cover

སྡེ་དགེའི་བསྟན་འགྱུར་པོད་བརྒྱ་དང་བཅུ་པ།

དབུ་མ། ཀི༽

ཀླུ་སྒྲུབ། ཡེ་ཤེས་སྙིང་པོ། བི་མ་ལ་མི་ཏྲ། རྟ་དབྱངས། ཀ་མ་ལ་ཤཱི་ལ། སངས་རྒྱས་གསང་བ། ཀམ་པ་ལ། ནག་པོ། དགེ་བའི་གོ་ཆ། ཡེ་ཤེས་གྲགས་པ། མ་ཧཱ་མ་ཏི། བྱང་ཆུབ་བཟང་པོ། ཨ་བ་དྷཱུ་ཏཱི་པ། དཱ་ན་ཤཱི་ལ། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། མར་མེ་མཛད་ཡེ་ཤེས། ཤེས་རབ་ཐར་པ། ཨཱཪྻ་ནཱ་གཱརྫུ་ན། རིན་ཆེན་འབྱུང་གནས་ཞི་བ། ཆོས་ལྡན་རབ་འབྱོར་དབྱངས།

Nitartha Publication

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བསྒོམ་པའི་རིམ་པ།
ཀླུ་སྒྲུབ།


DTG110_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བྷཱ་བ་ན་ཀྲ་མ། བོད་སྐད་དུ། བསྒོམ་པའི་རིམ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རབ་ཏུ་དགའ་བ་དང༌། དྲི་མ་མེད་པ་དང། འོད་བྱེད་པ་དང༌། འོད་འཕྲོ་བ་དང༌། སྦྱང་དཀའ་བ་དང༌། མངོན་དུ་གྱུར་པ་དང༌། རིང་དུ་སོང་བ་དང༌། མི་གཡོ་བ་དང༌། ལེགས་པའི་བློ་གྲོས་དང༌། ཆོས་ཀྱི་སྤྲིན་དང༌། སངས་རྒྱས་ཀྱི་ས་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་སོ་གའི་སྨིག་རྒྱུ་ནི། །གཡོ་ལ་འཁྲུལ་པའི་ཤེས་པ་ཡིས། །རི་དགས་ཆུ་རུ་འཛིན་པ་གང༌། །དངོས་དེ་ཡོད་པ་མ་ཡིན་ནོ། །དེ་བཞིན་རྣམ་ཤེས་ས་བོན་གང༌། །གཡོ་བ་མཐོང་བའི་སྤྱོད་ཡུལ་ལ། །རབ་རིབ་མུན་པ་གང་ཡིན་པས། །བྱིས་པ་ཡི་ནི་འཛིན་པ་འབྱུང༌། །གཏོང་དང་བཏང་དང་དེ་བཞིན་སྦྱིན། །སྤངས་དང་བདེན་པར་ལྟ་བ་རྣམས། །འདི་དག་རྟོག་པ་ཙམ་ཉིད་དུ། །ཤེས་པས་རྣལ་འབྱོར་བ་དེ་གྲོལ། །སྙིང་པོ་མེད་པའི་ཆོས་འདི་ནི། །རྟོག་པ་ལས་ནི་མ་ལུས་བྱུང༌། །གང་རྟོག་དེ་ཡང་སྟོང་པ་ཉིད། །དེ་ལྟར་སྟོང་ཉིད་གྲོལ་བ་ཡིན། །ཇི་ལྟར་མཚོ་ཆེན་སྟོངས་པ་


DTG110_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །རླབས་ནི་འབྱུང་བ་ཡོད་མ་ཡིན། །དེ་བཞིན་སྣ་ཚོགས་རྣམ་ཤེས་ནི། །དངོས་མེད་པ་ལ་འཇུག་པ་མེད། །སྟོང་ཞིང་དངོས་པོ་མ་གྲུབ་པས། །སྒྱུ་མའི་དངོས་པོ་སྐྱེ་བ་མེད། །དེ་བཞིན་ཡོད་པ་མ་ཡིན་ཏེ། །དངོས་པོ་རྨི་ལམ་ལྟ་བུ་ཡིན། །རང་གི་ངོ་བོ་གཅིག་མཐོང་བ། །འཕགས་པའི་སྤྱོད་ཡུལ་མཐོང་བ་ཡིན། །གཉིས་ཀྱི་དངོས་པོ་སྤོང་འགྱུར་ཏེ། །འཛིན་པ་མེད་ཅིང་གཟུང་བ་མེད། །བཅིངས་པ་མེད་ཅིང་འཆིང་བ་མེད། །སྒྱུ་མ་སྨིག་རྒྱུ་འདྲ་བ་སྟེ། །རྨི་ལམ་བརྗོད་པ་རབ་རིབ་བཞིན། །གང་ཚེ་དེ་ཉིད་དོན་མཐོང་བ། །དེ་ཚེ་རྣལ་འབྱོར་མཉམ་གཞག་པས། །མི་རྟོག་བརྗོད་པ་ཡོད་མ་ཡིན། །རང་གི་མཐོང་བ་ཐེ་ཚོམ་མེད། །ནམ་མཁའི་ཆོས་ནི་འབའ་ཞིག་བཞིན། །གང་ལ་རྣམ་རིག་ཅུང་ཟད་མེད། །དེ་བཞིན་ཆོས་འདི་རྣམ་ཤེས་པ། །ཅུང་ཟད་ཤེས་པ་ཡོད་མ་ཡིན། །འབྱུང་བ་དང་ནི་གནས་པ་ཉིད། །བྱིས་པ་རྨོངས་པ་རྣམས་ལ་སྣང༌། །ཤེས་རབ་རིག་པས་ལྟ་བ་ལ། །སྐྱེ་བ་དང་ནི་གནས་པ་མེད། །རྟག་ཏུ་མི་རྟོག་རིགས་པ་ཡིས། །སེམས་དང་སེམས་བྱུང་རྣམ་སྤངས་ནས། །བདག་ཉིད་ལྷ་རུ་ཤིན་ཏུ་གནས། །སྡིག་པ་ཐམས་ཅད་རྣམ་པར་སྤངས། །དེ་ལྟར་མཁྱེན་པ་རྫོགས་སངས་


DTG110_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས། །འདི་དག་སྤྲུལ་པར་ཐུགས་སུ་ཆུད། །མངོན་ཤེས་སྟོབས་ལ་དབང་ཐོབ་ནས། །དེས་ནི་འགྲོ་བ་མཉམ་པར་མཁྱེན། །དང་པོ་དབུས་དང་མཐའ་ལས་གྲོལ། །དངོས་དང་དངོས་མེད་རྣམ་པར་སྤངས། །མཉམ་པ་ཉིད་ཀྱི་གོ་འཕང་བརྙེས། །དངོས་པོ་མེད་ལས་སྣ་ཚོགས་བྱུང༌། །སེམས་ཀྱི་རྐྱེན་དེ་དང་འབྲེལ་བས། །ལུས་རྣམས་འཇུག་པར་འགྱུར་བ་ཡིན། །རྐྱེན་རྣམས་ལས་ནི་ངེས་འབྱུང་བ། །བདག་ནི་ཡོད་པར་མི་སྨྲའོ། །ཇི་ལྟར་རི་མོའི་མཐོ་དམན་ནི། །སྣང་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་དངོས་རྣམས་ངོ་བོ་ཉིད། །མཐོང་བ་ཡོད་པ་མ་ཡིན་ནོ། །ཇི་ལྟར་དྲི་ཟའི་གྲོང་ཁྱེར་དང༌། །རི་དགས་ཆུ་རུ་འཛིན་པ་བཞིན། །རྟག་ཏུ་སྣང་ཞིང་དམིགས་པ་ནི། །ཤེས་རབ་ཀྱིས་ནི་ཡོད་མ་ཡིན། །བྱིས་པས་བྲིས་དང་འབྲི་བ་ཡི། །མངོན་ཤེས་ལ་དབང་དེ་དག་གི །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱི། །འབྲས་བུའང་སྒྱུ་མ་ལྟ་བུ་ཡིན། །སྨིག་རྒྱུ་སྒྱུ་མའི་སྟོབས་ཀྱིས་ནི། །དངོས་མེད་དེ་ཉིད་འཛིན་པ་ན། །སེམས་བྱུང་སེམས་དང་བདག་མེད་པས། །འདི་ལྟར་བྱིས་པ་རྣམས་ནི་སྐྲག །གང་ན་ཅུང་ཟད་སྐྱེ་མེད་ལ། །འགལ་བའི་རྐྱེན་ནི་ཡོད་མ་ཡིན། །སྐྱེ་བ་དང་ནི་འགག་པ་ལ། །རྐྱེན་ནི་རྟོག་པ་གཅིག་པུ་ཡིན། །རྣམ་རིག་ཙམ་དུ་འབྱུང་བ་རྣམས། །དངོས་པོའི་རང་བཞིན་ཡོད་མ་ཡིན། །རྟོག་པར་འགྱུར་བའི་རྟོག་གེ་པ། །བཏགས་པ་ཙམ་དུ་བསྒོམ་པ་ན། །རང་བཞིན་མེད་ཅིང་རྣམ་རིག་མེད། །དངོས་པོ་མེད་ཅིང་ཀུན་གཞི་མེད། །འདི་དག་བྱིས་པས་རབ་ཏུ་བཏགས། །རྟོག་གེ་ངན་པས་ཀུན་ཏུ་བསྐྱེད།། འདིར་ནི་སེམས་མེད་གཟུགས་ཡོད་མིན། །འཁྲུལ་པའི་སེམས་ལས་ལྷག་པར་མེད། །འབྱུང་བ་ཀུན་ལ་གནས་ནས་ནི། །གང་ཚེ་སེམས་ནི་རབ་འཇུག་པ། །དེ་ཚེ་མི་གནས་རྣལ་འབྱོར་པས། །འགྲོ་ལ་རིགས་པས་ལྟ་བ་ན། །མཚན་མ་དངོས་པོ་རྣམ་རིག་དང༌། །ཡིད་ཀྱིས་གཡོ་བ་ཡོད་མ་ཡིན། །བདག་མེད་དབང་པོ་གང་ཡིན་དང༌། །རྣམ་པར་རྟོག་པས་འཇིག་པར་བྱེད། །ཡུལ་རྣམས་རྨི་ལམ་ལྟ་བུར་གནས། །ལས་དང་འབྲས་བུ་བྱ་བ་ཉིད། །ཐམས་ཅད་དུ་ཡང་དམིགས་མ་ཡིན། །བསམ་གཏན་རྣམས་དང་ཚད་མེད་དང༌། །གཟུགས་མེད་སྙོམས་པར་འཇུག་པ་


DTG110_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །འདུ་ཤེས་འགོག་པ་མ་ལུས་པ། །སེམས་ཉིད་ཙམ་དུ་གནས་པ་ཡིན། །རྣམ་པར་རྟོག་པ་རྣམ་རྟོག་པ། །རྣམ་པར་རྟོག་པས་ཀུན་བརྟགས་པ། །ཡང་དག་ལྟ་ལ་སྟོང་པ་ཉིད། །འཕགས་པས་འཁྲུལ་པ་མ་གཟིགས་ཤིང༌། །དེ་ཉིད་དེ་ལས་གཞན་པའང་མིན། །ས་རྣམས་མེད་ཅིང་བདེན་པ་མེད། །ཞིང་དང་སྤྲུལ་སྐུ་ཡོད་མ་ཡིན། །རང་སངས་རྒྱས་དང་སངས་རྒྱས་དང༌། །ཉན་ཐོས་ཀྱང་ནི་བརྟགས་པ་ཡིན། །གང་ཟག་རྒྱུད་དང་ཕུང་པོ་དང༌། །རྐྱེན་རྣམས་གནས་པ་མ་ཡིན་ནོ། །གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །སེམས་ཙམ་ལ་ནི་རྣམ་པར་བརྟགས། །ཆོས་ཀུན་ངོ་བོ་ཡོད་མ་ཡིན། །ཀུན་ནས་ཉོན་མོངས་མེད་ཅིང་གྲོལ། །ཇི་ལྟར་སྣང་བ་དེ་ལྟར་མེད། །མེད་པ་མ་ཡིན་ཡོད་པ་མིན། །སྐྱེ་བ་མེད་པའི་ཆོས་འདི་ནི། །ཡོད་དང་མེད་པ་མ་ཡིན་ནོ། །དྲི་ཟའི་གྲོང་ཁྱེར་རྨི་ལམ་དང༌། །སྒྱུ་མ་སྤྲུལ་པ་ལྟ་བུར་གནས། །གང་ཞིག་སངས་རྒྱས་ལྟ་བར་ནི། །རང་བཞིན་གྱིས་ནི་ནུས་མ་ཡིན། །དེ་ལྟ་བས་ན་ཐོབ་པ་མེད། །རང་བཞིན་མེད་པར་བལྟ་བར་བྱ། །གང་ཞིག་རང་བཞིན་རང་བཞིན་མེད། །དེ་ནི་བརྟགས་པའི་མཚན་ཉིད་ཡིན། །ཚིག་དང་སེམས་ཀྱི་སྤྱོད་ཡུལ་བརྫུན། །བརྫུན་པའི་ཤེས་པས་རྣམ་བརྟགས་པའི། །མཐའ་གཉིས་སུ་ནི་སེམས་ལྟུང་བས། །དེ་ཕྱིར་མི་རྟོག་ཤེས་རབ་ཀྱིས། །ཡོད་དང་མེད་པའི་མཐའ་གཉིས་པོ། །གང་ཞིག་སེམས་ཀྱི་སྤྱོད་ཡུལ་བ། །སྤྱོད་ཡུལ་རྣམ་པར་བསལ་ནས་ནི། །ཡང་དག་སེམས་ནི་ལྡོག་པར་འགྱུར། །གཟུང་དང་འཛིན་པ་དངོས་མེད་པས། །འགག་པ་མེད་པ་མ་ཡིན་ནོ། །ཇི་ལྟར་གནས་པའི་དངོས་པོ་ནི། །དེ་ལྟར་འཕགས་པའི་སྤྱོད་ཡུལ་ཡིན། །ཇི་ལྟར་བྱིས་ལ་མི་སྣང་བ། །དེ་ལྟར་མཁས་ལ་སྣང་བ་ཡིན། །ཇི་ལྟར་སྣང་བ་དེ་ལྟར་ནི། །སངས་རྒྱས་ཆོས་རྣམས་མཚན་ཉིད་མེད། །གང་ཞིག་མ་སྐྱས་མི་སྐྱེ་ལ། །སྐྱེས་པ་ཡང་ནི་མ་ཡིན་ནོ། །རྐྱེན་གྱིས་ཡོད་དང་མེད་པ་ཡང༌། །དེ་རྣམས་དེ་ལྟར་མི་གནས་སོ། །ཐེག་ཆེན་ཞེས་བྱའི་ཐེག་པ་ནི། །སྒྲ་མིན་ཡི་གེ་མ་ཡིན་ཏེ། །བདེན་པ་མེད་ཅིང་ངེས་གྲོལ་མེད། །སྣང་བ་མེད་པའི་སྤྱོད་ཡུལ་མིན། །མ་སྐྱེས་པ་ཡི་སྟོང་


DTG110_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གཅིག །གཅིག་ནི་སྐྱེས་པ་སྟོང་པ་སྟེ། །མ་སྐྱེས་པ་ཡི་སྟོང་ཉིད་མཆོག །སྐྱེས་པའི་སྟོང་པ་འཇིག་པ་ཡིན། །དེ་བཞིན་ཉིད་སྟོང་ཡང་དག་མཐའ། །མྱ་ངན་འདས་དང་ཆོས་ཀྱི་དབྱིངས། །ལུས་སེམས་དཔེར་ནི་སྒྱུ་མ་ཉིད། །སྒྱུ་མའི་གྲངས་སུ་བསྟན་པ་ཡིན། །གང་གི་ཅུང་ཟད་སྐྱེ་མེད་ལ། །ཅུང་ཟད་འགག་པ་ཡོད་མིན་ལ། །དེ་ཡི་ཡོད་མེད་མཚུངས་པས་ན། །འགྲོ་བ་རྣམས་ཀྱིས་དབེན་པར་མཐོང༌། །འདི་ན་དངོས་རྣམས་མི་དམིགས་པས། །དངོས་མེད་སྤངས་པའི་རྣལ་འབྱོར་པ། །དངོས་དང་དངོས་མེད་མཉམ་པ་ཉིད། །འབྲས་བུ་འཕགས་པའི་སྤྱོད་ཡུལ་ཡིན། །གང་གིས་བདག་གི་སེམས་མཐོང་ན། །ཕྱི་ཡི་དོན་ནི་ཡོད་མ་ཡིན། །དེ་ལྟར་དངོས་ལ་མ་འཁྲུལ་ན། །དེ་བཞིན་ཉིད་ཀྱང་རྗེས་སུ་དམིགས། །གང་ཚེ་ཡིད་དང་སེམས་དང་ནི། །རྣམ་པར་ཤེས་པའང་མི་འཇུག་ལ། །དེ་ཚེ་སེམས་འདིའི་འབྲས་བུ་ནི། །སངས་རྒྱས་ཀྱི་ནི་ས་ཡང་འཐོབ། །རྐྱེན་གྱི་ཚིག་དང་ཕུང་པོ་དང༌། །རྣམ་པར་རིག་པ་གང་ཟག་སེམས། །ཆོས་རྣམས་འདི་དག་མཚན་ཉིད་ནི། །རྨི་ལམ་སྐྲ་ཤད་ལྟ་བུ་ཡིན། །སྣ་ཚོགས་ཤེས་པས་འཁོར་བར་གནས། །དེ་ལས་གནས་པ་འབྱུང་བ་ཡིན། །རྩིག་པ་ཡོད་པར་རི་མོ་བཞིན། །སྣ་ཚོགས་ཤེས་པས་གནས་པ་ཡིན། །ཇི་ལྟར་དངོས་མེད་མེད་དངོས་མེད། །ནམ་མཁའི་རང་བཞིན་བཞིན་དུ་བརྗོད། །དེ་བཞིན་ཀུན་གཞིའི་འབྲས་བུ་གང༌། །དངོས་དང་དངོས་མེད་རྣམ་སྤངས་ཏེ། །རྒྱུད་གསུམ་རྣམ་པར་བཅད་ནས་ནི། །སེམས་ཀྱི་རྒྱུན་ནི་རྣམ་པར་སྤངས། །ལུས་ནི་མཐའ་བཞི་དག་ལས་གྲོལ། །དངོས་པོ་རྟག་ཏུ་སྒྱུ་མ་བཞིན། །ཐེག་གཅིག་ལ་ནི་ཐེག་གསུམ་དུ། །འཕགས་རྣམས་གསུང་བ་བདག་ཅག་ནི། །བྱིས་པ་བློ་དམན་རྣམས་ལ་ཡིན། །འཕགས་པ་རྣམས་ལ་དེ་ཉིད་སྟོང༌། །རྣམ་པར་རྟོག་པ་ཉིད་འཕེལ་བའི། །རྐྱེན་ལས་སྐྱེས་པའི་འཇིག་རྟེན་ནི། །སྒྱུ་མ་ལ་སོགས་རྨི་ལམ་འདྲར། །གང་གིས་རབ་མཐོང་རྣམ་པར་གྲོལ། །སེམས་ཀྱི་གཉིས་མེད་དག་པ་ཡིས། །སེམས་ནི་འཁྲུལ་པར་འགྱུར་མ་ཡིན། །འཁྲུལ་པའི་རང་བཞིན་ཉིད་སྟོང་བས། །དེས་ན་སེམས་ནི་མཐོང་མ་ཡིན། །མཚན་ཉིད་མཚན་གཞི་ལྡན་པར་ནི། །གང་ཚེ་


DTG110_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་བྱས་མཐོང་བ་ཡིན། །གང་གིས་འཁོར་བ་རྣམ་བསལ་ནས། །འགྲོ་བ་རང་གི་སེམས་སུ་རྟོག །སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ནི་མི་རྟག་གོ ། །དེ་བཞིན་ཉིད་དམིགས་གནས་ནས་ནི། །སེམས་ཙམ་ལས་ནི་འདའ་བར་བྱ། །སེམས་ཙམ་ལས་ནི་འདས་ནས་སུ། །སྣང་བ་མེད་ལས་འདའ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌། །དེ་ལྟར་ཤེས་རབ་དག་པ་ཡིས། །རང་གི་ངོ་བོ་དོན་དམ་འདི། །ཤིན་ཏུ་ཡང་ནི་གྲུབ་པ་ན། །བརྟག་པའི་གཞན་དངོས་འབྱུང་མ་ཡིན། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་བསྒོམ་པའི་རིམ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ལོ་ཏ་དང༌། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར། །

རྣལ་འབྱོར་བསྒོམ་པའི་ལམ།
ཡེ་ཤེས་སྙིང་པོ།


DTG110_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཡོ་ག་བྷཱ་བ་ན་མཱརྒ། བོད་སྐད་དུ། རྣལ་འབྱོར་བསྒོམ་པའི་ལམ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འགྲོ་བ་སྡུག་བསྔལ་མང་པོས་གཟིར་ཏེ་གཏི་མུག་གིས་མདོངས་པ་ལ་སྙིང་རྗེ་བསྐྱེད་ནས། བདག་གིས་ཀྱང་ཐམས་ཅད་མཁྱེན་པའི་གོ་འཕང་འབྲས་བུ་དང་བཅས་པ་ཐོབ་པར་བྱས་ལ། འགྲོ་བ་རྣམས་ཀྱང་གོ་འཕང་དེ་ཉིད་ལ་དགོད་པར་བྱའོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་གདབ་བོ། །དེ་ནས་བྱང་ཆུབ་ཀྱི་མཚན་ཉིད་ཀྱི་སེམས་རྣམ་པར་མ་བྱང་བ་བསྐྱེད་པར་མི་བྱའི། འདི་ལྟར་བྱང་ཆུབ་ནི་རང་གི་སེམས་ལས་བཙལ་བར་བྱའོ་ཞེས་འབྱུང་བའི་ཕྱིར་ཐོག་མར་རང་གི་སེམས་ཁོ་ན་ལ་བརྟག་པར་བྱའོ། །དེ་ལ་རང་གི་སེམས་ནི་ལུང་ལས་གསུངས་པའི་ཚིག་ལྔ་པོ་དངོས་པོ་ཐམས་ཅད་དང་བྲལ་བ་དང༌། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང༌། གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་དང༌། ཆོས་བདག་མེད་པ་མཉམ་པ་ཉིད་དང༌། རང་གི་སེམས་གཟོད་མ་ནས་མ་སྐྱེས་པ་དང༌། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དག་ཏུ་ཁོང་དུ་ཆུད་པར་བྱའོ། །དེ་ལ་དངོས་པོ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ནི་མུ་སྟེགས་ཅན་འཁྲུལ་པས་སྒྲོ་བཏགས་པ་བདག་ལ་སོགས་པ་རྟག་པའི་དངོས་པོ་དང་བྲལ་བ་ཞེས་བྱ་བའི་དོན་གང་ཡིན་པའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་


DTG110_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་ཚུལ་གྱིས་ཀུན་དུ་བརྟགས་པའི་ངོ་བོ་ཡོད་པ་དང༌། མེད་པའི་རང་བཞིན་ཡོངས་སུ་སྤངས་པ་སྟེ། རྡུལ་ཕྲ་མོ་ཚོགས་པ་འཛིན་པ་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་དང༌། གཟུང་བ་ལ་སོགས་པ་ཕྱིའི་ཡུལ་དྲུག་དང་བྲལ་བ་ཞེས་བྱ་བའི་དོན་གང་ཡིན་པ་སྟེ། རྡུལ་ཕྲ་རབ་སུན་ཕྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཚིག་གསུམ་པ་ཆོས་བདག་མེད་པ་མཉམ་པ་ཉིད་ཅེས་བྱ་བ་གསུངས་པ་ཡིན་ཏེ། རྣམ་པར་ཤེས་པ་ཙམ་གྱི་ཚུལ་ལ་འཇུག་པར་བྱ་བའི་ཕྱིར་རོ། །དེའི་ཕྱིར་ཚིག་བཞི་པ་རང་གི་སེམས་གཟོད་མ་ནས་མ་སྐྱེས་པ་ཞེས་བྱ་བ་གསུངས་པ་ཡིན་ཏེ། དེ་བས་ན་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་སྒྱུ་མ་ལྟ་བུ་ཡིན་ནོ། །གང་ཞིག་བརྟེན་ནས་མི་སྐྱེ་ཞིང་རང་གི་ངོ་བོ་ཉིད་ལས་མཉམ་པར་མི་འགྱུར་བ་དེ་ནི་དོན་དམ་པའི་རང་བཞིན་ཞེས་བྱའོ། །དེའི་ཕྱིར་རང་བཞིན་མེད་པས་རང་གི་སེམས་གཟོད་མ་ནས་མ་སྐྱེས་པ་ཞེས་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་དུ་ཀུན་རྫོབ་ཏུ་ཡོད་པའི་ཕྱིར་སྒྱུ་མ་དང་འདྲ་བ་ནི་མི་དག་གོ ། །དེ་བས་ན་དོན་དམ་པར་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཅེས་བྱ་བ་ཚིག་ལྔ་པ་གསུངས་པ་ཡིན་ནོ། །ཇི་ལྟར་ཀུན་རྫོབ་ཏུ་བརྟགས་པ་དང༌། གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱི་ཆོས་རྣམས་ནི་དོན་དམ་པར་བདག་མེད་པ་ཡིན་ཏེ། གཟོད་མ་ནས་མ་སྐྱེས་པའི་ཕྱིར་རོ། །མེད་པ་རྣམ་པ་བཞི་པོ་སྔ་ནས་མེད་པ་དང༌། ཞི་གནས་མེད་པ་དང༌། གཅིག་ལ་གཅིག་མེད་པ་དང༌། གཏན་མེད་པ་དག་ཀྱང་དངོས་པོ་ལ་བརྟེན་པ་རྣམ་པར་གཞག་པས་ཁྱད་པར་ཡང་མ་ཡིན་ཏེ། སྟོང་པ་ཉིད་ཀྱང་དངོས་པོ་ལ་བརྟེན་པའི་ཕྱིར་རོ། །དངོས་པོ་ཡོད་ན་དེར་རྟོག་པ་ཀུན་དུ་འབྱུང་ན། མེད་པས་རྣམ་པར་རྟོག་པ་ཐམས་ཅད་དགག་པས་རྣམ་པར་རྟོག་པ་ཡོངས་སུ་དག་པར་བྱེད་དོ། །དེའི་ཕྱིར་རང་གི་སེམས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་དེ་ལྟ་བུ་ཡིན་ན་ཇི་ལྟར་དེ་སྔོན་དུ་བཏང་བའི་སྨོན་པའི་བྱང་ཆུབ་ཀྱི་སེམས་དོན་དམ་པའི་ངོ་བོ་ཉིད་ལ་སྤྱོད་པའི་མཚན་ཉིད་ཤེས་རབ་དང་མཚུངས་པར་ལྡན་པ་ནི་འཇུག་པའི་སེམས་ཞེས་བྱ་སྟེ། དེ་ཁོ་ན་ངེས་པ་ལ་འཇུག་པའི་ཐབས་ཡིན་པའི་ཕྱིར་རོ། །གཞན་གང་ཞིག་སྤྱོད་པས་ཀུན་ནས་མ་བསླང་བའི་སེམས་ཆོས་ཐམས་ཅད་


DTG110_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྟོང་པ་ཉིད་ཀྱི་ངོ་བོ་ཁོང་དུ་ཆུད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །བྱང་ཆུབ་ཀྱི་མཚན་ཉིད་ཀྱི་སེམས་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བས་དེ་དང་མཚུངས་པར་ལྡན་པའི་ཤེས་རབ་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཡང་ཁ་ཅིག་ལས་དེ་ཉིད་ཞི་གནས་དང་ལྷག་མཐོང་ཞེས་བྱ་བར་ཡང་རབ་ཏུ་གྲགས་ཏེ། དེ་ལ་ཞི་གནས་དང་མཚུངས་པར་ལྡན་པའི་ལྷག་མཐོང་ངོ༌། །ཞི་གནས་ནི་སེམས་རྩེ་གཅིག་པ་ཉིད་དོ། །བྱང་ཆུབ་ཀྱི་མཚན་ཉིད་ཀྱི་སེམས་ནི་སྟོང་པ་ཉིད་ཀྱི་དོན་ལ་བྱ་བ་ཡིན་ནོ། །གཞན་དག་ལས་གནས་ཀྱི་སེམས་ཞེས་བྱ་བར་གྲགས་ཏེ། གནས་ནི་སྟོང་པ་ཉིད་ལ་སེམས་མི་གཡོ་བ་ཡིན་ནོ། །དེ་དང་མཚུངས་པར་ལྡན་པའི་སེམས་ནི་ཞི་གནས་ཀྱི་སེམས་ཞེས་བྱའོ། །དེ་སྟོང་པ་ཉིད་ཀྱི་སེམས་ཀྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་མོས་པའི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ཡང་གཉིད་དང་རྒོད་པའི་སྐྱོན་གཉིས་ཡོངས་སུ་སྤངས་པས་བྱའོ། །གང་གི་ཚེ་གཉིད་ཀྱི་མུན་པས་ནོན་ཏེ་དམིགས་པ་ལས་ལྡོག་པར་བྱེད་པ་སེམས་ལས་སྐྱེ་བ་དེའི་ཚེ། ཆོས་ལ་སྤྱོད་པའི་མཚན་ཉིད་ལྷག་མཐོང་གི་སེམས་གཟེངས་བསྟོད་ལ་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱའོ། །འོན་ཏེ་ཡུལ་རྣམས་ཀྱི་རྣམ་པར་སྤྱོད་པས་རྒོད་པར་གྱུར་ན། དེ་ཡང་དོན་དམ་པ་ལ་སྤྱད་པས་དེ་ལ་དམིགས་པ་བོར་ཏེ་ཞི་གནས་དང་ལྡན་པས་གནས་པར་བྱའོ། །གང་གི་ཚེ་ཧ་ཅང་དཔྱད་ཆེས་པས་ཤེས་རབ་ཤས་ཆེ་བར་གྱུར་པ་དེའི་ཚེ། ཡང་དཔྱད་པའི་དུས་དེ་མ་ཡིན་ཏེ། ཞི་གནས་ཀྱི་དུས་ཡིན་པས་དུས་དང་དུས་མ་ཡིན་པ་བཏང་སྙོམས་སུ་བྱ་བ་ཚད་མར་བྱས་ནས་ཡང་ཞི་གནས་ལ་གནས་པར་བྱའོ། །གང་གི་ཚེ་ཞི་བ་ཉིད་ཐོབ་ནས་དེ་ལ་མངོན་པར་ཞེན་པར་གྱུར་ན། དེའི་ཚེ་ཞི་བ་ཉིད་ཀྱང་ངོ་བོ་ཉིད་མེད་པའི་ཕྱིར། དེ་ལ་མངོན་པར་ཞེན་པ་བོར་ཏེ་མ་ཆགས་པ་ཁོ་ན་ལ་གནས་པར་བྱའོ། །དེ་ལྟར་མཐུ་ཅི་ཡོད་པ་དང༌། ཇི་ལྟར་འདོད་པ་དང༌། དུས་ཅུང་ཟད་ཅིག་ཏུ་ཡང་མཉམ་པར་གཞག་པའི་ཕྱིར། ཡང་དང་ཡང་དུ་རང་གི་སེམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རང་བཞིན་བརྟགས་ནས་སེམས་དེ་ལས་བསླང་བར་བྱའོ། །བསླང་ནས་ཡང་འདི་ལྟར་གལ་ཏེ་དངོས་པོ་འདི་དག་ཐམས་ཅད་སྟོང་པ་


DTG110_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་དང་འདྲ་བའི་མཚན་ཉིད་ཡིན་ཡང༌། འོན་ཀྱང་དེ་ནི་སྒྱུ་མ་དང་རྨི་ལམ་ལ་སོགས་པ་དང་འདྲ་བར་ཐོག་མ་མེད་པའི་དུས་ནས་སོ་སོར་ངེས་པའི་རྒྱུ་དང་འབྲས་བུ་འབྲེལ་པ་ལ་རག་ལས་པའི་རྒྱུ་དེས་ཕྱིན་ཅི་ལོག་གི་རྣམ་པར་སྣང་བ་ཡིན་ཏེ། ལང་ཀར་གཤེགས་པ་ལས། ཆོས་འདི་དག་ནི་མ་སྐྱེས་འདི་དག་མེད་མིན་ཏེ། །སྒྱུ་མ་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང༌། །རྨི་ལམ་ལྟ་བུ་སྤྲུལ་པ་འདྲ་བ་ཡིན། །ཞེས་གསུངས་པ་ལྟ་བུའོ། །སེམས་ཅན་རྣམས་ཀྱི་ཤེས་པ་ཤེས་རབ་མ་རིག་པའི་མུན་པ་ཤས་ཆེན་པོས་ཁེབས་པས་ཆོས་ཉིད་འདི་དག་ཁོང་དུ་མ་ཆུད་པས་ཡུན་རིང་པོར་འཁྲུལ་པས་རྣམ་པར་ཉམས་པ་ཡིན་ནོ་ཞེས་ཡིད་ལ་བྱ་ཞིང་སྙིང་རྗེ་བསྐྱེད་པར་བྱའོ། །དེས་ཀྱང་དེ་གཟིར་བ་ན་འདི་སྙམ་དུ་དེའི་ཕྱིར་བདག་གིས་ཆོས་ཉིད་འདི་དག་རང་གིས་ཀྱང་རྟོགས་པར་བྱས་ལ། སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཁོང་དུ་ཆུད་པར་བྱའོ་སྙམ་དུ་བསམས་ཏེ། དེ་ལྟར་བསྒོམས་པ་ནི་བྱང་ཆུབ་ཏུ་སྨོན་པའི་སེམས་ཡོངས་སུ་དག་པ་ཡིན་ནོ། །འདི་ལྟར་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ཡིད་ལ་བྱེད་པ་མ་བརྗེད་པས་ལངས་ན་ཡང་སེམས་ཅན་གྱི་དོན་དུ་བྱང་ཆུབ་ལ་གནས་པར་བྱེད་ཀྱང་ཆོས་གང་ལ་ཡང་མངོན་པར་ཞེན་པ་མི་འབྱུང་ངོ༌། །འདི་ནི་དེ་ལས་ལྡང་བའི་སེམས་ཞེས་བྱའོ། །དེ་ལས་གཞན་པའི་དོན་གྱི་དམིགས་པ་དག་མངོན་དུ་ཟིན་གྱིས་ཀྱང་རྣལ་འབྱོར་པས་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ཡིད་ལ་བྱེད་པ་མི་གཏོང་བ་ཁོ་ནར་བྱ་སྟེ། དེས་ན་དེའི་སེམས་ནི་མི་དགེ་བ་ལ་ཡང་འཇུག་པར་མི་བྱེད་ལ། དེ་འགྲོ་བ་དྲང་བའི་བསམ་པ་ཉིད་ཀྱིས་གནས་པ་ན་དགེ་བ་རྣམས་ལ་ཡང་གཡོ་བ་ཐམས་ཅད་འཁོར་གསུམ་ཡོངས་སུ་དག་པར་སྒྲུབ་པར་བྱེད་དོ། །ད་བཞིན་དུ་ཡང་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ལ་གནས་པས་རྟག་ཏུ་གནས་པར་བྱའོ། །དེས་འདི་ལྟར་ཡང་འགྲོ་བ་མ་ལུས་པ་བྱང་ཆུབ་པར་བྱ་བའི་ཐབས་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་མེད་པར་ཐོབ་པར་མི་ནུས་ལ། ཚོགས་གཉིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པ་ཡིན་ཏེ། དེའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་བཟུང་ནས་ཐམས་ཅད་རྟག་ཏུ་ཡོངས་སུ་རྫོགས་པར་བྱའོ་ཞེས་ཡིད་ལ་བྱ་སྟེ། དྲུག་པོ་རེ་རེ་ལ་ཡང་


DTG110_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་པར་བྱེད་དོ། །གཞན་ཡང་དེ་འདི་ལྟར་སེམས་སྐྱེད་པར་བྱེད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པ་གསུམ་སྟེ། ཟང་ཟིང་དང༌། མི་འཇིགས་པ་དང༌། ཆོས་ཀྱི་སྦྱིན་པས་དབྱེ་བས་སོ། །དེ་ལ་ཆོས་ཀྱི་སྦྱིན་པ་ཡང་སེམས་ཅན་མ་བསྡུས་པ་རྣམས་ལ་སྦྱིན་པར་མི་ནུས་ཀྱིས། དེ་ནི་བསྡུ་བ་རྣམ་པ་བཞི་པོ་དག་གིས་སྒྲུབ་པར་ནུས་སོ། །དེའི་ཕྱིར་སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པས་སེམས་ཅན་བསྡུ་བར་བྱའོ། ཞེས་སེམས་ཅན་བསྡུ་བའི་དོན་དུ་སྨོན་ལམ་བཞི་པོ་གཞན་བསྐྱེད་པར་བྱའོ། །ཞེས་སེམས་སྐྱེད་པར་བྱེད་དེ། སྦྱིན་པ་རྣམ་པ་གསུམ་གྱི་ནང་ནས་ཟང་ཟིང་དང་མི་འཇིགས་པ་སྦྱིན་པ་གཉིས་ནི་བསྡུ་བའི་ཐབས་སུ་གྱུར་པ་ཡིན་ལ། ཆོས་ཀྱི་སྦྱིན་པ་ནི་ཐབས་དེས་བསྒྲུབས་པ་ཡིན་ནོ། །དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་ལ་སྨོན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་སྟེ། དེའི་ཕྱིར་སྨོན་ལམ་བཅུ་པོ་དག་ཁོ་ནས་བྱང་ཆུབ་ཆེན་པོ་ལ་སྨོན་པའི་སེམས་དེ་ལེགས་པར་བརྒྱན་ནས་མཐུ་ཅི་ཡོད་པ་དང༌། ཇི་ལྟར་བསམ་པའི་དོན་བསྒྲུབ་པ་ན་སྤྲོ་བ་ཆེན་པོ་དང་ལྡན་པའི་སེམས་ཀྱིས་ལྡང་བར་བྱའོ། །ལངས་པའི་ཚུལ་ནི་འདི་ཡིན་ཏེ། མིག་གཉིས་ཕྱེ་ནས་སྔར་རྟོག་པའི་གནས་སྐབས་བོར་ཏེ། མདུན་དུ་ལྟ་བའི་མཚན་མ་བྱས་པའི་གནས་རྣམས་ལ་ལྟ་བར་བྱ་ཞིང༌། སྔ་མ་བཞིན་དུ་དེ་རྣམས་ཀྱི་མིང་ནས་བཟུང་ཞིང་ཕྱོགས་ཀྱི་མཚན་མ་གཟུང་བར་བྱའོ། །ལྕེ་རྐན་ནས་ཕབ་སྟེ་ཁ་ལ་བྱུགས་ནས་དེའི་འོག་ཏུ་སྔོན་བཞིན་དུ་དབུགས་བརྔུབས་པ་དང་དབུགས་དབྱུང་བ་དག་བྱའོ། །དེ་ནས་དལ་བུས་ལུས་བསྐྱོད་དེ་སྐྱིལ་མོ་ཀྲུང་བཤིག་ནས་ངལ་བསོ་སྟེ་ལུས་དང་སེམས་ལས་སུ་རུང་བར་བྱས་ལ། ཅི་ནས་འཁྲུལ་པ་མེད་པར་ལྡང་བར་བྱའོ། །ལངས་ནས་སེམས་ལེགས་པར་མཉམ་པར་གཞག་པས་མི་དམིགས་པའི་ཚུལ་གྱིས་སྦྱིན་པ་ལ་སོགས་པའི་སྤྱོད་པ་སྤྱད་ཅིང༌། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་བ་བསམ་གཏན་གྱི་སྙོམས་པར་ཞུགས་ཤིང་འགྲོ་བ་ལ་གཟིགས་པ་མདུན་དུ་བསམ་པར་བྱའོ། །རྣལ་འབྱོར་བསྒོམ་པའི་ལམ། འཕགས་པ་འཇམ་དཔལ་གྱི་ཞབས་ཀྱི་པདྨའི་ཟེའུ་འབྲུ་སྤྱི་བོས་ལེན་པ། སྡེ་སྣོད་གསུམ་ལ་མཁས་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ་རྫོགས་སོ།། །།

ཅིག་ཅར་འཇུག་པ་རྣམ་པར་མི་རྟོག་པའི་བསྒོམ་དོན།


DTG110_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟོག་པའི་བསྒོམ་དོན་བཞུགས། ཅིག་ཅར་འཇུག་པ་རྣམ་པར་མི་རྟོག་པའི་བསྒོམ་དོན། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་ལ་ཡང་དག་པའི་མཐའ་བཙན་པར་བྱས་ན། བདག་གི་གཞུང་གཟུགས་ཤིང་ཕ་རོལ་སུན་དབྱུང་དུ་མེད། མྱ་ངན་ལས་འདས་པ་སྒྲུབ་ཏུ་མེད་ལ། འཁོར་བ་སྤང་དུ་མེད་དེ། མགོ་ལན་གཉིས་སུ་བཅད་དུ་མེད་པ་བཞིན་ནོ། །འོན་ཀྱང་དམུས་ལོང་དང་འདྲ་བ་བདག་གིས་གསལ་པར་བྱེད་མི་ནུས་མོད་ཀྱང༌། ཡང་དག་པའི་དོན་ལ་འདུད་པའི་དོན་དུ་ལུང་ལ་བརྟེན་ཏེ་མདོ་ཙམ་ཞིག་བརྗོད་པར་བྱའོ། །གང་དག་ཐམས་ཅད་མཁྱེན་པ་ཉིད་མྱུར་དུ་ཐོབ་པར་འདོད་པ་དེས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །དངོས་སུ་གང་ཞེ་ན། ཞི་གནས་དང་ལྷག་མཐོང་ངོ༌། །མཚན་མ་ལ་མི་གནས་པ་ནི་ཞི་གནས་ཀྱི་ཏིང་ངེ་འཛིན་ཏོ། །མཚན་མ་གང་དང་ཡང་མ་བྲལ་བ་ནི་ལྷག་མཐོང་གི་ཏིང་ངེ་འཛིན་ཏོ། །མཚན་མ་མི་སྐྱེ་བ་ནི་ཞི་གནས་སོ། །མཚན་མ་མི་འགག་པ་ནི་ལྷག་མཐོང་ངོ༌། །དངོས་པོའི་མཐའ་ནི་ཞི་གནས་སོ། །དངོས་པོའི་མཐའ་མ་ལྷུང་བ་ནི་ལྷག་མཐོང་ངོ༌། །དཔེར་ན་རི་མཐོན་པོའི་ཁར་ཕྱིན་ཏེ་བལྟས་ན་ཐམས་ཅད་གསལ་བར་མཐོང་བ་བཞིན་དུ། ཏིང་ངེ་འཛིན་འདི་གཉིས་ཀྱི་ནང་དུ་ཏིང་ངེ་འཛིན་ཐམས་ཅད་སྣང་ངོ༌། །འདི་གཉིས་ལ་གནས་པ་ནི་རིན་པོ་ཆེ་བཻ་ཌཱུཪྻའི་ཁང་པའི་ནང་ན་འདུག་པའི་མི་དང་འདྲ་སྟེ། ཕྱི་ནང་ཀུན་གསལ་བར་མཐོང་ངོ༌། །དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱི་མཐའ་མཐོང་བར་འགྱུར་ཏེ། དེ་ཉིད་སངས་རྒྱས་ཡིན་པར་ལང་ཀར་གཤེགས་པ་ལས། བྱ་བ་དང་ནི་མཚན་ཉིད་དང༌། །དངོས་པོར་མྱ་ངན་ང་མི་འདའ། །རྣམ་རྟོག་རྣམ་པར་ཤེས་པ་ལས། །བཟློག་པས་མྱ་ངན་ང་འདས་སོ། །རྣམ་པར་རྟོག་པ་མི་མཐོང་ཞིང༌། །གང་ཚེ་སངས་རྒྱས་མི་མཐོང་ལ། །འཇུག་མེད་སངས་རྒྱས་ཡིན་པར་ནི། །གལ་ཏེ་མཐོང་ན་དེ་སངས་རྒྱས། །ཞེས་འབྱུང་བ་དང༌། དྲི་མ་མེད་པར་གྲགས་པའི་མདོ་ལས། མི་རྟོག་པ་དང་མི་དམིགས་པ་ནི་བྱང་ཆུབ་བོ་ཞེས་གསུངས་པས་དེས་ན་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་འདི་ལ་བསྒོམ་པར་བྱའོ། །རྣལ་འབྱོར་པས་ཞི་གནས་དང་ལྷག་མཐོང་གི་ཚོགས་ལ་ཇེ་བརྟན་པར་བྱའོ། །དེ་ལ་ཞི་གནས་ཀྱི་ཚོགས་གང་ཞེ་ན། གོས་དང་ཟས་ལ་སོགས་པ་རྙེད་སླ་བ་དང༌། སྐྱེ་བོ་མི་


DTG110_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སྲུན་པ་དང་དགྲ་ལ་སོགས་པ་མེད་པའི་གནས་དང༌། ནད་མེད་པའི་ཡུལ་དང༌། གྲོགས་ཚུལ་ཁྲིམས་དང་ལྡན་པའི་ལྟ་བ་མཚུངས་པ་དང༌། ཉིན་མོ་མི་ཉུང་ལ་མཚན་མོ་སྒྲ་ཆུང་བ་དང༌། ཆོས་གོས་ལ་སོགས་པ་བཟང་པོ་དང་མང་པོ་ལ་ལྷག་པར་ཆགས་པ་མེད་པ་དང༌། ངན་དོན་ཙམ་རྙེད་པས་རྟག་ཏུ་ཚོག་ཤེས་པ་དང༌། ཉོ་ཚོང་ལ་སོགས་པ་ལས་ངན་པ་ཡོངས་སུ་སྤངས་པ་དང༌། ཁྱིམ་པ་དང་རབ་ཏུ་བྱུང་བ་དག་དང༌། ཧ་ཅང་སྨོས་འདྲིན་ཆུང་བ་དང༌། སྨན་བྱེད་པ་དང༌། སྐར་མ་བརྩི་བ་ལ་སོགས་པ་བྱ་བ་ཐམས་ཅད་སྤངས་པ་དང༌། སྡོམ་པ་གཉིས་ཀ་ལ་ཡང་རང་བཞིན་དང་བཅས་པའི་བསླབ་པའི་གཞི་མི་འདྲལ་བ་དང༌། བག་མེད་པས་རལ་ན་ཡང་མྱུར་དུ་ཆོས་བཞིན་དུ་བྱེད་པ་དང༌། ཉན་ཐོས་དག་གི་སྡོམ་པ་ལ་ཕམ་པ་བཅོས་སུ་མི་རུང་བར་གསུངས་པ་ཡང་འགྱོད་པ་དང་ལྡན་པ་དང༌། ཕྱིས་མི་བྱ་བའི་སེམས་དང་ལྡན་པ་ཡིན། སེམས་གང་གིས་ལས་དེས་བྱ་བའི་སེམས་དེ་ལ་ངོ་བོ་ཉིད་མེད་པར་སོ་སོར་རྟོགས་པའི་ཕྱིར་རམ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྒོམས་ན། དེའི་ཚུལ་ཁྲིམས་རྣམ་པར་དག་པ་ཁོ་ན་ཡིན་པར་རིག་པར་བྱའོ། །དེ་ནས་འགྱོད་པ་མེད་པར་བྱས་ལ་བསྒོམ་པ་ལ་བརྩོན་པར་བྱའོ། །འདོད་པ་རྣམས་ལ་ཡང་ཚེ་འདི་དང་ཚེ་ཕྱི་མ་ལ་ཉེས་དམིགས་རྣམ་པ་མང་པོར་འགྱུར་བ་ཡིད་ལ་བྱས་ལ། དེ་དག་ལ་རྣམ་པར་རྟོག་པ་སྤང་བར་བྱའོ། །རྣམ་པ་གཅིག་ཏུ་ན་དངོས་པོ་སྡུག་པའམ་མི་སྡུག་པ་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་རྣམ་པར་འཇིག་པའི་ཆོས་ཅན་མི་བརྟན་པས་གཏན་དུ་མི་འགྲོགས། གདོན་མི་ཟ་བར་དེ་དག་ཐམས་ཅད་དང་བདག་རིང་པོར་མི་ཐོགས་པར་འབྲལ་བར་འགྱུར་ན། བདག་དེ་ལ་ཅི་ཞིག་ཆགས་པར་འགྱུར། ཅི་ཞིག་ཞེ་སྡང་བར་འགྱུར་སྙམ་དུ་བསེམས་ལ་རྣམ་པར་རྟོག་པ་ཐམས་ཅད་སྤང་བར་བྱའོ། །ལྷག་མཐོང་གི་ཚོགས་གང་ཞེ་ན། སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། མང་དུ་ཐོས་པ་ཡོངས་སུ་ཚོལ་བ་དང༌། ཚུལ་བཞིན་སེམས་པའོ། །དེ་ལ་སྐྱེས་བུ་དམ་པ་ལ་བརྟེན་པ་གང་ཞེ་ན། གང་མང་དུ་ཐོས་པ་དང༌། ཚིག་གསལ་བ་དང༌། སྙིང་རྗེ་དང་ལྡན་པ་དང༌། སྐྱོ་བ་བཟོད་པའོ། །དེ་ལ་མང་དུ་ཐོས་པ་ཡོངས་སུ་ཚོལ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱི་གསུང་རབ་ཡན་ལག་


DTG110_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་སོ། །ངེས་པའི་དོན་དང་དྲང་བའི་དོན་ལ་མཁས་པ་ལ་བརྟེན་ནས་ཤེས་རབ་རྣམ་པ་གསུམ་བསྐྱེད་པར་བྱའོ། །ཚུལ་བཞིན་སེམས་པ་གང་ཞེ་ན། ཡང་དག་པའི་དོན་ལ་མ་ནོར་བར་བསྒོམ་པའོ། །དེ་ལྟ་མ་ཡིན་ན་རྒྱུས་མེད་ལམ་ཁ་བྲག་གི་མདོར་ཕྱིན་པའི་མི་བཞིན་དུ་གང་དུ་ཡང་གཅིག་ཏུ་ངེས་པར་མི་འགྱུར་རོ། །རྣལ་འབྱོར་པས་ནི་དུས་ཐམས་ཅད་དུ། ཉ་དང་ཤ་ལ་སོགས་པ་སྤང་ཞིང༌། མི་མཐུན་པ་མ་ཡིན་པ་དང༌། ཟས་ཚོད་ཟིན་པ་བཟའ་བར་བྱའོ། །མཁས་པ་ཉམས་ཅན་དག་ལ་ཡང་སྐབས་སྐབས་སུ་དོན་དྲི་ཞིང༌། ང་རྒྱལ་སྤངས་ལ་དོན་མ་ནོར་བར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་གི་ཚོགས་མཐའ་དག་བསགས་པས་དེ་བསྒོམས་པ་ལ་འཇུག་པར་བྱའོ། །དེ་ལ་རྣལ་འབྱོར་པས་བསྒོམ་པའི་དུས་ན་ཐོག་མར་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ལ། བཤད་གཅི་བྱས་ནས་སྒྲའི་ཚེར་མ་མེད་པ་ཡིད་དུ་འོང་བའི་ས་ཕྱོགས་སུ་བདག་གིས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་དགོད་པར་བྱའོ་སྙམ་དུ་བསམ་ཞིང༌། འགྲོ་བ་མཐའ་དག་མངོན་པར་གདོན་པར་འདོད་པའི་བསམ་པ་ཅན་གྱིས་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ལྔས་ཕྱག་བྱས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་རི་མོ་ལ་སོགས་པ་མདུན་དུ་གཞག་གམ། གཞན་དུ་ཡང་རུང་སྟེ། དེ་དག་ལ་ཅི་ནུས་ཀྱིས་མཆོད་པ་དང༌། བསྟོད་པ་བྱས་ལ། རང་གི་སྡིག་པ་བཤགས་ནས། འགྲོ་བ་མཐའ་དག་གི་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱས་ལ། སྟན་ཤིན་ཏུ་འཇམ་པོ་བདེ་བ་ལ་རྗེ་བཙུན་རྣམ་པར་སྣང་མཛད་ཀྱི་སྐྱིལ་མོ་ཀྲུང་ལྟ་བུའམ། སྐྱིལ་མོ་ཀྲུང་བྱེད་དུ་ཡང་རུང་སྟེ། མིག་ཧ་ཅང་མི་དབྱེ། ཧ་ཅང་ཡང་མི་ཟུམ་པར་སྣའི་རྩེ་མོར་གཏད་ཅིང༌། ལུས་ཧ་ཅང་ཡང་མི་སྒུ། ཧ་ཅང་ཡང་མི་དགྱེ་བར་དྲང་པོར་བསྲང་སྟེ། དྲན་པ་ནང་དུ་བཞག་སྟེ་འདུག་པར་བྱའོ། །ཕྲག་པ་མཉམ་པར་གཞག་ལ་མགོ་མི་མཐོ་མི་དམའ་ཞིང་ཕྱོགས་གཅིག་ཏུ་མི་གཡོ་བར་གཞག་སྟེ། སྣ་ནས་ལྟེ་བ་དྲང་པོར་གཞག་གོ །ལྕེ་ཡང་སོའི་དྲུང་དུ་གཞག་གོ །དབུགས་ཕྱི་ནང་དུ་རྒྱུ་བ་ཡང་སྒྲ་ཅན་དང་རྔམ་པ་དང་དབུགས་


DTG110_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་པ་ཅན་དུ་མི་གཏང་གི་ཅི་ནས་ཀྱང་མི་ཚོར་བར་དལ་བུ་དལ་བུས་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་དབུགས་ནང་དུ་རྔུབ་པ་དང་ཕྱིར་འབྱུང་བར་འགྱུར་བ་དེ་ལྟར་བྱའོ། །དེ་ལ་རྣལ་འབྱོར་པས་ཐོག་མར་དེ་བཞིན་གཤེགས་པའི་སྐུ་གཟུགས་ཇི་ལྟར་མཐོང་བ་དང་ཇི་ལྟར་ཐོས་པ་ལ་སེམས་བཞག་ནས་ཞི་གནས་བསྒྲུབ་པར་བྱ་སྟེ། སྐུ་གཟུགས་དེ་ཡང་གསེར་བཙོ་མ་བཞིན་དུ་སེར་ལ། མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ་འཁོར་གྱི་དབུས་ན་བཞུགས་པ་ཐབས་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་པའོ་སྙམ་དུ་བསམས་ལ། རྒྱུན་དུ་ཡིད་ལ་བྱས་ལ་དེའི་ཡོན་ཏན་ལ་འདོད་པ་བསྐྱེད་ཅིང༌། བྱིང་བ་དང་རྒོད་པ་ཞི་བར་བྱས་ལ་ཇི་སྲིད་དུ་དེ་མདུན་ན་བཞུགས་པ་བཞིན་དུ་གསལ་བར་མཐོང་བར་གྱུར་པ་དེ་སྲིད་དུ་བསམ་གཏན་བྱའོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང༌། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གིས་སེམས་འཇོག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་གཞག་ཅེས་བྱ། །ཞེས་གསུངས་སོ། །ཡང་ན་དངོས་པོ་གཟུགས་ཅན་ནམ་གཟུགས་མེད་དམ། རྣལ་འབྱོར་པའི་དམིགས་པའི་ཡུལ་གང་ལ་བདེ་བ་དེ་ལ་སེམས་གཏད་ལ་ཞི་གནས་བསྒྲུབ་པར་བྱའོ་སེམས་ཡུལ་ལ་གཏད་ལ། གཏད་པ་དེ་ལ་བྱིང་བ་དང་རྒོད་པར་མི་འགྱུར་བར་ཤིན་ཏུ་གསལ་བར་གྱུར་པ་དེ་སྲིད་དུ་བསམ་གཏན་བྱའོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། ཏིང་ངེ་འཛིན་ནི་སྙོམས་པའི་ས། །ཞི་ལ་ཕྲ་སྟེ་བལྟ་དཀའ་བ། །འདུ་ཤེས་ཐམས་ཅད་བཅོམ་པས་ན། །དེའི་ཕྱིར་ཏིང་ངེ་འཛིན་ཞེས་བྱ། །ཞེས་གསུངས་སོ། །ཞི་གནས་ཉམས་སུ་ལེན་ན་རྣལ་འབྱོར་པས་ལྷག་མཐོང་བསྒོམ་པར་བྱའོ། །ཞི་གནས་ལ་གནས་པས་ཤེས་རབ་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་བཙལ་བར་བྱ་ཞིང་ཞི་གནས་འབའ་ཞིག་གིས་ཆོ་ག་པར་མི་བྱའོ་སྙམ་དུ་བསམ་མོ། །དེ་ཁོ་ན་ཉིད་ཇི་ལྟ་བུ་ཞེ་ན། དོན་དམ་པར་ན་གང་ཟག་དང༌། ཕུང་པོ་ལྔ་དང༌། སྐྱེ་མཆེད་དང༌། ཁམས་དང༌། སངས་རྒྱས་ཀྱི་སྐུ་དང༌། ཡེ་ཤེས་མན་ཆད་དང༌། སེམས་ཅན་དམྱལ་བ་ཡན་ཆད། རྒྱ་མཚོ་དང༌། རི་རབ་དང༌། དངོས་པོ་ཆོས་སུ་བཏགས་པ་དང༌། ཐ་སྙད་


DTG110_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཏགས་པ་ཐམས་ཅད་བློས་ཞིབ་ཏུ་བརྟགས་ཤིང་དཔྱད་ལ། རང་བཞིན་མེད་པ་སྟོང་པ་ཉིད་དུ་བསམ་ཞིང་རང་བཞིན་གྱིས་རྣམ་པར་བྱང་བ། གདོད་མ་ནས་སྟོང་པ། བསམ་པ་དང་བརྗོད་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པ། མྱ་ངན་ལས་འདས་པ་ནི་བླང་དུ་མེད། འཁོར་བ་ནི་སྤང་དུ་མེད་དེ་ནམ་མཁའི་རང་བཞིན་ལྟ་བུའོ་སྙམ་དུ་བསམས་ལ་སེམས་ཀྱི་རྒྱུན་མི་གཡེང་བར་བྱའོ། །འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལས། བྱིས་པ་དངོས་པོར་འཛིན་པས་དཔྱད་ཅིང་བརྟགས། །སྒྱུ་མའི་གསོག་སྟེ་མེད་ཅིང་སྟོང་པ་ཡིན། །འདི་ནི་འདོད་ཆགས་ཞེ་སྡང་གཏི་མུག་མེད། །ཆོས་འདི་ཐམས་ཅད་མཚན་ཉིད་མེད་པ་སྟེ། །རྩ་བ་མི་དམིགས་གཟོད་ནས་རབ་ཏུ་ཞི། །མཐའ་མ་གཟུགས་མེད་དབེན་ཞིང་སྙིང་པོ་མེད། །འདོད་ཆགས་འོད་གསལ་གཏི་མུག་རབ་ཏུ་ཞི། །ཞེས་གསུངས་སོ། །འཕགས་པ་ཚུལ་བརྒྱ་ལྔ་བཅུ་པ་ལས། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའི་མཚན་ཉིད་སྦྱོར་བས་ན། །ཀུན་མཆོག་མཉམ་ཉིད་རྫོགས་པའོ། །ཞེས་གསུངས་སོ། །འཇམ་དཔལ་གནས་པའི་མདོ་ལས། དེ་བཞིན་ཉིད་ནི་བྲི་བ་མ་ཡིན། འཕེལ་བ་མ་ཡིན། སེམས་ཅན་གྱི་ཁམས་ཀྱང་བྲི་བ་མ་ཡིན། འཕེལ་བ་མ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་མ་ཡིན་ཏེ། རྣམ་པར་བྱང་བ་མ་ཡིན་ནོ་ཞེས་གསུངས་སོ། །ཡང་གསུངས་པ། རྟོག་པ་རྣམས་ནི་གཡོ་བར་འགྱུར། །རྟོག་པ་མེད་ན་མྱ་ངན་འདའ། །གང་གི་རང་བཞིན་དེ་ཤེས་པ། །དེ་ནི་ཡེ་ཤེས་ལྡན་ཞེས་བྱ། །ཞེས་གསུངས་སོ། །པར་ནེ་རྦན་གྱི་མདོ་ལས། ལམ་དབུ་མ་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་ཅེས་བགྱིའོ། །ཚངས་པ་ཀུན་འདྲིས་ཀྱི་མདོ་ལས། ཇི་ལྟར་ལམ་བསྒོམ་པར་བགྱི། བཀའ་སྩལ་པ། ཆོས་དང་ཆོས་མ་ཡིན་པ་རྣམ་པར་མི་རྟོག །མཚན་ཉིད་དང་བྲལ་བ་ནི་ལམ་བསྒོམ་པའོ་ཞེས་གསུངས་པ་ནི། དངོས་པོའི་ངོ་བོ་མི་དམིགས་པ་ལ་དགོངས་པའོ། །དེ་ལྟར་ན་འདུས་བྱས་དང༌། འདུས་མ་བྱས་པའི་ཆོས་ཐམས་ཅད་ནི་ཡང་དག་པར་མེད་པ་ཁོ་ན་ཡིན་ནོ་སྙམ་དུ་བསྒོམ་པར་བྱའོ། །དེ་ལྟར་ཆོས་སུ་བཏགས་པ་མཐའ་དག་མེད་པ་ཁོ་ན་ལ་ཞུགས་པ་དེ་ཡོངས་སུ་བརྟག་པར་བྱ་བ་གཞན་མེད་པས་རྟོག་པ་དང་


DTG110_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་པ་དང་བྲལ་བ་བརྗོད་པ་མེད་པ། ངང་གཅིག་ཏུ་གྱུར་པའི་ཡིད་ལ་བྱེད་པ་རང་གི་ངང་གིས་འཇུག་པ། མངོན་པར་འདུ་བྱེད་པ་མེད་པས་དེ་ཁོ་ན་ཉིད་དེ་ཉིད་ལ་ཤིན་ཏུ་གསལ་བར་བསྒོམ་ཞིང་འདུག་པར་བྱའོ། །དེ་ལྟར་གནས་ནས་སེམས་ཀྱི་རྒྱུན་རྣམ་པར་མི་གཡེང་བར་བྱའོ། །དེ་ལྟར་གྱུར་ན་སྤྲོས་པ་མེད་པ་རྣམ་པར་མི་རྟོག་པ་ཉིད་ལ་ཞུགས་པ་ཡིན་ནོ། །གཟུགས་ལ་སོགས་པ་ལ་མི་གནས་པ་ཡིན་ནོ། །ཤེས་རབ་ཀྱིས་བརྟགས་ན་དངོས་པོ་མཐའ་དག་གི་ངོ་བོ་ཉིད་མ་དམིགས་པའི་ཕྱིར་ཤེས་རབ་མཆོག་གི་བསམ་གཏན་པ་ཡང་ཡིན་ནོ། །གང་གི་ཚེ་དེ་ལ་སེམས་མངོན་པར་མི་དགའ་བ་མཐོང་བ་དེའི་ཚེ། ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བའི་ཕྱིར་དེ་ལ་དགའ་བ་བསྒོམ་པར་བྱའོ། །ཅི་སྟེ་རྨུགས་པ་དང་གཉིད་ཀྱིས་ནོན་པས་རྒྱུ་བ་མི་གསལ་བའི་ཕྱིར། སེམས་བྱིང་བའམ་བྱིང་དུ་དོགས་པར་མཐོང་བ་དེའི་ཚེ། མཆོག་ཏུ་དགའ་བའི་དངོས་པོ་སངས་རྒྱས་ཀྱི་སྐུ་གཟུགས་ལ་སོགས་པའམ། རྟེན་ཅིང་འབྲེལ་པར་འབྱུང་བའམ། མཛད་པ་བཅུ་གཉིས་ལ་སོགས་པ་ཡིད་ལ་བྱས་ལ་བྱིང་བ་ཞི་བར་བྱས་ནས་དེ་ཁོ་ན་ཉིད་ལ་ཤིན་ཏུ་བརྟན་པར་གཟུང་བར་བྱའོ། །ཅི་སྟེ་གང་གི་ཚེ་མངོན་དུ་བྱུང་བའི་ཡུལ་ལ་འདོད་པས་བར་སྐབས་སུ་སེམས་རྒོད་པའམ། རྒོད་དུ་དོགས་པར་མཐོང་བ་དེའི་ཚེ་མི་རྟག་པ་དང་ཚེ་འདི་དང༌། ཚེ་ཕྱི་མའི་ཉེས་དམིགས་དང༌། གཏན་དུ་མི་འགྲོགས་པས་ཅིའི་ཕྱིར་འདི་ལ་ལྷག་པར་ཆགས་པར་བྱ་སྙམ་དུ་བསམས་ལ་རྒོད་པ་ཞི་བར་བྱའོ། །དེ་ནས་ཡང་དེ་ཁོ་ན་ཉིད་ལ་སེམས་མངོན་པར་འདུ་བྱ་བ་མེད་པར་འཇུག་པར་འབད་བར་བྱའོ། །ཅི་སྟེ་གང་གི་ཚེ་བྱིང་བ་དང་རྒོད་པ་ལས་དབེན་པའི་ཕྱིར་མཉམ་པར་ཞུགས་ཤིང་རང་གི་ངང་གིས་འཇུག་པས། དེ་ཁོ་ན་ཉིད་དེ་ཉིད་ལ་སེམས་ཤིན་ཏུ་གསལ་བར་བྱུང་བར་གྱུར་པ་དེའི་ཚེ་རྩོལ་བ་ཀློང་ལ་བཏང་སྙོམས་སུ་བཞག་སྟེ། དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་ལམ་གྲུབ་པ་ཡིན་པར་རིག་པར་བྱའོ། །དེ་ནས་རྣལ་འབྱོར་པས་ཇི་སྲིད་དུ་དགའ་བ་དེ་སྲིད་དུ་མངོན་པར་འདུ་བྱ་བ་མེད་པ་ཁོ་ནར་དེ་ཁོ་ན་ལ་བསྒོམ་ཞིང་འདུག་པར་བྱའོ། །ཚུལ་དེ་ལྟ་བུས་མེལ་ཚེ་ཐུན་གཅིག་གམ། ཐུན་ཕྱེད་དམ། ཆུ་ཚོད་གཅིག་གམ། ཇི་སྲིད་


DTG110_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་ནུས་སུའམ། ཐ་ན་སེ་གོལ་གཏོགས་པའི་བར་དུ་ཡང་བསྒོམ་ཞིང་འདུག་པར་བྱའོ། །ལུས་དང་སེམས་ལ་གནོད་པར་གྱུར་ན་སྐབས་སྐབས་སུ་འཇིག་རྟེན་མཐའ་དག་ལ་བལྟས་ལ། སྒྱུ་མ་ལྟ་བུ་དང༌། རྨི་ལམ་ལྟ་བུ་དང༌། ཆུ་ཟླ་ལྟ་བུ་དང༌། མིག་ཡོར་ལྟ་བུར་རྟོགས་པར་བྱའོ། །དེ་སྐད་དུ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས་ཀྱང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་ངོ༌། །དེའི་རྗེས་ལ་ཐོབ་པ་ནི་སྒྱུ་མ་དང༌། སྨིག་རྒྱུ་དང༌། ཆུ་ཟླ་བཞིན་དུ་མཐོང་ངོ༌། །ཞེས་གསུངས་སོ། །དེ་ནས་ཡང་རྣམ་པར་མི་རྟོག་པ་ལ་བསྒོམ་པར་བྱའོ། །དེ་ཡང་ལུས་དང་སེམས་ལ་གནོད་པར་གྱུར་ན་སེམས་གཏད་ལ། འཇིག་རྟེན་མཐའ་དག་ལ་གོང་དུ་བཤད་པ་ལྟར་བསམས་ལ་འཕགས་པ་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་ཡང་དག་པར་གདབ་བོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་རྫོགས་པར་བྱའོ། །དེ་ལྟར་བྱས་ན་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པ་ཡིན་ཡང་སྒྱུ་མ་བཞིན་དུ་རྒྱུ་དང་རྐྱེན་སོ་སོར་ངེས་པ་སྣ་ཚོགས་པ་འདུས་པའི་དབང་གིས་མ་བརྟགས་ན་ཉམས་དགའ་བ་སྣ་ཚོགས་དག་ཁོ་ན་འབྱུང་སྟེ། དེས་ན་ཆད་པར་ལྟ་བར་ཡང་མི་འགྱུར་རོ། །སྒྲོ་འདོགས་པའི་མཐར་ཡང་མི་འགྱུར་ཏེ། འདི་ལྟར་ཤེས་རབ་ཀྱིས་རྣམ་པར་བརྟགས་ན་མི་དམིགས་ཏེ། དེས་ན་རྟག་པ་ཉིད་དང་སྒྲོ་འདོགས་པའི་མཐར་ཡང་མི་འགྱུར་རོ། །རྣམ་པར་མི་རྟོག་པ་བསྒོམ་པའི་ནང་དུ་འདུས་བྱས་ཀྱི་ཆོས་དགེ་བ་དང༌། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་འདུས་པར་ཡང་གསུངས་ཏེ། ཐེག་པ་ཆེན་པོའི་ཆོས་རྣམ་པར་མི་རྟོག་པའི་ནང་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདུས་པ་ཇི་ལྟ་བུ་ཞེ་ན། རྡོ་རྗེ་གཅོད་པའི་མདོ་ལས། འདུ་ཤེས་ཐམས་ཅད་རྣམ་པར་སྤངས་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་གསུངས་སོ། །མི་རྟོག་པའི་ནང་དུ་ཐེག་པ་ཆེན་པོ་འདུས་པ་ཇི་ལྟ་བུ་ཞེ་ན། རྡོ་རྗེའི་ཏིང་ངེ་འཛིན་གྱི་མདོ་ལས། བསམ་ཞིང་མོད་པ་མེད་ན་ལྡང་དུབ་མི་སྐྱེ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་གཡོ་བའོ། །དེ་ནི་ཐེག་པ་ཆེན་པོའི་ཞེས་གསུངས་སོ། །རྣམ་པར་མི་རྟོག་པའི་ནང་དུ་ལམ་བསྒོམ་པ་འདུས་པ་ཇི་ལྟ་བུ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། མི་དམིགས་པ་ནི་ལམ་མོ། །


DTG110_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མི་དམིགས་པ་ནི་འབྲས་བུའོ་ཞེས་གསུངས་སོ། །མི་རྟོག་པའི་ནང་དུ་ལམ་དབུ་མ་འདུས་པ་ཇི་ལྟ་བུ་ཞེ་ན། ལང་ཀར་གཤེགས་པ་ལས། སེམས་ཙམ་དུ་ན་མི་རྟོག་དང༌། །ཕྱི་རོལ་དངོས་པོ་རྣམ་གསལ་བས། །རྣམ་པར་རྟོག་པ་རྣམ་ལྡོག་སྟེ། །ལམ་དེ་ཉིད་ནི་དབུ་མའོ། །སེམས་ཙམ་ཡིན་ཏེ་སྣང་བ་མེད། །སྣང་བ་མེད་པས་མི་སྐྱེ་བས། །དབུ་མ་པ་ཡི་ལམ་འདི་ཡང༌། །ང་དང་སངས་རྒྱས་རྣམས་ཀྱིས་བཤད། །ཅེས་གསུངས་སོ། །མི་རྟོག་པའི་ནང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུས་པ་ཇི་ལྟ་བུ་ཞེ་ན། སྡུད་པ་ལས། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་གནས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ནམ་མཁའ་གང་ལ་འང་ཅུང་ཟད་མི་དམིགས་དེ་དང་འདྲ། །ཞེས་གསུངས་སོ། །མི་རྟོག་པའི་ནང་དུ་མཉམ་པ་ཉིད་དང༌། མི་གཡོ་བ་འདུས་པ་ཇི་ལྟ་ལྟ་བུ་ཞེ་ན། ཡེ་ཤེས་སྣང་བའི་རྒྱན་གྱི་མདོ་ལས། ཆོས་ཐམས་ཅད་ཀྱི་མཚན་ཉིད་དམིགས་སུ་མེད་པ་གང་ཡིན་པ་དེ་ནི་མཉམ་པ་ཉིད་ཡིན་ནོ། །མཉམ་པ་ཉིད་གང་ཡིན་པ་དེ་ནི་གནས་པ་ཉིད་དོ། །གནས་པ་ཉིད་གང་ཡིན་པ་དེ་ནི་མི་གཡོ་བ་ཉིད་ཡིན་ནོ། །མི་གཡོ་བ་ཉིད་གང་ཡིན་པ་དེ་ནི་མི་རྟོག་པ་ཉིད་ཡིན་ནོ། །ཆོས་ཐམས་ཅད་ལ་བརྟེན་པའི་སེམས་ཀྱི་གནས་མེད་དོ། །སེམས་མི་གནས་པ་དེ་ནི་སྐྱེ་བ་མེད་པར་འགྱུར་ཏེ། དེ་ལྟར་མཐོང་བའི་སེམས་དང་སེམས་ལས་བྱུང་བའི་རྣམ་པ་ནི་ཕྱིན་ཅི་མ་ལོག་པར་འཇུག་པར་འགྱུར་རོ་ཞེས་གསུངས་སོ། །མི་རྟོག་པའི་ནང་དུ་ཚུལ་ཁྲིམས་བླ་ན་མེད་པ་འདུས་པ་ཇི་ལྟ་བུ་ཞེ་ན། གླང་པོ་དང་མཚུངས་པའི་མདོ་ལས། ཚུལ་ཁྲིམས་ཅན་དུ་གང་རྟོག་དང༌། །ཚུལ་ཁྲིམས་ལོག་པར་རྟོག་པ་ཡང༌། །གཉིས་ཀ་ཚུལ་ཁྲིམས་ལོག་པར་བཤད། །གཉིས་མེད་ཚུལ་ཁྲིམས་མ་ལོག་པའོ། །ཞེས་འབྱུང༌། མི་རྟོག་པའི་ནང་དུ་མཚན་མ་སྤོང་བ་འདུས་པ་ཇི་ལྟ་བུ་ཞེ་ན། རྣམ་པར་མི་རྟོག་པའི་གཟུངས་ལས། ཇི་ལྟར་ཡང་མཚན་མ་དེ་དག་ཡོངས་སུ་སྤོང་ཞེ་ན། མངོན་དུ་སྣང་བ་ཡིད་ལ་མི་བྱེད་པས་སྤོང་ངོ་ཞེས་གསུངས་སོ། །མི་རྟོག་པར་བསྒོམ་པའི་སེམས་ཀྱི་ཆོས་ཉིད་མཐོང་བ་ཇི་ལྟ་བུ་ཞེ་ན། སྟུག་པོ་བཀོད་པའི་མདོ་


DTG110_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཇི་ལྟར་ཤིན་ཏུ་བཟང་པོའི་གསེར། །གསེར་གྱི་དབྱིབས་ལ་མི་སྣང་སྟེ། །བརྩལ་བས་ཤིན་ཏུ་ཞིབ་བཏགས་ནས། །ཡོངས་སུ་སྦྱངས་ན་སྣང་བར་འགྱུར། །དེ་བཞིན་ཀུན་གཞི་རྣམ་པར་ཤེས། །རྣམ་ཤེས་བདུན་དང་བཅས་པ་ཡང༌། །ཏིང་ངེ་འཛིན་གྱིས་ཡོངས་སྦྱངས་པའི།། རྣལ་འབྱོར་ཅན་གྱིས་རྟག་ཏུ་མཐོང༌། །ཞེས་གསུངས་སོ། །མི་རྟོག་པའི་ནང་དུ་རང་གི་རིག་པ་འདུས་པ་ཇི་ལྟ་བུ་ཞེ་ན། དཀོན་མཆོག་སྤྲིན་གྱི་མདོ་ལས། གསལ་བ་དེ་ཁོ་ན་ཞེས་བགྱི་བ་ཅི་ལགས། བཀའ་སྩལ་པ། དེ་ཁོ་ན་ཞེས་བྱ་བ་ནི་ཡང་དག་པའི་དོན་གྱི་ཚིག་བླ་དགས་སོ། །འདི་ནི་སོ་སོ་རང་རིག་པ་ཡིན་ཏེ། ཚིག་དང་ཡི་གེ་དག་གིས་གདགས་པར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། སྨྲ་བ་དང༌། བརྗོད་པ་དང༌། རྟོག་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པ། འཕགས་པའི་ཡེ་ཤེས་ཀྱི་ཡུལ་ཏེ་ཡེ་ནས་ཇི་ལྟ་བ་བཞིན་དུ་འདུག་པའོ་ཞེས་གསུངས་པས། ཅིག་ཅར་འཇུག་པའི་བསྒོམ་པའི་དོན་འདི་ནི། དེ་ལྟར་མདོ་མང་པོའི་ལུང་དང་ཡང་མི་འགལ་ལ། མཁས་པ་དག་གི་མན་ངག་དང་ཡང་མཐུན་པ་ཉིད་དེ། སློབ་དཔོན་ནཱ་ག་རྫུ་ནས་རྟེན་འབྲེལ་གྱི་སྙིང་པོ་མཛད་པ་ལས་ཀྱང༌། འདི་ལ་བསལ་བ་གང་ཡང་མེད། །གཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་སོ། །ཡང་སློབ་དཔོན་གྱིས་རིགས་པ་དྲུག་ཅུ་པ་མཛད་པ་ལས་ཀྱང༌། གང་དག་རྣམ་པར་དབེན་པ་ལ། །གཡོ་བའི་ཡིད་ཀྱང་མི་གཡོ་སྟེ། །ཉོན་མོངས་སྤྲུལ་གྱིས་དཀྲུགས་པ་ཡི། །མི་བཟད་སྲིད་པའི་རྒྱ་མཚོ་བརྒལ། །ཞེས་གསུངས་སོ། །སློབ་དཔོན་ཨཱཪྻ་དེ་བས་མཛད་པའི་ལག་པའི་ཚད་ཀྱི་འབྲེལ་པ་ལས་ཀྱང༌། ཀུན་ནས་ཉོན་མོངས་སྤོང་འདོད་པས། །དམ་པའི་དོན་གྱིས་འཚལ་བར་བྱ། །ཞེས་གསུངས་སོ། །དེས་པའི་ལུང་དང་བསྟན་བཅོས་ཐམས་ཅད་ལས་ཀྱང༌། མཐའ་གཉིས་དང་མཚན་མ་ལ་མི་གནས་པ་ནི་མྱ་ངན་ལས་འདས་པའི་རྒྱུ་ཡིན་ལ། མཚན་མ་ལ་གནས་པ་ནི་འཁོར་བའི་ཉེས་དམིགས་སུ་གསུངས་པས། རྣམ་པར་མི་རྟོག་པའི་དོན་ལ་ཅིག་ཅར་འཇུག་པ་ནི། མྱ་ངན་ལས་འདས་པའི་ལམ་གྱི་མཆོག་ཡིན་པར་གསུངས་སོ། །རྣམ་པར་མི་རྟོག་པའི་ནང་དུ་ཆོས་ཐམས་ཅད་འདུས་པར་གསུངས་


DTG110_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཤིང་ཐན་ཝ་གའི་མདོ་ལས། ཆོས་གཅིག་བསླབས་ཤིང་བསྒོམས་ན་ཆོས་ཐམས་ཅད་གྲོལ་བར་འགྱུར་རོ་ཞེས་གསུངས་སོ། །ཟླ་བ་སྒྲོན་མའི་མདོ་ལས། གང་ཞིག་ཆོས་གཅིག་དང་ཉམས་སུ་ལྡན་ན་ཡོན་ཏན་གྱི་ཆོས་ཐམས་ཅད་རྫོགས་པར་འགྱུར་རོ། །གཅིག་གང་ཞེ་ན། དེ་བཞིན་ཉིད་དུ་རིག་ན་ཆོས་ཐམས་ཅད་ལ་གྲགས་པ་མེད་པ་ཡིན། སྒྲ་ཀུན་སྤངས་པ་ཡིན་ནོ་ཞེས་གསུངས་སོ། །ཆོས་ཀྱི་རྒྱལ་པོའི་མདོ་ལས། ཆོས་གཅིག་ཤེས་པར་ནུས་ན་ཆོས་གཅིག་ཀྱང་མི་ཤེས་པ་མེད་དོ། །ཆོས་གཅིག་མི་ཤེས་ན་ཆོས་གཅིག་ཀྱང་ཤེས་པ་མེད་དོ་ཞེས་གསུངས་སོ། །ཟླ་བ་མར་མེའི་མདོ་ལས། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་གང་བཤད་པ། །སྣ་ཚོགས་ཚིག་འབྲུ་དོན་གཅིག་སྟེ། །ཐམས་ཅད་བརྗོད་པར་ཡོང་མི་ནུས། །ཚིག་གཅིག་གོམས་པར་བྱས་པས་ན། །དེ་དག་ཐམས་ཅད་གོམས་པར་འགྱུར། །ཞེས་གསུངས་སོ། །སློབ་དཔོན་སེང་གེ་བཟང་པོས་མཛད་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ལས་ཀྱང༌། ཆོས་གཅིག་ཆོས་ཀུན་ཉིད་ཀྱི་ངོ་བོ་ཉིད། །གང་གི་ཆོས་གཅིག་དེ་བཞིན་ཉིད་རྟོགས་པས། །དེ་ཡིས་ཆོས་ཀུན་དེ་བཞིན་ཉིད་དུ་རྟོགས། །ཞེས་གསུངས་པས། ལུང་དང་བསྟན་བཅོས་དང་ཡང་མི་འགལ་ལ། ཀུན་རྫོབ་ཏུ་ཡང་དོན་གྱིས་ཡོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། དེ་ནི་ཤཱ་རིའི་བུ་གཟུགས་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །གཟུགས་དང་སྟོང་པ་ཉིད་ཐ་དད་པ་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་ནས་ཆོས་ཐམས་ཅད་ཀྱི་བར་དུ་སྟོང་པ་ཉིད་ཀྱི་མཚན་ཉིད་དེ། མི་སྐྱེ་མི་འགག་མི་འཕེལ་མི་འགྲིབ་བོ་ཞེས་གསུངས་པས། དོན་དམ་པར་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་སྒྱུ་མ་ཙམ་དུ་སྟོང་པ་ཉིད་གཟུགས་སུ་སྣང་བས་ཆད་པར་མི་འགྱུར་བ་ནི་དབུ་མའི་གཞུང་ངོ་སྙམ་མོ། ཡེ་ཤེས་སྣང་བའི་རྒྱན་གྱི་མདོ་ལས། རྒྱུ་རྐྱེན་རྟེན་འབྲེལ་བཤད་པ་དང༌། །རིམ་གྱིས་འཇུག་པ་བསྟན་པ་ནི། །རྨོངས་པ་རྣམས་ལ་ཐབས་སུ་གསུངས། །ལྷུན་གྱིས་གྲུབ་པའི་ཆོས་དེ་ལ། །རིམ་དུ་སྦྱར་བ་ཅི་ཞིག་ཡོད། །མཐའ་ལས་འདས་པའི་རང་བཞིན་ལ། །གོང་བུར་འདུ་ཤེས་སུ་ཞིག་ལྟ། །ཅུང་ཟད་དུ་ཡང་ཁས་བླངས་


DTG110_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །དེ་ཚེ་སེམས་ནི་ནམ་མཁའ་སྟེ། །སངས་རྒྱས་དང་ནི་སྤྱོད་ཡུལ་གཅིག །ཅེས་གསུངས་པ་ནི་དབུ་མའི་གཞུང་ངོ་སྙམ་མོ། །ལང་ཀར་གཤེགས་པ་ལས། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་གང་ནོར་བ། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་གསུངས་པ་དང༌། སངས་རྒྱས་ཕལ་པོ་ཆེ་ལས་ཀྱང༌། ཡིད་བཞིན་ནོར་བུའི་རྒྱལ་པོ་ནི། །ཅི་ཡིད་བསམ་པ་རྫོགས་བྱེད་པ། །དེ་བཞིན་སངས་རྒྱས་ཆོས་ཉིད་ཀྱང༌། །རྟག་ཏུ་སྨོན་ལམ་རྫོགས་པར་འགྲུབ། །མཐའ་དང་དབུས་མེད་འཇིག་རྟེན་དེར། །འཇིག་རྟེན་པ་ཡི་འདྲེན་པར་གྱུར། །དེ་ཡི་སྨོན་ལམ་དེ་དག་གིས། །ཕྱོགས་བཅུ་དེ་དག་རྒྱལ་བས་གང༌། །ཇི་ལྟར་ཟླ་བ་ཤར་གྱུར་པ། །ཚད་མེད་པ་ཡི་གཟུགས་བརྙན་རྣམས། །ཆུ་ཡི་སྣོད་དུ་ཤར་གྱུར་ཀྱང༌། །ཟླ་བ་གཉིས་སུ་གྱུར་པ་མེད། །དེ་བཞིན་ཆགས་མེད་མཁྱེན་ལྡན་རྣམས། །ཆགས་མེད་རྣམ་པར་འཚང་རྒྱ་བ། །ཞིང་རྣམས་ཀུན་ནའང་རབ་ཏུ་སྣང༌། །སངས་རྒྱས་ལ་ནི་གཉིས་ཀྱང་མེད། །ཅེས་གསུངས་པ་ནི་དོན་དམ་པར་གཉིས་སུ་མེད་ཀྱང༌། ཐ་སྙད་ཙམ་དུ་ཡང་ཐ་དད་དེ། དེ་ནི་དབུ་མའི་གཞུང་དུ་བཅོམ་ལྡན་འདས་ཀྱིས་དོན་དམ་པའི་བཀའ་མཐའ་དག་ལས་རྒྱས་པར་གསུངས་སོ། །བདེན་པ་ལེའུའི་མདོ་ལས། འཇམ་དཔལ་ངས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་བཀོད་པ་མེད་དོ། །འཇམ་དཔལ་ཐེག་པ་ལ་རྣམ་པར་བཀོད་པ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཟད་དོ། །དོན་དམ་པར་ཐེག་པ་གཅིག་དང་གཉིས་སུ་མེད་དོ་ཞེས་གསུངས་སོ། །ཡང་ནི་ཆོས་ཉིད་ཀྱིས་མཐའ་བཙན་པར་བྱས་ན་རྣལ་འབྱོར་ཆེན་པོའི་ལམ་ཡང་སྨྲ་བསམ་ལས་འདས་པ་ཡིན་ཏེ། གཞུང་བཤད་དུ་མེད་མོད་ཀྱི། འོན་ཀྱང་སོ་སོའི་སྐྱེ་བོ་མ་རབས་རྣམས་དྲང་བའི་ཆོས་ཉིད་ལ་གཟུད་པའི་ཕྱིར་ཐ་སྙད་ཙམ་གྱི་སྒོ་ནས་བཤད་པར་ཟད་དོ། །དེ་ལ་གང་དག་རྣམ་པར་མི་རྟོག་པའི་བྱ་བ་ཐམས་ཅད་སྤངས་པ་ཡིན་ན། སེམས་པ་དགེ་བས་བསྐྱེད་པའི་ལས་ཐམས་ཅད་ཀྱང་སྤང་ངམ་ཅི། དཀོན་མཆོག་གསུམ་ལ་མཆོད་པ་ལ་སོགས་པ་ཡང་འགལ་ལོ་ཞེ་ན། དེ་ལ་བཤད་པ་དཀོན་མཆོག་བརྩེགས་པ་ལས། སངས་རྒྱས་ཀྱི་འདུ་ཤེས་མེད། ཆོས་


DTG110_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འདུ་ཤེས་མེད། དགེ་འདུན་གྱི་འདུ་ཤེས་མེད་ན་ཡང་དག་པའི་མཆོད་པའོ་ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང༌། བློ་གྲོས་རྒྱ་མཚོ་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བླ་ན་མེད་པའོ། །གསུམ་གང་ཞེ་ན། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་དམ་པའི་ཆོས་འཛིན་པ་དང༌། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའོ། །ཞེས་གསུངས་སོ། །ཁ་ཅིག་ན་རེ་ཐོས་པ་མང་པོ་དང་བཤད་པར་བྱ་དགོས་སོ་ཞེ་ན། དེ་ལ་བཤད་པ་གཙུག་ཏོར་ཆེན་པོའི་མདོ་ལས། མཐའ་ཡས་འཛིན་པར་ཡིད་གཞུངས་ཀྱང༌། །ལྡོག་པར་བསམས་པས་མཐའ་མར་ལྟུང༌། །རྗེས་སུ་འཁོར་བ་མ་ཡིན་ནམ། །ཞེས་གསུངས་སོ། །ཟླ་བའི་སྙིང་པོའི་མདོ་ལས། དཔེར་ན་མེ་སྟག་གང་གིས་ཀྱང༌། །རྒྱ་མཚོ་ཆེན་པོ་སྐེམ་མི་ནུས། །དེ་བཞིན་ཀུན་རྫོབ་བདེན་པས་ཀྱང༌། །རང་གི་ཉོན་མོངས་སྐེམ་མི་ནུས། །སེམས་ཅན་གཞན་ལྟ་ཅི་ཞིག་སྨོས། །ཞེས་གསུངས་སོ། །ལང་ཀར་གཤེགས་པ་ལས། ཇི་བཞིན་སྒྲ་རུ་བརྟགས་ནས་སུ། །གང་གིས་དེ་ལྟར་བསྒྲུབས་ན་ནི། །ཤི་ནས་སེམས་ཅན་དམྱལ་བར་ལྟུང༌། །མ་རབས་སྒྱུ་མ་འཆང་ལ་དད། །ཡང་དག་ཤེས་རབ་མིང་ཐོབ་བོ། །སྨྲ་བ་སྡུག་བསྔལ་གསུམ་ཉིད་དེ། །སྡུག་བསྔལ་འགག་པ་ཡང་དག་ཉིད། །ཅེས་གསུངས་སོ། །ཡང་དེ་ཉིད་ལས། བཤད་པ་དག་ཀྱང་འཁྲུལ་པ་སྟེ། །ཡང་དག་ཉིད་ལ་ཡི་གེ་མེད། །ཅེས་གསུངས་སོ། །ཡང་དེ་ཉིད་ལས་མང་དུ་ཐོས་པ་ཞེས་བྱ་བ་ནི་དོན་ལ་མཁས་པ་ཡིན་གྱི། ཚིག་ལ་མཁས་པ་མ་ཡིན་ནོ་ཞེས་གསུངས་སོ། །འབྱུང་བ་མེད་པའི་མདོ་ལས། ཆོས་ཀྱི་རང་བཞིན་ཡོངས་སུ་མི་ཤེས་ན། །ཚིག་གི་དམ་པས་བྱང་ཆུབ་འཚང་མི་རྒྱ། །ཞེས་གསུངས་སོ། །དགོངས་པ་ངེས་པར་འགྲེལ་པ་ལས། ཡུན་རིང་དུས་ནས་སྨྲ་བ་ལ་མོས་ཤིང་སྨྲ་བ་ལ་མངོན་པར་དགའ་བས་ནང་གི་འཕགས་པའི་མི་སྨྲ་བར་གྱུར་པའི་བདེན་པ་ལ་བརྟགས་པའམ། རྗེས་སུ་དཔག་པའམ་མོས་པར་མི་ནུས་སོ། །ཞེས་གསུངས་སོ། །འཇམ་དཔལ་གནས་པ་ལས། འདུས་བྱས་ལ་ནི་གང་རྟོག་དང༌། །འདུས་


DTG110_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་ལ་གང་རྟོག་པ། །གཉི་ག་བདུད་ཀྱི་ལས་ཡིན་ཞེས། །དེ་དག་མཁས་པས་རབ་ཏུ་བཤད། །ཅེས་གསུངས་སོ། །ནམ་མཁའ་མཛོད་ཀྱི་མདོ་ལས། ཇི་སྙེད་དུ་སྨྲ་བ་དེ་སྙེད་དུ་བདུད་ཀྱི་ལས་སོ། །སྨྲ་བ་མེད་ཅིང་མཚན་མ་མེད་པ་ལས་བདུད་ཀྱིས་ཅི་ཞིག་བྱ། ཞེས་གསུངས་སོ། །ཚངས་པ་ཀུན་འདྲིས་ཀྱི་མདོ་ལས། ཆོས་དང་ཆོས་མ་ཡིན་པ་རྣམ་པར་མི་རྟོག །མཚན་མ་གཉིས་དང་བྲལ་བ་ནི་ལམ་བསྒོམ་པའོ་ཞེས་གསུངས་སོ། །ཆོས་ཀྱི་རྒྱལ་པོའི་མདོ་ལས། རིགས་ཀྱི་བུ་གྲོལ་ཐར་པར་འདོད་ན། འདོད་པའི་ཡན་ལག་བཅད་ལ། སེམས་ཀྱིས་གཉིས་སུ་མི་བསམ་གཅིག་ཏུ་བསམ་སྟེ་ཡོད་པ་དང་མེད་པའི་སེམས་གཏང་ངོ༌། །སེམས་ཀྱི་ངོ་བོ་ཉིད་ཀྱི་ཚུལ་ནི་སྟོང་པ་སྟེ། སེམས་ཀྱི་ངོ་བོ་ཉིད་ནི་འགྲོ་བ་ཡང་མེད། འོང་བ་ཡང་མེད། བླང་བ་ཡང་མེད། དོར་བ་ཡང་མེད་དེ། ཅི་ཡང་མེད་པ་འདིའི་མིང་ནི་བྱང་ཆུབ་པོ་ཞེས་གསུངས་སོ། །གསེར་འོད་དམ་པའི་མདོ་ལས། ཀུན་རྫོབ་ཀྱི་ཚུལ་དུ་བསྟན་ཅིང་བཤད་མོད་ཀྱི། ཡང་དག་པའི་དོན་ལ་བློས་བརྟགས་ན་དེ་ལྟ་མ་ཡིན་ནོ། །ཚིག་སྒྱུ་མས་ཡང་དག་པའི་གཞུང་མངོན་པར་བྱང་བའི་ཕྱིར་རོ། །ཞེས་གསུངས་སོ། །ཤེས་རབ་འབུམ་གྱི་མདོ་ལས། ཆོས་ཀྱི་དབྱིངས་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཡང་ཤེས་པ་ཡིན་ནོ་ཞེས་གསུངས་པས། དོན་ལ་མཁས་པ་ནི་ཐོས་པའི་མཆོག་ཡིན་པར་མངོན་ལ། གལ་ཏེ་སྒྲ་ཕྱིར་འབྲངས་ན་རྣམ་པར་མི་རྟོག་པའི་བར་ཆད་དུ་ཡང་འགྱུར་ལ། ཐོས་པ་བཤད་ན་དོན་མི་ཆེ་བར་གསུངས་སོ། །ཁ་ཅིག་ན་རེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སྤྱད་དགོས་སོ་ཞེས་ཟེར་རོ། །དེ་ལ་བཤད་པ། རྡོ་རྗེ་ཏིང་ངེ་འཛིན་གྱི་མདོ་ལས། སེམས་སྟོང་པ་ཉིད་དུ་མི་གཡོན་ཕ་རོལ་ཏུ་ཕྱིན་པ་དྲུག་འདུས་སོ་ཞེས་གསུངས་སོ། །ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། མི་སེམས་པ་ནི་སྦྱིན་པ། མི་གནས་པ་ནི་ཚུལ་ཁྲིམས། ཅི་ཡང་བྱེ་བྲག་མི་ཕྱེད་པ་ནི་བཟོད་པ། བླང་དོར་མེད་པ་ནི་བརྩོན་འགྲུས། མ་ཆགས་པ་ནི་ཏིང་ངེ་འཛིན། མི་གཉིས་པ་ནི་ཤེས་རབ་ཅེས་གསུངས་སོ། །ལང་ཀར་གཤེགས་པའི་མདོ་ལས། ཇི་སྲིད་སེམས་ནི་འཇུག་གི་བར། །དེ་སྲིད་འཇིག་རྟེན་རྒྱང་པན་པ། །ཞེས་


DTG110_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས། སྦྱིན་པ་ལ་སོགས་པ་ཙམ་ནི་མུ་སྟེགས་པ་ལ་ཡང་ཡོད་པས། མཚན་མའི་རྗེས་སུ་འབྲངས་ན་འཁོར་བ་ལས་མི་འདའ་བའི་སྐྱོན་དུ་འགྱུར་རོ། །ཁ་ཅིག་ན་རེ་ཁ་ཏོན་དང་འདྲི་ཀློག་ལས་བསོད་ནམས་ཆེ་བ་མེད་དོ་ཞེས་ཟེར་རོ། །དེ་ལ་བཤད་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། གང་ཞིག་བྱང་ཆུབ་རབ་ཏུ་དད་པ་ནི། །འདུས་བྱས་སྐྱོ་ནས་སེམས་ཅན་དོན་གྱི་ཕྱིར། །དགོན་པར་ཕྱོགས་ཏེ་གོམ་པ་བདུན་བོར་ན། །དེ་ནི་དེ་བས་བསོད་ནམས་མཆོག་ཏུ་འགྱུར། །ཞེས་གསུངས་སོ། །གཙུག་ཏོར་ཆེན་པོའི་མདོ་ལས། རྡུལ་སྙེད་ཀྱི་བསྐལ་པར་དམ་པའི་ཆོས་ཀྱི་མདོ་སྡེ་ཀློག་ཅིང་ཁ་ཏོན་བྱེད་པ་བས། ཉིན་གཅིག་གམ་མཚན་གཅིག་ཟག་པ་མེད་པའི་ཤེས་རབ་བསྒོམས་ན་བསོད་ནམས་དཔག་ཏུ་མེད་པར་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་ཤི་ལས་རིང་དུ་གྱུར་པའི་ཕྱིར་རོ་ཞེས་གསུངས་པས། མདོ་སྡེ་ཁ་ཏོན་བྱེད་པ་དང་འདྲི་བ་ནི་དོན་མི་ཆེ་བར་གསུངས་སོ། །ཁ་ཅིག་ན་རེ་རྣམ་པར་མི་རྟོག་པ་ལ་སེམས་ཅན་གྱི་དོན་བྱ་བའི་ཐབས་མེད་དོ་ཞེས་ཟེར་རོ། །དེ་ལ་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གསུམ་ལ་གནས་ཤིང་སེམས་ཅན་གང་རྣམ་པར་རྟོག་པ་ལ་སྤྱོད་པ་དེ་དག་ནི་སྟོང་པ་ཉིད་ལ་རབ་ཏུ་འགོད་དོ། །སེམས་ཅན་གང་མཚན་མ་ལ་སྤྱོད་པ་དེ་དག་ནི་མཚན་མ་ལ་སྦྱོར་རོ། །སེམས་ཅན་གང་འབྲས་བུ་ལ་སྨོན་པ་དེ་དག་ནི་སྨོན་པ་ལ་སྦྱར་རོ། །རབ་འབྱོར་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཏིང་ངེ་འཛིན་གསུམ་ལ་གནས་ཤིང༌། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ་ཞེས་གསུངས་པས། རྣམ་པར་མི་རྟོག་པ་ཉིད་ཀྱིས་སེམས་ཅན་གྱི་དོན་བྱེད་དེ། མཚན་མའི་སྒོ་ནས་ཆོས་སྟོན་པ་ནི་བདུད་ཀྱི་ལས་དང་སྡིག་པའི་གྲོགས་པོ་ཡིན་ནོ། །སངས་རྒྱས་མཛོད་ཀྱི་མདོ་ལས། རང་གིས་ཆོས་མི་ཤེས་པར་གཞན་ལ་ཆོས་སྟོན་པ་ནི་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ལོག་པར་བསྟན་པའི་ཕྱིར་རོ། །ཆོས་ལོག་པར་བཤད་ཅེས་བྱ་བ་ནི་དངོས་པོ་དང་མཚན་མར་བསྟན་པའོ་ཞེས་གསུངས་པས།


DTG110_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

མི་དམིགས་པར་སེམས་ཅན་གྱི་དོན་བྱེད་པ་ནི་མཆོག་ཏུ་གསུངས་སོ། །ཁ་ཅིག་ན་རེ་མི་རྟོག་པ་ལ་སྡིག་པ་བཤགས་པ་མེད་དོ་ཞེས་ཟེར་ན། དེ་ལ་བཤད་པ་ཕྱོགས་སུ་རྒྱས་པའི་མདོ་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་མཆོག་ཅེས་བྱ། །ཞེས་གསུངས་པས་སེམས་མི་གཡོ་བར་འདུག་པ་ཉིད་ནི་འགྱོད་ཆངས་ཀྱི་མཆོག་ཡིན་པར་གསུངས་སོ། །དེ་ཡན་ཆད་ནི་རྒོལ་བའི་ལན་དུ་ཡང་གཟུང་ངོ༌། །རྣལ་འབྱོར་བའི་གཞུང་དུ་ཡང་བཤད་པ་ཡིན་ནོ། །དེ་བས་ན་ཐམས་ཅད་མཁྱེན་པ་ཉིད་མྱུར་དུ་ཐོབ་པར་འདོད་པ་དེས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །མི་རྟོག་ཅིག་ཅར་འཇུག་པ་འདི་བཤད་པས། །ཁམས་གསུམ་སེམས་ཅན་མཐའ་ཡས་ཇི་སྙེད་ཀུན། །ཤེས་རབ་མིག་ཐོབ་དབུ་མའི་དོན་རྟོགས་ནས། །ཐམས་ཅད་མཁྱེན་པ་མྱུར་དུ་ཐོབ་པར་ཤོག །ཅིག་ཅར་འཇུག་པའི་རྣམ་པར་མི་རྟོག་པའི་བསྒོམ་དོན་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཏཱ་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་ཡི་གེར་བྲིས་པ།
རྟ་དབྱངས།


DTG110_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སཾ་པྲྀཏྟི་བོ་དྷི་ཙིཏྟ་བྷཱ་བ་ན་ཨུ་པ་དེ་ཤ་ཝརྞ་སཾ་གྲ་ཧ། བོད་སྐད་དུ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་ཡི་གེར་བྲིས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཡི་གེ་པདྨ་སྤུངས་པ་ཞེས་བྱ་བ་ཅུང་ཟད་བྲི་བར་བྱའོ། །ཤེས་རབ་སྙིང་རྗེ་ལྡན་པའི་མིས། །འགྲོ་བ་མགོན་མེད་རྣམས་ཀྱི་ཕྱིར། །དག་པར་བྱེད་ཅིང་སྡིག་སེལ་བ། །བྱང་ཆུབ་སེམས་མཆོག་རབ་བསྐྱེད་ནས། །བྱང་ཆུབ་སྤྱོད་པའི་འགྲོས་ཆེན་གྱིས། །ངེས་འབྱུང་ལམ་ནི་མཐར་འབྱིན་ན། །ཕ་དང་མ་ལ་རབ་གུས་ཤིང༌། །རྒན་ལ་སྲི་ཞུ་བྱེད་པ་དང༌། །མི་ཡི་ཆོས་ལུགས་ལེགས་སྲུང་བ། །འདི་ནི་ཡ་རབས་སྤྱོད་པ་ཡིན། །མི་འཚེ་བ་དང་བདེན་པ་དང༌། །བྱིན་ནས་ལེན་དང་ཚངས་པར་སྤྱོད། །འཛིན་པ་ཐམས་ཅད་བཏང་བ་ནི། །འདི་ནི་བདེ་འགྲོའི་སྤྱོད་པ་ཡིན། །འཁོར་བའི་སྡུག་བསྔལ་ཡོངས་མཐོང་ནས། །སྤང་ཕྱིར་བདེན་པའི་ལམ་


DTG110_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་ཞིང༌། །ཁ་ན་མ་ཐོ་གཉིས་སྤོང་བ། །འདི་ནི་ཞི་བའི་སྤྱོད་པ་ཡིན། །འདི་དག་ཀུན་ཀྱང་བླང་བྱ་སྟེ། །ངེས་འབྱུང་ལམ་གྱི་ཡན་ལག་ཡིན། །ཆོས་ཀུན་སྟོང་པ་ཉིད་རྟོགས་པས། །འགྲོ་ལ་སྙིང་རྗེའི་ཆུ་རྒྱུན་འབྱུང༌། །ཐབས་མཁས་སྤྱོད་པ་མཐའ་ཡས་པ། །ངེས་འབྱུང་མཆོག་གི་སྤྱོད་པ་ཡིན། །དེ་ཡང་ཐོག་མར་འདི་ལྟ་སྟེ། །དོན་མེད་རྣམ་པར་བསླུ་བ་ཡིན། །འཇིག་རྟེན་ཆོས་ལ་མ་ཆགས་པར། །ནགས་ཚལ་ལ་སོགས་དབེན་པར་བསྡད། །སེམས་ཉིད་གདོད་ནས་མ་སྐྱེས་པ། །རང་འབྱུང་དགོན་པ་ཡིན་མོད་ཀྱི། །ལས་དང་པོ་པའི་སེམས་ཅན་གྱིས། །ཕྱི་རོལ་དགོན་པ་ཐོག་མར་བསྟེན། །དེ་འོག་སེམས་ཉིད་དགོན་པ་བཙལ། །བྱང་ཆུབ་སྙིང་པོའི་ས་བོན་ལ། །བརྟེན་ནས་དོན་ཆེན་འདི་ལྟར་སྒྲུབ། །དེ་ཡང་ཐོག་མར་ཚད་མེད་བློ། །བཏང་སྙོམས་ས་གཞི་ལེགས་བདལ་ལ། །བྱམས་པའི་ཆུ་བོས་རྣམ་བཅུས་ལ། །རབ་ཏུ་དགའ་བའི་རྣལ་འབྱོར་པས། །སྙིང་རྗེའི་ས་བོན་ལེགས་པར་གདབ། །ལྟ་བའི་ནམ་མཁའ་གོ་ཕྱེ་ལ། །བྱང་སེམས་མྱུ་གུ་ཐབས་ཀྱིས་བསྐྱེད། །དངོས་གྲུབ་ལོ་ཏོག་རབ་བཙལ་ལ། །མ་ཆགས་བློ་ཡིས་ཀུན་ལ་སྐྱེ། །སྦྱིན་པའི་གཡབ་མོས་ལེགས་པོས་ལ། །སྙན་པར་སྨྲ་བས་གཏམ་བྱས་ཏེ། །དོན་མཐུན་པ་ཡིས་བག་ཕབ་ཅིང༌། །དོན་སྤྱོད་གྲོས་ཆེན་ངེས་པར་གདབ། །དད་པའི་ཆུ་བུམ་རབ་ཐོགས་ལ། །བདག་གཞན་སྡིག་པ་རྣམ་པར་བཀྲུ། །དྲན་པའི་ཕྲེང་བ་མཆོག་ཐོགས་ཏེ། །ཡང་དག་གདམས་ངག་གཟུངས་སུ་གཟུང༌། །ཤེས་བཞིན་མར་མེ་ལག་ཐོགས་ཏེ། །བག་ཡོད་གོམ་པ་ལེགས་པར་བོར། །ནད་མེད་སྦྱིན་པའི་ལུས་ལ་ནི། །ཚུལ་ཁྲིམས་གཙང་མའི་གོས་བགོས་ཤིང༌། །བཟོད་པའི་མདངས་ཆེན་རབ་ཕྱུང་སྟེ། །བརྩོན་འགྲུས་ཡན་ལག་ལེགས་བསྐྱོད་ལ། །ཏིང་ངེ་འཛིན་གྱི་ཁང་པ་རུ། །བསམ་གཏན་ཁ་ཟས་ལེགས་སྦྱར་ཞིང། །ཤེས་རབ་སྣང་བས་སྒོ་ཕྱེ་སྟེ། །སྟོང་ཉིད་ཡེ་ཤེས་ཁང་ཆེན་ལ། །ཁམས་གསུམ་སྐྱེ་བོ་མགྲོན་མོའི་ཚོགས། །སྨོན་ལམ་སྙིང་རྗེས་པོས་ནས་སུ། །ཐབས་མཁས་པ་ཡི་གོ་རིམས་བཞིན། །དམ་ཆོས་སྟོབས་ཀྱིས་དགའ་སྟོན་བྱ། །དད་པའི་འཁོར་ལོ་རིན་པོ་ཆེས། །ཉིན་མཚན་


DTG110_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་ལམ་སྣ་དྲང༌། །ཚུལ་ཁྲིམས་བཙུན་མོ་རིན་པོ་ཆེས། །རབ་ཏུ་མཛེས་པའི་རྒྱན་ཕྲེང་གདགས། །གཏོང་བའི་བློན་པོ་རིན་པོ་ཆེས། །བསོད་ནམས་ཡེ་ཤེས་འཕྲུལ་ཆེན་འབྱུང༌། །ཐོས་པའི་དམག་དཔོན་རིན་པོ་ཆེས། །ལོག་རྟོག་དགྲ་ཡི་གཡུལ་ངོ་གཞོམ། །ངོ་ཚ་ཤེས་པའི་རྟ་མཆོག་གིས། །ཉོན་མོངས་བདག་མེད་སྦུབས་སུ་སྦ། །ཁྲེལ་ཡོད་སྟོབས་ཀྱི་གླང་པོ་ཆེས། །ཕྱིན་ཅི་ལོག་གི་ལས་རྣམས་སྤང༌། །ཤེས་རབ་ནོར་བུ་རིན་པོ་ཆེས། །བདག་དང་གཞན་གྱི་རེ་བ་བསྐང༌། །ཡོན་ཏན་མཐའ་ཡས་འཕགས་པའི་ནོར། །ནོར་གཞན་ཕལ་པ་སྡུག་བསྔལ་རྒྱུ། །ཐོག་མར་དགེ་བཤེས་བསྟེན་པ་ཡིས། །ཕྱི་ནང་ཆོས་ཀུན་སློབ་དཔོན་ཡིན། །ནགས་སོགས་དུས་ཀྱིས་འགྱུར་བ་ཡིས། །འདུས་བྱས་མི་རྟག་སྟོང་པར་སྟོན། །ནག་སོགས་རྒྱུ་འབྲས་སོ་སོ་ཡིས། །ཀུན་རྫོབ་སླུ་བ་མེད་པར་སྟོན། །རོ་དང་རུས་པ་ཆུ་ཤིང་སོགས། །ཕྱི་ནང་ཆོས་ཀུན་བདག་མེད་སྟོན། །ཀུན་ལ་ཁྱབ་པའི་ནམ་མཁའ་ཡིས། །དོན་དམ་སྤྲོས་བྲལ་ལ་སོགས་སྟོན། །རང་བཞིན་ཡོངས་སུ་ཤེས་པའི་བློས། །ཆགས་མེད་མིག་གིས་ཕྱོགས་སུ་ལྟ། །དེ་ཚེ་ཡུལ་ན་ཅི་སྣང་ཡང༌། །སྒྱུ་མ་བཞིན་དུ་གོས་པ་མེད། །དོན་གྱི་ཆོས་ནི་རྟོགས་གྱུར་ན། །ཐ་སྙད་དག་གིས་ཅི་ཞིག་བྱ། །གྲོགས་མཆོག་རྙེད་ན་ཤིན་ཏུ་ལེགས། །དེ་ལྟ་མིན་ནའང་གཅིག་པུར་གནས། །བུང་བ་རྒྱགས་ལྡིང་གླུ་ལེན་ཅིང༌། །ལྗོན་ཤིང་ཡལ་ག་གར་བྱེད་ཅིང༌། །བྱ་རྣམས་སྙན་པའི་སྐད་ཀྱང་འབྱིན། །བསིལ་ཡབ་ངད་འཇམ་ཕྱགས་ན་གཡོ། །ཕུ་ཆུ་ལྷུང་རྒྱུན་སྒྲ་ཡང་སྒྲོགས། །མཛེས་པའི་རི་དགས་རྒྱུག་ཅིང་བསྐོར། །མེ་ཏོག་ཚོགས་ནི་དགོད་པ་འདྲ། །ཙནྡན་སྤོས་སོགས་དྲི་ངད་ལྡང༌། །དགོན་པའི་ཡོན་ཏན་འདི་ལྟ་བུས། །རང་གཞན་དག་ལ་ཕན་འདོགས་ཤིང༌། །ལན་ལ་ཅུང་ཟད་མི་རེ་སྟེ། །གྲོགས་མང་རྣལ་འབྱོར་ཅི་ཕྱིར་སྐྱོ། །འཇིག་རྟེན་ཕལ་པ་དེ་ལྟ་མིན། །ཇི་ལྟར་ནགས་ཀྱི་རི་དགས་བཞིན། །རྩ་བ་སྡོང་བུ་ལ་སོགས་བཟའ། །ཡང་ན་བུང་བས་མེ་ཏོག་བཞིན། །ཡང་དག་འཚོ་བ་གཙང་མ་བླང༌། །ཡང་ན་ཐབས་མཁས་བྱ་བཞིན་དུ། །སྡིག་མེད་གསོག་འཇོག་ཅུང་ཟད་བྱ། །ཇི་ལྟར་ནགས་ཀྱི་དོམ་བུ་


DTG110_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །དྲོ་བའི་སྐྱབས་ལ་བརྟེན་པར་བྱ། །ཡང་ན་དམན་ཞིང་མི་མཁོའི་གོས། །ཡང་ན་བསོད་ནམས་སྟོབས་དང་སྦྱར། །ཇི་ལྟར་རི་དགས་ཕྱོགས་སུ་བདས། །བག་ཕེབས་ནས་ནི་ཉལ་བ་བཞིན། །དེ་ལྟར་བླ་མས་བསྟན་པ་ཡི། །ཡང་དག་དོན་ལ་རྣལ་འབྱོར་བྱ། །བྱིང་རྒོད་དབང་དུ་མི་བཏང་བར། །ཞི་གནས་ལྷག་མཐོང་ཆ་མཉམ་མོ། །ནང་གི་ཞི་གནས་མ་རྙེད་ཀྱང༌། །ཕྱི་ཡི་ཞི་གནས་ལ་བརྟེན་ཏེ། །ཅི་ནུས་པ་ཡིས་ཆོས་སྤྱོད་ནི། །ཉིན་མཚན་གཡེལ་བ་མེད་པར་བྱ། །དེ་ལྟར་བསོད་ནམས་ཚོགས་ཀྱིས་ནི། །རང་རྒྱུད་མེ་ལོང་དག་པར་འགྱུར། །དེ་ལ་དགའ་བ་མེད་པར་ནི། །ཤེས་རབ་ཡེ་ཤེས་འཆར་བར་འགྱུར། །ཐེ་ཚོམ་མེད་ཅིང་དད་ལྡན་པས། །ཆོས་གཅིག་ནན་ཏན་བྱས་པ་ཡིས། །ཡོན་ཏན་མཐའ་ཡས་རབ་སྣང་བ། །ལོ་རྒྱུས་བཟང་དང་གཞུང་ཉིད་མཐོང༌། །དེ་ལྟ་བས་ན་ཡོན་ཏན་གྱི་སྐབས་ནས་ཀྱང༌། བྱང་ཆུབ་སེམས་དཔའ་སྤྱོད་པའི་འབྱུང་ཁུངས་སོ་ཞེས་པ་དང༌། བླང་བ་དང་དོར་བའི་དངོས་པོའི་བྱེ་བྲག་ཕྱེད་པའི་ཤེས་རབ་ཉིད་དོ་ཞེས་པ་དང༌། མིང་ཡང་དག་པར་བརྗོད་པ་འདི་ནི་སངས་རྒྱས་ཀྱི་ཆོས་ཡང་དག་པའི་བར་དུ་ཡང་ཡོངས་སུ་རྫོགས་པར་བྱའོ། །ཞེས་པས་བསྟན་ཏོ། །བློ་ཡང་རྒྱ་མཚོ་ལྟ་བུ་ལ། །སྤྱོད་པ་མཐའ་ཡས་པདྨ་གསལ། །བློ་དམན་རྫིང་བུ་ལྟ་བུའི་ཕྱིར། །པདྨ་སྤུངས་པ་ཙམ་འདི་བྲིས། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཡི་གེ་པདྨ་སྤུངས་པ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་རྟ་དབྱངས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝར་མ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

དོན་དམ་པ་བྱན་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ་ཡི་གེར་བྲིས་པ།
རྟ་དབྱངས།


DTG110_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པ་རམ་ཨརྠ་བོ་དྷི་ཙིཏྟ་བྷཱ་བ་ན་ཀྲ་མ་ན་ཝརྞ་སཾ་གྲ་ཧ། བོད་སྐད་དུ། དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ་ཡི་གེར་བྲིས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཡི་གེ་རིན་པོ་


DTG110_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་སྒྲོན་མ་ཞེས་བྱ་བ་ཅུང་ཟད་བྲི་བར་བྱའོ། །ཇི་ལྟར་སྣང་ཞིང་གྲག་པའི་ཆོས། །དེ་ལྟར་གྲུབ་ཅིང་བདེན་པ་མིན། །སྣ་ཚོགས་ཅིར་ཡང་འགྱུར་བའི་ཕྱིར། །དཔེར་ན་མིག་འཕྲུལ་རྣམ་པ་བཞིན། །ངོ་བོ་ཉིད་མེད་ནམ་མཁའ་འདྲ། །རྟེན་འབྲེལ་ཙམ་ལས་བྱུང་བའི་ཕྱིར། །ཤིན་ཏུ་མེད་པའང་མ་ཡིན་ཏེ། །དཔེར་ན་རྨི་ལམ་རྒྱུ་འབྲས་བཞིན། །བདེན་པ་མ་གྲུབ་རྫུན་མི་བཟློག །དེ་ལྟའི་དོན་ཉིད་མ་ཤེས་པས། །འཁྲུལ་རྟོག་རྐྱེན་གྱིས་རབ་བསླུས་ཏེ། །མི་བཟད་སྡུག་བསྔལ་འཁོར་ལོ་བསྐོར། །ཁ་ཅིག་ཡོད་མཐོང་མེད་བལྟས་པས། །སྡིག་པའི་ལས་བྱས་སྡུག་བསྔལ་མྱོང༌། །དཔེར་ན་མི་ཤེས་པ་ཡི་མིས། །རྣམ་པར་ལྡང་བའི་དུག་འཐུངས་ཤིང༌། །ཁ་ཅིག་དགེ་བའི་ལས་བྱེད་ཀྱང༌། །རྣམ་པར་དབེན་དོན་མ་ཤེས་པས། །རྨི་ལམ་ཡུལ་གྱི་བདེ་བ་བཞིན། །རེ་ཞིག་ཐོབ་ཀྱང་སླར་ཉམས་འགྱུར། །དེ་ལྟར་འཇིག་རྟེན་ཕལ་པ་ཡིས། །ཡང་དག་བདག་མེད་དེ་བཞིན་ཉིད། །དོན་དམ་འཇམ་དཔལ་མཐོང་བ་མིན། །དེ་བས་འགྲོ་དྲུག་སྙིང་རྗེའི་ཡུལ། །ཁ་ཅིག་རྡུལ་ཕྲན་དོན་དག་ནི། །རྟེན་འབྲེལ་བློ་ཡིས་མངོན་སུམ་མཐོང༌། །ཁ་ཅིག་རྗེས་སུ་རྗེས་དཔག་ཤེས། །གཉིས་ཀས་ཆོས་ཀྱི་བྱེ་བྲག་རྟོགས། །སྡུག་བསྔལ་དང་ནི་དེ་རྒྱུ་དག །སྤངས་ཏེ་བདག་ཉིད་ཞི་བྱའི་ཕྱིར། །སྒྲུབ་པ་བདུན་ལ་གནས་ནས་ནི། །བསྒྲུབ་པ་གཅིག་གི་ཐར་པར་འདོད། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཆོས་དབྱིངས་འཇམ་དཔལ་མཐོང་བ་མིན། །ཁ་ཅིག་ཤེས་རབ་རྩལ་གྱིས་ནི། །གཟུང་བ་སྟོང་པར་རབ་ཤེས་ཤིང༌། །འཛིན་པ་རྫས་སུ་གྲུབ་པར་ལྟ། །འཁོར་བ་མ་རིག་རྒྱུ་ལས་བྱུང༌། །བཟློག་ཕྱིར་རིག་པའི་ཡེ་ཤེས་བསྒོམ། །གཞན་དོན་ཅུང་ཟད་སྤྱོད་གྱུར་ཡང༌། །ལུས་ཀུན་ལས་ནི་རྣམ་གྲོལ་བའི། །དོན་དམ་འཇམ་དཔལ་མངོན་པ་མིན། །རགས་པའི་ཆོས་ནི་མ་གྲུབ་ན། །ཕྲ་བའི་ཆོས་ཀྱང་འགྲུབ་པ་མིན། །ཆོས་ནི་རང་ཏུ་མཐོང་གྱུར་ན། །ཆོས་ཉིད་དེ་ཉིད་མ་མཐོང་བས། །དཔེར་ན་སྨིག་རྒྱུ་མ་བརྟགས་པར། །ཆུ་བོས་འཇིགས་ནས་སྤོང་བ་བཞིན། །ཁ་ཅིག་རྣམ་པར་འཁྲུལ་པར་སྨྲ། །དཔེར་ན་ནམ་མཁའ་གཟུགས་མཐོང་བཞིན། །སེམས་ཉིད་སྣང་མེད་མཁའ་འདྲ་བ། །དོན་དམ་ཉིད་དུ་གྲུབ་པར་


DTG110_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

འདོད། །ཁ་ཅིག་ཆོས་ཀུན་རང་རིག་ལུས། །སྣ་ཚོགས་བརྟགས་པས་རྣམ་པར་དབེན། །དཔེར་ན་རྨི་ལམ་ཉམས་མྱོང་བཞིན། །གཉིས་མེད་ཡེ་ཤེས་གྲུབ་པར་འདོད། །ཆགས་དང་སྡང་བ་སྤངས་པ་དང༌། །ཐབས་མཁས་བློ་ཆེན་དེ་ཡིས་ཀྱང༌། །རྣམ་ཤེས་ཆོས་ཉིད་ལས་འདས་པའི། །ཆོས་དབྱིངས་འཇམ་དཔལ་མཐོང་བ་མིན། །སེམས་ཉིད་བདེ་བའི་དེ་ཉིད་ལ། །འདིར་ནི་ཅུང་ཟད་རྣམ་བརྟགས་ན། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ཀ་ལས་མིན་རྒྱུ་མེད་མིན། །ཡོད་པ་ཡོད་ཕྱིར་སྐྱེ་མི་རིགས། །ཡང་ན་སྐྱེ་བ་ཐུག་མེད་འགྱུར། །མེད་པ་མེད་པས་སྐྱེ་མི་རིགས། །ཡང་ན་ཅིག་ཅར་སྐྱེ་བར་འགྱུར། །དེ་ཕྱིར་ཡང་དག་སྐྱེ་མེད་ཕྱིར། །བརྫུན་པས་དབེན་པ་གྲུབ་པ་མིན། །གལ་ཏེ་གྲུབ་པ་མཐའ་ཡས་པའི། །གནོད་པ་འདི་ལ་རབ་ཏུ་འདུ། །དེས་ནམ་བརྟགས་ཉམས་དགའ་སྟེ། །སྒྱུ་མ་ཙམ་ལ་བརྟགས་པས་བསླུས། །སེམས་ནི་སྒྱུ་མའི་རྣམ་པ་སྟེ། །བྱང་ཆུབ་ཀྱང་ནི་སྒྱུ་མ་འདྲ། །དེས་ཀྱང་ཚིག་ཏུ་བརྗོད་སྤངས་ཏེ། །སྤྲོས་བྲལ་འཇམ་དཔལ་མཐོང་བ་མིན། །སྒྱུ་མ་སྒྱུ་མ་ཙམ་མིན་ཏེ། །གལ་ཏེ་ཡིན་ན་དེ་མི་གྲུབ། །གྲུབ་ན་གཞན་གྱི་གཞུང་ལུགས་ཀྱང༌། །སྒྱུ་མའི་ཆོས་སུ་ཐལ་བར་འགྱུར། །དེ་ཕྱིར་སྒྱུ་མའི་རང་བཞིན་ནི། །སྒྱུ་བཞིན་འདི་ཞེས་བརྗོད་དུ་མེད། །འོན་ཀྱང་ཐུགས་རྗེ་ལྡན་པ་ཡིས། །བདེན་པ་གཉིས་ཀྱི་ཚུལ་གནས་ཏེ། །ཐ་སྙད་དོན་ལ་རབ་བརྟེན་ནས། །བདག་མེད་སེང་གེའི་སྒྲ་ཆེན་བསྒྲགས། །སྟོང་པ་ཉིད་སོགས་རྣམ་གྲངས་སྒོ། །སྒྱུ་མ་འདྲ་སོགས་དཔེ་མཐའ་ཡས། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །མི་གནས་དབུ་མ་ཉེ་བར་མཚོན། །མཚོན་ཀྱང་མཚོན་བྱ་མ་ཡིན་ཏེ། །འདི་ལ་བསལ་བྱ་ཅི་ཡང་མེད། །སྟོང་པ་ཉིད་ཀྱང་སྟོང་པས་སྟོང༌། །འདི་ལ་སངས་རྒྱས་སེམས་ཅན་མེད། །བདག་གཞན་སྣང་ཞིང་སྲིད་པའི་ཆོས། །རྣམ་གྲོལ་རྣམ་པར་བཅིངས་པ་ཡང༌། །མིང་ཙམ་མིང་ཡང་ཡོད་མ་ཡིན། །ཐམས་ཅད་ནམ་མཁའ་དང་འདྲ་སྟེ། །དེ་ལྟར་ཆོས་རྣམས་མཐོང་མེད་ན། །མི་མངོན་མི་སྣང་འཇམ་དཔལ་མཐོང༌། །སྐྱེ་དང་སྲིད་པའི་འཆི་བ་ཡི། །འཁོར་བའི་རྒྱ་མཚོ་ཕ་རོལ་འགྲོ། །དེ་ལྟ་བས་ན་ཡོན་ཏན་གྱི་སྐབས་ནས་ཀྱང༌། ལྟ་བ་ངན་པའི་


DTG110_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་ཚིང་མ་ལུས་པར་སེལ་བའོ་ཞེས་པ་དང༌། ཆོས་ཐམས་ཅད་བརྗོད་དུ་མེད་པའི་རང་བཞིན་ཉིད་དོ་ཞེས་པ་དང༌། ཆོས་ཀྱི་རྒྱལ་པོར་འགྱུར་རོ་ཞེས་པས་བསྟན་ཏོ། །བློ་མཆོག་ས་གཞི་ལྟ་བུ་ལ། །དམ་ཆོས་ཉི་ལྟར་ཀུན་ནས་གསལ། །བློ་དམན་ཁང་བུ་ལྟ་བུའི་ཕྱིར། །རིན་ཆེན་སྒྲོན་མ་ཙམ་འདི་བྲིས། །དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཡི་གེ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ཆེན་པོ་རྟ་དབྱངས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

བྱང་ཆུབ་སེམས་བསྒོམ་པ།


DTG110_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བྷཱ་བ་ན། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་བསྒོམ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་འགྲེལ་པ་བཤད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སེམས་ཀྱིས་བསྒྲུབས་པའོ། ཞེས་གསུངས་པ་དེ་ཉིད་ཀྱི་ཕྱིར་རེ་ཞིག་སེམས་ཀྱི་རང་བཞིན་ཅི་ཞེས་བརྟག་པར་བྱའོ། །དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དེ། །གཟུང་དང་འཛིན་པ་སྤངས་གྱུར་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་པའི་ཚིག་འདིའི་དོན་ཅི་ཞེ་ན། དངོས་པོ་ཐམས་ཅད་ཅེས་པའི་དངོས་པོའི་སྒྲས་བདག་ལ་སོགས་པ་བརྗོད་དོ། །འདི་སྐད་བཤད་པ་ཡིན་ཏེ། བདག་དང་སེམས་ཅན་དང་སྲོག་དང་གསོ་བ་དང་སྐྱེས་བུ་དང་གང་ཟག་དང་ཤེད་ལས་སྐྱེས་དང་ཤེད་བུ་དང་བྱེད་པ་པོ་དང་ཚོར་བ་པོ་ལ་སོགས་པའོ། །དེ་ནི་སེམས་ཀྱི་རང་བཞིན་མ་ཡིན་ཏེ། ཅིའི་ཕྱིར་ན། དེ་རྣམས་ཉིད་ལ་བདག་ལ་སོགས་པའི་བྱ་བའི་མཚན་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་བདག་ལ་སོགས་པ་དངོས་པོར་ཡོད་པ་མ་ཡིན་ན་དེ་སེམས་ཀྱི་རང་བཞིན་ཡིན་པ་ལྟ་ཅི་སྨོས། དེའི་ཕྱིར། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དེ། །སེམས་ཀྱི་རང་བཞིན་མ་ཡིན་པར་འགྱུར་རོ་ཞེས་གསུངས་པ། ཕུང་པོ་ཁམས་དང་སྐྱེ་མཆེད་དེ། །གཟུང་དང་འཛིན་པ་སྤངས་གྱུར་པའོ། །འདི་ལྟར་ཕུང་པོ་ལ་སོགས་པ་ཉིད་དངོས་པོར་


DTG110_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པར་མི་དམིགས་ན་དེ་སེམས་ཀྱི་རང་བཞིན་ཡིན་པ་ལྟ་ཅི་སྨོས། ཕུང་པོ་ནི་རང་བཞིན་མ་ཡིན་ཏེ། ཅི་ལྟར་ན་རེ་ཞིག་གཟུགས་ལ་སོགས་པ་ནི་ཕུང་པོ་རྣམས་ཀྱི་རང་བཞིན་མ་ཡིན་པའི་ཕྱིར་རོ། །གཟུགས་ཀྱི་ཕུང་པོ་ནི་རེ་ཞིག་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་རང་བཞིན་ནོ། །འབྱུང་བ་རྣམས་ནི་ས་དང་ཆུ་དང་མེ་དང་རླུང་གི་ཁམས་རྣམས་སོ། །འབྱུང་བ་ལས་གྱུར་པ་རྣམས་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་སོ། །ས་ལ་སོགས་པའི་འབྱུང་བ་འདི་རྣམས་དང་འབྱུང་བ་ལས་གྱུར་པ་འདི་རྣམས་རེ་རེའམ་སོ་སོའི་དངོས་པོ་མི་དམིགས་སོ། །གང་ན་གཅིག་ཡོད་པ་དེ་ན་ཅིག་ཤོས་ཀྱང་ངོ་ཞེས་པ་དེའི་ཕྱིར་གཟུགས་ཙམ་མོ། །དགེ་སློང་དག་གཟུགས་ཀྱི་ཕུང་པོ་ནི་གཟུགས་ཀྱི་ཕུང་པོས་སྟོང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་ཤིང་མེད་ན་གྲིབ་མ་མེད་པ་བཞིན་ནོ། །དེ་ལྟར་ན་གཟུགས་ཡོངས་སུ་མ་གྲུབ་པོ། །དེ་བཞིན་དུ་ཚོར་བའི་ཕུང་པོ་ཡང་ཡོངས་སུ་མ་གྲུབ་སྟེ། ཇི་ལྟར་ན་ཚོར་བ་རྣམ་པ་གསུམ་སྟེ། བདེ་བ་དང་སྡུག་བསྔལ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའོ། །འདི་དག་ཕན་ཚུན་ལྟོས་པ་ཉིད་ཀྱི་ཕྱིར་ཏེ། སྡུག་བསྔལ་ལ་ལྟོས་ནས་བདེ་བར་བཏགས་སོ། །གང་ཆོས་འབའ་ཞིག་གི་རང་བཞིན་ཉིད་ཀྱང་ཉེ་བར་མི་དམིགས་ཏེ། མོ་གཤམ་གྱི་བུ་བཞིན་དེ་ནི་རྫས་སུ་མེད་པ་ཉིད་དོ། །རིང་པོ་དང་ཐུང་ངུ་བཞིན་ཉམས་སུ་མྱོང་ངོ༌། །ཡང་ཚོར་བ་རྣམ་པ་གཉིས་ཏེ། ལུས་ཀྱི་ངང་སེམས་ཀྱིའོ། །ལུས་ཀྱི་ནི་རེ་ཞིག་གཟུགས་ཀྱི་ཕུང་པོས་བསྡུས་པའི་ཕྱིར་ཉེ་བར་མི་དམིགས་སོ། །དེས་ན་ལུས་མེད་པའི་ཕྱིར་ལུས་ཀྱི་ཚོར་བ་མི་འགྲུབ་པོ། །སེམས་ཀྱང་ཡུལ་མེད་པ་བསྟན་དུ་མེད་པ་གནས་མེད་པ་བརྟག་ཏུ་མེད་པ་བལྟར་མེད་པ་སྣང་བ་མེད་པ་རྣམ་པར་རིག་པ་མེད་པའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ན་དེ་ལ་ཚོར་བ་ཅི་འདྲ་བ་ཞིག །དེས་ན་སེམས་མེད་པའི་ཕྱིར་སེམས་ལས་བྱུང་བའི་ཚོར་བ་མི་འགྲུབ་བོ། །དགེ་སློང་དག་ཚོར་བའི་ཕུང་པོ་ནི་ཚོར་བའི་ཕུང་པོས་སྟོང་ངོ་ཞེས་གསུངས་པའི་ཕྱིར་ཚོར་བའི་ཕུང་པོ་ཡང་ཡོངས་སུ་མ་གྲུབ་བོ། །འདུ་ཤེས་ཀྱི་ཕུང་པོ་ནི་མིང་ཙམ་ཉིད་ཀྱི་ཕྱིར་མེད་པ་ཉིད་དོ། །མཚན་


DTG110_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

མར་འཛིན་པའི་བདག་ཉིད་ནི་འདུ་ཤེས་ཏེ། དེ་ལ་དེ་བཞིན་དུ་དངོས་པོ་ཡོད་པ་མ་ཡིན་ན་གང་ལ་མཚན་མར་འཛིན་པར་བྱེད། དེའི་ཕྱིར་རྒྱུ་མཚན་མེད་ན་རྒྱུ་མཚན་ཅན་ཡང་མེད་དོ་ཞེས་དང༌། དགེ་སློང་དག་འདུ་ཤེས་ཀྱི་ཕུང་པོ་ནི་འདུ་ཤེས་ཀྱི་ཕུང་པོས་སྟོང་ངོ་ཞེས་གསུངས་པའི་ཕྱིར་འདུ་ཤེས་ཀྱི་ཕུང་པོ་ཡང་ཡོངས་སུ་མ་གྲུབ་བོ། །འདུ་བྱེད་ཀྱི་ཕུང་པོ་ཡང་དེ་བཞིན་དུ་སྙིང་པོ་མེད་པའི་ཕྱིར་ཏེ། ཅི་ལྟར་སྙིང་པོ་མེད་ཅེ་ན། ཚོགས་པ་ཙམ་ཉིད་ཀྱི་ཕྱིར་ཏེ། ཚོར་བ་དང་འདུ་ཤེས་དང་སེམས་པ་དང་འདུན་པ་དང་རེག་པ་དང༌། བློ་གྲོས་དྲན་པ་དང་ཡིད་ལ་བྱེད་པ་དང་མོས་པ་ཞེས་བྱ་བ་སེམས་ལས་བྱུང་བ་འདི་རྣམས་དང༌། སྐྱེ་བ་ལ་སོགས་པ་མི་ལྡན་པ་རྣམས་ཀྱང་འདུ་བྱེད་ཀྱི་ཕུང་པོ་ཉིད་དུ་བསྟན་ཏོ། །སེམས་ལས་བྱུང་བའི་ཆོས་དེ་རྣམས་རེ་རེ་བའམ་སོ་སོར་སྐྱེ་བ་ཡོད་པ་མ་ཡིན་ཏེ། འདུ་བྱེད་ཀྱི་ལས་ཀྱི་མཚན་ཉིད་ཀྱི་ཕྱིར་མེད་པ་ཉིད་དོ། །བྱེད་པ་པོ་མེད་ན་བྱ་བ་ཡང་མེད་དེ། དགེ་སློང་དག་འདུ་བྱེད་ཀྱི་ཕུང་པོ་ནི་འདུ་བྱེད་ཀྱི་ཕུང་པོ་ཉིད་ཀྱིས་སྟོང་ངོ་ཞེས་གསུངས་པའི་ཕྱིར་འདུ་བྱེད་ཀྱི་ཕུང་པོ་ཡང་ཡོངས་སུ་མ་གྲུབ་བོ། །མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དེ་རྣམས་རེ་རེའམ་སོ་སོ་བ་རང་བཞིན་མི་དམིགས་སོ། །དེ་ལྟར་མིག་ལ་བརྟེན་ནས་གཟུགས་རྣམས་ལ་མིག་གི་རྣམས་པར་ཤེས་པ་སྐྱེ་བ་གཟུགས་ཀྱི་ཕུང་པོ་ཉིད་ཡོད་ན་མིག་དང་གཟུགས་ལས་སྐྱེ་ན། མིག་དང་གཟུགས་མེད་ན་ཅི་ལྟར་རྣམ་པར་ཤེས་པ་སྐྱེ། དེ་ལྟར་རེ་ཞིག་མིག་གི་རྣམ་པར་ཤེས་པ་སྐྱེ་བའོ། །རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་རྣམས་ཀྱང་རིགས་པ་འདི་ཉིད་ཀྱིས་ཤེས་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ལ་བརྟན་ནས་ཆོས་རྣམས་ལ་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བ་དེ་ཡང་འདས་པར་གྱུར་པ་ནི་རྒྱུ་མེད་པ་ལ་ཅི་ལྟར་རྣམ་པར་ཤེས་པ་སྐྱེ། དེ་ལྟར་རེ་ཞིག་འདས་པའི་རྣམ་པར་ཤེས་པ་ནི་འགགས་པའོ། །མ་འོངས་པ་ནི་མ་ཐོབ་པ་དང༌། །ད་ལྟར་བྱུང་བ་ནི་གནས་པ་མེད་དོ། །དེའི་ཕྱིར་ཆོས་གང་དུས་གསུམ་དུ་ཡང་རང་བཞིན་མི་དམིགས་པ་དེའི་ཡོད་པ་ནི་ཅི་ལྟ་བུ་ཞིག་ཡིན། དགེ་སློང་དག་རྣམ་པར་ཤེས་པའི་ཕུང་པོ་ནི་རྣམ་པར་ཤེས་


DTG110_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕུང་པོ་ཉིད་ཀྱིས་སྟོང་ངོ་ཞེས་གསུངས་པའི་ཕྱིར་རྣམ་པར་ཤེས་པའི་ཕུང་པོ་ཡང་ཡོངས་སུ་མ་གྲུབ་བོ། །དེ་ཉིད་ཀྱིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ངེས་པར་བསྟན་པ་སོ་སོ་བ་བསལ་ཟིན་ཏོ། །ཕུང་པོ་མེད་པ་ཉིད་ཀྱིས་དེ་རྣམས་ཀྱི་རང་བཞིན་མེད་པ་ཉིད་གྲུབ་བོ། །དེས་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རང་བཞིན་དང་བྲལ་བའི་ཕྱིར་སེམས་དེ་གཟུང་བ་དང་འཛིན་པ་ལས་རྣམ་པར་གྲོལ་བ་སྟེ། སེམས་དེའི་གཟུང་བ་མེད་ན་འཛིན་པ་ཡང་མེད་པའི་ཕྱིར་རོ། །རེ་ཞིག་གཟུང་བ་མེད་པ་ཇི་ལྟར་ཞེ་ན། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་སེམས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །གསང་བ་པའི་བདག་པོ་སེམས་ནི་སྔོན་པོ་མ་ཡིན་སེར་པོ་མ་ཡིན་དཀར་པོ་མ་ཡིན་དམར་པོ་མ་ཡིན་བཙོད་ཀ་མ་ཡིན་ཤེལ་གྱི་ཁ་དོག་མ་ཡིན་རིང་པོ་མ་ཡིན་ཐུང་དུ་མ་ཡིན་ཟླུམ་པོ་མ་ཡིན་གྲུ་བཞི་མ་ཡིན་སྣང་བ་མ་ཡིན་མུན་པ་མ་ཡིན་བུད་མེད་མ་ཡིན་སྐྱེས་པ་མ་ཡིན་མ་ནིང་མ་ཡིན། གསང་བ་པའི་བདག་པོ་སེམས་ནི་འདོད་པའི་ཁམས་ཀྱི་རང་བཞིན་མ་ཡིན། གཟུགས་ཀྱི་ཁམས་ཀྱི་རང་བཞིན་མ་ཡིན། གཟུགས་མེད་པའི་ཁམས་ཀྱི་རང་བཞིན་མ་ཡིན། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོའི་རང་བཞིན་མ་ཡིན། མི་དང་མི་མ་ཡིན་པའི་འགྲོ་བའི་རང་བཞིན་མ་ཡིན་པ་ནས་ཇི་སྲིད་རྣམ་པ་ཐམས་ཅད་དུ་བཙལ་ན་མི་དམིགས་སོ་ཞེས་གསུངས་སོ། །དེ་ལྟར་ན་རེ་ཞིག་གཟུང་བའི་སེམས་དེ་མེད་པ་ཡིན་ནོ། །ཅི་ལྟར་འཛིན་པ་མེད་པ་ཡིན་ཞེ་ན། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། གསང་བ་པའི་བདག་པོ་སེམས་ནི་ནང་ན་མ་ཡིན་ཕྱི་རོལ་ན་མ་ཡིན་གཉིས་ཀའི་བར་ན་ཡང་མི་དམིགས་ན། དེ་ཅི་ལྟར་འཛིན་པར་འགྱུར། དེ་ལྟར་ན་གཟུང་བ་དང་འཛིན་པ་དང་བྲལ་བའོ། །དེ་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ་སེམས་དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རོ། །དེའི་ཕྱིར་ཆོས་གང་རྣམ་པ་ཐམས་ཅད་དུ་ཡོངས་སུ་བཙལ་ན་རང་བཞིན་མི་དམིགས་པ་དེ་ཅི་ལྟར་འཛིན་པར་འགྱུར། དེ་ལྟར་སེམས་ནི་གཟུང་བ་དང་འཛིན་པ་ལས་རྣམ་པར་གྲོལ་བའོ། །ཆོས་བདག་


DTG110_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་མཉམ་པ་ཉིད་པས་ཞེས་པ་ལ། ཇི་ལྟར་ཆོས་ཐམས་ཅད་བདག་མེད་པ་དེ་ལྟར་སེམས་ཀྱང་སྟེ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། ཆོས་ཐམས་ཅད་ནི་སྟོང་པའོ། །སེམས་དེ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །ཆོས་ཐམས་ཅད་ནི་དབེན་པའོ། །སེམས་དེ་ཡང་དབེན་པའི་མཚན་ཉིད་དོ། །ཞེས་སོ། །དེའི་ཕྱིར། ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པའོ། །གང་ཡང་གདོད་མ་ཉིད་ནས་མ་སྐྱེས་པ་སྐྱེ་བ་མེད་པ་དེའི་རང་བཞིན་ཅི་འདྲ་བ་ཞིག་ཅེ་ན། སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་སོ། །སྟོང་པ་ཉིད་ཀྱི་རང་བཞིན་ཅི་ཞེ་ན། འདི་ལྟ་སྟེ་ནམ་མཁའི་རང་བཞིན་ནོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། སྟོང་པ་ནི་ནམ་མཁའོ། །སེམས་དེ་ཡང་ནམ་མཁའ་དང་མཉམ་པའོ། །དེའི་རང་བཞིན་ནི་བྱང་ཆུབ་བོ། །ཇི་ལྟར་ནམ་མཁའ་རང་བཞིན་མེད་པ་མིང་ཙམ་དུ་སྐྱེས་པ་དེ་ལྟར་སེམས་དེ་ཡང་རང་བཞིན་མེད་པ་མིང་ཙམ་དུ་སྐྱེས་པའོ། །དེ་ལྟར་སེམས་ནི་སྐྱེ་བ་དང་འགག་པ་མེད་པར་རྟོགས་པར་བྱའོ། །དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བྱང་ཆུབ་གང་ཞེ་ན། སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་སྟེ། དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་ལ་གསང་བ་པའི་བདག་པོ་ཆོས་ཐམས་ཅད་མེད་ཅིང་མི་དམིགས་པ་དེས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་མཚན་ཉིད་དེ་ནི་བྱང་ཆུབ་བོ། །དེ་ལ་ནི་རྟོགས་པ་དང་རྟོགས་པར་བྱ་བ་འགའ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་ནམ་མཁའི་མཚན་ཉིད་ཀྱི་ཕྱིར་རོ། །དེས་ན་རང་གི་སེམས་ཡང་དག་པ་ཇི་ལྟར་བ་བཞིན་མཐོང་བའི་རྗེས་སུ་ཐབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་དམིགས་པ་འབྱུང་སྟེ། ཀྱེ་མ་མ་ལ་སེམས་ཅན་འདི་དག་ནི་སྡུག་བསྔལ་བར་གྱུར་ཏེ། གང་འདི་དག་རང་གི་སེམས་ཀྱི་རང་བཞིན་མ་རྟོགས་པ། ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པའི་གདོན་གྱིས་ཟིན་པ། འཁོར་བར་སྡུག་བསྔལ་རྣམ་པ་སྣ་ཚོགས་སོ་སོར་ཉམས་སུ་མྱོང་བར་འགྱུར་བ་སྟེ། སེམས་ཅན་འདི་རྣམས་ཀྱིས་རང་གི་སེམས་


DTG110_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོས་ཉིད་ཀྱི་རང་བཞིན་རྟོགས་པར་བྱ་བའི་ཕྱིར་འབད་ཅིང་བརྩལ་བར་བྱའོ་སྙམ་མོ། འདི་ནི་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པའི་རང་གི་སེམས་སེམས་ཅན་ཐམས་ཅད་ལ་ལྷག་པར་གནས་པ་སྐྱེ་བ་སྟེ། འདི་བྱང་ཆུབ་ཀྱི་སེམས་སུ་བརྗོད་པར་བྱའོ། །ཇི་སྐད་དུ། གང་ཚེ་ནམ་མཁའ་མཉམ་ཡེ་ཤེས། །བྱང་ཆུབ་འབྱུང་བ་སྐྱེས་གྱུར་པ། །དེ་ཚེ་སེམས་ནི་གཞན་དོན་ལ། །གཅིག་ཏུ་ཕྱོགས་པ་སྐྱེ་བར་འགྱུར། །གང་དེ་ལྟར་བསྒོམ་པ་དེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་སྟེ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་འདི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་བྱང་ཆུབ་མཆོག་གི་སྤྱོད་པ་འདི་ཡང་རྩ་བ་སྟེ། །གཟུངས་དང་སོ་སོ་ཡང་དག་པར་རིག་པ་དང༌། མཚན་དང་དཔེ་བྱད་དང་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་ནོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ངས་བྱང་ཆུབ་སེམས་ཀྱི་ཡོན་ཏན་རྗེས་སུ་བསྔགས་པ་ལས་བརྩམས་ཏེ་བསྟན་ན་བསྐལ་པར་ཡང་མཐས་གཏུགས་པར་མི་འགྱུར་རོ་ཞེས་གསུངས་སོ། །དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་གཞིར་གྱུར་པ་ཡིན་ནོ། །དེ་ལྟ་བས་ན་འདི་ལ་རྣལ་འབྱོར་དུ་བྱའོ། །ཞེས་པ་སློབ་དཔོན་ཀ་མ་ལ་ཤཱི་ལའི་ཞབས་ཀྱིས་མཛད་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་རྫོགས་སོ།། །།ཞ་ལུ་ལོ་ཙཱ་བ་དགེ་སློང་དྷརྨྨ་པཱ་པ་བྷ་དྲ་ཞེས་བགྱི་བས་གྲྭ་ཐང་དུ་བསྒྱུར་བའོ།། །།

ཚད་མེད་བཞིའི་རྒྱ་ཆེར་འགྲེལ་པ།
སངས་རྒྱས་གསང་བ།


DTG110_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་བཞིའི་རྒྱ་ཆེར་འགྲེལ་པ་བཞུགས། བྱམས་པ་དང་ནི་སྙིང་རྗེ་དང༌། །དགའ་བ་དང་ནི་བཏང་སྙོམས་ཏེ། །དེ་དག་ཆེན་པོ་ཚད་མེད་པ། །འབད་པས་བསྒོམ་ཕྱིར་འདིར་བཤད་བྱ། །འདི་ལྟར་སེམས་ཅན་ཚད་མེད་པ་ལ་དམིགས་པ་དང༌། ཚོགས་ཚད་མེད་པ་དང༌། ཆོས་ཚད་མེད་པ་དང༌། ཡེ་ཤེས་ཚད་མེད་པའོ། །དེ་ལ་སེམས་ཅན་ཚད་མེད་པ་ནི་ཁམས་གསུམ་པའི་སེམས་ཅན་མང་ཉུང་འདི་ཙམ་ཞིག་ཡོད་དོ་ཞེས་དཔག་པར་མི་ནུས་པས་ན་སེམས་ཅན་ཚད་མེད་པ་ཞེས་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་འཕགས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསྟན་པའི་མདོ་ལས་འདི་སྐད་དུ། རིགས་ཀྱི་


DTG110_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཕྱོགས་འདི་ཉིད་ན་ཤིང་རྟའི་འཕང་ལོ་ཙམ་གྱི་བུག་པ་ན་གནས་པར་གྱུར་པའི་སེམས་ཅན་གང་དག་དེ་བཞིན་གཤེགས་པས་གཟིགས་པར་གྱུར་པ་དེ་དག་ནི་ཆེས་མང་གི །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་དང་མི་རྣམས་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟར་སྣང་བར་མ་གྱུར་པའི་སེམས་ཅན་གྱི་ཁམས་ནི་ཚད་མེད་དོ་ཞེས་གསུངས་ཏེ། དེ་ལྟ་བས་ན་སེམས་ཅན་གྱི་ཁམས་ཚད་མེད་པ་གཟུང་བར་མི་ནུས་པས་ན་སེམས་ཅན་ཚད་མེད་པ་ཞེས་བྱའོ། །ཚད་མེད་པ་བསྒོམས་པས་སེམས་ཅན་ཚད་མེད་པ་ལ་ཅི་ལྟར་དམིགས་པར་བྱ་ཞིང་བསྒོམ་ཞེ་ན། འདི་ལྟར་ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་དུས་ནས། སོ་སོའི་ལས་ཀྱི་དབང་གིས་གནས་མཐོན་དམན་དུ་འཁོར་བ་འདི་དག་བདག་དང་ལན་བརྒྱ་སྟོང་དུ་མར་གཉེན་དུ་མ་གྱུར་པ་མེད་དེ། འདི་ནི་བདག་གི་གཉེན་ཡིན་ནོ་སྙམ་ནས། སེམས་ཅན་ཐམས་ཅད་ལ་ཚད་མེད་པ་བཞི་པོས་བཏང་སྙོམས་སུ་གནས་པ་འདི་ནི་སེམས་ཅན་ཚད་མེད་པ་ལ་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ཚོགས་ཚད་མེད་པ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་སྟེ། རྒྱུར་གྱུར་པ་ནི་ཆོས་བཞི་པོ་ཡིན་ལ་དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་རྣམ་པ་གཉིས་བསྐྱེད་པའི་རྒྱུའམ་ངོ་བོ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་མདོ་དག་ལས་གསུངས་པ། རིགས་ཀྱི་བུ་བྱམས་པའི་ཏིང་ངེ་འཛིན་བསྒོམ་པ་སྟན་ལས་མ་ལངས་པ་ལ་ཡོན་འབུལ་བར་བྱེད་པ་ནི་བསོད་ནམས་དཔག་ཏུ་མེད་པ་བསྐྱེད་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུ་སྟེ། འདི་ལྟར་བྱམས་པ་ལ་སོགས་པ་ཚད་མེད་པ་བསྒོམ་པའི་མི་ལ་ཡོན་ཕུལ་བས་ཀྱང་བསོད་ནམས་མང་པོ་འཐོབ་ན་གང་ཚད་མེད་པ་རྣམས་སུ་དངོས་སུ་ཉམས་སུ་བླངས་ཏེ་བསྒོམས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། བསོད་ནམས་ཀྱི་ཕུང་པོ་གོང་མ་བས་ཆེས་མང་དུ་བསྐྱེད་དོ། །དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་སྐྱེས་པ་དང༌། རྒྱུ་དེ་ལས་ཆོས་ཀྱི་ཚོགས་ཚད་མེད་པ་བསྐྱེད་ལ། རྒྱུ་དེ་ལས་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་བསྐྱེད་པའོ། །ཆོས་ཚད་མེད་པ་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་སྟེ། དེ་འཐོབ་པའི་


DTG110_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུར་འགྱུར་བ་ནི་ཆོས་བཞི་པོ་ལ་གནས་པའི་སྒོ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྐྱེས་པའི་རྒྱུས་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་རྣམས་སྐྱེ་ཞིང་འགྲུབ་པར་འགྱུར་བས་ན་ཚད་མེད་པ་བཞི་ལ་ནན་ཏན་དུ་བྱའོ། །ཆོས་བཞི་པོ་དེ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པའི་དམིགས་པའི་ཡུལ་དུ་གྱུར་པའམ། ཡེ་ཤེས་ཉིད་བྱམས་པ་ལ་སོགས་པ་ཆོས་བཞི་པོ་དེ་དག་གི་ངང་དུའམ་ངོ་བོར་གནས་ཏེ། ཤེས་བྱ་དང་ཤེས་པ་ཐ་མི་དད་པའི་སྤྱོད་ཡུལ་དུའམ། ངོ་བོར་གྱུར་པའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་བྱམས་པ་ནི་མོས་པས་སྤྱོད་པའི་ས་ནི་ངེས་པར་འབྱེད་པའི་ཆ་བཞི་པོ་སྣང་བ་ཐོབ་པ་དང་སྣང་བ་མཆེད་པ་དང༌། དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱོགས་གཅིག་པ་རྗེས་སུ་ཞུགས་པ་དང༌། བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་བྱ་བ་ངེས་པར་འབྱེད་པའི་ཆ་བཞི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྟེ། འདི་ལྟར་ངེས་པར་འབྱེད་པའི་ཆ་བཞི་ལ་གནས་པའི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པའི་དབང་པོའི་སྤྱོད་ཡུལ་དུ་ནི་ལྷ་དང་མི་དང་ཡི་དགས་ལ་སོགས་པ་དང་སེམས་ཅན་དམྱལ་བའི་གནས་རྣམས་མངོན་སུམ་དུ་གྱུར་ཏེ། ལྷ་དང་མི་ལ་སོགས་པ་དང་ངན་སོང་གི་གནས་དེ་དག་ན་སྡུག་བསྔལ་བའི་རང་བཞིན་ཅན་གྱི་སེམས་ཅན་རྣམས་མཐོང་ནས་ལྷག་པར་སྙིང་རྗེ་ཆེན་པོ་སྐྱེ་ཞིང་སེམས་ཅན་དེ་དག་ཐོག་མ་མེད་པ་ནས་འཁོར་བར་འཁོར་བ་ན། བདག་གི་གཉེན་དུ་མ་གྱུར་པ་མེད་པར་ཁོང་དུ་ཆུད་ནས་སེམས་ཅན་དེ་དག་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་སེམས་པའི་བྱམས་པ་ཆེན་པོའི་སེམས་སྐྱེས་པའི་སྒོ་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་ཏེ་བདེ་བ་ལ་གནས་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་ཤིང༌། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་བྱེད་པ་ནི་སེམས་ཅན་ལ་དམིགས་པའི་བྱམས་པ་ཞེས་བྱ་བའི་ཐ་ཚིག་གོ །བྱང་ཆུབ་སེམས་དཔའ་ས་དང་པོ་བརྙེས་པ་ནས་བདུན་པའི་བར་གྱི་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་སྒོ་ནས་སེམས་ཅན་ལ་བྱམས་པ་སྐྱེ་སྟེ། དེ་ཡང་འདི་ལྟར་ཆོས་ཐམས་ཅད་རང་བཞིན་ཉིད་མེད་པ་ཡིན་ན། སེམས་ཅན་རྣམས་ཀྱིས་དེ་ལྟར་མ་ཤེས་ཏེ་དངོས་པོ་ལ་མངོན་པར་ཞེན་པས་ཁམས་གསུམ་


DTG110_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཁོར་བར་གྱུར་པ་རེ་སྡུག་པ་དེ་དག་ལ་བྱམས་པའི་སེམས་སྐྱེ་ཞིང་འདི་དག་གིས་ཆོས་ཉིད་རྟོགས་པར་ཤོག་ཅིག་ཅེས་སྨོན་ལམ་འདེབས་ཤིང༌། སེམས་ཅན་ཐམས་ཅད་ལ་ཆོས་ཀྱིས་ཕན་འདོགས་པར་བྱེད་པ་ནི་ཆོས་ལ་དམིགས་པའི་བྱམས་པ་ཞེས་བྱ་བའི་ཐ་ཚིག་གོ །བྱང་ཆུབ་སེམས་དཔའ་ས་བརྒྱད་པ་བརྙེས་པ་ཡན་ཆད་ནས་སངས་རྒྱས་ཀྱིས་བརྙེས་པ་མན་ཆད་ནི་ལྷུན་གྱིས་གྲུབ་པའི་ས་དམིགས་པ་མེད་པ་ཞེས་བྱ་བ་སྟེ། ས་བརྒྱད་པ་ཡན་ཆད་ན་རྟོག་པ་མེད་པ་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་སེམས་ཅན་ལ་བྱམས་པ་སྐྱེ་ཞིང་ཕན་འདོགས་པར་མཛད་དེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་དཔག་བསམ་གྱི་ཤིང་བཞིན་དུ་སེམས་ཅན་ལ་ཕན་འདོགས་ཏེ། དེ་ཡང་རྟོག་པ་མི་མངའ་བཞིན་དུ་སྔོན་གྱི་སྨོན་ལམ་གྱི་དབང་གིས་སེམས་ཅན་ལ་བྱམས་པ་ཆེན་པོ་ཡང་ལྷུན་གྱིས་གྲུབ་པར་འབྱུང་ཞིང་སེམས་ཅན་གྱི་དོན་མཛད་པ་དེ་ནི་དམིགས་པ་མེད་པའི་བྱམས་པ་ཞེས་བྱ་བའི་ཐ་ཚིག་གོ །འོ་ན་སོ་སོའི་སྐྱེ་བོ་ལས་དང་པོ་པས་སེམས་ཅན་ལ་དམིགས་པའི་བྱམས་པ་ཇི་ལྟར་བསྒོམ་ཞེ་ན། འདི་ལྟར་སོ་སོའི་སྐྱེ་བོ་ལས་དང་པོ་པས་སེམས་ཅན་ལ་དམིགས་པའི་བྱམས་པའི་བསྒོམ་རིམ་འདི་ལྟར་བྱ་སྟེ། སེམས་ཅན་སྙིང་དུ་སྡུག་པ་དང༌། ཐ་མལ་པ་དང༌། སྙིང་དུ་མི་སྡུག་པ་ཡིན་པའི་རྣམ་པ་འདི་གསུམ་ཡོད་པ་ལས། སེམས་ཅན་སྙིང་དུ་སྡུག་པ་ལ་ཡང་གསུམ་དུ་དབྱེ་སྟེ། རབ་འབྲིང་ཐ་མ་གསུམ་དུའོ། །སེམས་ཅན་ཐ་མལ་པ་དང༌། མི་སྡུག་པ་ལ་ཡང་གསུམ་དུ་དབྱེ་སྟེ། རབ་འབྲིང་ཐ་མ་སྟེ། བདུན་དུ་དབྱེ་བ་བྱས་ལ། ཐོག་མར་འབྲིང་ཙམ་དུ་སྡུག་པ་དེ་ཕ་མ་ལ་སོགས་པར་རབ་ཏུ་བསྒོམ་མོ། དེ་གོམས་པ་དང་ཐ་མལ་པ་ཀུན་རབ་དང་འདྲ་བར་བསྒོམ། དེ་ནས་ཅུང་ཟད་མི་སྡུག་བ་སྡུག་པ་རབ་དང་འདྲ་བར་བསྒོམ། དེ་གོམས་པ་དང་མི་སྡུག་པ་འབྲིང་སྡུག་པ་རབ་དང་འདྲ་བར་བསྒོམ། དེ་ནས་ཤིན་ཏུ་མི་སྡུག་པ་ལ་ཡང་ཕ་མ་དང་འདྲ་བར་བྱ་སྟེ། དེ་ལྟར་གོམས་པའི་དམིགས་པ་ཡང་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་དུས་ནས་ཕ་མ་ལ་སོགས་པ་གཉེན་དུ་མ་གྱུར་པ་མེད་པ་དང༌། དེ་ལྟར་བསྒོམ་པ་ཡང་ཐོག་མར་ཡང་ཁྱིམ་གང་གི་མི་ཙམ་ལ་བསྒོམས་པ་ནས་རིམ་གྱིས་ཏེ། དེ་ནས་ནི་མཐའ་ཡས་པར་


DTG110_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་མོ་ཞེས་བྱ་བའི་དོན་བསྟན་ཏོ། །དེ་ལ་སྙིང་རྗེ་ནི་སྡུག་བསྔལ་བའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ལ་སོགས་གསུམ་མམ། སྐྱེ་པ་ལ་སོགས་པ་བརྒྱད་ཀྱིས་སྡུག་བསྔལ་བའི་སེམས་ཅན་དེ་དག་ཀུན་གྱི་སྡུག་བསྔལ་སྙིང་རྗེས་སེལ་ཞེས་བྱ་བའི་ཐ་ཚིག་གོ །ཉེས་པ་བྱེད་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི་གོང་གི་སྡུག་བསྔལ་དེ་དག་གི་རྩ་བའམ། རྒྱུ་མི་དགེ་བ་ལ་སྤྱོད་པའི་སེམས་ཅན་དེ་དག་གི་མི་དགེ་བ་ཀུན་སྙིང་རྗེས་སེལ་ཞེས་བྱ་བའི་དོན་ཏོ། །རྐྱེན་དང་མི་ལྡན་པས་རྣམ་པར་མ་གྲོལ་བའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི་སེམས་ཅན་དགེ་བའི་བཤེས་གཉེན་དང་མི་ལྡན་པས་ཆོས་མ་ཐོས་པ་སྟེ། དེ་ཡང་རྒྱུད་ལས། དགེ་བཤེས་མ་བསྟེན་ཆོས་མ་མཉན་བྱ་བ་དང༌། མ་གྲོལ་བའི་སེམས་ཅན་ལ་སྙིང་རྗེས་གྲོལ་བར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ལ་དགའ་བ་ནི་དེ་ལ་སེམས་ཅན་དག་ཟང་ཟིང་གི་འབྱོར་བ་དང༌། ཆོས་ཀྱི་འབྱོར་བ་དང༌། བདེ་བའི་འབྱོར་བ་དང་ལྡན་པས་དགའ་བའོ། །བདག་གི་ཚོགས་ཡོངས་སུ་རྫོགས་པ་ལ་དམིགས་པའི་དགའ་བ་ནི་བདག་ཉིད་དགེ་བའི་ཚོགས་ཆེ་བ་ལ་དམིགས་ནས་དགའ་བའི་དོན་ཏོ། །དམ་པའི་ཆོས་ཀྱི་རོ་ལ་དམིགས་པའི་དགའ་བ་ནི་བདག་དང་གཞན་ཆོས་ཐོས་པའི་རོ་དང༌། བསམ་པ་དང་བསྒོམ་པའི་རོ་རྙེད་པའི་སྒོ་ནས་དགའ་བའི་དོན་ཏོ། །དེ་ལ་བཏང་སྙོམས་ནི་སེམས་ཅན་གྱི་དོན་ལ་སྤྱོད་པ་དག་ནི་སྐལ་བ་ཡོད་པ་དང་སྐལ་བ་མེད་པའི་བཏང་སྙོམས་ནི། སྐལ་བ་དང་ལྡན་པའི་དོན་ནི་བྱ། སྐལ་བ་དང་མི་ལྡན་པའི་དོན་ནི་མི་བྱ་ཞེས་དེ་ལྟར་འབྱེད་པ་མེད་པར་གཉིས་ཀའི་དོན་སྙོམས་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ །འཇིག་རྟེན་གྱི་ཆོས་བརྒྱད་པོ་རྙེད་པ་དང་མ་རྙེད་པ་ལ་སོགས་པའི་སྒྲས་བསྡུས་པ་འདི་ལྟ་སྟེ། བདེ་བ་དང༌། སྡུག་བསྔལ་བ་དང༌། བསྟོད་པ་དང༌། སྨད་པ་དང༌། གྲགས་པ་དང༌། མ་གྲགས་པ་ལ་དགའ་བ་དང་མི་དགའ་བ་མེད་པར་བཏང་སྙོམས་སུ་གནས་པ་སྟེ། དེ་ལ་འཇིག་རྟེན་གྱི་ཆོས་བརྒྱད་ནི་རྙེད་པ་དང་མ་རྙེད་པ་ལ་སོགས་པ་ལ་བྱ་སྟེ། ཆོས་བརྒྱད་པོ་དེ་དག་འཇིག་རྟེན་ན་གྲགས་ཤིང་ཡོད་པའི་ཕྱིར་འཇིག་རྟེན་གྱི་ཆོས་བརྒྱད་དོ། །ཆོས་བརྒྱད་པོ་དེ་དག་ལ་ཇི་ལྟར་བཏང་སྙོམས་སུ་གནས་ཤེ་ན། འདི་


DTG110_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བདག་གིས་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྙེད་པ་ན་དེ་ལ་དགའ་བ་སྟེ་ཆགས་པ་ཡང་མེད་ལ། ལོངས་སྤྱོད་འགྲིབས་སམ་མ་རྙེད་ན་ཡང་དེ་ཡི་ཆད་པ་མེད་ཅིང་མི་དགའ་བ་མེད་པ་ནི་རྙེད་མ་རྙེད་ལ་དགའ་མི་དགའ་མེད་པའི་བཏང་སྙོམས་ཞེས་བྱའོ། །བདག་གི་མཛའ་བོ་བྱམས་པ་ཞིག་གིས་བདག་གི་ལུས་ལ་སྤོས་དང་ཙནྡན་ལ་སོགས་པའི་བྱུག་པས་ཉུག་ཅིང་བསྙེན་བཀུར་དང་བསྟི་སྟང་བྱེད་ན་བཀུར་སྟིའི་བདེ་བ་ལ་དགའ་ཞིང་ཆགས་པ་ཡང་མེད་ལ། དགྲ་བོ་ཞིག་གིས་བདག་གི་ལུས་ལ་བརྡེག་བརྡུང་ལ་སོགས་པ་བྱེད་ན་ཡང་དེ་ལའང་མི་ཁྲོ་ཞིང་བརྡེག་བརྡུང་གི་སྡུག་བསྔལ་དང་དུ་བླང་བ་དང༌། སྡུག་གོ་མི་སྙམ་སྟེ། བདེ་སྡུག་ལ་དགའ་མི་དགའ་མེད་པའི་བཏང་སྙོམས་ཞེས་བྱའོ། །བདག་གི་མཛའ་བོ་ཞིག་གིས་བདག་གི་རིགས་ལས་གླེངས་ཏེ་སྙན་པའི་ཚིག་གིས་བསྟོད་ན་དེ་ལ་དགའ་ཞིང་གཟེངས་མཐོ་བར་འགྱུར་བ་ཡང་མེད་ལ། དགྲ་བོ་ཞིག་གིས་བདག་གི་སྐྱོན་བྲུས་ཤིང་བསྒྲགས་ན་ཡང་དེ་ལ་ཡང་མི་དགའ་ཞིང་དཔའ་ཞུམ་པ་མེད་པ་ནི་བསྟོད་པ་དང་སྨད་པ་ལ་དགའ་བ་དང༌། མི་དགའ་བ་མེད་པའི་བཏང་སྙོམས་ཞེས་བྱའོ། །བདག་གི་ཡོན་ཏན་ཡོད་པ་སྐྱེ་བོ་མང་པོས་ཐོས་ཤིང་ཤེས་པར་གྱུར་པ་ན་འདི་སྙམ་དུ་བདག་ནི་ཡོན་ཏན་ཅན་དུ་སྐྱེ་བོ་མང་པོས་ཤེས་པས་བདག་གི་ཡོན་ཏན་གྲགས་ཏེ་མ་སུབས་སོ་ཞེས་ཡོན་ཏན་གྲགས་པ་ལ་དགའ་བ་ཡང་མེད་ལ། བདག་གི་ཡོན་ཏན་སྐྱེ་བོ་མང་པོས་མ་ཐོས་ཤིང་མ་ཤེས་ན་ཡང་བདག་གི་ཡོན་ཏན་མ་གྲགས་ཏེ། ནུབ་བོ་ཞེས་མི་དགའ་བ་མེད་པ་ནི་ཡོན་ཏན་གྲགས་པ་དང་མ་གྲགས་པ་ལ་དགའ་བ་དང་མི་དགའ་བ་མེད་པའི་བཏང་སྙོམས་ཞེས་བྱ་བའི་དོན་ཏོ། །ཚོགས་ཞེས་བྱ་བ་ནི་གོང་གི་ཚིག་སྟེ། ཚོགས་ཡོངས་སུ་བསྐང་བ་ལ་དུས་དང་དུས་མ་ཡིན་པ་ལ་དམིགས་པའི་བཏང་སྙོམས་ནི་བདག་ཉིད་དགེ་བའི་ཚོགས་བསྐང་ཞིང་སྤྱད་པ་ལ་དུས་འདིར་ནི་བྱ། དུས་འདིར་ནི་མི་བྱ་ཞེས་འབྱེད་པ་མེད་པར་དུས་ཀུན་ཏུ་སྤྱོད་པར་བྱེད་པའོ། །ཚད་མེད་བཞི་པོ་དག་ནི་ཚངས་པའི་གནས། །བསྒོམ་པ་ཀུན་གྱི་དོན་དུ་བདག་གིས་འདི། །སེམས་ཅན་དོན་དུ་བྱས་ཤིང་བསྡེབས་པ་དེས། །འགྲོ་ཀུན་སྒྲིབ་བྲལ་མྱུར་དུ་སངས་རྒྱས་ཤོག །ཚད་མེད་པ་བཞིའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་བུདྡྷ་གུཔྟས་མཛད་པ་རྫོགས་སོ།། །།

བསྒོམ་པའི་རིམ་པ།


DTG110_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཞཱ་བ་ན་ཀྲ་མ། བོད་སྐད་དུ། བསྒོམ་པའི་རིམ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐེག་པ་ཆེན་པོའི་མདོ་སྡེ་ཡི། །ཚུལ་སྤྱོད་ལས་ནི་དང་པོ་བ། །དེ་ལས་བརྩམས་ཏེ་བསྒོམ་པ་ཡི། །རིམ་པ་མདོ་ཙམ་བརྗོད་པར་བྱ།། ཐམས་ཅད་མཁྱེན་པ་ཉིད་མྱུར་དུ་ཐོབ་པར་འདོད་པས་མདོར་ན་སྙིང་རྗེ་དང༌། བྱང་ཆུབ་ཀྱི་སེམས་དང༌། སྒྲུབ་པ་དང༌། གནས་འདི་གསུམ་ལ་འབད་པར་བྱའོ། །དེ་ལ་སངས་རྒྱས་ཀྱི་ཆོས་མ་ལུས་པའི་རྒྱུའི་རྩ་བ་ནི་སྙིང་རྗེ་ཁོ་ན་ཡིན་པར་ཤེས་པར་བྱས་ལ་དེ་ཉིད་ལ་ཐོག་མ་ཁོ་ནར་བསྒོམ་མོ། དེ་སྐད་དུ་འཕགས་པ་ཆོས་ཡང་དག་པར་སྡུག་པ་ལས་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་གཅིག་རབ་ཏུ་གཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་པ་ལགས་སོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་པོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་དུ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་དཔེར་བགྱིས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་གང་དུ་མཆིས་པ་དེར་དཔུང་གི་ཚོགས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དཔེར་བགྱིས་ན་སྲོག་གི་དབང་པོ་མཆིས་ན་དབང་པོ་གཞན་རྣམས་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས་ན་བྱང་ཆུབ་སེམས་དཔའི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་རོ་ཞེས་འབྱུང་ངོ༌། །འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས་ཀྱང་གསུངས་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་ནི་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་དུ་འགྲོ་བའི་ཕྱིར་རོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་དབུགས་ཕྱི་ནང་དུ་རྒྱུ་བ་ནི་མིའི་སྲོག་གི་དབང་


DTG110_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྔོན་དུ་འགྲོ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ནི་ཐེག་པ་ཆེན་པོ་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར་སྔོན་དུ་འགྲོ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བཤད་དོ། །འཕགས་པ་ག་ཡ་གོའི་རིའི་མདོ་ལས་ཀྱང་གསུངས་ཏེ། འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྩོམ་པ་ནི་ཅི། གནས་ནི་གང༌། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྩོམ་པ་ནི་སྙིང་རྗེ་ཆེན་པོའོ། །གནས་ནི་སེམས་ཅན་ནོ་ཞེས་དེ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ༌། །དེ་ལྟར་སྙིང་རྗེ་ཆེན་པོས་བསྐྱོད་པས་བྱང་ཆུབ་སེམས་དཔའ་རྣམས་བདག་ཉིད་ལ་མི་ལྟ་བར་གཞན་ལ་ཤིན་ཏུ་ཕན་པ་དོན་དུ་གཉེར་བའི་ཕྱིར་ཚོགས་བསགས་པ་ཤིན་ཏུ་བྱ་དཀའ་ཞིང་ཡུན་རིང་ལ་དུབ་པར་འགྱུར་བ་ལ་འཇུག་གོ །འཕགས་པ་དད་པའི་སྟོབས་བསྐྱེད་པ་ལས་གསུངས་པ་ལྟ་བུ་སྟེ། དེ་ལ་སྙིང་རྗེ་ཆེན་པོ་ནི་གང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྡུག་བསྔལ་སྐྱེ་བ་མི་ལེན་པ་ཅི་ཡང་མེད་དོ། །དེས་བདེ་བ་སྐྱེ་བ་མི་འདོར་བ་ཅི་ཡང་མེད་དོ་ཞེའོ། །དེ་ལྟར་ཤིན་ཏུ་བྱ་དཀའ་བ་ལ་ཞུགས་ནས་རིང་པོར་མི་ཐོགས་པར་ཚོགས་ཡོངས་སུ་རྫོགས་ཏེ་གདོན་མི་ཟ་བར་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འགྱུར་རོ། །དེ་བས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཆོས་ཀྱི་རྩ་བ་ནི་སྙིང་རྗེ་ཆེན་པོ་ཁོ་ནའོ། །སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་གོ་འཕང་བརྙེས་ནས་འགྲོ་བ་མ་ལུས་པའི་དོན་མཛད་ཅིང་བཞུགས་སོ། །མི་གནས་པའི་མྱ་ངན་ལས་འདས་པ་ལྟ་བུ་ཡང་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོའི་རྒྱུས་མྱ་ངན་ལས་འདའ་བ་ལ་མི་གནས་སོ། །དེ་ཡང་སྡུག་བསྔལ་བའི་སེམས་ཅན་ལ་དམིགས་ཤིང་ཡིད་ལ་བྱ་བ་མང་དུ་བྱས་པས་སྐྱེ་བར་འགྱུར་ཏེ། སེམས་ཅན་འཇིག་རྟེན་གསུམ་ན་སྤྱོད་པ་ཐམས་ཅད་སྡུག་བསྔལ་རྣམ་པ་གསུམ་གྱིས་ཇི་ལྟར་མཐུན་པ་བཞིན་དུ་སྡུག་བསྔལ་ལོ་ཞེས་དེ་ལྟར་སེམས་ཅན་ཐམས་ཅད་ལ་བསྒོམ་མོ། །དེ་ལ་སེམས་ཅན་དམྱལ་བ་པ་དེ་དག་ནི་རྒྱུན་མི་འཆད་ཅིང་ཡུན་རིང་ལ་ཚ་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་ཀྱི་ཆུ་བོར་བྱིང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་བཞིན་དུ་ཡི་དགས་རྣམས་ཀྱང་ཕལ་ཆེར་ཤིན་ཏུ་


DTG110_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཟད་པའི་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་གྱི་མེས་སྐམས་པའི་ལུས་ཤིན་ཏུ་སྡུག་བསྔལ་མང་པོ་མྱོང་སྟེ། ལོ་བརྒྱར་ཡང་ལ་ལས་མཆི་ལ་མའི་ཐལ་བ་དང༌། མི་གཙང་བ་ཙམ་ཡང་བ་ཟར་མི་རྙེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དུད་འགྲོ་རྣམས་ཀྱང་གཅིག་ལ་གཅིག་ཟ་བ་དང༌། ཁྲོ་བ་དང༌། རྣམ་པར་འཚེ་བ་དང༌། གསོད་པ་ལ་སོགས་པས་སྡུག་བསྔལ་མང་པོ་མྱོང་བ་ཁོ་ནར་སྣང་སྟེ། འདི་ལྟར་ཁ་ཅིག་སྣ་འབུགས་པ་དང༌། བརྡེག་པ་དང༌། བཅིང་བ་དང༌། གདགས་པ་ལ་སོགས་པ་བདག་ལ་དབང་མེད་པར་ཀུན་གྱིས་བདའ་བ་ཡིན་ཏེ། མི་འདོད་བཞིན་དུ་ཁལ་ཆེན་པོ་ལྕི་བ་བསྐུར་བས་སྐྱོ་ཞིང་ངལ་ལོ། །དེ་བཞིན་དུ་དགོན་པ་ན་འཁོད་པ་ཡང་ཉེས་པ་མེད་པར་ཁ་ཅིག་ཕྱེད་དུ་ཚོལ་ཞིང་གསོད་དེ། རྟག་ཏུ་འཇིགས་པས་ཡིད་འཁྲུགས་ཏེ་ཕན་ཚུན་འཁོད་ཅིང་འབྲོས་པ་ཡང་གྲངས་མེད་པའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་ཁོ་ནར་སྣང་ངོ༌། །དེ་བཞིན་དུ་མི་ལ་ཡང་སེམས་ཅན་དམྱལ་བའི་སྡུག་བསྔལ་ལ་སོགས་པ་ཡོད་པ་ཁོ་ན་སྟེ། འདི་ན་རྐུན་པོ་ལ་སོགས་པ་གང་དག་ཡན་ལག་གཏུབ་པ་དང༌། གསལ་ཤིང་ལ་སྐྱོན་པ་དང༌། དབྱངས་ཏེ་བཏགས་པ་ལ་སོགས་པས་ཉོན་མོངས་པ་དེ་དག་ནི་སེམས་ཅན་དམྱལ་བའི་སྡུག་བསྔལ་ཁོ་ན་ཡིན་ནོ། །གང་དག་དབུ་ལ་ཞིང་ཕོངས་པ་དེ་དག་ནི་ཡི་དགས་དང་འདྲ་བར་བཀྲེས་ཤིང་སྐོམ་པ་ལ་སོགས་པས་སྡུག་བསྔལ་ལོ། །བྲན་ལ་སོགས་པ་གང་དག་གཞན་གྱིས་ལུས་ལ་དབང་བྱས་པ་དང༌། གང་དག་མཐུས་མནན་ཏེ་གནོད་པར་བྱེད་པ་དེ་དག་ནི་དུད་འགྲོ་དང་འདྲ་བར་བརྡེག་པ་དང། གདགས་པ་ལ་སོགས་པས་སྡུག་བསྔལ་ལོ། །དེ་བཞིན་དུ་བཙལ་བར་བྱ་བ་དང༌། གཅིག་ལ་གཅིག་གནོད་པ་བྱེད་པ་ལ་སོགས་པ་དང༌། སྡུག་པ་དང་བྲལ་བ་དང༌། མི་སྡུག་པ་དང་ཕྲད་པ་ལ་སོགས་པ་དེ་དག་ལ་སྡུག་བསྔལ་དཔག་ཏུ་མེད་དོ། །གང་དག་ཁ་ཅིག་ཕྱུག་ཅིང་སྐྱིད་པ་དང་འདྲ་བར་སྣང་བ་དེ་དག་ཀྱང་འབྱོར་བའི་མཐའ་ནི་རྒྱུད་པ་སྟེ། ལྟ་བ་ངན་པ་སྣ་ཚོགས་གཟིང་གཟིང་བར་ནུབ་ཅིང་སེམས་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་མྱོང་བར་འགྱུར་བའི་རྒྱུ་ལས་དང་ཉོན་མོངས་པ་བསགས་པས་གད་ཀ་ན་འདུག་པ་དང་འདྲ་བར་སྡུག་བསྔལ་གྱི་རྒྱུར་གྱུར་པ་ཡང་ཡང་དག་པར་


DTG110_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་བ་ཁོ་ན་ཡིན་ནོ། །ལྷ་ལ་ཡང་གང་དག་འདོད་པའི་ཁམས་ན་སྤྱོད་པ་དེ་དག་ནི་འདོད་པའི་མེས་ཡིད་རབ་ཏུ་འབར་ཞིང་སེམས་འཁྲུགས་པ་དང་འདྲ་བར་གཤའ་མར་མི་འདུག་ལ། སྐད་ཅིག་ཀྱང་སེམས་མཉམ་པར་འཇོག་པར་མི་འགྱུར་ཏེ། རབ་ཏུ་ཞི་བ་བདེ་བའི་ནོར་གྱིས་དབུ་ལ་བ་དེ་དག་ལ་བདེ་བ་ཅི་ཞིག་ཡོད། རྟག་ཏུ་འཆི་འཕོ་བ་དང་ལྟུང་བ་ལ་སོགས་པའི་འཇིགས་པའི་མྱ་ངན་གྱིས་ནོན་པ་དག་སྟེ་དེ་དག་ཇི་ལྟར་བ་དེ། གང་དག་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དེ་དག་ཀྱང་སྐད་ཅིག་སྡུག་བསྔལ་གྱིས་སྡུག་བསྔལ་བ་ལས་འདས་མོད་ཀྱི། འོན་ཀྱང་དེ་དག་འདོད་པ་ན་སྤྱོད་པའི་བག་ལ་ཉལ་རྣམས་ཤིང་ཏུ་མ་སྤངས་པས་ཡང་སེམས་ཅན་དམྱལ་བ་ལ་སོགས་པར་ལྟུང་བ་ཡོད་པར་འགྱུར་བའི་སྡུག་བསྔལ་ཡོད་པ་ཉིད་དོ། །ལྷ་དང་མི་འདི་དག་ཐམས་ཅད་ནི་ལས་དང་ཉོན་མོངས་པ་ལ་སོགས་པའི་རྒྱུས་གཞན་གྱི་དབང་དུ་གྱུར་པས་ན་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་དོ། །དེ་ལྟར་འགྲོ་བ་ཐམས་ཅད་སྡུག་བསྔལ་གྱི་མེ་ལྕེའི་ཕྲེང་བའི་ས་ཡིན་པར་བལྟས་ལ། ཇི་ལྟར་བདག་ཉིད་ཀྱི་སྡུག་བསྔལ་མི་སྡུག་པ་ལྟར་གཞན་དག་གི་ཡང་དེ་དང་འདྲ་བ་སེམས་ཤིང་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ཁོ་ན་བསྒོམ་པར་བྱ་སྟེ། ཐོག་མ་ཁོ་ནར་མཛའ་བཤེས་ཀྱི་ཕྱོགས་ལ་གོང་དུ་སྨོས་པའི་སྡུག་བསྔལ་སྣ་ཚོགས་མྱོང་བར་ལྟ་ཞིང་བསྒོམ་པར་བྱའོ། །དེ་ནས་སེམས་མཉམ་པས་བྱེ་བྲག་མེད་པར་ལྟ་སྟེ། ཐོག་མ་མེད་པ་ཅན་གྱི་འཁོར་བ་ལན་བརྒྱར་ཡང་བདག་གི་གཉེན་དུ་མ་གྱུར་པའི་སེམས་ཅན་གང་ཡང་མེད་དོ་སྙམ་དུ་སེམས་པས་ཕལ་པ་ལ་བསྒོམ་པར་བྱའོ། །གང་གི་ཚེ་མཛའ་བཤེས་ཀྱི་ཕྱོགས་དང་འདྲ་བར་ཕལ་པ་རྣམས་ལ་ཡང་སྙིང་རྗེ་མཚུངས་པར་འཇུག་པ་དེའི་ཚེ་དགྲའི་ཕྱོགས་ལ་ཡང་དེ་བཞིན་དུ་སེམས་མཉམ་པ་ཉིད་ལ་སོགས་པ་ཡིད་ལ་བྱེད་པས་བསྒོམ་པར་བྱའོ། །གང་གི་ཚེ་མཛའ་བཤེས་ཀྱི་ཕྱོགས་དང་འདྲ་བར་དགྲ་ལ་ཡང་མཉམ་པར་འཇུག་པ་དེའི་ཚེ་རིམ་གྱིས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་ཡང་བསྒོམ་པར་བྱའོ། །གང་གི་ཚེ་ཡིད་དུ་འོང་བའི་བུ་མི་བདེ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་སྡུག་བསྔལ་གཏན་ནས་དབྱུང་བར་འདོད་པའི་


DTG110_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པའི་སྙིང་རྗེ་རང་གི་ངང་གིས་འཇུག་པ་བདག་ཉིད་ཀྱིས་མཚུངས་པར་གྱུར་པ་དེའི་ཚེ་དེ་རྫོགས་པ་ཡིན་པས་སྙིང་རྗེ་ཆེན་པོའི་མིང་ཐོབ་སྟེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་བསྔགས་པ་བཞིན་ནོ། །འདི་ལྟར་སྙིང་རྗེ་བསྒོམ་པའི་གོ་རིམས་འདི་ནི་བཅོམ་ལྡན་འདས་ཀྱིས་ཆོས་མངོན་པའི་མདོ་ལ་སོགས་པ་ལས་བཀའ་སྩལ་ཏོ། །དེ་ལྟར་སྙིང་རྗེ་གོམས་པའི་སྟོབས་ཀྱིས་སེམས་ཅན་མ་ལུས་པ་དྲང་བར་དམ་བཅས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པའི་རང་བཞིན་གྱིས་བྱང་ཆུབ་ཀྱི་སེམས་སྒྲིམ་མི་དགོས་པ་ཁོ་ནར་སྐྱེ་སྟེ། འཕགས་པ་ཆོས་བཅུ་པའི་མདོ་ལས། སེམས་ཅན་མགོན་མེད་པ། སྐྱབས་མེད་པ། གླིང་མེད་པ་དག་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་གསུངས་པ་བཞིན་ནོ། །གཞན་གྱིས་ཡང་དག་པར་འཛིན་དུ་བཅུག་པ་ལས་ཀྱང་བྱང་ཆུབ་སེམས་དཔའ་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་མོད་ཀྱི། འོན་ཀྱང་སྙིང་རྗེ་ཆེན་པོས་ནོན་ཏེ། བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཁྱད་ཆེ་བར་བཅོམ་ལྡན་འདས་ཀྱིས་འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ལས་བཀའ་སྩལ་ཏོ། །བྱང་ཆུབ་ཀྱི་སེམས་དེ་སྒྲུབ་པ་དང་མི་ལྡན་ཡང་འཁོར་བའི་ནང་ན་འབྲས་བུ་ཆེ་བར་བཅོམ་ལྡན་འདས་ཀྱིས་དེ་སྐད་བྱམས་པའི་རྣམ་པར་ཐར་པ་ལས་བཀའ་སྩལ་ཏེ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྡོ་རྗེ་རིན་པོ་ཆེ་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཏོ། །རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ཞིང་དབུལ་བ་ཐམས་ཅད་ཀྱང་བཟློག་གོ །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་སྒྲུབ་པ་དང་མི་ལྡན་པ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཏོ། །བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ཞིང་འཁོར་བའི་དབུལ་བ་ཡང་ཟློག་པར་བྱེད་དོ་ཞེས་འབྱུང་ངོ༌། །གང་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སློབ་མི་ནུས་པ་དེས་ཀྱང་འབྲས་བུ་ཆེ་བའི་ཕྱིར་ཐབས་ཀྱིས་ཡོངས་སུ་ཟིན་པར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་


DTG110_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། འཕགས་པ་རྒྱལ་པོ་ལ་གདམས་པའི་མདོ་ལས། འདི་ལྟར་རྒྱལ་པོ་ཆེན་པོ་ཁྱོད་ནི་བྱ་བ་མང་བྱེད་པ་མང་སྟེ། ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སློབ་མི་བཟོད་ན་འདི་ལྟར་རྒྱལ་པོ་ཆེན་པོ་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང༌། དད་པ་དང༌། དོན་དུ་གཉེར་བ་དང༌། སྨོན་པ་འདི་འགྲོ་ཡང་རུང༌། འགྲོང་ཡང་རུང༌། འདུག་ཀྱང་རུང༌། ཉལ་ཡང་རུང༌། སད་ཀྱང་རུང༌། ཟ་ཡང་རུང༌། འཐུང་ཡང་རུང༌། རྟག་ཏུ་རྒྱུན་མི་འཆད་པར་དྲན་པར་གྱིས་ཤིག །ཡིད་ལ་གྱིས་ཤིག །སྒོམས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང་རང་སངས་རྒྱས་དང༌། སོ་སོའི་སྐྱེ་བོ་ཐམས་ཅད་དང༌། བདག་གི་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་བསྡུས་ཏེ། རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བར་གྱིས་ཤིག །རྗེས་སུ་ཡི་རང་ནས་ཀྱང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། རང་སངས་རྒྱས་དང༌། ཉན་ཐོས་རྣམས་ལ་མཆོད་པར་བྱ་བའི་ཕྱིར་དབུལ་ལོ། །ཕུལ་ནས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག །དེ་ནས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐོབ་པར་བྱ་བའི་ཕྱིར་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཉིན་གཅིག་བཞིན་དུ་དུས་གསུམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཤིག །རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་ཞུགས་ལ་རྒྱལ་པོ་གྱིས་ཤིག །རྒྱལ་པོའི་སྲིད་ཀྱང་མི་ཉམས་སོ། །བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་དེ་ལ་སོགས་པ་རྒྱས་པར་བཤད་ནས། ཡང་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བ་དེའི་རྣམ་པར་སྨིན་པས་ལན་དུ་མར་ལྷ་དང་མིར་སྐྱེས་པར་གྱུར་ཏོ། །ལྷ་དང་མིར་སྐྱེས་པ་ཐམས་ཅད་ན་ཡང་དབང་པོར་གྱུར་ཏོ་ཞེས་རྒྱས་པར་བཀའ་སྩལ་པ་བཞིན་ནོ། །སྒྲུབ་པ་སྙིང་པོར་བྱེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་འབྲས་བུ་གང་ཡིན་པ་དེ་ཤིན་ཏུ་རྒྱ་ཆེ་བར་གྲུབ་སྟེ། འཕགས་པ་དཔས་སྦྱིན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་ཀྱི་བསོད་


DTG110_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་གང༌། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །སྡོང་པོ་བཀོད་པ་ལས་ཀྱང་བསྔགས་ཏེ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ་ཞེས་རྒྱས་པར་བཤད་དོ། །བྱང་ཆུབ་ཀྱི་སེམས་དེ་ཡང་རྣམ་པ་གཉིས་ཏེ། སྨོན་པའི་སེམས་དང༌། ཞུགས་པའི་སེམས་ཏེ། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་གསུངས་པ། རིགས་ཀྱི་བུ་སེམས་ཅན་གྱི་འཇིག་རྟེན་ན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ཀྱིས་སྨོན་པའི་སེམས་ཅན་དེ་དང་དེ་དག་ནི་རྙེད་པར་དཀའོ། །སེམས་ཅན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་ནི་དེ་བས་ཀྱང་ཤིན་ཏུ་རྙེད་པར་དཀའོ་ཞེས་འབྱུང་ངོ༌། །དེ་ལ་འགྲོ་བ་མཐའ་དག་ལ་ཕན་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་ཅེས་གང་ཐོག་མར་དོན་དུ་གཉེར་བ་དེ་ནི་སྨོན་པའི་སེམས་སོ། །གང་ཕན་ཆད་སྡོམ་པ་བཟུང་སྟེ་ཚོགས་རྣམས་ལ་ཞུགས་པ་དེ་ནི་ཞུགས་པའི་སེམས་སོ། །སྡོམ་པ་ནི་ཕ་རོལ་པོ་མཁས་པ་མཐུ་དང་ལྡན་པ་སྡོམ་པ་ལ་གནས་པ་ལས་མནོད་དོ། །མཐུན་པ་མེད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་དུ་བྱས་ལ། འཕགས་པ་འཇམ་དཔལ་རྒྱལ་པོ་ནམ་མཁའ་ཞེས་བྱ་བར་གྱུར་པ་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་བསྐྱེད་པར་བྱའོ། །དེ་ལྟར་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་བདག་མ་དུལ་ན་གཞན་མི་དུལ་བར་ཤེས་ནས་བདག་ཉིད་སྦྱིན་པ་ལ་སོགས་པ་སྒྲུབ་པ་ལ་རབ་ཏུ་སྦྱོར་རོ། །སྒྲུབ་པ་མེད་པར་བྱང་ཆུབ་མི་ཐོབ་བོ། །འདི་ལྟ་སྟེ་འཕགས་པ་ག་ཡ་གོའི་རི་ལས་གསུངས་པ། བྱང་ཆུབ་ནི་སྒྲུབ་པ་སྙིང་པོར་བྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡིན་ཏེ། ལོག་པར་སྒྲུབ་པ་སྙིང་པོར་བྱེད་པ་རྣམས་ཀྱི་ནི་མ་ཡིན་ནོ་ཞེའོ། །འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་གསུངས་ཏེ། དེ་ལྟ་བས་ན་སྒྲུབ་པ་སྙིང་པོར་བྱའོ་ཞེས་གཞོན་ནུ་ཁྱོད་ཀྱིས་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ་སྒྲུབ་པ་སྙིང་པོར་བྱེད་པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་དཀའ་བ་མ་ཡིན་


DTG110_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །ཞེའོ། །བྱང་ཆུབ་སེམས་དཔའི་སྒྲུབ་པ་དེ་ཡང་ཕ་རོལ་ཏུ་ཕྱིན་པ་དང༌། ཚད་མེད་པ་དང༌། བསྡུ་བའི་དངོས་པོ་ལ་སོགས་པའི་བྱེ་བྲག་ཡིན་པར་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་དང༌། དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་ལས་རྒྱས་པར་བཤད་པ་ཡིན་ནོ། །འདི་ལྟར་འཇིག་རྟེན་གྱི་བཟོ་ལ་སོགས་པའི་གནས་ཀྱི་བར་དག་ལ་ཡང་བྱང་ཆུབ་སེམས་དཔས་བསླབ་པར་བྱ་བ་ཡིན་ན་འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་སོགས་པ་ལྟ་ཅི་སྨོས་ཏེ། དེ་ལྟ་མ་ཡིན་ན་སེམས་ཅན་གྱི་དོན་གྱི་རྣམ་པ་ཐམས་ཅད་ཇི་ལྟར་བྱ། བྱང་ཆུབ་སེམས་དཔའི་སྒྲུབ་པ་དེ་ཡང་མདོར་ན་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཡིན་ཏེ། ཤེས་རབ་འབའ་ཞིག་ཀྱང་མ་ཡིན་ཏེ། ཐབས་འབའ་ཞིག་ཀྱང་མ་ཡིན་ནོ། །དེ་ཡང་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་ཤེས་རབ་དང་བྲལ་བའི་ཐབས་དང༌། ཐབས་དང་བྲལ་བའི་ཤེས་རབ་ནི་བྱང་ཆུབ་སེམས་དཔའི་འཆིང་བའོ་ཞེས་གསུངས་སོ། །ཐབས་དང་བཅས་པའི་ཤེས་རབ་དང༌། ཤེས་རབ་དང་བཅས་པའི་ཐབས་ནི་ཐར་པའོ་ཞེས་བསྔགས་སོ། །འཕགས་པ་ག་ཡ་གོའི་རི་ལས་ཀྱང་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་མདོར་བསྡུ་ན་འདི་གཉིས་ཏེ། བྱང་ཆུབ་སེམས་དཔའ་དག་ལ་ལམ་འདི་གཉིས་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །གཉིས་གང་ཞེ་ན། འདི་ལྟ་སྟེ། ཐབས་དང༌། ཤེས་རབ་བོ་ཞེའོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་གཏོགས་པར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང། བསྡུ་བའི་དངོས་པོ་ལ་སོགས་པ་དང་ཞིང་ཡོངས་སུ་དག་པ་དང༌། ལོངས་སྤྱོད་ཆེན་པོ་དང༌། གཡོག་འཁོར་མང་པོ་ཕུན་སུམ་ཚོགས་པ་ལ་སོགས་པ་དག་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། སྤྲུལ་པ་ལ་སོགས་པ་མངོན་པར་མཐོ་བའི་ཆོས་སྡུད་པར་བྱེད་པའི་དགེ་བ་ཐམས་ཅད་ནི་ཐབས་ཞེས་བྱའོ། །ཤེས་རབ་ནི་ཐབས་དེའི་ངོ་བོ་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་རྒྱུ་ཡིན་ཏེ། དེས་ཡང་དག་པར་ཐབས་ཀྱི་བྱེ་བྲག་ཕྱེད་ནས་ཕྱིན་ཅི་ལོག་མེད་པས་བདག་དང་གཞན་གྱི་དོན་ཇི་ལྟ་བ་བཞིན་དུ་བསྒྲུབས་པས་སྔགས་ཀྱིས་བཏབ་པའི་དུག་ཟ་བ་དང་འདྲ་སྟེ། ཀུན་ནས་ཉོན་མོངས་


DTG110_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འགྱུར་རོ། །དེ་སྐད་དུ་མདོ་སྡེ་དེ་ཉིད་ལས་བཀའ་སྩལ་ཏེ། ཐབས་ནི་བསྡུ་བ་ཤེས་པའོ། །ཤེས་རབ་ནི་ཡོངས་སུ་སྦྱོང་བ་ཤེས་པའོ་ཞེའོ། །འཕགས་པ་དད་པའི་སྟོབས་བསྐྱེད་པ་ལས་ཀྱང་གསུངས་ཏེ། ཐབས་ལ་མཁས་པ་ནི་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་གང་ཡིན་པའོ། །ཤེས་རབ་གང་ཞེ་ན། གང་ཆོས་ཐམས་ཅད་མ་འདྲེས་པ་ལ་མཁས་པའོ། །ཐབས་དང་ཤེས་རབ་འདི་གཉིས་ནི་སར་ཆུད་པ་རྣམས་ཀྱིས་ཀྱང་དུས་ཐམས་ཅད་དུ་བསྟེན་པར་བྱ་སྟེ། ཤེས་རབ་འབའ་ཞིག་ནི་མ་ཡིན་ནོ། །འདི་ལྟར་བྱང་ཆུབ་སེམས་དཔའི་ས་བཅུ་པོ་ཐམས་ཅད་ལ་ཡང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀུན་ཏུ་སྤྱོད་དེ། ས་བཅུ་པའི་མདོ་ལ་སོགས་པ་ལས་ཀྱང་ལྷག་མ་རྣམས་ཀྱང་ཀུན་ཏུ་མི་སྤྱོད་པ་མ་ཡིན་ནོ་ཞེས་འབྱུང་ངོ༌། །ས་བརྒྱད་པ་ལ་བྱང་ཆུབ་སེམས་དཔའ་ཞི་བར་གནས་པ་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསླང་པ་དང་ཡང་འགལ་ཏེ། འདི་ལྟར་དེ་ལས་གསུངས་པ་ནི། ཀྱེ་རྒྱལ་བའི་སྲས་དེ་ལྟར་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྔོན་གྱི་སྨོན་ལམ་གྱི་སྟོབས་བསྐྱེད་པ་དང༌། ཆོས་ཀྱི་སྒོའི་རྒྱུན་དེ་ལ་གནས་པ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཉེ་བར་སྒྲུབ་པར་མཛད་དོ། །དེ་ལ་འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །རིགས་ཀྱི་བུ་ལེགས་སོ་ལེགས་སོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་རྗེས་སུ་རྟོགས་པར་བྱ་བ་ལ་འདི་ནི་དོན་དམ་པའི་བཟོད་པ་ཡང་ཡིན་ན། འོན་ཀྱང་གང་ངེད་ཀྱི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ཁྱེད་ལ་མེད་ཀྱི། སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ཡོངས་སུ་བཙལ་བའི་ཕྱིར་བརྩོན་འགྲུས་རྩོམས་ཤིག །བཟོད་པའི་སྒོ་འདི་ཉིད་ཀྱང་མ་དོར་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་ཞི་བ་རྣམ་པར་ཐར་བ་ཐོབ་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་མ་ཞི་བ། རབ་ཏུ་མ་ཞི་བ། ཉོན་མོངས་པ་སྣ་ཚོགས་ཀུན་ཏུ་འབྱུང་བར་འགྱུར་བ། རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་ཀྱིས་གཡན་སྤྱོ་བ་འདི་དག་ལ་སོམས་ཤིག །ཡང་རིགས་ཀྱི་བུ་སྔོན་གྱི་སྨོན་ལམ་དང༌། སེམས་ཅན་གྱི་དོན་ཐོབ་པར་བྱ་བ་དང༌། ཡེ་ཤེས་ཀྱི་སྒོ་བསམ་གྱིས་


DTG110_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁྱབ་པ་དྲན་པར་གྱིས་ཤིག །ཡང་རིགས་ཀྱི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་ཀྱི་དབྱིངས་འདི་ནི་གནས་པ་ཉིད་དེ། འདི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་དམིགས་སུ་མེད་པའོ། །འདིས་ནི་དེ་བཞིན་གཤེགས་པ་རྣམས་ཉི་ཚེ་རབ་ཏུ་དབྱེ་བར་བྱ་བ་མ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་རྣམ་པར་མི་རྟོག་པའི་ཆོས་ཉིད་འདི་ཐོབ་བོ། །ཡང་རིགས་ཀྱི་བུ་ངེད་ཀྱི་ལུས་ཚད་མེད་པ་དང༌། ཡེ་ཤེས་ཚད་མེད་པ་དང༌། སངས་རྒྱས་ཀྱི་ཞིང་ཚད་མེད་པ་དང༌། ཡེ་ཤེས་མངོན་པར་སྒྲུབ་པ་ཚད་མེད་པ་དང༌། འོད་ཀྱི་དཀྱིལ་འཁོར་ཚད་མེད་པ་དང༌། དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་ཚད་མེད་པ་ལ་ལྟོས་ཏེ། ཁྱོད་ཀྱིས་ཀྱང་དེ་བཞིན་དུ་མངོན་པར་སྒྲུབ་པ་སྐྱེད་ཅིག །རིགས་ཀྱི་བུ་གང་ཁྱོད་ཀྱི་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་སྣང་བ་འདི་ནི་སྣང་བ་གཅིག་པུར་ཟད་དོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ལ་ནི་ཆོས་སྣང་བ་འདི་འདྲ་བ་མཐའ་ཡས་པར་འགྱུར་ཏེ། མཛད་པ་མཐའ་ཡས་ཤིང་འབྲེལ་བ་མཐའ་ཡས་པར་འགྱུར་ཏེ། གང་དག་གྲངས་དང༌། བགྲང་བ་དང༌། ཚད་དང༌། དཔེ་དང༌། ཟླ་ཡང་མེད་པ་དེ་དག་ཐོབ་པར་བྱ་བའི་ཕྱིར་མངོན་པར་སྒྲུབ་པ་སྐྱེད་ཅིག །རིགས་ཀྱི་བུ་རེ་ཞིག་ཕྱོགས་བཅུའི་ཞིང་ཚད་མེད་པ་དང༌། སེམས་ཅན་ཚད་མེད་པ་དང༌། ཆོས་རྣམ་པར་ཕྱེ་བ་ཚད་མེད་པ་ལ་ལྟོས་ཏེ། ཇི་ལྟ་བ་བཞིན་བགྲང་བར་གྱིས་ཤིག་ཅེས་དེ་སྐད་བཀའ་སྩལ་ཏོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཡེ་ཤེས་མངོན་པར་སྒྲུབ་པའི་ཚད་མེད་པ་དེ་དག་ལ་སོགས་པ་གང་དག་གིས་བྱང་ཆུབ་སེམས་དཔའ་ཡེ་ཤེས་རྣམ་པར་ཕྱེ་བ་ཚད་མེད་པ་མངོན་པར་སྒྲུབ་པའི་ལམ་མངོན་པར་སྒྲུབ་པ་དག་ཉེ་བར་སྒྲུབ་པར་མཛད་དོ། །ཀྱེ་རྒྱལ་བའི་སྲས་ཁྱོད་མོས་པར་བྱའོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་དེ་ལྟར་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་སྒྲུབ་པའི་སྒོ་དག་ལ་ཞུགས་པར་མ་མཛད་དུ་ཟིན་ན་དེ་ནི་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། སེམས་


DTG110_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ཀྱི་དོན་བྱ་བ་ཡང་རྒྱུན་ཆད་པར་འགྱུར་རོ་ཞེས་རྒྱ་ཆེར་འབྱུང་ངོ༌། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་དང༌། ག་ཡ་གོའི་རི་ལས་གསུངས་པ་གོང་དུ་སྨོས་པ་ཡང་སྤྱིར་བཤད་པ་ཡིན་པས་དེ་དང་ཡང་འགལ་ལོ། །འཕགས་པ་ཆོས་ཐམས་ཅད་ཤིན་ཏུ་རྒྱས་པར་བསྡུས་པ་ལས་བཀའ་སྩལ་པ་དེ་དང་ཡང་འགལ་ལོ། །དེ་ནི་འདི་སྐད་བཀའ་སྩལ་ཏེ། འཇམ་དཔལ་དམ་པའི་ཆོས་སྤང་བའི་ལས་ཀྱི་སྒྲིབ་པ་ནི་ཕྲའོ། །འཇམ་དཔལ་གང་ལ་ལ་དེ་བཞིན་གཤེགས་པས་གསུངས་པའི་བཀའ་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ངན་བར་འདུ་ཤེས་པ་དེ་ནི་དམ་པའི་ཆོས་སྤང་བའོ། །གང་ཆོས་སྤང་བ་དེས་ཆོས་སྤངས་པས་དེ་བཞིན་གཤེགས་པ་ལ་སྐུར་བ་ཡིན་ནོ་ཞེས་རྒྱས་པར་བཀའ་སྩལ་ཏོ། །དེ་ལས་ཡང་བཀའ་སྩལ་པ། མ་ཕམ་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་སྒྲུབ་པ་འདི་ནི་བྱང་ཆུབ་ཀྱི་ཕྱིར་ཡིན་ན། དེ་ལ་ཡང་མི་བླུན་པོ་དེ་དག་འདི་སྐད་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་བྱའོ་ཞེས་ཟེར་ཞིང༌། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ལ་སུན་འབྱིན་ཏོ། །མ་ཕམ་པ་འདི་ཇི་ལྟར་སེམས། ང་ཀ་ཤི་ཀའི་རྒྱལ་པོར་གྱུར་པ་གང་ཡིན་པ་དེས་འདི་ལྟར་ཕུག་རོན་གྱི་ཕྱིར་བདག་གི་ཤ་ཁྲ་ལ་བྱིན་པ་དེ་ཤེས་རབ་འཆལ་པ་ཡིན་ནམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་དག་པས་གས་ན་དགེ་བའི་རྩ་བ་དེ་དག་གིས་གནོད་པར་གྱུར་ཏམ། བྱམས་པས་གསོལ་པ། དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཕམ་པ་ཁྱོད་ཀྱིས་བསྐལ་པ་དྲུག་ཅུར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས། བསྐལ་པ་དྲུག་ཅུར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསྐལ་པ་དྲུག་ཅུར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དག་པར་བསྒྲུབས་ན། དེ་ལ་མི་བླུན་པོ་དེ་དག་འདི་སྐད་དུ་ཚུལ་གཅིག་ཁོ་ནས་བྱང་ཆུབ་སྟེ། འདི་ལྟ་སྟེ་སྟོང་པ་ཉིད་ཀྱི་ཚུལ་གྱིས་སོ་ཞེས་ཟེར་རོ་ཞེས་རྒྱས་པར་འབྱུང་ངོ༌། །དེ་ལྟ་བས་ན་གཉི་ག་དུས་ཐམས་


DTG110_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དུ་ཡང་བྱང་ཆུབ་སེམས་དཔས་བསྟན་པར་བྱ་བ་ཁོ་ན་ཡིན་ནོ། །དེ་ལྟར་ན་དེ་བཞིན་གཤེགས་པའི་མི་གནས་པའི་མྱ་ངན་ལས་འདས་པ་ཡང་འགྲུབ་པོ། །འདི་ལྟར་སྦྱིན་པ་ལ་སོགས་པའི་ཐབས་ཀྱིས་གཟུགས་ཀྱི་སྐུ་དང༌། ཞིང་དང༌། གཡོག་འཁོར་ལ་སོགས་པ་ལོངས་སྤྱོད་ཆེན་པོའི་འབྲས་བུ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ལ་ཡང་མི་གནས། ཤེས་རབ་ཀྱིས་ཕྱིན་ཅི་ལོག་ཡང་དག་པར་སྤངས་པས་འཁོར་བ་ལ་ཡང་མི་གནས་ཏེ། འཁོར་བའི་རྩ་བ་ནི་ཕྱིན་ཅི་ལོག་ཡིན་པའི་ཕྱིར་རོ། །ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་ལམ་འདིས་སྒྲོ་འདོགས་པ་དང༌། སྐུར་བའི་མཐའ་རྣམ་པར་སྤངས་ནས་དབུ་མའི་ལམ་བསྟན་ཏེ། ཤེས་རབ་ཀྱིས་ནི་སྒྲོ་འདོགས་པའི་མཐའ་སྤོང་ལ། ཐབས་ཀྱིས་ནི་སྐུར་པའི་མཐའ་སྤོང་བའི་ཕྱིར་རོ། །དེ་བས་ན་འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང་བཀའ་སྩལ་ཏེ། མཚན་དང་དཔེ་བྱད་བཟང་པོའི་གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པ་ལ་མངོན་པར་དགའ་བ་ཡིན་གྱི། ཆོས་ཀྱི་སྐུ་མངོན་པར་རྟོགས་པ་ཙམ་ལ་མངོན་བར་དགའ་བ་ནི་མ་ཡིན་ནོ། །ཞེས་སོ། །ཡང་བཀའ་སྩལ་པ། དེ་བཞིན་གཤེགས་པ་ནི་ཤེས་རབ་དང་ཐབས་ཀྱིས་བསྐྱེད་པ་སྟེ། གཞན་གྱི་དྲིང་ལ་འཇོག་པ་ཡང་སྲིད་པར་ཤེས་པར་བྱའོ་ཞེའོ། །རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་ལས་ཀྱང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱི་མཐར་ཕྱིན་པ་ཡིན་ནོ་ཞེས་གསུངས་སོ། །གང་ཆོས་གཟིངས་དང་འདྲ་བར་ཤེས་པ་རྣམས་ཀྱིས་ཆོས་ཉིད་ཀྱང་སྤང་བར་བྱ་ན། ཆོས་མ་ཡིན་པ་ལྟ་ཅི་སྨོས་ཞེས་གསུངས་པ་དེ་ཡང་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་སྤང་བའི་ཕྱིར་དེ་ལ་དགོངས་ཏེ་སྤང་ངོ་ཞེས་བཀའ་སྩལ་གྱི། དགོས་པ་སྒྲུབ་པའི་ཕྱིར་མི་བརྟན་པ་ཡང་མ་ཡིན་ནོ། །ཡང་འདི་སྐད་དུ་གསུངས་ཏེ། ཆོས་ཡོངས་སུ་གཟུང་མོད་ཀྱི་ལོག་པར་མི་གཟུང་ངོ་ཞེས་བྱ་བ་ནི་ལམ་ལོག་པར་གཟུང་བར་མི་བྱ་བའི་དོན་ཏོ། །ཁ་ཅིག་ལས་སྦྱིན་པ་ལ་སོགས་པ་འཁོར་བའི་འབྲས་བུ་བརྗོད་པ་གང་ཡིན་པ་དེ་ནི་ཤེས་རབ་དང་བྲལ་བའི་སྦྱིན་པ་ལ་སོགས་པ་སྔར་བརྗོད་པ་དང༌། དེ་ཙམ་གྱི་དགེ་


DTG110_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྩ་བས་ཆོག་པར་འཛིན་པ་རྣམས་ཀྱི་དབང་དུ་མཛད་ནས། གོང་ནས་གོང་དུ་དགེ་བའི་རྩ་བ་ལ་སྤྲོ་བར་བྱ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་དུ་ཟིན་ན་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལ་སོགས་པ་སྔར་སྨོས་པ་ཐམས་ཅད་དང་ཡང་འགལ་བ་ཁོ་ནར་འགྱུར་རོ། །དེ་ལྟ་བས་ན་ཤེས་རབ་དང་ཐབས་གཉིས་ཀ་བསྟེན་དགོས་པ་ཁོ་ནར་གནས་སོ། །དེ་ལ་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་སྟེ། གཞན་དུ་མ་ཡིན་ནོ། །དེ་བས་ན་སྦྱིན་པ་ལ་སོགས་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་མཉམ་པར་གཞག་པ་ལ་གནས་པར་བྱས་ལ། ཤེས་རབ་བསྐྱེད་པ་ལ་ཇེ་འབད་པར་བྱའོ། །དེ་ལ་ཐོག་མར་རེ་ཞིག་ཐོས་པ་ལས་བྱུང་བའི་ཤེས་རབ་བསྐྱེད་པར་བྱ་སྟེ། དེས་རེ་ཞིག་ལུང་གི་དོན་ཀུན་ཏུ་འཛིན་པར་བྱེད་དོ། །དེ་ནས་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ངེས་པ་དང་དྲང་བའི་དོན་རྣམ་པར་འབྱེད་པར་བྱེད་དོ། །དེ་ནས་དེས་བྱེ་བྲག་ཕྱེད་པའི་དོན་ལ་བརྟེན་ནས་ཡང་དག་པ་ཁོ་ནའི་དོན་བསྒོམ་པར་བྱའི། ཡང་དག་པ་མ་ཡིན་པ་དེ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་དུ་ཟིན་ན་ཕྱིན་ཅི་ལོག་ཏུ་བསྒོམས་ཤིང་ཐེ་ཚོམ་ཡང་མ་བསྩལ་བས་ཡང་དག་པའི་ཤེས་པ་ཡང་འབྱུང་བར་མི་འགྱུར་ཏེ། དེའི་ཕྱིར་བསྒོམ་པ་དོན་མེད་པར་འགྱུར་བས་མུ་སྟེགས་ཅན་རྣམས་ཀྱིས་བསྒོམ་པ་དང་འདྲའོ། །བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་བཀའ་སྩལ་ཏེ། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེ་བརྟགས་གལ་ཏེ་བསྒོམ་པ་ནི། །དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེ་ནི་ཞི་མི་འགྱུར། །ཞའོ། །དེ་ལྟ་བས་ན་བསམས་པའི་ཤེས་རབ་ཀྱིས་རིགས་པ་དང་ལུང་གིས་བརྟགས་ལ་ཡང་དག་པ་ཁོ་ནའི་དངོས་པོའི་རང་གི་ངོ་བོ་བསྒོམ་པར་བྱའོ། །ཡང་དག་པའི་དངོས་པོའི་རང་གི་ངོ་བོ་ནི་དོན་དམ་པར་ན་སྐྱེ་བ་མེད་པ་ཁོ་ན་སྟེ། རིགས་པ་དང་ལུང་གིས་གཏན་ལ་དབབ་བོ། དེ་ལ་ལུང་ནི་འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་སྐྱེ་བ་མེད་པ་ནི་བདེན་ནོ། །སྐྱེ་བ་ལ་སོགས་པའི་ཆོས་གཞན་ནི་མི་བདེན་ནོ་ཞེས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །དེ་ཡང་དོན་དམ་པ་དང་མཐུན་པའི་ཕྱིར་སྐྱེ་བ་མེད་པ་བདེན་ནོ་ཞེས་གསུངས་ཀྱི། དོན་དམ་པར་ནི་སྐྱེ་བ་ཡང་མ་ཡིན། མི་སྐྱེ་བ་ཡང་མ་ཡིན་ཏེ། དེ་ཐ་སྙད་ཐམས་ཅད་


DTG110_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པའི་ཕྱིར་རོ། །ཡང་དེ་ཉིད་ལས་བཀའ་སྩལ་པ། རིགས་ཀྱི་བུ་འཇིག་རྟེན་ལ་གནས་པ་ནི་འཇིག་པ་དང་འབྱུང་བ་ལ་མངོན་པར་ཞེན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པས་འཇིག་རྟེན་གྱི་སྐྲག་པའི་གནས་བསལ་བའི་ཕྱིར་ཐ་སྙད་ཀྱི་དབང་གིས་སྐྱེའོ། །འགག་གོ་ཞེས་གསུངས་ཀྱི། འདི་ལ་ནི་ཆོས་གང་ཡང་སྐྱེ་བ་མེད་དོ་ཞེའོ། །འཕགས་པ་སངས་རྒྱས་ཀྱི་ཆོས་ཡང་དག་པར་སྡུད་པ་ལས་ཀྱང་བཀའ་སྩལ་ཏེ། ཚུལ་བཞིན་འདྲི་བ་ནི་གང་ལགས། ཚུལ་བཞིན་ནི་གང་ལགས། བཀའ་སྩལ་པ། སྐྱེ་བ་མེད་པ་ནི་ཚུལ་བཞིན་ནོ། །དེ་འདྲི་བ་ནི་ཚུལ་བཞིན་འདྲི་བའོ་ཞེའོ། །ཡང་དེ་ཉིད་ལས་བཀའ་སྩལ་པ། ཆོས་ཐམས་ཅད་ནི་ཙའི་སྒོ་སྟེ། འཆི་འཕོ་དང་སྐྱེ་བ་དང་བྲལ་པ་དག་གོ །ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱི་སྒོ་སྟེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་རོ་ཞེས་འབྱུང་ངོ༌། །འཕགས་པ་བདེན་པ་གཉིས་རྣམ་པར་འགྱེད་པ་ལས་ཀྱང༌། སྐྱེ་བ་མེད་པར་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དོ་ཞེས་བརྗོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། རབ་འབྱོར་གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་ངོ༌། །རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱིས་སྟོང་སྟེ། རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་རོ་ཞེས་བཀའ་སྩལ་ཏོ། །གླང་པོའི་རྩལ་ལས་ཀྱང༌། གང་ལ་སྐྱེ་བ་སྲིད་པ་ཡི། །དངོས་པོ་གང་ཡང་མི་དམིགས་ཏེ། །འབྱུང་བ་མེད་པའི་དངོས་རྣམས་ལ། །བྱིས་པ་དག་ནི་འབྱུང་བར་འདོད། །ཅེས་གསུངས་སོ། །ཡབ་དང་སྲས་མཇལ་བ་ལས་ཀྱང༌། ཆོས་འདི་དག་ཐམས་ཅད་ནི་དུས་གསུམ་དུ་མཉམ་པ་ཉིད་ཀྱིས་མཉམ་པ་དག་སྟེ། འདས་པའི་དུས་ན་ཡང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ན་ད་ལྟར་བྱུང་བའི་དུས་ཀྱི་བར་དུ་ངོ་བོ་ཉིད་དང་བྲལ་བའོ་ཞེས་བཀའ་སྩལ་ཏེ། དེ་ལྟར་རེ་ཞིག་ལུང་གིས་བརྟག་པར་བྱའོ། །རིགས་པས་བརྟག་པར་བྱས་ན་ལུང་གི་དོན་གུད་དུ་བཀྲི་མི་ནུས་ཏེ། དེ་བས་ན་རིགས་པས་སོ་སོར་བརྟག་པར་བྱའོ། །དེ་ལ་རིགས་པ་མངོན་བརྗོད་པར་བྱ་སྟེ། དངོས་པོ་རྣམས་ཀྱི་སྐྱེ་བ་རྒྱུ་མེད་པ་ལས་འབྱུང་བ་ཞིག་གམ། རྒྱུ་ཡོད་པ་ལས་འབྱུང་བ་ཞིག་ཏུ་འགྱུར་གྲང་ན། རེས་འགའ་བ་ཡིན་པར་སྣང་བའི་ཕྱིར་རྒྱུ་མེད་


DTG110_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་འབྱུང་བ་མ་ཡིན་ཏེ། རྒྱུ་ལ་མི་ལྟོས་པར་བྱེ་བྲག་མེད་པའི་ཕྱིར་སྐྱེ་བའི་དུས་བཞིན་དུ་རྟག་ཏུ་ཐམས་ཅད་དངོས་པོ་རྣམས་ཅིའི་ཕྱིར་མི་འབྱུང༌། དངོས་པོ་མེད་པའི་དུས་དང་ཡང་བྱེ་བྲག་མེད་པས་སྐྱེ་བའི་དུས་ན་ཡང་འབྱུང་བར་མི་རིགས་སོ། །དེ་ལྟར་རེ་ཞིག་རྒྱུ་མེད་པ་ལས་འབྱུང་དུ་མི་རུང་ངོ༌། །རྒྱུ་ཡོད་པ་ལས་འབྱུང་བའང་མ་ཡིན་ཏེ། །འདི་ལྟར་མུ་སྟེགས་ཅན་རྣམས་ཀྱིས་དབང་ཕྱུག་ལ་སོགས་པ་རྟག་པ་རྒྱུར་བཏགས་པ་དེ་ལས་ཀྱང་དངོས་པོ་རྣམས་མི་སྐྱེ་སྟེ། རིམ་གྱིས་འབྱུང་བར་སྣང་བའི་ཕྱིར་རོ། །རྒྱུ་མ་ཚང་བ་མེད་པའི་འབྲས་བུ་ནི་རིམ་གྱིས་འགྱུར་བ་མི་རིགས་ཏེ། ལྟོས་པ་མེད་པའི་ཕྱིར་རོ། །དབང་ཕྱུག་ལ་སོགས་པ་བདག་ཉིད་ལ་མཐུ་ཡོད་པ་ནི་གཞན་ལ་ལྟོས་པ་མེད་དེ། རྟག་པ་ཡིན་པས་དེ་ལ་གཞན་དག་གིས་ཕན་གདགས་མི་དགོས་པའི་ཕྱིར་རོ། །ཕན་མི་འདོགས་པ་ལ་ལྟོས་པར་ཡང་མི་རུང་ངོ༌། །དེ་བས་ན་དབང་ཕྱུག་ལ་སོགས་པ་ནུས་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ནོ། །དངོས་པོ་ནི་དོན་བྱེད་ནུས་པའི་མཚན་ཉིད་ཡིན་ན་དེ་དག་ནི་གང་དུ་ཡང་འབྲས་བུ་རིམ་གྱིས་སྐྱེད་ཀྱང་མི་ནུས་ཏེ། གོང་དུ་བརྟགས་པ་ཡིན་ནོ། །ཅིག་ཅར་ཡང་མི་སྐྱེ་སྟེ། འདི་ལྟར་འབྲས་བུ་ཐམས་ཅད་ཅིག་ཅར་བསྐྱེད་ནས། ཕྱིན་ཆད་ཀྱང་གལ་ཏེ་དེ་ཁོ་ན་བཞིན་དུ་དེ་ཉིད་བསྐྱེད་ནུས་ན་ནི་དེའི་ཚེ་ནུས་པའི་རང་བཞིན་རྗེས་སུ་འཇུག་བས་སྔ་མ་བཞིན་དུ་འབྲས་བུ་སྐྱེ་བར་འགྱུར་རོ། །རྗེས་སུ་མི་འཇུག་ན་ནི་སྔ་མའི་ངོ་བོ་ཉིད་བོར་བས་མི་རྟག་པར་འགྱུར་རོ། །དེ་བས་ན་རྟག་པ་ཞེས་བྱ་བའི་དངོས་པོ་གང་ཡང་མེད་དོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། ནམ་མཁའ་དང༌། འགོག་པ་དང༌། མྱ་ངན་ལས་འདས་པ་ལ་སོགས་པ་མ་བྱས་པའི་དངོས་པོར་མངོན་པར་ཞེན་ཅིང་སྒྲོ་འདོགས་པ་ནི་མེད་པ་ལས་སྒྲོ་འདོགས་པ་ཡིན་ནོ་ཞེས་སོ། །དེ་ལྟར་རེ་ཞིག་དེ་དག་ནི་རྟག་པ་ལས་སྐྱེར་མི་རུང་ངོ༌། །མི་རྟག་པ་ལས་ཀྱང་མ་ཡིན་ཏེ། དེ་ལས་འདས་པ་དང་མ་འོངས་པ་ནི་དངོས་པོ་མེད་པས་དེ་ལས་སྐྱེས་ཞེས་བྱར་མི་རུང་སྟེ། རྒྱུ་མེད་པ་ལས་སྐྱེ་བར་འགྱུར་བའི་ཕྱིར་རོ། །དུས་མཉམ་པ་དང་མི་མཉམ་པ་དེ་ལས་མི་སྐྱེ་


DTG110_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་ད་ལྟར་གྱི་ལས་ཀྱང་མི་སྐྱེའོ། །འདི་ལྟར་རེ་ཞིག་དུས་མཉམ་པ་ལས་མ་ཡིན་པ་ནི་རྒྱུའི་ངོ་བོ་ཉིད་དང་འདྲ་བར་འབྲས་བུ་ཡང་དེ་དང་དུས་གཅིག་ཏུ་འབྱུང་སྟེ། གྲུབ་པའི་ཕྱིར་རོ། །དུས་ཐ་དད་པ་ལས་ཀྱང་མི་སྐྱེ་སྟེ། དུས་གཞན་གྱིས་ཆོད་དེ་སྐྱེ་ན་ནི་འདས་པ་ལ་སོགས་པ་ལས་སྐྱེ་བར་འགྱུར་བའི་ཕྱིར་རོ། །བར་དུ་མ་ཆོད་པར་སྐྱེ་ན་གལ་ཏེ་བདག་ཉིད་ཐམས་ཅད་ཀྱིས་བར་དུ་མ་ཆོད་ན་ནི་སྐད་ཅིག་གཅིག་ཏུ་སྐད་ཅིག་ཐམས་ཅད་ཆུད་པས་བསྐལ་པ་ཡང་སྐད་ཅིག་ཙམ་དུ་འགྱུར་ཏེ། དཔེར་ན་རྡུལ་ཕྲ་རབ་རྣམས་བདག་ཉིད་ཐམས་ཅད་ཀྱིས་འདྲེས་ནས་གོང་བུ་རྡུལ་ཕྲ་མོ་ཙམ་ཉིད་དུ་འགྱུར་བ་བཞིན་ནོ། །ཇི་སྟེ་ཕྱོགས་གཅིག་གིས་ཕྲད་ན་ནི་དེའི་ཚེ་སྐད་ཅིག་ལ་ཆ་ཤས་ཡོད་པར་འགྱུར་རོ། །བདག་ཉིད་ཀྱང་མི་སྐྱེ་སྟེ་རྒྱུ་མེད་པ་ལས་བྱུང་བ་ཁོ་ནའོ། །ཕྱོགས་ཀྱི་ནང་དུ་ཕྱོགས་འདི་འདུས་པའི་ཕྱིར་ཏེ། བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །གཉིས་ཀ་ལས་ཀྱང་མ་ཡིན་ཏེ། ཕྱོགས་གཉིས་ཀའི་སྐྱོན་འདུ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་དོན་དམ་པར་དངོས་པོ་འདི་དག་ཐམས་ཅད་ནི་མ་སྐྱེས་པ་ཁོ་ན་ཡིན་ལ། ཀུན་རྫོབ་ཏུ་ནི་སྐྱེ་བ་ཡོད་པས་ལུང་ལ་སོགས་པ་དང་ཡང་མི་འགལ་ལོ། །དེ་སྐད་བཅོམ་ལྡན་འདས་ཀྱིས་ཀྱང་བཀའ་སྩལ་ཏེ། དངོས་པོ་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་པ་གང༌། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེའོ། །རིགས་པ་འདི་བཅོམ་ལྡན་འདས་ཀྱིས་ཀྱང་དགོངས་ཏེ། སྔ་ལུ་ལྗང་པ་ལ་སོགས་པ་ལས། བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་པ་ལས་སྐྱེ་བ་བཀག་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་འདི་ལྟར་རིགས་པས་རྣམ་པར་དཔྱད་པར་བྱ་སྟེ། དངོས་པོ་རྣམས་ནི་རྣམ་པ་གཉིས་ཏེ། གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པའོ། །དེ་ལ་རེ་ཞིག་གཟུགས་ཅན་བུམ་པ་ལ་སོགས་པ་དེ་དག་ནི་རྡུལ་ཕྲ་མོ་ཐ་དད་པའི་ངོ་བོ་ཉིད་ཡིན་པས་ན་རང་བཞིན་གཅིག་པ་མ་ཡིན་ནོ། །རྡུལ་ཕྲ་མོ་ཤར་ནུབ་ན་གནས་པ་རྣམས་ཀྱང་ཤར་ལ་སོགས་པའི་ཕྱོགས་དང་ལྡན་པ་ཉིད་ཀྱིས་ཐ་དད་པ་རྣམས་ཀྱང་རྣམ་པར་ཕྱེ་ན་མི་འགྲུབ་པའི་ཕྱིར་རྡུལ་ཕྲ་མོ་རྣམས་ནི་བསགས་པའི་བདག་ཉིད་ཡིན་པས་ན། དུ་མའི་རང་བཞིན་


DTG110_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་ཡིན་ནོ། །གཅིག་དང་དུ་མའི་ངོ་བོ་ཉིད་ལས་མ་གཏོགས་པ་དངོས་པོའི་ངོ་བོ་ཉིད་གཞན་མེད་པས་དངོས་པོ་གཟུགས་ཅན་འདི་དག་ནི་རྨི་ལམ་ལ་སོགས་པར་དམིགས་པའི་གཟུགས་ལ་སོགས་པ་བཞིན་དུ་དོན་དམ་པར་ངོ་བོ་ཉིད་མེད་པ་ཁོ་ནའོ། །དེ་ཡང་འཕགས་པ་ལང་ཀར་གཤེགས་པ་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་གླང་གི་རྭ་ཡང་རྡུལ་ཕྲ་མོར་བཤིག་ན་མི་འདུག་གོ །རྡུལ་ཕྲ་མོ་རྣམས་ཀྱང་སོ་སོར་བཤིག་ན་རྡུལ་ཕྲ་མོའི་མཚན་ཉིད་ལས་མི་གནས་སོ་ཞེས་སོ། །གང་དག་གཟུགས་མེད་པ་དེ་དག་ཀྱང་དེ་བཞིན་དུ་བརྟགས་ན་ངོ་བོ་ཉིད་མེད་པ་ཁོ་ན་སྟེ། འདི་ལྟར་ཕྱི་རོལ་གྱི་སྔོན་པོ་ལ་སོགས་པའི་དོན་མེད་པའི་སྟོབས་ཀྱིས་རྣམ་པར་ཤེས་པ་ལ་སོགས་པ་ཕུང་པོ་གཟུགས་ཅན་མ་ཡིན་པ་དེ་དག་ཉིད་སྔོན་པོ་ལ་སོགས་པའི་ངོ་བོར་ཁས་བླང་དགོས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང༌། ཕྱི་རོལ་གཟུགས་ནི་ཡོད་མིན་ཏེ། །རང་གི་སེམས་ནི་ཕྱི་རོལ་སྣང༌། །ཞེས་བཀའ་སྩལ་ཏོ། །དེ་བས་ན་སྔོན་པོ་ལ་སོགས་པ་སྣ་ཚོགས་ཀྱི་རྣམ་པར་སྣང་བའི་ཕྱིར་དང༌། གཟུང་བ་དང་འཛིན་པའི་རྣམ་པར་སྣང་བའི་ཕྱིར་ངོ་བོ་ཉིད་གཅིག་ཏུ་མི་རུང་སྟེ། གཅིག་དང་དུ་མ་མི་མཐུན་པའི་ཕྱིར་གཅིག་ནི་དུ་མའི་ངོ་བོ་ཉིད་ཁོ་ནར་མི་རུང་ངོ༌། །གང་གི་ངོ་བོ་ཉིད་གཅིག་ཏུ་མ་གྲུབ་པའི་ཕྱིར་དུ་མའི་ངོ་བོར་ཡང་མི་རུང་སྟེ། དུ་མ་ཉིད་ནི་གཅིག་འདུས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཇི་སྟེ་གཟུགས་ལ་སོགས་པའི་རྣམ་པ་འདི་དག་བརྫུན་པ་ཉིད་དུ་སྣང་བར་ཁས་ལེན་ན་རྣམ་པར་ཤེས་པའང་མི་བདེན་པར་འགྱུར་ཏེ། རྣམ་པར་ཤེས་པ་དེའི་ངོ་བོ་ཉིད་དང་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །བདག་ཉིད་རྟོགས་པའི་ངོ་བོ་ལས་གུད་ན་རྣམ་པར་ཤེས་པའི་ངོ་བོ་མེད་ལ། གཟུགས་ལ་སོགས་པའང་བདག་ཉིད་ཀྱིས་སྣང་བར་བྱེད་ན་རྣམ་པར་ཤེས་པའི་རང་གི་ངོ་བོར་གྱུར་པ་རྣམས་བརྫུན་པ་ཉིད་ཡིན་པས་རྣམ་པར་ཤེས་པ་ཐམས་ཅད་ཀྱང་བརྫུན་པ་ཡིན་པར་ཁས་བླངས་པར་གྱུར་ཏོ། །རྣམ་པར་ཤེས་པ་ནི་སྒྱུ་མ་དང་འདྲའོ་ཞེས་བཅོམ་ལྡན་འདས་ཀྱིས་ཀྱང་བཀའ་སྩལ་ཏོ། །དེ་ལྟ་བས་ན་གཅིག་དང་དུ་མའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་དངོས་པོ་འདི་དག་ཐམས་ཅད་དོན་དམ་པར་བདེན་པ་མ་ཡིན་ནོ་ཞེས་བྱ་བ་དེ་ངེས་སོ། །དེའི་དོན་བཅོམ་ལྡན་འདས་ཀྱིས་ཀྱང་འཕགས་པ་


DTG110_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ལང་ཀར་གཤེགས་པ་ལས། ཇི་ལྟར་གཟུགས་རྣམས་མེ་ལོང་ལ། །གཅིག་དང་གཞན་རྣམས་རྣམ་སྤངས་པར། །སྣང་ཡང་དེ་ནི་ཡོད་མ་ཡིན། །དེ་བཞིན་དངོས་རྣམས་ངོ་བོ་ཉིད། །ཅེས་བཀའ་སྩལ་ཏོ། །གཅིག་པ་ཉིད་དང་དུ་མ་ཉིད་བྲལ་ཞེས་བྱ་བའི་ཚིག་གོ །ཡང་བཀའ་སྩལ་པ། །བློ་ཡིས་རྣམ་པར་གཞིགས་ན་གོ །ངོ་བོ་ཉིད་ནི་གཟུང་དུ་མེད། །དེ་ཕྱིར་དེ་དག་བརྗོད་མེད་ཅིང༌། །ངོ་བོ་ཉིད་ཀྱང་མེད་པར་བཤད། །ཅེའོ། །དེ་ལྟར་བསམས་པའི་ཤེས་རབ་ཀྱིས་ཡང་དག་པའི་དོན་བྱེ་བྲག་ཕྱེད་པར་བྱས་ལ་དེ་མངོན་སུམ་བྱ་བའི་ཕྱིར་བསྒོམས་པའི་ཤེས་རབ་བསྐྱེད་དོ། །ཐོས་པ་ལ་སོགས་པ་ཙམ་གྱིས་དོན་མངོན་སུམ་དུ་མི་འགྱུར་རོ་ཞེས་འཕགས་པ་དཀོན་མཆོག་སྤྲིན་ལ་སོགས་པ་ལས་བསྟན་པ་ཡིན་ནོ། །སྒྲུབ་པ་པོ་རྣམས་ལ་ཡང་ཉམས་ཡོད་དེ། ཤེས་པའི་སྣང་བ་རྣམས་ཤིན་ཏུ་གསལ་བ་འབྱུང་བ་མེད་པ་ཡང་དག་པར་སྒྲིབ་པའི་མུན་པ་མི་སྤོངས་སོ། །བསྒོམ་པ་ལན་མང་དུ་བྱས་ན་ཡང་དག་པ་མ་ཡིན་པའི་དོན་ལ་ཡང་ཤེས་པ་ཤིན་ཏུ་གསལ་བ་འབྱུང་སྟེ། དཔེར་ན་མི་སྡུག་པ་དང་ཟད་པར་ས་ལ་སོགས་པ་ལ་སྙོམས་པར་ཞུགས་པ་རྣམས་ཀྱི་ཤེས་པ་འབྱུང་བ་ལྟ་བུ་ཡིན་ན་ཡང་དག་པའི་དོན་ལྟ་ཅི་སྨོས། དེ་ལྟར་བསྒོམས་པའི་འབྲས་བུ་ནི་ཡོངས་སུ་གསལ་བའི་ཤེས་པ་ཡིན་པས་འབྲས་བུ་དང་བཅས་པའི་དོན་ཡིན་པར་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་གྱིས་རྒྱལ་པོ་ལས་བཀའ་སྩལ་ཏེ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ། མོས་པར་བྱ། ཇི་ལྟ་ཇི་ལྟར་མང་དུ་མིས་བརྟགས་ན། །དེ་ལ་གནས་པའི་རྣམ་པར་རྟོག་པ་དེས། །ད་ལྟ་དེ་ལྟར་དེ་ལ་སེམས་གཞོལ་བར་འགྱུར། །ཞེས་དེ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ༌། །དེ་ལྟ་བས་ན་དེ་ཁོ་ན་མངོན་སུམ་དུ་བྱ་བའི་ཕྱིར་བསྒོམ་པ་ལ་རབ་ཏུ་འཇུག་དགོ །དེ་ལ་རྣལ་འབྱོར་པས་སེམས་གནས་པར་བྱ་བའི་ཕྱིར་ཐོག་མ་ཁོ་ནར་རེ་ཞིག་ཞི་གནས་བསྒྲུབ་པར་བྱའོ། །སེམས་ནི་ཆུ་བཞིན་དུ་གཡོ་བའི་ཕྱིར་ཞི་གནས་ཀྱི་གཞི་མེད་པར་གནས་པ་མེད་དོ། །མཉམ་པར་མ་བཞག་པའི་སེམས་ཀྱིས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་མི་ནུས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་བཀའ་སྩལ་ཏོ། །ཞི་གནས་དེ་ནི་རྙེད་པ་ལ་སོགས་པ་ལ་


