཡི་གཟུགས་དག་ནི། །འཐད་པར་མི་རུང་རུང་མིན་ཉིད། །རྒྱུ་མ་བསྟན་པ་གློ་བུར་གྱི་གཟུགས་ནི་འཐད་པར་མི་རུང་བ་ཉིད་དེ་རུང་བ་མ་ཡིན་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། རྟག་ཏུ་ཐམས་ཅད་འབྱུང་བར་ཐལ་བར་འགྱུར་བའི་ཕྱིར་དང༌། རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་ཀྱི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེ་བས་ན་རྒྱུ་མེད་པ་ཅན་གྱི་ཕྱོགས་ནི་ཐམས་ཅད་ཁོ་ན་ཡིན་པའི་ཕྱིར་འཐད་པར་མི་རུང་བ་ཉིད་དེ་རུང་བ་མ་ཡིན་པ་ཉིད་དོ། །ཞེས་ཡང་དང་ཡང་དུ་ངེས་པར་བཟུང་སྟེ་བཤད་དོ། །དེ་ཕྱིར་གཟུགས་ཀྱི་རྣམ་པར་རྟོག །འགའ་ཡང་རྣམ་པར་བརྟག་མི་བྱ། །གང་གི་ཕྱིར་གཟུགས་ཀྱི་རྒྱུ་མ་གཏོགས་པར་གཟུགས་དམིགས་པར་མི་འགྱུར་བ་དང༌། གཟུགས་ཡོད་པ་དང་མེད་པ་ལ་ཡང་གཟུགས་ཀྱི་རྒྱུ་མི་འཐད་པ་དང༌། རྒྱུ་མེད་པའི་གཟུགས་ནི་འཐད་པར་མི་རུང་བ་ཉིད་དེ་རུང་བ་མ་ཡིན་པ་ཉིད་ཡིན་པ་དེའི་ཕྱིར་ཁྱོད་ལྟ་བུ་མཁས་པའི་རང་བཞིན་ཅན་དེ་ཁོ་ན་རྟོགས་པར་འདོད་པས་གཟུགས་ཀྱི་རྣམ་པར་རྟོག་པ་འགའ་ཡང་རྣམ་པར་བརྟག་པར་མི་བྱ་བར་རིགས་


DTG096_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། འདི་ལྟར་གནས་མེད་པ་ལ་བསམ་པ་ཇི་ལྟར་རིགས་པར་འགྱུར། ཡང་གཞན་ཡང༌། འབྲས་བུ་རྒྱུ་དང་འདྲ་བ་ཞིས་བྱ་བ་འཐད་པ་མ་ཡིན་ཏེ། འབྲས་བུ་རྒྱུ་དང་མི་འདྲ་ཞེས། །བྱ་བའང་འཐད་པ་མ་ཡིན་ནོ། །འབྲས་བུ་དང་རྒྱུར་བརྟགས་ན། །འབྲས་བུ་རྒྱུ་དང་འདྲ་བའམ། མི་འདྲ་བར་བརྟག་གྲང་ན། དེ་ལ་འབྲས་བུ་རྒྱུ་དང་འདྲ་བ་ཞེས་བྱ་བ་ནི་ཕྱོགས་དེ་ལ་ནི་གཟུགས་འབྱུང་བ་རྣམས་ཀྱི་འབྲས་བུར་མི་འཐད་པ་ཉིད་དོ། །འབྲས་བུ་རྒྱུ་དང་མི་འདྲ་བ་ཞེས་བྱ་བའི་ཕྱོགས་དེ་ལ་ཡང་གཟུགས་འབྱུང་བ་རྣམས་ཀྱི་འབྲས་བུར་མི་འཐད་པ་ཉིད་དོ། །ཇི་ལྟར་ཞེ་ན། འདི་ལ་འབྱུང་བ་རྣམས་ནི་སྲ་བ་དང༌། གཤེར་བ་དང༌། ཚ་བ་དང་གཡོ་བའི་ངོ་བོ་ཉིད་དུ་བསྟན་ན་འབྱུང་བའི་ཡོན་ཏན་དེ་དག་ནི་གཟུགས་ལ་དམིགས་སུ་མེད་དེ། འདི་ལྟར་ས་ནི་སྲ་བ་ཉིད། ཆུ་ནི་གཤེར་བ་ཉིད། མེ་ནི་ཚ་བ་ཉིད། རླུང་ནི་གཡོ་བ་ཉིད་དུ་དམིགས་པས་དེའི་ཕྱིར་དེ་ལྟར་འབྲས་བུ་རྒྱུ་དང་འདྲ་བ་ཡང་མེད་ལ། རྒྱུ་དང་མི་འདྲ་བ་ཡང་མེད་པ་དེའི་ཕྱིར་གཟུགས་འབྲས་བུའོ། །ཞེས་བྱ་བར་མི་འཐད་པ་ཉིད་དོ། །ཚོར་བ་འདུ་ཤེས་འདུ་བྱེད་དང༌། །སེམས་དང་དངོས་པོ་ཐམས་ཅད་ཀྱང༌། །རྣམ་པ་དག་ནི་ཐམས་ཅད་དུ། །གཟུགས་ཉིད་ཀྱིས་ནི་རིམ་པ་མཚུངས། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དེ་དག་ཀྱང་གཟུགས་མི་འཐད་པ་ཉིད་ཀྱིས་མི་འཐད་པར་རིམ་པ་མཚུངས་ཏེ། ཇི་ལྟར་འབྱུང་བ་མ་གཏོགས་པར་གཟུགས་མེད་པ་དེ་བཞིན་དུ་རེག་པ་མ་གཏོགས་པར་ཚོར་བ་མེད་ལ། ཇི་ལྟར་གཟུགས་མ་གཏོགས་པར་གཟུགས་ཀྱི་རྒྱུ་མེད་པ་དེ་བཞིན་དུ་ཚོར་བ་མ་གཏོགས་པར་ཡང་རེག་པ་མེད་དེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང༌། བདེ་བ་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ནས་བདེ་བའི་ཚོར་བ་སྐྱེའོ་ཞེས་གསུངས་སོ། །ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་སྟེ་དེ་ལྟ་བས་ན་ཕུང་པོ་རྣམས་ཡོད་དོ་ཞེས་བྱ་བ་དེ་མི་འཐད་པ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་སྒྱུ་མ་འདི་ནི་བྱིས་པ་འདྲིད་པའོ། །ཞེས་གསུངས་སོ། །དེ་ལྟར་ཡང༌། གཟུགས་ནི་དབུ་བརྡོས་པ་འདྲ། །ཚོར་བ་ཆུ་བུར་དག་དང་མཚུངས། །འདུ་ཤེས་སྨིག་རྒྱུ་འདྲ་བ་སྟེ། །འདུ་


DTG096_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་ཀྱང་གསུངས་སོ། །ཕུང་པོ་རྣམས་ཉི་ཚེ་གཟུགས་མི་འཐད་པ་ཉིད་ཀྱིས་མི་འཐད་པར་རིམ་པ་མཚུངས་པར་མ་ཟད་ཀྱི། ཆོས་ཐམས་ཅད་ཀྱང་གཟུགས་མི་འཐད་པ་ཉིད་ཀྱིས་མི་འཐད་པར་རིམ་པ་མཚུངས་སོ། །དེ་ལྟར་གང་གི་ཕྱིར་ཆོས་ཐམས་ཅད་གཟུགས་མི་འཐད་པ་ཉིད་ཀྱིས་མི་འཐད་པར་རིམ་པ་མཚུངས་པ་དེའི་ཕྱིར། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །སྟོང་པ་ཉིད་ཀྱིས་བརྩད་ཅིང་འགྱེད་པ་བརྩམས་ཏེ་ཡོངས་སུ་གླེང་བའི་ཚེ་གང་ཞིག་སྟོང་པ་ཉིད་མ་ཡིན་པས་ལན་འདེབས་ཤིང་སྨྲ་བར་བྱེད་པ་དེའི་ཚེ་དེ་དག་ཐམས་ཅད་ནི་ལན་བཏབ་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་བ་དང་མཚུངས་པར་འགྱུར་བའི་ཕྱིར་དང༌། འདི་ལྟ་སྟེ་དཔེར་ན་དངོས་པོ་ཐམས་ཅད་ངོ་བོ་ཉིད་སྟོང་པའོ། །ཞེས་དམ་བཅས་ན་དཔེ་བསྟན་པའི་ཕྱིར་སྣམ་བུ་ངོ་བོ་ཉིད་སྟོང་པར་སྒྲུབ་པར་བྱེད་པའི་ཚེ་གང་ཞིག་རེ་ཞིག་རེ་ཞིག་རྒྱུ་སྤུན་དག་ནི་ཡོད་དོ་ཞེས་ཟེར་བའི་དེ་ནི་བསྒྲུབ་པར་བྱ་བ་དང་མཚུངས་པ་ཡིན་ཏེ། གཏན་ཚིགས་གང་དག་ཉིད་ཀྱིས་སྣམ་བུ་ངོ་བོ་ཉིད་སྟོང་པར་བསྟན་པ་དེ་དག་ཉིད་རྒྱུ་སྤུན་དག་སྟོང་པ་ཉིད་དུ་རབ་ཏུ་སྒྲུབ་པར་བྱེད་པ་ཡང་ཡིན་པས་དེའི་ཕྱིར་རྒྱུར་སྤུན་དག་སྟོང་པ་ཉིད་མ་ཡིན་པར་སྟོན་པ་ནི་བསྒྲུབ་པར་བྱ་བ་སྣམ་བུ་དང་མཚུངས་པ་ཡིན་ནོ། །དེ་བཞིན་དུ་སྐྱེ་བོ་ཆོས་ཀྱི་གནས་སྐབས་ཤེས་པ་དག་དགེ་བའི་ཆོས་རྣམས་ཀྱི་ངོ་བོ་ཉིད་ནི་དགེ་བའོ་སྙམ་པ་དང༌། ལྷག་མ་རྣམས་ཀྱང་དེ་བཞིན་དུ་རྣམ་པར་ངེས་སོ་སྙམ་དུ་སེམས་ཤིང་དེ་དག་ལ་སོགས་པ་སྨྲ་ན་དགེ་བའི་ཆོས་རྣམས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་པས་ན་དེ་ཡང་བསྒྲུབ་པར་བྱ་བ་དང་མཚུངས་པ་ཡིན་ཏེ། བསྒྲུབ་པར་བྱ་བ་དང་མཚུངས་པའི་ཕྱིར་ལན་བཏབ་པ་མ་ཡིན་ནོ། །སློབ་དཔོན་འཕགས་པ་ལྟས་ཀྱང༌། །དངོས་པོ་གཅིག་ལ་གང་ལྟ་བ། །དེ་ནི་ཀུན་ལའང་ལྟ་བར་འདོད། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ཉིད་


DTG096_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་སྟོང་པ་ཉིད། །ཅེས་གསུངས་སོ། །སྟོང་པ་ཉིད་ཀྱིས་བཤད་བྱས་ཚེ། །གང་ཞིག་སྐྱོན་འདོགས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་སྐྱོན་བཏགས་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །སྟོང་པ་ཉིད་ཀྱི་དངོས་པོ་ངོ་བོ་ཉིད་མེད་པ་ཉིད་དུ་རྣམ་པར་བཤད་པའི་ཚེ་གང་ཞིག་སྟོང་པ་ཉིད་མ་ཡིན་པས་སྐྱོན་འདོགས་ཤིང་སྨྲ་བར་བྱེད་པ་དེའི་དེ་དག་ཐམས་ཅད་ཀྱང་སྔ་མ་ཁོ་ན་བཞིན་དུ་བསྒྲུབ་པར་བྱ་བ་དང་མཚུངས་པའི་ཕྱིར་སྐྱོན་བཏགས་པ་མ་ཡིན་ཏེ། དེ་ནི་དོན་གཅིག་པ་ཁོ་ན་ཡིན་མོད་ཀྱི། གནས་སྐབས་གཞན་གྱི་བྱེ་བྲག་གིས་ཡང་བསྟན་ཏོ། །ཚིགས་སུ་བཅད་པ་འདི་གཉིས་ནི་རབ་ཏུ་བྱེད་པ་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པར་བལྟ་བར་བྱ་སྟེ། ཐམས་ཅད་དུ་གྲུབ་པའི་ཕྱིར་རོ། །ཕུང་པོ་བརྟག་པ་ཞེས་བྱ་སྟེ་རབ་ཏུ་བྱེད་པ་བཞི་པའོ།། །།འདིར་སྨྲས་པ། འདི་ལ་སོགས་པ་ཁམས་དྲུག་པོ་དག་ཀྱང་བསྟན། དེ་དག་གི་སོ་སོའི་མཚན་ཉིད་ཀྱང་བསྟན་ཏོ། །དེ་ལ་ནམ་མཁའི་མཚན་ཉིད་ནི་མི་སྒྲིབ་པའོ། །ཞེས་བསྟན་ཏེ། དངོས་པོ་མེད་ན་ནི་མཚན་ཉིད་བསྟན་པར་མི་རིགས་པས་དེ་ལྟ་བས་ན་མཚན་ཉིད་ཡོད་པའི་ཕྱིར་ནམ་མཁའ་ཡོད་དོ། །ཇི་ལྟར་ནམ་མཁའ་ཡོད་པ་དེ་བཞིན་དུ་ཁམས་ལྷག་མ་རྣམས་ཀྱང་རང་གི་མཚན་ཉིད་ཡོད་པའི་ཕྱིར་ཡོད་དོ། །བཤད་པ། ནམ་མཁའི་མཚན་ཉིད་ནི་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །གལ་ཏེ་ནམ་མཁའི་མཚན་ཉིད་ཀྱི་སྔ་རོལ་ན་ནམ་མཁའ་ཞེས་བྱ་བ་ཅུང་ཟད་ཅིག་ཡོད་ན་ནི་དེ་ལ་ནམ་མཁའ་འདིའི་མཚན་ཉིད་ནི་འདི་ཡིན་ནོ་ཞེས་མཚན་ཉིད་བསྟན་པ་ཡང་རིགས་པ་ཞིག་ན་ནམ་མཁའི་མཚན་ཉིད་ཀྱི་སྔ་རོལ་ན་ནམ་མཁའ་མེད་དོ། །ནམ་མཁའ་མེད་ན་ནམ་མཁའི་མཚན་ཉིད་ཅེས་བྱ་བ་དེ་ཇི་ལྟར་འཐད་པར་འགྱུར། ཅི་སྟེ་ནམ་མཁའི་མཚན་ཉིད་ཀྱི་སྔ་རོལ་ན་ནམ་མཁའ་ཡོད་དོ་ཞེས་དེ་ལྟར་རྟོག་ན། དེ་ལྟ་ན། གལ་ཏེ་མཚན་ལས་སྔ་གྱུར་ན། མཚན་ཉིད་མེད་པར་ཐལ་བར་འགྱུར། འདིར་སྨྲས་པ།


DTG096_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་མེད་པ་ཡོད་དོ། །ཞེས་བཤད་པ། མཚན་ཉིད་མེད་པའི་དངོས་པོ་ནི། །འགའ་ཡང་གང་ན་ཡོད་མ་ཡིན། །ཡང་ཞེས་བྱ་བའི་སྒྲ་ནི་ཉིད་ཅེས་བྱ་བའི་དོན་ཏེ། མཚན་ཉིད་མེད་པའི་དངོས་པོ་ནི་འགའ་ཡང་ཡོད་པ་མ་ཡིན་པ་ཉིད་དེ། གཞུང་ལུགས་གང་དུ་ཡང་མ་བསྟན་ཏོ། །འོ་ན་དེ། མཚན་ཉིད་མེད་པའི་དངོས་མེད་ན། །མཚན་ཉིད་གང་དུ་འཇུག་པར་འགྱུར། །དེ་བསྟན་པར་རིགས་སོ། །འདི་ལྟར། མཚན་ཉིད་མེད་ལ་མཚན་ཉིད་ནི། །མི་འཇུག་དེ་ལྟར་གང་གི་ཕྱིར་མཚན་ཉིད་མེད་པའི་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་མཚན་ཉིད་མེད་པའི་དངོས་པོ་མེད་ན་དེ་གཞི་མེད་པ་ལ་མཚན་ཉིད་འཇུག་པར་མི་འཐད་དོ། །འོ་ན་མཚན་ཉིད་དང་བཅས་པའི་དངོས་པོ་ལ་མཚན་ཉིད་འཇུག་པར་འགྱུར་རོ་སྙམ་ན། བཤད་པ། མཚན་ཉིད་བཅས་ལ་མིན། མཚན་ཉིད་དང་བཅས་པའི་དངོས་པོ་ལ་ཡང་མཚན་ཉིད་འཇུག་པར་མི་འཐད་དེ། དགོས་པ་མེད་པའི་ཕྱིར་རོ། །དངོས་པོ་རང་གི་མཚན་ཉིད་དང་བཅས་པར་རབ་ཏུ་གྲུབ་པ་ལ་ཡང་མཚན་ཉིད་ཀྱིས་ཅི་ཞིག་བྱ། དེ་ལྟ་ན་ཐུག་པ་མེད་པར་ཐལ་བར་འགྱུར་ཏེ། དེ་ནམ་ཡང་མཚན་ཉིད་དང་བཅས་པ་མ་ཡིན་པར་མི་འགྱུར་ཞིང༌། རྟག་ཏུ་མཚན་ཉིད་འཇུག་པར་ཐལ་བར་འགྱུར་རོ། །དེ་ཡང་མི་འདོད་དེ། །དེ་ལྟ་བས་ན་མཚན་ཉིད་དང་བཅས་པའི་དངོས་པོ་ལ་ཡང་མཚན་ཉིད་འཇུག་པར་མི་འཐད་དོ། །དེ་ལ་འདི་སྙམ་དུ་མཚན་ཉིད་དང་བཅས་པ་དང་མཚན་ཉིད་མེད་པ་དག་ལས་གཞན་པ་ལ་འཇུག་པར་སེམས་ན། བཤད་པ། མཚན་བཅས་མཚན་ཉིད་མེད་པ་ལས། །གཞན་ལའང་འཇུག་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། མི་སྲིད་པའི་ཕྱིར་ཏེ། གལ་ཏེ་མཚན་ཉིད་དང་བཅས་ན་ནི་མཚན་ཉིད་མེད་པ་མ་ཡིན་ལ། ཅི་སྟེ་མཚན་ཉིད་མེད་ན་ནི་མཚན་ཉིད་དང་བཅས་པ་མ་ཡིན་པས་དེའི་ཕྱིར་མཚན་ཉིད་དང་བཅས་པ་དང་མཚན་ཉིད་མེད་པ་ཞེས་བྱ་བ་དེ་ནི་དགག་པར་མི་མཐུན་པ་ཡིན་ཏེ། དེ་ལྟ་བས་ན་མི་སྲིད་པ་ཁོ་ནའི་ཕྱིར་མཚན་ཉིད་དང་བཅས་པ་དང་མཚན་ཉིད་མེད་པ་གཞན་ལ་ཡང་མཚན་ཉིད་འཇུག་


DTG096_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འཐད་དོ། །མཚན་ཉིད་འཇུག་པ་མ་ཡིན་ན། །མཚན་གཞི་འཐད་པར་མི་འགྱུར་རོ། །མཚན་ཉིད་འཇུག་པ་མ་ཡིན་ན་མཚན་ཉིད་ཀྱི་གཞི་ཡང་འཐད་པར་མི་འགྱུར་ཏེ། འདི་ལྟར་ཁྱོད་ཀྱིས་མཚན་ཉིད་དང་ལྡན་པ་ལས་ཁམས་རབ་ཏུ་འགྲུབ་པར་བསྟན་ན་མཚན་ཉིད་དང་ལྡན་པ་དེ་ཡང་མཚན་ཉིད་མི་འཇུག་པའི་ཕྱིར་མི་འཐད་དོ། །དེ་མེད་ན་ཁྱོད་ཀྱི་མཚན་ཉིད་ཀྱི་གཞི་གང་གིས་འགྲུབ་པར་འཐད། སྨྲས་པ། དེ་རེ་ཞིག་མཚན་ཉིད་ནི་ཡོད་དེ། མཚན་ཉིད་ཡོད་པས་མཚན་ཉིད་ཀྱི་གཞི་ཡང་རབ་ཏུ་འགྲུབ་པར་འགྱུར་རོ། །བཤད་པ། མཚན་གཞི་འཐད་པ་མ་ཡིན་ན། །མཚན་ཉིད་ཀྱང་ནི་ཡོད་མ་ཡིན། །འདི་ལ་མཚན་ཉིད་ཀྱི་གཞི་ལ་བརྟེན་ནས་མཚན་ཉིད་དུ་འགྱུར་ན་མཚན་ཉིད་ཀྱི་གཞི་དེ་ཡང་མི་འཐད་དོ། །མཚན་ཉིད་ཀྱི་གཞི་མེད་ན་གཞི་མེད་པའི་མཚན་ཉིད་ཇི་ལྟར་འཐད། དེ་ལྟ་བས་ན་མཚན་ཉིད་ཀྱང་ཡོད་པ་མ་ཡིན་པ་ཉིད་དོ། །དེ་ཕྱིར་མཚན་གཞི་ཡོད་མིན་ཏེ། །མཚན་ཉིད་ཡོད་པ་ཉིད་མ་ཡིན། །དེ་ལྟར་གང་གི་ཕྱིར་རྣམ་པ་ཐམས་ཅད་དུ་བརྟགས་ན་མཚན་ཉིད་འཇུག་པར་མི་འཐད་པ་དེའི་ཕྱིར་མཚན་ཉིད་ཀྱི་གཞི་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་མཚན་ཉིད་ཀྱི་གཞི་ཡོད་པ་མ་ཡིན་པ་དེའི་ཕྱིར་གང་ཞིག་མེད་པའི་མཚན་ཉིད་ཀྱང་ཡོད་པ་ཉིད་མ་ཡིན་ནོ། །སྨྲས་པ། འདི་ནི་མཚན་ཉིད་ཀྱི་གཞིའོ། །འདི་ནི་མཚན་ཉིད་དོ། །ཞེས་བྱ་བ་དེ་བརྗོད་པར་མི་ནུས་མོད་ཀྱི། འོན་ཀྱང་རེ་ཞིག་དངོས་པོ་ནི་ཡོད་དོ། །བཤད་པ། མཚན་གཞི་མཚན་ཉིད་མ་གཏོགས་པའི། །དངོས་པོ་ཡང་ནི་ཡོད་མ་ཡིན། །གལ་ཏེ་དངོས་པོ་འགའ་ཞིག་ཡོད་པར་འགྱུར་ན་མཚན་ཉིད་ཀྱི་གཞི་འམ་མཚན་ཉིད་གཅིག་ཏུ་འགྱུར་གྲང་ན། གང་མཚན་ཉིད་ཀྱི་གཞི་ཡང་མ་ཡིན་ལ་མཚན་ཉིད་ཀྱང་མ་ཡིན་པ་དེ་ནི་ཡོད་པ་ཉིད་མ་ཡིན་པ་དེའི་ཕྱིར་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་མ་གཏོགས་པའི་དངོས་པོ་འགའ་ཡང་ཡོད་པ་ཉིད་མ་ཡིན་ནོ། །སྨྲས་པ། དངོས་པོ་ནི་ཡོད་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། དངོས་པོ་མེད་པ་ཡོད་པའི་ཕྱིར་རོ། །འདི་ལ་ཁྱོད་ན་རེ་མཚན་ཉིད་ཀྱི་གཞི་


DTG096_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚན་ཉིད་དག་མེད་དོ་ཞེས་ཟེར་བ་དེ་ནི་དངོས་པོ་ལ་ལྟོས་པ་ཡིན་ཏེ། དེའི་ཕྱིར་གང་གི་དངོས་པོ་མེད་དོ་ཞེས་བརྗོད་པའི་དངོས་པོ་དེ་ནི་འགའ་ཞིག་ཡོད་པས་དེ་ལྟ་བས་ན་དངོས་པོ་མེད་པ་ཡོད་པའི་ཕྱིར་དངོས་པོ་ཡོད་པ་ཉིད་དོ། །བཤད་པ་ལེགས་པར་བརྗོད་དོ། །གལ་ཏེ་དངོས་པོ་མེད་པ་ཡོད་ན་ནི་དངོས་པོ་ཡང་ཡོད་པར་འགྱུར་བ་ཞིག་ན། དངོས་པོ་མེད་པ་ཡོད་པ་མ་ཡིན་པས་དངོས་པོ་ཡོད་པར་ག་ལ་འགྱུར། ཇི་ལྟར་ཞེ་ན། དངོས་པོ་ཡོད་པ་མ་ཡིན་ན། །དངོས་མེད་གང་གི་ཡིན་པར་འགྱུར། །སྔར། མཚན་གཞི་མཚན་ཉིད་མ་གཏོགས་པའི། །དངོས་པོ་ཡང་ནི་ཡོད་མ་ཡིན། །ཞེས་བསྟན་པས་དངོས་པོ་དེ་ཡོད་པ་མ་ཡིན་ན་ཁྱོད་ཀྱི་དངོས་པོ་མེད་པ་དེ་གང་གི་ཡིན་པར་བརྟག །འདི་ལྟར་དངོས་པོའི་དངོས་པོ་མེད་པར་འགྱུར་གྲང་ན། དངོས་པོ་དེ་ཡང་ཡོད་པ་མ་ཡིན་ན་དངོས་པོ་མེད་པ་དེ་གང་གི་ཡིན་པར་འགྱུར། དེ་ལྟ་བས་ན་དངོས་པོ་མེད་པའི་ཕྱིར་དངོས་པོ་མེད་པ་ཡང་མེད་དོ། །སྨྲས་པ། གང་གི་དངོས་པོ་དང་དངོས་པོ་མེད་པ་དེ་དག་ཤེས་པར་བྱེད་ཅིང་དངོས་པོ་དང་དངོས་པོ་མེད་པ་དག་རྟོག་པར་བྱེད་པ་དེ་ནི་རེ་ཞིག་ཡོད་དོ། །དེ་ཡོད་པས་དངོས་པོ་དང་དངོས་པོ་མེད་པ་དག་ཀྱང་རབ་ཏུ་འགྲུབ་པ་ཉིད་དོ། །བཤད་པ། དངོས་དང་དངོས་མེད་མི་མཐུན་ཆོས། །གང་གིས་དངོས་དང་དངོས་མེད་ཤེས། །མི་མཐུན་པའི་ཆོས་ནི་དེ་དག་མི་བཟློག་པའི་ཆོས་ཏེ། དངོས་པོ་དང་དངོས་པོ་མེད་པ་དག་གི་མི་མཐུན་པའི་ཆོས་ནི་དངོས་པོ་དང་དངོས་པོ་མེད་པ་མི་མཐུན་པའི་ཆོས་སོ། །དངོས་པོ་དང་དངོས་པོ་མེད་པ་དག་གི་མི་མཐུན་པའི་ཆོས་གང་ཡིན་ཞེ་ན། དངོས་པོ་ཡང་མ་ཡིན་ལ་དངོས་པོ་མེད་པ་ཡང་མ་ཡིན་པའོ། །དེ་ལ་གལ་ཏེ་འགའ་ཞིག་ཡོད་པར་འགྱུར་ན་དངོས་པོའི་ཆོས་སམ། དངོས་པོ་མེད་པའི་ཆོས་ཤིན་ཏུ་འགྱུར་གྲང་ན། གང་དངོས་པོའི་ཆོས་ཀྱང་མ་ཡིན་ལ་དངོས་པོ་མེད་པའི་ཆོས་ཀྱང་མ་ཡིན་པ་དེ་ནི་ཡོད་པ་ཉིད་མ་ཡིན་ནོ། །དངོས་པོ་དང་དངོས་པོ་མེད་པ་དག་དང་མི་མཐུན་པའི་ཆོས་དེ་མེད་ན་གང་གིས་དངོས་པོ་དང་དངོས་པོ་མེད་པ་དེ་དག་ཤེས་པར་བརྟག །དེ་ལྟ་


DTG096_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་དངོས་པོ་དང་དངོས་པོ་མེད་པར་ཤེས་པ་ཡང་མེད་དོ། །དེ་ཕྱིར་ནམ་མཁའ་དངོས་པོ་མིན། །དངོས་མེད་མ་ཡིན་མཚན་གཞི་མིན། །མཚན་ཉིད་མ་ཡིན། །དེ་ལྟར་གང་གི་ཕྱིར་བརྟགས་ན་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་མེད་ཅིང༌། མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་མ་གཏོགས་པའི་དངོས་པོ་གཞན་ཡང་མེད་དོ། །དངོས་པོ་མེད་ན་དངོས་པོ་མེད་པ་ཡང་མེད་པ་དེའི་ཕྱིར་ནམ་མཁའ་ནི་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན། མཚན་ཉིད་ཀྱི་གཞི་ཡང་མ་ཡིན་མཚན་ཉིད་ཀྱང་མ་ཡིན་ནོ།། འདི་ལྟར་གལ་ཏེ་ནམ་མཁའ་ཞེས་བྱ་བ་ཅུང་ཞིག་ཡོད་པར་གྱུར་ན་དེ་བཞི་པོ་དེ་དག་ལས་གང་ཡང་རུང་བ་ཞིག་ཏུ་འགྱུར་གྲང་ན། བཞི་པོ་དེ་དག་ཀྱང་མེད་པས་དེའི་ཕྱིར་ནམ་མཁའ་ཡོད་པ་མ་ཡིན་ནོ། །ཁམས་ལྔ་པོ། །གཞན་གང་དག་ཀྱང་ནམ་མཁའ་མཚུངས། །ནམ་མཁའ་མཚུངས་ཞེས་བྱ་བ་ནི། །ནམ་མཁའ་དང་མཚུངས་པ་སྟེ། ཇི་ལྟར་ནམ་མཁའ་བརྟགས་ན་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན། མཚན་ཉིད་ཀྱི་གཞི་ཡང་མ་ཡིན་མཚན་ཉིད་ཀྱང་མ་ཡིན་ཏེ། ནམ་མཁའ་ཞེས་བྱ་བ་ནི་ཅི་ཡང་མ་ཡིན་པ་དེ་བཞིན་དུ་ས་ལ་སོགས་པ་ཁམས་ལྔ་པོ་གཞན་དག་གང་ཡིན་པ་དེ་དག་ཀྱང་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན། མཚན་ཉིད་ཀྱི་གཞི་ཡང་མ་ཡིན། མཚན་ཉིད་ཀྱང་མ་ཡིན་ཏེ། དངོས་པོ་འགའ་ཡང་ཡོད་པ་མ་ཡིན་པས་དེའི་ཕྱིར་ཁམས་རྣམས་ཀྱང་ཡོད་པ་མ་ཡིན་ནོ། །སྨྲས་པ། །འདི་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་དག་ནི་ཕལ་ཆེར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་བརྟེན་པ་ཡིན་ན་དེ་ལ་གལ་ཏེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་མེད་པ་ཉིད་ཡིན་པ་དེ་དག་དོན་མེད་པ་ཉིད་དུ་མི་འགྱུར་རམ་དེ་དག་དོན་མེད་པ་ཉིད་དུ་མི་རིགས་ན་དེ་ཅི་ལྟ་བུ་ཞིག །བཤད་པ། ཁོ་བོས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་མེད་པ་ཉིད་དུ་མི་སྨྲའི། དེ་དག་ཡོད་པ་ཉིད་དུ་སྨྲ་བ་སེལ་བར་བྱེད་དོ། །དེ་གཉི་ག་ཡང་སྐྱོན་དུ་ཆེ་སྟེ། འདི་ལྟར་འོག་ནས་ཀྱང༌། ཡོད་ཅེས་བྱ་


DTG096_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་འབྱུང་ངོ༌། །བཅོམ་ལྡན་འདས་ཀྱིས་ཀྱང་ཀ་ཏྱ་ན་འཇིག་རྟེན་འདི་ནི་གཉིས་ལ་གནས་ཏེ། ཕལ་ཆེར་ཡོད་པ་ཉིད་དང༌། མེད་པ་ཉིད་ལ་གནས་སོ་ཞེས་བཀའ་སྩལ་ཏོ། །དེའི་ཕྱིར་ཁོ་བོ་ནི་རྟེན་ཅིང་འབྲེལ་པར་འབྱུང་བས་ཡོད་པ་ཉིད་དང་མེད་པ་ཉིད་ཀྱི་སྐྱོན་དང་བྲལ་བ་ཆད་པ་མ་ཡིན་རྟག་པ་མ་ཡིན་པ་རྗེས་སུ་རབ་ཏུ་སྟོན་པ་མེད་པ་ཉིད་དུ་མི་སྨྲའོ། །དེ་ལྟ་བས་ན་ཁོ་བོ་ཅག་ལ་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་དག་ལ་བརྟེན་པའི་ཆོས་སྟོན་པ་དག་དོན་མེད་པ་ཉིད་དུ་མི་འགྱུར་རོ། །བློ་ཆུང་གང་དག་དངོས་རྣམས་ལ། །ཡོད་པ་ཉིད་དང་མེད་ཉིད་དུ། །ལྟ་བ་དེ་ནི་བལྟ་བྱ་བ། །ཉེ་བར་ཞི་བ་ཞི་མི་མཐོང༌། །བློ་ཆུང་ངུ་གང་དག་རྟེན་ཅིང་འབྲེལ་པར་འབྱུང་བ་མཆོག་ཏུ་ཟབ་པ་མ་རྟོགས་པ་ན་དངོས་པོ་རྣམས་ལ་ཡོད་པ་ཉིད་དང༌། མེད་པ་ཉིད་དུ་རྗེས་སུ་ལྟ་བ་ཆད་པ་དང་རྟག་པར་ལྟ་བས་བློ་གྲོས་ཀྱི་མིག་བསྒྲིབས་པ་དེ་དག་གིས་ནི་མྱ་ངན་ལས་འདས་པ་ལྟ་བར་བྱ་བ་ཉེ་བར་ཞི་ཞིང་ཞི་བ་མི་མཐོང་ངོ༌། །དེའི་ཕྱིར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་མཐོང་བ་སྤྲོས་པ་ལ་མངོན་པར་དགའ་བའི་ཡིད་དང་ལྡན་པ་དེ་དག་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་བརྟེན་པའི་ཆོས་སྟོན་པ་དག་ནི་དོན་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟ་བས་ན་འདི་ནི་དོན་དམ་པ་ཡིན་གྱིས་མི་འཇིགས་ཤིག །སྨྲས་པ། ཅིའི་ཕྱིར་ནམ་མཁའི་ཁམས་གང་ཡིན་པ་དེ་དང་པོར་བརྟགས། ཁམས་བསྟན་པ་ལ་དང་པོར་སའི་ཁམས་བསྟན་པས་སའི་ཁམས་ཉིད་དང་པོ་བརྟག་པར་བྱ་བའི་རིགས་སོ། །བཤད་པ། གྲགས་པའི་དོན་གྱིས་མ་གྲགས་པའི་དོན་རབ་ཏུ་བསྒྲུབ་པར་བྱ་སྟེ། འཇིག་རྟེན་ནི་ཕལ་ཆེར་ནམ་མཁའ་ལ་ཅི་ཡང་མ་ཡིན་པར་མོས་ཏེ། འདི་ལྟར་སྨྲ་བ་པོ་དག་ན་རེ་སྤྲོས་པ་དེ་དག་ཐམས་ཅད་ནི་ནམ་མཁའོ། །ཞེས་ཟེར་བས་དེ་དག་ཐམས་ཅད་ནི་ཅི་ཡང་མ་ཡིན་ནོ། ཞེས་བྱ་བར་བསམ་མོ། །དེའི་ཕྱིར་ཁམས་ལྷག་མ་ལྔ་པོ་དག་ཀྱང་ནམ་མཁའ་དང་མཚུངས་པར་བརྗོད་པར་བྱའོ་ཞེས་བྱ་བའི་དཔེ་བསྟན་


DTG096_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ནམ་མཁའ་སྟོང་པ་ཉིད་དུ་གྲུབ་པ་དང་པོར་བསྟན་ཏོ། །ཁམས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ལྔ་པའོ།། །།འདིར་སྨྲས་པ། ཁྱོད་ཀྱིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་གི་སྟོང་པ་ཉིད་རྗེས་སུ་རབ་ཏུ་བསྟན་པས་ཁོ་བོ་སྟོང་པ་ཉིད་ཉན་འདོད་པར་གྱུར་གྱིས། དེའི་ཕྱིར་དེ་ནི་འདོད་ཆགས་དང་ཆགས་པ་བརྟག་པར་བྱ་བའི་རིགས་སོ། །བཤད་པ་དེ་ལྟར་བྱའོ། །སྨྲས་པ། འདི་ལ་དེ་དང་དེར་འདོད་ཆགས་དང་ཆགས་པ་སྤངས་པ་བསྟན། འདོད་ཆགས་ཉེ་བར་ཞི་བར་བྱ་བའི་ཕྱིར་རིགས་པ་ཡང་བསྟན་ཏོ། །མེད་ན་ནི་ཉེ་བར་ཞི་བར་བྱ་བའི་རིགས་པ་ཡང་བསྟན་པའི་མི་རིགས་ཏེ། འདི་ལྟར་སྦྲུལ་གྱིས་མ་ཟིན་ན་གསང་སྔགས་དང་སྨན་གྱི་བྱ་བ་མེད་དོ། །དེ་ལྟ་བས་ན་འདོད་ཆགས་དང་ཆགས་པ་དག་ནི་ཡོད་དོ། །བཤད་པ། འདོད་ཆགས་དང་ཆགས་པ་དག་ནི་མི་སྲིད་དོ། །ཇི་ལྟར་ཞེ་ན། །གལ་ཏེ་འདོད་ཆགས་སྔ་རོལ་ན། །འདོད་ཆགས་མེད་པའི་ཆགས་ཡོད་ན། །དེ་ལ་བརྟེན་ནས་འདོད་ཆགས་ཡོད། །ཆགས་ཡོད་འདོད་ཆགས་ཡོད་པར་འགྱུར། །གལ་ཏེ་འདོད་ཆགས་ཀྱི་སྔ་རོལ་ན་ཆགས་པ་འདོད་ཆགས་མེད་པ་འདོད་ཆགས་ལས་གཞན་དུ་གྱུར་པ་འགའ་ཞིག་ཡོད་ན་ནི་དེ་ལ་བརྟེན་ནས་འདོད་ཆགས་ཡོད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཆགས་ཡོད་འདོད་ཆགས་ཡོད་པར་འགྱུར། །འདི་ལྟར་ཆགས་པ་ཡོད་ན་འདོད་ཆགས་ཀྱང་འདིའོ་ཞེས་འཐད་པར་འགྱུར་རོ། །ཆགས་པ་མེད་ན་དེ་སུའི་འདོད་ཆགས་སུ་འགྱུར་ཏེ། འདི་ལྟར་གཞི་མེད་པ་ལ་འདོད་ཆགས་མི་འཐད་པས་དེའི་ཕྱིར་ཆགས་པ་མེད་ན་འདོད་ཆགས་མི་འཐད་དོ། །སྨྲས་པ། ཆགས་པ་ཡོད་ན་འདོད་ཆགས་ཡོད་དོ། །འདིར་བཤད་པ། ཆགས་པ་ཡོད་པར་གྱུར་ན་ཡང༌། །འདོད་ཆགས་ཡོད་པར་ག་ལ་འགྱུར།། ཁྱོད་ཀྱི་ཆགས་པ་ཡོད་པར་གྱུར་ན་ཡང༌། འདོད་ཆགས་ཡོད་པ་ཉིད་དུ་ག་ལ་འགྱུར་ཏེ། འདི་ལྟར་ཆགས་པ་ལ་འདོད་ཆགས་ཀྱི་བྱ་བ་ཅི་ཡང་མེད་དོ། །ཆགས་པར་མི་བྱེད་ན་ནི་ཇི་ལྟར་འདོད་ཆགས་ཡིན་པར་འགྱུར། ཅི་སྟེ་འགྱུར་ན་ནི་གང་ཡང་འདོད་ཆགས་མ་ཡིན་པ་ཉིད་


DTG096_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་འགྱུར་བས་དེ་ནི་མི་འདོད་དེ། དེའི་ཕྱིར་ཆགས་པ་ཡོད་པར་གྱུར་ན་ཡང་འདོད་ཆགས་མི་འཐད་དོ། །སྨྲས་པ། རེ་ཞིག་ཆགས་པ་ནི་ཡོད་དེ། དེ་ཡང་འདོད་ཆགས་མེད་ན་མི་འབྱུང་བས་འདོད་ཆགས་ཀྱང་རབ་ཏུ་གྲུབ་པ་ཉིད་དོ། །བཤད་པ། ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །ཆགས་པ་ཡོད་པར་ཡོངས་བརྟགས་ན། །འདོད་ཆགས་ཡོད་དམ་མེད་ཀྱང་རུང་སྟེ་ཆགས་པ་ལ་ཡང་འདོད་ཆགས་མི་འཐད་པ་དེ་ཉིད་དང་རིམ་པ་མཚུངས་སོ། །ཇི་ལྟར་ཞེ་ན། གལ་ཏེ་ཆགས་པའི་སྔ་རོལ་ན། །ཆགས་མེད་འདོད་ཆགས་ཡོད་ན་ནི། །དེ་ལ་བརྟེན་ནས་ཆགས་པ་ཡོད། །འདོད་ཆགས་ཡོད་ན་ཆགས་ཡོད་འགྱུར། །གལ་ཏེ་ཆགས་པའི་སྔ་རོལ་ན་འདོད་ཆགས་ཆགས་པ་མེད་པ་ཆགས་པ་ལས་གཞན་དུ་འགྱུར་བ་འགའ་ཞིག་ཡོད་ན་ནི། དེ་ལ་བརྟེན་ནས་ཆགས་པ་ཡོད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདོད་ཆགས་ཡོད་ན་ཆགས་ཡོད་འགྱུར། །འདི་ལྟར་འདོད་ཆགས་ཡོད་ན་ཆགས་པ་ཡང་འདིས་འདི་ཆགས་སོ་ཞེས་འཐད་པར་འགྱུར་རོ། །འདོད་ཆགས་མེད་ན་གང་གིས་དེ་ཆགས་པར་འགྱུར། མ་ཆགས་པ་ན་ནི་ཇི་ལྟར་ཆགས་པར་འགྱུར། ཅི་སྟེ་འགྱུར་ན་ནི་གང་ཡང་ཆགས་པ་མ་ཡིན་པ་ཉིད་དུ་མི་འགྱུར་བས་དེ་ནི་མི་འདོད་དེ། དེའི་ཕྱིར་འདོད་ཆགས་མེད་ན་ཆགས་པ་མི་འཐད་དོ། །དེ་ལ་འདི་སྙམ་དུ་འདོད་ཆགས་ཡོད་ན་ཆགས་པ་ཡོད་པར་སེམས་ན། བཤད་པ། འདོད་ཆགས་ཡོད་པར་གྱུར་ན་ཡང༌། །ཆགས་པ་ཡོད་པར་ག་ལ་འགྱུར། །ཁྱོད་ཀྱི་འདོད་ཆགས་ཡོད་པར་གྱུར་ན་ཡང་ཆགས་པ་མེད་པ་ཉིད་དུ་ག་ལ་འགྱུར་ཏེ། འདི་ལྟར་གལ་ཏེ་འདོད་ཆགས་ཡོད་ན་ཆགས་པར་འགྱུར་ན། ཆགས་པ་མེད་དེ་འདོད་ཆགས་དེས་ཆགས་པར་གྱུར་པ་མ་ཡིན་ནོ། །ཆགས་པ་མ་ཡིན་ན་ནི་ཇི་ལྟར་ཆགས་པར་འགྱུར། ཅི་སྟེ་འགྱུར་ན་ནི་ནམ་ཡང་ཆགས་པ་མ་ཡིན་པ་ཉིད་དུ་མི་འགྱུར་བས་དེ་ནི་མི་འདོད་དེ། །འདོད་ཆགས་ལ་ཡང་ཆགས་པ་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །དེའི་ཕྱིར་འདོད་ཆགས་ཡོད་པར་གྱུར་ན་ཡང་


DTG096_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་མི་འཐད་དོ། །སྨྲས་པ། འདོད་ཆགས་དང་ཆགས་པ་གཉིས་ལ་སྔ་ཕྱི་མེད་དེ། འདི་ལྟར་དེ་གཉིས་ནི་ལྷན་ཅིག་ཉིད་དུ་སྐྱེ་བ་ཡིན་ནོ། །བཤད་པ། འདོད་ཆགས་དང་ནི་ཆགས་པ་དག །ལྷན་ཅིག་ཉིད་དུ་སྐྱེ་མི་རིགས། །འདོད་ཆགས་དང་ཆགས་པ་དག་ལྷན་ཅིག་ཉིད་དུ་སྐྱེ་བར་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་འདོད་ཆགས་ཆགས་པ་དག །ཕན་ཚུན་ལྟོས་པ་མེད་པར་འགྱུར། །འདི་ལྟར་གལ་ཏེ། འདོད་ཆགས་དང་ཆགས་པ་དག་ལྷན་ཅིག་ཉིད་དུ་སྐྱེ་བར་གྱུར་ན་འདོད་ཆགས་དང་ཆགས་པ་དག་ཕན་ཚུན་ལྟོས་པ་མེད་པར་འགྱུར་རོ། །དེ་ལྟར་གྱུར་ན་འདིའི་འདོད་ཆགས་ནི་འདིའོ། །འདིས་ནི་འདི་ཆགས་སོ་ཞེས་བྱ་བ་དེ་དག་མི་འཐད་དོ། །དེ་དག་མེད་ན་འདོད་ཆགས་མི་འཐད་པ་ཉིད་ལ་ཆགས་པ་ཡང་མི་འཐད་པ་ཉིད་དེ། འདི་ལྟར་འདོད་ཆགས་ནི་ཆགས་པར་བྱེད་པ་ཡིན་ལ་ཆགས་པ་ནི་ཆགས་པར་བྱ་བ་ཡིན་ན་ལྷན་ཅིག་ཉིད་དུ་སྐྱེས་པ་ཕན་ཚུན་ལྟོས་མེད་པ་དག་ལ་དེ་དག་མི་འཐད་པས་དེའི་ཕྱིར་འདོད་ཆགས་དང་ཆགས་པ་དག་ལྷན་ཅིག་ཉིད་དུ་སྐྱེ་བར་ཡང་མི་རིགས་སོ། །ཡང་གཞན་ཡང༌། ཁྱོད་ན་རེ་གང་དག་ལྷན་ཅིག་ཉིད་དོ་ཞེས་ཟེར་བའི་འདོད་ཆགས་དང༌། ཆགས་པ་དེ་དག་གཅིག་པ་ཉིད་དམ་ཐ་དད་པ་ཉིད་དུ་འགྱུར་གྲང་ན། དེ་ལ། གཅིག་ཉིད་ལྷན་ཅིག་ཉིད་མེད་དེ། །རེ་ཞིག་གཅིག་པ་ཉིད་ཡིན་ན་ལྷན་ཅིག་ཉིད་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་དེ་དང་ལྷན་ཅིག་མིན། །འདི་ན་བ་ལང་གཅིག་པུ་ཞེས་པ་ནི་གཅིག་པ་ཉིད་དེ་བ་ལང་གཅིག་ལ་སྙེགས་སོ། །དེ་ལ་བ་ལང་གཅིག་པུ་དེ་ཉིད་བ་ལང་གཅིག་པུ་དེ་ཉིད་དང༌། ཇི་ལྟར་ལྷན་ཅིག་ཏུ་འགྱུར་ཏེ། དེའི་ཕྱིར་གཅིག་པུ་ཉིད་ཡིན་ན་ལྷན་ཅིག་ཉིད་མི་འཐད་དོ། །སྨྲས་པ། འོ་ན་ཐ་དད་པ་ཉིད་ཡིན་ན་ལྷན་ཅིག་ཉིད་དུ་འགྱུར་རོ། །བཤད་པ། ཅི་སྟེ་ཐ་དད་ཉིད་ཡིན་ན། །ལྷན་ཅིག་ཉིད་དུ་ཇི་ལྟར་འགྱུར། །གལ་ཏེ་གཅིག་པ་ཉིད་ཡིན་ན་ཡང་ལྷན་ཅིག་ཉིད་དུ་མི་འཐད་ན་ཐ་དད་པ་ཉིད་ཡིན་ན་ལྷན་ཅིག་ཉིད་དུ་ཇི་ལྟར་འགྱུར། འདི་ལྟར་ཐ་དད་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ནི་ལྷན་


DTG096_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཉིད་ཡིན་ན་མི་མཐུན་པ་དེ་གཉིས་གཅིག་ན་ཇི་ལྟར་ལྷན་ཅིག་གནས་པར་འགྱུར་ཏེ། དེའི་ཕྱིར་ཐ་དད་པ་ཉིད་ཡིན་ན་ཡང་ལྷན་ཅིག་ཉིད་མི་འཐད་དོ། །ཅི་སྟེ་མི་འཐད་པ་བཞིན་དུ་ཡང་འདོད་ཆགས་དང་ཆགས་པ་དག་ལ་ལྷན་ཅིག་ཉིད་ཡོད་དོ། །ཞེས་རྟོག་ན། དེ་ལ་ཡང་བཤད་པར་བྱ་སྟེ། གལ་ཏེ་གཅིག་པུ་ལྷན་ཅིག་ན། །གྲོགས་མེད་པར་ཡང་དེར་འགྱུར་རོ། །གལ་ཏེ་ཐ་དད་ལྷན་ཅིག་ན། །གྲོགས་མེད་པར་ཡང་དེར་འགྱུར་རོ། །གལ་ཏེ་རེ་ཞིག་འདོད་ཆགས་དང་ཆགས་པ་དག་གཅིག་པ་ཉིད་ཡིན་ཡང་ལྷན་ཅིག་ཉིད་དུ་འགྱུར་ན་ནི་དེ་ལྟ་ན་གྲོགས་མེད་པར་ཡང་ལྷན་ཅིག་ཉིད་དུ་འགྱུར་རོ། །ཇི་ལྟར་ཞེ་ན། འདི་ལ་གཅིག་ནི་གཅིག་པུ་ལ་སྙེགས་ཏེ། དེ་ན་བ་ལང་གཅིག་དང་རྟ་གཅིག་ཅེས་བྱ་བའི་གཅིག་ཉིད་ནི་བ་ལང་ལ་ཡང་སྙེགས་རྟ་ལ་ཡང་སྙེགས་པས་གང་དང་གང་ན་གཅིག་པ་ཉིད་ཡོད་པ་དེ་དང་དེ་ན་ལྷན་ཅིག་ཉིད་ཡོད་ཅིང༌། བ་ལང་གཅིག་པུ་ཉིད་དང༌། རྟ་གཅིག་པུ་ཉིད་ལ་གྲོགས་མེད་པར་ཡང་ལྷན་ཅིག་ཉིད་ཡོད་པར་ཐལ་བར་འགྱུར་ཏེ། དེ་ལྟ་ན་ལྷན་ཅིག་ཉིད་དུ་བརྟག་པ་དོན་མེད་པར་འགྱུར་རོ། །ཅི་སྟེ་ཡང་ཐ་དད་པ་ཉིད་ཡིན་ཡང༌། ལྷན་ཅིག་ཉིད་དུ་འགྱུར་ན་ནི་དེ་ལྟ་ན་ཡང་གྲོགས་མེད་པར་ཡང་ལྷན་ཅིག་ཉིད་དུ་འགྱུར་རོ། །ཇི་ལྟར་ཞེ་ན། འདི་ལ་བ་ལང་ལས་ཀྱང་རྟ་ཐ་དད་ལ། རྟ་ལས་ཀྱང་བ་ལང་ཐ་དད་པས་གང་དང་གང་ན་ཐ་དད་པ་ཉིད་ཡོད་པ་དེ་དང་དེ་ན་ལྷན་ཅིག་ཉིད་ཡོད་ཅིང༌། བ་ལང་ཐ་དད་པ་ཉིད་དང༌། རྟ་ཐ་དད་པ་ཉིད་ལ་གྲོགས་མེད་པར་ཡང་ལྷན་ཅིག་ཉིད་ཡོད་པར་ཐལ་བར་འགྱུར་ཏེ། དེ་ལྟ་ན་ཡང་ལྷན་ཅིག་ཉིད་དུ་བརྟག་པ་དོན་མེད་པར་འགྱུར་རོ། །སྨྲས་པ། ཐ་དད་པ་ཉིད་ནི་བ་ལང་ལ་ཡོད་པ་ཡང་མ་ཡིན་ལ། རྟ་ལ་ཡོད་པ་ཡང་མ་ཡིན་གྱི། དེ་གཉི་ག་ལྷན་ཅིག་བྱུང་བ་ལ་ཡོད་པས་དེ་ནི་གཉི་ག་སྤྱིའི་འབྲས་བུ་ཡིན་ཏེ་ཕྲད་པ་བཞིན་ནོ། །གལ་ཏེ་ཐ་དད་པ་ཉིད་སོ་སོ་བ་ཡོད་པར་གྱུར་ན་ནི་ཐ་དད་པ་ཉིད་གཉིས་སུ་འགྱུར་བ་དང༌། དངོས་པོ་ཕན་ཚུན་མི་ལྟོས་པར་རེ་རེ་ལ་ཡང་ཡོད་པར་འགྱུར་བས་དོན་མི་འདོད་དེ། དེའི་ཕྱིར་ཐ་དད་པ་ཉིད་ནི་གཉི་ག་ལྷན་ཅིག་བྱུང་བ་


DTG096_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡོད་དོ། །བཤད་པ། གལ་ཏེ་ཐ་དད་ལྷན་ཅིག་ན། །འདོད་ཆགས་ཆགས་པ་ཅི་ཞིག་ཡིན། །ཐ་དད་ཉིད་དུ་གྲུབ་གྱུར་ན། །དེས་ན་དེ་གཉིས་ལྷན་ཅིག་འགྱུར། །ཐ་དད་པ་ཉིད་གཉི་ག་ལ་ཡོད་པར་ནི་འདོད་ལ་རག་གོ །གལ་ཏེ་ཐ་དད་པ་ཉིད་གཉི་ག་ལ་ཡོད་པ་ལ་ལྷན་ཅིག་ཉིད་དུ་རྟོག་ན་དེ་ལྟར་ན་འདོད་ཆགས་དང་ཆགས་པ་དག་ལ་ཅི་ཞིག་རབ་ཏུ་བསྒྲུབ་པ་ཡིན། གང་གི་ཚེ་དེ་ལྟར་ཡང་རྟོག་ན་དེ་གཉིས་ཐ་དད་པ་ཉིད་དུ་གྲུབ་པ་ཁོ་ནར་འགྱུར་རོ། །དེས་ན་ཐ་དད་པ་ཉིད་དུ་རབ་ཏུ་གྲུབ་པའི་ཕྱིར་དེ་གཉིས་ལྷན་ཅིག་ཉིད་དུ་རྟོག་པར་འགྱུར་རོ། །གལ་ཏེ་འདོད་ཆགས་ཆགས་པ་དག །ཐ་དད་ཉིད་དུ་གྲུབ་འགྱུར་ན། །དེ་གཉིས་ལྷན་ཅིག་ཉིད་དུ་ནི། །ཅི་ཡི་ཕྱིར་ན་ཡོངས་སུ་རྟོག །ཉིད་དུ་ཞེས་བྱ་བའི་སྒྲ་ནི་ཁོ་ནར་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འདི་སྙམ་དུ་འདོད་ཆགས་དང་ཆགས་པ་དག་ཐ་དད་པའི་དངོས་པོར་གྲུབ་པ་ཉིད་དུ་སེམས་ན། དེ་གཉིས་ལ་ལྷན་ཅིག་གི་དངོས་པོ་ཐ་དད་པའི་དངོས་པོ་དང་མི་མཐུན་པ་དེ་ནི་མེད་པར་ཅིའི་ཕྱིར་ཡོངས་སུ་རྟོག་པར་བྱེད་གང་གི་ཚེ་ཐ་དད་པའི་དངོས་པོར་གྲུབ་ན་ལྷན་ཅིག་གི་དངོས་པོར་བརྟགས་སུ་ཟིན་ཀྱང༌། འདོད་ཆགས་དང་ཆགས་པ་དག་ལྡོག་པར་འགྱུར་བའམ། འཇུག་པར་འགྱུར་བ་ཅུང་ཟད་ཙམ་ཡང་མེད་དོ། །འདི་ལྟར་ཆགས་པ་ལ་འདོད་ཆགས་ཀྱིས་ཡང་ཅི་ཞིག་བྱར་ཡོད་དེ། དེ་ལྟ་བས་ན་ལྷན་ཅིག་གི་དངོས་པོར་བརྟགས་སུ་ཟིན་ཀྱང་ཐ་དད་པ་ཉིད་ཀྱི་སྐྱོན་ཆགས་པ་ཁོ་ནའི་ཕྱིར་ལྷན་ཅིག་གི་དངོས་པོར་བརྟག་པ་དོན་མེད་པར་འགྱུར་ཏེ། ཚིག་ཟིན་པ་ལ་ཆུས་འདེབས་པ་བཞིན་ནོ། །ཐ་དད་གྲུབ་པར་མ་གྱུར་པས། །དེ་ཕྱིར་ལྷན་ཅིག་འདོད་བྱེད་དམ། །ལྷན་ཅིག་རབ་ཏུ་བསྒྲུབ་པའི་ཕྱིར། །ཐ་དད་ཉིད་དུ་ཡང་འདོད་དམ། །འདོད་ཆགས་དང་ཆགས་པ་དག་ཐ་དད་པ་ཉིད་དུ་ནི་དགོས་པ་མེད་པའི་ཕྱིར་གྲུབ་པར་མ་གྱུར་པས་དེ་རབ་ཏུ་བསྒྲུབ་པའི་ཕྱིར་ལྷན་ཅིག་ཉིད་དུ་འདོད་པར་བྱེད་ལ། ལྷན་ཅིག་ཉིད་དུ་ཡང་གཅིག་པ་ཉིད་ཀྱི་སྐྱོན་ཆགས་པའི་ཕྱིར་མ་གྲུབ་པས་དེ་རབ་ཏུ་བསྒྲུབ་པའི་ཕྱིར་ཡང་ཐ་དད་པ་ཉིད་དུ་ཡང་འདོད་པར་བྱེད་པ་ཁྱོད་ནི་གོས་ངན་པ་ལྷགས་པ་ཆེན་པོས་ཉེན་པ་བསྐུམས་


DTG096_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྐུམས་པ་ཡང་བརྣགས་མི་བཟོད་པས་ཡང་སྐྱོང་བར་བྱེད་པ་དང་འདྲ་བའོ། །ཐ་དད་དངོས་པོ་མ་གྲུབ་པས། །ལྷན་ཅིག་དངོས་པོ་འགྲུབ་མི་འགྱུར། །ཐ་དད་དངོས་པོ་གང་ཞིག་ལ། །ལྷན་ཅིག་དངོས་པོར་འདོད་པར་བྱེད། །འདི་ལ་སོ་སོ་ལ་ཐ་དད་པའི་དངོས་པོ་ཡོད་དམ་དེ་གཉིས་ལྷན་ཅིག་འབྱུང་བ་ལ་ཡོད་གྲང་ན། འདོད་ཆགས་དང་ཆགས་པ་ཐ་དད་དུ་གྱུར་པ་དག་ལ་ནི་འདི་ནི་འདོད་ཆགས་སོ། །འདི་ནི་འདིས་ཆགས་སོ་ཞེས་བྱ་བ་དེ་ལྟ་བུ་རྣམ་པ་ཐམས་ཅད་དུ་མི་སྲིད་དོ། །ཐ་དད་པའི་དངོས་པོར་རབ་ཏུ་གྲུབ་པ་མེད་ན་ལྷན་ཅིག་གི་དངོས་པོ་འགྲུབ་པར་མི་འགྱུར་རོ། །འདི་ལྟར་ཁྱོད་ནི་ཐ་དད་པའི་དངོས་པོ་ཡོད་ན་དེ་གཉིས་ཀྱི་ལྷན་ཅིག་གི་དངོས་པོ་ཡོད་པར་འདོད་ན། ཐ་དད་པའི་དངོས་པོ་དེ་ཡང་རྣམ་པ་ཐམས་ཅད་དུ་མི་འགྲུབ་པོ། །ཐ་དད་པའི་དངོས་པོ་མེད་ན་ཁྱོད་ཀྱི་ལྷན་ཅིག་གི་དངོས་པོ་ཡོད་པར་ག་ལ་འགྱུར། འོ་ན་ཐ་དད་པའི་དངོས་པོ་གང་ཞིག་ཡོད་ན་འདོད་ཆགས་དང་ཆགས་པ་དག་ལྷན་ཅིག་གི་དངོས་པོར་འདོད་པ་ཅི་རེ་རེ་ལ་ཡོད་དམ། འོན་ཏེ་གཉི་ག་ལྷན་ཅིག་བྱུང་བ་ལ་ཡོད་དམ་འོན་ཏེ་ཁྱོད་ཀྱིས་རང་དགར་ཐ་དད་པའི་དངོས་པོ་གཞན་ཞིག་བརྟགས་ཀྱང་རུང་སྟེ། ཐ་དད་པ་གང་ཡོད་ན་འདོད་ཆགས་དང་ཆགས་པ་དག་ལྷན་ཅིག་གི་དངོས་པོར་འདོད་པ་དེ་སྨྲོས་ཤིག །དེ་ལྟར་འདོད་ཆགས་ཆགས་པ་དག །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །འདོད་ཆགས་བཞིན་དུ་ཆོས་རྣམས་ཀུན། །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །གལ་ཏེ་འདོད་ཆགས་སྔ་རོལ་ན། །འདོད་ཆགས་མེད་པའི་ཆགས་ཡོད་ན། །དེ་ལ་བརྟེན་ནས་འདོད་ཆགས་ཡོད། །ཆགས་ཡོད་འདོད་ཆགས་ཡོད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གང་དག་སྔར་འདས་པའི་རྣམས་པ་དེ་དག་གིས་དེ་ལྟར་འདོད་ཆགས་རྣམས་ཆགས་པ་དང་ལྷན་ཅིག་གམ་ཆགས་པ་མེད་པར་ཡང་འགྲུབ་པ་མེད་དོ། །ཇི་ལྟར་འདོད་ཆགས་ཆགས་པ་དང་ལྷན་ཅིག་གམ་ཆགས་པ་མེད་པ་ཡང་འགྲུབ་པ་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་འགའ་ཞིག་དང་ལྷན་ཅིག་གམ་འགའ་ཡང་མེད་པར་ཡང་འགྲུབ་པ་མེད་དོ། །འདོད་


DTG096_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དང་ཆགས་པ་བརྟག་པ་ཞེས་བྱ་སྟེ་རབ་ཏུ་བྱེད་པ་དྲུག་པའོ།། །།འདིར་སྨྲས་པ། ཁྱོད་ཀྱིས་འདོད་ཆགས་དང་ཆགས་པ་བརྟག་པ་དེ་བྱས་པས་ཁོ་བོའི་ཡིད་སྟོང་པ་ཉིད་ཉན་པ་ལ་སྤྲོ་བར་བྱས་ཀྱི། དེའི་ཕྱིར་དེ་ནི་འདུས་བྱས་ཀྱི་མཚན་ཉིད་བརྟག་པར་བྱ་བའི་རིགས་སོ། །བཤད་པ། དེ་ལྟར་བྱའོ། །འདིར་སྨྲས་པ། འདི་ལ་སྐྱེ་བ་དང༌། གནས་པ་དང་འཇིག་པ་དག་འདུས་བྱས་ཀྱི་སྤྱིའི་མཚན་ཉིད་དུ་བསྟན་ཏེ། མེད་པ་ལ་ནི་མཚན་ཉིད་བསྟན་པར་མི་རིགས་པས་མཚན་ཉིད་ཡོད་པའི་ཕྱིར་འདུས་བྱས་ཡོད་དོ། །བཤད་པ། འདུས་བྱས་ཀྱི་མཚན་ཉིད་མི་འཐད་པས་དེ་ཡོད་པའི་ཕྱིར་འདུས་བྱས་ཡོད་པར་ག་ལ་འགྱུར། གལ་ཏེ་ཇི་ལྟར་ཞེ་ན། སྔར། མཚན་ཉིད་མེད་ལ་མཚན་ཉིད་ནི། །མི་འཇུག་མཚན་ཉིད་བཅས་ལ་མིན། །ཞེས་བསྟན་པས་བཀག་ཟིན་པའི་ཕྱིར་རོ། །ཡང་གཞན་ཡང༌། གལ་ཏེ་སྐྱེ་བ་འདུས་བྱས་ན། །དེ་ལ་མཚན་ཉིད་གསུམ་ལྡན་འགྱུར། །ཅི་སྟེ་སྐྱེ་བ་འདུས་མ་བྱས། །ཇི་ལྟར་འདུས་བྱས་མཚན་ཉིད་ཡིན། །ཞེས་བྱ་བ་འདི་ནི། གལ་ཏེ་སྐྱེ་བ་འདུས་བྱས་ན། །ཇི་ལྟར་འདུས་བྱས་མཚན་ཉིད་ཡིན། །ཞེས་ཕྱོགས་གོང་མ་དང་ཡང་སྦྱར་རོ། །སྐྱེ་བ་འདུས་བྱས་ཀྱི་མཚན་ཉིད་བསྟན་པ་གང་ཡིན་པ་དེ་ཡང་འདུས་བྱས་སམ་འདུས་མ་བྱས་ཤིན་ཏུ་བརྟག་གྲང་ན། དེ་ལ་རེ་ཞིག་འདུས་བྱས་སུ་ཡོངས་སུ་རྟོག་ན། སྐྱེ་བ་དེ་ཡང་སྐྱེ་བ་དང་གནས་པ་དང་འཇིག་པའི་མཚན་ཉིད་ཀྱིས་མཚན་ཉིད་གསུམ་དང་ལྡན་པར་འགྱུར་ཏེ། འདུས་བྱས་ཡིན་པའི་ཕྱིར་རོ། མཚན་ཉིད་གསུམ་དང་ལྡན་པར་འགྱུར་བ་ནི། མཚན་ཉིད་གསུམ་པོ་དག་ཚོགས་པར་འགྱུར་བའོ། །སྨྲས་པ། དེ་ཡང་མཚན་ཉིད་གསུམ་དང་ལྡན་ནོ། །ཇི་ལྟར་འདུས་བྱས་མཚན་ཉིད་ཡིན། གལ་ཏེ་སྐྱེ་བ་ཡང་སྐྱེ་བ་དང་གནས་པ་དང་འཇིག་པའི་མཚན་ཉིད་དང་ལྡན། གནས་པ་ཡང་སྐྱེ་བ་དང་གནས་པ་དང་འཇིག་པའི་མཚན་ཉིད་དང་ལྡན། འཇིག་པ་ཡང་སྐྱེ་བ་དང་གནས་པ་དང་འཇིག་པའི་མཚན་ཉིད་དང་ལྡན་ན་མཚན་ཉིད་མཚུངས་པའི་ཕྱིར་མཚན་ཉིད་རྣམས་ལ་ཁྱད་པར་ཡོད་པར་འགྱུར་རོ། །


DTG096_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་མེད་ན་འདི་ནི་སྐྱེ་བའོ། །འདི་ནི་གནས་པའོ། །འདི་ནི་འཇིག་པའོ། །ཞེས་བྱ་བ་དེ་དག་ཡོད་པར་ག་ལ་འགྱུར། སྨྲས་པ། དེ་ནི་ཉེས་པར་མི་འགྱུར་ཏེ། ཇི་ལྟར་སྤྱིར་འདུས་བྱས་ཀྱི་མཚན་ཉིད་ཡིན་དུ་ཟིན་ཀྱང་ཁྱད་པར་གྱི་མཚན་ཉིད་ལ་ལྟོས་ནས་འདི་ནི་བུམ་པའོ། །འདི་ནི་སྣམ་བུའོ། །ཞེས་བྱ་བ་དེ་དག་ཡོད་པ་དེ་བཞིན་དུ་འདིར་ཡང་ཁྱད་པར་གྱི་མཚན་ཉིད་ལ་ལྟོས་ནས་སྐྱེ་བ་དང་གནས་པ་དང་འཇིག་པ་དག་རབ་ཏུ་འགྲུབ་པར་འགྱུར་རོ། །ཁྱད་པར་དེ་གང་ཞེ་ན། སྐྱེད་པར་བྱེད་པ་དང༌། གནས་པར་བྱེད་པ་དང༌། འཇིག་པར་བྱེད་པ་དག་གོ ། བཤད་པ། དེ་ནི་མི་འཐད་དོ། ཅིའི་ཕྱིར་ཞེ་ན། འདི་ལྟར་བུམ་པ་སྐྱེད་པར་བྱེད་པ་དང༌། མངོན་པར་འགྲུབ་པར་བྱེད་པ་གང་ཡིན་པ་དེས་ནི་གཞན་ཅི་ཡང་སྐྱེད་པར་མི་བྱེད་ལ། བུམ་པ་གནས་པར་བྱེད་པས་ཀྱང་གཞན་ཅི་ཡང་གནས་པར་མི་བྱེད་ཅིང༌། བུམ་པ་འཇིག་པར་བྱེད་པས་ཀྱང་གཞན་ཅི་ཡང་འཇིག་པར་མི་བྱེད་པའི་ཕྱིར་རོ། །སྨྲས་པ། དེ་དག་གིས་བུམ་པ་ཉིད་སྐྱེ་བ་དང་གནས་པ་དང༌། འཇིག་པར་བྱེད་པས་ཉེས་པ་མེད་དོ། །བཤད་པ། འོ་ན་ནི་དེ་དག་བུམ་པའི་མཚན་ཉིད་མ་ཡིན་ཏེ། བྱེད་པ་པོ་ཡིན་པའི་ཕྱིར་རོ། །འདི་ལྟ་བུ་སྐྱེད་པར་བྱེད་པའི་ཕ་བུའི་མཚན་ཉིད་མ་ཡིན་ལ་གཞི་དང་ཐོ་བ་ཡང་བུམ་པའི་མཚན་ཉིད་མ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་སྐྱེ་བ་ལ་སོགས་པ་དག་འདུས་བྱས་ཡིན་ན་འདུས་བྱས་ཀྱི་མཚན་ཉིད་དུ་མི་འཐད་དོ། །ཅི་སྟེ་སྐྱེ་བ་འདུས་མ་བྱས་སུ་ཡོངས་སུ་རྟོག་ན་དེ་ལ་ཡང་བཤད་པར་བྱ་སྟེ། འདི་ལྟར་འདུས་བྱས་མཚན་ཉིད་ཡིན། །འདུས་མ་བྱས་ཡིན་ན་ཇི་ལྟར་འདུས་བྱས་ཀྱི་མཚན་ཉིད་དུ་འགྱུར་ཏེ། འདིས་མཚོན་པར་བྱེད་པས་མཚན་ཉིད་ཡིན་ན་གང་སྐྱེ་བ་དང་གནས་པ་དང་འཇིག་པ་དང་བྲལ་བ་དེས་ནི་རང་ཉིད་ལ་ཡང་མཚན་པར་མི་བྱེད་དོ། །གང་རང་ཉིད་ལ་མཚན་པར་མི་བྱེད་པ་དེས་གཞན་ཇི་ལྟར་མཚོན་པར་བྱེད། ཅི་སྟེ་བྱེད་ན་ནི་མྱ་ངན་ལས་འདས་པ་འདུས་མ་བྱས་ཀྱང་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་ཐལ་བར་འགྱུར་བས་དེ་ནི་མི་འདོད་དེ། དེ་ལྟ་བས་ན་སྐྱེ་བ་དང་གནས་པ་དང་འཇིག་པ་དག་འདུས་མ་བྱས་ཡིན་ན་ཡང་འདུས་བྱས་ཀྱི་མཚན་ཉིད་དུ་མི་འཐད་


DTG096_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །མཚན་ཉིད་དུ་བརྟགས་ན་ཡང་སྐྱེ་བ་དང༌། གནས་པ་དང༌། འཇིག་པ་དག་སོ་སོ་བའམ། འདུས་པ་ཞིག་འདུས་བྱས་ཀྱི་མཚན་ཉིད་དུ་འགྱུར་གྲང་ན། དེ་ལ། སྐྱེ་སོགས་གསུམ་པོ་སོ་སོ་ཡིས། །འདུས་བྱས་མཚན་འདྲ་བར་ནི། །ནུས་མིན་འདུས་པ་ཡིན་ན་ཡང༌། །གཅིག་ལ་དུས་གཅིག་ཇི་ལྟར་རུང༌། །སྐྱེ་བ་དང་གནས་པ་དང༌། །སྐྱེ་བ་དང་གནས་པ་དང༌། འཇིག་པ་དག་རེ་རེ་ལ་ཡང་འདུས་བྱས་ཀྱི་མཚན་ཉིད་བྱ་བར་མི་ནུས་ཏེ། ནུས་མིན་ཞེས་བྱ་བ་ནི་མི་ཆོག་པ་དང༌། མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་ཞེ་ན། འདི་ལ་རེ་ཞིག་དངོས་པོ་མངོན་པར་མི་གྲུབ་ཅིང༌། མེད་པ་ལ་ནི་སྐྱེ་བ་དང་གནས་པ་དང་འཇིག་པ་དག་མི་འཐད་དོ། །འདི་ལྟར་སྐྱེ་བ་དང་གནས་པ་དང་འཇིག་པ་དག་ནི་དངོས་པོ་ལ་བརྟེན་པ་ཡིན་ཏེ། བུམ་པའི་སྐྱེ་བ་དང༌། བུམ་པའི་གནས་པ་དང་བུམ་པའི་འཇིག་པ་ཞེས་བྱ་བ་ཡིན་ན་བུམ་པ་དེ་མངོན་པར་མ་གྲུབ་ན། སྐྱེ་བ་དང་གནས་པ་དང་འཇིག་པ་དག་གང་གི་མཚན་ཉིད་དུ་འགྱུར། དེ་ནི་འཇིག་པ་ཞེས་བྱ་བ་ནི་ཞིག་པ་དང་མེད་པ་སྟེ། དེ་གང་ལ་ཡོད་པ་དེ་ནི་མེད་པ་ཉིད་དོ། །དེ་མེད་ན་སྐྱེ་བ་དང་གནས་པ་དང་འཇིག་པ་དག་གང་གི་མཚན་ཉིད་དུ་འགྱུར་ཏེ། དེ་ལྟར་རེ་ཞིག་སྐྱེ་བ་དང་གནས་པ་དང་འཇིག་པ་དག་སོ་སོའམ། འདུས་པ་ཡང་དངོས་པོ་མངོན་པར་མ་གྲུབ་པ་དང༌། ཞིག་པའི་མཚན་ཉིད་མ་ཡིན་ནོ། །དེ་ལ་འདི་སྙམ་དུ་དེ་དག་དངོས་པོ་མངོན་པར་གྲུབ་པ་དང་མ་ཞིག་པའི་མཚན་ཉིད་ཡིན་པར་སེམས་ན། དེ་ཡང་མི་འཐད་དེ། ཇི་ལྟར་ཞེ་ན། འདི་ལ་བུམ་པ་ཞེས་བྱ་བའི་དངོས་པོ་ཡོད་པ་ལ་ནི་སྐྱེ་བ་མེད་དེ། འདི་ལྟར་ཡོད་པ་ལ་ཡང་སྐྱེ་བའི་བྱ་བ་མེད་དོ། །ཅི་སྟེ་ཡོད་ཀྱང་སྐྱེ་བར་གྱུར་ན་ནི་ནམ་ཡང་མི་སྐྱེ་བར་མི་འགྱུར་བས་དེ་ནི་མི་འདོད་དོ། །དེ་ལྟར་བས་ན་ཡོད་པ་ལ་སྐྱེ་བ་མེད་དེ། །མེད་པ་གང་ཡིན་པ་དེ་ཇི་ལྟར་མཚན་ཉིད་དུ་འགྱུར། སྨྲས་པ། རེ་ཞིག་གནས་པ་ནི་ཡོད་དོ། །བཤད་པ། གནས་པ་ཡང་མི་འཐད་དེ། ཅིའི་ཕྱིར་ཞེ་ན། འཇིག་པ་དང་རྗེས་སུ་འབྲེལ་པའི་ཕྱིར་རོ། །འདི་ལྟར་འདུས་བྱས་ནི་མི་རྟོག་པ་དང་ཁོར་ཟུག་ཏུ་རྗེས་སུ་འབྲེལ་པས་ཁོར་ཟུག་ཏུ་མི་རྟག་ན་ཇི་ལྟར་གནས་པར་འགྱུར་ཏེ། གནས་པ་དང་འཇིག་པ་གཉིས་


DTG096_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བའི་ཕྱིར་རོ། །འདི་ལྟར་འོག་ནས་ཀྱང༌། དངོས་པོ་འགག་པར་འགྱུར་ན་ནི། །གནས་པར་འཐད་པ་མ་ཡིན་ནོ། །གང་ཡང་འགག་པར་མི་འགྱུར་བ། །དེ་ནི་དངོས་པོ་མི་འཐད་དོ། །ཞེས་འབྱུང་ངོ༌། །སློབ་དཔོན་འཕགས་པ་ལྷས་ཀྱང༌། གནས་མེད་དངོས་པོ་ག་ལ་ཡོད། །མི་རྟག་པས་ན་གང་ལ་གནས། །གལ་ཏེ་དང་པོ་གནས་གྱུར་ན། །ཐ་མར་རྙིངས་པར་མི་འགྱུར་རོ། །གལ་ཏེ་ཁོར་ཟུག་མི་རྟག་ཡོད། །ཁོར་ཟུག་གནས་པར་མི་འགྱུར་རོ། །ཡང་ན་རྟག་པར་གྱུར་པ་ལས། །ཕྱིས་ན་མི་རྟག་པར་ཡང་འགྱུར། །གལ་ཏེ་དངོས་པོ་མི་རྟག་དང༌། །ལྷན་ཅིག་གནས་པ་ཡོད་གྱུར་ན། །མི་རྟག་ལོག་པར་འགྱུར་བའམ། །ཡང་ན་གནས་པ་བརྫུན་པར་འགྱུར། །ཞེས་གསུངས་སོ། །དེ་ལྟ་བས་ན་གནས་པ་ཡང་མེད་དེ། མེད་ན་གང་ཡིན་པ་ཇི་ལྟར་འདུས་བྱས་ཀྱི་མཚན་ཉིད་དུ་འགྱུར། སྨྲས་པ། འོ་ན་འཇིག་པ་ཡོད་དོ། །བཤད་པ། གནས་པ་མེད་པར་འཇིག་པ་ག་ལ་ཡོད་དེ། འདི་ལྟར་དངོས་པོ་གནས་པ་ཡོད་ན་འཇིག་པར་འགྱུར་གྱི་གནས་པ་མེད་ན་འཇིག་པར་ག་ལ་འགྱུར། དེ་ཡང་འཇིག་པ་ཞེས་བྱ་བ་ནི་ཞིག་པ་དང་མེད་པ་སྟེ་དེ་གང་ལ་ཡོད་པ་དེ་ནི་མེད་པ་ཉིད་དོ། །དེ་མེད་ན་སྐྱེ་བ་དང་གནས་པ་དང་འཇིག་པ་དག་གང་གི་མཚན་ཉིད་དུ་འགྱུར་ཞེས་བསྟན་ཟིན་པས་དེའི་ཕྱིར་འཇིག་པ་ཡང་འདུས་བྱས་ཀྱི་མཚན་ཉིད་དུ་མི་འཐད་དོ། །དེའི་ཕྱིར་དེ་ལྟར་སྐྱེ་བ་དང་གནས་པ་དང༌། འཇིག་པ་དག་སོ་སོ་བ་ཡང་འདུས་བྱས་མངོན་པར་གྲུབ་པའི་མཚན་ཉིད་དུ་མི་འཐད་དོ། །ལྷན་ཅིག་ཏུ་སྐྱེའོ་ཞེས་གསུངས་པའི་ཕྱིར་ཆོས་ཀྱི་གནས་སྐབས་ཤེས་པ་དག་སྐྱེ་བ་དང་གནས་པ་དང་འཇིག་པ་དག་ལྷན་ཅིག་ཏུ་སྐྱེའོ་ཞེས་བརྗོད་པས་དེའི་ཕྱིར་ཡང་སོ་སོ་བ་དག་མཚན་ཉིད་དུ་མི་འཐད་དོ། །སྨྲས་པ། འདུས་པ་དག་ནི་མཚན་ཉིད་ཡིན་ནོ། །བཤད་པ། འདུས་པ་ཡིན་ན་ཡང༌། གཅིག་ལ་དུས་གཅིག་ཇི་ལྟར་རུང༌། སོ་སོ་བ་གང་དག་མཚན་ཉིད་མ་ཡིན་པ་དེ་དག་འདུས་པ་ཕན་ཚུན་འགལ་བ་དག་འདུས་བྱས་ཀྱི་དངོས་པོ་གཅིག་ལ་དུས་གཅིག་ཏུ་ཇི་ལྟར་རུང༌། འདི་ལྟར་གང་གི་ཚེ་ན་སྐྱེ་བ་དེའི་ཚེ་ན་གནས་པ་དང་འཇིག་པ་མེད་ལ། གང་གི་ཚེ་གནས་པ་དེའི་ཚེ་ན་སྐྱེ་བ་དང་འཇིག་


DTG096_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་ཅིང༌། གང་གི་ཚེ་འཇིག་པ་དེའི་ཚེ་ན་ཡང་སྐྱེ་བ་དང་གནས་པ་མེད་པ་དེའི་ཕྱིར་སྐྱེ་བ་དང་གནས་པ་དང་འཇིག་པ་སོ་སོ་བ་དང་འདུས་པ་དག་ཀྱང་འདུས་བྱས་ཀྱི་མཚན་ཉིད་དུ་མི་འཐད་དོ། །མཚན་ཉིད་མི་འཐད་པའི་ཕྱིར་འདུས་བྱས་ཡོད་པ་མ་ཡིན་ནོ། །སྨྲས་པ། ལྟག་ཆོད་དེ་ལྟ་བུ་འབའ་ཞིག་གིས་ཅི་བྱ། ཡོད་ནི་གང་གི་སྐྱེ་བ་དང༌། གནས་པ་དང༌། འཇིག་པ་དེ་འདུས་བྱས་ཡིན་ནོ། །བཤད་པ། ཁོ་བོ་ལྟག་ཆོད་ཀྱི་ཕྱིར་མི་རྩོམ་གྱིས་ཁོ་བོ་ནི་དེ་ཁོ་ན་ཤེས་པར་བྱ་བའི་ཕྱིར་རྩོམ་མོ། །སྐྱེ་བ་ཞེས་བྱ་བ་དེ་གང་ཡིན་པ་སྨྲོས་ཤིག ། སྨྲས་པ། བུམ་པ་སྐྱེའོ། །བཤད་པ། རེ་ཞིག་གནས་སྐབས་གང་ལ་བུམ་པ་ཞེས་བྱ་བར་འགྱུར་བ་ལེགས་པར་སོམས་ལ་སྨྲོས་ཤིག །དེ་ལ་གང་གི་ཚེ་མ་སྐྱེས་པ་ལ་ནི་བུམ་པ་ཞེས་བྱར་ཡང་མི་རུང་སྟེ། སྐྱེས་པ་ཉིད་ལ་བུམ་པ་ཞེས་བྱ་བར་འགྱུར་ཞིང་བུམ་པ་ཡང་འདུས་བྱས་ཡིན་པའི་ཕྱིར་མཚན་ཉིད་གསུམ་དང་ལྡན་པ་ཉིད་ཡིན་པ་དེའི་ཚེ་སྐྱེ་བ་བུམ་པའི་མཚན་ཉིད་ཡིན་ནོ། །ཞེས་བྱ་བ་དེ་ཇི་ལྟར་འཐད། །ཇི་ལྟར་ཡོད་པ་ལ་ཡང་སྐྱེ་བས་ཅི་བྱ། མཚན་ཉིད་དང་ལྡན་པ་ལ་ཡང་མཚན་ཉིད་ཀྱིས་ཅི་བྱ། ཅི་སྟེ་བུམ་པ་མ་ཡིན་པ་སྐྱེ་ཞིང་སྐྱེས་ཟིན་ནས་བུམ་པར་འགྱུར་རོ་སྙམ་ན། དེ་ཡང་རིགས་པ་མ་ཡིན་ཏེ། བུམ་པ་མ་ཡིན་པ་སྐྱེ་ཞིང་ཞེས་བྱ་བ་དེ་རེ་ལྡེའམ། སྣམ་བུའམ། འོན་ཏེ་བུམ་པ་མ་ཡིན་པ་ཞེས་བྱ་བ་ཅི་ཡང་མེད་པ་ཞིག་གམ་ཅི་ཡིན། དེ་ལ་རེ་ཞིག་གལ་ཏེ་རེ་ལྡེའམ། སྣམ་བུ་ཞིག་སྐྱེ་ན་ནི་དེ་སྐྱེས་ཟིན་ནས་ཇི་ལྟར་བུམ་པར་འགྱུར། ཅི་སྟེ་བུམ་པ་མ་ཡིན་པ་ཞེས་བྱ་བ་ཅིའང་མེད་པ་ཞིག་ཡིན་ན་ནི་ཅི་ཡང་མེད་པ་གང་ཡིན་པ་དེ་ཇི་ལྟར་སྐྱེ་ཅི་སྟེ་སྐྱེ་ན་ནི་རི་བོང་གི་རྭ་ཡང་ཅིའི་ཕྱིར་མི་སྐྱེ། དེའི་ཕྱིར་སྐྱེ་བ་ཞེས་བྱ་བ་དེ་མི་འཐད་དོ། །སྐྱེ་བ་ཞེས་བྱ་བ་དེ་འདི་ལ་མེད་ན་གང་སྐྱེ་བ་དེ་འདུས་བྱས་ཡིན་ནོ། །ཞེས་བྱ་བ་དེ་ཇི་ལྟར་འཐད་པར་འགྱུར། གང་སྐྱེ་བ་མེད་པ་ཇི་ལྟར་གནས་པ་དང་འཇིག་པར་འགྱུར། དེ་ལྟ་ན་སྐྱེ་བ་དང་གནས་པ་དང་འཇིག་པ་ཞེས་བྱ་བ་དག་ནི། འཇིག་རྟེན་གྱི་ཐ་སྙད་ཁོ་ནར་ཟད་དོ། །ཡང་གཞན་ཡང༌། སྐྱེ་དང་གནས་དང་འཇིག་རྣམས་ལ། །འདུས་བྱས་མཚན་ཉིད་གཞན་ཞིག་ནི། །གལ་ཏེ་ཡོད་ན་ཐུག་པ་མེད། །མེད་ན་དེ་


DTG096_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དག་འདུས་བྱས་མིན། །སྐྱེ་བ་དང༌། གནས་པ་དང༌། འཇིག་པ་གང་དག་འདུས་བྱས་ཀྱི་མཚན་ཉིད་དུ་བསྟན་པ་དེ་དག་ལ་འདུས་བྱས་ཀྱི་མཚན་ཉིད་གཞན་ཞིག་ཡོད་དམ་འོན་ཏེ་མེད། དེ་ལ་རེ་ཞིག་གལ་ཏེ་དེ་དག་ལས་འདུས་བྱས་ཀྱི་མཚན་ཉིད་གཞན་ཞིག་ཡོད་ན་ནི་དེ་ལྟ་ན་ཐུག་པ་མེད་པར་ཐལ་བར་འགྱུར་ཏེ། སྐྱེ་བ་ལ་ཡང་སྐྱེ་བ་ཡོད་ལ་དེ་ལ་ཡང་གཞན་ཞིག་ཡོད་ཅིང་དེ་ལ་ཡང་གཞན་ཡོད་དེ། མཐའ་མེད་པར་འགྱུར་བས་དེ་ནི་མི་འདོད་དོ། །ཅི་སྟེ་ཐུག་པ་མེད་པར་གྱུར་ན་མི་རུང་ངོ་སྙམ་པ་དེ་དག་ལ་འདུས་བྱས་ཀྱི་མཚན་ཉིད་གཞན་མེད་པར་སེམས་ན། དེ་ལྟ་ན་ཡང་དེ་དག་འདུས་བྱས་མ་ཡིན་པར་འགྱུར་ཏེ། འདུས་བྱས་མ་ཡིན་ན་ཇི་ལྟར་འདུས་བྱས་ཀྱི་མཚན་ཉིད་དུ་འགྱུར་ཞེ་ན། སྔར་བསྟན་ཟིན་ཏོ།། །།དབུ་མ་རྩ་བའི་འགྲེལ་པ་བུད་དྷ་པཱ་ལི་ཏ། བམ་པོ་གསུམ་པ། སྨྲས་པ། སྐྱེ་བ་དང་གནས་པ་དང་འཇིག་པ་དག་འདུས་བྱས་ཀྱང་ཡིན་ལ། ཐུག་པ་མེད་པར་ཡང་ཐལ་བར་མི་འགྱུར་ཏེ། ཇི་ལྟར་ཞེ་ན། སྐྱེ་བའི་སྐྱེ་བས་རྩ་བ་ཡི། །སྐྱེ་བ་འབའ་ཞིག་སྐྱེད་པར་བྱེད། །རྩ་བའི་སྐྱེ་བས་སྐྱེ་བ་ཡི། །སྐྱེ་བའང་སྐྱེད་པར་བྱེད་པ་ཡིན། །འདི་ལ་རྣམ་པར་ཤེས་པ་ལ་སོགས་པ་ཆོས་རྣམས་ལས་ཆོས་གང་ཡང་རུང་བ་ཞིག་སྐྱེ་བ་ན་དེ་བདག་ཉིད་དང་བཅོ་ལྔ་སྟེ། ཆོས་དེ་དང༌། ཆོས་དེའི་སྐྱེ་བ་དང༌། ཆོས་དེའི་གནས་པ་དང༌། ཆོས་དེའི་འཇིག་པ་དང༌། ཆོས་དེའི་ལྡན་པ་དང༌། ཆོས་དེའི་རྒ་བ་དང༌། འདིར་གལ་ཏེ་ཆོས་དེ་དཀར་པོ་ཡིན་ན་ཆོས་དེ་ཡང་དག་པའི་རྣམ་པར་གྲོལ་བའམ། ཅི་སྟེ་ཆོས་དེ་ནག་པོ་ཡིན་ན་ཆོས་དེའི་ལོག་པའི་རྣམ་པར་གྲོལ་བ་དང༌། དེ་བཞིན་དུ་གལ་ཏེ་ཆོས་དེ་ངེས་པར་འབྱུང་བ་ཡིན་ན་ཆོས་དེའི་ངེས་པར་འབྱུང་བ་ཉིད་དམ། ཅི་སྟེ་ཆོས་དེ་ངེས་པར་འབྱུང་བ་མ་ཡིན་ན་ཆོས་དེའི་ངེས་པར་འབྱུང་བ་མ་ཡིན་པ་ཉིད་སྐྱེ་སྟེ། དེ་དག་ནི་རེ་ཞིག་འཁོར་ཅེས་བྱའོ། །དེ་ནི་སྐྱེ་བའི་སྐྱེ་བ་དང༌། གནས་པའི་གནས་པ་དང༌། འཇིག་པའི་འཇིག་པ་དང༌། ལྡན་པའི་ལྡན་པ་དང༌། རྒ་བའི་རྒ་བ་དང༌། ཡང་དག་པའི་རྣམ་པར་གྲོལ་བའི་ཡང་དག་པའི་རྣམ་པར་གྲོལ་བའམ། ལོག་པའི་རྣམ་པར་གྲོལ་བའི་ལོག་པའི་རྣམ་པར་གྲོལ་བ་དང༌། ངེས་པར་འབྱུང་


DTG096_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱི་ངེས་པར་འབྱུང་བ་ཉིད་དམ། ངེས་པར་འབྱུང་བ་མ་ཡིན་པ་ཉིད་ཀྱི་ངེས་པར་འབྱུང་བ་མ་ཡིན་པ་ཉིད་ཀྱང་སྐྱེ་སྟེ། དེ་དག་ནི་འཁོར་གྱི་འཁོར་ཅེས་བྱ་སྟེ། དེ་ལྟར་ཆོས་སྐྱེ་བ་བདག་ཉིད་དང་བཅོ་ལྔ་སྐྱེའོ། །དེ་ལ་རྩ་བའི་སྐྱེ་བ་གང་ཡིན་པ་དེས་ནི་བདག་ཉིད་མ་གཏོགས་པར་ཆོས་དེའི་བདག་ཉིད་དང་བཅུ་བཞི་པོ་ཇི་སྐད་བསྟན་པ་དག་སྐྱེད་པར་བྱེད་དོ། །སྐྱེ་བའི་སྐྱེ་བས་ནི་རྩ་བའི་སྐྱེ་བ་དེ་འབའ་ཞིག་སྐྱེད་པར་བྱེད་དེ། དེ་ལྟར་གཅིག་གིས་གཅིག་སྐྱེད་པར་བྱེད་པས་ཐུག་པ་མེད་པར་མི་འགྱུར་རོ། །དེ་བཞིན་དུ་རྩ་བའི་གནས་པས་ཀྱང་གནས་པའི་གནས། པ་གནས་པར་བྱེད་ལ། གནས་པའི་གནས་པས་ཀྱང་རྩ་བའི་གནས་པ་གནས་པར་བྱེད་དོ། །རྩ་བའི་འཇིག་པས་ཀྱང་འཇིག་པའི་འཇིག་པ་འཇིག་པར་བྱེད་ལ། འཇིག་པའི་འཇིག་པས་ཀྱང་རྩ་བའི་འཇིག་པ་འཇིག་པར་བྱེད་པས་དེ་ལྟར་ན་འདི་ལ་ཡང་ཐུག་པ་མེད་པར་ཐལ་པར་མི་འགྱུར་རོ། །བཤད་པ། གལ་ཏེ་ཁྱོད་ཀྱི་སྐྱེ་བའི་སྐྱེས། །རྩ་བའི་སྐྱེ་བ་སྐྱེད་བྱེད་ན། །ཁྱོད་ཀྱི་བུ་བས་མ་སྐྱེད་དེས། །དེ་ནི་ཇི་ལྟར་སྐྱེད་པར་བྱེད། །གལ་ཏེ་ཁྱོད་ཀྱི་སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་སྐྱེད་པར་བྱེད་ན་ཁྱོད་ཀྱི་རྩ་བའི་སྐྱེད་པས་མ་སྐྱེས་པའི་སྐྱེ་བ་དེས་རྩ་བའི་སྐྱེ་བ་དེ་ཇི་ལྟར་སྐྱེད་པར་བྱེད་དེ། རང་ཉིད་མ་སྐྱེས་པའི་ཕྱིར་རོ། །སྨྲས་པ། རྩ་བའི་སྐྱེ་བས་བསྐྱེད་པ་ཁོ་ནའི་སྐྱེ་བ་སྐྱེ་བས་རྩ་བའི་སྐྱེ་བ་སྐྱེད་པར་བྱེད་ཀྱི་མ་སྐྱེད་པས་མི་བྱེད་དོ། །བཤད་པ། གལ་ཏེ་ཁྱོད་ཀྱི་རྩ་བ་ཡིས། །བསྐྱེད་པ་དེ་ཡིས་རྩ་སྐྱེད་ན། །དེས་མ་སྐྱེད་པའི་རྩ་བ་དེས། །དེ་ནི་ཇི་ལྟར་སྐྱེད་པར་བྱེད། །གལ་ཏེ་ཁྱོད་ཀྱི་རྩ་བའི་སྐྱེ་བས་བསྐྱེད་པའི་སྐྱེ་བའི་སྐྱེ་བ་དེས་རྩ་བའི་སྐྱེ་བ་དེ་སྐྱེད་བར་བྱེད་ན་སྐྱེ་བའི་སྐྱེ་བ་དེས་མ་སྐྱེད་པའི་རྩ་བའི་སྐྱེ་བ་དེས་སྐྱེ་བའི་སྐྱེ་བ་དེ་ཇི་ལྟར་སྐྱེད་པར་བྱེད། དེ་ལྟར་ན་དེ་ནི་གཅིག་ལ་གཅིག་བརྟེན་པ་ཡིན་ཏེ། གཅིག་ལ་གཅིག་བརྟེན་པ་དག་ནི་རབ་ཏུ་རྟག་ཏུ་མི་རུང་ངོ༌། །སྨྲས་པ། སྐྱེ་བ་ཉིད་སྐྱེ་བཞིན་པས་སྐྱེ་བའི་སྐྱེ་བ་སྐྱེད་པར་བྱེད་ཀྱི་མ་སྐྱེས་པས་ནི་མི་བྱེད་དོ། །བཤད་པ། །ཁྱོད་ཀྱི་དེ་ནི་སྐྱེ་བཞིན་པ། །མ་སྐྱེས་དེ་ཡིས་གལ་ཏེ་ནི། །དེ་ནི་སྐྱེས་པར་བྱེད་ནུས་ན། །དེ་སྐྱེད་པར་ནི་འདོད་ལ་རག །ཁྱོད་ཀྱི་རྩ་བའི་སྐྱེ་བ་དེ་སྐྱེ་བཞིན་པ་རང་ཉིད་མ་སྐྱེས་པ་དེས་གལ་ཏེ་སྐྱེ་


DTG096_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐྱེ་བ་གཞན་དེ་སྐྱེད་པར་བྱེད་ནུས་ན་ནི་སྐྱེ་བའི་སྐྱེ་བ་དེ་སྐྱེད་པར་འདོད་ལ་རག་གོ །ཡང་ན་ཁྱོད་ཀྱི་སྐྱེ་བའི་སྐྱེ་བ་དེ་སྐྱེ་བཞིན་པ་རང་ཉིད་མ་སྐྱེས་པ་དེས་གལ་ཏེ་རྩ་བའི་སྐྱེ་བ་གཞན་དེ་སྐྱེད་པར་བྱེད་ནུས་ན་ནི་རྩ་བའི་སྐྱེ་བ་དེ་སྐྱེད་པར་བྱད་ལ་རག་ན་མི་ནུས་ཏེ། འདི་ལྟར་རང་ཉིད་མ་སྐྱེས་ཤིང་མེད་པས་གཞན་ཇི་ལྟར་སྐྱེད་པར་བྱེད་དེ། དེའི་ཕྱིར་དེ་ནི་རྟོག་པ་ཙམ་དུ་ཟད་དོ། །སྨྲས་པ། སྐྱེ་བ་གཞན་གྱིས་སྐྱེད་པར་མི་བྱེད་ཀྱང་སྐྱེ་བ་ཉིད་ཀྱིས་རང་དང་གཞན་དག་བསྐྱེད་བར་བྱའོ། །ཇི་ལྟར་ཞེ་ན། ཇི་ལྟར་མར་མི་རང་དང་གཞན། །སྣང་བར་བྱེད་པ་དེ་བཞིན་དུ། །སྐྱེ་བའང་རང་དང་གཞན་གྱི་དངོས། །གཉི་ག་སྐྱེད་པར་བྱེད་པ་ཡིན། །ཇི་ལྟར་མར་མེས་རང་གི་བདག་ཉིད་ཀྱང་སྣང་བར་བྱེད་ལ་བུམ་པ་དང༌། སྣམ་བུ་ལ་སོགས་པ་དངོས་པོ་གཞན་དག་ཀྱང་སྣང་བར་བྱེད་པ་དེ་བཞིན་དུ་སྐྱེ་བས་ཀྱང་རང་གི་བདག་ཉིད་ཀྱང་སྐྱེད་པར་བྱེད་ལ་བུམ་པ་དང་སྣམ་བུ་ལ་སོགས་པ་དངོས་པོ་གཞན་དག་ཀྱང་སྐྱེད་པར་བྱེད་དོ། །བཤད་པ། གལ་ཏེ་མར་མེས་རང་དང་གཞན་གྱི་བདག་ཉིད་དག་སྣང་བར་བྱེད་ན་ནི་སྐྱེ་བས་ཀྱང་མར་མེ་བཞིན་དུ་རང་དང་གཞན་གྱི་བདག་ཉིད་དག་སྐྱེད་པར་བྱེད་ལ་རག་ན། མར་མེས་ནི་རང་དང་གཞན་གྱི་བདག་ཉིད་དག་སྣང་བར་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། མར་མེ་དང་ནི་གང་དག་ན། །དེ་འདུག་པ་ན་མུན་པ་མེད། །འདི་ན་གང་མི་སྣང་བ་དེ་སྣང་བར་བྱ་བ་ཡིན་ལ། མུན་པས་བསྒྲིབས་པས་མི་སྣང་བ་ཉིད་ཡིན་ན་མར་མེ་ལ་ནི་མུན་པས་དེའི་ཕྱིར་མར་མེ་ལ་མི་སྣང་བ་མེད་དོ། །གཞན་དག་སྣང་བར་བྱེད་དོ་ཞེས་གང་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། མར་མེ་གཞན་བདག་ཉིད་དག་ལ་འཇུག་པ་དེ་ཡང་མུན་པ་མེད་དེ། མུན་པ་མེད་པའི་ཕྱིར་དེ་དག་ལ་ཡང་མི་སྣང་བ་མེད་དོ། །འོ་ན་རང་དང་གཞན་གྱི་བདག་ཉིད་དག་ལ་མི་སྣང་བ་མེད་ན། མར་མེས་ཅི་ཞིག་སྣང་བར་བྱེད། དེ་སྨྲོས་ཤིག །སྨྲས་པ། མུན་པ་སེལ་བས་སྣང་བྱེད་ཡིན། འདི་ན་མར་མེ་སྐྱེ་བཞིན་པས་མུན་པ་སེལ་ཅིང་སྣང་བར་བྱེད་པས་སྣང་བར་བྱེད་པ་ཡིན་ཏེ། དེ་ལ་མུན་པ་སེལ་བར་བྱེད་བ་གང་ཡིན་མ་དེ་མར་མེ་རང་དང་གཞན་གྱི་བདག་ཉིད་དག་སྣང་བར་བྱེད་ལ་ཡིན་ནོ་ཞེས་སྨྲས་པ་དེའི་ཕྱིར། མར་མེ་དང་ནི་གང་དག་ན། །འདུ་བྱེ་པ་ན་མུན་པ་མེད། །ཅེས་ཀྱང་བཤད་པས་མར་


DTG096_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

མེ་སྐྱེ་བཞིན་པས་མུན་པ་སེལ་བའི་ཕྱིར་དེས་ན་མར་མེ་རང་དང་གཞན་གྱི་བདག་ཉིད་དག་ལ་མུན་པ་མེད་དོ། །མུན་པ་མེད་པའི་ཕྱིར་སྣང་བར་བྱེད་པ་ཉིད་ཡིན་ནོ། །དེ་ལྟར་མུན་པ་སེལ་བར་བྱེད་པའི་ཕྱིར་མར་མེས་ནི་རང་དང་གཞན་གྱི་བདག་ཉིད་དག་སྣང་བར་བྱེད་དོ། །མར་མེ་ཇི་ལྟ་བ་དེ་བཞིན་དུ་སྐྱེ་བས་ཀྱང་རང་དང་གཞན་གྱི་བདག་ཉིད་དེ་དག་སྐྱེད་པར་བྱེད་དོ་ཞེས་བྱ་བ་དེ་རིགས་པ་ཡིན་ནོ། །བཤད་པ། མར་མེ་སྐྱེ་བཞིན་པས་མུན་པ་སེལ་བར་བྱེད་དོ། །ཞེས་ཟེར་བ་དེ་སྨྲོས་ཤིག །ཇི་ལྟར་མར་མེ་སྐྱེ་བཞིན་པས། །མུན་པ་སེལ་པར་བྱེད་པ་ཡིན། །གང་ཚེ་མར་མེ་སྐྱེ་བཞིན་པ། །མུན་པ་དང་ནི་ཕྲད་པ་མེད། །གང་ཚེ་མར་མེ་དང་མུན་པ་དག་གཅིག་ནི་མི་སྲིད་པའི་ཕྱིར་མར་མེ་སྐྱེ་བཞིན་པ་མུན་པ་དང་ཕྲད་པ་མེད་པ་དེའི་ཕྱིར་ཇི་ལྟར་མར་མེ་སྐྱེ་བཞིན་པ་མུན་པ་དང་མ་ཕྲད་པ་དེས་མུན་པ་སེལ་བར་བྱེད། །མར་མེ་ཕྲད་པ་མེད་པར་ཡང༌། །གལ་ཏེ་མུན་པ་སེལ་བྱེད་ན། །འཇིག་རྟེན་ཀུན་ན་གནས་པའི་མུན། །འདི་ན་འདུག་པ་ངེས་སེལ་འགྱུར། །ཅི་སྟེ་མར་མེ་ཕྲད་པ་ཉིད་དུ་ཡང་མུན་པ་སེལ་བར་བྱེད་ན་ནི་དེ་ལྟར་ན་འཇིག་རྟེན་ཀུན་ན་གནས་པའི་མུན་པ་དག་ཀྱང་མར་མེ་འདི་ན་འདུག་པ་དེས་བསལ་བར་འགྱུར་ཏེ། མ་ཕྲད་པ་འདྲ་བ་ལས་ལ་ལ་ནི་སེལ་བར་བྱེད་ལ། ལ་ལ་ནི་སེལ་བར་མི་བྱེད་པ་དེ་ལ་ཁྱད་པར་ཅི་ཡོད། །ཡང་གཞན་ཡང༌། མར་མེ་རང་དང་གཞན་གྱི་དངོས། །གལ་ཏེ་སྣང་བར་བྱེད་གྱུར་ན། །མུན་པའང་རང་དང་གཞན་གྱི་དངོས། །སྒྲིབ་པར་འགྱུར་བར་ཐེ་ཚོམ་མེད། །འདི་ན་མར་མེ་ནི་མུན་པའི་གཉེན་པོར་གནས་པ་ཡིན་པས་དེས་ན་གལ་ཏེ་མར་མེས་རང་དང་གཞན་གྱི་དངོས་པོ་དག་སྣང་པར་བྱེད་པར་གྱུར་ན། མུན་པས་ཀྱང་རང་དང་གཞན་གྱི་དངོས་པོ་དག་སྒྲིབ་པར་ཐལ་བར་འགྱུར་པ་འདི་ལ་ཐེ་ཚོམ་མེད་པ་ཞིག་ན་མུན་པས་ནི་རང་དང་གཞན་གྱི་དངོས་པོ་དག་སྒྲིབ་པར་མི་བྱེད་དོ། །གལ་ཏེ་སྒྲིབ་པར་བྱེད་ན་ནི་གཞན་བཞིན་དུ་མུན་པ་ཉིད་ཀྱང་མི་དམིགས་པར་འགྱུར་རོ། །མུན་པ་མི་དམིགས་ན་ནི་དངོས་པོ་རྣམས་རྟག་ཏུ་སྣང་བར་འགྱུར་བ་ཞིག་ན། དངོས་པོ་རྣམས་རྟག་ཏུ་མི་སྣང་བས་དེའི་ཕྱིར་མུན་པས་ནི་རང་དང་གཞན་གྱི་དངོས་པོ་དག་སྒྲིབ་པར་མི་བྱེད་དོ། །དེ་ལྟ་ཡིན་ན་མུན་པའི་གཉེན་པོར་མར་མེས་ཀྱང་རང་དང་གཞན་གྱི་དངོས་པོ་དག་སྣང་


DTG096_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་བྱེད་པས་དེ་ལ་མར་མེ་བཞིན་དུ་སྐྱེ་བས་ཀྱང་རང་དང་གཞན་གྱི་བདག་ཉིད་དག་ཀྱང་སྐྱེད་པར་བྱེད་དོ། །ཞེས་གང་སྨྲས་པ་དེ་རིགས་པས་མ་ཡིན་ནོ། །ཡང་གཞན་ཡང༌། གལ་ཏེ་སྐྱེ་བས་རང་གི་བདག་ཉིད་སྐྱེད་པར་བྱེད་ན་སྐྱེས་པས་སམ། མ་སྐྱེས་པ་ཞིག་གིས་སྐྱེད་པར་སྐྱེད་གྲང་ན། གཉི་གས་ཀྱང་མི་འཐད་དོ། །ཇི་ལྟར་ཞེ་ན། སྐྱེ་བ་འདི་ནི་མ་སྐྱེས་པས། །རང་གི་བདག་ཉིད་ཇི་ལྟར་སྐྱེད། །སྐྱེ་བ་འདི་མ་སྐྱེས་ཤིང་མེད་པས་རང་གི་བདག་ཉིད་ཇི་ལྟར་སྐྱེད་པར་བྱེད། ཡང་ན་འདི་མ་སྐྱེས་ཤིང་མེད་པའི་བདག་ཉིད་སུ་ཞིག་གིས་སྐྱེད་པར་བྱེད། ཅི་སྟེ་མེད་པས་ཀྱང་བདག་ཉིད་མེད་པ་སྐྱེས་ན་ནི་རི་བོང་གི་རྭས་ཀྱང་བདག་ཉིད་སྐྱེད་པར་བྱེད་པ་ཞིག་ན་སྐྱེད་པར་མི་བྱེད་དོ། དེ་ལྟ་བས་ན་སྐྱེ་བ་མ་སྐྱེས་པས་བདག་ཉིད་སྐྱེད་པར་མི་བྱེད་དོ། །དེ་ལ་འདི་སྙམ་དུ་སྐྱེ་བ་སྐྱེས་པས་བདག་ཉིད་སྐྱེད་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། ཅི་སྟེ་སྐྱེས་པས་སྐྱེད་བྱེད་ན། །སྐྱེས་ན་ཅི་ཞིག་བསྐྱེད་དུ་ཡོད། །གལ་ཏེ་སྐྱེ་བ་སྐྱེས་པ་ཉིད་ཡིན་ན་སྐྱེ་བ་སྐྱེས་པས་བདག་ཉིད་སྐྱེད་པར་བྱེད་དོ། །ཞེས་བྱ་བ་འཐད་པའི་དོན་མེད་པ་འདི་ཅིའི་ཕྱིར་བྱེད་དེ། སྐྱེས་ཟིན་པ་ལ་ཡང་སྐྱེ་བས་ཅི་བྱ། དེ་ལྟར་ན་རེ་ཞིག་སྐྱེས་པས་བདག་ཉིད་སྐྱེད་པར་མི་བྱེད་དོ། །སྐྱེ་བས་གཞན་སྐྱེད་པར་བྱེད་དོ། །ཞེས་གང་སྨྲས་པ་དེ་ཡང་མི་འཐད་དེ། འདི་ལྟར་གལ་ཏེ་སྐྱེ་བས་གཞན་སྐྱེད་པར་བྱེད་ན་སྐྱེ་བས་བསྐྱེད་པར་བྱ་བ་གཞན་དེ་སྐྱེས་པའམ་མ་སྐྱེས་པའམ། སྐྱེ་བཞིན་པ་ཞིག་སྐྱེད་པར་བྱེད་གྲང་ན། དེ་ལ། སྐྱེས་དང་མ་སྐྱེས་སྐྱེ་བཞིན་པ། །ཇི་ལྟ་བུར་ཡང་སྐྱེད་མི་བྱེད། །སྐྱེ་བ་ནི་ཇི་ལྟར་ཡང་སྐྱེད་པར་མི་འཐད་དོ། །མ་སྐྱེས་པ་ཡང་སྐྱེད་པར་མི་བྱེད་ལ། སྐྱེ་བཞིན་པ་ཡང་སྐྱེད་པར་མི་བྱེད་དོ། །ཇི་ལྟར་ཞེ་ན། བཤད་པ། སོང་དང་མ་སོང་བགོམ་པ་ཡིས། །དེ་དག་རྣམ་པར་བཤད་པ་ཡིན། །ཇི་ལྟར་སོང་བ་ལ་འགྲོ་བ་མེད་དེ། འགྲོ་བའི་བྱ་བ་འདས་ཟིན་པའི་ཕྱིར་རོ། །ཞེས་བྱ་བ་དེ་བཞིན་དུ་སྐྱེས་པ་ཡང་སྐྱེད་པར་མི་བྱེད་དེ་སྐྱེ་བའི་བྱ་བ་འདས་ཟིན་པའི་ཕྱིར་རོ། །སྐྱེས་པ་ལ་ཡང་སྐྱེ་བའི་བྱ་བ་མེད་དེ། ཅི་སྟེ་ཡང་སྐྱེས་པར་འགྱུར་ན་ནི་ནམ་ཡང་མི་སྐྱེད་པར་མི་འགྱུར་བས་དེ་ནི་མི་འདོད་དེ། དེའི་ཕྱིར་སྐྱེས་བ་སྐྱེད་པར་མི་བྱེད་དོ། །མ་སྐྱེས་པ་ཡང་སྐྱེད་པར་མི་བྱེད་དེ། ཅིའི་ཕྱིར་ཞེ་ན། །མེད་


DTG096_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །མ་སྐྱེས་པ་ལ་གང་སྐྱེད་པར་འགྱུར་བ་ཅི་ཞིག་ཡོད། ཅི་སྟེ་མེད་ཀྱང་སྐྱེད་པར་འགྱུར་ན་ནི་རི་བོང་གི་རྭ་ཡང་སྐྱེད་པར་འགྱུར་བ་ཞིག་ན་སྐྱེད་པར་མི་འགྱུར་ཏེ། དེ་ལྟ་བས་ན་སྐྱེས་པ་ཡང་སྐྱེད་པར་མི་བྱེད་དོ། །དེ་ནི་སྐྱེ་བཞིན་པ་ཡང་སྐྱེད་པར་མི་བྱེད་དེ། སྐྱེས་པ་དང་མ་སྐྱེས་པ་མ་གཏོགས་པར་སྐྱེ་བཞིན་པ་མེད་པའི་ཕྱིར་དང༌། སྐྱེ་བ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་ཏེ། གང་དང་ལྡན་པས་སྐྱེ་བཞིན་པ་ཞེས་བྱ་བར་འགྱུར་བ་དང༌། གང་དང་ལྡན་པས་སྐྱེད་པར་བྱེད་དོ། །ཞེས་བརྗོད་པར། ཡང་གཞན་ཡང༌། འདི་ལ་སྐྱེ་བཞིན་པ་ཞེས་བྱ་བ་ནི་གང་གི་ཅུང་ཟད་ནི་སྐྱེས་ཅུང་ཟད་ནི་མ་སྐྱེས་པའམ། ཡང་ན་དེ་ལས་གཞན་པ་སྐྱེས་པའམ། མ་སྐྱེས་པ་ཞིག་ཡིན་གང་ན། དེ་ལ་གལ་ཏེ་སྐྱེས་པ་དང་མ་སྐྱེས་པ་དེ་སྐྱེ་བས་སྐྱེད་པར་བྱེད་ན་རེ་ཞིག་དེའི་གང་ཅུང་ཟད་སྐྱེད་པ་དེ་ནི་སྐྱེ་བ་དེས་བསྐྱེད་པ་མ་ཡིན་ལ། སྐྱེས་པ་དེ་སྐྱེ་བཞིན་པ་མ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། དེ་སྐྱེས་ན་སྐྱེ་བཞིན་པ་མ་ཡིན་ཞིང་སྐྱེ་བཞིན་པ་སྐྱེད་པར་བྱེད་དོ། །ཞེས་ཀྱང་བརྗོད་པའི་ཕྱིར་རོ། །གལ་ཏེ་ཅུང་ཟད་སྐྱེས་པ་དེ་སྐྱེ་བ་མེད་པ་ཁོ་ནར་སྐྱེས་ན་ནི། དེའི་ལྷག་མ་ཡང་དེ་བཞིན་དུ་སྐྱེ་བ་མེད་པ་ཁོ་ནར་སྐྱེ་བར་འགྱུར་བར་ངེས་སོ། །ཡང་ན་དེའི་གང་ཅུང་ཟད་ནི་སྐྱེ་བ་མེད་པ་ཁོ་ནར་སྐྱེས་ལ་ཅུང་ཟད་ནི་སྐྱེ་བས་སྐྱེད་པར་བྱེད་པ་ལ་ཁྱད་པར་ཅི་ཡོད་པ་བརྗོད་དགོས་སོ། །ཅི་སྟེ་དེའི་གང་ཅུང་ཟད་སྐྱེས་པ་དེ་ཡང་སྐྱེ་བ་ཁོ་ནས་བསྐྱེད་ན་ནི་དེ་ལྟ་ན་མ་སྐྱེས་པ་སྐྱེ་བས་སྐྱེད་པར་བྱེད་ཀྱི། སྐྱེ་བཞིན་པ་སྐྱེད་པར་བྱེད་པ་མ་ཡིན་ནོ། །ཡང་གཞན་ཡང༌། དེའི་གང་ཅུང་ཟད་སྐྱེས་པ་དེ་ནི་སྐྱེ་བས་སྐྱེད་པར་མི་བྱེད་དེ། སྐྱེས་ཟིན་པའི་ཕྱིར་རོ། །དེས་ན་དེའི་ལྷག་མ་མ་སྐྱེས་པ་གང་ཞིག་ཡིན་པ་དེ་སྐྱེ་བས་སྐྱེད་པར་བྱེད་དོ། །ཞེས་བྱ་བར་འགྱུར་ཏེ། དེ་ལ་སྐྱེ་བཞིན་པ་སྐྱེད་པར་བྱེད་དོ་ཞེས་གང་སྨྲས་པ་དེ་ཉམས་པར་གྱུར་ཏོ། །ཅི་སྟེ་དེའི་ཅུང་ཟད་སྐྱེས་པ་དེ་ཡང་སྐྱེད་པར་བྱེད་ན་ནི་དེ་ལ་སྐྱེ་བ་གཉིས་ཀྱིས་བྱས་པའི་ཁྱད་པར་ཅན་དུ་འགྱུར་བ་ཞིག་ན་མི་འགྱུར་ཏེ། སྐྱེས་ཟིན་པ་དེ་ལ་ནི་ཡང་སྐྱེད་པའི་ཕྱིར་བྱ་བ་འགའ་ཡང་རྩོམ་པར་མི་བྱེད་པས་དེའི་ཕྱིར་དེ་ནི་ཡང་སྐྱེད་པར་མི་བྱེད་དོ། །དེ་ལྟ་བས་ན་སྐྱེ་བཞིན་པ་སྐྱེད་པར་བྱེད་དོ། །ཞེས་བྱ་བ་དེ་ནི་སྙིང་པོ་མེད་པ་ལ་བློས་སྙིང་པོར་


DTG096_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་པར་ཟད་དེ་གྱི་ནའོ། །སྨྲས་པ། བུམ་པ་ལ་སོགས་པ་སྐྱེ་བ་དག་ཀྱང་དམིགས་ཤིང༌། བུམ་པ་ལ་སོགས་པའི་དོན་དུ་བྱ་བ་དག་ལ་འཇུག་པ་ཡང་སྣང་བས་དེའི་ཕྱིར་སྐྱེ་བ་ཡོད་ན་སྐྱེ་བ་ལ་བརྟེན་ཅིང་སྐྱེ་བ་ལ་ལྟོས་ནས་སྐྱེ་བཞིན་པ་སྐྱེད་དོ་ཞེས་བརྗོད་པར་བྱའོ། །བཤད་པ། གང་ཚེ་སྐྱེ་བ་ཡོད་པས་ནི། །སྐྱེ་བཞིན་འདི་འབྱུང་མེད་པའི་ཚེ། །ཇི་ལྟར་སྐྱེ་ལ་བརྟེན་ནས་ནི། །སྐྱེ་བཞིན་ཞེས་ནི་བརྗོད་པར་བྱ། །གང་གི་ཚེ་སྐྱེ་བ་འདི་ཡོད་པས་སྐྱེ་བཞིན་པ་འདི་འབྱུང་ངོ་ཞེས་བྱ་བ་དེ་མེད་ཅིང་མི་སྲིད་པ་དེའི་ཚེ་ཇི་ལྟར་སྐྱེ་བ་ལ་བརྟེན་ནས་སྐྱེ་བཞིན་པ་སྐྱེད་དོ། །ཞེས་བརྗོད་པར་བྱ། སྨྲས་པ། ཇི་ལྟར་མི་སྲིད་པ། བཤད་པ། རེ་ཞིག་སྣམ་བུ་སྐྱེ་བ་ལ་བརྟེན་ནས་ཅི་ཞིག་སྐྱེ་བཞིན་པ་ཡིན། སྨྲས་པ། སྣམ་བུ་ཉིད་སྐྱེ་བཞིན་པ་ཡིན་ནོ། །བཤད་པ། གལ་ཏེ་སྣམ་བུ་སྐྱེ་བཞིན་པའི་གནས་སྐབས་ཉིད་ན་སྣམ་བུ་ཡིན་ན། དེ་ལ་སྐྱེ་བ་ལ་བརྟེན་ནས་སྐྱེ་བཞིན་པ་སྐྱེད་དོ་ཞེས་གང་བརྗོད་པའི་སྐྱེ་བས་ཡང་ཅི་བྱ། དེ་ནི་མི་འཐད་དེ། སྐྱེས་པ་དང་སྐྱེ་བཞིན་པ་གཉིས་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཕྱིར་སྐྱེ་བཞིན་པ་སྣམ་བུ་མ་ཡིན་ནོ། །སྨྲས་པ། རེ་ཞིག་སྐྱེས་པ་ནི་སྣམ་བུ་ཡིན་ཏེ། སྐྱེས་པ་དེ་ལ་བརྟེན་ནས་ཇི་སྲིད་དུ་བརྟག་པའི་བྱ་བ་མ་ཟིན་པ་དེ་སྲིད་དུ་སྐྱེ་བཞིན་པ་ཡིན་ནོ། །བཤད་པ། དྲང་པོ། །གང་སྐྱེ་བཞིན་པ་ན་སྣམ་བུ་མ་ཡིན་པ་དེ་སྐྱེས་ན་ཇི་ལྟར་སྣམ་བུར་འགྱུར། འདི་ལྟར་གཞན་བྱེད་བཞིན་པ་ན་གཞན་དུ་མི་འགྱུར་རོ། །ཅི་སྟེ་འགྱུར་ན་ནི་རེ་ལྡེ་བྱེད་བཞིན་པ་ན་སྣམ་བུར་འགྱུར་བ་ཞིག་ན་མི་འགྱུར་བས་དེའི་ཕྱིར་སྐྱེས་པ་ཡང་སྣམ་བུ་མ་ཡིན་ནོ། །སྣམ་བུ་དེ་མེད་ན་གང་གི་སྐྱེ་བ་ལ་བརྟེན་ནས་ཅི་ཞིག་སྐྱེ་བཞིན་པར་འགྱུར། སྨྲས་པ། ཅི་ཁྱོད་མཚོན་ཐབས་ལ་མཁས་ཞེས་ཏེ་མ་ཉིད་ལ་འདེབས་པར་བྱེད་དམ། ཁྱོད་འགྱེད་པ་ལ་ཆགས་པས་རྟེན་ཅིང་འབྲེལ་པར་འབྱུང་བའི་རིགས་པ་ཉིད་སུར་འབྱིན་ཀོ། །བཤད་པ། དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་རིགས་པ་མ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་སྨྲ་བ་རྣམས་ལ་ནི་དངོས་པོ་སྐྱེ་བཞིན་པ་ཡང་ཡོད་པ་མ་ཡིན་ལ། དངོས་པོ་སྐྱེ་བཞིན་པའི་སྐྱེ་པ་ཡང་ཡོད་པ་མ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ནི་འདི་ཡིན་ཏེ། རྟེན་ཅིང་འབྱུང་བ་