DTG110_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ལ་མི་ལྟ་ཞིང་ཚུལ་ཁྲིམས་ལ་ལེགས་པར་གནས་ལ་སྡུག་བསྔལ་ལ་སོགས་པ་དང་དུ་ལེན་པའི་ངང་ཚུལ་ཅན་དུ་གྱུར་ལ་བརྩོན་འགྲུས་བརྩམས་ན་ཤིན་ཏུ་མྱུར་དུ་འགྲུབ་བོ། །དེ་བས་ན་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ་ལས་ཀྱང་སྦྱིན་པ་ལ་སོགས་པ་གོང་མའི་ཡང་གོང་མའི་རྒྱུ་ཉིད་ཡིན་པར་བསྟན་ཏོ། །དེ་ལྟར་ཚུལ་ཁྲིམས་ལ་སོགས་པ་ཞི་གནས་ཀྱི་ཚོགས་རྣམས་ལ་གནས་ཏེ། ཡིད་དུ་འོང་བའི་ས་ཕྱོགས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་ལ་སོགས་པ་བྱ་ཞིང༌། སྡིག་པ་བཤགས་པ་དང་བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་ཡང་བྱས་ནས། སྙིང་རྗེ་ཆེན་པོ་ཁོ་ན་མངོན་སུམ་དུ་བྱས་པས་འགྲོ་བ་མཐའ་དག་གདོན་པའི་བསམ་པ་ཅན་དུ་གྱུར་ནས་ལུས་དྲང་པོར་བསྲངས་ལ་སྟན་བདེ་བའི་སྟེང་དུ་འདུག་སྟེ། སྐྱིལ་མོ་ཀྲུང་བཅས་ལ་ཏིང་ངེ་འཛིན་མངོན་པར་སྒྲུབ་བོ། དེ་ལ་ཐོག་མར་རེ་ཞིག་མདོར་བསྡུ་ན་རྣམ་པ་ཇི་སྙེད་ཀྱིས་རྣམ་པར་དཔྱད་པར་བྱ་བ་དངོས་པོ་མཐའ་དག་འདུ་བར་འགྱུར་བའི་དངོས་པོ་གང་ཡིན་པ་དེ་ལ་སེམས་གཞག་པར་བྱའོ། །དངོས་པོ་འདུས་པ་ནི་གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། ལས་དང་པོ་བའི་རྣམ་པར་གཡེང་བའི་ཉེས་པ་བསལ་བའི་ཕྱིར་རེ་ཞིག་འདུས་པ་དེ་ལ་ནི་དམིགས་པའི་རིགས་སོ། །གང་གི་ཚེ་ཡིད་ལ་བྱེད་པ་ཁུགས་པར་གྱུར་པ་དེའི་ཚེ་ཕུང་པོ་དང་ཁམས་ལ་སོགས་པའི་བྱེ་བྲག་གིས་རྒྱས་པར་ཡང་དམིགས་པར་བྱེད་པ་ཁོ་ན་སྟེ། འདི་སྐད་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ་ལས་ཀྱང་རྣལ་འབྱོར་པ་རྣམས་ཀྱི་སྟོང་པ་ཉིད་རྣམ་པ་བཅོ་བརྒྱད་ལ་དམིགས་པ་ལ་སོགས་པའི་བྱེ་བྲག་གིས་དམིགས་པའི་རྣམ་པ་ཀུན་ཏུ་བཀའ་སྩལ་ཏོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་ཕྱིར་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་ལ་སོགས་པའི་བྱེ་བྲག་གིས་མདོར་བསྡུས་པ་དང་བར་མ་དང༌། རྒྱས་པ་དག་གིས་དངོས་པོར་རབ་ཏུ་དབྱེ་བ་ཆོས་མངོན་པ་ལ་སོགས་པ་ལས་བསྟན་ཏོ། །དེ་ཡང་དངོས་པོ་ལ་སྒྲོ་འདོགས་པ་དང་སྐུར་བ་སྤང་བའི་ཕྱིར་ཕུང་པོ་དང་ཁམས་ལ་སོགས་པར་བསྡུས་པའི་སྒོ་ནས་བགྲང་ངོ༌། །དེ་ནས་དངོས་པོ་ཐམས་ཅད་བསྡུས་པའི་བྱེ་བྲག་ཕྱེད་ནས་དེ་ཉིད་


DTG110_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སེམས་ཡང་དང་ཡང་རྒྱུན་དུ་འཇུག་པར་བྱའོ། །གང་གི་ཚེ་བར་སྐབས་སུ་འདོད་ཆགས་ལ་སོགས་པས་སེམས་ཕྱི་རོལ་དུ་རྣམ་པར་གཡེང་བར་བྱེད་པ་དེའི་ཚེ་རྣམ་པར་གཡེང་བར་ཤེས་པར་བྱས་ལ་མི་སྡུག་པ་ལ་སོགས་པ་བསྒོམས་པས་རྣམ་པར་གཡེང་བ་ཞི་བར་བྱས་ཤིང་མྱུར་དུ་དེ་ཉིད་ལ་སེམས་ཕྱི་ཕྱིར་གཞུག་པར་བྱའོ། །མི་སྡུག་པ་ལ་སོགས་པ་བསྒོམ་པའི་གོ་རིམས་འདིར་ཡི་གེ་མངས་ཀྱིས་དོགས་ཏེ་མ་བྲིས་སོ། །གང་གི་ཚེ་ལ་མི་དགའ་བར་མཐོང་བ་དེའི་ཚེ་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་ལྟ་བས་དེ་ལ་དགའ་བ་བསྒོམ་ཞིང་རྣམ་པར་གཡེང་བ་ལ་ཉེས་པར་ལྟ་བས་མི་དགའ་བ་རབ་ཏུ་ཞི་བར་བྱའོ། །ཇི་སྟེ་གང་གི་ཚེ་རྨུགས་པ་དང་གཉིད་ཀྱིས་ནོན་ཏེ། དམིགས་པ་འཛིན་པ་ལ་མི་གསལ་ཞིང་སེམས་བྱིང་བར་གྱུར་པ་དེའི་ཚེ་སྣང་བའི་འདུ་ཤེས་བསྒོམས་པའམ། མཆོག་ཏུ་དགའ་བའི་དངོས་པོ་སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡིད་ལ་བྱེད་པས་བྱིང་བ་བསལ་ལ་དམིགས་པ་དེ་ཉིད་དམ་དུ་བཟུང་ངོ༌། །ཇི་སྟེ་གང་གི་ཚེ་དེ་སྔོན་དགོད་པ་དང་རྩེ་བ་ལ་སོགས་པ་དྲན་ཞིང་བར་བར་དུ་སེམས་རྒོད་པར་མཐོང་བ་དེའི་ཚེ་མི་རྟག་པ་ལ་སོགས་པ་ཡིད་འབྱུང་བར་འགྱུར་བའི་དངོས་པོ་ཡིད་ལ་བྱེད་པས་རྒོད་པ་ཞི་བར་བྱའོ། །དེ་ནས་ཡང་དམིགས་པ་དེ་ཉིད་ལ་སེམས་མངོན་པར་འདུ་བྱེད་པ་མེད་པར་འཇུག་པ་ལ་འབད་པར་བྱའོ། །གང་གི་ཚེ་བྱིང་བ་དང་རྒོད་པ་གཉིས་ཀ་དང་བྲལ་ཏེ་མཉམ་པར་འཇུག་ཅིང་སེམས་རང་གི་ངང་གིས་འབྱུང་བར་མཐོང་བ་དེའི་ཚེ་རྩོལ་བ་ཀློང་དེ་བཏང་སྙོམས་སུ་བྱའོ། །གལ་ཏེ་མཉམ་པར་འཇུག་པ་ལ་རྩོལ་བ་བྱས་ན་སེམས་རྣམ་པར་གཡེང་བར་འགྱུར་རོ། །གང་གི་ཚེ་དམིགས་པ་དེ་ཉིད་ལ་མངོན་པར་འདུ་བྱེད་པ་མེད་པར་ཇི་སྲིད་འདོད་པའི་བར་དུ་སེམས་འཇུག་པར་འགྱུར་བ་དེའི་ཚེ་ཞི་གནས་རྫོགས་པ་ཡིན་པར་རིག་པར་བྱ་སྟེ། ཞི་གནས་ཀྱི་ངོ་བོ་ཉིད་ནི་སེམས་རྩེ་གཅིག་པ་ཙམ་དུ་ཟད་པའི་ཕྱིར་འདི་ནི་ཞི་གནས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་ནོ། །དེའི་དམིགས་པ་ལ་ནི་ངེས་པ་མེད་དོ། །ཞི་གནས་ཀྱི་ལམ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་ཀྱང་བཤད་དེ། བཀའ་སྩལ་པ། དེ་དང་དེ་ལ་སེམས་འཇོག་གོ །རྒྱུན་དུ་འཇོག་གོ །བླན་ཏེ་འཇོག་གོ །ཉེ་བར་འཇོག་གོ །འདུལ་བར་བྱེད་དོ། །ཞི་བར་བྱེད་དོ། །རྣམ་པར་ཞི་བར་བྱེད་དོ། །རྩེ་གཅིག་ཏུ་བྱེད་དོ། །མཉམ་


DTG110_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇོག་གོ་ཞེས་ཚིག་དགུ་སྨོས་སོ། །དེ་ལ་འཇོག་ཅེས་བྱ་བ་ནི་དམིགས་པ་ལ་སེམས་འདོགས་པའོ། །རྒྱུན་དུ་འཇོག་ཅེས་བྱ་བ་ནི་དམིགས་པ་དེ་ཉིད་ལ་རྒྱུན་དུ་འཇོག་པའོ། །བླན་ཏེ་འཇོག་ཅེས་བྱ་བ་ནི་རྣམ་པར་གཡེང་བ་ཤེས་ནས་དེ་སྤོང་བའོ། །ཉེ་བར་འཇོག་ཅེས་བྱ་བ་ནི་རྣམ་པར་གཡེང་བ་སྤངས་ནས་ཕྱི་ཕྱིར་བརྟུན་ཏེ་དམིགས་པ་དེ་ཉིད་ལ་འཇོག་པའོ། །འདུལ་བར་བྱེད་དོ་ཞེས་བྱ་བ་ནི་དགའ་བ་བསྐྱེད་པའོ། །ཞི་བར་བྱེད་དོ་ཞེས་བྱ་བ་ནི་རྣམ་པར་གཡེང་བའི་ཉེས་པ་མཐོང་ནས་མི་དགའ་བར་རབ་ཏུ་ཞི་བར་བྱེད་དོ། །རྣམ་པར་ཞི་བར་བྱེད་པ་ནི་རྨུགས་པ་དང་གཉིད་ལ་སོགས་པ་ལངས་པ་རྣམས་སེལ་བའོ། །རྩེ་གཅིག་ཏུ་བྱེད་པ་ནི་མངོན་པར་འདུ་བྱེད་པ་མེད་པས་འཇུག་པར་འབད་པར་བྱེད་པའོ། །མཉམ་པར་འཇོག་ཅེས་བྱ་བ་ནི་སེམས་མཉམ་པར་གྱུར་པ་ན་བཏང་སྙོམས་སུ་བྱེད་པ་སྟེ། མཉམ་པར་འཛིན་ཅེས་བྱ་བའི་ཐ་ཚིག་གོ །ཚིག་འདི་རྣམས་ཀྱི་དོན་འདི་ནི་འཕགས་པ་བྱམས་པ་དང༌། སྔོན་གྱི་མཁན་པོ་རྣམས་ཀྱིས་བཤད་དོ། །མདོར་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཉེས་པ་དྲུག་ཡོད་དེ། ལེ་ལོ་དང༌། དམིགས་པ་བརྗེད་པ་དང༌། བྱིང་བ་དང༌། རྒོད་པ་དང༌། མི་རྩོལ་བ་དང༌། རྩོལ་བའོ། །དེ་རྣམས་ཀྱི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་མོ། འདི་ལྟ་སྟེ། དད་པ་དང༌། འདུན་པ་དང༌། རྩོལ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། དྲན་པ་དང༌། ཤེས་བཞིན་དང༌། སེམས་པ་དང༌། བཏང་སྙོམས་སོ། །དེ་ལ་གོང་མ་བཞི་ནི་ལེ་ལོའི་གཉེན་པོ་སྟེ། འདི་ལྟར་ཏིང་ངེ་འཛིན་གྱི་ཡོན་ཏན་དག་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་དང་ལྡན་པའི་དད་པ་རྣལ་འབྱོར་པ་རྣམས་དེ་ལ་འདོད་པ་སྐྱེའོ། །དེ་ནས་འདོད་པས་བརྩོན་འགྲུས་རྩོམ་མོ། དེ་བརྩོན་འགྲུས་ཀྱི་སྟོབས་ཀྱིས་ལུས་དང་སེམས་ལས་སུ་རུང་བ་ཉིད་བྱེད་དོ། །དེ་ནས་ལུས་དང་སེམས་ཤིན་ཏུ་སྦྱངས་པར་གྱུར་པས་ལེ་ལོ་ལྡོག་སྟེ། དེ་བས་ན་དད་པ་ལ་སོགས་པ་ནི་ལེ་ལོ་སྤང་བའི་ཕྱིར་བསྒོམ་མོ། །དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོའོ། །ཤེས་བཞིན་ནི་བྱིང་བ་དང་རྒོད་པའི་གཉེན་པོ་སྟེ། དེས་བྱིང་བ་དང་རྒོད་པ་ཡང་དག་པར་རྟོགས་པའི་ཕྱིར་རོ། །བྱིང་བ་དང་རྒོད་པ་རབ་ཏུ་མ་ཞི་བའི་དུས་ན་མི་རྩོལ་བ་ཉེས་པ་སྟེ། དེའི་གཉེན་


DTG110_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པོར་སེམས་པ་བསྒོམ་མོ། བྱིང་བ་དང་རྒོད་པ་རབ་ཏུ་ཞི་སྟེ། གང་གི་ཚེ་སེམས་རྣལ་དུ་འཇུག་པ་དེའི་ཚེ་རྩོལ་བ་ཉེས་པ་ཡིན་ཏེ། དེའི་གཉེན་པོར་དེའི་ཚེ་བཏང་སྙོམས་བསྒོམ་མོ། །སྤོང་བའི་འདུ་བྱེད་བརྒྱད་པོ་དེ་དག་དང་ལྡན་ན་ཏིང་ངེ་འཛིན་ཤིན་ཏུ་ཁུགས་པ་ཡིན་ཏེ། དེས་རྫུ་འཕྲུལ་ལ་སོགས་པ་ཡོན་ཏན་རྣམས་སྒྲུབ་པར་བྱེད་དོ། །དེ་ལྟ་བས་ན་མདོ་སྡེ་ལས་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་མོ་ཞེས་བཀའ་སྩལ་ཏོ། །སེམས་རྩེ་གཅིག་པ་དེ་ཕྱི་ཕྱིར་ལས་སུ་རུང་བ་ཉིད་དང་ལྡན་ཞིང་དམིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་ཐོབ་པས་བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། རྣམ་པར་ཐར་པ་ལ་སོགས་པའི་མིང་ཐོབ་བོ། །འདི་ལྟར་གང་གི་ཚེ་བཏང་སྙོམས་ཀྱི་ཚོར་བ་དང་ལྡན་ཞིང་རྟོག་པ་དང་བཅས་པ་དང༌། དཔྱོད་པ་དང་བཅས་པར་གྱུར་པ་དེའི་ཚེ་མི་ལྕོགས་པ་མེད་པ་ཞེས་བྱ་སྟེ། བསམ་གཏན་དང་པོའི་སྦྱོར་བའི་སེམས་སོ། །གང་གི་ཚེ་འདོད་པའི་སྲེད་པ་དང༌། སྡིག་པའི་ཆོས་རྣམས་དང་བྲལ་ཞིང་རྟོག་པ་དང༌། དཔྱོད་པ་དང༌། དགའ་བ་དང༌། བདེ་བ་དང་ལྡན་པར་གྱུར་པ་དེའི་ཚེ་བསམ་གཏན་དང་པོ་ཞེས་བྱའོ། །བསམ་གཏན་དང་པོ་དེ་ཉིད་ལས་རྟོག་པ་ཙམ་མེད་པ་དེ་ནི་བསམ་གཏན་ཁྱད་པར་ཅན་ཞེས་བྱའོ། །གང་གི་ཚེ་རྟོག་པ་དང་དཔྱོད་པ་དང་བྲལ་ཏེ་བསམ་གཏན་དང་པོའི་སའི་སྲེད་པ་དང་བྲལ་བར་གྱུར་ནས་དགའ་བ་དང་བདེ་བ་དང༌། ནང་ཡོངས་སུ་དང་བདག་དང་ལྡན་པར་གྱུར་པ་དེའི་ཚེ་བསམ་གཏན་གཉིས་པ་ཞེས་བྱའོ། །གང་གི་ཚེ་བསམ་གཏན་གཉིས་པའི་སའི་སྲེད་པ་དང་བྲལ་བར་གྱུར་ཏེ་བདེ་བ་དང༌། བཏང་སྙོམས་དང༌། དྲན་པ་དང༌། ཤེས་བཞིན་དག་དང་ལྡན་པར་གྱུར་པ་དེའི་ཚེ་བསམ་གཏན་གསུམ་པ་ཞེས་བྱའོ། །གང་གི་ཚེ་བསམ་གཏན་གསུམ་པའི་སའི་སྲེད་པ་དང་བྲལ་ཏེ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་ཞིང༌། བཏང་སྙོམས་དང༌། དྲན་པ་དག་དང་ལྡན་པར་གྱུར་པ་དེའི་ཚེ་བསམ་གཏན་བཞི་བ་ཞེས་བྱའོ། །དེ་བཞིན་དུ་གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། རྣམ་པར་ཐར་པ་དང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་སོགས་པ་ཡང་དམིགས་པ་དང་རྣམ་པ་ལ་སོགས་པའི་བྱེ་བྲག་གིས་སྦྱར་བར་བྱའོ། །དེ་ལྟར་དམིགས་


DTG110_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ལ་སེམས་བརྟན་པར་བྱས་ནས་ཤེས་རབ་ཀྱིས་རྣམ་པར་དཔྱད་པར་བྱ་སྟེ། འདི་ལྟར་ཤེས་པའི་སྣང་བ་བྱུང་བས་ཀུན་ཏུ་རྨོངས་པའི་ས་བོན་ཤིན་ཏུ་སྤོང་བར་འགྱུར་རོ། །དེ་ལྟ་མ་ཡིན་ན་མུ་སྟེགས་ཅན་རྣམས་ཀྱི་བཞིན་དུ་ཏིང་ངེ་འཛིན་ཙམ་གྱིས་ཉོན་མོངས་པ་སྤོང་བར་མི་འགྱུར་རོ། །མདོ་སྡེ་ལས་ཇི་སྐད་དུ། ཏིང་ངེ་འཛིན་དེ་སྒོམ་པར་བྱེད་མོད་ཀྱི། །དེ་ནི་བདག་ཏུ་འདུ་ཤེས་འཇིག་མི་བྱེད། །དེ་ཡི་ཉོན་མོངས་ཕྱིར་ཞིང་རབ་འཁྲུག་སྟེ། །ལྷག་སྤྱོད་འདི་ནི་ཏིང་འཛིན་བསྒོམ་པ་བཞིན། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་འཕགས་པ་ལང་ཀར་གཤེགས་པ་ལས། ཤེས་རབ་བསྒོམ་པའི་རིམ་པ་མདོར་བཀའ་སྩལ་ཏེ། སེམས་ཙམ་ལ་ནི་རབ་བརྟེན་ནས། །ཕྱི་རོལ་དོན་ལ་མི་བརྟག་གོ །དེ་བཞིན་ཉིད་ཀྱི་དམིགས་གནས་ནས། །སེམས་ཙམ་ལས་ཀྱང་བཟླ་བར་བྱ། །སེམས་ཙམ་ལས་ནི་བཟླས་ནས་སུ། །སྣང་བ་མེད་ལས་བཟླ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌། །ཞི་བ་ལྷུན་གྱིས་གྲུབ་པའི་གནས། །སྨོན་ལམ་དག་གིས་རྣམ་པར་སྦྱངས། །ཡེ་ཤེས་དམ་པ་བདག་མེད་པ། །སྣང་བ་མེད་པས་མཐོང་བར་འགྱུར། །དེ་ལ་དོན་ནི་འདི་ཡིན་ཏེ། །ཐོག་མར་རྣལ་འབྱོར་པས་ཆོས་གཟུགས་ཅན་གང་དག་གཟུགས་ལ་སོགས་པ་ཕྱི་རོལ་གྱི་དོན་དུ་གཞན་དག་གིས་བརྟགས་པ་དེ་དག་ལ་ཅི་འདི་དག་རྣམ་པར་ཤེས་པ་ལས་གཞན་ཞིག་ཡིན་ནམ། འོན་ཏེ་རྣམ་པར་ཤེས་པ་དེ་ཉིད་དེ་ལྟར་སྣང་སྟེ། རྨི་ལམ་གྱི་གནས་སྐབས་ཇི་ལྟ་བ་བཞིན་ནམ་ཞེས་དཔྱད་པར་བྱའོ། །དེ་ལ་རྣམ་པར་ཤེས་པ་ལས་ཕྱི་རོལ་བ་རྡུལ་ཕྲ་རབ་ཏུ་བཤིག་སྟེ། རྡུལ་ཕྲ་རབ་རྣམས་ཀྱང་ཆ་ཤས་ཀྱིས་སོ་སོར་བརྟགས་ན་རྣལ་འབྱོར་པས་དོན་དེ་དག་མི་མཐོང་ངོ༌། །དེས་དེ་དག་མ་མཐོང་བས་འདི་སྙམ་དུ་འདི་དག་ཐམས་ཅད་ནི་སེམས་ཙམ་སྟེ་ཕྱི་རོལ་གྱི་དོན་མེད་དོ་སྙམ་དུ་སེམས་སོ། །འདི་ལྟར། སེམས་ཙམ་ལ་ནི་རབ་བརྟེན་ནས། །ཕྱི་རོལ་དོན་ལ་མི་བརྟག་གོ །ཞེས་དེ་སྐད་འབྱུང་བ་ནི་ཆོས་གཟུགས་ཅན་ལ་རྣམ་པར་རྟོག་པ་སྤོང་བའོ་ཞེས་བྱ་བའི་ཐ་ཚིག་གོ །དམིགས་སུ་རུང་བའི་མཚན་ཉིད་དུ་གྱུར་པ་དེ་དག་རྣམ་པར་དཔྱད་ན་མི་དམིགས་པའི་ཕྱིར་རོ། །


DTG110_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཆོས་གཟུགས་ཅན་རྣམས་རྣམ་པར་བཤིག་ནས་གཟུགས་ཅན་མ་ཡིན་པ་རྣམ་པར་བཤིག་པར་བྱ་སྟེ། དེ་ལ་སེམས་ཙམ་གང་ཡིན་པ་དེ་ཡང་གཟུང་བ་མེད་ན་འཛིན་པར་མི་རུང་སྟེ། འཛིན་པ་ནི་གཟུང་བ་ལ་ལྟོས་པའི་ཕྱིར་རོ། །དེ་ལྟ་བས་ན་སེམས་ན་གཟུང་བ་དང་འཛིན་པ་ལས་དབེན་ཞིང་གཉིས་སུ་མེད་པ་ཁོ་ན་ཡིན་པར་རྣམ་པར་དཔྱད་ནས་གཉིས་སུ་མེད་པའི་མཚན་ཉིད། དེ་བཞིན་ཉིད་ཀྱི་དམིགས་གནས་ནས། །སེམས་ཙམ་ལས་ཀྱང་བཟླ་བར་བྱ། །འཛིན་པའི་རྣམ་པ་ལས་ཤིན་ཏུ་བཟླ་བར་བྱ་སྟེ། གཉིས་སུ་སྣང་བ་མེད་པ་གཉིས་མེད་པའི་ཤེས་པ་ལ་གནས་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་སེམས་ཙམ་ལ་བཟླས་ནས་གཉིས་སྣང་བ་མེད་པའི་ཤེས་པ་ལས་ཀྱང་བཟླ་བར་བྱ་སྟེ། བདག་དང་གཞན་ལས་དངོས་པོ་རྣམས་སྐྱེ་བ་མི་འཐད་པའི་ཕྱིར་གཟུང་བ་དང་འཛིན་པ་བརྫུན་པ་ཁོ་ན་ཡིན་ལ། དེ་དག་ལས་དེ་ཡང་གུད་ན་མེད་པའི་ཕྱིར་དེ་ཡང་བདེན་པ་ཉིད་མ་ཡིན་པར་བརྟགས་ལ་གཉིས་མེད་པའི་ཤེས་པ་དེ་ལ་ཡང་དངོས་པོར་མངོན་པར་ཞེན་པ་དོར་བར་བྱ་སྟེ། གཉིས་མེད་པའི་ཤེས་པ་སྣང་བ་མེད་པའི་ཤེས་པ་ཁོ་ན་ལ་གནས་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ན་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པར་རྟོགས་པ་ལ་གནས་པ་ཡིན་ནོ། །དེ་ལ་གནས་པས་ཡང་དག་པ་ཉིད་ཀྱི་མཆོག་ལ་ཞུགས་པས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་ཞུགས་པ་ཡིན་ནོ། །དེ་ལྟར་རྣལ་འབྱོར་པ་གང་གི་ཚེ་གཉིས་མེད་པའི་ཤེས་པ་སྣང་བ་མེད་པའི་ཤེས་པ་ལ་གནས་པར་གྱུར་པ་དེའི་ཚེ། མཐོང་བའི་ལམ་ལ་གནས་པས་ཐེག་པ་ཆེན་པོ་མཐོང་ངོ༌། །དེ་ཁོ་ན་དམ་པ་མཐོང་བ་གང་ཡིན་པ་དེ་ཉིད་ཐེག་པ་ཆེན་པོ་ཞེས་བྱའོ། །དེ་ཁོ་ན་དམ་པ་མཐོང་བ་དེ་ནི་ཆོས་ཐམས་ཅད་ཤེས་རབ་ཀྱི་མིག་གིས་བརྟགས་ཏེ་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་ཤར་ན་ཅི་ཡང་མཐོང་བ་མེད་པ་གང་ཡིན་པའོ། །དེ་སྐད་མདོ་ལས་ཀྱང་གསུངས་ཏེ། དོན་དམ་པ་མཐོང་བ་གང་ཞེ་ན། ཆོས་ཐམས་ཅད་མཐོང་བ་མེད་པ་གང་ཡིན་པའོ་ཞེས་འབྱུང་ངོ༌། །འདིར་དེ་ལྟ་བུའི་མཐོང་བ་མེད་པ་ལ་དགོངས་ཏེ། མི་མཐོང་བ་ཞེས་བཀའ་སྩལ་གྱི་མིག་བཙུམས་པ་དང༌། དམུས་ལོང་ལ་སོགས་པ་ལྟ་བུ་རྐྱེན་མ་ཚང་བ་དང༌། ཡིད་ལ་མི་བྱེད་པས་མི་མཐོང་བ་ནི་མ་ཡིན་ནོ། །དེ་བས་ན་དངོས་པོར་མངོན་པར་


DTG110_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་པ་ལ་སོགས་པ་ཕྱིན་ཅི་ལོག་གི་བག་ཆགས་མ་སྤངས་པས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལས་ལངས་པ་བཞིན་དུ་དངོས་པོ་ལ་སོགས་པ་མངོན་པར་ཞེན་པའི་རྩ་བ་ཅན་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཚོགས་ཡང་འབྱུང་བའི་ཕྱིར་རྣལ་འབྱོར་པ་མ་གྲོལ་བ་ཉིད་དུ་འགྱུར་རོ། །འདོད་ཆགས་ལ་སོགས་པའི་རྩ་བ་ནི་དངོས་པོ་ལ་མངོན་པར་ཞེན་པ་ཡིན་ནོ་ཞེས་འཕགས་པ་བདེན་པ་གཉིས་བསྟན་པ་ལས་ཀྱང་བཀའ་སྩལ་ཏོ། །རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས་ཡིད་ལ་མི་བྱེད་པས་གཟུགས་ལ་སོགས་པའི་མཚན་མ་སྤོང་ངོ་ཞེས་གསུངས་པ་གང་ཡིན་པ་དེ་ཡང་ཤེས་རབ་ཀྱིས་བརྟགས་ན་མི་དམིགས་པ་གང་ཡིན་པ་དེ། དེར་ཡིད་ལ་མི་བྱེད་པར་དགོངས་ཀྱིས། ཡིད་ལ་བྱེད་པ་མེད་པ་ཙམ་ནི་མ་ཡིན་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལྟར་ཐོག་མ་མེད་པའི་དུས་ནས་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པའི་ཡིད་ལ་བྱེད་པ་སྤངས་པ་ཙམ་གྱིས་སྤོང་བ་ནི་མ་ཡིན་ནོ། །ཐེ་ཚོམ་མ་སྤངས་པར་ནི་སྔོན་དམིགས་པའི་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པའི་ཡིད་ལ་བྱེད་པ་ཡོངས་སུ་སྤང་བར་མི་ནུས་ཏེ། མེ་མ་སྤངས་པར་ཚ་བ་སྤང་དུ་མི་རུང་བ་བཞིན་ནོ། །འདི་ལྟར་གཟུགས་ལ་སོགས་པ་རྣམ་པར་རྟོག་པ་འདི་དག་ཚེར་མ་ལ་སོགས་པ་བཞིན་དུ་སེམས་ལས་ལག་པས་དབྱུང་ཞིང་བསལ་དུ་མི་རུང་སྟེ། ཐེ་ཚོམ་གྱི་ས་བོན་སྤང་དགོས་པའི་ཕྱིར་རོ། །ཐེ་ཚོམ་གྱི་ས་བོན་དེ་ཡང་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་སྣང་བ་བྱུང་སྟེ། ཤེས་རབ་ཀྱི་མིག་གིས་བརྟགས་ན་གཟུགས་ལ་སོགས་པ་སྔར་དམིགས་པ་དམིགས་སུ་རུང་བའི་མཚན་ཉིད་དུ་གྱུར་པ་དེ་དག་མི་དམིགས་པའི་ཕྱིར་ཐག་པ་ལ་སྦྲུལ་དུ་ཤེས་པ་བཞིན་དུ་སྤང་གི །གཞན་དུ་མ་ཡིན་ནོ། །དེའི་ཚེ་ཐེ་ཚོམ་གྱི་ས་བོན་དང་བྲལ་བས་གཟུགས་ལ་སོགས་པའི་མཚན་མ་ཡིད་ལ་བྱེད་པ་སྤོང་ནུས་པར་འགྱུར་ཏེ། གཞན་དུ་མ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། ཏིང་ངེ་འཛིན་གྱི་སྣང་བ་མ་བྱུང༌། ཤེས་རབ་ཀྱི་མིག་གིས་མ་བལྟས་ན་མུན་ཁུང་ན་འདུག་པའི་མི་ལྟར་ཁྱིམ་གྱི་ནང་ན་ཡོད་པའི་བུམ་པ་ལ་སོགས་པ་སོམ་ཉི་ཟ་བར་གྱུར་པ་བཞིན་དུ་རྣལ་འབྱོར་པ་ཡང་གཟུགས་ལ་སོགས་པ་ཡོད་པར་སོམ་ཉི་ཟ་བ་ལྡོག་པར་མི་འགྱུར་


DTG110_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་མ་ལོག་ན་མིག་རབ་རིབ་ཀྱི་སྐྱོན་མ་བསལ་བ་བཞིན་དུ་གཟུགས་ལ་སོགས་པ་མི་བདེན་ལ། མངོན་པར་ཞེན་པ་འབྱུང་སྟེ་ཅིས་ཀྱང་མི་ཟློགས་སོ། །དེ་ལྟ་བས་ན་ཏིང་ངེ་འཛིན་གྱི་ལག་གིས་སེམས་གཟུང་སྟེ་ཤིན་ཏུ་ཆ་ཕྲ་བའི་ཤེས་རབ་ཀྱི་མཚོན་གྱིས་གཟུགས་ལ་སོགས་པ་ལོག་པར་རྣམ་པར་རྟོག་པའི་ས་བོན་གྱི་ཟུག་རྔུ་སེམས་དེ་ལ་ཡོད་པ་བསལ་བར་བྱའོ། །དེ་ལྟར་བྱས་ན་རྩ་བ་ནས་བྱུང་བའི་ཤིང་དག་ས་ལས་མི་སྐྱེ་བ་བཞིན་དུ་རྩ་བ་མེད་པས་ན་ལོག་པར་རྣམ་པར་རྟོག་པའི་སེམས་ཀྱང་སྐྱེ་བར་མི་འགྱུར་རོ། །དེ་བས་ན་སྒྲིབ་པ་སྤོང་བའི་ཕྱིར་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་ལམ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ། དེ་གཉིས་ནི་ཡང་དག་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་སྐད་དུ། ཚུལ་ཁྲིམས་ལ་ནི་གནས་ནས་ཏིང་ངེ་འཛིན་འཐོབ་སྟེ། །ཏིང་ངེ་འཛིན་ཐོབ་ནས་ཀྱང་ཤེས་རབ་སྒོམ་པར་བྱེད། །ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ། །ཡེ་ཤེས་རྣམ་པར་དག་པས་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཞེས་བཀའ་སྩལ་ཏོ། །འདི་ལྟར་གང་གི་ཚེ་ཞི་གནས་ཀྱིས་དམིགས་པ་ལ་སེམས་བརྟན་པར་བྱས་པ་དེའི་ཚེ་ཤེས་རབ་ཀྱིས་རབ་ཏུ་བརྟགས་ན་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་འབྱུང་སྟེ། དེའི་ཚེ་སྣང་བ་བྱུང་བས་མུན་པ་བསལ་བ་བཞིན་དུ་སྒྲིབ་པ་འབྱུང་ངོ༌། །དེ་གཉིས་ཀ་ཡང་མིག་དང་སྣང་བ་བཞིན་དུ་ཡང་དག་པའི་ཡེ་ཤེས་འབྱུང་བ་ལ་ཕན་ཚུན་མཐུན་པར་གནས་པ་ཡིན་གྱི། སྣང་བ་དང་མུན་པ་བཞིན་དུ་མི་མཐུན་པ་མ་ཡིན་ནོ། །ཏིང་ངེ་འཛིན་ནི་མུན་པའི་ངོ་བོ་ཉིད་ཡིན་ཏེ། ཅི་ཞེ་ན། སེམས་རྩེ་གཅིག་པའི་མཚན་ཉིད་དོ། །དེ་ནི་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བཀའ་སྩལ་པའི་ཕྱིར་དེ་ཤེས་རབ་དང་ཤིན་ཏུ་མཐུན་པ་ཡིན་གྱི། མི་མཐུན་པ་མ་ཡིན་ནོ། །དེ་ལྟ་བས་ན་མཉམ་པར་གཞག་པའི་ཤེས་རབ་ཀྱིས་བརྟགས་ན་ཆོས་ཐམས་ཅད་མི་དམིགས་པ་གང་ཡིན་པ་དེ་ཉིད་མི་དམིགས་པའི་དམ་པའོ། །རྣལ་འབྱོར་པ་རྣམས་ཀྱི་ཞི་གནས་སྐབས་ཀྱི་མཚན་ཉིད་དེ་འདྲ་བ་དེ་ནི་ལྷུན་གྱིས་གྲུབ་པ་ཡིན་ཏེ། དེའི་ཕ་རོལ་ཏུ་བལྟ་བར་བྱ་བ་གཞན་མེད་པའི་ཕྱིར་རོ། །ཞི་བ་ནི་ཡོད་པ་དང་མེད་པ་ལ་སོགས་པ་རྣམ་པར་རྟོག་པའི་མཚན་ཉིད་ཀྱི་སྤྲོས་པ་ཐམས་ཅད་ཉེ་བར་


DTG110_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བའི་ཕྱིར་རོ། །འདི་ལྟར་གང་གི་ཚེ་རྣལ་འབྱོར་པས་ཤེས་རབ་ཀྱིས་བརྟགས་ན་དངོས་པོའི་ངོ་བོ་ཉིད་གང་ཡང་མི་དམིགས་པ་དེའི་ཚེ་དེ་ལ་དངོས་པོར་རྣམ་པར་རྟོག་པ་མི་འབྱུང་བ་ཉིད་དོ། །དངོས་པོ་མེད་པ་རྣམ་པར་རྟོག་པ་ཡང་དེ་ལ་མེད་པ་ཉིད་དོ། གལ་ཏེ་བརྒྱ་ལ་དངོས་པོ་འགའ་ཞིག་མཐོང་བར་གྱུར་ན་ནི་དེ་ལྟ་ན་ནི་བཀག་པས་དངོས་པོ་མེད་པར་རྣམ་པར་རྟོག་པ་འབྱུང་ངོ༌། །གང་གི་ཚེ་རྣལ་འབྱོར་པས་ཤེས་རབ་ཀྱི་མིག་གིས་བརྟགས་ན་དུས་གསུམ་དུ་ཡང་དངོས་པོ་མི་དམིགས་པ་དེའི་ཚེ་ཅི་ཞིག་བཀག་པས་དངོས་པོ་མེད་པར་རྣམ་པར་རྟོག་པར་བྱེད། དེ་བཞིན་དུ་རྣམ་པར་རྟོག་པ་གཞན་དག་ཀྱང་དེའི་ཚེ་དེ་ལ་མི་འབྱུང་བ་ཉིད་དེ། ཡོད་པ་དང་མེད་པ་རྣམ་པར་རྟོག་པ་གཉིས་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་ལ་ཁྱབ་པའི་ཕྱིར་ཏེ། ཁྱབ་པར་བྱེད་པ་མེད་པས་ཁྱབ་པར་བྱ་བ་ཡང་མེད་པའི་ཕྱིར་རོ། །དེ་ནི་རྣམ་པར་མི་རྟོག་པའི་རྣལ་འབྱོར་དམ་པ་ཡིན་ཏེ། དེ་ལ་གནས་པའི་རྣལ་འབྱོར་པ་ནི་རྣམ་པར་རྟོག་པ་ཐམས་ཅད་ནུབ་པས། ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཡང་དག་པར་སྤོང་ངོ༌། །འདི་ལྟར་ཉོན་མོངས་པའི་སྒྲིབ་པ་ནི་མ་སྐྱེས་པ་དང་མ་འགགས་པའི་དངོས་པོ་རྣམས་ལ་དངོས་པོ་ལ་སོགས་པར་ཕྱིན་ཅི་ལོག་པའི་རྩ་བ་སྟེ་རྒྱུ་ཡིན་ནོ་ཞེས་འཕགས་པ་བདེན་པ་གཉིས་བསྟེན་པ་ལ་སོགས་པ་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །རྣལ་འབྱོར་གོམས་པ་འདིས་དངོས་པོ་ལ་སོགས་པ་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་དངོས་པོ་ལ་སོགས་པར་ཕྱིན་ཅི་ལོག་པ་མ་རིག་པའི་ངོ་བོ་ཉིད་ཉོན་མོངས་པའི་སྒྲིབ་པའི་རྩ་བ་སྤོང་སྟེ། དེའི་ཕྱིར་རྩ་བ་བཅད་པས་ཉོན་མོངས་པའི་སྒྲིབ་པའི་རྩ་བ་ཡང་དག་པར་སྤོང་ངོ༌། །ཇི་སྐད་དུ་ཡང་འཕགས་པ་བདེན་པ་གཉིས་བསྟན་པ་ལས་གསུངས་ཏེ། འཇམ་དཔལ་ཇི་ལྟར་ཉོན་མོངས་པ་རྣམས་འདུལ་བར་འགྱུར། ཇི་ལྟར་ཉོན་མོངས་པ་རྣམས་ཡོངས་སུ་ཤེས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། དོན་དམ་པར་ཤིན་ཏུ་མ་སྐྱེས་པ་དང༌། མ་བྱུང་བ་དང༌། དངོས་པོ་མེད་པའི་ཆོས་ཐམས་ཅད་ལ་ཀུན་རྫོབ་ཏུ་ཡང་དག་པ་མ་ཡིན་པའི་ཕྱིན་ཅི་ལོག་གོ །ཡང་དག་པ་མ་ཡིན་པའི་ཕྱིན་ཅི་ལོག་དེ་ལས་ཀུན་དུ་རྟོག་པ་དང༌། རྣམ་པར་རྟོག་པའོ། །ཀུན་དུ་རྟོག་པ་དང༌། རྣམ་


DTG110_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོག་པ་དེ་ལས་ཚུལ་བཞིན་མ་ཡིན་པ་ཉིད་ཡིད་ལ་བྱེད་པའོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དེ་ལས་བདག་ཏུ་སྒྲོ་འདོགས་པའོ། །བདག་ཏུ་སྒྲོ་འདོགས་པ་དེ་ལས་ལྟ་བ་ཀུན་ནས་ལྡང་ངོ༌། །ལྟ་བ་ཀུན་ནས་ལྡང་བ་དེ་ལས་ཉོན་མོངས་པ་རྣམས་འབྱུང་ངོ༌། །ལྷའི་བུ་དོན་དམ་པར་ཆོས་ཐམས་ཅད་ཤིན་ཏུ་མ་སྐྱེས་པ་དང༌། མ་བྱུང་བ་དང༌། དངོས་པོ་མེད་པར་རབ་ཏུ་ཤེས་པ་གང་ཡིན་པ་དེ་དོན་དམ་པར་ཕྱིན་ཅི་མ་ལོག་པའོ། །གང་དོན་དམ་པར་ཕྱིན་ཅི་མ་ལོག་པ་དེ་མི་རྟོག །རྣམ་པར་མི་རྟོག་གོ །གང་མི་རྟོག་རྣམ་པར་མི་རྟོག་པ་དེ་ཚུལ་བཞིན་ལ་ཞུགས་པའོ། །གང་ཚུལ་བཞིན་ལ་ཞུགས་པ་དེ་བདག་ཏུ་སྒྲོ་འདོགས་པར་མི་འགྱུར་རོ། །གང་བདག་ཏུ་སྒྲོ་འདོགས་པར་མི་འགྱུར་བ་དེ་ལྟ་བ་ཀུན་ནས་ལྡང་བར་མི་འགྱུར་ཏེ། དོན་དམ་པར་མྱ་ངན་ལས་འདས་པར་ལྟ་བའི་བར་གྱི་ལྟ་བ་ཀུན་ནས་ལྡང་བ་ཡང་འབྱུང་བར་མི་འགྱུར་རོ། །དེ་ལྟར་སྐྱེ་བ་མེད་པར་གནས་པ་དེའི་ཉོན་མོངས་པ་རྣམས་ཤིན་ཏུ་ཐུལ་བར་བལྟ་བར་བྱ་སྟེ། དེ་ནི་ཉོན་མོངས་པ་འདུལ་བ་ཞེས་བྱའོ། །ལྷའི་བུ་གང་གི་ཚེ་ཉོན་མོངས་པ་རྣམས་སྣང་བ་མེད་པའི་ཡེ་ཤེས་ཀྱིས་དོན་དམ་པར་ཤིན་ཏུ་སྟོང་པ་དང༌། ཤིན་ཏུ་མཚན་མ་མེད་པ་དང༌། ཤིན་ཏུ་དངོས་པོ་མེད་པ་རབ་ཏུ་ཤེས་པ་དེའི་ཚེ་ལྷའི་བུ་ཉོན་མོངས་པ་རྣམས་ཡོངས་སུ་ཤེས་པ་ཡིན་ནོ། །ལྷའི་བུ་འདི་ལྟ་སྟེ་དཔེར་ན་གང་སྦྲུལ་གདུག་པའི་རིགས་རབ་ཏུ་ཤེས་པ་དེས་སྦྲུལ་གདུག་པ་དེའི་དུག་ཞི་བར་བྱེད་དོ། །ལྷའི་བུ་དེ་བཞིན་དུ་ཉོན་མོངས་པ་རྣམས་རབ་ཏུ་ཤེས་པ་དེའི་ཉོན་མོངས་པ་རྣམས་རབ་ཏུ་ཞི་བར་འགྱུར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཉོན་མོངས་པར་གྱུར་པ་རྣམས་ཀྱི་རིགས་གང༌། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ཤིན་ཏུ་མ་སྐྱེས་པ་དང༌། མ་བྱུང་བ་དང༌། དངོས་པོ་མེད་པའི་ཆོས་ཐམས་ཅད་ལ་ཀུན་དུ་རྟོག་པ་གང་ཡིན་པ་དེ་ནི་ཉོན་མོངས་པ་རྣམས་ཀྱི་རིགས་ཡིན་ནོ་ཞེས་རྒྱ་ཆེར་འབྱུང་ངོ༌། །དངོས་པོ་ལ་སོགས་པར་ཕྱིན་ཅི་ལོག་པས་ཕྱིན་ཅི་ལོག་པ་མཐའ་དག་ལ་ཁྱབ་པའི་ཕྱིར། དེ་སྤངས་ན་ཕྱིན་ཅི་ལོག་ཐམས་ཅད་སྤོང་བར་འགྱུར་བའི་ཕྱིར་ཤེས་བྱའི་སྒྲིབ་པ་ཡང་འདིས་ཡང་དག་པར་སྤོང་བར་འགྱུར་ཏེ། སྒྲིབ་པ་ནི་ཕྱིན་ཅི་ལོག་གི་མཚན་ཉིད་ཡིན་པའི་


DTG110_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །ཤེས་བྱའི་སྒྲིབ་པ་སྤངས་ན་གགས་མེད་པའི་ཕྱིར་ཉི་མའི་འོད་སྤྲིན་དང་བྲལ་བའི་ནམ་མཁའ་ལ་ཐམས་ཅད་དུ་ཐོགས་པ་མེད་པར་སྣང་བ་བཞིན་དུ་ཡེ་ཤེས་ཀྱི་སྣང་བ་འབྱུང་ངོ༌། །འདི་ལྟར་རྣམ་པར་ཤེས་པ་ནི་དངོས་པོའི་ངོ་བོ་ཉིད་རྟོགས་པ་ཡིན་ན། དེ་ཡང་དངོས་པོ་ཉེ་བར་གནས་སུ་ཟིན་ཀྱང་གགས་ཡོད་པས་གསལ་བར་མི་འགྱུར་རོ། །གགས་མེད་པར་གྱུར་ན་ནི་མཐུའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་ཐོབ་པས་ཅིའི་ཕྱིར་དངོས་པོ་མཐའ་དག་ཇི་ལྟ་བ་བཞིན་དུ་གསལ་བར་མི་འགྱུར། དེ་བས་ན་ཀུན་རྫོབ་དང་དོན་དམ་པའི་ཚུལ་གྱིས་དངོས་པོ་མཐའ་དག་ཇི་ལྟ་བ་བཞིན་དུ་ཤེས་པས་ཐམས་ཅད་མཁྱེན་པ་ཉིད་ཐོབ་བོ། །དེའི་ཕྱིར་འདི་ཉིད་སྒྲིབ་པ་སྤོང་བ་དང༌། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་ལམ་གྱི་མཆོག་ཡིན་ནོ། །ཉན་ཐོས་ལ་སོགས་པའི་ལམ་གང་ཡིན་པ་དེས་ནི་ཕྱིན་ཅི་ལོག་ཐམས་ཅད་སྤོང་བར་མི་འགྱུར་བའི་ཕྱིར་སྒྲིབ་པ་གཉིས་ལེགས་པར་མ་སྤོངས་སོ། །དེ་སྐད་འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་བཀའ་སྩལ་ཏེ། གཞན་དག་ནི་ཆོས་ཐམས་ཅད་རྐྱེན་ལ་རག་ལས་པར་མཐོང་ནས་མྱ་ངན་ལས་འདས་པའི་བཱོར་འགྱུར་ཏེ། ཆོས་ལ་བདག་མེད་པར་མཐོང་བ་མེད་པའི་ཕྱིར་བློ་གྲོས་ཆེན་པོ་དེ་དག་ལ་ཐར་པ་མེད་དོ། །བློ་གྲོས་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས་ཅན་ནི་ངེས་པར་འབྱུང་བ་མ་ཡིན་པ་ལ་ངེས་པར་འབྱུང་བའི་བློར་འགྱུར་ཏེ། བློ་གྲོས་ཆེན་པོ་འདི་ལ་ལྟ་བ་ངན་པ་ལས་བཟློག་པའི་ཕྱིར་བརྩོན་པར་བྱའོ་ཞེས་འབྱུང་ངོ༌། །དེ་ཉིད་ཀྱི་ཕྱིར་ལམ་གཞན་གྱིས་ཐར་བར་འགྱུར་བ་མེད་པས་ཐེག་པ་གཅིག་ཁོ་ནའོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཉན་ཐོས་ལ་སོགས་པའི་ལམ་བསྟན་པ་ལས་ནི་གཞུག་པ་ལ་ལྡེམ་པོར་དགོངས་ནས་ཁྱེའུས་ཁྱེའུ་དབྱུང་བ་བཞིན་དུ་བསྟན་པར་ཟད་དོ། །འདི་ལྟར་འདི་དག་ནི་ཕུང་པོ་ལ་སོགས་པའི་ཆོས་ཙམ་དུ་ཟད་དེ། བདག་མེད་པར་བསྒོམས་ནས་ཉན་ཐོས་གང་ཟག་བདག་མེད་པ་ལ་འཇུག་གོ །ཁམས་གསུམ་རྣམ་པར་ཤེས་པ་ཙམ་དུ་བསྒོམས་པས་རྣམ་པར་ཤེས་པར་སྨྲ་བའི་ཕྱི་རོལ་གྱི་དོན་བདག་མེད་པ་ལ་འཇུག་གོ །ཚུལ་འདིས་ནི་གཉིས་སུ་མེད་པའི་ཤེས་པ་དེ་ཡང་བདག་མེད་པ་ཉིད་དུ་འཇུག་པས་བདག་མེད་


DTG110_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་མཆོག་ལ་ཞུགས་པ་ཡིན་ནོ། །རྣམ་པར་རིག་པ་ཙམ་ལ་འཇུག་པ་ནི་དེ་ཁོ་ན་ལ་འཇུག་པ་མ་ཡིན་ཏེ། སྔར་བཤད་པ་བཞིན་ནོ། །འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས་ཀྱང་གསུངས་ཏེ། ཀྱེ་རྒྱལ་བའི་སྲས་གཞན་ཡང་ཁམས་གསུམ་ནི་སེམས་ཙམ་དུ་རྟོགས་ཏེ། སེམས་དེ་ཡང་མཐའ་དང་དབུས་མེད་པར་རྟོགས་སོ་ཞེས་འབྱུང་སྟེ། སྐྱེ་བ་དང་འཇིག་པའི་མཚན་ཉིད་མཐའ་གཉིས་དང༌། གནས་པའི་མཚན་ཉིད་དབུས་མེད་པའི་ཕྱིར་སེམས་མཐའ་དང་དབུས་མེད་དོ། །དེ་ལྟ་བས་ན་གཉིས་མེད་པའི་ཤེས་པ་ལ་ཞུགས་པ་ནི་དེ་ཁོ་ན་ལ་ཞུགས་པ་ཉིད་ཡིན་ནོ། །རྣལ་འབྱོར་པ་རྣམས་ཀྱི་གནས་སྐབས་དེ་ཅིས་རྣམ་པར་དག་ཅེ་ན། སྨོན་ལམ་དག་གིས་རྣམ་པར་སྦྱངས། །ཞེས་གསུངས་ཏེ། སྙིང་རྗེ་ཆེན་པོས་སེམས་ཅན་མཐའ་དག་གི་དོན་ལ་ལྟ་བར་བྱང་ཆུབ་སེམས་དཔའ་སྨོན་ལམ་བཏབ་པ་གང་ཡིན་པའི་སྨོན་ལམ་དེའི་སྟོབས་ཀྱིས་ཕྱི་ཕྱིར་ཞིང་སྦྱིན་པ་ལ་སོགས་པ་དགེ་བ་ལ་གོམས་པར་བྱས་པས་གནས་སྐབས་དེ་དེ་ལྟར་ཡོངས་སུ་དག་པར་འགྱུར་ཏེ། དེས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་ཤེས་ཀྱང་སེམས་ཅན་མཐའ་དག་ལ་ལྟ་བར་གོ་བཟློག་ཅིང་འཁོར་བའི་ཉེས་པ་རྣམས་ཀྱིས་མི་གོས་པར་འཁོར་བ་ཇི་སྲིད་བར་གནས་པ་ཡིན་ནོ། །དེ་ལྟར་ལྷུན་གྱིས་གྲུབ་ཅིང་ཞི་བ་ཡིན་ཞེ་ན། ཡེ་ཤེས་དམ་པ་བདག་མེད་པར། །སྣང་བ་མེད་པས་མཐོང་བར་འགྱུར། །ཞེས་འདིར་རྒྱུ་བཀའ་སྩལ་ཏོ། །འདི་ལྟར་ནང་གི་ཤེས་བྱ་སྨྲ་བ་རྣམས་ཀྱི་གཉིས་མེད་པའི་མཚན་ཉིད་ཀྱི་ཤེས་པ་དམ་པ་མཆོག་ཡིན་པར་འདོད་པ་གང་ཡིན་པ་དེ་ཡང་བདག་མེད་དོ། །ངོ་བོ་ཉིད་མེད་པར་རྣལ་འབྱོར་བས་གཉིས་མེད་པར་སྣང་བ་མེད་པའི་ཡེ་ཤེས་ཀྱིས་མཐོང་ངོ༌། །དེ་ཕན་ཆད་བལྟ་བར་བྱ་བ་མེད་པས་ན་ལྷུན་གྱིས་གྲུབ་པའོ། །རྣམ་པར་རྟོག་པ་སྣ་ཚོགས་ཐམས་ཅད་དང་བྲལ་བས་ཞི་བའོ། །གལ་ཏེ་ཇི་སྟེ་དེའི་ཚེ་གང་དེ་ལྟར་མཐོང་བའི་རྣལ་འབྱོར་པ་དེ་སུ་ཡོད་ཅེ་ན། བདེན་ཏེ། དོན་དམ་པར་ན་བདག་ལ་སོགས་པ་རང་དབང་ཡོད་པའི་རྣལ་འབྱོར་པ་གང་ཡང་མེད་དོ། །མཐོང་བ་ཅི་ཡང་མེད་དོ། །དེ་ལྟ་མོད་ཀྱི་ཀུན་རྫོབ་ཏུ་ཇི་ལྟར་གཟུགས་ལ་སོགས་པ་ཡུལ་གྱི་རྣམ་པར་ཤེས་པ་འབྱུང་བ་ཙམ་གྱིས་རྣམ་པར་


DTG110_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ཉིད་ལ་དེ་ལྟ་དེ་ལྟར་འཇིག་རྟེན་ན་ལྷ་སྦྱིན་ནམ་མཆོད་སྦྱིན་གྱི་ཤེས་པས་མཐོང་ངོ་ཞེས་ཐ་སྙད་འདོགས་ཏེ། བདག་ལ་སོགས་པ་ནི་གང་ཡང་མེད་དོ། །དེ་བཞིན་དུ་འདིར་ཡང་གཉིས་མེད་པའི་ཡེ་ཤེས་སྣང་བ་མེད་པའི་ཤེས་པ་ཁོ་ན་འབྱུང་བ་ནས་སྣང་བ་མེད་པའི་ཡེ་ཤེས་ཀྱིས་མཐོང་ངོ་ཞེས་དེ་ལྟར་མིང་འདོགས་སོ། །ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་མོད་ཀྱི། ཀུན་རྫོབ་ཏུ་རྣལ་འབྱོར་པའི་ཤེས་པའམ། སོ་སོའི་སྐྱེ་བོའི་ཤེས་པ་གཞན་ཡང་རུང་སྟེ། མི་འདོད་པ་མ་ཡིན་ནོ། །དེ་སྐད་འཕགས་པ་བདེན་པ་གཉིས་བསྟན་པ་ལས་བཀའ་སྩལ་ཏེ། དེ་དོན་དམ་པར་ཤིན་ཏུ་དངོས་པོ་མེད་ཀྱང་ཀུན་རྫོབ་ཏུ་ཡང་ལམ་སྒོམ་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །དེ་ལྟ་མ་ཡིན་ན་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། སངས་རྒྱས་དང༌། སོ་སོའི་སྐྱེ་བོ་ལ་སོགས་པའི་བྱེ་བྲག་ཀྱང་ཅིས་དབྱེ། འདི་ལྟར་གང་ལ་ཀུན་རྫོབ་ཏུ་ཡང་རྒྱུ་མེད་པ་དེ་ནི་ཀུན་རྫོབ་ཏུ་ཡང་མི་སྐྱེ་སྟེ། རི་བོང་གི་རྭ་ལ་སོགས་པ་བཞིན་ནོ། །གང་ལ་རྒྱུ་ཡོད་པ་དེ་དོན་དམ་པར་བརྫུན་པ་ཡིན་ཀྱང་སྐྱེ་བ་ཁོ་ན་སྟེ། སྒྱུ་མ་དང༌། གཟུགས་བརྙན་དང༌། བྲག་ཅ་ལ་སོགས་པ་བཞིན་ནོ། །སྒྱུ་མ་ལ་སོགས་པ་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཡང་དེ་དག་བརྟག་མི་བཟོད་པས་དོན་དམ་པར་དངོས་པོ་ཡོད་པ་ཉིད་དུ་མི་འགྱུར་རོ། །དེ་བས་ན་འགྲོ་བ་ཐམས་ཅད་སྒྱུ་མ་ལྟ་བུ་ཁོ་ནའོ་ཞེས་གསུངས་སོ། །དེ་ལ་འདི་ལྟར་ཉོན་མོངས་པ་དང་ལས་སྒྱུ་མའི་དབང་གིས་སེམས་ཅན་གྱི་སྐྱེ་བ་སྒྱུ་མ་འབྱུང་ངོ༌། །དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྒྱུ་མའི་དབང་གིས་རྣལ་འབྱོར་པའི་ཡེ་ཤེས་སྒྱུ་མ་འབྱུང་བ་ཉིད་དོ། །དེ་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཀའ་སྩལ་ཏེ། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་ནི་སྤྲུལ་པ་ཡིན་ཏེ། ལ་ལ་ནི་ཉན་ཐོས་ཀྱི་སྤྲུལ་པའོ། །ལ་ལ་ནི་རང་སངས་རྒྱས་ཀྱི་སྤྲུལ་པའོ། །ལ་ལ་ནི་བྱང་ཆུབ་སེམས་དཔའི་སྤྲུལ་པའོ། །ལ་ལ་ནི་དེ་བཞིན་གཤེགས་པའི་སྤྲུལ་པའོ། །ལ་ལ་ནི་ཉོན་མོངས་པའི་སྤྲུལ་པའོ། །ལ་ལ་ནི་ལས་ཀྱི་སྤྲུལ་པའོ། །རབ་འབྱོར་རྣམ་གྲངས་འདིས་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུའོ་


DTG110_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འབྱུང་ངོ༌། །རྣལ་འབྱོར་པ་རྣམས་དང་སོ་སོའི་སྐྱེ་བོ་རྣམས་ཀྱི་བྱེ་བྲག་ནི་འདི་ཡིན་ཏེ། དེ་དག་ནི་སྒྱུ་མ་མཁན་བཞིན་དུ་སྒྱུ་མ་དེ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པས་བདེན་པ་ཉིད་མངོན་པར་ཞེན་པ་མེད་དོ། །དེ་བས་ན་དེ་དག་རྣལ་འབྱོར་པ་ཞེས་བྱའོ། །གང་དག་བྱིས་པ་ལྟད་མོ་པ་བཞིན་དུ་དེ་ལ་བདེན་པ་ཉིད་དུ་མངོན་པར་ཞེན་པ་དེ་དག་ནི་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་ཕྱིར་བྱིས་པ་ཞེས་བྱ་སྟེ། དེ་དག་ཐམས་ཅད་འགལ་བ་མེད་དོ། །དེ་སྐད་འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང་བཀའ་སྩལ་ཏེ། དཔེར་ན་སྒྱུ་མའི་མཁན་པོ་ཞིག །སྤྲུལ་པ་ཐར་པར་བྱ་ཕྱིར་བརྩོན། །དེས་ནི་སྔ་ནས་དེ་ཤེས་པས། །སྤྲུལ་པ་དེ་ལ་ཆགས་པ་མེད། །སྲིད་གསུམ་སྤྲུལ་པ་འདྲ་བར་ནི། །རྫོགས་པའི་བྱང་ཆུབ་མཁས་པས་ཤེས། །འགྲོ་བའི་ཆེད་དུ་གོ་བགོས་ཏེ། །འགྲོ་བ་དེ་ལྟར་སྔ་ནས་ཤེས། །ཞེས་གསུངས་སོ། །དེ་ལྟར་བསྒོམ་པའི་རིམ་པ་འདིས་དེ་ཁོ་ན་བསྒོམ་པར་བྱའོ། །དེ་ལ་བྱིང་བ་དང་རྒོད་པ་ལ་སོགས་པ་བྱུང་ན་སྔར་བསྟན་པ་བཞིན་དུ་ཞི་བར་བྱའོ། །གང་གི་ཚེ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་དམིགས་པ་ལ་བྱིང་བ་དང་རྒོད་པ་ལ་སོགས་པ་དང་བྲལ་ཞིང་མངོན་པར་འདུ་བྱེད་པ་མེད་པར་ཤེས་པ་འཇུག་པར་གྱུར་པ་དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པའི་ལམ་རྫོགས་པ་ཡིན་ནོ། །དེའི་ཚེ་ཇི་སྲིད་དུ་ནུས་པ་དེ་སྲིད་དུ་མོས་པའི་སྟོབས་ཀྱིས་མོས་པས་སྤྱོད་པའི་ས་ལ་གནས་པས་བསྒོམ་པར་བྱའོ། །དེ་ནས་ཇི་ལྟར་འདོད་པ་བཞིན་དུ་སྐྱིལ་མོ་ཀྲུང་མ་བཤིག་པར་ལངས་ལ་འདི་སྙམ་དུ་བསམ་པར་བྱ་སྟེ། ཡང་ནི་ཆོས་འདི་དག་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་མོད་ཀྱི། ཀུན་རྫོབ་ཏུ་ཡོད་པར་བསམ་མོ། །དེ་སྐད་དཀོན་མཆོག་སྤྲིན་ལས་ཀྱང་བཀའ་སྩལ་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་བདག་མེད་པ་ལ་མཁས་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཡང་དག་པའི་ཤེས་རབ་ཀྱིས་གཟུགས་ལ་སོ་སོར་རྟོག །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ལ་སོ་སོར་རྟོག་སྟེ། དེ་གཟུགས་ལ་སོ་སོར་རྟོག་པ་ན་གཟུགས་ཀྱི་སྐྱེ་བ་མི་དམིགས། ཀུན་འབྱུང་བ་མི་དམིགས། འགོག་པ་མི་དམིགས་སོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་སྐྱེ་བ་མི་དམིགས་སོ། །


DTG110_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་དོན་དམ་པར་སྐྱེ་བ་མེད་པར་གནས་པའི་ཤེས་རབ་ཀྱིས་ཡིན་གྱི། ཐ་དད་པའི་ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་རྒྱ་ཆེར་འབྱུང་ངོ༌། །བྱིས་པའི་བློ་ཅན་འདི་དག་ངོ་བོ་ཉིད་མེད་པའི་དངོས་པོ་རྣམས་ལ་མངོན་པར་ཞེན་པའི་དབང་གིས་འཁོར་བ་ན་ཀུན་ཏུ་འཁྱམ་ཞིང་སྡུག་བསྔལ་སྣ་ཚོགས་དག་ཉམས་སུ་མྱོང་ངོ་སྙམ་དུ་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ་འདི་སྙམ་དུ་བསམ་པར་བྱ་སྟེ། ཅི་ནས་བདག་གིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་འདི་དག་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པར་འགྱུར་བ་དེ་ལྟར་བྱའོ་སྙམ་དུ་བསམ་མོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་དང་བསྟོད་པ་གསོལ་ཏེ། འཕགས་པ་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་ཆེན་པོ་གདབ་པོ། །དེ་ནས་སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན་གྱི་སྦྱིན་པ་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་དག་སྒྲུབ་པ་ལ་འཇུག་པར་བྱའོ། །དེ་སྐད་འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང་བཀའ་སྩལ་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འཇུག་གོ །དེ་ཡང་འདི་སྙམ་དུ་བདག་གིས་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་ཏིང་ངེ་འཛིན་གྱི་སྒོ་འདི་སེམས་ཅན་ཐམས་ཅད་ལ་བསྒྲུབ་པར་བྱའོ་སྙམ་དུ་སེམས་ཏེ། དེའི་སྙིང་རྗེ་ཆེན་པོ་དེས་བསྐུལ་བས་ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་འབྱུང་ངོ༌། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཡིན་ཏེ། འདི་ལྟར་དོན་དམ་པ་མཐོང་ཡང་ཀུན་རྫོབ་མི་གཅོད་ལ། ཀུན་རྫོབ་མ་བཅད་པས་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་ཞིང་ཕྱིན་ཅི་ལོག་མེད་པ་སེམས་ཅན་གྱི་དོན་བྱེད་པ་ལ་སོགས་པ་ལ་འཇུག་གོ །དེ་སྐད་འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་བཀའ་སྩལ་ཏེ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བསླབ་པ་ཐམས་ཅད་ལ་སློབ་ཀྱང་བསླབ་པ་དེ་ཡང་མི་དམིགས། བསླབ་པའི་


DTG110_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལ་ཡང་མི་དམིགས། གང་སློབ་པ་དེ་ཡང་མི་དམིགས་ཏེ། རྒྱུ་དེ་དང་རྐྱེན་དེ་དང་གཞི་དེས་ཆད་པར་ལྟ་བར་མི་ལྟུང་ངོ་ཞེས་འབྱུང་ངོ༌། །འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང་བཀའ་སྩལ་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པ་གང་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ཀྱི་ལས་གང་ཅི་ལགས་པ་དང༌། ངག་གི་ལས་གང་ཅི་ལགས་པ་དང༌། ཡིད་ཀྱི་ལས་གང་ཅི་ལགས་པ་དེ་དག་ཐམས་ཅད་ནི་སེམས་ཅན་ཐམས་ཅད་ལ་ལྟ་བས་འཇུག་པ་ལགས་སོ། །སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་ལགས་སོ། །སྙིང་རྗེ་ཆེན་པོའི་དབང་དུ་གྱུར་པ་ལགས་སོ། །སེམས་ཅན་ཐམས་ཅད་ལ་སྨན་པ་དང་བདེ་བར་བགྱི་བའི་ལྷག་པའི་བསམ་པ་ལས་བྱུང་བ་ལགས་སོ། །དེ་ལྟར་སྨན་པར་བགྱི་བའི་བསམ་པ་དང་ལྡན་པ་དེ་འདི་སྙམ་དུ་འདུ་ཤེས་བགྱིད་དེ། སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་པ་དང་བདེ་བ་སྒྲུབ་པའི་སྒྲུབ་པ་གང་ཡིན་པ་དེ་བདག་གིས་བསྒྲུབ་པར་བྱའོ་སྙམ་པ་ལགས་སོ། །དེ་ཕུང་པོ་རྣམས་ལ་སྒྱུ་མ་ལྟ་བུར་སོ་སོར་རྟོག་པ་ཡང་སྒྲུབ་ལ་ཕུང་པོ་ཡོངས་སུ་འདོར་བ་ཡང་མི་འཚལ། ཁམས་རྣམས་ལ་སྦྲུལ་གདུག་པ་ལྟ་བུར་སོ་སོར་རྟོག་པ་ཡང་སྒྲུབ་ལ་ཁམས་ཡོངས་སུ་འདོར་བ་ཡང་མི་འཚལ། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པ་ལྟར་སོ་སོར་རྟོག་པ་ཡང་སྒྲུབ་ལ་སྐྱེ་མཆེད་ཡོངས་སུ་སྤོང་བ་ཡང་མི་འཚལ། གཟུགས་ལ་དབུ་བ་རྔོས་པ་ལྟར་སོ་སོར་རྟོག་པ་ཡང་སྒྲུབ་ལ་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་རྣམ་པར་སྒྲུབ་པ་ཡང་མི་འདོར། ཚོར་བ་ལ་ཆུའི་ཆུ་བུར་ལྟར་སོ་སོར་རྟོག་པ་ཡང་སྒྲུབ་ལ་དེ་བཞིན་གཤེགས་པའི་བསམ་གཏན་དང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་བདེ་བ་སྒྲུབ་པའི་སྦྱོར་བ་མི་རྩོམ་པ་ཡང་མ་ལགས། འདུ་ཤེས་ལ་སྨིག་རྒྱུ་ལྟ་བུར་སོ་སོར་རྟོག་པ་ཡང་སྒྲུབ་པ་དེ་བཞིན་གཤེགས་པའི་ཡེ་ཤེས་སྒྲུབ་པ་མི་སྒྲུབ་པ་ཡང་མ་ལགས། འདུ་བྱེད་རྣམས་ལ་ཆུ་ཤིང་ལྟར་སོ་སོར་རྟོག་པ་ཡང་སྒྲུབ་ལ་སངས་རྒྱས་ཀྱི་ཆོས་མངོན་པར་འདུ་བགྱི་བ་མི་སྒྲུབ་པ་ཡང་མ་ལགས། རྣམ་པར་ཤེས་པ་ལ་སྒྱུ་མ་ལྟ་བུར་སོ་སོར་རྟོག་པ་ཡང་སྒྲུབ་ལ། ཡེ་ཤེས་ཐོག་མར་འགྲོ་བའི་ལུས་དང་ངག་དང་ཡིད་ཀྱིས་ལས་སྒྲུབ་པ་མི་སྒྲུབ་པ་ཡང་མ་ལགས་སོ་ཞེས་བྱ་


DTG110_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་པ་རྒྱས་པར་འབྱུང་ངོ༌། །དེ་ལྟར་མདོ་སྡེ་དེ་དང་དེ་དག་ལས་ཐབས་དང་ཤེས་རབ་ཀྱི་ཚུལ་སྒྲུབ་པ་མཐའ་ཡས་པ་འབྱུང་བ་ཁོང་དུ་ཆུད་པར་བྱའོ། །འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་གནས་སྐབས་ན་ཐབས་ལ་བརྟེན་པ་མི་འབྱུང་མོད་ཀྱི། ཐབས་བརྟེན་པའི་དུས་ན་བྱང་ཆུབ་སེམས་དཔའ་སྒྱུ་མ་མཁན་ལྟར་ཕྱིན་ཅི་མ་ལོག་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་སྦྱོར་བ་དང་ཡེ་ཤེས་ལ་སྦྱོར་བའི་རྗེས་ལས་བྱུང་བ་དངོས་པོའི་དོན་གྱི་དེ་ཁོ་ན་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཤེས་རབ་ཡོད་པ་ཉིད་དེ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་འཇུག་པའི་ལམ་དེ་ཁོ་ན་ཡིན་ནོ། །འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས་ཀྱང་བསམ་གཏན་མི་ཟད་པའི་སྐབས་ནས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་འཇུག་པའི་ལམ་འབྱུང་བ་ཁོང་དུ་ཆུད་པར་བྱའོ། །རིམ་པ་འདི་ལྟ་བུ་འདིས་བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་རྟག་ཏུ་གུས་པར་ཡུན་རིང་དུ་གོམས་པར་བསྒོམས་ན་གནས་སྐབས་ཀྱི་བྱེ་བྲག་བཅུ་གཉིས་སུ་འགྱུར་རོ། །གནས་སྐབས་དེ་དག་ནི་གོང་མ་གོང་མའི་ཡོན་ཏན་གནས་པའི་ཕྱིར་སར་རྣམ་པར་གཞག་སྟེ། མོས་པས་སྤྱོད་པའི་ས་ནས་སངས་རྒྱས་ཀྱི་སའི་བར་དུའོ། །དེ་ལ་ཇི་སྲིད་དུ་གང་ཟག་དང་ཆོས་ལ་བདག་མེད་པའི་དེ་ཁོ་ན་མངོན་སུམ་དུ་མི་བྱེད་མོད་ཀྱི། མོས་པ་ཤིན་ཏུ་བརྟན་པ་ཙམ་དུ་ཟད་དེ། བདུད་ལ་སོགས་པས་མི་ཕྱེད་ལ་གང་གི་ཚེ་མོས་པའི་སྟོབས་ཁོ་ནས་སྒོམ་པར་བྱེད་པ་དེའི་ཚེ་མོས་པ་བརྟན་པའི་སྒོ་ནས་མོས་པས་སྤྱོད་པའི་སར་རྣམ་པར་གཞག་གོ །ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སོ་སོའི་སྐྱེ་བོ་ཡིན་མོད་ཀྱི། བྱིས་པའི་ཕོངས་པ་ཐམས་ཅད་ལས་ཡང་དག་པར་འདས་ཏེ་ཏིང་ངེ་འཛིན་དང༌། གཟུངས་དང༌། རྣམ་པར་ཐར་པ་དང༌། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྲངས་མེད་པ་དག་དང་ལྡན་པ་འཕགས་པ་དཀོན་མཆོག་སྤྲིན་ལས་འབྱུང་བ་ཡིན་ནོ། །འདི་ཉིད་ཐ་མ་དང༌། འབྲིང་དང༌། རབ་དང༌། རབ་ཀྱི་མཆོག་གི་གནས་སྐབས་བཞིས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིར་རྣམ་པར་གཞག་སྟེ། འདི་ལྟར་གང་གི་ཚེ་ཕྱི་རོལ་གྱི་དོན་རྣམ་པར་འཇིག་པ་ན་ཤེས་པའི་སྣང་བ་ཅུང་ཟད་གསལ་བ་བྱུང་བ་དེའི་ཚེ་ངེས་པར་འབྱེད་པའི་


DTG110_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་དང་མཐུན་པ་དྲོ་བར་གྱུར་པ་ཡིན་ནོ། །དེ་ནི་ཐེག་པ་ཆེན་པོ་འདིར་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཞེས་བྱའོ། །གང་གི་ཚེ་ཤེས་པའི་སྣང་བ་དེ་ཉིད་འབྲིང་ཙམ་དུ་གསལ་བར་གྱུར་པ་དེའི་ཚེ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྩེ་མོ་ཞེས་བྱ་བ་ཡིན་ནོ། །སྣང་བ་མཆོད་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱའོ།། གང་གི་ཚེ་དེ་ཉིད་ཚེས་གསལ་བར་གྱུར་ཏེ་ཕྱི་རོལ་གྱི་དོན་མི་སྣང་བའི་ཤེས་པའི་སྣང་བ་བྱུང་བ་དེའི་ཚེ་རྣམ་པར་ཤེས་པ་ཙམ་ལ་གནས་པའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཟོད་པ་ཞེས་བྱ་བ་ཡིན་ནོ། །ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱ་སྟེ། གཟུང་བའི་རྣམ་པ་མི་དམིགས་པར་ཞུགས་པའི་ཕྱིར་རོ། །གང་གི་ཚེ་འཛིན་པའི་རྣམ་པ་དང་གཉིས་སུ་མེད་པའི་ཤེས་པ་ཡང་རྣམ་པར་འཇིག་པ་དེའི་ཚེ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཆོས་ཀྱི་མཆོག་ཅེས་བྱ་བ་ཡིན་ནོ། །དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱ་སྟེ། དེ་མ་ཐག་ཁོ་ནར་དེ་ཁོ་ན་ལ་འཇུག་པའི་ཕྱིར་རོ། །དེའི་བར་དུ་ནི་མོས་པས་སྤྱོད་པའི་ས་ཡིན་ནོ། །ས་གཞན་དག་ནི་མདོར་ན་ཡན་ལག་བཅུ་གཅིག་ཡོངས་སུ་རྫོགས་པའི་སྒོ་ནས་རྣམ་པར་གཞག་གོ །དེ་ལས་དང་པོར་ནི་ཐོག་མར་གང་ཟག་དང་ཆོས་ལ་བདག་མེད་པའི་དེ་ཁོ་ན་རྟོགས་པའི་ཡན་ལག་ཡོངས་སུ་རྫོགས་པ་ལས་རྣམ་པར་གཞག་སྟེ། འདི་ལྟར་གང་གི་ཚེ་ཆོས་ཀྱི་མཆོག་གི་མཇུག་ཐོགས་ཁོ་ནར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་མངོན་སུམ་དུ་བྱེད་པའི་ཡེ་ཤེས་ཤིན་ཏུ་གསལ་བ་འཇིག་རྟེན་ལས་འདས་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཐོག་མ་བྱུང་བ་དེའི་ཚེ་བྱང་ཆུབ་སེམས་དཔའ་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་པས་མཐོང་བའི་ལམ་སྐྱེས་པའི་ཕྱིར་ས་དང་པོར་ཆུད་པ་ཡིན་ནོ། །དེ་བས་ན་དེ་ཁོ་ན་ཁོང་དུ་མ་ཆུད་པས་འདི་ལ་ཐོག་མར་ཁོང་དུ་ཆུད་པའི་ཕྱིར་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཡིན་ཏེ། དེས་ན་ས་དེ་རབ་ཏུ་དགའ་བ་ཞེས་བྱའོ། །ས་དེར་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་སྤོང་ངོ༌། །ས་ལྷག་མ་རྣམས་ནི་བསྒོམ་པའི་ལམ་གྱི་ངོ་བོ་ཉིད་དེ། དེ་དག་ཏུ་བསྒོམས་པས་སྤང་བར་བྱ་བ་ཁམས་གསུམ་པའི་ཉོན་མོངས་པ་བཅུ་དྲུག་སྤོང་ངོ༌། །ས་དེར་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་ཉིད་རྟོགས་པས་བདག་གི་དོན་དང་འདྲ་བར་གཞན་གྱི་


DTG110_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་འཇུག་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེས་དེ་ཁོ་ན་ཁོང་དུ་ཆུད་ཀྱང་ཇི་སྲིད་དུ་ལྷུང་བའི་འཁྲུལ་པ་ཆ་ཕྲ་བ་རྣམས་ལ་ཤེས་བཞིན་དུ་གནས་པར་བྱེད་མི་ནུས་པ་དེ་སྲིད་དུ་ས་དང་པོའོ། །གང་གི་ཚེ་ནུས་པ་དེའི་ཡན་ལག་དེ་ཡོངས་སུ་རྫོགས་པས་ས་གཉིས་པར་རྣམ་པར་གཞག་གོ །དེ་བས་ན་ས་དེ་ལ་ལྟུང་བའི་འཁྲུལ་པ་ཆ་ཕྲ་བ་ཀུན་ཏུ་མི་སྤྱོད་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བ་ཡིན་ནོ། །འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་ས་དེ་དྲི་མ་མེད་པ་ཞེས་བྱའོ། །ལྟུང་བའི་འཁྲུལ་པ་ཆ་ཕྲ་བ་རྣམས་ལ་ཤེས་བཞིན་དུ་གནས་པ་ཡང་ཡིན་ནོ། །ཇི་སྲིད་དུ་འཇིག་རྟེན་པའི་ཏིང་ངེ་འཛིན་མཐའ་དག་ལ་སྙོམས་པར་འཇུག་པ་དང༌། ཇི་སྐད་ཐོས་པའི་དོན་ཀུན་ཏུ་འཛིན་མི་ནུས་པ་དེ་སྲིད་དུ་ས་གཉིས་པ་ཁོ་ནའོ། །གང་གི་ཚེ་ནུས་པ་དེའི་ཚེ་ཡན་ལག་དེ་ཡོངས་སུ་རྫོགས་པས་ས་གསུམ་པར་རྣམ་པར་གཞག་གོ །ས་དེ་ལ་བྱང་ཆུབ་སེམས་དཔའ་ཐོས་པ་གཟུང་བའི་ཕྱིར་དང༌། འཇིག་རྟེན་པའི་ཏིང་ངེ་འཛིན་ཐམས་ཅད་མངོན་པར་སྒྲུབ་པའི་ཕྱིར་སྡུག་བསྔལ་ཐམས་ཅད་བཟོད་པས་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བ་ཡིན་ནོ། །ཏིང་ངེ་འཛིན་དེ་དག་ཐོབ་པས་ས་དེ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྣང་བ་ཚད་མེད་པ་བྱེད་པས་འོད་བྱེད་པ་ཞེས་བྱའོ། །དེ་འཇིག་རྟེན་པའི་ཏིང་ངེ་འཛིན་མཐའ་དག་ཐོབ་ཀྱང་ཇི་སྲིད་དུ་ཇི་ལྟར་ཐོབ་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་ལན་མང་དུ་གནས་པར་བྱེད་པ་དང༌། ཆོས་དང་སྙོམས་པར་འཇུག་པའི་སེམས་བཏང་སྙོམས་སུ་བྱེད་མི་ནུས་པ་དེ་སྲིད་དུ་ས་གསུམ་པའོ། །གང་གི་ཚེ་ནུས་པ་དེའི་ཚེ་ཡན་ལག་དེ་ཡོངས་སུ་རྫོགས་པས་ས་བཞི་བར་རྣམ་པར་གཞག་གོ །ས་དེ་ལ་བྱང་ཆུབ་སེམས་དཔའ་རྒྱུན་མི་འཆད་པར་ངག་དང་ཡིད་ཀྱི་བརྗོད་པ་ལས་ཡང་དག་པར་བཟླ་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་གནས་པས་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བ་ཡིན་ནོ། །ས་དེ་ནི་ཉོན་མོངས་པའི་ཤིང་མཐའ་དག་སྲེག་པར་ནུས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་འོད་འཕྲོ་བ་ཤིན་ཏུ་བྱུང་བས་འོད་འཕྲོ་བ་ཅན་ཞེས་བྱའོ། །དེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་


DTG110_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རྒྱུན་མི་འཆད་པར་གནས་པ་ཡང་ཡིན་ནོ། །ཇི་སྲིད་དུ་བདེན་པ་རྣམས་བསྒོམ་པ་ན་འཁོར་བ་ལ་མི་ཕྱོགས་པ་དང༌། མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པ་ལས་སེམས་བཟློག་སྟེ། ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་བསྒོམ་མི་ནུས་པ་དེ་སྲིད་དུ་ས་བཞི་པའོ། །གང་གི་ཚེ་ནུས་པ་དེའི་ཚེ་ཡན་ལག་དེ་ཡོངས་སུ་རྫོགས་པས་ས་ལྔ་པར་རྣམ་པར་གཞག་གོ །དེ་བས་ན་ས་དེ་ལ་ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་དེ་ཡོངས་སུ་རྫོགས་པར་བྱེད་པ་ནི་ཤིན་ཏུ་སྦྱང་བར་དཀའ་བས་ན་ཤིན་ཏུ་སྦྱང་དཀའ་བ་ཞེས་བྱའོ། །ས་དེ་ལ་བདེན་པའི་རྣམ་པ་སྒོམ་པ་ལན་མང་དུ་བྱེད་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བ་ཡིན་ཏེ། དེ་ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱིས་ལན་མང་དུ་གནས་པ་ཡང་ཡིན་ནོ། །ཇི་སྲིད་དུ་འཁོར་བར་འཇུག་པ་ལ་སོ་སོར་རྟོག་པས་སྐྱོ་བ་དང་ལྡན་པས་སེམས་ཀྱི་རྒྱུད་ཀྱིས་མཚན་མ་མེད་པར་གནས་པ་ལ་མཉམ་པར་འཇོག་མི་ནུས་པ་དེ་སྲིད་དུ་ས་ལྔ་པའོ། །གང་གི་ཚེ་ནུས་པ་དེའི་ཚེ་ཡན་ལག་དེ་ཡོངས་སུ་རྫོགས་པས་ས་དྲུག་པ་རྣམ་པར་གཞག་གོ །ས་དེ་ལ་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་པར་འབྱུང་བ་སྒོམ་པས་གནས་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བ་ཡིན་ནོ། །དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བའི་ཕྱིར་ས་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་གྱུར་པ་ཞེས་བྱའོ། །དེ་མཚན་མ་མེད་པར་གནས་པ་ཐོབ་པ་ཡང་ཡིན་ནོ། །ཇི་སྲིད་དུ་སྐབས་མེད་པར་མཚན་མ་མེད་པར་གནས་པ་ལ་མཉམ་པར་འཇོག་མི་ནུས་པ་དེ་སྲིད་དུ་ས་དྲུག་པའོ། །གང་གི་ཚེ་ནུས་པ་དེའི་ཚེ་ཡན་ལག་དེ་ཡོངས་སུ་རྫོགས་པས་ས་བདུན་པར་རྣམ་པར་གཞག་གོ །ས་དེ་ལ་བྱང་ཆུབ་སེམས་དཔའ་མཚན་མ་ཐམས་ཅད་མཚན་མ་མེད་པར་ཁོང་དུ་ཆུད་ལ་མཚན་མར་བྱས་པའི་ཐ་སྙད་ཀྱང་འགོག་པར་མི་བྱེད་དོ། །དེ་བས་ན་ས་དེ་ལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བ་ཡིན་ནོ། །ས་འདི་ལྷུན་གྱིས་གྲུབ་པའི་ལམ་དང་འབྲེལ་པའི་ཕྱིར་ཤིན་ཏུ་རིང་དུ་སོང་བས་རིང་དུ་སོང་བ་ཞེས་བྱའོ། །དེ་སྐབས་མེད་པ་མཚན་མ་མེད་པ་ལ་གནས་པ་ཡང་ཡིན་ནོ། །དེ་ཇི་སྲིད་དུ་ལྷུན་གྱིས་གྲུབ་པས་འཇུག་པའི་མཚན་མ་མེད་པར་


DTG110_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ལ་མཉམ་པར་འཇོག་མི་ནུས་པ་དེ་སྲིད་དུས་བདུན་པའོ། །གང་གི་ཚེ་ནུས་པ་དེའི་ཚེ་ཡན་ལག་དེ་ཡོངས་སུ་རྫོགས་པས་ས་བརྒྱད་པར་རྣམ་པར་གཞག་གོ །ས་དེ་ལ་ལྷུན་གྱིས་གྲུབ་པར་དགེ་བའི་ཕྱོགས་ལ་སྦྱོར་བས་ན་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བ་ཡིན་ནོ། །མཚན་མ་མེད་པ་ལ་རྩོལ་བས་མི་བསྐྱོད་པའི་ཕྱིར་དེ་མི་གཡོ་བ་ཞེས་བྱའོ། །དེ་ལྷུན་གྱིས་གྲུབ་པར་མཚན་མ་མེད་པ་ལ་གནས་པ་ཡང་ཡིན་ནོ། །ཇི་སྲིད་དུ་རྣམ་གྲངས་དང༌། ངེས་པའི་ཚིག་ལ་སོགས་པའི་རབ་ཏུ་དབྱེ་བས་རྣམ་པ་ཐམས་ཅད་དུ་ཆོས་སྟོན་པ་ལ་དབང་བསྒྱུར་བར་མི་ནུས་པ་དེ་སྲིད་དུ་ས་བརྒྱད་པའོ། །གང་གི་ཚེ་ནུས་པ་དེའི་ཚེ་ཡན་ལག་དེ་ཡོངས་སུ་རྫོགས་པས་ས་དགུ་པར་རྣམ་པར་གཞག་གོ །ས་དེ་ལ་བྱང་ཆུབ་སེམས་དཔའ་སོ་སོ་ཡང་དག་པར་རིག་པའི་ཁྱད་པར་ཐོབ་པས་ཤེས་རབ་ཀྱི་སྟོབས་ཀྱི་ཁྱད་པར་དང་ལྡན་པས་ན་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་ཆོས་སྟོན་པ་ལ་མཁས་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པའི་བློ་གྲོས་ཀྱི་ཁྱད་པར་ཐོབ་པའི་ཕྱིར་ལེགས་པའི་བློ་གྲོས་ཞེས་བྱའོ། །དེ་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་ཡང་ཡིན་ནོ། །ཇི་སྲིད་དུ་སངས་རྒྱས་ཀྱི་ཞིང་དང༌། འཁོར་དང༌། སྤྲུལ་པ་ལ་སོགས་པ་བསྟན་པ་དང༌། ཆོས་ཡོངས་སུ་རྫོགས་པར་ལོངས་སྤྱད་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་མི་ནུས་པ་དེ་སྲིད་དུ་ས་དགུ་པའོ། །གང་གི་ཚེ་ནུས་པ་དེའི་ཚེ་ཡན་ལག་དེ་ཡོངས་སུ་རྫོགས་པས་ས་བཅུ་པར་རྣམ་པར་གཞག་གོ །དེ་ལ་སྤྲུལ་པ་ལ་སོགས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པའི་ཁྱད་པར་དང་ལྡན་པས་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བ་ཡིན་ནོ། །དེ་ནི་ཆོས་སྟོན་པའི་སྤྲིན་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་ཆོས་ཀྱི་ཆར་འབེབས་པས་ན་ཆོས་ཀྱི་སྤྲིན་ཞེས་བྱའོ། །གཞན་ཡང་ཕུང་པོ་ཡོངས་སུ་དག་པ་ལ་སོགས་པའི་རྣམ་པར་གཞག་པ་རྣམས་ཀྱིས་ས་རྣམ་པར་གཞག་པ་ཡོད་དེ། ཡི་གེ་མངས་ཀྱིས་དོགས་ནས་མ་བྲིས་སོ། །དེས་སྤྲུལ་པ་ལ་སོགས་པའི་དབང་ཐོབ་ཀྱང་ཇི་སྲིད་དུ་ཤེས་བྱ་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཆགས་པ་མེད་པ་དང༌། ཐོགས་པ་མེད་པའི་ཡེ་ཤེས་བསྐྱེད་


DTG110_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་ནུས་པ་དེ་སྲིད་དུ་ས་བཅུ་པའོ། །གང་གི་ཚེ་ནུས་པ་དེའི་ཚེ་ཡན་ལག་དེ་ཡོངས་སུ་རྫོགས་པས་སངས་རྒྱས་ཀྱི་སར་རྣམ་པར་གཞག་གོ །ས་རྣམ་པར་གཞག་པ་འདི་ནི་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་བསྟན་ཏོ། །སངས་རྒྱས་ཀྱི་ས་འདི་ནི་ཕུན་སུམ་ཚོགས་པ་རྣམ་པ་ཐམས་ཅད་མཐའ་དག་རབ་ཀྱི་མཐར་ཕྱིན་པའི་ཕྱིར་འདི་ལས་གོང་ན་རྣམ་པ་གཞན་མེད་པས་དེ་ཕན་ཆད་ས་རྣམ་པར་གཞག་པ་མེད་དོ། །སངས་རྒྱས་ཀྱི་ས་དེའི་ཡོན་ཏན་གྱི་ཕྱོགས་རབ་ཏུ་དབྱེ་བ་དཔག་ཏུ་མེད་པས་རྣམ་པ་ཐམས་ཅད་བརྗོད་པ་ནི་སངས་རྒྱས་རྣམས་ཀྱིས་ཀྱང་མི་སྤྱོད་ན་བདག་འདྲ་བས་ལྟ་སྨོས་ཀྱང་ཅི་དགོས། ཇི་སྐད་དུ། འཕགས་པ་སྡོང་པོ་བཀོད་པ་ལས་ཀྱང༌། ཤིན་ཏུ་བརྟགས་ཀྱང་རང་བྱུང་གི །ཡོན་ཏན་རྣམས་ཀྱི་ཕྱོགས་གཅིག་མཐའ། །མི་རྟོག་སངས་རྒྱས་རྣམས་དང་ནི། །ཆོས་རྣམས་བསམ་གྱིས་མི་ཁྱབ་བོ། །ཞེས་བཀའ་སྩལ་པ་ལྟ་བུའོ། །མདོར་འདི་ཙམ་ཞིག་བརྗོད་པར་ནུས་ཏེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རབ་ཀྱི་མཐར་ཕྱིན་པ་ཉེས་པ་མ་ལུས་པ་བསལ་བའི་མཐར་ཐུག་པ་བརྙེས་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཀྱི་སྐུ་ལ་བཞུགས་ཏེ། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུས་འགྲོ་བ་མ་ལུས་པའི་དོན་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་མཛད་ཅིང་འཁོར་བ་ཇི་སྲིད་པར་བཞུགས་སོ། །དེ་ལྟ་བས་ན་རྟོག་པ་དང་ལྡན་པ་རྣམས་ཀྱིས་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་བཅོམ་ལྡན་འདས་རྣམས་ལ་དད་པ་བསྐྱེད་ལ་དེ་དག་གི་ཡོན་ཏན་ཡོངས་སུ་བསྒྲུབ་པའི་ཕྱིར་རྣམ་པ་ཐམས་ཅད་ཀྱིས་རབ་ཏུ་འབད་པར་བྱའོ། །སྐུ་གསུམ་ལ་སོགས་པའི་རྣམ་པར་དབྱེ་བ་ནི་ཡི་གེ་མངས་ཀྱིས་དོགས་ཏེ་མ་བྲིས་སོ། །མདོ་སྡེ་དག་གི་ཚུལ་གྱིས་ལུགས་མཐུན་པ། །རྒྱལ་བའི་སྲས་ཀྱི་ལམ་འདི་ལེགས་བཤད་པས། །བདག་གིས་བསོད་ནམས་མི་ཆུང་གང་ཐོབ་དེས། །འགྲོ་བ་ཤེས་ཞན་བློ་མཆོག་མྱུར་ཐོབ་ཤོག །སའི་མངའ་བདག་དཔལ་ལྷ་བཙན་པོས་བཀའ་སྩལ་ནས་ཀ་མ་ལ་ཤཱི་ལས་བསྒོམ་པའི་རིམ་པ་མདོར་བསྡུས་པ་འདི་བགྱིས་སོ། །བསྒོམ་རིམ་དང་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

བསྒོམ་པའི་རིམ་པ།


DTG110_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བྷཱ་བ་ན་ཀྲ་མ། བོད་སྐད་དུ། བསྒོམ་པའི་རིམ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐེག་པ་ཆེན་པོ་མདོ་སྡེའི་ཚུལ་གྱི་རྗེས་སུ་འཇུག་པ་རྣམས་ཀྱིས་བསྒོམ་པའི་རིམ་པ་མདོར་བཤད་དོ། །འདི་ལ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་མྱུར་དུ་ཐོབ་པར་འདོད་པ་རྟོགས་པ་དང་ལྡན་པས་དེ་ཐོབ་པར་བྱེད་པའི་རྒྱུ་རྣམས་དང་རྐྱེན་རྣམས་ལ་མངོན་པར་བརྩོན་པར་བྱའོ། །འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་འདི་ནི་རྒྱུ་མེད་པ་ལས་འབྱུང་བར་མི་རུང་སྟེ། ཐམས་ཅད་ཀྱང་དུས་ཐམས་ཅད་དུ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ལྟོས་པ་མེད་པར་འབྱུང་ན་ནི་གང་དུ་ཡང་ཐོགས་པར་མི་རུང་སྟེ། གང་གིས་ན་ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་མི་འགྱུར་རོ། །དེ་ལྟ་བས་ན་ལ་ལར་བརྒྱ་ལམ་ན་འགའ་ཞིག་འབྱུང་དུ་ཟད་པས་དངོས་པོ་ཐམས་ཅད་ནི་རྒྱུ་ལ་ལྟོས་པ་ཁོ་ན་ཡིན་ནོ། །ཐམས་ཅད་མཁྱེན་པ་ཉིད་དུ་ཡང་ལ་ལར་བརྒྱ་ལམ་ན་འགའ་ཞིག་འགྱུར་ཏེ། དུས་ཐམས་ཅད་དུ་ཡང་མ་ཡིན། གནས་ཐམས་ཅད་དུ་མ་ཡིན། ཐམས་ཅད་ཀྱང་མ་ཡིན་པས་དེའི་ཕྱིར་དེ་ནི་རྒྱུ་དང་རྐྱེན་ལ་ལྟོས་པར་ངེས་སོ། །རྒྱུ་དང་རྐྱེན་དེ་དག་གི་ནང་ནས་ཀྱང་མ་ནོར་ཅིང་མ་ཚང་བ་མེད་པ་རྣམས་བསྟེན་པར་བྱའོ། །རྒྱུ་ནོར་བ་ལ་ནན་ཏན་བྱས་ན་ནི་ཡུན་ཤིན་ཏུ་རིང་པོ་ཞིག་གིས་ཀྱང་འདོད་པའི་འབྲས་བུ་འཐོབ་པ་མེད་དོ། །དཔེར་ན་རྭ་ལས་འོ་མ་བཞོ་བ་བཞིན་ནོ། །རྒྱུ་མཐའ་དག་མ་སྤྱད་པ་ལས་ཀྱང་འབྲས་བུ་འབྱུང་བ་མེད་དེ། ས་བོན་ལ་སོགས་པ་གང་ཡང་རུང་བ་ཞིག་མེད་ན་མྱུ་གུ་ལ་སོགས་པ་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །དེ་ལྟ་བས་ན་འབྲས་བུ་དེ་འདོད་པས་རྒྱུ་དང་རྐྱེན་མ་ནོར་བ་དང་མཐའ་དག་ལ་བསྟེན་པར་བྱའོ། །འབྲས་བུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་དང་རྐྱེན་དེ་དག་གང་ཞེ་ན། སྨྲས་པ། བདག་ལྟ་བུ་དམུས་ལོང་དང་འདྲ་བས་དེ་དག་བསྟེན་པར་མི་ནུས་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ནས་གདུལ་བྱ་རྣམས་ལ་ཇི་སྐད་བཤད་པ་དེ་བཞིན་དུ་བདག་གིས་བཅོམ་ལྡན་འདས་ཀྱིས་བདག་ཉིད་ཀྱིས་བཤད་དོ། །བཅོམ་ལྡན་འདས་ཀྱིས་དེར་བཀའ་སྩལ་པ། གསང་བ་པའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན།


DTG110_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ་ཞེས་འབྱུང་ངོ༌། །དེ་ལྟ་བས་ན་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པས་སྙིང་རྗེ་དང༌། བྱང་ཆུབ་ཀྱི་སེམས་དང༌། ཐབས་དང་གསུམ་པོ་འདི་དག་ལ་བསླབ་པར་བྱའོ། །སྙིང་རྗེས་བསྐྱོད་ན་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་མངོན་པར་གདོན་པའི་ཕྱིར་ངེས་པར་དམ་འཆའ་བར་འགྱུར་རོ། །དེ་ནས་བདག་ཉིད་ལ་ལྟ་བ་བསལ་ནས་ཤིན་ཏུ་བྱ་དཀའ་ཞིང་རྒྱུན་མི་འཆད་ལ་ཡུན་རིང་པོར་བསྒྲུབས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་གུས་པར་འཇུག་གོ །དེ་ཞུགས་ནས་ངེས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་སྒྲུབ་བོ། །ཚོགས་རྣམས་ཡོངས་སུ་རྫོགས་ན་ཐམས་ཅད་མཁྱེན་པ་ཉིད་ལག་ཏུ་ཐོབ་པ་དང་འདྲ་བར་འགྱུར་རོ། །དེ་བས་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྩ་བ་ནི་སྙིང་རྗེ་ཁོ་ན་ཡིན་པས་དེ་ནི་ཐོག་མ་ཁོ་ནར་གོམས་པར་བྱའོ། །ཆོས་ཡང་དག་པར་སྡུད་པ་ལས་ཀྱང་བཀའ་སྩལ་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་གཅིག་རབ་ཏུ་གཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་པ་ལགས་སོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ་སྙིང་རྗེ་ཆེན་པོའོ་ཞེས་འབྱུང་ངོ༌། །སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་རང་གི་དོན་ཕུན་སུམ་ཚོགས་པ་མཐའ་དག་བརྙེས་ཀྱང་སེམས་ཅན་གྱི་ཁམས་མཐར་ཐུག་པའི་བར་དུ་བཞུགས་པར་མཛད་དོ། །ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཤིན་ཏུ་ཞི་བར་ཡང་འཇུག་པར་མི་མཛད་དེ། སེམས་ཅན་ལ་གཟིགས་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཞི་བ་དེ་ལྕགས་ཀྱི་ཁང་པ་འབར་བ་བཞིན་དུ་ཐག་རིང་དུ་སྤོང་བས་བཅོམ་ལྡན་འདས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ནི་སྙིང་རྗེ་ཆེན་པོ་དེ་ཉིད་ཡིན་ནོ། །དེ་ལ་སྙིང་རྗེ་བསྒོམ་པའི་རིམ་པ་དེ་དང་པོ་འཇུག་པ་ནས་བརྩམས་ཏེ་བརྗོད་པར་བྱའོ། །ཐོག་མར་རེ་ཞིག་བཏང་སྙོམས་བསྒོམས་པས་སེམས་ཅན་ཐམས་ཅད་ལ་རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་བསལ་ཏེ་སྙོམས་པའི་སེམས་ཉིད་བསྒྲུབ་


DTG110_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །སེམས་ཅན་ཐམས་ཅད་བདེ་བ་ནི་འདོད་སྡུག་བསྔལ་བ་ནི་མི་འདོད་ལ། ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་སེམས་ཅན་གང་ལན་བརྒྱར་བདག་གི་གཉེན་དུ་མ་གྱུར་པ་དེ་གང་ཡང་མེད་དོ་སྙམ་དུ་ཡོངས་སུ་བསམ་ཞིང༌། འདི་ལ་བྱེ་བྲག་ཅི་ཞིག་ཡོད་ན་ལ་ལ་ལ་ནི་རྗེས་སུ་ཆགས། ལ་ལ་ལ་ནི་ཁོང་ཁྲོ་བར་གྱུར་པས་དེ་ལྟ་བས་ན་བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཉིད་དུ་བྱའོ་སྙམ་དུ་དེ་ལྟར་ཡིད་ལ་བྱ་ཞིང་བར་མའི་ཕྱོགས་ནས་བརྩམས་ཏེ། མཛའ་བཤེས་དང་དགྲ་ལ་ཡང་སེམས་སྙོམས་པ་ཉིད་དུ་བསྒོམ་མོ། །དེ་ནས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཉིད་དུ་བསྒྲུབས་ནས་བྱམས་པ་བསྒོམ་མོ། །བྱམས་པའི་ཆུས་སེམས་ཀྱི་རྒྱུད་བརླན་ཏེ་གསེར་ཡོད་པའི་ས་གཞི་བཞིན་དུ་བྱས་ལ་སྙིང་རྗེའི་ས་བོན་བཏབ་ན་བདེ་བླག་ཏུ་ཤིན་ཏུ་ཡོངས་སུ་རྒྱས་པར་འགྱུར་རོ། །དེ་ནས་སེམས་ཀྱི་རྒྱུད་བྱམས་པས་བསྒོས་ནས་སྙིང་རྗེ་བསྒོམ་པར་བྱའོ། །སྙིང་རྗེ་དེ་ནི་སེམས་ཅན་སྡུག་བསྔལ་བ་ཐམས་ཅད་སྡུག་བསྔལ་དེ་དང་བྲལ་བར་འདོད་པའི་རྣམ་པ་ཡིན་ནོ། །ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ནི་སྡུག་བསྔལ་ཉིད་རྣམ་པ་གསུམ་གྱིས་ཅི་རིགས་པར་ཤིན་ཏུ་སྡུག་བསྔལ་བ་དག་ཡིན་པས་དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་དེ་བསྒོམ་པར་བྱ་སྟེ། འདི་ལྟར་རེ་ཞིག་སེམས་ཅན་དམྱལ་བ་བའི་སེམས་ཅན་གང་དག་ཡིན་པ་དེ་དག་ནི་རྒྱུན་མི་འཆད་ཅིང་ཡུན་རིང་ལ་ཚ་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་ཀྱི་ཆུ་བོར་བྱིང་བ་ཁོ་ན་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་བཞིན་དུ་ཡི་དགས་རྣམས་ཀྱང་ཕལ་ཆེར་ཤིན་ཏུ་མི་བཟད་པའི་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་གྱི་སེམས་བསྐམས་པའི་ལུས་ཤིན་ཏུ་སྡུག་བསྔལ་མང་པོ་མྱང་ངོ་ཞེས་བཀའ་སྩལ་ཏོ། །དུད་འགྲོ་རྣམས་ཀྱང་གཅིག་ལ་གཅིག་ཟ་བ་དང༌། ཁྲོ་བ་དང༌། གསོད་པ་དང༌། རྣམ་པར་འཚེ་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་མང་པོ་མྱོང་བ་ཁོ་ནར་སྣང་ངོ༌། །མི་རྣམས་ཀྱང་འདོད་པ་ཡོངས་སུ་ཚོལ་བས་ཕོངས་ནས་གཅིག་ལ་གཅིག་འཁུ་བ་དང༌། གནོད་པ་བྱེད་པ་དང༌། སྡུག་པ་དང་བྲལ་བ་དང༌། མི་སྡུག་པ་དང་ཕྲད་པ་དང༌། དབུལ་ཕོངས་ལས་གྱུར་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཉམས་སུ་མྱོང་བར་སྣང་


DTG110_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ངོ། །གང་དག་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་ཀུན་ནས་དཀྲིས་པ་སྣ་ཚོགས་ཀྱིས་སེམས་དཀྲིས་པ་དག་དང༌། གང་དག་ལྟ་བ་ངན་པ་རྣམ་པ་སྣ་ཚོགས་གཟིང་གཟིང་བར་གྱུར་པ་དེ་ཐམས་ཅད་ཀྱང་སྡུག་བསྔལ་གྱི་རྒྱུ་ཡིན་པས་གད་ཀ་ན་འདུག་པ་བཞིན་དུ་ཤིན་ཏུ་སྡུག་བསྔལ་ཁོ་ན་ཡིན་ནོ། །ལྷ་རྣམས་ཀྱང་ཐམས་ཅད་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་དག་སྟེ། འདོད་པ་ན་སྤྱོད་པའི་ལྷ་གང་དག་ཡིན་པ་དེ་དག་ནི་རྟག་ཏུ་འཆི་འཕོ་བ་དང་ལྟུང་བ་ལ་སོགས་པའི་འཇིགས་པའི་མྱ་ངན་གྱིས་སེམས་ལ་གནོད་ན་ཇི་ལྟར་བདེ། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ནི་ལས་དང་ཉོན་མོངས་པའི་མཚན་ཉིད་ཀྱི་རྒྱུའི་གཞན་གྱི་དབང་གི་ངོ་བོ་ཉིད་དང༌། སྐད་ཅིག་རེ་རེ་ལ་འཇིག་པའི་ངང་ཅན་གྱི་མཚན་ཉིད་དེ། འགྲོ་བ་ཐམས་ཅད་ལ་ཁྱབ་པ་ཡིན་ནོ། །དེ་བས་ན་འགྲོ་བ་མཐའ་དག་ནི་སྡུག་བསྔལ་གྱི་མེ་ལྕེ་འབར་བའི་ནང་དུ་ཞུགས་པ་ཡིན་པར་བལྟས་ལ། ཇི་ལྟར་བདག་སྡུག་བསྔལ་མི་འདོད་པ་ལྟར་གཞན་ཐམས་ཅད་ཀྱང་དེ་དང་འདྲའོ་སྙམ་དུ་བསམ་ཞིང༌། ཀྱེ་མ་ཀྱི་ཧུད་བདག་ལ་སྡུག་པའི་སེམས་ཅན་འདི་དག་སྡུག་བསྔལ་ན་སྡུག་བསྔལ་དེ་ལས་ཇི་ལྟར་ཐར་བར་བྱ་ཞེས་བདག་ཉིད་སྡུག་བསྔལ་བ་བཞིན་དུ་བྱེད་ཅིང་དེ་དང་བྲལ་བར་འདོད་པའི་རྣམ་པའི་སྙིང་རྗེ་དེས་ཏིང་ངེ་འཛིན་ལ་འདུག་ཀྱང་རུང། སྤྱོད་ལམ་ཐམས་ཅད་དུ་ཡང་རུང་སྟེ། དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་བསྒོམ་པར་བྱ་སྟེ། ཐོག་མ་ཁོ་ནར་མཛའ་བཤེས་ཀྱི་ཕྱོགས་རྣམས་ལ་ཇི་སྐད་སྨོས་པའི་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བར་མཐོང་བས་བསྒོམ་པར་བྱའོ། །དེ་ནས་སེམས་ཅན་མཉམ་པ་ཉིད་ཀྱིས་བྱེ་བྲག་མེད་པར་མཐོང་ནས་སེམས་ཅན་ཐམས་ཅད་ནི་བདག་གི་གཉེན་དུ་གྱུར་པ་ཁོ་ནའོ་སྙམ་དུ་ཡོངས་སུ་བསམ་ཞིང་པར་མའི་ཕྱོགས་རྣམས་ལ་བསྒོམ་པར་བྱའོ། །གང་གི་ཚེ་དེ་ལ་མཛའ་བཤེས་ཀྱི་ཕྱོགས་བཞིན་དུ་སྙིང་རྗེ་དེ་མཉམ་པར་ཞུགས་པར་གྱུར་པ་དེའི་ཚེ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་བསྒོམ་པར་བྱའོ། །གང་གི་ཚེ་བུ་ཆུང་ངུ་སྙིང་དུ་སྡུག་པ་སྡུག་བསྔལ་བར་གྱུར་པའི་མ་བཞིན་དུ་བདག་ཉིད་ཀྱིས་ཤིན་ཏུ་སྡུག་བསྔལ་བ་ལས་འདོན་པར་འདོད་པའི་རྣམ་པ་རང་གི་ངང་གིས་འཇུག་པའི་སྙིང་རྗེ་དེ་སེམས་ཅན་ཐམས་ཅད་ལ་མཉམ་པར་ཞུགས་པར་གྱུར་པ་དེའི་ཚེ་རྫོགས་པ་ཞེས་བྱ་སྟེ། སྙིང་རྗེ་ཆེན་


DTG110_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མིང་ཡང་འཐོབ་པོ། །བྱམས་པ་བསྒོམ་པ་ནི་མཛའ་བཤེས་ཀྱི་ཕྱོགས་ལ་ཐོག་མར་བྱས་ནས་བདེ་བ་དང་ཕྲད་པར་འདོད་པའི་རྣམ་པ་སྟེ། རིམ་གྱིས་ཐ་མལ་པ་དང་དགྲ་ལ་ཡང་བསྒོམ་པར་བྱའོ། །དེ་ལྟར་དེ་སྙིང་རྗེ་གོམས་པར་བྱས་ནས། རིམ་གྱིས་སེམས་ཅན་མཐའ་དག་མངོན་པར་འདོན་པར་འདོད་པ་རང་གི་ངང་གིས་འབྱུང་བ་ཉིད་དུ་འགྱུར་རོ། །དེས་ན་རྩ་བའི་སྙིང་རྗེ་གོམས་པར་བྱས་ནས་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པ་གཉིས་ཏེ། ཀུན་རྫོབ་དང༌། དོན་དམ་པའོ། །དེ་ལ་ཀུན་རྫོབ་པ་ནི་སྙིང་རྗེས་སེམས་ཅན་མཐའ་དག་མངོན་པར་འདོན་པར་དམ་བཅས་ནས་འགྲོ་བ་ལ་ཕན་གདགས་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་སྙམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་རྣམ་པས་སེམས་དང་པོ་བསྐྱེད་པའོ། །དེ་ཡང་ཚུལ་ཁྲིམས་ཀྱི་ལེའུ་ལས་བསྟན་པའི་ཆོ་ག་བཞིན་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་མཁས་པ་ཕ་རོལ་པོ་ལས་སེམས་བསྐྱེད་པར་བྱའོ། །དེ་ལྟར་ཀུན་རྫོབ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར་འབད་པར་བྱའོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ནི་འཇིག་རྟེན་ལས་འདས་པོ་སྤྲོས་པ་མཐའ་དག་དང་བྲལ་བ། ཤིན་ཏུ་གསལ་བ། དོན་དམ་པའི་སྤྱོད་ཡུལ། དྲི་མ་མེད་པ། མི་གཡོ་བ། རླུང་མེད་པའི་མར་མེའི་རྒྱུན་ལྟར་མི་གཡོ་བའོ། །དེ་འགྲུབ་པ་ནི་རྟག་ཏུ་གུས་པར་ཡུན་རིང་དུ་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་གོམས་པར་བྱས་པ་ལས་འགྱུར་ཏེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཇི་སྐད་དུ། བྱམས་པ་གང་ཡང་ཉན་ཐོས་རྣམས་ཀྱིའམ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འམ། དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་ཆོས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་རིག་པར་བྱའོ་ཞེས་གསུངས་པ་ལྟ་བུའོ། །དེ་གཉིས་ཀྱིས་ཏིང་ངེ་འཛིན་ཐམས་ཅད་བསྡུས་པའི་ཕྱིར་རྣལ་འབྱོར་པ་ཐམས་ཅད་ཀྱིས་དུས་ཐམས་ཅད་དུ་ངེས་པར་ཞི་གནས་དང་ལྷག་མཐོང་བསྟེན་པར་བྱ་སྟེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་དེ་ཉིད་ལས་བཅོམ་ལྡན་འདས་


DTG110_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཇི་སྐད་དུ་ངས་ཉན་ཐོས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་རྣམ་པ་དུ་མ་བསྟན་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ཞི་གནས་དང་ལྷག་མཐོང་གིས་བསྡུས་པར་རིག་པར་བྱའོ་ཞེས་གསུངས་པ་ལྟ་བུའོ། །ཞི་གནས་ཙམ་འབའ་ཞིག་གོམས་པར་བྱས་པས་ནི་རྣལ་འབྱོར་པ་རྣམས་ཀྱི་སྒྲིབ་པ་མི་སྤོང་གི །རེ་ཞིག་ཉོན་མོངས་པ་རྣམ་པར་གནོན་པ་ཙམ་དུ་ཟད་དེ། ཤེས་རབ་ཀྱི་སྣང་བ་བྱུང་བ་མེད་པར་བག་ལ་ཉལ་ལེགས་པར་ཆོམས་མི་སྲིད་པའི་ཕྱིར་བག་ལ་ཉལ་ལེགས་པར་ཆོམས་པར་མི་འགྱུར་རོ། །དེ་བས་ན་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་དེ་ཉིད་ལས་བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམས་རྣམ་པར་གནོན་ཏོ། །ཤེས་རབ་ཀྱིས་ནི་བག་ལ་ཉལ་ལེགས་པར་འཇོམས་པར་བྱེད་དོ་ཞེས་བཀའ་སྩལ་ཏོ། །འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང༌། ཏིང་ངེ་འཛིན་དེ་སྒོམ་པར་བྱེད་མོད་ཀྱི། །དེ་ནི་རྟག་ཏུ་འདུ་ཤེས་འཇིག་མི་བྱེད། །དེ་ནི་ཉོན་མོངས་ཕྱིར་ཞིང་རབ་ཏུ་འཁྲུགས། །ལྷག་སྤྱོད་འདི་ནི་ཏིང་འཛིན་བསྒོམ་པ་བཞིན། །གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེ་བརྟགས་གལ་ཏེ་བསྒོམ་པ་ནི། །དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞི་མི་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང༌། གང་དག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས། འཕགས་པའི་ཆོས་འདུལ་བ་མ་ཐོས་པར་ཏིང་ངེ་འཛིན་ཙམ་གྱིས་ཆོག་པར་འཛིན་པ་ནི་ང་རྒྱལ་གྱི་དབང་གིས་མངོན་པའི་ང་རྒྱལ་དུ་ལྟུང་ཞིང༌། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་ལས་ཡོངས་སུ་མི་གྲོལ། འགྲོ་བ་དྲུག་གི་འཁོར་བ་ལས་ཡོངས་སུ་མི་གྲོལ། སྡུག་བསྔལ་གྱི་ཕུང་པོ་ལས་ཀྱང་ཡོངས་སུ་མི་གྲོལ་ཏེ། དེ་ལ་དགོངས་ནས་དེ་བཞིན་གཤེགས་པས་འདི་སྐད་ཅེས། གཞན་ལ་རྗེས་སུ་མཐུན་པ་ཐོས་པ་ནི་རྒ་ཤི་ལས་གྲོལ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ་ཞེས་གསུངས་སོ། །དེ་ལྟ་བས་ན་སྒྲིབ་པ་མཐའ་དག་སྤངས་ནས་ཡོངས་སུ་དག་པའི་ཡེ་ཤེས་འབྱུང་བར་འདོད་པས་ཞི་གནས་ལ་གནས་ཤིང་ཤེས་


DTG110_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བསྒོམ་པར་བྱའོ། །དེ་སྐད་དུ། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་བཀའ་སྩལ་ཏེ། ཚུལ་ཁྲིམས་ལ་ནི་གནས་ནས་ཏིང་ངེ་འཛིན་ཐོབ་སྟེ། །ཏིང་ངེ་འཛིན་ཐོབ་ནས་ཀྱང་ཤེས་རབ་སྒོམ་པར་བྱེད། །ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ། །ཡེ་ཤེས་རྣམ་པར་དག་པས་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཞེས་བཀའ་སྩལ་ཏེ། །འཕགས་པ་ཐེག་པ་ཆེན་པོ་ལ་དད་པ་བསྒོམ་པའི་མདོ་ལས་ཀྱང༌། རིགས་ཀྱི་བུ་ཤེས་རབ་ལ་ཉེ་བར་མི་གནས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ཐེག་པ་ཆེན་པོ་ལ་ཇི་ལྟར་ཡང་འབྱུང་བར་ང་མི་སྨྲའོ། །རིགས་ཀྱི་བུ་རྣམ་གྲངས་འདིས་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ཐེག་པ་ཆེན་པོ་ལ་འབྱུང་བ་གང་ཅི་ཡང་རུང༌། དེ་ཐམས་ཅད་ནི་རྣམ་པར་མ་གཡེངས་པའི་སེམས་ཀྱིས་དོན་དང་ཆོས་ཡང་དག་པར་བསམས་པ་ལས་བྱུང་བར་རིག་པར་བྱའོ་ཞེས་བཀའ་སྩལ་ཏོ། །ཞི་གནས་དང་བྲལ་བའི་ལྷག་མཐོང་འབའ་ཞིག་གིས་ནི་རྣལ་འབྱོར་པའི་སེམས་ཡུལ་རྣམས་ལ་རྣམ་པར་གཡེང་བར་འགྱུར་གྱི། རླུང་གི་ནང་ན་འདུག་པའི་མར་མེ་བཞིན་དུ་བརྟན་པར་མི་འགྱུར་རོ། །དེ་བས་ན་ཡེ་ཤེས་ཀྱི་སྣང་བ་ཤིན་ཏུ་གསལ་བར་མི་འབྱུང་སྟེ། དེ་ལྟ་བས་ན་གཉིས་ཀ་དང་འདྲ་བར་བསྟེན་པར་བྱའོ། །དེའི་ཕྱིར་འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཀྱང༌། ཉན་ཐོས་རྣམས་ཀྱིས་ནི་དེ་བཞིན་གཤེགས་པའི་རིགས་མི་མཐོང་སྟེ། ཏིང་ངེ་འཛིན་གྱི་ཤས་ཆེ་བའི་ཕྱིར་དང༌། ཤེས་རབ་ཆུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མཐོང་མོད་ཀྱི་མི་གསལ་ཏེ། ཤེས་རབ་ཀྱི་ཤས་ཆེ་བའི་ཕྱིར་དང༌། ཏིང་ངེ་འཛིན་ཆུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པས་ནི་ཐམས་ཅད་གཟིགས་ཏེ། ཞི་གནས་དང་ལྷག་མཐོང་མཚུངས་པར་ལྡན་པའི་ཕྱིར་རོ་ཞེས་བཀའ་སྩལ་ཏེ། །ཞི་གནས་ཀྱི་སྟོབས་ཀྱིས་ནི་མར་མེ་རླུང་གིས་མ་བསྐྱོད་པ་བཞིན་དུ་རྣམ་པར་རྟོག་པའི་རླུང་རྣམས་ཀྱིས་སེམས་གཡོ་བར་མི་འགྱུར་རོ། །ལྷག་མཐོང་གིས་ནི་ལྟ་བ་ངན་པའི་དྲི་མ་མཐའ་དག་སྤངས་པས་གཞན་དག་གིས་མི་ཕྱེད་དེ། ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ། ཞི་གནས་སྟོབས་ཀྱིས་གཡོ་བ་མེད་པར་འགྱུར། །ལྷག་མཐོང་


DTG110_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ནི་རི་དང་འདྲ་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བས་ན་གཉིས་ཀ་ལ་རྣལ་འབྱོར་དུ་བྱས་པར་གནས་སོ། །དེ་ལ་ཐོག་མར་རེ་ཞིག་རྣལ་འབྱོར་པས་གང་གིས་བདེ་བར་མྱུར་དུ་ཞི་གནས་དང་ལྷག་མཐོང་འགྲུབ་པར་འགྱུར་བ་ཞི་གནས་དང་ལྷག་མཐོང་གི་ཚོགས་ལ་ཇེ་བསྟེན་པར་བྱའོ། །དེ་ལ་ཞི་གནས་ཀྱི་ཚོགས་གང་ཞེ་ན། མཐུན་པའི་ཡུལ་ན་གནས་པ་དང༌། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། བྱ་བ་མང་པོ་ཡོངས་སུ་སྤངས་པ་དང༌། ཚུལ་ཁྲིམས་རྣམ་པར་དག་པ་དང༌། འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་ཡོངས་སུ་སྤངས་པའོ། །དེ་ལ་ཡོན་ཏན་ལྔ་དག་དང་ལྡན་པ་ནི་མཐུན་པའི་ཡུལ་ཡིན་པར་ཤེས་པར་བྱ་སྟེ། གོས་དང་ཟས་ལ་སོགས་པ་ཚོགས་མེད་པར་རྙེད་པའི་ཕྱིར་རྙེད་སླ་བ་དང༌། སྐྱེ་བོ་མི་སྲུན་པ་དང་དགྲ་ལ་སོགས་པ་མི་གནས་པའི་ཕྱིར་གནས་བཟང་བ་དང༌། ནད་མེད་པའི་ས་ཡིན་པས་ས་བཟང་བ་དང༌། གྲོགས་ཚུལ་ཁྲིམས་དང་ལྡན་པ་ལྟ་བ་མཚུངས་པ་ཡིན་པས་གྲོགས་བཟང་བ་དང༌། ཉིན་མོ་སྐྱེ་བོ་མང་པོ་དག་གིས་མ་གང་བའི་ཕྱིར་དང༌། མཚན་མོ་སྒྲ་ཆུང་བའི་ཕྱིར་ལེགས་པར་ལྡན་པའོ། །འདོད་པ་ཆུང་བ་གང་ཞེ་ན། ཆོས་གོས་ལ་སོགས་པ་བཟང་པོའམ་མང་པོ་ལ་ལྷག་པར་ཆགས་པ་མེད་པའོ། །ཆོག་ཤེས་པ་གང་ཞེ་ན། ཆོས་གོས་ལ་སོགས་པ་ངན་དོན་ཙམ་རྙེད་པས་རྟག་ཏུ་ཆོག་ཤེས་པ་གང་ཡིན་པའོ། །བྱ་བ་མང་པོ་ཡོངས་སུ་སྤངས་པ་གང་ཞེ་ན། ཉ་ཚོང་ལ་སོགས་པ་ལས་ངན་པ་ཡོངས་སུ་སྤང་བ་དང༌། ཁྱིམ་པ་དང་རབ་ཏུ་བྱུང་བ་གང་དག་ཧ་ཅང་སྨོས་འདྲིན་བྱེད་པ་ཡོངས་སུ་སྤང་བ་དང༌། སྨན་བྱེད་པ་སྐར་མ་རྩི་བ་ལ་སོགས་པ་ཡོངས་སུ་སྤངས་པ་གང་ཡིན་པའོ། །ཚུལ་ཁྲིམས་རྣམ་པར་དག་པ་གང་ཞེ་ན། སྡོམ་པ་གཉིས་ཀ་ལ་ཡང་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པའི་བསླབ་པའི་གཞི་མི་འདྲལ་བ་དང༌། བག་མེད་པར་རལ་ན་ཡང་སྐྱེན་པ་སྐྱེན་པ་འགྱོད་པས་ཆོས་བཞིན་དུ་བྱེད་པ་དང༌། ཉན་ཐོས་ཀྱི་སྡོམ་པ་ལ་ཕམ་པ་བཅོས་སུ་མི་རུང་བར་གསུངས་པ་གང་ཡིན་པ་དེ་ལ་ཡང་འགྱོད་པ་དང་ལྡན་པ་དང༌། ཕྱིས་མི་བྱ་བའི་སེམས་དང་ལྡན་པ་དང༌། སེམས་གང་གིས་ལས་དེ་བྱས་པའི་སེམས་དེ་ལ་ངོ་བོ་ཉིད་མེད་པར་སོ་སོར་རྟོག་པའི་ཕྱིར་


DTG110_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རམ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གོམས་པའི་ཕྱིར་དེའི་ཚུལ་ཁྲིམས་རྣམ་པར་དག་པ་ཁོ་ན་ཡིན་པར་བརྗོད་པར་བྱའོ། །དེ་ནི་འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བ་ལས་ཁོང་དུ་ཆུད་པར་རིག་པར་བྱའོ། །དེ་བས་ན་དེ་འགྱོད་པ་མེད་པར་བྱས་ལ་སྒོམ་པ་ལ་མངོན་པར་བརྩོན་པར་བྱའོ། །འདོད་པ་རྣམས་ལ་ཡང་ཚེ་འདི་དང་ཚེ་ཕྱི་མ་ལ་ཉེས་དམིགས་རྣམ་པ་མང་པོར་འགྱུར་བར་ཡིད་ལ་བྱས་ལ་དེ་དག་ལ་རྣམ་པར་རྟོག་པ་སྤང་བར་བྱའོ། །རྣམ་པ་གཅིག་ཏུ་ན་འཁོར་བ་པའི་དངོས་པོ་སྡུག་པའམ་མི་སྡུག་པ་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་རྣམ་པར་འཇིག་པའི་ཆོས་ཅན་མི་བརྟན་པ་སྟེ། གདོན་མི་ཟ་བར་དེ་དག་ཐམས་ཅད་དང་བདག་རིང་པོར་མི་ཐོགས་པར་འབྲལ་བར་གྱུར་ན། བདག་དེ་ལ་ཅི་ཞིག་ལྷག་པར་ཆགས་པ་ལ་སོགས་པར་འགྱུར་སྙམ་དུ་བསྒོམས་པས་རྣམ་པར་རྟོག་པ་ཐམས་ཅད་སྤང་བར་བྱའོ། །ལྷག་མཐོང་གི་ཚོགས་གང་ཞེ་ན། སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། མང་དུ་ཐོས་པ་ཡོངས་སུ་བཙལ་བ་དང༌། ཚུལ་བཞིན་སེམས་པའོ། །དེ་ལ་སྐྱེས་བུ་དམ་པ་ཇི་ལྟ་བུ་ལ་བརྟེན་པར་བྱ་ཞེ་ན། གང་མང་དུ་ཐོས་པ་དང༌། ཚིག་གསལ་བ་དང༌། སྙིང་རྗེ་དང་ལྡན་པ་དང༌། སྐྱོ་བ་བཟོད་པའོ། །དེ་ལ་མང་དུ་ཐོས་པ་ཡོངས་སུ་བཙལ་བ་གང་ཞེ་ན། གང་བཅོམ་ལྡན་འདས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་པོ་ངེས་པའི་དོན་དང་དྲང་བའི་དོན་ལ་གུས་པར་བྱས་ཤིང་ཤིན་ཏུ་ཉན་པ་སྟེ། འདི་ལྟར་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། འཕགས་པའི་གཏམ་འདོད་པ་བཞིན་དུ་མ་ཐོས་པ་ནི་ལྷག་མཐོང་གི་གེགས་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེ་ཉིད་ལས་ལྷག་མཐོང་ནི་ཐོས་པ་དང་བསམས་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་གསུངས་སོ། །འཕགས་པ་སྲེད་མེད་ཀྱི་བུས་ཞུས་པ་ལས་ཀྱང༌། ཐོས་པ་དང་ལྡན་པ་ནི་ཤེས་རབ་འབྱུང་བར་འགྱུར་རོ། །ཤེས་རབ་དང་ལྡན་པ་ནི་ཉོན་མོངས་པ་རབ་ཏུ་ཞི་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །ཚུལ་བཞིན་བསམ་པ་གང་ཞེ་ན། གང་ངེས་པའི་དོན་གྱི་མདོ་སྡེ་དང་དྲང་བའི་དོན་གྱི་མདོ་སྡེ་ལ་སོགས་པ་ལེགས་པར་གཏན་ལ་འབེབས་པ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཐེ་ཚོམ་མེད་ན་བསྒོམ་པ་ལ་གཅིག་ཏུ་ངེས་པར་


DTG110_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་ལྟ་མ་ཡིན་ན་ཐེ་ཚོམ་གྱི་འཕྱང་མོ་ཉུག་པའི་ཐག་པ་ལ་འདུག་པ་ནི་ལམ་ཁ་བྲག་གི་མདོར་ཕྱིན་པའི་མི་ལྟར་གང་དུ་ཡང་གཅིག་ཏུ་ངེས་པར་མི་འགྱུར་རོ། །རྣལ་འབྱོར་པས་ནི་དུས་ཐམས་ཅད་དུ་ཉ་དང་ཤ་ལ་སོགས་པ་སྤང་ཞིང་མི་མཐུན་པ་མ་ཡིན་པ་དང༌། ཟས་ཚོད་ཟིན་པར་བཟའ་བར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་གི་ཚོགས་མཐའ་དག་བསགས་པ་དེས་བསྒོམ་པ་ལ་འཇུག་པར་བྱའོ། །དེ་ལ་རྣལ་འབྱོར་པས་བསྒོམ་པའི་དུས་ན་ཐོག་མར་བྱ་བ་ཅི་ཡོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ལ། བཤང་གཅི་བྱས་ནས་སྒྲའི་ཚེར་མ་མེད་པ་ཡིད་དུ་འོང་བའི་ཕྱོགས་སུ་བདག་གིས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་དགོད་པར་བྱའོ་སྙམ་དུ་བསམ་ཞིང༌། འགྲོ་བ་མཐའ་དག་མངོན་པར་གདོན་པའི་བསམ་པ་ཅན་གྱིས་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ལྔས་ཕྱག་བྱས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་རི་མོ་ལ་སོགས་པ་མདུན་དུ་གཞག་གམ་གཞན་དུ་ཡང་རུང་སྟེ། དེ་དག་ལ་ཅི་ནུས་ཀྱིས་མཆོད་པ་དང་བསྟོད་པ་བྱས་ལ་རང་གི་སྡིག་པ་བཤགས་ནས་འགྲོ་བ་མཐའ་དག་གི་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱས་ལ། སྟན་ཤིན་ཏུ་འཇམ་པོ་བདེ་བ་ལ་རྗེ་བཙུན་རྣམ་པར་སྣང་མཛད་ཀྱི་སྐྱིལ་མོ་ཀྲུང་ལྟ་བུའམ། སྐྱིལ་མོ་ཀྲུང་ཕྱེད་དུ་ཡང་རུང་སྟེ། མིག་ཧ་ཅང་ཡང་མི་དབྱེ། ཧ་ཅང་ཡང་མི་གཟུམ་པར་སྣའི་རྩེ་མོར་གཏད་ཅིང༌། ལུས་ཧ་ཅང་ཡང་མི་སྒུ། ཧ་ཅང་ཡང་མི་དགྱེ་བར་དྲང་པོར་བསྲངས་ལ་དྲན་པ་ནང་དུ་གཞག་སྟེ་འདུག་པར་བྱའོ། །དེ་ནས་ཕྲག་པ་མཉམ་པར་གཞག་ལ་མགོ་མི་མཐོ་མི་དམའ་ཞིང་ཕྱོགས་གཅིག་ཏུ་མ་ཡོ་བར་གཞག་སྟེ་སྣ་ནས་ལྟེ་བའི་བར་དྲང་པོར་གཞག་གོ །སོ་དང་མཆུ་ཡང་ཐ་མལ་པར་གཞག་གོ །ལྕེ་ཡང་ཡ་སོའི་དྲུང་དུ་གཞར་རོ། །དབུགས་ཕྱི་ནང་དུ་རྒྱུ་བ་ཡང་སྒྲ་ཅན་དང༌། རྔམས་པ་ཅན་དང༌། དབུགས་རྒོད་པ་ཅན་དུ་མི་བཏང་གི །ཅི་ནས་ཀྱང་མི་ཚོར་བར་དལ་བུ་དལ་བུས་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་དབུགས་ནང་དུ་རྔུབ་པ་དང་ཕྱིར་འབྱུང་བ་དེ་ལྟར་བྱའོ། །དེ་ལ་ཐོག་མར་རེ་ཞིག་ཞི་གནས་བསྒྲུབ་པར་བྱ་སྟེ། ཕྱི་རོལ་གྱི་ཡུལ་


DTG110_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྣམ་པར་གཡེང་བ་ཞི་གནས་ནང་དུ་དམིགས་པ་ལ་རྒྱུན་དུ་རང་གི་ངང་གིས་འཇུག་ལ་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ལ་གནས་པ་ནི་ཞི་གནས་ཞེས་བྱའོ། །ཞི་གནས་དེ་ཉིད་ལ་དམིགས་པའི་ཚེ་དེ་ཁོ་ན་ལ་རྣམ་པར་དཔྱོད་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཡིན་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས་ཇི་སྐད་དུ། ཞི་གནས་ནི་སེམས་རྩེ་གཅིག་པ་ཉིད་དོ། །ལྷག་མཐོང་ནི་ཡང་དག་པར་སོ་སོར་རྟོག་པའོ་ཞེས་གསུངས་པ་ལྟ་བུའོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང༌། བཅོམ་ལྡན་འདས་ཇི་ལྟར་ཞི་གནས་ཡོངས་སུ་ཚོལ་བར་བགྱིད་པ་དང༌། ལྷག་མཐོང་ལ་མཁས་པ་ལགས། བཀའ་སྩལ་པ། བྱམས་པ་ངས་ཆོས་གདགས་པ་རྣམ་པར་གཞག་པ་འདི་ལྟ་སྟེ། མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང༌། ལུང་དུ་བསྟན་པའི་སྡེ་དང༌། ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་དང༌། གླེང་གཞིའི་སྡེ་དང༌། རྟོགས་པ་བརྗོད་པའི་སྡེ་དང༌། དེ་ལྟ་བུ་བྱུང་བའི་སྡེ་དང༌། སྐྱེས་པ་རབས་ཀྱི་སྡེ་དང༌། ཤིན་ཏུ་རྒྱས་པའི་སྡེ་དང༌། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང༌། གཏན་ལ་ཕབ་པར་བསྟན་པའི་སྡེ་གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་པ་དེ་དག་བྱང་ཆུབ་སེམས་དཔས་ལེགས་པར་ཐོས། ལེགས་པར་གཟུང༌། ཁ་ཏོན་བྱང་བར་བྱས། ཡིད་ཀྱིས་ལེགས་པར་བརྟགས། མཐོང་བས་ཤིན་ཏུ་རྟོགས་པར་བྱས་ནས་དེ་གཅིག་པུ་དབེན་པར་འདུག་སྟེ་ནང་དུ་ཡང་དག་བཞག་ནས་ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ཉིད་ཡིད་ལ་བྱེད་ཅིང་སེམས་གང་གིས་ཡིད་ལ་བྱེད་པའི་སེམས་དེ་ནང་དུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་ཡིད་ལ་བྱེད་དོ། །དེ་ལྟར་ཞུགས་ཤིང་དེ་ལ་ལན་མང་དུ་གནས་པ་དེ་ལ་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་འབྱུང་བ་གང་ཡིན་པ་དེ་ནི་ཞི་གནས་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཞི་གནས་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ནོ། །དེས་ལུས་ཤིན་ཏུ་སྦྱངས་པ་དང༌། སེམས་ཤིན་ཏུ་སྦྱངས་པ་དེ་ཐོབ་ནས་དེ་ཉིད་ལ་གནས་ཏེ། སེམས་ཀྱི་རྣམ་པར་གཡེང་བ་སྤངས་ནས་ཇི་ལྟར་བསམས་པའི་ཆོས་དེ་དག་ཉིད་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པར་


DTG110_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། མོས་པར་བྱེད་དོ། །དེ་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་དག་ལ་ཤེས་བྱའི་དོན་དེ་རྣམ་པར་འབྱེད་པ་དང༌། རབ་ཏུ་རྣམ་པར་འབྱེད་པ་དང༌། ཡོངས་སུ་རྟོག་པ་དང༌། ཡོངས་སུ་དཔྱོད་པ་དང༌། བཟོད་པ་དང༌། འདོད་པ་དང༌། བྱེ་བྲག་འབྱེད་པ་དང༌། ལྟ་བ་དང༌། རྟོག་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་རྣལ་འབྱོར་པ་ཞི་གནས་མངོན་པར་བསྒྲུབ་པར་འདོད་པས་ཐོག་མར་རེ་ཞིག་མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པ་གསུང་རབ་མཐའ་དག་ནི་དེ་བཞིན་ཉིད་ལ་གཞོལ་པ། དེ་བཞིན་ཉིད་ལ་བབ་པ། དེ་བཞིན་ཉིད་ལ་འབབ་པའོ་ཞེས་ཐམས་ཅད་བསྡུས་ཏེ་དེ་ལ་སེམས་ཉེ་བར་གཞག་པར་བྱའོ། །རྣམ་པ་གཅིག་ཏུ་ན་རྣམ་པ་ཇི་ཙམ་གྱིས་ཆོས་ཐམས་ཅད་བསྡུས་པར་གྱུར་པ་ཕུང་པོ་ལ་སོགས་པ་དེ་ལ་སེམས་ཉེ་བར་གཞག་པར་བྱའོ། །རྣམ་པ་གཅིག་ཏུ་ན་ཇི་ལྟར་མཐོང་བ་དང༌། ཇི་ལྟར་ཐོས་པའི་སངས་རྒྱས་ཀྱི་སྐུ་གཟུགས་ལ་སེམས་གཞག་པར་བྱ་སྟེ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཇི་སྐད་དུ། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་དུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གིས་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་གཞག་ཅེས་བྱ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་གང་ལ་འདོད་པའི་དམིགས་པ་དེ་ལ་སེམས་བཞག་ནས་དེ་ཉིད་ལ་ཕྱིར་ཞིང་རྒྱུན་དུ་སེམས་གཞག་པར་བྱའོ། །དེ་ལ་ཉེ་བར་གཞག་ནས་སེམས་ལ་འདི་ལྟར་དཔྱད་པར་བྱ་སྟེ། ཅི་དམིགས་པ་ལེགས་པར་འཛིན་ཏམ། འོན་ཏེ་བྱིང་ངམ། འོན་ཏེ་ཕྱི་རོལ་གྱི་ཡུལ་ལ་རྣམ་པར་འཕྱར་བས་རྣམ་པར་གཡེངས་སམ་སྙམ་དུ་བརྟག་པར་བྱའོ། །དེ་ལ་གལ་ཏེ་རྨུགས་པ་དང་གཉིད་ཀྱིས་ནོན་ནས་སེམས་བྱིང་ངམ། བྱིང་དུ་དོགས་པ་མཐོང་བ་དེའི་ཚེ། མཆོག་ཏུ་དགའ་བའི་དངོས་པོ་སངས་རྒྱས་ཀྱི་སྐུ་གཟུགས་ལ་སོགས་པའམ། སྣང་བའི་འདུ་ཤེས་ཡིད་ལ་བྱའོ། །དེ་ནས་བྱིང་བ་ཞི་བར་བྱས་ནས་ཅི་ནས་ཀྱང་དམིགས་པ་དེ་ཉིད་ལ་སེམས་ཀྱིས་དམིགས་པ་ཤིན་ཏུ་གསལ་བར་མཐོང་བར་གྱུར་པ་དེ་ལྟར་བྱའོ། །གང་གི་ཚེ་དམུས་ལོང་ལྟ་བུའམ། མི་མུན་པར་ཞུགས་


DTG110_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུའམ་མིག་བཙུམས་པ་ལྟ་བུར་སེམས་ཀྱིས་དམིགས་པ་ཤིན་ཏུ་གསལ་བར་མི་མཐོང་བ་དེའི་ཚེ་བྱིང་བར་གྱུར་པར་རིག་པར་བྱའོ། །གང་གི་ཚེ་ཕྱི་རོལ་གྱི་གཟུགས་ལ་སོགས་པ་ལ་དེ་དག་གི་ཡོན་ཏན་རྟོག་པས་རྒྱུག་པའི་ཕྱིར་རམ། གཞན་ཡིད་ལ་བྱེད་པས་སམ། སྔོན་མྱོང་བའི་ཡུལ་ལ་འདོད་པས་སེམས་རྒོད་པའམ་རྒོད་དུ་དོགས་པར་མཐོང་བ་དེའི་ཚེ་འདུ་བྱེད་ཐམས་ཅད་མི་རྟག་པ་དང༌། སྡུག་བསྔལ་བ་ལ་སོགས་པ་ཡིད་འབྱུང་བར་འགྱུར་བའི་དངོས་པོ་ཉིད་ལ་བྱའོ། །དེ་ནས་རྣམ་པར་གཡེང་བ་ཞི་བར་བྱས་ནས་དྲན་པ་དང་ཤེས་བཞིན་གྱི་ཐག་པས་ཡིད་ཀྱི་གླང་པོ་ཆེ་དམིགས་པའི་སྡོང་པོ་དེ་ཉིད་ལ་གདགས་པར་བྱའོ། །གང་གི་ཚེ་བྱིང་བ་དང་རྒོད་པ་མེད་པར་གྱུར་ཏེ། དམིགས་པ་དེ་ལ་སེམས་རྣལ་དུ་འཇུག་པར་མཐོང་བ་དེའི་ཚེ་ནི་རྩོལ་བ་གློད་ལ་བཏང་སྙོམས་སུ་བྱ་ཞིང༌། དེའི་ཚེ་ཇི་སྲིད་འདོད་ཀྱི་བར་དུ་འདུག་པར་བྱའོ། །དེ་ལྟར་ཞི་གནས་གོམས་པར་བྱས་པ་དེའི་ལུས་ལ་སེམས་ཤིན་ཏུ་སྦྱངས་པར་གྱུར་པ་དང༌། ཇི་ལྟར་འདོད་པ་བཞིན་དུ་དམིགས་པ་ལ་སེམས་རང་དབང་དུ་གྱུར་པ་དེའི་ཚེ་དེའི་ཞི་གནས་གྲུབ་པ་ཡིན་པར་རིག་པར་བྱའོ། །དེ་ནས་ཞི་གནས་གྲུབ་ནས་ལྷག་མཐོང་བསྒོམ་པར་བྱ་སྟེ་འདི་སྙམ་དུ་བསམ་པར་བྱའོ། །བཅོམ་ལྡན་འདས་ཀྱི་བཀའ་ཐམས་ཅད་ནི་ལེགས་པར་གསུངས་པ་སྟེ། མངོན་སུམ་མམ་བརྒྱུད་པས་དེ་ཁོ་ན་མངོན་སུམ་དུ་གསལ་བར་བྱེད་པ་དང༌། དེ་ཁོ་ན་ལ་གཞོལ་བ་ཉིད་དོ། །དེ་ཁོ་ན་ཤེས་ན་སྣང་བ་བྱུང་བས་མུན་པ་བསལ་བ་བཞིན་དུ་ལྟ་བའི་དྲ་བ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཞི་གནས་ཙམ་གྱིས་ནི་ཡེ་ཤེས་དག་པར་མི་འགྱུར་ཞིང་སྒྲིབ་པའི་མུན་པ་ཡང་སེལ་བར་མི་འགྱུར་གྱི། ཤེས་རབ་ཀྱིས་ནི་དེ་ཁོ་ན་ལེགས་པར་བསྒོམས་ན་ཡེ་ཤེས་རྣམ་པར་དག་པར་འགྱུར། ཤེས་རབ་ཁོ་ནས་དེ་ཁོ་ན་ཉིད་རྟོགས་པར་འགྱུར། ཤེས་རབ་ཁོ་ནས་སྒྲིབ་པ་ཡང་དག་པར་སྤོང་བར་འགྱུར་ཏེ། །དེ་ལྟ་བས་ན་བདག་གིས་ཞི་གནས་ལ་གནས་ཏེ་ཤེས་རབ་ཀྱིས་དེ་ཁོ་ན་ཡོངས་སུ་བཙལ་བར་བྱའི། ཞི་གནས་ཙམ་གྱིས་ནི་ཆོག་པར་འཛིན་པར་མི་བྱའོ་སྙམ་དུ་བསམ་མོ། དེ་ཁོ་ན་ཇི་ལྟ་བུ་ཞེ་ན། གང་དོན་དམ་པར་དངོས་པོ་ཐམས་ཅད་གང་ཟག་དང་ཆོས་ཀྱི་བདག་ཉིད་ཀྱིས་སྟོང་པ་ཉིད་དེ། དེ་


DTG110_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྟོགས་པར་འགྱུར་གྱི། གཞན་གྱིས་ནི་མ་ཡིན་ཏེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ཕ་རོལ་ཏུ་ཕྱིན་པ་གང་གིས་འཛིན་པ་ལགས། སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འཛིན་ཏོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལྟ་བས་ན་ཞི་གནས་ལ་གནས་ཏེ་ཤེས་རབ་བསྒོམ་པར་བྱའོ། །དེ་ལ་རྣལ་འབྱོར་པས་འདི་ལྟར་རྣམ་པར་སྤྱད་པར་བྱ་སྟེ། གང་ཟག་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་གུད་ན་མི་དམིགས་སོ། །གང་ཟག་ནི་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། ཕུང་པོ་ལ་སོགས་པ་དེ་དག་ནི་མི་རྟག་པ་དང་དུ་མའི་ངོ་བོ་ཡིན་པའི་ཕྱིར་དང༌། གང་ཟག་ནི་རྟག་པ་དང༌། གཅིག་པུའི་ངོ་བོ་ཡིན་པར་གཞན་དག་གིས་བརྟགས་པའི་ཕྱིར་རོ། །དེ་ཉིད་དམ་གཞན་དུ་བརྗོད་དུ་མི་རུང་བའི་གང་ཟག་གི་དངོས་པོ་ཡོད་པར་མི་རུང་སྟེ། དངོས་པོ་ཡོད་པའི་རྣམ་པ་གཞན་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ལྟ་སྟེ། འཇིག་རྟེན་གྱི་ང་དང་ངའི་ཞེས་བྱ་བ་འདི་ནི་འཁྲུལ་པ་ཁོ་ནའོ་ཞེས་དཔྱད་པར་བྱའོ། །ཆོས་ལ་བདག་མེད་པ་ཡང་འདི་ལྟར་བསྒོམ་པར་བྱ་སྟེ། ཆོས་ཞེས་བྱ་བ་ནི་མདོར་བསྡུ་ན་ཕུང་པོ་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཅོ་བརྒྱད་དོ། །དེ་ལ་ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་དང་གཟུགས་ཅན་གང་དག་ཡིན་པ་དེ་དག་ནི་དོན་དམ་པར་ན་སེམས་ཀྱི་རྣམ་པ་ལས་གུད་ན་མེད་དེ། དེ་དག་རྡུལ་ཕྲ་རབ་ཏུ་བཤིག་ལ་རྡུལ་ཕྲ་རབ་རྣམས་ཀྱང་ཆ་ཤས་ཀྱི་ངོ་བོ་ཉིད་སོ་སོར་བརྟགས་ན་ངོ་བོ་ཉིད་ངེས་པར་གཟུང་དུ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་ཐོག་མ་མེད་པའི་དུས་ནས་གཟུགས་ལ་སོགས་པ་ཡང་དག་པ་མ་ཡིན་པ་ལ་མངོན་པར་ཞེན་པའི་དབང་གིས་རྨི་ལམ་ན་དམིགས་པའི་གཟུགས་ལ་སོགས་པ་སྣང་བ་བཞིན་དུ་བྱིས་པ་རྣམས་ལ་སེམས་ཉིད་གཟུགས་ལ་སོགས་པ་ཕྱི་རོལ་དུ་ཆད་པ་བཞིན་དུ་སྣང་གི །དོན་དམ་པར་ན་འདི་ལ་གཟུགས་ལ་སོགས་པ་ནི་སེམས་ཀྱི་རྣམ་པ་ལས་གུད་ན་མེད་དོ་ཞེས་དཔྱད་པར་བྱའོ། །དེ་འདི་སྙམ་དུ་ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་སྙམ་དུ་སེམས་ཤིང༌། དེས་དེ་ལྟར་ཆོས་བརྟགས་པ་མཐའ་དག་ནི་སེམས་ཁོ་ན་ཡིན་པར་རྟོགས་ནས་དེ་ལ་


DTG110_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་བརྟགས་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་སོ་སོར་བརྟགས་པ་ཡིན་ནོ་ཞེས་སེམས་ཀྱི་ངོ་བོ་ཉིད་ལ་སོ་སོར་རྟོག་གོ །དེ་འདི་ལྟར་དཔྱོད་དོ། །དོན་དམ་པར་ན་སེམས་ཀྱང་བདེན་པར་མི་རུང་སྟེ། གང་གི་ཚེ་བརྫུན་པའི་ངོ་བོ་ཉིད་གཟུགས་ལ་སོགས་པའི་རྣམ་པ་འཛིན་པའི་སེམས་ཉིད་སྣ་ཚོགས་ཀྱི་རྣམ་པར་སྣང་བ་དེའི་ཚེ་དེ་བདེན་པ་ཉིད་དུ་ག་ལ་འགྱུར། ཇི་ལྟར་གཟུགས་ལ་སོགས་པ་བརྫུན་པ་དེ་བཞིན་དུ་སེམས་ཀྱང་དེ་ལས་གུད་ན་མེད་པས་བརྫུན་པ་ཉིད་དོ། །ཇི་ལྟར་གཟུགས་ལ་སོགས་པ་སྣ་ཚོགས་ཀྱི་རྣམ་པ་ཡིན་པས་གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་པ་དེ་བཞིན་དུ་སེམས་ཀྱང་དེ་ལས་གུད་ན་མེད་པའི་ཕྱིར་གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་ནོ། །དེ་ལྟ་བས་ན་སེམས་ནི་སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུ་ཁོ་ནའོ། །སེམས་ཇི་ལྟ་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུ་ཁོ་ནའོ་ཞེས་དཔྱོད་དོ། །དེས་དེ་ལྟར་ཤེས་རབ་ཀྱིས་སེམས་ཀྱི་ངོ་བོ་ཉིད་ལ་སོ་སོར་བརྟགས་ན་དོན་དམ་པར་སེམས་ནི་ནང་དུ་ཡང་མི་དམིགས། ཕྱི་རོལ་དུ་ཡང་མི་དམིགས། གཉིས་ཀ་མེད་པར་ཡང་མི་དམིགས། འདས་པའི་སེམས་ཀྱང་མི་དམིགས། མ་འོངས་པ་ཡང་མི་དམིགས། ད་ལྟར་བྱུང་བ་ཡང་མི་དམིགས་སོ། །སེམས་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང༌། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོ་སྟེ། སེམས་ནི་གཟུང་དུ་མེད་པ། བརྟན་དུ་མེད་པ། གཟུགས་ཅན་མ་ཡིན་པའོ། །བརྟན་དུ་མེད་ཅིང་གཟུང་དུ་མེད་ལ་གཟུགས་ཅན་མ་ཡིན་པ་གང་ཡིན་པ་དེའི་ངོ་བོ་ཉིད་ཅི་འདྲ་ཞེ་ན། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། འོད་སྲུངས་སེམས་ནི་ཡོངས་སུ་བཙལ་ན་མི་རྙེད་དོ། །གང་མ་རྙེད་པ་དེ་མི་དམིགས་སོ། །གང་མི་དམིགས་པ་དེ་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱང་བ་ཡང་མ་ཡིན་ནོ་ཞེས་རྒྱ་ཆེར་འབྱུང་ངོ། །དེས་དེ་ལྟར་བརྟགས་ན་སེམས་ཀྱི་དང་པོ་ཡང་དག་པར་རྗེས་སུ་མི་མཐོང༌། ཐ་མ་ཡང་དག་པར་རྗེས་སུ་མི་མཐོང༌། བར་མ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཇི་ལྟར་སེམས་ལ་མཐའ་དང་དབུས་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་དོ། །དེས་


DTG110_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སེམས་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་ནས་སེམས་ཀྱི་ངོ་བོ་ཉིད་གང་ཡང་མི་དམིགས་སོ། །སེམས་གང་གི་ཡོངས་སུ་རྟོག་པ་དེ་ཡང་སྟོང་པར་རྟོགས་སོ། །དེ་རྟོགས་པས་སེམས་ཀྱིས་རྣམ་པར་བསྒྲུབས་པའི་ངོ་བོ་ཉིད་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེས་དེ་ལྟར་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་བས་གཟུགས་རྟག་གོ་ཞེའམ། མི་རྟག་གོ་ཞེའམ། སྟོང་ངོ་ཞེའམ། མི་སྟོང་ངོ་ཞེའམ། ཟག་པ་དང་བཅས་པའོ་ཞེའམ། ཟག་པ་མེད་པའོ་ཞེའམ། བྱུང་བའོ་ཞེའམ། །མ་བྱུང་བའོ་ཞེའམ། ཡོད་པའོ་ཞེའམ། མེད་པའོ་ཞེས་རྟོག་པར་མི་བྱེད་དོ། །ཇི་ལྟར་གཟུགས་ལ་རྟོག་པར་མི་བྱེད་པ་དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་ལ་ཡང་རྟོག་པར་མི་བྱེད་དེ། ཆོས་ཅན་མ་གྲུབ་ན་དེའི་བྱེ་བྲག་རྣམས་ཀྱང་མི་འགྲུབ་པས་དེ་ལ་རྟོག་པར་ག་ལ་འགྱུར། དེས་དེ་ལྟར་ཤེས་རབ་ཀྱིས་རྣམ་པར་དཔྱད་དེ་དངོས་པོ་གང་གི་ཚེ་རྣལ་འབྱོར་པས་དངོས་པོ་གང་གི་ངོ་བོ་ཉིད་དོན་དམ་པར་ངེས་པར་མི་འཛིན་པ་དེའི་ཚེ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འཇུག་གོ །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་མེད་པ་ཉིད་ཀྱང་རྟོགས་སོ། །གང་ཤེས་རབ་ཀྱིས་དངོས་པོའི་ངོ་བོ་ཉིད་སོ་སོར་བརྟགས་ནས་མི་བསྒོམ་གྱི། ཡིད་ལ་བྱེད་པ་ཡོངས་སུ་སྤོང་བ་ཙམ་འབའ་ཞིག་སྒོམ་པར་བྱེད་པ་དེའི་རྣམ་པར་རྟོག་པ་ནམ་ཡང་མི་ལྡོག་ཅིང་ངོ་བོ་ཉིད་མེད་པ་ཉིད་རྟོགས་པར་ཡང་མི་འགྱུར་ཏེ། ཤེས་རབ་ཀྱི་སྣང་བ་མེད་པའི་ཕྱིར་རོ། །འདི་ལྟར་ཡང་དག་པར་སོ་སོར་རྟོག་པ་ཉིད་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་མེ་བྱུང་ན་གཙུབ་ཤིང་གཙུབས་པའི་མེ་བཞིན་དུ་རྟོག་པའི་ཤིང་སྲེག་གོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་བཀའ་སྩལ་ཏོ། དེ་ལྟར་སྐྱོན་ལ་མཁས་པ་དེ་སྤྲོས་པ་ཐམས་ཅད་དང་བྲལ་བར་བྱ་བའི་ཕྱིར་སྟོང་པ་ཉིད་བསྒོམ་པ་ལ་རྣལ་འབྱོར་དུ་བྱེད་དོ། །དེ་སྟོང་པ་ཉིད་ལ་བསྒོམ་པ་མང་བས་གནས་གང་དང་གང་དུ། སེམས་འཕྲོ་ཞིང་སེམས་མངོན་པར་དགའ་བའི་གནས་དེ་དང་དེ་དག་གི་ངོ་བོ་ཉིད་ཡོངས་སུ་བཙལ་ན་སྟོང་པར་རྟོགས་སོ། །སེམས་གང་ཡིན་པ་དེ་ཡང་བརྟགས་ན་སྟོང་


DTG110_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོགས་སོ། །སེམས་གང་གིས་རྟོགས་པ་དེ་ཡང་ངོ་བོ་ཉིད་ཀུན་ཏུ་བཙལ་ན་སྟོང་པར་རྟོགས་ཏེ། དེ་དེ་ལྟར་རྟོགས་པས་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་གོ་ཞེས་འབྱུང་ངོ༌། །འདིས་ནི་ཡོངས་སུ་རྟོག་པ་སྔོན་དུ་གཏོང་བ་ཉིད་མཚན་མ་མེད་པ་ཉིད་ལ་འཇུག་པར་བསྟན་ཏོ། ཡིད་ལ་བྱེད་པ་ཡོངས་སུ་སྤོང་བ་ཙམ་དང༌། ཤེས་རབ་ཀྱི་དངོས་པོའི་ངོ་བོ་ཉིད་མི་དཔྱོད་པར་རྣམ་པར་མི་རྟོག་པ་ཉིད་དུ་འཇུག་པ་མི་སྲིད་པར་ཤིན་ཏུ་གསལ་བར་བསྟན་པ་ཡིན་ནོ། །དེ་ལྟར་དེ་ཤེས་རབ་ཀྱིས་གཟུགས་ལ་སོགས་པའི་དངོས་པོའི་ངོ་བོ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་ནས་བསམ་གཏན་བྱེད་ཀྱི། གཟུགས་ལ་སོགས་པ་ལ་གནས་ནས་བསམ་གཏན་མི་བྱེད་ཅིང༌། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་གྱི་བར་ལ་གནས་ནས་བསམ་གཏན་མི་བྱེད་དེ། གཟུགས་ལ་སོགས་པ་དེ་དག་མི་དམིགས་པའི་ཕྱིར་རོ། །དེ་ལྟ་བས་ན་མི་གནས་པའི་བསམ་གཏན་པ་ཞེས་བྱའོ། །ཤེས་རབ་ཀྱི་དངོས་པོ་མཐའ་དག་གི་ངོ་བོ་ཉིད་ལ་སོ་སོར་བརྟགས་ནས་གང་གི་ཕྱིར་མི་དམིགས་པར་བསམ་གཏན་བྱེད་པ་དེའི་ཕྱིར་ཤེས་རབ་མཆོག་གི་བསམ་གཏན་པ་ཞེས་བྱ་སྟེ། འཕགས་པ་ནམ་མཁའ་མཛོད་དང༌། འཕགས་པ་གཙུག་ན་རིན་པོ་ཆེ་ལ་སོགས་པ་ལས་བསྟན་པ་བཞིན་ནོ། །དེ་ལྟར་གང་ཟག་དང་ཆོས་ལ་བདག་མེད་པ་དེ་ལྟར་ཁོ་ན་ལ་ཞུགས་པ་དེ་ཡོངས་སུ་བརྟག་པར་བྱ་བ་བལྟ་བར་བྱ་བ་གཞན་མེད་པས་རྟོག་པ་དང་དཔྱོད་པ་དང་བྲལ་བ། བརྗོད་པ་མེད་པ་དང་གཅིག་ཏུ་གྱུར་པའི་ཡིད་ལ་བྱེད་པ་རང་གི་ངང་གིས་འཇུག་པ་མངོན་པར་འདུ་བྱེད་པ་མེད་པས་དེ་ཁོ་ན་ཉིད་ལ་ཤིན་ཏུ་གསལ་བར་བསྒོམ་ཞིང་འདུག་པར་བྱའོ། །དེར་གནས་ནས་སེམས་ཀྱི་རྒྱུན་རྣམ་པར་མི་གཡེང་བར་བྱའོ། །གང་གི་ཚེ་བར་སྐབས་སུ་འདོད་ཆགས་ལ་སོགས་པས་སེམས་ཕྱི་རོལ་དུ་རྣམ་པར་གཡེང་བ་དེའི་ཚེ་རྣམ་པར་གཡེངས་པ་ཚོར་བར་བྱས་ལ་མྱུར་དུ་མི་སྡུག་པ་བསྒོམ་པ་ལ་སོགས་པས་རྣམ་པར་གཡེང་བ་ཞི་བར་བྱས་ནས་མྱུར་དུ་དེ་བཞིན་ཉིད་ལ་སེམས་ཕྱིར་ཞིང་འཇུག་པར་བྱའོ། །གང་གི་ཚེ་དེ་ལ་སེམས་མངོན་པར་མི་དགའ་བར་མཐོང་བ་དེའི་ཚེ་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བས་དེ་ལ་མངོན་པར་


DTG110_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་བསྒོམ་པར་བྱའོ། །རྣམ་པར་གཡེང་བ་ལ་ཉེས་པར་མཐོང་བས་ཀྱང་མི་དགའ་བ་རབ་ཏུ་ཞི་བར་བྱའོ། །ཇི་སྟེ་རྨུགས་པ་དང་གཉིད་ཀྱིས་ནོན་ཏེ་རྒྱུ་བ་མི་གསལ་བས་སེམས་བྱིང་ངམ་བྱིང་དུ་དོགས་པར་མཐོང་བ་དེའི་ཚེ་གོང་མ་བཞིན་དུ་མཆོག་ཏུ་དགའ་བའི་དངོས་པོ་ཡིད་ལ་བྱེད་པས་མྱུར་དུ་བྱིང་བ་ཞི་བར་བྱས་ལ། ཡང་དམིགས་པ་དེ་ཁོ་ན་དེ་ཉིད་ཤིན་ཏུ་དམ་པོར་གཟུང་བར་བྱའོ། །ཇི་སྟེ་གང་གི་ཚེ་སྔོན་བདག་པ་དང༌། རྩེས་པ་རྗེས་སུ་དྲན་པས་བར་སྐབས་སུ་སེམས་འཕྱར་བའམ་རྒོད་དུ་དོགས་པར་མཐོང་བ་དེའི་ཚེ་གོང་མ་བཞིན་དུ་མི་རྟག་པ་ལ་སོགས་པ་ཡིད་འབྱུང་བར་འགྱུར་བའི་དངོས་པོ་ཡིད་ལ་བྱས་ལ་གཡེང་བ་ཞི་བར་བྱ་ཞིང༌། དེ་ནས་ཡང་དེ་ཁོ་ན་ཉིད་ལ་སེམས་མངོན་པར་འདུ་བྱེད་པ་མེད་པར་འཇུག་པར་འབད་པར་བྱའོ། །ཇི་སྟེ་གང་གི་ཚེ་བྱིང་བ་དང་རྒོད་པ་དང་བྲལ་བར་གྱུར་ནས་མཉམ་པར་ཞུགས་ཏེ་དེ་ཁོ་ན་ཉིད་ལ་སེམས་རང་གི་ངང་གིས་འཇུག་པར་འགྱུར་བ་དེའི་ཚེ་རྩོལ་བ་གློད་དེ་བཏང་སྙོམས་སུ་བྱའོ། །གལ་ཏེ་སེམས་མཉམ་པར་ཞུགས་པ་ལ་བརྩལ་བ་བྱས་ན་དེའི་ཚེ་སེམས་རྣམ་པར་གཡེང་བར་འགྱུར་རོ། །གལ་ཏེ་སེམས་བྱིང་བར་གྱུར་པ་ལ་བརྩལ་བར་མ་བྱས་ན་དེའི་ཚེ་ཤིན་ཏུ་བྱིང་བས་ལྷག་མཐོང་མེད་དེ། སེམས་དམུས་ལོང་བཞིན་དུ་འགྱུར་རོ། །དེ་ལྟ་བས་ན་སེམས་བྱིང་བར་གྱུར་ན་བརྩལ་བར་བྱའོ། །མཉམ་པར་གྱུར་ན་བརྩལ་བར་མི་བྱའོ། །གང་གི་ཚེ་ལྷག་མཐོང་བསྒོམས་པས་ཤེས་རབ་ཤིན་ཏུ་ཤས་ཆེ་བར་གྱུར་པ་དེའི་ཚེ་ཞི་གནས་ཆུང་བས་མར་མེ་རླུང་ལ་བཞག་པ་བཞིན་དུ་སེམས་གཡོ་བར་འགྱུར་ཏེ། དེའི་ཕྱིར་དེ་ཁོ་ན་ཤིན་ཏུ་གསལ་བར་མཐོང་བར་མི་འགྱུར་ཏེ། དེ་བས་ན་དེའི་ཚེ་ཞི་གནས་བསྒོམ་པར་བྱའོ། །ཞི་གནས་ཀྱི་ཤས་ཆེ་བར་གྱུར་ན་ཡང་ཤེས་རབ་བསྒོམ་པར་བྱའོ། །གང་གི་ཚེ་གཉིས་ཀ་མཉམ་དུ་འཇུག་པའི་ཚེ་ལུས་དང་སེམས་ལ་གནོད་པར་མ་གྱུར་གྱི་བར་དུ་མངོན་པར་འདུ་བྱེད་པ་མེད་པར་གནས་པར་བྱའོ། །ལུས་ལ་སོགས་པ་ལ་གནོད་པར་གྱུར་ན་དེའི་བར་སྐབས་སུ་འཇིག་རྟེན་མཐའ་དག་སྒྱུ་མ་དང༌། སྨིག་རྒྱུ་དང༌། རྨི་ལམ་དང༌། ཆུ་ཟླ་དང༌། མིག་ཡོར་ལྟ་བུར་ལྟ་ཞིང་འདི་སྙམ་དུ་བསམ་པར་བྱ་སྟེ། སེམས་ཅན་འདི་དག་ནི་ཆོས་ཟབ་མོ་འདི་ལྟ་


DTG110_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཁོང་དུ་མ་ཆུད་པས་འཁོར་བ་ན་ཀུན་དུ་ཉོན་མོངས་པར་གྱུར་གྱིས། བདག་གིས་ཅི་ནས་ཀྱང་དེ་དག་ཆོས་ཉིད་དེ་ཁོང་དུ་ཆུད་པར་འགྱུར་བ་དེ་ལྟར་བྱའོ་སྙམ་དུ་བསམ་ཞིང༌། སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་མངོན་དུ་བྱའོ། །དེ་ནས་ངལ་བསོ་ལ། ཡང་དེ་བཞིན་དུ་ཆོས་ཐམས་ཅད་སྣང་བ་མེད་པའི་ཏིང་ངེ་འཛིན་ལ་འཇུག་པར་བྱའོ། །ཡང་སེམས་ཤིན་ཏུ་སྐྱོ་བར་གྱུར་ན་དེ་བཞིན་དུ་ངལ་གསོ་བར་བྱའོ། །འདི་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པའི་ལམ་སྟེ་རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་མི་རྟོག་པའི་གཟུགས་བརྙན་ལ་དམིགས་པའོ། །དེ་ལྟར་རྣལ་འབྱོར་པས་རིམ་པ་འདིས་ཆུ་ཚོད་གཅིག་གམ། མེལ་ཚེ་ཐུན་ཕྱེད་དམ། ཐུན་གཅིག་གམ། ཇི་སྲིད་འདོད་ཀྱི་བར་དུ་དེ་ཁོ་ན་བསྒོམ་ཞིང་འདུག་པར་བྱའོ། །འདི་ནི་དོན་རབ་ཏུ་རྣམ་པར་འབྱེད་པའི་བསམ་གཏན་ཏེ། འཕགས་པ་ལང་ཀར་གཤེགས་པ་ལས་བསྟན་ཏོ། །དེ་ནས་འདོད་ན་ཏིང་ངེ་འཛིན་ལས་ལངས་ཏེ་སྐྱིལ་མོ་ཀྲུང་མ་བཤིག་པར་འདི་སྙམ་དུ་ཆོས་འདི་དག་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཡིན་དུ་ཟིན་ཀྱང༌། ཀུན་རྫོབ་ཏུ་རྣམ་པར་གནས་པ་ཉིད་དོ། །དེ་ལྟ་མ་ཡིན་ན་ལས་དང་འབྲས་བུ་འབྲེལ་པ་ལ་སོགས་པ་ཇི་ལྟར་རྣམ་པར་གནས་པར་འགྱུར། བཅོམ་ལྡན་འདས་ཀྱིས་ཀྱང༌། དངོས་པོ་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །ཅེས་བཀའ་སྩལ་ཏོ། །སེམས་ཅན་བྱིས་པའི་བློ་ཅན་འདི་དག་ནི་ངོ་བོ་ཉིད་མེད་པའི་དངོས་པོ་རྣམས་ལ་ཡོད་པ་ལ་སོགས་པ་སྒྲོ་འདོགས་པས་བློ་ཕྱིན་ཅི་ལོག་ཏུ་གྱུར་ཏེ། ཡུན་རིང་པོར་འཁོར་བའི་འཁོར་ལོ་ན་ཡོངས་སུ་འཁྱམས་པས་བདག་གིས་ཅི་ནས་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བླ་ན་མེད་པ་ཡོངས་སུ་རྫོགས་པར་བྱ་སྟེ། དེ་ནས་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱ་ལ། དེ་དག་ཆོས་ཉིད་ཁོང་དུ་ཆུད་པར་བྱའོ་སྙམ་དུ་བསམས་ལ། དེ་ནས་དལ་བུས་སྐྱིལ་མོ་ཀྲུང་བཤིག་སྟེ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ལ། དེ་དག་ལ་མཆོད་པ་དང་བསྟོད་པ་བྱས་ནས། འཕགས་པ་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱ་ཆེན་པོ་གདབ་བོ། དེ་ནས་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོའི་


DTG110_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ཅན་སྦྱིན་པ་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་དག་བསྒྲུབ་པ་ལ་མངོན་པར་བརྩོན་པར་བྱའོ། །དེ་ལྟར་གྱུར་ན་བསམ་གཏན་དེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་པར་བསྒྲུབས་པ་ཡིན་ཏེ། འཕགས་པ་གཙུག་ན་རིན་པོ་ཆེ་ལས་ཇི་སྐད་དུ། དེ་བྱམས་པའི་གོ་ཆ་བགོས་ཤིང་སྙིང་རྗེ་ཆེན་པོའི་གནས་ལ་གནས་ནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་པར་བསྒྲུབ་པའི་བསམ་གཏན་བྱེད་དོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གང་ཞེ་ན། གང་སྦྱིན་པ་དང་མ་བྲལ་བ། ཚུལ་ཁྲིམས་དང་མ་བྲལ་བ། བཟོད་པ་དང་མ་བྲལ་བ། བརྩོན་འགྲུས་དང་མ་བྲལ་བ། བསམ་གཏན་དང་མ་བྲལ་བ། ཤེས་རབ་དང་མ་བྲལ་བ། ཐབས་དང་མ་བྲལ་བ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བཀའ་སྩལ་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་དང༌། ཞིང་དང༌། ལུས་དང༌། གཡོག་འཁོར་མང་པོ་ལ་སོགས་པ་ཕུན་སུམ་ཚོགས་པར་གྱུར་པའི་ཐབས་སྦྱིན་པ་ལ་སོགས་པའི་དགེ་བ་ངེས་པར་བསྟེན་པར་བྱ་དགོས་སོ། །དེ་ལྟ་མ་ཡིན་ན་སངས་རྒྱས་རྣམས་ཀྱི་ཞིང་ལ་སོགས་པ་ཕུན་སུམ་ཚོགས་པ་གང་བཀའ་སྩལ་པ་དེ་གང་གི་འབྲས་བུ་ཡིན་པར་འགྱུར། དེ་ལྟ་བས་ན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྦྱིན་པ་ལ་སོགས་པ་ཐབས་ཀྱིས་ཡོངས་སུ་རྫོགས་པར་འགྱུར་བས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེའི་ཕྱིར་བྱང་ཆུབ་སེམས་དཔས་སྦྱིན་པ་ལ་སོགས་པ་ཐབས་ལ་ཡང་བསྟེན་པར་བྱའི། སྟོང་པ་ཉིད་འབའ་ཞིག་ནི་མ་ཡིན་ནོ། །དེ་སྐད་དུ་འཕགས་པ་ཆོས་ཐམས་ཅད་ཤིན་ཏུ་རྒྱས་པ་བསྡུས་པ་ལས་ཀྱང་བཀའ་སྩལ་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བསྒྲུབས་པ་འདི་ནི་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་ཡིན་ན། དེ་ལ་མི་བླུན་པོ་དེ་དག་འདི་སྐད་དུ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་བྱའི། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱིས་ཅི་ཞིག་བྱ་


DTG110_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཟེར་ཞིང༌། དེ་དག་ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་ཡང་སུན་འབྱིན་པར་སེམས་སོ། །མ་ཕམ་པ་འདི་ཇི་སྙམ་དུ་སེམས། ཀ་ཤི་ཀའི་རྒྱལ་པོར་གྱུར་པ་གང་ཡིན་པ་དེས་ཕུག་རོན་གྱི་ཕྱིར་རང་གི་ཤ་ཁྲ་ལ་བྱིན་པ་དེ་ཤེས་རབ་འཆལ་བ་ཡིན་ནམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་གང་དག་བསགས་པའི་དགེ་བའི་རྩ་བ་དེ་དག་གིས་གནོད་པར་གྱུར་ཏམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཕམ་པ་ཁྱོད་ཀྱིས་ཀྱང་བསྐལ་པ་དྲུག་ཅུར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས། བསྐལ་པ་དྲུག་ཅུར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། བསྐལ་པ་དྲུག་ཅུར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ། བསྐལ་པ་དྲུག་ཅུར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ། བསྐལ་པ་དྲུག་ཅུར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། བསྐལ་པ་དྲུག་ཅུར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས་ན། དེ་ལ་མི་བླུན་པོ་དེ་དག་འདི་སྐད་དུ་ཚུལ་གཅིག་ཁོ་ནས་བྱང་ཆུབ་སྟེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ཚུལ་གྱིས་སོ་ཞེས་ཟེར་ཏེ། དེ་དག་ནི་སྤྱོད་པ་ཡོངས་སུ་མ་དག་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །ཐབས་དང་བྲལ་ན་བྱང་ཆུབ་སེམས་དཔའི་ཤེས་རབ་འབའ་ཞིག་གིས་ནི་ཉན་ཐོས་བཞིན་དུ་སངས་རྒྱས་ཀྱི་མཛད་པ་བྱེད་མི་ནུས་ཀྱི། ཐབས་ཀྱིས་བསྟངས་ན་ནུས་པར་འགྱུར་ཏེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཇི་སྐད་དུ། འོད་སྲུངས་འདི་ལྟ་སྟེ་དཔེར་ན་བློན་པོས་ཟིན་པའི་རྒྱལ་པོ་རྣམས་དགོས་པ་ཐམས་ཅད་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་ཐབས་མཁས་པས་ཡོངས་སུ་ཟིན་པ་དེ་ཡང་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་དོ་ཞེས་གསུངས་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་ལྟ་བ་ཡང་གཞན། མུ་སྟེགས་ཅན་དང༌། ཉན་ཐོས་རྣམས་ཀྱི་ལམ་གྱི་ལྟ་བ་ཡང་གཞན་ཏེ། འདི་ལྟར་མུ་སྟེགས་ཅན་རྣམས་ཀྱི་ལམ་གྱི་ལྟ་བ་ནི་བདག་ལ་སོགས་པར་ཕྱིན་ཅི་ལོག་དང་ལྡན་པའི་ཕྱིར་ཐམས་ཅད་ཀྱི་ཐམས་ཅད་དུ་ཤེས་རབ་དང་བྲལ་བའི་ལམ་ཡིན་ཏེ། དེ་བས་ན་


DTG110_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཐར་པ་མི་ཐོབ་བོ། ཉན་ཐོས་རྣམས་ཀྱིས་ནི་སྙིང་རྗེ་ཆེན་པོ་དང་བྲལ་བས་ཐབས་དང་མི་ལྡན་པ་ཡིན་ཏེ། དེ་བས་ན་དེ་དག་གཅིག་ཏུ་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་ཤེས་རབ་དང་ཐབས་དང་ལྡན་པར་འདོད་དེ། དེ་བས་ན་དེ་དག་མི་གནས་པའི་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་ཤེས་རབ་དང་ཐབས་དང་ལྡན་པར་འདོད་དེ། དེས་ན་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་སྟེ། ཤེས་རབ་ཀྱི་སྟོབས་ཀྱིས་ནི་འཁོར་བར་མི་ལྟུང་ལ། ཐབས་ཀྱི་སྟོབས་ཀྱིས་ནི་མྱ་ངན་ལས་འདས་པར་མི་ལྟུང་བའི་ཕྱིར་རོ། །དེ་བས་ན་འཕགས་པ་ག་ཡ་གོའི་རི་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་མདོར་བསྡུ་ན་འདི་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཐབས་དང་ཤེས་རབ་བོ་ཞེས་བཀའ་སྩལ་ཏོ། །འཕགས་པ་དཔལ་མཆོག་དང་པོ་ལས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ནོ། །ཐབས་ལ་མཁས་པ་ནི་ཕ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བ་ནི་གང༌། ཐར་པ་ནི་གང་ཞེ་ན། ཐབས་མེད་པར་སྲིད་པར་འགྲོ་བ་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཆིང་བའོ། །ཐབས་ཀྱིས་སྲིད་པའི་འགྲོ་བར་འགྲོ་བ་ནི་ཐར་པའོ། །ཤེས་རབ་མེད་པར་སྲིད་པར་འགྲོ་བ་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཆིང་བའོ། །ཤེས་རབ་ཀྱིས་སྲིད་པའི་འགྲོ་བར་འགྲོ་བ་ནི་ཐར་པའོ། །ཐབས་ཀྱིས་མ་ཟིན་པའི་ཤེས་རབ་ནི་འཆིང་བའོ། །ཐབས་ཀྱིས་ཟིན་པའི་ཤེས་རབ་ནི་ཐར་པའོ། །ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ནི་འཆིང་བའོ། །ཤེས་རབ་ཀྱིས་ཟིན་པའི་ཐབས་ནི་ཐར་པའོ་ཞེས་རྒྱ་ཆེར་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔས་ཤེས་རབ་ཙམ་བསྟེན་ན་ནི་ཉན་ཐོས་ཀྱིས་འདོད་པའི་མྱ་ངན་ལས་འདས་པར་ལྟུང་བས་འཆིང་བ་བཞིན་དུ་འགྱུར་ཏེ། མི་གནས་པའི་མྱ་ངན་ལས་འདས་པས་གྲོལ་བར་མི་འགྱུར་རོ། །དེ་ལྟ་བས་ན་ཐབས་དང་བྲལ་བའི་ཤེས་རབ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བའོ་ཞེས་བྱའོ། །དེ་ལྟ་བས་ན་ལྷགས་པས་ཉེན་པ་ལ་མེ་བསྟེན་པ་བཞིན་


DTG110_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱང་ཆུབ་སེམས་དཔས་ཕྱིན་ཅི་ལོག་གི་ལྷག་པ་ཙམ་སྤང་བའི་ཕྱིར་ཐབས་དང་བཅས་པའི་ཤེས་རབ་ཀྱིས་སྟོང་པ་ཉིད་བསྟེན་པར་བྱའི། ཉན་ཐོས་བཞིན་དུ་མངོན་དུ་ནི་མི་བྱ་སྟེ། འཕགས་པ་ཆོས་བཅུ་པའི་མདོ་ལས་ཇི་སྐད་དུ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་མེ་ཡོངས་སུ་སྤྱོད་པར་གྱུར་ཏོ། །དེ་མེ་དེ་ལ་བསྟི་སྟང་བྱེད། བླ་མར་བྱེད་ཀྱང་དེ་འདི་སྙམ་དུ་བདག་གིས་མེ་དེ་ལ་བསྟི་སྟང་བྱས། བླ་མར་བྱས། རི་མོར་བྱས་ཀྱང་འདི་ལ་ལག་པ་གཉིས་ཀྱིས་ཡོངས་སུ་གཟུང་བར་བྱའོ་སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་བདག་ལ་ལུས་ཀྱི་སྡུག་བསྔལ་བའམ། སེམས་ཀྱི་ཡིད་མི་བདེ་བར་འགྱུར་དུ་འོང་སྙམ་པའི་ཕྱིར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་མྱ་ངན་ལས་འདས་པའི་བསམ་པ་ཅན་ཡང་ཡིན་ལ་མྱ་ངན་ལས་འདས་པ་མངོན་སུམ་དུ་ཡང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་བདག་བྱང་ཆུབ་ལས་ཕྱིར་ལྡོག་པར་འགྱུར་དུ་འོང་སྙམ་པའི་ཕྱིར་རོ་ཞེས་བཀའ་སྩལ་བ་ལྟ་བུའོ། །ཐབས་ཙམ་འབའ་ཞིག་བསྟེན་ན་ཡང་བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོའི་ས་ལས་མི་འདའ་བས་ཤིན་ཏུ་བཅིངས་པ་ཁོ་ནར་འགྱུར་རོ། །དེ་ལྟ་བས་ན་ཤེས་རབ་དང་བཅས་པའི་ཐབས་བསྟེན་པར་བྱ་སྟེ། འདི་ལྟར་སྔགས་ཀྱིས་ཡོངས་སུ་ཟིན་པའི་དུག་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉོན་མོངས་པ་ཡང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་སྟོབས་ཀྱིས་བསྒོམས་ན་བདུད་རྩིར་འགྱུར་ན། རང་བཞིན་གྱིས་མངོན་པར་མཐོ་བའི་འབྲས་བུ་ཅན་སྦྱིན་པ་ལ་སོགས་པ་གང་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཇི་སྐད་དུ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པའི་དུག་གིས་ནི་འཆི་བར་བྱེད་མི་ནུས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་སོ་ཞེས་བཀའ་སྩལ་ཏོ། །དེ་ལྟ་བས་ན་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཐབས་ཀྱི་སྟོབས་ཀྱིས་འཁོར་བ་མི་འདོར་བ་དེའི་ཕྱིར་མྱ་ངན་ལས་འདས་པར་མི་ལྟུང་ངོ༌། །གང་གི་ཕྱིར་ཤེས་རབ་ཀྱི་སྟོབས་ཀྱིས་དམིགས་པ་མཐའ་དག་སྤོང་བ་


DTG110_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་འཁོར་བར་མི་ལྟུང་སྟེ། དེ་བས་ན་མི་གནས་པའི་མྱ་ངན་ལས་འདས་པ་ཡང་སངས་རྒྱས་ཉིད་འཐོབ་བོ། །དེ་བས་ན་འཕགས་པ་ནམ་མཁའ་མཛོད་ལས་ཀྱང༌། དེ་ཤེས་རབ་ཀྱི་ཤེས་པས་ནི་ཉོན་མོངས་པ་ཐམས་ཅད་ཡོངས་སུ་འདོར་རོ། །ཐབས་ཀྱི་ཤེས་པས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ངོ་ཞེས་བཀའ་སྩལ་ཏོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང༌། སེམས་ཅན་གྱི་དོན་ལ་ཤིན་ཏུ་མི་ཕྱོགས་པ་དང༌། འདུ་བྱེད་མངོན་པར་འདུ་བྱ་བ་ཐམས་ཅད་ལ་ཤིན་ཏུ་མི་ཕྱོགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངས་མ་བསྟན་ཏོ་ཞེས་བཀའ་སྩལ་ཏོ། །དེ་ལྟ་བས་ན་སངས་རྒྱས་ཉིད་ཐོབ་པར་འདོད་པས་ཤེས་རབ་དང་ཐབས་གཉིས་ཀ་བསྟེན་པར་བྱའོ། །དེ་ལ་འཇིག་རྟེན་ལས་འདས་པའི་ཤེས་རབ་བསྒོམ་པའི་གནས་སྐབས་སམ། ཤིན་ཏུ་མཉམ་པར་གཞག་པའི་གནས་སྐབས་ན་སྦྱིན་པ་ལ་སོགས་པ་ཐབས་ལ་བརྟེན་པ་མི་འབྱུང་དུ་ཟིན་ཀྱང༌། དེ་ལ་སྦྱོར་བ་དང་དེའི་རྗེས་ལས་བྱུང་བའི་ཤེས་རབ་གང་ཡང་བྱུང་བ་དེའི་ཚེ་ཐབས་ལ་བརྟེན་པ་འབྱུང་བ་ཉིད་དེ། དེའི་ཕྱིར་ཤེས་རབ་དང་ཐབས་གཉིས་ཅིག་ཅར་འཇུག་གོ །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་དང་ཐབས་ཟུང་དུ་འབྲེལ་པར་འཇུག་པའི་ལམ་ནི་འདི་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ལྟ་བའི་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པས་འཇིག་རྟེན་ལས་འདས་པའི་ལམ་བསྟེན་པ་དང༌། ལངས་པའི་ཐབས་ཀྱི་དུས་ན་ཡང་སྒྱུ་མ་མཁན་བཞིན་དུ་ཕྱིན་ཅི་མ་ལོག་པ་ཁོ་ནའི་སྦྱིན་པ་ལ་སོགས་པ་ལ་བརྟེན་པ་སྟེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས་ཇི་སྐད་དུ། དེ་ལ་བྱང་ཆུབ་སེམས་དཔའི་ཐབས་ནི་གང༌། ཤེས་རབ་མངོན་པར་སྒྲུབ་པ་ནི་གང་ཞེ་ན། གང་གི་ཕྱིར་མཉམ་པར་གཞག་པ་ན་སེམས་ཅན་ལ་ལྟ་བས་ན་སྙིང་རྗེ་ཆེན་པོའི་དམིགས་པ་ལ་སེམས་ཉེ་བར་འཇོག་པ་དེ་ནི་དེའི་ཐབས་སོ། །གང་གི་ཕྱིར་ཞི་བ་དང་རབ་ཏུ་ཞི་བར་སྙོམས་པར་འཇུག་པ་དེ་ནི་དེའི་ཤེས་རབ་བོ་ཞེས་རྒྱ་ཆེར་བཀའ་སྩལ་པ་ལྟ་བུའོ། །བདུད་བཏུལ་བའི་ལེའུ་ལས་ཀྱང་བཀའ་སྩལ་ཏེ། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་ཡང་དག་ཕུལ་ནི་ཤེས་རབ་ཀྱི་ཤེས་པས་མངོན་པར་བརྩོན་པར་ཡང་མི་བྱེད་ལ།


DTG110_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་ཤེས་པས་དགེ་བའི་ཆོས་ཐམས་ཅད་སྡུད་པར་ཡང་སྦྱོར་བ་དང༌། ཤེས་རབ་ཀྱི་ཤེས་པས་བདག་མེད་པ་དང༌། སེམས་ཅན་མེད་པ་དང༌། སྲོག་མེད་པ་དང༌། གསོ་བ་མེད་པ་དང༌། གང་ཟག་མེད་པར་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་ཡང་སྦྱོར་བ་གང་ཡིན་པའོ་ཞེས་རྒྱ་ཆེར་འབྱུང་ངོ༌། །འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་མདོ་ལས་ཀྱང༌། དཔེར་ན་སྒྱུ་མའི་མཁན་པོ་ཞིག །སྤྲུལ་པ་ཐར་བར་བྱ་ཕྱིར་བརྩོན། །དེས་ནི་སྔ་ནས་དེ་ཤེས་པས། །སྤྲུལ་པ་དེ་ལ་ཆགས་པ་མེད། །སྲིད་གསུམ་སྤྲུལ་པ་འདྲ་བར་ནི། །རྫོགས་པའི་བྱང་ཆུབ་མཁས་པས་ཤེས། །འགྲོ་བའི་ཆེད་དུ་གོ་བགོས་ཏེ། །འགྲོ་བ་དེ་ལྟར་སྔ་ནས་ཤེས། །ཞེས་འབྱུང་ངོ༌། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་དང༌། ཐབས་ཀྱི་ཚུལ་ཁོ་ན་སྒྲུབ་པའི་དབང་དུ་མཛད་ནས། དེའི་སྦྱོར་བ་འཁོར་བ་ན་གནས་པ་ཡང་ཡིན་པ་ལ། བསམ་པ་མྱ་ངན་ལས་འདས་པ་ལ་གནས་པ་ཡང་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེ་ལྟར་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་སྦྱིན་པ་ལ་སོགས་པའི་ཐབས་གོམས་པར་བྱས་ལ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར་སྔ་མ་བཞིན་དུ་རྟག་པར་དུས་དུས་སུ་ཞི་གནས་དང་ལྷག་མཐོང་གི་སྦྱོར་བ་ལ་ཅི་ནུས་སུ་བསྒོམ་པར་བྱ་སྟེ། འཕགས་པ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས། གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕན་ཡོན་ཇི་སྐད་དུ་བསྟན་པ་དེ་བཞིན་དུ་ཉེ་བར་གནས་པའི་དྲན་པས་དུས་ཐམས་ཅད་དུ་ཐབས་ལ་མཁས་པ་གོམས་པར་བྱའོ། །དེ་ལྟར་སྙིང་རྗེ་དང༌། ཐབས་དང༌། བྱང་ཆུབ་ཀྱི་སེམས་གོམས་པར་བྱས་པ་དེ་ཚེ་འདི་ལ་གདོན་མི་ཟ་བར་ཁྱད་པར་དུ་འགྱུར་ཏེ། དེས་ན་རྨི་ལམ་ན་རྟག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བར་འགྱུར། རྨི་ལམ་བཟང་པོ་གཞན་དག་ཀྱང་རྨི་བར་འགྱུར། ལྷ་རྣམས་ཀྱང་ཡི་རངས་ནས་སྲུང་བ་བྱེད་པར་འགྱུར། སྐད་ཅིག་རེ་རེ་ལ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་སོགས་པར་


DTG110_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། ཉོན་མོངས་པའི་སྒྲིབ་པ་དང༌། གནས་ངན་ལེན་ཀྱང་བྱང་བར་འགྱུར། དུས་ཐམས་ཅད་དུ་ཡང་བདེ་བ་དང་ཡིད་བདེ་བ་མང་བར་འགྱུར། སྐྱེ་བོ་མང་པོ་ལ་སྡུག་པར་འགྱུར། ལུས་ལ་ཡང་ནད་ཀྱིས་མི་ཐེབས་པར་འགྱུར། སེམས་ལས་སུ་རུང་བ་ཉིད་ཀྱི་མཆོག་ཀྱང་ཐོབ་པར་འགྱུར་ཏེ། དེས་ན་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་ཐོབ་བོ། །དེ་ནས་རྫུ་འཕྲུལ་གྱི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ཏུ་སོང་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱེད་དོ། །དེ་དག་ལ་ཆོས་ཀྱང་ཉན་ཏོ། །འཆི་བའི་དུས་ཀྱི་ཚེ་ན་ཡང་གདོན་མི་ཟ་བར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཐོང་བར་འགྱུར་རོ། །ཚེ་རབས་གཞན་ན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་མི་འབྲལ་བའི་ཡུལ་དང་ཁྱད་པར་དུ་འཕགས་པའི་ཁྱིམ་དུ་ཡང་སྐྱེ་བར་འགྱུར་ཏེ། དེས་ན་འབད་མི་དགོས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་དོ། །ལོངས་སྤྱོད་ཆེ་བ་དང༌། གཡོག་འཁོར་མང་བར་འགྱུར་རོ། །ཤེས་རབ་རྣོ་བས་སྐྱེ་བོ་མང་པོ་ཡོངས་སུ་སྨིན་པར་ཡང་བྱེད་པར་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་ཏེ། དེ་ལྟར་ཕན་ཡོན་ཚད་མེད་པ་མདོ་གཞན་དག་ལས་བྱུང་བ་ཁོང་དུ་ཆུད་པར་བྱའོ། །དེས་དེ་ལྟར་སྙིང་རྗེ་དང༌། ཐབས་དང༌། བྱང་ཆུབ་ཀྱི་སེམས་རྟག་ཏུ་གུས་པར་ཡུན་རིང་དུ་བསྒོམས་ན་རིམ་གྱིས་སེམས་ཀྱི་རྒྱུད་ཤིན་ཏུ་ཡོངས་སུ་དག་པའི་སྐད་ཅིག་འབྱུང་བས་ཡོངས་སུ་སྨིན་པར་འགྱུར་བའི་ཕྱིར་གཙུབ་ཤིང་གཙུབས་པའི་མེ་བཞིན་དུ་ཡང་དག་པའི་དོན་ལ་བསྒོམ་པ་རབ་ཀྱི་མཐར་ཕྱིན་པར་གྱུར་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྟོག་པའི་དྲ་བ་མཐའ་དག་དང་བྲལ་བ། ཆོས་ཀྱི་དབྱིངས་སྤྲོས་པ་མེད་པ་ཤིན་ཏུ་གསལ་བར་རྟོགས་པ། དྲི་མ་མེད་ཅིང་མི་གཡོ་ལ་མར་མེ་རླུང་མེད་པར་བཞག་པ་བཞིན་དུ་མི་གཡོ་བ་ཚད་མར་གྱུར་པ། ཆོས་ཐམས་ཅད་བདག་མེད་པའི་ངོ་བོ་དེ་ཁོ་ན་མངོན་དུ་བྱེད་པ་མཐོང་བའི་ལམ་གྱིས་བསྡུས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དབྱུང་ངོ༌། །དེ་བྱུང་ནས་དངོས་པོའི་མཐའ་ལ་དམིགས་པ་ལ་ཞུགས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་


DTG110_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པ་ཡིན། འཇིག་རྟེན་གྱི་འགྲོ་བ་ཐམས་ཅད་ལས་ལོག་པ་ཡིན། བྱང་ཆུབ་སེམས་དཔའི་ཆོས་ཉིད་དང་ཆོས་ཀྱི་དབྱིངས་རྟོགས་པ་ལ་གནས་པ་ཡིན། བྱང་ཆུབ་སེམས་དཔའི་ས་དང་པོ་ཐོབ་པ་ཡིན་ནོ་ཞེས་ཕན་ཡོན་དེ་རྒྱས་པར་ས་བཅུ་པ་ལ་སོགས་པ་ལས་ཁོང་དུ་ཆུད་པར་བྱའོ། །འདི་ནི་དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་དེ་འཕགས་པ་ལང་ཀར་གཤེགས་པ་ལས་བསྟན་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲོས་པ་མེད་པ་རྣམ་པར་མི་རྟོག་པ་ཉིད་ལ་འཇུག་པའོ།། མོས་པས་སྤྱོད་པའི་ས་ལ་ནི་མོས་པའི་དབང་གིས་འཇུག་པར་རྣམ་པར་གཞག་གི །མངོན་པར་འདུ་བྱེད་པས་ནི་མ་ཡིན་ནོ། །ཡེ་ཤེས་དེ་བྱུང་བར་གྱུར་ན་ནི་མངོན་དུ་ཞུགས་པ་ཡིན་ཏེ། དེ་ལྟར་ས་དང་པོར་ཞུགས་པ་དེ་ཕྱིས་བསྒོམ་པའི་ལམ་ལ་འཇིག་རྟེན་ལས་འདས་པ་དང༌། དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་གཉིས་ཀྱིས་ཤེས་རབ་དང༌། ཐབས་བསྒོམས་པས་རིམ་གྱིས་བསྒོམ་པས་སྤང་བར་བྱ་བའི་སྒྲིབ་པ་བསགས་པ་ཕྲ་བ་བས་ཀྱང་ཆེས་ཕྲ་བ་བྱང་བའི་ཕྱིར་དང༌། ཡོན་ཏན་ཁྱད་པར་ཅན་གོང་མ་གོང་མ་ཐོབ་པའི་ཕྱིར་ས་འོག་མ་རྣམས་ཡོངས་སུ་སྦྱོང་བས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བར་ལ་ཞུགས་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱ་མཚོར་འཇུག་ཅིང་དགོས་པ་ཡོངས་སུ་འགྲུབ་པའི་དམིགས་པ་ཡང་འཐོབ་སྟེ། འདི་ལྟར་རིམ་པ་ཁོ་ནར་སེམས་ཀྱི་རྒྱུད་ཡོངས་སུ་དག་པར་འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་བཀའ་སྩལ་ཏོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང༌། རིམ་གྱིས་ས་གོང་མ་གོང་མ་རྣམས་སུ་གསེར་ལྟ་བུར་སེམས་རྣམ་པར་སྤོང་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་གསུངས་སོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱ་མཚོར་ཞུགས་པ་ན་ཡིད་བཞིན་གྱི་ནོར་བུ་ལྟ་བུར་སེམས་ཅན་མཐའ་དག་ཉེ་བར་འཚོ་བའི་ཡོན་ཏན་གྱི་ཕུང་པོ་དང་ནི་ལྡན། སྔོན་གྱི་སྨོན་ལམ་གྱི་འབྲས་བུ་ཡོད་པར་ནི་མཛད། ཐུགས་རྗེ་ཆེན་པོའི་རང་བཞིན་དུ་ནི་འགྱུར། ལྷུན་གྱིས་གྲུབ་པའི་ཐབས་སྣ་ཚོགས་དག་དང་ལྡན། སྤྲུལ་པ་དཔག་ཏུ་མེད་པ་དག་གིས་འགྲོ་བ་མ་ལུས་


DTG110_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་རྣམ་པ་ཐམས་ཅད་ནི་མཛད། ཡོན་ཏན་ཕུན་སུམ་ཚོགས་པ་མ་ལུས་པ་རབ་ཀྱི་མཐར་ཕྱིན་པར་ནི་གྱུར། བག་ཆགས་དང་བཅས་པའི་ཉེས་པའི་དྲི་མ་མཐའ་དག་བསལ་ནས། སེམས་ཅན་གྱི་ཁམས་ཀྱི་མཐས་གཏུགས་པར་བཞུགས་པ་ཡིན་པར་རྟོགས་པ་དང་ལྡན་པས་སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་མཐའ་དག་གི་འབྱུང་གནས་ལ་དད་པ་བསྐྱེད་ལ་ཡོན་ཏན་དེ་ཡོངས་སུ་བསྒྲུབ་པའི་ཕྱིར་བདག་ཉིད་ཐམས་ཅད་ཀྱིས་འབད་པར་བྱའོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དམ་པ་ཕྲག་དོག་ལ་སོགས་དྲི་མ་ཐག་བསྲིངས་པ། །ཡོན་ཏན་རྣམས་ཀྱིས་མི་ངོམས་ཆུ་ཡི་མཚོ་འདྲ་དག །རྣམ་པར་ཕྱེ་ནས་ལེགས་པར་བཤད་རྣམས་འཛིན་བྱེད་དེ། །ངང་པ་རབ་དགའ་ཆུ་ལས་འོ་མ་ལེན་པ་བཞིན། །དེ་ལྟ་བས་ན་མཁས་རྣམས་ཀྱིས། །ཕྱོགས་ལྷུང་དཀྲུགས་ཡིད་རིང་སྤོངས་ལ། །བྱིས་པ་ལས་ཀྱང་ལེགས་བཤད་པ། །ཐམས་ཅད་བླང་པ་ཁོ་ནར་བྱ། །དེ་ལྟར་དབུ་མའི་ལམ་བཤད་པས། །བདག་གིས་བསོད་ནམས་གར་ཐོབ་པ། །དེ་ཡིས་སྐྱེ་བོ་མ་ལུས་པ། །དབུ་མའི་ལམ་ནི་ཐོབ་པར་ཤོག །བསྒོམ་པའི་རིམ་པ་ཨཱ་ཙཱཪྻ་ཀ་མ་ལ་ཤཱི་ལས་བར་དུ་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང༌། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

བསྒོམ་པའི་རིམ་པ།


DTG110_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བྷཱ་བ་ན་ཀྲ་མ་ན། བོད་སྐད་དུ། བསྒོམ་པའི་རིམ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐེག་པ་ཆེན་པོ་མདོ་སྡེའི་ཚུལ་ལ་ཞུགས་པ་རྣམས་ཀྱི་ཕྱིར་བསྒོམ་པའི་རིམ་པ་མདོར་བརྗོད་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་ཐ་དད་པ་ཚད་མེད་དཔག་ཏུ་མེད་པ་ལ་སོགས་པ་བསྟན་དུ་ཟིན་ཀྱང༌། ཞི་གནས་དང་ལྷག་མཐོང་གཉིས་ཀྱིས་ཏིང་ངེ་འཛིན་ཐམས་ཅད་ལ་ཁྱབ་པས་ན་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་འཇུག་པའི་ལམ་དེ་ཉིད་བརྗོད་


DTG110_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བ་པོ་ཡི་ལྷག་མཐོང་དང༌། །ཞི་གནས་གོམས་པར་བྱས་ན་ནི། །གནས་ངན་ལེན་གྱི་འཆིང་བ་དང༌། །མཚན་མའི་འཆིང་བ་རྣམ་གྲོལ་འགྱུར། །ཞེས་སོ། །དེ་ལྟ་བས་ན་སྒྲིབ་པ་མཐའ་དག་སྤོང་བར་འདོད་པས་ཞི་གནས་དང་ལྷག་མཐོང་བསྒོམ་པར་བྱའོ། །ཞི་གནས་ཀྱི་སྟོབས་ཀྱིས་ནི་མར་མེ་རླུང་མེད་པ་ན་གནས་པ་བཞིན་དུ་དམིགས་པ་ལས་སེམས་མི་གཡོ་བར་འགྱུར་རོ། །ལྷག་མཐོང་གིས་མུན་པར་ཉི་མ་ཤར་བ་བཞིན་དུ་ཆོས་ཀྱི་དེ་ཁོ་ན་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པས་ཡང་དག་པའི་ཤེས་རབ་ཀྱི་སྣང་བ་འབྱུང་སྟེ། སྒྲིབ་པ་མཐའ་དག་སྤོང་བར་འགྱུར་རོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་པ་རྣམས་ཀྱི་དམིགས་པའི་དངོས་པོ་བཞི་བསྟན་ཏེ། རྣམ་པར་མི་རྟོག་པའི་གཟུགས་བརྙན་དང༌། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང༌། དངོས་པོའི་མཐའ་དང༌། དགོས་པ་ཡོངས་སུ་གྲུབ་པའོ། །དེ་ལ་ཞི་གནས་ཀྱིས་ནི་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་གང་ཡིན་པ་དང༌། སངས་རྒྱས་ཀྱི་གཟུགས་ལ་སོགས་པ་ལ་མོས་ནས་དམིགས་པ་སྟེ། དེ་ནི་རྣམ་པར་མི་རྟོག་པའི་གཟུགས་བརྙན་ཞེས་བྱའོ། །དེ་ལ་ཡང་དག་པའི་དོན་ལ་རྣམ་པར་རྟོག་པ་མེད་པས་ན་དེ་རྣམ་པར་མི་རྟོག་པ་ཞེས་བྱའོ། །ཇི་ལྟར་ཐོས་པ་དང་ཇི་ལྟར་ཟིན་པའི་ཆོས་རྣམས་ཀྱི་གཟུགས་བརྙན་ལ་མོས་ཏེ་དམིགས་པས་ན་གཟུགས་བརྙན་ཞེས་བྱའོ། །རྣལ་འབྱོར་པས་དེ་ཁོ་ནའི་དོན་རྟོགས་པར་བྱ་བའི་ཕྱིར་གང་གི་ཚེ་ལྷག་མཐོང་གིས་གཟུགས་བརྙན་དེ་ཉིད་ལ་སྤྱོད་པ་དེའི་ཚེ་ལྷག་མཐོང་གི་མཚན་ཉིད་དེ་ཁོ་ན་ལ་རྟོགས་པའི་རྣམ་པར་རྟོག་པ་དེ་ན་ཡོད་པས་ན་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཞེས་བྱའོ། །རྣལ་འབྱོར་པ་གཟུགས་བརྙན་དེ་ཉིད་ཀྱི་ངོ་བོ་ཉིད་ལ་རྟོག་པས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་དེ། བདག་གི་བཞིན་གྱི་གཟུགས་མེ་ལོང་གི་ནང་དུ་བྱུང་བ་ལ་བརྟགས་ན་བདག་གི་བཞིན་ལ་མི་སྡུག་པ་ལ་སོགས་པ་མངོན་པ་བཞིན་ནོ། །གང་གི་ཚེ་དངོས་པོའི་མཐའི་མཚན་ཉིད་ཀྱི་དེ་བཞིན་ཉིད་རྟོག་པར་གྱུར་པ་དེའི་ཚེ་དངོས་པོའི་མཐའ་ཁོང་དུ་ཆུད་པས་ན་ས་དང་པོ་ལ་དངོས་པོའི་མཐའ་ལ་


DTG110_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ཞེས་བྱའོ། །དེས་ན་སྨན་བཅུད་ཀྱིས་ལེན་ཟ་བ་བཞིན་དུ་བསྒོམ་པའི་ལམ་གྱིས་ས་ལྷག་མ་རྣམས་སུ་རིམ་གྱིས་ཤིན་ཏུ་རབ་ཏུ་རྣམ་པར་དག་པའི་སྐད་ཅིག་བྱུང་བས་གནས་གྱུར་ནས། གང་གི་ཚེ་སྒྲིབ་པ་མ་ལུས་པ་སྤངས་པའི་མཚན་ཉིད་དགོས་པ་ཡོངས་སུ་རྫོགས་པར་གྱུར་པ་དེའི་ཚེ་སངས་རྒྱས་ཀྱི་ས་ལ་ཡེ་ཤེས་དེ་ཉིད་དགོས་པ་ཡོངས་སུ་གྲུབ་པ་ལ་དམིགས་པ་ཞེས་བྱའོ། །དེ་ལྟ་བུ་འདིས་ཅི་བསྟན་པ་ཡིན་ཞེ་ན། ཞི་གནས་དང་ལྷག་མཐོང་གོམས་པར་བྱས་པས་དངོས་པོའི་མཐའ་རྟོགས་པར་འགྱུར་ཏེ། དེས་སྒྲིབ་པ་མཐའ་དག་སྤོང་བའི་མཚན་ཉིད་དགོས་པ་ཡོངས་སུ་གྲུབ་པ་འཐོབ་བོ། །དེ་ཉིད་སངས་རྒྱས་ཉིད་ཡིན་ཏེ། དེ་བས་ན་སངས་རྒྱས་ཉིད་ཐོབ་པར་འདོད་པས་ཞི་གནས་དང་ལྷག་མཐོང་ལ་བསྒོམ་པར་བྱའོ། །གང་དེ་གཉིས་ལ་མི་སྒོམ་པ་དེ་དག་ནི་དངོས་པོའི་མཐའ་ཡང་མི་རྟོགས། དགོས་པ་ཡོངས་སུ་གྲུབ་པར་ཡང་མི་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །དེ་ལ་མདོར་ན་ཞི་གནས་ནི་སེམས་རྩེ་གཅིག་པ་ཉིད་དོ། །ལྷག་མཐོང་ནི་ཡང་དག་པ་ལ་རྟོག་པའོ་ཞེས་བཅོམ་ལྡན་འདས་ཀྱིས་འཕགས་པ་དཀོན་མཆོག་སྤྲིན་ལ་སོགས་པ་ལས་ཞི་གནས་དང་ལྷག་མཐོང་གི་མཚན་ཉིད་བཀའ་སྩལ་ཏོ། །དེ་ལ་རྣལ་འབྱོར་པས་ཞི་གནས་དང་ལྷག་མཐོང་གི་ཚོགས་ཚུལ་ཁྲིམས་རྣམ་པར་དག་པ་ལ་སོགས་པ་ལ་གནས་པ་དེས་སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཐོས་པ་དང་བསམ་པ་དང་སྒོམ་པ་ལ་སྦྱར་བར་བྱའོ། །དེ་ལ་རྣལ་འབྱོར་པས་སྒོམ་པའི་དུས་ན་ཐོག་མར་བྱ་བ་ཅི་ཡོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ལ། བཤང་གཅི་བྱས་ལ་སྒྲའི་ཚེར་མ་མེད་པ་ཡིད་དུ་འོང་བའི་ཕྱོགས་སུ་བདག་གིས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་དགོད་པར་བྱའོ་སྙམ་དུ་ཡོངས་སུ་བསམ་ཞིང་འགྲོ་བ་མཐའ་དག་གདོན་པའི་བསམ་པ་ཅན་གྱི་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ལྔས་ཕྱག་བྱས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་རི་མོ་ལ་སོགས་པ་མདུན་དུ་བཞག་གམ། གཞན་དུ་ཡང་རུང་སྟེ་དེ་དག་ལ་ཅི་ནུས་ཀྱིས་མཆོད་པ་དང་བསྟོད་པ་བྱས་ལ། རང་གི་སྡིག་པ་བཤགས་ནས་འགྲོ་བ་མཐའ་དག་གི་བསོད་


DTG110_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ལ་རྗེས་སུ་ཡི་རང་བ་བྱས་ནས། སྟན་ཤིན་ཏུ་འཇམ་པ་བདེ་བ་ལ་རྗེ་བཙུན་རྣམ་པར་སྣང་མཛད་ཀྱི་སྐྱིལ་མོ་ཀྲུང་ལྟ་བུའམ་སྐྱིལ་མོ་ཀྲུང་ཕྱེད་དུ་ཡང་རུང་སྟེ། མིག་ཧ་ཅང་མི་དབྱེ། ཧ་ཅང་མི་འཛུམས་པར་སྣའི་རྩེ་མོར་གཏད་ཅིང༌། ལུས་ཧ་ཅང་ཡང་མི་སྒུ་ཧ་ཅང་ཡང་མི་དགྱེ་བར་དྲང་པོར་བསྲངས་ལ་དྲན་པ་ནང་དུ་གཞག་སྟེ་འདུག་པར་བྱའོ། །དེ་ནས་ཕྲག་པ་མཉམ་པར་གཞག་ལ་མགོ་མི་མཐོ་མི་དམའ་ཞིང་ཕྱོགས་གཅིག་ཏུ་མི་ཡོ་བར་བཞག་སྟེ་སྣ་དང་ལྟེ་བ་དྲང་པོར་གཞག་གོ །སོ་དང་མཆུ་ཡང་ཐ་མལ་པར་གཞག་གོ །ལྕེ་ཡང་ཡ་སོའི་དྲུང་དུ་བཞར་རོ། །དབུགས་ཕྱི་ནང་དུ་རྒྱུ་བ་ཡང་སྒྲ་ཅན་དང༌། རྔམ་པ་དང༌། དབུགས་རྒོད་པ་ཅན་དུ་མི་བཏང་གི །ཅི་ནས་ཀྱང་མི་ཚོར་བར་དལ་བུ་དལ་བུས་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་དབུགས་ནང་དུ་རྔུབ་པ་དང་ཕྱིར་འབྱུང་བར་འགྱུར་བ་དེ་ལྟར་བྱའོ། །དེ་ལ་རྣལ་འབྱོར་པས་ཐོག་མར་དེ་བཞིན་གཤེགས་པའི་སྐུ་གཟུགས་ཇི་ལྟར་མཐོང་བ་དང་ཇི་ལྟར་ཐོས་པ་ལ་སེམས་གཏད་དེ་བཞག་ནས་ཞི་གནས་བསྒྲུབ་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཡང་གསེར་བཙོ་མ་བཞིན་དུ་སེར་ལ་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ་འཁོར་གྱི་དཀྱིལ་འཁོར་གྱི་ནང་ན་བཞུགས་ཤིང་ཐབས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པ་རྒྱུན་དུ་ཡིད་ལ་བྱེད་པས་དེའི་ཡོན་ཏན་ལ་འདོད་པ་བསྐྱེད་ཅིང་བྱིང་བ་དང་རྒོད་པ་ཞི་བར་བྱས་ལ། ཇི་སྲིད་དུ་དེ་མདུན་དུ་བཞུགས་པ་བཞིན་དུ་གསལ་བར་མཐོང་བར་གྱུར་པ་དེ་སྲིད་དུ་བསམ་གཏན་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་སྐུའི་གཟུགས་བརྙན་བྱོན་པ་དང་བཞུད་པ་ལ་རྟོག་པས་ལྷག་མཐོང་བསྒོམ་པར་བྱའོ། །དེ་ནས་འདི་སྙམ་དུ་བསམ་པར་བྱ་སྟེ། ཇི་ལྟར་དེ་བཞིན་གཤེགས་པའི་སྐུའི་གཟུགས་བརྙན་འདི་གང་ནས་ཀྱང་མ་གཤེགས། གར་ཡང་མི་བཞུད། བཞུགས་བཞིན་དུ་ཡང་ངོ་བོ་ཉིད་ཀྱིས་སྟོང་ལ། བདག་དང་བདག་གི་དང་བྲལ་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ངོ་བོ་ཉིད་ཀྱིས་སྟོང་ཞིང་འོང་བ་དང་འགྲོ་བ་དང་བྲལ་བ་གཟུགས་བརྙན་ལྟ་བུ་སྟེ། ཡོད་པ་ལ་སོགས་པའི་ངོ་བོ་དང་བྲལ་བའོ་ཞེས་དཔྱད་ནས་རྣམ་པར་རྟོག་པ་མེད་ཅིང་བརྗོད་པ་མེད་པར་ངང་གཅིག་ཏུ་གྱུར་པའི་ཡིད་ཀྱིས་དེ་ཁོ་ན་བསྒོམ་ཞིང་ཇི་སྲིད་འདོད་


DTG110_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདུག་པར་བྱའོ། །ཏིང་ངེ་འཛིན་འདི་ནི་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལས་བསྟན་ཏེ། ཏིང་ངེ་འཛིན་འདིའི་ཕན་ཡོན་ཞིབ་ཏུ་ནི་མདོ་སྡེ་དེ་ཉིད་ལས་རིག་པར་བྱའོ། །རྣམ་པ་གཅིག་ཏུ་ན་རྣམ་པ་ཇི་སྙེད་ཀྱིས་ཆོས་ཐམས་ཅད་བསྡུས་པར་གྱུར་པ་དེ་ལ་སེམས་བཞག་སྟེ་བྱིང་བ་དང་རྒོད་པ་ལ་སོགས་པ་རབ་ཏུ་ཞི་བར་ཞི་གནས་བསྒྲུབ་པར་བྱའོ། །མདོར་ན་ཆོས་ཐམས་ཅད་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་བྱེ་བྲག་གིས་བསྡུས་ཏེ། དེ་ལ་གཟུགས་ཅན་རྣམས་ནི་གཟུགས་ཀྱི་ཕུང་པོར་འདུས་སོ། །ཚོར་བ་ལ་སོགས་པའི་ཕུང་པོ་ནི་གཟུགས་ཅན་མ་ཡིན་པའི་ངོ་བོ་ཉིད་དོ། །འདི་ལ་བྱིས་པ་དག་ཡོད་པ་ལ་སོགས་པར་འཛིན་པ་ལ་ཞེན་པའི་ཕྱིར་བློ་ཕྱིན་ཅི་ལོག་ཏུ་གྱུར་ནས་འཁོར་བ་ན་ཡོངས་སུ་འཁྱམས་ཏེ། དེ་དག་གི་ཕྱིན་ཅི་ལོག་བསལ་བའི་ཕྱིར་དེ་དག་ལ་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ། རྣལ་འབྱོར་པའི་ཞི་གནས་གྲུབ་ནས་དེ་ཁོ་ན་རྟོགས་པར་བྱ་བའི་ཕྱིར། དེ་ནས་ལྷག་མཐོང་བསྒོམ་པར་བྱ་སྟེ། ཡང་དག་པར་སོ་སོར་རྟོག་པ་ནི་ལྷག་མཐོང་ཞེས་བྱའོ། །ཡང་དག་པ་ནི་གང་ཟག་དང༌། ཆོས་ལ་བདག་མེད་པའོ། །དེ་ལ་གང་ཟག་ལ་བདག་མེད་པ་ནི་གང་ཕུང་པོ་རྣམས་བདག་དང་བདག་གི་མེད་པ་ཉིད་དོ། །ཆོས་ལ་བདག་མེད་པ་ནི་གང་དེ་དག་སྒྱུ་མ་ལྟ་བུ་ཉིད་དོ། །དེ་ལ་རྣལ་འབྱོར་པས་འདི་ལྟར་བརྟག་པར་བྱ་སྟེ། གང་ཟག་ནི་གཟུགས་ལ་སོགས་པ་ལས་གུད་ན་མེད་དེ། དེ་མི་སྣང་བའི་ཕྱིར་དང༌། གཟུགས་ལ་སོགས་པ་ཉིད་ལ་ངའོ་སྙམ་པའི་ཤེས་པ་འབྱུང་བའི་ཕྱིར་རོ། །གང་ཟག་ནི་གཟུགས་ལ་སོགས་པའི་ཕུང་པོའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། གཟུགས་ལ་སོགས་པ་དེ་དག་མི་རྟག་ལ་དུ་མའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང༌། གང་ཟག་ནི་རྟག་པ་དང་གཅིག་པུའི་ངོ་བོ་ཉིད་ཡིན་པར་གཞན་དག་གིས་བརྟགས་པའི་ཕྱིར་རོ། །དེ་ཉིད་དམ་གཞན་ཉིད་དུ་བརྗོད་དུ་མི་རུང་བའི་གང་ཟག་གི་དངོས་པོ་ཡོད་པར་ནི་མི་རུང་སྟེ། དངོས་པོ་ལ་ཡོད་པའི་རྣམ་པ་གཞན་མེད་པའི་ཕྱིར་རོ་སྙམ་དུ་བརྟག་པར་བྱའོ། །དེ་ལྟ་བས་ན་འདི་ལྟ་སྟེ། འཇིག་རྟེན་གྱི་ང་དང་ངའི་ཞེས་བྱ་བ་ནི་བརྫུན་ཏེ་འཁྲུལ་པ་ཁོ་


DTG110_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡིན་པར་ངེས་པར་རིག་ནས། དེ་ནས་ཆོས་ལ་བདག་མེད་པ་རྟོག་པར་བྱ་བའི་ཕྱིར་ཆོས་གཟུགས་ཅན་རྣམས་ལ་ཡང་ཅི་འདི་དག་སེམས་ལས་གུད་ན་དོན་དམ་པར་ཡོད་དེ་འདུག་པ་ཞིག་གམ། འོན་ཏེ་སེམས་ཉིད་གཟུགས་ལ་སོགས་པར་སྣང་སྟེ། རྨི་ལམ་གྱི་གནས་སྐབས་ན་སྣང་བ་དང་འདྲ་བ་ཞིག་ཡིན་ཞེས་དཔྱད་པར་བྱའོ། །དེས་དེ་དག་ལ་རྡུལ་ཕྲ་རབ་ཏུ་རྟོག་ཅིང་རྡུལ་ཕྲ་རབ་རྣམས་ཀྱང་ཆ་ཤས་ཀྱིས་སོ་སོར་བརྟགས་ན་མི་དམིགས་ཏེ། དེ་ལྟར་མ་དམིགས་ན་དེ་ཡོད་པའམ་མེད་པ་ཉིད་དུ་རྣམ་པར་རྟོག་པ་ཟློག་པར་བྱེད་དོ། །ཁམས་གསུམ་པ་ཡང་སེམས་ཙམ་དུ་རྟོགས་ཀྱི་གཞན་དུ་མ་ཡིན་ནོ། །དེ་སྐད་ལང་ཀར་གཤེགས་པ་ལས་ཀྱང་བཀའ་སྩལ་ཏེ། རྫས་ནི་རྡུལ་དུ་རྣམ་བཤིག་ཅིང༌། །གཟུགས་ལ་རྣམ་པར་མ་རྟོག་ཤིག །སེམས་ཙམ་རྣམ་པར་གཞག་པ་ནི། །ལྟ་བ་ངན་པས་མི་རྟོགས་སོ། །ཞེས་འབྱུང་ངོ། །དེ་འདི་སྙམ་དུ་སེམས་ཏེ། སེམས་ཉིད་ཐོག་མ་མེད་པའི་དུས་ན་གཟུགས་ལ་སོགས་པ་ཡང་དག་པ་མ་ཡིན་པ་ལ་མངོན་པར་ཞེན་པའི་དབང་གིས་རྨི་ལམ་ན་དམིགས་པའི་གཟུགས་ལ་སོགས་པ་སྣང་བ་བཞིན་དུ་བྱིས་པ་རྣམས་ལ་གཟུགས་ལ་སོགས་པ་ཕྱི་རོལ་དུ་ཆད་པ་བཞིན་དུ་སྣང་སྟེ། དེ་ལྟ་བས་ན་ཁམས་གསུམ་པ་ནི་སེམས་ཙམ་ཁོ་ན་ཡིན་ནོ། །དེས་དེ་ལྟར་ཆོས་སུ་གདགས་པ་མཐའ་དག་ནི་སེམས་ཁོ་ན་ཡིན་པར་རྟོགས་ནས། དེ་ལ་སོ་སོར་བརྟགས་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་སོ་སོར་བརྟགས་པ་ཡིན་ནོ་སྙམ་ནས་སེམས་ཀྱི་ངོ་བོ་ཉིད་ལ་སོ་སོར་རྟོག་གོ །དེ་འདི་ལྟར་དཔྱོད་དོ། །དོན་དམ་པར་ན་སེམས་ཀྱང་སྒྱུ་མ་བཞིན་དུ་མ་སྐྱེས་པ་སྟེ། གང་གི་ཚེ་བརྫུན་པའི་ངོ་བོ་ཉིད་གཟུགས་ལ་སོགས་པའི་རྣམ་པ་འཛིན་པར་སེམས་ཉིད་སྣ་ཚོགས་ཀྱི་རྣམ་པར་སྣང་བ་དེའི་ཚེ་དེ་ལས་གུད་ན་མེད་པའི་ཕྱིར་དེ་ཉིད་ཀྱང་གཟུགས་ལ་སོགས་པ་བཞིན་དུ་བདེ་བ་ཉིད་དུ་ག་ལ་འགྱུར། ཇི་ལྟར་གཟུགས་ལ་སོགས་པ་སྣ་ཚོགས་ཀྱི་རྣམ་པ་ཡིན་པས་གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་པ་དེ་བཞིན་དུ་སེམས་ཀྱང་དེ་ལས་གུད་ན་མེད་པའི་ཕྱིར་གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་ནོ། །སེམས་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང༌། །འགག་


DTG110_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་ཡང་གང་དུ་ཡང་མི་འགྲོ་སྟེ། དོན་དམ་པར་ན་བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་བར་མི་རིགས་སོ། །དེ་ལྟ་བས་ན་སེམས་ཀྱང་སྒྱུ་མ་བཞིན་ཏེ། སེམས་ཇི་ལྟ་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུ་སྟེ། དོན་དམ་པར་ན་མ་སྐྱེས་པའོ་སྙམ་དུ་བརྟག་པར་བྱའོ། །རྣལ་འབྱོར་པ་དེས་སེམས་གང་གིས་སོ་སོར་རྟོག་པ་ལ་བརྟགས་ན་དེའི་ངོ་བོ་ཉིད་ཀྱང་མི་དམིགས་ཏེ། དེ་ལྟར་རྣལ་འབྱོར་པས་དམིགས་པ་གང་དང་གང་ལ་སེམས་འཕྲོ་བ་དེ་དང་དེའི་ངོ་བོ་ཉིད་ལ་ཡོངས་སུ་བརྟགས་ན་དེའི་ངོ་བོ་ཉིད་ཀྱང་མི་དམིགས་ཏེ། དེས་གང་གི་ཚེ་མི་དམིགས་པ་དེའི་ཚེ་དངོས་པོ་ཐམས་ཅད་བརྟགས་ཤིང་ཆུ་ཤིང་གི་སྡོང་པོ་བཞིན་དུ་སྙིང་པོ་མེད་པར་རྟོགས་ན་དེ་ལས་སེམས་ཟློག་པར་བྱེད་དོ། །དེ་ནས་ཡོད་པ་ལ་སོགས་པར་རྣམ་པར་རྟོག་པ་མེད་པར་གྱུར་ནས་སྤྲོས་པ་ཐམས་ཅད་དང་བྲལ་བ་མཚན་མ་མེད་པའི་རྣལ་འབྱོར་འཐོབ་བོ། །དེ་སྐད་འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་བཀའ་སྩལ་ཏེ། དེ་ལྟར་སྐྱོན་ལ་མཁས་པ་དེས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་སྟོང་པ་ཉིད་བསྒོམ་པ་ལ་རྣལ་འབྱོར་དུ་བྱེད་དོ། །དེ་ལྟར་སྟོང་པ་ཉིད་བསྒོམ་པ་མང་བས་གནས་གང་དང་གང་དུ་སེམས་འཕྲོ་ཞིང་སེམས་མངོན་པར་དགའ་བའི་གནས་དེ་དག་གི་ངོ་བོ་ཉིད་ཡོངས་སུ་བཙལ་ན་སྟོང་པར་རྟོགས་སོ། །སེམས་གང་ཡིན་པ་དེ་ཡང་བརྟགས་ན་སྟོང་པར་རྟོགས་སོ། །སེམས་གང་གིས་རྟོག་པ་དེའི་ངོ་བོ་ཉིད་ཀུན་ཏུ་བཙལ་ན་སྟོང་པར་རྟོགས་ཏེ། དེ་དེ་ལྟར་རྟོགས་པས་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་གོ་ཞེས་འབྱུང་ངོ༌། །འདི་ནི་འདི་སྐད་དུ་གང་ཉེ་བར་མི་རྟོག་པ་དེ་ནི་མཚན་མ་མེད་པ་ལ་འཇུག་པར་མི་འགྱུར་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ཆོས་རྣམས་ཀྱི་ངོ་བོ་ཉིད་ལ་ཉེ་བར་རྟོག་པ་ན་གང་གི་ཚེ་མི་དམིགས་པ་དེའི་ཚེ་ཡོད་པར་མི་རྟོག་གོ །མེད་པར་ཡང་མི་རྟོག་སྟེ་གང་མེད་པར་བརྟགས་པ་དེ་ཡང་དེའི་བློ་ལ་དུས་ཐམས་ཅད་དུ་མི་སྣང་བའི་ཕྱིར་རོ། །གལ་ཏེ་དངོས་པོ་ཞིག་མཐོང་བར་གྱུར་ན་ནི་དེའི་ཚེ་དེ་འགག་པའི་ཕྱིར་མེད་དོ་ཞེས་བརྟག་པར་བྱ་ན། གང་གི་ཚེ་རྣལ་འབྱོར་པའི་ཤེས་རབ་ཀྱིས་བརྟགས་ན་དུས་གསུམ་དུ་ཡང་དངོས་པོ་མི་དམིགས་པ་དེའི་ཚེ་གང་འགག་པའི་ཕྱིར་མེད་ཅེས་རྣམ་པར་བརྟག་པར་བྱ། དངོས་པོ་དང་


DTG110_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མེད་པར་རྟོག་པ་གཉིས་ཀྱིས་རྟོག་པ་ཐམས་ཅད་ལ་ཁྱབ་པའི་ཕྱིར་དེའི་ཚེ་དེ་ལྟར་དེ་ལ་རྟོག་པ་གཞན་དག་ཀྱང་མི་འབྱུང་སྟེ། ཁྱབ་པར་བྱེད་པ་མེད་ན་ཁྱབ་པར་བྱ་བ་ཡང་མེད་པའི་ཕྱིར་རོ། །དེ་ལྟར་གྱུར་ན་སྤྲོས་པ་མེད་པ་རྣམ་པར་མི་རྟོག་པ་ཉིད་ལ་ཞུགས་པ་ཡིན་ནོ། །གཟུགས་ལ་སོགས་པ་ལ་ཡང་མི་གནས་པ་ཡིན་ནོ། །ཤེས་རབ་ཀྱིས་བརྟགས་ན་དངོས་པོ་མཐའ་དག་གི་ངོ་བོ་ཉིད་མ་དམིགས་པའི་ཕྱིར་ཤེས་རབ་མཆོག་གི་བསམ་གཏན་པ་ཡང་ཡིན་ནོ། །དེ་དེ་ལྟར་གང་ཟག་དང་ཆོས་ལ་བདག་མེད་པའི་དེ་ཁོ་ན་ལ་ཞུགས་པས་བལྟ་བར་བྱ་བ་དང༌། བརྟག་པར་བྱ་བ་གཞན་མེད་པའི་ཕྱིར་དཔྱོད་པ་མེད་ཅིང་བརྗོད་པ་མེད་པར་ངང་གཅིག་ཏུ་གྱུར་པའི་ཡིད་རང་གི་ངང་གིས་འཇུག་པས་མངོན་པར་འདུ་བྱེད་པ་མེད་པའི་ཕྱིར་རྣལ་འབྱོར་པས་དེ་ཁོ་ན་དེ་ཤིན་ཏུ་གསལ་བར་ངེས་པར་གཟུང་ཞིང་འདུག་པར་བྱའོ། །དེར་གནས་ཀྱང་སེམས་ཀྱི་རྒྱུད་རྣམ་པར་མི་གཡེང་བར་བྱའོ། །གང་གི་ཚེ་བར་སྐབས་སུ་སེམས་ཕྱི་རོལ་དུ་རྣམ་པར་གཡེངས་པར་མཐོང་བ་དེའི་ཚེ་དེའི་ངོ་བོ་ཉིད་ལ་བརྟགས་ནས་རྣམ་པར་གཡེངས་པ་ཞི་བར་བྱས་ལ་ཡང་དེ་ཉིད་དུ་སེམས་གཞག་པར་བྱའོ། །གང་གི་ཚེ་དེ་ལ་སེམས་མངོན་པར་མི་དགའ་བར་མཐོང་བ་དེའི་ཚེ་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བའི་ཕྱིར་དེ་ལ་དགའ་བ་བསྒོམ་པར་བྱའོ། །རྣམ་པར་གཡེང་བ་ལ་ཉེས་པར་མཐོང་བའི་ཕྱིར་མི་དགའ་བ་རབ་ཏུ་ཞི་བར་བྱའོ། །ཅི་སྟེ་རྨུགས་པ་དང་གཉིད་ཀྱིས་ནོན་པས་རྒྱུ་བ་མི་གསལ་བའི་ཕྱིར་སེམས་བྱིང་བའམ་བྱིང་དུ་དོགས་པར་གྱུར་པ་དེའི་ཚེ་མཆོག་ཏུ་དགའ་བའི་དངོས་པོ་སངས་རྒྱས་ཀྱི་གཟུགས་ལ་སོགས་པའམ། སྣང་བའི་འདུ་ཤེས་ཡིད་ལ་བྱས་ནས་བྱིང་བ་ཞི་བར་བྱས་ནས་དེ་ཁོ་ན་ཉིད་ཤིན་ཏུ་བསྟན་པར་གཟུང་བར་བྱའོ། །གང་གི་ཚེ་རྣལ་འབྱོར་པ་དམུས་ལོང་དང་འདྲ་བའམ། མུན་པར་ཞུགས་པའི་མི་དང་འདྲ་བའམ། མིག་བཙུམས་པ་དང་འདྲ་བར་དེ་ཁོ་ན་ཤིན་ཏུ་གསལ་བར་མི་འཛིན་པ་དེའི་ཚེ་བྱིང་བ་དང་ལྷག་མཐོང་མེད་པར་རིག་པར་བྱའོ། །ཇི་སྟེ་གང་གི་ཚེ་སྔོན་མྱོང་བའི་ཡུལ་ལ་འདོད་པས་བར་སྐབས་སུ་སེམས་རྒོད་པའམ། རྒོད་དུ་དོགས་པར་མཐོང་བ་དེའི་ཚེ་མི་རྟག་པ་ལ་སོགས་པས་སྐྱོ་བའི་དངོས་པོ་ཡིད་ལ་བྱས་ལ་རྒོད་


DTG110_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞི་བར་བྱའོ། །དེ་ནས་ཡང་དེ་ཁོ་ན་ཉིད་ལ་སེམས་མངོན་པར་འདུ་བྱེད་པ་མེ་པར་འཇུག་པ་ལ་འབད་པར་བྱའོ། །གང་གི་ཚེ་རྣམ་པར་གཡེང་བའི་མི་ལྟ་བུའམ། སྤྲེའུ་བཞིན་དུ་སེམས་མི་གནས་པར་གྱུར་པ་ན་རྒོད་པ་དང་ཞི་གནས་མེད་པ་ཡིན་པར་རིག་པར་བྱའོ། །ཅི་སྟེ་གང་གི་ཚེ་བྱིང་བ་དང་རྒོད་པ་ལས་དབེན་པའི་ཕྱིར་མཉམ་པར་ཞུགས་ཤིང་རང་གི་ངང་གིས་འཇུག་པས་དེ་ཁོ་ན་ཉིད་ལ་སེམས་ཤིན་ཏུ་གསལ་བར་གྱུར་པ་དེའི་ཚེ་རྩོལ་བ་གློད་པས་བཏང་སྙོམས་སུ་བྱས་ཏེ། དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་ལམ་གྲུབ་པ་ཡིན་པར་རིག་པར་བྱའོ། །ཡང་གང་གི་ཚེ་ལྷག་མཐོང་བསྒོམས་པས་ཤེས་རབ་ཤིན་ཏུ་ཤས་ཆེ་བར་གྱུར་པ་དེའི་ཚེ་ཞི་གནས་མཚུངས་པའི་ཕྱིར་མར་མེ་རླུང་ལ་བཞག་པ་བཞིན་དུ་སེམས་གཡོ་བས་དེ་ཁོ་ན་ཤིན་ཏུ་གསལ་བར་མི་མཐོང་བར་འགྱུར་ཏེ། དེའི་ཕྱིར་དེའི་ཚེ་ཞི་གནས་བསྒོམ་པར་བྱའོ། །ཞི་གནས་ཀྱི་ཤས་ཆེ་ན་ཡང་གཉིད་ཀྱིས་ལོག་པའི་མི་བཞིན་དུ་དེ་ཁོ་ན་ཤིན་ཏུ་གསལ་བར་མཐོང་བར་མི་འགྱུར་ཏེ། དེ་ལྟ་བས་ན་དེའི་ཚེ་ཡང་ཤེས་རབ་བསྒོམ་པར་བྱའོ། །གང་གི་ཚེ་གླང་གཉིས་ཟུང་དུ་འབྲེལ་ཏེ་མཉམ་དུ་ཞུགས་པ་བཞིན་དུ་གཉིས་ཀ་མཉམ་དུ་ཞུགས་པར་གྱུར་པ་དེའི་ཚེ་ཇི་སྲིད་དུ་ལུས་དང་སེམས་ལ་གནོད་པར་མ་གྱུར་པ་དེ་སྲིད་དུ་མངོན་པར་འདུ་བ་བ་མེད་པར་གནས་པར་བྱའོ། །མདོར་ན་ཏིང་ངེ་འཛིན་ཐམས་ཅད་ལ་ཉེས་པ་དྲུག་ཡོད་དེ། ལེ་ལོ་དང༌། དམིགས་པ་བརྗེད་པ་དང༌། བྱིང་བ་དང༌། རྒོད་པ་དང༌། མི་རྩོལ་བ་དང༌། རྩོལ་བའོ། །དེ་དག་གི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པར་བྱ་སྟེ། འདི་ལྟ་སྟེ། དད་པ་དང༌། འདུན་པ་དང༌། རྩོལ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། དྲན་པ་དང༌། ཤེས་བཞིན་དང༌། སེམས་པ་དང༌། བཏང་སྙོམས་སོ། །དེ་ལ་དང་པོ་བཞི་ནི་ལེ་ལོའི་གཉེན་པོ་སྟེ། འདི་ལྟར་ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་ཀྱིས་དད་པས་རྣལ་འབྱོར་པ་འདོད་པ་སྐྱེ་བར་འགྱུར་རོ། །དེ་ནས་འདོད་པར་གྱུར་པས་བརྩོན་འགྲུས་རྩོམ་མོ། དེ་ནས་བརྩོན་འགྲུས་ལ་བརྟེན་པས་ལུས་དང་སེམས་ལས་སུ་རུང་བ་ཉིད་དུ་བྱེད་དོ། །དེ་ནས་ལུས་དང་སེམས་ཤིན་ཏུ་སྦྱངས་པས་ལེ་ལོ་ལྡོག་པར་འགྱུར་རོ། །དེ་བས་ན་དད་པ་ལ་


DTG110_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་ལེ་ལོ་སྤོང་བར་འགྱུར་ཏེ། དེའི་ཕྱིར་དེ་དག་བསྒོམ་པར་བྱའོ། །དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོའོ། །ཤེས་བཞིན་ནི་བྱིང་བ་དང་རྒོད་པ་གཉིས་ཀྱི་གཉེན་པོ་སྟེ། དེས་དེ་གཉིས་རྟོགས་ནས་སྤོང་བའི་ཕྱིར་རོ། །བྱིང་བ་དང་རྒོད་པ་མ་ཞི་བའི་དུས་ན་མི་རྩོལ་བ་ཉེས་པ་སྟེ། དེའི་ཕྱིར་དེའི་གཉེན་པོར་སེམས་པ་བསྒོམ་པར་བྱའོ། །གང་གི་ཚེ་བྱིང་བ་དང༌། རྒོད་པ་རབ་ཏུ་ཞི་སྟེ་སེམས་རྣལ་དུ་འཇུག་པ་དེའི་ཚེ་རྩོལ་བ་ཉེས་པ་སྟེ། དེའི་ཚེ་དེའི་གཉེན་པོར་བཏང་སྙོམས་བསྒོམ་པར་བྱའོ། །སེམས་མཉམ་པར་ཞུགས་པའི་ཚེ་གལ་ཏེ་རྩོལ་བ་བྱས་ན་དེའི་ཚེ་སེམས་རྣམ་པར་གཡེང་བར་འགྱུར་རོ། །སེམས་བྱིང་བར་གྱུར་པ་ལ་གལ་ཏེ་རྩོལ་བ་མ་བྱས་ན་དེའི་ཚེ་ལྷག་མཐོང་མེད་པའི་ཕྱིར་མི་ལོང་བ་བཞིན་དུ་སེམས་བྱིང་བར་འགྱུར་རོ། །དེ་ལྟ་བས་ན་སེམས་ཞུམ་པ་བསལ་ཞིང་རྒོད་པ་ཞི་བར་བྱས་ལ་མཉམ་པར་གྱུར་པས་བཏང་སྙོམས་སུ་བྱའོ། །དེ་ནས་རྣལ་འབྱོར་པ་ཇི་སྲིད་དུ་དགའ་བ་དེ་སྲིད་དུ་མངོན་པར་འདུ་བྱེད་པ་མེད་པ་ཁོ་ནར་དེ་ཁོ་ན་བསྒོམ་ཞིང་འདུག་པར་བྱའོ། །ལུས་དང་སེམས་ལ་གནོད་པར་གྱུར་ན་སྐབས་སྐབས་སུ་འཇིག་རྟེན་མཐའ་དག་ལ་བལྟས་ལ་སྒྱུ་མ་དང༌། རྨི་ལམ་དང༌། ཆུ་ཟླ་ལྟ་བུ་དང༌། མིག་ཡོར་ལྟ་བུར་རྟོགས་པར་བྱའོ། །དེ་སྐད་དུ་རྣམ་པར་མི་རྟོག་པར་འཇུག་པ་ལས་ཀྱང་བཀའ་སྩལ་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་འདྲ་བར་མཉམ་པར་མཐོང་ངོ༌། །དེའི་རྗེས་ལ་ཐོབ་པ་ནི་སྒྱུ་མ་དང༌། སྨིག་རྒྱུ་དང༌། ཆུ་ཟླ་བཞིན་དུ་མཐོང་ངོ་ཞེས་འབྱུང་ངོ༌། །དེ་ལྟར་འགྲོ་བ་སྒྱུ་མ་ལྟ་བུར་རྟོགས་ནས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ་འདི་སྙམ་དུ་བསམ་པར་བྱ་སྟེ། བྱིས་པའི་བློ་ཅན་དེ་དག་གིས་ཆོས་ཟབ་མོ་འདི་ལྟ་བུ་མ་རྟོགས་ནས་གཟོད་མ་ནས་ཞི་བའི་ཆོས་རྣམས་ལ་ཡང་ཡོད་པ་ལ་སོགས་པར་སྒྲོ་བཏགས་ཏེ། ཕྱིན་ཅི་ལོག་ཏུ་གྱུར་ནས་ལས་དང་ཉོན་མོངས་པ་རྣམ་པ་སྣ་ཚོགས་བསྩོགས་ཏེ། དེའི་ཕྱིར་འཁོར་བར་ཡོངས་སུ་འཁྱམས་པས་ན་བདག་གིས་ཅི་ནས་ཀྱང༌། འདི་དག་ཆོས་ཟབ་མོ་འདི་ལྟ་བུ་ཁོང་དུ་ཆུད་པར་བྱའོ་སྙམ་དུ་བསམ་པར་བྱའོ། །དེ་ནས་


DTG110_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ངལ་བསོས་ཏེ། ཡང་དེ་བཞིན་དུ་ཆོས་ཐམས་ཅད་མི་སྣང་བའི་ཏིང་ངེ་འཛིན་ལ་འཇུག་པར་བྱའོ། །ཡང་སེམས་སྐྱོ་བར་གྱུར་ན་ཡང་ངལ་བསོས་ཏེ་དེ་བཞིན་དུ་འུག་པར་བྱའོ། །དེ་ལྟ་བུའི་རིམ་པ་འདིས་ཆུ་ཚོད་གཅིག་གམ། མེལ་ཚེ་ཐུན་ཕྱེད་དམ། ཐུན་གཅིག་གམ་ཇི་སྲིད་ནུས་པ་དེ་སྲིད་དུ་འདུག་པར་བྱའོ། །དེ་ནས་ཏིང་ངེ་འཛིན་ལས་ལྡང་བར་འདོད་ན་སྐྱིལ་མོ་ཀྲུང་མ་བཤིག་པར་འདི་སྙམ་དུ་བསམ་པར་བྱ་སྟེ། ཆོས་འདི་དག་ཐམས་ཅད་དོན་དམ་པར་ན་མ་སྐྱེས་པ་ཡིན་ཡང་སྒྱུ་མ་བཞིན་དུ་རྒྱུ་དང་རྐྱེན་སོ་སོར་ངེས་པ་སྣ་ཚོགས་འདུས་པའི་དབང་གིས་མ་བརྟགས་ན་ཉམས་དགའ་བ་སྣ་ཚོགས་ཁོ་ན་དག་འབྱུང་སྟེ། དེས་ན་ཆད་པར་ལྟ་བར་ཡང་མི་འགྱུར་རོ། །སྒྲོ་འདོགས་པའི་མཐར་ཡང་མི་འགྱུར་ཏེ། འདི་ལར་ཤེས་རབ་ཀྱིས་རྣམ་པར་དཔྱད་ན་མི་དམིགས་ཏེ། དེས་ན་རྟག་པ་ཉིད་དང་སྒྲོ་འདོགས་པའི་མཐར་ཡང་མི་འགྱུར་རོ། །དེ་ལ་གང་དག་ཤེས་རབ་ཀྱི་མིག་དང་བྲལ་བས་ཕྱིན་ཅི་ལོག་གི་བློ་ཅན་དུ་གྱུར་ཅིང་བདག་ཏུ་མངོན་པར་ཞེན་ནས་ལས་རྣམ་པ་སྣ་ཚོགས་བྱེད་པ་དེ་དག་ནི་འཁོར་བ་ན་ཡོངས་སུ་འཁྱམ་མོ། གང་དག་འཁོར་བ་ལ་གཅིག་ཏུ་མི་ཕྱོགས་ཤིང་སྙིང་རྗེ་ཆེན་པོ་དང་བྲལ་བ་དང༌། སེམས་ཅན་གྱི་དོན་དུ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་མི་བྱེད་ཀྱི། བདག་འདུལ་བ་འབའ་ཞིག་བྱེད་པའི་སེམས་ཅན་དེ་དག་ནི་ཐབས་མེད་པའི་ཕྱིར་ཉན་ཐོས་སམ་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལྟུང་ངོ༌། །གང་དག་འགྲོ་བ་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་ནས་ཀྱང་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་འགྲོ་བ་མཐའ་དག་གདོན་པར་དམ་བཅས་ནས། སྒྱུ་མ་མཁན་བཞིན་དུ་བློ་ཕྱིན་ཅི་ལོག་ཏུ་མ་གྱུར་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་ཡོངས་སུ་སྒྲུབ་པ་དེ་དག་ནི་དེ་བཞིན་གཤེགས་པའི་གོ་འཕང་བརྙེས་ནས་འཁོར་བ་ན་འགྲོ་བ་མ་ལུས་པ་ལ་ཕན་པ་དང་བདེ་བའི་རྣམ་པ་ཐམས་ཅད་ཡང་དག་པར་སྒྲུབ་ཅིང་བཞུགས་སོ། །དེ་དག་ཀྱང་ཡེ་ཤེས་ཀྱི་ཚོགས་ཀྱི་སྟོབས་ཀྱིས་ཉོན་མོངས་པ་མཐའ་དག་སྤངས་པས་འཁོར་བར་ཡང་མི་ལྟུང་ལ། སེམས་ཅན་ཐམས་ཅད་ལ་ལྟ་བས་བསོད་ནམས་ཀྱི་ཚོགས་རྒྱ་ཆེ་ཞིང་ཚད་མེད་པ་བསགས་པའི་དབང་གིས་ན་མྱ་ངན་ལས་འདས་པར་ཡང་མི་ལྟུང་ངོ༌།།


DTG110_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་ཡང་འགྱུར་རོ། །དེ་ལྟ་བས་ན་སེམས་ཅན་མཐའ་དག་ལ་ཕན་པ་དང་བདེ་བ་བསྐྱེད་པར་འདོད་པ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་དག་གིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་སྒྲུབ་པ་ལ་དུས་ཐམས་ཅད་དུ་མངོན་པར་བརྩོན་པར་བྱའོ་སྙམ་དུ་བསམ་མོ། དེ་སྐད་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཀྱང་བཀའ་སྩལ་ཏེ། ཡེ་ཤེས་ཀྱི་ཚོགས་ནི་ཉོན་མོངས་པ་མཐའ་དག་སྤོང་བར་འགྱུར་བ་ལགས་སོ། །བསོད་ནམས་ཀྱི་ཚོགས་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་དེ་ལྟ་ལགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བརྩོན་པར་བགྱིའོ་ཞེས་འབྱུང་ངོ༌། །འཕགས་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བའི་མདོ་ལས་ཀྱང་བཀའ་སྩལ་ཏེ། གང་དེ་བཞིན་གཤེགས་པ་རྣམས་འབྱུང་བ་དེ་ནི་རྒྱུ་གཅིག་པུ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་རྣམས་ནི་ཡང་དག་པར་འགྲུབ་པའི་རྒྱུ་ཚད་མེད་པ་འབུམ་ཕྲག་བཅུས་ཡང་དག་པར་འགྲུབ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་ས་མི་ངོམས་པ་ཡང་དག་པར་འགྲུབ་པའི་རྒྱུ་དང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་ངོ༌། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་བཀའ་སྩལ་ཏེ། ཀྱེ་གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་བསོད་ནམས་བརྒྱ་ལས་ངེས་པར་སྐྱེས་པའོ། །དགེ་བའི་ཆོས་ཐམས་ཅད་ལ་ངེས་པར་སྐྱེས་པའོ། །དགེ་བའི་ལས་ཚད་མེད་པ་ལས་ངེས་པར་སྐྱེས་སོ་ཞེས་བྱ་བ་ལ་སོས་པ་རྒྱ་ཆེར་འབྱུང་ངོ༌། །དེ་ལྟར་བྱས་ན་དལ་གྱིས་སྐྱིལ་མོ་ཀྲུང་བཤིག་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བཙལ་ནས་དེ་དག་ལ་མཆོད་པ་དང་བསྟོད་པ་བྱས་ལ། འཕགས་པ་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་ཆེན་པོ་གདབ་པོ། །དེ་ནས་སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་སྒྲུབ་པ་ལ་


DTG110_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་བརྩོན་པར་བྱའོ། །གང་ཞིག་སེམས་ཀྱི་རྣམ་པར་རྟོག་པས་བསྐྱེད་པའི་དགེ་བ་དང་མི་དགེ་བའི་ལས་ཀྱི་དབང་གིས་སེམས་ཅན་རྣམས་མཐོ་རིས་ལ་སོགས་པའི་འབྲས་བུ་མྱོང་ཞིང་འཁོར་བ་ན་འཁོར་རོ། །གང་དག་ཅི་ཡང་མི་སེམས་ཅི་ཡང་མི་བྱེད་པ་དེ་དག་ནི་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་ལྟ་བས་ན་ཅི་ཡང་མི་བསམ་མོ། སྦྱིན་པ་ལ་སོགས་པ་དགེ་བ་སྤྱད་པར་ཡང་མི་བྱའོ། །སྦྱིན་པ་ལ་སོགས་པ་སྤྱོད་པ་ནི་སྐྱེ་བོ་བླུན་པོའི་དབང་དུ་མཛད་ནས་བསྟན་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་ཤིང་དེ་སྐད་ཀྱང་སྨྲ་བ་དེས་ནི་ཐེག་པ་ཆེན་པོ་མཐའ་དག་སྤངས་པ་ཡིན་ནོ། །ཐེག་པ་ཆེན་པོ་ཐམས་ཅད་ཀྱི་རྩ་བ་ནི་ཐེག་པ་ཆེན་པོ་ཡིན་པས་དེ་སྤངས་ན་ཐེག་པ་ཐམས་ཅད་སྤངས་པར་འགྱུར་རོ། །འདི་ལྟར་ཅི་ཡང་མི་བསམ་མོ་ཞེས་སྨྲ་བ་ནི་ཡང་དག་པར་སོ་སོར་རྟོག་པའི་མཚན་ཉིད་ཀྱི་ཤེས་རབ་སྤངས་པར་འགྱུར་རོ། །ཡང་དག་པའི་ཡེ་ཤེས་ཀྱི་རྩ་བ་ནི་ཡང་དག་པར་སོ་སོར་རྟོག་པ་ཡིན་པས་ན་དེ་སྤངས་ན་རྩ་བ་བཅད་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ཤེས་རབ་སྤངས་པར་འགྱུར་རོ། །སྦྱིན་པ་ལ་སོགས་པ་དགེ་བ་སྤྱད་པར་མི་བྱའོ་ཞེས་སྨྲས་པས་ཀྱང་སྦྱིན་པ་ལ་སོགས་པ་ཐབས་ཤིན་ཏུ་ཟུར་ཕྱིན་པར་སྤངས་པ་ཡིན་ནོ། །མདོར་ན་འདི་ལྟ་སྟེ། ཐབས་དང་ཤེས་རབ་ནི་ཐེག་པ་ཆེན་པོའོ། །དེ་སྐད་འཕགས་པ་ག་ཡ་མགོའི་རི་ལས་ཀྱང་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་མདོར་བསྡུ་ན་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཐབས་དང༌། ཤེས་རབ་བོ་ཞེའོ། །འཕགས་པ་དེ་བཞིན་གཤེགས་པའི་གསང་བ་ལས་ཀྱང་བཀའ་སྩལ་ཏེ། ཐབས་དང་ཤེས་རབ་འདི་གཉིས་ཀྱིས་བྱང་ཆུབ་སེམས་དཔའི་ལམ་ཐམས་ཅད་བསྡུས་པར་འགྱུར་རོ་ཞེས་འབྱུང་སྟེ། དེའི་ཕྱིར་ཐེག་པ་ཆེན་པོ་སྤོང་བ་ནི་ལས་ཀྱི་སྒྲིབ་པ་ཆེན་པོ་བྱས་པར་འགྱུར་རོ། །དེ་ལྟ་བས་ན་ཐེག་པ་ཆེན་པོ་སྤོང་བ། ཐོས་པ་ཉུང་བ། བདག་གི་ལྟ་བ་མཆོག་ཏུ་འཛིན་པ། སྐྱེ་བོ་མཁས་པ་ལ་བསྙེན་བཀུར་མ་བྱས་པ། དེ་བཞིན་གཤེགས་པའི་གསུང་རབ་ཀྱི་ཚུལ་མ་རྟོགས་པ། བདག་ཕུང་བར་བྱས་ནས་གཞན་ཡང་ཕུང་བར་བྱེད་པ་རིགས་པ་དང་ལུང་དང་འགལ་བའི་དུག་གིས་བཏབ་པའི་ཚིག་ནི་མཁས་པ་བདག་ལ་ལེགས་སུ་


DTG110_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པས་ཟས་དུག་ཅན་བཞིན་དུ་རྒྱང་རིང་དུ་ཡོངས་སུ་སྤང་བར་བྱའོ། །དེ་ལྟར་དེས་ཡང་དག་པར་སོ་སོར་རྟོག་པ་སྤངས་ན་ཆོས་ཤིན་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བ་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་དམ་པ་ཁོ་ན་ཡང་སྤངས་པར་འགྱུར་རོ། །ཡང་དག་པར་སོ་སོར་རྟོག་པ་མེད་པར་རྣལ་འབྱོར་པས་ཐབས་གང་གིས་ཐོག་མ་མེད་པའི་དུས་ནས་གཟུགས་ལ་སོགས་པའི་དངོས་པོ་ལ་མངོན་པར་ཞེན་ཅིང་གོམས་པའི་སེམས་རྣམ་པར་མི་རྟོག་པ་ཉིད་ལ་རྣམ་པར་གཞག་པར་བྱ། གལ་ཏེ་ཆོས་ཐམས་ཅད་ལ་དྲན་པ་མེད་པ་དང༌། ཡིད་ལ་བྱེད་པ་མེད་པས་འཇུག་གོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། ཡང་དག་པར་སོ་སོར་རྟོག་པ་མེད་པར་ནི་ཉམས་སུ་མྱོང་བའི་ཆོས་ཐམས་ཅད་མི་དྲན་པར་བྱ་བ་དང༌། ཡིད་ལ་མི་བྱ་བར་བྱེད་མི་ནུས་སོ། །གལ་ཏེ་བདག་གིས་ཆོས་འདི་དག་དྲན་པར་མི་བྱའོ། །ཡིད་ལ་མི་བྱའོ་སྙམ་དུ་དེ་ལྟར་བསྒོམ་ཞིང་དེ་དག་ལ་དྲན་པ་མེད་པ་དང༌། ཡིད་ལ་བྱེད་པ་མེད་པ་བསྒོམ་པ་ནི་དེའི་ཚེ་དེས་དེ་དག་ཤིན་ཏུ་དྲན་པ་དང༌། ཤིན་ཏུ་ཡིད་ལ་བྱས་པར་འགྱུར་རོ། །ཅི་སྟེ་དྲན་པ་དང༌། ཡིད་ལ་བྱེད་པ་མེད་པ་ཙམ་ལ་དྲན་པ་མེད་པ་དང༌། ཡིད་ལ་བྱེད་པ་མེད་པ་སྐད་དུ་བྱ་ན། དེའི་ཚེ་དེ་གཉིས་རྣམ་པ་གང་གིས་མེད་པར་འགྱུར་བ་དེ་ཉིད་དཔྱད་དགོས་ཏེ། མེད་པ་ནི་རྒྱུར་རུང་བར་ཡང་མི་འགྱུར་ཏེ། གང་གིས་མཚན་མ་མེད་པ་དང༌། ཡིད་ལ་བྱེད་པ་མེད་པ་ལས་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར། དེ་ཙམ་གྱི་ཕྱིར་རྣམ་པར་མི་རྟོག་པར་འགྱུར་དུ་ཟིན་ན་ནི་བརྒྱལ་བ་ཡང་དྲན་པ་དང༌། ཡིད་ལ་བྱེད་པ་མེད་པས་རྣམ་པར་མི་རྟོག་པ་ཉིད་དུ་འཇུག་པར་འགྱུར་རོ། །ཡང་དག་པར་སོ་སོར་རྟོག་པ་མེད་པར་རྣམ་པ་གཞན་གྱིས་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པར་བྱ་བའི་ཐབས་གཞན་མེད་དོ། །དྲན་པ་མེད་པ་དང༌། ཡིད་ལ་བྱེད་པ་མེད་པར་གྱུར་དུ་ཟིན་ཀྱང་ཡང་དག་པར་སོ་སོར་རྟོག་པ་མེད་ན་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ལ་འཇུག་པར་ཇི་ལྟར་འགྱུར། ཆོས་རྣམས་ངོ་བོ་ཉིད་ཀྱིས་སྟོང་པར་གནས་པ་ཁོ་ན་ཡིན་དུ་ཟིན་ཀྱང་སོ་སོར་རྟོག་པ་དེ་མེད་ན་དེ་དག་གིས་སྟོང་པ་ཉིད་རྟོགས་པར་མི་འགྱུར་རོ། །སྟོང་པ་ཉིད་རྟོགས་པ་མེད་པས་ནི་སྒྲིབ་པ་སྤོང་བར་མི་འགྱུར་རོ། །དེ་ལྟར་གྱུར་དུ་ཟིན་


DTG110_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཐམས་ཅད་ཀྱང་དུས་ཐམས་ཅད་དུ་རང་ཐར་བར་འགྱུར་རོ། །ཡང་རྣལ་འབྱོར་པ་དེ་གལ་ཏེ་ཆོས་ཐམས་ཅད་ལ་དྲན་པ་ཉམས་པའམ། རྨོངས་པས་དྲན་པ་དང༌། ཡིད་ལ་བྱེད་པ་མི་འཇུག་ན་ནི་དེའི་ཚེ་ཤིན་ཏུ་རྨོངས་པ་ཡིན་པས་དེ་རྣལ་འབྱོར་པར་ཇི་ལྟར་འགྱུར། ཡང་དག་པར་སོ་སོར་རྟོག་པ་མེད་པར་དེ་ལ་དྲན་པ་མེད་པ་དང༌། ཡིད་ལ་བྱེད་པ་མེད་པ་གོམས་པར་བྱས་པས་གླེན་པ་ཉིད་གོམས་པར་བྱས་པ་ཡིན་ནོ། །དེའི་ཕྱིར་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་རྒྱང་རིང་དུ་བསྲིངས་པར་འགྱུར་རོ། །ཅི་སྟེ་དེ་དྲན་པ་ཉམས་པ་ཡང་མ་ཡིན། གླེན་པ་ཡང་མ་ཡིན་ན་ནི་དེའི་ཚེ་ཡང་དག་པར་སོ་སོར་རྟོག་པ་མེད་པར་ཇི་ལྟར་དྲན་པ་མེད་པ་དང༌། ཡིད་ལ་བྱེད་པ་མེད་པར་བྱེད་ནུས་པར་འགྱུར། དྲན་བཞིན་དུ་ཡང་མི་དྲན། མཐོང་བཞིན་དུ་ཡང་མི་མཐོང་ངོ་ཞེས་བྱར་མི་རུང་ངོ༌། །དྲན་པ་མེད་པ་དང༌། ཡིད་ལ་བྱེད་པ་མེད་པ་གོམས་པར་བྱས་ན་ཇི་ལྟར་སྔོན་གྱི་གནས་རྗེས་སུ་དྲན་པ་ལ་སོགས་པ་དང༌། སངས་རྒྱས་ཀྱི་ཆོས་ལ་སོགས་པར་འགྱུར་ཏེ། འགལ་བའི་ཕྱིར་དྲོ་བ་དང་འགལ་བ་དྲང་བ་བསྟེན་པའི་ཚེ་དྲོ་བ་རེག་པའི་ཚོར་བ་མི་འབྱུང་བ་བཞིན་ནོ། །ཡང་རྣལ་འབྱོར་པ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ་གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་ན་དེའི་ཚེ་དེས་གདོན་མི་ཟ་བར་ཅི་ཞིག་ལ་དམིགས་དགོས་ཏེ། སོ་སོའི་སྐྱེ་བོ་རྣམས་ཀྱི་ཤེས་པ་ནི་གློ་བུར་དུ་དམིགས་པ་མེད་པར་མི་འགྱུར་རོ། །ཅི་སྟེ་མེད་ན་ནི་དེའི་ཚེ་ཇི་ལྟར་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པར་རྟོགས་པར་འགྱུར། གཉེན་པོ་གང་གིས་ནི་ཉོན་མོངས་པ་སྤོང་བར་འགྱུར། བསམ་གཏན་བཞི་པ་མ་ཐོབ་པའི་སོ་སོའི་སྐྱེ་བའི་སེམས་ནི་འགོག་པར་འགྱུར་མི་སྲིད་དོ། །དེ་ལྟ་བས་ན་དམ་པའི་ཆོས་ལ་དྲན་པ་མེད་པ་དང༌། ཡིད་ལ་བྱེད་པ་མེད་པ་འབྱུང་བ་དེ་ཡང་ཡང་དག་པར་སོ་སོར་རྟོག་པ་སྔོན་དུ་འགྲོ་བ་ཡིན་པར་བལྟ་བར་བྱ་སྟེ། གང་གི་ཕྱིར་ཡང་དག་པར་སོ་སོར་རྟོག་པ་ཉིད་ཀྱིས་དྲན་པ་མེད་པ་དང༌། ཡིད་ལ་བྱེད་པ་མེད་པར་བྱེད་ནུས་ཀྱི་གཞན་དུ་མ་ཡིན་ཏེ། འདི་ལྟར་རྣལ་འབྱོར་པ་གང་གི་ཚེ་ཡང་དག་པའི་ཤེས་རབ་ཀྱིས་བརྟགས་ན་དོན་དམ་པར་ན་དུས་གསུམ་དུ་ཆོས་སྐྱེས་པ་གང་ཡང་མ་མཐོང་བ་དེའི་ཚེ་ཇི་ལྟར་ན་དྲན་པ་དང༌། ཡིད་ལ་བྱེད་པར་བྱ། དོན་དམ་པར་


DTG110_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ན་དུས་གསུམ་མེད་པའི་ཕྱིར་མྱོང་བ་མེད་པ་གང་ཡིན་པ་དེ་ཇི་ལྟར་དྲན་པར་བྱ། ཡིད་ལ་བྱེད་པར་བྱ། དེའི་ཕྱིར་དེ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ཞུགས་པ་ཡིན་ནོ། །དེ་ལ་ཞུགས་པས་སྟོང་པ་ཉིད་རྟོགས་པར་འགྱུར་རོ། །དེ་རྟོགས་པས་ལྟ་བ་ངན་པའི་དྲ་བ་མཐའ་དག་སྤངས་པར་འགྱུར་རོ། །ཐབས་དང་ལྡན་པའི་ཤེས་རབ་བསྟེན་པས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་ཡང་དག་པར་མཁས་པ་ཡིན་ནོ། །དེ་བས་ན་སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ལྟ་བས་ན་ཡང་དག་པར་སོ་སོར་རྟོག་པ་མེད་ན་ཡང་དག་པའི་ཡེ་ཤེས་འབྱུང་བར་ཡང་མི་འགྱུར། ཉོན་མོངས་པའི་སྒྲིབ་པ་སྤོང་བར་ཡང་མི་འགྱུར་རོ། །འཕགས་པ་འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་ཀྱང་བཀའ་སྩལ་ཏེ། བུ་མོ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཡུལ་ལས་རྣམ་པར་རྒྱལ་བ་ཡིན། གསོལ་པ། འཇམ་དཔལ་རྣམ་པར་བརྟགས་ན་ཆོས་ཐམས་ཅད་མི་དམིགས་པ་གང་ལགས་པའོ་ཞེས་འབྱུང་ངོ༌། །དེ་ལྟ་བས་ན་རྣལ་འབྱོར་པས་ཡེ་ཤེས་ཀྱི་མིག་ཕྱེ་ལ་ཤེས་རབ་ཀྱི་མཚོན་གྱིས་ཉོན་མོངས་པའི་དགྲ་རྣམས་ཕམ་པར་བྱ་སྟེ། འཇིགས་པ་མེད་པར་གནས་པའི་ཕྱིར་མི་སྔར་མ་བཞིན་དུ་མིག་འཛུམས་པར་མི་བྱའོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང་བཀའ་སྩལ་ཏེ། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེ་བརྟགས་གལ་ཏེ་བསྒོམ་པ་ནི། །དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞི་མི་འགྱུར། །ཞེས་འབྱུང་ངོ༌། །མདོ་ཀུན་ལས་བཏུས་པ་ལས་ཀྱང་འབྱུང་སྟེ། བདག་ལྷག་མཐོང་གི་སྦྱོར་བ་ལ་ཞུགས་པར་གནས་ཀྱང་གཞན་དག་ལྷག་མཐོང་གི་སྦྱོར་བ་ལ་མི་འཇུག་ན་བདུད་ཀྱི་ལས་སོ་ཞེས་འབྱུང་ངོ༌། །ལྷག་མཐོང་ནི་ཡང་དག་པར་སོ་སོར་རྟོག་པའི་ངོ་བོ་ཉིད་ཡིན་པར་འཕགས་པ་དཀོན་མཆོག་སྤྲིན་དང༌། དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་བཀའ་སྩལ་ཏོ། །འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་བཀའ་སྩལ་པ། ལྷག་མཐོང་གིས་བརྟགས་ནས་ངོ་བོ་ཉིད་མེད་པར་རྟོགས་པ་ནི་མཚན་མ་མེད་པ་ལ་འཇུག་པའོ་ཞེས་འབྱུང་ངོ༌། །འཕགས་པ་


DTG110_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ལང་ཀར་གཤེགས་པ་ལས་ཀྱང༌། བློ་གྲོས་ཆེན་པོ་གང་གི་ཕྱིར་བློས་བརྟགས་ན་རང་དང་སྤྱིའི་མཚན་མི་རྟོགས་ཏེ། དེས་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་བྱའོ་ཞེས་བཀའ་སྩལ་ཏོ། །གལ་ཏེ་ཡང་དག་པར་སོ་སོར་རྟོག་པ་ལ་མི་བྱ་ན། དེ་ལྟར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དེ་དང་དེ་དག་ལ་ཡང་དག་པར་སོ་སོར་རྟོག་པ་རྣམ་པ་དུ་མ་བཀའ་སྩལ་པ་དེ་དང་ཡང་འགལ་བར་འགྱུར་རོ། །དེ་ལྟ་བས་ན་བདག་ནི་ཤེས་རབ་ཆུང་ངུ༌། བརྩོན་འགྲུས་ཆུང་ངུ་སྟེ། མང་དུ་ཐོས་པ་ཡོངས་སུ་ཚོལ་མི་ནུས་སོ་ཞེས་དེ་སྐད་བྱ་བའི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པ་བསྔགས་པའི་ཕྱིར་དུས་ཐམས་ཅད་དུ་ཡང་དེ་སྤང་བར་ནི་མི་རིགས་སོ། །ཚངས་པས་ཞུས་པ་ལས་ཀྱང་བཀའ་སྩལ་ཏེ། གང་དག་བསམ་གྱིས་མི་ཁྱབ་པའི་ཆོས་རྣམས་ལ་སེམས་ཞུགས་པ་དེ་དག་ནི་ཚུལ་བཞིན་མ་ཡིན་པའོ་ཞེས་འབྱུང་ངོ༌། །དེ་ལ་གང་དག་དོན་དམ་པར་མ་སྐྱེས་པའི་ཆོས་རྣམས་ལ་སྐྱེ་བར་ཡོངས་སུ་བརྟགས་ཏེ། ཉན་ཐོས་ལ་སོགས་པ་བཞིན་དུ་དེ་དག་ལ་མི་རྟག་པ་དང་སྡུག་བསྔལ་གྱི་ཚུལ་དུ་སེམས་པར་བྱེད་པ་དེ་དག་ནི་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐའ་དེ་དག་ལ་སེམས་པ་འཇུག་པས་ཚུལ་བཞིན་མ་ཡིན་པར་འགྱུར་ཏེ། དེ་དགག་པའི་ཕྱིར་དེ་སྐད་བཀའ་སྩལ་གྱི། ཡང་དག་པར་སོ་སོར་རྟོག་པ་དེ་དགག་པར་ནི་མ་ཡིན་ཏེ། དེ་ནི་མདོ་སྟེ་ཀུན་ལས་ཀྱང་བཀའ་སྩལ་པའི་ཕྱིར་རོ། །དེ་སྐད་ཚངས་པས་ཞུས་པ་དེ་ཉིས་ལས་ཀྱང་བཀའ་སྩལ་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་པ། གང་ཆོས་ཐམས་ཅད་ལ་སེམས་ཀྱིས་སེམས་ཀྱང་དེར་མ་སྨྲས་མ་ཉམས་ན་དེའི་སླད་དུ་དེ་བྱང་ཆུབ་སེམས་དཔའ་ཞེས་བགྱི་ཞེས་འབྱུང་ངོ༌། །ཡང་དེ་ཉིད་ལས་ཇི་ལྟར་ན་བརྩོན་འགྲུས་དང་ལྡན་པ་ལགས། བཀའ་སྩལ་པ། གང་གི་ཚེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟགས་ནས་མ་དམིགས་པའོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་ཚུལ་བཞིན་དུ་ཆོས་ལ་སོ་སོར་རྟོག་པ་དེ་དག་ནི་བློ་གྲོས་དང་ལྡན་པ་ཡིན་ནོ། ཞེས་གསུངས་སོ། །ཡང་དེ་ཉིད་ལས་དེ་དག་ནི་ཆོས་རྣམས་ལ་སྒྱུ་མ་དང་སྨིག་རྒྱུ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་དོ་ཞེས་གསུངས་སོ། །དེ་ལྟར་གང་དང་གང་དུ་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཚིག་ཐོས་ན་དེ་


DTG110_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེར་ཐོས་པ་དང་བསམ་པ་ཙམ་ཁོ་ནས་དེ་ཁོ་ན་རྟོགས་པར་གང་དག་སེམས་པ་དེ་དག་གི་མངོན་པའི་ང་རྒྱལ་དགག་པའི་ཕྱིར་ཆོས་རྣམས་སོ་སོ་རང་གིས་རིག་པར་བྱ་བ་ཉིད་དུ་བསྟན་པར་བྱེད་དོ། །ཚུལ་བཞིན་མ་ཡིན་པའི་སེམས་པ་ཡང་དགག་པར་བྱེད་པར་ཁོང་དུ་ཆུད་པར་བྱའི། ཡང་དག་པར་སོ་སོར་རྟོག་པ་དེ་དགག་པར་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་རིགས་པ་དང་ལུང་ཤིན་ཏུ་མང་པོ་དང་འགལ་བར་འགྱུར་རོ་ཞེས་སྔར་བཤད་པ་བཞིན་ནོ། །ཡང་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་རྟོགས་པ་གང་ཡིན་པ་དེ་ཉིད་བསྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱི་བསྒོམ་པར་བྱའི། གཞན་དུ་ནི་མ་ཡིན་ཏེ། རྟ་དཀྱུས་ཀྱི་ས་བསྟན་ནས་རྒྱུག་པ་བཞིན་ནོ། །དེ་ལྟ་བས་ན་ཡང་དག་པར་སོ་སོར་བརྟག་པར་བྱའོ། །དེ་རམ་པར་རྟོག་པའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བར་འགྱུར་པས་ན་ཡེ་ཤེས་དེ་འདོད་པས་དེ་ལ་བརྟེན་པར་བྱའོ། །རྣམ་པར་མི་རྟོག་པའི་ཡང་དག་པའི་ཡེ་ཤེས་ཀྱི་མེ་བྱུང་ན་ཤིང་གཉིས་དྲུད་པ་ལས་མེ་བྱུང་བས་ཤིང་དེ་གཉིས་བསྲེགས་པ་བཞིན་དུ་དེ་ཡང་ཕྱིས་དེ་གཉིས་ཀྱིས་བསྲེག་པར་འགྱུར་རོ་ཞེས་འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་བཀའ་སྩལ་ཏོ། །ཡང་དགེ་བ་ལ་སོགས་པའི་ལས་ཅི་ཡང་མི་བྱའོ་ཞེས་ཟེར་བ་དེ་ནི་དེ་སྐད་སྨྲ་བས་ལས་ཟད་ནས་གྲོལ་བར་འགྱུར་རོ་ཞེས་མུ་སྟེགས་ཅན་ཀུན་ཏུ་ཚོལ་བའི་སྨྲ་བ་ཁས་བླངས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱི་གསུང་རབ་ལ་ཉོན་མོངས་པ་ཟད་ནས་གྲོལ་བར་འགྱུར་གྱི། ལས་ཟད་ནས་གྲོལ་བར་འགྱུར་བ་མེད་དོ། །ཐོག་མ་མེད་པ་ནས་བསགས་པའི་ལས་ཟད་པར་བྱ་མི་ནུས་ཏེ། དེ་ནི་མཐའ་ཡས་པའི་ཕྱིར་རོ། །ངན་སོང་ལ་སོགས་པ་ཡང་དེའི་འབྲས་བུ་ལ་སྤྱོད་པའི་ཚེ་ལས་གཞན་དག་ཀྱང་འབྱུང་སྟེ། ཉོན་མོངས་པ་མེད་པར་མ་གྱུར་ཏེ་དེ་རྒྱུར་གནས་ན་ལས་དགག་པར་མི་ནུས་པའི་ཕྱིར་མར་མེ་མ་འགགས་ན་དེའི་འོད་མི་འགག་པ་བཞིན་ནོ། །ལྷག་མཐོང་ལ་སྐུར་བ་འདེབས་པ་དེའི་ཉོན་མོངས་པ་ཟད་པར་འགྱུར་མི་སྲིད་དོ་ཞེས་སྔར་བཤད་པ་ཡིན་ནོ། །ཅི་སྟེ་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་ལྷག་མཐོང་ལ་བརྟེན་པར་བྱའོ་སྙམ་དུ་


DTG110_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ན་ནི་དེའི་ཚེ་ཉོན་མོངས་པ་ཟད་པ་ཉིད་ཀྱིས་གྲོལ་བར་འགྲུབ་སྟེ། ལས་ཟད་པར་བྱ་བའི་ཚིག་དོན་མེད་པར་འགྱུར་རོ། །མི་དགེ་བའི་ལས་མི་བྱའོ་ཞེས་ཟེར་བ་དེ་ནི་རིགས་ན། དགེ་བ་ཅི་སྟེ་དགག །གལ་ཏེ་འཁོར་བར་བྱེད་པས་དགག་པ་སྐད་དུ་བྱས་ན་ཡང་དེ་ནི་མི་རུང་སྟེ། བདག་ལ་སོགས་པར་ཕྱིན་ཅི་ལོག་གི་ཀུན་ནས་བསླང་བའི་དགེ་བའི་ལས་གང་ཡིན་པ་དེ་ཉིད་འཁོར་བར་བྱེད་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་སྙིང་རྗེ་ཆེན་པོས་ཀུན་ནས་བསླང་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡང་འཁོར་བར་བྱེད་པ་མ་ཡིན་ནོ། །དེ་སྐད་འཕགས་པ་ས་བཅུ་པ་ལས་ཀྱང་བཀའ་སྩལ་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་དེ་དག་ཉིད་བསྔོ་བ་ལ་སོགས་པ་ཡོངས་སུ་སྦྱང་བ་བྱས་པའི་བྱེ་བྲག་གིས་ནི་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། སངས་རྒྱས་ཉིད་སྒྲུབ་པར་བྱེད་དོ་ཞེས་འབྱུང་ངོ༌། །འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང༌། ཆུ་ཀླུང་ཆེན་པོ་ཐམས་ཅད་རྒྱ་མཚོ་ཆེན་པོར་ཞུགས་པའི་ཆུའི་ཕུང་པོ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་སྒོ་སྣ་ཚོགས་ནས་དགེ་བ་བསགས་པ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་རོ་གཅིག་པ་ཉིད་དུ་འགྱུར་རོ་ཞེས་གསུངས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་ཀྱི་སྐུ་དང༌། ཞིང་ཡོངས་སུ་དག་པ་དང༌། འོད་དང༌། འཁོར་དང༌། ལོངས་སྤྱོད་ཆེན་པོ་ལ་སོགས་པ་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ནི་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་ཉིད་ཡིན་པར་མདོ་སྡེ་དང་དེ་དང་དེ་དག་ཏུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་དང་ཡང་འགལ་བར་འགྱུར་རོ། །དགེ་བ་སྤྱོད་པ་བཀག་པས་ནི་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པ་ཡང་བཀག་པར་འགྱུར་ཏེ། དེའི་ཕྱིར་དེའི་མགོ་བོ་དང་ཁ་སྤུ་བྲེགས་པ་དང་ཆོས་གོས་ངུར་སྨྲིག་བཅང་བ་ལ་སོགས་པ་ཡང་དོན་མེད་པར་འགྱུར་རོ། །དགེ་བའི་ལས་མངོན་པར་འདུ་བྱ་བ་ལ་མི་ཕྱོགས་པར་གྱུར་ན་འཁོར་བ་ལ་མི་ཕྱོགས་པ་དང༌། སེམས་ཅན་གྱི་དོན་བྱ་བ་ལ་མི་ཕྱོགས་པ་ཀུན་ཏུ་བསྟེན་པར་འགྱུར་ཏེ། དེའི་ཕྱིར་དེའི་བྱང་ཆུབ་ཀྱང་རྒྱང་བསྲིངས་པར་འགྱུར་རོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་


DTG110_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་ཏེ། སེམས་ཅན་གྱི་དོན་བྱ་བ་ལ་ཤིན་ཏུ་མི་ཕྱོགས་པ་དང༌། འདུ་བྱེད་པ་མངོན་པར་འདུ་བྱ་བ་ལ་ཤིན་ཏུ་མི་ཕྱོགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངས་ལུང་མ་བསྟན་ཏོ་ཞེས་བཀའ་སྩལ་ཏོ། །འཕགས་པ་ཉེ་བ་འཁོར་གྱིས་ཞུས་པ་ལས་ཀྱང༌། འཁོར་བ་ལ་མི་ཕྱོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆལ་པའི་ཚུལ་ཁྲིམས་མཆོག་ཡིན་ནོ་ཞེས་བསྟན་ཏོ། །འཁོར་བ་ཡོངས་སུ་འཛིན་པ་ནི་ཚུལ་ཁྲིམས་ཀྱི་མཆོག་ཡིན་ནོ་ཞེས་གསུངས་སོ། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་ཐབས་ཀྱིས་ཟིན་པའི་འཁོར་བར་འགྲོ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐར་པའོ། །ཐབས་དང་བྲལ་བའི་ཤེས་རབ་ནི་འཆིང་བའོ། །ཤེས་རབ་དང་བྲལ་བའི་ཐབས་ཀྱང་འཆིང་བའོ། །ཤེས་རབ་དང་བཅས་པའི་ཐབས་ནི་ཐར་པའོ། །ཐབས་དང་བཅས་པའི་ཤེས་རབ་ཀྱང་ཐར་པའོ་ཞེས་བཀའ་སྩལ་ཏོ། །འཕགས་པ་ནམ་མཁའ་མཛོད་ལས་ཀྱང༌། འཁོར་བར་ཡོངས་སུ་སྐྱོ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་སོ་ཞེས་གསུངས་སོ། །མདོ་ཀུན་ལས་བཏུས་པ་ལས་ཀྱང་འདུས་མ་བྱས་པ་ལ་ཡང་སོ་སོར་རྟོག་ལ། འདུས་བྱས་ཀྱི་དགེ་བས་ཀྱང་ཡོངས་སུ་སྐྱོ་བ་ནི་བདུད་ཀྱི་ལས་སོ། །བྱང་ཆུབ་ཀྱི་ལམ་ཡང་རབ་ཏུ་ཤེས་ལ་ཕ་རོལ་ཏུ་ཕྱིན་པའི་ལམ་ཡང་ཡོངས་སུ་མི་ཚོལ་བ་ནི་བདུད་ཀྱི་ལས་སོ་ཞེས་བསྟན་ཏོ། །ཡང་དེ་ཉིད་ལས། སྦྱིན་པ་ལ་སེམས་མངོན་པར་ཞེན་པ་ནས་ཤེས་རབ་ཀྱི་བར་ལ་སེམས་མངོན་པར་ཞེན་པ་ནི་བདུད་ཀྱི་ལས་སོ་ཞེས་བཤད་པ་དེ་ལ་སྦྱིན་པ་ལ་སོགས་པ་བསྟེན་པ་དགག་པ་ནི་མ་ཡིན་གྱི། ངར་འཛིན་པ་དང༌། ང་ཡིར་འཛིན་པ་ལ་སེམས་མངོན་པར་ཞེན་པ། གཟུང་བ་དང་འཛིན་པ་ལ་སེམས་མངོན་པར་ཞེན་པ། དམིགས་པ་ཅན་གྱི་སྦྱིན་པ་ལ་སོགས་པ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་གང་ཡིན་པ་དེ་དགག་པ་སྟེ། ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་ཀུན་ནས་བསླང་བའི་སྦྱིན་པ་ལ་སོགས་པ་ཡོངས་སུ་དག་པར་མི་འགྱུར་ཏེ་བདུད་ཀྱི་ལས་སོ་ཞེས་བཤད་དོ། །དེ་ལྟ་མ་ཡིན་ན་བསམ་གཏན་ཡང་བསྟེན་པར་བྱ་བ་མ་ཡིན་པར་འགྱུར་རོ། །དེ་ལྟར་གྱུར་ན་ཐར་པར་


DTG110_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཇི་ལྟར་འགྱུར། དེའི་ཕྱིར་ན་དམིགས་པ་ཅན་སྣ་ཚོགས་སུ་འདུ་ཤེས་པས་སྦྱིན་པ་བྱིན་པ་ལ་སོགས་པ་གང་ཡིན་པ་དེ་ནི་ཡོངས་སུ་དག་པ་མ་ཡིན་པར་བསྟན་པའི་ཕྱིར་འཕགས་པ་ནམ་མཁའ་མཛོད་ལས་ཀྱང༌། སེམས་ཅན་ཕྱིན་ཅི་ལོག་གི་ལས་སྣ་ཚོགས་ལ་སོགས་པའི་འདུ་ཤེས་ཅན་གྱི་སྦྱིན་པ་ལ་སོགས་པ་ནི་བདུད་ཀྱི་ལས་སོ་ཞེས་བཤད་དོ། །ཕུང་པོ་གསུམ་པའི་ཡོངས་སུ་བསྔོ་བ་ལས་ཀྱང་བཀའ་སྩལ་པ། གང་བདག་གིས་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་མཉམ་པ་ཉིད་དུ་མ་འཚལ་ནས་དམིགས་པར་ལྟུང་བས་སྦྱིན་པ་ལ་བརྩལ་བ་དང༌། ཚུལ་ཁྲིམས་མཆོག་ཏུ་འཛིན་པས་ཚུལ་ཁྲིམས་སྲུང་བ་དང༌། བདག་དང་གཞན་དུ་འདུ་ཤེས་པས་བཟོད་པ་བསྒོམས་པ་ལ་སོགས་པ་གང་ལག་པ་དེ་དག་ཐམས་ཅད་སོ་སོར་བཤགས་པར་བགྱིའོ་ཞེས་འབྱུང་བ་གང་ཡིན་པ་དེ་ལ་ཡང་དམིགས་པ་ཅན་སྣ་ཚོགས་སུ་འདུ་ཤེས་པ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་ཀུན་ནས་བསླང་བའི་ཕྱིར་སྦྱིན་པ་ལ་སོགས་པ་ཡོངས་སུ་དག་པ་མ་ཡིན་པ་ཙམ་གྱི་ཕྱིར་བཤད་ཀྱི། དུས་ཐམས་ཅད་དུ་སྦྱིན་པ་ལ་སོགས་པ་ལ་བསྟེན་པ་དགག་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་དམིགས་པ་ཅན་ཕྱིན་ཅི་ལོག་ཏུ་གྱུར་པ་འབའ་ཞིག་གི་མ་ཡིན་ན་སྦྱིན་པ་ལ་སོགས་པ་ཐམས་ཅད་བྱེ་བྲག་མེད་པར་དགག་པར་འགྱུར་རོ། །ཚངས་པས་ཞུས་པ་ལས་ཀྱང༌། སྤྱོད་པ་ཇི་སྙེད་པ་དེ་དག་ཐམས་ཅད་ནི་ཡོངས་སུ་རྟོགས་པའོ། །ཡོངས་སུ་མི་རྟོག་པ་ནི་བྱང་ཆུབ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པ་དེ་ལ་ཡང་སྐྱེ་བ་ལ་སོགས་པར་རྣམ་པར་རྟོག་པའི་སྐབས་ཡིན་པས་དེ་ནི་ཡོངས་སུ་རྟོགས་པ་ཉིད་དུ་བཤད་ཀྱི། མཚན་མ་མེད་པར་གནས་ཤིང་མངོན་པར་འདུ་བྱ་བ་མེད་པར་འཇུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ལུང་བསྟན་པ་ཡིན་ཏེ། གཞན་དུ་མ་ཡིན་ནོ་ཞེས་དེ་ཙམ་དུ་བསྟན་ཏེ། སྦྱིན་པ་ལ་སོགས་པ་ཐམས་ཅད་ལ་དོན་དམ་པར་ན་མ་སྐྱེས་པར་ཡོངས་སུ་བསྟན་གྱི། སྤྱོད་པར་མི་བྱ་བ་ནི་བཀའ་མ་སྩལ་ཏོ། །དེ་ལྟ་མ་ཡིན་ན་མར་མེ་མཛད་ཀྱི་སྔ་ལོགས་སུ་སངས་རྒྱས་གང་དག་ལ་བཅོམ་ལྡན་འདས་ཀྱིས་བསྙེན་བཀུར་མཛད་པ་དེ་དག་གི་མཚན་བཅོམ་


DTG110_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་བསྐལ་པར་ཡང་བརྗོད་པར་མི་སྤྱོད་པ་དེ་དག་གིས་ཀྱང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་གནས་སྐབས་ན་བཞུགས་པའི་སྤྱོད་པ་ཅིའི་ཕྱིར་དགག་པ་མ་མཛད། མར་མེ་མཛད་ཀྱིས་ཀྱང་དེའི་ཚེ་བཅོམ་ལྡན་འདས་ཀྱི་སྤྱོད་པ་དགག་པར་མ་མཛད་པ་ཁོ་ན་སྟེ། གང་གི་ཚེ་ས་བརྒྱད་པ་ལ་གནས་ཤིང་ཞི་བ་མཚན་མ་མེད་པ་ལ་གནས་པ་དེ་གཟིགས་ནས་དེའི་ཚེ་བཅོམ་ལྡན་འདས་ལུང་བསྟན་གྱི། དེ་ན་དེའི་སྤྱོད་པ་བཀག་པ་ནི་མ་ཡིན་ནོ། །ས་བརྒྱད་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་མ་མེད་པར་གནས་པ་མཆོག་དེ་ནི་དེ་དག་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་དུ་འོང་ངོ་ཞེས་ས་བཅུ་ལས་སངས་རྒྱས་རྣམས་ཀྱིས་དགག་པ་མཛད་དོ། །གལ་ཏེ་རྣམ་པ་ཐམས་ཅད་དུ་སྤྱོད་པ་དེ་མི་བྱ་བར་གྱུར་ན་ནི་སྔར་བརྗོད་པ་ཐམས་ཅད་དང་ཡང་འགལ་བར་འགྱུར་རོ། །ཡང་ཚངས་པས་ཞུས་པ་དེ་ཉིད་ལས་གསུངས་པ། སྦྱིན་པ་ཡང་སྦྱིན་ལ་དེའི་རྣམ་པར་སྨིན་པ་ལ་ཡང་མི་རེལ་། ཚུལ་ཁྲིམས་ཀྱང་བསྲུང་བ་དེ་ཡང་སྒྲོ་འདོགས་པས་མ་ཡིན་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །ཚངས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པ་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་པ་ཡིན་ནོ། །བཞི་པོ་དེ་དག་གང་ཞེ་ན། འཁོར་བ་དཔག་ཏུ་མེད་པ་ཡོངས་སུ་འཛིན་པ་དང༌། སངས་རྒྱས་དཔག་ཏུ་མེད་པ་ལ་རིམ་གྲོ་དང་མཆོད་པ་དཔག་ཏུ་མེད་པ་བྱེད་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཐམས་ཅད་དང་འགལ་ལོ། དབང་པོ་རྟུལ་པོ་ཁོ་ནས་སྤྱོད་པར་བྱའི། དབང་པོ་རྣོན་པོས་མི་བྱའོ་ཞེས་བརྗོད་པར་མི་རུང་སྟེ། འདི་ལྟར་ས་དང་པོ་ནས་བཟུང་སྟེ་ས་བཅུ་པའི་བར་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ལ་སོགས་པའི་སྤྱོད་པ་རྣམས་འབྱུང་ཞིང་ལྷག་མ་རྣམས་ཀྱང་ཀུན་ཏུ་མི་སྤྱོད་པ་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །སར་ཆུད་པ་རྣམས་དབང་པོ་རྟུལ་པོ་ཞེས་བྱ་བར་ཡང་མི་རུང་སྟེ། འཕགས་པ་ཉེ་བ་འཁོར་གྱིས་ཞུས་པ་ལས་ཀྱང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ལ་གནས་པ་ཉིད་ཀྱིས་གཏོང་བ་དང༌། གཏོང་བ་ཆེན་པོ་དང༌། རབ་ཏུ་གཏོང་བ་དག་བྱའོ་ཞེས་བཀའ་སྩལ་ཏོ། །མདོ་ཀུན་ལས་བཏུས་པ་ལས་ཀྱང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་


DTG110_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ཡིན་ནོ་ཞེས་བསྔགས་ཏེ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ལས་མགྱོགས་པ་ནི་གཞན་མེད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། ས་བཅུ་མ་གཏོགས་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤིན་ཏུ་མྱུར་བར་འཇུག་པའི་ལམ་གཞན་ནི་མེད་དོ། །དེས་སེམས་ཀྱི་རྒྱུད་འདག་པ་བཞིན་དུ་རིམ་གྱིས་འདག་པར་འགྱུར་རོ་ཞེས་མདོ་སྡེ་ལས་ཀྱང་བཀའ་སྩལ་ཏོ། །འཕགས་པ་ལང་ཀར་གཤེགས་པ་དང༌། ས་བཅུ་ལ་སོགས་པ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་གང་གི་ཚེ་དེ་བཞིན་ཉིད་ལ་གནས་པར་གྱུར་པ་དེའི་ཚེ་ས་དང་པོར་ཆུད་པ་ཡིན་ཏེ། དེ་ནས་རིམ་གྱིས་ས་གོང་མ་རྣམས་ཡོངས་སུ་སྦྱངས་ནས་དེ་བཞིན་གཤེགས་པའི་ས་ལ་འཇུག་གོ་ཞེས་བཀའ་སྩལ་པ་སྟེ། དེའི་ཕྱིར་ས་དང་ཕ་རོལ་ཏུ་ཕྱིན་པ་ལས་མ་གཏོགས་པར་སངས་རྒྱས་ཉིད་ཀྱི་གྲོང་ཁྱེར་དུ་ཅིག་ཅར་འཇུག་པའི་སྒོ་གཞན་ནི་མེད་དེ། བཅོམ་ལྡན་འདས་ཀྱིས་ཀྱང་མདོ་སྡེ་ལ་སོགས་པ་གང་ལས་ཀྱང་བཀའ་མ་སྩལ་ཏོ། །གལ་ཏེ་བསམ་གཏན་ཉིད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་འདུས་པས་ན་དེ་བསྟེན་པས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བསྟེན་པར་འགྱུར་ཏེ། དེའི་ཕྱིར་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གཞན་སོ་སོར་བསྟེན་མི་དགོས་པ་སྐད་དུ་བྱ་ན་ཡང༌། དེ་མི་རུང་སྟེ་དེ་ལྟར་གྱུར་དུ་ཟིན་ན་སངས་རྒྱས་ལ་བ་ལང་གི་ལྕི་བའི་དཀྱིལ་འཁོར་བྱས་པའི་ནང་དུ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་འདུས་པས་ན་དཀྱིལ་འཁོར་འབའ་ཞིག་བྱའི། བསམ་གཏན་ལ་སོགས་པ་མི་བྱ་བར་འགྱུར་རོ། །ཉན་ཐོས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་ལ་ཡང་མཚན་མ་ལ་སོགས་པ་ཀུན་ཏུ་མི་འབྱུང་བའི་ཕྱིར་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་ཏེ། དེའི་ཕྱིར་ཉན་ཐོས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་བྱེ་བྲག་མེད་པར་བསྟན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་གནས་སྐབས་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བར་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རེ་རེར་ཡང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པར་བཀའ་སྩལ་གྱི། ཕ་རོལ་ཏུ་ཕྱིན་པ་གཅིག་


DTG110_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ཞིག་བསྟེན་པར་ནི་མ་གསུངས་སོ། །དེ་སྐད་འཕགས་པ་ཆོས་ཐམས་ཅད་ཤིན་ཏུ་རྒྱས་པ་ལས་ཀྱང་བཀའ་སྩལ་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བསྒྲུབས་པ་འདི་ནི་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་ཡིན་ན། དེ་ལ་ཡང་མི་བླུན་པོ་དག་འདི་སྐད་དུ་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་བྱའི། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱིས་ཅི་ཞིག་བྱ་ཞེས་ཟེར་ཞིང༌། དེ་དག་ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་སུན་འབྱིན་པར་སེམས་སོ། །མ་ཕམ་པ་འདི་ཇི་སྙམ་དུ་སེམས། ཀ་ཤིའི་རྒྱལ་པོར་གྱུར་པ་གང་ཡིན་པ་དེས། ཕུག་རོན་གྱི་ཕྱིར་རང་གི་ཤ་ཁྲ་ལ་བྱིན་པ་དེ་ཤེས་རབ་འཆལ་པ་ཡིན་ནམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་གང་དག་བསགས་པའི་དགེ་བའི་རྩ་བ་དེ་དག་གིས་གནོད་པར་གྱུར་ཏམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཕམ་པ་ཁྱོད་ཀྱིས་ཀྱང་བསྐལ་པ་དྲུག་ཅུར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས། དེ་བཞིན་དུ་བསྐལ་པ་དྲུག་ཅུར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དག་པར་བསྒྲུབས་ན། དེ་ལ་མི་བླུན་པོ་དག་འདི་སྐད་ཅེས་ཚུལ་གཅིག་ཁོ་ནས་བྱང་ཆུབ་སྟེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ཚུལ་གྱིས་སོ་ཞེས་ཟེར་ཏེ། དེ་དག་ནི་སྤྱོད་པ་ཡོངས་སུ་མ་དག་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །སྟོང་པ་ཉིད་འབའ་ཞིག་བསྟེན་ན་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པའི་མཐར་ལྟུང་བར་འགྱུར་རོ། །དེའི་ཕྱིར་ན་ཐབས་དང་བཅས་པའི་ཤེས་རབ་བསྟེན་པར་བྱའོ། །དེ་ལྟ་བས་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་མདོ་ཀུན་ལས་བཏུས་པ་ལས་བཤད་པ། ཐབས་མཁས་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་ཆོས་ཟབ་མོ་ཉིད་ལ་མངོན་པར་བརྩོན་པར་མི་བྱའོ་ཞེས་འབྱུང་ངོ༌། །འདིར་ཡང་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལ་སོགས་པ་ཁུངས་བསྟན་ཅིང་བཤད་ཀྱི། དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་


DTG110_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་སྔ་ནས་ཀྱི་བཀའ་ནི་མ་ཡིན་ནོ། །རིགས་པ་དང་ལུང་དུ་ལྡན་པ་དང༌། བཅོམ་ལྡན་འདས་ཀྱི་གསུང་རབ་བཏང་ལ། མཁས་པ་རྟོག་པ་དང་ལྡན་པས་འགྲོ་བ་བླུན་པོ་གཞན་གྱི་ཚིག་བཟུང་བ་མི་རིགས་སོ། །འཕགས་པ་གཙུག་ན་རིན་པོ་ཆེ་ལས་ཀྱང༌། སྦྱིན་པ་ལ་སོགས་པ་དགེ་བ་མཐའ་དག་དང་ལྡན་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་བསྒོམ་པར་བྱའོ་ཞེས་གསུངས་ཏེ། སྟོང་པ་ཉིད་འབའ་ཞིག་ནི་མ་ཡིན་ནོ། །འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་བཀའ་སྩལ་ཏེ། འོད་སྲུངས་འདི་ལྟ་སྟེ་དཔེར་ན། བློན་པོས་ཟིན་པའི་རྒྱལ་པོ་རྣམས་དགོས་པ་ཐམས་ཅད་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་ཐབས་མཁས་པས་ཟིན་པ་ཡང་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་དོ་ཞེས་འབྱུང་ངོ༌། །དེ་བས་ན་སྟོང་པ་ཉིད་འབའ་ཞིག་བསྟེན་ན་མྱ་ངན་ལས་འདས་པ་ལ་འཇུག་པར་འགྱུར་དུ་འོང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། གཅིག་ཏུ་སེམས་དམིགས་པ་མེད་པར་མི་བྱའི། ཐབས་ལ་མཁས་པ་ལ་ཡང་བརྟེན་པར་བྱའོ་ཞེས་གསུངས་སོ། །དེ་བསྟན་པའི་ཕྱིར་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མེ་ནི་རྒྱུ་ལས་འབར་ཏེ། རྒྱུ་མེད་ན་ཞི་བར་འགྱུར་རོ། །དེ་བཞིན་དུ་དམིགས་པ་ལ་སེམས་འབར་གྱི། དམིགས་པ་མེད་ན་སེམས་ཞི་བར་འགྱུར་རོ། །དེ་ལ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་དམིགས་པ་ཉེ་བར་ཞི་བར་ཡང་ཤེས་ལ་དགེ་བའི་རྩ་བ་ལ་དམིགས་པ་ཡང་ཞི་བར་མི་བྱེད། ཉོན་མོངས་པ་ལ་དམིགས་པ་ཡང་འབྱུང་བར་མི་བྱེད་ལ། ཕ་རོལ་ཏུ་ཕྱིན་པའི་དམིགས་པ་ལ་ཡང་འཇོག་པར་བྱེད། སྟོང་པ་ཉིད་དུ་དམིགས་པ་ལ་ཡང་སོ་སོར་རྟོག་ལ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་དམིགས་པ་ཡང་བལྟའོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་པས་དམིགས་པ་ལ་དབང་ཐོབ་པོ་ཞེས་རྒྱ་ཆེར་གསུངས་ནས། ཡང་བཀའ་སྩལ་པ། དེ་ལྟར་ན་བྱང་ཆུབ་སེམས་དཔའི་དམིགས་པ་གང་ཅི་ཡང་རུང༌། དེ་ཐམས་ཅད་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་བསྒྲུབ་པའི་ཕྱིར་མི་གནས་པ་


DTG110_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོ། །བྱང་ཆུབ་སེམས་དཔའ་གང་དམིགས་པ་ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་སྟེ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་རྗེས་སུ་སོང་བར་མཐོང་ངོ༌། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གང་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དུ་མི་འགྱུར་བ་དེ་མེད་དོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཡང་དམིགས་པ་གང་ཅི་ཡང་རུང༌། བྱང་ཆུབ་ལ་ཕན་འདོགས་པར་གྱུར་པ་མ་ཡིན་པར་མཐོང་བ་མེད་དོ་ཞེས་རྒྱ་ཆེར་འབྱུང་ངོ༌། །དེ་བཞིན་དུ་མདོ་སྡེ་མཐའ་ཡས་པ་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་དང་ཤེས་རབ་ཀྱི་ཚུལ་སྒྲུབ་པ་བསྟན་ཏོ། །དེ་ལ་བདག་ཉིད་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ལ་བརྩོན་འགྲུས་རྩོམ་མི་ནུས་སུ་ཟིན་ཀྱང༌། གཞན་དག་ལ་དེ་སྐད་དུ་བསྟན་པ་ནི་མི་རིགས་སོ། །དེ་ལྟར་བྱས་ན་བདག་དང་གཞན་ལ་འཁུ་བ་བྱས་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཅི་ནས་ཀྱང་ཡང་དག་པར་སོ་སོར་བརྟག་པར་བྱ་ཞིང་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་མཐའ་དག་བསྒྲུབ་པར་བྱ་ཞེས་རིགས་པ་དང་ལུང་གིས་བསྟན་པ་ཡིན་ནོ། །དེའི་ཕྱིར་རྟོག་པ་དང་ལྡན་པས་ཐོས་པ་ཉུང་བ་མངོན་པའི་ང་རྒྱལ་ཅན་རྣམས་ཀྱི་ཚིག་དུག་བཞིན་དུ་སྤངས་ལ། སློབ་དཔོན་ཀླུ་སྒྲུབ་ལ་སོགས་པ་སྐྱེ་བོ་མཁས་པའི་ཚིག་བདུད་རྩིའི་རྗེས་སུ་འཇུག་པས་སེམས་ཅན་མཐའ་དག་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས། སྒྱུ་མ་མཁན་བཞིན་དུ་ཕྱིན་ཅི་ལོག་ཏུ་མ་གྱུར་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་སྦྱིན་པ་ལ་སོགས་པའི་དགེ་བའི་སྤྱོད་པ་མཐའ་དག་དང༌། འགྲོ་བ་མ་ལུས་པ་གདོན་པ་ལ་མངོན་པར་བརྩོན་པར་བྱ་སྟེ། ཇི་སྐད་དུ་འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས། དཔེར་ན་སྒྱུ་མའི་མཁན་པོ་ཞིག །སྤྲུལ་པ་ཐར་བར་བྱ་ཕྱིར་བརྩོན། །དེས་ནི་སྔ་ནས་དེ་ཤེས་པས། །སྤྲུལ་པ་དེ་ལ་ཆགས་པ་མེད། །སྲིད་གསུམ་སྤྲུལ་པ་འདྲ་བར་ནི། །རྫོགས་པའི་བྱང་ཆུབ་མཁས་པས་ཤེས། །འགྲོ་བའི་ཆེད་དུ་གོ་བགོས་ཏེ། །འགྲོ་བ་དེ་ལྟར་སྔ་ནས་ཤེས། །ཞེས་འབྱུང་བ་ལྟ་བུའོ། །དེ་ལྟར་ཐབས་དང་ཤེས་རབ་


DTG110_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་གུས་པར་བྱ་སྟེ། གོམས་པར་བྱས་པ་དེའི་སེམས་ཀྱི་རྒྱུད་རིམ་གྱིས་ཡོངས་སུ་སྨིན་པ་ན་གོང་ནས་གོང་དུ་ཤིན་ཏུ་རྣམ་པར་དག་པའི་སྐད་ཅིག་འབྱུང་བས་ཡང་དག་པའི་དོན་ལ་བསྒོམ་པ་རབ་ཀྱི་མཐར་ཕྱིན་པར་གྱུར་ན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྟོག་པའི་དྲ་བ་མཐའ་དག་དང་བྲལ་བ། ཆོས་ཀྱི་དབྱིངས་ཤིན་ཏུ་གསལ་བར་རྟོགས་པ། དྲི་མ་མེད་ཅིང་མི་གཡོ་བ་རླུང་མེད་པའི་མར་མེ་དང་འདྲ་བ་འབྱུང་སྟེ། དེའི་ཚེ་དངོས་པོའི་མཐའ་ལ་དམིགས་པ་ཐོབ་པར་འགྱུར་རོ། །ས་དང་པོ་ཡང་ཐོབ་པ་ཡིན་ནོ། །མཐོང་བའི་ལམ་ལ་ཡང་ཞུགས་པ་ཡིན་ནོ། །དེ་དེའི་གོང་མའི་ས་རྣམས་ཡོངས་སུ་སྦྱངས་ནས་རིམ་གྱིས་གསེར་བཞིན་དུ་སྒྲིབ་པ་བསགས་པ་མ་ལུས་པ་མེད་པར་འགྱུར་ལ། ཆགས་པ་མེད་པ་དང༌། ཐོགས་པ་མེད་པའི་ཡེ་ཤེས་ཐོབ་ནས་ཡོན་ཏན་མ་ལུས་པའི་གཞི་སངས་རྒྱས་ཀྱི་ས་ཐོབ་པར་འགྱུར་ཏེ། དགོས་པ་ཡོངས་སུ་གྲུབ་པ་ལ་དམིགས་པ་ཡང་ཐོབ་པ་ཡིན་ནོ། །དེ་ལྟ་བས་ན་སངས་རྒྱས་ཐོབ་པར་འདོད་པས་དབུ་མའི་ལམ་ལ་མངོན་པར་བརྩོན་པར་བྱའོ། །དེ་ལྟར་དབུ་མའི་ལམ་བཤད་པས། །བདག་གིས་བསོད་ནམས་གང་ཐོབ་པ། །དེ་ཡིས་སྐྱེ་བོ་མ་ལུས་པ། །དབུ་མའི་ལམ་ནི་ཐོབ་པར་ཤོག །དམ་པ་ཕྲག་དོག་ལ་སོགས་དྲི་མ་ཐག་བསྲིངས་པ། །ཡོན་ཏན་རྣམས་ཀྱིས་མི་ངོམས་ཆུ་ཡི་མཚོ་འདྲ་དག །རྣམ་པར་ཕྱེ་ནས་ལེགས་པར་བཤད་རྣམས་འཛིན་བྱེད་དེ། །ངང་པ་རབ་དགའ་ཆུ་ལ་འོ་མ་ལེན་པ་བཞིན། །དེ་ལྟ་བས་ན་མཁས་རྣམས་ཀྱིས། །ཕྱོགས་ལྟུང་དཀྲུགས་ཡིད་རིང་སྤོངས་ལ། །བྱིས་པ་ལས་ཀྱང་ལེགས་བཤད་པ། །ཐམས་ཅད་བླང་བ་ཁོ་ནར་བྱ། །བསྒོམ་པའི་རིམ་པ་སློབ་དཔོན་ཨཱཙཪྻ་ཀ་མ་ལ་ཤཱི་ལས་ཐ་མར་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

རྣལ་འབྱོར་བསྒོམ་པ་ལ་འཇུག་པ།


DTG110_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བྷཱ་བ་ན་ཡོ་ག་ཨ་བ་ཏཱ་ར། བོད་སྐད་དུ། རྣལ་འབྱོར་བསྒོམ་པ་ལ་འཇུག་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་


DTG110_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །གང་གིས་སྒྲིབ་པ་མཐའ་དག་མ་ལུས་པར་བསལ་ཏེ། ཆོས་ཀྱི་སྐུ་ཐོབ་པར་འདོད་པ་དེས་འདི་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་འབད་དེ། དེ་ལྟ་མ་ཡིན་ན་རྒྱུ་མེད་པ་ལ་སོགས་པ་ལས་འབྲས་བུ་ཆོས་ཀྱི་སྐུ་མི་ཐོབ་སྟེ། དེའི་ཕྱིར་དེ་རྣམས་ལ་འབད་པར་བྱའོ། །དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པའི་གཞི་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ཏེ། དེ་བསོད་ནམས་ཆེ་བར། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་སོ། །དེ་བས་ན་བྱང་ཆུབ་ཏུ་སེམས་བསྐྱེད་དགོས་ཏེ། དེ་ལ་ཡང་གཉིས་ཏེ། ཀུན་རྫོབ་དང༌། དོན་དམ་པའོ། །དེ་ལ་ཀུན་རྫོབ་ནི་ཚད་མེད་པས་སེམས་ཅན་སྡུག་བསྔལ་ལས་དགྲོལ་བར་དམ་བཅས་ཏེ། དེ་དག་ལ་ཕན་པའི་ཕྱིར་བདག་སངས་རྒྱས་སུ་གྱུར་ཅིག་སྙམ་དུ་དང་པོ་སེམས་བསྐྱེད་པའོ། །དེ་ཡང་ཆོ་ག་བཞིན་དུ་གཞན་ལས་ནོད་པར་བྱའོ། །དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི་བརྗོད་དུ་མེད་པ། དྲི་མ་མེད་པ། མཐའ་མེད་པ། སྤྲོས་པ་མེད་པ། གཡོ་བ་མེད་པ། སྣང་བ་དང་མི་སྣང་བ་ཐམས་ཅད་དང་བྲལ་བའོ། །དེ་ནས་ཏིང་ངེ་འཛིན་མཐའ་དག་གི་ངོ་བོ་ཉིད་ཞི་གནས་བསྒྲུབ་པར་བྱ་སྟེ། ཇི་སྐད་དུ། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱི། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ། དམིགས་པ་དེ་ལ་གང་གི་སེམས་འཇོག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་གཞག་ཅེས་བྱ། ཞེས་གསུངས་པ་ལྟ་བུ་སྟེ། སངས་རྒྱས་ཀྱི་སྐུ་དེ་ནི་གསེར་བཙོ་མ་དང་འདྲ་བར་སེར་བ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འོད་ཟེར་དང་བཅས་པ་དེ་ལ་འདོད་པ་བསྐྱེད་དེ། འདུན་པ་དང་སེམས་ཀྱི་གནོད་པ་སྤངས་ཏེ། ལུས་དྲང་པོར་བསྲངས་ལ། སྐུ་དེ་ལྟ་བུ་ལུགས་མའམ་རི་མོར་བྲིས་པ་མདུན་དུ་བཞུགས་ཏེ། རྒྱུན་དུ་ཡིད་ལ་བྱས་ལ། དེ་ཉིད་དམ་གཞན་ཡན་ལག་ལ་སོགས་པ་ནས། རྫོགས་པར་མངོན་སུམ་དུ་མཐོང་བར་འགྱུར་རོ། །གང་གི་ཚེ་དམིགས་པར་གྱུར་པ་དེའི་ཚེ་ཉིན་མཚན་ཕྱེད་པར་མ་ཡེངས་པར་བརྟན་པར་བྱའོ། །སེམས་བྱིང་བའམ་


DTG110_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་པ་ལ་སོགས་པར་གྱུར་པའམ། དོགས་ན་སངས་རྒྱས་ཀྱི་ཡོན་ཏན་ལ་འདོད་པས་སྤྲོ་བར་བྱ་སྟེ། དེ་བཞིན་དུ་བརྟན་པར་བྱའོ། །དེས་འགྲུབ་པར་འགྱུར་རོ། །དེ་ནས་ཤེས་རབ་མཐའ་དག་གི་ངོ་བོ་ལྷག་མཐོང་བསྒྲུབ་པར་བྱ་སྟེ། དེ་ཡང་ཐོས་པ་མང་དུ་བྱ་སྟེ། ཇི་ལྟར་ཞེ་ན། ལྷག་མཐོང་ནི་ཐོས་པ་དང་བསམ་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་གསུངས་པ་དེ་ལྟ་བས་ན། སངས་རྒྱས་ཀྱི་ཆོས་ངེས་པའི་དོན་དང༌། དྲང་བའི་དོན་ལ་གུས་པས་མང་དུ་མཉན་ཏེ། བསམས་པས་ངེས་པར་ཡིད་ཆེས་པས་ཐེ་ཚོམ་མེད་པར་བྱའོ། །དེ་ལྟ་མ་ཡིན་ན་ཐེ་ཚོམ་གྱི་དྲ་བས་བཅིངས་པས་དེ་ནི་ལམ་ཁ་བྲག་གི་མདོར་ཕྱིན་པའི་འགྲོན་པོ་ལྟར་གང་དུ་ཡང་ངེས་པ་མི་ཤེས་ཏེ། དེ་བས་ན་མང་དུ་ཐོས་པར་བྱའོ། །དེ་ནས་མཆོག་ཏུ་བསྔགས་པར་བྱ་བ་ཅི་ཡོད་པ་ཐམས་ཅད་བྱས་ལ། ཟས་ཚོད་ཟིན་པ་དང་རིགས་པར་ཟོས་ནས། བཤང་གཅི་དོར་ཞིང་མཆིལ་སྣབས་དོར་ལ། སྙིང་རྗེ་ཆེན་པོས་སེམས་ཅན་མ་ལུས་པ་བྱང་ཆུབ་ལ་དགོད་དོ་སྙམ་དུ་བསམས་ལ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྒོ་གསུམ་གྱིས་ཕྱག་བྱ་སྟེ། བདེ་བའི་སྟན་ལ་ཀློང་ལ་འདུག་ནས། དབུགས་རྔམ་པ་མེད་པར་བྱས་ལ། གོས་རན་པར་བྱ་སྟེ། ལུས་མི་དགྱེ་མི་སྒུ་བ་དང༌། མིག་ཟམ་ཟིམ་དུ་བྱས་ནས། སོ་དང་མ་ཆུ་དང་ལྕེ་ཡང་ཐ་མལ་པར་བྱས་པའམ། ཡང་ན་སྤྱོད་ལམ་ཇི་ལྟར་གནས་ཀྱང་རུང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བཞུགས་པར་དམིགས་ཏེ། དེ་དག་ལ་མཆོད་པ་དང་བསྟོད་པ་ལ་སོགས་པ་ཅི་ནུས་སུ་བྱའོ། །དེ་ནས་གོང་གི་སྐུ་དེ་ཉིད་ཤིན་ཏུ་གསལ་བར་དྲན་པ་ནང་དུ་བཞག་ནས་དམིགས་སོ། །དེ་གསལ་བར་གྱུར་པ་དང༌། སྐུ་དེ་གང་ནས་བྱོན། གང་གུ་བཞུད། གང་གིས་བཞུགས། ཇི་ལྟར་བཞུགས་པ་བརྟག་གོ །དེ་ནས་གང་ནས་ཀྱང་མ་བྱོན་པ་ལ་སོགས་པར་ཤེས་པར་བྱའོ། །སྐུ་དེ་ནི་རང་བཞིན་སྟོང་པ། ཡོད་མེད་ལས་འདས་པ། སྤྲོས་པ་རྣམས་དང་བྲལ་བར་འདུག་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་རང་གི་ངང་གི་བློས་བརྟགས་པ་ལས་གུད་ན་མེད་པར་ཁོང་དུ་ཆུད་པར་བྱའོ། །


DTG110_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མེད་པར་བསམ་མོ། རང་བཞིན་གང་ཡང་མེད་དོ་སྙམ་པ་དེ་ཡང་ཡང་དག་པའི་ཤེས་རབ་ཀྱིས་སྤངས་ཏེ། ཡོད་མེད་ལས་འདས་པའི་ཡུལ་དེ་ལྟ་བུ་ལ་ཤེས་པ་ཡང་ཡོད་མེད་དང་བྲལ་བ་དེ་ལྟ་བུས་དམིགས་པ་མེད་པར་བསྒོམ་པར་བྱའོ། །དེ་ལྟ་བས་ན་བར་བར་དུ་སེམས་ཀྱིས་སེམས་ལ་བརྟགས་ཏེ་དམིགས་པ་ལ་སེམས་འཇུག་ན་ཡང་དེ་བཞིན་དུ་ངང་གིས་འཇུག་པ་མངོན་པར་འདུ་བྱ་བ་མེད་པ་དེ་ཁོ་ན་ཉིད་ལ་ཤིན་ཏུ་གསལ་བར་གནས་པར་བྱའོ། །དེས་སེམས་ཀྱི་རྒྱུད་མི་གཡེང་བར་བྱའོ། །ཅི་སྟེ་སེམས་གཡེང་བར་གྱུར་ན། འདི་ལྟར་དངོས་པོ་ཀུན་ནི་གཟུང་བ་འཛིན་པ་སྟེ། གཟུང་བའི་དངོས་པོ་རྡུལ་ཕྲ་རབ་ཏུ་བློས་བཤིག་སྟེ། དེ་ཉིད་ཀྱང་སོ་སོར་ཕྱེ་ན་དངོས་པོ་མེད་དོ། །འཛིན་པ་ཡང་དེ་ལས་གུད་ན་མེད་དོ། །དེའི་རྣམ་པར་སྣང་བའི་ཕྱིར་རོ། །དེས་གཡེང་བ་ཞི་བར་བྱས་ལ་གོང་མ་ཉིད་ལ་གནས་པར་བྱའོ། །ཡང་སེམས་མི་དགའ་བར་མཐོང་ན་ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་པར་བྱས་ནས། དེ་ལ་དགའ་བ་བསྒོམ་པར་བྱ། གཡེང་བ་ལ་ཉེས་པར་བསམས་ལ་མི་དགའ་བ་ཞི་བར་བྱའོ། །ཡང་རྨུགས་པ་དང་གཉིད་ཀྱིས་བྱིང་བ་འམ་རྒོད་པར་དོགས་ན་དགའ་བའི་དངོས་པོ་སངས་རྒྱས་ཀྱི་སྐུའམ། མཛད་པ་བཅུ་གཉིས་ལ་སོགས་པ་བསམ་ལ་བྱིང་བ་ཞི་བར་བྱའོ། །ཡང་སྔོན་མྱོང་བའི་ཡུལ་ལ་སེམས་རྒོད་པའམ་དོགས་ན་འདུ་བྱེད་ཐམས་ཅད་མི་རྟག་པ་ལ་སོགས་པ་དང༌། རང་ལ་མི་གཙང་བ་ལ་སོགས་པ་དང༌། གཞན་ལ་མྱུར་དུ་བྲལ་བ་ལ་སོགས་པ་བསམས་ལ་རྒོད་པ་ཞི་བར་བྱས་ལ་གོང་མ་ཉིད་ལ་བཏང་སྙོམས་སུ་བྱའོ། །དེ་ལྟ་བུས་གནས་པ་ལས་ཤིན་ཏུ་སྐྱོ་བར་གྱུར་ན། དེ་ལས་ལངས་ལ་སྐྱིལ་མོ་ཀྲུང་མ་བཤིག་པར་འདི་ལྟར་བསམས་ཏེ། ཆོས་ཐམས་ཅད་དོན་དམ་པར་ཇི་ལྟ་བ་ཡང་མི་དམིགས་ན། ཀུན་རྫོབ་ཏུ་རྒྱུ་རྐྱེན་ལས་སྐྱེ་བ་སྒྱུ་མ་ལ་སོགས་པ་སྣང་བ་ཡོད་དོ་སྙམ་དུ་བསམས་ལ་སྐྱིལ་མོ་ཀྲུང་བཤིག་སྟེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མདུན་དུ་བྱས་ཏེ། བདུན་ཤིན་ཏུ་རྣམ་པར་དག་པར་བྱའོ། །དེའི་རིམ་པས་རྟག་པར་དུས་དྲུག་ཏུ་བྱའོ། །དེ་ནས་


DTG110_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མཉམ་པར་འགྱུར་ཏེ། དེ་གྱུར་ན་གནས་ཡིད་དུ་འོང་བ་བརྒྱན་ཏེ་ཤིན་ཏུ་དགའ་བར་བྱས་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་དག་གིས་སེམས་དེ་ཤིན་ཏུ་འཕེལ་བར་བྱའོ། །སྤྱོད་ལམ་གྱི་སྣང་བ་ཀུན་སྒྱུ་མ་ལ་སོགས་པ་ལས་མི་ཉམས་པར་གནས་པར་བྱའོ། །དེ་དག་གི་ཐབས་དང་ཡིད་ཆེས་པ་ཡོད་དེ། མངས་ཀྱི་སི་དོགས་ནས་མ་བྲིས་ཏེ་གཞན་དུ་བལྟའོ། །བདེ་བར་གཤེགས་པའི་ཐུགས་ཀྱི་ཡང་སྙིང་འདི། །བརྗོད་དུ་མེད་ཀྱང་བདག་གཞན་དོན་དུ་བརྗོད། །དེ་ཡི་དགེ་བ་ཅུང་ཟད་ཅི་ཡོད་པས། །འགྲོ་བ་ཐམས་ཅད་བདེ་གཤེགས་འདྲ་བར་ཤོག །ཆོས་དོན་ཟབ་ཅིང་བདག་བློ་དམན། །དེ་ཕྱིར་ཤིན་ཏུ་རྟོགས་དཀའ་ཡང༌། །ཐོས་ཉུང་བློ་དམན་དགའ་ཕྱིར་བྱས། །དེ་ལ་མཁས་མང་བཟོད་པ་མཛོད། །མི་རྟོག་ཡེ་ཤེས་མི་བསྒྲུབས་ན། །ཚིག་གིས་སངས་རྒྱས་གྲུབ་པ་མེད། །འོན་ཀྱང་འགྲོ་བ་འདོན་པས་ན། །མཁས་པ་རྣམས་ཀྱིས་བཤད་པར་རིགས། །རྣལ་འབྱོར་བསྒོམ་པ་ལ་འཇུག་པ་སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་པྲཛྙ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །

འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཅེས་བྱ་བ།


DTG110_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་པྲཛྙཱ་པཱ་ར་མི་ཏཱ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་པ་རོལ་ཏུ་ཕྱིན་པའི་མན་ངག་ཅེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡུམ་གྱུར་དེ་ཡི་མིང༌། །རང་བཞིན་མེད་པའི་རང་བཞིན་ཅན། །ཚིག་མེད་ཡུལ་ལས་རྣམ་པར་འདས། །དགེ་མ་དེ་ལ་ཕྱག་འཚལ་འདུད། །དངོས་པོ་བརྒྱད་སོགས་རྒྱས་པར་ནི། །ཁོང་དུ་ཆུད་ནུས་མ་ཡིན་པས། །རྗེས་འཇུག་སྤྲོས་པ་མེད་པའི་དོན། །བདག་གིས་རབ་ཏུ་བཤད་པར་བྱ། །སྙིང་གི་དཀྱིལ་དུ་གནས་པ་ནི། །རྡོ་རྗེ་དཀར་པོ་རྣམ་པར་མཛེས། །རྩེ་མོ་ལྔ་པ་གཟི་བརྗིད་ཅན། །ལྟེ་བར་ཐིག་ལེ་དཀར་པོ་གཅིག །ལྔ་པོ་སྟེང་དུ་རིམ་བཞིན་འབར། །ཕ་རོལ་ཕྱིན་དྲུག་རིམ་བཞིན་དག །རིམ་བཞིན་ཐིག་ལེ་སྒྲ་སྤངས་ལ། །བརྟན་འགྱུར་སྟོབས་བསྐྱེད་ཏིང་འཛིན་སྦྱང༌། །མན་


DTG110_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ངག་རིམ་པས་སྒྲ་ནང་དུ། །ཆུ་སྐྱེས་འབའ་ཞིག་འདབ་བརྒྱད་ནས། །འདབ་མ་སྟོང་གི་བར་དུ་དམིགས། །སླར་བསྡུས་སྒྲ་ཡི་ངོ་བོ་ལས། །འདས་པའི་ཡེ་ཤེས་མི་ཕྱེད་འདོད། །དེ་ཉིད་གསལ་བར་བྱ་བའི་ཕྱིར། །མཁས་པས་རབ་ཏུ་བསྟེན་པར་གྱིས། །སེམས་ཅན་རྣམས་ལ་བདག་གསོལ་འདེབས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་རྡོ་རྗེ་ལྟ་བུ་ཞེས་བྱ་བ་དཔལ་ཀམ་པ་ལས་མཛད་པ་རྫོགས་སོ། །

ལུས་ཡོངས་སུ་དཔྱད་པའི་བསྒོམ་པའི་རིམ་པ།
ནག་པོ།


DTG110_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀཱ་ཡ་པ་རི་ཀ་བྷཱ་བ་ན་ཀྲ་མ། བོད་སྐད་དུ། ལུས་ཡོངས་སུ་དཔྱད་པའི་བསྒོམ་པའི་རིམ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །འདི་ལ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། འཇིག་རྟེན་རྣམ་པར་རྟོག་ལས་བྱུང༌། །རྣམ་པར་རྟོག་པ་སེམས་ལས་བྱུང༌། །སེམས་ཀྱང་ལུས་ལས་བྱུང་བས་ན། །དེའི་ཕྱིར་ལུས་ལ་དཔྱད་པར་བྱ། །ཞེས་གསུངས་ཏེ། དེས་ལུས་ལ་བརྟག་པ་ནི་སྙིང་པོ་གསུམ་དང༌། ལུས་ཟུངས་བདུན་དང༌། སྤུའི་ཚོགས་བརྒྱད་དང༌། བ་སྤུའི་ཁུང་བུ་བྱེ་བ་ཕྲག་བརྒྱད་ཅུ་དང༌། སོ་སུམ་ཅུ་རྩ་གཉིས་དང༌། སེན་མོ་ཉི་ཤུ་དང༌། པགས་པའི་རིམ་པ་བདུན་དང༌། བུ་ག་དགུ་དང༌། འབུར་བཅུ་གཅིག་དང༌། ནང་གི་དངོས་པོ་ཉི་ཤུ་རྩ་གཅིག་དང༌། ཤ་སྤར་ཚད་ལྔ་བརྒྱ་དང༌། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང༌། རྒྱུས་པ་བདུན་བརྒྱ་དང༌། ཆུ་བ་བཅུ་དྲུག་དང༌། སྲིན་བུའི་རིགས་བྱེ་བ་ཕྲག་བརྒྱད་ཅུ་དང༌། ནད་གཞི་རྣམ་པ་བཞི་དང༌། མི་གཙང་བ་ཉི་ཤུ་རྩ་གཉིས་དང༌། འབྱུང་བ་ཆེན་པོ་བཞི་དང༌། གང་ནམ་མཁའི་ཁམས་དང༌། རུས་པ་སུམ་བརྒྱ་དྲུག་ཅུ་དང༌། ཚིགས་སུམ་བརྒྱ་དང༌། གནད་བརྒྱ་རྩ་བདུན་ཆས་པ་དང༌། ཡང་ཕུང་པོ་ལྔ་དང༌། ཁམས་བཅོ་བརྒྱད་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། སྐྱེ་མཆེད་རྣམས་ཀྱང་འདིའི་ཆར་ཆོས་ཇི་ལྟ་བར་བརྟག་ཅིང་དཔྱད་དོ། །དེ་ནས་ཡང་ཇི་ལྟར་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས། །རྣམ་པར་མི་རྟོག་ཡེ་ཤེས་རྡོ་རྗེ་ཡིས། །ལུས་ཀྱི་འཁྲུལ་འཁོར་ཐམས་ཅད་གཞིག་པར་བྱ། །ཞེས་བཤད་པའི་རིམ་པས་སོར་ཚིགས་དང༌། ནས་དང༌། ཤིག་དང༌། སྲོ་མ་དང༌། གླང་དང༌། ལུག་དང༌། རི་


DTG110_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བོང་དང༌། ཉི་ཟེར་དང༌། ལྕགས་དང༌། ཆུའི་རྡུལ་དང༌། རྡུལ་ཕྲ་མོ་དང༌། ཕྲ་རབ་དག་གོང་ནས་འོག་ཏུ་བདུན་དུ་བསྐྱུངས་པས་དཔྱད་ནས་ཐ་མར་རྡུལ་ཕྲ་རབ་དེ་ནི་ཇི་ལྟར་འཕགས་པས་ཡང་དག་པར་དཔྱོད་པའི་ཚུལ་དུ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པའི་མདོ་ལས་ཇི་སྐད་དུ་གསུངས་པ་དེ་བཞིན་དུ་བསྒོམ་སྟེ། ཤིན་ཏུ་ཕྲ་བའི་རྡུལ་གཅིག་པོ་དེ་ལ་ཇི་ལྟར་ལྷག་མཐོང་ཕྲ་མོས་བརྟག་ཅེ་ན། རྡུལ་ཕྲ་མོ་གཅིག་པོ་དེ་ལ་ཇི་ལྟར་མཚན་ཉིད་མེད་པ་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་གྱུར་པར་རབ་ཏུ་ཤེས། བདག་མེད་པ་དང་རྣམ་པར་བྲལ་བར་རབ་ཏུ་ཤེས། དངོས་པོ་མེད་པ་དང་དོན་དམ་པའི་ཚིག་གི་ལམ་དང་བྲལ་བར་རབ་ཏུ་ཤེས། དམིགས་པ་མེད་པ་དང་སྒྲ་དབྱངས་ཐམས་ཅད་དང་བྲལ་བར་རབ་ཏུ་ཤེས། བདག་མེད་པ་དང་བྲལ་བ་དང༌། བདུད་ཀྱི་མཚན་ཉིད་དུ་རབ་ཏུ་ཤེས། ཡི་གེ་མེད་པར་རྒྱུ་རྐྱེན་དང་བྲལ་བར་རབ་ཏུ་ཤེས། དངོས་པོ་མེད་པ་དང་རྒྱུ་རྐྱེན་དང་བྲལ་བར་རབ་ཏུ་ཤེས། མཚན་མ་མེད་པ་ལས་རྡུལ་ཤིན་ཏུ་བྲལ་བར་རབ་ཏུ་ཤེས་ཏེ། ཇི་ལྟར་འདུ་བྱེད་ཐམས་ཅད་རབ་ཏུ་ཞི་བ་ལ་རྣམ་པ་བརྒྱད་པོ་དེ་དག་གིས་ཤིན་ཏུ་ཕྲ་མོ་ཞིག་ཏུ་བརྟག་གོ །དེ་བཞིན་དུ་གཉིས་པ་དང༌། དེ་བཞིན་དུ་གསུམ་པ་ནས་ནང་གི་ལུས་ཐམས་ཅད་ཀྱི་བར་དུ་གཅིག་ལ་ཡང་སོ་སོར་རྣམ་པ་བརྒྱད་པོ་འདི་དག་གིས་རྡུལ་ཕྲ་མོ་ཞིག་ཏུ་བརྟག་གོ །ནང་གི་ལུས་ཇི་ལྟ་བ་བཞིན་དུ་ཕྱི་རོལ་གྱི་ལུས་སའི་ཁམས་ཀྱང་རྣམ་པ་བརྒྱད་པོ་འདི་དག་གིས་སོ་སོར་རྡུལ་ཤིན་ཏུ་ཕྲ་བར་བརྟག་གོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྟོན་ཏེ། དེ་ལྟར་ལུས་ལ་རྣམ་པར་དཔྱད་ན་ནམ་མཁའ་དང་འདྲ་བར་བསྐོམ་མོ། །དེ་ནས་ངག་ཀྱང་བྱུང་མ་ཐག་ཏུ་ཞིག་ཅིང་ནམ་མཁར་ཐིམ་པར་བྲག་ཅ་དང་འདྲ་བར་ཡུལ་ན་མི་གནས་ཤིང༌། སེམས་ཀྱང་ཁ་དོག་དང་དབྱིབས་དང་སྐྱེ་གནས་དང༌། སྣོད་དང་སེམས་ཅན་དུ་མི་དམིགས་པར་གྱུར་གྱི་བར་དུ་བལྟ་སྟེ། དེའི་ཚེ་ཐམས་ཅད་ནམ་མཁའི་ངོ་བོར་གནས་སོ། །འདི་ཉིད་ལ་གོམས་པས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། ཡང་དག་པ་མ་ཡིན་པ་རྟོག་པ་ནས་ཇི་སྲིད་རྒ་ཤིའི་བར་དུ་ཇི་ལྟ་བར་ཤེས་པས་བདེ་བར་གནས་སོ། །དེ་ནས་ནི་ཇི་ལྟར་དགའ་བའི་གཟུགས་ཀྱི་ལུས་ཀྱིས་བདག་དང་གཞན་ལ་ཕན་པ་དང་བདེ་བ་སྒྱུ་མ་ལྟར་སྤྱད་དོ། །


DTG110_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཡོངས་སུ་དཔྱད་པའི་བསྒོམ་པའི་རིམ་པ་སློབ་དཔོན་ནག་བོ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་པའོ།།

མི་སྡུག་པ་བསྒོམ་པའི་རིམ་པ།
དགེ་བའི་གོ་ཆ།


DTG110_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

།།མི་སྡུག་པ་བསྒོམ་པའི་རིམ་པ་བཞུགས། །མི་སྡུག་པ་བསྒོམ་པའི་རིམ་པ། འདོད་ཆགས་ལ་སོགས་པའི་སྐྱོན་ཐམས་ཅད་དང་བྲལ་བ་འཕགས་པ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །མི་གཙང་བ་བསྒོམ་པ་བཤད་པར་བྱའོ། །གང་རྣལ་འབྱོར་པ་སྲིད་པས་དམུས་བྱུང་ནས་ཐར་པ་ལ་དད་པ་སྐྱེད་པ་དེས་འདི་ལྟར་བརྟག་པར་བྱ་སྟེ། དང་པོར་རང་གི་དཔྲལ་བའམ། ལག་པ་དང་རྐང་པའི་མཐེ་བོ་ལ་ཐོར་བུའམ། འབྲུམ་བུ་སྔོན་པོའམ། སེར་པོའི་རྣམ་པ་རྣག་གིས་ཀུན་ཏུ་གང་བ་ཞིག་རྡོལ་བར་བསྒོམ་སྟེ། ནམ་ཞི་གནས་གྲུབ་པའི་བར་དུའོ། །དེ་གྲུབ་ནས་ནི་བདག་གི་ལུས་ཐམས་ཅད་མཐར་གྱིས་རུལ་མྱགས་པར་བསམ་པར་བྱའོ། །དེ་ནས་ཇི་ལྟར་བདག་གི་ལུས་ལ་དམིགས་པ་བཞིན་དུ་ས་གཞི་ཐམས་ཅད་མི་རོས་གང་བར་མཐོང་ངོ༌། །དེ་ལྟར་མི་གཙང་བ་བསྒོམ་པ་ཡང་ཁ་དོག་དང༌། དབྱིབས་དང༌། རེག་པ་དང༌། འཁྲིག་པའི་འདོད་ཆགས་ཀྱི་གཉེན་པོ་རྣམ་པ་བཞིར་ཤེས་པར་བྱ་སྟེ། དེ་ལ་དང་པོ་ནི། མིའི་རོ་བསྔོས་པ་དང༌། རྨུགས་པ་དང༌། མདོག་མི་སྡུག་པ་དང༌། དྲི་བཤུལ་བ་དང༌། རྣམ་པར་འབུས་གཞིགས་པའོ། །དང་འོག་ནི་ལུས་སྔ་མ་བཞིན་དུ་བམ་ཞིང༌། རྐང་ལག་དང་ཁ་མིག་རྣམས་མི་སྡུག་ཅིང་འཇིགས་སུ་རུང་བར་གྱུར་བའོ།། ཐ་ལྟག་ནི་རྣམ་པར་རུལ་པ་དང༌། རྣག་གིས་ཀུན་ཏུ་གང་བ་དང༌། བསྣམ་པ་དང༌། འབུ་མང་པོས་གཞིགས་ཤིང་མྱགས་པའོ། །ཐ་མར་ལུས་ཀྱི་ཀེང་རུས་ཙམ་མ་བྲལ་ཞིང་རྒྱུས་པས་འབྲེལ་པ། ཤ་ར་རི་ཆགས་པ་དྲི་མི་ཞིམ་པ་སྦྲང་མས་གཟིངས་ཤིང་འཕུངས་པས་རྣགས་ཤིང་དམར་བར་བསྒོམ་སྟེ་གོ་རིམས་བཞིན་ནོ། །དེ་ལྟར་བསྒོམས་པའི་འོག་ཏུ་སྟན་ལས་མ་ལངས་པ་ཁོ་ནར་མི་གཙང་བ་དང་ཀེང་རུས་ཀྱི་རྣམ་པ་འདི་དག་རང་གི་བློས་བརྟགས་པ་ཁོ་ནར་ཟད་དེ། དམིགས་པ་མེད་བཞིན་དུ་ཡང་ཤེས་པ་སྐྱེ་བ་ལས་ན། ཆོས་ཐམས་ཅད་ཀྱང་བརྟགས་པའི་ངོ་


DTG110_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཁོ་ནར་ཟད་ལ། རྟོག་པ་ཡང་རྐྱེན་ཚོགས་པའི་དབང་གིས་བྱུང་བ་ཡིན་ཏེ། གང་དང་གང་རྐྱེན་ལས་བྱུང་བ་དེ་ཐམས་ཅད་ནི་རང་གི་ངོ་བོ་མ་སྐྱེས་པ་ཡིན་ཏེ། སྐྱེ་བ་མེད་པ་དང་འགག་པ་ཡང་མེད་པས་ན། སྐྱེ་བ་དང་འགག་པ་མི་དམིགས་པར་དེ་ཁོ་ནའི་དོན་གྱི་རྣམ་པ་ལ་སེམས་ཀྱི་རྒྱུན་གཏད་དེ་ཅི་ནུས་སུ་བསྒོམ་མོ། དེ་ནས་སེམས་སྐྱོ་ན་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ནས་ལྡང་ངོ༌། །ལངས་ནས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བལྟས་ཏེ། སྦྱིན་པ་ལ་སོགས་པ་སྙིང་རྗེ་སྔོན་དུ་སོང་བའི་བློས་བྱའོ། །དེ་ཕན་ཆད་ནི་དམིགས་པ། གང་ཁོ་ན་ལས་འདོད་ཆགས་སྐྱེ་བའི་དམིགས་པ་དེ་ཉིད་ཀྱང་རང་གི་ལུས་ལ་མི་གཙང་བ་ཇི་ལྟ་བ་བཞིན་ཡིད་ལ་བྱའོ། །དེ་ལྟར་རྒྱུན་དུ་ཡིད་ལ་བྱས་ཤིང་བསྒོམས་ན་ལུས་ལ་ཡིད་འབྱུང་ཞིང་འདོད་ཆགས་རྣམ་པ་བཞི་པོ་ཡང་གནོན་པར་གྱུར་ལ་འཕགས་པའི་ལམ་ཡང་སྐྱེ་སྟེ། ཉོན་མོངས་པ་རྟག་ཏུ་སྤངས་པར་ཡང་འགྱུར་རོ། །མི་གཙང་བ་བསྒོམ་པའི་ཐབས་བཤད་པ་སློབ་དཔོན་དགེ་བའི་གོ་ཆས་མཛད་པ་རྫོགས་སོ།། །།འདི་ནི་སྔོན་གྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་བསྒྱུར་བ་སྟེ། འགྱུར་རྙིང་ལགས་སྐད་དོ།།

ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་བསྒོམ་པའི་རིམ་པའི་མན་ངག།
ཡེ་ཤེས་གྲགས་པ།


DTG110_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

།།ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་བསྒོམ་པའི་རིམ་པའི་མན་ངག་བཞུགས། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་བསྒོམ་པའི་རིམ་པའི་མན་ངག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་ཞིག་བསྒོམས་སྟོབས་ཀྱིས་ཡོངས་རྫོགས། །ཚོགས་གཉིས་ཀྱི་ནི་རྒྱུར་གྱུར་པ། །སངས་རྒྱས་ཉིད་ལ་ཡང་དག་བརྟན། །བསྒོམ་པའི་སྐལ་དང་མི་ལྡན་པ། །དེའི་ཕྱིར་འགྲོ་བའི་མགོན་པོ་ཡིས། །ཤེས་རབ་ཞི་གནས་བསྒོམ་པ་གསུངས། །དེ་ནི་བརྩེ་ཆེན་རྫོགས་བྱང་ཆུབ། །འགྲོ་བའི་རྒྱུད་ལ་སྐྱེད་བྱེད་ཡིན། །གང་ཡང་བསྒོམས་པའི་སྟོབས་ལས་ངེས་པར་འབྱུང་བའི་བསོད་ནམས་དང་ཡེ་ཤེས་གཉིས་ཀྱི་རྒྱུ། ཀུན་ཏུ་བཟང་པོ་ཉིད་ལ་རྒྱུན་མི་འཆད་པར་མངོན་པར་བརྩོན་པའི་རྣལ་འབྱོར་པས་དུས་ཡུན་རིང་པོ་མི་ཐོགས་པར་རྫོགས་པ་མངོན་སུམ་དུ་བྱེད་ལ། དེ་བྱེད་པའི་སྐལ་པ་མེད་པ་དེ་རྣམས་ཀྱི་ཕྱིར་ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོས་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་ཉེ་བར་


DTG110_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་མཛད་པ་ཡིན་ཏེ། དེ་ལྟར་ན་དེ་བསྒོམས་པས་བཅོམ་ལྡན་འདས་ཡུམ་ཤེས་རབ་མངོན་སུམ་དུ་བྱས་ནས། དེའི་རང་བཞིན་གྱི་སྦྱིན་པ་ལ་སོགས་པའི་བྱ་བའི་དངོས་པོའི་ཐབས་ལ་བསླབས་པ་ལས་སངས་རྒྱས་ཉིད་དུ་མངོན་པར་འགྲུབ་པར་འགྱུར་རོ་ཞེས་དགོངས་པ་ཡིན་ནོ། །དེ་ཡང་སྙིང་རྗེ་ཆེན་པོ་སྐྱེས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། དེ་ཉིད་གོང་ནས་གོང་དུ་རྣམ་པར་རྟོག་པ་སྤངས་པའི་ཚུལ་གྱིས་རྣམ་པར་རྟོག་པ་སྤོངས་པས་ཡོངས་སུ་དག་པ་བསྐྱེད་པར་བྱ་བའི་ཕྱིར་སྒོམ་པར་བྱེད་དོ། །སྙིང་རྗེ་ཆེན་པོ་དང་ལྡན་པས་ནི་གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་ཀྱིས་འདི་དག་ཐམས་ཅད་ཉིད་སྡུག་བསྔལ་རྣམས་ལས་བཏོན་ལ། སངས་རྒྱས་ཉིད་ལ་ངེས་པར་སྦྱར་བར་བྱའོ་ཞེས་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་ཅིང་འདི་རྣམས་ཀྱང་དམ་བཅས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་དང༌། སྦྱིན་པ་ལ་སོགས་པའི་བྱ་བའི་དངོས་པོའི་ཐབས་ལ་བསླབ་པ་མེད་པར་དེ་གོང་ནས་གོང་དུ་ཡོངས་སུ་དག་པ་མེད་པར་རྫོགས་པར་མི་འགྱུར་རོ་སྙམ་དུ་དགོངས་ནས། གཉིས་སུ་མེད་པའི་ཡེ་ཤེས་རྫོགས་པར་བྱ་བའི་ཕྱིར་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་ཡང་སྒོམ་པར་མཛད་དོ་ཞེས་བྱ་བ་ནི་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་དེ་ཡང་རྣམ་པ་དུ་ཞིག་ཅེ་ན། སྨྲས་པ། བྱང་ཆུབ་སེམས་གང་གཞན་དོན་དུ། །ཡང་དག་བྱང་ཆུབ་འདོད་པ་ཡིན། །དེ་ནི་དབྱེ་བ་གཉིས་ཀྱིས་གཉིས། །དེ་དག་ཉི་ཤུ་གཉིས་སུ་འང་འགྱུར། །བྱང་ཆུབ་ཀྱི་སེམས་ནི་སྨོན་པའི་སེམས་དང་འཇུག་པའི་སེམས་སོ། །དེ་ཡང་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་སེམས་ཅན་གྱི་ཚོགས་ནི་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་རྙེད་པར་དཀའ་བའོ། །དེ་བས་ཀྱང་སེམས་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མངོན་པར་ཞུགས་པ་དེ་ནི་ཆེས་རྙེད་པར་དཀའོ་ཞེས་གསུངས་པ་ཡིན་ནོ། །གཉིས་པོ་དེ་དག་ཀྱང་རྣམ་པ་ཉི་ཤུ་རྩ་གཉིས་སུ་དབྱེ་བ་བྱ་སྟེ། དེ་ཡང་འཕགས་པ་བྱམས་པས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་


DTG110_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་བཤད་པ་ཡིན་ནོ། །དེ་ལ་ཡང་འདི་ལྟར་བལྟ་བར་བྱ་སྟེ། འདུན་པའི་གནས་སྐབས་སྩོགས་དབྱེ་བས། །སྨོན་པའི་སེམས་ནི་རྣམ་པ་གསུམ། །འཇུག་པ་ཞེས་ནི་བྱ་བའི་སེམས། །རྣམ་པ་བཅུ་དགུ་དག་ཏུ་འདོད། །དེ་ལ་སྨོན་པའི་སེམས་རྣམ་པ་གསུམ་དུ་དབྱེ་སྟེ། འདུན་པ་དང་ལྷན་ཅིག་འདྲེས་པའི་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པར་འདོད་པའི་མཚན་ཉིད་ཅན་ནི་ས་ལྟ་བུ་ཡིན་ནོ། །བསམ་པ་དང་ལྷན་ཅིག་འདྲེས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་དེ། ཕྱིས་འབྱུང་བ་དང་ད་ལྟར་གྱི་འགྱུར་བ་མེད་པའི་ཕྱིར་གསེར་བཟང་པོ་ལྟ་བུ་ཡིན་ནོ། །ལྷག་པའི་སེམས་དང་འདྲེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པར་འདོད་པའི་མཚན་ཉིད་ཅན་དེས་དཀར་པོའི་ཕྱོགས་ཐམས་ཅད་འཕེལ་བར་འདོད་པའི་ཚུལ་གྱིས་ཟླ་བ་ཚེས་པ་ལྟ་བུ་ཡིན་ནོ། །འཇུག་པའི་སེམས་ཀྱི་དབྱེ་བ་ནི་རྣམ་པ་བཅུ་དགུ་སྟེ། སྦྱོར་བ་དང་འདྲེས་པ་གཅིག་དང༌། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། མངོན་པར་ཤེས་པ་དང་ལྡན་པ་དང༌། བསོད་ནམས་དང་ཡེ་ཤེས་དང་ལྡན་པ་དང༌། བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པ་དང༌། ཞི་གནས་དང་ལྷག་མཐོང་དང་ལྡན་པ་དང༌། གཟུངས་དང་སྤོབས་པ་དང་ལྡན་པ་དང༌། ཆོས་ཀྱི་སྐྱེད་མོས་ཚལ་དང་ལྡན་པ་དང༌། བགྲོད་པ་གཅིག་པའི་ལམ་དང་ལྡན་པ་དང༌། ཆོས་ཀྱི་སྐུ་དང་ལྡན་པའོ། །འདི་ཡིས་དེ་དག་མ་ལུས་ཁྱབ། །དེ་བས་གནས་སྐབས་རྣམ་བཞི་སྟེ། །འབྲས་བུ་རྒྱུ་དང་སྦྱོར་སོགས་དང༌། །ལམ་གྱི་གནས་སྐབས་དབྱེ་བས་སོ། །དེ་ལ་གསུམ་ནི་ལས་དང་པོ་པའི་གནས་སྐབས་སོ། །བཞི་པ་ནི་ངེས་པར་འབྱེད་པའི་ཆའི་གནས་སྐབས་སོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་སེམས་ཀྱིས་ནི་རྒྱུའི་གནས་སྐབས་སོ། །མངོན་པར་ཤེས་པ་ལ་སོགས་པའི་གནས་སྐབས་དང་ལྷན་ཅིག་གནས་པ་བརྒྱད་ཀྱིས་ནི་འབྲས་བུའི་གནས་སྐབས་ཁྱབ་པ་ཡིན་ནོ། །དེ་ལ་དང་པོ་མགོན་པོ་ཡིས། །གསོལ་བའི་རྣམ་པ་ཡང་དག་བཤད། །གཉིས་པ་སྦྱིན་སོགས་ལ་འཇུག་པ། །འཇུག་པའི་རྣམ་པ་རབ་ཏུ་བསྒྲགས། །གསོལ་བའི་སེམས་


DTG110_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་པ་ནི་གསུམ་སྟེ་དེ་ཡང་སྔར་བཤད་པ་ཡིན་ནོ། །འཇུག་པའི་རྣམ་པ་ནི་གང་ནས་བརྩམས་ཏེ། སྡོམ་པ་འཛིན་པ་སྔོན་དུ་འགྲོ་བས་སྦྱིན་པ་ལ་སོགས་པའི་ཚོགས་ལ་འཇུག་པ་ནི་འཇུག་པའི་སེམས་སོ། །སྡོམ་པ་ཡང་བླ་མ་སྡོམ་པ་ལ་གནས་ཤིང་མཁས་པ་ནུས་པ་དང་ལྡན་པ་ལས་བླང་བར་བྱའོ། །དེ་མེད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བཞུགས་པར་ཡིད་ལ་བྱས་ལ་བླང་བར་བྱའོ། །དེ་ཡང༌། སྦྱིན་སོགས་ཤེས་རབ་དང་བྲལ་བ། །ཐབས་མ་ཡིན་ཞིང་ས་མ་ཡིན། །དེ་བས་ཤེས་རབ་བསྐྱེད་བྱ་ཞིང༌། །ཞི་གནས་ཀྱང་ནི་བསྐྱེད་པར་བྱ། །ཤེས་རབ་མེད་པ་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་མིང་མི་ཐོབ་ཅིང་ཐབས་ཀྱང་མ་ཡིན་ནོ། །དེ་བས་ན་ཤེས་རབ་སྐྱེད་པའི་ཕྱིར་དང་ཞི་གནས་བསྐྱེད་པར་བྱ་བའི་ཕྱིར་འབད་པར་བྱའོ། །དེ་ལ། གང་ཞིག་ཁྲིམས་ལྡན་སྡུག་བསྔལ་བཟོད་ནུས་དང༌། །གང་ལ་བརྩོན་དང་བག་ཡོད་བརྟན་པ་འཆང༌། །གང་ཚེ་ཡང་དག་དང་ཡང་ལྡན་གྱུར་ཏེ། །དེ་ཡི་ཏིང་འཛིན་མྱུར་དུ་ཡོངས་སུ་རྫོགས་པར་འགྱུར། །ཞི་གནས་ཀྱི་ཚོགས་ཚུལ་ཁྲིམས་ལ་སོགས་པ་གསུམ་ལ་གནས་པས་ཡིད་དང་རྗེས་སུ་མཐུན་པའི་ཕྱོགས་སུ་སྟན་བདེ་བ་ལ་འདུག་སྟེ་ལུས་དྲང་པོར་བཞག་ལ། སྙིང་རྗེ་ཆེན་པོ་མངོན་སུམ་དུ་བྱས་ཏེ། སེམས་ཅན་མ་ལུས་པ་གདོན་པར་འདོད་པའི་བསམ་པས་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་བསྐྱེད་པར་བྱའོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། ཁམས་སོགས་དབྱེ་བ་དངོས་པོ་ཐམས་ཅད་ལ། །ཡང་དག་དམིགས་དེ་ཇི་སྲིད་མཉམ་གཞག་ཐོབ། །དེ་སྲིད་ཡིད་ནི་སྐད་ཅིག་རེ་རེ་གཞུག །དང་པོར་རེ་ཞིག་རྣལ་འབྱོར་པས་ཁམས་ལ་སོགས་པའི་རྣམ་པའི་དབྱེ་བས་དངོས་པོ་མ་ལུས་པ་རྒྱ་ཆེར་རྣམ་པར་དཔྱད་ལ། ཆོས་ཐམས་ཅད་ནི་འདི་ཙམ་དུ་ཟད་དོ་ཞེས་དེ་ལྟར་ངེས་པར་བྱ་སྟེ། ཡང་སེམས་ཀྱི་རྒྱུན་གྱི་སྐད་ཅིག་མས་དེ་ཉིད་དུ་གཏད་པར་བྱའོ། །གལ་ཏེ་ཡིད་ནི་ཆགས་སོགས་ཀྱིས་གཡེངས་གྱུར། །མི་གཙང་ལ་སོགས་གཉེན་པོར་བསྒོམ་པ་ཡིས། །ཇི་སྲིད་དེ་ནི་བརྟན་པ་མ་ཐོབ་པ། །དེ་སྲིད་བློ་དང་ལྡན་པས་དེ་ཞི་བྱ། །ཡང་གང་གི་ཚེ་བར་སྐབས་སུ་འདོད་ཆགས་ལ་སོགས་པས་སེམས་གཡེངས་པར་གྱུར་པ་དེའི་ཚེ་མི་གཙང་བ་བསྒོམ་པ་ལ་སོགས་པས་རྣམ་པར་གཡེངས་པ་ཞི་བར་བྱས་ལ་


DTG110_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཡང་ནས་ཡང་དུ་དེ་ལ་གོང་ནས་གོང་དུ་གཏད་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལས་འདོད་ཆགས་རྣམ་པ་དགུ་ནི་ཆེན་པོ་ཉིད་དུ་བསྟན་ཏེ། འདི་ལྟ་སྟེ། དབྱིབས་ལ་ཆགས་པ་དང༌། རེག་པ་ལ་ཆགས་པ་དང༌། ཙནྡན་ལ་སོགས་པས་བསྐུས་པ་ལས་བྱུང་བའི་ལུས་ཀྱི་དྲི་ལ་ཆགས་པ་དང༌། རྒྱན་གྱིས་བརྒྱན་པ་ལས་བྱུང་བའི་ལུས་མཛེས་པ་ལ་ཆགས་པ་དང༌། ལུས་ཀྱི་ཁ་དོག་ལ་ཆག་པ་དང༌། ཤ་རྒྱས་པ་ལ་ཆགས་པ་དང༌། ལུས་དང་ཡན་ལག་གི་རྩེ་འཇོ་ལ་ཆགས་པ་དང༌། སོ་མཛེས་པ་ལས་བྱུང་བའི་ཆགས་པ་དང༌། ཁ་དོག་དང་དབྱིབས་ལ་ཆགས་པའོ། །དེའི་གཉེན་པོར་གྱུར་པའི་མི་གཙང་བ་ཡང་རྣམ་པ་དགུ་སྟེ། དེ་ནི་འདི་ལྟ་སྟེ། དབྱིབས་ལ་ཆགས་པ་རྣམས་ཀྱི་གཉེན་པོར་ནི་རྣམ་པར་བམ་པའི་འདུ་ཤེས་སོ། །ལུས་ཀྱི་རེག་པ་ལ་ཆགས་པའི་ནི་འབུས་གཞིག་པའི་འདུ་ཤེས་སོ། །ལུས་ཀྱི་དྲི་ལ་ཆགས་པའི་ནི་རྣམ་པར་རུལ་པའི་འདུ་ཤེས་སོ། །ལུས་མཛེས་པ་ལ་ཆགས་པའི་ནི་རྣམ་པར་དམར་བའི་འདུ་ཤེས་སོ། །ལུས་ཀྱི་ཁ་དོག་ལ་ཆགས་པའི་ནི་རྣམ་པར་བསྔོས་པའི་འདུ་ཤེས་སོ། །ཤ་རྒྱས་པ་ལ་ཆགས་པའི་ནི་རྣམ་པར་ཟོས་པའི་འདུ་ཤེས་སོ། །ལུས་དང་ཡན་ལག་གི་རྩེ་འཇོ་ལ་ཆགས་པའི་ནི་རྣམ་པར་འཐོར་བའི་འདུ་ཤེས་སོ། །སོ་མཛེས་པ་ལ་ཆགས་པའི་ནི་རུས་གོང་གི་འདུ་ཤེས་སོ། །ཁ་དོག་དང་དབྱིབས་ལ་ཆགས་པའི་ནི་རྣམ་པར་ཚིག་པའི་འདུ་ཤེས་སོ། །ཞེ་སྡང་ལས་བྱུང་བའི་རྣམ་པར་གཡེང་བའི་གཉེན་པོར་ནི་བྱམས་པ་བསྒོམ་པའོ། །གཏི་མུག་ལས་བྱུང་བའི་རྣམ་པར་གཡེང་བའི་གཉེན་པོར་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམ་པའོ། །གང་གི་སེམས་དེ་མངོན་པར་མི་དགའ་བར་མཐོང་བ་དེའི་ཚེ་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་བསམ་པ་དང་མི་དགེ་བའི་སྐྱོན་ལ་བསམ་པ་དེ་ཡང་ཞི་བར་བྱའོ། །ཡང་གང་གི་གཉིད་དང་མུན་པ་ལས་སེམས་ཞུམ་པར་མཐོང་བ་དེའི་ཚེ་སྣང་བའི་འདུ་ཤེས་བསྒོམ་པ་དང་རབ་ཏུ་དགའ་བ་ཡིད་ལ་བྱེད་པས་སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡིད་ལ་བྱེད་པས་ཞུམ་པ་དེ་ཡང་ཞི་བར་བྱའོ། །ཡང་གང་གི་ཚེ་སྔོན་དགོད་པ་དང་རྩེ་ཞིང་དགའ་བ་རྗེས་སུ་དྲན་པས་སེམས་བར་སྐབས་སུ་རྒོད་པར་མཐོང་བ་དེའི་ཚེ། མི་


DTG110_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་ཡིད་ལ་བྱེད་པས་དེ་ཡང་ཞི་བར་བྱའོ། །ཡང་གང་གི་ཚེ་ཞུམ་པ་དང་རྒོད་པ་དག་དང་བྲལ་བ་ཉིད་ཀྱིས་ཆ་མཉམ་པར་འཇུག་ཅིང་སེམས་རང་གི་མཚན་ཉིད་ཀྱིས་གནས་པར་མཐོང་བ་དེའི་ཚེ། བསྒྲིམས་པ་དང་ཀློང་པ་བཏང་སྙོམས་སུ་བྱས་ཏེ། གལ་ཏེ་སེམས་མཉམ་པར་འཇུག་ཏུ་བསྒྲིམས་པ་བྱས་ན། དེའི་ཚེ་སེམས་རྣམ་པར་གཡེང་བར་འགྱུར་རོ། །ལེ་ལོ་དང་ནི་དམིགས་པར་བརྗེད་པ་དང༌། །དེ་བཞིན་ཞུམ་རྒོད་མི་རྩོལ་བ་དང་རྩོལ། །ཏིང་ངེ་འཛིན་ལ་ཐམས་ཅད་ཉེས་པར་འགྱུར། །དད་སོགས་སེམས་ཉིད་དེ་ཡི་གཉེན་པོ་ཡིན། །མདོར་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཉེས་པ་ཉིད་ནི་རྣམ་པ་དྲུག་ཡོད་དེ། འདི་ལྟ་སྟེ། ལེ་ལོ་དང༌། དམིགས་པ་བརྗེད་པ་དང༌། ཞུམ་པ་དང༌། རྒོད་པ་དང༌། བསྒྲིམས་པ་དང༌། མ་བསྒྲིམས་པའོ། །དེ་རྣམས་ཀྱི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདི་ལྟ་སྟེ། དད་པ་དང༌། འདུན་པ་དང༌། རྩོལ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། དྲན་པ་དང༌། ཤེས་བཞིན་དང༌། བཏང་སྙོམས་དང༌། སེམས་པའོ། །དེ་ལ་དང་པོ་བཞི་ནི་ལེ་ལོའི་གཉེན་པོ་ཡིན་ཏེ། དེ་ཡང་ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་ལ་ཡིད་ཆེས་པའི་མཚན་ཉིད་ཀྱི་དད་པས་རྣལ་འབྱོར་པ་རྣམས་དེ་ལ་མངོན་པར་འདོད་པའི་སེམས་སྐྱེ་བར་འགྱུར་ལ། མངོན་པར་འདོད་པ་ལས་རྩོལ་བ་རྩོམ་པར་འགྱུར་རོ། །དེ་ལས་ཀྱང་ལུས་དང་སེམས་ལས་སུ་རུང་བ་ཉིད་ཐོབ་པར་འགྱུར་རོ། །ཤིན་ཏུ་སྦྱངས་པ་དེ་ལས་ལུས་དང་སེམས་ལེ་ལོ་ལས་ལྡོག་པར་འགྱུར་རོ། །དེ་བས་ན་དད་པ་ལ་སོགས་པ་ནི་ལེ་ལོ་སྤང་བའི་ཕྱིར་བསྒོམ་པར་བྱའོ། །དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོའོ། །ཤེས་བཞིན་ནི་ཞུམ་པ་དང་རྒོད་པའི་གཉེན་པོ་ཡིན་ཏེ། དེས་ཞུམ་པ་དང་རྒོད་པ་དག་ཉེ་བར་ཤེས་པ་ཡིན་པའི་ཕྱིར་རོ། །ཞུམ་པ་དང་རྒོད་པ་མ་ཞི་བའི་དུས་སུ་ནི་མི་རྩོལ་བ་ཉེས་པ་ཡིན་ཏེ། དེའི་གཉེན་པོར་ནི་སེམས་བསྒོམ་པར་བྱའོ། །ཞུམ་པ་དང་རྒོད་པ་དེ་དག་ཉེ་བར་ཞི་བར་གྱུར་ནས། གང་གི་ཚེ་སེམས་རང་གི་རྒྱུན་གྱིས་འཇུག་པ་དེའི་ཚེ་ནི་རྩོལ་བ་ཉེས་པ་ཡིན་པས་དེའི་གཉེན་པོར་བཏང་སྙོམས་བསྒོམ་པར་བྱའོ། །སྤོང་བའི་འདུ་བྱེད་


DTG110_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པོ་དེ་ཡང་དག་པར་ལྡན་པའི་ཏིང་ངེ་འཛིན་ནི་གང་གི་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་རྫོགས་པར་བྱེད་པར་མཆོག་ཏུ་ལས་སུ་རུང་བར་འགྱུར་རོ། །དེ་བས་ན་མདོ་ལས་སྤང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྒོམ་པར་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །བསྒོམ་པའི་རིམ་པ་འདི་ཉིད་ལ་དགོངས་ནས་བཅོམ་ལྡན་འདས་ཡུམ་དེ་ཉིད་ལས་དེ་ལ་སེམས་མཉམ་པར་གཞག་པར་བྱ། ཡང་དག་པར་འཇོག་པར་བྱེད། རྣམ་པར་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། དུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། གཅིག་པ་ཉིད་དུ་བྱེད། ཏིང་ངེ་འཛིན་དུ་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ཡང་དག་པར་འཇོག་པར་བྱེད་པ་ནི་དམིགས་པ་དེ་ཉིད་ལ་རྒྱུན་གྱིས་འཇུག་པར་བྱེད་པའོ། །རྣམ་པར་འཇོག་པ་ནི་རྣམ་པར་གཡེང་བར་ཤེས་པར་བྱ་སྟེ། དེ་ཉེ་བར་ཞི་བར་བྱེད་པའོ། །ཉེ་བར་འཇོག་པར་བྱེད་པ་ནི་རྣམ་པར་གཡེང་བ་ཉེ་བར་ཞི་བར་བྱས་ནས་དེ་ཉིད་ལ་གོང་ནས་གོང་དུ་གཏོད་པར་བྱེད་པའོ། །དུལ་བར་བྱེད་པ་ནི་དགའ་བ་སྐྱེད་པར་བྱེད་པའོ། །ཞི་བར་བྱེད་པ་ནི་མི་དགའ་བ་ཞི་བར་བྱེད་པའོ། །ཉེ་བར་ཞི་བར་བྱེད་པ་ནི་གཉིད་དང་རྨུགས་པ་ལ་སོགས་པ་བྱུང་བ་སེལ་བར་བྱེད་པའོ། །གཅིག་པ་ཉིད་དུ་བྱེད་པ་ནི་དམིགས་པ་ལ་མངོན་པར་འདུ་བྱེད་པ་མེད་པར་འཇུག་པ་ལ་འབད་པར་བྱེད་པའོ། །ཏིང་ངེ་འཛིན་དུ་མཉམ་པར་འཇོག་པ་ནི་སེམས་མཉམ་པ་ཉིད་ཐོབ་པ་ལ་བཏང་སྙོམས་སུ་བྱེད་པས་ཡང་དག་པར་འཛིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཚིག་དགུ་པོ་འདི་དག་གི་བཤད་པ་ནི་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་ལས་བྲིས་པ་ཡིན་ནོ། །ཡང་རིམ་པ་འདིས་ཏིང་ངེ་འཛིན་རྫོགས་པར་གང་གི་ཚེ་འགྱུར་ཞེ་ན། དེའི་ཚེ་སྨྲས་པ། གང་གི་སེམས་ནི་རྩོལ་བ་མེད་པས་ནི། །རང་གི་ངང་གིས་འཇུག་པར་འགྱུར་བ་ན། །དེའི་ཚེ་སངས་རྒྱས་མཉམ་འཇོག་ལ་བརྟེན་ཏེ། །འདི་ནི་ཏིང་ངེ་འཛིན་གྱི་ཚུལ་ཡིན་ནོ། །གང་གི་ཚེ་དམིགས་པ་དེ་ལ་མངོན་པར་འདུ་བྱེད་པ་མེད་པར་འཇུག་པས་སེམས་གནས་པར་གྱུར་པ་དེའི་ཚེ་ཞི་གནས་རྫོགས་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་མཉམ་འཇོག་ཤེས་ནས་ནི། །དེ་ནས་ཤེས་པར་བསྐྱེད་བྱ་སྟེ། །གཟུགས་དང་གཟུགས་མེད་དབྱེ་བ་ཡི། །དོན་དེ་ཉིད་ནི་རྣམ་དཔྱད་བྱ། །དེ་བས་ན་རྣམ་


DTG110_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པར་དཔྱད་པ་འདིས་སྤྲོས་པ་མེད་པ་ཉིད་ཡིན་པའི་ཕྱིར་འགྲོ་བ་རྣམས་ཆོས་སྐུའི་བདག་ཉིད་དུ་ཤེས་པར་བྱས་ལ་སེམས་ཙམ་ལས་ཡོངས་སུ་བཟླས་ལ་གཅིག་དང་དུ་མ་ཉིད་ལ་སོགས་པའི་ཚུལ་གྱིས་དེ་ཁོ་ན་ཉིད་ཀྱང་སྣང་བ་མེད་པའི་ཚུལ་གྱིས་བཟླ་བར་བྱའོ། །དེ་ཁོ་ན་ཉིད་མཐོང་བ་འདི་ཉིད་ནི་གང་ཤེས་རབ་ཀྱིས་རྣམ་པར་བརྟགས་ན་ཡང་དག་པའི་ཡེ་ཤེས་མཐོང་བས་ཆོས་ཐམས་ཅད་མི་མཐོང་བ་ཡིན་ནོ། །དེ་ཡང་བཅོམ་ལྡན་འདས་ཀྱི་ཡུམ་བར་མ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཀྱི་སྤྱན་གང་ཞེ་ན། གང་གིས་ཅི་ཡང་མ་གཟིགས་པའི་དོན་དེ་གཟིགས་པའོ་ཞེས་བྱ་བ་དང༌། དེ་བཞིན་དུ་དོན་དམ་པར་མཐོང་བ་གང་ཞེ་ན། གང་ཆོས་ཐམས་ཅད་མཐོང་བ་མེད་པའོ་ཞེས་ཇི་སྐད་དུ་གསུངས་པ་ཡིན་ནོ། །དེ་བས་ན་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་རྣམས་ཀྱང་སྤྱོད་ལམ་ཐམས་ཅད་ལ་གནས་པ་ན། ཆོས་ཐམས་ཅད་མཐོང་དུ་ཟིན་ཀྱང་མ་མཐོང་བ་ལེན་ནོ། །དེ་ལྟ་བུ་ཉིད་མཐོང་བ་མེད་པ་ཞེས་བྱ་བར་མངོན་པར་འདོད་ཀྱི་གཉིད་ལོག་པའམ། མིག་བཙུམས་པ་དང་འདྲ་བར་གང་ཡིད་ལ་མི་བྱེད་པ་ནི་མ་ཡིན་ནོ། །དེ་ལྟ་ན་ནི་བག་ཆགས་མ་སྤངས་པས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལས་ལྡང་བ་བཞིན་དུ་སླར་ཡང་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པའི་བག་ཆགས་ཀྱི་རྩ་བ་ཅན་གྱི་འདོད་ཆགས་ལ་སོགས་པ་སྐྱེ་བ་ཉིད་ཀྱིས་རྣལ་འབྱོར་པར་མི་འགྱུར་ཏེ། ཐོག་མ་མེད་པའི་དུས་ཅན་གྱི་གཟུགས་ལ་སོགས་པར་མངོན་པར་ཞེན་པ་ཡིད་ལ་མི་བྱེད་པ་ཙམ་གྱིས་ཡོངས་སུ་སྤངས་པར་མི་འགྱུར་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པས་ཀྱང་དེ་སྤངས་པར་འགྱུར་རོ། །གང་གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱི་ཐེ་ཚོམ་སྤངས་པ་དེ་ཡིད་ལ་བྱེད་པ་ཡོངས་སུ་སྤངས་པར་ཡང་ནུས་པ་མ་ཡིན་ཏེ། མེ་ཡོངས་སུ་སྤངས་པས་ཚ་བ་སྤོང་མི་ནུས་པ་དང་འདྲའོ། །དེ་བས་ན་ཐེ་ཚོམ་གྱི་ས་བོན་དང་བྲལ་བ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་བསལ་བར་བྱའི། ཚེར་མ་འབྱིན་པ་ལྟ་བུར་བྱ་བ་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །ཐེ་ཚོམ་གྱི་ས་བོན་དང་བྲལ་བར་བྱ་བ་ཡང་ཞི་གནས་དང་ལྷག་མཐོང་ཕན་ཚུན་རྗེས་སུ་མཐུན་པར་འཇུག་པར་བྱའོ། །དེ་ཡང་སེམས་རྩེ་གཅིག་པའི་


DTG110_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཅན་གྱིས་ཞི་གནས་སྐྱེ་བར་གྱུར་ན་ཤེས་རབ་ཀྱི་མིག་གིས་རྣམ་པར་དཔྱོད་པའི་རྣལ་འབྱོར་པའི་ཐེ་ཚོམ་དང་བྲལ་བར་འགྱུར་རོ། །དེ་དང་བྲལ་བས་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་དང་བྲལ་ལོ། །དེ་དང་བྲལ་ནས་ཀྱང་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་ཏེ་དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཡང་དེའི་ཚེ་ཞི་གནས་དང་ལྷག་མཐོང་དག་དེའི་བདག་ཉིད་ཅན་ཡིན་ཏེ། དེ་ཉིད་ནི་མཆོག་ཏུ་རྣམ་པར་མི་རྟོག་པའི་རྣལ་འབྱོར་རོ། །དེ་ཡང༌། ཀུན་རྟོག་ཐམས་ཅད་སྤངས་པ་སྟེ། །འདི་ནི་རྣལ་འབྱོར་དམ་པ་ཡིན། །རྣལ་འབྱོར་པ་གང་མངོན་སུམ་དུ། །གནས་པ་ཀུན་མཁྱེན་བཅོམ་ལྡན་འགྱུར། །དེ་ལྟར་རིམ་པ་འདིས་ཞི་གནས་དང་ལྷག་མཐོང་བདག་གིས་སམ། བླ་མའི་མན་ངག་གིས་བཅོམ་ལྡན་འདས་ཡུམ་ཤེས་རབ་བསྐྱེད་ལ། བྱང་ཆུབ་སེམས་དཔའ་དབང་པོ་རབ་དང་ལྡན་པ་ཡིན་ན་དེ་ངེས་པའི་རྒྱུད་ཉིད་ཀྱིས་ཕྱིར་མི་ལྡོག་པ་ཉིད་ཡིན་པར་རྟོགས་པར་བྱས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང༌། སྦྱིན་པ་ལ་སོགས་པའི་ཐབས་ལ་རབ་ཏུ་འཇུག་གོ །དེ་ཡང་འཕགས་པ་ག་ཡ་མགོའི་རི་ལས་གཉིས་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱིས་བསྡུས་པ་སྟེ། འདི་ལྟ་སྟེ་ཐབས་དང༌། ཤེས་རབ་བོ་ཞེས་གསུངས་པ་ཡིན་ཏེ། ཐབས་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚད་མེད་པ་དང༌། བསྡུ་བའི་དངོས་པོ་ལ་སོགས་པའི་དབྱེ་བས་ཕྱེ་བ་སྟེ། དེ་ཉིད་ཀྱང་འཕགས་པ་བློ་གྲོས་མི་ཟད་པ་དང༌། དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་ལས་གསུངས་སོ། །ཤེས་རབ་ནི་ཐབས་དེ་ཉིད་ཕྱིན་ཅི་མ་ལོག་པར་ཡོངས་སུ་གཅོད་པའི་རྒྱུའོ། །དེས་ཀྱང་ཐབས་ཡང་དག་པར་བརྟགས་ནས་ཕྱིན་ཅི་མ་ལོག་པས་བདག་དང་གཞན་གྱི་དོན་ཇི་ལྟ་བ་བཞིན་ཉམས་སུ་ལེན་པས་སྔགས་ཀྱིས་ཟིན་པའི་དུག་སྤྱོད་པ་དང་འདྲ་བར་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །དེ་ཡང་མདོ་དེ་ཉིད་ལས་ཐབས་ནི་བསྡུ་བ་ཤེས་པའོ། །ཤེས་རབ་ནི་ཡོངས་སུ་གཅོད་པ་ཤེས་པའོ་ཞེས་གསུངས་པ་དང༌། འཕགས་པ་དད་པའི་སྟོབས་བསྐྱེད་པ་ལས། ཐབས་ལ་མཁས་པ་གང་ཞེ་ན། གང་ཆོས་ཐམས་ཅད་ཀྱི་བསྡུ་བ་ཤེས་པ་ལ་མཁས་པའོ། །ཤེས་རབ་གང་ཞེ་ན། གང་ཆོས་ཐམས་ཅད་དབྱེར་


DTG110_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཤེས་པ་ལ་མཁས་པའོ་ཞེས་གསུངས་པའོ། །འདི་དག་ལ་ནི་ས་ལ་གནས་པས་ཀྱང་བསྟེན་པར་བྱའོ། །ཤེས་རབ་ཙམ་འབའ་ཞིག་ནི་མ་ཡིན་ནོ། །གང་གི་ཕྱིར་ས་བཅུ་པ་ལ་སོགས་པའི་མདོ་ལས་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ལ་ཡང་མི་སྤྱོད་པ་མ་ཡིན་ནོ་ཞེས་གསུངས་པས་བྱང་ཆུབ་སེམས་དཔའ་ས་བཅུ་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ཀུན་ཏུ་སྤྱད་པར་བྱའོ་ཞེས་བཤད་དོ། །དེ་བཞིན་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཅིག་ཏུ་དགའ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་མཛད་ནས། ཡོངས་སུ་རྒྱས་པའི་མདོ་ཆོས་ཐམས་ཅད་བསྡུས་པ་ལས་བྱམས་པ་གང་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་གཟུང་བར་བྱ་བ་དེ་ལ་སྐྱེས་བུ་བླུན་པོ་རྣམས་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ལ་བསླབ་པར་བྱའི། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱིས་ཅི་ཞིག་བྱ་ཞེས་ཟེར་ཞིང༌། དེས་ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་སྨོད་པ་ཉིད་དུ་སེམས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་དང༌། འཕགས་པ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ནི་སྙིང་རྗེ་ཆེན་པོའི་རྩ་བ་ཅན། བྱང་ཆུབ་ཀྱི་རྒྱུ་དང་ལྡན་པ། ཐབས་ཀྱི་མཐར་ཕྱིན་པའོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་གཉིས་ཀ་ཡང་དུས་ཐམས་ཅད་དུ་བསྟེན་པར་བྱའོ། །དེ་ལྟར་ན་བཅོམ་ལྡན་འདས་མི་གནས་པའི་མྱ་ངན་ལས་འདས་པ་འགྲུབ་པ་ཡིན་ནོ། །དེ་ཡང་སྦྱིན་པ་ལ་སོགས་པའི་ཐབས་ཀྱིས་གཟུགས་ཀྱི་སྐུ་དང་ཞིང་དང་འཁོར་ལ་སོགས་པ་ལོངས་སྤྱོད་ཆེན་པོའི་འབྲས་བུ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པར་མཛད་པས། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ལ་གནས་པར་མི་མཛད་དོ། །ཤེས་རབ་ཀྱིས་ཕྱིན་ཅི་ལོག་མ་ལུས་པར་སྤངས་པས་འཁོར་བར་གནས་པར་མི་མཛད་དེ། འཁོར་བ་ནི་ཕྱིན་ཅི་ལོག་གི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་ཆོས་ཀྱི་རྣམ་གྲངས་གཟིངས་ལྟ་བུར་ཤེས་པ་རྣམས་ཀྱིས་ནི་ཆོས་རྣམས་ཀྱང་སྤང་བར་བྱ་ན་ཆོས་མ་ཡིན་པ་ལྟ་ཅི་སྨོས་ཞེས་ཇི་སྐད་དུ་གསུངས་པ་ལྟ་བུ་ཡིན། དེ་ལ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་སྤང་


DTG110_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ་ཞེས་གསུངས་ཀྱི། དགོས་པའི་དོན་རྫོགས་པར་བྱ་བའི་དོན་དུ་ཡང་གནས་པར་མི་བྱའོ་ཞེས་གསུངས་པ་མ་ཡིན་ནོ། །དེ་ཡང་ཆོས་སུ་གཟུང་བར་བྱའི། མི་གཟུང་བར་མི་བྱའོ་ཞེས་གསུངས་ཏེ། ལམ་ལོག་པས་གཟུང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དངོས་པོ་ཐམས་ཅད་དེ་ལྟར་གཟིགས་ཏེ་གསུངས་པ་ནི། །དུས་ཀུན་དུ་ནི་ཐབས་དང་ནི། །ཤེས་རབ་ཕ་རོལ་ཕྱིན་བདག་ཅན། །བསྟེན་བྱ་གང་ཕྱིར་དེ་ལས་ནི། །མི་གནས་མྱ་ངན་འདས་པར་འགྱུར། །ཞེས་བྱ་བ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་བསྒོམ་པའི་རིམ་པའི་མན་ངག་སློབ་དཔོན་ཆེན་པོ་དཔལ་ཡེ་ཤེས་གྲགས་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་ཀཱ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །

སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པ་བསྒོམ་པ་ཞེས་བྱ་བ།


DTG110_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བུདྡྷ་ཨ་ནུ་སྨྲྀ་ཏི་ཨུཏྟ་ར་བྷཱ་བ་ན་ནཱ་མ། བོད་སྐད་དུ། སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པ་བསྒོམ་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྤྲོས་པའི་རྒྱུན་བཅད་ཞི་བའི་གནས་རྙེད་བདེ་འབྱུང་གནས། །སྐུ་གཉིས་སྐྱེད་པའི་ཡོན་ཏན་མཐའ་ཡས་གཞིར་གྱུར་པ། །ཆོས་ཀུན་རོ་གཅིག་བརྙེས་པས་སྟུག་པོའི་གནས་ཐིམ་པ། །རྒྱལ་བའི་རྒྱལ་བ་དམིགས་མི་མངའ་ལ་ཕྱག་འཚལ་ལོ། །མུན་པ་གཉིས་ནི་གཞོམ་འདོད་ཅིང༌། །ཡང་དག་སྣང་བ་འབྱུང་འདོད་པའི། །དོན་གྲུབ་བྱ་ཕྱིར་བདག་གིས་ནི། །སངས་རྒྱས་རྗེས་དྲན་བླ་མེད་བཤད། །དེ་ལ་སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པ་ནི་འདི་ལྟར་བལྟ་བར་བྱ་སྟེ། རྣལ་འབྱོར་པས་ཐོ་རངས་མལ་ནས་ལངས་ཏེ་གཙང་མར་གྱུར་པའམ། མི་གཙང་བ་ཡང་རུང་བས་སྔགས་འདི་ལན་གསུམ་བརྗོད་དོ། །ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ྅ཧཾ། དེ་ནས་འདི་ལྟར་བལྟ་སྟེ། ལུས་འདི་ལྟ་སྟེ། སྐྲ་དང༌། སྨིན་མ་དང༌། རྫི་མ་དང༌། ཁ་སྤུ་དང༌། མཆན་ཁུང་གི་སྤུ་དང༌། མདོམས་ཀྱི་སྤུ་དང༌། ལུས་གཞན་གྱི་བ་སྤུ་སྟེ། སྤུའི་ཚོགས་དང༌། མིག་གཉིས་དང༌། རྣ་བ་གཉིས་དང༌། སྣ་དང༌། སོའི་ཕྲེང་བ་དང༌། སེན་མོ་དང༌། པགས་པ་དང༌། ཤ་དང༌། ཚིལ་དང༌། ཁྲག་དང༌།


DTG110_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

རྩའི་དྲ་བ་དང༌། ཆུ་བ་དང༌། རྒྱུས་པ་དང༌། གླད་རྒྱས་དང༌། གླད་པ་དང༌། ལྕེ་དང༌། མིད་པ་དང༌། ཨོལ་ཀོ་དང༌། ཨོལ་མདུད་དང༌། གློ་བ་དང༌། སྙིང་དང༌། མཆིན་པ་དང༌། མཁལ་མ་དག་དང༌། མཆེར་པ་དང༌། ལྒང་པ་དང༌། མཚན་དང༌། རྒྱུ་མ་དང༌། གཉེ་མ་དང༌། གཞང་དང༌། ཕོ་བ་དང༌། སུལ་མང་དང༌། ལོང་ཀ་དང༌། གྲོད་པ་དང༌། བཤང་བ་དང༌། གཅི་བ་དང༌། སྣབས་དང༌། ངར་སྣབས་དང༌། ལུད་པ་དང༌། མཆིལ་མ་དང༌། མཆི་མ་དང༌། སྣ་ཆུ་དང༌། རྣ་སྤབས་དང༌། མིག་དྲི་དང༌། རྡུལ་དང༌། བད་ཀན་དང༌། རྣག་དང༌། མཁྲིས་པ་དང༌། རླུང་དང༌། ཁུ་ཆུ་དང༌། ཁ་ཆུ་དང༌། རླངས་པ་དང༌། སའི་ཁམས་དང༌། ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རུས་པའི་ཕྲེང་བ་དང༌། མགོ་བོའི་རུས་པ་དང༌། མགྲིན་པའི་རུས་པ་དང༌། ལག་པའི་རུས་པ་དང༌། བྲང་གི་རུས་པ་དང༌། ཚིགས་པའི་རུས་པ་དང༌། རྩིབ་མའི་རུས་པ་དང༌། ཚང་རའི་རུས་པ་དང༌། དཔྱིའི་རུས་པ་དང༌། བརླའི་རུས་པ་དང༌། བྱིན་པའི་རུས་པ་དང༌། རྐང་མཐིལ་གྱི་རུས་པ་དང༌། དེ་དག་ཉིད་ཀྱང་ཐོད་ཚལ་གཅིག་པ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། འགྲམ་པ་གཡས་པ་དང༌། གཡོན་པ་དང༌། ཚིགས་པ་རེ་རེ་དང༌། རྩིབ་མ་རེ་རེ་དང༌། སོག་པ་གཉིས་ལ་སོགས་པ་ཐ་དད་པ་འདི་དག་དང༌། དེ་དག་ཀྱང་རྡུལ་ཕྲ་རབ་ལ་ཐུག་པར་འགྱུར་ཞིང༌། དེ་དག་ཀྱང་ཕྱོགས་ཆ་ཐ་དད་པར་ཕྱེ་ན་མ་གྲུབ་སྟེ། འདི་ལྟར་ལུས་འདི་ནི་མ་གྲུབ་ཅིང༌། དེ་བཞིན་དུ་མཐའ་ཡས་པའི་ལུས་ཐམས་ཅད་དང༌། སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀྱང་དེ་དག་འདྲ་བར་མ་གྲུབ་བོ་ཞེས་ངེས་པར་བྱའོ། །དེ་ལྟར་ལུས་མ་གྲུབ་པས་ཁོག་སྦུབས་དང༌། ལྕེ་དང༌། སོ་དང༌། མཆུ་ལ་སོགས་པ་ལ་བརྟེན་ནས་བྱུང་བའི་ངག་ཀྱང་མ་གྲུབ་བོ་ཞེས་ངེས་པར་བྱའོ། །དེ་ལྟར་ལུས་དང་ངག་མ་གྲུབ་པས་སེམས་ཀྱང་མ་གྲུབ་པར་དཔྱད་དེ། འདི་ལྟར་ལེགས་པར་དཔྱད་ན་སེམས་ནི་ཁ་དོག་ཏུ་མི་དམིགས། དབྱིབས་སུ་ཡང་མ་ཡིན། ཕྱི་ན་ཡང་མ་ཡིན། ནང་ན་ཡང་མ་ཡིན། བར་ན་ཡང་མ་ཡིན། ཉེ་བ་ན་ཡང་མ་ཡིན། རིང་བ་ན་ཡང་མ་ཡིན། སྐད་ཅིག་སྔ་མ་ནི་


DTG110_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་ཟིན། སྐད་ཅིག་ཕྱི་མ་ནི་མ་འོངས་ཤིང་མ་གྲུབ་པའོ། །སྐད་ཅིག་ད་ལྟར་བ་ནི་མི་གནས་ཤིང་མ་ཟིན་པའོ། །དེའི་ཕྱིར་ལུས་དང་ངག་དང་སེམས་འདི་དག་ནི་སྟོང་པ། ཞི་བ། ཡུལ་མེད་པ། འཇུག་པ་ཆད་པ། ཡུལ་ན་མི་གནས་པ། ཕྱོགས་ན་མི་གནས་པའོ་ཞེས་བསམ་མོ། །དེ་ནས་ཡང་སྔ་མ་བཞིན་དུ་ལུས་ལ་སོགས་པ་ལ་བལྟ་སྟེ་ཡང་དང་ཡང་དུའོ། །དེ་ནས་ཡིད་སྐྱོ་བ་ན་ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་ཤིན་ཏུ་མོས་པས་ཡིད་ལ་བྱེད་པ་གཞན་འབྱུང་བ་སྐྱེད་པར་མི་བྱེད་པར་གསང་སྔགས་འདི་ཅི་དགར་བཟླས་སོ། །ཨོཾ་ཤཱུ་ནྱ་ཏཱ་ཛྣྱཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་ལྡང་བར་འདོད་པ་དང་འདི་སྙམ་དུ་ཨེ་མའོ་ཀྱི་ཧུད་ཆོས་འདི་དག་ཐམས་ཅད་ནི་རབ་ཏུ་ཞི་བ། སྤྲོས་པ་དང་བྲལ་བ། ཉེ་བར་འཚེ་བ་མེད་པས་བདེ་བ་དམ་པ། རང་བཞིན་གྱིས་འོད་གསལ་བ། ནམ་མཁའ་དང་མཉམ་པ་ཉིད་ཡིན་ན་བྱིས་པའི་རང་བཞིན་ཅན། ཤེས་རབ་འཆལ་པ་འདི་དག་གིས་དེ་ལྟར་མ་ཤེས་པས་བདག་གིས་སྒྱུ་མ་དང་འདྲ་བས་དེ་དག་གི་དོན་བགྱིའོ་ཞེས་བསམ་སྟེ། བཅོས་མ་མ་ཡིན་པའི་སྙིང་རྗེས་སེམས་མཉེན་པར་བྱས་ལ་སྐད་ཅིག་གིས་རང་གི་སྡུག་པའི་ལྷའི་སྐུར་བལྟས་ལ་ལངས་ཏེ། ཇི་ལྟ་ཇི་ལྟར་སེམས་ཅན་ལ་ཕན་པ་དང་བདེ་བར་འགྱུར་བ་དེ་ལྟ་དེ་ལྟར་སྤྱད་པར་བྱའོ། །སྔར་བཤད་པའི་ཚུལ་གྱིས་སྔ་དྲོ་དང༌། གུང་དང༌། དགོངས་ལ་སོགས་པར་ཡང་དང་ཡང་དུ་སངས་རྒྱས་རྗེས་སུ་དྲན་པར་བྱ་སྟེ། འདི་ལ་ནི་ཁ་ཟས་ཀྱི་ངེས་པ་དང༌། དུས་ཀྱི་ངེས་པ་དང༌། སྤྱོད་ལམ་གྱི་ངེས་པ་དང༌། གཟའ་དང་སྐར་མའི་ངེས་པ་ཡང་མེད་དོ། །འོན་ཀྱང་རྣལ་འབྱོར་འདི་ལ་གཞོལ་བས་ཇི་ལྟར་སངས་རྒྱས་རྗེས་སུ་དྲན་པ་མི་ཉམས་པ་དེ་ལ་གནས་ཀྱི་གྲོགས་འདོད་པར་མི་བྱ། བསྟོད་པ་དང་གྲགས་པ་དང་བདེ་བ་དང་རྙེད་པ་དག་གིས་ཡིད་དགའ་བར་མི་བྱ་སྟེ། གལ་ཏེ་དགའ་བ་བྱུང་ན་ཡང་འབད་པས་གཞོམ་པར་བྱའོ། །དེ་བཞིན་དུ་སྨད་པ་དང་མ་གྲགས་པ་དང་སྡུག་བསྔལ་བ་དང་མ་རྙེད་པ་དག་གིས་གདུང་བར་མི་བྱ་སྟེ། གལ་ཏེ་གདུང་བ་བྱུང་ན་ཡང་ནན་ཏན་གྱིས་གཞོམ་པར་བྱའོ། །གང་ཞིག་དེ་ལྟར་སྤྱོད་པ་དེ་ནི་བླ་མ་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་སྟེ། དེ་ལྟར་ཡང་འཕགས་པ་ལང་ཀར་གཤེགས་པ་ལས་གསུངས་པ། དེ་ལྟར་སྐྱེ་


DTG110_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་སྤངས་པ་ཡི། །ཐུབ་པ་ཞི་བ་སུས་མཐོང་བ། །དེ་དག་འདི་དང་སླད་མར་ཡང༌། །ཆགས་མེད་ཉེར་ལེན་མེད་པར་འགྱུར། །ཞེས་སོ། །ཡང་གསུངས་པ། ཇི་ལྟར་མཐོང་བཞིན་སུ་ལྟ་བ། །དེ་དག་དྲན་པ་མི་མཐོང་ངོ༌། །རྣམ་པར་རྟོག་པ་མི་འཇུག་ཅིང༌། །གང་ཚེ་སངས་རྒྱས་མི་མཐོང་ལ། །འཇུག་མེད་སངས་རྒྱས་ཡིན་པར་ནི། །གལ་ཏེ་མཐོང་ན་དེ་སངས་རྒྱས། །ཞེས་སོ། །ཡང་གསུངས་པ། གང་གིས་གང་གཱའི་བྱེ་མཉམ་དུ། །འཇིགས་མེད་ཚུལ་གྱིས་མཐར་ཐུག་པར། །འདྲེན་པ་རབ་ཏུ་མཐོང་བ་ནི། །དེ་དག་འདྲེན་པ་མཐོང་བ་ཡིན། །ཞེས་སོ། །དེ་བཞིན་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ལས་ཀྱང༌། གང་གིས་ང་ལ་སྒྲར་ཤེས་ཤིང༌། །གང་གིས་ང་ལ་གཟུགས་སུ་མཐོང༌། ལོག་པར་སྤང་བ་ཞུགས་པ་སྟེ། །སྐྱེ་བོ་དེས་ནི་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་ཞེས་བྱ་བའི་མདོ་ལས་ཀྱང་གསུངས་པ། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་སོ། །གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་ཀྱང་གསུངས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་སྐུ་ཡིན་གྱི། དགེ་སློང་དག་འཇིག་ཚོགས་ལ་སྐུར་མ་འཛིན་པར་དགེ་སློང་དག་ང་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་ལྟོས་ཤིག་ཅེས་གསུངས་པས། དེ་བཞིན་གཤེགས་པའི་སྐུ་ནི་ཡང་དག་པའི་མཐའ་རྟག་པ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བལྟའོ་ཞེས་སོ། །ཡང་དེ་ཉིད་ལས་གསུངས་པ། དེ་བཞིན་གཤེགས་པ་ནི་གཟུགས་ཀྱི་སྐུར་མི་བལྟ་སྟེ། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུའོ། །རིགས་ཀྱི་བུ་ཆོས་ཉིད་ནི་འོང་བའམ་འགྲོ་བ་མེད་དེ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ལ་བྱོན་པའམ་བཞུད་པ་མེད་དོ་ཞེས་སོ། །གང་ཡང་འཕགས་པ་ལང་ཀར་གཤེགས་པ་


DTG110_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་གསུངས་པ། གང་ཟག་མེད་ཅིང་ཕུང་པོ་མེད། །སངས་རྒྱས་ཡེ་ཤེས་ཟག་མེད་པ། །རྟག་ཏུ་ཞི་བ་རྣམ་བསྒོམ་སྟེ། །དེ་ལ་བདག་ནི་སྐྱབས་སུ་མཆི། །ཞེས་སོ། །དེ་ལྟར་ལུས་རང་བཞིན་མེད་པ་དང༌། ངག་རང་བཞིན་མེད་པ་དང༌། ཡིད་རང་བཞིན་མེད་པར་བསྒོམ་པ་ནི་ཆོས་ཀྱི་སྐུ་རྗེས་སུ་དྲན་པའོ། །གཞན་ཡང་ཕན་པར་དགའ་བར་འདོད་པའི་ལྷའི་སྐུའི་ང་རྒྱལ་འཆང་བ་ནི་གཟུགས་ཀྱི་སྐུ་རྗེས་སུ་དྲན་པའོ། །འདི་ལྟ་བུའི་རྗེས་སུ་དྲན་པ་བསྒོམས་པས་ལུས་ཀྱི་སྤྱོད་པ་ནི་ཚུལ་མི་འཆོས་པར་བྱའོ། །གཅིག་པུ་རྒྱུ་བར་བྱའོ། །གནོད་པ་སྐྱོབ་པ་ཙམ་ལས་ལུས་བརྒྱན་པར་མི་བྱའོ། །སློང་མོས་འཚོ་བར་བྱའོ། །མི་རིགས་པའི་བསྙེན་བཀུར་མི་བྱའོ། །ངག་གི་སྤྱོད་པ་ནི་དོན་མེད་པར་མི་སྨྲའོ། །འབྲེལ་པ་དང་བཅས་བཞིན་དུ་ཡིད་དུ་འོང་བར་སྨྲའོ། །གཞན་ལ་གདུང་བསྐྱེད་པ་མི་སྨྲའོ། །རྟོག་པ་སྔོན་ལ་སོང་བས་སྨྲའོ། །གསལ་ཞིང་དཔེས་ཁྲིད་དེ་སྨྲའོ། །ཕ་རོལ་གྱི་ལན་ཐེབས་པར་སྨྲའོ། །ཡིད་ཀྱི་སྤྱོད་པ་ནི་བརྟན་པ་དང༌། དུལ་བ་དང༌། མ་ཁེངས་པ་དང༌། མ་ཞུམ་པར་བྱའོ། །ཕྱོགས་ལས་རྒྱལ་བ་དང༌། ཕ་རོལ་གྱི་ངོར་མི་ལྟ་བ་དང༌། མ་ཡེངས་པར་བྱའོ། །དྲན་པ་དང༌། ཤེས་བཞིན་དང་ལྷན་ཅིག་པར་བྱའོ། །མིའི་མཆོག་གང་ཞིག་འདི་ལྟ་བུས་རྗེས་སུ་དྲན་པ་དང༌། སྤྱོད་པ་ལ་གཞོལ་བ་དེ་དག་ནི་རིང་པོར་མི་ཐོགས་པར་འབྱོར་པ་དམ་པ་ཐོབ་པར་འགྱུར་རོ། །ཆུ་ནང་པདྨ་ཉི་མའི་ཟེར་ཕྱེ་རབ་རྒྱས་དགའ་སྐྱེད་ལྟར། །བླ་མེད་རྗེས་དྲན་པདྨ་གཞུང་གི་ཟེར་ཕྱེ་དགའ་སྐྱེད་པ། །པདྨའི་ཕྲེང་ལྟར་ལེགས་སྦྱར་འདིས་ནི་སྐྱེ་བོ་མ་ལུས་པ། །བླ་མེད་སངས་རྒྱས་རྗེས་དྲན་ནམ་ཡང་མི་འབྲལ་དེར་འབད་ཤོག །སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པ་མདོའི་རྗེས་སུ་འགྲོ་བ་ཞེས་བྱ་བ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་མ་ཧཱ་མ་ཏིའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།ཨཱ་ཙཱཪྻ་བི་ན་ཡ་ཙནྡྲ་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ཞེས་བྱ་བ།
བྱང་ཆུབ་བཟང་པོ།


DTG110_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ས་མཱ་དྷི་སམྦྷཱ་ར་པ་རི་བ་རྟ་ནཱ་མ། བོད་སྐད་དུ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྲིད་པ་ཇི་སྲིད་བར་དུ་བཞུགས་པ་ཡི། །


DTG110_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་དབང་སྲས་བཅས་རྣམས་ལ་ཕྱག་འཚལ་ཏེ། །གསང་སྔགས་མདོ་སྡེ་ཕ་རོལ་ཕྱིན་པ་ཡི། །མདོ་སྡེའི་རྗེས་འགྲོ་ཏིང་འཛིན་ཚོགས་ལེའུ་བརྗོད། །དེང་སོང་སྐྱེ་བོ་ཕལ་ཆེར་བདུད་ཀྱི་ལྕགས་ཀྱུས་བཟུང་སྟེ་ཁྱིམ་གྱི་བཙོན་ར་དམ་པོར་བཅུག །བདུད་ཀྱི་འཇིག་རྟེན་སྐྱོང་བཞིས་ཁྲིམས་ཕས་བསྲུངས་ཤིང་སྲེད་སོགས་འཆིང་བས་རབ་ཏུ་དམ་པོར་བཅིངས། །སྡོམ་བརྩོན་དག་ཀྱང་ཕལ་ཆེར་བདུད་ཀྱི་འཇིག་རྟེན་སྐྱོང་བཞིའི་དབང་དུ་གྱུར་ཅིང་དགེ་སྦྱོང་གི །གནས་དང་ཚུལ་སྤངས་ཁྱིམ་པ་རྣམས་དང་སྤྱོད་མཚུངས་ངན་འགྲོའི་གཡང་སར་མངོན་ཕྱོགས་མཐོ་རིས་སྤང༌། །དེ་ཕྱིར་འདི་ནི་བདག་ཉིད་དྲན་ཕྱིར་བྱས་ཀྱི་གཞན་ལ་ཕན་པའི་རེ་བ་ཡོད་མ་ཡིན། །འོན་ཀྱང་བདག་དང་སྐལ་བ་མཉམ་པ་ལ་ལ་གནས་འདིར་དགའ་ན་ཡང་དག་རྟོགས་པས་སྨྲ་འདི་ཉོན། །དེ་ལ་ཏིང་ངེ་འཛིན་གྱི་ཚོགས་ཀྱི་ཡན་ལག་ནི་རྣམ་པ་དགུ་སྟེ། སྤང་བར་བྱ་བ་དང༌། སྔོན་དུ་འགྲོ་བ་དང༌། ལྡོག་པར་བྱ་བ་དང། གདུང་བ་བཅད་པ་དང༌། ཡིད་འབྱུང་བར་བྱ་བ་དང༌། ཡོན་ཏན་རྗེས་སུ་དྲན་པར་བྱ་བ་དང༌། བརྩོན་པར་བྱ་བ་དང༌། འབྲེལ་པར་བྱ་བ་དང༌། གནས་པའི་ཐབས་ཞེས་བྱ་བ་རྣམས་སོ། །དེ་ལ་སྤང་བར་བྱ་བ་ནི་བདུད་ཀྱི་ལས་སོ། །དེ་ལ་བདུད་ནི་གང༌། དེའི་ལས་ནི་གང་ཞེ་ན། བདུད་ནི་འདོད་པའི་ལྷ་སྡིག་ཅན་ཞེས་བྱ་བ་ལ་ཆུང་མ་པདྨའི་ཕྲེང་བ་ཅན་དང༌། འཁོར་འཇིག་རྟེན་སྐྱོང་བ་བཞི་དང༌། བདུད་ཀྱི་རིགས་ཀྱི་ཡི་དགས་དང་བཅས་པ་གང་ཡིན་པའོ། །དེ་དག་གི་ལས་ནི་འདོད་པའི་ལྷ་དེ་ཆུང་མ་དང་བཅས་པའི་སྤྱི་བོ་ན་མེ་ཏོག་གི་མདའ་ལྔ་ཡོད་པ་ནི། འདི་ལྟ་སྟེ་དྲེགས་པར་བྱེད་པ་དང༌། རྨོངས་པར་བྱེད་པ་དང༌། ཀུན་ཏུ་རྨོངས་པར་བྱེད་པ་དང༌། བརྒྱལ་བར་བྱེད་པ་དང༌། སེམས་མེད་པར་བྱེད་པ་ཞེས་བྱ་བ་རྣམས་སོ། །དེའི་མེ་ཏོག་དེ་དག་བསྣུན་པ་དེ་ཕོག་པ་ལས་ཉོན་མོངས་པ་ལྔ་གང་ཤས་ཆེ་བ་དེ་ལ་དེས་ཕོག་པ་ཁོ་ནར་རབ་ཏུ་འབར་བར་གྱུར་ཏེ། དེའི་དབང་དུ་སོང་ཞིང་ཐར་པ་དང་མངོན་པར་མཐོ་བ་ལས་ཉམས་པར་འགྱུར་རོ། །དེའི་འཇིག་རྟེན་སྐྱོང་བ་བཞི་ནི་འདི་ལྟ་སྟེ། འཐབ་པར་བྱེད་པ་དང༌། གཡེང་བར་བྱེད་པ་དང༌། ལྷག་པར་རབ་ཏུ་ཆགས་པ་དང༌། འདུ་ཤེས་ལོག་པ་ཞེས་བྱའོ། །བདུད་དེ་དག་གི་ལས་ནི་ཐ་དད་པ་སྟེ། འདི་ལྟར་འཐབ་པར་བྱེད་པའི་བདུད་དེས་ནི་ལམ་བསྒོམ་པ་དག་འཐབ་པ་དང༌།


DTG110_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་པ་དང༌། འགྱེད་པ་ལ་འཇུག་ཅིང་དེའི་རྐྱེན་འབད་པས་སྒྲུབ་བོ། །གཡེང་བར་བྱེད་པའི་བདུད་དེས་ནི་ལམ་བསྒོམ་པ་དག་གཉིད་དང་རྨུགས་པ་རབ་ཏུ་འཕེལ་བའམ། ཆོས་ཉན་པ་དག་ཀྱང་གཉིད་ལ་རབ་ཏུ་སྦྱོར་བའམ། ཁ་ཅིག་རབ་ཏུ་གཡེང་བར་ཡང་བྱེད་པར་གནས་སོ། །ལྷག་པར་རབ་ཏུ་ཆགས་པའི་བདུད་དེས་ནི་ཕལ་ཆེར་ཁྱིམ་ན་གནས་པ་ལ་བར་དུ་གཅོད་དེ། སྦྱིན་པའི་དུས་ཉེ་བར་གནས་པ་ན་བུ་དང་བུ་མོ་དང་ཆུང་མ་དང་བདག་ཉིད་ལོངས་ཅི་སྤྱད་ཅེས་དེ་རང་གི་ཤ་ལ་གཅོད་པ་སྙམ་བྱེད་པའི་འདུ་ཤེས་ཉེ་བར་བསྒྲུབ་བོ། འདུ་ཤེས་ལོག་པའི་བདུད་གང་ཡིན་པ་དེས་ནི་ཕལ་ཆེར་རབ་ཏུ་བྱུང་བའི་ཕྱོགས་སུན་འབྱིན་པར་བྱེད་པ་སྟེ། འདི་ལྟར་རབ་ཏུ་བྱུང་བའི་སེམས་ཉེ་བར་གནས་པ་ན་འཁྲིག་པའི་བདེ་བ་དང༌། བཟའ་བ་དང་བཏུང་བའི་བདེ་བ་དང༌། རང་གི་སྐྱེ་བོའི་ཚོགས་དང༌། གླུ་གར་ལ་སོགས་པ་དྲན་པས་ཆགས་པ་དང༌། དེའི་རང་གི་སྐྱེ་བོས་སླུ་བ་དང༌། འདྲིད་པ་དང༌། བསྡིགས་པ་དང༌། བཟུང་བས་དེའི་ངེས་པར་འབྱུང་བའི་བར་ཆད་བྱེད་དུ་འཇུག་གོ །རབ་ཏུ་བྱུང་བ་དག་ལ་ཡང་བུད་མེད་ཀྱི་མཚན་མ་དག་ཡིད་ལ་བྱེད་པ་དང༌། སྔོན་བགད་པ་དང༌། རྩེས་པ་དག་དྲན་པར་བྱེད་པ་དང༌། ཚོང་དང་ཞིང་ལས་དང་རང་གི་འབྲེལ་པ་དང༌། ཡིད་གཅུགས་པར་བྱ་བའི་སེམས་བསྐྱེད་ཅིང༌། རྨི་ལམ་ན་བུད་མེད་དུ་སྤྲུལ་ཅིང་དེས་ཆགས་པ་དང་ས་བོན་འབྱུང་བར་བྱེད་ལ། སྣ་ཚོགས་ཀྱིས་ཀྱང་རབ་ཏུ་བྱུང་བ་ལས་འབེབས་ཤིང༌། དེ་དག་གི་ཚངས་པར་སྤྱོད་པ་དྲི་མ་ཅན་དུ་ཡང་བྱེད་དོ། །འདི་དག་བཞི་ཆར་ཡང་འཛམ་བུའི་གླིང་པ་རྣམས་སྡུག་བསྔལ་བར་བྱ་བའི་ཕྱིར་ཀླུ་མ་རུངས་པ་དག་བསྐུལ་ལ། ལྷ་མ་ཡིན་དག་བསྐུལ་ཞིང་ལོ་ཏོག་མ་རུངས་པར་བྱེད། མི་ཆོས་དང་ལྡན་པའི་སྲོག་འཕྲོག་ཅིང༌། ལུས་ལ་ནད་སྣ་ཚོགས་གཏོང་བར་བྱེད་དེ། ཇི་ལྟར་རྒྱལ་པོ་བཞི་པོ་དག་ཆོས་མ་ཡིན་པ་ལ་སྤྱོད་པ་དག་ལ་ཆད་པ་སྦྱིན་པ་ལྟར། འདི་དག་ནི་ཆོས་དང་ལྡན་པ་རྣམས་ལ་ཆད་པ་སྦྱིན་ནོ། །བདུད་ཀྱི་རིགས་ཀྱི་ཡི་དགས་ནི་ཡི་དགས་ཀྱི་རིགས་སུམ་ཅུ་རྩ་དྲུག་ལས་འདི་དག་རིགས་གཅིག་ཏུ་བགྲང་བ་ཡིན་ཏེ། དེ་དག་གི་བདུད་ཀྱི་ལས་ནི་བསམ་གཏན་པ་དག་ལ་རྨི་ལམ་དུ་འཇིགས་པ་སྐྱེད་པར་བྱེད། སངས་རྒྱས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་


DTG110_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲས་པ་ཉེ་བར་སྟོན་པས་བར་དུ་གཅོད། བསམ་གཏན་ལ་མཉམ་པར་གཞག་པ་ན་སྒྲ་ཆེན་པོ་སྒྲོགས་པར་བྱེད་དོ། །མདོར་ན་བདུད་དང་བདུད་ཀྱི་རིགས་སུ་གཏོགས་པ་རྣམས་ནི་ཡང་དག་པར་ཞུགས་པ་ཐམས་ཅད་ལ་ཆགས་པ་བསྐྱེད་པའམ། འཇིགས་པ་བསྐྱེད་པས་བར་དུ་གཅོད་དེ། དེ་ལྟར་ཡང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ལས། མི་ཟད་བརྟུལ་ཞུགས་བཟུང་བ་ཡི། །སྒྲུབ་པ་ལ་ནི་བདུད་ཀྱི་རིགས། །ལྷ་མོ་འདོད་པའི་གཟུགས་དག་དང༌། །དེ་བཞིན་གཞན་གྱི་ལུས་སུ་ཡང༌། །རྣམ་པ་སྣ་ཚོགས་གཟུགས་དག་གིས། །དབང་པོ་བསྡམས་ལ་འཚེ་བར་བྱེད། །ཅེས་གསུངས་ཏེ། འདིར་བརྟུལ་ཞུགས་བཟུང་བ་ནི་ཉེ་བར་མཚོན་པ་སྟེ། སེམས་ལས་སུ་རུང་བ་ཐམས་ཅད་ལ་ཡང་དེ་དག་ཉེ་བར་འཚེ་བར་བྱེད་དོ། །དེ་ལྟ་བུའི་བདུད་ཀྱི་ལས་དེ་དག་སུ་ཞིག་ལས་འབྱུང་ཞེ་ན། བསམ་པ་དག་པས་ཡང་དག་པར་བརྩོན་པ་དག་ལས་འབྱུང་སྟེ། ཇི་སྐད་དུ་འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་པ་ལས་གསུངས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཅི་ལས་འབྱུང་བར་རིག་པར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ནི་བརྩོན་འགྲུས་ལས་འབྱུང་བར་རིག་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། མི་བརྩོན་པ་ལ་ནི་བདུད་ཀྱིས་ཅི་ཞིག་བྱ་སྟེ། དེ་ཉིད་བདུད་ཡིན་པའི་ཕྱིར་རོ་ཞེས་སོ། །དེ་ལྟར་བདུད་ཀྱི་ལས་ཤེས་པས་དེ་བཟློག་པར་བྱ་སྟེ། ཇི་སྐད་དུ་འཕགས་པ་ལྷའི་བུ་རིན་པོ་ཆེ་མཆོག་གིས་ཞུས་པ་ལས་གསུངས་པ། གང་གི་ཚེ་བདུད་ཀྱི་ལས་རྟོག་པ་དེ་ལྟ་བུ་ནི་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །གང་ཡང་བདུད་ཀྱི་ལས་རྣམས་བཟློག་པ་དེ་ལྟ་བུའི་དཔྱས་མེད་པ་ཡིན་ནོ་ཞེས་སོ། །དེ་མ་བཟློག་པར་ནི་རྣམ་པར་ཐར་པ་མི་ཐོབ་པ་ཁོ་ན་སྟེ། ཇི་སྐད་དུ་འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་གསུངས་པ། བགེགས་ཀྱིས་བསོད་ནམས་མ་ལུས་ཟད་པར་བྱེད། །དེ་བས་མི་ལ་གསང་སྔགས་འགྲུབ་མི་བྱེད། །ཇི་ལྟར་ཟླ་བ་སྤྲིན་ལས་རྣམ་གྲོལ་ལྟར། །དེ་བཞིན་བགེགས་ལས་གྲོལ་བ་རྣམ་པར་གསལ། །ཞེས་ཏེ། འདིར་བགེགས་ཀྱང་གཉིས་ཏེ། རྫོགས་པའི་བྱང་ཆུབ་གཞིག་པར་བྱ་བའི་ཕྱིར་སྦྱོར་


DTG110_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྷའི་བུའི་བདུད་དང༌། དེ་ལ་གཞན་པ་ནི་ཇི་སྐད་དུ། འཕགས་པ་དཔུང་བཟངས་ཀྱི་ས་ཞུས་པ་ལས། གཏོར་མ་འདོད་པའམ། རྩེད་མོ་བྱེད་འདོད་པའམ། གསང་བའི་དོན་དུ་ལུས་ལ་འབབ་ཅིང་འཇུག་ཅེས་ཏེ། འདིར་དེ་གཉིས་ཀ་བཟློག་པར་བྱའོ། །ཐབས་གང་གིས་བཟློག་པར་བྱ་ཞེ་ན། ཇི་སྐད་དུ་འཕགས་པ་རྡོ་རྗེ་རྩེ་མོ་ལས་གསུངས་པ། རང་གི་སེམས་ནི་བདུད་ཅེས་གསུངས། །རང་གི་སེམས་ཉིད་བགེགས་ཡིན་ནོ། །རྣམ་པར་རྟོག་པ་ཐམས་ཅད་སྤངས། །བགེགས་ཀུན་རྣམ་པར་རྟོག་ལས་འབྱུང༌། །ཞེས་པའོ། །གཞན་ཡང་བདུད་ཀྱི་ལས་བཟློག་པའི་ཐབས་ནི། འཕགས་པ་མྱ་ངན་མེད་ཀྱིས་བྱིན་པས་ཞུས་པ་དང༌། འཕགས་པ་སེང་གེ་ལུང་བསྟན་པ་ལས་ཤེས་པར་བྱའོ། །འདི་ནི་སྤང་བར་བྱ་བའི་ཡན་ལག་གོ །གང་གིས་ཐོས་པའི་རང་བཞིན་གྱིས་ཤེས་རབ་མ་སྐྱེས་པ་དེས་ནི་བདུད་ཀྱི་ལས་བཟློག་པར་མི་ནུས་ཤིང་སེམས་མཉམ་པར་འཇོག་པར་ཡང་མི་ནུས་པས་ན། དང་པོར་ཐོས་པ་ཉིད་སྔོན་དུ་བྱ་སྟེ། ཇི་སྐད་དུ། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ནས་བསྒོམ་པ་ལ་ནི་སྦྱར་བ་སྟེ། །དེ་ལས་དངོས་གྲུབ་བླ་ན་མེད་པ་ཐོབ། །ཅེས་བཤད་ལ། འཕགས་པ་བྱང་ཆུབ་སེམས་དཔའི་རྣམ་པར་དཀོད་པ་བཅུ་བསྟན་པའི་ལེའུ་ལས་ཀྱང༌། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ལས་དང་པོ་བ་དེ་ནི་ཐོག་མ་ཉིད་དུ་ཁ་ཏོན་ལ་བསྐུལ་བར་བྱའོ། །མང་དུ་ཐོས་ནས་དབེན་པར་གནས་པ་ལ་བསྐུལ་བར་བྱའོ་ཞེས་གསུངས་ལ། དོན་དེ་ལྟར་འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པ་དང༌། འཕགས་པ་དཀོན་མཆོག་སྒྲོན་མ་ལས་ཀྱང་གསུངས་སོ། །དེ་བཞིན་དུ་འཕགས་པ་སྡོང་པོ་བཀོད་པ་ལས་ཀྱང༌། ཐོག་མར་ཉན་འདོད་བླ་མ་བསྙེན་བཀུར་བཟོད་དང་དེས་བྱས་ཤིང༌། །རང་བཞིན་མེད་པའི་ཆོས་ལ་རབ་རྟོག་བསམ་གཏན་རྙེད་བྱེད་པ། །བདེ་གཤེགས་ཉིད་ནི་རྟོགས་འགྱུར་འགྲོ་བ་རྣམས་སྐོམ་སེམས་ཚིམ་བྱེད། །ཆོས་ཉིད་དེ་འདྲ་སྤྱོད་པ་མྱུར་དུ་བདེ་གཤེགས་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་ཉན་ཐོས་ཀྱི་སོ་སོར་ཐར་པའི་མདོ་ལས་ཀྱང༌། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་


DTG110_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བདེ། །ཞེས་གསུངས་ཏེ། དེ་བས་ན་ཐོས་པའི་ཤེས་རབ་ཉིད་དོན་སྒྲུབ་པའི་སྔོན་དུ་འགྲོ་བའོ། །འདི་ནི་སྔོན་དུ་འགྲོ་བའི་ཡན་ལག་གོ །དེ་ལྟར་ཐོས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་ཆོས་སྨྲ་བ་ལ་འཇུག་པ་དགག་པར་བྱ་སྟེ། མངོན་པར་ཤེས་པ་མ་ཐོབ་པར་མང་དུ་ཐོས་པ་ཙམ་གྱིས་གཞན་ལ་ཕན་གདགས་པར་རྒྱལ་བས་མ་གསུངས་ཏེ། དེ་བས་ན་འཕགས་པ་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་བཅུ་བསྟན་པའི་ལེའུ་ལས། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེ་ནི་ཐོག་མ་ཉིད་དུ་ཁ་ཏོན་ལ་བསྐུལ་བར་བྱའོ། །མང་དུ་ཐོས་ནས་དབེན་པར་གནས་པ་ལ་བསྐུལ་བར་བྱའོ། །རབ་ཏུ་དབེན་པར་གྱུར་ནས་དགེ་བའི་བཤེས་གཉེན་དུ་གྱུར་པར་ཡོངས་སུ་བསྐུལ་བར་བྱའོ། །དགེ་བའི་བཤེས་སུ་གྱུར་ནས་ང་ལོ་བདེ་བ་ལ་བསྐུལ་བར་བྱའོ། །ང་ལོ་བདེ་བར་གྱུར་ནས་དུས་ཤེས་པ་ལ་བསྐུལ་བར་བྱའོ། །དུས་ཤེས་པར་གྱུར་ནས་མི་འཇིགས་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །མི་འཇིགས་པར་གྱུར་ནས་དོན་ཤེས་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །དོན་ཤེས་པར་གྱུར་ནས་ཆོས་ཀྱི་རྗེས་སུ་འབྲང་བ་ལ་ཡོངས་སུ་བསྐུལ་བར་བྱའོ། །ཆོས་ཀྱི་རྗེས་སུ་འབྲང་བར་གྱུར་ནས་རྨོངས་པ་མེད་པ་ལ་བསྐུལ་བར་བྱའོ། །རྨོངས་པ་མེད་པར་གྱུར་ནས་རྣམ་པར་དགོད་པ་ལ་ཡོངས་སུ་བསྐུལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བས་ཀྱང་ཤས་ཆེར་སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོ་སྔོན་དུ་འཇོག་པར་བྱ་བ་དང༌། གནས་གང་ཐོས་ཀྱང་དེ་ལ་བདག་ཉིད་སྦྱོར་བར་བྱ་བ་དང༌། བདག་དང་གཞན་གྱི་དྲིང་འཇོག་པར་མི་འགྱུར་བར་བྱ་བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པའོ་ཞེས་གསུངས་སོ། །དོན་འདི་ཉིད་འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པ་དང༌། དཀོན་མཆོག་སྒྲོན་མ་ལས་ཀྱང་གསུངས་སོ། །གཞན་ཡང་འཕགས་པ་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་ཀྱང༌། བདག་ནི་སྒྲུབ་ཉམས་ད་ནི་ཅི་བྱ་ཞེས། །བྱིས་པ་འཆི་བའི་དུས་ན་མྱ་ངན་བྱེད། །ཅེས་བྱ་བ་ལ་སོགས་པ་མང་དུ་ཐོས་པ་དབེན་པ་མི་བསྟེན་པར་ཆོས་སྨྲ་བ་ལས། ཉེས་པ་རྣམ་པ་རབ་ཏུ་མང་པོ་གསུངས་པས་དེར་ཞིབ་ཏུ་བལྟའོ། །དེ་


DTG110_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་མང་དུ་ཐོས་པ་དེས་ཐོས་པ་ཙམ་གྱིས་ཆོས་སྨྲ་བར་མི་བྱ་བར་དེ་ལས་ལྡོག་པར་བྱ་ཞིང་མངོན་པར་ཤེས་པ་ཐོབ་ནས་གཟོད་འགྲོ་བའི་དོན་བྱ་སྟེ། འདི་ནི་ལྡོག་པར་བྱ་བའི་ཡན་ལག་གོ །དེ་ལྟར་ཆོས་སྨྲ་བ་ལས་ལྡོག་ཅིང་སྤྲོས་པ་སྤངས་པ་དེ་འདི་སྙམ་དུ། ད་དུང་བདག་གིས་ཕུང་པོ་ལ་མཁས་པར་བྱ་བ་ཡང་ཡོངས་སུ་མ་གཏུགས། ཁམས་དང་སྐྱེ་མཆེད་ལ་མཁས་པར་བྱ་བ་ཡང་ཡོངས་སུ་མ་གཏུགས་སོ། །དེ་དག་ལ་མཁས་པར་མ་གྱུར་པར་ནི་ཐར་པ་ཡང་མི་ཐོབ་སྟེ། ཇི་སྐད་དུ། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་པར། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་བས་གཞན་དག་ཚར་གཅད་རྗེས་སུ་གཟུང་ཕྱིར་རམ། །རང་གིས་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་བསྟན་པའི་ཕྱིར་ཞེས་སེམས་པ་དང༌། གཞན་ཡང་སློབ་མ་དང་ཡང་སློབ་ཀྱི་སྦྱོར་བ་དང༌། རྙེད་པ་དང༌། བཀུར་སྟི་དང༌། གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པའི་བདེ་བ་ལ་འདོད་པ་བྱུང་ན་དེ་ནི་ངེས་པར་བཟློག་པར་བྱ་སྟེ། ཆོས་ཐོས་ནས་བསྒོམས་པས་བྱང་བར་མ་བྱས་པ་ན་ཅིར་ཡང་མི་བསྔགས་ཏེ། ཇི་སྐད་དུ་འཕགས་པ་སྡོང་པོ་བཀོད་པ་ལས་གསུངས་པ། ཡང་དག་སངས་རྒྱས་བསྟན་པ་འདི། །ཐོས་པ་ཙམ་གྱིས་མི་འགྲུབ་བོ། །དཔེར་ན་ལ་ལ་ཆུ་ཀླུང་གིས། །སྟོབས་མེད་ནན་གྱིས་ཁྱེར་བ་དག །སྐོམ་ནས་ཤི་བར་གྱུར་པ་བཞིན། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཞེས་པ་དང༌། ཡང་གསུངས་པ། དཔེར་ན་མཚོ་ཆེན་མཉན་པ་ཞིག །སྐྱེ་བོ་ཐམས་ཅད་སྒྲོལ་བྱེད་ཀྱང༌། །བདག་ཉིད་དེ་ནང་འཆི་འགྱུར་བ། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཞེས་བྱ་བ་ལ་སོགས་པ་བསྒོམས་པས་བྱང་བར་མི་བྱེད་པའི་སྐྱོན་རབ་ཏུ་མང་དུ་བསྟན་ཏེ་རྒྱས་པར་དེ་ཉིད་ལས་ཤེས་པར་བྱའོ། །དེ་བས་ཇི་ཙམ་གྱིས་སེམས་མཉམ་པར་འཇོག་པར་ནུས་པ་དེ་ཙམ་གྱིས་གདམས་ངག་གོ་ནས་ཚིམ་པར་བྱས་ལ། སེམས་ཀྱི་ངང་ཚུལ་འཕྲལ་དུ་བྱུང་བ་ཡང་བླ་མ་ལ་ཞུ་ཞིང་བསྒོམ་པར་བྱའོ། །ཚད་མ་རྣམ་པ་བདུན་དང༌། བརྡ་སྤྲོད་པ་རྣམ་པ་བཞི་དང༌། ཆོས་མངོན་པ་རྣམ་པ་བདུན་དང༌། རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པའི་མཚན་མས་ཡིད་མི་གདུང་སྟེ། ཇི་སྐད་དུ། དོན་དམ་པའི་


DTG110_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་ལས། །གང་ཞིག་བླ་མའི་མན་ངག་བདུད་རྩི་ཆུ། །གདུང་སེལ་བསེལ་ལྡན་ངོམས་པར་མི་འཐུང་བར། །དེ་ནི་བསྟན་བཅོས་དོན་མང་མྱ་ངན་གྱི། །ཐང་ལ་སྐོམ་པས་གདུངས་ཏེ་ཤི་བར་ཟད། །ཅེས་བཤད་དེ་བསྐལ་པ་དཔག་ཏུ་མེད་པར་ངལ་བར་བྱས་ཀྱང༌། ཐ་སྙད་ཉེ་བར་སྦྱར་བ་དེ་དག་ནི་མི་ཟད་ཀྱི། ཚེ་ཡོངས་སུ་གཏུགས་པ་ཁོ་ནར་འགྱུར་བར་ཟད་དོ། །དེ་བས་ན་བདེ་མཆོག་ཕྱི་མ་ལས་ཀྱང༌། རྣལ་འབྱོར་པ་ནི་ཕྱི་རོལ་འཁོར། །དེ་ཡི་ཁམས་རྣམས་ཟད་པར་འགྱུར། །དེ་བས་ཕྱི་རོལ་ཀུན་སྤངས་ཏེ། །རྣལ་འབྱོར་རོལ་པས་གནས་པར་བྱ། །ཞེས་གསུངས་སོ། །དེ་བཞིན་དུ་དོན་དམ་པའི་རིགས་པ་ལས་ཀྱང༌། ཡུལ་རྣམས་བགྲོད་ཅིང་གདུང་བས་ཉེན་བྱས་ཀྱང༌། །ལྷན་ཅིག་སྐྱེས་པའི་ཆ་ཙམ་ཡང་མི་འཕྲད། །ཅེས་བཤད་དོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་མཁས་པར་ཡང་རྣལ་འབྱོར་གྱི་མཐུས་དུས་གཅིག་ཉིད་ལ་འགྱུར་གྱི། དེ་དག་རིམ་པར་བསླབས་པ་ལས་ནི་མ་ཡིན་ཏེ། ཇི་སྐད་དུ་འཕགས་པ་རྡོ་རྗེ་གཙུག་ཏོར་ལས། དེ་ལས་ཤེས་པ་སྐྱེ་བར་འགྱུར། །མཐོས་པ་ཡང་ཤེས་པར་འགྱུར། །ཞེས་གསུངས་ལ། འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་ཀྱང༌། ཚིག་ནི་གཟུང་བར་འོས་ཤིང་ཡིན་གཞུངས་ལ། །སྙན་དངགས་དང་ནི་བྲི་བ་རྣམས་ལ་མཁས། །ཞེས་གསུངས་སོ། །འདི་དག་ཀྱང་རྣལ་འབྱོར་གྱི་མཐུ་ལས་བྱུང་བ་ཡིན་གྱི། རིམ་གྱིས་བསླབ་པའི་གནས་སྐབས་ནི་མ་ཡིན་ནོ། །ཆོས་མངོན་པ་ལས་ཀྱང༌། ཟད་པར་ཤེས་པ་ཟག་བཅས་ཀྱང༌། །ཞེས་བསྟན་ཏོ། །རྙེད་པ་དང་བཀུར་སྟི་འདོད་པའི་གདུང་བ་ནི་ཡིད་འབྱུང་བའི་ཡན་ལག་ལས་ཤེས་པར་བྱའོ། །འདི་ནི་གདུང་བ་བཅད་པའི་ཡན་ལག་གོ །རྣམ་པ་ཐམས་ཅད་དུ་འཁོར་བ་ལ་ཡིད་མ་བྱུང་བར་བསྒོམས་པས་བྱང་བར་བྱེད་ནུས་པ་མ་ཡིན་པས། དེ་ལ་ཡིད་འབྱུང་བར་བྱ་སྟེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བཤད་པ། ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་གསུངས་ཏེ། འདིར་གཉེན་ལ་མངོན་པར་དགའ་ཞིང་དགྲ་ལ་སྡང་བས་ཆགས་པ་དང༌། ནད་མེད་པ་དང༌། ལང་ཚོ་ལ་སོགས་


DTG110_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཆགས་པ་དང༌། རང་བཞིན་གྱིས་སྲིད་པ་ལ་ཆགས་པ་དང༌། རྙེད་པ་དང་བཀུར་སྟི་དང་གྲགས་པ་དང༌། སྒྲ་དང་ཚིགས་སུ་བཅད་པ་ལ་ཆགས་པ་རྣམས་སྤང་བར་བྱ་སྟེ། ཇི་སྐད་དུ་འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་གསུངས་པ། རེ་ཞིག་གཅིག་ན་དགྲ་ཡང་མཛའ་བོར་འགྱུར། །མཛའ་བོ་ཡང་ནི་དགྲར་ཡང་འགྱུར་བ་ཉིད། །དེ་བཞིན་ཁ་ཅིག་ཀྱང་ནི་བར་མར་འགྱུར། །བར་མ་དེ་ཉིད་ཀྱང་ནི་དགྲ་བོར་འགྱུར། །དེ་བཞིན་མཛའ་བཤེས་འགྱུར་བར་རིག་ནས་ནི། །བློ་གྲོས་ལྡན་པས་ནམ་ཡང་ཆགས་མི་བྱ། །གཉེན་ལ་དགའ་བའི་སེམས་ཀྱི་རྣམ་རྟོག་དག ། བཟློག་ནས་དགེ་ལ་ཅི་བདེར་གཞག་པར་བྱ། །ཞེས་སོ། །འཕགས་པ་ནཱ་གཱ་རྫུ་ནས་ཀྱང༌། །ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་བ་དག་བཤེས་ཉིད་དང༌། །བཟློག་པ་ཉིད་དུ་མཆིས་པས་དེ་སླད་དུ། །འཁོར་བ་དག་ལ་ངེས་པ་འགའ་མ་མཆིས། །ཞེས་བཤད་དོ།། དེ་བས་ན་གཉེན་དང་དགྲ་དག་ལ་ཆགས་པ་ཡོངས་སུ་སྤང་ངོ༌། །དེ་བཞིན་དུ། ནད་མེད་མི་རྟག་ལང་ཚོ་རྟག་མ་ཡིན། །ཚེ་རིང་མི་རྟག་འབྱོར་པ་རྟག་མ་ཡིན། །ཞེས་གསུངས་པས་དེ་དག་ལ་ཆགས་པ་ཡང་ཡོངས་སུ་སྤང་ངོ༌། །རྙེད་པ་དང༌། བཀུར་སྟི་དང༌། གྲགས་པ་དང༌། སྒྲ་དང་ཚིགས་སུ་བཅད་པ་ལ་ཆགས་པ་ཡང་སྤང་སྟེ། ཇི་སྐད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་གསུངས་པ། བདག་ནི་རྙེད་མང་བཀུར་སྟི་བྱས། །བདག་ལ་མང་པོ་དགའོ་ཞེས། །འདི་འདྲའི་སྙེམས་པ་འཆང་འགྱུར་ན། །འཆི་བའི་འོག་ཏུ་འཇིགས་པ་སྐྱེ། །ཞེས་པ་དང༌། ཡང་དེ་ཉིད་ལས། རྙེད་པ་དག་ནི་མང་བྱུང་ཞིང༌། །གྲགས་དང་སྙན་པ་བྱུང་གྱུར་ཡང༌། །རྙེད་དང་གྲགས་པའི་ཚོགས་བཅས་ཏེ། །གང་དུ་འདོང་བའི་གཏོལ་མེད་དོ། །བདག་ལ་སྨོད་པ་གཞན་ཡོད་ན། །བསྟོད་པས་བདག་དགར་ཅི་ཞིག་ཡོད། །བདག་ལ་བསྟོད་པ་གཞན་ཡོད་ན། །སྨོད་པས་མི་དགར་ཅི་ཞིག་ཡོད། །ཅེས་བཤད་ལ། ཡང་དེ་ཉིད་ལས། སེམས་ཅན་རྙེད་པ་མེད་ལ་སྨོད། །རྙེད་པ་ཅན་ལ་མི་སྙན་སྨྲ། །རང་བཞིན་འགྲོགས་དཀའ་དེ་དག་གིས། །དགའ་བ་ཇི་ལྟར་སྐྱེ་བར་འགྱུར། །ཞེས་བཤད་དོ། གཞན་ཡང་འཕགས་


DTG110_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། རྙེད་པ་དང་བཀུར་སྟི་ཉེས་པ་རབ་ཏུ་མང་པོ་བསྟན་པས་དེ་ལས་ཤེས་པར་བྱའོ། །འདིར་སློབ་མ་དང་ཡང་སློབ་ལ་སོགས་པ་ལ་ཆགས་པ་ནི་སྙིང་རྗེའི་བདག་ཉིད་མ་ཡིན་ནམ། ཇི་ལྟར་དེ་སྤང་བར་རིགས་ཤེ་ན། མ་ཡིན་ཏེ་གནས་སྐབས་མ་ཡིན་པའི་སྙིང་རྗེ་སྨད་པ་སྟེ། མངོན་པར་ཤེས་པ་མ་ཐོབ་པར་སློབ་མ་ཡོངས་སུ་སྨིན་པར་མི་ནུས་ཀྱི། རང་འཆིང་བར་ཟད་དོ། །ཇི་སྐད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དེ་ཉིད་ལས་གསུངས་པ། སེམས་ཅན་མོས་པ་སྣ་ཚོགས་པ། །རྒྱལ་བས་ཀྱང་ནི་མི་མགུ་ན། །བདག་འདྲ་ངན་པས་སྨོས་ཅི་དགོས། །དེ་བས་འཇིག་རྟེན་བསམ་པ་བཏང༌། །ཞེས་སོ། །ཡང་དེ་ཉིད་ལས། སེམས་ཅན་རྣམས་ལ་ཆགས་བྱས་ན། །ཡང་དག་ཉིད་ལ་ཀུན་ནས་སྒྲིབ། །སྐྱོ་བའི་སེམས་ཀྱང་འཇིག་པར་བྱེད། །ཐ་མར་མྱ་ངན་གདུང་བར་འགྱུར། །དེ་ལ་སེམས་པ་འབའ་ཞིག་གིས། །ཚེ་འདི་དོན་མེད་འདའ་བར་འགྱུར། །རྟག་པ་མེད་པའི་མཛའ་བཤེས་ཀྱིས། །རྟག་པའི་ཆོས་ཀྱང་འཇིག་པར་འགྱུར། །ཞེས་བཤད་དོ། །དེ་བས་ན་སློབ་མ་ལ་སོགས་པའི་འབྲས་བུས་འབྲེལ་པ་དང༌། འཇིག་རྟེན་པའི་ཐ་སྙད་ཀྱི་འབྲེལ་པ་གཉི་ག་ལ་སྙིང་བརྩེ་བ་ཁོ་ནས་མ་ཆགས་པར་དབེན་པར་གནས་པར་བྱའོ། །སྲིད་པ་ལ་རང་བཞིན་གྱིས་ཆགས་པ་ཡང་སྤང་བར་བྱའོ། །ཇི་སྐད་དུ། འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་གསུངས་པ། འཇིག་རྟེན་སྟག་དང་སྦྲུལ་དང་མེ་འདྲ་བར། །བསམས་ནས་སྤངས་ཏེ་དབེན་ལ་དགའ་བར་བྱ། །བུད་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་དང༌། །སྨན་དང་གླང་ཆེན་བརྟག་པའམ་སྐར་མའི་དཔྱད། །མཚོན་ཆ་བརྟག་པའམ་རྟ་དཔྱད་རང་བཟོའམ། །བསྟན་བཅོས་ངན་པ་སློབ་ཅིང་ཀློག་པ་སྤང༌། །ཞེས་སོ། །ཡང་དེ་ཉིད་ལས། གླང་ཆེན་རྟ་དང་བྱ་གག་བྱ་ཁྱི་དང༌། །གོང་མོ་སྲེག་པ་དུར་པ་སྐྱེས་པ་དང༌། །བུད་མེད་བུ་མོ་བྱིས་པ་ར་ལུག་སོགས། །འཐབ་མོ་འགྱེད་པ་བལྟ་བར་མི་བྱའོ། །སྤྲུལ་པའི་གཏམ་དང་རང་དབང་བརྟེན་པ་དང༌། །དམག་དང་གྱད་དང་ན་ཆུང་གཏམ་ངག་དང༌། །སྒྲུང་དང་ལྡེའུ་དང་སྔོན་གྱི་ལོ་རྒྱུས་གཏམ། །འདོད་ཆགས་དང་ནི་སྨད་འཚང་གཏམ་མི་བྱ། །སྔགས་པ་གསང་སྔགས་


DTG110_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་ལ་བརྩོན་པ་དང༌། །དབྱར་ཟླ་གསུམ་ནི་གཅིག་པུར་གནས་པར་བྱ། །ཞེས་འབྱུང་ངོ༌། །ཡང་དེ་ཉིད་ལས། ལས་ཀྱི་དབང་གྱུར་བདག་པོ་མེད་པ་དང༌། །མགོན་མེད་རྟེན་མེད་ཚེ་རབས་གཅིག་ནས་གཅིག །ལུས་ཀྱི་ཁ་བརྒྱུད་རྗེས་སུ་རབ་འགྲོ་བ། །དེ་ཡི་རྗེས་སུ་དགེ་དང་མི་དགེ་འབྲང༌། །འཚོ་དང་མཛའ་བཤེས་དང་ནི་རྣམ་པར་འབྲལ། །མི་སྡུག་པ་དང་ཕྲད་ཅིང་འདོད་པས་གདུངས། །ངན་པ་སྐྱེ་རྒན་འཆིའི་སྡུག་བསྔལ་ཅན། །ཡུལ་རྣམས་ཀུན་ཏུ་སོང་ན་འང་མེད་པ་མིན། །ཤ་སྦྲང་ཚ་གྲང་བཀྲེས་དང་ངལ་ལ་སོགས། །གང་དུ་སོང་ཡང་སྡུག་བསྔལ་ཉིད་ཡིན་པས། །ཡུལ་ལ་མངོན་དགའི་སེམས་ནི་བྱུང་བ་ན། །རྣམ་རྟོག་དེ་དག་རྣམས་ཀྱིས་བཟློག་པར་བྱ། །འདོད་ཆགས་ཤས་ཆེ་མི་གཙང་ཤ་ཚིལ་དང༌། །པགས་པ་ཀེང་རུས་ལྟ་བས་རྣམ་པར་བཟློག །བྱམས་དང་སྙིང་རྗེ་ཆུས་གདབ་ཞེ་སྡང་དང༌། །གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ། །ཞེས་གསུངས་སོ། །འཕགས་པ་ནཱ་གཱ་རྫུ་ནས་ཀྱང༌། །འཇིག་རྟེན་གྱི་ཉེས་པ་དུ་མ་བསྟན་ནས། དེ་ལྟར་འདི་ཀུན་མི་རྟག་བདག་མེད་དེ། །སྐྱབས་མེད་མགོན་མེད་གནས་མེད་དེ་སླད་དུ། །འཁོར་བ་ཆུ་ཤིང་སྙིང་པོ་མེད་པ་ལ། །མི་མཆོག་ཁྱོད་ཀྱིས་ཐུགས་ནི་འབྱུང་བར་མཛོད། །ཅེས་བཤད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང༌། གཞོན་ནུ་བདུན་ལ་གདམས་པ་དང༌། བཤེས་པའི་སྤྲིང་ཡིག་དང༌། སློབ་མ་ལ་སྤྲིང་བ་ལ་སོགས་པའི་གཞུང་ལ་བརྟེན་ཏེ། སྲིད་པ་ཡ་རང་བཞིན་གྱིས་ཆགས་པ་སྤང་བར་བྱའོ། །འདི་ནི་ཡིད་འབྱུང་བར་བྱ་བའི་ཡན་ལག་གོ །དེ་ལྟར་མི་མཐུན་པའི་ཕྱོགས་སྤངས་ནས་ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་པར་བྱ་སྟེ། དེ་ལ་འདིར་ཡོན་ཏན་ནི་གཉིས་ཏེ། མཐོང་བའི་ཆོས་ལ་ཉམས་སུ་མྱོང་བར་འགྱུར་བ་དང༌། དེ་ལས་གཞན་པའོ། །ཇི་ལྟར་ཞེ་ན། ལུས་བདེ་བར་གནས་པ་དང༌། ངག་བདེ་བར་གནས་པ་དང༌། སེམས་བདེ་བར་གནས་པ་དང༌། ཆོས་སྐྱོང་བ་རྣམས་དགའ་བ་དང༌། དེའི་མི་ལུས་ཐོབ་པ་དོན་ཡོད་པ་དང༌། སྟོན་པ་དང་ཕ་མ་དང་བླ་མའི་དྲིན་བསམས་པ་དང༌། མི་མ་ཡིན་པས་མི་ཚུགས་པ་དང༌། ནད་ཉུང་བར་འགྱུར་བ་དང༌། ཚེ་རིང་བར་འགྱུར་བ་དང༌། འཆི་བའི་


DTG110_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་འགྱོད་པ་མེད་པ་དང༌། མཁས་པ་རྣམས་ཀྱིས་བསྔགས་པ་དང༌། བཟའ་བ་དང་བཏུང་བ་དང་གནས་མལ་དང་ནད་ཀྱི་རྐྱེན་རྩི་དང་གོས་རྣམས་བདེ་བླག་ཏུ་རྙེད་པ་དང༌། ཉོན་མོངས་པ་དང་ལས་ལ་གནོད་པ་བྱེད་པ་སྟེ། འདི་དག་ནི་དང་པོའི་ཡོན་ཏན་ཡིན་ནོ།། གང་འདོད་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་དང༌། ངན་སོང་གསུམ་སྤངས་པ་དང༌། མི་ཁོམ་པའི་ལྷག་མ་སྤངས་པ་དང༌། བུད་མེད་དུ་མི་སྐྱེ་བ་དང༌། དབང་པོ་རྣོ་བ་དང༌། དཀོན་མཆོག་གསུམ་དང་བྲལ་བར་མི་འགྱུར་བ་དང༌། དེར་ཡང་ཏིང་ངེ་འཛིན་ལ་དགའ་བ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་བ་སྟེ། འདི་ནི་ཡོན་ཏན་གཉིས་པའོ། །ཤིན་ཏུ་སྦྱངས་པས་ནི་ཚེ་བྱིན་གྱིས་བརླབས་པ་དང༌། ལྷའི་གནས་སུ་ཚེ་འདི་ཉིད་ལ་བགྲོད་པ་ཞེས་བྱའོ། །དོན་འདི་ཉིད་ལས་བསམས་ཏེ། བཙུན་པ་ཟླ་བས་རང་གི་སློབ་མའི་ཕྱིར། །ཟླ་བའི་དཀྱིལ་འཁོར་གསལ་བས་ཉེ་བར་བརྒྱན་བྱས་ཤིང༌། རྐེད་ཆིངས་རིན་ཆེན་སྤྲིན་གྱིས་འཁྲིགས་པར་འཁྱུད་གྱུར་པའི། །རི་རྩེ་ནགས་ཀྱི་མཐོངས་དར་ཆར་པ་མེད་པ་ནི། །རླུང་ལྟར་གཡོ་བའི་རང་བཞིན་ཚེ་གཏུགས་བསྐལ་པ་ཆེ། །ནགས་མཐངས་རི་དགས་རྒྱུ་བའི་ཚོགས་ཀྱིས་བསྟེན་བྱས་པ། །ཀུན་ནས་བཟད་པ་དེ་ན་སྐྱིད་པ་གང་ཡིན་པ། །དེ་ཅི་དགའ་བའི་ནགས་ཚལ་ལྷ་མོའི་ཉམས་ཕག་ཏུ། །ཐེམ་གྱིས་ཕེབས་པའི་རྡོ་ལེབ་ཅན་ནའང་ཡོད་འགྱུར་རམ། །ནགས་ཀླུང་ཆུ་གཙང་ངོགས་བདེ་དབེན་པར་སྐྱིད་པ་གང༌། །དེ་ཅི་ལྷ་ཡི་བུ་མོ་དྲི་ཞིམ་བྱུག་པ་ཡི། །ལན་བུའི་རྒྱན་དུ་ཐོགས་པ་རྒྱུན་ལྡན་མེད་ཏོག་ཚོགས། །མཛེས་པས་ཟིལ་གནོན་ལྷ་ཡི་ཆུ་ལའང་ཡོད་འགྱུར་རམ། །རི་སུ་ལ་ཡངས་པ་སྐྱེ་བོ་ལང་ལོང་མེད་པར་རབ་བདེ་བ། །ཉེར་སྤྱོད་རྒྱ་ཆེན་ཁོར་ཡུག་ནགས་ཚལ་སྔོན་འཁྲུངས་ཕྲེང་བས་སྒྲེངས། །ཆུ་ངོགས་སྙན་པ་ཕུ་ཆུའི་རྒྱུན་སྒྲ་རྔ་ལྟར་སྙན་པ་ཡིས། །བདག་ཅག་ཉོན་མོངས་ཅན་གྱི་ཡུལ་མ་ཡིན་ཞེས་མགྲོན་ལ་སྒྲོགས་པ་བཞིན། །ཞེས་བསྟན་ལ། སློབ་དཔོན་ཞི་བ་ལྷས་ཀྱང༌། ནགས་ན་རི་དགས་བྱ་རྣམས་དང༌། །ཤིང་རྣམས་མི་སྙན་རྗེད་མི་བྱེད། །འགྲོགས་ན་བདེ་བ་དེ་དག་དང༌། །ནམ་ཞིག་ལྷན་ཅིག་བདག་གནས་འགྱུར། །ཕུག་གམ་ལྷ་ཁང་


DTG110_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་བའམ། །ལྗོན་ཤིང་དྲུང་དུ་གནས་བཅས་ཏེ། །ནམ་ཞིག་རྒྱབ་ཏུ་མི་ལྟ་ཞིང༌། །ཆགས་པ་མེད་པར་འགྱུར་ཞིག་གུ། །ས་ཕྱོགས་བདག་གིར་བཟུང་མེད་པ། །རང་བཞིན་གྱིས་ནི་ཡངས་རྣམས་སུ། །རང་དབང་སྤྱོད་ཅིང་ཆགས་མེད་པར། །ནམ་ཞིག་བདག་ནི་གནས་པར་འགྱུར། །ལྷུང་བཟེད་ལ་སོགས་ཉི་ཚེ་དང༌། །ཀུན་ལ་མི་མཁོའི་གོས་འཆང་ཞིང༌། །ལུས་འདི་སྦ་བ་མ་བྱས་ཀྱང༌། །འཇིག་མེད་གནས་པར་ནམ་ཞིག་འགྱུར། །དུར་ཁྲོད་སོང་ནས་གཞན་དག་གི །རུས་གོང་དག་དང་བདག་གི་ལུས། །འཇིག་པའི་ཆོས་ཅན་དག་ཏུ་ནི། །ནམ་ཞིག་མགོ་སྙོམས་བྱེད་པར་འགྱུར། །ཞེས་བཤད་དོ། །དེ་བཞིན་དུ་འཕགས་པ་ཟླ་བསྒྲོན་མ་ལ་སོགས་པའི་མདོ་རྣམས་ལས་ཏིང་ངེ་འཛིན་གྱི་ཕན་ཡོན་རྒྱ་ཆེར་ཤེས་པར་བྱའོ། །འདི་ནི་ཡོན་ཏན་རྗེས་སུ་དྲན་པས་སྤྲོས་པའི་ཡན་ལག་གོ །དེ་ལྟར་ཡོན་ཏན་མཐོང་ནས་སྤྲོ་བར་གྱུར་པ་དེས་གཉེན་པོ་ཡིད་ལ་བྱ་བས་རབ་ཏུ་སྤྲོ་བར་བྱ་སྟེ། ཇི་སྐད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། དེ་ལྟར་བཟོད་པས་བརྩོན་འགྲུས་བརྩམ། །འདི་ལྟར་བརྩོན་ལ་བྱང་ཆུབ་གནས། །རླུང་མེད་གཡོ་བ་མེད་པ་བཞིན། །བསོད་ནམས་བརྩོན་འགྲུས་མེད་མི་འབྱུང༌། །ཞེས་བསྟན་པ་ལྟ་བུའོ། །འདི་ལྟར་བདག་གིས་རབ་ཏུ་བརྩོན་པས་འདོད་པའི་དོན་མ་བསྒྲུབས་ན། ཚེ་འདི་ནི་རབ་ཏུ་གཡོ་བ་ཡིན་པས་ཡིད་བརྟན་པར་བྱ་བའམ། རིང་དུ་གནས་པར་བྱ་བའི་ནུས་པ་མེད་པས་སྐད་ཅིག་ཙམ་ཡང་གཡེང་བར་མི་བྱའོ་སྙམ་དུ་ཡིད་ལ་བྱ་སྟེ། དོན་འདི་ཉིད་ཐུགས་ལ་བཞག་ནས། འཕགས་པ་ནཱ་གཱ་རྫུ་ནའི་ཞལ་སྔ་ནས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སང་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་པ་དང༌། ཡང༌། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང༌། །ཡང་སྲིད་པས་བགྱིད་སླད་དུ་འབད་འཚལ་ཏེ། །འདི་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་རྒྱལ་པོ་མཐར་འགྲོ་ག་ཞོན་གྱི་ཕྱིར་གདམས་པ་བྱས་སོ། །བཙུན་པ་ཟླ་བས་ཀྱང་རང་གི་སློབ་མ་ལ་འདི་སྐད་དུ། མི་ཡི་


DTG110_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ཡིན་དེ་ཉིད་བརྟུན་དེ་བསྒྲུབས། །མར་མེ་མེ་ལྕེ་ཤུགས་དྲག་རླུང་གིས་བསྐྱོད་པ་ལྟའི། །ཚེ་ནི་སྐད་ཅིག་གནས་པའི་གདེང་ཡང་ཡོད་མ་ཡིན། །འདི་ནི་སང་བྱ་འདི་ནི་ཐང་ཅིག་འོག་ཏུ་བྱ། །འདི་ནི་དེ་རེའུ་བྱ་ཞེས་སྐྱེ་བོ་སེམས་པ་ན། །གཤིན་རྗེ་བེ་ཅོན་ནག་ཐོགས་ཟུར་གྱིས་ལྟ་བ་ཡིས། །མིག་རྩ་དམར་ཁྲོས་མ་རངས་གད་མོས་རེ་སྙམ་འདེབས། །སོ་ག་མེ་ཏོག་རྒྱས་པའི་དུས་འདི་འབྱུང་བར་འགྱུར། །ཟླ་བ་གསལ་བས་མཚོན་པའི་སྟོན་དུས་འདི་འབྱུང་ཞེས། །སྐྱེ་བོ་ཐམས་ཅད་དགའ་འགྱུར་བདག་གི་ཚེ་འདི་ནི། །ཟད་པར་འགྱུར་ཞེས་ཤིན་ཏུ་མི་དགར་འགྱུར་བ་མེད། །ཅེས་གདམས་སོ། །སློབ་དཔོན་ཞི་བའི་ལྷའི་ཞལ་སྔ་ནས་ཀྱང༌། །ཡིད་བརྟན་མི་རུང་འཆི་བདག་འདི། །བྱས་དང་མ་བྱས་མི་སྡོད་པས། །ན་དང་མི་ན་ཀུན་གྱིས་ཀྱང༌། །གློ་བུར་ཚེ་ལ་ཡིད་མི་བརྟན། །ཞེས་བཤད་དོ། །དེ་བཞིན་དུ་དཔལ་ངག་གི་དབང་ཕྱུག་གྲགས་པའི་ཞལ་སྔ་ནས་ཀྱང༌། འདི་བྱ་ནང་པར་སླར་ཡང་འདི་བྱ་དེ་ནས་གཞན་ཡང་འདི་བྱ་ཞེས། །སྲིད་པ་གཡོ་བའི་རང་བཞིན་མ་ཤེས་དོན་མེད་ཡིད་བརྟན་ཚོལ་བྱེད་པའི། །སྐྱེ་དགུ་འཆི་བདག་ཁར་ནི་ཆུ་སྲིན་ཁ་རུ་གྲུ་ནི་ཞུགས་པ་ལྟར། །བྱ་བ་མཐར་མ་ཕྱིན་པར་ཡུལ་གྱི་ཆུ་ཡི་རྦ་ཀློང་ནང་དུ་ལྷུང༌། །ཞེས་བཤད་དོ། །དེ་བཞིན་དུ་སློབ་དཔོན་ས་ར་ཧའི་ཞལ་སྔ་ནས་ཀྱང༌། དེ་རིང་དེ་བཞིན་དུ་ནི་སང་སྙམ་པའི། །སྐྱེས་བུ་ནོར་རྣམས་ཕུན་སུམ་ཚོགས་འདོད་པའི། །སྙིམ་པ་ཆུ་ཡིས་བཀང་བ་འཛག་པ་བཞིན། །མི་མངོན་འདྲའོ་ཀྭ་ཡེ་བཞིན་བཟངས་རྣམས། །ཞེས་བསྟན་ཏོ། །འདི་ནི་གཉེན་པོ་ཡིད་ལ་བྱ་བས་བརྩོན་པར་བྱ་བའི་ཡན་ལག་གོ །དེ་ལྟར་རབ་ཏུ་བརྩན་པ་དེས་ཡན་ལག་གཉིས་ཟུང་དུ་འབྲེལ་པར་བྱ་སྟེ། འདི་ལྟར་ཞི་གནས་དང་ལྷག་མཐོང་དང་ཐབས་དང་ཤེས་རབ་བོ། །ཅིའི་ཕྱིར་ཞེ་ན། ཞི་གནས་ཀྱིས་བརྟན་པོ་ཉིད་མ་བྱས་པའི་ལྷག་མཐོང་ནི་བརྟན་པར་མི་གནས་ཏེ། མར་མེ་དང་རླུང་བཞིན་ནོ། །ལྷག་མཐོང་དང་བྲལ་བའི་ཞི་གནས་ཀྱིས་ནི་སྒྲིབ་པའི་དྲ་བ་རྣམས་མ་ལུས་པར་བྱང་བར་མི་ནུས་ཏེ། ཇི་ལྟར་གཟུགས་དང་གཟུགས་མེད་པ་ལ་སོགས་པའི་ཞི་གནས་ལྷར་


DTG110_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ལྟ་བུའོ། །དེ་བས་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅིས་བཤད་དོ། །དེ་བཞིན་དུ་ཐབས་དང་ཤེས་རབ་ཀྱང་སྟེ། ཇི་ལྟར་ཞེ་ན། སྐུ་རྣམ་པ་གཉིས་གྲུབ་པར་བྱ་བ་ཡིན་པ་དང༌། སྒྲིབ་པ་གཉིས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་བས་ན་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་དང༌། འཕགས་པ་ག་ཡ་མགོ་རིའི་མདོ་ལས། ཐབས་དང་བྲལ་བའི་ཤེས་རབ་ནི་འཆིང་བའོ། །ཤེས་རབ་དང་བྲལ་བའི་ཐབས་ཀྱང་འཆིང་བའོ་ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་སྡོང་པོ་བཀོད་པ་ལས། སྨོན་ལམ་མངོན་པར་མི་འགྲུབ་པའི་ཕྱིར་ཆོས་ཀྱི་ཡེ་ཤེས་ཁོང་དུ་ཆུད་པ་ནི་མངོན་པར་མི་འགྲུབ་པའི་བདུད་དོ། །བདུད་བཅུ་ལས་གཅིག་ཏུ་གསུངས་སོ། །ཅིའི་ཕྱིར་སྟོང་པ་ཉིད་ཁོ་ནས་དེ་དག་མི་འགྲུབ་ཅེ་ན། མ་ཡིན་ཏེ། འབྲས་བུ་ནི་རྒྱུའི་རྗེས་སུ་འབྲང་བའི་ཕྱིར་རོ། །དེ་བས་ན་འཕགས་པ་སྡོང་པོ་བཀོད་པ་ལས་གསུངས་པ། སྨྲ་བའི་མཆོག་ནི་གང་ཡང་རུང༌། །ཆོས་གཅིག་གིས་ནི་བྱུང་བ་མེད། །གང་ཡང་བྱུང་བ་ཡོད་མ་ཡིན། །འབྱུང་བར་འགྱུར་བ་དེ་བཞིན་མེད། །ཅེས་སོ། །དེ་བཞིན་དུ་འཕགས་པ་རྡོ་རྗེའི་དྲ་བ་ལས་ཀྱང༌། གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །རྒྱུ་ལས་འབྲས་བུ་གཞན་མེད་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ཞེས་གསུངས་སོ། །འོ་ན་ཅིའི་ཕྱིར་ལུང་ལས་སྟོང་པ་འབའ་ཞིག་བསྒོམས་པས་ཆོག་པར་གསུངས་ཤེ་ན། འདི་ནི་བདག་ཏུ་ལྟ་བ་ལ་སོགས་པ་སྟོང་པ་ཉིད་དང་འགལ་བར་འཇུག་པ་དེ་དག་གི་ཕྱིར་སྟོང་པ་ཉིད་ཀྱི་ཆེ་བ་བསྟན་པ་སྟེ། དེ་ལྟར་ཡང་འཕགས་པ་རྡོ་རྗེའི་དྲ་བ་དེ་ཉིད་ལས། ལྟ་བ་རྣམས་ལས་ལོག་རྣམས་དང༌། །བདག་ཏུ་ལྟ་བ་ཚོལ་རྣམས་ཀྱིས། །བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་སྟོང་པ་བསྟན། །དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་བདེ་བ་ཡི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ཡུན་


DTG110_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

མི་རུང་འགྱུར། །ཞེས་སྟོང་པ་ཉིད་འབའ་ཞིག་མི་བསྟེན་གྱི། ལྷའི་སྐུ་བསྒོམ་པར་བྱའོ། །ཞེས་གསུངས་སོ། །དེ་བས་ན་རྫོགས་པར་བྱང་ཆུབ་པར་བྱ་བ་ལ་ནི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒོམ་གྱི། སྟོང་པ་ཉིད་འབའ་ཞིག་མ་ཡིན་ནོ། །ལུང་དག་ནི་དགོངས་པ་དང་ལྡན་པ་སྟེ། ཇི་ལྟར་མཎྜལ་ཕུལ་བ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་ཐོབ་པར་བསྟན་པ་ལྟ་བུ་སྟེ། དེ་བས་ན་ལུང་ལ་སྒྲ་ཇི་བཞིན་པར་མི་གཟུང་སྟེ། འོན་ཀྱང་སྟོང་པ་ཉིད་ལ་གོམས་པ་ཕུལ་དུ་ཕྱིན་པ་ན་དགེ་བའི་ལས་ཐམས་ཅད་རང་གི་ངང་ལས་འབྱུང་སྟེ། དང་པོར་སེམས་ཅན་གྱི་དོན་གྱི་ཕྱིར་སྟོང་པ་ཉིད་ལ་ཞུགས་པ་ནས། ཉན་ཐོས་ལྟར་ཞི་བ་ཉིད་དུ་མི་འགྱུར་ཏེ། ཇི་ཙམ་དུ་སྟོང་པ་ཉིད་བརྟན་པ་དེ་ཙམ་དུ་སེམས་ཅན་དེ་ལྟར་མ་རྟོགས་པ་རྣམས་ལ་སྙིང་རྗེ་སྐྱེ་སྟེ། ཇི་སྐད་དུ་འཕགས་པ་ནཱ་གཱ་རྫུ་ནའི་ཞལ་སྔ་ནས་བཤད་པ། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱིས། །སྟོང་ཉིད་འདི་ནི་བསྒོམ་བྱས་ན། །བློ་ནི་གཞན་དོན་ལ་དགའ་བར། །འགྱུར་བ་ཉིད་དུ་དོགས་པ་མེད། །ཅེས་སོ། །གཞན་ཡང༌། ཆོས་ལ་བདག་མེད་མཁས་པ་ནི། །རང་བཞིན་མེད་ལ་གོམས་བྱས་པས། །ཕྱིན་ཅི་ལོག་ལས་བྱུང་བ་ཡི། །ཉོན་མོངས་སྒྲིབ་པ་མེད་པར་སྤོང༌། །ཞེས་དབུ་མའི་རྒྱན་ལས་བཤད་པའི་རིགས་པས་ཉོན་མོངས་པ་སྤོང་བར་འགྱུར་ཏེ། གང་གིས་སྙིང་རྗེ་ཡང་མ་སྤོངས་ལ། ཉོན་མོངས་པ་ཡང་ཞི་བ་དེ་ལ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་རྣམས་ཚེགས་མེད་པར་འགྲུབ་པར་འགྱུར་ཏེ། དེ་བས་ན་རྒྱུའི་གཙོ་བོར་འགྱུར་བ་དང༌། དེ་འབའ་ཞིག་ལས་ཀྱང་ཡོན་ཏན་མང་པོ་འབྱུང་བ་ལ་དགོངས་ཏེ། འཕགས་པ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་ལས། མཚན་མར་བཅས་པ་མཚན་བཅས་ཀྱིས། །དངོས་གྲུབ་དམ་པ་རྒྱལ་བས་བཞེད། །མཚན་མ་མེད་ལ་གནས་པས་ནི། །མཚན་མར་བཅས་པའང་འགྲུབ་ཏུ་རུང༌། །དེ་བས་རྣམ་པ་ཐམས་ཅད་དུ། །མཚན་མ་མེད་པ་བསྟེན་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པ། སྟོང་པ་ཉིད་འབའ་ཞིག་གིས་ཆོག་པར་གསུངས་པ་ཉིད་དོ། །འདི་ནི་འབྲེལ་པར་བྱ་བའི་ཡན་ལག་གོ །དེ་ལྟར་ཡན་ལག་བརྒྱད་དང་ལྡན་པ་དེས་གནས་རྗེས་སུ་


DTG110_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པར་ཁ་ཟས་དང་སྤྱོད་ལམ་དང་རྗེས་སུ་མཐུན་པ་དང༌། གོས་དང་གྲོགས་རྗེས་སུ་མཐུན་པ་དང་ལྡན་པར་བྱས་ལ་སེམས་མཉམ་པར་གཞག་པར་བྱའོ། །དེ་ལ་རྗེས་སུ་མཐུན་པའི་གནས་ནི། འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་གསུངས་པ། རང་སངས་རྒྱས་དང་བདེ་གཤེགས་ཉིད་སྐྱེས་དང༌། །རྒྱལ་བ་སྔོན་ཆད་གང་ན་བཞུགས་པ་ཡི། །གནས་གང་བསོད་ནམས་ལྡན་ཞིང་ཡིད་དགའ་བའི། །ལྷ་དང་ལྷ་མིན་ལ་སོགས་ཕྱག་འཚལ་མཆོད། །གསོ་སྦྱོང་སྡོམ་པ་དང་ནི་ལྡན་པ་ཡིས། །བདག་ཉིད་དག་པར་བྱ་ཕྱིར་བསྟེན་བྱ་བ། །དེ་ལྟ་བུ་ནི་མ་རྙེད་གཞན་ཡང་ནི། །ཆུ་བོ་ཆུ་ཀླུང་འབབ་ཆུ་ཡོད་པ་དང༌། །པདྨ་ཨུཏྤལས་ནི་བརྒྱན་པའི་མཚོ། །སྐྱེ་བོ་རྣམས་ནི་ཤིན་ཏུ་མི་རྒྱུ་བ། །དངས་ཤིང་ཞིམ་པའི་ཆུ་ནི་མང་བ་དང༌། །མི་བཟད་གདོན་རྣམས་ཀྱང་ནི་མི་གནས་པ། །མེ་ཏོག་འབྲས་བུ་གཙང་མ་ཡོད་པ་དང༌། །སྨན་ལྗོངས་ལྗོན་ཤིང་སྣ་ཚོགས་དཀྲིགས་པ་དང༌། །ས་སྟེངས་གནས་མལ་ཤིན་ཏུ་གཙང་བ་དང༌། །གང་ན་སྟག་གཟིག་སེང་གེ་མེད་པ་དང༌། །ཡིད་འོང་མཉམ་ཞིང་ཚེར་མ་མེད་པ་དང༌། །མི་ཡི་དངོས་གྲུབ་གནས་སུ་བསྒྲགས་པ་ཡིན། །གྲོག་པོ་གྲོག་མཁར་ཐལ་བ་སྐྲ་ཤད་དང༌། །ཉལ་ཉིལ་སོལ་བ་ཚ་སྒོ་ཚོགས་བཅས་སྤང༌། །དེར་ནི་ས་བརྐོས་སྦྱངས་ནས་གནས་བརྩིགས་པ། །དྲོ་ལ་བརྟན་ཞིང་འཇིམ་པས་ཞལ་ཞལ་བྱ། །ཤར་རམ་བྱང་ངམ་ནུབ་ཏུ་སྒོ་གདོད་ཅིང༌། །ལྷོ་ཕྱོགས་སུ་ནི་ནམ་ཡང་སྒོ་མི་གདོད། །ཅེས་གསུངས་ཏེ། འདི་ནི་རྗེས་སུ་མཐུན་པའི་གནས་སོ། །ཁ་ཟས་ཀྱང་རྗེས་སུ་ཆགས་པ་མེད་པ་དང༌། ཚོད་ཟིན་པ་དང༌། ལུས་ཀྱི་སྟོབས་དང་འཚམ་པ་དེ་ལྟར་བཟའ་སྟེ། དེ་བས་ན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཁ་ཟས་སྨན་དང་འདྲ་བར་རིགས་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །རྒྱགས་ཕྱིར་མ་ལགས་སྙེམས་པའི་ཕྱིར་མ་ལགས། །འཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །ཞེས་བཤད་དོ། །ཆགས་པར་གྱུར་པའི་ཉེས་པ་ནི། ཇི་སྐད་དུ། འཕགས་པ་གང་པོས་ཞུས་པ་ལས་གསུངས་པ། ཞིམ་པོའི་རོ་ལ་ཞེན་ཅིང་ཆགས། །སྐྱོན་རྣམས་མཐོང་བར་མ་གྱུར་པས། །བདུད་ཀྱིས་གླགས་ནི་རྙེད་འགྱུར་ཏེ། །མཆིལ་པས་


DTG110_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བའི་ཉ་བཞིན་ནོ། །ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་ཀྱང༌། དཔེར་ན་རྨ་ཡི་གསོ་དང་བསལ་བའི་ཕྱིར། །ནད་པ་དག་ལ་སྨན་ནི་སྦྱིན་པ་ལྟར། །དེ་བཞིན་འདིར་ཡང་བཀྲེས་པའི་སྡུག་བསྔལ་དག ། བསལ་ཕྱིར་རྒྱལ་བས་ཁ་ཟས་བཟའ་བར་གསུངས། །ལ་ལ་ལམ་གྱིས་དུབ་ཅིང་འགྲོ་བའི་ཚེ། །བཀྲེས་སྐོམ་གདུངས་པས་རང་གི་བུ་ཡི་ཤ་།ཟ་བ་བཞིན་དུ་རྣལ་འབྱོར་སེམས་དམན་ཞིང༌། །འཚེ་དང་རྒྱགས་ཕྱིར་བཟའ་བར་མི་བྱའོ། །མང་དུ་བླུགས་པས་རྩོལ་མེད་མཐོ་བ་ལ། །དེ་བཞིན་ཉུང་དུས་སྲང་ནི་དམའ་འགྱུར་ལ། །རན་པས་སྐད་ཅིག་མཉམ་པར་འགྲོ་བ་ལྟར། །ལུས་ཅན་ཁ་ཟས་དེ་ལྟར་བཟའ་བར་བྱ། །དཔེར་ན་ཁང་རྙིང་མི་ཞིག་བྱ་བའི་ཕྱིར། །མི་ཡིས་ཀ་བ་བཟང་པོ་འཛུགས་པ་ལྟར། །དེ་བཞིན་ལུས་ཀྱི་འཁྲུལ་འཁོར་གནས་པ་དང༌། །ཤིང་རྟའི་མིག་སྐུད་བཞིན་དུ་ཁ་ཟས་བཟའ། །འདོད་པའི་ཁམས་ནི་ཁ་ཟས་ཀྱིས་གནས་ཞེས། །རྒྱལ་བས་ཆོས་གཅིག་ཏུ་ནི་བཀའ་སྩལ་པ། །ལུས་ནི་ཆུ་ཤིང་བཞིན་དུ་རིག་བྱ་སྟེ། །སེམས་ནི་བཟའ་བཏུང་སོགས་ལ་ཆགས་མི་བྱ། །ཞེས་གསུངས་སོ། །དེ་བཞིན་དུ་ལུས་ཀྱི་ཉམས་དམའ་བ་ལྟར་ན་རྣལ་འབྱོར་པ་ཐམས་ཅད་ཀྱིས་ཀྱང་སྨྱུང་བར་གནས་པར་མི་བྱ་སྟེ། ཇི་སྐད་དུ་འཕགས་པ་རབ་ཏུ་གྲུབ་པར་བྱེད་པ་ལས་གསུངས་པ། དུབ་པར་གྱུར་པའི་སྐྱོན་ཡོད་ཕྱིར། །སྨྱུང་བར་གནས་པ་སྨད་པར་བཤད། །ཅེས་སོ། །གལ་ཏེ་ལུས་ལ་དུབ་པ་མེད་པ་ལྟ་ན་ནི་ལུས་ཡང་བར་བྱ་བའི་ཕྱིར་རྣལ་འབྱོར་པ་ཐམས་ཅད་ཀྱིས་ཀྱང་སྨྱུང་བར་གནས་པར་བྱ་སྟེ། ཇི་སྐད་དུ་འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས། བུ་གཅིག་ལུས་དག་བྱ་ཕྱིར་སྨྱུང་བྱ་ཞེས། །བདེ་བར་གཤེགས་པ་ནམ་ཡང་མི་གསུང་ཡང༌། །ལུས་འདི་མི་གཙང་པགས་པ་ཤ་ཁྲག་རྐང༌། །ཀླད་རྒྱས་རྒྱ་མ་མཆེར་མཆིན་མཁལ་མ་ཞག །མཁྲིས་པ་བད་ཀན་ཁུ་ཆུ་ཕྱི་ས་དང༌། །གཅིན་སྣབས་བ་སྤུ་སྐྲ་དང་རུས་པ་དང༌། །མིག་དང་རྣ་བ་སྣ་དང་ཁ་དང་ནི། །བཤད་སྒོ་མཚན་མ་བུ་ག་དགུ་པོ་ཡི། །རྨ་ནས་དྲི་མ་སྣ་ཚོགས་མི་གཙང་བ། །འཛག་པའི་རྒྱུན་ནི་རྟག་ཏུ་འབྱུང་བ་ཡིན། །དེ་ལྟར་ཡན་


DTG110_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཐམས་ཅད་འདུས་པ་དང༌། །ས་ཆུ་མེ་རླུང་ནམ་མཁའ་རྣམས་དང་ལྡན། །ཅི་བཞིན་ལས་ཀྱི་རྗེས་སུ་འབྲང་བའི་ལུས། །ཐམས་ཅད་ལྡན་པའི་གཟུགས་ལ་གནས་པ་ཡི། །བཤང་གཅི་རྣམས་དང་མཆིལ་མ་བད་ཀན་དང༌། །འདི་དག་ཟད་པར་བྱ་ཕྱིར་སྨྱུང་བར་གསུངས། །དྲི་མ་ཟད་ནས་མི་ཡི་ལུས་དག་ན། །རང་གི་འབྱོར་ཕྱིར་སྒྲུབ་ལ་བདེ་བར་འཇུག །ཅེས་གསུངས་སོ། །གྲོགས་པོ་ནི་མེད་པའམ་རྗེས་སུ་མཐུན་པ་བསྟེན་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དེ་དང་དེ་དག་ལས་གསུངས་པ། མང་པོ་དག་ནི་རྩོད་པར་འགྱུར། །གཉིས་པོ་དག་ནི་གཏམ་བཅས་འགྱུར། །གཞོན་ནུ་མ་ཡི་གདུ་བུ་བཞིན། །གཅིག་པུ་ཞིག་ནི་གནས་པར་བྱ། །ཞེས་སོ། །རྗེས་སུ་མཐུན་པ་ནི་འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་གསུངས་པ། ནམ་ཡང་འཁོར་ལོ་གཅིག་པའི་ཤིང་རྟ་ནི། །རྟ་དང་ལྡན་ཡང་ལམ་དུ་མི་འགྲོ་ལྟར། །དེ་བཞིན་སྒྲུབ་པ་པོ་ནི་གྲོགས་མེད་ན། །ལུས་ཅན་དངོས་གྲུབ་ཐོབ་པར་མི་འགྱུར་རོ། །དེ་ནི་བློ་ལྡན་གཟུགས་བཟང་གཙང་སྦྲ་ཆེ། །རིགས་ནི་བཙུན་ཞིང་ཆོས་ལ་གཞོལ་བ་དང༌། །སྤོབས་པ་ཆེ་ལ་དཔའ་ཞིང་དབང་པོ་ཐུལ། །སྙན་པར་སྨྲ་ཞིང་སྦྱིན་ཕོད་སྙིང་རྗེ་ཅན། །བཀྲེས་དང་སྐོམ་དང་ཉོན་མོངས་བཟོད་པ་དང༌། །བྲམ་ཟེ་དང་ནི་ལྷ་གཞན་མཆོད་མི་བྱེད། །སྒྲིན་ཞིང་གཟོ་ལ་བྱས་པ་གཟོ་བ་དང༌། །དཀོན་མཆོག་གསུམ་ལ་དད་པ་གྲོགས་པོ་ཡིན། །དེ་ལྟའི་ཡོན་ཏན་མ་ལུས་ལྡན་པ་དག །རྩོད་པའི་དུས་སུ་ཤིན་ཏུ་དཀོན་པས་ན། །ཡོན་ཏན་ཕྱེད་དམ་བཞི་ཆ་བརྒྱད་ཅ་ཅན། །དེ་ལྟ་བུ་ནི་སྔགས་པས་གྲོགས་པོར་བསྟེན། །ཞེས་སོ། །འདིར་ནི་སྤྲོས་པ་གཅོད་པ་དང༌། སྤྲོས་པ་དང་བྲལ་བའི་དབང་གིས་གྲོགས་པོ་མེད་པའམ། རྗེས་སུ་མཐུན་པའི་གྲོགས་པོ་དང་ལྡན་པར་བྱའོ། །དེ་བཞིན་དུ་ཇི་ཙམ་གྱིས་གནོད་པ་དེ་ཙམ་གྱིས་གོས་ལ་བརྟེན་གྱི་ཚོགས་དང་བཅས་ཤིང་ལྷག་པར་ཆགས་པར་གྱུར་པའི་གོས་དང་གནས་མལ་བསྟེན་པར་མི་བྱ་སྟེ། འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་ཇི་སྐད་དུ་གསུངས་པ། གཙུག་ཕུད་བཞག་སྟེ་སྐྲ་ནི་བྲེགས་ནས་སུ། །འབྱུང་ཁུངས་ཚོན་གྱིས་གོས་ཀྱི་ཁ་དོག་བསྒྱུར། །གོས་དཀར་དང་ནི་ཤིང་ལོའམ་གསོ་མའམ། །ཟར་མའི་ཤིང་ཤུན་རྣམས་ཀྱི་གོས་བགོའོ། །ཞེས་སོ། །


DTG110_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འཕགས་པ་རབ་ཏུ་གྲུབ་པར་བྱེད་པ་ལས། སྔགས་ཟློས་ཁྱིམ་པ་མཁས་པ་ཡིས། །ཁ་དོག་བསྒྱུར་བའི་གོས་མི་བགོ །ཞེས་གསུངས་ཏེ། འདི་དག་ནི་རྙེད་སླ་བར་བྱ་བ་དང༌། སྒེག་པ་ཉིད་དགག་པར་བྱ་བའི་དོན་ཡིན་ནོ། །རྗེས་སུ་མཐུན་པའི་སྤྱོད་ལམ་ནི་གསུམ་སྟེ། ལེགས་པར་གནས་པ་དང༌། སྡུག་བསྔལ་གནོན་པ་དང༌། ཁྱད་པར་དུ་འགྲོ་བའོ། །དེ་ལ་ལེགས་པར་གནས་པ་ནི་ཇི་ལྟ་བུའི་སྤྱོད་ལམ་གྱིས་གནས་ཀྱང་དེས་སེམས་ལ་རྨ་མི་འབྱུང་བ་སྟེ། ཇི་སྐད་དུ་འཕགས་པ་སྡོང་པོ་བཀོད་པ་ལས། བྱང་ཆུབ་སེམས་ཉམས་པར་བྱེད་པའི་དགེ་བའི་རྩ་བ་རྩོམ་པ་ཐམས་ཅད་ནི་བདུད་ཀྱི་ལས་སོ་ཞེས་གསུངས་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང༌། སེམས་བསྲུངས་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་བཤད་ལ། ཡང་དེ་ཉིད་ལས། བདག་ནི་རྙེད་དང་བཀུར་སྟི་དང༌། །ལུས་དང་འཚོ་བ་མེད་བླ་ཞིང༌། །དགེ་བ་གཞན་ཡང་ཉམས་བླ་ཡི། །སེམས་ནི་ནམས་ཀྱང་ཉམས་མི་བྱ། །ཞེས་བསྟན་ཏེ། དེ་བས་ན་དུས་དང་གནས་སྐབས་ཐམས་ཅད་དུ་ཡང་སེམས་ལ་མི་གནོད་པའི་སྤྱོད་ལམ་སྤྱད་དོ། །དེ་བས་ན་སློབ་དཔོན་ཌོམྦི་པའི་ཞལ་ནས། སློབ་སྦྱོང་སློབ་སྦྱོང་སྤྱད་པ་དང༌། །བྲམ་ཟེ་ན་ཡང་གཙང་སྦྲ་ཉིད། །རྟག་ཏུ་གཙང་སྦྲའི་སྤྱོད་པ་བྱ། །སེམས་ལ་གནོད་པ་མ་ཡིན་ནོ། །ཞེས་བཤད་དོ། །སྡུག་བསྔལ་གནོན་པ་ནི་ལམ་ཡིད་ལ་བྱེད་པས་གྲང་བ་དང་ཚ་བ་དང༌། བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་མ་ལུས་པས་མི་གཡོ་བར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཇི་སྐད་གསུངས་པ། ཉ་པ་གདོལ་པ་ཞིང་པ་ལ་སོགས་པ། །རང་གི་འཚོ་བ་ཙམ་ཞིག་སེམས་པ་ཡང༌། །གྲང་དང་ཚ་ལ་སོགས་པའི་གནོད་བཟོད་ན། །འགྲོ་བའི་དོན་ཕྱིར་བདག་ལ་ཅིས་མི་གཟོད། །ཅེས་སོ། །དེ་བཞིན་དུ་འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་ཀྱང༌། འདོད་ལ་མ་ཆགས་ལུས་ཀྱིས་ཉོན་མོངས་བཟོད། །ཅེས་གསུངས་ལ། དེ་བཞིན་དུ་འཕགས་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་བཀའ་ལས་ཀྱང༌། ལུས་ཀྱི་ཉོན་མོངས་སྤྱད་པ་ལས། །