DTG096_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་པ། །དེ་ནི་ངོ་བོ་ཉིད་ཀྱིས་ཞི། །རྟེན་ཅིང་ཞེས་བྱ་བ་གང་ཡིན་པ་དང༌། འབྱུང་བ་ཞེས་བྱ་བ་གང་ཡིན་པ་དང༌། གཉི་ག་ངོ་བོ་ཉིད་ཀྱིས་ཞི་བ་ངོ་བོ་ཉིད་དང་བྲལ་བ་ངོ་བོ་ཉིད་སྟོང་པ་ཡིན་ནོ། །དེ་ཕྱིར་སྐྱེ་བཞིན་ཉིད་དང་ནི། །སྐྱེ་བ་ཡང་ནི་ཞི་བ་ཉིད། །དེ་ལྟར་གང་གི་ཕྱིར་རྟེན་ཅིང་ཞེས་བྱ་བ་གང་ཡིན་པ་དང་འབྱུང་བ་ཞེས་བྱ་བ་གང་ཡིན་པ་དེ་དང་དེ་གཉི་ག་ངོ་བོ་ཉིད་ཀྱིས་ཞི་བ་ངོ་བོ་ཉིད་དང་བྲལ་བ་ངོ་བོ་ཉིད་སྟོང་པ། དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་སྨྲ་བ་རྣམས་ལ་སྐྱེ་བཞིན་པ་དང་སྐྱེ་བ་གཉི་ག་ཡང་ངོ་བོ་ཉིད་ཀྱིས་ཞི་བ་ངོ་བོ་ཉིད་ཀྱིས་བྲལ་བ་ངོ་བོ་ཉིད་སྟོང་པ་ཡིན་ནོ། །དེ་གཉི་ག་ངོ་བོ་ཉིད་སྟོང་པ་ཡིན་པ་སྐྱེ་བ་འདི་ལ་བརྟེན་ནས་སྐྱེ་བཞིན་པ་འདི་སྐྱེད་དོ། །ཞེས་བྱ་བ་དེ་ཇི་ལྟ་བུར་སྲིད་པར་འགྱུར། སྨྲས་པ། རྒྱུ་དང་རྐྱེན་རྣམས་ལ་བརྟེན་ནས་ཇི་སྲིད་ན་སྐྱེས་པར་འགྱུར་བ་དེ་སྲིད་དུ་དངོས་པོ་སྐྱེད་པའི་ཕྱིར་བྱ་བ་རྩོམ་སྟེ། དེས་ན་དངོས་པོ་གང་ཁོ་ན་སྐྱེ་བ་དེ་ཉིད་ལ་བརྟེན་ནས་བྱ་བ་རྩོམ་པར་ཡང་མི་བྱེད་ལ། གཞི་མེད་པར་ཡང་བྱ་བ་རྩོམ་པར་མི་བྱེད་པས་བྱ་བ་དང་ལྡན་པའི་རྒྱུ་དང་རྐྱེན་དེ་དག་ལ་བརྟེན་ནས་དངོས་པོ་སྐྱེ་ཞིང་དེའི་སྐྱེ་བ་དེ་ལ་བརྟེན་ནས་སྐྱེ་བར་འགྱུར་རོ། །བཤད་པ། གང་གི་རྒྱུ་དང་རྐྱེན་དག་ལ་བརྟེན་ནས་བྱ་བ་རྩོམ་པར་བྱེད། སྨྲས་པ། སྣམ་བུའོ། །བཤད་པ། ཅི་ཁྱོད་ནམ་མཁའི་མེ་ཏོག་སོགས་པར་བྱེད་དམ། ཁྱོད་སྣམ་བུ་མེད་པའི་རྒྱུ་དང་རྐྱེན་དག་ལ་བརྟེན་ནས་བྱ་བ་རྩོམ་པར་བྱེད་ཀོ། །གལ་ཏེ་དངོས་པོ་མ་སྐྱེས་པ། །འགའ་ཞིག་གང་ན་ཡོད་གྱུར་ན། །དེ་ནི་ཅི་ཕྱིར་དེར་སྐྱེ་འགྱུར། །ཡོད་ན་སྐྱེ་བར་མི་འགྱུར་རོ། །གལ་ཏེ་སྐྱེ་བའི་སྔ་རོལ་ན་དངོས་པོ་མ་སྐྱེས་པ་འགའ་ཞིག་གཤེད་ན་ཡོད་པར་འགྱུར་བ་དེ་ལྟ་བུ་སྲིད་ན་ནི་དེས་ན་དངོས་པོ་ཡོད་པ་དེའི་རྒྱུ་དང་རྐྱེན་དང་དེ་ལ་བརྟེན་པའི་བྱ་བ་དག་ཀྱང་ཐ་སྙད་གདགས་སུ་རུང་གྲང་ན། གང་གི་ཚེ་དངོས་པོ་མ་སྐྱེས་པ་ཇི་ལྟར་ཡང་མི་འཐད་པ་དེའི་ཚེ་དངོས་པོ་སྐྱེ་བ་དང་བྲལ་བ་དེ་ཡོད་པ་དེ་མ་ཡིན་ན་གང་གི་རྒྱུ་དང་རྐྱེན་དུ་འགྱུར། རྒྱུ་དང་རྐྱེན་གང་ཞིག་ལ་བརྟེན་ནས་བྱ་བ་རྩོམ་པར་བྱེད་ཅིང་གང་ཞིག་སྐྱེད་པར་བྱེད། གང་རྩོམ་པར་མི་བྱེད་སྐྱེ་བར་མི་བྱེད་པ་དེ་ལ་སྐྱེ་བ་ག་ལ་ཡོད། །གང་ལ་སྐྱེ་བ་མེད་པ་ཇི་ལྟར་སྐྱེ་བ་ལ་བརྟེན་ནས་སྐྱེ་བར་འགྱུར། དེ་ལྟ་བས་ན་རྟེན་ཅིང་


DTG096_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་པར་འབྱུང་བ་སྨྲ་བ་རྣམས་ཀྱི་ལྟ་བ་ནི་སྐྱེ་བཞིན་པ་དང་སྐྱེ་བ་ཞི་བ་ཡིན་ནོ། །ཡང་གཞན་ཡང༌། གལ་ཏེ་སྐྱེ་བ་དེ་ཡིས་ནི། །སྐྱེ་བཞིན་པ་ནི་སྐྱེད་བྱེད་ན། །སྐྱེ་བ་དེ་ནི་སྐྱེད་བྱེད་པ། །སྐྱེ་བ་ཡང་ནི་གང་ཞིག་ཡིན། །གལ་ཏེ་སྐྱེ་བ་དེས་སྐྱེ་བཞིན་པ་གཞན་པ་སྐྱེད་པར་བྱེད་ན། འོ་ན་དེ་སྐྱེ་བ་དེ་སྐྱེད་པར་བྱེད་པའི་སྐྱེ་བ་ཡང་གང་ཞིག་ཡིན། དེ་ལ། འདི་སྙམ་དུ་དེ་ནི་སྐྱེ་བ་གཞན་ཞིག་གིས་སྐྱེད་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། གལ་ཏེ་སྐྱེ་བ་གཞན་ཞིག་གིས། །དེ་སྐྱེད་ཐུག་པ་མེད་པར་འགྱུར། །གལ་ཏེ་སྐྱེ་བ་གཞན་ཞིག་གིས་སྐྱེ་བཞིན་པ་གཞན་སྐྱེད་པར་བྱེད་ན་དེ་ལྟ་ན་ཐུག་པ་མེད་པར་ཐལ་བར་འགྱུར་ཏེ། དེ་ཡང་གཞན་གྱིས་སྐྱེད་ཅིང་དེ་ཡང་གཞན་གྱིས་སྐྱེད་དེ་མཐའ་མེད་པར་འགྱུར་བས་དེ་ནི་མི་འདོད་དོ། །ཅི་སྟེ་གཞན་སྐྱེད་པ་ནི་སྐྱེ་བ་མེད་པ་ཁོ་ནར་སྐྱེས་སོ་སྙམ་ན། དེ་ལ་བཤད་པར་བྱ་སྟེ། ཅི་སྟེ་སྐྱེ་བ་མེད་སྐྱེ་ན། །ཐམས་ཅད་དེ་བཞིན་སྐྱེ་བར་འགྱུར། །ཇི་ལྟར་གཞན་སྐྱེད་པར་བྱེད་པ་དེ་སྐྱེད་པ་གཞན་མེད་པར་སྐྱེས་ན་ནི་ཐམས་ཅད་ཀྱང་དེ་བཞིན་དུ་སྐྱེ་བ་གཞན་མེད་པར་སྐྱེ་བར་འགྱུར་ཏེ། སྐྱེས་པས་གཞན་སྐྱེད་པར་བྱེད་དོ། །ཞེས་བྱ་བ་དོན་མེད་པའི་རྟོག་པ་མེད་པ་འདིས་ཅི་བྱ། ཡང་ན་འདི་ལྟར་སྐྱེ་བ་ཉིད་ནི་སྐྱེད་པ་གཞན་མེད་པར་སྐྱེ་ལ་དངོས་པོ་གཞན་དག་ནི་སྐྱེད་པ་གཞན་མེད་པར་མི་སྐྱེའོ། །ཞེས་ཁྱད་པར་གྱི་གཏན་ཚིགས་བསྟན་པར་བྱ་དགོས་ན་དེ་ཡང་མི་བྱེད་པས་དེའི་སྐྱེ་བས་སྐྱེ་བཞིན་པ་གཞན་སྐྱེད་དོ། །ཞེས་བྱ་བ་དེ་གྱི་ནའོ། །ཡང་གཞན་ཡང༌། འདི་ལ་དངོས་པོ་འགའ་ཞིག་སྐྱེ་བར་འགྱུར་ན་དེ་ཡོད་པའམ་མེད་པ་ཞིག་སྐྱེ་བར་འགྱུར་གྲང་ན། དེ་ལ། རེ་ཞིག་ཡོད་དང་མེད་པ་ཡང༌། །སྐྱེ་བར་རིགས་པ་མ་ཡིན་ནོ། །རེ་ཞིག་ཡོད་པ་ནི་སྐྱེ་བར་རིགས་པ་མ་ཡིན་ཏེ། སྐྱེ་བར་བརྟག་པ་དོན་མེད་པ་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་ཡོད་པ་ལ་ཡང་སྐྱེ་བས་ཅི་ཞིག་བྱ། མེད་པ་ཡང་སྐྱེ་བར་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མེད་པ་ཉིད་ཀྱི་ཕྱིར་ཏེ། དེ་ལ་ཅི་ཞིག་སྐྱེ་བར་འགྱུར། ཅི་སྟེ་མེད་པ་སྐྱེ་བར་འགྱུར་ན་ནི་རི་བོང་གི་རྭ་ཡང་སྐྱེ་བར་འགྱུར་ལ། ཉེས་པ་ཟད་པ་རྣམས་ལ་ཡང་ཉེས་པ་སྐྱེ་བར་འགྱུར་བས་དེ་ནི་མི་འདོད་དེ། དེ་ལྟ་བས་ན་མེད་པ་ཡང་སྐྱེ་བར་


DTG096_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་མ་ཡིན་ནོ། །དེ་ལ་འདི་སྙམ་དུ་ཡོད་མེད་གཅིག་སྐྱེ་བར་སེམས་ན། བཤད་པ། ཡོད་མེད་ཉིད་ཀྱང་མ་ཡིན་ཏེ། ཡོད་མེད་ཀྱང་སྐྱེ་བར་རིགས་པ་མ་ཡིན་ནོ། །གལ་ཏེ་ཇི་ལྟར་ཞེ་ན། བཤད་པ། གོང་དུ་བསྟན་པ་ཉིད་ཡིན་ནོ། །དེ་ནི་གོང་དུ། རེ་ཞིག་ཡོད་དང་མེད་པ་ཡང༌། །སྐྱེ་བར་རིགས་པ་མ་ཡིན་ནོ། །ཞེས་བསྟན་པ་ཡིན་ཏེ། ཡོད་མེད་ནི་གཉིས་ལ་སྙེགས་པས་དེ་གཉིས་ནི་དགག་པ་སྔ་མས་བཀག་པ་ཉིད་ཡིན་ནོ། །ཡང་ན་ཡོད་པ་དང་མེད་པ་དང་ཡོད་མེད་དག་ཇི་ལྟར་སྐྱེ་བར་རིགས་པ་མ་ཡིན་པ་དེ་ནི། །དང་པོ་ཁོ་ན་བསྟན་བྲིན་ཏོ། །གང་དུ་ཞེ་ན། གང་ཚེ་ཆོས་ནི་ཡོད་པ་དང༌། །མེད་དང་ཡོད་མེད་མི་བསྒྲུབ་པ། །ཇི་ལྟར་སྒྲུབ་བྱེད་རྒྱུ་ཞེས་བྱ། །དེ་ལྟ་ཡིན་ན་མི་རིགས་སོ། །ཞེས་བྱ་བ་དེར་རོ། །ཡང་གཞན་ཡང༌། དངོས་པོ་འགག་བཞིན་ཉིད་ལ་ནི། །སྐྱེ་བ་འཐད་པར་མི་འགྱུར་རོ། །འདི་ལ་ཁྱོད་ཀྱིས་དངོས་པོ་སྐྱེ་བཞིན་པ་སྐྱེད་པར་བྱེད་དོ་ཞེས་སྨྲས་པས་དངོས་པོ་སྐྱེ་བཞིན་པ་ལ་འགག་པ་ཡང་ཡོད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དངོས་པོ་ནི་འཇིག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དངོས་པོ་འགག་བཞིན་པ་ལ་ནི། །སྐྱེ་བ་འཐད་པར་མི་འགྱུར་ཏེ། འདི་ལྟར་སྐྱེ་བཞིན་པ་མངོན་པར་འཕེལ་བ་ལ་སྐྱེ་བ་ཡིན་ལ། དེ་ཡང་འཇིག་པ་ཟད་པར་འགྱུར་བས་ཟད་པ་ནི་སྐྱེ་བར་མི་འགྱུར་བའི་ཕྱིར་རོ། །ཅི་སྟེ་སྐྱེ་བཞིན་པའི་གནས་སྐབས་ན་འགག་པར་མི་འགྱུར་པ་ཉིད་དོ་སྙམ་ན། དེ་ལ་བཤད་པར་བྱ་སྟེ། གང་ཞིག་འགག་བཞིན་མ་ཡིན་པ། །དེ་ནི་དངོས་པོར་མི་འཐད་དོ། །གལ་ཏེ་དངོས་པོ་སྐྱེ་བཞིན་པ་ཉིད་ན་འགག་པར་མི་འགྱུར་བ་སྐྱེ་བཞིན་པ་ཉིད་དངོས་པོ་ཉིད་མ་ཡིན་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། དངོས་པོའི་མཚན་ཉིད་མེད་པའི་ཕྱིར་རོ། །འདི་ལྟར་འཇིག་པ་ནི་དངོས་པོའི་མཚན་ཉིད་དུ་བསྟན་པས་དེ་མེད་ན་ཇི་ལྟར་དངོས་པོ་ཡིན་པར་འགྱུར། དེ་ལྟར་ཡིན་ན་དངོས་པོ་སྐྱེ་བཞིན་པ་སྐྱེད་པར་བྱེད་དོ་ཞེས་གང་སྨྲས་པ་དེ་ཉམས་པ་དང༌། དངོས་པོ་མེད་པ་སྐྱེ་བཞིན་པ་སྐྱེད་པར་བྱེད་དོ་ཞེས་བྱ་བར་ཡང་ཐལ་བར་འགྱུར་ཏེ། དེ་ལྟ་བས་ན་སྐྱེ་བས་གཞན་སྐྱེད་པར་བྱེད་དོ་ཞེས་བྱ་བ་དེ་ཡང་མི་འཐད་དོ། །གང་རང་གི་བདག་ཉིད་ཀྱང་སྐྱེད་བར་མི་བྱེད་ལ། །


DTG096_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་བདག་ཉིད་ཀྱང་སྐྱེད་པར་མི་བྱེད་པ་དེ་སྐྱེ་པ་ཡིན་པར་ཇི་ལྟར་འགྱུར་ཏེ། དེ་ལྟ་བས་ན་སྐྱེ་བ་ནི་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། གནས་པ་ནི་ཡོད་དེ། དེ་ཡང་དངོས་པོ་མ་སྐྱེས་པ་ལ་མི་འཐད་པས་སྐྱེ་བ་ཡང་རབ་ཏུ་གྲུབ་པ་ཉིད་དོ། །བཤད་པ། འདི་ལ་དངོས་པོ་གང་ཞིག་གནས་པར་འགྱུར་ན་དེ་གནས་པ་གནས་སམ། མ་གནས་པ་གནས་སམ། གནས་བཞིན་པ་གནས་གྲང་ན། དེ་ལ། དངོས་པོ་གནས་པ་མི་གནས་ཏེ། །དངོས་པོ་མ་གནས་གནས་པ་མིན། །གནས་བཞིན་པ་ཡང་མི་གནས་ཏེ། །རེ་ཞིག་དངོས་པོ་གནས་པ་ནི་གནས་པར་མི་བྱེད་དེ། གནས་པ་ལ་ཡང་གནས་པས་ཅི་བྱ། །གནས་པ་གཉིས་སུ་ཐལ་བར་འགྱུར་ཏེ། གང་དང་ལྡན་པས་གནས་པར་བྱེད་དོ་ཞེས་བྱ་བར་འགྱུར་བའོ། །དེ་ལྟར་གྱུར་ན་གནས་པ་པོ་ཡང་གཉིས་སུ་ཐལ་བར་འགྱུར་བས་དེ་ནི་མི་འདོད་དོ། །དངོས་པོ་མ་གནས་པ་ཡང་གནས་པར་མི་བྱེད་དེ། ཅིའི་ཕྱིར་ཞེ་ན། གནས་པ་དང་གནས་པ་མ་ཡིན་པ་གཉིས་མི་མཐུན་པའི་ཕྱིར་རོ། །གནས་བཞིན་ཡང་གནས་པར་མི་བྱེད་དེ། ཅིའི་ཕྱིར་ཞེ་ན། གནས་པ་དང་མ་གནས་པ་མ་གཏོགས་པར་གནས་བཞིན་པ་མི་སྲིད་པའི་ཕྱིར་དང༌། གནས་པ་གཉིས་སུ་ཐལ་བར་འགྱུར་བ་དང༌། གནས་པ་པོ་ཡང་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་གཞན་ཡང༌། མ་སྐྱེས་གང་ཞིག་གནས་པར་བྱེད། །གང་གི་ཚེ་རིགས་པ་སྔོན་དུ་བཏོད་བས་སྐྱེ་བ་མེད་པ་ཉིད་དོ་ཞེས་བྱ་བ་བསྟན་ཟིན་པ་དེའི་ཚེ་མ་སྐྱེས་བ་གཞན་གང་ཞིག་གནས་པར་བྱེད་ཅེས་བྱ་བ། ཡང་གཞན་ཡང༌། དངོས་པོ་འགག་བཞིན་ཉིད་ལ་ནི། གནས་པ་འཐད་པར་མི་འགྱུར་རོ། །དངོས་པོ་འགག་བཞིན་པ་ལ་གནས་པ་འཐད་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གནས་པ་དང་འགག་པ་གཉིས་སུ་མི་མཐུན་པའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་གནས་པའི་གནས་སྐབས་ན་འགག་པར་མི་འགྱུར་བ་ཉིད་དུ་སེམས་ན་དེ་བཤད་པར་བྱ་སྟེ། གང་ཞིག་འགག་བཞིན་མ་ཡིན་པ། །དེ་ནི་དངོས་པོར་མི་འཐད་དོ། །གང་གནས་པའི་གནས་སྐབས་ན་འགག་པར་མི་འགྱུར་བ་དེ་ནི་གནས་པའི་གནས་སྐབས་ན་དངོས་པོ་ཉིད་མ་ཡིན་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། དངོས་པོའི་མཚན་


DTG096_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མེད་པའི་ཕྱིར་རོ། །འདི་ལྟར་འཇིག་པ་ནི་དངོས་པོའི་མཚན་ཉིད་དུ་བསྟན་པས་དེ་མེད་ན་ཇི་ལྟར་དངོས་པོ་ཡིན་པར་འགྱུར། དངོས་པོ་མེད་ན་གང་གིས་གནས་པར་འགྱུར། དེ་ལྟ་བས་ན་འགག་བཞིན་པ་ཉིད་ཡིན་པའི་ཕྱིར་ཡང་དངོས་པོའི་གནས་པ་མི་འཐད་དོ། །ཡང་གཞན་ཡང༌། དངོས་པོ་ཐམས་ཅད་དུས་ཀུན་དུ། །རྒ་དང་འཆི་བའི་ཆོས་ཡིན་ན། །གང་དག་རྒ་དང་འཆི་མེད་པར། །གནས་པའི་དངོས་པོ་གང་ཞིག་ཡིན། །གང་གི་ཚེ་དངོས་པོ་ཐམས་ཅད་མི་རྟག་པ་དང་རྗེས་སུ་འབྲེལ་བའི་ཕྱིར། མི་རྟག་པ་ཉིད་ཀྱིས་རྒ་བ་དང་འཆི་བའི་ཆོས་ཅན་ཡིན་པ་དེ་ཁས་བླང་བར་བྱ་བ་དེའི་ཚེ་གང་དག་ལ་ལྟོས་ནས་གནས་པ་ཡོད་པར་བརྗོད་པ་གང་དག་རྒ་བ་དང་འཆི་བ་མེད་པར་གནས་པའི་དངོས་པོ་དེ་དག་གང་ཞིག་ཡིན་དེ་ལྟ་བས་ན་གནས་པ་ཡང་མི་འཐད་དོ། །གནས་པའི་གནས་པ་ཞེས་གང་སྨྲས་པ་དེ་ལ་བཤད་པར་བྱ་སྟེ། གནས་པ་གནས་པ་གཞན་དང་ནི། །དེ་ཉིད་ཀྱིས་ཀྱང་གནས་མི་རིགས། །གནས་པ་ནི་གནས་པ་གཞན་གྱིས་ཀྱང་གནས་པར་བྱེད་པ་མི་རིགས་པ་ཉིད་ཡིན་ལ། གནས་པ་དེ་ཉིད་གནས་པ་དེ་ཉིད་ཀྱིས་ཀྱང་གནས་པར་བྱེད་པར་མི་རིགས་པ་ཉིད་དོ། །ཇི་ལྟར་ཞེ་ན། ཇི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་བསྐྱེད་པ་མ་ཡིན་ཉིད། །ཇི་སྐད་དུ། སྐྱེ་བ་འདི་ནི་མ་སྐྱེས་པས། །རང་གི་བདག་ཉིད་ཇི་ལྟར་བསྐྱེད། །ཅི་སྟེ་སྐྱེས་པས་སྐྱེད་བྱེད་ན། །སྐྱེ་ན་ཅི་ཞིག་སྐྱེད་དུ་ཡོད། །ཅེས་སྨྲས་པ་དེ་བཞིན་དུ་གནས་པ་ཡང་མི་གནས་པས་རང་གི་བདག་ཉིད་གནས་པར་བྱེད་དམ། གནས་པ་རང་གི་བདག་ཉིད་གནས་པར་བྱེད་གྲང་ན། དེ་ལ་རེ་ཞིག་མ་གནས་པས་ནི་རང་གི་བདག་ཉིད་གནས་པར་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། མེད་པའི་ཕྱིར་ཏེ། འདི་ལྟར་མ་གནས་པ་ལ་ནི་གནས་པ་མི་འཐད་རོ། །གང་མེད་པ་དེས་རང་གི་བདག་ཉིད་གང་ཞིག་ཇི་ལྟར་གནས་པར་བྱེད། ཅི་སྟེ་གནས་པར་བྱེད་ན་ནི་རི་བོང་གི་རྭས་ཀྱང་རང་གི་བདག་ཉིད་གནས་བར་བྱེད་པ་ཞིག་ན་དེ་ནི་མི་བརྗོད་དེ། དེ་ལྟ་བས་ན་གནས་པ་མ་གནས་པས་རང་གི་བདག་ཉིད་གནས་པར་མི་བྱེད་དོ། །གནས་པ་གནས་པས་ཀྱང་རང་གི་བདག་ཉིད་གནས་པར་མི་བྱེད་དེ། ཅིའི་ཕྱིར་ཞེ་ན། གནས་པ་ཉིད་ཀྱི་ཕྱིར་ཏེ། གནས་པ་ལ་ཡང་གནས་པས་ཅི་ཞིག་བྱ། །དེ་ལྟ་


DTG096_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་གནས་པ་གནས་པས་ཀྱང་རང་གི་བདག་ཉིད་གནས་པར་མི་བྱེད་དེ། གང་གནས་པར་མི་བྱེད་པ་དེ་གནས་པ་ཡིན་པར་ཇི་ལྟར་འགྱུར། དེ་ལྟར་རེ་ཞིག་གནས་པ་དེ་ཉིད་གནས་པ་དེ་ཉིད་ཀྱིས་གནས་པར་མི་བྱེད་དོ། །ཇི་ལྟར་གནས་པ་ད་གནས་པ་གཞན་གྱིས་གནས་པར་བྱེད་པར་མི་རིགས་ཤེ་ན། ཇི་སྐད་དུ། གལ་ཏེ་སྐྱེ་བ་གཞན་ཞིག་གིས། །དེ་སྐྱེད་ཐུག་པ་མེད་པར་འགྱུར། །ཅི་སྟེ་སྐྱེ་བ་མེད་སྐྱེ་ན། །ཐམས་ཅད་དེ་བཞིན་སྐྱེ་བར་འགྱུར། །ཞེས་སྨྲས་པ་དེ་བཞིན་དུ། གནས་པ་ཡང་གནས་པ་གཞན་ཞིག་གིས་གནས་པར་བྱེད་དམ། གནས་པ་གཞན་མེད་པར་གནས་པར་བྱེད་གྲང་ན། དེ་ལ་རེ་ཞིག་གནས་པ་ནི་གནས་པ་གཞན་གྱིས་གནས་པར་མི་བྱེད་དོ། །གལ་ཏེ་གནས་པ་གནས་པ་གཞན་གྱིས་གནས་པར་བྱེད་ན། དེ་ལྟ་ན་ཐུག་པ་མེད་པར་ཐལ་བར་འགྱུར་ཏེ། དེ་ཡང་གཞན་གྱིས་གནས་པར་བྱེད་ཅིང༌། དེ་ཡང་གཞན་གྱིས་གནས་པར་བྱེད་པ་དེ་མཐའ་མེད་པར་འགྱུར་བས་དེ་ནི་མི་འདོད་དེ། དེ་ལྟ་བས་ན་གནས་པ་ནི་གཞན་པ་གཞན་གྱིས་གནས་པར་མི་རིགས་སོ། །ཅི་སྟེ་གནས་པ་དེ་གནས་པ་གཞན་མེད་པར་གནས་པར་བྱེད་དོ་སྙམ་ན་དེ་ལ་བཤད་པར་བྱ་སྟེ། ཇི་ལྟར་གཞན་གནས་པར་བྱེད་པ་དེ་གནས་པ་གཞན་མེད་པར་གནས་པ་དེ་བཞིན་དུ་ཐམས་ཅད་ཀྱང་གནས་པ་གཞན་མེད་པར་གནས་པར་འགྱུར་ཏེ། གནས་པས་གཞན་གནས་པར་བྱེད་དོ་ཞེས་བྱ་བ་དོན་མེད་པའི་རྟོག་པ་འདིས་ཅི་བྱ། ཡང་ན་འདི་ལྟར་གནས་པ་ཉིད་ནི་གནས་པ་གཞན་མེད་པར་གནས་པ་ལ་དངོས་པོ་གཞན་དག་ནི་གནས་པ་གཞན་མེད་པར་མི་གནས་སོ་ཞེས་ཁྱད་པར་གྱི་གཏན་ཚིགས་བསྟན་པར་བྱ་དགོས་ན་དེ་ཡང་མི་བྱེད་པས་དེའི་ཕྱིར་གནས་པ་ནི་གནས་པ་གཞན་གྱིས་གནས་པར་མི་བྱེད་དོ། །གང་གནས་པར་མི་བྱེད་པ་དེ་ནི་གནས་པ་ཉིད་ཀྱང་མ་ཡིན་པས་དེའི་ཕྱིར་གནས་པ་ཡང་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། འགག་པ་ནི་ཡོད་དེ། དེ་ཡང་དངོས་པོ་མ་སྐྱེས་པ་དང་མི་གནས་པ་དག་ལ་མི་འཐད་པས་སྐྱེ་བ་དང་གནས་པ་དག་ཀྱང་རབ་ཏུ་གྲུབ་པ་ཉིད་དོ། །བཤད་པ། །གལ་ཏེ་འགག་བཞིན་པ་ཡོད་པར་གྱུར་ན། དེ་དངོས་པོ་འགག་པའམ། མ་འགག་པའམ། འགག་བཞིན་པའི་ཡིན་


DTG096_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གྲང་ན། རྣམ་པ་ཐམས་ཅད་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། འགགས་པ་འགག་པར་མི་བྱེད་དེ། །མ་འགགས་པ་ཡང་འགག་མི་བྱེད། །འགག་བཞིན་པ་ཡང་དེ་བཞིན་མིན། །དེ་ལ་རེ་ཞིག་འགགས་པ་ནི་འགག་པར་མི་བྱེད་དེ། ཅིའི་ཕྱིར་ཞེ་ན། མེད་པའི་ཕྱིར་ཏེ། མེད་པ་ལ་ཅི་ཞིག་འགག་པར་འགྱུར། །མ་འགགས་པ་ཡང་འགག་པར་མི་བྱེད་དེ། ཅིའི་ཕྱིར་ཞེ་ན། འགགས་པ་དང་མ་འགགས་པ་གཉིས་མི་མཐུན་པའི་ཕྱིར་རོ། །འགག་བཞིན་པ་ཡང་དེ་བཞིན་དུ་འགག་པར་མི་བྱེད་དེ། ཇི་ལྟར་ཞེ་ན། ཇི་སྐད་དུ། སྐྱེ་བཞིན་པ་སྐྱེད་པར་མི་བྱེད་དོ་ཞེས་སྨྲས་པ་དེ་བཞིན་ཏེ། དེས་ན་འགགས་པ་དང༌། མ་འགགས་པ་མ་གཏོགས་པར་འགག་བཞིན་པ་མི་སྲིད་པའི་ཕྱིར་དང༌། འགག་པ་གཉིས་སུ་ཐལ་བར་འགྱུར་བ་དང༌། འགག་བཞིན་པ་གཉིས་སུ་ཐལ་བར་ཡང་འགྱུར་བའི་ཕྱིར་འགག་བཞིན་པ་འགག་པར་མི་བྱེད་དོ། །ཡང་གཞན་ཡང༌། འདི་ལ་འགག་བཞིན་པ་ཞེས་བྱ་བ་ནི་གང་གི་ཅུང་ཟད་ནི་འགགས་ཅུང་ཟད་ནི་མ་འགགས་པ་འམ། ཡང་ན་དེ་ལ་གཞན་འགགས་པ་འམ། མ་འགགས་པ་ཞིག་ཡིན་གྲང་ན། དེ་ལ་གལ་ཏེ་འགགས་པ་དང་མ་འགགས་པ་དེ་འགག་པས་དེ་འགོག་པར་བྱེད་ན་ནི་རེ་ཞིག་དེའི་ཅུང་ཟད་འགག་པ་དེས་ནི་བཀག་པ་མ་ཡིན་ལ། འགག་པ་དེ་འགག་བཞིན་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་འགགས་ན་འགག་བཞིན་པ་མ་ཡིན་ཞིང་འགག་བཞིན་པ་འགོག་པར་བྱེད་དོ་ཞེས་ཀྱང་བརྗོད་པའི་ཕྱིར་རོ། །གལ་ཏེ་ཅུང་ཟད་འགགས་པ་དེ་འགག་པ་མེད་པ་ཁོ་ནར་འགགས་ན་ནི་དེའི་ལྷག་མ་ཡང་དེ་བཞིན་དུ་འགོག་པ་མེད་པ་ཁོ་ནར་འགག་པར་འགྱུར་པར་ངེས་སོ། །ཡང་ན་དེའི་གང་ཅུང་ཟད་ནི་འགག་པ་མེད་པ་ཁོ་ནར་འགགས་ལ། ཅུང་ཟད་ནི་འགགས་པས་འགག་པར་བྱེད་པ་ལ་ཁྱད་པར་ཅི་ཡོད་པ་བརྗོད་དགོས་སོ། །ཅི་སྟེ་དེའི་གང་དུ་ཅུང་ཟད་འགགས་པ་དེ་ཡང་འགག་པ་ཁོ་ནར་བཀག་པ་ནི་དེ་ལྟ་ན་མ་འགགས་པ་འགགས་པས་འགག་པར་བྱེད་ཀྱི་འགག་བཞིན་པ་འགག་པར་བྱེད་པ་མ་ཡིན་ནོ། །གཞན་ཡང༌། དེའི་ཕྱིར་ཅུང་ཟད་འགགས་པ་དེ་ནི་འགགས་པས་འགག་པར་མི་བྱེད་དེ། འགགས་


DTG096_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པའི་ཕྱིར་རོ། །དེས་ན། དེའི་ལྷག་མ་མ་འགགས་པ་གང་ཡིན་པ་དེ་འགགས་པས་འགག་པར་བྱེད་དོ་ཞེས་བྱ་བར་འགྱུར་ཏེ། དེ་ལ་འགག་བཞིན་པ་འགག་བར་བྱེད་དོ། །ཞེས་གང་སྨྲས་པ་དེ་ཉམས་པར་གྱུར་ཏོ། །ཅི་སྟེ་དེའི་གང་ཅུང་ཟད་འགགས་པས་འགག་པར་བྱེད་ན་ནི་དེ་ལ་འགག་པ་གཉིས་ཀྱིས་བྱས་པའི་ཁྱད་པར་ཅན་དུ་འགྱུར་བ་ཞིག་ན་མི་འགྱུར་ཏེ། འགག་པ་ཟིན་པ་དེ་ལ་ནི་ཡང་འགག་པར་བྱ་བའི་ཕྱིར་བྱ་བ་འགའ་ཡང་རྩོམ་པར་མི་བྱེད་པར་དེའི་ཕྱིར་དེ་ནི་ཡང་འགག་པར་མི་བྱེད་དོ། །དེ་ལྟ་བས་ན་འགག་བཞིན་པ་འགག་པར་བྱེད་དོ་ཞེས་བྱ་བ་དེ་ཡང་སྙིང་པོ་མེད་པ་ལ་བློས་སྙིང་པོར་བཟུང་བར་ཟད་དེ་གྱི་ནའོ། །ཡང་གཞན་ཡང༌། མ་སྐྱེས་གང་ཞིག་འགག་པར་བྱེད། །གང་གི་ཚེ་ཅུང་ཟད་ཀྱང་སྐྱེ་བ་མེད་དོ། །ཞེས་བྱ་བ་དེ་སྔར་བསྟན་ཟིན་པ་དེའི་ཕྱིར་མ་སྐྱེས་པ་གཞན་གང་ཞིག་འགག་པར་བྱེད་ཅེས་བྱ་བ་དང༌། དེ་ལྟ་བས་ན་འགག་པ་ཡང་ཡོད་པ་མ་ཡིན་ནོ། །ཡང་གཞན་ཡང༌། འགག་པ་ནི་གནས་པ་འམ། མ་གནས་པ་ལ་བརྟག་གྲང་ན། དེ་ནི་གཉི་ག་ལ་ཡང་མི་རུང་སྟེ། དེ་ལ། རེ་ཞིག་དངོས་པོ་གནས་པ་ལ། །འགག་པ་འཐད་པར་མི་འགྱུར་རོ། །གནས་པའི་བྱ་བ་སྐྱེས་པ་ལ་གནས་པ་དང་མི་མཐུན་པའི་འགག་པ་མི་འཐད་དེ། གནས་པའི་ཕྱིར་དེ་ནི་གྲགས་པ་ཡིན་ནོ། །གལ་ཏེ་མི་གནས་པ་ལ་འགག་པ་ཡོད་པས་ཉེས་པ་མེད་དོ། །ཞེ་ན། དངོས་པོ་མི་གནས་པ་ལ་ཡང༌། །འགག་པ་མི་འཐད་པར་མི་འགྱུར་རོ། །མི་གནས་པའི་ཕྱིར་དཔེར་ན་འགགས་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ། །སྨྲས་པ། མངོན་སུམ་ལ་གཏན་ཚིགས་ཀྱི་ཚིག་དོན་མེད་པ་དེ་ནི་འཇིག་རྟེན་ལ་གྲགས་པ་ཡིན་ཏེ། ཇི་ལྟར་དངོས་པོ་མ་འགགས་པར་གནས་པ་རྒྱུ་འགའ་ཞིག་ཁོ་ནས་འཇིག་པར་འགྱུར་བ་དེ་ནི་གཞོན་ནུ་ཡན་ཆད་ཀྱི་མངོན་སུམ་དུ་ཡིན་པས། དེའི་ཕྱིར་འགག་པ་ནི་ཡོད་པ་ཁོ་ན་ཡིན་ནོ། །བཤད་པ། དེ་ལྟ་བས་ན། འདི་ཡང་ཁྱོད་ཀྱི་བློའི་མངོན་སུམ་དུ་བྱ་བའི་རིགས་ཏེ། གནས་སྐབས་དེ་ཡི་གནས་པ་ནི། །དེ་ཡིས་འགག་པ་ཉིད་མི་འགྱུར། །གནས་སྐབས་གཞན་གྱིས་གནས་སྐབས་ནི། །གཞན་གྱིས་འགག་པ་ཉིད་མི་འགྱུར། །དངོས་པོ་གནས་


DTG096_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་གང་དུ་འཇུག་པར་རྟག་པར་དེའི་གནས་སྐབས་དེ་ནི་གནས་སྐབས་དེས་འགག་པ་ཉིད་དུ་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གནས་སྐབས་དེ་ཡོད་པའི་ཕྱིར་རོ། །འདི་ལྟར་འོ་མའི་གནས་སྐབས་ཉིད་ཀྱིས་འོ་མ་འགག་པར་མི་འགྱུར་ཏེ། འོ་མའི་གནས་སྐབས་ཡོད་པའི་ཕྱིར་རོ། །གནས་སྐབས་གཞན་གྱིས་ཀྱང་གནས་སྐབས་གཞན་འགག་པ་ཉིད་དུ་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གཞན་ནི་གནས་སྐབས་གཞན་ན་མེད་པའི་ཕྱིར་རོ། །འདི་ལྟར་ཞོའི་གནས་སྐབས་སུ་འོ་མའི་གནས་སྐབས་འགག་པར་མི་འགྱུར་ཏེ། ཞོའི་གནས་སྐབས་ན་འོ་མའི་གནས་སྐབས་མེད་པའི་ཕྱིར་རོ། །ཅི་སྟེ་ཡོད་ན་ནི། འོ་མ་དང་ཞོ་གཉིས་ལྷན་ཅིག་ན་གནས་པ་དང༌། ཞོ་རྒྱུ་མེད་པ་ལས་འབྱུང་བར་ཡང་འགྱུར་བས་དེ་ནི་མི་འདོད་དེ། དེ་ལྟ་བས་ན་འགག་པ་མི་འཐད་པ་ཡང་བློའི་མངོན་སུམ་ཡིན་པའི་ཕྱིར་འགག་པ་ཞེས་བྱ་བ་ཅི་ཡང་མེད་པ་དེ་ལྟར་ཁོང་དུ་ཆུད་པར་བྱའོ། །སྨྲས་པ། འགག་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྔར་ཁས་བླངས་པའི་ཕྱིར་ཏེ། འདི་ལྟར་ཁྱོད་ཀྱིས་སྔར་དངོས་པོ་འགག་བཞིན་པ་ལ་སྐྱེ་བ་མི་འཐད་དོ་ཞེས་སྨྲས་པ་དེའི་ཕྱིར་འགག་པ་དེ་ཡོད་དེ། གང་གི་རྒྱུ་ལས་བྱུང་བའི་སྐྱེ་བ་དགག་པར་བྱས་པའི་ཕྱིར་རོ། །འདི་ལྟར་མེད་པ་ནི་རྒྱུར་མི་འཐད་དོ། །བཤད་པ། ཅི་ཁྱོད་རི་མོའི་མེ་གསོད་པར་བྱེད་དམ། ཁྱོད་སྐྱེ་བ་མེད་པ་ལ་འགག་པ་འདོད་ཀོ། །གང་ཚེ་ཆོས་རྣམས་ཐམས་ཅད་ཀྱི། །སྐྱེ་བ་འཐད་པར་མི་འགྱུར་བ། །དེ་ཚེ་ཆོས་རྣམས་ཐམས་ཅད་ཀྱི།། འགག་པ་འཐད་པར་མི་འགྱུར་རོ། །གང་གི་ཚེ་ཁོ་བོས་དངོས་པོ་ཐམས་ཅད་ཀྱི་སྐྱེ་བ་མི་འཐད་དོ་ཞེས་སྨྲས་པ་དེའི་ཚེ་དངོས་པོ་ཐམས་ཅད་ཀྱི་འགག་པ་ཡང་མི་འཐད་དོ་ཞེས་སྨྲས་པ་མ་ཡིན་ནམ། འདི་ལྟར་དངོས་པོར་སྐྱེས་ཤིང་མེད་པ་ལ་འགག་པ་ཡོད་པར་ཇི་ལྟར་འགྱུར། དེ་ལྟ་བས་ན་སྐྱེ་བ་བཀག་བ་ཁོ་ནས་འགག་པ་མི་འཐད་པར་ཡང་རབ་ཏུ་བསྟེན་པ་ཡིན་ནོ། །ཡང་གཞན་ཡང༌། འདི་ལ་གལ་ཏ་རེ་ཞིག་འགག་པ་ཞིག་ཡོད་པར་གྱུར་ན། དེ་དངོས་པོ་ཡོད་པའམ། མེད་པ་བརྟག་གྲང་ན། དེ་ལ། རེ་ཞིག་དངོས་པོ་ཡོད་པ་ལ། །འགག་པ་འཐད་པར་མི་


DTG096_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །རེ་ཞིག་དངོས་པོ་ཡོད་པ་གནས་པ་ལ་ནི་འགག་པ་འཐད་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར། དངོས་དང་དངོས་པོ་མེད་པ་དག །གཅིག་ཉིད་ན་ནི་འཐད་པ་མེད། །དངོས་པོ་ཡོད་པའི་ཡོད་པ་ཉིད་གང་ཡིན་པ་ནི་དངོས་པོ་ཡོད་པའོ། །དངོས་པོ་འགགས་པའི་མེད་པ་ཉིད་གང་ཡིན་པ་ནི་དངོས་པོ་མེད་པ་སྟེ། དངོས་པོ་དང་དངོས་པོ་མེད་པ་ཕན་ཚུན་མི་མཐུན་པ་དེ་གཉིས་ཇི་ལྟར་གཅིག་པ་ཉིད་ནི་འཐད་པར་འགྱུར་ཏེ། དེ་ལྟ་བས་ན། དངོས་པོ་ཡོད་པ་ལ་འགག་པ་འཐད་པར་མི་འགྱུར་ཏེ། དངོས་པོ་མེད་པར་གྱུར་པ་ལའང༌། །འགག་པ་འཐད་པར་མི་འགྱུར་རོ། །ཇི་ལྟར་ཞེ་ན། མགོ་གཉིས་པ་ལ་ཇི་ལྟར་ནི། །བཅད་དུ་མེད་པ་དེ་བཞིན་ནོ། །མེད་པ་ལ་ཅི་ཞིག་འགག་པར་འགྱུར་ཏེ། འདི་ལྟར་མགོ་གཉིས་པ་མེད་པར་བཅད་པར་མི་ནུས་པ་བཞིན་ནོ། །འགག་པའི་འགག་པ་ཞེས་གང་སྨྲས་པ་དེ་ལ་བཤད་པར་བྱ་སྟེ། འགག་པ་འགག་པ་གཞན་དང་ནི། །དེ་ཉིད་ཀྱིས་ཀྱང་འགག་མི་རིགས། །འདི་ལ་གལ་ཏེ་འགག་པ་ལ་འགག་པ་ཞིག་ཡོད་པར་གྱུར་ན་དེ་གཞན་གྱི་བདག་ཉིད་དམ་རང་གི་བདག་ཉིད་ཀྱིས་འགག་པར་འགྱུར་གྲང་ན། གཉི་གས་ཀྱང་འགག་པར་མི་རིགས་སོ། །ཇི་ལྟར་ཞེ་ན། ཇི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་བསྐྱེད་པ་མ་ཡིན་བཞིན། །ཇི་སྐད་དུ། སྐྱེ་བ་འདི་ནི་མ་སྐྱེས་པས། །རང་གི་བདག་ཉིད་ཇི་ལྟར་སྐྱེད། །ཅི་སྟེ་སྐྱེད་པས་སྐྱེད་བྱེད་ན། །སྐྱེས་ན་ཅི་ཞིག་བ་སྐྱེད་དུ་ཡོད། །ཅེས་སྨྲས་པ་དེ་བཞིན་དུ་འགག་པ་ཡང་མ་འགགས་པས་རང་གི་བདག་ཉིད་འགག་པར་བྱེད་དམ། འགགས་པས་རང་གི་བདག་ཉིད་འགག་པར་བྱེད་གྲང་ན། དེ་ལ་གལ་ཏེ་འགག་པ་མ་འགགས་པས་རང་གི་བདག་ཉིད་འགག་པར་བྱེད་པ་རྟོག་ན། དེ་ཇི་ལྟར་འཐད་པར་འགྱུར་ཏེ། གང་གི་ཚེ་མ་འགགས་པ་ནི་འགག་པ་ཉིད་མ་ཡིན་པས་མེད་པས་བདག་ཉིད་མེད་པ་ཇི་ལྟར་འགག་པར་བྱེད། ཅི་སྟེ་འགག་པ་འགགས་པས་རང་གི་བདག་ཉིད་འགག་པར་བྱེད་པར་རྟོག་ན། དེ་ཡང་ཇི་ལྟར་འཐད་པར་གྱུར་ཏེ། འགགས་པ་ལ་གང་འགག་པ་འགག་པར་འགྱུར་བའི་རང་གི་བདག་ཉིད་ཡང་འགག་པར་བྱ་བ་དེ་ཅི་ཡང་མེད་དོ། །དེ་ལྟར་མེ་ཞིག་འགག་


DTG096_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

པ་རང་གི་བདག་ཉིད་ཀྱིས་འགག་པར་བྱེད་པར་མི་འཐད་དེ། །གཞན་གྱི་བདག་ཉིད་ཀྱིས་ཀྱང་མི་འཐད་དེ། ཇི་སྐད་དུ། གལ་ཏེ་སྐྱེ་བ་གཞན་ཞིག་གིས། །དེ་སྐྱེད་ཐུག་པ་མེད་པར་འགྱུར། །ཅི་སྟེ་སྐྱེ་བ་མེད་སྐྱེ་ན། །ཐམས་ཅད་དེ་བཞིན་སྐྱེ་བར་འགྱུར། །ཞེས་སྨྲས་པ་དེ་བཞིན་དུ་འགག་པ་ཡང་འགག་པ་གཞན་ཞིག་གིས་འགག་པར་བྱེད་དམ། འགག་པ་གཞན་མེད་པར་འགག་པར་བྱེད་གྲང་ན། དེ་ལ་གལ་ཏེ་འགག་པ་དེ་འགག་པ་གཞན་གྱིས་འགག་པར་བྱེད་ན་དེ་ལྟ་ན་ཐུག་པ་མེད་པར་ཐལ་བར་འགྱུར་ཏེ། དེ་ཡང་གཞན་གྱིས་འགག་པར་བྱེད་ཅིང་དེ་ཡང་གཞན་གྱིས་འགག་པར་བྱེད་དེ་མཐའ་མེད་པར་འགྱུར་བས་དེ་ནི་མི་འདོད་དེ། དེ་ལྟ་བས་ན་འགག་པའི་འགག་པ་མི་འཐད་དོ། །ཅི་སྟེ་འགག་པ་དེ་འགག་པ་གཞན་མེད་པར་འགག་གོ་སྙམ་ན། དེ་ལ་བཤད་པར་བྱ་སྟེ། ཅི་སྟེ་འགག་པ་མེད་འགགས་ན། །ཐམས་ཅད་དེ་བཞིན་འགག་པར་འགྱུར། །ཇི་ལྟར་འགག་པ་དེ་འགག་པ་གཞན་མེད་པར་འགགས་པ་དེ་བཞིན་དུ་འདུས་བྱས་ཐམས་ཅད་ཀྱང་འགག་པ་གཞན་མེད་པར་འགག་པར་འགྱུར་ཏེ། འགགས་པས་གཞན་འགག་པར་བྱེད་དོ། །ཞེས་བྱ་བ་མེད་པའི་རྟོག་པ་འདིས་ཅི་བྱ། ཡང་ན་འདི་ལྟར་འགག་པ་ཉིད་ནི་འགག་པ་གཞན་མེད་པར་འགག་པ་ལ་དངོས་པོ་གཞན་དག་ནི་འགག་པ་མེད་པར་མི་འགག་གོ །ཞེས་ཁྱད་པར་གྱི་གཏན་ཚིགས་བསྟན་པར་བྱ་དགོས་ན་མི་བྱེད་པས་དེའི་ཕྱིར་འགག་པ་ནི་འགག་པ་གཞན་གྱིས་འགག་པར་མི་འཐད་དོ། །དེའི་ཕྱིར་དེ་ལྟར་བརྟགས་ན་སྐྱེ་བ་དང་གནས་པ་དང་འཇིག་པ་དག་ཇི་ལྟར་ཡང་མི་འཐད་དེ། མི་འཐད་ན་ཇི་ལྟར་འདུས་བྱས་ཀྱི་མཚན་ཉིད་དུ་འགྱུར། དེ་ལྟ་བས་ན། སྐྱེ་བ་དང༌། གནས་པ་དང༌། འཇིག་པ་དག་འདུས་བྱས་ཀྱི་མཚན་ཉིད་ཡིན་ནོ། །ཞེས་བྱ་བ་དེ་ནི་རྟོག་པ་ཙམ་དུ་ཟད་དོ། །སྨྲས་པ། འདུས་བྱས་ཀྱི་སྤྱིའི་མཚན་ཉིད་དེ་དག་མི་རུང་དུ་ཟིན་ཀྱང་རང་རང་གི་མཚན་ཉིད་ཁོ་ནས་འདུས་བྱས་ཡོད་དེ། དཔེར་ན་ལྐོག་ཤལ་དང་མཇུག་མ་དང་རྡོག་དང་རྨིག་པ་དང་རྭའི་མཚན་ཉིད་ཀྱིས་བ་ལང་ཡོད་པ་ལྟ་བུའོ། །བཤད་པ། ཅི་ཁྱོད་ལ་ལོག་རྟོག་མ་སྐྱེས་པར་ལེགས་


DTG096_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཞེས་སྒྲོགས་སམ། ཁྱོད་སྐྱེ་བ་དང་གནས་པ་དང་འཇིག་པ་མེད་པ་ལ་འདུས་བྱས་ཀྱི་མཚན་ཉིད་སྟོན་པར་བྱེད་ཀོ། །སྐྱེས་དང་གནས་དང་འཇིག་པ་དག །མ་གྲུབ་པར་ན་འདུས་བྱས་མེད། །འདི་ལྟར་སྐྱེས་པ་དག་དང་གནས་པ་དང་འཇིག་པ་རབ་ཏུ་གྲུབ་ན་ནི་འདུས་བྱས་ཀྱང་རབ་ཏུ་གྲུབ་པར་འགྱུར་གྲང་ན། དེ་དག་རབ་ཏུ་མི་འགྲུབ་པས་སྐྱེ་བ་དང་གནས་པ་དང་འཇིག་པ་དག་མ་གྲུབ་པའི་ཕྱིར་འདུས་བྱས་མེད་ན་གང་གི་མཚན་ཉིད་དུ་འགྱུར། །མཚན་ཉིད་མེད་པའི་ཕྱིར་འདུས་བྱས་མི་འཐད་དོ། །སྨྲས་པ། དངོས་པོ་རྣམས་མཚན་ཉིད་ཁོ་ན་ལས་རབ་ཏུ་འགྲུབ་པར་མ་ངེས་ཀྱི། དངོས་པོ་རྣམས་ནི་གཉེན་པོ་ལས་ཀྱང་རབ་ཏུ་འགྲུབ་པར་འགྱུར་བས་འདུས་བྱས་ཀྱི་གཉེན་པོར་འདུས་མ་བྱས་ཡོད་པས་དེ་ཡོད་པའི་ཕྱིར་འདུས་བྱས་ཀྱང་རབ་ཏུ་འགྲུབ་པ་ཉིད་དོ། །བཤད་པ། ཅི་ཁྱོད་སྒྲོན་མས་ཉི་མ་ཚོལ་ལམ། ཁྱོད་འདུས་མ་བྱས་ཀྱིས་འདུས་བྱས་འགྲུབ་པར་འདོད་ཀོ། །འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་འགྲུབ། །གལ་ཏེ་ཁྱོད་གཉེན་པོ་ལས་འགྲུབ་པར་སེམས་ན་འདུས་མ་བྱས་ཀྱི་གཉེན་པོ་འདུས་བྱས་ཏེ། མ་གྲུབ་པར་བསྟན་ཟིན་པས་ཇི་ལྟར་འདུས་བྱས་རབ་ཏུ་གྲུབ་ན་འདུས་མ་བྱས་རབ་ཏུ་གྲུབ་པར་འགྱུར་བ་དང༌། འདུས་མ་བྱས་ལས་འདུས་བྱས་རབ་ཏུ་འགྲུབ་པར་འདོད་པ་གང་ཡིན་པ་དེ་ཇི་སྨྲོས་ཤིག །སྨྲས་པ། གལ་ཏེ་ཁྱོད་ལ་སྐྱེ་བ་དང༌། གནས་པ་དང་འཇིག་པ་དག་མེད་པ་ཡིན་ན་ནི་འདུས་བྱས་ཡོད་པ་མ་ཡིན་པར་འགྱུར་བ་ཞིག་ན། ཀྱེ་མ་འདུ་བྱེད་མི་རྟག་སྟེ། །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །ཞེས་གསུངས་པ་དེ་ཇི་ལྟ་བུ། །བཤད་པ། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་གྱི་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པ་གསུངས། །ཇི་ལྟར་རྨི་ལམ་མཐོང་བ་དང༌། སྒྱུ་མ་བྱས་པ་དང་དྲི་ཟའི་གྲོང་ཁྱེར་དག་སྐྱེས་པ་དང་གནས་པ་དང་ཞིག་པར་བརྗོད་ཀྱང་དེ་དག་ལ་སྐྱེས་པ་དང༌། གནས་པ་དང་ཞིག་པ་ཅི་ཡང་མེད་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཀྱི་སྐྱེ་བ་དང་གནས་པ་དང་འཇིག་པ་དག་བཀའ་སྩལ་མོད་ཀྱི། འོན་ཀྱང་དེ་དག་ལ་སྐྱེ་བར་བྱེད་པ་དང༌། གནས་པར་


DTG096_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དང༌། འཇིག་པར་བྱེད་པ་ཅི་ཡང་མེད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་འདུ་བྱེད་རྣམས་བདག་མེད་པའི་དཔེར་སྒྱུ་མ་དང༌། བྲག་ཆ་དང༌། གཟུགས་བརྙན་དང༌། སྨིག་རྒྱུ་དང༌། རྨི་ལམ་དང༌། དབུ་བ་རྡོས་པ་དང༌། ཆུའི་ཆུ་བུར་དང༌། ཆུ་ཤིང་གི་སྡོང་པོ་དག་བསྟན་ཏེ། འདི་ལ་དེ་བཞིན་ཉིད་དམ་མ་ནོར་བ་དེ་བཞིན་ཉིད་ནི་འགའ་ཡང་མེད་ཀྱི། འདི་དག་ནི་སྤྲོས་པ་ཡང་མ་ཡིན། འདི་དག་ནི་བརྫུན་པའང་ཡིན་ནོ་ཞེས་ཀྱང་གསུངས་སོ། །ཆོས་ཐམས་ཅད་བདག་མེད་དོ་ཞེས་གསུངས་པ་དང་བདག་མེད་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའི་དོན་ཏེ། བདག་ཅེས་བྱ་བའི་སྒྲ་ནི་ངོ་བོ་ཉིད་ཀྱི་ཚིག་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་འདུས་བྱས་ཀྱི་སྐྱེ་བ་དང་གནས་པ་དང་འཇིག་པའི་ཚིག་ནི་ཀུན་རྫོབ་ཀྱི་བདེན་པར་གྲུབ་པོ། །སྐྱེ་བ་དང་གནས་པ་དང་འཇིག་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བདུན་པའོ།། །།སྨྲས་པ། ཁྱོད་ཀྱིས་སྐྱེ་བ་དང༌། གནས་པ་དང༌། འཇིག་པ་བརྟག་པ་དེ་བྱས་པས་ཁོ་བོའི་ཡིད་སྟོང་པ་ཉིད་ཉན་པ་ལ་འབབ་པར་བྱས་ཀྱིས། དེའི་ཕྱིར་ད་ནི་བྱེད་པ་པོ་དང་ལས་བརྟག་པར་བྱ་བའི་རིགས་སོ། །བཤད་པ། འདུན་པ་བཞིན་བྱའོ། །སྨྲས་པ། འདི་ལ་ཐམས་ཅད་དུ་ལས་དགེ་བ་དང་མི་དགེ་བ་ཡང་བསྟན། དེའི་འབྲས་བུ་ཡིད་དུ་འོང་བ་དང༌། མི་འོང་བ་ཡང་བསྟན། དེ་བཞིན་དུ་ལས་དགེ་བ་དང་མི་དགེ་བའི་བྱེད་པ་པོ་ཡང་བསྟན། དེ་ཉིད་ཀྱང་དེའི་འབྲས་བུ་ཟབ་པོར་བསྟན་ཏེ། བྱེད་པ་པོ་མེད་ན་ཡང་ལས་མི་འཐད་ལ། ལས་མེད་ན་ཡང་འབྲས་བུ་མི་འཐད་དོ། །དེ་ལྟར་བྱེད་པ་པོ་དང་ལས་ཡོད་པས་དེ་ཡོད་པའི་ཕྱིར་དངོས་པོ་ཐམས་ཅད་ཀྱང་རབ་ཏུ་འགྲུབ་པ་འཐད་དོ། །བཤད་པ། གལ་ཏེ་བྱེད་པ་པོ་ཞིག་ལས་བྱེད་པར་གྱུར་ན་དེ་ཡིན་པར་འགྱུར་བའམ། མ་ཡིན་པར་གྱུར་པ་ཞིག་བྱེད་པར་འགྱུར་ཞིང༌། ལས་ཀྱང་ཡིན་པར་འགྱུར་པའམ། མ་ཡིན་པར་གྱུར་པ་ཞིག་བྱ་བར་འགྱུར་གྲང་ན། དེ་ལ། བྱེད་པོ་ཡིན་པར་གྱུར་པ་དེ། །ལས་སུ་གྱུར་པ་མི་བྱེད་དོ། །བྱེད་པོ་མ་ཡིན་གྱུར་བ་ཡང༌། །ལས་སུ་མ་གྱུར་མི་བྱེད་དོ། །བྱེད་པ་པོ་ཡིན་པར་གྱུར་པ་ནི། །ལས་ཡིན་པར་གྱུར་པ་མི་བྱེད་དོ། །བྱེད་པ་པོ་མ་ཡིན་པར་གྱུར་པ་ཡང་ལས་མ་ཡིན་པར་གྱུར་པ་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། ཡིན་པར་གྱུར་ལ་བྱ་བ་མེད། །ལས་


DTG096_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བྱེད་པ་མེད་པར་འགྱུར། །ཡིན་པར་གྱུར་ལ་བྱ་བ་མེད། །བྱེད་པ་པོ་ཡང་ལས་མེད་འགྱུར། །འདི་ལ་བྱ་བ་དང་ལྡན་པ་ཁོ་ནས་བྱེད་པ་པོ་ཡིན་པར་འགྱུར་ཏེ། འདི་ལྟར་བྱེད་པ་པོ་ཁོ་ན་ནི་བྱེད་པ་པོ་ཡིན་གྱི། མི་བྱེད་པ་ནི་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་བྱེད་པ་པོ་གང་བྱ་བ་དང་ལྡན་པ་དེ་བྱེད་པ་པོ་ཡིན་པར་གྱུར་པ་ཞེས་བྱ་སྟེ། བྱེད་པ་པོ་ཡིན་པར་གྱུར་པ་དེ་ལ་ནི་ཡང་གང་གིས་ལས་བྱེད་དོ། །ཞེས་བྱ་བའི་བྱ་བ་གཞན་མེད་དོ། །ཅི་སྟེ་ཡོད་ན་ནི་བྱ་བ་གཉིས་སུ་འགྱུར་ཏེ། བྱེད་པ་པོ་གཅིག་ལ་བྱ་བ་གཉིས་ནི་མེད་དོ། །ཡང་གཞན་ཡང༌། ལས་ཀྱང་བྱེད་པོ་མེད་པར་འགྱུར། །བྱེད་པ་པོ་གཞན་ཅི་ཡང་མི་བྱེད་པ་དེ་ལ་ལས་ཡོད་པར་ཡོངས་སུ་བརྟག་པ་གང་ཡིན་པ་དེ་ལ་ཡང་བྱེད་པ་པོ་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བྱེད་པ་པོ་ལས་བྱེད་ན་ལས་དེའི་བྱེད་པ་པོར་འགྱུར་ཞིང༌། བྱེད་པ་པོ་བྱེད་པ་དེས་ཀྱང་ལས་དེ་བྱེད་པ་པོ་དང་བཅས་པར་འགྱུར་བ་ཡིན་ན་བྱ་བ་དང་བྲལ་ན་བྱེད་པ་པོ་ལས་དེ་མི་བྱེད་པའི་ཕྱིར་ཏེ། དེ་ལྟ་བས་ན་ལས་དེ་བྱེད་པ་པོ་མེད་པར་ཐལ་བར་འགྱུར་རོ། །དེ་བཞིན་དུ་ལས་ཡིན་པར་གྱུར་པ་ལ་བྱ་བ་མེད་དེ། འདི་ལ་ཡང་བྱ་བ་དང་ལྡན་པ་ཁོ་ན་ལས་ཡིན་པར་འགྱུར་ཏེ། འདི་ལྟར་བྱ་བ་ཁོ་ན་ལས་ཡིན་གྱི། མི་བྱ་བ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ལས་གང་བྱ་བ་དང་ལྡན་པ་དེ་ལས་ཡིན་པར་འགྱུར་ཞེས་བྱ་སྟེ། ལས་ཡིན་པར་གྱུར་པ་དེ་ལ་ནི། གང་གིས་བྱ་བ་ཡིན་ནོ། །ཞེས་བྱ་བའི་བྱ་བ་གཞན་མེད་དོ། །ཅི་སྟེ་ཡོད་ན་ནི། བྱ་བ་གཉིས་སུ་འགྱུར་ཏེ། ལས་གཅིག་ལ་བྱ་བ་གཉིས་ནི་མེད་དོ། །ཡང་གཞན་ཡང༌། བྱེད་པ་པོ་ཡང་ལས་མེད་གྱུར། །ལས་མི་བྱ་བ་དེ་ལ་བྱེད་པ་པོ་ཡོད་པར་ཡོངས་སུ་བརྟག་པ་གང་ཡིན་པ་དེ་ལ་ཡང་ལས་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བྱེད་པ་པོའི་བྱ་བ་ཡིན་ན་བྱེད་པ་པོ་དེའི་ལས་སུ་འགྱུར་ཞིང༌། ལས་བྱ་བ་དེས་ཀྱང་བྱེད་པ་པོ་དེ་ལས་དང་བཅས་པར་འགྱུར་བ་ཡིན་ན་བྱ་བ་དང་བྲལ་ན་ལས་དེ་བྱེད་པ་པོའི་བྱ་བ་མ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་བྱེད་པ་པོ་དེ་ལས་མེད་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་བྱ་བ་མེད་པའི་ཕྱིར་ལས་ཀྱང་བྱེད་པ་པོ་མེད་པར་ཐལ་བར་འགྱུར་ལ། བྱེད་པ་པོ་ཡོད་ལས་མེད་པར་ཐལ་བར་འགྱུར་བས་བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པ་མི་བྱེད་དོ། །བྱེད་པ་པོ་མ་ཡིན་པར་གྱུར་པ་ཡང་ལས་མ་ཡིན་པར་གྱུར་པ་མི་བྱེད་དོ། །


DTG096_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ཞེ་ན། གལ་ཏེ་བྱེད་པོར་མ་གྱུར་པ། །ལས་སུ་མ་གྱུར་བྱེད་ན་ནི། །ལས་ལ་རྒྱུ་མེད་ཐལ་བར་འགྱུར། །བྱེད་པ་པོ་ཡང་རྒྱུ་མེད་འགྱུར། །བྱེད་པ་པོ་དང་ལས་དག་མ་ཡིན་པར་གྱུར་བ་ཞེས་བྱ་བ་ནི་གང་དག་བྱ་བ་དང་བྲལ་བ་དག་གོ །དེ་ལ་གལ་ཏེ་བྱེད་པ་པོ་མ་ཡིན་པར་གྱུར་པ་བྱ་བ་དང་བྲལ་བ་ལས་མ་ཡིན་པར་གྱུར་པ་བྱ་བ་དང་བྲལ་བ་བྱེད་ན་བྱེད་པ་པོ་དང་ལས་རྒྱུ་མེད་པར་ཐལ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་བྱེད་པ་པོ་བྱ་བ་དང་ལྡན་པའི་རྒྱུ་ལས་བྱུང་བ་བྱེད་པ་པོ་ཉིད་ཡིན་ལ། ལས་ཀྱང་ལས་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་བྱེད་པ་པོ་དང་ལས་དག་མ་ཡིན་པར་གྱུར་པ་བྱ་བ་དང་བྲལ་བ་ཡོངས་སུ་རྟོག་ན་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལ་འགའ་ཡང་བྱེད་པ་པོ་མ་ཡིན་པར་མི་འགྱུར་ལ་གང་ཡང་ལས་མ་ཡིན་པར་མི་འགྱུར་ཏེ། དེ་ལྟ་ན་འདི་ནི་བྱེད་པ་པོ་ཡིན་ནོ། །འདི་ནི་ལས་ཡིན་ནོ་ཞེས་བྱ་བ་དག་མི་སྲིད་པར་འགྱུར་རོ། །དེ་དག་མི་སྲིད་ན་འདི་ནི་བསོད་ནམས་བྱེད་པ་ཡིན་ནོ། །འདི་ནི་མ་ཡིན་ནོ། །འདི་ནི་སྡིག་པ་བྱེད་པ་ཡིན་ནོ། །འདི་ནི་མ་ཡིན་ནོ་ཞེས་བྱ་བ་དག་ཀྱང་མི་འཐད་པར་འགྱུར་རོ། །དེ་དག་མི་འཐད་ན་འཚོལ་བའི་ཉེས་པ་ཆེན་པོར་འགྱུར་བས་དེའི་བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་མི་བྱེད་དེ། །ཡང་ན། རྒྱུ་མེད་ན་ནི་འབྲས་བུ་དང༌། །རྒྱུ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་མེད་ན་འབྲས་བུ་ཅུང་ཟད་ཀྱང་འཐད་པར་མི་འགྱུར་ཏེ། རྒྱུ་མེད་པ་ལ་འབྲས་བུ་ཇི་ལྟར་འཐད་པར་འགྱུར། ཅི་སྟེ་འཐད་ན་ནི་གློ་བུར་དུ་ཐམས་ཅད་འབྱུང་བར་འགྱུར་ཞིང༌། རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་དུ་ཡང་འགྱུར་བས་དེ་ནི་མི་འདོད་དེ། དེ་ལྟ་བས་ན་རྒྱུ་མེད་ན་འབྲས་བུ་ཅུང་ཟད་ཀྱང་འཐད་པར་མི་འགྱུར་རོ། །རྒྱུ་ཡང་འཐད་པར་མི་འགྱུར་རོ། །ཞེས་བྱ་བ་ནི་རྒྱུ་མེད་ན་རྐྱེན་ཀྱང་འཐད་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་ཇི་ལྟར་འཐད་ཅེ་ན། དངོས་པོ་རྒྱུ་ལས་བྱུང་བ་རྣམས་ལ་རྐྱེན་ཀྱང་ཕན་འདོགས་པར་བྱེད་པ་ཡིན་ན་རྒྱུ་མེད་ཅིང་དེ་ཉིད་མི་འབྱུང་ན་རྐྱེན་རྣམས་ཀྱིས་གང་ལ་ཕན་འདོགས་པར་འགྱུར་རོ། །ཕན་འདོགས་པར་མི་བྱེད་ན་ནི་ཇི་ལྟར་རྐྱེན་རྣམས་སུ་འགྱུར། དེ་ལྟ་བས་ན་རྒྱུ་མེད་ན་འབྲས་བུ་ཡང་འཐད་པར་མི་འགྱུར་ལ། རྒྱུ་ཡང་འཐད་པར་མི་འགྱུར་རོ། །དེ་མེད་ན་ནི་བྱ་བ་དང༌། །བྱེད་པ་པོ་དང་བྱེད་


DTG096_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

མི་རིགས། །དེ་མེད་ན་ནི་ཞེས་བྱ་བ་ནི་དེ་མེད་ན་སྟེ། འབྲས་བུ་དེ་མེད་ན་བྱ་བ་དང་བྱེད་པ་པོ་དང༌། བྱེད་པ་དག་ཀྱང་མི་རིགས་སོ། །ཇི་ལྟར་ཞེ་ན། འདི་ན་གཅད་པར་བྱ་བ་གཅོད་པ་ན་གཅོད་པ་པོས་གཅད་པས་གཅོད་པར་བྱེད་དེ། དེ་ལ་གཅད་པར་བྱ་བ་འབྲས་བུ་ཡོད་ན་གཅད་པའི་བྱ་བ་ཡོད་ཅིང་གཅད་པའི་བྱ་བའི་བྱེད་པ་པོ་གཅོད་པ་པོ་ཡང་ཡོད་ལ། གཅོད་པ་པོ་དེ་ཡང་གཅད་པའི་བྱེད་པས་གཅོད་པར་བྱེད་དེ། །གཅད་པར་བྱ་བ་འབྲས་བུ་མེད་ན་གཞི་མེད་པ་ལ་གཅད་པའི་བྱ་བ་ཇི་ལྟར་ཡོད་པར་འགྱུར། གཅད་པའི་བྱ་བ་མེད་ན་དེའི་བྱེད་པ་པོ་གཅོད་པ་པོ་ཡོད་པར་ག་ལ་འགྱུར། གཅོད་པ་པོ་མེད་ན་གཅད་པའི་བྱེད་པ་ག་ལ་ཡོད། །བྱ་བ་ལ་སོགས་མི་རིགས་ན། །ཆོས་དང་ཆོས་མིན་ཡོད་མ་ཡིན། །བྱ་བ་ལ་སོགས་པ་མི་རིགས་པར་ཐལ་བར་གྱུར་ན་ཆོས་དང་ཆོས་མ་ཡིན་པ་དག་ཀྱང་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལ་ཆོས་དང་ཆོས་མ་ཡིན་པ་ལུས་དང་ངག་དང་ཡིད་ཀྱི་བྱ་བའི་ཁྱད་པར་ཅན་དག་ནི་བྱེད་པ་པོ་དང་བྱ་བ་ལ་བརྟེན་པར་འདོད་པའི་ཕྱིར་ཏེ། དེ་ལྟ་བས་ན། བྱ་བ་དང་བྱེད་པ་པོ་དང་བྱེད་པ་དག་མི་རིགས་ན་དེ་དག་ལ་བརྟེན་པའི་ཆོས་དང་ཆོས་མ་ཡིན་པ་དག་ཡོད་པ་མ་ཡིན་ནོ། །ཆོས་དང་ཆོས་མིན་མེད་ན་ནི། །དེ་ལས་བྱུང་བའི་འབྲས་བུ་མེད། །དེ་ལྟར་ཆོས་དང་ཆོས་མ་ཡིན་པ་དག་མེད་ན་ཆོས་དང་ཆོས་མ་ཡིན་པ་དེ་དག་ལས་བྱུང་བའི་འབྲས་བུ་ཡང་མེད་པར་ཐལ་བར་འགྱུར། ཅིའི་ཕྱིར་ཞེ་ན། ས་བོན་ལ་སོགས་པ་ལས་ལོ་ཏོག་སྐྱེ་བ་བཞིན་དུ་ཆོས་དང་ཆོས་མ་ཡིན་པ་དག་ལས་འབྲས་བུ་འགྲུབ་པར་འགྱུར་པའི་ཕྱིར་རོ། །བྱ་བ་ལ་སོགས་པ་མི་རིགས་པའི་ཕྱིར་རོ། །ཆོས་དང་ཆོས་མ་ཡིན་པ་དེ་དག་མེད་དོ། །དེ་དག་མེད་པས་དེ་ལས་བྱུང་བའི་འབྲས་བུ་ཡོད་པར་ག་ལ་འགྱུར། འབྲས་བུ་མེད་ན་ཐར་པ་དང༌། །མཐོ་རིས་འགྱུར་བའི་ལམ་མི་འཐད། །འབྲས་བུ་མེད་པར་ཐལ་བར་གྱུར་ན། དེའི་ཐབས་སུ་འགྱུར་བ་དང་ཐལ་བར་འགྱུར་བའི་ལམ་ཡང་མི་འཐད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། མཐོ་རིས་དང་བྱང་གྲོལ་དག་ནི་ཆོས་ཀྱི་འབྲས་བུ་ཡིན་ལ་དེ་དག་འཐོབ་པའི་ཐབས་ནི་ལམ་ཡིན་ན་མཐོ་རིས་དང་བྱང་གྲོལ་ཞེས་བྱ་བ་འབྲས་བུ་དེ་དག་མེད་ན་ལམ་དེ་གང་གིས་འཐོབ་པའི་ཐབས་སུ་གྱུར། བྱ་བ་དག་ནི་ཐམས་ཅད་ཀྱང༌། །དོན་མེད་ཉིད་


DTG096_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཐལ་བར་འགྱུར། འབྲས་བུ་མེད་པས་མཐོ་རིས་དང་བྱང་གྲོལ་གྱི་ལམ་མི་འཐད་པར་ཐལ་བར་འགྱུར་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། འཇིག་རྟེན་ན་ཞིང་ལས་ལ་སོགས་པའི་བྱ་བ་གང་དག་ཡིན་པ་དེ་དག་ཀྱང་དོན་མེད་པ་ཉིད་དུ་ཐལ་བར་འགྱུར་ཏེ། འཇིག་རྟེན་ནི་འབྲས་བུའི་དོན་དུ་བྱ་བ་དེ་དང་དེ་དག་རྩོམ་པར་བྱེད་པ་ཡིན་ན་འབྲས་བུ་དེ་དང་དེ་དག་མི་འཐད་ཅིང་འབྲས་བུ་མེད་ན་བྱ་བ་སྒྲུབ་པ་དག་དུམ་པའི་སྣོད་དུ་ཟད་པས་དོན་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེའི་ཕྱིར་དེ་ལྟར་རྒྱུ་མེད་ན་ཉེས་པ་མང་པོ་དང་ཆེན་པོ་དག་ཏུ་ཐལ་བར་འགྱུར་བས་བྱེད་པ་པོ་མ་ཡིན་པར་འགྱུར་བས་ལས་མ་ཡིན་པར་གྱུར་པ་བྱེད་དོ། །ཞེས་བྱ་བ་དེ་ནི་ཤིན་ཏུ་ཚིག་ངན་པ་ཡིན་ནོ། །དེ་ལ་འདི་སྙམ་དུ་བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལས་ཡིན་པ་དང་མ་ཡིན་པར་གྱུར་པ་བྱེད་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། བྱེད་པ་པོར་གྱུར་མ་གྱུར་པ། །གྱུར་མ་གྱུར་དེ་མི་བྱེད་དེ། །བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ནི་བྱ་བ་དང་ལྡན་པ་དང་བྱ་བ་དང་མི་ལྡན་པའོ། །ལས་ཡིན་པ་དང་མ་ཡིན་པར་གྱུར་པ་ཡང་བྱ་བ་དང་ལྡན་པ་དང་བྱ་བ་དང་མི་ལྡན་པའོ། །བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལས་ཡིན་པ་དང་མ་ཡིན་པར་གྱུར་པ་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། ཡིན་དང་མ་ཡིན་གྱུར་པ་ནི། །ཕན་ཚུན་འགལ་བས་ག་ལ་གཅིག །གལ་ཏེ་བྱེད་པ་པོ་དང་ལས་དེ་ལྟ་བུ་དག་སྲིད་པར་གྱུར་ན་ནི་བྱེད་པ་པོ་དེ་ལས་དེ་བྱེད་པར་ཡང་འགྱུར་གྲང་ན། ཡིན་པ་དང་མ་ཡིན་པར་གྱུར་པ་ནི་ཕན་ཚུན་འགལ་བ་ཡིན་པས། གཅིག་ན་ཡོད་པར་ག་ལ་འགྱུར་ཏེ། དེ་ལྟ་བས་ན་མི་སྲིད་པའི་ཕྱིར་དང༌། གཉི་གའི་སྐྱོན་ཇི་སྐད་བསྟན་པར་ཐལ་བར་འགྱུར་བའི་ཕྱིར་བྱེད་པ་པོ་ཡིན་པ་དང༌། མ་ཡིན་པར་གྱུར་པ་མི་བྱེད་དོ། །དེ་ལྟར་རེ་ཞིག་ཕྱོགས་མཐུན་པ་གསུམ་གྱིས་བྱེད་པ་པོ་དང་ལས་མི་འཐད་དེ། བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་པ་དང༌། བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་མི་བྱེད་པ་དང༌། བྱེད་པ་པོ་ཡིན་པ་དང༌། མ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་ལས་ཡིན་པ་དང༌། མ་ཡིན་པར་གྱུར་པ་མི་བྱེད་དོ། །མི་མཐུན་པས་ཀྱང་མི་འཐད་དེ། །འདི་ལྟར། བྱེད་པ་པོ་དང་ལས་དག་ནི། །གྱུར་པ་མ་གྱུར་མི་བྱེད་དོ། །མ་གྱུར་པ་


DTG096_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གྱུར་མི་བྱེད། །རེ་ཞིག་བྱེད་པ་པོ་ཡིན་པར་གྱུར་པ་ལས། མ་ཡིན་པར་གྱུར་བ་མི་བྱེད་དོ། །བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་བ་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། འདིར་ཡང་སྐྱོན་དེར་ཐལ་བར་འགྱུར། བྱེད་པ་པོ་དང་ལས་རྣམ་པ་དེ་ལྟ་བུ་དག་ཡོངས་སུ་རྟོག་ན་འདིར་ཡང་གང་གི་ཕྱིར་སྔར་བསྟན་པའི་སྐྱོན་བྱེད་པ་པོ་ཡིན་པར་གྱུར་པ་ལ་བྱ་བ་མེད་པ་དང༌། ལས་ལ་བྱེད་པ་པོ་མེད་པ་དང༌། ལས་ཡིན་པར་གྱུར་པ་ལ་བྱ་བ་མེད་པ་དང༌། བྱེད་པ་པོ་ལས་མེད་པ་དང༌། བྱེད་པ་པོ་དང་ལས་མ་ཡིན་པར་གྱུར་པ་དག་ལ་རྒྱུ་མེད་པར་འགྱུར་བ་དེའི་ཕྱིར་བྱེད་པ་པོ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་མི་བྱེད་ལ། བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་ལ། །བྱེད་པ་པོ་དང་ལས་དག་ནི། །གྱུར་དང་བཅས་པ་མ་གྱུར་དང༌། །གྱུར་མ་གྱུར་པ་མི་བྱེད་དེ། །བྱེད་པ་པོ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་དང་ཡིན་པ་དང་མ་ཡིན་པར་གྱུར་པ་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། གཏན་ཚིགས་གོང་དུ་བསྟན་ཕྱིར་རོ། །བྱེད་པ་པོ་ཡིན་པར་གྱུར་པ་ལ་བྱ་བ་མེད་པ་དང༌། ལས་མ་ཡིན་པར་གྱུར་པ་ལ་རྒྱུ་མེད་པ་དང༌། ལས་ཡིན་པ་དང་མ་ཡིན་པར་གྱུར་པ་ཕན་ཚུན་འགལ་བས་ག་ལ་གཅིག་ཅེས་བསྟན་པའི་ཕྱིར་རོ། །བྱེད་པ་པོ་དང་ལས་དག་ནི། །མ་གྱུར་པ་ནི་གྱུར་བཅས་དང༌། །གྱུར་མ་གྱུར་པ་མི་བྱེད་དེ། །བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་དང༌། ཡིན་པ་དང་མ་ཡིན་པར་གྱུར་པ་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། གཏན་ཚིགས་གོང་དུ་བསྟན་ཕྱིར་རོ། །བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་རྒྱུ་མེད་པ་བྱེད། ལས་མ་ཡིན་པར་གྱུར་པ་ལ་བྱ་བ་མེད་པ་དང༌། ལས་ཡིན་པ་དང་མ་ཡིན་པར་གྱུར་པ་ཕན་ཚུན་འགལ་བས་ག་ལ་གཅིག་ཅེས་བསྟན་པའི་ཕྱིར་རོ། །བྱེད་པ་པོར་གྱུར་མ་གྱུར་ནི། །ལས་སུ་གྱུར་དང་མ་གྱུར་པ། །མི་བྱེད། བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་དང༌། མ་ཡིན་པར་གྱུར་པ་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། འདིར་ཡང་གཏན་ཚིགས་ནི། །གོང་དུ་བསྟན་པས་ཤེས་པར་བྱ། །བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལས། ཕན་ཚུན་འགལ་བས་གལ་གཅིག་ཅེས་བྱ་བ་དང༌། ལས་ཡིན་པར་གྱུར་པ་ལ་བྱ་བ་མེད་པ་དང༌། ལས་མ་ཡིན་པར་གྱུར་པ་ལ་རྒྱུ་མེད་པར་འགྱུར་རོ་ཞེས་བསྟན་


DTG096_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་གིས་ཤེས་པར་བྱའོ། །དེ་ལྟར་ཕྱོགས་མི་མཐུན་པ་དྲུག་གིས་ཀྱང་བྱེད་པ་པོ་དང་ལས་མི་འཐད་དེ། ཡིན་པར་གྱུར་པ་མ་ཡིན་པར་གྱུར་པ་དང༌། མ་ཡིན་པར་གྱུར་པ་ཡིན་པར་གྱུར་པ་མི་བྱེད་པ་དང༌། ཡིན་པར་གྱུར་པ་མ་ཡིན་པར་གྱུར་པ་དང༌། ཡིན་པ་དང་མ་ཡིན་པར་གྱུར་པ་མི་བྱེད་པ་དང༌། མ་ཡིན་པར་གྱུར་པས་ཡིན་པར་གྱུར་པ་དང༌། ཡིན་པ་དང་མ་ཡིན་པར་གྱུར་པ་མི་བྱེད་པ་དང༌། ཡིན་པ་དང་མ་ཡིན་པར་གྱུར་པ་ཡིན་པར་གྱུར་པ་དང༌། མ་ཡིན་པར་གྱུར་པ་མི་བྱེད་དེ། དེ་ལྟ་བས་ན་བྱེད་པ་པོ་འདི་ལས་འདི་བྱེད་དོ་ཞེས་བྱ་བ་དེ་ཇི་ལྟར་ཡང་མི་འཐད་དོ། །སྨྲས་པ། བྱེད་པ་པོ་འདི་ལས་འདི་བྱེད་དོ་ཞེའམ། མི་བྱེད་དོ་ཞེས་བྱ་བ་དེས་ཁོ་བོ་ལ་ཅི་བྱ། ཡོད་ན་ནི་རེ་ཞིག་བྱེད་པ་པོ་དང་ལས་ཡོད་དོ། །བཤད་པ། ཅི་ཁྱོད་ཏིལ་མར་འདོད་ལ་དགོན་པའི་ཏིལ་ཀ་ཚོལ་ལམ། ཁྱོད་བྱེད་པ་པོ་དང་ལས་ཞེས་བྱ་བའི་མིང་ཙམ་གྱིས་དགའ་ཞིང་ཅི་ཡང་མི་བྱེད་པ་བྱེད་པོར་འདོད་ལ་མི་བྱ་བ་ལས་སུ་འདོད་ཀོ། །བྱ་བ་གཞན་མི་འཐད་པས་དེ་དག་ཡོད་པར་བརྟག་པ་དོན་མེད་པར་འགྱུར་དུ་ངེས་ཏེ། དེ་ལྟ་བུའི་རང་བཞིན་ཅན་ནི་བྱེད་པ་པོ་ཡང་མ་ཡིན་ལ་དེ་ལྟ་བུའི་རང་བཞིན་ཅན་ནི་ལས་ཀྱང་མ་ཡིན་པས་འདིར་གང་བདེན་པར་གྱུར་པ་དེ་ཉིད་གཟུང་བར་བྱ་བའི་རིགས་པ་སྙམ། སྨྲས་པ། གལ་ཏེ་དེ་ལྟར་བྱེད་པ་པོ་ཡང་མེད་ལ། ལས་ཀྱང་མེད་ན་ཁྱོད་ཀྱིས་རྒྱུ་མེད་པའི་སྐྱོན་དུ་ཐལ་བར་འགྱུར་རོ། །ཞེས་གང་དག་བསྟན་པ་དེ་དག་ཐམས་ཅད་ཁྱོད་ལ་རྗེས་སུ་འབྲེལ་བར་མི་འགྱུར་རམ། བཤད་པ། མི་འགྱུར་ཏེ། ཁོ་བོ་ནི་བྱེད་པ་པོ་དང་ལས་དག་མེད་པ་ཉིད་དུ་མི་སྨྲའི། ཁོ་བོས་དེ་དག་གི་བྱ་བ་ཡིན་པར་གྱུར་པ་དང༌། མ་ཡིན་པར་གྱུར་པ་ཡོངས་སུ་རྟོགས་པ་སྤངས་པ་དེ་བྱས་ཏེ། ཁོ་བོ་ནི་བྱེད་པ་པོ་དང་ལས་དག་བརྟེན་ནས་གདགས་པར་འདོད་དེ། དེ་ཡང་ཇི་ལྟར་ཞེ་ན། བྱེད་པོ་ལས་ལ་བརྟེན་བྱས་ཤིང༌། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པར། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ༌། །བྱེད་པ་པོ་ནི་ལས་ལ་བརྟེན་ཅིང་ལས་ལ་གནས། ལས་ལ་ལྟོས་ནས་བྱེད་པ་པོ་ཞེས་གདགས་ཤིང་བརྗོད་དོ། །དེའི་ལས་ཀྱང་བྱེད་པ་པོ་དེ་ཉིད་ལ་བརྟེན་ནས་འབྱུང་ཞིང་དེའི་ལས་


DTG096_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གདགས་ཤིང་བརྗོད་དོ། །དེའི་ཕྱིར་དེ་གཉིས་ནི་ལྟོས་པ་ཅན་དུ་གདགས་པ་ཡིན་གྱི། ངོ་བོ་ཉིད་དུ་གྲུབ་པ་དང་མ་གྲུབ་པ་མེད་དོ། །དེའི་ཕྱིར་དེ་ལྟར་དེ་གཉིས་ཡོད་པ་ཉིད་དང་མེད་པ་ཉིད་དུ་ཁས་མ་བླངས་པས་དབུ་མའི་ལམ་དུ་གདགས་པ་ཡིན་ནོ། །གདགས་པ་དེ་མ་གཏོགས་པར་དེ་གཉིས་འགྲུབ་པའི་མཚན་ཉིད་གཞན་མ་མཐོང་ངོ༌། །དེ་བཞིན་ཉེར་ལེན་ཤེས་པར་བྱ། །ཉེར་ལེན་ཞེས་བྱ་བ་ནི་དངོས་པོར་ལྟ་སྟེ། གང་ལ་དངོས་པོ་ཡོད་པ་དེ་ལ་བྱེད་པ་པོ་དུ་མ་ཡོད་པས་འདིར་ཉེ་བར་བླངས་པ་དང་ཉེ་བར་ལེན་པ་པོ་གཟུང་བར་འདོད་པར་བྱའོ། །དེ་ལ་ཇི་ལྟར་བྱེད་པ་པོ་ལ་བརྟེན་ནས་གདགས་པ་དེ་བཞིན་དུ། ཉེ་བར་ལེན་པ་པོ་ཡང་ཉེ་བར་བླང་བ་ལ་བརྟེན་ནས་གདགས་སོ། །ཇི་ལྟར་ལས་བྱེད་པ་པོ་དེ་ཉིད་ལ་བརྟེན་ནས་གདགས་པ་དེ་བཞིན་དུ་ཉེ་བར་བླང་བ་ཡང་ཉེ་བར་ལེན་པ་པོ་དེ་ཉིད་ལ་བརྟེན་ནས་གདགས་ཏེ། དེ་གཉིས་ལ་ཡང་དེ་མ་གཏོགས་པར་འགྲུབ་པའི་མཚན་ཉིད་མ་མཐོང་ངོ༌། །དེ་ཡང༌། ཇི་ལྟར་ཞེ་ན། ལས་དང་བྱེད་པོ་བསལ་ཕྱིར་རོ། །བསལ་ཞེས་བྱ་བ་ནི་བཀག་པའོ། །ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན་ཏེ། བྱེད་པ་པོ་དང་ལས་དེ་དག་སྔར་རྣམ་པ་དུ་མར་གསལ་བར་བྱས་པས་དེ་དག་གསལ་བ་ཁོ་ནས་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་གིས་འགྲུབ་པའི་མཚན་ཉིད་གཞན་ཡང་བསལ་བར་ཤེས་པར་བྱའོ། །དེ་ལ་ཇི་ལྟར་བྱེད་པ་པོ་ཡིན་པར་གྱུར་པ་ལས་ཡིན་པར་གྱུར་པ་མི་བྱེད་ལ། བྱེད་པ་པོ་མ་ཡིན་པར་གྱུར་པ་ལས་མ་ཡིན་པར་གྱུར་པ་མི་བྱེད། བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ལས་ཡིན་པ་དང་མ་ཡིན་པར་གྱུར་པ་མི་བྱེད་དེ། སྐྱོན་དུ་མར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་དེ་བཞིན་དུ་ཉེ་བར་ལེན་པ་པོ་ཡང་ཉེ་བར་ལེན་པ་པོ་ཡིན་པར་གྱུར་པ་ཉེ་བར་བླང་བ་ཡིན་པར་གྱུར་པ་ཉེ་བར་ལེན་པར་མི་བྱེད། ཉེ་བར་ལེན་པ་པོ་མ་ཡིན་པར་གྱུར་པ་ཉེ་བར་བླང་བ་མ་ཡིན་པ་དང་མ་ཡིན་པར་གྱུར་པ་ཉེ་བར་ལེན་པར་མི་བྱེད་དེ། སྐྱོན་དུ་མར་ཐལ་བར་འགྱུར་བའི་ཕྱིར་རོ། །ཕྱོགས་མི་མཐུན་པ་དག་ལ་ཡང་དེ་བཞིན་དུ་སྦྱར་རོ། །བྱེད་པ་པོ་དང་ལས་དག་གིས། །དངོས་པོ་ལྷག་མ་ཤེས་པར་བྱ། །བྱེད་པ་པོ་ལས་དག་དང་དངོས་པོ་ལྷག་མ་རྣམས་མཚུངས་པར་ཤེས་པར་བྱའོ། །ཉེ་བར་ལེན་པ་


DTG096_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་ཤིག་ཏུ་སྨོས་པ་ནི་གཙོ་བོ་ཡིན་པའི་ཕྱིར་དང༌། དོན་འོག་མ་དག་གི་ཕྱིར་ཏེ། དེ་ལ་དངོས་པོ་ལྷག་མ་རྣམས་ནི་རྒྱུ་དང་འབྲས་བུ་དང་ཡན་ལག་དང་ཡན་ལག་ཅན་དང༌། མེ་དང་བུད་ཤིང་དང༌། ཡོན་ཏན་དང་ཡོན་ཏན་ཅན་དང༌། མཚན་ཉིད་དང༌། མཚན་ཉིད་ཀྱི་གཞི་དང༌། རྣམ་པ་དེ་ལྟ་བུ་དག་གོ །དེ་རྒྱུ་ཡིན་པར་གྱུར་པ་འབྲས་བུ་ཡིན་པར་གྱུར་པ་མི་སྐྱེད། རྒྱུ་མ་ཡིན་པར་གྱུར་པ་འབྲས་བུ་མ་ཡིན་པར་གྱུར་པ་མི་སྐྱེད། རྒྱུ་ཡིན་པ་དང༌། མ་ཡིན་པར་གྱུར་པ་འབྲས་བུ་ཡིན་པ་དང༌། མ་ཡིན་པར་གྱུར་པ་མི་སྐྱེད་དེ། ཕྱོགས་ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་ཞིང༌། སྐྱོན་དུ་ཐལ་བར་འགྱུར་བ་ཇི་སྐད་སྨོས་པ་དག་ཀྱང་བསྟན་པར་བྱའོ། །རྒྱུ་ཡང་འབྲས་བུ་སྐྱེད་པར་བྱེད་པ་ན་ཡིན་པར་གྱུར་པ་ཞེས་བྱའོ། །དེ་ལས་གཞན་པ་ནི་མ་ཡིན་པར་གྱུར་པའོ། །འབྲས་བུ་ཡང་སྐྱེད་པར་བྱ་བ་ན་ཡིན་པར་གྱུར་པ་ཞེས་བྱའོ། །དེ་ལས་གཞན་པ་ནི་མ་ཡིན་པར་གྱུར་པའོ། །དེ་བཞིན་དུ་ཡན་ལག་དང་ཡན་ལག་ཅན་དག་ལ་ཡང་བལྟ་བར་བྱ་སྟེ། ཡན་ལག་ཡིན་པར་གྱུར་པ་ཡན་ལག་ཅན་ཡིན་པར་གྱུར་པ་དག་ལ་མི་འཇུག །མ་ཡིན་པར་གྱུར་པ་ཡང་མ་ཡིན་པར་གྱུར་པ་དག་ལ་མི་འཇུག །ཡིན་པ་དང་མ་ཡིན་པར་གྱུར་པ་ཡང་ཡིན་པ་དང་མ་ཡིན་པར་གྱུར་པ་དག་ལ་མི་འཇུག་གོ །མེ་ཡིན་པར་གྱུར་པ་ཡང་བུད་ཤིང་ཡིན་པར་གྱུར་པ་མི་སྲེག །མ་ཡིན་པར་གྱུར་པ་ཡང་མ་ཡིན་པར་གྱུར་པ་མི་སྲེག །ཡིན་པ་དང་མ་ཡིན་པར་གྱུར་པ་ཡང་ཡིན་པ་དང་མ་ཡིན་པར་གྱུར་པ་མི་སྲེག་གོ །ཡོན་ཏན་ཡིན་པར་གྱུར་པ་ཡང་ཡོན་ཏན་ཅན་ཡིན་པར་གྱུར་པ་ལ་མི་འཇུག །མ་ཡིན་པར་གྱུར་པ་ཡང་མ་ཡིན་པར་གྱུར་པ་ལ་མི་འཇུག །ཡིན་པ་དང་མ་ཡིན་པར་གྱུར་པ་ཡང་ཡིན་པ་དང་མ་ཡིན་པར་གྱུར་པ་ལ་མི་འཇུག་གོ །མཚན་ཉིད་ཡིན་པར་གྱུར་པ་ཡང་མཚན་ཉིད་ཀྱི་གཞི་ཡིན་པར་གྱུར་པ་མཚོན་པར་མི་བྱེད། མ་ཡིན་པར་གྱུར་པ་ཡང་མ་ཡིན་པར་གྱུར་པ་མཚོན་པར་མི་བྱེད། ཡིན་པ་དང་མ་ཡིན་པར་གྱུར་པ་ཡང་ཡིན་པ་དང༌། མ་ཡིན་པར་གྱུར་པ་མཚོན་པར་མི་བྱེད་དོ། །ཇི་ལྟར་བྱེད་པ་པོ་ལས་ལ་བརྟེན་ནས་གདགས་ལ། ལས་ཀྱང་བྱེད་པ་པོ་ཉིད་ལ་བརྟེན་ནས་གདགས་པ་དེ་བཞིན་དུ་འབྲས་བུ་ཡང་རྒྱུ་


DTG096_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་གདགས་ལ། རྒྱུ་ཡང་འབྲས་བུ་དེ་ཉིད་ལ་བརྟེན་ནས་གདགས་སོ། །ཡན་ལག་ཅན་ཡང་ཡན་ལག་ལ་བརྟེན་ནས་གདགས་ལ། ཡན་ལག་ཀྱང་ཡན་ལག་ཅན་དེ་ཉིད་ལ་བརྟེན་ནས་གདགས་སོ། །མེ་ཡང་བུད་ཤིང་ལ་བརྟེན་ནས་གདགས་ལ། །བུད་ཤིང་ཡང་མེ་དེ་ཉིད་ལ་བརྟེན་ནས་གདགས་སོ། །ཡོན་ཏན་ཅན་ཡང་ཡོན་ཏན་ལ་བརྟེན་ནས་གདགས་ལ། ཡོན་ཏན་ཡང་ཡོན་ཏན་ཅན་དེ་ཉིད་ལ་བརྟེན་ནས་གདགས་སོ། །མཚན་ཉིད་ཀྱི་གཞི་ཡང་མཚན་ཉིད་ལ་བརྟེན་ནས་གདགས་ལ། མཚན་ཉིད་ཀྱང་མཚན་ཉིད་ཀྱི་གཞི་དེ་ཉིད་ལ་བརྟེན་ནས་གདགས་སོ། །དེ་ལྟར་དེ་དག་ལ་ལྟོས་ཏེ་གདགས་པ་མ་གཏོགས་པར་རྣམ་པ་གཞན་གང་གིས་ཀྱང་དེ་དག་འགྲུབ་པར་མི་འཐད་དོ། །བྱེད་པ་པོ་དང་ལས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བརྒྱད་པའོ།། །།དབུ་མ་རྩ་བའི་འགྲེལ་པ་བུད་དྷ་པཱ་ལི་ཏ། བམ་པོ་བཞི་པ། སྨྲས་པ། དེ་བཞིན་ཉེར་ལེན་ཤེས་པར་བྱ། །ཞེས་གང་བཤད་པ་དེ་ལ་སྨྲ་བར་བྱ་སྟེ། ལྟ་དང་ཉན་ལ་སོགས་པ་དང༌། །ཚོར་སོགས་དང་ཡང་དབང་བྱས་པ། །གང་གི་ཡིན་པ་དེ་དག་གི །སྔ་རོལ་དེ་ཡོད་ཁ་ཅིག་སྨྲ། །ལྟ་དང་ཉན་ལ་སོགས་པ་དང༌། །ཞེས་བྱ་བ་ནི་ལྟ་བ་དང་ཉན་པ་ལ་སོགས་པའོ།། ལྟ་བ་དང་ཉན་པ་ལ་སོགས་པ་དང༌། ཚོར་བ་ལ་སོགས་པ་དག་གང་གི་ཉེ་བར་བླང་བ་ཡིན་པའི་དངོས་པོ་དེ་ལྟ་བ་དང་ཉན་པ་ལ་སོགས་པ་དང༌། ཚོར་བ་ལ་སོགས་པ་དེ་དག་གི་སྔ་རོལ་ན་ཡོད་དོ་ཞེས་ཁ་ཅིག་དེ་སྐད་ཅེས་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་ཡོད་པ་མ་ཡིན་ན། །ལྟ་ལ་སོགས་པ་ཇི་ལྟར་འགྱུར། །དེ་ཕྱིར་དེ་དག་སྔ་རོལ་ན། །དངོས་པོ་གནས་པ་དེ་ཡོད་དེ། །དངོས་པོ་ཡོད་པ་མ་ཡིན་ན། །ལྟ་བ་ལ་སོགས་པ་དག་ཇི་ལྟར་ཉེ་བར་བླང་བ་ཡིན་པར་འགྱུར། དེའི་ཕྱིར་མི་འཐད་པས་ལྟ་བ་ལ་སོགས་པ་དེ་དག་གི་སྔ་རོལ་ན་ལྟ་བ་ལ་སོགས་པ་དག་གང་གི་ཉེ་བར་བླང་བ་ཡིན་པའི་དངོས་པོ་གནས་པ་དེ་ཡོད་དོ། །ཉེ་བར་ལེན་པ་པོ་དེ་ཡོད་ན་ཉེ་བར་བླང་བ་ཡང་ལྟོས་པས་གདགས་སུ་ཡོད་པ་ཡིན་ན་དེ་ལ་ཁྱོད་ཅི་ཟེར། བཤད་པ། ལྟ་དང་ཉན་ལ་སོགས་པ་དང༌། །ཚོར་བ་ལ་སོགས་ཉིད་ཀྱི་ནི། །སྔ་རོལ་དངོས་པོ་གང་གནས་པ། །དེ་ནི་གང་གིས་གདགས་


DTG096_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །འདི་ལ་ལྟ་བ་དང་ཉན་པ་ལ་སོགས་པ་དང༌། ཚོར་བ་ལ་སོགས་པ་དག་གིས་ལྟ་བ་པོ་དང༌། ཉན་པ་པོ་དང༌། ཚོར་བ་པོ་ཞེས་དངོས་པོ་གདགས་པར་བྱ་བ་ཡིན་ན་ལྟ་བ་ལ་སོགས་པ་དང༌། ཚོར་བ་ལ་སོགས་པ་དག་གི་སྔ་རོལ་ན་ལྟ་བ་ལ་སོགས་པ་དག་གང་གི་ཉེ་བར་བླང་བ་ཞེས་བརྗོད་པའི་དངོས་པོ་ཡོད་དོ། །ཞེས་བརྟག་པའི་དངོས་པོ་དེ་འདི་ལྟར་གནས་ཏེ། ཡོད་དོ་ཞེས་གང་གིས་གདགས་པར་བྱ། སྨྲས་པ། དེ་ནི་ལྟ་བ་ལ་སོགས་པ་དག་མེད་པར་ཡང་རང་ཉིད་ཀྱིས་རབ་ཏུ་གྲུབ་པར་ཡོད་དོ། །བཤད་པ། ལྟ་ལ་སོགས་པ་མེད་པར་ཡང༌། །གལ་ཏེ་དེ་ནི་གནས་གྱུར་ན། །དེ་མེད་པར་ཡང་དེ་དག་ནི། །ཡོད་པར་འགྱུར་བར་ཐེ་ཚོམ་མེད། །ལྟ་བ་ལ་སོགས་པ་དག་མེད་པར་ཡང་གལ་ཏེ་དངོས་པོ་དེ་རང་ཉིད་ཀྱིས་རབ་ཏུ་གྲུབ་ཅིང་གནས་པ་ཡོད་དོ། །ཞེས་བརྗོད་ན། དངོས་པོ་དེ་མེད་པར་ཡང་ལྟ་བ་ལ་སོགས་པ་དེ་དག་རང་ཉིད་ཀྱིས་རབ་ཏུ་གྲུབ་ཅིང་གནས་པ་ཡོད་པར་འགྱུར་པར་ཐེ་ཚོམ་མེད་དོ། །སྨྲས་པ། ལྟ་བ་ལ་སོགས་པ་དག་ཀྱང་དེ་མེད་པར་གནས་པར་གྱུར་ན་སྐྱོན་ཅི་ཡོད། །བཤད་པ། ཐམས་ཅད་སྐྱོན་ཉིད་དུ་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ལྟ་བ་ལ་སོགས་པ་དག་མེད་པའི་དངོས་པོ་གསལ་བར་བྱེད་པ་མེད་པར་གནས་པ་མེད་པར་འགྱུར་བ་དང༌། དེ་མེད་ན་ལྟ་བ་ལ་སོགས་པ་དག་ཀྱང་གསལ་བར་བྱེད་པ་མེད་པར་གནས་པར་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་དེ་དག་ནི། ཅི་ཡིས་གང་ཞིག་གསལ་བར་བྱེད། །གང་གིས་ཅི་ཞིག་གསལ་བར་བྱེད། །ལྟ་བ་ལ་སོགས་པ་ཅི་ཞིག་པོ་དག་གིས་དངོས་པོ་གང་ཞིག་ལྟ་བ་པོ་དང་ཉན་པ་པོ་དང་ཚོར་བ་པོ་དང་ཞེས་གསལ་བར་བྱེད་དེ། གསལ་བར་བྱེད་ཅེས་བྱ་བ་ནི། མངོན་པར་བྱེད་པ་དང༌། གཟུང་བར་བྱེད་པ་དང༌། ཤེས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ ། །དངོས་པོ་གང་ཞིག་པོས་ཀྱང་ལྟ་བ་ལ་སོགས་པ་ཅི་ཞིག་པོ་དག་འདི་ནི་ལྟ་བའོ། །འདི་ནི་ཉན་པའོ།། འདི་ནི་ཚོར་བའོ། །ཞེས་གསལ་བར་བྱེད་དོ། །དེ་ལྟར་གང་གི་ཕྱིར་ལྟ་བ་ལ་སོགས་པ་དག་གིས་དངོས་པོ་གསལ་བར་བྱེད་པ། དངོས་པོས་ཀྱང་ལྟ་བ་ལ་སོགས་པ་དག་གསལ་བར་བྱེད་པ་དེའི་ཕྱིར། ཅི་མེད་གང་ཞིག་ག་ལ་ཡོད། །གང་མེད་ཅི་ཞིག་ག་ལ་ཡོད། །ལྟ་བ་ལ་སོགས་པ་


DTG096_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཞིག་པོ་དག་མེད་ན་གསལ་བར་བྱེད་པ་མེད་པའི་དངོས་པོ་གང་ཞིག་པོ་གནས་པས་གནས་པར་འགྱུར་བ་ག་ལ་ཡོད། དངོས་པོ་གང་ཞིག་པོ་མེད་ན་ཡང་གསལ་བར་བྱེད་པ་མེད་པའི་ལྟ་བ་ལ་སོགས་པ་ཅི་ཞིག་པོ་དག་གནས་པར་འགྱུར་བ་ག་ལ་ཡོད་དེ། དེ་ལྟ་བས་ན། ལྟ་བ་ལ་སོགས་པ་ཅི་ཞིག་པོ་དག་གི་སྔ་རོལ་ན་དངོས་པོ་གང་ཞིག་པོ་གནས་པ་མེད་དོ། །སྨྲས་པ། ལྟ་ལ་སོགས་པ་ཐམས་ཅད་ཀྱི། །སྔ་རོལ་གང་ཞིག་ཡོད་པ་མིན། །ལྟ་བ་ལ་སོགས་པ་ཅི་ཞིག་པོ་ཐམས་ཅད་ཀྱི་སྔ་རོལ་ན་དངོས་པོ་གང་ཞིག་པོ་ཡོད་དོ། །ཞེས་ནི་མི་སྨྲའི། འདི་ལྟ་བ་ལ་སོགས་པའི་ཅི་ཞིག་པོ་དག་རེ་རེའི་སྔ་རོལ་ན་དངོས་པོ་གང་ཞིག་པོ་ཡོད་པས་དེའི་ཕྱིར་དེ་ནི། ལྟ་ལ་སོགས་པ་གཞན་དག་གིས། །གཞན་གྱི་ཚེ་ན་གསལ་བར་བྱེད། །གང་གི་ཕྱིར་དེ་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་པ་མ་ཡིན་གྱི། ལྟ་བ་ལ་སོགས་པ་དག་རེ་རེའི་སྔ་རོལ་ན་ཡོད་པ་དེའི་ཕྱིར་དེ་ནི་ལྟ་བ་ལ་སོགས་པ་གཞན་དང་གཞན་གྱིས་དུས་གཞན་གྱི་ཚེ་ན་ལྟ་བ་པོ་དང་ཉན་པ་པོ་དང༌། ཚོར་བ་པོ་ཞེས་གསལ་བར་བྱེད་དོ། །དེ་ལྟ་བས་ན་དེ་ནི་ལྟ་བ་ལ་སོགས་པ་དག་གི་སྔ་རོལ་ན་མེད་པ་ཡང་མ་ཡིན་ལ། གསལ་བར་བྱེད་པ་མེད་པ་ཡང་མ་ཡིན་ནོ། །བཤད་པ། རང་གི་བློ་གྲོས་ཡང་བར་སྟོན་པར་ཟད་དེ་གྱི་ན་ཞིག་སྨྲས་སོ། །ལྟ་ལ་སོགས་པ་ཐམས་ཅད་ཀྱི། །སྔ་རོལ་གལ་ཏེ་ཡོད་མིན་ན། །ལྟ་ལ་སོགས་པ་རེ་རེ་ཡི། །སྔ་རོལ་དེ་ནི་ཇི་ལྟར་ཡོད། །ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་གལ་ཏེ་ཡོད་པ་མ་ཡིན་ན། ལྟ་བ་ལ་སོགས་པ་རེ་རེའི་སྔ་རོལ་ན་ཡང་དེ་ཡོད་པ་མ་ཡིན་པར་ངེས་སོ། །ཅི་སྟེ་རེ་རེའི་སྔ་རོལ་ན་ཡོད་ན་ནི་ཐམས་ཅད་ཀྱི་སྔ་རོལ་ན་ཡང་དེ་ཡོད་པར་གསལ་ལོ། །ཅི་སྟེ་དེ་གང་གི་ཚེ་ལྟ་བའི་སྔ་རོལ་ན་ཡོད་པ་དེའི་ཚེ་ན་ཉན་པ་ལ་སོགས་པ་དག་གི་སྔ་རོལ་ན་མེད་པ་ཡིན་ན་དེ་དག་གི་སྔ་རོལ་ན་མེད་པ་གང་ཡིན་པ་དེ་ཇི་ལྟར་ཉན་པའི་སྔ་རོལ་ན་མེད་པ་བཞིན་དུ་ལྟ་བ་སྤངས་ཏེ། ཉན་པའི་སྔ་རོལ་ན་ཡོད་པར་འགྱུར། དེ་ལྟ་བས་ན་རེ་རེའི་སྔ་རོལ་ན་ཡོད་ཀྱི། ཐམས་ཅད་ཀྱི་སྔ་རོལ་ན་མེད་དོ་ཞེས་བྱ་བ་དེ་ནི་གྱི་ནའོ། །ཡང་གཞན་ཡང༌། གལ་ཏེ་རེ་རེའི་སྔ་རོལ་ན། །ལྟ་པོ་དེ་ཉིད་ཉན་པོ་དེ། །ཚོར་བ་པོ་ཡང་དེ་ཉིད་འགྱུར།།


DTG096_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་དེ་ལྟར་མི་རིགས་སོ། །གལ་ཏེ་དེ་ལྟ་བ་ལ་སོགས་པ་རེ་རེའི་སྔ་རོལ་ན་ཡོད་པར་གྱུར་ན་དེ་ལྟ་བ་པོ་ཡང་དེ་ཉིད་ཡིན་ལ། ཉན་པ་པོ་ཡང་དེ་ཉིད་ཡིན། ཚོར་བ་པོ་ཡང་དེ་ཉིད་ཡིན་པར་འགྱུར་ཏེ། དེ་དེ་ལྟར་ན་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། སྐྱེས་བུ་སྐར་ཁུང་ཐ་དད་པར་འགྲོ་བ་བཞིན་དུ་བདག་དབང་པོ་གཞན་དུ་འགྲོ་བར་ཐལ་བར་འགྱུར་བའི་ཕྱིར་ཏེ། བདག་ནི་དབང་པོ་གཞན་གང་དུ་འགྲོ་བར་མི་འདོད་དོ། །ཅི་སྟེ་བདག་དབང་པོ་གཞན་དུ་འགྲོ་བར་ཐལ་བ་དེར་གྱུར་ན་མི་རུང་ངོ་སྙམ་པས་ལྟ་བ་པོ་ཡང་གཞན་ཉིད་ཡིན་ལ། ཉན་པ་པོ་ཡང་གཞན་ཉིད་ཡིན། །ཚོར་བ་པོ་ཡང་གཞན་ཉིད་ཡིན་པར་རྟོག་ན། དེ་ལ་ཡང་བཤད་པར་བྱ་སྟེ། གལ་ཏེ་ལྟ་པོ་གཞན་ཉིད་ལ། །ཉན་པ་པོ་གཞན་ཚོར་གཞན་ན། །ལྟ་པོའི་ཚེ་ན་ཉན་པོ་ཡོད། །བདག་ཀྱང་མང་པོ་ཉིད་དུ་འགྱུར། །གལ་ཏེ་ལྟ་བ་པོ་ཡང་གཞན་ཉིད་ཡིན་ལ། ཉན་པ་པོ་ཡང་གཞན་ཉིད་ཡིན། ཚོར་བ་པོ་ཡང་གཞན་ཉིད་ཡིན་པར་གྱུར་ན་དེ་ལྟ་ན་ལྟ་བ་པོའི་ཚེ་ན་ཉན་པ་པོ་དང་ཚོར་བ་པོ་ཡང་ཡོད་པར་འགྱུར་ཏེ། ཇི་ལྟར་ཞེ་ན། གང་གི་ཚེ་ལྟ་བ་ལ་སོགས་པ་རེ་རེའི་སྔ་རོལ་ན་དེ་དག་ཡོད་པར་འདོད་པའི་ཕྱིར་རོ། །ཁོ་བོའི་ལྟ་བ་པོ་ཡང་གཞན་ཉིད་ཡིན་ལ། ཉན་པ་པོ་ཡང་གཞན་ཉིད་ཡིན། །ཚོར་བ་པོ་ཡང་གཞན་ཉིད་ཡིན་ནོ་ཞེས་ཟེར་བས། དེ་ལྟ་ན་བདག་ཀྱང་མང་པོ་ཉིད་དུ་ཐལ་བར་འགྱུར་རོ། །ཅི་སྟེ་གཞན་ཉིད་ཀྱང་ཡིན་ལ། ལྟ་བ་པོའི་ཚེ་ན་ཉན་པ་པོ་དང༌། ཚོར་བ་པོ་མེད་ན་དེ་ལྟ་ན་ཡང་བདག་མི་རྟག་པ་ཉིད་དང༌། བདག་མང་པོ་ཉིད་དུ་ཡང་ཐལ་བར་འགྱུར་བས་དེ་ཡང་མི་འདོད་དོ། །དེ་ལྟ་བས་ན་ལྟ་བ་ལ་སོགས་པ་རེ་རེའི་སྔ་རོལ་ན་ཡོད་པ་དང༌། ལྟ་བ་ལ་སོགས་པ་གཞན་དང་གཞན་གྱིས་གསལ་བར་བྱེད་དོ་ཞེས་གང་སྨྲས་པ་དེ་ནི་རིགས་པ་མ་ཡིན་ནོ། །སྨྲས་པ། ལྟ་ལ་སོགས་པ་དག་གི་སྔ་རོལ་ན་བདག་ཡོད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། འདི་ལ་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་གསུངས་ལ། གཟུགས་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་བཞི་པོ་དག་ཡིན་པས་དེའི་ཕྱིར་འབྱུང་བའི་རྐྱེན་གྱིས་སྐྱེ་མཆེད་དྲུག་འབྱུང་ལ། འབྱུང་བ་དེ་དག་ཀྱང་བདག་གི་ཉེ་བར་བླང་བ་ཡིན་ནོ། །དེ་ལྟ་བས་ན། འབྱུང་བ་ཉེ་བར་ལེན་པ་པོ་འབྱུང་བས་གསལ་བར་བྱས་པའི་བདག་གནས་པ་ཡོད་ན་སྐྱེ་


DTG096_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་དྲུག་འབྱུང་ཞིང་རིམ་གྱིས་ཚོར་བ་ལ་སོགས་པ་དག་ཀྱང་འབྱུང་བས་དེས་ན་ལྟ་བ་ལ་སོགས་པ་དག་གི་སྔ་རོལ་ན་དངོས་པོ་གནས་པ་ཡོད་དོ་ཞེས་བྱ་བ་དེ་འཐད་དོ། །བཤད་པ། ལྟ་དང་ཉན་ལ་སོགས་པ་དང༌། །ཚོར་བ་དག་ལ་སོགས་པ་ཡང༌། །གང་ལས་འགྱུར་བའི་འབྱུང་དེ་ལའང༌། །དེ་ནི་ཡོད་པ་མ་ཡིན་ནོ། །ལྟ་དང་ཉན་ལ་སོགས་པ་དང༌། །ཚོར་བ་ལ་སོགས་པ་དག་རིམ་གྱིས་གང་དག་ལས་འགྱུར་པའི་འབྱུང་བ་དེ་དག་ལ་ཡང་ཁྱོད་ཀྱིས་བརྟགས་པའི་དངོས་པོ་དེ་ནི་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འབྱུང་བ་ཉེ་བར་ལེན་པ་པོ་ཡིན་པའི་ཕྱིར་ཏེ། འབྱུང་བ་ཉེ་བར་ལེན་པ་པོ་དེ་ཡང་འབྱུང་བ་དག་གི་སྔ་རོལ་ན་གསལ་བར་བྱེད་པ་མེད་པས་མི་འཐད་དོ། །གང་འབྱུང་བ་དག་གི་སྔ་རོལ་ན་ཡོད་པ་མ་ཡིན་པ་དེ་ཇི་ལྟར་འབྱུང་བ་དག་གི་ཉེ་བར་ལེན་པ་པོར་འགྱུར། དེ་ལྟ་བས་ན་འབྱུང་བ་དག་ལ་ཡང་དེ་ཡོད་པ་མ་ཡིན་ན་ལྟ་བ་ལ་སོགས་པ་དག་གི་སྔ་རོལ་ན་ཡོད་པར་ག་ལ་འགྱུར། སྨྲས་པ། ལྟ་བ་ལ་སོགས་པ་དག་གི་སྔ་རོལ་ན་དེ་ཡོད་ཀྱང་རུང་མེད་ཀྱང་རུང་སྟེ། ཡོད་ནི་རེ་ཞིག་ལྟ་བ་ལ་སོགས་པ་དག་ནི་ཡོད་དེ། ཁྱོད་ཀྱིས་སྔར། ཅི་མེད་གང་ཞིག་ག་ལ་ཡོད། །གང་མེད་ཅི་ཞིག་ག་ལ་ཡོད། །ཅེས་སྨྲས་པས། དེའི་ཕྱིར་ལྟ་བ་ལ་སོགས་པ་ཅི་ཞིག་པོ་དག་ཡོད་དོ། །གང་ཞིག་མེད་ན་ཅི་ཞིག་ཀྱང་མེད་པས་དེའི་ཕྱིར་ལྟ་བ་ལ་སོགས་པ་ཅི་ཞིག་པོ་དག་གང་གི་ཡིན་པའི་དངོས་པོ་གང་ཞིག་པོ་དེ་ཡང་ཡོད་དོ། །བཤད་པ། གང་མེད་ཅི་ཞིག་ག་ལ་ཡོད། །ཅེས་བྱ་བ་དེས་དེའི་ལན་བཏབ་ཟིན་ཏོ། །ཇི་ལྟར་ཞེ་ན། །ལྟ་དང་ཉན་ལ་སོགས་པ་དང༌། །ཚོར་བ་དག་ལ་སོགས་པ་ཡང༌། །གང་གི་ཡིན་པ་གལ་ཏེ་མེད། །དེ་དག་ཀྱང་ནི་ཡོད་མ་ཡིན། །ལྟ་བ་ལ་སོགས་པ་ཅི་ཞིག་པོ་དག་གི་སྔ་རོལ་ན་དངོས་པོ་གང་ཞིག་པོ་མེད་དོ་ཞེས་བྱ་བ་དེ་ནི་སྔར་བསྟན་ཟིན་ཏོ། །གང་མེད་ཅི་ཞིག་ག་ལ་ཡོད་ཅེས་བྱ་བ་དེ་ཡང་བསྟན་ཟིན་ཏེ། དེའི་ཕྱིར་གལ་ཏེ་ལྟ་བ་ལ་སོགས་པ་ཅི་ཞིག་པོ་དག་རབ་ཏུ་སྒྲུབ་པར་བྱེད་ཅིང་ལྟ་བ་ལ་སོགས་པ་དག་གང་གི་ཡིན་པར་འགྱུར་བ་གང་ཞིག་པོ་དེ་ཉིད་མེད་ན། ལྟ་བ་ལ་སོགས་པ་དག་རབ་ཏུ་འགྲུབ་པར་ག་ལ་འགྱུར་ཏེ། གང་གི་ལྟ་བ་ལ་སོགས་པར་འགྱུར། དེ་ལྟ་བས་ན་དངོས་པོ་གང་ཞིག་པོ་མེད་པའི་ཕྱིར།