DTG110_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་རྣམ་གསུམ་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་བཞིན་དུ་དཔལ་གསང་བ་འདུས་པ་ལས་ཀྱང༌། འདོད་ཆེན་སྡུག་བསྔལ་ཆེན་པོ་ཡིས། །རང་གི་སྡུག་བསྔལ་ཞི་བར་བྱ། །ཞེས་གསུངས་པ་དང༌། སྡུག་བསྔལ་འབྲས་བུ་དང་བཅས་པ་རྣམས་ནི་རབ་ཏུ་དགའ་བཞིན་དུ་བསྟེན་པར་བྱའི། སེམས་ཀྱི་ངང་ཚུལ་སྔར་བ་ཉིད་དུ་མི་བྱའོ། །དེ་བས་ན་འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས། ལྷ་ཡི་བདེ་བ་དང་ནི་འབྱོར་པ་དང༌། །ཚེ་དང་སྟོབས་གཟུགས་ཕུན་སུམ་ཚོགས་པ་དང༌། །ཐོས་མང་མདངས་བཟང་གཅིག་ཏུ་ཡིད་གཞུངས་དང༌། །དབང་ཐང་ཆེ་ཀུན་དཀའ་ཐུབ་སྟོབས་ཀྱིས་ཐོབ། །ཅེས་གསུངས་སོ། །ཁྱད་པར་དུ་འགྲོ་བའི་སྤྱོད་ལམ་ནི་དེས་མཉམ་པར་མ་བཞག་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླགས་པ་དང༌། ཚ་ཚ་གདབ་པ་དང༌། བསྐོར་བ་བྱ་བ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ལ་གུས་པ་ཉིད་དུ་བྱ་སྟེ། དེ་ལྟར་ཡང་འཕགས་པ་ཁྲོ་བོའི་རྒྱལ་པོ་གདོང་དྲུག་པའི་རྒྱུད་ལས་གསུངས་པ། ལངས་ནས་བཅོམ་ལྡན་འདས་ཀྱི་ཡུམ། །ཤེས་རབ་ཕ་རོལ་ཕྱིན་པ་བཀླགས། །ཞེས་གསུངས་སོ། །འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་ཀྱང་གསུངས་པ། གཙང་ཞིང་དབེན་པའི་ས་ཕྱོགས་རྣམས་སུ་ནི། །འཇིམ་པའམ་ནི་བྱེ་མ་ལས་བྱས་པའི། །བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་སྦྱང་ཕྱིར་རྟག་ཏུ་གདབ་པར་བྱ། །ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་འཇིག་རྟེན་གསུམ་ལས་རྒྱལ་བའི་ཆོ་ག་ཞིབ་མོ་ལས་ཀྱང༌། མཁས་པས་མཆོད་རྟེན་ལས་བྱ་ཞིང༌། །དེ་བཞིན་དམ་པའི་ཆོས་ཀྱང་བཀླགས། །དགེ་བ་ཅུང་ཟད་གཞན་དག་ཀྱང༌། །ཅུང་ཟད་ཟིན་ནས་འདི་དག་ཀྱང༌། །དངོས་གྲུབ་མཆོག་ནི་ཐོབ་འདོད་པས། །རྟག་ཏུ་སེམས་ཅན་རྣམས་ལ་བསྔོ། །ཞེས་གསུངས་སོ། །དེ་བས་ན་ཇི་ཙམ་དུ་སེམས་ལ་མི་གནོད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཡེང་བ་དང་བཅས་པ་རྣམས་སེམས་ཅན་ལ་ཕན་པར་འདོད་པས་རབ་ཏུ་གུས་པར་བྱས་པ་བརྩམས་ཏེ། འདི་ནི་རྗེས་སུ་མཐུན་པའི་སྤྱོད་པ་རྣམ་པ་གསུམ་མོ། །དེ་ལྟར་ཚོགས་ཐོབ་པ་དེས་སྤྱོད་ལམ་རྣམ་པ་བཞི་གང་བདེ་བར་གནས་ཏེ། མཚན་མ་དང་བཅས་


DTG110_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། མཚན་མ་མེད་པའི་རྣལ་འབྱོར་ལ་སེམས་མཉམ་པར་གཞག་པར་བྱའོ། །དེ་ལྟར་སེམས་མཉམ་པར་འཇོག་པ་དེས་ཉེས་པ་ལྔ་སྤོང་བའི་ཕྱིར་སྤོང་བའི་འདུ་བྱེད་བརྒྱད་བསྟེན་པར་བྱ་སྟེ། དེ་ལ་ཉེས་པ་ལྔ་ནི་དབུས་དང་མཐའ་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་ལས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་གསུངས་སོ། །དེ་དག་གི་གཉེན་པོ་སྤོང་བའི་འདུ་བྱེད་བརྒྱད་ཀྱང་དེ་ཉིད་ལས་གསུངས་ཏེ། གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་པ་རྟོག་པ་དང༌། །དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འཇུག་པའོ། །ཞེས་སོ། །དེ་ལྟར་ཡན་ལག་ཡོངས་སུ་རྫོགས་པ་དེས་ཞི་གནས་དང་ལྷག་མཐོང་བསྒོམ་པར་བྱ་བ་ལས། འདིར་ཞི་གནས་དེ་ནི་གཉིས་ཏེ། ཁ་ནང་དུ་བལྟས་པས་ཐོབ་པ་དང་ཁ་ཕྱིར་བལྟས་པ་ལ་དམིགས་པའོ། །དེ་ལ་ཁ་ནང་དུ་བལྟས་པ་ལ་ཡང་གཉིས་ཏེ། ལུས་ལ་དམིགས་པ་དང༌། ལུས་ལ་བརྟེན་པ་ལ་དམིགས་པའོ། །དེ་ལ་ལུས་ལ་དམིགས་པ་ལ་ཡང་གསུམ་སྟེ། ལུས་ཉིད་ལ་ལྷའི་རྣམ་པར་དམིགས་པ་དང༌། ཀེང་རུས་ལ་སོགས་པ་མི་སྡུག་པར་དམིགས་པ་དང༌། ཁ་ཊྭཱི་ག་ལ་སོགས་པ་མཚན་མ་ཁྱད་པར་ཅན་ལ་དམིགས་པའོ། །ལུས་ལ་བརྟེན་པ་ལ་དམིགས་པ་ཡང་ལྔ་སྟེ། དབུགས་ལ་དམིགས་པ་དང༌། མཚན་མ་ཕྲ་མོ་ལ་དམིགས་པ་དང༌། ཐིག་ལེ་ལ་དམིགས་པ་དང༌། འོད་ཟེར་གྱི་ཡན་ལག་ལ་དམིགས་པ་དང༌། དགའ་བ་དང་བདེ་བ་ལ་དམིགས་པའོ། །ཁ་ཕྱིར་བལྟས་པ་ལ་དམིགས་པ་ལ་ཡང་གཉིས་ཏེ། ཁྱད་པར་ཅན་དང༌། ཕལ་པའོ། །དེ་ལ་ཁྱད་པར་ཅན་ལ་ཡང་གཉིས་ཏེ། སྐུ་ལ་དམིགས་པ་དང༌། གསུང་ལ་དམིགས་པའོ།། འདི་དག་ནི་ཞི་གནས་ལ་འཇུག་པའི་ཡན་ལག་གོ །ཇི་ལྟར་བསྒོམ་པ་ལ་འདིར་མི་བརྗོད་དེ། གཞུང་ཤིན་ཏུ་མང་པོར་འགྱུར་བས་འཇིགས་པའི་ཕྱིར་དང༌། བླ་མ་དམ་པས་ཉམས་སུ་མྱོང་བའི་མན་ངག་ལ་བརྟེན་པར་རིགས་ཀྱི། བསྒོམ་པར་བྱ་བའི་མན་ངག་ནི་ཡི་གེར་གནས་པའི་ཤེས་


DTG110_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པར་དཀའ་བའི་ཕྱིར་དང༌། ཞི་བ་ཏུ་ནི་ཞི་གནས་དང་ལྷག་མཐོང་བསྟན་པ་ལས་བཤད་པའི་ཕྱིར་རོ། །ཞི་གནས་ཀྱི་འབྲས་བུ་ནི་ལྷག་མཐོང་ཡིན་ལ། ལྷག་མཐོང་གི་འབྲས་བུ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་ཡིན་ཏེ། དེ་ཡང་དངོས་པོ་གང་ཡང་མི་གནས་པས་དངོས་པོ་མེད་པ་བྱེ་བྲག་ཏུ་མཐོང་ལ། དེ་ཉིད་ཀྱི་ཚེ་སེམས་རྩེ་གཅིག་ཏུ་གྱུར་པས་དམིགས་པ་དུ་མ་རབ་ཏུ་རྒྱུག་པ་རབ་ཏུ་ཞི་བར་གནས་པའི་ཕྱིར་རོ། །དེ་ལྟར་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་གནས་སྐབས་འདིར་ཡེ་ཤེས་ཀྱི་དམིགས་པ་གང་ཡིན་པ་དང༌། ཡེ་ཤེས་ཉིད་ཚུལ་ཇི་ལྟར་གནས་པ་དང༌། རྣལ་འབྱོར་སྤྱོད་པ་པའི་ཞི་གནས་དང་ལྷག་མཐོང་དང༌། བདག་ཅག་དབུ་མ་པའི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་ལ་ཁྱད་པར་ཅི་ཡོད་པ་དག་ལ། བདག་གི་བློ་རབ་ཏུ་འཕྲོ་བར་བཟོད་མོད་ཀྱི། འདིར་ཉམས་སུ་བླང་བའི་ཐབས་ཙམ་གསལ་བར་བྱེད་འདོད་ཀྱི། གྲུབ་པའི་མཐའ་གཏན་ལ་འབེབས་པར་འདོད་པ་ནི་མ་ཡིན་པ་དང༌། འཕགས་པ་ནཱ་གཱ་རྫུན་ལ་སོགས་པས་གསལ་བར་མཛད་པ་ལས། ཅུང་ཟད་ཀྱང་སུས་ཀྱང་སྨྲར་མེད་པའི་ཕྱིར་རྒྱ་ཆེར་མ་སྤྲོས་སོ། །ད་ནི་གཞན་འདི་བརྗོད་པར་བྱ་སྟེ། ཅི་མཚན་མ་དང་བཅས་པའི་ཞི་གནས་མདུན་དུ་མ་བྱས་པར་ལྷག་མཐོང་སྐྱེ་བར་རུང་བ་ཡིན་ནམ་ཞེ་ན། དེ་ནི་རུང་བ་ཉིད་དེ། མཚན་མ་མེད་པའི་ཞི་གནས་སོ་སོར་རྟོག་པའི་ཤེས་རབ་ཉིད་ལས་མཚན་མ་མེད་པའི་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་སྟེ། དེ་ལྟར་ཡང་འཕགས་པ་འོད་སྲུངས་ཀྱིས་ཞུས་པ་ལས། ཤིང་གཉིས་དྲུད་པ་ལས་ནི་མེ་འབྱུང་སྟེ། །བྱུང་བ་དེ་ཡིས་དེ་ཉིད་བསྲེག་པ་ལྟར། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང༌། །སྐྱེས་པ་དེ་ཡིས་དེ་ཉིད་སྲེག་པར་བྱེད། །ཅེས་གསུངས་སོ། །སོ་སོར་རྟོག་པའི་ཤེས་རབ་ནི་ཞི་གནས་མ་ཡིན་ཏེ། རྣམ་པ་དུ་མས་དམིགས་སོ་ཞེ་ན། དེ་ལྟ་ན་ནི་ཞི་གནས་ཀྱང་ཞི་གནས་མ་ཡིན་ཏེ། སྐད་ཅིག་དུ་མ་དང་ཆ་ཤས་དུ་མ་ལ་དམིགས་པའི་ཕྱིར་རོ། །གཞན་ཡང་ཞི་གནས་ལས་ལྷག་མཐོང་ལ་འཇུག་པ་ན་ཡང་ཇི་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་མཚམས་སྦྱོར་བར་མི་བྱེད། དེ་མི་བྱེད་པ་ནི་འགའ་ཞིག་ཏུ་ཟད་དོ། །དེ་ལ་འདིའི་རིམ་པ་ཡང་ལུས་ཁོ་ན་ལ་བརྟགས་པས་འགྲུབ་པ་སྟེ། འཕགས་པ་ནཱ་གཱ་རྫུ་ནའི་ཞལ་སྔ་ནས།


DTG110_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་རྣམ་པར་རྟོག་ལས་བྱུང༌། །རྣམ་པར་རྟོག་པ་སེམས་ལས་བྱུང༌། །སེམས་ཀྱང་ལུས་ལས་བྱུང་བས་ན། །དེ་ཕྱིར་ལུས་ལ་དཔྱད་པར་བྱ། །ཞེས་བཤད་ལ། འཕགས་པ་ནཱ་གཱརྫུ་ནའི་ཞལ་སྔ་ནས་ཀྱང་བཤད་པ། ལུས་མེད་རྣམ་པར་ཤེས་པ་ནི། །མེད་ཅེས་བྱ་བ་རྟོག་པར་གྱིས། །ཞེས་བཤད་ཅིང༌། མདོ་ལས་ཀྱང༌། རྣམ་པར་ཤེས་པ་ནི་ལུས་ལས་མི་འདའོ་ཞེས་གསུངས་སོ། །དེ་བས་ན་ཆོས་ཐམས་ཅད་སེམས་ལ་བསྡུ་བ་དང༌། སེམས་ལུས་ལ་བསྡུ་བ་དང༌། ལུས་ཆོས་ཀྱི་དབྱིངས་སུ་ཉེ་བར་རྣལ་འབྱོར་དུ་བྱ་བ་འདི་ནི་མན་ངག་གོ ། ཡང་ན་ལུས་དང་སེམས་ཐ་དད་པ་ལ་དམིགས་པར་བྱ་སྟེ། འདིའི་མན་ངག་ནི་སངས་རྒྱས་རྗེས་སུ་དྲན་པ་ལས་ཤེས་པར་བྱའོ། །དེ་བས་ན་མཚན་མ་དང་བཅས་པའི་ཞི་གནས་ལ་བརྟེན་པ་བས་ནི། མཚན་མ་མེད་པའི་ཞི་གནས་ལ་དམིགས་ནས་ལྷག་མཐོང་བསྐྱེད་པའི་ཕྱོགས་འདི་བསྔགས་ཏེ། དེའི་གནས་པ་བརྟེན་པ་དང༌། ཞི་གནས་འབའ་ཞིག་གིས་ཉོན་མོངས་པ་རབ་ཏུ་གནོན་ཅིང་སེལ་བ་དང༌། འབྲས་བུ་དང་རྗེས་སུ་མཐུན་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདིར་ནི་བདག་གི་བླ་མའི་མན་ངག་ལས་བྱུང་འདི་བྲིས་པས། །ཉེ་བར་འཕེལ་བའི་དགེ་བའི་ཟླ་ཟེར་དྲི་མ་མེད་པ་དེས། །འགྲོ་བའི་མི་ཤེས་རབ་རིབ་མུན་བསལ་གདུང་བ་ཞི་བྱས་ཏེ། །ཤེས་རབ་མིག་གིས་དེ་བཞིན་ཉིད་ཡུལ་རབ་གསལ་ཐོབ་པར་ཤོག །བདག་ཀྱང་རྣམ་པར་གཡེང་སོགས་རླུང་སོགས་རབ་ཞི་མུན་བསལ་ནས། །མྱུར་དུ་ཐུབ་དབང་རྣམས་དང་སྤྱོད་ཡུལ་གཅིག་ལ་ལྟ་བར་ཤོག །ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ཞེས་བྱ་བ་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིཪྻ་ཙནྡྲ་ལས་ཞུས་ཏེ། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ཞེས་བྱ་བ།
ནག་པོ།


DTG110_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ས་མཱ་དྷི་སམྦྷ་ར་པ་རི་བརྟ་ནཱ་མ། བོད་སྐད་དུ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དང་པོར་མི་ལུས་རིན་པོ་ཆེ་ཆུད་མི་གསན་ཅིང་མིའི་ལུས་ཐོབ་པ་དོན་ཡོད་པར་འདོད་པའི་གང་ཟག་


DTG110_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཐོག་མར་སྔོན་དུ་འགྲོ་བ་ཡན་ལག་བདུན་དང་ལྡན་པར་བྱ་སྟེ། གཞི་དད་པ་དང་ལྡན་པ་དང༌། རྐྱེན་དགེ་བའི་བཤེས་གཉེན་བསྟེན་ཅིང་དེའི་ཡོན་ཏན་ལེན་པ་དང༌། གུས་པ་དང་ལྡན་པ་དང༌། ཡིད་ཆེས་ཤིང་ཐེ་ཚོམ་མི་ཟ་བ་དང༌། བརྩོན་འགྲུས་དང་ལྡན་པ་དང༌། ཐམས་ཅད་ལ་ཡིད་སྐྱོ་བ་མེད་པ་དང༌། ཐམས་ཅད་དུ་ང་རྒྱལ་སྤངས་ཏེ། དེ་དག་ནི་སྔོན་དུ་འགྲོ་བའི་ཡན་ལག་རྣམ་པ་བདུན་ནོ། །དུས་དང་རྣམ་པ་ཐམས་ཅད་དུ་གཞན་གྱི་སྐྱོན་ལ་མི་བརྟག་ཅིང་ཉེས་པ་མི་བརྗོད་པ་དང༌། རང་གི་ཡོན་ཏན་ལ་རློམ་སེམས་མི་བསྐྱེད་པ་དང༌། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་སྔོན་དུ་འགྲོ་བས་རང་སྲུང་བ་དང༌། སྡོམ་པ་རྣམ་པ་གསུམ་ལ་ནན་ཏན་དུ་སྤྱད་པ་དང༌། ངོ་དགའ་དང་གསར་འགྲོགས་དང་མཐོ་ལྟག་སྤངས་ཏེ་རྟག་ཏུ་ཟུངས་ཐུབ་པར་གནས་པ་དང༌། ཡུལ་དང་དུས་དང་གནས་སྐབས་ཀྱིས་གཞན་གྱི་རྒྱུད་ཚོད་ཤེས་པའི་སྒོ་ནས་སྤྱད་པར་བྱ་བ་དང༌། གཞན་ལ་བརྙས་པ་སྤང་ཞིང་ཁྱད་ཀྱིས་མི་གསད་པར་བྱ་སྟེ། དེ་དག་ནི་འཇིག་རྟེན་གྱི་ཁ་ན་མ་ཐོ་བས་མི་གོས་ཤིང་ཡ་རབས་ཀྱི་ཚུལ་མི་ཉམས་པའི་ཡན་ལག་རྣམ་པ་བདུན་ནོ། །རྟག་ཏུ་འདོད་པ་ཆུང་ཞིང་ཆོག་ཤེས་པ་དང༌། ཞེན་པ་དང་ཆགས་པ་ཆེ་ཞིང་འཛིན་པ་ཆེ་བ་སྤང་བ་དང༌། ལེ་ལོ་དང་སྙོམ་ལས་སྤང་བ་དང༌། ཧ་ཅང་ཡང་ཐལ་བར་འགྱུར་བ་ཡང་ཤེས་པར་བྱ་བ་དང༌། དོན་ཆེན་པོར་མི་འགྱུར་བའི་གཏམ་དང༌། བྱ་བ་ལ་སོགས་པ་སྤང་ཞིང་མི་འཇུག་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྤང་བ་དང༌། གང་གི་གཉེན་པོར་འགྲོ་བ་བསྟེན་ཤེས་པར་བྱ་བ་སྟེ། དེ་དག་ནི་བར་ཆད་སྤང་བའི་ཡན་ལག་རྣམ་པ་བདུན་ནོ། །མིའི་ལུས་ཐོབ་པ་དང་སངས་རྒྱས་ཀྱི་ཆོས་སྤྱོད་ཅིང་སྒྲུབ་པ་ནི་དཀོན་ནོ་སྙམ་པ་དང༌། དེ་ལྟ་བུའི་སྒྲུབ་པ་ནི་དོན་ཆེན་པོ་དང་ལྡན་པ་ཡིན་ནོ་སྙམ་པ་དང༌། འཇིག་རྟེན་གྱི་བྱ་བ་བྱེད་པ་རྣམས་ནི་ངེས་པར་དོན་མེད་པར་ཤེས་པར་བྱ་བ་དང༌། གཞན་གྱི་སྡུག་བསྔལ་རང་གི་གཉེན་པོར་བསྟེན་པར་ཤེས་པར་བྱ་བ་དང༌། ང་ནི་རྟག་ཏུ་བདུད་ཀྱི་སྤར་བ་ན་འདུག་སྟེ་མྱུར་དུ་འཆིའོ་ཞེས་རྒྱུན་དུ་བསམ་པ་དང༌། བསགས་པ་ཐམས་ཅད་ནི་ངེས་པར་བསྡུས་པར་ཤེས་པར་བྱ་བ་དང༌། རང་གི་གཉེར་མ་དང་སྐྲ་དཀར་ལ་སོགས་པ་ལ་རྟག་ཏུ་བརྟག་ཅིང་སྐྱོ་བར་བྱ་བ་སྟེ། དེ་དག་ནི་རང་


DTG110_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རང་གིས་གཞན་བསྐུལ་བཏབ་པའི་ཡན་ལག་རྣམ་པ་བདུན་ནོ། །སངས་རྒྱས་ཀྱི་ཡེ་ཤེས་ནི་ཟབ་ཅིང་རྒྱ་ཆེ། བཀའ་དང་མདོ་སྡེ་ནི་གྲངས་མང༌། བདག་ནི་བློ་ངན་ཞིང་རྨོངས་ལ་ལེ་ལོ་ཆེ་བས་ཐམས་ཅད་བརྗོད་ཅིང་ཤེས་པར་མི་ནུས་ཏེ། བདག་ཉིད་ཚེ་ཟད་པར་འགྱུར་དུ་འོང་སྙམ་པ་དང༌། སྒྲ་དང་ཡི་གེའི་རྗེས་སུ་འབྲང་བའི་བཤད་པའི་ཤེས་པ་འདི་དག་གིས་གཞན་ཐུལ་བའམ་ཕན་ཐོགས་པ་མ་ཡིན་ཏེ། མི་རྣམས་ནི་ཤིན་ཏུ་མགུ་དཀའ་བར་བསམ་པ་དང༌། རང་དང་གཞན་གྱི་གྲུབ་པའི་མཐའ་ལ་ཆགས་སྡང་རྣམ་པ་གཉིས་སྤངས་ཏེ་སྐུར་པ་མི་གདབ་པ་དང༌། སྤུན་ཟླ་དང་ཉེ་དུ་དང་མཛའ་བཤེས་ལ་སོགས་པ་རྣམས་ནི་ངེས་པར་འགྲོན་པོ་ལམ་གྱིས་བསྡུས་པ་དང་འདྲ་བར་བསམ་པ་དང༌། འཇིག་རྟེན་གྱི་རྙེད་པ་དང་བཀུར་སྟི་དང༌། བསྟོད་པ་དང༌། སྨད་པ་ལ་སོགས་པ་འདི་དག་ནི་ངེས་པར་སླུ་བ་ཉིད་ཡིན་པར་ཤེས་པར་བྱ་བ་དང༌། འཇིག་རྟེན་གྱི་རྙེད་པ་དང་འདོད་པ་དང༌། སྲེད་པ་དང་ཁེ་དང་གྲགས་པ་དང་ང་རྒྱལ་དང་རློམ་སེམས་ལ་སོགས་པ་འདི་དག་ནི་ངེས་པར་མེ་དང་དུག་དང་མཚོན་ཆེན་པོ་དང་འདྲ་བར་ཤེས་པར་བྱ་བ་དང༌། ཕྱི་དང་ནང་གི་དངོས་པོ་འདི་དག་ལ་སྒྱུ་མའམ་རྨི་ལམ་ལྟ་བུར་རྒྱུན་དུ་དཔྱད་པར་བྱ་བ་སྟེ། དེ་དག་ནི་གདུང་བ་བཅད་པའི་ཡན་ལག་རྣམ་པ་བདུན་ནོ། །འདུ་འཛི་ལ་དགའ་བ་སྤང་ཞིང་དབེན་པར་གནས་པར་བྱ་བ་དང༌། དེར་ཡང་རང་གཞུང་ཇི་ལྟ་བ་བཞིན་དུ་ལྷ་མཉེས་པར་བྱ་བ་དང༌། ལྷ་མངོན་དུ་བྱ་བ་རྣམ་པ་གསུམ་ལ་བརྩོན་ཞིང་འབད་རྩོལ་དྲག་ཏུ་བྱ་བ་དང༌། དེར་ཡང་རེ་བ་དང་དོགས་པ་དང་འདོད་པ་དང༌། འཇིགས་པ་སྤངས་ཏེ་གནས་པར་བྱ་བ་དང༌། སྙིང་རྗེ་ཆེན་པོ་དང་ལྡན་པ་དང༌། སེམས་དཔའ་ཞིང་རྟུལ་ཕོད་པའི་སྒོ་ནས་བླང་དོར་མེད་པར་ངས་སྒྲུབ་པ་འདིའི་སྒོ་ནས་འདོད་པའི་དོན་མ་གྲུབ་པའི་བར་དུ་ལུས་དང་སྲོག་གི་ཕྱིར་ཡང་མི་གཏོང་ངོ་ཞེས་དམ་བཅས་པ་སྒྲུབ་པ་དང༌། དེར་ཡང་རྨི་ལམ་ལ་སོགས་པ་རྟགས་དང་མཚན་མ་ཅི་བྱུང་ཡང་དགའ་བ་དང༌། མི་དགའ་བ་མི་བྱ་ཞིང་གཞན་ལ་མི་སྨྲ་བ་དང༌། དེར་ཡང་ལྷའི་རྨི་ལམ་དང་རྟགས་ལ་སོགས་པ་ནི་གདམས་ངག་ལས་ཤེས་པར་བྱ་ཞིང་ཁྱད་ཀྱིས་མི་གསོད་པ་སྟེ། དེ་དག་ནི་སྐྱེས་བུའི་དོན་མྱུར་


DTG110_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྲུབ་ཅིང་མངོན་དུ་འགྱུར་བའི་ཡན་ལག་རྣམ་པ་བདུན་ནོ། །དེ་ལྟ་བུའི་གང་ཟག་གི་ལུས་ནི་ཤིན་ཏུ་དཀོན་ཞིང་གཅེས་པས་ན་ལུས་བསྲུང་བར་བྱ་སྟེ། གོས་དང་ཟས་དང་སྨན་ལ་སོགས་པ་ཇི་ལྟར་མཐུན་པར་སྤྱད་པ་དང༌། མི་དང་མི་མ་ཡིན་པའི་གནོད་པ་བསྲུང་བ་དང༌། གནས་མཐུན་ཞིང་བདེ་ཞིང་གནོད་པ་མེད་པ་ལ་གནས་པ་དང༌། ལུས་སེམས་ངལ་ཞིང་དུབ་པའི་ལས་དང་བྱ་བ་མི་བྱ་བ་དང༌། ནམ་ཕྱེད་དང་ཉི་མ་ཕྱེད་དང་ཟས་འཇུ་བའི་དུས་དང་ལུས་ལ་ནད་ཁམས་སྐྱེད་པའི་དུས་སུ་དམིགས་པ་ལ་འབད་རྩོལ་མི་བྱ་བ་དང༌། ལུས་དང་སེམས་ངལ་ཞིང་དུབ་པའི་དུས་སུ་སྐྱོ་བ་བསང་ཞིང་དམིགས་པ་གསོར་བ་ནི་མན་ངག་ལས་ཤེས་པར་བྱ་བ་དང༌། རྟག་ཏུ་སྤྱོད་ལམ་གྱི་རྣལ་འབྱོར་གྱིས་ལུས་མཉམ་པར་གཞག་པ་སྟེ། དེ་དག་ནི་ལུས་བསྲུང་ཞིང་གནོད་པ་བསལ་བའི་ཡན་ལག་རྣམ་པ་བདུན་ནོ། །དེ་ལྟར་གནས་པས་སྐྱོ་ཞིང་དགེ་བ་ལ་གཡེལ་བ་དང། བྱ་བ་དང་བྱེད་པའི་རྣམ་རྟོག་བྱུང་ན་རང་གིས་རང་ལ་ལྕག་བརྡབ་ཅིང་གཉེན་པོ་བསྐྱེད་པར་བྱའོ། །ལུས་ལ་གནོད་པ་གློ་བུར་བ་བྱུང་བ་དང༌། ཤེས་པའི་བྱེ་བྲག་མི་འདྲ་བ་བྱུང་ན་རང་གི་ཉམས་དང་མན་ངག་གིས་བཅོས་པར་བྱ་ཞིང༌། ཡང་ན་མཁས་པ་གཞན་ལ་ཡང་དྲི་བར་བྱའོ། །རྒྱལ་པོའི་བཀའ་དང་རང་ལ་ནུས་པ་ཡོད་པ་དང༌། གཞན་གྱི་དོན་མཐོང་ན་ཕྲིན་ལས་རྣམ་པ་བཞི་ནི་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་དང་མན་ངག་ལས་ཤེས་པར་བྱའོ། །ཉོན་མོངས་པ་མི་འདྲ་བ་དང༌། སེམས་ཅན་གྱི་རྣམ་པར་རྟོག་པ་མི་འདྲ་བ་རྣམས་ལ་གཉེན་པོ་མི་འདྲ་བ་རྣམས་ནི་མདོ་སྡེ་རྒྱ་བོ་ཆེ་རྣམས་ལས་ཤེས་པར་བྱ་སྟེ། དེ་དག་ཁ་འཕངས་པའམ་ཁ་སྐོང་གི་ཡན་ལག་རྣམ་པ་བཞིའོ། །ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

བསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞག་པ།


DTG110_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དྷྲམྨ་ཥཊ་དྷྱཱ་ནོད་བྱ་བ་སྠཱ་ན། བོད་སྐད་དུ། བསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞག་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སེར་སྐྱ་མོ་དང་ཆུ་


DTG110_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱར་སྦྲུལ། །ནགས་ན་རི་དགས་ཚོལ་བ་དང༌། །མདའ་མཁན་དང་ནི་གཞོན་ནུ་མ། །འདི་དྲུག་ང་ཡི་སློབ་དཔོན་ཡིན། །རེ་བ་སྟོབས་ལྡན་ཉོན་མོངས་ཏེ། །རེ་བ་མེད་པ་བདེ་བའི་མཆོག །རེ་བ་རེ་བ་མེད་བྱེད་པ། །བདེ་བར་གཉིད་ལོག་སེར་སྐྱ་མོ། །ཟང་ཟིང་ཕྱིར་ནི་རྩོད་འགྱུར་ཏེ། །ཟང་ཟིང་མེད་ལ་རྩོད་པ་མེད། །ཟང་ཟིང་ཡོངས་སུ་སྤངས་པ་ལས། །ཆུ་སྐྱར་བདེ་བ་འཕེལ་བར་འགྱུར། །ཁྱིམ་གྱི་རྩོམ་པ་སྡུག་བསྔལ་ཏེ། ནམ་ཡང་བདེ་བར་འགྱུར་བ་མིན། །སྦྲུལ་གྱིས་གཞན་གྱི་གནས་མཐོང་ན། །ཞུགས་པས་བདེ་བ་འཕེལ་བར་འགྱུར། །རྔོན་པ་ནགས་སུ་སོང་གྱུར་ཏེ། རི་དགས་ཚོལ་བར་རྩོམ་པ་ན། །འཚེ་བ་ཐམས་ཅད་སྤངས་ནས་ནི། །དེ་ཉིད་དུ་ནི་གནས་བཅས་གྱུར། །འདིར་ནི་རྒྱལ་པོའི་ཡན་ལག་བཞིའི། །དཔུང་ཚོགས་ཆེན་པོས་བསྐོར་བ་དག །དམིགས་པ་ཡུན་རིངས་གཏོད་པས་ན། །མདའ་མཁན་གྱིས་ནི་མ་མཐོང་བཞིན། །མང་པོ་རྟག་ཏུ་འཐབ་གྱུར་ཏེ། །གཉིས་པོ་དག་ནི་འགྲན་ཟླར་འགྱུར། །གཞོན་ནུ་མ་ཡི་གདུ་བུ་བཞིན། །གཅིག་པུ་རྣམ་པར་རྒྱུ་བར་བྱ། །རེ་བ་ཟང་ཟིང་ཁྱིམ་སྤངས་དང༌། །དེ་བཞིན་གཞན་ཡང་ནགས་གནས་དང༌། །དམིགས་པ་བརྟན་དང་གཅིག་པུ་ཉིད། །བདག་གི་བླ་མ་ལས་འདི་རྙེད། །བསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞག་པ་སློབ་དཔོན་ཆེན་པོ་ཨ་བ་དྷཱུ་ཏཱི་པས་མཛད་པ་རྫོགས་སོ། །

བསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞག་པའི་འགྲེལ་པ།


DTG110_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དྷྲམྨ་ཥྚ་དྷྱཱ་ནོད་བྱ་བ་སྠཱ་ན་བྲྀཏྟི། བོད་སྐད་དུ། །བསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞག་པའི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བསམ་གཏན་དག་ལ་གུས་བཏུད་དེ། །ཆོས་དྲུག་པ་ཡི་འགྲེལ་པ་བྱ། །དེ་ལ་བསམ་གཏན་ཆོས་དྲུག་ནི། །སྡོམ་དང་རྒྱས་པར་བཤད་པའོ། །དེ་ལ་སྡོམ་ནི། སེར་སྐྱ་མོ་དང་ཆུ་སྐྱར་སྦྲུལ། །ཞེས་པ་ནས། འདི་དྲུག་ང་ཡི་སློབ་དཔོན་ཡིན། །ཞེས་པའི་བར་དུའོ། །ད་ནི་རྒྱས་པར་བཤད་པ་ནི། དེ་ཡང་དཔེ་དྲུག་གིས་སྟོན་པ་ལས། དང་པོར་རེ་བ་སྤང་བར་སྟོན་པ་ནི། རེ་བ་སྟོབས་ལྡན་ཉོན་མོངས་ཏེ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སེར་སྐྱ་མོ་ཞེས་བྱ་བ་ནི་བུད་མེད་སྨད་འཚོང་མ་ཞིག་སྐྱེས་པ་དང་དུས་བཏབ་


DTG110_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། མཚན་གྱི་སྟོད་ནི་སྐྱེས་པ་འོང་དུ་རེ་བ་ལས་ཡིད་སྡུག་བསྔལ་བར་གྱུར་ལ། མཚན་གྱི་སྨད་ནི་སྐྱེས་པ་མི་འོང་བར་རེ་ཐག་ཆོད་པས་སེམས་བདེ་བར་གཉིད་ཀྱིས་ལོག་པ་དེ་བཞིན་དུ། འདོད་པའི་ལོངས་སྤྱོད་སྔར་མ་ཐོབ་པའི་ཡུལ་རྣམས་ཐོབ་པར་རེ་བའི་སྐྱེས་བུ་སྟོབས་དང་ལྡན་པ་རྣམས་ཀྱང་སྡུག་བསྔལ་བར་འགྱུར་ན། སྟོབས་ཆུང་བ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བས་ན་འདོད་པའི་ཡོན་ཏན་མ་ཐོབ་པ་ལ་རེ་བ་མི་བྱེད་པ་ནི་བདེ་བའི་མཆོག་ཡིན་ཏེ། དེ་ལ་སྡུག་བསྔལ་གྱིས་གདུང་བར་མི་བྱེད་དོ། །ད་ནི་ཟང་ཟིང་སྤང་བར་བྱ་བ་སྟོན་པ་ནི། ཟང་ཟིང་ཕྱིར་ནི་རྩོད་འགྱུར་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་ཆུ་སྐྱར་ཞིག་གིས་ཉ་ཅིག་བཟུང་བ་དང༌། ཇི་སྲིད་ཉ་དེ་མ་བོར་གྱི་བར་དུ་ཆུ་སྐྱར་གཞན་གྱིས་བསྙགས་ཏེ་རྩོད་པར་གྱུར་ནས། ཉ་དེ་བོར་མ་ཐག་རྩོད་པ་མེད་དེ་བདེ་བར་གནས་པར་འགྱུར་བ་དེ་བཞིན་དུ། ཟང་ཟིང་གི་ལོངས་སྤྱོད་ཅི་ཙམ་ཡོད་པ་དེ་ཙམ་དུ་འཐབ་ཅིང་རྩོད་པའི་སྡུག་བསྔལ་བར་འགྱུར་ལ། ཟང་ཟིང་གི་ལོངས་སྤྱོད་ཀུན་སྤངས་ཏེ་མེད་པ་ལ་ནི་སྡུག་བསྔལ་གྱི་གདུང་བ་མེད་ཅིང་བདེ་བ་ཐོབ་པ་ཡིན་ནོ། །ད་ནི་ཁྱིམ་སྤང་བར་བྱ་བ་སྟོན་ཏེ། ཁྱིམ་གྱི་རྩོམ་པ་སྡུག་བསྔལ་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་སྦྲུལ་ཞིག་རང་གི་ཚང་ན་གནས་པ་ལས། སྦྲུལ་གྱི་ཕྲུ་གུ་མང་པོས་གཙེས་པས་མ་བཟོད་དེ། ཚང་དེ་ནས་བྱུང་ནས་ཕུག་གཞན་ཞིག་ཏུ་ཞུགས་པས་བདེ་བ་ཐོབ་པར་གྱུར་པ་དེ་བཞིན་དུ། ཁྱིམ་གྱི་གནས་ན་སོ་ནམ་ལ་སོགས་པའི་ཁང་ལས་ནི་ཤིན་ཏུ་ཡང་དཀའ་ཞིང་སྡུག་བསྔལ་ཏེ། སྐད་ཅིག་ཙམ་གྱི་བདེ་བ་ཡང་མེད་ལ། ནམ་ཞིག་ཁྱིམ་སྤངས་པར་གྱུར་པ་ན་སྡུག་བསྔལ་བ་མེད་དེ་བདེ་བར་གྱུར་པ་ཡིན་ནོ། །སྤང་བར་བྱ་བ་གསུམ་བཤད་ཟིན་ཏོ། །ད་ནི་དང་དུ་བླང་བ་གསུམ་ལས་དགོན་པར་གནས་པ་དང་དུ་བླང་བ་སྟོན་ཏེ། རྔོན་པ་ནགས་སུ་སོང་གྱུར་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་རྔོན་པ་ཞིག་དུས་རྟག་ཏུ་ནགས་སུ་རྒྱུ་ཞིང་རི་དགས་ཚོལ་དུ་སོང་བ་ན། ཁྱིམ་གྱི་ལས་སྡུག་བསྔལ་བར་རིག་ཅིང་དགོན་པའི་གནས་བདེ་བའི་ཡོན་ཏན་མཐོང་ནས་གསོད་པའི་ལས་སྤངས་ཏེ། དགོན་པའི་གནས་དེ་ཉིད་དུ་གནས་ནས་


DTG110_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་གྱུར་པ་དེ་བཞིན་དུ། གང་ཞིག་ཁྱིམ་སྤངས་ཏེ་ལམ་བཙལ་བའི་ཕྱིར་དགོན་པར་གནས་ནས་ལུས་དང་སེམས་མཆོག་ཏུ་ལས་སུ་རུང་བར་གྱུར་པ་ཡིན་ནོ། །ད་ནི་དམིགས་པ་ཡུན་རིང་དུ་གནས་པར་བྱ་བ་དང་དུ་བླང་བ་སྟོན་ཏེ། འདིར་རྒྱལ་པོའི་ཡན་ལག་བཞི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་མདའ་མཁན་ཞིག་མདའ་བྱ་བའི་ཕྱིར་སྨྱུག་མ་བསྲང་བ་ལ་སེམས་གཏད་པ་ན། རྒྱལ་པོ་ཆེན་པོ་ཞིག་གིས་འཁོར་རྟ་དང་གླང་པོ་ཆེ་དང་ཤིང་རྟ་དང་དཔུང་བུ་ཆུང་གི་ཚོགས་བཞིས་བསྐོར་ཏེ་མང་པོ་འགྲོ་བའི་བུན་ལོང་དེས་མ་མཐོང་མ་ཐོས་པ་དེ་བཞིན་དུ་དགོན་པའི་གནས་དབེན་པར་ཞི་གནས་ཀྱི་སེམས་རྩེ་གཅིག་པ་ལ་རྒྱུན་དུ་བློ་གཏད་པ་རྣམས་ལ་ཡུལ་རྣམས་ཀྱིས་སེམས་མི་འཕྲོགས་པར་གྱུར་པ་ཡིན་ནོ། །ད་ནི་གཅིག་པུ་འདུག་པ་དང་དུ་བླང་བ་སྟོན་ཏེ། མང་པོ་རྟག་ཏུ་འཐབ་གྱུར་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་བུད་མེད་གཞོན་ནུ་མ་གཅིག་ཙནྡན་བརྡར་བ་ན་ལག་པའི་གདུ་བུ་མང་པོ་འཁྲུལ་བ་མ་བདེ་ནས་རིམ་གྱིས་ཕྱུང་སྟེ་གདུ་བུ་གཉིས་ཤིག་གཞག་པ་ལས་དེ་ཡང་འཐབ་ནས་མ་བདེ་སྟེ། གཅིག་གཞག་པ་ལ་བདེ་བར་འགྱུར་བ་བཞིན་དུ་དགོན་པའི་གནས་དེར་ཡང་གྲོགས་པོ་མང་པོ་དང་རྩོད་པར་འགྱུར་ཞིང་གཉིས་ཀྱང་ཉོན་མོངས་པའི་ཡུལ་དུ་གྱུར་པས། གཅིག་པུ་འདུག་པ་བསྔགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་དང་དུ་བླང་བ་གསུམ་ཡང་བཤད་ཟིན་ཏོ། །དེ་ལྟར་སྡོམ་དང་རྒྱས་པར་བསྟན་ནས། ད་ནི་བསྡུ་བའི་སྒོ་ནས་བསྟན་ཏེ། ཚིག་རྐང་གཅིག་གིས་ནི་སྤང་བར་བྱ་བ་སྟོན་ཏེ། དེ་ཡང་གང་ཞེ་ན། རེ་བ་ཟང་ཟིང་ཁྱིམ་སྤངས་དང༌། །ཞེས་བྱ་བ་སྨོས་ཏེ། ཡིད་ལ་རེ་བ་སྤང་བ་དང༌། ཟང་ཟིང་གི་དངོས་པོ་སྤང་བ་དང༌། ཁྱིམ་ལ་ཆགས་པ་སྤང་བའོ། །ཚིག་རྐང་གཉིས་ཀྱིས་ནི་དང་དུ་བླང་བ་བསྡུས་ཏེ་སྟོན་ཏེ། གང་ཞེ་ན། དེ་བཞིན་གཞན་ཡང་ནགས་གནས་དང༌། དམིགས་པ་བརྟན་དང་གཅིག་པ་ཉིད། །ཅེས་སྨོས་ཏེ། གནས་དང་དུ་བླང་བ་དང༌། དམིགས་པ་ལ་སེམས་རྩེ་གཅིག་ཏུ་བྱ་བ་དང་དུ་བླང་བ་དང༌། བདག་ཉིད་གཅིག་པུར་འདུག་པ་དང་དུ་བླང་བའོ། །ད་ནི་སློབ་དཔོན་ཨ་བདྷཱུ་ཏཱི་པ་ཉིད་ཀྱིས་རང་བཟོར་བྱས་པ་མ་


DTG110_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ནི་ཚིག་རྐང་གཅིག་གིས་སྟོན་ཏེ། གང་ཞེ་ན། བདག་གི་བླ་མ་ལས་འདི་རྙེད། །ཅེས་སྨོས་སོ། །བདག་གི་ཞེས་བྱ་བས་ནི་ཨ་བ་དྷཱུ་ཏཱི་པས་སོ། །བླ་མ་ལས་ཞེས་བྱ་བ་ནི་སངས་རྒྱས་ཞི་བ་ལས་སོ། །འདི་རྙེད་ཅེས་བྱ་བ་ནི་བསམ་གཏན་གྱི་ཆོས་དྲུག་པོ་འདིའོ། །དངོས་སུ་ན་བདག་ཉིད་ཀྱིས་སློབ་དཔོན་སངས་རྒྱས་ཞི་བ་ལས་བསམ་གཏན་གྱི་ཆོས་དྲུག་པོ་འདི་རྙེད་ཅེས་བྱ་བའི་ཐ་ཚིག་གོ །ཆོས་དྲུག་འགྲེལ་པ་གསལ་བྱས་པས། །སེམས་ཅན་དུག་གསུམ་གྱིས་གདུངས་པ། །ཏིང་འཛིན་བདུད་རྩི་འཐུངས་གྱུར་ནས། །ཐམས་ཅད་མཁྱེན་པ་མྱུར་ཐོབ་ཤོག །བསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞག་པའི་འགྲེལ་པ་སློབ་དཔོན་དཱ་ན་ཤཱི་ལས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨྨ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

དྲང་པ་གཅིག་པའི་མན་ངག།


DTG110_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨེ་ཀ་སྨྲྀ་ཏི་ཨུ་པ་དེ་ཤ་།བོད་སྐད་དུ། དྲན་པ་གཅིག་པའི་མན་ངག །བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་ལ་གུས་བཏུད་དེ། །འཕགས་པ་ཀླུ་སྒྲུབ་ཕྱག་འཚལ་ནས། །ཨ་བ་དྷཱུ་ཏཱི་བདག་གིས་ནི། །ཅིག་ཅར་འཇུག་པའི་མན་ངག་བྲི། །འདིར་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དབང་བསྐུར་ཆེན་པོ་མ་ཐོབ་ཀྱི་བར་དེ་སྲིད་དུ་དེའི་བྱ་བ་ནི་གཉིས་ཏེ། ཤེས་རབ་ཀྱི་བྱ་བ་དང༌། ཐབས་ཀྱི་བྱ་བའོ། །དེ་ལ་ཤེས་རབ་ནི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་དང་པོ་ཉིད་ནས་ཆོས་ཀྱི་དབྱིངས་ཉིད་དུ་ཤེས་པའོ། །དེའི་བྱ་བ་ནི་ལས་དང་པོ་པ་དེ་ཉིད་ནས་ཇི་སྲིད་དབང་བསྐུར་བ་མ་ཐོབ་ཀྱི་བར་དེ་སྲིད་དུ་ཉིན་མཚན་དུས་རྟག་ཏུ་དེ་ཉིད་བསྒོམ་པའོ། །ཐབས་ནི་སེམས་ཅན་མི་གཏོང་བའི་བྱང་ཆུབ་ཀྱི་སེམས་སོ། །དེའི་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་བྱ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་ཆེད་མ་ཡིན་པ་ཅི་ཡང་མེད་དེ། དངོས་སམ་བརྒྱུད་པས་སོ། །འདི་ཡང་སེམས་ཅན་ལ་དམིགས་པ་དང༌། དམིགས་པ་མེད་པའི་རིམ་པའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། མི་མཁས་པ་རབ་རིབ་ཅན་དང༌། མཁས་པ་རབ་རིབ་དངས་པའོ། །གང་གི་ཚེ་ཆོས་ཀྱི་སྐུ་མངོན་སུམ་


DTG110_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཛད་ཕན་ཆད་ཤེས་རབ་མངའ་སྟེ་ཡེ་ཤེས་ཉིད་དུ་གྱུར་ནས་གནས་སོ། །ཤེས་རབ་ཀྱི་བྱ་བ་ནི་མི་མངའ་སྟེ་གོམས་ནས་མཐར་ཕྱིན་པའི་ཕྱིར་རོ། །ཐབས་དེའི་བྱ་བ་ནི་དམིགས་པ་མེད་པ། རང་གི་ངང་གིས་ལྷུན་གྱིས་གྲུབ་པ་དང༌། འབད་པ་དང་རྩོལ་བ་མེད་པར་འབྱུང་ངོ༌། །བྱང་ཆུབ་སེམས་དཔའ་ལས་དང་པོ་པས་ནི་གང་ཟག་གི་བདག་ཡོད་པས་སེམས་ཅན་ཞེས་བརྟགས་ཤིང་དེས་སྡུག་བསྔལ་བ་ལ་སྙིང་རྗེ་བསྐྱེད་དོ། །དེས་ན་གོམས་ནས་ནི་སེམས་ཅན་ཞེས་བྱ་བ་ནི་དང་པོ་ཉིད་ནས་མེད་ཀྱི། གློ་བུར་དུ་མིང་དུ་བཏགས་པར་ཟད་དོ། །གཞན་དུ་ན་རྟེན་འབྲེལ་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཙམ་ཞིག་ལས་གཞན་འདི་ན་ཅི་ཡང་མེད་དོ་སྙམ་དུ་རྟོགས་པ་དང༌། ཡང་འདི་དག་ནི་རང་གི་སེམས་འབའ་ཞིག་ཏུ་ཟད་ཀྱི། གཞན་འདི་ན་ཅི་ཡང་མེད་དོ་སྙམ་དུ་རྟོགས་ན་དེས་སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་སྐྱེའོ། །གང་གི་ཚེ་སངས་རྒྱས་ཀྱི་ས་ལ་མི་དམིགས་པའི་ཡུལ་མེད་དེ། འཕགས་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པ་ལས་ཇི་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱིས་ཅི་ཡང་མི་གཟིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་ཀྱི་ཡུལ་མི་མངའ་བའི་ཕྱིར་རོ་ཞེས་གསུངས་སོ། །འོ་ན་དུས་དེ་ན་ཡེ་ཤེས་ཡོད་དམ་མེད་ཅེ་ན། འཕགས་པ་ཀླུ་སྒྲུབ་མི་བཞེད་དེ། ཇི་སྐད་དུ། སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས། །མ་གཟིགས་མི་གཟིགས་གཟིགས་མི་འགྱུར། །རང་བཞིན་མེད་པའི་རང་བཞིན་ལ། །ཅི་ལྟ་བུ་ཞིག་གཟིགས་པར་འགྱུར། །ཞེས་གསུངས་པ་དང༌། བརྒྱུད་པའི་མན་ངག་འདི་ཡིན་ནོ། །དེས་ན་གཞན་གྱི་དོན་ལས་མ་གཏོགས་པ་བྱ་བ་གཞན་ཅི་ཡང་མི་མངའ་ལ། འདི་ལྟར་གཞན་གྱི་དོན་ནི་འདོད་པར་བྱ་བའི་དོན་གྱི་འབྲས་བུའི་གཙོ་བོ་ཡིན་ཏེ། ཇི་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། གཞན་དོན་ཕུན་སུམ་ཚོགས་པ་ནི། །འབྲས་བུའི་གཙོ་བོ་ཡིན་པར་འདོད། །སངས་རྒྱས་ཉིད་སོགས་དེ་ལས་གཞན། །དེ་དག་དོན་གྱི་འབྲས་བུར་འདོད། །ཅེས་གསུངས་སོ། །དེ་ཁོ་ན་ཉིད་ལ་འཇུག་པའི་མན་ངག་ཀྱང་བློ་ལ་གནས་པར་བྱའོ། །ཚུལ་ཁྲིམས་རྒྱལ་བས་བསྐུལ་བ་ཡིས། །འདིར་ནི་བསྡུས་ནས་བསྟན་པ་ཡིན། །རྒྱས་པར་ཀླུ་སྒྲུབ་གདམས་


DTG110_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དང༌། །ཐེག་ཆེན་མདོ་སྡེ་ལྟ་བར་གྱིས། །ཅི་ཅར་འཇུག་པའི་མན་ངག་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །

དབུ་མའི་མན་ངག་ཅེས་བྱ་བ།


DTG110_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་དྷྱ་མ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། དབུ་མའི་མན་ངག་ཅེས་བྱ་བ། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །གང་གི་གསུང་གི་འོད་ཟེར་གྱིས། །བདག་སོགས་རྨོངས་པ་མ་ལུས་པའི། །སྙིང་གི་པདྨ་ཁ་འབྱེད་པའི། །དམ་པའི་སྐྱེས་མཆོག་དེ་ལ་འདུད། །ཐེག་པ་ཆེན་པོ་དབུ་མའི་མན་ངག་ནི་འདི་ཡིན་ཏེ། ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཚུ་རོལ་མཐོང་བའི་ངོར་བྱས་ནས། རྒྱུ་འབྲས་ལ་སོགས་པ་རྣམ་པར་གཞག་པ་ཐམས་ཅད་ཇི་ལྟར་སྣང་བ་བཞིན་དུ་བདེན་པ་ཡིན་ལ། དོན་དམ་པར་རམ་ཡང་དག་པར་ན་ཀུན་རྫོབ་ཇི་ལྟར་སྣང་བ་དེ་ཁོ་ན་གཏན་ཚིགས་ཆེན་པོ་རྣམས་ཀྱིས་གཞིགས་ཤིང་བསལ་ན། སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཚད་ཀྱང་བཟུང་དུ་མེད་དོ་ཞེས་ངེས་པར་ཁོང་དུ་ཆུད་པར་བྱའོ། །སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ། འདི་ལྟར་རེ་ཞིག་དངོས་པོ་གཉིས་ཏེ། གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པའོ། །དེ་ལ་གཟུགས་ཅན་རྣམས་ནི་རྡུལ་ཕྲ་རབ་འདུས་པ་ཡིན་ལ། དེ་ཡང་ཕྱོགས་ཆའི་དབྱེ་བས་ཕྱེ་ཞིང་གཞིགས་ན། ཤིན་ཏུ་ཕྲ་བ་ཡང་ལུས་པ་མེད་ཅིང་ཤིན་ཏུ་སྣང་བ་ཡང་མེད་དོ། །གཟུགས་ཅན་མ་ཡིན་པ་ནི་སེམས་ཡིན་ལ། དེ་ཡང་འདི་ལྟར་འདས་པའི་སེམས་ནི་འགགས་ཤིང་ཞིག །མ་འོངས་པའི་སེམས་ནི་མ་སྐྱེས་ཤིང་མ་བྱུག །ད་ལྟར་གྱི་སེམས་ནི་འདི་ལྟར་ཡང་ཤིན་ཏུ་བརྟག་དཀའ་སྟེ། ཁ་དོག་མེད་ཅིང་དབྱིབས་དང་བྲལ་བ། ནམ་མཁའ་དང་འདྲ་བས་མ་གྲུབ་པའམ། ཡང་ན་གཅིག་དང་དུ་མ་དང་བྲལ་བས་སམ། ཡང་ན་མ་སྐྱེས་པས་སམ། ཡང་ན་དེ་རང་བཞིན་གྱིས་འོད་གསལ་བ་ལ་སོགས་པ། རིགས་པའི་མཚོན་གྱིས་དཔྱད་ཅིང་གཞིགས་ན་མ་གྲུབ་པར་རྟོགས་སོ། །དེ་ལྟར་གཉིས་པོ་ཅིའི་ངོ་བོར་ཡང་མ་གྲུབ་ཅིང་མེད་ཙམ་ན། སོ་སོར་རྟོགས་པའི་ཤེས་རབ་དེ་ཉིད་ཀྱང་མ་གྲུབ་སྟེ། དཔེར་ན་ཤིང་གཉིས་ཕན་ཚུན་དྲུད་པས་མེ་བྱུང་བའི་རྐྱེན་གྱིས་ཤིང་གཉིས་པོ་ཚིག་ཅིང་མེད་པའི་རྗེས་ལ། གང་གིས་


DTG110_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་པར་བྱེད་པའི་མེ་དེ་ཉིད་ཀྱང་རང་ཞི་བ་དེ་བཞིན་དུ་རང་དང་སྤྱིའི་མཚན་ཉིད་ཀྱིས་ཆོས་ཐམས་ཅད་མེད་པར་གྲུབ་ཙམ་ན་ཤེས་རབ་ཉིད་སྣང་བ་མེད་ཅིང་འོད་གསལ་བ་ཅིའི་ངོ་བོ་ཡང་མ་གྲུབ་པས། བྱིང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་དུ་གྱུར་པ་ཐམས་ཅད་བསལ་ཏེ། བར་སྐབས་དེ་ཤེས་པ་ཅིར་ཡང་མི་རྟོག་ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཇི་སྲིད་དུ་མཚན་མའམ། རྣམ་པར་རྟོག་པའི་དགྲའམ། ཆོམ་རྐུན་མ་ལངས་ཀྱི་བར་དུ་དེ་ལྟ་བུ་ལ་ཤེས་པ་གནས་པར་བྱའོ། །གང་གི་ཚེ་ལྡང་བར་འདོད་ན་དལ་བུས་སྐྱིལ་མོ་ཀྲུང་བཤིག་ལ་ལངས་ཏེ། སྒྱུ་མ་ལྟ་བུའི་ཡིད་ཀྱིས་ལུས་དང་ངག་དང་ཡིད་ཀྱིས་དགེ་བ་ཅི་ནུས་ཀྱིས་བྱའོ། །དེ་ལྟར་གུས་པ་དང༌། ཡུན་རིང་བ་དང༌། རྒྱུན་མ་ཆད་པར་བསྒྲུབས་ན་སྐལ་བ་དང་ལྡན་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་བདེ་བ་མཐོང་བར་འགྱུར་ཏེ། ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟ་བུར་འབད་པ་དང་རྩོལ་བ་མེད་ཅིང་རང་གི་ངང་གིས་ལྷུན་གྱིས་གྲུབ་པར་མངོན་སུམ་དུ་བྱེད་དོ། །དེའི་རྗེས་ལས་ཐོབ་པས་ནི་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པར་ཤེས་སོ། །གང་གི་ཚེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱས་ཕན་ཆད་ནི་རྗེས་ལས་ཐོབ་པ་ཡང་མི་མངའ་སྟེ། དུས་ཐམས་ཅད་དུ་མཉམ་པར་གཞག་པའོ། །དེ་ལྟ་མ་ཡིན་ན་བྱང་ཆུབ་སེམས་དཔའ་དང་ཁྱད་པར་ཅི་ཡོད་ཅེས་བྱ་བ་ལ་སོགས་པའི་རིགས་པ་དང་ལུང་འདིར་མི་བརྗོད་དོ། །གཞན་གྱི་དོན་བསྐལ་པ་གྲངས་མེད་པར་ཚོགས་བསགས་པ་དང༌། སྨོན་ལམ་བཏབ་པའི་མཐུས་གདུལ་བྱ་རྣམས་ཇི་ལྟར་འདོད་པ་བཞིན་དུ་འགྱུར་རོ། །ལུང་དང་རིགས་པ་ཤིན་ཏུ་མང་མོད་ཀྱི། འདིར་མ་སྤྲོས་སོ། །དབུ་མའི་མན་ངག་ཅེས་བྱ་བ་པཎྜི་ཏ་དཱི་པཾ་ཀ་རས་མཛད་པ་རྫོགས་སོ།། །ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་ལྷ་ས་འཕྲུལ་སྣང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ར་ས་འཕྲུལ་སྣང་གཙུག་ལག་ཁང་ཆེན་དུ། །མར་མེ་མཛད་དཔལ་ཞེས་བྱའི་མཁས་པ་ལ། །བོད་ཀྱི་རྡོག་བཙུན་ལེགས་པའི་ཤེས་རབ་ཀྱིས། །གསོལ་བ་བཏབ་ནས་བདག་གིས་བསྒྱུར་བ་ཡིན། །གནས་བརྟན་མར་མེ་མཛད་དཔལ་གྱིས། །གཞུང་ལུགས་སྐྱེས་བུ་གསུམ་འཛིན་པ། །གོལ་བའི་ལམ་དུ་མི་འགྲོ་ཞེས། །ནག་ཚོ་ཚུལ་ཁྲིམས་རྒྱལ་བས་སྨྲས།། །།

དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ཞེས་བྱ་བ།
མར་མེ་མཛད་ཡེ་ཤེས།


DTG110_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རཏྣ་ཀ་རཎྜ་ཨུངྒྷ་ཊེ་མ་དྷྱ་མ་ནཱ་མ་ཨུ་པ་དེ་ཤ་།བོད་སྐད་དུ། དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བཞེས་བྱ་བ། རྗེ་བཙུན་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་བརྒྱུད་པའི་གདམས་ངག་བྲི་བར་བྱའོ། །འདི་ནི་སྐྱེས་བུ་གང་ཞིག་བདག་དང་འགྲོ་བ་མ་ལུས་པའི་འཁོར་བ་ཐོག་མ་མེད་པ་ཅན་གྱི་སྡུག་བསྔལ་རྗེས་སུ་དྲན་པས་ཏིལ་འབྲུ་ཙམ་གྱི་དངོས་པོ་ཡང་མི་འཛིན་པ། འཇིག་རྟེན་གྱི་དངོས་པོ་དང༌། བྱ་བ་མ་ལུས་པ་མཆིལ་མའི་ཐལ་བ་ལྟར་བོར་བ། དང་པོ་ཁས་བླངས་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་གསུམ་མ་ཉམས་ཤིང་གཙང་བ། ཐོས་པ་དང་བསམ་པའི་ཤེས་རབ་དང་ལྡན་པ་རང་བཞིན་གྱིས་སྙིང་རྗེ་ཡོད་པ། དམ་པའི་ཆོས་ཀྱི་ཕྱིར་ལུས་དང་སྲོག་ལ་ཡང་མི་ལྟ་བ་དེས། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་བརྒྱུད་པའི་གདམས་ངག་ཡོད་པའི་སྐྱེས་བུ་དམ་པ་བཙལ་ལ། དེ་དུས་ཡུན་རིང་པོར་མཉེས་པར་བྱས་ནས་ལས་དང་པོ་པ་ཡིན་པས་ས་ཏྲ་ཆེན་པོའམ། གྲོང་ཁྱེར་ཆེན་པོའམ། དགོན་པའམ། བས་མཐའ་ལ་སོགས་པ་འཚོ་བ་བསྒྲུབ་སླ་བར་གནས་ལ། དཀོན་མཆོག་གསུམ་གྱི་གཟུགས་བརྙན་གྱི་སྤྱན་སྔར་སྟན་འཇམ་ཞིང་འབོལ་བ་ལ་འདུག་ལ། འདི་ལྟར་སེམས་ཅན་གྱི་རིགས་ནི་སྒོ་ང་ལས་སྐྱེས་པ་དང༌། དྲོད་གཤེར་ལས་སྐྱེས་པ་དང༌། རྫུས་ཏེ་སྐྱེས་པ་དང༌། གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པ་དང༌། འདུ་ཤེས་ཅན་དང༌། འདུ་ཤེས་ཅན་མ་ཡིན་པའི་འགྲོ་བ་ལྔའི་སེམས་ཅན་ལ་ལེགས་པར་བལྟས་ལ། ཐམས་ཅད་ནི་བདག་གི་མ་ཡིན་ཏེ། མ་འདི་དག་གིས་བདག་གི་ཆེད་དུ་སྡིག་པ་བྱས་ཤིང་བསགས་པས་དེའི་རྣམ་སྨིན་གྱིས་ད་ལྟ་སྡུག་བསྔལ་མང་པོ་ཉམས་སུ་མྱོང་ངོ༌། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། རྣམ་རྟོག་བག་ཆགས་ཉེས་པ་ཡིས། །འགྲོ་བ་གསུམ་པོ་རྣམ་རྨོངས་ལ། །བློ་དང་ལྡན་བས་ལེགས་བལྟས་ནས། །འཁོར་བའི་གནས་ནས་གདོན་པར་བྱ། །ཞེས་གསུངས་པ་དང༌། ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། སྲིད་པའི་བཙོན་རའི་ནང་གནས་པ། །ཉོན་མོངས་མེ་ཡིས་གདུངས་པ་ཡི། །སེམས་ཅན་གང་ཡིན་ཐམས་ཅད་སྔོན། །ཕམ་མཛའ་


DTG110_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་རྩ་ལག་ཏུ། །གྱུར་ཅིང་ཕན་ཆེར་བཏགས་པས་ན། །འདི་དག་བདག་གིས་སྡུག་བསྔལ་བྱས། །ད་ནི་བདེ་བར་བྱ་བར་རིགས། །ཞེས་གསུངས་པས་དྲིན་ཤེས་པས་བདག་གིས་འདི་དག་བསྒྲལ་བ་དང༌། དགྲོལ་བ་དང༌། དབུགས་དབྱུང་བ་དང༌། མྱ་ངན་ལས་བཟླའོ་ཞེས་ཚད་མེད་པ་བཞིས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། དེའི་ཆེད་དུ་ཚོགས་གཉིས་བསག་པར་བྱའོ། །རྨི་ལམ་གྱི་སེམས་དང་མ་བྲལ་བས་ནམ་མཁའི་དབྱིངས་འདི་དཀོན་མཆོག་གསུམ་གྱིས་ཏིལ་གྱི་གའུ་བཞིན་དུ་ཁྱབ་པ་ལ། དམ་པ་བདུན་དང༌། འདུ་ཤེས་བདུན་དྲན་པར་བྱས་པ་དང༌། རྗེས་སུ་དྲན་པའི་ཚིགས་སུ་བཅད་པ་ཡང་བརྗོད་དེ། གཉེན་པོ་དྲུག་གི་སྒོ་ནས་ལུས་ཀྱི་བཀོད་པ་ཡང་བྱས་ནས་ཕྱག་བྱ་བ་དང༌། མཆོད་པ་དང་སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། བསྐུལ་བ་དང༌། གསོལ་བ་གདབ་པ་དང༌། སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ལུས་དབུལ་བ་དང༌། སྡོམ་པ་བླང་བ་དང༌། ཐེག་པ་ཆེན་པོའི་ལམ་ལ་གནས་པར་དམ་བཅས་ལ། དེ་དག་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་བྱའོ། །དེ་དག་ཐམས་ཅད་ཆོས་ཀྱི་དབྱིངས་སུ་གྱུར་ཏེ། མཆོད་པའི་གནས་དང༌། མཆོད་པའི་ཚོགས་དེ་དག་ཐམས་ཅད་དང་པོ་གང་ནས་བྱོན། ད་ལྟ་གང་དུ་བཞུད་སྙམ་དུ་བརྟགས་ན་གང་ནས་ཀྱང་མ་བྱོན། གང་དུ་ཡང་མ་བཞུད། ཕྱི་ནང་གི་ཆོས་འདི་དག་ཀྱང་དེ་ཁོ་ན་བཞིན་ཡིན་པས། ཐམས་ཅད་རང་སེམས་སྒྱུ་མའི་རྣམ་པར་འཕྲུལ་པ་བརྫུན་བཞིན་དུ་སྣང༌། སྣང་བཞིན་དུ་བརྫུན་པས་དེ་དག་ལུས་ལ་བསྡུ། དེ་ཡང་སེམས་ལ་བསྡུ། སེམས་ནི་ཁ་དོག་མེད་པ། དབྱིབས་མེད་པ། རང་བཞིན་གྱིས་འོད་གསལ་བ། གདོད་ནས་མ་སྐྱེས་པའོ། །སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་འོད་གསལ་བར་གྱུར་ཏོ། །བར་དེར་ཤེས་པ་ཅི་ཡང་མ་ཡིན་ལ། ཅིར་ཡང་མི་གནས་པ། ཅིར་ཡང་མ་གྲུབ་པ། ཅིའི་རྣམ་པར་ཡང་མ་སྐྱེས་པ། སྤྲོས་པ་མ་ལུས་པ་ཉེ་བར་ཞི་བ། སྟོན་ཀའི་ཉི་མ་ཕྱེད་ཀྱི་ནམ་མཁའི་གུང་ལྟ་བུའི་མཚན་མའི་རྡུལ་ཐམས་ཅད་དེངས་པའི་ནམ་མཁའ་རྡོ་རྗེའི་ཏིང་ངེ་འཛིན་སྣང་བ་མེད་པ་ལ་ཇི་ཙམ་ནུས་པར་གནས་སོ། །མ་གོམས་པའི་དབང་གིས་སེམས་ཡེངས་པར་གྱུར་ན་


DTG110_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་ཉིད་དུ་བཀུག་ལ་གནས་སོ། །ཐུན་གཞན་ཡང་དེ་བཞིན་དུ་བྱའོ། །ཐུན་གྲངས་མང་ལ་ཡུན་ཐུང་བར་བྱའོ། །གང་གི་ཚེ་གོམས་པར་གྱུར་ཅིང་ཅུང་ཟད་བརྟན་པ་ན་ཇེ་རིང་ཇེ་རིང་བྱའོ། །སྒྲིབ་པ་ལྔ་པོ་སོ་སོའི་གཉེན་པོས་ཞི་བར་བྱའོ། །དེ་ནས་མིག་ཕྱེ་ལ་ཨེ་མའོ་ངོ་མཚར་རོ། །ཆོས་ཀྱི་དབྱིངས་ཅི་ཡང་མེད་པ་ལ་ཅིར་ཡང་སྣང་བ་འདི་ངོ་མཚར་ཆེའོ། །འདི་དག་ནི་རང་གི་སེམས་ཉིད་བརྫུན་པའི་རྣམ་འཕྲུལ་བརྫུན་བཞིན་དུ་སྣང༌། སྣང་བཞིན་དུ་བརྫུན་པ་སྟེ། སྒྱུ་མའི་དཔེ་བརྒྱད་ཀྱིས་མཚོན་པ་སྣང་ལ་རང་བཞིན་མེད་པའོ་ཞེས་བལྟས་ལ་སྨོན་ལམ་བཏབ་ནས་སྐྱིལ་མོ་ཀྲུང་དལ་གྱིས་བཤིག་ལ་ལངས་ཏེ་ཚ་ཚ་ལ་སོགས་པ་དགེ་བའི་ལས་ཅི་ནུས་པ་བྱའོ། །དེ་དག་ཐུན་དྲུག་ཏུ་ཚོགས་གཉིས་བསགས་པ་ལ་འབད་དོ། །ཉལ་བའི་དུས་སུ་སྟོང་པ་ཉིད་དུ་བསྒོམས་ལ་དེའི་ངང་དུ་གཉིད་ལོག་པར་བྱའོ། །དེ་ནས་ཐུན་ཐ་མ་ལ་བྱམས་པ་དང་སྙིང་རྗེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་བསླང་བར་བསམ་མོ། །དེས་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡིན་ནོ། །ཟས་ལ་ཆ་བཞིར་བགོ་བར་བྱའོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་བསྒོམ་པའི་སྟོབས་ཀྱིས་བསྐྱེད་པར་བྱ་བ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་གུས་པ་དང༌། ཡུན་རིང་བ་དང༌། རྒྱུན་མི་འཆད་པར་འབད་པར་བྱས་ན་སེམས་ཅན་ལ་སྙིང་རྗེ་ཡང་ཤུགས་ཀྱིས་སྐྱེ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱིས། །སྟོང་པ་ཉིད་འདི་བསྒོམས་བྱས་ན། །བློ་ནི་གཞན་དོན་ལ་དགའ་བར། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཡང༌། གདོད་ནས་སྐྱེ་མེད་དོན་དེ་ནི། །བློ་ཡིས་གཏིང་ནས་རྟོགས་གྱུར་ནས། །འཁོར་བའི་འདམ་དུ་བྱིང་བ་ལ། །སྙིང་རྗེ་ངང་གིས་སྐྱེ་བར་འགྱུར། །ཞེས་གསུངས་སོ། །དེ་ལྟར་རྣལ་འབྱོར་པ་དེས་ནང་དུ་མཉམ་པར་གཞག་པ་ན། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམས་ལ། དེ་ལས་ལངས་པ་ན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམས་པས་སྟོང་པ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་གཉིས་པོ་བརྟན་པར་བྱའོ། །རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས། བྱང་


DTG110_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ནམ་མཁའི་མཚན་ཉིད་དེ། །རྟོག་པ་ཐམས་ཅད་སྤངས་པའོ། །ཞེས་དང༌། ཤེས་རབ་སྡུད་པ་ལས། ཐོབ་པར་བྱ་བའི་ཆོས་ནི་རྡུལ་ཙམ་ཡོད་མ་ཡིན། །བྱང་ཆུབ་དངོས་པོར་བཟུང་ནས་མཆོག་འཛིན་མ་བྱེད་ཅིག །དང་པོའི་ལས་ཅན་དེ་ལ་དེ་སྐད་བསྟན་པར་བྱ། །ཞེས་པ་དང༌། ཡུམ་ཆེན་མོ་འབུམ་པ་ལས། ངས་ནི་ཅི་ཡང་ཐོབ་པ་མེད་པ་ཁོ་ནར་བྱང་ཆུབ་ཀྱི་སྙིང་པོར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་གསུངས་སོ། །འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང༌། དེ་ལ་བྱང་ཆུབ་སེམས་དཔའ་འདོད་པ་ཆུང་བ་གང་ཞེ་ན། གང་བྱང་ཆུབ་ཀྱང་མི་འདོད་པའོ། །ཆོག་ཤེས་པ་གང་ཞེ་ན། གང་བྱང་ཆུབ་ཀྱི་སེམས་ལ་ལྷག་པར་མ་ཞེན་པའོ་ཞེས་གསུངས་སོ། །གཞན་མདོ་སྡེ་རིན་པོ་ཆེ་དུ་མ་དང༌། གསང་སྔགས་ཀྱི་རྒྱུད་དུ་མ་ནས་དོན་འདི་ཉིད་གསུངས་སོ། །དཔལ་གསང་བ་འདུས་པ་ལས། དངོས་པོ་ཐམས་ཅད་དང་བྲལ་ཞིང༌། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པར་མཉམ་ཉིད་བས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་ངོ་བོ་ཉིད། །ཅེས་དང༌། འཕགས་པ་བརྒྱད་སྟོང་པ་ལས་ཀྱང༌། ཤཱ་རིའི་བུ་གང་སེམས་མ་ཡིན་པ་དེ་ནི་སེམས་མེད་པའོ། །གང་སེམས་མེད་པ་དེ་ནི་སེམས་རང་བཞིན་གྱིས་འོད་གསལ་བའོ་ཞེས་གསུངས་སོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས། །མ་གཟིགས་གཟིགས་པ་མ་ཡིན་ཏེ། །རང་བཞིན་མེད་པའི་རང་བཞིན་ལ། །ཇི་ལྟ་བུ་ཞིག་གཟིགས་པར་འགྱུར། །ཞེས་གསུངས་སོ། །རྗེ་བཙུན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱང༌། སེམས་ཀྱིས་སེམས་མེད་རྟོགས་བྱའི་ཕྱིར། །གང་ཚེ་གོམས་པར་བྱ་བ་ཡིན། །དེ་ཚེ་སེམས་ནི་མཐོང་མི་འགྱུར། །ཞེས་གསུངས་སོ། །འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང༌། །ལྷའི་བུ་དག་གཞན་ཡང་བྱང་ཆུབ་ཀྱི་སེམས་ལ་མངོན་པར་ཞེན་པ་དེ་ཡང་བདུད་ཀྱི་ལས་སོ། །སེམས་སྒྱུ་མར་མ་འཚལ་ནས་སེམས་ལ་དངོས་པོར་བཟུང་སྟེ། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ལགས་པ་དེ་མཐོལ་ལོ་བཤགས་སོ་ཞེས་གསུངས་སོ། །


DTG110_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་སྔ་མ་གྲངས་མེད་པར་ཐེག་པ་ཆེན་པོ་ལ་གོམས་པ། རྒྱུད་ལེགས་པར་སྦྱངས་པ། དབང་པོ་རྣོན་པོས་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་དུ་ཤས་ཏེ། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཅན་ཡིན་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དུ་གནས་སོ། །དོན་འདི་ལ་དགོངས་ནས་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བདག་དང་ཕུང་པོ་ལ་སོགས་དང༌། །རྣམ་ཤེས་རྟོག་པས་མ་བསྒྲིབས་པ། །སངས་རྒྱས་རྣམས་ཀྱིས་བྱང་ཆུབ་སེམས། །སྟོང་པའི་མཚན་ཉིད་དག་ཏུ་བཞེད། །ཅེས་གསུངས་སོ། །འོ་ན་ཇི་ལྟར་ཞེ་ན། ཀུན་རྫོབ་ཏུ་སྒྱུ་མའི་སྐྱེས་བུ་དང༌། སྤྲུལ་པའི་སྐྱེས་བུས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལྟ་བུར་བསྐྱེད་པར་བྱའོ། །ཇི་སྐད་དུ། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། ཀླུའི་རྒྱལ་པོ་ཆོས་གཅིག་གིས་བྱང་ཆུབ་སེམས་དཔའ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། ཆོས་གཅིག་པོ་གང་ཞེ་ན། སེམས་ཅན་ཐམས་ཅད་མི་གཏོང་བའི་བྱང་ཆུབ་ཀྱི་སེམས་སོ་ཞེས་གསུངས་པས་དེ་བསྐྱེད་དགོས་སོ། །སེམས་དེ་སྐྱེ་བའི་རྒྱུ་དང༌། རྐྱེན་དང༌། ངོ་བོ་དང༌། རྣམ་པ་དང། སྦྱང་བ་དང༌། གཟུང་བ་དང༌། བསྲུང་བ་དང༌། སྤེལ་བ་དང༌། དེའི་ཕན་ཡོན་དང༌། གཏོང་བའི་རྒྱུ་དང༌། བཏང་བའི་ཉེས་དམིགས་དང༌། གཞན་བསྐྱེད་དུ་བཅུག་པའི་ཕན་ཡོན་དང༌། གཞན་བསྐྱེད་པ་ལ་རྗེས་སུ་ཡི་རང་བའི་ཕན་ཡོན་དང༌། གཞན་བསྐྱེད་པའི་བར་ཆད་བྱས་པའི་ཉེས་དམིགས་ལ་མཁས་པར་བྱའོ། །དེ་ལ་རྒྱུ་ནི་རིགས་ཕུན་སུམ་ཚོགས་པའི་རྟགས་དང་ལྡན་པ་སྟེ། ཇི་སྐད་དུ་འཕགས་པ་བདེན་པར་སྨྲ་བ་ལུང་བསྟན་པའི་མདོ་ལས། དེ་རྒྱ་ཆེ་བ་ལ་མོས་པས་དམན་པ་ལ་མོས་པ་མེད་པ་ཡིན། དེ་རང་བཞིན་གྱིས་སྙིང་རྗེ་ཆེན་པོ་དང་ལྡན་པས་དཀར་པོའི་ཡོན་ཏན་དང་ལྡན་པ་ཡིན། དེ་སྡིག་པའི་གྲོགས་པོ་སྤངས་པས་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ཡིན། ཇི་སྐད་སྨྲས་པ་བཞིན་བྱེད་པས་མི་སླུ་བ་ཡིན། སངས་རྒྱས་འཇིག་རྟེན་དུ་རྒྱུ་བ་མཉེས་པར་བྱས་པས་དགའ་བ་དང་ལྡན་པ་ཡིན། ལུས་དང་


DTG110_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པས་སྡིག་པ་སྤངས་པ་ཡིན། ལྷག་པའི་བསམ་པ་སྐྱོན་མེད་པས་ཡི་དམ་ལ་བརྟན་པ་ཡིན། རོ་བྲོ་བ་ལ་མ་ཆགས་པས་ཐམས་ཅད་འགྱེད་པའི་ངང་ཚུལ་ཅན་ཡིན། བདུད་ཀྱི་བྱིན་གྱིས་བརླབས་པ་དང་བྲལ་བ་ཡིན། དགེ་བའི་རྩ་བ་བསགས་པས་སྤྱོད་པ་ལེགས་པར་སྤྱོད་པ་ཡིན། སྙིང་རྗེ་ཆེན་པོའི་སྤྱོད་ཡུལ་ཡིན་པས་སེམས་ཅན་ལ་སྙིང་བརྩེ་བ་ཡིན། ཡོ་བྱད་ལྷུག་པར་གཏོང་བས་ཐམས་ཅད་ལ་ཆགས་ཞེན་ཆུང་བ་ཡིན་ཞེས་གསུངས་སོ། །སློབ་དཔོན་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱང༌། རྒྱུ་བཞི་སྟེ། རིགས་དང༌། དགེ་བའི་བཤེས་གཉེན་དང༌། སྙིང་རྗེ་དང༌། འཁོར་བའི་སྡུག་བསྔལ་བཟོད་པའོ་ཞེས་གསུངས་སོ། །རྐྱེན་ནི་གཉིས་ཏེ། སྦྱོར་བའི་རྐྱེན་དང༌། བསམ་པའི་རྐྱེན་ནོ། །དེ་ལ་སྦྱོར་བའི་རྐྱེན་གྱི་ཚོགས་བསགས་པ་དང༌། རྒྱུད་སྦྱང་བ་དང༌། སྐྱབས་སུ་འགྲོ་བ་ཁྱད་པར་ཅན་བྱ་བའོ། །ཚོགས་བསགས་པ་ཡང་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཡན་ལག་བདུན་པ་བྱ་བ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཟབ་མོ་གདོན་པ་དང༌། བཀླགས་པ་དང༌། གཟུངས་གདོན་པ་དང༌། དཀོན་མཆོག་ལ་མཆོད་པ་རྒྱས་པར་བྱ་བ་དང༌། དགེ་འདུན་གྱི་མཆོད་སྟོན་ཡོན་དང་བཅས་པ་བྱ་བ་དང༌། བྱིས་པའི་སྟོན་མོ་དང༌། མགོན་མེད་པ་རྣམས་ལ་སྦྱིན་པ་རྒྱ་ཆེན་པོ་བཏང་བ་དང༌། མཚན་མོ་རྒྱུ་བ་རྣམས་ལ་གཏོར་མ་རྒྱ་ཆེན་པོ་བཏང་བ་ལ་སོགས་པ་བྱའོ། །རྒྱུད་སྦྱང་བ་ཡང་སྔ་མ་བཞིན་དུ་མདོ་སྡེ་ཟབ་མོ་གདོན་པ་དང༌། བཀླགས་པ་དང༌། གཟུངས་བཟླས་པ་དང༌། ཡན་ལག་བདུན་པ་བྱ་བ་དང༌། ཕུང་པོ་གསུམ་པ་གདོན་པ་དང༌། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་དང༌། གསེར་འོད་དམ་པ་རྔ་སྒྲའི་ཚིགས་སུ་བཅད་པ་ལ་སོགས་པའི་གཞུང་གིས་སྡིག་པ་བཤགས་པར་བྱའོ། །སྐྱབས་སུ་འགྲོ་བ་ཁྱད་པར་ཅན་ནི། ཁྱད་པར་རྣམ་པ་བདུན་གྱིས་ཁྱད་པར་དུ་འཕགས་ཏེ། རྟེན་གྱི་གང་ཟག་གི་ཁྱད་པར་དང༌། སྐྱབས་གནས་དཀོན་མཆོག་གསུམ་གྱི་ཁྱད་པར་དང༌། དུས་ཀྱི་ཁྱད་པར་དང༌། བསམ་པའི་ཁྱད་པར་དང༌། སྦྱོར་བའི་ཁྱད་པར་དང༌། བསླབ་བྱའི་ཁྱད་པར་དང༌། ཕན་ཡོན་གྱི་ཁྱད་པར་རོ། །དེ་ལ་


DTG110_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གནས་དཀོན་མཆོག་གསུམ་གྱི་ཁྱད་པར་ནི། ཐེག་པ་ཆུང་བའི་སྐྱབས་ནི། ཇི་སྐད་དུ་མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །སངས་རྒྱས་དགེ་འདུན་བྱེད་པ་ཡི། །ཆོས་ལའང་དེ་བཞིན་སྐྱབས་འགྲོ་ཞིང༌། །མྱ་ངན་འདས་ལའང་སྐྱབས་སུ་འགྲོ། །ཞེས་བཤད་དོ། །འདིར་ཁྱད་པར་ནི། དཀོན་མཆོག་གསུམ་ནི་རྣམ་པ་གསུམ་སྟེ། དེ་ཁོ་ན་ཉིད་ཀྱི་དཀོན་མཆོག་གསུམ་དང༌། མདུན་དུ་གཞག་པའི་དཀོན་མཆོག་གསུམ་དང༌། མངོན་པར་རྟོགས་པའི་དཀོན་མཆོག་གསུམ་སྟེ། འདིའི་དོན་རྒྱས་པས་བླ་མ་ལ་ཞུ་བར་བྱའོ། །ཡང་བསླབ་བྱའི་ཁྱད་པར་འབའ་ཞིག་བརྗོད་དེ། དཀོན་མཆོག་གསུམ་གྱི་ཁྱད་པར་དང༌། ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་དཀོན་མཆོག་གསུམ་ལུས་དང་སྲོག་གི་ཕྱིར་མི་གཏོང་ཞིང་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ་དང༌། བཀའ་དྲིན་ཆེན་པོ་རྗེས་སུ་དྲན་པའི་སྒོ་ནས་དུས་རྟག་ཏུ་འམ། ཡང་ན་དུས་རེས་འགའ་མཆོད་པར་བྱ་བ་དང༌། ཐ་ན་ཆུ་གཙང་ཕོར་པ་གང་ཙམ་ཡང་དབུལ་བར་བྱ་བ་དང༌། ཟས་ལ་སོགས་པའི་ཕུད་དབུལ་བར་བྱའོ། །བྱ་བ་ཅི་བྱེད་པ་དང༌། དེ་གོས་པ་ཅི་ཡོད་པ་ནི་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ནས་བྱེད་ཀྱི། འཇིག་རྟེན་པའི་ཐབས་གཞན་སྤང་བ་དང༌། འགྲོ་བ་གཞན་ལ་ཡང་ཚུལ་འདི་བཞིན་དུ་སྦྱར་བར་བྱའོ། །ཐེག་པ་ཐུན་མོང་གི་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་བས་འཇིག་རྟེན་པའི་ལྷ་ལ་ཕྱག་མི་བྱ་བ་ལ་སོགས་པ་སྟེ། དཀོན་མཆོག་གསུམ་པོ་སོ་སོའི་བསླབ་བྱའོ། །བསམ་པའི་རྐྱེན་ནི་ཇི་སྐད་དུ་འཕགས་པ་ཡེ་ཤེས་ཕྱག་རྒྱའི་མདོ་དང༌། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དམ་པའི་ཆོས་འཇིག་པའི་དུས་སུ་སེམས་བསྐྱེད་པ་དང༌། སེམས་ཅན་སྡུག་བསྔལ་བ་མཐོང་ནས་སེམས་བསྐྱེད་པ་དང༌། བྱང་ཆུབ་སེམས་དཔའ་སེམས་བསྐྱེད་པ་དང༌། མཆོད་པ་དང་དབུལ་བ་བཟང་པོ་བྱས་ནས་སེམས་བསྐྱེད་པ་དང༌། གཞན་གྱི་ལྷ་བལྟས་ནས་སེམས་བསྐྱེད་པ་དང༌། དེ་བཞིན་གཤེགས་པའི་སྐུ་མཐོང་ནས་སེམས་བསྐྱེད་པ་སྟེ། དང་པོ་གསུམ་ནི་བྱང་ཆུབ་ཀྱི་སེམས་དངོས་ཡིན་ནོ་ཞེས་གསུངས་པ་དང༌། འཕགས་


DTG110_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆོས་བཅུ་པའི་མདོ་ལས་ཀྱང་གསུངས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པས་བསྐུལ་ནས་སེམས་བསྐྱེད་པ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་མཐོང་ནས་སེམས་བསྐྱེད་པ་དང༌། སེམས་ཅན་སྡུག་བསྔལ་བ་མཐོང་ནས་སེམས་བསྐྱེད་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པ་མཐོང་ནས་སེམས་བསྐྱེད་པའོ་ཞེས་གསུངས་སོ། །མདོ་སྡེ་རྒྱན་ལས་ནི་རྐྱེན་ལྔ་གསུངས་ཏེ། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པའི་སྟོབས། །མི་བརྟན་པ་དང་བརྟན་འབྱུང་བ། །ཞེས་གསུངས་སོ། །འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་རྐྱེན་བཞི་དང༌། སྟོབས་བཞི་གསུངས་སོ། །རྐྱེན་བཞི་ནི་དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་པ་མཐོང་ནས་སེམས་བསྐྱེད་པ་དང༌། ཕན་ཡོན་མཐོང་ནས་སེམས་བསྐྱེད་པ་དང༌། དམ་པའི་ཆོས་འཇིག་པའི་དུས་སུ་སེམས་བསྐྱེད་པ་དང༌། སེམས་ཅན་སྡུག་པ་མཐོང་ནས་སེམས་བསྐྱེད་པའོ། །སྟོབས་བཞིན་རྒྱུའི་སྟོབས་དང༌། སྦྱོར་བའི་སྟོབས་དང༌། རང་གི་སྟོབས་དང༌། གཞན་གྱི་སྟོབས་སོ། །དེ་ལྟར་རྒྱུ་དང་རྐྱེན་ཉེ་བར་ཚོགས་པ་ན་བྱང་ཆུབ་ཀྱི་སེམས་ཉེ་བར་སྐྱེ་བར་འགྱུར་རོ། །སྐྱེས་པའི་ངོ་བོ་ནི། འདུན་པ་དང༌། འདོད་པ་དང༌། སྨོན་པ་ནི་རྣམ་གྲངས་སོ། །ཇི་སྐད་དུ་འཕགས་པ་བྱམས་པའི་ཞལ་སྔ་ནས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་སོ། །འདུན་པ་དང་སྙིང་རྗེ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་ཁྱད་པར་ཅན་ལ་དམིགས་པ་ནི་ངོ་བོ་སྟེ། དཀར་པོའི་ཆོས་ཀྱི་ལོ་ཏོག་མ་ལུས་པ་བསྐྱེད་པའི་ས་གཞི་བཟང་པོ་ལྟ་བུ་སྟེ། འདུན་པ་ས་ལྟ་བུའི་བྱང་ཆུབ་ཀྱི་སེམས་སོ། །རྣམ་པ་དེ་ཉིད་ཀྱི་ཁྱད་པར་རམ་བྱེ་བྲག་སྟེ། གཡོ་སྒྱུ་ལ་སོགས་པའི་སྐྱོན་གང་གིས་ཀྱང་མ་གོས་ཤིང་དྲི་མ་མེད་པ་སྟེ། དཔེར་ན་གསེར་བཟང་པོ་གཡའ་དང་རྡོ་དང་ས་ལ་སོགས་པའི་སྐྱོན་མེད་པ་ལྟ་བུ་སྟེ། སེམས་དེ་ཉིད་བསམ་པ་བཟང་པོ་གསེར་ལྟ་བུའོ། །དེའི་དོན་རྒྱས་པར་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། བཙུན་པ་ཤར་


DTG110_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དྭ་ཏིའི་བུ་བྱང་ཆུབ་ཀྱི་སེམས་དེ་ནི་ཇི་ལྟ་བུའི་རྣམ་པར་སེམས་སྐྱེས་པ་ཡིན། སྨྲས་པ་རིགས་ཀྱི་བུ་སེམས་དེ་ནི་ཐིག་པ་དམན་པ་དང་མ་འདྲེས་པས་གཙང་བའི་རྣམ་པར་སྐྱེས་སོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དེ་སྦྱང་བ་ནི་སེམས་དེ་དང་པོ་གང་ནས་ཀྱང་མ་འོངས་ཤིང༌། ཐ་མ་གར་ཡང་མི་འགྲོ་བ། གང་ན་ཡང་མི་གནས་པ་སྟེ། ཁ་དོག་མེད་པ། དབྱིབས་མེད་པ། གཟོད་མ་ནས་མ་སྐྱེས་པ། ཐ་མར་མི་འགག་པ། རང་བཞིན་གྱིས་སྟོང་པ། འོད་གསལ་བའི་ངོ་བོ་ཡང་ནས་ཡང་དུ་དྲན་པར་བྱའོ། །ཡང་ན་བྱམས་པ་དང༌། སྙིང་རྗེ་བྱང་ཆུབ་ཀྱི་སེམས་དེ་གོམས་པས་བརྟན་པར་བྱ་བ་དང༌། ཤིན་ཏུ་བྱང་བར་བྱ་སྟེ། སེམས་ཀྱི་སྐད་ཅིག་རེ་རེ་ལ་དྲན་པ་རྒྱུན་ཆགས་སུ་བྱ་བ་དང༌། དྲན་པ་དང༌། ཤེས་བཞིན་དང༌། ཚུལ་བཞིན་དུ་སེམས་པ་དང༌། བག་ཡོད་པས་གནས་པར་བྱའོ། །བྱང་ཆུབ་ཀྱི་སེམས་གཟུང་བ་ནི་སེམས་ཅན་མི་གཏོང་བ་བཞི་དང༌། སྐྱེས་བུ་དམ་པའི་རྣམ་པར་རྟོག་པ་བརྒྱད་དང༌། ནང་གི་ཐབས་ལ་མཁས་པ་བཅུ་དང༌། ཕྱིའི་ཐབས་ལ་མཁས་པ་དྲུག་དང༌། བདག་དང་གཞན་བརྗེ་བ་དང༌། བདག་དང་གཞན་མཉམ་པར་བྱ་བ་དང༌། འཕགས་པ་བཟང་སྤྱོད་དང༌། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་ཆེན་པོ་བཅུ་ལ་སོགས་པ་གདབ་བོ། །དེ་ལ་སེམས་ཅན་མི་གཏོང་བ་ནི་བདག་ལ་ཕན་འདོགས་པའི་སེམས་ཅན་མི་གཏོང་བ་དང༌། བདག་ལ་གནོད་པ་བྱེད་པ་མི་གཏོང་བ་དང༌། དངོས་སུ་སྡུག་བསྔལ་བ་དང༌། སྡུག་བསྔལ་གྱི་རྒྱུ་སོགས་པ་མི་གཏོང་བ་དང༌། སྤྱིར་སེམས་ཅན་མི་གཏོང་བའོ། །དེ་ལ་བདག་ལ་ཕན་འདོགས་པ་མི་གཏོང་བ་ནི། དྲིན་ཤེས་ཤིང་དྲིན་གཟོ་བའི་སེམས་ཀྱིས་མི་གཏོང་པ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། འཁོར་བ་ཐོག་མ་མེད་པ་ནས། །ཉོན་མོངས་མེ་ཡིས་གདུངས་པ་ཡིས། །སྲིད་པའི་བཙོན་རའི་ནང་གནས་པ། །སེམས་ཅན་གང་ཡིན་དེ་དག་སྔོན། །ཕ་མ་མཛའ་བཤེས་རྩ་ལག་ཏུ། །གྱུར་ཅིང་ཕན་ཆེན་བཏགས་པས་ན། །བྱས་པ་གཟོ་བ་ཉིད་དུ་བྱ། །འདི་དག་བདག་གིས་སྡུག་བསྔལ་བྱས། །ད་ནི་བདེ་བར་བྱ་བའི་རིགས། །ཞེས་གསུངས་སོ། །འདིའི་དོན་རྒྱས་པར་མདོ་སྡེར་བལྟ་བར་བྱའོ། །སྐྱེ་བ་


DTG110_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ཕ་མ་དང་གཉེན་འདུན་དང༌། གྲོགས་ལ་སོགས་པ་བདག་ལ་ཕན་འདོགས་པ་ལ་དྲིན་ཤེས་ཤིང་དྲིན་གཟོ་བ་བྱ་དགོས་ཏེ། དེ་ལྟར་མ་གྱུར་ན། བྱས་ལ་ལན་དུ་ཕན་མི་འདོགས། །ཞེས་པའི་ཉེས་བྱས་ཀྱང་འབྱུང་བར་འགྱུར་རོ། །བདག་ལ་གནོད་པ་བྱེད་པའི་སེམས་ཅན་མི་གཏོང་བ་ནི། ལས་བདག་གིར་བྱས་པའི་སེམས་ཀྱིས་མི་གཏོང་སྟེ། ཇི་སྐད་དུ། འཛམ་བུའི་གླིང་གི་སྐྱེས་མཆོག་ནི། །ལེགས་ཀྱི་ལན་ནི་ལེགས་ཀྱིས་ལྡོན། །ཉེས་ཀྱི་ལན་ཡང་ལེགས་ཀྱིས་ལྡོན། །ཞེས་དང༌། ཡུམ་བརྒྱད་སྟོང་པ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ཕ་རོལ་པོས་ཉེས་པ་ཆེན་པོ་བྱས་ཀྱང༌། དེ་དང་རྩོད་པ་མི་བྱེད་པར་དེ་ལ་གནོད་པ་དང་སེམས་འཁྲུག་པར་མི་བྱའོ། །གལ་ཏེ་གསོད་ན་ཡང་དེ་ལ་ཞེ་སྡང་བར་མི་བྱའོ། །སེམས་ཅན་སུ་ལ་ཡང་ཞེ་སྡང་བར་མི་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི་བརྟན་པར་འདུ་ཤེས་བསྐྱེད་པར་བྱའོ་ཞེས་གསུངས་པ་དང༌། ཡང་ཇི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་ཕ་དང་མ་དང་བུ་དང་བུ་མོའི་འདུ་ཤེས་སོ། །རང་ཉིད་བདེ་བར་འདོད་པ་ལྟར་སེམས་ཅན་གཞན་ཡང་བདེ་བ་ལ་སྦྱར་བར་བྱའོ། །སེམས་ཅན་མ་ལུས་པ་སྡུག་བསྔལ་བ་ལས་ཐར་བར་བྱའོ། །སེམས་ཅན་གང་ཡང་མི་གཏོང་ངོ༌། །དེ་དག་གི་བདག་གིས་ལུས་དུམ་བུ་བརྒྱར་བཏུབས་ཀྱང་དེ་དག་ལ་གནོད་པའི་སེམས་མི་བྱ་བར་བྱམས་པ་དང་སྙིང་རྗེ་བསྐྱེད་དོ་ཞེས་གསུངས་པ་དང༌། རྗེ་བཙུན་ཨཱཪྻ་དེ་བའི་ཞལ་སྔ་ནས་ཀྱང༌། གནོད་པ་དྲག་པོ་བྱུང་བ་ན། །སྔོན་གྱི་ལས་སུ་ཤེས་པར་བྱ། །ཞེས་གསུངས་སོ། །གལ་ཏེ་དེ་ལྟར་མ་གྱུར་ན། གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་ནས་གཞན་ལ་འཚོག་པ་དང༌། །ཕ་རོལ་ཤད་ཀྱིས་འཆགས་པ་སྤོང༌། །ཁྲོས་པ་རྣམས་ནི་ཡལ་བར་འཇོག །གཤེ་ལ་ལན་དུ་གཤེ་ལ་སོགས། །ཞེས་པའི་ཕམ་པ་དང་ཉེས་བྱས་འབྱུང་བར་འགྱུར་རོ། །དངོས་སུ་སྡུག་བསྔལ་བའི་སེམས་ཅན་མི་གཏོང་བ་ནི། ཚ་བ་དང་གྲང་བ་དང་བཀྲེས་པ་དང་སྐོམ་པ་ལ་སོགས་པ་དང༌། མཚམས་མེད་པ་ལ་སོགས་པ་དང༌། བསླབ་པ་ཉམས་པ་དང༌། སྡུག་བསྔལ་སྣ་ཚོགས་ཀྱིས་གདུངས་པ་མཐོང་ན་སྙིང་རྗེའི་སེམས་


DTG110_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མི་གཏོང་སྟེ། རྗེ་བཙུན་ཨཱཪྻ་དེ་བའི་ཞལ་ནས། འཁོར་ལོ་དཔག་ཚད་བཅུ་གཉིས་པ། །ལྕགས་བྱས་མགོ་ལ་འཁོར་བ་དང༌། །བྱང་ཆུབ་སེམས་ནི་བསྐྱེད་མ་ཐག །མེད་པར་འགྱུར་ཞེས་ཐོས་པ་ཡིན། །ཞེས་གསུངས་པ་དང༌། སློབ་དཔོན་དཔའ་བོའི་ཞལ་ནས་ཀྱང༌། ན་བའི་བུ་ལ་ཁྱད་པར་དུ། །མ་ནི་གདུང་བ་སྐྱེ་བ་ལྟར། །དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས། །དམ་པ་མིན་ལ་ཁྱད་པར་བརྩེ། །ཞེས་གསུངས་པ་དང༌། སློབ་དཔོན་བྷ་བྱའི་ཞལ་ནས་ཀྱང༌། སྡུག་བསྔལ་དྲག་པོས་གདུངས་པ་ཡི། །སྡུག་བསྔལ་ཅན་དག་མཐོང་བའི་ཚེ། །སྙིང་རྗེ་རུས་པའི་གཏིང་ནས་ནི། །སྐྱེ་ཞིང་དེ་ལ་ཕན་པར་བྱེད། །ཅེས་གསུངས་ཏེ། རྒྱས་པར་མདོ་སྡེར་བལྟ་བར་བྱའོ། །སྡུག་བསྔལ་གྱི་རྒྱུ་ལ་སོགས་པའི་སེམས་ཅན་ནི། སྙིང་བརྩེ་བའི་སེམས་ཀྱིས་མི་གཏོང་སྟེ། བསླབ་པ་ཉམས་པ་དང༌། མཚམས་མེད་པ་བྱེད་པ་དང༌། སྲོག་གཅོད་པ་དང༌། སྡིག་པའི་ལས་སྣ་ཚོགས་བྱེད་པ་དེ་དག་ལས་བཟློག་པར་བྱ་སྟེ། ཇི་སྐད་དུ། འཕགས་པ་དྲན་པ་ཉེར་གཞག་ལས། གང་ཞིག་བརྟུལ་ཞུགས་བཟང་མནོས་ནས། །ལེགས་པར་སྲུང་བར་མི་བྱེད་པ། །དེ་ནི་ངེས་པར་ཤ་དང་རུས། །འཇིག་པའི་མེ་མ་མུར་དུ་སྲེག །ཅེས་གསུངས་པ་དང༌། འཕགས་པ་རྙེད་དང་འདོད་གནས་པ། །ཚུལ་ཁྲིམས་འཆལ་པ་མཐོང་ནས་ནི། །འདི་ཡི་འགྲོ་བ་ཅིར་འགྱུར་ཞེས། །མཆི་མའང་རབ་ཏུ་འབྱུང་བར་བྱ། །ཞེས་གསུངས་པ་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། འཇིག་རྟེན་ན་ནི་སེམས་ཅན་གང༌། །རྟག་ཏུ་སྡིག་པ་བྱེད་འདོད་པ། །རྟག་ཏུ་དེ་དག་ཐམས་ཅད་ནི། །གནོད་པ་མེད་པར་བཟློག་གྱུར་ཅིག །ཅེས་གསུངས་སོ། །སྤྱིར་སེམས་ཅན་མི་གཏོང་བ་ནི་བྱམས་པའི་སེམས་ཀྱིས་མི་གཏོང་བ་དང༌། འཕགས་པ་སྤོབས་པའི་བློ་གྲོས་ཀྱི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་བུ་བཞིན་དུ་བལྟ་བར་བྱ་བ་དང༌། རང་གི་ལུས་བཞིན་དུ་བལྟ་བར་བྱའོ་ཞེས་གསུངས་པ་དང༌། མདོ་སྡེ་རྒྱན་ལས་ཀྱང༌། ཇི་ལྟར་ཕུག་རོན་རང་གི་བུ་མཆོག་བྱམས། །རང་གི་བུ་དེ་ཉེ་བར་འཁྱུད་ནས་འདུག །དེ་བཞིན་སྡུག་བསྔལ་བ་ཡི་སེམས་ཅན་ལ། །བརྩེ་བཅས་བྱང་ཆུབ་སེམས་དཔའ་དེ་དང་


DTG110_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། །ཞེས་གསུངས་པ་དང༌། འཕགས་པ་རིག་པ་མཆོག་གི་རྒྱུད་ཆེན་པོ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་རང་གི་བདེ་མ་ཆགས། །རང་གི་སྡུག་བསྔལ་དག་གིས་མི་མཇེད་ཀྱང༌། །གཞན་གྱི་སྡུག་བསྔལ་དག་གིས་སྡུག་བསྔལ་འགྱུར། །གཞན་བདེན་ནི་བྱང་ཆུབ་སེམས་དཔའ་དགའ། །ཞེས་གསུངས་པ་དང༌། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་དང༌། དཔལ་མཆོག་དང་པོ་ལས་ཀྱང༌། ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་གནས་པར་གྱུར་པ་ན། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །ཞེས་གསུངས་ཏེ། རྒྱས་པར་མདོ་སྡེར་བལྟ་བར་བྱའོ། །སྐྱེས་བུ་དམ་པའི་རྣམ་པར་རྟོག་པ་བརྒྱད་ནི་ཀྱི་ཧུད་ནམ་ཞིག་ན་བདག་གི་སེམས་ཅན་གྱི་སྐྱེ་བའི་སྡུག་བསྔལ་མེད་པར་བྱེད་ནུས་པར་འགྱུར་ཞིག་ཏུ། དེ་བཞིན་དུ་རྒས་པའི་སྡུག་བསྔལ་དང༌། ན་བའི་སྡུག་བསྔལ་དང༌། འཆི་བའི་སྡུག་བསྔལ་མེད་པར་བྱེད་པར་འགྱུར་ཞིག་གུ་།སེམས་ཅན་མ་བསྒྲལ་བ་རྣམས་སྒྲོལ་བར་བྱེད་ནུས་པར་འགྱུར། མ་གྲོལ་བ་རྣམས་དང༌། དབུགས་མ་ཕྱིན་པ་རྣམས་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ནམ་ཞིག་མྱ་ངན་ལས་ཟློ་ནུས་པར་འགྱུར་ཞིག་གུ་སྙམ་པའི་སེམས་སྐད་ཅིག་རེ་རེ་ལ་དྲན་པ་རྒྱུན་ཆགས་སུ་བྱའོ། །ནང་གི་ཐབས་ལ་མཁས་པ་ནི་གཞན་གྱི་སྡུག་བསྔལ་བདག་གིར་བྱེད་པ་དང༌། བདག་གི་སྡུག་བསྔལ་གྱིས་གཞན་གྱི་སྡུག་བསྔལ་བསལ་བ་དང༌། བདག་གི་བདེ་བ་དང་གཞན་གྱི་སྡུག་བསྔལ་བརྗེ་བ་དང༌། གཞན་གྱི་སྡུག་བསྔལ་གྱིས་བདག་དུས་རྟག་ཏུ་སྡུག་བསྔལ་གྱིས་གདུངས་པ་སྟེ། ཇི་སྐད་དུ་རིག་པ་མཆོག་གི་རྒྱུད་ཆེན་པོ་ལས། བྱང་ཆུབ་སེམས་དཔའ་རང་གི་བདེ་མ་ཆགས། །རང་གི་སྡུག་བསྔལ་དག་གིས་མི་མཇེད་ཀྱང༌། །གཞན་གྱི་སྡུག་བསྔལ་དག་གིས་སེམས་སྡུག་བསྔལ། །གཞན་བདེན་ནི་བྱང་ཆུབ་སེམས་དཔའ་དགའ། །ཞེས་གསུངས་སོ། །གཞན་གྱི་སྡིག་པ་བདག་གི་སྡིག་པར་བྱས་ནས་བཤགས་པ་དང༌། གཞན་གྱི་དགེ་བ་བདག་གི་དགེ་བར་བྱས་ནས་ཡི་རང་བ་དང༌། བདག་གི་དགེ་བ་གཞན་གྱི་དགེ་བར་བསྔོས་ནས་ཡི་རང་བ་དང༌། གཞན་གྱི་དགེ་བ་བདག་གི་


DTG110_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བར་བྱས་ནས་ཡོངས་སུ་བསྔོ་བའོ། །ཕྱིའི་ཐབས་ལ་མཁས་པ་ནི་བསྡུ་བའི་དངོས་པོ་བཞི་དང༌། རིག་པའི་གནས་ལྔ་དང༌། མཁས་པ་བཅུ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། ཚད་མེད་པ་བཞི་ལ་སོགས་པས་སེམས་ཅན་མ་ལུས་པ་སྨིན་པར་བྱེད་དེ། རྗེས་སུ་གཟུང་བ་དང༌། ཚར་བཅད་པ་དང༌། བྲིད་པ་དང༌། བསྡིགས་པ་དང༌། རྩིགས་ལ་དབབ་པ་དང༌། རྔན་པས་བརྔན་པའོ། །འཕགས་པ་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་བཅུ་པ་དང༌། བཟང་པོ་སྤྱོད་པ་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ་ཉི་ཤུ་པ་དང༌། བ་ཚྭ་ཆུ་ཀླུང་ནས་བྱུང་བའི་ཚིགས་སུ་བཅད་པ་བཅུ་གཅིག་པ་ལ་སོགས་པས་སེམས་ཅན་མི་གཏོང་བར་བྱའོ། །འཕགས་པ་འོད་སྲུངས་ཀྱིས་ཞུས་པ་ལས། སྲོག་གི་ཕྱིར་ཡང་བརྫུན་མི་སྨྲ་བ་དང༌། སེམས་ཅན་ལ་གཡོ་སྒྱུ་མེད་པའི་ལྷག་པའི་བསམ་པས་གནས་པར་བྱ་བ་དང༌། སེམས་བསྐྱེད་པའི་གང་ཟག་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་དང༌། སེམས་ཅན་གང་དག་སྨིན་པར་བྱེད་པ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་སྨིན་པར་བྱེད་ཀྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་མ་ཡིན་པའོ། །དེ་བཞིན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པ་ལས་ཀྱང༌། རིགས་ཀྱི་བུ་སེམས་བསྐྱེད་མ་ཐག་པའི་བྱང་ཆུབ་སེམས་དཔའ་ཆོས་བདུན་ལ་བསླབ་པར་བྱ་སྟེ། རྣམ་པར་རྟོག་པས་ཀྱང་འདོད་པ་ལ་སྤྱད་པར་མི་བྱིན་དབང་པོ་གཉིས་ཀྱིས་གཉིས་སྦྱོར་བ་ལྟ་སྨོས་ཀྱང་ཅི་དགོས། ཐ་ན་རྨི་ལམ་དུ་ཡང་མི་དགེ་བའི་བཤེས་གཉེན་བསྟེན་པར་མི་བྱ་བ་དང༌། བྱ་དང་འདྲ་བར་སེམས་ཀྱིས་ཡོངས་སུ་འཛིན་པ་མེད་པར་བྱ་བ་དང༌། ཐབས་དང་ཤེས་རབ་ལ་མཁས་པས་ང་རྒྱལ་དང་ང་ཡིར་འཛིན་པ་མེད་པར་བྱ་བ་དང༌། དངོས་པོ་དང་དངོས་པོ་མེད་པར་སྤངས་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བརྟན་པོར་བསྒོམ་པ་དང༌། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཞི་བས་འཁོར་བ་ལ་དགའ་བར་མི་བྱེད་པ་སྟེ། མདོར་ན་དྲན་པ་དང་ཤེས་བཞིན་དང་ཚུལ་བཞིན་དུ་སེམས་པ་དང༌། བག་ཡོད་པ་དང་མི་འབྲལ་བ་སྟེ། ཤེས་བཞིན་མེད་པའི་སྐྱོན་ཆགས་པས། །ལྟུང་བའི་རྙོག་དང་བཅས་པར་འགྱུར། །གློ་རྡོལ་བུམ་པའི་ཆུ་བཞིན་དུ། །དྲན་པ་ལ་ནི་དེ་མི་གནས། །ཡང༌། དྲན་པ་དང་ནི་ཤེས་བཞིན་དང༌། །ཚུལ་བཞིན་དུ་


DTG110_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སེམས་པ་དང༌། །བག་ཡོད་པ་དང་མ་བྲལ་ཞིང༌། །ཞེས་སློབ་དཔོན་ཤཱནྟ་དེ་བས་གསུངས་སོ། །སེམས་ཀྱི་སྐད་ཅིག་རེ་རེ་ལ་མི་བརྗེད་པར་བྱ་ཞིང༌། དྲན་པ་རྒྱུན་ཆགས་སུ་བྱས་པས་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བར་བྱའོ། །གལ་ཏེ་དེ་ལྟར་མ་བྱས་ན། སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང༌། །ཆོས་འདོད་པ་ལ་སྦྱིན་མི་བྱེད། །ནད་པའི་རིམ་གྲོ་བྱ་བ་སྤོང༌། །དགོས་པའི་དོན་དུ་འགྲོ་མི་བྱེད། །སེམས་ཅན་དོན་ལ་བྱ་བ་ཆུང༌། །ཞེས་པའི་ཕམ་པ་དང་ཉེས་བྱས་འབྱུང་ངོ༌། །བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྲུང་བ་ནི་སེམས་བརྗེད་པར་བྱེད་པ་དང༌། ཉམས་པར་བྱེད་པ་དང༌། གཏོང་བར་བྱེད་པ་ལས་བསྲུང་སྟེ། འཕགས་པ་འོད་སྲུངས་ཀྱིས་ཞུས་པ་ལས། གཞན་འགྱོད་པ་མེད་པ་ལ་འགྱོད་པ་བསྐྱེད་པ་དང༌། མཁན་པོ་དང་སློབ་དཔོན་དང་སྦྱིན་གནས་སླུ་བ་དང༌། སེམས་ཅན་ལ་གཡོ་དང་སྒྱུ་དང་ལོངས་སྤྱོད་ཀྱི་ལྷག་པའི་བསམ་པས་མ་ཡིན་པ་དང༌། སེམས་བསྐྱེད་པའི་གང་ཟག་ལ་ཚིགས་སུ་བཅད་པ་མ་ཡིན་པས་བརྗོད་པའོ་ཞེས་གསུངས་སོ། །འཕགས་པ་བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་ལས་འདི་སྐད་དུ། སྲེད་མེད་ཀྱི་བུ་ཆོས་བཞིས་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། ལྷག་པའི་ང་རྒྱལ་དང༌། ཆོས་ལ་མ་གུས་པ་དང༌། དགེ་བའི་བཤེས་གཉེན་ལ་ཁྱད་དུ་གསོད་པ་དང༌། ལོག་པའི་ཚིག་སྨྲ་བའོ། །ཡང་བཞི་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་འདྲིས་པར་བྱེད་པ་དང༌། ཐེག་པ་དམན་པ་ལ་མོས་པ་དང༌། བྱང་ཆུབ་སེམས་དཔའ་ལ་སྡང་ཞིང་སྐུར་བ་འདེབས་པ་དང༌། ཆོས་ལ་དཔེ་མཁྱུད་བྱེད་པའོ། །ཡང་བཞི་སྟེ། སྒྱུ་བྱེད་པ་དང༌། གཡོ་བྱེད་པ་དང༌། བླ་མ་ལ་ལྕེ་གཉིས་བྱེད་པ་དང༌། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་པའོ། །ཡང་བཞི་སྟེ། བདུད་ཀྱི་ལས་མ་རྟོགས་པ་དང༌། ལས་ཀྱི་སྒྲིབ་པས་བསྒྲིབས་པ་དང༌། ལྷག་པའི་བསམ་པ་སྟོབས་ཆུང་བ་དང༌། ཐབས་དང་ཤེས་རབ་མེད་པ་སྟེ། དེ་དག་གིས་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ་ཞེས་གསུངས་སོ། །ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། ཀླུའི་རྒྱལ་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་ལམ་ལོག་པ་དང་


DTG110_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ངན་པ་ཉི་ཤུ་རྩ་གཉིས་དང་བྲལ་བ་ཡིན་ཏེ། ཉན་ཐོས་ཀྱི་སེམས་དང་མ་བྲལ་བ་དང༌། རང་སངས་རྒྱས་ཀྱི་སེམས་དང་མ་བྲལ་བ་དང༌། ང་རྒྱལ་དང་ལྷག་པའི་ང་རྒྱལ་དང༌། གཡོ་སྒྱུ་དང༌། རྒྱང་པན་པའི་གསང་ཚིག་དང༌། ལོག་པར་ཞུགས་པ་དང༌། སྐྱེ་བས་སྐྲག་པ་དང༌། ཁེངས་པ་དང༌། རྩོད་པ་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ལས་ཀྱི་སྒྲིབ་པ་དང༌། ཆོས་ཀྱི་སྒྲིབ་པ་དང༌། བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང༌། ཆོས་ལ་དཔེ་མཁྱུད་བྱེད་པ་དང༌། བརྗེད་ངས་པ་དང༌། སྡིག་པའི་གྲོགས་པོ་དང༌། བླ་མ་ལ་འཁུ་བ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང་མི་མཐུན་པ་དང༌། ཆད་པ་དང༌། རྟག་པ་དང༌། ཐབས་མི་མཁས་པས་བསྡུ་བ་བཞི་དང༌། སྡིག་པ་ཐམས་ཅད་དང་མ་བྲལ་བ་སྟེ། དེ་དག་གིས་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ་ཞེས་གསུངས་སོ། །སྡོང་པོ་བཀོད་པ་ལས་ཀྱང༌། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་ནང་ཕན་ཚུན་ངན་སེམས་བསྐྱེད་པའི་ཁ་ན་མ་ཐོ་བའི་ལས་ལས་ཆེ་བ་ནི་མ་མཐོང་ངོ་ཞེས་གསུངས་སོ། །དེ་བཞིན་དུ་དད་པའི་སྟོབས་བསྐྱེད་པ་ལ་སོགས་པའི་མདོ་ལས་རྒྱས་པར་གསུངས་པས་མདོ་སྡེར་བལྟ་བར་བྱའོ། །ལྟུང་བ་འབྱུང་བའི་རྒྱུ་ནི་རིགས་མེད་པ་དང༌། སྙིང་རྗེ་ཆུང་བ་དང༌། འཁོར་བའི་སྡུག་བསྔལ་གྱིས་མི་འཇིགས་པ་དང༌། སྡིག་པའི་གྲོགས་པོས་ཟིན་པ་དང༌། བྱང་ཆུབ་ཆེན་པོ་ཐག་རིང་བར་སེམས་པ་དང༌། བདུད་ཀྱིས་བྱིན་གྱིས་བརླབས་པ་དང༌། ཐེག་པ་དམན་པའི་གང་ཟག་བསྟེན་པ་དང༌། ཐེག་པ་ཆུང་ངུའི་གཞུང་ལ་བརྩོན་པ་དང༌། སེམས་ཅན་བློས་བཏང་བ་དང༌། བྱང་ཆུབ་སེམས་དཔའ་ལ་ཚིག་ངན་བརྗོད་ཅིང་ངན་སེམས་བསྐྱེད་པ་དང༌། བྱང་ཆུབ་ཀྱི་སེམས་དང་མི་མཐུན་པའི་ཕྱོགས་མི་སྤོང་བ་དང༌། གཞན་ཡང་མི་ཤེས་པ་དང༌། བག་མེད་པ་དང༌། མ་གུས་པ་དང༌། ཉོན་མོངས་པ་མང་བའོ། །བཏང་བའི་ཉེས་དམིགས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་དགྲ་བཅོམ་པར་གྱུར་ལ། དེ་དག་ཐམས་ཅད་ལ་གསད་པ་དང༌། མཚམས་མེད་པ་ལྔ་བྱས་པས་འདི་སྡིག་པ་ཤིན་ཏུ་ཆེ་བ་ཡིན་ནོ། །གཞན་ཡང་ནམ་མཁའ་མཐའ་ཁྱབ་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་ནི་


DTG110_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱིས་མཁྱེན་གྱི། འདིའི་སྡིག་པའི་ཚད་ནི་འདི་ཙམ་ཞེས་སངས་རྒྱས་ཀྱིས་མཁྱེན་པར་མི་སྤྱོད་དོ། །འདིའི་དོན་རྒྱས་པར་མདོ་སྡེ་དང༌། སྤྱོད་པ་ལ་འཇུག་པ་ལ་སོགས་པར་བལྟ་བར་བྱའོ། །གཞན་སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་བའི་ཕན་ཡོན་ནི། ཡུམ་བརྒྱད་སྟོང་པ་ལས། འཇིག་རྟེན་གྱི་ཁམས་ཐམས་ཅད་སྲང་ལ་གཞལ་བའི་གྲངས་ནི་ཤེས་པར་རུང་གི །གཞན་བསྐྱེད་དུ་བཅུག་པའི་ཕན་ཡོན་ནི་ཐེག་པ་ཆེན་པོའི་མདོ་སྡེ་དང༌། སྤྱོད་པ་ལ་འཇུག་པ་ལ་སོགས་པར་བལྟ་བར་བྱའོ། །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཁྱེན་པར་མི་སྤྱོད་དོ། །གཞན་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་བ་བྱས་པའི་བསོད་ནམས་ཀྱི་ཕུང་པོ་ཚད་ནི་ཤེས་པར་མི་ནུས་སོ་ཞེས་གསུངས་ཏེ་རྒྱས་པར་མདོ་སྡེར་བལྟ་བར་བྱའོ། །གཞན་སེམས་བསྐྱེད་པའི་བར་ཆད་བྱས་པའི་ཉེས་དམིགས་ནི་འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས། ཤ་ར་དྭ་ཏིའི་བུ་གང་སེམས་བསྐྱེད་པ་ལ་བར་ཆད་བྱ་བར་འདོད་དམ། བར་ཆད་བྱེད་པ་དེ་ནི་ཤར་དྭ་ཏིའི་བུ་མྱ་ངན་ལས་འདས་པར་འགྱུར་བའི་སྐལ་བ་མེད་དོ་ཞེས་གསུངས་པ་དང༌། ཡང་སྟོང་གསུམ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དགྲ་བཅོམ་པ་བསད་པ་དང༌། མཚམས་མེད་པ་ལྔ་བྱེད་པ་བས་སྡིག་པ་ཆེ་ཞེས་འཕགས་པ་བརྒྱད་སྟོང་པ་ལས་གསུངས་སོ། །སྤྱོད་པ་ལས་འཇུག་པ་ལས་ཀྱང༌། གང་ཞིག་བྱང་ཆུབ་སེམས་བསྐྱེད་པའི། །བསོད་ནམས་བར་ཆད་གེགས་བྱེད་པ། །སེམས་ཅན་དོན་ལ་དམན་གྱུར་པས། །དེ་ཡི་ངན་འགྲོ་མུ་མཐའ་མེད། །ཅེས་གསུངས་ཏེ། རྒྱས་པར་མདོ་སྡེར་བལྟའོ། །བྱང་ཆུབ་ཀྱི་སེམས་སྤེལ་བ་དེ་ནི་སེམས་དེ་ཉིད་བྱང་ཆུབ་ཀྱི་སེམས་རྣམ་པ་གསུམ་དུ་སྤེལ་ཏེ། བྱང་ཆུབ་ཀྱི་སེམས་སྡོམ་པའི་ཚུལ་ཁྲིམས་དང༌། བྱང་ཆུབ་ཀྱི་སེམས་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། བྱང་ཆུབ་ཀྱི་སེམས་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཏེ། དཔེར་ན་ཡར་ངོའི་ཟླ་བ་རིམ་གྱིས་འཕེལ་བ་བཞིན་དུ་སེམས་འདི་ཡང་འཕེལ་བར་འགྱུར་ཏེ། དེ་ཡང༌། ཡངས་ཤིང་རྒྱ་ཆེ་དག་པ་དང༌། །ཕན་པ་རྒྱ་ཆེན་བྱེད་པ་དང༌། །དགེ་བ་ཉིད་ཀྱིས་ལྷག་པས་ན། །བསམ་པ་དག་པ་ལྷག་བསམ་ཡིན། །ཞེས་མདོ་


DTG110_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སྡེའི་རྒྱན་དུ་གསུངས་སོ། །ལྷག་པའི་བསམ་པ་ཟླ་བ་ཚེས་པ་ལྟ་བུ་སྟེ། འཇུག་པ་བྱང་ཆུབ་ཀྱི་སེམས་ཞེས་ཀྱང་བྱའོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ལེའུ་ལས། ཚུལ་ཁྲིམས་རྣམ་པ་གསུམ་སྟེ། རང་བཞིན་གྱི་ཚུལ་ཁྲིམས་དང༌། གོམས་པའི་ཚུལ་ཁྲིམས་དང༌། ཡང་དག་པར་བླང་བའི་ཚུལ་ཁྲིམས་སོ། །དེ་ལ་རང་བཞིན་གྱི་ཚུལ་ཁྲིམས་ནི། སེམས་ཅན་ཐམས་ཅད་རིགས་གཅིག་ཡིན་པ་དང༌། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པ་དང༌། ཐེག་པ་ཆེན་པོའི་རིགས་ཅན་ཡིན་པ་སྟེ། བསྒྲུབས་ན་འགྲུབ་པའི་སྐལ་བ་ཅན་ཡིན་ཡང་ཉེས་པ་རྣམ་པ་བཞིས་བཀབ་ནས་འདུག་པ་ཡིན་ཏེ། མདོ་སྡེའི་རྒྱན་ལས། ཉོན་མོངས་གོམས་དང་གྲོགས་ངན་དང༌། །ཕོངས་དང་གཞན་གྱིས་དབང་བྱས་དང༌། །མདོར་ན་རིགས་ཀྱི་ཉེས་པ་ནི། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་པས་རིགས་ཅན་གྱི་གང་ཟག་དེ་ནི་རང་བཞིན་གྱིས་སྙིང་རྗེ་ཆེ་བ་དང༌། རང་བཞིན་གྱིས་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་རྒྱུད་ལ་ཚང་བར་ལྡན་པས་རང་བཞིན་གྱི་ཚུལ་ཁྲིམས་ཅན་ཞེས་བྱའོ། །གོམས་པའི་ཚུལ་ཁྲིམས་ནི་རྣམ་པ་གསུམ་སྟེ། སྐྱེ་བ་སྔ་མ་ཕན་ཆད་ལ་ཐེག་པ་ཆེན་པོ་ལ་གོམས་པ་ཆེར་བྱས་པ་དང༌། གོམས་པ་འབྲིང་དུ་བྱས་པ་དང༌། སྐྱེ་བ་དཔག་ཏུ་མེད་པ་ནས་གོམས་པར་བྱས་པ་སྟེ། དེ་བས་ན་བྱམས་པའི་ཞལ་ནས། སངས་རྒྱས་རྣམས་ལ་བཀུར་སྟི་བྱས། །དེ་ལ་དགེ་བའི་རྩ་བ་བསྐྱེད། །དགེ་བའི་བཤེས་ཀྱིས་མགོན་བྱས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །སངས་རྒྱས་བསྙེན་བཀུར་ཡང་དག་ཞུགས། །སྦྱིན་དང་ཚུལ་ཁྲིམས་སོགས་སྤྱད་པས། །སྣོད་དུ་དམ་པ་རྣམས་ཀྱིས་ཤེས། །ཞེས་གསུངས་སོ། །དེ་ལ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི། སློབ་དཔོན་གྱིས་བརྟག་པ་གསུམ་གྱིས་ལེགས་པར་བརྟགས་ནས་སྣོད་ཀྱི་རིམ་པ་བཞིན་དུ་ཚུལ་ཁྲིམས་སྦྱིན་པར་བྱ་སྟེ། སྔར་བརྗོད་པའི་གང་ཟག་དང༌། དེའི་སོ་སོར་ཐར་པའི་ཕམ་པ་བཞི་འཁོར་དང་བཅས་པ་དང༌། ཐེག་པ་ཆེན་པོའི་ཕམ་པ་དང་འདྲ་བ་བཞི་དང༌། ཉེས་བྱས་བཞི་བཅུ་རྩ་དྲུག་སྦྱིན་པར་བྱའོ། །གང་ཟག་འབྲིང་པོ་དེ་ལ་ནི་གང་ཟག་འབྲིང་པོ་དེའི་སྡོམ་པ་སྦྱིན་པར་བྱ་སྟེ། དེའི་སྟེང་དུ་འཕགས་པ་ནམ་མཁའི་སྙིང་པོ་


DTG110_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་རྩ་བའི་ལྟུང་བ་བཅོ་བརྒྱད་དང༌། སློབ་དཔོན་ཤཱནྟ་དེ་བས་གསུངས་པའི་གནོད་པ་བཅུ་བཞི་པོ་སྦྱིན་པར་བྱའོ། །གང་ཟག་གསུམ་པ་དེ་ལ་ནི་དེ་དག་གི་སྟེང་དུ་འཕགས་པ་མདོ་སྡེ་བདུན་བརྒྱ་པ་ལས་གསུངས་པའི་ཚུལ་ཁྲིམས་བཞི་བརྒྱ་པ་དང་ཐེག་པ་ཆེན་པོའི་མདོ་སྡེ་ལས་གསུངས་པའི་ཚོགས་ཀྱི་ལམ་པའི་བྱང་ཆུབ་སེམས་དཔའི་བསླབ་པ་མཐའ་དག་བསྲུང་བར་བྱ་སྟེ། ཚོགས་ཀྱི་ལམ་པ་ལ་ནི་སྡོམ་པའི་ཚུལ་ཁྲིམས་གཙོ་བོ་ཡིན་ནོ། །སྦྱོར་བའི་ལམ་པ་ལ་ནི་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་གཙོ་བོ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་པ་ལ་ནི་སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་གཙོ་བོ་ཡིན་ནོ། །གང་ཟག་གཅིག་གི་རྒྱུད་ལ་རྩིས་ན་ཚོགས་ལམ་ཆུང་ངུའི་དུས་སུ་གང་ཟག་དང་པོའི་བསླབ་པ་ལ་བརྩོན་པར་བྱའོ། །ཚོགས་ལམ་འབྲིང་གི་དུས་སུ་གང་ཟག་འབྲིང་པོའི་བསླབ་པ་ལ་བརྩོན་པར་བྱའོ། །གང་ཟག་གསུམ་པས་ནི་གསུམ་པའི་བསླབ་པ་ལ་བརྩོན་པར་བྱའོ། །སྔར་བཤད་པའི་གོམས་པའི་ཚུལ་ཁྲིམས་ལ་དགོངས་ནས་འཕགས་པ་དང་བསྒོམ་པའི་མདོ་ལས། ཐེག་པ་ཆེན་པོ་ལ་དད་པའི་བག་ཆགས་བྱང་ཆུབ་སེམས་དཔའི་རྗེས་སུ་འབྲང་བ་དེ་ནི་འདི་ལྟར་རྗེས་སུ་འབྲང་སྟེ། དེ་འགྲོའམ། འདུག་གམ། ཉལ་ལམ། གཉིད་ལོག་གམ། ར་རོའམ། མྱོས་ཀྱང་རུང་སྟེ། རྟག་ཏུ་ཐེག་པ་ཆེན་པོ་ལ་དད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་ཚེ་བརྗེས་སུ་ཟིན་ཀྱང་ཚེ་རབས་གཞན་དུ་ཐེག་པ་ཆེན་པོ་ལ་དད་པས་བྱང་ཆུབ་ཀྱི་སེམས་བརྗེད་དུ་ཟིན་ཡང་སྐྱེ་བ་དེ་དག་ཏུ་དམན་པ་དང༌། སྐལ་པ་དམན་པའི་སེམས་སུ་མི་འགྱུར་ཞིང༌། སྡིག་པའི་གྲོགས་པོ་དང༌། ཉན་ཐོས་དང་རང་སངས་རྒྱས་དང་འདྲེ་བས་ཀྱང་འཕྲོགས་པར་མི་འགྱུར་ན། གཞན་མུ་སྟེགས་ཅན་གྱིས་འཕྲོགས་པར་ག་ལ་འགྱུར། ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་རྐྱེན་ཆུང་ངུ་ཞིག་རྙེད་པས་ཀྱང་མྱུར་བར་ཤས་ཆེ་བ་དང༌། རྒྱུན་གྱིས་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པར་བྱེད་དོ། །དེའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་བག་ཆགས་རྗེས་སུ་འདྲེན་པ་དེ་ཡང་ཚེ་རབས་སུ་རྣམ་པར་འཕེལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་


DTG110_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་ཀྱི་བར་དུ་འགྱུར་རོ་ཞེས་གསུངས་སོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ནི་རྣམ་པ་གཉིས་ཏེ། སྨོན་པའི་ཕན་ཡོན་དང༌། འཇུག་པའི་ཕན་ཡོན་ནོ། །སྨོན་པའི་ཕན་ཡོན་ནི་དཔག་ཏུ་མེད་དེ། མདོར་བསྡུས་ན་འཇིག་རྟེན་དུ་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱེད་པ་དང༌། དཀར་པོའི་ཆོས་ཐམས་ཅད་ཀྱི་རྒྱུའམ་ས་བོན་ཡིན་པ་དང༌། སྡིག་པ་འཇོམས་པ་དང༌། ལྟུང་བ་ལས་ལྡང་བ་དང༌། མི་མ་ཡིན་པ་དང༌། རིམས་དང༌། བར་དུ་གཅོད་པ་ཐམས་ཅད་མེད་པར་བྱེད་པ་ལ་སོགས་པའོ། །འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས། ཤ་ར་དྭ་ཏིའི་བུ་དང་པོ་སེམས་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་ནི་ངན་ངོན་ཙམ་དང་ཅུང་ཟད་ཙམ་མ་ཡིན་ཏེ། འདི་ལྟར་བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་འབུམ་གྱིས་ཀྱང་བརྗོད་པར་མི་ནུས་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་བསྐྱེད་པའི་བསོད་ནམས་ཀྱི་ཚད་ཤེས་པར་ལྟ་ག་ལ་འགྱུར་ཞེས་གསུངས་སོ། །ཡུམ་བརྒྱད་སྟོང་པ་ལས་ཀྱང༌། དམིགས་པ་ཅན་གང་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་དགེ་བའི་རྩ་བ་བྱས་པ་བས་གཞན་འགའ་ཞིག་གིས་ཉི་མ་གཅིག་གམ། ཉི་མ་ཕྱེད་དམ། སེ་གོལ་གཏོགས་པ་གཅིག་ཏུ་བྱང་ཆུབ་ཏུ་སེམས་བསྐྱེད་ན་བསོད་ནམས་ཆེའོ་ཞེས་གསུངས་སོ། །སྤྱོད་འཇུག་ལས་ཀྱང༌། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །རིན་ཆེན་བྱང་ཆུབ་སེམས་ལེགས་བརྟན་པར་ཟུང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཇུག་པའི་ཕན་ཡོན་ཡང་སྤྱོད་འཇུག་ལས། བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང༌། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །ཞེས་པ་དང༌། ཡང༌། དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་


DTG110_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཤུགས། །རྒྱུན་མི་འཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་ཏུ་འབྱུང༌། །ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའི་ས་ལ་སོགས་པ་དང༌། རྒྱས་པར་མདོ་སྡེར་བལྟ་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་སེམས་ཅན་འཁོར་བ་ལས་གདོན་པ་མ་ཡིན་པ་ཕྲིན་ལས་གཞན་ཅི་ཡང་མི་མངའ་སྟེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། གཞན་དོན་ཕུན་སུམ་ཚོགས་པ་ནི། །འབྲས་བུའི་གཙོ་བོ་ཡིན་པར་འདོད། །སངས་རྒྱས་མཉེས་སོགས་དེ་ལས་གཞན། །དེ་དག་དོན་གྱི་འབྲས་བུར་བཞེད། །ཅེས་གསུངས་པ་ཡིན་ནོ། །དེ་བས་ན་སངས་རྒྱས་ཀྱི་སྐུ་དང༌། ཡེ་ཤེས་དང༌། ཡོན་ཏན་དང༌། ཕྲིན་ལས་རྣམས་ནི་གཞན་དོན་འབའ་ཞིག་མཛད་པ་ཉིད་ལས་གྲུབ་པ་ཡིན་ནོ། །འདི་ལྟར་བཅོམ་ལྡན་འདས་ཤཱཀྱའི་མགོན་པོས་ཀྱང་སྔོན་བསྐལ་པ་བརྗོད་དུ་མེད་པའི་ཕ་རོལ་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་ཏོག་ཅེས་བྱ་བར་སངས་རྒྱས་ནས། ད་ལྟར་ཡང་སངས་རྒྱས་པ་དང༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་བསྐལ་པ་གྲངས་མེད་པའི་ཕ་རོལ་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བར་མངོན་པར་རྫོགས་པར་སངས་རྒྱས་ནས་ད་ཡང་བདེ་བ་ཅན་དུ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་སྲོད་ལ་མྱ་ངན་ལས་འདས་པའི་ཐོ་རངས་སྤྱན་རས་གཟིགས་འཚང་རྒྱ་བར་འགྱུར་ཞེས་དང༌། རྗེ་བཙུན་ཕྱག་ན་རྡོ་རྗེ་ཡང་སྔོན་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དགུ་བཅུ་རྩ་གཉིས་ཀྱི་ཕ་རོལ་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་སྒྲོན་མ་ཞེས་བྱ་བར་སངས་རྒྱས་ནས། ད་ཡང་བསྐལ་པ་བཟང་པོ་འདི་ཉིད་ཀྱི་རྗེས་ལ་དེ་བཞིན་གཤེགས་པ་རྡོ་རྗེ་རྩལ་གྱིས་འགྲོ་བར་འཚང་རྒྱ་བར་འགྱུར་རོ་ཞེས་གསུངས་སོ། །འདི་ལྟར་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པས་འཕགས་པ་འཇམ་དཔལ་ལ་ཡང་ཐོག་མ་མེད་དེ། དང་པོའི་སངས་རྒྱས་ཡིན་ནོ། །དུས་གསུམ་གྱི་སངས་རྒྱས་མ་ལུས་པའི་ཐུགས་ཡེ་ཤེས་ཡིན་ནོ། །སངས་རྒྱས་ཐམས་ཅད་རིགས་དྲུག་ཏུ་འདུས་ལ།


DTG110_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་དྲུག་གི་ཐུགས་ཀ་ན་རྡོ་རྗེ་རྣོན་པོ་ལ་སོགས་པ་ཡེ་ཤེས་སེམས་དཔའ་བ་ཞུགས་པ་དང༌། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་ལྷ་རྣམས་ཀྱི་གཙོ་བོ་འཇམ་པའི་རྡོ་རྗེ་ཀུན་དུ་བཟང་པོ་དང༌། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་འཁོར་ལོའི་གཙོ་བོ་མཛད་པ་དང༌། དཔལ་རྡོ་རྗེ་འཇིགས་བྱེད་ཧེ་རུ་ཀར་སྣང་བ་དང༌། དཔལ་བདེ་མཆོག་གི་བཤད་རྒྱུད་ཨ་བྷི་དྷ་ནའི་ལྷའི་འཁོར་ལོའི་གཙོ་བོ་མཛད་པ་དང༌། སེང་གེ་སྒྲ་དང༌། ཀུ་མུ་ཏ་དང༌། ཁྱེའུ་བཟང་དང༌། འཇམ་དཔལ་ཚིག་སྦྱིན་གཞོན་ནུ་ལ་སོགས་པ་གདུལ་བྱ་ཇི་ལྟར་མོས་པར་སྣང་བ་ཡིན་ནོ། །ད་ཡང་ཤར་ཕྱོགས་སུ་འཚང་རྒྱ་བར་འགྱུར་བར་འཇམ་དཔལ་གྱི་ཞིང་གི་བཀོད་པའི་མདོ་ལས་གསུངས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་མ་བཏང་བས་འཁོར་བ་མ་སྟོངས་ཀྱི་བར་དུ་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་དང༌། ཕྲིན་ལས་ཉི་ཤུ་རྩ་བདུན་དང༌། ཕྲིན་ལས་སུམ་ཅུ་རྩ་ལྔ་དང༌། ཆོ་འཕྲུལ་ཆེན་པོ་གསུམ་ལ་སོགས་པ་རྒྱུན་མི་འཆད་པ་འཁོར་བ་ནས་འདྲེན་པར་མཛད་ཀྱང་འཁོར་བའི་སེམས་ཅན་ཟད་པར་མི་འགྱུར་ཏེ། འཁོར་བ་ལ་ཐོག་མཐའ་མེད་པའི་ཕྱིར་རོ། །དོན་འདི་གསལ་བར་མཛད་པའི་ཕྱིར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སེམས་ཅན་རྣམས་འཁོར་བ་ནས་འདྲེན་པར་ཐུགས་དམ་བཅས་པ་ལས། སེམས་ཅན་གྱི་ཁམས་ལ་གཟིགས་པས་དབུགས་པའི་དུས་སུ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་དབུ་ལ་བཞུགས་པ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་དཀའ་བ་དཔག་ཏུ་མེད་པ་སྐུ་ཉམས་སུ་བཞེས་པ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཀྱང་བསྐལ་པ་གྲངས་མེད་པ་གསུམ་དུ་སྐྱེས་པའི་རབས་དེ་དང་དེ་དག་ཏུ་གཏོང་བ་དང༌། གཏོང་བ་ཆེན་པོ་དང༌། ཤིན་ཏུ་གཏོང་བའི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་རྣམས་སེམས་ཅན་གྱི་ཆེད་དུ་བྱ་དཀའ་བ་དཔག་ཏུ་མེད་པ་སྐུ་ཉམས་སུ་བཞེས་པའི་ཕྱིར་རོ། །བ་ཚྭ་ཆུ་ཀླུང་གི་མདོ་ལས་ཇི་སྐད་དུ། ཆུང་མ་རྣམས་དང་བུ་ཚ་རྒྱལ་སྲིད་དབང་ཕྱུག་ཆེན་པོ་དང༌། །ཤ་རྣམས་དང་ནི་ཁྲག་


DTG110_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚིལ་དང་ལུས་དང་མིག །ཕ་རོལ་དགའ་བའི་དབང་དུ་བྱས་ནས་ངས་ནི་གཏང་བ་ཡིན། །གང་གི་སེམས་ཅན་རྣམས་ལ་ཕན་ན་ང་ལ་མཆོད་མཆོག་ཡིན། །སེམས་ཅན་རྣམས་ལ་གནོད་པ་བྱས་ན་ང་ལ་གནོད་པ་བྱས། །ཞེས་བྱ་བ་ལ་སོགས་པ་ཤློ་ཀ་བཅུ་གཅིག་གསུངས་སོ། །དུས་དེང་སང་ཡང་འཛམ་བུའི་གླིང་འདིར་སློབ་དཔོན་ཀླུ་སྒྲུབ་ཀྱིས་དབུ་བཏང་བ་དང༌། སློབ་དཔོན་ཨཱཪྻ་དེ་བས་སྤྱན་བཏང་བ་དང༌། སློབ་དཔོན་མ་ཏི་ཙི་ཏྲ་རྟ་དབྱངས་ཀྱིས་སྟག་མོ་ལ་སྐུ་བཏང་བ་དང༌། བདག་གི་བླ་མ་བྲམ་ཟེ་ཆེན་པོ་ཛེ་ཏཱ་རི་དགྲ་ལས་རྒྱལ་བས་སྟག་མོ་ལ་རྐང་པ་བཅག་ནས་བྱིན་པས་དུས་དེ་ཉིད་དུ་འདས་སོ། །སྐྱེས་བུ་དེ་དག་ནི་བྱམས་པ་དང་སྙིང་རྗེས་རྒྱུད་བརླན་པའི་བྱང་ཆུབ་ཀྱི་སེམས་སྦྱོང་བར་མཛད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རབ་ནི་སྦྱོར་བའི་ལམ་ལ་བྱང་ཆུབ་ཀྱི་སེམས་གཤའ་མ་སྐྱེ་སྟེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ས་ལས། མོས་པ་སྤྱོད་པའི་ས་ལ་དགེ་བའི་རྩ་བ་བསྟན་པ་གཅིག་ལ་བྱང་ཆུབ་ཀྱི་སེམས་སྐྱེའོ་ཞེས་གསུངས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའ་གཞན་གཅེས་པར་བྱ་དགོངས་པ་ཡིན་པས་ན་བདག་དང་གཞན་བརྗེ་བས་བྱང་ཆུབ་ཀྱི་སེམས་སྦྱང་བར་བྱའོ། །བདག་སྔོན་སོ་མ་པུ་རིའི་ནགས་གསེབ་ན་འདུག་པ་ན། འཇིག་རྟེན་དབང་ཕྱུག་གིས་ཞལ་མངོན་སུམ་དུ་བསྟན་ནས་རིགས་ཀྱི་བུ་མྱུར་དུ་འཚང་རྒྱ་བར་འགྱུར་བ་དང༌། གཞན་གྱི་དོན་འདོད་ན་བྱང་ཆུབ་ཀྱི་སེམས་སྦྱང་བ་དང༌། སྤེལ་བ་ལ་བརྩོན་འགྲུས་ཀྱིས་ཤིག་ཅེས་གསུངས་ནས་མི་སྣང་བར་གྱུར་ཏོ། །ཡང་རྡོ་རྗེའི་གདན་ལ་བསྐོར་བ་བྱེད་ཙ་ན། རྗེ་བཙུན་མ་སྒྲོལ་མ་དང༌། རྗེ་བཙུན་མ་ཁྲོ་གཉེར་ཅན་གྱི་ཞལ་ནས་མྱུར་དུ་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་ལ་འབད་པར་བྱའོ་ཞེས་གསུངས་སོ། །ཡང་རྡོ་རྗེ་གདན་ན་འདུག་པའི་དུས་སྐར་ཁུང་ནས་བྷ་དན་ཏ་ཁྱོད་བྱང་ཆུབ་ཀྱི་སེམས་སྦྱང་བར་འདོད་ན་བྱམས་པ་དང་སྙིང་རྗེ་གོམས་པར་གྱིས་ཤིག་ཅེས་གསུང༌། ཡང་རྗེ་བཙུན་གསེར་གླིང་བའི་ཞལ་ནས། ཚེ་དང་ལྡན་པ་བྱམས་པ་དང་སྙིང་རྗེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སྦྱོངས་ཤིག །དེ་མ་སྦྱངས་ན་བྷཾ་ག་ལའི་རྣལ་འབྱོར་པ་ལྟར་མི་འགྲུབ་པོ། །བྱང་ཆུབ་ཀྱི་སེམས་


DTG110_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཐེག་པ་ཆེན་པོའི་ཆོས་མ་ལུས་པའི་རྩ་བར་གྱུར་པ། རྒྱུར་གྱུར་པ། ས་བོན་དུ་གྱུར་པ་ཡིན་ཏེ། དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས། ཐམས་ཅད་མཁྱེན་པའི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །རྩ་བ་ནི་སྙིང་རྗེ་ཆེན་པོའོ་ཞེས་གསུངས་པས་སེམས་ཀྱི་སྐད་ཅིག་རེ་རེ་ལ་དྲན་པ་དང། ཤེས་བཞིན་གྱིས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུན་མི་འཆད་པར་བསྐྱེད་པར་བྱའོ། །རྒྱུད་དེ་ལས་འདི་སྐད་དུ་གསུངས་ཏེ། ཉམས་ན་གསོར་མི་རུང་བའི་ཆོས་བཞི་སྟེ། བྱང་ཆུབ་ཀྱི་སེམས་གཏོང་བ་དང༌། སེམས་ཅན་ལ་གནོད་པ་བྱེད་པ་དང༌། དེའི་ཆོས་སྤོང་བ་དང༌། སེར་སྣ་བྱེད་པའོ། །དེ་ལ་བྱང་ཆུབ་ཀྱི་སེམས་མ་ཉམས་ན་གསུམ་པོ་གསོར་རུང་ལ། དེ་ཉམས་ན་གསུམ་པོ་མ་ཉམས་ཀྱང་སོར་མི་ཆུད་དོ། །དེ་བས་ན་སྐྱེ་བའི་རྒྱུ་ལ་མཁས་པར་བྱ། གཟུང་བ་དང༌། བསྒྲུབ་པ་དང༌། སྦྱང་བ་དང༌། སྤེལ་བ་ལ་ཤིན་ཏུ་བརྟན་པར་བྱའོ། །འདིའི་དོན་རྒྱས་པར་འཕགས་པ་བྱམས་པ་འཇུག་པའི་མདོ་དང༌། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་དང༌། བསོད་ནམས་ཐམས་ཅད་སྡུད་པའི་མདོ་དང༌། ནམ་མཁའ་མཛོད་ཀྱིས་ཞུས་པ་ལ་སོགས་པའི་མདོ་ལས་བལྟ་བར་བྱའོ། །དང་པོ་ཁས་བླངས་པའི་ཚུལ་ཁྲིམས་གསུམ་པོ་མིག་གི་འབྲས་བུ་བཞིན་དུ་སྲུངས་ཤིག །ཚུལ་ཁྲིམས་གཡག་གི་རྔ་མ་བཞིན་སྲུངས་ཤིག །རྒྱུ་དང་འབྲས་བུ་ཤེས་ནས་དེ་ཆུད་གསན་པར་མི་བྱ། ངེས་པར་མྱུར་དུ་འཆི་བར་འགྱུར་ཏེ། འཛམ་བུའི་གླིང་པའི་ཚེ་ལ་ངེས་པ་མེད་པ་དང༌། ད་ལྟ་ཚེའི་སྙིགས་མ་ཡིན་པས་ཡུན་རིང་དུ་གནས་པའི་མཐུ་མེད་དེ་འཆི་བ་རྗེས་སུ་དྲན་པར་བྱ། ཕྱི་ནང་ཐམས་ཅད་མི་རྟག་པ་གསུམ་གྱིས་ཟིན་པས་ངེས་པར་མྱུར་དུ་མེད་པར་འགྱུར་རོ་སྙམ་པ་དང༌། སྡིག་པ་དང་ལྟུང་བ་ཐམས་ཅད་སྟོབས་བཞིས་སྦྱང་བར་བྱ། གཞན་ཡང་བྱང་ཆུབ་ཀྱི་སེམས་བསྐྱེད་ན་འདག་སྟེ། ཉན་ཐོས་རྣམས་ཀྱང་གནོད་ལས་ལོག །ཐེག་པ་ཆེ་ལ་ཞུགས་པ་ཡིས། །སེམས་ཅན་རྣམས་ལ་བུ་བཞིན་བྱམས། །བྱམས་དང་སྙིང་རྗེ་བསྐྱེད་པ་ཡིས། །སྔར་བྱས་ཉེས་པ་དེ་ཡིས་འདག །ཅེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་སོ། །གཟུངས་ཁྱད་པར་ཅན་བཟླས་པ་དང༌། ལྟུང་བཤགས་དང༌། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་


DTG110_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཕུང་པོ་གསུམ་པའི་མདོ་ལ་སོགས་པས་འདག་གོ །ཡང་ལྟུང་བ་དང་སྡིག་པ་ཉིད་མ་སྐྱེས་པར་ཤེས་ན་འདག་པར་མདོ་ལས་གསུངས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་ན་འདག་པས་མཉམ་པར་ལྟ་དགོས་ཏེ། སེམས་ཅན་ལ་བརྟེན་ནས་སངས་རྒྱས་འབྱུང་བས་སེམས་ཅན་གཙོ་བོར་བྱའོ། །དབུ་མ་རྟོག་གེ་འབར་བ་ལས་འདི་སྐད་དུ། འབྲས་བུ་ལ་རེ་བའི་ཞགས་པས་བཅིངས་པ་རྣམས་ནི་སྦྱིན་པའི་ཞིང་འདམ་པར་བྱེད་ཅིང་ཚོལ་ཏེ། གཞན་དག་བཀྲེས་བ་དང་སྐོམ་པ་ལ་སོགས་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར་སྣོད་མ་བརྩིས་པར་བྱིན་ན་ཆོས་མཉམ་པ་ཉིད་རྟོགས་པར་འགྱུར་ཏེ། ཇི་སྐད་དུ། མདོ་ལས་གཞན་དུ་ཆོས་གཅིག་གིས་བྱང་ཆུབ་སེམས་དཔའ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་ཞིང་སྙོམས་ལ་བྱེ་བྲག་མི་ཕྱེད་པའོ། །དཀོན་མཆོག་གསུམ་ནི་བདག་གི་ཡོན་ཏན་གྱི་ཞིང་ཡིན་གྱི། དུད་འགྲོ་ལ་སོགས་པ་ནི་མ་ཡིན་ནོ་སྙམ་ན་བྱང་ཆུབ་སེམས་དཔའ་དེས་ཆོས་ཉིད་མཉམ་པ་ཉིད་དུ་རྟོགས་པར་མི་འགྱུར་རོ། །དེ་བས་ན་དཀོན་མཆོག་གསུམ་དང༌། བླ་མ་ནི་སྦྱིན་གནས་ཀྱི་ཞིང་བཟང་པོ་ཡིན་ལ། དུད་འགྲོ་ལ་སོགས་པ་ནི་མ་ཡིན་ཏེ། ཞིང་ཚྭ་སྒོ་ཅན་ལ་ས་བོན་བཏབ་པ་དང་འདྲའོ་ཞེས་སེམས་ན་བྱང་ཆུབ་སེམས་དཔའི་ཆོས་སུ་མི་འགྱུར་རོ་ཞེས་གསུངས་པས་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པ། སྙིང་རྗེས་རྒྱུན་བརླན་པ་རྣམས་ཀྱིས་སྦྱིན་པའི་ཞིང་བདམ་པར་མི་བྱ་ཞེས་རྟོག་གེ་འབར་བར་གསུངས་སོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་བ་ཚྭ་ཆུ་ཀླུང་ནས་ཕྱུང་བའི་སེམས་ཅན་མགུ་པར་བྱ་བའི་ཚིགས་སུ་བཅད་པར་ཡང་གསུངས་སོ། །ཐེག་པ་ཆེན་པོའི་མདོ་སྡེ་གཞན་ལས་ཀྱང་གསུངས་སོ། །རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་ཞལ་ནས། ལུས་ཅན་ཀུན་ལ་མཉམ་ཉིད་ཀྱི། །ཡང་དག་སེམས་ནི་བསྐྱེད་པར་བྱ། །གང་ཡང་མི་མཉམ་ཉིད་གནས་ན། །ཐོག་མ་དབུས་མཐའ་ལས་གྲོལ་བའི། །ཡེ་ཤེས་དེ་ནི་སྐྱེ་མི་འགྱུར། །ཞེས་གསུངས་སོ། །དབང་པོ་རྟུལ་པོ་ལས་དང་པོ་པ་གསར་བུ་བློ་མ་སྦྱངས་པ་སྙིང་རྗེ་མ་གོམས་པ་སྙིང་རྗེ་ཆུང་བ་རྣམས་ཀྱིས་ནི་ཞིང་བདམ་པར་བྱ་སྟེ། མདོ་


DTG110_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་དང༌། རྒྱུད་སྡེ་དང༌། ཆོས་བཤད་པ་རྒྱས་པ་ལ་སོགས་པ་ལས་འགྱུར་གསུངས་སོ། །ལས་དང་པོ་པ་དེས་མཉམ་པར་མ་བཞག་པ་ན་སྤྱོད་ལམ་ཐམས་ཅད་དྲན་པ་དང་ཤེས་བཞིན་གྱིས་ཟིན་པར་བྱ། ཐ་མལ་བའི་སྐྱེ་བོ་དང་སེ་གོལ་གཏོགས་པ་ཙམ་ཡང་ལྷན་ཅིག་ཏུ་གནས་པར་མི་བྱ། བྲེ་མོའི་གཏམ་ཡང་སྤང༌། ཡི་དགས་ལ་རྒྱུན་དུ་གཏོར་མ་གཏང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླགས་པ་དང་ཁ་ཏོན་བྱ། མངོན་པར་ཤེས་པ་མ་ཐོབ་ཀྱི་བར་དུ་ཆོས་བཤད་པ་མི་བྱ། སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང༌། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་པའི་ཡོན་ཏན་དེ་ལྟ་བུ་དང་ལྡན་པར་བྱ། རྨི་ལམ་གྱི་སེམས་ཀྱི་གནས་སྐབས་ན་ཡང་སྙིང་རྗེས་མ་བྲལ་བར་བྱ། འཕྲལ་གྱི་སྤྱོད་ལམ་ཐམས་ཅད་འཕགས་པ་དཀོན་མཆོག་སྤྲིན་ལས་གསུངས་པ་བཞིན་བྱ། ཅི་ནས་ཀྱང་ཕ་རོལ་མགུ་བར་བྱ། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། ཞི་བ་དང༌། དུལ་བར་བྱ། འཇིག་རྟེན་གྱི་ཆོས་བརྒྱད་མགོ་མནན་པར་བྱ། དགེ་བ་བཅུ་སྟོབས་དང་ལྡན་པར་བྱ། དངོས་པོ་ཐམས་ཅད་ལ་མ་ཆགས་པ་དང༌། ཞེན་པ་ཆུང་བར་བྱ། ཆོས་ཐམས་ཅད་མཉམ་པ་ཉིད་དང༌། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་གཉེན་པོར་འགྱུར་བར་བྱ། ཕ་རོལ་སྡུག་བསྔལ་བ་མཐོང་ན་དེ་རབ་ཏུ་བྱུང་བ་ཡིན་ན་འཚོ་བའི་ཡོ་བྱད་མ་ཡིན་པ་གཏང་བར་བྱ། ཁྱིམ་པ་ཡིན་ན་ཡོ་བྱད་ལ་ཆགས་པ་མེད་པར་གཏང་བར་བྱ། བདག་གི་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་བ་སྐྱེས་པ་རྣམས། །སེམས་ཅན་ཀུན་གྱི་ལོངས་སྤྱོད་ཕྱིར། ཕོངས་པ་མེད་པར་གཏང་བར་བྱ། །བླ་མ་རྗེ་བཙུན་ཨ་ཝ་དྷཱུ་ཏཱི་པའི་ཞལ་ནས། རང་སྐྱོན་རྟོག་ལ་མིག་རྣོན་བཞིན། །གཞན་སྐྱོན་རྟོག་ལ་ལོང་བ་བཞིན། །དྲང་དང་ང་རྒྱལ་མེད་པ་དང༌། །རྟག་ཏུ་སྟོང་ཉིད་བསྒོམ་པར་བྱ། །སྙིང་རྗེ་དངོས་དང་བརྒྱུད་པ་ཡི། །བདག་དང་གཞན་རྣམས་བརྗེ་བར་བྱ། །གང་ཕྱིར་རང་བས་སེམས་ཅན་གཅེས། །ཞེས་བླ་མ་ན་རོ་པའི་ཞལ་ནས་གསུངས་སྐད། བྱང་ཆུབ་སེམས་དཔའ་རང་བས་གཞན་གཅེས་པར་བྱ་དགོས་པས་བདག་དང་གཞན་བརྗེ་བར་བྱའོ། །བྱམས་པ་དང་སྙིང་


DTG110_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བྱང་ཆུབ་ཀྱི་སེམས་ནི་གསང་སྔགས་ཀྱི་ཡང་གནད་ཡིན་ཏེ། རྩ་བའི་ལྟུང་བ་བཅུ་བཞི་པ་ལས། །སེམས་ཅན་རྣམས་ལ་བྱམས་པ་སྤོང༌། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །ཞེས་གསུངས་སོ། །གཞན་མི་སྨོད་པ་དང༌། གཞན་གྱི་སྡིག་རྐྱེན་མི་བྱ་བར་དཔག་ཚད་བརྒྱར་འགྲོ་བར་བྱའོ། །རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ཡིས། །གང་ན་རྩོད་པ་ཡོད་པའི་ས་ཕྱོགས་ནས། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བར་བྱ། །གལ་ཏེ་མ་བྱོན་བྱང་ཆུབ་སེམས་དཔའ་ཉམས། །ཞེས་གསུངས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཅི་ནུས་ཀྱིས་སྤྱད། ཚོགས་ལམ་གྱི་ཆོས་བཅུ་གསུམ་དང༌། འཕགས་པའི་ནོར་བདུན་དང༌། རྗེས་སུ་དྲན་པ་དྲུག་དང༌། བསྡུ་བའི་དངོས་པོ་བཞི་དང༌། སྐྱེས་བུ་དམ་པའི་རྣམ་པར་རྟོག་པ་བཅུ་དྲུག་དྲན་པར་བྱའོ། །ཁྱད་པར་དུ་བྱང་ཆུབ་སེམས་དཔའི་རྣམ་པར་རྟོག་པ་བརྒྱད་དྲན་པར་བྱའོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས་འཁོར་བའི་ཉེས་དམིགས་བདུན་གསུངས་པ་དང༌། འཕགས་པ་ཐོགས་མེད་ཀྱིས་འཁོར་བའི་ཉེས་དམིགས་མི་རྟག་པ་བདུན་གསུངས་པ་ཡང་དྲན་པར་བྱའོ། །འདོད་ཡོན་ལྔའི་ཉེས་དམིགས་ཤེས་པར་བྱ་ཞིང་གཉེན་པོ་བསྟེན། ཆོས་མ་ཡིན་པ་ཅི་ཡང་མི་བྱ། བྱམས་པ་དང་སྙིང་རྗེ་རྗེས་སུ་དྲན་པ་དངོས་དང་བརྒྱུད་པས་སེམས་ཅན་གྱི་དོན་བྱ། ཨེ་མ་ཧོ་ནམ་ཞིག་ན་འདི་རྣམས་འཁོར་བ་ནས་ཐོན་པར་བྱ། ཀྱི་ཧུད་འདི་རྣམས་ཇི་ལྟར་བྱས་ན་སྙམ་པ་ཡང་དང་ཡང་དུ་དྲན་པར་བྱའོ། །སངས་རྒྱས་ཐེག་པ་འདི་ལ་ངེས་པར་འབྱུང་འདོད་གང༌། །སེམས་ཅན་ཀུན་ལ་སེམས་སྙོམས་ཕ་མའི་འདུ་ཤེས་དང༌། །ཕན་པའི་སེམས་དང་བྱམས་པའི་ཡིད་ཀྱིས་གནས་པར་བྱ། །ཐ་བ་མེད་ཅིང་དྲང་ལ་ཚིག་འཇམ་སྨྲ་བར་བྱ། །ཞེས་གསུངས་པ་ལྟར་བྱ། དགེ་བ་ཕྲ་མོ་ཡང་མྱུར་དུ་མ་བསྔོས་ན་སོག་མ་མེད་དང་འབྲོག་གནས་ཀྱི་གཏམ་རྒྱུད་དང་འདྲའོ། །དེ་ལྟར་གུས་པ་དང་ཡུན་རིང་བ་དང་རྒྱུན་མི་འཆད་པར་བྱང་ཆུབ་སེམས་དཔའ་དེས་མཉམ་པར་མ་བཞག་པའི་དུས་སུ་ཡང་ཇི་སྐད་བཤད་པའི་ཆོས་དེ་རྣམས་ཉམས་སུ་བླངས་ནས། མཉམ་པར་གཞག་པའི་


DTG110_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་སྔར་བཤད་པའི་ནམ་མཁའ་རྡོ་རྗེའི་ཏིང་ངེ་འཛིན་བསྒོམ་ཞིང༌། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཅུང་ཞིག་གསལ་བ་ན་རང་གི་ལུས་ཡོད་པར་མི་ཚོར་བ་དང༌། ཉོན་མོངས་པ་རྣམས་ཀྱང་ཅུང་ཟད་ཞི་བ་དང༌། འཇིག་རྟེན་པའི་བྱ་བ་དང༌། ཐ་སྙད་རྣམས་འོལ་ཕྱིར་བརྗོད་པ་དང༌། ཕྱི་ནང་གི་དངོས་པོ་ཀུན་ཡང་བན་བུན་དང༌། ལང་ལོང་དུ་མཐོང་བ་དང༌། གཟུགས་ཕྲ་བ་དང༌། རིག་པ་ཡང་བ་དང༌། ཁྱབ་པ་དང༌། འཇམ་པ་དང༌། ཡང་བ་དང༌། དགའ་བ་དང༌། ཉམས་བདེ་བ་འབྱུང་ངོ༌། །གཞན་ཡང་འཕགས་པ་སྡུད་པ་ལས་གསུངས་པའི་རྟགས་ཀྱང་སྐྱེ་སྟེ། ཐ་དད་འདུ་ཤེས་བྲལ་ཞིང་རིགས་པ་ལྡན་ཚིག་སྨྲ། །ཞེས་པ་ལ་སོགས་པའི་ཚིག་རྐང་པ་ཉི་ཤུ་རྩ་བཞི་གསུངས་སོ། །དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་རྣམས་བསྒོམས་པས་ཚོགས་ཀྱི་ལམ་ལ་གནས་པ་དང༌། ལས་དང་པོ་པའི་ས་དང༌། དད་པའི་ས་ལ་གནས་པ་དང༌། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམས་བསྐྱེད་པ་ཡིན་ནོ། །དེ་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བ་རྣམས་བསྐྱེད་པར་བྱ་བའི་ཕྱིར་ཇི་སྐད་བཤད་པ་བཞིན་དུ་གུས་པ་དང༌། ཡུན་རིང་བ་དང༌། རྒྱུན་མི་འཆད་པར་འབད་པ་དང༌། རིམ་གྱིས་དབང་པོ་ལྔ་དང༌། སྟོབས་ལྔ་དང༌། སྣང་བ་ཐོབ་པ་དང༌། སྣང་བ་མཆེད་པ་དང༌། དེ་ཁོ་ནའི་དོན་ལ་ཕྱོགས་གཅིག་ཏུ་ཞུགས་པ་དང༌། བར་ཆད་མེད་པའི་ཏིང་ངེ་འཛིན་ཐོབ་པ་དང། དོན་དམ་པའི་བདེན་པ་རྟོགས་པར་གྱུར་པ་ནས་ས་དང་པོ་རབ་ཏུ་དགའ་བ་ཐོབ་པ་ཡིན་ནོ། །དུས་དེར་བཟོད་པ་བཞི་དང༌། མཉམ་པ་ཉིད་བཞི་ཡང་སྐྱེའོ། །དེ་ནས་ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པ་དང༌། དབང་བཅུ་དང༌། སྣང་བ་བརྒྱད་དང༌། རྒྱན་བཞི་དང༌། སྙིང་རྗེ་བཅུ་དྲུག་ལ་སོགས་པ་ཐོབ་པ་ཡིན་ཏེ། སའི་རྣམ་པར་གཞག་པ་ནི་མདོ་སྡེ་ས་བཅུ་པར་གསུངས་སོ། །ཇི་སྲིད་ས་བཅུའི་བར་དུ་ནང་དུ་མཉམ་པར་གཞག་པ་དང༌། དེའི་རྗེས་ལ་ཐོབ་པ་ཡིན་ཏེ་ཇི་སྐད་དུ། འཕགས་པ་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས་བྱང་ཆུབ་སེམས་དཔའ་དེ་


DTG110_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་མཉམ་པར་གཞག་པ་ན་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར་མཐོང་ལ། དེའི་རྗེས་ལས་ཐོབ་པ་ན་སྒྱུ་མིའི་དཔེ་བརྒྱད་ཀྱི་ཚུལ་བཞིན་དུ་མཐོང་ངོ་ཞེས་གསལ་པོར་གསུངས་སོ། །གང་གི་ཚེ་རྣམ་པར་རྟོག་པ་མཐར་ཐུག་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བརྙེས་པ་ན་རྗེས་ལས་ཐོབ་པ་ཡང་མི་མངའ་སྟེ། ཆོས་ཀྱི་དབྱིངས་སུ་གྱུར་ནས་ཆོས་ཀྱི་སྐུ་མངོན་སུམ་དུ་བརྙེས་སོ། །དུས་དེ་ནས་བཟུང་ནས་ཇི་སྲིད་ནམ་མཁའ་གནས་ཀྱི་བར་དུ་ཆོས་ཀྱི་སྐུ་བཞུགས་པས་རྗེས་ལས་ཐོབ་པ་ཡང་མི་མངའོ། །གང་གིས་ང་ལ་གཟུགས་སུ་མཐོང༌། །གང་གིས་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པས་ན། །སྐྱེ་བོ་དེ་ཡིས་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཀྱིས་གཟིགས། །ཞེས་གསུངས་པ་དང༌། དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་ལས། ཐམས་ཅད་རྣམ་ཤེས་ཕུང་པོར་ཞུགས། །རྣམ་ཤེས་དེ་ཡང་འོད་གསལ་བའོ། །མྱ་ངན་འདས་དང་ཀུན་སྟོང་དང༌། །ཆོས་ཀྱི་སྐུ་ཡང་གསུངས་པ་ཡིན། །ཞེས་གསུངས་པ་དང༌། འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང༌། སངས་རྒྱས་དངོས་ནི་སྐྱེ་བ་མེད་པའོ་ཞེས་དང༌། འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས་ཀྱང༌། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །རྣམ་དག་ནམ་མཁའ་ལྟ་བུ་ཡིན། །ཞེས་དང༌། ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱང༌། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །ཞེས་དང༌། སློབ་དཔོན་ཉིད་ཀྱི་ཞལ་སྔ་ནས་ཀྱང༌། ནམ་མཁའ་བཞིན་དུ་གོས་པ་མེད། །སྤྲོས་པ་མེད་ཅིང་མི་འགྱུར་བའི། །ངོ་བོ་གང་ཡིན་མཐོང་བ་ནི། །དེ་ཡིས་དེ་བཞིན་གཤེགས་པ་མཐོང༌། །འཕགས་པ་ཡོན་ཏན་རྫོགས་ཁྱོད་དང༌། །འགྲོ་བའི་བླ་མ་སངས་རྒྱས་ལ། །ཟླ་བ་དང་ནི་འོད་ཟེར་བཞིན། །མཁས་པ་རྣམས་ཀྱིས་དབྱེ་མ་མཐོང༌། །ཞེས་པ་དང༌། ཡང་སློབ་དཔོན་ཉིད་ཀྱི་ཞལ་སྔ་ནས། དགེ་ཆོས་ཀུན་ལ་མི་གནས་པར། །ཆོས་ཀྱི་དབྱིངས་ཀྱི་དངོས་གྱུར་ཅིང༌། །མཆོག་ཏུ་ཟབ་པའི་བརྙེས་པ་ཡི། །ཟབ་མོ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་དང༌། ཡང། ཆོས་ཀྱི་དབྱིངས་དང་སངས་རྒྱས་རྣམས། །དེས་ན་དོན་དུ་ཐ་མི་དད། །


DTG110_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་དང༌། ཡང༌། སྐྱེ་བ་མེད་པའི་ངོ་བོ་ཡིས། །ཁྱོད་ལ་སྐྱེ་བ་ཡོད་མི་མངའ། །མགོན་པོ་གཤེགས་དང་བཞུགས་མི་མངའ། །དངོས་མི་མངའ་ལ་ཕྱག་འཚལ་ལོ། །ཞེས་པ་དང༌། ཡང༌། སངས་རྒྱས་རྣམས་ནི་དུས་རྟག་ཏུ། །ཆོས་ཉིད་འདི་ལྟ་བུ་ལ་བཞུགས། །ཞེས་པ་ལ་སོགས་པ་མང་དུ་གསུངས་ཏེ། རེ་ཞིག་བཞག་གོ །རྗེ་བཙུན་ཨཱ་ཪྻ་དེ་བའི་ཞལ་སྔ་ནས། རེ་ཞིག་དངོས་འདི་ནམ་མཁའི་ནགས་ཚལ་ལས། །སྐྱེས་པའི་པདྨ་བཞིན་དུ་དངོས་མེད་དེ། །གཉིས་ཀ་དག་ལས་གཞན་པའང་རི་བོང་རྭ་བཞིན་ནོ། །ཐར་པའི་རྣམ་པ་ཅི་འདྲ་བ་ཞིག་ཡོད། །ཅེས་པ་དང༌། དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་ཀྱང༌། སངས་རྒྱས་རྣམས་ཀྱང་གང་གི་ཚེ་གཞན་གྱི་དོན་མི་མཛད་པ་དེའི་ཚེ་ཡང་དག་པའི་མཐའ་ལ་གནས་ནས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ནས་བཞུགས་སོ་ཞེས་གསུངས་པ་དང༌། སློབ་དཔོན་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱང༌། འདི་ལྟར་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་སྐུར་གྱུར་པ་དེའི་ཚེ་སངས་རྒྱས་མ་ལུས་པ་ཐམས་ཅད་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཉིད་དུ་གྱུར་ནས་དེའི་ངང་དུ་བཞུགས་སོ་ཞེས་བསྡུ་བ་གཏན་ལ་དབབ་པར་གསུངས་པས། སློབ་དཔོན་འདི་ཡང་དག་པར་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱང་མི་བཞེད་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་ཡང་མི་བཞེད་དེ། ས་གསུམ་པའི་དབང་ཕྱུག་བརྙེས་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པའི་ཕྱིར་རོ། །དོན་འདི་ལས་དགོངས་ནས་རྡོ་རྗེ་ཕྲེང་བའི་རྒྱུད་ལས། འདི་ནི་དོན་དམ་བདེན་པ་སྟེ། །སྣང་བ་མེད་ཅིང་མཚན་མ་མེད། །དོན་དམ་བདེན་པ་ཞེས་ཀྱང་བྱ། །སངས་རྒྱས་ཀུན་གྱི་བཞུགས་གནས་ཡིན། །ཞེས་གསུངས་སོ། །སློབ་དཔོན་ཟླ་གྲགས་ཀྱི་ཞལ་སྔ་ནས་ཀྱང༌། ཆོས་ཉིད་སྐྱེ་བ་མེད་པ་ནི། །ཐུབ་གནས་སངས་རྒྱས་ཡིན་པར་གསུངས། །ཞེས་གསུངས་སོ། །ཐོག་མ་མེད་པ་ནས་དངོས་པོ་ལ་མངོན་པར་ཞེན་པས་བདེན་པ་གཉིས་ཀྱི་ཚུལ་མི་ཤས་པ་དག་ན་རེ་ཁྱེད་དབུ་མ་པ་ལྟར་གྱུར་ན་སངས་རྒྱས་རྣམས་ཀྱིས་བསྐལ་པ་གྲངས་མེད་པ་མང་པོར་བྱང་ཆུབ་


DTG110_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔར་གྱུར་པ་ན་བྱ་དཀའ་བ་དཔག་ཏུ་མེད་པ་མཛད་པ་དང༌། བསོད་ནམས་ཀྱི་ཚོགས་གྲངས་མེད་པ་བསགས་པ་ལ་དོན་མེད་ཅིང་ཆོས་དང་དགེ་འདུན་ཡང་མེད་པར་འགྱུར་རོ། །སེམས་ཅན་རྣམས་འཁོར་བ་ནས་འདོན་པར་བྱེད་པ་མེད་པས་སྡིག་པ་ཅན་གྱི་ལྟ་བ་དེ་ཐག་བསྲིངས་ལ་བཞག་གོ །འདི་ནི་དཀར་པོའི་ཆོས་ཀྱི་ལོ་ཏོག་གི་སེར་བ། ཕྱི་རོལ་པ་ཆད་པར་སྨྲ་བ་པས་འདི་ལྷགས་པས་འདི་ལྟ་བུ་འདི་སྦ་ཞིང་གསང་བར་རིགས་སོ། །དབུ་མ་པས་སྨྲས་པ། ཁྱོད་ནི་བློ་གྲོས་མ་སྦྱངས་ཤིང་བླུན་པ་སྟེ། མདོ་སྡེ་སྤྲིན་ཆེན་པོ་དང༌། ལང་ཀར་གཤེགས་པ་དང༌། རྔ་བོ་ཆེའི་ལེའུ་དང༌། འཇམ་དཔལ་རྩ་བའི་རྒྱུད་ཆེན་པོ་རྣམས་སུ་ཡང་དང་ཡང་དུ་ལུང་བསྟན་པའི་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལ་སྐུར་པ་འདེབས་པ་དེ་དག་ནི་རང་ཕུང་བར་བྱེད་དོ། །དེའི་བཞེད་པའི་གཞུང་གིས་སངས་རྒྱས་རྣམས་ཆོས་སྐུར་གྱུར་ཅིང༌། དེའི་ཡེ་ཤེས་ཀྱང་རྟོག་པ་ཐམས་ཅད་སྤངས་ནས་ཆོས་ཀྱི་དབྱིངས་སུ་གྱུར་པས་དེས་ན་དབྱིངས་དང་ཡེ་ཤེས་དང༌། ཡུལ་དང་ཡུལ་ཅན་མེད་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་བྱ་བ་དེ་ཇི་ལྟ་བུ་ཞིག་ཡོད། སློབ་དཔོན་གྱི་ཞལ་ནས་ཀྱང༌། གང་ཕྱིར་འདས་པ་མེད་པས་ན། །དེ་ཕྱིར་མ་འོངས་པ་ཡང་མེད། །གནས་ནི་ཡོངས་སུ་གྱུར་པའི་ཕྱིར། །ད་ལྟར་བྱུང་བ་གང་ན་གནས། །ཞེས་དང༌། མཉམ་པར་གཞག་དང་མ་བཞག་པ། །གང་ལ་འདི་དག་ཐམས་ཅད་མེད། །དངོས་དང་དངོས་མེད་རྣམ་སྦངས་པ། །ཟུང་འཇུག་ཡིན་པར་སྟོན་ངས་གསུངས། །ཞེས་གསུངས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་མི་བཞེད་དོ། །དུས་དེའི་ཚེ་རྣམ་པར་མི་རྟོག་པའི་ཡེ་ཤེས་མེད་པས་སྤྲོས་པ་མ་ལུས་པ་ཞི་བ་ཡིན་པས་རྗེས་ལས་ཐོབ་པའི་ཡེ་ཤེས་བྱ་བ་ཇི་ལྟ་བུ་ཞིག་ཡོད་པར་འགྱུར་ཏེ་མེད་དོ། །འཕགས་པ་ལང་ཀར་གཤེགས་པ་ལས། འཁྲུལ་པ་ཐམས་ཅད་སྤངས་ནས་ཀྱང༌། །གལ་ཏེ་འཁྲུལ་པ་སྣང་གྱུར་ན། །དེ་ནི་འཁྲུལ་པ་ཡང་དག་སྟེ། །རབ་རིབ་ཡོངས་སུ་མ་དག་བཞིན། །ཞེས་གསུངས་ཏེ། དེ་ལ་རབ་རིབ་ནི་གསུམ་སྟེ། མི་མཁས་པ་རབ་རིབ་ཅན་དང༌། མཁས་པ་རབ་རིབ་ཅན་དང༌། མཁས་པ་རབ་རིབ་དངས་པའོ། །སངས་རྒྱས་རྣམས་ནི་རབ་རིབ་དངས་པ་ཡིན་པས་སླང་ཡང་


DTG110_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རིབ་སྣང་བར་མི་འགྱུར་རོ། །འོ་ན་སངས་རྒྱས་ལ་སྐུ་དང་ཡེ་ཤེས་དང་ཡོན་ཏན་དང་ཕྲིན་ལས་ཀྱང་མི་མངའམ་ཞེ་ན། སྨྲས་པ། རྒྱུ་གསུམ་དང་རྐྱེན་གཅིག་གིས་གདུལ་བྱའི་ངོ་གང་ལ་སྣང་བ་སྟེ། གདུལ་བྱའི་དབྱེ་བས་སྐུ་ཡང་སྣ་ཚོགས་སུ་སྣང་ངོ༌། །ཡེ་ཤེས་ཀྱང་རང་འབྱུང་གི་ཡེ་ཤེས་ཆེན་པོ་ཡིན་ཏེ། བླ་མ་ཨ་ཝ་དྷཱུ་ཏཱི་པ་དང༌། བླ་མ་ཏཱ་མྲ་དྭཱི་པའི་ཞལ་ནས། ཡེ་ཤེས་ཆོས་ཀྱི་དབྱིངས་དང་ཐ་མི་དད། །ཆོས་ཀྱི་དབྱིངས་ལ་རང་འབྱུང་ཡེ་ཤེས་བཏགས། །བསམ་དུ་མེད་ཅིང་ཚིག་གི་སྤྲོས་དང་བྲལ། །གདུལ་བྱའི་ངོ་གང་དེ་ཉིད་རྣམ་ལྔར་གསུངས། །ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་ཞེས་གསུངས་སོ། །ད་བཞིན་དུ་སྟོབས་བཅུ་ལ་སོགས་པ་དང༌། ཆོ་འཕྲུལ་གསུམ་དང༌། ཕྲིན་ལས་ཉི་ཤུ་རྩ་ལྔ་དང༌། ཕྲིན་ལས་སུམ་ཅུ་རྩ་གཉིས་རྣམས་གདུལ་བྱའི་ངོ་གང་ལ་སྣང་ངོ༌། །དེ་བས་ན་སློབ་དཔོན་གྱི་ཞལ་སྔ་ནས། མགོན་པོ་སེམས་པ་མི་མངའ་ཞིང༌། །རྣམ་རྟོག་གཡོ་བ་མི་མངའ་ཡང༌། །ཁྱོད་ཉིད་དང་གིས་སེམས་ཅན་ལ། །སངས་རྒྱས་ཕྲིན་ལས་མཛད་པར་འགྱུར། །ཡང༌། རྣམ་རྟོག་རླུང་དམར་ཐམས་ཅད་ཀྱིས། །དཔག་བསམ་ཤིང་ལྟར་མི་བསྐྱོད་ཀྱང༌། །དེ་ཡང་སེམས་ཅན་ཐམས་ཅད་ཀྱི། །བསམ་པ་ཡོངས་སུ་རྫོགས་པར་མཛད། །ཡང༌། མགོན་ཁྱོད་སེམས་ཅན་འདུ་ཤེས་ཀྱི། །འཇུག་པ་ཀུན་དུ་མི་མངའ་ཡང༌། །སྡུག་བསྔལ་ཅན་གྱི་སེམས་ཅན་ལ། །སྙིང་རྗེ་ཕན་གཏོང་མཛད་པ་ཁྱོད། །ཡང༌། གཞན་དོན་ཕུན་སུམ་ཚོགས་པ་ནི། །འབྲས་བུའི་གཙོ་བོ་ཡིན་པར་བཞེད། །སངས་རྒྱས་ཉིད་སོགས་དེ་ལས་གཞན། །དེ་དག་ཞར་ལ་འབྱུང་བར་བཞེད། །ཅེས་གསུངས་སོ། །ཡང་སློབ་དཔོན་ཨཱཪྻ་དེ་བའི་ཞལ་ནས། བསྐལ་པ་གྲངས་མེད་མང་པོ་རུ། །རྟག་ཏུ་གཞན་དོན་འབའ་ཞིག་མཛད། །མཐར་ཐུག་ཆོས་སྐུ་བརྙེས་པ་ན། །ཇི་སྲིད་འགྲོ་བ་གནས་དོན་དུ། །མྱ་ངན་མི་འདའ་གཞན་དོན་མཛད།། དེ་ཕྱིར་བྱང་ཆུབ་སེམས་དཔའ་ཡིས། །གཞན་དོན་མ་ཡིན་སྤྱད་མི་བྱ། །རང་དོན་ཙམ་ལ་འབད་པ་ནི། །འགྲོ་བ་ལྔ་པོ་ཐམས་ཅད་སྤྱོད། །རྟག་ཏུ་སྙིང་རྗེ་གཞན་གྱི་དོན། །ཉམས་སུ་ལེན་པའི་སྐྱེས་མཆོག་ནི། །འགྲོ་བའི་ཕ་མ་དགའ་དགའ་ན། །ཞེས་གསུངས་སོ། །སྐུ་གསུམ་


DTG110_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གཞག་པ་ནི། སློབ་དཔོན་གྱི་ཞལ་སྔ་ནས་གཞན་དུ་གསུངས་པས་འདིར་བཞག་གོ །དེ་ལྟར་ཆོས་ཀྱི་སྐུའི་བྱིན་རླབས་ལས་རྒྱུ་གསུམ་དང་རྐྱེན་གཅིག་གིས་གཟུགས་ཀྱི་སྐུ་དང་ཟབ་པ་དང་རྒྱ་ཆེ་བའི་ཆོས་སྟོན་ཏེ། སྐུའི་ཕྲིན་ལས་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་ངོ༌། །དོན་འདི་ལ་དགོངས་ནས་རྒྱུད་ལས། བསམ་པ་ཐ་དད་མོས་པ་དུ་མ་ཡི། །སེམས་ཅན་དབང་གིས་ཁྱད་པར་མང་པོ་འཁྲུངས། །གཅིག་ན་ཆུ་ཡི་སྣོད་ནི་དུ་མ་རུ། །ཟླ་བའི་གཟུགས་བརྙན་ཤར་བ་དག་དང་མཚུངས། །ཞེས་གསུངས་པ་དང༌། རྗེ་བཙུན་ཨཱཪྻ་དེ་ཝའི་ཞལ་སྔ་ནས་ཀྱང༌། ནོར་བུ་ཤང་ཀ་ཤི་ལ་བྱུ་རུ་དང༌། །བཻཌཱུཪྻ་དང་ཟངས་ཀྱི་སྣོད་རྣམས་བཀོད་པ་ལས། །དེ་ལ་ཟླ་བ་གཅིག་ནི་ནམ་མཁའི་དཀྱིལ་ནས་ནི། །ཡོངས་སུ་གྱུར་ནས་གཟུགས་ནི་སོ་སོར་ཐ་དད་སྣང་བ་ལྟར། །དེ་བཞིན་མགོན་པོ་དེ་ཉིད་ཐུགས་རྡོ་རྗེ། །འགྲོ་བའི་ཚོགས་སུ་སྣ་ཚོགས་ཉིད་དུ་ཁྱབ་ནས་བཞུགས། །ཞེས་གསུངས་སོ། །བསོད་ནམས་ཆུང་བ་དབང་པོ་དམན་པ་རྣམས་ལ་སྐུ་ཡེ་མི་སྣང་ངོ༌། །མདོ་སྡེའི་རྒྱན་ལས་ཇི་སྐད་དུ། ཇི་ལྟར་སྣོད་ཆག་གྱུར་པ་ལས། །ཟླ་བའི་གཟུགས་བརྙན་མི་སྣང་ཞིང༌། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ༌། ཞེས་གསུངས་སོ། །དེ་བཞིན་དུ་གསུང་དེ་ཡང་གདུལ་བྱའི་སྣོད་དང་སྦྱར་ནས་འབྱུང་སྟེ། སངས་རྒྱས་རྣམས་ཀྱི་གདུལ་བྱ་ལ། །ཇི་ལྟར་མོས་པའི་ཆོས་གསུངས་ཏེ། །ཁ་ཅིག་ལ་ནི་སྡིག་པ་ལས། །རྣམ་པར་བཟློག་པའི་ཆོས་གསུངས་སོ། །ཁ་ཅིག་ན་ནི་རྒྱུ་འདྲས་གཉིས། །ཆུད་མི་གསན་ཞེས་ཆོས་གསུངས་ཏེ། །ཁ་ཅིག་ལ་ནི་བདེན་པ་གཉིས། །རྣམ་པར་དབྱེ་བའི་ཆོས་གསུངས་སོ། །ཟབ་མོ་ཁུ་འཕྲིག་ཅན་རྣམས་ལ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཇི་ལྟར་མོས་པའི་ཆོས་གསུངས་སོ། །ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་པ་དང༌། ཡང༌། སྣོད་མ་དག་ལ་མི་སྣང་སྟེ། །ཚངས་པས་གསོལ་བ་བཏབ་པ་ན། །ཟབ་མོ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་གཅིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་ཏེ། །བདག་ཉིད་གཅིག་པུ་


DTG110_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་སུ་བསྒོམ་པར་བྱ། །ཞེས་གསུངས་སོ། །སློབ་དཔོན་གྱི་ཞལ་སྔ་ནས་ཀྱང༌། གང་ཕྱིར་དེ་ལྟར་ཟབ་མོའི་ཆོས། །སྣོད་མིན་འགྲོ་ལ་མི་སྣང་བས། །དེ་ཡི་ཕྱིར་ན་མཁས་རྣམས་ཀྱིས། །སངས་རྒྱས་ཐམས་ཅད་མཁྱེན་བར་ཤེས། །ཞེས་གསུངས་སོ། །དེའི་ཕྱིར་དོན་འདི་འཕགས་པ་གསང་བ་བསམ་གྱིས་མི་ཁྱབ་པར་གསུངས་སོ། །དེའི་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བའི་དབུ་མ་ལ་སྐྱོན་ཅི་ཡང་མེད་དོ། །གང་དག་གཞུང་འདི་ལ་སྐུར་པ་འདེབས་པ་དེ་དག་ནི་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྤངས་པའི་སེམས་ཅན་དམྱལ་བའི་སྡུག་བསྔལ་ཡུན་རིང་པོར་མྱོང་བར་འགྱུར་རོ། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཕྱོགས་རེ་རེ་མཛད་དེ། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང༌། དྷརྨ་ཀཱིརྟི་ལ་སོགས་པས་ཚད་མའི་གཞུང་རྒྱས་བར་མཛད་དོ། །སློབ་དཔོན་ཆོས་སྐྱོབ་དང༌། སློབ་དཔོན་སངས་རྒྱས་ལྷ་དང༌། དབྱིག་བཤེས་དང༌། དབྱངས་སྒྲོགས་དང༌། ཡིད་འོང་ལ་སོགས་པས་ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་ལུང་རྒྱས་པར་མཛད་དོ། །སློབ་དཔོན་དགེ་སྲུངས་དང༌། ཆོས་མཆོག་དང༌། དབྱིག་གཉེན་སྔ་མ་ལ་སོགས་པས་ཉན་ཐོས་མདོ་སྡེ་པའི་གཞུང་རྒྱས་པར་མཛད་དོ། །སློབ་དཔོན་ཐོགས་མེད་དང༌། དབྱིག་གཉེན་དང། བློ་བརྟན་དང༌། ཤེས་རབ་འབྱུང་གནས་སྦས་པ་དང༌། ཀ་ལིང་ཀ་དང༌། ལྷ་དབང་བློ་དང༌། དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པ་ལ་སོགས་པས་ནི་རྣམ་བཅས་རྣམ་མེད་ཀྱི་གཞུང་རྒྱས་པར་མཛད་དོ། །སློབ་དཔོན་བྷ་བྱ་དང༌། བུདྡྷ་པཱ་ལི་ཏ་དང༌། དེ་བ་ཤརྨ་དང༌། སྤྱན་རས་གཟིགས་བརྟུལ་ཞུགས་དང༌། ཤཱནྟ་རཀྵིཏ་དང༌། ཀ་མ་ལ་ཤཱི་ལ་ལ་སོགས་པས་ནི་དབུ་མའི་གཞུང་རྒྱས་པར་མཛད་དོ། །སློབ་དཔོན་ཙནྡྲ་གོ་མི་དང༌། སློབ་དཔོན་དཔའ་བོ་དང༌། སློབ་དཔོན་རྒྱ་མཚོ་སྤྲིན་དང༌། སློབ་དཔོན་ཤཱནྟ་དེ་བ་དང༌། སློབ་དཔོན་ལུན་ཏ་ཀ་ལ་སོགས་པས་སེམས་བསྐྱེད་མ་ཐག་པ་ལས་དང་པོ་པའི་ཕྱིར་ཚད་མེད་པ་བཞི་དང༌། བསྡུ་བའི་དངོས་པོ་བཞི་དང༌། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཇི་ལྟར་ཉམས་སུ་བླང་བའི་སྤྱོད་པ་རྒྱ་ཆེན་པོའི་གཞུང་རྒྱས་པར་མཛད་དོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང༌། སློབ་དཔོན་ཨཱཪྻ་དེ་བ་དང༌།


DTG110_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་མ་ཏི་ཙི་ཏྲ་དང༌། སློབ་དཔོན་ཀཾ་པ་ལ་དང༌། སློབ་དཔོན་ཟླ་བ་གྲགས་པ་དང༌། སློབ་དཔོན་ལྔ་པོ་མཛད་པའི་དབུ་མའི་གཞུང་དེ་དག་ནི་དབུ་མའི་གཞུང་ཐམས་ཅད་ཀྱི་ཕྱི་མོ་ཡིན་ནོ། །དབུ་མའི་གཞུང་ཐམས་ཅད་ཀྱི་རྩ་བ་ཡིན་པས་འགྲན་ཟླ་མེད་པ་ཡིན་ནོ། །འདི་ལྟར་བཀའ་གསང་སྔགས་ཀྱི་གཞུང་ཡང་སློབ་དཔོན་སངས་རྒྱས་གསང་བ་དང༌། སློབ་དཔོན་ཤཱཀྱ་བཤེས་གཉེན་དང༌། སློབ་དཔོན་ཤེས་རབ་གྲུབ་པ་དང༌། སློབ་དཔོན་ཀུན་དགའ་སྙིང་པོ་ལ་སོགས་པས་ནི་རྣལ་འབྱོར་གྱི་རྒྱུད་དང༌། བྱ་བའི་རྒྱུད་ཀྱི་དོན་གསལ་བར་མཛད་དོ། །སློབ་དཔོན་ཨིནྡྲ་བྷཱུ་ཏི་དང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ལ་སོགས་པས་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་དོན་འབའ་ཞིག་གསལ་བར་བྱས་སོ། །སློབ་དཔོན་ཙཱཪྻ་བ་དང༌། སློབ་དཔོན་རྡོ་རྗེ་དྲིལ་བུ་དང༌། སློབ་དཔོན་ལཱུ་ཡི་པ་ལ་སོགས་པས་དཔལ་བདེ་མཆོག་གི་རྒྱུད་ཀྱི་དོན་གསལ་བར་མཛད་དོ། །སློབ་དཔོན་ཌོཾ་བི་ཧེ་རུ་ཀ་དང༌། ས་ར་རཱུ་པ་ལ་སོགས་བས་དཔལ་ཧེ་བཛྲའི་རྒྱུད་ཀྱི་དོན་ཙམ་གསལ་བར་མཛད་དོ། །སློབ་དཔོན་ཀུ་ཀུ་རི་བ་དང༌། ཆོས་ཀྱི་ཞབས་ལ་སོགས་པས་ནི་དཔལ་མ་ཧཱ་མཱ་ཡཱའི་དོན་གསལ་བར་མཛད་དོ། །སློབ་དཔོན་གྱི་ཞལ་སྔ་ནས་སྐྱེ་བོ་མ་ལུས་པ་ལ་འདི་བཀའ་དྲིན་ཆེ་བ་ཡིན་ཏེ། ཐ་མ་ལ་པ་ལ་ཤིན་ཏུ་ཕན་གདགས་པའི་ཕྱིར་རྟེན་འབྲེལ་གྱི་རྩིས་དང་མོའི་རྣམ་པ་མཛད་དོ། །བློན་པོ་རྣམས་ལ་ཕན་གདགས་པའི་ཕྱིར་ཤེས་རབ་བརྒྱ་པ་དང༌། བརྟག་པ་བཅུ་གཉིས་པ་ལ་སོགས་པ་མཛད་དོ། །རྒྱལ་པོ་རྣམས་ཀྱི་ཕྱིར་བཤེས་པའི་སྤྲིང་ཡིག་དང༌། རིན་པོ་ཆེའི་ཕྲེང་བ་མཛད་དོ། །འཁོར་རྣམ་བཞིར་གཏོགས་པ་བསོད་ནམས་ཆུང་བ་རྣམས་ཀྱི་ཕྱིར་སྦོས་སྦྱོར་ཆེ་ཆུང་ལ་སོགས་པ་མཛད་དོ། །སྨན་པ་རྣམས་ཀྱི་ཕྱིར་སྦྱོར་བ་བརྒྱ་བ་དང༌། སྦྱོར་བ་སུམ་ཅུ་རྩ་གཉིས་པ་དང༌། ཉི་ཤུ་པ་དང༌། བདུད་རྩིའི་སྙིང་ཐིགས་དང༌། འཚོ་བའི་མདོ་ལ་སོགས་པ་མཛད་དོ། །ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ཀྱི་ཆེད་དུ་སེམས་བསྐྱེད་པའི་ཆོག་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་གསལ་བ་དང༌། མདོ་ཀུན་ལས་བཏུས་པ་ལ་སོགས་པ་མཛད་དོ། །ཡང་དེ་དག་གི་ཐོག་ཏུ་དབུ་མ་རྩ་བའི་ཤེས་རབ་


DTG110_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དེ་ལས་འཕྲོས་པ་རྩོད་པ་བཟློག་པ་དང༌། སྟོང་པ་ཉིད་བདུན་ཅུ་པ་མཛད་དོ། །དེའི་ཡན་ལག་ཏུ་རིགས་པ་དྲུག་ཅུ་པ་དང༌། ཐེག་པ་ཆེན་པོ་ཉི་ཤུ་པ་དང༌། སྲིད་པ་འཕོ་བ་དང༌། བསྒོམ་བའི་རིམ་པ་དང༌། རྣམ་པར་འཐག་བ་དང༌། ཚིག་བརྒྱ་པ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་བཤད་པ་དང༌། ཆོས་ཀྱི་དབྱིངས་སུ་བསྟོད་པ་དང༌། དོན་དམ་པར་བསྟོད་པ་དང༌། རྣམ་པར་མི་རྟོག་པར་བསྟོད་པ་དང༌། བསམ་གྱིས་མི་ཁྱབ་པར་བསྟོད་པ་དང༌། འཇིག་རྟེན་ལས་འདས་པར་བསྟོད་པ་དང༌། སེམས་ཀྱི་རྡོ་རྗེའི་བསྟོད་པ་དང༌། སཱ་ལུ་ལྗང་པའི་འགྲེལ་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་རྩ་འགྲེལ་དང་བཅས་པ་དང༌། དེ་བཞིན་དུ་དབང་པོ་རྣོན་པོའི་ཡང་རྣོན་པོ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྣོད་དུ་གྱུར་པ་རྣམས་ལ་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་དོན་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་དང༌། ཆོ་ག་ཉི་ཤུ་པ་དང༌། པཎྜི་ཀྲི་ཏ་དང༌། མདོ་དང་བསྲེས་པ་དང༌། དཔལ་རིམ་པ་ལྔ་པ་མཛད་དོ། །དཔལ་རྡོ་རྗེ་གདན་བཞིའི་རྒྱུད་ཆེན་པོའི་ཊཱི་ཀ་མཛད་དོ། །མཚན་ཡང་དག་བར་བརྗོད་པའི་འགྲེལ་པ་དང༌། རྗེ་བཙུན་ཁརས་པཱ་ཎིའི་སྒྲུབ་ཐབས་དང༌། ཡི་གེ་དྲུག་པ་དང༌། ཨ་ར་པ་ཙ་ན་དང། ངག་གི་དབང་ཕྱུག་དང༌། ཚིག་སྦྱིན་གཞོན་ནུ་ལ་སོགས་པའི་སྒྲུབ་ཐབས་མང་དུ་མཛད་དོ། །དམ་ཚིག་གསུམ་བཀོད་པའི་ཆོ་ག་དང༌། དཔའ་བོ་གཅིག་སྒྲུབ་དང༌། དེའི་མན་ངག་འདོད་འཇོའི་བ་མོ་དང༌། གཏོར་མ་སུམ་ཅུ་པ་དང༌། སངས་རྒྱས་མཉམ་སྦྱོར་གྱི་རྫོགས་པའི་རིམ་པའི་མན་ངག་ཆེན་པོ་ལ་སོགས་པ་མང་དུ་མཛད་དོ། །སྐྱེས་བུ་དམ་པ་དེ་སངས་རྒྱས་དངོས་ཡིན་པས་དེས་མཛད་པའི་གཞུང་དག་ལ་ཡིད་རྟོན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་སྤྲིན་ཆེན་པོ་ལས། ལྷའི་བུ་དག་ལི་ཙྪ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་སྔོན་བསྐལ་པ་དཔག་ཏུ་མེད་པའི་ཕ་རོལ་ཏུ་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མ་འཇིག་རྟེན་དུ་བྱུང་བའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་བསྟན་པ་འཛིན་པ། བློན་པོ་དམ་པའི་ཆོས་ཀྱི་མཛོད་འཛིན་པ་རྒྱལ་པོ་དང་བློན་པོ་གཉིས་རིང་བསྲེལ་ཡོད་པ་དང་མེད་


DTG110_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩོད་པ་བྱས་པ་དང༌། རྒྱལ་པོའི་ལེགས་པར་བཤད་པས་དུས་དེའི་འཁོར་ངོ་མཚར་སྐྱེས་ནས། བཅོམ་ལྡན་འདས་དེ་ལ་ཞུས་པས་རྒྱལ་པོ་དེ་ཟབ་མོ་ལ་མཁས་པ་ལགས་སོ་ཞེས་ཞུས་པས། བཅོམ་ལྡན་འདས་དེས་རྒྱལ་པོའི་ཡོན་ཏན་རྒྱས་པར་བཤད་དེ་མདོ་སྡེར་བལྟའོ། །དེ་ནས་རྒྱལ་པོ་འཁོར་དང་བཅས་པས་སངས་རྒྱས་ལ་རིན་པོ་ཆེ་སྤར་གང་གཏོར་ནས་སྨོན་ལམ་བཏབ་པ་མ་འོངས་པའི་དུས་ན་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ནུབ་ཏུ་ཆ་བའི་ཚེ། དེར་བདག་རབ་ཏུ་བྱུང་ནས་ཆོས་ཀྱི་མཇུག་ལ་བབ་པ་ན་སྒྲ་ཆེན་པོ་ལན་གསུམ་བསྒྲགས་ལ། ཆོས་གོས་གྱོན་པ་ཙམ་དང་སྐྲ་བྲེགས་པ་ཙམ་ཡུལ་ནས་བསྐྲད་ལ། དམ་པའི་ཆོས་ཕྱུང་སྟེ་དམ་པའི་ཆོས་ཀྱི་ཕྱིར་བདག་གི་སྲོག་གཏོང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པོ། །དེའི་རྗེས་ལ་བློན་པོ་དང་བཙུན་མོས་ཀྱང་སྨོན་ལམ་བཏབ་བོ། །ལྷའི་བུ་དག་ང་འདས་ནས་ལོ་བརྒྱ་ཕྲག་མང་པོ་འདས་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་མཁར་གྱི་རྒྱལ་པོ་བདེ་སྤྱོད་བཟང་པོ་ཞེས་བྱ་བ་འབྱུང་སྟེ། དེའི་ཚེ་ལོ་བརྒྱ་ན་དམ་པའི་ཆོས་ནུབ་པར་འགྱུར་བའི་ལྷག་མ་ཙམ་ལུས་པ་ན་ངའི་ཉན་ཐོས་འབྱུང་བར་འགྱུར། དམ་པའི་ཆོས་འབྱིན་པར་འགྱུར། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། ཐེག་པ་ཆེན་པོ་གཞན་ལ་རྒྱས་པར་སྟོན་པར་འགྱུར་རོ་ཞེས་གསུངས་པ་དང༌། ཡང་དགེ་སློང་དེ་ལུང་སྟོན་པ་ཉོན་ཅིག །དེ་ནི་ང་ལ་དབེན་པ་དང༌། ངའི་བསྟན་པ་རྒྱས་པར་བྱེད་པ་དང༌། ཁུར་ཆེན་པོ་ཁྱེར་བ་དང༌། ངའི་ཤཱཀྱའི་གཞོན་ནུ་ཡིན་ཏེ། ང་འདས་པའི་འོག་ཏུ་ལྷོ་ཕྱོགས་ཀྱི་རྒྱུད་དུ་དྲང་སྲོང་བྱིའོ་ཞེས་བྱ་བའི་ཡུལ་འཁོར་དུ་བསོད་ནམས་ལྡན་གྱི་གྲོང་ཁྱེར་ཆེན་པོའི་བྱང་ཕྱོགས་སུ་སྐྱེ་བར་འགྱུར་རོ། །རིགས་ཆེན་པོ་རྣམ་པར་དག་པ་བྷྲ་གོ་ཅན་དེ་ནི་ཤཱཀྱའི་རིགས་ཡིན་ནོ། །ལི་ཙྪ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ངའི་ཆོས་རྒྱས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་མིའི་མཆོག་འདི་རིགས་ཆེན་པོ་རྒྱལ་རིགས་སུ་སྐྱེ་བར་འགྱུར་ཏེ། དེའི་ཉེ་དུ་འབྲལ་བ་ཐམས་ཅད་དེའི་མིང་ལས་འདོགས་སོ། །དེ་རབ་ཏུ་བྱུང་ནས་དེའི་འཁོར་རྣམས་ཀྱང་དམ་པའི་ཆོས་ཀྱི་ཕྱིར་སྲོག་བཏང་ནས་ཆོས་གསུང་ངོ༌། །ཡང་དེའི་རྗེས་ལ་འདི་སྐད་དུ་དེའི་གཞུང་ལ་


DTG110_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་ནི་ཉུང་སྟེ་ཕལ་ཆེར་མི་མོས་སོ། །ཆོས་བཞི་དང་ལྡན་ན་དེ་ལ་མོས་ཤིང་ཡིད་ཆེས་པར་འགྱུར་རོ། །སངས་རྒྱས་སྔ་མ་དག་ལ་དེའི་གཞུང་ཐོས་ཤིང་མོས་པ་དང༌། དགེ་བའི་བཤེས་གཉེན་གྱིས་ཟིན་པ་དང༌། ལྷག་པའི་བསམ་པ་ལ་ཞུགས་ཤིང་དགེ་བའི་རྩ་བ་བརྟན་པ་དང༌། རྒྱ་ཆེན་པོ་ལ་མོས་པའོ། །དེ་ལ་མི་མོས་ཤིང་ཡིད་མི་ཆེད་པ་ཐམས་ཅད་ནི་བདུད་ཀྱི་བྱིན་གྱིས་བརླབས་པའི་གཏི་མུག་ཅན་ཡིན་ནོ། །དེ་ལ་མོས་ཤིང་ཡིད་ཆེས་པ་དག་ནི་སངས་རྒྱས་ཀྱི་ཐུགས་ལ་དགོངས་སོ། །དེ་ལ་བསྙེན་བཀུར་བྱས་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་བསྙེན་བཀུར་བྱས་པ་ཡིན་ནོ། །དེའི་བཀའ་མཉན་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བཀའ་མཉན་པ་ཡིན་ནོ། །ཡང་དེའི་རྗེས་ལ་དེ་འཆི་བའི་དུས་བྱས་པ་ན་ངའི་དམ་པའི་ཆོས་ནུབ་པ་ཡིན་ནོ། །དེ་དང་འདྲ་བའི་གང་ཟག་མེད་དེ་ཡེ་མི་སྲིད་དོ། །ཡང་གཏམ་མང་པོའི་རྗས་ལ་དེའི་ཕྱོགས་བྱེད་པ་དང༌། དེའི་གཞུང་རྒྱས་པར་བྱེད་པ་དང༌། དེའི་འཁོར་དང༌། དེའི་གཞུང་འཛིན་པ་དེ་དག་ནི་སངས་རྒྱས་པ་ན་དེའི་འཁོར་གྱི་གཙོ་བོར་འགྱུར་རོ། །བསྐལ་པ་བཟང་པོ་འདིའི་རྗེས་ལ་བསྐལ་པ་དྲུག་ཅུ་རྩ་གཉིས་སུ་སངས་རྒྱས་མི་འབྱུང་ངོ༌། །དེའི་རྗེས་ལ་སངས་རྒྱས་བདུན་འབྱུང་ངོ༌། །དེའི་རྗེས་ལ་འཇིག་རྟེན་གྱི་ཁམས་མངོན་པར་དང་བའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གཞུང་མང་དུ་གསུངས་སོ། །འདིར་ཆེ་ལོང་ཙམ་བྲིས་སོ། །གཞན་ཡང་འཕགས་པ་འཇམ་དཔལ་རྩ་བའི་རྒྱུད་ལས། དགེ་སློང་ཀླུ་སྒྲུབ་ཅེས་པ་འབྱུང༌། །རང་བཞིན་མེད་དོན་དེ་ཉིད་རིགས། །རྨ་བྱ་ཞེས་བྱའི་གཟུངས་བསྒྲུབས་ནས། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །ཞེས་པ་ལ་སོགས་པ་གསུངས་སོ། །འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ལྷོ་ཕྱོགས་བཻ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཞེས་པ་ནས། རབ་ཏུ་དགའ་


DTG110_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ས་བསྒྲུབས་ནས། བདེ་བ་ཅན་དུ་དེ་འགྲོའོ། །ཞེས་གསུངས་པ་དང༌། འཕགས་པ་རྔ་བོ་ཆེའི་ལེའུར་ཡང་ལུང་བསྟན་པ་ཡིན་ནོ། །འཕགས་པ་གསེར་འོད་དམ་པའི་མདོར་ཡང་ལུང་བསྟན་པའི་ཚིག་ནི་མེད་ཀྱི། སངས་རྒྱས་ཀྱི་རིང་བསྲེལ་ལ་བྲམ་ཟེ་ཀཽཎྜི་ནྱ་ཡ་དང༌། ལི་ཙྪ་བཱི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་བརྩད་པ་མཛད་པ་ཡིན་ནོ། །གཞན་ཡང་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱང༌། དེ་ལྟར་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཉིད་ཀྱི་དོན་རྗེས་སུ་བརྙེས་ནས་སོ་སོ་རང་རིག་པ་རྡོ་རྗེ་འཛིན་ཆེན་པོའི་ཏིང་ངེ་འཛིན་འཇིག་རྟེན་པ་རྣམས་ལ་བརྟེན་ནས། ལྷ་དང་མིའི་བདེ་བ་ལས་འདས་ཤིང་མུ་སྟེགས་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱི་བསམ་གཏན་དང་སྙོམས་པར་འཇུག་པའི་བདེ་བ་ལས་ཀྱང་འདས་ནས། སྐྱེ་བ་དང་འགག་པ་དང་བྲལ་བའི་དེ་བཞིན་གཤེགས་པའི་སྐུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། སྐུ་བལྟ་བས་ཆོག་མི་ཤེས་པ། སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ། བརྙེས་ནས་བདེ་བ་ཅན་དུ་གཤེགས་ཏེ། ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ལྡན་པར་བཞུགས་སོ་ཞེས་སྒྲོན་མ་གསལ་བར་བྱེད་པ་ལས་གསུངས་སོ། །དེའི་ཕྱིར་དེ་ལྟ་བུའི་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ཤེས་ཤིང་འཛིན་པ་དང༌། དེའི་བརྒྱུད་པའི་མན་ངག་ཟབ་མོ་ཡོད་པ་དང༌། ཉམས་སུ་ལེན་པའི་གང་ཟག་དེས་ནི་སྐྱེ་བ་དཔག་ཏུ་མེད་པར་ཐེག་པ་ཆེན་པོ་ལ་སྤྱད་པར་བྱས་པ་ཡིན་ན། །ཇི་སྲིད་སངས་རྒྱས་ཀྱི་བསྟན་པ་ཡོད་པ་དེ་སྲིད་དུ་དེའི་མན་དག་མི་འཆད་དེ། རྗེ་བཙུན་ཨཱཪྻ་དེ་བའི་ཞལ་སྔ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་མཚན་ཕྱེད་ཀྱི་དུས་ན་མངོན་པར་བྱང་ཆུབ་པའི་ཏིང་ངེ་འཛིན་མངོན་སུམ་དུ་མཛད་པ་ནས་གཟུང་སྟེ། ཇི་སྲིད་སངས་རྒྱས་ཀྱི་བསྟན་པ་གནས་པ་དེ་སྲིད་དུ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ནས་བཟུང་སྟེ། བླ་མའི་ཞལ་ནས་བླ་མའི་ཞལ་དུ་འཕོས་པ་ཡིན་ཏེ། སློབ་དཔོན་གྱི་ཞལ་སྔའི་མན་ངག་འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱི་བྱིན་གྱིས་རློབ་


DTG110_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ་ཞེས་གསུངས་སོ། །སློབ་དཔོན་ཟླ་བ་གྲགས་ཀྱི་ཞལ་སྔ་ནས། རྣལ་འབྱོར་པ་ཚེ་འདི་ཉིད་ལ་འཚང་རྒྱ་བར་འདོད་པ་དག་གིས་ཀྱང་སློབ་དཔོན་གྱི་ཞལ་སྔ་ནས་ཉེ་བར་གནང་བའི་དེ་ཁོ་ན་ཉིད་ཤིན་ཏུ་ཟབ་མོའི་མན་ངག་རྙེད་པར་དཀའ་བ་འདི་གཏེར་དང་འདྲ་བའི་སློབ་དཔོན་རྣམས་ནི་རིན་པོ་ཆེའི་བུམ་པར་བདུད་རྩིའི་ཆུ་བྱོ་བ་ལྟར་ཞལ་ནས་ཞལ་སྙན་ནས་སྙན་དུ་འཕོ་ཞིང་བཞེས་པ་འདི་ཇི་སྲིད་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་གནས་པ་དེ་སྲིད་དུ་འདི་ཡང་ནུབ་པར་མི་འགྱུར་རོ་ཞེས་གསུངས་སོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་པར་སྨིན་པའི་སྐུ་ལུས་དེ་ཉིད་དེ་ལྟ་དཔལ་གྱི་རིལ་བཞུགས་ཏེ། དུས་གཅིག་ན་རྒྱལ་པོ་བདེ་སྤྱོད་བཟང་པོའི་བུ་དཔལ་གྱི་རི་ལ་སོང་ནས་སློབ་དཔོན་གྱི་དབུ་བསླངས་པས། སློབ་དཔོན་གྱི་ཞལ་སྔ་ནས་རྒྱལ་བུ་ཆོད་ལ་ཁྱེར་ཅིག་གསུངས་ནས་རལ་གྲི་ལན་ལྔར་བཏབ་པས་མཆོད་ནས། སློབ་དཔོན་གྱི་ཞལ་ནས་རྩྭ་ཀུ་ཤ་ཅིག་ལོང་གསུངས་ནས་རྒྱལ་བུས་དེ་བླངས་ཏེ་ཕུལ་བས། སློབ་དཔོན་ཉིད་ཀྱིས་སྐེ་ལ་རྩྭས་བསྐོར་བས་དབུས་ལ་ལྷུང་ནས་རྒྱལ་བུའི་ལག་ཏུ་བྱིན་ནོ། །རྒྱལ་བུས་མ་ཐེག་ནས་དེ་ཉིད་དུ་བཞག་ནས་སོང་ངོ༌། །ད་ལྟར་ཡང་དབུ་དང་ལུས་ཀྱི་ཁོག་པ་རིན་པོ་ཆེའི་འོད་འཕྲོ་བའི་ཁང་པ་བརྩེགས་པ་ན་རིན་པོ་ཆེའི་ཁྲི་ལ་བཞག་སྟེ། ལྷ་དང་གནོད་སྦྱིན་དང་དྲི་ཟ་ལ་སོགས་པས་ཉིན་དང་མཚན་དུ་རྟག་ཏུ་མཆོད་པ་བྱེད་དོ། །འདི་ལ་གཏམ་རྒྱུད་རིང་པོ་ཡོད་དེ་འདིར་གཞག་གོ །སྨོན་ལམ་གྱི་སྐུ་ནི་བདེ་བ་ཅན་ན་བཞུགས་ཏེ། བཅོམ་ལྡན་འདས་འོད་དཔག་མེད་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་པོ་ཆེ་ཞེས་མཚན་བཏགས་ནས་སྐུ་མདོག་དཀར་པོ་ཕྱག་གཉིས་པ་གཡས་མཆོག་སྦྱིན་པ། གཡོན་པདྨ་དཀར་པོ་བསྣམས་པའོ། །བླ་མ་རྗེ་བཙུན་ཨ་བ་དྷཱུ་ཏཱི་པའི་ཞལ་ནས། ངའི་བླ་མ་རྗེ་བཙུན་ཆེན་པོ་རྣལ་འབྱོར་གྱི་དབང་ཕྱུག་ཨ་བ་དྷཱུ་ཏཱི་པ་མངོན་བར་ཤེས་པས་སྔོན་ཇི་ལྟར་མངའ་བ་བཞིན་ཞལ་གཟིགས་ཤིང་ཆོས་གསན། རེས་དཔལ་གྱི་རིལ་གཟིགས་ཤིང་བཞུགས་ཏེ། འཕགས་པའི་སློབ་མ་རྗེ་བཙུན་ཀླུའི་བྱང་ཆུབ་དུས་དེ་ལྟ་དཔལ་ཤ་བ་རི་པར་གྲགས་པ་ཡང་དུས་རྟག་ཏུ་ཆོས་གསན་པ་ཡིན་ནོ་ཞེས་བླ་


DTG110_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཨ་བ་དྷཱུ་ཏཱིས་གསུངས་སོ། །རང་གི་སྡུག་བསྔལ་ཡལ་བར་བོར་ནས་གཞན་གྱི་སྡུག་བསྔལ་གྱི་མེས་གདུངས་པ་དབང་པོ་རྣོན་པོའི་ཡང་རྣོན་པོ་ཆོས་ཟབ་མོ་ལ་མི་སྐྲག་པར་མོས་པ་དང༌། བདག་བསྒྲུབ་པ་དང་མི་འབྲལ་བར་ཚེ་འདི་ཉིད་ལ་འཚང་རྒྱ་བར་འདོད་པ་དང༌། གཞན་གྱི་དོན་དཀའ་བ་མེད་པར་མྱུར་དུ་བྱ་བ་དང༌། མངོན་པར་ཤེས་པ་མྱུར་དུ་སྐྱེ་བར་འདོད་པས་ཐབས་ཁྱད་པར་ཅན་གྱི་ཐེག་པ་ལ་འཇུག་པར་བྱའོ། །བླ་མ་བཟང་པོ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་ཞུས་ནས་སྒྲུབ་པ་གཙོ་བོར་བྱའོ། །གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ནི་ཚངས་པར་སྤྱོད་པ་གྲོལ་བའི་ལམ་པས་མི་བསྐུར་ཞིང༌། སློབ་མས་ཀྱང་མི་བླང་ངོ༌། །དེ་ནི་ཚངས་པར་སྤྱོད་པ་ཟད་པར་བྱེད་པ་དང༌། སངས་རྒྱས་ཀྱི་བསྟན་པ་ནུབ་པར་བྱེད་པས་སེམས་ཅན་དམྱལ་བར་སློབ་དཔོན་དང་སློབ་མ་གཉིས་ཐེ་ཚོམ་མེད་པར་འགྲོ་བར་འགྱུར་རོ། །གལ་ཏེ་གསང་སྔགས་སྤྱོད་ན་དབང་མནོས་ལ་བུམ་པའི་དབང་ཐོབ་པ་དེས་རྒྱུད་གང་ཡང་རུང་བའི་སྒོར་ཞུགས་ལ་རང་འདོད་པའི་ལྷའི་ཏིང་ངེ་འཛིན་དང༌། བཟླས་པའི་སྔགས་བླ་མ་ལ་ཞུས་ལ་སྒྲུབ་པ་གཙོར་བྱེད་ཅིང་དམ་ཚིག་དང་སྡོམ་པ་ཉི་ཤུ་ཤིན་ཏུ་གཙང་བར་བསྲུང་སྟེ་བསྒྲུབ་པར་བྱའོ། །གང་གི་ཚེ་ནུས་པ་སྐྱེས་པ་ན་ཕྲིན་ལས་བཞི་དང༌། འཇིག་རྟེན་གྱི་དངོས་གྲུབ་བརྒྱད་ཀྱི་ས་གཞན་གྱི་དོན་བྱ་དཀའ་བ་མེད་པར་འགྱུར་རོ། །དེ་བས་ན་རྒྱུད་ལས། གསང་སྔགས་རྒྱ་མཚོ་ཆེན་པོ་ནི། །དངོས་གྲུབ་རླབས་ནི་འཁྲིགས་པ་ཅན། །དཔེའམ་ལུང་མ་བསྟན་ཚིག་གམ། །རྗེས་སུ་དཔག་པའི་ཤེས་རབ་ཀྱིས། །རྟོགས་པར་ནུས་པ་མ་ཡིན་ནོ། །ཞེས་གསུངས་སོ། །བདག་གི་བླ་མ་ཡ་བ་དྭཱི་པ་བསོད་སྙོམས་པ་ཨ་ཝ་དྷཱུ་ཏཱིའི་ཞལ་ནས། ཐེག་པ་གཉིས་པོས་སྤངས་པ་ཡང༌། །འདིར་ཞུགས་ཕྱག་རྒྱ་ཆེན་པོ་འཐོབ། །དེའི་ཕྱིར་གསང་སྔགས་ཐེག་པ་འདིར། །མཁས་པ་སུ་ཞིག་སྤྱོད་མི་བྱེད། །ཅེས་གསུངས་སོ། །དོན་གཅིག་ཉིད་ནའང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་ནས། །གསང་སྔགས་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་སོ། །འདིར་


DTG110_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དབང་བསྐུར་ཐོབ་པར་མ་བྱས་པར་འདིར་འཇུག་པར་མི་བྱ་བས་ལྷ་བསྒོམ་པ་དང་སྔགས་བཟླས་པ་མི་བྱ་སྟེ། རྗེས་སུ་གནང་བ་མ་ཐོབ་པས་གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་རྣམ་པར་ཐར་པ་འདྲེས་པར་འགྱུར་བའི་ཕྱིར་རོ། །རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཀུན་ནས་སྤྲོས་པ་དང་བྲལ་བའི་རྫོགས་པའི་རིམ་པའི་མན་ངག་ནི་སྣོད་མ་ཡིན་པ་ལ་བསྟན་པར་མི་བྱའོ། །ཡོངས་སུ་རྫོགས་པའི་དགེ་བསྙེན་ཆགས་ལམ་པས་དབང་གཉིས་པོ་བླངས་པ་ལ་ཉེས་པ་མེད་དོ། །རང་གི་ཆུང་མས་ཆོག་ཤེས་ཤིང༌། །གཞན་གྱི་བུད་མེད་ལ་མི་འགྲོ། །ལོག་པར་གཡེམ་པ་རྣམ་པར་སྤངས། །དགེ་བསྙེན་དེ་ནི་མཐོ་རིས་འགྲོ། །ཞེས་མདོ་ལས་གསུངས་སོ། །སྒྲིབ་གཉིས་མྱུར་དུ་སྦྱངས་པ་དང༌། །ཚོགས་གཉིས་མྱུར་དུ་བསགས་པའི་ཕྱིར། །གསང་སྔགས་ཐེག་པ་སྦྱང་བྱ་ཞེས། །མར་མེ་མཛད་དཔལ་ཡེ་ཤེས་སྨྲ། །ཤཱཀྱའི་དགེ་སློང་བློ་རྣོན་པོ། །ཤེས་རབ་སྙིང་རྗེ་ཁྲིམས་དང་ལྡན། །ཚུལ་ཁྲིམས་རྒྱལ་བ་ཞེས་བྱ་བའི། །སློབ་མ་བཟང་པོས་བསྐུལ་ནས་བྲིས། །དེ་བ་པཱ་ལའི་ཐུགས་དམ་བི་ཀྲ་མ། །ཤཱི་ལ་ཞེས་བྱའི་གཙུག་ལག་ཁང་ཆེན་དུ། །བླ་མ་དམ་པ་རྣམས་ཀྱིས་གསུངས་པ་བཞིན། །མར་མེ་མཛད་དཔལ་ཡེ་ཤེས་དེ་ཡིས་བྲིས། ཟས་ནོར་ཕྲན་ཚེགས་ཙམ་ལ་མི་ལྟ་ཞིང༌། །ལེགས་པར་མ་བརྟགས་པ་ལ་འདི་མི་སྦྱིན། །འཕགས་པ་ཀླུ་སྒྲུབ་གཞུང་ལ་མ་མོས་ན། །ཟབ་མོ་སྤངས་པས་སེམས་ཅན་དམྱལ་བར་འགྲོ། །ཐེག་པ་ཆེན་པོ་དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ཞེས་བྱ་བ། མ་ཧཱ་པཎྜི་ཏ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དེ་ཉིད་དང༌། ལོ་ཙཱ་བ་དགེ་བསྙེན་ཆེན་པོ་རྒྱ་བརྩོན་འགྲུས་སེང་གེ་དང༌། དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །

དབུ་མའི་མན་ངག་ཅེས་བྱ་བའི་འགྲེལ་པ།
ཤེས་རབ་ཐར་པ།


DTG110_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་དྷྱ་མ་ཨུ་པ་དེ་ཤ་བྲྀཏྟི། བོད་སྐད་དུ། དབུ་མའི་མན་ངག་ཅེས་བྱ་བའི་འགྲེལ་པ། འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །


DTG110_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་སྡུག་བསྔལ་སེལ་མཛད་ཅིང༌། །དཀར་པོ་རྣམ་པར་འཕེལ་བའི་རྒྱུ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ནས། །དབུ་མའི་མན་ངག་གསལ་བར་བྱ། །ཕྱིན་ཅི་ལོག་གི་རྣམ་རྟོག་གིས། །འཁོར་བའི་འདམ་དུ་བྱིང་བ་རྣམས། །མན་ངག་ལམ་ལ་རབ་བརྟེན་ནས། །ཡང་དག་བྱང་ཆུབ་བསྒྲུབ་པའི་ཕྱིར། །མན་ངག་དོན་ཙམ་བཤད་པར་བྱ། །དེ་ལ། གང་གི་གསུང་གི་འོད་ཟེར་གྱིས། །ཞེས་བྱ་བ་ལ་སོགས་པས་ནི་ཡུལ་ཡོན་ཏན་དང་ལྡན་པ་ལ་ཕྱག་འཚལ་བ་རྩོམ་པར་བྱེད་དོ། །དེ་སློབ་དཔོན་དེ་དག་ཉིད་ཡ་རབས་དམ་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་རམ། བར་ཆད་ཀྱི་བགེགས་ཞི་བར་བྱ་བའི་ཕྱིར་རམ། བཤད་པར་དམ་བཅའ་བའི་ཕྱིར་དགོངས་པ་ཡིན་ནོ། །ཚིགས་སུ་བཅད་པ་འདིས་ནི་བསྡུས་པའི་དོན་གཉིས་བསྟན་ཏེ། ཡོན་ཏན་བརྗོད་པས་མཆོད་པ་དང་ཕྱག་འཚལ་བས་མཆོད་པ་དང༌། ཡོན་ཏན་ཡང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང༌། རང་གི་དོན་དུ་འདུ་ཤེས་པར་བྱའོ། །གཞན་གྱི་དོན་ལ་ཡང་རྒྱུ་དང་འབྲས་བུ་སྟེ། དེ་ལ། གང་གི་གསུང་གི་འོད་ཟེར་གྱིས། །ཞེས་བྱ་བས་ནི་རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏོ། །བདག་སོགས་རྨོངས་པ་མ་ལུས་པའི། །སྙིང་གི་པདྨ་ཁ་འབྱེད་པ། །ཞེས་བྱ་བས་ནི་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་ཏོ། །དམ་པའི་སྐྱེས་མཆོག་ཅེས་བྱ་བས་ནི་རང་གི་དོན་མཐར་ཐུག་པ་སྟོན་པར་བྱེད་དོ། །རྣམས་ཞེས་བྱ་བ་ནི་དུ་མའོ། །འདུད་ཅེས་བྱ་བ་ནི་ཕྱག་འཚལ་བའི་ཚིག་གོ །ཡན་ལག་གི་དོན་བཤད་པར་བྱ་སྟེ། གང་གི་ཞེས་བྱ་བ་ནི་བྱེད་པ་པོའི་ཚིག་གམ། སྤྱིའི་སྒྲ་ཡིན་ཡང་ཡུལ་གཞན་རྣམ་པར་སྤངས་ནས་རྟེན་སངས་རྒྱས་ཁོ་ན་ལ་འཇུག་པར་གསལ་ཏེ། སངས་རྒྱས་ཀྱི་ཡོན་ཏན་བརྗོད་པས་མཆོད་པ་དང༌། ཕྱག་འཚལ་བས་མཆོད་པའི་སྐབས་ཡིན་ཏེ། ཁྲ་མོ་བོས་ཞེས་བྱ་བ་དང་འདྲ་སྟེ། སྤྱི་སྒྲ་ཡིན་ཡང་འོ་མ་དགོས་པའི་སྐབས་སུ་བ་ཁྲ་མོ་ལ་འཇུག་གོ །གསུང་གི་འོད་ཟེར་ཞེས་སྨོས་པས་ནི་སྐུ་གསུང་ཐུགས་ཀྱི་འོད་ཟེར་ཡང་བསྟན་ནོ། །དཀར་པོ་དང༌། དམར་པོ་དང༌། སྔོན་པོ་དང༌། ཉི་ཟླའི་འོད་དང་འདྲ་སྟེ། ཉི་མ་ཤར་བས་འོད་ཀྱིས་མུན་ནག་ཆེན་པོ་སེལ་བར་བྱེད་པ་དང༌། མེ་ཏོག་


DTG110_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ཁ་འབྱེད་པར་བྱེད་པ་དང༌། སྨན་དང་འབྲས་བུ་སྣ་ཚོགས་སྨིན་པར་བྱེད་པ་དང༌། བ་མོ་ལ་སོགས་པ་གྲང་བའི་རིག་པའི་གདུག་པ་ཞི་བར་བྱེད་པ་དང༌། དྲོ་བའི་རག་པས་སེམས་ཅན་བདེ་བར་བྱེད་པ་དང༌། ལམ་དང་ལམ་མ་ཡིན་པ་དང༌། དངོས་པོ་མི་གསལ་བ་གསལ་བར་བྱེད་པ་དང༌། སྐར་མ་ལ་སོགས་པའི་འོད་གཞན་དག་ཟིལ་གྱིས་གནོན་པར་བྱེད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་སྒོ་ནས་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་ཆོས་བསྟན་པའི་འོད་ཟེར་གྱིས་འགྲོ་བ་རྣམས་ཀྱི་མ་རིག་པའི་མུན་པ་སེལ་བར་བྱེད་པ་དང༌། བློའི་པདྨ་ཁ་འབྱེད་པར་བྱེད་པ་དང༌། རྒྱུད་མ་སྨིན་པ་ཀུན་སྨིན་པར་བྱེད་པ་དང༌། བདུད་ལ་སོགས་པའི་གནོད་པ་ཞི་བར་བྱེད་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱེད་པ་དང༌། བླ་ན་མེད་པའི་བདེ་བ་ལ་འགོད་པར་བྱེད་པ་དང༌། ལྟ་བ་ངན་པ་སེལ་བར་བྱེད་སྤོང་བར་བྱེད་པ་དང༌། ལྷ་ལ་སོགས་པའི་རྣམ་པར་སྨིན་པའི་འོད་ཟིལ་གྱིས་གནོན་པར་ཡང་མཛད་དོ། །དེ་ཡང་མོག་མོག་པོར་མཛད་དང་ཞེས་པས་ཀྱང་བསྟན་ཏོ། །འོད་ཟེར་གྱིས་ཞེས་བྱ་བ་ནི་བྱེད་པ་པོའི་བྱ་བ་སྟོན་པར་བྱེད་དོ། །འབྱེད་པར་བྱེད་ཅེས་བྱ་བ་ནི་ལས་སུ་བྱ་བ་སྟོན་པར་བྱེད་དོ། །བདག་སོགས་ཞེས་སྨོས་པས་ནི་སློབ་དཔོན་བདག་ལ་སོགས་པ་སྟེ་གོ་སླའོ། །རྨོངས་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་མ་གྱུར་པའི་ཕྱིར་རོ། །མ་ལུས་པ་ཞེས་བྱ་བས་ནི་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཉི་ཚེ་བ་མ་ཡིན་པ་དང༌། ཀུན་ལ་ཁྱབ་པ་དང་ཐམས་ཅད་ཀྱི་དོན་མཛད་པར་ཞུགས་པའི་ཕྱིར་རོ། །སྙིང་གི་པདྨ་ཁ་འབྱེད་པ། །ཞེས་པ་ནི་སེམས་ཀྱི་རྟེན་དུ་གྱུར་པའི་སྙིང་སྟེ། རྟེན་གྱི་མིང་བརྟན་པ་ལ་བརྟགས་པ་སྟེ། དེའི་ཕྱིར། སེམས་ཀྱི་པདྨ་ཁ་འབྱེད་པ། །ཞེས་བྱ་བའོ། །དེ་ཡང་པདྨ་དང་འདྲ་སྟེ། པདྨ་ནི་མཐོང་ན་དགའ་བ་བསྐྱེད་པ་དང་དྲི་དང་ཁ་དོག་སྣ་ཚོགས་པ་དང༌། སྦྲང་རྩི་ལ་སོགས་པའི་འབྱུང་གནས་ཡིན་པ་དང༌། འདམ་ནས་སྐྱེས་ཀྱང་འདམ་གྱིས་མ་གོས་ཤིང་ཁྱད་པར་དུ་འཕགས་པའོ། །དེ་བཞིན་དུ་སེམས་ཀྱང་དགའ་གདུང་སྣ་ཚོགས་ཀྱི་གནས་ཡིན་པ་དང༌། ལྷན་ཅིག་སྐྱེས་བའི་བདུད་རྩིའི་རོ་མྱོང་བར་བྱེད་


DTG110_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། བྱང་ཆུབ་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པ་དང༌། གློ་བུར་བའི་དྲི་མ་དང་བཅས་ཀྱང་རང་བཞིན་གྱིས་འོད་གསལ་ཞིང་རྣམ་པར་དག་པ་སྟེ། དེ་ཡང༌། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་བྱ་བ་དང༌། སེམས་ཀྱི་རང་བཞིན་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་བྱ་བས་ཀྱང་བསྟན་ཏོ། །ཁ་འབྱེད་པ་ཞེས་བྱ་བ་ནི་པདྨ་ཁ་འབྱེད་པ་དང་འདྲ་སྟེ། རིག་པའི་གནས་རྣམ་པ་ལྔ་ལ་བློ་རྒྱས་པར་བྱེད་དོ། །དེ་ཡང༌། གང་ཞིག་འཛིན་དང་འདོན་དང་སྤྱོད་པ་དང༌། །གཞན་ལ་འདྲི་ཞིང་ཐོས་པ་འཛིན་བྱེད་དང༌། །དེ་ཡི་བློ་ནི་ཉི་མའི་འོད་ཟེར་གྱིས། །པདྨ་བཞིན་དུ་རྣམ་པར་ཁ་འབྱེད་དོ། །ཞེས་བྱ་བ་དང༌། ཡང༌། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་ཅིས་ཀྱང་ཐམས་ཅད་མཁྱེན་ཉིད་འགྲུབ་མི་འགྱུར། །དེ་ཕྱིར་གཞན་དག་ཚར་གཅད་རྗེས་སུ་གཟུང་ཕྱིར་རམ། །བདག་ཉིད་གོམས་པར་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་བྱ་བས་ཀྱང་བསྟན་ཏོ། །དམ་པའི་སྐྱེས་མཆོག་ཅེས་བྱ་བས་ནི་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་བདག་ཉིད་ལ་བྱ་སྟེ། སྐུ་གསུམ་གྱི་ངོ་བོ་ཉིད་དོ། །དེ་ལ་འདུད་ཅེས་བྱ་བ་ནི་ཕྱག་འཚལ་བར་བྱེད་པ་སྟེ་ལུས་ངག་ཡིད་གསུམ་གྱི་ལས་དགེ་བའོ། །ད་ནི་མན་ངག་དངོས་སུ་བསྟན་པར་བྱ་སྟེ། དེ་ལ་ཐེག་པ་ཆེན་པོ་དབུ་མའི་མན་ངག་ནི་འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་རྒྱུ་ཐོས་བསམ་བསྒོམ་གསུམ་གྱི་ཤེས་པས་མདོར་བསྡུས་ཏེ་སྟོན་བར་བྱེད་པ་ཡིན་ཏེ། དེ་ལ་ཐེག་པ་ནི་རྒྱུའི་ཐེག་པ་དང་འབྲས་བུའི་ཐེག་པ་སྟེ། རྒྱུ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་སྟེ་འདི་ནས་འགྲོ་བའི་ཕྱིར་རོ། །དེ་ཡང་སྔགས་ཀྱི་ཐེག་པའི་ཚུལ་དུ་བཤད་པ་དང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚུལ་དུ་བཤད་པ་སྟེ། གཞན་ནས་བཤད་པ་བཞིན་ནོ། །འབྲས་བུའི་ཐེག་པ་ནི་སྐུ་གསུམ་གྱི་བདག་ཉིད་དེ། བགྲོད་པར་བྱ་བ་ཡིན་པའི་ཕྱིར་རོ། །ཆེན་པོ་ནི་ཤེས་རབ་དང་སྙིང་རྗེ་ལ་སོགས་པས་ཆེ་བ་སྟེ། དེ་ཡང༌། གཏོང་བ་ཆེ་དང་བློ་ཆེ་བ་དང་མཐུ་ཆེ་བ། །ཞེས་བྱ་བས་ཀྱང་བསྟན་ཏོ། །དེ་ལ་ཤེས་རབ་ཆེན་པོས་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་ཤིང་ཅི་


DTG110_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་མ་ཆགས་པའོ། །སྙིང་རྗེ་ཆེན་པོས་ནི་སེམས་ཅན་གྱི་དོན་རྒྱུན་མི་གཅོད་པས་ཐབས་དང་ཤེས་རབ་འབྲེལ་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཡིན་ནོ། །ཤེས་རབ་དང་སྙིང་རྗེ་ལ་སོགས་པ་ཆུང་བ་ནི་ཐེག་པ་ཆུང་ངུ་ཞེས་བྱ་སྟེ། དེ་ཡང༌། ཐབས་མེད་ཤེས་རབ་བྲལ་བ་ཉན་ཐོས་ཉིད་དུ་ལྟུང༌། །ཞེས་བྱ་བས་ཀྱང་གསུངས་སོ། །དེའི་ཕྱིར་ཉན་ཐོས་ནི་མྱ་ངན་ལས་འདས་པའི་མཐར་ལྟུང་སྟེ། ཕུང་པོ་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱས་ནས་སེམས་ཅན་གྱི་དོན་ཡལ་བར་དོར་རོ། །སོ་སོའི་སྐྱེ་བོ་རྣམས་ནི་འཁོར་བའི་མཐར་ལྟུང་སྟེ་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་ངོ༌། །བྱང་ཆུབ་སེམས་དཔའ་ནི་མཐའ་དེ་དག་སྤངས་ཏེ། ཤེས་རབ་ཆེན་པོས་ནི་འཁོར་བའི་མཐའ་ལ་མི་གནས། ཐུགས་རྗེ་ཆེན་པོས་ནི་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པས་དེ་ནི་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་ཡང་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བ་དང༌། སྟོང་པ་སྙིང་རྗེ་དབྱེར་མེད་པ། །རྒྱུད་གང་ལ་ནི་རབ་བརྟེན་པ། །འཇིག་རྟེན་མགོན་གྱི་སྒྲུབ་ཐབས་ཏེ། །འདི་ནི་སངས་རྒྱས་ཀུན་གྱིས་བཤད། །ཅེས་བྱ་བས་གསུངས་སོ། །དེའི་ཕྱིར་ཐེག་པ་ཆེན་པོ་ནི་ཤེས་རབ་དང་སྙིང་རྗེ་ཡིན་ནོ། །དབུ་མ་ནི་མཐའ་ཐམས་ཅད་དང་བྲལ་བ་དང༌། སྙིང་པོའི་དོན་གྱི་དབུ་མ་སྟེ། དེ་ཡང་སྒྲ་དང་དོན་ཏོ། །དོན་གྱི་དབུ་མ་ནི་བདེན་པ་གཉིས་ཏེ་འོག་ནས་བཤད་དོ། །སྒྲའི་དབུ་མ་ནི་དབུ་མ་བརྗོད་པའི་སྒྲ་སྟེ། མཐའ་གཉིས་སྤོང་བའི་ཚིག་གདགས་པ་ཙམ་མོ། དེའི་མན་ངག་ནི་གཅེས་སྤྲས་སུ་བྱ་བ་སྟེ། ཚེགས་ཆུང་ངུས་དོན་ཆེན་པོ་རྟོགས་པས་ན་མན་ངག་སྟེ། དེ་བསྒོམ་ཞེས་བྱ་བར་སྦྱར་ཏེ་འོག་ནས་འཆད་དོ། །ཐོག་མ་མེད་པ་ནས་ཞེས་བྱ་བ་ནི་འཁོར་བ་ཐོག་མ་ཐ་མ་མེད་པའོ། །དངོས་པོར་ཞེན་པ་ནི་བདེན་པར་ཞེན་པའོ། །གཟུང་འཛིན་ལ་སོགས་པར་རོ། །བདེན་པ་གཉིས་སུ་བཞག་གོ་ཞེས་བྱ་བ་ནི་ཡང་དག་པར་ན་གཅིག་དང་ཐ་མི་དད་པར་བསྟན་ཏེ། གཅིག་ན་ནི་ཀུན་རྫོབ་སྤོང་བ་བཞིན་དུ་དོན་དམ་པ་ཡང་སྤོང་བ་ཉིད་དུ་འགྱུར་ལ། ཀུན་རྫོབ་ཐ་དད་པ་བཞིན་དུ་དོན་དམ་


DTG110_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་ཐ་དད་པར་འགྱུར་རོ། །ཀུན་རྫོབ་དྲི་མ་དང་བཅས་པ་བཞིན་དུ་དོན་དམ་པ་ཡང་དྲི་མ་དང་བཅས་པར་འགྱུར་རོ། །ཐ་དད་ན་ནི་ཆོས་ཅན་དང་ཆོས་ཉིད་དུ་ཡང་མི་འགྱུར་ལ། འདུས་བྱས་ཀྱི་མཚན་མ་ཟིལ་གྱིས་གནོན་པར་ཡང་མི་འགྱུར་ཏེ། ལམ་སྒོམ་པ་ཡང་དོན་མེད་པར་འགྱུར་རོ། །དེ་བས་ན་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་དོ། །རྒྱས་པར་ནི་གཞན་ནས་བཤད་པ་བཞིན་ནོ། །དེ་ཡང་ཇི་སྐད་དུ་ཞེ་ན། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་ཉིད་ལས་རྣམ་པར་གྲོལ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་ནི་ཚུལ་བཞིན་མ་ཡིན་ལོག་ཞུགས་ཡིན། །ཞེས་གསུངས་པ་དང༌། ཡང་དུང་ལ་སོགས་པའི་དཀར་པོ་ཉིད་བཞིན་དུ་དེ་ཉིད་དང་གཞན་པ་ལས་གྲོལ་བར་བསྟན་ཏེ་མདོར་བསྡུས་པའི་དོན་ཏོ། །ཡན་ལག་རྒྱས་པར་བཤད་དེ་ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་ཐོས་བསམ་ལས་བྱུང་བའི་ཤེས་པས་ཆོས་ཐམས་ཅད་བདེན་པ་གཉིས་ཀྱི་ཚུལ་དུ་སློབ་པ་ཞེས་བྱ་བར་སྟོན་ཏོ། །དེ་ལ་ཀུན་རྫོབ་ནི་འཁྲུལ་པའི་ཤེས་པ་སྟེ། དེ་ཁོ་ན་ཉིད་ཀྱི་དོན་ལ་སྒྲིབ་པ་ནི་གཞན་དུ་ཇི་ལྟར་བཤད་པ་བཞིན་ནོ། །ཆོས་ཐམས་ཅད་ནི་མ་ལུས་པའི་དོན་ཏེ་གོ་སླའོ། །ཚུ་རོལ་མཐོང་བ་ནི་བདེན་པ་མ་མཐོང་བ་རྣམས་སོ། །ངོར་བྱས་པ་ནི་ཞེན་པའི་བསམ་པ་དང་སྦྱར་བའོ། །རྒྱུ་འབྲས་ལ་སོགས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་སོ། །ཇི་ལྟར་སྣང་བ་ནི་མ་བརྟགས་ན་ཉམས་དགའ་བ་སྟེ། སྣང་ལ་རང་བཞིན་མེད་པའི་དོན་ཏེ། དེ་ཡང༌། གང་དག་རྟེན་ནས་དངོས་པོ་རྣམས། །ཆུ་ཡི་ཟླ་བ་ལྟ་བུར་ནི། །ཡང་དག་མ་ཡིན་ལོག་མིན་པ། །འདོད་པ་དེ་དག་ལྟས་མི་འཕྲོགས། །ཞེས་བྱ་བས་ཀྱང་བསྟན་ཏེ། བདེན་པ་ནི་དོན་བྱེད་ནུས་པ་ཉིད་དུ་བདེན་པ་དང༌། སྣང་བ་ཙམ་དུ་བདེན་པ་སྟེ། བརྟགས་ཤིང་དཔྱད་ན་བདེན་པར་མ་གྲུབ་ཅེས་བྱ་བའི་དོན་ཏོ། །དེ་ཡང༌། རིགས་པས་བརྟགས་ན་བདེན་མ་ཡིན། །དེ་ལས་གཞན་དུ་བདེན་པ་སྟེ། །དེས་ན་དངོས་པོ་གཅིག་ཉིད་ལ། །བདེན་དང་མི་བདེན་ཇི་ལྟར་འགལ། །ཞེས་བྱ་བས་ཀྱང་བསྟན་ཏོ། །དོན་དམ་


DTG110_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞེས་བྱ་བ་ནི་ཡང་དག་པའི་ཤེས་རབ་སྟེ། ཡང་དག་པའི་དོན་ལ་མི་སླུ་བས་སམ་འབྲས་བུ་དམ་པ་འབྱིན་པས་ནི་དོན་དུ་གཉེར་བ་བྱས་པས་དམ་པ་སྟེ། དེས་བརྟགས་ན་འགའ་ཡང་གྲུབ་པ་མེད་དོ། །ཀུན་རྫོབ་ཏུ་ཇི་ལྟར་སྣང་བ་ནི་ཕྱི་དང་ནང་གི་དངོས་པོ་རྣམས་སོ། །གཏན་ཚིགས་ཆེན་པོ་ཞེས་བྱ་བ་ནི་གཏན་ཚིགས་ནི་བསྒྲུབ་བྱ་སྒྲུབ་པ་ལ་མི་སླུ་བས་ན་གཏན་ཚིགས་ཏེ། ཐ་སྙད་ཀྱི་ཚད་མ་ལས་རང་བཞིན་འབྲེལ་བ་ཡོད་ན་དོན་གྱིས་གོ །ཞེས་བྱ་བས་ཀྱང་བསྟན་ཏོ། །ཆེན་པོ་ནི་དུ་བ་ལ་སོགས་པའི་ཐ་སྙད་ཀྱི་གཏན་ཚིགས་ལ་ལྟོས་ཏེ་ཆེན་པོ་ཡིན་ལ། དེ་དག་ནི་ཐ་སྙད་ཀྱི་དོན་ལ་མི་སླུ་བ་ཡིན་ནོ། །འདིར་ནི་ཡང་དག་པའི་དོན་ལ་མི་སླུ་བ་དང༌། དངོས་པོའི་བྱེ་བྲག་ཐམས་ཅད་འཇོམས་པར་བྱེད་པ་དང༌། ལྟ་བ་ངན་པའི་གདོན་ཐམས་ཅད་ཞི་བར་བྱེད་པ་དང༌། སྤྲོས་པའི་མཐའ་ཐམས་ཅད་འགོག་པར་བྱེད་པས་ན་ཆེན་པོའོ། །དེ་བས་ན། རྒྱལ་བ་ཀུན་གྱི་སྟོང་ཉིད་ནི། །ལྟ་ཀུན་ངེས་པར་སེལ་བ་ཡིན། །ཞེས་བྱ་བས་ཀྱང་གསུངས་སོ། །རྣམས་ཀྱིས་ནི་རྣམ་པ་བཞི་སྟེ། དེ་ཡང༌། གང་གི་རྟེན་ཅིང་འབྲེལ་པར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཞེས་བྱ་བ་དང༌། རང་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་དང༌། དུ་མས་དངོས་པོ་གཅིག་མི་བྱེད། །དུ་མས་དུ་མ་བྱེད་མ་ཡིན། །གཅིག་གིས་དུ་མའི་དངོས་མི་བྱེད། །གཅིག་གིས་གཅིག་བྱེད་པ་ཡང་མིན། །ཞེས་བྱ་བ་དང༌། བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་ཏུ་ནི་གཅིག་པ་དང༌། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་བྱ་སྟེ། སྦྱོར་བའི་ཆ་གཅིག་ཙམ་མོ། །རྒྱས་པར་ནི་གཞན་དུ་བཤད་པ་བཞིན་ནོ། །གཤེགས་ཤིང་བསལ་བ་ནི་ཕྱོགས་ཆའི་དབྱེ་བས་ཏེ། ཆ་བཅུ་དྲུག་གམ་བཅུ་ལ་སོགས་པའི་བརྟགས་པས་སོ། །སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཚད་ནི་ཤིན་ཏུ་ཡང་ཕྲ་བའི་ཆད་དོ། །ཁོང་དུ་ཆུད་པ་ནི་ཐོས་བསམ་གྱི་ཤེས་པས་ཆོས་ཐམས་ཅད་བདེན་པ་གཉིས་ཀྱི་ཚུལ་དུ་བསླབ་པར་བྱའོ་ཞེས་བྱ་བར་སྟོན་ཏོ། །དེ་ཡང་སློབ་པའི་


DTG110_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་འགྲོ་བ་ནི་ཐོས་བསམ་གྱི་ཤེས་པ་སྟེ། ཐོས་བསམ་བྱས་ནས་སྒོམ་པ་ནི། དེ་ཡང༌། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ། ཞེས་བྱ་བ་དང༌། ཡང་དག་ཤེས་ཚོལ་སྔོན་བཏང་སྟེ། །ཞེས་བྱ་བས་ཀྱང་བསྟན་པའོ། །ད་ནི་མན་ངག་བསྒོམ་པའི་རིམ་པ་བསྟན་པར་བྱ་སྟེ། མན་ངག་ནི་གོང་དུ་བཤད་ལ། བསྒོམ་པ་ནི་སྦྱོར་བ་དང༌། དངོས་གཞི་དང༌། རྗེས་རྣམ་པ་གསུམ་མོ། །སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་འདུག་སྟེ་ཞེས་བྱ་བས་ནི་ཏིང་ངེ་འཛིན་གྱི་སྦྱོར་བ་བསྟན་ཏེ། སེམས་ཅན་ཐམས་ཅད་མི་སྤོང་བའི་བསམ་པ་དང༌། བརྩོན་འགྲུས་ཆེན་པོ་ཚད་མེད་པས་བྱང་ཆུབ་ཆེན་པོ་བསྒྲུབ་པའི་སེམས་པའོ། །རེ་ཞིག་དངོས་པོ་ནི་གཉིས་ཏེ་ཞེས་བྱ་བས་ནི་བརྟག་པའོ། །གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་འགལ་བ་ཡིན་པས་དངོས་པོ་ཀུན་ལ་ཁྱབ་སྟེ་ཕུང་པོ་གསུམ་པ་སེལ་བར་བྱེད་དོ། །དེ་ལ་གཟུགས་ཅན་ནམ་ཞེས་བྱ་བས་ནི་གཟུགས་མ་གྲུབ་པར་སྟོན་ཏེ། དེ་ཡང་རྒྱུ་དང་འབྲས་བུར་འདོད་དོ། །དེ་ལ་རྒྱུ་ནི་འབྱུང་བ་བཞི་པོ་རྡུལ་ཕྲ་རབ་ཡིན་ལ། དེ་ཡང་ཆ་དུ་མར་དམིགས་པས་ཆ་མེད་པའི་གཅིག་པུ་མི་འགྲུབ་བོ། །གཅིག་པུ་མ་གྲུབ་ན་དུ་མ་ཉིད་ཀྱང་མི་འགྲུབ་སྟེ། དུ་མ་ནི་གཅིག་ལ་སོགས་པའི་ངོ་བོ་ཡིན་ནོ། །དེ་ལྟར་གཅིག་དང་དུ་མ་མ་གཏོགས་པར་ཕུང་པོ་གཞན་ཡང་མི་འགྲུབ་སྟེ། གཅིག་དང་དུ་མ་མ་གཏོགས་པར། །རྣམ་པ་གཞན་དང་ལྡན་པ་ཡི། །དངོས་པོ་མི་རུང་འདི་གཉིས་ནི། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དེ་ལྟར་ཡང་རྡུལ་ཕྲ་རབ་མ་གྲུབ་ན་འབྲས་བུའི་གཟུགས་ཀྱང་མི་འགྲུབ་སྟེ། ས་བོན་མེད་ན་མྱུ་གུ་འགགས་པ་བཞིན་ནོ། །དེ་ཡང༌། དེ་ལྟར་རྩོམ་བྱེད་མེད་པའི་ཕྱིར། །རྫས་ལ་སོགས་པ་གསལ་ཞེས་བྱ་བས་བསྟན་ཏོ། །ཤིན་ཏུ་སྣང་བ་ཡང་མེད་དོ། །ཞེས་བྱ་བ་དང༌། སྣང་བ་ནི་མཚན་མ་སྟེ། འཆིང་བའི་རྒྱུ་ཡིན་པས་ན་མཚན་མ་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །ད་ནི་སེམས་ཀྱི་མཚན་མ་མ་དམིགས་པ་ཉིད་དུ་སྟོན་པས་གཟུགས་ཅན་


DTG110_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་ཞེས་བྱ་བ་སྨོས་སོ། །དེ་ལ་དོན་བྱེད་ནུས་པ་ནི་སྐད་ཅིག་མ་ཡིན་པས་སྐད་ཅིག་གི་ཆ་དབྱེ་བར་བྱ་སྟེ། དེ་ཡང་འདས་པ་ནི་དངོས་པོ་ཞིག་པས་མེད་དོ། །ཡོད་ན་ནི་ད་ལྟ་ཉིད་དུ་འགྱུར་རོ། །མ་འོངས་པ་ནི་དངོས་པོ་མ་སྐྱེས་པས་མེད་དོ། །ཡོད་ན་ནི་ད་ལྟ་བ་བཞིན་དུ་མ་འོངས་པ་ཉིད་དུ་མི་འགྱུར་རོ། །དེའི་ཕྱིར་ད་ལྟ་བའི་སེམས་ཤིན་ཏུ་བརྟག་དཀའ་སྟེ་ཞེས་བྱ་བ་སྨོས་སོ། །བརྟག་དཀའ་བ་ནི་བརྩལ་ན་དམིགས་སུ་མེད་པས་སོ། ཁ་དོག་དང་དབྱིབས་དང་བྲལ་བ་ནི་སྔོན་པོ་དང་སེར་པོ་ལ་སོགས་པ་དང༌། རིང་པོ་དང་ཐུང་ངུ་ལ་སོགས་པ་དང་བྲལ་བས་སོ། །གཅིག་དང་དུ་མ་དང་བྲལ་བས་ནི་གཅིག་དང་དུ་མས་བརྟག་མེ་བཟོད་དེ་གཞན་དུ་བཤད་པ་བཞིན་ནོ། །མ་སྐྱེས་པ་ནི་ཡོད་པ་དང་མེད་པ་མ་སྐྱེས་བས་སོ། །རང་བཞིན་གྱིས་འོད་གསལ་བ་ནི་རང་ལ་མི་རྟོག་པ་དང༌། དྲི་མ་དང་བྲལ་བས་ནི་རང་བཞིན་གྱིས་འོད་གསལ་བའོ། །སྩོགས་པ་སྨོས་པ་ནི་མུ་བཞི་སྐྱེ་བ་དང་བྲལ་བས་སམ། རང་དང་གཞན་དང་གཉིས་ཀ་དང༌། རྒྱུ་མེད་པ་ལ་སོགས་པ་སྐྱེ་བ་དང་བྲལ་བ་དང༌། ཡང་དག་པར་ན་ཡོད་མེད་ཀྱི་མཐའ་ལས་འདས་ཏེ་སྒྱུ་མ་ལྟ་བུའོ། །རིགས་པའི་མཚོན་གྱིས་ཞེས་པ་ནི་རིགས་པ་ཉིད་མཚོན་དང་འདྲ་སྟེ་གཅོད་པར་བྱེད་ཅིང་འཇིག་པར་བྱེད་པས་སོ། །ཡེ་ཤེས་སྣང་བའི་རྒྱན་ལས་ཀྱང༌། སངས་རྒྱས་རྣམས་ཀྱིས་ནམ་ཡང་ནི། །གཏན་དུ་ཆོས་རྣམས་ཐམས་ཅད་དག །སེམས་མ་རྙེད་ཅིང་ཆོས་མཁྱེན་པ། །དམིགས་མི་མངའ་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །མ་གྲུབ་པར་རྟོགས་པས་ནི་སྦྱོར་བའི་ཤེས་པས་སོ། །དེ་ལྟར་གཉིས་པོ་ཅིའི་ངོ་བོར་ཡང་མ་གྲུབ་ཅེས་བྱ་བ་ནི་ཏིང་ངེ་འཛིན་གྱིས་སྟོན་པར་བྱེད་དོ། །གཉིས་པོ་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའོ། །མ་གྲུབ་པ་ནི་དོན་དམ་པར་མ་གྲུབ་པ་སྟེ། གཞན་གྱི་རྟོག་པ་བཀག་པའོ། །སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་མི་འགྲུབ་སྟེ་ཞེས་བྱ་བས་ནི་བདག་ཉིད་ཀྱི་རྟོག་པ་འགོག་པར་བྱེད་དོ། །ཤེས་རབ་ནི་དངོས་པོའི་བྱེ་བྲག་ཡིན་པས་དངོས་པོ་མ་གྲུབ་ན་ཤེས་རབ་དེ་ཉིད་ཀྱང་མི་འགྲུབ་སྟེ། ཤིང་མ་གྲུབ་ན་ཤ་པ་ལ་སོགས་པ་བཀག་པ་བཞིན་ནོ། །


DTG110_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་བསྲེག་བྱ་ཚིག་པའི་མེ། །བསྲེག་བྱ་ཚིག་ནས་མི་གནས་ལྟར། །ཞེས་པ་དང༌། ཡང་གོང་དུ་བསྡུས་པའི་ཚུལ་གྱིས་སེམས་མ་གྲུབ་ན་སེམས་ལས་བྱུང་བ་ཡང་མི་འགྲུབ་སྟེ། ཉི་མ་དང་འོད་ཟེར་བཞིན་ནོ། །སེམས་ནི་དེ་ལྟར་བཀག་པའི་ཕྱིར། །སེམས་ལས་བྱུང་བ་རྣམས་ཀྱང་བསལ། །ཞེས་པའོ། །དཔེར་ན་ཤིང་གཉིས་དྲུད་པ་ལས། མེ་འབྱུང་བའི་རྐྱེན་གྱིས་ཞེས་བྱ་བ་ལ་སོགས་པ་ནི་ལུང་གི་སྒོ་ནས་འཆད་པར་བྱེད་དོ། སོ་སོར་རྟོག་པའི་ཤེས་རབ་ནི་མེ་དང་འདྲ་ལ། རྟོག་པ་ཐམས་ཅད་ནི་བུད་ཤིང་དང་འདྲ་བར་གསུངས་ཏེ། ཇི་སྐད་དུ། འགྲོ་བའི་ཆོས་ཀུན་རྣམ་ཤེས་ཀྱི། །མེ་ཡི་བུད་ཤིང་ཡིན་པར་འདོད། །དེ་དག་ཇི་བཞིན་རྣམ་འབྱེད་པའི། །མེ་ཡིས་བསྲེགས་ན་ཉེ་ཞིར་འགྱུར། །ཞེས་བྱ་བ་དང༌། སོ་སོར་རྟོག་པའི་མེ་དག་ཏུ། །མི་དགེའི་རྟོག་པ་ཀུན་བསྲེག་པས། །ཞེས་གསུངས་སོ། །རང་དང་སྤྱིའི་མཚན་ཉིད་ཅེས་པ་ནི་སྤྱིའི་མཚན་ཉིད་ནི་སྟོང་པ་དང་བདག་མེད་པ་ལ་སོགས་པའོ། །རང་གི་མཚན་ཉིད་དགའ་བ་དང་གདུང་བ་ལ་སོགས་པའོ། །ཤེས་རབ་དེ་ཉིད་ནི་མཉམ་པར་གཞག་པའི་ཤེས་པ་དེ་ཉིད་དོ། །སྣང་བ་མེད་པ་ནི་བདག་དང་གཞན་གྱི་རྟོག་པ་དང་བྲལ་བའོ། །དེ་ཡང། གང་ཚེ་ཤེས་དང་ཤེས་བྱ་དག །བདག་ཉིད་རྗེས་སུ་མི་མཐོང་བས། །དེ་ཚེ་མཚན་མ་མི་འབྱུང་ཕྱིར། །གནས་པ་བརྟེན་ཕྱིར་མི་བཞེངས་སོ། །ཞེས་བྱ་བས་ཀྱང་བསྟན་ཏོ། །འོད་གསལ་བ་ནི་རང་བཞིན་གྱིས་རྣམ་པར་དག་པས་སོ། །མཐའ་དང་བྲལ་བ་ནི་རྟག་ཆད་ལ་སོགས་པ་དང་བྲལ་བའོ། །ཅིར་ཡང་མ་གྲུབ་པ་ནི་གཅིག་པ་དང་དུ་མ་ལ་སོགས་པ་གང་དུ་ཡང་མ་གྲུབ་པས་སོ། །བྱིང་བ་དང་རྒོད་པ་ལ་སོགས་པ་ཐམས་ཅད་ནི་ཏིང་ངེ་འཛིན་གྱི་སྐྱོན་ཏེ། དེ་ཡང་བྱིང་བ་ནི་ནང་དུ་རྨུགས་པའོ། །རྒོད་པ་ནི་སེམས་རྣམ་པར་གཡེངས་པའོ། །སྩོགས་པས་ནི་མཚན་མ་གཞན་དག་ཀྱང་ངོ༌། །གནས་སྐབས་དེར་ནི་མཉམ་པར་གཞག་པའི་གནས་སྐབས་དེར་རོ། །ཅིར་ཡང་མི་འཛིན་པ་ནི་གཟུང་བ་དང་འཛིན་པའི་རྟོག་པ་དང་བྲལ་བས་སོ། །དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་པ་ནི་འདས་པ་དང་མ་འོངས་པ་ལ་དམིགས་པའི་རྟོག་པ་སྤངས་


DTG110_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

པའི། གཟུགས་སྡུ་གུ་ལ་སོགས་པ་སྤངས་པའོ། །རྣམ་པར་རྟོག་པའི་དགྲའམ་ཆོམ་རྐུན་གྱི་དགྲའམ་ཆོམ་རྐུན་དང་འདྲ་སྟེ། ཏིང་ངེ་འཛིན་གྱི་ནོར་འཕྲོགས་པས་དགྲ་སྟེ། དེའི་ཕྱིར་ཤེས་བཞིན་གྱི་བྱ་ར་བས་དེ་དག་སྤང་བའོ། །དེ་ཡང་ཇི་སྐད་དུ། སེམས་ཀྱི་གླང་པོ་ལོག་འགྲོ་བ། །དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་པས་ངེས་བཅིངས་ནས། །ཤེས་རབ་ལྕགས་ཀྱུས་རིམ་དབང་བྱ། །ཞེས་གསུངས་སོ། །ཐ་སྙད་དུ་ནི་མ་ཆེན་པོ་དམིགས་ན་སྤུ་ལངས་པའི་བྱེ་བྲག་བཀག་པ་བཞིན་ནོ། །དེའི་ཕྱིར་ཚོགས་གཉིས་བསགས་པས་གཉིས་སུ་སྣང་བ་བསྐྱེད་པར་མི་རིགས་སོ། །གལ་ཏེ་བཅོམ་ལྡན་འདས་ནི་སྒྱུ་མའི་མཁན་པོ་བཞིན་དུ་སྒྱུ་མ་ལ་སྒྱུ་མ་ཉིད་དུ་མཁྱེན་ཅིང་བདེན་པ་ཉིད་དུ་ཞེན་པ་མི་འབྱུང་བས་དེ་ཉིད་མ་འཁྲུལ་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་བདག་ཏུ་སྨྲ་བ་རྣམས་ཀྱིས་ཀྱང་བདག་ལ་བདག་རྟག་པ་ཉིད་དུ་ཤེས་པ་དང༌། ཉན་ཐོས་ཀྱིས་ཀྱང་དངོས་པོ་ལ་དངོས་པོ་ཉིད་དུ་ཤེས་པ་དང༌། སེམས་ཙམ་དུ་སྨྲ་བས་ཀྱང་རང་རིག་ལ་དོན་དམ་ཉིད་དུ་ཤེས་པ་དེ་ཉིད་མ་འཁྲུལ་པ་ཡིན་ནོ་ཞེས་བརྗོད་ན་ཇི་སྐད་དུ་སྨྲ་བར་བྱ། གལ་ཏེ་བདག་ལ་སོགས་པ་ནི་དངོས་པོ་ནི་ཤེས་བྱ་ལ་མི་གནས་ཏེ། ཚད་མས་གནོད་ཅིང་ཚད་མས་མ་གྲུབ་པས་ན་སྒྲོ་བཏགས་པ་ཙམ་དུ་ཟད་པས་དེར་འཛིན་པ་ནི་འཁྲུལ་པ་ཉིད་དུ་འགྱུར་གྱི། སྒྱུ་མ་ཙམ་དུ་ནི་ཚད་མས་གྲུབ་ཅིང་ཚད་མས་མི་གནོད་པ་དེ་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་འཁྲུལ་པར་མི་འགྱུར་རོ་ཞེ་ན་དེ་ནི་མི་རིགས་ཏེ། ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཀྱི་ཤེས་བྱ་ལ་སྒྱུ་མ་ལྟ་བུར་གནས་པ་ནི་གང་དུ་ཡང་མ་གྲུབ་སྟེ། ཤེས་པ་མ་འཁྲུལ་བའི་ཤེས་བྱ་ལ་རབ་རིབ་ལ་སོགས་པ་མི་གནས་པ་བཞིན་ནོ། །གལ་ཏེ་ཀུན་རྫོབ་ཇི་ལྟར་སྣང་བ་བཞིན་དུ་མ་མཁྱེན་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་མི་འགྱུར་རོ་ཞེ་ན། དེ་ལྟར་ན་ནི་དབང་པོ་སྐྱོན་མེད་ཀྱི་མངོན་སུམ་ལ་སྒྱུ་མའི་རྟ་དང་རབ་རིབ་ལ་སོགས་པ་མི་སྣང་བས་མངོན་སུམ་མ་ཡིན་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་འཁྲུལ་པ་སྤངས་པའི་ཡེ་ཤེས་ལ་བརྫུན་པ་མི་རིགས་ཏེ། བརྫུན་པ་སྣང་ན་ནི་ཡེ་ཤེས་དེ་ཉིད་ཀྱང་འཁྲུལ་པ་ཉིད་དུ་འགྱུར་ཏེ། སྨིག་རྒྱུ་ལ་ཆུ་ར་ཤེས་པ་བཞིན་ནོ། །དེ་ལྟ་མ་ཡིན་ན་ཡུལ་དེ་ཡང་དངོས་པོ་ཉིད་དུ་འགྱུར་བ་དང༌། ཤེས་པ་གང་


DTG110_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འཁྲུལ་པ་ཉིད་དུ་མི་འགྱུར་རོ། །དེའི་ཕྱིར་མཐར་ཐུག་པའི་ཡེ་ཤེས་ལ་གཉིས་སུ་སྣང་བའི་མཚན་མ་ག་ལ་འབྱུང༌། གཉིས་སུ་སྣང་བ་དང་མཚན་མ་འཁྲུལ་པ་ནི་མིང་ཙམ་ཐ་དད་ཀྱི་དོན་ཐ་དད་མེད་དོ། །མདོ་ལས་ཇི་སྐད་དུ། རབ་འབྱོར་གཟུགས་ནི་མཚན་མའོ། །སྒྲ་ནི་མཚན་མའོ་ཞེས་བྱ་བ་དང༌། ཡང༌། སངས་རྒྱས་དྲང་སྲོང་ཆེན་པོ་དང༌། །རྒྱལ་སྲས་རྣམས་ཀྱི་ཏིང་ངེ་འཛིན། །མཚན་མ་རྣམ་པར་སྤངས་པ་ཡིན། །འཇིག་རྟེན་རྣམས་ཀྱི་མཚན་པར་བཅས། །ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །གལ་ཏེ་ཀུན་རྫོབ་མེད་པར་དོགས་པའི་འཇིགས་པས་སྐྲག་ནས་ཡེ་ཤེས་ལ་ཀུན་རྫོབ་མི་སྣང་ན་སྣང་བ་གསལ་བར་འགྱུར་རོ་ཞེ་ན། དེ་ནི་མི་རིགས་ཏེ། མི་སྣང་བ་ལ་གསལ་བས་མ་ཁྱབ་པས་མ་དེས་པ་ཉིད་དུ་འགྱུར་རོ། །དབང་པོ་སྐྱོན་མེད་ཀྱི་ཤེས་པ་ལ་ཟླ་བ་གཉིས་པ་དང༌། རབ་རིབ་ལ་སོགས་པ་མི་སྣང་སྟེ། ཤེས་པ་དེས་དེ་དག་གསལ་བ་མ་ཡིན་པ་བཞིན་ནོ། །ཤེས་རབ་དང་ཡེ་ཤེས་ཀྱིས་བརྟགས་ན་ནི་བདེན་པ་དང་བརྫུན་པ་དང༌། ཡོད་པ་དང་མེད་པ་དང༌། ཆོས་གང་ཡང་གནས་པ་མེད་བས་རབ་ཏུ་མི་གནས་པའི་དབུ་མ་ཞེས་བྱ་སྟེ། ཇི་སྐད་དུ། གང་བློ་ཡོད་དང་མེད་པ་ལས། །རྣམ་པར་འདས་ཤིང་མི་གནས་པ། །དེ་དག་ཟབ་མོ་དམིགས་མེད་པའི། །རྐྱེན་གྱི་དོན་ལ་རྣམ་པར་བསྒོམ། །ཞེས་གསུངས་སོ། །འདིས་ནི་ཐོས་བསམ་གྱི་རིམ་པ་ཡང་བཤད་པ་ཡིན་ནོ། །དེ་ལས་གཞན་དུ་ཐ་སྙད་ཀྱི་ཚད་མ་འི་ཡུལ་དུ་ཀུན་རྫོབ་ཐམས་ཅད་གནས་པ་ཡིན་པས་བཀག་པ་ནི་མ་ཡིན་ནོ། །ཏིང་ངེ་འཛིན་ནི་དམིགས་པ་ལ་སེམས་རྩེ་གཅིག་པ་སྟེ། དེ་མ་ཐག་ཏུ་བསམ་གྱིས་མི་ཁྱབ་པའི་སྐུ་གསུམ་འགྲུབ་པའི་རྒྱུ་ནུས་པ་ཐོགས་པ་མེད་པ་ཡིན་ནོ། །མངོན་སུམ་དུ་བྱས་ཕན་ཆད་ནི། །ཞེས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ཐོབ་ཕན་ཆད་ནི་མཉམ་པ་ཉིད་དུ་བྱང་ཆུབ་པས་ཡེ་ཤེས་ཀྱི་བྱེ་བྲག་ཐ་དད་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གཅིག་སྟེ། གངྒཱ་དང༌། སིནྡྷུ་དང༌། པཀྵུ་ལ་སོགས་པ་ཆུའི་བྱེ་བྲག་ཐ་དད་ཀྱང་རྒྱ་མཚོ་ཆེན་པོའི་རང་བཞིན་དུ་གཅིག་སྟེ། ཇི་སྐད་དུ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །


DTG110_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་སྟེ། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་རབ་ཏུ་བཤད། །ཅེས་གསུངས་པས་སོ། །རྗེས་ཐོབ་མི་མངའ་བ་ནི་མཚན་མ་མི་འབྱུང་བས་སོ། །དུས་ནི་སྔ་ཕྱི་ལ་སོགས་པའོ། །མཉམ་པར་གཞག་པ་ནི་ཆོས་ཀྱི་དབྱིངས་ལས་མ་གཡོས་པས་སོ། །ཇི་སྐད་དུ། གླང་ཆེན་བཞུགས་ཀྱང་མཉམ་པར་བཞུགས། །གླང་ཆེན་བཞེངས་ཀྱང་མཉམ་པར་བཞེངས། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གཉིས་སུ་སྣང་བའི་མཚན་མ་འབྱུང་ནའོ། །ཁྱད་པར་མེད་པ་ནི་སློབ་མའི་ལམ་ལ་གནས་པ་དང༌། ཁྱད་པར་མེད་པ་དང༌། གཟུང་བ་དང་འཛིན་པའི་འཁྲུལ་རྟོག་མ་སྤངས་པ་སྟེ། མཉམ་པ་ཉིད་དུ་བྱང་ཆུབ་པར་མི་འགྱུར་བས་གཉིས་སུ་སྣང་བའི་མཚན་མ་འབྱུང་བར་མི་རིགས་པའོ། །ཇི་སྐད་དུ། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །མཚན་མ་ཐམས་ཅད་སྤངས་ཕྱིར་རོ། །ཞེས་བྱ་བ་དང༌། ཡང་རབ་འབྱོར་ཡེ་ཤེས་ལ་ཡུལ་མེད་དོ། །ཡེ་ཤེས་ལ་ཡུལ་ཡོད་ན་ཡེ་ཤེས་མི་ཤེས་པར་འགྱུར་རོ་ཞེས་གསུངས་པས་མཚན་མ་ག་ལ་འབྱུང༌། གལ་ཏེ་གཉིས་སུ་སྣང་བ་མི་འབྱུང་ན་ཡེ་ཤེས་ཀྱི་སྣང་བ་རྒྱུན་ཆད་པར་འགྱུར་བ་དང༌། སྨོན་ལམ་བཏབ་པ་དང༌། ཚོགས་བསགས་པ་ཡང་དོན་མེད་དོ་སྙམ་པ་ལ། གཞན་གྱི་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་མི་རྟོག་པའི་ངང་ལས་གཟུགས་སྐུ་གཉིས་འབྱུང་ཞིང༌། སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་མཛད་པར་གསུངས་སོ། །རྣམ་རྟོག་མི་མངའ་ཡང་སེམས་ཅན་གྱི་དོན་འབྱུང་བ་ནི་འགལ་བ་མེད་དོ། །རྒྱ་མཚོ་ལས་རླབས་འབྱུང་བ་དང༌། ཉི་མ་ལས་འོད་འབྱུང་བ་དང༌། ཡིད་བཞིན་གྱི་ནོར་བུ་ལས་དགོས་འདོད་འབྱུང་བ་ལྟ་བུ་སྟེ། གཞན་ལས་ཀྱང་མཆོད་སྡོང་ལ་སོགས་པའི་དཔེས་རྟོག་པ་མི་མངའ་ཡང་སེམས་ཅན་གྱི་དོན་འབྱུང་བར་བསྟན་ཏོ། །རིགས་པ་ནི་གནོད་པ་ཅན་གྱི་ཚད་མའོ། །ལུང་ནི་སངས་རྒྱས་ཀྱི་བཀའོ། །མི་བརྗོད་པ་ནི་མངས་ཀྱིས་དོགས་པའོ། །གཞན་གྱི་དོན་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ནོ། །བསྐལ་པ་གྲངས་མེད་པ་ནི་གྲངས་ལས་འདས་པའོ། །ཚོགས་ནི་རྒྱུའི་དོན་དེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །སྨོན་ལམ་བཏབ་


DTG110_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་གཞན་གྱི་དོན་དུའོ། །གདུལ་བྱ་རྣམས་ནི་མིག་ལ་སོགས་པ་སྟེ། རྒྱུར་དག་པ་རྣམས་ཀྱིའོ། །ཇི་ལྟར་འདོད་པ་ནི་གང་དང་གང་གིས་འདུལ་བ་ལ་དེ་དང་དེའི་ངོ་བོར་སྣང་བ་སྟེ། རིགས་སྣ་ཚོགས་པ་བཞིན་དུ་མོས་པ་ཇི་ལྟ་བ་བཞིན་དུ་འགྱུར་བའོ། །ཇི་སྐད་དུ། མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་བསྟན་པ་ཡིན། །ཟབ་མོའི་ཆོས་ཉིད་བསྟན་པ་ལས། །གལ་ཏེ་མོས་པར་མ་གྱུར་ཀྱང༌། །སྨད་པ་དག་ཏུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་ལྡན་བྱ། །ཞེས་གསུངས་སོ། །དངོས་སུ་ནི་བཅོམ་ལྡན་འདས་ལ་སངས་རྒྱས་ཀྱི་སྐུ་ལ་སོགས་པ་དང༌། གཉིས་སུ་སྣང་བའི་མཚན་མ་མི་མངའ་སྟེ། དེ་ཡང༌། ཆོས་ཀྱི་དབྱིངས་ལས་མ་གཡོས་ཤིང༌། །མི་རྟོག་ངང་ལ་གནས་པའོ། །དེ་ཡང་ཇི་སྐད་དུ། གང་ཞིག་ང་ལ་གཟུགས་སུ་མཐོང༌། །ཞེས་གསུངས་སོ། །དེའི་ཕྱིར་ཆོས་ཀྱི་སྐུ་ནམ་མཁའ་ལྟ་བུ་སྟེ། ནམ་མཁའ་ལ་ནི་མཐའ་དང་དབུས་དང་ཁ་དོག་དུ་མ་ལ་སོགས་པའི་ཐ་དད་པ་གང་ཡང་མེད་ཀྱང་སེམས་ཅན་རྣམས་ཀྱིས་མཐའ་དང་དབུས་དང་སྔོན་པོ་དང་སེར་པོ་དང་ཐ་དད་དུ་མར་རྟོག་གོ །གལ་ཏེ་གཟུགས་ཀྱི་སྐུ་ལ་སོགས་པ་ལ་རྟོག་པ་མི་མངའ་ན་སེམས་ཅན་གྱི་དོན་མཛད་པ་འདི་མི་རིགས་སོ་ཞེ་ན། དེའི་དོན་ནི་གོང་དུ་བཤད་ཟིན་ཏོ། །ཉི་མ་ལ་རྣམ་རྟོག་མི་མངའ་ཡང་འོད་ཟེར་སྣ་ཚོགས་འབྱུང་ཞིང་དངོས་པོ་གསལ་བར་བྱེད་དོ། །ཉི་མའི་དཀྱིལ་འཁོར་དེ་ཉིད་འོད་ཟེར་མ་ཡིན་ནོ། །ཉི་མའི་དཀྱིལ་འཁོར་དེ་ཉིད་འོད་ཟེར་ཡིན་ན་ཁང་པའི་ནང་ལ་སོགས་པ་དང༌། ཡུལ་འདི་ཉིད་དུ་གནས་པར་འགྱུར་ལ། དཀྱིལ་འཁོར་དེ་ཉིད་ཀྱང་ཐ་དད་པར་འགྱུར་རོ། །འོད་ཟེར་དེ་ཉིད་ཀྱང་ཉི་མའི་དཀྱིལ་འཁོར་མ་ཡིན་ཏེ། དེ་ཉིད་ཡིན་ན་ནམ་མཁའ་དེ་ཉིད་དུ་གནས་པར་འགྱུར་ལ། དངོས་པོ་ཀུན་གསལ་བར་བྱེད་པར་ཡང་མི་འགྱུར་རོ། །དེའི་ཕྱིར་དེ་ལ་དེ་ཉིད་འོད་ཟེར་མ་ཡིན་ཡང་དེ་ལས་འོད་ཟེར་འབྱུང་ཞིང་དངོས་པོ་ཀུན་གསལ་བར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་མདོ་ལས་སངས་རྒྱས་ནམ་མཁའ་ལྟ་བུ་སྟེ། སེམས་ཅན་རྣམས་ནི་རི་ལྟ་བུའོ་ཞེས་གསུངས་པས་བསམ་གྱིས་མི་ཁྱབ་བོ། །མར་མེ་མཛད་ཀྱི་དགོངས་པ་དཔག་


DTG110_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཞིང། །དབུ་མའི་དོན་ཆེན་བློ་ཡི་ཡུལ་མིན་ཡང༌། །མི་ཤེས་བཤད་འདོད་སྟོན་པའི་དོན་ཆེད་དུ། །མན་ངག་གསལ་པོར་པྲཛྙཱ་མོ་ཀྵས་བྱས། །དགེ་བ་འདི་ཡི་བསོད་ནམས་གང་ཐོབ་དེས། །ས་ཆུ་མེ་རླུང་ནམ་མཁའ་གནས་ཀྱི་བར། །བསྟན་པ་རིན་ཆེན་འཇིག་རྟེན་གནས་གྱུར་ནས། །འགྲོ་བ་བྱང་ཆུབ་གོ་འཕང་ཐོབ་པར་ཤོག །།དབུ་མའི་མན་ངག་གི་འགྲེལ་པ་པཎྜི་ཏ་ཤེས་རབ་ཐར་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤེས་རབ་ཐར་པ་དེ་ཉིད་དང༌། དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་རྣམ་པར་གཞག་པ།


DTG110_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་རྣམ་པར་གཞག་པ་བཞུགས། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་རྣམ་པར་གཞག་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཆེན་པོ་ལ་བཀའ་སྩལ་པ། གནས་པ་དང་སྤྱད་པར་མི་བྱ་བའི་ཆོས་རྣམ་པ་བཅུ་ཡོད་དེ། གལ་ཏེ་རྣལ་འབྱོར་ཅན་དག་སྤྱོད་པ་ངན་པ་འདི་ལས་འགའ་ཙམ་གྱི་རྗེས་སུ་ཞུགས་ན་ཡང་འདོད་པའི་ཁམས་ཀྱི་དགེ་བའི་རྩ་བ་ཙམ་ཡང་ཡོངས་སུ་མི་འགྲུབ་བོ། །ཅི་སྟེ་སྔར་གྲུབ་ན་ཡང་དེ་མ་ཐག་ཏུ་ཕྱིར་སྟོར་ཅིང་ཉམས་པར་གྱུར་ན་དབུགས་དང་གཟུགས་མེད་པའི་ཏིང་ངེ་འཛིན་དང༌། ཐེག་པ་གསུམ་དང༌། ཐེག་པ་གཅིག་གི་བར་དུ་ཐོབ་པར་འགྱུར་བ་ལྟ་ཅི་སྨོས། བཅུ་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་འཚོ་བའི་ཡོ་བྱད་ཀྱིས་བྲེལ་བས་འཚོ་བའི་རྐྱེན་གྱིས་ཉོན་མོངས་པ་དང༌། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་ཚུལ་ཁྲིམས་ཉམས་ཤིང་ཁ་ན་མ་ཐོ་བ་མང་པོ་བྱེད་པ་དང༌། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་ཕྱིན་ཅི་ལོག་ཏུ་ལྟ་ཞིང་འཇིག་རྟེན་གྱི་ལྟས་བཟང་ངན་ལ་ཆགས་ཏེ་ལུས་དང་སེམས་མ་དུལ་བ་དང༌། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་སེམས་གཡོ་ཞིང་རྒོད་པས་འཕགས་པ་ལ་མི་གཞོལ་ཏེ་དབང་པོ་རྒོད་པ་དང༌། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་ཕྲ་མ་བྱེད་པ་ལས་དགའ་བས་དབྱེན་བྱེད་པ་དང༌། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་ངག་རྩུབ་པོས་འཕགས་པ་ལ་སྨོད་ཅིང་དབང་ཟ་བ་དང༌། ཁ་ཅིག་ནི་ཏིང་ངེ་


DTG110_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་བསྒོམ་འདོད་ཀྱང་ཚིག་འཁྱལ་པ་དང་བརྫུན་དུ་སྨྲ་བ་དང༌། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་འདོད་ཆགས་དང་ཕྲག་དོག་གིས་གཞན་གྱི་ཁེ་དང་བསྟི་སྟང་དང༌། རྙེད་པ་ལ་མི་དགའ་བ་དང༌། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་ཞེ་སྡང་དང་བཅས་པས་སེམས་ཅན་ལ་གནོད་སེམས་བསྐྱེད་པ་དང༌། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་ལོག་པར་ལྟ་བ་དང་བཅས་པས་རྒྱུ་དང་འབྲས་བུ་མེད་པར་བལྟའོ། །ཚངས་པ་ཆེན་པོ་དེ་ལྟར་ཤེས་པར་བྱ་སྟེ། འདི་དག་ནི་གནས་པ་དང་སྤྱད་པར་མི་བྱ་བའི་ཆོས་རྣམ་པ་བཅུ་ཞེས་བྱའོ། །གལ་ཏེ་ཏིང་ངེ་འཛིན་བསྒོམ་པ་དག་སྤྱོད་པ་ངན་པ་འདི་དག་ལས་འགའ་ཙམ་གྱི་རྗེས་སུ་ཞུགས་ན་འདོད་པའི་ཁམས་ཀྱི་དགེ་བ་ཡང་ཡོངས་སུ་མི་འགྲུབ་བོ། །ཅི་སྟེ་སྔར་གྲུབ་ན་ཡང་དེ་མ་ཐག་ཏུ་སྟོར་ཅིང་ཉམས་པར་གྱུར་ན་གཟུགས་དང་གཟུགས་མེད་པའི་ཏིང་ངེ་འཛིན་དང༌། ཐེག་པ་གསུམ་དང༌། ཐེག་པ་གཅིག་ཐོབ་པར་འགྱུར་བ་ལྟ་ཅི་སྨོས། ཚངས་པ་ཆེན་པོ་གཞན་ཡང་གནས་པ་དང༌། སྤྱད་པར་མི་བྱ་བའི་ཆོས་བཅུ་ཡོད་དེ། ཏིང་ངེ་འཛིན་བསྒོམ་པ་དག་སྤྱོད་པ་ངན་པ་འདི་དག་ལས་འགའ་ཞིག་དང་ལྡན་ན་ཏིང་ངེ་འཛིན་ཡོངས་སུ་མི་གྲུབ་པོ། །ཅི་སྟེ་སྔར་གྲུབ་ན་ཡང་དེ་མ་ཐག་ཏུ་སྟོར་ཅིང་ཉམས་པར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ལས་སུ་བྱ་བའི་དངོས་པོ་ལ་དགའ་ཞིང་ཆགས་པ་དང༌། བྲེ་མོའི་གཏམ་ལ་དགའ་ཞིང་ཆགས་པ་དང༌། གཉིད་ཀྱིས་ལོག་པ་ལ་དགའ་ཞིང་ཆགས་པ་དང༌། ཟང་ཟིང་ཚོལ་བ་ལ་དགའ་ཞིང་ཆགས་པ་དང༌། གཟུགས་བཟང་པོ་ལ་དགའ་ཞིང་ཆགས་པ་དང༌། སྒྲ་སྙན་པ་ལ་དགའ་ཞིང་ཆགས་པ་དང༌། དྲི་ཞིམ་པ་ལ་དགའ་ཞིང་ཆགས་པ་དང༌། རོ་ཞིམ་པ་ལ་དགའ་ཞིང་ཆགས་པ་དང༌། རེག་བྱ་འཇམ་པོ་ལ་དགའ་ཞིང་ཆགས་པ་དང༌། རྟོག་པ་དང་དཔྱོད་པ་ལ་དགའ་ཞིང་ཆགས་པའོ། །ཚངས་པ་ཆེན་པོ་དེ་ལྟར་ཤེས་པར་བྱ་སྟེ། གནས་པ་དང་དཔྱད་པར་མི་བྱ་བའི་ཆོས་རྣམ་པ་བཅུ་པོ་དེ་ཏིང་ངེ་འཛིན་བསྒོམ་པ་དག་སྤྱོད་པ་ངན་པ་འདི་ལས་འགའ་ཞིག་དང་ལྡན་ན་ཡང་ཏིང་ངེ་འཛིན་ཡོངས་སུ་མི་འགྲུབ་བོ། །ཅི་སྟེ་སྔར་གྲུབ་ན་ཡང་དེ་


DTG110_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐག་ཏུ་སྟོར་ཅིང་ཉམས་པར་འགྱུར་རོ། །གལ་ཏེ་ཏིང་ངེ་འཛིན་དེ་མ་གྲུབ་ན་དགེ་བའི་ཚོགས་ཅི་བསགས་ཀྱང་བདེ་བའི་དོན་དུ་མི་འགྱུར་ཏེ། གང་དག་བདག་གི་ལོངས་སྤྱོད་དང་དད་པས་སྦྱིན་པས་བ་སྒྲུབ་པའི་ཕྱིར་སེམས་དང་སེམས་ལས་བྱུང་བའི་ཆོས་ངན་པ་སྐྱེ་བར་འགྱུར་རོ། །དེའི་རྐྱེན་གྱིས་རྒྱལ་པོ་དང་བློན་པོ་ཆེན་པོའི་ཁྲིམས་དང་ཡང་འགལ་བར་བྱེད་དེ། ཁ་ཅིག་ལ་ནི་གཤེ་ཞིང་སྤྱོ་བ་ཡང་བྱེད་དེ། ཁ་ཅིག་ལ་ནི་ལྕག་གིས་གཞུ་བ་དང༌། ཁ་ཅིག་ལ་ནི་ལུས་ཀྱི་ཡན་ལག་དང༌། ཉིང་ལག་གཅོད་ཅིང་སྲོག་གཅོད་པར་ཡང་བྱེད་དོ། །དེའི་རྒྱུ་དེའི་རྐྱེན་གྱིས་ནད་དྲག་པོས་འདེ་བས་ཤིང་ཡུན་རིང་པོར་སྡུག་བསྔལ་མྱོང་བ་དང༌། ཚེ་ཐུང་བ་དང༌། འཆི་འཕོས་ནས་ཀྱང་ངན་སོང་གསུམ་གང་ཡང་རུང་བ་ཅིག་གི་ནང་དུ་སྐྱེ་བ་ནས། མཚམས་མེད་པའི་སེམས་ཅན་དམྱལ་བའི་བར་དུ་ལྟུང་བར་འགྱུར་ཏེ། ཨ་ཏྲ་ཀ་དང༌། ཨ་ར་ད་ཀ་དང༌། ལྷ་མིན་ལ་སོགས་པ་དང་འདྲ་བར་བསམ་གཏན་ལས་ཉམས་ནས། མཚམས་མེད་པའི་སེམས་ཅན་དམྱལ་བའི་བར་དུ་ལྟུང་ཞིང་རྣམ་པ་ཚད་མེད་པ་སྙེད་ཀྱི་སྡུག་བསྔལ་ཆེན་པོ་མི་བཟོད་པ་ཀུན་མྱོང་བར་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཅང་ཤེས་ཀཽཎྜི་ནྱ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་པས་མཐར་གནས་ཤིང་ཏིང་ངེ་འཛིན་བསྒོམ་པའི་དགེ་སློང་དག་གནས་ཁང་མཆོག་དག་ན་གནས་ཤིང༌། མལ་ཆ་མཆོག་དང༌། ཁ་ཟས་མཆོག་ལ་སྤྱོད་ཅིང་དགེ་འདུན་གྱི་ལས་ཐམས་ཅད་མི་བྱེད་པར་གནང་ངོ༌། །ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་བསྒོམ་པ་དག་གལ་ཏེ་འཚོ་བའི་ཡོ་བྱད་ཀྱིས་བྲེལ་བར་གྱུར་ན་སེམས་དང་སེམས་ལས་བྱུང་བའི་ཆོས་ངན་པ་སྐྱེ་ཞིང་ཏིང་ངེ་འཛིན་ཐམས་ཅད་མི་གྲུབ་པ་ནས། མཚམས་མེད་པའི་སེམས་ཅན་དམྱལ་བའི་པར་དུ་ལྟུང་ཞིང་མི་ཟད་པའི་སྡུག་བསྔལ་ཆེན་པོ་རྣམ་པ་ཚད་མེད་པ་སྙེད་མྱོང་བར་འགྱུར་རོ། །ཏིང་ངེ་འཛིན་བསྒོམ་པ་དག་གལ་ཏེ་འཚོ་བའི་ཡོ་བྱད་དང་ལྡན་ན་ཏིང་ངེ་འཛིན་མ་གྲུབ་པ་ཡང་གྲུབ་པ་དང༌། སྔར་གྲུབ་པ་དག་ཀྱང་མི་ཉམས་སོ། །དེའི་དབང་གིས་མི་དགེ་བའི་ཆོས་ཐམས་ཅད་མི་སྐྱེ་བ་ནས་གཞུང་དེ་བཞིན་དུ་རྒྱས་པར་མི་དགེ་བའི་རྟོག་པ་དང་དཔྱོད་པའི་བར་དུ་མི་སྐྱེ་ལ། མཐོ་རིས་ཀྱི་ལྷར་


DTG110_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ནས་མྱ་ངན་ལས་འདས་པའི་བར་དུ་ཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་བསྒོམ་པ་དག་གལ་ཏེ་ཏིང་ངེ་འཛིན་མ་གྲུབ་ན་ནམ་གྱི་སྟོད་དང༌། ནམ་གྱི་སྨད་ལ་མི་ཉལ་བར་བྱ་སྟེ་བརྩོན་འགྲུས་སུ་བསླབ་ཅིང་བསྒོམ་པ་དང༌། འདུ་འཛི་ཡོངས་སུ་སྤངས་ཏེ་འདོད་པ་ཉུང་ཞིང་ཆོག་ཤེས་པར་བྱ་བ་ན། ཅི་ལ་ཡང་མི་ཆགས་པ་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། ཁོང་ཁྲོ་བ་དང༌། འཆབ་པ་དང༌། འཁྲུག་པ་དང༌། འཚེ་བ་དང༌། ང་རྒྱལ་དང༌། རྒྱགས་པ་དང༌། ཕྲག་དོག་དང༌། འཇུངས་པ་དང༌། ཕྲ་མ་དང༌། ངག་རྩུབ་པོ་དང༌། བརྫུན་དང༌། འཇིག་རྟེན་གྱི་རྩོད་པ་དང༌། བག་མེད་པ་ཐམས་ཅད་ཡོངས་སུ་སྤང་ངོ༌། །གང་དེ་ལྟར་ནན་ཏན་བྱེད་པ་དེ་ནི་བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་བཞི་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པས་བསྟོད་པ་དང་བསྔགས་པ་དང༌། ཕྱག་དང༌། བསྟི་སྟང་དང༌། རིམ་གྲོ་དང༌། བསྙེན་བཀུར་ལ་སོགས་པ་དང༌། སྦྱིན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ཀྱང་བླང་བར་བྱ་ན། རྒྱལ་རིགས་དང༌། བྲམ་ཟེ་དང༌། རྗེ་རིགས་ལ་སོགས་པའི་མཆོད་པ་ལེན་པ་ལྟ་ཅི་སྨོས། ཏིང་ངེ་འཛིན་མ་ཐོབ་པ་དག་ཀྱང་དེ་དག་གིས་བསྟོད་པ་དང༌། བསྔགས་པ་དང༌། ཕྱག་དང༌། བཀུར་སྟི་དང༌། རིམ་གྲོ་དང༌། བསྙེན་བཀུར་དང༌། སྦྱིན་པ་དང༌། མཆོད་པ་བདག་གི་བྱེད་དུ་དབང་ན་ཏིང་ངེ་འཛིན་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཏིང་འཛིན་བསྒོམས་པས་ཐེ་ཚོམ་གཅོད་འགྱུར་ཏེ། །དེ་མ་གཏོགས་པ་གཞན་གྱིས་ནུས་མ་ཡིན། །དེ་བས་ཏིང་འཛིན་བསྒོམ་པ་མཆོག་ཡིན་གྱི། །མཁས་པ་དག་གིས་དེ་ལ་མཆོད་པར་བྱ། །ཤིན་ཏུ་རྒྱས་པ་ཆེན་པོ་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་བྱུང་བ་གནས་པ་དང་སྤྱད་པར་མི་བྱ་བ་སྟེ། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་རྣམ་པར་གཞག་པ་རྫོགས་སོ།། །།རྒྱའི་མཁན་པོ་ཧ་ཤང་ཟབ་མོ་ལ་སོགས་པ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་རྣམ་པར་མི་རྟོག་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

བསྒོམ་པའི་རིམ་པ་མདོ་ཀུན་ལས་བཏུས་པ།


DTG110_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའི་རིམ་པ་མདོ་ཀུན་ལས་བཏུས་པ་བཞུགས། བསྒོམ་པའི་རིམ་པ་མདོ་ཀུན་ལས་བཏུས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དལ་འབྱོར་རྙེད་དཀའ་བཤེས་གཉེན་བསྟེན། །སྟོན་པ་རྗེས་དྲན་མི་རྟག་བསྒོམ། །ཡིད་འབྱུང་བ་དང་འཕགས་པའི་བདེ་ན། །མི་ལྡོག་ང་ཡི་འཁོར་ལོ་དང༌། །འཁོར་གསུམ་ཡོངས་སུ་དག་པའི་གཏམ། །བརྒྱད་པོ་འདི་ནི་སྤྱི་སྡོམ་ཡིན། །དལ་འབྱོར་གྱི་རྟེན་རྙེད་པར་དཀའ་བ་ནི་གཙུག་ན་རིན་པོ་ཆེས་ཞུས་པ་ལས། དལ་འབྱོར་མིར་སྐྱེ་རྙེད་པ་ཤིན་ཏུ་དཀའ། །འདྲེན་པ་མཐོང་བ་ཤིན་ཏུ་རྙེད་པར་དཀའ། །ཞི་བའི་ཆོས་ཀྱང་ཐོས་པ་རྙེད་པར་དཀའ། །ཚུལ་ཁྲིམས་དད་པའང་ཤིན་ཏུ་རྙེད་པར་དཀའ། །ཞེས་གསུངས་སོ། །ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པ་ལས་ཀྱང༌། མི་ཁོམ་བརྒྱད་པོ་ཐམས་ཅད་རྣམ་སྤངས་ཤིང༌། །ཁོམ་པ་ཕུན་སུམ་ཚོགས་པ་རྙེད་དཀའ་ཐོབ་འགྱུར་ལ། །སངས་རྒྱས་འབྱུང་དང་ཡུན་དུ་གནས་པ་དང༌། །དེ་བཞིན་བསྟན་ལ་དད་པ་ཐོབ་པ་དཀའ། །མི་ཡི་སྲིད་པ་རྙེད་པར་དཀའ་བས་ན། །རྒྱལ་བ་རྣམས་ཀྱི་བསྟན་ལ་ལེགས་བརྩོན་གྱིས། །སྒྲ་ལ་འཆེལ་ཅིང་འདུག་པར་མ་བྱེད་པར། །ཆོས་ཐོས་གྱུར་ནས་རྟག་ཏུ་ནན་ཏན་གྱིས། །ཆོས་སྨྲའི་དགེ་བའི་བཤེས་གཉེན་གང་ཡིན་བསྟེན་གྱིས་ལ། །སྡིག་པའི་གྲོགས་ལ་ལན་འགའ་འང་མ་བསྟེན་ཅིག །ཅེས་གསུངས་སོ། །མྱ་ངན་ལས་འདས་པའི་མདོ་ལས་ཀྱང༌། དགེ་སློང་དག་མི་ཁོམ་པ་བརྒྱད་དང་བྲལ་ཏེ། མིའི་ལུས་ཐོབ་པར་དཀའ་བ་ཐོབ་ནས་ང་དང་ཕྲད་པར་གྱུར་ན་དོན་མེད་པར་ཆུད་མི་གསན་ནོ། །དེ་བས་ན་ཁྱེད་རྣམས་བག་མེད་པར་མི་བྱའོ། །དགེ་སློང་དག་ཇི་ལྟར་ན་ཡང་དག་པའི་ཆོས་ཀྱི་རིན་པོ་ཆེའི་མཁར་བརྒྱན་ཅིང༌། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་ར་བ་དང༌། འོབས་དང་ཉེ་འཁོར་ལྟ་བུར་འགྱུར་བ་སོམས་ཤིག །ཁྱེད་སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་མཁར་ལྟ་བུ་ལ་ཕྲད་པའི་འོག་ཏུ་ཡང་དག་པ་མ་ཡིན་པ་སྒྱུ་མ་དང་བཅས་པ་ཁས་ལེན་པ་མི་རིགས་སོ། །དཔེར་ན་ཚོང་དཔོན་དག་རིན་པོ་ཆེ་ཡང་དག་པའི་གླིང་དུ་ཕྱིན་ན་གྱོ་མོ་དང་རྡོ་


DTG110_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ཏེ་ཕྱིར་ཁྱིམ་དུ་འོངས་པ་དང་འདྲ་བར་ཁྱེད་ཀྱང་རིན་པོ་ཆེའི་གླིང་དུ་ཕྱིན་ནས་རྫས་སྒྱུ་མ་དག་ལེན་ཏོ། །དགེ་སློང་དག་ཞུམ་པའི་བསམ་པས་ཆོག་པའི་སེམས་མ་སྐྱེད་ཅིག །ཁྱེད་རྣམས་རབ་ཏུ་བྱུང་མོད་ཀྱི། ཐེག་པ་ཆེན་པོ་ལ་མོས་པར་མི་བྱེད་དོ། །དགེ་སློང་དག་ཁ་དོག་བསྒྱུར་བའི་གོས་ངུར་སྨྲིག་གྱོན་མོད་ཀྱི། སེམས་ཐེག་པ་ཆེན་པོ་ལ་ཡང་དག་པའི་ཆོས་ལ་ཞེན་པར་མ་གྱུར་ཏོ། །དགེ་སློང་དག་བསོད་སྙོམས་ལ་ཞུགས་ཏེ་ཀུན་ཏུ་རྒྱུ་མོད་ཀྱི་ཐེག་པ་ཆེན་པོའི་ཟས་མ་མྱོང་ངོ༌། །དགེ་སློང་དག་སྐྲ་དང་ཁ་སྤུ་བྲེགས་མོད་ཀྱི་ཡང་དག་པའི་ཆོས་ཀྱི་ཀུན་ནས་ཉོན་མོངས་པ་མེད་པར་མ་བྱས་སོ། །དེ་བས་ན་ཁྱེད་རྣམས་ཀྱིས་དཔའ་ཞིང་རྟུལ་ཕོད་པའི་སེམས་ཀྱིས་ཀུན་ནས་ཉོན་མོངས་པ་གཞོམ་པ་ལ་བརྩོན་པར་གྱིས་ཤིག་ཅེས་གསུངས་སོ། །དགེ་བའི་བཤེས་གཉེན་བརྟེན་པ་ནི་མྱ་ངན་ལས་འདས་པའི་མདོ་ལས། དགེ་བའི་བཤེས་གཉེན་བརྟེན་པ་ནི་ལམ་སྟེ། དགེ་བའི་བཤེས་གཉེན་ལ་བརྟེན་ན་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ་ཞེས་གསུངས་སོ། །དེ་ཉིད་ལས་དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་མི་དགེ་བ་བཅུ་སྤོང་བར་བྱེད་ཅིང་དགེ་བ་བཅུ་སྤྱོད་པར་བྱེད་དེ། དོན་དེ་ལྟ་བས་ན་དགེ་བའི་བཤེས་གཉེན་ཞེས་བྱའོ། །ཡང་དག་པའི་ཆོས་ཇི་ལྟ་བ་བཞིན་དུ་སྟོན་ཅིང་ཇི་ལྟར་བསྟན་པ་བཞིན་དུ་སྤྱོད་པའོ། །ཇི་ལྟར་ཞེ་ན། འདི་ལྟར་བདག་སྲོག་མི་གཅོད་པས་གཞན་ལ་སྲོག་མི་གཅོད་པ་སྟོན་པ་ན་བདག་ཡང་དག་པའི་ལྟ་བ་ལ་ནན་ཏན་བྱེད་པ་ནས་གཞན་ཡང་ཡང་དག་པའི་ལྟ་བ་ལ་ནན་ཏན་བྱེད་དུ་འཇུག་སྟེ། དེ་ནི་ཡང་དག་པའི་དགེ་བའི་བཤེས་གཉེན་ཞེས་བྱའོ། །བདག་བྱང་ཆུབ་ལ་ནན་ཏན་བྱེད་པས་གཞན་ཡང་དེ་ལ་དགོད་པ་དང༌། བདག་དད་པ་དང༌། ཚུལ་ཁྲིམས་དང༌། སྦྱིན་པ་དང༌། མང་དུ་ཐོས་པ་དང༌། ཤེས་རབ་བསྒོམས་པས་གཞན་ཡང་དེ་ལ་འགོད་པ་དང༌། དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་དགེ་བའི་ཆོས་སྤྱོད་པའི་ཕྱིར་རོ། །དགེ་བའི་ཆོས་གང་ཞེ་ན། འདི་ལྟར་ཅི་བྱེད་དོ་ཅོག་བདག་ལ་བདེ་


DTG110_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་སྦྱོར་གྱི། རྟག་ཏུ་སེམས་ཅན་དག་བདེ་བར་སྦྱོར་བ་དང༌། གཞན་གྱི་ཉེས་པ་མཐོང་ཡང་སྐྱོན་མི་སྨྲ་བ་སྟེ། རྟག་ཏུ་དགེ་བའི་ཆོས་འབའ་ཞིག་སྨྲའོ་ཞེས་གསུངས་སོ། །དཀོན་མཆོག་སྤྲིན་ལས་དེ་བླ་མ་ལ་བརྟེན་ན་དགེ་བའི་ཆོས་འཕེལ་བ་དང་སྡིག་པ་འགྲིབ་པོ་སྙམ་སྟེ་མཁན་པོ་ཐོས་པ་མང་ཡང་རུང༌། ཉུང་ཡང་རུང༌། ཤེས་སམ་མི་ཤེས་ཀྱང་རུང༌། ཚུལ་ཁྲིམས་ལྡན་ནམ་མི་ལྡན་ཡང་རུང་སྟེ། དེ་ལ་སྟོན་པའི་འདུ་ཤེས་བསྐྱེད་དོ། །ཇི་ལྟར་སྟོན་པ་ལ་དགའ་ཞིང་དད་པ་ལྟར་མཁན་པོ་ལ་ཡང་བྱེད་དོ་ཞེས་འབྱུང་ངོ༌། །རྒྱལ་བའི་ཡུམ་ལས་ཀྱང་རིགས་ཀྱི་བུ་ཁྱོད་ཀྱིས་སྡིག་པའི་གྲོགས་པོ་དག་ཡོངས་སུ་སྤང་བར་བྱའོ། །དགེ་བའི་བཤེས་གཉེན་གང་ཆོས་ཐམས་ཅད་སྟོང་པ་ཉིད་དང༌། མཚན་མ་མེད་པ་ལ་སོགས་པར་སྟོན་པ་དག་ལ་ཁྱོད་ཀྱིས་བསྙེན་པར་བྱ། གུས་པར་བྱ། བསྙེན་བཀུར་བྱའོ་ཞེས་བྱ་བ་ནས་རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ་ཤིན་ཏུ་གུས་པ་བསྐྱེད་པར་བྱའོ། །ཕོངས་པར་བྱའོ། །རབ་ཏུ་དང་བར་བྱའོ། །དགེ་བའི་བཤེས་གཉེན་གྱིས་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་གསུངས་སོ། །སངས་རྒྱས་རྗེས་སུ་དྲན་པ་ནི་མྱ་ངན་ལས་འདས་པའི་མདོ་ལས། ཆོས་གཅིག་ལ་གང་བསྒོམ་ཞིང་ནན་ཏན་བྱེད་པ་དེས་སེམས་ཅན་ཐམས་ཅད་ཀྱི་མྱ་ངན་དང༌། སྡུག་བསྔལ་དང༌། འཁྲུག་པ་རྣམས་བྱང་ཞིང་དག་པའི་ཆོས་ཐོབ་པར་གསུངས་པ་ནི་འདི་ལྟ་སྟེ། །སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ནོ་ཞེས་གསུངས་སོ། །སངས་རྒྱས་ཕལ་པོ་ཆེ་ནས། ཇི་ལྟར་ས་བོན་རོ་གཅིག་ཀྱང༌། །ས་བོན་ཚུལ་བཞིན་མྱུ་གུ་སྟོན། །བྱམས་དང་སྡང་བར་སེམས་པ་མེད། །སངས་རྒྱས་ཡོན་ཕུལ་དེ་བཞིན་ནོ། །ཞེས་གསུངས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས། འདི་ལྟ་སྟེ་དཔེར་ན་མེ་ནི་ཤིང་ཐམས་ཅད་ལ་ཡོད་མོད་ཀྱི། རྐྱེན་དང་རྩོལ་བ་མ་ཚང་བར་མེ་མི་འབར་ཞིང་དགོས་པ་རྣམས་མི་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཤེས་བྱ་ཐམས་ཅད་ལ་གནས་མོད་


DTG110_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དད་པ་ལ་སོགས་པའི་རྐྱེན་དང་རྩོལ་བ་མ་ཚང་ན་མི་འབྱུང་སྟེ། སངས་རྒྱས་ཀྱི་བྱ་བ་རྣམས་ཀྱང་མི་མཛད་དོ་ཞེས་འབྱུང་ངོ༌། །ཡང་དེ་ཉིད་ལས་དཔེར་ན་ས་ནི་རྣམ་པར་མི་རྟོག་ཅིང་འགྱུར་བ་མེད་པར་གནས་ཏེ། དེ་ལ་ཁེ་འདོད་པས་སྨོན་ན་ལོ་ཏོག་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ལས་བཟློག་ན་མི་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་རྣམ་པར་མི་རྟོག་ཅིང་འགྱུར་བ་མེད་པས་གནས་ཏེ། དེ་ལ་ཡོན་ཏན་འདོད་པ་གང་དག་དེ་བཞིན་གཤེགས་པ་ལ་དད་པ་དང་དང་བ་དང་གུས་པ་བསྐྱེད་པ་དེ་དག་གིས་ཡོན་ཏན་གྱི་ལོ་ཏོག་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ལས་བཟློག་པ་ནི་མི་འགྱུར་རོ་ཞེས་གསུངས་སོ། །ཡང་དེ་ལས་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་སངས་རྒྱས་ཁོང་དུ་ཆུད་པར་བྱ་སྟེ། རྒྱུ་མཐུན་པའི་སངས་རྒྱས་དང༌། རྣམ་པར་སྨིན་པ་ལས་བྱུང་བའི་སངས་རྒྱས་དང༌། ཏིང་ངེ་འཛིན་གྱི་སངས་རྒྱས་དང༌། སྨོན་ལམ་གྱི་སངས་རྒྱས་དང༌། སེམས་ཀྱི་སངས་རྒྱས་དང༌། ངོ་བོ་ཉིད་ཀྱི་སངས་རྒྱས་དང༌། ལོངས་སྤྱོད་རྫོགས་པའི་སངས་རྒྱས་དང༌། སྤྲུལ་པའི་སངས་རྒྱས་དང༌། བཏགས་པའི་སངས་རྒྱས་དང༌། མདུན་དུ་བྱས་པའི་སངས་རྒྱས་སོ་ཞེས་རྒྱས་པར་གསུངས་སོ། །སངས་རྒྱས་ཕལ་པོ་ཆེ་ལས་ཀྱང༌། ཡང་དག་སངས་རྒྱས་ཆོས་ཀྱི་སྐུ། །འདྲེས་པ་མེད་ཅིང་གནས་པ་མེད། །སེམས་ཅན་ཐམས་ཅད་ཡིད་བཞིན་དུ། །གཟུགས་ཀྱི་སྐུ་ཡང་རབ་ཏུ་མཐོང༌། །ཞེས་གསུངས་སོ། །ཡབ་དང་སྲས་མཇལ་བ་ལས། གང་ཞིག་གཞན་ལ་གསན་པར་མ་མཛད་པར། །རྟོགས་པར་དཀའ་བ་རབ་ཏུ་ཞི་བ་ཡིས། །བྱང་ཆུབ་བླ་མེད་མངོན་པར་སངས་རྒྱས་པ། །དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས། །སྐྱེ་དགུ་ཀུན་ལ་ཕ་བཞིན་ཐུགས་བརྩེ་བས། །སྟོབས་བཅུ་ཐུགས་རྗེ་མངའ་བས་བྱམས་པར་དགོངས། །ཐུགས་རྗེས་ཐུགས་བརྩེས་སེམས་ཅན་གྲོལ་མཛད་ཀྱིས། །འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེ། །རྒ་དང་འཆི་བས་འཇིགས་པའི་ཉོན་མོངས་ལ། །རྒ་ཤི་མེད་མཆོག་མི་ལ་སྟོན་མཛད་ཅིང༌། །འཆི་མེད་གནས་སུ་སེམས་ཅན་


DTG110_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཛད་ཀྱི། །འདྲེན་པ་མི་མཆོག་ལ་ནི་དད་པ་བསྐྱེད། །ཅེས་གསུངས་སོ། །ལྷ་མོ་དཔལ་གྱི་ཕྲེང་བ་སེང་གེའི་སྒྲས་ཞུས་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་འཇིག་རྟེན་ལ་དུས་ཀྱི་མཐའ་མ་མཆིས་པའི་ཐུགས་རྗེ་ཅན་དང༌། དུས་ཀྱི་མཐའ་མཆིས་པའི་ཐུགས་དམ་མངའ་བ་མ་ལགས་ཏེ། དུས་ཀྱི་མཐའ་མེད་པར་ཐུགས་རྗེ་དང་དམ་བཅས་པས་སེམས་ཅན་ཨ་ལ་ལ་ཞེས་མཆི་བ་དག་ནི་དེ་བཞིན་གཤེགས་པ་ཉིད་ལ་ཡང་དག་པར་སྨྲ་བས་སྨྲ་བ་ལགས་སོ་ཞེས་གསུངས་སོ། །དཀོན་མཆོག་སྤྲིན་ལས་ཀྱང་ཀྱེ་མ་སེམས་ཅན་འདི་དག་ནི་བུ་སྨད་དང་ཁྱིམ་དང་ནོར་དང་འབྲུ་ལ་སྲིད་པས་འཁོལ་བས་སྙིང་པོ་མེད་པ་ལ་སྙིང་པོར་འདུ་ཤེས་པ་ཡིན་གྱི། དེ་དག་ལ་མི་རྟག་པ་བསྟན་པར་བྱའོ་ཞེས་དེའི་ཕྱིར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེའོ། །ཀྱེ་མ་སེམས་ཅན་འདི་དག་ནི་མི་རིགས་པས་འཚོ་བ་སྟེ་གཅིག་ལ་གཅིག་འདྲིད་པར་གནས་པ་ཡིན་གྱི། དེ་དག་ལ་འཚོ་བ་ཡོངས་སུ་དག་པར་བྱ་བའི་ཆོས་བསྟན་ཏོ་ཞེས་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེའོ། །ཀྱེ་མ་སེམས་ཅན་འདི་དག་ནི་ཁྱིམ་གྱི་གནས་སྡུག་བསྔལ་གྱི་སྣོད་དུ་ཤིན་ཏུ་ཉོན་མོངས་པ་ལ་རྟག་ཏུ་དགའ་བ་ཡིན་གྱི། དེ་དག་ལས་འབྱུང་ཞིང་ཁམས་གསུམ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་ཆོས་སྟོན་ཏོ་ཞེས་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་རྒྱུས་ཉེ་བར་འགྲོ་བ་སྟེ། སྒྲུབ་པས་ཉེ་བར་གནས་པའི་མཚན་ཉིད་ཅན་ཡིན་ན་སེམས་ཅན་འདི་དག་ནི་འཕགས་པའི་རྣམ་པར་གྲོལ་བ་ལ་ལེ་ལོ་བྱེད་པ་ཡིན་གྱི། དེ་དག་ལས་རྣམ་པར་གྲོལ་བ་ལ་ལྷུར་བླངས་པའི་ཕྱིར་བརྩོན་འགྲུས་བརྩམས་པར་ཆོས་བསྟན་ཏོ་ཞེས་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེའོ། །ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་སྐམ་ཞིང་འདོད་པས་ཟིལ་གྱིས་ནོན་པ་སྟེ་ཆོག་མི་ཤེས་ཤིང་གཞན་གྱི་ནོར་འཕྲོག་པ་ཡིན་གྱི། དེ་དག་ལ་འཕགས་པའི་ནོར་དད་པ་ལ་སོགས་པ་བདུན་ལ་འགོད་དོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པ་སྙིང་རྗེ་ཆེན་པོ་བསྐྱེད་དོ་ཞེས་གསུངས་སོ། །གསང་བ་བསམ་གྱིས་


DTG110_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁྱབ་པ་ལས་ཞི་བའི་བློ་གྲོས་ཡོངས་སུ་བརྟག་པ་བཟུང་སྟེ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་མིའི་ལུས་ཐོབ་པར་གྱུར་ལ། དེའི་ནང་ནས་སེམས་ཅན་གཅིག་གིས་སེམས་ཅན་དེ་དག་ཇི་སྙེད་པ་དེ་སྙེད་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་དང། མདོག་དང༌། རྟགས་དང༌། དབྱིབས་དང༌། སྤྱོད་ལམ་དུ་སེམས་ཤིང་མོས་ཏེ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་ལྟར་མོས་ཀྱང་ཞི་བའི་བློ་གྲོས་རྣམ་གྲངས་དེས་ཀྱང་དེ་བཞིན་གཤེགས་པ་སེམས་ཅན་དེ་དག་ཐམས་ཅད་ཀྱི་མོས་པ་ཚིམ་པར་མཛད་དེ། ཞི་བའི་བློ་གྲོས་འདི་ནི་དེ་བཞིན་གཤེགས་པའི་སྐུའི་གསང་བའོ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཤུགས་འཆང་འདི་སྙམ་དུ་དེ་བཞིན་གཤེགས་པའི་སྤྱི་གཙུག་བལྟར་མི་མཐོང་ལ། སྐུ་ཚད་མེད་ཀྱང་མཐའ་ཡོངས་སུ་བཙལ་ལོ་སྙམ་ནས་སྟེང་གི་ཕྱོགས་གང་གཱའི་ཀླུང་གི་བྱེ་མ་བྱེ་བ་ཕྲག་བརྒྱའི་སངས་རྒྱས་ཀྱི་ཞིང་འདས་ཏེ་པདྨ་ཅན་གྱི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་པདྨའི་དཔལ་གྱི་རྒྱལ་པོའི་སྤྱན་སྔར་ཕྱིན་ནས་བལྟས་ཀྱང་མ་མཐོང་ངོ་ཞེས་བྱ་བ་ནས། རིགས་ཀྱི་བུ་གང་ཡང་དཔེ་བཞག་པ་ཇི་སྙེད་པ་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང༌། སྐུ་དང་གསུང་དང་ཐུགས་དང་མཚན་གྱི་དཔེར་བྱ་བའི་དཔེ་འགོད་པ་ནི་དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པའོ། །དཔེ་གཅིག་པོ་ནི་མ་གཏོགས་ཏེ་འདི་ལྟ་སྟེ་ནམ་མཁའོ་ཞེས་བྱ་བ་ནས། འཇིག་རྟེན་མགོན་པོའི་སྤྱི་གཙུག་ཀྱང༌། །ནམ་མཁའི་ཁམས་དང་མཚུངས་པ་ལགས། །ནམ་མཁས་ཇི་བཞིན་ཁྱབ་གྱུར་པ། །སྐུས་ཀྱང་དེ་སྙེད་ཁྱབ་པ་ལགས། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །གསུང་གིས་ཇི་སྙེད་ཁྱབ་གྱུར་པ། །ཐུགས་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །གང་གིས་བྱང་ཆུབ་བློ་བསྐྱེད་པ། །དེ་སྙེད་བསོད་ནམས་ཁྱད་པར་བགྱིད། །ཅེས་བྱ་བ་ལ་སོགས་པའོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་གསུང་གི་གསང་བ་དང་ཕྲིན་ལས་གང་ཞེ་ན། ཞི་བའི་བློ་གྲོས་གང་གི་ནུབ་མོ་དེ་


DTG110_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ནས་ལེན་པ་མེད་པ་མྱ་ངན་ལས་འདས་པའི་བར་དུ་དེ་བཞིན་གཤེགས་པས་ཡི་གེ་འབྲུ་གཅིག་ཀྱང་མ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་དབུགས་འབྱུང་བ་དང་རྔུབ་པ་མི་མངའོ། །རྣམ་པར་མི་རྟོག་གོ །རྣམ་པར་མི་དཔྱོད་དོ། །དེ་དག་མེད་པ་དག་མི་འབྱུང་ངོ་ཞེས་བྱ་བ་ནས་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པ་ནི་གསུང་ངོ་སྙམ་མོ། །བདག་ཅག་གིས་དེ་བཞིན་གཤེགས་པའི་ཆོས་བསྟན་པ་ཀུན་ཤེས་སོ་སྙམ་མོ་ཞེས་བྱ་བ་ནས་ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་གསུང་ནི་ཕྱོགས་བཅུའི་འཇིག་རྟེན་རྒྱས་པར་འགེངས་ཤིང་སེམས་ཅན་གྱི་བསམ་པ་ཚིམ་པར་མཛད་ཀྱང་གསུང་རབ་བཅུ་གཉིས་སྟོན་ཏོ། །གསལ་བར་བྱེད་དོ། །རབ་ཏུ་ཤེས་པར་བྱེད་དོ། །རབ་ཏུ་འཇོག་གོ ། རྣམ་པར་འབྱེད་དོ། ཞེས་མི་དགོངས་སོ་ཞེས་བྱ་བ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པའི་གསུང་གི་དཀྱིལ་འཁོར་ཇི་སྲིད་ཅིག་ཏུ་འགྲོ་བ་དཔག་པར་བྱའོ་སྙམ་ནས་རི་རབ་ཀྱི་རྩེ་མོར་ཕྱིན་ན་ཡང་དེ་བཞིན་གཤེགས་པའི་གསུང་དེ་ཁོ་ན་འདྲ་བ་ཐོས་སོ། །གླིང་བཞི་ལས་ཀྱང་འདས་པ་ཁོར་ཡུག་ལས་ཀྱང་འདས་ཏེ་ཞེས་བྱ་བ་ནས་ནུབ་ཕྱོགས་ལོགས་ཀྱི་ཞིང་གང་གཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་འདས་པ་ན་དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོ་བཞུགས་པ་དེར་ཕྱིན་པ་ན་ཡང་འདོམ་གང་ན་འདུག་པའི་མིའི་སྒྲ་ཐོས་པ་ལྟར་དེ་བཞིན་གཤེགས་པའི་གསུང་དེ་འདྲ་བ་ཁོ་ནར་ཐོས་སོ་ཞེས་འབྱུང་ངོ༌། །ཡང་དེ་ཉིད་ལས་གསང་བའི་བདག་པོས་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་དང་ཕྲིན་ལས་གང་ཞེ་ན། དེ་བཞིན་གཤེགས་པའི་ཐུགས་ལ་ལྡོག་པ་མི་མངའ། རྟོག་པ་མི་མངའ། འགྱུར་བ་མི་མངའ། ཐུགས་ཀྱི་ཚད་མི་མངའ། ཐུགས་ལ་འཁྲུལ་པ་མི་མངའ་བས་ན་ཆོས་ཐམས་ཅད་ལ་དེའི་ཡེ་ཤེས་མ་ཆགས་མ་ཐོགས་པར་འཇུག་གོ །སེམས་ཅན་གྱི་སྤྱོད་པ་ཐམས་ཅད་


DTG110_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་གཟིགས་སོ། །སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་རབ་ཏུ་མཁྱེན་ཏོ། །དེའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཡང་བསྙེལ་བ་མི་མངའ་སྟེ་ཞེས་བྱ་བ་ནས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་དང་བསམ་པ་ལ་ཡང་ཡེ་ཤེས་ཆགས་པ་དང་ཐོགས་པ་མི་མངའ་ཞིང་ལྷུན་གྱིས་གྲུབ་པར་འཇུག་གོ །ཞི་བའི་བློ་གྲོས་འདི་ཡང་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་དང་ཕྲིན་ལས་སོ་ཞེས་འབྱུང་ངོ༌། །ལྷ་མོ་དཔལ་གྱི་ཕྲེང་བ་སེང་གེའི་སྒྲ་ཡིས་ཞུས་པ་ལས། བཅོམ་ལྡན་འདས་དེ་ལྟ་ལགས་པས་དེ་བཞིན་གཤེགས་པ་ན་སྐྱབས་མ་མཆིས་པ་དང༌། སྐྱབས་རྟག་པ་དང༌། བསྟན་པ་ལགས་སོ། །བཅོམ་ལྡན་འདས་ཆོས་ཞེས་བགྱི་བ་ནི་ཐེག་པ་གཅིག་གི་ལམ་བསྟན་པའི་ཚིག་བླ་དགས་སོ། །དགེ་འདུན་ཞེས་བགྱེ་བ་ནི་ཐེག་པ་གསུམ་པའི་ཚིག་བླ་དགས་སོ། །སྐྱབས་འདི་གཉིས་ནི་དེའི་ཡན་ལག་གི་སྐྱབས་ཞེས་བགྱི་སྟེ་སྐྱབས་ཀྱི་རབ་མ་ལགས་སོ། །དྲང་སྲོང་རྒྱས་པས་ཞུས་པ་ལས་ཀྱང་བཅོམ་ལྡན་འདས་བདག་ནི་རྒས་འཁོགས་གཏུགས་པས་འབྲས་བུ་རྣམས་ལ་རྩོལ་བའི་རྔོ་མི་ཐོགས། བདག་ཁུར་ཆེན་པོ་ཁུར་བའི་རྔོ་མི་ཐོགས་སོ། །བདག་དང་བཅོམ་ལྡན་འདས་དང༌། ཆོས་དང༌། ཐམས་ཅད་སྤངས་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དེང་སླན་ཆད་སློབ་མ་དང་བཅས་གཡོག་དང་བཅས་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ་ཞེས་གསུངས་སོ། །འདུས་བྱས་མི་རྟག་པ་ཡིད་ལ་བྱ་བ་ནི་མྱ་ངན་ལས་འདས་པའི་མདོ་ལས། མི་རྟག་པ་བསྒོམ་པ་ནི་ལམ་མ་ལགས་ཏེ། དེ་ཡང་དགེ་སློང་རྣམས་ལ་བཀའ་སྩལ་པ། གང་ཞིག་མི་རྟག་པ་ལ་མང་དུ་བསྒོམས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ་ཞེས་གསུངས་སོ། །མཚན་མོ་བཟང་པོའི་མདོ་ལས་ཀྱང༌། སང་ཙམ་འཆི་ཡང་སུས་ཤེས་ཀྱི། །དེ་རིང་ཉིད་ནས་བརྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དག་ནི། །བདག་དང་ཤེས་པ་ཡོད་མ་ཡིན། །ཞེས་འབྱུང་ངོ༌། །སྡོམ་པ་གསུམ་


DTG110_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ལས་ཀྱང༌། བདག་ནི་མྱུར་དུ་འཆིའོ་ཞེས། །འཆི་བའི་འདུ་ཤེས་བསྒོམ་པར་བྱ། །དེ་ལས་ལོངས་སྤྱོད་བསགས་པ་ལས། །ལོངས་སྤྱོད་ལ་ནི་སྙིང་པོ་བླང༌། །བུ་དང་ཆུང་མའི་དོན་གྱི་ཕྱིར། །དེས་ནི་ནོར་དག་བསག་མི་བྱ། །ལུས་དང་ལོངས་སྤྱོད་སྲོག་རྣམས་ལ། །སྙིང་པོ་མྱུར་དུ་བླང་བར་བྱ། །བྱང་ཆུབ་དོན་དུ་འདུན་དྲག་སྐྱེད། །ཅེས་གསུངས་སོ། །མྱ་ངན་ལས་འདས་པ་ལས་ཀྱང༌། སྐྱེ་བ་ཡོད་ན་འཆི་བ་ཡོད། །ཚེ་ལོ་གྲངས་མེད་ཐུབ་པ་ཡང༌། །ཐ་མར་འཆི་བར་རིག་པར་བྱ། །དར་བ་ཡོད་ན་རྒུད་པ་ཡོད། །འདུ་བ་ཡོད་ན་འབྲལ་བར་འགྱུར། །ལང་ཚོ་དེ་ཡང་མི་རྟག་སྟེ། །དར་བའི་མདོག་ཀྱང་ནད་ཀྱིས་འཕྲོག །འཚོ་བའི་ཚེ་ཡང་འཆི་བས་འཕྲོག །རྟག་པའི་ཆོས་ནི་འགའ་ཡང་མེད། །ཅེས་བྱ་བ་ལ་སོགས་པའོ། །ཡིད་འབྱུང་བའི་གཏམ་ནི་ཚོང་དཔོན་བཟང་སྐྱོང་གིས་ཞུས་པ་ལས། བཅོམ་ལྡན་འདས་སེམས་ཅན་དམྱལ་བའི་ཁ་དོག་ཇི་ལྟ་བུ་ལགས། ལུས་ཀྱི་རྣམ་པ་ཇི་ལྟ་བུ་ལགས། བཟང་སྐྱོང་དེ་དག་ཁ་དོག་ནི་ཁྲག་ལྟ་བུ་དང༌། སྤྲིན་སྔོན་པོ་ལྟ་བུ་དང༌། ཤ་གཟི་གུ་ལྟ་བུའོ། །དེ་དག་གི་ལུས་ནི་རྒྱལ་པོའི་བུ་གཞོན་ནུ་ལྟ་བུ་གཞོན་ཤ་ཅན་དུ་འགྱུར་རོ། །ལུས་ཆེ་བ་ནི་ཁྲུ་བརྒྱད་པར་འགྱུར་རོ། །སེན་མོ་རིང་ཞིང་ཁ་སྤུ་ཡོད་པ་རྐང་ལག་མི་སྡུག་པ་འཛམ་བུ་གླིང་པས་མཐོང་ན་འཆི་བའི་དུས་བྱེད་པར་འགྱུར་རོ། །དམྱལ་བ་དེ་དག་གི་རྒྱང་རིང་པོ་ནས་ཟངས་དང་ར་གན་དམར་པོ་མཐོང་སྟེ། ཁ་ཟས་འདོད་པས་ཁྱེར་ཤོག་ཅེས་ཟེར་རོ། །དེ་དག་འཕུངས་ནས་སྙིམ་པ་བཟེད་ནས་ཟངས་དང་ར་གན་བསྐོལ་བ་ག་ལ་བ་དེར་སོང་སྟེ་ཁ་གདང་ས་པ་དང༌། ཟངས་དང་ར་གན་རབ་ཏུ་འབར་བ་དེས་སུ་རུ་རུ་རབ་ཏུ་འབར་ཞིང་ཁོག་པ་འབར་བར་འགྱུར་རོ། །རུས་པར་གྱུར་ཀྱང་རུས་པ་འབྲལ་བར་མི་འགྱུར་འཆི་བའི་དུས་བྱེད་པར་མི་འགྱུར་ཞེས་བྱ་བ་ནས་དེ་དག་གིས་སྐྱེད་མོས་ཚལ་མཐོང་ནས་དེ་དག་འདུས་ནས་བྱིན་པ་དང༌། ཤིང་དེ་དག་གི་མེ་ཏོག་དང༌། ལོ་མ་རལ་གྲིར་འགྱུར་ཏེ། རལ་གྲི་དེ་དག་གིས་ཡན་ལག་གཅོད་ཅིང་གཅོད་ཅིང་གཤགས་པར་བྱེད་དེ་ཉམ་ཐག་པའི་སྒྲ་ཆེན་པོ་འབྱིན་


DTG110_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །གཤིན་རྗེའི་མིའི་ལག་ན་ཐོ་བ་ཐོགས་ནས་བཞིན་བསྒྱུར་ནས་སྐྲ་འབལ་ཞིང་ལུས་འབར་བའི་ཕྲེང་བས་གཡོགས་ལ་མཚོན་ཆ་གཟས་པ་དག་འདི་སྐད་དུ་ཁྱེད་ཅག་སྡོད་ཅིག །གར་འབྲོས་ཁྱེད་རང་གིས་ལས་བསྒྲུབས་པའི་ཚུལ་འདི་ཉམས་སུ་མྱོང་བར་གྱིས་ཤིག་ཅེས་ཟེར་ཏེ་ཞེས་བྱས་པ་ནས་མུན་པ་མུན་ནག་ཆེན་པོར་ཞུགས་ཏེ། མི་རྒོད་ཀྱིས་ཁྲིད་པ་བཞིན་དུ་ཀྱི་ཧུད་འདི་སྙམ་དུ་བདག་ནི་འཛམ་བུའི་གླིང་བཀྲ་བ་བོར་རོ། །ད་ནི་མཐོ་རིས་མི་མཐོང་ངོ་སྙམ་མོ་ཞེས་བྱ་བ་ནས་དེ་ནས་བཟང་སྐྱོང་སྤུ་ཟིང་ཞེས་བྱེད་དེ་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ངོ་ཞེས་གསུངས་སོ། །རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པ་ལས་ཀྱང༌། མི་རྣམས་གང་དག་སྡིག་བྱེད་པ། །མེ་ཡི་ཕུང་པོར་ལྡན་རྣམས་སུ། །བསྐལ་པ་དུ་མར་བཙོ་བར་འགྱུར། །ཕྲ་སྐམ་རྣོན་པོ་རྣམས་ཀྱིས་ནི། །བཟུང་ཞིང་ཡང་དང་ཡང་བསྙུགས་པས། །དེ་དག་ཤ་ནི་ཡོད་མིན་པས། །དུང་ལྟར་དཀར་བ་དག་ཏུ་འགྱུར། །ལྕགས་ཀྱི་གཞོང་པར་འདུག་ནས་ནི། །རབ་ཏུ་ཚ་ཞིང་སྲེག་པར་བྱེད། །ཤི་ཞིང་ཤི་ཞིང་སྐྱེ་འགྱུར་ཏེ། །རང་གི་ལས་ཀྱིས་གནས་པར་འགྱུར། །གལ་ཏེ་དམྱལ་བའི་སྲུང་རྣམས་ཀྱིས། །ངན་པའི་གནས་རྣམས་དེ་དག་ནི། །གཏུན་ལ་སོགས་པར་བརྡུང་བ་ནི། །ཤ་རྐང་རུས་པ་ཕྱེ་མར་འགྱུར། །དེ་ཡི་ཚེ་ན་དེ་དག་ནི། །ཤིན་ཏུ་གྲང་པའི་རླུང་ཡང་ལྡང༌། །སྡུག་བསྔལ་གྱུར་པ་དེ་ལས་འཚོ། །སྟ་རེ་རྣམས་ཀྱིས་གཤགས་པ་དང༌། །དེ་བཞིན་གསལ་ཤིང་འཛུགས་པར་འགྱུར། །མི་རྣམས་གང་དག་སྡིག་བྱེད་པ། །ལྕགས་མདུང་རྩེ་མོ་བཞི་པ་དང༌། །རྩེ་གསུམ་པ་དང་རྩེ་ལྔ་འབབ། །རལ་གྲི་མཆུ་ཅན་ཁྭ་རྣམས་ཀྱིས། །མགོ་དང་ལག་པ་བཏོགས་གྱུར་ཅིང༌། །ཝ་དང་སྤྱང་ཀིས་ཟ་བར་འགྱུར། །མི་རྣམས་གང་དག་སྡིག་བྱེད་པ། །རབ་ཏུ་ཚ་བར་བསྲེག་འགྱུར་ཞིང༌། །ངུ་འབོད་དང་ནི་ངུ་འབོད་ཆེ། །ཐིག་ནག་ཏུ་ཡང་བསྲེག་པར་འགྱུར། །ཡང་ནས་ཡང་དུ་མེ་མུར་དང༌། །སྤུ་གྲིའི་ཆུ་ཀླུང་རྣམས་སུ་ལྷུང༌། །གང་ཚེ་ལྕགས་ཀྱི་ཟངས་པོ་ཆེར། །མི་རྣམས་དེ་དག་འཚོད་པ་ན། །ཁྱི་རྣམས་ཀྱིས་ནི་གཙེས་པར་འགྱུར། །


DTG110_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ལས་བྱས་པའི་བྲག་ཆེན་དང༌། །མི་སྡུག་རི་བོ་རྣམས་ཀྱིས་ནི། །དེ་ཚེ་ཀུན་ནས་ལུས་འཇོམས་བྱེད། །འབྲས་བུ་དེ་འདྲ་ཐོབ་བྱེད་ཀྱང༌། །དེ་ལ་སྐྱོབ་པ་འགའ་ཡང་མེད། །ཅེས་འབྱུང་ངོ༌། །རྒྱལ་པོ་ལ་གདམས་པའི་མདོ་ལས། དེ་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བ་མཐོང་ན་འདི་ལྟ་སྟེ་རྒྱ་མཚོ་ཆེན་པོའི་ནང་ན་ཉ་རློན་དང༌། ཉ་རློན་མིད་ལ་སོགས་པ་སྲོག་ཆགས་གཅིག་གིས་གཅིག་གསོད་པ་དང༌། འཚེ་བ་དང་དབང་མེད་པར་སྐྱེའོ། །བདག་ཡི་དགས་ཀྱི་ནང་དུ་སྐྱེ་བར་མི་འགྱུར་རམ་སྙམ་ན། འདི་ལྟ་སྟེ་ལོ་མང་པོ་དང༌། ལོ་བརྒྱ་ཕྲག་མང་པོ་དང། ལོ་སྟོང་ཕྲག་མང་པོར་ཆུའི་སྒྲ་ཡང་མི་ཐོས་ན་མཐོང་བ་ལྟ་ཅི་སྨོས་པར་འགྱུར་རོ་ཞེས་གསུངས་སོ། །དྲི་མ་མེད་པར་གྲགས་པས་བསྟན་པ་ལས། གདུལ་དཀའ་བ་འདུལ་བའི་གཏམ་གང་ཞེ་ན། འདི་ལྟ་སྟེ། འདི་ནི་སེམས་ཅན་དམྱལ་བའོ། །འདི་ནི་བྱོལ་སོང་ངོ༌། །འདི་ནི་གཤིན་རྗེའི་འཇིག་རྟེན་ནོ། །འདི་ནི་ལུས་ཀྱི་ངན་པར་སྤྱོད་པའོ། །འདི་ནི་ལུས་ཀྱི་ངན་པར་སྤྱོད་པའི་རྣམ་པར་སྨིན་པའོ། །འདི་ནི་ངག་གི་ངན་པར་སྤྱོད་པའོ། །འདི་ནི་ངག་གི་ངན་པར་སྤྱོད་པའི་རྣམ་པར་སྨིན་པའོ། །འདི་ནི་ཡིད་ཀྱི་ངན་པར་སྤྱོད་པའོ། །འདི་ནི་ཡིད་ཀྱི་ངན་པར་སྤྱོད་པའི་རྣམ་པར་སྨིན་པའོ། །འདི་ནི་སེར་སྣའོ། །འདི་ནི་སེར་སྣའི་འབྲས་བུའོ་ཞེས་བྱ་བ་ནས་འདི་ནི་ཤེས་རབ་འཆལ་པའོ། །འདི་ནི་ཤེས་རབ་འཆལ་པའི་འབྲས་བུའོ་ཞེས་དེ་ལྟར་གསུངས་པས་རྟ་རྒོད་འདྲ་བའི་སེམས་ཅན་རྣམས་འདུལ་བར་བྱེད་དོ་ཞེས་གསུངས་སོ། །མྱ་ངན་ལས་འདས་པ་ཆེན་པོ་ལས། མི་དགེ་བ་བཅུ་རབ་ཏུ་བྱས་པས་ནི་སེམས་ཅན་དམྱལ་བ་རྣམས་སུ་མྱོང་ངོ༌། །འབྲིང་བྱས་པས་ནི་བྱོལ་སོང་གི་ལུས་མྱོང་ངོ༌། །ཐ་མ་བྱས་པ་ས་ནི་ཡི་དགས་ཀྱི་ལུས་མྱོང་ངོ་ཞེས་འབྱུང་ངོ༌། །ཡང་དེ་ཉིད་ལས། སྡིག་པ་ཕྲ་མོ་ཆུང་ངུ་ཡང༌། །མི་གནོད་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་ཆུང་ངུ་ཡང༌། །སྣོད་ཆེན་ཡོངས་སུ་གང་བར་འགྱུར། །ཞེས་གསུངས་སོ། །དེས་པས་ཞུས་པ་ལས། ས་བོན་ཚ་བ་རྣམས་ཀྱིས་ནི། །འབྲས་བུ་ཚ་བ་སྐྱེ་བར་འགྱུར། །ས་བོན་མངར་བ་རྣམས་ཀྱིས་ནི། །འབྲས་བུ་མངར་བ་


DTG110_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བར་འགྱུར། །སྡིག་པའི་རྣམ་སྨིན་ཚ་བ་དང༌། །དཀར་པོའི་རྣམ་སྨིན་མངར་བ་དབང༌། །མཁས་པའི་མིས་ནི་ཤེས་པར་བྱ། །ཞེས་གསུངས་སོ། །རྒྱལ་པོ་ལ་གདམས་པ་ལས་ཀྱང༌། དུས་ཀྱི་གཉེར་ཏེ་རྒྱལ་པོ་འགྲོ་དགོས་ན། །ལོངས་སྤྱོད་མཛའ་དང་གཉན་བཤེས་ཕྱིར་མི་འབྲང༌། །སྐྱེས་བུ་དེ་ནི་གང་དང་གང་འགྲོ་བར། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང༌། །ཞེས་འབྱུང་ངོ༌། །ཡང་ལས་བརྒྱ་པ་ལས། ལུས་ཅན་ཀུན་གྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཞིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་སོ། །གསང་བ་བསམ་གྱིས་མི་ཁྱབ་པ་ལས། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང༌། དཀར་པོ་དང༌། ནག་པོའི་ལས་ཀྱི་རྣམ་པར་སྨིན་པ་ཆུད་མི་ཟ་བར་རིག་ནས། སྲོག་གི་ཕྱིར་ཡང་མི་བྱ་བ་མི་བྱེད་དོ་ཞེས་གསུངས་སོ། །ཡང་དེ་ལས་གྲོགས་པོ་དག་འཇིག་རྟེན་སྐྱོང་བར་བྱེད་པའི་ཆོས་བཞི་སྟེ། འདི་ལྟ་སྟེ། འདོད་པ་དང༌། ཞེ་སྡང་དང༌། འཇིགས་པ་དང༌། གཏི་མུག་སྤངས་པས་འདོད་པས་འགྲོ་བ་མ་ཡིན་པར་མི་འགྲོ་བ་དང༌། ཞེ་སྡང་གིས་འགྲོ་བ་མ་ཡིན་པར་མི་འགྲོ་བ་དང། འཇིགས་པས་འགྲོ་བ་མ་ཡིན་པར་མི་འགྲོ་བ་དང༌། གཏི་མུག་གིས་འགྲོ་བ་མ་ཡིན་པར་མི་འགྲོ་བའོ་ཞེས་འབྱུང་ངོ༌། །མྱ་ངན་ལས་འདས་པ་ལས། དགེ་བ་བཅུ་ལ་ཡང་རྣམ་པ་བཞི་སྟེ། རབ་དང༌། འབྲིང་དང༌། ཐ་མ་དང༌། རབ་ཀྱི་རབ་བོ། །དེ་ལ་ཐ་མས་ནི་སྒྲ་མི་སྙན་དུ་སྐྱེའོ། །འབྲིང་གིས་ནི་ལུས་འཕགས་སུ་སྐྱེའོ། །རབ་ཀྱིས་ནི་བ་ལང་སྤྱོད་དུ་སྐྱེའོ། །རབ་ཀྱི་རབ་ཀྱིས་ནི་འཛམ་བུའི་གླིང་དུ་སྐྱེའོ་ཞེས་འབྱུང་ངོ༌། །སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་འཁོར་ལོ་བཅུ་གང་ཞེ་ན། རིགས་ཀྱི་བུ་འཁོར་ལོ་བཅུ་ནི་དགེ་བ་བཅུ་ཡིན་པར་ཤེས་པར་བྱའོ། །འཁོར་ལོ་བཅུ་པོ་འདི་དང་ལྡན་པས་ན་སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་དང༌། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་དང༌། སྐྱེ་བོ་ཐམས་ཅད་སྨིན་པར་བྱེད་ཅིང་ཐམས་ཅད་ལ་ཕན་པ་དང༌། བདེ་བ་ཡོངས་


DTG110_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཐོབ་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སྔ་མ་འདས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མི་དགེ་བ་བཅུ་སྤངས་ཏེ་དགེ་བ་བཅུའི་ལས་ཀྱི་ལམ་འདི་ལ་བསྔགས་པས་འབྲས་བུ་ཐོབ་པར་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནམ་འཚོའི་བར་དུ་སྲོག་གཅོད་པ་སྤངས་ནས། དེ་ཉིད་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཡིན། ཐོག་མ་མེད་པ་ནས་སྲོག་གཅོད་པའི་ལས་བྱུང་བ། ཉོན་མོངས་པའི་སྒྲིབ་པ་དང༌། ཆོས་ཀྱི་སྒྲིབ་པ་དང༌། ཚེའི་སྒྲིབ་པ་ཐམས་ཅད་ཟད་པར་བྱེད་དོ། །འཆི་བའི་ཚེ་ན་ཡང་གཤིན་རྗེའི་ཕོ་ཉ་མཐོང་བར་མི་འགྱུར་རོ། །ཡིད་དུ་འོང་བའི་དགེ་བའི་བཤེས་གཉེན་ཆོས་ཀྱིས་དུལ་བ་ཚུལ་ཁྲིམས་དང་ཡོན་ཏན་དང་ལྡན་པ་དང་ཕྲད་ཅིང་ཤིན་ཏུ་དད་པ་སྐྱེ་བར་འགྱུར་རོ། །ཚེ་འཕོས་ནས་ཡང་མིའི་ནང་དུ་དབང་པོ་ཚང་བ་དང༌། ཡན་ལག་དང་ལྡན་པ་དང༌། ཚེ་རིང་བ་དང༌། གཟུགས་བཟང་བ་དང༌། ཡིད་གཞུངས་པ་དང༌། བདེ་ཞིང་སྐྱིད་པ་དང༌། དགེ་བའི་བཤེས་གཉེན་དང་ཕྲད་ཅིང༌། དགེ་བའི་ཆོས་ཐམས་ཅད་རྫོགས་པར་བྱས་ནས་བྱང་ཆུབ་ཐོབ་པའི་བར་དུ་འགྱུར་རོ། །རིགས་ཀྱི་བུ་འདི་ནི་འཁོར་ལོ་དང་པོའོ། །རིགས་ཀྱི་བུ་འཁོར་ལོ་དེ་དང་ལྡན་ན་སེམས་ཅན་དམྱལ་བར་མི་ལྟུང་བ་ནས་ངན་སོང་ཐམས་ཅད་དུ་ལྟུང་བར་མི་འགྱུར་རོ་ཞེས་བྱ་བ་ནས། ལོག་པར་ལྟ་བ་སྤོང་བའི་བར་དུ་རྒྱས་པར་སྦྱར་བར་བྱའོ། །སྡོམ་པ་གསུམ་བསྟན་པ་ལས། འོད་སྲུངས་ཆོས་གསུམ་དང་ལྡན་ན་རྒྱལ་རིགས་ཤིང་སཱ་ལ་ལྟ་བུ་གཟུགས་བཟང་བ་དང༌། མཛེས་པ་དང༌། ལྟ་ན་སྡུག་པ་དང༌། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་དང༌། ལེ་ལོ་མེད་པ་དང༌། གསལ་བ་དང༌། ཤིན་ཏུ་ངེས་པར་འགྱུར་ཏེ་འདི་ལྟ་སྟེ། དགེ་སྦྱོང་དང་བྲམ་ཟེ་མཐོང་ན་འདི་དག་ནི་སྦྱིན་གནས་སོ། །མཆོད་པར་འོས་པའོ། །ཕྱག་གི་གནས་སོ་ཞེས་དགའ་བ་སྐྱེད་དེ། གོས་དང༌། ཟས་དང༌། མལ་ཆ་དང༌། ན་བའི་གསོ་སྨན་དང༌། ཡོ་བྱད་ཀྱིས་མགྲོན་དུ་གཉེར་བ་འདི་ནི་ཆོས་དང་པོའོ། །གཞན་གཉིས་ནི་བརྫུན་སྤོང་བ་དང༌། བསྙེན་


DTG110_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་གྱི་སྙིང་པོ་ལེན་པའོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས། ཅི་འདྲ་བ་ཡི་ལས་བྱས་པ། །རྣམ་པར་སྨིན་པ་དེ་འདྲར་འགྱུར། །བསྐལ་པ་བྱེ་བ་ཕྲག་བརྒྱར་ཡང༌། །དེ་ནི་ཆུད་ཟར་གྱུར་པ་མེད། །ཅེས་འབྱུང་ངོ༌། །སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་ཀྱང༌། གལ་ཏེ་སྲོག་གཅོད་ཡོངས་སྤངས་ན། །ཀུན་གྱིས་བཀུར་ཞིང་བླ་མར་བྱེད། །རྟག་ཏུ་ནད་མེད་ཚེ་ཡང་རིང༌། །བདེ་ཞིང་སྐྱིད་ལ་གནོད་པ་མེད། །སྐྱེ་བོའི་གནས་ནི་ཐམས་ཅད་དུ། །སངས་རྒྱས་སྤྱོད་ཡུལ་ལམ་ལ་མོས། །སངས་རྒྱས་ཆོས་དང་དགེ་འདུན་མཐོང༌། །མྱུར་དུ་བླ་མེད་བྱང་ཆུབ་ཐོབ། །ཅེས་བྱ་བ་ནས། ངན་པར་ལྟ་བ་ཡོངས་སྤངས་ནས། །རྣམ་དག་དད་པའི་སེམས་བསྒོམས་ན། །ཐེག་གསུམ་སྟོན་པ་མོས་བྱེད་ཅིང༌། །སངས་རྒྱས་ཀུན་ལ་མཆོད་པ་བྱེད། །ངན་སོང་ཀུན་ལས་ཡོངས་ཐར་ཏེ། །འཕགས་པའི་དགེ་འདུན་རྣམས་དང་ཕྲད། །བྱང་ཆུབ་སེམས་དཔའི་ཡོན་ཏན་ལྡན། །ཡེ་ཤེས་མཆོག་ཀྱང་ཐོབ་པར་འགྱུར། །ཞེས་གསུངས་སོ། །མངོན་པར་མཐོ་བའི་ལེའུ་སྟེ་དང་པོའོ།། །།འཕགས་པའི་བདེན་པའི་གཏམ་ནི་སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། འདུ་འཛི་དགའ་ཞིང་ཚུལ་ཁྲིམས་སྲུང་ཞིང༌། །སློབ་དཔོན་འཆང་ཞིང་སྡུག་བསྔལ་འཇིགས་པ། མཁས་པ་དག་གིས་ཤེས་པར་གྱིས་ཤིག །དེ་ནི་ཉན་ཐོས་ཐེག་པ་ཡིན་ནོ། །སྦྱིན་ལ་དགའ་ཞིང་སྐྱེ་འགོག་རྟོག་པ། །བས་མཐའི་གནས་མལ་དགའ་བ་དག་ནི། །རང་རྒྱལ་བ་ཡི་ཐེག་པ་ཡིན་པར། །མཁས་པ་དག་གིས་ཤེས་པར་གྱིས་ཤིག །དགེ་བའི་རྩ་བ་ཀུན་དང་ལྡན་ཞིང༌། །བྱམས་པ་དང་ནི་སྙིང་རྗེའི་སེམས་ཀྱིས། །རྟག་ཏུ་ཕན་པའི་དོན་ལ་དགའ་བ། །དེ་ནི་ཐེག་པ་ཆེན་པོ་ཡིན་ནོ། །ཚུལ་ཁྲིམས་བསྲུང་ཞིང་ལུས་སྲོག་སྤོང་ཞིང༌། །སེམས་ཅན་དག་ལ་མི་འཚེ་མི་གནོད། །སྟོང་པ་ཉིད་ཀྱི་ཆོས་ལ་བརྩོན་པ། །ཐེག་པ་ཆེན་པོ་ཡིན་པ་ཤེས་བྱ། །ཞེས་གསུངས་སོ། །མྱ་ངན་ལས་འདས་པའི་མདོ་ལས། སྲིད་པ་ཐམས་ཅད་བདེན་མ་ཡིན། །མྱ་ངན་སྐྱོན་དང་རྟག་ཏུ་བཅས། །སྐྱོན་མང་འཇིགས་པའི་ཆོས་ཅན་ཏེ། །རྒ་དང་ན་འཆིས་རྟག་ཏུ་གཙེས། །སྲིད་པའི་ཆོས་ནི་


DTG110_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་པ། །འགྱུར་ཞིང་འཕོ་བའི་སྒྲ་དང་བཅས། །ཉོན་མོངས་ཀུན་ཏུ་གླགས་པ་ནི། །ཇི་ལྟར་དར་གྱི་སྲིན་བུ་བཞིན། །དེ་ལ་མཁས་པ་ཤེས་རབ་ཅན། །སུ་ཞིག་དགའ་ཞིང་མོས་པ་བྱེད། །ལུས་འདི་སྡུག་བསྔལ་ཕུང་པོ་སྟེ། །ཐམས་ཅད་མི་གཙང་བཙོག་པའོ། །སྐྱོན་གྱིས་བཅིངས་ཤིང་རྨ་དང་ལྡན། །ཕན་པའི་དོན་ནི་ཡེ་ནས་མེད། །ཡར་ནི་ལྷ་ཡི་ལུས་བར་དུ། །ཐམས་ཅད་དེ་དང་འདྲ་བས་ན། །འདོད་པ་ཐམས་ཅད་མི་རྟག་པས། །ང་ནི་དེ་ལ་ཆགས་མི་བྱེད། །འདོད་སྤངས་ལེགས་པར་ཡིད་བྱས་ན། །ཡང་དག་བདེན་པར་རེག་པར་འགྱུར། །ཞེས་འབྱུང་ངོ༌། །མངལ་དུ་འཇུག་པ་བསྟན་པ་ལས་གཞན་ཡང་དགའ་བོ་ལུས་འདི་ཞག་བདུན་ཕྲག་དང་པོ་ལ་མའི་མངལ་ན་གནས་པ་ནི་མེར་མེར་པོ་ཞེས་ཏེ་ལུས་ཀྱི་མཚན་མ་དང་པོ་ཡིན་པས་དཔེར་ན་ཞོ་མ་ཆགས་པ་དང་འདྲའོ་ཞེས་བྱ་བ་ནས། མ་ཞུ་བ་རྣམས་ཀྱི་ནི་འོག་ཞུ་བའི་གནས་ཀྱི་སྟེང་ན་ནང་དུ་བཙོས་རབ་ཏུ་བཙོས་ཤིང་གནས་ལྔ་ཀུན་ཏུ་བཅིངས་ཤིང་འདི་ལྟ་སྟེ། དཔེར་ན་རྩ་རྐྱང་པའི་ནང་དུ་འདུག་པ་དང་འདྲའོ། །གལ་ཏེ་དེའི་མས་ཟས་ཟོས་སམ། གྲང་བ་དང་ཚ་བ་ཟོས་སམ། འདོད་པ་སྤྱད་དམ། མཆོད་པ་བྱས་ན་མངལ་ན་གནས་པ་དེ་སྡུག་བསྔལ་མྱོང་བར་འགྱུར་ཏེ། ངས་མིར་གྱུར་པའི་སྡུག་བསྔལ་མདོ་ཙམ་བསྟན་པ་ཡང་དེ་དང་འདྲ་ན། སེམས་ཅན་དམྱལ་བའི་སྡུག་བསྔལ་ལྟ་སྨོས་ཅི་དགོས་པས་མཁས་པ་སུ་ཞིག་འཁོར་བའི་རྒྱ་མཚོ་འདི་ལྟ་བུ་ལ་མོས་པ་བྱེད་ཅེས་བྱ་བ་ནས། ཞག་བདུན་ཕྲག་སུམ་ཅུ་རྩ་བདུན་པ་ལ་ཕྱིན་ཅི་མ་ལོག་པའི་འདུ་ཤེས་ལྔ་འབྱུང་སྟེ་ལྔ་གང་ཞེ་ན། མི་གཙང་བའི་འདུ་ཤེས་དང༌། དྲི་མི་ཞིམ་པ་དང༌། བཙོན་ར་དང༌། མུན་ནག་དང༌། ཕྱིར་འབྱུང་བའི་འདུ་ཤེས་ཏེ། ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་འདས་ནས་འབྱུང་བ་འདོད་པའི་ཚེ། སྡུག་བསྔལ་སྣ་ཚོགས་མྱོང་ནས་འབྱུང་བར་འགྱུར་ཏེ། དེའི་ཕྱིར་སྡུག་བསྔལ་ཆེན་པོའོ། །ས་ལ་ལྷུང་མ་ཐག་ཏུ་ནི་པགས་པ་བཤུས་ནས་ས་ལ་བཞག་པ་སྙམ་བྱེད་དོ་ཞེས་རྒྱས་པར་གསུངས་སོ། །ཡང་དེ་ཉིད་ལས་ལུས་འདི་ཉིད་ལོ་བརྒྱ་ཐུབ་པར་གྱུར་ཀྱང་མཐར་འཇིག་པས་མཁས་པ་སུ་ཞིག་འཁོར་བའི་རྒྱ་མཚོ་འདིར་


DTG110_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པར་བྱེད། གཞན་ཡང་དགའ་བོ་ལུས་འདི་ལ་སྡུག་བསྔལ་གཉིས་ཡོད་དེ། གཉིས་གང་ཞེ་ན། ནད་མང་པོ་ལུས་ལ་འདུས་པ་འདི་ནི་ནང་གི་སྡུག་བསྔལ་ཞེས་བྱའོ། །མི་དང་མི་མ་ཡིན་པས་འཚེ་བ་འདི་ནི་ཕྱིའི་སྡུག་བསྔལ་ཞེས་བྱའོ། །འདི་ལྟ་སྟེ་ནང་གི་ནད་མིག་ན་བ་དང་ཞེས་བྱ་བ་ནས་ནད་བཞི་བརྒྱ་རྩ་བཞིའི་བར་རོ། །ཕྱི་རོལ་གྱི་སྡུག་བསྔལ་བཙོན་རར་བཅུག་པ་དང༌། རྣ་བ་བཅད་པ་ནས་གྲང་བ་དང་ཚ་བ་དང་བཀྲེས་པ་དང་སྐོམ་པ་དང་ཆར་བས་ཉེན་པ་ལ་སོགས་པ་སྟེ། མིར་གྱུར་པ་རྣམས་ཀྱི་སྡུག་བསྔལ་ཡང་དེ་འདྲ་ན། ངན་འགྲོ་རྣམས་ཀྱི་སྡུག་བསྔལ་ལྟ་ཅི་སྨོས་ཏེ། ཤིན་ཏུ་བཟོད་པར་དཀའོ། །གཞན་ཡང་ཚོལ་བ་དང༌། ཐོབ་ན་ཡང་སེར་སྣས་ཕོངས་ཤིང་བསྲུང་བ་དང༌། སྟོར་ཞིང་ཆུད་ཟོས་ན་ཡང་སྡུག་བསྔལ་ཆེན་པོ་སྐྱེད་པར་བྱེད་དོ། །དགའ་བོ་མདོར་ན་ལུས་འདི་ནི་བདེ་བའི་འདུ་ཤེས་སྐྱེད་པར་བྱེད་ཀྱང་ཡང་དག་པར་ན་བདེ་བར་བྱེད་པ་མ་ཡིན་ནོ། །གང་ལ་ལ་ཞིག་བདག་གི་དོན་དང་གཞན་དང་གཞན་གྱི་དོན་གྱི་ཕྱིར་དེ་ལྟ་བུའི་སྡུག་བསྔལ་གྱིས་ཡོངས་སུ་སྐྱོ་བར་བྱས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་སྟེ། ཡང་དག་པར་སློབ་པར་བྱེད་ན་མྱ་ངན་ལས་འདས་པ་རྣམ་པར་གྲོལ་བའི་ཆོས་ལས་ཉམས་པར་མི་འགྱུར་ལ། གང་ལ་ལ་ཞིག་གོས་དང་མལ་ཆ་དང་ན་བའི་གསོ་སྨན་དང༌། ཡོ་བྱད་ཀྱིས་རིམ་གྲོ་བྱེད་པ་དེ་དག་ཀྱང་རྣམ་པར་སྨིན་པ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནས། དགའ་བོ་མིར་སྐྱེ་བ་ལ་སྨོན་པ་དང༌། ལྷའི་འཇིག་རྟེན་ཡོངས་སུ་ཚོལ་བས་ཚངས་པར་སྤྱད་པ་དག་ཡང་དག་པར་སྤྱད་པ་ལ་ཉེས་པ་དེ་དག་ཡོད་པ་དེ་ལྟ་བས་ན་ཁྱོད་ཀྱིས་མྱ་ངན་ལས་འདས་པ་དོན་དུ་གཉེར་བའི་བསམ་པས་ཚངས་པར་སྤྱད་པར་བྱའི་ལྷར་སྐྱེ་བ་ལ་དགའ་བས་བརྩོན་པར་མི་བྱའོ། །ངས་ནི་ཇི་སྐད་བསྟན་པ་ལྟར། །རྟག་ཏུ་དེ་བཞིན་རབ་བསྒོམས་ལ། །རྣམ་གྲོལ་ཡོངས་སུ་བཙལ་བར་གྱིས། །མྱུར་དུ་འཁོར་བའི་རྒྱ་མཚོ་འདའ། །ཞེས་འབྱུང་ངོ༌། །དྲང་སྲོང་རྒྱས་པས་ཞུས་པ་ལས། དྲང་སྲོང་ཆེན་པོ་ལྷའི་གནས་དེ་ན་ཤིང་ལྗོན་པ་འབྲས་བུ་སྣ་ཚོགས་བདུད་རྩི་དང་འདྲ་བའི་རོ་བྲོ་བ་སྣ་ཚོགས་ཡན་ལག་བརྒྱད་དང་ལྡན་པ་ཡོད་


DTG110_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །འབྲས་བུ་དེ་དག་ནི་ཤིང་རྟའི་འཕང་ལོ་ཙམ་མོ། །དེ་དག་གི་ས་ཕྱོགས་ན་ཚེར་མ་རྣོ་བའི་བག་མེད་པ་གསེར་དང་དངུལ་གྱི་ཕྲེང་བ་སྣ་ཚོགས་པས་མཛེས་པར་བྱས་སོ། །དེ་ནས་ཚེ་ཟད་པའི་ལྟས་འབྱུང་བ་ནི། ཤིང་དྲུང་གི་ལོ་མ་བརྙིངས་པ་དང༌། ཡལ་གའི་མེ་ཏོག་དང་དྲི་ཡང་མེད་པར་འགྱུར་རོ། །སེམས་ཅན་དེ་ཡང་མི་དགའ་བ་རྙེད་དེ་ཕྲེང་བ་ཡང་བརྙིངས་པར་འགྱུར། ལྷའི་རླུང་བསིལ་བ་ཡང་དྲོ་བར་ལྡང་ངོ༌། །དེས་ན་དེའི་གནས་དེ་དག་མཐོང་ནས་ལྷའི་བུ་མོ་དེ་དག་ང་རོ་གཅིག་ཏུ་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་ནོ། །སེམས་ཅན་དེ་ཡང་ལྷའི་བུ་མོ་དེ་དག་དང་ཀྱི་ཧུད་མི་རྟག་པ་འདི་ནི་སྙིང་རྗེ་མེད་པའོ། །འདི་ལྟར་དགའ་ཞིང་འཁོད་པ་ལས། །མི་འདོད་བཞིན་དུ་མཐོ་རིས་ནས་ལྷུང་ངམ། །ཨེ་མའོ། །ལྷ་གཞོན་ནུ་མྱུར་དུ་མིའི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག་ཅེས་མྱ་ངན་བྱེད་པ་ན། རིམས་དྲག་པོས་ནོན་ཏེ་དེའི་ལུས་གཅིག་ཏུ་འབར་བར་འགྱུར་རོ། །ལུས་འབར་བས་གནས་དེ་ནས་འཆི་འཕོ་བར་འགྱུར་རོ། །ཡང་ལྟས་གཉིས་འབྱུང་བ་དེ་ཐོག་མར་གྲིབ་མ་མི་སྣང་བར་འགྱུར་ཞིང་ལྷའི་བུ་མོ་དང་ཀུན་དུ་སྨྲ་བའི་སྒྲ་སྙན་པ་མི་ཐོས་སོ། །ལྷ་གཞོན་ནུ་དེ་ལྷ་ཡུལ་པའི་གནས་རྣམས་སུ་འགྲོ་སྟེ་ཞེས་བྱ་བ་ནས་ལྷའི་བུ་མོའི་ཚོགས་ངུ་ཞིང་སྙིང་རྗེ་རྗེ་ལྟར་སའི་སྟེང་ན་འདྲེ་ལྡོག་པས་ལུས་ལ་རྔུལ་འབྱུང་ཞིང་དེ་དག་མིག་མི་འཛུམས་པ་ལས་འཛུམ་པར་འགྱུར་ཏེ། ཉ་ཆུ་ནས་བཏོན་ནས་ཉི་མས་གདུངས་པ་ལྟར་གྱུར་པ་མཐོང་ནས་ལྷའི་བུ་མོས་བསྐོར་ནས་འདི་སྐད་དུ་ཀྱི་ཧུད་རེ་སྡུག །གཞོན་ནུ་མཆོག་དེ་གང་དུ་སོང་བདག་ཅག་བོར་རོ། །ལྷའི་བུ་ཡུལ་བོར་རོ། །ད་གར་འགྲོ་ཞེས་འཛེར་ཏོ། །ཐག་རིང་པོ་ནས་ལག་པ་གཡས་པ་བརྐྱང་སྟེ། མེ་ཏོག་གཏོར་ནས་འདི་སྐད་ཅེས་ཀྱེ་མའོ་ལེགས་པ་བྱེད་པའི་མིའི་འཇིག་རྟེན་དུ་སོང་སྟེ་དད་པའི་གཤོལ་གྱིས་བསོད་ནམས་ཀྱི་ཞིང་མེད་པར་གྱུར་ཅིག་ཅེས་འཛེར་ཏོ། །དེ་ཐོས་པས་ལུས་བཏང་བས་རིག་ནས་རིམས་དྲག་པོས་བཏབ་བོ། །དེའི་ལུས་ཞིག་པས་མར་གྱི་ཐིགས་པ་རྡོ་ཚན་ལ་ཐིམ་པ་བཞིན་ནོ། །ལྷའི་དབང་པོ་བརྒྱ་བྱིན་ཡང་དེ་ལ་བལྟས་ནས་ཚངས་པའི་དབྱངས་འདི་སྐད་ཅེས་སྨྲའོ། །ཆོག་གོ་ལྷའི་བུ་དག་བདག་ཅག་ཐམས་ཅད་ཀྱིས་འགྲོ་བ་ཡང་འདི་འདྲེས་པར་སྲེད་པར་མ་བྱེད།


DTG110_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ངན་འགྲོར་མ་གནས་ཤིག །ལྷའི་བུ་དག་དབྱངས་གཅིག་ཏུ་སྨྲ་བ། གྲོགས་པོ་དགེ་བ་བྱེད་པ་མིའི་འཇིག་རྟེན་དུ་སོང་ཤིག་ཅེས་བྱས་སོ་ཞེས་གསུངས་སོ། །སྡོམ་པ་གསུམ་བརྟན་པ་ལས་སེམས་ཅན་གང་དག་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཆོས་ལ་ནན་ཏན་མ་བྱས་པ། བརྩོན་འགྲུས་མ་བརྩམས་པ་དབང་པོ་ཡོངས་སུ་མ་སྨིན་ཏེ། དབང་པོ་ཡོངས་སུ་ཞེན་པ་བརྩོན་འགྲུས་ཆུང་བ་དག་ལ་ཤིན་ཏུ་ཟབ་པ་ཐེག་པ་ཆེན་པོའི་ཆོས་བསྟན་པ་འཆད་པ་དང་ཉན་པ་གཉི་ཀ་ཁ་ན་མ་ཐོ་བ་ཆེན་པོའི་སྡིག་པ་འཐོབ་པར་འགྱུར་ཏེ། དེ་ནི་སངས་རྒྱས་ཐམས་ཅད་ལ་འཁུ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གང་དག་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པའི་ཆོས་ལ་ནན་ཏན་མ་བྱས་པར་ཐེག་པ་ཆེན་པོའི་ཆོས་མཉན་ན་སེམས་ཅན་དེ་ནི་གཏི་མུག་པ་ཡིན་ཏེ་ཞེས་བྱ་བ་ནས། ངའི་སློབ་མ་ཚུལ་ཁྲིམས་བསྲུང་བ་དང་ཚུལ་ཁྲིམས་མེད་པ་དགེ་བ་སྤྱོད་ཡུལ་མི་སྟེར་ཏེ། དེའི་རྒྱུ་དང་དེའི་རྐྱེན་གྱིས་ངན་སོང་དུ་ལྷུང་ནས་མུན་པར་འགྲོ་སྟེ་ཐར་པའི་དུས་མེད་དོ། །སེམས་ཅན་དེའི་སྡིག་པ་རྣམ་པར་སྨིན་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ནན་ཏན་མ་བྱས་པར་ཤིན་ཏུ་ཟབ་པ་ཐེག་པ་ཆེན་པོའི་ཆོས་ལ་ཉན་ཅིང་རྩོལ་བ་བྱེད་པའི་ཕྱིར་རོ། །འདི་ལྟར་གྲུ་ཟག་པ་དང་བུག་རྡོལ་ཅན་དུ་ཞུགས་ནས་རྒྱ་མཚོ་ལ་རྒལ་བ་ལྟར་ཐམས་ཅད་མཁྱེན་པའི་རྒྱ་མཚོ་རུ་འཇུག་པར་མི་ནུས་སོ་ཞེས་གསུངས་སོ། །ནམ་མཁའ་ལ་འགྲོ་བའི་འོད་ཀྱིས་འདུལ་བའི་བཟོད་པའི་མདོ་ལས། དགེ་སྦྱོང་གི་ཆོས་ཞེས་བགྱི་བ་ནི་བསླབ་པ་གསུམ་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ལྷག་པའི་སེམས་ཀྱི་བསླབ་པ་དང༌། ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །དེ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཞེ་ན། དགེ་སློང་སོ་སོར་ཐར་པའི་སྡོམ་པ་ལ་ཡང་ལམ་བསྒོམ་པ་ལ་རག་ལས་པས་སྡོམ་པ་དང༌། སྤྱོད་པའི་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཁ་ན་མ་ཐོ་བ་ལ་འཇིགས་པར་ལྟ་བ་དང༌། ཀུན་ལས་འབྱུང་བ་ལ་བསླབ་པ་སློབ་པའི་ཚོགས་འདི་དག་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའོ། །ལྷག་པའི་སེམས་ཀྱི་བསླབ་པ་ནི་ཚངས་པ་བཞི་ལ་གནས་པ་འདིའི་ཕྱིར། བྱམས་པའི་སེམས་


DTG110_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་འཇིག་རྟེན་འགེངས་པ་འདིའི་བར་དུ་རྒྱས་པར་བརྗོད་པ་འདི་ནི་ལྷག་པ་སེམས་ལ་སློབ་པ་ཞེས་བྱའོ། །ལྷག་པའི་ཤེས་རབ་ལ་བསླབ་པ་གང་ཞེ་ན། འཕགས་པའི་བདེན་པ་བཞི་སྟེ། འདི་ལྟ་སྟེ། འཕགས་པའི་བདེན་པའི་སྡུག་བསྔལ་དང༌། ཀུན་ནས་འབྱུང་བའི་སྡུག་བསྔལ་དང། འགོག་པ་ལ་ནན་ཏན་དུ་འགྲོ་བ་འཕགས་པའི་བདེན་པའི་སྡུག་བསྔལ་ལོ། །འཕགས་པའི་བདེན་པའི་སྡུག་བསྔལ་གང་ཞེ་ན། འདི་ལྟ་སྟེ་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང༌། མི་མཛའ་བ་དང་ཕྲད་པ་དང༌། མཛའ་བ་དང་བྲལ་བ་དང༌། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ། །ཀུན་ནས་འབྱུང་བའི་སྡུག་བསྔལ་གང་ཞེ་ན། གང་ལ་སྨོན་པའི་འདོད་ཆགས་དང་ལྡན་པ་དེ་དང་དེར་འགྱུར་བའོ། །འགོག་པའི་སྡུག་བསྔལ་གང་ཞེ་ན། སྨོན་པ་མངོན་པར་གྱུར་ཏེ་མ་ལུས་པར་སོ་སོར་སྤོང་བ་ཤིན་ཏུ་མི་འབྱུང་བ་ཟག་པ་མེད་པ་འདོད་ཆགས་དང་བྲལ་བ་ཉེ་བར་ཞི་བའོ། །སྡུག་བསྔལ་འགོག་པ་ལ་ནན་ཏན་དུ་བྱེད་པའི་འཕགས་པའི་བདེན་པ་གང་ཞེ་ན། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ནོ་ཞེས་གསུངས་སོ། །འཕགས་པའི་བདེན་པའི་གཏམ་གྱི་ལེའུ་སྟེ་གཉིས་པའོ།། །།ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་ནི། བྱམས་པ་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་བསྒོམ་པ་སྟེ། བུ་མོ་མྱ་ངན་མེད་ཀྱིས་བྱིན་པས་ཞུས་པ་ལས། ཇི་ལྟར་གཡུལ་ངོར་བོང་བུ་ཞོན་ན་ནི། །དགྲ་ལས་རྒྱལ་བར་ནུས་པར་མི་འགྱུར་གྱི། །གླང་ཆེན་རྟ་དང་ཤིང་རྟ་ཞོན་ན་ནི། །གཡུལ་ངོར་ལྷགས་པའི་དགྲ་རྣམས་ཆོམས་པར་ནུས། །ཉན་ཐོས་རྣམས་ནི་བོང་བུ་ཞོན་པ་བཞིན། །བྱང་ཆུབ་སེམས་དཔའ་གླང་ཆེན་ཞོན་འདྲ་སྟེ། །སེམས་ཅན་ཀུན་ལ་ཕན་དང་བདེ་སླད་དུ། །དེ་དག་ཤིང་དབང་དྲུང་དུ་བདུད་ཀྱང་འཇོམས། །ཡབ་གཅིག་ཝ་བརྒྱ་དག་གིས་སྐད་ཕྱུང་ཡང༌། །རི་དྭགས་ཚོགས་རྣམས་འདྲོག་པར་མི་འགྱུར་གྱི། །སེང་གེའི་སྐད་ཀྱིས་གླང་ཆེན་རི་དགས་དང༌། །བྱར་བཅས་རྣམས་ཀྱང་ཕྱོགས་སུ་འབྱེར་བར་འགྱུར། །ཡབ་གཅིག་དེ་


DTG110_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཉན་ཐོས་ཝ་འདྲ་སྟེ། །རྒྱལ་པོ་བྱང་ཆུབ་སེམས་དཔའི་སྤྱད་སྤྱོད་པས། །བདུད་དང་དེ་བཞིན་བདུད་རིགས་སྐྲག་པར་འགྱུར། །ཞེས་འབྱུང་ངོ༌། །གཙུག་ན་རིན་ཆེན་གྱིས་ཞུས་པ་ལས། རིགས་ཀྱི་བུ་དཔེར་ན་དཔག་ཚད་བརྒྱ་སྟོང་བགྲོད་དགོས་པའི་གྲོང་ཡིད་དུ་མི་འོང་བ་རང་བུ་གཅིག་པུ་ཡིད་དུ་འོང་བ་དང་འགྲོགས་ཏེ་ཕྱིན་པ་ལས། ཡིད་དུ་འོང་བའི་གྲོང་ཁྱེར་དུ་འོངས་ཏེ་རྐང་པ་ཡ་གཅིག་ནི་གྲོང་ཁྱེར་གྱི་ཐེམ་པ་ལ་བཞག །ཡ་གཅིག་ནི་ཕྱི་རོལ་ན་འདུག་པ་ལས་དེས་བུ་གཅིག་པ་དེ་ཡིད་ལ་དྲན་པར་གྱུར་ན་མ་ལ་ཀྱེ་མའོ། །བུ་གཅིག་པ་དིང་འདིར་ཁྲིད་དེ་མ་འོངས་པ་ལྟ་སྙམ་ནས་ཕྱིར་ཕྱོགས་ཏེ་བུ་གཅིག་པ་ག་ལ་འདུག་པ་དེར་སླར་ལོག་པ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བསམ་གཏན་དང་མངོན་པར་ཤེས་པས་ཟག་པ་ཟད་པའི་ཡེ་ཤེས་མངོན་སུམ་དུ་འགྱུར་རོ། །དེ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས་སེམས་ལ་ལྟ་བས་ཕྱོགས་ཏེ་སླར་ལོག་ནས་སོ་སོའི་སྐྱེ་བོའི་ས་ན་ཀུན་ཏུ་ལྡང་ངོ་ཞེས་འབྱུང་ངོ༌། །ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ནི་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་དེ་འཁོར་བ་ལ་མི་གནས་སོ། །བྱང་ཆུབ་སེམས་དཔའ་ནི་སྙིང་རྗེའི་ངང་ཚུལ་ཅན་ཏེ་མྱ་ངན་ལས་འདས་པ་ལ་མི་གནས་སོ་ཞེས་འབྱུང་ངོ༌། །མྱ་ངན་ལས་འདས་པའི་མདོ་ལས། རིགས་ཀྱི་བུ་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་ནི་རྟག་ཏུ་བྱང་ཆུབ་སེམས་དཔའ་ལ་གྲིབ་མ་བཞིན་དུ་འཁོར་ཏེ་ཞེས་འབྱུང་ངོ༌། །ཡང་དེ་ཉིད་ལས། བཅོམ་ལྡན་འདས་བྱམས་པ་ལ་དམིགས་པ་ལ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང༌། མི་དམིགས་པའོ། །དེ་ལ་སེམས་ཅན་ལ་དམིགས་པ་ནི་ཕུང་པོ་ལྔ་ལ་དམིགས་ནས་བདེ་བ་འདོད་པ་སྟེ་སེམས་ཅན་ལ་དམིགས་པ་ཞེས་བགྱིའོ། །ཆོས་ལ་དམིགས་པ་ནི་སེམས་ཅན་ལ་དམིགས་ནས་ཅི་དགོས་པ་སྦྱིན་པ་སྟེ། སེམས་ཅན་ལ་དམིགས་པ་ཞེས་བགྱིའོ། །མི་དམིགས་པ་ནི་དེ་བཞིན་གཤེགས་པ་ལ་དམིགས་པ་སྟེ་མི་དམིགས་པ་ཞེས་བགྱིའོ། །གང་ཞིག་སེམས་ཅན་གཅིག་ཙམ་ལ། །ཞེ་སྡང་སེམས་ནི་མི་བསྐྱེད་ཅིང༌། །དེ་ལ་བདེ་བ་འདོད་པ་ནི། །ཤིན་ཏུ་


DTG110_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་ཞེས་བྱའོ། །ཇི་སྟ་མངོན་ཤེས་ལྔ་ལྡན་པའི། །དྲང་སྲོང་ས་ཆེན་གང་བར་འགྱུར། །དབང་དང་ལྡན་པའི་རྒྱལ་པོ་ཞིག །བདེ་བ་ཐམས་ཅད་བྱིན་པ་ནི། །རྟ་དང་བ་གླང་ནོར་སྣ་ཚོགས། །དེ་ཡི་བསོད་ནམས་ཐོབ་པ་ནི། །བྱམས་པ་བསྒོམས་པའི་བསོད་ནམས་ཀྱི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །རིགས་ཀྱི་བུ་བྱམས་པ་བསྒོམས་པ་ནི་བརྫུན་པ་མ་ཡིན་ཏེ་ཡང་དག་པར་བདེན་པའོ་ཞེས་འབྱུང་ངོ༌། །བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་ལས་ཀྱང༌། སྲེད་མེད་ཀྱི་བུ་དཔེར་ན་གཟུགས་ཀྱི་རྣམ་པར་ནམ་མཁའི་ཁམས་ཀྱིས་མ་ཁྱབ་པ་ཅི་ཡང་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བྱམས་པ་དེས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཇི་སྙེད་ཡོད་པ་དང༌། སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པ་དེ་མ་ཁྱབ་པ་མེད་དོ། །འཇིག་རྟེན་གྱི་ཁམས་དེའི་སེམས་ཅན་དེ་དག་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བསོད་ནམས་དང་ལྡན་པར་གྱུར་ཏམ། བརྒྱ་བྱིན་དང་ཚངས་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཀྱང༌། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ལ་ཞུགས་པ་གཡོ་སྒྱུ་མེད་པར་སེམས་ཅན་ཡོངས་སུ་དགྲོལ་བ་ལ་བརྩོན་པ་སྙིང་རྗེ་ཆེན་པོ་ལ་ཞུགས་པ་བྱམས་པ་ཆེན་པོ་ལ་གནས་པའི་གོམ་པ་བདུན་པ་ལ་བསོད་ནམས་ཀྱི་ཕུང་པོ་འདུས་པ་གང་ཡིན་པ་དེ་ནི་དེ་བས་ཆེས་མང་སྟེ་འཁོར་ལོས་སྒྱུར་བ་དང་ཚངས་པའི་བསོད་ནམས་ནི་དེ་ལྟ་མ་ཡིན་ནོ་ཞེས་གསུངས་སོ། །དཀོན་མཆོག་སྤྲིན་ལས་ཀྱང༌། ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་བྱམས་པའི་བདག་ཉིད་ཅན་ཡིན་ཏེ། ཉི་ཚེ་བ་མེད་པའི་བྱམས་པ་དང་ལྡན་པ་ཡིན། སྙོམས་པའི་བྱམས་པ་དང་ལྡན་པ་ཡིན། ཕྱོགས་བཅུ་ཀུན་ཏུ་ཁྱབ་པའི་བྱམས་པ་དང་ལྡན་པ་ཡིན། འཇིག་རྟེན་ལས་འདས་པའི་བྱམས་པ་དང་ལྡན་པའི་བར་དུའོ། །ཆོས་བཅུ་དང་ལྡན་ན་སྙིང་རྗེའི་བདག་ཉིད་ཅན་ཡིན་ནོ། །འདི་ལྟ་སྟེ་སྡུག་བསྔལ་བ་དང༌། སྐྱབས་མེད་པ་དང༌། མགོན་མེད་པ་དང༌། རྟེན་མེད་པ་དང༌། དཔུང་གཉེན་མེད་པ་དག་མཐོང་ན་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སེམས་བསྐྱེད་ནས་ཆོས་ཉིད་ཐོབ་པར་བྱ་བའི་ཕྱིར་འབད་རྩོལ་བརྩོན་འགྲུས་རྩོམ་སྟེ་དཀའ་བ་སྤྱོད་པ་བརྒྱ་དག་ཀྱང་བྱེད་དོ་ཞེའོ། །ཆོས་བཅུ་དང་ལྡན་ན་དགའ་བ་ལ་གནས་པ་ཡིན་ཏེ། འདི་ལྟ་སྟེ་བདག་


DTG110_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་བཙོན་ར་རབ་ཏུ་འབར་བ་ནས་བྱུང་ངོ་ཞེས་དགའ་བ་སྐྱེད་དོ་ཞེས་བྱ་བ་ནས། བདག་འཁོར་བའི་འབྲོག་དགོན་པར་ཡུན་རིང་པོར་འཁྱམ་སྟེ། ལམ་དང་ཡུལ་མི་ཤེས་པ་ལས་ལམ་སྟོན་པ་རྙེད་དོ་ཞེས་དགའ་བ་བསྐྱེད་དོ། །བདག་ནི་ཐམས་ཅད་མཁྱེན་པ་དང་ཉེ་བར་གྱུར་ཏོ་ཞེས་དགའ་བ་བསྐྱེད་དོ་ཞེས་བྱ་བའི་བར་དུའོ། །ཡང་ཆོས་བཅུ་དང་ལྡན་ན་བཏང་སྙོམས་ལ་གནས་པ་ཡིན་ཏེ། འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་གཟུགས་རྣམས་ལ་བཏང་སྙོམས་སུ་གནས་པ་ཡིན། གཟུགས་ཀྱིས་སྨྲས་པར་མི་འགྱུར། གནོད་པར་མི་འགྱུར། རྨ་ཕྱུང་བར་མི་འགྱུར་བ་ནས་ཆོས་ཀྱི་བར་དུའོ། །འདུ་བྱེད་ཀྱི་སྡུག་བསྔལ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་ལ་བཏང་སྙོམས་སུ་གནས་པ་ཡིན་ཞེས་བྱ་བ་ལ་སོགས་པའོ། །མྱ་ངན་ལས་འདས་པ་ལས། གང་ཞིག་སེམས་ཅན་ཐམས་ཅད་ལ། །སྙིང་རྗེ་ཡི་ནི་སེམས་བསྐྱེད་པ། །དེ་ནི་འཕགས་པའི་རིགས་ཞེས་བྱ། །བསོད་ནམས་ཚད་མེད་ཐོབ་པར་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནི་སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་དག་འཇིག་རྟེན་གྱི་སེམས་ཅན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་པའི་སེམས་ཅན་ནི་དཀོན་ནོ།། དེ་བས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་ཏེ་བརྩོན་འགྲུས་བརྩམས་པའི་ཚུལ་འདི་ལྟ་བུས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྡུད་པ་དང༌། མོས་པ་དྲག་པོ་དེ་ལྟ་བུས་བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་ཚོལ་བ་དང༌། དོན་དུ་གཉེར་བ་འདི་ལྟ་བུས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པར་བྱེད་པ་དང༌། དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་ནན་ཏན་དུ་བྱེད་པ་དང༌། ཁེ་དང་བཀུར་སྟི་དང་སྙན་པ་དོན་དུ་མི་གཉེར་བ་འདི་ལྟ་བུས་བྱང་ཆུབ་སེམས་དཔའི་བསམ་པ་དང་འགལ་བར་མི་བྱེད་པ་དང༌། ཁྱིམ་དང༌། ལོངས་སྤྱོད་དང༌། འདོད་པའི་དགའ་བ་ཐམས་ཅད་ལ་ལྟོས་པ་མེད་པར་བྱང་ཆུབ་སེམས་དཔའི་གྲོགས་ཚོལ་བ་དང༌། ལུས་དང་སྲོག་ལ་མི་ལྟ་བར་ཐམས་ཅད་མཁྱེན་པ་ལ་མོས་པ་བྱེད་པའི་སེམས་ཅན་ནི་ཆེས་དཀོན་ནོ་ཞེས་གསུངས་སོ། །མྱ་ངན་ལས་འདས་པའི་མདོ་ལས་ཀྱང༌། སངས་རྒྱས་ཀྱི་རང་བཞིན་ནི་དད་པའི་སེམས་ཆེན་


DTG110_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དད་པའི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་སོ། །གསང་ཆེན་ཐབས་ལ་མཁས་པ་ལས། སྲོག་ཆགས་ཀུན་ལ་སྨན་སླད་དུ། །བདག་ནི་བྱང་ཆུབ་འདུན་པ་སྐྱེད། །ཅེས་སོ། །སེང་གེས་ཞུས་པ་ལས་ཀྱང༌། ཆོས་རྣམས་ཐམས་ཅད་བསྡུ་བ་ནི། །ཆོས་གང་གིས་ནི་ཐོབ་པར་འགྱུར། །གང་དང་གང་དུ་སྐྱེས་པ་དེར། །བྱང་ཆུབ་སེམས་དཔའ་དགའ་བ་ཐོབ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སེམས་ཅན་ཐམས་ཅད་ཐར་བྱའི་ཕྱིར། །བྱང་ཆུབ་དོན་དུ་སེམས་བཏུད་པ། །དེས་ནི་ཆོས་རྣམས་བསྡུ་བ་ཐོབ། །དེས་ནི་དགའ་བའང་ཐོབ་པར་འགྱུར། །ཞེས་འབྱུང་ངོ༌། །བྱམས་པས་ཞུས་པ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་བར་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་ཀྱི་སེམས་སོ་ཞེས་གསུངས་སོ། །བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་གྱི་མདོ་ལས། བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་ཐོབ་པར་བགྱིད་པའི་ཆོས་གང་ལགས། ཆོས་གཅིག་སྟེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་གཏོང་བའོ་ཞེས་འབྱུང་ངོ༌། །དེ་ཉིད་ལས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་བའི་སླད་དུ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེས་བསོད་ནམས་ཐམས་ཅད་ཡོངས་སུ་མ་བསྡུས་པའི་ཏིང་ངེ་འཛིན་དེ་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པའི་ཕྱིར་རོ། །སྲེད་མེད་ཀྱི་བུ་བསོད་ནམས་བྱ་བའི་དངོས་པོ་ཅི་ཡང་རུང༌། སྦྱིན་པ་ལས་བྱུང་བ་ནས་


DTG110_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བར་གྱི་བསོད་ནམས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དག་གོ །དེའི་ཕྱིར་བསོད་ནམས་ཐམས་ཅད་ཡོངས་སུ་གཟུང་བར་འདོད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ་ཞེས་འབྱུང་ངོ༌། །འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང༌། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །ཡང་དེ་ཉིད་ལས། བསྐལ་པ་སེམས་ཅན་སྙེད་དུ་གལ་ཏེ་ལེགས་བརྗོད་ཀྱང༌། །བྱང་ཆུབ་སེམས་རབ་དེ་ལ་མཐར་ཐུག་གང་ཡང་མེད། །རྒྱལ་བ་འབྱུང་བའི་རིགས་ཆེན་གང་སྐྱེས་པ། །དེ་ཡི་དཔེ་ནི་ཁམས་གསུམ་གློངས་ཀྱང་གང་ཡང་མེད། །དུས་གསུམ་རྒྱལ་བ་ཀུན་གྱིས་གང་ཞིག་རྣམ་བསགས་པའི། །བྱང་ཆུབ་སེམས་རབ་དེ་ལ་སྨོན་ལམ་ཀུན་གྱིས་གྱིས། །བྱང་ཆུབ་སེམས་རབ་དེ་ནི་བསོད་ནམས་གཏེར། །དེས་ནི་རྒྱལ་བ་ཆགས་པ་མེད་པ་རབ་ཏུ་ཐོབ། །ཅེས་གསུངས་སོ། །ཡང་དེ་ཉིད་ལས་དཔེར་ན་རྒྱལ་པོའི་བུ་ཐམས་ཅད་ཀྱིས་མི་དོགས་པར་བྱ་བ་ཞིག་ན་རྒྱལ་པོའི་མཚན་དང་ལྡན་ན་རིགས་ཀྱི་བཙུན་པས་བློན་པོར་བྱ་བ་ཐམས་ཅད་དང་མི་མཉམ་མོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་ལས་དང་ཉོན་མོངས་པ་ཐམས་ཅད་ཀྱིས་ནོན་པ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་མཚན་དང་ལྡན་ན་སངས་རྒྱས་ཀྱི་རིགས་ཀྱིས་བཙུན་ཞིང་ཆེ་བས་ཉན་ཐོས་དང་རང་སངས་རྒྱས་མཆོག་ཏུ་ཕྱིན་པ་དང་ཡང་མི་མཉམ་མོ་ཞེས་གསུངས་སོ། །སྐྱབས་འགྲོ་ཁྱད་པར་ཅན་གོམས་པར་བྱས་པས་བྱང་ཆུབ་ཀྱི་སེམས་སྐྱེ་བས་ན། རྒྱལ་བའི་ཡུམ་ལས་ཀྱང༌། གལ་ཏེ་སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ། །སངས་རྒྱས་འགྲུབ་བྱ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་ན། །མཁས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་པར་བྱ། །ཞེས་འབྱུང་ངོ༌། །འཕགས་པ་ལག་ན་རྡོ་རྗེ་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་ལས་ཀྱང༌། བདག་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་སངས་རྒྱས་ལ་སྐྱབས་སུ་འགྲོའོ། །ཆོས་ལ་སྐྱབས་སུ་འགྲོའོ། །དགེ་འདུན་ལ་སྐྱབས་སུ་འགྲོའོ། །སེམས་ཅན་


DTG110_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་དོན་གྱི་ཕྱིར་ཕ་ལྟ་བུ་དང༌། མ་ལྟ་བུ་དང༌། སྤུན་ལྟ་བུ་དང༌། གཉེན་ལྟ་བུ་དང༌། སྣག་གི་གཉེན་མཚམས་ལྟ་བུར་འགྱུར་བར་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བདག་དེང་ཕྱིན་ཅད་སེམས་ཅན་ཐམས་ཅད་ཀྱི་ཕ་དང༌། མ་དང༌། སྤུན་དང༌། གཉན་དང༌། སྣག་གི་གཉེན་མཚམས་སུ་འགྱུར་བར་བྱའོ་ཞེས་འབྱུང་ངོ༌། །སྐྱབས་སུ་འགྲོ་བའི་བསླབ་བྱ་ནི། དེས་བས་ཞུས་པ་ལས། ཁྱོད་ཀྱིས་བསྐལ་པ་བརྒྱར་ནི་སྔོན་ཆད་དཀའ་ཐུབ་སྤྱད། །ཁྱོད་ནི་བསྡུ་བ་དག་དང་དུལ་དང་སྦྱིན་ལ་དགྱེས། །ཁྱོད་ནི་སྐུ་གསུང་ཐུགས་རྣམས་ཡོངས་སུ་དག་པ་སྟེ། །སྲིད་གསུམ་འཇིག་རྟེན་བླ་མ་ལ་ནི་བདག་ཕྱག་འཚལ། །ལྷ་མོ་དཔལ་གྱི་ཕྲེང་བ་སེང་གེའི་སྒྲ་ལས། བསམ་བྱས་རྩལ་ལྡན་ཁྱོད་ཀྱིས་ནི། །སྐུ་གསུང་ཐུགས་ཀྱི་སྐྱོན་རྣམས་བསལ། །ཉམས་མ་མཆིས་པའི་ས་བརྙེས་པ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །ཤེས་བྱ་ཐམས་ཅད་ཁྱོད་ཀྱིས་མཁྱེན། །ཡེ་ཤེས་སྐུ་ཡི་དབང་ཕྱུག་སྟེ། །སངས་རྒྱས་ཆོས་རྣམས་ཐམས་ཅད་ཀྱི། །མཐར་ཕྱིན་ཁྱོད་ལ་ཕྱག་འཚལ་ལོ། །ཡང་དེས་པས་ཞུས་པ་ལས། ཁྱོད་ནི་འདོད་ཆགས་ཞེ་སྡང་གཏི་མུག་སེལ། །ཁྱོད་ཀྱི་ཐུགས་ནི་ཞི་ཞིང་སྙོམས་ལ་ཐུགས་རྗེར་ལྡན། །ཁྱོད་ནི་ཡང་དག་གསུང་ཞིང་དམ་པའི་དོན་ཡང་མཁྱེན། །སྲིད་པ་གསུམ་པོ་ཐར་བར་མཛད་ལ་བདག་ཕྱག་འཚལ། །ཞེས་འབྱུང་ངོ༌། །མྱ་ངན་ལས་འདས་པ་ལས་ཀྱང༌། རྒྱལ་པོ་ཆེན་པོ་གལ་ཏེ་ཟླ་བ་གཅིག་ཏུ་སེམས་ཅན་ཐམས་ཅད་ལ་ཟས་དང་གོས་སྦྱིན་པ་བྱིན་པ་བས་གང་ཟག་གཅིག་གིས་སྐད་ཅིག་ཙམ་སངས་རྒྱས་རྗེས་སུ་དྲན་ན་བསོད་ནམས་འདིས་བཅུ་དྲུག་ཆ་ཙམ་དུ་ཡང་མི་ཕོད་དོ་ཞེས་འབྱུང་ངོ༌། །ཡང་དེ་ལས། སངས་རྒྱས་ཆོས་དང་དགེ་འདུན་ལ། །སྤོས་སམ་མར་མེ་གཅིག་ཙམ་མམ། །མེ་ཏོག་གཅིག་ཙམ་མཆོད་བྱས་ན། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །རྟག་ཏུ་དགའ་བའི་སེམས་བསྐྱེད་དེ། །སངས་རྒྱས་གཟུགས་སམ་རྟེན་ཡང་རུང༌། །མཐེ་བོ་ཙམ་ཅིག་གང་བྱས་པ། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། གང་དག་སངས་རྒྱས་སྐྱབས་གསོལ་པ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་རྣམས་གཞན་དག་ལ། །སྐྱབས་གསོལ་


DTG110_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བར་ནི་མི་འགྱུར་རོ། །དམ་པའི་ཆོས་ལ་སྐྱབས་གསོལ་ན། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ནི་སྐྱབས་གསོལ་ན། །མུ་སྟེགས་ཅན་ལ་ཕྱོགས་མི་འགྱུར། །དཀོན་མཆོག་གསུམ་ལ་སྐྱབས་གསོལ་ན། །འཇིགས་པ་མེད་པ་ཐོབ་པར་འགྱུར། །སངས་རྒྱས་མང་པོས་བསྔགས་པར་འགྱུར། །བདག་ཀྱང་བདེ་གཤེགས་བསྔགས་པ་ཡིས། །བླ་མེད་ལམ་ལ་གཞོལ་ཞིང་འབབ། །བདུད་རྩི་མཆོག་གི་དམ་པ་སྟེ། །སྲིད་པའི་ནང་ན་མེད་པའོ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀྱི་བསླབ་བྱ་ནི། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་བྱ་བ་མང་བྱེད་པ་མང་སྟེ་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བསླབ་པར་མི་ནུས་ཀྱི། ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང་དད་པ་དང་དོན་དུ་གཉེར་བ་དང༌། སྨོན་པས་འགྲོ་ཡང་རུང༌། འགྲེང་ཡང་རུང༌། འདུག་ཀྱང་རུང༌། ཉལ་ཡང་རུང༌། སད་ཀྱང་རུང༌། ཟ་ཡང་རུང༌། འཐུང་ཡང་རུང༌། རྟག་པར་རྒྱུན་ཏུ་དྲན་པར་ཡིད་ལ་ཟུང་སྟེ་སྒོམས་ཤིག་ཅེས་བྱ་བ་ནས་རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་ཞུགས་ན་རྒྱལ་པོའི་བྱ་བ་ཡང་ཉམས་པར་མི་འགྱུར་ཞིང་བྱང་ཆུབ་ཀྱི་སེམས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་སོ། །ཟླ་བ་སྒྲོན་མའི་མདོ་ལས། ཁྱེད་ལ་བསྒོ་ཞིང་ཁོང་དུ་ཆུད་པར་བྱ། །ཇི་ལྟ་ཇི་ལྟར་མང་དུ་མིས་བརྟགས་ན། །དེ་ལ་གནས་པའི་རྣམ་པར་རྟོག་པ་དེས། །དེ་ལྟ་དེ་ལྟར་དེ་ལ་སེམས་གཞོལ་འགྱུར། །ཞེས་གསུངས་སོ། །དཀོན་མཆོག་སྤྲིན་ལས་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན་བསོད་ནམས་བྱ་བ་ལ་བརྩོན་པ་ཡིན་ནོ། །འདི་ལྟ་སྟེ། དཀོན་མཆོག་གསུམ་ལ་ཅི་ནུས་སུ་བྱ་བ་བྱེད་པ་དང༌། ནད་པ་ལ་རྩི་སྦྱིན་པ་དང༌། མཁན་པོ་དང་སློབ་དཔོན་ལ་གུས་པས་རིམ་གྲོ་བྱེད་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་གུས་པར་ཕྱག་འཚལ་བ་ལ་སོགས་པ་དང༌། ཀུན་དགའ་ར་བ་དང༌། གཙུག་ལག་ཁང་བྱེད་པ་དང༌། དུས་དུས་སུ་ནོར་དང་འབྲུ་ལ་སོགས་པ་གཏོང་བ་དང༌། བྲན་ཕོ་དང་བྲན་མོ་ལ་སོགས་པ་ལ་བགོ་


DTG110_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བཤའ་བྱེད་པ་དང༌། དུས་དུས་སུ་ཚུལ་ཁྲིམས་དང་ལྡན་པའི་དགེ་སྦྱོང་ལ་བསྙེན་བཀུར་བྱེད་པའོ་ཞེས་གསུངས་སོ། །གསང་བ་བསམ་གྱིས་མི་ཁྱབ་པ་ལས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྦྱིན་པའི་ཚོགས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་ཚོགས་ནི་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་དོ། །བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ཀྱིས་ནི་མཚན་དང་དཔེ་བྱད་བཟང་པོ་དང༌། སངས་རྒྱས་ཀྱི་ཆོས་དང༌། ཅང་ཤེས་ཀྱི་སེམས་དང༌། ཉོན་མོངས་པ་རྣམས་སྤོང་ཞེས་བྱ་བ་ནས། བསྔོ་བ་ལ་མཁས་པའི་ཚོགས་ཀྱིས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་རོ་ཞེས་བྱ་བ་ནས་བཅོམ་ལྡན་འདས་ཚོགས་དེ་དག་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་འདུས་ཤིང་རྗེས་སུ་ཞུགས་པར་འཚལ་བར་བགྱིའོ་ཞེས་གསུངས་སོ། །འཕགས་པ་ཉེ་བ་འཁོར་གྱིས་ཞུས་པ་ལས། ཉེ་བ་འཁོར་འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་གལ་ཏེ་སྔ་དྲོའི་དུས་སུ་ལྟུང་བ་བྱུང་བ་ཡང་ཕྱེད་ཀྱི་དུས་ན་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟ་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ། །གལ་ཏེ་ཕྱེད་ཀྱི་དུས་ན་ཡང་ལྟུང་བ་བྱུང་ན་ཡང་ཕྱི་འཕྲེད་ཀྱི་དུས་ན་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟ་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མཐའ་མེད་དོ། །གལ་ཏེ་ཕྱི་འཕྲེད་ཀྱི་དུས་ན་ལྟུང་བ་བྱུང་ན་ཡང་སྲོད་ལ་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟར་ན་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མཐའ་མེད་དོ། །གལ་ཏེ་སྲོད་ལ་ལྟུང་བ་བྱུང་ན་ཡང་ནམ་ཕྱེད་ན་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟར་ན་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མཐའ་མེད་དོ། །ནམ་ཕྱེད་ན་ལྟུང་བ་བྱུང་ན་ཡང་ཐོ་རངས་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མཐའ་མེད་དོ། །ཉེ་བ་འཁོར་དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་


DTG110_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་བསླབ་པ་ནི་བཅོས་སུ་རུང་བའོ་ཞེས་འབྱུང་ངོ༌། །འོད་སྲུངས་ཀྱིས་ཞུས་པ་ལས། །འོད་སྲུངས་ཆོས་བཞི་པོ་འདི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ། །སྦྱིན་གནས་བླ་མས་བསྒོ་བཞིན་མི་བྱེད་དང༌།། གཞན་དག་ལ་ནི་ཐེ་ཚོམ་ཉེར་བསྒྲུབ་དང༌། །སེམས་ཅན་གང་དག་བྱང་ཆུབ་རབ་ཞུགས་པ། །དེ་ལ་བསྔགས་མིན་མི་སྙན་སྨྲ་བ་དང༌། །སྒྱུ་དང་གཡོ་དང་རྒྱན་ལ་དོར་བྱེད་པས། །གཞན་གྱི་དོན་ལ་བསམ་པ་མ་ཡིན་པའོ། །འོད་སྲུངས་ཆོས་བཞི་དང་ལྡན་ན་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་རོ། །བཞི་གང་ཞེ་ན། སྲོག་གི་ཕྱིར་ཡང་བརྫུན་ཚིག་མི་སྨྲ་ཞིང༌། །རྟག་ཏུ་དོན་དང་ལྡན་པའི་ཚིག་རྣམས་སྨྲ། །སྒྱུ་དང་གཡོ་ནི་རྟག་ཏུ་རྣམ་སྤངས་ཏེ། །ལྷག་པའི་བསམ་པས་རྟག་ཏུ་སེམས་ཅན་བལྟ། །སེམས་ཅན་དམ་པ་བྱང་ཆུབ་གང་བཞུགས་པ། །བྱང་ཆུབ་སེམས་དཔའ་དེ་ལ་སྟོན་པར་སེམས། །སྟོན་པའི་འདུ་ཤེས་ཉེ་བར་བཞག་ནས་ཀྱང༌། །དེ་དག་བསྔགས་པ་ཕྱོགས་བཞིར་བརྗོད་པར་བྱ། །སེམས་ཅན་གང་དག་ཡོངས་སུ་སྨིན་བྱེད་པ། །བླ་མེད་ཡེ་ཤེས་ཡང་དག་འཛིན་དུ་འཇུག །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མི་འགྱུར། །ཞེས་འབྱུང་ངོ༌། །བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་ལས། ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། ཆོས་ལ་མ་གུས་པ་དང༌། ང་རྒྱལ་དང༌། དགེ་བའི་བཤེས་གཉེན་ཁྱད་དུ་གསོད་པ་དང༌། ལོག་པའི་ཚིག་སྨྲ་བའོ། །ཡང་བཞི་སྟེ། ཉན་ཐོས་དང་འགྲོགས་པ་དང༌། ཐེག་པ་དམན་པ་ལ་མོས་པ་དང༌། བྱང་ཆུབ་སེམས་དཔའ་ལ་སྡང་ཞིང་སྐུར་བ་འདེབས་པ་དང༌། ཆོས་ལ་དཔེ་མཁྱུད་བྱེད་པའོ། །ཡང་བཞི་སྟེ། སྒྱུ་བྱེད་པ་དང༌། གཡོ་བྱེད་པ་དང༌། དགེ་བའི་བཤེས་གཉེན་ལ་ལྕེ་གཉིས་བྱེད་པ་སྟེ། རྙེད་པ་དང་བཀུར་སྟི་ལ་ཞེན་པའོ་ཞེས་གསུངས་སོ། །ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་གྱི་ལེའུ་སྟེ་གསུམ་པའོ།། །།འཁོར་གསུམ་ཡོངས་སུ་དག་པའི་གཏམ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་སྟེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བཅོམ་ལྡན་འདས་གཞན་ཡང་བསླབ་


DTG110_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཚལ་བ་དེ་ནི་ཡང་ཆོས་ལགས་སོ། །བསླབ་པ་དེ་དག་ཀྱང་གང་ཞེ་ན། བསླབ་པ་གསུམ་དུ་བསླབ་པ་ཐམས་ཅད་འདུས་པར་འགྱུར་རོ། །གསུམ་གང་ཞེ་ན། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ལྷག་པ་སེམས་ཀྱི་བསླབ་པ་དང༌། ལྷག་པ་ཤེས་རབ་ཀྱི་བསླབ་པའོ་ཞེས་གསུངས་སོ། །སྦྱིན་པའི་ནི་བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་སྐྱེད་པར་བྱེད་དེ། བདག་གི་ལུས་འདི་ཡང་སེམས་ཅན་ཐམས་ཅད་ལ་བཏང་སྟེ་ཡོངས་སུ་བཏང་ན་ཕྱི་རོལ་གྱི་དངོས་པོ་རྣམས་ལྟ་ཅི་སྨོས་སྙམ་དུ་སེམས་བསྐྱེད་པར་བྱའོ། །ཡོད་དེ་ཡོད་ན་དེ་དང་དེ་ལ་མི་དགའ་བ་མེད་པ་དང༌། འགྱོད་པ་མེད་པར་སྦྱིན་པར་བྱ་སྟེ་ཞེས་ནོར་དང་འབྲུ་དང་དངུལ་དང་རིན་པོ་ཆེ་དང་རྒྱན་དང་སྟན་དང་བཞོན་པ་དང་འཁོར་གྱི་བར་དུ་ལྟ་ཅི་སྨོས་ཏེ། འགྱོད་པ་མེད་པ་དང་རྣམ་པར་སྨིན་པ་ལ་མི་རེ་བར་སྦྱིན་པར་བྱ་སྟེ། གཞན་དུ་ན་སེམས་ཅན་ལ་ཕན་གདགས་པ་དང༌། སྙིང་རྗེ་དང༌། སེམས་ཅན་ཉིད་བསྡུ་བར་བྱ་བའི་ཕྱིར་བྱ་བར་ཟད་དོ། །བདག་གིས་བྱང་ཆུབ་ཐོབ་པ་ན་ནི་འདི་དག་ཆོས་ཀུན་དུ་རྟོགས་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ། །ལུས་བརྟས་པར་བྱ་བའི་ཕྱིར་ཡང་བའི་འཚོ་བས་འཚོ་བར་མི་བྱེད་དོ། །དེ་སྲོག་གི་ཕྱིར་ཡང་གཞན་ལ་ཁོང་ཁྲོ་མི་བྱེད་དོ་ཞེས་འབྱུང་ངོ༌། །སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། སེམས་ཅན་ཀུན་ལ་ཕན་བདེའི་ཕྱིར་གྱི། །རྣམ་སྨིན་འབྲས་བུ་རེ་ཕྱིར་མ་ཡིན། །སྦྱིན་པ་དངོས་པོ་བྱིན་པ་ཆུང་ཡང༌། །ཡང་དག་བསོད་ནམས་ཞིང་དུ་དེ་འགྱུར། །སྦྱིན་པ་དངོས་པོ་མང་དུ་བྱས་ཀྱང༌། །འདོད་པ་རྣམ་ལྔ་དག་ལ་གནས་ན། །འཕགས་པ་དག་གིས་ཕྱག་རྒྱས་མ་བཏབ། །མ་ངེས་པ་ཡི་ཚོགས་ལ་གནས་གྱུར། །ཞེས་གསུངས་སོ། །དྲང་སྲོང་རྒྱས་བས་ཞུས་པ་ལས། ནོར་གང་གི་ཡིན་པ་དེ་ནི་སྦྱིན་བདག་ཡིན་ནོ། །བྱེད་དུ་བཅུག་པས་སྦྱིན་པ་ནི་གཏོང་བ་པོ་ཡིན་གྱི། སྦྱིན་བདག་མ་ཡིན་ནོ། །དུག་དང་མཚོན་ཆ་དང་སྲོག་ཆགས་བསད་དེ་ཤ་སྦྱིན་པ་དང་བག་མེད་པ་ལ་ཆང་སྦྱིན་པ་ནི་མ་དག་པའོ། །རྣམ་པར་སྨིན་པ་ལ་ཐེ་ཚོམ་ཟ་བ་དང༌། སྦྱིན་ནས་འགྱོད་པས་གདུངས་པ་ཡང་མ་དག་པའོ། །བསོད་ནམས་ཀྱི་རྣམ་པར་སྨིན་པ་བདག་ཉིད་ཀྱིས་སྤྱད་


DTG110_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཞན་ལ་མ་གྱུར་ཅིག་སྙམ་ན་མ་དག་པའོ། །ན་བ་དང་འཆི་བའི་དུས་སུ་སངས་རྒྱས་ལ་དགའ་བ་དང༌། དད་པ་མེད་པར་རྩ་ལག་གིས་བྱེད་དུ་བཅུག་ནས་བྱིན་ན་མ་དག་པའོ། །དབུལ་ཕོངས་བ་བོར་ནས་ཕྱུག་པོ་ལ་སྟེར་ན་མ་དག་པའོ། །དྲང་སྲོང་ཆེན་པོ་དེ་དག་གི་རྣམ་པར་སྨིན་པ་ནི་ཚྭ་སྒོ་ཅན་གྱི་ཞིང་ལ་ས་བོན་བཏབ་པ་ལྟར་རྣམ་པར་སྨིན་པ་མེད་པ་མ་ཡིན་མོད་འབྲས་བུར་མི་འགྱུར་རོ། །དྲང་སྲོང་ཆེན་པོ་མ་རྨོས་མ་བསལ་བས་ཞིང་ལ་ས་བོན་བཏབ་ནས་ཆར་བབ་ན་སྐྱེ་སྲིད་ཀྱི་མེ་ཏོག་དང་འབྲས་བུར་མི་འགྱུར་བ་དང་འདྲའོ་ཞེས་གསུངས་སོ། །དེ་ཉིད་ལས་སྦྱིན་པ་བླ་ན་མེད་པ་ལྔ་སྟེ། དེ་བཞིན་གཤེགས་པ་དང༌། དགེ་འདུན་དང༌། ཆོས་སྨྲ་བ་དང༌། ནད་པ་དང༌། ཕ་དང་མའོ་ཞེས་གསུངས་སོ། །སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། མཁས་པ་ཆོས་ཀྱི་སྦྱིན་པ་སྤྱོད་པ་དག །སྣོད་བཞིན་ཐེག་པ་གསུམ་གྱི་ཆོས་བསྟན་ཏེ། །ཐེག་པ་གཞན་དག་དེ་ལ་སྟོན་མི་བྱེད། །ཐོས་ནས་དེ་ལ་འཕྱ་ཞིང་སྐུར་མི་འགྱུར། །ཆོས་སྨྲ་དག་ལ་མཆོད་པ་བྱེད་པ་ནི། །སངས་རྒྱས་འདྲ་བར་དེ་ལ་འདུ་ཤེས་བསྐྱེད། །ཀུན་ནས་ཉོན་མོངས་པ་ཡི་ནད་བསལ་ཕྱིར། །དམ་པའི་ཆོས་ཀྱི་སྨན་དག་ཉན་པར་འགྱུར། །ཁེ་དང་གྲགས་པ་ཤིན་ཏུ་རིང་སྤངས་ཏེ། །དམ་པའི་ཆོས་དག་བསྟན་ཅིང་བཤད་པར་བྱ། །ཞེས་གསུངས་སོ། །བཟང་པོ་ལུང་བསྟན་པ་ལས་ཆོས་བཞི་དང་ལྡན་ན་གཞན་ལ་ཆོས་སྟོན་པའི་ཚིག་གཟུང་བར་འོས་པར་འགྱུར་ཏེ། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། ངང་ཚུལ་བཟང་ཞིང་མཉེན་པ་དང༌། བདག་ཉིད་ཆོས་སྒྲུབ་པའོ་ཞེས་འབྱུང་ངོ༌། །ཡང་དེ་ཉིད་ལས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་སྡིག་པའི་གྲོགས་པོ་སྟེ། གང་ལ་བརྟེན་ནས་མི་དགེ་བའི་ཆོས་འཕེལ་བ་དང༌། ཐེག་པ་དམན་པ་ལ་སྟོན་པ་དང༌། བྱང་ཆུབ་ཀྱི་སེམས་ལ་འདུན་པ་བཟློག་པ་དང༌། དགེ་བ་ཉམས་པར་འགྱུར་བའོ་ཞེས་འབྱུང་ངོ༌། །ཚུལ་ཁྲིམས་ནི་ཆོས་ཡང་དག་པར་སྡུད་པའི་མདོ་ལས། བཅོམ་ལྡན་འདས་དེའི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་གང་སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཡང་ལགས་ལ་སོ་སོར་ཐར་པ་ཙམ་གྱིས་དག་པར་ཡང་མི་སེམས་ཏེ་བྱང་


DTG110_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའི་སྡོམ་པ་ལ་སྟོན་པ་ལགས་སོ་ཞེས་འབྱུང་ངོ༌། །སངས་རྒྱས་མཛོད་ཀྱི་མདོ་ལས་ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་བསྐལ་པ་བརྒྱ་སྟོང་ཁྲི་འབུམ་གྱི་བར་དུ་རང་གི་ལུས་ཀྱི་ཤ་བཅད་གཏུབས་ཏེ་སྦྱིན་བདག་ལ་འཇལ་ལོ། །ཕྱུགས་སུ་སྐྱེས་ན་ཡང་ཁུར་ལྕི་བ་ཁྱེར་བ་འོང་ངོ། །སྐྲ་ཉག་མ་འབུམ་དུ་བགོས་པའི་ཆ་ཙམ་ཡང་བཞུ་བར་མི་ནུས་ན་གོས་དང་ཟས་དང་མལ་ཆ་དང་སྨན་ལ་སོགས་པ་ལྟ་ཅི་སྨོས་ཞེས་བྱ་བ་ནས་ཤཱ་རིའི་བུ་རོས་གང་བའི་ས་དེའི་ནང་ན་ངའི་ཆོ་ག་བཞིན་དུ་སྤྱོད་པ་ནི་ཕོད་ཀྱི་ཚུལ་ཁྲིམས་ཞིག་པའི་དགེ་སློང་དང་ལྷན་ཅིག་ཏུ་འདུག་པ་ནི་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ཞིག་པའི་དགེ་སློང་གི་ལག་གིས་བླངས་པའི་རྫས་སོ་ཅོག་ཚུལ་ཁྲིམས་འཛིན་པའི་དགེ་སློང་གི་ངན་དུག་པར་འགྱུར་རོ་ཞེས་གསུངས་སོ། །སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། ཇི་ལྟར་ན་ཁྲེལ་མེད་ཅིང་ངོ་ཚ་མེད་པའི་དགེ་སློང་ཡིན་ཞེ་ན། སེམས་ཅན་གང་འཚོ་བ་ཙམ་གྱི་ཕྱིར་ངའི་བསྟན་པ་ལ་རབ་ཏུ་ཕྱུང་སྟེ། རབ་ཏུ་ཕྱུང་ནས་སོ་སོར་ཐར་པའི་ཚུལ་ཁྲིམས་བསྲུང་བ་ཐམས་ཅད་ཉམས་ཏེ་ཁྲེལ་དང་ངོ་ཚ་མེད་པ་ལ་ཚེ་ཕྱི་མའི་སྡུག་བསྔལ་གྱིས་མི་འཇིགས་ཁོང་རུལ་ཅིང་བཙོག་པས་གང་བའི་སྲིན་བུ་ཀ་ལ་འདྲ་བ། དུང་གི་སྒྲ་ལ་ཁྱིའི་སྤྱོད་པ་ཅན། རྟག་ཏུ་བརྫུན་སྨྲ་ཞིང་བདེན་པའི་ཚིག་མེད་པ་སེར་སྣ་དང་ཕྲག་དོག་དང་གཏི་མུག་དང་ང་རྒྱལ་གྱིས་ཟིན་ཏེ། ལས་ཀྱི་མཆོག་དམ་པ་གསུམ་ལས་རིང་བ། ཁེ་དང་བཀུར་སྟི་དང་གྲགས་པ་ལ་ཞེན་པ། ཡུལ་དྲུག་ལ་མོས་པ། འདོད་ཆགས་ཀྱིས་སེམས་གཡེངས་པ་འདི་ནི་ཁྲེལ་བ་དང་ངོ་ཚ་མེད་པའི་དགེ་སློང་ཞེས་བྱའོ་ཞེས་གསུངས་སོ། །ཡང་བྱམས་པ་སེང་གེ་སྒྲ་ལས། བཞི་པོ་འདི་ནི་དམྱལ་བར་མདའ་འཕངས་པ་བཞིན་འགྲོ་བ་སྟེ། གཞན་གྱི་རྙེད་པ་ལ་ཕྲག་དོག་བྱེད་པ་དང༌། སྡོམ་པ་དང་ལྡན་པའི་མདོ་སྡེ་ཐོས་ནས་ཚུལ་ཁྲིམས་ཀྱི་ཉེས་པ་འབྱིན་པ་དང༌། བཀའ་དང་བསླབ་པ་ལས་འདས་ཀྱང་ང་རྒྱལ་གྱིས་ཉེས་པ་འཆབ་པར་མི་བྱེད་པ་དང་ཤེས་བཞིན་དུ་དད་པས་བྱིན་པ་ལོངས་སྤྱོད་པའོ་ཞེས་འབྱུང་ངོ༌། །སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པར་དག་པ་གཉིས་ཏེ། ཐུན་མོང་བ་དང༌། ཐུན་མོང་བ་མ་ཡིན་པའོ། །ཐུན་མོང་བ་ནི་དགེ་བསྙེན་གྱི་སྡོམ་པ་


DTG110_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

འམ། ཡང་ན་རབ་ཏུ་བྱུང་བའི་སོ་སོར་ཐར་པའི་སྡོམ་པ་བསྙེན་པར་རྫོགས་པའོ། །ཐུན་མོང་མ་ཡིན་པ་ནི་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་དང༌། གནོད་པ་མེད་པའི་སེམས་དང༌། ཁོན་དུ་འཛིན་པ་མེད་པའི་སེམས་ཀྱིས་ཚུལ་ཁྲིམས་བསྲུང་བའོ། །སྲིད་པའི་རྣམ་པར་སྨིན་པ་ལ་ཐམས་ཅད་ལ་མི་ལྟ་བར་བསྲུང་ངོ་ཞེས་གསུངས་སོ། །བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ལས་བྱང་ཆུབ་སེམས་དཔའ་ནི་ཡན་ལག་དང་ཉིད་ལག་གཏོང་བ་ལས་མཐུ་དང་ལྡན་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་སྲོག་གི་ཕྱིར་ཡང་བསླབ་པ་ཡོངས་སུ་མི་གཏོང་བས་སྤྱོད་པ་ལ་བློ་དང་ལྡན་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་ངན་དུ་སྨྲ་བའི་ཚིག་དང་དུ་ལེན་པའི་ངང་ཚུལ་ཅན་གྱིས་བཟོད་པའི་སྟོབས་དང་ལྡན་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་བཟུང་བས་ལེ་ལོ་མེད་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བས་རྩེ་གཅིག་ཏུ་བྱའོ། །བྱང་ཆུབ་སེམས་དཔའ་ནི་སྒྲུབ་པ་ལ་གནས་པས་བརྟན་པ་དང་ལྡན་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བས་ཡོན་གནས་སུ་བྱའོ་ཞེས་བྱ་བ་ལ་སོགས་པའོ། །གཙུག་ན་རིན་པོ་ཆེས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ནུས་ཏེ། མི་སྐྱོ་བ་དང༌། བདག་གི་བདེ་བ་ལ་མི་ཆགས་པ་དང༌། དུས་དང་དུས་མ་ཡིན་པར་བསྐུལ་བ་དང༌། བསམ་པ་ཡོངས་སུ་ཤེས་པའོ། །ཡང་བཞི་སྟེ། བཀའ་བློ་བདེ་བ་དང། སྙན་པར་སྨྲ་བ་དང༌། ངང་ཚུལ་འཇམ་པ་དང༌། ཁྲོ་གཉེར་མེད་པའོ། །ཡང་བཞི་སྟེ། བསམ་པ་དག་པ་དང༌། གཡོ་སྒྱུ་མེད་པ་དང༌། བརྩོན་འགྲུས་བརྟན་པ་དང༌། ལེགས་པ་དང་ཉེས་པ་བྱས་པ་བཟོད་པའོ་ཞེས་འབྱུང་ངོ༌། །འཕགས་པ་དཀོན་མཆོག་བརྩེགས་པ་ལས། སྡོམ་པའི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའི་སེམས་གནས་པར་བྱེད་དོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་དོ། །སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་གསུངས་སོ། །བཟོད་པ་


DTG110_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གང་པོས་ཞུས་པ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་བཟོད་པ་བསྒྲུབ་པའི་ཆོས་བསྟེན་ཅིང་བསྒོམ་པར་བྱའོ་ཞེས་བྱ་བ་ནས་གལ་ཏེ་འགྲོའམ། འགྲེང་ངམ། འདུག་གམ། ཉལ་བའི་ཚེག་ཅིན་གྱི་བུམ་པའམ། དུག་གི་བུམ་པ་དང་ཐལ་བ་དང་བཤང་གཅི་ཐོགས་པ་འོངས་ནས་མགོའི་སྟེང་དུ་བླུགས་སམ། ལུས་ཀུན་གདུངས་པར་གྱུར་ན་དེ་ལ་ཞེ་སྡང་དང་ཁོན་གྱི་བསམ་པ་བསྐྱེད་ནས་འདི་སྐད་དུ་བདག་ལ་ཉེས་པ་ཅི་ཡོད་ཅེས་ཀྱང་སྨྲ་བར་མི་བྱའོ། །དེ་བཞིན་དུ་སྦྱར་ཏེ་རེག་བྱ་གང་གིས་གང་དུ་རེག་པར་འགྱུར། ལུས་ལ་གནོད་པར་འགྱུར་རམ། སེམས་ལ་གནོད་པར་འགྱུར། ལུས་ནི་རྩྭ་དང་ཤིང་དང་གྱོ་མོ་དང་གཟུགས་བརྙན་ལྟ་བུ་ཡིན་པས་རྟོག་པ་མེད་པ་ཤེས་པ་མེད་པ་ཡིན་པས་བདག་ཀྱང་མ་ཡིན་གཞན་ཡང་མ་ཡིན་ནོ། །གལ་ཏེ་སེམས་ལ་གནོད་པར་འགྱུར་བ་ཡིན་ན་སེམས་ཁ་དོག་མེད་པ་གཟུགས་མེད་པ་སྐད་ཅིག་མར་སྐྱེ་ཞིང་འགག་པ་ཐང་ཅིག་ཏུ་ཡང་མི་གནས་པས་བདག་ཀྱང་མ་ཡིན་གཞན་ཡང་མ་ཡིན་པས་ཞེས་བྱ་བ་ནས། བདག་ཀྱང་ངེས་པར་སྔ་མའི་སྡིག །སྡུག་བསྔལ་རྣམ་སྨིན་འདི་མྱོང་སྙམ། །བདེན་བཞི་དྲན་དང་ཡང་དག་སྤོང༌། །དབང་སྟོབས་བྱང་ཆུབ་ཡན་ལག་ལམ། །ཐམས་ཅད་བཟོད་པས་གཞི་བྱེད་པས། །མཁས་པ་སུ་ཞིག་བཟོད་མི་བསྒོམ། །ཞེས་གསུངས་སོ། །བུ་མོ་བློ་གྲོས་བཟང་མོས་ཞུས་པ་ལས། གནོད་པའི་རྩ་བ་ཁྲོ་བ་འཕེལ་མི་བྱེད། །བྱམས་ལ་གནས་པར་བྱེད་དང་ཆོས་འདོད་དང༌། །དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ན་ནི། །མཛེས་པར་གྱུར་ཏེ་བལྟ་བར་འོས་པ་ཡིན། །ཞེས་གསུངས་སོ། །སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་བཟོད་པ་ནི་གཉིས་ཏེ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའོ། །འཇིག་རྟེན་པ་ནི་སེམས་ཅན་ལ་དམིགས་པ་ལེན་པ་དང༌། རྣམ་པར་སྨིན་པའི་འབྲས་བུ་ལ་བརྟེན་པ་དང༌། བསོད་ནམས་ཀྱི་ལམ་ལ་བརྟེན་ཏེ་བཟོད་པ་བྱེད་པའོ། །འཇིག་རྟེན་ལས་འདས་པ་ནི། ཕྱིན་ཅི་ལོག་པ་རྣམ་པ་བཞི་བསལ་ནས། ཆགས་པ་མེད་པའི་བཟོད་པ་བསྒོམ་ཞིང༌། །འདུ་བྱེད་པ་རྣམ་པ་གསུམ་དག་ཅེ་ན། །བཟོད་པ་འདི་ལ་རྒྱ་ཆེར་གནོད་


DTG110_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །འདུ་བྱེད་ཐམས་ཅད་རབ་ཏུ་ཞི་ཞིང༌། །རྟོག་པ་ཐམས་ཅད་ཡོངས་སུ་སྤངས་ཏེ། །སེམས་ནི་མཁའ་དང་འདྲ་བར་མཉམ་པ། །བཟོད་པ་འདི་ལ་ཐམས་ཅད་གཏོད་འགྱུར། །ཞེས་གསུངས་སོ། །བརྩོན་འགྲུས་ནི་ཡང་དེ་ཉིད་ལས། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་པའི་བརྩོན་འགྲུས་ནི་སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམ་པ་ལས་བྱུང་བ་སྟེ། སེམས་ཅན་ལ་དམིགས་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་རྣམ་པར་སྨིན་པའི་འབྲས་བུ་ལ་བརྟེན་པས་ན་འཇིག་རྟེན་པའི་བརྩོན་འགྲུས་སོ། །འཇིག་རྟེན་ལས་འདས་པའི་བརྩོན་འགྲུས་ནི་བྱང་ཆུབ་སེམས་དཔའི་ཤིན་ཏུ་འབད་པའི་བརྩོན་འགྲུས་ཀྱིས་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་ཐམས་ཅད་སེལ་བ་སྟེ། དམིགས་པ་མེད་པས་བྱ་བའི་ལས་བྱེད་པ་སྟེ། མི་གནས་པའི་སེམས་ཀྱི་བརྩོན་འགྲུས་རྩོམ་མོ། ཁམས་གསུམ་ལས་མི་གནས་པར་བརྩོན་འགྲུས་རྩོམ་མོ། རྣམ་པར་སྨིན་པའི་འབྲས་བུ་ལ་མི་རྟོག་པའི་བརྩོན་འགྲུས་དང༌། རྙེད་པ་དང་མ་རྙེད་པ་ལ་མི་གནས་པའི་བརྩོན་འགྲུས་རྩོམ་སྟེ། འདི་ནི་འཇིག་རྟེན་ལས་འདས་པའི་བརྩོན་འགྲུས་སོ་ཞེས་འབྱུང་ངོ༌། །བུ་མོ་བློ་གྲོས་བཟང་མོས་ཞུས་པ་ལས། ཕྱེ་མ་མེ་ཏོག་བཀང་སྟེ་འབུ་ལ་བ་དང༌། །གནོད་སེམས་སྤངས་ཤིང་སྐུ་གཟུགས་བྱེད་པ་དང༌། །མོས་པ་རྒྱ་ཆེན་ལ་ནི་གནས་བྱེད་ན། །རྒྱལ་བ་དག་གི་ཐད་དུ་རྫུས་ཏེ་སྐྱེ། །ཞེའོ། །ཡང་དེ་ཉིད་ལས། ཆོས་རྣམས་ལ་ནི་ཆོས་རྟོགས་འདོད་པ་ལ། །བརྩོན་འགྲུས་གནས་ཤིང་སངས་རྒྱས་རྗེས་སུ་དྲན། །ཡོངས་སུ་བསྔོ་ཞིང་བཤགས་དང་ཕྱག་འཚལ་བ། །དེ་ལ་བདུད་ཀྱིས་གླགས་ནི་རྙེད་མི་འགྱུར། །ཞེས་གསུངས་སོ། །གང་པོས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་ལས་ལྡོག་པར་མི་འགྱུར་ཞིང་དགེ་བའི་རྩ་བ་རྣམས་ཉམས་པར་མི་འགྱུར་རོ། །བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ལྡན། །དྲན་པ་ཟབ་ཅིང་ཐག་ཀྱང་རིང༌། །བརྩོན་པའི་སེམས་ཀྱིས་རབ་བརྩོན་ཞིང༌། །


DTG110_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

མང་ཐོས་ཤེས་རབ་རྒྱན་དང་ལྡན། །བྱང་ཆུབ་སེམས་དཔའ་རྟག་ཏུ་ནི། །ཆོས་འདི་བཞི་ལ་རྟེན་བྱེད་ན། །ཡིད་ལ་བསམས་པའི་དངོས་པོ་ཀུན། །ཐམས་ཅད་རབ་ཏུ་འགྲུབ་པར་འགྱུར། །ཞེས་འབྱུང་ངོ༌། །ཡང་དེ་ཉིད་ལས་གང་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་ནན་ཏན་བརྩོན་འགྲུས་ཀྱིས་མཆོད་རྟེན་ལ་མཆོད་པ་བྱེད་པས་གུས་པའི་སེམས་ཀྱིས་མེ་ཏོག་དང༌། ཕྲེང་བ་དང༌། བྱུག་པ་དང༌། སྤོས་དང༌། ཕྱེ་མ་དང༌། རོལ་མོའི་སིལ་སྙན་ཡོ་བྱད་སྣ་ཚོགས་པས་མཆོད་པ་བྱེད་དོ་ཞེས་བྱ་བ་ནས། འདས་དང་ད་ལྟར་བཞུགས་པ་ཡི། །སངས་རྒྱས་རྣམས་ལ་མཆོད་བྱེད་ན། །སྐྱེ་བ་ཀུན་ཏུ་མཆོད་པ་ཐོབ། །རྟག་པར་མི་ཁོམ་མེད་པར་སྐྱེ། །ཞེས་བྱ་བ་ལ་སོགས་པའོ། །གོ་ཆ་བ་གོས་པ་བརྟན་པ་ལས་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་རེ་རེའི་སྤྱོད་པ་རེ་རེའི་ཕྱིར་ཡང་འཁོར་བའི་མཐའ་ཇི་སྲིད་པ་དེ་སྲིད་དུ་འཁོར་བ་ན་འཁོར་ཞིང་ཤེས་རབ་ཀྱི་སྨན་ཡོངས་སུ་ཚོལ་བ་དང༌། གོ་ཆ་མི་སྤང་བར་ཤིན་ཏུ་བརྟན་པར་བྱས་ནས་གོ་ཆ་ཆེན་པོ་ནས་འབྱེད་པ་མེད་པའི་གོ་ཆའི་བར་བགོ་བར་བྱེད་དོ་ཞེས་གསུངས་སོ། །དེ་ཉིད་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་སེམས་ཅན་རྣམས་ཡོངས་སུ་བསྡུ་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམས་སྒོམ་པར་བྱེད་པ། ཐམས་ཅད་ཀྱང་ཤེས་རབ་སྔོན་དུ་འགྲོ་ཞིང་ཤེས་རབ་ཀྱིས་མངོན་པར་སྒྲུབ་པ་དང༌། ཤེས་རབ་ཀྱིས་ཡོངས་སུ་བསྡུས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་དོ་ཞེས་གསུངས་སོ། །སྡོམ་པ་གསུམ་བསྟན་པ་ལས། བླ་ན་མེད་པའི་བྱང་ཆུབ་ནི་ནན་ཏན་བྱེད་པས་འགྲུབ་སྟེ། དེ་ལྟ་མ་ཡིན་ན་རི་བོང་དང་བྱི་ལས་ཀྱང་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་འབྱུང་ངོ༌། །བསམ་གཏན་ལ་དགྱེས་བསམ་གཏན་གྱི་ཉེར་གནས་དབེན་པ་བསྟེན་པ་ནི་ཡང་དེ་ཉིད་ལས་ཁྱེད་གནས་མེད་པ་དང༌། འདྲིས་པ་མེད་པར་གྱིས་ལ་ཁྱེད་བ་ལང་དང་བོང་བུ་སྡུད་པར་མ་བྱེད། ཁྱེད་ལེ་ལོའི་གནས་ལེན་པར་མ་བྱེད་ཅིག །མི་དགེ་བའི་ཆོས་སྤོངས་ལ་དགེ་བ་ལ་བརྩོན་འགྲུས་ཀྱིས་ཤིག །འོད་སྲུངས་ནག་ནི་རྣམ་གྲངས་དུ་མར་དགེ་བ་ལ་གནས་


DTG110_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། འདུ་འཇི་སྤངས་པ་བསྔགས་སོ་ཞེས་བྱ་བ་ནས། དེ་དག་འདུ་འཛི་ཉིན་མཚན་འདའ་བར་བྱེད་དེ་རྒྱལ་པོའི་གཏན་ནས་བཟའ་བ་དང༌། བཏུང་བའི་གཏམ་དང༌། ཁྱིམ་གྱི་གཏམ་དང༌། སྡུག་པར་འགྲོ་བར་བྱ་བ་དང༌། གང་ན་ཟས་སྟེར་བ་དེར་འགྲོ་བར་བྱ་ཞེས་བྱ་བ་ནས་སྨན་དང་ཆང་སྣ་ཚོགས་ཀྱི་གཏམ་གྱིས་ཤེས་བཞིན་མེད་པར་འགྱུར་བའི་ལུས་དང་ཁ་ཆུ་ཟག་ཅིང་ཉལ་བར་འགྱུར་རོ་ཞེས་བྱ་བ་ནས། མཉམ་པར་མ་བཞག་པའི་སེམས་ཀྱིས་དབང་པོ་རྒོད་ཅིང་ཕལ་པར་འགྱུར་ལ་སེམས་གཡེངས་པའི་སྤྱོད་པས་ཁྱིམ་དུ་དོང་ནས་སོ་སོར་ཐར་པ་བོར་ཏེ་ཞེས་བྱ་བ་ནས། གཅིག་ལ་གཅིག་ལྟ་ཞིང་ཅི་ཞིག་བྱིན་ན་ཇི་སྙེད་ཅིག་སྤྱད་ཅེས་སྨྲ་བར་འགྱུར་རོ། །འོད་སྲུངས་འཆི་བའི་དུས་མ་བྱས་ཀྱི་བར་དུ་རྣལ་འབྱོར་ལ་མི་བརྩོན་པ་རྣམས་ནི་འདི་དག་གོ །དེ་དག་གི་ཆོས་ཐམས་ཅད་སྤངས་ཏེ་འོད་སྲུངས་དགེ་སློང་དེ་དག་ལ་སྙིང་རྗེ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་སྨིན་པ་སྡུག་བསྔལ་བར་འགྱུར་རོ་ཞེས་འབྱུང་ངོ༌། །འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བསྟན་པ་ལས། ཤཱ་རིའི་བུ་དགོན་པ་ལ་གནས་པ་ལྷུར་ལེན་པ་ལ་ཕན་ཡོན་བཅུ་ཡོངས་སུ་འཛིན་ཏོ། །གང་ཞེ་ན། འདུ་འཛིན་རྣམ་པར་སྤོང་བ་དང། རབ་ཏུ་དབེན་པ་ལ་བརྟེན་པ་དང༌། བསམ་གཏན་ལ་སེམས་དམིགས་པར་འགྱུར་བ་དང༌། བྱ་བ་མང་པོར་མི་འགྱུར་བ་དང༌། སངས་རྒྱས་རྣམས་འདོད་པ་དང༌། དེའི་ལུས་བདེ་བ་དང་མི་འབྲལ་བ་དང༌། དེའི་ཚངས་པར་སྤྱོད་པ་ལ་བར་ཆད་དུ་མི་འགྱུར་བ་དང༌། ཚེགས་ཆུང་དུས་ཏིང་ངེ་འཛིན་ཐོབ་པ་དང༌། ཚིག་དང་ཡི་གེ་བསྟན་པ་ཆུད་མི་ཟ་བ་དང༌། ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱི་དོན་རབ་ཏུ་ཤེས་པ་སྟེ། ཤཱ་རིའི་བུ་དགོན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕན་ཡོན་བཅུ་པོ་འདི་དག་ཡོངས་སུ་འཛིན་ཏོ་ཞེས་གསུངས་སོ། །འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། འདོད་པའི་ཡོན་ཏན་མྱ་ངན་གནོད་པ་མེད། །འཇིགས་བཅས་རྟག་ཏུ་དགྲ་བྱེད་ཉོན་མོངས་བཅས། །རལ་གྲི་སོ་འདྲ་དུག་སྡོང་ལོ་མ་མཚུངས། །ངན་སྐྱུགས་སྣོད་ལྟར་འཕགས་པའི་སྐྱེ་བོས་སྤང༌། །འདོད་པའི་ཡོན་ཏན་འཇིགས་བཅས་ཉོན་མོངས་ཅན། །རྟག་ཏུ་དྲན་པས་བརྗོད་བྱེད་མུན་པར་


DTG110_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །རྟག་ཏུ་འཇིགས་པའི་རྒྱུ་བྱེད་སྡུག་བསྔལ་བཅས། །སྲིད་པ་སྲིད་པའི་འཁྲི་ཤིང་འཕེལ་བར་བྱེད། །ཇི་ལྟར་མེ་འབར་དབུས་ན་འཇིགས་བཅས་པ། །དེ་ལྟར་འདོད་འདི་འཕགས་པའི་སྐྱེ་བོས་རིག །འདམ་རྫབ་ཆེ་འདྲ་རལ་གྲི་གཤེགས་གནས་འདྲ། །རལ་གྲིའི་སོ་ལ་སྦྲང་རྩི་བསྐུས་དང་མཚུངས། །ཇི་ལྟར་སྦྲུལ་གྱི་མགོ་དང་ངན་སྐྱུགས་སྣོད། །དེ་ལྟར་འདོད་འདི་མཁས་པ་རྣམས་ཀྱིས་རིག །བྱ་ཤ་ཁ་འབུ་འདྲ་ཞིང་གསལ་ཤིང་འདྲ། །རོ་ལ་ཁྱི་ལྟར་དགྲ་དང་བཅས་པ་ཡིན། །འདོད་པའི་ཡོན་ཏན་འདི་དག་ཆུ་ཟླ་འདྲ། །གཟུགས་བརྙན་མཚུངས་ཤིང་བྲག་ཅ་འདྲ་བ་དང༌། །མིག་ཡོར་འདྲ་ཞིང་གར་ལ་ལྟ་དང་འདྲ། །རྨི་ལམ་མཉམ་པར་འཕགས་པའི་སྐྱེ་བོས་རིག །འདོད་པའི་ཡོན་ཏན་སྐད་ཅིག་ཡ་མ་བརླ། །སྒྱུ་མ་སྨིག་རྒྱུ་འདྲ་ཞིང་བརྫུན་པ་ཅན། །ཆུ་བུར་དབུ་བ་ལྟ་བུར་ཡང་དག་མིན། །ཡོངས་སུ་བརྟགས་ལས་བྱུང་བར་མཁས་པས་རྟོགས། །ཞེས་གསུངས་སོ། །ཟླ་བ་སྒྲོན་མའི་མདོ་ལས་ཀྱང༌། ཉོན་མོངས་མེད་པའི་ཏིང་འཛིན་མྱུར་ཐོབ་སྟེ། །འདི་ནི་ཚུལ་ཁྲིམས་རྣམ་དག་ཕན་ཡོན་ནོ། །ཞེས་སོ། །རྒྱལ་བའི་ཡུམ་ལས་དེ་སེམས་ཅན་དེ་དག་གི་དོན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སེམས་གཡེངས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་འདི་སྙམ་དུ་སེམས་གཡེངས་པ་ལ་ནི་འཇིག་རྟེན་པའི་བསམ་གཏན་སྐྱེད་པའང་དཀོན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས། དེ་ལྟ་བས་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སེམས་མི་གཡེང་བར་བྱའོ་སྙམ་དུ་སེམས་སོ་ཞེས་གསུངས་སོ། །སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། བྱང་ཆུབ་སེམས་དཔའི་བསམ་གཏན་གཉིས་ཏེ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའོ། །གང་ཞེ་ན། བདག་གི་ཁུར་ལྕི་སྤོང་བའི་ཕྱིར་ནི། །དམིགས་དང་བཅས་པའི་ཏིང་འཛིན་བསྒོམ་སྟེ། །བདག་གི་ཀུན་ནས་ཉོན་མོངས་གཅོད་འདོད། །ཡང་དག་མཁས་པའི་མཚན་ཉིད་མ་ཡིན། །སེམས་ཅན་ཀུན་ལ་ཕན་དང་བདེ་ཕྱིར། །ཏིང་འཛིན་བསྒོམ་ཞིང་ཁུར་ལྕི་སྤོང་སྟེ། །ཀུན་ནས་ཉོན་མོངས་ཐམས་ཅད་སེལ་བ། །དེ་ནི་ཡང་དག་མཁས་པའི་མཚན་ཉིད། །མི་གནས་པ་ཡི་ཏིང་འཛིན་བསྒོམ་


DTG110_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །འདོད་པའི་སྲིད་པ་ཐམས་ཅད་ཆོད་པ། །དེ་ནི་བློ་གྲོས་ཆེན་པོ་ཞེས་བྱ། །ཞེས་གསུངས་སོ། །མྱ་ངན་ལས་འདས་པ་ལས། རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ནི་རྟག་པ་དང༌། བདེ་བ་དང༌། བདག་དང་ཡོངས་སུ་དག་པ་ལ་སོགས་པ་བཞིས་བསླད་དེ། བསམ་པའི་ཕྱིར་མི་རྟག་པ་དང་མི་བདེ་བ་དང༌། བདག་མེད་པ་དང་ཡོངས་སུ་མ་དག་པར་མཐོང་ངོ༌། །དེས་ཕྱིན་ཅི་ལོག་བཞི་ཡང་ཆོད་དེ། དེ་བས་ན་བསམ་པའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་པར་འགྱུར་རོ། །སྐྱེ་བའི་མཚན་ཉིད་དང་རྒ་བའི་མཚན་ཉིད་ལ་སོགས་པ་བསམས་པས་ཀྱང་གྲོལ་བར་འགྱུར་རོ། །རིགས་ཀྱི་བུ་དགེ་བའི་ཆོས་ནི་མ་བསམས་པར་གཞན་གྱིས་ཐོབ་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་བསྐལ་པ་གྲངས་མེད་ཚད་མེད་མཐའ་ཡས་པའི་བར་དུ་ཆོས་མཉན་ཀྱང་གལ་ཏེ་མ་བསམས་ན་ནམ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་བཞིན་དུ་བསྒོམ་པ་གང་ཞེ་ན། རིགས་ཀྱི་བུ་གང་མི་དགེ་བའི་ཆོས་ཐམས་ཅད་སྤངས་ཤིང་དགེ་བའི་ཆོས་ཐམས་ཅད་ལ་ནན་ཏན་བྱེད་པ་ནི་ཆོས་བཞིན་དུ་བསྒོམ་པ་ཞེས་བྱའོ། །ཆོས་ཐམས་ཅད་སྟོང་པ་དམིགས་སུ་མེད་པ་ནི་མི་རྟག་པ་མི་བདེ་བ་བདག་མེད་པ་ཡོངས་སུ་མ་དག་པར་མཐོང་བ་སྟེ། དེ་ལྟར་མཐོང་བའི་ཕྱིར་ལུས་དང་སྲོག་ལ་ཡང་ཚུལ་ཁྲིམས་སྡོམ་པ་མི་འཇིགས་པ་ནི་བྱང་ཆུབ་སེམས་དཔའ་ཆོས་བཞིན་དུ་བསྒོམ་པ་ཞེས་བྱའོ་ཞེས་གསུངས་སོ། །ཤེས་རབ་ནི་མྱ་ངན་ལས་འདས་པའི་མདོ་ལས། འཇམ་དཔལ་གཞོན་ནུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པ་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས། དོན་དམ་པའི་བདེན་པ་ལ་ཀུན་རྫོབ་ཀྱི་བདེན་པ་མཆིས་སམ། ཀུན་རྫོབ་ཀྱི་བདེན་པ་ལ་དོན་དམ་པའི་བདེན་པ་མཆིས་སམ། ཇི་སྟེ་མཆིས་ན་བདེན་པ་གཅིག་ཏུ་བས་སོ། །ཇི་སྟེ་མ་མཆིས་ན་དེ་བཞིན་གཤེགས་པས་གསུངས་པ་བརྫུན་དུ་མི་འགྱུར་རོ། །བཀའ་སྩལ་པ། རིགས་ཀྱི་བུ་ཀུན་རྫོབ་ཀྱི་བདེན་པ་ཉིད་དོན་དམ་པའི་བདེན་པའོ། །བཅོམ་ལྡན་འདས་དེ་ལྟར་ན་བདེན་པ་གཉིས་སུ་མཆིས་


DTG110_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིས་ཀྱི་བུ་ཤིན་ཏུ་ཐབས་མཁས་པས་སེམས་ཅན་གྱི་དོན་དུ་བདེན་པ་གཉིས་གསུངས་སོ། །རིགས་ཀྱི་བུ་ཚིག་ཏུ་སྨྲ་བ་ལྟར་ན་རྣམ་པ་གཉིས་ཏེ། འཇིག་རྟེན་གྱི་ཆོས་དང༌། འཇིག་རྟེན་ལས་འདས་པའི་ཆོས་སོ། །རིགས་ཀྱི་བུ་འཇིག་རྟེན་ལས་འདས་པའི་གང་ཟག་གི་ཤེས་པ་དེ་ནི་དོན་དམ་པའི་བདེན་པའོ། །གང་ཟག་གི་ཤེས་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པའོ་ཞེས་གསུངས་སོ། །གོ་ཆ་བ་གོས་པ་བསྟན་པ་ལས། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། བསྟན་དུ་མེད་པ་དང༌། བརྗོད་དུ་མེད་པ་འདི་ནི་དེ་ཁོ་ན་ཉིད་ཅེས་བྱའོ་ཞེས་གསུངས་སོ། །གང་ཟག་གི་ཤེས་པ་དེ་ནི་དཀོན་མཆོག་འབྱུང་གནས་ལས། བར་སྣང་བྱ་རྗེས་ཇི་བཞིན་དུ། །འགྲོ་བ་དེ་ཡང་ཡེ་ནས་མེད། །སྦལ་པའི་སྤུ་ལ་བལྟ་བ་ལྟར། །དེ་བཞིན་ཞི་བའི་ཆོས་ཉིད་བལྟ། །བཞིན་གྱི་གཟུགས་བརྙན་མེ་ལོང་ལ། །རང་བཞིན་སྟོང་པར་མཁས་པས་བཤད། །དཀྱིལ་འཁོར་དེ་ན་བཞིན་གཟུགས་སྣང༌། །དེ་བཞིན་ཆོས་རྣམས་ཐམས་ཅད་ལྟོས། །ཞེས་འབྱུང་ངོ༌། །དྲི་མ་མེད་པར་གྲགས་པས་བསྟན་པ་ལས། དེ་ལ་ཐབས་མེད་པ་བསྟན་པའི་ཤེས་རབ་བཅིངས་པ་ནི་གང་ཞེ་ན། འདི་ལྟ་སྟེ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་ངེས་པར་རྟོག་ཅིང་མཚན་དང་དཔེ་བྱད་བཟང་པོ་དང༌། སངས་རྒྱས་ཀྱི་ཞིང་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མི་རྟོག་པ་འདི་ནི་ཐབས་མེད་པའི་ཤེས་རབ་སྟེ་བཅིངས་པའོ། །དེ་ལ་ཐབས་ཀྱིས་ཟིན་པའི་ཤེས་རབ་གྲོལ་བ་གང་ཞེ་ན། འདི་ལྟ་སྟེ་མཚན་དང་དཔེ་བྱད་བཟང་པོ་དང༌། སངས་རྒྱས་ཀྱི་ཞིང་གི་རྒྱན་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་རྟོག་ཅིང་སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་འདྲིས་པར་བྱེད་པ་འདི་ནི་ཐབས་ཀྱིས་ཟིན་པའི་ཤེས་རབ་སྟེ་གྲོལ་བའོ། །དེ་ལ་ཤེས་རབ་ཀྱིས་མ་ཟིན་པའི་ཐབས་བཅིངས་པ་གང་ཞེ་ན། དགེ་བའི་རྩ་བ་རྩོམ་པ་ཐམས་ཅད་བྱང་ཆུབ་ཏུ་མི་བསྔོ་བ་ནི་ཤེས་རབ་ཀྱིས་མ་ཟིན་པའི་ཐབས་དེ་བཅིངས་པའོ། །དེ་ལ་ཤེས་རབ་ཀྱིས་ཟིན་པའི་ཐབས་གྲོལ་བ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པས་དགེ་བའི་རྩ་བ་ཐམས་ཅད་རྩོམ་ཞིང་བྱང་


DTG110_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཏུ་བསྔོ་ནས་མི་སྙེམས་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱིས་ཟིན་པའི་ཐབས་ཏེ་གྲོལ་བའོ་ཞེས་འབྱུང་ངོ༌། །གཙུག་ན་རིན་པོ་ཆེས་ཞུས་པ་ལས། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གང་ཞེ་ན། སྦྱིན་པ་མ་ཚང་བ་མེད་པ་ནས་ཤེས་རབ་མ་ཚང་བ་མེད་པ། ཐབས་མ་ཚང་བ་མེད་པ། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་མ་ཚང་བ་མེད་པ་དང༌། བྱང་ཆུབ་ཀྱི་སེམས་སེམས་ཅན་ལ་ལྟ་བ་མ་ཚང་བ་མེད་པ་དང༌། སྦྱིན་པ་དང་སྙན་པར་སྨྲ་བ་དང༌། དོན་བྱེད་པ་དང༌། དོན་མཐུན་པ་མ་ཚང་བ་མེད་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མ་ཚང་བ་མེད་པ་ལ་སོགས་པ་གསུངས་སོ། །གསང་ཆེན་ཐབས་ལ་མཁས་པ་ལས། ཉན་ཐོས་དང༌། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འཇུག་ཅིང་ལྡང་མོད་ཀྱི། ཉན་ཐོས་ནི་བདག་ཉིད་མྱ་ངན་ལས་འདའ་བ་ཁོ་ནར་ཤེས་པར་བྱེད་ཀྱི། བྱང་ཆུབ་སེམས་དཔའ་ནི་བསྡུ་བའི་དངོས་པོ་བཞིས་སེམས་ཅན་བསྡུ་བའི་བརྩོན་འགྲུས་རྒྱུན་མི་གཅོད་ཅིང་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་ཡང་བྱེད་ལ། སེམས་ཅན་རྣམས་ལ་ཡང་སྙིང་རྗེ་ཆེན་པོ་སྐྱེད་པར་བྱེད་དེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ་ཞེས་བྱ་བ་ནས་རྒྱས་པར་བྱ་སྟེ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ནི་ཟན་ཁམ་གཅིག་ཙམ་ཡང་སེམས་ཅན་ཐམས་ཅད་ལ་སྦྱིན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ནི་དུད་འགྲོའི་སྐྱེ་གནས་སུ་གྱུར་བ་ལ་ཟན་ཁམ་གཅིག་ཙམ་སྦྱིན་བར་བྱེད་པ་ན་ཡང་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་སྦྱིན་པར་བྱེད་ཅིང༌། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བསྔོ་བའི་ཕྱིར་རོ། །རིགས་ཀྱི་བུ་འདི་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའོ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ནི་གཞན་གྱི་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་ལས་རྗེས་སུ་ཡི་རང་བར་བྱེད་ཅིང་རྗེས་སུ་ཡི་རང་ནས་ཀྱང་སེམས་ཅན་ཐམས་ཅད་ལ་བསྔོ་


DTG110_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བཏང་སྟེ་སྔོ་བར་བྱེད་དོ། །དེ་ཡང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པའོ། །གཞན་ཡང་ཕྱོགས་བཅུ་པོ་དག་ན་མེ་ཏོག་གི་ཤིང་ལྗོན་པ་དང༌། སྤོས་ཀྱི་ཤིང་ལྗོན་པ་དང༌། མེ་ཏོག་ཕྲེང་བ་དང༌། སྤོས་དང༌། ཕྱེ་མ་དང་བྱུག་པ་བདག་གིར་མ་བྱས་པ་ཡང་ཡོངས་སུ་མ་བཟུང་བ་དེ་ཐམས་ཅད་འདུས་ནས་སངས་རྒྱས་ཐམས་ཅད་ལ་འབུལ་ལོ། །དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་ལ་གཏོང་བར་བྱེད་དེ། བཏང་ནས་ཐམས་ཅད་མཁྱེན་པ་ཉིད་དུ་སྔོ་བར་བྱེད་དོ། །འདི་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའོ། །བྱང་ཆུབ་སེམས་དཔའ་བློ་རྟུལ་བར་གྱུར་ན་ཞུམ་པ་མེད་པར་བྱ་སྟེ། ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་འཇུག་ཅིང་འདི་ལྟར་རྟོག་སྟེ། ཚིགས་སུ་བཅད་པ་འདིའི་དོན་གང་ཡིན་པ་དེ་ནི་གསུང་རབ་ཏུ་གཏོགས་པ་ཐམས་ཅད་ཀྱི་དོན་ཡིན་ནོ་ཞེས་རྟོག་པར་བྱེད་དོ། །བརྟགས་ནས་ཞུམ་པ་མེད་པའི་སེམས་ཀྱིས་སྙིང་རྗེ་ཆེན་པོ་བསྐྱེད་དེ་རྙེད་པ་དང་བཀུར་སྟི་ལ་ལྟ་བ་མེད་པར་བྱ་སྟེ། གྲོང་དང་གྲོང་ཁྱེར་དུ་སྐྱེ་བོ་མང་པོ་ལ་སྟོན་པར་བྱེད་ཅིང་སེམས་ཅན་གང་དག་གིས་ཆོས་འདི་ཐོས་པ་དེ་དག་བྱང་ཆུབ་ཏུ་ངེས་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པར་བྱེད་དེ། འདི་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའོ། །ཡང་བྱང་ཆུབ་སེམས་དཔའ་བརྒྱ་ལམ་ན་དབུལ་པོར་གྱུར་ན་ཁ་ཟས་ནལ་ཟེ་གང་ཙམ་ཡང་ཞུམ་པ་མེད་པའི་སེམས་ཀྱིས་དགེ་འདུན་ནམ་གང་ཟག་ལ་འབུལ་བར་བྱེད་དོ། །ཕུལ་ནས་འདི་ལྟར་རྟོག་སྟེ། བཅོམ་ལྡན་འདས་ཀྱིས་སེམས་རྒྱ་ཆེན་པོས་བྱིན་ན་སྦྱིན་པ་རྒྱ་ཆེན་པོར་འགྱུར་རོ་ཞེས་གསུངས་པས་ན། བདག་གིས་སྦྱིན་པ་འདི་ཆུང་མོད་ཀྱི། ཐམས་ཅད་མཁྱེན་པ་ཉིད་ཀྱིས་བྱིན་པས་ན་དཔག་ཏུ་མེད་པ་བྱེད་དོ་སྙམ་དུ་སོ་སོར་རྟོག་པར་བྱེད་དོ། །དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་སངས་རྒྱས་ཤཱཀྱ་ཐུབ་པ་ལྟར་སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་གྲུབ་པར་འགྱུར་ཞིང༌། ལག་ན་རིན་པོ་ཆེ་གྲུབ་པར་གྱུར་ཅིག་ཅེས་སྔོ་བར་བྱེད་དེ། འདི་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའོ་ཞེས་གསུངས་སོ། །དྲི་མ་མེད་པར་གྲགས་པས་བསྟན་པ་ལས། མ་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་ནི་ཐབས་ལ་མཁས་པ།


DTG110_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །མགོན་པོ་རྣམས་ནི་དེ་ལས་སྐྱེས། །ཆོས་ལ་དགའ་བ་ཆུང་མ་སྟེ། །བྱམས་དང་སྙིང་རྗེ་བུ་མོ་ཡིན། །ཆོས་དང་བདེན་གཉིས་དེ་ཡི་བུ། །སྟོང་པའི་དོན་སེམས་ཁྱིམ་ཡིན་ནོ། །དེ་བཞིན་ཉོན་མོངས་ཐམས་ཅད་ནི། །ཇི་དགར་དབང་བྱེད་སློབ་མའོ། །མཛའ་བོ་བྱང་ཆུབ་ཡན་ལག་སྟེ། །སེམས་ནི་བྱང་ཆུབ་མཆོག་རིག་འགྱུར། །དེ་གྲོགས་རྟག་ཏུ་འགྲོགས་པ་ནི། །ཕ་རོལ་ཕྱིན་པ་དྲུག་རྣམས་སོ། །མངོན་ཤེས་དེ་ཡི་བཞོན་པ་སྟེ། །ཐེག་པ་ཆེན་པོ་བླ་ན་མེད། །ཁ་ལོ་སྒྱུར་བ་བྱང་ཆུབ་སེམས། །ལམ་ནི་ཞི་བའི་ཡན་ལག་བརྒྱད། །ཅེས་གསུངས་སོ། །འོད་སྲུངས་ཀྱིས་ཞུས་པ་ལས། འོད་སྲུངས་བྱང་ཆུབ་སེམས་དཔའི་ཚུལ་བཞིན་དུ་སྦྱོར་བ་གང་ཞེ་ན། འདི་ལྟ་སྟེ། དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པའོ། །སོ་སོར་རྟོག་པ་གང་ཞེ་ན། འོད་སྲུངས་གང་ལ་བདག་མེད་པར་སོ་སོར་རྟོག་པ་དང་ཞེས་བྱ་བ་ནས་ཤེད་བུ་མེད་པར་སོ་སོར་རྟོག་པ་ནི། དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པའོ། །འོད་སྲུངས་གཞན་ཡང་གཟུགས་རྟག་པར་ཡང་སོ་སོར་མི་རྟོག །མི་རྟག་པར་ཡང་སོ་སོར་མི་རྟོག་པ་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པ་ཞེས་བྱའོ། །འོད་སྲུངས་རྟག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །མི་རྟག་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ་བསྟན་དུ་མེད་པ་རྟེན་མ་ཡིན་པ་སྣང་བ་མ་ཡིན་པ། རྣམ་པར་རིག་པ་མེད་པ་གནས་མེད་པ་སྟེ། འོད་སྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པའོ། །འོད་སྲུངས་བདག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །བདག་མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །འོད་སྲུངས་ཡོད་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ་ལ་སོགས་པ་གསུངས་སོ། །སྒོ་མཐའ་ཡས་པ་རྣམ་པར་སྦྱོང་བ་ལས་ཀྱང༌། དབུ་མའི་ལམ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པར་འགྲོ་བའི་ལམ་འདི་ཡིན་ཏེ། མྱ་ངན་ལས་འདས་པ་ནི་གང་དུ་འགྲོ་བ་མེད་དོ། །དེ་ལ་འགྲོ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་ཆོས་ཐམས་ཅད་མྱ་ངན་ལས་འདས་པ་དང་མཉམ་པའོ། །བཀོད་པ་མཐའ་ཡས་


DTG110_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མའི་ལམ་འདི་ནི་སྒྲུབ་པ་ཡང་མ་ཡིན་མི་སྒྲུབ་པ་ཡང་མ་ཡིན་པས་ཉེ་བར་ལེན་པའི་ཕྱིར་མཐའ་དང་བྲལ་བ་ཡིན་ཞེས་གསུངས་སོ། །ཡང་དེ་ཉིད་ལས། ཆོས་འདི་ཐམས་ཅད་ཡོད་མིན་ཞིང༌། །མེད་པ་དང་ཡང་བྲལ་བ་ཡིན། །གང་གིས་དེ་ལྟར་ཆོས་ཤེས་པ། །དེ་དག་ལ་ནི་གཟུགས་སྐྱེའོ། །ཞེའོ། །ཆོས་ཀྱི་རང་བཞིན་དབྱེར་མེད་པ་ལས། འཇམ་དཔལ་གལ་ཏེ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་ན། ཆོས་ཀྱི་དབྱིངས་ལ་ནི་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་བ་མེད་ན་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའི་ལས་འབྱུང་བར་འགྱུར། སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་བྱིས་པ་སོ་སོའི་སྐྱེ་བོ་འཇིག་ཚོགས་ལ་ལྟ་བའི་ཕྱིན་ཅི་ལོག་གིས་བསླད་ཅིང༌། ངར་འཛིན་པ་དང་ང་ཡིར་འཛིན་པ་རྣམས་ལ་ནི་བདག་དང༌། གཞན་གྱི་འདུ་ཤེས་འབྱུང་བར་འགྱུར་རོ། །དེ་ལས་ནི་དགེ་བ་དང་མི་དགེ་བའི་སེམས་པ་འབྱུང་ངོ༌། །དེ་ལ་ནི་དགེ་བ་དང་མི་དགེ་བའི་ལས་མངོན་པར་འདུ་བྱེད་ཅིང༌། དེ་ལས་ནི་རྣམ་པར་སྨིན་པར་མངོན་པར་འགྲུབ་པར་འགྱུར་རོ། །ཇི་ཙམ་དུ་སྲིད་པར་འགྲོ་བ་ཡོངས་སུ་འཛིན་པ་དེ་ཙམ་དུ་ཀུན་ནས་ཉོན་མོངས་པ་ཞེས་བྱའོ་ཞེས་གསུངས་སོ། །མྱ་ངན་ལས་འདས་པའི་མདོ་ལས། སྟོན་པ་དྲུག་གཟུགས་ལ་བདག་ཅེས་སྨྲ་ན། དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་གཟུགས་བདག་ཡིན་ན་བྱད་གཟུགས་མི་སྡུག་པ་མེད་པའི་རིགས་ན། ཇི་སྟེ་རིགས་བཞི་ཁྱད་པར་དུ་གྱུར་ཏེ་བྲམ་ཟེའི་རིགས་གཅིག་ཏུ་མ་གྱུར། ཅིའི་ཕྱིར་གཞན་དབང་ཞིང་དབང་མེད་ལ་དབང་པོ་ཉམས་ཤིང་དབང་པོ་མ་ཚང་བར་འགྱུར། ཇི་སྟེ་ལྷའི་ལུས་མི་ལེན་ཅིང་དམྱལ་བ་དང༌། ཡི་དགས་ལ་སོགས་པའི་ལུས་སྣ་ཚོགས་ལེན། དེ་ལྟ་ཡིད་བཞིན་དུ་མི་འགྱུར་བ་ལ་བལྟས་ན་གདོན་མི་ཟ་བར་བདག་མེད་པར་རིག་གོ །དེ་ལྟར་བདག་མེད་པའི་ཕྱིར་མི་རྟག་པ་ཞེས་བྱའོ། །མི་རྟག་པའི་ཕྱིར་སྡུག་བསྔལ་བའོ། །སྡུག་བསྔལ་བའི་ཕྱིར་སྟོང་པའོ། །སྟོང་པའི་ཕྱིར་ཕྱིན་ཅི་ལོག་གོ །ཕྱིན་ཅི་ལོག་གི་ཕྱིར་འཁོར་བ་ན་རབ་ཏུ་འཁོར་ཏེ། ཚོར་བ་ལ་སོགས་པ་ཡང་དེ་དང་འདྲའོ་ཞེས་གསུངས་སོ། །གོ་ཆ་བགོས་པ་བསྟན་པ་ལས། རྐྱེན་རྣམས་ལས་


DTG110_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འབྱུང་བའི་ཕྱིར། །ཐམས་ཅད་གདན་མེད་གང་ཡང་མེད། །ཆོས་རྣམས་རང་བཞིན་ཉིད་ཀྱིས་སྟོང༌། །རང་བཞིན་ཉིད་ཀྱིས་སྐྱེ་བ་མེད། །བྱང་ཆུབ་སེམས་དཔའ་རྐྱེན་རྣམས་ལ། །སོ་སོར་བརྟགས་པས་སྟོང་པར་རིག །ཆོས་རྣམས་རང་བཞིན་གྱིས་སྟོང་པས། །རང་བཞིན་གྱིས་ནི་མཚན་མ་མེད། །སྐྱེ་བ་དག་ནི་ཡོད་མ་ཡིན། །དེ་ལྟར་སོ་སོར་གང་རྟོགས་པས། །ཆོས་ལ་ནན་ཏན་བསྒྲུབ་པར་བྱ། །གཟུགས་དང་ཚོར་དང་འདུ་ཤེས་དང༌། །འདུ་བྱེད་རྣམ་ཤེས་དེ་བཞིན་རྟོག །རྒྱུ་དང་རྐྱེན་ནི་མང་པོ་ལས། །ཕུང་པོ་རྣམས་ནི་བྱུང་བ་ཡིན། །ཕུང་པོ་ཡང་དག་མེད་པས་ན། །རང་བཞིན་ངོ་བོ་ཉིད་ཀྱིས་སྟོང༌། །ཐམས་ཅད་སྐྱེ་བ་གང་ཡང་མེད། །སྐྱེ་བ་མེད་པས་འགག་པ་མེད། །ཕུང་པོ་མཚན་ཉིད་དེ་འདྲའོ། །དེ་ལྟར་རབ་ཏུ་གང་ཤེས་པ། །ཡང་དག་མཚན་ཉིད་མཐོང་བས་ན། །ཆོས་ཀྱི་འདུ་ཤེས་ཅུང་ཟད་མེད། །ཆོས་རྣམས་དང་ནི་ཆོས་ཀྱི་དབྱིངས། །འདི་གཉིས་ལ་ཡང་མཚན་མ་མེད། །ཆོས་རྣམས་མཚན་མ་སྤངས་པས་ན། །ཆོས་ཀྱི་དབྱིངས་ཞེས་བཤད་པ་ཡིན། །རྟོག་མེད་ཡེ་ཤེས་མ་མཐོང་ཞིང༌། །ལྟ་བ་འདི་ཡང་མི་མཐོང་བ། །ཆོས་རྣམས་མི་བདེན་མཐོང་བའི་ཕྱིར། །འདི་ལ་རྟོག་པར་བྱེད་ཅེས་བསྟན། །ཞེས་བྱ་བ་ནས། སྟོང་པ་ཉིད་ལ་སྟོང་མི་ལྟ། །སྟོང་ལས་གུད་ནའང་སྟོང་མི་ལྟ། །དེ་ལྟ་བུར་ནི་གང་ལྟ་བ། །སྟོང་པ་མཐོང་ཞེས་བྱ་བའོ། །ཞེས་གསུངས་སོ། །ནམ་མཁའ་ལ་འགྲོ་བའི་འོད་ཀྱིས་འདུལ་བའི་བཟོད་པའི་མདོ་ལས་རིགས་ཀྱི་བུ་གཞན་ཡང་གཟུགས་དེ་ཡང་འབྱུང་བ་ཆེན་པོ་བཞི་སྟེ། འབྱུང་བ་ཆེན་པོ་བཞི་པོ་འདི་དག་ནང་གིའམ། ཕྱི་རོལ་གྱིའམ། ཆེ་བའམ། ཕྲ་བ་དེ་དག་ཐམས་ཅད་མི་འགྲོ་མི་སྐྱེ་བདག་མེད་བདག་གི་བ་མེད་པར་བརྟག་པར་བྱའོ། །ཟག་པ་མེད་པ་དང༌། རྟོག་པ་མེད་པ་དང༌། སྨོན་པ་མེད་པ་དང༌། མཚན་མ་མེད་པའི་ཚུལ་གྱིས་བརྟག་པར་བྱའོ། །ཤིན་ཏུ་ཕྲ་བའི་རྡུལ་གཅིག་པོ་དེ་ལ་ཇི་ལྟར་ལྷག་མཐོང་ཕྲ་མོས་བརྟག །རྡུལ་ཕྲ་མོ་དེ་དག་ལ་ཇི་ལྟར་མཚན་ཉིད་མེད་པའི་ཉོན་མོངས་པ་ཐམས་ཅད་ཀྱི་སྤྱོད་ལམ་དུ་གྱུར་པ་ཤེས། དངོས་པོ་མེད་པ་དང༌། དམིགས་


DTG110_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་དང༌། བདག་མེད་པ་དང༌། བྲལ་བ་དང༌། མཚན་མ་མེད་པ་ལ་རྡུལ་ཤིན་ཏུ་ཕྲ་བར་རབ་ཏུ་ཤེས་སོ་ཞེས་གསུངས་སོ། །ཡང་དེ་ལས་གཟུགས་མེད་པའི་ཕུང་པོ་དེ་དག་ནི་སྟོང་པའི་མཚན་ཉིད་ཀྱིས་ཤིན་ཏུ་སྐད་ཅིག་གིས་འཇིག་པ་ཐེར་ཟུག་མ་ཡིན་ནོ། །གནས་མི་དམིགས་པས་མཚན་མ་མེད་པའོ། །སྐད་ཅིག་སྐྱེ་ཞིང་འགྲིབ་པས་སྨོན་པ་མེད་པའོ། །དེ་བས་ན་ཕུང་པོ་འདི་ནི་སྟོང་པའོ་ཞེས་གསུངས་སོ། །ཡང་དེ་ལས་ཇི་ལྟར་རྫས་ཀྱི་མཚན་ཉིད་ཀྱིས་དུས་གསུམ་ཐམས་ཅད་སྐད་ཅིག་མ་དང༌། ཤིན་ཏུ་སྐད་ཅིག་མ་སྟོང་པ་བཞིན་དུ་རིགས་ཀྱི་བུ་གང་ལ་ལ་འཕགས་པ་དང༌། འཕགས་པ་མ་ཡིན་པ་དང༌། འཇིག་རྟེན་གྱི་དང༌། འཇིག་རྟེན་ལས་འདས་པ་ནས་ལུས་དང༌། སྣོད་ཀྱི་བར་ཐམས་ཅད་སྐད་ཅིག་མ་སྟེ་ཤིན་ཏུ་སྟོང་པ་བརྗོད་དུ་མེད་པའོ་ཞེས་འབྱུང་ངོ༌། །འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། ཇི་སྐད་དེ་ལ་བྱང་ཆུབ་སེམས་དཔའི་ཐབས་ནི་གང། ཤེས་རབ་མངོན་པར་སྒྲུབ་པ་ནི་གང་ཞེ་ན། གང་གི་ཕྱིར་མཉམ་པར་གཞག་པ་ན་སེམས་ཅན་ལ་ལྟ་བས་སྙིང་རྗེ་ཆེན་པོའི་དམིགས་པ་ལ་སེམས་ཉེ་བར་འདོགས་པ་ནི་དེའི་ཐབས་སོ། །གང་གི་ཕྱིར་ཞི་བ་དང་རབ་ཏུ་ཞི་བ་སྙོམས་པར་འཇུག་པ་དེ་ནི་དེའི་ཤེས་རབ་པོ་ཞེས་གསུངས་སོ། །གསང་བ་བསམ་གྱིས་མི་ཁྱབ་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །ཕུང་པོ་ཇི་སྙེད་བརྗོད་པ་བས། །དམ་པའི་ཆོས་ནི་ཡང་འཛིན་ནི། །དེ་བས་བསོད་ནམས་ཆེས་མང་ངོ༌། །དམ་པའི་ཆོས་ནི་འཛིན་པ་དང༌། །བྱང་ཆུབ་སེམས་ཀྱི་བསོད་ནམས་དེས། །སྟོང་པ་ཉིད་ལ་མོས་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་སོ། །འོད་སྲུངས་ཀྱིས་ཞུས་པ་ལས། འོད་སྲུངས་བཞི་པོ་འདི་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་ལགས་ཏེ། འདི་ལྟ་སྟེ་སྟོང་པ་ཉིད་ལ་ཡང་མོས་ལ། ལས་ཀྱི་རྣམ་པར་སྨིན་པ་ལ་ཡང་ཡིད་ཆེས་པ་དང༌། དེས་བདག་མེད་པར་ཡང་བཟོད་ལ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བ་དང༌། དེ་བསམ་པ་མྱ་ངན་ལས་འདས་པ་ལ་


DTG110_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལ། སྦྱོར་བ་འཁོར་བ་ན་གནས་པ་དང༌། དེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྦྱིན་པའི་རྣམ་པར་སྨིན་པ་ལ་ཡང་མི་རེ་བ་སྟེ། བཞི་པོ་འདི་དག་གོ་ཞེས་གསུངས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས། སྟོང་ཉིད་སྨྲ་བ་ནི་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་པ། རྙེད་པས་དགའ་བ་ཡང་མེད། མ་རྙེད་པས་མི་དགའ་བ་ཡང་མེད། གྲགས་པས་ཡིད་སོས་པ་ཡང་མེད། མ་གྲགས་པས་སྲོ་ཤི་བ་ཡང་མེད། སྨད་པས་ཞུམ་པ་ཡང་མེད། བསྟོད་པས་དགའ་བ་ཡང་མེད། བདེ་བས་ཆགས་པར་གྱུར་པ་ཡང་མེད། གང་དེ་ལྟར་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་པ་དེ་ཉིད་སྟོང་པ་ཉིད་ཤེས་པ་སྟེ། དེ་ལྟར་མི་འཕྲོགས་པས་སྟོང་པ་ཉིད་སྨྲ་བར་ཁོང་དུ་ཆུད་པར་བྱའོ། །སྟོང་པ་ཉིད་སྨྲ་བ་ནི་གང་དུ་ཡང་ཆགས་པའམ་མི་ཆགས་པ་མེད་དོ། །དེ་གང་ལ་ཆགས་པ་དང་གང་ལ་མི་ཆགས་པ་དེ་སྟོང་པ་ཉིད་དུ་ཤེས། སྟོང་པ་ཉིད་དུ་མཐོང༌། གང་ཆོས་གང་ལ་ཆགས་པ་དང༌། མ་ཆགས་པ་དེ་ཡང་སྟོང་པ་ཉིད་དུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྟོབས་བཅུ་བདེན་པའི་རྩལ་མངའ་ཁྱོད་ལ་ཕྱག་འཚལ་ལོ། །འཇིགས་མེད་མི་འཇིགས་སྦྱིན་པ་ཁྱོད་ལ་ཕྱག་འཚལ་ལོ། །མ་འདྲེས་པ་ཡི་ཆོས་རྣམས་རབ་ཏུ་རྟོགས། །འགྲོ་བ་ཐམས་ཅད་འདྲེན་པ་ཁྱོད་ལ་ཕྱག་འཚལ་ལོ། །ཀུན་ཏུ་སྦྱོར་བའི་བཅིངས་པ་གཅོད་ལ་ཕྱག་འཚལ་ལོ། །ཕ་རོལ་ཕྱིན་དེ་ཐང་ལ་བཞུགས་ལ་ཕྱག་འཚལ་ལོ། །དུབ་པའི་འགྲོ་བ་སྒྲོལ་བ་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བའི་འགྲོ་བ་མི་གནས་ཁྱོད་ལ་ཕྱག་འཚལ་ལོ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །རྒ་ནད་འཆི་བའི་དཔའ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག །བསྒོམ་པའི་རིམ་པ་མདོ་ཀུན་ལས་བཏུས་པ་རྫོགས་སོ།། །།