DTG096_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་ལ་སོགས་པ་ཅི་ཞིག་པོ་དག་ཀྱང་མེད་ལ། ལྟ་བ་ལ་སོགས་པ་ཅི་ཞིག་པོ་དག་མེད་ན་ཁྱོད་ཀྱི་དངོས་པོ་གང་ཞིག་ཡོད་པར་ག་ལ་འགྱུར། སྨྲས་པ། ཅི་ཁྱོད་ཀྱི་དངོས་པོ་གང་ཞིག་པོ་མེད་པ་དེ་ཤིན་ཏུ་ངེས་པ་ཡིན་ནམ། བཤད་པ། གང་ཞིག་ལྟ་ལ་སོགས་པ་ཡི། །སྔ་རོལ་ད་ལྟར་ཕྱི་ན་མེད། །དེ་ལ་ཡོད་དོ་མེད་དོ་ཞེས། །རྟོག་པ་དག་ནི་ལྡོག་པར་འགྱུར། །གང་ཞིག་པོ་ལྟ་བ་ལ་སོགས་པ་དག་གི་སྔ་རོལ་དང་ལྟ་བ་ལ་སོགས་པ་དག་དང༌། ད་ལྟར་ལྷན་ཅིག་དང༌། ལྟ་བ་ལ་སོགས་པ་དག་གི་ཕྱི་དུས་རྣམ་པ་ཐམས་ཅད་དུ་བཙལ་ན། དེ་འདིའོ་ཞེས་རང་གིས་རབ་ཏུ་གྲུབ་པ་མེད་པ་དེ་ལ་ལྟ་བ་ལ་སོགས་པ་དག་གིས་ཡོད་དོ་མེད་དོ་ཞེས་གདགས་པའི་རྟོག་པ་དག་ལྡོག་པར་འགྱུར་ཏེ། རེ་ཞིག་རང་ཉིད་རབ་ཏུ་མ་གྲུབ་པའི་ཕྱིར་དེ་ཡོད་དོ་ཞེས་ཇི་སྐད་བརྗོད་པར་ནུས། ལྟ་བ་ལ་སོགས་པ་དག་གིས་གསལ་བར་བྱེད་པའི་ཕྱིར་དེ་མེད་དོ་ཞེས་ཀྱང་ཇི་སྐད་བརྗོད་པར་ནུས་ཏེ། དེའི་ཕྱིར་དེ་ལ་ཡོད་དོ་མེད་དོ་ཞེས་རྟོག་པ་དག་མི་འཐད་དོ། །དེ་ལྟ་བས་ན་བྱེད་པ་པོ་དང་ལས་དག་བཞིན་དུ་ཉེ་བར་ལེན་པ་དེ་ཡང་གདགས་པར་ཟད་ཀྱི། དེ་མ་གཏོགས་པར་འགྲུབ་པ་གཞན་མི་འཐད་དོ། །ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དགུ་པའོ།། །།སྨྲས་པ། མེ་དང་བུད་ཤིང་དག་བཞིན་དུ། ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་རབ་ཏུ་འགྲུབ་ཀྱི། བྱེད་པ་པོ་དང་ལས་དག་བཞིན་དུ་རབ་ཏུ་མི་འགྲུབ་པ་ནི་མ་ཡིན་ནོ། །བཤད་པ། གལ་ཏེ་མེ་བུད་ཤིང་རབ་ཏུ་གྲུབ་ན་ནི་དེ་དག་ཀྱང་རབ་ཏུ་འགྲུབ་པར་འགྱུར་གྲང་ན། གང་གི་ཚེ་མེ་དང་བུད་ཤིང་དག་བྱེད་པ་པོ་དང་ལས་དག་ཁོ་ན་བཞིན་དུ་རབ་ཏུ་མི་འགྲུབ་པ་དེའི་ཚེ་ཉེ་བར་ལེན་པ་པོ་དང༌། ཉེ་བར་བླང་བ་དག་ཇི་ལྟར་རབ་ཏུ་འགྲུབ་པར་འགྱུར། གལ་ཏེ་མེད་དང་བུད་ཤིང་དག་ངོ་བོ་ཉིད་ཀྱིས་རབ་ཏུ་གྲུབ་པར་གྱུར་ན། གཅིག་པ་ཉིད་དམ་གཞན་ཉིད་དུ་རབ་ཏུ་འགྲུབ་པར་འགྱུར་གྲང་ན། གཉི་ག་ལྟར་ཡང་མི་འཐད་དོ། །ཇི་ལྟར་ཞེ་ན། བུད་ཤིང་གང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །གལ་ཏེ་རེ་ཞིག་བུད་ཤིང་གང་ཁོ་ན་ཡིན་པ་དེ་ཉིད་མེ་ཡིན་པར་རབ་ཏུ་རྟོག་ན། དེ་ལྟ་ན་བྱེད་པ་པོ་དང་ལས་གཅིག་པ་ཉིད་དུ་ཐལ་བར་འགྱུར་ཏེ། དེ་ལ་མེ་ནི་


DTG096_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་པར་བྱེད་པའོ་ཞེས་བྱ་བ་དག་མི་སྲིད་པར་འགྱུར་རོ། །ཅི་སྟེ་གཅིག་པ་ཉིད་ཡིན་ཡང་དེ་དག་སྲིད་ན་ནི་མེ་ནི་སྲེག་པར་བྱེད་པའོ། །བུད་ཤིང་ནི་བསྲེག་པར་བྱ་བའོ་ཞེས་བྱ་བ་དག་ཀྱང་སྲིད་པར་འགྱུར་བ་ཞིག་ན་མི་སྲིད་པར་འགྱུར་བ་ཞིག་ན་མི་སྲིད་པས་དེ་ལྟ་བས་ན་དེ་གཉིས་གཅིག་པ་ཉིད་མི་འཐད་དོ། །དེ་ལ་བུད་ཤིང་ལས་མེ་གཞན་ཉིད་ཡིན་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །གལ་ཏེ་བུད་ཤིང་ལས་མེ་གཞན་ཉིད་ཡིན་པར་གྱུར་ན། བུད་ཤིང་མེད་ཅིང་བུད་ཤིང་མ་གཏོགས་པར་ཁོ་ནར་ཡང་མི་འབྱུང་བར་འགྱུར་བ་ཞིག་ན། བུད་ཤིང་མེད་པར་མེ་འབྱུང་བས་དེ་ལྟ་བས་ན་དེ་ཉིད་གཞན་ཉིད་དུ་ཡང་མི་འཐད་དོ། །ཡང་གཞན་ཡང༌། །རྟག་ཏུ་འབར་བ་ཉིད་དུ་འགྱུར། །འབར་བྱེད་མེད་པའི་རྒྱུ་ལས་བྱུང༌། །རྩོམ་པ་དོན་མེད་ཉིད་དུ་འགྱུར། །དེ་ལྟར་ཡིན་ན་ལས་ཀྱང་མེད། །གལ་ཏེ་བུད་ཤིང་ལས་མེ་གཞན་ཉིད་ཡིན་པར་གྱུར་ན་རྟག་ཏུ་འབར་ན་ཉིད་དུ་འགྱུར་ཏེ། འདི་ལྟར་འབར་བྱེད་མེད་པའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །དེའི་འབར་བར་བྱེད་པའི་རྒྱུ་གང་ཡིན་པ་དེ་ནི་འབར་བྱེད་ཀྱི་རྒྱུའོ། །འབར་བར་བྱེད་པའི་རྒྱུ་མེད་པ་ནི་འབར་བྱེད་མེད་པའི་རྒྱུ་ལས་བྱུང་བ་སྟེ། འབར་བར་བྱེད་པ་མེད་པ་ཁོ་ནར་མི་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ ། །རྩོམ་པ་དོན་མེད་པ་ཉིད་དུ་ཡང་འགྱུར་རོ། །དེ་ལྟ་ཡིན་ན་ལས་མེད་པའི་མེར་ཡང་འགྱུར་ཏེ། མེ་ཞེས་བྱ་བ་འདི་ནི་སྲེག་པར་བྱེད་པའོ་ཞེས་བྱ་བ་དེ་ལྟ་བུའི་ལས་བསྟན་དུ་མེད་པར་ཡང་འགྱུར་རོ། །སྨྲས་པ། མེ་འབར་བྱེད་མེད་པའི་རྒྱུ་ལས་བྱུང་བར་འགྱུར་རོ་ཞེས་གང་བཤད་པ་དེ་ཇི་ལྟ་བུ། བཤད་པ། གཞན་ལ་ལྟོས་པ་མེད་པའི་ཕྱིར། །འབར་བྱེད་མེད་པའི་རྒྱུ་ལས་བྱུང༌། །གང་གི་ཕྱིར་བུད་ཤིང་ལས་མེ་གཞན་ཉིད་ཡིན་པར་གྱུར་ན་བུད་ཤིང་མེད་པར་ཡང་འབྱུང་བར་ཐལ་བར་འགྱུར་བ་དེའི་ཕྱིར་གཞན་ལ་ལྟོས་པ་མེད་པ་ཡིན་ཏེ། འདི་ལྟར་མེ་བུད་ཤིང་ལ་ལྟོས་ན་ནི་གཞན་ལ་ལྟོས་པ་དང་བཅས་པར་གྱུར་ན་དེ་ཡང་དེ་ལ་བུད་ཤིང་མེད་པས་གཞན་ལ་ལྟོས་པ་མེད་པ་ཡིན་ལ། གཞན་ལ་ལྟོས་པ་མེད་པའི་ཕྱིར་འབར་བྱེད་མེད་པའི་རྒྱུ་ལས་བྱུང་བར་འགྱུར་རོ། །འབར་བྱེད་མེད་པའི་རྒྱུ་ལས་བྱུང་བར་འགྱུར་ན་རྟག་ཏུ་འབར་བ་ཉིད་དུ་


DTG096_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བར་འགྱུར་ཏེ། འདི་ལྟར་མེ་འབར་བྱེད་ལ་ལྟོས་ན་ནི་འབར་བྱེད་མེད་ན་དེ་འཆི་བར་འགྱུར་བ་ཞིག་ན། དེ་ལ་འབར་བྱེད་དེ་ཡང་མེད་པས་རྟག་ཏུ་འབར་བ་ཉིད་དུ་ཡང་ཐལ་བར་འགྱུར་རོ། །རྟག་ཏུ་འབར་བ་ཉིད་ཡིན་ན། །རྩོམ་པ་དོན་མེད་ཉིད་དུ་འགྱུར། །མེ་རྟག་ཏུ་འབར་བ་ཉིད་ཡིན་ན་ནི་བྱུང་བ་དང་སྤར་བ་ལ་སོགས་པ་རྩོམ་པ་དག་དོན་མེད་པ་ཉིད་དུའང་འགྱུར་རོ། །དེ་ལྟ་ན་ལས་མེད་པར་ཡང་ཐལ་བར་འགྱུར་ཞིང༌། རྣམ་པ་དེ་ལྟ་བུ་ནི་མི་འཐད་པས་མེ་མེད་པ་ཉིད་དུ་ཡང་ཐལ་བར་འགྱུར་རོ། །དེ་ལ་གལ་ཏེ་འདི་སྙམ་དུ། །སྲེག་ཤིང་བུད་ཤིང་ཡིན་སེམས་ན། །དེ་ལ་གལ་ཏེ་ལ་ལས་འདི་སྙམ་དུ་གང་གི་ཕྱིར་མེས་ཁྱབ་ཅིང་མེས་བསྲེག་བཞིན་པ་བུད་ཤིང་ཡིན་པ་དེའི་ཕྱིར་གཞན་ཉིད་ཡིན་ཡང་མེ་ལ་བུད་ཤིང་མེད་པ་མ་ཡིན་གྱི། བུད་ཤིང་དང་བཅས་པ་ཉིད་ཡིན་པས་དེ་ལ་བུད་ཤིང་མེད་པར་ཐལ་བར་གྱུར་ན་སྐྱོན་གང་དག་བསྟན་པ་དེ་དག་ཏུ་མི་འགྱུར་བར་སེམས་ན། དེ་ལ་བཤད་པར་བྱ་སྟེ། གང་ཚེ་དེ་ཙམ་དེ་ཡིན་ན། །གང་གིས་བུད་ཤིང་དེ་སྲེག་བྱེད། །གང་གི་ཚེ་བསྲེག་བཞིན་པ་དེ་ཙམ་ན་དེ་ཉིད་ཡིན་ཞིང་གཞན་གང་དང་ལྡན་པས་ཀྱང་བསྲེག་བཞིན་པ་མ་ཡིན་ན་བུད་ཤིང་གི་གནས་སྐབས་ཀྱི་སྔ་རོལ་ན་མེ་ཞེས་བྱ་བ་གང་གིས་ཁྱབ་ཅིང་གང་གིས་བསྲེག་བཞིན་པ་ན་བུད་ཤིང་ཡིན་པར་འགྱུར་བ་གཞན་དེ་གང་ཡིན། བསྲེག་བཞིན་པའི་གནས་སྐབས་ཉིད་ལ་ཡང་ཅི་བུད་ཤིང་གང་ཁོ་ན་ཡིན་པ་དེ་ཉིད་མེ་ཡིན་ནམ། འོན་ཏེ་མེ་ཡང་གཞན་ལ་བུད་ཤིང་ཀྱང་གཞན་ཞེས་བསམ་པ་འདི་འབྱུང་ལ། ཁྱོད་ཀྱིས་ཀྱང་བསྲེག་བཞིན་པའི་གནས་སྐབས་ཉིད་ལ་མེས་ཁྱབ་ཅིང་མེས་བསྲེག་བཞིན་པ་བུད་ཤིང་ཡིན་ནོ་ཞེས་སྨྲས་པ་དེའི་ཚེ་གང་གི་ཕྱིར་མེས་ཁྱབ་ཅིང་མེས་བསྲེག་བཞིན་པ་བུད་ཤིང་ཡིན་པ་དེའི་ཕྱིར་མེ་ལ་བུད་ཤིང་མེད་པ་མ་ཡིན་ནོ་ཞེས་བྱ་བ་དེ་ཇི་ལྟར་སྨྲ་བ་རིགས་སོ། །དེ་ལྟ་བས་ན་གཞན་ཉིད་ཡིན་ན་ཡང་སྐྱོན་དུ་ཐལ་བར་འགྱུར་བ་དེ་དག་སོན་གནས་བཞིན་ནོ། །ཡང་གཞན་ཡང༌། གཞན་ན་མི་ཕྲད་ཕྲད་མེད་ན། །སྲེག་པར་མི་འགྱུར་མི་སྲེག་ན། །འཆི་བར་མི་འགྱུར་མི་འཆི་ན། །རང་གི་བརྟགས་དང་ལྡན་པར་གནས། །མེ་གཞན་ཡིན་ན་བུད་ཤིང་དང་མི་ཕྲད་པར་འགྱུར་རོ། །ཕྲད་པ་མེད་ན་དེ་སྲེག་པར་མི་འགྱུར་རོ། །ཅི་སྟེ་ཕྲད་པ་


DTG096_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱང་སྲེག་པར་འགྱུར་ན་ནི། ཕྱོགས་གཅིག་ན་འདུག་པས་འགྲོ་བ་མཐའ་དག་སྲེག་པར་འགྱུར་བས་དེའི་ཕྱིར་ཕྲད་པ་དེ་མི་འཐད་པས་གཞན་ཉིད་ཡིན་ཡང་བསྲེག་བཞིན་པ་ན་བུད་ཤིང་ཡིན་ནོ་ཞེས་གང་སྨྲས་པ་དེ་མི་འཐད་དོ། །མི་སྲེག་ན་འཆི་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་མེས་བུད་ཤིང་བསྲེགས་ན་ནི་བུད་ཤིང་ཟད་པས་འཆི་བར་ཡང་འགྱུར་བ་ཞིག་ན། མི་སྲེག་པ་ལ་འཆི་བ་རྒྱུ་མེད་པ་ལས་བྱུང་བ་ཇི་ལྟར་འབྱུང་བར་འགྱུར། མི་འཆི་ན་ནི་གཞན་ལ་མི་ལྟོས་པ་འབར་བྱེད་མེད་པའི་རྒྱུ་ལས་བྱུང་བ་རྟག་ཏུ་འབར་བ་དང༌། གང་གི་རྟགས་དང་ལྡན་པ་ཐེར་ཟུག་ཏུ་གནས་ཉིད་དུ་གནས་པར་འགྱུར་རོ། །ཡང་ན་ནི་དེ་བུད་ཤིང་ལས་གཞན་མ་ཡིན་པར་འགྱུར་རོ། །སྨྲས་པ། མེ་གཞན་ཡིན་ན་བུད་ཤིང་དང་མི་ཕྲད་པར་འགྱུར་རོ་ཞེས་གང་བཤད་པ་དེ་ལ་སྨྲ་བར་བྱ་སྟེ། གལ་ཏེ་ཤིང་ལས་མེ་གཞན་ཡང༌། །ཤིང་དང་ཕྲད་དུ་རུང་བར་འགྱུར། །གལ་ཏེ་བུད་ཤིང་ལས་མེ་གཞན་ཡིན་ན་ཡང་བུད་ཤིང་དང་ཕྲད་དུ་རུང་བར་འགྱུར་རོ། །ཇི་ལྟར་ཞེ་ན། ཇི་ལྟར་བུད་མེད་སྐྱེས་པ་དང༌། །སྐྱེས་པའང་བུད་མེད་ཕྲད་པ་བཞིན། །བཤད་པ། གལ་ཏེ་མེད་དང་ཤིང་དག་ནི། །གཅིག་གིས་གཅིག་ནི་བསལ་གྱུར་ན། །ཤིང་ལས་མེ་གཞན་ཉིད་ཡིན་ཡང༌། །ཤིང་དང་ཕྲད་པར་འདོད་ལ་རག །གལ་ཏེ་མེ་དང་བུད་ཤིང་དག་སྐྱེས་པ་དང་བུད་མེད་དག་བཞིན་དུ་གཅིག་གིས་གཅིག་བསལ་བར་གྱུར་ན་ནི་བུད་ཤིང་ལས་མེ་གཞན་ཉིད་ཡིན་ཡང་ཁྱོད་ཀྱི་ཡིད་ལ་བསམས་བ་བཞིན་དུ། ཇི་ལྟར་བུད་མེད་སྐྱེས་པ་དང་ཕྲད་པ་དང༌། སྐྱེས་པ་བུད་མེད་དང་ཕྲད་པ་བཞིན་དུ་བུད་ཤིང་དང་ཕྲད་པར་ཡང་འདོད་ལ་རག་ན་གང་གི་ཚེ་བསྲེག་བཞིན་པའི་གནས་སྐབས་ཉིད་ལ་བསམ་པ་འདི་འབྱུང་བ་དེའི་ཚེ་མེ་དང་བུད་ཤིང་ཕྲད་པར་འགྱུར་རོ་ཞེས་བྱ་བ་དེ་འཐད་པར་ག་ལ་འགྱུར། སྨྲས་པ། འདིར་དེ་གཉིས་གཅིག་པ་ཉིད་ཀྱང་མ་ཡིན་ལ། གཞན་ཉིད་ཀྱང་མ་ཡིན་པ་དེ་ཉིད་རིགས་པས་དེ་གཉིས་གཅིག་པ་ཉིད་དམ། གཞན་ཉིད་དུ་མ་གྱུར་ཀྱང་གོ་སླ་སྟེ། རེ་ཞིག་མེ་དང་བུད་ཤིང་དག་ནི་རབ་ཏུ་གྲུབ་པ་ཡིན་ནོ། །བཤད་པ། དེ་ནི་བཞད་གང་ཁོ་ནར་འགྱུར་ཏེ། །གང་དག་དངོས་པོ་གཅིག་པ་དང༌། །དངོས་པོ་གཞན་པ་ཉིད་དུ་ནི། །གྲུབ་པར་གྱུར་པ་ཡོད་མིད་པ། །དེ་གཉིས་གྲུབ་པ་ཧི་ལྟར་ཡོད། །སྨྲས་པ། །ཕན་


DTG096_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་ལྟོས་པ་ལས་བུད་ཤིང་ལ་ལྟོས་ནས་མེ་ཡིན་ལ། མེ་ལ་ལྟོས་ནས་བུད་ཤིང་ཡིན་ནོ། །བཤད་པ། གལ་ཏེ་ཤིང་ལྟོས་མེ་ཡིན་ལ། །གལ་ཏེ་མེ་ལྟོས་ཤིང་ཡིན་ན། །གང་ལ་ལྟོས་པའི་མེ་དང་ཤིང༌། །དང་པོར་གྲུབ་པ་གང་ཞིག་ཡིན། །གལ་ཏེ་བུད་ཤིང་ལ་ལྟོས་ནས་མེ་ཡིན་ལ། མེ་ལ་ལྟོས་ནས་ཀྱང་ཤིང་ཡིན་ན། །གང་ལ་ལྟོས་ནས་མེ་ཡིན་པར་འགྱུར་བའམ། བུད་ཤིང་ཡིན་པར་འགྱུར་བ་དེ་གཉིས་ལས་དང་པོར་གྲུབ་པ་གང་ཡིན། དེ་ལ་འདི་སྙམ་དུ་བུད་ཤིང་དང་པོར་གྲུབ་པ་དེ་ལ་ལྟོས་ནས་མེ་ཡིན་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། གལ་ཏེ་ཤིང་ལྟོས་མེ་ཡིན་ན། །མེ་གྲུབ་པ་ལ་སྒྲུབ་པར་འགྱུར། །གལ་ཏེ་བུད་ཤིང་དང་པོར་གྲུབ་པ་ལ་དེ་ལྟོས་ནས་མེ་ཡིན་པར་འགྱུར་ན་དེ་ལྟར་ན་མེ་གྲུབ་ཟིན་པ་ལ་ཡང་སྒྲུབ་པར་འགྱུར་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་མེ་གྲུབ་ན་བུད་ཤིང་ལ་ལྟོས་པར་འཐད་ཀྱི། མེ་མ་གྲུབ་ཅིང་མེད་ན་ཇི་ལྟར་བུད་ཤིང་ལ་ལྟོས་པར་བྱེད་དོ། །དེའི་ཕྱིར་བུད་ཤིང་མེད་པར་ཡང་མེ་རང་གིས་གྲུབ་པ་ལྟོས་པར་ནུས་པ་ལ་ཁྱོད་ཡང་བུད་ཤིང་ལ་ལྟོས་ནས་རབ་ཏུ་འགྲུབ་པར་འགྱུར་བ་དོན་མེད་པ་ཡོད་དམ། ཡང་གཞན་ཡང༌། བུད་པར་བྱ་བའི་ཤིང་ལ་ཡང༌། །མེ་མེད་པར་ནི་འགྱུར་བ་ཡིན། །དེ་ལྟ་ན་བུད་ཤིང་ལ་ཡང་མེ་མེད་པར་འགྱུར་བ་ཡིན་ནོ། །འདི་ལྟར་བུད་ཤིང་ཡང་གྲུབ་པ་ན་མེ་ལ་ལྟོས་པར་འཐད་ཀྱི། བུད་ཤིང་མ་གྲུབ་ཅིང་མེད་ན་ཇི་ལྟར་མེ་ལ་ལྟོས་པར་བྱེད་དོ། །དེའི་ཕྱིར་བུད་ཤིང་དེ་ཉིད་ཀྱང་མེ་མེད་པར་རང་གིས་རབ་ཏུ་གྲུབ་པར་ཐལ་བར་འགྱུར་བ་ལ་ཁྱོད་ཡང་མེ་ལ་ལྟོས་ནས་རབ་ཏུ་འགྲུབ་པ་དོན་མེད་པ་ལ་རྟོག་པར་བྱེད་དམ། དེ་ལྟ་བས་ན། དེ་གཉིས་ནི་ཕན་ཚུན་ལྟོས་ཏེ་འགྲུབ་པར་མི་འཐད་དོ། །དེ་བཞིན་དུ་མེ་སྔར་གྲུབ་པ་ལ་ལྟོས་ནས་བུད་ཤིང་འགྲུབ་པར་རྟོག་ན་ཡང་སྐྱོན་དང་ལྡན་པར་འགྱུར་རོ། །སྨྲས་པ། ཅི་མ་སྨྲས་པ་ལ་སྐྱོན་དེ་ལྟ་བུ་འདོགས་པར་བྱེད་དམ། གང་གི་ཚེ་ཁོ་བོས་དེ་དག་ཕན་ཚུན་ལྟོས་ཏེ་འགྲུབ་བོ་ཞེས་སྨྲས་པ་དེའི་ཚེ་དེ་དག་ལ་དང་པོར་གྲུབ་པ་གང་ཡིན་ཞེས་བྱ་བ་དང༌། གལ་ཏེ་དེ་དག་ལས་གང་ཡང་རུང་བ་དང་པོར་གྲུབ་པར་གྱུར་ན་ཕན་ཚུན་ལྟོས་པ་ཉིད་མི་འགྲུབ་བོ་ཞེས་བྱ་བ་དེ་དག་གང་གི་ལན་ཡིན། བཤད་པ། ཕན་ཚུན་ལྟོས་ཏེ་འགྲུབ་པར་རྟོག་ན་གང་ཡང་རུང་བ་དང་པོར་འགྲུབ་


DTG096_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འདོད་དུ་ཟིན་ཀྱང་དེ་ལྟ་ན་ཕན་ཚུན་ལྟོས་པ་འགྲུབ་པར་མི་འཐད་དོ། །ཇི་ལྟར་ཞེ་ན། གལ་ཏེ་དངོས་པོ་གང་ལྟོས་འགྲུབ། །དེ་ཉིད་ལ་ཡང་ལྟོས་ནས་ནི། །ལྟོས་བྱ་གང་ཡིན་དེ་འགྲུབ་ན། །གང་ལ་ལྟོས་ནས་གང་ཞིག་འགྲུབ། །གལ་ཏེ་བསྒྲུབ་པར་བྱ་བའི་དངོས་པོ་གང་ཡིན་པ་ནི་དངོས་པོ་གཞན་ལ་ལྟོས་ནས་འགྲུབ་ཅིང་བསྒྲུབ་པར་བྱ་བའི་དངོས་པོ་དེ་ཉིད་ལ་ཡང་ལྟོས་ནས་བསྒྲུབ་པར་བྱ་གྲུབ་པར་བྱ་བའི་ཕྱིར་ལྟོས་པར་བྱ་བའི་དངོས་པོ་གཞན་གང་ཡིན་པ་དེ་འགྲུབ་ན། འོ་ན་གྲུབ་པར་འདོད་པ་གང་ལ་ལྟོས་ནས་གང་ཞིག་འགྲུབ་པ་དེ་སྨྲོས་ཤིག །ཅི་ཁྱོད་ཀྱི་རྣ་ལམ་དུ་སྐྱེ་བོ་མཁས་པའི་ཁ་ནས་བརྗོད་པའི་ཚིག་དེ་དག་ནི་ཕན་ཚུན་ལྟོས་པ་དག་ཡིན་ལ། ཕན་ཚུན་ལྟོས་པ་དག་ནི་མི་འགྲུབ་བོ་ཞེས་བྱ་བ་དེ་སྔོན་ཆད་མ་གྲགས་སམ། དཔེར་ན་གྲུ་ལ་བསྟོད་པ་གཅིག་གི་སྐྱབས་སུ་གཅིག་མི་འགྱུར་བ་བཞིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་ན་ཁྱོད་ངོ་ཚ་བོར་ཏེ་དེ་དག་ཕན་ཚུན་ལྟོས་ཏེ་འགྲུབ་བོ་ཞེས་གསང་བསྟོད་དེ་སྨྲ་འམ། རེ་ཞིག་མཉམ་པར་གཞག་པའི་ཡིད་ཀྱིས་ལེགས་པར་སོམས་ལ་དེ་སྨྲོས་ཤིག །དངོས་པོ་ལྟོས་འགྲུབ་གང་ཡིན་པ། །དེ་མ་གྲུབ་ན་ཇི་ལྟར་ལྟོས། །དངོས་པོ་གང་དངོས་པོ་གཞན་ལ་ལྟོས་ཏེ་འགྲུབ་བོ་ཞེས་བརྗོད་པའི་དངོས་པོ་དེ་མ་གྲུབ་ཅིང༌། མེད་ན་ཇི་ལྟར་ལྟོས་པར་བྱེད། །དེ་མ་གྲུབ་ཅིང་མེད་པ་ལ་ཡང་ཇི་ལྟར་ལྟོས་པར་བྱ། ཅི་སྟེ་གྲུབ་པ་ལྟོས་ཤེ་ན། །ཅི་སྟེ་ཡང་ཁྱོད་གྲུབ་པ་ཉིད་གཞན་ལ་ལྟོས་ཀྱི། མ་གྲུབ་པ་ལ་ནི་མི་ལྟོས་ལ་གྲུབ་པ་ལ་ཡང་ཅི་ཞིག་ལྟོས་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། དེ་ནི་ལྟོས་པར་མི་རིགས་སོ། །དངོས་པོ་གྲུབ་ཅིང་ཡོད་པ་ཡང་གྲུབ་པར་བྱ་བའི་ཕྱིར་གཞན་ལ་ལྟོས་པ་ནི་དོན་མེད་པའི་ཕྱིར་མི་རིགས་སོ། །དངོས་པོ་གྲུབ་ཅིང་ཡོད་པ་ལ་གཞན་ལ་ལྟོས་པས་ཅི་བྱ། གྲུབ་ཅིང་ཡོད་པ་ལ་གཞན་ལྟོས་པས་ཀྱང་ཇི་ལྟར་འགྱུར། དེ་ལྟ་བས་ན་གྲུབ་པ་དང་མ་གྲུབ་པ་དག་ལྟོས་པར་མི་འཐད་པའི་ཕྱིར་མེད་བུད་ཤིང་དག་ལ་ལྟོས་ཏེ་འགྲུབ་པར་མི་འཐད་དོ། །མེ་དང་བུད་ཤིང་གི་སྐབས་སུ་དངོས་པོའི་ཚིག་སྨྲོས་པ་ནི་མེ་དང་བུད་ཤིང་དག་ཀྱང་དངོས་པོ་ཡིན་པའི་ཕྱིར་ཏེ། འོག་ནས་ཀྱང༌། བུམ་སྣམ་ལ་སོགས་ལྷན་ཅིག་ཏུ། །ཞེས་འབྱུང་ངོ༌། །དེའི་ཕྱིར་འདི་ནི་དངོས་པོ་ཐམས་ཅད་བརྟག་པ་ཉིད་ཡིན་པའི་ཕྱིར་དངོས་པོ་ཞེས་སྨྲོས་སོ། །ཤིང་མ་ལྟོས་པའི་


DTG096_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

མེ་མེད་དེ། །ཤིང་ལ་མ་ལྟོས་མེ་ཡང་མེད། །མེ་ལ་ལྟོས་པའི་ཤིང་མེད་དེ། །མེ་ལ་མ་ལྟོས་ཤིང་ཡང་མེད། །དེའི་ཕྱིར་དེ་ལྟར་རིགས་པ་སྔོན་དུ་བཏང་སྟེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་ན་བུད་ཤིང་ལ་ལྟོས་པའི་མེ་མེད་དེ། མེ་དང་བུད་ཤིང་གྲུབ་པ་དང༌། །མ་གྲུབ་པ་དག་ལྟོས་པར་མི་འཐད་པའི་ཕྱིར་རོ། །བུད་ཤིང་ལ་མ་ལྟོས་པའི་མེ་ཡང་མེད་དེ། གཞན་ལ་ལྟོས་པ་མེད་པ་དང༌། འབར་བྱེད་མེད་པའི་རྒྱུ་ལས་བྱུང་བ་དང༌། རྟག་ཏུ་འབར་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ནི་མེ་ལ་ལྟོས་པའི་བུད་ཤིང་ཡང་མེད་དེ། མེ་དང་བུད་ཤིང་གྲུབ་པ་དང་མ་གྲུབ་པ་དག་ལྟོས་པར་མི་འཐད་པའི་ཕྱིར་རོ། །མེ་ལ་མ་ལྟོས་པའི་བུད་ཤིང་ཡང་མེད་དེ། འདི་ལྟར་མེ་མེད་ཅིང་བསྲེག་བཞིན་པ་མ་ཡིན་པ་བུད་ཤིང་དུ་ཇི་ལྟར་འགྱུར། ཅི་སྟེ་འགྱུར་ན་ནི་བུད་ཤིང་མ་ཡིན་པར་འགྱུར་བ་ཅི་ཡང་མེད་དེ། དེ་ནི་མི་འདོད་པས་དེའི་ཕྱིར་མེ་ལ་མ་ལྟོས་པའི་བུད་ཤིང་ཡང་མེད་དོ། །མེ་ནི་གཞན་ལས་མི་འོང་སྟེ། །ཤིང་ལའང་མེ་ནི་ཡོད་མ་ཡིན། །མེ་ནི་གཞན་གང་ལས་ཀྱང་མི་འོང་སྟེ། ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་གཞན་ལས་འོང་བར་རྣམ་པར་བརྟག་པ་གང་ཡིན་པ་དེ་ཡང་བུད་ཤིང་དང་བཅས་པར་རམ། བུད་ཤིང་མེད་པར་རོ་གྲང་ན། །དེ་ལྟ་ན་དེ་ལ་ཡང་བསམ་པ་དང་སྐྱོན་དུ་ཐལ་བ་དེ་དག་ཉིད་དུ་འགྱུར་བས་གཞན་ལས་འོང་བར་བརྟག་པ་དོན་མེད་པར་འགྱུར་རོ། །བུད་ཤིང་ལ་ཡང་མེ་ཡོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མི་དམིགས་པའི་ཕྱིར་དང༌། རྩོམ་པ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །གསལ་བ་དང་ཆེན་པོ་ཉིད་ཀྱང་སྔ་ན་མེད་པའི་ཕྱིར་འབྲས་བུ་སྔ་ན་མེད་པར་ཐལ་བར་འགྱུར་རོ། །གལ་ཏེ་ཏིལ་དག་ལ་ཏིལ་བར་བཞིན་ན་ཞེ་ན། དེ་ཡང་མི་རུང་སྟེ། ཏིལ་ནི་བརྡུང་བ་དང་སྣུམ་པ་དག་ཡིན་པའི་ཕྱིར་དང༌། ཏིལ་བར་ནི་གཞན་དུ་དམིགས་པའི་ཕྱིར་རོ། །སོང་དང་མ་སོང་བགོས་པ་ཡིས། །དེ་བཞིན་ཤིང་ལ་ལྷག་མ་བསྟན། །རྣམ་པ་དེ་དག་གིས་དེ་བཞིན་དུ་བུད་ཤིང་ལ་ཡང་བརྗོད་པ་ལྟག་མ་དག་བསྟན་པར་ཁོང་དུ་ཆུད་པར་བྱའོ། །རྣམ་པ་གང་གིས་ཤེ་ན། སོང་བ་དང་མ་སོང་བ་དང་བགོམ་པའི་རྣམ་པ་དག་གིས་ཏེ། ཇི་ལྟར་སོང་བ་ལ་འགྲོ་བ་མེད་པ་དང༌། མ་སོང་བ་ལ་མེད་པ་དང༌། བགོས་པ་ལ་འགྲོ་བ་མེད་པ་དེ་བཞིན་དུ་བུད་ཤིང་བསྲེགས་པ་ལ་ཡང་སྲེག་པ་མེད།


DTG096_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྲེགས་པ་ལ་ཡང་མེད་བསྲེག་བཞིན་པ་ལ་ཡང་སྲེག་པ་མེད་དོ། །ཇི་ལྟར་སོང་བ་ལ་འགྲོ་བའི་རྩོམ་པ་དོན་མེད་པ་དང༌། མ་སོང་བ་ལ་མེད་པ་དང༌། བགོམ་པ་ལ་འགྲོ་བའི་རྩོམ་པ་མེད་པ་དེ་བཞིན་དུ་བསྲེགས་པ་ལ་ཡང་སྲེག་པའི་རྩོམ་པ་མེད། མ་བསྲེགས་པ་ལ་ཡང་མེད། བསྲེག་བཞིན་པ་ལ་ཡང་སྲེག་པའི་རྩོམ་པ་མེད་དོ། །ཇི་ལྟར་འགྲོ་བ་པོ་འགྲོ་བར་མི་བྱེད་པ་དང༌། འགྲོ་བ་པོ་མ་ཡིན་པ་མི་བྱེད་པ་དང༌། འགྲོ་བ་པོ་ཡིན་པ་དང༌། འགྲོ་བ་པོ་མ་ཡིན་པར་འགྲོ་བར་མི་བྱེད་དེ། མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་དེ་བཞིན་དུ་མེ་ཡང་སྲེག་པ་པོ་ཡང་སྲེག་པར་མི་བྱེད། སྲེག་པ་པོ་མ་ཡིན་པ་ཡང་མི་བྱེད། སྲེག་པ་པོ་ཡིན་པ་ཡང་སྲེག་པར་མི་བྱེད་དེ། མེད་པ་ཉིད་ཀྱི་ཕྱིར། དེ་བཞིན་དུ་ལྷག་མ་རྣམས་ཀྱང་དྲང་བར་བྱའོ། །ཤིང་ཉིད་མེ་ནི་མ་ཡིན་ཏེ། །ཤིང་ལས་གཞན་ལ་མེ་ཡང་མེད། །མེ་ནི་ཤིང་དང་ལྡན་མ་ཡིན། །མེ་ལ་ཤིང་མེད་དེར་དེ་མེད། །རེ་ཞིག་བུད་ཤིང་གང་ཁོ་ན་ཡིན་པ་དེ་ཉིད་མེ་མ་ཡིན་ཏེ། བྱེད་པ་པོ་དང་ལས་དག་གཅིག་པ་ཉིད་ཀྱི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །བུད་ཤིང་ལས་གཞན་ལ་ཡང་མེད་དེ། གཞན་ལ་མི་ལྟོས་པ་ཉིད་ལ་སོགས་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །མེ་བུད་ཤིང་དང་ལྡན་པ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ལྡན་པའི་རྐྱེན་འདི་མེ་དང་བུད་ཤིང་དག་གཅིག་པ་ཉིད་དམ། །གཞན་ཉིད་ལ་ཡོད་གྲང་ན། དེ་དག་གིས་དེ་གཉི་ག་བསལ་ཟིན་པའི་ཕྱིར་རོ། །སྨྲས་པ། མི་རུང་སྟེ། འཇིག་རྟེན་ན་མཐོང་བའི་ཕྱིར་རོ། །འདི་ལྟར་དེ་ནི་འཇིག་རྟེན་ན་མེ་འདི་ནི་བུད་ཤིང་དང་ལྡན་ནོ། །མེ་འདི་ནི་བུད་ཤིང་མེད་པའོ་ཞེས་བྱ་བར་མཐོང༌། བཤད་པ། འདི་ནི་དེ་ཁོ་ན་བསམ་པ་ཡིན་པས་འདི་ལ་འཇིག་རྟེན་པའི་བརྗོད་པ་གང་ལ་འདི་ནི་བདག་དང་ལྡན་ནོ་ཞེས་ཀྱང་ཟེར་བ་དག་གིས་ཅི་བྱ། མེ་ལ་བུད་ཤིང་དག་རྫ་བོ་ན་རྒྱ་ཤུག་ལྟར་ཡོད་པ་ཡང་མ་ཡིན་ལ། བུད་ཤིང་དག་ལ་མེ་ཆུ་ན་པད་མ་དག་ལྟར་ཡོད་པ་ཡང་མ་ཡིན་ཏེ། ཅིའི་ཕྱིར་མེད་ཅེ་ན། གཞན་ཉིད་ཀྱི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །མེ་དང་ཤིང་གིས་བདག་དང་ནི། །ཉེ་བར་བླང་བའི་རིམ་པ་ཀུན། །བུམ་སྣམ་སོགས་དང་ལྷན་ཅིག་ཏུ། །མ་ལུས་པར་ནི་རྣམ་པར་བཤད། །མེ་དང་བུད་ཤིང་དག་གིས་བདག་དང་ཉེ་བར་བླང་བ་དག་གི་གཅིག་པ་ཉིད་དང༌། གཞན་ཉིད་དང་ཕན་ཚུན་ལྟོས་པར་མི་འཐད་པའི་རིམ་པ་ཐམས་ཅད་བུམ་པ་དང་སྣམ་


DTG096_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལ་སོགས་པ་དག་དང་ལྷན་ཅིག་ཏུ་མ་ལུས་པར་རྣམ་པར་བཤད་པ་ཁོང་དུ་ཆུད་པར་བྱ་སྟེ། འདི་ལྟ་སྟེ། ཇི་ལྟར་མེ་བུད་ཤིང་དང་གཅིག་པ་ཉིད་ཀྱང་མ་ཡིན་གཞན་ཉིད་དུ་ཡང་མི་འཐད་ཕན་ཚུན་ལྟོས་ཏེ་གྲུབ་པ་ཡང་མི་འཐད་པ་དེ་བཞིན་དུ་བདག་ཀྱང་ཉེ་བར་བླང་བ་དང་གཅིག་པ་ཉིད་ཀྱང་མ་ཡིན། གཞན་ཉིད་དུ་ཡང་མི་འཐད། ཕན་ཚུན་ལྟོས་ཏེ་འགྲུབ་པར་ཡང་མི་འཐད་དོ། །ཇི་ལྟར་མེ་གཞན་ལས་ཀྱང་མི་འོང་བུད་ཤིང་ལ་ཡང་ཡོད་པ་མ་ཡིན་པ་དེ་བཞིན་དུ་བདག་ཀྱང་གཞན་ལས་ཀྱང་མི་འོང༌། ཉེ་བར་བླང་བ་ལ་ཡང་ཡོད་པ་མ་ཡིན་ནོ། །ཇི་ལྟར་བུད་ཤིང་ཉིད་ཀྱང་མེ་མ་ཡིན། །བུད་ཤིང་ལས་གཞན་ལ་ཡང་མེ་མེད། མེ་བུད་ཤིང་དང་ལྡན་པ་ཡང་མ་ཡིན། མེ་ལ་བུད་ཤིང་དག་ཡོད་པ་ཡང་མ་ཡིན། བུད་ཤིང་དག་ལ་མེ་ཡོད་པ་ཡང་མ་ཡིན་པ་དེ་བཞིན་དུ་ཉེ་བར་བླང་བདག་ཀྱང་བདག་མ་ཡིན། ཉེ་བར་བླང་བ་ལས་གཞན་པ་ཡང་བདག་མེད། བདག་ཉེ་བར་བླང་བ་དང་ལྡན་པ་ཡང་མ་ཡིན། བདག་ལ་ཉེ་བར་བླང་བ་དག་ཡོད་པ་ཡང་མ་ཡིན། ཉེ་བར་བླང་བདག་ལ་བདག་ཡོད་པའང་མ་ཡིན་ནོ། །ཇི་ལྟར་མེས་བུད་ཤིང་བསྲེགས་པ་ལ་ཡང་སྲེག་པ་མེད་མ་བསྲེགས་པ་ལ་ཡང་མེད། བསྲེག་བཞིན་པ་ལ་ཡང་སྲེག་པ་མེད་པ་དང༌། ཇི་ལྟར་མེས་བསྲེག་པ་ལ་ཡང་སྲེག་པའི་རྩོམ་པ་མེད་མ་བསྲེགས་པ་ལ་ཡང་མེད། བསྲེག་བཞིན་པ་ལ་ཡང་སྲེག་པའི་རྩོམ་པ་མེད་པ་དང༌། ཇི་ལྟར་མེས་སྲེག་པ་པོ་ཡང་སྲེག་པར་མི་བྱེད། སྲེག་པ་པོ་མ་ཡིན་པ་ཡང་མི་བྱེད། སྲེག་པ་པོ་ཡིན་པ་དང༌། སྲེག་པ་པོ་མ་ཡིན་པ་ཡང་སྲེག་པར་མི་བྱེད་དེ། མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་དེ་བཞིན་དུ་བདག་གིས་ཉེ་བར་བླང་བ་ལ་ཡང་ཉེ་བར་ལེན་པ་མེད། ཉེ་བར་མ་བླངས་པ་ལ་ཡང་མེད། ཉེ་བར་ལེན་བཞིན་པ་ལ་ཡང་ཉེ་བར་ལེན་པ་མེད་ཅིང༌། དེ་བཞིན་དུ་བདག་གིས་ཉེ་བར་བླངས་པ་ལ་ཡང་ཉེ་བར་ལེན་པའི་རྩོམ་པ་མེད། ཉེ་བར་མ་བླངས་པ་ལ་ཡང་མེད། ཉེ་བར་ལེན་བཞིན་པ་ལ་ཡང་ཉེ་བར་ལེན་པའི་རྩོམ་པ་མེད་ལ། དེ་བཞིན་དུ་བདག་གིས་ཉེ་བར་ལེན་པ་པོ་ཡང་ཉེ་བར་ལེན་པར་མི་བྱེད། ཉེ་བར་ལེན་པ་པོ་མ་ཡིན་པ་ཡང་མི་བྱེད། ཉེ་བར་ལེན་པ་པོ་ཡིན་པ་དང༌། ཉེ་བར་ལེན་པ་པོ་མ་ཡིན་པ་ཡང་ཉེ་བར་ལེན་པར་མི་བྱེད་དེ། མེད་པ་ཉིད་ཀྱི་ཕྱིར་རོ། །བུམ་སྣམ་ལ་སོགས་པ་ལྷན་ཅིག་


DTG096_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཞེས་བྱ་བ་ནི། མེ་དང་བུད་ཤིང་དག་གིས་བདག་དང་ཉེ་བར་བླང་བ་དག་གི་རིམ་པ་གང་དག་རྣམ་པར་བཤད་པ་དེ་དག་བུམ་པ་དང་སྣམ་བུ་ལ་སོགས་པ་དག་དང་ཡང་ལྷན་ཅིག་ཏུ་རྣམ་པར་བཤད་དེ། བདག་དང་ཉེ་བར་བླང་བ་དག་དང་བུམ་པ་དང༌། སྣམ་བུ་ལ་སོགས་པ་དག་གི་རིམ་པ་ཐམས་ཅད་མ་ལུས་པར་རྣམ་པར་བཤད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་བུམ་པ་དང་སྣམ་བུ་ལ་སོགས་པ་དག་ནི། རྒྱུ་དང་འབྲས་བུར་གྱུར་པ་དང༌། ཡན་ལག་དང༌། ཡན་ལག་ཅན་དུ་གྱུར་པ་དང༌། ཡོན་ཏན་དང༌། ཡོན་ཏན་ཅན་དུ་གྱུར་པ་དང༌། མཚན་ཉིད་དང༌། མཚན་ཉིད་ཀྱི་གཞིར་གྱུར་པ་རྣམ་པ་དེ་ལྟ་བུ་དག་ཏུ་ཤེས་པར་བྱའོ། །འདི་ལྟ་སྟེ། འཇིམ་པ་ཉིད་བུམ་པ་མ་ཡིན་ཏེ། འཇིམ་པས་འབྲས་བུ་བུམ་པ་བྱེད་པ་མེད་པར་འགྱུར་བའི་ཕྱིར་རོ། །འཇིམ་པ་ལས་བུམ་པ་གཞན་ཉིད་ཀྱང་མ་ཡིན་ཏེ། གཞན་ལ་ལྟོས་པ་མེད་པ་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་དག་ཕན་ཚུན་ལྟོས་པར་ཡང་མི་འགྲུབ་སྟེ། གྲུབ་པ་དང་མ་གྲུབ་པ་དག་ལྟོས་པར་མི་འཐད་པའི་ཕྱིར་རོ། །ལོ་མ་ཉིད་ཤིང་ལྗོན་པ་མ་ཡིན་ཏེ། ལོ་མ་ལྷགས་ན་ཤིང་ལྗོན་པ་འཇིག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ལོ་མ་ལས་ཤིང་ལྗོན་པ་གཞན་ཉིད་ཀྱང་མ་ཡིན་ཏེ། གཞན་ལ་ལྟོས་པ་མེད་པ་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་དག་ལ་ཕན་ཚུན་ལྟོས་པར་ཡང་མི་འགྲུབ་སྟེ། །གྲུབ་པ་དང་མ་གྲུབ་པ་དག་ལྟོས་པར་མི་འཐད་པའི་ཕྱིར་རོ། །སྔོན་པོ་ཉིད་ལོ་མ་མ་ཡིན་ཏེ། སྔོན་པོ་ཡ་ལན་ལོ་མ་ཡིན་པར་ཐལ་བར་འགྱུར་པའི་ཕྱིར་རོ། །སྔོན་པོ་ལས་ལོ་མ་གཞན་ཉིད་ཀྱང་མ་ཡིན་ཏེ། ལོ་མ་ལྷགས་ཀྱང་སྔོན་པོ་གནས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་དག་ཕན་ཚུན་ལྟོས་པར་ཡང་མི་འགྲུབ་སྟེ། གྲུབ་པ་དང་མ་གྲུབ་པ་དག་ལྟོས་པར་ཡང་མི་འཐད་པའི་ཕྱིར་རོ། །མཚན་ཉིད་མཚན་ཉིད་ཀྱི་གཞི་མ་ཡིན་ཏེ། སྒྲུབ་པ་དང་བསྒྲུབ་པར་བྱ་བ་ཐ་དད་པའི་ཕྱིར་དང༌། གྲངས་ཐ་དད་པའི་ཕྱིར་རོ། །མཚན་ཉིད་ལས་མཚན་ཉིད་ཀྱི་གཞི་གཞན་ཉིད་ཀྱང་མ་ཡིན་ཏེ། དངོས་པོ་མཚོན་པར་བྱ་བ་མ་ཡིན་པ་རབ་ཏུ་མི་འགྲུབ་པའི་ཕྱིར་རོ། །དེ་དག་ཕན་ཚུན་ལྟོས་པར་ཡང་མི་འགྲུབ་སྟེ། གྲུབ་པ་དང་མ་གྲུབ་པ་དག་ལྟོས་པར་མི་འཐད་པའི་ཕྱིར་རོ། །ཇི་ལྟར་མེ་གཞན་ལས་མི་འོང་བ་དང༌། བུད་ཤིང་ཡང་མ་ཡོད་པ་མ་ཡིན་པ་དང༌། བུད་ཤིང་ཉིད་མེ་མ་ཡིན་པ་


DTG096_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བུད་ཤིང་ལས་གཞན་ལ་ཡང་མེ་མེད་པ་དང༌། མེ་བུད་ཤིང་དང་ལྡན་པ་ཡང་མ་ཡིན་པ་དང༌། མེ་ལ་བུད་ཤིང་དག་མེད་པ་དང༌། བུད་ཤིང་དག་ལ་མེ་མེད་པར་བསྟན་པ་དེ་བཞིན་དུ་འབྲས་བུ་ཡང་གཞན་ལས་མི་འོང་བ་དང༌། རྒྱུ་ལ་ཡང་འབྲས་བུ་ཡོད་པ་མ་ཡིན་པ་དང༌། རྒྱུ་ཉིད་འབྲས་བུ་མ་ཡིན་པ་དང༌། རྒྱུ་ལས་གཞན་ལ་ཡང་འབྲས་བུ་མེད་པ་དང༌། འབྲས་བུ་རྒྱུ་དང་ལྡན་པ་མ་ཡིན་པ་དང༌། འབྲས་བུ་ལ་རྒྱུ་དག་མེད་པ་དང༌། རྒྱུ་དག་ལ་འབྲས་བུ་མེད་པའོ། །དེ་བཞིན་དུ་ཐམས་ཅད་ལ་ཡང་ཇི་ལྟར་ཇི་སྲིད་པ་བཞིན་དུ་སྦྱར་བར་བྱའོ། །དེའི་ཕྱིར་དེ་ལྟར་ངོ་བོ་ཉིད་ཀྱིས་བདག་དང་དངོས་པོ་རྣམས་རྣམ་པ་དུ་མར་མི་འཐད་པ་ན་རྟོག་པའི་རང་བཞིན་ཅན་མ་ཡིན་པ་མཁས་པའི་ང་རྒྱལ་ཅན། གང་དག་བདག་དང་དངོས་པོ་རྣམས། །དེ་བཅས་ཉིད་དང་ཐ་དད་པར། །སྟོན་པ་དེ་དག་བསྟན་དོན་ལ། །མཁས་སོ་སྙམ་དུ་མི་སེམས་སོ། །གང་དག་པ་དེ་དང་བཅས་པ་ཉིད་དང་ཐ་དད་པ་དང༌། དངོས་པོ་རྣམས་དེ་དང་བཅས་པ་ཉིད་དང༌། ཐ་དད་པར་སྟོན་པ་དེ་དག་བསྟན་པའི་དོན་ལ་མཁས་པ་ཡིན་པར་ཁོ་བོ་མི་སེམས་སོ། །དེ་བཅས་ཞེས་བྱ་བ་ནི་དེ་དང་བཅས་པའོ། །དེ་དང་བཅས་པའི་དངོས་པོ་ནི་དེ་དང་བཅས་པ་ཉིད་དོ། །བདག་དེ་དང་བཅས་པའི་དངོས་པོ་ནི་བདག་དེ་དང་བཅས་པ་ཉིད་དོ། །དངོས་པོ་རྣམས་དེ་དང་བཅས་པའི་དངོས་པོ་ཡང་དངོས་པོ་རྣམས་དེ་དང་བཅས་པ་ཉིད་དོ། །གང་གིས་བདག་གམ་དངོས་པོ་རྣམས་སུ་གདགས་པ་དེ་དང་བཅས་པ་ཉིད་དེ་ནི་བདག་ཉིད་དམ་དངོས་པོ་རྣམས་ཡིན་ཏེ། ཐ་དད་པར་གྱུར་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟ་སྟེ་ཉེ་བར་བླང་བ་གང་གིས་བདག་ཏུ་གདགས་པའི་ཉེ་བར་བླང་བ་དེ་ཉིད་དང་བཅས་པ་དེ་ནི་བདག་ཉིད་ཡིན་གྱི། འབའ་ཞིག་ནི་མ་ཡིན་ཏེ། གང་དག་བདག་ཉི་བར་བླང་བ་དང་བཅས་པའི་དངོས་པོ་དེ་དེ་དང་བཅས་པ་ཉིད་དུ་སྟོན་པར་བྱེད་པ་དང༌། གང་དག་བདག་ཐ་དད་པར་གྱུར་པ་ལྟ་བ་ལ་སོགས་པ་དག་གི་སྔ་རོལ་ན་དངོས་པོ་འགའ་ཞིག་གནས་པ་ཡོད་དོ་ཞེས་སྟོན་པར་བྱེད་པ་དང༌། དེ་བཞིན་དུ་དངོས་པོ་རྣམས་ལ་ཡང་བུད་ཤིང་གང་གིས་མེར་གདགས་པའི་བུད་ཤིང་དེ་ཉིད་དང་བཅས་པ་དེ་ནི་མེ་ཉིད་ཡིན་གྱི། འབའ་ཞིག་ནི་མ་ཡིན་ཏེ། གང་དག་མེ་བུད་ཤིང་དང་བཅས་པའི་དངོས་པོ་དེ་དེ་དང་བཅས་པ་ཉིད་དུ་སྟོན་པར་བྱེད་པ་དང༌། དེ་བཞིན་


DTG096_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གང་དག་ཡོན་ཏན་ཅན་ལོ་མ་ཡང་ཡོན་ཏན་སྔོན་པོ་ལ་སོགས་པ་དེ་དག་དང་བཅས་པ་ཉིད་ན་ལོ་མ་ཡིན་གྱི། འབའ་ཞིག་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་པ་དང༌། དེ་བཞིན་དུ་གང་དག་འབྲས་བུ་སྣམ་བུ་ཡང་རྒྱུ་སྤུན་དེ་དག་དང་བཅས་པ་ཉིད་ན་འབྲས་བུ་ཡིན་གྱི། འབའ་ཞིག་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་པ་དང༌། དེ་བཞིན་དུ་གང་དག་ཡན་ལག་ཅན་ལུས་ཀྱང་ཡན་ལག་ལག་པ་ལ་སོགས་པ་དེ་དག་དང་བཅས་པ་ཉིད་ན་ཡན་ལག་ཅན་ཡིན་གྱི་འབའ་ཞིག་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་པ་དང༌། དེ་བཞིན་དུ་གང་དག་མཚན་ཉིད་ཀྱིས་གཞི་བ་ལང་ཡང་མཚན་ཉིད་རྭ་ལ་སོགས་པ་དེ་དག་དང་བཅས་པ་ཉིད་ན་མཚན་ཉིད་ཀྱི་གཞི་ཡིན་གྱི། འབའ་ཞིག་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་པ་དང༌། གང་དག་དངོས་པོ་རྣམས་ཐ་དད་པ་ཉིད་དུ་སྟོན་ཏེ། མེ་ཡང་གཞན་ཉིད་ལ་བུད་ཤིང་ཡང་གཞན་ཉིད་ཡིན། ཡོན་ཏན་ཅན་ལོ་མ་ཡང་གཞན་ཉིད་ལ་ཡོན་ཏན་སྔོན་པོ་ལ་སོགས་པ་དག་ཀྱང་གཞན་ཉིད་ཡིན། འབྲས་བུ་སྣམ་བུ་ཡང་གཞན་ཉིད་ལ་རྒྱུ་སྤུན་དག་ཀྱང་གཞན་ཉིད་ཡིན། ཡན་ལག་ཅན་ལུས་ཀྱང་གཞན་ཉིད་ལ་ཡན་ལག་ལག་པ་ལ་སོགས་པ་དག་ཀྱང་གཞན་ཉིད་ཡིན། མཚན་ཉིད་ཀྱི་གཞི་བ་ལང་ཡང་གཞན་ཉིད་ལ་མཚན་ཉིད་རྭ་ལ་སོགས་པ་དག་ཀྱང་གཞན་ཉིད་ཡིན་ནོ་ཞེས་སྟོན་པར་བྱེད་པ་དེ་དག་ནི་བསྟན་པའི་དོན་ལ་མཁས་པ་ཡིན་ནོ་སྙམ་དུ་ཁོ་བོ་མི་སེམས་སོ། །ཅིའི་ཕྱིར་ཞེ་ན། དེ་དང་བཅས་པའི་དངོས་པོ་ནི་དེ་དང་བཅས་པ་ཉིད་དོ་ཞེས་བྱ་བ་གང་ཡིན་པ་དེ་ཡང་གཅིག་པ་ཉིད་དམ་གཞན་ཉིད་དང་བཅས་པའི་དངོས་པོ་ཞིག་ཡིན་གྲང་ན། གཉི་ག་ལྟར་ཡང་མི་འཐད་དེ་ཚིགས་སུ་བཅད་པ་གོང་མར་བསྟན་ཟིན་པའི་ཕྱིར་དང༌། འདོད་ཆགས་དང་ཆགས་པ་བརྟག་པའི་རབ་ཏུ་བྱེད་པར་ཡང་གཅིག་ནཱ་ལྷན་ཅིག་ཡོད་མིན་ཏེ་ཞེས་རྒྱས་པར་བསྟན་པས་ལྷན་ཅིག་ཉིད་དགག་པ་གྲུབ་པའི་ཕྱིར་རོ། །མེ་དང་བུད་ཤིང་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་པའོ།། །།སྨྲས་པ། བདག་ནི་ཡོད་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཁོར་བ་ཡོད་པའི་ཕྱིར་ཏེ། འདི་ལ་བཅོམ་ལྡན་འདས་ཀྱིས། །དམ་ཆོས་རྣམ་པར་མི་ཤེས་པའི། །བྱིས་པ་ལ་ནི་འཁོར་བ་རིང༌། །ཞེས་གསུངས་སོ། །དེ་བཞིན་དུ་དགེ་སློང་དག་དེ་ལྟ་བས་ན་ཁྱོད་ཀྱིས་འཁོར་བ་ཟད་པར་བྱ་བའི་ཕྱིར་ནན་ཏན་བྱ་ཞིང་དེ་ལྟར་བསླབ་པར་བྱའོ་ཞེས་ཀྱང་


DTG096_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་ཏོ། །དེའི་ཕྱིར། གང་རིང་བར་བསྟན་པ་དང༌། གང་ཟད་པར་བྱ་བའི་ཕྱིར་ནན་ཏན་བྱ་བ་བསྟན་པའི་འཁོར་བ་དེ་ཡོད་དོ། །མེད་དུ་ཟིན་ཀྱང་ཇི་ལྟ་རིང་བ་དང་ཟད་པར་འགྱུར། དེ་ལྟ་བས་ན། རིང་བ་དང་ཟད་པར་གསུངས་པས་འཁོར་བ་ཡོད་དོ། །འཁོར་བ་ན་ཡོད་ན་འཁོར་བ་པོ་ཡང་ཡོད་པར་མངོན་ནོ། །ཅིའི་ཕྱིར་ཞེ་ན། འོངས་ཤིང་འོངས་ཤིང་ཡང་དང་ཡང་དེར་འགྲོ་བས་ན། འཁོར་བ་ཞེས་བྱ་བའི་ཕྱིར་ཏེ། གང་འོངས་ཤིང་འོངས་ཤིང་འགྲོ་བ་དེ་ནི་བདག་ཡིན་ནོ། །དེའི་ཕྱིར་བདག་ནི་ཡོད་པ་ཁོ་ན་ཡིན་ནོ། །བཤད་པ། ཅི་ཁྱོད་ཀྱིས་སྦྲང་རྩི་མཐོང་ལ་གཡང་ས་མ་མཐོང་ངམ། ཁྱོད་ཀྱིས་འཁོར་བ་རིང་བ་དང་ཟད་པར་གསུངས་པ་མཐོང་ལ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞན་འདི་མ་མཐོང་ཀོ། །སྔོན་མཐའ་མངོན་ནམ་ཞེས་ཞུས་ཚེ། །ཐུབ་པ་ཆེན་པོས་མིན་ཞེས་གསུངས། །འཁོར་བ་ཐོག་མ་ཐ་མེད་དེ། །དེ་ལ་སྔོན་མེད་ཕྱི་མ་མེད། །བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། ཐུབ་པ་ཆེན་པོས་དགེ་སློང་དག་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་དོ། །སྔོན་གྱི་མཐའ་མི་མངོན་ནོ་ཞེས་བཀའ་སྩལ་པས་དེའི་ཕྱིར་ཐོག་མ་དང་ཐ་མ་མེད་པར་གསུངས་པས་བཅོམ་ལྡན་འདས་ཀྱིས་འཁོར་བ་ཡང་ངོ་བོ་ཉིད་སྟོང་པར་བསྟན་ཏོ། །འདི་ལྟར་གལ་ཏེ་འཁོར་བ་པ་ཞེས་བྱ་བ་དངོས་པོ་འགའ་ཞིག་ཡོད་པར་གྱུར་པ་ན་དེ་ལ་ཐོག་མ་ཡང་ཡོད། ཐ་མ་ཡང་ཡོད་པར་འགྱུར་བར་ཐེ་ཚོམ་མེད་དོ། །འདི་ལྟར་དངོས་པོ་ཡོད་པ་ལ་ཐོག་མ་མེད་པ་དང་ཐ་མ་མེད་པར་ཇི་ལྟར་འགྱུར། དེ་ལྟ་བས་ན་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་འཁོར་བ་རིང་བ་དང༌། ཟད་པར་གསུངས་ཀྱི་བཅོམ་ལྡན་འདས་ཀྱིས་དོན་དམ་པ་བསྟན་པའི་དབང་གིས་ནི། དེ་ལ་སྟོན་མེད་ཕྱི་མ་མེད། །ཅེས་གསུངས་སོ། །དེ་ལྟ་བས་ན་ཐོག་མ་དང་ཐ་མ་མེད་པར་གསུངས་པས་འཁོར་བ་ཞེས་བྱ་བ་དངོས་པོ་འགའ་ཡང་མི་འཐད་དོ། །དེ་མེད་ན་འཁོར་བ་པོ་ཇི་ལྟ་བུ་ཞིག་འཐད་པར་འགྱུར། སྨྲས་པ། དེ་ལྟར་འཁོར་པའི་ཐོག་མ་དང་ཐ་མ་བཀག་ཏུ་ཟིན་ཀྱང༌། དབུས་མ་བཀག་པས་དེ་ཡོད་པའི་འཁོར་བ་ཡོད་པ་ཁོ་ན་སྟེ། འདི་ལྟར་དངོས་པོ་མེད་པ་ལ་དབུས་ཡོད་པར་ཇི་ལྟར་འགྱུར། དེ་ལྟ་བས་ན་དབུས་ཡོད་པའི་ཕྱིར་འཁོར་བ་ཡོད་པ་ཁོ་ནའོ། །འཁོར་བ་ཡོད་པའི་ཕྱིར་འཁོར་བ་པོ་ཡང་ཡོད་པ་ཁོ་ནའོ། །བཤད་པ།


DTG096_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་དབུས་ཉིད་ཡོད་པར་གྱུར་ན་ནི་དབུས་ཡོད་པའི་ཕྱིར་འཁོར་བ་ཡང་ཡོད་པར་འགྱུར་གྲང་ན། དེའི་དབུས་ཉིད་མི་འཐད་པས་དེ་ཡོད་པའི་ཕྱིར་འཁོར་བ་ཡོད་པར་གལ་འགྱུར། གང་ལ་ཐོག་མེད་ཐ་མེད་པ། །དེ་ལ་དབུས་ནི་ག་ལ་ཡོད། །གང་ལ་ཐོག་མ་དང་ཐ་མ་མེད་པ་དེ་ལ་དབུས་ཡོད་པར་ཇི་ལྟར་འགྱུར། འདི་ལྟར་ཐོག་མ་དང་ཐ་མ་ལ་ལྟོས་ནས་དབུས་འགྲུབ་པར་འགྱུར་བ་ཡིན་ན་དེ་ལ་ཐོག་མ་དང་ཐ་མ་དེ་ཡང་མེད་དེ། དེ་མེད་པའི་ཕྱིར་དེའི་དབུས་ཡོད་པར་གལ་འགྱུར། སློབ་དཔོན་འཕགས་པ་ལྷས་ཀྱང༌། ཐོག་མ་དབུས་དང་ཐ་མ་མེད། །སྐྱེ་བའི་སྔ་རོལ་མི་སྲིད་དེ། །གཉིས་གཉིས་དག་ནི་མ་གཏོགས་པར། །རེ་རེས་རྩོམ་པར་ཇི་ལྟར་འགྱུར། །ཞེས་གསུངས་སོ། །དེ་ཕྱིར་དེ་ལ་སྔ་ཕྱི་དང༌། །ལྷན་ཅིག་རིམ་པ་མི་འཐད་དོ། །དེའི་ཕྱིར་དེ་ལ་སྔ་ཕྱི་དང་ལྷན་ཅིག་གི་གོ་རིམས་དག་མི་སྲིད་དོ། །དེ་ལྟར་གང་གི་ཕྱིར་འཁོར་བ་ལ་ཐོག་མ་དང་དབུས་དང་ཐ་མ་དག་མེད་པ་དེའི་ཕྱིར་འདིར་འཁོར་བ་པོའི་སྐྱེ་བ་དང་རྒ་ཤི་དག་ལ་ཡང་སྔ་ཕྱི་ལྷན་ཅིག་གི་རིམ་པ་དག་མེད་དོ། །དེ་དག་ཇི་ལྟར་ཞེ་ན། གལ་ཏེ་སྐྱེ་བ་སྔར་གྱུར་པ། །རྒ་ཤི་འཕྱི་བ་ཡིན་ན་ནི། །སྐྱེ་བ་རྒ་ཤི་མེད་པ་དང༌། །མ་ཤི་བར་ཡང་སྐྱེ་བར་འགྱུར། །གལ་ཏེ་སྐྱེ་བ་སྔ་བར་གྱུར་ལ། །དེའི་འོག་ཏུ་ཕྱིས་རྒ་ཤི་དག་ལ་ཡང་སྔ་ཕྱི་འབྱུང་བ་ཡིན་ན་དེ་ལྟ་ན་སྐྱེ་བ་དེ་ལ་རྒ་ཤི་མེད་པར་འགྱུར་རོ། །དེ་ལ་རྒ་ཤི་མེད་པར་གྱུར་ན་ཕྱིས་རྒ་ཤི་ག་ལས་འོང་བར་འགྱུར། ཅི་སྟེ་འོང་ན་ནི་རྒ་ཤི་གཞི་མེད་པར་ཐལ་བར་འགྱུར་རོ། །དེ་དང་ཕྲད་དུ་ཟིན་ན་ཡང་དེ་ལ་ཅིང་ཡང་མི་འགྱུར་ཏེ། ངོ་བོ་ཉིད་ཀྱིས་རྒ་ཤི་མེད་པའི་ཕྱིར་རོ། །ཡང་གཞན་ཡང༌། མ་ཤི་བ་ཡང་སྐྱེ་བར་འགྱུར་ཏེ། འདི་ལྟར་སྐྱེ་བ་སྔ་བར་བརྟགས་ན་དེ་སྔར་གཞན་དུ་མ་ཤི་བར་འདིར་སྐྱེ་བར་ཐལ་བར་འགྱུར་རོ། །དེ་ལྟ་ན་འཁོར་བ་ཐོག་མ་དང་ལྡན་པར་འགྱུར་ཏེ། །དེ་ཡང་མི་འདོད་པས་དེའི་ཕྱིར་སྐྱེ་བ་སྔ་ལ་རྒ་ཤི་འཕྱི་བར་མི་འཐད་དོ། །ཅི་སྟེ་སྐྱོན་དེ་གྱུར་ན་མི་རུང་ངོ་སྙམ་པས་རྒ་ཤི་སྔ་མ་ཁོ་ན་ཡིན་ལ། སྐྱེ་བ་འཕྱིའོ་ཞེ་ན། དེ་ལ་བཤད་པར་བྱ་སྟེ། གལ་ཏེ་སྐྱེ་བ་འཕྱི་གྱུར་པ། །རྒ་ཤི་སྔ་བ་ཡིན་ན་ནི། །སྐྱེ་བ་མེད་པའི་རྒ་ཤི་ནི། །རྒྱུ་མེད་པར་ནི་ཇི་ལྟར་འགྱུར། །གལ་ཏེ་དེའི་རྒ་ཤི་སྔ་བར་གྱུར་ལ། སྐྱེ་བ་འཕྱི་བར་གྱུར་ན་དེ་ལྟ་ན་གཞི་མེད་པའི་རྒ་ཤི་རྒྱུ་མེད་པར་ཐལ་བར་འགྱུར་པས་དེ་ཡང་མི་འདོད་དོ། །


DTG096_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་མ་སྐྱེས་ཤིང་མེད་པའི་རྒ་ཤི་གཞི་མེད་ཅིང་རྒྱུ་མེད་པར་ཇི་ལྟར་འབྱུང་བར་འགྱུར། སྐྱེས་ཤིང་ཡོད་པ་ལ་རྒ་ཤི་བསྟན་པར་རིགས་སོ། །དེ་ལྟ་བས་ན་སྐྱེ་བ་འཕྱི་ལ་རྒ་ཤི་སྔ་བར་ཡང་མི་འཐད་དོ། །སྨྲས་པ། དེ་དག་ལ་སྔ་ཕྱི་མེད་དེ། དེ་ནི་རྒ་ཤི་དང་རྗེས་སུ་འབྲེལ་བཞིན་པ་ཁོ་ནར་སྐྱེའོ། །བཤད་པ། སྐྱེ་བ་དང་ནི་རྒ་ཤི་དག །ལྷན་ཅིག་རུང་བ་མ་ཡིན་ནོ། །སྐྱེ་བ་དང་རྒ་ཤི་དག་ལྷན་ཅིག་ཉིད་དུ་འགྱུར་བར་མི་འཐད་དོ། །ཅི་སྟེ་འགྱུར་ན་ནི། སྐྱེ་བཞིན་པ་ན་འཆི་འགྱུར་ཞིང༌། །གཉི་ག་རྒྱུ་མེད་ཅན་དུ་འགྱུར། །གལ་ཏེ་སྐྱེ་བ་དང་རྒ་ཤི་དག་ལྷན་ཅིག་ཉིད་དུ་གྱུར་ན་དེ་ལྟ་ན་སྐྱེ་བཞིན་པ་ཉིད་ན། འཆི་བར་འགྱུར་བས་དེ་ཡང་མི་འཐད་དེ། འདི་ལྟར་སྐྱེ་བ་དང་འགག་པ་མི་མཐུན་པ་གཉིས་གཉིས་གཅིག་ལ་དུས་གཅིག་ཏུ་ཇི་ལྟར་འབྱུང་བར་འགྱུར། ཡང་གཞན་ཡང༌། གཉི་ག་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། གལ་ཏེ་སྐྱེ་བ་དང་རྒ་ཤི་དག་ལྷན་ཅིག་ཉིད་དུ་འབྱུང་བར་གྱུར་ན་དེའི་སྐྱེ་བ་འཆི་བ་སྔོན་དུ་འགྲོ་བ་མ་ཡིན་ཅིང༌། དེའི་སྐྱེ་བ་སྔ་བར་ཐལ་བར་འགྱུར་རོ། །སྐྱེ་བ་སྔ་བར་གྱུར་ན་རྒྱུ་མེད་པ་ཅན་དུ་ཐལ་བར་འགྱུར་ཏེ། སློབ་དཔོན་འཕགས་པ་འཇིགས་མེད་ཀྱིས་ཀྱང༌། གལ་ཏེ་ལས་ལ་ལུས་སྐྱེ་ལ། །ལུས་མ་གཏོགས་པར་ལས་མེད་ན། །སྔོན་ལུས་ལས་ལས་མ་སྐྱེས་པ། །གང་གི་རྒྱུས་ནི་སྐྱེས་པར་གྱུར། །ཞེས་གསུངས་སོ། །དེ་ལྟར་ལྷན་ཅིག་ཏུ་སྐྱེ་ན་དེའི་རྒ་ཤི་སྐྱེ་བ་ལ་མི་ལྟོས་པར་རང་ལས་རབ་ཏུ་གྲུབ་པ་དང༌། རྒ་ཤི་གཞི་མེད་པ་དང༌། རྒྱུ་མེད་པ་ཅན་དུ་ཐལ་བར་འགྱུར་བས་དེ་ཡང་མི་འདོད་དེ། སྐྱོན་དུ་མར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན། སྐྱེ་བ་དང་རྒ་ཤི་དག་ལྷན་ཅིག་ཏུ་ཡང་མི་འཐད་དོ། །དེའི་ཕྱིར་དེ་ལྟར་འདིར་ཁྱོད་ཀྱིས་བརྟགས་པའི་འཁོར་བ་ལ་སྐྱེ་བ་དང་རྒ་ཤི་དག་གི་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་ནི་སྲིད་དེ། དེ་མེད་ན་སྐྱེ་བ་དང་རྒ་ཤི་མེད་པའི་བདག་ཅེས་བྱ་བ་གང་ཡང་འཁོར་བར་འགྱུར་བ་དེ་གང་ཡིན། སྨྲས་པ། དེ་དག་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་ཡོད་ཀྱང་རུང་མེད་ཀྱང་རུང་སྟེ། ཡོད་ན་སྐྱེ་བ་དང་རྒ་ཤི་དག་ནི་རེ་ཞིག་ཡོད་དོ། །དེ་དག་ཀྱང་གཞི་མེད་པ་མ་ཡིན་པས་འགའ་ཞིག་ཁོ་ནའི་ཡིན་ཏེ། འགའ་ཞིག་ཡོད་པ་ཉིད་དེ་ནི་བདག་ཡིན་པས་བདག་ནི་ཡོད་པ་ཁོ་ནའོ། །བཤད་པ། གང་ལ་སྔ་ཕྱི་ལྷན་ཅིག་གི །རིམ་པ་དེ་དག་མི་སྲིད་པའི། སྐྱེ་བ་དེ་དང་


DTG096_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

རྒ་ཤི་དེ། །ཅི་ཡི་ཕྱིར་ན་སྤྲོས་པར་བྱེད། །དེ་ལྟར་རིགས་པ་སྔོན་དུ་བཏང་སྟེ་བརྟགས་ན་སྐྱེ་བ་གང་དང་རྒ་ཤི་གང་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མི་སྲིད་ཅིང་མེད་པ་དེ་ལ་ཁྱོད་སྐྱེ་བ་ནི་དེ་ཡིན་ན་ཤི་ནི་དེ་ཡིན་ཞེས་ཅིའི་ཕྱིར་སྤྲོས་པར་བྱེད་ཅིང་རྗོད་པར་བྱེད། གལ་ཏེ་སྐྱེ་བ་འམ། རྒ་ཤི་འགའ་ཞིག་ཡོད་པར་གྱུར་ན་དེ་སྔ་བ་འམ། འཕྱི་བ་འམ། ལྷན་ཅིག་ཏུ་འགྱུར་བར་ངེས་ན། སྐྱེ་བ་དང་རྒ་ཤི་ཡོད་དོ་ཞེས་བྱ་བ་དེ་དག་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མེད་པ་རང་བཞིན་དུ་གནས་པ་སུ་ཞིག་དེ་སྐད་རྗོད་པར་བྱེད། སེམས་པ་དང་བཅས་པ་སུ་ཞིག་འཛིན་པར་བྱེད། དེ་ལྟ་བས་ན་སྐྱེ་བ་དང་རྒ་ཤི་དག་མི་འཐད་དོ། །དེ་མེད་ན་བདག་ཡོད་པར་ཇི་ལྟར་འཐད་པར་འགྱུར་དེའི་ཕྱིར་བདག་ཏུ་སྨྲ་བར་རིགས་པ་དང་འགལ་བ་དེ་ཐོང་ཤིག །རྒྱུ་དང་འབྲས་བུ་ཉིད་དང་ནི། །མཚན་ཉིད་དང་ནི་མཚན་གཞི་ཉིད། །ཚོར་དང་ཚོར་པོ་ཉིད་དང་ནི། །དོན་ཡོད་གང་དག་ཅི་ཡང་རུང༌། །ཇི་ལྟར་བརྟགས་ན་སྐྱེ་བ་དང༌། །རྒ་ཤི་དག་གི་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མི་འཐད་པ་དེ་བཞིན་དུ་རྒྱུ་དང་འབྲས་བུ་དང་མཚན་ཉིད་དང༌། །མཚན་ཉིད་ཀྱི་གཞི་དང༌། ཚོར་བ་དང༌། ཚོར་བ་པོ་དང༌། དོན་གཞན་གང་དག་ཅི་ཡང་རུང་བ་རྣམ་པར་གྲོལ་བ་དང༌། མྱ་ངན་ལས་འདས་པ་དང༌། ཤེས་པ་དང༌། ཤེས་བྱ་དང༌། ཚད་མ་དང༌། གཞལ་བྱ་ལ་སོགས་པ་ཡོད་པར་བརྟགས་པ་དེ་དག་ཐམས་ཅད་ལ་ཡང་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མི་འཐད་དོ། །ཇི་ལྟར་ཞེ་ན། རེ་ཞིག་གལ་ཏེ་འབྲས་བུ་སྔ་བར་གྱུར་ལ། རྒྱུ་འཕྱི་བར་གྱུར་ན་དེ་ལྟ་ན་འབྲས་བུ་རྒྱུ་མེད་པ་ཅན་དུ་འགྱུར་རོ། །འབྲས་བུ་ཡོད་ན་ཡང་རྒྱུས་ཅི་བྱ་སྟེ་རྒྱུར་བརྟགས་པ་དོན་མེད་པ་ཉིད་དུ་ཡང་ཐལ་བར་འགྱུར་རོ། །ཅི་སྟེ་རྒྱུ་སྔ་བར་གྱུར་ལ་འབྲས་བུ་འཕྱི་བར་གྱུར་ན་ཡང་རྒྱུ་འབྲས་བུ་མེད་པ་ཅན་དུ་འགྱུར་བས་དེ་ཡང་མི་འཐད་དེ། འདི་ལྟར་འབྲས་བུ་མེད་ན་ཇི་ལྟར་རྒྱུར་འགྱུར། ཅི་སྟེ་འགྱུར་ན་ནི་དེ་ལྟ་ན་རྒྱུ་མ་ཡིན་པར་གང་ཡང་མི་འགྱུར་རོ། །ཅི་སྟེ་རྒྱུ་དང་འབྲས་བུ་དག་ལྷན་ཅིག་ཏུ་གྱུར་ན་དེ་ལྟ་ན་ཡང་སྐྱོན་དེ་ཉིད་དེ། གཉི་ག་རྒྱུ་མེད་པ་ཅན་དུ་འགྱུར་བ་དང༌། འབྲས་བུ་ལ་མི་ལྟོས་པ་ཁོ་ནར་རང་ལས་རབ་ཏུ་གྲུབ་པར་འགྱུར་བས་དེ་ཡང་མི་འཐད་དོ། །དེ་བཞིན་དུ་གལ་ཏེ་མཚན་ཉིད་སྔ་བར་གྱུར་ལ། མཚན་ཉིད་ཀྱི་གཞི་འཕྱི་བར་གྱུར་ན་དེ་ལྟ་ན་ཡང་མཚན་ཉིད་ཀྱི་གཞི་


DTG096_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐྱེས་ན་དེ་གང་གི་མཚན་ཉིད་དུ་འགྱུར། འདིས་མཚོན་པར་བྱེད་པས་མཚན་ཉིད་ཅེས་བྱ་ན། འདིས་གང་མཚོན་པར་བྱ་བའི་མཚན་ཉིད་ཀྱི་གཞི་དེ་ཡང་མ་སྐྱེས་པས་མེད་དེ། དེ་མེད་ན་མཚོན་པར་མི་བྱེད་པ་དེ་ཅི་ལྟར་མཚན་ཉིད་དུ་འགྱུར། ཅི་སྟེ་ཡང་མཚན་ཉིད་ཀྱི་གཞི་སྔ་བར་གྱུར་ལ་མཚན་ཉིད་འཕྱི་བར་གྱུར་ན་དེ་ལྟ་ན་ཡང་མཚན་ཉིད་ཀྱི་གཞི་མཚན་ཉིད་མེད་པ་ཅན་དུ་ཐལ་བར་འགྱུར་བས་དེ་ཡང་མི་འཐད་དེ། འདི་ལྟར་མཚན་ཉིད་མེད་པའི་དངོས་པོ་ཇི་ལྟར་ཡོད་པར་འགྱུར། ཅི་སྟེ་འགྱུར་ན་ནི་རི་བོང་གི་རྭ་ལ་སོགས་པ་ཡང་ཡོད་པར་འགྱུར་རོ། །མཚན་ཉིད་དུ་བརྟག་པ་དོན་མེད་པ་ཉིད་དུ་ཡང་འགྱུར་ཏེ། མཚན་ཉིད་ཀྱི་གཞི་རབ་ཏུ་སྒྲུབ་པའི་ཕྱིར་མཚན་ཉིད་དུ་འདོད་པ་ཡིན་ན་དེ་གལ་ཏེ་མཚན་ཉིད་དེ་མེད་པ་ཉིད་དུ་ཡང་མཚན་ཉིད་ཀྱི་གཞི་གྲུབ་ན་དེ་ལ་ཡང་མཚན་ཉིད་ཀྱིས་ཅི་བྱ། ཅི་སྟེ་ཡང་མཚན་ཉིད་དང་མཚན་ཉིད་ཀྱི་གཞི་དག་ལྷན་ཅིག་ཏུ་གྱུར་ན། དེ་ལྟ་ན་ཡང་སྐྱོན་དེ་ཉིད་དེ་གཉི་ག་རྒྱུ་མེད་པ་ཅན་ཉིད་དུ་འགྱུར་བ་དང༌། མཚན་ཉིད་ཀྱི་གཞི་ཡང་མཚན་ཉིད་ལ་མི་ལྟོས་པ་ཁོ་ནར་རང་ལས་རབ་ཏུ་གྲུབ་པར་འགྱུར་བས་དེ་ཡང་མི་འཐད་དོ། །དེ་བཞིན་དུ་གལ་ཏེ་ཚོར་བ་པོ་སྔ་བར་གྱུར་ལ་ཚོར་བ་འཕྱི་བར་གྱུར་ན། དེ་ལྟ་ན་ཡང་ཚོར་བ་མེད་ཅིང་མ་སྐྱེས་ན་དེ་གང་གི་ཚོར་བ་པོར་འགྱུར། ཚོར་བར་བྱེད་པ་ན་ཚོར་བ་པོ་ཡིན་ན་ཚོར་བ་དེ་ཉིད་ནི་མ་སྐྱེས་ཏེ། དེ་མེད་ན་དེས་ཅི་ཞིག་ཚོར་བར་བྱེད་པ། ཚོར་བར་མི་བྱེད་ན་ནི་ཇི་ལྟར་ཚོར་བ་པོར་འགྱུར། ཅི་སྟེ་འགྱུར་ན་ནི་ཐམས་ཅད་ཀྱང་བདེ་བ་དང་སྡུག་བསྔལ་ཐམས་ཅད་དང་མ་ཕྲད་པར་ཚོར་བ་པོར་འགྱུར་བས་དེ་ཡང་མི་འཐད་དོ། །ཅི་སྟེ་ཡང་ཚོར་བ་སྔ་བར་གྱུར་ལ་ཚོར་བ་པོ་འཕྱི་བར་གྱུར་ན་དེ་ལྟ་ན་ཡང་ཚོར་བར་མི་བྱེད་བཞིན་དུ་ཚོར་བར་འགྱུར་བས་དེ་ཡང་མི་འཐད་དེ། འདི་ལྟར་ཚོར་བར་མི་བྱེད་པ་ཇི་ལྟར་ཚོར་བར་འགྱུར། ཅི་སྟེ་འགྱུར་ན་ནི་གང་ཡང་གང་གི་ཚེ་གང་དུ་ཡང་ཚོར་བ་དང་བྲལ་བར་མི་འགྱུར་བས་དེ་ཡང་མི་འདོད་དོ། །ཅི་སྟེ་ཡང་ཚོར་བ་དང་ཚོར་བ་པོ་དག་ལྷན་ཅིག་ཉིད་དུ་རྟོག་ན། དེ་ལྟ་ན་ཡང་སྐྱོན་དེ་ཉིད་དེ་གཉི་ག་རྒྱུ་མེད་པ་ཅན་དུ་འགྱུར་བ་དང༌། ཚོར་བ་པོ་ཚོར་བ་ལ་མི་ལྟོས་པ་ཁོ་ན་ཚོར་བར་མི་བྱེད་བཞིན་དུ་རང་ལས་རབ་ཏུ་གྲུབ་པར་འགྱུར་བ་དང༌། ཚོར་བ་ཡང་ཚོར་བ་པོ་ལ་མི་ལྟོས་པ་ཁོ་ན་སུས་ཀྱང་


DTG096_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་བར་མི་བྱེད་བཞིན་དུ་རང་ལས་རབ་ཏུ་གྲུབ་པར་འགྱུར་བས་དེ་ཡང་མི་འཐད་དོ། དེ་བཞིན་དུ་གལ་ཏེ་རྣམ་པར་གྲོལ་བས་དེ་ཡང་མི་འཐད་མྱ་ངན་ལས་འདས་པ་སྔ་བར་གྱུར་ན་ཀུན་ནས་ཉོན་མོངས་པ་དང་བཅས་པ་ཡང་མྱ་ངན་ལས་འདས་པར་འགྱུར་ཏེ། དེ་ལྟ་ན་སུ་ཡང་མྱ་ངན་ལས་མ་འདས་པར་མི་འགྱུར་བས་དེ་ཡང་མི་འཐད་དོ། །ཅི་སྟེ་རྣམ་པར་གྲོལ་བས་མྱ་ངན་ལས་འདས་པ་འཕྱི་བར་གྱུར་ན་ནི་མྱ་ངན་ལས་འདས་པ་མ་ཐོབ་པ་ཉིད་དུ་ཡང་རྣམ་པར་གྲོལ་བར་འགྱུར་ཏེ། དེ་ལྟ་ན་ཡང་མྱ་ངན་ལས་འདས་པ་མ་ཐོབ་པ་ཐམས་ཅད་རྣམ་པར་གྲོལ་བར་འགྱུར་ཞིང༌། རྣམ་པར་གྲོལ་ནས་ཕྱིས་མྱ་ངན་ལས་འདའ་བ་དོན་མོད་པ་ཉིད་དུ་ཡང་འགྱུར་རོ། །མྱ་ངན་ལས་འདས་པ་ནི་མ་སྐྱེས་པ་མ་བྱུང་བ་ཞེས་བྱ་ན། སྔོན་མ་བྱུང་ལ་ཕྱིས་བྱུང་བར་གྱུར་ན་སྐྱེ་བ་ཅན་དང་མཚུངས་པར་ཡང་འགྱུར་བས་དེ་ཡང་མི་འདོད་དོ། །ཅི་སྟེ་ཡང་རྣམ་པར་གྲོལ་བ་དང༌། མྱ་ངན་ལས་འདས་པ་གཉིས་ལྷན་ཅིག་ཉིད་དུ་ཡང་གྱུར་ན་དེ་ལྟ་ན་ཡང་སྐྱོན་དེ་ཉིད་དེ་གཉི་ག་རྒྱུ་མེད་པ་ཅན་ཉིད་དུ་འགྱུར་བ་དང༌། རྣམ་པར་གྲོལ་བ་མྱ་ངན་ལས་འདས་པ་ལ་མི་ལྟོས་པ་ཁོ་ནར་རང་ལས་རབ་ཏུ་གྲུབ་པར་འགྱུར་བ་དང༌། མྱ་ངན་ལས་འདས་པ་ཡང་རྣམ་པར་གྲོལ་བ་ལ་མི་ལྟོས་པ་ཁོ་ནར་རང་ལས་རབ་ཏུ་གྲུབ་པར་འགྱུར་བས་དེ་ཡང་མི་འཐད་དོ། །དེ་བཞིན་དུ་ཤེས་པ་དང༌། ཤེས་བྱ་དང༌། ཚད་མ་དང༌། གཞལ་བྱ་ལ་སོགས་པ་དག་ལ་ཡང་བལྟ་བར་བྱའོ། །འཁོར་བ་འབའ་ཞིག་སྔོན་གྱི་མཐའ། །ཡོད་མ་ཡིན་པར་མ་ཟད་ཀྱི། །དངོས་རྣམས་ཐམས་ཅད་ཉིད་ལ་ཡང༌། །སྔོན་གྱི་མཐའ་ནི་ཡོད་མ་ཡིན། །གང་གི་ཕྱིར་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་ན་དངོས་པོ་ཐམས་ཅད་ལ་སྔ་ཕྱི་དང༌། ལྷན་ཅིག་གི་རིམ་པ་དག་མི་འཐད་པ་དེའི་ཕྱིར་འཁོར་བ་འབའ་ཞིག་ལ་སྔོན་གྱི་མཐའ་ཡོད་པ་མ་ཡིན་པར་མ་ཟད་ཀྱི། དངོས་པོར་འདོད་པ་ཐམས་ཅད་ལ་ཡང་སྔོན་གྱི་མཐའ་ཡོད་པ་མ་ཡིན་པས་དངོས་པོར་སྣང་བ་ནི་སྒྱུ་མ་དང༌། སྨིག་རྒྱུ་དང༌། དྲི་ཟའི་གྲོང་ཁྱེར་དང༌། གཟུགས་བརྙན་བཞིན་དུ་གྲུབ་བོ། །འཁོར་བ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གཅིག་པའོ།། །།དབུ་མའི་རྩ་བའི་འགྲེལ་པ་བུད་དྷ་པཱ་ལི་ཏ། བམ་པོ་ལྔ་པ། སྨྲས་པ། བདག་ནི་ཡོད་པ་ཁོ་ན་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྡུག་བསྔལ་ཡོད་པའི་ཕྱིར་རོ། །


DTG096_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ན་ལུས་དང་དབང་པོ་འབྱུང་བ་ནི་སྡུག་བསྔལ་ཡིན་ནོ་ཞེས་བྱ་བར་ཐམས་ཅད་ཀྱིས་ཤེས་ལ། བཅོམ་ལྡན་འདས་ཀྱིས་ཀྱང༌། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ་ཞེས་གསུངས་པས་དེའི་ཕྱིར་སྡུག་བསྔལ་ཡོད་དོ། །གཞི་མེད་པར་སྡུག་བསྔལ་ཡོད་པར་མི་རིགས་པས་སྡུག་བསྔལ་དེ་དག་གི་ཡིན་པ་དེ་འགའ་ཞིག་ཀྱང་ཡོད་དེ། སྡུག་བསྔལ་དེ་དག་གི་ཡིན་པ་དེ་ནི་བདག་ཡིན་པས་དེའི་ཕྱིར་བདག་ནི་ཡོད་པ་ཁོ་ན་ཡིན་ནོ། །བཤད་པ། གལ་ཏེ་སྡུག་བསྔལ་ཉིད་འཐད་ན་ནི་བདག་ཀྱང་ཡོད་པ་ཞིག་ན། སྡུག་བསྔལ་ཉིད་མི་འཐད་པས་བདག་ཡོད་པར་ག་ལ་འགྱུར། ཇི་ལྟར་ཞེ་ན། ཁ་ཅིག་སྡུག་བསྔལ་བདག་གིས་བྱས། །གཞན་གྱིས་བྱས་དང་གཉི་གས་བྱས། །རྒྱུ་མེད་པ་ལས་བྱུང་བར་འདོད། །དེ་ནི་བྱ་བར་མི་རུང་ངོ༌། །འདི་ལ་སྡུག་བསྔལ་དུ་སྨྲ་བ་རྣམས་ལ་ཁ་ཅིག་ནི་སྡུག་བསྔལ་བདག་གིས་བྱས་པར་འདོད། །ཁ་ཅིག་ནི་སྡུག་བསྔལ་གཞན་གྱིས་བྱས་པར་འདོད། །ཁ་ཅིག་ནི་སྡུག་བསྔལ་བདག་དང་གཞན་གྱིས་བྱས་པར་འདོད། །ཁ་ཅིག་ནི་སྡུག་བསྔལ་རྒྱུ་མེད་པ་ལས་གློ་བུར་ཁོ་ནར་བྱུང་བར་འདོད་དོ། །དེ་ལྟར་སྡུག་བསྔལ་བདག་དང༌། གཞན་དང༌། གཉི་གས་བྱས་པར་སྨྲ་བ་རྣམས་ཀྱི་སྡུག་བསྔལ་དེ་ནི་བདག་དང༌། གཞན་དང༌། གཉི་གས་བྱས་པའི་ཕྱིར་བདག་དང་གཞན་དང་གཉི་གའི་བྱ་བ་ཡིན་པར་ཐལ་བར་འགྱུར་ཏེ། དེ་ནི་བྱ་བར་མི་རུང་ངོ༌། །སྡུག་བསྔལ་དེ་ནི་དེ་དག་གི་བྱ་བ་ཡིན་པར་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་སྡུག་བསྔལ་བདག་ཉིད་ཀྱིས་བྱེད་པར་གྱུར་ན་ཡོད་པའམ། མེད་པ་ཞིག་བྱེད་པར་འགྱུར་གྲང་ན། དེ་ལ་རེ་ཞིག་གལ་ཏེ་སྡུག་བསྔལ་ཡོད་པ་བདག་ཉིད་ཀྱིས་བྱེད་དོ་ཞེས་རྟོག་ན། དེ་ནི་མི་རིགས་ཏེ། འདི་ལྟར་སྡུག་བསྔལ་ཡོད་པ་ཡང་ཅི་བྱ་དགོས། །ཅི་སྟེ་བྱེད་ན་ནི་ཡོད་པ་མ་ཡིན་ནོ། །སྡུག་བསྔལ་ཡོད་པ་བདག་ཉིད་ཀྱིས་བྱེད་པ་གང་ཡིན་པ་དེ་ནི་རྒྱུ་མེད་པ་ལས་བྱུང་བར་འགྱུར་བའམ། དེ་ཡང་བདག་ཉིད་ཀྱིས་བྱས་ན། དེ་ལྟ་ན་ཐུག་པ་མེད་པར་ཐལ་བར་འགྱུར་བས་དེ་ནི་མི་འདོད་དོ། །ཅི་སྟེ་སྡུག་བསྔལ་མེད་པ་བདག་ཉིད་ཀྱིས་བྱེད་དོ་ཞེས་བྱ་བར་རྟོག་ན། ཇི་ལྟར་མེད་པ་བདག་ཉིད་ཀྱིས་བདག་ཉིད་བྱེད་པར་འགྱུར། ཅི་སྟེ་བྱེད་ན་ནི་རི་བོང་གི་རྭས་ཀྱང་བདག་ཉིད་བྱེད་པར་འགྱུར་རོ། །


DTG096_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རེ་ཞིག་སྡུག་བསྔལ་བདག་གིས་བྱས་པར་མི་རིགས་སོ། །སྡུག་བསྔལ་མ་བྱས་ཤིང་མེད་པ་ལ་གཞན་ཡོད་པར་ག་ལ་འགྱུར་ཏེ། གཞན་མེད་པ་ཁོ་ནའི་ཕྱིར་སྡུག་བསྔལ་གཞན་གྱིས་བྱས་པར་མི་རིགས་སོ། །འདི་ཉིད་ཀྱིས་བདག་དང་གཞན་གྱིས་བྱས་པར་མི་རིགས་པ་ཁོ་ནར་ཡང་རྣམ་པར་བཤད་པ་ཡིན་ནོ། །ཡང་གཞན་ཡང༌། གལ་ཏེ་བདག་གིས་བྱས་གྱུར་ན། །དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །གང་ཕྱིར་ཕུང་པོ་འདི་དག་ལ། །བརྟེན་ནས་ཕུང་པོ་དེ་དག་འབྱུང༌། །གལ་ཏེ་སྡུག་བསྔལ་བདག་གིས་བྱས་པར་གྱུར་ན་དེ་ལྟ་ན་བརྟེན་ནས་འབྱུང་བར་མི་འགྱུར་བ་ཞིག་ན། བརྟེན་ནས་ཀྱང་འབྱུང་སྟེ། གང་གི་ཕྱིར་ད་ལྟར་གྱི་ཕུང་པོ་འདི་དག་ལ་བརྟེན་ནས་མ་འོངས་པའི་ཕུང་པོ་དེ་དག་འབྱུང་བར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་གསུངས་ཏེ། སྡུག་བསྔལ་བདག་གིས་བྱས་པར་གྱུར་ན་སྡུག་བསྔལ་རྒྱུ་དང་རྐྱེན་གྱི་དབང་གིས་འབྱུང་བར་མི་འགྱུར་བས་དེའི་ཕྱིར་སྡུག་བསྔལ་བདག་གིས་བྱས་པར་མི་རིགས་སོ། །སྨྲས་པ། དེ་དེ་བཞིན་ཏེ་སྡུག་བསྔལ་བདག་གིས་མ་བྱས་ཏེ། འདི་ལྟར་སྡུག་བསྔལ་གཞན་གྱིས་བྱས་སོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་ཕུང་པོ་གཞན་དུ་གྱུར་བ་འདི་དག་ལ་བརྟེན་ནས་ཕུང་པོ་དེ་དག་འབྱུང་བའི་ཕྱིར་རོ། །བཤད་པ། །སྡུག་བསྔལ་གཞན་གྱིས་བྱས་པ་མ་ཡིན་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། གལ་ཏེ་དེ་ལས་འདི་གཞན་ཞིང༌། །གལ་ཏེ་འདི་ལས་དེ་གཞན་ན། །གཞན་དེ་དག་གིས་འདི་བྱས་པས། །སྡུག་བསྔལ་གཞན་གྱིས་བྱས་པར་འགྱུར། གལ་ཏེ་མ་འོངས་པའི་ཕུང་པོ་དེ་དག་ལས་ད་ལྟར་གྱི་ཕུང་པོ་གང་དག་ཡིན་པ་འདི་དག་གཞན་ཡིན་པར་གྱུར་ཅིང་ད་ལྟར་གྱི་ཕུང་པོ་འདི་ལས་ཀྱང་མ་འོངས་པའི་ཕུང་པོ་གང་དག་ཡིན་པ་དེ་དག་གཞན་ཡིན་པར་གྱུར་ན་ནི་དེ་ལྟ་ན་ད་ལྟར་གྱི་ཕུང་པོ་གཞན་དེ་དག་གིས་མ་འོངས་པའི་ཕུང་པོ་གཞན་འདི་དག་བྱས་པས་སྡུག་བསྔལ་གཞན་གྱིས་བྱས་པར་ཡང་འགྱུར་བ་ཞིག་ན། དེ་དག་ལས་ཀྱང་འདི་དག་གཞན་མ་ཡིན་ལ། འདི་དག་ལས་ཀྱང་དེ་དག་གཞན་མ་ཡིན་ནོ། །གཞན་ཉིད་མེད་ན་ཇི་ལྟར་སྡུག་བསྔལ་གཞན་གྱིས་བྱས་པས་འཐད། དེ་ལ་འདི་སྙམ་དུ་ཇི་ལྟར་དེ་དག་གཞན་ཉིད་མ་ཡིན་སྙམ་ན་དེ་ནི་འོག་ནས། གང་ལ་བརྟེན་


DTG096_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གང་ཡིན་པ། །དེ་ནི་དེ་ལས་གཞན་མི་འཐད། །ཅེས་འབྱུང་བས་དེའི་ཕྱིར་སྡུག་བསྔལ་གཞན་གྱིས་བྱས་པར་ཡང་མི་འཐད་དོ། །སྨྲས་པ། སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བྱས་པས་དེའི་ཕྱིར་སྡུག་བསྔལ་བདག་གིས་བྱས་སོ་ཞེས་ཀྱང་མི་སྨྲའི། སྡུག་བསྔལ་རྒྱུ་དང་རྐྱེན་ལས་བྱུང་བས་དེའི་ཕྱིར་སྡུག་བསྔལ་གཞན་གྱིས་བྱས་སོ་ཞེས་ཀྱང་མི་སྨྲའོ། །སྡུག་བསྔལ་གང་ཟག་བདག་གིས་བྱས་པས་དེའི་ཕྱིར་རེ་ཞིག་སྡུག་བསྔལ་བདག་གིས་བྱས་སོ་ཞེས་ཀྱང་སྨྲ་ལ། སྡུག་བསྔལ་གང་ཟག་བདག་གིས་བྱས་པས་དེའི་ཕྱིར། རེ་ཞིག་སྡུག་བསྔལ་བདག་གིས་བྱས་སོ་ཞེས་ཀྱང་སྨྲ་ལ། སྡུག་བསྔལ་གང་ཟག་གཞན་གྱིས་བྱས་པས་དེའི་ཕྱིར་སྡུག་བསྔལ་གཞན་གྱིས་བྱས་སོ་ཞེས་ཀྱང་སྨྲའོ། །བཤད་པ། གལ་ཏེ་གང་ཟག་བདག་གིས་ནི། །སྡུག་བསྔལ་བྱས་ན་གང་བདག་གིས། །སྡུག་བསྔལ་བྱས་པའི་གང་ཟག་ནི། །སྡུག་བསྔལ་མེད་པ་དེ་དག་ཡིན། །གལ་ཏེ་གང་ཟག་བདག་གིས་ཕུང་པོ་སྡུག་བསྔལ་བྱས་སོ་ཞེས་ཟེར་ན། །ཁྱོད་ཀྱི་གང་ཕུང་པོ་སྡུག་བསྔལ་མེད་པ་གསལ་བར་བྱེད་པ་མེད་པས་བདག་གིས་ཕུང་པོ་སྡུག་བསྔལ་དེ་བྱས་པའི་གང་ཟག་སྡུག་བསྔལ་མེད་པ་དེ་གང་ཡིན་པ་དེ་ཇི་སྨྲོས་ཤིག །འདི་ལྟར་ཕུང་པོ་སྡུག་བསྔལ་མེད་པ་གསལ་བར་བྱེད་པ་མེད་པའི་གང་ཟག་འབའ་ཞིག་པ་གང་ཡིན་པ་ལ་གདགས་པ་ཡང་མེད་ན་དེས་ཇི་ལྟར་སྡུག་བསྔལ་བྱེད་པར་འགྱུར་ཏེ། དེའི་ཕྱིར་གང་ཟག་བདག་གིས་སྡུག་བསྔལ་བྱས་ཞེས་བྱ་བ་ཡང་མི་རིགས་སོ། །གང་ཟག་གཞན་གྱིས་སྡུག་བསྔལ་བྱས་སོ་ཞེས་གང་སྨྲས་པ་དེ་ལའང་བཤད་པར་བྱ་སྟེ། གལ་ཏེ་གང་ཟག་གཞན་ལས་ནི། །སྡུག་བསྔལ་བྱུང་ན་གཞན་ཞིག་གིས། །སྡུག་བསྔལ་དེ་བྱས་གང་སྦྱིན་དེ། །སྡུག་བསྔལ་མེད་པར་ཇི་ལྟར་རུང༌། །གལ་ཏེ་གང་ཟག་གཞན་གྱིས་ཕུང་པོ་འདི་སྡུག་བསྔལ་བྱས་ཤིང་དེས་དེ་བྱས་ནས་གཞན་ལ་སྦྱིན་པར་བྱེད་ན་གཞན་གྱིས་དེ་བྱས་ནས་གང་ལ་སྦྱིན་པར་བྱ་བ་དེ་སྡུག་བསྔལ་མེད་ཅིང༌། སྡུག་བསྔལ་དང་བྲལ་བ་གསལ་བར་བྱེད་པ་མེད་པ་འབའ་ཞིག་པར་ཇི་ལྟར་རུང་བར་འགྱུར་བ་དེ་ཇེ་སྨྲོས་ཤིག །འདི་ལྟར་ཉེ་བར་ལེན་པ་མེད་པ་འབའ་ཞིག་པ་གང་ལ་གདགས་པ་ཡང་མེད་ན་གསལ་བར་བྱེད་པ་མེད་དེ་གཞན་ཡིན་དུ་


DTG096_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ཀྱང་ཇི་ལྟར་སྡུག་བསྔལ་བྱེད་པར་འགྱུར། ཉེ་བར་ལེན་པ་མེད་པ་འབའ་ཞིག་པ་དེ་ནི། རྣམ་པ་ཐམས་ཅད་དུ་མི་སྲིད་པ་ཡིན་ན་དེའི་སྡུག་བསྔལ་བྱེད་པ་གཞན་ག་ལ་ཡོད་ན་སྡུག་བསྔལ་གཞན་གྱིས་བྱས་སོ་ཞེས་བག་ཚ་བ་མེད་པར་སྨྲ། ཡང་གཞན་ཡང༌། བདག་གིས་བྱས་པར་མ་གྲུབ་པས། །སྡུག་བསྔལ་གཞན་གྱིས་ག་ལ་བྱས། །འདི་ལ་གལ་ཏེ་སྡུག་བསྔལ་བདག་གིས་བྱས་སོ་ཞེས་བྱ་བ་དེ་རབ་ཏུ་གྲུབ་པར་གྱུར་ན་ནི་དེས་ན་སྡུག་བསྔལ་གཞན་གྱིས་བྱས་སོ་ཞེས་བྱ་བ་དེ་ཡང་འཐད་པར་འགྱུར་བ་ཞིག་ན། སྡུག་བསྔལ་བདག་གིས་བྱས་སོ་ཞེས་བྱ་བ་དེ་ནི་རབ་ཏུ་མ་གྲུབ་སྟེ། དེ་སྡུག་བསྔལ་བདག་གིས་བྱས་པས་རབ་ཏུ་མ་གྲུབ་པས་སྡུག་བསྔལ་གཞན་གྱིས་བྱས་པར་ག་ལ་འགྱུར། ཅིའི་ཕྱིར་ཞེ་ན། གཞན་གྱིས་སྡུག་བསྔལ་གང་བྱེད་པ། །དེ་ནི་དེ་ཡི་བདག་བྱས་འགྱུར། །གལ་ཏེ་གཞན་གྱིས་སྡུག་བསྔལ་གང་བྱེད་པ་དེ་གཞན་དེའི་བདག་གིས་བྱས་པ་ཉིད་དུ་གྱུར་ན་གཞན་གྱིས་བྱས་པ་མ་ཡིན་ནོ། །ཅི་སྟེ་དེ་དེས་བདག་གིས་བྱས་པ་མ་ཡིན་ན་ཇི་ལྟར། ཅིག་ཤོས་ཀྱི་དེ་གཞན་གྱིས་བྱས་པར་འགྱུར། དེའི་ཕྱིར་བདག་གིས་བྱས་པ་དེ་གཞན་གྱི་ཐལ་བར་འགྱུར་ཏེ། སྡུག་བསྔལ་གཞན་གྱིས་བྱས་པར་མི་འཐད་པ་དེ་ནི་བསྟན་ཟིན་ཏོ། །དེའི་ཕྱིར་སྡུག་བསྔལ་བདག་གིས་བྱས་པར་རབ་ཏུ་མ་གྲུབ་པས་སྡུག་བསྔལ་བདག་གིས་བྱས་པ་མེད་ན་སྡུག་བསྔལ་གཞན་གྱིས་བྱས་པར་ག་ལ་འགྱུར་བས་སྡུག་བསྔལ་གང་གཞན་གྱིས་བྱས་པར་འགྱུར་བ་གང་ཡིན། དེའི་ཕྱིར་གང་ཟག་གཞན་གྱིས་སྡུག་བསྔལ་བྱས་སོ་ཞེས་བྱ་བར་ཡང་མི་རིགས་སོ། །སྨྲས་པ། ཅི་ཁྱོད་སྨྲ་བ་པོའི་བསམ་པ་མ་རྟོགས་པར་རང་གི་བློ་གྲོས་ཀྱི་རྟོགས་པས་སྦྱར་བའི་དོན་ལ་ཚིག་གིས་སྐྱོན་འདོགས་པར་བྱེད་དམ། འདི་ལྟར་ཁོ་བོ་ནི་སྡུག་བསྔལ་བདག་གིས་བྱས་སོ་ཞེ་འམ། གཞན་གྱིས་བྱས་སོ་ཞེས་མི་སྨྲའི། འདི་ལྟར་གང་གི་ཕྱིར་རེ་ཞིག་གང་ཟག་བདག་གིས་དེ་བྱས་པས་དེའི་ཕྱིར་གང་ཟག་བདག་གིས་བྱས་སོ་ཞེས་སྨྲ་སྟེ། སྡུག་བསྔལ་དེ་ལས་གང་ཟག་དང་གཞན་མ་ཡིན་པས་སྡུག་བསྔལ་གྱིས་སྡུག་བསྔལ་དེ་བྱས་པའི་ཕྱིར་རྣམ་གྲངས་ལས་སྡུག་བསྔལ་བདག་གིས་བྱས་སོ་ཞེས་ཀྱང་སྨྲ་ཞིང༌། སྡུག་བསྔལ་གང་ཡིན་པ་དེ་ཉིད་གང་ཟག་མ་ཡིན་པས་རྣམ་གྲངས་ལས་སྡུག་བསྔལ་གཞན་གྱིས་


DTG096_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་སོ་ཞེས་ཀྱང་སྨྲའོ། །བཤད་པ། །ཅི་ཁྱོད་ཤིང་ལྗོན་པ་རྩ་བ་རུལ་པ་ལ་ཆུ་ལྡུགས་པར་བྱེད་དམ། ཁྱོད་གང་ཟག་ཉེ་བར་ལེན་པ་མེད་པ་འབའ་ཞིག་པ་རྣམ་པ་ཐམས་ཅད་དུ་མི་འཐད་པ་ལ་སྡུག་བསྔལ་གང་ཟག་བདག་གིས་བྱས་སོ་སྨྲའམ། འདི་ལྟར་གལ་ཏེ་གང་ཟག་ཉེ་བར་ལེན་པ་མེད་པ་འབའ་ཞིག་པ་འགའ་ཞིག་རབ་ཏུ་གྲུབ་པར་གྱུར་ན་ནི། དེས་ན་སྡུག་བསྔལ་གང་ཟག་བདག་གིས་བྱས་སོ་ཞེས་དེ་སྐད་སྨྲ་བར་ཡང་རིགས་པར་འགྱུར་བ་ཞིག་ན། གང་ཟག་ཉེ་བར་ལེན་པ་མེད་པ་འབའ་ཞིག་པ་ནི་ཇི་ལྟར་ཡང་མི་རིགས་སོ། །དེ་མེད་ན། རེ་ཞིག་སྡུག་བསྔལ་བདག་བྱས་མིན། །གང་ཟག་ཉེ་བར་ལེན་པ་མེད་པ་འབའ་ཞིག་པ་དེ་མེད་ན་སྡུག་བསྔལ་བདག་གིས་བྱས་པ་མ་ཡིན་པས་རེ་ཞིག་སྡུག་བསྔལ་གང་ཟག་བདག་གིས་མ་བྱས་སོ། །སྡུག་བསྔལ་དེ་ལས་གང་ཟག་དེ་གཞན་མ་ཡིན་པས་སྡུག་བསྔལ་གྱིས་སྡུག་བསྔལ་དེ་བྱས་པའི་ཕྱིར་རྣམ་གྲངས་ལས་སྡུག་བསྔལ་བདག་གིས་བྱས་སོ་ཞེས་ཀྱང་སྨྲའོ་ཞེས་གང་སྨྲས་པ་དེ་ལ་བཤད་པར་བྱ་སྟེ། དེ་ཉིད་ཀྱིས་ནི་དེ་མ་བྱས། །དེ་ལྟ་ན་སྡུག་བསྔལ་དེ་ཉིད་ཀྱིས་སྡུག་བསྔལ་དེ་མ་བྱས་སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཟིན་པའི་སྡུག་བསྔལ་ལས་དེ་གཞན་མ་ཡིན་པར་བརྗོད་པའི་ཕྱིར་ཏེ། ཉེ་བར་ལེན་པ་ལས་གཞན་མ་ཡིན་པར་གྱུར་པ་འདིས་ཅི་ཡང་མ་བྱས་ཏེ། དེས་ཉེ་བར་ལེན་པའི་སྡུག་བསྔལ་དེ་ཉིད་བྱས་གྲང་ན། གང་གི་ཕྱིར་བྱས་པ་ལས་དེ་གཞན་མ་ཡིན་ནོ་ཞེས་བྱ་བ་དེའི་ཕྱིར་གང་ཟག་ཉེ་བར་ལེན་པ་མེད་པ་འབའ་ཞིག་པ་དེས་ནི་མ་བྱས་པས་དེའི་ཕྱིར་སྡུག་བསྔལ་དེ་ཉིད་ཀྱིས་སྡུག་བསྔལ་དེ་བྱས་སོ་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ། །སྡུག་བསྔལ་གང་ཡིན་པ་དེ་ཉིད་གང་ཟག་མ་ཡིན་པས་རྣམ་གྲངས་ལས་སྡུག་བསྔལ་གཞན་གྱིས་བྱས་སོ་ཞེས་གང་སྨྲས་པ་དེ་ལ་ཡང་བཤད་པར་བྱ་སྟེ། གལ་ཏེ་གཞན་བདག་མ་བྱས་ན། །སྡུག་བསྔལ་གཞན་བྱས་ག་ལ་འགྱུར། །གལ་ཏེ་གང་ཟག་དེ་བདག་ཉིད་ཀྱིས་མ་བྱས་ཤིང་བདག་ཉིད་རབ་ཏུ་མ་གྲུབ་སྟེ། སྡུག་བསྔལ་མེད་པ་འབའ་ཞིག་པ་ཡོད་པ་ཉིད་མ་ཡིན་ན་རང་གི་བདག་ཉིད་རབ་ཏུ་མ་གྲུབ་པ་གཞན་དུ་གྱུར་པ་དེ་མེད་པས་སྡུག་བསྔལ་དེ་གཞན་གྱིས་བྱས་པར་ག་ལ་འགྱུར། ཉེ་བར་ལེན་པ་དེ་


DTG096_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐྱེས་ཤིང༌། མེད་ན་གང་ཟག་དེ་ཡོད་དུ་ཟིན་ཀྱང་གཞན་དུ་ག་ལ་འགྱུར། དེ་ལྟ་བས་ན་དེ་དག་ཐམས་ཅད་སྔར་ལན་བཏབ་ཟིན་པ་ལ་ཁྱོད་ཚིག་གཞན་གྱིས་དོན་གཞན་དུ་བསམས་ཤིང་དེ་དག་ཉིད་ཡང་སྨྲས་པར་གྱུར་ཏོ། །སྨྲས་པ། སྡུག་བསྔལ་བདག་དང་གཞན་སོ་སོ་བྱས་པར་མི་རིགས་སུ་ཟིན་ཀྱང། །སྡུག་བསྔལ་བདག་དང་གཞན་ཉིད་གཉི་ག་འདུས་པས་བྱས་པ་ནི་ཡོད་དོ། །བཤད་པ། གལ་ཏེ་རེ་རེས་བྱས་གྱུར་ན། །སྡུག་བསྔལ་གཉི་གས་བྱས་པར་འགྱུར། །གལ་ཏེ་རེ་རེས་བྱས་པ་ཡོད་པར་གྱུར་ན་ནི་སྡུག་བསྔལ་གཉི་གས་བྱས་པ་དེ་ཉིད་ཀྱང་ཡོད་པར་འགྱུར་བ་ཞིག་ན། སྡུག་བསྔལ་རེ་རེས་བྱས་པར་མི་རིགས་པ་དེ་ནི་བསྟན་ཟིན་ཏེ། སྡུག་བསྔལ་རེ་རེས་བྱས་པ་མེད་ན་སྡུག་བསྔལ་གཉི་གས་བྱས་པས་འཐད་པར་ཇི་ལྟར་འགྱུར། གང་གི་ཚེ་བདག་དང་གཞན་གཉི་ག་སྡུག་བསྔལ་མེད་པ་འབའ་ཞིག་པར་མི་སྲིད་པ་དེའི་ཚེ་ཇི་ལྟར་དེ་ཉིད་ཀྱིས་སྡུག་བསྔལ་བྱེད་པར་འགྱུར་ཏེ། དེའི་ཕྱིར་བདག་དང་གཞན་གཉི་གས་སྡུག་བསྔལ་བྱས་སོ་ཞེས་བྱ་བ་ཡང་མི་འཐད་དོ། །སྨྲས་པ། གལ་ཏེ་སྡུག་བསྔལ་རེ་རེས་ཀྱང་མ་བྱས་ལ་གཉི་གས་བྱས་པར་ཡང་མི་རིགས་ན། འོ་ན་དེ་ལྟ་ན་སྡུག་བསྔལ་བདག་དང་གཞན་དང་གཉི་གས་མ་བྱས་པས་རྒྱུ་མེད་པ་ལས་བྱུང་བ་ཡིན་ནོ་།བཤད་པ། གཞན་གྱིས་མ་བྱས་བདག་མ་བྱས། །སྡུག་བསྔལ་རྒྱུ་མེད་ག་ལ་འགྱུར། །གཞན་གྱིས་བྱས་པ་ནི་གཞན་གྱིས་དེ་བྱས་པ་སྟེ། གཞན་གྱིས་དེ་བྱེད་ཅེས་བྱ་བའི་ཐ་ཚིག་གོ །གཞན་གྱིས་མ་བྱས་པ་ནི་གཞན་གྱིས་མི་བྱེད་པའོ། །བདག་གིས་བྱས་པ་ནི་བདག་གིས་དེ་བྱས་པ་སྟེ་བདག་གིས་དེ་བྱེད་ཅེས་བྱ་བའི་ཐ་ཚིག་གོ །བདག་གིས་མ་བྱས་པ་ནི་བདག་གིས་མི་བྱེད་པའོ། །གཞན་གྱིས་མ་བྱས་པ་དང་བདག་གིས་མ་བྱས་པ་ནི་གཞན་གྱིས་མི་བྱེད་པ་དང་བདག་གིས་མི་བྱེད་པའོ། །དེ་ལྟར་གཞན་གྱིས་ཀྱང་མ་བྱས་ན་སྡུག་བསྔལ་གློ་བུར་བར་འཐད་པར་ག་ལ་འགྱུར། ཅི་སྟེ་འགྱུར་ན་ནི་རྟག་ཏུ་ཐམས་ཅད་འབྱུང་བར་འགྱུར་རོ། །དེ་ལྟ་ཡིན་ན་ནི་རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་དང༌། འདྲེས་པའི་སྐྱོན་ཆེན་པོར་ཡང་འགྱུར་བས་དེ་ནི་མི་འདོད་དོ། །དེ་བས་ན་སྡུག་བསྔལ་རྒྱུ་མེད་པ་ལས་བྱུང་བ་ཞེས་བྱ་བ་དེ་ནི་བཟང་པོ་མ་ཡིན་པ་ཉིད་དོ། །སྨྲས་པ། གལ་ཏེ་དེ་ལྟར་