མདོ་ཀུན་ལས་བཏུས་པ།


DTG110_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སཱུ་ཏྲ་ས་མུཙྪཱ་ཡ། བོད་སྐད་དུ། མདོ་ཀུན་ལས་བཏུས་པ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་འབྱུང་བ་ཤིན་ཏུ་རྙེད་པར་དཀའ་སྟེ། སངས་རྒྱས་འབྱུང་བ་དེ་ཤིན་ཏུ་རྙེད་པར་དཀའ་བར་ཅི་མངོན་ཞེ་ན། མདོ་སྡེ་དུ་མ་ཚད་མར་གྱུར་པ་ལས་ཤེས་ཏེ། དམ་པའི་ཆོས་པདྨ་དཀར་པོ་ལས་འབྱུང་བ། དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འབྱུང་བ་རྙེད་པར་དཀའ་སྟེ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོར་ཡང་འཇིག་རྟེན་དུ་དེ་བཞིན་གཤེགས་པ་མཐོང་ཡང་སྲིད་མི་མཐོང་ཡང་སྲིད་དེ། དཔེར་ན་ཨུ་དུམྺཱ་རའི་མེ་ཏོག་བཞིན་ནོ་ཞེས་གསུངས་སོ། །རྣམ་པར་གཏན་ལ་དབབ་པའི་རྒྱལ་པོའི་མདོ་ལས་འབྱུང་བ། ཀུན་དགའ་བོ་འདི་ལྟ་སྟེ། ཨུ་དུམྺཱ་རའི་མེ་ཏོག་ནི་སངས་རྒྱས་སྐྱེ་བ་དང་དུས་གཅིག་ཏུ་འབྱུང་སྟེ། ཁ་དོག་དང་ལྡན་ཞིང་གསལ་ཏེ། འོད་གསལ་ལ་དྲི་ནི་དཔག་ཚད་གཅིག་ཁོར་ཡུག་ཏུ་ཁྱབ་པར་བྱེད་དོ། །མེ་ཏོག་དེས་ན་རབ་རིབ་མེད་པར་བྱེད། དྲན་པ་ཡོངས་སུ་སྦྱོང་བར་བྱེད། ནད་ཀྱང་རབ་ཏུ་ཞི་བར་བྱེད། མུན་པ་ཡང་སེལ་ཅིང་སྣང་བར་ཡང་བྱེད། དྲི་ཞིམ་པོ་ཡང་འབྱིན་པས་ཁམས་བཞི་དང་བར་འགྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐམས་ཅད་ལ་ཡང་མེ་ཏོག་དེ་མི་འབྱུང་ན། སེམས་ཅན་ཚུལ་ཁྲིམས་འཆལ་པ་རྣམས་ལ་སངས་རྒྱས་འབྱུང་བ་དང་མཚུངས་པའི་མེ་ཏོག་ལྟ་འབྱུང་བར་ག་ལ་འགྱུར་ཞེས་གསུངས་སོ། །མེ་ཏོག་དེ་ཅི་འདྲ། གང་དུ་ནམ་སྐྱེ་ཞེ་ན། རྟོགས་པ་བརྗོད་པའི་མདོ་ལས་འབྱུང་བ། མཚོ་ཆེན་པོ་མ་དྲོས་པ་འདས་པའི་བྱང་ཕྱོགས་ན་རི་རྩེ་ལྔ་པ་ཞེས་བྱ་བ་དེའི་ཕ་རོལ་ན་ཨུ་དུམྺཱ་རའི་ཚལ་ཡོད་དེ། ནམ་སངས་རྒྱས་བཅོམ་ལྡན་འདས་དག་དགའ་ལྡན་གྱི་ལྷའི་རིས་ནས་བབས་ཏེ། ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ་ཚལ་དེ་ཁ་འབུ་བར་འགྱུར་རོ། །ནམ་ཡུམ་ཡི་ལྷུམས་ནས་བལྟམས་པ་དེའི་ཚེ་ཚལ་དེ་ཁ་འབྱེ་བར་འགྱུར་རོ། །ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་ཚལ་དེའི་མེ་ཏོག་ཀྱང་རབ་ཏུ་རྒྱས་པར་འགྱུར་རོ། །ནམ་ཚེའི་འདུ་བྱེད་


DTG110_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བོར་བ་དེའི་ཚེ་ཚལ་དེ་རྙིངས་པར་འགྱུར་རོ། །ནམ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ་ཚལ་དེའི་ལོ་མ་དང༌། མེ་ཏོག་དང༌། འདབ་མ་དང༌། འབྲས་བུ་ཡང་ལྷགས་པར་འགྱུར་རོ། །ཨུ་དུམྺཱ་རའི་མེ་ཏོག་དེའི་ཚད་ལ་ནི་ཤིང་རྟའི་འཕང་ལོ་ཙམ་མོ། །ནམ་སངས་རྒྱས་བཅོམ་ལྡན་འདས་དག་རྒྱལ་རིགས་ཀྱི་ནང་དུ་འབྱུང་བ་དེའི་ཚེ། མེ་ཏོག་དེ་ཁ་དོག་དཀར་རབ་ཏུ་འགྱུར་རོ། །ནམ་བྲམ་ཟེའི་རིགས་ཀྱི་ནང་དུ་འབྱུང་བ་དེའི་ཚེ་མེ་ཏོག་དེ་དཀར་པོར་འགྱུར་རོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང༌། ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་ནི་རྙེད་པར་དཀའ་སྟེ། མཆོག་ཏུ་རྙེད་པར་དཀའོ་ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཤིན་ཏུ་རྒྱས་པའི་མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་རྒྱལ་པོའི་དྲང་སྲོང་སྙན་པ་ཆེན་པོས་བསྟན་པ། གྲོགས་པོ་དག་དེ་བཞིན་གཤེགས་པ་གང་བྱེད་པ་དང་ལྡན་པའི་ཆོས་སྟོན་པ་དག་ནི་བརྒྱ་ལ་བརྒྱ་ལམ་ན་འཇིག་རྟེན་དུ་འབྱུང་ངོ་ཞེའོ། །ཟླ་བའི་སྙིང་པོའི་ལེའུ་ལས་ཀྱང་བསྟན་ཏེ། སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བ་ནི་རྙེད་པར་དཀའ་སྟེ། ཨུ་དུམྺཱ་རའི་མེ་ཏོག་དཔེར་བརྗོད་པ་དང་མཚུངས་སོ་ཞེས་འབྱུང་ངོ༌། །འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང༌། གང་དག་མཐོང་ཞིང་ཐོས་པ་དང༌། བསྙེན་བཀུར་བྱས་པ་དོན་ཡོད་པ། །འཇིག་རྟེན་འདྲེན་པ་འཇིག་རྟེན་ན། །བསྐལ་པ་བྱེ་བར་རྙེད་པར་དཀའ། །ཞེས་གསུངས་སོ། །བསྐལ་པ་བཟང་པོའི་མདོ་ལས་ཀྱང༌། བསྐལ་པ་བཟང་པོ་འདིའི་འོག་ཏུ་སངས་རྒྱས་མེད་པའི་བསྐལ་པ་དྲུག་ཅུ་འབྱུང་ངོ། །དེའི་འོག་ཏུ་བསྐལ་པ་སྙན་པ་ཆེན་པོ་ཞེས་བྱ་བ་འབྱུང་སྟེ། བསྐལ་པ་གཅིག་པོ་དེ་ལས་སངས་རྒྱས་ཁྲི་འབྱུང་ངོ༌། །བསྐལ་པ་སྙན་པ་ཆེན་པོ་དེའི་འོག་ཏུ་སངས་རྒྱས་མེད་པའི་བསྐལ་པ་བརྒྱད་ཁྲི་འབྱུང་ངོ༌། །དེའི་འོག་ཏུ་བསྐལ་པ་སྐར་མ་ལྟ་བུ་ཞེས་བྱ་བ་འབྱུང་སྟེ། བསྐལ་པ་དེ་གཅིག་ལ་སངས་རྒྱས་བརྒྱད་ཁྲི་འབྱུང་ངོ༌། །བསྐལ་པ་སྐར་མ་ལྟ་བུ་དེའི་འོག་ཏུ་བསྐལ་པ་སུམ་བརྒྱར་སངས་རྒྱས་མི་འབྱུང་ངོ༌། །དེའི་འོག་ཏུ་ཡོན་ཏན་བཀོད་པ་ཞེས་བྱ་བའི་བསྐལ་པ་འབྱུང་སྟེ། བསྐལ་པ་དེ་གཅིག་ལ་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་འབྱུང་ངོ་ཞེས་གསུངས་སོ། །


DTG110_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

མིར་འགྱུར་བ་ནི་ཤིན་ཏུ་རྙེད་པར་དཀའ་སྟེ། ཇི་ལྟར་ཞེ་ན། འདི་ལྟ་སྟེ། ཡང་དག་པར་ལྡན་པའི་ལུང་ལས་འབྱུང་བ། དགེ་སློང་དག་འདི་ལྟ་སྟེ། དཔེར་ན། ས་ཆེན་པོ་འདི་ཆུ་འབའ་ཞིག་ཏུ་གྱུར་ལ། དེའི་ནང་དུ་མི་ཞིག་གིས་ཤིང་བུ་ག་གཅིག་པ་ཞིག་བོར་ཏེ། དེ་ཤར་གྱི་རླུང་གིས་ནི་ནུབ་ཕྱོགས་སུ་ཕུལ། ནུབ་ཀྱི་རླུང་གིས་ནི་ཤར་ཕྱོགས་སུ་ཕུལ། བྱང་གི་རླུང་གིས་ནི་ལྷོ་ཕྱོགས་སུ་ཕུལ། ལྷོའི་རླུང་གིས་ནི་བྱང་ཕྱོགས་སུ་ཕུལ་ལ། དེ་ན་རུས་སྦལ་ཞར་བ་ཚེ་ལོ་བརྒྱ་ཕྲག་དུ་མ་ཐུབ་པ། ལོ་བརྒྱ་ཕྲག་དུ་མར་འཚོ་བ་ལོ་བརྒྱར་འདས་ཤིང་ལན་ཅིག་སྟེང་དུ་འབྱུང་བ་དེ་བུ་ག་གཅིག་པའི་ཤིང་དེར་མགྲིན་པ་འཇུག་ན་དགེ་སློང་དག་འདི་ཇི་སྙམ་དུ་སེམས། རུས་སྦལ་ཞར་བ་ཚེ་ལོ་བརྒྱ་ཕྲག་དུ་མ་ཐུབ་པ། ལོ་བརྒྱ་ཕྲག་དུ་མར་འཚོ་བ་དེ་ལོ་བརྒྱ་འདས་ཤིང་ལན་ཅིག་སྟེང་དུ་འབྱུང་བ་དེས། ཤིང་བུ་ག་གཅིག་པའི་ཤིང་དེར་མགྲིན་པ་ཆུད་དམ། བཅོམ་ལྡན་འདས་ལ་དགེ་སྦྱོང་དག་གིས་གསོལ་པ། བཅོམ་ལྡན་འདས་སྟེས་ན་འགྱུར་ལགས་སོ། །བདེ་བར་གཤེགས་པ་སྟེས་ན་འགྱུར་ལགས་ཏེ། རུས་སྦལ་ཞར་བ་ཚེ་ལོ་བརྒྱ་ཕྲག་དུ་མ་ཐུབ་པ། ཚེ་ལོ་བརྒྱ་ཕྲག་དུ་མར་འཚོ་བ། དེ་ལོ་བརྒྱ་འདས་ཤིང་ལན་ཅིག་སྟེང་དུ་འབྱུང་བ་དེས། ཤིང་བུ་ག་གཅིག་པ་དེར་མགྲིན་པ་ཆུད་ཀྱང་གདའ། མི་ཆུད་ཀྱང་གདའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་བརྒྱ་ལ་བརྒྱ་ལམ་ན་འཇིག་རྟེན་དུ་འབྱུང་ཞིང་ཞི་བར་འགྱུར་བ། ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། བདེ་བར་གཤེགས་པས་རབ་ཏུ་བསྟན་པའི་ཆོས་སྟོན་ཏོ། །མིར་གྱུར་པ་ཡང་བརྒྱ་ལ་བརྒྱ་ལམ་ན་སྟེས་ན་འཐོབ་སྟེ། ཤིན་ཏུ་རྙེད་པར་དཀའོ་ཞེས་གསུངས་སོ། །དལ་བ་འབྱོར་པ་རྙེད་པར་དཀའ་སྟེ། དལ་བ་འབྱོར་པ་རྙེད་པར་དཀའ་བར་ཅི་མངོན་ཞེ་ན། མདོ་སྡེའི་བྱེ་བྲག་མང་པོ་བརྗོད་པ་ལས་མཐོང་བས་མངོན་ཏེ། གཅིག་ལ་འཕྲོས་པའི་ལུང་ལས་འབྱུང་བ། དགེ་སློང་དག་མི་ཁོམ་པ་བརྒྱད་པོ་འདི་དག་ནི། གང་ཟག་ཚངས་པར་སྤྱོད་པ་ལ་གནས་པའི་དུས་མ་ཡིན་ཏེ། བརྒྱད་གང་ཞེ་ན། དགེ་སློང་དག་འདི་ལ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་སྟེ་ཞི་བར་འགྱུར་


DTG110_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། བདེ་བར་གཤེགས་པས་རབ་ཏུ་བསྟན་པའི་ཆོས་ཀྱང་སྟོན་ན། གང་ཟག་དེ་སེམས་ཅན་དམྱལ་བར་སྐྱེས་པ་ཡིན་ཏེ། ད་ནི་གང་ཟག་ཚངས་པར་སྤྱོད་པ་གནས་པའི་དུས་མ་ཡིན་པ་མི་ཁོམ་པ་དང་པོའོ། །དེ་བཞིན་དུ་དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དང༌། ལྷ་ཚེ་རིང་པོ་དང༌། མཐའ་འཁོབ་ཀྱི་མི་དང༌། རྐུ་འཕྲོག་བྱེད་པ་དང༌། ཀླ་ཀློ་དང༌། བརྣབ་སེམས་ཅན་དང༌། གནོད་སེམས་ཅན་གང་དུ་དགེ་སློང་དང༌། དགེ་སློང་མ་དང་དགེ་བསྙེན་དང༌། དགེ་བསྙེན་མ་མི་འོང་བའི་ནང་དུ་སྐྱེས་པ་ཡིན་ནོ། །འཇིག་རྟེན་འདིར་དེ་བཞིན་གཤེགས་པ་འབྱུང་སྟེ་ཆོས་ཀྱང་སྟོན་ལ། གང་ཟག་དེ་དབུས་ཀྱི་མིའི་ནང་དུ་ཡང་སྐྱེས་ན་དེ་གླེན་ཞིང་ལུག་ལྟར་ལྐུགས་པ་ལ་ལག་བརྡ་བྱེད་ཅིང༌། ལེགས་པར་སྨྲས་པ་དང༌། ཉེས་པར་སྨྲས་པའི་དོན་གོ་བའི་མཐུ་མེད་པ་ཡིན་ནོ། །དེ་བཞིན་གཤེགས་པ་འཇིག་རྟེན་འདིར་བྱུང་སྟེ། ཆོས་ཀྱང་སྟོན་ལ། གང་ཟག་དེ་དབུས་ཀྱི་མིའི་ནང་དུ་ཡང་སྐྱེས་ཤིང༌། དེ་གླེན་པ་མ་ཡིན་ལ། །ལུག་ལྟར་ལྐུགས་པ་མ་ཡིན་པ་ནས། དོན་གོ་བའི་མཐུ་ཡོད་པའི་བར་དུ་ཡང་འགྱུར་ན། དེ་ལོག་པར་ལྟ་ཞིང་ཕྱིན་ཅི་ལོག་ཏུ་མཐོང་སྟེ། དེ་འདི་ལྟར་བྱིན་པ་ཡང་མེད། མཆོད་སྦྱིན་ཡང་མེད། སྦྱིན་སྲེག་བྱས་པ་ཡང་མེད། ལེགས་པར་བྱས་པ་དང༌། ཉེས་པར་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་མེད། འཇིག་རྟེན་འདི་ཡང་མེད། འཇིག་རྟེན་ཕ་རོལ་ཡང་མེད། ཕ་ཡང་མེད། མ་ཡང་མེད་དེ། འཇིག་རྟེན་ན་དགེ་སྦྱོང་དང༌། བྲམ་ཟེ་ཡང་དག་པར་སོང་བ་དང༌། ཡང་དག་པར་ཞུགས་པ་དང༌། དགྲ་བཅོམ་པ་འཇིག་རྟེན་རིག་པ་གང་རང་གི་མངོན་པར་ཤེས་པས་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་མངོན་སུམ་དུ་བྱ་སྟེ། ཁོང་དུ་ཆུད་པར་བྱེད་པ་ཡང་མེད་པར་ལྟ་བ་ཡིན་ནོ། །གཞན་ཡང་གང་ཟག་དེ་དབུས་ཀྱི་མི་རྣམས་ཀྱི་ནང་དུ་སྐྱེ་སྟེ། གླེན་པ་མ་ཡིན་པ་ནས་ལེགས་པར་སྨྲས་པ་དང༌། ཉེས་པར་སྨྲས་པ་རྣམས་ཀྱི་དོན་གོ་བའི་མཐུ་ཡོད་པའི་བར་དུ་འགྱུར་ལ། དེ་ཡང་དག་པར་ལྟ་ཞིང་ཕྱིན་ཅི་ལོག་ཏུ་མཐོང་བར་མ་གྱུར་ཏེ། དེ་འདི་ལྟར་སྦྱིན་པ་


DTG110_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡོད་པ་ནས་མངོན་སུམ་དུ་བྱས་ཏེ་ཁོང་དུ་ཆུད་པར་བྱེད་པ་ཡང་ཡོད་པའི་བར་དུ་ལྟ་ན། དེ་བཞིན་གཤེགས་པ་འཇིག་རྟེན་དུ་མ་བྱུང་སྟེ་ཞི་བར་འགྱུར་བ། ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། བདེ་བར་གཤེགས་པས་རབ་ཏུ་བསྟན་པའི་ཆོས་མི་སྟོན་པ་ཡིན་ནོ། །གང་ཟག་ཚངས་པར་སྤྱོད་པ་ལ་གནས་པའི་དལ་བའི་དུས་ནི་གཅིག་སྟེ། དེ་བཞིན་གཤེགས་པ་འཇིག་རྟེན་འདིར་བྱུང་ལ། ཆོས་ཀྱང་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཡང་དག་པར་རབ་ཏུ་སྟོན་ལ། གང་ཟག་དེ་ཡང་དབུས་ཀྱི་མིའི་ནང་དུ་སྐྱེས་ཏེ། དེ་གླེན་པ་མ་ཡིན་ཞིང་ལུག་ལྟར་ལྐུགས་པ་མ་ཡིན་པ་ནས། ལེགས་པར་སྨྲས་པ་དང༌། ཉེས་པར་སྨྲས་པའི་དོན་གོ་བའི་མཐུ་ཡོད་པའི་བར་དུ་གྱུར་ལ། དེ་ཡང་དག་པར་ལྟ་ཞིང་ཕྱིན་ཅི་མ་ལོག་པར་མཐོང་སྟེ། དེ་འདི་ལྟར་སྦྱིན་པ་ཡང་ཡོད། མཆོད་སྦྱིན་ཡང་ཡོད། སྦྱིན་སྲེག་བྱས་པ་ཡང་ཡོད། ལེགས་པར་བྱས་པ་དང༌། ཉེས་པར་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་ཡོད། འཇིག་རྟེན་འདི་ཡང་ཡོད། འཇིག་རྟེན་ཕ་རོལ་ཡང་ཡོད། ཕ་ཡང་ཡོད། མ་ཡང་ཡོད། འཇིག་རྟེན་ན་དགེ་སྦྱོང་དང༌། བྲམ་ཟེ་ཡང་དག་པར་སོང་བ་དང༌། ཡང་དག་པར་ཞུགས་པ་དང༌། དགྲ་བཅོམ་པ་འཇིག་རྟེན་རིག་པ་རང་གི་མངོན་པར་ཤེས་པས་འཇིག་རྟེན་འདི་དང། འཇིག་རྟེན་ཕ་རོལ་མངོན་སུམ་དུ་བྱས་ཏེ། ཁོང་དུ་ཆུད་པར་བྱེད་པ་ཡང་ཡོད་པར་ལྟའོ་ཞེས་གསུངས་སོ། །ཟླ་བའི་སྙིང་པོའི་ལེའུ་ལས་ཀྱང༌། གྲོགས་པོ་དག་དལ་བ་འབྱོར་པ་རྙེད་པར་དཀའ་སྟེ། སྤོས་ཀྱི་ཤིང་དུས་ཀྱི་རྗེས་སུ་འབྲང་བ་དཔེར་བརྗོད་པ་བཞིན་ནོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་འབྱུང་བ། དེ་ལ་རྣམ་པར་དག་པ་མཉམ་པ་ཉིད་གང་ཞེ་ན། རྣམ་པར་དག་པ་ཞེས་བྱ་བ་ནི་མིར་སྐྱེ་བ་ཐོབ་པ་སྟེ། གང་ཡོན་ཏན་བཅུ་ཡོངས་སུ་རྫོགས་པའི་མིར་འགྱུར་བ་འཐོབ་པའོ། །བཅུ་གང་ཞེ་ན། རིགས་དམའ་བ་སྤངས་པ་དང༌། མི་བླུན་པ་དང༌། མི་གླེན་


DTG110_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། དབང་པོ་མ་ཉམས་པ་དང༌། ཕོར་སྐྱེས་པ་དང༌། གཟུགས་བཟང་བ་དང༌། མི་དབུལ་བ་དང༌། མི་བརྙས་པ་དང༌། ཚིག་སྙན་པ་དང༌། སྐྱེ་བོ་མང་པོས་ལྟ་བའོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་བསྟན་པ་ལ་དད་པ་རྙེད་པར་དཀའ་སྟེ། དད་པ་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་འབྱུང་བ། གྲོགས་པོ་དག་འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་དད་པ་ཡིན། དང་བ་མང་ཞིང་འཕགས་པ་རྣམས་ལ་ལྟ་བ་འདོད་པ་དང༌། དམ་པའི་ཆོས་མཉན་པར་འདོད་པ་དང༌། སེར་སྣ་མེད་ཅིང་ལྷུག་པར་གཏོང་བ་དང༌། ལག་བརྐྱང་སྟེ་གཏོང་བ་ལ་དགའ་བ་དང༌། མཆོད་སྦྱིན་བྱེད་པའི་ངང་ཚུལ་ཅན་དང༌། གཏོང་བ་ཕུན་སུམ་ཚོགས་པ་དང༌། སྦྱིན་པ་འགྱེད་པ་ལ་དགའ་བ་དང༌། ཁོང་ཁྲོ་བ་མེད་པའི་སེམས་དང་ལྡན་པ་དང༌། རྙོག་པ་མེད་པའི་སེམས་དང་ལྡན་པ་དང༌། ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང༌། མོས་པ་དང༌། རྟོགས་པ་དང༌། སོམ་ཉི་མེད་ལ་ཐེ་ཚོམ་མི་ཟ་ཞིང་ཡིད་གཉིས་མི་ཟ་བ་ཡིན་ཏེ། དེ་དཀར་པོ་དང༌། ནག་པོའི་ལས་རྣམས་ཀྱི་རྣམ་པར་སྨིན་པ་ཆུད་མི་ཟ་བར་རིག་ནས་སྲོག་གི་ཕྱིར་ཡང་མི་བྱ་བ་མི་བྱེད་དོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་འབྱུང་བ། དད་པ་གང་ཞེ་ན། དད་པ་གང་གིས་འཕགས་པའི་དྲུང་དུ་ཉེ་བར་འགྲོ་བ་དང༌། བྱ་བ་མ་ཡིན་པ་མི་བྱེད་པའོ་ཞེས་གསུངས་སོ། །ཡིད་གཉིས་ཡང་དག་པར་འཇོམས་པའི་མདོ་ལས་ཀྱང༌། དད་པ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྟེ། དེ་ལ་དད་པ་གང་གིས་དད་པར་འགྱུར་བ་གང་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་དང་ལྡན་ཏེ། དེས་ཆོས་བཤད་པ་ནི་མཐོང་བར་དཀའ་བ། ཤེས་པར་བྱ་དཀའ་བ། ཟབ་པ་རྒྱ་ཆེ་བ་བསྟན་པ་སྟེ། དེ་ལ་མིག་ཀྱང་མེད། མིག་འགག་པ་ཡང་མེད། རྣ་བ་ཡང་མེད། སྣ་ཡང་མེད། ལྕེ་ཡང་མེད། ལུས་ཀྱང་མེད། ཡིད་ཀྱང་མེད། ཡིད་འགག་པ་ཡང་མེད། གནས་པ་ཡང་མེད། མི་གནས་པ་ཡང་མེད། གྲགས་པ་ཡང་མེད། མ་གྲགས་པ་ཡང་མེད། ཡན་ལག་དྲུག་ཅུ་དང་


DTG110_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་དབྱངས་ཀྱིས་ཟིན་པའི་ཚིག་དང༌། ཡི་གེ་དང༌། ངག་གི་ལས་ཡོངས་སུ་དག་པ་དང༌། སེམས་རྣམ་པར་དང་བ་དང༌། ལུས་ཡོངས་སུ་བྱ་བ་དང༌། ཁ་དོག་སྣ་ཚོགས་སྟོན་པས་དེ་བཞིན་གཤེགས་པ་ལ་མི་མཁྱེན་པའམ་མི་གཟིགས་པའམ། མ་གསན་པའམ། མངོན་སུམ་དུ་མ་མཛད་པའམ། མངོན་པར་རྫོགས་པར་སངས་མ་རྒྱས་པ་མེད་དོ། །དེ་བཞིན་གཤེགས་པ་དེ་ནི་སྤྱན་ཡོངས་སུ་དག་སྟེ། ཀུན་ནས་སྤྱན་དང་ལྡན་པ། འདོད་ཆགས་དང་བྲལ་བ། ཞེ་སྡང་སྤངས་པ། སྲིད་པ་མེད་པར་གྱུར་པ། གཏི་མུག་ལེགས་པར་བཅོམ་པ། ཤའི་སྤྱན་དཔག་ཏུ་མེད་པ། སྤྱི་གཙུག་བལྟར་མི་སྣང་བར་མངོན་པར་འཕགས་པ་སྒྲ་དབྱངས་ཟབ་པ། དོན་དམ་པ་སྟོན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་བླ་ན་མེད་པར་གྱུར་པ་སྟེ། གང་འདི་ལྟ་བུའི་སངས་རྒྱས་ཀྱི་ཆོས་དེ་དག་ལ་རྟོགས་པ་དང༌། ཡིད་ཆེས་པ་དང༌། མི་སྤོང་བ་དེ་ནི་དད་པའོ་ཞེས་གསུངས་སོ། །དད་པའི་སྟོབས་བསྐྱེད་པའི་མདོ་ལས་འབྱུང་བ། འཇམ་དཔལ་དེ་ལ་དད་པའི་སྟོབས་གང་ཞེ་ན། དད་པ་གང་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་པར་དད་པ་དང༌། མོས་པ་དང༌། ཡིད་ཆེས་པ་དང༌། ཐེ་ཚོམ་མི་ཟ་ཞིང་ནེམ་ནུར་མེད་པ་ནི་དད་པའོ། །ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་མངོན་པར་དད་པའོ། །རྙོག་པ་མེད་པ་ནི་སེམས་ལ་དད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་མི་བྱེད་པ་ལ་དད་པའོ། །སྦྱིན་པ་དང༌། སྦྱིན་པའི་འབྲས་བུ་དང༌། ཚུལ་ཁྲིམས་དང༌། ཚུལ་ཁྲིམས་ཀྱི་འབྲས་བུ་དང༌། བཟོད་པ་དང༌། བཟོད་པའི་འབྲས་བུ་དང༌། བརྩོན་འགྲུས་དང༌། བརྩོན་འགྲུས་ཀྱི་འབྲས་བུ་དང༌། བསམ་གཏན་དང༌། བསམ་གཏན་གྱི་འབྲས་བུ་དང༌། ཤེས་རབ་དང༌། ཤེས་རབ་ཀྱི་འབྲས་བུ་ལ་དད་པའོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་འབྱུང་བ། དད་པའི་མཚན་ཉིད་ནི་དད་པ་སྟེ། གང་ཐེག་པ་ཆེན་པོ་ལ་མོས་པ་འདི་ནི་དད་པའི་སྟོབས་ཞེས་བྱའོ། །གང་ཆགས་པ་མེད་པ་དང༌། ཁོང་དུ་ཆུད་པ་དང༌། དད་པའི་དབང་པོ་དང༌། དད་པའི་སྟོབས་འདི་ནི་དད་པ་ཞེས་བྱའོ། །གཞན་ཡང་དད་པའི་སྟོབས་ནི་དད་པ་གང་གིས་


DTG110_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་སྒྲ་ལ་དད་པ་སྟེ། བྱང་ཆུབ་སེམས་དཔའི་གཞན་གྱི་སྒྲ་དེ་གང་ཞེ་ན། གང་གཞན་ལས་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་འཇུག་པ་ཐོས་པའོ། །གཞན་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། བྱང་ཆུབ་ཀྱི་སེམས་དང༌། བསམ་པ་དང༌། སྦྱོར་བ་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། ཐབས་ལ་མཁས་པ་དང༌། བསྡུ་བའི་དངོས་པོ་དང༌། སངས་རྒྱས་ཀྱི་ཆོས་དང༌། བྱང་ཆུབ་སེམས་དཔའི་ཆོས་ཐོས་པ་སྟེ། གཞན་གྱི་སྒྲ་ཐོས་ནས་མངོན་པར་དད་པ་འདི་ནི་དད་པ་ཞེས་བྱའོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང༌། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔས་ལྷག་པའི་བསམ་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ནི་དད་པ་ཡིན་ཏེ། དད་པ་མང་བ་དང༌། འཕགས་པ་རྣམས་ལ་ལྟ་འདོད་པ་དང༌། དམ་པའི་ཆོས་ཉན་པར་འདོད་པ་ཡིན་ནོ། །དེ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་མངོན་པར་ཡིད་ཆེས་སོ། །དེ་མི་དགེ་བ་བཅུའི་ལས་ཀྱི་ལམ་སྤོང་ཞིང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་ནས་གནས་སོ། །དད་པ་ཅན་དེའི་དགེ་སྦྱོང་དང་བྲམ་ཟེ་ཡང་དག་པར་སོང་བ་དང༌། ཡང་དག་པར་ཞུགས་པ་མང་དུ་ཐོས་པ་དང༌། ཐོས་པ་ལ་བརྩོན་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་ལ་རབ་ཏུ་བརྩོན་པ་དང༌། ཐེ་ཚོམ་ལས་རྒལ་བ་དང༌། ཡང་འབྱུང་བ་དང་ཟད་པ་དང་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་ཉན་ཐོས་དེ་དག་དགེ་བའི་བཤེས་གཉེན་ཡིན་པར་ཤེས་ནས། ཡིད་ཆེས་ཤིང་བསྟེན་ཏེ་མཉེས་པར་བྱེད་དོ། །དགེ་བའི་བཤེས་གཉེན་དེ་དག་ཀྱང་དེ་ལ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་སྟོན་ཏོ། །སྣོད་དུ་རིག་ནས་ཟབ་མོའི་གཏམ་འདི་ལྟ་སྟེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་མི་བྱེད་པ་དང༌། མ་སྐྱེས་པ་དང༌། མ་བྱུང་བའི་གཏམ་དང༌། བདག་མེད་པ་དང༌། སེམས་ཅན་མེད་པ་དང༌། སྲོག་མེད་པ་དང༌། གང་ཟག་མེད་པའི་གཏམ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་གཏམ་བརྗོད་དེ། ཐོས་ནས་ཀྱང་ཐེ་ཚོམ་མི་ཟ་ཞིང་ཆོས་ཐམས་ཅད་ལ་ཆགས་པ་མེད་པར་འཇུག །ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལ་ཡང་མི་ཆགས། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་ཡང་


DTG110_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཆེས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཚོལ་ཞིང་བག་ཡོད་པ་ལ་གཞོལ་བ་ཡིན་ནོ། །བག་ཡོད་པ་གང་ཞེ་ན། གང་དབང་པོ་སྡོམ་པ་དང༌། རང་གི་སེམས་འདུལ་བ་དང༌། གཞན་གྱི་སེམས་བསྲུང་བའོ་ཞེས་གསུངས་སོ། །ཟླ་བའི་སྙིང་པོའི་ལེའུ་ལས། དཀོན་མཆོག་གསུམ་ལ་སེམས་ཅན་རྣམས་དད་ཅིང་དང་བ་ནི་དཀོན་ཏེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དཔེར་བརྗོད་པ་བཞིན་ནོ་ཞེས་གསུངས་སོ། །ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས་ཀྱང༌། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ཆོས་ལྔ་དང་ལྡན་པ་དག་ནི་དད་པ་ཅན་ཡིན་ཏེ། ལྔ་གང་ཞེ་ན། མོས་པའི་སྟོབས་དང༌། ལས་ཀྱི་རྣམ་པར་སྨིན་པ་ལ་འཇུག་པའི་སྟོབས་དང༌། བྱང་ཆུབ་ཀྱི་སེམས་མི་འདོར་བའི་སྟོབས་དང༌། ཡི་དམ་ལ་བརྟན་པའི་སྟོབས་དང༌། མི་དགེ་བའི་ཆོས་ཐམས་ཅད་སྤངས་ཏེ། ཉེས་པར་བྱས་པ་ཐམས་ཅད་བཟོད་པའི་སྟོབས་དང་ལྡན་པའོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་མདོ་ལས་ཀྱང༌། འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་སྨྲས་པ། འཇམ་དཔལ་ཆོས་ལྔ་པོ་འདི་དག་ལ་མོས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་གྱི་བྱེ་བྲག་འདི་དག་དང་གཞན་གྲངས་མེད་པ་ཡང་ཐོབ་པར་འགྱུར་རོ། །ལྔ་གང་ཞེ་ན། ཆོས་ཐམས་ཅད་གཉེན་པོ་མེད་པ་དང༌། མ་སྐྱེས་པ་དང༌། མ་འགགས་པ་དང༌། བརྗོད་དུ་མེད་པར་མོས་པ་དང༌། ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པ་དེ་བཞིན་གཤེགས་པའི་སྤྱོད་པ་དང༌། སྤྱོད་ལམ་དང༌། བྱ་བ་དང༌། འཇུག་པ་དང༌། གནས་འཛམ་བུའི་གླིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་བས་ཀྱང་ཆེས་ལྷག་པ་རྣམས་སེམས་ཅན་གྱི་བསམ་པའི་དབང་གིས་སྐད་ཅིག་གཅིག་ལ་རྟག་ཏུ་འཇུག་པར་མོས་པ་དང༌། སེང་གེ་མདངས་བཟངས་ཀྱི་རྟོག་པ་བརྗོད་པ་ལས། གང་སེམས་ཅན་ཡོངས་སུ་སྨིན་པར་བྱས་པ་དེ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ནས་བསྟན་པར་མོས་པ་དང༌། མར་མེ་མཛད་ཀྱིས་ལུང་བསྟན་པ་ནས་བཟུང་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པ་དེའི་བར་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བྱང་


DTG110_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའི་སྤྱོད་པ་གང་ཡིན་པ་དེ་སངས་རྒྱས་ཀྱི་ཡུལ་གྱི་བསྐལ་པ་མུ་མེད་པ་ནས། མངོན་པར་རྫོགས་པར་སངས་རྒྱས་ནས། བསྟན་པར་མོས་པ་དང༌། གང་ཤཱཀྱ་བསད་པ་བསྟན་པས་སེམས་ཅན་ཡོངས་སུ་སྨིན་པར་བྱས་པ་དེ་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སངས་རྒྱས་ཀྱི་ཡུལ་གྱི་བསྐལ་པ་མུ་མེད་པ་ནས་མངོན་པར་རྫོགས་པར་སངས་རྒྱས་ནས་བསྟན་པར་མོས་པའོ་ཞེས་གསུངས་སོ། །དེ་དག་པས་ཀྱང་གང་དག་བྱང་ཆུབ་སེམས་བསྐྱེད་པའི་སེམས་ཅན་དེ་དག་རྙེད་པར་དཀའ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྙེད་པར་དཀའ་བར་ཅི་མངོན་ཞེ་ན། མདོ་མང་པོ་ལས་ཐོས་ཏེ། སྡོང་པོ་བཀོད་པའི་མདོ་ལས་འབྱུང་བ། གང་དག་འཇིག་རྟེན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་རྙེད་པར་དཀའོ། །བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །ཉེས་པ་བྱས་པ་ཐམས་ཅད་བསྲེགས་པས་བསྲེགས་པའི་བསྐལ་པའི་མེ་ལྟ་བུའོ། །མི་དགེ་བའི་ཆོས་ཐམས་ཅད་ཟད་པར་བྱེད་པའི་ཕྱིར་ས་འོག་ལྟ་བུའོ། །དོན་ཐམས་ཅད་ཡོངས་སུ་བསྒྲུབ་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །འཁོར་བའི་ཆུ་ལ་རྒྱུ་བ་འདོན་པས་ལྕགས་ཀྱུ་ལྟ་བུའོ། །ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ལ་མཆོད་རྟེན་ལྟ་བུ་སྟེ། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང༌། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཇི་སྐད་ཡོད་པ་བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་དང་ཕན་ཡོན་ཡང་དེ་སྙེད་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་ཐམས་ཅད་ཀྱང་འདི་ལས་བྱུང་བ་སྟེ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འདི་ལས་སྐྱེས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བ་ཡོད་དོ། །དེ་ནི་སྲང་གཅིག་གིས་ཀྱང་ལྕགས་སྲང་སྟོང་གསེར་དུ་འགྱུར་རོ། །དངུལ་ཆུ་སྲང་གཅིག་པོ་དེ་ནི་ལྕགས་སྲང་སྟོང་པོ་དེས་ཟད་པར་བྱ་བའམ། ལྕགས་


DTG110_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྒྱུར་བར་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་དངུལ་ཆུའི་ཁམས་དགེ་བའི་རྩ་བ་ཡོངས་སུ་བསྔོས་པའི་ཡེ་ཤེས་ཀྱིས་ཡོངས་སུ་གཟུང་བ་ནི། ལས་དང་ཉོན་མོངས་པའི་སྒྲིབ་པའི་ལྕགས་ཐམས་ཅད་ཟད་པར་བྱས་ཏེ། ཆོས་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁ་དོག་ཏུ་བྱེད་ཀྱང༌། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རོའི་ཁམས་གཅིག་པོ་དེ་ནི་ལས་དང་ཉོན་མོངས་པའི་ལྕགས་ཐམས་ཅད་ཀྱིས་ཀྱང་ཀུན་ནས་ཉོན་མོངས་པར་བྱ་བའམ། ཟད་པར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་སྒྲོན་མ་གཅིག་ཁྱིམ་མ་མ་ཁང་བུ་ཇི་ལྟ་བུ་འང་རུང་སྟེ། དེར་ཕྱུང་ན་དེ་ཕྱུང་མ་ཐག་ཏུ་ལོ་བརྒྱ་སྟོང་དུ་བསགས་པའི་མུན་པ་མུན་ནག་ཀྱང་སེལ་ཞིང་སྣང་བར་བྱེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་སྒྲོན་མ་གཅིག་སེམས་ཀྱི་བསམ་པའི་ཁྱིམ་ཐིབས་པོ་མ་རིག་པའི་མུན་པ་མུན་ནག་དང་ལྡན་པ་ཇི་ལྟ་བུ་ཡང་རུང་བ་དེར་ཕྱུང་ན། དེ་ཕྱུང་མ་ཐག་ཏུ་བསྐལ་པ་བརྗོད་དུ་མེད་པ་བརྒྱ་སྟོང་ནས་བསགས་པའི་ལས་དང་ཉོན་མོངས་པའི་སྒྲིབ་པའི་མུན་པ་མུན་ནག་ཀྱང་སེལ་ཞིང་ཡེ་ཤེས་ཀྱི་སྣང་བ་ཡང་བསྐྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོའི་ཅོད་པན་ཐོགས་པའི་ཀླུའི་རྒྱལ་པོ་ཆེན་པོ་རྣམས་ལ་གཞན་གྱིས་གནོད་པ་བྱ་བའི་འཇིགས་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་པོའི་ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོའི་ཅོད་པན་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ངན་སོང་དང་ངན་འགྲོས་གནོད་པར་བྱ་བའི་འཇིགས་པ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་འོད་ཀྱིས་ཇི་ཙམ་སྣང་བར་བྱས་པ་དེའི་བར་གྱི་གང་ནོར་དང༌། འབྲུ་དང༌། རིན་པོ་ཆེ་དང༌། གསེར་དང༌། དངུལ་དང༌། མེ་ཏོག་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། གོས་དང༌། ལོངས་སྤྱོད་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ནོར་བུ་རིན་པོ་ཆེ་ཆེན་པོ་དབང་གི་རྒྱལ་པོའི་རིན་དུ་མི་ཆོག་གོ །དེ་བཞིན་དུ་ཇི་སྲིད་དུ་དུས་གསུམ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ཀྱི་ཡུལ་སྣང་བར་མཛད་པ་དེ་སྲིད་དུ་ལྷ་དང་མི་ཐམས་ཅད་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་


DTG110_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་པ་དང་བཅས་པ་དང་ཟག་པ་མེད་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ཀྱང༌། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོའི་དབང་གི་རྒྱལ་པོའི་རིན་དུ་མི་ཆོག་གོ །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་བ་དང༌། མ་ཧེ་དང་རའི་འོ་མས་ཡོངས་སུ་གང་བའི་ནང་དུ་སེང་གེའི་འོ་མ་ཐིགས་པ་གཅིག་བླུགས་པས་འོ་མ་དེ་དག་ཐམས་ཅད་འགྱེས་པར་འགྱུར་ཏེ། འདུར་མི་བཏུབ་བོ། །དེ་བཞིན་དུ་བསྐལ་པ་བརྗོད་དུ་མེད་པ་བརྒྱ་སྟོང་དུ་བསགས་པའི་ལས་དང་ཉོན་མོངས་པ་ཀུན་གྱི་འོ་མའི་རྒྱ་མཚོར་ཡང་དེ་བཞིན་གཤེགས་པ་སྐྱེས་བུའི་སེང་གེ་ཆེན་པོའི་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་འོ་མའི་ཐིགས་པ་གཅིག་བླུགས་པས་དེ་ཐམས་ཅད་མ་ལུས་པ་ཟད་པར་འགྱུར་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་ཐར་པ་རྣམས་ཀྱང་མི་གནས་མི་འདུའོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་དཔའ་བོ་ལ་བརྟེན་པའི་མི་ནི་དགྲ་ཐམས་ཅད་ཀྱིས་མི་འཇིགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ། སེམས་བསྐྱེད་པ་དཔའ་བོ་ལ་བརྟེན་པ་ཡང་སྤྱོད་པ་ངན་པའི་དགྲ་ཐམས་ཅད་ཀྱིས་མི་འཇིགས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་ཆེན་པོ་ནི་ཆག་ཀྱང༌། ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་གསེར་གྱི་རྒྱན་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་རིན་པོ་ཆེ་བསམ་པ་ལོག་པར་ཞུགས་པས་ཆག་པར་གྱུར་ཀྱང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཟིལ་གྱིས་གནོན་ཅིང་བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ཏེ། འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་ཟློག་གོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །གསལ་རྒྱལ་གྱིས་ཞུས་པ་ལས་ཀྱང༌། རྒྱལ་པོ་ཆེན་པོ་ཁྱོད་དམ་པའི་ཆོས་ཁོ་ན་འཚོལ་བ་དང༌། རྒྱལ་པོ་ཆེན་པོ་ཁྱོད་ཇི་ལྟ་བུར་ཡུལ་ཀོ་ས་ལའི་མི་རྣམས་ཀྱི་དོན་དང༌། ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་དེ་བཞིན་དུ་འཇིག་རྟེན་ཐམས་ཅད་ཀྱི་དོན་དང༌། ཕན་པ་དང༌། བདེ་བ་དང༌། བསྒྲལ་བ་དང༌། དགྲོལ་བ་དང༌། དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་ཞུགས་ཤིང༌། ཁྱོད་ཐམས་ཅད་མཁྱེན་པ་ཐོབ་པར་བྱ་བ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་


DTG110_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་བྱ་བའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་རྒྱལ་པོ་ཆེན་པོ་ཁྱོད་ལེགས་སོ་ལེགས་སོ། །ཡང་རྒྱལ་པོ་ཆེན་པོ་རྒྱལ་པོ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་འདི་ན་ལྷ་བརྒྱ་སྟོང་དུ་མ་ལུས་མི་སྣང་བར་བྱས་ཏེ་གནས་ནས་ང་ལ་བསྙེན་བཀུར་བྱེད་པ་ཡོད་དོ། །དེ་དག་ཀྱང་རྒྱལ་པོ་ཆེན་པོ་ཁྱོད་གང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མོས་པ་དང༌། དད་པ་དང༌། ཚོལ་བ་དང༌། སྨོན་པ་ལ་བསྔགས་པའོ། །བསྟོད་དོ་རྗེས་སུ་ཡི་རང་ངོ༌། །རྒྱལ་པོ་ཆེན་པོ་དེ་དག་ཤིན་ཏུ་དགའ་བ་བསྐྱེད་དེ། མོས་པ་སྐྱེས་ཏེ། ཡིད་དང་མཐུན་པར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྒྱལ་པོ་ཆེན་པོ་སུ་བྱང་ཆུབ་ལ་འདུན་པ་བསྐྱེད་པ་དང༌། དད་པ་དང༌། འདོད་པ་དང༌། སྨོན་པ་བསྐྱེད་པ་དེ་སངས་རྒྱས་བརྒྱ་ཕྲག་དུ་མ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་བརྒྱ་ཕྲག་དུ་མ་དང༌། འཕགས་པའི་དགེ་འདུན་གྱི་རྒྱུན་བརྒྱ་ཕྲག་དུ་མ་དང༌། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ནས་གང་གཱའི་ཀླུང་གི་བྱེ་མ་བས་ཀྱང་མང་བའི་བར་གྱི་སངས་རྒྱས་འབྱུང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། འཕགས་པའི་དགེ་འདུན་རྒྱུན་མི་འཆད་པར་འབྱུང་བ་དང༌། སྐྱེ་བར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ་ཞེས་གསུངས་སོ། །རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་ཀྱང༌། ནམ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་འབྲལ་ཞིང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སེམས་ཀྱི་སྐབས་མི་འབྱེད་པ་དང༌། སེམས་གཞན་ཡིད་ལ་མི་བྱེད་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པའི་སེམས་ཀྱི་ཉོན་མོངས་པ་ཐམས་ཅད་ཀྱི་སྐབས་མི་འབྱེད་ཅིང༌། ཕ་རོལ་ཏུ་ཕྱིན་པ་དྲུག་མི་འདོར་ལ། སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང་ལྡན་ཞིང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཡིད་ལ་བྱེད་པས་གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་སེམས་ཀྱི་རྒྱན་ནོ་ཞེས་གསུངས་སོ། །འཕགས་པ་མ་སྐྱེས་དགྲའི་ལེའུ་ལས་ཀྱང༌། འཕགས་པ་འོད་སྲུངས་ཆེན་པོས་སྨྲས་པ། འཇམ་དཔལ་དཔེར་ན་སེང་གེའི་ཕྲུ་གུ་འབྲངས་ནས་རིང་པོ་མ་ལོན་པ་སྟོབས་དང་རྩལ་མ་རྫོགས་ཀྱང༌། གང་ནས་གང་དུ་སེང་གེའི་ཕྲུ་གུའི་དྲི་རྫིས་ཁྱེར་བ་དེ་དང་དེ་ལོགས་སུ་རི་དགས་ཀྱི་ཚོགས་དེ་དག་གིས་དྲི་དེ་


DTG110_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཟོད་ནས་འབྲོས་སོ། །གླང་པོ་ཆེ་གང་དག་འབྲེང་པ་སྲ་བས་དམ་པོར་བཅིངས་པ་དེ་དག་ཀྱང་སེང་གེའི་ཕྲུ་གུ་དེའི་དྲི་ཚོར་ན་སྡངས་ཤིང་འདྲོགས་ནས་བཅིངས་པའི་འབྲེང་པ་དེ་དག་ཀྱང་བཅད་དེ། གང་དགའ་བར་འབྲོས་སོ། །རི་སུལ་ན་གནས་པ་ནི་རི་སུལ་དུ། ཁུང་ན་གནས་པ་ནི་ཁུང་དུ། ཆུ་ན་གནས་པ་ནི་ཆུར་འཇུག་གོ །བྱ་ནི་ནམ་མཁའ་ལ་འཕུར་རོ། །འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་སྟོབས་བསྐྱེད་པ་མ་རྫོགས་ཀྱང༌། སེམས་བསྐྱེད་མ་ཐག་ཏུ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏེ། བདུད་ཐམས་ཅད་ཀྱང་རང་གི་གནས་ནས་སྔངས་སྐྲག་ཅིང་རང་གི་གནས་ན་མི་དགའོ་ཞེས་གསུངས་སོ། །རིན་པོ་ཆེའི་ཕུང་པོའི་མདོ་ལས་ཀྱང༌། ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། མི་རྐང་ལག་བཅད་ན་འཚོའམ། གསོལ་པ་བཅོམ་ལྡན་འདས་འཚོའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་སྙིང་ཕྱུང་ན་འཚོའམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མི་འཚོའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ལག་པ་དང་རྐང་པ་ལྟ་བུར་ནི་ངའི་ཤཱ་རིའི་བུ་དང༌། མཽད་གལ་གྱི་བུར་ལྟའོ། །སྙིང་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་རྣམས་ལྟའོ། །ཀུན་དགའ་བོ་གལ་ཏེ་བྱང་ཆུབ་སེམས་དཔའ་ཤིང་རྟའི་ནང་དུ་ཞུགས་ཏེ། འདོད་པའི་ཡོན་ཏན་ལྔས་རྩེ་ཞིང་དགའ་དགུར་སྤྱོད་ལ། དེའི་ཤིང་རྟ་འདྲེན་པ་གཞན་མེད་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དེའི་ཤིང་རྟ་ནི་དེ་བཞིན་གཤེགས་པའི་དབུ་ལ་ཡང་བསྐུར་རོ། །གལ་ཏེ་གནས་བརྟན་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་རྣམ་པར་ཐར་པའི་སྒོ་གསུམ་ལ་བསྐལ་པའམ་བསྐལ་པ་ལས་ལྷག་པར་གནས་ཀྱང༌། དེ་ལ་དེ་བཞིན་གཤེགས་པ་རིམ་གྲོ་དང་གཡོག་བྱ་བར་བརྩོན་པར་མི་མཛད་དོ་ཞེས་གསུངས་སོ། །འོད་སྲུངས་ཀྱི་ལེའུ་ལས་ཀྱང༌། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཟླ་བའི་དཀྱིལ་འཁོར་བཏང་སྟེ། སུ་ཡང་སྐར་མའི་གཟུགས་ལ་ནམ་ཡང་ཕྱག་མི་འཚལ་ལོ། །འོད་སྲུངས་དེ་བཞིན་དུ་མཁས་པ་རྣམས་ཀྱང་ངའི་བསླབ་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་བཏང་སྟེ། ཉན་ཐོས་ལ་ནམ་ཡང་ཕྱག་མི་འཚལ་ལོ། །འོད་སྲུངས་དཔེར་ན་ཟླ་བ་ཚེས་པ་ལ་ཕྱག་བྱ་བ་དེ་


DTG110_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཟླ་བ་ཉ་བ་ལ་མ་ཡིན་ནོ། །འོད་སྲུངས་དེ་བཞིན་དུ་གང་དག་གང་ང་ལ་རབ་ཏུ་དད་པ་དེ་དག་གིས། བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱའི། དེ་བཞིན་གཤེགས་པ་རྣམས་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་ནི་དེ་བཞིན་གཤེགས་པ་རྣམས་སྐྱེའོ། །དེ་བཞིན་གཤེགས་པ་དག་ལས་ནི་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་སྐྱེའོ་ཞེས་གསུངས་སོ། །ཡབ་དང་སྲས་མཇལ་བའི་མདོ་ལས་ཀྱང༌། དགེ་སློང་དག་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པའི་ཡོན་ཏན་གྱི་ཚོགས་ནི། དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བརྗོད་ཀྱང་བརྗོད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་ཇི་སྙེད་ཙམ་སེམས་ཅན་དུ་བསྡུ་བར་བསྡུས་པའི་སེམས་ཅན་དེ་དག་ཐམས་ཅད་ལ་ཕན་པ་དང་མི་ལྡན་པའི་སེམས་གཅིག་ཀྱང་མ་སྐྱེས་སོ། །སེམས་ཅན་གྱི་ཁམས་ཚད་མེད་དེ། སེམས་ཅན་གྱི་ཁམས་ཇི་སྙེད་པ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་བསྐྱེད་པ་རེ་རེ་ལས་བསོད་ནམས་ཀྱི་ཕུང་པོ་དེ་སྙེད་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སེམས་ཅན་གྱི་ཁམས་ནི་མི་ཟད་པ་སྟེ། ཇི་ལྟར་སེམས་ཅན་གྱི་ཁམས་མི་ཟད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སེམས་བསྐྱེད་པ་རེ་རེ་ལས་ཀྱང་བསོད་ནམས་ཀྱི་ཕུང་པོ་མི་ཟད་པར་སྐྱེའོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཀྱང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཚོགས་ནི། དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་འགྱུར་རོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་འབྱུང་བ། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །སེམས་ཅན་ཀུན་གྱི་བསོད་ནམས་ཀྱི། །ཕུང་པོ་ཇི་སྙེད་ཡོངས་བཟུང་བ། །ཇེ་སྙེད་བྱང་ཆུབ་སེམས་དཔའ་ཡི། །བྱང་ཆུབ་སེམས་ལས་རབ་ཏུ་འབྱུང༌། །ཞེས་གསུངས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང༌། །བྱང་ཆུབ་སེམས་


DTG110_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དཔས་བྱང་ཆུབ་ཀྱི་སེམས་ལས་ཆོས་ཐམས་ཅད་ཁོང་དུ་ཆུད་པར་རིག་པར་བྱའོ། །ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་དང་མཉམ་སྟེ། ཤེས་བྱ་ཙམ་དུ་ཟད་པ་དང་ཡེ་ཤེས་སྟོང་པའི་ཕྱིར། ཆོས་ཐམས་ཅད་གློ་བུར་དུ་འབྱུང་བ། གནས་པ་མ་ཡིན་པ། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པ་སྟེ། སེམས་ཅན་དག་ཀྱང་འདི་ལྟ་བུའི་ཆོས་ཉིད་འདི་རྟོགས་པར་བྱའོ་སྙམ་དུ། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སེམས་སོ། །བླ་ན་མེད་པའི་སེམས་སོ། །བྱམས་པས་བརླན་པའི་སེམས་སོ། །སྙིང་རྗེས་ཡོངས་སུ་མི་སྐྱོ་བའི་སེམས་སོ། །དགའ་བ་ཆེན་པོས་འགྱོད་པ་མེད་པའི་སེམས་སོ། །བཏང་སྙོམས་ཀྱིས་དྲི་མ་མེད་པའི་སེམས་སོ། །སྟོང་པ་ཉིད་ཀྱིས་མི་འགྱུར་བའི་སེམས་སོ། །མཚན་མ་མེད་པས་དམིགས་པ་མེད་པའི་སེམས་སོ། །སྨོན་པ་མེད་པས་གནས་པ་མེད་པའི་སེམས་སོ་ཞེས་གསུངས་སོ། །ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ཆུང་ངུ་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་མ་འདུག་གི་བར་དུ། བར་མ་དོར་ཟད་པར་མི་འགྱུར་ཏེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་འབྱུང་བ། བཙུན་པ་ཤ་ར་དྭ་ཏིའི་བུ་དཔེར་ན་རྒྱ་མཚོ་ཆེན་པོར་ཆུ་ཐིགས་པ་གཅིག་ལྷུང་བ་ནི། བསྐལ་པ་ཆེན་པོ་མ་བྱུང་གི་བར་དུ་ཟད་ཅིང་སྐམ་པར་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་མ་འདུག་གི་བར་དུ། བར་མ་དོར་ཟད་ཅིང་མེད་པར་མི་འགྱུར་རོ་ཞེས་གསུངས་སོ། །ཐབས་ལ་མཁས་པའི་མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་གལ་ཏེ་བརྒྱ་ལ་དབུལ་པོར་གྱུར་ན། དེ་ཐ་ན་ཁ་ཟས་གཟར་བུ་གང་ཞིག་སྦྱིན་ན་ཡང་འདི་ལྟར་སློབ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་སེམས་ནི་རྒྱ་ཆེའི་སྦྱིན་པ་ནི་མི་ཆེའོ་ཞེས་གསུངས་པས་ན་བདག་ནི་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བ་ཆུང་མོད་ཀྱི། ཐམས་ཅད་མཁྱེན་པའི་སེམས་ཀྱིས་ཚད་མེད་པར་འགྱུར་རོ་སྙམ་དུ་སེམས་སོ་ཞེས་གསུངས་སོ། །བསྐལ་པ་བཟང་པོའི་མདོ་ལས་ཀྱང༌། དེ་བཞིན་གཤེགས་པ་


DTG110_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

སྐར་མའི་རྒྱལ་པོ་བ་ལང་རྫིར་གྱུར་པ་ན། དེ་བཞིན་གཤེགས་པ་སྒྲ་འབྱིན་ཞེས་བྱ་བ་དེ་ལ་སོ་རྩིའི་འདབ་མ་ཕུལ་ཏེ། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གྲགས་པ་ཐག་པར་གྱུར་པ་ན། དེ་བཞིན་གཤེགས་པ་གློག་གི་སྒྲོན་མ་ཞེས་བྱ་བ་དེ་ལ་རས་ཀྱི་ཁ་ཚར་ཅིག་ཕུལ་ཏེ། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འོད་འཕྲོ་ཅན་གྲོང་གི་སྤྲང་པོ་གྱུར་པ་ན། དེ་བཞིན་གཤེགས་པ་འོད་མཐའ་ཡས་དེ་ལ་རྩའི་མེ་སྒྲོན་ཕུལ་ཏེ། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གདུལ་དཀའ་ཤིང་ཐུན་དུ་གྱུར་པ་ན་དེ་བཞིན་གཤེགས་པ་རྣམ་པར་གནོན་པ་བརྟན་པ་ཞེས་བྱ་བ་དེ་ལ་སོ་ཤིང་ཕུལ་ཏེ། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཡོན་ཏན་གྱི་རྒྱལ་མཚན་ཆུ་སྦྱིན་པའི་བདག་པོར་གྱུར་པ་ན་དེ་བཞིན་གཤེགས་པ་འཇམ་དཔལ་གྲགས་པ་ཞེས་བྱ་བ་དེ་ལ་ཆུ་ཕོར་བུ་གང་ཕུལ་ཏེ། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྟོབས་ཀྱི་སྡེ་སྨན་པའི་རྒྱལ་པོར་གྱུར་པ་ན། དེ་བཞིན་གཤེགས་པ་ཕྱག་ཆེན་ཞེས་བྱ་བ་དེ་ལ་སྐྱུ་རུ་ར་གཅིག་ཕུལ་ཏེ། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་གསུངས་སོ། །ཡང་རིན་པོ་ཆེའི་ཕུང་པོའི་མདོ་ལས། དགྲ་བཅོམ་པའི་འབྲས་བུ་འདོད་པའི་མི་གང་ལ་ལ་ཞིག་གིས། ནོར་བུ་རིན་པོ་ཆེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་བཀང་སྟེ། སྦྱིན་པ་བྱིན་བ་བས། བྱང་ཆུབ་སེམས་དཔའ་གང་གིས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་མཐོང་ནས་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་རྗེས་སུ་ཡི་རང་ན་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་འདི་ལ་སྔ་མའི་སྦྱིན་པའི་བསོད་ནམས་ཀྱི་ཕུང་པོ་དེས། བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་མི་བཟོད་དོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པར་ཡོངས་སུ་བསྔོས་པས་སྦྱིན་པ་དེ་ཇི་ལྟར་ཟིལ་གྱིས་གནོན་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྦྱིན་པ་དང་ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་


DTG110_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དང། བསམ་གཏན་དང༌། ཤེས་རབ་རྣམས་ཟིལ་གྱིས་གནོན་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་སོ། །སེམས་ཅན་རྣམས་ལ་སྙིང་རྗེ་ཆེ་བ་ནི་རྙེད་པར་དཀའ་སྟེ། སེམས་ཅན་རྣམས་ལ་སྙིང་རྗེ་ཆེ་བ་རྙེད་པར་དཀའ་བར་ཅི་མངོན་ཞེ་ན། མདོ་སྡེ་མང་པོ་ལས་ཐོས་པའི་ཕྱིར་ཏེ། ཟླ་བའི་སྙིང་པོའི་ལེའུ་ལས་འབྱུང་བ། གྲོགས་པོ་དག་སེམས་ཅན་རྣམས་ལ་སྙིང་རྗེ་བ་དང༌། སྙིང་བརྩེ་བ་ནི་རྙེད་པར་དཀའ་སྟེ། དགྲ་དཔའ་བོ་ལག་ན་རྡོ་རྗེ་ཐོགས་ཤིང་དྲག་ཏུ་འདེབས་པའི་ནང་ནས་སྒྲོལ་བ་བཞིན་ནོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས་འབྱུང་བ། འདི་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་མངོན་པར་མོས་པའི་སྔོན་དུ་འགྲོ་བ་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །དཔེར་ན་མིའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བ་ནི་དབུགས་འབྱིན་པ་དང་རྔུབ་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབ་པའི་སྔོན་དུ་འགྲོ་བ་ནི་སྙིང་རྗེ་ཆེན་པོའོ། །དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རིན་པོ་ཆེ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ནི་འཁོར་ལོ་རིན་པོ་ཆེའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ཡང་སང་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་བདག་གི་འཁྲུལ་པ་ལ་སོ་སོར་རྟོག་ཅིང༌། གཞན་གྱི་འཁྲུལ་པ་ལ་སྙིང་རྗེ་བའོ་ཞེས་ཀྱང་གསུངས་སོ། །ཁྱིམ་བདག་དཔས་བྱིན་གྱིས་ཞུས་པ་ལས་ཀྱང༌། ཁྱིམ་བདག་རྣམས་འདི་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ་ལུས་དང་སྲོག་ལ་མ་ཆགས་པར་བྱའོ། །ནོར་དང༌། འབྲུ་དང༌། ཁྱིམ་དང༌། ཆུང་མ་དང༌། བུ་ཕོ་དང༌། བུ་མོ་དང༌། ཟས་དང༌། སྐོམ་དང༌། གོས་དང༌། བཞོན་པ་དང༌། མལ་ཆ་དང༌། བདུག་པ་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཡོ་བྱད་ཐམས་ཅད་ལ་མ་ཆགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་རྣམས་སེམས་ཅན་དག་ནི་ཕལ་ཆེར་ལུས་དང་སྲོག་ལ་སོགས་པ་ལ་ཆགས་ཏེ། སྡིག་པའི་ལས་བྱས་པས་ངན་འགྲོ་རྣམས་སུ་སྐྱེ་ལ། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས། ལུས་དང་སྲོག་ལ་མ་ཆགས་པར་བདེ་འགྲོར་སྐྱེ་སྟེ།


DTG110_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སེམས་ཅན་ཐམས་ཅད་ཡིད་ལ་བྱས་ལ། སྦྱིན་པ་ལ་སོགས་པ་དགེ་བའི་ཆོས་ཐམས་ཅད་ལ་བརྩོན་པར་བྱའོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེའི་བདག་ཉིད་ཅན་ཡིན་ཏེ། ཇི་ལྟ་ཞེ་ན། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས་འབྱུང་བ། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྙིང་རྗེའི་བདག་ཉིད་ཅན་རྣམས་ཡིན་ནོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་སྡུག་བསྔལ་བ་དང༌། སྐྱབས་མེད་པ་དང༌། མགོན་མེད་པ་དང༌། རྟེན་མེད་པ་དང༌། དཔུང་གཉེན་མེད་པ་དག་མཐོང་ན། བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཆོས་ཉིད་ཐོབ་པར་བྱ་བའི་ཕྱིར་འབད་རྩོལ་བརྩོན་འགྲུས་རྩོམ་སྟེ། དཀའ་བ་སྤྱོད་པ་བརྒྱ་དག་ཀྱང་བྱེད་དོ། །དེ་དག་ཆོས་ཉིད་ཐོབ་ནས་སེམས་ཅན་རྣམས་ལ་ཕན་པར་བྱེད་དོ། །འདི་ལྟ་སྟེ། སེམས་ཅན་སེར་སྣ་ཅན་རྣམས་སྦྱིན་པ་ལ་གཞོལ་བར་བྱེད། ཚུལ་ཁྲིམས་འཆལ་པ་རྣམས་ཚུལ་ཁྲིམས་ལ། གནོད་སེམས་ཅན་རྣམས་བཟོད་པ་ལ། ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ། སེམས་འཁྲུགས་པ་རྣམས་བསམ་གཏན་ལ། སེམས་ཅན་ཤེས་རབ་འཆལ་བ་རྣམས་མཐོང་ན། ཤེས་རབ་ལ་གཞོལ་བར་བྱེད་ཀྱང༌། སེམས་ཅན་གྱི་སྡུག་བསྔལ་མི་བཟད་པ། རྩུབ་པ་ཚ་བདག་གིས་ཉེན་ཅིང་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྙིང་རྗེའི་བདག་ཉིད་ཅན་ཡིན་ནོ་ཞེས་གསུངས་སོ། །གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོས་ཞུས་པ་ལས་ཀྱང༌། ཀྱེ་མ་སེམས་ཅན་འདི་དག་ནི་སྲིད་པའི་ཁོལ་པོ་ཆེན་པོ། ཆུང་མ་དང༌། བུ་ཕོ་དང༌། བུ་མོ་ལ་ཡོངས་སུ་ཞེན་པས་སྦགས་པ་རང་དབང་མེད་པ་བདག་ལ་མི་འབོངས་པ་དག་སྟེ། རང་དབང་ཡོད་པའི་བདག་ལ་འབོངས་པར་བྱ་བ་དང༌། གར་དགའ་བར་འགྲོ་བར་བྱ་བའི་ཕྱིར། དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ། སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང༌། ཀྱེ་མ་སེམས་ཅན་འདི་དག་ནི་ཕན་ཚུན་དུ་མི་འཕྲོད་པ་ཁྲོ་བ་དང༌། ཞེ་སྡང་དང༌། གནོད་སེམས་མང་བ་དག་སྟེ། ཁྲོ་བ་དང༌། ཞེ་སྡང་དང༌། གནོད་སེམས་སྤང་བར་བྱ་བའི་ཕྱིར། དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་


DTG110_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང༌། ཀྱེ་མ་སེམས་ཅན་འདི་དག་ནི་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ། དགེ་བའི་བཤེས་གཉེན་དང་བྲལ་བ་སྡིག་པའི་ལས་བྱེད་པ་དག་སྟེ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང༌། སྡིག་པའི་གྲོགས་པོ་ཡོངས་སུ་སྤང་བར་བྱ་བའི་ཕྱིར། དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང༌། ཀྱེ་མ་སེམས་ཅན་འདི་དག་ནི་བརྐམ་པ། ཆགས་པས་ཟིལ་གྱིས་གནོན་པ་ཆོག་མི་ཤེས་ཤིང༌། འཕགས་པའི་ཤེས་རབ་ཀྱི་གནས་པ་དང་བྲལ་བ་དག་སྟེ། ཆགས་པ་སྤང་བ་དང༌། འཕགས་པའི་ཤེས་རབ་བསྐྱེད་པའི་ཕྱིར། དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང༌། ཀྱེ་མ་སེམས་ཅན་འདི་དག་ནི་ལས་ཀྱི་རྣམ་པར་སྨིན་པ་ལ་མི་ལྟ་ཞིང་རྟག་པ་དང་ཆད་པ་ལ་གནས་པ་དག་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་དང༌། ལས་དང་བྱ་བ་ལ་གཟུད་པའི་ཕྱིར། དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང༌། ཀྱེ་མ་སེམས་ཅན་འདི་དག་ནི་མ་རིག་པ་དང༌། གཏི་མུག་གིས་ལྡོངས་པ་དང༌། བདག་དང་སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་ལ་མངོན་པར་ཞེན་པ་དག་སྟེ། འཕགས་པའི་ཤེས་རབ་ཀྱི་མིག་རྣམ་པར་དག་པར་བྱ་བ་དང༌། ལྟ་བར་གྱུར་པ་ཐམས་ཅད་སྤང་བར་བྱ་བའི་ཕྱིར། དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང༌། ཀྱེ་མ་སེམས་ཅན་འདི་དག་ནི་བདུད་ཀྱི་ཞགས་པའི་བཅིང་བས་བཅིངས་པ་གཡོ་བ་དང༌། རློམ་སེམས་ལ་གནས་པ་དག་སྟེ། བདུད་ཀྱི་ཞགས་པས་བཅིངས་པ་ཐམས་ཅད་ལས་རྣམ་པར་དགྲོལ་བ་དང༌། གཡོ་བ་དང༌། རློམ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང༌། ཀྱེ་མ་སེམས་ཅན་འདི་དག་ནི་བདུད་ཀྱི་ཞགས་པའི་བཅིང་བས་བཅིངས་པ་གཡོ་བ་དང༌། རློམ་སེམས་ལ་གནས་པ་དག་སྟེ། བདུད་ཀྱི་ཞགས་པས་བཅིངས་པ་ཐམས་ཅད་ལས་རྣམ་པར་དགྲོལ་བ་དང༌། གཡོ་བ་དང༌། རློམ་སེམས་སྤང་བའི་ཕྱིར་དེ་


DTG110_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བ་དང༌། ཀྱེ་མ་སེམས་ཅན་འདི་དག་ནི་མྱ་ངན་ལས་འདའ་བའི་སྒོ་བཅད་ཅིང་ངན་འགྲོའི་སྒོ་ཕྱེ་བ་དག་སྟེ། མྱ་ངན་ལས་འདས་པའི་སྒོ་དབྱེ་བ་དང༌། ངན་འགྲོའི་སྒོ་བཅད་པར་བྱ་བའི་ཕྱིར། དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེའོ་ཞེས་གསུངས་སོ། །འདི་དག་པས་ཀྱང་གང་དག་བྱང་ཆུབ་སེམས་དཔའ་ལ་རྨ་འབྱིན་པའི་ལས་ཀྱི་སྒྲིབ་པ་དང༌། བདུད་ཀྱི་ལས་དང༌། བརྙས་པའི་སེམས་དང༌། དམ་པའི་ཆོས་སྤོང་བ་ལ་སོགས་པ་བར་དུ་གཅོད་པའི་ཆོས་རྣམས་ཡོངས་སུ་སྤོང་བའི་སེམས་ཅན་དེ་དག་ནི་ཆེས་རྙེད་པར་དཀའོ། །དེ་ལ་བྱང་ཆུབ་སེམས་དཔའ་ལ་རྨ་འབྱིན་པ་ནི་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་འབྱུང་བ། འཇམ་དཔལ་གང་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བའི་བར་ཆད་བྱས་པ་བས། གང་གཞན་ཞིག་གིས་དགེ་བསྙེན་སྟོན་པ་གཞན་ལ་མི་བརྟེན་པར་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་གཅིག་གི་དགེ་བའི་རྩ་བ་ཅིག་གི་བར་ཆད་བྱས་པ་དེ་ནི་དེ་བས་སྡིག་པ་ཆེས་གྲངས་མེད་པར་སྐྱེད་དོ། །གང་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་དགེ་བསྙེན་རྣམས་ཀྱི་དགེ་བའི་རྩ་བ་བར་ཆད་བྱས་པ་བས་གང་གཞན་ཞིག་གིས་དགེ་སློང་གཅིག་གི་དགེ་བའི་རྩ་བ་ཅིག་གི་བར་ཆད་བྱས་ན་དེ་ནི་དེ་བས་སྡིག་པ་ཆེས་གྲངས་མེད་པ་སྐྱེད་དོ། །དེ་ལྟར་རིམ་བཞིན་དུ་དད་པས་རྗེས་སུ་འབྲང་བ་དང། ཆོས་ཀྱི་རྗེས་སུ་འབྲང་བ་དང༌། བརྒྱད་པ་དང༌། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བ་དང༌། གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་དང༌། །ཟླ་བ་དང་ཉི་མ་ལྟ་བུས་འགྲོ་བ་དང༌། ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བ་དང༌། གང་ལ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའི་བར་ཆད་བྱས་པ་བས། གང་གཞན་ཞིག་


DTG110_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཅིག་གི་དགེ་བའི་རྩ་བའི་བར་ཆད་བྱས་སམ། ཁྲོས་སམ། བརྙས་པའི་སེམས་བསྐྱེད་ན། དེ་ནི་དེ་བས་སྡིག་པ་ཆེས་གྲངས་མེད་པ་སྐྱེད་དོ། །གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་མིག་ཕྱུང་སྟེ་བདོག་པ་ཐམས་ཅད་ཕྲོགས་པ་བས། གང་གཞན་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་བརྙས་པའི་སེམས་སྐྱེས་ནས་དེ་ལ་སྤྱོས་ཤིང་བརྒྱད་དེ། ཉམ་ང་བར་བྱས་ན། དེ་ནི་དེ་བས་སྡིག་པ་ཆེས་མང་དུ་སྐྱེད་དོ། །གང་ལ་ལ་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་རྐྱེན་གང་ཡང་རུང་བས་ཁྱད་དུ་བསད་དེ་སྤྱོས་ན། དེའི་སྡིག་པའི་ལས་ཀྱིས་སེམས་ཅན་དམྱལ་བ་དུ་འབོད་ཆེན་པོར་སྐྱེ་སྟེ། ལུས་དཔག་ཚད་ལྔ་བརྒྱ་པ་ལས་མགོ་བོ་ལྔ་བརྒྱ་ཡོད་དེ། མགོ་བོ་རེ་རེ་ལ་ལྕེ་བརྒྱ་བརྒྱ་ལྕེ་རེ་རེ་ལ་ཡང་ལྕགས་ཀྱི་ཐོང་གཤོལ་འབར་བ་ལྔ་བརྒྱ་ལྔ་བརྒྱས་རྨོའོ། །གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྐྱེས་པའི་སེམས་ཅན་ཐམས་ཅད་ལ་དབྱུག་པས་བརྡེག་པ་དང༌། མཚོན་གྱིས་གདབ་པ་ཆེར་བྱས་ཏེ། བདོག་པ་ཐམས་ཅད་ཕྲོགས་པ་བས། གང་གཞན་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་བརྙས་པའི་སེམས་བསྐྱེད་དེ། ཁྲོས་ཤིང་གནོད་སེམས་དང་ཐ་བ་དང༌། ཁྲོས་པའི་སེམས་བསྐྱེད་ན། དེ་ནི་དེ་བས་སྡིག་པ་ཆེས་གྲངས་མེད་པར་བསྐྱེད་དོ། །གཏུམ་ཞིང་སེམས་ཅན་རྣམས་ལ་གནོད་པར་དགའ་བ་གང་ལ་ལས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་སུ། འཇིག་རྟེན་གྱི་ཁམས་རེ་རེ་ཞིང་ཡང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དགྲ་བཅོམ་པའི་སྲོག་གཅོད་པ་དང༌། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་རིན་པོ་ཆེའི་མཆོད་རྟེན་རིན་པོ་ཆེའི་སྟེགས་བུས་བསྐོར་ཏེ། གདུགས་དང༌། རྒྱལ་མཚན་དང༌། བ་དན་བསྒྲེང་བ་བཤིག་པ་བས། གང་གཞན་ཞིག་གིས་ཐེག་པ་ཆེན་པོ་ལ་དད་པའི་བྱང་ཆུབ་སེམས་དཔའ་ལ་ཐེག་པ་ཆེན་པོ་ཉིད་ལས་གཞི་བླངས་ཏེ། བརྙས་པའི་སེམས་བསྐྱེད་པ་དང༌། རྐྱེན་གང་ཡང་རུང་བས་ཁྲོ་ཞིང་གཤེ་བ་དང༌། སྤྱོས་ཞིང་ཉམ་ང་བར་བྱས་ན། དེ་ནི་དེ་བས་ཀྱང་སྡིག་པ་ཆེས་གྲངས་མེད་པ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་


DTG110_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་རྣམས་ནི་བྱང་ཆུབ་སེམས་དཔའ་ལས་སྐྱེས་པའི་ཕྱིར་རོ། །གང་བྱང་ཆུབ་སེམས་དཔའ་ལ་སྐུར་པ་འདེབས་པ་ནི། སངས་རྒྱས་ཀྱི་རིགས་གཅོད་པར་ཞུགས་པ་ཡིན་ན། །གང་བྱང་ཆུབ་སེམས་དཔའ་ལ་སྐུར་བ་འདེབས་པ་དེས་དམ་པའི་ཆོས་སྤངས་པ་ཡིན་ནོ། །ཆོས་གཞན་མ་ཡིན། ཆོས་ཡོངས་སུ་འཛིན་པ་གཞན་མ་ཡིན་ཏེ། ཆོས་ཡོངས་སུ་འཛིན་པ་དེ་ནི་ཆོས་སོ། །གང་ལ་ལ་ཞིག་ཁྲོས་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་མུན་པ་མུན་ནག་ཏུ་བཅུག་པ་བས། གང་གཞན་ཞིག་ཁྲོས་ཏེ། བྱང་ཆུབ་སེམས་དཔའ་ལ་རྒྱབ་ཀྱིས་ཕྱོགས་ཤིང༌། མ་རུངས་པ་དེ་མ་མཐོང་ཡང་བླ་སྙམ་པ་དེ་ནི་དེ་བས་སྡིག་པ་ཆེས་གྲངས་མེད་པར་སྐྱེད་དོ། །གང་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་རྣམས་ཀྱི་སྲོག་བཅད་དེ། བདོག་པ་ཐམས་ཅད་ཕྲོགས་པ་བས། གང་གཞན་ཞིག་གིས་བྱང་ཆུབ་སེམས་དཔའ་ཅི་འདྲ་ཡང་རུང་བ་ལ། སྨད་པ་འདི་ནི་དེ་ལས་སྡིག་པ་ཆེས་གྲང་མེད་པ་སྐྱེད་དོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །འཕགས་པ་བྱམས་པ་སེང་གེ་སྒྲའི་མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ལ་སྤྱོས་པ་དང༌། བརྒྱད་པ་དང༌། དབྱུག་པ་དང༌། ཁུ་ཚུར་གྱིས་བརྡེག་པ་དེ་ཙམ་གྱིས་བྱང་ཆུབ་སེམས་དཔའ་ལ་རྨ་ཕྱུང་ཞིང་སྨས་པར་མི་འགྱུར་གྱི་བྱང་ཆུབ་སེམས་དཔའ་གང་གིས་བྱང་ཆུབ་སེམས་དཔའ་གཅིག་ལ། ཐ་ན་གནོད་སེམས་དང༌། ཐབ་དང༌། ཞེས་སྡང་གི་སེམས་བསྐྱེད་པ་དེ་ཙམ་གྱིས་བྱང་ཆུབ་སེམས་དཔའ་ལ་རྨ་ཕྱུང་ཞིང་སྨས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་དེས་ཐམས་ཅད་མཁྱེན་པ་ཡོངས་སུ་མ་བཏང་ན། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ཅིག་ཤོས་ལ་གནོད་སེམས་དང༌། ཐ་བ་དང༌། ཞེས་སྡང་གིས་སེམས་ཇི་སྙེད་དུ་བསྐྱེད་པ་དེ་སྙེད་ཀྱི་བསྐལ་པར་གོ་ཆ་གཟོད་ཡང་བགོ་དགོས་སོ་ཞེས་གསུངས་སོ། །འཕགས་པ་འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་ཀྱང༌། ཁོང་ཁྲོ་བ་ཁོང་ཁྲོ་བ་ཞེས་བྱ་བ་དེ་ནི། འཇམ་དཔལ་གང་དགེ་བའི་རྩ་བ་བསྐལ་པ་བརྒྱར་བསགས་པ་འཇོམས་པར་བྱེད་པ་སྟེ། དེ་བས་ན་ཁོང་ཁྲོ་བའོ་ཞེས་གསུངས་སོ། །འཕགས་


DTG110_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཟླ་བ་སྒྲོན་མའི་མདོ་ལས་ཀྱང༌། ཕན་ཚུན་གནོད་པའི་སེམས་སུ་གང་བྱེད་པ། །དེ་ལ་ཚུལ་ཁྲིམས་ཐོས་པས་སྐྱོབ་མི་བྱེད། །བསམ་གཏན་དང་ནི་དགོན་གནས་མི་སྐྱོབ་སྟེ། །སྦྱིན་དང་སངས་རྒྱས་མཆོད་པའང་སྐྱོབ་མི་བྱེད། །ཅེས་གསུངས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་དང༌། བཅོམ་ལྡན་འདས་ལ་གནོད་པར་བྱས་པའི་སྡིག་པ་ཆེ་བ་ནི་བཤད་ཟིན་ཏོ། དེ་དག་ལ་ལེགས་པར་བྱས་པའི་བསོད་ནམས་ཤིན་ཏུ་ཆེ་བ་བསྟན་ཏོ། །ངེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་འབྱུང་བ། འཇམ་དཔལ་ཡོངས་སུ་བརྟག་པ་བཟུང་ནས་གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་མིག་ཕྱུང་བར་གྱུར་ལ། ཡོངས་སུ་བརྟགས་པ་བཟུང་སྟེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་སེམས་ཅན་དེ་དག་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་དེ་དག་གི་མིག་བསྐྱེད་པ་བས་འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གཞན་ཞིག་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ། དད་པའི་སེམས་ཀྱིས་ལྟ་ན། འདི་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བཙོན་རར་བཅུག་པ་བཙོན་ར་ནས་བཏོན་ཏེ། འཁོར་ལོས་སྒྱུར་བའི་བདེ་བ་ལ་བཀོད་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གཞན་ཞིག་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དད་པའི་སེམས་ཀྱིས་ལྟ་འདོད་ཅིང་བསྔགས་པ་བརྗོད་ན་འདི་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པ་སྐྱེད་དོ་ཞེས་གསུངས་སོ།། །།བམ་པོ་གཉིས་པ། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་ཀྱང༌། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་རྣམས་ལ། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཉིན་རེ་ཞིང་ལྷའི་ཟས་རོ་སྣ་བརྒྱ་དང་ལྡན་པ་བྱིན་པ་དང༌། ལྷའི་གོས་སྦྱིན་པ་བྱིན་པ་བས། གང་གཞན་ཞིག་གིས་སྟོན་པ་གཞན་ལ་མི་བསྟེན་པའི་དགེ་བསྙེན་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་ཅིག་ལ། འདི་ནི་སངས་


DTG110_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཅོམ་ལྡན་འདས་ཀྱི་བསླབ་པ་ལ་སློབ་པ་ཡིན་ནོ་སྙམ་དུ་བསམས་ནས་ཉིན་གཅིག་ཟན་གཅིག་བྱིན་ལ། འདི་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པ་སྐྱེད་དོ། །དེ་བཞིན་དུ་དགེ་སློང་དད་པས་རྗེས་སུ་འབྲང་བ་དང༌། ཆོས་ཀྱི་རྗེས་སུ་འབྲང་བ་དང༌། བརྒྱད་པ་དང༌། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་དག་སྟེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་ལ། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཉིན་གཅིག་བཞིན་དུ་ཟས་རོ་སྣ་བརྒྱ་པ་བྱིན་པ་དང༌། དེ་བཞིན་དུ་ལྷའི་གོས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པའི་སྐུ་གཟུགས་རི་མོར་བྲིས་པ་དང༌། འཇིམ་པ་ལས་བྱས་པ་མཐོང་བ་འདི་ཡང་དེ་བས་བསོད་ནམས་ཆེས་གྲང་མེད་པར་བསྐྱེད་ན། ཐལ་མོ་སྦྱར་བ་དང༌། མེ་ཏོག་དང༌། བདུག་པ་དང༌། སྤོས་དང༌། མར་མེ་འབུལ་ན། བསོད་ནམས་དེ་བས་ཆེས་གྲངས་མེད་པ་བསྐྱེད་པ་ལྟ་ཅི་སྨོས། གང་ལ་ལ་ཞིག་གིས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་སྣ་བརྒྱ་པ་ཕུལ་བ་དང༌། དེ་བཞིན་དུ་ལྷའི་ན་བཟའ་ཕུལ་བ་བས། གང་གཞན་ཞིག་གིས་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་བསམ་པ་ཕུན་སུམ་ཚོགས་པ་གཅིག་ལ་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་གང་ཡང་རུང་བས་བསྡུ་བར་བྱ་སྟེ། ཐ་ན་ཉིན་གཅིག་ཟན་གཅིག་བྱིན་ན་དེ་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པ་སྐྱེད་དོ། །གང་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་ཙམ་དུ་བསྟི་སྟང་དུ་བྱས་པ་བས། གང་གཞན་ཞིག་གིས་གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན་དེ་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པ་སྐྱེད་དོ། །གང་ལ་ལ་ཞིག་གིས་གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་ཙམ་དུ་


DTG110_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བསྟི་སྟང་བྱས་པ་བས། གང་གཞན་ཞིག་གིས་ཟླ་བ་དང་ཉི་མ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན་དེ་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པར་སྐྱེད་དོ། །གང་ལ་ལ་ཞིག་གིས་ཟླ་བ་དང་ཉི་མ་ལྟ་བུས་འགྲོ་བ་དེ་རྣམས་ལ་དེ་ཙམ་དུ་བསྟི་སྟང་བྱས་པ་བས། གང་གཞན་ཞིག་ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། དེ་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པ་སྐྱེད་དོ། །གང་གིས་དེ་ཙམ་དུ་ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་བསྟི་སྟང་བྱས་པ་བས། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། དེ་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པ་སྐྱེད་དོ་ཞེས་གསུངས་སོ། །དེ་ལ་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་ནས། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བར་དུ་གང་ཞེ་ན། ངེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་འབྱུང་བ། འཇམ་དཔལ་བྱང་ཆུབ་སེམས་དཔའ་འདི་ལྔ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བ་དང༌། གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་དང༌། ཟླ་བ་དང་ཉི་མ་ལྟ་བུས་འགྲོ་བ་དང༌། ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བ་དང༌། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བའོ། །ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བ་དང་གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་ལས་ཕྱིར་ལྡོག་གོ །ཟླ་བ་དང་ཉི་མ་ལྟ་བུས་འགྲོ་བ་དང༌། ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བ་དང༌། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ །དེ་ལ་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་པའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། དཔེར་ན་སྐྱེས་བུ་ལ་ལ་ཞིག་སངས་རྒྱས་ཀྱི་ཞིང་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདའ་བར་འདོད་ནས་དེ་ཕྱུགས་ཀྱི་ཤིང་རྟ་ལ་ཞོན་ཏེ་ལམ་དུ་ཞུགས་ནས་དེ་ཡུན་རིང་ཞིག་ལོན་ནས་དཔག་ཚད་བརྒྱར་ཕྱིན་པ་ལས། དེ་རླུང་གི་དཀྱིལ་


DTG110_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཆེན་པོས་བཟློག་ནས་དཔག་ཚད་བརྒྱད་ཅུར་དེད་དེ་ཕྱིར་ཕུལ་ན། སྐྱེས་བུ་དེ་ཕྱུགས་ཀྱི་ཤིང་རྟས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བའམ། བསྐལ་པ་ནས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བསྐལ་པར་ཡང་འཇིག་རྟེན་གྱི་ཁམས་གཅིག་ཀྱང་འདའ་བར་ནུས་སམ། གསོལ་པ་བཅོམ་ལྡན་འདས་དེ་ནི་གནས་མ་ལགས་ཏེ། གོ་སྐབས་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གང་ལ་ལ་ཞིག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་ལ་ཐེག་པ་ཆེན་པོ་མི་འཛིན་མི་ཀློག་ཁ་ཏོན་དུ་མི་བྱེད། ཚུལ་བཞིན་དུ་ཡིད་ལ་མི་བྱེད་པར་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་བསྙེན་ཅིང་དེ་དག་དང་ལྷན་ཅིག་ཏུ་བསྟེན་པར་བྱེད། ཉན་ཐོས་ཀྱི་ཐེག་པ་ཀློག་ཅིང་ཁ་ཏོན་དུ་བྱེད་ལ། དཔྱོད་ཅིང་ཀུན་ཆུབ་པར་བྱེད་ལ། གཞན་ཡང་ཀློག་ཏུ་འཇུག་པ་ནས། ཁོང་དུ་ཆུད་པའི་བར་དུ་བྱེད་ན། དེ་ནི་དེས་ཤེས་རབ་རྟུལ་པོར་འགྱུར་ཏེ། དེ་ནི་བླ་ན་མེད་པ་ཡེ་ཤེས་ཀྱི་ལམ་ལས་སླར་དྲངས་ནས་ཕྱིར་བཟློག་གོ །བྱང་ཆུབ་སེམས་དཔའ་དེའི་བྱང་ཆུབ་ཀྱི་སེམས་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་དབང་པོ་དང༌། ཤེས་རབ་ཀྱི་མིག་གང་ཡིན་པ་དེ་ཡང་རྟུལ་པོར་འགྱུར་ཞིང་ཉམས་པར་བྱེད་དེ། འདི་ནི་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའོ། །དེ་ལ་གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། དཔེར་ན་གང་ལ་ལ་ཞིག་འཇིག་རྟེན་གྱི་ཁམས་དེ་སྙེད་འདའ་བར་འདོད་དེ། ཡན་ལག་བརྒྱད་དང་ལྡན་པའི་གླང་པོ་ཆེའི་ཤིང་རྟ་ལ་ཞོན་ནས་ལམ་དུ་ཞུགས་ཏེ། དེས་ལོ་བརྒྱས་དཔག་ཚད་ཉིས་སྟོང་དུ་སོན་པ་ལས། རླུང་གི་དཀྱིལ་འཁོར་ཆེན་པོས་ལམ་དེ་ནས་ཕྱིར་བདས་ཏེ་བཟློག་པ་ནས་གོ་སྐབས་མ་མཆིས་པའི་བར་དུ་སྟེ། དེ་བཞིན་དུ་གང་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཐེག་པ་ཆེན་པོ་ཡང་འཆང་ཞིང་ཀློག་ལ་ཁ་ཏོན་བྱེད་ཅིང་ཚུལ་བཞིན་དུ་ཡིད་ལ་བྱེད་ལ་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་ཡང་བརྟེན་པ་ནས་ཉན་ཐོས་ཀྱི་ཐེག་པ་ཀློག་ཅིང་ཤེས་པར་བྱེད་པའི་བར་འདི་ནི་གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའོ། །ཟླ་བ་དང་ཉི་མ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། དཔེར་ན་ལ་ལ་ཞིག་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདའ་བར་འདོད་


DTG110_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དེ། དེ་ཟླ་བ་དང་ཉི་མ་ལྟ་བུས་འགྲོ་བས་ལམ་དུ་ཞུགས་ན་དེས་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་ལས་འདས་པར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དུས་ཡུན་རིང་མོ་ཞིག་ན་འདའ་བར་རྔོ་ཐོགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གང་ལ་ལ་ཞིག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་མི་བསྟེན་པ་ནས། ཁོང་དུ་ཆུད་པར་བྱེད་པ་མ་ཡིན་པའི་བར་དུ་སྟེ། ཐ་ན་ཉན་ཐོས་ཀྱི་ཐེག་པ་པའི་ཚིགས་བཅད་གཅིག་ཙམ་ཡང་མི་ཀློག་པར་ཐེག་པ་ཆེན་པོ་ཉིད་ཀློག་པ་ནས་ཐེག་པ་ཆེན་པོ་ཉིད་ཁོང་དུ་ཆུད་པར་བྱེད་པའི་བར་འདི་ནི་ཟླ་བ་དང་ཉི་མ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའོ། །ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། དཔེར་ན་ལ་ལ་ཞིག་འཇིག་རྟེན་གྱི་ཁམས་དེ་སྙེད་འདའ་བར་འདོད་ན། ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་དེ་འཇིག་རྟེན་གྱི་ཁམས་དེ་དག་ལས་འདའ་བར་ནུས་སམ། གསོལ་པ། བཅོམ་ལྡན་འདས་རྔོ་ཐོགས་ཏེ་མྱུར་དུ་ནི་མི་འདས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གང་ལ་ལ་ཞིག་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཐེག་པ་ཆེན་པོ་པ། ཐེག་པ་ཆེན་པོ་ལ་མོས་པ། ཐེག་པ་ཆེན་པོ་ཀློག་པ། ཐེག་པ་ཆེན་པོ་ཡོངས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པ་དང་བཅས། ཞེ་ས་དང་བཅས་པར་དེ་ལ་གཞོལ་ཞིང་དེ་ལ་འབད་དེ། དེ་དག་དང་བསྟེན་ཅིང་ཐེག་པ་ཆེན་པོ་ཡོངས་སུ་ཚོལ་བ་དང༌། ཀུན་འཛིན་ཅིང་འཆང་བ་ཡིན་ཏེ། སྲོག་གི་ཕྱིར་ཡང་ཐེག་པ་ཆེན་པོ་མི་སྟོང་ཞིང་རབ་ཏུ་གུས་པས་མེ་ཏོག་དང་བ་དན་གྱི་བར་གྱིས་མཆོད་པར་བྱེད་པ་དང༌། བྱང་ཆུབ་སེམས་དཔའ་མ་ལོབས་པ་རྣམས་ལ་མི་བརྙས་པ་འདི་ནི་ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའོ། །དེ་ལ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། དཔེར་ན་ལ་ལ་ཞིག་འཇིག་རྟེན་གྱི་ཁམས་དེ་སྙེད་འདའ་བར་འདོད་དེ། དེས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་རྣམས་སུ་འགྲོ་ན། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་ནུས་སམ། གསོལ་པ། བཅོམ་ལྡན་འདས་


DTG110_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

རྔོ་ཐོགས་ཏེ། སེམས་ཀྱི་སྐད་ཅིག་ཙམ་གྱིས་འདའོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གང་ལ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་དེ། རབ་ཏུ་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་ཐེག་པ་ཆེན་པོའི་དོན་ལ་མཁས་པ་རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི་སྐྱབས་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་དང༌། བྱམས་པ་དང་སྙིང་རྗེ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། རྟོན་པ་བཞི་དང༌། བསྡུ་བའི་དངོས་པོ་ལ་བརྩོན་པ་ཡིན་ཏེ། གཞན་ཡང་དེ་ལ་རབ་ཏུ་འགོད་པ་དེ་ནི། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའོ་ཞེས་གསུངས་སོ། །དམ་པའི་ཆོས་སྤོང་བ་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཤིན་ཏུ་ཆེན་པོ་སྟེ། བར་དུ་གཅོད་པའི་ཆོས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ། བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་དག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་མཐོང་བར་གྱུར་ཏེ། དམིགས་པའི་ཚུལ་གྱིས་དེ་དག་ལ་སྦྱིན་པ་བྱིན་པར་གྱུར་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པར་ཡང་གྱུར་ལ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རི་མོ་མི་བྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་འཁོར་དུ་འོངས་ན་ཡང་ལུས་དང་སེམས་ཀྱིས་མཐུན་པ་མི་བྱེད་ན། དེ་དག་ནི་འཆལ་བའི་ཤེས་རབ་ཏུ་འགྱུར་བའི་ལས་རྣམས་སྩོགས་སོ། །དེ་དག་ནི་ལས་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདོར་བར་འགྱུར་རོ། །དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བོར་བས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་བོར་བ་ཡིན་ནོ། །དེ་དག་དམ་པའི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་དེས་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་བར་དུ་སེམས་ཅན་དམྱལ་བར་བཙོས་ཏེ། འཇིག་པ་དང་ཆགས་པའི་བསྐལ་པ་མང་པོར་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་ཁ་འཁོར་བར་འགྱུར་རོ། །དེས་དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དུ་ཡང་དེ་བཞིན་ནོ། །ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་མཚམས་མེད་པ་ལྔ་དང༌། དམ་པའི་ཆོས་ཀྱིས་ཕོངས་པར་གྱུར་པ་ལས་འདི་འདྲ་བར་མི་འགྱུར་


DTG110_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་མཚམས་མེད་པ་ལྔ་དང་འདྲ་ཞེས་མི་བྱའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ། རབ་འབྱོར་གཞན་ཡང་མིང་ལ་གནས་པས་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ལ་བདུད་འདི་སྐད་སྨྲ་སྟེ། ཁྱོད་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་མིང་འདིའོ་ཞེས་བྱ་བར་འགྱུར་རོ་ཞེས་བྱས་པ་དང༌། བྱང་ཆུབ་སེམས་དཔའ་དེ་དེའི་རྗེས་སུ་རྟོག་པར་འགྱུར་ཏེ། དེ་ལ་ཕྱིར་མི་ལྡོག་པའི་ལྟས་གང་ཡིན་པ་དེ་དག་མེད་པར་ཡང་དེས་བདག་ལུང་བསྟན་པ་སྙམ་དུ་རློམ་སེམས་སུ་བྱེད་དེ། དེ་དེས་རློམ་སེམས་བསྐྱེད་ཅིང་བྱང་ཆུབ་སེམས་དཔའ་གཞན་ལ་ཡང་བརྙས་པར་འགྱུར་རོ། །དེ་ཐབས་མི་མཁས་ཤིང་ཤེས་རབ་དང་བྲལ་ཏེ། དགེ་བའི་བཤེས་གཉེན་གྱིས་མ་ཟིན་ཅིང་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བས། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་ཏེ། རློམ་སེམས་དང་ལྡན་པའི་སེམས་བསྐྱེད་པ་འདི་ནི་ལྟུང་བའི་རྩ་བ་བཞི་བས་ཀྱང་ཆེས་ལྕི་སྟེ། འདི་ཡང་བྱང་ཆུབ་སེམས་དཔས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །འཇམ་དཔལ་རྣམ་པར་འཕྲུལ་པའི་ལེའུ་ལས་ཀྱང༌། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཇི་ཙམ་དུ་ལས་ལ་འཇུག་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ཇི་ཙམ་དུ་སྨོན་པ་དང༌། ཇི་ཙམ་དུ་འཛིན་པ་དང་ཇི་ཙམ་དུ་མཆོག་ཏུ་འཛིན་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ཇི་ཙམ་དུ་འདོད་པ་དང༌། ཇི་ཙམ་དུ་འདུ་ཤེས་པ་དང༌། ཇི་ཙམ་དུ་རློམ་སེམས་པ་དང༌། ཇི་ཙམ་དུ་ཡོངས་སུ་རྟོག་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ལྷའི་བུ་གཞན་ཡང་བྱང་ཆུབ་ཀྱི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ། །སྦྱིན་པའི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ། །དེ་བཞིན་དུ་ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ། །སྦྱིན་པ་རློམ་སེམས་སུ་བྱེད་པ་དང༌། ཚུལ་ཁྲིམས་


DTG110_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་འཛིན་པ་དང༌། བཟོད་པ་འཛིན་པ་དང༌། བརྩོན་འགྲུས་ལེན་པ་དང༌། བསམ་གཏན་ལ་མཚན་མ་དང༌། ཤེས་རབ་རྒྱུ་བ་ཡང་བདུད་ཀྱི་ལས་སོ། །དགོན་པ་ལ་དགའ་ཞིང་མོས་པའི་སེམས་དང་བཏང་སྙོམས་སུ་ལྟུང་བ་ཡང་བདུད་ཀྱི་ལས་སོ། །འདོད་པ་ཉུང་བ་དང། ཆོག་ཤེས་པ་དང༌། སྦྱངས་པའི་ཡོན་ཏན་དང༌། ཡོ་བྱད་བསྙུངས་པ་རློམ་སེམས་སུ་བྱེད་པ་ཡང་བདུད་ཀྱི་ལས་སོ། །བདག་ནི་སྟོང་པ་ཉིད་ལ་གནས་པ། བདག་ནི་མཚན་མ་མེད་པ་ལ་གནས་པ། བདག་ནི་སྨོན་པ་མེད་པ་ལ་གནས་པ། བདག་ནི་སྤྲོས་པ་མེད་པ་ལ་གནས་པ། བདག་ནི་རབ་ཏུ་དབེན་པ་ལ་གནས་པ། བདག་ནི་དེ་བཞིན་གཤེགས་པའི་བཀའ་བསྒྲུབ་ཅིང་གནས་པའོ་སྙམ་དུ་རློམ་སེམས་སུ་བྱེད་ཅིང་རྣམ་པར་རྟོག་པ་ཡང་བདུད་ཀྱི་ལས་སོ། །ལྷའི་བུ་ཇི་ཙམ་དུ་རྟོག་པ་དང༌། རྣམ་པར་རྟོག་པ་དང༌། ཡོངས་སུ་རྟོག་པ་དང༌། མཐོང་བ་དང༌། ཐོས་པ་དང༌། བྱེ་བྲག་ཕྱེད་པ་དང༌། རྣམ་པར་ཤེས་པའི་གནས་ཇི་ཙམ་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བདུད་ཀྱི་ལས་ག་ལས་བྱུང༌། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བདུད་ཀྱི་ལས་ནི་བརྩོན་པ་ལས་བྱུང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་བརྩོན་པ་ལས་བདུད་གླགས་ཚོལ་གྱི། མི་བརྩོན་པ་ལ་བདུད་ཀྱིས་ཅི་ཞིག་བྱ་བར་འགྱུར་ཏེ། དེ་ཉིད་བདུད་ཀྱི་ལས་ཡིན་ནོ། །སྨྲས་པ། བྱང་ཆུབ་སེམས་དཔའ་ཇི་ལྟར་ན་བརྩོན་པ་ཡིན། ཇི་ལྟར་ན་མི་བརྩོན་པ་ཡིན། སྨྲས་པ། ལྷའི་བུ་ཇི་ཙམ་དུ་གཉིས་ལ་སྦྱོར་བ་དེ་ཙམ་དུ་མི་བརྩོན་པའོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གནས་པ་ནི་གཉིས་ལ་སྦྱོར་བ་དང་ལྡན་པའོ། །བརྩོན་པ་ཞེས་བྱ་བ་འདི་ནི་སྦྱོར་བ་ཡང་དག་པའི་ཚིག་བླ་དགས་སོ། །སྦྱོར་བ་ཡང་དག་པ་ཞེས་བྱ་བ་འདི་ནི་སྦྱོར་བ་མེད་པའི་ཚིག་བླ་དགས་སོ། །སྦྱོར་བ་མེད་པ་ཞེས་བྱ་བ་འདི་ནི་སྤྲོས་པ་མེད་པའི་ཚིག་བླ་དགས་སོ། །སྤྲོས་པ་མེད་པ་ཞེས་བྱ་བ་འདི་ནི་སྦྱོར་བ་ཡང་དག་པའི་ཚིག་བླ་དགས་སོ། །ལྷའི་བུ་གང་ལ་མིག་ལ་མི་སྦྱོར་བ་དང༌། གཟུགས་ལ་མི་སྦྱོར་བ་ནས་ཆོས་ཀྱི་བར་ལ་མི་སྦྱོར་བ་འདི་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་ཡང་དག་པ་ཞེས་བྱའོ་


DTG110_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །ཡང་དེ་ཉིད་ལས་འབྱུང་བ་ལྷའི་བུ་ཉི་ཤུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཡང་དག་ཕུལ་ཡིན་ནོ། །ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། རྣལ་འབྱོར་སྤྱོད་པ་རྣམ་པར་གྲོལ་བ་འདོད་ཅིང་འཁོར་བས་སྐྲག་པ་རྣམས་ལ་བརྟེན་པ་དང༌། བསྙེན་པ་དང་བསྙེན་བཀུར་བྱེད་པ་ནི་བདུད་ཀྱི་ལས་སོ། །སྟོང་པ་ཉིད་ལ་སོ་སོར་རྟོག་ཅིང་སེམས་ཅན་ཡལ་བར་འདོར་བ་ཡང་བདུད་ཀྱི་ལས་སོ། །འདུས་མ་བྱས་ལ་སོ་སོར་རྟོག་ཅིང་འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་ཡོངས་སུ་སྐྱོ་བ་ཡང་བདུད་ཀྱི་ལས་སོ། །བསམ་གཏན་བསྐྱེད་ཅིང་བསམ་གཏན་ལས་རྣམ་པར་ལྡོག་པར་ཚོལ་བ་ཡང་བདུད་ཀྱི་ལས་སོ། །ཆོས་སྟོན་ཀྱང་ཆོས་ཉན་པ་རྣམས་ལ་སྙིང་རྗེ་ཆེན་པོ་མི་སྐྱེད་པ་ཡང་བདུད་ཀྱི་ལས་སོ། །ཡོན་ཏན་དང་ལྡན་པ་དང༌། ཡོན་ཏན་གྱི་གནས་ཚོལ་ཞིང་ཚུལ་ཁྲིམས་ངན་པ་ཅན་རྣམས་ལ་ཁྲོ་བ་ཡང་བདུད་ཀྱི་ལས་སོ། །ཉན་ཐོས་དང༌། རང་སངས་རྒྱས་ཀྱི་གཏམ་བརྗོད་ཅིང་ཐེག་པ་ཆེན་པོའི་གཏམ་འཆབ་པའང་བདུད་ཀྱི་ལས་སོ། །ཟབ་མོའི་གཏམ་འཆབ་ཅིང་གཏམ་སྣ་ཚོགས་སྟོན་པ་ཡང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའི་ལམ་ཤེས་ཀྱང༌། ཕ་རོལ་ཏུ་ཕྱིན་པའི་ལམ་ཡོངས་སུ་མི་ཚོལ་བ་ཡང་བདུད་ཀྱི་ལས་སོ། །རབ་ཏུ་བརྩོན་པའི་བསྔགས་པ་བརྗོད་ཀྱང་སེམས་ཅན་མི་བརྩོན་པ་རྣམས་མངོན་པར་མི་སྦྱོར་བ་ཡང་བདུད་ཀྱི་ལས་སོ། །དགེ་བའི་རྩ་བ་སོགས་ཀྱང་བྱང་ཆུབ་ཀྱི་སེམས་མངོན་དུ་མི་བྱེད་པ་ཡང་བདུད་ཀྱི་ལས་སོ། །ལྷག་མཐོང་གི་རྣལ་འབྱོར་དང་ལྡན་པར་གནས་ཀྱང་སེམས་ཅན་རྣམས་ལྷག་མཐོང་ཡང་དག་པར་འཛིན་དུ་མི་འཇུག་པ་ཡང་བདུད་ཀྱི་ལས་སོ། །ཉོན་མོངས་པ་མ་ལུས་པ་ཟད་པར་ཚོལ་ཞིང་འཁོར་བའི་རྒྱུན་གྱི་ཉོན་མོངས་པ་ལ་སྨོད་པ་ཡང་བདུད་ཀྱི་ལས་སོ། །ཤེས་རབ་ཀྱིས་རྣམ་པར་སྤྱོད་ཅིང་སྙིང་རྗེ་ཆེན་པོ་ལ་དམིགས་པ་མི་འཛིན་པ་ཡང་བདུད་ཀྱི་ལས་སོ། །ཐབས་དང་མི་ལྡན་པར་དགེ་བ་སྤྱོད་པ་ཐམས་ཅད་ཀྱང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་ཚོལ་གྱི་འཇིག་རྟེན་རྒྱང་ཕན་པའི་གསང་ཚིག་འཛིན་པ་ཡང་བདུད་ཀྱི་ལས་སོ། །མང་དུ་ཐོས་ཀྱང་གཞན་གྱིས་ཤེས་ཀྱིས་དོགས་ཏེ། སློབ་


DTG110_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆོས་འཆབ་པའང་བདུད་ཀྱི་ལས་སོ། །འཇིག་རྟེན་གྱི་དོགས་པའི་ཞལ་ཏ་བྱེད་ཅིང་མང་དུ་ཐོས་པ་མི་ཚོལ་བ་ཡང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་སྐལ་བ་མཉམ་པ་རྣམས་ལ་མི་བརྟེན་མི་བསྙེན་བསྙེན་བཀུར་མི་བྱེད་ཀྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་སྐལ་པ་མི་མཉམ་པ་ལ་དགའ་བ་ཡང་བདུད་ཀྱི་ལས་སོ། །གང་གི་ཚེ་བརྒྱ་བྱིན་ནམ། ཚངས་པའམ། འཇིག་རྟེན་སྐྱོང་བའམ། རྒྱལ་པོའམ། ཚོང་དཔོན་ནམ། ཁྱིམ་བདག་གི་ལོངས་སྤྱོད་དང༌། ནོར་དང་རིན་པོ་ཆེ་དང༌། དབང་ཕྱུག་གི་ཆེ་བ་ཉིད་དུ་གྱུར་པ་དེའི་ཚེ་ཆོས་ཀྱི་ཆེ་བ་ཉིད་དང་ལྡན་པ་རྣམས་ལ་མི་བརྟེན་མི་བསྙེན་བསྙེན་བཀུར་མི་བྱེད་པ་འདི་དག་ནི་ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཡང་དག་ཕུལ་ཉི་ཤུའོ་ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་གཟུགས་བཟང་ཞིང་མཛེས་ལ་ཕྱུག་ཅིང་ནོར་ཆེ་བ་དང༌། ལོངས་སྤྱོད་ཆེ་ཞིང་ནོར་མང་ལ་མཛོད་དང་བང་བ་མང་པོ་ཕུན་སུམ་ཚོགས་པར་གྱུར་ཏེ། གཟུགས་དང་ལོངས་སྤྱོད་དང༌། རུས་དང༌། རིགས་དང༌། གཡོག་འཁོར་དང༌། བསོད་ནམས་ཀྱི་ཚོགས་ཀྱིས་སྟོན་པར་གྱུར་པ། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་ཞིང་དེ་གཟུགས་དང༌། ལོངས་སྤྱོད་དང༌། གཡོག་འཁོར་དང༌། དབང་ཕྱུག་གི་སྟོབས་ཀྱིས་རྒྱགས་ཤིང་བག་མ་མཆིས་པར་གྱུར་ཏེ་བྱང་ཆུབ་སེམས་དཔའ་གང་དག་རབ་ཏུ་བྱུང་བར་གཏོགས་པ། ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ། ཡེ་ཤེས་ཀྱི་ཚོགས་ཀྱིས་ཡོངས་སུ་ཚོལ་བ་ལ་བརྩོན་པ་གདུགས་དང་བསེར་མས་ཤ་དང་ཁྲག་སྐམས་པ། རྐེ་བ། ཉམ་ཆུང་བ། ལུས་རྩས་གཡོགས་པ། མགོ་དང་གོས་ལ་ཞུགས་འབར་བ་བཞིན་དུ་གདུགས་མཚན་དུ་བརྩོན་འགྲུས་བརྩམས་པ། དགེ་བའི་ཆོས་ཡོངས་སུ་བཙལ་བ་ལ་རྟག་ཏུ་བརྩོན་པ་དང་ལྡན་པ་དེ་དག་ལ་རྐེ་ཞིང་ཉམ་ཆུང་བ། མདོག་ངན་ཞིང་མི་སྡུག་པར་རིག་ནས། བརྙས་པར་བྱའོ་སྙམ་དུ་སེམས་ཤིང་དེ་དག་ལས་ལེགས་པར་བཤད་པ་ཉན་མི་འཚལ་གྱི་དེ་དེ་བས་ཤས་ཆེར་དམན་ཞིང་ཆེས་རྨུགས་པར་འགྱུར་བ་འདི་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་རྒྱགས་པ་


DTG110_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དང་བག་མ་མཆིས་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་འབྱུང་བ། ཐེག་པ་ཆེན་པོའི་བར་དུ་གཅོད་པར་འགྱུར་བའི་ཆོས་བཞི་སྟེ། བཞི་གང་ཞེ་ན། བདག་གི་ཡོན་ཏན་བརྗོད་པ་དང༌། གཞན་གྱི་ཡོན་ཏན་ལོག་པར་བརྗོད་པ་དང། ངའོ་སྙམ་པའི་ང་རྒྱལ་འབར་བ་དང༌། ཁྲོ་བ་བསྟེན་པའོ་ཞེས་གསུངས་སོ། །འདི་དག་པས་ཀྱང་གང་དག་ཁྱིམ་པར་གྱུར་ཀྱང་ཆོས་རྣམས་ལ་ནན་ཏན་གྱིས་སྒྲུབ་པའི་སེམས་ཅན་རྣམས་ནི་ཆོས་རྙེད་པར་དཀའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས་ཀྱི་སྒྲུབ་པ་ཅི་འདྲ་ཞེ་ན། དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་འབྱུང་བ། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་ནི་སྐྱེས་བུ་དམ་པའི་ལས་རྣམས་བྱེད་ཀྱི་སྐྱེས་བུ་ངན་པའི་ལས་རྣམས་མི་བྱེད་དོ། །ཆོས་ཀྱིས་ལོངས་སྤྱོད་ཚོལ་གྱི་ཆོས་མ་ཡིན་པས་མི་ཚོལ་ལོ། །མཐུན་པས་ཚོལ་གྱི་མི་མཐུན་པས་མ་ཡིན་ནོ། །ཡང་དག་པས་འཚོ་བ་ཡིན་གྱི་ལོག་པས་འཚོ་བ་མ་ཡིན་ནོ། །དེ་ཆོས་ཀྱིས་ལོངས་སྤྱོད་ཐོབ་པ་དེ་དག་གིས་གཞན་ལ་འཚོ་བར་མི་བྱེད་དོ། མི་རྟག་པའི་འདུ་ཤེས་བསྒོམ་པ་མང་ཞིང་སྙིང་པོ་ལེན་ཏོ། །འདི་ལྟ་སྟེ། ཕ་མ་ལ་བསྙེན་བཀུར་བྱེད་པ་དང༌། བུ་དང་ཆུང་མ་དང༌། བྲན་ཕོ་དང༌། བྲན་མོ་དང༌། ལས་བྱེད་པའི་མི་དང༌། ཞོ་ཤས་འཚོ་བ་རྣམས་ཡང་དག་པའི་ལོངས་སྤྱོད་དང༌། མཛའ་བོ་དང༌། བྲོན པོ་དང༌། ཉེ་དུ་དང༌། སྣག་གི་གཉེན་མཚམས་རྣམས་ལ་བཀུར་སྟི་དང༌། གོང་དུ་ཡང་ཆོས་ལ་འཛུད་པས་གཏོང་བ་འཕེལ་བར་བྱེད་དོ་ཞེས་གསུངས་སོ། །ཁྱིམ་པ་རྣམས་ཀྱི་ལོག་པར་བསྒྲུབ་པ་གང་ཞེ་ན། རབ་ཏུ་འབྱུང་བའི་བར་དུ་གཅོད་པའི་མདོ་ལས་འབྱུང་བ། མིང་ཆེན་ཆོས་བཞི་དང་ལྡན་ན་ཁྱིམ་པ་མི་ཁོམ་པར་གྱུར་པ་ཡིན་ཏེ། སྐྱེ་བ་དེ་དང་དེར་དམུས་ལོང་དང༌། བླུན་པ་དང༌། ལྐུགས་པ་དང༌། གདོལ་པ་དང༌། ནམ་དུ་ཡང་བདེ་བ་མི་མྱོང་བར་འགྱུར། སྐུར་པ་འདེབས་ཕ་མང་བ་དང༌། མ་ནིང་དང༌། ཟ་མ་དང༌། རྟག་ཏུ་བྲན་དང༌། བུད་མེད་དུ་འགྱུར། ཁྱི་དང་ཕག་དང༌། བོང་བུ་དང༌། རྔ་མོ་དང༌། སྦྲུལ་གདུག་པར་འགྱུར་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་ནན་ཏན་དུ་མི་བྱེད་དོ། །བཞི་གང་ཞེ་ན། མིང་ཆེན་འདི་ལ་ཁྱིམ་པས་སྔོན་གྱི་རྒྱལ་བ་ལ་ལྷག་པར་


DTG110_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་བྱས་པའི་སེམས་ཅན་རྣམས་ཀྱི་མངོན་པར་བྱུང་བའི་སེམས་དང་རབ་ཏུ་བྱུང་བའི་སེམས་དང༌། འཕགས་པའི་ལམ་གྱི་སེམས་ཀྱི་བར་ཆད་བྱེད་པ་འདི་ནི་དང་པོའོ། །གཞན་ཡང་ཁྱིམ་པ་དབང་ཕྱུག་གི་གནས་ན་འདུག་ཅིང་ནོར་ལ་ཆགས་པ་དང་བུ་ལ་ཆགས་པས་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་ཤིང༌། བུ་ཕོ་དང༌། བུ་མོའམ། ཆུང་མའམ། གཉེན་གྱི་ཚོགས་རབ་ཏུ་བྱུང་བའི་བར་ཆད་བྱེད་པ་འདི་ནི་གཉིས་པའོ། །གཞན་ཡང་ཁྱིམ་པ་དམ་པའི་ཆོས་སྤོང་བ་ཡིན་ཏེ། དེས་མ་ཐོས་པའི་ཆོས་རྣམས་ཐོས་ན། མ་དད་ཅིང་སྤོང་བར་བྱེད་པ་འདི་ནི་གསུམ་པའོ། །གཞན་ཡང་ཁྱིམ་པ་ཚུལ་ཁྲིམས་དང་ལྡན་པའི་དགེ་སྦྱོང་དང་བྲམ་ཟེ་ལ་ཀུན་ནས་མནར་སེམས་དང༌། ཐ་བའི་སེམས་མང་བ་ཡིན་ཏེ། འདི་ནི་བཞི་པའོ། །བཞི་པོ་འདི་དག་ལས་ཆོས་གང་ཡང་རུང་བ་ཞིག་དང་ལྡན་ན། ཁྱིམ་པ་མི་ཁོམ་པར་གྱུར་པ་ཡིན་ཏེ། སྐྱེ་བ་དེ་དང་དེར་ཞེས་བྱ་བ་ནས་སངས་རྒྱས་ཀྱི་བསྟན་པ་ལ་ནན་ཏན་མི་བྱེད་དོ་ཞེས་བྱ་བའི་བར་དུ་འགྱུར་རོ། །དཔེར་ན་མི་ལ་ལ་ཞིག་མི་གཙང་བའི་དོང་དུ་ལྷུང་ནས་མི་གཞན་ལ་ཡང་འདི་སྐད་དུ་ཨ་ལ་ལ། འདི་ལྟར་ཆུ་འདི་ཤིན་ཏུ་དང་བ་ངོ་མཚར་ཏོ་ཞེས་ཟེར་བ་ནི། ཆུ་མ་ཡིན་པ་ལ་ཆུར་འདུ་ཤེས་སྐྱེད་དེ། དང་བའི་ཆུར་འདུ་ཤེས་པ་དེ་བཞིན་དུ། །སེམས་ཅན་གང་ལ་ལ་བདག་ཉིད་འདོད་པའི་འདམ་དུ་བྱིང་བ་དག་གཞན་ཡང་འདོད་པའི་འདམ་དུ་འཇུག་པར་བྱེད་དོ། །བདག་ཉིད་འདོད་ཆགས་ཀྱི་གཡང་སར་ལྷུང་བར་བྱས། ཞེ་སྡང་གི་གཡང་ས་དང༌། གཏི་མུག་གི་གཡང་སར་ལྷུང་བར་བྱས་ལ་གཞན་ཡང་དེ་དག་ཏུ་ལྟུང་བར་བྱེད་དོ། །དཔེར་ན་མི་ལ་ལ་ཞིག་གིས་དགྲ་བོ་བཟུང་སྟེ། མེ་མདག་མེ་ལྕེ་མེད་པ་དུ་བ་མེད་པ་འདོམ་བདུན་པའི་ནང་དུ་བཅུག་པ་དེ་བཞིན་དུ། །གང་ལ་ལ་མེ་དང་མཚུངས་པའི་འདོད་པ་དང༌། མེ་དང་མཚུངས་པའི་བུད་མེད་དང་བསྟེན་ཅིང་འདོད་པ་བསྔགས་ཏེ། གཞན་ཡང་འདོད་པ་དག་ལ་འཇུག་པར་བྱེད་པ་ན་དེ་དག་ནི་གཞན་ཡང་མེའི་རླུབས་སུ་ལྷུང་བར་བྱེད་དོ། །དེ་དག་ནད་དང་མྱ་ངན་དེ་དག་ལ་ཉེ་བར་སྦྱར་རོ། །དཔེར་ན་མི་ལ་ལ་ཞིག་གིས་མི་གཞན་ལ་ཡང་བདེ་བ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར། སྤུ་གྲིའི་སོ་ལྟ་བུའི་རི་ལ་འཛེག་ཏུ་བཅུག་པ་འདི་ལྟ་སྟེ། སྤུ་གྲིའི་སོ་ལྟ་བུའི་རི་མཉམ་ཞིང་མི་མཉམ་པ་མེད་པ་འདི་ནི་


DTG110_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་ལོངས་སྤྱོད་དོ་ཞེས་ཟེར་བ་དེ་བཞིན་དུ་ཕལ་ཆེར་ཕ་མ་བུ་ལ་བྱམས་པ་དང་ལྡན་པས་དེའི་ཆུང་མ་ལེན་ཏེ། དེ་དག་གིས་འདོད་པ་བསྔགས་ནས། འདོད་པ་ལ་བཅུག་པ་དེ་ལྟ་བུ་ནི་མཛའ་བོའི་གཟུགས་ཀྱི་སྦྲུལ་གདུག་པ་དྲག་ཅིང་ཆེ་བ་སྟོན་ཏོ། །གཡང་ས་བགྲོད་དཀའ་བ་འཇིགས་འཇིགས་ལྟར་འདུག་པ་ཡང་སྟོན་ཏོ། །སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་ཀྱི་འཇིག་རྟེན་དུ་འགྲོ་བའི་ལམ་ཡང་མཚོན་ཏེ་ཞེས་གསུངས་སོ། །བད་སའི་རྒྱལ་པོ་ཤར་པས་ཞུས་པའི་མདོ་ལས་ཀྱང་གསུངས་ཏེ། རྒྱལ་པོ་ཆེན་པོ་འདི་ལ་སྐྱེས་བུ་འདོད་པ་ལ་ཆགས་ཤིང་བུད་མེད་ལ་ལྟ་འདོད་པ་ནི་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་དང༌། བྲམ་ཟེ་ལ་བརྟེན་པ་མི་སྲིད་པས་དེ་ཚུལ་ཁྲིམས་དང་ལྡན་པ་དེ་དག་གིས་ཡོངས་སུ་སྤངས་པས་དད་པ་དང་ཚུལ་ཁྲིམས་དང༌། གཏོང་པ་དང༌། ཐོས་པ་དང༌། ཤེས་རབ་ལས་ཡོངས་སུ་ཉམས་ཏེ་རྨ་ལ་ཆགས་པ། བཙོག་པའི་སྤྱོད་ཡུལ་ཅན། བཤུལ་བར་མནམ་པ་ལ་དགའ་བ་བུད་མེད་ལ་དད་ཆེ་བ། ཆགས་པའི་སྤྱོད་ཡུལ་ཅན། འགྲོ་བར་བྱ་བ་མ་ཡིན་པར་སོང་བ། སྨད་པར་འོས་པ། མི་གཙང་བའི་སྲིན་བུ་དང་འདྲ་བ། སྙིགས་མ་ལེན་པ། ཁྲེལ་དང་ངོ་ཚ་བོར་བ། ལྷ་དང་མིའི་ཆོས་སྟོར་བ། ངན་པར་སྨད་པའི་འཚོ་བས་འཚོ་བ། མཁས་པས་སྨད་པ། བུད་མེད་ཀྱིས་ཚུགས་པ། བུད་མེད་ཀྱིས་ཁོལ་བ། ངར་སྣབས་དང༌། ཁ་ཆུ་དང༌། སྣབས་དང༌། ཆུ་སེར་དང༌། རྣག་དང༌། ཤེ་རུལ་ཟག་པ་མྱོང་བར་བྱེད་པ། མི་གཙང་བའི་སྤྱོད་ཡུལ་ཅན། བ་ལང་དང༌། ལུག་དང༌། བྱ་གག་དང༌། ཁྱི་དང༌། ཕག་དང༌། ཝ་དང༌། བོང་བུའི་ཆོས་སྤྱོད་པ། གནོད་པས་འཚོ་བ། ཕ་མ་ལ་ཕངས་པར་མི་འཛིན་པ། དགེ་སྦྱོང་དང༌། བྲམ་ཟེ་དང༌། སྦྱིན་གནས་ལ་ཕངས་པར་འཛིན་པ་མེད་པ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དད་པ་ཉམས་པ། སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང། གཤིན་རྗེའི་འཇིག་རྟེན་ལ་ཞུགས་ཤིང་གཞོལ་བ། སེང་གེ་དང་ནམ་མཁའ་ལྡིང་གི་ལུས་ལ་ཡང་དག་པར་ཞུགས་པ། ལྕགས་ཀྱི་ཤིང་ཤལ་མ་ལི་མཐོན་པོ་དང༌། མེ་མ་མུར་ལ་གཞོལ་བ། སེམས་ཅན་དམྱལ་བ་ཡང་སོས་དང་ཐིག་ནག་དང༌། བསྡུས་འཇོམས་དང༌། དུ་འབོད་


DTG110_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དང། དུ་འབོད་ཆེན་པོ་དང་ཚ་བ་དང༌། རབ་ཏུ་ཚ་བ་དང༌། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ཞུགས་པ་ནི། བུད་མེད་དང་མཛའ་ཞིང་བུད་མེད་དང་འགྲོགས་ཏེ་དགོད་པ་དང༌། དགའ་བ་དང༌། རྩེ་བ་དང་གླུ་གར་རོལ་མོ་ལ་སོགས་པ་རྗེས་སུ་དྲན་ཞིང་སྐྱོ་བ་མི་སྐྱེ་བ་དེ། ཕ་མས་དཀའ་བ་བྱས་ཤིང་བསྐྱེད་དེ། གཅིན་དང་ཕྱི་ས་ཡང་བཟོད་པར་བྱས་ཤིང་བླངས་ནས། ཟླ་བ་དགུའམ་བཅུར་རུམ་དུ་བཙས་ཏེ། ཤིན་ཏུ་སྡུག་བསྔལ་མྱོང་བས་གསོས་ཤིང་པང་དུ་བླངས་ནས་ནུ་ཞོ་བླུད་ཅིང་རབ་ཏུ་ཉོན་མོངས་པར་གསོས་བསྐྱེད་དེ། འཛམ་བུའི་གླིང་རྣམ་པར་བཀྲ་བ་སྟོན་པ། དོན་དང༌། ཕན་པ་དང༌། བདེ་བ་དང༌། གྲུབ་པ་དང༌། ལེགས་སུ་དགའ་བའི་སྦྱིན་པའི་གནས་དེ་དག་གིས་བུ་ལ་ཕན་པ་དང༌། བདེ་བར་འདོད་པས། བདག་གི་ནོར་གྱི་ཚོགས་ཀྱིས་གཞན་གྱི་བུ་མོ་དེ་བླངས་ནས་དེ་དེ་ལ་ཆགས་ཤིང་འཁྲིལ་ཏེ། ཕ་རོལ་གྱི་ཁྱིམ་ནས་བླངས་པའི་བུད་མེད་དེ་ལ་ཞེན་ཅིང་བརྒྱལ་ནས། ཕ་མ་རྒས་གཏུགས་ཏེ། ཉམ་ཆུང༌། མིག་གིས་མི་མཐོང་བ་དེ་ནོར་དང་ལོངས་སྤྱོད་མེད་པར་བྱས་ནས། རང་གི་ཁྱིམ་ནས་ཕྱུང་སྟེ་སྐྲོད་དོ། །རྒྱལ་པོ་ཆེན་པོ་གང་ཕ་མ་དཀའ་བ་བྱེད་བྱེད་པ་སྦྱིན་པའི་གནས་ལ་རྟག་ཏུ་རྒྱུན་མི་འཆད་པར་དག་པའི་བདེ་བས་བསྟི་སྟང་དུ་བྱས་ཞིང་ཡང་དག་པའི་བདེ་བས་བླ་མར་བྱ་བའི་རིགས་ན། དེས་དེའི་ཚེ་རང་གི་ཁྱིམ་ནས་ཕྱི་རོལ་དུ་ཕྱུང་སྟེ་བསྐྲད་ནས། གཞན་གྱི་ཁྱིམ་ནས་བླངས་པའི་བུད་མེད་ལ་བཟའ་བ་དང༌། བཏུང་བ་དང༌། གོས་ཀྱིས་བསྟབས་ནས་དོགས་སུ་བྱས་ཏེ། དེས་གང་བདེ་འགྲོར་འགྲོ་བའི་ཆོས་ནི་སྤངས་གང་ངན་འགྲོར་འགྲོ་བའི་ཆོས་ནི་བླངས་ནས་སྙིང་རྗེའི་བག་མེད་ཅིང་བསམ་པ་མེད་པའི་ངན་པའི་སེམས་དང་ལྡན་པ་ལ་ལྟོས་ཞེས་གསུངས་སོ། །ཟླ་བ་སྒྲོན་མའི་མདོ་ལས་ཀྱང༌། འདོད་པའི་ཕྱིར་ནི་བྱིས་པ་རྣམས། །བུད་མེད་རུལ་ལ་སྟེན་བྱེད་དེ། །འགྲོ་བ་རུལ་བར་འགྲོ་འགྱུར་ཞིང༌། །ངན་འགྲོ་རྣམས་སུ་ལྷུང་བར་འགྱུར། །འཇིགས་པ་ཆེན་པོའི་ཞགས་པ་ནི། །བུད་མེད་ཞགས་པ་མི་བཟད་པས། །སངས་རྒྱས་རྣམས་ཀྱིས་འདོད་པ་དང༌། །བུད་མེད་བསྟེན་པའང་མ་བསྔགས་སོ། །ལམ་འདིས་བྱང་ཆུབ་མི་འགྱུར་བས། །བུད་མེད་རྣམས་ལ་མ་བསྟེན་པར། །སྦྲུལ་གདུག་ཤིན་ཏུ་ཁྲོ་བ་ལྟར། །མཁས་པས་དེ་ནི་རྣམ་པར་སྤོངས། །སངས་རྒྱས་ཀུན་གྱིས་


DTG110_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་པ་ཡི། །བྱང་ཆུབ་ལམ་ལ་སྒོམ་པར་བྱེད། །ལམ་དེ་གོམས་པར་བསྒོམས་བྱས་ནས། །བླ་མེད་སངས་རྒྱས་འགྲུབ་པར་འགྱུར། །ཞེས་གསུངས་སོ། །མི་སྡུག་པ་ལ་ཡང་སྦྱར་བར་བྱའོ། །འདི་ལྟ་སྟེ། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པ་ལ་ལོག་པར་གཡེམ་པ་ལ་སོགས་པ་མི་འདོད་པའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་ནི། བྱང་ཆུབ་སེམས་དཔའ་ཉི་ཚེ་ལ་ལོག་པར་བསྒྲུབས་པར་བསྟན་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ཡིན་ཏེ། འདི་ལྟ་སྟེ། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས་གསུངས་པ། སེམས་ཅན་དམྱལ་བ་པ་དེ་དག་སེམས་ཅན་དམྱལ་བའི་སྲུང་མ་དེ་དག་གིས་ཐོ་འཚམས་ཤིང་བདག་གིས་ལས་བྱས་པ་རྒྱའི་འབུར་ལྟར་བསྟན་ནས་ཁས་ལེན་དུ་བཅུག་སྟེ། རྣམ་པ་དུ་མར་ཉེས་པ་སྣ་ཚོགས་བྱས་པ་དེ་བཞིན་དུ་སྡུག་བསྔལ་དུ་མར་ཡང་ཚོར་བར་བྱེད་དོ། །རྒྱུ་དང་འདྲ་བའི་འབྲས་བུ་དང༌། ས་བོན་དང་འདྲ་བའི་འབྲས་བུར་འགྱུར་ཏེ། ཇི་ལྟར་མི་དགེ་བའི་ལས་རྫོགས་པར་བྱས་པ་བཞིན་དུ། རབ་ཏུ་ཚ་བའི་སེམས་ཅན་དམྱལ་བ་ཆེན་པོར་མི་དགེ་བའི་ལས་རྫོགས་པའི་འབྲས་བུ་རྫོགས་པར་མྱོང་ངོ༌། །དེ་བཞིན་དུ་ལོ་བརྒྱ་སྟོང་དུ་མའི་བར་དུ་སྡིག་པའི་ལས་དགྲར་གྱུར་པ་ཕན་པ་མི་འདོད་ཅིང་མི་ཕན་པར་འདོད་པ་དེས་སེམས་ཅན་དམྱལ་བ་པ་དེ་སེམས་ཅན་དམྱལ་བར་སྲེག་གོ །དེ་བརྒྱ་ལ་ཅི་སྟེ་དེ་ལས་ཐར་ན་ཡང་སྐྱབས་ཚོལ་དཔུང་གཉེན་ཚོལ་ཞིང་བརྒྱུགས་པ་དང༌། དེས་མཐོང་བ་རྒྱང་རིང་པོ་ནས་ཁྱི་རླུགས་ནས་ཁ་གདངས་ཏེ་སྟོབས་ཆེ་ཞིང་ཤིན་ཏུ་མགྱོགས་པ་རྡོ་རྗེའི་ཁ་ཤིན་ཏུ་འཇིགས་པར་ཟུགས་པ། ཁྱི་ཁྲོ་བོས་བདག་བསྐོར་བར་མཐོང་ནས། སེམས་ཅན་དམྱལ་བ་པ་དེ་བྲོས་པར་བརྩལ་བ་དང༌། ཁྱི་ཐམས་ཅད་ཀྱིས་བསྙགས་ཏེ་དེ་དག་གིས་བཟུང་ངོ༌། །བཟུང་ནས་ཀྱང་ཁམ་བུ་རེ་རེ་དང་ཆུ་རྒྱུས་ནས་ཆུ་རྒྱུས་དང༌། གཤེས་ཀྱི་དམིགས་ནས་གཤེས་ཀྱི་དམིགས་དང། རུས་པའི་ཚིགས་ནས་ཚིགས་དང་ཡན་ལག་དང་ཉིང་ལག་ཐམས་ཅད་བཅད་ཀྱང་དེ་བཞིན་དུ་འཆོས་ཏེ། ཡུངས་འབྲུ་ཙམ་གྱི་ཤ་ཡང་མ་ལུས་པར་བྱས་ནས། དེ་ནས་ཡང་ཕྱིར་སྐྱེས་ཏེ། དེ་བཞིན་དུ་ཡུན་རིང་པོར་ཁྱི་དེ་དག་འཆའོ། །དེ་ལས་གང་གི་འབྲས་བུ་ཞེ་ན། དེ་ནི་སྲོག་གཅོད་པའི་འབྲས་བུ་


DTG110_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དེ་ཤ་ཟ་བའི་ཕྱིར་སེམས་ཅན་གྱི་སྲོག་གཅོད་པས་དེ་ནི་དེའི་འབྲས་བུ་ཡིན་ནོ། །མ་བྱིན་པར་ལེན་པའི་འབྲས་བུར་འགྱུར་བ་ནི། ཇི་ལྟར་སེམས་ཅན་དམྱལ་བ་པ་དེས་ལས་ཀྱིས་བསྒྱུར་བའི་ནོར་མང་པོ་དག་མཐོང་ནས་ལས་ཀྱི་རྒྱུས་རྨོངས་ཏེ། བདག་གི་ནོར་དེ་དག་གཞན་གྱིས་ཁྱེར་བ་སྙམ་ཞིག་ནས་དེས་དེ་དག་བསྙགས་པ་དང༌། དེ་གཤིན་རྗེའི་མི་དག་གིས་བཟུང་ནས་བརྒྱངས་ཏེ། མཚོན་གྱིས་བཅད་ཅིང༌། ཚིགས་སུ་གཏུབས་ཀྱང་ཕྱིར་ཡང་འབྱོར་ཏོ། །སེམས་ཅན་དམྱལ་བ་པ་དེ་སེམས་ཅན་དམྱལ་བ་པ་གཞན་དག་གིས་ཀྱང་མཐོང་ནས་རྒྱུགས་པ་དང༌། དེ་དག་ཀྱང་གཤིན་རྗེའི་མི་དེ་དག་གིས་བཟུང་སྟེ། རལ་གྲི་དང༌། མདུང་ཐུང་དང༌། མཚོན་རྩེ་གཉིས་པ་དང༌། གཏུན་འབར་བ་རྣམས་ཀྱིས་དམྱལ་ནས། དེ་དག་མ་བྱིན་པར་བླངས་པའི་འབྲས་བུས་ལོ་བརྒྱ་སྟོང་དུ་མར་མ་བྱིན་པར་བླངས་པའི་འབྲས་བུ་མ་ཟད་མ་བྱང་མེད་པར་མ་གྱུར་གྱི་བར་དུ་མྱོང་ནས་དེ་ཕྱིས་དེ་ལས་ཐར་པར་འགྱུར་རོ། །འདོད་པ་ལ་ལོག་པར་གཡེམ་པ་ནི་ཐལ་ཚན་གྱི་ཆུ་ཀླུང་གིས་བུད་མེད་ཁྱེར་ནས། ཁྱོ་ག་ལ་འབོད་ཅིང་ཆུའི་དབས་གཡེངས་ཏེ། ཕྱེད་ནི་བྱུང་ཕྱེད་ནི་བྱིང་ནས་སེམས་ཅན་དམྱལ་བ་པ་ལ་འབོད་དེ་ང་ནི་ཐལ་ཚན་གྱི་ཆུ་ཀླུང་གིས་ཁྱེར་ཏེ། མགོན་མེད་ཅིང་ཉམས་ཉེས་པ་ལ་སྐྱབས་ཀྱིས་ཞེས་ཟེར་ཞིང་བུད་མེད་དེ་དུ་བའི་སྒྲ་དེ་ལས་ཀྱི་རྒྱུས་རྨོངས་པས་ཐོས་ནས། ཐལ་ཚན་གྱི་ཆུ་ཀླུང་དེར་ཞུགས་པ་དང༌། ཞུགས་མ་ཐག་ཏུ་དེའི་ལུས་ཀྱང་ཐལ་ཚན་གྱི་རྣོ་བས་རུས་པ་ལ་ཤ་ཡུངས་འབྲུ་ཙམ་གྱི་ལྷག་མ་ཡང་མ་ལུས་པར་དེ་ལྟར་ཞིགས་པ་དང༌། ཡང་ཕྱིར་སྐྱེས་སོ། །དེ་ནས་ཡང་བུད་མེད་དེ་རྒྱང་རིང་པོ་ནས་ཐལ་ཚན་གྱི་ཆུ་ཀླུང་གིས་ཁྱེར་ཏེ། བདག་ལ་སྐྱབས་མེད་ཀྱི་སྐྱོབས་ཤིག་ཅེས་བྱི་བོ་ལ་སྨྲས་པ་མཐོང་ནས་སེམས་ཅན་དམྱལ་བ་པ་དེ་འདོད་ཆགས་ཀྱི་ཟིལ་གྱིས་ནོན་ཏེ་ཡང་བུད་མེད་དེ་ལ་བཟུང་བ་དང༌། དེས་ལྕགས་ཀྱི་མཚོན་ཆའི་སེན་མོ་རྣོན་པོས་ཁྱོ་ག་དེ་ལ་བཟུང་སྟེ་བྲད་ནས་དེའི་ལུས་ལ་ཤ་ཡུངས་འབྲུ་ཙམ་ཡང་མ་ལུས་པར་གྱུར་ནས་ལུས་ཀུན་ནི་ཁྲག་གིས་ཡོགས་ཏེ། ལུས་ལ་ནི་རྒྱུས་པའི་དྲ་བ་འབའ་ཞིག་ལུས་སོ། །དེ་བུད་མེད་ལ་ཆགས་པས་ཟིལ་གྱིས་ནོན་ནས་ཡང་རྒྱུགས་ཏེ། དེ་སྡིག་པའི་ལས་དེ་མ་ཟད་མ་བྱང་མེད་པར་མ་གྱུར་གྱི་བར་དུ་ལོ་བརྒྱ་


DTG110_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དུ་མར་ཐལ་ཚན་གྱི་ཆུ་ཀླུང་གིས་གཡེངས་ནས་དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་ཏེ་ཐར་ནས་ཀྱང་ཡང་སླར་སྐྱེས་སོ་ཞེས་རྒྱ་ཆེར་གསུངས་སོ། །ལོངས་སྤྱོད་དང་སྲོག་ལ་ཆགས་པ་ཡང་ཁྱིམ་པ་རྣམས་ཀྱིས་ལོག་པར་བསྒྲུབ་པ་ཡིན་ཏེ། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས་ཀྱང་འབྱུང་བ། རྒྱལ་པོ་ཆེན་པོ་དཔེར་ན། སྐྱེས་པའམ་བུད་མེད་ཅིག་གཉིད་ཀྱིས་ལོག་པའི་རྨི་ལམ་ན། ཀུན་དགའ་ར་བ་ཉམས་དགའ་བའམ། རི་དང་རྫིང་བུ་དང༌། འབབ་ཆུ་དང་ནགས་ཚལ་དང༌། ལྗོངས་དང༌། མཚེའུ་དང༌། ཆུ་མིག་ཉམས་དགའ་བ་མཐོང་བ་ལས། དེ་སད་མ་ཐག་ཏུ་ཅི་ཡང་མ་མཐོང་ངོ༌། །རྒྱལ་པོ་ཆེན་པོ་དཔེར་ན་ཤིང་ལས་མེ་ཏོག་བྱུང་ནས་འབྲས་བུ་འབྱུང་ངོ༌། །འབྲས་བུ་བྱུང་ནས་འབྲས་བུ་ཡང་མེད་པར་འགྱུར་རོ། །འདབ་མ་སྔོན་པོ་བྱུང་ནས་སྐྱ་བོར་འགྱུར་རོ། །སྐྱ་བོ་ལས་ནི་ཡང་མེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་གང་རྒྱལ་སྲིད་ཀྱི་བདེ་བ་དང༌། རྒྱལ་སྲིད་ཀྱི་དབང་ཕྱུག་གི་བདེ་བ་དང༌། འདོད་པའི་བདེ་བ་དང༌། འདོད་པའི་ལོངས་སྤྱོད་ལ་དབང་བའི་བདེ་བ་འདི་ལྟ་སྟེ། གླང་པོ་ཆེ་དང༌། རྟ་དང༌། ཤིང་རྟ་དང༌། དཔུང་བུ་ཆུང་དང༌། སྲས་དང༌། བཙུན་མོ་དང༌། གཞོན་ནུ་དང༌། བློན་པོ་དང༌། རྩིས་པ་དང༌། སྣ་ཆེན་པོ་ལ་གཏོགས་པ་དང༌། སྒོ་བ་དང༌། འཁོར་དང༌། ཕ་མ་དང༌། སྤུན་དང༌། སྲིད་མོ་དང་ཆུང་མ་དང༌། བུ་ཕོ་དང༌། བུ་མོ་དང༌། རྟེན་གྲོགས་དང༌། བྲན་ཕོ་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། གོ་རེ་ལོང་དང༌། ཞོ་ཤས་འཚོ་བ་དང༌། ཡུལ་གྱི་མི་དང༌། དངུལ་དང༌། གསེར་དང༌། ནོར་བུ་དང༌། རིན་པོ་ཆེ་དང༌། གོས་དང༌། ནོར་དང༌། འབྲུ་དང༌། མཛོད་དང༌། བང་བ་ལ་སོགས་པ་དེ་དག་ཐམས་ཅད་བོར་ཏེ་འགྲོ་དགོས་སོ། །དེ་དག་ཐམས་ཅད་ནི་མི་རྟག་པ། མི་བརྟན་པ། ཡིད་བརྟན་དུ་མི་རུང་བ། རྣམ་པར་འགྱུར་བའི་ཆོས་ཅན། ཡུན་ཐུང་བ། མི་གནས་པ། གཡོ་བ་འགུལ་བ། མཐར་འཇིག་པ། སྐད་ཅིག་པ། མཐར་སྡིག་པ། ཟད་ཅིང་འཇིག་པའི་སྒོ། མཐར་འགྱེས་པའི་ཆོས་ཅན། འཇིགས་པ་དང་བཅས་པ། འཚེ་བ་དང་བཅས་པ། མྱ་ངན་དང་འཁྲུག་པ་མང་བ། འབྲུལ་བ། འཇིག་པ། འཆད་པ། འགྱེས་པ། འཐོར་བ། རྣམ་པར་འཇིག་པའི་ཆོས་ཅན་ཏེ། དེ་ལྟ་བས་ན།


DTG110_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཆེན་པོ་ཁྱོད་མི་རྟག་པར་ལྟ་བ་དང༌། ཟད་པ་དང་འཇིག་པར་ལྟ་ཞིང་ཆོས་ཀྱི་རྒྱལ་པོ་གྱིས་ལ། ཆོས་མ་ཡིན་པས་མ་བྱེད་ཅིག །ཆོས་ཀྱི་རྗེས་སུ་འཇུག་པར་གྱིས་ལ་ཆོས་མ་ཡིན་པའི་རྗེས་སུ་འཇུག་པར་མ་བྱེད་ཅིག །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་ཕྱོགས་བཞི་ནས་རི་ཆེན་པོ་སྲ་བ། སྙིང་པོ་དང་ལྡན་པ། མ་ཞིག་པ། མ་གས་པ། ཁོང་སྟོང་མ་ཡིན་པ། ཤིན་ཏུ་མཁྲེགས་པ། གཅིག་ཏུ་འདུས་པ་བཞི་གནམ་ལ་རེག་ཅིང་ས་བཟློག་སྟེ། རྩྭ་དང༌། ཤིང་དང༌། ཤིང་གེལ་བ་དང༌། ཡལ་ག་དང༌། ལོ་མ་ཐམས་ཅད་དང་སེམས་ཅན་སྲོག་ཆགས་འབྱུང་པོ་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་ན་དེ་དག་ལས་ནི་མགྱོགས་པས་འབྲོས་པ་དང༌། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བཟློག་པའམ། རྫས་དང༌། སྔགས་དང༌། སྨན་རྣམས་ཀྱིས་བཟློག་པར་སླ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཇིགས་པོ་ཆེན་པོ་བཞི་པོ་འདི་དག་འོངས་ཏེ། དེ་དག་ལས་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བཟློག་པའམ། རྫས་དང་སྔགས་དང༌། སྨན་རྣམས་ཀྱིས་བཟློག་པར་སླ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་བཞི་གང་ཞེ་ན། འདི་ལྟ་སྟེ། རྒ་བ་དང༌། ནད་དང༌། འཆི་བ་དང༌། རྒུད་པའོ། །རྒྱལ་པོ་ཆེན་པོ་རྒ་བ་ནི་དར་ལ་བབ་པ་འཇོམས་ཤིང་འོང༌། །ནད་ནི་ནད་མེད་པ་འཇོམས་ཤིང་འོང༌། འཆི་བ་ནི་སྲོག་འཇོམས་ཤིང་འོང༌། རྒུད་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང་ངོ༌། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་རི་དགས་ཀྱི་ཆོགས་ཀྱི་ནང་དུ་ཞུགས་ནས་རི་དགས་བཟུང་སྟེ། ཇི་ལྟར་འདོད་པ་བཞིན་དུ་བྱ་བ་བྱེད་དོ། །རི་དགས་དེ་ནི་སྟོབས་པོ་ཆེའི་ཁ་མི་བཟད་པས་བཟུང་བས་དབང་མེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཆི་བདག་གི་གསལ་ཤིང་གིས་ཟུག་སྟེ། རྒྱགས་པ་དང་ནི་བྲལ། མགོན་ནི་མེད། སྐྱབས་ནི་མེད། དཔུང་གཉེན་ནི་མེད། བཤེས་ནི་མེད། གཤིས་ནི་འཇིག །ཚིགས་ནི་འབྱེ་འབྲལ། ཤ་དང་ཁྲག་ནི་སྐམ་ལུས་ནི་ནད་ཀྱིས་གདུངས། སྐོམ་ནི་སྐོམ། བཞིན་ནི་གྱུར། རྐང་ལག་ནི་གཡོ་བ། ལས་ནི་མི་ནུས། མཐུ་ནི་མེད། ཁ་ཆུ་དང༌། སྣབས་དང༌། གཅིན་དང༌། ངན་སྐྱུགས་ཀྱིས་ནི་ལུས་ལ་གོས། མིག་དང༌། རྣ་བ་དང༌། སྣ་


DTG110_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དང། ལྕེ་དང༌། ལུས་དང༌། ཡིད་ཀྱི་དབང་པོ་དག་ནི་འགག །སྐྱིགས་བུ་ནི་འབྱུང༌། སྒྲ་ངར་ངར་པོ་ནི་འདོན། སྨན་པས་ནི་བོར། སྨན་དང༌། ཁ་ཟས་དང༌། བཟའ་བ་དང༌། བཅའ་བ་དང༌། ཐུག་པ་ཐམས་ཅད་ཀྱིས་ནི་གླེས་ལ་བོར་ཏེ། འགྲོ་བ་གཞན་དག་ཏུ་འགྲོ་བས་མལ་གྱི་ཐ་མ་ལ་ནི་ཉལ། ཐོག་མ་མེད་པའི་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བའི་འཁོར་བའི་རྒྱུད་དུ་ནི་ནུབ། སྲོག་ནི་ཅུང་ཟད་ཅིག་ལས། གཤིན་རྗེའི་མི་ས་ནི་འཇིགས་སྐྲག །བྱུར་གྱི་དབང་དུ་ནི་སོང༌། དབུགས་རྒྱུ་བ་ནི་ཆད། ཁ་དང་སྣ་ནི་གདངས། སོ་ནི་གཙིགས། སྦྱིན་པ་སྦྱིན་ནོ་ཞེས་དེ་སྐད་གསོལ་བ་ནི་འདེབས། ལས་ཀྱི་སྲིད་པ་ན་ཡང་སྲིད་པ་ལ་ནི་འཇུག །གཅིག་པུ་གཉིས་སུ་མེད་ཅིང་གྲོགས་ནི་མེད། འཇིག་རྟེན་འདི་ནི་འདོར་འཇིག་རྟེན་ཕ་རོལ་ཏུ་ནི་འགྲོ། སྐྱས་ཆེན་པོས་ནི་འདེགས། མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྷུང༌། ཁྲོད་སྟུག་པོར་ནི་འཇུག །དགོན་པ་ཆེན་པོར་ནི་འགྲོ། །རྒྱ་མཚོ་ཆེན་པོས་ནི་ཁྱེར། ལས་ཀྱི་རླུང་གིས་ནི་བརྡས། ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ། །གཡུལ་ངོ་ཆེན་པོར་ནི་འཇུག །གདོན་ཆེན་པོས་ནི་ཟིན། ནམ་མཁའ་ལ་ནི་འཆེལ། ཕ་མ་དང༌། ཕུ་ནུ་དང༌། སྲིང་མོ་དང༌། བུས་ནི་བསྐོར། དབུགས་ནི་ཆད། ནོར་བགོ་བཤའ་བྱ་ཞེས་ནི་ཟེར། ཀྱི་ཧུད་མ། ཀྱི་ཧུད་ཕ། ཀྱི་ཧུད་བུ་ཞེས་ནི་ཟེར། སྐྲ་ནི་ཞིགས་ཏེ། སྦྱིན་པ་དང༌། དཀའ་ཐུབ་དང༌། ཆོས་འབའ་ཞིག་གྲོགས་སུ་གྱུར་པ་ན། ཆོས་མ་གཏོགས་པར་སྐྱབས་གཞན་མེད། མགོན་གཞན་མེད་གནས་གཞན་མེད། དཔུང་གཉེན་གཞན་མེད་དོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན། ཆོས་ནི་གླིང་དང་གནས་དང༌། མགོན་དང་སྟོན་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན། ཁྱོད་ཀྱིས་མི་རྟག་པར་ལྟ་ཞིང་ཟད་པ་དང༌། དེངས་པར་བལྟ་བར་བྱ་སྟེ། འཆི་བས་འཇིགས་སྐྲག་པར་བྱའོ། །ཆོས་ཀྱིས་རྒྱལ་སྲིད་ཀྱིས་ཤིག ། ཆོས་མ་ཡིན་པས་ནི་མི་བྱའོ། །ཁྱོད་ཆོས་དང་མཐུན་པར་གྱིས་ཤིག །ཆོས་མ་ཡིན་པ་དང་མཐུན་པར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ལུས་འདི་འདི་ལྟར་ལེགས་པར་ཡོངས་སུ་བསྲུངས་པ། ལེགས་པར་ཡོངས་སུ་བཙས་པའང་འཆི་བའི་དུས་བྱེད་པར་འགྱུར་རོ། །ཡོན་ཏན་


DTG110_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་ལྡན་ཞིང་ཤིན་ཏུ་ཡུན་རེང་པོར་བཟའ་བ་དང༌། བཅའ་བ་དང༌། མྱང་བ་དང༌། ངོམས་པར་འགྱུར་བ་བསོད་པ། གཙང་མ་མང་པོས་ཚིམ་པར་བྱ་སྟེ། བསྐྱེད་བསྐྱེད་པ་ཡང་ཐ་མའི་མལ་ན་འདུག་པའི་ཚེ། སྨན་པས་བོར་ཞིང་སྨན་དང༌། ཁ་ཟས་དང༌། བཟའ་བ་དང༌། ཐུག་པས་གླེས་ལ་བོར་ནས་བཀྲེས་པ་དང༌། སྐོམ་པས་ཉེན་ཅིང་ཡིད་མི་བདེ་བར་འཆི་བའི་དུས་བྱེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་ཀྱིས་ལུས་བཀྲུས་ཤིང་བསྐུས་ཏེ། བདུག་པས་བསྒོས། མེ་ཏོག་དྲི་ཞིམ་པོས་བསྒོས་ཀྱང་གདོན་མི་ཟ་བར་དུས་སུ་རང་བཞིན་གྱིས་ལྷན་ཅིག་སྐྱེས་པའི་དྲི་ང་བ་འབྱུང་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡུལ་ཀ་ཤིའི་རས་དང༌། མོན་དར་དང༌། དུ་གུ་ལའི་རས་དང༌། དར་དང༌། ཁ་ཆེ་དར་དང༌། བལ་དང༌། ཟར་མའི་རས་ལ་སོགས་པའི་གོས་ཀྱི་བྱེ་བྲག་གིས་གཡོགས་ཀྱང་ཐ་མའི་མལ་ནང་དུག་པའི་ཚེ། སྣུམ་རྣམ་པ་མང་པོ་དང༌། ཆུས་རེག་ཅིང་གོས་དྲི་མ་ཅན་གྱོན་ཅིང་འཆི་བའི་དུས་བྱེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟར་ཁྱོད་ཁྱིམ་ན་བུད་མེད་ཀྱི་ནང་ན་འདུག་བཙུན་མོའི་འཁོར་གྱི་ནང་ན་འདུག་སྟེ། བུད་མེད་ཀྱི་ཚོགས་ཀྱིས་བསྐོར་ཞིང༌། གར་དང་གླུ་དང་རོལ་མོ་སིལ་སྙན་བྱེད། ཕེག་རྡོབ་དང༌། པོ་ཝང་བྱེད། གླིང་བུ་ལེན། རྔ་བརྡུང་ཞིང་ཡིད་བདེ་བར་རྩེ་དགའ་ཞིང་དགའ་མགུར་སྤྱོད་པ་ཡང་འཆི་བས་འཇིགས་སྐྲག་ནས་ཤིན་ཏུ་ཡིད་མི་བདེ་ཞིང་འཆི་བའི་དུས་བྱེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟར་ཁྱོད་ཁྱིམ་གྱི་ནང་ན་སྤོས་དྲི་ཞིམ་པོས་བསྐུ་བས་ནི་བསྐུས། གཏན་པ་ནི་བཅུག །སྐར་ཁུང་ནི་ལེགས་པར་བཅད། བྱུག་པ་མང་པོས་ནི་བྱུགས། འབྲུ་མར་དྲི་ཞིམ་པོ་དང་ལྡན་པའི་མར་མེ་ནི་འབར། དར་གྱི་ལྔ་ལྡི་མང་པོས་ནི་བྲེས། མེ་ཏོག་དྲི་ཞིམ་པོའི་སིལ་མ་མང་པོས་ནི་ཆལ་བར་བཀྲམ། པོག་ཕོར་ནས་ནི་བདུག །ཁྲིའི་རྩ་བ་གསེར་དང༌། དངུལ་དང༌། བཻ་ཌཱུཪྻ་ལས་ནི་བྱས། པ་ཏི་ཀ་དང་དྲེའུ་རྡོག་གི་སྟན་དང༌། སྟན་ནང་ཚངས་ཅན་དང༌། ཟ་འོག་གི་སྟན་དང༌། ཡུལ་ཀ་ལིང་ཀའི་སྟན་དང༌། སྟེང་དུ་བཏིང་བ་དང༌། དེའི་སྟེང་དུ་གདིང་བས་ནི་བཀབ། གཡས་གཡོན་དུ་དར་དམར་པོའི་སྔས་ནི་གཞག་པའི་ཁྲི་ལ་ཉལ་བ་ཡང་བྱ་རོག་དང་བྱ་རྒོད་དང༌། ཝ་དང༌། རོ་དང༌། ཤ་དང༌། རུས་པ་དང༌། སྐྲ་དང༌། ཁྲག་དང༌། ཞག་དང༌། ཆུ་སེར་དང༌། རྣག་གི་


DTG110_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མཆོག་ཏུ་འཇིགས་སུ་རུང་བའི་དུར་ས་ཆེན་པོར་པོར་ན། ལུས་གཡོ་བ་མེད་ཅིང་ས་ལ་ཉལ་དུ་གདོན་མི་ཟའོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་ཁྱོད་གླང་པོ་ཆེའི་བྱལ་ཁའམ། རྟའི་རྒྱབ་བམ། ཤིང་རྟ་ལ་ཞོན་ཏེ། དུང་དང༌། རྔ་དང༌། རྫ་རྔ་དང༌། ཁར་རྔ་དང། རོལ་མོ་སིལ་སྙན་གྱི་བྱེ་བྲག་ལེན་པ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། རྣམ་པར་རྒྱལ་བའི་བ་དན་ནི་བསྒྲེང༌། བསིལ་ཡབ་ནོར་བུའི་ཡུ་བ་ཅན་དང༌། རྔ་ཡབ་དང༌། ཤིང་ཏ་ལ་ལས་བྱས་པ་ནི་གཡོ་བ་ཅིང༌། གླང་པོ་ཆེ་དང༌། རྟ་པ་དང༌། དཔུང་བུ་ཆུང་ངུ་མ་ནི་ཕྱི་བཞིན་འབྲང༌། རྒྱལ་བུ་དང༌། བྲམ་ཟེ་བསླབ་པ་ཕོག་པའི་བློན་པོ་དང༌། མདུན་ན་འདོན་དང༌། སྐྱེ་བོ་ཐལ་མོ་སྦྱར་བ་བརྒྱ་སྟོང་དུ་མས་ནི་ཕྱག་བྱ་ཞིང་རྒྱལ་བར་སྤྱོན་ཅིག །རྒྱལ་བར་སྤྱོན་ཅིག་ཅེས་སྙན་པ་བརྗོད་དེ་ཕྱིར་འབྱུང་བ་མྱོང་བ་ཡང་རིང་པོ་མི་ཐོགས་པར་གཡོ་བ་མེད་ཅིང་མལ་དུ་ཤི་ནས་མི་བཞིས་བཏེག་སྟེ། ཕ་དང་མ་དང་ཕུ་ནུ་དང༌། སྲིང་མོ་དང༌། ཆུང་མ་དང༌། བུ་ཕོ་དང༌། བུ་མོ་དང༌། རྟེན་གྲོགས་དང༌། བྲན་ཕོ་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་དང༌། བློན་པོ་དང༌། གྲོང་ཁྱེར་བའི་སྐྱེ་བོ་དག་མྱ་ངན་གྱི་དབང་དུ་སོང་སྟེ། ལག་པ་བཏེག་ནས་བྲང་བརྡུང་ཞིང་མཆོག་ཏུ་སྙིང་རྗེ་བར་ཀྱི་ཧུད་བུ། ཀྱི་ཧུད་མགོན་པོ། །ཀྱི་ཧུད་ཕུ་བོ་ཀྱི་ཧུད་ཇོ་བོ་ཞེས་དུ་ཞིང་ཞམ་རིང་བ་དང༌། གྲོང་ཁྱེར་བའི་སྐྱེ་བོ་དག་གི་འཇིགས་པ་དང་བཅས་པར་མཐོང་སྟེ། གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་སྒོར་ཕྱུང་ནས་སའི་འོག་ཏུ་བཅུག་གམ། འབྲོག་དགོན་པར་སའི་འོག་ཏུ་བཅུག་ཀྱང་བྱ་རོག་དང༌། བྱ་རྒོད་དང་ཝ་ལ་སོགས་པས་ཟོས་ཤིང་རུས་པ་དེ་དག་མེས་བསྲེགས་སམ། ཆུར་བསྐུར་རམ་སའི་འོག་ཏུ་བཅུག་ཀྱང་རླུང་དང་ཉི་མ་དང༌། ཆར་པས་ཕྱེ་མར་བྱས་ཏེ། ཕྱོགས་ཕྱོགས་སུ་འཐོར་ཞིང་དེ་ཉིད་དུ་རུལ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟར་ཐམས་ཅད་ཀྱི་ལུས་ཀྱི་རང་བཞིན་ནི་འདི་ཡིན་ཏེ། འདི་ལྟར་མི་རྟག་པ། འདི་ལྟར་མི་བརྟན་པ། འདི་ལྟར་ཡིད་བརྟན་དུ་མི་རུང་བ། འདི་ལྟར་རྣམ་པར་འཇིག་པའི་ཆོས་ཅན། ཡུན་ཐུང་བ། མི་གནས་པ། གཡོ་བ། འགུལ་བ། མཐར་འཇིག་པ། སྐད་ཅིག་པ། མཐར་སྡིག་པ། ཟད་ཅིང་འཇིག་པའི་སྒོ། །མཐར་འགྱེས་པའི་


DTG110_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན་འཇིགས་པ་དང་བཅས་པ། འཚེ་བ་དང་བཅས་པ། མྱ་ངན་དང༌། འཁྲུག་པ་མང་བ། འབྲུལ་བ། འཇིག་པ། འཆད་པ། འགྱེས་པ། འཐོར་བ། རྣམ་པར་འཇིག་པའི་ཆོས་ཅན་ཏེ། དེ་ལྟ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་མི་རྟག་པར་ལྟ་བ་དང༌། ཟད་པ་དང༌། འཇིག་པར་ལྟ་བ་དང༌། འདོད་ཆགས་ཀྱིས་ཆགས་པ་མེད་པར་ལྟ་བ་དང༌། ཞེ་སྡང་གིས་སྡང་བ་མེད་པ་དང༌། གཏི་མུག་གིས་རྨོངས་པ་མེད་པ་དང༌། རྒྱལ་སྲིད་ཀྱི་དབང་ཕྱུག་དང༌། འདོད་པའི་ལོངས་སྤྱོད་ཀྱི་བདེ་བ་རྣམས་ལ་ཡང་མི་ཆགས་པར་བྱའོ། །སྲོག་དང་ནད་མེད་པའི་རྒྱགས་པས་རྒྱགས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་འདོད་པ་རྣམས་རྙེད་པའམ། སོ་སོར་རྙེད་པའམ། བསགས་པའམ། རབ་ཏུ་བསགས་པའམ། བསྟེན་པས་ནི་འདོད་པ་རྣམས་ཀྱིས་ངོམས་པར་འགྱུར་རོ་ཞེས་ང་མི་སྨྲའོ། །གང་དག་ངོམས་པ་དེ་དག་ནི་འཕགས་པའི་ཤེས་རབ་ཀྱིས་ངོམས་སོ་ཞེས་གསུངས་སོ། །རྟག་ཏུ་ལུས་ལ་མི་སྡུག་པར་བསྒོམ་པ་དང་ལྡན་པར་བྱ་སྟེ། དཀོན་མཆོག་སྤྲིན་གྱི་མདོ་ལས་འབྱུང་བ། ལུས་འདི་ལ་སྐྲ་དང༌། སྤུ་དང༌། སེན་མོ་དང་སོ་དང༌། རྡུལ་དང༌། དྲི་མ་དང༌། པགས་པ་དང༌། ཤ་དང༌། རུས་པ་དང༌། རྒྱུས་པ་དང༌། རྩ་དང༌། མཁལ་མ་དང༌། སྙིང་དང༌། མཆིན་པ་དང༌། གློ་བ་དང༌། རྒྱུ་མ་དང༌། གཉེ་མ་དང༌། ལྒང་པ་དང༌། ཕོ་བ་དང༌། སུལ་མངས་དང༌། ལོང་ཀ་དང༌། མཆེར་པ་དང༌། ཕི་ས་དང༌། མཆི་མ་དང༌། རྡུལ་དང༌། སྣབས་དང༌། ངར་སྣབས་དང༌། ཞག་དང༌། ཆུ་སེར་དང༌། རྐང་དང༌། ཚིལ་དང༌། མཁྲིས་ཕ་དང༌། བད་ཀན་དང༌། རྣག་དང༌། ཁྲག་དང༌། གླད་པ་དང༌། གླད་རྒྱས་དང༌། གཅིན་དག་ཡོད་དེ་དངོས་པོ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཡོངས་སུ་རྟོག་པའི་རང་བཞིན་ཅན་ཡིན་ཏེ། ཡོངས་སུ་རྟོག་པའི་རང་བཞིན་ཅན་དེ་འདི་སྙམ་དུ་གང་ཡང་བྱིས་པ་བླུན་པོ་མི་གསལ་བ་མི་མཁས་པ། དེ་ཡང་དངོས་པོ་འདི་དག་ཤེས་ནས་འདོད་ཆགས་ཀྱི་སེམས་མི་བསྐྱེད་ན། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་ལ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་སེམས་སོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དོན་རྣམ་པར་ངེས་པའི་མདོ་ལས་ཀྱང་འབྱུང་སྟེ། དགེ་སློང་དག་འདི་ལ་དགེ་སློང་དགོན་པ་ན་འདུག་ཀྱང་རུང༌། ཤིང་དྲུ་ངན་འདུག་ཀྱང་


DTG110_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རུང། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ལུས་འདི་ཉིད་ལ་འོག་གི་རྐང་མཐིལ་ཡན་ཆད། སྐྲ་དང་ཀླད་པ་ལ་ཐུག་གི་བར་དུ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་སྟེ། ལུས་འདི་ལ་ཡོད་པ་ནི་སྐྲ་དང༌། སྤུ་དང་སེན་མོ་དང༌། སོ་དང༌། རྡུལ་དང༌། དྲི་མ་དང༌། པགས་པ་དང༌། ཤ་དང༌། རུས་པ་དང༌། རྒྱུས་པ་དང༌། རྩ་དང༌། མཁལ་མ་དང༌། སྙིང་དང༌། གློ་བ་དང༌། མཆིན་པ་དང༌། ཕོ་བ་དང༌། ལོང་ཀ་དང༌། རྒྱུ་མ་དང༌། གཉེ་མ་དང༌། ལྒང་པ་དང༌། སུལ་མངས་དང༌། མཆེར་པ་དང༌། ཕྱི་ས་དང༌། མཆི་མ་དང༌། རྡུལ་དང༌། ངར་སྣབས་དང༌། མཆིལ་མ་དང༌། ཞག་དང༌། ཆུ་སེར་དང༌། རྐང་དང༌། ཚིལ་དང༌། རྣག་དང༌། བད་ཀན་དང༌། མཁྲིས་པ་དང༌། ཁྲག་དང༌། ཀླད་པ་དང༌། ཀླད་རྒྱས་དང༌། གཅིན་དང༌། མིག་རྡུ་དང༌། རྣ་སྤབས་དང༌། སོའི་དྲི་མ་དང༌། ལྕེའི་དྲི་མ་དག་ཡོད་དེ། མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་གོ །དགེ་སློང་དག་འདི་ལྟ་སྟེ། དཔེར་ན་འབྲས་སཱ་ལུ་དང༌། འབྲུ་དང༌། ནས་དང༌། གྲོ་དང༌། མོན་སྲན་གྲེའུ་དང༌། མོན་སྲན་སྡེའུ་དང༌། རྒྱ་སྲན་དང༌། འབྲས་སོ་བ་དང༌། སྲན་ཆུང་དང༌། མོན་སྲན་ན་གུ་དང༌། ཡུངས་ཀར་དང༌། འབྲུ་རྣམ་པ་སྣ་ཚོགས་ཀྱིས་གང་བའི་སྦྱང་ཞིག་ཁ་གཉི་ག་ཕྱེ་བ་དེ་ལ་མིག་དང་ལྡན་པའི་མི་ཞིག་གིས་བླུགས་ནས་སོ་སོར་རྟོག་གོ །སོ་སོར་བརྟགས་ནས་འདི་དག་ནི་འབྲས་སཱ་ལུའོ། །འདི་དག་ནི་འབྲུའོ། །འདི་དག་ནི་ནས་སོ། །འདི་དག་ནི་གྲོའོ། །འདི་དག་ནི་མོན་སྲན་གྲེའུའོ། །འདི་དག་ནི་མོ་ན་སྲན་སྡེའུའོ། །འདི་དག་ནི་རྒྱ་སྲན་ནོ། །འདི་དག་ནི་འབྲས་སོ་བའོ། །འདི་དག་ནི་སྲན་ཆུང་ངོ༌། །འདི་དག་ནི་མོན་སྲན་ན་གུའོ། །འདི་དག་ནི་འབྲས་དྲུས་པའོ། །འདི་དག་ནི་ཏིལ་ལོ། །འདི་དག་ནི་ཡུངས་ཀར་རོ་ཞེས་བྱ་བར་ཤེས་སོ། །དགེ་སློང་དག་དེ་བཞིན་དུ་དགོན་པ་ན་འདུག་ཀྱང་རུང༌། ཤིང་དྲུག་ན་འདུག་ཀྱང་དུང༌། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ལུས་འདི་ཉིད་ལ་འོག་གི་རྐང་མཐིལ་ཡན་ཆད། སྐྲ་དང་གླད་པ་ལ་ཐུག་གི་བར་དུ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་ཤིག་ཅེས་གསུངས་སོ། །དཔས་བྱིན་གྱིས་ཞུས་


DTG110_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མདོ་ལས་ཀྱང༌། འདི་ལ་བྱང་ཆུབ་སེམས་དཔས་ལུས་འདིའི་ཐོག་མ་དང་ཐ་མའི་རྒྱུ་ལ་སོ་སོར་བརྟག་པར་བྱའོ། །ཕ་མའི་ཁུ་ཆུ་དང་ཁྲག་འདྲེས་པ་ལས་འབྱུང་སྟེ། ལུས་འདི་ལ་ཁུ་ཆུ་དང་ཁྲག་ནི་ལུས་ཀྱི་ཐོག་མའི་རྒྱུ་ཡིན་ནོ། །ཐ་མའི་རྒྱུ་ནི་ཟས་འཇུ་བ་ལ་སོགས་པ་སྟེ། ཁམ་གྱི་བཟའ་བའི་ཟས་ཟོས་མ་ཐག་ཏུ་བད་ཀན་གྱི་གནས་སུ་འགྲོའོ། །བད་ཀན་གྱི་གནས་སུ་ཕྱིན་ནས། བད་ཀན་གྱིས་རྐྱང་རྐྱང་པོར་བྱས་ཏེ། ཤིན་ཏུ་མི་གཙང་བར་འགྱུར་རོ། །དེའི་འོག་ཏུ་མཁྲིས་པའི་ངས་སུ་འགྲོ་སྟེ། མཁྲིས་པའི་གནས་སུ་ཕྱིན་ནས་ཞུ་ཞིང་སྐྱུར་པོར་གྱུར་ཏེ། རླུང་གི་གནས་སུ་འགྲོའོ། །ཞུ་སྟེ་རླུང་གི་གནས་སུ་ཕྱིན་ནས་རླུང་གིས་ཚིགས་མ་ལོགས་ཤིག་དངས་མ་ལོགས་ཤིག་ཏུ་རྣམ་པར་འབྱེད་དེ། ཚིགས་མ་ལས་ནི་གཅིན་དང་ངན་སྐྱུགས་ལ་སོགས་ཏེ་དྲི་མ་རྣམས་འབྱུང༌། དངས་མ་ལས་ནི་ཁྲག་ཏུ་འགྱུར་ཏེ། ཁྲག་ལས་ཤའོ། །ཤ་ལས་ཚིལ་ལོ། །ཚིལ་ལས་རུས་པའོ། །རུས་པ་ལས་རྐང་ངོ༌། །རྐང་ལས་ཁུ་ཆུའོ། །ཁུ་ཆུ་ལས་ལུས་འདི་སྟེ། དེ་ལྟར་ཐོག་མ་དང༌། ཐ་མའི་རྒྱུ་མི་གཙང་བའི་ཕྱིར་ལུས་མི་གཙང་བར་བྱང་ཆུབ་སེམས་དཔས་བསམ་པར་བྱའོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་འབྱུང་བ། འདི་ལྟར་མི་གཙང་ཕུང་པོའི་ལུས་ལ་ནི། །གཟུགས་མངོན་ང་རྒྱལ་ཅན་གང་གུས་བྱེད་པ། །བྱིས་པའི་བློ་ཅན་དེ་ནི་མངོན་བཞིན་དུ། །མི་ཤེས་ངན་སྐྱུགས་བུམ་པ་ཐོགས་ཤིང་འགྲོ། །དེ་ཡི་སྣ་ནས་རྣག་ནི་རྣམ་པར་འཛག །ཁ་ནས་དྲི་མི་ཞིམ་པ་རྟག་ཏུ་འབྱུང༌། །མིག་རྔུ་ཆགས་ཞིང་སྐྱེ་བོའི་སྲིན་བུ་ཅན། །དེ་ལ་སུ་ཞིག་ཆགས་ཞིང་གུས་པར་བྱེད། །དཔེར་ན་བྱིས་པ་སོལ་བ་ཐོགས་ནས་སུ། །འདི་ནི་དཀར་པོར་བྱ་ཞེས་བདར་ཀྱང་ནི། །དཀར་པོའི་དངོས་པོར་མི་འགྱུར་ཟད་པར་འགྱུར། །ཕྱིས་བློ་ཕྱིན་ཅི་ལོག་གི་ང་རྒྱལ་ཅན། །དེ་ལྟར་མི་གང་གཙང་སྦྲའི་བློ་གྲོས་ཅན། །ང་ཡི་ལུས་འདི་གཙང་མར་བྱ་ཞེས་ཏེ། །བསྐུས་ཕྱིས་འབབ་སྟེགས་བརྒྱར་ནི་ཁྲུས་བྱས་ཀྱང༌། །འཆི་བདག་དབང་གིས་ཟད་འགྱུར་གཙང་མི་འགྱུར། །ཞེས་གསུངས་སོ། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང༌། །དེ་ནས་ལི་ཙྪ་བཱི་དྲི་མ་མེད་པར་གྲགས་པས་ཚད་མེད་པའི་ཐབས་ལ་མཁས་པའི་ཡེ་ཤེས་དང་ལྡན་ཏེ། ཡངས་པའི་གྲོང་ཁྱེར་ཆེན་པོ་ན་གནས་ཞིང་འདུག་གོ །དེ་


DTG110_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ལ་མཁས་པས་བདག་ཉིད་ན་བ་ལྟ་བུར་བསྟན་ནས། དེ་ལ་ནད་དྲི་བའི་ཕྱིར་ཡངས་པའི་གྲོང་ཁྱེར་ཆེན་པོ་ནས་རྒྱལ་པོ་དང༌། བློན་པོ་ཆེན་པོ་དང༌། བློན་པོ་དང༌། གཞོན་ནུ་དང༌། འཁོར་དང༌། བྲམ་ཟེ་དང༌། ཁྱིམ་བདག་དང༌། ཚོང་དཔོན་དང༌། ཁྱིམ་པ་དང༌། ཡུལ་གྱི་མི་དང། དེ་མ་ཡིན་པ་སྲོག་ཆགས་སྟོང་ཕྲག་མང་པོ་ནད་འདྲིར་འོངས་ཏེ། དེར་ལྷགས་པ་དེ་དག་ལ། ལིཙྪ་བཱི་དྲི་མ་མེད་པར་གྲགས་པས་འབྱུང་བ་ཆེན་པོ་བཞིའི་ལུས་འདི་ཉིད་ལ་བརྩམས་ནས་ཆོས་སྟོན་ཏེ། གྲོགས་པོ་རྣམས་ལུས་འདི་ནི་འདི་ལྟར་མི་རྟག་པ་འདི་ལྟར་མི་བརྟན་པ། འདི་ལྟར་ཡིད་བརྟན་དུ་མི་རུང་བ། འདི་ལྟར་ཉམ་ཆུང་བ། འདི་ལྟར་སྙིང་པོ་མེད་པ། འདི་ལྟར་ཞིགས་བ། འདི་ལྟར་ཡུན་ཐུང་བ། འདི་ལྟར་སྡུག་བསྔལ་བ། འདི་ལྟར་ནད་མང་བ། འདི་ལྟར་འགྱུར་བའི་ཆོས་ཅན་ནོ། །གྲོགས་པོ་དག་འདི་ལྟར་ལུས་འདི་ནི་ནད་མང་པོའི་སྣོད་དེ། མཁས་པས་དེ་ལ་གནས་པར་མི་བྱའོ། །གྲོགས་པོ་དག་ལུས་འདི་ནི་ཅང་མི་བཟོད་པ་སྟེ། དབུ་བ་རྡོས་པ་ལྟ་བུའོ། །ལུས་འདི་ནི་རིང་དུ་མི་གནས་པ་སྟེ། ཆུའི་ཆུ་བུར་ལྟ་བུའོ། །ལུས་འདི་ནི་ཉོན་མོངས་པའི་སྲིད་བ་ལས་འབྱུང་བ་སྟེ། སྨིག་རྒྱུ་ལྟ་བུའོ། །ལུས་འདི་ནི་སྙིང་པོ་མེད་པ་སྟེ། ཆུ་ཤིང་གི་ཕུང་པོ་ལྟ་བུའོ། །ཀྱེ་མ་ལུས་འདི་ནི་རུས་པ་ལ་རྒྱུས་པས་སྦྲེལ་བ་སྟེ། འཁྲུལ་འཁོར་ལྟ་བུའོ། །ལུས་འདི་ནི་སེམས་ཕྱིན་ཅི་ལོག་ལས་བྱུང་བ་སྟེ། སྒྱུ་མ་ལྟ་བུའོ། །ལུས་འདི་ནི་ཡང་དག་པ་མ་ཡིན་པ་མཐོང་བ་སྟེ་རྨི་ལམ་ལྟ་བུའོ། །ལུས་འདི་ནི་སྔོན་གྱི་ལས་ཀྱི་གཟུགས་བརྙན་སྣང་བ་སྟེ། གཟུགས་བརྙན་ལྟ་བུའོ། །ལུས་འདི་ནི་རྐྱེན་ལ་རག་ལས་པའི་ཕྱིར་བྲག་ཅ་ལྟ་བུའོ། །ལུས་འདི་ནི་སེམས་འཁྲུག་ཅིང་འགྱེས་པའི་མཚན་མ་སྟེ། སྤྲིན་ལྟ་བུའོ། །ལུས་འདི་ནི་སྐད་ཅིག་ཏུ་འཇིག་པ་དང་ལྡན་ཞིང་མི་གནས་པ་སྟེ། གློག་དང་མཚུངས་སོ། །ལུས་འདི་ནི་རྐྱེན་སྣ་ཚོགས་ལས་བྱུང་བ་སྟེ། བདག་པོ་མེད་པའོ། །ལུས་འདི་ནི་ས་དང་འདྲ་སྟེ་བྱེད་པ་མེད་པའོ། །ལུས་འདི་ནི་ཆུ་དང་འདྲ་སྟེ་བདག་མེད་པའོ། །ལུས་འདི་ནི་མེ་དང་འདྲ་སྟེ་སྲོག་མེད་པའོ། །ལུས་འདི་ནི་རླུང་དང་འདྲ་སྟེ། གང་ཟག་མེད་པའོ། །ལུས་འདི་ནི་ནམ་མཁའ་དང་འདྲ་སྟེ་རང་བཞིན་མེད་པའོ། །ལུས་འདི་ནི་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་ཏེ། ཡང་


DTG110_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་མ་ཡིན་ནོ། །ལུས་འདི་ནི་བདག་དང་བདག་གི་བ་མེད་པ་སྟེ་སྟོང་པའོ། །ལུས་འདི་ནི་རྩྭ་དང༌། ཤིང་དང༌། རྩིག་པ་དང༌། བོང་བ་དང༌། མིག་ཡོར་ལྟ་བུ་སྟེ་བེམས་པོའོ། །ལུས་འདི་ནི་རླུང་གི་འཁྲུལ་འཁོར་དང་ལྡན་པར་འབྱུང་སྟེ་ཚོར་བ་མེད་པའོ། །ལུས་འདི་ནི་རྣག་དང༌། མི་གཙང་བ་བསགས་པ་སྟེ། གསོག་གོ །ལུས་འདི་ནི་རྟག་ཏུ་བྱུག་པ་དང་མཉེ་བ་དང༌། འཇིག་པ་དང་འགྱེས་པའི་ཆོས་ཅན་ཏེ་གསོབ་བོ། །ལུས་འདི་ནི་ནད་བཞི་བརྒྱ་རྩ་བཞིས་གཙེས་པའོ། །ལུས་འདི་ནི་རྟག་ཏུ་རྒ་བས་ཟིལ་གྱིས་ནོན་པ་སྟེ་ཁྲོན་པ་རྙིང་པ་དང་འདྲའོ། །ལུས་འདི་ནི་འཆི་བའི་མཐར་ཐུག་པ་སྟེ། མཐར་མི་གནས་པའོ། །ལུས་འདི་ནི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཀྱིས་ཡོངས་སུ་ཟིན་པ་སྟེ། གཤེད་མ་དང་དུག་དྲག་པོ་དང་གྲོང་སྟོང་པ་ལྟ་བུའོ། །ཁྱེད་ཀྱིས་དེ་ལྟ་བུའི་ལུས་དེ་ལ་སུན་པ་དང༌། སྐྱོ་བ་སྐྱེད་ཅིང་དེ་བཞིན་གཤེགས་པའི་སྐུ་ལ་མོས་པ་བསྐྱེད་པར་བྱའོ། །གྲོགས་པོ་རྣམས་དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ། བསོད་ནམས་ལས་སྐྱེས་པའོ། །དེ་བཞིན་གཤེགས་པའི་སྐུ་ནི་སྦྱིན་པ་ལས་སྐྱེས་པ། ཚུལ་ཁྲིམས་ལས་སྐྱེས་པ། ཏིང་ངེ་འཛིན་ལས་སྐྱེས་པ། ཤེས་རབ་ལས་སྐྱེས་པ། རྣམ་པར་གྲོལ་བ་ལས་སྐྱེས་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལས་སྐྱེས་པ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ལས་སྐྱེས་པ། སྦྱིན་པ་དང༌། དུལ་བ་དང༌། ཡང་དག་པའི་སྡོམ་པ་ལས་སྐྱེས་པ། དགེ་བ་བཅུའི་ལས་ཀྱི་ལམ་ལས་སྐྱེས་པ། བཟོད་པ་དང་དེས་པ་ལས་སྐྱེས་པ། བརྩོན་འགྲུས་དང་བརྟན་པའི་དགེ་བའི་རྩ་བ་ལས་སྐྱེས་པ། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ལས་སྐྱེས་པ། ཐོས་པ་དང༌། ཤེས་རབ་དང༌། ཐབས་ལས་སྐྱེས་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལས་སྐྱེས་པ། ཞི་གནས་དང་ལྷག་མཐོང་ལས་སྐྱེས་པ། སྟོབས་བཅུ་ལས་སྐྱེས་པ། མི་འཇིགས་པ་བཞི་ལས་སྐྱེས་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལས་སྐྱེས་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལས་སྐྱེས་པ། མངོན་པར་ཤེས་པ་དང་རིག་པ་ལས་སྐྱེས་པ། མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་ལས་སྐྱེས་པ། དགེ་བའི་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ལས་


DTG110_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ། བདེན་པ་ལས་སྐྱེས་པ། ཡང་དག་པ་ཉིད་ལས་སྐྱེས་པ། བག་ཡོད་པ་ལས་སྐྱེས་པའོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་དགེ་བའི་ལས་ཚད་མེད་པ་ལས་སྐྱེས་པ་སྟེ། ཁྱེད་ཀྱིས་དེ་ལྟ་བུའི་སྐུ་དེ་ལ་མོས་པ་བསྐྱེད་པར་བྱའོ་ཞེས་གསུངས་སོ།། །། བམ་པོ་གསུམ་པ། དབང་ཕྱུག་གི་གནས་རྙེད་ན་ཡང་སུས་ཀྱང༌། ལོག་པར་བསྒྲུབ་པར་མི་བྱ་སྟེ། ཡང་དག་པར་སྒྲུབ་པ་ལ་ནན་ཏན་དུ་བྱའོ། །དེ་ལ་ཡང་དག་པའི་སྒྲུབ་པ་ནི། བདེན་པ་པོའི་ལེའུ་ལས་འབྱུང་བ། སྐྱེ་དགུ་བསྐྱང་བ་ལ་བརྩོན་པའི་ཆོས་ཀྱི་རྒྱལ་པོས་འདུ་ཤེས་ལ་གནས་པ་བརྒྱད་ཀྱིས་མང་དུ་གནས་པར་བྱའོ། །བརྒྱད་གང་ཞེ་ན། སྐྱེ་དགུའི་རིགས་སུ་གཏོགས་པའི་སེམས་ཅན་རྣམས་ལ་བུའི་འདུ་ཤེས་དང༌། མི་སྲུན་པ་ཁྲོ་བ་རྣམས་ལ་ནད་པའི་འདུ་ཤེས་དང༌། སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་བའི་འདུ་ཤེས་དང༌། བདེ་བ་རྣམས་ལ་དགའ་བའི་འདུ་ཤེས་དང༌། མི་མཛའ་བ་རྣམས་ལ་དེའི་གཞི་ལས་ཉེས་པར་ལྟ་བའི་འདུ་ཤེས་དང༌། མཛའ་བ་རྣམས་ལ་རྗེས་སུ་བསྲུང་བའི་འདུ་ཤེས་དང༌། ལོངས་སྤྱོད་རྣམས་ལ་སྨན་གྱི་འདུ་ཤེས་དང༌། བདག་ལ་བདག་མེད་པའི་འདུ་ཤེས་སོ། །རྒྱལ་པོ་ཆེན་པོ་དེ་ལ་སྐྱེ་དགུའི་རིས་སུ་གཏོགས་པའི་སེམས་ཅན་རྣམས་ལ་བུའི་འདུ་ཤེས་ཀྱིས་གནས་པ་ནི་རྒྱལ་པོ་ཆེན་པོ་དེ་ཕས་བུ་བཅོས་པ་ལྟར་མི་སྲུན་པ་ཚར་བཅད་པ་ལ་འཇུག་ཀྱང༌། སྙིང་རྗེ་བའི་བསམ་པ་མི་གཏོང་བའོ། །མི་སྲུན་པ་རྣམས་ལ་ནད་པའི་འདུ་ཤེས་ཀྱིས་གནས་པ་ནི་སྨན་པ་ལྟར་གནོད་པ་བྱེད་པ་ལ་ནི་མི་ཁྲོ་ཞིང་སྐྱོན་རབ་ཏུ་བསལ་བའི་ཕྱིར་སྦྱོར་བའོ། །སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་བའི་འདུ་ཤེས་ཀྱིས་གནས་པ་ནི། གནོད་པ་ཐམས་ཅད་ཡོངས་སུ་སྤོང་ཞིང་ཕན་པ་སྒྲུབ་པའི་ཕྱིར་འཇུག་པའོ། །བདེ་བ་རྣམས་ལ་དགའ་བའི་འདུ་ཤེས་ཀྱིས་གནས་པ་ནི་གཞན་གྱི་ནོར་དང་ཡོ་བྱད་ལ་བརྣབ་སེམས་དང་ཕྲག་དོག་གི་སེམས་མི་བསྐྱེད་པའོ། །མི་མཛའ་བ་རྣམས་ལ་དེའི་གཞི་ལ་ཉེས་པར་ལྟ་བའི་འདུ་ཤེས་ཀྱིས་གནས་པ་ནི་དེའི་གཞི་ཡོངས་སུ་སྤོང་བ་སྟེ། དེས་སྐྱེ་བོ་གཞན་ལ་ལྟ་ཅི་སྨོས་ཀྱི་དགྲ་རྣམས་དང་ཡང་མཛའ་བར་བྱེད་པའོ། །མཛའ་བ་རྣམས་ལ་རྗེས་སུ་བསྲུང་བའི་འདུ་ཤེས་ཀྱིས་གནས་པ་ནི་མཛའ་བ་བརྟན་པ་དང༌། ཐམས་ཅད་དང་མཛའ་བའོ། །ལོངས་སྤྱོད་


DTG110_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སྨན་གྱི་འདུ་ཤེས་ཀྱིས་གནས་པ་ནི་འདོད་པ་ལ་ལོག་པར་གཡེམ་པ་ལ་ཡོངས་སུ་མི་སྤྱོད་ཅིང་ལོངས་སྤྱོད་རྣམས་ལ་མ་ཆགས་པར་ཡོངས་སུ་སྤྱོད་པའོ། །བདག་ལ་བདག་མེད་པའི་འདུ་ཤེས་ཀྱིས་གནས་པ་ནི་ཆོས་དོན་དུ་གཉེར་ཞིང་དགེ་སྦྱོང་དང༌། བྲམ་ཟེ་རྣམས་ཀྱི་དྲུང་དུ་སོང་སྟེ་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ལ་འཇུག་པ་སྟེ། རྒྱལ་པོ་ཆེན་པོ་འདུ་ཤེས་ལ་གནས་པ་བརྒྱད་པོ་དེ་དག་གིས་གནས་པའི་ཆོས་དང་ལྡན་པའི་རྒྱལ་པོ་ནི་སྐྱེས་ཕུལ་བ་ཙམ་གྱིས་ཀྱང་ལོངས་སྤྱོད་རྣམས་ཤིན་ཏུ་མང་བར་འཕེལ་བར་འགྱུར་གྱི། ཆོས་དང་མི་མཐུན་པས་ནི་གཡོའི་སྦྱོར་བ་དང༌། འདུན་པ་རྣམ་པ་ཐམས་ཅད་ཀྱིས་བསྒྲུབས་ཀྱང་དེ་ལྟར་འཕེལ་བར་མི་འགྱུར་རོ་ཞེས་གསུངས་སོ། །ཡིད་གཉིས་ལེགས་པར་འཇོམས་པའི་མདོ་ལས་ཀྱང༌། ཆོས་བཞི་དང་ལྡན་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལོག་པར་མི་ལྟུང་བའི་ཆོས་ཅན་དུ་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱུར་དུ་མཉེས་པར་བྱེད་ཅིང་ལོངས་སྤྱོད་ཆེན་པོ་ཕུན་སུམ་ཚོགས་པ་ཡང་ཡོངས་སུ་འཛིན་ཏོ། །བཞི་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་བསྟན་པ་སྲུང་བའི་ཕྱིར་གནས་པ་ཡིན། སྡིག་པ་མི་དགེ་བའི་ཆོས་ལ་སྨོད་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཆོས་ཡོངས་སུ་འཛིན་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ་ཞེས་གསུངས་སོ། །མི་དགེ་བ་ཡོངས་སུ་སྤང་བར་བྱ་བ་གང་ཞེ་ན། ཉི་མའི་སྙིང་པོའི་ལེའུ་ལས་འབྱུང་བ། མ་འོངས་པའི་དུས་ན་རྒྱལ་རིགས་དང༌། བྲམ་ཟེའི་རིགས་དང༌། རྗེའུ་རིགས་དང༌། དམངས་རིགས་དག་ཆོས་ཀྱིས་གནས་པའི་དགེ་སློང་རྣམས་ལ་བྱིན་པའི་ཁྱིམ་གྱི་གཞི་དང༌། ཞིང་གི་གཞི་དང༌། ཀུན་དགའ་ར་བའི་གཞི་དང༌། སྐྱེད་མོས་ཚལ་དང༌། བྲན་ཕོ་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། མལ་ཆ་དང༌། སྟན་དང༌། ན་བའི་གསོས་སྨན་དང༌། ཡོ་བྱད་ནས་རྐང་འགྲོས་ཀྱི་བར་དུ་ཡང་དེ་བཞིན་དུ་བྱིན་པ་ལ་བརྐུ་བ་དང༌། རིལ་གྱིས་འཕྲོག་པ་དག་འབྱུང་བར་འགྱུར་ཏེ། རྒྱ་རིགས་ནས། དམངས་རིགས་ཀྱི་བར་དུ་དེ་དག་ཚེ་འདི་ཉིད་ལ་མི་འདོད་པའི་ཆོས་ཉི་ཤུ་དང་མྱུར་དུ་ལྡན་པར་འགྱུར་རོ། །ཉི་ཤུ་གང་ཞེ་ན། ལྷ་འབང་པར་འགྱུར་བ་དང༌། ཕྱོགས་དང༌། ཕྱོགས་


DTG110_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སུ་དེའི་མི་སྙན་པ་གྲགས་པར་འགྱུར་བ་དང༌། དེ་མཛའ་བོ་དང༌། ཉེ་དུ་དང༌། སྣག་གི་གཉེན་མཚམས་ཀྱིས་བོར་བར་འགྱུར་བ་དང༌། དེ་ལ་དགྲ་མང་བར་འགྱུར་བ་དང༌། ནོར་དང༌། འབྲུ་དང༌། ཡོ་བྱད་འགྲིབ་པར་འགྱུར་བ་དང༌། གཡེང་བ་མང་བར་འགྱུར་པ་དང༌། ཡན་ལག་མ་ཚང་བར་འགྱུར་བ་དང༌། དེ་གཉིད་མེད་པར་འགྱུར་བ་དང༌། དེ་དག་རྟག་དུ་སྐོམ་པས་ཉེན་པར་འགྱུར་བ་དང༌། དེ་ལ་བཏུང་བ་ཡང་དུག་ཏུ་འགྱུར་བ་དང༌། མཛའ་བ་ཡིད་དུ་འཐད་པ་དག་དང་ཡང་མྱུར་དུ་འབྲལ་བར་འགྱུར་བ་དང༌། རྟག་ཏུ་གཞན་དང་འཐབ་པར་འགྱུར་བ་དང༌། ཕ་མ་དང༌། ཆུང་མ་དང༌། བུ་ཕོ་དང༌། བུ་མོ་དང༌། བྲན་ཕོ་དང༌། བྲན་མོ་དག་བསྒོ་བའི་རྗེས་སུ་མཐུན་པར་མི་བྱེད་པར་འགྱུར་བ་དང༌། དེའི་ཚིག་གསང་བ་དང༌། ནོར་གསང་བ་དང༌། བཙུན་མོའི་འཁོར་གསང་བ་དང༌། དེའི་གསང་བའི་དངོས་པོ་ཐམས་ཅད་སྣང་ཞིང་མངོན་པར་འགྱུར་བ་དང༌། བགོ་སྐལ་ལ་སྤྱོད་པ་མི་སྡུག་པ་དག་གིས་ལོངས་སྤྱོད་རྣམས་ཆུད་གསོན་པར་འགྱུར་བ་དང༌། མྱུར་དུ་ནད་དྲག་པོས་བཏབ་པར་འགྱུར་བ་དང༌། སྨན་དང་ནད་གཡོག་མེད་ཅིང་ཤ་དང་ཁྲག་སྐམས་ལ། སྡུག་བསྔལ་མྱོང་བར་འགྱུར་བ་དང༌། བདག་གི་གཅིན་རྐྱགས་ཀྱིས་རེག་སྟེ། འཆི་བའི་དུས་བྱེད་པར་འགྱུར་བ་སྟེ། རྒྱལ་པོ་ཆེན་པོ་མི་འདོད་པའི་ཆོས་ཉི་ཤུ་པོ་འདི་དག་དང་མྱུར་དུ་འཕྲད་པར་འགྱུར་རོ། །གང་ཆོས་ཀྱིས་གནས་པའི་དགེ་སློང་རྣམས་ལ་བྱིན་པའི་ལོངས་སྤྱོད་དང༌། ཡོངས་སུ་སྤྱོད་པ་དང༌། ནོར་དང༌། ཡོ་བྱད་ཕྲོགས་སམ་བདག་སྤྱོད་དམ། གཞན་སྤྱོད་དུ་བཅུག་ན་དེ་འཆི་བའི་དུས་བྱས་ནས། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་སྟེ། དེ་ན་ཚེ་བསྐལ་པའི་བར་དུ་ཟངས་བཞུ་བའི་ཁུ་བ་འཐུང་ཞིང་ལྕགས་ཀྱི་ཐུ་ལུམ་ཟ་ལ་མེའི་གོས་གྱོན་ཅིང་ཤིན་ཏུ་མི་བཟད་པའི་སྡུག་བསྔལ་སྣ་ཚོགས་མྱོངས་བར་འགྱུར་རོ། །བསྐལ་པར་འདུག་པའི་ཚེ་ཟད་ནས་མྱ་ངམ་དགོན་པ་ཆུ་མེད་པ་ན་ལམ་གོལ་བའི་ཡི་དགས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་རྐང་པ་དང༌། ལག་པ་དང༌། མིག་མེད་པར་སྐྱེའོ། །དེ་ནས་ཕྱོགས་བཞིའི་རླུང་ཚ་བས་སྲེག་ཅིང་སྤུ་གྲི་འདྲ་བའི་ས་ལ་འགྲོ་སྟེ། དེ་ལོ་བརྒྱ་སྟོང་དུ་མའི་བར་དུ་དེ་ན་འདི་འདྲ་བའི་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་བརྒྱ་ལ་ཇི་སྟེ་ན་ཤི་འཕོས་ན་ཡང༌། རྒྱ་མཚོ་ཆེན་


DTG110_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ཤ་སྣ་གུའི་ལུས་དཔག་ཚད་བརྒྱ་པར་སྐྱེས་ཏེ། དེ་ནི་སྔོན་གྱི་ལས་ཀྱི་རྒྱུས་དཔག་ཚད་བརྒྱ་ཁོར་ཁོར་ཡུག་ཏུ་ཆུ་ཟངས་བཞུ་བའི་ཁུ་བ་འདྲ་བ་བྱུང་ནས། དེ་ཆུ་དེའི་ནང་ན་ལོ་བརྒྱ་སྟོང་དུ་མའི་བར་དུ་སེམས་ཅན་དམྱལ་བར་གནོད་པ་མྱོང་བར་འགྱུར་རོ། །དེ་ནས་ཤི་འཕོས་ནས་ཀྱང་མྱ་ངམ་གྱི་དགོན་པར་རྫུས་ཏེ་སྐྱེས་ནས། ཤ་སྣ་གུ་ཆེན་པོ་རི་རབ་ཙམ་དུ་གྱུར་ཏེ་དེ་ཕྱོགས་བཞི་ཀུན་ནས་རླུང་ཤིན་ཏུ་ཚ་བས་སྲེག་ཅིང་དེར་ཕྱོགས་བཞི་ནས་གཅན་གཟན་དང༌། བྱ་ཀུན་ལྷགས་ཏེ་ཟའོ། །དེ་བརྒྱ་ལ་ཇི་སྟེ་ཡུན་རིང་པོ་ཞིག་ན་དེ་ནས་ཤི་འཕོས་ནས་ཀྱང༌། ཡང་སེམས་ཅན་དམྱལ་བ་ཆེན་པོར་སྐྱེའོ། །དེ་ནས་ཤི་འཕོས་ནས་ཀྱང་ཡང་རྣམ་པ་འདི་ལྟ་བུའི་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ། །ཡོངས་སུ་བརྟག་པ་བཟུང་སྟེ། དེ་ཇི་སྟེ་བརྒྱ་ལ་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང༌། སངས་རྒྱས་མེད་པའི་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་ཅན་དུ་སྐྱེ་ཞིང་མིག་མེད་པ་དང་མི་སྡུག་པར་འགྱུར་ཏེ། རྒྱལ་པོ་ཆེན་པོ་ཆོས་ཀྱིས་གནས་པའི་དགེ་སློང་རྣམས་ཀྱི་ལོངས་སྤྱོད་དང༌། ཡོངས་སུ་སྤྱོད་པ་དང༌། ནོར་དང་ཡོ་བྱད་ཕྲོགས་ན། དེ་འདི་ལྟ་བུར་སྡུག་བསྔལ་བར་འགྱུར་རོ་ཞེས་གསུངས་སོ། །ནམ་མཁའི་སྙིང་པོའི་ལེའུ་ལས་ཀྱང༌། རིགས་ཀྱི་བུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་ལྟུང་བའི་རྩ་བ་ལྔ་སྟེ། ལྟུང་བའི་རྩ་བ་དེ་དག་གིས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཆུད་གཟན་ཏེ། ཕ་ས་ཕམ་ཞིང་ལྷ་དང་མིའི་བདེ་བའི་གནས་ཐམས་ཅད་ནས་ལྷུང་ནས་ངན་སོང་དུ་འགྲོ་བར་འགྱུར་རོ། །ལྔ་གང་ཞེ་ན་རིགས་ཀྱི་བུ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་མཆོད་རྟེན་གྱི་རྫས་འཕྲོག་གམ། དགེ་འདུན་གྱི་དང༌། ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བ་འཕྲོག་གམ། འཕྲོག་ཏུ་འཇུག་པ་འདི་ནི་ལྟུང་བའི་རྩ་བ་དང་པོའོ། །གང་ཡང་ཆོས་སྤོང་ཞིང་འགོག་ཏུ་འཇུག་སྟེ། ཉན་ཐོས་ངེས་པར་འབྱུང་བ་བཤད་པའམ། རང་སངས་རྒྱས་ངེས་པར་འབྱུང་བ་བཤད་པའམ། ཐེག་པ་ཆེན་པོ་ངེས་པར་འབྱུང་བ་བཤད་པ་སྤོང་ཞིང་འགོག་ཏུ་འཇུག་པ་འདི་ནི་ལྟུང་བའི་རྩ་བ་གཉིས་པའོ། །གང་ཡང་ངའི་ཕྱིར་རབ་ཏུ་བྱུང་སྟེ། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་གྱོན་པ་བསླབ་པ་བཟུང་ཡང་རུང༌། བསླབ་པ་མ་བཟུང་ཡང་རུང་སྟེ། ཚུལ་ཁྲིམས་འཆལ་བ་


DTG110_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རུང༌། ཚུལ་ཁྲིམས་དང་ལྡན་པ་ཡང་རུང༌། དེའི་གོས་དུར་སྨྲིག་འཕྲོག་གམ། ཁྱིམ་ན་གནས་པར་བྱེད་དུ་བཅུག་གམ། ལུས་ཀྱི་ཆད་པ་གཞུ་བརྡེག་བྱེད་དམ། ཆད་པ་ནོར་འབུལ་དུ་འཇུག་གམ། བཙོན་རར་འཇུག་གམ། སྲོག་དང་བྲལ་བར་བྱེད་དུ་འཇུག་པ་འདི་ནི་ལྟུང་བའི་རྩ་བ་གསུམ་པའོ། །རྒྱལ་རིགས་གང་ཡང་ཆེད་དུ་བསམས་ཏེ། མའི་སྲོག་གཅོད་པ་དང༌། ཕ་དང་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགྲ་བཅོམ་པའི་སྲོག་གཅོད་པ་དང༌། དགེ་འདུན་འདུམ་པ་འབྱེད་པ་དང༌། ཆེད་དུ་བསམས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ། མཚམས་མེད་པའི་ལས་ལྔ་པོ་འདི་དག་ལས་གང་ཡང་རུང་བའི་ལས་བྱེད་པ་འདི་ནི་ལྟུང་བའི་རྩ་བ་བཞི་པའོ། །རྒྱལ་རིགས་གང་ཡང་རྒྱུ་མེད་པ་སྨྲ་བར་གྱུར་ལ། འཇིག་རྟེན་ཕ་རོལ་ལ་གཡེལ་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་ནས་གནས་ཤིང༌། སེམས་ཅན་གཞན་མང་པོ་དག་ཀྱང༌། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་འཇུག་སྟེ། འདུལ་ཞིང་འཇུག་པ་འདི་ནི་ལྟུང་བའི་རྩ་བ་ལྔ་པའོ། །ཡང་བློན་པོའི་ལྟུང་བའི་རྩ་བ་ལྟ་སྟེ། ལྔ་གང་ཞེ་ན། བློན་པོ་གང་མཆོད་རྟེན་གྱི་རྫས་སམ། དགེ་འདུན་གྱི་དང༌། ཕྱོགས་བཞི་དགེ་འདུན་གྱི་རྫས་འཕྲོག་པ་འདི་ནི་ལྟུང་བའི་རྩ་བ་དང་པོའོ། །གང་ཡང་གྲོང་འཇོམས་པ་དང༌། ལྗོངས་འཇོམས་པ་དང༌། གྲོང་ཁྱེར་འཇོམས་པ་དང༌། ཡུལ་འཁོར་འཇོམས་པར་བྱེད་པ་འདི་ནི་ལྟུང་བའི་རྩ་བ་གཉིས་པའོ། །ཡང་བློན་པོ་གང་ཆོས་སྤོང་བ་སྟེ། ཉན་ཐོས་ངེས་པར་འབྱུང་བ་བཤད་པའམ། རང་སངས་རྒྱས་ངེས་པར་འབྱུང་བ་བཤད་པའམ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ངེས་པར་འབྱུང་བ་བཤད་པ་སྤོང་ཞིང་འགོག་ལ། སུབས་པར་བྱེད་པ་འདི་ནི་ལྟུང་བའི་རྩ་བ་གསུམ་པའོ། །ཡང་བློན་པོ་གང་བཅོམ་ལྡན་འདས་ཀྱི་ཕྱིར་རབ་ཏུ་བྱུང་བ། ཚུལ་ཁྲིམས་དང་ལྡན་ཡང་རུང༌། ཚུལ་ཁྲིམས་དང་མི་ལྡན་ཡང་རུང་བ་འཚེ་སྟེ། གོས་དུར་སྨིག་འཕྲོག་གམ། ཁྱིམ་ན་གནས་པར་བྱེད་དུ་འཇུག་གམ། བཙོན་རར་བཅུག་གམ། ཆད་པས་ནོར་འཕྲོག་གམ། སྲོག་དང་བྲལ་བར་བྱེད་དུ་འཇུག་པ་འདི་ནི་ལྟུང་བའི་རྩ་བ་བཞི་པའོ། །ཡང་བློན་པོ་གང་མཚམས་མེད་པ་ལྔ་ལས་གང་ཡང་རུང་བས་སྡིག་པ་ལ་སོགས་


DTG110_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ནི་ལྟུང་བའི་རྩ་བ་ལྔ་བའོ། །ཡང་བློན་པོ་གང་གིས་ལྟུང་བའི་རྩ་བ་ལྔ་པོ་འདི་དག་ལས་གང་ཡང་རུང་བ་ཞིག་བྱས་ན། བློན་པོ་དེ་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཆུད་གཟོན་པ་ཡིན་ནོ་ཞེས་གསུངས་སོ། །ཟླ་བའི་སྙིང་པོའི་ལེའུ་ལས་ཀྱང༌། གྲོགས་པོ་དག་སུ་ངའི་ཕྱིར་རབ་ཏུ་བྱུང་སྟེ། ཁ་ན་མ་ཐོ་བ་དང་བཅས་པ་ཆེན་པོ་སྲོག་གཅོད་པར་བྱེད་དམ། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང༌། མི་རིགས་པའི་མི་དགེ་བ་གཞན་བྱེད་པ་དེ། རྒྱལ་པོ་རྒྱལ་རིགས་ནས་གྲོང་ཁྱེར་དང་གྲོང་གི་གཙོ་བོས་གྲོང་ཁྱེར་དང༌། ཡུལ་དང་གཙུག་ལག་ཁང་ནས་བསྐྲད་དེ་ལོངས་སྤྱོད་དང་བྲལ་ལ། རྗེས་སུ་མཐུན་པའི་ངག་གིས་ཆད་པས་གཅད་པར་བྱའི། ལུས་ལ་ནི་ཆད་པས་མི་གཅད་དོ། །སུ་ཞིག་ལུས་ཀྱི་ཆད་པ་གཞུ་བརྡེག་བྱེད་ན་དེ་ནི་དགེ་བ་ཐམས་ཅད་ལས་ཉམས་པར་འགྱུར་རོ། །ལྷ་དང་མིའི་ནང་དུ་སྐྱེ་བ་དང་བྲལ་ཏེ། མནར་མེད་པར་སྐྱེ་བར་འགྱུར་རོ། །དེ་ནས་ལྷ་ཐམས་ཅད་ནས་ལུས་སྲུལ་བོའི་བར་དུ་ཇི་སྙེད་འདུས་པ་ཐམས་ཅད་དང་ལྡན་པའི་འཁོར་དེ་དཀོན་མཆོག་གསུམ་ལ་སེམས་ཤིན་ཏུ་དད་ཅིང་རབ་ཏུ་ཆེར་གུས་ཏེ་ངོ་མཚར་དུ་འཛིན་ཅིང༌། འདི་སྐད་ཅེས་གསོལ་ཏོ། །དེང་སླན་ཆད་བདག་ཅག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱིས་བསྟན་པ་བསྲུང་བར་བགྱིའོ། །དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་དང༌། ཐ་ན་གང་བཅོམ་ལྡན་འདས་ཀྱི་བསླབ་པ་འབྲལ་བ་དང༌། ཐ་ན་སུ་ཞིག་བཅོམ་ལྡན་འདས་ཀྱི་སླད་དུ་སྐྲ་དང༌། ཁ་སྤུ་བྲེགས་ཏེ། ངུར་སྨྲིག་གི་ཚལ་བུ་འཚལ་ཞིང་བསླབ་པ་བཞིན་མི་བགྱིད་ལ་དེ་ཡོངས་སུ་འཛིན་པ་མ་མཆིས་ན་ཡང་བདག་ཅག་གིས་དེ་ལ་སྟོན་པའི་འདུ་ཤེས་ཀྱིས་སྲུང་ཞིང་ཡོངས་སུ་བསྐྱང་བར་བགྱིའོ། །ཡོ་བྱད་ཐམས་ཅད་སྦྱར་བར་བགྱིའོ། །གལ་ཏེ་རྒྱལ་པོས་ངུར་སྨྲིག་གི་ཚལ་དུ་འཚལ་བ་དེ་ལྟ་བུ་ལ། རྐྱེན་གང་ཡང་རུང་བས་ལུས་ཀྱི་ཆད་པ་གཞུ་བརྡེག་བགྱིས་ན། བདག་ཅག་གིས་རྒྱལ་པོ་དེ་ལ་མི་སྲུང་ངོ༌། །མི་བསྐྱང་ངོ༌། །དེའི་ཡུལ་འཁོར་དུ་བགྱི་བ་ཐམས་ཅད་ཀྱང་ཡལ་བར་འདོར་རོ། །དེའི་ཡུལ་འཁོར་དུ་གཡོ་ཐམས་ཅད་དང༌། འཐབ་མོ་དང༌། རྩོད་པ་དང༌། མི་ངས་དང༌། ནད་དང༌། མུ་གེ་དང༌། འཁྲུག་པ་དང༌། དུས་མ་ལགས་པར་རླུང་ལྡང་བ་དང༌། དུས་མ་ལགས་པར་ཆར་འབབ་པ་དང༌།


DTG110_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་མི་འབབ་ཅིང་ལོ་མ་རུང་བར་འགྱུར་བའི་རྐྱེན་གནོད་པ་ཞིག་བྱུང་ན་ཡང༌། བདག་ཅག་གིས་བཟློག་པར་མི་བགྱིའོ། །དེའི་ཡུལ་ནས་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱང་ཡུལ་གཞན་དུ་འཆི་བར་བགྱིའོ། །ཡུལ་དེ་ནས་སྦྱིན་གནས་ཀྱང་མ་མཆིས་པར་བགྱིའོ། །བདག་ཅག་ཀྱང་དེ་ནས་མཆི་བར་བགྱིའོ་ཞེས་འབྱུང་ངོ༌། །འཕགས་པ་སའི་སྙིང་པོའི་མདོ་ལས་ཀྱང༌། སའི་སྙིང་པོ་སྔོན་བྱུང་བ། ཡུལ་ལྔ་ལེན་གྱི་རྒྱལ་པོ་སྡེ་རྣམ་པར་རྒྱལ་བ་ཞེས་བྱ་བའི་འབངས་གསད་པ་ལ་ཐུག་པ་ཞིག་ཡོད་པ་དེ་སྲོག་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ་ངུར་སྨྲིག་གི་ཚལ་བུ་མགུལ་དུ་བཏགས་སོ། །དེ་ནས་གསད་པ་ལ་ཐུག་པའི་མི་དེ་གཤེད་མས་བཅིང་བ་ལྔས་དམ་པོར་བཅིངས་ནས་དུར་ཁྲོད་ཆེན་པོ་བི་ཏི་ཁ་ལམ་བ་ཀ་ཞེས་བྱ་བར་བོར་རོ། །དེ་ནས་དེའི་མཚན་མོ་དུར་ཁྲོད་ཆེན་པོ་དེར་སྲིན་མོ་ཆེན་མོ་མིག་མི་བཟང་མ་ཞེས་བྱ་བ་དེ་གཡོག་ལྔ་སྟོང་དང་འོངས་ནས། དེས་བཅིངས་པ་ལྔས་བཅིངས་པའི་མི་ཞིག་མགོ་བྲེགས་ཏེ། གོས་ངུར་སྨྲིག་གྱོན་པ་མཐོང་ནས་དེས་དེ་ལ་བསྐོར་ཏེ། ཕྱག་འཚལ་ནས་སླར་སོང་ངོ༌། །དེ་བཞིན་དུ་གཉིས་པ་སེང་ལྡེང་སོ་ཅན་ཞེས་བྱ་བ་འཁོར་ལྔ་སྟོང་དང༌། དེ་བཞིན་དུ་གསུམ་པ་ཁྲོ་གཉེར་སྐྲ་ཅན་ཞེས་བྱ་བ་དང༌། བཞི་པ་རལ་གྲི་ཁ་ཞེས་བྱ་བ་དེ་དག་གིས་མགོ་བྲེགས་ཏེ། ངུར་སྨྲིག་གི་ཚལ་བུ་གྱོན་པ་དེ་མཐོང་ནས། བཀྲེས་བཞིན་དུ་མ་ཟོས་པར་ཕྱིར་དོང་ངོ༌། །སའི་སྙིང་པོ་སྔོན་བྱུང་བ་རྒྱལ་པོ་རབ་ཏུ་བསོད་ནམས་ཅན་ཞེས་བྱ་བ་དེའི་བློན་པོས་མི་གསད་པ་ལ་ཐུག་པ་ཞིག ། གླང་པོ་ཆེ་རྒྱགས་པས་གསོད་དུ་བཅུག་པ་དང༌། གླང་པོ་ཆེ་དེས་མི་དེའི་རྐང་པ་གཉིས་ནས་བཟུང་སྟེ། མཐུ་ཐམས་ཅད་ཀྱིས་ས་ལ་བརྡབས་པར་བྱས་པ་དང༌། མི་དེ་གོས་དམར་པོ་གྱོན་པ་ཞིག་ནས། གླང་པོ་ཆེ་གཏུམ་པས་ཀྱང་གོས་དམར་པོ་གྱོན་པ་མཐོང་བ་དང༌། སེམས་དད་ནས་མི་དེ་དལ་གྱིས་ས་ལ་གཞག་སྟེ་དུ་བཞིན་དུ་མདུན་ན་འདུག་ཅིང་སྣས་དེའི་རྐང་པ་གཉིས་ལ་ཉུག་གོ ། །དུད་འགྲོའི་སྐྱེ་གནས་སུ་སོང་བའི་མི་ཁོམ་པར་གྱུར་པ་ལོག་པར་ལྟུང་བ་དེ་ལྟ་བུ་ཡང་གོས་དམར་པོ་གྱོན་པ་མཐོང་ནས། བཟོད་ཅིང་སྡིག་པ་མ་བྱས་པར་གྱུར་པ་ལ་ལྟོས། ཡང་མ་འོངས་པའི་དུས་ན། རྒྱལ་པོ་གདོལ་པ་དང༌། བློན་པོ་དང༌། བཀྲབས་པ་དང༌། དགེ་སྦྱོང་དང་བྲམ་ཟེ་དང༌། ཁྱིམ་བདག་གདོལ་


DTG110_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བ་བླུན་ཡང་མཁས་སོ་ཞེས་ང་རྒྱལ་བྱེད་ཅིང་ཚུལ་འཆོས་པ་དང༌། གཡོ་དང་སྒྱུའི་ཚིག་གིས་འཇིག་རྟེན་བསླུ་སྟེ། དེ་ནི་བླ་ན་མེད་པའི་ཐེག་པ་ཆེན་པོ་ཚོལ་ལོ་ཞེས་ཟེར་ལ་བླུན་ཞིང་གཏུམ་སྟེ། འཇིག་རྟེན་ཕ་རོལ་གྱི་འཇིགས་པ་ལ་མི་ལྟ་བ་དག་འབྱུང་སྟེ། དེ་དག་ནི་ངའི་ཕྱིར་རབ་ཏུ་བྱུང་བ་སྣོད་དུ་གྱུར་པ་དང༌། སྣོད་དུ་མ་གྱུར་པ་འང་རུང་བ་ལ་རྐྱེན་སྣ་ཚོགས་ལས་སྙད་བཏགས་ཏེ། འཚེ་ཞིང་ལུས་ཀྱི་ཆད་པའམ། བཙོན་རར་ཞུགས་པའི་ཆད་པའམ། ལོངས་སྤྱོད་དང༌། ཡོངས་སུ་སྤྱོད་པ་དང་དབྲལ་བའི་ཆད་པའམ། ཁྱིམ་པའི་ལས་སྣ་ཚོགས་བྱེད་དུ་གཞུག་པའི་ཆད་པའམ། སྨ་དབབ་པའི་ཆད་པའམ། བསྙེན་བཀུར་བྱེད་དུ་གཞུག་པའི་ཆད་པའམ། ཆད་པས་བསྡིགས་པ་ནས། སྲོག་དང་བྲལ་བའི་བར་དུ་བྱེད་པར་འགྱུར་ཏེ། དེ་དག་ཐམས་ཅད་ནི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་རབ་ཏུ་མཉེས་པར་བྱས་པར་གྱུར་བ། མནར་མེད་པར་གཞོལ་ཞིང་དགེ་བའི་རྩ་བ་ཆད་པ། སེམས་ཀྱི་རྒྱུད་བསྲེགས་པ། མཁས་པ་ཀུན་གྱིས་ཡོངས་སུ་སྤངས་པའོ། །གཞན་ཡང་རྒྱལ་རིགས་གདོལ་པ་ནས་ཁྱིམ་བདག་གདོལ་པའི་བར་དུ་གང་དག་ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བ་གཙུག་ལག་ཁང་གི་གཞིའམ། ཀུན་དགའ་ར་བའི་གཞིའམ། ཁྱིམ་གྱི་གཞིའམ། ཞིང་གི་གཞིའམ། མིའམ་དུད་འགྲོའི་སྐྱེ་གནས་སུ་སོང་བའི་གོས་སམ། བཟའ་བའམ། བཏུང་བའམ། མལ་ཆའམ། ན་བའི་གསོས་སྨན་ནམ། ཡོ་བྱད་དམ། ལོངས་སྤྱོད་དམ། ཀུན་སྤྱོད་པ་སྣ་ཚོགས་སམ། མེ་ཏོག་དང་འབྲས་བུའི་ཤིང་ངམ། ཤིང་བཅུད་ཅན་ནམ། སྤོས་ཀྱི་ཤིང་ངམ། མཚོན་གྱི་ཤིང་ངམ་གྲིབ་ཤིང་ཡང་རུང་སྟེ། དགེ་སློང་རྣམས་ལ་ལོངས་སྤྱོད་དང༌། ཡོངས་སུ་སྤྱོད་པའི་ཕྱིར་བྱིན་པ་འཕྲོག་པ་དང༌། འཕྲོག་ཏུ་འཇུག་པ་དང༌། བདག་ཉིད་སྤྱོད་པ་དང༌། གཞན་སྤྱོད་དུ་འཇུག་པ་དང༌། ངའི་ཕྱིར་རབ་ཏུ་བྱུང་བ་ལ་གཤེ་བ་དང༌། སྤྱོ་བ་དང༌། སྐྲོད་པ་དང། བརྙས་པ་དང༌། ཆོས་ཀྱི་བར་དུ་བྱེད་པ་དང༌། ཆོས་སྨྲ་བའི་དགེ་སློང་རྣམས་ལ་གནོད་པར་བྱེད་པ་དག་འབྱུང་བར་འགྱུར་ཏེ། དེ་དག་ཐམས་ཅད་ནི་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ནས་མཁས་པ་ཐམས་ཅད་ཀྱིས་སྤངས་པའི་བར་དུའོ་ཞེས་གསུངས་སོ།


DTG110_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། བཟོད་པ་ཐོབ་པའི་སེམས་ཅན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་རྣམས་ལ་ནི་གནས་དང་ལོངས་སྤྱོད་དང༌། ཡོངས་སུ་སྤྱོད་པ་དང༌། དབང་ཕྱུག་གི་གནས་ངས་གནང་ངོ༌། །བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། གང་བཟོད་པ་མ་ཐོབ་པ་དེ་ཇི་ལྟར་ངན་སོང་དུ་མི་མཆི་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་བཟོད་པ་མ་ཐོབ་ཀྱང་དེ་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་སྟེ། གནས་ན་དེ་ལ་ཡུལ་འཁོར་གྱི་ལོངས་སྤྱོད་དང༌། ཡོངས་སུ་སྤྱོད་པ་དང༌། དབང་ཕྱུག་གི་གནས་གནང་ངོ༌། །བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་གང་དག་བཟོད་པ་མ་ཐོབ་ལ། དགེ་བ་བཅུའི་ལས་ཀྱི་ལམ་དང་ཡང་མི་ལྡན་པ་དེ་དག་ནི་རྒྱལ་རིགས་གདོལ་བ་དག་སྟེ། བཅོམ་ལྡན་འདས་ཀྱིས་བསྟན་པ་ཟབ་མོ་འདི་འཇིག་པར་བགྱིད་པར་འགྱུར་ཞིང་དེ་དག་ནི་མནར་མ་མཆིས་པར་མཆི་བར་འགྱུར་བ་ལགས་ན། དེ་དག་ཇི་ལྟར་ཐར་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་གང་དད་པའི་སྟོབས་ཀྱིས་གོ་ཆ་བགོས་ཏེ། དཀོན་མཆོག་གསུམ་ལ་དད་པ་མང་ཞིང༌། ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་ཆོས་མི་སྤོང་ལ། ཐ་ན་ཚིགས་སུ་བཅད་པ་གཅིག་ཀྱང་མ་རུང་བར་མི་བགྱིད་དེ། ཚུལ་ཁྲིམས་དང་ལྡན་པ་དང༌། ཚུལ་ཁྲིམས་འཆལ་བ་ཡང་རྣམ་པར་མི་འཚེ། ཐ་ན་མགོ་བྲེགས་ཏེ་གོས་ངུར་སྨྲིག་གྱོན་པ་ལ་ཡང་གནོད་པ་མི་བྱེད་པ་དང༌། དགེ་འདུན་དང༌། མཆོད་རྟེན་གྱི་རྫས་མི་འཕྲོགས་པ་དང༌། དགེ་སློང་ལ་འཚེ་ཞིང་ལོངས་སྤྱོད་པ་ལས་བཟློག་པ་དང༌། ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་ཆོས་ཀྱི་གཏམ་ཉན་ཅིང་ཇི་ལྟར་ཐོས་པ་ཉམས་ཀྱིས་ཅི་ནུས་སུ་བསྒྲུབ་པ་དང། ཐེག་པ་གསུམ་ལ་ནན་ཏན་བྱེད་པའི་དགེ་སློང་རྣམས་དང་བསྟེན་པ་དང་བསྙེན་བཀུར་བྱེད་པ་དང༌། ཡི་དམ་ལ་བརྟེན་པ་དང༌། མི་སླུ་བའི་སེམས་དང་ལྡན་པ་དང༌། སེམས་ཅན་རྣམས་ཐེག་པ་ཆེན་པོ་ལ་ཡང་དག་པར་འཛིན་དུ་འཇུག་པ་དང༌། འཛུད་པ་དང༌། རབ་ཏུ་འགོད་པར་བྱེད་པ་


DTG110_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུའི་རྒྱལ་རིགས་དགེ་བ་དེ་ལ། སྔོན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་ཡུལ་འཁོར་གྱི་ཟས་ཀྱི་ལོངས་སྤྱོད་དང༌། ཡོངས་སུ་སྤྱོད་པ་དང༌། དབང་ཕྱུག་གི་གནས་རྒྱ་ཆེན་པོ་ནི་ལོག་པར་ལྟུང་བར་མི་འགྱུར་བར་སྣང་སྟེ། ངས་ཀྱང་དེ་དག་ལ་དེ་སྣང་ངོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་འབྱུང་བ། རྒྱལ་རིགས་ནས་ཁྱིམ་བདག་གི་བར་དུ་དགེ་བ་གང་ལ་ལ་ཞིག་ད་ལྟར་དང་མ་འོངས་པའི་དུས་ལྔ་བརྒྱ་ཐ་མའི་བར་དུ་བདག་དང་གཞན་དང༌། འཇིག་རྟེན་ཕ་རོལ་སྲུང་བ་དང༌། བཅོམ་ལྡན་འདས་ཀྱི་བསྟན་པ་སྲུང་བ་དང༌། ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་གྱིས་ཕྱུག་པ། སྣོད་དུ་གྱུར་པ་དང༌། སྣོད་དུ་མ་གྱུར་པ་ནས་མགོ་བྲེགས་ཏེ། ངུར་སྨྲིག་གི་ཚལ་བུ་གྱོན་པའི་བར་ལ་སྲུང་བར་བྱེད། མཆོད་པར་བྱེད་པ་དང༌། མཆོད་རྟེན་དང་དགེ་འདུན་ལ་ཕུལ་བ་ལ་བདག་ཀྱང་མི་སྤྱོད། གཞན་ཡང་སྤྱོད་དུ་མི་འཇུག་པ་དང༌། འཕྲོག་ན་འང་འདོར་བར་བྱེད་པ་དེ་ནི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་སྐྱེད་དོ། །དེ་ནས་ལྷའི་དབང་པོ་ཐམས་ཅད་ནས། ཤ་ཟའི་རྒྱལ་པོའི་བར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་རིགས་དགེ་བ་ནས། ཁྱིམ་བདག་དགེ་བའི་བར་དུ་གང་ཞིག་ཡོན་ཏན་འདི་ལྟ་བུ་དང་ལྡན་པ་དེ་བདག་ཅག་གིས་རྣམ་པ་བཅུས་བསྲུང་བར་བགྱིའོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། དེའི་ཚེ་བསྲིང་བར་བགྱི་བ་དང༌། ཚེའི་བར་ཆད་དུ་འགྱུར་བ། ཆོས་ཀྱིས་བཟློག་པར་བགྱི་བ་དང༌། བྲོ་ནད་མ་མཆིས་པར་བགྱི་བ་དང༌། གཡོག་དང་ལོངས་སྤྱོད་དང༌། ཀུན་སྤྱོད་པ་དང༌། དབང་ཕྱུག་དང༌། སྙན་པ་དང༌། གྲགས་པ་དང༌། དགེ་བའི་བཤེས་གཉེན་དང༌། ཤེས་རབ་ཕུན་སུམ་ཚོགས་པ་ཡང་བསྐྱེད་པར་བགྱིའོ། །རྒྱལ་རིགས་དགེ་བ་དེ་འཁོར་དང་བཅས་པ་དང༌། ཡུལ་འཁོར་མཐའ་དག་བདག་ཅག་གིས་རྣམ་པ་བཅུས་བསྲུང་བར་བགྱིའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། གཞན་གྱི་དམག་ཚོགས་དང༌། ནང་གི་དམག་ཚོགས་དང༌། སྡིག་པ་དང༌། འཆི་བ་དང༌། ཆར་མི་འབབ་པ་དང༌། ཆར་ཆེས་པ་དང༌། དུས་མ་ལགས་པར་རླུང་ལྡང་བ་དང༌། ཚ་


DTG110_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། གཟའ་དང༌། རྒྱུ་སྐར་གྱི་གནོད་པ་དང༌། མུ་གེ་འབྱུང་བ་དང༌། གློ་བུར་གྱི་བྲོ་ནད་ཀྱིས་འགུམ་པ་དང༌། ལོག་པར་ལྟ་བ་རྣམས་ལས་བཟློག་པར་བགྱིའོ་ཞེས་འབྱུང་ངོ༌། །འཕགས་པ་ཟླ་འོད་ཀྱི་ལེའུ་ལས་ཀྱང༌། གཏོང་བ་པོ་དང༌། སྦྱིན་བདག་དང༌། ལྷ་དང་ཀླུ་དང༌། གནོད་སྦྱིན་གང་དག་ངའི་བསྟན་པ་འཛིན་པ་དང༌། གང་དག་ངའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བྱ་བ་དང༌། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་འཆད་པར་བྱ་བའི་ཕྱིར་བརྩོན་པ་དང་གང་དག་ངའི་བུ་དག་ལས་སྐྱེས་པ་དང༌། ཆོས་ལས་སྐྱེས་པ་དང༌། ཆོས་ཀྱི་སྤྲུལ་པའི་དགེ་སློང་དང་དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་དང༌། གཞན་དད་པའི་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་དང༌། གང་དག་དོན་དམ་པའི་བདེན་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡོངས་སུ་ཚོལ་བ། ཡོངས་སུ་སྐྱོང་བའི་གཏོང་བ་པོ་དང༌། སྦྱིན་བདག་དང༌། ལྷ་དང་ཀླུ་དང༌། གནོད་སྦྱིན་དེ་དག་ངས་བྱམས་པ་ལ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལག་ཏུ་གཏད་དོ་ཞེས་གསུངས་སོ། །ཆོས་སྒྲུབ་པ་ལ་གནས་པར་འདོད་པས་སེམས་ལ་མཁས་པར་བྱའོ། །ཇི་ལྟར་ན་སེམས་ལ་མཁས་པ་ཡིན་ཞེ་ན། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས་འབྱུང་བ། བྱང་ཆུབ་སེམས་དཔའ་སེམས་ལ་མཁས་པར་བྱའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ལ་མཁས་པ་ཡིན་ཞེ་ན། དེ་ལུས་དང་སེམས་རབ་ཏུ་དབེན་པས་སེམས་ལ་མཁས་པ་ཡིན་ཏེ། དེ་སེམས་ལ་འདི་སྙམ་དུ་བདག་གི་སེམས་འདི་ཅི་དགེ་བ་ལ་སྤྱོད་དམ། དེ་སྟེ་མི་དགེ་བའམ། འོན་ཏེ་ལུང་དུ་མ་བསྟན་པའམ། ཆོས་གང་ལ་སྤྱོད་ཅེས་རྣམ་པར་སྤྱོད་དེ། གལ་ཏེ་དགེ་བ་ལ་སྤྱོད་ན། དེ་ལ་སེམས་དགའ་བ་དང༌། རངས་པ་དང༌། མོས་པ་སྤྱོད་དོ། །དགེ་བའི་ཆོས་དེ་དག་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ། །འོན་ཏེ་མི་དགེ་བ་ལ་སྤྱོད་ན་དེ་ལ་སྐྱོ་བ་མང་བ་དང༌། རྟོག་པ་མང་བ་ཡིན་ཏེ། མི་དགེ་བའི་ཆོས་དེ་དག་སྤོང་བ་ལ་བརྩོན་པ་ཡིན་ནོ་ཞེས་གསུངས་སོ། །མ་སྐྱེས་དགྲའི་མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་སེམས་བསྐྱེད་པ་གང་ལ་


DTG110_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་སྡིག་ཅན་གྱིས་གླགས་རྙེད་པ་དང༌། དེ་བཞིན་གཤེགས་པ་མི་མཉེས་པར་འགྱུར་བ་དང༌། ལྷ་རྣམས་མི་དགའ་བར་འགྱུར་བ་དང༌། བདག་གི་དགེ་བའི་རྩ་བའི་ཕྱོགས་འབྲི་བར་འགྱུར་བའི་སེམས་བསྐྱེད་པར་མི་བྱའི། སེམས་བསྐྱེད་པ་གང་ལ། བདུད་སྡིག་ཅན་གྱིས་གླགས་མི་རྙེད་པ་དང། དེ་བཞིན་གཤེགས་པ་མཉེས་པར་འགྱུར་བ་དང༌། ལྷ་རྣམས་དགའ་བ་དང༌། བདག་གི་དགེ་བའི་རྩ་བའི་ཕྱོགས་འབྲི་བར་མི་འགྱུར་བའི་སེམས་བསྐྱེད་པར་བྱ་སྟེ། དེ་ལྟར་ཞུགས་པ་དེའི་སེམས་བསྐྱེད་པ་ཐམས་ཅད་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ནོ་ཞེས་གསུངས་སོ། །སྨྲ་བ་ལ་དགའ་བར་མི་བྱ་སྟེ། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་འབྱུང་བ། བྱམས་པ་འདི་ལ་དགེ་སློང་སྨྲ་བ་ལ་དགའ་བ་ནི་མི་བཙུན་ཏེ། མང་དུ་ཐོས་པས་རྒྱགས་ཤིང་དྲེགས་ནས་བརྗེད་ངས་པ་ཡིན། ནང་དུ་ཚུལ་བཞིན་ཡིད་ལ་བྱེད་པ་དང་བྲལ་ཞིང་སེམས་ཀྱི་རྒྱུད་དམུ་རྒོད་དུ་འགྱུར་བ་ཡིན། ཞི་གནས་དང་ལྷག་མཐོང་ཡོངས་སུ་སྤངས་ལ། ལྷ་དང་ཀླུ་དང་གནོད་སྦྱིན་གྱིས་ཀྱང་དམ་པར་མི་བཀུར་ཞིང་འགྱོད་པ་དང་ལྡན་པ་ཡིན། སྒྲུབ་པ་ལ་མི་གནས་པ་ཡིན་ནོ་ཞེས་གསུངས་སོ། །དམིགས་པར་སྤྱོད་པ་ལ་གྲུབ་པ་མེད་དེ། སྒྲུབ་པ་ཤེས་པར་འདོད་པས་མང་དུ་ཐོས་པ་དང༌། ནང་དུ་ཡང་དག་འཇོག་ལ་བརྩོན་པར་བྱ་སྟེ། དེ་ཉིད་ལས་འབྱུང་བ། གལ་ཏེ་ཞལ་ཏ་བྱེད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔས། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་གྱིས་སྟོང་གསུམ་གྱི་སྟོང་ཆེན་པའི་འཇིག་རྟེན་གྱི་ཁམས་བཀང་ན། དེས་ང་མི་མཉེས་ཀྱི། གལ་ཏེ་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་བཟུང་ན། དེས་ང་ལ་བསྟི་སྟང་དུ་བྱས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་མང་དུ་ཐོས་པ་ལས་སྐྱེས་ཀྱི། དངོས་པོ་ཡོངས་སུ་འཛིན་པ་ལས་ནི་མ་སྐྱེས་སོ། །གལ་ཏེ་ཞ་ལ་ཏ་བྱེད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔས་ལུང་འབོགས་པ་དང༌། ཁ་ཏོན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ལ། དེ་བསོད་ནམས་འདོད་པའི་ཕྱིར་ཞལ་ཏའི་ཀུན་ཏུ་སྦགས་པས་སྤགས་ན། བསོད་ནམས་མ་ཡིན་པའི་ཕུང་པོ་ཆེར་འཕེལ་ཏེ། ལས་ཀྱི་