DTG096_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་མེད་ན། བཅོམ་ལྡན་འདས་ཀྱིས་འོད་སྲུངས་སྡུག་བསྔལ་ཡོད་དེ། ངས་སྡུག་བསྔལ་ཤེས་སོ། །མཐོང་ངོ་ཞེས་གསུངས་པ་ཇི་ལྟ་བུ། བཤད་པ། སྡུག་བསྔལ་མེད་དོ་ཞེས་དེ་སྐད་དུ་མ་ཟེར། ཁོ་བོས། དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །ཞེས་མ་སྨྲས་སམ། དེའི་ཕྱིར་ཁོ་བོ་ནི་སྡུག་བསྔལ་བརྟེན་ནས་འབྱུང་བར་སྨྲའི། བདག་གིས་བྱས་པ་དང༌། གཞན་གྱིས་བྱས་པ་དང༌། གཉི་གས་བྱས་པ་དང༌། རྒྱུ་མེད་པ་ལས་བྱུང་ཞེས་ནི་མི་སྨྲའོ། །སྡུག་བསྔལ་འབའ་ཞིག་རྣམ་པ་བཞི། །ཡོད་མ་ཡིན་པ་མ་ཡིན་གྱི། །ཕྱི་རོལ་དངོས་པོ་རྣམས་ལ་ཡང། །རྣམ་པ་བཞི་པོ་ཡོད་མ་ཡིན། །ཕུང་པོ་སྡུག་བསྔལ་འབའ་ཞིག་ལ་བདག་གིས་བྱས་པ་དང༌། གཞན་གྱིས་བྱས་པ་དང༌། གཉི་གས་བྱས་པ་དང༌། རྒྱུ་མེད་པ་ལས་བྱུང་བ་རྣམ་པ་བཞི་པོ་དག་ཡོད་པ་མ་ཡིན་པ་དེ་ལྟར་གཟུང་བར་མི་བྱའི། །ཕྱིར་རོལ་གྱི་དངོས་པོ་གཟུགས་ལ་སོགས་པ་རྣམས་ལ་ཡང་རྣམ་པ་བཞི་པོ་ཡོད་པ་མ་ཡིན་ནོ། །དེ་ཡང་ཇི་ལྟར་ཞེ་ན། རེ་ཞིག་གཟུགས་ཉིད་ཀྱིས་གཟུགས་བདག་ཉིད་མ་བྱས་སོ། །གལ་ཏེ་གཟུགས་ཀྱིས་བདག་ཉིད་བྱེད་ན་ཡོད་པ་འམ། མེད་པ་ཞིག་བྱེད་གྲང་ན། དེ་ལ་རེ་ཞིག་གལ་ཏེ་གཟུགས་སུ་ཡོད་པ་ཉིད་ཡིན་ན་དེ་ལ་ཡང་བྱ་ཅི་དགོས། ཅི་སྟེ་གཟུགས་མེད་ན་ནི་ཇི་ལྟར་མེད་པ་དག་ཉིད་ཀྱིས་བདག་ཉིད་བྱེད་པར་འགྱུར། ཅི་སྟེ་བྱེད་ན་ནི་དྲི་ཟའི་གྲོང་ཁྱེར་གྱིས་ཀྱང་རང་གི་ར་བ་རྩིག་པར་བྱེད་པར་འགྱུར་རོ། །གཟུགས་བདག་གིས་བྱས་པ་ཡིན་ན། གཟུགས་བརྟེན་ནས་འབྱུང་ངོ་ཞེས་བྱ་བར་མི་འཐད་པས་དེ་ཡང་མི་འདོད་དོ།། དེ་ལ་གཟུགས་དེ་འབྱུང་བ་གཞན་དུ་གྱུར་པ་དག་གིས་བྱས་སོ་སྙམ་ན། དེ་ཡང་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་རྒྱུ་འབྱུང་བ་དག་ལས་གཟུགས་གཞན་ཉིད་མ་ཡིན་པའི་ཕྱིར་ཏེ། དེ་ནི་འོག་ནས་ཀྱང༌། གང་ལ་བརྟེན་ཏེ་གང་ཡིན་པ། །དེ་ནི་དེ་ལས་གཞན་མི་འཐད། །ཅེས་འབྱུང་སྟེ། གཟུགས་མ་བྱས་པ་མ་སྐྱེས་བ་མེད་པ་ལས་བྱུང་བ་རྣམས་ཇི་ལྟར་གཞན་དུ་འགྱུར། གཟུགས་ནི་གཉི་གས་བྱས་པ་ཡང་མ་ཡིན་ཏེ། རེ་རེས་བྱས་པར་མི་འཐད་པའི་ཕྱིར་རོ། །གཟུགས་རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་ཏེ། གཞན་གྱིས་མ་བྱས་པ་དང༌། བདག་གིས་


DTG096_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་བ་རྒྱུ་མེད་པ་ལས་ཇི་ལྟར་འབྱུང་བར་འགྱུར་ཏེ། སྐྱོན་དུ་མར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་སྒྲ་ལ་སོགས་པ་དངོས་པོ་ཐམས་ཅད་ལ་ཡང་རྣམ་པ་བཞི་པོ་དག་མི་འཐད་པས་འགྲུབ་པར་བལྟ་བར་བྱའོ། །སྡུག་བསྔལ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གཉིས་པའོ།། །།སྨྲས་པ། སྡུག་བསྔལ་ཡང་ཡོད་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱང་ཡོད་དེ། དེ་དག་ཡོད་པ་ལ་རྣམ་པ་བཞི་པོ་འབའ་ཞིག་མི་འཐད་དོ། །རྣམ་པ་བཞི་པོ་དག་མེད་དུ་ཟིན་ཀྱང་རེ་ཞིག །དངོས་པོ་རྣམས་ནི་རབ་ཏུ་གྲུབ་པོ། །བཤད་པ། ཅི་ཁྱོད་སྒྱུ་མའི་གླང་པོ་ཆེས་འགྲོ་བར་འདོད་དམ། ཁྱོད་རྣམ་པ་བཞི་པོ་དག་གིས་མ་བྱས་པའི་དངོས་པོ་རྣམས་ཡང་དག་པར་ཡོད་པར་རྟོག་གོ །འདིར་ཡང་དག་པ་གང་ཡིན་པ་དེ་ཉིད་གཟུང་བར་བྱ་བའི་རིགས་པ་སྙམ། སྨྲས་པ། འདིར་ཡང་དག་པ་གང་ཡིན། བཤད་པ། ཆོས་གང་སླུ་བདེ་བརྫུན་ཞེས། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས། །འདུ་བྱེད་ཐམས་ཅད་སླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། །འདི་ལ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་ལས་ཆོས་གང་སླུ་བ་དེ་ནི་བརྫུན་པའོ། །དགེ་སློང་དག་འདི་ལྟ་སྟེ། མི་སླུ་བའི་ཆོས་མྱ་ངན་ལས་འདས་པ་དེ་ནི་བདེན་པའི་མཆོག་གོ་ཞེས་གསུངས་སོ། །དེ་བཞིན་དུ་བདེན་པ་གཅིག་སྟེ། གཉིས་པ་མེད་ཅེས་ཚིགས་སུ་བཅད་པ་ཡང་གསུངས་སོ། །དེ་བཞིན་དུ་གཞན་ནས་ཀྱང་འདུས་བྱས་དེ་ནི་སླུ་བའི་ཆོས་ཀྱང་ཡིན། དེ་ནི་རབ་ཏུ་འཇིག་པའི་ཆོས་ཀྱང་ཡིན་ནོ་ཞེས་འདུ་བྱེད་ཐམས་ཅད་སླུ་བའི་ཆོས་ཅན་ཡིན་པར་གསུངས་སོ། །དེའི་ཕྱིར་འདུ་བྱེད་ཐམས་ཅད་སླུ་བའི་ཆོས་ཉིད་དེས། ཐམས་ཅད་བརྫུན་པ་ཉིད་ཡིན་ཏེ། གང་དག་བརྫུན་པ་དེ་དང༌། ཇི་ལྟར་རབ་ཏུ་འགྲུབ་པར་འགྱུར། ཁྱོད་ཀྱིས་དངོས་པོ་རྣམས་ནི་རབ་ཏུ་གྲུབ་པོ་ཞེས་གང་སྨྲས་པ་དེ་ནི་སྲེད་པས་བསྐྱོད་པར་ཟད་དོ། །སྨྲས་པ། །གལ་ཏེ་འདུ་བྱེད་ཐམས་ཅད་བརྫུན་པ་ཡིན་ན་འཛིན་བཞིན་དུ་ཡང་དངོས་པོ་ཐམས་ཅད་མེད་དོ་ཞེས་དེ་དག་མི་གསལ་བར་བྱས་པར་མི་འགྱུར་རམ། བཤད་པ་མི་འགྱུར་ཏེ། །གལ་ཏེ་སླུ་ཆོས་གང་ཡིན་པ། །དེ་བརྫུན་དེ་ལ་ཅི་ཞིག་སླུ། །བཅོམ་ལྡན་འདས་ཀྱིས་དེ་གསུངས་པ། །


DTG096_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་ཡོངས་སུ་བསྟན་པ་ཡིན། །གལ་ཏེ་སླུ་བའི་ཆོས་ཞེས་གསུངས་པ་གང་ཡིན་པ་དེ་བརྫུན་པ་ཡིན་ན། སླུ་བའི་ཆོས་ནི་མེད་པ་ཉིད་དོ་ཞེས་སྨྲ་བ་ཡིན་པས་སླུ་བའི་ཆོས་མེད་པ་དེ་ལ་ཅི་ཞིག་སླུ་བར་འགྱུར་བ་དེ་ཇི་སྨྲོས་ཤིག །འདི་ལྟར་མེད་པ་ལ་ཅི་ཞིག་སླུ་བར་འགྱུར། ཅི་སྟེ་སླུ་བར་འགྱུར་ན་ནི། །ཕྱུགས་བདག་པ་དང་གཅེར་བུ་བའི་ནོར་ལ་ཡང་ཆོས་རྐུན་པ་དག་འཚེ་བར་འགྱུར་རོ། །དེ་ལྟ་བས་ན་བརྫུན་པ་ཞེས་གསུངས་པས་དངོས་པོ་རྣམས་མེད་པར་བསྟན་པ་མ་ཡིན་ནོ། །བཅོམ་ལྡན་འདས་སྒྲིབ་པ་མི་མངའ་བའི་མཁྱེན་པ་དང་རྣམ་པར་ཐར་པ་བརྙེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གཟིགས་པས་སླུ་བའི་ཆོས་གང་ཡིན་པ་དེ་ནི་བརྫུན་པའོ་ཞེས་བྱ་བ་དེ་གསུངས་པས་ནི་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་མུ་སྟེགས་བྱེད་ཐམས་ཅད་ཀྱིས་མི་རྟོགས་པ་ཡོད་པ་ཉིད་དང་མེད་པ་ཉིད་ཀྱི་སྐྱོན་དང་བྲལ་བ་ཡོངས་སུ་བསྟན་པ་ཡིན་ནོ། །སྨྲས་པ། བརྫུན་པ་ཞེས་གསུངས་པ་ནི། དངོས་པོ་རྣམས་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་སྟོན་པ་ཡིན་པར་མ་གསུངས་ཀྱི། བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་པ་ནི། དངོས་རྣམས་ངོ་བོ་ཉིད་མེད་དེ། །གཞན་དུ་འགྱུར་བ་སྣང་ཕྱིར་རོ། །བརྫུན་པ་ཞེས་གསུངས་པ་ཉིད་གང་ཡིན་པ་དེས་ནི་དངོས་པོ་རྣམས་ལ་ངོ་བོ་ཉིད་མེད་པ་ཁོ་ནར་ཡོངས་སུ་བསྟན་པ་མ་ཡིན་གྱི། དེ་ནི་དངོས་པོ་རྣམས་གཞན་དུ་འགྱུར་བ་སྣང་བའི་ཕྱིར་དང༌། རྣམ་པར་འགྱུར་བ་སྣང་བའི་ཕྱིར་དང༌། ངེས་པར་མི་གནས་པའི་ངོ་བོ་ཉིད་དུ་སྣང་བའི་ཕྱིར་ཡོངས་སུ་བསྟན་པ་ཡིན་ནོ། །གལ་ཏེ་ཇི་ལྟར་ཞེ་ན། ངོ་བོ་ཉིད་མེད་དངོས་མེད་དེ། །གང་ཕྱིར་དངོས་རྣམས་སྟོང་པ་ཉིད། །གང་གི་ཕྱིར་ངོ་བོ་ཉིད་མེད་པའི་དངོས། །མེད་ལ་དངོས་པོ་རྣམས་ཀྱི་སྟོང་པ་ཉིད་ཀྱང་བསྟན་པ། དེའི་ཕྱིར་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ངེས་པར་མི་གནས་པའི་ཕྱིར་དང༌། གཞན་དུ་འགྱུར་བ་སྣང་བའི་ཕྱིར། དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་ཅེས་གསུངས་པར་ཁོང་དུ་ཆུད་པར་བྱའོ། །དེ་ནི་ངེས་པ་ཁོ་ནར་དེ་ལྟར་ཁོང་དུ་ཆུད་པར་བྱའོ། །གཞན་དུ་ན། གལ་ཏེ་ངོ་བོ་ཉིད་མེད་ན། །གཞན་དུ་འགྱུར་བ་གང་གི་ཡིན། །གལ་ཏེ་དངོས་པོ་རྣམས་ལ་ངོ་བོ་ཉིད་


DTG096_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཁོ་ན་ཡིན་ན། གཞན་དུ་འགྱུར་བ་དེ་གང་གི་ཡིན་པར་འགྱུར། གཞན་དུ་འགྱུར་བ་ཞེས་བྱ་བ་ནི་ངོ་བོ་ཉིད་ལས་བཟློག་བ་ཡིན་ན། དེ་ལ་གལ་ཏེ་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ན་གཞན་དུ་འགྱུར་བ་ཡང་མེད་པར་འགྱུར་བར་ཐེ་ཚོམ་མེད་པ་ཞིག་ན། གཞན་དུ་འགྱུར་བ་ནི་ཡོད་བས་དེའི་ཕྱིར་ངོ་བོ་ཉིད་ཀྱང་ཡོད་པ་ཁོ་ནའོ། །བཤད་པ། གལ་ཏེ་ངོ་བོ་ཉིད་ཡོད་ན། །གཞན་དུ་འགྱུར་བ་གང་གི་ཡིན། །ཞེས་གང་སྨྲས་པ་དེ་ལ་བཤད་པར་བྱ་སྟེ། གལ་ཏེ་ངོ་བོ་ཉིད་ཡོད་ན། །ཇི་ལྟ་བུར་ན་གཞན་དུ་འགྱུར། །གལ་ཏེ་དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་ན། གཞན་ལ་མི་ལྟོས་པར་རང་ལས་རབ་ཏུ་གྲུབ་པ་རྟག་པ་མི་འགྱུར་བ་ཡོད་པ་དེ་ལ་ཇི་ལྟར་གཞན་དུ་ཡང་འགྱུར་བ་ཡོད་པར་འགྱུར་ཏེ། གཞན་དུ་འགྱུར་བ་ནི་གཞན་ལ་རག་ལས་པའི་ཕྱིར་འགྱུར་བ་ཡིན་གྱི་ངོ་བོ་ཉིད་ནི་མ་ཡིན་པས། དེའི་ཕྱིར་ངོ་བོ་ཉིད་ལ་གཞན་དུ་འགྱུར་བ་མི་འཐད་པའོ། །སྨྲས་པ། གལ་ཏེ་ངོ་བོ་ཉིད་ལ་གཞན་དུ་འགྱུར་བ་མི་འཐད་ན། འོ་ན་ངོ་བོ་ཉིད་ལས་གཞན་པ་དེ་ཇི་ལྟར་གཞན་དུ་འགྱུར། བཤད་པ། དེ་ཉིད་ལ་ནི་གཞན་འགྱུར་མེད། །གཞན་ཉིད་ལ་ཡང་ཡོད་མ་ཡིན། །དངོས་པོར་ཡོངས་སུ་བརྟག་པ་གང་ཡིན་པ་དེ་ཉིད་ལ་ཡང་གཞན་དུ་འགྱུར་བ་ཡོད་པར་མི་འཐད་ལ། དེ་ལས་གཞན་པ་ཉིད་གང་ཡིན་པ་དེ་ལ་ཡང་གཞན་དུ་འགྱུར་བ་ཡོད་པར་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་གཞོན་ནུ་མི་རྒ་སྟེ། །གང་ཕྱིར་རྒས་པའང་མི་རྒའོ། །འདི་ལས་གཞན་དུ་འགྱུར་བ་ཞེས་བྱ་བ་ནི་རྒ་བ་སྟེ། རྒ་བ་དེ་ཡང་གང་གི་ཕྱིར་གཞོན་ནུའི་གནས་སྐབས་ཉིད་དུ་རྒ་བར་བབ་པ་ལ་ཡང་མེད་ལ། གཞོན་ནུ་ལས་གཞན་པ་རྒས་པའི་གནས་སྐབས་ལ་བབ་པ་ལ་ཡང་མེད་པས། དེའི་ཕྱིར་དེ་ཉིད་ལ་ཡང་གཞན་དུ་འགྱུར་བ་མེད་ལ་གཞན་ཉིད་ལ་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་གཞོན་ནུ་གཞོན་ནུའི་གནས་སྐབས་ཉིད་དུ་རྒ་བར་འགྱུར་ན། དེ་ལྟ་ན་རྒས་པ་དང་གཞོན་པ་གཉིས་གཅིག་ལ་ལྷན་ཅིག་གནས་པར་ཡང་འགྱུར་རོ། །དེ་ཡང་མི་འཐད་དེ། འདི་ལྟར་མི་མཐུན་པ་གཉིས་གཅིག་ལ་ལྷན་ཅིག་ཇི་ལྟར་གནས་པར་འགྱུར། ཅི་སྟེ་ཡང་རྒས་པ་རྒས་པའི་གནས་སྐབས་ན་རྒ་བར་འགྱུར་ན། དེ་ལྟ་ན་ཡང་རྒ་བར་བརྟག་པ་དོན་མེད་པར་འགྱུར་ཏེ།


DTG096_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་རྒས་པ་ལ་རྒ་བར་བྱ་བར་ཅི་དགོས། རྒ་བ་གང་ཞིག་རྒས་པ་དེ་ཡང་རྒ་བར་འགྱུར་ན། དེའི་དེ་གནས་སྐབས་ཇི་ལྟ་བུར་འགྱུར་ཞེས་དེ་ལ་ཡང་བསམ་པ་དེ་ཉིད་དང་རྗེས་སུ་འབྲེལ་པར་འགྱུར་རོ། །སྨྲས་པ། དེ་ཉིད་གཞན་དུ་འགྱུར་གྱི་གཞན་ནི་མི་འགྱུར་ཏེ། དཔེར་ན་འོ་མ་གཞན་དུ་གྱུར་པའི་དངོས་པོ་ཞོ་ཉིད་ཡིན་པ་ལྟ་བུའོ། །བཤད་པ། གལ་ཏེ་དེ་ཉིད་གཞན་འགྱུར་ན། །འོ་མ་ཉིད་ནི་ཞོར་འགྱུར་རོ། །གལ་ཏེ་དེ་ཉིད་གཞན་དུ་འགྱུར་བར་སེམས་ན། དེ་ལྟར་ན་ཁྱོད་ཀྱི་འོ་མ་ཉིད་ཞོ་ཡིན་པར་ཐལ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་ཀྱི་ཡིན་གྱི། གཞན་གྱི་མ་ཡིན་པའི་ཕྱིར་ཏེ། ཁྱོད་ཀྱིས་འོ་མའི་གནས་སྐབས་ཉིད་དུ་གྱུར་པ་ཞོའི་དངོས་པོར་བརྗོད་པས། དེས་ན་འོ་མ་དེ་ཉིད་ཞོ་དེ་ཉིད་ཡིན་པར་ཐལ་བར་འགྱུར་རོ། །སྨྲས་པ། འོ་མ་ཉིད་ཀྱི་དངོས་པོ་ཞོ་ཡིན་པས་འོ་མ་ཉིད་ཞོ་ཡིན་ནོ་ཞེས་ནི་མི་སྨྲའོ། །བཤད་པ། འོ་མ་ལས་གཞན་གང་གི་ནི། །དངོས་པོ་ཞེ་ནི་ཡིན་པར་འགྱུར། །གལ་ཏེ་འོ་མ་ཉིད་ཀྱི་དངོས་པོ་ཞོ་ཡིན་པས་འོ་མ་ཉིད་ཞོ་ཡིན་ནོ་ཞེས་མི་སྨྲ་ན། འོ་ན་འོ་མ་ལས་གཞན་གང་གི་དངོས་པོ་ཞོ་ཡིན་པར་འགྱུར། ཅི་ཞོ་ཉིད་ཀྱི་དངོས་པོ་ཞོར་འགྱུར་ཞིང་ཞོ་ཉིད་ཡིན་ནམ། འོན་ཏེ་ཆུའི་དངོས་པོ་ཞོར་འགྱུར་ཞིང་ཆུ་ཞོ་ཡིན་ནོ་ཞེས་སྨྲས། དེ་ལྟ་བས་ན་དེ་ཉིད་དང་གཞན་ཡང་གཞན་དུ་འགྱུར་བར་མི་འཐད་དོ། །གང་གི་ཕྱིར་དེ་ཉིད་དང༌། གཞན་ཡང་གཞན་དུ་འགྱུར་བ་མི་འཐད་པ་དེའི་ཕྱིར་གཞན་དུ་འགྱུར་བ་ཉིད་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་བརྫུན་པ་ཞེས་གསུངས་པ་ནི་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་སྟོན་པར་བྱེད་པ་ཡིན་གྱི། ངོ་བོ་ཉིད་ངེས་པར་མི་གནས་པ་སྟོན་པར་བྱེད་པ་ནི་མ་ཡིན་ནོ། །སྨྲས་པ། ཡང་རེ་ཞིག་སྟོང་པ་ཉིད་ནི་ཡོད་དེ། གཉེན་པོ་མེད་པས་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས་སྟོང་པ་ཉིད་ཡོད་པའི་ཕྱིར་སྟོང་པ་ཉིད་མ་ཡིན་པ་ཡང་ཡོད་པར་འགྱུར་རོ། །བཤད་པ། གཉེན་པོ་ལས་དངོས་པོ་རབ་ཏུ་ཡང་འགྲུབ་པར་འདོད་ན་ཡང་སྟོང་པ་ཡིན་པ་མི་འཐད་དེ། ཅིའི་ཕྱིར་ཞེ་ན། སྟོང་པ་མེད་པའི་ཕྱིར་རོ། །གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་


DTG096_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་གལ་འགྱུར། །གལ་ཏེ་མི་སྟོང་པ་ཅུང་ཟད་ཅིག་རབ་ཏུ་འགྲུབ་པར་གྱུར་ན་ནི། དེའི་གཉེན་པོ་སྟོང་པ་ཡང་ཅུང་ཟད་ཡོད་པར་འགྱུར་བ་ཞིག་ན། གང་གི་ཚེ་རྣམ་པ་ཐམས་ཅད་དུ་བརྟགས་ན་མི་སྟོང་པ་ཅུང་ཟད་ཀྱང་ཡོད་པར་མི་འཐད་པ་དེའི་ཚེ་མི་གཏོང་པ་མེད་ན་སྟོང་པ་ཡོད་པར་ག་ལ་འགྱུར། དེ་སྟོང་པ་ཡོད་པ་མ་ཡིན་ན་དེའི་གཉེན་པོ་སྟོང་པ་མ་ཡིན་པ་ཡོད་པར་ཇི་ལྟར་བརྟག །སྨྲས་པ། ཁྱོད་གང་སྨྲ་བ་དེ་ཉིད་ཡང་མི་འདོད་དེ་སྔར། བཅོམ་ལྡན་འདས་ཀྱིས་དེ་གསུངས་པ། །སྟོང་ཉིད་ཡོངས་སུ་བསྟན་པ་ཡིན། །ཞེས་སྨྲས་ལ། དེ་ནི་གལ་ཏེ་སྟོང་མིན་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །ཞེས་སྨྲའམ། བཤད་པ། འདི་ལ་མ་ཁྲོ་བར་རིགས་པ་ཟུང་ཤིག །རྒྱལ་བ་རྣམས་ཀྱིས་སྟོང་ཉིད་ནི། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་པ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །རྒྱལ་བ་ཡང་དག་ཇི་ལྟ་བ་བཞིན་དུ་གཟིགས་པ། ཐུགས་རྗེའི་དམ་པ་དང་ལྡན་པ་རྣམས་ཀྱིས་འགྲོ་བ་རྣམས་ལ་ཕན་གདགས་པའི་ཕྱིར། སྟོང་པ་ཉིད་ཅེས་བྱ་བ་ནི་སྟོང་པ་ཉིད་ལྟ་བ་ཀུན་གྱི་ཆུ་སྲིན་འཛིན་ཁྲི་ཐམས་ཅད་ལས་ངེས་པར་འབྱིན་པ་ཡིན་པར་གསུངས་ཏེ། དེ་ནི་ལྟ་བའི་ཆུ་སྲིན་འཛིན་ཁྲི་ཐམས་ཅད་བཟློག་པར་གསུངས་པས། ལྟ་བའི་ཆུ་སྲིན་འཛིན་ཁྲི་བཟློག་པ་དེ་ནི་དངོས་པོར་མི་འཐད་དོ། །དཔེར་ན་སེམས་རྨོངས་པ་འགའ་ཞིག་དྲི་ཟའི་གྲོང་ཁྱེར་ལ་གྲོང་ཁྱེར་རོ་སྙམ་པའི་བློ་གྲོས་བྱུང་བ་ལས་ཀུན་ཏུ་རྨོངས་པ་དང་བྲལ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་ཚེ། གྲོང་ཁྱེར་གྱི་བློ་ལོག་པ་ན་གྲོང་ཁྱེར་གྱི་བློ་ལོག་པ་ཞེས་བྱ་བའི་དངོས་པོ་འགའ་ཡང་མེད་དེ། ཡོད་པ་མ་ཡིན་པ་ལ་རྣམ་པར་རྟོག་པ་དང་བྲལ་བ་འབའ་ཞིག་ཏུ་ཟད་པ། དེ་བཞིན་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་དངོས་པོར་ལྟ་བའི་ཆུ་སྲིན་འཛིན་ཁྲི་གང་ཡིན་པ་ལས་ལོག་པའི་སྟོང་པ་ཉིད་ཅེས་བྱ་བ་དེ་ནི་སྟོང་པ་ཉིད་ཅེས་བྱ་བ་དངོས་པོ་འགའ་ཡང་མེད་དོ། །གང་དག་སྟོང་པ་ཉིད་ཅེས་བརྗོད་པ་ཙམ་མ་གཏོགས་པའི་ཕྱིར། སྟོང་པ་ཉིད་ལ་དངོས་པོར་ལྟ་བ་དེ་དག་ནི་མ་རིག་པའི་མུན་


DTG096_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོས་བློ་གྲོས་ཀྱི་མིག་བསྒྲིབས་པས་བསྒྲུབ་ཏུ་རུང་བ་དང༌། བསྒྲུབ་ཏུ་མི་རུང་བའི་དཔྱད་པ་སྨན་པ་ཆེན་པོ་རྒྱལ་བ་རྣམས་ཀྱིས་དེ་དག་ནི་བསྒྲུབ་ཏུ་མི་རུང་བ་ཉིད་ཡིན་ནོ་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། གང་དག་དངོས་པོ་རྣམས་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ་ཞེས་མངོན་པར་ཞེན་པ་དེ་དག་ལ་སྟོང་པ་ཉིད་ཅེས་བརྗོད་པ་རྟེན་ཅིང་འབྲེལ་པར་འབྱུང་བ་འདིས་རྒྱུ་དང་རྐྱེན་གྱི་དབང་གིས་དངོས་པོར་བརྟགས་པ་ཡིན་གྱི། དངོས་པོ་རྣམས་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ་ཞེས་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་དུ་རབ་ཏུ་བསྟན་པ་ན་མངོན་པར་ཞེན་པ་དེ་བཟློག་པར་ནུས་ཀྱི། གང་དག་སྟོང་པ་ཉིད་ལ་དངོས་པོ་ཉིད་དུ་མངོན་པར་ཞེན་པ་དེ་དག་ལ་ནི། གཞན་གང་གིས་ཀྱང་མངོན་པར་ཞེན་པ་དེ་བཟློག་པར་མི་ནུས་ཏེ། དཔེར་ན་ཅི་ཡང་མེད་དོ་ཞེས་སྨྲས་པ་ན་ཅི་ཡང་མེད་པ་དེ་ཉིད་བྱིན་ཅིག་ཅེས་ཟེར་བ་གང་ཡིན་པ་དེ་ལ་མེད་པ་ཉིད་འཛིན་དུ་གཞུག་པར་ཇི་ལྟར་ནུས་པ་བཞིན་ཏེ། དེ་ལྟ་བས་ན་དེ་བས་ནི་རྒྱལ་བ་སྟོབས་བཅུ་དང་ལྡན་པར་གྱུར་པ། ཐུགས་རྗེ་ཆེན་པོ་མངའ་བས་ཀྱང་བསྒྲུབ་ཏུ་མི་རུང་བ་ཉིད་དུ་གསུངས་སོ། །གང་དག་གིས་སྟོང་པ་ཉིད་ཀྱང་སྟོང་པར་མཐོང་བ་དེ་ཁོ་ན་མཐོང་པ་དེ་དག་ལ་ནི་སྟོང་པ་ཉིད་དུ་གྲུབ་པོ། །དེ་ཁོ་ན་ཉིད་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གསུམ་པའོ།། །།སྨྲས་པ། དངོས་པོ་རྣམས་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན་གྱི། དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཕྲད་པ་བསྟན་པའི་ཕྱིར་རོ། །འདི་ལ་བཅོམ་ལྡན་འདས་དེ་དང་དེར་གཟུགས་དང་རྣམ་པར་ཤེས་པ་དང་མིག་གསུམ་ཕྲད་པ་ནི་རེག་པའོ། །སྒྲ་དང༌། རྣམ་པར་ཤེས་པ་དང་རྣ་བ་ལ་སོགས་པ་དག་ཀྱང་དེ་བཞིན་ནོ་ཞེས་གསུངས་སོ། །དེ་བཞིན་དུ་རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་པ་དང་མ་རིག་པའི་ཀུན་ཏུ་སྦྱོར་བ་དག་གིས་ཀུན་ཏུ་སྦྱར་ཏོ་ཞེས་གསུངས་སོ། །དངོས་པོ་རྣམས་ལ་ངོ་བོ་ཉིད་མེད་ན་ཕྲད་པར་མི་འཐད་དེ། །འདི་ལྟར་དངོས་པོ་ངོ་བོ་ཉིད་མེད་པ་རྣམས་ཇི་ལྟར་ཕྲད་པར་འགྱུར་ཏེ། དེ་ལྟ་བས་ན་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ། །


DTG096_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ། གལ་ཏེ་དངོས་པོ་རྣམས་ཀྱིས་ཕྲད་པ་ཉིད་འཐད་ན་ནི། དངོས་པོ་རྣམས་ངོ་བོ་ཉིད་ཡོད་པར་འགྱུར་བ་ཞིག་ན། དངོས་པོ་རྣམས་ཀྱི་ཕྲད་པ་ཉིད་མི་འཐད་པས་ངོ་བོ་ཉིད་ཡོད་པར་ག་ལ་འགྱུར། ཇི་ལྟར་ཞེ་ན། བལྟ་བྱ་ལྟ་བ་ལྟ་བ་པོ། །གསུམ་པོ་དེ་དག་གཉིས་གཉིས་དང༌། །ཐམས་ཅད་ཀྱང་ནི་ཕན་ཚུན་དུ། །ཕྲད་པར་འགྱུར་བ་ཡོད་མ་ཡིན། །བལྟ་བར་བྱ་བ་དང༌། ལྟ་བ་དང༌། ལྟ་བ་པོ་གསུམ་པོ་དེ་དག་ནི་གཉིས་གཉིས་དང༌། ཐམས་ཅད་ཀྱང་ཕན་ཚུན་དུ་ཕྲད་པར་མི་འགྱུར་ཏེ། བལྟ་བར་བྱ་བ་དང་ལྟ་བ་ཡང་ཕྲད་པར་མི་འགྱུར་ལ། བལྟ་བར་བྱ་བ་དང་ལྟ་བ་པོ་ཡང་ཕྲད་པར་མི་འགྱུར། ལྟ་བ་དང་ལྟ་བ་པོ་ཡང་ཕྲད་པར་མི་འགྱུར། བལྟ་བར་བྱ་བ་དང་ལྟ་བ་དང་ལྟ་བ་པོ་ཡང་ཕྲད་པར་མི་འགྱུར་རོ། །དེ་བཞིན་འདོད་ཆགས་ཆགས་པ་དང༌། །ཆགས་པར་འགྱུར་དང་ཉོན་མོངས་པ། །ལྷག་མ་རྣམས་དང་སྐྱེ་མཆེད་ཀྱི། །ལྷག་མའང་རྣམ་པ་གསུམ་གྱིས་ལྟ། །ཇི་ལྟར་བལྟ་བར་བྱ་བ་དང༌། ལྟ་བ་དང༌། ལྟ་བ་པོ་དག་གཉིས་གཉིས་དང་ཕན་ཚུན་ལྷན་ཅིག་ཏུ་ཕྲད་པར་མི་འགྱུར་བ་དེ་བཞིན་དུ་འདོད་ཆགས་དང་ཆགས་པ་དང༌། ཆགས་པར་འགྱུར་བ་དག་ཀྱང་གཉིས་གཉིས་དང་ཐམས་ཅད་ཀྱང་ཕན་ཚུན་ལྷན་ཅིག་ཏུ་ཕྲད་པར་མི་འགྱུར་ཏེ། འདོད་ཆགས་དང་ཆགས་པ་དང་ཕྲད་པར་མི་འགྱུར་ལ། འདོད་ཆགས་དང་ཆགས་པར་འགྱུར་བ་ཡང་ཕྲད་པར་མི་འགྱུར། ཆགས་པ་དང་ཆགས་པར་འགྱུར་བ་ཡང་ཕྲད་པར་མི་འགྱུར། འདོད་ཆགས་དང་ཆགས་པ་དང་ཆགས་པར་འགྱུར་བ་ཡང་ཕྲད་པར་མི་འགྱུར་རོ། །དེ་བཞིན་དུ་ཉོན་མོངས་པ་ལྷག་མ་ཞེ་སྡང་ལ་སོགས་པ་རྣམས་དང༌། སྐྱེ་མཆེད་ཀྱི་ལྷག་མ་སྒྲ་དང་རྣ་བ་དང༌། ཉན་པ་པོ་ལ་སོགས་པ་དག་ཀྱང་གཉིས་གཉིས་དང། ཐམས་ཅད་དག་ཀྱང་ཕན་ཚུན་ལྷན་ཅིག་ཏུ་ཕྲད་པར་མི་འགྱུར་རོ། །སྨྲས་པ། ཅིའི་ཕྱིར་བལྟ་བར་བྱ་བ་ལ་སོགས་པ་དེ་དག་ཕན་ཚུན་ལྷན་ཅིག་ཕྲད་པར་མི་འགྱུར། བཤད་པ། གཞན་ནི་གཞན་དང་ཕྲད་གྱུར་ན། །གང་ཕྱིར་བལྟ་བྱ་ལ་སོགས་པ། །གཞན་དེ་


DTG096_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་མ་ཡིན་པ། །དེ་ཕྱིར་ཕྲད་པར་མི་འགྱུར་རོ། །འདི་ལ་གལ་ཏེ་ཕྲད་པ་ཞེས་བྱ་བ་འགའ་ཞིག་ཡོད་པར་གྱུར་ན་དེ་ངེས་པར་གཞན་དང་གཞན་ལྷན་ཅིག་ལས་འགྱུར་གྲང་ན། གང་གི་ཕྱིར་བལྟ་བར་བྱ་བ་ལ་སོགས་པ་དག་ལ་གཞན་དེ་ཡོད་པར་མི་རིགས་ཤིང༌། དེ་དག་ལ་ཕན་ཚུན་གཞན་ཉིད་ཡོད་པ་མ་ཡིན་པ་དེའི་ཕྱིར་ཕན་ཚུན་ལྷན་ཅིག་ཕྲད་པར་མི་འགྱུར་རོ། །བལྟ་བྱ་ལ་སོགས་འབའ་ཞིག་ལ། །གཞན་ཉིད་མེད་པར་མ་ཟད་ཀྱི། །གང་ཡང་གང་དང་ལྷན་ཅིག་ཏུ། །གཞན་པ་ཉིད་དུ་མི་འཐད་དོ། །བལྟ་བར་བྱ་བ་ལ་སོགས་པ་དེ་དག་འབའ་ཞིག་ལ་ཕན་ཚུན་གཞན་ཉིད་མི་འཐད་པར་མ་ཟད་ཀྱི། འདི་ལྟར་དངོས་པོ་གང་ཡང་དངོས་པོ་གང་དང་ཡང་ལྷན་ཅིག་ཏུ་གཞན་ཉིད་དུ་མི་འཐད་དོ། །གཞན་ཉིད་མེད་ན་གང་ཡང་གང་དང་ཡང་ལྷན་ཅིག་ཕྲད་པར་མི་འཐད་དོ། །སྨྲས་པ། དངོས་པོ་རྣམས་ཀྱི་གཞན་ཉིད་མངོན་སུམ་དུ་དམིགས་བཞིན་དུ་མེད་དོ་ཞེས་སུ་ཞིག་སྨྲ་བར་རིགས། བཤད་པ། ཁྱོད་ཀྱིས་གང་ཁོ་ནའི་ཕྱིར་དངོས་པོ་རྣམས་ཀྱི་གཞན་ཉིད་མངོན་སུམ་དུ་དམིགས་པ་དེ་ཁོ་ནའི་ཕྱིར་ཁོ་བོས་ཁྱོད་ཀྱིས་དངོས་པོ་རྣམས་ཀྱི་གཞན་ཉིད་མ་དམིགས་པར་ལེགས་པར་ཁོང་དུ་ཆུད་དེ། འདི་ལྟར་དངོས་པོ་རྣམས་ཀྱི་གཞན་ཉིད་མེད་པ་ནི་ལྷའི་མིག་གིས་ཀྱང་དམིགས་པར་མི་ནུས་ན་ཁྱོད་ལྟ་བུའི་ཤའི་མིག་གིས་ལྟ་སྨོས་ཀྱང་ཅི་དགོས། ཅིའི་ཕྱིར་ཞེ་ན། གཞན་ནི་གཞན་ལ་བརྟེན་ཏེ་གཞན། །གཞན་མེད་གཞན་ལས་གཞན་མི་འགྱུར། །གཞན་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་ལས་གཞན་པ་འགའ་ཞིག་ལ་བརྟེན་ཏེ་གཞན་དུ་འགྱུར་བ་མ་ཡིན་ན། གཞན་མེད་ན་གཞན་ནི་རང་ལས་གཞན་དུ་མི་འགྱུར་རོ། །གཞན་གང་ཡིན་པ་ནི་གཞན་ལ་ལྟོས་ནས་གཞན་ཞེས་བྱ་བའི་རང་ལས་གཞན་དུ་མི་འགྱུར་བས་དེ་མངོན་སུམ་དུ་དམིགས་སོ་ཞེས་སུ་ཞིག་སྨྲ་བར་རིགས། སྨྲས་པ། དེ་ལྟ་ན་ཡང་གཞན་ཉིད་མེད་པར་མི་འགྱུར་ཏེ། གཞན་ཉིད་རབ་ཏུ་འགྲུབ་པར་འགྱུར་རོ། །བཤད་པ། མི་མཁས་པ་ལ་ནི་དེ་ལྟར་འགྱུར་གྱི་མཁས་པ་ལ་ནི་མི་འགྱུར་ཏེ། གང་ལ་བརྟེན་ཏེ་གང་ཡིན་པ། །དེ་ནི་དེ་ལས་གཞན་མི་འཐད། །འདི་ལྟར་གང་ལ་བརྟེན་ཏེ་གང་འབྱུང་བ་དེ་དེ་ལས་གཞན་ནོ་ཞེས་དེ་སྐད་སྨྲ་བར་མི་རིགས་པ་མ་ཡིན་ནམ།


DTG096_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་ཞེ་ན། གལ་ཏེ་གཞན་ནི་གཞན་ལས་གཞན། །གཞན་མེད་པར་ཡང་རུང་བར་འགྱུར། །གལ་ཏེ་གང་ལ་བརྟེན་ནས་གཞན་དུ་འགྱུར་བ་དེ་དེ་ལས་གཞན་ཡིན་པར་གྱུར་ན་ནི། དེ་མེད་པར་ཡང་དེ་གཞན་དུ་འགྱུར་བ་ཉིད་དེ། དེ་ལྟར་ན་རེ་ལྡེ་ལ་མ་ལྟོས་པ་ཁོ་ནར་བུམ་པ་གཞན་ཉིད་དུ་འགྱུར་བ་ཞིག་ན། རེ་ལྡེ་ལ་མ་ལྟོས་པར་བུམ་པ་གཞན་དུ་ཡང་མི་འགྱུར་ཏེ། དེ་ལྟ་བས་ན་རེ་ལྡེ་ལས་བུམ་པ་གཞན་མ་ཡིན་ནོ། །སྨྲས་པ། དེ་ལས་གཞན་དུ་མ་གྱུར་དུ་ཟིན་གྱིས་ཀྱང་རེ་ཞིག་གཞན་ནི་ཡོད་དོ། །བཤད་པ། ཅི་ཁྱོད་སྐྲོད་པར་བྱེད་པ་ཉིད་ཀྱི་རྗེས་སུ་འགྲོའམ། ཁྱོད་གཞན་ཉིད་ཟློག་པར་བྱེད་པའི་གཏན་ཚིགས་ཀྱིས་གཞན་ཉིད་སྒྲུབ་པར་སེམས་ཀོ། །གལ་ཏེ་གང་ལ་བརྟེན་ཏེ་གཞན། །ཞེས་བྱ་བར་འགྱུར་བ་དེ་ལས་དེ་གཞན་མ་ཡིན་ན། འོ་ན་ཅི་དེ་རང་གི་བདག་ཉིད་ཁོ་ན་ལས་གཞན་དུ་འགྱུར་བར་སེམས་སམ། གཞན་ལས་གཞན་པའི་གཞན་པ་སྟེ། །མེད་ན་མེད་པས་དེ་ཕྱིར་མེད། །གང་གི་ཕྱིར་གཞན་གང་ལས་གཞན་པའི་གཞན་པ་དེ་མེད་ན། གཞན་མེད་པས་རང་ཉིད་ལས་གཞན་དུ་མི་འགྱུར་བའི་ཕྱིར་གཞན་མེད་པ་ཁོ་ནར་ཤེས་པར་གྱིས་ཤིག །སྨྲས་པ། གང་ཁོ་ནའི་ཕྱིར་གཞན་ནི་གཞན་ལ་བརྟེན་ཏེ་གཞན་དུ་འགྱུར་རོ་ཞེས་བྱ་བ་དེ་ཁོ་ནའི་ཕྱིར་གཞན་ཡོད་པ་མ་ཡིན་ནམ། ཅི་སྟེ་བརྟེན་ནས་ཀྱང་གཞན་དུ་ཡང་མི་འགྱུར་ན་གཞན་ཡིན་ནོ་ཞེས་ཇི་སྐད་དུ་བྱ། བཤད་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་བདག་ཉིད་འདི་ལྟ་བུ་ཡིན་ཏེ། གང་གི་ཕྱིར་རེ་ཞིག་གཞན་ལ་བརྟེན་ནས་གཞན་ཞེས་བྱ་བ་དེའི་ཕྱིར་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་གཞན་ཡིན་ནོ་ཞེས་སྨྲའོ། །གང་གི་ཕྱིར་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་ན། གཞན་ཉིད་གཞན་ལ་ཡོད་མ་ཡིན། །གཞན་མ་ཡིན་ལའང་ཡོད་པ་མིན། །གང་གི་ཕྱིར་རེ་ལྡེ་ལ་ལྟོས་ཏེ་བུམ་པ་གཞན་ཞེས་བྱ་བ་ནི་རེ་ལྡེ་ལ་ལྟོས་པའི་ཕྱིར་དང༌། རེ་ལྡེ་ལ་རག་ལུས་པའི་ཕྱིར་དང༌། རང་ལས་རབ་ཏུ་མ་གྲུབ་པའི་ཕྱིར་བུམ་པ་ལ་གཞན་ཉིད་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་རེ་ལྡེ་ལ་མི་ལྟོས་པ་བུམ་པ་གཞན་མ་ཡིན་པ་ཞེས་བྱ་བ་འབའ་ཞིག་ལ་ཡང༌། གཞན་མ་ཡིན་པ་དང་མི་མཐུན་པ་གཞན་ཉིད་མེད་པ་དེའི་ཕྱིར་དོན་དམ་པའི་དབང་གིས་གཞན་མེད་དོ་ཞེས་


DTG096_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲའོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་ཆུ་ཤིང་གི་ཕུང་པོ་བསྟན་ཏེ། ཆུ་ཤིང་གི་ཕུང་པོ་ནི་ཁོང་སྟོང་ཞིང་སྙིང་པོ་རྟོགས་པར་མི་འགྱུར་བའི་ཕྱིར། ཅི་ཡང་མེད་དོ་ཞེས་ཀྱང་བསྟན་ཏོ། །སྨྲས་པ། གལ་ཏེ་དེ་ལྟར་བུམ་པ་གཞན་མ་ཡིན་ན། དེ་ལྟ་ན་བུམ་པ་དེ་ཉིད་གཞན་མ་ཡིན་པར་འགྱུར་ཏེ། གཞན་མེད་པར་གཞན་མ་ཡིན་པར་ཡང་མེད་པས་གཞན་ཡང་ཡོད་པར་འགྱུར་རོ། །བཤད་པ། གཉེན་པོ་ལས་ཀྱང་གཞན་ཉིད་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། གཞན་མ་ཡིན་པ་མི་འཐད་པའི་ཕྱིར་ཏེ། འདི་ལྟར་གཞན་ལ་ལྟོས་ནས་གཞན་མ་ཡིན་པར་འགྱུར་ན་གཞན་ཉིད་དེ་ཡང་བརྟགས་ན་མི་འཐད་དོ། །གཞན་ཉིད་ཡོད་པ་མ་ཡིན་ནོ། །གཞན་ནམ་དེ་ཉིད་ཡོད་མ་ཡིན། །དེ་གཞན་ཉིད་དེ་ཡོད་པ་མ་ཡིན་ན་དེའི་གཉེན་པོ་གཞན་མ་ཡིན་ན་དེ་ཉིད་ཀྱང་མེད་ལ། གཞན་མ་ཡིན་པ་མེད་ན་དེའི་གཉེན་པོ་གཞན་མེད་དོ་ཞེས་དེ་སྐད་བསྟན་པར་མི་འགྱུར་རམ། གཞན་ཡང་སྨྲས་པ། གཞན་ལ་ལྟོས་ནས་གཞན་དུ་འགྱུར་བ་མ་ཡིན་གྱི། གཞན་ཉིད་ཅེས་བྱ་བ་ནི་སྤྱི་ཡིན་ཏེ། དེ་དང་ལྡན་པས་གཞན་དུ་འགྱུར་རོ། །བཤད་པ། གལ་ཏེ་གཞན་ཉིད་དང་ལྡན་པས་གཞན་དུ་འགྱུར་ན་རང་ལས་རབ་ཏུ་མ་གྲུབ་པའི་ཕྱིར། གཞན་ལ་ལྟོས་པ་ཁོ་ནས་གཞན་དུ་འགྱུར་བ་མ་ཡིན་ནམ། སྨྲས་པ། གཞན་ཉིད་ནི་གཞན་ལ་ངེས་པར་གནས་པ་ཁོ་ན་ཡིན་པས་དེ་ལ་ཡང་ལྟོས་ཅི་དགོས་བཤད་པ། གཞན་ཉིད་གཞན་ལ་ཡོད་མ་ཡིན། གཞན་ཉིད་ནི་གཞན་ལས་ངེས་པར་གནས་པ་ཁོ་ན་ཡིན་པས་ཞེས་གང་སྨྲས་པ། དེ་ནི་མི་རིགས་ཏེ། གཞན་ཉིད་ནི་གཞན་ལ་མེད་དོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། གཞན་མ་ཡིན་ལའང་ཡོད་པ་མིན། །འདི་ལ་བུམ་པ་ནི་རང་གི་བདག་ཉིད་ལས་གཞན་མ་ཡིན་པས་དེ་ལ་གཞན་མ་ཡིན་པ་ཉིད་དང་མི་མཐུན་པའི་གཞན་ཉིད་ཡོད་པ་མ་ཡིན་ནོ། །གལ་ཏེ་གཞན་ཉིད་དེ་གཞན་ལ་ངེས་པར་གནས་པ་ཉིད་དུ་གྱུར་ན་ནི་བུམ་པ་རང་གི་བདག་ཉིད་ལས་ཀྱང་གཞན་ཉིད་དུ་འགྱུར་ཞིང་གཞན་མ་ཡིན་པར་མི་བསྡུས་ཏེ། བུམ་པ་རང་གི་བདག་ཉིད་ལས་གཞན་ཉིད་དུ་གྱུར་པ་གང་ཡིན་པ་དེ་ནི་མི་འདོད་དེ། །དེ་ལྟར་ན་གང་གི་ཕྱིར་བུམ་པ་གཞན་མ་ཡིན་པ་ལ་མེད་པ་དེའི་ཕྱིར་གཞན་ལ་ཡང་ཡོད་པ་མ་ཡིན་


DTG096_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །གལ་ཏེ་ཡོད་པར་གྱུར་ན་ནི་གནས་སྐབས་ཐམས་ཅད་ན་ཡོད་པར་འགྱུར་རོ། །ཅི་སྟེ་གང་གི་ཕྱིར་བུམ་པ་སྣམ་བུ་ལ་ལྟོས་ན་གཞན་ཡིན་པ་དེའི་ཚེ་བུམ་པ་དེ་ལ་གཞན་ཉིད་དེ་ཡོད་པ་སེམས་ན། དེ་ལྟ་ན་གཞན་ཉིད་ངེས་པར་མི་གནས་པར་བསྟེན་པ་ཡིན་ཏེ། དེའི་ཕྱིར་དངོས་པོ་ལྟོས་ནས་ཡོད་པའི་ཕྱིར་རོ། །གཞན་ཉིད་ལ་བཞག་པ་དང༌། བཙལ་བར་ཡོད་པ་ཡང་དམ་བཅས་པར་ཡང་འགྱུར་བས་དེ་ཡང་མི་འཐད་དེ། རང་གི་གཞུང་ལུགས་དང་འགལ་བའི་ཕྱིར་རོ། །ཡང་གཞན་ཡང༌། དངོས་པོ་གཉིས་ཡོད་ན་ཕྲད་པར་འགྱུར་གྱི་མེད་པ་ནི་མི་འགྱུར་བས་དེ་ལ་གལ་ཏེ་རེ་ཞིག་པ་ངོ་བོ་ཉིད་ཀྱིས་གཞན་མ་ཡིན་པ་དེ་གཞན་ཉིད་དང་ལྡན་པས་ཇི་ལྟར་གཞན་དུ་འགྱུར་ཏེ། འོ་མ་དང་འདྲེས་པའི་ཆུ་ཡང་འོ་མར་མི་འགྱུར་ལ་འོ་མ་ཡང་ཆུར་མི་འགྱུར་བ་བཞིན་ནོ། །ཅི་སྟེ་བུམ་པ་ངོ་བོ་ཉིད་ཀྱིས་གཞན་ཡིན་ན་ནི་གཞན་ལ་གཞན་ཉིད་དང་ལྡན་པ་བཙལ་ཅི་དགོས། དེ་ལྟ་བས་ན་དེ་གཞན་ཉིད་དང་ལྡན་པས་གཞན་དུ་འགྱུར་ཞེས་བྱ་བ་དང༌། གཞན་ཉིད་གཞན་ལ་ངེས་པར་གནས་སོ་ཞེས་བྱ་བ་དེ་ནི་གྱི་ནའོ། །སྨྲས་པ། གཞན་ཉིད་གཞན་ལ་ངེས་པར་གནས་ཀྱང་རུང་མི་གནས་ཀྱང་རུང་སྟེ། དོན་གང་ལ་གཞན་ཉིད་དུ་འདོད་པའི་གཞན་དེ་ནི་རེ་ཞིག་ཡོད་དོ། །བཤད་པ། ཅི་ཁྱོད་འཇིག་རྟེན་རྒྱུག་པར་རྩོམ་མམ། །ཁྱོད་གཞན་ཉིད་མེད་པས་གཞན་བསྒྲུབ་པར་རྩོམ་ཀོ། །གཞན་ཉིད་ཡོད་པ་མ་ཡིན་ནོ། །གཞན་ནམ་དེ་ཉིད་ཡོད་མ་ཡིན། །གཞན་གྱི་དངོས་པོ་གཞན་ཉིད་ཡོད་པ་མ་ཡིན་ན་གཞན་ནམ་དེ་ཉིད་མེད་དོ་ཞེས་བསྟན་པ་ཁོ་ན་མ་ཡིན་ནམ། ཅི་སྟེ་གཞན་གྱི་དངོས་པོ་མེད་པར་ཡང་གཞན་དུ་འགྱུར་ན་ནི་ཁྱོད་ལ་གླེན་པའི་དངོས་པོ་མེད་པར་ཡང་གླེན་པར་འགྱུར་རོ། །ཅི་སྟེ་དེ་མི་འདོད་ན། འོ་ན་ནི་གཞན་གྱི་དངོས་པོ་མེད་པར་གཞན་དུ་མི་འགྱུར་རོ། །དེའི་ཕྱིར་དེ་ལྟར་བརྟགས་ན་དངོས་པོ་ཐམས་ཅད་ལ་གཞན་ཉིད་ཇི་ལྟར་ཡང་མི་འཐད་དོ། །གཞན་ཉིད་མེད་ན་བལྟ་བར་བྱ་བ་ལ་སོགས་པ་དང༌། འདོད་ཆགས་ལ་སོགས་པ་དག་ཇི་ལྟར་ཕན་ཚུན་ལྷན་ཅིག་ཏུ་ཕྲད་པར་གྱུར། ཕྲད་པ་མེད་ན་ཁྱོད་ཀྱི་ཕྲད་པའི་གཏན་ཚིགས་ལས་བྱུང་བའི་དངོས་པོའི་ངོ་བོ་ཉིད་འཐད་པར་ག་ལ་འགྱུར། ཅི་སྟེ་ཡང་ཁྱོད་ཀྱི་


DTG096_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་བསམ་པས་གཞན་ཡང་ཡིན་ལ། དེ་ཉིད་ཀྱང་ཡིན་ནོ་སྙམ་དུ་སེམས་ན་དེ་ལྟ་ན་ཡང་ཕྲད་པ་མི་འཐད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། དེ་ནི་དེ་དང་ཕྲད་པ་མེད། །གཞན་དང་གཞན་ཡང་ཕྲད་མི་འགྱུར། །དེ་ལ་རེ་ཞིག་དེ་ཉིད་ནི་དེ་དང་ཕྲད་པར་མི་འཐད་དེ། ཅིའི་ཕྱིར་ཞེ་ན། དེ་ཙམ་དུ་ཟད་པའི་ཕྱིར་དང༌། ལྷན་ཅིག་གི་དོན་དུ་མི་འཐད་པའི་ཕྱིར་རོ། །ཅི་སྟེ་དེ་ལྟ་ན་ཡང་འགྱུར་ན་ནི་ཅི་ཡང་མི་ཕྲད་པར་མི་འགྱུར་བས་དེ་ཡང་མི་འདོད་དེ། དེ་ལྟ་བས་ན་དེ་ཉིད་དང་ཕྲད་པར་མི་འཐད་དོ། །དེ་ནི་གང་ལ་འདི་ནི་གཞན་ནོ་འདི་ཡང་གཞན་ནོ་ཞེས་བྱ་བ་སྟེ་ཡོད་པ་དེ་ལ་ཡང་ཕྲད་པར་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། གཞན་ཉིད་ཡིན་པ་ཁོ་ནའི་ཕྱིར་རོ། །ཅི་སྟེ་གཞན་ཉིད་ཡིན་པ་ཡང་ཕྲད་ན་ནི་དེ་ལྟ་ན་ཅི་ཡང་མི་ཕྲད་པར་མི་འགྱུར་བས་དེ་ཡང་མི་འཐད་དེ། དེ་ལྟ་བས་ན་གཞན་ཉིད་ཡིན་ན་ཡང་ཕྲད་པར་མི་འཐད་དོ། །སྨྲས་པ། གཞན་དུ་གྱུར་པ་གཉིས་གཅིག་ཏུ་འགྱུར་བ་གང་ཡིན་པ་དེ་ནི། དཔེར་ན་འོ་མ་དང་ཆུ་གཉིས་ཕྲད་པ་དེ་བཞིན་དུ་གཞན་དང་གཞན་ཡང་ཕྲད་པར་མི་འགྱུར་རོ། །བཤད་པ། དེ་ལ་ཡང་དེ་ཉིད་གནས་བཞིན་ཏེ། །གང་གི་ཚེ་རེ་ཞིག་འོ་མ་དང་ཆུ་ཐ་དད་པར་གྱུར་ན་དེའི་ཚེ་ན་ཕྲད་པ་མེད་དོ། །ཅིའི་ཕྱིར་ཞེ་ན། ཐ་དད་པར་གྱུར་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཚེ་གཅིག་ཉིད་དུ་གྱུར་པ་དེའི་ཚེ་ན་ཡང༌། ཕྲད་པ་མེད་དེ། ཅིའི་ཕྱིར་ཞེ་ན། གཅིག་པ་ཉིད་ཀྱི་ཕྱིར་རོ། །སྨྲས་པ། གང་གི་ཚེ་གཅིག་ཉིད་དུ་གྱུར་པ་ཉིད་ཕྲད་པ་ཡིན་ནོ། །བཤད་པ། གལ་ཏེ་གཅིག་པ་ཉིད་ཡིན་ཡང་ཕྲད་པར་འགྱུར་ན་ནི་ཅི་ཡང་མི་ཕྲད་པར་མི་འགྱུར་རོ་ཞེས་མ་བཤད་དམ། དེ་ལྟ་བས་ན་དེ་ཡང་བཟང་པོ་མ་ཡིན་ནོ། །སྨྲས་པ། གཞན་དུ་གྱུར་པ་དག་ཕྲད་བཞིན་པ་ནི་ཕྲད་པ་ཡིན་ནོ། །བཤད་པ། དེ་ལ་ཡང་དེ་ཉིད་གནས་བཞིན་ཏེ། གལ་ཏེ་ཕྲད་བཞིན་པ་ཞེས་བྱ་བའི་དངོས་པོ་དག་གཅིག་ཡོད་པར་གྱུར་ན་དེ་ལ་ཡང་འདི་ནི་གཞན་ནོ། །འདི་ཡང་གཞན་ནོ་ཞེས་གཞན་ཡིན་པའི་ཕྱིར་ཕྲད་པར་མི་འཐད་དོ། །ཅི་སྟེ་ཕྲད་བཞིན་པ་ཞེས་བྱ་བ་དེ་གཅིག་པ་ཉིད་དུ་བརྗོད་པ་ཡིན་ན་ནི་ཕྲད་བཞིན་པ་ཞེས་བྱ་བའི་ཚིག་མི་འཐད་དོ། །གཅིག་པ་ཉིད་ནི་ཇི་


DTG096_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཕྲད་པར་འགྱུར། སྨྲས་པ། ཕྱེད་ཕྲད་པའི་དངོས་པོ་དག་ཕྲད་བཞིན་པ་ཞེས་བྱ་བ་དེ་དག་ལ་ཕྲད་པ་ཡོད་དོ། །བཤད་པ། དེ་ལ་ཡང་དེ་ཉིད་ཡོད་དོ། །གལ་ཏེ་རེ་ཞིག་དེ་དག་ཕྱེད་ཕྲད་པ་ན་ཕྱོགས་གཅིག་ཕྲད་པས་བདག་ཉིད་ཐམས་ཅད་ཕྲད་དོ་ཞེས་བྱ་བར་བརྟགས་ན་ནི་གཅིག་པ་ཉིད་ཡིན་པའི་ཕྱིར་ཕྲད་པར་མི་འཐད་དོ། །ཅི་སྟེ་ཕྱོགས་གཅིག་ཕྲད་ཀྱང་བདག་ཉིད་ཐ་དད་པ་ཉིད་དུ་འགྱུར་ན་ནི་ཐ་དད་པའི་ཕྱིར་ཕྲད་པར་ག་ལ་འགྱུར། གལ་ཏེ་དེ་དག་ཅུང་ཟད་ཅིག་ནི་ཕྲད་ཅུང་ཟད། ཅིག་ནི་མ་ཕྲད་པ་ཡིན་ན་ནི་བདག་ཉིད་གཉིས་སུ་འགྱུར་ཏེ། དེ་དག་གི་ཕྲད་པ་གང་ཡིན་པ་དེ་ལ་ནི་གཅིག་པ་ཉིད་མ་ཡིན་པའི་ཕྱིར་ཕྲད་པ་མེད་པའོ། །དེ་དག་གི་མ་ཕྲད་པ་གང་ཡིན་པ་དེ་ལ་ཡང་གཞན་པའི་ཕྱིར་ཕྲད་པ་མེད་དོ། །སྨྲས་པ། ཕྲད་བཞིན་པ་མེད་ཀྱང་སླ་སྟེ། རེ་ཞིག་ཕྲད་པ་གང་ཡིན་པ་དེ་ནི་ཡོད་དོ། །ཕྲད་པ་ཡོད་ན་ཕྲད་པ་ཡོད་པས་ཕྲད་པ་ཡང་རབ་ཏུ་གྲུབ་པོ། །བཤད་པ། ཀྱེ་མ་རེ་བ་ཀོ་རེ་ཆེ། །གང་ལ་ཕྲད་བཞིན་པ་ཡང་མི་འཐད་དེ། ཕྲད་པར་རྩོམ་པ་ཡང་མི་འཐད་པ་དེ་ལ་ཕྲད་པ་འཐད་བར་འགྱུར་རེ་སྐན། གང་གི་ཚེ་གཅིག་ཏུ་འགྱུར་རོ་ཞེས་སྨྲས་པ་དེའི་ཚེ་གཅིག་ཡིན་ན་ཕྲད་པར་ག་ལ་འགྱུར། ཅི་སྟེ་ཕྲད་ཀྱང་གཅིག་མ་ཡིན་ན་ནི་དེ་ལྟ་ན་ཡང་གཞན་མ་ཡིན་པའི་ཕྱིར་མ་ཕྲད་པ་ཉིད་མ་ཡིན་ནོ། །སྨྲས་པ། ཕྲད་པ་མེད་ཀྱང་སླ་སྟེ་རེ་ཞིག་གཅིག་པ་ཉིད་ཀྱི་སྔ་རོལ་ན་གཞན་དུ་འགྱུར་བའི་དངོས་པོ་གང་ཡིན་བ་ཡོད་པ་དེ་ནི་ཕྲད་པ་པོ་སྟེ་རེ་ཞིག་ཡོད་དོ། །བཤད་པ། ཅི་ཁྱོད་མ་ནིང་ལ་ཕྲག་དོག་ཟའམ། ཁྱོད་ཕྲད་པ་མེད་པར་ཕྲད་པ་པོ་ཡོད་པ་ཉིད་དུ་འདོད་ཀོ། །འདི་ལ་ཕྲད་པར་བྱེད་པས་ཕྲད་པའི་རྒྱུ་ལས་བྱུང་བ་ནི་ཕྲད་པ་པོ་ཡིན་ན་ཕྲད་པ་དེ་ཡང་རྣམ་པ་ཐམས་ཅད་དུ་མི་འཐད་དོ། །དེ་མེད་ན་ཕྲད་པར་བྱེད་བ་མེད་པ་ཕྲད་པ་པོ་ཡོད་པར་ཇི་ལྟར་འགྱུར། དེའི་ཕྱིར་དེ་ལྟར་རིགས་པ་སྔོན་དུ་བཏང་སྟེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་ན། ཕྲད་བཞིན་པ་དང་ཕྲད་པ་དང༌། །ཕྲད་པ་པོ་ཡང་ཡོད་མ་ཡིན། །དེ་དག་མེད་ན་ཁྱོད་ཀྱི་ཕྲད་པ་བསྟན་པའི་གཏན་ཚིགས་ལས་བྱུང་བའི་དངོས་པོའི་ངོ་བོ་ཉིད་འགྲུབ་པར་ག་ལ་འགྱུར་ཕྲད་པ་བརྟགས་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་བཞི་པའོ།། །།


DTG096_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། ཁྱོད་དངོས་པོ་ཡོད་པ་མི་དམིགས་པའི་ཕྱིར་དངོས་པོ་འདི་དག་ངོ་བོ་ཉིད་མེད་པ་ཡིན་པར་སེམས་ཤིང༌། དངོས་པོ་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བར་ཡང་ཡོད་ལ་དངོས་པོ་རྣམས་ངོ་བོ་ཉིད་མེད་པར་ཡང་སྨྲ་ན། ཇི་ལྟར་དངོས་པོ་བྱུང་བ་ཡང་ཡིན་ལ། ངོ་བོ་ཉིད་མེད་པ་ཡང་ཡིན་པར་འགྱུར། གལ་ཏེ་རྒྱུ་དང་རྐྱེན་རྣམས་ལས་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཁོ་ན་མི་འབྱུང་ན། དེ་ལས་གཞན་ཅི་ཞིག་འབྱུང་བར་འགྱུར། གལ་ཏེ་རྒྱུ་སྤུན་དག་ལས་སྣམ་བུའི་ངོ་བོ་ཉིད་ཁོ་ན་མི་འབྱུང་ན་ཅི་རྒྱུ་སྤུན་གྱི་ངོ་བོ་ཉིད་དག་ཁོ་ན་འབྱུང་ངམ། ཅི་སྟེ་ཅི་ཡང་མི་འབྱུང་ན་ནི་འབྱུང་ཞེས་ཀྱང་ཇི་སྐད་དུ་བརྗོད། །བཤད་པ། ཅི་ཁྱོད་རྟ་ལ་ཞོན་བཞིན་ཉིད་དུ་རྟ་མ་མཐོང་ངམ། ཁྱོད་དངོས་པོ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་ཀྱང་སྨྲ་ལ། དེ་དག་གང་གི་ངོ་བོ་ཉིད་མེད་པ་ཉིད་ཀྱང་མ་མཐོང་ཀོ། །དེ་ནི་རེ་ཞིག་བློ་རྩིང་བ་རྣམས་ཀྱིས་ཀྱང་བདེ་བླག་ཏུ་ཤེས་པར་འགྱུར་ཏེ། ངོ་བོ་ཉིད་ནི་རྒྱུ་རྐྱེན་ལས། །འབྱུང་བར་རིགས་པ་མ་ཡིན་ནོ། །འདི་ལ་བདག་གི་དངོས་པོ་ནི་ངོ་བོ་ཉིད་ཅེས་བྱ་བ་སྟེ། བདག་གི་དངོས་པོ་ཡོད་པ་ནི་ཡང་རྒྱུ་དང་རྐྱེན་རྣམས་ལས་འབྱུང་བར་མི་རིགས་ཏེ། འདི་ལྟར་ཡོད་པ་ལ་ཡང་བྱ་བ་ཅི་ཡོད་བྱ་བ་མེད་ན་རྒྱུ་དང་རྐྱེན་རྣམས་ཀྱིས་ཅི་བྱ། ཅི་སྟེ་དེ་རྒྱུ་དང་རྐྱེན་རྣམས་ལས་འབྱུང་ན། དེ་ལྟ་ན། རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །ངོ་བོ་ཉིད་ནི་བྱས་པར་འགྱུར། །དེ་ཡང་མི་འཐད་དོ། །སྨྲས་པ། ངོ་བོ་ཉིད་ནི་བྱས་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་སྣམ་བུའི་དངོས་པོ་སྔོན་མ་བྱུང་བ་ཕྱིས་བྱེད་པའི་ཕྱིར་རོ། །བཤད་པ། །ངོ་བོ་ཉིད་ནི་བྱས་པ་ཞེས། །ཇི་ལྟ་བུར་ན་རུང་བར་འགྱུར། །ངོ་བོ་ཉིད་བྱས་པ་ཞེས་བྱ་བར་ཇི་ལྟར་རུང་བར་འགྱུར་ཏེ། །སྨྲས་པ། གང་གི་ཚེ་དོན་དེ་དག་དགག་པ་མི་མཐུན་པ་ཡིན་ཏེ། གལ་ཏེ་ངོ་བོ་ཉིད་ཡིན་ན་ནི་བྱས་པ་མ་ཡིན་ལ་ཅི་སྟེ་བྱས་པ་ཡིན་ན་ནི། །ངོ་བོ་ཉིད་མ་ཡིན་པ་དེའི་ཚེ་ངོ་བོ་ཉིད་ཀྱང་ཡིན་ལ་བྱས་པ་ཡང་ཡིན་ནོ། །ཞེས་སེམས་དང་བཅས་པ་སུ་ཞིག་དེ་ལྟར་འཛིན་པར་འགྱུར། །སྨྲས་པ། ཁྱོད་ངོ་བོ་ཉིད་རིགས་པ་གང་དང་ལྡན་པར་སེམས། །བཤད་པ། ངོ་བོ་ཉིད་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན།


DTG096_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གང་བྱ་བས་བསྒྲུབ་པར་མི་འགྱུར་བ་དང༌། རྒྱུ་དང་རྐྱེན་ལ་ཡང་ལྟོས་པར་མི་འགྱུར་བ་རང་ཉིད་ཀྱི་ངོ་བོ་ཉིད་མི་འགྱུར་བར་འཇུག་པ་དེ་ནི་ངོ་བོ་ཉིད་ཀྱིས་རིགས་པ་ཡིན་ནོ། །གང་བྱས་པས་བསྒྲུབ་པར་འགྱུར་བ་དང་རྒྱུ་དང་རྐྱེན་ལ་ཡང་ལྟོས་པར་འགྱུར་བ་དེ་ནི་གཞན་ལ་རག་ལས་བས་གཞན་ལ་ལྟོས་པ་རང་གི་བདག་ཉིད་ཀྱིས་རབ་ཏུ་མ་གྲུབ་པ་ཡིན་པས་ངོ་བོ་ཉིད་ཅེས་བྱ་བར་ཇི་ལྟར་འཐད་པར་འགྱུར། །སྨྲས་པ། གང་ལ་ལྟོས་ནས་དེ་དངོས་པོར་འགྱུར་བའི་གཞན་གྱི་དངོས་པོ་ནི་རེ་ཞིག་ཡོད་དོ། །གཞན་གྱི་དངོས་པོ་རབ་ཏུ་གྲུབ་ན། ངོ་བོ་ཉིད་ཀྱང་རབ་ཏུ་འགྲུབ་པར་འགྱུར་རོ། །བཤད་པ། གཉེན་པོ་ལ་བརྟེན་ནས་ཀྱང་ངོ་བོ་ཉིད་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། གཞན་གྱི་དངོས་པོ་མི་འཐད་པའི་ཕྱིར་ཏེ། །ངོ་བོ་ཉིད་ནི་ཡོད་མིན་ན། །གཞན་གྱི་དངོས་པོ་ག་ལ་ཡོད། །གལ་ཏེ་ངོ་བོ་ཉིད་རབ་ཏུ་གྲུབ་པར་གྱུར་ན་ནི་དེས་ན་དེའི་གཉེན་པོ་གཞན་གྱི་དངོས་པོ་ཡང་ཡོད་པར་འགྱུར་པ་ཞིག་ན། །ངོ་བོ་ཉིད་མི་འཐད་དེ་ངོ་བོ་ཉིད་ཡོད་པ་མ་ཡིན་ན་གཞན་གྱི་དངོས་པོ་ག་ལ་ཡོད། །དེ་གཞན་གྱི་དངོས་པོ་མེད་ན་དེའི་གཉེན་པོ་ངོ་བོ་ཉིད་འཐད་པར་ག་ལ་འགྱུར། ཡང་གཞན་ཡང༌། །ངོ་བོ་ཉིད་ཀྱང་གཞན་ལ་གཞན་གྱི་དངོས་པོ་ཡང་གཞན་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར། གཞན་གྱི་དངོས་པོའི་ངོ་བོ་ཉིད། །གཞན་གྱི་དངོས་པོ་ཡིན་ཞེས་བརྗོད། །འདི་ལྟར་གཞན་གྱི་དངོས་པོའི་ངོ་བོ་ཉིད་གང་ཡིན་པ་དེ་གཞན་གྱི་དངོས་པོ་ཞེས་བརྗོད་པ་ཡིན་པས། དེའི་ཕྱིར་གལ་ཏེ་གཞན་གྱི་དངོས་པོ་དེའི་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ན་གང་གིས་དེ་ཡོད་པར་འགྱུར། དེའི་ཕྱིར་ངོ་བོ་ཉིད་ཀྱང་གཞན་ལ་གཞན་གྱི་དངོས་པོ་ཡང་གཞན་ཞེས་བྱ་བར་མི་འཐད་དོ། །དེ་ལྟ་ན་གཉེན་པོ་ཉིད་མེད་དེ། གཅིག་པ་ཉིད་ཡིན་པའི་ཕྱིར་རོ། །གཉེན་པོ་མེད་ན་ཇི་ལྟར་གཉེན་པོ་ལ་བརྟེན་ནས་འགྲུབ་པར་འགྱུར། སྨྲས་པ། དངོས་པོའི་ངོ་བོ་ཉིད་ཡོད་དོ། །མེད་དོ། །ཞེས་བྱ་བ་འདིས། ཁོ་བོ་ལ་ཅི་བྱར་ཡོད་རེ་ཞིག་དངོས་པོ་ཡོད་དོ། །བཤད་པ། ངོ་བོ་ཉིད་དང་གཞན་དངོས་དག །མ་གཏོགས་དངོས་པོ་ག་ལ་ཡོད། །ངོ་བོ་ཉིད་དང་གཞན་དངོས་དག །ཡོད་ན་དངོས་པོ་འགྲུབ་པར་འགྱུར། །གལ་ཏེ་དངོས་པོ་འགའ་ཞིག་ཡོད་པར་འགྱུར་ན། ངོ་བོ་ཉིད་དང་


DTG096_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་དངོས་པོ་ཞིག་ཡིན་གྲང་སྟེ། དེའི་ཕྱིར་ངོ་བོ་ཉིད་དང་གཞན་གྱི་དངོས་པོ་དག་ཡོད་ན་དངོས་པོ་འགྲུབ་པར་འགྱུར་ན། གང་གི་ཚེ་ངོ་བོ་ཉིད་ཀྱང་མེད་ལ། གཞན་གྱི་དངོས་པོ་ཡང་མེད་པ་དེའི་ཚེ་ངོ་བོ་ཉིད་དང་གཞན་གྱི་དངོས་པོ་དག་མ་གཏོགས་པའི་དངོས་པོ་བརྗོད་པར་བྱ་བ་མ་ཡིན་པ་རང་དང་གཞན་དུ་མ་གྱུར་པ་འབའ་ཞིག་པ་དེ་ཡོད་པར་གལ་འགྱུར། སྨྲས་པ། དེ་ལྟ་ན་དངོས་པོ་རྣམས་ཀྱི་དངོས་པོ་མེད་པ་ཡོད་དེ། དངོས་པོ་མེད་པ་ཡང་མ་ལྟོས་པར་བྱེད་པས་གང་གི་ཕྱིར་དངོས་པོ་མེད་པར་འགྱུར་བའི་དངོས་པོ་ཡང་ཡོད་དེ། བཤད་པ། དེ་ལྟ་ན་ཡང་དངོས་པོ་རབ་ཏུ་འགྲུབ་པར་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། དངོས་པོ་མེད་པ་རབ་ཏུ་མ་གྲུབ་པའི་ཕྱིར་ཏེ། ངོ་བོ་ཉིད་དང་གཞན་དངོས་དག །མ་གཏོགས་དངོས་པོ་ག་ལ་ཡོད། །ཅེས་སྨྲས་ཟིན་ཏོ། །དེའི་ཕྱིར། གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་མེད་འགྲུབ་པར་མི་འགྱུར་རོ། །གལ་ཏེ་དངོས་པོ་ཉིད་འགའ་ཡང་རབ་ཏུ་མ་གྲུབ་ན་དངོས་པོ་མེད་པ་འགྲུབ་པར་མི་འགྱུར་བ་ཉིད་དོ་ཞེས་སྨྲས་པ་ཉིད་མ་ཡིན་ནམ། ཅིའི་ཕྱིར་ཞེ་ན། དངོས་པོ་གཞན་དུ་འགྱུར་བ་ནི། །དངོས་མེད་ཡིན་པར་སྐྱེ་བོ་སྨྲ། །འདི་ལྟར་དངོས་པོ་གཞན་དུ་འགྱུར་བ་གང་ཡིན་པ་དེ་དངོས་པོ་མེད་པ་ཡིན་ནོ། །ཞེས་སྐྱེ་བོ་དག་སྨྲ་ན། དངོས་པོ་དེ་ཡང་མེད་དེ། དེ་མེད་ན་དངོས་པོ་མེད་པ་དེ་གང་གི་ཡིན་པར་འགྱུར། དངོས་པོ་མེད་པ་ན་ཁྱོད་ཀྱི་དེའི་གཉེན་པོ་དངོས་པོ་འཐད་པར་ག་ལ་འགྱུར། སྨྲས་པ། འདི་ལ་དེ་ཁོ་ན་མཐོང་བས་ཐར་པར་འགྱུར་རོ། །ཞེས་བྱ་ཞིང༌། དེ་ཁོ་ན་ཞེས་བྱ་བ་ཡང་དེའི་དངོས་པོ་ནི་དེ་ཁོ་ན་སྟེ། དངོས་པོའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །དེ་ལ་གལ་ཏེ་དངོས་པོའི་ངོ་བོ་ཉིད་མེད་པ་ཉིད་ཡིན་ན་དེ་ལྟ་ན་ཁྱོད་ལ་དེ་ཁོ་ན་མཐོང་བ་མི་འཐད་པར་མི་འགྱུར་རམ། དེ་ཁོ་ན་མཐོང་བ་མེད་ན་ཐར་པ་འཐད་པར་ཇི་ལྟར་འགྱུར། དེ་ལྟ་བས་ན་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཞེས་བྱ་བར་ལྟ་བ་དེ་ནི་བཟང་པོ་མ་ཡིན་ནོ། །བཤད་པ། ལོག་པར་མ་འཛིན་ཅིག །གང་དག་དངོས་ཉིད་གཞན་དངོས་དང༌། །དངོས་དང་དངོས་མེད་ཉིད་ལྟ་བ། །དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་ཡིན་ནོ། །གང་དག་དེ་ལྟར་


DTG096_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་དང་གཞན་གྱི་དངོས་པོ་དང་དངོས་པོ་མེད་པ་ཉིད་ལྟ་བ་དེ་དག་ནི་འདི་ལྟར་ཡང་སངས་རྒྱས་ཀྱི་བསྟན་པ་མཆོག་ཏུ་ཟབ་པ་ལ་དེ་ཁོ་ན་མཐོང་བ་མ་ཡིན་ནོ། །ཁོ་བོ་ཅག་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཉི་མ་ཤར་བས་སྣང་བར་གྱུར་པའི་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བས་དེའི་ཕྱིར་ཁོ་བོ་ཅག་ཉིད་ལ་དེ་ཁོ་ན་མཐོང་བ་ཡོད་པས་ཁོ་བོ་ཅག་ཁོ་ན་ལ་ཐར་པ་ཡང་འཐད་དོ། །གལ་ཏེ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། བཅོམ་ལྡན་དངོས་དང་དངོས་མེད་པ། །སྟོན་པས་ཀ་ཏ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང༌། །མེད་པ་གཉི་ག་འང་དགག་པ་མཛད། །གང་གི་ཕྱིར་བཅོམ་ལྡན་འདས་དོན་དམ་པའི་དེ་ཁོ་ན་ལ་མཁས་པ་དངོས་པོ་དང་དངོས་པོ་མེད་པར་རབ་ཏུ་སྟོན་པས་ཀ་ཏ་ཡ་ནའི་གདམས་ངག་ཅེས་བྱ་བའི་མདོ་ལས་ཡོད་པ་ཞེས་བྱ་བ་དང་མེད་པ་ཞེས་བྱ་བ་གཉི་ག་ཡང་དགག་པ་མཛད་པ་དེའི་ཕྱིར། གང་དག་དངོས་པོ་རྣམས་ལ་ཡོད་པ་ཉིད་དང་མེད་པ་ཉིད་དུ་རྗེས་སུ་ལྟ་བ་དེ་དག་གིས་དེ་ཁོ་ན་མི་མཐོང་བས་དེ་དག་ཉིད་ལ་ཡང་ཐར་པ་མི་འཐད་དོ། །ཁོ་བོ་ཅག་ཡོད་པ་ཉིད་མེད་པ་ཉིད་ལ་མངོན་པར་ཞེན་པ་མེད་པར་ཐ་སྙད་བྱེད་པ་དག་ལ་ནི་མི་འཐད་པ་མེད་དོ། །གལ་ཏེ་དངོས་པོ་དང་དངོས་པོ་མེད་པར་མཐོང་བ་དེ་ཁོ་ན་མཐོང་བ་ཡིན་ན་ནི་དེ་ཁོ་ན་ལ་མ་མཐོང་བ་འགའ་ཡང་མེད་པར་འགྱུར་བས་དེ་ནི་ཁོ་ན་མ་ཡིན་ནོ། །དེ་ལྟ་བས་ན་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ནི་དེ་ཁོ་ན་ཡིན་ལ་དེ་མཐོང་བ་ཁོ་ནས་ཐར་བར་འགྱུར་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང༌། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། །ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་གསུངས་སོ། །དེ་ནི་དེ་ལྟར་ངེས་པ་ཁོ་ནར་ཤེས་པར་བྱའོ། །གཞན་དུ་ན། གལ་ཏེ་རང་བཞིན་ཡོད་ཉིད་ན། དེ་ནི་མེད་ཉིད་མི་འགྱུར་རོ། །གལ་ཏེ་དངོས་པོ་རྣམས་རང་བཞིན་གྱིས་ཡོད་པ་ཉིད་ཡིན་པར་གྱུར་ན་ཡོད་པ་ཉིད་རང་བཞིན་གྱིས་ཡོད་པ་དེ་ནི་ཕྱིས་མེད་པ་ཉིད་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པར་མི་


DTG096_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །འདི་ལྟར་འགྱུར་བའི་གཉེན་པོ་ནི་རང་བཞིན་ཡིན་པས་དེའི་ཕྱིར་རང་བཞིན་ནི་མི་འགྱུར་རྟག་པ་ཡིན་པའི་རིགས་ན། དངོས་པོ་རྣམས་ལ་ནི་གཞན་དུ་འགྱུར་བ་སྣང་བས་དེའི་ཕྱིར་དེ་དག་ལ་ངོ་བོ་ཉིད་ཀྱིས་ཡོད་པ་ཉིད་མི་འཐད་དོ། །འདིར་སྨྲས་པ། གལ་ཏེ་དངོས་པོ་མེད་པར་མཐོང་བ་ལས་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་པར་ཁོང་དུ་ཆུད་པས་ན་རེ་ཞིག་དངོས་པོ་རྣམས་ཀྱི་དངོས་པོ་མེད་པར་གྱུར་པ་ཡིན་ནོ། །བཤད་པ། རང་བཞིན་ཡོད་པ་མ་ཡིན་ན། །གཞན་དུ་འགྱུར་བ་གང་གི་ཡིན། །གང་གི་ཚེ་དངོས་པོ་རྣམས་ལ་ཡོད་པ་ཉིད་རང་བཞིན་གྱིས་མེད་དོ་ཞེས་སྨྲས་པ་དེའི་ཚེ། དངོས་པོ་རྣམས་ཀྱི་ཡོད་པ་ཉིད་རང་བཞིན་ཡོད་པ་མ་ཡིན་ན་གཞན་དུ་འགྱུར་བ་དེ་ཉིད་དེ་གང་གི་ཡིན་པར་འགྱུར། སྨྲས་པ། གལ་ཏེ་དངོས་པོ་རྣམས་ཀྱི་དངོས་པོ་མེད་པ་སྣང་ལ་རང་བཞིན་ཡང་ཡོད་པ་མ་ཡིན་ན་དངོས་པོ་མེད་པ་མི་འཐད་དེ་གང་གི་དངོས་པོ་མེད་པར་འགྱུར་བའི་དངོས་པོའི་རང་བཞིན་གདོན་མི་ཟ་བར་ཡོད་པ་ཉིད་དོ། །བཤད་པ། རང་བཞིན་ཡོད་པ་ཡིན་ན་ཡང༌། །གཞན་དུ་འགྱུར་བ་ཇི་ལྟར་རུང༌། །སྔར་ཡང་རང་བཞིན་གཞན་དུ་འགྱུར་བ་ནི། ནམ་ཡང་འཐད་པར་མི་འགྱུར་རོ། །འདི་ལྟར་འགྱུར་བའི་གཉེན་པོ་ནི་རང་བཞིན་ཡིན་པས་དེའི་ཕྱིར་རང་བཞིན་ནི་མི་འགྱུར་བར་རྟག་པར་འགྱུར་བའི་རིགས་ན། ཞེས་མ་བཤད་དམ། དེའི་ཕྱིར་དངོས་པོ་རྣམས་ཀྱི་མེད་པ་ཉིད་ཀྱང་མི་འཐད་དོ། །དངོས་པོ་རྣམས་ལ་ཡོད་པ་དང་མེད་པ་ཉིད་དུ་ལྟ་བ་ལ་སྐྱོན་གཞན་འདིར་ཡང་ཐལ་བར་འགྱུར་ཏེ། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །དངོས་པོ་ཡོད་དོ་ཞེས་དངོས་པོར་ལྟ་བ་དེ་ལ་ནི་རྟག་པར་འཛིན་པར་ཐལ་བར་འགྱུར་ལ། དངོས་པོ་མེད་དོ་ཞེས་མེད་པར་ལྟ་བ་དེ་ལ་ནི་ཆད་པར་ལྟ་བར་ཐལ་བར་འགྱུར་བས། དེ་གཉི་ག་ཡང་དོན་མེད་པ་དང་གནོད་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་ཡོད་པ་དང་མེད་པ་ཉིད་དུ་ལྟ་ན་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་འགྱུར་བས། དེ་ཡང་དོན་མེད་པ་དང་གནོད་པར་འགྱུར་བས། དེའི་ཕྱིར་མཁས་པ་དེ་ཁོ་ན་རྟོགས་པར་འདོད་པ་འཁོར་བའི་དགོན་པ་


DTG096_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒལ་བར་འདོད་པས་ཡོད་པ་ཉིད་དང་མེད་པ་གནས་པར་མི་བྱའོ། །སྨྲས་པ། ཡོད་པ་ཉིད་དང་མེད་པ་ཉིད་དུ་ལྟ་ན་ཇི་ལྟར་རྟག་པ་དང་ཆད་པར་ལྟ་བའི་སྐྱོན་དུ་ཐལ་བར་འགྱུར། བཤད་པ། གང་ཞིག་ངོ་བོ་ཉིད་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །འདི་ལྟར་གང་ཞིག་ངོ་བོ་ཉིད་ཀྱིས་ཡོད་པ་དེ་ནི་ཕྱིས་མེད་པ་ཉིད་དུ་མི་འཐད་དེ། རང་བཞིན་ནི་མི་འགྱུར་བས་དེའི་ཕྱིར་ཡོད་པ་ཉིད་དུ་ལྟ་བ་ལས་རྟག་པར་ལྟ་བར་འགྱུར་རོ། །དངོས་པོ་དེ་སྔོན་དུ་བྱུང་བ་ལ་ད་ལྟར་མེད་དོ་ཞེས་དངོས་པོ་ཡོད་པ་ལ་འཇིག་པར་ལྟ་བ་དེས་ན་ཆད་པར་ལྟ་བར་འགྱུར་རོ། །དེ་ལྟར་གང་གི་ཕྱིར་དངོས་པོ་རྣམས་ལ་ཡོད་པ་ཉིད་དང་མེད་པ་ཉིད་དུ་ལྟ་བ་སྐྱོན་དུ་མར་འགྱུར་བ་དེའི་ཕྱིར་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཞེས་བྱ་བ་དེ་ནི་དེ་ཁོ་ན་མཐོང་བ་སྟེ་དབུ་མའི་ལམ་ཡིན་ལ་དེ་ཉིད་དོན་དམ་པ་འགྲུབ་པ་ཡིན་ནོ། །དངོས་པོ་དང་དངོས་པོ་མེད་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅོ་ལྔ་པའོ།། །།དབུ་མ་རྩ་བའི་འགྲེལ་པ་བུད་དྷ་པཱ་ལི་ཏ། བམ་པོ་དྲུག་པ། འདིར་སྨྲས་པ། དངོས་པོ་དང་དངོས་པོ་མེད་པར་མཐོང་བ་མེད་པ་གང་ལ་འགའ་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་དང་བཅིང་བ་དང་ཐར་པར་མི་འཐད་པར་དེ་ཇི་ལྟར་དེ་ཁོ་ན་ཡིན། དངོས་པོ་དང་དངོས་པོ་མེད་པར་མཐོང་བ་ཡོད་ན། དེ་དག་ཐམས་ཅད་འཐད་པས་དངོས་པོ་དང་དངོས་པོ་མེད་པར་མཐོང་བ་ཉིད་དེ་ཁོ་ན་མཐོང་བ་ཡིན་ནོ། །བཤད་པ། གང་ལ་དངོས་པོ་དང་དངོས་པོ་མེད་པར་མཐོང་བ་དེ་ལ་དེ་དག་ཐམས་ཅད་མི་འཐད་དོ། །གལ་ཏེ་ཇི་ལྟར་ཞེ་ན། འདི་ལ་དངོས་པོར་སྨྲ་བ་དག་དངོས་པོ་དག་ཏུ་ཡོངས་སུ་རྟོག་པ་ན་འདུ་བྱེད་རྣམས་དང་སེམས་ཅན་ལ་དངོས་པོར་ཡོངས་སུ་རྟོག་གྲང་ན། དེ་དག་ལ་དངོས་པོར་ཡོངས་སུ་རྟོག་པ་ན་རྟག་པའམ། མི་རྟག་པར་ཐལ་བར་འགྱུར་རོ། །དེ་ལ། གལ་ཏེ་འདུ་བྱེད་འཁོར་ཞེ་ན། །དེ་དག་རྟག་ན་མི་འཁོར་ཏེ། །མི་རྟག་ན་ཡང་འཁོར་མི་འགྱུར། །སེམས་ཅན་ལ་ཡང་རིམ་འདི་མཚུངས། །དེ་ལ་གལ་ཏེ་རེ་ཞིག་འདུ་བྱེད་རྣམས་འཁོར་བར་ཡོངས་སུ་རྟོག་ན་དེ་མི་འཐད་དེ། ཅིའི་ཕྱིར་ཞེ་ན། འདི་ལྟར། དེ་དག་རྟག་ན་མི་འཁོར་ཏེ། །མི་རྟག་ན་ཡང་འཁོར་མི་འགྱུར། །རེ་ཞིག་འདུ་


DTG096_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་རྣམས་རྟག་ན་མི་འཁོར་ཏེ། ཅིའི་ཕྱིར་ཞེ་ན། རྟག་པ་དག་ནི་མི་འགྱུར་བའི་ཕྱིར་རོ། །འདི་ལ་གང་རྒྱུད་ཀྱི་རྒྱུན་གྱིས་དེ་དང་དེར་སྐྱེ་བ་དང་འགག་པ་དེ་ནི་འཁོར་བ་ཞེས་བྱ་བ་ན། འདུ་བྱེད་རྟག་པ་མི་འགྱུར་བ་རྣམས་ནི་འབྱུང་བ་དང་འཇིག་པའི་ཆོས་ཅན་ཉིད་དུ་མི་འཐད་པས། དེའི་ཕྱིར་འདུ་བྱེད་རྣམས་མི་རྟག་ན་མི་འཁོར་རོ། །འདུ་བྱེད་རྣམས་མི་རྟག་པ་ན་ཡང་མི་འཁོར་ཏེ། འདི་ལྟར་འདི་ན་འདུ་བྱེད་གང་ཁོ་ན་དག་འགག་པ་དེ་དག་ཁོ་ན་ཡང་གཞན་དུ་མི་སྐྱེ་བས། དེའི་ཕྱིར་གཏན་དུ་འགགས་པ་རྣམས་ལ་འཁོར་བ་མི་འཐད་པས་དེའི་ཕྱིར་འདུ་བྱེད་རྣམས་མི་རྟག་ན་ཡང་མི་འཁོར་ཏེ། དེ་ལྟར་རེ་ཞིག་འདུ་བྱེད་ཀྱི་མིང་ཅན་གྱི་དངོས་པོ་རྟག་པ་དང༌། མི་རྟག་པ་རྣམས་འཁོར་བར་མི་འཐད་དོ། །དེ་ལ་འདི་སྙམ་དུ་འདུ་བྱེད་རྣམས་ནི་མི་འཁོར་གྱི་སེམས་ཅན་ནི་འཁོར་བར་སེམས་ན། དེ་ལ་བཤད་པར་བྱ་སྟེ། སེམས་ཅན་ལ་ཡང་རིམ་འདི་མཚུངས། །འདུ་བྱེད་རྣམས་ལའང་འཁོར་བ་མི་འཐད་པར་བསྟན་པའི་རིམ་པ་གང་ཡིན་པ་དེ་ཉིད་སེམས་ཅན་ལ་ཡང་མཚུངས་ཏེ། འདི་ལྟར་སེམས་ཅན་ཡང་རྟག་པའམ་མི་རྟག་པ་ཞིག་འཁོར་བར་འགྱུར་གྲང་ན། དེའི་ཕྱིར་དེ་ལ་ཡང་རྟག་པ་ལ་ནི་འཁོར་བ་མི་འཐད་དེ། མི་འགྱུར་བའི་ཕྱིར་རོ། །མི་རྟག་པ་ལ་ཡང་འཁོར་བ་མི་འཐད་དེ་བསྒྲིམ་མི་དགོས་པར་གཏན་དུ་འགགས་པའི་ཕིར་རོ། །འདིར་སྨྲས་པ། རིམ་པ་དེ་ནི་སེམས་ཅན་འཁོར་བ་ལ་མཚུངས་པ་མ་ཡིན་ཏེ། འདི་ལྟར་སེམས་ཅན་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལས་དེ་ཉིད་དང༌། གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ཞིང་རྟག་པ་དང་མི་རྟག་པ་ཉིད་དུ་ཡང་བརྗོད་པར་བྱ་བ་མ་ཡིན་པས། དེའི་ཕྱིར་སེམས་ཅན་རྟག་པ་དང་མི་རྟག་པའི་སྐྱོན་དང་བྲལ་བ་འཁོར་རོ། །བཤད་པ། གལ་ཏེ་གང་ཟག་འཁོར་ཞེ་ན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ལ། །དེ་ནི་རྣམ་པ་ལྔས་བཙལ་ན། །མེད་ན་གང་ཞིག་འཁོར་བར་འགྱུར། །གལ་ཏེ་འདི་ལྟར་གང་ཟག་འཁོར་བར་སེམས་ན། དེ་ནི་ཆེས་ཤིན་ཏུ་མི་འཐད་དེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ལ་དེ་རྣམ་པ་ལྔས་བཙལ་ན་མེད་པའི་ཕྱིར་ཏེ། །ཁྱོད་ཀྱི་རང་དགའ་གང་ཟག་དགོས་པ་མེད་པ་རི་དྭགས་


DTG096_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་མ་ལྟ་བུ་ཡོངས་སུ་བརྟགས་པ་གང་ཡིན་པ་དེ་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ལ་རྣམས་པ་ལྔས་བཙལ་ན་དམིགས་སུ་མེད་དེ། གང་རྣམ་པ་ལྔས་བཙལ་ན་དམིགས་སུ་མེད་པ་དེ་རྣམས་གཞན་གང་གིས་ཡོད་པར་བཟུང་སྟེ། དེའི་ཕྱིར་དེ་ནི་མེད་པ་ཁོ་ན་ཡིན་ནོ། །དེ་མེད་ན་གང་ཞིག་འཁོར་བར་འཁོར་བ་དེ་སྨྲོས་ཤིག ། ཡང་གཞན་ཡང༌། ཉེ་བར་ལེན་ནས་ཉེར་ལེན་པར། །འཁོར་ན་སྲིད་པ་མེད་པར་འགྱུར། །སྲིད་མེད་ཉེ་བར་ལེན་མེད་ན། །དེ་གང་ཅི་ཞིག་འཁོར་བར་འགྱུར། །གལ་ཏེ་གང་ཟག་འཁོར་རོ་ཞེས་བརྟགས་ན། དེ་ལྟ་ན་དེ་ཉེ་བར་ལེན་པ་ནས། ཉེ་བར་ལེན་པ་གཞན་དུ་འཁོར་བ་ན་སྲིད་པ་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཉེ་བར་ལེན་པའི་དབང་གིས་སྲིད་པར་གདགས་པ་ཡིན་ན། དེའི་ཉེ་བར་ལེན་པ་དེ་ཡང་ཉེ་བར་ལེན་པའི་བར་སྐབས་སུ་འཇུག་པ་ལ་དེ་མེད་ན་གང་གིས་སྲིད་པར་གདགས་པར་འགྱུར་ཏེ། དེའི་ཕྱིར་དེ་ལ་ཉེ་བར་ལེན་པ་མེད་པའི་ཕྱིར། སྲིད་པ་མེད་པར་ཐལ་བར་འགྱུར་རོ། །གང་སྲིད་པ་མེད་པ་ཉེ་བར་ལེན་པ་མེད་པ་གསལ་བར་བྱེད་པ་མེད་པ་ཐ་སྙད་གདགས་པ་མེད་པ་དེ་གང་ཡིན་ཞིང་ཉེ་བར་ལེན་པ་གང་དུ་འཁོར་བར་འགྱུར་ཏེ། གང་གི་ཚེ་མ་བླངས་པ་ལ་ཉེ་བར་ལེན་པ་ཉིད་ཀྱང་མེད་དོ། །སྨྲས་པ། དེ་ནི་བར་མ་དོའི་སྲིད་པས་ཉེ་བར་ལེན་པ་དང་བཅས་པ་ཁོ་ན་ཡིན་པས། དེའི་ཕྱིར་ཉེ་བར་ལེན་པ་དང་བཅས་པ་ཁོ་ནས་སྲིད་པ་གཞན་ལེན་པས་སྲིད་པ་མེད་པར་མི་འགྱུར་རོ། །བཤད་པ། གང་ཉེ་བར་ལེན་པ་འདི་བོར་ནས་བར་མདོའི་སྲིད་པའི་ཉེ་བར་ལེན་པས་འཕོ་བ་དང་བར་མདོའི་སྲིད་པའི་ཉེ་བར་ལེན་པ་ཡང་བོར་ནས་དེ་ལས་གཞན་པའི་ཉེ་བར་ལེན་པར་འཕོ་བ་དེ་ལ་ཡང་དེའི་བར་སྐབས་ན་སྲིད་པ་མེད་པ་དང༌། ཉེ་བར་ལེན་པ་མེད་པར་འགྱུར་བ་དེ་ཉིད་སོ་ན་གནས་བཞིན་ནས། དེའི་ཕྱིར་སེམས་ཅན་ཡང་འཁོར་བར་མི་འཐད་དོ། །དེ་ནི། འདུ་བྱེད་མྱ་ངན་འདའ་བར་ནི། །ཇི་ལྟ་བུར་ཡང་མི་འཐད་དོ། །འདུ་བྱེད་རྣམས་མྱ་ངན་ལས་འདའ་བར་ནི་ཇི་ལྟ་བུར་ཡང་མི་འཐད་དེ། ཅིའི་ཕྱིར་ཞེ་ན། རྟག་པ་དང་མི་རྟག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལ་རེ་ཞིག་གལ་ཏེ་འདུ་བྱེད་རྣམས་རྟག་པར་ཡོངས་སུ་བརྟགས་ན་འདུ་བྱེད་


DTG096_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྟག་པར་མི་འགྱུར་བ་རྣམས་ལ་མྱ་ངན་ལས་འདས་པ་ཐོབ་པས་ཅི་ཞིག་ཁྱད་པར་དུ་བྱེད་པར་འགྱུར། ཅི་སྟེ་བྱེད་ན་ནི་འགྱུར་པའི་ཕྱིར་མི་རྟག་པར་འགྱུར་རོ། །ཅི་སྟེ་འདུ་བྱེད་རྣམས་མི་རྟག་ན་ནི་དེ་ལྟ་ན་ཡང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་འགགས་ཤིང་མེད་པ་རྣམས་ལ་མྱ་ངན་ལས་འདའ་བར་གང་གི་ཡིན་པར་འགྱུར་ཏེ། དེ་ལྟ་བས་ན་འདུ་བྱེད་རྣམས་མྱ་ངན་ལས་འདའ་བར་ཡང་མི་འཐད་དོ། །དེ་ལ་འདི་སྙམ་དུ་སེམས་ཅན་མྱ་ངན་ལས་འདའོ་སྙམ་ན། དེ་ལ་བཤད་པར་བྱ་སྟེ། སེམས་ཅན་མྱ་ངན་ལས་འདའ་བར། །ཇི་ལྟ་བུར་ཡང་འཐད་མི་འགྱུར། །སེམས་ཅན་མྱ་ངན་ལས་འདའ་བར་ཡང་ཇི་ལྟ་བུར་ཡང་འཐད་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རྟག་པ་དང་མི་རྟག་པར་ཐལ་བར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །དེ་ལ་རེ་ཞིག་གལ་ཏེ་སེམས་ཅན་རྟག་པར་འགྱུར་ན། རྟག་པར་མི་འགྱུར་བ་རྣམས་ལ་མྱ་ངན་ལས་འདས་པ་ཐོབ་པས་ཅི་ཡང་བྱར་མེད་པ་དང༌། སྐྱོན་དུ་མར་ཐལ་བར་ཡང་འགྱུར་རོ། །ཅི་སྟེ་སེམས་ཅན་མི་རྟག་པར་འགྱུར་ན། དེ་ལྟ་ན་ཡང་མི་རྟག་པ་བསྒྲིམ་མི་དགོས་པར་འགགས་པ་ལ་མྱ་ངན་ལས་འདས་པས་ཡང་ཅི་ཞིག་བྱ་ཞིང་མྱ་ངན་ལས་འདའ་བ་གང་གིས་ཡིན་པར་འགྱུར། དེ་ལ་འདི་སྙམ་དུ་སེམས་ཅན་རྟག་པ་དང་མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་མྱ་ངན་ལས་འདས་པར་འཐད་པར་སེམས་ན་དེ་ཡང་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། རྟག་པ་དང་མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་དེ་ནི་ཉེ་བར་ལེན་པ་དང་བཅས་པ་ཉིད་ལ་འཐད་ཀྱི་ཉེ་བར་ལེན་པ་མེད་པ་ལ་ནི་མི་འཐད་དོ། །སེམས་ཅན་ཉེ་བར་ལེན་པ་མེད་པ་མྱ་ངན་ལས་འདའ་བར་བྱ་བ་ཡིན་ན་ཉེ་བར་ལེན་པ་མེད་པ་འབའ་ཞིག་པ་ཅིའི་ཕྱིར་རྟག་པ་དང་མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པར་འགྱུར། དེ་ལ་འདི་སྙམ་དུ་ཉེ་བར་ལེན་པ་མེད་པ་ནི་ཡོད་པ་ཉིད་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ནོ་སྙམ་ན་དེ་ལ་བཤད་པར་བྱ་སྟེ། །གང་ཡོད་པ་ཉིད་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་དེ་ལ་ཇི་ལྟར་མྱ་ངན་ལས་འདའོ་ཞེས་བརྗོད་པར་བྱ། སྨྲས་པ། ཉེ་བར་ལེན་པ་མེད་པ་གང་ཡིན་པ་དེ་ཡོད་པ་ཉིད་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པར་


DTG096_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། ཇི་ལྟར་ཉེ་བར་ལེན་པ་དང་བཅས་པ་ཡོད་ན་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་བཞིན་ནོ། །བཤད་པ། གང་ཉེ་བར་ལེན་པ་མེད་པ་གསལ་བར་བྱེད་པ་མེད་པ་དེ་ལ་ཡོད་པ་ཉིད་དུ་གང་གིས་ཤེས་པར་བྱ། ཅི་སྟེ་ཡོད་ན་ནི་གང་གིས་དེ་ཡོད་ཅེས་ཤེས་པར་བྱ་བ་དེ་ཉིད་དེའི་ཉེ་བར་ལེན་པ་ཡིན་པས། ཉེ་བར་ལེན་པ་དང་བཅས་པ་དེ་ལ་ནི་ཐར་པ་མི་འཐད་པ་ཉིད་དོ། །དེ་ལ་འདི་སྙམ་དུ་གང་གི་ཚེ་ཉེ་བར་ལེན་པ་མེད་པ་ནི་ཡོད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ནོ། །ཞེས་པ་དེའི་ཚེ་གང་གིས་དེ་ཡོད་པར་ཤེས་པར་བྱ། ཞེས་རྒོལ་བ་དེ་ཇི་ལྟར་རུང་སྙམ་ན། བཤད་པ། བརྗོད་པར་བྱ་བ་ཡང་གཞན་ལ་རྣམ་པར་ཤེས་པར་བྱ་བ་ཡང་གཞན་ཡིན་པས་དེའི་ཕྱིར་ཇི་ལྟར་ཤེས་པར་བྱ་ཞེས་སྨྲས་ཀྱི། ཇི་སྐད་བརྗོད་པར་བྱ་ཞེས་ནི་མ་སྨྲས་ཏེ། རི་བོང་གི་རྭ་མེད་པ་ལ་ནི་ཁྱོད་ཀྱི་བརྗོད་པར་བྱ་བ་དང་བརྗོད་པར་བྱ་བ་མ་ཡིན་པའི་བསམ་པ་མེད་པས། དེའི་ཕྱིར་བློས་དེ་ཡོད་པར་བཟུང་ནས་ཚིག་གི་སྐྱོན་སྤང་བའི་ཕྱིར་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་སྨྲ་གྲང༌། ཅི་སྟེ་ཁྱོད་ཀྱི་བློས་ཀྱང་དེ་ཡོད་པ་ཉིད་དང་མེད་པ་ཉིད་དུ་མ་ངེས་ན་ནི། ཅིའི་ཕྱིར་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་སྨྲ། དྲང་པོ་ཁོ་ནར་རྣམ་པར་ཤེས་པར་བྱ་བ་མ་ཡིན་ནོ། །ཞེས་བརྗོད་པར་བྱ་བའི་རིགས་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང༌། ཐར་ལ་གལ་ཏེ་བདག་ཡོད་རྟག །གལ་ཏེ་མེད་ན་མི་རྟག་འགྱུར། །སྐྱེས་བུ་བརྗོད་པར་བྱ་མིན་ཡང༌། །མཁས་པས་ཤེས་པར་བྱ་མིན་མིན། །ཞེས་གསུངས་སོ། །དེ་ལྟ་བས་ན་སེམས་ཅན་ཡང་ཇི་ལྟར་ཡང་མྱ་ངན་ལས་འདའ་བར་མི་འཐད་དོ། །སྐྱེ་འཇིག་ཆོས་ཅན་འདུ་བྱེད་རྣམས། །མི་འཆིང་གྲོལ་བར་མི་འགྱུར་ཏེ། འདུ་བྱེད་རྣམས་ནི་འཆིང་བར་ཡང་མི་འཐད་ལ་ཐར་པ་ཡང་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་འདུ་བྱེད་སྐྱེ་བ་དང་འཇིག་པའི་ཆོས་ཅན་སྐད་ཅིག་མ་རེ་རེ་ལ་སྐྱེ་ཞིང་རང་གི་དང་གིས་འགག་པ་ངེས་པར་མི་གནས་པ་རྣམས་ཇི་ལྟར་ཡང་འཆིང་པ་དང་ཐར་པར་མི་འཐད་པའི་ཕྱིར་རོ། །སྨྲས་པ། །འདུ་བྱེད་རྒྱུན་ལ་འཆིང་བ་དང་ཐར་པ་ཡོད་དོ། །བཤད་པ། གལ་ཏེ་འདུ་བྱེད་ཀྱི་རྒྱུན་ཞེས་བྱ་བའི་དངོས་པོ་འགའ་ཞིག་ཡོད་པར་གྱུར་ན་ནི་ཁྱོད་འདོད་པ་ལྟར་འཆིང་བ་


DTG096_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

འམ། ཐར་པར་ཡང་འགྱུར་གྲང་ན། གང་གི་ཚེ་འདུ་བྱེད་སྐྱེ་བ་དང་འགག་པའི་རྒྱུ་ཉིད་ལ་རྒྱུན་ཞེས་བྱ་བ་དེའི་ཚེ་དེ་ལ་ཅི་ཞིག་འཆིང་ཞིང་ཅི་ཞིག་ཐར་པར་འགྱུར། ཅི་སྟེ་རྒྱུན་གྱི་དངོས་པོ་ཞིག་ཡོད་པར་གྱུར་ན་ཡང༌། དེ་ལྟ་ན་ཡང་འདུ་བྱེད་ཡིན་པའི་ཕྱིར་དང༌། སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་དང༌། ངེས་པར་མི་གནས་པའི་ཕྱིར་དེ་ལ་བཅིངས་པ་དང་ཐར་པ་འཐད་པར་ག་ལ་འགྱུར། དེ་ལ་འདི་སྙམ་དུ་འདུ་བྱེད་རྣམས་ནི་འཆིང་བར་ཡང་མི་འགྱུར་ཐར་པར་ཡང་མི་འགྱུར་གྱི། སེམས་ཅན་ནི་འཆིང་བ་དང་ཐར་པར་འགྱུར་རོ་སྙམ་ན། དེ་ལ་བཤད་པར་བྱ་སྟེ། སྔ་མ་བཞིན་དུ་སེམས་ཅན་ཡང༌། །མི་འཆིང་གྲོལ་བར་མི་འགྱུར་རོ། །སེམས་ཅན་ཡང་འཆིང་བར་མི་འགྱུར། ཐར་པར་མི་འགྱུར་རོ། །གལ་ཏེ་ཇི་ལྟར་ཞེ་ན། སྔ་མ་བཞིན་དུ་སྟེ། ཇི་ལྟར་སྔར་སེམས་ཅན་རྟག་པ་ལ་ཡང་འཁོར་བ་དང་མྱ་ངན་ལས་འདའ་བ་མི་འཐད་ལ། མི་རྟག་པ་ལ་ཡང་མི་འཐད་པར་བསྟན་པ་དེ་བཞིན་དུ་འདིར་ཡང་སེམས་ཅན་རྟག་པར་མི་འགྱུར་བ་ཡིན་ན་ཡང་འཆིང་བ་མི་འཐད་ཅིང་ཐར་པ་ཡང་མི་འཐད་དོ། །ཅི་སྟེ་འཆིང་བ་དང་ཐར་བར་གྱུར་ན་ནི་འགྱུར་བའི་ཕྱིར་མི་རྟག་པར་འགྱུར་རོ། །སེམས་ཅན་མི་རྟག་པ་ལ་འགོག་པའི་ཆོས་ཅན་ངེས་པར་མི་གནས་པ་ཡང་བཅིང་བ་དང་ཐར་བར་བྱར་མི་ནུས་ཏེ། འདི་ལྟར་འགགས་ཤིང་མེད་པ་ལ་ཅི་ཞིག་བཅིང་ཞིང་ཐར་བར་བྱར་ཡོད་དོ། །འདིར་སྨྲས་པ། སེམས་ཅན་གྱི་ཉེ་བར་ལེན་པ་གང་ཡིན་པ་དེ་ནི་འཆིང་བ་ཞེས་བྱ་ལ་ཉེ་བར་ལེན་པ་གཏན་དུ་ཉེ་བར་ཞི་བ་གང་ཡིན་པ་དེ་ནི་ཐར་བ་ཞེས་བྱ་ཞིང༌། སེམས་ཅན་ཡང་རྟག་པ་དང་མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པས་དེའི་ཕྱིར་སེམས་ཅན་རྟག་པ་དང་མི་རྟག་པའི་སྐྱོན་དང་བྲལ་བ་ལ་བཅིངས་པ་དང་ཐར་པ་འཐད་དོ། །བཤད་པ། གལ་ཏེ་ཉེ་བར་ལེན་འཆིང་ན། །ཉེ་བར་ལེན་བཅས་འཆིང་མི་འགྱུར། །གལ་ཏེ་ཉེ་བར་ལེན་པ་འཆིང་བ་ཡིན་ན་དེ་ལྟ་ན་མི་ཞིག་སེམས་ཅན་ཉེ་བར་ལེན་པ་དང་བཅས་པ་ནི་འཆིང་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བཅིངས་ཟིན་པ་ཁོ་ནའི་ཕྱིར་ཏེ། འདི་ལྟར་བཅིངས་ཟིན་ན་ཡང་བཅིང་བར་བྱ་ཅི་དགོས། དེ་ཡང་འདི་སྙམ་དུ་ཉེ་བར་ལེན་པ་མེད་པ་ཁོ་ན་འཆིང་བར་འགྱུར་


DTG096_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རོ་སྙམ་ན། དེ་ལ་བཤད་པར་བྱ་སྟེ། ཉེ་བར་ལེན་མེད་མི་འཆིང་སྟེ། ཉེ་བར་ལེན་པ་མེད་ན་ཡང་དེ་ལ་འཆིང་བ་མི་འཐད་དེ། །འདི་ལྟར་ཡང་ཉེ་བར་ལེན་པ་མེད་པ་གང་གདགས་སུ་མེད་པ་ཐ་སྙད་གདགས་སུ་མེད་པ་གསལ་བར་བྱེད་པ་མེད་པ་དེ་ཇི་ལྟར་ཡོད་པར་འགྱུར། གང་མེད་པ་དེ་ཇི་ལྟར་ཉེ་བར་ལེན་པས་འཆིང་བར་འགྱུར་ཏེ། དེའི་ཕྱིར་སེམས་ཅན་ཉེ་བར་ལེན་པ་མེད་པ་ཡང་ཉེ་བར་ལེན་པས་འཆིང་བར་མི་འཐད་དོ། །འོ་ན་ད་ཁྱོད་ཀྱི་སེམས་ཅན་གནས་སྐབས་གང་ཞིག་འཆིང་བར་འགྱུར་བ་དེ་ད་སྨྲོས་ཤིག །འདིར་སྨྲས་པ། ཉེ་བར་ལེན་པ་འཆིང་བ་ནི་རེ་ཞིག་གསལ་བར་ཡོད་དེ། འདིས་འཆིང་བར་བྱེད་པས་ན་འཆིང་བ་ཞེས་བྱའོ། །དེ་ལྟར་འཆིང་བ་ཡོད་པའི་ཕྱིར་གང་དེས་བཅིང་བར་བྱ་བ་ཡང་ཡོད་པ་ཁོ་ན་ཡིན་ནོ། །བཤད་པ། གལ་ཏེ་བཅིངས་བའི་སྔ་རོལ་ན། །འཆིང་བ་ཡོད་ན་འཆིང་ལ་རག །དེ་ཡང་མེད་དེ། གལ་ཏེ་བཅིངས་པ་དེ་བས་སྔ་རོལ་ན་ཉེ་བར་ལེན་པ་འཆིང་བ་དེ་ཡོད་པར་གྱུར་ན་ནི་ཁྱོད་འདོད་པ་ལྟར་ཉེ་བར་ལེན་པས་འཆིང་བས་འཆིང་བར་འགྱུར་ལ་རག་ན། བཅིངས་པའི་སྔ་རོལ་ན་དེ་ཡང་མེད་དེ། འདི་ལྟར་ཉེ་བར་མ་བླངས་པ་ཇི་ལྟར་ཉེ་བར་ལེན་པ་ཡིན་པར་འགྱུར། བཅིངས་པའི་སྔ་རོལ་ན་མེད་པ་གང་ཡིན་པ་དེས་ཇི་ལྟར་འཆིང་བར་འགྱུར་ཏེ། དེ་ལྟ་བས་ན་ཉེ་བར་ལེན་པ་ཡང་འཆིང་བ་མ་ཡིན་ནོ། །ལྷག་མ་ནི། སོང་དང་མ་སོང་བགོམ་པས་བསྟན། འཆིང་བ་མི་འཐད་པའི་ལྷག་མ་གང་དག་ཡིན་པ་དེ་དག་ནི་སོང་བ་དང་མ་སོང་བ་དང་བགོམ་པ་དག་གིས་བསྟན་པར་ཁོང་དུ་ཆུད་པར་བྱ་སྟེ། ཇི་ལྟར་སོང་བ་ལ་འགྲོ་བ་མེད་པ་དང་མ་སོང་བ་ལ་ཡང་མེད་བགོམ་པ་ལ་ཡང་མེད་པ་དེ་བཞིན་དུ། བཅིངས་པ་ཡང་མི་འཆིང་མ་བཅིངས་པ་ཡང་མི་འཆིང༌། འཆིང་བཞིན་པ་ཡང་མི་འཆིང་ངོ༌། །ཇི་ལྟར་སོང་བ་ལ་ཡང་འགྲོ་བའི་རྩོམ་པ་མི་འཐད་མ་སོང་བ་ལ་ཡང་མི་འཐད་བགོམ་པ་ལ་ཡང་མི་འཐད་པ་དེ་བཞིན་དུ། བཅིངས་པ་ལ་འཆིང་བའི་རྩོམ་པ་མི་འཐད་མ་བཅིངས་པ་ལ་ཡང་མི་འཐད། འཆིང་བ་ཞིག་པ་ལ་ཡང་མི་འཐད་དོ། །འདིར་སྨྲས་པ། རེ་ཞིག་ཐར་པ་ནི་བཅོམ་ལྡན་འདས་ཀྱིས་བསྟན་པའི་དབང་དུ་བྱས་པ་སྟེ་འགྲོ་བ་རྣམ་པར་ཐར་པར་བྱ་


DTG096_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བས། དེའི་ཕྱིར་རེ་ཞིག་ཐར་པ་ནི་ཡོད་དོ། །མ་བཅིངས་པ་ལ་ཡང་ཐར་པ་མེད་པས་བཅིངས་པ་ཡང་ཡོད་པ་ཁོ་ན་ཡིན་ནོ། །བཤད་པ་གལ་ཏེ། ཐར་པ་ཉིད་འཐད་ན་ནི་བཅིངས་པ་ཡང་ཡོད་པར་འགྱུར་གྲང་ན། ཐར་པ་མི་འཐད་པས་བཅིངས་པ་འཐད་པར་ག་ལ་འགྱུར། ཇི་ལྟར་ཞེ་ན། གང་གི་ཕྱིར། རེ་ཞིག་བཅིངས་པ་མི་འགྲོལ་ཏེ། །འདི་ལ་རེ་ཞིག་བཅིངས་པ་གང་ཡིན་པ་དེ་ནི་མི་འགྲོལ་ལོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་བཅིངས་པ་གང་བཅིངས་པའི་གནས་ཉིད་ལ་འདུག་པ་དེ་ཇི་ལྟར་གྲོལ་བར་འཐད་པར་འགྱུར། ཅི་སྟེ་བཅིངས་པ་ཉིད་འགྲོལ་བར་འགྱུར་ན་ནི་དེ་ལྟ་ན་འགའ་ཡང་མ་གྲོལ་བར་མི་འགྱུར་བས་དེ་ནི་མི་འདོད་དེ། དེ་ལྟ་བས་ན་རེ་ཞིག་བཅིངས་པ་མི་འགྲོལ་ལོ། །སྨྲས་པ། བཅིངས་པ་འཆིང་བ་དང་བྲལ་བ་གང་ཡིན་པ་དེ་གྲོལ་བ་ཡིན་ནོ། །བཤད་པ། དེ་ལ་ཡང་དེ་ཉིད་དེ་བཅིངས་པ་ལ་ནི་འཆིང་བ་དང་བྲལ་བ་མི་འཐད་དེ་བཅིངས་པ་ཁོ་ནའི་ཕྱིར་རོ། །སྨྲས་པ། འོ་ན་འཆིང་བ་དང་བྲལ་བ་ནི་གྲོལ་བ་ཞེས་བྱའོ། །བཤད་པ། མ་བཅིངས་པ་ཡང་འགྲོལ་མི་འགྱུར། །འདི་ལྟར་འཆིང་བ་དང་བྲལ་བ་གང་ཡིན་པ་དེ་ནི་མ་བཅིངས་པ་ཁོ་ན་ཡིན་ཏེ། གྲང་མ་བཅིངས་པ་དེ་ནི་གྲོལ་བ་ཉིད་ཡིན་པས་དེ་ལ་ཡང་གྲོལ་བར་འགྱུར་བས་ཅི་བྱ་སྟེ། དེ་བས་ན་མ་བཅིངས་པ་ཡང་གྲོལ་བར་མི་འགྱུར་རོ། །སྨྲས་པ། བཅིངས་པ་ནི་འགྲོལ་ཏེ་འདི་ལྟར་བཅིངས་པ་གྲོལ་བར་འགྱུར་རོ། །ཞེས་བྱ་བ་དེ་ནི་འཇིག་རྟེན་ན་གྲགས་པ་ཡིན་ནོ། །བཤད་པ། དེ་ན་འཇིག་རྟེན་ན་གྲགས་པ་ཡིན་ནོ། །ཞེས་གང་སྨྲས་པ་དེ་ནི་ལེགས་པར་སྨྲས་པ་ཡིན་ཏེ། འདི་ལྟར་གང་གི་ཕྱིར་འཇིག་རྟེན་ན་གྲགས་པ་ཡིན་པ་དེའི་ཕྱིར་དོན་དམ་པ་བསམ་པ་ལ་འཇུག་པར་མི་འགྱུར་རོ། །ཇི་ལྟར་ཞེ་ན། གང་གི་ཕྱིར། བཅིངས་པ་གྲོལ་བཞིན་ཡིན་གྱུར་ན། །བཅིངས་དང་གྲོལ་བ་དུས་གཅིག་འགྱུར། །གལ་ཏེ་བཅིངས་པ་འགྲོལ་བར་འགྱུར་ན། དེ་ལྟར་འཆིང་བ་གང་དང་ལྡན་པས་བཅིངས་པ་ཞེས་བྱ་བ་དང་ཐར་པ་གང་དང་ལྡན་པས་གྲོལ་བ་ཞེས་བྱ་བའི་བཅིངས་པ་དང་གྲོལ་བ་གཉིས་དུས་གཅིག་པར་ཐལ་བར་འགྱུར་ཏེ། བཅིངས་པ་དང་གྲོལ་བ་མི་