DTG110_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་ཡང་གཟུང་བར་འགྱུར་རོ། །གལ་ཏེ་ཞལ་ཏ་བྱེད་པ་ལ་བརྩོན་པས་བྱང་ཆུབ་སེམས་དཔས་འཛམ་བུའི་གླིང་ཡོངས་སུ་གང་བར་གྱུར་ཀྱང༌། དེ་དག་ཐམས་ཅད་ཀྱིས་ལུང་འབོགས་པ་དང༌། ཁ་ཏོན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་གཅིག་ལ་བསྙེན་བཀུར་དང་གཡོག་བྱའོ། །འཛམ་བུའི་གླིང་གི་ཚད་ཙམ་གྱི་ལུང་འབོགས་པ་དང༌། ཁ་ཏོན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ནང་དུ་ཡང་དག་འཇོག་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་གཅིག་ལ་བསྙེན་བཀུར་དང་གཡོག་བྱའོ། །དེ་ལྟར་ན་དེ་བཞིན་གཤེགས་པས་རྗེས་སུ་ཡི་རང་ཞིང་གནང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ལས་འདི་ནི་དཀའ་བའི་ལས་ཏེ། བླ་ན་མེད་པ་ཁམས་གསུམ་ཐམས་ཅད་ལས་ཁྱད་པར་ཅན་དུ་གྱུར་པ་མངོན་པར་འཕགས་པའོ་ཞེས་གསུངས་སོ། །ཡང་ཆོས་སྒྲུབ་པ་ནི། རིན་པོ་ཆེའི་ཕུང་པོའི་མདོ་ལས་འབྱུང་བ། འོད་སྲུངས་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོར་འཇུག་པར་འདོད་པའི་ཚོང་པ་ནི་རིན་པོ་ཆེའི་གླིང་ནས། བདག་གི་ཡུལ་དུ་བདེ་བར་ཕྱིན་གྱི་བར་དུ་དེ་གྲུ་ལ་ཤིན་ཏུ་རྟོག་པར་བྱེད་དོ། །འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པའི་རྒྱ་མཚོ་ལ་འཇུག་པར་འདོད་པས་ཀྱང་ཇི་ཙམ་བྱིས་པ་སོ་སོའི་སྐྱེ་བོ་དང༌། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ས་ལས་འདས་ཏེ། བདག་གི་ཕའི་སྤྱོད་ཡུལ་འཇུག་པའི་བར་དུའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་གྲུ་ཤིན་ཏུ་རྟོགས་པར་བྱའོ་ཞེས་གསུངས་སོ། །མ་སྐྱེས་དགྲའི་མདོ་ལས་ཀྱང༌། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱི་རྩ་བ་མི་གཅོད་པ་དེ་ནི་རྩ་བ་དེ་ཡང་དག་པར་འཛིན་དུ་འཇུག་པ་སྟེ། བརྩོན་འགྲུས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་བསྔོ་བའི་ཕྱིར་སྦྱིན་པས་ཆོག་མི་ཤེས་པ་དང༌། སེམས་ཅན་ཐམས་ཅད་ལ་སྐྱབས་བྱ་བའི་ཕྱིར་ཚུལ་ཁྲིམས་ཀྱིས་ཆོག་མི་ཤེས་པ་དང༌། སངས་རྒྱས་ཀྱི་སྐུ་ཚོལ་བའི་ཕྱིར་བཟོད་པས་ཆོག་མི་ཤེས་པ་དང༌། དགེ་བའི་རྩ་བ་ཐམས་ཅད་བསྒྲུབ་པའི་ཕྱིར་བརྩོན་འགྲུས་ཀྱིས་ཆོག་མི་ཤེས་པ་དང༌། མི་དམིགས་པའི་རྣལ་འབྱོར་གྱི་ཕྱིར་བསམ་གཏན་ལ་ཆོག་མི་ཤེས་པ་དང༌། ཐམས་ཅད་ལ་རྣམ་པར་སྤྱོད་པའི་ཕྱིར་ཤེས་རབ་ཀྱིས་ཆོག་མི་


DTG110_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའོ། །ཆོས་ཀྱི་ཕྱིར་ལོངས་སྤྱོད་དང༌། འཚོ་བ་དེ་དག་ཐམས་ཅད་ནི་ཁ་ན་མ་ཐོ་བ་མེད་པའོ་ཞེས་གསུངས་སོ། །བསྒྲུབ་པ་དོན་དུ་གཉེར་བས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར་བྱ་སྟེ། འཕགས་པ་ཟླ་བ་སྒྲོན་མའི་མདོ་ལས་འབྱུང་བ། ཀྱེ་གཞོན་ནུ་བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན། ཡོན་ཏན་འདི་དག་རྙེད་དེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །ཆོས་གཅིག་པོ་གང་ཞེ་ན། གཞོན་ནུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང༌། ཕན་པའི་སེམས་དང༌། ཁོང་ཁྲོ་བ་མེད་པའི་སེམས་དང༌། མི་མཉམ་པ་མེད་པའི་སེམས་ཡིན་ཏེ། ཆོས་གཅིག་པོ་འདིའོ་ཞེས་གསུངས་སོ། །བསམ་གཏན་དང་ཁ་ཏོན་གྱི་བར་དུ་གཅོད་པའི་ཆོས་རྣམས་ཀྱང་ཡོངས་སུ་སྤང་བར་བྱ་སྟེ། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས་འབྱུང་བ། རིགས་ཀྱི་བུ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་དང༌། ཁ་ཏོན་གྱི་བར་དུ་གཅོད་པར་བྱེད་པའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། འདུ་འཛིའི་གཏམ་མཉན་པ་དང༌། རི་མོ་འབྲི་བ་དང༌། སྙན་ངག་སྦྱོར་བ་དང༌། གཟའི་ཚོགས་དང༌། རྒྱུ་སྐར་སེམས་པ་དང༌། ཟས་རྙེད་པ་བདག་གིར་བྱེད་པ་དང༌། ཤ་ཟ་མོ་ལྟར་ནོར་བསྒྱུར་བ་སེམས་པ་དང༌། རྒྱལ་པོ་ལ་བརྟེན་པ་དང་མཁས་པ་རྣམས་ལ་མི་འདྲི་བ་དང༌། བདེ་བ་ལ་མགྲོན་དུ་འབོད་པ་དང༌། འདྲེ་ཞིང་གནས་པ་སྟེ་བཅུ་པོ་འདི་དག་གོ་ཞེས་གསུངས་སོ། །འཕགས་པ་ཚངས་པས་ཞུས་པའི་མདོ་ལས་ཀྱང༌། ལྷའི་བུ་ཆོས་སྒྲུབ་པ་ཆོས་སྒྲུབ་པ་ཞེས་བྱ་བ་ནི། གང་ཆོས་ཐམས་ཅད་ལ་མི་སྒྲུབ་པ་འདི་ཆོས་སྒྲུབ་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཆོས་མི་སྒྲུབ་པ་དེ་ནི་ཆོས་མི་བྱེད་དོ། །གང་མི་བྱེད་ཅིང་རྣམ་པར་མི་བྱེད་པ་དེ་ནི་ཆོས་སྒྲུབ་པའོ་ཞེས་གསུངས་སོ། །ཆོས་རྣམས་བསྒྲུབ་པར་འདོད་པས་རྙེད་པ་དང་བཀུར་སྟི་ཡོངས་སུ་སྤང་བར་བྱ་སྟེ། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་འབྱུང་བ། རྙེད་པ་དང་བཀུར་སྟི་ནི་གཏི་མུག་བསྐྱེད་པས་དྲན་པ་འཇོམས་པར་བྱེད་པ་དང༌། བདག་གི་དོན་བསྒྲུབ་པའི་ཕྱིར་གཡོ་བསྐྱེད་པ་དང༌། རྒྱགས་པ་དང༌། ང་རྒྱལ་དང༌། དྲེགས་པ་བསྐྱེད་པ་དང༌།


DTG110_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་ཀྱི་གནང་བ་མ་ཡིན་པར་བརྟག་པར་བྱའོ། །རྙེད་པ་དང༌། བཀུར་སྟི་ནི་གདོན་མི་ཟ་བར་ལྟུང་བའི་རྩ་བ་སྟེ། དགེ་བའི་རྩ་བ་སྟོར་བར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་སྔར་བཀུར་སྟི་བྱེད་ལ། ཕྱིས་བཀུར་སྟི་མི་བྱེད་པ་བསམ་གཏན་དང༌། ཚད་མེད་པ་ཡོངས་སུ་སྤངས་པས་སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དུ་རབ་ཏུ་ལྟུང་བར་བྱེད་པ། ལྷག་སྤྱོད་ཀྱི་སྤྱོད་པ་དང་མཚུངས་པར་གནས་པ་ཡིན་པར་སོ་སོར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་མྱུར་དུ་ཟག་པར་བྱེད་པའི་ཕྱིར་ཚེར་མ་དང་འདྲ་བར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ཐར་བར་དཀའ་བའི་ཕྱིར་འདམ་དང་འདྲ་བར་བརྟག་པར་བྱའོ་ཞེས་གསུངས་སོ། །སོ་སོར་བརྟགས་ནས་འདོད་པ་ཆུང་བ་ལ་སེམས་གཞོལ་བར་བྱ་སྟེ། ཡང་དག་པར་ལྡན་པའི་ལུང་ལས་འབྱུང་བ། ཤིང་ནཡ་གྲོ་དྷ་ཞིག་གི་དྲུང་ན། ལུག་ཁྱུ་ཆེན་པོ་ཞིག་འཁོད་དེ། ལུག་ཁྱུ་དེའི་ནང་ནས་ཕྱི་ས་ཟ་བའི་ལུག་གཅིག་ཕྱི་ས་ཁུང་དུ་ཕྱི་ས་ཟར་སོང་སྟེ། ཕྱི་ས་ལ་ཅི་འདོད་པ་ཟོས་ནས་མདུན་དུ་ཕྱི་སའི་ཕུང་པོ་བཞག་སྟེ་འདུག་ནས་མགོ་བསྒྱུར་ཞིང་དེ་དེས་དེ་ཙམ་གྱིས་ལུག་གཞན་དག་ལ་བརྙས་པ་བྱེད་དོ། །དེ་བཞིན་དུ་དགེ་སློང་ལ་ལ་ཞིག་རྙེད་པ་དང༌། བཀུར་སྟི་དང༌། གྲགས་པས་ནོན་ནས་སེམས་ཟིན་པ་དེ། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་ཞིག་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། དེ་དེར་ཟས་གཙང་མ་ཞིམ་པོ་ཅི་འདོད་པ་ཟོས་ནས་ཕྱི་དེ་ཉིན་ཀྱང་ཟས་ལ་འོས་པའི་ཟས་ཁྱེར་ཏེ་འོངས་ནས་དགེ་སློང་དག་ལ་སྨྲས་པ་ཚེ་དང་ལྡན་པ་དག་ཁོ་བོས་ཟས་གཙང་མ་ཞིམ་པོ་འདི་ཅི་འདོད་པ་ཟོས་ནས། ཟས་འདི་མི་དགོས་ཏེ་ལྷག་པར་གཏོར་བའི་རིགས་ན། ཁྱེད་འདོད་ན་འདི་ཟོ་ཤིག་ཅེས་དེ་དེས་དེ་ཙམ་གྱིས་དགེ་སློང་རུང་བ་དེས་པ་གཞན་དག་ལ་བརྙས་པར་བྱེད་དོ། །དགེ་སློང་དག་དེ་བཞིན་དུ་རྙེད་པ་དང༌། བཀུར་སྟི་དང་གྲགས་པ་ནི་མི་བཟད་པའོ་ཞེས་རྒྱ་ཆེར་གསུངས་སོ། །གཡོ་དང་སྒྱུ་ཡང་ཡོངས་སུ་སྤང་བར་བྱ་སྟེ། མ་དྲོས་པའི་མདོ་ལས་འབྱུང་བ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་པ་དེའི་བར་དུ་གཅོད་པ་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། གཡོ་དང་སྒྱུའོ། །གཞི་འང་


DTG110_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཏེ་དྲང་པོ་དང༌། གཡོ་མེད་པའོ་ཞེས་གསུངས་སོ། །ནན་ཏན་བསྒྲུབ་པར་འདོད་པས་དགེ་བའི་བཤེས་གཉེན་དག་ལ་བརྟེན་པར་བྱ་སྟེ། སྒྲུབ་པ་ནི་དགེ་བའི་བཤེས་གཉེན་གྱི་ཁ་ན་ལས་སོ། །ཇི་ལྟར་ཤེས་ཤེ་ན། མདོ་ལས་འབྱུང་བའི་ཕྱིར་ཏེ། དཔལ་འབྱུང་བ་དང༌། དཔལ་གྱི་བློ་གྲོས་ཀྱི་རྣམ་པར་ཐར་པ་ལས་འབྱུང་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཐོས་པ་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པའོ། །བྱང་ཆུབ་སེམས་དཔའི་ཡོན་ཏན་ཡོངས་སུ་རྫོགས་པར་བྱ་བ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལས་འབྱུང་བའོ། །བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་བསྐྱེད་པའོ། །བྱང་ཆུབ་སེམས་དཔའི་བསླབ་པ་ལ་ནན་ཏན་དུ་བྱ་བ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པའོ། །བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་ཡོངས་སུ་དག་པ་ཐམས་ཅད་ལ་ནི་དགེ་བའི་བཤེས་གཉེན་རྩ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་བསོད་ནམས་བསགས་པ་ཐམས་ཅད་ནི་དགེ་བའི་གཤེས་གཉེན་གྱིས་བསྲུངས་པའོ། །དགེ་བའི་བཤེས་གཉེན་མགུ་བར་བྱས་ནས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པའོ། །དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་སོང་དུ་མི་ལྟུང་ངོ༌། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཐེག་པ་ཆེན་པོ་ལས་མི་ལྡོག་གོ ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བསམས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བར་མི་བྱེད་དོ། །དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སོ་སོ་སྐྱེ་བོའི་ས་ལས་ཡོངས་སུ་འདའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བསྲུང་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ངེས་པར་གྱུར་བ་ལ་མི་འཇུག་གོ ། །དགེ་བའི་བཤེས་གཉེན་ནི་ལམ་གོལ་བ་ལས་ཡོངས་སུ་བསྲུང་བའོ། །ཆོས་ཐོས་པར་འགྱུར་བའི་སྤྲིན་གྱི་ཆར་རབ་ཏུ་འབེབས་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གནས་པར་བྱེད་


DTG110_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །འདི་ལྟར་ཡང་རིགས་ཀྱི་བུ་དགེ་བའི་བཤེས་གཉེན་ནི་སངས་རྒྱས་ཀྱི་རིགས་སུ་བསྐྱེད་པས་མ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་ཕན་པ་རྒྱ་ཆེན་པོ་བསྒྲུབས་པས་ཕ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་སྡིག་པ་ཐམས་ཅད་ལས་བསྲུང་བས་མ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་འཁོར་བའི་ཆུ་བོ་ཆེན་པོ་ལས་སྒྲོལ་བའི་མཉེན་པ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རིན་པོ་ཆེའི་གླིང་དུ་ཕྱིན་པར་བྱེད་པས་གདོས་པ་འཛིན་པ་ལྟ་བུའོ། །རིགས་ཀྱི་བུ་དེ་ལྟ་བས་ན་དེ་ལྟར་ཡིད་ལ་བྱ་བ་རྒྱུན་མི་ཆད་པས་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་བསྟེན་པར་གྱིས་ཤིག །ཁུར་ཐམས་ཅད་བསྐུར་བས་ཡོངས་སུ་མི་སྐྱོ་བའི་ཕྱིར་ས་ལྟ་བུའི་སེམས་དང་མི་ཕྱེད་པའི་ཕྱིར་རྡོ་རྗེ་ལྟ་བུའི་སེམས་དང༌། སྡུག་བསྔལ་ཐམས་ཅད་ཀྱིས་མི་སྒུལ་བའི་ཕྱིར་ཁོར་ཡུག་ལྟ་བུའི་སེམས་དང༌། ཅི་དགའ་བར་བཀའ་ཉན་པས་བྲན་ལྟ་བུའི་སེམས་དང༌། མི་ཁྲོ་བས་ཁྱི་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱའོ། །རིགས་ཀྱི་བུ་ཁྱེད་ཀྱིས་བདག་ལ་ནི་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང༌། གདམས་ངག་ལ་ནི་སྨན་གྱི་འདུ་ཤེས་དང༌། ནན་ཏན་ཉམས་སུ་བླང་བ་ལ་ནི་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེ་ལྟར་དགེ་བའི་བཤེས་གཉེན་ལ་ལྷག་པའི་བསམ་པ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། དགེ་བའི་བཤེས་གཉེན་གྱི་ངག་ཐམས་ཅད་ཉམས་སུ་ལེན་པའི་ཚེ། གངས་ཀྱི་རི་ལ་བརྟེན་པའི་རྩྭ་དང༌། ཤིང་གེལ་པ་དང༌། སྨན་དང༌། ནགས་ཚལ་ལྟ་བུར་དགེ་བའི་རྩ་བ་ཐམས་ཅད་ཀྱིས་རྣམ་པར་འཕེལ་ལོ། །རྒྱ་མཚོ་ཆེན་པོ་ཆུའི་སྣོད་དུ་གྱུར་པ་ལྟར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྣོད་དུ་འགྱུར་རོ་ཞེས་འབྱུང་ངོ༌། །མདོར་ན་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་འཐོབ་ཅིང༌། ཡོངས་སུ་འགྲུབ་པ་ནི་དགེ་བའི་བཤེས་གཉེན་གྱི་ཁ་ན་ལས་སོ། །དགེ་བའི་བཤེས་གཉེན་ལས་འབྱུང་ངོ༌། །རིན་པོ་ཆེའི་ཕུང་པོའི་མདོ་ལས་ཀྱང༌། འོད་སྲུངས་


DTG110_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་སྟེ། དཔེར་ན་རྒྱ་མཚོའི་ནང་དུ་གྲུ་ཞིག་ན། གང་དག་ཤིང་ལེབ་བམ། གཞན་ཅི་ཡང་རུང་བ་ཞིག་ལ་བརྟེན་པ་དེ་དག་ནི་བདེ་བར་འགྲམ་དུ་ཕྱིན་པར་འགྱུར་རོ། །འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཐམས་ཅད་མཁྱེན་པའི་སེམས་ཀྱི་གྲུ་ཞིག་སྟེ། བྱང་ཆུབ་ལས་རབ་ཏུ་ཉམས་ཀྱང༌། གང་དགེ་བའི་བཤེས་གཉེན་གྱི་ཤིང་ལེབ་ལ་བརྟེན་པ་དེ་དག་ནི། ཡང་ཐམས་ཅད་མཁྱེན་པའི་སེམས་རབ་ཏུ་ཐོབ་སྟེ། ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་སོང་ནས་ཆོས་ཀྱི་དབྱིངས་ཀྱི་གླིང་དུ་ཕྱིན་ཏོ། །དེ་བས་ན་འོད་སྲུངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་ཏོ་ཞེས་གསུངས་སོ། །བླ་ན་མེད་པའི་དགེ་བའི་བཤེས་གཉེན་དེ་བཞིན་གཤེགས་པ་བཞུགས་པའམ། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་མཆོད་པ་དང༌། རིམ་གྲོ་བྱ་སྟེ་དེ་ལས་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ཡོངས་སུ་རྫོགས་ཤིང༌། རྣམ་པར་སྨིན་པའང་མི་ཟད་པར་འགྲུབ་བོ། །ཇི་ལྟར་མེ་ཏོག་བརྩེགས་པའི་མདོ་ལས། སེང་གེ་རྣམ་པར་རྩེ་བ་གང་ཞིག་གིས་དེ་བཞིན་གཤེགས་པ་མཐོང་སྟེ། སེམས་དང་ནས་མཆོད་པ་དང༌། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་རྣམས་ལ་མཆོད་པ་བྱེད་པ་ནི། རྣམ་པར་སྨིན་པ་མཉམ་པར་ཤེས་པར་བྱ་སྟེ། བྱེ་བྲག་གམ་ཐ་དད་དུ་བྱ་བ་མེད་དོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །སྙིང་རྗེ་ཆེན་པོའི་མདོ་ལས་ཀྱང༌། ཀུན་དགའ་བོ་གང་ལ་མངོན་དུ་བསྟི་སྟང་བྱེད་པ་ལྟ་ཡང་ཞོག་ངའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་དང༌། རིང་བསྲེལ་ཡུངས་འབྲུ་ཙམ་ལ་མཆོད་པ་ལྟ་ཡང་ཞོག །ངའི་ཕྱིར་མཆོད་རྟེན་བྱས་པ་རྣམས་ལ་བསྟི་སྟང་བྱེད་པ་ལྟ་ཡང་ཞོག་སྟེ། ཀུན་དགའ་བོ་གང་ལ་ལ་སངས་རྒྱས་ལ་དམིགས་ནས། ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་གཏོར་ན། བསོད་ནམས་ཀྱི་ཕུང་པོ་དེའི་རྣམ་པར་སྨིན་པ་གང་ཡིན་པ་ནི། ཀུན་དགའ་བོ་ཅི་ཙམ་དུ་ཐོག་མ་མེད་པའི་འཁོར་བ་ན། དེའི་སྔོན་གྱི་མཐའ་མི་མཐོང་བ་དེ་ཙམ་གྱི་བསྐལ་པར་འཁོར་བའི་ཚེ། བརྒྱ་བྱིན་ཉིད་དང༌། ཚངས་པ་ཉིད་དང༌། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་རྣམས་ཀྱི་མཐའ་རྙེད་པར་མི་ནུས་སོ། །སངས་རྒྱས་ལ་དམིགས་ནས།


DTG110_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་ན་ནམ་མཁའ་ལ་མེ་ཏོག་གཅིག་འདོར་བ་ལྟ་ཡང་ཞོག་སྟེ། གལ་ཏེ་སེམས་ཅན་དག་ཐ་ན་རྨི་ལམ་ན་སངས་རྒྱས་ལ་དམིགས་ནས་ནམ་མཁའ་ལ་མེ་ཏོག་གཅིག་འདོར་ན། དགེ་བའི་རྩ་བ་དེ་ཡང་ཐ་མར་མྱ་ངན་ལས་འདའ་བར་འགྱུར་བར་ང་སྨྲའོ། །གལ་ཏེ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སེམས་ཅན་རྣམས་ཀྱིས་སངས་རྒྱས་ལ་དམིགས་པའི་དྲན་པ་རྙེད་ན། དེ་དག་གི་དགེ་བའི་རྩ་བ་ཡང་ཐ་མ་མྱ་ངན་ལས་འདའ་བའི་བར་དུ་འགྱུར་བར་ང་སྨྲའོ། །ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡོན་ཕུལ་བ་ཅི་ཙམ་དུ་མཐུ་ཆེ་བ་དང༌། སེམས་དང་བ་ཇི་ཙམ་དུ་མཐུ་ཆེ་བ་ལ་ལྟོས། ཀུན་དགའ་བོ་འདི་ལྟར་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་ཟེར་ན། ཀུན་དགའ་བོ་ཚིག་དེའི་དོན་ནི་འདིའོ། །འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྒྲ་ནི་དོན་མེད་པ་མ་ཡིན་ཏེ། གང་འདི་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་ཟེར་ན། དེ་དོན་མེད་པར་མི་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་ཇི་ཙམ་དུ་ཆུང་ངུ་བསྐྱེད་པ་ཡང་ཆུད་ཟ་བར་མི་འགྱུར་ཏེ། ཐ་ན་སེམས་དང་བ་གཅིག་བསྐྱེད་པ་དེ་ཐམས་ཅད་ཀྱང་ཐ་མ་མྱ་ངན་ལས་འདའ་བའི་བར་དུ་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། ཉ་པ་མཆིལ་བ་ཐོགས་པས་ཉ་བཤོར་བའི་ཕྱིར་མཆིལ་བ་གཟན་མ་དང་བཅས་པ། མཚོ་ཆུ་ཆེན་པོར་བཅུག་ལ། བཅུག་མ་ཐག་ཏུ་ཉས་མིད་པར་འགྱུར་ན། ཉ་དེ་མཚོ་ཆུའི་ནང་ན་འཕྱོ་ཡང༌། དེ་སྲད་བུ་སྲ་བ་ཡུ་བ་སྐམ་ས་ལ་བཏགས་པས་བརྟོད་པ་ཞེས་བྱ་སྟེ། ཉ་བ་མཆིལ་བས་བཤོར་བ་འོངས་ནས། སྲད་བུ་ཐངས་ཤེས་བྱེད་པ་ལས་ཉ་ཟིན་པར་ཤེས་ཏེ། དེ་སྲད་བུ་དྲངས་ནས་སྐམ་ས་ལ་ཕྱུང་སྟེ། དགའ་དགུར་སྤྱོད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་གང་དག་སངས་རྒྱས་བཅོམ་ལྡན་འདས་ལ་དད་པའི་སེམས་ཀྱིས་དགེ་བའི་རྩ་བ་བསྐྱེད་ན། ཐ་ན་དད་པའི་སེམས་གཅིག་བསྐྱེད་ན་ཡང་སེམས་ཅན་དེ་དག་ཉེས་པ་བྱས་པའི་ལས་ཀྱི་སྒྲིབ་པས། མི་དལ་བ་རྣམས་སུ་སྐྱེས་སུ་ཟིན་ཡང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་དང༌། བསྡུ་བའི་དངོས་པོའི་སྲད་བུས་སེམས་ཅན་དེ་དག་བཟུང་ནས་འཁོར་བའི་མཚོ་ཆུ་ནས་བཏོན་ཏེ། མྱ་


DTG110_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདས་པའི་ཐང་ལ་འཇོག་གོ་ཞེས་གསུངས་སོ། །ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་དང་ལྡན་ན་རྟག་ཏུ་རྒྱུན་མི་འཆད་པར་སངས་རྒྱས་དང་འཕྲད་པ་ཐོབ་བོ། །བརྒྱད་གང་ཞེ་ན། སངས་རྒྱས་ཀྱི་སྐུ་གཟུགས་ལ་ལྟ་བ་ཡང་དག་པར་འཛིན་ཏུ་འཇུག་པ་དང༌། དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱེད་པ་དང༌། རྒྱུན་མི་འཆད་པར་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པ་དང༌། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་པ་དང༌། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ལ་ལྟ་བ་ཡང་དག་པར་འཛིན་དུ་འཇུག་པ་དང༌། སངས་རྒྱས་ཀྱི་ཞིང་གང་ན་དེ་བཞིན་གཤེགས་པའི་སྒྲ་གྲགས་པའི་སངས་རྒྱས་ཀྱི་ཞིང་དེར་སྨོན་ལམ་འདེབས་པ་དང༌། རྒྱུན་ཞུམ་པ་མེད་པ་དང༌། རྒྱུན་རྒྱ་ཆེན་པོར་གྱུར་ནས་སངས་རྒྱས་ཀྱི་ཡེ་ཤེས་ཚོལ་བའོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང༌། གང་དེ་བཞིན་གཤེགས་པའི་མཆོད་རྟེན་བྱི་དོར་བྱེད་པ་དེ་སྨོན་ལམ་རྣམ་པར་དག་པ་མཆོག་བཞི་རབ་ཏུ་འཐོབ་བོ། །བཞི་གང་ཞེ་ན། མཚན་ཕུན་སུམ་ཚོགས་པའི་གཟུགས་སྨོན་ལམ་རྣམ་པར་དག་པ་མཆོག་དང༌། ཡི་དམ་ལ་བརྟན་པ་སྨོན་ལམ་རྣམ་པར་དག་པ་མཆོག་དང༌། དེ་བཞིན་གཤེགས་པ་མཐོང་བ་སྨོན་ལམ་རྣམ་པར་དག་པ་མཆོག་དང༌། འཁོར་ཆེན་པོ་ཕུན་སུམ་ཚོགས་པ་སྨོན་ལམ་རྣམ་པར་དག་པ་མཆོག་གོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་ལ་མེ་ཏོག་འབུལ་ལམ། སྤོས་རིས་འདྲི་ན་མ་ཚང་བ་མེད་པ་བརྒྱད་ཐོབ་སྟེ། བརྒྱད་གང་ཞེ་ན། གཟུགས་མ་ཚང་བ་མེད་པ་དང༌། ལོངས་སྤྱོད་མ་ཚང་བ་མེད་པ་དང༌། གཡོག་འཁོར་མ་ཚང་བ་མེད་པ་དང༌། ཚུལ་ཁྲིམས་མ་ཚང་བ་མེད་པ་དང༌། ཏིང་ངེ་འཛིན་མ་ཚང་བ་མེད་པ་དང༌། ཐོས་པ་མ་ཚང་བ་མེད་པ་དང༌། ཤེས་རབ་མ་ཚང་བ་མེད་པ་དང༌། སྨོན་ལམ་མ་ཚང་བ་མེད་པའོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་གཟུགས་ཀྱི་ལེའུ་ལས་ཀྱང༌། སའམ། རྡོ་ཐལ་ལམ། ཤིང་ངམ། རྡོའམ། རུ་གར་རམ། ལྕགས་སམ། གསེར་རམ། དངུལ་ལམ། བཻ་ཌཱུཪྻའམ། ཤེལ་ལམ། མུ་ཏིག་དམར་པོའམ། རྡོའི་སྙིང་པོ་


DTG110_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

འམ། སྦུག་གམ། དུང་ངམ། མན་ཤེལ་ལམ། སྤོས་སམ། རས་སམ། ཤིང་ལེབ་བམ། རྩིག་ངོས་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་བྲི་བར་བྱ། རལ་བ་གསོ་བར་བྱ། འདྲུམ་པ་བཅོས་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ན། རིགས་དམའ་བ་རྣམས་དང་སྡིག་པ་བྱེད་པའི་རིགས་རྣམས་དང༌། ལོག་པར་ལྟ་བའི་རིགས་རྣམས་སུ་མི་སྐྱེ་སྟེ། ཡན་ལག་གང་ཡང་རུང་བ་མ་ཚང་བ་མེད་པར་འགྱུར་རོ། །གལ་ཏེ་མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང༌། དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ། དེ་བཞིན་གཤེགས་པའི་སྐུའི་གཟུགས་བྱས་ནས། ལས་དེས་སེམས་ཅན་དམྱལ་བ་མྱོང་ན་ཡང་ཆུང་དུ་མྱོང་སྟེ། ཐེག་པ་གསུམ་ལས་ཐེག་པ་གང་ཡང་རུང་བས་ངེས་པར་འབྱུང་བར་འགྱུར་རོ། །དཔེར་ན་མི་ཞིག་མི་གཙང་བས་རེག་པ་ལས་རབ་ཏུ་དག་པར་བཀྲུས་ཏེ། སྤོས་ཀྱིས་བྱུགས་ན་དེའི་དྲི་མི་ཞིམ་པ་མེད་པར་འགྱུར་རོ། །དེ་བཞིན་དུ་མཚམས་མེད་པ་བྱས་པ་དེའི་སྡིག་ཀྱང་མེད་པར་འགྱུར་རོ། །གང་མི་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་ཡང༌། དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ན། དེའི་སྡིག་པ་ཇི་ལྟར་མེའི་ཕུང་པོས་མར་ཚིག་སྟེ། དུ་བ་ཡང་མི་མངོན་པ་བཞིན་དུ། དེའི་སྡིག་པ་དེ་ཡང་མི་སྣང་བར་འགྱུར་རོ་ཞེས་གསུངས་ན། བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཁྱིམ་གྱི་ནང་ནས་བྱུང་ན། ཚུལ་ཁྲིམས་དང་ལྡན་པ་ཁྱད་པར་འཕགས་པ་ལྟ་ཅི་སྨོས་ཏེ། རིན་པོ་ཆེའི་ཕུང་པོའི་མདོ་ལས། སེམས་ཅན་གང་དག་སྲིད་པ་གསུམ་དུ་གཏོགས་པ་དེ་དག་ཐམས་ཅད་ཀྱིས། སོ་སོ་ནས་དེ་བཞིན་གཤེགས་པའི་མཆོད་རྟེན་འཕང་དུ་རིའི་རྒྱལ་པོ་རི་རབ་ཙམ་བྱས་ཏེ། དེ་དག་ལ་བསྐལ་བ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སོ་སོ་ནས་བསྟི་སྟང་དུ་བྱ་བ་ཐམས་ཅད་ཀྱིས་བསྟི་སྟང་བྱས་པ་བས། བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་གང་གིས་མེ་ཏོག་གཅིག་ཕུལ་ན། དེ་ནི་བསོད་ནམས་ཀྱི་ཕུང་པོ་སྔ་མ་བས་ཆེས་མང་དུ་སྐྱེད་དོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་རིན་པོ་ཆེའི་ཕུང་པོའི་མདོ་ཉིད་ལས། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་


DTG110_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དེ་དག་ཐམས་ཅད་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ཏེ། ཐམས་ཅད་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་ལྡན་པར་གྱུར་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་རེ་རེས་ཀྱང༌། རྒྱ་མཚོ་ཆེན་པོ་ཙམ་གྱི་མར་མེའི་སྣོད་བྱས་ཏེ། རི་རབ་ཙམ་གྱི་སྙིང་པོ་བསྲེགས་ལ་སོ་སོ་ནས་འདི་འདྲ་བའི་མར་མེས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱས་པ་བས། གད་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བའི་བྱང་ཆུབ་སེམས་དཔའ་མར་མེའི་སྙིང་པོ་ཡུངས་མར་གྱིས་བསྐུས་ཏེ། དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་དྲུང་དུ་བཟུང་ན། མར་མེ་ཕུལ་བ་སྔ་མས་སྙིང་པོ་ཡུངས་མར་གྱིས་བསྐུས་པ་དེའི་བརྒྱའི་ཆར་ཡང་མི་ཆོག་པ་ནས། རྒྱུའི་བར་དུ་ཡང་མི་ཆོག་གོ །གང་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་དག་གིས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱས་པ་བས། གང་ཡང་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བའི་བྱང་ཆུབ་སེམས་དཔས་བསོད་སྙོམས་བླངས་ཏེ། ལྷུང་བཟེད་དུ་འོངས་པ། གཞན་དང་བགོས་ཏེ་ཟོས་ན། དེ་ནི་དེ་བས་ཆེས་ཆེར་འཕགས་སོ། །གང་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་དག་གིས། རི་རབ་ཙམ་གྱི་ཆོས་གོས་ཀྱི་ཕུང་པོ་སངས་རྒྱས་ལ་སོགས་པ། དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་ཡང་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བའི་བྱང་ཆུབ་སེམས་དཔའ་ཆོས་གོས་གསུམ་པོ་མ་གཏོགས་པར་གཞན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དང༌། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དང༌། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕུལ་ན་སྔ་མའི་ཆོས་གོས་ཀྱི་ཕུང་པོ་དེ། དགེ་སློང་ལ་ཆོས་གོས་བྱིན་པ་འདིས་ཟིལ་དུ་བརླག་གོ །གང་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་དག་རེ་རེས་འཛམ་བུའི་གླིང་ཐམས་ཅད་མེ་ཏོག་གིས་བཀང་སྟེ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕུལ་བ་བས། གང་ཡང་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐ་ན་མེ་ཏོག་གཅིག་ཕུལ་ན། སྦྱིན་པ་སྔ་མས་སྦྱིན་པ་འདིའི་བརྒྱའི་ཆར་ཡང་མི་ཆོག་པ་ནས་རྒྱུའི་བར་དུ་ཡང་མི་ཆོག་གོ་


DTG110_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །མཐར་གྱིས་ཡང་དག་པར་འཕགས་པའི་མདོ་ལས་ཀྱང༌། བཟང་པོ་ཕན་ཡོན་བཞི་པོ་འདི་ཡང་དག་པར་རྗེས་སུ་མཐོང་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་མཆོད་པ་ལ་སྤྲོ་པ་ཡིན་ནོ། །བཞི་གང་ཞེ་ན། སྦྱིན་གནས་མཆོག་ལ་བདག་མཆོད་པར་འགྱུར་བ་དང༌། བདག་ལས་ཟླ་བལྟས་ཏེ། སེམས་ཅན་གཞན་ཡང་དེ་བཞིན་དུ་མཆོད་པ་བྱེད་པར་འགྱུར་བ་དང༌། དེ་བཞིན་གཤེགས་པ་མཆོད་ནས་བྱང་ཆུབ་ཀྱི་སེམས་བརྟན་པར་འགྱུར་བ་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངོན་དུ་མཐོང་ནས། དགེ་བའི་རྩ་བ་བསགས་པར་འགྱུར་པ་སྟེ། བཞི་པོ་འདི་དག་གོ་ཞེས་གསུངས་སོ། །འདི་ཡང་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱ་བ་བླ་ན་མེད་པ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་འབྱུང་བ། བློ་གྲོས་རྒྱ་མཚོ་གསུམ་པོ་འདི་དག་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བྱ་བ་བླ་ན་མེད་པའོ། །གསུམ་གང་ཞེ་ན། གང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། གང་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་འཛིན་པ་དང༌། གང་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དོན་དམ་པའི་མཆོད་པ་ལ་ཡང་རྟག་ཏུ་བརྩོན་པར་བྱ་སྟེ། བྱམས་པ་སེང་གེའི་སྒྲའི་མདོ་ལས་འབྱུང་བ། སངས་རྒྱས་སུ་འདུ་ཤེས་པ་ལས་སངས་རྒྱས་མཐོང་བ་ཡང་མེད་ན། སངས་རྒྱས་ལ་མཆོད་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་པ་མ་ཡིན་ནོ། །དེ་ལ་སངས་རྒྱས་ལ་མཆོད་པ་གང་ཞེ་ན། གང་འདུ་ཤེས་ཀྱི་མཚན་མ་མི་བསྐྱེད་པའོ། །གང་ལ་སེམས་མེད་པ་དང༌། སེམས་ལས་བྱུང་བ་ཡིད་ལ་མི་བྱེད་པ་དང༌། སངས་རྒྱས་སུ་འདུ་ཤེས་པ་མེད་པ་དང༌། ཆོས་སུ་འདུ་ཤེས་པ་མེད་པ་དང༌། དགེ་འདུན་དང༌། གང་ཟག་དང༌། བདག་དང་ཕ་རོལ་ཏུ་འདུ་ཤེས་པ་མེད་པ་འདི་ནི། དེ་བཞིན་གཤེགས་པ་ལ་མཆོད་པའོ་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། གལ་ཏེ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དེ་བཞིན་གཤེགས་པའི་རིང་བསྲེལ་གྱིས། ཁ་བཅིང་དུ་རུང་བ་ཙམ་དུ་གང་བར་གྱུར་པ་དང༌།


DTG110_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་པ་ཆ་དེ་གཉིས་ལས་གཅིག་སྩལ་ན། བཅོམ་ལྡན་འདས་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བླང་ངོ༌། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པའི་རིང་བསྲེལ་དག་ནི་དེ་ལས་བྱུང་བས་ན་མཆོད་པ་སྟེ། དེ་བཞིན་གཤེགས་པའི་རིང་བསྲེལ་རྣམས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒོས་པའོ་ཞེས་གསུངས་སོ། །གང་དག་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མོས་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་རྙེད་པར་དཀའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡང་དག་པ་ཅི་ལྟ་བ་བཞིན་ཅི་འདྲ་ཞེ་ན། མདོ་སྡེ་དུ་མ་ལས་ཐོས་ཏེ། དེ་བཞིན་གཤེགས་པ་སྐྱེ་བ་སྲིད་པའི་མདོ་ལས་འབྱུང་བ། ཀྱེ་རྒྱལ་བའི་སྲས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་འདོད་པས་རང་བཞིན་གྱི་ངོ་བོ་ཉིད་ལ་བློ་ཡོངས་སུ་བཏང་སྟེ། དེས་དེ་བཞིན་ཉིད་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དེ་བཞིན་དུ། དེ་བཞིན་གཤེགས་པའི་ཡོངས་སུ་མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱའོ། །ཡང་དག་པའི་མཐའི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང༌། ཆོས་ཀྱི་དབྱིངས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང༌། ནམ་མཁའི་དབྱིངས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང༌། རང་བཞིན་གྱི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང༌། འདོད་ཆགས་དང་བྲལ་བའི་མཐའི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང༌། རྨི་ལམ་གྱི་མཐའི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང༌། མཚན་ཉིད་མེད་པའི་མཐའི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང༌། ཆགས་པ་མེད་པའི་མཐའི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང༌། བདག་གི་རང་བཞིན་གྱི་མཐའི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང༌། ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་མཐའི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དེ་བཞིན་དུ། དེ་བཞིན་གཤེགས་པའི་ཡོངས་སུ་མྱ་ངན་ལས་འདས་པ་ཁོང་དུ་


DTG110_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་དེ་དག་ཐོག་མ་ནས་མ་སྐྱེས་མ་བྱུང་བའི་ཕྱིར་ཏེ། ཆོས་གང་མ་སྐྱེས་མ་བྱུང་པ་དེ་ལ་འབྲལ་བར་འགྱུར་བ་གང་ཡང་མེད་དོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་དེ་བཞིན་གཤེགས་པ་རྣམས་ནི། བྱང་ཆུབ་སེམས་དཔའ་རྣམས་ལ་ཡོངས་སུ་མྱ་ངན་ལས་འདས་པ་ཤིན་ཏུ་མཐར་ཐུག་པ་མི་བརྗོད་མི་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ད་ལྟར་བྱུང་བ་ཇི་ལྟ་བ་དེ་བཞིན་དུ་འདས་པ་དང༌། མ་བྱོན་པ་རྣམས་ཀྱང་སྐད་ཅིག་གཅིག་ལ་མངོན་དུ་བྱས་ཤིང༌། སྐད་ཅིག་ཀྱང་ཡེ་ཤེས་ཀྱི་སྐད་ཅིག་གི་རྗེས་སུ་འབྲང་བར་བྱ། སྐད་ཅིག་དེ་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་མངོན་དུ་བལྟ་བར་བྱ། དེ་བཞིན་གཤེགས་པའི་མངོན་པར་སྒྲུབ་པ་ཐམས་ཅད་ཀྱང་དེས་མངོན་པར་བསྒྲུབ་པར་བྱ་སྟེ། དེས་ནི་གཉིས་ཀྱི་འདུ་ཤེས་ཀྱང་བསྐྱེད་པར་མི་བྱ། མི་གཉིས་པའི་འདུ་ཤེས་ཀྱང་མ་ཡིན། སེམས་ཅན་གྱི་འདུ་ཤེས་ཀྱང་མ་ཡིན། བདག་གི་འདུ་ཤེས་ཀྱང་མ་ཡིན་པར་བྱ་བའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་མངོན་པར་ཞེན་པའི་ལམ་ཐམས་ཅད་དང་བྲལ་ཞིང་འདུ་ཤེས་ཐམས་ཅད་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་དེ་བཞིན་གཤེགས་པ་འབྱུང་བ་ཞེས་བྱ་བ་འདི་ནི་སེམས་ཅན་ཕ་རོལ་ཡོངས་སུ་ཚིམ་པར་འགྱུར་བའི་ཚིག་གོ །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་འདི་ནི་སེམས་ཅན་ཕ་རོལ་གྱི་སྐྱོ་བ་སྐྱེད་པའི་ཚིག་སྟེ། ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པ་རྣམས་ནི་སྐྱེ་བ་མེད་དེ། ཡོངས་སུ་མྱ་ངན་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་དབྱིངས་ལ་བཞུགས་པའི་ཕྱིར་ཏེ། སེམས་ཅན་ཕ་རོལ་གྱི་སེམས་དང༌། བསམ་པ་ཡོངས་སུ་བསྐང་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་སྣང་ངོ༌། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་ཉི་མའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཀྱི་ཚད་དང་མཉམ་པ་ཞིག་ཤར་ལ། དེ་ཤར་ནས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཆུ་ཡོངས་སུ་དང་བའི་སྣོད་ཐམས་


DTG110_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དུ་གཟུགས་བརྙན་ཕྱིན་པར་སྣང་ཞིང་མངོན་ལ་ཉི་མའི་དཀྱིལ་འཁོར་འཕོས་པ་མེད་ཅིང༌། ཉི་མའི་དཀྱིལ་འཁོར་ཀུན་དུ་ཕྱིན་པ་སྣང་བར་གྱུར་ཀྱང་དེའི་ནང་ན་ཆུའི་སྣོད་གཅིག་ཅིག་ཆག་གམ། དེ་ནས་ལོགས་ཤིག་ཏུ་ཕྱུང་ངམ། སྟོང་པར་གཞག་པར་གྱུར་ཀྱང༌། ཉི་མའི་གཟུགས་བརྙན་ཡང་སྣང་བར་མི་འགྱུར་ན། ཀྱེ་རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས། ཉི་མའི་དཀྱིལ་འཁོར་རམ་གཅིག་གིས་ཉེས་ཏེ་སྣོད་དེར་ཉི་མའི་གཟུགས་བརྙན་མི་སྣང་བར་མ་གྱུར་གྲང་ངོ༌། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་ལྟ་མ་ཡིན་ཏེ། སྣོད་དང་མི་ལྡན་པའི་ཕྱིར་ཉི་མའི་གཟུགས་བརྙན་མི་སྣང་གི །ཉི་མའི་དཀྱིལ་འཁོར་གྱིས་ཉེས་པ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ། དེ་བཞིན་གཤེགས་པ་ཉི་མའི་དཀྱིལ་འཁོར་འཆར་བར་འགྱུར་བའི་ཚེ་ཡང་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་ཆོས་དབྱིངས་ཀུན་དུ་སྔ་ཕྱི་མེད་པར་འཆར་ཏེ། དེ་ནི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཀུན་གྱི་སེམས་ཅན་རྙོག་པ་མེད་པ་དང་ལྡན་པའི་ཆུའི་སྣོད་ཐམས་ཅད་ལ་གཟུགས་བརྙན་སྣང་བར་འགྱུར་རོ། །སེམས་ཀྱི་རྒྱུད་རྙོག་པ་མེད་པའི་ཕྱིར། རྟག་ཏུ་རྒྱུན་མི་འཆད་པར་དེ་བཞིན་གཤེགས་པའི་སྐུ་ཉི་མའི་དཀྱིལ་འཁོར་སྣང་ཡང་སེམས་ཅན་སེམས་རྙོག་པ་དང་ལྡན་ཞིང་སྣོད་ཆག་པར་གྱུར་པ་རྣམས་ཀྱིས་ནི། དེ་བཞིན་གཤེགས་པའི་ཉི་མའི་དཀྱིལ་འཁོར་མཐོང་བར་མི་འགྱུར་ཏེ། དེ་བཞིན་གཤེགས་པ་ལ་འཕོ་བ་མི་མངའ་ཡང་ཐམས་ཅད་དུ་སྐྱེ་བར་སྣང་སྟེ། འཇིག་རྟེན་གྱི་ཁམས་རབ་འབྱམ་ལ་ལ་ཞིག་གི་སེམས་ཅན་སྣོད་ཆག་པ་ལྟ་བུར་གྱུར་པའམ། སེམས་རྙོག་པ་མེད་པ་དང་ལྡན་ཞིང་ལས་དང་ཉོན་མོངས་པས་བསྒྲིབས་པ་ཞིག་ཡོད་པར་གྱུར་ན་ཡང༌། དེར་ནི་དེ་བཞིན་གཤེགས་པ་རྣམས་མྱ་ངན་ལས་འདས་པར་སྣང་ན། ཀྱེ་རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་ཉེས་ཏེ། དེ་བཞིན་གཤེགས་པ་རྣམས་མྱ་ངན་ལས་འདའ་བའམ། གཅིག་ཏུ་མ་གྱུར་གྲང་ངོ༌། །སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་ལྟ་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་གྱི་རྒྱུད་དགེ་བའི་རྩ་བ་


DTG110_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་ལྡན་པས་ཡོངས་སུ་མྱ་ངན་ལས་འདའི། དེ་བཞིན་གཤེགས་པ་རྣམས་ཀྱིས་ཉེས་པའི་ཕྱིར་ཞེས་ནི་མི་བརྗོད་དོ། །སྨྲས་པ། ཀྱེ་རྒྱལ་བའི་སྲས་འོ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་རྣམས་མྱ་ངན་ལས་འདའ་བ་ཡང་དེ་ལྟ་བུར་ཤེས་པར་བྱའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་ཡོངས་སུ་མྱ་ངན་ལས་འདའ་བའི་འདུལ་བའི་སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བ་སྟོན་ཏེ། དེ་བཞིན་གཤེགས་པ་རྣམས་ནི་འབྱུང་བ་ཡང་མེད། ཡོངས་སུ་མྱ་ངན་ལས་འདའ་བ་ཡང་མེད་དོ། །ཀྱེ་རྒྱལ་བའི་སྲས་དེ་ཡང་འདི་ལྟ་སྟེ་དཔེར་ན་མེ་ནི་འཇིག་རྟེན་ཐམས་ཅད་ན་ཡང་མེའི་དགོས་པ་སྒྲུབ་བོ། །དེ་ལས་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ཡུལ་ལམ། ཕོ་བྲང་འཁོར་ཏམ། རྒྱལ་པོའི་གནས་ཤིག་ཏུ་མེ་ཤི་བར་གྱུར་ན། ཀྱེ་རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས། དེས་འཇིག་རྟེན་ཐམས་ཅད་དུ་མེ་ཐམས་ཅད་ལྷག་མ་མེད་པའམ། གཅིག་ཏུ་ཤི་སྟེ་ཞི་བར་མ་གྱུར་གྲང་ངོ༌། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་ལྟ་མ་ཡིན་ནོ། །སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འཇིག་རྟེན་གྱི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་ན་དེ་བཞིན་གཤེགས་པའི་ཕྲིན་ལས་མཛད་པ་ལས་དུས་གཞན་ཞིག་ན་དེ་བཞིན་གཤེགས་པའི་ཕྲིན་ལས་ཡོངས་སུ་རྫོགས་པར་གྲུབ་ནས། ཞིང་གི་གྲངས་སུ་བྱ་བ་ལ་ལ་ཞིག་ནས་ཡོངས་སུ་མྱ་ངན་ལས་འདའ་བར་བསྟན་པར་གྱུར་པ་ན། ཀྱེ་རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས། འཇིག་རྟེན་ཐམས་ཅད་ནས་ཀྱང༌། དེ་བཞིན་གཤེགས་པའམ། གཅིག་ཡོངས་སུ་མྱ་ངན་ལས་འདས་པར་མ་གྱུར་གྲང་ངོ༌། །སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་ལྟ་མ་ཡིན་ནོ། །སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་ལྟ་ན། བྱང་ཆུབ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་


DTG110_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡང་དེ་ལྟ་བུར་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་མཁས་པ་ལས་ལོབས་པ་ཤིན་ཏུ་བྱང་བ་ཞིག་གིས་སྔགས་དང་རིག་སྔགས་ཀྱི་སྟོབས་དང༌། ཤུགས་ལ་བརྟེན་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྒྱུ་མའི་རྣམ་པ་མང་པོ་བསྟན་ཏེ། གྲོང་དང༌། གྲོང་ཁྱེར་དང༌། ལྗོངས་དང༌། ཕོ་བྲང་འཁོར་དང༌། རྒྱལ་པོའི་གནས་ཐམས་ཅད་དུ། རང་གི་ལུས་བསྟན་ཏེ་སྒྱུ་མ་དེ་དག་ཀྱང་བསྐལ་པར་གནས་པར་བྱིན་གྱིས་བརླབས་པ། ལས་གྲོང་ངམ། གྲོང་ཁྱེར་རམ། ལྗོངས་སམ། ཡུལ་ལམ། ཕོ་བྲང་འཁོར་ཏམ། རྒྱལ་པོའི་གནས་གཅིག་ཏུ་དགོས་པ་རྫོགས་པར་ཟིན་ནས། སྒྱུ་མའི་མཁན་པོ་དེས་རང་གི་ལུས་མི་སྣང་བར་བྱས་ན། ཀྱེ་རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས། འཇིག་རྟེན་ཐམས་ཅད་ནས་ཀྱང། སྒྱུ་མའི་རྣམ་པ་མང་པོ་ཡོངས་སུ་ནུབ་པའམ། གཅིག་ཏུ་མ་གྱུར་གྲང་ངོ༌། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་ལྟ་མ་ཡིན་ནོ། །སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་ཀྱི་སྒྱུ་མ་ཚད་མེད་པ་ལ་ཤིན་ཏུ་བྱང་བ། ཐབས་དང་ཤེས་རབ་དང་ཡེ་ཤེས་ཀྱི་རིག་སྔགས་ཀྱིས་ཤིན་ཏུ་བྱུང་བ་ཡང༌། ཆོས་ཀྱི་དབྱིངས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་སྐུ་སྒྱུ་མའི་རྣམ་པ་ལྟ་བུ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པས་གནས་པ། ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་མི་འཇིགས་པར་བསྟན་པ། སེམས་ཅན་གྱི་མོས་པ་བཞིན་དུ་ཕྲིན་ལས་རྫོགས་པར་ཟིན་ནས། ཞིང་རབ་འབྱམ་ལ་ལ་ཞིག་ནས་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་ཀྱང་ཞིང་གཅིག་ནས་ཡོངས་སུ་མྱ་ངན་ལས་འདས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་དེ་ལྟ་བུར་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་བྱང་ཆུབ་


DTG110_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བ་ཚད་མེད་པའི་རྗེས་སུ་སོང་བ། ཆགས་པ་མེད་པའི་མཐར་ཐུག་པ། ཆོས་ཀྱི་དབྱིངས་ལྟར་མཐའ་དང་དབུས་མེད་པ། ནམ་མཁའི་དབྱིངས་ཀྱི་རང་བཞིན་ཅན་དེ་བཞིན་ཉིད་ཀྱིས་མི་སྐྱེ་མི་འགག་པ་ཡང་དག་པའི་མཐའ་ལ་གནས་པ་དུས་བཞིན་དུ་རབ་ཏུ་སྟོན་པ། འགྲོ་བ་ཐམས་ཅད་དུ་རྒྱུན་མི་འཆད་པར་སྔོན་གྱི་བྱིན་གྱི་རླབས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པ། འགྲོ་བའི་ཞིང་ཐམས་ཅད་དང༌། ཆོས་ཀྱི་དབྱིངས་རབ་འབྱམ་ཐམས་ཅད་ལས་མི་འདའ་བར་ཁོང་དུ་ཆུད་པར་བྱའོ་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། རབ་འབྱོར་མྱ་ངན་ལས་འདས་པ་འདི་ནི་འདི་ལྟ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་དོ་ཞེས་གསུངས་སོ།། །། བམ་པོ་བཞི་པ། དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་ཀྱང༌། འོད་སྲུངས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ་ནི་མྱ་ངན་ལས་འདས་པའོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་རིགས་ཀྱི་བུ་གང་ཡང་དེ་བཞིན་གཤེགས་པས་མཛད་པ་དེ། དེ་བཞིན་གཤེགས་པས་མཛད་ཅིང་ཡུན་རིང་པོ་དེ་སྲིད་ནས་མངོན་པར་རྫོགས་པར་སངས་རྒྱས་ནས། ཚེའི་ཚད་དཔག་ཏུ་མེད་པར་དེ་བཞིན་གཤེགས་པ་རྟག་ཏུ་བཞུགས་ཤིང་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། འདུལ་བའི་དབང་གིས་ཡོངས་སུ་མྱ་ངན་ལས་འདའ་བ་སྟོན་ཏོ། །ཅིའི་ཕྱིར་ཞེ་ན། ངས་རྣམ་གྲངས་དེས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ་ཞེས་གསུངས་སོ། །སྙིང་རྗེ་ཆེན་པོའི་མདོ་ལས་ཀྱང༌། ཚངས་པ་འདི་ལྟར་འཇིག་རྟེན་འདི་ལས་ཟད་པ་དང༌། ཉོན་མོངས་པ་ཟད་པ་དང༌། སྡུག་བསྔལ་ཟད་པ་དང༌། སྡུག་བསྔལ་ཉེ་བར་ཞི་བས་ཞི་ཞིང་བྱང་སྟེ། རྣམ་པར་ཞི་པ་ནི་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བྱའོ། །ཚངས་པ་དེ་ལ་ལས་གང་ཡིན་པ་དེ་ཟད་པ་དང༌། ཉོན་མོངས་པ་གང་ཡིན་པ་དེ་དང་བྲལ་ཞིང་ནུབ་པ་མ་གཏོགས་པར་མྱ་ངན་ལས་འདའ་བ་གང་ཡང་མེད་དོ་ཞེས་གསུངས་སོ། །འཇིག་རྟེན་ལས་འདས་


DTG110_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལེའུ་ལས་ཀྱང༌། སངས་རྒྱས་རྣམས་ཀྱི་མྱ་ངན་ལས་འདས་པ་ཀུན་དུ་བསྟན་པ་ལ་འཇུག་པ་ནི་མཐའ་ཡས་སོ་ཞེས་གསུངས་སོ། །འཕགས་པ་ཚངས་པས་ཞུས་པ་ལས་ཀྱང༌། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི། གང་མཚན་མ་ཐམས་ཅད་རབ་ཏུ་ཞི་བ་དང༌། གཡོ་བ་ཐམས་ཅད་དང་བྲལ་བའོ་ཞེས་གསུངས་སོ། །ཡང་གསུངས་པ། ཚངས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི། ཕན་ཚུན་དུ་རྐྱེན་གྱིས་སྒྲོ་བཏགས་པ་མེད་པའོ་ཞེས་འབྱུང་ངོ༌། །ཡང་དག་པར་ལྡན་པའི་ལུང་ལས་ཀྱང༌། དགེ་སློང་དག་ཁྱེད་ལ་མྱ་ངན་ལས་འདས་པ་དང༌། མྱ་ངན་ལས་འདའ་བར་འགྲོ་བའི་ལམ་བཤད་པར་བྱའོ། །དེ་ལ་མྱ་ངན་ལས་འདས་པ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་ཟད་པ་དང༌། ཞེ་སྡང་ཟད་པ་དང༌། གཏི་མུག་ཟད་པའོ། །དེ་ལ་མྱ་ངན་ལས་འདས་པར་འགྲོ་བའི་ལམ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་འདི་ཉིད་དོ་ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཤིན་ཏུ་རྒྱས་པའི་མདོ་ལས་ཀྱང༌། མཽད་གལ་གྱི་བུ་སྔོན་བྱུང་བ། དེ་བཞིན་གཤེགས་པ་སྙན་པ་བརྗོད་པ་ཞེས་བྱ་བ་བྱུང་སྟེ། དེའི་ཉན་ཐོས་འདུས་པ་ཡང་བྱུང་ངོ༌། །དེའི་ཚེ་ན་སངས་རྒྱས་ཀྱི་ཞིང་དེ་ན་དགེ་སློང་དམིགས་པ་ཀུན་ལ་མཚུངས་པར་ལྟ་བ་ཞེས་བྱ་བ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གཅིག་ཅིག་ཡོད་དེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་རྣམས་ལ། དགེ་བའི་རྩ་བ་བསྐྱེད་ཀྱང༌། དེ་དེ་སྲིད་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ལ་མ་ཞུགས་ཀྱི། ཐེག་པ་ཆེན་པོ་བླ་ན་མེད་པ་ལ་ཡང་དག་པར་ཞུགས་ཏེ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཡོངས་སུ་སྦྱོང་བར་འདོད་དོ། །ཡང་དེའི་ཚེ་ན་སངས་རྒྱས་ཀྱི་ཞིང་དེ་ན་དགེ་སློང་གཅིག་པོ་དེ་མ་གཏོགས་པར་སེམས་ཅན་གཞན་གང་གིས་ཀྱང༌། བྱང་ཆུབ་ཀྱི་ཕྱིར་བྱང་ཆུབ་ཏུ་སེམས་མ་བསྐྱེད་དེ། དེ་ཆོས་ཟབ་མོ་ཐམས་ཅད་ལ་དབང་ཟོས་པས། ལྷ་ཚེ་རིང་པོ་རྣམས་ཀྱི་ནང་དུ་སྐྱེས་སོ། །དེ་ནས་དེ་བཞིན་གཤེགས་པ་སྙན་པ་བརྗོད་པས། སངས་རྒྱས་ཀྱི་མཛད་པ་མཛད་ནས། སེམས་ཅན་ཆེན་པོ་གང་ལ་སངས་རྒྱས་ཀྱི་མཛད་


DTG110_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་མཛད་ཅེས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གཟིགས་པ་དང༌། དེས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་གཅིག་པོ་དེ་ལ་བྱང་ཆུབ་ཀྱི་སྣོད་དུ་གྱུར་ན། དེ་ཡང་མི་དལ་བ་རྙེད་ནས་དེ་ལུས་དེ་ཉིད་ཀྱིས་བྱང་ཆུབ་ཏུ་དགེ་བའི་རྩ་བ་བསྐྱེད་པའི་སྐལ་པ་མེད་དེ། དེ་ནས་ཤི་འཕོས་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་སྟེ། དེ་དེ་ནས་ཡང་བྱང་ཆུབ་ཏུ་དགེ་བའི་རྩ་བ་བསྐྱེད་པའི་སྐལ་བ་མེད་ལ། དེ་མནར་མེད་པ་ནས་ཤི་འཕོས་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ཀྱང་བླུན་པོ་ལུག་ལྟར་ལྐུགས་པ་ལག་བརྡ་བྱེད་པ་ཆོས་གོ་བའི་མཐུ་མེད་པར་གཟིགས་ནས། དེར་དེ་བཞིན་གཤེགས་པ་དེ་སྤྲུལ་ཏེ། སེམས་ཅན་དེ་ཡོངས་སུ་སྨིན་པར་མཛད་དོ། །སྤྲུལ་པས་དེ་ཡོངས་སུ་སྨིན་པར་མཛད་པ་ན། སྐྱེ་བ་བྱེ་བ་ཁྲག་ཁྲིག་ཕྲག་དྲུག་ཅུར་དེ་བཞིན་གཤེགས་པ་དེ་མི་བདེ་བ་མྱོང་ངོ༌། །མཽད་གལ་གྱི་བུ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་ལ་ལྟོས། སེམས་ཅན་གཅིག་གི་ཕྱིར་ཡང་བསྐལ་པ་གྲངས་མེད་པར་མི་བདེ་བ་མྱོང་ཞིང་གང་ཟག་ད་ཡོངས་སུ་སྨིན་པར་མཛད་ནས་ཕྱིར་མི་ལྡོག་པའི་ལམ་ལ་གཞག་གོ །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་སྙན་པ་བརྗོད་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་ན་དེ་ལྟར་མི་ལྟའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དོན་ཐམས་ཅད་གཟིགས་པ་དེ། དེའི་ཚེ་སྙན་པ་བརྗོད་པར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་དམིགས་པ་ཀུན་ལ་མཚུངས་པར་ལྟ་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་ན་ཡང་དེ་ལྟར་མི་ལྟའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་འོད་དཔག་མེད་དེའི་ཚེ། དགེ་སློང་དམིགས་པ་ཀུན་ལ་མཚུངས་པར་ལྟ་བ་ཞེས་བྱ་བར་གྱུར་ཏོ་ཞེས་གསུངས་སོ། །ཡང་ཡབ་དང་སྲས་མཇལ་བའི་མདོ་ལས་ཀྱང༌། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་དཔག་ཏུ་མེད་པ། བགྲང་དུ་མེད་པ། བསམ་གྱི་མི་ཁྱབ་པ། མཚུངས་པ་མེད་པ། གཞལ་དུ་མེད་པ་བརྗོད་དུ་མེད་པ། འདས་པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་


DTG110_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་ཏོག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་སངས་རྒྱས་ཀྱི་ཞིང་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས། སངས་རྒྱས་ཀྱི་ཞིང་གཅིག་ཏུ་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེ་ན་འཁོད་པའི་སེམས་ཅན་རྣམས་ཀྱང་བདེ་བ་ལྔ་ཐོབ་པར་གྱུར་ཏེ། འདི་ལྟར་ལ་ལ་ནི་འདོད་པའི་བདེ་བ་དང་ལྡན་པར་གྱུར་ཏོ། །ལ་ལ་ནི་ཁྱིམ་ནས་འབྱུང་བའི་བདེ་བ་དང་ལྡན་པར་གྱུར་ཏོ། །ལ་ལ་ནི་བསམ་གཏན་གྱི་བདེ་བ་དང་ལྡན་པར་གྱུར་ཏོ། །ལ་ལ་ནི་སྙོམས་པར་འཇུག་པའི་བདེ་བ་དང་ལྡན་པར་གྱུར་ཏོ། །ལ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་དང་ལྡན་པར་གྱུར་ཏེ། དེ་དག་བདེ་བ་དེ་ལ་ཡང་སྤྱོད་ལ། དེ་དག་དེ་ལ་ཡང་མངོན་པར་ཞེན་པ་མེད་པར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན། བུང་བ་མེ་ཏོག་གི་ཁུ་བས་ཉེ་བར་འཚོ་ཡང་དེ་ལ་མངོན་པར་ཞེན་པ་མེད་དོ། །དེ་བཞིན་དུ་སེམས་ཅན་དེ་དག་ཀྱང་བདེ་བ་དེ་ལ་ཡོངས་སུ་སྤྱོད་ཀྱང་དི་ལ་མངོན་པར་ཞེན་པ་མེད་དོ། །འདི་ལྟ་སྟེ་དཔེར་ན། བར་སྣང་ལ་རྒྱུ་བའི་བྱ་ནི་བར་སྣང་ལ་རྒྱུ་ཡང་དེ་ལ་མངོན་པར་ཆགས་པ་ཡང་མེད་དོ། །དེ་བཞིན་དུ་སེམས་ཅན་དེ་དག་ཀྱང་བདེ་བ་དེ་ལ་ཡོངས་སུ་སྤྱོད་ཀྱང་དེ་ལ་མངོན་པར་ཞེན་པ་མེད་དོ། །འཇམ་དཔལ་གྱིས་གསོལ་པ། དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དབང་པོའི་ཏོག་ཅེས་བགྱི་བར་གྱུར་པ་དེ་ནི། བཅོམ་ལྡན་འདས་ཉིད་དེའི་ཚེ་དུས་ན། དེ་བཞིན་གཤེགས་པ་དབང་པོའི་ཏོག་ཅེས་བགྱི་བར་གྱུར་པར་འཚལ་ཏོ་ཞེས་གསུངས་སོ། །ལང་དཀར་གཤེགས་པའི་མདོ་ལས་ཀྱང༌། བྱ་བ་དང་ནི་མཚན་ཉིད་དང༌། །དངོས་པོར་མྱ་ངན་ང་མི་འདའ། །རྣམ་རྟོག་རྣམ་པར་ཤེས་པ་ལས། །བཟློག་པས་མྱ་ངན་ང་འདས་སོ། །ཞེས་གསུངས་སོ། །ཐེག་པ་གཅིག་ལ་མོས་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་རྙེད་པར་དཀའ་སྟེ། ཐེག་པ་གཅིག་ཏུ་ཟད་པར་ནི་མདོ་སྡེ་དུ་མ་ལས་གསུངས་པའི་ཕྱིར་རོ། འཕགས་པ་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་འབྱུང་བ། ང་ཡང་ཐེག་པ་གཅིག་ལས་བརྩམས་ཏེ་སེམས་ཅན་རྣམས་ལ་ཆོས་འཆད་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་ཐེག་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པ་སྟེ། ཐེག་པ་གཉིས་


DTG110_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སམ་གསུམ་ཞེས་བྱ་བ་དག་ཀྱང་མེད་དོ། །ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན་ཡང་ཆོས་ཉིད་ནི་འདིའོ། །དེ་ཅིའི་ཕྱིར་ཞེ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གང་འདས་པའི་དུས་ན་བྱུང་བའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་གཅིག་ལས་བརྩམས་ནས། སེམས་ཅན་རྣམས་ལ་ཆོས་བསྟན་ཏེ། གང་འདི་སངས་རྒྱས་ཀྱི་ཐེག་པའོ། །གང་མ་འོངས་པའི་དུས་ན་འབྱུང་བའི་དེ་བཞིན་གཤེགས་པ་དེ་དག་ཀྱང༌། སངས་རྒྱས་ཀྱི་ཐེག་པ་གཅིག་པུ་ལ་བརྩམས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པར་འགྱུར་རོ། །གང་ད་ལྟར་བྱུང་བའི་དུས་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཐོག་པ་གཅིག་པུ་ལ་བརྩམས་ནས། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་རྣམས་གྲངས་འདིས་དེ་ལྟར་རིག་པར་བྱ་སྟེ། ཕྱོགས་ཅུའི་འཇིག་རྟེན་གྱི་ཁམས་གང་ན་ཡང་ཐེག་པ་གཉིས་སུ་བཏགས་པ་ཡང་མེད་ན། གསུམ་དུ་ལྟ་ཅི་སྨོས་ཞེས་གསུངས་སོ། །འཕགས་པ་བདེན་པའི་ལེའུ་ལས་ཀྱང༌། འཇམ་དཔལ་ཐེག་པ་གཅིག་གིས་ངེས་པར་འབྱུང་བའི་ཕྱིར། སངས་རྒྱས་ཀྱི་ཞིང་དེ་ནི་ཐེག་པ་ཆེན་པོའི་སྙིང་པོ་དང་ལྡན་པ་ཡིན་ནོ། །ང་ལ་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་དགོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན་དེ་བཞིན་གཤེགས་པ་ལ་འདུ་ཤེས་སྣ་ཚོགས་མེད་པའི་ཕྱིར་ཏེ། འཇམ་དཔལ་གལ་ཏེ་དེ་བཞིན་གཤེགས་པ་ལ་ལ་དག་ནི་ཐེག་པ་ཆེན་པོའོ། །ལ་ལ་དག་ནི་རང་སངས་རྒྱས་ཀྱི་ཐེག་པ། ལ་ལ་དག་ནི་ཉན་ཐོས་ཀྱི་ཐེག་པ་བཤད་པར་གྱུར་ན་དེ་ནི་དེ་བཞིན་གཤེགས་པའི་སེམས་ཡོངས་སུ་མ་དག་པར་འགྱུར་ཏེ། མངོན་པར་ཞེན་པའི་སྐྱོན་དུ་ཡང་འགྱུར། སྙིང་རྗེ་ཆེན་པོ་ཉི་ཚེ་བར་ཡང་འགྱུར། འདུ་ཤེས་ཐ་དད་པའི་སྐྱོན་དུ་ཡང་འགྱུར། ང་ཆོས་ལ་སློབ་དཔོན་དཔེ་མཁྱུད་བྱས་པར་ཡང་འགྱུར་རོ། །འཇམ་དཔལ་ངས་སེམས་ཅན་རྣམས་ལ་ཆོས་གང་དང་གང་བསྟན་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་ལ་གཞོལ་བ། ཐེག་པ་ཆེན་པོ་ལ་འབབ་པའི་ཐམས་ཅད་མཁྱེན་པ་ཉིད་བསྒྲུབ་པ། ཡུལ་


DTG110_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་ཡང་དག་པར་ཕྱིན་པར་བྱེད་པ་སྟེ། དེ་བས་ན་ང་ལ་ཐེག་པ་རྣམ་པར་དགོད་པ་མེད་དོ། །འཇམ་དཔལ་ཐེག་པ་རྣམ་པར་དགོད་པ་ཞེས་བྱ་བ་དེ་ནི། དེ་བཞིན་གཤེགས་པས་ས་རྣམ་པར་དགོད་པར་མཛད་པའོ། །དེ་ནི་གང་ཟག་རྣམ་པར་དགོད་པར་མཛད་པའོ། །ཚོགས་ཆུང་ངུ་དང༌། ཚོགས་ཚད་མེད་པ་རྣམ་པར་དགོད་པར་མཛད་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཐ་དད་པ་མེད་པའི་ཕྱིར་འདི་ལ་ཐེག་པ་ཐ་དད་པ་མེད་དེ། འདི་ནི་ཀུན་རྫོབ་ཏུ་འཇུག་པ་བསྟན་པ། འཇུག་པའི་སྒོ་ཙམ་དུ་བརྗོད་པའོ། །གང་དོན་དམ་པར་ཐེག་པ་གཅིག་པ་ནི་གཉིས་པ་མ་ཡིན་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། ལྷའི་བུ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །གང་དག་ཡང་དག་པ་ཉིད་དུ་ངེས་པར་ཞུགས་པ་དེ་དག་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་འཁོར་བའི་རྒྱུན་གྱི་མཚམས་བཅད་པའི་ཕྱིར་རོ། །དེ་དག་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་ནི། ང་ཡང་རྗེས་སུ་ཡི་རང་ཞིང༌། ང་དེ་དག་གི་དགེ་བའི་རྩ་བ་ལ་བར་ཆད་མི་བྱེད་དེ། ཁྱད་པར་དུ་འཕགས་པ་བས་ཀྱང་ཤིན་ཏུ་ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལ་ལྷག་པར་དམིགས་པར་བྱའོ་ཞེས་གསུངས་སོ། །འདུས་པ་ཆེན་པོའི་ལེའུ་ལས་ཀྱང༌། ཐེག་པ་གཅིག་ཏུ་ཡང་དག་པར་འདུ་བ་ནི། ཐེག་པ་ཐམས་ཅད་ཐེག་པ་གཅིག་ཏུ་མཉམ་པ་ཉིད་དུ་ཡང་དག་པར་འདུ་སྟེ། ཆོས་ཀྱི་དབྱིངས་དབྱེར་མེད་པ་ལ་འཇུག་པར་ཚུལ་གཅིག་གོ་ཞེས་གསུངས་སོ། །འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས་ཀྱང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཏམ་སྣ་ཚོགས་ཀྱི་ཆེན་དུ་འབྱུང་བ་མ་ཡིན་ཏེ། ཆོས་ཀྱི་དབྱིངས་རོ་གཅིག་པ་སྒྲིབ་པ་མེད་པ། སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པ། མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། འདི་ལྟ་སྟེ། ཕྱིར་མི་ལྡོག་པའི་འཁོར་ལོ་རབ་ཏུ་བསྐོར་རོ། །རིགས་ཀྱི་བུ་འདི་


DTG110_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་སྟེ་དཔེར་ན། ནོར་བུ་མཁན་གྱིས་ནོར་བུའི་རིགས་ལས་སྦྱང་བ་མ་བྱས་པའི་ནོར་བུ་རིན་པོ་ཆེ་བླངས་ནས། བུལ་ཏོག་གི་ཆུ་རྣོན་པོས་བཀྲུས་ཏེ། སྐྲ་ནག་པོའི་ལ་བས་བྱི་དོར་བྱས་ཀྱང་དེ་ཙམ་གྱིས་བརྩོན་འགྲུས་རྒྱུན་མི་གཅོད་ཀྱི། དེའི་འོག་ཏུ་དེ་རྡུལ་ཆུ་རྣོན་པོ་དང་བཅས་པས་བཀྲུས་ཏེ། ཤིང་དང་སྣམ་བུས་བྱི་དོར་བྱ་བས་བྱི་དོར་བྱེད་དོ། །དེ་ཙམ་གྱིས་ཀྱང་བརྩོན་འགྲུས་རྒྱུན་མི་གཅོད་དོ། །དེའི་འོག་ཏུ་ཡང་སྨན་ཆེན་པོའི་ཁུ་བས་བཀྲུས་ཏེ། རས་ཕྲ་མོས་བྱི་དོར་བྱས་པས་བྱི་དོར་བྱེད་དོ། །བྱི་དོར་བྱས་ཏེ་ནོར་བུ་མཆིད་བུའི་རིགས་དང་བྲལ་ནས་བཻཌཱུཪྻ་ཞེས་བྱའོ། །དེ་བཞིན་དུ་དེ་བཞིན་གཤེགས་པས་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་རིག་ནས་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། མི་སྡུག་པ་ཡིད་འབྱུང་བར་འགྱུར་བའི་གཏམ་གྱིས་འཁོར་བ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ཡིད་འབྱུང་བར་བྱེད་དོ། །འཕགས་པའི་ཆོས་འདུལ་བ་ལ་འཇུག་པར་བྱེད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་འགྲུས་རྒྱུན་མི་གཅོད་ཀྱི། དེའི་འོག་ཏུ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་གཏམ་གྱི་དེ་བཞིན་གཤེགས་པའི་གཏམ་གྱི་ཚུལ་ཁོང་དུ་ཆུད་པར་བྱེད་དོ། །དེ་ཙམ་གྱིས་ཀྱང་དེ་བཞིན་གཤེགས་པ་བརྩོན་འགྲུས་རྒྱུན་མི་གཅོད་ཀྱི། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་དང༌། འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས། སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཛུད་དོ། །སེམས་ཅན་རྒྱུད་དང་རང་བཞིན་སྣ་ཚོགས་པ་དེ་དག་མཉམ་དུ་ཞུགས་ནས། དེ་བཞིན་གཤེགས་པའི་ཆོས་ཉིད་ཁོང་དུ་ཆུད་པས། སྦྱིན་གནས་བླ་ན་མེད་པ་རྣམས་ཞེས་བྱའོ་ཞེས་གསུངས་སོ། །ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས་ཀྱང༌། འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ཇི་ཙམ་ཞིག་མཐུན། བཀའ་སྩལ་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོར་མཐུན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བཅོམ་ལྡན་


DTG110_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

འདས་དེ་ཐེག་པ་གསུམ་ལ་བརྩམས་ཏེ། དེ་ལྟར་ཆོས་སྟོན། བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཅན་དེ་དག་ནི་དམན་པ་ལ་མོས་པ་དག་སྟེ། དེ་དག་ཐེག་པ་གཅིག་ལ་མི་འཇུག་པས་ན། ཐབས་མཁས་པས་དེ་དག་དེ་ལྟར་ཉེ་བར་ཁྲིད་དེ་རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐབས་མཁས་པ་ཆེན་པོ་དང་ལྡན་པའོ། །བཅོམ་ལྡན་འདས་དེ་ནི་སྙིགས་མ་ལྔའི་དུས་ན་བྱུང་སྟེ། དེ་དག་ནི་ཐེག་པ་གཅིག་ལ་མ་མོས་པ་དག་གོ་ཞེས་གསུངས་སོ། །འཕགས་པ་དཔལ་གྱི་ཕྲེང་བ་སེང་གེའི་སྒྲའི་མདོ་ལས་ཀྱང༌། ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་སོ། །ཐེག་པ་གསུམ་པོ་ཐམས་ཅད་ཀྱང་ཐེག་པ་གཅིག་པོའི་གྲངས་སུ་འགྲོ་སྟེ། ཐེག་པ་གཅིག་ཁོང་དུ་ཆུད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཁོང་དུ་ཆུད་དོ་ཞེས་གསུངས་སོ། །འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་ཀྱང༌། ཉན་ཐོས་དང༌། རང་སངས་རྒྱས་རྣམས་བག་ཆགས་ཀྱི་ཉེས་པ་དང༌། ཏིང་ངེ་འཛིན་གྱིས་མྱོས་པ་མེད་པར་གྱུར་ནས། ཟག་པ་མེད་པའི་དབྱིངས་ནས་སླར་སད་དེ། ཡང་འཇིག་རྟེན་གྱི་དང༌། འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་དབྱིངས་སུ་གཏོགས་པའི་ཚོགས་རྣམས་ཡོངས་སུ་རྫོགས་པར་བཀང་ནས། ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ལ་དབང་མེད་པར་རབ་ཏུ་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །དེ་ལྟ་མོད་ཀྱི་སེམས་ཅན་གྱི་དགེ་བའི་ཚོགས་སྤྱོད་པ་ཐ་དད་པ་དང༌། འདུལ་བའི་དབང་དང་ཐེག་པ་སྣ་ཚོགས་ཀྱི་སྒོ་སྟོན་པས་ཀྱང་འཇིག་རྟེན་གྱི་ཁམས་ཐ་དད་པ་རྣམས་སུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་ལ་འཇུག་གོ །ཐེག་པ་གསུམ་དུ་ཡང་མ་ཟད་དེ། སྡོང་པོ་བཀོད་པའི་རྣམ་པར་ཐར་པ་ལས་རྣམ་པར་སྣང་བྱེད་དཔལ་གྱི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་ཀུན་ནས་ཡེ་ཤེས་རིན་ཆེན་འོད་འཕྲོ་དཔལ་ཡོན་ཏན་གྱི་ཏོག་གི་རྒྱལ་པོ་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་སེམས་ཅན་དཔག་ཏུ་མེད་པ་དག་ནི་ཉན་ཐོས་ཀྱི་ས་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་རང་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་ཤུགས་དང་


DTG110_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་སྤོབས་པས་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་ཕ་རོལ་གནོན་པ་དྲི་མ་མེད་པའི་རྒྱལ་མཚན་གྱི་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་ཆོས་ལ་སྤོབས་པས་ངས་པར་འབྱུང་བའི་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་དབང་པོ་ཡོངས་སུ་དག་པའི་སྤོབས་པས་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་སྟོབས་མཉམ་པ་ཉིད་ཡང་དག་པར་སྤྱོད་པའི་རྗེས་སུ་འགྲོ་བས་ངེས་པར་འབྱུང་བའི་བྱང་ཆུབ་ལ་ཡོངས་སུ་སྨིན་པར་བྱས། སེམས་ཅན་དཔག་ཏུ་མེད་པ་དག་ནི་ཆོས་ཀྱི་གྲོང་ཁྱེར་ལ་མངོན་པར་ཕྱོགས་པའི་ཡུལ་གྱི་ཐེག་པ་སྲིད་པ་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་ཐམས་ཅད་དུ་སོང་བའི་རྫུ་འཕྲུལ་མི་ཕྱེད་པའི་ཚུལ་གྱིས་ཐེག་པ་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་སྤྱོད་པའི་སྦྱོར་བ་ཚད་མེད་པ་ཡང་དག་པར་འདུ་བས་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་ཏིང་ངེ་འཛིན་ལ་གནས་པའི་ཚུལ་གྱིས་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་དམིགས་པ་ཐམས་ཅད་ཀྱི་ཡུལ་ཡོངས་སུ་དག་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ལ་སེམས་བསྐྱེད། སེམས་ཅན་དཔག་ཏུ་མེད་པ་དག་ནི་བྱང་ཆུབ་སེམས་དཔའི་ལམ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་རྣམ་པར་དག་པ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་བཀོད་པ་ནས། བྱང་ཆུབ་སེམས་དཔའི་ས་བཅུ་པའི་བར་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྨོན་ལམ་གྱི་ཁྱད་པར་དུ་གྱུར་པ་ལ་བཙུད། སེམས་ཅན་དཔག་ཏུ་མེད་པ་དག་ནི་བྱང་ཆུབ་སེམས་དཔའི་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་རྣམ་པར་དག་པ་ལ་བཀོད་དོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་དམ་པའི་ཆོས་རྟག་ཏུ་ཡོངས་སུ་གཟུང་བར་བྱའོ། །དམ་པའི་ཆོས་ཡོངས་སུ་གཟུང་བ་གང་ཞེ་ན། དད་པའི་སྟོབས་བསྐྱེད་པའི་མདོ་ལས་འབྱུང་བ་འཇམ་


DTG110_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དེ་ལ་དམ་པའི་ཆོས་ཡོངས་སུ་བཟུང་ན། དམ་པའི་ཆོས་ཡོངས་སུ་བཟུང་བ་ཡིན་ནོ། །དམ་པའི་ཆོས་ཡོངས་སུ་བཟུང་ན། སེམས་ཅན་ཐམས་ཅད་ཡོངས་སུ་བཟུང་བ་ཡིན་ནོ། །སེམས་ཅན་ཐམས་ཅད་ཡོངས་སུ་བཟུང་ན་སངས་རྒྱས་ཀྱི་རིགས་མི་འཆད་པར་བྱས་པ་ཡིན་ནོ། །སངས་རྒྱས་ཀྱི་རིགས་མི་འཆད་པར་འདོད་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་འཇོམས་པར་འདོད་པ་དང༌། ངན་འགྲོ་ཀུན་གྱི་སྒོ་གཅོད་པར་འདོད་པ་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོའི་བདེ་བ་དང༌། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བའི་བདེ་བ་གྲངས་མེད་དཔག་ཏུ་མེད་པ་མྱོང་བར་འདོད་པ་དང༌། བདུད་ཀྱི་ཞགས་པ་ཐམས་ཅད་གཅོད་པར་འདོད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པའི་བར་གྱིས། ཐ་ན་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཡང་ཡོངས་སུ་བཟུང་བ་ཇི་ཙམ་ཆུང་ངུ་ཡང་བྱའོ་ཞེས་གསུངས་སོ། །འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང༌། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་ནི་གཅིག་སྟེ། འདི་ལྟར་བྱང་ཆུབ་ཀྱི་སེམས་མི་བརྗེད་ཅིང་བག་ཡོད་པའོ། །གཞན་ཡང་ཆོས་གཅིག་སྟེ། འདི་ལྟར་བདག་བདེ་བ་ལ་མི་ཆགས་པའི་སྙིང་རྗེ་ཆེན་པོའོ། །གཞན་ཡང་ཆོས་གཅིག་སྟེ། འདི་ལྟར་ཆོས་སྨྲ་བ་རྣམས་ལ་སྟོན་པ་དང༌། བླ་མ་ལྟར་ཕངས་པར་རིམ་གྲོ་བྱེད་པའོ། །གཞན་ཡང་ཆོས་གཅིག་སྟེ། འདི་ལྟར་དེ་བཞིན་གཤེགས་པ་བཞུགས་པ་རྣམས་སམ། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་མཆོད་པ་དང༌། རིམ་གྲོ་བྱེད་པས་ཆོག་མི་ཤེས་པའོ། །གཞན་ཡང་ཆོས་གཅིག་སྟེ། འདི་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ་དང༌། མ་བྱུང་བར་རིག་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། བྱང་ཆུབ་ལས་མི་ཉམས་ཏེ། ཚེ་བརྗེས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱེད་དེ། ཇི་ལྟར་སྨོན་པ་བཞིན་དུ་དགེ་བའི་རྩ་བ་ཐམས་ཅད་ཀྱང་རྗེས་སུ་མཐུན་པར་འགྱུར་ལ། སྟོབས་ཆེ་ཞིང་མཐུ་བོ་ཆེ་


DTG110_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ལུས་མི་ཤིགས་པར་འགྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་ཀྱང་རབ་ཏུ་ཐོབ། ཚངས་པའི་གནས་པ་བཞི་ཡང་འཐོབ་སྟེ། ཚངས་པའི་འཇིག་རྟེན་དུ་སྐྱེས་ནས། ཚངས་པའི་དབང་ཡང་རབ་ཏུ་འཐོབ་པོ། །བཞི་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མཆོད་རྟེན་ཞིག་པར་མཐོང་ན། སླར་གསོ་བར་མོས་ཏེ། དེ་ལ་འཇིམ་པའི་རིལ་བུ་འགས་གློན་པ་ཡིན། ལམ་གྱི་བཞི་མདོ་ཆེན་པོར་སྐྱེ་བོ་མང་པོ་འདུ་བའི་གནས་སུ་དེ་བཞིན་གཤེགས་པའི་མཆོད་རྟེན་བརྩིགས་སམ། མཆོད་རྟེན་ནམ། ཁང་པ་བརྩེགས་པའམ། རྡོ་རིངས་སམ། དེ་བཞིན་གཤེགས་པའི་སྐུ་གཟུགས་སམ། དེ་བཞིན་གཤེགས་པའི་ཡོན་ཏན་གཞན་དང༌། གཞན་རྗེས་སུ་དྲན་པར་བྱ་བ་འདི་ལྟ་སྟེ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའམ། མངོན་པར་འབྱུང་བའམ། བྱང་ཆུབ་ཀྱི་ཤིང་ངམ། བདུད་འདུལ་བའམ། ཆོ་འཕྲུལ་ཆེན་པོའམ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པའམ། ལྷ་ཡུལ་ནས་བབས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མི་འདུམ་པ་མཐོང་ན། སྡུམ་བྱེད་པ་ལ་བརྩོན་པ་ཡིན། དེ་བཞིན་གཤེགས་པའི་བསྟན་པ་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པ་ན། ཚིགས་སུ་བཅད་པ་གཅིག་སྲུང་བ་ལ་མི་བརྗེད་པར་བརྩོན་པ་ཡིན། ཆོས་སམ་ཆོས་སྨྲ་བ་ཡོངས་སུ་འཛིན་ཅིང་ལུས་དང་སྲོག་འདོར་བར་ཆོས་མི་གཏོང་བ་སྟེ། བཞི་པོ་དེ་དག་གོ་ཞེས་གསུངས་སོ། །འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང༌། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཡོངས་སུ་འཛིན་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཕྱི་མའི་དུས་ཕྱི་མའི་ཚེ། ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་ཅིང་བསྟན་པ་འཁྲུག་པར་གྱུར་པ་དང༌། སེམས་ཅན་རྣམས་ལམ་ངན་པར་ཞུགས་པ་དང༌། ཡེ་ཤེས་ཀྱི་སྒྲོན་མ་མྱ་ངན་ལས་འདས་ཏེ་སྟོན་པ་མེད་པའི་ཚེ། མདོ་སྡེ་རྒྱ་ཆེན་པོ་དོན་ཆེ་ཞིང་མཐུ་ཆེ་བ་དམ་པའི་ཆོས་ཐམས་ཅད་ཀྱི་མ་མོ་དང་འདྲ་བ་དག་འཛིན་ཅིང༌། ཀློག་ལ་ཁ་ཏོན་བྱེད་ཅིང༌། ཀུན་ཆུབ་པར་བྱེད་པ་དང༌། གཞན་ལ་ཡང་བརྗོད་


DTG110_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སྟོན་ལ། ཡང་དག་པར་སྟོན་ཅིང་གསལ་བར་བྱེད་པ་དང༌། དེ་ལ་ཞུགས་པའི་གང་ཟག་རྣམས་ལ། དགའ་བ་དང་དད་པ་དང༌། རངས་པར་བྱེད་ཅིང་དེ་དག་ལ་ཕན་འདོགས་པ་དང༌། ཟང་ཟིང་མེད་པའི་སེམས་ཀྱིས་དམ་པའི་ཆོས་ཉན་པ་དང༌། ཆོས་སྨྲ་བའི་གང་ཟག་རྣམས་ལ་སྟོན་པར་འདུ་ཤེས་བསྐྱེད་པ་དང༌། དམ་པའི་ཆོས་ལ་བདུད་རྩིར་འདུ་ཤེས་བསྐྱེད་པ་དང༌། བཅུད་གསོས་སུ་འདུ་ཤེས་བསྐྱེད་པ་དང༌། རྩིའི་འདུ་ཤེས་བསྐྱེད་པ་དང༌། ལུས་དང་སྲོག་ལ་མི་ལྟ་བར་དམ་པའི་ཆོས་ཡོངས་སུ་ཚོལ་བ་དང༌། ཚོལ་ནས་ཀྱང་ནན་ཏན་གྱིས་སྒྲུབ་པོ་ཞེས་གསུངས་སོ། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་ཀྱང༌། བཟད་སྐྱོང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། དམ་པའི་ཆོས་ཡོངས་སུ་འཛིན་ཏེ། བཞི་གང་ཞེ་ན། བདག་བདེ་བ་ལ་མི་ཆགས་པ་དང༌། གཞན་ལ་བདེ་བ་སྟོབས་པ་དང༌། སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ་དང༌། ཆོས་ཡོངས་སུ་ཚོལ་བས་མི་ངོམས་པ་སྟེ། བཞི་པོ་དེ་དག་གོ་ཞེས་གསུངས་སོ། །ཡང་མདོ་དེ་ཉིད་ཀྱི་སྔོན་གྱི་ཚུལ་གྱི་ལེའུ་ལས་ཀྱང༌། རྒྱལ་བུ་དྲི་མ་མེད་པའི་གཟི་བརྗིད་ཀྱི་ས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རི་རབ་ཆེན་པོ་དགེ་སློང་བརྒྱད་ཁྲི་བཞི་སྟོང་དང་བཅས་པ་ལ། ལོ་སྟོང་གི་བར་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པར་གྱུར་ཏོ། །དེ་ནས་ལོ་སྟོང་ལོན་པ་དང༌། བཅོམ་ལྡན་འདས་རི་རབ་ཆེན་པོ་དེ་བཞིན་གཤེགས་པ་དེས་རྒྱལ་པོ་དྲི་མ་མེད་པའི་གཟི་བརྗིད་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་གང་ལོ་སྟོང་དུ་སྦྱིན་པའི་ཆོས་ཡོངས་སུ་བཏང་སྟེ། དེ་བཞིན་གཤེགས་པ་ལ་ཕུལ་བའི་སྦྱིན་པའི་ཆོས་ཡོངས་སུ་བཏང་བ་དེ་དག་ཐམས་ཅད་ཡོངས་སུ་བསྡུས་ཀྱང༌། ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའི་དབུགས་ལན་གཅིག་རྒྱུ་བའི་དགེ་བའི་རྩ་བའི་བརྒྱའི་ཆར་ཡང་ཉེ་བར་མི་ཆོག་པ་ནས། རྒྱུའི་བར་དུ་ཡང་མི་ཆོག་ན། གང་ལུང་འབོགས་པ་དང༌། ཁ་ཏོན་ལ་བརྩོན་པ་དང༌། ཚིག་བཞི་པའི་ཚིགས་སུ་བཅད་པ་ཕ་རོལ་ཏུ་ཕྱིན་པ་དང་རབ་ཏུ་ལྡན་པ་གཅིག་ཙམ་དུ་རབ་ཏུ་སྟོན་པ་ལྟ་ཅི་སྨོས་ཏེ། དེའི་བསོད་ནམས་ཀྱི་ཕུང་པོའི་


DTG110_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ང་མི་འཆད་དོ། །སྦྱིན་པའི་ཆོས་ཡོངས་སུ་གཏོང་བ་ལྟ་ཞོག་སྟེ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་གང་ལོ་སྟོང་གི་བར་དུ་རྒྱུ་གོད་པ་ཐམས་ཅད་བསྡུས་ནས། དགེ་སློང་གཅིག་ལ་བྱིན་པར་གྱུར་ལ། དེ་བཞིན་དུ་སོ་སོར་དགེ་སློང་ཐམས་ཅད་ལ་བྱིན་པ་བས། བྱང་ཆུབ་སེམས་དཔའ་གང་ལུང་འབོགས་པ་དང༌། ཁ་ཏོན་ལ་བརྩོན་པ་དང༌། གུས་པ་དང་བཅས་པ་དང༌། ཆོས་སྟོན་འདོད་པས་དད་པས་བྱིན་པའི་ཟས་བླངས་ནས། འདི་སྙམ་དུ་བདག་གིས་ཁ་ཟས་འདིས་ཆོས་ཡོངས་སུ་བཙལ་བར་བྱའོ་སྙམ་དུ་སེམས་བསྐྱེད་ན། །སྦྱིན་པའི་ཆོས་ཡོངས་སུ་གཏོང་བ་དེས། དགེ་བའི་རྩ་བ་དེའི་བརྒྱའི་ཆར་ཡང་ཉེ་བར་མི་ཆོག་པ་ནས། རྒྱུའི་བར་དུ་ཡང་མི་ཆོག་གོ་ཞེས་གསུངས་སོ། །འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་བརྗོད་པ་བས། དམ་པའི་ཆོས་ནི་ཡོངས་འཛིན་ན། དེ་བས་བསོད་ནམས་ཆེས་མང་ངོ༌། །དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀྱིས་ནི་ནན་ཏན་དུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང༌། །མཐའ་མར་ཕྱིན་པར་འགྱུར་མ་ལགས། །ཞེས་འབྱུང་ངོ༌། །དམ་པའི་ཆོས་གང་ཞེ་ན། དཔལ་གྱི་ཕྲེང་བ་སེང་གེའི་སྒྲའི་མདོ་ལས་གསུངས་པ། དམ་པའི་ཆོས་ཞེས་བྱ་བ་དེ་ནི་ཐེག་པ་ཆེན་པོའི་ཚིག་བླ་དགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་ཐམས་ཅད་ཀྱང་ཐེག་པ་ཆེན་པོས་རབ་ཏུ་ཕྱེ་བའི་ཕྱིར་རོ་ཞེའོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང༌། དམ་པའི་ཆོས་ཡོངས་སུ་འཛིན་པ་ནི། འདི་ལྟ་སྟེ། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཟབ་མོ་རྣམས་ལུང་ནོད་པ་དང༌། འཛིན་པ་དང༌། ཁ་ཏོན་བྱེད་པ་དང༌། སེམས་པའོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་གང་དམིགས་པའི་སྤྱོད་པ་ལ་གནས་ཏེ། དུས་དཔག་ཏུ་མེད་པར་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་ཀྱང༌། དེ་དག་ལུང་བསྟན་པ་ཡང་ཐོབ་པར་མི་འགྱུར་ན། བྱང་ཆུབ་ལྟ་ཐོབ་པར་ག་ལ་འགྱུར་ཏེ། ཚངས་པས་ཞུས་པའི་མདོ་ལས་འབྱུང་བ། ཚངས་པ་དྲས་བསྐལ་པའམ། བསྐལ་པ་ལས་ལྷག་པར་དེ་བཞིན་


DTG110_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དེ་དག་གི་མཚན་ནས་བརྗོད་ཅིང༌། གང་དག་ངས་ཆོས་དེ་གང་ལ་ངས་ཚངས་པར་སྤྱོད་པ་སྤྱད་ཅིང༌། ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་ཀྱང་དེ་བཞིན་གཤེགས་པ་དེ་དག་གིས་དེ་ལ་ལུང་མ་བསྟན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚངས་པ་ང་སྤྱོད་པ་ལ་གནས་པར་གྱུར་པའི་ཕྱིར་རོ། །ནམ་ངས་དེ་བཞིན་གཤེགས་པ་མར་མེ་མཛད་མཐོང་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་ནས། དེ་ནས་གདོད་ང་ལུང་བསྟན་ཏེ། དེ་ནས་ང་སྤྱོད་པ་ཐམས་ཅད་ལས་ཡང་དག་པར་འདས་སོ། །དེ་ནས་ད་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་སོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཆོས་ཟབ་མོ་ལ་མོས་པ་དང་མི་ལྡན་པ་རྣམས། བདག་དང་གཞན་གྱི་དོན་བྱ་བ་ཡོངས་སུ་རྫོགས་པར་མི་འགྱུར་ཏེ། ཟླ་བ་སྙིང་པོའི་ལེའུ་ལས་འབྱུང་བ། དོན་དམ་པའི་བདེན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་ནོ། །དེ་བས་ན་ཀུན་རྫོབ་ཀྱི་བདེན་པ་གང་གིས་ཀྱང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བའི་ཚོགས་ཀྱི་མཆོག་སྒྲུབ་མི་ནུས་སོ། །ཟླ་བའི་སྙིང་པོ་འདི་ལྟ་སྟེ་དཔེར་ན། མེ་སྟག་གང་གིས་ཀྱང་རྒྱ་མཚོ་ཆེན་པོ་ཟབ་མོ་སྐེམས་མི་ནུས་སོ། །ཟླ་བའི་སྙིང་པོ་དེ་བཞིན་དུ་ཀུན་རྫོབ་ཀྱི་བདེན་པ་གང་གིས་ཀྱང་རང་གི་ཉོན་མོངས་པའི་རྒྱ་མཚོ་སྐེམས་པར་ཡང་མི་ནུས་ན། སེམས་ཅན་གཞན་རྣམས་ཀྱི་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། །ཆོས་ཟབ་མོ་ནི་གང༌། ཆོས་ཟབ་མོ་ལ་མོས་པ་ནི་ཇི་ལྟ་བུ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་འབྱུང་བ། འཕགས་པའི་ཡང་དག་པའི་ལྟ་བ་འབྱུང་བ་ནི། རྒྱུ་གཉིས་དང་རྐྱེན་གཉིས་ཏེ། གཉིས་གང་ཞེ་ན། གཞན་གྱི་སྒྲ་དང༌། བདག་ཉིད་ཀྱི་ཚུལ་བཞིན་ཡིད་ལ་བྱེད་པའོ། །དེ་འདི་སྙམ་དུ་སེམས་ཏེ། གཞན་གྱི་སྒྲ་དེ་གང༌། བདག་ཉིད་ཚུལ་བཞིན་ཡིད་ལ་བྱེད་པ་གང་ཞེ་ན། དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་སྙམ་དུ་སེམས་པར་འགྱུར་ཏེ། རྣལ་འབྱོར་སྤྱོད་པ་གང་དག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་རྣམ་གྲངས་འདི་མ་ཐོས། འཕགས་པའི་ཆོས་འདུལ་བ་མ་ཐོས་པར་ཏིང་ངེ་འཛིན་ཙམ་གྱིས་ཀྱང་དགའ་བ་རྙེད་ནས། ང་རྒྱལ་གྱི་


DTG110_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་ཆེ་བའི་ང་རྒྱལ་དུ་ལྷུང་བ་དེ་དག་ནི། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ངན་དང་སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་ལས་ཡོངས་སུ་མི་ཐར་སྡུག་བསྔལ་གྱི་ཕུང་པོ་ལས་ཡོངས་སུ་མི་ཐར་ཏེ། དེ་བཞིན་གཤེགས་པས་དེ་ལ་དགོངས་ནས་འདི་སྐད་གསུངས་སོ། །ཕ་རོལ་ལས་རྗེས་སུ་མཐུན་པར་ཐོས་པ་ནི། རྒ་བ་དང་འཆི་བ་ལས་རྣམ་པར་གྲོལ་བའོ། །དེ་འདི་ལྟར་སློབ་སྟེ། བྱང་ཆུབ་སེམས་དཔའི་ཚུལ་བཞིན་སྦྱོར་བ་ནི་གང༌། ཇི་ལྟར་ན་བྱང་ཆུབ་སེམས་དཔའི་ཚུལ་བཞིན་སྦྱོར་བ་ཡིན་སྙམ་ནས། དེ་འདི་ལྟར་སློབ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་ལ་ཡང་སྦྱོར་བར་མི་བྱེད། རབ་ཏུ་སྦྱོར་བར་མི་བྱེད་དོ། །ཚུལ་བཞིན་དུ་སྦྱོར་བ་ཞེས་བྱ་བ་འདི་ནི་མི་སྦྱོར་བའི་ཚིག་བླ་དགས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་སྦྱོར་བ་ནི་སྒྲ་འབྱིན་པར་མི་བྱེད། ཟློས་པ་འབྱིན་པར་མི་བྱེད། གང་ནས་སྒྲ་འབྱུང་བ་དེ་ཡང་མི་དམིགས་ཏེ། སྒྲ་དེ་ཉིད་གང་ནས་བྱུང༌། གང་དུ་འགག་ཅེས་སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་ལ་རྟོག་པར་བྱེད་དོ། །གང་སྨྲ་བ་དང༌། གང་སྨྲ་བར་འགྱུར་བ་དང༌། གང་གིས་སྨྲས་པ་དང༌། གང་གིས་སྨྲ་བར་འགྱུར་པ་དང༌། གང་སྤོང་བའི་ཕྱིར་སྨྲས་པ་དང༌། གང་སྤོང་བའི་ཕྱིར་སྨྲ་བ་དང༌། གང་སྤོང་བའི་ཕྱིར་སྨྲ་བར་འགྱུར་བ་དང༌། གང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨྲས་པ་དང༌། གང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨྲ་བ་དང༌། གང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨྲ་བར་འགྱུར་བ་དེ་ཐམས་ཅད་ཡོངས་སུ་བཙལ་ན། འདས་པའི་རྣམ་པ་དང༌། མ་འོངས་པའི་རྣམ་པ་དང༌། ད་ལྟར་བྱུང་བའི་རྣམ་པར་མི་དམིགས་པ་དེ་ནི། དེའི་ཚུལ་བཞིན་སྦྱོར་བའོ་ཞེས་དེ་ལྟར་སློབ་པོ། །བྱང་ཆུབ་སེམས་དཔའ་དེ་ལྟར་ཚུལ་བཞིན་དུ་སྦྱོར་བས། ཇི་ལྟར་ན་ཚུལ་བཞིན་དུ་མཐོང་ཞེ་ན། དེ་འདི་ལྟར་སློབ་སྟེ། གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རང་བཞིན་གྱིས་འགགས་པར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ༌། །གང་གི་ཚེ་ཆོས་ཐམས་ཅད་རང་བཞིན་གྱིས་ཉེ་བར་ཞི་བར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ༌། །གང་གི་ཚེ་ཆོས་ཐམས་ཅད་རྣམ་པར་ཞི་པར་མཐོང་བ་དེའི་


DTG110_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། ཚུལ་བཞིན་མཐོང་ངོ༌། །གང་གི་ཚེ་ཆོས་ཐམས་ཅད་རང་བཞིན་གྱིས་སྙོམས་པར་ཞུགས་པར་མཐོང་བ་དེའི་ཚེ། ཚུལ་བཞིན་མཐོང་ངོ༌། །གང་གི་ཚེ་ཆོས་ཐམས་ཅད་མ་སྐྱེས་པར་མཐོང་བ་དེའི་ཚེ། ཚུལ་བཞིན་མཐོང་ངོ༌། །གང་གི་ཚེ་ཆོས་ཐམས་ཅད་མ་བྱུང་བར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ༌། །གང་གི་ཚེ་ཆོས་ཐམས་ཅད་ཤིན་ཏུ་ཡང་དག་པར་མ་བྱུང་བར་མཐོང་བ་དེའི་ཚེ། ཚུལ་བཞིན་མཐོང་ངོ༌། །གང་གི་ཚེ་ཆོས་ཐམས་ཅད་མྱ་ངན་ལས་འདས་པར་མཐོང་བ་དེའི་ཚེ། ཚུལ་བཞི་ན་མཐོང་ངོ༌། །དེ་གང་གིས་མཐོང་བ་དེ་ལ་ཡང་རྟོག་སྟེ། ཅི་ནས་ཀྱང་མི་མཐོང་བ་དང༌། མི་རྟོག་པ་དེ་ལྟར་མཐོང་སྟེ། དེ་ལྟར་མཐོང་ན་ཚུལ་བཞིན་མཐོང་བ་ཞེས་བྱའོ། །ཡང་འདི་ལྟར་སློབ་སྟེ། བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་སྦྱོར་བ་ནི། ཆོས་གང་ལ་ཡང་ཐེ་ཚོམ་དང་རྨོངས་པ་མེད་པའོ། །ཚུལ་བཞིན་དུ་སྦྱོར་བ་ནི་ཆོས་གང་ལ་ཡང་སྒྲིབ་པ་མེད་དོ། །ཚུལ་བཞིན་དུ་སྦྱོར་བ་ནི་ཆོས་གང་ལ་ཡང་ཐར་པའི་སྒོར་མི་འགྱུར་བ་མེད་དོ། །ཚུལ་བཞིན་དུ་སྦྱོར་བ་ནི་ཆོས་གང་ལ་ཡང་སྤོང་བར་བྱ་བའི་ཕྱིར་འཆད་པ་མེད་དོ། །ཚུལ་བཞིན་དུ་སྦྱོར་བ་ནི། ཆོས་གང་ཡང་རྟོགས་པར་བྱ་བའི་ཕྱིར་འབད་པ་མེད་དེ། གང་ཆོས་ཐམས་ཅད་ཡང་དག་པར་མཐོང་བ་དང༌། ཇི་ལྟ་བ་བཞིན་དུ་མཐོང་བ་དེ་ནི། ཡང་དག་པར་ལྟ་བའོ། །ཆོས་ཐམས་ཅད་ཇི་ལྟར་བ་བཞིན་དུ་མཐོང་བ་གང་ཞེ་ན། འདི་ལྟ་སྟེ། མ་མཐོང་བའོ། །མ་མཐོང་བ་ཞེས་བྱ་བ་དེ་ནི་མ་སྐྱེས་པའི་ཚིག་བླ་དགས་སོ། །མ་སྐྱེས་པ་ཞེས་བྱ་བ་འདི་ནི་ཡང་དག་པར་མ་བྱུང་བའི་ཚིག་བླ་དགས་སོ། །ཡང་དག་པར་མ་བྱུང་བ་ཞེས་བྱ་བ་གང་ཞེ་ན། དེ་ནི་མི་སྣང་བའི་ཚིག་བླ་དགས་སོ། །དེ་བཞིན་གཤེགས་པས་དེ་ལ་དགོངས་ནས། འདུས་བྱས་ཐམས་ཅད་མི་སྐྱེ་བར་མཐོང་ན། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་སྟེ། འདི་ལྟ་སྟེ་ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པ་དེ་ནི། ཡང་དག་པར་ལྟའོ་ཞེས་དེ་སྐད་གསུངས་སོ། །དེ་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་ན་ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པ་ཞེས་བྱ་ཞེས་དེ་འདི་ལྟར་སློབ་སྟེ། ཆོས་ཐམས་ཅད་གང་དང་མཉམ་པ་སངས་རྒྱས་ཀྱི་ཆོས་དེ་དང་མཉམ་སྟེ། དེ་བས་ན་ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པའོ་ཞེས་


DTG110_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ཡབ་དང་སྲས་མཇལ་བའི་མདོ་ལས་ཀྱང༌། རྒྱལ་པོ་ཆེན་པོ་འཇིག་རྟེན་གནས་པ་འདི་ནམ་མཁར་གྱུར་པ་ལ། ཚངས་པའི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་གྲུབ་པ་གནས་པའི་དུས་དེ་ཡོད་དེ། རྒྱལ་པོ་ཆེན་པོ་དེའི་སྲ་བ་དེ་འབྱུང་བའི་ཚེ། གང་ནས་ཀྱང་མི་འོང་ངོ༌། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་གྲུབ་པ་བྱུང་ཡང༌། རྒྱལ་པོ་ཆེན་པོ་དེའི་སྲ་བ་དེ་འབྱུང་བའི་ཚེ། གང་ནས་ཀྱང་མི་འོང༌། ཁོར་ཡུག་དང༌། ཁོར་ཡུག་ཆེན་པོའི་རི་རྡོ་རྗེའི་རྒྱུ་ལས་གྲུབ་པ། སྲ་ཞིང་བརྟན་པ་ལྷུན་སྟུག་པ་རྣམས་གནས་པར་གྱུར་ཀྱང་དེ་དག་གི་སྲ་བ་དེ་འབྱུང་བའི་ཚེ། གང་ནས་ཀྱང་མི་འོང་ངོ༌། །རིའི་རྒྱལ་པོ་རི་རབ་དག་དང༌། གཉའ་ཤིང་འཛིན་དག་དང༌། མུ་ཁྱུད་འཛིན་དག་དང༌། གཤོལ་མདའ་འཛིན་དག་དང༌། རྡོ་རྗེ་འཛིན་དག་དང༌། སེང་ལྡེང་ཅན་དག་དང༌། རྣམ་པར་འདུད་དག་དང༌། རི་རྟ་རྣ་དག་དང༌། བལྟ་ན་སྡུག་པ་དག་དང༌། བལྟ་ན་སྡུག་ཆེན་པོ་དག་དང༌། ཐེར་སྒྲེ་དག་དང༌། སྤོས་ཀྱི་ངང་ལྡང་དག་དང༌། གངས་རི་དག་དང༌། དེ་མ་ཡིན་པའི་རི་ནག་པོ་དག་ན་གནས་པ་དང༌། ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གནས་པ་དང༌། རྔམས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་ལ། རྒྱར་དཔག་ཚད་དྲུག་ཁྲི་ཡོད་པའི་ས་ཆེན་པོ་གནས་པར་གྱུར་ཀྱང༌། རྒྱལ་པོ་ཆེན་པོ་སྲ་བ་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ༌། །རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་འཇིག་པར་འགྱུར་བའི་ཚེ། ས་ཆེན་པོ་འདི་མེས་ཚིག་པའམ། ཆུས་བཤིག་པ་འམ། རླུང་གིས་གཏོར་བར་འགྱུར་བའི་དུས་ཡོད་དོ། །དེ་མེས་ཚིག་ན་ནི་དུ་བ་ཡང་མི་མངོན། ཐལ་བའི་ལྷག་མ་ཡང་མི་མངོན་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་མར་རམ་འབྲུ་མར་གྱི་མེས་བསྲེགས་ན། དུ་བ་ཡང་མི་མངོན་ཞིང༌། ཐལ་བའི་ལྷག་མ་ཡང་མི་མངོན་པར་འགྱུར་རོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མེས་ཚིག་པའི་ཚེ། དུ་བ་ཡང་མི་མངོན་ཞིང་ཐལ་བའི་ལྷག་མ་ཡང་མི་མངོན་པར་འགྱུར་རོ། །ཆུས་བཤིག་པའི་ཚེ་ཡང་ལྷག་མ་ཅི་ཡང་མི་མངོན་པར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན། ལན་ཚྭ་ཆུའི་ནང་དུ་ཞུ་བ་ནི། ལྷག་མ་


DTG110_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ཟད་ཀྱང་མི་མངོན་པར་འགྱུར་རོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་འདི་ཡང་ཆུས་བཤིག་པའི་ཚེ། ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ། །རླུང་གིས་གཏོར་བའི་ཚེ་ཡང་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན། རྣམ་པར་འཐོར་བའི་རླུང་གིས་བདས་པའི་བྱེའུ་ནི་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རླུང་གིས་གཏོར་བའི་ཚེ། ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་སའི་ཁམས་དེ་འབྱུང་བ་ཡང་སྟོང༌། སའི་ཁམས་འཇིག་པ་དང་འབྱུང་བ་ཡང་ངོ་བོ་ཉིད་ཀྱིས་སྟོང་ངོ༌། །དེ་བཞིན་དུ་ནང་གི་སའི་ཁམས་དང༌། ཕྱི་ནང་གི་ཁམས་ལྷག་མ་རྣམས་དང༌། ཆོས་ཐམས་ཅད་སྐྱེ་བ་ན་ཡང་གང་ནས་ཀྱང་མི་འོང་ལ། འགག་པ་ན་ཡང་གང་དུ་འང་མི་འགྲོ་སྟེ། དེ་དག་གི་སྐྱེ་བ་ཡང་སྟོང་ལ། སྐྱེས་པ་ཡང་རང་བཞིན་གྱིས་སྟོང་ངོ་ཞེས་གསུངས་སོ། །མ་སྐྱེས་དགྲའི་ལེའུ་ལས་ཀྱང༌། དེ་ནས་རྒྱལ་པོ་མ་སྐྱེས་དགྲ་རང་གི་ཁྱིམ་ན་བྱང་ཆུབ་སེམས་དཔའ་དེ་དག་དང༌། ཉན་ཐོས་ཆེན་པོ་དེ་དག་ལྷུང་བཟེད་དང༌། ལག་པ་བཀྲུས་པར་རིག་ནས། ཆོས་ཉན་པའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པའི་མདུན་དུ་འདུག་སྟེ། འཇམ་དཔལ་བདག་གི་འགྱོད་བདེ་བསལ་དུ་གསོལ། འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་འགྱོད་པ་ནི། སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཀྱང་བསལ་བར་མི་སྤྱོད་དོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲ་སྐྱབས་མ་རྙེད་པས། ཤིང་བཅད་པ་ལྟར་ས་ཆེན་པོ་ལ་འགྱེལ་ཏོ། །དེ་ནས་གནས་བརྟན་འོང་སྲུངས་ཆེན་པོས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ནི་ལྡེམ་པོ་ངག་ཏུ་སྟོན་པ་ལ་མཁས་ཀྱིས། མ་འཇིགས་མ་སྐྲག་པར་དོན་འདི་ཅི་ལས་དགོངས་ཏེ་གསུངས་ཞེས་དྲིས་ཤིག །དེ་ནས་རྒྱལ་པོ་མ་སྐྱེས་དགྲ་སླར་ལངས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཅི་ལ་དགོངས་ཏེ་དེ་སྐད་གསུང༌། འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་


DTG110_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དམིགས་པས་རབ་ཏུ་ཕྱེ་བ་ཡིན་ནམ། སྨྲས་པ། འཇམ་དཔལ་དེ་ལྟ་མ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། འོ་ན་དེ་སེམས་བསྐྱེད་པས་རབ་ཏུ་ཕྱེ་བ་ཡིན་ནམ། སྨྲས་པ་དེ་མ་ལགས་སོ། །སྨྲས་པ་འོན་ཏེ་སེམས་འགགས་པས་རབ་ཏུ་ཕྱེ་བ་ཡིན་ནམ། སྨྲས་པ་དེ་མ་ལགས་སོ། །སྨྲས་པ་འོན་ཏེ་འདུས་བྱས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནམ། སྨྲས་པ་དེ་མ་ལགས་སོ། །སྨྲས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་འདུས་བྱས་རྣམ་པར་རིག་པས་རབ་ཏུ་ཕྱེ་བ་ཡིན་ནམ། སྨྲས་པ་དེ་ལ་མ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། ཆོས་གང་ཆོས་གང་གིས་ཀྱང་རབ་ཏུ་ཕྱེ་བར་མི་འགྱུར་བ་དེས་ཆོས་གང་ཡང་བསལ་བར་ནུས་སམ། སྨྲས་པ་མི་ནུས་སོ། །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ལ་བསམས་ནས་ཁྱོད་ཀྱི་འགྱོད་པ་དེ། སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཀྱང་བཀའ་སྩལ་པར་མི་སྤྱོད་དོ་ཞེས་དེ་སྐད་སྨྲས་སོ། །གཞན་ཡང་རྒྱལ་པོ་ཆེན་པོ་གང་ལ་ལ་ཞིག་ནམ་མཁའ་བར་སྣང་འདི་རྡུལ་ལམ་དུ་བའམ། མུན་པས་ཀུན་ནས་ཉོན་མོངས་པར་བྱེད་འདོད་ན། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། ནམ་མཁའ་བར་སྣང་ཀུན་ནས་ཉོན་མོངས་པར་བྱེད་ནུས་སམ། སྨྲས་པ། འཇམ་དཔལ་དེ་ནི་མི་ནུས་སོ། །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་གང་འདི་སྐད་ཅེས་ངས་ནམ་མཁའ་བར་སྣང་འདི་རྣམ་པར་སྦྱང་ངོ་ཞེས་ཟེར་ན། ནམ་མཁའ་བར་སྣང་སྦྱང་བར་ནུས་སམ། སྨྲས་པ་འཇམ་དཔལ་མི་ནུས་སོ། །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པ་མེད་ཅིང༌། ནམ་མཁའ་དང་འདྲ་བར་ཐུགས་སུ་ཆུད་དེ། དེ་དག་གིས་གང་བསལ་བར་བྱ་བའི་ཆོས་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་གང་ཡང་མི་དམིགས་སོ། །རྒྱལ་པོ་ཆེན་པོ་ངས་དོན་གྱི་དབང་འདི་མཐོང་ནས་ཁྱོད་ཀྱི་འགྱོད་པ་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཀྱང་བསལ་བར་མི་སྤྱོད་དོ་ཞེས་དེ་སྐད་ཅེས་སྨྲས་སོ། །གཞན་ཡང་རྒྱལ་པོ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གང་ཀུན་ནས་ལྡང་བའི་སེམས་ནང་ནས་ཀྱང་མི་དམིགས།


DTG110_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཀུན་ནས་ལྡང་བའི་ཆོས་རྣམས་ཕྱི་རོལ་ནས་ཀྱང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རང་བཞིན་གྱིས་ཀུན་ནས་ལྡང་བ་མེད་པའི་ཕྱིར་རོ། །རང་བཞིན་གང་ཡིན་པ་དེ་ནི་ཀུན་ནས་ལྡང་བ་མེད་པ་སྟེ། གང་ཀུན་ནས་ལྡང་བ་ནི་གནས་མེད་ཅིང་གོ་སྐབས་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་དབེན་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ཡོངས་སུ་གྲུབ་པ་མེད་པས་ངོ་བོ་ཉིད་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་འདྲེ་བ་མེད་པས་ཡོངས་སུ་གྲུབ་པ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་འབྱུང་བ་མེད་པས་འདྲེ་བ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་དངོས་པོ་དང་བྲལ་བས་འབྱུང་བ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་བྱ་བའི་མཐུ་མེད་པས་དངོས་པོ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་བེམས་པོ་ཡིན་པས་བྱ་བའི་མཐུ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རྣམ་པར་རིག་པའི་མཚན་ཉིད་མ་ཡིན་པས་བེམས་པོའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རང་བཞིན་གྱིས་མི་འཕོ་བས་རྣམ་པར་རིག་པ་མ་ཡིན་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་འགྲོ་བ་ལས་ལོག་པས་འཕོ་བ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་མི་འགྱུར་བའི་ཆོས་ཅན་ཡིན་པས་འགྲོ་བ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་སྐྱེ་བ་མེད་པས་མི་འགྱུར་བའི་ཆོས་ཅན་ནོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་འཕེལ་བ་མེད་པས་སྐྱེ་བ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བས་འབྲེལ་པ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་དག་པས་རང་བཞིན་གྱིས་འོད་གསལ་བའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་བླ་གབ་མེད་པ་དང་འདྲ་བས་དག་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་གཉེན་པོ་མེད་པས་བླ་གབ་མེད་པ་དང་འདྲ་བའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་གཉིས་དང་བྲལ་བས་གཉེན་པོ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་མཐའ་རྣམ་པར་སྤངས་པས་གཉིས་དང་བྲལ་བའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་མཐའ་མེད་པས་མཐའ་རྣམ་པར་སྤངས་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་མུ་མེད་པས་མཐའ་ཡས་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་མཐར་ཐུག་པ་མེད་པས་མུ་མེད་པའོ། །


DTG110_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་དམིགས་པ་མེད་པས་མཐར་ཐུག་པ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ཕྱིན་ཅི་ལོག་མེད་པར་སོ་སོར་ཉེ་བར་གནས་པས་ཉེ་བར་གནས་པའི་ཕྱིར་དམིགས་པ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རྟག་པ་དང༌། སྡུག་པ་དང༌། བདེ་བ་དང༌། བདག་མི་དམིགས་པས་ཕྱིན་ཅི་ལོག་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་འབྲལ་བ་མེད་པའི་ཚུལ་གྱིས་རྟག་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་ཕྱིར་སྡུག་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་རྣམ་རྟོག་མེད་པའི་ཕྱིར་བདེ་བའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་བདག་མེད་པར་ཡོངས་སུ་སྟོན་པའི་ཚུལ་གྱིས་བདག་གི་ངོ་བོ་ཉིད་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནང་ཉེ་བར་ཞི་བས་འགྱོད་པ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་དོན་དམ་པའི་བདེན་པར་རྣམ་པར་གཞག་པ་མེད་པས་བརྫུན་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རབ་ཏུ་དང་བའི་མཚན་ཉིད་པས་ཞི་བའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་བདག་གིར་འཛིན་པ་དང་བྲལ་བས་ང་ཡི་བ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རྣམ་པར་གྲོལ་བའི་མཚན་ཉིད་པས་རོ་མྱང་བ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་མིང་དུ་བཏགས་པ་མེད་པས་མིང་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ཐ་དད་པ་མ་ཡིན་པས་དབྱེར་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རྣམ་པར་གྲོལ་བར་ཡང་དག་པར་འདུ་བས་རོ་གཅིག་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་མཚན་མ་མེད་པའི་མཐའ་སྟེ་དབེན་པའི་མཚན་ཉིད་དོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་འཇུག་པ་མེད་པས། དམིགས་པ་རྣམ་པར་དག་པའི་ཕྱིར་མཚན་མ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ལྟ་བར་གྱུར་པ་ཐམས་ཅད་དང་བྲལ་བས་དག་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་དུས་གསུམ་ལས་ཤིན་ཏུ་འདས་པས་སྨོན་པ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་མེད་པས། དུས་གསུམ་དུ་ཡོངས་སུ་ཆད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ཤིན་ཏུ་མ་སྐྱེས་པས་མྱ་ངན་ལས་འདས་པར་ཡང་དག་པར་འདུ་བའོ། །རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། ཆོས་གང་མ་སྐྱེས་མ་བྱུང་བ་དེ་ཀུན་


DTG110_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཉོན་མོངས་པར་བྱ་ནུས་སམ། སྨྲས་པ་འཇམ་དཔལ་དེ་ནི་མི་ནུས་སོ། །འཇམ་དཔལ་གྱིས་སྨྲས་པ། དེ་བསལ་བར་ནུས་སམ། སྨྲས་པ་འཇམ་དཔལ་དེ་ནི་མི་ནུས་སོ། །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་ཐམས་ཅད་མྱ་ངན་ལས་འདས་པ་དང་མཚུངས་པར་མཁྱེན་ཏོ། །དེ་བས་ན་དེ་དག་གིས་ཐེ་ཚོམ་བསལ་བར་མི་སྤྱོད་དོ། །དེ་ལྟ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཚུལ་བཞིན་ལ་བརྩོན་པར་བྱའོ། །ཁྱོད་ཕྱིན་ཅི་ལོག་མེད་པའི་སེམས་ཀྱིས་ཡང་དག་པར་སོ་སོར་བརྟག་པར་བྱའོ། །ཇི་ལྟར་སོ་སོར་བརྟགས་ན་ཆོས་གང་ཡང་མི་ལེན་མི་འདོར་ལ། ཆོས་གང་དང་ཡང་ལྷན་ཅིག་མི་གནས་པ་དེ་ལྟར་ཁྱོད་ཀྱིས་སོ་སོར་བརྟག་པར་བྱའོ། །གང་ཆོས་ཐམས་ཅད་དང་མི་གནས་པ་དེ་ནི་ཤིན་ཏུ་སྦྱངས་པ་ཞེས་བྱའོ། །གང་ཤིན་ཏུ་སྦྱངས་པ་དེ་རབ་ཏུ་ཞི་བའོ། །གང་རབ་ཏུ་ཞི་བ་དེ་རང་བཞིན་ནོ། །རང་བཞིན་གང་ཡིན་པ་དེ་རང་བཞིན་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་བདག་མེད་པས་མ་བྱས་པ་ཡིན་གྱིས་དེ་ལ་ཁྱོད་ཀྱིས་བཟོད་པ་གྱིས་ཤིག ། །ཁྱོད་ཀྱིས་ཆོས་གང་ཡང་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་མྱ་ངན་ལས་འདས་པ་ནི་བྱ་བ་མེད་པས་ཏེ། དེ་ལ་བྱ་བ་དང་འགྱུར་བར་བྱ་བའི་ཆོས་གང་ཡང་མེད་དོ། །གང་ཡང་བྱ་བ་མེད་ཅིང་འགྱུར་བ་མེད་པ་དེ་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་བརྒྱ་སྟོང་རི་བའི་རས་བཅོས་བུ་ཟུང་གཙག་བླངས་ཏེ། སྟན་ལས་ལངས་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕུལ་བ་དང༌། དེས་མ་བླངས་སོ། །དེ་ནས་མ་སྐྱེས་དགྲས་རས་བཅོས་བུ་ཟུང་དེ་འཇམ་དཔལ་གཞོན་ནུར་གྱུར་པའི་ལུས་ལ་བོར་རོ། །རས་བཅོས་བུ་ཟུང་དེ་འཇམ་དཔལ་གཞོན་ནུར་གྱུར་པའི་ལུས་ལ་བོར་མ་ཐག་ཏུ་དེ་ནས་དེའི་མོད་ཁོ་ན་ལ་འཇམ་དཔལ་གྱིས་རང་གི་ལུས་མི་སྣང་བར་བྱས་སོ། །དེ་ནས་རྒྱལ་པོས་འཇམ་དཔལ་ནི་མ་མཐོང་གི། སྟེང་གི་བར་སྣང་ལས་རྒྱལ་པོ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པའི་ལུས་ཇི་ལྟར་མ་མཐོང་བ་དེ་བཞིན་དུ་འགྱོད་པ་དེ་ལ་ལྟོས་ཤིག །འགྱོད་པ་དེ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ལ་ལྟོས་ཤིག །ཆོས་ཐམས་ཅད་ཇི་ལྟར་མཐོང་བ་དེ་བཞིན་དུ་གོས་ལ་ལྟོས་ཤིག །གང་གིས་མཐོང་བ་དེ་ལ་ཡང་དེ་བཞིན་


DTG110_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལྟོས་ཤིག །རྒྱལ་པོ་ཆེན་པོ་སུའི་ལུས་མཐོང་བ་དེ་ལ་རས་བཅོས་བུ་ཟུང་དེ་ཕུལ་ཤིག་ཅེས་སྒྲ་ཞིག་ཐོས་པ་དང༌། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། སླས་དང༌། བུད་མེད་ཀྱི་འཁོར་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་ལུས་ལ་རས་བཅོས་བུ་ཟུང་དེ་དབུལ་བར་བྱས་པ་དང༌། དེ་དག་ཀྱང་མ་མཐོང་ནས་ཏིང་ངེ་འཛིན་འདི་ལྟ་བུ་དེ་ལ་མངོན་སུམ་དུ་གྱུར་ཏེ། རང་གི་ལུས་ལ་འདུ་ཤེས་འབྱུང་བ་མ་གཏོགས་པར་གཟུགས་ཅི་ཡང་མིག་གིས་མཐོང་བ་ལ་སྣང་བར་མ་གྱུར་ཏོ། །ཡང་སུའི་ལུས་མཐོང་བ་དེ་ལ་རས་བཅོས་བུ་ཟུང་ངེ་བྱིན་ཅིག་ཅེས་དེ་སྐད་ཀྱི་སྒྲ་ཞིག་ཀྱང་ཐོས་ནས། དེ་རས་བཅོས་བུ་ཟུང་དེ་བགོའོ་སྙམ་པ་དང༌། རང་གི་ལུས་ཀྱང་མ་མཐོང་ནས། གཟུགས་ཀྱི་འདུ་ཤེས་ཐམས་ཅད་དང་བྲལ་ལོ། །ཡང་རྒྱལ་པོ་ཆེན་པོ་ཇི་ལྟར་གཟུགས་རགས་པའམ། ཕྲ་བ་ཅི་ཡང་མ་མཐོང་བ་དེ་བཞིན་དུ་འགྱོད་པ་དེ་ལྟར་ལྟོས་ཤིག །འགྱོད་པ་ཇི་ལྟར་མཐོང་བ་དེ་བཞིན་དུ་ཆོས་ཐམས་ཅད་ལ་བལྟ་བར་བྱ་སྟེ། གང་གིས་མཐོང་བ་དེ་ཡང་དེ་བཞིན་དུ་ལྟའོ། །ཇི་ལྟར་གང་མཐོང་བ་དང༌། གང་གིས་མཐོང་བ་དེ་ཡང་མི་མཐོང་རྣམ་པར་མི་མཐོང་བ་དེ་ལྟར་ལྟོས་ཤིག །རྒྱལ་པོ་ཆེན་པོ་གང་ཆོས་ཐམས་ཅད་མི་མཐོང་བ་དེ་ནི་ཡང་དག་པའི་མཐོང་བ་སྟེ། རྒྱལ་པོ་ཆེན་པོ་ཡང་དག་པའི་མཐོང་བ་ནི་མཐོང་བ་མེད་པའོ་ཞེས་དེ་སྐད་ཀྱི་སྒྲ་ཞིག་ཀྱང་ཐོས་སོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲ་རློམ་སེམས་དང༌། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ནས། ཏིང་ངེ་འཛིན་དེ་ཉིད་ལས་ལངས་པ་དང༌། འཁོར་དེ་ཐམས་ཅད་ཀྱང་མཐོང་ངོ་ཞེས་གསུངས་སོ། །སྒྱུ་མ་མཁན་བཟང་པོའི་མདོ་ལས་ཀྱང༌། བཟང་པོ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་སེམས་པའོ། །བཞི་གང་ཞེ་ན། ཆོས་རྣམས་རྟེན་ནས་འབྱུང་སྟེ། རྒྱུ་མེད་པ་མ་ཡིན་པ་དང༌། གང་ཟག་མེད་པའི་ཕྱིར་ཆོས་གང་ཡང་སྐྱེ་བ་མེད་པ་དང༌། ཆོས་གང་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་མ་སྐྱེས་པ་དང༌། གང་མ་སྐྱེས་པ་དེ་དངོས་པོ་མེད་པ་དང༌། གང་དངོས་པོ་མེད་པ་དེ་བྱང་ཆུབ་ཡིན་པས་རྣམ་པར་མི་འཇིག་པའོ་ཞེས་གསུངས་སོ། །རྣམ་གྲངས་གཞན་གྱི་སྒོ་ནས་ཀྱང་ཆོས་ཉིད་ཟབ་མོ་འདི་བསྟན་ཏེ། སངས་རྒྱས་ཕལ་པོ་ཆེའི་མདོ་ལས་དེ་བཞིན་གཤེགས་པས་བཀའ་སྩལ་པ། འཇམ་


DTG110_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དབུགས་འབྱིན་པ་ལྔ་པོ་འདི་དག་རྙེད་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་རོ། །ལྔ་གང་ཞེ་ན་འདི་ལྟ་སྟེ། བདག་ནི་དམིགས་པ་མེད་པའི་རྣམ་པར་ཐར་པའི་ཡེ་ཤེས་ལ་གནས་པ་སྟེ། གཞན་དག་ཀྱང་དམིགས་པ་མེད་པའི་རྣམ་པར་ཐར་པ་ལ་དགོད་དོ་སྙམ་ནས། དབུགས་འབྱིན་པ་རབ་ཏུ་རྙེད་དོ། །དེ་ལ་དམིགས་པ་མེད་པའི་རྣམ་པར་ཐར་པའི་ཡེ་ཤེས་ནི་གང་གཉིས་པ་དང༌། མི་གཉིས་པ་རྣམ་པར་དག་པའོ། །བདག་ནི་ཆོས་རྣམས་བརྟེན་ཏེ་མི་འབྱུང་བར་མོས་པ་ལ་གནས་པ་སྟེ། གཞན་དག་ཀྱང་ཆོས་རྣམས་བརྟེན་ཏེ་མི་འབྱུང་བར་མོས་པ་ལ་དགོད་པར་བྱའོ་སྙམ་ནས་དབུགས་འབྱིན་པ་རབ་ཏུ་རྙེད་དེ། །དེ་ལ་རྐྱེན་རྣམས་སྐྱེ་བ་མེད་པའི་རང་བཞིན་པས། ཆོས་རྣམས་བརྟེན་ཏེ་མི་འབྱུང་ཞེས་བྱའོ། །བདག་ནི་ཆོས་ཐམས་ཅད་ཀྱི་གནས་མེད་པར་མོས་པ་ལ་གནས་པ་སྟེ། གཞན་དག་ཀྱང་ཆོས་ཐམས་ཅད་ཀྱི་གནས་མེད་པར་མོས་པ་ལ་དགོད་དོ་སྙམ་ནས་དབུགས་འབྱིན་པ་རབ་ཏུ་རྙེད་དེ། དེ་ལ་ཕྱོགས་ཆ་ཐ་དད་པའི་རང་བཞིན་མེད་པས་ཆོས་ཐམས་ཅད་ཀྱི་གནས་མེད་པ་ཞེས་བྱའོ། །བདག་ནི་སངས་རྒྱས་ནམ་མཁའ་དང་འདྲ་བར་མོས་པ་ལ་གནས་པ་སྟེ། གཞན་ཡང་སངས་རྒྱས་ནམ་མཁའ་དང་འདྲ་བར་མོས་པ་ལ་དགོད་དོ་སྙམ་ནས་དབུགས་འབྱིན་པ་རབ་ཏུ་རྙེད་དེ། །དེ་ལ་ཐ་དད་པ་ལ་མི་གནས་པས་སངས་རྒྱས་ནམ་མཁའ་དང་འདྲ་ཞེས་བྱའོ། །བདག་ནི་སངས་རྒྱས་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བར་མོས་པ་ལ་གནས་པ་སྟེ། གཞན་དག་ཀྱང་སངས་རྒྱས་སེམས་དང་ཡིད་དང༌། རྣམ་པར་ཤེས་པ་དང་བྲལ་བར་མོས་པ་ལ་དགོད་དོ་སྙམ་ནས་དབུགས་འབྱིན་པ་རབ་ཏུ་རྙེད་དེ། དེ་ལ་ཡེ་ཤེས་ལྷུན་གྱིས་གྲུབ་པ་རབ་ཏུ་རྙེད་པས། སངས་རྒྱས་སེམས་དང་ཡིད་དང༌། རྣམ་པར་ཤེས་པ་དང་བྲལ་བའོ་ཞེས་བྱ་སྟེ། ལྔ་པོ་དེ་དག་གོ་ཞེས་གསུངས་སོ། །ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། དྲབ་ཅན་གྱི་འོད་ཀྱིས་སྨྲས་པ། ཚངས་པ་ཆོས་ཐམས་ཅད་ནི་ཚུལ་བཞིན་ནོ། །ཆོས་ཐམས་ཅད་ནི་ཚུལ་བཞིན་མ་ཡིན་པའོ། །སྨྲས་པ། ཚངས་པ་ཆོས་ཐམས་ཅད་ནི་ཚུལ་བཞིན། ཆོས་ཐམས་ཅད་ནི་ཚུལ་བཞིན་མ་ཡིན་པ་ཞེས་བྱ་བ་དེ་ཇི་ལྟ་བུ། སྨྲས་པ། བསམ་དུ་མེད་པས་ནི་ཆོས་ཐམས་


DTG110_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཚུལ་བཞིན་ནོ། །གང་བསམ་དུ་མེད་པའི་ཆོས་རྣམས་ལ་སེམས་པ་དང་ལྡན་པ་དེ་དག་ནི་ཚུལ་བཞིན་མ་ཡིན་པའོ། །ཆོས་ཐམས་ཅད་དབེན་པའི་མཚན་ཉིད་འདི་ནི་ཚུལ་བཞིན་ནོ། །གང་དབེན་པ་ལ་མངོན་པར་མི་བརྩོན་པ་དེ་དག་ནི། ལྷག་པར་བྱེད་པ་ལ་བརྩོན་པའོ། །གང་ལྷག་པར་བྱེད་པ་ལ་བརྩོན་པ་དེ་དག་ཇི་སྲིད་དུ་ལྷག་པར་བྱེད་པ་དེ་སྲིད་དུ་ཚུལ་བཞིན་མ་ཡིན་ནོ། །སྨྲས་པ། ཚངས་པ་ཆོས་རྣམས་ཀྱི་རྒྱུ་གང་ཡིན། སྨྲས་པ། རིགས་ཀྱི་བུ་རང་གི་ཡུལ་དབེན་པ་འདོད་ཆགས་དང་བྲལ་བའི་མཐའ་ནི་ཆོས་རྣམས་ཀྱི་རྒྱུ་ཡིན་ནོ་ཞེས་འབྱུང་ངོ༌། །བདུན་བརྒྱ་པ་ལས་ཀྱང༌། འཇམ་དཔལ་ཁྱོད་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ན། གང་ལ་གནས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ། འཇམ་དཔལ་གྱིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་གང་གི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ན། གནས་པ་མ་མཆིས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་མོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་མི་གནས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་གང༌། འཇམ་དཔལ་གྱིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་གང་ཅི་ལ་ཡང་མི་གནས་པ་དེ་ཤེས་རབ་ཀྱི་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་གང་གི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེའི་ཚེ། ཁྱོད་ཀྱི་དགེ་བའི་རྩ་བ་གང་འཕེལ་བར་འགྱུར། གང་འབྲི་བར་འགྱུར། འཇམ་དཔལ་གྱིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་དེའི་ཚེ་བདག་གི་དགེ་བའི་རྩ་བ་འཕེལ་བར་འགྱུར་བའམ། འབྲི་བར་འགྱུར་བ་གང་ཡང་མ་མཆིས་སོ། །བཙུན་པ་བཅོམ་ལྡན་འདས་གང་གི་ཆོས་གང་ལ་འཕེལ་བའམ་འབྲི་བར་འགྱུར་བ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་མ་ལགས་སོ་ཞེས་གསུངས་སོ། །འཇམ་དཔལ་རྣམ་པར་འཕྲུལ་པའི་ལེའུ་ལས། ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཇི་ལྟར་འདིས་ཤེས་པར་རུང་བར་འགྱུར་བ་དེ་ལྟ་བུར་སྟོན་ཏམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སངས་རྒྱས་ཀྱི་ཡེ་ཤེས་ནི་སུས་ཀྱང་ཀུན་ཤེས་པའམ། རྣམ་པར་ཤེས་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་


DTG110_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཡེ་ཤེས་ནི་ཆགས་པ་མེད་པ། རྣམ་པར་རྟོག་པ་མེད་པ། བརྗོད་དུ་མེད་པ། བསྙད་དུ་མེད་པ། སྦྱོར་བ་མེད་པ། ཚིག་མེད་པ། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བ་སྟེ། དེ་སུས་ཀྱང་ཀུན་ཤེས་པར་རམ། རྣམ་པར་ཤེས་པར་མི་ནུས་སོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གལ་ཏེ་སངས་རྒྱས་ཀྱི་ཡེ་ཤེས་ཀུན་ཤེས་པར་བྱ་བ་མ་ཡིན་ན། ཉན་ཐོས་འདི་དག་གིས་ཀུན་ཤེས་པར་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཕྱིར་མི་ལྡོག་པ་ལ་གནས་པར་ག་ལ་འགྱུར། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་ཡི་གེ་རྣམས་ཀྱིས་ཡེ་ཤེས་དེ་བསྟན་པ་འདི་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་ཏེ། ཡེ་ཤེས་དེ་ནི་ཡི་གེ་མེད་པའོ། །ལྷའི་བུ་འདི་ལྟ་སྟེ་དཔེར་ན། མེ་གཙུབས་པ་ལས་མེ་མི་འབྱུང་གི །གཙུབ་ཤིང་གཙུབས་པ་ལས་མི་འབྱུང་བ་དེ་བཞིན་དུ། ལྷའི་བུ་དེ་བཞིན་གཤེགས་པས་གལ་ཏེ་ཐོག་མ་ཁོ་ནར་སངས་རྒྱས་ཀྱི་ཡེ་ཤེས་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ན། སེམས་ཅན་གང་གིས་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ཀུན་ཤེས་པར་མི་འགྱུར་བས། དེ་བཞིན་གཤེགས་པས་གཙུབ་ཤིང་གི་གཏམ་གྱིས་ཡེ་ཤེས་དེ་བསྟན་ཏེ། ཡེ་ཤེས་དེ་ནི་ཡི་གེ་མེད་པའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གཙུབ་ཤིང་གི་གཏམ་དེ་གང༌། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་ཅི་ཡང་རུང༌། སྡོམ་པ་དང༌། ཡོ་བྱད་བསྙུངས་པའི་གཏམ་དང༌། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའི་གཏམ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་འཇུག་པའི་གཏམ་འདི་ནི་གཙུབ་ཤིང་གི་གཏམ་ཞེས་བྱའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གཙུབ་ཤིང་གི་གཏམ་མ་ཡིན་པའི་གཏམ་གང༌། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གཏམ་གང་སྐྱེ་བ་དང༌། འཇིག་པ་དང༌། གནས་པའི་གཏམ་མ་ཡིན་པ་དང༌། འདྲེན་པ་དང༌། སེལ་བའི་གཏམ་མ་ཡིན་པ་དང༌། གཏམ་གང་ཀུན་ནས་ཉོན་མོངས་པ་ཡོངས་སུ་བརྗོད་པའི་གཏམ་མ་ཡིན་པ་དང༌། རྣམ་པར་བྱང་བའི་ཕན་ཡོན་གྱི་གཏམ་མ་ཡིན་པ་དང༌། གཏམ་གང་འཁོར་བ་ལ་ཡིད་འབྱུང་བར་བྱ་བའི་གཏམ་མ་ཡིན་པ་དང༌། མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བར་བྱ་བ་མ་ཡིན་པའི་གཏམ་དང༌། གཏམ་གང་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་མ་ཡིན། སྤང་


DTG110_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བའི་ཕྱིར་མ་ཡིན། བསྒོམ་པར་བྱ་བའི་ཕྱིར་མ་ཡིན། མངོན་སུམ་དུ་བྱ་བའི་ཕྱིར་མ་ཡིན་པ་དང༌། གཏམ་གང་ཐོབ་པར་བྱ་བའི་ཕྱིར་མ་ཡིན། མངོན་པར་རྟོགས་པར་བྱ་བའི་ཕྱིར་མ་ཡིན་པ་འདི་ནི་ལྷའི་བུ་དག་སྙིང་པོ་ཡོད་པའི་གཏམ་མོ་ཞེས་གསུངས་སོ། །ཆོས་ཐམས་ཅད་དམིགས་སུ་མེད་ཅིང་སེམས་པ་མེད་པ། རིན་པོ་ཆེ་བསགས་པ་བསྟན་པའི་མདོ་ལས་ཀྱང༌། དེ་བཞིན་གཤེགས་པས་འཇམ་དཔལ་ལ་བཀའ་སྩལ་པ། འཇམ་དཔལ་བསམ་གྱིས་མི་ཁྱབ་པའི་དབྱིངས། བསམ་གྱིས་མི་ཁྱབ་པའི་ཞེས་བྱ་བ་ལ་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་བ་དེ་གང་ཡིན། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བགྱི་བ་ནི། དབྱིངས་གང་སེམས་མ་མཆིས་པ་སེམས་གྲོལ་བར་བགྱི་མ་ལགས་པ། སེམས་ཀྱིས་དཔག་པར་བགྱི་བ་མ་ལགས་པ། བསམ་པས་རབ་ཏུ་དབྱེ་བར་བགྱི་བ་མ་ལགས་པ་ལགས་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་སེམས་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། སེམས་ལ་སེམས་མ་མཆིས་པ་མ་ལགས་ཀྱི། སེམས་ཉིད་སེམས་མ་ལགས་པས། སེམས་ནི་ངོ་བོ་ཉིད་ཀྱིས་མ་མཆིས་པའོ། །སེམས་ཇི་ལྟ་བ་བཞིན་པས། སེམས་མ་མཆིས་པ་ཉིད་སེམས་མ་ལགས་ཏེ། བཅོམ་ལྡན་འདས་འདི་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ལགས་སོ་ཞེས་འབྱུང་ངོ༌། །ཡང་མདོ་དེ་ཉིད་ལས། དེ་བཞིན་གཤེགས་པས་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་འདི་ལྟར་བདག་གིས་སེམས་ཅན་གདུལ་ལོ་སྙམ་པའི་གོ་ཆ་མ་བགོས་སམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་གྱི་ཁམས་ནི་བྲི་བའམ། གང་བར་མི་གདའ་ན། དེ་ཇི་ལྟར་སེམས་ཅན་རྣམས་འདུལ་བར་འགྱུར། ཡོངས་སུ་མྱ་ངན་ལས་བཟླ་བར་འགྱུར། བཅོམ་ལྡན་འདས་གང་དག་སེམས་ཅན་གྱི་ཁམས་འདུལ་བའི་སླད་དུ། ཡང་དག་པར་ཞུགས་པ་དེ་དག་ནི། ནམ་མཁའ་འདུལ་བར་ཡང་དག་པར་ཞུགས་པ་ལགས་སོ། །གང་དག་སེམས་ཅན་འདུལ་བར་སྦྱོར་བ། དེ་དག་ནི་བྱང་ཆུབ་གདུལ་བར་འཚལ་བའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བྱང་ཆུབ་ལགས་ཏེ། བཅོམ་


DTG110_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་བྱང་ཆུབ་ནི་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་མ་ལགས་སོ། །དེའི་སླད་དུ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ཁྱོད་སེམས་ཅན་འདུལ་བའི་ཕྱིར་ཡང་དག་པར་མ་ཞུགས་སམ། ཞེས་དེ་སྐད་བཀའ་སྩལ་ཏེ། བཅོམ་ལྡན་འདས་བདག་ནི་སེམས་ཅན་འདུལ་པའི་སླད་དུའམ། སེམས་ཅན་ཀུན་ནས་ཉོན་མོངས་པར་བགྱི་བའི་སླད་དུ་ཡང་དག་པར་མ་ཞུགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སེམས་ཅན་ཞིག་མཆིས་ན་ནི། སེམས་ཅན་ཀུན་ནས་ཉོན་མོངས་པ་དང༌། སེམས་ཅན་རྣམ་པར་བྱང་བས་རབ་ཏུ་ཕྱེ་བར་ཡང་འགྱུར་ན། བཅོམ་ལྡན་འདས་སེམས་ཅན་མ་མཆིས་པས་སེམས་ཅན་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བས་རབ་ཏུ་ཕྱེ་བ་མ་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་དང་མི་འགལ་བ་ལགས་སོ། །བཅོམ་ལྡན་འདས་མ་མཆིས་ན་ནི་ཀུན་ནས་ཉོན་མོངས་པ་མ་ལགས། རྣམ་པར་བྱ་བ་མ་ལགས་ཏེ། བཅོམ་ལྡན་འདས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བས་ངོ་བོ་ཉིད་མ་མཆིས་པའོ། བཅོམ་ལྡན་འདས་གང་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་དེ་ནི་རྟེན་ནས་འབྱུང་བའི་དོན་ཏེ། མ་མཆིས་པའི་དོན་ཏོ། །བཅོམ་ལྡན་འདས་མ་མཆིས་པའི་དོན་ནི་རྟེན་ཏེ་འབྱུང་བའི་དོན་དུ་མཁས་པ་རྣམས་ཀྱིས་རྟོགས་ཏེ། མཁས་པ་རྣམས་ནི་མ་མཆིས་བརྟེན་དེ་འབྱུང་བའི་དོན་ཏོ་སྙམ་དུ་དེ་ལྟར་རྣམ་པར་མི་རྟོག་གོ །གང་ལ་རྣམ་པར་མི་རྟོག་པའི་དོན་དེ་ལ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་མ་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྒྱུ་མ་བགྱིད་པའམ། སྒྱུ་མ་བགྱིད་པའི་སློབ་མས་ཁང་པ་བརྩེགས་པའམ། ཁང་པ་བརྩེགས་པ་རྒྱུད་མོ་འབར་རབ་ཏུ་འབར་ཀུན་ཏུ་འབར་ཏེ། མེ་ལྕེ་མཆེད་པར་གྱུར་པ་མངོན་པར་སྤྲུལ་པ་དེ་ལ་མི་ལ་ལ་ཞིག་འདི་ལྟར་བདག་གི་ཁང་པ་བརྩེགས་པའམ། ཁང་པ་བརྩེགས་པ་རྒྱུད་མོ་འབར་རབ་ཏུ་འབར་ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་མཆེད་པར་གྱུར་པ་དགུམ་པར་བགྱིའོ་སྙམ་ནས། གོ་ཆ་འཚལ་ན། བཅོམ་ལྡན་འདས་མི་དེ་འདི་ལྟར་བགེགས་དང༌། ཉོན་མོངས་པའི་སྐལ་པ་ཅན་དུ་མི་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་དེ་བཞིན་ནོ། །འཇམ་


DTG110_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་ཏེ། གང་སེམས་ཅན་གདུལ་བའི་སླད་དུ། གོ་ཆ་འཚལ་བ་དེ་ནི་བགེགས་དང༌། ཉོན་མོངས་པའི་སྐལ་བ་ཅན་དུ་འགྱུར་བ་ལགས་སོ་ཞེས་འབྱུང་ངོ༌། །ཡང་མདོ་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱ་བ་དེ། ཆོས་གང་གི་ཚིག་བླ་དགས་ཡིན། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཡང་དག་པར་སོ་སོར་རྟོག་པ་ཞེས་བགྱི་བ་ནི། སོ་སོར་རྟོག་པ་དང༌། ཆོས་གང་ལ་ཡང་ཐ་དད་པར་ཡང་མི་བགྱིད། གཅིག་ཏུ་ཡང་མི་བགྱིད་དེ། བཅོམ་ལྡན་འདས་འགྱུར་བ་མ་མཆིས་པས་རྣམ་པར་མི་རྟོག་པའོ། །བཅོམ་ལྡན་འདས་ཡང་དག་པར་སོ་སོར་རྟོག་པ་ཞེས་བགྱི་བ་འདི་ནི། ཡང་དག་པར་སོ་སོར་རྟོག་པ་མ་མཆིས་པའི་ཚིག་བླ་དགས་སོ། །བཅོམ་ལྡན་འདས་ཡང་དག་པར་སོ་སོར་རྟོག་པ་ལ་བརྟེན་ཏེ། བདག་ནི་སོ་སོའི་སྐྱེ་བོའམ། འཕགས་པ་ཉན་ཐོས་སྙམ་དུ་དེ་ལྟར་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཆོས་གང་སོ་སོའི་སྐྱེ་བོའམ། འཕགས་པར་འགྱུར་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་བའི་སླད་དུའོ། །བཅོམ་ལྡན་འདས་ཡང་དག་པར་སོ་སོར་རྟོག་པ་ལ་བརྟེན་ནས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་དེ་ལྟར་གནས་པ་ལགས་ཏེ། ཆོས་གང་ལ་ཡང་མཉམ་པ་ཉིད་དུ་ཡང་མི་བགྱིད། མི་མཉམ་པར་ཡང་མི་བགྱིད། སོ་སོའི་སྐྱེ་བོའི་ཆོས་ནི་མི་མཉམ་པའོ་ཞེས་རྣམ་པར་རྟོག་པར་མི་བགྱིད། འཕགས་པའི་ཆོས་ནི་མཉམ་པའོ་ཞེས་རྣམ་པར་རྟོག་པར་མི་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དམིགས་པ་གང་མཉམ་པའམ། མི་མཉམ་པར་བགྱིད་པ་དེ་མི་དམིགས་པའི་སླད་དུའོ། །གང་གིས་མཉམ་པའམ། མི་མཉམ་པར་བགྱིད་པ་དེ་ཡང་དགེ་སློང་དེ་ལ་མ་མཆིས་སོ། །དེ་ལྟར་རྣམ་པར་མི་རྟོག་པའི་དགེ་སློང་ནི། བདག་རྣམ་པར་མི་རྟོག་གོ་སྙམ་དུ་དེ་ལྟར་འཛིན་པ་ཡང་མ་མཆིས་སོ་ཞེས་འབྱུང་ངོ༌། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང༌། ནད་ཀྱི་གཞི་དེ་གང་ཞེ་ན། འདི་ལྟ་སྟེ། ལྷག་པར་དམིགས་པ་ནི་གཞིའོ། །ལྷག་པར་དམིགས་པའི་གཞི་ལ། ཇི་ཙམ་དུ་དམིགས་པ་དེ་ཙམ་དུ་ནད་ཀྱི་གཞིའོ། །ཅི་ལ་ལྷག་པར་དམིགས་


DTG110_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཤེ་ན། ཁམས་གསུམ་ལ་ལྷག་པར་དམིགས་སོ། །ལྷག་པར་དམིགས་པའི་གཞི་ཡོངས་སུ་ཤེས་པ་གང་ཞེ་ན། དམིགས་པ་མེད་ཅིང་མི་དམིགས་པའོ། །གང་མི་དམིགས་པ་དེ་ནི་ལྷག་པར་མི་དམིགས་པའོ། །ཅི་མི་དམིགས་ཤེ་ན། འདི་ལྟ་སྟེ། བདག་ཏུ་ལྟ་བ་དང༌། ཕ་རོལ་ཏུ་ལྟ་བ་དང༌། ལྟ་བ་གཉིས་སུ་མི་དམིགས་ཏེ། དེ་བས་ན་མི་དམིགས་པ་ཞེས་བྱའོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་བྱང་ཆུབ་སེམས་དཔའ་མཐོང་དགས་སྨྲས་པ། གཟུགས་ཉིད་སྟོང་པ་སྟེ། གཟུགས་བཤིག་པས་སྟོང་པ་མ་ཡིན་གྱི། གཟུགས་ཀྱི་རང་བཞིན་སྟོང་པ་སྟེ། དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་སྟོང་པ་ཉིད་ཅེས་བྱ་བ་དེ་ནི་གཉིས་ཏེ། རྣམ་པར་ཤེས་པ་ཉིད་ནི་སྟོང་པ་ཉིད་དེ། རྣམ་པར་ཤེས་པ་བཤིག་པས་སྟོང་པ་ཉིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་སྟོང་པ་ཉིད་དོ། །འདི་ལ་གང་གིས་ལེན་པའི་ཕུང་པོ་ལྔ་ལ་དེ་བཞིན་དུ་ཤེས་ཤིང༌། དེ་ལྟ་བུར་ཡེ་ཤེས་ཀྱིས་རིག་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། འཕགས་པ་ཤཱ་རིའི་བུས་དྲིས་པ། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཇི་ལྟར་ཐབས་ལ་མཁས་པར་རིགས་པར་བྱ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། གཟུགས་ལ་མི་སྤྱོད། ཚོར་བ་ལ་མ་ཡིན། འདུ་ཤེས་ལ་མ་ཡིན། འདུ་བྱེད་རྣམས་ལ་མ་ཡིན། རྣམ་པར་ཤེས་པ་ལ་མ་ཡིན། གཟུགས་ཀྱི་མཚན་མ་ལ་མ་ཡིན་པ་ནས། རྣམ་པར་ཤེས་པའི་བར་གྱི་མཚན་མ་ལ་མ་ཡིན། གཟུགས་རྟག་པར་མ་ཡིན། མི་རྟག་པར་མ་ཡིན། བདེ་བར་མ་ཡིན། སྡུག་བསྔལ་བར་མ་ཡིན། བདག་ཏུ་མ་ཡིན། བདག་མེད་པར་མ་ཡིན། ཞི་བར་མ་ཡིན། མ་ཞི་བར་མ་ཡིན། སྟོང་པར་མ་ཡིན། མི་སྟོང་པར་མ་ཡིན། མཚན་མར་མ་ཡིན། མཚན་མ་མེད་པར་མ་ཡིན། སྨོན་པར་མ་ཡིན། སྨོན་པ་མེད་པར་མ་ཡིན། དབེན་པར་མ་ཡིན། མི་དབེན་པར་ཡང་མི་སྤྱོད་དོ། །རྣམས་པར་ཤེས་པའི་བར་ལ་རྟག་པར་མ་ཡིན། མི་རྟག་པར་མ་ཡིན་པ་ནས། དབེན་པར་མ་ཡིན་ཞིང༌། མི་དབེན་པར་ཡང་མི་སྤྱོད་པའི་བར་དུའོ། །དེ་བཞིན་དུ་ཁམས་དང༌། སྐྱེ་


DTG110_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། བྱང་ཆུབ་ཀྱི་ཕྱོགས་དང༌། མངོན་པར་ཤེས་པ་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཡང་མི་སྤྱོད་པ་ནས། དབེན་པའམ། མི་དབེན་པ་ཞེས་བྱ་བའི་བར་དུ་ཡང་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚེ་དང་ལྡན་པ་ཤར་དྭ་ཏིའི་བུ་གང་གཟུགས་ཀྱི་སྟོང་པ་ཉིད་དེ། གཟུགས་མ་ཡིན་ལ། སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ཏེ། གཟུགས་ཉིད་སྟོང་པ་ཉིད་ལ། སྟོང་པ་ཉིད་གཟུགས་ཡིན་པ་ནས། རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད་ལ། སྟོང་པ་ཉིད་རྣམ་པར་ཤེས་པའི་བར་དུའོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་གྱི་སྟོང་པ་ཉིད་གང་ཡིན་པ་དེ་དག་སངས་རྒྱས་རྣམ་མ་ཡིན། སྟོང་པ་ཉིད་ལས་སངས་རྒྱས་ཀྱི་ཆོས་རྣམས་གཞན་པ་ཡང་མ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཉིད་སྟོང་པ་ཉིད་ལ། སྟོང་པ་ཉིད་སངས་རྒྱས་ཀྱི་ཆོས་རྣམས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ཐབས་ལ་མཁས་པར་རིག་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་ཀྱང་ཁམས་མི་ལེན། མི་སྤྱོད་དོ་ཞེས་ཀྱང་ཁས་མི་ལེན། སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་དོ་ཞེས་ཀྱང་ཁས་མི་ལེན། སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ནོ་ཞེས་ཀྱང་ཁས་མི་ལེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཞེས་འབྱུང་ངོ༌། །ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་སྟོན་པ་ཡོད་དེ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ནི་འདི་ཡིན་ཏེ། དེ་དག་གཟུགས་མི་རྟག་པར་སྟོན་ཏོ། །དེ་བཞིན་དུ་སྡུག་བསྔལ་བ་དང༌། བདག་མེད་པ་དང༌། མི་སྡུག་པར་སྟོན་ཏོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དང༌། དེ་བཞིན་དུ་ཁམས་དང༌། སྐྱེ་མཆེད་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པ་དང༌། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་


DTG110_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་དང༌། སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པར་སྟོན་ཏོ། །གང་དེ་ལྟར་སྤྱོད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་དེ་སྐད་སྟོན་པ་དེ་ནི། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པའོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་མ་ཡིན་པ་གང་ཞེ་ན། དེ་དག་འདི་ལྟར་སྟོན་ཏེ། རིགས་ཀྱི་བུ་ཁྱོད་ཚུར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ལ། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མི་རྟག་པ་ཉིད་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། མི་སྡུག་པར་ཡང་དག་པར་རྗེས་སུ་མི་ལྟའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་སྟེ། གཟུགས་ཀྱི་ངོ་བོ་ཉིད་གང་ཡིན་བདེ་དངོས་པོ་མེད་པའོ། །གང་དངོས་པོ་མེད་པ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་ནི། གཟུགས་རྟག་པ་ཞེའམ། མི་རྟག་པ་ཞེས་བྱ་བ་མི་དམིགས་ཏེ། དེ་ལ་གཟུགས་ཉིད་ཀྱང་མི་དམིགས་ན་རྟག་པའམ་མི་རྟག་པ་ལྟ་ག་ལ་ཡོད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དེ་བཞིན་ནོ། །གང་དེ་ལྟར་སྟོན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་མ་ཡིན་པ་སྟོན་པའོ། །ཡང་འདི་སྐད་སྟོན་ཏེ། རིགས་ཀྱི་བུ་ཚུར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ལ། ཆོས་གང་ལས་ཀྱང་ཤིན་ཏུ་མ་འདའ། ཆོས་གང་ལ་ཡང་མ་གནས་ཤིག །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་གང་ལས་ཤིན་ཏུ་འདའ་བྱ་བའམ། གང་ལ་གནས་པར་བྱ་བའི་ཆོས་དེ་མེད་པའི་ཕྱིར་རོ། །འདི་ལྟར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། གང་ངོ་བོ་ཉིད་ཀྱིས་སྟོང་པ་དེ་དངོས་པོ་མེད་པའོ། །གང་དངོས་པོ་མེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་ནི་བླང་བར་བྱ་བའམ། དོར་བར་བྱ་བའམ། བསྐྱེད་པར་བྱ་བའམ། དགག་པར་བྱ་བའི་ཆོས་གང་ཡང་མེད་དོ་ཞེས་དེ་ལྟར་ཉེ་བར་སྟོན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་མ་ཡིན་པར་སྟོན་པའོ། །རབ་འབྱོར་


DTG110_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གསོལ་བ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པ་ལགས། ཇི་ཙམ་གྱིས་ན་མི་དམིགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ཙམ་དུ་ན་གཉིས་པོ་དེ་ཙམ་དུ་དམིགས་པའོ། །མི་གཉིས་པ་ནི་མི་དམིགས་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གཉིས་ཞེས་བགྱི་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིང་དང་གཟུགས་ནས་ཡིད་དང་ཆོས་ཀྱི་བར་དང༌། བྱང་ཆུབ་དང༌། སངས་རྒྱས་ཀྱི་བར་ཇི་ཙམ་པ་དེ་ཙམ་དུ་གཉིས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་དམིགས་པར་བགྱི་བ་མི་དམིགས་སམ། འོན་ཏེ་མི་དམིགས་པར་བགྱི་བ་མི་དམིགས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་། རབ་འབྱོར་དམིགས་པར་བྱ་བ་མི་དམིགས་པར་བྱ་བ་མི་དམིགས་པ་ཡང་མ་ཡིན་ལ། མི་དམིགས་པར་བྱ་བ་མི་དམིགས་པ་ཡང་མ་ཡིན་ཏེ། རབ་འབྱོར་དམིགས་པ་དང་མི་དམིགས་པ་མཉམ་པ་ཉིད་ནི་མི་དམིགས་པའོ་ཞེས་འབྱུང་ངོ༌། །ཡང་དེར་འཕགས་པ་རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་ཀྱིས་དོན་དམ་པ་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། དེ་ལས་བཟློག་པ་གནས་པས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། གལ་ཏེ་དོན་དམ་པ་ལ་གནས་པས་ཀྱང་མ་ལགས། བཟློག་པ་ལ་གནས་པས་ཀྱང་མངོན་པར་རྫོགས་པར་སངས་རྒྱས་པ་མ་ལགས་ན། འོ་ན་དེ་བཞིན་གཤེགས་པས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའམ། གཅིག་ཏུ་མ་གྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ཡང་འདུས་བྱས་ཀྱི་ཁམས་སམ་འདུས་མ་བྱས་ཀྱི་ཁམས་གང་ལ་ཡང་མི་གནས་པའོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དངོས་པོ་མེད་པས་དངོས་པོ་མེད་པ་མངོན་པར་རྫོགས་པར་སངས་རྒྱས་པར་མི་ནུས་སོ། །རབ་འབྱོར་གྱིས་གསོལ་པ།


DTG110_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཅི་དངོས་པོ་མ་མཆིས་པ་མངོན་པར་རྫོགས་པར་སངས་རྒྱས་པར་ནུས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མི་ནུས་སོ། །རབ་འབྱོར་གྱི་གསོལ་པ། དངོས་པོ་མ་མཆིས་པས་དངོས་པོ་མ་མཆིས་པ། མངོན་པར་རྫོགས་པར་སངས་རྒྱས་པར་ནུས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མི་སོ། །རབ་འབྱོར་གྱི་གསོལ་པ། འོ་ན་དངོས་པོས་དངོས་པོ་མངོན་པར་རྫོགས་པར་སངས་རྒྱས་པར་ནུས་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མི་ནུས་སོ། །གསོལ་བ་བཅོམ་ལྡན་འདས་འོ་ན་ཐོབ་པ་མ་མཆིས་པ་དང༌། མངོན་པར་རྟོགས་པ་མ་མཆིས་པར་མི་འགྱུར་ལགས་སམ། བཀའ་སྩལ་པ། མངོན་པར་རྟོགས་པ་ཡོད་དེ། མངོན་པར་སྒྲུབ་པ་བཞི་པོ་འདིས་ནི་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་འོ་ན་མངོན་པར་རྟོགས་པ་ཅི་འདྲ་བ་ཞིག་ལགས། བཀའ་སྩལ་པ། གང་ལ་སྤྲོས་པ་འདི་དག་མེད་པ་སྟེ། མངོན་པར་རྟོགས་པ་ནི་མ་སྤྲོས་ཤིང༌། སྤྲོས་པ་མེད་པའོ། །གསོལ་པ། བཅོམ་ལྡན་འདས་སྤྲོས་པ་གང་ལགས། བཀའ་སྩལ་པ་གཟུགས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བ་ནི་སྤྲོས་པའོ། །གཟུགས་བདེ་ཞེས་བྱ་བའམ། གཟུགས་སྡུག་བསྔལ་ཞེས་བྱ་བ་དང༌། བདག་ཅེས་བྱ་བ་དང་བདག་མེད་ཅེས་བྱ་བ་དང༌། ཞི་ཞེས་བྱ་བ་དང༌། མ་ཞི་ཞེས་བྱ་བ་ནི་སྤྲོས་པ་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་བར་དུ་གསུངས་སོ། །ཡང་དེ་ཉིད་ལས་འབྱུང་བ། རབ་འབྱོར་འདི་ལྟ་སྟེ། དཔེར་ན་བྱ་འདབ་ཆགས་བར་སྣང་ལ་རྒྱུ་བ་ས་ལ་མི་ལྟུང་སྟེ། ནམ་མཁའ་བར་སྣང་ལ་གནས་ཀྱང་དེར་མི་འདུག་ཅིང་གནས་འཆའ་བར་མི་བྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་གནས་ཀྱང་མངོན་སུམ་དུ་བྱེད་པ་གང་གིས་ཉན་ཐོས་དང་རང་སངས་རྒྱས་ཀྱིས་སར་ལྟུང་བར་འགྱུར་བས། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་མངོན་སུམ་དུ་མི་བྱེད་དོ་ཞེས་གསུངས་སོ།། །།བམ་པོ་ལྔ་པ་སྟེ་ཐ་མ། སུམ་བརྒྱ་པ་ལས་ཀྱང་དེ་བཞིན་གཤེགས་པས་གསུངས་ཏེ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས། བླ་ན་མེད་པ་


DTG110_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཡང་མངོན་པར་རྫོགས་པར་སངས་རྒྱས་སམ། དེ་བཞིན་གཤེགས་པས་ཆོས་གང་ཡང་བསྟན་ཏམ། རབ་འབྱོར་གྱིས་གསོལ་བ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། དེ་བཞིན་གཤེགས་པས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་གང་ཡང་མ་མཆིས་སོ། །དེ་བཞིན་གཤེགས་པས་གང་བསྟན་པའི་ཆོས་དེ་གང་ཡང་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་དེ་བཞིན་གཤེགས་པས་ཆོས་བསྟན་པ་དེ་ནི་གཟུང་དུ་མ་མཆིས་བརྗོད་དུ་མ་མཆིས་ཏེ་དེ་ནི་ཆོས་མ་ལགས་ཆོས་མ་མཆིས་པ་ཡང་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འཕགས་པའི་གང་ཟག་རྣམས་ནི། འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པས་འདུལ་བའི་དབང་གིས་ཐེག་པ་ཆེན་པོའི་སྒོ་སྣ་ཚོགས་ཉེ་བར་སྟོན་པས། །ཆོས་ཉིད་ཟབ་མོ་འདི་སྟོན་ཏེ། ཇི་ལྟར་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོས་ཞུས་པ། བཅོམ་ལྡན་འདས་ཀྱིས་མདོ་གཞན་བརྗོད་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ། བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་འོད་གསལ་བར་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་ལྡན་པ་སེམས་ཅན་ཐམས་ཅད་ལུས་ཀྱི་ནང་ན་མཆིས་པར་བརྗོད་དོ། །བཅོམ་ལྡན་འདས་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་དཀྲིས་པ་འདོད་ཆགས་དང་ཞེ་སྔ་སྡང་དང་གཏི་མུག་གིས་ཟིལ་གྱིས་ནོན་པ་ཡོངས་སུ་རྟོག་པའི་དྲི་མས་དྲི་མ་ཅན་དུ་གྱུར་པ། རྟག་པ་བརྟན་པ་ཐེར་ཟུག་པར་ནི་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་སྨྲ་བ་འདི་མི་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང༌། ཇི་ལྟར་མི་འདྲ་བ་ལགས། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་རྟག་པ་བྱེད་པ་ཡོན་ཏན་མེད་པ་ཁྱབ་པ་མི་འཇིགས་པའོ་ཞེས་བདག་ཏུ་སྨྲ་བ་སྟོན་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་


DTG110_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང་ཡང་དག་པའི་མཐའ་དང་མྱ་ངན་ལས་འདས་པ་དང༌། མ་སྐྱེས་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པར་བྱས་ནས། བྱིས་པ་རྣམས་བདག་མེད་པས་འཇིག་པར་འགྱུར་བའི་གནས་རྣམ་པར་སྤང་བའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་བསྟན་པས་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། འདི་ལ་བློ་གྲོས་ཆེན་པོ་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་ཏུ་མངོན་པར་ཞེན་པར་མི་བྱའོ། །བློ་གྲོས་ཆེན་པོ་དཔེར་ན། རྫ་མཁན་ནི་འཇིམ་པའི་རྡུལ་གྱི་ཕུང་པོ་གཅིག་ལས་ལག་པ་དང་བཟོ་དང་ལ་གཟུངས་དང༌། ཆུ་དང་སྲད་བུ་དང་ནན་ཏན་དང་ལྡན་པ་ལས། སྣོད་རྣམ་པ་སྣ་ཚོགས་བྱེད་དོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱང་ཆོས་ལ་བདག་མེད་པ་རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་རྣམ་པར་ལོག་པའི་དེ་བཞིན་ཉིད་ཤེས་རབ་དང༌། ཐབས་ལ་མཁས་པ་དང་ལྡན་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པའམ། བདག་མེད་པར་བསྟན་པས་ཀྱང་རུང་སྟེ་རྫ་མཁན་བཞིན་དུ་ཚིག་དང་ཡི་གེའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་སྟོན་ཏེ་དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་བསྟན་པ་དང་མི་འདྲའོ། །བློ་གྲོས་ཆེན་པོ་དེ་ལྟར་དེ་བཞིན་གཤེགས་པ་རྣམས་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་རྣམས་དྲང་བའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་ཏེ། ཡང་དག་པ་མ་ཡིན་པའི་བདག་ཏུ་རྣམ་པར་རྟོག་པའི་ལྟ་བར་ལྟུང་བའི་བསམ་པ་ཅན་དག་རྣམ་པར་ཐར་པ་གསུམ་གྱི་སྤྱོད་ཡུལ་ལ་གནས་པའི་བསམ་པ་དང་ལྡན་པས་མྱུར་དུ་བླ་ན་མེད་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཇི་ལྟར་འགྱུར་ཞེས་ཏེ། བློ་གྲོས་ཆེན་པོ་དེའི་དོན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་མཛད་དོ། །དེ་ལྟ་བས་ན་འདི་ནི་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་བས་ན་མུ་སྟེགས་བྱེད་ཀྱི་ལྟ་བ་རྣམ་པར་བཟློག་པའི་ཕྱིར། དེ་བཞིན་གཤེགས་


DTG110_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྙིང་པོ་བདག་མེད་པའི་རྗེས་སུ་འཇུག་པར་བྱའོ། །འདི་ལྟ་སྟེ། ཆོས་སྟོང་པ་ཉིད་དང་སྐྱེ་བ་མེད་པ་དང༌། གཉིས་མ་ཡིན་པ་དང་རང་བཞིན་མེད་པར་བསྟན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲུབ་པའི་མཐའ་བླ་ན་མེད་པའོ། །ཆོས་ཟབ་མོ་བསྟན་པ་འདི་ཡོངས་སུ་བཟུང་བས་ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་ཡོངས་སུ་བཟུང་བ་ཡིན་ཏེ། འདི་ལྟར་ཆོས་ཟབ་མོ་བསྟན་པ་འདི་ནི་མདོ་སྡེ་ཐམས་ཅད་ཀྱི་ནང་དུ་འདུས་སོ་ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་པ་དེ་ཉིད་ལས་བཀའ་སྩལ་པ། བློ་གྲོས་ཆེན་པོ་སྟོང་པ་ཉིད་དང་སྐྱེ་བ་མེད་པ་དང་གཉིས་མ་ཡིན་པ་དང་རང་བཞིན་མེད་པའི་མཚན་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་མདོ་སྡེའི་ནང་དུ་འདུས་སོ་ཞེས་གསུངས་སོ། །ཟླ་བ་སྒྲོན་མའི་མདོའི་ཚིགས་སུ་བཅད་པ་ལས་ཀྱང༌། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་གང་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བརྗོད་པར་ནུས་མ་ཡིན། །ཚིག་གཅིག་རྣམ་པར་བསྒོམས་ན་ནི། །དེ་དག་ཐམས་ཅད་བསྒོམ་པར་འགྱུར། །སངས་རྒྱས་ཇི་སྙེད་ཐམས་ཅད་ཀྱིས། །ཆོས་རྣམས་མང་པོ་རབ་བཤད་པ། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །མི་གང་དོན་ལ་མཁས་པ་དག །ཚིག་འདི་བསླབས་པར་གྱུར་པ་ལ། །སངས་རྒྱས་ཆོས་རྣམས་དཀོན་མ་ཡིན། །ཞེས་གསུངས་སོ། །ཆོས་ཟབ་མོ་ལ་མོས་པས། བསོད་ནམས་ཐམས་ཅད་བསྡུས་པ་ཡིན་ཏེ། སངས་རྒྱས་སུམ་གྲུབ་ཀྱི་བར་དུ་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པར་འགྱུར་ཏེ། ཁྱེའུ་རིན་པོ་ཆེས་བྱིན་པའི་མདོ་ལས་འབྱུང་བ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་བྲལ་བས་བསྐལ་པ་བརྒྱ་སྟོང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་བས་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐེ་ཚོམ་དང་བཅས་པས་ཉན་པའི་བསོད་ནམས་མང་དུ་བསྐྱེད་ན། གང་ཐེ་ཚོམ་མེད་པར་ཉན་པ་ལྟ་ཅི་སྨོས། ཡང་ཡི་གེ་བྲིས་ནས་ལུང་འབོགས་པ་དང༌། འཆང་བ་དང་གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་ལྟ་ཅི་སྨོས་ཞེས་གསུངས་སོ། །རྡོ་རྗེ་གཅོད་པ་ལས་ཀྱང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་


DTG110_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་གཱའི་ཀླུང་ཡང་དེ་སྙེད་དུ་གྱུར་ན། གང་དེ་དག་གི་བྱེ་མར་གྱུར་པ་དེ་མང་བ་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གང་གཱའི་ཀླུང་དུ་གྱུར་པ་དེ་དག་ཉིད་ཀྱང་མང་བ་ལགས་ན་དེ་དག་གི་བྱེ་མ་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ལ་བསྒོའོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །གང་གཱའི་དེ་དག་གི་བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སྐྱེས་པ་འམ། བུད་མེད་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བཀང་སྟེ། དེ་བཞིན་གཤེགས་པ་ལ་སྦྱིན་པ་བྱིན་ན་སྐྱེས་པའམ་བུད་མེད་དེ་གཞི་དེ་ལས་བསོད་ནམས་མང་དུ་བསྐྱེད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་ཐ་ན་ཚིག་བཞི་པའི་ཚིགས་སུ་པ་ཙམ་བཟུང་སྟེ། གཞན་དག་ལ་ཡང་བསྟན་ན། དེ་བས་བསོད་ནམས་ཆེས་མང་དུ་བསྐྱེད་དོ་ཞེས་གསུངས་སོ། །ཚངས་པས་ཞུས་པ་ལས་ཀྱང༌། དེ་བཞིན་གཤེགས་པས་གསུངས་ཏེ། གྲོགས་པོ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བསོད་ནམས་འདོད་པས་དེ་བཞིན་དུ་རྙེད་པ་དད་གཟུགས་དང་ལོངས་སྤྱོད་དང་གཡོག་འཁོར་དང་ཆོས་ཀྱི་དབང་ཕྱུག་དང་ལྷ་དང་མིའི་ཕུན་སུམ་ཚོགས་པའི་བར་ཐམས་ཅད་འདོད་པས་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱ་མོས་པར་བྱ་གཟུང་བར་བྱའོ་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཤཱ་རིའི་བུས་གསོལ་བ། བཅོམ་ལྡན་འདས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་མོས་པའི་སེམས་ཅན་དེ་དག་བྱང་ཆུབ་ཏུ་ངས་པར་འགྱུར་བ་ལགས་སོ། །བྱམས་པས་གསོལ་པ། བཅོམ་ལྡན་འདས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་མོས་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་བྱང་ཆུབ་ལ་ཉེ་བར་གྱུར་པ་ལགས་སོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་མོས་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི། སངས་རྒྱས་ཉིད་དུ་ལྟ་བར་བགྱིད་དོ་ཞེས་འབྱུང་ངོ༌། །ཆོས་ཟབ་མོ་ལ་མོས་པ་འདི་ལྟུང་བ་དང་འགྱོད་པ་ཐམས་ཅད་སེལ་བ་དང༌། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བར་འགྱུར་ཏེ། དེ་


DTG110_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས་འབྱུང་བ། འོད་སྲུངས་འདི་ལྟ་སྟེ། ཕ་ཡང་ཡིན་ལ་རང་སངས་རྒྱས་ཀྱང་ཡིན་པ་དེའི་སྲོག་བཅད་ན་དེ་ནི་སྲོག་བཅད་པའི་ནང་ན་ཆེན་པོའོ། །འདི་ལྟ་སྟེ། དཀོན་མཆོག་གསུམ་གྱི་དཀོར་རྐུ་བ་འདི་ནི་མ་བྱིན་པར་ལེན་པའི་ནང་ན་ཆེན་པོའོ། །འདི་ལྟ་སྟེ། མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་དེ་ལ་ལོག་པར་སྤྱད་པ་དེ་ནི་འདོད་པ་ལ་ལོག་པར་གཡེམ་པ་རྣམས་ཀྱི་ནང་ན་ཆེན་པོའོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པ་འདི་ནི་བརྫུན་དུ་སྨྲ་བའི་ནང་ན་ཆེན་པོའོ། །འདི་ལྟ་སྟེ། འཕགས་པའི་དགེ་འདུན་ལ་མི་སྙན་པ་བརྗོད་པ་འདི་ནི་ཕྲ་མའི་ནང་ན་ཆེན་པོའོ། །འདི་ལྟ་སྟེ། འཕགས་པ་རྣམས་ལ་ཅོ་འདྲི་བ་འདི་ནི་ཚིག་རྩུབ་པོའི་ནང་ན་ཆེན་པོའོ། །འདི་ལྟ་སྟེ། ཆོས་འདོད་པ་རྣམས་ལ་རྣམ་པར་གཡེང་བར་བྱེད་པ་འདི་ནི་ཚིག་ཀྱལ་བ་རྣམས་ཀྱི་ནང་ན་ཆེན་པོའོ། །འདི་ལྟ་སྟེ། མཚམས་མེད་པ་བྱེད་པར་ཤོམ་པ་འདི་ནི་གནོད་སེམས་ཀྱི་ནང་ན་ཆེན་པོའོ། །འདི་ལྟ་སྟེ། ཡང་དག་པར་སོང་བ་དང་ཡང་དག་པར་ཞུགས་པ་རྣམས་ཀྱི་རྙེད་པ་འཕྲོག་པའི་སེམས་འདི་ནི་བརྣབ་སེམས་ཀྱི་ནང་ན་ཆེན་པོའོ། །འདི་ལྟ་སྟེ། ལྟ་བས་གཟིངས་པ་འདི་ནི་ལོག་པའི་ལྟ་བའི་ནང་ན་ཆེན་པོའོ། །འོད་སྲུངས་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཐམས་ཅད་ནི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པའོ། །འོད་སྲུངས་གལ་ཏེ་སེམས་ཅན་གཅིག་ཅིག་མི་དགེ་བ་བཅུའི་ལས་ཀྱི་ལམ་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པ་འདི་དག་དང་ལྡན་པར་གྱུར་ལ་དེ་ཡང་དེ་བཞིན་གཤེགས་པས་རྒྱུ་དང་རྐྱེན་དུ་ལྡན་པའི་ཆོས་བསྟན་པ་ལ་འཇུག་སྟེ་འདི་ལ་གང་བྱེད་པའམ་གང་ཚོར་བར་བྱེད་པའི་བདག་གམ། སེམས་ཅན་ནམ་སྲོག་གམ་གང་ཟག་གང་ཡང་མེད་དོ། །ཞེས་དེ་ལྟར་མ་བྱས་པར་མངོན་པར་འདུས་མ་བྱས་པ་མེད་པ་སྒྱུ་མའི་ཆོས་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་རང་བཞིན་གྱིས་འོད་གསལ་བའི་ཆོས་ཐམས་ཅད་ལ་འཇུག་ཅིང༌། ཆོས་ཐམས་ཅད་ཐོག་མ་ནས་དག་པར་མངོན་པར་དད་པ་དང༌། མོས་པའི་སེམས་ཅན་དེ་ངན་སོང་དུ་འགྲོ་ཞེས་ང་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་རྣམས་ཀྱི་ཕུང་པོ་དངོས་པོ་མེད་དེ་ཉོན་མོངས་པ་ཐམས་ཅད་སྐྱེས་ནས་འཇིག་ཅིང་འཇུའོ། །རྒྱུ་དང་རྐྱེན་ཚོགས་པའི་འདུ་འཕྲོད་ལས་སྐྱེ་སྟེ་སྐྱེས་


DTG110_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐག་ཏུ་འགག་གོ །གང་སེམས་སྐྱེ་བའི་འཇིག་པ་དེ་ཉིད་ཉོན་མོངས་པ་ཐམས་ཅད་ཀྱི་འཇིག་པ་སྟེ། གང་དེ་ལྟར་མོས་པ་དེ་ལ་ལྟུང་བ་གང་ཡང་མེད་ཅིང་ལྟུང་བའི་གནས་མེད་དེ་གནས་མ་ཡིན་ཞིང་སྐབས་མེད་དོ། །གང་གི་སྒྲིབ་པ་མེད་པ་ལ་ལྟུང་བ་གནས་པ་དེ་ནི་གནས་མ་ཡིན་ནོ་ཞེས་གསུངས་སོ། །བདུད་བཏུལ་བའི་ལེའུ་ལས་ཀྱང༌། འདུལ་བ་འཛིན་པ་ཉེ་བ་འཁོར་གྱིས་དྲིས་པ། སྡིག་ཅན་ཇི་ལྟར་ན་དགེ་སློང་འདུལ་བ་འཛིན་པ་ཡིན། བདུད་ཀྱིས་སྨྲས་པ། བཙུན་པ་ཉེ་བ་འཁོར་དགེ་སློང་གིས་ནམ་ཆོས་ཐམས་ཅད་ཤིན་ཏུ་དུལ་བར་ཤེས་ཏེ། ཉེས་པ་རྣམས་ཀྱི་ཐོག་མའི་སྔོན་གྱི་མཐའ་ཡང་དབེན་པའི་མཐར་ཤེས། ཉེས་པ་བྱུང་བ་རྣམས་ཀྱི་འགྱོད་པ་ཡང་སེལ་ཅིང་བརྟན་པོར་མི་བྱེད་དེ། དེ་དག་ལ་གང་གིས་མཚམས་མེད་པ་རྣམས་ཀྱང་རྣམ་པར་གནོན་ན། ཆོ་ག་དང་ཚུལ་ཁྲིམས་ལ་ལོག་པར་ཞུགས་པ། ཕྲན་ཚེགས་ལྟ་སྨོས་ཀྱང་ཅི་དགོས་པ་དེ་ལྟ་བུའི་ཆོས་ཀྱི་ཚུལ་གྱི་རྣམ་པ་ཡང་ཉེ་བར་བསྒྲུབ་ཉོན་མོངས་པ་འདུལ་བ་ལ་ཡང་མཁས་གློ་བུར་དུ་ཉོན་མོངས་པ་རྣམས་ལ་ཡང་ཀུན་ནས་ཉོན་མོངས་པར་གྱུར་པ་མ་ཡིན་པ་དང༌། འབྱུང་བར་འདུ་ཤེས་པ་ཉོན་མོངས་པ་ནང་དུ་ཡང་མ་བཏོན་ཕྱི་རོལ་དུ་ཡང་མ་ཡིན་གཉི་ག་མེད་པར་ཡང་མ་ཡིན་ཏེ། ཉོན་མོངས་པ་ཁོང་དུ་ཆུད་པ་ཉིད་ཉོན་མོངས་པ་མེད་པར་ཤེས་ཤིང་ཉོན་མོངས་པ་ཡང་མི་སེལ་ཉོན་མོངས་པ་མེད་པ་ཡང་མི་སྒྲུབ་ཉོན་མོངས་པ་ཐམས་ཅད་ཀྱང་སྤྲིན་དང་ཆར་སྤྲིན་འདྲ་བར་ཤེས་ཏེ། ཡེ་ཤེས་དང་ལྷག་མཐོང་གི་རླུང་གིས་གཏོར་ནས་ཕྱོགས་དང་ཡུལ་དུ་འགྲོ་བ་ཡང་མེད་གནས་པ་ཡང་མེད་པ་དང་ཉོན་མོངས་པ་རྣམས་ནི་ཆུ་ཟླ་དང་འདྲ་སྟེ། ཡོངས་སུ་རྟོག་པའི་གཟུགས་བརྙན་གྱི་བཞིན་ཉེ་བར་སྟོན་པ་དང༌། ཉོན་མོངས་པ་རྣམས་ནི་མུན་པའི་སྤྱོད་ཡུལ་ཏེ། ཤེས་རབ་ཀྱི་སྒྲོན་མས་མི་སྣང་བར་བྱེད་པ་དང༌། ཉོན་མོངས་པ་རྣམས་ནི་རྐུན་པོ་དང་མཁའ་འགྲོ་མ་དང་གནོད་སྦྱིན་དང༌། སྲིན་པོ་དང་འདྲ་སྟེ། ཚུལ་བཞིན་ཡིད་ལ་བྱེད་པས་བརྟགས་ན། གནས་པ་མ་ཡིན་པ་དང་ཉོན་མོངས་པ་རྣམས་ནི་གླགས་ཚོལ་བ་སྟེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་འཕེལ་བ་དང་སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཤེས་པས་ཡིད་ལ་འཇུག་པར་མི་བྱེད་པར་སུས་ཉོན་མོངས་པ་རྣམས་འདི་འདྲ་བར་ཤེས་ཏེ། སེམས་ཅན་ཉོན་མོངས་


DTG110_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀུན་ནས་ཉོན་མོངས་པར་གྱུར་པ་རྣམས་ལ་སྙིང་རྗེ་ཞིང་བདག་མེད་པ་དང༌། སེམས་ཅན་མེད་པ་མངོན་སུམ་དུ་གྱུར་པ་ནི་འདུལ་བ་འཛིན་པ་ཡང་དག་པ་ཞེས་བྱའོ་ཞེས་འབྱུང་ངོ༌། །འཕགས་པ་མ་སྐྱེས་དགྲའི་མདོ་ལས་ཀྱང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ལ་བསྒོའོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །གལ་ཏེ་མཚམས་མེད་པ་བྱེད་པས་དམ་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་འཇུག་ཅིང་མོས་ན་དེའི་ལས་དེ་ལས་ཀྱི་སྒྲིབ་པ་ཡིན་ནོ་ཞེས་ང་མི་སྨྲའོ་ཞེས་གསུངས་སོ། །འདི་ནི་ཆོས་ཟབ་མོ་ལ་མོས་པའི་ཕན་ཡོན་མདོར་བརྗོད་པ་ཡིན་ཏེ། རྒྱས་པར་ནི་ཐེག་པ་ཆེན་པོའི་མདོ་སྡེ་དེ་དང་དེ་དག་ལས་མཉན་པར་བྱའོ། །བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་བྲལ་བར་ཆོས་ཉིད་ཟབ་མོ་ལ་སྦྱོར་བར་མི་བྱ་སྟེ། འདི་ལྟར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་ཡང་དག་པའོ། །འདི་སྐད་དུ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་འབྱུང་སྟེ། ཐབས་མེད་པས་ཟིན་པའི་ཤེས་རབ་བཅིངས་པ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་ཡང་ངེས་པར་རྟོག་ཅིང༌། མཚན་དང་དཔེ་བྱད་བཟང་པོ་དང་སངས་རྒྱས་ཀྱི་ཞིང་གི་རྒྱན་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ངེས་པར་མི་རྟོག་པ་འདི་ནི་ཐབས་མེད་པས་ཟིན་པའི་ཤེས་རབ་སྟེ་བཅིངས་པའོ། །ཐབས་ཀྱིས་ཟིན་པའི་ཤེས་རབ་གྲོལ་བ་གང་ཞེ་ན། འདི་ལྟ་སྟེ། མཚན་དང་དཔེ་བྱད་བཟང་པོ་དང་སངས་རྒྱས་ཀྱི་ཞིང་གི་རྒྱན་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ། སེམས་ངེས་པར་རྟོག་ཅིང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ཡང་འདྲིས་པར་བྱེད་ལ། ཡོངས་སུ་མི་སྐྱོ་བ་འདི་ནི་ཐབས་ཀྱིས་ཟིན་པའི་ཤེས་རབ་སྟེ་གྲོལ་བའོ། །ཤེས་རབ་ཀྱིས་མ་ཟིན་པའི་ཐབས་བཅིངས་པ་གང་ཞེ་ན། འདི་ལྟ་སྟེ། ལྟ་བ་ཐམས་ཅད་དང་ཉོན་མོངས་པ་ཀུན་ནས་ལྡང་བ་དང་བག་ལ་ཉལ་བ་དང་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་ལ་གནས་ཏེ། དགེ་བའི་རྩ་བ་བརྩམས་པ་ཐམས་ཅད་བྱང་ཆུབ་ཏུ་མི་བསྔོ་བ་འདི་ནི་ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ཏེ། བཅིངས་པའོ། །ཤེས་རབ་ཀྱིས་ཟིན་པའི་ཐབས་གྲོལ་བ་གང་ཞེ་ན། འདི་ལྟ་སྟེ། ལྟ་བ་ཐམས་ཅད་དང་ཉོན་མོངས་པ་ཀུན་ནས་ལྡང་བ་དང་བག་ལ་ཉལ་དང་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་


DTG110_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པས། དགེ་བའི་རྩ་བ་བརྩམས་པ་ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ལ་དེས་ཀྱང་མི་སྙེམས་པ་དེ་ནི་ཤེས་རབ་ཀྱིས་ཟིན་པའི་ཐབས་ཏེ་གྲོལ་བའོ། །ཞེས་གསུངས་སོ་ཐབས་དང་ཤེས་རབ་ཏུ་ལྡན་པ་འདི་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གང་ཞེ་ན། དེ་ཉིད་ལས་འབྱུང་བ། གང་སོ་སོའི་སྐྱེ་བོའི་སྤྱོད་ཡུལ་ཡང་མ་ཡིན། འཕགས་པའི་སྤྱོད་ཡུལ་ཡང་མ་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །གང་འཁོར་བ་ཡང་སྤྱོད་ཡུལ་ལ་ཉོན་མོངས་པ་ཡང་སྤྱོད་ཡུལ་མ་ཡིན་པ་དང༌། གང་མྱ་ངན་ལས་འདས་པར་རྟོག་པ་ཡང་སྤྱོད་ཡུལ་ལ་ཤིན་ཏུ་མྱ་ངན་ལས་འདས་པ་ཡང་སྤྱོད་ཡུལ་མ་ཡིན་པ་དང༌། གང་བདེན་པ་བཞིའི་ཡེ་ཤེས་ཀྱང་སྤྱོད་ཡུལ་ལ་དུས་མ་ཡིན་པར་བདེན་པའི་རྟོག་པར་བྱེད་པ་ཡང་སྤྱོད་ཡུལ་མ་ཡིན་པ་དང༌། གང་ནང་དུ་སོ་སོར་རྟོག་པ་ཡང་སྤྱོད་ཡུལ་ལ་བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་ཡང་སྤྱོད་ཡུལ་བ་དང༌། གང་མི་སྐྱེ་བར་རབ་ཏུ་རྟོག་པ་ཡང་སྤྱོད་ཡུལ་ལ་ངེས་པར་འགྱུར་བ་ལ་འཇུག་པ་ཡང་སྤྱོད་ཡུལ་མ་ཡིན་པ་དང༌། གང་སེམས་ཅན་ཐམས་ཅད་ཀྱི་འདུ་འཛི་ཡང་སྤྱོད་ཡུལ་ལ་ཉོན་མོངས་པའི་བག་ལ་ཉལ་ཡང་སྤྱོད་ཡུལ་མ་ཡིན་པ་དང༌། གང་སྟོང་པ་ཉིད་ཀྱང་སྤྱོད་ཡུལ་ལ་རྣམ་པ་ཐམས་ཅད་དུ་ཡོན་ཏན་ཡོངས་སུ་ཚོལ་བ་ལ་ཡང་སྤྱོད་ཡུལ་བ་དང༌། གང་མངོན་པར་འདུ་མི་བྱེད་པ་ཡག་སྤྱོད་ཡུལ་ལ་དགེ་བའི་རྩ་བ་ཐམས་ཅད་མངོན་པར་འདུ་བྱེད་པ་རྒྱུན་མི་གཅོད་པ་ཡང་སྤྱོད་ཡུལ་བ་དང༌། གང་ཞི་གནས་དང་ལྷག་མཐོང་གི་ཆོས་ཐམས་ཅད་ཡོངས་སུ་ཚོལ་བ་ཡང་སྤྱོད་ཡུལ་ལ་ཤིན་ཏུ་ཞི་བར་མི་ལྟུང་བ་ཡང་སྤྱོད་ཡུལ་བ་དང༌། གང་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང༌། གང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་ཡང་སྤྱོད་ཡུལ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་མི་གཏོང་བ་ཡང་སྤྱོད་ཡུལ་ལ་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ་ཞེས་གསུངས་སོ། །བདུད་འདུལ་བའི་མདོ་ལས་ཀྱང༌། ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་ཡང་དག་པ་ཡང་དག་ཕུལ་ནི་གང༌། ཤེས་རབ་ཀྱི་ཤེས་པས་བརྩོན་པ་ཡང་མེད་ལ་ཐབས་ཀྱི་ཤེས་པས་དགེ་བའི་ཆོས་ཐམས་ཅད་སྡུད་པ་ལ་ཡང་སྦྱོར་བ་དང༌། ཤེས་རབ་ཀྱི་ཤེས་པས་བདག་མེད་པ་དང༌། སེམས་ཅན་མེད་པ་དང༌།


DTG110_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་མེད་པ་དང༌། གསོ་བ་པོ་མེད་པ་དང༌། གང་ཟག་མེད་པར་ཡང་སྦྱོར་ལ་ཐབས་ཀྱི་ཤེས་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པར་ཡང་སྦྱོར་བ་དང༌། ཤེས་རབ་ཀྱི་ཤེས་པས་ཆོས་ཐམས་ཅད་བླང་བ་མེད་པ་དང་དོར་བ་མེད་པ་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་ཆོས་ཐམས་ཅད་ཡོངས་སུ་འཛིན་པར་ཡང་སྦྱོར་བ་དང༌། ཤེས་རབ་ཀྱི་ཤེས་པས་སངས་རྒྱས་ཐམས་ཅད་དང་ཆོས་ཀྱི་དབྱིངས་དབྱེར་མེད་པར་ཡང་སྦྱོར་ལ་ཐབས་ཀྱི་ཤེས་པས་སངས་རྒྱས་ཐམས་ཅད་ལ་བླ་མར་བྱ་བ་དང༌། གུས་པར་བྱ་བ་དང༌། མཆོད་པར་བྱ་བ་དང༌། རིམ་གྲོ་བྱེད་པར་ཡང་སྦྱོར་བ་དང༌། ཤེས་རབ་ཀྱི་ཤེས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནམ་མཁའི་ཞིང་དུ་ཡང་སྦྱོར་ལ་ཐབས་ཀྱི་ཤེས་པས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་སྦྱོང་བའི་རྒྱན་ལ་ཡང་སྦྱོར་བ་དང༌། ཤེས་རབ་ཀྱི་ཤེས་པས་འཕགས་པ་ཐམས་ཅད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བར་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་འཕགས་པ་ཐམས་ཅད་ལ་བླ་མ་དང་གུས་པ་དང་རིམ་གྲོ་བྱེད་པར་ཡང་སྦྱོར་བ་དང༌། ཤེས་རབ་ཀྱི་ཤེས་པས། སངས་རྒྱས་ཀྱི་སྐུ་ཟག་པ་མེད་པར་སོ་སོར་རྟོག་པར་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་མཚན་དང་དཔེ་བྱད་བཟང་པོ་དང་རྒྱན་ལ་ཡང་སྦྱོར་བ་དང༌། ཤེས་རབ་ཀྱི་ཤེས་པས་འདུ་བྱེད་ཐམས་ཅད་མ་སྐྱེས་པ་དང་མ་བྱུང་བར་ཡང་སོ་སོར་རྟོག་པར་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་ལ་ཡང་སྦྱོར་བའོ་ཞེས་གསུངས་སོ། །འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས་ཀྱང༌། དེ་ལ་བྱང་ཆུབ་སེམས་དཔའི་ཐབས་ནི་གང༌། ཤེས་རབ་མངོན་པར་སྒྲུབ་པ་ནི་གང་ཞེ་ན། གང་སྙོམས་པར་འཇུག་པ་ན་སེམས་ཅན་ལ་ལྟ་བས་སྙིང་རྗེ་ཆེན་པོའི་དམིགས་པ་ལ་སེམས་འདོགས་པ་འདི་ནི་དེའི་ཐབས་སོ། །གང་ཞི་ཞིང་རབ་ཏུ་ཞི་བ་ལ་སྙོམས་པར་འཇུག་པ་འདི་ནི་དེའི་ཤེས་རབ་བོ། །གང་སྙོམས་པར་འཇུག་པ་ན་སྙིང་རྗེ་ཆེན་པོ་དང་སངས་རྒྱས་ཀྱི་ཡེ་ཤེས་ལ་སྟོན་པ་འདི་ནི་དེའི་ཐབས་སོ། །གང་ཅི་ལ་ཡང་མི་གནས་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ། །གང་སྙོམས་པར་འཇུག་པ་ན་ཆོས་ཐམས་ཅད་ཡོངས་སུ་འཛིན་པ་ལ་ལྟ་བ་འདི་ནི་དེའི་ཐབས་སོ། །གང་ཆོས་ཀྱི་དབྱིངས་དབྱེར་མེད་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ། །གང་སྙོམས་པར་འཇུག་པ་ན་སངས་རྒྱས་


DTG110_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐུའི་རྒྱན་མངོན་དུ་བྱེད་པ་འདི་ནི་དེའི་ཐབས་སོ། །གང་ཆོས་ཀྱི་སྐུ་གནས་པས་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ་ཞེས་གསུངས་སོ། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང༌། བྱམས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་ནི་འདི་གཉིས་ཏེ། འདི་གཉིས་གང་ཞེ་ན་ཚིག་དང་འབྲུ་སྣ་ཚོགས་ལ་དད་པའི་ཕྱག་རྒྱ་དང༌། ཆོས་ཀྱི་ཚུལ་ཟབ་མོས་མི་སྐྲག་ཅིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་འབབ་པ་དང༌། འཇུག་པའི་ཕྱག་རྒྱ་སྟེ། ཕྱག་རྒྱ་དེ་གཉིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་རྒྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་གང་སེམས་ཚིག་དང་འབྲུ་སྣ་ཚོགས་ལ་དད་ཅིང་ལྷུར་བྱེད་པ་དེ་དག་ནི་ལས་དང་པོ་པའོ། །གང་དག་མདོ་སྡེ་ཟབ་མོ་མ་གོས་པ་ཕྲུགས་དང་སྣྲེལ་ཞིའི་རྒྱུད་ཀྱི་ཚིག་དང་རིམ་པ་རབ་ཏུ་དབྱེ་བ་འདི་འདོན་པ་དང༌། ཉན་པ་དང་མོས་པ་དང་སྟོན་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཡུན་རིང་པོ་ནས་ཚངས་པར་སྤྱོད་པ་སྤྱད་པར་རིག་པར་བྱའོ། །ལས་དང་པོ་བའི་བྱང་ཆུབ་སེམས་དཔའ་ནི་རྒྱུ་གཉིས་ཀྱིས་བདག་ལ་རྨ་འབྱིན་ཏེ། ཆོས་ཟབ་མོ་ལ་ངེས་པར་སེམས་པར་མི་འགྱུར་རོ། །གཉིས་གང་ཞེ་ན་སྔོན་མ་ཐོས་པའི་མདོ་སྡེ་ཟབ་མོ་ཐོས་ན་སྐྲག་ཅིང་ཐེ་ཚོམ་དུ་གྱུར་ནས་རྗེས་སུ་ཡི་རྣག་བར་མི་བྱེད་ཀྱི་སྟེང་དུ། འདི་ལྟ་བུ་བདག་ཅག་གི་སྔོན་མ་ཐོས་ན་དེ་དག་གང་ནས་འོང་ཞེས་སྤོང་བར་བྱེད་པ་དང༌། རིགས་ཀྱི་བུ་གང་དག་མདོ་སྡེ་ཟབ་མོ་འདི་འཛིན་པ་དང༌། ཆོས་ཟབ་མོའི་སྣོད་དུ་གྱུར་པ་དང་ཆོས་ཟབ་མོ་སྟོན་པ་དེ་དག་ལ་མི་བསྟེན་མི་འགྲོགས་བསྙེན་བཀུར་མི་བྱེད་ཅིང་དེ་དག་ལ་བསྟི་སྟང་མི་བྱེད་པར་འགྱུར་ཏེ། བར་བར་དུ་དེ་དག་ལ་མི་སྙན་པ་ཡང་བརྗོད་པའོ། །རྒྱུ་གཉིས་ཀྱིས་ཆོས་ཟབ་མོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་བདག་ཉིད་ལ་རྨ་འབྱིན་ཏེ། མི་སྐྱེ་བའི་ཆོས་ལ་ཡང་བཟོད་པ་མྱུར་དུ་ཐོབ་པར་མི་འགྱུར་རོ། །གཉིས་གང་ཞེ་ན། ལས་དང་པོ་པ་སྤྱད་ནས་རིང་པོར་མ་ལོན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བརྙས་ཤིང་ཁྱད་དུ་གསོད་དེ། འཛིན་དུ་མི་འཇུག་མི་བྱེད་མི་སྟོན་པ་དང༌། གང་ཟབ་མོ་ལ་མོས་པའི་བསླབ་པ་ལ་རི་མོ་མི་བྱེད་ཅིང༌། འཇིག་རྟེན་གྱི་ཟང་ཟིང་གི་སྦྱིན་པས་ནི་སེམས་ཅན་ལ་ཕན་འདོགས་ཤིང་ཆོས་ཀྱི་སྦྱིན་པས་མ་ཡིན་ཏེ་རྒྱུ་གཉིས་པོ་དག་གོ་ཞེས་གསུངས་སོ། །གང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆེ་བ་ཉིད་རྒྱ་ཆེན་པོ་ལ་འཇུག་པའི་སེམས་


DTG110_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དེ་དག་ནི་ཤིན་ཏུ་རྙེད་པར་དཀའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆེ་བ་ཉིད་རྒྱ་ཆེན་པོ་གང་ཞེ་ན། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་འབྱུང་བ། བཙུན་པ་འོད་སྲུངས་ཆེན་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་བྱང་ཆུབ་སེམས་དཔའ་ལ་སློང་བ་གང་གིས་ལག་པའམ། རྐང་པའམ། རྣ་བའམ། སྣའམ། ཁྲག་གམ། རྒྱུས་པའམ། རུས་པའམ། རྐང་ངམ། མིག་གམ། རོ་སྟོད་དམ། མགོའམ། ཡན་ལག་དང་ཉིང་ལག་གམ། རྒྱལ་པོའི་སྲིད་དམ། ཡུལ་འཁོར་དང༌། ལྗོངས་སམ་ཆུང་མ་དང༌། བུ་ཕོ་དང༌། བུ་མོ་དང༌། བྲན་ཕོ་དང༌། བྲན་མོ་དང༌། རྟ་དང་བ་ལང་དང༌། ཤིང་རྟ་དང༌། བཞོན་པའམ། གསེར་དང༌། དངུལ་དང༌། ནོར་བུ་དང༌། མུ་ཏིག་དང༌། མན་ཤེལ་དང༌། བྱེ་རུ་དང༌། བཻཌཱུཪྻ་དང༌། ནོར་བུ་རིན་པོ་ཆེ་རྣམས་ཀྱང་རུང༌། བཟའ་བ་དང༌། བཏུང་བ་དང༌། བྲོ་བ་རྣམས་སམ། གོས་རྣམས་ཉམ་ང་བར་བྱས་ཏེ། སློང་བ་དེ་དག་ཐམས་ཅད་ཀྱང་ཕལ་ཆེར་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། ཐབས་ལ་མཁས་པས་ལྷག་པའི་བསམ་པ་བརྟན་པ་འདི་དག་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་འོད་སྲུངས་ཆེན་པོ་བྱང༌། ཆུབ་སེམས་དཔའ་རྣམས་ནི་དཀའ་ཐུབ་དྲག་པས་ན་དེ་ལྟ་བུར་སྟོན་ཏེ། གོ་སྐབས་མ་ཕྱེ་བར་བྱང་ཆུབ་སེམས་དཔའ་ལ་ཉམ་ང་བ་བྱེད་པའི་མཐུ་སྐྱེ་བོ་ཕལ་པོ་ཆེ་ལ་མེད་དོ། །གོ་སྐབས་མ་ཕྱེ་བར་སད་པའམ། སློང་བར་ཡང་མི་ནུས་སོ། །བཙུན་པ་འོད་སྲུངས་ཆེན་པོ་འདི་ལྟ་སྟེ་དཔེར་ན། བ་ལང་གླང་པོ་ཆེའི་ཁུར་ཐེག་པ་ནི་བོང་བུས་བཟོད་པར་མི་ནུས་ཏེ། དེ་བཞིན་དུ་བཙུན་པ་འོད་སྲུངས་ཆེན་པོ་བྱང་ཆུབ་སེམས་དཔའ་མ་ཡིན་པས་བྱང་ཆུབ་སེམས་དཔའ་ལ་ཉམ་ང་བར་བྱེད་མི་ནུས་ཀྱིས་བྱང་ཆུབ་སེམས་དཔའ་ཉིད་བྱང་ཆུབ་སེམས་དཔའ་ལ་ཉམ་ང་བར་བྱེད་དེ། བྱང་ཆུབ་སེམས་དཔའ་ཉམ་ང་བར་བྱས་པ་བྱང་ཆུབ་སེམས་དཔས་བཟོད་དོ་ཞེས་གསུངས་སོ། །དེ་སྐད་དུ་འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ཀྱི་སྨོན་ལམ་གྱི་གཞི་རབ་ཏུ་རྟོག་པ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣང་བའི་དབྱིངས་ཀྱི་སངས་རྒྱས་ཀྱི་ཞིང༌། སངས་རྒྱས་ཀྱི་རིགས་མི་ཟད་པ་སྟོན་པ་ནས་


DTG110_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར་བྱང་ཆུབ་སེམས་དཔའི་མཐུ་རབ་ཏུ་བསྟན་པ་འདི་ལྟ་སྟེ། མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་དང༌། སྤུའི་རྩེ་མོ་ཐམས་ཅད་དང༌། ལུས་ཐམས་ཅད་དང༌། ཡན་ལག་དང༌། ཉིང་ལག་ཐམས་ཅད་དང༌། ཚིག་གི་ལམ་ཐམས་ཅད་དང༌། གོས་དང་སྨད་གཡོགས་ཐམས་ཅད་ནས། བྱང་ཆུབ་སེམས་དཔའི་འཁོར་ཐམས་ཅད་དང༌། བདག་དང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་སྔོན་གྱི་མཐའི་མུར་ཐུག་པའི་དེ་བཞིན་གཤེགས་པ་འདས་པ་ཐམས་ཅད་དང༌། ཕྱི་མའི་མཐའི་མུར་ཐུག་པའི་དེ་བཞིན་གཤེགས་པ་ལུང་བསྟན་པ་དང༌། ལུང་མ་བསྟན་པ་མ་བྱོན་པ་ཐམས་ཅད་དང༌། ད་ལྟར་བྱུང་བའི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམ་ཐམས་ཅད་ན་བཞུགས་པ་རྣམས་ཀྱི་སྔོན་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་དང༌། ལེན་པ་དང༌། སྦྱིན་པའི་དངོས་པོ་ཐམས་ཅད་ཀྱི་གཟུགས་བརྙན་དང་མཚན་དང་དཔེ་བྱད་བཟང་པོ་དང༌། སྤུའི་རྩེ་མོ་དང༌། ལུས་ཐམས་ཅད་དང༌། ཡན་ལག་དང་ཉིང་ལག་དང༌། ཚིག་གི་ལམ་དང༌། གོས་དང་སྨད་གཡོགས་ཐམས་ཅད་ལ་རབ་ཏུ་སྣང་བར་གྱུར་པར་རྣམ་པར་བསྟན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་དག་ཀྱང་རབ་ཏུ་སྣང་བར་ཡོངས་སུ་བསྟན་པ་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡན་ལག་དང་ཉིང་ལག་ཐམས་ཅད་མཐུན་པར་ར་ཏུ་བསྟན་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བརྩོན་འགྲུས་དང༌། དྲག་ཤུལ་དང༌། རྣམ་པར་གནོན་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསམ་གཏན་གྱི་རྒྱ་མཚོ་ཡོངས་སུ་ཚོལ་ཞིང་རབ་ཏུ་སྒྲུབ་པ་དང་ལྡན་པའི་སྔོན་གྱི་སྦྱོར་བའི་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ཡོངས་སུ་སྒྲུབ་ཅིང་ཆོས་ཡོངས་སུ་ཚོལ་བ་དང་ལྡན་པ་དང༌། བདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་རྩོལ་བ་ཆེན་པོའི་ལུས་དང་ངོ་བོ་གཟུགས་བརྙན་རྣམ་པར་རིག་པར་བྱ་བས་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་དང༌།


DTG110_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་ཐམས་ཅད་མཐོང་ཞིང་དགའ་བ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལམ་ལ་འགྲོ་བ་ཐམས་ཅད་མངོན་པར་མོས་པར་བྱེད་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྔོན་གྱི་སྨོན་ལམ་རྒྱ་མཚོ་མངོན་པར་སྒྲུབ་པའི་སྒོ་ཡོངས་སུ་དག་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་གྲུབ་པ་དང༌། རྣམ་པར་མནན་པ་དང་རྣམ་པར་དག་པར་བྱས་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་དང༌། ཆོས་ཀྱི་དབྱིངས་རྒྱ་ཆེན་པོ་རྣམ་པར་འཕྲུལ་པ་ཐམས་ཅད་ཀྱི་སྤྲིན་གྱིས་རྒྱས་པར་བཀང་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པར་བྱེད་ཅིང༌། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་གང་ན་བ་དེར་ལྷགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་འཁོར་དང་བཅས་པས། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། སྟེང་གི་ཕྱོགས་སུ་བསྟེན་ཏེ། རྡོ་རྗེའི་དབང་པོ་སྣ་ཚོགས་ཐམས་ཅད་ཀྱི་རྒྱན་གྱི་སྙིང་པོ་ཅན་གྱི་གང་པ་བརྩེགས་པ་དང༌། སེང་གེའི་ཁྲི་རྡོ་རྗེ་དང༌། ཨནད་རྙིལ་གྱི་པད་མོའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ནས་ནོར་བུའི་རྒྱལ་པོ་རིན་པོ་ཆེ་ཐམས་ཅད་རབ་ཏུ་འབར་བའི་དྲ་བས་ཀུན་ནས་བརྒྱན་པ་དང༌། རིན་པོ་ཆེའི་རྒྱལ་པོ་དུས་གསུམ་གྱི་དེ་བཞིན་གཤེགས་པའི་མཚན་དང་དབྱངས་སུ་སྒྲོགས་པའི་ཕྲེང་བ་རབ་ཏུ་འཕྱང་བ་དང༌། མགོ་ལ་རིན་པོ་ཆེའི་ཅོད་པན་ཐོགས་པའི་བྱང་ཆུབ་སེམས་དཔའ་ལུས་སུ་བྱིན་གྱིས་བརླབས་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་དོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཁོར་དང་བཅས་པར་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྤྱོད་པ་དང༌། སྨོན་ལམ་གྱིས་བྱུང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ནས་ཞལ་དུ་ལྟ་བ། ཡེ་ཤེས་ཡོངས་སུ་དག་པའི་མིག་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་དང་མདོ་སྡེའི་ཚུལ་གྱི་གསུང་རྒྱ་མཚོ་ལ་རྣ་བ་ཡོངས་སུ་གཞོལ་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་


DTG110_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་ཐོབ་པར་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲུང་དུ་འདོང་བ་སྐད་ཅིག་གཅིག་ཏུ་ཡོངས་སུ་བསྟན་པ་དང༌། རྣམ་པར་འཕྲུལ་པ་ལས་བྱུང་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལུས་གཅིག་གིས་རྒྱས་པར་གང་བའི་ཡུལ་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ལུས་མངོན་པར་འབྱུང་ཞིང་རྣམ་པར་སྣང་བ་རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་འཇིག་རྟེན་གྱི་ཁམས་གཅིག་ཏུ་སྣང་ཞིང་ཁོངས་སུ་ཆུད་པར་ཡང་དག་པར་སྟོན་པའི་ཡུལ་དང་ལྡན་པ། འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་གདུལ་བྱའི་དུས་ལ་སྡོད་པར་གཞོལ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོའི་སྤྲིན་གྱི་འབྲུག་སྒྲ་སྤུའི་རྩེ་མོ་ཐམས་ཅད་ནས་རབ་ཏུ་སྒྲོགས་པའི་ཡུལ་དང་ལྡན་པ། འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་སྤྲུལ་པ་ལྟ་བུར་ཁོང་དུ་ཆུད་པ། སེམས་ཅན་ཐམས་ཅད་ཀྱི་ལུས་མཉམ་པ་ཀུན་ཏུ་སྟོན་པ། སེམས་ཀྱི་སྐད་ཅིག་ལ་ཕྱོགས་བཅུ་རྒྱ་མཚོ་ཐམས་ཅད་དུ་རྣམ་པར་སྤྲུལ་པས་རྒྱས་པར་འགེངས་པའོ་ཞེས་གསུངས་སོ། །ཡང་སྡོང་པོ་བཀོད་པའི་མདོ་དེ་ཉིད་ལས། བྱང་ཆུབ་སེམས་དཔའི་ཆེ་བ་ཉིད་བསྟན་ཏེ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ལུས་མཐོང་བ་དང༌། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཡན་ལག་རེ་རེ་དང༌། ཡན་ལག་རྣམ་པར་ཕྱེ་བ་རེ་རེ་དང༌། ལུས་ཀྱི་ཆ་རེ་རེ་དང༌། ལུས་ཀྱི་རྣམ་པར་ཕྱེ་བ་རེ་རེ་དང༌། ཡན་ལག་གི་ཆ་རེ་རེ་དང༌། ཡན་ལག་གི་ཕྱོགས་རྣམ་པར་ཕྱེ་བ་རེ་རེ་དང༌། ལུས་རེ་རེ་དང༌། ལུས་རྣམ་པར་ཕྱེ་བ་རེ་རེ་དང༌། སྤུའི་ཁུང་བུ་རེ་རེ་དང༌། སྤུའི་ཁུང་བུ་རྣམ་པར་ཕྱེ་བ་རེ་རེ་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རླང་གི་ཕུང་པོ་དང་བཅས། ཆུའི་ཕུང་པོ་དང་བཅས། སའི་ཕུང་པོ་དང་བཅས། མེའི་ཕུང་པོ་དང་བཅས། རྒྱ་མཚོ་དང་བཅས། གླིང་དང་བཅས། ཆུ་ཀླུང་དང་བཅས། རིན་པོ་ཆེའི་རི་དང་བཅས། རི་རབ་དང་བཅས། ཁོར་ཡུག་དང་བཅས། གྲོང་དང༌། གྲོང་ཁྱེར་དང༌། གྲོང་རྡལ་དང༌། ཡུལ་འཁོར་དང་ཕོ་བྲང་འཁོར་དང་བཅས། ནགས་ཚལ་དང་བཅས། ཁང་ཁྱིམ་དང་བཅས། སྐྱེ་བོའི་ཚོགས་དང་བཅས། སེམས་ཅན་དམྱལ་བའི་


DTG110_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དང་བཅས། དུད་འགྲོའི་སྐྱེ་གནས་དང་བཅས། གཤིན་རྗེའི་འཇིག་རྟེན་དང་བཅས། ལྷ་མ་ཡིན་གྱི་འཇིག་རྟེན་དང་བཅས། ཀླུའི་འཇིག་རྟེན་དང་བཅས། ནམ་མཁའ་ལྡིང་གི་འཇིག་རྟེན་དང་བཅས། མིའི་འཇིག་རྟེན་དང་བཅས་ལྷའི་འཇིག་རྟེན་དང་བཅས། ཚངས་པའི་འཇིག་རྟེན་དང་བཅས། འདོད་པའི་ཁམས་ཀྱི་ཡུལ་དང་བཅས། གཟུགས་ཀྱི་ཁམས་ཀྱི་ཡུལ་དང་བཅས། གཟུགས་མེད་པའི་ཁམས་ཀྱི་ཡུལ་དང་བཅས། གཞི་དང་བཅས། རྟེན་དང་བཅས། དབྱིབས་དང་བཅས། སྤྲིན་དང་བཅས། གློག་དང་བཅས། སྐར་མ་དང་བཅས། ཉིན་ཞག་དང་བཅས། ཟླ་བ་ཕྱེད་དང་བཅས། ཟླ་བ་གཅིག་དང་བཅས། དུས་དང་བཅས། ལོ་དང་བཅས། བསྐལ་པ་བར་མ་དང་བཅས། བསྐལ་པ་དང་བཅས་པར་གཟུགས་བརྙན་གྱི་ཚུལ་དུ་མཐོང་ངོ༌། །འཇིག་རྟེན་གྱི་ཁམས་འདི་ལ་ཇི་ལྟ་བ་དེ་བཞིན་དུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་མཐོང་བར་གྱུར་ཏོ། །ཤར་ཕྱོགས་ལ་ཇི་ལྟ་བ་དེ་བཞིན་དུ། ལྷོ་ཕྱོགས་དང༌། ནུབ་ཕྱོགས་དང༌། བྱང་ཕྱོགས་དང༌། བྱང་ཤར་གྱི་ཕྱོགས་མཚམས་དང༌། ཤར་ལྷོའི་ཕྱོགས་མཚམས་དང༌། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང༌། ནུབ་བྱང་གི་ཕྱོགས་མཚམས་དང༌། འོག་དང༌། སྟེང་གི་ཕྱོགས་དང༌། ཕྱོགས་མཚམས་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་སངས་རྒྱས་འབྱུང་བ་དང་བཅས། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པར་གཟུགས་བརྙན་གྱི་ཚུལ་དུ་མཐོང་བར་གྱུར་ཏོ། །གང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་སྔོན་གྱི་མཐའི་མུར་ཐུག་པའི་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང༌། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྐྱེས་བུ་ཆེན་པོའི་མཚན་རེ་རེ་ལས་སངས་རྒྱས་འབྱུང་བ་དང་བཅས། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས། སེམས་ཅན་དང་བཅས། ཁང་ཁྱིམ་དང་བཅས། བསྐལ་པ་དང་བཅས་པར་མཐོང་བར་གྱུར་ཏོ། །དེ་བཞིན་དུ་ཕྱི་མའི་མཐའི་མུར་ཐུག་པའི་སངས་རྒྱས་ཀྱི་ཞིང་རབ་འབྱམ་ཐམས་ཅད་ཀྱང་མཐོང་བར་གྱུར་ཏོ། །ཇི་ལྟར་འཇིག་རྟེན་གྱི་ཁམས་


DTG110_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྔོན་གྱི་མཐའ་དང་ཕྱི་མའི་མཐར་ཐུག་པའི་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་མཐོང་བར་གྱུར་པ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་སྔོན་གྱི་མཐའ་དང་ཕྱི་མའི་མཐའི་མུར་ཐུག་པའི་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ལུས་ཀྱི་སྐྱེས་བུ་ཆེན་པོའི་མཚན་རེ་རེ་དང༌། སྤུའི་ཁུང་བུ་རེ་རེ་ནས་ཤིན་ཏུ་རྣམ་པར་ཕྱེ་བ་དང༌། ཕན་ཚུན་མ་འདྲེས་པར་མཐོང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཡང༌། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྤྱན་སྔ་ན་སེང་གེའི་ཁྲི་རིན་པོ་ཆེ་ཆེན་པོའི་པད་མའི་སྙིང་པོ་ཅན་ལ་འདུག་ཅིང༌། རྣམ་པར་རྩེ་བ་འདི་ལྟ་བུར་ཡོངས་སུ་བསྟན་པ་མཐོང་བ་དེ་བཞིན་དུ། ཤར་ཕྱོགས་ན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཟང་པོའི་དཔལ་འཇིག་རྟེན་གྱི་ཁམས་པདྨའི་དཔལ་ན་རྣམ་པར་རྩེ་བ་འདི་ཉིད་ཡོངས་སུ་སྟོན་ཅིང་འདུག་པར་མཐོང་ངོ༌། །ཤར་ཕྱོགས་ན་ཇི་ལྟ་བ་དེ་བཞིན་དུ་ཕྱོགས་དང༌། ཕྱོགས་མཚམས་ཀུན་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་དྲུང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་སེང་གེའི་ཁྲི་རིན་པོ་ཆེ་ཆེན་པོའི་པདྨའི་སྙིང་པོ་ཅན་ལ་འདུག་ཅིང་རྣམ་པར་རྩེ་བ་འདི་ཉིད་ཡོངས་སུ་སྟོན་པར་མཐོང་ངོ༌། །ཇི་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་དྲུང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་སེང་གེའི་ཁྲི་རིན་པོ་ཆེ་ཆེན་པོའི་པདྨའི་སྙིང་པོ་ཅན་ལ་འདུག་ཅིང་རྣམ་པར་རྩེ་བ་འདི་ཉིད་ཡོངས་སུ་སྟོན་པ་མཐོང་བ་དེ་བཞིན་དུ་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་དག་དང༌། རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེའི་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ་དག་ན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་དྲུང་ན་སེང་གེའི་ཁྲི་རིན་པོ་ཆེ་ཆེན་པོའི་པདྨའི་སྙིང་པོ་ཅན་ལ་འདུག་ཅིང་རྣམ་པར་རྩེ་བ་འདི་ཉིད་ཡོངས་སུ་སྟོན་པར་མཐོང་ངོ༌། །དེའི་ལུས་རེ་རེ་ལས། དུས་གསུམ་དུ་བྱུང་བའི་དམིགས་པ་ཐམས་ཅད་གཟུགས་བརྙན་གྱི་ཚུལ་དུ་རྣམ་པར་དམིགས་པར་


DTG110_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་བསྟན་པར་མཐོང་ངོ༌། །ཞིང་ཐམས་ཅད་དང༌། སེམས་ཅན་ཐམས་ཅད་དང༌། སངས་རྒྱས་འབྱུང་བ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱང་གཟུགས་བརྙན་གྱི་ཚུལ་དུ་རྣམ་པར་དམིགས་པ་མངོན་དུ་བསྟན་པར་མཐོང་ངོ༌། །སེམས་ཅན་ཐམས་ཅད་ཀྱི་སྒྲ་དང༌། སངས་རྒྱས་ཐམས་ཅད་ཀྱི་དབྱངས་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། རྗེས་སུ་བསྟན་པ་དང༌། ཀུན་བརྗོད་པའི་ཆོ་འཕྲུལ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའི་ཡང་དག་པར་བསྡུ་བ་ཐམས་ཅད་པ་དང༌། སངས་རྒྱས་ཀྱི་རྣམ་པར་རོལ་པ་ཐམས་ཅད་ཀྱང་ཐོས་པར་གྱུར་ཏོ་ཞེས་གསུངས་སོ། །འདི་ནི་བྱང་ཆུབ་སེམས་དཔའི་ཆེ་བ་ཉིད་རྒྱ་ཆེན་པོ་མདོ་ཙམ་སྨོས་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་བསྐལ་པར་ཡང་བསྟན་པར་མི་ནུས་སོ། །དེ་ལ་དེ་བཞིན་གཤེགས་པའི་ཆེ་བ་ཉིད་ཀྱི་མཐུ་གང་ཞེ་ན། ས་བཅུའི་མདོ་སྡེ་ལས། བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་དྲིས་པ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་དང་ཡུལ་དང་བྱིན་གྱི་རླབས་ཀྱང་དེ་ལྟར་ཚད་མེད་ན། དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་ཡུལ་དང་ཡུལ་ལ་འཇུག་པ་ཅི་འདྲ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། མི་ལ་ལ་ཞིག་གིས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ནས་རྡེའུ་རྒྱ་ཤུག་གི་ཚིག་གུ་ཙམ་གཉིས་སམ་གསུམ་ཞིག་བླངས་ཏེ། འདི་སྐད་དུ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ན། སའི་ཁམས་ཇི་སྙེད་ཅིག་ཡོད་དེ། རྡེའུ་འདི་ལས་ཇི་ཙམ་ཞིག་གིས་ལྷག་པར་འཕགས་ཤིང༌། ལྷག་པར་ཚད་མེད་ཅེས་ཟེར་བ་ཅིག་ཡོད་ན། ཀྱེ་རྒྱལ་བའི་སྲས་དེ་ལྟར་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་ཚད་མེད་པ་མངའ་བ་རྣམས་ཀྱི་ཆོས་ཉིད་ལ། བྱང་ཆུབ་སེམས་དཔའི་ཆོས་ཉིད་ཀྱིས་འཇལ་བ་ནི་ཁྱོད་ཀྱི་ཚིག་འདི་ཡང་དེ་དང་འདྲ་བར་བདག་གིས་དཔགས་སོ། །ཀྱེ་རྒྱལ་བའི་སྲས་འདི་ལྟར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ནས་གང་བླངས་པའི་སའི་ཁམས་ནི་ཆུང་ལ་ལྷག་མ་ལས་པ་ནི་ཚད་མེད་དོ། །ཀྱེ་རྒྱལ་བའི་སྲས་དེ་


DTG110_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་འདི་ཁོ་ན་ཡང་བསྐལ་པ་གྲངས་མེད་པར་ཤིན་ཏུ་བསྟན་ཀྱང༌། ཕྱོགས་ཙམ་ཞིག་བསྟན་དུ་ཟད་ན། དེ་བཞིན་གཤེག་པའི་ས་ལྟ་སྨོས་ཀྱང་ཅི་དགོས། ཀྱེ་རྒྱལ་བའི་སྲས་ཁྱོད་ལ་བསྒོའོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་གཤེགས་པ་འདི་བདག་གི་མདུན་ན་དཔང་དུ་བཞུགས་ཏེ། ཀྱེ་རྒྱལ་བའི་སྲས་གལ་ཏེ་ཕྱོགས་བཅུའི་ཕྱོགས་རེ་རེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མུ་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཅིག་ས་འདི་ལྟ་བུ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བུ་རམ་ཤིང་གི་ཚལ་ལམ། འདམ་བུའི་ཚལ་ལམ་འོད་མའི་ཚལ་ལམ། ཏིལ་གྱི་ཚལ་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་མངོན་པར་སྒྲུབ་པ་བསྐལ་པ་མུ་མེད་པར་བསྒྲུབས་པ་དག་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་སྐད་ཅིག་ཡུད་ཙམ་ཐང་ཅིག་ཏུ་བྱུང་བའི་དེ་བཞིན་གཤེགས་པའི་ཡུལ་གྱི་བརྒྱའི་ཆར་ཡང་མི་ཆོག་པ་ནས། དེ་བཞིན་དུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆའི་བར་དང་རྒྱུར་ཡང་མི་ཆོག་གོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་མདོ་ལས་ཀྱང༌། འཇམ་དཔལ་དེ་བཞིན་གཤེགས་པ་འདི་སེམས་ཅན་ལ་ལ་དག་གིས་ནི་འཁོར་བ་འདི་ཉིད་དུ་རབ་ཏུ་འབྱུང་བ་ལ་ཕྱོགས་པ་དང༌། ཁྱིམ་ནས་མངོན་པར་འབྱུང་བར་ཤེས་སོ། །ལ་ལ་དག་གིས་ནི་རབ་ཏུ་བྱུང་བ་དང༌། ལ་ལ་དག་གིས་ནི་དཀའ་བ་སྤྱོད་པ་ལ་གནས་པ་དང༌། ལ་ལ་དག་གིས་ནི་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང༌། ལ་ལ་དག་གིས་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དང༌། ལ་ལ་དག་གིས་ནི་བདུད་བཅོམ་པ་དང༌། ལ་ལ་དག་གི་ནི་མངོན་པར་རྫོགས་པར་སངས་རྒྱས་པ་དང༌། ལ་ལ་དག་གིས་ནི་བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་གསོལ་བ་བཏབ་པ་དང༌། ལ་ལ་དག་གིས་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་ཤེས་སོ། །ལ་ལ་དག་གིས་ནི་ཉན་ཐོས་ཀྱི་ཐེག་པའི་གཏམ་དང༌། ལ་ལ་དག་གིས་ནི་རང་སངས་རྒྱས་ཀྱི་ཐེག་པའི་གཏམ་དང༌། ལ་ལ་དག་གིས་ནི་ཐེག་པ་ཆེན་པོའི་གཏམ་ཐོས་སོ། །ལ་ལ་དག་གིས་ནི་དེ་བཞིན་གཤེགས་པའི་སྐུའི་སྲིད་འདོམ་གང་བར་མཐོང་ངོ༌། །ལ་ལ་དག་གིས་ནི་རྒྱང་གྲགས་གཅིག་ཙམ་


DTG110_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནས། ལ་ལ་དག་གིས་ནི་དེ་བཞིན་གཤེགས་པའི་སྐུའི་སྲིད་དཔག་ཚད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བགྲང་བ་ལས་ཤིན་ཏུ་འདས་པའི་བར་དུ་མཐོང་ངོ༌། །ལ་ལ་དག་གིས་ནི་དེ་བཞིན་གཤེགས་པའི་སྐུ་གསེར་གྱི་ཁ་དོག་ལྟ་བུ་ནས། ལ་ལ་དག་གིས་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཁ་དོག་ལྟ་བུའི་བར་དུ་མཐོང་ངོ༌། །ལ་ལ་དག་གིས་ནི་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་པ་དང༌། ལ་ལ་དག་གིས་ནི་ཡོངས་སུ་མྱ་ངན་ལས་འདས་པ་དང༌། ལ་ལ་དག་གིས་ནི་ཞུགས་ལ་བཞེན་པ་དང༌། ལ་ལ་དག་གིས་ནི་སྐུ་གཅིག་ཏུ་སྲ་བ་དང༌། ལ་ལ་དག་གིས་ནི་དེ་བཞིན་གཤེགས་པའི་རིང་བསྲེལ་འགོད་པར་ཤེས་སོ། །ལ་ལ་དག་གིས་ནི་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་བཅུ་ལོན་པ་དང༌། ལ་ལ་དག་གིས་ནི་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཅུ་ལོན་པ་དང༌། ལ་ལ་དག་གིས་ནི་བྱང་ཆུབ་ཀྱི་སྙིང་པོར་བྱོན་པ་དང༌། ལ་ལ་དག་གིས་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ནུབ་པར་ཤེས་སོ། །ལ་ལ་དག་གིས་ནི་ཡོངས་སུ་མྱ་ངན་ལས་འདས་ནས། བསྐལ་པ་བཅུ་དང༌། ཉི་ཤུ་དང༌། སུམ་ཅུ་དང༌། བཞི་བཅུ་དང༌། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལོན་པ་དང༌། ལ་ལ་དག་གིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཞིག་ལོན་པར་ཤེས་ཀྱང༌། འཇམ་དཔལ་དེ་བཞིན་གཤེགས་པ་ནི་མི་རྟོག་རྣམ་པར་མི་རྟོག་སྟེ། འོན་ཀྱང་ལྷུན་གྱིས་གྲུབ་པས་མི་རྟོག་བཞིན་དུ་སེམས་ཅན་གྱི་བསམ་པའི་དབང་གིས་བྱ་བ་འདི་ལྟ་བུ་རྟག་ཏུ་འབྱུང་ངོ་ཞེས་གསུངས་སོ། །འཕགས་པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས་ཀྱང༌། འཇམ་དཔལ་འདི་ལྟ་སྟེ་དཔེར་ན། མཚོ་ཁྱོན་དུ་དཔག་ཚད་ལྔ་སྟོང་ཡོད་པ། བྱ་རོག་གིས་བཏུང་ངུ་རུང་བ་ཙམ་དུ་མུ་དང་ཁ་ད་ཆད་དུ་འདུག་པ་པདྨའི་ལོ་མས་ཁེབས་པ་ཞིག་ཡོད་པར་གྱུར་ལ། དེ་ལ་མི་ལ་ལ་ཞིག་ལྕགས་ཀྱི་ཤིང་རྟ་འཕང་ལོ་རྩིབས་སྟོང་ཡོད་པ། ནམ་མཁའ་ལྡིང་གི་ཤུགས་པས་དྲག་པའི་རྟ་མགྱོགས་པས་ཤིང་རྟ་དེ་དྲངས་ཏེ། སྲོག་ཤིང་ཆུ་ལ་ཡང་མི་རེག་རྟའི་རྨིག་པས་པདྨའི་འདབ་མ་ཡང་མི་སྣང་བ་དེ་ལྟ་དེ་ལྟར་དེའི་ཤིང་རྟ་དེས་དྲངས་པ་ན་མཚོ་དེ་ལས་སྦྲུལ་གདུག་པ་ཞིག་བྱུང་སྟེ། སྐད་ཅིག་


DTG110_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་ཤིང་རྟ་ཕྱིར་འཁོར་བའི་སྐད་ཅིག་དེ་ལ། དེས་ཤིང་རྟ་དེ་ལན་བདུན་དུ་བསྐོར་བར་གྱུར། སྐད་ཅིག་གང་གིས་སྤྲུལ་གདུག་པས་ཤིང་རྟ་དེ་ལན་ཅིག་འཁོར་བའི་སྐད་ཅིག་དེ་ལ། དགེ་སློང་ཀུན་དགའ་བོས་ཆོས་རྣམ་པ་བཅུ་བཤད་དེ་དོན་ཀྱང་གོ་བར་བྱེད། སྐད་ཅིག་གང་གིས་ཀུན་དགའ་བོས་ཆོས་རྣམ་པ་གཅིག་བཤད་པའི་སྐད་ཅིག་དེ་ལ། དགེ་སློང་ཤ་ར་དྭ་ཏིའི་བུས་ཆོས་རྣམ་པ་སྟོང་བཤད་དེ། དོན་ཀྱང་གོ་བར་བྱེད། སྐད་ཅིག་གང་གིས་ཤ་ར་དྭ་ཏིའི་བུས་ཆོས་རྣམ་པ་གཅིག་བཤད་པའི་སྐད་ཅིག་དེ་ལ། དགེ་སློང་མཽད་གལ་གྱི་བུས་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱད་ཁྲི་ཤིན་ཏུ་འདས། སྐད་ཅིག་གང་གིས་མཽད་གལ་གྱི་བུ་འཇིག་རྟེན་གྱི་ཁམས་གཅིག་ཤིན་ཏུ་འདའ་བའི་སྐད་ཅིག་དེ་ལ། དེ་བཞིན་གཤེགས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་དང༌། རབ་འབྱམ་རྒྱ་མཚོ་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་རེ་རེ་དང༌། གླིང་རེ་རེ་དང༌། སྐྲའི་ཁྱོན་ཙམ་རེ་རེ་ཡང་དགའ་ལྡན་གྱི་གནས་ནས་འཆི་འཕོ་བ་དང༌། ལྷུམས་སུ་འཇུག་པ་དང༌། བཞུགས་པ་དང༌། བལྟམས་པ་དང༌། བརྒྱ་བྱིན་དང༌། ཚངས་པས་བླངས་པ་དང༌། གནས་བཀོད་པ་དང༌། གོམ་པ་བདུན་འདོར་བ་དང། ཕྱོགས་བཅུར་རྣམ་པར་གཟིགས་པ་དང༌། སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་དང༌། ལས་དང༌། བཟོ་དང༌། སྒྱུ་ཙལ་དང༌། རིག་པའི་གནས་ཐམས་ཅད་སློབ་པ་དང༌། གཞོན་ནུའི་ས་ཀུན་ཏུ་སྟོན་པ་དང༌། བཙུན་མོའི་འཁོར་གྱི་ནང་ན་རྣམ་པར་རོལ་པ་དང༌། སྐྱེད་མོས་ཚལ་གྱི་སར་འབྱུང་བ་དང། ཐམས་ཅད་མཁྱེན་པ་ཉིད་ལ་ཕྱོགས་པ་དང༌། མངོན་པར་འབྱུང་བ་དང༌། རབ་ཏུ་འབྱུང་བ་དང༌། དཀའ་བ་སྤྱད་པ་སྤྱོད་པ་དང༌། ཞལ་ཟས་གསོལ་བ་དང༌། བྱང་ཆུབ་ཀྱི་སྙིང་པོར་བཞུད་པ་དང༌། བཞུགས་པ་དང༌། བདུད་བཏུལ་བ་དང༌། བྱང་ཆུབ་མངོན་པར་སངས་རྒྱས་པ་དང༌། བྱང་ཆུབ་ཀྱི་ཤིང་ལ་སྤྱན་མི་འཛུམས་པར་གཟིགས་པ་དང༌། ཚངས་པ་ཆེན་པོས་གསོལ་བ་བཏབ་པ་དང༌། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང༌། ལྷའི་གནས་སུ་གཤེགས་པ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོའི་ཚུལ་རབ་ཏུ་བསྐོར་བའི་ཡུལ་རྣམ་པ་ཐ་དད་པ་