DTG096_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པ་གཉིས་གཅིག་ལ་གནས་པར་མི་འཐད་པས་དེའི་ཕྱིར་བཅིངས་པ་གྲོལ་ལོ། །ཞེས་བྱ་བ་དེ་ནི་འབྲེལ་བ་མེད་པ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་དེ་ལྟར་ཐར་པ་ཉིད་མི་འཐད་པ་ཡིན་ན་འཁོར་བས་འཇིགས་པ་རྣམས་ཀྱི་མ་ཡིན་ལ་བསམ་པ་ནམ་ཞིག་ན་བདག་ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་ཞིག་གུ། ནམ་ཞིག་ན་ཡོངས་སུ་མྱ་ངན་ལས་འདས་པ་བདག་གིར་འགྱུར་ཞིག་གུ་སྙམ་པ་གང་ཡིན་པ་དང༌། མྱ་ངན་ལས་འདས་པ་ཐོབ་པའི་གདམས་ངག་གང་ཡིན་པ་དང༌། མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྐྱོད་པ་གང་ཡིན་པ་དེ་དག་ཐམས་ཅད་དོན་མེད་པ་ཉིད་དུ་མི་འགྱུར་རམ། བཤད་པ། ཐབས་མ་ཡིན་པས་དོན་དུ་གཉེར་བ་དང༌། གདམས་ངག་སྟོན་པ་དང་རྩོམ་པ་དག་དོན་མེད་པ་ཉིད་དུ་འགྱུར་བར་ཐེ་ཚོམ་མེད་དེ། འདི་ལྟར་བདག་ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་པ་དང༌། མྱ་ངན་ལས་འདས་པ་བདག་གིར་འགྱུར་རོ་སྙམ་དུ་སེམས་པ་དག་ཇི་ལྟར་མྱ་ངན་ལས་འདས་པ་ཡིན་པར་འགྱུར། གང་གི་ཚེ། བདག་ནི་ལེན་མེད་མྱ་ངན་འདའ། །མྱང་འདས་བདག་གིར་གྱུར་ཅིག་ཅེས། །གང་དག་འཛིན་པ་དེ་དག་གི ། །ཉེར་ལེན་ལེགས་པར་ཟིན་མ་ཡིན། །འདི་ལ་ཉེ་བར་ལེན་པ་གཏན་དུ་ཉེ་བར་ཞི་བ་གང་ཡིན་པ་དེ་མྱ་ངན་ལས་འདས་པ་ཞེས་བྱ་ན། ཉེ་བར་ལེན་པ་ཐམས་ཅད་ཀྱི་རྩ་བ་ནི་བདག་དང་བདག་གིར་འཛིན་པ་ཡིན་པས། གང་དག་བདག་ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ། །ཉེ་བར་ལེན་པ་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པ་བདག་གིར་གྱུར་ཅིག་སྙམ་དུ་རློམ་སེམས་སུ་བྱེད་པ་དེ་དག་ནི་བདག་དང་བདག་གིར་འཛིན་པ་ཡོངས་སུ་བཟུང་སྟེ་ངེས་པར་གནས་པ་ཡིན་པས། དེའི་ཕྱིར་དེ་དག་གི་བདག་དང་བདག་གིར་འཛིན་པ་དེ་ཉིད་ཉེ་བར་ལེན་པ་ལེགས་པར་མ་ཟིན་པ་ཡིན་ནོ། །ཉེ་བར་ལེན་པ་དང་བཅས་པ་ལ་ཐར་པ་འཐད་པར་ག་ལ་འགྱུར་ཏེ། ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེ་གང་ཡིན་ཞིང་ཡོངས་སུ་མྱ་ངན་ལས་འདའ་བ་གང་གི་ཡིན་པར་འགྱུར་ཏེ། དེ་དག་ཐམས་ཅད་ནི་དེའི་སྲིད་པ་དང་མ་རིག་པས་བསྐྱེད་པ་ཡིན་ནོ། འདིར་སྨྲས་པ། རེ་ཞིག་


DTG096_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་དང་མྱ་ངན་ལས་འདས་པ་དག་ནི་ཡང་ཡོད་པ་ཡིན་ཏེ། དེ་དག་ཀྱང་འགའ་ཞིག་ཁོ་ནའི་ཡིན་གྱི་ཅི་ཡང་མེད་པའི་མ་ཡིན་པས། འཁོར་བ་པོ་དང་མྱ་ངན་ལས་འདའ་བ་པོ་ཡང་ཡོད་དེ་ཁོ་བོ་ལ་ནི་དེ་ཙམ་གྱིས་ཆོག་གོ །བཤད་པ། ཅི་ཁྱོད་སྣོད་སྟོང་པ་སྲུང་བར་བྱེད་དམ། ཁྱོད་བཅིངས་པ་དང་ཐར་པ་མི་འཐད་པ་དག་ལ། འཁོར་བ་དང་མྱ་ངན་ལས་འདའ་བ་ཡོད་པ་འདོད་ཀོ། །གང་ལ་མྱ་ངན་འདས་བསྐྱེད་མེད། །འཁོར་བ་བསལ་བའང་ཡོད་མིན་པ། །དེ་ལ་འཁོར་བ་ཅི་ཞིག་ཡིན། །མྱ་ངན་འདས་པའང་ཅི་ཞིག་བརྟག །འདི་ལྟར་འཁོར་བ་གང་ལ་སེམས་ཅན་དང་འདུ་བྱེད་བཅིངས་པ་རྣམས་འཁོར་བ་ལས་བསལ་ཅིང་སྤང་བར་བྱ་སྟེ། མྱ་ངན་ལས་འདའ་བ་ལ་བསྐྱེད་ཅིང་འཛུད་པར་མི་བྱེད་པ་དེ་ལ་འཁོར་བ་ཞེས་བྱ་བ་ཅི་ཞིག་ཡིན་པར་བརྟག །གང་ལས་འགའ་ཡང་བསལ་བ་མ་བྱས་ལ། གང་ལ་འགའ་ཡང་བསྐྱེད་པ་མ་བྱས་པ་དེ་ལ་མྱ་ངན་ལས་འདས་པ་དེ་ཡང་ཅི་ཞིག་ཡིན་པར་བརྟག །ཡང་ན་འདི་ནི་དོན་གཞན་ཡིན་ཏེ། འདི་ལྟར་གང་ལ་འཁོར་བ་ཡོངས་སུ་ཟད་པར་བྱ་བའི་ཕྱིར་དང་མྱ་ངན་ལས་འདས་པ་འགའ་ཐོབ་པར་བྱ་བའི་ཕྱིར་འབད་པ་དང་ལྡན་པས་ཀྱང་འཁོར་བ་བསལ་ཞིང་སྤང་བར་མི་བྱེད་ལ། མྱ་ངན་ལས་འདས་པ་ཡང་བསྐྱེད་ཅིང་འཕེལ་བར་མི་བྱེད་པ་ཡང་དག་པ་མ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་དང་བྲལ་བ་ཉིད་ཁོ་ནར་འགྱུར་བ་དེ་ལ་འཁོར་བ་ཞེས་ཅི་ཞིག་རྣམ་པར་བརྟག་ཅིང་མྱ་ངན་ལས་འདས་པ་ཞེས་ཀྱང་ཅི་ཞིག་རྣམ་པར་བཤད། དེ་ལྟ་བས་ན་དངོས་པོ་དང་དངོས་པོ་མེད་པར་མཐོང་བ་དག་ནི་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་འགྱུར་བའི་ཕྱིར་དེ་དག་ལ་འཁོར་བ་དང་མྱ་ངན་ལས་འདས་པ་དང་བཅིངས་པ་དང་ཐར་པ་དག་མི་འཐད་ཀྱི། རྟེན་ཅིང་འབྲེལ་པར་འབྱུང་བ་སྨྲ་བ་ཉིད་ལ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་བཅིངས་པ་དང་ཐར་པ་ཞེས་བྱ་བ་དག་འགྲུབ་བོ། །བཅིངས་པ་དང་ཐར་པ་བརྟག་པ་བཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་དྲུག་པའོ།། །།འདིར་སྨྲས་པ། དངོས་པོ་དང་དངོས་པོ་མེད་པར་ལྟ་ན་འཁོར་བ་མི་འཐད་དེ། རྟག་པ་དང་ཆད་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་གང་བཤད་པ་དེ་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། ལས་དང་འབྲས་བུར་འབྲེལ་བའི་ཕྱིར་རོ།


DTG096_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གང་ཞེ་ན། བདག་ཉིད་ལེགས་པར་སྡོམ་པ་དང༌། །གཞན་ལ་ཕན་འདོགས་བྱམས་སེམས་གང༌། །དེ་ཆོས་དེ་ནི་འདི་གཞན་དུ། །འབྲས་བུ་དག་གི་ས་བོན་ཡིན། །བདག་ཉིད་ལེགས་པར་སྡོམ་པ་ནི། །བདག་ཉིད་ལེགས་པར་སྡོམ་པར་བྱེད་པའོ། །གཞན་ལ་ཕན་འདོགས་པ་ནི་གཞན་དག་ལ་ཕན་འདོགས་པར་བྱེད་པའོ། །བྱམས་པ་ནི་མཛའ་བཤེས་ལ་འབྱུང་བ་སྟེ་གཅུགས་པ་ལས་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་བྱམས་པ་ནི་བྱམས་པ་ཉིད་དེ་སེམས་སྣུམ་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་བདག་གི་དོན་གྱི་རྐྱེན་ཡིན་ནོ། །བདག་ཉིད་ལེགས་པར་སྡོམ་པར་བྱེད་པ་དང༌། གཞན་ལ་ཕན་འདོགས་པར་བྱེད་པ་དང༌། བྱམས་པའི་སེམས་གང་ཡིན་པ་དེ་ནི་ཆོས་ཡིན་ནོ། །དེ་ཉིད་འབྲས་བུ་དག་གི་ས་བོན་ཏེ་འདི་དང་གཞན་དག་ཏུ་འབྲས་བུ་དག་གི་རྒྱུ་ཡིན་ནོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་བྱམས་པ་བསྒོམས་པ་ན་ཕན་ཡོན་བརྒྱད་ཡོད་དེ། མི་རྣམས་དགའ་བར་འགྱུར་རོ། །ཞེས་རྒྱ་ཆེར་བཀའ་སྩལ་ཏོ། །ལས་རྣམ་པ་གསུམ་ཅར་ཡང་ཆོས་ཀྱི་ཕྱིར་རོ། །སེམས་པ་ནི་ས་བོན་དུ་བསྟན་ཏེ་ལུས་དང་ངག་གཉིས་དེ་ལ་རག་ལས་པའི་ཕྱིར་རོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང༌། །ཡིད་ནི་ཆོས་ཀྱི་སྔོན་དུ་འགྲོ། །ཞེས་ཚིགས་སུ་བཅད་པ་བཀའ་སྩལ་ཏོ། །དྲང་སྲོང་མཆོག་གི་ལས་རྣམས་ནི། །སེམས་པ་དང་ནི་བསམ་པར་གསུངས། །ལས་དེ་དག་གི་བྱེ་བྲག་ནི། །རྣམ་པ་དུ་མར་ཡོངས་སུ་བསྒྲགས། དྲང་སྲོང་མཆོག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལས་རྣམས་ནི་འདི་ལྟར་མདོར་བསྡུ་བ་ལས་རྣམ་པ་གཉིས་སུ་གསུངས་ཏེ། །སེམས་པ་ས་བོན་དུ་གྱུར་པ་དང༌། བསམ་པ་དུས་ཕྱི་མ་ལ་རྩོམ་པར་བྱེད་པ་གང་ཡིན་པའོ། །ལས་རྣམ་པ་གཉིས་པོ་དེ་དག་གི་བྱེ་བྲག་ཀྱང་རྣམ་པ་དུ་མ་ཡོད་པར་བཅོམ་ལྡན་འདས་ཀྱིས་དེ་དང་དེར་དེ་ལྟར་རྣམ་པ་མང་པོར་ཡོངས་སུ་བསྒྲགས་ཤིང་བསྟན་ནོ། །དེ་ལ་ལས་གང་སེམས་པ་ཞེས། །གསུངས་པ་དེ་ནི་ཡིད་ཀྱིར་འདོད། བསམ་པ་ཞེས་ནི་གང་གསུངས་པ། །དེ་ནི་ལུས་དང་ངག་གི་ཡིན། །དེ་ལ་ལས་གང་སེམས་པ་ཞེས་གསུངས་པ་དེ་ནི་ཡིད་ཀྱི་ཡིན་པར་འདོད་དོ། །ལས་གང་བསམས་པ་ཞེས་གསུངས་པ་བློས་འདི་བྱའོ་སྙམ་དུ་གསུངས་


DTG096_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལུས་སམ་ངག་གི་བྱེད་པ་དེ་ནི་ལུས་དང་ངག་གི་ཡིན་ཏེ་གང་མ་བསམས་པར་བྱས་པ་ནི་མ་ཡིན་ནོ། །ངག་དང་བསྐྱོད་དང་མི་སྤོང་བའི། །རྣམ་རིག་བྱེད་མིན་ཞེས་བྱ་གང༌། །སྤོང་བའི་རྣམ་རིག་བྱེད་མིན་པ། །གཞན་དག་ཀྱང་ནི་དེ་བཞིན་འདོད། །ལོངས་སྤྱོད་ལས་བྱུང་བསོད་ནམས་དང༌། །བསོད་ནམས་མ་ཡིན་ཚུལ་དེ་བཞིན། །སེམས་པ་དང་ནི་ཆོས་དེ་བདུན། །ལས་སུ་མངོན་པར་འདོད་པ་ཡིན། །དེ་ལ་ངག་ཅེས་བྱ་བ་ནི་ཡི་གེ་གསལ་བར་བརྗོད་པའོ། །བསྐྱོད་པ་ནི་ལུས་གཡོ་བ་སྟེ། དེ་གཉི་ག་ཡང་ལས་ཀྱི་དབང་དུ་བྱས་པའི་ཕྱིར་ལས་ཀྱི་ལམ་དུ་གཏོགས་པ་སྟེ། འདིར་ཡང་ལས་སུ་བགྲང་བ་ཡིན་པར་གཟུང་བར་བྱའོ། །མི་སྤང་བའི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་ནི་མི་དགེ་བའི་ལས་འདི་ཞེས་བྱ་བ་ལུས་སམ་ངག་གིས་བྱའོ་སྙམ་དུ་མི་དགེ་བའི་སེམས་ཡང་དག་པར་བླངས་པ་དེ་ཚུན་ཆད་ནས་མི་དགེ་བ་དེ་ལུས་སམ་ངག་གང་དག་གིས་མི་བྱེད་དུ་ཟིན་ཀྱང་མི་དགེ་བའི་སེམས་ཡང་དག་པར་བླངས་བའི་རྒྱུ་ལས་བྱུང་བ་ཁོ་ནའི་མི་དགེ་བ་དག་སྐྱེ་བར་འགྱུར་བ་གང་དག་ཡིན་པ་སྟེ། དེ་དག་ནི་མི་སྤོང་བའི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བའི་མིང་འཐོབ་བོ། །སྤོང་བའི་རྣམ་པར་རིག་བྱེད་མ་ཡིན་པ་གཞན་དག་ཀྱང་དེ་བཞིན་དུ་འདོད་དེ། དགེ་བའི་ལས་འདི་ཞེས་བྱ་བ་ལུས་སམ་ངག་གིས་བྱའོ། །སྙམ་དུ་དགེ་བའི་སེམས་ཡང་དག་པར་བླངས་བ་དེ་ཚུན་ཆད་ནས། དགེ་བ་དེ་ལུས་སམ་ངག་གང་དག་གིས་མི་བྱེད་དུ་ཟིན་ཀྱང་དགེ་བའི་སེམས་ཡང་དག་པར་བླངས་པའི་རྒྱུ་ལས་བྱུང་བ་ཁོ་ནའི་དགེ་བ་དག་སྐྱེ་བར་འགྱུར་བ་གང་དག་ཡིན་པ་སྟེ། དེ་དག་ནི་སྤོང་བའི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བའི་མིང་འཐོབ་བོ། །ལོངས་སྤྱོད་པ་ལས་བྱུང་བའི་བསོད་ནམས་ནི་ཡོངས་སུ་ལོངས་སྤྱོད་པའི་རྒྱུ་ལས་བསོད་ནམས་བྱུང་བ་སྟེ། རྒྱུ་ལས་བྱུང་བ་ཞེས་བྱ་བ་ནི། རྗེས་སུ་འགྲོ་བ་དང་རྗེས་སུ་འབྲེལ་བ་དང་རྒྱུན་འཕེལ་བ་སྟེ་བསོད་ནམས་ཉིད་དོ། །ལོངས་སྤྱོད་པ་ལས་བྱུང་བའི་བསོད་ནམས་མ་ཡིན་པ་ཡང་ཚུལ་དེ་བཞིན་ནོ། །སེམས་པ་ཞེས་བྱ་བ་ནི་སེམས་མངོན་པར་འདུ་བྱེད་པའོ། །དེ་ལྟར་ལས་རྣམ་པ་དུ་མ་དེ་དག་ཀྱང་དག་ལ་སོགས་པའི་ཆོས་རྣམས་


DTG096_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འདུས་པས་དེ་ཉིད་ཀྱི་ཕྱིར་ངག་ལ་སོགས་པ་ཆོས་བདུན་པོ་དེ་དག་ནི་ལས་སུ་མངོན་པ་དང་ལས་ཀྱི་མིང་ཅན་དང༌། ལས་ཀྱི་མཚན་ཉིད་དག་ཏུ་འདོད་པ་ཡིན་ནོ། །དེ་ལྟར་ལས་རྣམ་པ་བདུན་པོ་དེ་དག་འབྲས་བུ་དང་འབྲེལ་བའི་ཕྱིར་འཁོར་བ་ཡང་འཐད་ལ། རྟག་པ་དང་ཆད་པའི་སྐྱོན་དུ་ཡང་མི་འགྱུར་རོ། །བཤད་པ། གལ་ཏེ་ལས་ཉིད་རྟག་པ་དང་ཆད་པའི་སྐྱོན་དུ་ཐལ་བར་མི་འགྱུར་ན་ནི་དེ་ཡང་སྐྱོན་དུ་མི་འགྱུར་བ་ཞིག་ན། སྐྱོན་དུ་ནི་འགྱུར་བས་དེའི་ཕྱིར་ལས་རྣམས་ཉིད་ཀྱང་མི་འཐད་པ་ལས་དང་འབྲས་བུར་འབྲེལ་པ་ཡང་མི་འཐད་དོ། །དེ་ཇི་ལྟར་ཞེ་ན། གལ་ཏེ་སྨིན་པའི་དུས་བར་དུ། གནས་ན་ལས་དེ་རྟག་པར་འགྱུར། །རེ་ཞིག་གལ་ཏེ་ལས་སྨིན་པའི་དུས་ཀྱི་བར་དུ་གནས་པ་དེ་བཞིན་དུ་དུས་གཞན་དུ་ཡང་གནས་པར་འགྱུར་བས་རྟག་པར་འགྱུར་ཏེ། རྟག་པ་ནི་འཐད་པ་དེ་ཇི་ལྟར་རྣམ་པར་སྨིན་པར་འགྱུར། ཅི་སྟེ་སྐྱོན་དེར་གྱུར་ན་མི་རུང་ངོ་སྙམ་ནས་ལས་ནི་སྐད་ཅིག་མ་སྟེ། སྐད་ཅིག་མའི་ཕྱིར་འགགས་པའོ་སྙམ་ན། དེ་ལ་བཤད་པར་བྱ་སྟེ། གལ་ཏེ་འགགས་ན་འགགས་གྱུར་པ། །ཇི་ལྟར་འབྲས་བུ་བསྐྱེད་པར་འགྱུར། །གལ་ཏེ་ལས་སྐད་ཅིག་མའི་ཕྱིར་འགགས་ཤིང་ཞིག་པ་ཡིན་ན་དེས་ཇི་ལྟར་འབྲས་བུ་སྐྱེད་པར་འགྱུར། ཅི་སྟེ་ལས་མེད་པས་ཀྱང་འབྲས་བུ་སྐྱེད་པར་འགྱུར་ན་ནི་ཤིང་པ་ཊའི་མེ་ཏོག་གིས་ཀྱང་གོས་ལ་དྲི་བསུང་བསྒོ་བར་འགྱུར་བ་ཞིག་ན་མེད་པའི་ཕྱིར་བསྒོ་བར་མི་བྱེད་པས། དེ་ལྟ་ན་ལས་འགགས་པ་དག་གིས་ཀྱང་འབྲས་བུ་སྐྱེད་པར་མི་འགྱུར་རོ། །དེ་ལྟ་བས་ན་ལས་རྣམས་རྟག་པ་དང་ཆད་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར། ལས་རྣམས་ཉིད་ཀྱང་མི་འཐད་ན། ལས་དང་འབྲས་བུར་འབྲེལ་པ་ལྟར་འཐད་པར་ག་ལ་འགྱུར། འདིར་སྨྲས་པ། ལས་དང་འབྲས་བུར་འབྲེལ་པ་ནི་འཐད་པ་ཁོ་ན་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྒྱུད་ཀྱི་རྒྱུན་ལ་འབྲས་བུ་འགྲུབ་པའི་ཕྱིར་ཏེ། འདི་ལྟ་སྟེ་དཔེར་ན། མྱུ་གུ་ལ་སོགས་རྒྱུན་གང་ནི། །ས་བོན་ལས་ནི་མངོན་པར་འབྱུང༌། །དེ་ལས་འབྲས་བུ་ས་བོན་ནི། །མེད་ན་དེ་ཡང་འབྱུང་མི་འགྱུར། །གང་ཕྱིར་ས་བོན་ལས་རྒྱུན་དང༌། །རྒྱུན་ལས་འབྲས་བུ་འབྱུང་འགྱུར་ཞིང༌། །ས་བོན་འབྲས་བུའི་སྔོན་འགྲོ་བ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །འདི་ལ་ས་བོན་ནི་མྱུ་


DTG096_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

གུའི་རྒྱུ་བསྐྱེད་ནས་འགག་གོ །མྱུ་གུ་ལ་སོགས་པའི་རྒྱུན་གང་ཡིན་པ་དེ་ནི་ས་བོན་ལས་མངོན་པར་འབྱུང་ཞིང༌། རྒྱུན་དེ་ལས་འབྲས་བུ་མངོན་པར་འབྱུང་ངོ༌། །ས་བོན་མེད་ན་མྱུ་གུ་ལ་སོགས་པའི་རྒྱུན་དེ་ཡང་མངོན་པར་འབྱུང་བར་མི་འགྱུར་རོ། །གང་གི་ཕྱིར་ས་བོན་ལས་རྒྱུན་མངོན་པར་འབྱུང་ལ་རྒྱུ་ལས་འབྲས་བུ་མངོན་པར་འབྱུང་བར་འགྱུར་ཞིང༌། ས་བོན་འབྲས་བུའི་སྔོན་དུ་འགྲོ་བ་དེའི་ཕྱིར་ཆད་པ་དང་རྟག་པ་མ་ཡིན་ཏེ། གང་གི་ཕྱིར་ས་བོན་རྣམ་པ་ཐམས་ཅད་དུ་ཆད་ནས་རྒྱུན་དུ་འབྱུང་བ་མ་ཡིན་གྱི་རྒྱུན་རྗེས་སུ་འཇུག་པ་དེའི་ཕྱིར་ཆད་པ་མ་ཡིན་ལ། གང་གི་ཕྱིར་ས་བོན་འགག་ཅིང་ངེས་པར་མི་གནས་པ་དེའི་ཕྱིར་རྟག་པ་ཡང་མ་ཡིན་ནོ། །དེ་ཇི་ལྟ་བ་དེ་བཞིན་དུ། །སེམས་ཀྱི་རྒྱུན་ནི་གང་ཡིན་པ། །སེམས་པ་ལས་ནི་མངོན་པར་འབྱུང༌། །དེ་ལས་འབྲས་བུ་སེམས་པ་ནི། །མེད་ན་དེ་ཡང་འབྱུང་མི་འགྱུར། །གང་ཕྱིར་སེམས་པ་ལས་རྒྱུན་དང༌། །རྒྱུན་ལས་འབྲས་བུ་འབྱུང་འགྱུར་ཞིང༌། །ལས་ནི་འབྲས་བུའི་སྔོན་འགྲོ་བ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །སེམས་ཀྱི་རྒྱུན་གང་ཡིན་པ་དེ་ནི་སེམས་པ་ལས་བརྗོད་པ་གང་ཡིན་པ་འགག་བཞིན་པ་དེ་ལས་མངོན་པར་འབྱུང་ཞིང་རྒྱུ་དེ་ལས་འབྲས་བུ་མངོན་པར་འབྱུང་ངོ༌། །སེམས་པ་མེད་ན་སེམས་ཀྱི་རྒྱུན་དེ་ལ་ཡང་མངོན་པར་འབྱུང་བར་མི་འགྱུར་རོ། །གང་གི་ཕྱིར་སེམས་པ་ལས་སུ་བརྗོད་པ་ལས་སེམས་ཀྱི་རྒྱུན་མངོན་པར་འབྱུང་ལ། སེམས་ཀྱི་རྒྱུན་ལས་འབྲས་བུ་མངོན་པར་འབྱུང་བར་འགྱུར་ཞིང་ལས་དེ་ནི་འབྲས་བུའི་སྔོན་དུ་འགྲོ་བ་དེའི་ཕྱིར་ཆད་པ་དང་རྟག་པ་མ་ཡིན་ཏེ། གང་གི་ཕྱིར་སེམས་པ་འགག་བཞིན་པ་ལས་སེམས་ཀྱི་རྒྱུན་འབྱུང་གི་སེམས་པ་རྣམ་པ་ཐམས་ཅད་དུ་འགག་པར་མི་འགྱུར་བ་དེའི་ཕྱིར་ཆད་པ་མ་ཡིན་ལ། གང་གི་ཕྱིར་སེམས་པ་འགག་ཅིང་ངེས་པར་མི་གནས་པ་དེའི་ཕྱིར་རྟག་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་རྒྱུན་གྱིས་འབྲས་བུ་འགྲུབ་པས་ན། འཁོར་བ་ཡང་འཐད་ལ་རྟག་པ་དང་ཆད་པའི་སྐྱོན་དུ་ཡང་ཐལ་པར་མི་འགྱུར་རོ། །ཡང་གཞན་ཡང༌། ཆོས་སྒྲུབ་པ་ཡི་ཐབས་རྣམས་ནི། །དཀར་པོའི་ཕྱོགས་ཀྱི་ལམ་བཅུ་སྟེ། །ཆོས་ཀྱི་འབྲས་བུ་འདི་གཞན་དུ། །འདོད་པའི་ཡོན་ཏན་རྣམ་ལྔའོ། །འདི་ལ་


DTG096_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་ཆོས་སྒྲུབ་པའི་ཐབས་ནི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡིན་པར་བསྟན་ལ། དེའི་འབྲས་བུ་ཡང་འདི་དང་གཞན་དུ་འདོད་པའི་ཡོན་ཏན་ལྔ་པོ་དག་ཡིན་པར་བསྟན་ཏོ། །དེ་ལ་གལ་ཏེ་ལས་རྣམས་དང་འབྲས་བུར་འབྲེལ་བ་མེད་པར་གྱུར་ན་ཆོས་སྒྲུབ་པའི་ཐབས་བསྟན་པར་ཡང་མི་འཐད་ལ། ཆོས་ཀྱི་འབྲས་བུ་བསྟན་པར་ཡང་མི་འཐད་པ་ཞིག་ན། བཅོམ་ལྡན་འདས་ཀྱིས་དེ་གཉི་ག་ཡང་བསྟན་པས་དེའི་ཕྱིར་ལས་དང་འབྲས་བུར་འབྲེལ་པ་ནི་ཡོད་པ་ཁོ་ན་ཡིན་ནོ། །གཞན་དག་གིས་སྨྲས་པ། གལ་ཏེ་རྟག་པ་དེར་གྱུར་ན། །ཉེས་པ་ཆེན་པོ་མང་པོར་འགྱུར། །དེ་ལྟ་བས་ན་རྟག་པ་དེ། །འདིར་ནི་འཐད་པ་མ་ཡིན་ནོ། །གལ་ཏེ་ས་བོན་དང་མྱུ་གུའི་རྒྱུན་འབྲེལ་བ་བཞིན་དུ་ལས་དང་འབྲས་བུར་འབྲེལ་བར་འགྱུར་རོ། །ཞེས་ཁྱོད་ཀྱིས་རྟག་པ་དེ་ལྟར་གྱུར་ན། དེ་ལྟ་ན་ཉེས་པའི་སྐྱོན་ཆེན་པོ་མང་དུ་འབྱུང་བར་འགྱུར་རོ། །དེ་ལ་ཇི་སྙེད་ཅིག་ཀྱང་སྨྲ་བར་ནུས་མོད་ཀྱི། དཔེ་ཙམ་ཞིག་བརྗོད་པར་བྱ་སྟེ། འདི་ལ་ས་བོན་དང་རིགས་མཐུན་པའི་མྱུ་གུའི་རྒྱུན་འབྱུང་བར་འགྱུར་བས། དེ་ལྟ་ན་ཤིང་ཨ་མྲའི་ས་བོན་ལས་ཨ་མྲ་ཉིད་སྐྱེའི་ཤིང་ནིམ་པ་མི་སྐྱེ་ལ། ཤིང་ནིམ་པའི་ས་བོན་ལས་ཀྱང་ནིམ་པ་ཉིད་སྐྱེའི་ཤིང་ཨ་མྲ་མི་སྐྱེ་སྟེ། དེའི་ཕྱིར་ཤིང་ཨ་མྲ་ལས་ཀྱང༌། ཨ་མྲའི་འབྲས་བུ་ཉིད་སྐྱེ་ཞིང་ཤིང་ནིམ་པའི་འབྲས་བུ་མི་སྐྱེ་ལ། ཤིང་ནིམ་པ་ལས་ཀྱང་ནིམ་པའི་འབྲས་བུ་ཉིད་སྐྱེ་ཞིང༌། ཤིང་ཨ་མྲའི་འབྲས་བུ་མི་སྐྱེ་བས་དེ་ལྟ་ན་ས་བོན་དང་འདྲ་བའི་རྒྱུན་འབྱུང་གི་མི་འདྲ་བ་མི་འབྱུང་ངོ། །གལ་ཏེ་སེམས་ཀྱི་རྒྱུན་འབྲེལ་པ་ལས་འབྲས་བུ་འབྱུང་བ་ཡང་དེ་དང་འདྲ་བར་འགྱུར་ན་ནི། མིའི་སེམས་ལས་ཀྱང་མིའི་རྒྱུན་ཁོ་ན་འབྱུང་ལ། ལྷའི་སེམས་ལས་ཀྱང་ལྷའི་རྒྱུ་ན་ཁོ་ན་འབྱུང༌། དུད་འགྲོའི་སེམས་ལས་ཀྱང་དུད་འགྲོའི་རྒྱུན་ཁོ་ན་འབྱུང་བར་འགྱུར་རོ། །དེ་ལྟར་གྱུར་ན་འགྲོ་བ་འཁྲུག་པ་མེད་པས་རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་དུ་འགྱུར་ཏེ། དེ་ལ་ཉེས་པའི་སྐྱོན་ཆེན་པོ་མང་དུ་འབྱུང་བར་འགྱུར་བས་དེ་ནི་མི་འདོད་དོ། །དགེ་བ་དང༌། མི་དགེ་བ་དང༌། བསྒྲིབས་པ་དང་མ་བསྒྲིབས་པའི་ལུང་དུ་མ་བསྟན་པའི་བྱེ་བྲག་ལས་སེམས་སྣ་ཚོགས་


DTG096_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་འགྱུར་ཞིང༌། སེམས་སྣ་ཚོགས་ཉིད་ལས་རྒྱུན་སྣ་ཚོགས་ཉིད་དུ་འགྱུར། རྒྱུན་སྣ་ཚོགས་ཉིད་ལས་ལས་སྣ་ཚོགས་ཉིད་དང༌། ལས་སྣ་ཚོགས་ཉིད་ལས་འགྲོ་བ་དང་རིགས་དང་རུས་དང་ཡུལ་དང་ལུས་དང་དབང་པོ་དང་ཁ་དོག་དང་དབྱིབས་དང་སྟོབས་དང་བློ་ལ་སོགས་པ་ཐ་དད་པར་འགྱུར་བ་ཡིན་ན། དེ་ཡང་རྟག་པ་འདིས་མི་འཐད་པས། དེའི་ཕྱིར་སྐྱོན་ཆེན་པོ་མང་པོ་དུ་མར་ཐལ་བར་འགྱུར་བས་རྟག་པ་དེ་ནི་འདིར་འཐད་པ་མ་ཡིན་ནོ། །འོ་ན་ཇི་ལྟ་བུར་འཐད་ཅེ་ན། སངས་རྒྱས་རྣམས་དང་རང་རྒྱལ་དང༌། །ཉན་ཐོས་རྣམས་ཀྱིས་གསུངས་པ་ཡི། །རྟག་པ་གང་ཞིག་འདིར་འཐད་པ། །དེ་ནི་རབ་ཏུ་བརྗོད་པར་བྱ། །དེ་ཡང་གང་ཞེ་ན། ཇི་ལྟར་བུ་ལོན་དཔང་རྒྱ་ལྟར། །དེ་ལྟར་ལས་དང་ཆུད་མི་ཟ། །འདི་ལ་ལས་ནི་སྐད་ཅིག་མ་སྟེ། ལས་སྐད་ཅིག་མ་དེའི་ཆུད་མི་ཟ་བ་ཞེས་བྱ་བ་སྐད་ཅིག་མ་མ་ཡིན་པའི་ཆོས་སྐྱེ་སྟེ། བུ་ལོན་ཇི་ལྟ་བ་དེ་ལྟར་ནི་ལས་བལྟ་བར་བྱ་ལ། དཔང་རྒྱ་ཇི་ལྟ་བ་དེ་ལྟར་ནི་ཆུད་མི་ཟ་བ་དེ་བལྟ་བར་བྱའོ། །དེ་ལ་དཔེར་ན་བུ་ལོན་གྱི་ནོར་དེ་སྤྱད་ཀྱང་དཔང་རྒྱ་ཡོད་པས་ནོར་བདག་དེའི་ནོར་ཆུད་མི་ཟ་ཞིང་ནོར་སྐྱེད་དང་བཅས་ཏེ་འོང་བར་འགྱུར་བ་དེ་བཞིན་དུ། ལས་སྐད་ཅིག་མ་འགགས་སུ་ཟིན་ཀྱང༌། དེའི་རྒྱུ་ལས་བྱུང་བ་ཆུད་མི་ཟའི་ཆོས་སྐྱེ་བ་དེ་ཡོད་པས་བྱེད་པ་པོའི་ལས་ཀྱི་འབྲས་བུ་ཆུད་མི་ཟ་ཞིང་འོང་བར་འགྱུར་རོ། །ཇི་ལྟར་ནོར་བདག་གིས་ནོར་ཕྱིར་བཀུག་སྟེ། འབྲས་བུ་སྤྱད་ཟིན་ན་དཔང་རྒྱ་ཡོད་ཀྱང་ཡང་དང་ཡང་དུ་ནོར་འདའ་བར་མི་ནུས་པ་དེ་ལྟར། བྱེད་པ་པོས་འབྲས་བུ་མྱོང་ཟིན་ན་ཆུད་མི་ཟ་བས་ཀྱང་ཡང་དང་ཡང་འབྲས་བུ་བསྐྱེད་པར་མི་ནུས་ཏེ། དེ་ནི་ཁམས་ལས་རྣམ་པ་བཞི། ཆུར་མི་ཟ་བའི་ཆོས་དེ་ནི་ཁམས་ལས་རྣམ་པ་བཞིར་འགྱུར་ཏེ། འདོད་པ་གཏོགས་པ་དང༌། གཟུགས་སུ་གཏོགས་པ་དང༌། གཟུགས་མེད་པར་གཏོགས་པ་དང༌། ཟག་པ་མེད་པའོ། །དེ་ཡང་རང་བཞིན་ལུང་མ་བསྟན། །དེ་ཡང་རང་བཞིན་གྱིས་དགེ་བ་དང་མི་དགེ་བར་ལུང་དུ་མ་བསྟན་པ་ཡིན་ནོ། །སྤོང་བས་སྤང་པ་མ་ཡིན་ནོ། །བསྒོམ་པས་སྤང་པ་ཉིད་ཀྱང་ཡིན། །དེ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་


DTG096_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བས་སྤང་བར་བྱ་བ་སྤོང་བས་སྤང་བ་མ་ཡིན་ཏེ། དེ་ནི་འབྲས་བུ་གཞན་དུ་འཕོ་བ་ན་བསྒོམ་པས་སྤང་པར་བྱ་བ་མ་ཡིན་ནོ། །དེ་ཕྱིར་ཆུད་མི་ཟ་བ་ཡིས། །ལས་ཀྱི་འབྲས་བུ་བསྐྱེད་པར་འགྱུར། །དེ་ལྟར་གང་གི་ཕྱིར་དེ་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་དང་སྤོང་པས་སྤང་བ་མ་ཡིན་པ་དེའི་ཕྱིར་འབྲས་བུ་ཐོབ་ཟིན་ན་ཡང་ཆུད་མི་ཟ་བས་ལས་རྣམས་ཀྱི་འབྲས་བུ་བསྐྱེད་པ་ཁོ་ནར་འགྱུར་རོ། །གལ་ཏེ་སྤོང་བས་སྤང་བ་དང༌། །ལས་འཕོ་བ་དང་མཐུན་གྱུར་ན། །དེ་ལ་ལས་འཇིག་ལ་སོགས་པའི། །སྐྱོན་རྣམས་སུ་ནི་ཐལ་བར་འགྱུར། །གལ་ཏེ་དེ་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་སྤོང་བ་དང་ལས་འཕོ་བ་དང་རིས་མཐུན་པ་ཡིན་པར་གྱུར་ན། དེ་ལྟ་ན་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་བཞིན་ནམ་ལས་བཞིན་དུ་དེ་ཡང་སྤོང་བར་འགྱུར་བས། དེ་ལས་འཇིག་པ་ལ་སོགས་པའི་སྐྱོན་རྣམས་སུ་ཐལ་བར་འགྱུར་རོ། །འདི་ལྟར་སོ་སོའི་སྐྱེ་བོས་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་དག་སྤངས་པ་ན་སོ་སོའི་སྐྱེ་བོའི་ལས་གཞན་གང་དག་ཡིན་པ་དེ་དག་ཀྱང་སྤངས་པར་འགྱུར་རོ། །གཞན་དུ་ན་མཐོང་བ་ཐོབ་པ་ཡང་སོ་སོའི་སྐྱེ་བོའི་ལས་དང་ལྡན་པར་འགྱུར་ཏེ། མཐོང་བ་ཐོབ་པ་སོ་སོའི་སྐྱེ་བོའི་ལས་དང་ལྡན་པར་གྱུར་པ་གང་ཡིན་པ་དེ་ནི་མི་འདོད་དེ། དེ་ལ་ད་ནི་ལས་དེ་དག་སྤངས་སུ་ཟིན་ཀྱང་ཆུད་མི་ཟ་བས་ལས་དེ་དག་གི་རྣམ་པར་སྨིན་པ་ཡོངས་སུ་བཟུང་སྟེ་གནས་པས་དེའི་ཕྱིར་མཐོང་བ་ཐོབ་པ་སོ་སོའི་སྐྱེ་བོའི་ལས་དང་ལྡན་པ་ཡང་མ་ཡིན་ལ། ལས་རྣམས་ཆུད་ཟ་བ་དེ་ཉིད་དུ་ཡང་མི་འགྱུར་ཏེ་རྣམ་པར་སྨིན་པར་ཡོད་པའི་ཕྱིར་རོ། །དེ་ལྟ་བས་ན་དེའི་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་སྤོང་བ་ལས་བཞིན་དུ་སྤང་བར་བྱ་བ་མ་ཡིན་ཏེ། འབྲས་བུ་གཞན་དུ་འཕོས་ན་ནི་སྤོང་བར་འགྱུར་རོ།། འདོད་པར་གཏོགས་པའི་ཆུད་མི་ཟ་བ་ནི། འདོད་པའི་ཁམས་ལས་ཡང་དག་པར་འདས་པས་སྤོང་ལ། གཟུགས་དང་གཟུགས་མེད་པར་གཏོགས་པ་དག་ཀྱང་གཟུགས་དང་གཟུགས་མེད་པའི་ཁམས་ལས་ཡང་དག་པར་འདས་པས་སྤོང་ངོ༌། །ཁམས་མཚུངས་ལས་


DTG096_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆ་མཚུངས་དང༌། །ཆ་མི་མཚུངས་པ་ཐམས་ཅད་ཀྱི། །དེ་ནི་ཉིད་མཚམས་སྦྱོར་བའི་ཚེ། །གཅིག་པུ་ཁོ་ན་སྐྱེ་བར་འགྱུར། །ཁམས་མཚུངས་པའི་ལས་ཆ་མཚུངས་པ་དང་ཆ་མི་མཚུངས་པ་ཐམས་ཅད་ཀྱི་ཆུད་མི་ཟ་བ་དེའི་ཚེ་འདི་ལ་རེ་རེ་ལས་སྐྱེས་པ་དག་ནི་ཉིད་མཚམས་སྦྱོར་བའི་ཚེ་དེ་དག་ཐམས་ཅད་འགག་པ་ན་ཡང་གཅིག་པུ་ཁོ་ན་སྐྱེ་བར་འགྱུར་རོ། །ཚེ་འདི་ལ་ནི་ལས་དང་ལས། །རྣམ་པ་གཉིས་པོ་ཐམས་ཅད་ཀྱི། །དེ་ནི་ཐ་དད་སྐྱེ་འགྱུར་ཞིང༌། །རྣམ་པར་སྨིན་ཀྱང་གནས་པ་ཡིན། །ཚེ་འདི་ལ་ནི་ལས་དང་ལས་སོ་སོ་བ་སེམས་པ་དང་བསམས་པ་དང་དགེ་བ་དང་མི་དགེ་བ་རྣམ་པ་གཉིས་པོ་ཐམས་ཅད་ཀྱི་ཆུད་མི་ཟ་བ་གང་ཡིན་པ་དེ་ནི་ཐ་དད་པར་སྐྱེ་བར་འགྱུར་རོ། །རྣམ་པར་སྨིན་ན་ཡང་གནས་པ་ཡིན་ཏེ། དེ་ནི་ལས་རྣམ་པར་སྨིན་པའི་རྒྱུས་འགག་པ་ལྟར་ངེས་པ་ཉིད་མ་ཡིན་ནོ། །ལས་རྣམ་པར་སྨིན་ཀྱང་བརྒྱ་ལ་ཇི་སྲིད་དུ་འཁྲུགས་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་གནས་ཏེ། འཁྲུགས་པར་གྱུར་ན་ནི་འགག་གོ་དེ་གནས་སུ་ཟིན་ཀྱང་ཡང་འབྲས་བུ་སྐྱེད་པར་ནི་མི་ནུས་ཏེ་ངེས་པར་སྤྱད་བཞིན་པའི་དཔང་རྒྱ་བཞིན་ནོ། །དེ་ནི་འབྲས་བུ་འཕོས་པ་དང༌། །ཤི་བར་གྱུར་ན་འགག་པར་འགྱུར། །དེ་ཡི་རྣམ་དབྱེ་ཟག་མེད་དང༌། །ཟག་དང་བཅས་པར་ཤེས་པར་བྱ། །ལས་དེའི་ཆུད་མི་ཟ་བ་དེའི་འགག་པ་ནི་རྣམ་པ་གཉིས་སུ་ངེས་པ་ཡིན་ཏེ། འབྲས་བུ་འཕོས་པར་གྱུར་པ་དང༌། ཤི་བར་གྱུར་པའོ། །དེ་ལ་འབྲས་བུ་འཕོས་པར་གྱུར་པ་ནི་བསྒོམ་པས་སྤང་བ་ཞེས་བསྟན་པ་ཡིན་ནོ། །ཤི་བར་གྱུར་པ་ནི་འགག་པ་དག་ན་ཉིད་མཚམས་སྦྱོར་བའི་ཚེ་གཅིག་པུ་ཁོ་ན་སྐྱེ་བར་འགྱུར་རོ། །ཞེས་བསྟན་པ་ཡིན་ནོ། །དེའི་དེ་ཡང་རྣམ་པར་དབྱེ་ན་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། ཟག་པ་མེད་པ་དང་ཟག་པ་དང་བཅས་པའི་ལས་ཀྱི་བྱེ་བྲག་གིས་སོ། །དེའི་ཕྱིར་དེ་ལྟར་ལས་རྣམས་སྐད་ཅིག་མ་ཉིད་ཡིན་ཡང་ཆུད་མི་ཟ་བའི་ཆོས་ཀྱིས་ཡོངས་སུ་འཛིན་པས་འབྲས་བུ་དང་འབྲེལ་པར་འགྱུར་རོ། །འབྲས་བུ་དང་འབྲེལ་བ་དེ་ཡང་ལས་ཀྱི་བྱེ་བྲག་ལས་འགྲོ་བ་དང་རིགས་དང༌། རུས་དང་ཡུལ་དང་དུས་


DTG096_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་པ་དག་ཏུ་ལུས་དང་དབང་པོ་དང་ཁ་དོག་དང་དབྱིབས་དང་སྟོབས་དང་བློ་ལ་སོགས་པ་ཐ་དད་རྣམས་ཀྱིས་ཡུལ་སྣ་ཚོགས་ཀྱི་བདེ་བ་དང༌། སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དེའི་ཕྱིར། སྟོང་པ་ཉིད་དང་ཆད་མིན་དང༌། །འཁོར་བ་དང་ནི་རྟག་པ་མིན། །ལས་རྣམས་ཆུད་མི་ཟ་བའི་ཆོས། །སངས་རྒྱས་ཀྱིས་ནི་བསྟན་པ་ཡིན། །དེ་ལྟར་གང་གི་ཕྱིར་ལས་དང་འབྲས་བུར་འབྲེལ་པ་དེ་ཡོད་པ་ལ་སོགས་པ་ཐ་དད་པས་གནས་སྐབས་སྣ་ཚོགས་ཡིན་ལ། གནས་སྐབས་སྣ་ཚོགས་ཡིན་ཡང་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་དེའི་ཕྱིར་ངོ་བོ་ཉིད་ངེས་པར་མི་གནས་པ་དང་བརྗོད་པར་བྱ་བ་མ་ཡིན་པས། སྟོང་པ་ཉིད་ཀྱང་འཐད་པ་ཡིན་ནོ། །སྟོང་པ་ཉིད་ཡིན་ཡང་ཆད་པའི་སྐྱོན་དུ་ཡང་ཐལ་བར་མི་འགྱུར་རོ། །འཁོར་བ་ཡང་འཐད་པ་ཡིན་ནོ། །འཁོར་བ་ཡོད་ཀྱང་རྟག་པའི་སྐྱོན་དུ་ཡང་ཐལ་བར་མི་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་ལས་དང་རྣམ་པར་སྨིན་པ་མངོན་སུམ་དུ་གྱུར་པ་ལས་རྣམས་ཀྱི་ཆུད་མི་ཟ་བའི་ཆོས་བསྟན་པ་གང་ཡིན་པ་དེ་ཡང་འཐད་པ་ཡིན་ནོ། །དེ་ལྟ་བས་ན་རྟག་པ་དེ་ཉིད་འདིར་འཐད་ཀྱི། མྱུ་གུའི་རྒྱུ་ལས་འབྲས་བུ་འགྲུབ་པ་བཞིན་དུ་ལས་ཀྱི་འབྲས་བུ་འགྲུབ་པར་རྟོགས་པ་དེ་ནི་མི་འཐད་དོ། །བཤད་པ། ཅི་ཁྱོད་དྲི་ཟའི་གྲོང་ཁྱེར་གྱི་ར་བ་འཆོས་པས་གཡེན་སྤྱོ་འམ། ཁྱོད་ལས་མི་འཐད་བཞིན་དུ་ལས་ཀྱི་འབྲས་བུའི་ཕྱིར་རྩོད་ཀོ། །འདི་ལྟར་གལ་ཏེ་ཁྱེད་ཀྱིས་ལས་ངོ་བོ་ཉིད་ཀྱིས་ཅུང་ཟད་ཅིག་རབ་ཏུ་བསྒྲུབས་པར་གྱུར་ན་ནི་དེས་ན་ལས་ཡོད་པ་དེ་རྒྱུན་འབྲེལ་པས་སམ་ཆུད་མི་ཟ་བས་འབྲས་བུ་དང་འབྲེལ་པར་བསམ་པ་ཡང་རིགས་པར་འགྱུར་གྲང་ན། གང་གི་ཚེ་ལས་དེ་ཉིད་ངོ་བོ་ཉིད་ཀྱིས་མི་འཐད་པ་དེའི་ཚེ་གཞི་མེད་པའི་བསམ་པ་འདིས་ཅི་ཞིག་བྱ། དེའི་ཕྱིར་སྟོང་པ་ཉིད་དང༌། སྨྲས་པ། ལས་ཇི་ལྟར་མི་འཐད། བཤད་པ། འདི་ལྟར། གང་ཕྱིར་ལས་ནི་སྐྱེ་མེད་པ། །གང་གི་ཕྱིར་ལས་ལ་སྐྱེ་བ་མེད་པ་ཉིད་ཡིན་པ་དེའི་ཕྱིར་མི་འཐད་དེ། འདི་ལྟར་མ་སྐྱེས་ན་ཇི་ལྟར་འཐད་པར་འགྱུར་རོ། །སྨྲས་པ། ཅིའི་ཕྱིར་ལས་སྐྱེ་བ་མེད་


DTG096_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ། གང་ཕྱིར་དངོས་ཉིད་མེད་དེའི་ཕྱིར། །གང་གི་ཕྱིར་ལས་ངོ་བོ་ཉིད་མེད་པ་དེའི་ཕྱིར་སྐྱེ་བ་མེད་དེ། འདི་ལྟར་ལས་ཀྱི་ངོ་བོ་ཉིད་ཡོད་ན་ནི་ལས་ཀྱི་སྐྱེ་བ་འདི་ཡིན་ནོ། །ཞེས་སྐྱེ་བ་ཡང་འཐད་པར་འགྱུར་ན། ལས་ཀྱི་ངོ་བོ་ཉིད་མེད་ན་ཅི་ཞིག་སྐྱེ་བར་འགྱུར། ཅི་སྟེ་སྐྱེ་ན་ཡང་ངོ་བོ་ཉིད་དུ་ནི་སྐྱེ་བར་མི་འགྱུར་རོ། །གང་ངོ་བོ་ཉིད་དུ་སྐྱེ་བར་མི་འགྱུར་བ་དེ་ནི་ལས་ཉིད་མ་ཡིན་ཏེ། ལས་ཀྱི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །དེའི་ལས་མི་འཐད་དོ། །སྨྲས་པ། ལས་ནི་སྐྱེ་བ་ཡོད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། ལས་རྣམས་ཆུད་མི་ཟ་བའི་ཕྱིར་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་ལས་རྣམས་ཆུད་ཟ་བ་མེད་དོ། །ཞེས་གསུངས་པས། གལ་ཏེ་ལས་ལ་སྐྱེ་བ་མེད་ན་ཆུད་མི་ཟ་བ་དེ་གང་ཡིན་པར་འགྱུར། དེ་ལྟ་བས་ན་ལས་ནི་སྐྱེ་བ་ཡོད་པ་ཁོ་ན་ཡིན་ནོ། །བཤད་པ། སྐྱེ་བ་ཡོད་ན་ཆུད་མི་ཟ་བ་མི་འཐད་དེ། གང་ཕྱིར་དེ་ནི་མ་སྐྱེས་པ། དེ་ནི་ཆུད་ཟར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་གང་ཁོ་ནའི་ཕྱིར་ལས་དེ་མ་སྐྱེས་པ་དེ་ཁོ་ནའི་ཕྱིར་ཆུད་ཟ་བར་མི་འགྱུར་རོ་ཞེས་གསུངས་སོ། །གཞན་དུ་སྐྱེ་ན་ཇི་ལྟར་ཆུད་མི་ཟ་བར་འགྱུར། ཅི་སྟེ་འགྱུར་ན་ནི་སྐྱེས་པ་ཡང་མི་འཆི་བར་འགྱུར་བ་ཞིག་ན་སྐྱེས་པ་མི་འཆི་བར་ནི་མི་འགྱུར་རོ། །དེ་ལྟ་བས་ན་ལས་ཀྱང་སྐྱེས་ནས་ཆུད་མི་ཟ་བར་མི་འགྱུར་རོ། །སྨྲས་པ། གང་གི་ཚེ་ཁོ་བོས་ལས་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་འགགས་ཀྱང་ཆུད་མི་ཟ་བའི་ཆོས་ཀྱིས་འབྲས་བུ་འགྲུབ་པར་འགྱུར་རོ། །ཞེས་སྨྲས་པ་དེའི་ཚེ། ལས་སྐྱེས་ན་ཇི་ལྟར་ཆུད་མི་ཟ་བར་འགྱུར་ཞེས་བྱ་བ་འདི་གང་གི་ལན་ཡིན། བཤད་པ། དེ་ནི་འདི་ཉིད་ཀྱི་ལན་ཡིན་ཏེ། གལ་ཏེ་ཁྱོད་ཀྱིས་ལས་དེ་སྐད་ཅིག་མ་ཡིན་པའི་ཕྱིར་འགགས་ན་ཆུད་མི་ཟ་བ་དེ་གང་གི་ཡིན་ཏེ། གཞི་མེད་ན་ཆུད་མི་ཟ་བར་མི་འཐད་དོ། །འདི་ལྟར་ལས་ཀྱི་ཆུད་མི་ཟ་བ་ཡིན་ན། ལས་དེ་ཡང་འགགས་ཏེ་མེད་ན། དེ་མེད་པའི་ཕྱིར་ཆུད་མི་ཟ་བ་ཡང་མེད་དེ། དེ་ལྟ་བས་ན་འགག་པའི་ཆུད་མི་ཟ་བ་ཞེས་བྱ་བ་དེ་ནི་འགལ་ལོ། །སྨྲས་པ། ལས་འགགས་ན་ཡང་རྣམ་པར་སྨིན་པ་ཆུད་མི་ཟ་བས་སྐྱོན་མེད་དོ། །བཤད་པ། དེ་ཡང་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། འདི་


DTG096_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལས་འདོད་པ་དང་མི་འདོད་པ་དག་གི་འབྲས་བུ་འདོད་པ་དང་མི་འདོད་པ་དག་བྱེད་པ་པོས་འཐོབ་པ་ནི་རྣམ་པར་སྨིན་པ་ཞེས་བྱ་སྟེ། དེ་ཡང་ཚེ་འདི་འམ་སྐྱེས་པ་འམ་ལན་གྲངས་གཞན་ལ་རྐྱེན་གྱི་བྱེ་བྲག་དེ་དག་གིས་མྱོང་བར་འགྱུར་བ་ཡིན་ན། མ་སྐྱེས་པ་རྐྱེན་ལ་ལྟོས་པ་རྐྱེན་ལ་རག་ལས་པ་དེ་ཆུད་མི་ཟ་བས་ཇི་ལྟར་འཛིན་པར་བྱེད་ཅི་སྟེ་དེ་སྐྱེས་པ་ཉིད་ཡིན་ན་ནི་དེས་བྱེད་པ་པོ་ལ་འབྲས་བུ་བདེ་བ་དང་སྡུག་བསྔལ་དག་མྱོང་བར་བྱ་དགོས་ཏེ། དེ་ལྟ་ཡིན་ན་ནི་དེ་ལ་ཆུད་མི་ཟ་བས་ཡང་བྱར་ཅི་ཡོད། ཅི་སྟེ་སྐྱེས་ཀྱང་རེ་ཞིག་དེས་བྱེད་པ་པོ་ལ་བདེ་བ་དང་སྡུག་བསྔལ་དག་མྱོང་བར་མི་བྱེད་ན་ནི་གང་གིས་དེ་སྐྱེས་སོ། །ཞེས་བྱ་བར་ཤེས་པར་འགྱུར་བ་དེའི་སྐྱེས་པའི་མཚན་ཉིད་གང་ཡིན། གལ་ཏེ་དེ་སྐྱེས་ཀྱང་བྱེད་པ་པོ་ལ་བདེ་བ་དང་སྡུག་བསྔལ་དག་མྱོང་བར་མི་བྱེད་ན་ནི་ཕྱིས་ཀྱང་དེས་དེ་ལ་ཅི་ཡང་བྱེད་པར་མི་འགྱུར་ཞིང༌། ཕྱིས་བྱེད་པ་པོ་ལ་དེ་འབུལ་བར་འགྱུར་བ་ཡང་སུ་ཞིག་ཡིན་པར་འགྱུར། དེ་ལྟ་བས་ན་དེ་ཁོ་ནའི་དོན་རྣམ་པར་མ་ཤེས་ནས་ཆུད་མི་ཟ་བའི་ཚིག་ཙམ་ལ་དངོས་པོར་མངོན་པར་ཞི་བར་བྱས་ནས་མང་པོ་དང་སྣ་ཚོགས་པ་དང་སྙིང་པོ་མེད་པ་དེ་སྙེད་ཅིག་སྨྲས་སོ། །འདི་ལྟར་ལས་ནི་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ཏེ། གང་གི་ཕྱིར་ངོ་བོ་ཉིད་མེད་པ་དེའི་ཕྱིར་མ་སྐྱེས་པ་ཡིན་ལ། གང་གི་ཕྱིར་མ་སྐྱེས་པ་དེའི་ཕྱིར་ཆུད་ཟ་བར་མི་འགྱུར་ཏེ། དེ་ནི་དེ་ལྟར་ངེས་པར་བལྟ་བར་བྱའོ། །གཞན་དུ་ན། གལ་ཏེ་ལས་ལ་དངོས་ཉིད་ཡོད། །རྟག་པར་འགྱུར་པར་ཐེ་ཚོམ་མེད། །གལ་ཏེ་ལས་ལ་ངོ་བོ་ཉིད་ཡོད་པར་འགྱུར་ན། རྟག་པར་འགྱུར་བར་ཐེ་ཚོམ་མེད་དེ། འདི་ལྟར་རང་བཞིན་ནི་མི་འགྱུར་བའི་ཕྱིར་གཞན་དུ་འགྱུར་བར་མི་འཐད་དོ། །དེའི་ཕྱིར། ལས་ནི་བྱས་པ་མ་ཡིན་འགྱུར། །རྟག་ལ་བྱ་བ་མེད་ཕྱིར་རོ། །ལས་རྟག་པ་ཉིད་མིན་ན་མ་བྱས་པ་ཉིད་དུ་ཐལ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྟག་པ་ལ་བྱ་བ་མེད་པའི་ཕྱིར་ཏེ། འདི་ལྟར་རྟག་པ་མི་འགྱུར་བའི་ཆོས་ཅན་ལ་ནི་ཡང་བྱ་བ་མི་འཐད་དོ། །ལས་མ་བྱས་པ་རྟག་པའི་འབྲས་བུར་ཇི་ལྟར་རྣམ་པར་སྨིན་པར་འགྱུར་ཏེ། འདི་ལྟར་རྟག་པ་ལ་འགྱུར་བ་མི་འཐད་དོ། །ཅི་སྟེ་ལས་རྟག་པ་མི་འགྱུར་བ་ཡིན་ཡང་དེའི་རྒྱུ་ལས་བྱུང་བའི་འབྲས་བུ་དང་ཕྲད་པར་


DTG096_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་ན། དེ་ལྟ་ན་ཡང༌། ཅི་སྟེ་ལས་ནི་མ་བྱས་ན། །མ་བྱས་པ་དང་ཕྲད་འཇིགས་འགྱུར། །ཅི་སྟེ་ལས་མ་བྱས་པ་ཡིན་ཡང་འབྲས་བུ་སྐྱེད་པར་འགྱུར་ན། དེ་ལྟ་ན་མ་བྱས་པ་དང་ཕྲད་པས་འཇིགས་པར་འགྱུར་ཏེ། འདི་ལྟར་དེ་ལས་མི་དགེ་བ་མ་བྱས་སུ་ཟིན་ཀྱང་དེ་ལ་ཡོད་པ་ཁོ་ན་ཡིན་པས་དེས་ན་འབྲས་བུ་མི་འདོད་པ་འོང་བར་འགྱུར་བས་དེ་ལ་འཇིགས་པ་ཆེན་པོ་འབྱུང་བར་འགྱུར་རོ། །གཞན་ཡང༌། ཚངས་སྤྱོད་གནས་པ་མ་ཡིན་པའང༌། །དེ་ལ་སྐྱོན་དུ་ཐལ་བར་འགྱུར། །ལས་མ་བྱས་པ་ཡིན་ན་དེ་ལ་སྐྱོན་ཆེན་པོ་གཞན་འདིར་ཡང་ཐལ་བར་འགྱུར་ཏེ། གང་གིས་ཚངས་པར་སྤྱོད་པ་མ་ཡིན་པ་མ་བྱས་ཀྱང་ཡོད་པའི་ཕྱིར་འགའ་ཡང་ཚངས་པར་སྤྱོད་པར་སྤྱོད་པ་ལ་གནས་པར་མི་འཐད་པ་དང༌། གང་གིས་ཚངས་པར་སྤྱོད་པ་མ་ཡིན་པ་དེ་མ་སྤྱད་ཀྱང་དེ་ལ་ཚངས་པར་སྤྱོད་པ་ཡོད་པ་ཁོ་ནའི་ཕྱིར་ཡང་ཚངས་པར་སྤྱོད་པ་ལ་གནས་པ་དོན་མེད་པར་འགྱུར་བས་དེའི་ཕྱིར་ཡང་ཚངས་པར་སྤྱོད་པ་ལ་གནས་པ་མ་ཡིན་པར་ཐལ་བར་འགྱུར་རོ། །དེ་བཞིན་དུ། ཐ་སྙད་ཐམས་ཅད་ཉིད་དང་ཡང༌། །འགལ་བར་འགྱུར་བར་ཐེ་ཙོམ་མེད། །དེ་ལྟར་ལས་བྱས་པ་མ་ཡིན་ན་འཇིག་རྟེན་པ་འབྲས་བུའི་དོན་དུ་ཐ་སྙད་རྩོམ་པར་བྱེད་པ་ཞིང་ལས་དང་ཉོ་ཚོང་དང་ཕྱུགས་བཙལ་བ་དང༌། རྒྱལ་པོ་ལ་བརྟེན་པ་ལ་སོགས་པ་དང༌། དེ་བཞིན་དུ་རིགས་པ་དང༌། བཟོ་དང༌། སྒྱུ་རྩལ་གོམས་པར་བྱེད་པ་དང༌། དེ་དག་གི་ལུང་འབོགས་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ཉིད་དང་ཡང་འགལ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བྱེད་པ་དང་མི་བྱེད་པ་དག་ལ་དེ་དག་གི་འབྲས་བུ་འོང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང༌། བསོད་ནམས་དང་ནི་སྡིག་བྱེད་པའི། །རྣམ་པར་དབྱེ་བའང་འཐད་མི་འགྱུར། །ལས་མ་བྱས་པ་ཡིན་ན་འདི་ནི་བསོད་ནམས་བྱེད་པའོ། །འདི་ནི་སྡིག་པ་བྱེད་པའོ། །ཞེས་བྱ་བའི་རྣམ་པར་དབྱེ་བ་དེ་དག་ཀྱང་འཐད་པ་ཉིད་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དགེ་བ་དང་མི་དགེ་བའི་ལས་མ་བྱས་པ་ཐམས་ཅད་ཀྱང་ཡོད་པར་ཐལ་བར་འགྱུར་བ་དང༌། དེ་དག་གི་འབྲས་བུ་ཡང་འཐོབ་


DTG096_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་གཞན་ཡང༌། དེ་ཡི་རྣམ་སྨིན་སྨིན་པར་འགྱུར། །ཡང་དང་ཡང་དུ་རྣམ་སྨིན་འགྱུར། །གལ་ཏེ་གང་ཕྱིར་ལས་གནས་པ། །དེ་ཕྱིར་ངོ་བོ་ཉིད་ཡོད་ཕྱིར། །གལ་ཏེ་ལས་དེ་ངོ་བོ་ཉིད་ཡོད་པ་ཡང་ཡིན་ལ་འབྲས་བུ་སྐྱེས་པར་འགྱུར་བ་ཡང་ཡིན་ན། དེ་ལྟ་ན་དེའི་རྣམ་པར་སྨིན་པ་སྨིན་ཟིན་པར་གྱུར་ཀྱང་ཡང་དང་ཡང་དུ་རྣམ་པར་སྨིན་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ལས་ངེས་པར་གནས་པ་ཡིན་ན་དེའི་ཕྱིར་ངོ་བོ་ཉིད་ཡོད་པས། ཇི་ལྟར་དེ་སྔོན་ངོ་བོ་ཉིད་ངེས་པར་གནས་པ་ན། འབྲས་བུ་བསྐྱེད་པར་གྱུར་པ་དེ་བཞིན་དུ། ད་ལྟར་ཡང་ངེས་པར་གནས་པས། དེའི་ཕྱིར་དེས་ན་ཡང་འདི་ན་གཞན་དུ་འབྲས་བུ་བསྐྱེད་པར་བྱ་དགོས་སོ། །ཡང་ན་ནི་ངེས་པར་གནས་པར་འདྲ་ཡང་གང་གིས་སྔོན་ནི་འབྲས་བུ་བསྐྱེད་པར་གྱུར་པ་ལ་དེ་ནི་ཡང་དང་ཡང་དུ་སྐྱེད་པར་མི་བྱེད་དོ། །ཞེས་བྱ་བའི་ཁྱད་པར་གྱི་གཏན་ཚིགས་བསྟན་པར་བྱ་དགོས་སོ། །སྨྲས་པ། ཁྱོད་ནི་ལས་ངོ་བོ་ཉིད་ཡོད་པའི་སྐྱོན་ཡང་དག་པར་རྫོགས་པ་འབའ་ཞིག་བྱེད་པར་ཟད་ཀྱི། འདི་ལྟར་ན་ལས་ངོ་བོ་ཉིད་མེད་དོ། །ཞེས་བྱ་བ་ནི་ཅུང་ཟད་ཀྱང་མི་སྟོན་ན། དེའི་ཕྱིར་གལ་ཏེ་གང་གིས་ལས་དེ་ངོ་བོ་ཉིད་མེད་དོ་ཞེས་ཁོ་བོ་ཡིད་ཆེས་པར་འགྱུར་བ་ལས་ངོ་བོ་ཉིད་མེད་དུ་སྟོན་པའི་རིགས་པ་འགའ་ཞིག་ཡོད་པ་ལྟ་ན་དེ་སྟོན་ཅིག །བཤད་པ་ཉོན་ཅིག །ལས་འདི་ཉོན་མོངས་བདག་ཉིད་ན། །ཉོན་མོངས་དེ་དག་ཡང་དག་མིན། །གལ་ཏེ་ཉོན་མོངས་ཡང་དག་མིན། །ལས་ནི་དེ་ཡི་ཇི་ལྟར་བྱས། །ལས་ཞེས་བྱ་བ་གང་ཡིན་པ་འདི་ནི་ཉོན་མོངས་པའི་རྒྱུ་ལས་བྱུང་བ་སྟེ། འདི་ལྟར་ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པའི་ལུས་དང་ངག་དང་ཡིད་ཀྱིས་བྱེད་པ་ནི་ལས་ཞེས་བྱའོ། །དེ་ལྟ་ན་ཉོན་མོངས་པའི་རྒྱུ་ལས་བྱུང་བ་ཉོན་མོངས་པའི་རང་བཞིན་ཅན་ཉོན་མོངས་པའི་བདག་ཉིད་ཅན་ཡིན་པས་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ། །ཉོན་མོངས་དེ་དག་ཡང་དག་མིན། །ཞེས་བྱ་བའི་ལས་གང་གི་བདག་ཉིད་ཡིན་པའི་ཉོན་མོངས་པ་དེ་དག་ཀྱང་ཡང་དག་པར་ཡོད་པ་མ་ཡིན་ནོ། །དེའི་དངོས་པོ་


DTG096_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡང་དག་པ་སྟེ་ཉོན་མོངས་པའི་དངོས་པོ་ཉིད་དུ་ཡོད་པ་མ་ཡིན་པས་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་སྟེ། འོག་ནས་ཀྱང༌། གང་དག་སྡུག་དང་མི་སྡུག་པའི། །ཕྱིན་ཅི་ལོག་ལ་རྟེན་འབྱུང་བ། །དེ་དག་ངོ་བོ་ཉིད་ལས་མེད། །དེ་ཕྱིར་ཉོན་མོངས་ཡང་དག་མེད། །ཅེས་འབྱུང་བའི་ཕྱིར་རོ། །གལ་ཏེ་ལས་གང་གི་བདག་ཉིད་ཡིན་པའི་ཉོན་མོངས་པ་དེ་དག་ཡང་དག་པ་མ་ཡིན་ཞིང༌། ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ན། །འོ་ན་ད་ལས་ཅི་ཞིག་གི་བདག་ཉིད་དུ་འགྱུར་ཏེ། གང་གི་ཕྱིར་ལས་ནི་ཉོན་མོངས་པའི་རྒྱུ་ལས་བྱུང་བ་ཡིན་ལ། ཉོན་མོངས་པ་རྣམས་ནི་ཕྱིན་ཅི་ལོག་གི་རྒྱུ་ལས་བྱུང་བ་ཡིན་པ་དེའི་ཕྱིར་ལས་དང་ཉོན་མོངས་ཞེས་སྨྲའོ། །སྨྲས་པ། ལས་དང་ཉོན་མོངས་པ་དག་ནི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་དག་གི་འབྲས་བུ་ངོ་བོ་ཉིད་ཡོད་པ་ཉིད་ཡིན་པའི་ཕྱིར་རོ། །འདི་ལ་ལས་དང་ཉོན་མོངས་པ་དག་ནི་ལུས་རྣམས་ཀྱི་རྐྱེན་དུ་བསྟན་ལ་ལུས་རྣམས་ནི་ངོ་བོ་ཉིད་ཡོད་པ་ཡིན་པས་དེ་ཕྱིར་འབྲས་བུ་ངོ་བོ་ཉིད་ཡོད་པ་ཡིན་པའི་ཕྱིར་ལས་དང་ཉོན་མོངས་པ་དག་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ། །བཤད་པ། ལས་དང་ཉོན་མོངས་པ་དག་ནི། །ལུས་རྣམས་ཀྱི་ནི་རྐྱེན་དུ་བསྟན། །གལ་ཏེ་ལས་དང་ཉོན་མོངས་པ། །དེ་སྟོང་ལུས་ལ་ཇི་ལྟར་བརྗོད། །འདི་ལ་ཁྱོད་ཀྱི་ལས་དང་ཉོན་མོངས་པ་དག་ནི་ལུས་རྣམས་ཀྱི་རྐྱེན་དུ་བསྟན་ལ། ཞེས་སྨྲས་པ། འབྲས་བུ་གྲུབ་པས་རྒྱུ་འགྲུབ་པར་འདོད་ལ་རྒྱུ་འགྲུབ་པའི་རིགས་པ་གཞན་ནི་ཅུང་ཟད་ཀྱང་མི་སྟོན་ཏེ། ཁོ་བོ་ཅིག་གིས་ལུས་ཀྱི་རྒྱུ་ལས་དེ་དང་ཉོན་མོངས་པ་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར། ངོ་བོ་ཉིད་སྟོང་ངོ༌། །ཞེས་བསྟན་པས། འབྲས་བུ་ནི་རྒྱུའི་ཡོན་ཏན་གྱི་བདག་ཉིད་ཅན་དུ་འདོད་པར་བྱ་བ་ཡིན་པས་དེའི་ཕྱིར་གལ་ཏེ་ལུས་ཀྱི་རྒྱུ་ལས་དང་ཉོན་མོངས་པ་དག་ཉིད་སྟོང་ཞིང་དེ་དག་སྟོང་ན་ལུས་ངོ་བོ་ཉིད་ཡོད་དོ། །ཞེས་བྱ་བ་དེ་ཇི་ལྟར་བརྗོད་དེ། ལུས་ངོ་བོ་ཉིད་ཡོད་པ་ཉིད་དོ། །ཞེས་བྱ་བའི་ཚིག་དེ་ནི་གཙིགས་པ་མ་ཡིན་པ་ཉིད་དུ་ངེས་སོ། །སྨྲས་པ།


DTG096_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནི་ཡོད་པ་ཁོ་ན་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པའི་ཟ་བ་པོ་ཡོད་པའི་ཕྱིར་རོ། །འདི་ལ་བཅོམ་ལྡན་འདས་ཀྱིས་དེ་དང་དེ་དག་ཏུ། མ་རིག་བསྒྲིབས་པའི་སེམས་ཅན་དག །སྲེད་པའི་ཀུན་ཏུ་སྦྱོར་དང་ལྡན། །ཞེས་ཀྱང་གསུངས་ལ། གཞན་ཡང་ཅི་སྟེ་ཁྱོད་རང་ཉིད་ཀྱིས་སྡིག་པའི་ལས་འདི་བྱས་ན། ཁྱོད་རང་ཉིད་ཀྱིས་དེའི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་བྱ་དགོས་སོ། །ཞེས་ཀྱང་གསུངས་པ། དེའི་ཕྱིར། མ་རིག་བསྒྲིབས་པའི་སྐྱེ་བོ་གང༌། །སྲེད་ལྡན་དེ་ནི་ཟ་བ་པོ། །མ་རིག་པས་བསྒྲིབས་པའི་སེམས་ཅན་སྲེད་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དང་ཞེས་གང་གསུངས་པ་དང༌། ཁྱོད་རང་ཉིད་ཀྱིས་དེའི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་བྱ་དགོས་སོ་ཞེས་གང་གསུངས་པ་དེ་ནི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པའི་ཟ་བ་པོ་ཡིན་ཏེ། དེའི་ཕྱིར་རེ་ཞིག་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པའི་ཟ་བ་པོ་འཐད་པས་མེད་པའི་འབྲས་བུ་ཡང་མེད་ལ་བྱེད་པ་པོ་མེད་པའི་ལས་ཀྱང་མི་འཐད་པས། ཟ་བ་པོ་ཡོད་པའི་ཕྱིར་བྱེད་པ་པོ་དང་ལས་དག་ཀྱང་རབ་ཏུ་གྲུབ་པ་ཡིན་ནོ། །དེ་ཡང་བྱེད་ལས་གཞན་མིན་ཞིང༌། །དེ་ཉིད་དེ་ཡང་མ་ཡིན་ནོ། །ད་ནི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པའི་ཟ་བ་པོ་དེ་ཡང་ལས་དེའི་བྱེད་པ་པོ་ལས་གཞན་མ་ཡིན་ཏེ། རང་གི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་མ་ཡིན་པ་ཡང་མ་ཡིན་ཏེ། ཉེ་བར་ལེན་པ་གཞན་ཡིན་པའི་ཕྱིར་རོ། །དེ་ལྟ་ན་འཁོར་བ་ཡང་འཐད་ལ་རྟག་པ་དང་ཆད་པའི་སྐྱོན་དུ་ཡང་ཐལ་བར་མི་འགྱུར་རོ། །བཤད་པ། ཅི་ཁྱོད་རྩིག་རྨང་མ་བྲེས་པར་པུ་ཤུ་འདོགས་པར་བྱེད་དམ། ཁྱོད་བྱེད་པ་པོ་དང་ལས་དང་འབྲས་བུ་དག་རབ་ཏུ་མ་གྲུབ་བཞིན་དུ་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པའི་ཟ་བ་པོ་སྒྲུབ་པར་བྱེད་ཀོ། །འདི་ལྟར་བྱེད་པ་པོ་དང་ལས་དང་འབྲས་བུ་དག་ཉིད་མི་འཐད་ན་ཟ་བ་པོ་འཐད་པར་ག་ལ་འགྱུར། ཇི་ལྟར་ཞེ་ན། གང་གི་ཕྱིར་ན་ལས་འདི་ནི། །རྐྱེན་ལས་བྱུང་བ་མ་ཡིན་ཞིང༌། །རྐྱེན་མིན་ལས་བྱུང་


DTG096_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་མིན་པ། །དེ་ཕྱིར་བྱེད་པ་པོ་ཡང་མེད། གང་གི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་སྨྲ་བ་རྣམས་ལ་ལས་འདི་ཞེས་བྱ་བ་དེ་རྐྱེན་ལས་བྱུང་ངོ་ཞེས་བྱ་བ་མི་སྲིད་ལ། རྒྱུ་མེད་པ་ལས་བྱུང་བར་སྨྲ་བ་རྣམས་ལ་ཡང་ལས་འདི་ཞེས་བྱ་བ་དེ་རྒྱུ་མེད་པ་ལས་བྱུང་ངོ༌། །ཞེས་བྱ་བ་མི་སྲིད་པ་དེའི་ཕྱིར། ལས་ནི་རེ་ཞིག་རྐྱེན་ལས་བྱུང་བ་ཡང་ཡོད་པ་མ་ཡིན་ཞིང༌། རྐྱེན་མ་ཡིན་པ་ལས་བྱུང་བ་ཡང་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་ལས་ཡོད་པ་མ་ཡིན་པ་དེའི་ཕྱིར་ལས་མེད་པའི་བྱེད་པ་པོ་ཡང་མེད་དོ། །གལ་ཏེ་ལས་དང་བྱེད་མེད་ན། །ལས་སྐྱེས་འབྲས་བུ་ག་ལ་ཡོད། །ཅི་སྟེ་འབྲས་བུ་ཡོད་མིན་ན། །ཟ་བ་པོ་ལྟ་ག་ལ་ཡོད། །གལ་ཏེ་བརྟགས་ན་ལས་ཀྱང་མེད་ལ་བྱེད་པ་པོ་ཡང་མེད་དེ། དེ་དག་མེད་ན་ལས་ལས་སྐྱེས་པའི་འབྲས་བུ་ལྟ་ཡོད་པར་ག་ལ་འགྱུར། ཅི་སྟེ་འགྱུར་ན་ནི་ལས་ལས་སྐྱེས་པའི་འབྲས་བུ་མ་ཡིན་པ་དང༌། རྒྱུ་མེད་པ་ལས་བྱུང་བའི་འབྲས་བུར་འགྱུར་བས་དེ་ནི་མི་འདོད་དེ་སྐྱོན་དུ་མར་ཐལ་བར་འགྱུར་བའི་ཕྱིར་རོ། །ད་ཅི་སྟེ་འབྲས་བུ་མེད་ན་ཟ་བ་པོ་ཡོད་པར་ག་ལ་འགྱུར་ཏེ། འདི་ལྟར་འབྲས་བུའི་ཟ་བ་པོར་འགྱུར་བ་ཡིན་ན་འབྲས་བུ་དེ་ཡང་མི་འཐད་དེ། དེ་མེད་ན་དེ་གང་གི་ཟ་བ་པོར་འགྱུར། དེ་ལྟ་བས་ན་བྱེད་པ་པོ་དང་ལས་དང་འབྲས་བུ་དང་ཟ་བ་པོ་ཡོད་དོ། །ཞེས་བྱ་བ་དེ་ནི་སླུ་བའི་ཚིག་ཙམ་དུ་ཟད་དོ། །བྱེད་པ་པོ་དང་ལས་དང་འབྲས་བུ་དང་ཟ་བ་པོ་དག་མི་འཐད་ན། འཁོར་བ་ཇི་ལྟར་འཐད་པར་འགྱུར། །སྨྲས་པ། ཅི་བྱེད་པ་པོ་དང་ལས་དང་འབྲས་བུ་དང་ཟ་བ་པོ་དང་ཉོན་མོངས་པ་དག་མེད་དོ། །ཞེས་བྱ་བ་དེ་ཤིན་ཏུ་ངེས་པ་ཡིན་ནམ། བཤད་པ། གང་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ལ་ཡོད་དོ་ཞེ་འམ། མེད་དོ་ཞེས་སྨྲ་པར་ག་ལ་རིགས། སྨྲས་པ། དེ་འདིར་དངོས་པོ་ཡོད་པ་གང་ཡིན། བཤད་པ། དངོས་པོ་ཡོད་པ་ག་ལ་ཡིན་ཏེ། དངོས་པོ་ཡོད་པར་འཛིན་པ་བཟློག་པའི་ཕྱིར་དེས་ཟུང་ཤིག །ཇི་ལྟར་སྤྲུལ་པ་སྙོན་བྱེད་པ། །རྫུ་འཕྲུལ་ཕུན་སུམ་ཚོགས་པ་ཡིས། །སྤྲུལ་ཞིང་སྤྲུལ་པའང་


DTG096_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་སྤྲུལ་བྱེད། །སྤྲུལ་པ་དེས་ཀྱང་གཞན་དག་ལྟར། །དེ་བཞིན་བྱེད་པོས་ལས་གང་བྱས། །དེ་ཡང་སྤྲུལ་པའི་རྣམ་པ་བཞིན། །དཔེར་ན་སྤྲུལ་པས་སྤྲུལ་གཞན་ཞིག །སྤྲུལ་པ་མཛད་པ་དེ་བཞིན་ནོ། །ཉོན་མོངས་ལས་དང་ལུས་རྣམས་དང༌། །བྱེད་པ་པོ་དང་འབྲས་བུ་དག །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །དེའི་ཕྱིར་དེ་ལྟར་སྤྲུལ་པ་བྱེད་པ་དང༌། སྤྲུལ་པ་དང༌། དྲི་ཟའི་གྲོང་ཁྱེར་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང༌། རྨི་ལམ་ལྟ་བུའི་ལས་དང༌། ཉོན་མོངས་པ་དང་ལུས་དང་བྱེད་པ་པོ་དང་འབྲས་བུ་དང་ཟ་བ་པོ་དག་ལ། ཡོངས་སུ་རྟོག་པ་དང་ལྡན་པ་ཡང་དག་པར་སྨྲས་པ་ཡོད་དོ། །ཞེ་འམ་མེད་དོ་ཞེས་ཇི་ལྟར་སྨྲ་བར་ནུས་ཏེ། འདི་ལྟར་དངོས་པོ་དང་དངོས་པོ་མེད་པར་རྟོག་པ་ཐམས་ཅད་ནི་རྟག་པ་དང་ཆད་པའི་སྐྱོན་དང་རྗེས་སུ་འབྲེལ་པ་ཡིན་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་དག་ལས་ཕྱི་རོལ་དུ་གྱུར་པ་ཡིན་པས། དེའི་ཕྱིར་རྟག་པ་དང་ཆད་པར་ལྟ་བའི་སྐྱོན་ལས་རྣམ་པར་གྲོལ་བ་ཡིན་ནོ། །དེ་ལྟ་བས་ན་ཁོ་བོས་དངོས་པོ་བརྟེན་ནས་གདགས་པ་ཡིན་ནོ། །ཞེས་ཤིན་ཏུ་ངེས་པར་བྱས་པ་དེ་གཟུང་བར་བྱའོ། །དེ་ལྟ་ན་བྱེད་པ་པོ་དང་ལས་དང་འབྲས་བུ་དང་ཟ་བ་པོ་དང་ཉོན་མོངས་པ་དང་ལུས་བསྟན་པ་དག་ཀྱང་འཐད་ལ། རྟག་པ་དང་ཆད་པའི་སྐྱོན་དུ་ཡང་ཐལ་བར་མི་འགྱུར་ཞིང་འཁོར་བ་ཡང་འགྲུབ་པོ། །ལས་དང་འབྲས་བུ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་བདུན་པའོ།། །།དབུ་མ་རྩ་བའི་འགྲེལ་པ་བུད་དྷ་པཱ་ལི་ཏ། བམ་པོ་བདུན་པ། སྨྲས་པ། གལ་ཏེ་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་རྟག་པ་དང་ཆད་པའི་སྐྱོན་དུ་ཐལ་བར་འགྱུར་བས་དེ་ཁོ་ན་མ་ཡིན་ན། ཁྱོད་ཀྱི་དེ་ཁོ་ན་གང་ཡིན་པ་དང་ཇི་ལྟར་དེ་ཁོ་ན་རྟོགས་པར་འགྱུར་བ་དེ་སྨྲོས་ཤིག །བཤད་པ། དང་པོ་བརྩམས་ཚུན་ཆད་ནས་དེ་ཁོ་ན་རབ་ཏུ་བསྟན་པར་བྱས་སོ། །མདོར་ན་ཕྱི་དང་ནང་ལ་བདག་མེད་པ་བདག་གི་མེད་པ་ཉིད་དུ་ལྟ་བ་གང་ཡིན་པ་དེ་ནི་དེ་ཁོ་ནའི་དམ་པ་ཡིན་ལ། དེ་ཁོ་


DTG096_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ནའི་ལྟ་བ་བསྒོམས་པས་ནི་དེ་ཁོ་ན་རྟོགས་པར་འགྱུར་རོ། །སྨྲས་པ། ཇི་ལྟར་ཕྱི་དང་ནང་ལ་བདག་མེད་པ་དང༌། བདག་གི་མེད་པ་ཉིད་དུ་ལྟ་བར་འགྱུར། བཤད་པ། འདི་ལ་དེ་ཁོ་ན་མཐོང་བར་འདོད་པ་ཡོངས་སུ་རྟོག་པ་དང་ལྡན་པས་འདི་ལྟར་སོ་སོར་ཡང་དག་པར་བརྟག་པར་བྱ་སྟེ། བདག་ཅེས་བྱ་བ་གང་ཡིན་པ་དེ་ཅི་ཕུང་པོ་རྣམས་ཉིད་དམ། འོན་ཏེ་ཕུང་པོ་རྣམས་ལས་གཞན་ཞིག་མིན། བདག་དེ་ནི་ཕུང་པོ་རྣམས་ཉིད་དམ། ཕུང་པོ་རྣམས་ལས་གཞན་ཞིག་ཏུ་འགྱུར་བ་དེ་ཙམ་དུ་ཟད་དེ། འདིར་རྣམ་པ་གཞན་དུ་སྨྲ་བ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་གཞན་དང་གཞན་མ་ཡིན་པ་ཉིད་དུ་སྨྲ་བ་ཁོ་ནར་འདུས་ཏེ། གཉི་ག་ལྟར་ཡང་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །རེ་ཞིག་གལ་ཏེ་ཕུང་པོ་རྣམས་ཉིད་བདག་ཉིད་ཡིན་པར་གྱུར་ན། དེ་ལྟ་ན་སྐྱེ་བ་དང་འཇིག་པའི་ཆོས་ཅན་དུ་འགྱུར་ཏེ། ཕུང་པོ་རྣམས་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །དེ་ལ་བདག་མང་པོ་ཉིད་དུ་ཡང་ཐལ་བར་འགྱུར་ལ། བདག་ཏུ་སྨྲ་བ་དོན་མེད་པ་ཉིད་དུ་ཡང་འགྱུར་ཏེ། བདག་ཅེས་བྱ་བ་ནི་ཕུང་པོའི་རྣམ་གྲངས་ཙམ་དུ་ཟད་པའི་ཕྱིར་རོ། །དེ་ལྟ་བས་ན་རེ་ཞིག་ཕུང་པོ་རྣམས་ཉིད་བདག་ཡིན་ནོ། །ཞེས་བྱ་བ་མི་འཐད་དོ། །ཅི་སྟེ་ཡང་ཕུང་པོ་རྣམས་ལས་གཞན་ཡིན་པར་གྱུར་ན། དེ་ལྟ་ན་ཕུང་པོའི་མཚན་ཉིད་མ་ཡིན་པར་འགྱུར་ཏེ། ཕུང་པོ་རྣམས་ནི་སྐྱེ་བ་དང་འཇིག་པའི་མཚན་ཉིད་ཡིན་པས། དེ་བས་ན་བདག་ཕུང་པོ་རྣམས་ལས་གཞན་པའི་ཕྱིར་སྐྱེ་བ་དང་འཇིག་པའི་མཚན་ཉིད་མ་ཡིན་པར་འགྱུར་རོ། །དེ་ལྟ་བས་ན་རྟག་པར་འགྱུར་ཏེ། བདག་རྟག་པ་ཡིན་ན་རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་དུ་འགྱུར་ཏེ། འདི་ལྟར་རྟག་པ་ནི་འགྱུར་བ་ལ་ཅི་ཞིག་བྱར་ཡོད། དེ་ལྟ་ན་ཡང་བདག་ཡོད་པར་རྟོག་པ་དོན་མེད་པ་ཉིད་དུ་འགྱུར་ཏེ། དེ་ལ་ཅུང་ཟད་ཀྱང་འཇུག་


DTG096_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། ལྡེག་པར་མི་འགྱུར་རོ། །དེ་ལྟ་བས་ན་བདག་ཕུང་པོ་རྣམས་ལས་གཞན་པར་ཡང་མི་འཐད་དོ། །དེ་དེ་ལྟར་བློ་གྲོས་ངེས་ནས་ཀྱང་སོ་སོ་ཡང་དག་པར་རྟོག་པར་བྱེད་དེ། བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པར་ག་ལ་འགྱུར། །བརྟགས་ན་གལ་ཏེ་བདག་ཉིད་རྣམ་པ་ཐམས་ཅད་དུ་མི་འཐད་ན་བདག་གི་ཡོད་པར་ག་ལ་འགྱུར། འདི་ལྟར་བདག་ཅེས་བྱ་བའི་གང་ཡིན་པ་དེ་བདག་གི་ཞེས་བྱ་ན། བདག་དེ་ཡང་མེད་དེ་དེ་མེད་ན་དེའི་འདི་ཡིན་ནོ་ཞེས་བྱ་བར་ཇི་ལྟར་འཐད་པར་འགྱུར། དེ་ལྟ་བས་ན་བདག་གི་ཡང་མི་འཐད་དོ། །དེ་ལྟར་ཕྱི་དང་ནང་ལ་བདག་དང་བདག་གིར་མི་ལྟ་བ་དེ་ནི་དེ་ཁོ་ན་མཐོང་བ་ཡིན་ཏེ། དེ་དེ་སྒོམ་པར་བྱེད་ཅིང་བརྟན་པར་བྱེད་དོ། །དེ་སྒོམ་པར་བྱེད་ཅིང་བརྟན་པར་བྱེད་པ་དེའི་བདག་དང་བདག་གིར་མངོན་པར་ཞེན་པ་ཉེ་བར་ཞི་བར་འགྱུར་བས། བདག་དང་བདག་གི་ཞི་བའི་ཕྱིར། །ངར་འཛིན་ང་ཡིར་འཛིན་མེད་འགྱུར། །དེ་ལྟར་བདག་དང་བདག་གིར་མངོན་པར་ཞེན་པ་ཉེ་བར་ཞི་བའི་ཕྱིར་དེ་ལ་ངར་འཛིན་པ་དང༌། ང་ཡིར་འཛིན་པ་མེད་པར་འགྱུར་རོ། །སྨྲས་པ། གང་གིས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ན་ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་པར་འགྱུར་རོ། །ཞེས་བྱ་བ་སྟེ། དེ་ཉིད་བདག་ཡིན་པས་དེ་ཡོད་པའི་ཕྱིར་བདག་དང་བདག་གི་ཡང་ངེས་པ་ཁོ་ནར་ཡོད་པ་ཡིན་ནོ། །བཤད་པ། ངར་འཛིན་ང་ཡིར་འཛིན་མེད་གང༌། །དེ་ཡང་ཡོད་པ་མ་ཡིན་ཏེ། །ངར་འཛིན་ང་ཡིར་འཛིན་མེད་པར། །གང་གིས་མཐོང་བས་མི་མཐོང་ངོ༌། །དེ་ལྟར་ངར་འཛིན་པ་མེད་པ་དང༌། །ང་ཡིར་འཛིན་པ་མེད་པ་ཞེས་བྱ་བ་གང་ཡིན་པ་དེ་ཡང་ཡོད་པ་མ་ཡིན་ཏེ། དེ་ནི་ཉེ་བར་ལེན་པ་ལ་བརྟེན་ནས་གདགས་པ་ཡིན་པར་སྟོན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་ཚེ་དང་ལྡན་པ་འདིའི་མིང་ནི་འདི་ཞེས་རུས་ནི་འདི་ཞེས་བྱ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཉེ་བར་ལེན་པ་མ་གཏོགས་པར་གང་ཟག་གི་མིང་དང་རུས་དག་མེད་དོ་ཞེས་གསུངས་སོ། །དེ་ལྟ་བས་ན་ཉེ་བར་ལེན་པའི་དབང་ཁོ་ནས་བརྗོད་པར་ཟད་ཀྱི། གང་ངར་འཛིན་པ་མེད་པ་དང་ང་ཡིར་


DTG096_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་མེད་པར་འགྱུར་བ་གཞན་དེ་ནི་འགའ་ཡང་མེད་དོ། །ཅི་སྟེ་ཡོད་ན་ནི་དེ་ཡོད་ན་ཇི་ལྟར་ངར་འཛིན་པ་མེད་པ་དང་ང་ཡིར་འཛིན་པ་མེད་པར་འགྱུར། ཅི་སྟེ་དེ་དག་ཡོད་ཀྱང་འགྱུར་ན་ནི་དེ་ལྟ་ན་དེའི་དེ་དག་ལོག་པར་ལྟ་བ་ཁོ་ནར་འགྱུར་གྱི་དེ་ཁོ་ན་མཐོང་བ་མ་ཡིན་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང༌། གལ་ཏེ་བདག་ཅེས་བྱ་བ་ཡོད། །བདག་མེད་ཅེས་བྱ་དེ་མི་རིགས། །ཡང་ན་དེ་ཉིད་རྟོགས་པ་འམ། །མྱ་ངན་འདའ་བ་དེས་བརྫུན་འགྱུར། །ཞེས་གསུངས་སོ། །དེ་ལྟ་བས་ན་ངར་འཛིན་པ་མེད་པ་དང༌། ང་ཡིར་འཛིན་པ་མེད་པར་གང་གིས་མཐོང་བ་ལོག་པར་ལྟ་བ་བློ་གྲོས་ཀྱི་མིག་ཉམས་པ་དེས་ནི་དེ་ཁོ་ན་མི་མཐོང་བ་ཉིད་དོ། །ནང་དང་ཕྱི་རོལ་ཉིད་དག་ལ། །བདག་དང་བདག་གི་ཟད་གྱུར་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང༌། །དེ་ཟད་པས་ན་སྐྱེ་བ་ཟད། །དེ་ནང་དང་ཕྱི་རོལ་ཉིད་དག་ལ་དེའི་བདག་ཅེས་བྱ་བ་དང༌། བདག་གི་ཞེས་བྱ་བར་དེ་དག་ལ་ལོག་པར་འཛིན་པ་ཟད་པར་གྱུར་ན་ཉེ་བར་ལེན་པར་བྱེད་པ་གང་ཡིན་པ་དེ་མེད་ཅིང་ཉེ་བར་བླང་བར་བྱ་བ་གང་ཡིན་པ་དེ་ཡང་མེད་པས། ཉེ་བར་ལེན་པ་རྣམ་པ་བཞི་ཡང་འགག་པར་འགྱུར་ཞིང༌། ཉེ་བར་ལེན་པ་འགགས་པས་སྲེད་པ་འགག །སྲིད་པ་འགགས་པས་སྐྱེ་བ་ཟད་པར་འགྱུར་བ་དེ་ནི་ཐར་བ་ཞེས་བྱའོ། །དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་དེས་དེ་ཁོ་ན་རྟོགས་པ་ཡིན་ལ། དེ་ཁོ་ན་རྟོགས་པས་ཐར་བར་འགྱུར་རོ། །ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །འདི་ལ་ལས་དང་ཉོན་མོངས་བདག་ནི་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ལས་དང་ཉོན་མོངས་པ་ཟད་པས་ཐར་བ་ཞེས་བྱའོ། །ལས་དང་ཉོན་མོངས་པ་དེ་དག་ཀྱང་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་ལས་བྱུང་བ་ཡིན་གྱི་ངོ་བོ་ཉིད་ཀྱིས་ཡོད་པ་ནི་མ་ཡིན་ནོ། །ཉོན་མོངས་པ་ནི་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་ལས་བྱུང་བ་ཡིན་ཏེ། ཇི་ལྟར་ཡུལ་གཅིག་ཁོ་ན་ལ་ཡང་ལ་ལ་ནི་ཆགས་པར་འགྱུར། ལ་ལ་ནི་སྡང་བར་འགྱུར། ལ་ལ་ནི་


DTG096_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་པར་འགྱུར་བས། དེའི་ཕྱིར་ཉོན་མོངས་པ་རྣམས་ནི་རྣམ་པར་རྟོག་པ་ལས་བྱུང་ངོ༌། །ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པའི་ལུས་དང་ངག་དང་ཡིད་ཀྱིས་མངོན་པར་འདུ་བྱེད་པ་དག་ནི་ལས་ཞེས་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་གང་ཟག་མི་རིགས་པ་དང་ལྡན་པ་འདི་ནི་བསོད་ནམས་ལས་བྱུང་བའི་མངོན་པར་འདུ་བྱ་བ་དག་ཀྱང་མངོན་པར་འདུ་བྱེད་དོ། །ཞེས་རྒྱ་ཆེར་བཀའ་སྩལ་ཏོ། །དེ་ལྟ་བས་ན་ལས་དང་ཉོན་མོངས་པ་དག་ནི་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །དེ་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་དེ་དག་ནི་སྤྲོས་པ་ལས་བྱུང་བ་ཡིན་ཏེ་འཇིག་རྟེན་པའི་སྤྲོས་པ་ལས་བྱུང་ངོ༌། །འཇིག་རྟེན་པའི་རྙེད་པ་དང༌། མ་རྙེད་པ་ལ་སོགས་པའི་ཆོས་རྣམས་ལ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་པའི་བློ་ཅན་དག་དེ་དང་དེ་ལ་རྣམ་པར་རྟོག་པར་བྱེད་པས་དེའི་ཕྱིར་རྣམ་པར་རྟོག་པ་དག་ནི་སྤྲོས་པ་ལས་བྱུང་ངོ༌། །སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་ཏེ། དེའི་རྙེད་པ་དང་མ་རྙེད་པ་ལ་སོགས་པ་འཇིག་རྟེན་པའི་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ། །དངོས་པོའི་ངོ་བོ་ཉིད་སྟོང་པ་ཉིད་དུ་རྟོགས་པར་འགགས་ཏེ། སྟོང་པ་ཉིད་རྟོགས་ནས་འགག་གོ །དེ་ལྟ་བས་ན་སྟོང་པ་ཉིད་ནི་དེ་ཁོ་ན་ཡིན་ལ་སྟོང་པ་ཉིད་བསྒོམས་པ་ཁོ་ནས་ནི་དེ་ཁོ་ན་རྟོགས་པར་འགྱུར་ཞིང༌། དེ་ཁོ་ན་རྟོགས་པ་ཉིད་ནི་ཐར་བ་ཞེས་བྱ་སྟེ། སློབ་དཔོན་འཕགས་པ་ལྷས་ཀྱང༌། མདོར་ན་ཆོས་ནི་མི་འཚེ་སྟེ། །མྱ་ངན་འདས་པ་སྟོང་པ་ཉིད། །འདི་ལ་དེ་གཉིས་འབའ་ཞིག་ཅེས། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་གསུངས་སོ། །སྨྲས་པ། གལ་ཏེ་དེ་ལྟར་བདག་དང་བདག་གི་མེད་ན་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་དང་དེར་བདག་བསྟན་པ་མཛད། བཤད་པ། བདག་མེད་པ་ཁོ་ནའོ། །ཞེས་བྱ་བ་དེ་ཡང་མི་སྨྲ་སྟེ། འོག་ནས་ཀྱང༌། དེ་ལྟར་ལེན་ལས་གཞན་མ་ཡིན། །དེ་ནི་ཉེར་ལེན་ཉིད་ཀྱང་མིན། །བདག་ནི་ཉེ་བར་ལེན་མེད་མིན། །མེད་པ་ཉིད་དུ་འང་དེ་མ་ངེས། །ཞེས་འབྱུང་ངོ༌། །འོན་ཀྱང་སངས་


DTG096_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་བསམ་པ་དང་བག་ལ་ཉལ་མཁྱེན་པ་ལ་མཁས་པ་རྣམས་ཀྱིས་གདུལ་བྱ་རྣམས་ཀྱི་མངོན་པར་ཞེན་པ་བཟློག་པའི་ཕྱིར། བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང༌། །བདག་མེད་ཅེས་ཀྱང་བསྟན་པར་གྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་ཡང་མེད་པར་བསྟན། །དེ་ལ་གདུལ་བྱ་གང་དག་ལ་འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་སྙམ་པའི་ལྟ་བ་དེ་ལྟ་བུ་བྱུང་བར་གྱུར་པ། ལོག་པར་འཛིན་པ་ལ་མངོན་པར་ཞེན་པས་སེམས་རྨོངས་པ། འཇིག་རྟེན་ཕ་རོལ་ལ་མི་ལྟོས་པ། འཇིག་རྟེན་གྱི་ཚུལ་ལས་འདའ་བས་མི་འཛེམ་པ། སེམས་ཅན་དམྱལ་བའི་གཡང་ས་ཆེན་པོ་ལ་མངོན་པར་ཕྱོགས་པ་དེ་དག་གི་བདག་མེད་པར་ལྟ་བ་བཟློག་པའི་ཕྱིར་བདག་གོ་ཞེས་ཀྱང་བཏགས་སོ། །གདུལ་བྱ་གང་དག་ལ་ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་བྱེད་པ་པོ་དང་དེ་དག་གི་འབྲས་བུ་འདོད་པ་དང་མི་འདོད་པ་དག་ཟ་བ་གང་ཡིན་པ་དང༌། གང་གིས་བཅིངས་པ་དང་ཐར་པ་དག་སྟོན་པར་བྱེད་པའི་བདག་ཅེས་བྱ་བ་དེ་ནི་འགའ་ཞིག་ཡོད་དོ། །གཞན་དུ་ན་བདག་མེད་ན་དེ་དག་ཐམས་ཅད་དོན་མེད་པ་ཉིད་དུ་འགྱུར་རོ་སྙམ་པའི་ལྟ་བ་དེ་ལྟ་བུ་བྱུང་བར་གྱུར་པ། འཁོར་བའི་རྒྱ་མཚོ་ཆེན་པོར་ལྟུང་བ། ངར་འཛིན་པ་དང་ང་ཡིར་འཛིན་པའི་ཆུ་སྲིན་འཛིན་ཁྲིས་ཟིན་པ། ལྟ་བའི་ཆུ་བོས་སེམས་གཡེངས་པ། སྲིད་པའི་བདེ་བ་ལ་ཆགས་པ་དེ་དག་གི་བདག་ཏུ་ལྟ་བ་བཟློག་པའི་ཕྱིར་བདག་མེད་དོ། །ཞེས་ཀྱང་བསྟན་ཏོ། །གདུལ་བ་བཟང་པོ་གང་དག་དགེ་བའི་ཚོགས་ཡོངས་སུ་སྨིན་པ། སྲིད་པའི་ཆུ་བོ་ལས་བརྒལ་བར་ནུས་པ། དོན་དམ་པའི་གཏམ་གྱི་སྣོད་དུ་གྱུར་པ་དེ་དག་ལ། སངས་རྒྱས་བཅོམ་ལྡན་འདས་དོན་དམ་པའི་དེ་ཁོ་ན་སྟོན་པ་རྣམ་པར་འདྲེན་པ་ཆེན་པོ་རྣམས་ཀྱིས་སྒྱུ་མ་འདི་ནི་བྱིས་པ་འདྲིད་པ་སྟེ། འདི་ལ་བདག་དང་བདག་མེད་པ་འགའ་ཡང་མེད་དོ། །ཞེས་སྟོན་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང༌། མེད་དང་ཡོད་དང་གཉི་ག་


DTG096_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །གཉི་ག་མིན་པའང་སྟོན་མཛད་དེ། །ནད་ཀྱི་དབང་གིས་ངེས་པར་ནི། །སྨན་ནི་འཕྲོད་པར་འགྱུར་བ་བཞིན། །ཞེས་གསུངས་སོ། །ཡང་ན་འདི་ནི་གཞན་ཏེ་དེ་ཁོ་ན་མཐོང་བ་ལ་རྒྱབ་ཀྱིས་ཕྱོགས་པ། ཐམས་ཅད་ཤེས་པ་མ་ཡིན་པར་ཐམས་ཅད་མཁྱེན་པར་མངོན་པའི་ང་རྒྱལ་ཅན། རང་གི་རྟོག་གེའི་རྗེས་སུ་འབྲང་བ་བདག་མེད་ན་འདི་དག་ཐམས་ཅད་མི་འཐད་དོ། །ཞེས་སྐྲག་པ་ཁ་ཅིག་གིས་བདག་གོ་ཞེས་ཀྱང་བཏགས་སོ། །དེ་བཞིན་དུ་བློ་གྲོས་རྣམ་པར་རྨོངས་པ་མེད་པ་དག་གིས་འཇིག་རྟེན་ན་ཕུང་པོར་བྱེད་པ། ལས་དང་འགྲོ་བ་ལྐོག་ཏུ་གྱུར་པ་གཞན་དག་གིས་བདག་མེད་དོ་ཞེས་ཀྱང་བསྟན་ཏོ། །སངས་རྒྱས་བཅོམ་ལྡན་འདས་སྒྲིབ་པ་མེད་པའི་རྣམ་པར་ཐར་པའི་མཁྱེན་པ་བརྙེས་པ་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་རྣམས་ཀྱིས་ནི། འགྲོ་བ་ལ་ཕན་གདགས་པར་བཞེད་པས་དེ་གཉི་ག་ཡང་མེད་དོ། །ཞེས་ངེས་པར་གསལ་ཏེ། དབུ་མའི་ལམ་བདག་དང་བདག་མེད་པ་མ་ཡིན་པ་འདི་ཡོད་པས་འདི་འབྱུང་ལ། འདི་མེད་ན་འདི་མི་འབྱུང་ངོ༌། །ཞེས་བྱ་བ་ཉིད་བསྟན་ཏོ། །འདིར་སྨྲས་པ། སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ། །ཞེས་གང་སྨྲས་པ་དེ་ལ་རིགས་པ་གང་ཡིན། འདིར་བཤད་པ། བརྗོད་པར་བྱ་བ་ལྡོག་པ་སྟེ། གང་གི་ཕྱིར་དངོས་པོ་རྣམས་སྟོང་པར་མཐོང་ན། བརྗོད་པར་བྱ་བ་ཉིད་ལྡོག་པར་འགྱུར་བ་དེའི་ཕྱིར་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་ཏེ། འདི་ལྟར་བརྗོད་པར་བྱ་བ་ཡོད་ན་དེ་ལ་བརྟེན་ནས་སྤྲོས་པ་ཡོད་པར་འགྱུར་གྱི། །བརྗོད་པར་བྱ་བ་མེད་ན་གཞི་མེད་པའི་སྤྲོས་པ་ཇི་ལྟར་ཡོད་པར་འགྱུར། སྨྲས་པ། དེའི་བརྗོད་པར་བྱ་བ་ཇི་ལྟར་ལྡོག་པར་འགྱུར། བཤད་པ། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །སེམས་ཀྱི་ཡུལ་ནི་གཟུགས་ལ་སོགས་པ་ཡུལ་རྣམས་ཏེ། གང་གི་ཕྱིར་དེའི་སེམས་ཀྱི་སྤྱོད་ཡུལ་གཟུགས་ལ་སོགས་པ་དག་ལོག་པར་གྱུར་པ་དེའི་ཕྱིར་བརྗོད་པར་བྱ་བ་ལྡོག་པར་འགྱུར་ཏེ། འདི་ལྟར་བརྗོད་པར་བྱ་བ་ནི་གཟུགས་ལ་སོགས་པ་དག་ཡིན་ན་དེ་ལྟ་ན་ནི་ཅི་ཞིག་བརྗོད་པར་བྱ། སྨྲས་པ།


DTG096_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སེམས་ཀྱི་སྤྱོད་ཡུལ་གཟུགས་ལ་སོགས་པ་དག་ཇི་ལྟར་ལྡོག་པར་འགྱུར། བཤད་པ། མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །གང་གི་ཕྱིར་དེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་མ་སྐྱེས་པ་དང་མ་འགགས་པའི་ཆོས་ཉིད་མྱ་ངན་ལས་འདས་པ་དང་མཚུངས་པར་རབ་ཏུ་ཤེས་པ་དེའི་ཕྱིར་དེའི་སེམས་ཀྱི་སྤྱོད་ཡུལ་ལྡོག་པར་འགྱུར་རོ། །དེ་ལྟ་བས་ན་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང༌། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། །ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་གསུངས་སོ། །སྨྲས་པ། གང་འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ། །ཞེས་བྱ་བ་ལ་སོགས་པར་ལྟ་བ་དེ་དང༌། གང་དངོས་པོ་ཐམས་ཅད་མ་སྐྱེས་པ་དང་མ་འགགས་པ་ཞེས་བྱ་བར་ལྟ་བ་དེ་གཉིས་ལ་ཁྱད་པར་ཅི་ཡོད། བཤད་པ། དེ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་ན། ཁྱོད་ནི་སྟོང་པ་ཉིད་ཀྱི་དོན་རྣམ་པར་མི་ཤེས་ནས་དེ་གཉིས་འདྲའོ་སྙམ་དུ་སེམས་སོ། །འདི་ལ་སོ་སོར་མ་བརྟགས་པར་བཏང་སྙོམས་བྱེད་པ་གང་ཡིན་པ་དང༌། སོ་སོར་བརྟགས་ནས་བཏང་སྙོམས་བྱེད་པ་གང་ཡིན་པ་དེ་གཉིས་བཏང་སྙོམས་བྱེད་པར་ནི་འདྲ་མོད་ཀྱི་སོ་སོར་མ་བརྟགས་པར་བཏང་སྙོམས་བྱེད་པ་ནི་མ་རིག་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པར་བསྟན་ལ། བཏང་སྙོམས་བྱེད་པ་ཅིག་ཤོས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀུན་ཏུ་བསྟན་པ་ཡིན་པས། དེ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་བ་དེ་བཞིན་དུ། འདི་ལ་ཡང་འཇིག་རྟེན་འདི་མེད་དོ་ཞེས་བྱ་བ་ལ་སོགས་པ་དེ་ལྟར་མཐོང་བ་ནི་མ་རིག་པས་ཀུན་ཏུ་རྨོངས་པའི་སེམས་དང་ལྡན་པ་ཡིན་གྱི། དངོས་པོ་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་མ་སྐྱེས་པ་དང་མ་འགགས་པར་མཐོང་བ་ཅིག་ཤོས་ནི་ཤེས་པ་སྔོན་དུ་བཏང་བ་ཡིན་པས། དེ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེའོ། །གཞན་ཡང་མེད་པ་དེ་ཉིད་མ་མཐོང་བ་བཞིན་དུ་འཇིག་རྟེན་འདི་མེད་དོ། །


DTG096_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཚིག་འབའ་ཞིག་བརྗོད་པ་དེ་ལ་ནི། དཔེར་ན་དམུས་ལོང་ཕྱོགས་འདི་ལ་བདེའོ། །ཞེས་བརྗོད་ཀྱང་མིག་མེད་པའི་ཕྱིར་མི་མཐོང་བས་དེར་འཁྲུལ་པ་དང༌། བརྡེག་འཆའ་བར་འགྱུར་བ་དེ་བཞིན་དུ། དེ་ཡང་འཇིག་རྟེན་འདི་མེད་དོ། །ཞེས་བརྗོད་ཀྱང་ཤེས་པའི་མིག་མེད་པའི་ཕྱིར་མི་མཐོང་བས། སྐྱོན་དེ་དག་གིས་གོས་པར་འགྱུར་རོ། །གཞན་ཡང་དཔེར་ན་ཁ་ཅིག་རྩོད་པ་ན་དོན་བདེན་པར་འགྱུར་བ་ཁོ་ན་ལ་ཆེ་བཞི་གཉིས་སྟོན་པར་གྱུར་ལ། དེ་ན་གཅིག་ནི་དོན་དེ་མངོན་སུམ་དུ་མཐོང་བ་ཡིན་ལ་གཉིས་པ་ནི་དོན་དེ་མངོན་སུམ་དུ་མཐོང་བར་གྱུར་པ་མ་ཡིན་ཞིང་ནོར་ངོའམ་མཛའ་ངོས་གཉེར་བ་ཞིག་ཡིན་ཏེ། དེ་གཉི་ག་ཡང་དོན་དེ་ལ་སྨྲར་བཅུག་པ་ན། དེ་ལ་གཅིག་གིས་དོན་དེ་ཇི་ལྟར་བདེན་པ་དེ་ལྟར་སྨྲས་སུ་ཟིན་ཀྱང་དོན་དེ་མངོན་སུམ་དུ་ཡང་མ་གྱུར་པའི་ཕྱིར་བརྫུན་དུ་ཡང་འགྱུར་ལ་ཆོས་མ་ཡིན་པ་དང་མི་སྙན་པ་དང་ཡང་ལྡན་པར་འགྱུར་རོ། །ཅིག་ཤོས་ཀྱིས་ནི་དོན་དེ་སྨྲས་པ་ན་དོན་དེ་མངོན་སུམ་དུ་གྱུར་པའི་ཕྱིར་བདེན་པར་སྨྲ་བ་ཡང་ཡིན་ལ་ཆོས་དང་སྙན་པ་དག་དང་ཡང་ལྡན་པར་འགྱུར་བ་དེ་བཞིན་དུ། དངོས་པོ་ཐམས་ཅད་སྟོང་པ་ཡིན་ཞིང་སྟོང་པའི་ཕྱིར་མ་སྐྱེས་པ་དང་མ་འགགས་པ་དེ་ཡིན་དུ་ཟིན་ཀྱང༌། དེ་གང་ལ་མངོན་སུམ་གྱི་ཤེས་པ་ཡོད་པ་དེ་ཉིད་ལེགས་པ་དང་ལྡན་ཅིང་བསྔགས་པ་མ་ཡིན་གྱི། ཅིག་ཤོས་ནི་སྟོང་པ་ཉིད་མངོན་སུམ་དུ་མ་གྱུར་པའི་ཕྱིར་ལྟ་བའི་སྐྱོན་གྱིས་ཀྱང་གོ་ས་ལ་མཁས་པ་རྣམས་ཀྱིས་སྨད་པར་ཡང་འགྱུར་བས། དེའི་ཕྱིར་དེ་གཉིས་ནི་ཁྱད་པར་ཤིན་ཏུ་ཆེ་སྟེ། སློབ་དཔོན་སྒྲ་གཅན་ཟིན་བཟང་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་ལས་ཀྱང༌། ཁྱོད་ཉིད་མཐོང་ན་འཆིང་འགྱུར་ཏེ། །མ་མཐོང་ན་ཡང་འཆིང་བར་འགྱུར། །ཁྱོད་ཉིད་མཐོང་ན་གྲོལ་འགྱུར་ཏེ། །མ་མཐོང་ན་ཡང་གྲོལ་བར་འགྱུར། །ཞེས་གསུངས་སོ། །དེ་ལྟ་ན་འདི་ནི་དེ་ཁོ་ན་ཉིད་ཤེས་པའི་བློ་གྲོས་ཀྱི་མིག་དྲི་མ་མེད་པ་དང་ལྡན་པའི་ཡུལ་ཡིན་གྱི། འདི་མ་རིག་པའི་མུན་པ་ཆེན་པོས་བློ་གྲོས་ཀྱི་མིག་བསྒྲིབས་པ་དང་ལྡན་པའི་ཡུལ་ནི་མ་ཡིན་ནོ། །གཞན་ཡང་ཁྱོད་མཁས་པར་རློམ་པ་ཉིད་


DTG096_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བློ་སྔོན་དུ་བཏང་སྟེ་ལྟ་བ་སེམས་པར་མཚུངས་ཤིང་ཁོ་བོ་ལ་རྒོལ་བར་བྱེད་ཀྱི། ཡོད་པ་ཉིད་དང་མེད་པ་ཉིད་དུ་སྨྲ་བ་རྣམས་ལ་ནི་མི་བྱེད་པ་དེ་ལ་ཡང་ཁྱད་པར་ཡོད་པར་བཤད་པར་བྱ་སྟེ། ཇི་ལྟར་ཞེ་ན། ཡོད་པ་དང་མེད་པ་ཉིད་དུ་བརྗོད་པ་ནི་ལྟ་བའི་དབང་གིས་ཏེ། ཁོ་བོ་ནི་དངོས་པོ་རྣམས་རི་བོང་གི་རྭ་བཞིན་དུ་མེད་པ་ཉིད་དུ་མཐོང་ལ་ཚིག་གི་སྐྱོན་རྣམས་ཡོངས་སུ་སྤང་བའི་ཕྱིར་ཡོད་པ་ཉིད་ཀྱང་མ་ཡིན་ལ་མེད་པ་ཉིད་ཀྱང་མ་ཡིན་ནོ་ཞེས་མི་སྨྲའི། འདི་ལྟར་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་ཇི་ལྟར་ཡོད་པ་ཉིད་དང༌། མེད་པ་ཉིད་དག་གཟུགས་བརྙན་དག་བཞིན་དུ་མཐོང་བ་དེ་ལྟར་སྨྲ་བས། ཁྱོད་ནི་ནོར་བུ་དོ་ཟན་ཨན་ད་རྙིལ་གྱི་རིན་ཐང་དུ་འཚོང་བ་ན། ཡིད་ལ་བསམས་པ་དང་མཐུན་པའི་འབྲས་བུ་ཡང་མཐོ་བ་ལ་རང་གི་བློ་ཡང་བར་ཡང་བསྟན་པ་བཞིན་དུ་གྱུར་ཏོ། །སྨྲས་པ། གལ་ཏེ་དེ་ལྟར་དངོས་པོ་ཐམས་ཅད་མྱ་ངན་ལས་འདས་པ་དང་མཚུངས་པ་ཡིན་ན་ཆོས་དང་ཆོས་མ་ཡིན་པ་དག་ལ་ཁྱད་པར་མེད་པའི་ཕྱིར་རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་དུ་མི་འགྱུར་རམ། བཤད་པ། ཅི་ཁྱོད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ལ་ཡང་རྩོམ་པ་ཡོད་པར་ལྟ་འམ། གང་གི་ཚེ། སྔར་བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་བསྟན་ཟིན་པས། དེའི་ཕྱིར་རྣམ་པར་རྨོངས་པའི་སེམས་དང་ལྡན་པ་ལ་རྩོམ་པ་ཡོད་ཀྱི། དེ་ཁོ་ན་མཐོང་བ་ལ་ནི་བྱ་བ་ཅི་ཡང་མེད་དོ། །ཇི་སྐད་དུ་བྱ་བ་བྱས་སོ། །འདི་ལས་གཞན་མེད་དོ་ཞེས་གསུངས་པ་དང༌། དེ་བཞིན་དུ་གང་ཟག་མ་རིག་པ་དང་ལྡན་པ་འདི་ནི་བསོད་ནམས་ལས་བྱུང་བའི་མངོན་པར་འདུ་བྱ་བ་དག་ཀྱང་མངོན་པར་འདུ་བྱེད་དོ། །ཞེས་གསུངས་པ་ལྟ་བུའོ། །སློབ་དཔོན་འཕགས་པ་ལྷས་ཀྱང༌། ཀུན་མེད་ཅི་ཞིག་བྱར་ཡོད་ཅེས། །ཁྱོད་ནི་འཇིགས་པ་སྐྱེ་བར་འགྱུར། །གལ་ཏེ་བྱ་བ་ཡོད་ན་ནི། །ཆོས་འདི་ལྡོག་པ་མ་ཡིན་ནོ། །ཞེས་གསུངས་ཏེ། དེ་ལྟ་བས་ན། ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་པ་འདི་ནི་དོན་དམ་པའི་ཕྱིར་གསུངས་པ་ཡིན་ནོ། །འཇིག་རྟེན་གྱི་ཐ་སྙད་ཀྱི་ཕྱིར། ཐམས་ཅད་ཡང་དག་ཡང་དག་མིན་


DTG096_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་ཡང་དག་མ་ཡིན་ཉིད། །འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་གང་འཇིག་རྟེན་ལ་ཡོད་པར་གྲགས་པ་དེ་ང་ཡང་ཡོད་པར་སྨྲའོ། །གང་འཇིག་རྟེན་ལ་མེད་པར་གྲགས་པ་དེ་ང་ཡང་མེད་པར་སྨྲའོ། །ཞེས་གསུངས་པས། དེའི་ཕྱིར་གང་གི་ཚེ་འཇིག་རྟེན་གྱི་ཐ་སྙད་བྱ་བ་དེའི་ཚེ་ན་གང་འཇིག་རྟེན་ལ་ཡང་དག་པ་ཉིད་དུ་གྲགས་པ། དེ་བཅོམ་ལྡན་འདས་ཀྱིས་ཀྱང་ཡང་དག་པ་ཉིད་དོ། །ཞེས་གསུངས་སོ། །གང་འཇིག་རྟེན་ལ་ཡང་དག་པ་ཉིད་མ་ཡིན་པར་གྲགས་པ་དེ་བཅོམ་ལྡན་འདས་ཀྱིས་ཀྱང་ཡང་དག་པ་མ་ཡིན་ནོ། །ཞེས་གསུངས་སོ། །གང་འཇིག་རྟེན་ལ་ཡང་དག་པ་ཉིད་དང༌། ཡང་དག་པ་ཉིད་མ་ཡིན་པ་ཉིད་དུ་གྲགས་པ་དེ་བཅོམ་ལྡན་འདས་ཀྱིས་ཀྱང་ཡང་དག་པ་ཉིད་དང༌། ཡང་དག་པ་ཉིད་མ་ཡིན་པ་ཉིད་དོ། །ཞེས་གསུངས་སོ། །འདི་ལྟ་སྟེ་དཔེར་ན། གྲོང་མི་གཉིས་ཞིག་བྱ་བ་འགའ་ཞིག་ལ་གྲོང་ཁྱེར་དུ་དོང་བ་ན་ལྟད་མོའི་ཕྱིར་ལྷ་ཁང་དུ་ཞུགས་ནས་རི་མོ་ལྟ་བར་བརྩམས་པ་དང་དེ་ན་གཅིག་གིས་སྨྲས་པ། ལག་ན་མདུང་རྩེ་གསུམ་པ་ཐོགས་པ་གང་ཡིན་པ་འདི་ནི་སྲེད་མེད་ཀྱི་བུའོ། །ལག་ན་འཁོར་ལོ་ཐོགས་པ་གང་ཡིན་པ་འདི་ནི་དབང་ཕྱུག་ཆེན་པོའོ། །ཅིག་ཤོས་ཀྱིས་སྨྲས་པ་ཁྱོད་ཀྱིས་ལོག་པར་བཟུང་སྟེ། ལག་ན་མདུང་རྩེ་གསུམ་པ་ཐོགས་པ་ནི་དབང་ཕྱུག་ཆེན་པོའོ། །ལག་ན་འཁོར་ལོ་ཐོགས་པ་ནི་སྲེད་མེད་ཀྱི་བུའོ། །ཞེས་དེ་གཉིས་རྩོད་པ་ན་ཉེ་འཁོར་ན་ཀུན་ཏུ་རྒྱུ་ཞིག་འདུག་པའི་གན་དུ་དོང་སྟེ་ཕྱག་འཚལ་ནས་དེ་ལ་རང་རང་གི་བསམ་པ་སྨྲས་པ་དང༌། དེས་གཅིག་ལ་ནི་ཁྱོད་ཟེར་བ་བདེན་ནོ། །ཞེས་སྨྲས་པ་དང༌། ཅིག་ཤོས་ལ་ནི་མི་བདེན་ནོ། །ཞེས་གང་སྨྲས་ན། དེ་ལ་ཀུན་ཏུ་རྒྱུ་དེས་ཇི་ལྟར་འདི་ན་དབང་ཕྱུག་ཆེན་པོ་ཡང་འགའ་ཡང་མེད་ལ། སྲེད་མེད་ཀྱི་བུ་ཡང་མེད་དེ། འདི་དག་ནི་རྩིག་པ་ལ་བརྟེན་པའི་རི་མོ་བྲིས་པའོ། །ཞེས་བྱ་བ་དེ་ལྟར་ཤེས་མོད་ཀྱི། འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་འདི་ནི་མི་བདེན་ནོ། །འདི་ནི་མི་བདེན་ནོ། །ཞེས་སྨྲས་པ་ལ་བརྫུན་གྱི་ཚིག་གི་སྐྱོན་ཅན་དུ་མ་གྱུར་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཀྱང་དངོས་པོ་རྣམས་ངོ་བོ་ཉིད་སྟོང་པར་གཟིགས་ཀྱང༌།


DTG096_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་འདི་ནི་ཡང་དག་པ་ཉིད་དོ། །འདི་ནི་ཡང་དག་པ་ཉིད་མ་ཡིན་ནོ། །འདི་ནི་ཡང་དག་པ་ཉིད་དང༌། །ཡང་དག་པ་ཉིད་མ་ཡིན་ནོ། །ཞེས་གསུངས་སོ། །དོན་དམ་པར་ནི། ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་རྗེས་བསྟན་པའོ། །དངོས་པོ་ངོ་བོ་ཉིད་སྟོང་པ་སྒྱུ་མ་དང༌། རྨི་ལམ་དང༌། སྨིག་རྒྱུ་དང༌། གཟུགས་བརྙན་དང༌། བྲག་ཆ་ལྟ་བུ་དག་ལ་ཇི་ལྟར་ཡང་དག་པ་ཉིད་དང༌། ཡང་དག་པ་ཉིད་མ་ཡིན་པར་བརྗོད་དོ། །དེའི་ཕྱིར་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ཡོད་པ་དང༌། མེད་པ་ཉིད་ཀྱི་སྐྱོན་དང་བྲལ་བ། མུ་སྟེགས་བྱེད་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དོན་དམ་པ་གསལ་བར་བྱེད་པ་ཡིན་ནོ། །ཡང་ན་འདི་ནི་དོན་གཞན་ཏེ་ཁ་ཅིག་ན་རེ་ཐམས་ཅད་ཡོད་པ་ཉིད་ལས་སྐྱེའོ། །ཞེས་ཟེར་རོ། །གཞན་དག་ན་རེ་རྒྱུ་ལ་འབྲས་བུ་སྔ་ན་མེད་པ་དག་ལས་སྐྱེའོ། །ཞེས་ཟེར་རོ། །ཁ་ཅིག་ན་རེ་ཡོད་པ་དང་མེད་པ་ལས་སྐྱེའོ། །ཞེས་ཟེར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ནི་དངོས་པོ་རྒྱུ་དང་རྐྱེན་ལས་གདགས་པར་ཟད་ཀྱི་ཡོད་པ་དང་མེད་པ་ནི་མ་ཡིན་ནོ། །དེ་ལྟར་ཡང་ཀཱ་ཏྱཱ་ཡ་ན་འཇིག་རྟེན་འདི་ནི་གཉིས་ལ་གནས་ཏེ། ཕལ་ཆེར་ཡོད་པ་ཉིད་ལ་གནས་པ་དང༌། མེད་པ་ཉིད་ལ་གནས་སོ། །ཞེས་གསུངས་སོ། །དེ་ལྟ་བས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་ཀྱང་དེ་དང་དེ་དག་གསུངས་པས། དེའི་ཕྱིར་དེ་ཁོ་ན་མཐོང་བར་འདོད་པ་རྣམས་ཀྱིས་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་གསུངས་པ་དག་ལ་མངོན་པར་མ་ཞེན་པར་བྱ་སྟེ། དེ་ཁོ་ན་གང་ཡིན་པ་དེ་ཉིད་གཟུང་བར་བྱའོ། །སྨྲས་པ། དེ་ཁོ་ནའི་མཚན་ཉིད་གང་ཡིན། བཤད་པ། གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །གཞན་ལས་ཤེས་མིན་ཞེས་བྱ་བ་ནི། འདི་ལ་གཞན་ལས་ཤེས་པ་མེད་པ་སྟེ། ལུང་མེད་པར་བདག་གི་མངོན་སུམ་དུ་འགྱུར་ཞིང༌། བདག་ཉིད་ཀྱི་མངོན་སུམ་ཞེས་བྱ་བའི་ཐ་ཚིག་གོ །ཞི་བ་ཞེས་བྱ་བ་ནི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བའི་ཐ་ཚིག་གོ །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །ཞེས་བྱ་བ་ནི་འཇིག་རྟེན་གྱི་


DTG096_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པར་རྟོག་པ་མེད་པ་ཞེས་བྱ་བ་ནི་འདི་ཞེས་བྱ་བ་དང་འདིའོ་ཞེས་རྣམ་པར་མ་བརྟགས་པའོ། །དོན་ཐ་དད་པ་མ་ཡིན། ཞེས་བྱ་བ་ནི་འདི་ཡང་ཡིན་ལ། འདི་ཡང་ཡིན་ནོ། །ཞེས་དོན་དབྱེར་མེད་པའོ། །དེ་ལ་གང་གི་ཕྱིར་རྣམ་པར་རྟོག་པ་མེད་པ་དེའི་ཕྱིར་སྤྲོས་པ་རྣམས་ཀྱིས་མ་སྤྲོས་པའོ། །གང་གི་ཕྱིར་འཇིག་རྟེན་པའི་ཆོས་རྣམས་ཀྱིས་མ་སྤྲོས་པ་དེའི་ཕྱིར་ཞི་བའོ། །གང་གི་ཕྱིར་ཞི་བ་དེའི་ཕྱིར་དོན་ཐ་དད་པ་མ་ཡིན་པ་སྟེ། དེའི་ཕྱིར་དེ་ལྟ་བུའི་རང་བཞིན་ཤེས་པ་རང་རིག་པ་གཞན་ལས་ཤེས་པ་མ་ཡིན་པ་གང་ཡིན་པ་དེ་ནི་དེ་ཁོ་ནའི་མཚན་ཉིད་ཡིན་པར་ཤེས་པར་བྱའོ། །འདི་ཡང་དེ་ཁོ་ནའི་མཚན་ཉིད་གཞན་ཡིན་ཏེ། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཕྱིར། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །འདི་ལྟར་གང་ལ་བརྟེན་ཏེ་གང་བྱུང་བ་དེ་ནི་རེ་ཞིག་དེ་ཉིད་མ་ཡིན་ནོ། །དེ་ལས་གཞན་པའང་མ་ཡིན་ཏེ། གལ་ཏེ་དེ་དེ་ལས་གཞན་ཡིན་པར་གྱུར་ན་དེ་མེད་པར་ཡང་འབྱུང་བར་འགྱུར་བའི་རིགས་ན། མི་འབྱུང་བས་དེའི་ཕྱིར་དེ་ལས་གཞན་པའང་མ་ཡིན་ནོ། །དཔེར་ན་ས་བོན་ལ་བརྟེན་ཏེ་མྱུ་གུ་བྱུང་བ་ནི་ས་བོན་གང་ཁོ་ན་ཡིན་པ་དེ་མྱུ་གུ་ཁོ་ན་མ་ཡིན་ལ་ས་བོན་ལས་གཞན་པ་མྱུ་གུའི་ངོ་བོ་ཉིད་མེད་པའི་ཕྱིར་ས་བོན་ལས་མྱུ་གུ་གཞན་པའང་མ་ཡིན་པ་བཞིན་ཏེ། དེ་ལྟར་གང་གི་ཕྱིར་གང་ལ་བརྟེན་ཏེ་གང་བྱུང་བ་དེ་དེ་ཉིད་ཀྱང་མ་ཡིན་ལ་དེ་ལས་གཞན་པའང་མ་ཡིན་པ་དེའི་ཕྱིར་ཆད་པ་ཡང་མ་ཡིན་ལ་རྟག་པ་ཡང་མ་ཡིན་ནོ། །འདི་ལྟར་ས་བོན་ཉིད་མྱུ་གུ་ཡིན་པར་གྱུར་ན། ས་བོན་རྟག་པར་འགྱུར་རོ། །གང་གི་ཕྱིར་ས་བོན་ཉིད་མྱུ་གུ་མ་ཡིན་པ་དེའི་ཕྱིར་ས་བོན་རྟག་པ་མ་ཡིན་ནོ། །གལ་ཏེ་ས་བོན་ཡང་གཞན་ཉིད་ལ་མྱུ་གུ་ཡང་གཞན་ཡིན་པར་གྱུར་ན་དེ་ལྟ་ན་ས་བོན་རྣམ་པ་ཐམས་ཅད་དུ་རྒྱུན་ཆད་པས་ཆད་པར་འགྱུར་རོ། །གང་གི་ཕྱིར་ས་བོན་ལ་མྱུ་གུ་གཞན་མ་ཡིན་པ་དེའི་ཕྱིར་ས་བོན་ཆད་པ་མ་ཡིན་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང༌། གང་ཕྱིར་དངོས་པོ་འཇུག་འགྱུར་བ། །དེས་ན་ཆད་པར་མི་འགྱུར་རོ། །གང་ཕྱིར་དངོས་པོ་ལྡོག་འགྱུར་བ། །


DTG096_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་རྟག་པར་མི་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟ་བས་ན། དེ་ཡང་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། རྟག་པ་ཡང་མ་ཡིན་ལ་ཆད་པ་ཡང་མ་ཡིན་པས་དེ་ཁོ་ནའི་མཚན་ཉིད་ཡིན་ནོ། །དོན་གཅིག་མིན་དོན་ཐ་དད་མིན། །ཆད་པ་མ་ཡིན་རྟག་མིན་པ། །དེ་ནི་སངས་རྒྱས་འཇིག་རྟེན་གྱི། །མགོན་པོས་བསྟན་པ་བདུད་རྩི་ཡིན། །དེ་ལྟར་མཐོ་རིས་དང་བྱང་གྲོལ་གྱི་ལམ་རྣམ་པར་འབྱེད་པ་དོན་གཅིག་པ་ཉིད་མ་ཡིན་ན་དོན་ཐ་དད་པ་མ་ཡིན་པ། ཆད་པ་མ་ཡིན་པ་རྟག་པ་མ་ཡིན་པ། གཅིག་པ་དང་ཐ་དད་པ་དང་ཆད་པ་དང་རྟག་པའི་སྐྱོན་ལས་ཕྱི་རོལ་དུ་གྱུར་པ། མཆོག་ཏུ་ཟབ་པ། དོན་དམ་པའི་དེ་ཁོ་ན་གསལ་བར་བྱེད་པ་དེ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐོབ་པར་བྱ་བའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། རྒྱུ་མེད་པར་བྱམས་པ་རྣམས་ཀྱིས་བསྟན་པ་བདུད་རྩི་ཡིན་ཏེ། དེ་བསྒྲུབ་པར་བྱའོ། །འདི་ལྟར་དེར་ཞུགས་པ་རྣམས་ཀྱི་བདག་ཉིད་ཀྱི་མངོན་སུམ་དུ་གྱུར་པ་འཕྲལ་ཁོ་ན་ལ་འགྲུབ་པར་འགྱུར་རོ། །གང་དག་ཚོགས་མ་བྱས་པ་ཉིད་ཀྱིས་འཕྲལ་ལ་མ་གྲུབ་པ་དེ་དག་ལ་ཡང་ཚེ་རབས་གཞན་དག་ལ་ངེས་པར་འགྲུབ་པར་འགྱུར་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང༌། དེ་ཉིད་ཤེས་པས་འདི་ལ་ནི། །འདོད་ཆགས་བྲལ་བ་མ་ཐོབ་ཀྱང༌། །ཚེ་རབས་གཞན་ལ་འབད་མེད་པར། །ངེས་པར་ཐོབ་དེ་ལས་བཞིན་ནོ། །ཞེས་གསུངས་སོ། །རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང༌། །ཉན་ཐོས་རྣམས་ནི་ཟད་གྱུར་ཀྱང༌། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བསྟེན་པ་མེད་ལས་རབ་ཏུ་སྐྱེ། །ཅི་སྟེ་ཡང་འདི་ལ་ཅུང་ཟད་གོམས་པར་བྱས་པ་རྣམས་ལ་བརྒྱལ་རྫོགས་པའི་སངས་རྒྱས་རྣམས་མ་བྱུང་ངམ། ཉན་ཐོས་རྣམས་ཟད་པར་གྱུར་ཏེ། རྐྱེན་དང་མི་ལྡན་པར་གྱུར་དུ་ཟིན་ན་ཡང༌། དེ་དག་གི་སྔོན་གོམས་པའི་རྒྱུ་ལས་བྱུང་བ་རང་སངས་རྒྱས་ཀྱི་ཡེ་ཤེས་གཞན་ལས་ཤེས་པ་མ་ཡིན་པ་བསྟེན་པ་མེད་པ་ཙམ་གྱིས་རྐྱེན་


DTG096_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རབ་ཏུ་སྐྱེ་བར་འགྱུར་རོ། །དེའི་དེ་ལྟར་བསྟན་པ་བདུད་རྩི་འདི་བསྒྲུབ་པ་ལ་འབྲས་བུ་ཡོད་པར་འགྱུར་བས། དེ་ལྟ་བས་ན་ཡོངས་སུ་རྟོག་པ་དང་ལྡན་པ་འཁོར་བའི་དགོན་པ་སྤོང་བར་འདོད་པ། བདུད་རྩིའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱིས་འདི་ཉིད་འབད་པས་བསྒྲུབ་པར་བྱ་སྟེ། འདི་ཁོ་ན་ལས་དོན་དམ་པ་ངེས་པར་འགྲུབ་པོ། །བདག་དང་ཆོས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅོ་བརྒྱད་པའོ།། །།སྨྲས་པ། འདི་ལ་ཁྱོད་ཀྱིས་བྱེད་པ་པོ་ལས་བརྟག་པའི་ཞར་ལ་འོངས་པ་དེ་གའི་རིགས་པ་རྫེས་སུ་བསྟན་པས་ཁོ་བོའི་ཡིད་ཀྱིས་དག་ལ་དངོས་པོ་ཡོད་པ་དང་མེད་པར་ལྟ་བའི་ཤིང་བརྟན་པོ་ཆེན་པོ་ཡུན་རིང་པོ་ནས་རབ་ཏུ་གནས་པའི་རྩ་བ་ཡང་ལེགས་པར་འགུལ་གྱི། དེའི་ཕྱིར་དེ་ཡང་ཁོ་བོ་ལ་ཕན་གདགས་པར་འདོད་པས་དུས་བརྟག་པར་བྱ་བའི་རིགས་སོ། །བཤད་པ་ལེགས་སོ། །སྨྲས་པ། འདི་ལ་བཅོམ་ལྡན་འདས་ཀྱིས་དེ་དང་དེར་དུས་གསུམ་བསྟན་པ་མཛད་དེ། མེད་ན་ནི་བསྟན་པར་མི་རིགས་པས་དུས་གསུམ་ནི་ཡོད་པ་ཁོ་ན་ཡིན་ནོ། །བཤད་པ། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་དུས་གསུམ་བསྟན་པ་མཛད་ཀྱི། དེ་ཁོ་ནར་ནི་དུས་གསུམ་མི་འཐད་དོ། །དེ་ཇི་ལྟར་ཞེ་ན། འདི་ལ་རེ་ཞིག་གལ་ཏེ་མ་འོངས་པའི་དུས་སུ་གྱུར་ནས་རིམ་གྱིས་ད་ལྟར་དུ་འགྱུར་ཞིང༌། ད་ལྟར་དུ་གྱུར་ནས་ཀྱང་རིམ་གྱིས་འདས་པར་འགྱུར་བ་ནི། །དེ་ལྟ་ན་དུས་གཅིག་ཏུ་འགྱུར་ཏེ། དཔེར་ན་ཙཻ་ཏྲ་གྲོང་དུ་ཕྱིན་ན་ཡང་ཙཻ་ཏྲ་ཉིད་ཡིན་ལ་གྲོང་ནས་ཐལ་ན་ཡང་ཙཻ་ཏྲ་ཉིད་ཡིན་ཏེ། དེ་ལ་མ་ཕྱིན་པ་དང༌། ཕྱིན་པ་དང་ཐལ་བ་གསུམ་ཉིད་དུ་དབྱེར་མེད་པ་བཞིན་ནོ། །ཅི་སྟེ་ཡང་མ་འོངས་པ་ཡང་གཞན་ཉིད་ལ་ད་ལྟར་ཡང་གཞན་འདས་པ་ཡང་གཞན་ཡིན་པར་གྱུར་ན་ནི། དེ་ལྟ་ན་ཡང་གསུམ་ཅར་ཡང་རྟག་པ་ཉིད་དུ་འགྱུར་རོ། །རྟག་པ་ཉིད་ཡིན་ན་དུས་སུ་བརྟག་པ་དོན་མེད་པ་ཉིད་དུ་འགྱུར་ཏེ་དགོས་པ་མེད་པའི་ཕྱིར་རོ། །ཡང་གཞན་ཡང༌། འདི་ལ་གལ་ཏེ་དུས་ཞེས་བྱ་བ་དངོས་པོ་འགའ་ཞིག་ཡོད་པར་གྱུར་ན། དེ་རང་ལས་སམ། ལྟོས་ནས་རབ་ཏུ་འགྲུབ་པར་འགྱུར་གྲང་ན། དེ་ལ་རེ་ཞིག་གལ་ཏེ་དུས་


DTG096_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་ལྟོས་ནས་རབ་ཏུ་འགྲུབ་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་འདས་ལ་ལྟོས་གྱུར་ན། །ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། །དེ་ལྟར་བྱུང་བ་དང༌། མ་འོངས་པའི་དུས་དག་གལ་ཏེ་འདས་པའི་དུས་ལ་ལྟོས་ནས་ཡོད་པར་གྱུར་ན། དེ་ལྟ་ན་ད་ལྟར་བ་དང་མ་འོངས་པའི་དུས་དག་འདས་པའི་དུས་ན་ཡོད་པར་འགྱུར་རོ། །འདས་པ་ན་ཡོད་པར་གྱུར་ན་དེ་གཉིས་ཀྱང་འདས་པ་ཡིན་པར་འགྱུར་རོ། །དེ་ལྟ་ན་དུས་གཅིག་ཁོ་ནར་འགྱུར་རོ། །དུས་གཅིག་ཁོ་ན་ཡིན་ན་ལྟོས་པ་མི་འཐད་དེ་འདི་ལྟར་དེ་ཉིད་དེ་ཉིད་ལ་ཇི་ལྟར་ལྟོས་པར་འགྱུར། ལྟོས་པ་མི་འཐད་པའི་ཕྱིར་དུས་ཀྱང་མི་འཐད་པ་ཁོ་ན་ཡིན་ནོ། །ཅི་སྟེ་འདས་པའི་དུས་ཞིག་ཅིང་འགགས་ཏེ་མེད་པ་ཁོ་ན་ཡིན་ན་ནི། དེ་ན་འདི་གཉིས་ཇི་ལྟར་ཡོད་པར་འགྱུར། ཅི་སྟེ་འདས་པ་ཡང་ཡོད་པ་ཁོ་ན་ཡིན་པར་སེམས་ན་ནི་ཡོད་པའི་ཕྱིར་ད་ལྟར་ཡིན་པར་འགྱུར་གྱི་འདས་པ་མ་ཡིན་པས་དེ་ནི་མི་འདོད་དོ། །སྨྲས་པ། གང་གི་ཚེ་ད་ལྟར་བྱུང་བ་དང་མ་འོངས་པ་དག་འདས་པ་ལ་ལྟོས་ནས་འགྲུབ་པོ་ཞེས་སྨྲས་པ་དེའི་ཚེ་ཇི་ལྟར་དེ་གཉིས་འདས་པ་ན་ཡོད་པར་འགྱུར། བཤད་པ། གང་གི་ཕྱིར་དེ་ལ་ལྟོས་ནས་འགྲུབ་པོ་ཞེས་སྨྲས་པ་དེ་ཁོ་ནའི་ཕྱིར་དེ་གཉིས་དེ་ན་ཡོད་པར་ཐལ་བར་འགྱུར་རོ། །གཞན་དུ་ན། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་དེ་ན་མེད་གྱུར་ན། །ད་ལྟར་བྱུང་དང་མ་འོངས་པ། །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དག་གལ་ཏེ་འདས་པའི་དུས་དེ་ན་མེད་པར་གྱུར་ན། ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དེ་ན་མེད་པ་དེ་དག་ཇི་ལྟར་དེ་ལ་ལྟོས་པར་འགྱུར་ཏེ། འདི་ལྟར་གསུམ་ཆར་ཡང་ཚོགས་པར་གྱུར་ན་ལྟོས་པར་འཐད་པའི་ཕྱིར་རོ། །ཅི་སྟེ་ཡང་དེ་ན་ཡོད་པར་གྱུར་ན་ནི་དེ་གཉིས་ཡོད་པ་ལ་ཡང་ལྟོས་པས་ཅི་ཞིག་བྱ། དེ་ལྟ་བས་ན་རེ་ཞིག་ད་ལྟར་བྱུང་བ་དང་མ་འོངས་པ་དག་འདས་པ་ལ་ལྟོས་ནས་རབ་ཏུ་འགྲུབ་པར་མི་འཐད་དོ། །དེ་ལ་འདི་སྙམ་དུ་ད་ལྟར་བྱུང་བ་དང་མ་འོངས་པ་དག་གི་འདས་པ་ལ་མ་ལྟོས་པ་ཁོ་ནར་འགྲུབ་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། འདས་


DTG096_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ནི་མ་ལྟོས་པར། །དེ་གཉིས་འགྲུབ་པ་ཡོད་མ་ཡིན། །འདས་པའི་དུས་ལ་མ་ལྟོས་པར་ཡང་དེ་ལྟར་བྱུང་བ་དང༌། མ་འོངས་པའི་དུས་དེ་གཉིས་རང་ལས་རབ་ཏུ་འགྲུབ་པ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་ད་ལྟར་བྱུང་བ་དང༌། །མ་འོངས་དུས་ཀྱང་ཡོད་མ་ཡིན། །དེ་ལྟར་གང་གི་ཕྱིར་ད་ལྟར་བྱུང་བ་དང་མ་འོངས་པ་གཉིས་འདས་པའི་དུས་ན་ཡོད་པ་མ་ཡིན་པས་ལྟོས་པར་མི་འཐད་ལ། འདས་པ་ལ་མ་ལྟོས་པར་ཡང་དེ་གཉིས་འགྲུབ་པ་ཡོད་པ་མ་ཡིན་པ་དེའི་ཕྱིར་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་ཀྱང་ཡོད་པ་མ་ཡིན་ནོ། །རིམ་པའི་ཚུལ་ནི་འདི་ཉིད་ཀྱིས། །ལྷག་མ་གཉིས་པོ་བསྣོར་བ་དང༌། །མཆོག་དང་ཐ་མ་འབྲིང་ལ་སོགས། །གཅིག་ལ་སོགས་པའང་ཤེས་པར་བྱ། །རིམ་པའི་ཚུལ་འདི་ཉིད་ཀྱིས་དུས་ལྷག་མ་གཉིས་པོ་བསྣོར་བ་དང༌། མཆོག་དང་ཐ་མ་དང་འབྲིང་དང་གཅིག་ལ་སོགས་པ་དག་ཀྱང་ཤེས་པར་བྱའོ། །ད་ལྟར་བྱུང་བ་དང་འདས་པ་དག་གལ་ཏེ་མ་འོངས་པ་ལ་ལྟོས་ནས་ཡོད་པར་གྱུར་ན་དེ་ལྟ་ན་དེ་གཉིས་ཀྱང་ཡོད་པར་འགྱུར་རོ། །དེ་ལྟ་ན་ད་ལྟར་བྱུང་བ་དང་འདས་པ་དག་ཀྱང་མ་འོངས་པ་ཡིན་པར་འགྱུར་ཏེ་དེ་ན་ཡོད་པའི་ཕྱིར་རོ། །དེ་ལྟ་ན་དུས་གཅིག་ཁོ་ནར་འགྱུར་བས་དེ་ལ་ལྟོས་པར་མི་འཐད་དོ། །ལྟོས་པ་མེད་པའི་ཕྱིར་དེ་དག་ཀྱང་མེད་དོ། །མ་འོངས་པ་མ་བྱུང་བ་མེད་པ་ཁོ་ན་གང་ཡིན་པ་དེ་ལ་ཡང་དེ་གཉིས་ཇི་ལྟར་ཡོད་པར་འགྱུར། ཅི་སྟེ་མ་འོངས་པ་ཡང་ཡོད་པ་ཁོ་ན་ཡིན་ན་ནི་ཡོད་པའི་ཕྱིར་ད་ལྟར་ཉིད་ཡིན་པར་འགྱུར་གྱི་མ་འོངས་པ་མ་ཡིན་པས་དེ་ཡང་མི་འདོད་དོ། །ཅི་སྟེ་དེ་གཉིས་དེ་ན་མེད་པར་གྱུར་ན་ནི་དེ་ལ་ཇི་ལྟར་ལྟོས་པར་འགྱུར། འོན་ཀྱང་ལྟོས་པར་གྱུར་ན་ནི་དེ་ལྟ་ན་ཡོད་པའི་ཕྱིར་ལྟོས་པར་བརྟག་པ་དོན་མེད་པ་ཉིད་དུ་འགྱུར་རོ། །མ་འོངས་པ་ལ་མ་ལྟོས་པར་ཡང་དེ་གཉིས་འགྲུབ་པ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་འདས་པ་དང་མ་འོངས་པ་དག་གལ་ཏེ་ད་ལྟར་ལ་ལྟོས་ནས་ཡོད་པར་གྱུར་ན་དེ་ལྟ་ན་དེ་གཉིས་ཀྱང་དེ་ན་ཡོད་པར་འགྱུར་རོ། །དེ་ལྟ་ན་འདས་པ་དང་མ་འོངས་པ་དག་ཀྱང་ད་ལྟར་ཡིན་པར་འགྱུར་ཏེ་དེ་ན་ཡོད་པའི་ཕྱིར་རོ། །དེ་ལྟ་ན་དུས་གཅིག་ཁོ་ནར་འགྱུར་བས་དེ་ལ་དེ་ལྟོས་པ་མི་འཐད་དོ། །ལྟོས་པ་མེད་པའི་ཕྱིར་དེ་དག་ཀྱང་མེད་དོ། །འདས་པ་དང་


DTG096_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོངས་པ་ཞིག་པའི་ཕྱིར་དང་མ་བྱུང་བའི་ཕྱིར་མེད་པ་ཁོ་ན་གང་དག་ཡིན་པ་དེ་དག་ཀྱང་ད་ལྟར་གྱི་དུས་ན་ཇི་ལྟར་ཡོད་པར་འགྱུར། ཅི་སྟེ་ཡང་ཡོད་པ་ཡིན་ན་ནི་གྲུབ་པའི་ཕྱིར་དེ་གཉིས་ལ་ཡང་ལྟོས་པས་ཅི་ཞིག་བྱ། མ་ལྟོས་པར་ཡང་དེ་གཉིས་འགྲུབ་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་འདས་པ་ཡང་ཡོད་པ་མ་ཡིན་ལ་མ་འོངས་པ་ལ་ཡང་ཡོད་པ་མ་ཡིན་ནོ། །ད་ལྟར་ཡང་ཡོད་པ་མ་ཡིན་ནོ། །མཆོག་དང་ཐ་མ་དག་ཀྱང་གལ་ཏེ་འབྲིང་ལ་ལྟོས་ནས་ནི་འགྲུབ་ན། དེ་ལྟ་ན་མཆོག་དང་ཐ་མ་དག་ཀྱང་འབྲིང་ཡོད་ན་ཡོད་པར་འགྱུར་གྱི་རང་ལས་མ་ཡིན་ནོ། །ཅི་སྟེ་འབྲིང་མེད་ན་ནི་ཇི་ལྟར་དེ་ལ་ལྟོས་ནས་མཆོག་དང་ཐ་མ་དག་ཡོད་པར་འགྱུར། འབྲིང་ལ་མ་ལྟོས་པར་ཡང་དེ་གཉིས་འགྲུབ་པ་ཡོད་པ་མ་ཡིན་ནོ། །དེ་ལ་འདི་སྙམ་དུ་འབྲིང་ཡོད་ན་མཆོག་དང༌། ཐ་མ་དེ་དག་ཡོད་པར་སེམས་ན་དེ་ལ་བཤད་པར་བྱ་སྟེ། གསུམ་ཆར་ཡང་ཡོད་པར་གྱུར་ན་ཡང་ལྟོས་ཅི་དགོས། ལྟོས་པ་མེད་པར་ཡང་དེ་དག་ལས་གང་ཡང་རུང་བ་རང་ལས་རབ་ཏུ་འགྲུབ་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་མཆོག་དང་ཐ་མ་དང་འབྲིང་དག་ངོ་བོ་ཉིད་ལས་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་མཆོག་དང་འབྲིང་དག་ལ་གལ་ཏེ་ཐ་མ་ལ་ལྟོས་ནས་ཡོད་པར་གྱུར་ཏམ། འབྲིང་དང་ཐ་མ་དག་གལ་ཏེ་མཆོག་ལ་ལྟོས་ནས་ཡོད་པར་གྱུར་ཏམ། ཐོག་མ་དང་ཐ་མ་དག་གལ་ཏེ་དབུས་ལ་ལྟོས་ནས་སམ། ཐོག་མ་དང་དབུས་དག་གལ་ཏེ་མཐའ་ལ་ལྟོས་ནས་སམ། མཐའ་དང་དབུས་དག་གལ་ཏེ་ཐོག་མ་ལ་ལྟོས་ནས་སམ། ཐག་ཉེ་བ་གལ་ཏེ་ཐག་རིང་བ་ལ་ལྟོས་ནས་སམ། ཐག་རིང་བ་གལ་ཏེ་ཐག་ཉེ་བ་ལ་ལྟོས་ནས་སམ། དེ་བཞིན་དུ་སྔོན་དང་ཕྱི་མ་དང་གཅིག་པ་ཉིད་དང་ཐ་དད་པ་ཉིད་དང༌། དེ་ཉིད་དང༌། གཞན་ཉིད་དང༌། འབྲས་བུ་དང༌། རྒྱུ་དང༌། ཐུང་དུ་དང༌། རིང་པོ་དང༌། ཆུང་དུ་ཉིད་དང༌། ཆེན་པོ་ཉིད་དང༌། བདག་དང་བདག་མེད་པ་དང༌། འདུས་བྱས་དང་འདུས་མ་བྱས་དང༌། གཅིག་དང་གཉིས་དག་གལ་ཏེ་མང་པོ་ལ་ལྟོས་ནས་སམ། གཅིག་དང་མང་པོ་དག་གལ་ཏེ་གཉིས་ལ་ལྟོས་ནས་སམ། གཉིས་དང་མང་པོ་དག་གལ་ཏེ་གཅིག་ལ་ལྟོས་ནས། དེ་དག་ལ་སོགས་པ་གང་


DTG096_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་ལྟོས་ནས་འགྲུབ་པར་འགྱུར། བརྗོད་པ་དེ་དག་ཐམས་ཅད་དེ་དག་ལ་ཡོད་པར་འགྱུར་བར་འགྱུར་ཏེ། མེད་ན་ལྟོས་པར་མི་འཐད་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་དག་ཐམས་ཅད་ཀྱང་དེ་ཁོ་ནར་རང་ལས་རབ་ཏུ་འགྲུབ་པ་ཡོད་པ་མ་ཡིན་ནོ། །འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་ནི་བརྗོད་པར་བྱའོ། །སྨྲས་པ། མ་ལྟོས་པར་ཡང་དེ་དག་འགྲུབ་པ་ཡོད་པ་མ་ཡིན་ནོ་ཞེས་གང་སྨྲས་པ། དེ་རིགས་པ་མ་ཡིན་ཏེ། འདི་ན་དུས་ནི་སྐད་ཅིག་དང་ཐད་ཅིག་དང་ཡུད་ཙམ་དང༌། མཚན་མོ་དང་ཉིན་མོ་དང་ཟླ་བ་ཕྱེད་དང༌། ཟླ་བ་དང་དུས་ཚིགས་དང་ནུ་རབ་དང་ལོ་ལ་སོགས་པ་དག་གི་ཚད་དང་ལྡན་པར་རབ་ཏུ་གྲུབ་པས་དེ་ལ་ལྟོས་པས་ཅི་ཞིག་བྱ། བཤད་པ། མི་གནས་དུས་སུ་འཛིན་མི་བྱེད། །གང་ཞིག་གཟུང་བར་བྱ་བའི་དུས། །གནས་པ་ཡོད་པ་མ་ཡིན་པས། །མ་བཟུང་དུས་སུ་ཇི་ལྟར་གདགས། །འདི་ལ་དངོས་པོ་དེས་པར་གནས་པ་རྣམས་ནི། ཚད་ལས་གཟུང་དུ་རུང་སྟེ། དཔེར་ན་ཤིང་འདི་ནི་མཐོ་བ། འདི་ནི་ཆུ་རིང་ངོ༌། །འདི་ནི་ཐུང་ངོ༌། །གླང་པོ་ཆེ་འདི་ནི་ཆེའོ་ཞེས་བྱ་བ་ལྟ་བུ་ཡིན་ནོ། །དུས་ལ་ནི་གང་གི་ཚད་ལས་གཟུང་བར་བྱ་བ་རིལ་པོ་ངེས་པར་གནས་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །འདི་ལྟར་ཡུད་ཙམ་ཡང་ཅུང་ཟད་འདས་པའམ་ཅུང་ཟད་མ་འོངས་པ་ལ་ཡུད་ཙམ་ཞེས་གདགས་པ་ཡིན་གྱི་ཡུད་ཙམ་ཞེས་བྱ་བ་རིལ་པོར་ངེས་པར་གནས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ན། ཉིན་མོ་ལ་སོགས་པ་དག་ལྟ་སྨོས་ཀྱང་ཅི་དགོས། དེ་ལ་འདི་སྙམ་དུ་འདི་ན་སྐད་ཅིག་ངེས་པར་གནས་པ་ཡོད་པར་སེམས་པ་ན། དེ་ལ་བཤད་པར་བྱ་སྟེ། སྐད་ཅིག་ངེས་པར་གནས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་འདས་པ་ཡང་མ་ཡིན་མ་འོངས་པ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ངེས་པར་གནས་པའི་ཕྱིར་རོ། ངེས་པར་མི་གནས་པ་ཁོ་ནའི་ཕྱིར་དེ་ནི་དེ་ལྟར་ཡང་མ་ཡིན་ཏེ། འཇུག་པའི་ཕྱིར་དེ་ལྟར་ཞེས་བརྗོད་པ་ཡིན་ན། གལ་ཏེ་དེ་ངེས་པར་གནས་པ་ཡིན་ན་དེ་གྲུབ་པ་ཡིན་གྱི་འཇུག་པ་མ་ཡིན་པས་འཇུག་པ་མ་ཡིན་པ་ཇི་ལྟར་ད་ལྟར་ཡིན་པར་འགྱུར། དེ་ལྟ་བས་ན་དུས་ངེས་པར་གནས་པ་ཡོད་མ་ཡིན་པ་ཉིད་དེ། གང་ཡོད་པ་མ་ཡིན་པ་དེ་ཇི་ལྟར་གཟུང་བར་བྱ། གང་


DTG096_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་དུ་མེད་པ་དེ་དག་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་ལ་སོགས་པ་དག་ཏུ་ཇི་ལྟར་གདགས། དེ་ལྟ་བས་ན་དུས་ཞེས་བྱ་བ་ལ་དངོས་པོ་འགའ་ཡང་མི་འཐད་དོ། །འདིར་སྨྲས་པ། དུས་ནི་ཡོད་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྟགས་ཡོད་པའི་ཕྱིར་ཏེ། སྔ་མ་དང་ཕྱི་མ་དང་ཅིག་ཅར་དང་ཅིག་ཅར་མ་ཡིན་པ་དང༌། ཡུན་རིང་པོ་དང་མྱུར་བ་ཞེས་བྱ་བ་དག་ནི་དུས་ཀྱི་རྟགས་ཡིན་པས་དེ་ལྟར་རྟགས་ཡོད་པའི་ཕྱིར་དུས་ཡོད་དོ། །བཤད་པ། གལ་ཏེ་དུས་ནི་སྔོན་བརྟེན་ན། །གལ་ཏེ་སྔ་མ་དང་ཕྱི་མ་ལ་སོགས་པ་དེ་དག་དུས་ཀྱི་རྟགས་ཡིན་ན། དེ་ལྟན་དུས་ནི་དངོས་པོ་ཁོ་ན་ལ་བརྟེན་ནས་གདགས་པ་ཡིན་གྱི་རང་ལས་རབ་ཏུ་གྲུབ་པ་མ་ཡིན་ནོ། །སྨྲས་པ། མ་ཡིན་ཏེ་དུས་ནི་རང་ཁོ་ན་ལས་རབ་ཏུ་གྲུབ་པོ། །དུས་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མ་ལ་སོགས་པ་དག་ནི་རྒྱུ་ཡིན་ཏེ། གང་ལས་དེ་དག་ཏུ་འགྱུར་བ་དེ་ནི་དུས་ཡིན་ནོ། །བཤད་པ། དངོས་མེད་དུས་ནི་ག་ལ་ཡོད། །དངོས་པོ་མ་གཏོགས་པར་ཁྱོད་ཀྱི་དུས་རང་ལས་རབ་ཏུ་གྲུབ་ཅིང་ངེས་པར་གནས་པ་འཐད་པར་ག་ལ་འགྱུར། རྒྱུ་དུས་མི་འགྱུར་བརྟག་པ་ངེས་པར་གནས་པ་ཡིན་ན། འབྲས་བུ་ཐ་དད་པར་ཇི་ལྟར་འགྱུར། གལ་ཏེ་ཙཻ་ཏྲ་སྔ་མར་གྱུར་པ་དང༌། གུབ་ཏ་ཕྱི་མར་གྱུར་པ་དག་ལ་དེ་རང་བཞིན་ཐ་མི་དད་པར་གནས་ན་དེ་གཉིས་ཐ་དད་པ་དག་དེས་ཇི་ལྟར་བྱས་བར་འགྱུར། ཙཻ་ཏྲ་དང་གུབ་ཏ་གཉིས་རང་གིས་སྔ་མ་དང་ཕྱི་མར་ཐ་དད་པ་མ་ཡིན་པ་ལས་དུས་སྔ་ཕྱི་ལས་སྔ་མ་དང་ཕྱི་མ་ཉིད་དུ་གྱུར་ལ། དུས་དེ་ཉིད་ནི་ཐ་དད་པ་མ་ཡིན་ན་དེ་གཉིས་ཐ་དད་པ་དུས་ཀྱིས་ཇི་ལྟར་བྱས་པར་འགྱུར། སློབ་དཔོན་འཕགས་པ་ལྷས་ཀྱང༌། འབྲས་བུ་རྒྱུ་ནི་ཐ་དད་པས། །དེས་ན་བརྟག་པ་ཡོད་མ་ཡིན། །ཡང་ན་གང་ན་རྒྱུ་ཡོད་པ། །དེ་ན་འབྲས་བུ་ཡོད་མ་ཡིན། །ཞེས་གསུངས་སོ། །ཅི་སྟེ་དེ་གཉིས་ཐ་མི་དད་ཀྱང་དུས་ཀྱི་ཐ་དད་པ་མ་ཡིན་ན་ནི། དེ་ལྟ་ན་ཐ་དད་པའི་ཚིག་མེད་པའི་ཕྱིར་ཐམས་ཅད་ཐ་དད་པའམ། ཐམས་ཅད་ཐ་དད་པ་མ་ཡིན་པར་འགྱུར་རོ། །དེ་ལྟ་བས་ན་དངོས་པོ་ཁོ་ན་ལ་བརྟེན་ནས་དུས་གདགས་པར་འཐད་ཀྱི། དངོས་པོ་མ་གཏོགས་པར་དུས་ངེས་པར་གནས་ཏེ་གཞན་ཡོད་པར་མི་འཐད་དོ། །སྨྲས་པ། དུས་ནི་དངོས་པོ་ལ་བརྟེན་ནས་གདགས་པ་ཁོ་ན་


DTG096_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ཡུད་ཙམ་ཞིག་འདུག་པར་གྱུར་ཏོ། །ཉིན་གཅིག་འདུག་གོ །ཟླ་བ་གཅིག་འདུག་པར་འགྱུར་རོ་ཞེས་བྱ་བས་དེའི་ཕྱིར་དུས་ནི་ཡོད་པ་ཁོ་ན་ཡིན་ནོ། །བཤད་པ། གལ་ཏེ་དངོས་པོ་ཉིད་ཡོད་པར་གྱུར་ན་ནི། དུས་དངོས་པོ་ལ་བརྟེན་པར་ཡང་འགྱུར་གྲང་ན། དངོས་པོ་འགའ་ཡང་ཡོད་མིན་ན། །དུས་ལྟ་ཡོད་པར་ག་ལ་འགྱུར། །དངོས་པོ་འགའ་ཡང་མི་འཐད་དོ། །ཞེས་བྱ་བ་དེ་ཉིད་སྔར་རབ་ཏུ་བསྒྲུབས་ཟིན་པས། དེའི་ཕྱིར་གལ་ཏེ་དུས་དངོས་པོ་ལ་བརྟེན་ནས་རབ་ཏུ་འགྲུབ་པར་སེམས་ན་དངོས་པོ་དེ་ནི་འགའ་ཡང་ཡོད་པ་མ་ཡིན་པས་ཁྱོད་ཀྱི་དུས་ལྟ་ཡོད་པར་ག་ལ་འགྱུར། སྨྲས་པ། གལ་ཏེ་དུས་ཡོད་པ་མ་ཡིན་ན་དེ་ལྟ་ན་ཁྱད་པར་མེད་པའི་ཕྱིར་བྱས་པར་གྱུར་ཏོ། །བྱེད་དོ་བྱེད་པར་འགྱུར་རོ་ཞེས་བྱ་བ་དེ་དག་ལ་སོགས་པའི་བརྗོད་པ་དག་མི་འཐད་པ་ཁོ་ནར་འགྱུར་བ་ཞིག་ན་འཐད་པ་ཡང་ཡོད་པས་དེའི་ཕྱིར་དུས་ནི་ཡོད་པ་ཁོ་ན་ཡིན་ནོ། །བཤད་པ། གང་གི་ཚེ་སྔར། བརྗོད་པར་བྱ་བ་ལྡོག་པས་ཏེ། །ཞེས་བསྟན་པ་དེའི་ཚེ། དེ་དག་ལ་སོགས་པ་བརྗོད་པ་དག་མི་འཐད་དོ་ཞེས་བྱ་བ་དེ་ནི་ཁྱོད་ཀྱིས་ཅུང་ཟད་ཅིག་སྨྲས་སུ་ཟད་ཀྱི། དེ་དག་ལ་སོགས་པ་འབའ་ཞིག་ཏུ་མ་ཟད་དེ་བརྗོད་པ་ཐམས་ཅད་ཀྱང་མི་འཐད་དོ། །འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་ནི་དེ་དག་ཐམས་ཅད་ཀྱང་འཐད་དེ། དེར་ཡང༌། ཐམས་ཅད་ཡང་དག་ཡང་དག་མིན། །ཞེས་བསྟན་པ་ཡིན་ནོ། །དེ་ལྟ་བས་ན་དུས་ཞེས་བྱ་བ་དངོས་པོ་འགའ་ཡང་མེད་པར་ཤེས་པར་བྱ་སྟེ། བརྟེན་ནས་བརྟགས་པར་ནི་འགྲུབ་པོ། །དུས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་དགུ་པའོ།། །། སྨྲས་པ། དུས་ནི་ཡོད་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དུས་དང་ཚོགས་པ་ཉིད་ལས་འབྲས་བུ་འགྲུབ་པའི་ཕྱིར་ཏེ། འདི་ན་ས་དང་ས་བོན་དང་ཆུ་དག་ཡོད་དུ་ཟིན་ཀྱང༌། མྱུ་གུ་འབྱུང་བར་མི་འགྱུར་གྱི། གང་གི་ཚེ་དེ་དག་དུས་ཚོགས་དང་ཚོགས་པ་ཉིད་དུ་གྱུར་པ་དེའི་ཚེ་ན་མྱུ་གུ་འབྱུང་པར་འགྱུར་པས་དེ་ལྟར་གང་གི་ཕྱིར་དུས་དང་ཚོགས་པ་ཉིད་མེད་ན་མྱུ་གུ་འབྱུང་བར་མི་འགྱུར་ལ་ཡོད་ན་འབྱུང་བ་དེའི་ཕྱིར་དུས་ནི་ཡོད་པ་ཁོ་ན་ཡིན་ནོ། །བཤད་པ། གལ་ཏེ་འབྲས་བུ་སྐྱེ་བ་ཉིད་འཐད་པར་འགྱུར་ན་ནི་འབྲས་བུ་སྐྱེ་བས་དུས་ཀྱང་ཡོད་པར་འགྱུར་གྲང་ན། འབྲས་བུ་སྐྱེ་བ་


DTG096_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མི་འཐད་པས་འབྲས་བུའི་རྒྱུ་ཅན་གྱི་དུས་ཡོད་པར་ག་ལ་འགྱུར། འདི་ལྟར་གལ་ཏེ་ཚོགས་པ་ཉིད་ལས་འབྲས་བུ་སྐྱེ་བར་འགྱུར་ན། འབྲས་བུའི་དེ་ཚོགས་པ་ཉིད་དེ་ལ་ཡོད་པའམ། མེད་པ་ལས་སྐྱེ་བར་འགྱུར་གྲང་ན། གཉི་ག་ལས་ཀྱང་དེའི་སྐྱེ་བ་མི་འཐད་དོ། །ཇི་ལྟར་ཞེ་ན། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ན། །ཚོགས་ལ་འབྲས་བུ་ཡོད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །ཚོགས་པའི་དངོས་པོ་ནི་ཚོགས་པ་ཉིད་དོ། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་འབྲས་བུ་སྐྱེ་བར་གྱུར་ན། ཚོགས་པ་ཉིད་དེ་ལ་འབྲས་བུ་དེ་ཡོད་པ་ཉིད་ཡིན་ན་ནི་འབྲས་བུ་ཡོད་པ་དེ་ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ་བར་འགྱུར། ཅི་སྟེ་དེ་ཡོད་ཀྱང་ཡང་སྐྱེ་བར་འགྱུར་ན་ནི་དེ་ལྟ་ན་དེའི་སྐྱེ་བར་རྟག་པ་དོན་མེད་པ་ཉིད་དུ་འགྱུར་ཏེ། འདི་ལྟར་ཡོད་པ་ལ་ཡང་སྐྱེ་བས་ཅི་བྱ། ཐུག་པ་མེད་པར་ཐལ་བར་ཡང་འགྱུར་ཏེ། འདི་ལྟར་ནམ་ཡང་མི་སྐྱེ་བར་མི་འགྱུར་བའི་ཕྱིར་རོ། །ཅི་སྟེ་ཡང་འདི་སྙམ་དུ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་མེད་དེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་མེད་པ་སྐྱེ་བར་འགྱུར་བར་སེམས་ན། དེ་ལ་བཤད་པར་བྱ་སྟེ། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་གྱུར་ན། །ཚོགས་ལ་འབྲས་བུ་མེད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་འབྲས་བུ་སྐྱེ་བར་འགྱུར་ན། ཚོགས་པ་ཉིད་དེ་ལས་འབྲས་བུ་དེ་མེད་པ་ཉིད་ཡིན་ན་ནི་འབྲས་བུ་མེད་པ་དེ་ཇི་ལྟར་ཚོགས་པ་ཉིད་དེ་ལས་སྐྱེ་བར་འགྱུར་ན། ཅི་སྟེ་མེད་ཀྱང་སྐྱེ་བར་འགྱུར་ན་ནི། དེ་ལྟ་ན་རེ་སྐྱེས་ན་ཡང་མེད་པ་ཉིད་དུ་འགྱུར་ཏེ། སྐྱེ་བ་ན་མེད་པ་སྐྱེས་ན་ཇི་ལྟར་ཡོད་པར་འགྱུར། འདི་ལྟར་བ་ལང་སྐྱེ་བ་ལྟར་མི་འགྱུར་རོ། །ཡང་གཞན་ཡང༌། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་ལ་འབྲས་བུ་ཡོད་ན་ནི། །ཚོགས་ལ་གཟུང་དུ་ཡོད་རིགས་ན། །ཚོགས་པ་ཉིད་ལ་གཟུང་དུ་མེད། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་དེ་ཡོད་པ་ཉིད་ཡིན་པར་གྱུར་ན་ཚོགས་པ་ཉིད་དེ་ལས་ངེས་པར་གནས་པ་དེ་ཤིང་ལ་བྱ་བཞིན་དུ་གཟུང་དུ་ཡོད་པའི་རིགས་ན་དེ་ལ་དེ་ཡང་ཡོད་ཀྱང་གཟུང་དུ་མེད་དེ། གཟུང་དུ་མེད་པ་དེ་ཇི་ལྟར་ཡོད་ཅེས་


DTG096_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། དེ་ལྟ་བས་ན་ཚོགས་པ་ཉིད་ལ་འབྲས་བུ་ཡོད་པར་མི་འཐད་དོ། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་ལ་འབྲས་བུ་མེད་ན་ནི། །རྒྱུ་རྣམས་དང་ནི་རྐྱེན་དག་ཀྱང༌། །རྒྱུ་རྐྱེན་མ་ཡིན་མཚུངས་པར་འགྱུར། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་དེ་མེད་པ་ཉིད་ཡིན་པར་གྱུར་ན། རྒྱུ་རྣམས་དང་རྐྱེན་དག་ཀྱང་རྒྱུ་དང་རྐྱེན་མ་ཡིན་པ་རྣམས་དང་མཚུངས་པར་འགྱུར། དེ་ལྟ་ན་ཐམས་ཅད་ལས་ཐམས་ཅད་འབྱུང་བར་འགྱུར་བས་དེ་ཡང་མི་འདོད་དེ། དེ་ལྟ་བས་ན་ཚོགས་པ་ལ་འབྲས་བུ་མེད་པའི་སྐྱེ་བ་མི་འཐད་དོ། །སྨྲ་བ། མ་ཡིན་ཏེ་རྒྱུ་དང་རྐྱེན་དེས་པའི་ཕྱིར་རོ། །གལ་ཏེ་ཐམས་ཅད་ཐམས་ཅད་ཀྱི་རྒྱུ་དང་རྐྱེན་དག་ཡིན་པར་གྱུར་ན་ནི། དེ་ལྟ་ན་ཐམས་ཅད་ལས་ཐམས་ཅད་འབྱུང་བར་འགྱུར་རོ་ཞེས་སྨྲ་བར་རིགས་པ་ཞིག་ན། ཐམས་ཅད་ཐམས་ཅད་ཀྱི་རྒྱུ་དང་རྐྱེན་དག་མ་ཡིན་ཏེ། འདི་ལྟར་རྒྱུ་དང་རྐྱེན་ངེས་པ་དག་མཐོང་སྟེ། ནས་ཀྱི་ས་བོན་ལས་ཀྱང་ནས་ཀྱི་མྱུ་གུ་ཉིད་སྐྱེའི། འབྲས་ཀྱི་མྱུ་གུ་མི་སྐྱེ་ལ། རྒྱུ་སྤུན་དག་ལས་ཀྱང་སྣམ་བུ་ཉིད་འབྱུང་གི །བུམ་པ་མི་འབྱུང་བས། དེ་ལྟར་གང་གི་ཕྱིར་རྒྱུ་དང་རྐྱེན་ངེས་པ་དེའི་ཕྱིར་ཐམས་ཅད་ལས་ཐམས་ཅད་འབྱུང་བར་མི་འགྱུར་རོ། །བཤད་པ། མི་རུང་སྟེ་ངེས་པའི་གཏན་ཚིགས་མ་བསྟན་པའི་ཕྱིར་རོ། །ཁྱོད་ཀྱིས་འདི་ལྟར་རྒྱུ་དང་རྐྱེན་དག་ངེས་སོ་ཞེས་བྱ་བར་ངེས་པའི་གཏན་ཚིགས་མ་བསྟན་ཏོ། །གལ་ཏེ་མེད་ན་ནི་དེ་ངེས་པར་གནས་པའི་གཏན་ཚིགས་མེད་པ་ཇི་ལྟར་རུང་བར་འགྱུར། དེ་ལྟ་བས་ན་ངེས་པའི་གཏན་ཚིགས་མེད་པས་རྒྱུ་དང་རྐྱེན་དག་རྒྱུ་དང་རྐྱེན་མ་ཡིན་པ་རྣམས་དང་མཚུངས་པར་ཐལ་བར་འགྱུར་རོ། །དེ་ལྟར་ཐམས་ཅད་ལས་ཐམས་ཅད་འབྱུང་ན། ནས་ཀྱི་ས་བོན་ལ་ཡང་ནས་ཀྱི་མྱུ་གུ་ཡང་མེད་ལ་འབྲས་ཀྱི་ས་བོན་ལ་ཡང་འབྲས་ཀྱི་མྱུ་གུ་མེད་དེ། དེ་ལ་གཉི་ག་ཡང་མེད་ན་ནས་ཀྱི་ས་བོན་ནི་ནས་ཀྱི་མྱུ་གུ་ཁོ་ནའི་རྒྱུ་ཡིན་གྱི། འབྲས་ཀྱི་མྱུ་གུའི་རྒྱུ་མ་ཡིན་ནོ་ཞེས་ངེས་པར་གྱུར་པ་འདི་ཅི་ལས་གྱུར། རྒྱུ་དང་རྐྱེན་རྣམས་ལ་འབྲས་བུ་ཡོད་ན་ནི་འབྲས་བུ་ཡོད་པས་ངེས་པར་གྱུར་བར་ཡང་འཐད་ན་དེ་ཡང་མེད་དེ། དེ་མེད་ན་ངེས་པའི་གཏན་ཚིགས་མེད་པ་དེ་ཇི་ལྟར་རུང་བར་འགྱུར། དེ་ལྟ་བས་ན་


DTG096_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པའི་གཏན་ཚིགས་མེད་པས་རྒྱུ་དང་རྐྱེན་དག་རྒྱུ་དང་རྐྱེན་མ་ཡིན་པ་རྣམས་དང་མཚུངས་པར་ཐལ་བར་འགྱུར་བ་ཉིད་དོ། སྨྲས་པ། མངོན་སུམ་ལ་གཏན་ཚིགས་ཀྱི་ཚིག་གི་དོན་མེད་དེ། གང་གི་ཚེ་མངོན་སུམ་ཉིད་དུ་ནས་ཀྱི་ས་བོན་ལས་ནས་ཀྱི་མྱུ་གུ་ཉིད་སྐྱེའི་འབྲས་ཀྱི་མྱུ་གུ་མི་སྐྱེ་བ་དེའི་ཚེ་གཏན་ཚིགས་གཞན་བཙལ་ཅི་དགོས། བཤད་པ། གང་ངེས་པར་སྣང་བ་དེ་ཡང་རྒྱུ་དང་རྐྱེན་རྣམས་ལ་འབྲས་བུ་ཡོད་ན་འཐད་ཀྱི་མེད་ན་མི་འཐད་པས། དེའི་ཕྱིར་མེད་པ་མི་སྐྱེའོ་ཞེས་སྨྲའོ། །དེ་ལྟ་བས་ན་མེད་པ་སྐྱེ་བའི་གཏན་ཚིགས་གཞན་འགའ་ཞིག་བསྟན་པར་བྱ་དགོས་ཏེ། དེས་ན་གཏན་ཚིགས་གཞན་དེས་མེད་པ་སྐྱེ་བར་རབ་ཏུ་གྲུབ་ན་དེས་པར་མཐོང་བས་ཐམས་ཅད་ལས་ཐམས་ཅད་འབྱུང་བར་མི་འགྱུར་བ་ཞིག་ན། མེད་པ་སྐྱེ་བའི་གཏན་ཚིགས་མེད་པས་གཞན་ཡང་མི་སྟོན་པས། དེའི་ཕྱིར་ངེས་པར་མཐོང་བ་ནི་ཚོགས་པ་ཉིད་ལ་འབྲས་བུ་ཡོད་པ་སྟོན་པ་ཡིན་ནོ། །སྨྲས་པ། འདི་ལ་རྒྱུས་འབྲས་བུ་ལ་རྒྱུ་བྱིན་ནས་འགགས་པས་དེའི་ཕྱིར་རྒྱུས་འབྲས་བུ་འགྲུབ་པར་འགྱུར་ཞིང་རྐྱེན་རྣམས་ནི་དེ་ལ་ཕན་འདོགས་པར་བྱེད་པ་ཡིན་པས། དེ་ལ་ཚོགས་པ་ཉིད་ལ་འབྲས་བུ་ཡོད་དམ་མེད་ཅེས་བསམ་པ་དེས་ཅི་བྱ། བཤད་པ། གལ་ཏེ་རྒྱུས་ནི་འབྲས་བུ་ལ། །རྒྱུ་བྱིན་ནས་ནི་འགག་འགྱུར་ན། །གང་བྱིན་པ་དང་གང་འགགས་པའི། །རྒྱུ་ཡི་བདག་ཉིད་གཉིས་སུ་འགྱུར། །གལ་ཏེ་རྒྱུས་འབྲས་བུ་ལ་རྒྱུ་བྱིན་ནས་འགག་པར་འགྱུར་ན། དེ་ལྟ་ན་གང་བྱིན་པ་དང་གང་འགགས་པ་དེས་རྒྱུའི་བདག་ཉིད་གཉིས་སུ་འགྱུར་རོ། །རྒྱུའི་བདག་ཉིད་གཉིས་སུ་ནི་མི་འཐད་དེ། འགགས་པ་གང་ཡིན་པ་དེ་ནི་བསྐྱེད་པ་མ་ཡིན་པའི་ཕྱིར་རོ། །རྒྱུ་བྱིན་པ་ཡང་མི་འཐད་དེ། འབྲས་བུ་ཡོད་པ་དང་མེད་པ་ལ་རྒྱུ་སྦྱིན་པར་མི་འཐད་པའི་ཕྱིར་རོ། །འདི་ལྟར་འབྲས་བུ་ཡོད་པ་ལ་ནི་ཡང་རྒྱུ་བྱིན་པས་ཅི་བྱ། མེད་པ་ལ་ནི་སུ་ལ་སྦྱིན་པར་བྱ། སྨྲས་པ། རྒྱུས་འབྲས་བུ་རྒྱུ་བྱིན་ནས་འགག་པ་མ་ཡིན་གྱི། འདི་ལྟར་རྒྱུ་འགགས་མ་ཐག་ཏུ་འབྲས་བུ་སྐྱེའོ། །བཤད་པ། གལ་ཏེ་རྒྱུས་ནི་འབྲས་བུ་ལ། །རྒྱུ་མ་བྱིན་པར་འགགས་གྱུར་ན། །རྒྱུ་འགགས་ནས་ནི་སྐྱེས་པ་ཡི། །འབྲས་བུ་དེ་ནི་རྒྱུ་མེད་འགྱུར། །གལ་ཏེ་རྒྱུས་འབྲས་


DTG096_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལ་རྒྱུ་མ་བྱིན་པར་འགགས་པར་གྱུར་ན། རྒྱུ་འགགས་ཤིང་ཞིག་ནས་སྐྱེས་པའི་འབྲས་བུ་དེ་རྒྱུ་མེད་པ་ལས་བྱུང་བར་མི་འགྱུར་རམ། རྒྱུ་མེད་པ་ལས་བྱུང་བར་ནི་མི་འདོད་དེ་སྐྱོན་དུ་མར་ཐལ་བར་འགྱུར་བའི་ཕྱིར་རོ། །སྨྲས་པ། འབྲས་བུ་ནི་རྒྱུ་དང་ཚོགས་པ་དག་དང་ལྷན་ཅིག་སྐྱེ་སྟེ་མར་མེ་དང་འོད་བཞིན་པ། དེའི་ཕྱིར་ཚོགས་པ་དང་འབྲས་བུ་དུས་གཅིག་ཁོ་ནར་འབྱུང་ཞིང་མར་མེ་དང་འོད་བཞིན་པས། དེ་ལ་ཅི་ཚོགས་པ་ཉིད་ལ་འབྲས་བུ་ཡོད་དམ། མེད་ཅེས་བསམ་པ་དེ་མི་འཐད་དོ། །བཤད་པ། གལ་ཏེ་ཚོགས་དང་ལྷན་ཅིག་ཏུ། །འབྲས་བུ་ཡང་ནི་སྐྱེ་འགྱུར་ན། །སྐྱེད་པ་དང་ནི་གང་བསྐྱེད་པ། །དུས་གཅིག་པར་ནི་ཐལ་བར་འགྱུར། །གལ་ཏེ་ཚོགས་པ་དང་འབྲས་བུ་ལྷན་ཅིག་ཁོ་ནར་སྐྱེ་བར་འགྱུར་ན། དེ་ལྟ་ན་སྐྱེད་པ་རྒྱུ་གང་ཡིན་པ་དང་བསྐྱེད་པ་དོན་གང་ཡིན་པ་དེ་དག་དུས་གཅིག་ཏུ་འབྱུང་བར་ཐལ་བར་འགྱུར་བས་དེ་ཡང་མི་འཐད་དེ། འདི་ལྟར་ཕ་དང་བུ་དག་དུས་གཅིག་ཏུ་ཇི་ལྟར་སྐྱེ་བར་འགྱུར། ཅི་སྟེ་ཡང་སྐྱེ་བར་འགྱུར་ན་ནི་ད་ལ་འདི་ནི་འདིའི་རྒྱུའོ། །འདི་ནི་འདིའི་འབྲས་བུའོ་ཞེས་རྣམ་པར་གཞག་པ་འདི་ཇི་ལྟར་ཡོད་པར་འགྱུར། དེ་ལྟ་བས་ན་ཚོགས་པ་ཉིད་དང་འབྲས་བུ་ལྷན་ཅིག་ཏུ་འོང་མ་འཐད་དོ། །སྨྲས་པ། འབྲས་བུ་ནི་ཚོགས་པ་ཉིད་ཀྱི་སྔ་རོལ་ཉིད་ན་ཡང་དེ་དེ་ན་ཕྱིས་ཚོགས་པ་ཉིད་སྐྱེས་པས་གསལ་བར་བྱེད་དེ། མར་མེས་བུམ་པ་བཞིན་ནོ། །བཤད་པ། གལ་ཏེ་ཚོགས་པའི་སྔ་རོལ་ན། །འབྲས་བུ་སྐྱེས་པར་གྱུར་ན་ནི། །རྒྱུ་དང་རྐྱེན་རྣམས་མེད་པ་ཡི། །འབྲས་བུ་རྒྱུ་མེད་འབྱུང་བར་འགྱུར། །གལ་ཏེ་འབྲས་བུ་སྔ་ན་ཡོད་པ་ཉིད་ཡིན་ལ་ཚོགས་པ་བྱིས་འབྱུང་བར་འགྱུར་ན། དེ་ལྟ་ན་རྒྱུ་དང་རྐྱེན་རྣམས་མེད་པ་དང་རྒྱུ་དང་རྐྱེན་རྣམས་མ་གཏོགས་པའི་འབྲས་བུ་རྒྱུ་མེད་པ་ལས་བྱུང་བར་འགྱུར་རོ། །འབྲས་བུ་སྐྱེས་པ་ལ་ཡང་རྒྱུ་དང་རྐྱེན་ཚོགས་པ་ལ་ཡང་སྐྱེ་བར་བརྟགས་པས་ཅི་བྱ། འདི་ལྟར་འབྲས་བུའི་དོན་དུ་རྒྱུ་དང་རྐྱེན་ཚོགས་པར་འདོད་ན། འབྲས་བུ་དེ་ཡང་སྐྱེས་ཟིན་པ་ཉིད་དོ། །དེ་ལྟ་བས་ན་དེ་ཡང་གྱི་ནའོ། །སྨྲས་པ། རྒྱུ་ཡོངས་སུ་འགྱུར་བ་ལས་འབྲས་བུར་འགྲུབ་སྟེ། དེའི་ཕྱིར་གནས་སྐབས་སྔ་མ་འགག་པ་ལས་རྒྱུ་འགགས་ན་འབྲས་བུར་འགྱུར་རོ། །དེ་ལྟ་ན་རྒྱུ་མ་འགགས་པར་


DTG096_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འབྲས་བུར་མི་འགྱུར་ལ། འབྲས་བུ་དེ་རྒྱུ་མེད་པ་ལས་བྱུང་བར་ཡང་མི་འགྱུར་རོ། །བཤད་པ། གལ་ཏེ་རྒྱུ་འགགས་འབྲས་བུ་ན། །རྒྱུ་ནི་ཀུན་ཏུ་འཕོ་བར་འགྱུར། །སྔོན་སྐྱེས་པ་ཡི་རྒྱུ་ཡང་ནི། །ཡང་སྐྱེ་བར་ནི་ཐལ་བར་འགྱུར། །གལ་ཏེ་རྒྱུའི་དངོས་པོ་སྔར་འགགས་པ་ན་གནས་སྐབས་གཞན་ཐོབ་པ་འབྲས་བུ་ཞེས་བྱ་ན། དེ་ལྟ་ན་རྒྱུ་ཀུན་ཏུ་འཕོ་བར་འགྱུར་གྱི་སྐྱེ་བ་མ་ཡིན་ཏེ། དཔེར་ན་བྲོ་གར་མཁན་གྱིས་ཆ་ལུགས་གཞན་བོར་ནས་ཆ་ལུགས་གཞན་དུ་ཞུགས་པ་སྐྱེ་བ་མ་ཡིན་པ་བཞིན་ནོ། །ཅི་སྟེ་ཡང་གནས་སྐབས་གཞན་དུ་ཀུན་ཏུ་འཕོ་བ་ཉིད་སྐྱེ་བ་ཡིན་ན་ནི། དེ་ལྟ་ན་ཡང་སྔོན་སྐྱེས་པའི་རྒྱུ་ཉིད་ཀྱང་སྐྱེ་བར་ཐལ་བར་འགྱུར་རོ། །དེ་ལྟ་ན་ཡང་དངོས་པོ་ཡོངས་སུ་འགྱུར་བའི་ཆོས་ཅན་རྣམས་ངེས་པར་མི་གནས་པའི་ཕྱིར་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ། །སྨྲས་པ་གང་གི་ཚེ་རྒྱུ་འགགས་པ་ན་འབྲས་བུར་འགྱུར་རོ་ཞེས་བརྗོད་པ་དེའི་ཚེ་ཅིའི་ཕྱིར་ཀུན་ཏུ་འཕོ་བར་འགྱུར་བ་དང་ཡང་སྐྱེ་བར་ཐལ་བར་འགྱུར་རོ་ཞེས་བརྗོད། བཤད་པ། ཅི་ཁྱོད་ལམ་དུ་ཞུགས་བཞིན་དུ་ལམ་འདྲིའམ། ཁྱོད་དངོས་པོ་ཡོངས་སུ་འགྱུར་བ་འབྲས་བུ་ཞེས་བྱའོ་ཞེས་ཟེར་བཞིན་དུ་རང་གི་ཚིག་གི་དོན་ཁོང་དུ་མ་ཆུད་དོ། །དེའི་ཕྱིར་ཁྱོད་ཚོགས་ཆེ་བས་ཆོག་གི་འདུག་ཤིག་དང༌། ད་ཁོ་བོ་ཉིད་ཀྱིས་ཁྱོད་ཀྱིས་བསྟན་པའི་ལྟ་བརྒྱུ་དང་འབྲས་བུར་འབྲེལ་པར་རྣམ་པར་རྟོག་པ་དག་ཏུ་བསྟན་པར་བྱས། ཁྱོད་ཡིད་བསྡུས་ལ་དེ་དག་ཉོན་ཅིག །འདི་ལ་གལ་ཏེ་རྒྱུས་འབྲས་བུ་སྐྱེད་པར་གྱུར་ན་འགགས་པས་སམ་གནས་པས་སྐྱེད་པར་བྱེད་གྲང། འབྲས་བུ་ཡང་སྐྱེད་པ་ཉིད་དམ་མ་སྐྱེས་པ་སྐྱེད་པར་བྱེད་གྲང་ན། རྣམ་པ་ཐམས་ཅད་ཀྱང་མི་འཐད་དོ། །ཇི་ལྟར་ཞེ་ན། འགགས་པ་ནུབ་པར་གྱུར་པ་ཡིས། །འབྲས་བུ་སྐྱེས་པ་ཇི་ལྟར་སྐྱེད། །འབྲས་བུ་དང་ནི་འབྲེལ་བའི་རྒྱུ། །གནས་པས་ཀྱང་ནི་ཇི་ལྟར་སྐྱེད། །གལ་ཏེ་རེ་ཞིག་རྒྱུ་རྣམ་པ་ཐམས་ཅད་དུ་འགགས་པ་ནུབ་པར་གྱུར་པས་འབྲས་བུ་སྐྱེས་པ་སྐྱེད་པར་བྱེད་པར་རྟོག་ན། དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་རྒྱུ་འགགས་པ་ནུབ་པར་གྱུར་པས་འབྲས་བུ་སྐྱེས་པ་ཡོད་པ་ཉིད་ཇི་ལྟར་སྐྱེད་པར་བྱེད། རྒྱུ་མེད་པ་གང་གིས་སྐྱེད་པར་བྱེད་པར་བརྟག་པ་དེ་ཡང་གང་ཡིན།


DTG096_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་ཉིད་ཡང་ཅི་ཞིག་བསྐྱེད་པར་བྱ་དགོས། ཅི་སྟེ་ཡང་འདི་སྙམ་དུ་འབྲས་བུ་དང་འབྲེལ་པའི་རྒྱུ་འབྲས་བུ་དང་ལྡན་པ་གནས་པ་ཉིད་ཀྱིས་འབྲས་བུ་སྐྱེད་པར་བྱེད་པར་སེམས་ན། དེ་ཡང་མི་འཐད་དེ། འདི་ལྟར་རྒྱུ་གནས་པས་འབྲས་བུ་ཡོད་པ་ཉིད་ཇི་ལྟར་སྐྱེད་པར་བྱེད། དེའི་ཕྱིར་གང་གི་ཚེ་འབྲས་བུ་སྐྱེས་པ་ཉིད་དང་རྒྱུར་འབྲེལ་པ་ཡིན་གྱི་མ་སྐྱེས་པ་དང་ནི་མ་ཡིན་ནོ། །སྐྱེས་པ་ལ་ནི་ཡང་སྐྱེས་པའི་རྒྱུས་ཅི་བྱ། དེ་ལྟ་བས་ན་དེའང་མི་འཐད་པའོ། །ཅི་སྟེ་རྒྱུ་འབྲས་མི་འབྲེལ་ན། །འབྲས་བུ་གང་ཞིག་སྐྱེད་པར་བྱེད། །ཅི་སྟེ་རྒྱུ་དེ་འབྲས་བུ་དང་མ་འབྲེལ་བ་འབྲས་བུ་དང་མི་ལྡན་པས་འབྲས་བུར་སྐྱེད་པར་བྱེད་པར་སེམས་ན། ཁྱོད་ཀྱི་འབྲས་བུ་གང་ཞིག་རྒྱུས་སྐྱེད་པར་བྱེད་པ་དེ་སྨྲོས་ཤིག །གང་གི་ཚེ་འབྲས་བུ་མ་སྐྱེས་པའི་ཕྱིར་མེད་པ་ལ་འབྲས་བུ་ཞེས་བྱ་བ་ཉིད་ཀྱང་མེད་པ་དེའི་ཚེ་རྒྱུས་འབྲས་བུ་སྐྱེད་པར་བྱེད་དོ་ཞེས་བྱ་བ་དེ་ཇི་ལྟར་འཐད་བར་འགྱུར། ཅི་སྟེ་ཡང་མེད་ཀྱང་དེ་ལ་དེ་སྐད་ཅེས་སྐྱེད་པར་བྱེད་པའི་མཐུ་ཉིད་ཡོད་པར་གྱུར་ན་ནི་དེས་རི་བོང་གི་རྭ་ཡང་བསྐྱེད་པར་འགྱུར་བར་ཐེ་ཚོམ་མེད་དོ། །ཡང་གཞན་ཡང༌། རྒྱུས་ནི་མཐོང་དང་མ་མཐོང་བར། །འབྲས་བུ་སྐྱེད་པར་མི་བྱེད་དོ། །འདི་ལ་གལ་ཏེ་རྒྱུས་འབྲས་བུ་བསྐྱེད་པར་གྱུར་ན་མཐོང་ནས་སམ་མ་མཐོང་བར་སྐྱེད་པར་འགྱུར་གྲང་ན། གཉི་ག་ལྟར་ཡང་མི་འཐད་དོ། །ཇི་ལྟར་ཞེ་ན། གལ་ཏེ་རེ་ཞིག་མཐོང་བས་སྐྱེད་པར་འགྱུར་ན། དེ་ལྟར་ན་སྐྱེས་པ་སྐྱེད་པར་བྱེད་པར་འགྱུར་ཏེ། འདི་ལྟར་མ་སྐྱེས་པ་ནི་མཐོང་བར་མི་འགྱུར་ལ། སྐྱེས་པ་ལ་ནི་ཡང་བསྐྱེད་པར་བྱ་མི་དགོས་སོ། །ཅི་སྟེ་ཡང་རྒྱུས་མ་མཐོང་བར་འབྲས་བུ་སྐྱེད་པར་བྱེད་པར་རྟོག་ན། དེ་ལྟ་ན་ཡང་རྒྱུས་གང་དང་གང་མ་མཐོང་བ་དེ་དང་དེ་སྐྱེད་པར་འགྱུར་བ་ཞིག་ན་སྐྱེད་པར་ཡང་མི་བྱེད་དེ། དེ་ལྟ་བས་ན་རྒྱུས་མ་མཐོང་བར་ཡང་འབྲས་བུ་སྐྱེད་པར་མི་བྱེད་དོ། །ཡང་གཞན་ཡང༌། འདི་ལ་གལ་ཏེ་རྒྱུས་འབྲས་བུ་བསྐྱེད་པར་གྱུར་ན། ཕྲང་ནས་སྐྱེད་པར་འགྱུར་གྲང་ན། འབྲས་བུ་དང་རྒྱུ་དག་ཕྲད་པ་ནི་ཇི་ལྟར་ཡང་མི་འཐད་དོ། །ཇི་ལྟར་ཞེ་ན། འབྲས་བུ་འདས་པ་རྒྱུ་འདས་དང༌། །མ་སྐྱེས་པ་དང་སྐྱེས་པ་དང༌། །ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །འབྲས་བུ་འདས་པ་ནི་རྒྱུ་


DTG096_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་དང་མ་སྐྱེས་པ་དང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། འདས་པ་དང་མ་འོངས་པ་དག་གི་འབྲས་བུ་དང་རྒྱུ་དག་མེད་པའི་ཕྱིར་རོ། །འབྲས་བུ་འདས་པ་དང་རྒྱུ་སྐྱེས་པ་ཡང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། འབྲས་བུ་མེད་པའི་ཕྱིར་རོ། །འབྲས་བུ་མ་སྐྱེས་རྒྱུ་མ་སྐྱེས། །འདས་པ་དང་ནི་སྐྱེས་པ་དང༌། །ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །འབྲས་བུ་མ་སྐྱེས་པ་ནི་རྒྱུ་མ་སྐྱེས་པ་དང་འདས་པ་དང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། འདས་པ་དང་མ་འོངས་པ་དག་གི་འབྲས་བུ་དང་རྒྱུ་དག་མེད་པའི་ཕྱིར་རོ། །འབྲས་བུ་མ་སྐྱེས་པ་དང་རྒྱུ་སྐྱེས་པ་ཡང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། འབྲས་བུ་མེད་པའི་ཕྱིར་རོ། །འབྲས་བུ་སྐྱེས་པ་རྒྱུ་སྐྱེས་དང༌། །མ་སྐྱེས་པ་དང་འདས་པ་དང༌། །ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །འབྲས་བུ་སྐྱེས་པ་ནི་རྒྱུ་སྐྱེས་པ་དང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། འདི་ནི་འདིའི་རྒྱུའོ་འདི་ནི་འདིའི་འབྲས་བུའོ་ཞེས་བྱ་བ་དེ་ལྟར་རྒྱུ་དང་འབྲས་བུ་དག་ཏུ་མི་འཐད་པའི་ཕྱིར་དང༌། དེ་ལྟར་གྱུར་པ་དག་ལ་ཕྲད་པ་ཡང་མི་འཐད་པའི་ཕྱིར་རོ། །འབྲས་བུ་སྐྱེས་པ་དང་རྒྱུ་མ་སྐྱེས་པ་དང་འདས་པ་དང་ཡང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། འདས་པ་དང་མ་འོངས་པ་དག་གི་རྒྱུ་དག་མེད་པའི་ཕྱིར་རོ། །ཕྲད་པ་ཡོད་པ་མ་ཡིན་ན། །རྒྱུས་ནི་འབྲས་བུ་ཇི་ལྟར་སྐྱེད། །དེའི་ཕྱིར་དེ་ལྟར་འབྲས་བུ་འདས་པ་དང་མ་འོངས་པ་དང་ད་ལྟར་དང་རྒྱུ་འདས་པ་དང་མ་འོངས་པ་དང་ད་ལྟར་དུ་ལྷན་ཅིག་ཕྲད་པར་འགྱུར་བ་རྣམ་པ་ཐམས་ཅད་དུ་ཡང་མི་འཐད་ན། རྒྱུས་འབྲས་བུ་སྐྱེད་པར་བྱེད་དོ་ཞེས་བྱ་བ་ཇི་ལྟར་འཐད་པར་འགྱུར་ན། ཕྲད་པ་ཡོད་པ་ཡིན་ན་ཡང༌། །རྒྱུས་ནི་འབྲས་བུ་ཇི་ལྟར་སྐྱེད། །ཅི་སྟེ་མི་འཐད་བཞིན་དུ་ཡང་རྒྱུ་དང་འབྲས་བུ་ཕྲད་པར་རྟོག་ན། དེ་ལྟ་ན་ཡང་རྒྱུ་ཡོད་པ་ཉིད་ཀྱིས་འབྲས་བུ་དེ་ཇི་ལྟར་སྐྱེད་པར་འགྱུར། འདི་ལྟར་ཡོད་པ་ལ་ནི་ཡང་བསྐྱེད་པར་བྱ་བ་མེད་དེ་རྒྱུའི་བྱ་བ་ཡང་མེད་དོ། །ཡང་གཞན་ཡང༌། གལ་ཏེ་འབྲས་བུས་སྟོང་པའི་རྒྱུས། །ཇི་ལྟར་


DTG096_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་སྐྱེད་པར་བྱེད། །འདི་ལ་གལ་ཏེ་རྒྱུས་འབྲས་བུ་སྐྱེད་པར་བྱེད་ན། དེ་འབྲས་བུའི་བདག་ཉིད་ཀྱིས་སྟོང་པ་འམ། མི་སྟོང་པས་འབྲས་བུ་དེ་སྐྱེད་པར་བྱེད་གྲང་ན། དེ་ལ་རེ་ཞིག་གལ་ཏེ་འབྲས་བུའི་བདག་ཉིད་ཀྱིས་སྟོང་པའི་རྒྱུས་འབྲས་བུ་སྐྱེད་པར་བྱེད་པར་རྟོག་ན་དེ་ནི་དེ་ཇི་ལྟར་ཡང་མི་འཐད་དོ། །ཅི་སྟེ་འཐད་ན་ནི་བྱེ་མས་ཀྱང་ཏིལ་མར་དང༌། ཆུས་ཀྱང་མར་སྐྱེད་པར་འགྱུར་རོ། །ཡང་ན་བྱེ་མ་དང་ཏིལ་དག་ལ་ཡང་ཏིལ་མར་མེད་ལ། ཆུ་དང་ཞོ་དག་ལ་ཡང་མར་མེད་པར་འདྲ་ན། ཏིལ་ཉིད་ལས་ཏིལ་མར་འབྱུང་ལ། བྱེ་མ་ལས་མི་འབྱུང་བ་དང༌། ཞོ་ཉིད་ལས་མར་འབྱུང་ལ། ཆུ་ལས་མི་འབྱུང་བ་ལ་ཁྱད་པར་ཅི་ཡོད། དེ་ལྟ་བས་ན་འབྲས་བུའི་བདག་ཉིད་ཀྱིས་སྟོང་པའི་རྒྱུས་འབྲས་བུ་སྐྱེད་པར་བྱེད་དོ་ཞེས་བྱ་བ་དེ་མི་འཐད་དོ། །དེ་ལ་འདི་སྙམ་དུ་འབྲས་བུའི་བདག་ཉིད་ཀྱིས་མི་སྟོང་པའི་འབྲས་བུ་སྐྱེད་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། གལ་ཏེ་འབྲས་བུ་མི་སྟོང་རྒྱུས། །ཇི་ལྟར་འབྲས་བུ་སྐྱེད་པར་བྱེད། །གལ་ཏེ་འབྲས་བུའི་བདག་ཉིད་ཀྱིས་མི་སྟོང་པའི་རྒྱུ་ཉིད་ཡིན་ན། དེས་ཇི་ལྟར་འབྲས་བུ་དེ་སྐྱེད་པར་འཐད། གང་གི་ཚེ་འབྲས་བུ་ཡོད་པ་ཉིད་ཡིན་ན་དེ་ངོ་བོ་ཉིད་ཀྱིས་སྟོང་པ་མ་ཡིན་པ། སྐྱེས་ཟིན་པ་ལ་ནི་ཡང་བསྐྱེད་པར་བྱ་བ་མེད་དེ། དེ་ལྟ་བས་ན་འབྲས་བུའི་བདག་ཉིད་ཀྱིས་མི་སྟོང་པའི་རྒྱུས་འབྲས་བུ་སྐྱེད་པར་བྱེད་དོ་ཞེས་བྱ་བ་དེ་ཡང་སྐྱེ་བོ་ངོ་བཟློག་མི་ཕོད་པས་གཟུང་བར་བྱ་བ་ཡིན་ནོ།། །།དབུ་མའི་རྩ་བའི་འགྲེལ་པ་བུད་དྷ་པཱ་ལི་ཏ། བམ་པོ་བརྒྱད་པ། ཡང་གཞན་ཡང༌། འདི་ལ་རྒྱུས་འབྲས་བུ་སྐྱེད་དོ་ཞེས་བྱ་བ་གང་ཡིན་པ་དེ་ཡང༌། ངོ་བོ་ཉིད་ཀྱིས་མི་སྟོང་པའམ་སྟོང་པ་ཞིག་སྐྱེ་བ་དང་འགག་པར་འགྱུར་གྲང་ན། དེ་ལ་ཁོ་བོས་བཤད་པར་བྱ་སྟེ། འབྲས་བུ་མི་སྟོང་སྐྱེ་མི་འགྱུར། །མི་སྟོང་འགག་པར་མི་འགྱུར་རོ། །མི་སྟོང་དེ་ནི་མ་འགགས་དང༌། །མ་སྐྱེས་པར་ཡང་འགྱུར་བ་ཡིན། །འབྲས་བུ་ངོ་བོ་ཉིད་ཀྱིས་མི་སྟོང་བ་རང་གི་བདག་ཉིད་ཀྱིས་ངེས་པར་གནས་པ་གང་ཡིན་པ་དེ་ནི་སྐྱེ་བར་མི་འགྱུར་འགག་པར་ཡང་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རང་གི་བདག་ཉིད་ཀྱིས་ངེས་པར་གནས་པའི་ཕྱིར་རོ། །འདི་ལྟར་རང་བཞིན་ལ་ནི་འགྱུར་བ་མི་འཐད་


DTG096_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

པས། དེའི་ཕྱིར་འབྲས་བུ་དེ་མི་སྟོང་པར་ཡོངས་སུ་རྟོག་ན། རྟག་པའི་ཕྱིར་ཁྱོད་ཀྱི་དེ་ནི་མ་འགགས་པ་དང་མ་སྐྱེས་པར་ཡང་འགྱུར་རོ། །དེ་ལྟ་བས་ན་འབྲས་བུ་མི་སྟོང་པ་ནི་སྐྱེ་བར་མི་འགྱུར་ཞིང་འགག་པར་ཡང་མི་འགྱུར་རོ། །དེ་ལ་འདི་སྙམ་དུ་འབྲས་བུ་སྟོང་པ་སྐྱེ་བ་དང་འགག་པར་འགྱུར་བར་སེམས་ན། དེ་ལ་བཤད་པར་བྱ་སྟེ། སྟོང་པ་ཇི་ལྟར་སྐྱེ་འགྱུར་ཞིང༌། །སྟོང་པ་ཇི་ལྟར་འགག་པར་འགྱུར། །སྟོང་པ་དེ་ཡང་མ་འགགས་དང༌། །མ་སྐྱེས་པ་ཡང་ཐལ་བར་འགྱུར། །འབྲས་བུ་ངོ་བོ་ཉིད་ཀྱིས་སྟོང་པ་བདག་ཉིད་ཀྱིས་རབ་ཏུ་མ་གྲུབ་པ་གང་ཡིན་པ་དེས་ཇི་ལྟར་སྐྱེ་བར་འགྱུར་ཞིང༌། ཇི་ལྟར་འགག་པར་འགྱུར། ཅི་སྟེ་འབྲས་བུ་དེ་ངོ་བོ་ཉིད་མེད་ཀྱང་སྐྱེ་བ་དང་འགག་པར་རྣམ་པར་རྟོག་ན་དེ་ལ་སྨྲ་བར་བྱ་དགོས་ཏེ། ཅི་སྟེ་འབྲས་བུའི་ངོ་བོ་མ་གཏོགས་པ་གཞན་ཞིག་སྐྱེ་བ་དང་འགག་པར་འགྱུར་རམ། ཅི་སྟེ་འབྲས་བུའི་དངོས་པོ་མ་གཏོགས་པ་གཞན་ཞིག་སྐྱེ་བར་འགྱུར་ན་ནི་དེས། འབྲས་བུ་ལ་ཅིར་འགྱུར་ཏེ། འདི་ལྟར་འབྲས་བུར་ཡིན་པ་སྐྱེ་བ་འབྲས་བུར་མི་འགྱུར། དེ་ལྟ་བས་ན་འབྲས་བུ་དེ་སྟོང་པར་ཡོངས་སུ་རྟོགས་ན་ཡང་མེད་པའི་ཕྱིར་མ་འགགས་པ་དང་མ་སྐྱེས་པར་ཡང་ཐལ་བར་འགྱུར་བས། དེ་ཡང་མི་འདོད་དོ། །དེ་ལྟ་བས་ན་འབྲས་བུ་སྟོང་པ་ཡང་སྐྱེ་བར་མི་འགྱུར་ཞིང་འགག་པར་ཡང་མི་འགྱུར་རོ། །ཡང་གཞན་ཡང༌། གལ་ཏེ་རྒྱུ་དང་འབྲས་བུ་དག་ཏུ་འགྱུར་ན། གཅིག་པ་ཉིད་དམ་གཞན་ཉིད་དུ་འགྱུར་གྲང་ན། དེ་ཡང་ཡོངས་སུ་བརྟགས་ན། རྒྱུ་དང་འབྲས་བུ་གཅིག་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཞན་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། རྒྱུ་དང་འབྲས་བུ་གཅིག་ཉིད་ན། །སྐྱེད་དང་བསྐྱེད་པ་གཅིག་ཏུ་འགྱུར། །རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །འདི་ལྟར་གལ་ཏེ་རྒྱུ་དང་འབྲས་བུ་དག་གཅིག་པ་ཉིད་ཡིན་པར་གྱུར་ན། དེ་ལྟ་ན་སྐྱེད་པ་དང་བསྐྱེད་པ་དོན་དག་གཅིག་པ་ཉིད་དུ་འགྱུར་བས་དེ་ཡང་མི་འཐད་དེ། འདི་ལྟར་ཕ་དང་བུ་དག་ཇི་ལྟར་གཅིག་པ་ཉིད་དུ་འགྱུར། ས་བོན་དང་མྱུ་གུ་དག་ཀྱང་གཅིག་པ་ཉིད་དུ་མི་འགྱུར་རོ། །ཅི་སྟེ་ཡང་རྒྱུ་དང་འབྲས་བུ་དག་འདི་ནི་རྒྱུའོ། །འདི་ནི་འབྲས་བུའོ་


DTG096_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གཞན་ཉིད་དུ་གྱུར་ན། དེ་ལྟ་ན་ཡང་རྒྱུ་དང་རྒྱུ་མ་ཡིན་པ་དག་མཚུངས་པར་འགྱུར་རོ། །ཇི་ལྟར་ནས་ཀྱི་མྱུ་གུ་ལས་འབྲས་ཀྱི་ས་བོན་གཞན་ཡིན་པ་དེ་བཞིན་དུ་འབྲས་ཀྱི་མྱུ་གུ་ལས་ཀྱང་ནས་ཀྱི་ས་བོན་གཞན་ཡིན་ན། དེ་ལ་ནས་ཀྱི་ས་བོན་ནི་ནས་ཀྱི་མྱུ་གུའི་རྒྱུ་ཡིན་གྱི་འབྲས་ཀྱི་ས་བོན་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ཅིའི་ཕྱིར་དེ་ལྟར་འགྱུར། དེ་ལྟ་བས་ན་རྒྱུ་དང་འབྲས་བུ་དག་གཅིག་པ་ཉིད་ཀྱང་མ་ཡིན་ལ་གཞན་ཉིད་དུ་ཡང་མི་འཐད་དོ། །གང་དག་ལ་གཅིག་པ་ཉིད་དང་གཞན་ཉིད་དུ་གྲུབ་པ་ཡོད་པ་མ་ཡིན་པ་དེ་དག་ལ་གྲུབ་པ་མེད་དེ། དེ་དག་ལས་གཞན་དུ་འགྲུབ་ལ་མི་འཐད་པའི་ཕྱིར་རོ། །ཡང་གཞན་ཡང༌། གལ་ཏེ་རྒྱུས་འབྲས་བུ་སྐྱེད་པར་བྱེད་ན་དེ་ངོ་བོ་ཉིད་ཀྱིས་ཡོད་པར་འགྱུར་བ་ཞིག་སྐྱེད་པར་བྱེད་དམ། མེད་པར་གྱུར་པ་ཞིག་སྐྱེད་པར་བྱེད་གྲང་ན། དེ་ལ་ཁོ་བོས་བཤད་པར་བྱ་སྟེ། འབྲས་བུ་ངོ་བོ་ཉིད་ཡོད་ན། །རྒྱུས་ནི་ཅི་ཞིག་སྐྱེད་པར་བྱེད། །འབྲས་བུ་ངོ་བོ་ཉིད་མེད་ན། །རྒྱུས་ནི་ཅི་ཞིག་བསྐྱེད་པར་འགྱུར། །གལ་ཏེ་འབྲས་བུ་ངོ་བོ་ཉིད་ཀྱིས་ཡོད་པར་གྱུར་ན་མ་བྱས་ཀྱང་རྫོགས་པར་ཡོད་པ་ཉིད་ཡིན་པས་དེ་ཡོད་ན། རྒྱུས་དེ་ལ་གཞན་ཅི་ཞིག་སྐྱེད་པར་འགྱུར། ཅི་སྟེ་དེ་ཉིད་སྐྱེད་པར་བྱེད་དོ་ཞེས་རྟོག་ན་དེ་ནི་མི་རིགས་ཏེ། སྐྱེས་པ་ལ་ཡང་སྐྱེ་བའི་བྱ་བ་མེད་དོ། །ཅི་སྟེ་འབྲས་བུ་དེ་ངོ་བོ་ཉིད་ཀྱིས་མེད་པར་གྱུར་པ་ཡིན་ན་དེ་རྒྱུས་ཇི་ལྟར་སྐྱེད་པར་འགྱུར། ཅི་སྟེ་འབྲས་བུ་ངོ་བོ་ཉིད་ཀྱིས་མེད་ཀྱང་རྒྱུས་བསྐྱེད་པར་འགྱུར་ན་ནི། ཤིང་བ་ཊའི་མེ་ཏོག་གིས་ཀྱང་ཕྲེང་བ་འཆིང་བར་ཐེ་ཚོམ་མེད་དོ། །དེ་ལྟ་བས་ན་འབྲས་བུ་ཡོད་པར་འགྱུར་བ་དང་འབྲས་བུ་མེད་པར་འགྱུར་བ་ཡང་རྒྱུས་བསྐྱེད་པར་མི་འཐད་དོ། །སྐྱེད་པར་བྱེད་པ་མ་ཡིན་ནོ། །རྒྱུ་ཉིད་འཐད་པར་མི་འགྱུར་རོ། །རྒྱུ་གང་གིས་ཀྱང་འབྲས་བུ་སྐྱེད་པར་མི་བྱེད་ན། དེ་རྒྱུ་ཉིད་དུ་འཐད་པར་མི་འགྱུར་རོ། །འདི་ལྟར་སྐྱེད་པར་བྱེད་པའི་རྒྱུ་ཞེས་བྱ་བ་ན་ཅི་སྟེ་སྐྱེད་པར་བྱེད་པ་མ་ཡིན་ཡང་རྒྱུར་འགྱུར་ན་ནི། དེ་ལྟ་ན་འགར་ཡང་རྒྱུ་མ་ཡིན་པར་མི་འགྱུར་བས་ཐམས་ཅད་རྒྱུ་ཉིད་དུ་འགྱུར་རོ་ཞེས་བྱ་བ་གང་ཡིན་པ་དེ་ཡང་མི་འདོད་དོ། །དེ་ལྟ་བས་ན་རྒྱུ་ཉིད་འཐད་པར་མི་འགྱུར་རོ། །རྒྱུ་ཉིད་འཐད་པ་ཡོད་མིན་ན། །འབྲས་བུ་གང་གི་ཡིན་པར་འགྱུར། །གལ་ཏེ་འབྲས་


DTG096_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བསྐྱེད་པའི་རྒྱུ་ཉིད་ཡོད་པ་མ་ཡིན་ན། རྒྱུ་མེད་ན་འབྲས་བུ་དེ་གང་གི་ཡིན་པར་འགྱུར། འདི་ལྟར་རྒྱུའི་འབྲས་བུ་ཡིན་པར་འདོད་ན་དེ་ཡང་མེད་དེ། དེ་མེད་ན་འབྲས་བུ་ཞེས་བྱ་བར་མི་འཐད་དོ། །ཅི་སྟེ་འཐད་ན་ནི་ཕ་མེད་པར་ཡང་བུ་ཡོད་པར་འགྱུར་བས་དེ་ཡང་མི་འདོད་དོ། །དེ་ལྟ་བས་ན། རྒྱུ་ཡོད་པ་མ་ཡིན་ན་འབྲས་བུ་ཡོད་པ་ཡང་མ་ཡིན་ནོ། །རྒྱུ་རྣམས་དང་ནི་རྐྱེན་དག་གི །ཚོགས་པ་གང་ཡིན་དེ་ཡིས་ནི། །བདག་གིས་བདག་ཉིད་མི་སྐྱེད་ན། །འབྲས་བུ་ཇི་ལྟར་སྐྱེད་པར་བྱེད། །རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་འབྲས་བུ་སྐྱེད་པར་བྱེད་པ་ཞེས་བྱ་བར་བརྟག་པ་གང་ཡིན་པ་དེས་རེ་ཞིག་བདག་གིས་བདག་ཉིད་སྐྱེད་པར་མི་བྱེད་དེ། ཅིའི་ཕྱིར་ཞེ་ན། ཚོགས་པ་ནི་དུ་མ་ཡིན་པར་ཤེས་པའི་ཕྱིར་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང༌། ཚོགས་པ་གཅིག་པུ་མ་ཡིན་ཏེ། །དེ་བཞིན་དངོས་པོ་འགའ་ཡང་མེད། །གལ་ཏེ་དེ་ཡང་དེ་ལས་གཞན། །དེ་ཡང་གཅིག་པུ་འགའ་ཞིག་ཡོད། །ཅེས་གསུངས་སོ། །ད་ཚོགས་པ་གང་ཡིན་པ་བདག་ཉིད་མ་སྐྱེས་པ་བདག་ཉིད་རབ་ཏུ་མ་གྲུབ་པ་དེས་འབྲས་བུ་ཇི་ལྟར་སྐྱེད་པར་བརྟག །ཅི་སྟེ་ཚོགས་པ་བདག་ཉིད་མ་སྐྱེས་པས་ཀྱང་འབྲས་བུ་སྐྱེད་པར་བྱེད་ན་ནི་མ་མ་སྐྱེས་པས་ཀྱང་བུ་སྐྱེད་པར་མངོན་པར་འགྱུར་རོ། །དེ་ཕྱིར་ཚོགས་པས་བྱས་པ་དང༌། །ཚོགས་མིན་བྱས་པའི་འབྲས་བུ་མེད། །འབྲས་བུ་ཡོད་པ་མ་ཡིན་ན། །རྐྱེན་གྱི་ཚོགས་པ་ག་ལ་ཡོད། །དེ་ལྟར་གང་གི་ཕྱིར་ཚོགས་པ་དེ་བདག་ཉིད་མ་སྐྱེས་ཤིང་རབ་ཏུ་མ་གྲུབ་པ་དེའི་ཕྱིར་ཚོགས་པས་བྱས་པའི་འབྲས་བུ་མེད་དོ། །དེ་ལ་འདི་སྙམ་དུ་ཚོགས་པ་མ་ཡིན་པས་བྱས་པའི་འབྲས་བུ་ཡོད་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། ཚོགས་མིན་བྱས་པའི་འབྲས་བུ་མེད། །གང་གི་ཚེ་ཚོགས་པས་བྱས་པའི་འབྲས་བུ་ཉིད་མི་འཐད་པ་དེའི་ཚོགས་པ་མ་ཡིན་པས་བྱས་པའི་འབྲས་བུ་རྒྱུ་མེད་པ་ལས་བྱུང་བ་ཇི་ལྟར་འཐད་པར་འགྱུར། ཅི་སྟེ་འགྱུར་ན་ནི་ཕ་དང་མ་དག་མེད་པར་ཡང་བུ་སྐྱེ་བར་འགྱུར་བ་ཞིག་ན་སྐྱེ་བར་ཡང་མི་འགྱུར་ཏེ། དེ་ལྟ་བས་ན་ཚོགས་པ་མ་ཡིན་པས་བྱས་པའི་འབྲས་བུ་ཡང་མེད་དོ། །སྨྲས་པ། འཇིག་རྟེན་པ་དང་འགལ་བ་ཤིན་ཏུ་མང་པོ་ཞིག་བཤད་པ་འདིས་ཅི་བྱ། ཡོད་ན་རེ་ཞིག་རྒྱུ་དང་


DTG096_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་རྣམས་ཀྱི་ཚོགས་པ་ཡོད་དེ་དེ་ཡོད་པས་འབྲས་བུ་ཡང་ཡོད་པར་འགྱུར་རོ། །བཤད་པ། ཅི་ཁྱོད་གྲོང་སྟོང་དུ་མཁར་ལྡན་འབེབས་སམ། ཁྱོད་འབྲས་བུ་ཡོད་པ་མ་ཡིན་ན་ཚོགས་པ་ཡོད་པར་འདོད་ཀོ །འབྲས་བུ་སྐྱེད་པ་ཉིད་ཚོགས་པ་ཞེས་བྱ་ན་འབྲས་བུ་དེ་ཉིད་ཀྱང་གང་གི་ཚེ་ཇི་ལྟར་ཡང་མི་འཐད་པ་དེའི་ཚེ་འབྲས་བུ་ཡོད་པ་མ་ཡིན་ན་རྐྱེན་གྱི་ཚོགས་པ་ཡོད་པར་ག་ལ་འགྱུར། སློབ་དཔོན་འཕགས་པ་ལྷས་ཀྱང༌། གང་ཕྱིར་འཇིག་རྟེན་ཇི་སྙེད་མིང༌། །ཚོགས་པ་ཉིད་ལ་སྣང་འགྱུར་བ། །དེ་ཕྱིར་དངོས་པོ་ཡོད་མིན་ཏེ། །དངོས་མེད་ཚོགས་པའང་ཡོད་མ་ཡིན། །ཞེས་གསུངས་སོ། །དེ་ལྟ་བས་ན་འབྲས་བུ་ཡོད་པ་མ་ཡིན་པའི་ཕྱིར་ཚོགས་པ་ཡང་ཡོད་པ་མ་ཡིན་པས། དེ་ལ་དུས་དང་ཚོགས་པ་ཉིད་ཀྱི་འབྲས་བུ་འགྲུབ་པའི་ཕྱིར་དུས་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་གང་སྨྲས་པ། དེ་མི་འཐད་དོ། །སྨྲས་པ། གལ་ཏེ་དུས་ཀྱང་མེད་རྒྱུ་དང་འབྲས་བུ་དང་ཚོགས་པ་ཡང་མེད་ན་གཞན་ཅི་ཞིག་ཡོད་དེ། དེ་ལྟ་བས་ན་དེ་ནི་མེད་པར་སྨྲ་བ་ཉིད་ཡིན་ནོ། །བཤད་པ། མ་ཡིན་ཏེ་ཇི་ལྟར་ཁྱོད་དུས་ལ་སོགས་པ་དག་ངོ་བོ་ཉིད་ལས་ཡོད་པར་ཡོངས་སུ་རྟོག་པར་བྱེད་པ་དེ་ལྟར་མི་འཐད་པར་ཟད་ཀྱི། དེ་དག་བརྟེན་ནས་གདགས་པར་ནི་འགྲུབ་བོ། །རྒྱུ་དང་འབྲས་བུ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་པའོ།། །།སྨྲས་པ། དུས་ལ་སོགས་པ་དག་ནི་ཡོད་པ་ཁོ་ན་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཚེ་གང་ན་འགའ་ཞིག་འབྱུང་བ་དང༌། འཇིག་པ་དག་དང་ལྡན་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་དུས་ལ་སོགས་པ་དག་མེད་པར་འགྱུར་ན། འོ་ན་དེ་ལྟ་ན་ཁྱད་པར་མེད་པས་དུས་ཐམས་ཅད་དུ་ཐམས་ཅད་ནས་ཐམས་ཅད་ཀྱང༌། འབྱུང་བ་དང་འཇིག་པ་དག་ཏུ་འགྱུར་བ་ཞིག་ན་དེ་ལྟར་ཡང་མི་འགྱུར་བས། དེའི་ཕྱིར་དུས་ལ་སོགས་པ་དག་ནི་ཡོད་པ་ཁོ་ན་ཡིན་ནོ། །བཤད་པ། གལ་ཏེ་འགའ་ཞིག་ལ་འབྱུང་བ་དང་འཇིག་པ་དག་ཉིད་ཡོད་པར་གྱུར་ན་ནི། དུས་ལ་སོགས་པ་དག་ཀྱང་ཡོད་པར་འགྱུར་བ་ཞིག་ན། གང་གི་ཚེ། འཇིག་པ་འབྱུང་བ་མེད་པར་རམ། །ལྷན་ཅིག་ཡོད་པ་ཉིད་མ་ཡིན། །འབྱུང་བ་འཇིག་པ་མེད་པར་རམ། །ལྷན་ཅིག་ཡོད་པ་ཉིད་མ་ཡིན། །དེའི་ཚེ་གལ་ཏེ་འབྱུང་བ་དང་འཇིག་པ་དག་ཡོད་པར་གྱུར་ན། ཕན་ཚུན་མེད་པར་རམ་ལྷན་ཅིག་ཏུ་འགྱུར་གྲང་


DTG096_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ན། གང་གི་ཚེ་གཉི་ག་ལྟར་ཡང་མི་འཐད་པ་དེའི་ཚེ་དེ་དག་གི་རྒྱུ་ཅན་གྱི་དུས་ལ་སོགས་པ་དག་ཇི་ལྟར་ཡོད་པར་གྱུར། དེ་ཇི་ལྟར་ཞེ་ན། མི་འཐད་པའི་ཕྱིར་ཏེ། འཇིག་པ་འབྱུང་བ་མེད་པར་ནི། །ཇི་ལྟ་བུར་ན་ཡོད་པར་འགྱུར། །འཆི་བ་སྐྱེ་བ་མེད་པ་ལྟར། །འཇིག་པ་འབྱུང་བ་མེད་པར་མེད། །འདི་ལྟར་འཇིག་པ་འབྱུང་བ་མེད་པར་ཇི་ལྟར་ཡོད་པར་འགྱུར་ཏེ། གང་གི་ཚེ་འགའ་ཞིག་བྱུང་ན་འཇིག་པར་འགྱུར་གྱི་གཞི་མེད་པར་འཇིག་པར་མི་འགྱུར་ཏེ། དཔེར་ན་སྐྱེ་བ་ཡོད་ན་འཆི་བར་འགྱུར་གྱི་མ་སྐྱེས་པ་ལ་འཆི་བ་མེད་པ་དེ་བཞིན་དུ། འབྱུང་བ་ཡོད་ན་འཇིག་པར་འགྱུར་གྱི། འབྱུང་བ་མེད་པར་འཇིག་པར་མི་འགྱུར་རོ། །དེ་ལ་འདི་སྙམ་དུ་འཇིག་པ་ནི་འབྱུང་བ་དང་ལྷན་ཅིག་ཡོད་པ་ཉིད་ཡིན་གྱི་འབྱུང་བ་མེད་པར་ནི་མ་ཡིན་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། འཇིག་པ་འབྱུང་དང་ལྷན་ཅིག་ཏུ། །ཇི་ལྟར་ཡོད་པ་ཉིད་དུ་འགྱུར། །འཆི་བ་སྐྱེ་དང་དུས་གཅིག་ཏུ། །ཡོད་པ་ཉིད་ནི་མ་ཡིན་བཞིན། །འདི་ལྟར་འཇིག་པ་འབྱུང་བ་དང་ལྷན་ཅིག་ཇི་ལྟར་ཡོད་པར་འགྱུར་ཏེ། གང་གི་ཚེ་ན་དེ་ནི་དེ་གཉིས་ཕན་ཚུན་མི་མཐུན་པ་དག་ཡིན་པ་དེའི་ཚེ་དེ་གཉིས་གཅིག་ལ་ལྷན་ཅིག་ཡོད་པར་མི་འཐད་དེ། དཔེར་ན་འཆི་བ་ནི་སྐྱེ་བ་དང་ཕན་ཚུན་མི་མཐུན་པ་དེའི་ཕྱིར་དུས་གཅིག་ན་ཡོད་པ་ཉིད་མ་ཡིན་པ་དེ་བཞིན་དུ། འཇིག་པ་ཡང་འབྱུང་བ་དང་མི་མཐུན་པའི་ཕྱིར་ལྷན་ཅིག་ཡོད་པ་ཉིད་མ་ཡིན་ནོ། །སྨྲས་པ། གལ་ཏེ་འཇིག་པ་བྱུང་བ་མེད་པར་ཡང་མི་འཐད་ལ་ལྷན་ཅིག་ཏུ་ཡང་མི་འཐད་པས་འཇིག་པ་མེད་དུ་ཟིན་ཀྱང༌། རེ་ཞིག་འབྱུང་བ་ནི་ཡོད་དེ། དེ་ཡོད་པའི་ཕྱིར་དུས་ལ་སོགས་པ་དག་ཀྱང་ཡོད་དོ། །བཤད་པ། འབྱུང་བ་འཇིག་པ་མེད་པར་ནི། །ཇི་ལྟར་ཡོད་པ་ཉིད་དུ་འགྱུར། །དངོས་པོ་རྣམས་ལ་མི་རྟག་ཉིད། །ནམ་ཡང་མེད་པ་མ་ཡིན་ནོ། །འདི་ལྟར་འབྱུང་བ་འཇིག་པ་མེད་པར་ཇི་ལྟར་ཡོད་པ་ཉིད་དུ་འགྱུར་ཏེ། དངོས་པོ་རྣམས་ལ་མི་རྟག་པ་ཉིད་ནམ་ཡང་མེད་པ་མ་ཡིན་པས། འདི་ལྟར་འབྱུང་བ་འཇིག་པ་མེད་པར་ཇི་ལྟར་ཡོད་པ་ཉིད་དུ་འགྱུར། གང་གི་ཚེ་དངོས་པོ་ཐམས་ཅད་མི་རྟག་པ་ཉིད་ཀྱིས་མི་རྟག་པ་དང་རྗེས་སུ་འབྲེལ་པ་དེའི་ཚེ་དངོས་པོ་རྣམས་ལ་མི་རྟག་པ་ཉིད་ནམ་ཡང་མེད་པ་མ་ཡིན་པ་ཉིད་དོ། །འདི་ལྟར་གལ་ཏེ་དངོས་པོ་སྐད་ཅིག་ཙམ་ཞིག་མི་རྟག་པ་


DTG096_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་བྲལ་བར་འགྱུར་ན་ནི་དེ་ལྟར་ན་ཡུན་རིང་དུ་བྲལ་བར་འགྱུར་ཏེ། དེ་ལྟར་ན་ཡང་རྟག་པ་ཉིད་དུ་ཐལ་བར་འགྱུར་བས་དེ་ཡང་མི་འདོད་དོ། །དེ་ལྟ་བས་ན་དངོས་པོ་རྣམས་ནི་རྟག་ཏུ་མི་རྟག་པ་ཉིད་དང་རྗེས་སུ་འབྲེལ་པས། འབྱུང་བ་འཇིག་པ་མེད་པར་ཡོད་པ་ཉིད་མ་ཡིན་ནོ། །དེ་ལ་འདི་སྙམ་དུ་འབྱུང་བ་ནི་འཇིག་པ་དང་ལྷན་ཅིག་ཡོད་པ་ཉིད་ཡིན་གྱི་འཇིག་པ་མེད་པར་ནི་མ་ཡིན་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། འབྱུང་བ་འཇིག་དང་ལྷན་ཅིག་ཏུ། །ཇི་ལྟར་ཡོད་པ་ཉིད་དུ་འགྱུར། །སྐྱེ་བ་འཆི་ཅང་དུས་གཅིག་ཏུ། །ཡོད་པ་ཉིད་དུ་མི་རིགས་བཞིན། །འདི་ལྟར་འབྱུང་བ་དང་འཇིག་པ་དང་ལྷན་ཅིག་ཇི་ལྟར་ཡོད་པར་འགྱུར་ཏེ། གང་གི་ཚེ་དོན་དེ་གཉིས་ཕན་ཚུན་མི་མཐུན་པ་དག་ཡིན་པ་དེའི་ཚེ་དེ་གཉིས་གཅིག་ལ་ལྷན་ཅིག་ཡོད་པ་མི་འཐད་དེ། དཔེར་ན་སྐྱེ་བ་ནི་འཆི་བ་དང་ཕན་ཚུན་མི་མཐུན་པའི་ཕྱིར་དུས་གཅིག་ན་ཡོད་པ་མ་ཡིན་པ་དེ་བཞིན་དུ། འབྱུང་བ་ཡང་འཇིག་པ་དང་མི་མཐུན་པའི་ཕྱིར་ལྷན་ཅིག་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཡོངས་སུ་བརྟགས་ན་འབྱུང་བ་དང་འཇིག་པ་དག་ཕན་ཚུན་མེད་པར་རམ། ཕན་ཚུན་ལྷན་ཅིག་ཏུ་འགྲུབ་པར་མི་འཐད་པས། གང་དག་ཕན་ཚུན་ལྷན་ཅིག་གམ། །ཕན་ཚུན་ལྷན་ཅིག་མ་ཡིན་པར། །གྲུབ་པ་ཡོད་པ་མ་ཡིན་པ། །དེ་དག་འགྲུབ་པ་ཇི་ལྟར་ཡོད། །འབྱུང་བ་དང་འཇིག་པ་གང་དག་ཕན་ཚུན་ལྷན་ཅིག་གམ། ཕན་ཚུན་ལྷན་ཅིག་མ་ཡིན་པར་གྲུབ་པ་ཡོད་པ་མ་ཡིན་པ་དེ་དག་དང་རྣམ་པ་གཞན་གང་གིས་འགྲུབ་པ་ཡོད་པར་སེམས། དེ་ལྟ་བས་ན་འབྱུང་བ་དང་འཇིག་པ་དག་ཡོད་པ་མ་ཡིན་ནོ། །དེ་དག་མེད་ན་དུས་ལ་སོགས་པ་དག་ཡོད་པར་ག་ལ་འགྱུར། སྨྲས་པ། གནས་པ་ཡོད་པས་སྐྱོན་མེད་དེ། འདི་ལ་འབྱུང་བ་དང་འཇིག་པ་དག་གི་བར་ན་གནས་པ་ཡོད་དེ། གནས་པ་ཡོད་པས་འབྱུང་བ་དང་འཇིག་པ་དག་གང་ཡང་རུང་བ་མེད་པར་ཡང་ཡོད་པ་མ་ཡིན་ལ། འབྱུང་བ་དང་འཇིག་པ་དག་དུས་གཅིག་ཏུ་ཡང་མི་འགྱུར་བས་དེའི་ཕྱིར་སྐྱོན་མེད་དོ། །བཤད་པ། དེ་ཡང་མི་འཐད་དེ། ཅིའི་ཕྱིར་ཞེ་ན། དངོས་པོ་རྣམས་ནི་མི་རྟག་པ་ཉིད་དང༌། རྗེས་སུ་འབྲེལ་པ་ཡིན་པས་དངོས་པོ་འགའ་ཡང་རང་གི་གནས་ན་སྐད་ཅིག་ཙམ་ཡང་མི་སྡོད་པའི་ཕྱིར་རོ། །དེའི་ཕྱིར། ཟད་ལ་འབྱུང་བ་ཡོད་མ་ཡིན། གང་གི་ཕྱིར་དངོས་པོ་རྣམས་མི་


DTG096_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་ཉིད་དང་ནམ་ཡང་མ་འབྲེལ་ཏེ་རྟག་ཏུ་མི་རྟག་པ་ཉིད་དང་རྗེས་སུ་འབྲེལ་པ་དེའི་ཕྱིར་དངོས་པོ་ཟད་པར་འགྱུར་བ་ལ་འབྱུང་བ་ཡོད་པ་མ་ཡིན་པ་ཉིད་དེ། འབྱུང་བ་མེད་ན་གནས་པ་ཡོད་པར་ག་ལ་འགྱུར། སྨྲས་པ། འབྱུང་བའི་དུས་ན་ཟད་པར་མི་འགྱུར་བས་དེའི་ཕྱིར་འབྱུང་བ་ཡོད་དོ། །འབྱུང་བ་གནས་པར་འགྱུར་ཞིང་གནས་པ་ཕྱིས་འཇིག་པར་འགྱུར་རོ། །བཤད་པ། མ་ཟད་པ་ལའང་འབྱུང་བ་མེད། །གང་ཟད་པའི་མཚན་ཉིད་དང་བྲལ་བ་དེ་ལ་ཡང་འབྱུང་བ་མེད་དེ། ཅིའི་ཕྱིར་ཞེ་ན། དངོས་པོ་མ་ཡིན་པའི་ཕྱིར་རོ། །འདི་ལྟར་དངོས་པོ་ནི་ཟད་པའི་མཚན་ཉིད་ཅན་ཡིན་པས་དེའི་ཕྱིར་གང་ཟད་པའི་མཚན་ཉིད་དང་བྲལ་བ་དེ་དངོས་པོ་ཉིད་མ་ཡིན་ནོ། །གང་དངོས་པོ་མ་ཡིན་པ་དེ་ལ་ཇི་ལྟར་འབྱུང་བར་འགྱུར་ཏེ། དེ་ལ་དེ་ལྟར་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཐ་སྙད་ཉིད་ཀྱང་མེད་པས། དེའི་ཕྱིར་མ་ཟད་པ་ལའང་འབྱུང་བ་མེད་དོ། །ཟད་ལ་འཇིག་པ་ཡོད་མ་ཡིན། །མ་ཟད་པ་ལ་འང་འཇིག་པ་མེད། །དེ་ལྟར་གང་གི་ཕྱིར་ཟད་པ་ལ་འབྱུང་བ་མི་འཐད་ལ་འབྱུང་བ་མེད་ན་གནས་པ་ཉིད་ཀྱང་མེད་པ་དེའི་ཕྱིར་མ་བྱུང་བ་དང་མི་གནས་པ་འདི་ཟད་པ་ལ་འཇིག་པ་ཡོད་པ་མ་ཡིན་ལ། མ་ཟད་པ་ལ་ཡོད་པ་མ་ཡིན་ནོ། །འབྱུང་བ་དང་འཇིག་པ་གང་དག་ཟད་པ་ལ་ཡོད་པ་མ་ཡིན་ལ། མ་ཟད་པ་ལ་ཡང་ཡོད་པ་མ་ཡིན་པ་དེ་དག་གཞན་གང་ཞིག་ལ་ཡོད་པར་འགྱུར་ཏེ། དེ་ལྟ་བས་ན་འབྱུང་བ་ཡང་ཡོད་པ་མ་ཡིན་ལ། འཇིག་པ་ཡང་ཡོད་པ་མ་ཡིན་ནོ། །སྨྲས་པ། རེ་ཞིག་དངོས་པོ་རྣམས་ནི་ཡོད་དེ་མ་བྱུང་བ་ནི་དངོས་པོར་མི་འཐད་པས་འབྱུང་བ་ཡང་རབ་ཏུ་གྲུབ་པ་ཉིད་དོ། །གང་ལས་བྱུང་བ་ཡོད་པ་དེ་ལ་འཇིག་པ་ཡང་ངེས་པར་ཡོད་པས་འཇིག་པ་ཡང་རབ་ཏུ་གྲུབ་པ་ཉིད་དོ། །བཤད་པ། ཅི་ཁྱོད་ཤིང་བི་དུ་ལའི་ཤིང་ཏོག་དག་འདོད་དམ། ཁྱོད་འབྱུང་བ་དང་འཇིག་པ་དག་ཡོད་པ་མ་ཡིན་པར་དངོས་པོ་ཡོད་པར་འདོད་ཀོ །འབྱུང་བ་དང་འཇིག་པ་དག་བསལ་བས་དངོས་པོ་ཡང་བསལ་བ་ཉིད་མ་ཡིན་ནམ། དེ་ཇི་ལྟར་ཞེ་ན། གང་གི་ཕྱིར། འབྱུང་དང་འཇིག་པ་མེད་པར་ནི། །དངོས་པོ་ཡོད་པ་མ་ཡིན་ནོ། །འདི་ལྟར་གལ་ཏེ་དངོས་པོ་འགའ་ཞིག་ཡོད་པར་གྱུར་ན་དེ་འབྱུང་བའི་ཆོས་ཅན་ནམ། འཇིག་པའི་ཆོས་ཅན་ཞིག་ཡིན་གྲང་ན། གང་གི་ཚེ་འབྱུང་བ་དང་འཇིག་པ་དག་


DTG096_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཐད་པ་ཡིན་པ་དེའི་ཚེ། དངོས་པོ་ཡོད་དོ་ཞེས་བྱ་བ་དེ་ཇི་ལྟར་འཐད་པར་འགྱུར། དངོས་པོ་ཡོད་པ་མ་ཡིན་པར། །འབྱུང་དང་འཇིག་པ་ཡོད་མ་ཡིན། །དེ་ལྟར་གང་གི་ཕྱིར་ཡོངས་སུ་བརྟགས་ན་དངོས་པོ་ཉིད་མི་འཐད་པ་དེའི་ཕྱིར་དངོས་པོ་ཡོད་པ་མ་ཡིན་པར་གཞི་མེད་པའི་འབྱུང་བ་དང་འཇིག་པ་དག་ཡོད་པ་མ་ཡིན་པས། དེ་ལ་དངོས་པོ་ཡོད་ན་འབྱུང་བ་དང་འཇིག་པ་དག་ཀྱང་རབ་ཏུ་གྲུབ་པ་ཉིད་དོ་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ། །ཡང་གཞན་ཡང༌། འདི་ལ་གལ་ཏེ་འབྱུང་བ་དང་འཇིག་པ་དག་ཡོད་པར་གྱུར་ན། དེ་དག་དངོས་པོ་ངོ་བོ་ཉིད་སྟོང་པའམ་མི་སྟོང་བ་ལ་ཡོད་པར་འགྱུར་གྲང་ན། དེ་ལ་སྟོང་ལ་འབྱུང་དང་འཇིག་པ་དག །འཐད་པ་ཉིད་ནི་མ་ཡིན་ནོ། །རེ་ཞིག་དངོས་པོ་ངོ་བོ་ཉིད་སྟོང་པ་ལ་འབྱུང་བ་དང་འཇིག་པ་དག་ཡོད་པར་མི་འཐད་དེ། ཅིའི་ཕྱིར་ཞེ་ན། ཡོད་པ་མ་ཡིན་པའི་ཕྱིར་རོ། །འདི་ལྟར་ངོ་བོ་ཉིད་ཡོད་པ་མ་ཡིན་པ་ལ་དེ་དག་གང་གིས་ཡོད་པར་འགྱུར། ངོ་བོ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་གང་གི་འདིའོ་ཞེས་ཐ་སྙད་གདགས་པ་ཉིད་ཀྱང་ཡོད་པ་མ་ཡིན་པ་དེ་ལ་ཅི་ཞིག་འབྱུང་ངོ་ཞེའམ། ཅི་ཞིག་འཇིག་གོ་ཞེས་ཇི་སྐད་དུ་བརྗོད་པར་བྱ། དེ་ལྟ་བས་ན་སྟོང་བ་ལ་འབྱུང་བ་དང་འཇིག་པ་དག་འཐད་པ་ཉིད་མ་ཡིན་ནོ། །དེ་ལ་འདི་སྙམ་དུ་དངོས་པོ་ངོ་བོ་ཉིད་མི་སྟོང་བ་ལ་འབྱུང་བ་དང་འཇིག་པ་དག་ཡོད་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། མི་སྟོང་པ་ལ་འང་འབྱུང་འཇིག་དག །འཐད་པ་ཉིད་ནི་མ་ཡིན་ནོ། །དངོས་པོ་རང་གི་བདག་ཉིད་ཀྱིས་ཡོད་པར་འགྱུར་བ་མེད་པ་ལ་འབྱུང་བ་དང་འཇིག་པ་དག་ཡོད་པར་འཐད་པ་ཉིད་མ་ཡིན་ཏེ། འདི་ལྟར་རང་བཞིན་ནི་གཞན་དུ་མི་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་མི་སྟོང་པ་ལ་ཡང་འབྱུང་བ་དང་འཇིག་པ་དག་འཐད་པ་ཉིད་མ་ཡིན་ནོ། །ཡང་གཞན་ཡང༌། འདི་ལ་གལ་ཏེ་འབྱུང་བ་དང་འཇིག་པ་དག་ཡོད་པར་གྱུར་ན། གཅིག་པ་ཉིད་དམ་གཞན་ཉིད་དུ་འགྱུར་གྲང་ན། དེ་ལ། འབྱུང་བ་དང་ནི་འཇིག་པ་དག །གཅིག་པ་ཉིད་དུ་མི་འཐད་དོ། །འབྱུང་བ་དང་ནི་འཇིག་པ་དག །གཞན་ཉིད་དུ་ཡང་མི་འཐད་དོ། །རེ་ཞིག་འབྱུང་བ་དང་འཇིག་པ་དག་གཅིག་པ་ཉིད་དུ་མི་འཐད་དེ། ཅིའི་ཕྱིར་ཞེ་ན། འདི་ལྟར་འབྱུང་བ་ནི་སྐྱེ་བ་ཡིན་ལ་འཇིག་པ་ནི་འགའ་པ་སྟེ། དོན་ཐ་དད་པའི་ཕྱིར་མི་མཐུན་པ་དེ་གཉིས་ཇི་ལྟར་གཅིག་པ་ཉིད་དུ་


DTG096_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། འབྱུང་བ་དང་འཇིག་པ་དག་གཞན་ཉིད་དུ་ཡང་མི་འཐད་དེ། ཅིའི་ཕྱིར་ཞེ་ན། དངོས་པོ་ཐམས་ཅད་ནི་ཟད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་ཏེ། འདི་ལྟར་དངོས་པོ་འགའ་ཡང་སྐད་ཅིག་ཙམ་ཡང་མི་རྟག་པ་ཉིད་དང་བྲལ་བ་མེད་པ་དེའི་ཕྱིར་དངོས་པོ་ཐམས་ཅད་ཟད་པའི་བདག་ཉིད་ཅན་ཡིན་ནོ། །དངོས་པོ་ནི་ངོ་བོ་ཉིད་ལས་གཞན་ཉིད་དུ་མི་འཐད་པས་འབྱུང་བ་དང་འཇིག་པ་དག་གཞན་ཉིད་དུ་མི་འཐད་དོ། །དེ་ལྟར་གང་གི་ཕྱིར་འབྱུང་བ་དང་འཇིག་པ་དག་གཅིག་པ་ཉིད་དང་གཞན་ཉིད་དུ་མི་འཐད་པའི་ཕྱིར་འབྱུང་བ་དང༌། འཇིག་པ་དག་མི་འཐད་པ་ཉིད་དོ། །འབྱུང་བ་དང་ནི་འཇིག་པ་དག །མཐོང་ངོ་སྙམ་དུ་ཁྱོད་སེམས་ན། །ཁྱོད་འདི་སྙམ་དུ་དངོས་པོ་རྣམས་ཀྱི་འབྱུང་བ་དང་འཇིག་པ་དག་མངོན་སུམ་ཉིད་དུ་མཐོང་བས་དེ་ལ་འཐད་པ་གཞན་ཅི་དགོས་སྙམ་དུ་སེམས་ནའོ། །དེ་ནི་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར། འབྱུང་བ་དང་ནི་འཇིག་པ་དག །གཏི་མུག་ཉིད་ཀྱིས་མཐོང་བ་ཡིན། །གཏི་མུག་གིས་སེམས་བསྒྲིབས་པ་མི་མཁས་པ་དག་འབྱུང་བ་དང་འཇིག་པ་དག་མཐོང་ངོ་སྙམ་དུ་དེ་ལྟར་སེམས་ཀྱི་འབྱུང་བ་དང་འཇིག་པ་དག་མཐོང་བར་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་གལ་ཏེ་འབྱུང་བ་དང་འཇིག་པ་དག་ཡོད་པར་འགྱུར་ན་དངོས་པོ་འམ་དངོས་པོ་མེད་པ་ལ་བརྟེན་གྲང་ན། དངོས་པོ་དང་དངོས་པོ་མེད་པ་དེ་དག་ནི་ཡོད་པ་མ་ཡིན་ཏེ། དེ་དག་མེད་ན་གཞི་མེད་པའི་འབྱུང་བ་དང༌། འཇིག་པ་དག་མཐོང་བར་ག་ལ་རིགས། སྨྲས་པ། དངོས་པོ་དང་དངོས་པོ་མེད་པ་དག་ཇི་ལྟར་ཡོད་པ་མ་ཡིན། བཤད་པ། འདི་ལ་གལ་ཏེ་དངོས་པོ་དང་དངོས་པོ་མེད་པ་དག་ཡོད་པར་གྱུར་ན། དེ་དག་དངོས་པོ་ལས་སམ། དངོས་པོ་མེད་པ་ལས་སྐྱེ་གྲང་ན། དེ་ལ། དངོས་པོ་དངོས་ལས་མི་སྐྱེ་སྟེ། །དངོས་མེད་དངོས་ལས་མི་སྐྱེའོ། །དངོས་པོ་དངོས་ཡོད་མི་སྐྱེ་སྟེ། །དངོས་མེད་དངོས་མེད་མི་སྐྱེའོ། །དེ་ལ་རེ་ཞིག་དངོས་པོ་དངོས་པོ་ལས་སྐྱེ་བ་མེད་དེ། འདི་ལྟར་བུམ་པ་ནི་འཇིམ་པ་ངེས་པར་གནས་པ་ལས་མི་སྐྱེའོ། །ཅི་སྟེ་བུམ་པ་ནི་འཇིམ་པ་བཅོས་པ་ལས་སྐྱེ་བར་སེམས་ན། དེ་ལྟར་ན་ཡང་འཇིམ་པ་བཅས་ཤིང་འགགས་པ་ན། བུམ་པ་སྐྱེ་བས་དངོས་པོ་དངོས་པོ་ལས་སྐྱེ་བ་མ་ཡིན་ཏེ། འདི་ལྟར་འགགས་ཤིང་མེད་པ་ནི་དངོས་པོ་མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་དག་དོན་ཐ་དད་པའི་ཕྱིར་རོ། །ཅི་སྟེ་


DTG096_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདི་སྙམ་དུ་འཇིམ་པའི་དངོས་པོ་ཉིད་བུམ་པ་ཡིན་པར་སེམས་ན། དེ་ལྟ་ན་ཡང་དངོས་པོ་དངོས་པོ་ལས་སྐྱེ་བ་མ་ཡིན་ཏེ། འཇིམ་པ་ལས་གཞན་པའི་དངོས་པོ་གཞན་མི་སྐྱེ་བའི་ཕྱིར་ཏེ། འཇིམ་པ་ཉིད་བུམ་པར་བརྗོད་པའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་ཤིང་ཏོག་གི་དངོས་པོ་ཤིང་ལྗོན་པའི་དངོས་པོ་ལས་སྐྱེ་བར་སེམས་ན། དེ་ཡང་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། ཤིང་ཏོག་ལས་ཤིང་ལྗོན་པ་གཞན་ཡིན་པར་མི་འཐད་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་དངོས་པོ་དངོས་པོ་ལས་སྐྱེ་བ་མེད་དོ། །དངོས་པོ་མེད་པ་ཡང་དངོས་པོ་ལས་སྐྱེ་བ་མེད་དེ། འདི་ལྟར་བུམ་པ་ཆག་པ་ནི་བུམ་པ་ངེས་པར་གནས་པ་ལས་མི་སྐྱེ་སྟེ། ངེས་པར་གནས་པ་ལ་ཆག་པ་མེད་པའི་ཕྱིར་རོ། །བུམ་པ་ཆག་པ་བུམ་པའི་དངོས་པོ་ལས་ཀྱང་མི་སྐྱེ་སྟེ། ཆག་ཅིང་མེད་པ་ནི་དངོས་པོ་མེད་པའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་བུམ་པ་དངོས་པོ་མེད་པ་ཐོ་བའི་དངོས་པོ་ལས་སྐྱེ་བར་སེམས་ན་དེ་ཡང་མི་རུང་སྟེ། འདི་ལྟར་གལ་ཏེ་དངོས་པོ་མེད་པ་ཐོ་བ་ལས་སྐྱེ་བར་འགྱུར་ན་བུམ་པ་མེད་པར་ཡང་སྐྱེ་བར་འགྱུར་རོ། །གལ་ཏེ་དངོས་པོ་མེད་པ་སྐྱེ་ན་དངོས་པོ་མེད་པ་ཉིད་དུ་མི་འགྱུར་ཏེ། སྐྱེ་བ་ཡོད་པའི་ཕྱིར་རོ། །སྐྱེ་བ་ཞེས་བྱ་བ་ཅི་ཡང་མེད་ན་ནི་སྐྱེའོ། །ཞེས་བྱ་བ་དེ་ལ་སུ་ཞིག་ཡིད་ཆེས་པར་རིགས། དེ་ལྟ་བས་ན་དངོས་པོ་མེད་པ་ཡང་དངོས་པོ་ལས་སྐྱེ་བ་མེད་དོ། །དངོས་པོ་ཡང་དངོས་པོ་མེད་པ་ལས་སྐྱེ་བ་མེད་དེ། འདི་ལྟར་བུམ་པ་ནི་འཇིམ་པ་འགགས་པ་ལས་མི་སྐྱེ་སྟེ། འགགས་པ་ནི་མེད་པའི་ཕྱིར་རོ། །ཅི་སྟེ་དངོས་པོ་འགགས་ཤིང་མེད་པ་ལས་སྐྱེ་བར་གྱུར་ན། དེ་ལྟ་ན་དངོས་པོ་སྐྱེ་བ་རྒྱུ་མེད་པ་ཅན་དུ་འགྱུར་པས་དེ་མི་འདོད་དེ། དུས་ཐམས་ཅད་དུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བ་དང་རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་དངོས་པོ་ཡང་དངོས་པོ་མེད་པ་ལས་སྐྱེ་བ་མེད་དེ། དངོས་པོ་མེད་པ་ཡང་དངོས་པོ་མེད་པ་ལས་སྐྱེ་བ་མེད་དོ། །འདི་ལྟར་དངོས་པོ་མེད་པ་བུམ་པའི་དངོས་པོ་མེད་པ་ལས་མི་སྐྱེ་སྟེ། བུམ་པའི་དངོས་པོ་མེད་པ་ནི་བུམ་པ་ལོག་པ་ཙམ་སྟེ། ཅི་ཡང་མེད་པའི་ཕྱིར་དང་བསྐྱེད་པར་བྱ་བའི་དོན་ནི་ཅི་ཞིག་གང་ཡིན་པའི་ཕྱིར་རོ། །ཅི་སྟེ་ཅི་ཡང་མེད་པ་ཅི་ཡང་མེད་པ་ལས་སྐྱེ་བར་འགྱུར་ན་ནི་དེ་ལྟ་ན་རི་བོང་གི་རྭ་ཡང་རྟའི་རྭ་ལས་སྐྱེ་བར་འགྱུར་རོ། །ཅི་སྟེ་དངོས་པོ་མེད་པ་ཅི་ཞིག་ཡིན་ན་ནི་ཅི་ཞིག་ཡིན་པའི་ཕྱིར་དངོས་པོ་ཉིད་


DTG096_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི་དངོས་པོ་མེད་པ་མ་ཡིན་ནོ། །དེ་ལྟ་བས་ན་དངོས་པོ་མེད་པ་ཡང་དངོས་མེད་པ་ལས་སྐྱེ་བ་མེད་དོ། །ཡང་གཞན་ཡང༌། འདི་ལྟར་གལ་ཏེ་དངོས་པོ་སྐྱེ་བར་འགྱུར་ན་དེ་བདག་ལས་སམ་གཞན་ལས་སམ་གཉི་ག་ལས་སྐྱེ་བར་འགྱུར་གྲང་ན། དེ་ལ་དངོས་པོ་བདག་ལས་མི་སྐྱེ་སྟེ། །གཞན་ལས་སྐྱེ་བ་ཉིད་མ་ཡིན། །བདག་དང་གཞན་ལས་སྐྱེ་བ་ནི། །ཡོད་མིན་ཇི་ལྟར་སྐྱེ་བར་འགྱུར། །རེ་ཞིག་དངོས་པོ་ནི་བདག་ལས་སྐྱེ་བ་མེད་དེ། རང་གི་བདག་ཉིད་ཀྱིས་ཡོད་པ་ལ་ནི་ཡང་སྐྱེ་བར་བརྟག་པ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། ཐུག་པ་མེད་པར་ཐལ་བའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །རང་གི་བདག་ཉིད་ཀྱིས་མེད་པ་ལ་ནི་བདག་ལས་ཞེས་བྱ་བའི་ཚིག་ཀྱང་མི་འཐད་པའི་ཕྱིར་ཏེ། དེ་ལྟ་བས་ན་དངོས་པོ་ནི་བདག་ལས་སྐྱེ་བ་མེད་དོ། །དངོས་པོ་ནི་གནས་ལས་ཀྱང་སྐྱེ་བ་མེད་དེ། དངོས་པོ་མ་སྐྱེས་ཤིང་མེད་པ་ལ་གཞན་མི་འཐད་པའི་ཕྱིར་རོ། །འདི་ལྟར་འགའ་ཞིག་ཡོད་ན་གཞན་ཡང་ཡོད་པར་འགྱུར་ན་དེ་ཡང་མེད་དེ། དེ་མེད་ན་གཞན་ཡོད་པར་ག་ལ་འགྱུར། ཅི་སྟེ་འགྱུར་ན་ནི་དེ་ཉིད་དངོས་པོ་ཡིན་པས་ཡོད་པ་དེ་ལ་ཡང་སྐྱེ་བར་ཅི་བྱ་སྟེ། སྐྱེ་བར་བརྟགས་པ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་མ་སྐྱེས་པས་གཞན་མེད་པ་ཁོ་ནའི་ཕྱིར། དངོས་པོ་ནི་བདག་དང་གཞན་ལས་ཀྱང་སྐྱེ་བ་མེད་དེ། ཇི་སྐད་བསྟན་པའི་སྐྱོན་གཉི་གར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་དངོས་པོ་ནི་གཉི་ག་ལས་ཀྱང་སྐྱེ་བ་མེད་དོ། །དངོས་པོ་གང་བདག་དང་གཞན་དང་གཉི་ག་ལས་སྐྱེ་བ་མེད་པ་དེ་དག་གཞན་གང་ལས་སྐྱེ་བར་སེམས། དེ་ལྟ་བས་ན་དངོས་པོ་མི་འཐད་དོ། །དངོས་པོ་ཡོད་པ་མ་ཡིན་ན་གང་གི་དངོས་པོ་མེད་པར་འགྱུར། དངོས་པོ་དང་དངོས་པོ་མེད་པ་དག་ཡོད་པ་མ་ཡིན་ན་གཞི་མེད་པར་འབྱུང་བ་དང་འཇིག་པ་དག་ཇི་ལྟར་ཡོད་པར་གྱུར་ན། ཡང་གཞན་ཡང༌། དངོས་པོ་ཡོད་པར་ཁས་བླངས་ན། །རྟག་དང་ཆད་པར་ལྟ་བར་ནི། །ཐལ་བར་འགྱུར་ཏེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། །དངོས་པོ་ལྟ་བ་ཡོད་ན་སྐྱོན་ཆེན་པོ་གཞན་འདིར་ཡང་འགྱུར་ཏེ། གང་གི་ཕྱིར་དངོས་པོ་དེ་ཡོད་པར་ཁས་བླངས་ན་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་འགྱུར་རོ། །ཇི་ལྟར་ཞེ་ན། འདི་ལྟར་ཡོད་པ་དེ་ནི་རྟག་པ་དང་མི་རྟག་པའི་ཕྱིར་ཏེ། དངོས་པོ་གང་ཡིན་པ་དེ་ཡོད་པར་ཁས་ལེན་ན་དེ་


DTG096_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་འམ། མི་རྟག་པར་འགྱུར་ཏེ། དེ་ལས་གཞན་དུ་མི་འཐད་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་གལ་ཏེ་དངོས་པོ་དེ་རྟག་ན་ནི་རྟག་པའི་སྐྱོན་དུ་ཐལ་བར་འགྱུར་ལ། འོན་ཏེ་མི་རྟག་ན་ནི་ཆད་པའི་སྐྱོན་དུ་ཐལ་བར་འགྱུར་བས་དེ་ཡང་མི་འདོད་དེ་སྐྱོན་ཆེ་བའི་ཕྱིར་རོ། །སྨྲས་པ། དངོས་པོ་ཡོད་པར་ཁས་བླངས་ཀྱང༌། །ཆད་པར་མི་འགྱུར་རྟག་མི་འགྱུར། །འདི་ལྟར་དངོས་པོ་ཡོད་པར་ཁས་བླངས་ཀྱང༌། །རྟག་པར་ལྟ་བར་ཐལ་བར་ཡང་མི་འགྱུར་ལ། ཆད་པར་ལྟ་བར་ཐལ་བར་ཡང་མི་འགྱུར་ཏེ། ཁྱོད་གཞུང་ལུགས་གསལ་བར་མི་ཤེས་པས་དེ་ལྟར་སེམས་པར་ཟད་དོ། །འདི་ལྟར་གལ་ཏེ་དངོས་པོ་ཡོད་པར་ཁས་བླངས་ན། རྟག་པ་དང་ཆད་པའི་སྐྱོན་དུ་ཐལ་བར་འགྱུར་ན། དེ་ལྟ་ན་སྲིད་པ་མི་འཐད་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རྟག་པ་ནི་དེས་པར་གནས་པའི་ཕྱིར་དང༌། ཆད་པ་ནི་མི་འཇུག་པའི་ཕྱིར་རོ། །དངོས་པོར་ལྟ་བ་ཡོད་ན་ཡང་སྲིད་པ་འཐད་པས་དེའི་ཕྱིར་རྟག་པ་དང་ཆད་པར་ལྟ་བའི་སྐྱོན་དུ་ཐལ་བར་མི་འགྱུར་རོ། །དེ་ཇི་ལྟར་ཞེ་ན། འབྲས་བུ་རྒྱུ་ཡི་འབྱུང་འཇིག་གི །རྒྱུན་དེ་སྲིད་པ་ཡིན་ཕྱིར་རོ། །འདི་ལྟར་འབྲས་བུ་དང་རྒྱུའི་འབྱུང་བ་དང་འཇིག་པའི་རྒྱུན་གང་ཡིན་པ་དེ་ནི་སྲིད་པ་ཡིན་ཏེ། དེ་ལ་གང་གི་ཕྱིར་རྒྱུ་འཇིག་པར་འགྱུར་བ་དེའི་ཕྱིར་རྟག་པའི་སྐྱོན་དུ་ཐལ་བར་མི་འགྱུར་ལ། གང་གི་ཕྱིར་རྒྱུ་འགག་བཞིན་པ་ལས་འབྲས་བུ་འབྱུང་བར་འགྱུར་བ་དེའི་ཕྱིར་ཆད་པའི་སྐྱོན་དུ་ཐལ་བར་མི་འགྱུར་ཏེ། དེའི་ཕྱིར་དེ་ལྟར་དངོས་པོ་ཡོད་པར་ཁས་བླངས་ཀྱང་སྲིད་པ་ཡོད་པའི་ཕྱིར་རྟག་པ་དང་ཆད་པའི་སྐྱོན་དུ་ཐལ་བར་མི་འགྱུར་རོ། །བཤད་པ། གལ་ཏེ་འབྲས་བུའི་འབྱུང་འཇིག་གི །རྒྱུན་དེ་སྲིད་པ་ཡིན་གྱུར་ན། །འཇིག་ལ་ཡང་སྐྱེ་མེད་པའི་ཕྱིར། །རྒྱུ་ནི་ཆད་པར་ཐལ་བར་འགྱུར། །གལ་ཏེ་འབྲས་བུ་དང་རྒྱུའི་འབྱུང་བ་དང་འཇིག་པའི་རྒྱུན་གང་ཡིན་པ་དེ་སྲིད་པ་ཡིན་པར་གྱུར་ན། དེ་ལྟ་ན་ཡང་ཁྱོད་ལ་ཆད་པ་ཁོ་ནར་ཐལ་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འཇིག་པ་ལ་ཡང་སྐྱེ་བ་མེད་པའི་ཕྱིར་ཏེ། འདི་ལྟར་རྒྱུ་འགགས་པ་ལ་ཡང་སྐྱེ་བ་མེད་པའི་ཕྱིར་རོ། །དེ་ལྟར་རྒྱུ་འགགས་པ་ལ་ཡང་སྐྱེ་བ་མེད་པའི་ཕྱིར། རྒྱུ་ཆད་པ་ཁོ་ནར་ཐལ་བར་འགྱུར་རོ། །སྨྲས་པ། མི་འགྱུར་ཏེ་རྒྱུ་ལམ་འབྲས་བུ་གཞན་ཉིད་མ་ཡིན་པའི་ཕྱིར་རོ། །འདི་ལྟར་རྒྱུ་ལས་འབྲས་བུ་གཞན་ཉིད་ཡིན་པར་མི་འཐད་དོ། །ཁྱོད་ཀྱིས་ཀྱང༌། གང་ལ་བརྟེན་ཏེ་


DTG096_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་བའང་མ་ཡིན་ཕྱིར། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་སྨྲས་པས། དེས་ན་རྒྱུ་ལས་འབྲས་བུ་གཞན་ཉིད་མ་ཡིན་པའི་ཕྱིར་རྒྱུ་ཆད་པར་མི་འགྱུར་རོ། །བཤད་པ། ཁོ་བོས་དེ་སྐད་སྨྲ་མོད་ཀྱི་ཁྱོད་ཀྱིས་དེའི་རྟེན་གྱི་དེ་ཁོ་ན་ཁོང་དུ་མ་ཆུད་དོ། འདི་ལྟར་གལ་ཏེ་དངོས་པོ་འགག་ཅིང་དངོས་པོ་ཉིད་སྐྱེ་བར་འགྱུར་ན། དེ་གཉིས་དེ་ཉིད་དམ་གཞན་ཉིད་དུ་ཇི་ལྟར་མི་འགྱུར། འདི་ལྟར་གལ་ཏེ་རེ་ཞིག་རྒྱུས་རྒྱུའི་གནས་སྐབས་སྤངས་ཏེ་འབྲས་བུའི་གནས་སྐབས་སུ་འཕོ་བར་གྱུར་ན་ནི། དེ་ལྟ་ན་དེ་ཉིད་རྒྱུ་ཡིན་ཏེ། དེའི་གནས་སྐབས་གཞན་དང་གཞན་དུ་གྱུར་པ་འབའ་ཞིག་ཏུ་ཟད་དོ། །དཔེར་ན་བྲོ་གར་མཁན་གྱིས་ཆ་ལུགས་གཞན་སྤངས་ཏེ། ཆ་ལུགས་གཞན་ལན་པར་བྱེད་པ་དེ་ལ་ཆ་ལུགས་ཐ་དད་པ་ཉིད་དུ་འགྱུར་བ་འབའ་ཞིག་ཏུ་ཟད་ཀྱི་བྲོ་གར་མཁན་ལ་ཐ་དད་པ་མེད་པ་དེ་ཆ་ལུགས་ཐ་དད་པར་གྱུར་ཀྱང༌། དེ་ཉིད་བྲོ་གར་མཁན་ཡིན་པ་དེ་བཞིན་དུ། གནས་སྐབས་གཞན་དུ་འཕོས་སུ་ཟིན་ཀྱང༌། དེ་ཉིད་རྒྱུ་ཡིན་ན་ཇི་ལྟར་དེ་ཉིད་ཡིན་པར་མི་འགྱུར། ཅི་སྟེ་ཡང་འདི་སྙམ་དུ་རྒྱུ་ནི་གནས་སྐབས་གཞན་དུ་མི་འཕོ་བར་རྒྱུ་འགག་པར་འགྱུར་ཏེ། རྒྱུ་འགགས་པ་ན་འབྲས་བུ་སྐྱེ་བར་འགྱུར་བར་སེམས་ན། དེ་ལྟ་ན་ཡང་གང་གི་ཚེ་གཞན་འགགས་པ་ལ་གཞན་སྐྱེས་པ་དེའི་ཚེ་ཇི་ལྟར་གཞན་ཉིད་དུ་མི་འགྱུར། ཁོ་བོ་ཅག་ལ་ནི་དངོས་པོ་ལ་བརྟེན་ནས་གདགས་པ་ངོ་བོ་ཉིད་སྟོང་པ་སྒྱུ་མ་དང་སྨིག་རྒྱུ་དང་གཟུགས་བརྙན་ལྟ་བུ་རྣམས་ལ་དངོས་པོ་དེ་གང་གིར་འགྱུར་ཏེ་དངོས་པོ་དེ་གང་ལས་གཞན་དུ་འགྱུར་ཏེ་དེ་ཉིད་དང་གཞན་ཉིད་དུ་འགྱུར་བ་མེད་དོ། །དེ་ལྟ་བས་ན་དངོས་པོར་ལྟ་བ་ཡོད་ན་རྒྱུ་འགགས་པ་ཡང་སྐྱེ་བ་མེད་པའི་ཕྱིར་རྒྱུན་ཆད་པ་ཁོ་ནར་ཐལ་བར་འགྱུར་རོ། །ཡང་གཞན་ཡང༌། དངོས་པོ་ངོ་བོ་ཉིད་ཡོད་ན། །དངོས་མེད་འགྱུར་བར་མི་རིགས་སོ། །དངོས་པོ་ངོ་བོ་ཉིད་ཀྱིས་ཡོད་ན་ངོ་བོ་ཉིད་ཡོད་པ་ནི་དངོས་པོ་མེད་པར་འགྱུར་བར་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། རང་བཞིན་ནི་གཞན་དུ་མི་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དངོས་པོར་ལྟ་བ་ཡོད་ན་རྒྱུ་ཡང་འགག་པར་མི་འཐད་ལ་འབྲས་བུ་ཡང་སྐྱེ་བར་མི་འཐད་དེ་སྐྱེ་བ་དང་འགག་པ་དག་ནི་བཀག་པར་གྱུར་པ་ཡིན་པའི་ཕྱིར། དེ་ལ་རྟག་པ་ཁོ་ནའི་སྐྱོན་དུ་ཐལ་བར་འགྱུར་རོ། །ཡང་གཞན་


DTG096_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཡང། མྱ་ངན་འདས་པའི་དུས་ན་ཆད། །སྲིད་རྒྱུན་རབ་ཏུ་ཞི་ཕྱིར་རོ། །མྱ་ངན་ལས་འདས་པའི་དུས་ན་དགྲ་བཅོམ་པའི་སྲིད་པའི་རྒྱུན་རབ་ཏུ་ཞི་བའི་ཕྱིར་ཆད་པ་ཁོ་ནའི་སྐྱོན་དུ་ཡང་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་སྲིད་པའི་རྒྱུན་དེ་ཡོད་པར་རྟོག་ན་ཡང་རྟག་པ་དང་ཆད་པ་ཁོ་ནའི་སྐྱོན་དུ་ཐལ་བར་འགྱུར་རོ།། སྨྲས་པ། རེ་ཞིག་སྲིད་པའི་རྒྱུན་ནི་རབ་ཏུ་གྲུབ་པོ། །མྱ་ངན་ལས་འདས་པའི་དུས་ན་དགྲ་བཅོམ་པའི་སྲིད་པའི་རྒྱུན་ལྡོག་པ་ནི་ཁོ་བོ་ཅག་ལ་མི་གནོད་པས་མྱ་ངན་ལས་འདས་པའི་དུས་ན་དེ་ཆད་པར་འགྱུར་ཀྱང་སླའོ། །བཤད་པ། ཁྱོད་ཀྱི་སྲིད་པའི་རྒྱུན་ཡོད་ན་རྟག་པ་དང་ཆད་པའི་སྐྱོན་དུ་ཐལ་བར་མི་འགྱུར་རོ་ཞེས་གང་སྨྲས་པ་དེ་ཉིད་ཀྱང་ཁོ་བོས་སྲིད་པའི་རྒྱུན་ཡོད་ཀྱང་རྟག་པ་དང་ཆད་པ་ཁོ་ནའི་སྐྱོན་དུ་ཐལ་བར་འགྱུར་རོ་ཞེས་རབ་ཏུ་བསྟན་ཟིན་ཏོ། །རེ་ཞིག་སྲིད་པའི་རྒྱུན་ནི་རབ་ཏུ་གྲུབ་པོ་ཞེས་གང་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། སྲིད་པའི་རྒྱུན་ནི་ཇི་ལྟར་ཡང་མི་འཐད་པ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། ཐ་མ་འགགས་པར་གྱུར་པ་ནི། །སྲིད་པ་དང་པོར་སྦྱོར་མི་འགྱུར། །ད་ལྟར་གྱི་སྲིད་པའི་མཇུག་གི་སེམས་ནི་སྲིད་པ་ཐ་མའོ། །མ་འོངས་པའི་སྲིད་པའི་སེམས་སྐྱེ་པའི་དང་པོ་ནི་སྲིད་པ་དང་པོའོ། །དེ་ལ་རེ་ཞིག་སྲིད་པ་ཐ་མ་འགགས་པ་ནི་སྲིད་པ་དང་པོ་དང་ཉིད་མཚམས་སྦྱོར་བ་མེད་དེ། སྲིད་པ་ཐ་མ་འགགས་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །འདི་ལྟར་དངོས་པོ་འགགས་ཤིང་མེད་པ་ལས་ཇི་ལྟར་དངོས་པོ་སྐྱེ་བར་འགྱུར། ཅི་སྟེ་སྲིད་པ་ཐ་མ་འགགས་ཀྱང་སྲིད་པ་དང་པོ་སྐྱེ་བར་འགྱུར་ན་ནི། དེ་ལྟ་ན་སྲིད་པ་དང་པོ་རྒྱུ་མེད་པ་ལས་འབྱུང་བར་འགྱུར་བས། དེ་ནི་མི་འདོད་དེ་སྐྱོན་དུ་མར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་སྲིད་པ་ཐ་མ་མ་འགགས་པ་སྲིད་པ་དང་པོ་དང་ཉིད་མཚམས་སྦྱོར་བར་སེམས་ན། དེ་ལ་བཤད་པར་བྱ་སྟེ། ཐ་མ་འགགས་པར་མ་གྱུར་པ། །སྲིད་པ་དང་པོར་སྦྱོར་མི་འགྱུར། །སྲིད་པ་ཐ་མ་མ་འགགས་པ་ཡང་སྲིད་པ་དང་པོ་དང་ཉིད་མཚམས་སྦྱོར་བ་མེད་དེ། ཅིའི་ཕྱིར་ཞེ་ན། སྲིད་པ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་དང༌། རྒྱུ་མེད་པ་ལས་བྱུང་བའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །སྨྲས་པ། སྲིད་པ་ཐ་མ་འགག་པ་དང་མ་འགགས་པ་སྲིད་པ་དང་པོ་དང་ཉིད་མཚམས་སྦྱོར་བ་མེད་མོད་ཀྱི་འོན་ཀྱང་འགག་བཞིན་པ་ཉིད་མཚམས་


DTG096_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་རོ། །བཤད་པ། གལ་ཏེ་ཐ་མ་འགག་བཞིན་པ། །དང་པོ་སྐྱེ་བར་འགྱུར་ན་ནི། །འགག་བཞིན་པ་ནི་གཅིག་འགྱུར་ཞིང༌། །སྐྱེ་བཞིན་པ་ཡང་གཞན་དུ་འགྱུར། །གལ་ཏེ་སྲིད་པ་ཐ་མ་འགག་བཞིན་པ་སྲིད་པ་དང་པོ་དང་ཉིད་མཚམས་སྦྱོར་བར་གྱུར་ན། འགག་བཞིན་པ་ནི་ཕྱེད་འགགས་པའི་ཕྱིར་དང༌། སྐྱེ་བཞིན་པ་ཡང་བྱེད་སྐྱེས་པའི་ཕྱིར་དེ་གཉིས་སྲིད་པ་གཉིས་སུ་ཐལ་བའི་སྐྱོན་དུ་འགྱུར་ཏེ། འགག་བཞིན་པ་དང་སྐྱེ་བཞིན་པ་དག་ཡོད་པའི་ཕྱིར་རོ། །སྨྲས་པ། སྲིད་པ་ཐ་མ་འགགས་པ་དང་འགག་བཞིན་པ་སྲིད་པ་དང་པོ་དང་ཉིད་མཚམས་སྦྱོར་བ་མེད་དོ་ཞེས་བྱ་བ་དེས་ཁོ་བོ་ལ་ཅི་བྱ། ཡོད་ན་རེ་ཞིག་སྲིད་པ་དང་པོའི་སྐྱེ་བ་ནི་ཡོད་དེ། དེ་ཡོད་པས་སྲིད་པའི་རྒྱུན་ཡང་འཐད་དོ། །བཤད་པ། གལ་ཏེ་འགག་བཞིན་སྐྱེ་བཞིན་དག །ལྷན་ཅིག་སྦྱོར་བའང་ཡོད་མིན་ན། །ཕུང་པོ་གང་ལ་འཆི་འགྱུར་བ། །དེར་ནི་སྐྱེ་བའང་འབྱུང་བར་འགྱུར། །ལྷན་ཅིག་སྦྱོར་བའང་ཞེས་བྱ་བའི་འང་གི་སྒྲ་ནི་སྲིད་པ་ཐ་མ་འགགས་པ་དང་མ་འགགས་པ་ཡང་བསྡུ་བའི་དོན་ཏོ། །གལ་ཏེ་སྲིད་པ་ཐ་མ་འགག་བཞིན་པ་སྲིད་པ་དང་པོ་སྐྱེ་བཞིན་པ་དང་ལྷན་ཅིག་ཉིད་མཚམས་སྦྱོར་བའང་ཡོད་པ་མ་ཡིན་ཞིང་སྲིད་པ་ཐ་མ་འགགས་པ་ཡང་སྲིད་པ་དང་པོ་དང་ཉིད་མཚམས་སྦྱོར་བ་ཡོད་པ་མ་ཡིན་ལ། སྲིད་པ་ཐ་མ་འགགས་པ་ཡང་སྲིད་པ་དང་པོ་དང་ཉིད་མཚམས་སྦྱོར་བ་ཡོད་པ་མ་ཡིན་པ་བཞིན་དུ། སྲིད་པ་དང་པོའི་སྐྱེ་བ་ནི་ཡོད་དོ་ཞེས་ཟེར་ན། དེ་ལྟ་ན། ཕུང་པོ་གང་དག་ཁོ་ན་ལ་འཆི་བར་འགྱུར་བ་དེ་དག་ཁོ་ན་ལ་སྐྱེ་བ་ཡང་འབྱུང་བར་ཐལ་བར་འགྱུར་ཏེ། སྐྱེ་བ་གཞན་མི་འཐད་པའི་ཕྱིར་རོ། །དེ་ཡང་མི་འདོད་དེ་དེ་ལྟ་བས་ན་དེ་གསུམ་མ་གཏོགས་པར་སྲིད་པ་འབྱུང་བར་མི་འཐད་དོ། །དེ་ལྟར་དུས་གསུམ་དག་ཏུ་ཡང༌། །སྲིད་པའི་རྒྱུན་ནི་མི་རིགས་ན། །དུས་གསུམ་དག་ཏུ་གང་མེད་པ། །དེ་ནི་ཇི་ལྟར་སྲིད་པའི་རྒྱུན། །དེའི་ཕྱིར་དེ་ལྟར་ཡོངས་སུ་བརྟགས་ན་སྲིད་པ་ཐ་མ་འགགས་པ་དང་མ་འགགས་པ་དང་འགག་བཞིན་པ་སྲིད་པ་དང་པོ་དང་ཉིད་མཚམས་སྦྱོར་བར་མི་འཐད་པའི་ཕྱིར་དུས་གསུམ་དག་ཏུ་ཡང་སྲིད་པའི་རྒྱུན་མི་རིགས་སོ། །དུས་གསུམ་དག་ཏུ་སྲིད་པའི་རྒྱུན་གང་མེད་པ་དེ་དང་ཇི་ལྟར་སྲིད་པའི་རྒྱུན་དུ་འཐད། སྲིད་པའི་རྒྱུན་ཡོད་པ་མ་ཡིན་ན། འབྱུང་བ་དང་འཇིག་པ་དག་ཡོད་པར་ག་ལ་འགྱུར། འབྱུང་བ་དང་


DTG096_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པ་དག་ཡོད་པ་མ་ཡིན་ན་ཁྱོད་ཀྱི་དུས་ལ་སོགས་པ་དག་འགྲུབ་པར་ག་ལ་འགྱུར། འབྱུང་བ་དང་འཇིག་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་གཅིག་པའོ།། །།སྨྲས་པ། སྲིད་པའི་རྒྱུན་ནི་ཡོད་པ་ཁོ་ན་སྟེ། ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཡོད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་བཅོམ་ལྡན་འདས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོད་དོ། །དེས་བསྐལ་པ་གྲངས་མེད་པ་དག་གིས་བྱང་ཆུབ་ཡང་དག་པར་བསྒྲུབས་ཏེ། དེ་ལྟར་ཡང་མདོ་སྡེ་གཞན་དག་ལས་དེའི་ཚེ་དེའི་དུས་ན་ང་བྲམ་ཟེའི་ཁྱེའུ་མིག་བཟང་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་ང་རྒྱལ་པོ་ང་ལས་ནུ་ཞེས་བྱ་བར་གྱུར་ཏོ་ཞེས་གསུངས་ཏེ། སྲིད་པའི་རྒྱུན་མེད་ན་དེ་མི་འཐད་པས་དེའི་ཕྱིར་སྲིད་པའི་རྒྱུན་ནི་ཡོད་པ་ཁོ་ནའོ། །བཤད་པ། གལ་ཏེ་དེ་བཞིན་གཤེགས་པ་ཉིད་འཐད་ན་ནི། སྲིད་པའི་རྒྱུན་ཡང་ཡོད་པར་འགྱུར་གྲང་ན། དེ་བཞིན་གཤེགས་པ་ཉིད་མི་འཐད་པས་དེའི་སྲིད་པའི་རྒྱུན་ཡོད་པར་ག་ལ་འགྱུར། ཇི་ལྟར་ཞེ་ན། འདི་ལ་གལ་ཏེ་དེ་བཞིན་གཤེགས་པ་ཞེས་བྱ་བ་འགའ་ཞིག་ཡོད་པར་གྱུར་ན། དེ་ཕུང་པོ་རྣམས་ཉིད་དམ། ཕུང་པོ་རྣམས་ལས་གཞན་ཞིག་ཡིན་གྲང་ན། དེ་ལ། སྐུ་མིན་སྐུ་ལས་གཞན་མ་ཡིན། །དེ་ལ་སྐུ་མེད་དེ་དེར་མེད། །དེ་བཞིན་གཤེགས་པ་སྐུ་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །རེ་ཞིག་ཕུང་པོ་རྣམས་ཉིད་དེ་བཞིན་གཤེགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཕུང་པོ་རྣམས་འབྱུང་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང༌། ཉེ་བར་ལེན་པ་པོ་དང༌། ཉེ་བར་ལེན་པ་དག་གཅིག་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །ཕུང་པོ་རྣམས་ལས་དེ་བཞིན་གཤེགས་པ་གཞན་པ་ཕུང་པོ་མེད་པའི་ཆོས་ལོགས་ཤིག་ན་ཡང་མེད་དེ། ཅིའི་ཕྱིར་ཞེ་ན། ཕུང་པོ་མི་རྟག་པ་རྣམས་ལས་ཆོས་མི་མཐུན་པའི་ཕྱིར་རྟག་པ་ཉིད་དུ་ཐལ་བར་འགྱུར་པའི་ཕྱིར་དང༌། གཞན་ཉིད་ཡིན་ན་གཟུང་དུ་ཡོད་པར་ཐལ་བར་འགྱུར་པའི་ཕྱིར་ཏེ། གཟུང་ངུ་ཡང་མེད་པས་དེའི་ཕྱིར་ཕུང་པོ་རྣམས་ལས་དེ་བཞིན་གཤེགས་པ་གཞན་ཡང་མ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་ཕུང་པོ་རྣམས་གངས་ལ་ཤིང་ལྗོན་པའི་ནགས་ཚལ་བཞིན་དུ་མེད་དེ། ཅིའི་ཕྱིར་ཞེ་ན། རྟེན་དང་བརྟེན་པ་གཞན་མ་ཡིན་པའི་


DTG096_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་པའི་ཕྱིར་རོ། །ཕུང་པོ་རྣམས་ལ་ཡང་དེ་བཞིན་གཤེགས་པ་ཤིང་ལྗོན་པའི་ནགས་ཚལ་ན་སེང་གེ་བཞིན་དུ་མེད་དེ། ཅིའི་ཕྱིར་ཞེ་ན། སྐྱོན་བསྟན་མ་ཐག་པ་ཉིད་དུ་འགྱུར་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཕུང་པོ་རྣམས་དང་ཤིང་ལྗོན་པའི་སྙིང་པོ་དང་ལྡན་པ་བཞིན་དུ་ལྡན་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཕུང་པོ་རྣམས་ལས་གཞན་མ་ཡིན་པའི་ཕྱིར་མི་རྟག་པ་ཉིད་ཀྱི་སྐྱོན་དུ་འགྱུར་པའི་ཕྱིར་རོ། །དེ་ལྟར་རྣམ་པ་ལྔས་བཙལ་ན་དེ་བཞིན་གཤེགས་པ་ཉེ་བར་ལེན་པ་ལ་མི་སྲིད་ན། ཁྱོད་ཀྱིས་གང་གིས་སྲིད་པའི་རྒྱུན་ཡོད་པར་ཡོངས་སུ་བརྟགས་པའི་དེ་བཞིན་གཤེགས་པ་དེ་གང་ཞིག་ཡིན་པ་སྨྲོས་ཤིག །སྨྲས་པ། ཅི་ཁོ་བོ་ཕུང་པོ་རྣམས་ཉིད་དེ་བཞིན་གཤེགས་པའམ། ཕུང་པོ་རྣམས་ལས་དེ་བཞིན་གཤེགས་པ་གཞན་ནོ་ཞེས་སྨྲའམ། ཅིའི་ཕྱིར་ཁྱོད་ཁོ་བོ་ལ་རྟག་པའམ་མི་རྟག་པར་ཐལ་བར་འགྱུར་བའི་སྐྱོན་འདོགས་པར་བྱེད། ཁོ་བོ་ནི་ཕུང་པོ་རྣམས་ལ་བརྟེན་ནས་དེ་བཞིན་གཤེགས་པ་གདགས་པར་བྱ་བ་ཡིན་པར་སྨྲ་བས། བརྟེན་ནས་གདགས་པར་བྱ་བ་ནི། །ཉེ་བར་ལེན་པ་ལས་དེ་ཉིད་དམ་གཞན་ཉིད་དུ་མི་སྨྲའོ། །དེའི་ཕྱིར་དེ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་མི་རྟག་པ་ཉིད་ཀྱི་སྐྱོན་དུ་མི་འགྱུར་ལ་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རྟག་པ་ཉིད་ཀྱི་སྐྱོན་དུ་མི་འགྱུར་རོ། །བཤད་པ། ཅི་ཁྱོད་ལེགས་པར་སྦྱར་བའི་ཕྱེད་ཀྱིས་གར་བྱེད་དམ། ཁྱོད་བརྟེན་ནས་དེ་བཞིན་གཤེགས་པ་གདགས་པར་ཡང་སྨྲ་ལ། དེ་བཞིན་གཤེགས་པ་ངོ་བོ་ཉིད་ལས་ཡང་འགྲུབ་པར་ཡང་འདོད་ཀོ། །འོ་ན། གལ་ཏེ་སངས་རྒྱས་ཕུང་པོ་ལ། །བརྟེན་ནས་ངོ་བོ་ཉིད་ལས་མེད། གལ་ཏེ་སངས་རྒྱས་ཕུང་པོ་རྣམས་ལ་བརྟེན་ནས་གདགས་པར་བྱ་བ་ཡིན་ན། དེའི་དོན་ནི་སངས་རྒྱས་ངོ་བོ་ཉིད་ལས་མེད་པ་མ་ཡིན་ནམ། འདི་ལྟར་ངོ་བོ་ཉིད་ལས་ཡོད་པ་ལ་ནི་ཡང་བརྟེན་ནས་གདགས་པས་ཅི་བྱ་སྟེ། དེའི་ངོ་བོ་ཉིད་གང་ཁོ་ན་ཡིན་པ་དེ་ཁོ་ནས་གདགས་པར་བྱ་བར་འགྱུར་རོ། །གང་གི་ཕྱིར་དེ་ངོ་བོ་ཉིད་མེད་པ་དེའི་ཕྱིར་ཉེ་བར་ལེན་པས་གང་གདགས་པར་བྱ་བ་སྟེ། དེ་ལྟ་བས་ན་དེ་བཞིན་གཤེགས་པ་ངོ་བོ་ཉིད་ལས་ཡོད་པ་མ་ཡིན་ནོ། །ངོ་བོ་ཉིད་ལས་གང་མེད་པ། །དེ་གཞན་དངོས་ལས་ག་ལ་ཡོད། །དེ་བཞིན་གཤེགས་པ་གང་ངོ་བོ་ཉིད་ལས་མེད་པ་དེ་དག་གཞན་གང་ལས་ཡོད་པར་སེམས་ན།


DTG096_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། གཞན་གྱི་དངོས་པོ་ལས་ཏེ། དེ་བཞིན་གཤེགས་པ་ནི་ཉེ་བར་ལེན་པ་གཞན་དུ་གྱུར་ལ་བརྟེན་ནས་གདགས་པར་བྱ་བ་ཡིན་པས་དེའི་ཕྱིར་དེ་བཞིན་གཤེགས་པ་གཞན་གྱི་དངོས་པོ་ལས་ཡོད་དོ། །བཤད་པ། གང་ཞིག་གཞན་གྱི་དངོས་བརྟེན་ནས། །དེ་དག་ཉིད་དུ་མི་འཐད་དོ། །གང་ཞིག་གཞན་གྱི་དངོས་པོ་ལ་བརྟེན་ནས་གདགས་པར་བྱ་བ་དེ་ནི་བདག་ཉིད་ཡོད་དོ་ཞེས་བརྗོད་པར་མི་འཐད་དེ། ཅིའི་ཕྱིར་ཞེ་ན། རང་ལས་མ་གྲུབ་པའི་ཕྱིར་རོ། །གང་ཞིག་བདག་ཉིད་མེད་པ་དེ། །ཇི་ལྟར་དེ་བཞིན་གཤེགས་པར་འགྱུར། །དེ་བཞིན་གཤེགས་པ་གང་ཞིག་རང་གི་བདག་ཉིད་མེད་པ་དེ་ཉིད་ཉེ་བར་ལེན་པ་གཞན་དུ་གྱུར་པས་གདགས་པར་བྱ་ན་ཇི་ལྟར་དེ་བཞིན་གཤེགས་པར་འགྱུར། གལ་ཏེ་དེ་རང་གི་བདག་ཉིད་མེད་པར་ཉེ་བར་ལེན་པ་ལ་བརྟེན་ནས་བདག་ཉིད་ཡོད་པར་འགྱུར་ན་ནི། དེ་ལྟ་ན་ཉེ་བར་ལེན་པ་ལ་བརྟེན་ཏེ་སྐྱེས་པར་འགྱུར་བས་དེ་ཡང་མི་འདོད་དེ། མི་རྟག་པ་ཉིད་ལ་སོགས་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་གཞན་ཡང༌། གལ་ཏེ་ངོ་བོ་ཉིད་མེད་ན། །གཞན་དངོས་ཡོད་པར་ཇི་ལྟར་འགྱུར། །ངོ་བོ་ཉིད་དང་གཞན་དངོས་དག །མ་གཏོགས་དེ་བཞིན་གཤེགས་དེ་གང༌། །གལ་ཏེ་དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་དེ། ངོ་བོ་ཉིད་ཡོད་པ་མ་ཡིན་ན། །གཞན་གྱི་དངོས་པོ་ཡོད་པར་ག་ལ་འགྱུར། འདི་ལྟར་གང་ངོ་བོ་ཉིད་ལས་གཞན་ཡིན་པ་དེ་གཞན་གྱི་དངོས་པོ་ཞེས་བྱ་ན། ངོ་བོ་ཉིད་མེད་པ་དེ་གང་ལས་གཞན་གྱི་དངོས་པོར་འགྱུར། དེ་ལྟ་བས་ན་གཞན་གྱི་དངོས་པོ་ཡང་ཡོད་པ་མ་ཡིན་པ་ཉིད་དོ། །འོ་ན་ངོ་བོ་ཉིད་དང་གཞན་གྱི་དངོས་པོ་དག་མ་གཏོགས་པར་དེ་བཞིན་གཤེགས་པ་དེ་གང་ཡིན་པ་དང་གང་གིས་གདགས་པར་བྱ་བ་དེ་སྨྲོས་ཤིག །སྨྲས་པ། ཁྱོད་བརྟེན་ནས་གདགས་པར་བྱ་བའི་དོན་རྣམ་པར་མི་ཤེས་པར་མི་རིགས་པ་མང་པོ་དེ་སྙེད་ཅིག་སྨྲ་སྟེ། གཞན་གྱི་ཚིག་ལ་ཅོ་འདྲི་བ་ཙམ་གྱིས་ནི་དེ་ཁོ་ནའི་དོན་ཡོངས་སུ་ཤེས་པར་མི་ནུས་སོ། །དེ་བཞིན་གཤེགས་པ་རྣམས་ལ་བརྟེན་ནས་གདགས་པར་བྱ་བ་གང་ཡིན་པ་དེ་ལ་ཅི་དེ་བཞིན་གཤེགས་པ་ངོ་བོ་ཉིད་ལས་ཡོད་དམ་འོན་ཏེ་གཞན་གྱི་དངོས་པོ་ལས་ཡོད་ཅེས་བྱ་བའི་ཚིག་དེའི་གླན་ཀར་མི་འགྱུར་རོ། །བཤད་པ། འཇིག་རྟེན་ན། འདྲེ་ཡིས་བྱ་བ་གང་ཡིན་པ། །དེ་ནི་བྱིས་པ་དག་བྱེད་དོ། །ཞེས་བརྗོད་པ་དེ་ནི་བདེན་པ་


DTG096_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་སྟེ། ཁོ་བ་ནི་བརྟེན་ནས་གདགས་པར་བྱ་བའི་དོན་རྣམ་པར་མི་ཤེས་པ་ཡིན་ལ། ཁྱོད་ནི་མ་ཡིན་པ་ལྟ་ཞིག །ཁྱོད་ཀྱིས་གང་དག་ལ་དེ་བཞིན་གཤེགས་པ་ཡོད་པ་ཉིད་དུ་ཡོངས་སུ་བརྟགས་པའི་ཕུང་པོ་རྣམས་ནི་ཉེ་བར་ལེན་པ་ཉིད་དུ་མི་འཐད་དོ། །དེ་ཇི་ལྟར་ཞེ་ན། གལ་ཏེ་ཕུང་པོ་མ་བརྟེན་པར། །དེ་བཞིན་གཤེགས་པ་འགའ་ཡོད་ན། །དེ་ནི་དག་དོད་རྟེན་འགྱུར་ཞིང༌། །བརྟེན་ནས་དེ་ལས་འགྱུར་ལ་རག་ཡང་སྐྱེས་པར་གྱུར་ལ་ཕུང་པོ་རྣམས་ཀྱིས་དེ་གསལ་བ་ཙམ་བཞིན་གཤེགས་པ་ཞེས་བྱ་བ་འགའ་ཞིག་ཡོད་ཅིང༌། དེ་ཕུང་པོ་རྣམས་ཉེ་བར་ལེན་པར་འགྱུར་ན་ནི། དེ་ལྟ་ན་ནི་དེ་བཞིན་གཤེགས་པ་བརྟེན་ནས་ཡོད་པར་འགྱུར་ལ་རག་གོ །དེ་ཡང་སྐྱེས་པར་གྱུར་ལ་ཕུང་པོ་རྣམས་ཀྱིས་དེ་གསལ་བ་ཙམ་ཞིག་བྱེད་པར་འགྱུར་དུ་ནི། ཕུང་པོ་རྣམས་ལ་མ་བརྟེན་པར། །དེ་བཞིན་གཤེགས་པ་འགའ་ཡང་མེད། །གང་ཞིག་མ་བརྟེན་ཡོད་མིན་པ། །དེས་ནི་ཇི་ལྟར་ཉེར་ལེན་འགྱུར། །ཕུང་པོ་རྣམས་ལ་མ་བརྟེན་པར་དེ་བཞིན་གཤེགས་པ་འགའ་ཡང་མི་འཐད་དེ། གང་ཕུང་པོ་རྣམས་ལ་མ་བརྟེན་པར་མེད་ན། མེད་པ་དེས་ཇི་ལྟར་ཕུང་པོ་རྣམས་ཉེ་བར་ལེན་པར་འགྱུར། སྨྲས་པ། གཞུང་ལུགས་དང་འགལ་བ་དེ་བཤད་དེ་ཅི་རུང༌། འདི་ལྟར་བཅོམ་ལྡན་འདས་ཀྱིས་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་དོ་ཞེས་གསུངས་པས། དེ་ལ་ཉེ་བར་ལེན་པ་པོ་དང་ཉེ་བར་བླངས་པ་དག་སྔ་ཕྱི་ཡོད་པར་འཐད་པར་ག་ལ་འགྱུར་ཏེ། དེ་ནི་རྟག་ཏུ་ཉེ་བར་ལེན་པ་དང་བཅས་པས་གདགས་པར་བྱ་བ་ཡིན་ནོ། །བཤད་པ། གལ་ཏེ་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པས་ཉེ་བར་ལེན་པ་པོ་དང་ཉེ་བར་བླངས་པ་དག་སྔ་ཕྱི་ཡོད་པར་མི་འཐད་ན་ནི། དེ་བཞིན་གཤེགས་པ་ནི་ཉེ་བར་ལེན་པ་པོ་ཡིན་ལ་ཕུང་པོ་རྣམས་ནི་ཉེ་བར་བླང་བ་ཡིན་ནོ་ཞེས་བྱ་བ་འདི་ཡང་མི་འཐད་པ་མ་ཡིན་ནམ། ཅིའི་ཕྱིར་ཞེ་ན། འདི་ལྟར། ཉེ་བར་བླངས་པ་མ་ཡིན་པ། །ཉེ་བར་ལེན་པར་ཅིས་མི་འགྱུར། །ཉེ་བར་ལེན་པ་མེད་པ་ཡི། །དེ་བཞིན་གཤེགས་པ་ཅི་ཡང་མེད། །འདི་ལ་ཉེ་བར་བླངས་པ་ཡིན་པས་ཉེ་བར་ལེན་པ་ཞེས་བྱ་ལ། ཉེ་བར་ལེན་པར་བྱེད་པས་ཉེ་བར་ལེན་པ་པོ་ཞེས་བྱ་བས། དེའི་ཕྱིར་ཉེ་བར་ལེན་པ་པོས་ཉེ་བར་བླངས་པ་མ་ཡིན་པ་ནི་ཉེ་བར་ལེན་པ་མ་ཡིན་ལ། ཉེ་བར་བླངས་པ་ཉེ་བར་ལེན་པར་མི་བྱེད་པ་


DTG096_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཉེ་བར་ལེན་པ་པོ་མ་ཡིན་ནོ། །འཁོར་བ་ལ་ཐོག་མ་དང་ཐ་མ་མེད་ན་འདི་ནི་ཉེ་བར་བླངས་པའོ། །འདི་ནི་ཉེ་བར་ལེན་པར་བྱེད་པའོ་ཞེས་བྱ་བ་དེ་མི་འཐད་དོ། །དེ་ལྟར་སྔ་ཕྱི་མེད་ན་ཁྱོད་ཀྱི་ཕུང་པོ་རྣམས་ཇི་ལྟར་ཉེ་བར་བླང་བ་ཡིན་པ་དང༌། ཁྱོད་ཀྱིས་ཡོངས་སུ་བརྟགས་པའི་དེ་བཞིན་གཤེགས་པ་དེ་ཇི་ལྟར་ཉེ་བར་ལེན་པ་པོ་ཡིན་པ་དེ་སྨྲོས་ཤིག །དེ་ལྟ་བས་ན་སྔ་ཕྱི་མེད་ན་ཉེ་བར་ལེན་པ་པོ་ཡང་མི་འཐད་པ་ཉིད་ཡིན་ལ། ཉེ་བར་བླང་བ་ཡང་མི་འཐད་པ་ཉིད་དོ། །སྨྲས་པ། དེ་ནི་འཐད་དེ། ཅིའི་ཕྱིར་ཞེ་ན། དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་ཏེ། ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་ནི་དེ་ཉིད་དང་གཞན་ཉིད་དུ་མི་བརྗོད་དོ། །རེ་ཞིག་དེ་ཉིད་དུ་མི་བརྗོད་དེ་བྱེད་པ་པོའི་ཚིག་ཐ་དད་པའི་ཕྱིར་རོ། །གཞན་ཉིད་དུ་ཡང་མི་བརྗོད་དམ་སོ་སོར་འགྲུབ་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་གཉི་ག་ཡང་ཡོད་དེ་དེ་ཉིད་དང་གཞན་ཉིད་དུ་ནི་བརྗོད་པར་མི་ནུས་སོ། །བཤད་པ། ཅི་ཁྱོད་མཛའ་བཤེས་ཀྱི་བློས་དགྲ་བོ་དཔང་དུ་ལེན་ཏམ། ཁྱོད་གང་ཁོ་ནས་ཉེ་བར་ལེན་པ་པོ་དང་ཉེ་བར་བླངས་བ་དག་རབ་ཏུ་འགྲུབ་པར་མི་འཐད་པ་དེ་ཁོ་ནས་དེ་དག་རབ་ཏུ་བསྒྲུབ་པའི་ཕྱིར་རྩོམ་པར་བྱེད་ཀོ། །འདི་ལྟར་གལ་ཏེ་ཉེ་བར་བླང་བ་དང་ཉེ་བར་ལེན་པ་པོ་ཞིག་ཡོད་པར་གྱུར་ན་གཅིག་པ་ཉིད་དམ། གཞན་ཉིད་དུ་འགྱུར་བར་ཐེ་ཚོམ་མེད་དོ། །གང་དག་གཅིག་པ་ཉིད་དུ་ཡང་ཡོད་པ་མ་ཡིན་ལ་གཞན་ཉིད་དུ་ཡང་ཡོད་པ་མ་ཡིན་པ་དེ་དག་གཞན་དུ་ཇི་ལྟར་ཡོད་པར་འགྱུར། དེ་ལྟ་བས་ན་ཉེ་བར་བླང་བ་ཡང་ཡོད་པ་མ་ཡིན་པ་ཉིད་ལ་ཉེ་བར་ལེན་པ་པོ་ཡང་ཡོད་པ་མ་ཡིན་པ་ཉིད་དོ། །ཐ་སྙད་ཀྱི་དབང་གིས་ཉེ་བར་ལེན་པ་པོ་དང་ཉེ་བར་བླངས་པ་དག་རྗོད་པར་བྱེད་ན་ཡང་དེ་ཉིད་ཀྱི་མ་ཡིན་པ་གཞན་ཉིད་ཀྱང་མ་ཡིན་པར་བརྗོད་དགོས་ཏེ་དེ་ནི་ངེས་པ་ཁོ་ནར་དེ་ལྟར་བལྟའོ། །གཞན་དུ་ན་དེ་བཞིན་གཤེགས་པ་བདག་དང་ཉེ་བར་ལེན་པ་བདག་མེད་པ་དག་ཇི་ལྟར་གཞན་ཉིད་དུ་མི་འགྱུར། སློབ་དཔོན་འཕགས་པ་ལྷས་ཀྱང༌། གང་ཕྱིར་གཟུགས་ལ་བདག་མེད་པ། །དེ་ཕྱིར་གཟུགས་ལས་བདག་གཞན་འགྱུར། །གྲང་དང་ཚ་བ་ཐ་དད་ཉིད། །མེད་ཅེས་བརྗོད་པར་མི་རུང་བཞིན། །ཞེས་གསུངས་སོ། །ཅི་སྟེ་ཡང་ཉེ་བར་ལེན་པ་པོ་ཞིག་ཡོད་པར་གྱུར་ན་དེ་ལྟ་ན་ཡང༌། རྣམ་པ་ལྔས་ནི་བཙལ་བྱས་ན། །གང་ཞིག་དེ་ཉིད་གཞན་ཉིད་དུ། །མེད་པའི་དེ་བཞིན་གཤེགས་པ་དེ།།


DTG096_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་ལེན་པས་ཇི་ལྟར་གདགས། །དེ་བཞིན་གཤེགས་པ་གང་ཉེ་བར་ལེན་པ་གང་གིས་གདགས་པར་བྱ་བ་དེ་ཉིད་ལ་རྣམ་པ་ལྔས་བཙལ་ན་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་ཉེ་བར་ལེན་པ་ལ་མེད་ན་ཇི་ལྟར་དེ་བཞིན་གཤེགས་པ་ཡོད་དོ་ཞེས་བརྗོད་པར་བྱ། དེ་ལྟ་བས་ན་བརྟེན་ནས་གདགས་པ་དང་ཡོད་པ་ཉིད་ཀྱང་མི་འཐད་དོ། །སྨྲས་པ། ཇི་སྲིད་དུ་ཉེ་བར་ལེན་པ་ཞེས་བྱ་བ་ཕུང་པོ་ལྔ་པོ་འདི། སྔོན་དུ་དམིགས་པར་འགྱུར་བ་དེ་སྲིད་དུ་ཇི་ལྟར་མེད་པར་འགྱུར་ཏེ། དེའི་ཕྱིར་རེ་ཞིག་ཉེ་བར་ལེན་པ་ནི་ཡོད་དོ། །ཁ་ལོ་སྒྱུར་བ་མེད་པར་ཤིང་རྟ་མི་འགྲོ་བས་འདི་ལ་ཉེ་བར་ལེན་པ་པོ་ཡང་ཡོད་པར་འགྱུར་རོ། །བཤད་པ། ཅི་ཁྱོད་ཆུ་བོ་ཤུགས་དྲག་པོས་ཁྱེར་བ་ན་རྩ་དྲུངས་ཕྱུང་ལ་འཇུའམ། ཁྱོད་ཉེ་བར་བླངས་པས་ཉེ་བར་ལེན་པ་པོ་རབ་ཏུ་བསྒྲུབ་པར་འདོད་ཀོ། །གང་གི་ཚེ། གང་ཞིག་ཉེ་བར་བླང་པ་དེ། །དེ་ནི་ངོ་བོ་ཉིད་ལས་མེད། །ཉེ་བར་བླང་བ་གང་ཡོད་དོ་སྙམ་དུ་སེམས་པ་དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་ངོ་བོ་ཉིད་མེད་དོ། །སྨྲས་པ། དེ་ནི་རེ་ཞིག་ཡོད་དེ་གལ་ཏེ་བདག་གི་དངོས་པོ་ལས་ཡོད་པ་མ་ཡིན་ཡང་གཞན་གྱི་དངོས་པོ་ལས་ཡོད་དོ། །བཤད་པ། བདག་གི་དངོས་ལས་གང་མེད་པ། །དེ་བཞིན་དངོས་ལས་ཡོད་རེ་སྐན། །ཉེ་བར་ལེན་པ་གང་བདག་གི་དངོས་པོ་ལས་མེད་པ་དེ་གཞན་གྱི་དངོས་པོ་ལས་ཡོད་པར་འགྱུར་རེ་སྐན། གང་གི་ཚེ་བདག་གི་དངོས་པོ་འགའ་ཞིག་ཡོད་ན་ཉེ་བར་ལེན་པ་ནི་བདག་གི་དངོས་པོ་ལས་ཡོད་པ་མ་ཡིན་པས། དེའི་ཕྱིར་དེ་ལས་གཞན་ཡང་ཡོད་པ་མ་ཡིན་པ་ཉིད་དོ། །གཞན་མེད་ན་ཇི་ལྟར་གཞན་ལས་ཡོད་པར་འགྱུར། དེ་ལྟ་བས་ན་ཉེ་བར་ལེན་པ་ནི། གཞན་གྱི་དངོས་པོ་ལས་ཀྱང་ཡོད་པ་མ་ཡིན་ནོ། །མངོན་སུམ་དུ་དམིགས་པ་ཞེས་གང་སྨྲས་པ་དེ་ཡང་རང་གི་སེམས་ཀུན་ཏུ་རྨོངས་པའི་སྐྱོན་གྱིས་སྒྱུ་མ་དང་རྨི་ལམ་མཐོང་བ་བཞིན་དུ་མཐོང་བ་ཡིན་གྱི། འདི་ལ་ཡང་དག་པར་ཅུང་ཟད་ཀྱང་མེད་དེ། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་པ་དེ་སྤང་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་དབུ་བརྡོས་པ་དང་ཆུའི་ཆུ་བུར་དང་སྨིག་རྒྱུ་དང་ཆུ་ཤིང་གི་ཕུང་པོ་དང་སྒྱུ་མའི་དཔེ་དག་བཀའ་སྩལ་ཅིང༌། སྒྱུ་མ་འདི་ནི་བྱིས་པ་འདྲིད་པའོ་ཞེས་ཀྱང་གསུངས་ཏེ། གང་གི་ཕྱིར་དེ་དག་ཡོད་པ་མ་ཡིན་པ་དེའི་ཕྱིར། དེ་ལྟར་ཉེར་བླང་ཉེར་ལེན་པོ། །རྣམ་


DTG096_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་གྱིས་སྟོང་པ་ཡིན། །སྟོང་པས་དེ་བཞིན་གཤེགས་སྟོང་པ། །ཇི་ལྟ་བུར་ན་འདོགས་པར་འགྱུར། །དེ་ལྟར་གང་གི་ཕྱིར་ཉེ་བར་ལེན་པ་ངོ་བོ་ཉིད་ལས་ཀྱང་ཡོད་པ་མ་ཡིན་ལ་གཞན་གྱི་དངོས་པོ་ལས་ཀྱང་ཡོད་པ་མ་ཡིན་པ་དེའི་ཕྱིར་ཉེ་བར་ལེན་པ་སྟོང་པ་ཡིན་ནོ། །གང་གི་ཕྱིར་ཉེ་བར་ལེན་པ་པོ་ཡང་རྣམ་པ་ཀུན་གྱིས་ཡོངས་སུ་བརྟགས་ན་ངོ་བོ་ཉིད་ལས་ཀྱང་ཡོད་པ་མ་ཡིན་ལ་གཞན་གྱི་དངོས་པོ་ལས་ཀྱང་ཡོད་པ་མ་ཡིན་པ་དེའི་ཕྱིར་ཉེ་བར་ལེན་པ་པོ་ཡང་སྟོང་པ་ཡིན་ནོ། །དེའི་ཕྱིར་ཁྱོད་དབུ་བརྡོས་པ་དང༌། ཆུའི་ཆུ་བུར་དང་སྨིག་རྒྱུ་དང་ཆུ་ཤིང་གི་ཕུང་པོ་དང་སྒྱུ་མ་ལྟར་སྙིང་པོ་མེད་ཅིང་ངོ་བོ་ཉིད་སྟོང་པའི་ཉེ་བར་ལེན་པས། སྒྱུ་མའི་སྐྱེས་བུ་དང་རྨི་ལམ་དང་གཟུགས་བརྙན་དང་དྲི་ཟའི་གྲོང་ཁྱེར་ལྟར་སྙིང་པོ་མེད་ཅིང་ངོ་བོ་ཉིད་སྟོང་པའི་དེ་བཞིན་གཤེགས་པ་ཡོད་དོ་ཞེས་ཇི་ལྟར་འདོགས་པར་བྱེད་པ་ཇེ་སྨྲོས་ཤིག །དེ་ལྟ་བས་ན་རེ་ཞིག་རང་གི་ཕྱོགས་ལ་ཆགས་པ་ཐོད་ལ་ཅི་གང་བརྟེན་ནས་ཡོད་པར་འདོགས་པ་དང༌། གང་བརྟེན་ནས་ཡོད་པ་ཉིད་དང་མེད་པ་ཉིད་སྤངས་ཏེ་དབུ་མར་བསྒྲུབས་པ་འདི་ཡོད་པས་འདི་འབྱུང་ལ། འདི་མེད་པས་འདི་མི་འབྱུང་ངོ་ཞེས་འདོགས་པར་བྱེད་པ་དེ་གཉིས་ལས་གང་བརྟེན་ནས་གདགས་པར་བྱ་བའི་དོན་རྣམ་པར་མི་ཤེས་པ་ཡིན་པ་དེ་སོམས་ཤིག །དེ་ལྟ་བས་ན་བརྟེན་ནས་གདགས་པར་བྱ་བའི་དོན་ནི་དངོས་པོ་གང་བརྟེན་ནས་གདགས་པར་བྱ་བ་དེ་ནི་རྣམ་པ་ཐམས་ཅད་དུ་ངོ་བོ་ཉིད་སྟོང་པའི་ཕྱིར་ཡོད་པ་དང་མེད་པར་བརྗོད་པར་བྱ་བ་མ་ཡིན་པ་དེ་ཉིད་ཡིན་ཏེ། ཐ་སྙད་ཀྱི་ཚིག་ལ་ནི་སྐྱོན་མེད་དོ། །སྨྲས་པ། གལ་ཏེ་དེ་ལྟར་དེ་དག་ཐམས་ཅད་སྟོང་ངོ་ཞེས་ཀྱང་བརྗོད་པར་མི་བྱ་བ་ཡིན་ན་འོ་ན་ཁྱོད་བག་ཚ་བ་མེད་པར་གསང་བསྟོད་དེ། འདི་དག་ཐམས་ཅད་སྟོང་ངོ་ཞེས་སྨྲའམ། བཤད་པ། སྟོང་ངོ་ཞེས་བརྗོད་པར་མི་བྱ་བ་ཡིན་ན་ཞེས་བྱ་བ་ནི་ཤིན་ཏུ་ཉུང་ངུ་ཞིག་བརྗོད་པ་ཡིན་ཏེ། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང༌། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །སྟོང་ངོ་ཞེས་ཀྱང་བརྗོད་པར་མི་བྱ། མི་སྟོང་ངོ་ཞེས་ཀྱང་མི་བྱ། སྟོང་པ་དང་མི་སྟོང་པ་དང༌། སྟོང་པ་ཡང་མ་ཡིན་མི་སྟོང་པ་ཡང་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱའོ། །ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྤང་པའི་ཕྱིར་དང༌།


DTG096_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པའི་དེ་ཁོ་ན་གདགས་པའི་དོན་དུ་ནི་དེ་དག་བརྗོད་པར་བྱ་སྟེ་འོག་ནས་ཀྱང༌། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ལ་མ་བརྟེན་པར། །མྱ་ངན་འདས་པ་འཐོབ་མི་འགྱུར། །ཞེས་འབྱུང་ངོ༌། སློབ་དཔོན་འཕགས་པ་ལྷས་ཀྱང༌། གལ་ཏེ་དངོས་པོ་རང་བཞིན་ཡོད། །སྟོང་མཐོང་ཡོན་ཏན་ཅི་ཞིག་ཡོད། །རྟོག་པས་བཅིངས་པ་མཐོང་བས་ན། །འདིར་ནི་དེ་ཉིད་དགག་པར་བྱ། །ཞེས་གསུངས་སོ། །སྨྲས་པ། གལ་ཏེ་དེ་བཞིན་གཤེགས་པ་ངོ་བོ་ཉིད་ལས་ཀྱང་ཡོད་པ་མ་ཡིན་ལ་གཞན་གྱི་དངོས་པོ་ལས་ཀྱང་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་རྟག་པ་དང་མི་རྟག་པ་ལ་སོགས་པ་དང༌། མཐའ་དང་མཐའ་མེད་པ་ལ་སོགས་པར་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བཤད། དེ་བཞིན་གཤེགས་པ་མེད་པ་ཉིད་དོ། །ཞེས་གསལ་བ་ཁོ་ནར་བརྗོད་པར་བྱ་བའི་རིགས་པ་སྙམ་བཤད་པ། དེ་བཞིན་གཤེགས་པ་བརྟེན་ནས་གདགས་པར་བྱ་བ་གང་ཡིན་པ་དེ། ཡོད་དོ་ཞེའམ། མེད་དོ་ཞེས་ཇི་ལྟར་བརྗོད་པར་རིགས། འདི་ལྟར་གལ་ཏེ་དེ་བཞིན་གཤེགས་པ་ཞིག་ཡོད་པར་གྱུར་ན། ཉེ་བར་ལེན་པ་མེད་པ་ཡང་ཡོད་པ་ཁོ་ནར་འགྱུར་བའི་རིགས་ན། ཉེ་བར་ལེན་པ་མེད་པར་ནི་ཡོད་པ་མ་ཡིན་ནོ། །གང་ཉེ་བར་ལེན་པ་མེད་པ་ནི་ཡོད་པ་མ་ཡིན་པ་དེ་ཇི་ལྟར་ཡོད་དོ་ཞེས་བརྗོད་པར་བྱ། དེ་བཞིན་གཤེགས་པ་གང་ལ་བརྟེན་ནས། གདགས་པར་བྱ་བ་དེ་ཇི་ལྟར་མེད་དོ་ཞེས་ཀྱང་བརྗོད་པར་བྱ་སྟེ། འདི་ལྟར་ཨུ་དུམ་བཱ་རའི་མེ་ཏོག་མེད་པ་ནི་གདགས་སུ་མེད་དོ། །དེ་ལྟར་གང་གི་ཕྱིར་རེ་ཞིག་དེ་བཞིན་གཤེགས་པ་ངོ་བོ་ཉིད་ལས་ཀྱང་ཡོད་པ་མ་ཡིན་ལ་གཞན་གྱི་དངོས་པོ་ལས་ཀྱང་ཡོད་པ་མ་ཡིན་པ་དེའི་ཕྱིར་བཤད་པ། རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །དེ་བཞིན་གཤེགས་པ་ངོ་བོ་ཉིད་སྟོང་པ་ངོ་བོ་ཉིད་ཞི་བ་གང་ཡིན་པ་དེ་ལ་རྟག་པ་དང་མི་རྟག་པ་ལ་སོགས་པ་བཞི་པོ། དེ་བཞིན་གཤེགས་པ་རྟག་པ་དང༌། དེ་བཞིན་གཤེགས་པ་མི་རྟག་པ་དང༌། དེ་བཞིན་གཤེགས་པ་རྟག་ཀྱང་རྟག་ལ། མི་རྟག་ཀྱང་མི་རྟག་པ་དང༌། དེ་བཞིན་གཤེགས་པ་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་ཞེས་བྱ་བ་དེ་དག་འཐད་


DTG096_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

པར་ག་ལ་འགྱུར། མཐའ་དང་མཐའ་མེད་པ་ལ་སོགས་པ་བཞི་པོ། དེ་བཞིན་གཤེགས་པ་མཐའ་ཡོད་པ་དང༌། དེ་བཞིན་གཤེགས་པ་མཐའ་མེད་པ་དང༌། དེ་བཞིན་གཤེགས་པ་མཐའ་ཡོད་ཀྱང་ཡོད་ལ། མཐའ་མེད་ཀྱང་མེད་པ་དང༌། དེ་བཞིན་གཤེགས་པ་མཐའ་ཡོད་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་པ་ཞེས་བྱ་བ་དེ་དག་འཐད་པར་ག་ལ་འགྱུར་ཏེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ངོ་བོ་ཉིད་དང༌། གཞན་གྱི་དངོས་པོ་དང་བྲལ་བ་གང་ཡིན་པ་རྟག་པ་དང་མི་རྟག་པ་ལ་སོགས་པ་དེ་དག་ལས་གང་ཡང་རུང་བ་ཞིག་ཏུ་འགྱུར་བ་དེ་གང་ཡིན། གང་གི་ཕྱིར་ཕུང་པོ་རྣམས་ལ་བརྟེན་ནས་གདགས་པར་བྱ་བ་ཡིན་པ་དེའི་ཕྱིར་དེ་བཞིན་གཤེགས་པ་མེད་དོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། འདི་ལྟར་གང་བརྟེན་ནས་གདགས་པར་བྱ་བ་དེ། ཇི་ལྟར་མེད་པར་འགྱུར། འོག་ནས་ཀྱང༌། དེ་ལྟར་ལེན་ལས་གཞན་མ་ཡིན། །དེ་ནི་ཉེར་ལེན་ཉིད་ཀྱང་མིན། །བདག་ནི་ཉེ་བར་ལེན་མེད་མིན། །མེད་པ་ཉིད་དུ་འང་དེ་མ་ངེས། །ཞེས་འབྱུང་ངོ༌། །དེའི་ཕྱིར་དེ་ལྟར་དེ་བཞིན་གཤེགས་པ་ཡོད་པ་ཉིད་དང་མེད་པ་ཉིད་ཀྱི་ཕྱོགས་དང་བྲལ་བ་ཚེ་འདི་ཉིད་ལ་བརྟེན་པ་ལས་དེ་བཞིན་གཤེགས་པ་དམིགས་སུ་མེད་པ་ལ་གཏི་མུག་གིས་ཀུན་ནས་དཀྲིས་པའི་སེམས་དང་ལྡན་པ་དེ་ཁོ་ན་མཐོང་བ་ལྐོག་ཏུ་གྱུར་པ། གང་གིས་འཛིན་སྡུག་གཟུང་གྱུར་བ། །དེ་ནི་མྱ་ངན་འདས་པ་ལ། །དེ་བཞིན་གཤེགས་པ་ཡོད་ཅེ་འམ། །མེད་ཅེས་རྣམ་རྟོག་རྟོག་པར་བྱེད། །གང་གིས་འཛིན་པ་སྟུག་པོ་གཟུང་བར་འགྱུར་བ་འདི་ཉིད་བདེན་གྱི་གཞན་ནི་དོན་མེད་པའོ་སྙམ་དུ་སེམས་པ་དེ་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་ལ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཡོད་པ་ཉིད་དོ་ཞེའམ། དེ་བཞིན་གཤེགས་པ་མེད་པ་ཉིད་དོ་ཞེས་བྱ་བར་རྣམ་པར་རྟོག་པ་ལ་དེ་ལྟར་རྣམ་པར་རྟོག་པར་བྱེད་དོ། །དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཡོད་ཅེ་འམ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་མེད་ཅེའམ།། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེའམ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་བྱ་བ་དེ་ལྟ་རྟོག་པར་བྱེད་དོ། །གང་དག་བདག་ཉིད་ཆེ་བརྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའི་སྒྲོན་མེའི་སྣང་


DTG096_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བས་བློའི་མིག་ལ་ཕན་བཏགས་པ་དང༌། དངོས་པོ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་དེ་དག་ལ་ནི། ངོ་བོ་ཉིད་ཀྱིས་སྟོང་དེ་ལ། །སངས་རྒྱས་མྱ་ངན་འདས་ནས་ནི། །ཡོད་དོ་ཞེའམ་མེད་དོ་ཞེས། །བསམ་པ་འཐད་པ་ཉིད་མི་འགྱུར། །དེ་བཞིན་གཤེགས་པ་ངོ་བོ་ཉིད་དང་གཞན་གྱི་དངོས་པོས་སྟོང་པ་སྒྱུ་མ་དང་གཟུགས་བརྙན་དང་སྤྲུལ་པ་ལྟ་བུ་མྱ་ངན་ལས་འདས་པ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ཡོད་དོ་ཞེ་འམ། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་མེད་དོ་ཞེས་བསམ་པ་དེ་དག་འཐད་པ་ཉིད་དུ་མི་འགྱུར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་དགའ་བོ་ཁྱོད་འདི་ལྟར་ཚེ་འདི་ལ་དེ་བཞིན་གཤེགས་པ་ཡང་དག་པར་རྗེས་སུ་མ་མཐོང་བ་དེ་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཡོད་དོ་ཞེའམ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་མེད་དོ་ཞེས་པ་དག་གིས། གང་དག་སངས་རྒྱས་སྤྲོས་འདས་ཤིང༌། །ཟད་པ་མེད་ལ་སྤྲོས་བྱེད་པ། །སྤྲོས་པས་ཉམས་པ་དེ་ཀུན་གྱིས། །དེ་བཞིན་གཤེགས་པ་མཐོང་མི་འགྱུར། །དེའི་ཕྱིར་དེ་ལྟར་གང་དག་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་པའི་སྤྲོས་པ་ཐམས་ཅད་ལས་ཡང་དག་པར་འདས་ཤིང་ཟད་པ་མེད་པ་ལ། ཡོད་པ་དང་མེད་པ་དང་རྟག་པ་དང་མི་རྟག་པ་ལ་སོགས་པའི་སྤྲོས་པ་རྣམས་ཀྱིས་སྤྲོས་པར་བྱེད་པ་དེ་དག་ཐམས་ཅད་ནི་སྤྲོས་པ་དེ་དག་གིས་ཡེ་ཤེས་ཀྱི་མིག་ཉམས་པས་དམུས་ལོང་གིས་ཉི་མ་བཞིན་དུ་དེ་བཞིན་གཤེགས་པ་མཐོང་བར་མི་འགྱུར་ཏེ། དེ་བཞིན་གཤེགས་པ་འཇིག་རྟེན་ལས་འདས་པའི་ཆོས་ལ་གནས་པ་ལ་ཡོད་པ་ལ་སོགས་པ་འཇིག་རྟེན་པའི་སྤྲོས་པ་རྣམས་ཀྱིས་ཇི་ལྟར་ལྟ་བར་ནུས། ཟད་པ་མེད་པ་ཞེས་བྱ་བ་ནི་འགྲོ་བ་མེད་པའི་དོན་ཏེ། འགྲོ་མེད་གོམ་པ་གང་གིས་བཀྲི། ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བས་ན་དེ་བཞིན་གཤེགས་པ་ནི་ངོ་བོ་ཉིད་མེད་པ་ཉིད་ཡིན་པས་དེ་ལ་སྲིད་པའི་རྒྱུན་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་བཞིན་གཤེགས་པ་ཡོད་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ། །དེ་ལ་འཇིག་རྟེན་ནི་རྣམ་པ་གཉིས་ཏེ། སེམས་ཅན་གྱི་འཇིག་རྟེན་དང་འདུ་བྱེད་ཀྱི་འཇིག་རྟེན་དུ་འདོད་དོ། །དེ་ལ་དེ་བཞིན་གཤེགས་པ་བརྟགས་པས་ནི་སེམས་ཅན་གྱི་འཇིག་རྟེན་ཡང་བརྟགས་པ་ཡིན་


DTG096_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་བཞིན་གཤེགས་པ་བརྟགས་པ་འདི་ཉིད་ཀྱིས་འདུ་བྱེད་ཀྱི་འཇིག་རྟེན་ཡང་བརྟགས་པར་ཁོང་དུ་ཆུད་པར་བྱའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། དེ་བཞིན་གཤེགས་པ་དངོས་ཉིད་གང༌། །དེ་ནི་འགྲོ་འདིའི་ངོ་བོ་ཉིད། །གང་གི་ཕྱིར་དེ་བཞིན་གཤེགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་འགྲོ་བ་འདིའི་ངོ་བོ་ཉིད་ཀྱང་ཡིན་པ་དེའི་ཕྱིར་དེ་བཞིན་གཤེགས་པ་བརྟགས་པ་འདི་ཉིད་ཀྱིས་འགྲོ་བ་འདི་དག་ཀྱང་བརྟགས་པ་ཡིན་ནོ། །སྨྲས་པ། དེ་བཞིན་གཤེགས་པའི་ངོ་བོ་ཉིད་གང་ཡིན། བཤད་པ། དེ་བཞིན་གཤེགས་པ་དངོས་ཉིད་མེད། །འགྲོ་འདི་ངོ་བོ་ཉིད་མེད་དོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་དེ་བཞིན་གཤེགས་པ་ཕུང་པོ་རྣམས་ལ་བརྟེན་ནས་གདགས་པར་བྱ་བ་ཡིན་གྱི་རང་ལས་རབ་ཏུ་གྲུབ་པ་མེད་པ་དེའི་ཕྱིར་ངོ་བོ་ཉིད་མེད་དོ། །འགྲོ་བ་འདི་དག་ཀྱང་དེ་དང་དེ་དག་ལ་བརྟེན་ནས་གདགས་པར་བྱ་བ་ཡིན་གྱི་འདི་དག་ལ་རང་ལས་རབ་ཏུ་གྲུབ་པ་ཅུང་ཟད་ཀྱང་མེད་པས་དེའི་ཕྱིར་འགྲོ་བ་ཡང་དེ་བཞིན་གཤེགས་པ་བཞིན་དུ་ངོ་བོ་ཉིད་མེད་དོ། །ངོ་བོ་ཉིད་མེད་པའི་ཕྱིར་འདི་ལ་ཡང༌། རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་བཤད་དོ། །སྨྲས་པ། དེ་ལྟ་མ་ཡིན་ཏེ། འདུས་བྱས་ནི་གཅིག་ཏུ་མི་རྟག་པ་ཞེས་བརྗོད་ལ། དེ་བཞིན་གཤེགས་པ་ནི་མི་རྟག་པ་ཞེས་མི་བརྗོད་པས་དེ་ལ། དེ་བཞིན་གཤེགས་པའི་དངོས་ཉིད་གང༌། །དེ་ནི་འགྲོ་འདིའི་ངོ་བོ་ཉིད། །ཅེས་བྱ་བར་ཇི་ལྟར་འཐད། བཤད་པ། དེ་ནི་འོག་ནས་ཀྱང༌། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །ཞེས་འབྱུང་བས་དེ་ལ་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་བདེན་པ་གང་གིས་བུམ་པ་ཡོད་དོ་སབ་མ་ཡོད་དོ་ཞེས་བརྗོད་པ་དེ་ཉིད་ཀྱིས་བུམ་པ་ཆག་གོ་སབ་མ་ཚིག་གོ་ཞེས་དེ་དག་མི་རྟག་པར་ཡང་བརྗོད་དོ། །གང་གི་ཚེ་དེ་ཁོ་ན་སབ་མ་ཙམ་པ་དེའི་ཚེ་ནི་བུམ་པ་དང་སབ་མ་དག་བརྟེན་ནས་གདགས་པར་བྱ་བ་ཡིན་པས་མི་འཐད་ན་དེ་དག་ཆག་པ་དང་ཚིག་པ་ལྟ་འཐད་པར་ག་ལ་འགྱུར། གཞན་ཡང་དེ་བཞིན་གཤེགས་པ་ཡང་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་དབང་གིས་དེ་བཞིན་གཤེགས་པ་བགྲེས་


DTG096_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་བཞིན་གཤེགས་པ་མྱ་ངན་ལས་འདས་སོ། །ཞེས་མི་རྟག་པར་ཡང་བརྗོད་དོ། །གང་གི་ཚེ་དོན་དམ་པར་བསམ་པ་དེའི་ཚེ་ནི་དེ་བཞིན་གཤེགས་པ་ཉིད་མི་འཐད་ན་བགྲེས་པ་དང་མྱ་ངན་ལས་འདས་པ་དག་ལྟ་འཐད་པར་ག་ལ་འགྱུར་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་འགྲོ་བ་འདིའི་ངོ་བོ་ཉིད་ཀྱང་ཡིན་ནོ། །དེ་ལྟ་བས་ན་སེམས་ཅན་གྱི་འཇིག་རྟེན་བརྟགས་པས་འདུ་བྱེད་ཀྱི་འཇིག་རྟེན་ཡང་བརྟགས་པར་གྲུབ་པོ། །དེ་བཞིན་གཤེགས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་གཉིས་པའོ།། །།དབུ་མའི་རྩ་བའི་འབྲེལ་བ་བུད་དྷ་པཱ་ལི་ཏ། བམ་པོ་དགུ་པ། འདིར་སྨྲས་པ། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཀུན་ཏུ་རྟོག་ལས་འབྱུང་བར་གསུངས། །སྡུག་དང་མི་སྡུག་ཕྱིན་ཅི་ལོག །བརྟེན་པ་འདི་ལས་ཀུན་ཏུ་འབྱུང༌། །འདི་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ནི་ཀུན་ཏུ་རྟོག་པ་ལས་འབྱུང་བར་མདོ་སྡེ་དག་ལས་རྒྱ་ཆེར་གསུངས་ཏེ། སྡུག་པ་དང་མི་སྡུག་པའི་ཕྱིན་ཅི་ལོག་ལ་བརྟེན་པ་ཉིད་ལས་ཀུན་ཏུ་འབྱུང་བས། དེའི་ཕྱིར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ནི་ཡོད་པ་ཡིན་ནོ། །འདིར་བཤད་པ། གང་དག་སྡུག་དང་མི་སྡུག་པའི། །ཕྱིན་ཅི་ལོག་ལ་བརྟེན་འབྱུང་བ། །དེ་དག་ངོ་བོ་ཉིད་ལས་མེད། །དེ་ཕྱིར་ཉོན་མོངས་ཡང་དག་མེད། །གང་དག་དེ་ལྟར་སྡུག་པ་དང་མི་སྡུག་པའི་ཕྱིན་ཅི་ལོག་ལ་བརྟེན་ནས་ཀུན་ཏུ་རྟོག་པ་ལས་འབྱུང་བ་དེ་དག་ནི་ངོ་བོ་ཉིད་ལས་མེད་པས་དེའི་ཕྱིར་ཉོན་མོངས་པ་རྣམས་ཡང་དག་པར་ཡོད་པ་མ་ཡིན་ནོ། །ཡང་གཞན་ཡང༌། བདག་གི་ཡོད་ཉིད་མེད་ཉིད་ནི། །ཇི་ལྟ་བུར་ཡང་འགྲུབ་པ་མེད། །དེ་མེད་ཉོན་མོངས་རྣམས་ཀྱི་ནི། །ཡོད་ཉིད་མེད་ཉིད་ཇི་ལྟར་འགྲུབ། །བདག་གི་ཡོད་པ་ཉིད་དང་མེད་པ་ཉིད་ནི་རྣམ་པ་གང་གིས་ཀྱང་ཇི་ལྟ་བུར་ཡང་འགྲུབ་པ་མེད་དོ། །བདག་དེ་མེད་ན་ཉོན་མོངས་པ་རྣམས་ཀྱི་ཡོད་པ་ཉིད་དང་མེད་པ་ཉིད་ཇི་ལྟར་འགྲུབ་པར་འགྱུར། ཅིའི་ཕྱིར་ཞེ་ན། ཉོན་མོངས་དེ་དག་གང་གི་ཡིན། །དེ་ཡང་འགྲུབ་པ་ཡོད་མ་ཡིན། །ཉོན་མོངས་པ་དེ་དག་ནི་འགའ་ཞིག་གི་ཡིན་ཏེ་ཉོན་མོངས་པ་དེ་དག་གང་གི་ཡིན་པ་དེ་ཡང་རྣམ་པ་ཐམས་ཅད་དུ་འགྲུབ་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་གང་མེད་ཅི་ཞིག་


DTG096_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། །ཉོན་མོངས་ཅུང་ཟད་ཡོད་མ་ཡིན། གལ་ཏེ་ཉོན་མོངས་པ་དེ་དག་གང་གི་ཡིན་པ་དེ་ཡང་འགྲུབ་པ་ཡོད་པ་མ་ཡིན་ན། གང་མེད་ན་ཅི་ཞིག་ཡོད་དེ་ཉོན་མོངས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཅི་སྟེ་གང་ཡང་མེད་པར་ཉོན་མོངས་པ་རྣམས་ཡོད་དེ་དེ་རྣམས་ནི་སུའི་ཡང་མ་ཡིན་ནོ་སྙམ་ན་དེ་ལ་བཤད་པར་བྱ་སྟེ། རང་ལུས་ལྟ་བཞིན་ཉོན་མོངས་རྣམས། །ཉོན་མོངས་ཅན་ལ་རྣམ་ལྔར་མེད། །རང་ལུས་ལྟ་བཞིན་ཉོན་མོངས་ཅན། །ཉོན་མོངས་པ་ལ་རྣམ་ལྔར་མེད། །ཇི་ལྟར་རང་གི་ལུས་ལ་ལྟ་བ་ཕུང་པོ་ལྔ་པོ་དག་ལ་རྣམ་པ་ལྔར་ཡོད་པ་མ་ཡིན་པ་དེ་བཞིན་དུ་ཉོན་མོངས་པ་རྣམས་ཀྱང་ཉོན་མོངས་པ་ཅན་གྱི་སེམས་ལ་རྣམ་པ་ལྔར་ཡོད་པ་མ་ཡིན། ཇི་ལྟར་རང་གི་ལུས་ལ་ལྟ་བ་ཕུང་པོ་ལྔ་བོ་དག་རྣམ་པ་ལྔར་ཡོད་པ་མ་ཡིན་པ་དེ་བཞིན་དུ་ཉོན་མོངས་པ་ཅན་གྱི་སེམས་ཀྱང་ཉོན་མོངས་པ་རྣམས་ལ་རྣམ་པ་ལྔར་ཡོད་པ་མ་ཡིན་ནོ། །ཡང་གཞན་ཡང༌། སྡུག་དང་མི་སྡུག་ཕྱིན་ཅི་ལོག །ངོ་བོ་ཉིད་ལས་ཡོད་མིན་པ། །སྡུག་དང་མི་སྡུག་ཕྱིན་ཅི་ལོག །བརྟེན་ནས་ཉོན་མོངས་གང་དག་ཡིན། །སྡུག་པ་དང་མི་སྡུག་པའི་ཕྱིན་ཅི་ལོག་དག་ངོ་བོ་ཉིད་ལས་ཡོད་པ་མ་ཡིན་པ་དེའི་ཚེ། སྡུག་པ་དང་མི་སྡུག་པའི་ཕྱིན་ཅི་ལོག་དག་ནི་ཡང་དག་པ་མ་ཡིན་ནོ། །གང་ཡང་དག་པ་མ་ཡིན་པ་དེ་ནི་ཡོད་པ་མ་ཡིན་ཏེ། སྡུག་པ་དང་མི་སྡུག་པའི་ཕྱིན་ཅི་ལོག་དེ་དག་ཡོད་པ་མ་ཡིན་ན་དེ་དག་ལ་བརྟེན་ནས་འབྱུང་བའི་ཉོན་མོངས་པ་དེ་དག་མ་ཡིན་ཏེ། དེ་དག་གི་རྒྱུ་ཅན་ཉོན་མོངས་པ་རྣམས་ཇི་ལྟར་ཡོད་པར་འགྱུར། སྨྲས་པ། གཟུགས་སྒྲ་རོ་དང་རེག་བྱ་དང༌། །དྲི་དང་ཆོས་དག་རྣམ་དྲུག་ནི། །གཞི་སྟེ་འདོད་ཆགས་ཞེ་སྡང་དང༌། །གཏི་མུག་གི་ནི་ཡིན་པར་བརྟགས། །གཟུགས་དང་སྒྲ་དང་རོ་དང་རེག་པ་དང་དྲི་དང་ཆོས་དག་རྣམ་པ་དྲུག་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་གཞི་ཡིན་པར་རྣམ་པར་བརྟགས་ཏེ། གཞི་དེ་དག་ཡོད་ན་སྡུག་པ་དང་མི་སྡུག་པའི་ཕྱིན་ཅི་ལོག་དག་ཀུན་ཏུ་འབྱུང་བས་དེའི་ཕྱིར་སྡུག་པ་དང་མི་སྡུག་པའི་ཕྱིན་ཅི་ལོག་དག་ལ་བརྟེན་ནས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་འབྱུང་ངོ༌། །འདིར་བཤད་པ། གཟུགས་སྒྲ་རོ་དང་རེག་པ་དང༌། །དྲི་དང་ཆོས་དག་འགའ་ཞིག་པ། །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །


DTG096_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མའི་སྐྱེས་བུ་ལྟ་བུ་དང༌། །གཟུགས་བརྙན་འདྲ་བ་དེ་དག་ལ། །སྡུག་པ་དང་ནི་མི་སྡུག་པ། །འབྱུང་བར་ཡང་ནི་ག་ལ་འགྱུར། །གཟུགས་དང༌། སྒྲ་དང༌། རོ་དང༌། རེག་པ་དང༌། དྲི་དང༌། ཆོས་དག་ནི་འབའ་ཞིག་པ་བྲལ་བ་ཅི་ཡང་མེད་པ་མ་འདྲེས་བ་ངོ་བོ་ཉིད་མེད་པ་སྟེ། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་སྨིག་རྒྱུ་དང་རྨི་ལམ་འདྲ་བ་ཡིན་པས། སྒྱུ་མའི་སྐྱེས་བུ་ལྟ་བུ་དང་གཟུགས་བརྙན་དང་འདྲ་བ་དེ་དག་ལ་སྡུག་པ་དང་མི་སྡུག་པ་འབྱུང་བར་ག་ལ་འགྱུར། ཡང་གཞན་ཡང༌། གང་ལ་བརྟེན་ནས་སྡུག་པ་ཞེས། །མི་སྡུག་པར་ནི་གདགས་བྱ་བ། །སྡུག་པ་མི་ལྟོས་ཡོད་མིན་པས། །དེ་ཕྱིར་སྡུག་པ་འཐད་མ་ཡིན། །གང་ལ་བརྟེན་ནས་མི་སྡུག་པ་མི་སྡུག་པར་གདགས་པར་བྱའི་སྡུག་པ་མི་སྡུག་པ་ལ་མ་ལྟོས་པའི་སྔ་རོལ་ན་ཡོད་པ་མ་ཡིན་པས་དེའི་ཕྱིར་སྡུག་པ་འཐད་པ་མ་ཡིན་ནོ། །གང་ལ་བརྟེན་ནས་མི་སྡུག་པ། །སྡུག་པ་ཞེས་ནི་གདགས་བྱ་བ། །མི་སྡུག་མི་ལྟོས་ཡོད་མིན་པས། །དེ་ཕྱིར་མི་སྡུག་འཐད་མ་ཡིན། །གང་ལ་བརྟེན་ནས་སྡུག་པ་སྡུག་པར་གདགས་པར་བྱའི་མི་སྡུག་པ་སྡུག་པ་ལ་མ་ལྟོས་པའི་སྔ་རོལ་ན་ཡོད་པ་མ་ཡིན་པས་དེའི་ཕྱིར་མི་སྡུག་པ་འཐད་པ་མ་ཡིན་ནོ། །སྡུག་པ་ཡོད་པ་མ་ཡིན་ན། །འདོད་ཆགས་འབྱུང་བར་ག་ལ་འགྱུར། མི་སྡུག་ཡོད་པ་མ་ཡིན་ན། །ཞེ་སྡང་འབྱུང་བར་ག་ལ་འགྱུར། །སྡུག་པ་ཡོད་པ་མ་ཡིན་ན་འདོད་ཆགས་འབྱུང་བར་ག་ལ་འགྱུར་ཞིང༌། མི་སྡུག་པ་ཡོད་པ་མ་ཡིན་ན་ཞེ་སྡང་འབྱུང་བར་ག་ལ་ཡང་འགྱུར། འདིར་སྨྲས་པ། མདོ་སྡེ་ལས་རྟག་པ་ལ་སོགས་པ་ཕྱིན་ཅི་ལོག་བཞི་ཡོད་པར་གསུངས་པས་དེ་དག་ཡོད་པའི་ཕྱིར་ཕྱིན་ཅི་ལོག་ཏུ་འགྱུར་པ་ཡང་ཡོད་དོ། །དེ་ལ་གང་མི་རྟག་པ་ལ་རྟག་པ་ཞེས་འཛིན་པ་དེ་ནི་ཕྱིན་ཅི་ལོག་ཡིན་ལ། གང་མི་རྟག་པ་ལ་མི་རྟག་པ་ཞེས་བྱ་བར་འཛིན་པ་དེ་ནི་ཕྱིན་ཅི་ལོག་མ་ཡིན་ཏེ། ལྷག་མ་རྣམས་ལ་ཡང་དེ་བཞིན་ནོ། །འདིར་བཤད་པ། གལ་ཏེ་མི་རྟག་རྟག་པ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་རྟག་པ་ཡོད་མིན་པས། །འཛིན་པ་ཇི་ལྟར་ལོག་མ་ཡིན། །གལ་ཏེ་མི་རྟག་པ་ལ་རྟག་པ་ཞེས་དེ་ལྟར་འཛིན་པ་ཕྱིན་ཅི་ལོག་མ་ཡིན་ནོ་སྙམ་དུ་སེམས་ན་དེ་ལ་བཤད་པར་བྱ་སྟེ། ངོ་བོ་ཉིད་སྟོང་


DTG096_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མི་རྟག་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས་དེ་མེད་ན་དེ་ལྟར་འཛིན་པ་ཇི་ལྟར་ཕྱིན་ཅི་ལོག་མ་ཡིན་པར་འགྱུར། ལྷག་མ་རྣམས་ལ་ཡང་དེ་བཞིན་ནོ། །གལ་ཏེ་མི་རྟག་མི་རྟག་ཅེས། །དེ་ལྟར་འཛིན་པ་ལོག་མིན་པ། །སྟོང་ལ་མི་རྟག་ཡོད་མིན་པས། །འཛིན་པ་ཇི་ལྟར་ལོག་མ་ཡིན། །གལ་ཏེ་མི་རྟག་པ་ལ་མི་རྟག་པ་ཞེས་དེ་ལྟར་འཛིན་པ་ཕྱིན་ཅི་ལོག་མ་ཡིན་ནོ་སྙམ་དུ་སེམས་ན། དེ་ལ་བཤད་པར་བྱ་སྟེ། ངོ་བོ་ཉིད་སྟོང་པ་ལ་མི་རྟག་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས་དེ་མེད་ན་དེ་ལྟར་འཛིན་པ་ཇི་ལྟར་ཕྱིན་ཅི་ལོག་མ་ཡིན་པར་འགྱུར། ལྷག་མ་རྣམས་ལ་ཡང་དེ་བཞིན་ནོ། །གང་གིས་འཛིན་དང་འཛིན་གང་དང༌། །འཛིན་པ་པོ་དང་གང་གཟུང་བ། །ཐམས་ཅད་ཉེ་བར་ཞི་བ་སྟེ། །དེ་ཕྱིར་འཛིན་པ་ཡོད་མ་ཡིན། །གང་གིས་འཛིན་པ་ནི་བྱེད་པར་གྱུར་པས་སོ། །འཛིན་པ་གང་ཡིན་པ་ནི་དངོས་པོར་གྱུར་པའོ། །འཛིན་པ་པོ་གང་ཡིན་པ་ནི་བྱེད་པ་པོར་གྱུར་པའོ། །གང་གཟུང་བ་ནི་ལས་སུ་གྱུར་པའོ། །དེ་དག་ཐམས་ཅད་ཉེ་བར་ཞི་བ་ནི་ངོ་བོ་ཉིད་ལས་ཉེ་བར་ཞི་བ་སྟེ། དེ་དག་ཇི་ལྟ་བ་དེ་ལྟར་སོང་བ་དང་མ་སོང་བ་དང་བགོམ་པ་བརྟག་པ་རྒྱས་པར་བཤད་ཟིན་པས། དེའི་ཕྱིར་འཛིན་པ་ཡོད་པ་མ་ཡིན་ནོ། །ལོག་པའམ་ཡང་དག་ཉིད་དུ་ནི། །འཛིན་པ་ཡོད་པ་མ་ཡིན་ན། །གང་ལ་ཕྱིན་ཅི་ལོག་ཡོད་ཅིང༌། །གང་ལ་ཕྱིན་ཅི་མ་ལོག་ཡོད། །ལོག་པའམ་ཡང་དག་པ་ཉིད་དུ་འཛིན་པ་དེ་དག་ཡོད་པ་མ་ཡིན་ན་གང་ལ་ཕྱིན་ཅི་ལོག་ཡོད་པར་འགྱུར་ཞིང་གང་ལ་ཕྱིན་ཅི་མ་ལོག་པ་ཡོད་པར་འགྱུར། ཡང་གཞན་ཡང༌། །ཕྱིན་ཅི་ལོག་ཏུ་གྱུར་པ་ལ། །ཕྱིན་ཅི་ལོག་དག་མི་སྲིད་དོ། །ཕྱིན་ཅི་ལོག་ཏུ་མ་གྱུར་ལའང༌། །ཕྱིན་ཅི་ལོག་དག་མི་སྲིད་དོ། །ཕྱིན་ཅི་ལོག་ཏུ་འགྱུར་བཞིན་ལའང༌། །ཕྱིན་ཅི་ལོག་དག་མི་སྲིད་དོ། །ཕྱིན་ཅི་ལོག་ཏུ་གྱུར་པ་ལ་ཕྱིན་ཅི་ལོག་དག་མི་སྲིད་ཅིང༌། ཕྱིན་ཅི་ལོག་ཏུ་མ་གྱུར་པ་ལ་ཡང་མི་སྲིད། ཕྱིན་ཅི་ལོག་ཏུ་འགྱུར་བཞིན་པ་ལ་ཡང་མི་སྲིད་དེ། ཇི་ལྟར་མི་སྲིད་པ་དེ་ལྟར་ནི་སོང་བ་དང༌། མ་སོང་བ་དང་བགོམ་པ་བརྟག་པའི་རབ་ཏུ་བྱེད་བར་རྒྱས་པར་བསྟན་པ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །གང་ལ་ཕྱིན་ཅི་ལོག་སྲིད་པ། །བདག་ཉིད་ཀྱིས་ནི་རྣམ་པར་


DTG096_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད། དེ་གང་ལ་ཕྱིན་ཅི་ལོག་དག་སྲིད་པ་བདག་ཉིད་ཀྱིས་རྣམ་པར་དཔྱོད་ཅིག །ཡང་གཞན་ཡང༌། ཕྱིན་ཅི་ལོག་རྣམས་མ་སྐྱེས་ན། །ཇི་ལྟ་བུར་ན་ཡོད་པར་འགྱུར། །ཕྱིན་ཅི་ལོག་རྣམས་སྐྱེ་མེད་ན། །ཕྱིན་ཅི་ལོག་ཅན་ག་ལ་ཡོད། །ཕྱིན་ཅི་ལོག་གང་དག་ངོ་བོ་ཉིད་ལས་མ་སྐྱེས་པ་དེ་དག་ཇི་ལྟ་བུར་ན་ཡོད་པར་འགྱུར། དེ་ཕྱིན་ཅི་ལོག་དེ་རྣམས་ངོ་བོ་ཉིད་ལས་སྐྱེ་བ་མེད་ན་ཕྱིན་ཅི་ལོག་ཅན་ཡོད་པར་ག་ལ་འགྱུར། དངོས་པོ་བདག་ལས་མི་སྐྱེ་སྟེ། །གཞན་ལས་སྐྱེ་བ་ཉིད་མ་ཡིན། །བདག་དང་གཞན་ལས་ཀྱང་མིན་ན། །ཕྱིན་ཅི་ལོག་ཅན་ག་ལ་ཡོད། །ཡང་གཞན་ཡང༌། གལ་ཏེ་བདག་དང་སྡུག་པ་དག །རྟག་དང་བདེ་བ་ཡོད་ན་ནི། །བདག་ཤེས་སྡུག་ཤེས་རྟག་ཤེས་དང༌། །བདེ་ཤེས་ཕྱིན་ཅི་ལོག་མ་ཡིན། །གལ་ཏེ་བདག་དང་སྡུག་པ་དང་རྟག་པ་དང་བདེ་བ་ཞེས་བྱ་བ་བཞི་པོ་དེ་དག་ཡོད་ན་ནི་དེ་དག་ཡོད་པའི་ཕྱིར་རོ། །རྟག་ཏུ་ཤེས་པ་དང༌། སྡུག་པར་ཤེས་པ་དང༌། རྟག་པར་ཤེས་པ་དང༌། བདེ་བར་ཤེས་པ་དེ་དག་ཕྱིན་ཅི་ལོག་མ་ཡིན་པར་འགྱུར་རོ། །དེ་ལ་འདི་སྙམ་དུ་བདག་དང་སྡུག་པ་དང་རྟག་པ་དང་བདེ་བ་ཞེས་བྱ་བ་བཞི་པོ་དེ་དག་ནི་ཡོད་པ་མ་ཡིན་གྱི་བདག་མེད་པ་ལ་སོགས་པ་བཞི་པོ་དག་ནི་ཡོད་དོ། དེ་དག་ལ་ཕྱིན་ཅི་ལོག་ཏུ་འཛིན་པས་ཕྱིན་ཅི་ལོག་དག་ཀྱང་ཡོད་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། གལ་ཏེ་བདག་དང་སྡུག་པ་དང༌། །རྟག་དང་བདེ་བ་མེད་ན་ནི། །བདག་མེད་མི་སྡུག་མི་རྟག་དང༌། །སྡུག་བསྔལ་ཡོད་པ་མ་ཡིན་ནོ། །གལ་ཏེ་བདག་དང་སྡུག་པ་དང་རྟག་པ་དང་བདེ་བ་ཞེས་བྱ་བ་བཞི་པོ་དེ་དག་མེད་ན་ནི། དེ་དག་མེད་པའི་ཕྱིར་བདག་མེད་པ་དང་མི་སྡུག་པ་དང་མི་རྟག་པ་དང་སྡུག་བསྔལ་ཞེས་བྱ་བ་བཞི་པོ་དག་ཀྱང་ཡོད་པ་མ་ཡིན་ཏེ། ལྟོས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་རྒྱུའི་ཁྱད་པར་འདིས་ཀྱང་ཕྱིན་ཅི་ལོག་རྣམས་ཡོད་པ་མ་ཡིན་ནོ། །དེ་ལྟར་ཕྱིན་ཅི་ལོག་འགགས་པས། །མ་རིག་པ་ནི་འགག་པར་འགྱུར། །མ་རིག་འགགས་པར་གྱུར་ན་ནི། །འདུ་བྱེད་ལ་སོགས་འགག་པར་འགྱུར། །དེ་ལྟར་ལམ་གྱིས་ཕྱིན་ཅི་ལོག་རྣམས་འགག་ལ། ཕྱིན་ཅི་ལོག་འགགས་པས་མ་རིག་པ་འགག །མ་རིག་


DTG096_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

པ་འགགས་པས་འདུ་བྱེད་ལ་སོགས་པའི་དོན་འགག་པར་འགྱུར་རོ། །གལ་ཏེ་ལ་ལའི་ཉོན་མོངས་པ། །གང་དག་ངོ་བོ་ཉིད་ཡོད་ན། །ཇི་ལྟ་བུར་ན་སྤོང་བར་འགྱུར། །ཡོད་པ་སུ་ཞིག་སྤོང་བར་བྱེད། །གལ་ཏེ་ལ་ལའི་ཉོན་མོངས་པ་གང་དག་ངོ་བོ་ཉིད་ཀྱིས་ཡོད་ཅིང་ཡང་དག་པ་དང་དེ་ཁོ་ན་དང་བདེན་པ་ཡིན་ན་དེ་དག་ཇི་ལྟར་སྤང་བར་འགྱུར། ཡོད་པ་སུ་ཞིག་སྤོང་བར་བྱེད་དེ་སྤོང་བར་མི་འཐད་པའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་ཉོན་མོངས་པ་རྣམས་ནི་ངོ་བོ་ཉིད་ཀྱིས་མེད་པ་ཉིད་ཡིན་ཏེ། ངོ་བོ་ཉིད་ཀྱིས་མེད་པ་དེ་དག་སྤོང་བར་བྱེད་དོ་སྙམ་དུ་སེམས་ན། དེ་ལ་བཤད་པར་བྱ་སྟེ། གལ་ཏེ་ལ་ལའི་ཉོན་མོངས་པ། །གང་དག་ངོ་བོ་ཉིད་མེད་ན། །ཇི་ལྟ་བུར་ན་སྤོང་བར་འགྱུར། །མེད་པ་སུ་ཞིག་སྤོང་བར་བྱེད། །གལ་ཏེ་ལ་ལའི་ཉོན་མོངས་པ་གང་དག་ངོ་བོ་ཉིད་ཀྱིས་མེད་ཅིང་ཡང་དག་པ་དེ་དང་དེ་ཁོ་ན་དང་བདེན་པ་མ་ཡིན་ན། དེ་དག་ཇི་ལྟར་སྤོང་བར་འགྱུར། མེད་པ་སུ་ཞིག་སྤོང་བར་བྱེད་དེ་སྤང་བར་མི་འཐད་པའི་ཕྱིར་རོ། །ཕྱིན་ཅི་ལོག་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་གསུམ་པའོ།། །།འདིར་སྨྲས་པ། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །འཕགས་པའི་བདེན་པ་བཞི་མེད་པས། །ཡོངས་སུ་ཤེས་དང་སྤང་བ་དང༌། །བསྒོམ་དང་མངོན་དུ་བྱ་བ་དག །འཐད་པར་འགྱུར་བ་མ་ཡིན་ནོ། །དེ་དག་ཡོད་པ་མ་ཡིན་པས། །འབྲས་བུ་བཞི་ཡང་ཡོད་མ་ཡིན། །འབྲས་བུ་མེད་ན་འབྲས་གནས་མེད། །ཞུགས་པ་དག་ཀྱང་ཡོད་མ་ཡིན། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད། །དེ་དག་མེད་ན་དགེ་འདུན་མེད། །འཕགས་པའི་བདེན་རྣམས་མེད་པའི་ཕྱིར། །དམ་པའི་ཆོས་ཀྱང་ཡོད་མ་ཡིན། །ཆོས་དག་དགེ་འདུན་ཡོད་མིན་ན། །སངས་རྒྱས་ཇི་ལྟར་ཡོད་པར་འགྱུར། །དེ་སྐད་སྨྲས་ན་དཀོན་མཆོག་ནི། །གསུམ་ལ་གནོད་པ་བྱེད་པ་ཡིན། །གལ་ཏེ་འགྲོ་བ་འདི་དག་ཀུན་སྟོང་ན་དེའི་ཕྱིར་འབྱུང་བ་མེད་ཅིང་འཇིག་པ་མེད་དོ། །དེ་དག་མེད་པས་འཕགས་པའི་བདེན་པ་བཞི་པོ་རྣམས་ཁྱོད་ལ་མེད་པར་ཐལ་བར་འགྱུར་རོ། །འཕགས་པའི་བདེན་པ་བཞི་མེད་པས་སྡུག་


DTG096_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ཡོངས་སུ་ཤེས་པ་དང་ཀུན་འབྱུང་བ་སྤང་བ་དང་ལམ་བསྒོམ་པ་དང་འགོག་པ་མངོན་སུམ་དུ་བྱ་བ་དག་འཐད་པར་འགྱུར་བ་མ་ཡིན་ནོ། །སྡུག་བསྔལ་ཡོངས་སུ་ཤེས་པ་དང་ཀུན་འབྱུང་བ་སྤང་བ་དང་ལམ་བསྒོམ་པ་དང་འགོག་པ་མངོན་སུམ་དུ་བྱ་བ་དེ་དག་ཡོད་པ་མ་ཡིན་པས་དགེ་སྦྱོང་གི་འབྲས་བུ་བཞི་ཡང་ཡོད་པ་མ་ཡིན་ནོ། །དགེ་སྦྱོང་གི་འབྲས་བུ་མེད་ན། འབྲས་བུ་ལ་གནས་པ་དང་ཞུགས་པ་སྐྱེས་བུ་གང་ཟག་བརྒྱད་པོ་དག་ཀྱང་ཡོད་པ་མ་ཡིན་ནོ། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད་པོ་དེ་དག་མེད་ན་དགེ་འདུན་མེད་དེ། ཡང་གཞན་ཡང༌། འཕགས་པའི་བདེན་པ་རྣམས་མེད་པའི་ཕྱིར་དམ་པའི་ཆོས་ཀྱང་ཡོད་པ་མ་ཡིན་ནོ། །དམ་པའི་ཆོས་དང་དགེ་འདུན་ཡོད་པ་མ་ཡིན་ན་སངས་རྒྱས་ཇི་ལྟར་ཡོད་པར་འགྱུར་ཏེ། དེ་སྐད་དུ་སྟོང་པ་ཉིད་དུ་སྨྲ་ན་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ཡིན་ནོ། །ཡང་གཞན་ཡང༌། སྟོང་ཉིད་འབྲས་བུ་ཡོད་པ་དང༌། །ཆོས་མ་ཡིན་དང་ཆོས་ཉིད་དང༌། །འཇིག་རྟེན་པ་ཡི་ཐ་སྙད་ནི། །ཀུན་ལ་གནོད་པ་བྱེད་པ་ཡིན། །སྟོང་པ་ཉིད་བཟུང་ན་ཆོས་མ་ཡིན་པ་དང་ཆོས་ཉིད་དང་དེ་དག་གིས་བྱས་པའི་འབྲས་བུ་ཡོད་པ་དང་འཇིག་རྟེན་པའི་ཐ་སྙད་ཀུན་ལ་ཡང་གནོད་པ་བྱེད་པ་ཡིན་པས་དེ་ལྟ་བས་ན་དངོས་པོ་ཐམས་ཅད་སྟོང་པ་མ་ཡིན་ནོ། །དེ་ལ་བཤད་པ་ཁྱོད་ཀྱིས་ནི། །སྟོང་ཉིད་དགོས་དང་སྟོང་ཉིད་དང༌། །སྟོང་ཉིད་དོན་ནི་མ་རྟོགས་པས། །དེ་ཕྱིར་དེ་ལྟར་གནོད་པ་བྱེད། །ཁྱོད་ཀྱིས་ནི་སྟོང་པ་ཉིད་བསྟན་པའི་དགོས་པ་གང་ཡིན་པ་དང༌། སྟོང་པ་ཉིད་ཀྱི་མཚན་ཉིད་གང་ཡིན་པ་དང་སྟོང་པ་ཉིད་ཀྱི་དོན་གང་ཡིན་པ་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་རྟོགས་པ་དེའི་ཕྱིར་དེ་ལྟར་གནོད་པ་བྱེད་དོ། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བ་བདེན་དང༌། །དམ་པའི་དོན་གྱི་བདེན་པའོ། །གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི་བདེན་པ་གཉིས་པོ་འདི་དག་ལ་བརྟེན་ནས་འབྱུང་སྟེ། འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བ་


DTG096_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆོས་རྣམས་ངོ་བོ་ཉིད་སྟོང་པ་དག་ལ་འཇིག་རྟེན་གྱིས་ཕྱིན་ཅི་ལོག་མ་རྟོགས་པས་ཆོས་ཐམས་ཅད་སྐྱེ་བར་མཐོང་བ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་ཀུན་རྫོབ་ཏུ་བདེན་པ་ཉིད་ཡིན་པས་ཀུན་རྫོབ་ཀྱི་བདེན་པའོ། །དོན་དམ་པའི་བདེན་པ་ནི་འཕགས་པ་རྣམས་ཀྱིས་ཕྱིན་ཅི་ལོག་ཏུ་ཐུགས་སུ་ཆུད་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་སྟེ་དེ་ནི་དེ་དག་ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ། །དེ་ལ་གང་དག་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་དེ་གཉིས་ཀྱི་རྣམ་པར་དབྱེ་བ་རྣམ་པར་མི་ཤེས་པ་དེ་དག་ནི་སངས་རྒྱས་ཀྱི་བསྟན་པ་ཟབ་མོའི་དེ་ཉིད་རྣམ་པར་མི་ཤེས་པ་ཡིན་ནོ། །འདི་ལ་འདི་སྙམ་དུ་སྨྲ་བར་འདོད་པའི་དོན་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བའི་དོན་དམ་པའི་བདེན་པ་དེ་ཉིད་ཡིན་ན། ཐ་སྙད་ཀྱི་བདེན་པ་གཉིས་པ་འདི་ཅི་དགོས་སྙམ་དུ་སེམས་ན། དེ་ལ་བཤད་པར་བྱ་སྟེ། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ལ་མ་བརྟེན་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །གང་གི་ཕྱིར་ཐ་སྙད་ལ་མ་བརྟེན་པར་དོན་དམ་པ་བསྟན་པར་མི་ནུས་པ་དང༌། གང་གི་ཕྱིར་དོན་དམ་པ་ལ་མ་བརྟེན་པར་མྱ་ངན་ལས་འདས་པ་འཐོབ་པར་མི་འགྱུར་བ་དེའི་ཕྱིར་བདེན་པ་གཉིས་ཀ་གདགས་དགོས་སོ། །སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་བྱེད། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང༌། །རིག་སྔགས་ཉེས་པར་བསྒྲུབ་པ་བཞིན། །དོན་དམ་པ་སྟོང་པ་ཉིད་ལ་ལྟ་ཉེས་ན་ཤེས་རབ་ཆུང་ངུ་དང་ལྡན་པ་ཕུང་བར་བྱེད་ཅིང་དེ་ལ་གནོད་པ་ཆེན་པོ་འབྱུང་བར་འགྱུར་ཏེ། །ཇི་ལྟར་དཔེར་ན་སྦྲུལ་ལ་བཟུང་ཉེས་ན་ཕུང་བར་བྱེད་ཅིང་དེ་ལ་འཆི་བ་ལ་ཐུག་པའི་ཉེན་ཆེན་པོ་སྐྱེད་པར་བྱེད་པ་དང༌། ཇི་ལྟར་དཔེར་ན་རིག་སྔགས་དང་གསང་སྔགས་བྱ་བ་དང་ཆོ་ག་ཉམས་པས་བསྒྲུབས་ཉེས་ན་ཕུང་བར་བྱེད་ཅིང་དེ་ལ་སྲོག་གི་མཐར་ཐུག་པའི་ཉེན་ཆེན་པོ་སྐྱེད་པར་བྱེད་པ་དེ་བཞིན་ནོ། །དེ་ཕྱིར་ཞན་པས་ཆོས་འདི་ཡི། །གཏིང་རྟོགས་དཀའ་བར་མཁྱེན་གྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་ལོག་པར་གྱུར་པ་ཡིན། །རྒྱུ་དེ་ཁོ་ནའི་ཕྱིར་ཤེས་རབ་ཞན་པ་རྣམས་ཀྱིས་ཆོས་འདིའི་


DTG096_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

གཏིང་རྟོགས་པར་དཀའ་བ་ཉིད་དུ་མཁྱེན་པར་གྱུ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཆོས་བསྟན་པ་ལས་རབ་ཏུ་ལོག་པར་གྱུར་པ་ཡིན་ནོ། །ཁྱོད་ནི་ང་ལ་སྟོང་པ་ཉིད། །སྐྱོན་དུ་ཐལ་བར་འགྱུར་བ་ཡིས། །སྤོང་བར་བྱེད་པ་གང་ཡིན་པ། །དེ་ནི་སྟོང་ལ་མི་འཐད་དོ། །ཁྱོད་ང་ལ་སྟོང་པ་ཉིད་སྐྱོན་དུ་ཐལ་བར་འགྱུར་བས་སྤོང་བར་བྱེད་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་སྟོང་པ་ལ་མི་འཐད་དོ། །ཡང་གཞན་ཡང༌། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མི་འགྱུར། །གང་ལ་ངོ་བོ་ཉིད་སྟོང་པ་ཉིད་རུང་བ་དེ་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་རུང་བར་འགྱུར་རོ། །གང་ལ་ངོ་བོ་ཉིད་སྟོང་པ་ཉིད་མི་རུང་བ་དེ་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་མི་རུང་བར་འགྱུར་རོ། །ཁྱོད་ཉིད་རང་གི་སྐྱོན་རྣམས་ནི། །ང་ལ་ཡོངས་སུ་སྒྱུར་བྱེད་པ། །རྟ་ལ་མངོན་པར་ཞོན་བཞིན་དུ། །རྟ་ཉིད་བརྗོད་པར་གྱུར་པ་བཞིན། །ཁྱོད་ཉིད་རང་གི་སྐྱོན་རྣམས་ང་ལ་ཡོངས་སུ་སྒྱུར་བར་བྱེད་པ་ནི་རྟ་ལ་མངོན་པར་ཞོན་བཞིན་དུ་རྟ་དེ་ཉིད་བརྗེད་པར་འགྱུར་བ་བཞིན་ནོ། །ཡང་གཞན་ཡང༌། གལ་ཏེ་དངོས་རྣམས་དངོས་ཉིད་ལས། །ཡོད་པར་རྗེས་སུ་ལྟ་བྱེད་ན། །དེ་ལྟ་ཡིན་ན་དངོས་པོ་རྣམས། །རྒྱུ་རྐྱེན་མེད་པར་ཁྱོད་ལྟའོ། །འབྲས་བུ་དང་ནི་རྒྱུ་ཉིད་དང༌། །བྱེད་པ་པོ་དང་བྱེད་དང་བྱ། །སྐྱེ་བ་དང་ནི་འགག་པ་དང༌། །འབྲས་བུ་ལ་ཡང་གནོད་པ་བྱེད། །གལ་ཏེ་དངོས་པོ་རྣམས་ངོ་བོ་ཉིད་ལ་ཡོད་པར་རྗེས་སུ་ལྟ་བར་བྱེད་ན། དེ་ལྟ་ན་ཁྱོད་དངོས་པོ་རྣམས་རྒྱུ་དང་རྐྱེན་མེད་པར་ལྟ་བ་ཡིན་ནོ། །དེས་ན་འབྲས་བུ་དང་རྒྱུ་ཉིད་དང་བྱེད་པ་པོ་དང་བྱེད་པ་དང་བྱ་བ་དང་སྐྱེ་བ་དང་འགག་པ་དང་འབྲས་བུ་ལ་ཡང་གནོད་པ་བྱེད་པ་ཡིན་ནོ། །རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཁོ་བོ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་དེ་ནི་སྟོང་པ་ཉིད་དུ་འཆད་དེ། དེ་ནི་བརྟེན་ནས་གདགས་པ་ཡིན་ཏེ། །


DTG096_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་དབུ་མའི་ལམ་ཡིན་ནོ། །དེ་ལ་དངོས་པོ་འགའ་ཞིག་ཡོད་པ་ཉིད་ཡིན་ན། དེ་ནི་བརྟེན་ནས་འབྱུང་བ་དང་བརྟེན་ནས་གདགས་པ་ཡིན་པས། གང་གི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པའི་ཆོས་འགའ་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་སྟོང་པ་མ་ཡིན་པའི་ཆོས་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །གལ་ཏེ་འགྲོ་བ་འདི་ཀུན་མི་སྟོང་ན་དེའི་ཕྱིར་འབྱུང་བ་མེད་ཅིང་འཇིག་པ་མེད་དོ། །དེ་དག་མེད་པའི་ཕྱིར་འཕགས་པའི་བདེན་པ་བཞི་པོ་རྣམས་ཁྱོད་ལ་མེད་པར་ཐལ་བར་འགྱུར་རོ། །གལ་ཏེ་ཇི་ལྟ་ཞེ་ན་བཤད་པ། རྟེན་ཅིང་འབྲེལ་འབྱུང་མ་ཡིན་ན། །སྡུག་བསྔལ་ཡོད་པར་ག་ལ་འགྱུར། །མི་རྟག་སྡུག་བསྔལ་གསུངས་པ་དེ། །ངོ་བོ་ཉིད་ལས་ཡོད་མ་ཡིན། །རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་ན་སྡུག་བསྔལ་ཡོད་པར་མི་འགྱུར་ཏེ། །ཅིའི་ཕྱིར་ཞེ་ན། མདོ་སྡེ་དག་ལས། མི་རྟག་པ་ནི་སྡུག་བསྔལ་ལོ། །ཞེས་གསུངས་པ་དེ་ངོ་བོ་ཉིད་ལས་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཡང་གཞན་ཡང༌། ངོ་བོ་ཉིད་ལས་ཡོད་མིན་ན། །ཅི་ཞིག་ཀུན་ཏུ་འབྱུང་བར་འགྱུར། །དེ་ཕྱིར་སྟོང་ཉིད་གནོད་བྱེད་ལ། །ཀུན་འབྱུང་ཡོད་པ་མ་ཡིན་ནོ། །སྡུག་བསྔལ་དེ་ངོ་བོ་ཉིད་ལས་ཡོད་པ་མ་ཡིན་ན། ཅི་ཞིག་ཀུན་ཏུ་འབྱུང་བར་འགྱུར་ཏེ། ངོ་བོ་ཉིད་ལས་ཡོད་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་སྟོང་པ་ཉིད་ལ་གནོད་པ་བྱེད་པ་ལ་ཀུན་འབྱུང་ཡོད་པ་མ་ཡིན་ནོ། །སྡུག་བསྔལ་ངོ་བོ་ཉིད་ཡོད་ལ། །འགོག་པ་ཡོད་པ་མ་ཡིན་ནོ། །ངོ་བོ་ཉིད་ནི་ཡོངས་གནས་ཕྱིར། །འགོག་ལ་གནོད་པ་བྱེད་པ་ཡིན། །སྡུག་བསྔལ་ངོ་བོ་ཉིད་ཀྱིས་ཡོད་པ་ལ་འགོག་པ་ཡོད་པ་མ་ཡིན་ཏེ་མི་འཇིག་པའི་ཕྱིར་རོ། །དེས་ན་ངོ་བོ་ཉིད་ཡོངས་སུ་གནས་པའི་ཕྱིར་འགོག་པ་ལ་གནོད་པ་བྱེད་པ་ཡིན་ནོ། །ལམ་ནི་ངོ་བོ་ཉིད་ཡོད་ན། །བསྒོམ་པ་འཐད་པར་མི་འགྱུར་རོ། །ཅི་སྟེ་ལམ་དེ་བསྒོམ་བྱ་ན། །ཁྱོད་ཀྱི་དངོས་ཉིད་ཡོད་མ་ཡིན། །ལམ་ངོ་བོ་ཉིད་ཡོད་པར་འཛིན་ན་བསྒོམ་པ་འཐད་པར་མི་འགྱུར་ཏེ་དོན་མེད་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་རྟག་པ་གང་ཡིན་པ་དེ་ལ་བསྒོམ་ཞིང་སྒྲུབ་པའི་ཐབས་མེད་པས་དེའི་


DTG096_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ལམ་བསྒོམ་པ་འཐད་པར་མི་འགྱུར་རོ། །ཅི་སྟེ་ལམ་བསྒོམ་པར་བྱ་བ་ཡིན་ན་ནི་ཁྱོད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ནོ། །ཡང་གཞན་ཡང༌། གང་ཚེ་སྡུག་བསྔལ་ཀུན་འབྱུང་དང༌། །འགོག་པ་ཡོད་པ་མ་ཡིན་ན། ལམ་གྱི་སྡུག་བསྔལ་འགོག་པ་ནི། །གང་ཞིག་ཐོབ་པར་འགྱུར་བར་འདོད། །གང་གི་ཚེ་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པའི་ཆོས་གསུམ་པོ་དག་ཡོད་པ་མ་ཡིན་པ་དེའི་ཚེ་ཁྱོད་ཀྱི་སྡུག་བསྔལ་འགོག་པ་གང་ཞིག་ལམ་གྱིས་འཐོབ་པར་འགྱུར་བར་འདོད། ཡང་གཞན་ཡང༌། གལ་ཏེ་ངོ་བོ་ཉིད་ཀྱིས་ནི། །ཡོངས་སུ་ཤེས་པ་མ་ཡིན་ན། །དེ་ནི་ཇི་ལྟར་ཡོངས་ཤེས་འགྱུར། །དངོས་ཉིད་གནས་ཤེས་མ་ཡིན་ནམ། །གལ་ཏེ་སྡུག་བསྔལ་གང་ངོ་བོ་ཉིད་ཀྱིས་ཡོངས་སུ་ཤེས་པ་མ་ཡིན་ན། དེ་ཇི་ལྟར་ཡོངས་སུ་ཤེས་པར་བྱ་བར་ནུས་ཏེ། ངོ་བོ་ཉིད་ཀྱིས་ཡོངས་སུ་མ་ཤེས་པའི་ཕྱིར་རོ། །ཁྱོད་ཀྱི་ངོ་བོ་ཉིད་ཀྱིས་ངེས་པར་གནས་པ་ཡིན་ཞེས་མ་ཡིན་ནམ། དེ་བཞིན་དུ་ནི་ཁྱོད་ཉིད་ཀྱི། །སྤང་དང་མངོན་སུམ་བྱ་བ་དང༌། །བསྒོམ་དང་འབྲས་བུ་བཞི་དག་ཀྱང༌། །ཡོངས་སུ་ཤེས་བཞིན་མི་རུང་ངོ༌། །དེ་བཞིན་དུ་ཁྱོད་ཉིད་ཀྱིས་ཀུན་འབྱུང་བ་སྤང་པ་དང༌། འགོག་པ་མངོན་སུམ་དུ་བྱ་བ་དང༌། ལམ་བསྒོམ་པ་དང་འབྲས་བུ་བཞི་པོ་དག་ཀྱང་སྡུག་བསྔལ་ཡོངས་སུ་ཤེས་པ་བཞིན་དུ་མི་རུང་སྟེ། ཀུན་འབྱུང་བ་ངོ་བོ་ཉིད་ཀྱིས། མ་སྤངས་པ་གང་ཡིན་པ་དེ་ཡང་སྤང་བར་མི་ནུས་ཏེ། ངོ་བོ་ཉིད་ཀྱིས་མ་སྤངས་པའི་ཕྱིར་རོ། །འགོག་པ་ངོ་བོ་ཉིད་ཀྱིས་མངོན་སུམ་དུ་མ་བྱས་པ་གང་ཡིན་པ་དེ་ཡང་མངོན་སུམ་དུ་བྱ་བར་མི་ནུས་ཏེ། ངོ་བོ་ཉིད་ཀྱིས་མངོན་སུམ་དུ་མ་བྱས་པའི་ཕྱིར་རོ། །ལམ་ངོ་བོ་ཉིད་ཀྱིས་མ་བསྒོམས་པ་ཉིད་གང་ཡིན་པ་དེ་ཡང་བསྒོམས་པར་མི་ནུས་ཏེ། ངོ་བོ་ཉིད་ཀྱིས་མ་བསྒོམས་པའི་ཕྱིར་རོ། །དེ་ལྟར་ན་འཕགས་པའི་བདེན་པ་བཞི་པོ་དེ་དག་ཡོངས་སུ་ཤེས་པ་དང་སྤངས་པ་དང་མངོན་སུམ་དུ་བྱ་བ་དང༌། བསྒོམ་པའི་བྱ་བ་བཞི་པོ་དག་ཀྱང་མི་འཐད་དོ། །ཡང་གཞན་ཡང༌། འབྲས་བུ་བཞི་པོ་རྒྱུན་ཏུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། དགྲ་བཅོམ་པ་དག་ཀྱང་བྱ་བ་བཞི་པོ་དག་མེད་པས་མི་རུང་ངོ༌། །ཡང་གཞན་ཡང༌། ངོ་བོ་ཉིད་ནི་


DTG096_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་འཛིན་པས། །འབྲས་བུ་ངོ་བོ་ཉིད་ཀྱིས་ནི། །ཐོབ་པ་མིན་པ་གང་ཡིན་དེ། །ཇི་ལྟར་ཐོབ་པར་ནུས་པར་འགྱུར། །ངོ་བོ་ཉིད་ཡོངས་སུ་འཛིན་པས་འབྲས་བུ་ངོ་བོ་ཉིད་ཀྱིས་ཐོབ་པ་མ་ཡིན་པ་གང་ཡིན་པ་དེ་དག་ཀྱང་ཐོབ་པར་མི་ནུས་པར་འགྱུར་རོ། །འབྲས་བུ་མེད་ན་འབྲས་གནས་མེད། །ཞུགས་པ་དག་ཀྱང་ཡོད་མ་ཡིན། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད། །དེ་དག་མེད་ན་དགེ་འདུན་མེད། །དགེ་སྦྱོང་གི་འབྲས་བུ་རྣམས་མེད་ན་འབྲས་བུ་ལ་གནས་པ་དང༌། ཞུགས་པའི་སྐྱེས་བུ་གང་ཟག་བརྒྱད་པོ་དག་ཀྱང་ཡོད་པ་མ་ཡིན་ནོ། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད་པོ་དེ་དག་མེད་ན་དགེ་འདུན་ཡང་མེད་དོ། །ཡང་གཞན་ཡང༌། འཕགས་པའི་བདེན་རྣམས་མེད་པའི་ཕྱིར། །དམ་པའི་ཆོས་ཀྱང་ཡོད་མ་ཡིན། །ཆོས་དང་དགེ་འདུན་ཡོད་མིན་ན། །སངས་རྒྱས་ཇི་ལྟར་ཡོད་པར་འགྱུར། །ཁྱོད་ཀྱིས་སངས་རྒྱས་བྱང་ཆུབ་ལ། །མ་བརྟེན་པར་ཡང་ཐལ་བར་འགྱུར།། ཁྱོད་ཀྱིས་བྱང་ཆུབ་སངས་རྒྱས་ལ། །མ་བརྟེན་པར་ཡང་ཐལ་བར་འགྱུར། །ཁྱོད་ཀྱི་ངོ་བོ་ཉིད་ཀྱིས་ནི། །སངས་རྒྱས་མིན་པ་གང་ཡིན་དེས། །བྱང་ཆུབ་བྱང་ཆུབ་སྤྱོད་པ་ལ། །བརྩལ་ཀྱང་བྱང་ཆུབ་འཐོབ་མི་འགྱུར། །འགའ་ཡང་ཆོས་དང་ཆོས་མིན་པ། །ནམ་ཡང་བྱེད་པར་མི་འགྱུར་ཏེ། །མི་སྟོང་པ་ལ་ཅི་ཞིག་བྱ། །ངོ་བོ་ཉིད་ལ་བྱ་བ་མེད། །ཆོས་དང་ཆོས་མིན་རྒྱུས་བྱུང་བའི། །འབྲས་བུ་ཁྱོད་ལ་ཡོད་མ་ཡིན། །ཆོས་དང་ཆོས་མིན་མེད་པར་ཡང༌། །འབྲས་བུ་ཁྱོད་ལ་ཡོད་པར་འགྱུར། །ཆོས་དང་ཆོས་མིན་རྒྱུས་བྱུང་བའི། །འབྲས་བུ་གལ་ཏེ་ཁྱོད་ལ་ཡོད། །ཆོས་དང་ཆོས་མིན་ལས་བྱུང་བའི། །འབྲས་བུ་ཅི་ཕྱིར་སྟོང་མ་ཡིན། །འཇིག་རྟེན་པ་ཡིན་ཐ་སྙད་ནི། །ཀུན་ལའང་གནོད་པ་བྱེད་པ་ཡིན། །རྟེན་ཅིང་འབྲེལ་འབྱུང་གང་ཡིན་པའི། །སྟོང་པ་ཉིད་ལ་གནོད་པ་བྱེད། །བྱ་བ་ཅི་ཡང་མེད་འགྱུར་ཞིང༌། །བྱ་བ་རྩོམ་པའང་མེད་པར་འགྱུར། །སྟོང་པ་ཉིད་ལ་གནོད་བྱེད་ན། །མི་བྱེད་པ་ཡང་བྱེད་པར་འགྱུར། །དངོས་ཉིད་ཡོད་ནའང་འགྲོ་བ་རྣམས། །གནས་སྐབས་སྣ་ཚོགས་བྲལ་འགྱུར་ཞིང༌། །མ་སྐྱེས་པ་དང་མ་འགགས་དང༌། །ཐེར་ཟུག་ཏུ་ཡང་གནས་པར་འགྱུར། །ངོ་བོ་ཉིད་ཡོད་པ་མ་ཡིན་ན་འགྲོ་བ་མ་ལུས་པ་རྣམས་


DTG096_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་སྣ་ཚོགས་དང་བྲལ་བར་འགྱུར་ཞིང་མ་སྐྱེས་པ་དང་མ་འགགས་པ་དང་ཐེར་ཟུག་ཏུ་གནས་པར་ཡང་འགྱུར་རོ། །དེ་ལྟ་བས་ནས་དེ་ལྟར་ངོ་བོ་ཉིད་དུ་སྨྲ་བ་ཡོངས་སུ་འཛིན་ན་ཇི་སྐད་བསྟན་པའི་སྐྱོན་དེ་དག་ཐམས་ཅད་དུ་ཡང་ཐལ་བར་འགྱུར་རོ། །ཡང་གཞན་ཡང། གལ་ཏེ་སྟོང་པ་ཡོད་མིན་ན། །མ་ཐོབ་ཐོབ་པར་བྱ་བ་དང༌། །སྡུག་བསྔལ་མཐར་བྱེད་ལས་དང་ནི། །ཉོན་མོངས་ཐམས་ཅད་སྤོང་བའང་མེད། །གལ་ཏེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་མ་ཡིན་ན། དེའི་ཕྱིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་མ་ཐོབ་པ་ཐོབ་པར་བྱ་བ་གང་དག་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཐོབ་པར་བྱ་བ་ཡང་མེད་པར་འགྱུར་ལ། སྡུག་བསྔལ་མཐར་བྱེད་པའི་ལས་ཀྱང་མེད་པར་འགྱུར་ཞིང༌། ཉོན་མོངས་པ་ཐམས་ཅད་སྤོང་བའང་མེད་པར་འགྱུར་རོ། །གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །མཐོང་བ་དེས་ནི་སྡུག་བསྔལ་དང༌། །ཀུན་འབྱུང་དང་ནི་འགོག་པ་དང༌། །ལམ་ཉིད་དེ་དག་མཐོང་བ་ཡིན། །གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་བཞི་པོ་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང༌། ལམ་ཉིད་ཅེས་བྱ་བ་དེ་དག་མཐོང་བ་ཡིན་ནོ། །འཕགས་པའི་བདེན་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་བཞི་པའོ།། །།འདིར་སྨྲས་པ། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །གང་ཞིག་སྤོང་དང་འགག་པ་ལས། །མྱ་ངན་འདའ་བར་འགྱུར་བར་འདོད། །གལ་ཏེ་འགྲོ་བ་འདི་དག་ཀུན་སྟོང་ན་དེ་ལྟ་ན་འབྱུང་བ་མེད་ཅིང་འཇིག་པ་མེད་དོ། །དེ་དག་མེད་པའི་ཕྱིར་གང་ཞིག་སྤོང་བ་དང་འགག་པ་ལས་མྱ་ངན་ལས་འདས་པར་འགྱུར་བར་འདོད་དེ། སྤོང་བ་དང་འགག་པ་མི་འཐད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟ་མ་ཡིན་ནོ། །སྟོང་པ་མ་ཡིན་ན་ནི་ཉོན་མོངས་པ་སྤོང་བ་དང་ཕུང་པོ་འགག་པ་ལས་མྱ་ངན་ལས་འདས་པ་ཐོབ་པར་ཡང་འགྱུར་རོ། །འདིར་བཤད་པ། གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །གང་ཞིག་སྤོང་དང་འགག་པ་ལས། །མྱ་ངན་འདའ་བར་འགྱུར་བར་འདོད། །གལ་ཏེ་འགྲོ་བ་འདི་དག་ཀུན་མི་སྟོང་ན། དེ་ལྟ་ན་འབྱུང་བ་མེད་ཅིང་འཇིག་པ་མེད་དོ། །དེ་དག་མེད་


DTG096_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་གང་ཞིག་སྤོང་བ་དང་འགག་པ་ལས་མྱ་ངན་ལས་འདའ་བར་འགྱུར་བར་འདོད་དེ། སྤོང་བ་དང་འགག་པ་མི་འཐད་པའི་ཕྱིར་རོ། །དེ་ལྟ་བས་ན་རིམ་པ་འདིས་མྱ་ངན་ལས་འདས་པ་མི་འཐད་པར་ཁོང་དུ་ཆུད་པར་བྱའོ། །འོ་ན་ཇི་ལྟ་བུ་ཞེ་ན། སྤངས་པ་མེད་པ་ཐོབ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འགག་པ་མེད་པ་སྐྱེ་མེད་པ། །དེ་ནི་མྱ་ངན་འདས་པར་འདོད། །དེའི་ཕྱིར་མྱ་ངན་ལས་འདས་པའི་མཚན་ཉིད་ནི་དེ་ལྟ་བུ་ཡིན་པར་གདགས་སོ། །ཡང་གཞན་ཡང༌། མྱ་ངན་འདས་པ་དངོས་པོ་མིན། །རྒ་ཤིའི་མཚན་ཉིད་ཐལ་བར་འགྱུར། །རྒ་ཤི་འཆི་བ་མེད་པ་ཡི། །དངོས་པོ་ཡོད་པ་མ་ཡིན་ནོ། །རེ་ཞིག་མྱ་ངན་ལས་འདས་པ་ནི་རྣམ་པ་ཐམས་ཅད་དུ་ཡང་དངོས་པོ་མ་ཡིན་ནོ། །གལ་ཏེ་དངོས་པོ་ཡིན་པར་གྱུར་ན། རྒ་ཤིའི་མཚན་ཉིད་ཅན་ཡིན་པར་ཐལ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྒ་ཤི་མེད་པའི་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཡང་གཞན་ཡང། གལ་ཏེ་མྱ་ངན་འདས་དངོས་ན། །མྱ་ངན་འདས་པ་འདུས་བྱས་འགྱུར། །དངོས་པོ་འདུས་བྱས་མ་ཡིན་པ། །འགའ་ཡང་ཇི་ལྟར་ཡོད་མ་ཡིན། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་ཡིན་ན་དེའི་ཕྱིར་མྱ་ངན་ལས་འདས་པ་འདུས་བྱས་སུ་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། དངོས་པོ་འདུས་བྱས་མ་ཡིན་པ་ནི་འགའ་ཡང་ཇི་ལྟར་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཡང་གཞན་ཡང༌། གལ་ཏེ་མྱ་ངན་འདས་དངོས་ན། །ཇི་ལྟར་མྱང་འདས་དེ་བརྟེན་མིན། །དངོས་པོ་བརྟེན་པ་མ་ཡིན་པ། །འགའ་ཡང་ཡོད་པ་ཡིན་ནོ། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་ཡིན་པར་འདོད་ན་མྱ་ངན་ལས་འདས་པ་ལ་བརྟེན་པ་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་མི་འཐད་དེ། ཅིའི་ཕྱིར་ཞེ་ན། དངོས་པོ་བརྟེན་པ་མ་ཡིན་པ་ནི་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན། མྱ་ངན་ལས་འདས་པ་ནི་དངོས་པོ་མ་ཡིན་ནོ། །འདིར་སྨྲས་པ། འོ་ན་མྱ་ངན་ལས་འདས་པ་ནི་དངོས་པོ་མེད་པ་ཡིན་ནོ། །འདིར་བཤད་པ། གལ་ཏེ་མྱ་ངན་འདས་དངོས་མིན། །དངོས་མེད་ཇི་ལྟར་རུང་བར་འགྱུར། །གལ་ཏེ་མྱ་ངན་ལས་འདས་པ་ཇི་ལྟར་དངོས་པོ་ཡིན་པར་མ་གྱུར་བས་ན་དངོས་པོ་མེད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དངོས་པོ་རབ་ཏུ་གྲུབ་པར་གྱུར་ན། དངོས་


DTG096_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མེད་པ་ཡང་རབ་ཏུ་འགྲུབ་པར་འགྱུར་བའི་ཕྱིར་རོ།། །།དབུ་མའི་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏ། །བམ་པོ་བཅུ་པ་སྟེ་ཐ་མའོ། །ཡང་གཞན་ཡང༌། གང་ལ་མྱ་ངན་འདས་དངོས་མིན། །དེ་ལ་དངོས་མེད་ཡོད་མ་ཡིན། །གང་ལ་མྱ་ངན་ལས་འདས་པ་དངོས་པོ་ཡིན་པར་འདོད་པ་དེ་ལ་དངོས་པོ་མེད་པ་ཡོད་པ་མ་ཡིན་ཏེ། འདི་ལྟར་གང་དངོས་པོ་ཡོད་པ་དེ་དངོས་པོ་མེད་པ་ཞེས་བྱ་བར་མི་རིགས་པའི་ཕྱིར་ཏེ། དེ་ལྟ་བས་ན། མྱ་ངན་ལས་འདས་པ་ནི་དངོས་པོ་མེད་པ་ཡང་མ་ཡིན་ནོ། །ཡང་གཞན་ཡང༌། གལ་ཏེ་མྱ་ངན་འདས་དངོས་མིན། །ཇི་ལྟར་མྱང་འདས་དེ་བརྟེན་མིན། །གང་ཞིག་བརྟེན་པ་མ་ཡིན་པའི། །དངོས་མེད་ཡོད་པ་མ་ཡིན་ནོ། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་ཡོད་པ་མ་ཡིན་པར་འདོད་ན། མྱ་ངན་ལས་འདས་པ་དེ་བརྟེན་པ་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་མི་འཐད་དེ། ཅིའི་ཕྱིར་ཞེ་ན། གང་བརྟེན་པ་མ་ཡིན་པའི་དངོས་པོ་མེད་པ་ནི་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་མྱ་ངན་ལས་འདས་པ་ནི་དངོས་པོ་མེད་པ་ཡང་མ་ཡིན་ནོ། །སྨྲས་པ། འོ་ན་མྱ་ངན་ལས་འདས་པ་ཇི་ལྟ་བུ་ཡིན་པར་བརྗོད་པར་བྱ། བཤད་པ། འོང་བ་དང་ནི་འགྲོ་བའི་དངོས། །རྟེན་ཏམ་རྒྱུར་བྱས་གང་ཡིན་པ། །དེ་ནི་བརྟེན་མིན་རྒྱུར་བྱས་མིན། །མྱ་ངན་འདས་པ་ཡིན་པར་བསྟན། །ཕྱིན་ཅི་ལོག་མ་རྟོགས་པས་འོང་བ་དང་འགྲོ་བའི་དངོས་པོ་ཕུང་པོ་རྣམས་རྟེན་ཏམ་རྒྱུར་བྱས་པ་གང་ཡིན་པ་དེ་ཉིད་ཕྱིན་ཅི་ལོག་པས་བརྟེན་པ་མ་ཡིན་ཞིང༌། རྒྱུར་བྱས་པ་མ་ཡིན་པས་ཕུང་པོ་རྣམས་མི་འབྱུང་བ་ནི། མྱ་ངན་ལས་འདས་པ་ཡིན་པར་བསྟན་ཏོ། །ཡང་གཞན་ཡང༌། འབྱུང་བ་དང་ནི་འཇིག་པ་དག །སྤང་བར་སྟོན་པས་བཀའ་སྩལ་ཏོ། །དེ་ཕྱིར་མྱ་ངན་འདས་པ་ནི། །དངོས་མིན་དངོས་མེད་མིན་པར་རིགས། །བཅོམ་ལྡན་འདས་ཀྱིས་འབྱུང་བ་དང་འཇིག་པ་དག་སྤང་པར་བཀའ་སྩལ་པས་དེའི་ཕྱིར་མྱ་ངན་ལས་འདས་པ་ནི་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་པར་རིགས་སོ། །འདིར་སྨྲས་པ། འོ་ན་མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་པོ་མེད་པ་གཉི་ག་ཡིན་ནོ། །འདིར་བཤད་པ། གལ་ཏེ་མྱ་ངན་འདས་པ་ནི། །དངོས་


DTG096_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

དང་དངོས་མེད་གཉིས་ཡིན་ན། །དངོས་དང་དངོས་པོ་མེད་པ་དག །ཐར་པར་འགྱུར་བ་དེ་མི་རིགས། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་གཉི་ག་ཡིན་ན། དེ་ལྟ་ན་དངོས་པོ་དང་དངོས་པོ་མེད་པ་དག་ཐར་པ་ཡིན་པར་འགྱུར་བས་དེ་ཡང་མི་རིགས་ཏེ་ཕན་ཚུན་འགལ་བ་གཉིས་དུས་གཅིག་ཏུ་མི་སྲིད་པའི་ཕྱིར་རོ། །ཡང་གཞན་ཡང༌། གལ་ཏེ་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ན། །མྱ་ངན་འདས་པ་མ་བརྟེན་མིན། །དེ་ནི་གཉིས་ལ་བརྟེན་ཕྱིར་རོ། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་གཉིས་ཡིན་ན་དེ་ལྟ་ན་མྱ་ངན་ལས་འདས་པ་མ་བརྟེན་པ་མ་ཡིན་པར་འགྱུར་ཏེ། མྱ་ངན་ལས་འདས་པ་དེ་དངོས་པོ་དང་དངོས་པོ་མེད་པ་གཉིས་ལ་བརྟན་པའི་ཕྱིར་རོ། །དེ་ནི་མི་འདོད་པས་དེའི་ཕྱིར་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་གཉི་ག་ཡིན་ནོ་ཞེས་བྱ་བ་དེ་རིགས་པ་མ་ཡིན་ནོ། །ཡང་གཞན་ཡང་འདིའི་ཕྱིར་རིགས་པ་མ་ཡིན་ཏེ། གལ་ཏེ་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ན། །མྱ་ངན་འདས་པ་འདུས་མ་བྱས། །དངོས་དང་དངོས་མེད་འདུས་བྱས་ཡིན། །མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་པོ་མེད་པ་གཉི་ག་ཡིན་པར་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་ནི་འདུས་མ་བྱས་ཡིན་ལ་དངོས་པོ་དང་དངོས་པོ་མེད་པ་གཉིས་ནི་འདུས་བྱས་པའི་ཕྱིར་རོ། །དེ་ལྟ་བས་ན་རྒྱུའི་ཁྱད་པར་འདིས་ཀྱང་མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་པོ་མེད་པ་གཉི་ག་ཡིན་པར་མི་རིགས་སོ། །འདིར་སྨྲས་པ། མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་པོ་མེད་པ་གཉི་ག་ཡང་མ་ཡིན་གྱི་གང་ལ་དེ་གཉིས་ཡོད་པ་དེ་ནི་མྱ་ངན་ལས་འདས་པ་ཡིན་ནོ། །འདིར་བཤད་པ། གལ་ཏེ་མྱ་ངན་འདས་པ་ལ། །དངོས་དང་དངོས་མེད་གཉིས་ཡོད་ན། །དེ་གཉིས་གཅིག་ལ་ཡོད་མིན་ཏེ། །སྣང་བ་དང་ནི་མུན་པ་བཞིན། །མྱ་ངན་ལས་འདས་པ་ལ་དངོས་པོ་དང་དངོས་པོ་མེད་པ་གཉིས་ཡོད་པར་ཡང་མི་འཐད་དེ། ཅིའི་ཕྱིར་ཞེ་ན། ཕན་ཚུན་མི་མཐུན་པ་དེ་གཉིས་ཡུལ་གཅིག་ན་དུས་གཅིག་ཏུ་ལྷན་ཅིག་ཡོད་པར་མི་རིགས་པའི་ཕྱིར་ཏེ། དཔེར་ན་སྣང་བ་དང་མུན་པ་བཞིན་པས་དེ་ལ་གང་ལ་དངོས་པོ་དང་དངོས་


DTG096_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མེད་པ་དེ་གཉིས་ཡོད་པ་དེ་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་གང་སྨྲས་པ་དེ་མི་རིགས་སོ། །འདིར་སྨྲས་པ། མྱ་ངན་ལས་འདས་པ་ནི་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་ནོ། །འདིར་བཤད་པ། དངོས་མིན་དངོས་པོ་མེད་མིན་པ། །མྱ་ངན་འདས་པར་གང་སྟོན་པ། །དངོས་པོ་མེད་དང་དངོས་པོ་དག །གྲུབ་ན་དེ་ནི་འགྲུབ་པར་འགྱུར། །ཁྱོད་ཀྱིས་མྱ་ངན་ལས་འདས་པ་ནི་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་མི་འཐད་དེ། ཅིའི་ཕྱིར་ཞེ་ན། དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་པ་ཞེས་བྱ་བར་གསལ་བ་དང༌། འཛིན་པ་དང༌། རྩོལ་བའི་བློ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་དང་དངོས་པོ་དག་གྲུབ་ན་དེ་ཡང་འགྲུབ་པར་འགྱུར་བ་ཡིན་ན། དངོས་པོ་མེད་པ་དང་དངོས་པོ་དེ་དག་མ་གྲུབ་པས་དེའི་ཕྱིར་མྱ་ངན་ལས་འདས་པ་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་དེ་མི་འཐད་དོ། །ཡང་གཞན་ཡང༌། གལ་ཏེ་མྱ་ངན་འདས་པ་ནི། །དངོས་མིན་དངོས་པོ་མེད་མིན་ན། །དངོས་མིན་དངོས་པོ་མེད་མིན་ཞེས། །གང་ཞིག་གིས་ནི་དེ་མངོན་བྱེད། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་པ་ཡིན་ན། དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་པ་དེ་དག་ནི་མེད་དེ་དེ་དག་མེད་པའི་ཕྱིར་མྱ་ངན་ལས་འདས་པ་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་ཞེས་གང་ཞིག་གིས་དེ་མངོན་པར་བྱེད་ཅིང་མཚོན་པར་བྱེད་འཛིན་པར་བྱེད་འདོགས་པར་བྱེད་དེ། དེ་ལྟ་བས་ན་མྱ་ངན་ལས་འདས་པ་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་དེ་ཡང་མི་རིགས་སོ། །འདིའི་ཕྱིར་ཡང་མྱ་ངན་ལས་འདས་པ་མི་འཐད་དེ། ཇི་ལྟར་ཞེ་ན། བཅོམ་ལྡན་མྱ་ངན་འདས་གྱུར་ནས། །ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེའམ་གཉི་ག་དང༌། །གཉིས་མིན་ཞེས་བྱ་མི་མངོན་ནོ། །བཅོམ་ལྡན་བཞུགས་པར་གྱུར་ན་ཡང༌། །ཡོད་པ་མི་མངོན་དེ་བཞིན་དུ། །མེད་དོ་ཞེའམ་གཉི་ག་དང༌། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །གང་གི་ཕྱིར་བཅོམ་ལྡན་འདས་མྱ་ངན་ལས་འདས་སམ་བཞུགས་པར་གྱུར་ཀྱང་རུང་སྟེ། ཡོད་དོ་ཞེའམ་མེད་དོ་ཞེའམ།


DTG096_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་དོ་ཞེའམ། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བར་མི་མངོན་ཞིང་མཚོན་དུ་མེད་གཟུང་དུ་མེད་གདགས་སུ་མེད་པ་དེའི་ཕྱིར་མྱ་ངན་ལས་འདས་པ་ཡང་གདགས་སུ་མེད་དེ། དེ་མེད་ན་མྱ་ངན་ལས་འདས་པ་གང་གི་ཡིན་པར་འགྱུར། དེ་ལྟ་བས་ན་རྣམ་པ་ཐམས་ཅད་ཀྱིས་ཀྱང་མྱ་ངན་ལས་འདས་པ་མི་འཐད་དོ། །ཡང་གཞན་ཡང༌། འཁོར་བ་མྱ་ངན་ལས་འདས་པས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་པ་འཁོར་བ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །འདི་ལ་ཕུང་པོའི་རྒྱུན་ལ་བརྟེན་ནས་འཁོར་བ་ཞེས་གདགས་ན། ཕུང་པོ་དེ་དག་ནི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཇི་ལྟར་གཏན་སྐྱེ་བ་མེད་པ་དང༌། འགག་པ་མེད་པའི་ཆོས་ཅན་ཡིན་པ་དེ་ལྟར་ཁོ་བོས་དང་པོ་ཁོ་ནར་བསྟན་ཟིན་པས། དེའི་ཕྱིར་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་མཉམ་པ་ཉིད་ཀྱིས་འཁོར་བ་ནི་མྱ་ངན་ལས་འདས་པ་ལས་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཇི་ལྟར་འཁོར་བ་མྱ་ངན་ལས་འདས་པ་ལས་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་ཡང་འཁོར་བ་ལས་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །མྱ་ངན་ལས་འདས་པ་དང༌། འཁོར་བའི་ཡང་དག་པའི་མཐའ་དང༌། སྐྱེ་བ་མེད་པའི་མཐའ་དང༌། ཡང་དག་པའི་མཐར་ཐུག་པ་གང་ཡིན་པ་དེ་དག་ནི་དམིགས་སུ་མེད་པར་མཉམ་པ་ཉིད་ཀྱིས་ཁྱད་པར་ཤིན་ཏུ་ཕྲ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འགགས་པར་གྱུར་དང་མཐའ་སྩོགས་དང༌། །རྟག་ལ་སོགས་པར་ལྟ་བ་དག །མྱ་ངན་འདས་དང་ཕྱི་མཐའ་དང༌། །སྔོན་གྱི་མཐའ་ལ་བརྟེན་པ་ཡིན། །དེ་བཞིན་གཤེགས་པ་འགགས་པར་གྱུར་ནས་ཡོད་པ་དང་མེད་པ་དང༌། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང༌། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་བྱ་བར་ལྟ་བ་གང་དག་ཡིན་པ་དང༌། འཇིག་རྟེན་མཐའ་ཡོད་པ་དང༌། འཇིག་རྟེན་མཐའ་མེད་པ་དང༌། མཐའ་ཡོད་ཀྱང་ཡོད་ལ་མཐའ་མེད་ཀྱང་མེད་པ་དང༌། མཐའ་ཡོད་པ་ཡང་མ་ཡིན་མཐའ་མེད་པ་ཡང་


DTG096_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཞེས་བྱ་བར་ལྟ་བ་གང་དག་ཡིན་པ་དང༌། འཇིག་རྟེན་རྟག་པ་དང༌། འཇིག་རྟེན་མི་རྟག་པ་དང༌། རྟག་ཀྱང་རྟག་ལ། མི་རྟག་ཀྱང་མི་རྟག་པ་དང༌། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ནོ་ཞེས་བྱ་བར་ལྟ་བ་གང་དག་ཡིན་པ་དེ་དག་ནི་གོ་རིམས་བཞིན་དུ་མྱ་ངན་ལས་འདས་པ་དང་ཕྱི་མའི་མཐའ་དང་སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ནོ། །དེ་ལ། དངོས་པོ་ཐམས་ཅད་སྟོང་པ་ལ། །མཐའ་ཡོད་ཅི་ཞིག་མཐའ་མེད་ཅི། །མཐའ་དང་མཐའ་མེད་ཅི་ཞིག་ཡིན། །མཐའ་མིན་མཐའ་མེད་མིན་པ་ཅི། །དེ་ཉིད་ཅི་ཞིག་གཞན་ཅི་ཡིན། །རྟག་པ་ཅི་ཞིག་མི་རྟག་ཅི། །རྟག་དང་མི་རྟག་གཉི་ག་ཅི། །གཉི་ག་མིན་པའང་ཅི་ཞིག་ཡིན། །དམིགས་པ་ཐམས་ཅད་ཉེར་ཞི་ཞིང༌། །སྤྲོས་པ་ཉེར་ཞི་ཞི་བ་སྟེ། །སངས་རྒྱས་ཀྱིས་ནི་གང་དུ་ཡང༌། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །མྱ་ངན་ལས་འདས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་ལྔ་པའོ།། །།འདིར་སྨྲས་པ། ཁྱོད་ཀྱིས་ཐེག་པ་ཆེན་པོའི་གཞུང་ལུགས་ཀྱིས་དོན་དམ་པ་ལ་འཇུག་པ་ནི་བསྟན་ཟིན་ན། ད་ཁྱོད་ཀྱིས་ཉན་ཐོས་ཀྱི་གཞུང་ལུགས་ཀྱི་དོན་དམ་པ་ལ་འཇུག་པ་སྟོན་ཅིག །འདིར་བཤད་པ། མ་རིག་བསྒྲིབས་པས་ཡང་སྲིད་ཕྱིར། །འདུ་བྱེད་རྣམ་པ་གསུམ་པོ་དག །མངོན་པར་འདུ་བྱེད་གང་ཡིན་པའི། །ལས་དེ་དག་གིས་འགྲོ་བར་འགྲོ། །འདུ་བྱེད་རྐྱེན་ཅན་རྣམ་པར་ཤེས། །འགྲོ་བ་རྣམས་སུ་འཇུག་པར་འགྱུར། །རྣམ་པར་ཤེས་པ་ཞུགས་གྱུར་ན། །མིང་དང་གཟུགས་ནི་ཆགས་པར་འགྱུར། །མིང་དང་གཟུགས་ནི་ཆགས་གྱུར་ན། །སྐྱེ་མཆེད་དྲུག་ནི་འབྱུང་བར་འགྱུར། །སྐྱེ་མཆེད་དྲུག་ལ་བརྟེན་ནས་ནི། །དེ་ལས་རེག་པ་འབྱུང་བར་འགྱུར། །མིང་དང་གཟུགས་དང་དྲན་བྱེད་ལ། །བརྟེན་ནས་སྐྱེ་བ་ཁོ་ན་ཡིན། །དེ་ལྟར་མིང་དང་གཟུགས་བརྟེན་ནས། །རྣམ་པར་ཤེས་པ་སྐྱེ་བར་འགྱུར། །མིང་དང་གཟུགས་དང་རྣམ་པར་ཤེས། །གསུམ་པོ་འདུས་པ་གང་ཡིན་པ། །དེ་ནི་རེག་པ་རེག་དེ་ལས། །ཚོར་བ་ཀུན་ཏུ་འབྱུང་བར་འགྱུར། །ཚོར་བའི་རྐྱེན་གྱིས་སྲེད་པ་སྟེ། །ཚོར་བའི་དོན་ལ་སྲེད་པར་འགྱུར། །སྲེད་པར་གྱུར་ན་ཉེ་བར་ལེན། །རྣམ་པ་བཞི་པོ་ཉེར་ལེན་འགྱུར། །ཉེར་ལེན་ཡོད་ན་


DTG096_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པ་པོའི། །སྲིད་པ་རབ་ཏུ་འབྱུང་བར་འགྱུར། །གལ་ཏེ་ཉེ་བར་ལེན་མེད་ན། །གྲོལ་བར་འགྱུར་ཏེ་སྲིད་མི་འགྱུར། །སྲིད་པ་དེ་ཡང་ཕུང་པོ་ལྔ། །སྲིད་པ་ལས་ནི་སྐྱེ་བ་འབྱུང༌། །རྒ་ཤི་དང་ནི་མྱ་ངན་དང༌། །སྨྲེ་སྔགས་འདོན་བཅས་སྡུག་བསྔལ་དང༌། །ཡིད་མི་བདེ་དང་འཁྲུག་པ་རྣམས། །དེ་དག་སྐྱེ་ལས་རབ་ཏུ་འབྱུང༌། །དེ་ལྟར་སྡུག་བསྔལ་ཕུང་པོ་ནི། །འབའ་ཞིག་པ་འདི་འབྱུང་བར་འགྱུར། །དེ་ཕྱིར་མཁས་རྣམས་འཁོར་བ་ཡི། །རྩ་བའི་འདུ་བྱེད་འདུ་མི་བྱེད། །དེ་ཕྱིར་མི་མཁས་བྱེད་པ་ཡིན། །མཁས་མིན་དེ་ཉིད་མཐོང་ཕྱིར་རོ། །མ་རིག་འགགས་པར་གྱུར་ན་ནི། །འདུ་བྱེད་རྣམས་ཀྱང་འབྱུང་མི་འགྱུར། །མ་རིག་འགག་པར་འགྱུར་བ་ནི། །ཤེས་པ་དེ་ཉིད་བསྒོམས་པས་སོ། །དེ་དང་དེ་ནི་འགགས་གྱུར་པས། །དེ་དང་དེ་ནི་མངོན་མི་འབྱུང༌། །སྡུག་བསྔལ་ཕུང་པོ་འབའ་ཞིག་པ། །དེ་ནི་དེ་ལྟར་ཡང་དག་འགག །བྱིས་པ་མ་རིག་པས་བསྒྲིབས་པས་ཡང་སྲིད་པའི་ཕྱིར་སེམས་ཅན་དམྱལ་བ་ལ་སོགས་པ་འདུ་བྱེད་པའི་འདུ་བྱེད་རྣམ་པ་གསུམ་པོ་དག་ལུས་དང་ངག་དང་ཡིད་དག་གིས་མངོན་པར་འདུ་བྱེད་དོ། །ལས་དགེ་བ་དང་མི་དགེ་བ་ཇི་ལྟར་མངོན་པར་འདུས་བྱས་པ་ཆེན་པོ་དང་འབྲིང་དང་ཆུང་ངུ་གང་དག་ཡིན་པ་དེ་དག་གིས་སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བ་རྣམས་སུ་འགྲོའོ། །དེ་ལ་འདུ་བྱེད་ཀྱི་རྐྱེན་ཅན་གྱིས་རྣམ་པར་ཤེས་པ་ཇི་ལྟར་འགྲོ་བ་རྣམས་སུ་ཞུགས་པར་གྱུར་པས་མིང་དང་གཟུགས་ཆགས་པར་འགྱུར་རོ། །མིང་དང་གཟུགས་ཆགས་པར་གྱུར་ན་མིང་དང་གཟུགས་ཆགས་པ་ལས་སྐྱེ་མཆེད་དྲུག་འབྱུང་བར་འགྱུར་རོ། །སྐྱེ་མཆེད་དྲུག་ལ་བརྟེན་ནས་དེ་ལས་རེག་པ་འབྱུང་བར་འགྱུར་ཏེ། རེག་པ་དེ་སྐྱེ་བའི་རིམ་པ་ནི་འདི་ཡིན་ཏེ། མིང་དང་གཟུགས་དང་ཡིད་ལ་བྱེད་པ་ལ་བརྟེན་ནས་སྐྱེ་བ་ཁོ་ན་ཡིན་ཏེ། དེ་ལྟར་མིང་དང་གཟུགས་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཞིང༌། །དེ་ལྟར་མིང་དང་གཟུགས་དང་རྣམ་པར་ཤེས་པ་གསུམ་པོ་འདུས་པ་གང་ཡིན་པ་དེ་ནི་རེག་པའོ། །རེག་པ་ལས་ཚོར་བ་ཀུན་ཏུ་འབྱུང་བར་འགྱུར་རོ། །ཚོར་བའི་རྐྱེན་གྱིས་སྲེད་པ་སྟེ། ཚོར་བའི་དོན་ལ་སྲེད་པར་འགྱུར་རོ། །སྲེད་པར་གྱུར་ན་ཉེ་བར་ལེན་པ་རྣམ་པ་བཞི་


DTG096_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དག་ཉེ་བར་ལེན་པར་འགྱུར་རོ། །ཉེ་བར་ལེན་པ་ཡོད་ན་ལེན་པ་པོའི་སྲིད་པ་རབ་ཏུ་འབྱུང་བར་འགྱུར་ཏེ། གལ་ཏེ་ཉེ་བར་ལེན་པ་མེད་ན་དེས་ན་གྲོལ་བར་འགྱུར་ཏེ། དེའི་སྲིད་པ་འབྱུང་བར་མི་འགྱུར་བ་འགའ་ཞིག་ན། གང་གི་ཕྱིར་ཉེ་བར་ལེན་པ་དང་བཅས་པ་དེའི་ཕྱིར་སྲིད་པ་འབྱུང་བར་འགྱུར་ཏེ། སྲིད་པ་དེ་ཡང་ཕུང་པོ་ལྔ་ཡིན་པར་ཤེས་པར་བྱའོ། །སྲིད་པ་ལས་ནི་སྐྱེ་བ་འབྱུང་བ་ཡིན་ནོ། །སྐྱེ་བ་ལས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་སྡུག་བསྔལ་གྱི་ཚོགས་འབའ་ཞིག་མ་འདྲེས་པ་འདི་འབྱུང་བར་འགྱུར་རོ། །དེའི་ཕྱིར་མཁས་པ་རྣམས་ནི་འཁོར་བའི་རྩ་བའི་འདུ་བྱེད་རྣམས་འདུ་མི་བྱེད་དོ། །དེའི་ཕྱིར་མི་མཁས་པ་རྣམས་ནི་འདུ་བྱེད་རྣམས་ཀྱི་བྱེད་པ་པོ་ཡིན་གྱི་མཁས་པ་རྣམས་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་མཐོང་བའི་ཕྱིར་ཏེ། དེ་ལ་མ་རིག་པ་མ་འགགས་པར་གྱུར་ན་འདུ་བྱེད་རྣམས་ཀྱང་འབྱུང་བར་མི་འགྱུར་རོ། །མ་རིག་པ་འགག་པར་འགྱུར་བ་ནི་ཡན་ལག་བཅུ་གཉིས་ཤེས་པ་དེ་ཉིད་བསྒོམ་པ་གོམས་པར་བྱ་བ་དང༌། བརྟན་པོ་ཉིད་དུ་བྱས་པས་སོ། །སྲིད་པའི་ཡན་ལག་དེ་དང་དེ་འགགས་པར་གྱུར་པས་སྲིད་པའི་ཡན་ལག་དེ་དང་དེ་མངོན་པར་མི་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་སྡུག་བསྔལ་གྱི་ཚོགས་འབའ་ཞིག་པ་མ་འདྲེས་པ་དེ་ཡང་དག་པར་འགག་ཅིང་གཏན་འགག་པར་འགྱུར་རོ། །སྲིད་པའི་ཡན་ལག་བཅུ་གཉིས་པོ་དེ་དག་ལ་འཇུག་པ་རྒྱ་ཆེར་མདོ་སྡེ་དང་ཆོས་མངོན་པ་དག་ལས་ཁོང་དུ་ཆུད་པར་བྱའོ། །མདོར་བསྡུས་པའི་དབང་གིས་འདི་ལའང་བརྗོད་དོ། །སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་རྩ་དྲུག་པའོ།། །།འདིར་སྨྲས་པ། ད་ཁྱོད་ཀྱིས་ཉན་ཐོས་ཀྱི་ཐེག་པ་དང་མཐུན་པའི་མདོ་སྡེའི་མཐའ་ལ་བརྟེན་ནས་ལྟ་བའི་རྣམ་པ་རྣམས་མི་སྲིད་པར་སྟོན་ཅིག །འདིར་བཤད་པ། འདས་པའི་དུས་ན་བྱུང་ཞེས་དང༌། །མ་བྱུང་འཇིག་རྟེན་རྟག་སོགས་པར། །ལྟ་བ་གང་ཡིན་དེ་དག་ནི། །སྔོན་གྱི་མཐའ་ལ་བརྟེན་པ་ཡིན། །མ་འོངས་དུས་གཞན་འབྱུང་འགྱུར་དང༌། །མི་འབྱུང་འཇིག་རྟེན་


DTG096_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་སྩོགས་པར། །ལྟ་བ་གང་ཡིན་དེ་དག་ནི། །ཕྱི་མའི་མཐའ་ལ་བརྟེན་པ་ཡིན། །ཟག་པ་ཐམས་ཅད་སྡོམ་པའི་རྣམ་གྲངས་ཞེས་བྱ་བའི་མདོ་སྡེ་ལས་གསུངས་པ་བདག་སྔོན་འདས་པའི་དུས་ན་བྱུང་བར་གྱུར་ཅེས་བྱ་བ་དང༌། བདག་སྔོན་འདས་པའི་དུས་ན་བྱུང་བར་མ་གྱུར་ཅེས་བྱ་བའི་རྒྱུ་འདིས་འཇིག་རྟེན་རྟག་པ་ལ་སོགས་པར་ལྟ་བ་གང་ཡིན་པ་དེ་དག་ནི་སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ནོ། །བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་འགྱུར་ཞེས་བྱ་བ་དང༌། བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་མི་འགྱུར་ཞེས་བྱ་བའི་རྒྱུ་འདིས་འཇིག་རྟེན་མཐའ་ཡོད་པ་ལ་སོགས་པར་ལྟ་བ་གང་ཡིན་པ་དེ་དག་ནི་ཕྱི་མའི་མཐའ་ལ་བརྟེན་པ་ཡིན་ནོ། །དེ་དག་ནི་མི་འཐད་དེ། རིགས་པ་གང་གིས་ཤེ་ན། བཤད་པར་བྱ་སྟེ། འདས་པའི་དུས་ན་བྱུང་གྱུར་ཅེས། །བྱ་བ་དེ་ནི་མི་འཐད་དོ། །སྔོན་ཚེ་རྣམས་སུ་གང་བྱུང་བ། །དེ་ཉིད་འདི་ནི་མ་ཡིན་ནོ། །དེ་ཉིད་བདག་ཏུ་འགྱུར་སྙམ་ན། །ཉེ་བར་ལེན་པ་ཐ་དད་འགྱུར། །ཉེ་བར་ལེན་པ་མ་གཏོགས་པར། །ཁྱོད་ཀྱི་བདག་ནི་གང་ཞིག་ཡིན། །ཉེ་བར་ལེན་པ་མ་གཏོགས་པའི། །བདག་ཡོད་མ་ཡིན་བྱས་པའི་ཚེ། །ཉེ་བར་ལེན་ཉིད་བདག་ཡིན་ན། །ཁྱོད་ཀྱི་བདག་ནི་མེད་པ་ཡིན། །ཉེ་བར་ལེན་ཉིད་བདག་མ་ཡིན། །དེ་ནི་འབྱུང་དང་འཇིག་པ་ཡིན། །ཉེ་བར་བླང་བ་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །བདག་ནི་ཉེ་བར་ལེན་པ་ལས། །གཞན་དུ་འཐད་པ་ཉིད་མ་ཡིན། །གལ་ཏེ་གཞན་ན་ལེན་མེད་པར། །གཟུང་ཡོད་རིགས་ན་གཟུང་དུ་མེད། །དེ་ལྟར་ལེན་ནས་གཞན་མ་ཡིན། །དེ་ནི་ཉེར་ལེན་ཉིད་ཀྱང་མིན། །བདག་ནི་ཉེ་བར་ལེན་མེད་མིན། །མེད་པ་ཉིད་དུའང་དེ་མ་ངེས། །བདག་སྔོན་འདས་པའི་དུས་ན་བྱུང་བར་གྱུར་ཅེས་བྱ་བ་དེ་ནི་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། སྔོན་གྱི་ཚེ་རབས་སུ་གང་བྱུང་བར་གྱུར་པ་དེ་ཉིད་ད་ལྟར་གྱི་བདག་འདི་མ་ཡིན་པའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་གལ་ཏེ་སྔོན་གྱི་ཚེ་རབས་རྣམས་སུ་གང་བྱུང་བར་གྱུར་པ་དེ་ཉིད་ད་ལྟར་གྱི་བདག་འདི་ཡིན་པར་གྱུར་ན་དེའི་ཕྱིར་སྐྱོན་ཅིར་འགྱུར་སྙམ་དུ་སེམས་ན་དེ་ལ་བཤད་པར་བྱ་སྟེ། གལ་ཏེ་སྔོན་གྱི་ཚེ་རབས་རྣམས་སུ་གང་བྱུང་བར་གྱུར་པ་དེ་ཉིད་ད་ལྟར་གྱི་བདག་འདི་ཡིན་པར་གྱུར་ན་དེ་ལྟ་ན་ཉེ་བར་ལེན་པ་ཐ་དད་པར་མི་འགྱུར་བ་ཞིག་ན་ཉེ་བར་ལེན་པ་ཐ་དད་པར་ཡང་


DTG096_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལ། ཉེ་བར་ལེན་པ་མ་གཏོགས་པར་བདག་ཡོད་པར་ཡང་ཐལ་བར་འགྱུར་རོ། །དེ་ལ་ཉེ་བར་ལེན་པ་མ་གཏོགས་པ་ཁྱོད་ཀྱི་བདག་དེ་གང་ཞིག་ཡིན་པར་སྨྲ་བར་ནུས་སམ། ཁོ་བོས་ནི་རྣམ་པ་ཐམས་ཅད་དུ་ཡང་མི་འཐད་པར་ཤེས་སོ། །དེ་ལ་འདི་སྙམ་དུ་ཉེ་བར་ལེན་པ་མ་གཏོགས་པའི་བདག་ཡོད་པ་མ་ཡིན་ནོ་སྙམ་དུ་སེམས་ན་ནི། དེའི་ཕྱིར་ཉེ་བར་ལེན་པ་ཉིད་བདག་ཡིན་པར་འགྱུར་བའམ། ཡང་ན་ཁྱོད་ཀྱི་བདག་མེད་པ་ཡིན་ནོ། །ཉེ་བར་ལེན་པ་ཉིད་བདག་ཡིན་ནོ་ཞེས་བྱ་བ་དེ་ཡང་མི་འཐད་དེ། ཅིའི་ཕྱིར་ཞེ་ན། ཉེ་བར་ལེན་པ་དེ་ནི་འབྱུང་བ་དང༌། འཇིག་པ་ཡིན་པས་སྐྱེ་བ་དང་འགག་པར་འགྱུར་བའི་ཕྱིར་རོ། །དེ་ལྟ་བུ་ནི་བདག་གི་མཚན་ཉིད་མ་ཡིན་ནོ། །ཡང་གཞན་ཡང༌། ཉེ་བར་བླང་བ་གང་ཡིན་པ་དེ་ཉིད་ཇི་ལྟ་བུར་ཉེ་བར་ལེན་པ་པོ་ཡིན་པར་འགྱུར་ཏེ། སྐྱོན་དུ་མར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་ཉེ་བར་བླང་བ་ལས་ཉེ་བར་ལེན་པ་པོ་གཞན་ཡིན་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། བདག་ནི་ཉེ་བར་ལེན་པ་ལས་གཞན་དུ་འཐད་པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་གཞན་ཡིན་ན་ཉེ་བར་ལེན་པ་མེད་པར་ཡང་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་གཟུང་དུ་ཡོད་པའི་རིགས་ན་གཟུང་དུ་མེད་པའི་ཕྱིར་རོ། །དེ་ལྟ་ན་བདག་ཉིད་ཉེ་བར་ལེན་པ་ལས་གཞན་ཡང་མ་ཡིན་ལ། དེ་ནི་ཉེ་བར་ལེན་པ་ཉིད་ཀྱང་མ་ཡིན། ཉེ་བར་ལེན་པ་མེད་པ་ཡང་མ་ཡིན། འགའ་ཡང་མེད་པ་ཉིད་དུ་ངེས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་རྟག་པ་འདིས་བདག་སྔོན་འདས་པའི་དུས་ན་བྱུང་བར་གྱུར་ཞེས་བྱ་བ་དེ་ནི་མི་འཐད་དོ། །ད་ནི། འདས་པའི་དུས་ན་མ་བྱུང་ཞེས། །བྱ་བ་དེ་ཡང་མི་འཐད་དོ། །སྔོན་ཚེ་རྣམས་སུ་གང་བྱུང་བ། །དེ་ལས་འདི་གཞན་མ་ཡིན་ནོ། །གལ་ཏེ་འདི་ནི་གཞན་གྱུར་ན། །དེ་མེད་པར་ཡང་འབྱུང་བར་འགྱུར། །དེ་བཞིན་དུ་ནི་གནས་འགྱུར་ཞིང༌། །དེ་འམ་ཤི་བར་སྐྱེ་བར་འགྱུར། །ཆད་དང་ལས་རྣམས་ཆུད་ཟ་དང༌། །གཞན་གྱིས་བྱས་པའི་ལས་རྣམས་ནི། །གཞན་གྱིས་སོ་སོར་མྱོང་བ་དང༌། །དེ་ལ་སོགས་པར་ཐལ་བར་འགྱུར། །མ་བྱུང་བ་ལས་བྱུང་མིན་ཏེ། །འདི་ལ་སྐྱོན་དུ་ཐལ་བར་འགྱུར། །བདག་ནི་བྱས་པར་འགྱུར་བ་དང༌། །འབྱུང་བ་རྒྱུ་མེད་ཅན་དུ་འགྱུར། །ད་ནི་བདག་སྔོན་འདས་པའི་དུས་ན་བྱུང་བར་


DTG096_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྱུར་ཅེས་བྱ་བ་དེ་ཡང་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། སྔོན་གྱི་ཚེ་རབས་རྣམས་སུ་གང་བྱུང་བར་གྱུར་པ་དེ་ལས་འདི་གཞན་མ་ཡིན་པའི་ཕྱིར་རོ། །གལ་ཏེ་འདི་གཞན་ཡིན་པར་གྱུར་ན་དེའི་ཕྱིར་དེ་མེད་པར་ཡང་འདི་འབྱུང་བར་འགྱུར་རོ། །ཡང་གཞན་ཡང༌། སྔ་མ་དེ་དེ་བཞིན་དུ་དེ་ན་གནས་པར་འགྱུར་ཞིང་འདི་ཡང་དེར་མ་ཤི་བར་འདིར་སྐྱེ་བར་འགྱུར་རོ། །དེ་ལྟ་ན་ཆད་པ་དང་ལས་རྣམས་ཆུད་ཟ་བ་དང་གཞན་གྱིས་བྱས་པའི་ལས་རྣམས་གཞན་གྱིས་སོ་སོར་མྱོང་བ་དང་དེ་ལ་སོགས་པ་སྐྱོན་མང་པོ་དག་ཏུ་ཐལ་བར་འགྱུར་རོ། །ཡང་གཞན་ཡང༌། དེ་ལྟ་ན་བདག་མ་བྱུང་བ་ལས་བྱུང་བར་ཐལ་བར་འགྱུར་ཏེ། བདག་མ་བྱུང་བ་ལས་བྱུང་བ་ནི་མ་ཡིན་པས། དེའི་ཕྱིར་འདི་ལ་ཡང་བདག་བྱས་པར་འགྱུར་བ་དང༌། འབྱུང་བ་རྒྱུ་མེད་པ་ཅན་དུ་འགྱུར་བའི་སྐྱོན་དུ་ཐལ་བར་འགྱུར་བས་དེ་ནི་མི་འདོད་དོ། །དེའི་ཕྱིར་རྟག་པ་འདིས་བདག་སྔོན་འདས་པའི་དུས་ན་བྱུང་བར་མ་གྱུར་ཅེས་བྱ་བ་དེ་ཡང་མི་འཐད་དོ། །དེ་ལྟར་བདག་བྱུང་བདག་མ་བྱུང༌། །གཉི་ག་གཉི་ག་མ་ཡིན་པར། །འདས་ལ་ལྟ་བ་གང་ཡིན་པ། །དེ་དག་འཐད་པ་མ་ཡིན་ནོ། །དེ་ལྟར་ཡོངས་སུ་བརྟགས་ན་བདག་སྔོན་འདས་པའི་དུས་ན་བྱུང་བར་གྱུར་ཅེས་བྱ་བ་དང༌། བདག་སྔོན་འདས་པའི་དུས་ན་བྱུང་བར་མ་གྱུར་ཅེས་བྱ་བ་དང༌། སྔོན་འདས་པའི་དུས་ན་བྱུང་བར་གྱུར་ཀྱང་གྱུར་ལ། བྱུང་བའམ་གྱུར་ཀྱང་མ་གྱུར་ཅེས་བྱ་བ་དང༌། སྔོན་འདས་པའི་དུས་ན་བྱུང་བར་གྱུར་པ་ཡང་མ་ཡིན། བྱུང་བར་མ་གྱུར་པ་ཡང་མ་ཡིན་ནོ་ཞེས་བྱ་བར་འདས་པའི་དུས་ལ་ལྟ་བ་གང་ཡིན་པ་དེ་དག་འཐད་པ་མ་ཡིན་ནོ། །ད་ནི། མ་འོངས་དུས་གཞན་འབྱུང་འགྱུར་དང༌། །འབྱུང་བར་མི་འགྱུར་ཞེས་བྱ་བར། །ལྟ་བ་གང་ཡིན་དེ་དག་ནི། །འདས་པའི་དུས་དང་མཚུངས་པ་ཡིན། །ད་ནི་བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་འགྱུར་ཞེས་བྱ་བ་དང༌། བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་མི་འགྱུར་ཞེས་བྱ་བར་མ་འོངས་པའི་དུས་ལ་ལྟ་བ་གང་ཡིན་པ་དེ་དག་ནི་འདས་པའི་དུས་དང་མཚུངས་པར་བསམ་པར་བྱ་སྟེ། འདས་པའི་དུས་ལས་བརྩམས་པའི་སྐྱོན་གང་དག་ཡིན་པ་དེ་དག་ཉིད་འདིར་ཡང་བྱེ་བྲག་ཏུ་ཤེས་པར་བྱའོ། །ཡང་གཞན་ཡང༌། གལ་ཏེ་ལྷ་དེ་མི་དེ་ན། །དེ་ལྟ་ན་ནི་རྟག་པར་འགྱུར། །ལྷ་ནི་མ་སྐྱེས་ཉིད་འགྱུར་ཏེ། །རྟག་


DTG096_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱེ་བ་མེད་ཕྱིར་རོ། །གལ་ཏེ་ལྷ་དེ་ཉིད་མི་དེ་ཉིད་དུ་གྱུར་ན་དེ་ལྟ་ན་ནི་རྟག་པར་འགྱུར་རོ། །ཡང་གཞན་ཡང༌། ལྷ་མ་སྐྱེས་པ་ཉིད་དུ་ཡང་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རྟག་པ་ལ་སྐྱེ་བ་མེད་པའི་ཕྱིར་རོ། །གང་གི་ཕྱིར་ལྷ་གང་ཡིན་པ་དེ་ཉིད་མི་མ་ཡིན་ཞིང༌། ལྷ་མ་སྐྱེས་པ་ཉིད་ཀྱང་མ་ཡིན་པ་དེའི་ཕྱིར་རྟག་པ་མ་ཡིན་ནོ། །གལ་ཏེ་ལྷ་ལས་མི་གཞན་ན། །དེ་ལྟ་ན་ནི་མི་རྟག་འགྱུར། །གལ་ཏེ་ལྷ་མི་གཞན་ཡིན་ནོ། །རྒྱུད་ནི་འཐད་པར་མི་འགྱུར་རོ། །གལ་ཏེ་ལྷ་ལས་མི་གཞན་ཡིན་ན་དེ་ལྟ་ན་ནི་མི་རྟག་པར་འགྱུར་རོ། །རྒྱུད་ཀྱི་གཏན་ཚིགས་ཀྱིས་ལྷ་ལས་མི་གཞན་ཡིན་པར་མི་འཐད་པས་དེའི་ཕྱིར་མི་རྟག་པ་མ་ཡིན་ནོ། །གལ་ཏེ་ཕྱོགས་གཅིག་ལྷ་ཡིན་ལ། །ཕྱོགས་གཅིག་མི་ནི་ཡིན་གྱུར་ན། །རྟག་དང་མི་རྟག་འགྱུར་བའི་ཕྱིར། །དེ་ཡང་རིགས་པ་མ་ཡིན་ནོ། །གལ་ཏེ་ཕྱོགས་གཅིག་ནི་ལྷ་ཡིན་ལ་ཕྱོགས་གཅིག་ནི་མི་ཡིན་པར་གྱུར་ན་དེ་ལྟ་ན་རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པར་འགྱུར་བ་ཞིག་ན། གང་གི་ཕྱིར་དེ་ལྟར་བདག་ཉིད་གཉིས་པ་ཉིད་མི་རིགས་པ་དེའི་ཕྱིར་རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་མ་ཡིན་ནོ། །གལ་ཏེ་རྟག་དང་མི་རྟག་པ། །གཉི་ག་གྲུབ་པར་གྱུར་ན་ནི། །རྟག་པ་མ་ཡིན་མི་རྟག་མིན། །འགྲུབ་པར་འགྱུར་བ་འདོད་ལ་རག །གལ་ཏེ་རྟག་པ་དང་མི་རྟག་པ་ཞེས་བྱ་བ་དེ་གཉི་ག་རབ་ཏུ་གྲུབ་པར་གྱུར་ན་ནི། དེའི་ཕྱིར་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་ཞེས་བྱ་བ་དེ་ཡང་རབ་ཏུ་འགྲུབ་པར་འགྱུར་བ་འདོད་ལ་རག་ན། གང་གི་ཕྱིར་རྟག་པ་དང་མི་རྟག་པ་དེ་གཉི་ག་རབ་ཏུ་མ་གྲུབ་པ་དེའི་ཕྱིར་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་ཞེས་བྱ་བ་དེ་ཡང་རབ་ཏུ་མི་འགྲུབ་བོ། །གལ་ཏེ་གང་ཞིག་གང་ནས་འོངས། །ཅི་ཞིག་གང་དུ་འགྲོ་འགྱུར་ན། །དེ་ཕྱིར་དེ་ལ་ཐོག་མེད་པས། །རྟག་པར་གྱུར་ན་དེ་ཡང་མེད། །གལ་ཏེ་དངོས་པོ་གང་ཞིག་ཡུལ་གང་ནས་འོངས་ཤིང་ཅི་ཞིག་གཅིག་ཏུ་གང་དུ་འགྲོ་བར་འགྱུར་ན་ནི་དེའི་ཕྱིར་དེ་ལ་ཐོག་མ་མེད་པས་རྟག་པར་འགྱུར་བ་ཞིག་ན། ཤེས་རབ་ཀྱིས་བརྩལ་ན་དངོས་པོ་གང་ཞིག་ཡུལ་གང་ནས་འོངས་ཤིང༌། ཇི་ཞིག་གཅིག་ཏུ་གང་འགྲོ་བར་འགྱུར་བ་དེ་ལྟ་བུའི་དངོས་པོ་འགའ་ཡང་མེད་པས་དེའི་ཕྱིར་དེ་ལ་ཐོག་མ་མེད་པ་ཡང་མེད་པས་རྟག་པ་མ་ཡིན་


DTG096_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །གལ་ཏེ་རྟག་པ་འགའ་མེད་ན། །མི་རྟག་གང་ཞིག་ཡིན་པར་འགྱུར། །རྟག་པ་དང་ནི་མི་རྟག་དང༌། །དེ་གཉིས་བསལ་བར་གྱུར་པའོ། །གལ་ཏེ་དེ་ལྟར་ཤེས་རབ་ཀྱིས་བརྟགས་ན་དངོས་པོ་འགའ་ཡང་མེད་ན་མི་རྟག་པ་གང་ཞིག་ཡིན་པར་གྱུར། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང༌། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་ཡང་གང་ཞིག་ཡིན་པར་འགྱུར། དེ་ལྟ་བས་ན་སྔོན་གྱི་མཐའ་ལས་བརྩམས་པའི་རྟག་པ་དང་མི་རྟག་པ་ལ་སོགས་པ་བཞི་པོ་དེ་དག་མི་འཐད་དོ། །ད་ནི། ཕྱི་མའི་མཐའ་ལས་བརྩམས་པའི་མཐའ་དང་མཐའ་མེད་པ་ལ་སོགས་པ་བཞི་པོ་དེ་དག་ཇི་ལྟར་མི་འཐད་པ། དེ་ལྟར་བཤད་པར་བྱ་སྟེ། གལ་ཏེ་ཇི་ལྟར་ཞེ་ན། བཤད་པ། གལ་ཏེ་འཇིག་རྟེན་མཐའ་ཡོད་ན། །འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར། །གལ་ཏེ་འཇིག་རྟེན་མཐའ་མེད་ན། །འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར། །འཇིག་རྟེན་མཐའ་ཡོད་ཅེས་བྱ་བ་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་འཇིག་རྟེན་ཕ་རོལ་ཡོད་པར་གྱུར་ན། དེའི་ཕྱིར་འཇིག་རྟེན་ཕ་རོལ་ཡོད་པར་མི་འགྱུར་བའི་ཕྱིར་རོ། །འཇིག་རྟེན་ཕ་རོལ་ཡང་ཡོད་པས་དེའི་ཕྱིར་འཇིག་རྟེན་མཐའ་ཡོད་ཅེས་བྱ་བ་མི་འཐད་དོ། །འཇིག་རྟེན་མཐའ་མེད་ཅེས་བྱ་བ་ཡང་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་འཇིག་རྟེན་མཐའ་མེད་པར་གྱུར་ན་དེའི་ཕྱིར་འཇིག་རྟེན་ཕ་རོལ་མེད་པར་འགྱུར་བའི་ཕྱིར་རོ། །འཇིག་རྟེན་ཕ་རོལ་ཡང་ཡོད་པས་དེའི་ཕྱིར་འཇིག་རྟེན་མཐའ་མེད་ཅེས་བྱ་བ་ཡང་ཡོད་པས་དེའི་ཕྱིར་འཇིག་རྟེན་མཐའ་མེད་ཅེས་བྱ་བ་ཡང་མི་འཐད་དོ། །དེ་གཉིས་ཅིའི་ཕྱིར་མི་འཐད་ཅེ་ན། དེ་ལ་བཤད་པར་བྱ་སྟེ། གང་ཕྱིར་ཕུང་པོ་རྣམས་ཀྱི་རྒྱུན། །འདི་ནི་མར་མེའི་འོད་དང་མཚུངས། །དེ་ཕྱིར་མཐའ་ཡོད་ཉིད་དང་ནི། །མཐའ་མེད་ཉིད་ཀྱང་མི་རིགས་སོ། །གང་གི་ཕྱིར་ཕུང་པོ་རྣམས་ཀྱི་རྒྱུན་འདི་ནི་མར་མེའི་འོད་དང་མཚུངས་པར་རྒྱུ་དང་རྐྱེན་གྱི་ཚོགས་པའི་དབང་གིས་འབྱུང་བ་དེའི་ཕྱིར་འཇིག་རྟེན་མཐའ་ཡོད་པ་ཉིད་དང༌། མཐའ་མེད་པ་ཉིད་ཅེས་བྱ་བ་ཡང་མི་རིགས་སོ། །ཅིའི་ཕྱིར་མི་རིགས་ཤེ་ན། དེ་ལ་བཤད་པར་བྱ་སྟེ། གལ་ཏེ་སྔ་མ་འཇིག་འགྱུར་ཞིང༌། །ཕུང་པོ་འདི་ལ་བརྟེན་བྱས་ནས། །ཕུང་པོ་འདི་ནི་མི་འབྱུང་ན། །དེས་ན་འཇིག་རྟེན་མཐའ་ཡོད་འགྱུར། །གལ་ཏེ་སྔ་མ་མི་


DTG096_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་ཅིང༌། །ཕུང་པོ་འདི་ལ་བརྟེན་བྱས་ནས། །ཕུང་པོ་འདི་ནི་མི་འབྱུང་ན། །དེས་ན་འཇིག་རྟེན་མཐའ་མེད་འགྱུར། །གལ་ཏེ་ཕུང་པོ་སྔ་མ་རྣམས་འཇིག་པར་འགྱུར་ཞིང༌། ཕུང་པོ་འདི་དག་ལ་བརྟེན་ནས་ཕུང་པོ་གཞན་དེ་དག་མི་འབྱུང་ན་ནི་དེས་ན་འཇིག་རྟེན་མཐའ་ཡོད་པར་འགྱུར་བ་ཞིག་ན་གང་གི་ཕྱིར་དེ་ལྟ་མ་ཡིན་པ་དེའི་ཕྱིར་འཇིག་རྟེན་མཐའ་ཡོད་ཅེས་བྱ་བ་མི་འཐད་དོ། །གལ་ཏེ་ཕུང་པོ་སྔ་མ་རྣམས་མི་འཇིག་ཅིང་ཕུང་པོ་དེ་དག་ལ་བརྟེན་ནས་ཕུང་པོ་ཕྱི་མ་དེ་དག་མི་འབྱུང་ན་ནི་དེས་ན་འཇིག་རྟེན་མཐའ་མེད་པར་འགྱུར་བ་ཞིག་ན། གང་གི་ཕྱིར་དེ་ལྟ་མ་ཡིན་པ་དེའི་ཕྱིར་འཇིག་རྟེན་མཐའ་མེད་པ་ཞེས་བྱ་བ་ཡང་མི་འཐད་དོ། །སློབ་དཔོན་འཕགས་པ་ལྷས་ཀྱང༌། ཉན་པ་པོ་དང་མཉན་བྱ་དང༌། །སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་གསུངས་སོ། །ད་ནི་འཇིག་རྟེན་མཐའ་ཡོད་ཀྱང་ཡོད་ལ་མཐའ་མེད་ཀྱང་མེད་ཅེས་བྱ་བ་དེ་ཡང་མི་འཐད་དེ། ཅིའི་ཕྱིར་ཞེ་ན། བཤད་པར་བྱ་སྟེ། གལ་ཏེ་ཕྱོགས་གཅིག་མཐའ་ཡོད་ལ། །ཕྱོགས་གཅིག་མཐའ་ནི་མེད་གྱུར་ན། །འཇིག་རྟེན་མཐའ་ཡོད་མཐའ་མེད་འགྱུར། །དེ་ཡང་རིགས་པ་མ་ཡིན་ནོ། །གལ་ཏེ་ཕྱོགས་གཅིག་མཐའ་ཡོད་པར་གྱུར་ལ། ཕྱོགས་གཅིག་མཐའ་མེད་པར་གྱུར་ན་ནི་དེའི་ཕྱིར་འཇིག་རྟེན་མཐའ་ཡོད་ཀྱང་ཡོད་ལ། མཐའ་མེད་ཀྱང་མེད་པར་འགྱུར་བ་ཞིག་ན། དེ་ལྟ་ན་དངོས་པོ་བདག་ཉིད་གཉིས་པ་ཉིད་དུ་གྱུར་པ་དེ་ནི་མི་འཐད་དོ། །ཇི་ལྟ་བུར་ན་ཉེར་ལེན་པོ། །ཕྱོགས་གཅིག་རྣམ་པར་འཇིག་འགྱུར་ལ། །ཕྱོགས་གཅིག་རྣམ་པར་འཇིག་མི་འགྱུར། །དེ་ལྟར་དེ་ནི་མི་རིགས་སོ། །ཇི་ལྟ་བུར་ན་ཉེར་བླང་བ། །ཕྱོགས་གཅིག་རྣམ་པར་འཇིག་འགྱུར་ལ། །ཕྱོགས་གཅིག་རྣམ་པར་འཇིག་མི་འགྱུར། །དེ་ལྟར་དེ་ཡང་མི་རིགས་སོ། །རེ་ཞིག་ཉེ་བར་ལེན་པ་པོ་རིགས་པ་གང་གིས་ཕྱོགས་གཅིག་རྣམ་པར་འཇིག་པར་འགྱུར་ལ། ཕྱོགས་གཅིག་རྣམ་པར་འཇིག་པར་མི་འགྱུར་ཏེ། རྟག་པ་དང་མི་རྟག་པ་ཉིད་མེད་པའི་ཕྱིར་རེ་ཞིག་དེ་ལྟར་ནི་མི་རིགས་སོ། །ཉེ་བར་བླང་བ་ཡང་རྣམ་པ་གང་གིས་ཕྱོགས་གཅིག་རྣམ་པར་འཇིག་པར་འགྱུར་ལ། ཕྱོགས་གཅིག་རྣམ་པར་འཇིག་པར་མི་འགྱུར་ཏེ། རྟག་པ་དང་མི་རྟག་པ་ཉིད་མི་འཐད་པ་ཁོ་ནའི་ཕྱིར་དེ་


DTG096_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཡང་མི་རིགས་སོ། །དེ་ལྟར་གང་གི་ཕྱིར་དངོས་པོ་བདག་ཉིད་གཉིས་པ་ཉིད་མི་འཐད་པ་དེའི་ཕྱིར་འཇིག་རྟེན་མཐའ་ཡོད་ཀྱང་ཡོད་ལ་མཐའ་མེད་ཀྱང་མེད་ཅེས་བྱ་བ་མི་འཐད་དོ། །ད་ནི་འཇིག་རྟེན་མཐའ་ཡོད་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་ཞེས་བྱ་བ་ཡང་མི་འཐད་དེ། ཅིའི་ཕྱིར་ཞེ་ན། བཤད་པར་བྱ་སྟེ། གལ་ཏེ་མཐའ་ཡོད་མཐའ་མེད་པ། །གཉི་ག་གྲུབ་པར་གྱུར་ན་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །འགྲུབ་པར་འགྱུར་བ་འདོད་ལ་རག །གལ་ཏེ་མཐའ་ཡོད་པ་དང་མཐའ་མེད་པ་ཞེས་བྱ་བ་དེ་གཉི་ག་རབ་ཏུ་གྲུབ་པར་གྱུར་ན་ནི་དེའི་ཕྱིར་མཐའ་ཡོད་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་ཞེས་བྱ་བ་འདི་རབ་ཏུ་འགྲུབ་པར་འགྱུར་བར་ཡང་འདོད་ལ་རག་ན་གང་གི་ཕྱིར་མཐའ་ཡོད་པ་དང༌། མཐའ་མེད་པ་ཞེས་བྱ་བ་དེ་གཉིས་རབ་ཏུ་མ་གྲུབ་པ་དེའི་ཕྱིར་མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་ཞེས་བྱ་བ་འདི་ཡང་རབ་ཏུ་མ་གྲུབ་བོ། །དེ་ལྟ་བས་ན་བརྟག་པ་འདིས་ཕྱི་མའི་མཐའ་ལས་བརྩམས་པའི་མཐའ་དང་མཐའ་མེད་པ་ལ་སོགས་པ་བཞི་མི་འཐད་དོ། །ཡང་ན་དངོས་པོ་ཐམས་ཅད་དག །སྟོང་ཕྱིར་རྟག་ལ་སོགས་ལྟ་བ། །གང་དུ་གང་ལ་གང་དག་ནི། །ཅིའི་ཕྱིར་ཀུན་དུ་འབྱུང་བར་འགྱུར། །ཡང་ན་དངོས་པོ་ཐམས་ཅད་སྟོང་པའི་ཕྱིར། །རྟག་པ་ལ་སོགས་པར་ལྟ་བ་དག་ཡུལ་དང་དུས་གང་དུ་དངོས་པོ་གང་ལ། ལྟ་བ་གང་དག །རྒྱུ་ཅིའི་ཕྱིར་ཀུན་དུ་འབྱུང་བར་འགྱུར། །གང་གིས་ཐུགས་བརྩེ་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏ་མ་དེ་ལ་ཕྱག་འཚལ་ལོ། །གང་གིས་ཐུགས་བརྩེ་བས་ཉེ་བར་བཟུང་ནས་ལྟ་བ་ཐམས་ཅད་སྤང་བའི་ཕྱིར། དམ་པའི་ཆོས་བསྟེན་པར་མཛད་པ་སངས་རྒྱས་བཅོམ་ལྡན་འདས་ཤིན་ཏུ་རྨད་དུ་བྱུང་བ་བསམ་གྱིས་མི་ཁྱབ་པ་མཚུངས་པ་མེད་པ་གཞལ་དུ་མེད་པ་གདུང་གཽ་ཏ་མ་དང་གཅིག་པ་དེ་ལ་ཕྱག་འཚལ་ལོ། །ལྟ་བ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་བདུན་པ་སྟེ་ཐ་མའོ།། །།དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་ཐེག་པ་ཆེན་པོའི་ཆོས་མངོན་པ་རྣམ་པར་གཞག་པ་དོན་དམ་པའི་དེ་ཁོ་ན་ཡང་དག་པར་སྟོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གསལ་བར་བྱེད་པ། སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་


DTG096_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་མི་འཕྲོགས་པའི་མཁྱེན་རབ་དང༌། ཐུགས་རྗེར་ལྡན་པ་དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་རབ་ཏུ་འབྱེད་པ་རབ་ཏུ་དགའ་བའི་ས་བསྒྲུབས་ནས་བདེ་བ་ཅན་གྱི་ཞིང་དུ་གཤེགས་པ་འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ། དེའི་འགྲེལ་བ་བུདྡྷ་པཱ་ལི་ཏ་ཞེས་བྱ་བ་ཐེག་པ་ཆེན་པོ་ངེས་པའི་དོན་སྟོན་པ། ལྟ་བ་ངན་པའི་དྲི་མ་སེལ་བར་བྱེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གཏན་ལ་འབེབས་པ། དོན་དམ་པའི་བདེན་པ་གསལ་བར་བྱེད་པ། སློབ་དཔོན་བཙུན་པ་སངས་རྒྱས་བསྐྱངས་འཕགས་པ་འཇམ་དཔལ་གྱི་བཀའ་གྲུབ་པ་བསྟན་བཅོས་དུ་མའི་རྣམ་པར་བཤད་པ་མཛད་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། རིག་སྔགས་འཆང་གྲུབ་པའི་གནས་ཁྱད་པར་ཅན་དུ་གཤེགས་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌། །ཞུ་ཆེན་གྱི་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ།
འཕགས་པ་ཀླུ་སྒྲུབ།


DTG096_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སྭ་བྷཱ་ཝ་ཏྲ་ཡ་པྲ་བེ་ཤ་སཱ་དྷ་ན། བོད་སྐད་དུ། རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཀུན་བརྟགས་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཉིད་ཀྱང་ནི། །བརྟན་པ་རྣམས་ཀྱི་རང་བཞིན་གསུམ། །ཤེས་བྱ་ཟབ་པར་འདོད་པ་ཡིན། །གང་སྣང་དེ་ནི་གཞན་དབང་ཡིན། །ཇི་ལྟར་སྣང་བ་ཀུན་བརྟགས་ཏ། །རྐྱེན་ལ་འཇུག་པའི་དབང་ཕྱིར་དང༌། །བརྟག་པའི་དངོས་པོ་ཙམ་ཕྱིར་རོ། །དེ་ཡི་སྣང་བ་ཇི་བཞིན་སྣང༌། །བརྟག་ཏུ་མེད་པ་ཉིད་གང་ནི། །གཞན་དུ་མི་འགྱུར་ཕྱིར་ཉིད་དེ། །ཡོངས་གྲུབ་རང་བཞིན་ཤེས་པར་བྱ། །དེ་ལ་ཅི་སྣང་ཡོད་མིན་རྟོག །ཇི་ལྟར་སྣང་བ་གཉིས་དག་གིས། །དེ་ཡི་མེད་ཉིད་གང་དེ་ཡིས། །དེ་རུ་གཉིས་མེད་ཆོས་ཉིད་གང༌། །སེམས་དེ་དེ་རུ་ཡོད་མིན་རྟོག །གང་ཕྱིར་དེ་ནི་བརྟགས་པ་ཡིན། །ཇི་ལྟར་དོན་ནི་བརྟག་བྱེད་པ། །དེ་བཞིན་ཤིན་ཏུ་ཡད་མ་ཡིན། །རྒྱུ་དང་འབྲས་བུའི་དབྱེ་བ་ཡིས། །སེམས་དེ་རྣམ་པ་གཉིས་སུ་འདོད། །ཀུན་གཞི་རྣམ་པར་ཤེས་གང་དང༌། །འཇུག་པ་ཤེས་བྱ་རྣམས་བདུན་པའི། །ཀུན་ནས་ཉོན་མོངས་བག་ཆགས་ཀྱི། །ས་བོན་བསགས་ཕྱིར་སེམས་བརྗོད་དོ། །རྣམ་ཤེས་ལྔ་པོ་གཞན་མ་


DTG096_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །སྣ་ཚོགས་རྣམ་པ་འཇུག་ཕྱིར་རོ། །ཡང་དག་མ་ཡིན་ཀུན་རྟོག་གང༌། །དེ་ནི་བསྡུས་པར་རྣམ་གསུམ་འདོད། །རྣམ་སྨིན་དེ་བཞིན་མཚན་མ་ཅན། །སོ་སོར་སྣང་བ་གཞན་མའོ། །དང་པོའི་རྩ་བའི་རྣམ་ཤེས་ཏེ། །གང་ཕྱིར་རྣམ་སྨིན་བདག་ཉིད་དེ། །འཇུག་པའི་རྣམ་ཤེས་ཕན་ཚུན་མཐོང༌། །མཐོང་བྱ་ཡན་ལག་གཉིས་འཇུག་ཕྱིར། །ཡོད་མེད་ཕྱིར་དང་གཉིས་གཅིག་ཕྱིར། །ཀུན་ནས་ཉོན་མོངས་རྣམ་བྱང་ལ། །མཚན་ཉིད་དབྱེར་མེད་ཕྱིར་ཟབ་ཉིད། །རང་བཞིན་རྣམས་ལ་འདོད་པ་ཡིན། །ཤིན་ཏུ་མེད་པ་ཉིད་དག་ནི། །གང་ཕྱིར་ཡོད་པར་འཛིན་པ་ལ། །དེ་ཡིས་ཀུན་བརྟགས་རང་བཞིན་ནི། །ཡོད་དང་མེད་པའི་མཚན་ཉིད་འདོད། །འཁྲུལ་པའི་དངོས་པོ་ཡོད་པ་ལ། །ཇི་བཞིན་སྣང་བ་ཡོད་མ་ཡིན། །གང་ཕྱིར་གཞན་དབང་དེ་ཡིས་ནི། །ཡོད་མེད་མཚན་ཉིད་པར་འདོད་དོ། །གང་གིས་གཉིས་མེད་ཉིད་དུ་ཡོད། །གཉིས་ཀྱི་དངོས་པོ་མེད་པ་ཉིད། །དེ་ཡིས་ཡོངས་གྲུབ་རང་བཞིན་ནི། །ཡོད་མེད་མཚན་ཉིད་འདོད་པ་ཡིན། །བརྟགས་པའི་དོན་ལ་རྣམ་གཉིས་ཕྱིར། །དེ་ཡོད་མ་ཡིན་དངོས་གཅིག་ཕྱིར། །ཀུན་བརྟགས་རང་བཞིན་བྱིས་པ་རྣམས། །གཉིས་སྣང་གཅིག་གིས་བདག་གཉིས་འདོད། །གཉིས་ཀྱི་དངོས་པོ་སྣང་ཕྱིར་དང༌། །འཁྲུལ་པ་ཙམ་གྱིས་དངོས་གཅིག་ཕྱིར། །གཞན་དབང་ཞེས་བྱའི་རང་བཞིན་ནི། །གཉིས་དང་གཅིག་གི་བདག་ཉིད་འདོད། །གང་གིས་གཉིས་མེད་ཉིད་དུ་ཡོད། །གཉིས་ཀྱི་དངོས་བོས་མེད་པ་ཉིད། །དེ་ཡིས་ཡོངས་གྲུབ་རང་བཞིན་ནི། །གཉིས་དང་གཅིག་གིས་བདག་གཉིས་འདོད། །ཀུན་བརྟགས་དང་ནི་གཞན་གྱི་དབང༌། །ཉོན་མོངས་མཚན་ཉིད་ཤེས་པར་བྱ། །རྣམ་པར་བྱང་བའི་མཚན་ཉིད་ནི། །ཡོངས་སུ་གྲུབ་པར་འདོད་པ་ཡིན། །གཉིས་ཀྱི་རང་བཞིན་མེད་ཕྱིར་དང༌། །དེ་མེད་པ་ཡི་རང་བཞིན་ཕྱིར། །རང་བཞིན་ཡོངས་གྲུབ་ཀུན་བརྟགས་ལས། །དབྱེར་མེད་མཚན་ཉིད་ཤེས་པར་བྱ། །གཉིས་མེད་རང་བཞིན་ཉིད་ཕྱིར་དང༌། །གཉིས་ནི་མེད་པའི་རང་བཞིན་ཕྱིར། །ཡོངས་སུ་གྲུབ་ལས་ཀུན་བརྟགས་ཀྱང༌། །མཚན་ཉིད་ཐ་མི་དད་ཅེས་བྱ། །ཇི་ལྟར་སྣང་བ་མེད་ཕྱིར་དང༌། །དེ་བཞིན་མེད་པའི་རང་བཞིན་ཕྱིར། །ཡོངས་གྲུབ་གཞན་དབང་རང་བཞིན་ལས། །ཐ་མི་དད་པའི་མཚན་ཉིན་ཡིན། །གཉིས་མེད་རང་བཞིན་ཉིད་ཕྱིར་དང༌། །ཇི་བཞིན་སྣང་བ་དངོས་མེད་ཕྱིར། །ཡོངས་སུ་གྲུབ་ལས་གཞན་དབང་ཡང༌། །དབྱེར་མེད་མཚན་ཉིད་ཤེས་པར་བྱ། །ཐ་


DTG096_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

སྙད་གཙོ་བོར་བྱས་ཕྱིར་དང༌། །དེ་འཇུག་གཙོ་བོར་བྱས་པའི་ཕྱིར། །རིམ་པའི་དབྱེ་བའི་རང་བཞིན་གྱི། །སློབ་པའི་ཆེད་དུ་བརྗོད་པ་ཡིན། །ཐ་སྙད་བརྡ་ཉིད་ཀུན་བརྟགས་དང༌། །ཐ་སྙད་བྱེད་པའི་བདག་ཉིད་གཞན། །ཐ་སྙད་ཀུན་ནས་ཆད་བྱེད་པའི། །རང་བཞིན་གཞན་མ་འདོད་མ་ཡིན། །སྔོན་དུ་གཉིས་མེད་བདག་ཉིད་ནི། །གཞན་དབང་རབ་ཏུ་འཇུག་པར་འགྱུར། །དེ་ནས་དེ་རུ་གཉིས་མེད་ནི། །བརྟག་པ་ཙམ་དུ་འཇུག་པ་ཡིན། །དེ་ནས་གཉིས་མེད་དངོས་པོ་ནི། །དེ་རུ་ཡོངས་གྲུབ་འཇུག་པ་སྟེ། །དེ་བཞིན་དེ་ཉིད་དེ་བཞིན་དུ། །མེད་དང་ཡོད་ཅེས་བརྗོད་པ་ཡིན། །རང་བཞིན་གསུམ་ཀ་འདི་རྣམས་ནི། །གཉིས་མེད་བརྗོད་མེད་མཚན་ཉིད་ཅན། །མེད་ཕྱིར་དེ་བཞིན་ཡོད་ཕྱིར་དང༌། །དེ་མེད་པ་ཡི་རང་བཞིན་ཕྱིར། །རྟོགས་དང་མ་རྟོགས་རྣམ་རྟོག་དང༌། །མངོན་རྟོགས་འཛིན་པའི་དབྱེ་བའི་ཕྱིར། །སོ་སོ་རེ་རེ་རང་བཞིན་གསུམ། །རྣམ་པ་བཞི་ཡིས་དབྱེ་བར་འདོད། །མིང་ནི་གཉིས་ཐོས་འཁྲུལ་པ་དང༌། །དབང་དུ་ཉིད་ཅེས་དབྱེ་བའི་ཕྱིར། །མི་བརྗོད་གཉིས་མེད་ཉོན་མི་མོངས། །གཅིག་དང་དུ་མའི་དབྱེ་ཕྱིར་རོ། །སྒྱུ་མས་བྱས་པའི་སྔགས་དབང་གིས། །གླང་ཆེན་བདག་ཉིད་ཀྱིས་སྣང་བཞིན། །དེ་རུ་རྣམ་པ་ཙམ་ཡོད་དེ། །གླང་ཆེན་རྣམ་པ་ཀུན་དུ་མེད། །གླང་ཆེན་ཀུན་བརྟགས་པར་བཞིན་ཏེ། །དེ་ཡི་རྣམ་པ་གཞན་དབང་ཡིན། །དེ་རུ་གླང་ཆེན་མེད་པ་གང༌། །དེ་ནི་ཡོངས་གྲུབ་འདོད་པ་ཡིན། །རྩ་བའི་སེམས་ལས་གང་དག་གིས། །དེ་བཞིན་ཡོད་མིན་ཀུན་བརྟགས་སྣང༌། །གཉིས་པོ་ཤིན་ཏུ་མེད་པ་སྟེ། །དེ་རུ་རྣམ་པ་ཙམ་ཡོད་དོ། །རྩ་བའི་རྣམ་ཤེས་སྔགས་བཞིན་དུ། །དེ་བཞིན་ཉིད་འདི་ཤིང་བཞིན་འདོད། །རྣམ་རྟོག་གླང་ཆེན་རྣམ་པ་བཞིན། །འདོད་དེ་གླང་ཆེན་བཞིན་གཉིས་སོ། །དེ་གཉིས་རྟོགས་པའི་དུས་སུ་ནི། །མཚན་ཉིད་གསུམ་ལ་དུས་གཅིག་ཏུ། །ཡོངས་སུ་ཤེས་དང་སྤོང་བ་དང༌། །རིམ་པ་ཇི་བཞིན་ཐོབ་པར་འདོད། །ཡོངས་ཤེས་འདི་རུ་མི་དམིགས་པ། །སྤོང་མི་སྣང་བ་འདོད་པ་ཡིན། །དམིགས་པ་དག་ནི་མཚན་མ་སྟེ། །ཐོབ་པར་མངོན་སུམ་བྱ་བའང་དེ། །གཉིས་ཀ་ལ་ནི་མི་དམིགས་པས། །གཉིས་ཀྱི་རྣམ་པར་རྟོག་པར་འགྱུར། །ཡོངས་གྲུབ་དེ་ཡི་རྣམ་རྟོག་ཕྱིར། །གཉིས་ནི་མེད་པར་རྟོགས་པར་འགྱུར། །གླང་པོ་ཆེ་ནི་མི་དམིགས་དང༌། །དེ་ཡི་རྣམ་པའི་རྣམ་རྟོག་སྟེ། །ཤིང་དག་ལ་ནི་དམིགས་པ་ནི། །དུས་གཅིག་སྒྱུ་མ་ལ་བཞིན་དུ། །གཉེན་པོ་བློ་ནི་སྒྱུར་ཕྱིར་དང༌། །བློ་ཡིས་བདག་མེད་མཐོང་བའི་


DTG096_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །ཡེ་ཤེས་གསུམ་ལ་རྗེས་འཇུག་ཕྱིར། །འབད་པ་མེད་པར་ཐར་པ་ཐོབ། །སེམས་ཙམ་ལ་ནི་དམིགས་པ་ཡིས། །ཤེས་བྱའི་དོན་ནི་མི་དམིགས་ཉིད། །ཤེས་བྱའི་དོན་ལ་དམིགས་མེད་པས། །སེམས་ནི་མི་དམིགས་ཉིད་དུ་འགྱུར། །གཉི་ག་ལ་ནི་མི་དམིགས་པས། །ཆོས་ཀྱི་དབྱིངས་ལ་དམིགས་པ་ཉིད། །ཆོས་ཀྱི་དབྱིངས་ལ་དམིགས་པ་ཡིས། །འབྱོར་པ་ཉིད་ལ་དམིགས་པར་འགྱུར། །འབྱོར་བ་ཉིད་ནི་ཐོབ་འགྱུར་ན། །རང་དང་གཞན་གྱི་དོན་འཇུག་ཕྱིར། །སྐུ་གསུམ་བདག་ཉིད་བྱང་ཆུབ་ནི། །བླ་མེད་བློ་དང་ལྡན་པས་ཐོབ། །ཅེས་བྱའོ། །མཚན་ཉིད་གསུམ་ལ་འཇུག་པ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །། ཁ་ཆེའི་པཎྜི་ཏ་དགེ་སློང་ཟླ་བ་གྲགས་པས་བསྒྱུར་བའོ།།

ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་རབ་ཏུ་བྱེད་པ།
འཕགས་པ་ལྷ།


DTG096_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཧསྟ་བཱ་ས་ནཱ་མ་པྲ་ཀར་ཎ། བོད་སྐད་དུ། ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་རབ་ཏུ་བྱེད་པ། །བཅོམ་ལྡན་འདས་ངག་གི་དབང་པོ་ལ་ཕྱག་འཚལ་ལོ། །ཐག་པ་ལ་ནི་སྦྲུལ་སྙམ་འཛིན། །ཐག་པར་མཐོང་ན་དོན་མེད་དོ། །དེ་ཡི་ཆ་མཐོང་དེ་ལ་ནི། །སྦྲུལ་བཞིན་ཤེས་པ་འཁྲུང་པ་ཡིན། །བརྟག་པའི་དངོས་པོ་ཐམས་ཅད་ལ། །རང་གི་ངོ་བོ་བརྟགས་པ་ན། །གཞན་གྱི་ཀུན་རྫོབ་ཤེས་པ་ཡིས། །སྤྱོད་ཡུལ་ཇི་སྙེད་བརྟགས་པ་ཡིན། །ཆ་མེད་བརྟག་པར་བྱ་མིན་ཕྱིར། །ཐ་མ་ཡང་ནི་མེད་པར་མཚུངས། །དེ་ཕྱིར་མཁས་པས་འཁྲུལ་པ་ཙམ། །ཡང་དག་དོན་དུ་མིན་པར་བརྟག །འཁྲུལ་ན་དེ་ཡང་མ་དག་ཕྱིར། །ཇི་ལྟར་སྣང་བ་དེ་ལྟར་མེད། །དོན་ཡོད་མ་ཡིན་སྣང་བ་ནི། །ཇི་ལྟར་དེ་ཡི་བདག་ཉིད་འགྱུར། །གང་ཞིག་ཞིབ་མོའི་བློ་ཡིས་ནི། །ཐམས་ཅད་བརྟགས་པ་ཁོ་ནར་ཤེས། །བློ་ལྡན་དེས་ནི་ཆགས་ལ་སོགས། །བདེ་བར་སྦྲུལ་གྱིས་སྐྲག་བཞིན་སྤངས། །འཇིག་རྟེན་པ་ཡི་དོན་རྟོགས་པས། །འཇིག་རྟེན་བཞིན་དུ་བསྒྲུབ་པར་བྱ། །ཀུན་ནས་ཉོན་མོངས་སྤང་འདོད་པས། །དམ་པའི་དོན་གྱིས་བཙལ་བར་བྱ། །དེ་ལྟར་རང་བཞིན་ཡོངས་ཤེས་པའི། །རྣལ་འབྱོར་པས་ནི་གཟུགས་སོགས་ལ། །ཉེ་བར་སྤྱོད་པས་ཐུབ་པ་ཡི། །བརྟུལ་ཞུགས་ཀྱི་འབྲས་མྱུར་དུ་འགྲུབ། །ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་འཕགས་པ་ལྷས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲདྡྷ་ཀར་ཝ་རྨ་དང༌། བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའོ།།

ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་རབ་ཏུ་བྱེད་པའི་འགྲེལ་པ།
འཕགས་པ་ལྷ།


DTG096_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཧསྟ་བཱ་ས་ནཱ་མ་པ་ཀ་ར་ཎྀ་བྲ་ཏྟི། བོད་སྐད་དུ། ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་


DTG096_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བྱེད་པའི་འགྲེལ་པ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །ཁམས་གསུམ་པའི་ཐ་སྙད་ཙམ་ལ་ཡང་དག་པའི་དོན་དུ་ཀུན་དུ་རྟོགས་པའི་ཕྱིར། དེ་ཁོ་ན་ཉིད་ཀྱི་དོན་ཁོང་དུ་མ་ཆུད་པའི་སེམས་ཅན་རྣམས་ལ་དངོས་པོའི་རང་བཞིན་རབ་ཏུ་དབྱེ་བའི་སྒོ་ནས། ཕྱིན་ཅི་མ་ལོག་པའི་ཤེས་པ་ཡང་དག་པར་སྒྲུབ་པའི་ཕྱིར་འདི་བརྩམས་སོ། །ཐག་པ་ལ་ནི་སྤྲུལ་སྙམ་འཛིན། ཐག་པར་མཐོང་ན་དོན་མེད་དོ། །འདི་ནི་ཡུལ་ཧ་ཅང་སྐལ་པ་མ་ཡིན་པ་འོད་ཙམ་ཞིག་སྣང་བ་ཞིག་ན། ཐག་པའི་གཟུགས་སྤྱི་ཆོས་ཅན་ཞིག་དམིགས་པ་ལ་འཁྲུལ་ནས། འདི་ནི་སྦྲུལ་ཁོ་ནའོ་ཞེས་ངེས་པར་འཛིན་པའི་ངོ་བོ་ཤེས་པ་སྐྱེ་སྟེ། ཁྱད་པར་རང་གི་ངོ་བོ་ཁོང་དུ་མ་ཆུད་པའི་ཕྱིར་རོ། །དེའི་ཁྱད་པར་ངེས་པར་འཛིན་པ་ན། དོན་ཇི་ལྟ་བ་མ་ཡིན་པར་ཀུན་དུ་རྟོག་པས་རབ་ཏུ་སྤྲོས་པ་ཉིད་ཀྱི་ཕྱིར། ཤེས་པ་དེ་ཡང་འཁྲུལ་པའི་ཤེས་པ་དོན་མེད་པ་ཁོ་ནར་འགྱུར་རོ། །དེ་ཡི་ཆ་མཐོང་དེ་ལ་ཡང༌། །སྦྲུལ་བཞིན་ཤེས་པ་འཁྲུལ་པ་ཡིན། །ཐག་པ་དེ་ལ་ཡང་ཆ་ཤས་སུ་ཕྱེ་ནས་བརྟག་པ་ན། ཐག་པའི་རང་གི་ངོ་བོ་མི་དམིགས་ཏེ། དེ་མ་དམིགས་ན་ཐག་པར་དམིགས་པ་ཡང་སྦྲུལ་ལོ་སྙམ་པའི་བློ་བཞིན་དུ་འཁྲུལ་པ་ཙམ་འབའ་ཞིག་ཏུ་ཟད་དོ། །ཡང་ཇི་ལྟར་ཐག་པར་ཤེས་ལ་འཁྲུལ་པ་དེ་བཞིན་དུ། ཆ་ཤས་དེ་ཡང་དུམ་བུ་དང༌། ཉག་མ་ལ་སོགས་པ་དེ་དག་ལ་ལྟོས་པ་ནི་རང་གི་ངོ་བོ་ངེས་པར་མི་འཛིན་ཏོ། །དེ་ངེས་པར་མ་ཟིན་པས་དེ་ལ་དམིགས་པའི་རྣམ་པ་ཅན་གྱི་བློ་བཞིན་དུ་འཁྲུལ་པ་ཙམ་ཁོ་ནའོ། །བརྟག་པའི་དངོས་པོ་ཐམས་ཅད་ལ། །རང་གི་ངོ་བོ་བརྟགས་པ་ན། །ཀུན་རྫོབ་ཏུ་ནི་ཤེས་པ་ཡིས། །སྤྱོད་ཡུལ་ཇི་སྙེད་བརྟགས་པ་ཡིན། །ཇི་ལྟར་ཆ་ཤས་ལ་སོགས་པའི་དབྱེ་བས་ཐ་དད་པའི་ཐག་པ་ལ་སོགས་པ་ལ་བརྟགས་པ་ན་རང་གི་ངོ་བོ་མི་དམིགས་ཏེ། ཐག་པ་ལ་སོགས་པའི་བློ་ཡང་སྦྲུལ་ལོ་སྙམ་པའི་བློ་བཞིན་དུ་འཁྲུལ་པ་ཡིན་པ་དེ་བཞིན་དུ། ངོས་ཆ་ལ་སོགས་པ་ལ་ལྟོས་ནས་ཡོད་པ་རྫ་མ་དང་ཕོར་བུ་ལ་སོགས་ཐ་སྙད་པའི་ཤེས་པའི་སྤྱོད་ཡུལ་ཇི་སྙེད་པ་ཐམས་ཅད་བརྟགས་པ་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་མཐར་རབ་ཏུ་ཕྱེ་བ་ན། རེ་ཞིག་བུམ་པ་ལ་སོགས་པ་ནི་ཐ་སྙད་དུ་བརྟགས་པ་ཁོ་ན་ཡིན་ནོ། །གཞན་དུ་ཞེས་བྱ་བ་ནི། དོན་དམ་པ་ཉིད་ལས་སོ། །ཆ་མེད་བརྟག་པར་བྱ་མིན་ཕྱིར། ཐ་མ་ཡང་ནི་མེད་པར་མཚུངས། གང་ཡང་བརྟག་


DTG096_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དངོས་པོ་ཐམས་ཅད་ཀྱི་ཐ་མ་རྡུལ་ཕྲ་རབ་ཀྱི་རྫས་ཆ་མེད་པ་གཅིག་པུ་དེ་ཡང༌། བརྟག་པར་བྱ་བ་མ་ཡིན་པའི་རང་གི་ངོ་བོས་དམིགས་པ་མི་རུང་བའི་ཕྱིར། ནམ་མཁའི་མེ་ཏོག་གི་ཕྲེང་བ་དང༌། རི་བོང་གི་རྭ་ལ་སོགས་པ་དང་མཚུངས་པས། དེ་ཡང་དངོས་པོ་མེད་པ་ཉིད་དུ་འགྲུབ་བོ། །ཅི་སྟེ་ཡང་ཇི་ལྟར་ན་བརྟག་བར་བྱ་བ་མ་ཡིན་པའི་མཚན་ཉིད་གཏན་ཚིགས་དེས། རྡུལ་ཕྲ་རབ་ཀྱི་རྫས་ཡོད་པ་ཉིད་གཅིག་པ་ཉིད་དུ་མེད་དོ་ཞེས་ཤེས་པར་ནུས་ཤེ་ན། གང་གི་ཕྱིར་ཡོད་ན་ནི་ཕྱོགས་ཆ་ཐ་དད་པའི་ཕྱིར། དཔེར་ན་ཡོད་པ་བུམ་པ་དང༌། སྣམ་བུ་དང་ཤིང་རྟ་ལ་སོགས་པའི་རྫས་རྣམས་ནི། ཤར་དང་ནུབ་དང་སྟེང་དང་འོག་ལ་སོགས་པའི་ཕྱོགས་ཆ་ཐ་དད་པའི་ཕྱིར། ཆ་ཤས་ཐ་དད་པ་དག་སྣང་བ་ལྟར་གལ་ཏེ་རྡུལ་ཕྲ་རབ་ཀྱི་རྫས་ཀྱང་ཡོད་པར་གྱུར་ན། གདོན་མི་ཟ་བར་ཕྱོགས་ཆ་ཐ་དད་པའི་ཕྱིར་ཤར་དང་ནུབ་དང་བྱང་དང་སྟེང་ལ་སོགས་པའི་ཆ་ཤས་ཁས་བླང་བར་བྱའོ། །ཆ་ཤས་ཐ་དད་པ་ཡིན་ན་ནི་རྡུལ་ཕྲ་རབ་ཀྱི་རྫས་གཅིག་ཏུ་མི་འགྲུབ་བོ། །རྫས་ཀྱ་དབྱེ་བ་མང་པོ་སྣང་བའི་ཕྱིར་གཅིག་པ་ཉིད་ནི་ཡོད་པ་མ་ཡིན་ཏེ། རྡུལ་ཕྲ་རབ་མི་དམིགས་པས་རྡུལ་ཕྲ་རབ་ཀྱི་རྫས་སུ་སྨྲ་བ་འདི་ཐོང་ཤིག །དེ་ཕྱིར་མཁས་པས་འཁྲུལ་པ་ཙམ། །ཡང་དག་དོན་དུ་མིན་པར་བརྟག །གང་གི་ཕྱིར་དེ་ལྟར་ཁམས་གསུམ་ལ་འཁྲུལ་པ་ཙམ་ཡིན་པ་དེའི་ཕྱིར། མཁས་པ་ལེགས་པ་ཐོབ་པར་འདོད་པས་འདི་ལ་ཡང་དག་པའི་དོན་དུ་བརྟག་པར་མི་བྱའོ། །གལ་ཏེ་འདི་སྙམ་དུ་བུམ་པ་ལ་སོགས་པ་ཕྱི་རོལ་གྱི་དངོས་པོ་དེ་དག་ནི། ངོ་བོ་ཉིད་མི་རྟོག་པའི་ཕྱིར་མེད་པ་ལས་ཀུན་བརྟགས་པས་ཡིན་པ་བདེན་ནོ། །དེ་དག་ལ་དམིགས་པའི་རྣམ་པ་ཅན་གྱི་འཁྲུལ་པ་ཙམ་འདི་ཡོད་དེ། དཔེར་ན་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་མེད་ཀྱང༌། དེ་དག་ལ་དམིགས་པའི་རྣམ་པ་ཅན་གྱི་ཤེས་པ་ལྟ་བུའོ་ཞེས་བྱ་བར་འདོད་དོ་ཞེས། འཁྲུལ་ན་དེ་ཡང་མ་དག་ཕྱིར། །ཇི་ལྟར་སྣང་བ་དེ་ལྟར་མེད། །དོན་ཡོད་མ་ཡིན་སྣང་བ་ནི། །ཇི་ལྟར་དེ་ཡི་བདག་ཉིད་འགྱུར། །འཁྲུལ་པ་དེ་ཡང་རྫས་ཀྱི་རང་གི་ངོ་བོས་ཤིས་པ་ཡིན་ན། རྫས་དེ་ནི་ངོ་བོ་ཉིད་དེ་ལྟ་བུར་ཡོད་པ་མ་ཡིན་ཏེ། དོན་དེ་མེད་ན་ཡང་རང་གི་ངོ་བོས་ནི་ནུས་པ་མེད་པས་མ་དག་པར་འགྱུར་རོ། །མ་དག་པའི་ཕྱིར་འཁྲུལ་པའི་ངོ་བོ་ཉིད་དེ་ལྟ་བུར་ཡོད་དོ་ཞེས་བྱ་བར་ཇི་ལྟ་བུར་ཤེས། ཇི་


DTG096_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འཇིག་རྟེན་ན་ཡང་ས་བོན་ལ་སོགས་པ་སྐྱེད་པར་བྱེད་པ་མེད་ན། སྐྱེད་པར་བྱེད་པ་མྱུ་གུ་ལ་སོགས་པ་ཡོད་དོ་ཞེས་བྱ་བའི་ཆོས་དེ་ལྟ་བུ་ཡང་མ་མཐོང་ངོ༌། །དེ་ཉིད་ཀྱི་ཕྱིར་སྒྱུ་མ་ལྟ་བུ་འདོད་པ་ཡང་མ་གྲུབ་པར་ངེས་པ་བཤད་པ་ཡིན་ནོ། །གང་ཞིག་ཞིབ་མོའི་བློ་ཡིས་ནི། །ཐམས་ཅད་བརྟགས་པ་ཁོ་ནར་ཤེས། །བློ་ལྡན་དེ་ཡིས་ཆགས་ལ་སོགས། །བདེ་བར་སྦྲུལ་གྱིས་སྐྲག་བཞིན་སྤོང༌། །ཇི་སྐད་བཤད་པའི་རྣམ་པར་བརྟགས་པ་ཙམ་དུ་ཡོད་པའི་ཁམས་གསུམ་འདི་ལ་གང་ཞིག་བུམ་པ་ལ་སོགས་པ་རགས་པའི་བློ་གསལ་ཏེ། ཞིབ་མོའི་བློས་རྫས་མེད་པ་ཐ་སྙད་ཙམ་ཡིན་པར་ངེས་པར་འཛིན་པ་དེ་ནི། ཇི་ལྟར་ཐག་པ་ལ་སྦྲུལ་ལོ་སྙམ་པའི་ཤེས་པས་ཀུན་ནས་བསླང་བའི་འཇིགས་པ་དེའི་ཁྱད་པར་རྣམ་པར་དཔྱད་ནས་ཐག་པར་ངེས་པ་ན། དེའི་སྦྲུལ་གྱིས་སྐྲག་པ་མེད་པ་དེ་བཞིན་དུ། འདོད་ཆགས་ལ་སོགས་པ་དེ་སྐྱེད་པར་བྱེད་པའི་དངོས་པོ་དག་ལ་ཡོངས་སུ་བརྟགས་པ་དེས་ཀྱང༌། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་དྲ་བ་རྣམས་བདེ་བར་དཀའ་བ་མེད་པར་རིང་པོར་མི་ཐོགས་པ་ཁོ་ནར་སྤོང་བར་འགྱུར་རོ། །འཇིག་རྟེན་པ་ཡི་དོན་རྟོགས་པས། །འཇིག་རྟེན་བཞིན་དུ་བསྒྲུབ་པར་བྱ། །ཀུན་ནས་ཉོན་མོངས་སྤོང་འདོད་པས། །དམ་པའི་དོན་གྱིས་བཙལ་བར་བྱས། །ཇི་ལྟར་འཇིག་རྟེན་པ་དག་བུམ་པ་ལ་སོགས་པའི་དོན་ལ་དངོས་པོར་རྟོག་པས། འདི་བུམ་པའོ། །སྣམ་བུའོ། །ཤིང་རྟའོ་ཞེས་ཐ་སྙད་འདོགས་པ་དེ་བཞིན་དུ་སྔོན་གྱི་བསྒྲུབ་པས་ཐ་སྙད་དུ་བྱའོ། །དེའི་འོག་ཏུ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྤོང་བར་འདོད་པ་རྣམས་ཀྱིས། ཇི་སྐད་བཤད་པའི་དོན་དམ་པའི་མཚན་ཉིད་ཀྱིས་དངོས་པོ་རྣམས་ཡོངས་སུ་བཙལ་བར་བྱ་སྟེ། དེ་ལྟར་དངོས་པོ་རྣམས་ཡོངས་སུ་ཚོལ་བ་ནས། དེའི་འདོད་ཆགས་ལ་སོགས་པ། ཉོན་མོངས་པའི་དྲ་བ་ཕྱིས་མི་སྐྱེ་བར་འགྱུར་རོ། །དེ་ལྟར་རང་བཞིན་ཡོངས་ཤེས་པའི། །རྣལ་འབྱོར་པས་ནི་གཟུགས་སོགས་ལ། །ཉེ་བར་སྤྱོད་པས་ཐུབ་པ་ཡི། །བརྟུལ་ཞུགས་ཀྱིས་འབྲས་མྱུར་དུ་འགྲུབ། །ཇི་སྐད་དུ་བཤད་པའི་རིགས་པས། དེ་ཁོ་ན་ཉིད་ཀྱི་རང་བཞིན་ཡོངས་སུ་རྟོགས་པའི་རྣལ་འབྱོར་པ་འདོད་པའི་ཡོན་ཏན་རྣམས་ལ་མངོན་དུ་སྤྱོད་པའི་རྡོ་རྗེ་འཛིན་གྱི་བརྟུལ་ཞུགས་ཀྱི་ཟུང་དུ་འཇུག་པའི་སྐུ་འགྲུབ་པ་ཡིན་ནོ། །ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་རབ་ཏུ་བྱེད་པའི་འགྲེལ་པ་སློབ་དཔོན་འཕགས་པ་ལྷས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲདྡྷ་ཀ་ར་ཝ་རྨ་དང༌། བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའོ།། །།