DTG110_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དང། བསྐལ་པའི་མིང་བརྗོད་པ་དང༌། ཚེའི་ཚད་དང༌། འཁོར་གྱི་དཀྱིལ་འཁོར་བཀོད་པ་དང༌། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་བཀོད་པའི་ཚུལ་དང༌། བྱང་ཆུབ་ཀྱི་སེམས་དང༌། སྤྱོད་པ་དང༌། སྨོན་ལམ་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། ས་དང་མངོན་པར་ཤེས་པ་དང། བཟོད་པ་དང༌། གཟུངས་དང༌། ཏིང་ངེ་འཛིན་དང༌། རྣམ་པར་ཐར་པ་དང༌། དེ་ལ་མཆོད་པ་དང༌། བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པའི་ཆོས་ཀྱི་ཡུལ་ཚད་མེད་པ་དང༌། ཆོས་ཀྱི་སྤྲིན་ཚད་མེད་པ་ལ་འཇུག་པ་རྣམ་པ་ཐ་དད་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། ཐབས་རྣམ་པར་གཞག་པ་རྣམ་པ་ཐ་དད་པ་དང༌། ཆོ་འཕྲུལ་ཆེན་པོ་དང༌། རྣམ་པར་རོལ་པ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་དང༌། སྐུ་གཅིག་ཏུ་སྲ་བའི་རིང་བསྲེལ་རྣམ་པར་འབྱེད་པ་དང༌། བསྟན་པ་གནས་པ་དང༌། ཀུན་ཏུ་དབྱེ་བ་དང༌། འབྲི་བ་དང༌། དམ་པའི་ཆོས་ནུབ་པ་ཡང་ཀུན་དུ་སྟོན་ལ། མུ་སྟེགས་ཅན་གྱི་གནས་ལ་སྤྱོད་པ་ཐམས་ཅད་དང༌། སྐྱེས་པའི་རབས་ཐམས་ཅད་དུ་ཡང་ལྷུན་གྱིས་གྲུབ་པ་རྣམ་པར་མི་རྟོག་བཞིན་དུ་ཅིག་ཅར་ཀུན་སྣང་ངོ༌། །ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པའི་བྱིན་གྱི་རླབས་རྒྱུན་མི་གཅོད་པར་སྟོན་པས། སྐད་ཅིག་གི་ཡུན་དེ་ཉིད་ལ་ཕྱོགས་བཅུ་ནས་སྐྲའི་ཁྱོན་ཙམ་རེ་རེ་དང༌། སྤུའི་ཁུང་བུའི་ཕྱོགས་རེ་རེའི་བར་ལ་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་དང་བཅས་པ་ཐམས་ཅད་དང༌། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་རྒྱ་ཆེན་པོ་ཐམས་ཅད་དང༌། སེམས་ཅན་གྱི་རིགས་ཀྱི་གནས་བཀོད་པ་རྒྱ་ཆེན་པོ་ཐམས་ཅད་དང༌། སེམས་ཅན་གྱི་རིགས་ཀྱི་སྐྱེ་མཆེད་དྲུག་ཏུ་བཏགས་པ་རྒྱ་ཆེན་པོ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་དག་པར་འགྲུབ་པ་བཀོད་པ་རྒྱ་ཆེན་པོ་ཐམས་ཅད་དང༌། དེ་བཞིན་གཤེགས་པའི་ཡུལ་བཀོད་པ་རྒྱ་ཆེན་པོ་ཐམས་ཅད་ལྷུན་གྱིས་གྲུབ་པས་རྣམ་པར་མི་རྟོག་བཞིན་དུ་ཅིག་ཅར་སྟོན་ཏོ། །ཕྱི་མའི་མཐའི་མུར་ཐུག་པའི་བྱིན་གྱི་རླབས་རྒྱུན་མི་གཅོད་པར་ཀུན་ཏུ་སྟོན་པས་སྐད་ཅིག་དེ་ཉིད་ལ་ཕྱོགས་བཅུ་ཀུན་ནས་སྐྲའི་ཁྱོན་ཙམ་གྱི་བར་ལ། སེམས་ཅན་གྱི་ཁམས་མ་ལུས་པ་ལུས་པ་


DTG110_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་སེམས་ཅན་རེ་རེ་ལ་ཡང་སེམས་ཅན་ཐམས་ཅད་སྙེད་ཀྱི་ལུས་དང༌། དབྱིབས་དང༌། ཁ་དོག་དང༌། དབྱངས་དང༌། སྨྲ་བ་དང༌། ཆོས་བསྟན་པ་རྣམ་པ་ཐ་དད་པ་ལ་སོགས་པའི་བྱེ་བྲག་གཞན་དང༌། གཞན་དག་ལྷུན་གྱིས་གྲུབ་པས་རྣམ་པར་མི་རྟོག་བཞིན་དུ་ཅིག་ཅར་སྟོན་ཏེ། སེམས་ཅན་གཞན་དང་གཞན་དག་གི་བསམ་པའི་དབང་གིས། ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པའི་བྱིན་གྱི་རླབས་རྒྱུན་མི་གཅོད་པར་ཀུན་དུ་སྟོན་ཏོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། ཟླ་བ་ཡར་གྱི་ངོའི་ཚེས་བཅོ་ལྔའི་ནམ་ཕྱེད་ཀྱི་དུས་ན། ཟླ་བའི་དཀྱིལ་འཁོར་འཛམ་བུའི་གླིང་གི་སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང༌། བུ་མོ་རྣམས་ཀྱི་མདུན་ན་གནས་པར་མཐོང་ཡང་ཟླ་བའི་དཀྱིལ་འཁོར་མི་རྟོག་རྣམ་པར་མི་རྟོག་སྟེ། འོན་ཀྱང་དེ་ལྷུན་གྱིས་གྲུབ་པས། རྣམ་པར་མི་རྟོག་བཞིན་དུ་མ་འདྲེས་པའི་ཆོས་དང་ལྡན་པས་བྱ་བ་འདི་ལྟ་བུ་འབྱུང་ངོ༌། །དེ་བཞིན་དུ་བསམ་པ་ཇི་ལྟ་བ་དང༌། འདུལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་དེ་དག་གིས་དེ་བཞིན་གཤེགས་པ་མདུན་ན་བཞུགས་པར་མཐོང་ཡང༌། དེ་བཞིན་གཤེགས་པ་རྣམས་མི་རྟོག་རྣམ་པར་མི་རྟོག་སྟེ། འོན་ཀྱང་ལྷུན་གྱིས་གྲུབ་པས་རྣམ་པར་མི་རྟོག་བཞིན་དུ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་ལྡན་པས་མཛད་པ་འདི་ལྟ་བུ་འབྱུང་ངོ༌། །ཞེས་རྣམ་པ་མང་དུ་གསུངས་སོ། །མདོ་སྡེ་ཟབ་མོ་རྒྱ་ཆེན་པོ་གང་དག་ལས། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་ཆེ་བ་ཉིད་བསྟན་པ་དེ་དག་ལ་མོས་པ་དང༌། ཡི་གེར་འདྲི་བ་དང༌། ཀློག་པ་དང༌། མཆོད་པ་དང༌། བསྟི་སྟང་བྱེད་པ་ཡང་བསོད་ནམས་ཤིན་ཏུ་རྒྱས་པར་འཕེལ་བར་འགྱུར་ཏེ་མདོ་འདི་ཉིད་ལས། འཇམ་དཔལ་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་རི་རབ་ནི་འདི་ལྟ་སྟེ། འཕང་དང༌། རྔམས་དང༌། ཆེ་བ་ཉིད་ཀྱིས་རི་ཐམས་ཅད་ཟིལ་གྱིས་མནན་ནས། ལྷག་གེ། ཐལ་ལེ། ལམ་མེའོ། །འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པས་ཀྱང༌། འདི་ལྟ་སྟེ་མཐོང་བ་དང༌། ཡངས་པ་དང༌། ཆེ་བ་ཉིད་ཀྱིས་མདོ་སྡེ་འདི་ལ་མོས་པ། ཕ་རོལ་ཏུ་ཕྱིན་པ་ལྔ་ལས་བྱུང་བའི་དགེ་བའི་རྩ་བ་བསྐལ་པ་གྲངས་མེད་པར་བསགས་པའི་བྱང་ཆུབ་སེམས་དཔས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་སྙེད་ཟིལ་གྱིས་མནན་ནས། ལྷམ་མེ་


DTG110_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དང། ལྷན་ནེ་དང༌། ལྷང་ངེའོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་གྱི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་རབ་ཏུ་བཀོད་པ་བས། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གཞན་ཞིག་ཕུང་པོ་མེད་པའི་གནས་ལ་མོས་པར་གྱུར་ན། འདི་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པ་སྐྱེད་དོ། །འཇམ་དཔལ་གལ་ཏེ་སེམས་ཅན་ཐམས་ཅད་ཕུང་པོ་མེད་པའི་གནས་ལ་མོས་པར་གྱུར་པ་བས། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ནས་ཡི་གེར་འདྲི་བའམ་ཐ་ན་གླེགས་བམ་ལ་བྲིས་ཏེ། མོས་པས་འཆང་ངམ། མར་མེ་དང༌། བདུག་པ་དང༌། མེ་ཏོག་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པས་མཆོད་ན་འདི་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པ་སྐྱེད་དོ་ཞེས་གསུངས་སོ། །མདོ་སྡེ་སྣ་ཚོགས་ལས་བཏུས་པ། ཐེག་པ་ཆེན་པོ་རིན་པོ་ཆེའི་གཏམ། ཨཱ་ཙཱཪྻ་ཨཱཪྻ་ནཱ་གཱརྫུ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

མདོ་ཀུན་ལས་བཏུས་པའི་བཤད་པ་རིན་པོ་ཆེ་སྣང་བའི་རྒྱན་ཞེས་བྱ་བ།
རིན་ཆེན་འབྱུང་གནས་ཞི་བ།


DTG110_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སཱུ་ཏྲ་ས་མུཙྪ་ཡཱ་ལཾ་ཀ་ར་བྷཱ་ཥྱི་རཏྣཱ་ལོ་ཀ་ནཱ་མ། བོད་སྐད་དུ། མདོ་ཀུན་ལས་བཏུས་པའི་བཤད་པ་རིན་པོ་ཆེ་སྣང་བའི་རྒྱན་ཅེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཡོན་ཏན་རིན་ཆེན་རི་ངོ་རབ་བརྟན་ཞིང༌། །མཚན་དང་དཔེ་བྱད་བཟང་པོའི་འོད་འབར་བ། །ཉེར་རྟེན་འབྱུང་པོའི་དབུལ་བ་འདོར་མཛད་པ། །མི་ཤེས་མུན་བཅོམ་ཐུབ་པའི་དབང་པོ་རྒྱལ། །རྒྱལ་བས་གསུངས་པའི་མདོ་དོན་རབ་ཟབ་ཅིང༌། །བདག་ཉིད་ཆེན་པོ་རྣམས་ཀྱི་འང་དེ་བཞིན་པ། །དམུས་ལོང་ཉི་བཞིན་མཐོང་བར་མི་ནུས་ཀྱང༌། །ཡིད་ཆེས་ལུང་གི་ཚད་མས་བཤད་པར་བྱ། །གང་ཕྱིར་ཟབ་མོའི་དོན་ལ་རྟོག་གེ་ཡི། །ནུས་པ་མཉམ་ཕྱིར་བདག་ཉིད་ཆེ་འགའ་ཞིག །ཀླུ་སྒྲུབ་ཐོགས་མེད་ཚུལ་ལས་ཉམས་དེའི་ཕྱིར། །མགོན་པོའི་ཐུགས་རྗེས་ས་བཤད་པ་ཀླན་ཀ་མེད། །རྟོག་པ་དང་ལྡན་པ་རྣམས་


DTG110_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ལ་སོགས་པ་མེད་ན་འཇུག་པར་མི་འགྱུར་བས། བདག་ཉིད་ཆེན་པོས་རང་གི་བསྟན་བཅོས་ཀྱི་དགོས་འབྲེལ་གསུངས་པ་ནི། མདོ་སྡེ་སྣ་ཚོགས་ལས་བཏུས་པ། ཐེག་པ་ཆེན་པོ་རིན་པོ་ཆེའི་གཏམ་བཤད་པར་བྱའོ་ཞེས་གསུངས་ཏེ། གལ་ཏེ་འདིའི་འབྲེལ་པ་དང་བརྗོད་པར་བྱ་བ་མ་སྨྲས་ན་འབྲེལ་པ་མེད་པའམ། དོན་མེད་པ་དག་སྲིད་པས་འདི་ལ་གཞན་སུ་འང་འཇུག་པར་མི་འགྱུར་བའི་ཕྱིར། དེ་བཞིན་དུ་འབྲེལ་པ་དང་བརྗོད་པར་བྱ་བ་ཡོད་དུ་ཟིན་ཀྱང་བྱ་བའི་ལས་རྫོགས་པའི་ཁྱད་པར་མ་བརྗོད་པ་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བས་ཀྱང་སྒྲུབ་པའི་ཚུལ་ལས་ཉམས་པ་ཁོ་ནའོ་ཞེས་བྱ་བ་འདི་འཐད་པས་སོ། །བསྟན་བཅོས་གཞན་ལ་མེད་པའི་འཇུག་པའི་ཡན་ལག་ཐུན་མོང་མ་ཡིན་པའི་དགོས་པ་མེད་ན་མདོ་སྡེ་བསྡུ་བ་འདི་ལ་དད་པས་རྗེས་སུ་འབྲང་བ་ཡང་མཉན་པ་ཙམ་དུ་ཡང་གུས་པར་མི་འགྱུར་བས་བྱ་བའི་འབྲས་བུ་ཁྱད་པར་ཅན་དེར་རྟོགས་པའི་དགོས་པ་བརྗོད་པར་བྱའོ། །གཞན་དུ་རྟོགས་པ་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །གཞན་འཇུག་པར་བྱ་བའི་ཕྱིར་དགོས་པ་ཡོད་པའི་ཚེག་དང་དེར་རྟོགས་པ་ཁོ་ན་བརྗོད་པར་བྱའི། །དེ་མེད་པ་དང་གཞན་དུ་རྟོགས་པས་ནི་མ་ཡིན་ཏེ་རྒྱུར་མ་གྱུར་བའི་ཕྱིར་རོ། །དེ་ཡང་ཁྱད་པར་ཅན་གྱི་དོན་སྟོན་པའི་ཚིག་ལ་བྱའི་བརྗོད་པར་བྱ་བ་ཙམ་མམ་སྒྲ་ཙམ་དོན་སྟོན་པའི་ནུས་པ་མ་ཡིན་པས་བརྗོད་པར་བྱ་བ་ལ་སོགས་པ་དེ་ཁོ་ནར་རྟོགས་པར་བརྗོད་པར་བྱའོ། །བྱ་བའི་ངོ་བོ་ཉིད་དགོས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་ངག་ཐམས་ཅད་ཀྱང་རང་གི་དོན་བརྗོད་པར་བྱ་བའི་སྟོན་པར་བྱེད་པའི་མཚན་ཉིད་ཀྱི་བྱ་བ་ནི་ཐུན་མོང་མ་ཡིན་པས་ཐམས་ཅད་ལ་གྲགས་པའི་ཕྱིར་དགོས་པར་གཟུང་བར་མི་བྱ་སྟེ། དེ་ནི་བསྟན་བཅོས་ལས་གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །བརྗོད་བྱ་མེད་པར་དགོས་པ་སྤངས་པའི་ཕྱིར་བསྟན་པ་མ་ཡིན་ཏེ། བརྗོད་པར་བྱ་བ་བསྟན་པ་ཉེས་པ་དེ་དང་བྲལ་བའི་ཕྱིར་རོ། །དེའི་ཁྱད་པར་བསྟན་པའི་ཕྱིར་ཡང་མ་ཡིན་ཏེ། བརྗོད་པར་བྱ་བའི་ཁྱད་པར་བསྟན་པ་ཉིད་ཀྱིས་དེ་བསྟན་པའི་ཕྱིར་རོ། །བྱ་བའི་འབྲས་བུ་དེ་འང་འབྲས་བུའི་དགོས་པ་བསྟན་པར་བྱ་བ་ཡིན་ཏེ། དེ་མེད་པར་བྱ་བའི་འབྲས་བུ་ཙམ་གྱིས་འཇུག་པར་མི་འགྱུར་རོ། །དེའང་མངོན་པར་ཐོབ་པ་


DTG110_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའང་འདོད་པའི་འབྲས་བུའི་མཆོག་དོན་དུ་གཉེར་བའི་ཤེས་རབ་ཅན་རྣམས་ནི། དེའི་ཐབས་ལ་འཇུག་པ་ན། རྒྱུ་མེད་པར་འབྲས་བུ་གྲུབ་པ་མེད་པས་ཐབས་ཤེས་པ་ལ་བསླབས་ན་ཐབས་ལས་འབྱུང་བའི་འབྲས་བུ་འབྱུང་བའི་ཕྱིར་ཐབས་རྟོགས་པར་བྱ་བ་མདོའི་དོན་བསྡུ་བ་ལ་འཇུག་གོ །དེའི་ཕྱིར་འཇུག་པའི་ཡན་ལག་གི་གཙོ་བོ་ཡིན་པས་དགོས་པའི་ཡང་དགོས་པ་བསྟན་པར་བྱའོ། །དེའི་ཡང་ཐབས་སུ་གྱུར་པ་འབྲེལ་པ་ལ་སོགས་པ་སྟོན་པའི་གཞུང་གིས་དེ་བསྟན་པར་མི་ནུས་པས་དེའི་དགོས་པའི་ཡང་དགོས་པའི་ཐབས་ཡང་དག་པ་ཁོ་ནར་བསྟན་པའི་ཕྱིར། འབྲེལ་པ་ལ་སོགས་པ་བཤད་དོ། །དེའི་ཕྱིར། འབྲེལ་པ་རྗེས་སུ་མཐུན་པའི་ཐབས། །སྐྱེས་བུའི་དོན་ནི་རྗེད་བྱེད་པ། །ཡོངས་བརྟགས་དབང་དུ་བྱས་པའི་ངག །དེ་ལས་གཞན་པ་དབང་བྱས་མིན། །ཞེས་བྱ་བས་འབྲེལ་པ་དང་རྗེས་སུ་མཐུན་པའི་ཐབས་བསྟན་པར་བྱའོ། །དེའང་བསྒྲུབ་པར་མི་ནུས་པ་མ་ཡིན་ཏེ། སྔ་རབས་དག་དམིགས་པའི་ཕྱིར་དང༌། ཐབས་ནུས་པར་འཐད་པའི་ཕྱིར། ཐུག་པ་མེད་པའང་མ་ཡིན་ཏེ། འདི་ཙམ་གྱིས་དོན་སྒྲུབ་པའི་ཕྱིར་ལ་བྱ་བའི་འབྲས་བུ་རྫོགས་པ་ཡང་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །འདོད་པར་བྱ་བ་མ་ཡིན་པའང་མ་ཡིན་ཏེ། འབྲས་བུའི་དམ་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ནི་འདོད་པར་བྱ་བ་ཁོ་ནའོ། །ཚིག་ཙམ་ནི་མི་བཟློགས་པ་མ་ཡིན་ནོ། །ཞེས་ཀྱང་བརྗོད་པར་བྱ་བ་མ་ཡིན་ཏེ། གེགས་མ་མཐོང་བའི་ཕྱིར་དང༌། དོན་འགྲུབ་པ་བསྟན་པའི་ཕྱིར་ཅི་སྟེ་ན་ཕྲད་པ་སྲིད་པའི་སྒོ་ནས་ཀྱང་ངོ༌། །དེ་ལྟ་མ་ཡིན་ན་ནི་ཐམས་ཅད་ཀྱང་བྱ་བ་ལ་འཇུག་པར་མི་འགྱུར་ཏེ། གེགས་སྲིད་པའི་ཕྱིར་རོ། །རྣམ་གྲངས་གཞན་ཡང་འཕགས་པ་ཀླུ་སྒྲུབ་ནི་ལུང་བསྟན་པ་ཐོབ་པ་ལས་ཀྱང་ཡིད་ཆེས་པའི་ལུང་ཉིད་པས་འདི་ལ་འཇུག་པ་ཡང་རིགས་པ་ཁོ་ནའོ། །འབྲེལ་པ་ནི་ལོགས་ཤིག་ཏུ་བསྟན་པར་མི་བྱ་སྟེ། འབྲས་བུ་མེད་པས་གལ་ཏེ་གང་བརྗོད་པས་རྟོགས་པ་མ་ཡིན་ཏེ། དེ་ནི་ལོགས་སུ་བསྟན་པར་བྱ་བ་ཞིག་ན་དགོས་པ་བརྗོད་པས་འབྲེལ་པ་མ་བརྗོད་པ་ནི་མེད་པའི་ཕྱིར་རོ། །དེ་ཡང་འདི་ལྟར་བསྟན་བཅོས་དང་དགོས་པ་དག་ནི་ཐབས་དང་ཐབས་ལས་བྱུང་བའི་ངོ་བོར་བསྟན་གྱི་གཞན་དུ་ཡང་མ་ཡིན་པས་འདི་ནི་དགོས་པ་བརྗོད་པ་ལས་ལོགས་


DTG110_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ཏུ་བརྗོད་པར་མི་བྱ་སྟེ། འདི་ལྟར་འདི་ནི་འདིའི་དགོས་པ་ཞེས་བསྟན་པ་ན། འདི་ནི་འདིའི་སྒྲུབ་པའོ་ཞེས་བསྟན་ཏེ། གཞན་དུ་གང་ཞིག་གང་སྒྲུབ་པར་མི་བྱེད་པ་དེ་དེའི་དགོས་པ་ཡིན་པར་འགྱུར་ན་ཤིན་ཏུ་ཐལ་ཆེས་པའི་ཕྱིར་རོ། །དེ་ལ་བརྗོད་པར་བྱ་བ་ནི་འདིར་ཚུལ་ཁྲིམས་དང་ལྡན་པར་གནས་པ་ལ་སོགས་པ་ཆོས་རྣམ་པ་བཞིའི་ངོ་བོ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་ལམ་མདོ་སྡེ་མཐའ་དག་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །དགོས་པ་ནི་འདིར་བཅོམ་ལྡན་འདས་ཀྱི་ལུང་མཐའ་དག་ནས་དམ་པའི་ཆོས་ལ་བརྙས་པ་སྤངས་པ་དང༌། བླ་མ་ལ་རག་ལུས་པར་བྱ་བའི་ཕྱིར་ཐོར་བུར་གསུངས་པ་རྣམས་འཕགས་པ་ཀླུ་སྒྲུབ་གསུང་རབ་ཀྱི་དོན་ལ་མ་རྨོངས་ཤིང༌། གཞན་རྗེས་སུ་འཛིན་པའི་ཐུགས་རྗེ་དང་ལྡན་པས་གསལ་བར་བསྟན་པ་ཡིན་ནོ། །དགོས་པའི་ཡང་དགོས་པ་ནི་འདིར་ཇི་སྐད་བཤད་པ་བཞིན་སྒྲུབ་པ་དང་ལྡན་པ་ལས་གནས་སྐབས་དང་མཐར་ཐུག་པ་དག་ཏུ་འབྲས་བུའི་མཆོག་རིམ་གྱིས་འགྲུབ་པ་ཡིན་ནོ། །དེའི་ཕྱིར་ལུང་སྔ་མ་ལས་ཀྱང་བརྗོད་པར་བྱ་བ་ནི་དོན་སྟོན་པའོ། །དགོས་པ་ནི་དོན་ཤེས་པའོ། །དགོས་པའི་ཡང་དགོས་པ་ནི་དོན་གྲུབ་པའོ། །འབྲེལ་པ་ནི་ཐབས་དང་ཐབས་ལས་བྱུང་བའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་ཀུན་ལས་བཏུས་པ་ཞེས་བྱ་བས་ནི་དགོས་པ་བསྟན་ཏེ། ཐེག་པ་ཆེན་པོ་ཞེས་བྱ་བས་ནི་དགོས་པའི་ཡང་དགོས་པ་བསྟན་ཏོ། མདོ་སྡེ་རིན་པོ་ཆེའི་གཏམ་ཞེས་བྱ་བས་ནི་བརྗོད་པར་བྱ་བ་བསྟན་ཏོ། །དེ་ལ་མདོ་སྡེ་རྣམས་ལས་གསུངས་པའི་དོན་བསྡུས་ཏེ་བསྟན་ནས་ས་དང་ལམ་གྱི་རིམ་པ་དང་འབྲས་བུའི་དོན་མིང་གིས་ཡུལ་ཅན་དུ་ཤེས་པ་ནི་དགོས་པ་ནི་དོན་ཤེས་པའོ། །འདིར་སྨྲས་པ། བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པའི་དོན་འཆད་ན་ནི་དེ་ཟློས་པར་འགྱུར་ལ། འོན་ཏེ་མ་ཡིན་ནོ་ཞེ་ན་ནི་ཇི་ལྟར་ལུང་འཆད་པར་འགྱུར་ཞེ་ན། མ་ཡིན་ཏེ་གསུང་གི་དོན་ཤིན་ཏུ་ཟབ་ཅིང་རྟོག་གེའི་ཡུལ་མ་ཡིན་ལ་དགོས་པ་དང་ཚིག་དང་ལུང་སྣ་ཚོགས་ཤིང་སྣ་ཚོགས་པར་བསྟན་པ་དང༌། སྔར་བཤད་པ་ལྟ་བུ་དང་ལྡན་པ་རྣམས་ཤིན་ཏུ་གསལ་ཞིང་ཟུར་ཕྱིན་ལ་ངེས་པའི་དོན་དུ་གང་ཟག་ཅིག་གིས་ཉམས་སུ་བླང་བར་བྱ་བར་གཏན་ལ་འབེབས་པས་ན་ཉེས་པ་གཉི་ག་རྒྱང་བསྲིངས་པ་ཡིན་ནོ། །རྣམ་གྲངས་གཞན་


DTG110_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བསྡུས་པ་ཞེས་བསྟན་པ་ལས་ཀྱང་ལུས་ཧ་ཅང་རྒྱས་པ་རྣམས་ཚིག་ཉུང་ངུར་བསྟན་པའི་ཕྱིར་དང༌། རབ་ཏུ་བྱེད་པ་རྣམས་བསྟན་བཅོས་སུ་བྱས་པ་ལས་ཀྱང་དོན་འགྲེལ་པས་བསྟན་བཅོས་བསྡུས་པའི་ཕྱིར་དང༌། ལུང་ཉིད་ལས་མ་གཏོགས་པ་གཞན་སྐབས་ཀྱིས་འབྱེད་པས་ཀྱང་ཉེས་པ་གཉིས་སྤངས་པ་ཡིན་ནོ། །དེ་བས་ན་མདོ་སྡེ་ཞེས་བྱ་བས་ནི་རང་བཟོ་མ་ཡིན་པར་བསྟན་ཏེ། ཕུང་པོ་ལ་སོགས་པའི་དོན་མདོར་སྟོན་པའི་ཕྱིར་མདོ་སྡེ་ཞེས་བྱའོ། །ཡང་ན་ཏིང་ངེ་འཛིན་གཙོ་བོར་སྟོན་པའི་ཕྱིར་ཡང་ངོ༌། །སྣ་ཚོགས་ཞེས་བྱ་བས་ནི་ངེས་པའི་དོན་དུ་བསྟན་ཏེ། འོག་ནས་འཆད་པར་འགྱུར་རོ། །བཏུས་པ་ཞེས་བྱ་བས་ནི་ཟློས་པའི་སྐྱོན་སྤངས་པ་ཡིན་ནོ། །ཐེག་པ་ཆེན་པོ་ཞེས་བྱ་བ་ལ། ཐེག་པའི་སྒྲ་ནི་བཞོན་པ་ལ་བྱ་སྟེ། གཞན་དུ་ཁྱེར་བར་བྱེད་པའི་ཕྱིར་རོ། །ཆེན་པོ་ཞེས་བྱ་བ་ནི་ཆོས་ཆེན་པོ་དང་ལྡན་པའོ། །ཆོས་ཆེན་པོ་གང་ཞེས་ན། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་དང་སྙིང་རྗེ་ནི་ཐེག་པ་ཆེན་པོའོ་ཞེས་གསུངས་སོ། །འདིར་འཕགས་པ་ཐོགས་མེད་ཀྱི་ཞབས་ཀྱིས་ནི་ཆོས་ཆེན་པོ་ལས་ཤིན་ཏུ་རྒྱས་པའི་སྡེ་དང༌། སེམས་བསྐྱེད་ཆེན་པོ་དང༌། ཆོས་ཆེན་པོ་ལ་མོས་པ་ཆེན་པོ་དང༌། ལྷག་པའི་བསམ་པ་ཆེན་པོ་དང༌། ཚོགས་ཆེན་པོ་དང༌། དུས་ཆེན་པོ་དང༌། ཡང་དག་སྒྲུབ་པ་པོ་ཆེན་པོ་དང༌། རྣམ་པ་བདུན་ནི་ཐེག་པ་ཆེན་པོའོ་ཞེས་གསུངས་པའི་ཕྱིར། དོན་གྱི་སྐབས་འདིར་ཚུལ་ཁྲིམས་དང་ལྡན་པ་ལ་སོགས་ཆོས་རྣམ་པ་ལྔར་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་ཏེ་ཐམས་ཅད་ཀྱང་རིག་པར་བྱའོ། །ཇི་ལྟར་ཞེ་ན། འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་ཀྱིས་གསུངས་པ་དག་ནི་མཐུན་པ་ཉིད་ཀྱིས་ཆོས་དེ་དག་ཉམས་སུ་བླངས་པ་འདི་གཞི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་ལྡན་པས་ཐོས་ཤིང་བསམས་ཏེ་བསྒོམས་པས་འབྲས་བུའི་དམ་པ་འགྲུབ་པ་དེ་བསྟན་ཏེ། འཕགས་པ་ཐོགས་མེད་ཀྱིས་ཚུལ་བཞིན་དུ་ཉན་པ་དང༌། སེམས་པ་སྔོན་དུ་འགྲོ་བའི་བསྒོམ་པའི་རྣམ་པས་འཇུག་པར་འགྱུར་ལ་སྒོམ་པ་དང་ལྡན་པས་འབྲས་བུ་ཡོངས་སུ་འགྲུབ་པས་ན་ངེས་པར་འབྱིན་པའོ་ཞེས་གསུངས་པའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པ་དག་གི་སྤྱོད་པའི་


DTG110_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

མིང་གིས་བརྩད་པར་མི་བྱ་སྟེ་དོན་གྱི་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་རོ། །ཁྱད་པར་གང་གིས་ཤེ་ན། ཉན་ཐོས་དག་གིས་གཞན་ལ་གནོད་པ་སྤོང་བར་ཟད་ཀྱི་ཐེག་པ་ཆེན་པོས་ནི་ཕན་འདོགས་པར་ཞུགས་པ་དག་ཀྱང་ཡིན་ནོ། །དེ་དག་ནི་ཕུང་པོ་ལ་མཁས་པ་ལ་སོགས་པ་ཡིན་གྱི། ཐེག་པ་ཆེན་པོས་ནི་རིག་པའི་གནས་མཐའ་དག་ལ་མཁས་པ་ཡང་ཡིན་ནོ། །ཉན་ཐོས་པ་དག་ནི་མྱ་ངན་ལས་འདས་པ་མགོ་བཅད་པ་ལྟ་བུར་ལྟ་བ་ལ་སློབ་པ་ཡིན་པས་ཐེག་པ་ཆེན་པོ་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ལ་སློབ་བོ། །ཉན་ཐོས་དག་ནི་ཐེག་པ་སྣ་ཚོགས་སུ་ལྟ་བ་ལ་ཐེག་པ་ཆེན་པོ་ནི་ཐེག་པ་གཅིག་ཏུ་སློབ་བོ། །ཉན་ཐོས་དག་ནི་རང་གི་ཐེག་པ་ལ་བརྩོན་པར་བྱེད་ཀྱི། ཐེག་པ་ཆེན་པོ་པ་ནི་ཐེག་པ་མཐའ་དག་ལ་མཁས་པར་བྱེད་དོ། །ཉན་ཐོས་དག་ནི་བདག་མེད་པ་འབའ་ཞིག་བསྒོམ་གྱི་ཐེག་པ་ཆེན་པོ་པ་ནི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་སྒོམ་པར་བྱེད་དོ། །དེའི་འབྲས་བུ་མཐར་ཐུག་པའང་མི་ཐོབ་སྟེ། ལང་ཀར་གཤེགས་པའི་མདོ་ལས། བློ་གྲོས་ཆེན་པོ་ཉན་ཐོས་དང་རང་སངས་རྒྱས་ལ་ཐར་པ་མེད་དོ་ཞེས་གསུངས་ཏེ། རེ་ཞིག་པ་འདིའི་གནས་ཙམ་དུ་ཟད་དོ། །དེ་ལྟར་ལམ་དང་འབྲས་བུ་དག་ནི་གནས་སྐབས་དང་མཐར་ཐུག་པར་དགོས་པའི་ཡང་དགོས་པ་བསྟན་ཏེ་དོན་འགྲུབ་པའི་ཕྱིར་རོ། །ཐེག་པ་ཆེན་པོའི་དཔེ་གང་ཞེ་ན། རིན་པོ་ཆེ་ཞེས་སྤྲས་ཏེ། རིན་པོ་ཆེ་ནི་ཆོས་རྣམ་པ་བཞི་དང་ལྡན་ཏེ། གནོད་པ་ཉེ་བར་ཞི་བར་བྱེད་པ་དང༌། མུན་པའི་ནང་དུ་འོད་འབྱིན་པ་དང༌། དབུལ་བ་འདོར་བ་དང༌། དགའ་བ་རྒྱས་པར་བྱེད་པའོ། །དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་ཡོན་ཏན་བཞི་དང་ལྡན་ཏེ། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པ་དང༌། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དག་ནི་ཡིད་དགའ་བ་རྒྱས་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་དང༌། ཇི་སྐད་བཤད་པའི་ཐོས་པའི་རྣམ་པ་དག་ནི་འཕགས་པའི་ནོར་བདུན་བསྐྱེད་པའི་རྒྱུ་ཡིན་པས་དབུལ་བ་འདོར་བར་བྱེད་པ་དང༌། མིང་དང་དོན་གྱི་ཡུལ་ཅན་གྱི་བསམ་པའི་ཤེས་རབ་རྣམ་པ་བཞི་ནི་མ་རིག་པ་རྣམ་པ་གསུམ་སེལ་བའི་རྒྱུ་ཡིན་པས་མུན་པའི་ནང་དུ་འོད་འབྱིན་པ་དང༌། དོན་གྱི་ཡུལ་ཅན་བསྒོམ་པའི་ཤེས་རབ་རྣམ་པ་གསུམ་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་སྒྲིབ་པ་འཇོམས་པའི་རྒྱུ་ཡིན་པས་སྤང་


DTG110_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བའི་གནོད་པ་ཉེ་བར་ཞི་བར་བྱེད་པ་སྟེ། འདི་དག་ནི་རྒྱས་པར་བཤད་པ་ནི་འོག་ནས་འཆད་དོ། །གཏམ་ཞེས་བྱ་བ་ནི་ཐམས་ཅད་དུ་སྦྱར་བར་བྱ་སྟེ། འཁོར་འདུས་པ་ལ་གསུངས་ཤིང་བཤད་པའོ། །བཤད་པར་བྱའོ་ཞེས་བྱ་བ་ནི་དམ་བཅའ་བའོ། །འབྲེལ་པ་ནི་ཤུགས་ཀྱིས་གོ་བས་ན་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཀྱིས་བརྗོད་དོ། །ད་ནི་མདོའི་དོན་བཤད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ལས་ཇི་སྐད་དུ། གྲོགས་པོ་དག་སངས་རྒྱས་འབྱུང་བ་ནི་དཀོན་ནོ། །མིར་སྐྱེ་བ་འཐོབ་པ་ནི་དཀོན་ནོ། །དལ་བ་ཕུན་སུམ་ཚོགས་པ་ནི་དཀོན་ནོ། །འཁོར་བ་ལས་ཐར་བ་ནི་དཀོན་ནོ་ཞེས་གསུངས་པ་ནི་མདོའི་དོན་འཕགས་པ་ཀླུ་སྒྲུབ་ཀྱིས་འཆད་པར་བཞེད་ནས་རྙེད་པར་དཀའ་བ་བཅུ་གཅིག་ཏུ་གསུངས་ཏེ། སངས་རྒྱས་འབྱུང་བ་ཤིན་ཏུ་རྙེད་པར་དཀའ་བ་ནས་བཟུང་སྟེ། ཐ་མ་ཆེ་བ་རྒྱ་ཆེན་པོ་ལ་མོས་པ་རྙེད་པར་དཀའ་བའི་བར་དུའོ། །དེ་ལ་རྙེད་པར་དཀའ་བ་དང་པོ་གསུམ་གྱིས་ནི། སྒྲུབ་པའི་རྟེན་དལ་འབྱོར་དང་ལྡན་པ་བསྟན་ཏོ། །དད་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་སྙིང་རྗེ་རྙེད་པར་དཀའ་བ་གསུམ་གྱིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་བརྟན་པ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ལ་རྨ་འབྱིན་པའི་ལས་ཀྱི་སྒྲིབ་པ་སྤང་བ་ལ་སོགས་པ་ནི་ཚུལ་ཁྲིམས་རྣམ་པར་དག་པ་བསྟན་ཏོ། །དམིགས་པ་ལ་སྤྱོད་པ་ལ་སྒྲིབ་པ་མེད་དེ་ཞེས་བྱ་བ་ལ་སོགས་པས་ནི་ཐོས་པའི་རྣམ་པ་བསྟན་ཏོ། །མྱ་ངན་ལས་འདས་པའི་རང་བཞིན་ལ་མཁས་པར་བྱ་བ་ལ་སོགས་པས་ནི་བསམ་པའི་ཤེས་རབ་བསྟན་ཏོ། །འཇམ་དཔལ་རྣམ་པར་འཕྲུལ་པའི་ལེའུ་ནས་བསྟན་པ་ལ་སོགས་པ་ནི་བསྒོམ་པའི་ཤེས་རབ་བསྟན་ཏོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆེ་བ་རྒྱ་ཆེན་པོ་བསྟན་པ་སྟེ། རྙེད་པར་དཀའ་བ་ཐ་མས་ནི་འབྲས་བུའི་དོན་བསྟན་ཏོ། །དེ་ལྟར་ན་ཆོས་འདི་བཞི་དང་ལྡན་ན་འབྲས་བུའི་མཆོག་འགྲུབ་པས་མདོའི་ཚིག་འདི་བཞིས་སྐྱེས་བུའི་དོན་འགྲུབ་པས་འདི་ལས་གཞན་དུ་མ་བསྟན་པ་ཡིན་ནོ། །དེ་ལ་རྟེན་དལ་འབྱོར་གྱི་མཚན་ཉིད་བསྟན་པའི་ཕྱིར་སངས་རྒྱས་འབྱུང་བ་ཤིན་ཏུ་རྙེད་པར་དཀའ་སྟེ་ཞེས་དམ་བཅའ་བ་ཡིན་ནོ། །དེ་ལ་མི་ཁོམ་པ་བརྒྱད་ལས་ལོག་པས་ན་དལ་བའོ། །འབྱོར་པ་ནི་བཅུ་སྟེ། རང་


DTG110_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

གི་འབྱོར་པ་ལྔ་དང༌། གཞན་གྱི་འབྱོར་པ་ལྔའོ། །དེ་ལ་གཞན་གྱི་འབྱོར་པ་ལྔ་ནི་འདི་ལྟ་སྟེ་སངས་རྒྱས་རྣམས་འབྱུང་བ་དང༌། དམ་པའི་ཆོས་སྟོན་པ་དང༌། ཆོས་བསྟན་པ་རྣམས་གནས་པ་དང༌། ཆོས་གནས་པ་རྣམས་རྗེས་སུ་འཇུག་པ་དང༌། གཞན་གྱི་ཕྱིར་རྗེས་སུ་སྙིང་བརྩེ་བར་བྱེད་པའོ། །དེ་ལ་སངས་རྒྱས་རྣམས་འབྱུང་བ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་སེམས་ཅན་ཐམས་ཅད་ལ་དགེ་ལེགས་དང༌། ཕན་པའི་བསམ་པ་བསྐྱེད་ནས། དཀའ་བ་སྟོང་ཕྲག་མང་པོ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཐ་མའི་ལུས་ཕྱི་མ་ཐོབ་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ། སྒྲིབ་པ་ལྔ་སྤངས་ནས་དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ལེགས་པར་གནས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ཏེ། དེ་ནི་སངས་རྒྱས་འབྱུང་བ་ཞེས་བྱའོ། །འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་རྣམས་སུ་ཡང་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དེ་ཁོ་ན་བཞིན་དུ་འབྱུང་བ་ཡིན་ནོ། །དམ་པའི་ཆོས་སྟོན་པ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཉིད་དང༌། དེ་དག་ཉིད་ཀྱི་ཉན་ཐོས་རྣམས་འཇིག་རྟེན་དུ་བྱུང་ནས། འཇིག་རྟེན་ལ་རྗེས་སུ་ཐུགས་བརྩེ་བའི་ཕྱིར་འཕགས་པའི་བདེན་པ་རྣམས་ལས་བརྩམས་ནས་འདི་ལྟ་སྟེ་གསུང་རབ་ཡན་ལག་བཅུ་གཉིས་སྟོན་པར་མཛད་པ་ཡིན་ཏེ། དེ་ནི་དམ་པའི་ཆོས་སྟོན་པ་ཞེས་བྱའོ། །དམ་པའི་ཆོས་དེ་ནི་དམ་པ་སངས་རྒྱས་རྣམས་དང༌། སངས་རྒྱས་ཀྱི་ཉན་ཐོས་ཀྱིས་གདམས་ཤིང་བསྟན་པའམ་བསྔགས་པ་ཡིན་པས་དེའི་ཕྱིར་དམ་པའི་ཆོས་ཏེ། དེ་བཤད་པ་གང་ཡིན་པ་དེ་ནི་དམ་པའི་ཆོས་སྟོན་པ་ཞེས་བྱའོ། །ཆོས་སྟོན་པ་རྣམས་གནས་པ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་འཚོ་ཞིང་གཞེས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། དམ་པའི་ཆོས་བསྟན་པ་ནས་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་དུས་ཇི་སྲིད་པར་བསྒྲུབ་པ་མི་ཉམས་པ་དང༌། དམ་པའི་ཆོས་མི་ནུབ་པ་ཡིན་ཏེ། དེ་ནི་དམ་པའི་ཆོས་གནས་པ་ཞེས་བྱའོ། །གནས་པ་དེ་ཡང་དོན་དམ་པའི་ཆོས་མངོན་སུམ་དུ་བྱ་བའི་ཚུལ་


DTG110_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཡིན་པར་རིག་པར་བྱའོ། །ཆོས་གནས་པ་རྣམས་རྗེས་སུ་འཇུག་པ་གང་ཞེ་ན། དམ་པའི་ཆོས་རྟོགས་པ་གང་ཡིན་པ་དེ་ཉིད་ཀྱིས་སྐྱེ་བོ་རྣམས་ལ་དམ་པའི་ཆོས་མངོན་དུ་བྱ་བའི་སྐལ་བ་དང༌། མཐུ་ཡོད་པར་རིག་ནས། ཇི་ལྟར་རྟོགས་པ་ཁོ་ན་དང་རྗེས་སུ་མཐུན་པའི་གདམས་ཤིང་རྗེས་སུ་བསྟན་པ་ལ་རྗེས་སུ་འཇུག་པར་བྱེད་པ་ཡིན་ཏེ། དེ་ནི་ཆོས་གནས་པ་རྣམས་རྗེས་སུ་འཇུག་པ་ཞེས་བྱའོ། །གཞན་གྱི་ཕྱིར་རྗེས་སུ་སྙིང་བརྩེ་བར་བྱེད་པ་གང་ཞེ་ན། གཞན་ཞེས་བྱ་བ་ནི་སྦྱིན་པ་པོ་དང་སྦྱིན་བདག་རྣམས་ཏེ་དེ་དག་གི་འཚོ་བའི་ཡོ་བྱད་རྐྱེན་དུ་འབབ་པ་འདི་ལྟ་སྟེ། ཆོས་གོས་དང་བསོད་སྙོམས་དང༌། མལ་ཆ་དང༌། སྟན་དང༌། ནད་ཀྱི་གསོས་སྨན་དང༌། ཡོ་བྱད་གང་ཡང་རུང་བ་དེ་དག་གི་ཕྱིར་རྗེས་སུ་སྙིང་བརྩེ་བར་བྱེད་པ་ཡིན་ཏེ། དེ་ནི་གཞན་གྱི་ཕྱིར་རྗེས་སུ་སྙིང་བརྩེ་བར་བྱེད་པ་ཞེས་བྱ་སྟེ། དེ་ལྟར་གཞན་གྱི་འབྱོར་བ་ལྔ་མཚོན་པའི་དོན་དུ་སངས་རྒྱས་འབྱུང་བ་སྨོས་སོ། །འདིར་དང་པོ་གཞན་གྱི་སྦྱོར་བ་སྨོས་པས། གོ་རིམས་ལས་འགལ་བའི་རྒྱུ་མཚན་གང་ཞེ་ན། སངས་རྒྱས་འཇིག་རྟེན་དུ་བྱུང་བ་ལ་སོགས་པ་ནི་རང་གི་འབྱོར་པ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །སངས་རྒྱས་ཞེས་བྱ་བ་ནི་སྤངས་པ་དང་ཡེ་ཤེས་ཀྱི་དོན་ཏེ། ཇི་སྐད་དུ། སྒྲིབ་པ་ཀུན་གྱི་དྲི་མེད་པས། །རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ། །རིན་ཆེན་སྣོད་ནི་ཕྱེ་བ་ལྟར། སངས་རྒྱས་ཉིད་ནི་ཡང་དག་སྟོན། །ཅེའོ། །འབྱུང་བ་ཞེས་བྱ་བ་ནི་འོག་མིན་གྱི་གནས་སུ། ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུར་མངོན་པར་སངས་རྒྱས་པའི་མདོ་ལས། འཛམ་བུའི་གླིང་ལ་སོགས་པར་ཤཱཀྱ་ཐུབ་པའི་སྐུ་མངོན་པར་འབྱུང་སྟེ་ཇི་སྐད་དུ། རིན་ཆེན་སྣ་ཚོགས་མཛེས་པ་ཡི། །འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ནི་འདིར་འཚང་རྒྱ། །ཞེས་འབྱུང་བའི་ཕྱིར་རོ། །ཤིན་ཏུ་ཞེས་བྱ་བ་ནི་མཆོག་ཏུ་ཞེས་བྱ་བའི་དོན་ཏེ། མོས་པས་སྤྱོད་པའི་ས་ལ་གནས་པ་དག་སྤྱོད་ཡུལ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། དེ་ཚེ་ཆོས་ཀྱི་རྒྱུན་ལ་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང༌། །ཡེ་ཤེས་སྤངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་ཐོབ་པར་འགྱུར། །ཞེས་འབྱུང་བས་མོས་པས་སྤྱོད་པའི་ས་ལ་གནས་པ་མ་


DTG110_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པ་དག་གིས་སྤྲུལ་པའི་སྐུ་ནི་མི་མཐོང་བའི་ཕྱིར་དེའི་ཕྱིར་རྙེད་པར་དཀའ་ཞེས་སྨོས་པ་ཡིན་ནོ། །འོ་ན་མདོ་ལས་གང་དག་བདེ་བ་ཅན་དུ་སྨོན་ལམ་འདེབས་པ་དེ་དག་ནི་ཚེ་དཔག་ཏུ་མེད་པ་མཐོང་བར་འགྱུར་རོ། །དེ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་སུ་བསྒྲགས་པ་ཞེས་བྱ་བ་དང༌། ཤིན་ཏུ་ཡོངས་རྫོགས་དཔལ་དང༌། རྣམ་པ་ཐམས་ཅད་དུ་ཆེར་མཆོད་པའི་དཔལ་ཞེས་བྱ་བ་དང༌། ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཚན་འཛིན་པ་དེ་དག་ཀྱང་ཕྱིར་མི་ལྡོག་ཅིང་སངས་རྒྱས་དང་ཕྲད་པར་འགྱུར་ཞེས་འབྱུང་བ་དང༌། འགལ་བས་ཅི་མངོན་ཞེ་ན་ཞེས་རྒོལ་བ་ལ། ལན་ནི་འགལ་བ་མེད་དེ། དེ་དག་ནི་ས་བོན་རྒྱུད་ལ་བསྐྱེད་པས་དུས་གཞན་ལ་དགོངས་པ་ཡིན་ལ། འོ་ན་ཚོགས་ཀྱི་ས་ལ་སངས་རྒྱས་དང་ཕྲད་པར་འགྱུར་བ་བསྟན་པས་དེ་དང་འགལ་ལོ་ཞེ་ན་མ་ཡིན་ཏེ། སངས་རྒྱས་དང་ཕྲད་པའི་དགོས་པ་ནི་ཆོས་ཐོས་པ་ཡིན་ལ། དེ་འང་མོས་པས་སྤྱོད་པའི་ས་ཆེན་པོ་ལ་འབྱུང་བའི་ཕྱིར་དང༌། ཆོས་མ་ཐོས་པར་ནི་སྤང་བྱ་ལ་སོགས་པ་ཤེས་པར་མི་འགྱུར་བས་ན་དོན་མེད་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཐ་མལ་པ་དག་ལས་ཀྱང་ཆོས་ཐོས་པ་འབྱུང་བས་སངས་རྒྱས་དང་ཕྲད་པ་ཅི་དགོས་ཤེ་ན། དེ་དག་ཀྱང་སངས་རྒྱས་ཀྱི་མཐུས་གདུལ་བྱ་རྒྱུད་དང། ས་དག་ལ་སྣང་བས་ན་སངས་རྒྱས་ཀྱི་བྱིན་གྱི་རླབས་ཁོ་ནར་འདོད་དེ། དཔེར་ན། སངས་རྒྱས་འཇིག་རྟེན་ཕན་པ་དྲང་སྲོང་ཆེ། །བསྐལ་པ་བྱེ་བ་བརྒྱ་ལམ་འབྱུང་བར་འགྱུར། །ད་ལྟ་དལ་བ་དམ་པ་རྙེད་པ་ལས། །གལ་ཏེ་ཐར་འདོད་བག་མེད་སྤང་བར་གྱིས། །ཞེས་བསྟན་པ་ལྟ་བུའོ། །དེ་བས་ན་དེ་དག་ཀྱང་ཆོས་ཀྱི་རྒྱུན་ཐོབ་པ་ལ་འདོད་དོ། །གཞན་དག་ནི་ས་བོན་རྒྱུད་ལ་བསྐྱེད་པའི་རྒྱུ་ཡིན་པས་འགལ་བ་མེད་དོ་ཞེས་བྱ་བ་ནི་ལུང་གི་རིགས་པའོ། །ལུང་དངོས་བསྟན་པ་ནི་མདོ་སྡེ་དུ་མ་ཚད་མར་གྱུར་པ་ལས་ཤེས་ཏེ་ཞེས་བསྟན་ཏེ། རང་བཟོ་མ་ཡིན་པས་མདོ་སྡེ་ཞེས་བྱའོ། །ངེས་པའི་དོན་དུ་བསྟན་པས་ན་དུ་མ་ཞེས་སྨོས་ཏེ། ལུང་གི་དོན་རིགས་པས་བརྟགས་པ་དང༌། ལུང་བསྟན་པས་ན་བྱན་བྱས་པ་དང༌། ལུང་གི་དོན་ལུང་གིས་བཤད་པ་དང༌། ལུང་གི་དོན་ལུང་དང་མི་འགལ་བར་བསྟན་པ་སྟེ། མཚན་ཉིད་འདི་བཞིས་ན་ངེས་དོན་དུ་ཤེས་པར་བྱ་ལ་དེ་བཞིན་མཚོན་པའི་


DTG110_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ལུང་གི་དོན་ལུང་དང་མི་འགལ་བ་དང༌། ལུང་གི་དོན་ལུང་གིས་བཤད་པ་སྨོས་སོ། །དེ་ཉིད་ཀྱིས་མི་བསྲུ་བའི་ཕྱིར་ཚད་མ་ཞེས་བྱ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་ཡིན་པའི་ཕྱིར་ཇི་སྐད་དུ། །དགེ་སློང་དག་ས་ནི་ནམ་མཁའ་ལ་འཕགས་ཀྱང་སྲིད། ཉི་མ་དང་ཟླ་བ་ནི་ས་ལ་ལྷུང་ཡང་སྲིད། ཆུ་ཀླུང་ནི་རྒྱུན་ནས་ལྡོག་ཀྱང་སྲིད། དེ་བཞིན་གཤེགས་པའི་བཀའ་ནི་གཞན་དུ་འགྱུར་མི་སྲིད་དོ་ཞེས་གསུངས་པ་ལྟ་བུའོ། །ཇི་སྐད་དུ་གསུངས་ཤེ་ན། དགེ་སློང་དག་ཅེས་སྨོས་ཏེ། ཉོན་མོངས་པ་བཅོམ་པའི་ཕྱིར་དང༌། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་ཕྱིར་དགེ་སློང་དག་ཅེས་གསུངས་སོ། །དེ་ལ་ཕྱིན་ཅི་མ་ལོག་པ་གསུངས་པས་ན་དེ་བཞིན་གཤེགས་པ་ཞེས་བྱའོ། །ཐོབ་པར་བྱ་བའི་དོན་ཐམས་ཅད་བརྙེས་པ་དང༌། བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཡིན་པའི་ཕྱིར་མཆོད་པར་འོས་པ་ཡིན་པས་དགྲ་བཅོམ་པ་ཞེས་བྱའོ། །ཆོས་རྣམས་ཇི་ལྟ་བ་བཞིན་དུ་དོན་དམ་པར་ཐུགས་སུ་ཆུད་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །སྐུ་ཚེ་དང༌། མཚན་དང༌། སྐུ་དང་རིགས་མ་གཏོགས་པ་ཐ་དད་པ་མེད་པས་རྣམས་ཞེས་བྱའོ། །བསྐལ་པ་ཞེས་བྱ་བ་ནི་བར་གྱི་བསྐལ་པ་བརྒྱད་ཅུ་སྟེ། བསྐལ་པ་ཆེན་པོའོ། །དེ་ཉིད་གཅིག་ནས་གཉིས་སུ་བགྲངས་པ་ནི་སྟོང་ཕྲག་མང་པོའོ། །དེ་ལ་བརྒྱ་སྟོང་ཕྲག་བརྒྱ་ན་བྱེ་བའོ། །བྱེ་བ་རང་གི་འགྱུར་ནས་གནས་བཞི་པ་ནི་ཁྲག་ཁྲིག་གོ །འཇིག་རྟེན་ནི་སྟོང་གསུམ་དུའོ། །དཔེ་བསྒྲུབ་པ་ནི་ཀུན་དགའ་བོ་ཞེས་སྨོས་ཏེ། ཁ་དོག་ཅེས་བྱ་བ་ནི་བསྟན་པའི་ཚིག་གོ །གསལ་བ་ནི་རང་བཞིན་གྱི་མདོག་གོ །འོད་འབྱིན་པས་ན་འོད་བཟང་པོའོ། །དཔག་ཚད་ཅེས་བྱ་བ་ནི། ལྕགས་ཆུ་རི་བོང་ལུག་དང་གླང༌། །ཉི་ཟེར་རྡུལ་དང་སྲོ་མ་དང༌། །དེ་ལས་བྱུང་བ་དེ་བཞིན་དུ། །སོར་ནི་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་འདོམ་གང༌། །གཞུ་འདོམ་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །དེའི་ཡོན་ཏན་གཞན་བསྟན་པ་ནི་མིག་གི་རབ་རིབ་སལ་བ་དང༌། ཡིད་ཀྱི་དྲན་པ་གསལ་བར་བྱེད་པ་དང༌། ལུས་ཀྱི་ནད་སེལ་བ་དང༌། སྣའི་དབང་པོ་ལ་ཕན་


DTG110_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་པས་མེ་ཏོག་དེ་ནི་རབ་རིབ་མེད་པར་བྱེད་པ་ལ་སོགས་པ་ཚིག་བཞི་སྨོས་སོ། །གོང་དུ་འོད་བཟང་པོ་སྨོས་པ་ནི་སྣང་བར་ཡང་བྱེད་ཅེས་བྱ་བ་སྟེ་གཟུགས་མཐོང་བའི་ཕྱིར་རོ། །དེ་ལ་སྣའི་དབང་པོའི་མི་མཐུན་པ་སྤོང་བས་ན་སེལ་བའོ། །མཐུན་པ་བསྐྱེད་པས་ན་འབྱིན་པའོ། །འོ་ན་སྣའི་དབང་པོར་ཟད་དམ་ཞེ་ན། ཁམས་བཞི་དང་བར་བྱེད་པ་སྟེ་ལུས་ཀྱི་དབང་པོ་དང༌། ལྕེ་དང༌། མིག་དང༌། རྣ་བའི་དབང་པོ་དག་ནི་སའི་ཁམས་དང༌། ཆུ་དང༌། མེ་དང༌། རླུང་གི་ཁམས་ཡིན་ལ། དེ་དག་ལ་ཕན་འདོགས་པས་དང་བར་འགྱུར་བའོ། །འོ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་མཚན་བཟང་པོ་སུམ་ཅུ་དང་ལྡན་པས་དེའི་ཚེ་འབྱུང་ངམ་ཞེ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐམས་ཅད་ལ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་ལོས་སྒྱུར་བ་ཞེས་བྱ་བ་ནི། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་དང༌། །གསུམ་དང་བཞི་ལ་མས་རིམ་བཞིན། །ཕས་སུ་རང་འགྲོ་གཡུལ་བཤམས་དང༌། །མཚོན་བརྩམས་ལས་རྒྱལ་གནོད་པ་མེད། །ཅེས་བྱ་བའོ། །ཚུལ་ཁྲིམས་འཆལ་པ་ནི་རྣམ་པ་གཉིས་ཏེ། མ་ཐོབ་པའི་ཉམས་པ་དང༌། ཐོབ་པའི་ཉམས་པའོ། །ཡང་ཚུལ་ཁྲིམས་འཆལ་བ་ནི་བཞི་སྟེ། རྩ་བའི་ལྟུང་བ་ལྷག་པར་སྤྱད་པ་དང༌། སོ་སོར་ལྟ་བ་དང༌། ཡོངས་སུ་མ་དག་པའི་ཆོས་འཆད་པ་དང༌། ཉན་ཐོས་དང་རང་རྒྱལ་བའི་བསམ་པ་བསྐྱེད་པས་ཉམས་པའོ། །དུས་མཉམ་པ་ཉིད་ནི་མཚུངས་པའོ། །དེའི་ཡོན་ཏན་ནི་བཤད་མོད་ཀྱི། འོན་ཀྱང་དབྱིབས་དང༌། ཁ་དོག་དང༌། གནས་དང༌། དུས་མ་བརྗོད་པས་འདྲི་བ་ནི། མེ་ཏོག་དེ་ཅི་འདྲ་གང་དུ་ནམ་སྐྱེས་ཤེ་ན་ཞེས་བྱའོ། །དེ་ལ་གང་དུ་སྐྱེ་བ་བསྟན་པ་ནི་མཚོ་ཆེན་པོ་མ་དྲོས་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའི་དེ་ནས་ནི། །སྤོས་ངད་ལྡན་པའི་ཚུ་རོལ་ན། །ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །ཞེས་བྱ་བ་སྟེ། དམྱལ་བའི་མེས་ཀྱང་དྲོ་བར་མི་ནུས་པས་མ་དྲོས་པའོ། །ཡང་རྒྱལ་པོ་བརྩམས་ཀྱི་འབྲས་བུའི་དོན་ཡིན་པས་ན་དྲོན་པོ་བླུགས་པ་གྲངས་པར་གྱུར་པས་མ་དྲོས་པ་ཞེས་བྱའོ། །ཡང་ན་ཀླུའི་རྒྱལ་པོ་མ་དྲོས་པ་ཞེས་བྱ་བ་གནས་པས་ན་མ་དྲོས་པ་ཞེས་བྱའོ། །ནམ་སྐྱེ་བ་བསྟན་པ་ནི་ནམ་སང་


DTG110_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཅོམ་ལྡན་འདས་དག་ཅེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །ཡང་ན་དོན་དང་ལྡན་པའི་ཆོས་ཀྱི་ཚོགས་དང༌། དོན་དང་མི་ལྡན་པའི་ཆོས་ཀྱི་ཚོགས་དང༌། དོན་དང་ལྡན་པ་ཡང་མ་ཡིན་དོན་དང་མི་ལྡན་པ་ཡང་མ་ཡིན་པའི་ཆོས་ཀྱི་ཚོགས་མཐའ་དག་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་ཐུགས་སུ་ཆུད་པས་ན་སངས་རྒྱས་ཞེས་བྱའོ། །བདུད་དཔུང་དང་བཅས་པ་ཐམས་ཅད་ཀྱི་གཡུལ་ཆེན་པོ་བཅོམ་པས་ན་བཅོམ་ལྡན་འདས་ཞེས་བྱའོ། །ཡང་ན། །དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་ཡི། །དྲུག་པོ་དག་ལ་ལྡན་ཞེས་བཤད། །ཅེས་པའི་ཚུལ་གྱིས་ཀྱང་བཅོམ་ལྡན་འདས་སོ། །སྤྲུལ་པའི་སྐུ་རྣམས་མཚུངས་པས་ན་དག་ཅེས་བྱའོ། །དགའ་ལྡན་ཞེས་བྱ་བ་ནི་འདོད་པའི་ལྷ་རིགས་བཞི་པ་སྟེ། གཟིགས་པ་མཐའ་དག་ལ་གཟིགས་ནས་འཛམ་བུའི་གླིང་དུ་བྱོན་པའི་ཚེ། གླང་ཆེན་ཐལ་ཀར་མཆེ་བ་དྲུག་ལྡན་པ། །རྐང་གཉིས་མཆོག་དང་ལྡན་པས་ཞལ་བཞེས་ནས། །དྲང་སྲོང་གནས་ཞེས་པ་ནི་ཇི་བཞིན་དུ། །ཡུམ་གྱི་ལྷུམས་སུ་འཇུག་པ་ཉིད་དུ་བསྟན། །ཞེས་བྱ་བའི་ཚུལ་གྱིས་ཞུགས་པའོ། །འཕགས་པ་བྱམས་པ་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བས་ནབ་བས་པའོ། །ལྷའི་འཁོར་དུ་མས་བསྐོར་ནས་བྱོན་པས་ན་རིས་ཞེས་བྱའོ། །མགོ་ལྕོགས་པ་ནི་ཁ་འབུ་བའོ། །ལུམ་པའི་ཚལ་དུ་ཤིང་བླག་ཤའི་ཡལ་ག་ཡུམ་གྱིས་བཟུང་སྟེ། གློ་གཡས་པ་དྲལ་བའི་ཚེ་ཡང་ཚངས་པ་དང་བརྒྱ་བྱིན་གྱིས་བླངས་པའི་ཚེ་ལྷའི་བུས་ཁྲུས་བྱས་ཤིང་མ་བརྟེན་པར་གོམ་པ་བདུན་བོར་བ་ནི་བལྟམས་པའོ། །མེ་ཏོག་གྱེས་པ་ནི་ཁ་འབྱེའོ། །རྡོ་རྗེའི་གདན་དུ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་རང་ཉིད་ཀྱིས་སློབ་དཔོན་མེད་པར་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ནི་ནམ་བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྟོགས་པ་ལས་ཁྱད་ཞུགས་པས་ན་བླ་ན་མེད་པའོ། །ཕྱིན་ཅི་མ་ལོག་པའི་དོན་ཁོང་དུ་ཆུད་པས་ན་ཡང་དག་པའོ། །སྤངས་པ་དང་ཡེ་ཤེས་མཐར་ཐུག་པས་ན་རྫོགས་པའོ། །ཟད་པ་དང་མི་སྐྱེ་བ་ཤེས་


DTG110_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་ནི་བྱང་ཆུབ་ཅེས་བྱ་སྟེ། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ། །ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམས་བཞིན་དུ་ཤེས་པར་བྱ། །ཞེས་པའོ། །དེ་ཉིད་མངོན་སུམ་དུ་མཛད་པས་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱའོ། །རབ་ཏུ་རྫོགས་པར་སྨིན་པས་ན་རྒྱས་པའོ། །གདུལ་བྱའི་གང་ཟག་མ་གཟིགས་པས་གཞན་སྐྱོ་བ་བསྐྱེད་པའི་ཕྱིར་སྤྲུལ་པའི་སྐུའི་སྣང་བ་ནུབ་པར་བྱེད་པས་ན་འཛམ་བུའི་གླིང་དུ་དགུང་ལོ་བརྒྱད་ཅུ་རྩ་གཅིག་ལ་བྱོན་པ་ནི་ཚེའི་འདུ་བྱེད་གཏོང་བས་ན་བོར་བ་སྟེ། རྣམ་པར་ཉམས་པས་ན་ཚལ་རྙིངས་པའོ། །ནམ་ཐ་མའི་གསོལ་བ་བའི་དོན་གྲུབ་ནས་གྱད་ཀྱི་ཉེ་འཁོར་ཀུ་ཤའི་གྲོང་དུ་གློ་གཡས་པ་ཕབ་པའི་ཚེ་འཇིག་རྟེན་དུ་ཆོ་འཕྲུལ་ཆེན་པོ་མ་བྱུང་བ་དང༌། ཉིད་ཀྱི་ཐུབ་པའི་བཀའི་མེས་བཞེན་ཞིང་འཛམ་བུའི་གླིང་གི་རྒྱན་ནུབ་པ་ནི་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། སའི་སྟེང་དུ་ལྷུང་བས་ན་མེ་ཏོག་ལ་སོགས་པ་ལྷགས་པའོ། །མཛད་པ་དག་ནི་བཅུ་གཉིས་སུ་བསྟན་པ་མ་ཡིན་ནམ། ཅིའི་ཕྱིར་བཞི་སྨོས་ཤེ་ན། བདེན་མོད་ཀྱི། འོན་ཀྱང་འདིར་མཛད་པ་བཞི་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་ཏེ། བལྟམས་པ་དང༌། མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། མྱ་ངན་ལས་འདའ་བ་མེད་པ་གང་དུ་ཡང་མི་སྲིད་ལ། དཀའ་བ་སྤྱོད་པ་ལ་སོགས་པ་ནི་ཐམས་ཅད་དུ་ངེས་པ་མེད་དེ་གདུལ་བྱ་རྒྱུད་དག་པ་དག་ལ་མཛད་པ་བཞིས་དོན་འགྲུབ་པའི་ཕྱིར་དང༌། ཁ་ཅིག་སྲོད་ལ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་ཉིད་ཀྱི་ཐོ་རངས་ཡོངས་སུ་མྱ་ངན་ལས་འདས་པ་དག་ལ་མཛད་པ་བཅུ་གཉིས་སུ་རིགས་པ་མ་ཡིན་ནོ། །ཅི་འདྲ་བ་ཞེས་བྱ་བ་ཆེ་ཁྱད་ནི་ཤིང་རྟའི་འཁོར་ལོ་ཙམ་ཞེས་བྱའོ། །ཁ་དོག་དང་ལྡན་ཞིང་གསལ་ཏེ་ཞེས་བྱ་བ་ལ་ནི་ཇི་ལྟར་ཁ་དོག་དང་ལྡན་ཞིང་གསལ་ཞེ་ན། ཁ་དོག་དཀར་རབ་ཏུ་འགྱུར་རོ་ཞེས་བྱ་བ་ནི་རྒྱལ་རིགས་ཀྱི་ནང་དུ་འབྱུང་བའི་ཚེའོ། །དཀར་པོར་འགྱུར་རོ་ཞེས་བྱ་བ་ནི་བྲམ་ཟེའི་རིགས་ཀྱི་ནང་ན་འབྱུང་བའི་ཚེའོ། །ཅིའི་ཕྱིར་རིགས་གཉིས་ཁོ་ན་སྨོས་ཤེ་ན། འཇིག་རྟེན་ན་མཐུན་པ་དང༌། དབང་ཆེ་བར་གྲགས་པའི་རིགས་ནི་གཉིས་ཏེ། མདུན་ན་འདོན་པ་དང༌། རྒྱལ་རིགས་སོ། །དེ་ལ་གལ་ཏེ་རྒྱལ་རིགས་མཆོག་ཏུ་བྱས་ན་ནི་རྒྱལ་རིགས་སུ་སྐྱེ་བ་བཞེས་ལ་མདུན་


DTG110_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ན་འདོན་མཆོག་ཏུ་བྱ་བ་ནི། བྲམ་ཟེའི་རིགས་སུ་སྐྱེ་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། དེས་གཞན་འདུལ་བའི་ཕྱིར་རོ། །པདྨ་དཀར་པོའི་མདོ་ན་དྲང་བའི་དོན་ཡིན་ནོ་ཞ་ན། གཉིས་པ་ངེས་པའི་དོན་དུ་བསྟན་པའི་ལུང་ནི་བྱང་ཆུབ་སེམས་དཔའི་སྡེ་སྣེད་ལས་ཀྱང་ཞེས་བྱ་བའོ། །ཀྱེ་ཞེས་བྱ་བ་ནི་བརྒྱད་པའི་སྒྲའོ། །རྒྱལ་བའི་སྲས་ཞེས་བྱ་བ་ནི་རིགས་འཚོ་བའི་ཕྱིར་བྱང་ཆུབ་སེམས་དཔའི་མིང་གི་ཁྱད་པར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །བློ་དང་ལྡན་པས་གསལ་བའི་མཆོག །རྒྱལ་སྲས་རྒྱལ་པའི་གཞི་དང་ནི། །རྒྱལ་བའི་མྱུ་གུ་རྣམ་རྒྱལ་བྱེད། །རྩལ་དང་ལྡན་པ་འཕགས་པའི་མཆོག །དེད་དཔོན་གྲགས་པ་ཆེན་པོ་སྟེ། །སྙིང་རྗེ་ཅན་དང་བསོད་ནམས་ཆེ། །དབང་ཕྱུག་དེ་བཞིན་ཆོས་དང་ལྡན། །ཞེས་བྱ་བ་ལྟ་བུའོ། །རི་མོར་བྱས་པ་ལ་སོགས་པ་མཐོང་བ་ཡང་ཚོགས་བསགས་པ་ལ་རག་ལུས་པས་ན་རྙེད་པར་དཀའ་སྟེ་ཞེས་བྱའོ། །བསྐལ་པ་གྲངས་མེད་པ་དང་པོ་ལ་མཐོང་བ་ལ་མཆོག་ཏུ་སྨོས་སོ། །མོས་པར་སྤྱོད་པའི་ས་ལ་སངས་རྒྱས་མཐོང་བ་མ་ཡིན་པ་ཚོགས་ཀྱི་ས་ལ་འདོད་པ་དགག་པ་ནི་གྲོགས་པོ་དག་ཅེས་པ་ལ་སོགས་པ་སྟེ། སངས་རྒྱས་འབྱུང་བའི་དགོས་པའི་ཆོས་བསྟན་པ་ཡིན། བག་ཡོད་པའི་ཆོས་སྟོན་པ་ཞེས་བྱ་བ་སྟེ། ཆོས་ཐོས་པ་ལ་བརྟེན་ནས་ཉེས་པ་མ་བྱུང་གི་སྔ་རོལ་ལ་སོགས་པའི་བག་ཡོད་པ་རྣམ་པ་ལྔ་ཡིན་པ་ནི། བག་ཡོད་པ་ནི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ཕྱིར་ཏེ། བག་ཡོད་འཆི་མེད་གནས་ཡིན་ཏེ། །བག་མེད་པ་ནི་འཆི་བའི་གནས། བག་ཡོད་འཆི་བར་མི་འགྱུར་ཏེ། །བག་མེད་པ་ནི་རྟག་ཏུ་འཆི། །ཞེས་གསུངས་པ་དང༌། བག་ཡོད་པའི་ལེགས་པ་ལྔ་སྟེ། ལོངས་སྤྱོད་རྒྱ་ཆེན་པོ་ཐོབ་ཅིང་དེ་ལས་མི་ཉམས་པ་དང༌། ཕྱོགས་མཚམས་སུ་གྲགས་པ་ཆེན་པོ་འབྱུང་བ་དང༌། འཁོར་ཐམས་ཅད་དུ་ཞུམ་པ་མེད་པ་དང༌། འཆི་བའི་ཚེ་འགྱོད་པ་མེད་པ་དང༌། ཤི་བའི་འོག་ཏུ་ལྷའི་འཇིག་རྟེན་དུ་སྐྱེའོ་ཞེས་བྱ་བ་ལ་སོགས་པ་བསྟན་པས་བག་ཡོད་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །གོང་དུ་ཨུ་དུམ་ཝཱ་རའི་མ་ཏོག་བཞིན་ནོ་ཞེས་འབྱུང་བ་ནི་དྲང་དོན་དེ་དཔེ་མི་བྱེད་པས་སོ་ཞེ་ན། ཟླ་བ་སྙིང་པོའི་ལེའུ་ལས་ཀྱང་བསྟན་ཏེ་ཞེས་བྱ་སྟེ། དཔེར་བརྗོད་པ་ནི་


DTG110_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་གཞན་དག་ལས་སོ། །འོ་ན་སངས་རྒྱས་དང་ཕྲད་པ་ལ་ཡོན་ཏན་ཅི་ཡོད་ཅེ་ན། ཡོན་ཏན་གྱི་སྒོ་ནས་བསྟན་པ་ནི། གང་དག་མཐོང་ཞིང་ཐོས་པ་དང༌། །ཞེས་བྱ་བ་ལ་སོགས་པ་སྟེ། དོན་ཡོད་པ་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་བར་བྱའོ། །གང་ཕྱིར་རྒྱལ་བ་དབང་པོ་དག །མཐོང་ན་ཡེ་ཤེས་མཐོང་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པས་ནི་མཐོང་བ་དོན་ཡོད་པ་བསྟན་ཏོ། །རིན་ཆེན་གཙུག་ཏོར་གྱི་མཚན་ལན་གསུམ་ཐོས་པས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་སོ་ཞེས་བྱ་བ་ལ་སོགས་པ་དེ་ནི་ཐོས་པ་དོན་ཡོད་པའོ། །བསྙེན་བཀུར་བྱས་པ་དོན་ཡོད་པ་ནི་ཁྱེའུ་གླང་པོ་སྐྱོང་ལྟ་བུའོ། །མཐར་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པས་ན་འདྲེན་པའོ། །ཁ་ཅིག་ན་རེ་མཐོང་བ་དང་ཐོས་པ་དང་བསྙེན་བཀུར་བྱ་བ་ཇི་ལྟར་དོན་ཡོད་ཅེས་འཇིག་རྟེན་འདྲེན་པའོ་ཞེས་བྱའོ་ཞེས་འཆད་དོ། །བྱེད་པ་ནི་མཚོན་པའི་དོན་ཏོ། །གོང་དུ་དེ་བཞིན་གཤེགས་པ་མཐོང་ཡང་སྲིད་མི་མཐོང་ཡང་སྲིད་ཅེས་བྱ་བ་དེ་ལྟ་བུ་ཞེ་ན། བསྐལ་པ་བཟང་པོའི་མདོ་ལས་ཀྱང་ཞེས་གསུངས་ཏེ། བསྐལ་པ་དྲུག་ཅུ་དང༌། བརྒྱད་ཁྲི་དང་སུམ་བརྒྱར་ནི་མི་མཐོང་བར་འགྱུར་རོ། །བསྐལ་པ་འདི་དང༌། བསྐལ་པ་སྐར་མ་ལྟ་བུ་དང༌། ཡོན་ཏན་བཀོད་པ་རྣམས་ལ་ནི་མཐོང་ཡང་སྲིད་པའོ། །སངས་རྒྱས་འབྱུང་བ་རྙེད་དཀའ་བ་བཤད་ཟིན་ཏོ། །མདོ་སྡེ་ཀུན་ལས་བཏུས་པའི་བཤད་པ་ལུང་གི་ཚད་མར་སྦྱར་བ་ལས། སངས་རྒྱས་འབྱུང་བ་རྙེད་དཀའ་བའི་གཏམ་སྟེ་དང་པོའོ།། །།གཉིས་པ་མིར་འགྱུར་བ་རྙེད་པར་དཀའ་བ་བསྟན་པ་ནི། མིར་འགྱུར་བ་རྙེད་པར་དཀའ་སྟེ་ཞེས་བྱ་བ་གསུངས་ཏེ། རང་གི་འབྱོར་པ་ལྔ་མཚོན་པའི་དོན་དུ་མིར་འགྱུར་བ་སྨྲས་སོ། །དེ་ལ་རང་གི་འབྱོར་པ་ལྔ་གང་ཞེ་ན། མིར་གྱུར་པ་དང༌། ཡུལ་དབུས་སུ་སྐྱེས་པ་དང༌། དབང་པོ་མ་ཚང་བ་མེད་པ་དང༌། གནས་ལ་དད་པར་གྱུར་པ་དང༌། ལས་ཀྱི་མཐའ་མ་ལོག་པ་གང་ཡིན་པའོ། །དེ་ལ་མིར་གྱུར་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་པ། སྐྱེས་པའི་དབང་པོ་དང་ལྡན་པའམ། བུད་མེད་དུ་སྐྱེས་པ་ཡིན་ཏེ། དེ་ནི་མིར་གྱུར་པ་ཞེས་བྱའོ། །ཡུལ་དབུས་སུ་སྐྱེས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་གང་དུ། འཁོར་བཞི་པོ་རྣམས་དང༌། དམ་པ་རྣམས་དང༌། ཡང་དག་པར་སོང་བ་


DTG110_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང༌། སྐྱེས་བུ་དམ་པ་རྣམས་འགྲོ་བའི་དབུས་ཀྱི་རྐུན་མ་ཡིན་པ་རྣམས་དང༌། ཀླ་ཀློ་མ་ཡིན་པ་རྣམས་སུ་སྐྱེ་ཞིང༌། རིགས་མཐོན་པོ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དག་ཏུ་སྐྱེ་བ་ཡིན་ཏེ། དེ་ནི་ཡུལ་དབུས་སུ་སྐྱེས་པ་ཞེས་བྱའོ། །དབང་པོ་མ་ཚང་བ་མེད་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་གླེན་པ་དང༌། དིག་པ་དང༌། ལྐུགས་པ་དང༌། ལག་པས་བརྡ་བྱེད་པར་གྱུར་ཅིང༌། ལེགས་པར་གསུངས་པ་དང༌། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་མི་ནུས་པ་མ་ཡིན་པ་དང༌། ཡན་ལག་དང་ཉིད་ལག་མ་ཚང་བ་མེད་པར་གྱུར་པ་རྣ་བ་མ་ཚང་བ་མེད་པ་ལ་སོགས་པ་ཡན་ལག་དང་ཉིད་ལག་མ་ཚང་བ་མེད་པས་གང་གིས་དགེ་བའི་ཕྱོགས་ཡང་དག་པར་བསྒྲུབ་པའི་སྐལ་བ་ཡོད་པ་ཡིན་ཏེ། དེ་ནི་དབང་པོ་མ་ཚང་བ་མེད་པ་ཞེས་བྱའོ། །གནས་ལ་དད་པར་གྱུར་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དད་པ་དང༌། སེམས་དང་བ་ཐོབ་པར་གྱུར་པ་ཡིན་ཏེ། དེ་ནི་གནས་ལ་དད་པར་གྱུར་པ་ཞེས་བྱའོ། །དེ་ལ་གནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་དཀར་པོའི་ཆོས་ཐམས་ཅད་སྐྱེ་བའི་གནས་སུ་གྱུར་པ་ཡིན་ནོ། །དེས་སྔོན་དུ་དྲངས་པའི་དབང་གིས་དེ་ལ་དད་པ་གང་ཡིན་པ་དེ་ནི་གནས་ལ་དད་པར་གྱུར་པ་ཡིན་ཏེ། ཉོན་མོངས་པའི་དྲི་མ་དང་རྙོག་པ་ཐམས་ཅད་བསལ་བར་གྱུར་པའི་ཕྱིར་རོ། །ལས་ཀྱི་མཐའ་མ་ལོག་པ་གང་ཞེ་ན། གང་གི་ཚེ་འདི་ཉིད་ལ་མཚམས་མེད་པའི་ལས་ལྔ་པོ་དག་ལས་གང་ཡང་རུང་བ་མ་བྱས་ཤིང་བྱེད་དུ་མ་བཅུག་པ་ཡིན་ཏེ། དེ་ནི་ལས་ཀྱི་མཐའ་མ་ལོག་པ་ཞེས་བྱའོ། །ཚེ་འདི་ཉིད་ལ་མཚམས་མེད་པའི་ལས་ལྔ་པོ་དེ་དག་བྱས་ཤིང་བསགས་ལ་ཡོངས་སུ་མ་སྤངས་ན་ཡོངས་སུ་མྱ་ངན་ལས་འདས་ཤིང་འཕགས་པའི་ལམ་བསྐྱེད་པའི་སྐལ་བ་མེད་པས་ན་དེའི་ཕྱིར་ལས་ཀྱི་མཐའ་དེ་དག་ནི་ལས་ཀྱི་མཐའ་མ་ལོག་པ་ཞེས་བྱའོ། །དེས་བདག་ཉིད་ཀྱི་ལུས་དེ་ཡན་ལག་ལྔ་པོ་དེ་དག་གི་འབྱོར་པར་བྱེད་པས་ན་དེའི་ཕྱིར་བདག་གི་འབྱོར་བ་ཞེས་བྱའོ། །དེ་ལ་རྙེད་པར་དཀའ་བའི་འོག་ནས་དཔེ་བསྟན་པའོ། །འོ་ན་ལུང་ལས། ངས་ནི་གང་དག་བསྟན་པ་ཡི། །མི་ཁོམ་བརྒྱད་པོ་དེ་དག་སྤོང༌། །ཞེས་བྱ་བ་ལ་


DTG110_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གསུངས་པས་མེ་ཏོག་གཅིག་ཕུལ་བ་ཙམ་ཡང་ཐ་མ་མྱ་ངན་ལས་འདས་པའི་རྒྱུར་གསུངས་ན་ནི་མི་ལུས་ཐོབ་པ་སྨོས་ཀྱང་ཅི་དགོས། དེ་ནི་བདེན་ཏེ། འདིར་ནི་དེ་ནི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ནས་མི་ལུས་ཐོབ་པ་ལ་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཤིན་ཏུ་གཏི་མུག་པར་གྱུར་བའི་ཕྱིར། དམྱལ་བ་ལ་སོགས་པ་དག་ནི་རྟོག་པ་ཤས་ཆེ་ཞིང་སྐྱོ་བ་བསྐྱེད་ཅིང་ཐར་པར་ཡང་འགྱུར་རོ། །དེ་ཅི་མངོན་ཞེ་ན། འཕགས་པ་ཉིད་ཀྱི་ཞལ་ནས། རྒྱ་མཚོ་ཆེ་གནས་གཉའ་ཤིང་བུག་པ་དང༌། །རུས་སྦལ་ཕྲད་པ་ལས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་མཆིས་པར་མཛོད། །ཅེས་གསུངས་སོ། །རྣམ་གྲངས་གཞན་ཡང་དགེ་བ་བཅུ་དང་ལྡན་པ་ལས་མི་ལུས་ཐོབ་པ་ནི་དཀའ་བ་མ་ཡིན་ནོ། །དེ་ལྟ་བས་ན་ལས་རྣམ་པ་གསུམ་གྱིས་ན་དཔེ་མ་ངེས་པ་མ་ཡིན་ནོ། །དེ་ལ་ཕྱོགས་སྔ་མ་ནི་ཅི་ལྟ་ཞེ་ན་ཞེས་བྱ་བའོ། །ལན་ནི་དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་སྟེ། ས་ཆེན་པོ་ནི་དབུས་ཀྱི་གླིང་བཞི་རི་རབ་དང་བཅས་པའོ། །དཔེར་ན་ཞེས་བྱ་བ་ལ་སོགས་པ་ནི་དཔེ་དགོད་པའོ། །རུས་སྦལ་སྨོས་པ་ནི་དེ་དེའི་གནས་ཡིན་པའི་ཕྱིར་དང༌། ཧ་ཅང་ཡང་ཉལ་བའི་ཕྱིར་རོ། །ཐུབ་པ་ནི་ཚེའི་ཚད་དོ། །འཚོ་བ་ནི་ཁ་ཟས་ཀྱིས་གནས་པའོ། །ངེས་པར་བཟུང་བའི་ཕྱིར་བཟླས་ཏེ་བརྗོད་པ་ནི། བཅོམ་ལྡན་འདས་སྟེས་ན་འགྱུར་ལགས་སོ། །བདེ་བར་གཤེགས་བསྟེས་ན་འགྱུར་ལགས་ཏེ་ཞེས་བྱའོ། །དེ་ལ་བདེ་བར་གཤེགས་པ་ཞེས་བྱ་བ་ནི་རང་གི་དོན་ཕུན་སུམ་ཚོགས་པ་དང༌། གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །དེ་ལ་རང་གི་དོན་ཕུན་སུམ་ཚོགས་པ་ནི་སྤངས་པ་དང༌། ཡེ་ཤེས་གཉིས་སོ། །དེ་ལ་སྤངས་པ་ཕུན་སུམ་ཚོགས་པ་ནི་མི་ལྡོག་པར་གཤེགས་པ་སྟེ་རིམས་ནད་ལེགས་པར་བྱང་བ་ལྟ་བུའོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ནི་མ་ལུས་པར་གཤེགས་པ་སྟེ་བུམ་པ་ལེགས་པར་གང་བ་ལྟ་བུའོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་ནི་མཛེས་པར་གཤེགས་པ་སྟེ་གཟུགས་བཟང་པོ་ལྟ་བུའོ། །དེ་ལ་འཁོར་བ་ལས་ཐར་བ་ནི་ཞི་བའོ། །ཕུང་པོ་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་སྟེ། ཉན་ཐོས་དང་རང་རྒྱལ་བའི་ཐེག་པ་ནི་བསྟན་པའི་ཆོས་སོ། །ཐེག་པ་ཆེན་པོ་ནི་རབ་ཏུ་བསྟན་པའོ། །སྟེས་ན་ཞེས་བྱ་བ་ནི་ལས་རྣམ་པ་


DTG110_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཅི་རིགས་པས་སོ། །ལས་རྣམ་པ་གསུམ་ནི་སྐྱེས་ནས་མྱོང་བ་དང༌། ལན་གྲངས་གཞན་ལ་མྱོང་བ་དང༌། མ་ངེས་པར་མྱོང་བའོ། །དཔེ་དེས་སྨོས་པ་ནི་གོང་དུ་སྦྱར་བ་དང༌། འོག་ཏུ་སྦྱར་བའི་ཕྱིར་རོ། །མདོ་སྡེ་ཀུན་ལས་བཏུས་པའི་བཤད་པ། ལུང་གི་ཚད་མས་སྦྱར་བ་ལས། མི་ལུས་ཐོབ་པ་རྙེད་པར་དཀའ་བའི་གཏམ་བརྗོད་པ་སྟེ་གཉིས་པའོ།། །།ད་ནི་དལ་བ་འབྱོར་པ་རྙེད་པར་དཀའ་བ་དེ་བསྟན་པའི་ཕྱིར་དལ་བ་འབྱོར་བ་རྙེད་པར་དཀའ་བ་སྟེ་ཞེས་དམ་བཅའ་བ་མཛད་དོ། །གོང་དུ་བཤད་པའི་ལུང་ལས་འབྱུང་བ་དེ་དྲང་བའི་དོན་མ་ཡིན་ནམ་ཞེ་ན། གཉིས་པ་ནི་ངེས་དོན་སྒྲུབ་པ་དང་དལ་བ་འབྱོར་པའི་མཚན་ཉིད་རྒྱས་པར་བཤད་པའི་ཕྱིར་གསུངས་པ། དལ་བ་འབྱོར་བ་རྙེད་དཀའ་སྟེ། །ཞེས་བསྟན་པ་ཡིན་ནོ། །ད་ཉིད་ཀྱང་མི་ལུས་ཐོབ་པར་དཀའ་བ་བསྟན་པ་ནི། དལ་བའི་མཚན་ཉིད་བསྟན་ལ། དལ་འབྱོར་རྙེད་དཀའ་བས་ན་འབྱོར་བ་ལྔ་བསྟན་ཏེ། ངན་སོང་གསུམ་ལས་ལོག་པས་ན་མིར་གྱུར་པའོ། །མཐའ་འཁོབ་ནས་དགེ་བསྙེན་མ་མི་འོང་བའི་ནང་དུ་མ་སྐྱེས་པའི་བར་གྱིས་ནི་ཡུལ་དབུས་སུ་སྐྱེས་པའོ། །གླེན་པ་མ་ཡིན་པ་ལ་སོགས་པ་ནི་དབང་པོ་ཚང་བ་བསྟན་ཏོ། །ལོག་པར་ལྟ་བ་མ་ཡིན་པས་ནི་གནས་ལ་དད་པ་དང་ལས་ཀྱི་མཐའ་མ་ལོག་པ། སངས་རྒྱས་འཇིག་རྟེན་དུ་བྱུང་བས་ནི་གཞན་གྱི་འབྱོར་པ་ལྔ་བསྟན་ཏོ། །གཞན་དག་ནི་མི་ཁོམ་པ་བརྒྱད་ལས་ལོག་པ་ནི་དལ་བ་ཡིན་ལ། མི་ཁོམ་པ་གང་ཞེ་ན། སེམས་ཅན་དམྱལ་བ་ལ་སོགས་པའོ་ཞེས་བསྟན་པའི་ཕྱིར་དེ་འོག་ནས་ཀྱང་གང་ཟག་ཚངས་པར་སྤྱོད་པ་ལ་གནས་པའི་དལ་བའི་དུས་ནི་གཅིག་སྟེ། ཞེས་འབྱུང་བའི་ཕྱིར་རོ་ཞེས་འདོད་དོ། །དེ་ལ་བྱེ་བྲག་མང་པོ་ཞེས་བྱ་བ་ནི་ཐེག་པ་མཐའ་དག་སྟོན་པ་ལས་སོ། །གཅིག་ལས་འཕྲོས་པ་ཞེས་བྱ་བ་ནི་གོང་དུ་འཛེག་པ་ལ་བྱའོ། །ཆོས་སྒྲུབ་པའི་གནས་མ་ཡིན་པས་མི་ཁོམ་པའོ། །གཙོ་བོ་བསྡུས་པ་ནི་བརྒྱད་ཅེས་བྱ་སྟེ། རྣམ་པའི་རབ་ཏུ་དབྱེ་བ་ནི་མཐའ་ཡས་པའོ། །གང་ཟག་ཅེས་བྱ་བ་ནི་སྐྱེས་པ་དང་བུད་མེད་དག་གོ །དེ་ལ་དམྱལ་བ་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་དོ། །དུད་འགྲོའི་སྐྱེ་གནས་ནི་རིགས་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་གོ །གཤིན་རྗེའི་རིགས་ནི་སུམ་ཅུ་རྩ་དྲུག་དག་གོ །དེ་ལ་རང་བཞིན་དང་ལུས་དང་དངོས་པོ་བསྟན་པས་ནི་


DTG110_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་བའོ། །དུད་དེ་འགྲོ་བའི་ཕྱིར་དང༌། བླུན་པའི་ཕྱིར་དུད་འགྲོའོ། །གཤིན་རྗེ་ཞེས་བྱ་བ་ནི་འགྲོ་བའི་བདག་པོར་གྱུར་པ་སྟེ། དེའི་རིགས་ནི་ཡི་དགས་ཀྱི་འཇིག་རྟེན་ནོ། །དེ་ལ་དམྱལ་བའི་ཁམས་ནི་བསྡུ་ན་རྣམ་པ་བརྒྱད་དེ། ཡང་སོས་དང༌། ཐིག་ནག་དང༌། བསྡུས་འཇོམས་དང༌། ངུ་འབོད་དང། ངུ་འབོད་ཆེན་པོ་དང༌། ཚ་བ་དང༌། རབ་ཏུ་ཚ་བ་དང༌། མནར་མེད་པ་སྟེ་ཆུ་བུར་ཅན་ལ་སོགས་པ་བརྒྱད་ནི་ཡང་སོས་ལ་སོགས་པར་བསྡུའོ། །ཉི་ཚེ་བ་དང་ཉེ་འཁོར་བ་འང་ཚ་བ་བརྒྱད་ཀྱི་འཁོར་དུ་བསྡུའོ། །དུད་འགྲོའི་སྐྱ་གནས་ནི་རྫུས་ཏེ་སྐྱེ་བ་དང༌། མངལ་ནས་སྐྱེ་བ་དང༌། སྒོ་ང་ལས་སྐྱེ་བ་དང༌། དྲོད་གཤེར་ལས་སྐྱེ་བ་སྟེ་སྐྱེ་གནས་རྣམ་པ་བཞིའོ། །ཁམ་གྱི་ཟས་དང༌། རེག་པའི་ཟས་དང༌། ཡིད་ལ་བྱེད་པའི་ཟས་དང༌། རྣམ་པར་ཤེས་པའི་ཟས་ཅན་ཏེ་འཚོ་བའི་ཕྱིར་ཡང་རྣམ་པ་བཞིའོ། །རྐང་པ་མེད་པ་དང༌། རྐང་གཉིས་པ་དང༌། རྐང་བཞི་པ་དང༌། རྐང་མངས་ཏེ་གཟུགས་ཅན་གྱི་རྣམ་པ་བཞིའོ། །ཡི་དགས་ནི་ཕྱིའི་སྒྲིབ་པ་ཅན་དང༌། ནང་གི་སྒྲིབ་པ་ཅན་དང༌། ཟས་དང་སྐོམ་ལ་སྒྲིབ་པ་ཅན་ཏེ་བསྡུ་ན་རྣམ་པ་གསུམ་མོ། །དེ་ལ་དམྱལ་བ་དག་ནི་རྫུབ་པའོ། །ཡི་དགས་ནི་མངལ་ནས་སྐྱེ་བ་དང༌། རྫུབ་པ་གཉིས་ཡོད་དེ། མངལ་ནས་སྐྱེས་པ་ཅི་མངོན་ཞེ་ན། ཇི་སྐད་དུ། བདག་གིས་མཚན་མོ་བུ་ལྔ་དང༌། །དེ་བཞིན་ཉིན་མོ་བུ་ལྔ་དག །བསྐྱེད་ཅིང་བསྐྱེད་ཅིང་ཟོས་གྱུར་ཏེ། །འོན་ཀྱང་བདག་ནི་འགྲངས་མ་གྱུར། །ཞེས་བྱ་བ་ལྟ་བུའོ། །ལྷ་ཚེ་རིང་པོ་ནི་གཟུགས་ཀྱི་ཁམས་ཀྱི་གནས་རིགས་བཞི་པ་སྟེ་འབྲས་བུ་ཆེའི་ཕྱོགས་གཅིག་ན་གནས་པའོ། །དེ་ཅིའི་ཕྱིར་མ་ཁམ་པ་ཡིན་ཞེ་ན། ལུས་དེ་ཞི་བ་དང༌། ཚེ་ཟད་པའི་ཚེ་ལོག་པར་ལྟ་བའི་ཕྱིར་རོ། །འཁོར་རྣམ་པ་བཞི་མི་འོང་བས་ན་མཐའ་འཁོབ་པའོ། །མཐའ་འཁོབ་གཉིས་གང་ཞེ་ན། རྐུ་འཕྲོག་བྱེད་པ་ལ་སོགས་པ་སྟེ། ཀླ་ཀློ་ནི་ཀླ་ཀློ་ཉིད་ལ་བྱའོ། །བརྣབ་སེམས་ནི་ཆགས་སེམས་ཅན་ཏེ་ཡིད་ཀྱིས་བདག་གིར་བྱེད་པའི་ཕྱིར་རོ། །གནོད་སེམས་ནི་ཞེ་སྡང་བ་ཅན་ནོ། །འཁོར་རྣམ་པ་བཞི་ནི་གཙོ་བོ་སྨོས་པ་སྟེ། དགེ་ཚུལ་ཕ་ནི་དགེ་སློང་གི་འཁོར་དུ་བསྡུའོ། །དགེ་ཚུལ་མ་དང་དགེ་སློང་མ་ནི་དགེ་སློང་མའི་འཁོར་དུ་བསྡུའོ། །བསྙེན་གནས་ནི་དགེ་བསྙེན་གྱི་འཁོར་དུ་བསྡུའོ། །ཡིད་ཤས་ཆུང་བས་ན་གླེན་པའོ། །


DTG110_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཀྱིས་ན་དོན་གོ་བའི་མཐུ་མེད་པའོ། །སྒོ་ལྔའི་དབང་པོ་ཤས་ཆུང་བས་ན་ལུག་ལྟར་ལྐུགས་པའོ། །དེ་ཉིད་ཀྱིས་ན་ལག་བརྡ་བྱེད་པའོ། །གང་གི་དོན་ཞེ་ན། ལེགས་པར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཕན་པའི་དོན་སྟོན་པས་ན་ལེགས་པར་སྨྲས་པའོ། །ཕན་པ་མ་ཡིན་པའི་དོན་སྟོན་པས་ན་ཉེས་པར་སྨྲས་པའོ། །ཡང་རྣ་བར་སྙན་པ་ནི་ལེགས་པར་སྨྲས་པའོ། །དེ་ལས་བཟློག་པ་ནི་ཉེས་པར་སྨྲས་པའོ། །ལོག་པར་ལྟ་བ་རྣམ་པ་གསུམ་སྟེ། རྒྱུ་ལ་སྐུར་བ་དང༌། འབྲས་བུ་ལ་སྐུར་བ་དང༌། བྱེད་པ་ལ་སྐུར་བའོ། །དེ་ལ་རྒྱུ་ལ་སྐུར་བ་ནི་སྦྱིན་པ་ཡང་མེད་ཅེས་བྱ་བ་ལ་སོགས་པ་སྟེ། མ་ཆགས་པའི་དགེ་བའི་རྩ་བ་ནས་སྦྱིན་པ་སྟེ། དེ་ནི་ཕྱུག་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཉིད་སྙོམས་པར་བྱེད་པ་དང༌། དུས་བཟང་པོར་སྦྱིན་པས་ན་མཆོད་སྦྱིན་ཏེ་དེ་ནི་རྩ་འཇིང་དང་སྐུར་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་རོ། །སྦྱིན་པ་དེ་ཉིད་ཀྱི་ཁྱད་པར་ནི་སྦྱིན་སྲེག་ཅེས་བྱ་སྟེ། དེ་འབྱོར་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེས་ན། བཟླས་ལ་བརྩོན་ན་དགའ་འགྱུར་ཞིང༌། །བསྒོམ་ལ་བརྩོན་ན་གྲོལ་བར་འགྱུར། །མཆོད་ལ་བརྩོན་ན་དགའ་འགྱུར་ཞིང༌། །བསྒོམ་ལ་བརྩོན་ན་གྲོལ་བར་འགྱུར། །མཆོད་ལ་བརྩོན་ན་མཆོད་འགྱུར་ཞིང༌། །མེ་ལ་སྦྱིན་སྲེག་བྱས་པས་འབྱོར། །ཞེའོ། །བྱེད་པ་ལ་སྐུར་པ་ནི་ལེགས་པར་བྱས་པ་ཡང་མེད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ལེགས་པར་བྱས་པ་ནི་སྲོག་གཅོད་པ་སྤོང་བ་ལ་སོགས་པ་སྟེ། དེ་དག་ནི་ཚེ་རིང་བ་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཉེས་པར་བྱས་པ་ནི་སྲོག་གཅོད་པ་ལ་སོགས་པ་སྟེ། དེ་དག་ནི་ཚེ་ཐུང་བ་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། སྲོག་གཅོད་པ་ཡིས་ཚེ་ཐུང་འགྱུར། །མ་བྱིན་ལེན་པས་དབུལ་བ་ཉིད། །བྱིའོ་བྱས་པས་དགྲ་དང་བཅས། །བརྫུན་དུ་སྨྲས་པས་སྐུར་པ་སྟེ། །ཕྲ་མ་ཡིས་ནི་བཤེས་དང་འབྱེད། །རྩུབ་པོའི་ཚིག་གིས་མི་སྙན་ཐོས། །མ་འབྲེལ་སྨྲ་བ་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བཤད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ལ་འབྲས་བུ་རྣམ་པ་བཞི་སྟེ། རྣམ་པར་སྨིན་པ་དང༌། རྒྱུ་མཐུན་པ་དང༌། དབང་དང༌། སྐྱེས་བུ་བྱེད་པའོ། །འདི་དག་གིས་བཤད་པ་ནི་འོག་ནས་ཞིབ་ཏུ་འབྱུང་ངོ༌། །དེ་ལ་གཙོ་བོ་ཡིན་པའི་ཕྱིར་རྣམ་པར་སྨིན་པ་ཞེས་སྨྲས་པ་སྟེ། མི་འདྲ་བར་སྨིན་


DTG110_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྣམ་པར་སྨིན་པའོ། །རིས་མཐུན་པའི་སྣང་བ་ནི་འཇིག་རྟེན་འདིའོ། །རིས་མཐུན་པ་དོར་བའི་མ་འོངས་པའི་སྐྱེ་བ་ལས་ཀྱི་དབང་གིས་འགྲུབ་པའི་ཕ་རོལ་ལོ། །ཡོད་པའི་དངོས་པོ་འཇིག་པར་བྱེད་པ་ནི་ཕ་ཡང་མེད་མ་ཡང་མེད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དགེ་སྦྱོང་ཞེས་བྱ་བ་ནི་ཆོས་རྣམ་པ་ལྔ་དང་ལྡན་པའི་ཕྱིར་རོ། །བྲམ་ཟེ་ནི་སྤྱོད་པ་གཙང་བའི་ཕྱིར། ཁ་ན་མ་ཐོ་བ་སྤངས་པའོ། །ཡང་ན་རབ་ཏུ་བྱུང་བ་སྡེ་ལྔ་སྟེ། དགེ་སློང་དང༌། དགེ་སློང་མ་དང༌། དགེ་ཚུལ་ཕ་དང༌། དགེ་ཚུལ་མའི་སྡོམ་པ་ལ་བརྟེན་ནས་དོན་བྱེད་པ་ནི་དགེ་སྦྱོང་ངོ༌། །ཁྱིམ་པའི་རྟགས་སྐྲ་དང་ཁ་སྤུ་མ་བྲེགས་ཤིང་གོས་དཀར་པོ་གྱོན་བཞིན་དུ་ཚངས་པར་སྤྱོད་པ་ལ་སོགས་པའི་སྒོ་ནས་དོན་བྱེད་པ་ནི་བྲམ་ཟེའོ། །ཡང་ན་ཆོས་འདི་པའི་ཆ་བྱད་ཅན་ནི་དགེ་སྦྱོང་ངོ༌། །ཕྱི་རོལ་པའི་ཆ་བྱད་ཅན་བྲམ་ཟེའོ། །ཡང་ན་དགེ་སྦྱོང་ནི་རྣམ་པ་བཞི་སྟེ། ལམ་རྒྱལ་བ་དང༌། སྟོན་པ་དང༌། འཚོ་བ་དང༌། སུན་འབྱིན་པར་བྱེད་པའོ། །དེ་ལ་དང་པོའི་དབང་དུ་བྱས་ནས་དེ་བཞིན་གཤེགས་པ་ནི་ལམ་རྒྱལ་བ་སྟེ་ཡང་དག་པར་སོང་པའོ། །ཆོས་སྨྲ་བ་དང་ལེགས་པར་ཞུགས་པ་ནི་སྟོན་པ་དང་འཚོ་བ་སྟེ་ཞུགས་པའོ། །བྲམ་ཟེ་ཞེས་བྱ་བ་ནི་རིགས་དང་མིང་དང་སྒྲུབ་པའི་དབང་དུ་བྱས་པས་རྣམ་པ་གསུམ་སྟེ། དོན་གྱི་སྐབས་འདིར་སྒྲུབ་པ་བྲམ་ཟེ་ལ་འདོད་དེ་བྱ་བ་བྱས་ཤིང་མི་དགེ་བའི་ཆོས་ཐམས་ཅད་བསལ་བས་ན་ཡང་དག་པར་སོང་བའོ། །ཡང་ན་སློབ་པ་དང་མི་སློབ་པ་དག་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དག་ལས་རྣམ་པར་རྒྱལ་བས་ན་ལམ་རྒྱལ་བའི་དགེ་སྦྱོང་ཞེས་བྱ་སྟེ། དེའི་ཕྱིར་རྒྱུན་དུ་ཞུགས་པ་ལ་སོགས་པ་ལ་སྦྱར་བར་བྱའོ། །དེ་ལ་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དག་ནི་ཡང་དག་པར་སོང་བའོ། །དེ་དག་ནི་རྒྱུ་ལ་ཞུགས་པ་གསུམ་དང༌། དགྲ་བཅོམ་པའི་རྒྱུ་ལ་ཞུགས་པ་ནི་ཡང་དག་པར་ཞུགས་པའོ། །དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་ནི་དགྲ་བཅོམ་པའོ། །དགྲ་བཅོམ་པའི་ཡོན་ཏན་གང་ཞེ་ན། འཇིག་རྟེན་རིག་པ་ཞེས་བྱ་བ་ལ་སོགས་པ་སྟེ། ལྷའི་མིག་གི་མངོན་པར་ཤེས་པ་དང༌། འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་མངོན་པར་ཤེས་པ་དང༌། ཟག་པ་ཟག་པའི་མངོན་པར་ཤེས་པ་ནི་འཇིག་རྟེན་རིག་པའོ། །དེ་ལས་


DTG110_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པ་ནི་གང་ཟག་ཚངས་པར་སྤྱོད་པ་ལ་གནས་པ་དལ་བའི་དུས་ནི་གཅིག་སྟེ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་བཞིན་གཤེགས་པས་བསྟན་པའི་ཆོས་གང་ཞེ་ན་ཐོག་མར་དགེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་ཡོན་ཏན་གྱི་རྣམ་གྲངས་ནི་འདི་ལྟ་སྟེ། བཤད་པར་བྱ་བ་དང༌། ཁོང་དུ་ཆུད་པར་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་དང་སྨྲ་བྱེད་དང༌། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟ་བས་ན་བཤད་པར་བྱ་བའི་ཆོས་བསྟན་པར་བྱ་བ་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ཞེས་བྱ་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པས་ཐོག་མར་དགེ་བ་སྟེ། ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང༌། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང༌། ཁ་ན་མ་ཐོ་བ་ཕྲ་རབ་དག་ལ་འཇིགས་པར་ལྟ་བའོ། །བར་དུ་དགེ་བ་ནི་ལྷག་པའི་སེམས་ཀྱི་བསླབ་པ་སྟེ། འདོད་པས་དབེན་པ་ལ་སོགས་པའི་བསམ་གཏན་བཞིའོ། །ཐ་མར་དགེ་བ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་སྟེ། འཕགས་པའི་བདེན་པ་བཞི་ཤེས་པར་འདོད་པའི་ཟག་པ་དང༌། སྲིད་པ་དང༌། མ་རིག་པ་དང༌། ལྟ་བའི་ཟག་པ་ལས་སེམས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འགྱུར་བའོ། །དེ་ལྟ་བུའི་དུས་གསུམ་དུ་དགེ་བའི་ཆོས་དེ་ཡང་ཅི་འདྲ་ཞེ་ན། བརྗོད་བྱའི་དོན་མ་ལོག་ཅིང་མཆོག་ཏུ་གྱུར་པ་དོན་ཕུན་སུམ་ཚོགས་པས་དོན་བཟང་བའོ། །ཨ་ལ་སོགས་པ་རྗོད་བྱེད་ཀྱི་ཚིག་གསལ་ཞིང་དོན་མྱུར་དུ་གོ་བར་བྱེད་པས་ཚིག་འབྲུ་བཟང་པོའོ། །དེ་ལྟ་བུའི་ཆོས་དེས་ཅི་ཞིག་སྒྲུབ་ཅིང་སྟོན་ཅེ་ན། ཚངས་པར་སྤྱོད་པ་ཞེས་བྱ་སྟེ། ཕུང་པོ་ལྷག་མ་དང་བཅས་པ་ལ་སོགས་པའི་མྱ་ངན་ལས་འདས་པ་ནི་ཚངས་པའོ། །དེ་ལ་ཅི་མངོན་ཞེ་ན། མདོ་ལས་ཞི་བར་གྱུར་པ་ཚངས་པར་གྱུར་པ། བསིལ་བར་གྱུར་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་གྲངས་སོ་ཞེའོ། །དེའི་རྒྱུ་ཡིན་པའི་ཕྱིར་སྤྱོད་པ་སྟེ། ལམ་གྱི་འདུས་བྱས་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་ཡང༌། ཟག་བཅས་ཟག་པ་མེད་ཆོས་དང༌། །ལམ་མ་རྟོགས་པའི་འདུས་བྱས་རྣམས། །ཟག་བཅས་གང་ཕྱིར་དེ་དག་ལ། །ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཞེའོ། །


DTG110_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་ན་ཚངས་པར་སྤྱོད་པ་ཞེས་བྱ་བས་ནི་རྟོགས་པར་བྱ་བ་དོན་དམ་པའི་ཆོས་བསྟན་ཏོ། །དོན་དམ་པའི་ཆོས་དེ་ཅི་འདྲ་བ་ཞེ་ན། མུ་སྟེགས་ཅན་དང་མ་འདྲས་པའོ། །ལམ་དེས་ཁམས་གསུམ་གྱི་ཉོན་མོངས་པ་སྤོང་བས་ཡོངས་སུ་རྫོགས་པའོ། །ལམ་དེ་རང་བཞིན་གྱིས་རྣམ་པར་གྲོལ་བས་ན་ཡོངས་སུ་དག་པའོ། །ལམ་དེ་ཟག་པ་ཟད་པ་རྣམས་ཀྱི་རྒྱུད་ལ་སྐྱེས་ཏེ་རྒྱུད་ཀྱི་དག་པས་དག་པའི་ཕྱིར་ཡོངས་སུ་བྱང་བའོ། །ལ་ལ་དག་ནི་ཐོས་པའི་ཚེ་དད་པ་བསྐྱེད་པས་ཐོག་མར་དགེ་བའོ། །སེམས་པའི་ཚེ་དགའ་བ་བསྐྱེད་པས་བར་དུ་དགེ་བའོ། །བསྒོམ་པའི་ཚེ་བློ་རྒྱ་ཆེན་པོ་བསྐྱེད་པས་ཐ་མར་དགེ་བའོ། །མཐོ་རིས་དང་ཐར་པའི་རྒྱུ་ཡིན་པའི་ཕྱིར་མཐོ་རིས་དང་བྱང་གྲོལ་གྱི་དོན་འབྱུང་བས་དོན་བཟང་པོའོ། །དེ་འཆད་པའི་ཚིག་གསལ་ཞིང་ཟུར་ཕྱིན་པས་ཚིག་འབྲུ་བཟང་པོའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་མུ་སྟེགས་ཀྱི་ཆོས་ཀྱི་གཉེན་པོ་ཡིན་པས། ཐོག་མ་ལ་སོགས་པར་དགེ་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཚིག་སྔ་ཕྱི་འགལ་བ་འབྱུང་སྟེ། མི་འཚེ་བ་ནི་ཆོས་ཀྱི་མཆོག་ཅེས་འབྱུང་ལ། ཕྱུགས་བསད་དེ་མཆོད་སྦྱིན་བྱས་ན་མཐོ་རིས་སུ་འགྲོ་ཞེས་བྱ་བ་དང༌། བརྫུན་གྱིས་སླུ་བ་སྡིག་པའི་མཆོག །ཅེས་འབྱུང་ལ། རྩེད་མོ་དང༌། མི་ཚངས་པར་སྤྱོད་པ་དང༌། བག་མ་ལེན་པ་དང༌། ནོར་འཕྲོག་པ་དང༌། སྲོག་གི་ཕྱིར་ནི་བརྫུན་སྨྲ་བར་བྱ་ཞེས་འབྱུང་ངོ༌། །ཡང་བདག་ཏུ་སྨྲ་བས་ན་དོན་བཟང་པོ་མ་ཡིན་ནོ། །མ་འབྲེལ་པ་དང༌། མི་གསལ་བ་དང༌། ཅལ་ཅོལ་དུ་སྨྲ་བས་ན་ཚིག་འབྲུ་ངན་པའོ། །མི་ཐོད་ཅན་དང༌། གཅེར་བུ་བ་དང་འདྲེས་པས་མ་འདྲེས་པ་ཡང་མ་ཡིན་ནོ། །ས་འོག་མའི་གཉེན་པོ་ཙམ་ཡིན་པས་ཡོངས་སུ་རྫོགས་པ་ཡང་མ་ཡིན་ནོ། །རང་གི་ས་པའི་ཉོན་མོངས་པ་འབྱུང་བས་ཡོངས་སུ་དག་པ་ཡང་མ་ཡིན་ནོ། །ས་གཞན་གྱི་ཉོན་མོངས་པའི་ཡིད་དང་རྗེས་སུ་འབྲེལ་པ་ས་རྣམ་པར་བྱང་བ་ཡང་མ་ཡིན་ནོ། །མྱ་ངན་ལས་འདས་པའི་རྒྱུ་མ་ཡིན་པས་ཚངས་པར་སྤྱོད་པ་ཡང་མ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་ཐོག་མར་དགེ་བ་ནི་དོན་བཟང་པོའི་ཕྱིར་རོ། །བར་དུ་དགེ་བ་ནི་ཚིག་འབྲུ་བཟང་པོའི་ཕྱིར་རོ། །ཐ་མར་དགེ་བ་ནི་མ་འདྲེས་པ་ལ་སོགས་པ་ཚིག་ལྔ་ཡིན་ནོ་ཞེས་ཀྱང་ཟེར་རོ། །འོ་ན་དལ་བ་འབྱོར་པ་རྙེད་པར་དཀའ་བ་


DTG110_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་དྲང་བའི་དོན་མ་ཡིན་ནམ་ཞེ་ན། ངེས་དོན་གྱི་ལུང་བསྟན་པ་ནི་གྲོགས་པོ་དག་ཅེས་བྱ་བ་ལ་སོགས་པ་ཡིན་ནོ། །ཁ་ཅིག་ནི་ལུང་གཞན་བསྟན་པའི་སྒོ་ནས་དོན་བསྡུ་བ་ཡིན་ནོ་ཞེས་ཀྱང་འདོད་དོ། །ལ་ལ་དག་ནི་དལ་བ་འབྱོར་བ་ཇི་ལྟར་རྙེད་པར་དཀའ་ཞེ་ན། གཏན་ཚིགས་གཞན་བསྟན་ཏེ་དཔེར་ན། ཨ་ཀ་རུ་ནག་པོ་འགའ་ཞིག་ཏུ་དྲི་འབྱུང་གི་གཏན་དུ་མ་ཡིན་པ་ལྟར་དལ་བ་འབྱོར་པ་ཡང་ཚུལ་ཁྲིམས་དང་ལྡན་ཞིང་རྒྱུ་མ་ཚང་བ་མེད་པར་ཚོགས་པ་ལས་ཐོབ་ཀྱི་གྱི་ན་ཐོབ་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་མདོ་འདི་སྨོས་སོ་ཞེས་ཟེར་རོ། །ཁ་ཅིག་ནི་མཛེས་པར་བྱ་བའི་ཕྱིར་དང་ངེས་དོན་དུ་བྱ་བ་དང༌། ཚུལ་གཞན་གྱིས་བཤད་པར་བཤད་པ་དང༌། སློབ་དཔོན་རང་ཉིད་ཀྱིས་གཟིགས་པ་བསྟན་པའི་ཕྱིར་བཤད་པ་དང་མ་བཤད་པའི་ལུང་གི་དོན་མཐའ་དག་བསྟན་པར་རིག་པར་བྱའོ་ཞེས་ཟེར་རོ། །ཁ་ཅིག་ནི་མཛེས་པར་བྱ་བའི་ཕྱིར། དེ་ལྟར་ན་མདོ་སྡེ་སངས་རྒྱས་སྙིང་པོ་ལས་དགེ་སློང་དག་དལ་འབྱོར་ནི་རྣམ་པ་བཅུ་སྟེ། གཞན་གྱི་འབྱོར་པ་ལྔ་དང༌། རང་གི་འབྱོར་པ་ལྔའོ་ཞེས་བྱ་བ་གསུངས་པའི་དོན་སློབ་དཔོན་གྱིས་མདོ་དུ་མས་བཤད་པ་ཡིན་ནོ། །ད་ནི་ཟླ་བའི་སྙིང་པོའི་ལེའུ་ལས་འབྱུང་བའི་དལ་འབྱོར་གཞན་བསྟན་པའི་ཕྱིར། ཡང་དེ་ཉིད་ལས་འབྱུང་བ་ཞེས་སྨྲས་སོ། །རྣམ་པར་དག་པ་ཞེས་བྱ་བ་ནི་ཡོན་ཏན་བཅུ་དང་ལྡན་པའོ། །མཉམ་པ་ཉིད་ཅེས་བྱ་བ་ནི་མ་ཚང་བ་མེད་པའོ། །དེ་ཉིད་བསྟན་པ་ནི། རིགས་དམའ་བ་སྤངས་པ་དང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རིགས་མཐོ་བས་ན་རིགས་དམའ་བ་སྤངས་པའོ། །ཅི་མི་ཤེས་པས་ན་གླེན་པའོ། །བྱེ་བྲག་མི་ཕྱེད་པས་ན་བླུན་པའོ། །ཞར་བ་དང་རླིག་པ་ཕྱུང་བ་ལ་སོགས་པ་ནི་དབང་པོ་ཉམས་པའོ། །ཕོའི་དབང་པོ་དང་ལྡན་པ་དང༌། དེ་མ་ཉམས་པས་ཕོར་སྐྱེས་པའོ། །འོ་ན་བུད་མེད་ཀྱང་ཅིའི་ཕྱིར་མ་སྨོས་ཤེ་ན། རྟེན་དམན་པའི་ཕྱིར་མ་སྨོས་སོ། །གཟུགས་ལེགས་པས་ན་གཟུགས་བཟང་པོའོ། །འབྱོར་བ་དང་ལྡན་པས་ནི་མི་དབུལ་བའོ། །གཟི་བརྗིད་ཆེ་བས་ན་མི་བརྙས་པའོ། །ཚིག་བཙུན་པས་ན་ཚིག་མཉན་པའོ། །མང་པོས་བཀུར་བས་ན་སྐྱེ་བོ་མང་པོས་ལྟ་བའོ། །དེ་ལ་མཉམ་པ་ཉིད་བཅུ་ཡོངས་སུ་རྫོགས་པ་མ་ཡིན་པས་གེགས་སུ་འགྱུར་ན་ནི་ཧ་ཅང་ཐལ་ཆེས་པར་འགྱུར་ལ། མ་ཡིན་ན་དོན་མེད་པར་


DTG110_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་ཞེ་ན། མ་ཡིན་ཏེ་འོན་ཀྱང་ཡོན་ཏན་ཚད་མར་བསྟན་པའི་ཕྱིར་འདི་སྨོས་པ་ཉེས་པ་མེད་དོ། །མདོ་ཀུན་ལས་བཏུས་པའི་བཤད་པ་ལུང་གི་ཚད་མས་སྦྱར་བ་ལས་དལ་བ་འབྱོར་པ་རྙེད་པར་དཀའ་བའི་གཏམ་བརྗོད་པ་སྟེ་གསུམ་པའོ། །དལ་འབྱོར་གྱི་མཚན་ཉིད་བཤད་ཟིན་ཏོ།། །།ད་ནི་བྱང་ཆུབ་ཀྱི་སེམས་བསྟན་པ་བཤད་པར་བྱའོ། །དེ་ལ་རེ་ཞིག་མཚམས་སྦྱོར་བ་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་དད་པ་རྙེད་པར་དཀའ་སྟེ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ་བསྙེན་བཀུར་བྱས་ན་གཟོད་དད་པ་ཐོབ་པོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་བསྟན་པ་ནི་དམ་པའི་ཆོས་ལུང་དང་རྟོགས་པའི་བདག་ཉིད་ལ་བྱའོ། །དད་པ་ནི་མི་ཕྱེད་པའི་མཚན་ཉིད་དང་ལྡན་པའོ། །དེ་ནི་རྣམ་པ་གསུམ་སྟེ། དང་བའི་དད་པ་དང༌། ཡིད་ཆེས་པ་དང༌། འདོད་པའི་དད་པའོ། །དེ་དག་ཀྱང་ཡུལ་ནི་དཀོན་མཆོག་ལ་སོགས་པ་རྣམ་པ་གསུམ་ལ་ཅི་རིགས་པར་སྐྱེ་བའོ། །འོ་ན་ལུང་ལས་ཀྱང་དད་པ་གང་ཞེ་ན། ལས་དང་འབྲས་བུ་བདེན་པ་དང༌། དཀོན་མཆོག་གསུམ་ལ་མངོན་པར་ཡིད་ཆེས་པ་དང༌། འདོད་པ་དང་སེམས་དང་བའོ་ཞེས་པ་དང་འགལ་ལོ་ཞེས་རྒོལ་བའི་དད་པ་ཇི་ལྟ་བུ་ཞེ་ན་ཞེས་བྱ་བའོ། །ལན་ནི་དེ་དགོངས་པའི་དོན་ཏེ། བྱེ་བྲག་གམ་སྒོ་ནས་སྤྱི་མཚོན་པས་འགལ་བ་མེད་པ་བསྟན་པ་དེ་ནི་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་ཞེས་བྱ་བ་ནི་དད་པ་བསྟན་པར་བྱ་བའི་སྐབས་འདི་ལའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཞེས་བྱ་བས་ནི་དལ་འབྱོར་ཐོབ་པའི་གང་ཟག་བསྟན་ཏོ། །སྟོང་པ་ཉིད་དང་སྙིང་རྗེ་མི་ཕྱེད་པ་དང་ལྡན་པ་ནི་ལྷག་པའི་བསམ་པའོ། །སེམས་བསྐྱེད་དེ་ཞེས་བྱ་བ་ནི་སྨོན་པའི་བདག་ཉིད་དོ། །སྤྱིའི་དོན་ལ་གནས་སྐབས་ཀྱི་སྟོབས་ཀྱིས་དགོས་པ་བྱེ་བྲག་ཏུ་བསྟན་པས་ན་དད་པ་ཡིན་ཞེས་བྱའོ། །དེའི་ཕྱིར་དད་པ་བསྟན་པར་བྱ་བ་ནི་དང་བ་མང་ཞིང་ཞེས་བྱ་བ་ལ་སོགས་པ་སྟེ། བྱེད་པ་དང༌། ཡུལ་དང༌། ངོ་བོ་ཉིད་དང༌། ཕན་ཡོན་ཡང་རིག་པར་བྱའོ། །དེ་ལ་བྱེད་པ་ནི་རྣམ་པ་གསུམ་སྟེ། དང་བའི་བྱེད་པ་དང༌། འདོད་པའི་བྱེད་པ་དང༌། ཡིད་ཆེས་པའི་བྱེད་པའོ། །དེ་ལ་དང་བའི་བྱེད་པ་ནི་ནོར་བུ་ཆུ་དང་བྱེད་ལྟར་རྒྱུད་ཀྱི་རྙོག་པ་མེད་པ་སྟེ། ཕྱིར་ཞིང་འཕགས་པ་རྣམས་ལ་ལྟ་འདོད་པ་དང༌། དམ་པའི་ཆོས་ཉན་པར་འདོད་པའོ། །དེ་ལ་དང་བ་


DTG110_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་ནི་རྟག་ཏུ་བསྒོམ་པའི་ཕྱིར་རོ། །འཕགས་པ་ནི་ལས་དང་ཉོན་མོངས་པ་ལས་རིང་དུ་སོང་བ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། དེའི་དགེ་འདུན་དག་གོ །དམ་པ་ནི་གང་ཟག་དེ་དག་སྟེ། དེ་དག་གིས་སྤྱད་པའི་ཕྱིར་དམ་པའི་ཆོས་སོ། །འདོད་པའི་བྱེད་པ་ནི་སེར་སྣ་མེད་པ་ལ་སོགས་པ་སྟེ། ཐོབ་པ་དང་སྤངས་པ་ལ་དམིགས་པའི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་ལམ་གྱི་བདེན་པ་དང༌། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ལ་དམིགས་པའོ། །སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་སྤངས་པའི་ཕྱིར་སེར་སྣ་མེད་ཅེས་བྱ་བ་སྟེ། སེར་སྣ་དང་འཆལ་པའི་ཚུལ་ཁྲིམས་ལ་སོགས་པ་དག་ནི་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །མྱ་ངན་ལས་འདས་པའི་རྒྱུ་ལམ་གྱི་བདེན་པ་ཐོབ་པར་བྱ་བའི་ཕྱིར་ལྷུག་པར་གཏོང་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ། མ་ཆགས་པའི་ངོ་བོ་ཉིད་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ལམ་དུ་འདོད་པའི་ཕྱིར་རོ། །དེ་ལ་ལྷུག་པར་གཏོང་བ་ནི་སྦྱིན་པ་དང་འབྲས་བུ་མ་འབྲེལ་བ་སྟེ་མྱ་ངན་ལས་འདས་པ་བསྔོ་བའི་ཕྱིར་རོ། །ལག་པ་བརྐྱང་བ་ནི་གུས་པ་དང་རྒྱ་ཆེར་རབ་ཏུ་སྦྱིན་པར་བྱའོ། །གཏོང་བ་ལ་དགའ་བ་ནི་སྔ་རོལ་དང་དེའི་ཚེ་དང་བྱིན་ཟིན་ནས་ཡི་རང་བ་དང༌། དང་བ་དང༌། འགྱོད་པ་མེད་པའོ། །སྦྱིན་པ་མི་འཆད་པར་བྱེད་པ་ནི་གཅིག་ཏུ་ཆོས་དང་བབ་ཅོལ་མ་ཡིན་པས་ལོངས་སྤྱོད་སྒྲུབ་སྟེ་དུས་དུས་སུ་ཡང་དང་ཡང་དུ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བའོ། །གཏོང་བ་ཕུན་སུམ་ཚོགས་པ་ནི་སྦྱིན་གནས་དག་ལ་འབུལ་བའོ། །སྦྱིན་པ་འགྱེད་པར་དགའ་བ་ནི་དུས་དུས་སུ་ཕ་དང་མ་དང་བུ་དང་བྲན་ཕོ་དང་བྲན་མོ་ལ་སོགས་པ་ལ་ཀུན་འགྱེད་པའོ། །ཡང་ན་སྦྱིན་པ་རྣམ་པ་དྲུག་སྟེ། མི་རྟེན་པ་དང༌། །དགའ་བ་དང༌། ཡང་དང་ཡང་དུ་སྦྱིན་པ་དང༌། སྣོད་དུ་གྱུར་པ་ལ་སྦྱིན་པ་དང༌། ཡོངས་སུ་གཟུང་བ་སྦྱིན་པ་དང༌། འཁོར་ལ་སྦྱིན་པ་སྟེ། དེ་ལྟར་སྦྱིན་པ་དང༌། གང་ལ་སྦྱིན་པའི་དབང་དུ་བྱས་ནས་ལྷུག་པར་གཏོང་བ་ལ་སོགས་པ་རྣམས་སུ་རིག་པར་བྱའོ། །རྣམ་གྲངས་གཞན་ཡང་མི་སྲིད་པས་ལྷུག་པར་གཏོང་བའོ། །མི་འགྱོད་པས་ན་དགའ་བའོ། །གུས་པ་དང་ལྡན་པས་མཆོད་སྦྱིན་ནོ། །ལུས་དང་ལོངས་སྤྱོད་དང་དགེ་བ་གཏོང་བས་གཏོང་བ་ཕུན་སུམ་ཚོགས་པའོ། །རྗེས་སུ་དགའ་


DTG110_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བས་འགྱེད་པ་ལ་དགའ་བའོ། །གཏོང་བའི་ཚེ་ན་ཁོང་ཁྲོ་བ་མེད་པའོ། །འབྲས་བུ་འདོད་པའི་རེ་བ་མེད་པས་རྙོག་པ་མེད་པའོ། །ཡང་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཟིན་པ་སྟེ། དེ་ལ་སྦྱིན་པའི་སྦྱིན་པ་ནི་ལྷུག་པར་གཏོང་བའོ། །ཚུལ་ཁྲིམས་ནི་དགའ་བ་དང་གུས་པའི་མཆོག་སྦྱིན་ནོ། །བརྩོན་འགྲུས་ནི་གཏོང་བ་ཕུན་སུམ་ཚོགས་པའོ། །བཟོད་པ་ནི་དགའ་བ་དང་ཁོང་ཁྲོ་བ་མེད་པའོ། །བསམ་གཏན་དང་ཤེས་རབ་ཀྱིས་ཟིན་པས་ན་རྙོག་པ་མེད་པ་སྟེ། དེ་ལྟར་ན་སྦྱིན་པ་ཇི་ལྟ་བ་བཞིན་དུ་ཚུལ་ཁྲིམས་ཀྱི་སྦྱིན་པ་ལ་སོགས་པ་རིག་པར་བྱ་སྟེ། འདིར་ནི་མཚོན་པར་རིག་པར་བྱའོ། །ཡིད་ཆེས་པའི་བྱེད་པ་བསྟན་པ་ནི་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཡིས་ཆེས་པ་ལ་སོགས་པ་གསུམ་ནི་སོམ་ཉི་མེད་པ་ལ་སོགས་པ་གསུམ་དང་སྦྱར་བར་བྱའོ། །ཡང་ན་མི་ཕྱེད་པས་ཡིད་ཆེས་པར་བྱའོ། །ངེས་པར་འཛིན་པས་མོས་པའོ། །བྱེ་བྲག་ཕྱེད་པས་རྟོགས་པའོ། །ཐོས་པའི་ཚེ་སོམ་ཉི་མེད་པའོ། །བསམ་པའི་ཚེ་ཐེ་ཚོམ་མེད་པའོ། །བསྒོམ་པའི་ཚེ་ཡིད་གཉིས་མེད་པའོ་ཞེས་ཁ་ཅིག་འདོད་དོ། །ལ་ལ་དག་ནི་སྦྱོར་བ་ལ་སོགས་པ་གསུམ་དུ་སོམ་ཉི་མེད་པ་ལ་སོགས་པ་ཡིན་ནོ་ཞེས་སོ། །ལུས་ཅན་རྣམས་ཀྱིས་ལས་དག་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་འགྱུར་བ་ཡིན། །ཞེས་གཉེན་པོས་མ་བཅོས་པར་ཟད་པར་མི་འགྱུར་བས་ཆུད་མི་ཟའོ། །ཆུད་མི་ཟ་བ་ཅི་ཞིག་གནོད། །ཉོན་མོངས་པ་སྤོང་ན་སོ་སོར་མ་བརྟགས་པའི་འགོག་པར་འགྱུར་རོ། །མ་ཡིན་ཏེ་ཆུད་མི་ཟ་བ་ཞེས་བྱ་བ་ནི་གཉེན་པོས་མ་བཅོས་ན་འབྲས་བུ་བསྐྱེད་པ་ལ་བྱ་སྟེ། ཉོན་མོངས་པ་ཟད་ན་དེ་ནི་འདོད་པ་ཁོ་ན་སྟེ། ཐོག་མ་མེད་པའི་ལས་དག་ཇི་ལྟར་ཟད་པར་འགྱུར་ཞེ་ན། གཉེན་པོས་བསྒོམ་ཞིང་རྒྱུ་འགོག་པས་ན་མི་བྱ་བ་མི་བྱེད་པའོ། །ངེས་དོན་བསྟན་པའི་སྒོ་ནས་བསྡུ་བ་ནི། ཡང་དེ་ཉིད་ལས་འབྱུང་བ་ཞེས་བྱ་བ་ཡིན་ནོ། །འདུན་དང་ཞེ་སྡང་འཇིགས་པ་དང༌། །རྨོངས་པས་གང་ཞིག་ཆོས་མི་འདའ། །ཞེས་བྱ་བའི་ཚུལ་གྱིས་ནི་བྱ་བ་ཁ་ན་མ་ཐོ་བ་མི་བྱེད་པ་སྟེ། གཞན་དུ་ན། ང་ཡི་བསྟན་ལ་མ་གུས་གང༌། །དེ་ཡིས་ང་མཐོང་ཅི་ཞིག་བྱ། །ཞེའོ། །དད་པའི་ཡུལ་བསྟན་པའི་ཕྱིར་དད་པ་ནི་


DTG110_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་པས་མཚམས་སྦྱོར་ཏེ། དགེ་བའི་ཆོས་ནི་དཀར་པོའི་ཆོས་མཐའ་དག་བསྐྱེད་པའི་རྒྱུ་བྱང་ཆུབ་ཀྱི་སེམས་སོ། །སྔོན་དུ་འགྲོ་བ་ནི། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང༌། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་པ། །སངས་རྒྱས་སྲས་ཀྱི་སྤྱོད་ལ་དད་བྱེད་ན། །སྐྱེས་བུ་དམ་པ་རྣམས་ཀྱི་སེམས་སྐྱེའོ། །ཞེས་འབྱུང་བ་ལྟ་བུའོ། །དེ་ལ་དད་པ་རྣམ་པ་གསུམ་གྱིས་ཡུལ་གང་ལ་དད་པར་གྱུར་ཞེ་ན། འདི་ལྟ་དེ་བཞིན་གཤེགས་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དད་པའི་ཡུལ་ནི་རྣམ་པ་གསུམ་སྟེ། སངས་རྒྱས་དང་ཆོས་དང་དགེ་འདུན་དང༌། སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང༌། ལམ་དང༌། ལས་དང༌། འབྲས་བུ་རྣམས་སོ། །ཡུལ་དེ་གསུམ་མཚོན་པའི་དོན་དུ་དེ་བཞིན་གཤེགས་པ་སྨོས་ཏེ། གཙོ་བོ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་དེའི་ཡོན་ཏན་གང་རྣམས་ཤེ་ན། འདི་ལྟ་སྟེ། ཕུང་པོ་ཡོངས་སུ་དག་པའི་ཡོན་ཏན་དང༌། བརྗོད་པ་ཡོངས་སུ་དག་པ་དང༌། མཛད་པ་ཡོངས་སུ་དག་པ་དང༌། མཁྱེན་པ་ཡོངས་སུ་དག་པ་དང༌། གཟིགས་པ་ཡོངས་སུ་དག་པ་དང༌། མངོན་པར་འཕགས་པའི་ཡོན་ཏན་རྣམས་སོ། །དེ་ལ་ཕུང་པོ་ཡོངས་སུ་དག་པ་ནི། ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོའོ། །བརྗོད་པ་ཡོངས་སུ་དག་པ་ནི་ཇི་ལྟ་བ་ལས་བརྩམས་ནས་ཆོས་རྣམས་ཀྱི་རང་བཞིན་བརྗོད་པ་དང༌། ཇི་སྙེད་ཡོད་པ་ལས་བརྩམས་ནས་ཆོས་ཀྱི་རྣམ་གྲངས་བརྗོད་པའོ། །མཛད་པ་ནི་རྣམ་པ་གཉིས་ཏེ། མི་རྟོག་པ་དང༌། དུས་ཐམས་ཅད་པའི་ཕྲིན་ལས་སོ། །མཁྱེན་པ་ནི་རྣམ་པ་དྲུག་སྟེ། རྫུ་འཕྲུལ་གྱི་ཡུལ་ཤེས་པ་དང༌། ལྷའི་རྣ་བའི་མངོན་པར་ཤེས་པ་དང༌། གཞན་གྱི་སེམས་ཤེས་པ་དང༌། འཆི་འཕོ་དང། སྐྱེ་བ་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། ཟག་པ་ཟད་པ་མངོན་པར་མཁྱེན་པའོ། །གཟིགས་པ་ནི་རྣམ་པ་ལྔ་སྟེ། ཤའི་སྤྱན་དང༌། ལྷའི་སྤྱན་དང༌། ཤེས་རབ་ཀྱི་སྤྱན་དང༌། ཆོས་ཀྱི་སྤྱན་དང༌། སངས་རྒྱས་ཀྱི་སྤྱན་ནོ། །མངོན་པར་འཕགས་པ་ནི་རྣམ་པ་གསུམ་སྟེ། སྐུ་དང༌།


DTG110_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་དང་ཐུགས་ཀྱིས་མངོན་པར་འཕགས་པ་སྟེ། དེ་བཞིན་གཤེགས་པའི་ཡོན་ཏན་ནི་མདོར་བསྡུ་ན་འདི་དག་ཏུ་ཟད་དེ། ཅིའི་ཕྱིར་ཞེ་ན། རང་དང་གཞན་གྱི་དོན་མཐའ་དག་བསྡུས་པའི་ཕྱིར་ཏེ། ལུང་ལས་ཡོན་ཏན་ཇི་སྙེད་བརྗོད་པ་ཐམས་ཅད་ཀྱང་འདི་གཉིས་ཁོ་ནར་ཟད་དོ། །དེ་ལ་ཟག་པ་མེད་པའི་ཕུང་པོ་ལྔ་ལས་གཙོ་བོ་ཡིན་པའི་ཕྱིར། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ནི་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་ཞེས་སྨོས་པ་ཡིན་ནོ། །ཇི་ལྟ་བ་ལས་བརྩམས་ནས་ཆོས་ཀྱི་རང་བཞིན་བརྗོད་པ་ནི་དེས་བསྟན་པ་ནི་མཐོང་བར་དཀའ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚུ་རོལ་མཐོང་བའི་ཡུལ་མ་ཡིན་པས་ཤེས་པར་དཀའ་བའོ། །ཚད་མའི་ཡུལ་མ་ཡིན་པས་ཤེས་པར་དཀའ་བའོ། །འཕགས་པའི་སྤྱོད་ཡུལ་དུ་གྱུར་པས་ཟབ་པའོ། །སྤྲོས་པ་དང་བྲལ་བས་རྒྱུ་བ་ཆད་པའོ། །གཞི་མ་གྲུབ་པས་མིག་ཀྱང་མེད་ཅེས་བྱ་བ་ལ་སོགས་པའོ། །ཆོས་ཅན་མེད་པ་ལ་ཆོས་མི་འཐད་པས་མི་འགག་པ་ཡང་མེད་ཅེས་བྱ་བ་ལ་སོགས་པ་གསུངས་པའོ། །དེ་ལྟ་མོད་ཀྱི་འོན་ཀྱང་ཀུན་རྫོབ་ཏུ་ཇི་སྙེད་ཡོད་པ་ལས་བརྩམས་ཏེ། ཆོས་རྣམས་ཀྱི་རྣམ་གྲངས་བརྗོད་པ་ནི་ཡན་ལག་དྲུག་ཅུ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུང་ཡན་ལག་དྲུག་ཅུ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཤེས་པར་བྱའོ། །དེ་ལས་ཅི་བྱེད་ཅེ་ན། འཁྲུལ་པ་མཐའ་དག་གི་གཉེན་པོ་ཡིན་པའི་ཕྱིར་རོ། །ངག་གི་ལས་ཡོངས་སུ་དག་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟར་རྒྱས་པར་བཤད་པ་བསྡུ་བའི་ཕྱིར་མི་མཁྱེན་པའམ་ཞེས་བྱ་བ་གསུངས་ཏེ། ཇི་ལྟ་བའི་དོན་མཁྱེན་པས་མི་མཁྱེན་པ་མེད་པའོ། །ཇི་སྙེད་ཡོད་པ་མཁྱེན་པས་མ་གཟིགས་པ་མེད་པའོ། །དེ་གཉིས་ཀའི་ངོ་བོས་མངོན་སུམ་དུ་མ་མཛད་པ་མེད་པ་དང༌། མངོན་པར་སངས་རྒྱས་པ་མེད་པའོ། །མཛད་པ་ཡོངས་སུ་དག་པ་ནི། སྤྱན་ཡོངས་སུ་དག་པ་དང་ལྡན་པ་ཞེས་གསུངས་ཏེ། ཉིན་མཚན་ལན་དྲུག་ཏུ་གཟིགས་པས་ན་ཀུན་ནས་སྤྱན་དང་ལྡན་པའོ། །ཡང་ན་གདུལ་བྱ་དུས་གསུམ་པ་རྣམས་ཡལ་བར་མི་འདོར་བར་དུས་ཐམས་ཅད་པའི་ཕྲིན་ལས་དང་མི་རྟོག་པའི་ཕྲིན་ལས་ཀྱིས་གཟིགས་པས་ན་ཀུན་ནས་སྤྱན་དང་ལྡན་པའོ། །


DTG110_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་མངོན་པར་མཁྱེན་པའི་གཙོ་བོ་ཡིན་པའི་ཕྱིར་ཟག་པ་ཟད་པའི་མངོན་པར་ཤེས་པ་བསྟན་པ་ནི། འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ་སོགས་པའོ། །གཟིགས་པ་ཡོངས་སུ་དག་པ་སྤྱན་ལྔ་ལས་དང་པོ་ཡིན་པའི་ཕྱིར། ཤའི་སྤྱན་སྨོས་ཏེ། མཐར་ཐུག་པ་མེད་པས་དཔག་ཏུ་མེད་པའོ། །མངོན་པར་འཕགས་པའི་ཡོན་ཏན་ལས་སྐུ་མངོན་པར་འཕགས་པ་ནི། སྤྱི་གཙུག་བལྟར་མི་སྣང་བའོ། །ཀུན་རྫོབ་ཀྱི་བདེན་པ་སྟོན་པས་ཟབ་པའོ། །དོན་དམ་པའི་བདེན་པ་སྟོན་པས་དོན་དམ་པ་སྟོན་པ་སྟེ། འདི་གཉིས་ནི་གསུང་མངོན་པར་འཕགས་པའི་ཡོན་ཏན་ནོ། །ཐུགས་མངོན་པར་འཕགས་པ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བླ་ན་མེད་པར་གྱུར་པ་སྟེ། དེ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་མཚོན་པའི་ཕྱིར་སྐུ་མངོན་པར་འཕགས་པའོ། །གསུང་ཡན་ལག་ལྔ་དང་ལྡན་པ་བསྟན་པའི་ཕྱིར་གསུང་འཕགས་པ་བསྟན་ཏེ། གསུང་ཡན་ལག་ལྔ་གང་ཞེ་ན། ཡོངས་སུ་ཤེས་ཤིང་རྣམ་པར་ཤེས་པར་འགྱུར་བ་དང༌། མཉན་ན་བདེ་ཞིང་མི་མཐུན་པ་མེད་པ་དང༌། ཟབ་ཅིང་དབྱངས་རྗེས་སུ་འབྱུང་བ་དང༌། གཏང་མི་བྲ་ཞིང་རྣར་སྙན་པ་དང༌། མ་འཁྲུགས་ཤིང་གསལ་བའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ཚད་མེད་པ་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། ཟད་པར་གྱི་སྐྱེ་མཆེད་བཅུ་དང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང༌། ཉོན་མོངས་པ་མེད་པ་དང༌། སྨོན་ནས་མཁྱེན་པ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པ་བཞི་དང༌། དབང་བཅུ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སྲུང་བ་མེད་པ་གསུམ་དང༌། དགོངས་པ་ཉེ་བར་གཞག་པ་གསུམ་དང༌། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང༌། བག་ཆགས་ཡང་དག་པར་བཅོམ་པ་དང༌། ཐུགས་རྗེ་ཆེན་པོ་དང༌། མ་འདྲེས་པའི་ཆོས་བཅོ་བརྒྱད་དག་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ་ཐུགས་མངོན་པར་འཕགས་པའོ། །ཡོན་ཏན་རྣམ་པ་གསུམ་པོ་འདི་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རིག་པར་བྱའོ། །དེ་དག་གི་ངོ་བོ་


DTG110_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གང་ཞེ་ན། དེ་ལ་དད་པའི་སྟོབས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དད་པ་ནི་རྣམ་པ་གསུམ་སྟེ། ཡིད་ཆེས་པ་དང༌། དང་བ་དང༌། འདོད་པའི་དད་པའི་ངོ་བོ་ཉིད་དོ། །དེ་ལ་མི་བརྫི་བས་ནི་སྟོབས་ཞེས་བྱ་སྟེ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡིད་ཆེས་པའི་ངོ་བོ་ཉིད་ནི་མངོན་པར་དད་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་ཆོས་ནི་དེས་གསུངས་པའི་ལས་དང་འབྲས་བུ་ཕྱིན་ཅི་མ་ལོག་པའི་མཚན་ཉིད་དེ། ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཞེས་བྱའོ། །དེ་ལ་ལུས་ལ་སོགས་པའི་མངོན་པར་འདུ་བྱེད་པ་ནི་ལས་ཞེས་བྱ་སྟེ། དགེ་བ་ལ་སོགས་པ་རྣམ་པ་གསུམ་མོ། །རྙོག་པ་ནི་བདག་ཏུ་ལྟ་བ་ཡིན་ལ། མོས་པར་སྤྱོད་པའི་ས་ལ་ཆོས་ཐམས་ཅད་བདག་མེད་པར་ཡིད་ཆེས་པ་ནི་རྟོག་པ་མེད་པའི་སེམས་སོ། །ཆོས་ཐམས་ཅད་ཅེས་བྱ་བ་ནི་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་དེ། གཅིག་དང་དུ་མ་དང་བྲལ་བའི་ཕྱིར། ངོ་བོ་ཉིད་མེད་པས་སྟོང་པ་ཉིད་དང༌། རང་དང་གཞན་གཉི་ག་དང་རྒྱུ་མེད་པ་ལས་མི་སྐྱེ་བས་རྒྱུའི་མཚན་མ་མེད་པ་དང༌། ཡོད་པ་དང་མེད་པ་དང་གཉི་ག་ལས་མི་སྐྱེ་བས་འབྲས་བུ་སྨོན་པ་མེད་པ་དང༌། དེའི་ཕྱིར་འདུ་བྱེད་ཐམས་ཅད་དང་བྲལ་ནས་མངོན་པར་འདུ་མི་བྱེད་པ་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་དབེན་པ་སྟེ་མ་མཐོང་བའི་ལམ་གྱི་མཉམ་པར་གཞག་པའི་གནས་སྐབས་སུ་དད་པའོ། །དེའི་རྗེས་ལ་ཐོབ་པ་ནས་ས་ལྔ་པའི་བར་དུ་ཐབས་ཤེས་རབ་ཟུང་དུ་འབྲེལ་པའི་ངོ་བོ་ཉིད་དུ་དད་པ་ནི་སྦྱིན་པ་ལ་སོགས་པའོ། །ས་དྲུག་པ་ནས་བཅུ་པའི་བར་དུ་ཤེས་རབ་རྣམ་པ་བཞི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པ་ལ་སོགས་པ་སྟེ། དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་བཅུ་ནི་མཐོང་བ་དང་བསྒོམ་པའི་ལམ་ལ་ཡིད་ཆེས་པའི་ངོ་བོ་ཉིད་དོ། །ལ་ལ་དག་ནི་མཐོ་རིས་ཀྱི་རྒྱུ་ནི་ལས་དང་ལས་ཀྱི་རྣམ་པར་སྨིན་པའོ། །ཉོན་མོངས་པའི་སྒྲིབ་པ་སྤོང་བ་ནི་རྙོག་པ་མེད་པའོ། །ཤེས་བྱའི་སྒྲིབ་པ་སྤོང་བས་ན་སྟོང་པ་ཉིད་ལ་སོགས་པའོ། །ཐེག་པ་མཆོག་འདོད་པས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། མདོར་ན་མཐོ་རིས་དང་བྱང་གྲོལ་གྱི་ས་ལ་ཡིད་ཆེས་པས་ཡིན་ནོ་ཟེར་རོ། །ལ་ལ་དག་ནི་དངོས་སུ་བྱུང་བ་དང་ཞར་ལ་བྱུང་བའི་དོན་ཏེ། ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་དད་


DTG110_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་དངོས་སུ་ཡིད་ཆེས་པའི་དད་པ་ནི་ཡིན་ལ། རྙོག་པ་མེད་པའི་སེམས་ལ་སོགས་པ་ནི་ཞར་ལས་བྱུང་བ་སྟེ། དེ་ལ་རྙོག་པ་ནི་གཟུང་བ་དང་འཛིན་པའོ། །དེ་དང་བྲལ་བའི་རང་རིག་པའི་སེམས་འོད་གསལ་བའི་ངོ་བོ་ཉིད་ནི་རྙོག་པ་མེད་པའི་སེམས་སོ། །ཀུན་ཏུ་བརྟགས་པ་དང༌། གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་རང་བཞིན་དག་ནི་མཚན་ཉིད་དང༌། སྐྱེ་བ་དང༌། དོན་དམ་པའི་ངོ་བོ་ཉིད་མེད་པས་སྟོང་པ་ཉིད་ལ་སོགས་པ་ཉིད་ཡིན་ལ། འོད་གསལ་བའི་སེམས་ལས་མ་གཏོགས་པའི་སེམས་གཞན་གྱི་ངོ་བོ་ཉིད་ཚོལ་བར་མི་བྱེད་པ་དང༌། ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནོ། །ཡོད་པ་མ་ཡིན་རང་བཞིན་བརྗོད་དོ་ཞེས་འབྱུང་བས་མངོན་པར་འདུ་མི་བྱེད་པའོ། །དེ་ལྟར་ལྟ་བ་རྣམ་པར་དག་པས་སྤྱོད་པ་ཕུན་སུམ་ཚོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་བསྟན་ཏོ་ཞེས་འདོད་དོ། །དང་པོའི་ངོ་བོ་ཉིད་ནི་དང་བའི་མཚན་ཉིད་ནི་དད་པ་སྟེ་ཞེས་བྱ་བ་སྟེ། འདོད་ཆགས་ལ་སོགས་པའི་རྟོག་པ་དང་བར་བྱེད་པས་ན་ནོར་བུ་ཆུ་དང་ལྟར་དང་བར་བྱེད་པའོ། རྟོག་པ་མེད་པ་ཉིད་གང་ཞེ་ན། གང་ཆགས་པ་མེད་པ་ཞེས་བྱའོ། །ཡུལ་གང་ཞེ་ན། ཐེག་པ་ཆེན་པོ་ཞེས་བྱ་སྟེ། རྣམ་པ་བཞི་ནི་ཐེག་པ་ཆེན་པོ་རྒྱུད་དང་བར་བྱེད་པའི་གཙོ་བོ་ཡིན་པས་ཐེག་པ་ཆེན་པོ་སྨོས་སོ། །གཞན་དག་ནི་དང་བའི་དད་པ་ནི་མོས་པ་གཙོ་བོ་ཡིན་པས་མོས་པར་སྤྱོད་པའི་ས་ལ་འདོད་དེ། རེ་ཞིག་ཚོགས་ཀྱིས་ལ་སྒྲའི་རྗེས་སུ་འགྲོ་བས་བྱང་ཆུབ་སེམས་དཔའ་རྟག་ཏུ་དུ་དགེ་བའི་བཤེས་གཉེན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཤིན་ཏུ་སྐོམ་ནས་དུ་ཞིང་ཆོ་ངེས་འདེབས་ཏེ། ཉིན་མཚན་བདུན་འདས་པ་ལྟ་བུ་དང༌། རྒྱལ་པོ་ལ་གདམས་པ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བས་ཞག་བདུན་དུ་མིག་མི་འཛུམས་པར་ལྟ་ཞིང་མཆི་མའི་རྒྱུན་མི་འཆད་པར་བྱུང་ཞིང་ཞེས་བྱ་བ་དང༌། འཕགས་པ་ནོར་བཟངས་ཀྱིས་དགེ་བའི་བཤེས་གཉེན་མཐོང་མ་ཐག་ཏུ་མིག་མཆི་མས་གང་བར་དུས་ཏེ་ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་ཚོགས་ཀྱི་ས་ལ་ནི་ཐེག་པ་ལ་མོས་པ་མི་བཟློགས་པས་ན་


DTG110_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དད་པའི་སྟོབས་ཞེས་བྱའོ། །དྲོད་དང་རྩེ་མོའི་གནས་སྐབས་ན་དབང་བྱེད་པའི་ཕྱིར་དབང་པོའོ། །བཟོད་པ་དང་ཆོས་ཀྱི་མཆོག་ཏུ་མི་བརྫི་བའི་ཕྱིར་སྟོབས་ཞེས་བྱའོ། །འདིར་གཙོ་བོ་ཡིན་པས་དད་པ་འབའ་ཞིག་སྨོས་ཏེ་བརྩོན་འགྲུས་ལ་སོགས་པ་ཡང་རིག་པར་བྱའོ། །དེ་ལ་ལུས་ལ་སོགས་པ་ལ་མ་ཞེན་པས་ཆགས་པ་མེད་པ་ཁོང་དུ་ཆུད་པ་སྟེ། དཔེར་ན་བྱང་ཆུབ་སེམས་དཔའ་རྟག་ཏུ་དུ་བརླའི་ཤ་བཏོགས་ཤིང་རུས་པ་གཅོག་པ་དང༌། ལག་པ་ཕུག་སྟེ་ཁྲག་གཟག་གོ་ཞེས་པ་ལྟ་བུའོ། །མ་ཞེན་པ་ནི་རང་བཞིན་མེད་པར་ཁོང་དུ་ཆུད་པས་དངོས་པོར་ལྟ་བས་མི་བརྫི་བའི་ཕྱིར་སྟོབས་ཞེས་བྱའོ་ཞེས་འཆད་དོ། །དེ་ལྟར་དང་བའི་ངོ་བོ་ཉིད་བཤད་ནས་འདོད་པའི་དད་པའི་ངོ་བོ་ཉིད་བསྟན་པ་ནི་གཞན་ཡང་ཞེས་གསུངས་པའོ། །བདེན་པ་བཞི་རྟོགས་པར་འདོད་པས་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་གཞན་གྱི་སྒྲ་ལ་དད་པའོ། །དེ་ལ་དད་པ་ནི་འདོད་པའི་དད་པའོ། །ཇི་ལྟར་ཞེ་ན་འོག་ནས་གཞན་གྱི་སྒྲ་ཐོས་ནས་མངོན་པར་དད་པ་ཞེས་འབྱུང་བའི་ཕྱིར་རོ། །འདོད་པ་ནི་འདུན་པ་སྟེ། གཞན་གྱི་སྒྲ་དང་ཚུལ་བཞིན་ཡིད་ལ་བྱེད་པ་ལས་དོན་རྙེད་པའི་ཕྱིར་རོ། །དེ་ལ་སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་དག་ནི་ཤེས་པར་བྱ་བ་དང༌། སྤོང་བར་བྱ་བ་དང༌། མངོན་དུ་བྱ་བ་དང༌། རྒྱུད་ལ་བསྐྱེད་པར་འདོད་པའི་ཕྱིར་དང་པོ་གཞན་གྱི་སྒྲ་ལ་དད་པ་སྟེ། ཆོས་ཐོས་པར་འདོད་པའོ། །ཆོས་གང་ཞེ་ན། སྦྱོར་བ་རིམ་ཅན་དུ་བསླབ་པར་བྱ་བས་བདེན་པ་བཞིན་རྟོགས་པར་བྱ་བའི་ཕྱིར་རོ། །སྦྱོར་བ་རིམ་ཅན་ཞེས་བྱ་བ་ནི་ཚུལ་ཁྲིམས་དང༌། ཐོས་པ་དང༌། བསམ་པ་དང༌། བསྒོམ་པ་ལ་བྱ་སྟེ། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཡིད་ལ་བྱེད་པ་འབྱུང༌། །ཚུལ་བཞིན་ཡིད་ལ་བྱེད་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང༌། །དེ་ལས་ཆོས་ཐོབ་དེ་ཡོད་དེ་ལས་བློ་གྲོས་རབ་ཏུ་སྐྱེ། །གང་ཚེ་དེ་ནི་སོ་སོ་ཡང་རིག་མེད་ན་ཇི་ལྟར་ངེས། །ཞེས་བྱ་བ་ལྟ་བུའོ། །དེ་ལྟ་བས་ན་དང་པོ་སྨོན་པ་དང་ལྡན་པའི་སེམས་རྒྱུད་ལ་བསྐྱེད་པས་ན་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་པའོ། །འཇུག་པའི་སྡོམ་པ་ལེན་པས་ན་སྤྱོད་པའོ། །མཐོང་བའི་ལམ་གྱིས་བསྡུས་པའི་སེམས་རྣམ་པ་བཅུ་


DTG110_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བྱང་ཆུབ་ཀྱི་སེམས་སོ། །ལམ་དེ་ལ་འཇུག་པའི་རྒྱུད་པའི་འབྱོར་བ་ནི་རྣམ་པ་གསུམ་སྟེ། དེ་གསུམ་མཚོན་པའི་ཕྱིར་འགྱུར་བ་མེད་པ་ནི་བསམ་པའོ། །དངོས་ཀྱི་སྦྱོར་བ་འབྲས་བུ་གསུམ་དང་ལྡན་པ་ནི་སྦྱོར་བའོ། །རང་གི་དོན་བསྒྲུབ་པའི་ཐབས་ནི་ཕ་རོལ་ཏུ་ཕྱིན་པའོ། །གཞན་གྱི་དོན་བསྒྲུབ་པའི་ཐབས་ནི་བསྡུ་བའི་དངོས་པོའོ། །གཉི་གའི་བསྒྲུབ་པའི་རྒྱུ་ནི་ཐབས་ལ་མཁས་པ་སྟེ། དགེ་བའི་བཤེས་གཉེན་ནོ། །འབྲས་བུའི་ངོ་བོ་ཉིད་ནི་སྔར་བཤད་པའི་ཆོས་རྣམས་ཏེ། སངས་རྒྱས་ཀྱི་ཆོས་སོ། །ལམ་རྣམ་པ་བཞི་ནི་བྱང་ཆུབ་སེམས་དཔའི་ཆོས་དེ་དག་ནི་སྦྱོར་བ་རིམ་བཞིན་དུ་བསླབ་པ་རྣམས་སོ། །ལ་ལ་ན་རེ་མོས་པ་གཙོ་བོར་གྱུར་པའི་དང་པོའི་ངོ་བོ་ཉིད་ཀྱི་བཟོད་པ་དང་ཆོས་ཀྱི་མཆོག་ཏུ་དད་པའི་སྟོབས་གཙོ་བོར་བཤད་པ་དེ་ལ་ཅིའི་ཕྱིར་སྟོབས་ཞེས་བྱ། གང་གིས་བརྫི་བར་མི་ནུས་ཤེ་ན། བྱང་ཆུབ་ཀྱི་སེམས་ལ་སོགས་པ་འོག་ནས་འཆད་པ་རྣམས་དང་ལྡན་པས་སྟོབས་ཞེས་བྱ་ལ། དེ་དག་གིས་མི་མཐུན་པ་ཟིལ་གྱིས་ནོན་པས་ན་མི་བརྫི་བའོ། །བྱང་ཆུབ་ཀྱི་སེམས་ལ་སོགས་པ་རྣམས་དང་ལྡན་པ་ནི་ཡོངས་སུ་འཛིན་པ་ལ་རག་ལུས་པས་གཞན་གྱི་སྒྲའོ། །གཞན་ལས་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོགས་པ་སྟེ། དེ་ཚེ་ཆོས་ཀྱི་རྒྱུན་ལ་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང༌། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་འགྱུར། །ཞེས་བྱ་བ་ལྟ་བུའོ་ཞེས་འདོད་དོ། །ད་ནི་ཕན་ཡོན་བཤད་པར་བྱ་སྟེ། ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་སྐབས་འབྱེད་པ་ཡིན་ནོ། །དེ་ལ་མདོ་གཅིག་གིས་བཤད་པ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་ཞེས་བྱའོ། །མདོ་དུ་མའི་སྒོ་ནས་བཤད་པ་ནི། ཟླ་བ་སྙིང་པོ་དང༌། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས་བསྟན་པའོ། །དེ་ལ་དང་བའི་ཕན་ཡོན་ནི། དང་བ་མང་བ་དང༌། འཕགས་པ་རྣམས་ལ་ལྟ་འདོད་པ་དང་དམ་པའི་ཆོས་ཉན་པར་འདོད་པའོ། །ཡིད་ཆེས་པའི་ཕན་ཡོན་ནི། ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པའོ། །འདོད་པའི་ཕན་ཡོན་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་སྤོང་ཞིང་ཞེས་བྱ་བ་ལ་སོགས་


DTG110_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །མི་དགེ་བ་བཅུའི་མཚན་ཉིད་ནི་འོག་ནས་སྟོན་ཏོ། །བྱ་བ་དང་བྱ་བ་མ་ཡིན་པའི་ངོ་བོ་ཉིད་ཡིན་པ་ལས་ཀྱང་ཡིན་ལ། བདེ་འགྲོ་དང་ངན་འགྲོའི་ལམ་ཡང་ཡིན་པས་ལས་ཀྱི་ལམ་མོ། །ཕན་ཡོན་དང་ལྡན་པའི་དད་པ་སྐྱེ་བའི་རིམ་པ་གང་ཞེ་ན། དང་བའི་དད་པ་དང་ལྡན་པ་དག་ནི་ཡིད་ཆེས་པར་འགྱུར་རོ། །ཡིད་ཆེས་ན་འདོད་པའི་འདུན་པ་སྐྱེ་བར་འགྱུར་ཏེ། འདི་ནི་གོ་རིམས་སོ། །དེའི་ཕྱིར་དད་པ་བརྟན་པར་བྱ་བའི་ཐབས་བཤད་པར་བྱ་སྟེ། དང་པོ་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་ལ་གསོལ་བ་གདབ་པར་བྱ་སྟེ། སློབ་དཔོན་ཁྱོད་ལས་བདག་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་བའི་ཕྱིར་དད་པའི་རྩ་བ་བརྟེན་པའི་ཐབས་ནོད་པར་འཚལ་གྱི་ཐུགས་བརྩེ་བའི་སླད་དུ་བསྟན་དུ་གསོལ། དེས་ཀྱང་རིགས་ཀྱི་བུ་དཀར་པོའི་ཆོས་མཐའ་དག་གི་རྩ་བ་དད་པ་བརྟན་པར་འདོད་པ་ནི་ལེགས་སོ། །དེའི་ཕྱིར་ཁྱོད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ་ཡིད་ལ་གྱིས་ཤིག་དང༌། དེས་ཁྱོད་ལུས་ཀྱི་བ་སྤུ་ལྡང་བ་དང༌། མཆི་མ་འཁྲུག་པའི་དང་བ་ཉོན་མོངས་པ་མེད་པ་སྐྱེ་བར་འགྱུར་རོ། །ཡང་ན་ཇི་ལྟར་ཐོས་པའི་རྣམ་པར་ཡིད་ལ་གྱིས་ཤིག་དང༌། ཡང་ན་འཕགས་པའི་གང་ཟག་གི་ཚོགས་ཀྱི་རྣམ་པ་དེ་ལྟར་ཡིད་ལ་གྱིས་ཤིག་དང་དེ་ཁོ་ན་བཞིན་དུ་འགྱུར་རོ། །དེའང་རྟག་ཏུ་བསྒོམ་ཞིང་བརྟན་པོར་བྱའོ་ཞེས་བྱ་བ་བསྟན་པར་བྱའོ། །ཡང་རིགས་ཀྱི་བུ་ཁྱོད་ཀྱིས་འདི་ལྟ་བུའི་རྒྱུ་ཡིད་ཆེས་པར་བྱ་སྟེ། དཀར་པོའི་ཆོས་མཐའ་དག་ལས་སྐྱེས་པ་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ་བསོད་ནམས་བརྒྱ་ལས་སྐྱེས་པའོ་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བ་ལྷར་ཡིད་ཆེས་པའི་དད་པ་བསྐྱེད་པར་བྱའོ། །དེའི་ཕྱིར་ཁྱོད་ཀྱིས་སྐུ་འདི་ལྟ་བུ་ལ་འདོད་པ་བསྐྱེད་དེ་ཐོབ་པ་དོན་དུ་གཉེར་བར་བྱའོ། །མི་དགེ་བ་མཐའ་དག་སྤང་པར་བྱའོ། །འཁོར་བའི་ཕུང་པོ་ལྔའི་སྡུག་བསྔལ་ཤེས་པར་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བྱའོ། །མྱ་ངན་ལས་འདས་པ་ཐོབ་པར་བྱའོ་ཞེས་བསྟན་ནས། དེ་དག་ཀྱང་དེ་ཁོ་ན་བཞིན་དུ་བསྒོམས་པས་


DTG110_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཕྱེད་པ་དང་ལྡན་པ་ནི་དད་པའི་རྩ་བ་བརྟན་པ་ཞེས་བྱའོ། །དེའི་ཕྱིར་དང་པོར་དགེ་བའི་བཤེས་གཉེན་སྟེན་པར་བྱེད་པ་ནི་དད་པ་ཅན་དེ་དགེ་སྦྱོང་དང་བྲམ་ཟེ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཡང་དག་པར་སོང་བ་ནི་འབྲས་བུ་ཐོབ་པ་དེའི་རྒྱུ་ནི་མང་དུ་ཐོས་པ་དང༌། ཐོས་པ་ལ་བརྩོན་པ་ནི་ལུང་ལེན་པའི་དགེ་བའི་བཤེས་གཉེན་ནོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི། བསྒྲུབ་པའི་དགེ་བའི་བཤེས་གཉེན་ནོ། །འདི་དག་གིས་ནི་སོ་སོའི་སྐྱེ་བོའི་དགེ་བའི་བཤེས་གཉེན་བསྟན་ཏོ། །འཕགས་པའི་གང་ཟག་ནི་ཐེ་ཚོམ་ལས་བརྒལ་བ་དང༌། ཡང་སྲིད་ཟད་པའོ། །བླ་ན་མེད་པའི་དགེ་བའི་བཤེས་གཉེན་ནི་རྫོགས་པའི་སངས་རྒྱས་སོ། །གང་ཟག་དེ་དག་གང་ཞེ་ན། བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་ཉན་ཐོས་ཞེས་སྨོས་སོ། །ཡིད་ཆེས་པ་ལ་སོགས་པ་གསུམ་ནི་དང་པོ་དང་བར་དང་ཐ་མར་བསྟན་ཏོ། །འདི་དག་གིས་ནི་དང་པོའི་དད་པ་བསྒོམ་པའི་ཐབས་བསྟན་ཏོ། །ལས་དང་རྣམ་པར་སྨིན་པ་སྟོན་ཏོ་ཞེས་བྱ་བ་ནི་ཡིད་ཆེས་པ་བསྒོམ་པའི་ཐབས་བསྟན་ཏོ། །སྣོད་དུ་རིག་ནས་ཞེས་བྱ་བ་ལ་སོགས་པས་ནི་འདོད་པའི་དད་པ་བསྒོམ་པའི་ཐབས་ཏེ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པས་བདེན་པ་གཉིས་ལྡན་དུ་བསྒོམ་པར་བྱ་བ་ནི་སྟོང་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དོན་དམ་པའི་བདེན་པ་བསྟན་པ་ནི་སྟོང་པ་ཉིད་ལ་སོགས་པའོ། །འོན་ཀྱང་རྐྱེན་ཉིད་འདི་པ་ཙམ་དུ་ཡོད་པས་རྟེན་ཅིང་འབྲེལ་པར་འབྱུང་བའི་གཏམ་མོ། །སྟོང་པ་ཉིད་ལ་སོགས་པ་ནི་བཤད་ཟིན་ཏོ། །ཆོས་ཉིད་ལ་རྒྱུ་འབྲས་མི་འཐད་པས་ན་མ་སྐྱེས་ཤིང་མ་བྱུང་བའོ། །ཀུན་དུ་བརྟགས་པས་མེད་པས་ན་བདག་ལ་སོགས་པ་མེད་པ་སྟེ། ང་རྒྱལ་བའི་ཕྱིར་བདག་གོ །ཞུམ་པའི་ཕྱིར་སེམས་ཅན་ནོ། །འཚོ་བའི་ཕྱིར་སྲོག་གོ །འབྱུང་ཞིང་འཇིགས་པས་གང་ཟག་གོ །རྒྱུ་རྐྱེན་ཚོགས་པ་ལས་འབྲས་བུ་འབྱུང་བས་རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཇི་ལྟར་ཐོས་པ་བཞིན་བསྒྲུབ་པས་ཆགས་པ་མེད་པར་འཇུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆགས་པ་ནི་དངོས་པོར་ཞེན་པའོ། །ལྷག་པར་ཞེན་པའི་གནས་ཡིན་པས་ཕུང་པོ་ལ་སོགས་པ་སྨོས་ཏེ། སྤུངས་པའི་ཕྱིར་ཕུང་པོའོ། །རིགས་


DTG110_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དོན་ཡིན་པས་ཁམས་སོ། །སྐྱེ་བའི་སྒོ་ཡིན་པས་སྐྱེ་མཆེད་དོ། །དེ་དག་ཀྱང་ཆད་པའི་གནས་སྤངས་པ་རང་བཞིན་གྱིས་ཞེས་བྱ་སྟེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །འོ་ན་ཐོབ་པར་བྱ་བ་མེད་དོ་ཞེ་ན། སངས་རྒྱས་ཀྱི་ཡེ་ཤེས་ཚོལ་ཞེས་བྱ་བ་སྟེ། སྟོང་པ་ཉིད་བསྒོམ་པ་ནི་སྒོམ་པ་རྣམས་ཀྱི་དམ་པ་ཡིན་པས། དེས་མྱ་ངན་ལས་འདས་པ་འགོག་པ་ཐོབ་པར་འགྱུར་ཏེ། སྒོམ་པ་རྣམ་པར་མི་སྒོམ་པའི། །སྒོམ་པ་དམ་པ་འདོད་པ་སྟེ། །ཐོབ་པར་ལྟ་བ་མེད་རྣམས་ཀྱི། །ཐོབ་པར་ཡང་ནི་དམ་པར་འདོད། །ཅེས་འཆད་པ་ལྟ་བུའོ། །སྟོང་པ་ཉིད་དེ་ཡང་ཐབས་ཀྱིས་ཡོངས་སུ་ཟིན་པས་བསྟན་པ་ནི་བག་ཡོད་པ་ལ་གཞོལ་བ་ཡིན་ནོ་ཞེས་བྱའོ། །དེ་ཉིད་བཤད་པ་ནི། དབང་པོ་སྡོམ་པ་ཞེས་བྱ་བ་ལ་སོགས་པའོ། །དེའི་ཕྱིར་འོག་ནས་ཀྱང༌། ཐབས་དང་བྲལ་བའི་ཤེས་རབ་ནི་འཆིང་བར་བཤད་དོ། །ད་ནི་མདོ་དུ་མའི་སྒོ་ནས་དད་པའི་ཕན་ཡོན་བསྟན་པའི་ཕྱིར། ཟླ་བའི་སྙིང་པོའི་ལེའུ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དད་པའི་ཕན་ཡོན་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དཔེར་བརྗོད་པ་བཞིན་ནོ་ཞེས་གསུངས་ཏེ། སྔར་བཤད་པའི་ཡོན་ཏན་རྣམས་ཐོབ་པར་བྱེད་པའི་ཕྱིར་རོ། །ཡིད་ཆེས་པ་དང་འདོད་པའི་ཕན་ཡོན་སྤྱིར་བསྟན་པ་ནི། མོས་པའི་སྟོབས་ཞེས་བྱ་སྟེ། མོས་པ་ནི་ངེས་པར་འཛིན་པའོ། །གང་ལ་མོས་པ་ཞེ་ན། ཡིད་ཆེས་པས་ནི་ལས་ཀྱི་རྣམ་པར་སྨིན་པ་ལ་འཇུག་པའོ། །འདོད་པས་ནི་བྱང་ཆུབ་ཀྱི་སེམས་མི་འདོར་བ་ལ་སོགས་པ་སྟེ། བྱང་ཆུབ་ཀྱི་སེམས་ནི་སྨོན་པ་དང་ལྡན་པའོ། །ཡི་དམ་ལ་བརྟེན་པ་ནི་འཇུག་པའི་སྡོམ་པའོ། །ཇི་ལྟར་ཡི་དམ་ལ་བརྟེན་ཞེ་ན། སྡོམ་པའི་ཚུལ་ཁྲིམས་ཀྱིས་ནི་མི་དགེ་བའི་ཆོས་ཐམས་ཅད་སྤོང་བའོ། །སེམས་ཅན་གྱི་དོན་བྱེད་པས་ནི་ཉེས་པར་བྱས་པ་ཐམས་ཅད་བཟོད་པའོ། །ལྡན་པ་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་བར་བྱ་སྟེ། ཐོབ་པར་འགྱུར་ཞེས་བྱ་བ་ཚིག་གི་ལྷག་པའོ། །ཁ་ཅིག་ནི་སྔར་བཤད་པའི་དད་པ་དང་ལྡན་པ་ནི་དཀོན་ཏེ། དཀོན་པའི་དཔེ་རིན་པོ་ཆེ་བཞིན་ནོ། །དད་པའི་མཚན་ཉིད་ཚུལ་གཞན་གྱིས་བཤད་པ་ནི་མོས་པའི་སྟོབས་ལ་སོགས་པའོ། །མོས་པ་ནི་ཐེག་པ་ཆེན་པོའོ། །


DTG110_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་ནི་ཡིད་ཆེས་པ་བསྒོམ་པའོ། །མི་འདོར་བ་ནི་མི་གཏོང་བའོ། །བརྟེན་པ་ནི་མི་གཡོ་བའོ། །སྤངས་པ་ནི་འདོར་བའོ། །བཟོད་པ་ནི་ལེན་པའོ་ཞེས་ཀྱང་འཆད་དོ། །ད་ནི་སྔར་བཤད་པའི་དད་པའི་ཡུལ་གཞན་བརྟན་པའི་ཕྱིར་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་འབྲས་བུ་ཐོབ་པར་འདོད་པས་ན་སེམས་དཔའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས། ཁྱད་ཞུགས་པས་ན་སེམས་དཔའ་ཆེན་པོའོ། །ཡོན་ཏན་གྱི་བྱེ་བྲག་ནི་གནས་སྐབས་ཀྱི་སྟོབས་ཀྱིས་དྲངས་ན་བྱང་ཆུབ་ཀྱི་སེམས་བརྟན་པར་འགྱུར་བ་ལ་བྱའོ། །དེ་ལ་འདོད་པའི་དད་པའི་ཡུལ་བསྟན་པ་ནི། ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ནི་བདེན་པ་བཞིའོ། །དེ་ལ་འགོག་པ་ནི། གཉེན་པོ་མེད་པ་སྟེ། གདུལ་བར་མི་ནུས་པའི་ཕྱིར་རོ། །ལམ་གྱི་བདེན་པ་དག་ནི། མ་འགགས་པ་སྟེ་གོང་ནས་གོང་དུ་ཡེ་ཤེས་སྐྱེ་བའི་ཕྱིར་རོ། །དེ་དག་ཀྱང་སྤང་བྱ་ཡིན་པའི་ཕྱིར་འགོག་པ་ཁོ་ནའོ། །མ་ཡིན་ཏེ་སྐྱེས་པའི་ལམ་གཙོར་བྱེད་པའི་ཕྱིར་རོ། །སྡུག་བསྔལ་དང་ཀུན་འབྱུང་དག་ནི་ལོག་པའི་ཤེས་པ་ལས་བྱུང་བས་འཁྲུལ་པ་ཡིན་པས་བདེན་པ་བརྗོད་དུ་མེད་པའོ། །ལ་ལ་ན་རེ་ཡོན་ཏན་གྱི་བྱེ་བྲག་ནི་མདོ་ཉིད་གཙོར་བྱས་པ་ལའོ། །ཆོས་ནི་ཕྱི་ནང་གི་དངོས་པོ་ཐམས་ཅད་དོ། །ཆོས་ཀྱི་རང་བཞིན་སྟོང་པ་ཉིད་ནི་དངོས་པོས་སྒྱུར་བར་མི་ནུས་པས་གཉེན་པོ་མེད་པའོ། །གཅིག་དང་དུ་མ་དང་བྲལ་བ་ལ་སོགས་པ་མ་སྐྱེས་པའོ། །ཆོས་ཅན་མེད་པ་ལ་ཆོས་ཀྱི་མཚན་ཉིད་མི་འཐད་པས་མ་འགགས་པའོ། །ཀུན་རྫོབ་དང་དོན་དམ་པ་ནི་གཅིག་དང་ཐ་དད་པ་མི་འཐད་པས་བརྗོད་དུ་མེད་པའོ། །དེས་ན་འགོག་པའི་ངོ་བོ་ཉིད་གཙོར་བསྟན་ཏོ་ཞེས་འགྲེལ་པ་གཞན་འདོད་དོ། །ད་ནི་སྔར་བཤད་པའི་དང་བའི་དད་པའི་ཡུལ་དེ་ཉིད་ཕྲིན་ལས་ཀྱི་ཡོན་ཏན་བརྩམས་པ་ནི། ལྷུན་གྱི་སྒྲུབ་ཅིང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་མི་རྟོག་པའི་ཕྲིན་ལས་ནི་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པ་ཞེས་གསུངས་པ་སྟེ། སྤྱོད་པ་ནི་ཐུགས་དང་གསུང་གི་ཕྲིན་ལས་རྣམས་སོ། །སྤྱོད་ལམ་ནི་རྣམ་པ་བཞི་སྟེ་བཞུགས་པ་དང༌། བཞེངས་པ་དང༌། གཟིམས་པ་དང༌། འཆག་པ་སྟེ་གནས་སྐབས་


DTG110_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བཞིར་དོན་མཛད་པས་ན་ཕྲིན་ལས་སོ། །བྱ་བ་ནི་གཞན་དོན་འབའ་ཞིག་པ་ལ་བྱ་སྟེ། རང་གི་དོན་མཛད་ཟིན་པའི་ཕྱིར་རོ། །རང་གི་དོན་ཇི་ལྟར་མཛད་ཅེ་ན། བདེན་མོད་ཀྱི་འོན་ཀྱང་རྒྱལ་པོ་ལྟ་བུ་སེམས་བསྐྱེད་པའི་ཕྱིར་རོ། །ཕྲིན་ལས་དེ་དག་ཀྱང་གདུལ་བྱ་མ་ལུས་པའི་བྱ་བ་ཡིན་པས་ན་ཁྱབ་པ་སྟེ། སངས་རྒྱས་མཛད་པ་རྒྱ་ཆེའི་ཕྱིར། །ཁྱབ་པ་ཞེས་ནི་རབ་ཏུ་བརྗོད། །ཅེའོ། །ཕྲིན་ལས་དག་ཀྱང་གང་དུ་མཛད་ཅེ་ན། གནས་ཞེས་སྨོས་ཏེ། སྤྲུལ་པ་བཞུགས་པའི་རྟེན་ཡིན་པའི་ཕྱིར་རོ། །ཕྲིན་ལས་ཀྱང་གཅིག་ཏུ་ཟད་དམ་ཞེ་ན་མ་ཡིན་ཏེ། གདུལ་བྱའི་བསམ་པའི་དབང་གིས་སྣ་ཚོགས་པ་དང༌། མི་ཟད་པ་སྟེ་ཕྲིན་ལས་ཟད་པ་མེད་པས་ན། རྟག་པ་ཉིད་དུ་མངོན་པར་བརྗོད། །ཅེས་བྱ་བའི་ཚུལ་གྱིས་ན། འཛམ་བུའི་གླིང་གི་རྡུལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དུས་ཐམས་ཅད་པའི་ཕྲིན་ལས་ནི། སེང་གེ་འབངས་བཟངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གྱི་བསམ་པའི་དབང་གིས་གཞན་དུ་སྤྲུལ་པ་དང༌། དེ་ཡང་འདས་པའི་དུས་དཔག་ཏུ་མེད་པའི་སྔ་རོལ་ནས་ཤཱཀྱ་ཐུབ་པ་མངོན་པར་སངས་རྒྱས་ནས་བསྟན་པ་དང༌། དེའང་དུས་ལས་བཞེངས་པས་ན་ད་ལྟར་བསྟན་པ་དང་རྣམ་པ་གསུམ་དུ་མོས་ན་ཞེས་བྱ་བ་ནི། མདོ་རྣམ་པ་གསུམ་ཡིན་ནོ། །དེ་ལ་སེང་གེ་འབངས་བཟངས་ཞེས་བྱ་བ་ནི་རྒྱལ་པོ་སེང་གེའི་བུའི་མིང་ངོ༌། །རྟོགས་པ་བརྗོད་པ་ནི་སྔོན་གྱི་ཚུལ་ལོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི། ཤའི་ཕྱིར་འཁོར་ལ་སོགས་པ་ཁ་བཏགས་པ་ལ་བརྟན་པས་སོ། །མར་མེ་མཛད་ནི་བསྐལ་པ་གྲངས་མེད་པ་གསུམ་གྱི་གྲངས་མེད་པ་གཉིས་པའི་ཐ་མར་བསྙེན་བཀུར་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མིང་ངོ༌། །བཟང་སྟེ་ཞེས་བྱ་བ་ནི་དེ་ལས་ལུང་བསྟན་པ་ཐོབ་ནས་སོ། །སངས་རྒྱས་གཅིག་གིས་མཁྱེན་པས་ན་སངས་རྒྱས་ཀྱི་ཡུལ་ལོ། །ཤཱཀྱ་ཞེས་བྱ་བ་ནི་མས་དབེན་གྱི་ཆུང་མ་བླངས་པ་ལས་བཏགས་པའི་མིང་ངོ༌། །བསད་པ་ཞེས་བྱ་བ་ནི་ཤི་བའི་མིང་གི་རྣམ་གྲངས་ཏེ་འཚོ་བ་དང་བྲལ་ཞེས་བྱ་བའི་དོན་ཏེ། བསྟན་པ་ཞེས་བྱ་བ་ནི་བདེན་པ་མཐོང་བའི་གང་ཟག་རྣམས་རྒྱལ་པོ་འཕགས་སྐྱེས་པོས་བསད་པར་བསྟན་པའོ། །


DTG110_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པར་བྱས་པ་ནི་སྐྱོ་བ་བསྐྱེད་པའི་ཕྱིར་རོ། །མདོ་ཀུན་ལས་བཏུས་པའི་བཤད་པ་ལུང་གི་ཚད་མས་སྦྱར་བ་ལས། དད་པ་རྙེད་པར་དཀའ་བའི་གཏམ་བརྗོད་པ་སྟེ་བཞི་པའོ། །དད་པ་རྙེད་པར་དཀའ་བ་བསྟན་ཟིན་ཏོ།། །།དད་པ་དང་ལྡན་པ་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བས་དད་པ་བརྟན་པར་བྱས་ནས་བྱང་ཆུབ་ཀྱི་སེམས་བརྟན་པར་བྱ་བའི་ཕྱིར་རེ་ཞིག་མཚམས་སྦྱར་བ་ནི། འདི་དག་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྙེད་པར་དཀའ་བ་ནི་སངས་རྒྱས་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །དམ་པའི་ཆོས་པད་མ་དཀར་པོའི་མདོ་ཚད་མར་བྱས་ནས་འཚང་རྒྱ་བའི་རྒྱུ་ཇི་ལྟར་ཡིན་ཞེས་བརྒལ་བ་ནི། ཅི་མངོན་ཞེ་ན་ཞེས་བྱ་བའོ། །དེ་ཉིད་དགོངས་པ་ཅན་ཡིན་ཏེ་དུས་གཞན་ལ་དགོངས་པར་བསྟན་པ་ནི། མདོ་མང་པོ་ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ནི་རྣམ་པ་གཉིས་ཏེ། སྨོན་པ་དང་འཇུག་པའི་བདག་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། འབྲས་བུ་དང་རྒྱུ་ལ་འདོད་ཅེས་པའི་ཕྱིར་རོ། །དེ་ལྟར་ཞེ་ན། འབྲས་བུའི་དམ་པ་འདོད་པ་ནི་སྨོན་པ་ཡིན་ལ། དེའི་རྒྱུ་ལ་འབད་པ་ནི་འཇུག་པ་ཡིན་ནོ། །ལ་ལ་ན་རེ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་ལ་དམིགས་པ་ནི་འཇུག་པ་ཡིན་ལ། ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་སྙིང་རྗེ་གཙོ་བོར་གྱུར་པ་ནི་སྨོན་པ་ཡིན་ནོ་ཞེས་ཟེར་རོ། །ལ་ལ་ན་རེ་དགེ་བའི་རྩ་བ་མངོན་བར་འདུ་བྱེད་པ་ནི་འཇུག་པ་ཡིན་ལ། འདུ་མི་བྱེད་པ་ནི་སྨོན་པ་ཡིན་ནོ་ཞེས་ཀྱང་ཟེར་རོ། །ལ་ལ་ན་རེ་བསམ་པ་རྣམ་པར་དག་པ་ནི་སྨོན་པར་འདོད་དོ། །སྨོན་ལམ་ཡིན་པའི་ཕྱིར་རོ། །སྦྱོར་བ་ཕུན་སུམ་ཚོགས་པ་ནི་འཇུག་པར་འདོད་དེ་ཉམས་སུ་ལེན་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་བས་དབྱེ་བ་བསྟན་པ་ནི་གང་དག་ཅེས་བྱ་བ་ལ་སོགས་པའོ། །དེ་ལ་གང་དག་ཅེས་བྱ་བ་ནི་དད་པ་དང་ལྡན་པའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱ་བ་ནི་སྨོན་པ་དང་ལྡན་པའོ། །ཆས་པ་ཞེས་བྱ་བ་ནི་འཇུག་པའོ། །བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བསྟན་པ་དང༌། ངོ་བོ་ཉིད་དང་སེམས་བསྐྱེད་པའི་རང་བཞིན་ཡང་རིག་པར་བྱ་སྟེ། དེ་ལ་རེ་ཞིག་ཕན་ཡོན་སྤྱིར་བསྟན་པ་ནི། ས་བོན་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་ཀྱི་སེམས་ནི་སྨོན་པ་


DTG110_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཇུག་པའི་བདག་ཉིད་དོ། །སངས་རྒྱས་ཀྱི་ཆོས་ནི་སྟོབས་ལ་སོགས་པའོ། །ས་བོན་ཞེས་བྱ་བ་ནི་བསྐྱེད་པའི་རྒྱུར་གྱུར་པའི་ཕྱིར་རོ། །འགྲེལ་པ་མཁས་པ་གཞན་དག་ནི་སྡོང་པོ་བཀོད་པའི་མདོ་ལས་འབྱུང་བ་འདི་དག་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ཡིན་ཏེ་ཞེས་འདོད་དོ། །དེ་ནི་འཐད་པ་མ་ཡིན་ཏེ། གལ་ཏེ་དོན་དམ་པ་ཞེས་བྱ་བ་འདོད་པའི་བདག་ཉིད་མོས་པས་ཡུལ་དུ་བྱེད་པ་ཡིན་ནོ། །འདི་ནི་འདོད་པ་ཁོ་ནའོ། །གལ་ཏེ་མཐོང་བའི་ལམ་ཡིན་ན་ནི། དེ་ཉིད་བསྐྱེད་པའི་རྒྱུའི་གཙོ་བོ་གང་ཡིན། གལ་ཏེ་སེམས་བསྐྱེད་པའོ་ཞེ་ན། འདི་དག་ཀྱང་མོས་པས་སྤྱོད་པའི་ས་ལ་ཅིའི་ཕྱིར་མི་འདོད། ས་དེ་ལ་ནི་མེད་དོ་ཞེ་ན། ས་འདི་ལའང་ཅིའི་ཕྱིར་ཡོད་དེ། མེད་པ་ཁོ་ནའོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ས་བོན་ལྟ་བུ་ཞེས་བྱ་བའི་དོན་ཀྱང་ཇི་ལྟར་དྲང༌། འདོད་པའི་དབང་གིས་བྱེ་བྲག་གི་མངོན་རྟགས་ཀྱང་གང་ཞིག་ཡོད། གལ་ཏེ་མཐོང་ལམ་བསྐྱེད་པའི་རྒྱུ་སེམས་བསྐྱེད་པ་མ་ཡིན་ནོ་ཞེ་ན། བསྒོམ་པའི་ལམ་བསྐྱེད་པའི་རྒྱུ་ཡང་ཇི་ལྟར་ཡིན། དེས་ན་བརྒལ་ཞིང་བརྟགས་པ་ནི་མཚུངས་པ་ཁོ་ནའོ། །སྤྲོས་པས་ཤིན་ཏུ་ཆོག་གོ །ད་ནི་དཀྱུས་མ་ཉིད་བསྟན་པའི་ཕྱིར་རེ་ཞིག་མངོན་པར་རྟོགས་པའི་དོན་བསྟན་པ་ནི། ཚོགས་ཀྱི་ས་ལ་དཀར་པོའི་ཆོས་ཀྱི་ས་བོན་ལྟ་བུ་སྟེ། ཡང་དག་པར་བླངས་པའི་བརྡ་ལས་བྱུང་བ་བསྐྱེད་པའི་ཕྱིར་དང༌། དྲོད་ཀྱི་གནས་སྐབས་སུ་ཆོས་ཉིད་མོས་པས་འདུ་བྱེད་པས་མཐུན་པའི་ཆ་འཛིན་པས་ན་ས་བོན་ལྟ་བུའོ། །རྩེ་མོའི་གནས་སྐབས་སུ་ལོག་པར་ལྟ་བ་རྒྱུན་ཆད་པའི་ཕྱིར་གང་དུ་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །བཟོད་པ་དང་ལྡན་པ་མི་དགེ་བའི་ལས་འབྲས་བུ་མི་འབྱིན་པས་སྲེག་པའི་མེ་ལྟ་བུའོ། །ཆོས་ཀྱི་མཆོག་ཏུ་གཟུང་བ་དང༌། འཛིན་པ་དང་བྲལ་བས་ལུས་ལ་སོགས་པའི་ལས་མི་དགེ་བ་སྤོང་བས་སའི་འོག་ལྟ་བུའོ། །རང་དང་གཞན་གྱི་དོན་རབ་ཏུ་སྒྲུབ་པ་ཐོབ་པས་ས་དང་པོའི་གནས་སྐབས་སུ་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །དྲི་མ་མེད་པ་ལ་སོགས་པའི་གནས་སྐབས་སུ་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་སྤངས་པ་ནི་ལུས་ཕུན་སུམ་ཚོགས་པ་ལ་སོགས་པ་འདོད་པ་ལ་རག་ལུས་པའི་ཕྱིར་བུམ་པ་བཟང་པོ་ལྟ་བུའོ། །ས་བཅུའི་


DTG110_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་སུ་མཛད་པ་མཐའ་དག་བྱེད་པས་ན་ལྕགས་ཀྱུ་ལྟ་བུའོ། །སངས་རྒྱས་ཀྱི་ས་ལ་མཛད་པ་མཐའ་དག་བྱེད་པས་ན་མཆོད་རྟེན་ལྟ་བུའོ། །དེ་ལ་གུས་པ་དང་ལྡན་པས་འབྲས་བུ་ཆུད་མི་ཟ་བས་མཆོད་རྟེན་ལྟ་བུའོ། །འོ་ན་ཡོན་ཏན་གྱི་ཆོས་དེར་ཟད་དམ་ཞེ་ན། མ་ཡིན་ཏེ་མཚོན་པ་ཙམ་མོ་ཞེས་དོན་བསྡུ་བ་ནི། མདོར་ན་ཞེས་གསུངས་ཏེ། རབ་ཏུ་དབྱེ་ན་མཐའ་ཡས་པ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །དེ་ལས་སྒྲུབ་པར་བྱེད་པའི་ལམ་གྱི་ཚོགས་ནི་ཆོས་ཐམས་ཅད་དོ། །སྟོབས་ལ་སོགས་པ་ཡོན་ཏན་ནོ། །འོ་ན་སངས་རྒྱས་ཀྱི་ཡོན་ཏན་ལ་སོགས་པ་མ་ལུས་པ་དང་ལྡན་པའི་ཕྱིར་སེམས་བསྐྱེད་པ་ཉིད་ན་འབྲས་བུ་གྲུབ་པའི་ཕྱིར་བསྐལ་པ་མང་པོར་ཅིའི་ཕྱིར་འབད། མ་ཡིན་ཏེ་འབྲས་བུའི་མིང་རྒྱུ་ལ་བཏགས་པས་ན། གོང་དུ་ས་བོན་གྱི་ཆར་དཔེར་བསྟན་པས་ན་འགལ་བ་མེད་དོ་ཞེས་ལོག་རྟོག་སྤངས་བའི་སྒོ་ནས་ཡོན་ཏན་གྱི་འཐད་པས་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ལ་སོགས་པའོ། །ད་ནི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་ཕན་ཡོན་དཔེས་བསྟན་པ་ནི། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་སྨིན་པའི་འབྲས་བུ་ནི་གསེར་འགྱུར་གྱི་དཔེས་བསྟན་ཏེ། བསྔོ་བ་ནི་ཆུད་མི་ཟ་བའི་ཕྱིར་རོ། །ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཡིན་པས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ནི་མི་མཐུན་པ་དང་བྲལ་བའི་འབྲས་བུ་ནི། སྒྲོན་མའི་དཔེས་བསྟན་ཏེ། སྒྲིབ་པ་ཆེན་པོ་ནི་གཉེན་པོ་ཆུང་ངུས་སེལ་བའི་ཕྱིར་རོ། །སངས་རྒྱས་ཐོབ་པར་འདོད་པའི་བསམ་པ་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་འདོད་པ་རྣམས་སྙིང་རྗེའི་གཙུག་གི་ནོར་བུ་དང་ལྡན་པའི་དབང་གིས་འབྲས་བུ་ནི་ངན་སོང་གི་ས་ཐག་བསྲིངས་པས་ན་ནོར་བུའི་ཅོད་པན་ཐོགས་པའི་ཀླུའི་རྒྱལ་པོའི་དཔེས་བསྟན་ཏེ། ཕྱི་རོལ་དུ་སྨིན་པ་ནི་དབང་གི་འབྲས་བུའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ཐོབ་པ་མ་ཉམས་པ་དག་ནི་ཚེ་གཞན་ནས་རང་འཁྲུངས་སུ་བྱང་ཆུབ་ཀྱི་སེམས་ཀྱིས་བྱང་ཆུབ་ཀྱི་སེམས་རྣམ་པ་ཐམས་ཅད་མཁྱེན་པ་ལ་ཐུག་གི་བར་དུ་ཐུགས་བསྐྱེད་པས་རང་དང་གཞན་གྱི་དོན་སྒྲུབ་པར་བྱེད་པའི་རྒྱུ་མཐུན་པའི་འབྲས་བུ་ནི། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་དཔེས་བསྟན་ཏེ། རིན་དུ་མི་ཆོག་པ་ནི་


DTG110_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་མ་ལུས་པ་དེ་ཉིད་ལས་འབྱུང་བའི་ཕྱིར་རོ། །དེ་ལ་མོས་པ་སྤྱོད་པའི་གནས་སྐབས་ནི་ཟག་པ་དང་བཅས་པའོ། །མཐོང་བའི་ལམ་ལ་སོགས་པ་ནི་ཟག་པ་མེད་པའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་དག་ཀྱང་ཡོངས་སུ་འཛིན་པའི་ཁྱད་པར་ལ་སོགས་པས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྐྱེས་བུའི་བྱེད་པས་འཕྲལ་ལམ། དེ་མ་ཐག་ཏུ་ཐེག་པ་དམན་པ་འཇིག་པ་ནི། སེང་གེའི་འོ་མའི་དཔེས་བསྟན་ཏོ། །མཚམས་མེད་པ་ལ་སོགས་པའི་ལས་དང་ལྡན་པ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྟེན་གྱི་སྟོབས་ཐོབ་པའི་སྐྱེས་བུའི་བྱེད་པས་ངན་སོང་ལ་སོགས་པ་ཐག་སྲིད་པར་བྱེད་པ་ནི་དཔའ་བོའི་སྐྱེས་བུའི་དཔེས་བསྟན་ཏོ། །ཡང་གཞན་དག་ནི་ཚུལ་གཞན་དུ་འཆད་དེ། སྤྲོས་པར་མི་བྱའོ། །ད་ནི་ཕན་ཡོན་ཁྱད་པར་དུ་བརྗོད་པའི་ཕྱིར། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་སྨོས་པའི་ཕན་ཡོན་བཤད་པའི་སྐབས་སུ་བབ་པས་དཔེས་འདྲེན་པའོ། །འདིར་ཁྱད་པར་གཉིས་ཏེ་སྨོན་པའི་ཁྱད་པར་དང༌། འཇུག་པའི་ཁྱད་པར་རོ། །དེ་ལ་སྨོན་པའི་ཕན་ཡོན་གྱི་ཁྱད་པར་བཞི་སྟེ། བྱང་ཆུབ་ཀྱི་སེམས་བརྗེད་པ་ཟིལ་གྱིས་གནོན་པའི་ཁྱད་པར་དང༌། འབྲི་བ་དང་བྲལ་བའི་ཁྱད་པར་མཐུན་པའི་ཁྱད་པར་ཟིལ་གྱིས་གནོན་པའི་ཁྱད་པར་དང༌། རྒྱུད་དམན་པ་ཟིལ་གྱིས་གནོན་པའི་ཁྱད་པར་དང༌། ཚད་མེད་པ་དང་མི་མཐུན་པ་ཟིལ་གྱིས་གནོན་པའི་ཁྱད་པར་རོ། །དེ་ལ་བྱང་ཆུབ་ཀྱི་སེམས་བརྗེད་པ་ནི་རྒྱུ་རྣམ་པ་བཞི་སྟེ། བླ་མ་དང་སྦྱིན་གནས་ལ་ལོག་པར་སླུ་བ་དང༌། གཞན་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་དང༌། བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་བས་ངན་དུ་བརྗོད་པ་དང༌། སེམས་ཅན་ལ་གཡོ་དང་སྒྱུས་སྤྱོད་པའོ། །རྒྱུ་དེ་བཞི་བསྟན་པ་ནི། རྡོ་རྗེ་རིན་པོ་ཆེ་ཆག་པ་ལྟ་བུའོ། །དེའི་གཉེན་པོ་ནི་རྣམ་པ་བཞི་སྟེ། ཤེས་བཞིན་བཞད་གད་ཀྱི་ཕྱིར་ཡང་བརྫུན་མི་བརྗོད་པ་དང༌། གཞན་དག་རྫོགས་པའི་བྱང་ཆུབ་ལ་འགོད་པ་དང་བྱང་ཆུབ་སེམས་དཔའ་ལ་སྟོན་པ་ལྟར་སེམས་པ་དང༌། གཞན་ལ་བསམ་པ་རྣམ་པར་དག་པའོ། །ཆོས་འདི་བཞིས་ཟིལ་གྱིས་གནོན་པས་གསེར་གྱི་རྒྱན་ལྟ་བུའི་ཡོན་ཏན་ཟིལ་གྱིས་གནོན་པའོ། །དེ་ལ་འཁོར་བའི་དབུལ་བ་རྣམ་པར་བཟློག་པ་ནི་མངོན་པར་མཐོ་བ་ཐོབ་པ་སྟེ། ཇི་སྐད་དུ་རྒྱལ་པོ་ཆེན་


DTG110_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཁྱོད་ལན་དུ་མར་ལྷའི་ནང་དུ་སྐྱེས་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །མིང་མི་འདོར་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་སེམས་མི་བརྗོད་པ་སྟེ། ཇི་སྐད་དུ་འོད་སྲུངས་ཆོས་བཞི་དང་ལྡན་ན་ཚེ་བརྗེས་ཀྱང་བྱང་ཆུབ་ཀྱི་སེམས་མི་འདོར་ཏེ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཁ་ཅིག་ན་རེ་ནན་ཏན་གྱི་སྒྲ་བསྟན་པས་སྒྲུབ་པ་དང་བྲལ་བ་ཙམ་ལ་འདོད་དོ། །ལ་ལ་ནི་འཇུག་པ་དང་བྲལ་བ་ཙམ་ལ་འདོད་དོ། །ད་ནི་འབྲི་བ་དང་བྲལ་བའི་མཐུན་པའི་ཁྱད་པར་ཟིལ་གྱིས་གནོན་པ་བརྗོད་པར་བྱ་སྟེ། གོང་ནས་གོང་དུ་མི་སྤེལ་བ་ནི་ཡོན་ཏན་འབྲི་བར་འགྱུར་བ་ཡིན་པས་དེའི་གཉེན་པོ་གོང་ནས་གོང་དུ་སྤེལ་བའི་ཕྱིར་རོ། །རྒྱལ་པོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཚོལ་བ་ནི་ཆོས་ཉན་ཅིང་སེམས་པའོ། །ཅིའི་ཕྱིར་ཞེ་ན། དོན་དང་ཞེས་བྱ་བ་ལ་སོགས་པ་སྟེ། དོན་ནི་མཐོ་རིས་དང་བྱར་གྲོལ་ལ་བྱའོ། །ཕན་པ་ནི་མ་འོངས་པའི་བདེ་བའོ། །བདེ་བ་ནི་ཚེ་འདིའི་འདོད་པར་བྱ་བའོ། །ཇི་ལྟར་ཞེ་ན། བསྒྲལ་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཉོན་མོངས་པ་དག་ནི་ཆུ་བོ་དང་འདྲ་བས། དེ་སྤང་པའི་ཕྱིར་བསྒལ་བའོ། །སྡུག་བསྔལ་རྣམ་པ་གསུམ་ནི་ཁོང་བསྒྲིལ་དང་འདྲ་བས། དེ་གཅད་པའི་ཕྱིར་དགོལ་བའོ། །བདག་ཏུ་ལྟ་བ་དག་ནི་ངལ་བའི་གནས་ཡིན་པས་ཆོས་ཉིད་ཀྱི་གྲོང་ཁྱེར་གྱིས་དབེན་པས་དེ་དག་པ་སྟི་བའི་ཕྱིར་དབུགས་དབྱུང་བའོ། །རྣམ་པར་རྟོག་པ་དག་ནི་སྡུག་བསྔལ་བསྐྱེད་པས་མྱ་ངན་གྱི་གཞི་ཡིན་པའི་ཕྱིར་དེ་ཡོངས་སུ་སྤང་བའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བའོ། །དེ་ལྟར་སྙིང་རྗེས་རྒྱུད་བརླན་པ་དག་ནི་གཞན་གྱི་དོན་དུ་ཡེ་ཤེས་ཐོབ་པར་འདོད་པས། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཐོབ་པར་བྱ་བའོ། །སྒྲིབ་པ་ཀུན་གྱི་དྲི་མ་མེད་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའོ་ཞེས་བྱ་བས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའོ། །ཇི་ལྟར་ཐོབ་ཅེ་ན། ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ་ཞེས་སྨོས་ཏེ། སྟོབས་ལ་སོགས་པ་ནི་ཆོས་སོ། །ཤིན་ཏུ་དགྱེས་པས་ངོ་མཚར་བའི་ཕྱིར་ལེགས་སོ་ལེགས་སོ་ཞེས་ཟློས་ཏེ་གསུངས་པའོ། །སྟོན་པ་ཇི་ལྟ་བ་བཞིན་དུ་ལྷ་རྣམས་རྗེས་སུ་ཡི་རང་བ་ནི་ཡང་ཞེས་བྱ་བ་སྟེ། དད་པ་ནི་འདོད་པའི་དད་པའོ། །ཚོལ་བ་ནི་སྦྱོར་བར་བྱེད་པའོ། །སྨོན་པ་ནི་འབྲས་བུའི་འདོད་ཆེས་པས་སོ། །


DTG110_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་ཡི་རང་བ་དངོས་ནི་ཕྱོགས་དང་ཕྱོགས་སུ་སྙན་པ་བརྗོད་པ་བསྔགས་པའོ། །སྔོན་དུ་བཀུར་བར་བྱེད་པས་བསྟོད་པའོ། །ལྐོག་ཏུ་ཡང་དགའ་བ་དང་ལྡན་པས་རྗེས་སུ་ཡི་རང་བའོ། །ཐོག་མ་དང་བར་དང་ཐ་མར་རྗེས་སུ་ཡི་རང་བས་ན་དགའ་བ་བསྐྱེད་པ་ལ་སོགས་པ་ཚིག་གསུམ་གསུངས་སོ། །འོན་སྨོན་པ་ཙམ་ལ་ཅིའི་ཕྱིར་རྗེས་སུ་ཡི་རང་བར་བྱེད་ཅེས་དེ་ཅིའི་ཕྱིར་ཞེ་ན་ཞེས་རྒོལ་བ་ལེན་དུ་སྨོན་པ་ནི་སངས་རྒྱས་འདོད་པའི་ཕྱིར་རོ། །དེའི་རྒྱུ་ལ་འཇུག་པར་བྱེད་པའི་ཡོན་ཏན་གཞན་གྱི་རྩ་བ་ཡིན་པས་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སངས་རྒྱས་ཐོབ་ན་དེའི་འབྲས་བུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་འདུ་བར་འགྱུར་རོ་ཞེས་ཕན་ཡོན་གྱི་འཐད་པ་ནི་ཞུགས་པ་ཡིན་ནོ་ཞེས་བྱ་བའོ། །ཁ་ཅིག་ནི་ཆོས་ཀྱི་འཁོར་ལོ་ནི་མཐོང་བའི་ལམ་ལ་བྱའོ་ཞེས་ཟེར་རོ། །དེ་ལྟར་སྙིང་རྗེས་བྱང་ཆུབ་ཀྱི་སེམས་སྤེལ་བ་ནི་འབྲི་བ་སྟེ་ཉམས་པའི་གཉེན་པོ་ཡིན་པས། མདོ་འདི་ཉིད་ལས་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཉིན་ལན་གསུམ་མཚན་ལན་གསུམ་དུ་དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ཡིན་ནོ། །རྒྱུ་དམན་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཅུང་ཟད་ལ་བྱ་སྟེ། དེས་རྫོགས་པའི་བྱང་ཆུབ་མི་ཐོབ་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོས་དེ་ཟིལ་གྱིས་གནོན་པ་ནི། ནམ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་པ་ཕུན་སུམ་ཚོགས་པས་ནི་སེམས་ཀྱི་རིགས་ལྔ་དང་བྲལ་བས་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་འབྲལ་ཞིང་ངོ༌། །སེམས་ཀྱི་རིགས་ལྔ་ནི་ཉན་ཐོས་ཀྱི་སེམས་དང༌། རང་རྒྱལ་བའི་སེམས་དང༌། མི་དང་ལྷ་དོན་དུ་གཉེར་བའི་སེམས་དང༌། ལུང་དུ་མི་སྟོན་པ་དང༌། མི་དགེ་བའི་སེམས་སོ། །སེམས་གཞན་ནི་མི་དང་ལྷ་འདོད་པའི་སེམས་དང༌། ལུང་དུ་མི་སྟོན་པ་དང༌། མི་དགེ་བའི་སེམས་ལ་བྱའོ། །དམིགས་པ་ནི་ཐོབ་པར་འདོད་པའོ། །ཉོན་མོངས་པ་ནི་སེར་སྣ་ལ་སོགས་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྦྱིན་པ་ལ་སོགས་པའོ། །དེ་ལ་ཤེས་རབ་ནི་ཡེ་ཤེས་ཀྱི་ཚོགས་སོ། །ལྷག་མ་ནི་བསོད་ནམས་ཀྱི་ཚོགས་སོ། །བརྩོན་འགྲུས་དང་ཏིང་ངེ་འཛིན་ནི་ཚོགས་གཉིས་ཀ་ཡིན་ནོ་ཞེས་བཤད་དོ། །ཚད་མེད་པ་ནི་བྱམས་པ་ལ་སོགས་པའོ། །དེ་དང་མི་མཐུན་པ་ནི་ཞེ་སྡང་ལ་སོགས་པ་སྟེ་དེའི་གཉེན་པོ་ནི། བྱམས་


DTG110_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་དང་ཞེས་བྱ་བ་ལ་སོགས་པའོ། །ལ་ལ་ནི་མི་མཐུན་པའི་ཕྱོགས་ཉན་ཐོས་ཀྱི་སེམས་ལ་སོགས་པ་ཡིན་ཏེ། རང་དུལ་བར་བྱེད་པའི་ཕྱིར་རོ་ཞེས་ཟེར་རོ། །གཉེན་པོ་འདི་དག་ཀྱང་བྱང་ཆུབ་ཀྱི་སེམས་ཡིན་པས་ཕན་ཡོན་ཞེས་བསྟན་ཏོ། །ད་ནི་འཇུག་པའི་ཕན་ཡོན་གྱི་ཁྱད་པར་བསྟན་པའི་ཕྱིར་འཇམ་དཔལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཁྱད་པར་ནི་རྣམ་པ་ལྔ་སྟེ། རྟེན་གྱི་གང་ཟག་གི་ཁྱད་པར་གྱི་ཕན་ཡོན་བསྟན་པ་ནི་སོ་སོའི་སྐྱེ་བོ་ལ་བྱང་ཆུབ་ཀྱི་སེམས་སྐྱེ་ཞིང་བྱང་ཆུབ་སེམས་དཔའི་སྡོམ་པ་ཡོད་དེ་ཅིའི་ཕྱིར་འཇམ་དཔལ་ཀ་ལ་པིང་ཀའི་ཕྲུ་གུ་སྒོ་ངའི་ནང་ནས་སྒྲ་སྒྲོགས་པ་ལྟར། སོ་སོའི་སྐྱེ་བོ་བདག་ཏུ་ལྟ་བ་ཅན་ཡང་དེ་མ་བརྟོལ་ཞིང་ཁམས་གསུམ་ནས་མ་བྱུང་ཡང་སྟོང་པ་ཉིད་ཀྱི་སྒྲ་འབྱིན་ཏོ་ཞེས་གསུངས་པ་དང༌། སྔར་བསྟན་པའི་རིགས་པས་འཐད་པ་ནི། སེང་གེའི་ཕྲུ་གུའི་དཔེས་བསྟན་ཏེ། ཤེས་རབ་ཀྱི་སྟོབས་ནི་སྟོང་པ་ཉིད་དམིགས་པའོ། །མ་རྫོགས་པ་ནི་འཆིང་བ་མཐའ་དག་དང་ལྡན་པས་དངོས་པོར་ལྟ་བ་ཅན་ནོ། །སེམས་བསྐྱེད་པ་ནི་བརྡ་ལས་བྱུང་བའོ། །བདུད་ནི་ལྷའི་བུའི་བདུད་དོ། །བསམ་པའི་ཁྱད་པར་གྱི་ཕན་ཡོན་བསྟན་པ་ནི། ཀུན་དགའ་བོ་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གཙོ་བོའི་སྤྱོད་པ་ནི་འཇུག་པ་དང་ལྡན་པའི་སེམས་ཡིན་པས་ན། སྙིང་ལྟ་བུ་སྟེ་བྱང་ཆུབ་སེམས་དཔའ་འཚོ་བའི་ཕྱིར་རོ། །སྟོང་པ་ཉིད་དང་སྙིང་རྗེའི་ཁྱད་པར་གྱིས་སངས་རྒྱས་དང་སེམས་ཅན་ལ་དམིགས་པའི་བསམ་པ་མི་ཕྱེད་པ་དང་ལྡན་པ་ནི་འདོད་པ་ལྔ་སྤྱོད་དུ་ཟིན་ཀྱང༌། སྤྱོད་པ་རྣམ་པར་དག་པའི་ཚུལ་ཁྲིམས་ཅན་ཡིན་པས་བསྔགས་པ་ནི་དབུལ་ཡང་བཀུར་རོ་ཞེས་བྱ་སྟེ། ཇི་སྐད་དུ། གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་ཡོན་ལྔ་སྤྱོད་ཀྱང༌། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ། །སངས་རྒྱས་འགྲུབ་བྱ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་ན། །མཁས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་པར་བྱ། །ཞེས་བསྟན་པ་ལྟ་བུའོ། །དེ་ལྟར་མ་ཡིན་ན་བདག་མེད་པ་གཉིས་རྟོགས་པའི་འཕགས་པ་དག་ཀྱང་སྙིང་རྗེ་ཆེན་པོ་དང་བྲལ་བས་བསྔགས་པ་མ་ཡིན་སོ་སོའི་སྐྱེ་བོ་བསམ་པ་དམན་པ་དག་ལྟ་ཚུལ་ཁྲིམས་དེ་བོར་འཆལ་བ་ཡིན་པས་ན། གཡོག་བྱ་བར་མཚོན་པར་མི་མཛད་པ་སྟེ། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ས་ལམ་བཅུ། །སྤྱོད་ཀྱང་དགྲ་


DTG110_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་རང་རྒྱལ་ཉིད་ལ་འདོད་བསྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །ཚུལ་ཁྲིམས་འཆལ་ཞིང་མི་མཁས་དེ་བཞིན་སྤྱོད་པ་ཉམས། །ཞེའོ། །འདིར་གང་ཟག་གང་གི་དབང་དུ་བྱས་ཤེ་ན། ཁྱིམ་པའི་བྱང་ཆུབ་སེམས་དཔའ་ཁོ་ནའི་དབང་དུ་བྱས་ཏེ་གསུངས་པ་ཡིན་པར་མངོན་ནོ། །ཇི་ལྟར་ཞེ་ན། བྱང་ཆུབ་སེམས་དཔའ་ཆོས་འཕགས་བུད་མེད་དྲུག་ཁྲི་བརྒྱད་སྟོང་དང་ལྷན་ཅིག་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་དོ་ཞེས་བྱ་བ་ལྟ་བུ་དང༌། དྲག་ཤུལ་ཅན་གྱིས་ཞུས་པ་ལས། ཁྱིམ་པའི་བྱང་ཆུབ་སེམས་དཔའི་དབང་དུ་སྤྱད་པ་ཡང་གསུངས་པའི་ཕྱིར་རོ། །རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ནི་འདོད་པའི་ཡོན་ཏན་ལྔ་ཐག་རིང་དུ་ཡོངས་སུ་སྤང་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན། སོ་སོར་ཐར་པ་དག་དང་ལྡན་པ་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་དང་འགལ་བར་འགྱུར་ལ། དེ་དང་འགལ་བ་ཇི་ལྟར་བྱང་ཆུབ་སེམས་དཔར་འགྱུར། བསམ་པ་རྣམ་པར་དག་པའི་སྦྱོར་བ་དེ་ལྟ་མ་ཡིན་པ་ལ་ཡང་ཧ་ཅང་མི་སྲིད་པ་འགྱུར་རོ། །འདོད་པའི་ཡོན་ཏན་ལྔ་སྤྱད་པ་ཡང་གཞན་དྲང་བའི་ཕྱིར་ཡིན་གྱི་ཡང་དག་ཏུ་མ་ཡིན་ནོ། །དེ་ནི་འདོད་པ་ཁོ་ནའོ། །དེ་ཉིད་བསྟན་པས་ཁྱིམ་པའི་བྱང་ཆུབ་སེམས་དཔའ་ཡོད་པར་བསྟན་ཏེ། གཞན་དུ་འདོད་པ་སྤངས་པར་དྲང་བའི་ཕྱིར་ཏེ་སྤྱོད་པས་དྲང་བ་ཇི་ལྟར་འགྱུར། སྙིང་ལས་ཆུང་ངུའི་སྤྱོད་པ་དག་དང་འགལ་བ་ནི་འདོད་པ་ཁོ་ནའོ། །དེ་ནི་ཡིན་ཏེ་ཚུལ་ཁྲིམས་ཀྱི་སྒྲ་ནི་སྡོམ་པ་ལ་འདོད་ཀྱི། གཞན་དུ་ན་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ཞེས་ཇི་ལྟར་བརྗོད། ཚངས་པའི་སྤྱོད་པ་མ་ཡིན་པའི་ཚུལ་ཁྲིམས་དག་ཀྱང་རབ་ཏུ་བྱུང་བ་ལ་གནང་བ་མ་ཡིན་ནམ། དེའི་གནང་བ་དེ་ཡང་ཚུལ་ཁྲིམས་ཉིད་དེ་སྡོམ་པ་ནི་བཅས་པའི་རྗེས་སུ་འཇུག་པ་ཡིན་ལ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་སྲོག་གཅོད་པ་དོན་དུ་འགྱུར་བ་ལ་སོགས་པ་གསུངས་པའི་ཕྱིར་བཅས་པ་ཁོ་ནའོ། །དེའི་ཕྱིར་བསམ་པ་རྣམ་པར་དག་པ་ནི་གཙོ་བོ་ཡིན་པར་བསྟན་པའི་ཕྱིར་མདོ་སྨོས་པ་ཡིན་ནོ། །སྦྱོར་བའི་ཁྱད་པར་གྱི་ཕན་ཡོན་བསྟན་པའི་ཕྱིར་འོད་སྲུངས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་གང་དུ་བསྟན་པའི་བསམ་པ་རྣམ་པར་དག་པ། སྦྱོར་བ་ཕུན་སུམ་ཚོགས་པ། ཚུལ་ཁྲིམས་གནས་པ་ལ་སོགས་པ་སྤྱོད་པ་བཞི་དང་ལྡན་པ་དག་ནི་བསླབ་པ་ལ་ཞུགས་པ་ཞེས་བྱའོ། །སྔར་བསྟན་པའི་ཚུལ་གྱིས་ན། ཡོན་ཏན་དམན་པར་བསྟན་པ་


DTG110_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཕྱག་གི་འོས་མ་ཡིན་པས་ཕྱག་མི་འཚལ་བ་སྟེ། ཇི་སྐད་དུ། མ་སྐྱེས་དགྲ་ཡི་བུ་མོར་གྱུར་པ་ནི། །མྱ་ངན་མེད་བྱིན་ཡོན་ཏན་གཟི་བརྗིད་ལྡན། །དགྲ་བཅོམ་ལྔ་བརྒྱ་དག་ནི་ལྷགས་གྱུར་ཀྱང༌། །དེ་ལ་ཕྱག་བྱའི་ཕྱིར་ནི་དེ་མ་ལངས། །ཞེས་བསྟན་པ་ལྟ་བུའོ། །དེ་བཞིན་གཤེགས་པ་པས་བྱང་ཆུང་སེམས་དཔའ་ལ་གུས་པར་བྱ་བ་བསྟན་པ་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྔགས་པའི་ཕྱིར་ཏེ། འབྲས་བུ་འདོད་པས་རྒྱུ་ལ་ནན་ཏན་བྱ་བར་བསྟན་པའི་ཕྱིར་རོ། །སྦྱིན་པ་ཕུན་སུམ་ཚོགས་པ་དེ་ཡང་གང་གིས་ཤེ་ན། སྙིང་རྗེས་ཁྱད་པར་དུ་འཕགས་པ་བསྟན་པ་ནི། །ཡོན་ཏན་གྱི་ཚོགས་ནི་བརྗོད་པར་མི་ནུས་པའོ་ཞེས་གསུངས་ཏེ། ཡོན་ཏན་ནི་འབྲས་བུའི་ཁྱད་པར་རོ། །སྔར་བསྟན་པའི་ཚུལ་གྱིས་རྒོལ་བ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བའོ། །ལན་ནི་སེམས་ཅན་གྱི་ཁམས་ཚད་མེད་པས་དེ་ལ་དམིགས་པའི་ཡོན་ཏན་བསོད་ནམས་ཀྱི་ཚོགས་ཀྱང་ཚད་མེད་དོ་ཞེས་བསྟན་ཏོ། །འོ་ན་སེམས་ཅན་མ་ལུས་པ་ལ་ཕན་པ་བསྒྲུབས་ན་ཅིའི་ཕྱིར་སེམས་ཅན་དག་གྲོལ་བར་འགྱུར། གྲོལ་བ་མ་ཡིན་པའི་ཕན་པ་ནི་ཕན་པ་བྱས་པ་ཡིན་པར་མི་འགྱུར་རོ། །སེམས་ཅན་དག་མ་གྲོལ་ན་འཚང་རྒྱ་བར་ཡང་ཇི་ལྟར་འགྱུར་ཞེས། དེ་ཅིའི་ཕྱིར་ཞེ་ན་ཞེས་རྒོལ་ཏེ། དེའི་ལན་ནི་སེམས་ཅན་གྱི་ཁམས་ནི་མི་ཟད་པ་སྟེ་ཞེས་གསུངས་ཏེ། གྲོལ་བས་ཟད་པ་མེད་དོ་ཞེས་བསྟན་ཏོ། །འོ་ན་སྔར་བསྟན་པའི་ཉེས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་བསམ་པ་རྣམ་པར་དག་པ་ཁོ་ན་སྤྱོད་པའི་གཙོ་བོ་ཡིན་པའི་ཕྱིར་དང༌། སེམས་ཅན་གྲོལ་བས་ཟད་པར་མི་འགྱུར་བ་ཉིད་ཀྱིས་དེ་དག་ལ་བརྟེན་པའི་བསོད་ནམས་ཀྱང་ཟད་པར་མི་འགྱུར་བར་བསྟན་པ་ནི། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤེས་རབ་ཀྱིས་ཁྱད་པར་དུ་འཕགས་པ་བསྟན་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་ཚོགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོགས་ཞེས་བྱ་བ་ནི་ཤེས་རབ་ཀྱིས་སྟོང་པ་ཉིད་ལ་དམིགས་པའི་ཡེ་ཤེས་ཀྱི་ཚོགས་སོ། །བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་དོན་དམ་པའི་སེམས་སོ། །དཀོན་མཆོག་གསུམ་གྱི་རིགས་ནི་སྟོང་པ་ཉིད་དང་སྙིང་རྗེའོ། །མི་འཆད་པ་ནི་མངོན་པར་སངས་རྒྱས་པ་སྟེ། མངོན་པར་སངས་རྒྱས་ན་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་བསྐོར་ན་འཕགས་པའི་ཡེ་ཤེས་འབྱུང་བར་འགྱུར་རོ། །དེ་བྱུང་ན་མངོན་


DTG110_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བར་རྫོགས་པར་འཚང་རྒྱས་པར་འགྱུར་རོ་ཞེས་འཁོར་ལོའི་ཚུལ་དུ་འབྱུང་བས་ན་མི་འཆད་པའོ། །ལ་ལ་ན་རེ་རིགས་ནི་བདེན་པ་ལ་སོགས་པ་བརྟེན་གཞི་ལ་བྱའོ་ཞས་ཟེར་རོ། །ལ་ལན་རེ་མཐོང་བའི་ལམ་གྱི་བདེན་པ་བཞིས་བསྡུས་པས་ས་དང་པོ་ལ་འཇུག་པར་བྱའོ་ཞེས་ཟེར་རོ། །ལ་ལ་ན་རེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བྱའོ་ཞེས་ཟེར་རོ། །ལ་ལ་ན་རེ་ཐབས་དང་ཤེས་རབ་ཡིན་ཏེ། ཐབས་ལ་མཁས་པ་ནི་ཕ་ཡིན་ལ། ཤེས་རབ་མ་ཡིན་པས་དེ་ལས་སྐྱེས་པ་ཡིན་ནོ་ཞེས་ཟེར་རོ། །ལ་ལ་ན་རེ་སངས་རྒྱས་ཀྱིས་བཅས་པའི་བསླབ་པ་ལ་བྱའོ་ཞེས་ཟེར་རོ། །ལ་ལ་ན་རེ་ད་ལྟར་གྱི་སངས་རྒྱས་མངོན་དུ་བཞུགས་པའི་ཏིང་ངེ་འཛིན་དང༌། སྙིང་རྗེ་ཆེན་པོ་ཡིན་ནོ་ཞེས་འདོད་དོ། །ལ་ལ་ནི་སྨོན་པ་དང་འཇུག་པའི་སེམས་ལ་བྱའོ་ཞེས་ཟེར་རོ། །དེ་ལྟར་རྒྱས་པར་བཤད་ནས་ཕན་ཡོན་མཐའ་དག་བསྡུ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱི་བསོད་ནམས་གང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལ་ལ་དག་ནི་སྨོན་པ་དང་འཇུག་པའི་ཕན་ཡོན་བསྡུ་བ་ཡིན་ནོ་ཞེས་འདོད་དོ། །ལ་ལ་དག་ནི་འཇུག་པའི་ཕན་ཡོན་བསྡུ་བར་འདོད་དོ། །ལ་ལ་དག་ནི་སྦྱོར་བ་ཕུན་སུམ་ཚོགས་པའི་ཕན་ཡོན་བསྡུ་བར་འདོད་དོ། །ལ་ལ་དག་ནི་དེ་དག་ངེས་དོན་གྱི་ཤེས་བྱེད་དུ་འཆད་དོ། །ད་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་བསྟན་པར་བྱ་སྟེ། འདིར་ངོ་བོ་ཉིད་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་ཁྱད་པར་ཅན་དུ་འཕགས་པ་ལ་དམིགས་པ་ཟད་པ་མེད་པ་འདྲེན་པར་ནུས་པ་སྟེ། ཡུལ་ནི་སྟོང་པ་ཉིད་དང་སྙིང་རྗེའོ། །ཀུན་གཞིའི་རྣམ་པར་ཤེས་པ་ནི་མ་བསྒྲིབས་པ་ལུང་དུ་མ་བསྟན་པའི་ཕྱིར་དང༌། ཉོན་མོངས་པ་ཅན་གྱི་ཡིད་ནི་དྲི་མ་ཅན་གྱི་འཁོར་བཞི་དང་རྟག་ཏུ་ལྡན་པའི་ཕྱིར་དང༌། སྒོ་ལྔའི་རྣམ་པར་ཤེས་པ་དག་ནི། བརྟན་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་འབའ་ཞིག་སྨོས་ཏེ། སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །དོན་གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་བཤད་དོ། །གང་གིས་ཁྱད་པར་དུ་འཕགས། གང་ལས་ཁྱད་པར་འཕགས་ཤེ་ན། ཤེས་རབ་དང་སྙིང་རྗེ་སོ་སོའི་སྐྱེ་བོ་དང་ཉན་ཐོས་དང༌། རང་རྒྱལ་བའི་སེམས་ལས་ཁྱད་པར་དུ་འཕགས་པའོ། །དེ་བསྟན་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ཅེས་བྱ་བ་ནི་དཀར་པོའི་ཆོས་མཐའ་དག་གོ །དེ་ལས་འབྱུང་བས་


DTG110_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ན་དེ་སྐད་ཅེས་བྱའོ། །དེ་ལ་ཤེས་རབ་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་ན། ཆོས་ཀྱི་དབྱིངས་དང་མཉམ་པ་ལ་སོགས་པའོ། །ཀུན་རྫོབ་གཞི་མེད་པ་ལ་དམིགས་པས་ན། ཡེ་ཤེས་སྟོང་པའོ། །འཁྲུལ་པའི་རྒྱུ་ལས་བྱུང་བས་ན་གློ་བུར་བའོ། །སླུ་བས་ན་གནས་པ་མ་ཡིན་པའོ། །རྟག་ཏུ་མི་རུང་བས་ན་ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པའོ། །དེ་ལྟ་བུའི་འཁྲུལ་པ་སྤངས་པ་སྟོང་པ་ཉིད་གཞན་ལ་བསྟན་པའི་སྒོ་ནས། སྙིང་རྗེ་བསྟན་པ་ནི་སེམས་ཅན་དག་ཀྱང་ཞེས་བྱ་བ་ལ་སོགས་པའོ། །གཞན་དག་ནི་ཆོས་ཐམས་ཅད་ནི་སྟོང་པ་ཉིད་དེ་ནམ་མཁའི་དཀྱིལ་ལྟ་བུ་ཡིན་པས་མཉམ་པའོ། །འོན་ཀྱང་སྣང་བ་ཙམ་མི་འགོག་ཅིང་སྐུར་པ་མི་འདེབས་བས་ཤེས་པར་བྱ་བ་ཙམ་མོ། །འཁྲུལ་བ་དང་བྲལ་བས་ཡེ་ཤེས་སྟོང་པའོ། །འོ་ན་ཡེ་ཤེས་ཀྱི་ཡུལ་ནི་ཀུན་རྫོབ་ཡིན་པས་ཇི་ལྟར་གནས་ཤེས་ན། གློ་བུར་བྱུང་བ་ཞེས་བྱ་སྟེ། མ་རིག་པ་བརྟགས་པའི་ཕྱིར་རོ། །ཆོས་ཉིད་དངོས་ལ་མི་བརྟེན་པས་གནས་པ་མ་ཡིན་ནོ། །མངོན་སུམ་དང་རྗེས་སུ་དཔག་པའི་ཡུལ་མ་ཡིན་པས་ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པའོ་ཞེས་འདོད་དེ། དེ་ལ་སྙིང་རྗེ་དང་ལྡན་པས་སེམས་ཅད་ལ་དམིགས་པ་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པ་ནི། ཕན་པ་དང་བདེ་བའི་སེམས་སོ་ཞེས་བྱ་བ་ལ་སོགས་པའོ། །སྟོང་པ་ཉིད་ཀྱིས་དངོས་པོར་ལྟ་བ་ལས་ཁྱད་པར་དུ་འཕགས་པས་ན་སྟོང་པ་ཉིད་ཀྱིས་མི་འགྱུར་བའི་སེམས་ལ་སོགས་པའོ། །ད་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རང་བཞིན་བརྗོད་པར་བྱ་བའི་ཕྱིར། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྡོས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་ནི་རྣམ་པ་གཉིས་ཏེ། བྱང་ཆུབ་ཏུ་སེམས་སྨོན་པ་དང༌། དེའི་རྒྱུ་ལ་འཇུག་པའོ། །དེའི་ཕྱིར་དང་པོ་སྨོན་པའི་སེམས་བསྐྱེད་པའི་རང་བཞིན་བརྗོད་པ་ནི་ཐམས་ཅད་མཁྱེན་པ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །སྨོན་པ་ནི་སྨོན་ལམ་ཡིན་པའི་ཕྱིར་ཡོངས་སུ་བསྔོས་པ་ཞེས་བྱའོ། །ཇི་ལྟར་ཞེ་ན། བདག་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སྙིང་པོ་ནི་རྣམ་པ་གཉིས་ཏེ། གནས་བྱང་ཆུབ་ཀྱི་སྙིང་པོ་དང༌། རྟོགས་པ་བྱང་ཆུབ་ཀྱི་སྙིང་པོའོ། །འདིར་


DTG110_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གནས་བྱང་ཆུབ་ཀྱི་སྙིང་པོ་ལ་འདོད་དོ། །མི་དང་ལྷའི་འབྲས་བུ་དང༌། ཉན་ཐོས་དང་རང་རྒྱལ་བ་དག་ནི་བར་མ་དོའོ། །འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྒྱུ་ནི་གང༌། རྐྱེན་ནི་གང༌། ཁས་ལེན་པ་ནི་གང༌། མི་ཉམས་པ་ནི་གང༌། ཉམས་པ་ནི་གང༌། ཉམས་པ་རྗེས་སུ་གསོ་བ་ནི་གང་ཞེ་ན། རྒྱུ་ནི་རྣམ་པ་ལྔ་སྟེ། ཚད་མེད་པ་གོམས་པ་སེམས་ཅན་གྱི་སྡུག་བསྔལ་མཐོང་བ་དང༌། སྐྱབས་སུ་སོང་བས་བདག་ཉིད་ཤེས་པ་དང༌། ཚོགས་བསགས་པས་རྒྱུད་རྣམ་པར་དག་པ་དང༌། རྟེན་མངོན་དུ་གྱུར་པས་རྒྱུད་དང་བར་གྱུར་པ་དང༌། སྙིང་རྗེ་གོམས་པའོ། །རྐྱེན་ནི་དགེ་བའི་བཤེས་གཉེན་དབང་དུ་གྱུར་པའོ། །ཁས་ལེན་པ་ནི་སྦྱོར་བ་ཕུན་སུམ་ཚོགས་པས་དངོས་གཞི་ལ་སྨོན་ལམ་འདེབས་ཤིང་རྗེས་སུ་གདམས་ངག་སྦྱིན་པའོ། །མི་ཉམས་པ་ནི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པ་སྔར་བཤད་པ་རྣམས་ཏེ། ཉམས་པ་ནི་སྔར་བཤད་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པའོ། །ཉམས་པ་རྗེས་སུ་གསོ་བ་ནི་ཉམས་པ་ལས་ཕྱིར་འཆོས་པ་སྟེ། དེ་ལྟར་ན་རེ་ཞིག་སྨོན་པའི་སེམས་སུ་རིག་པར་བྱ་སྟེ། ཚད་མེད་པ་ནི་བཏང་སྙོམས་པ་དང༌། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བའོ། །དེ་ལ་དང་པོར་བཏང་སྙོམས་བསྒོམ་བར་བྱ་སྟེ། ས་གཞི་དང་འདྲ་བའི་ཕྱིར་རོ། །དེའི་རྗེས་ལ་བྱམས་པ་ནི་གསེར་དང་འདྲ་བས་སོ། །སྙིང་རྗེ་ནི་ས་བོན་དང་འདྲ་བས་སོ། །དགའ་བ་ནི་ངོ་སེལ་བ་ལྟ་བུའོ། །ཇི་ལྟར་གོམས་པར་བྱ་ཞེ་ན། རྟེན་གྱི་གང་ཟག་དབང་པོ་རྟུལ་པོས་རིམ་ཅན་དུ་གོམས་པ་དང༌། འབྲིང་གོས་འབྲིང་དུ་དང༌། དབང་པོ་རྣོན་པོས་ཅིག་ཅར་དུ་གོམས་པར་བྱས་པའོ། །དེས་རང་དང་གཞན་མཉམ་པར་གྱུར་བ་དང༌། གཞན་གཅེས་པར་གྱུར་པ་ནི་དེའི་རྒྱུ་ཡིན་ནོ། །སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དེ་ཉིད་ཐོབ་པར་འདོད་བས་སྐྱབས་སུ་འགྲོ་ཞིང་སྐྱབས་ཀྱི་མི་ཉམས་པའི་ཆོས་རྣམས་རྗེས་སུ་སྒྲུབ་པ་ཡང་རྒྱུ་གཉིས་ཏེ་ཇི་སྐད་དུ། །རྒྱལ་བ་རྣམས་དང་བདེ་གཤེགས་ཆོས་རྣམས་དང༌། །དགེ་འདུན་རྣམས་ལ་དད་ན་སེམས་སྐྱེ་བས། །བྱང་ཆུབ་ཡོན་ཏན་བསམ་པའི་སེམས་སྐྱེ་བ། །རྒྱུ་མེད་མ་ཡིན་གྱི་ན་འབྱུང་བ་ཡིན། །ཞེའོ། །དེ་ཉིད་ཐོབ་བར་འདོད་པ་སེམས་སྐྱེ་བ་ཅིས་ཞེས་ཤེ་ན། དེ་ཡང་འདོད་པ་སྐྱིད་པ་རྒྱལ་སྲིད་མིན། །བདག་བདེའི་དོན་དང་གྲགས་དང་


DTG110_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་ཕྱིར་མིན། །ཞེས་འབྱུང་བས་སྐྱབས་ཁྱད་པར་ཅན་དུ་གསལ་བར་བསྟན་པ་ཡིན་ནོ། །ཚོགས་བསགས་པ་ནི་ཕྱག་འཚལ་བ་ལ་སོགས་པ་ཡོངས་སུ་བསྔོ་བ་ལ་ཐུག་པའི་བར་རྣམས་ཏེ། བཟང་པོ་སྤྱོད་པ་ལས་རྒྱུར་གསལ་བར་གསུངས་སོ། །རྟེན་མངོན་དུ་གྱུར་པ་ནི་སྐུ་མངོན་དུ་གྱུར་པ་སྟེ། རྒྱལ་པོ་ལ་གདམས་པ་ལས་གཟུགས་ཀྱི་སྐུ་མཐོང་མ་ཐག་ཏུ་ཞག་བདུན་དུ་མིག་མི་འཛུམས་པར་ལྟ་ཞིང་དེ་ཐོབ་པར་འདོད་པའི་སེམས་སྐྱེས་པར་གྱུར་ཏེ་ཞེས་གསུངས་པ་ལྟ་བུའོ། །སྙིང་རྗེ་གོམས་པ་ནི་སྔར་ཚད་མེད་པ་བཤད་པ་ལྟ་བུ་སྟེ། རྒྱུའི་གཙོ་བོ་ཡིན་པས་ཡང་སྨོས་ཏེ། དེའི་ཕྱིར་འགྲོ་བའི་སྡུག་བསྔལ་མ་ལུས་གཞིལ་བའི་ཕྱིར། །འཇིག་རྟེན་ཕན་བྱེད་སེམས་ནི་ཡོངས་སུ་སྐྱེ། །ཞེས་གསལ་བར་བསྟན་ཏོ། །དགེ་བའི་བཤེས་གཉེན་ནི་རྣམ་པ་གཉིས་ཏེ། ལུང་དང་སྒྲུབ་པར་གྱུར་པའོ། །ཡང་གཉིས་ཏེ། ཡོངས་སུ་འཛིན་པ་མངོན་སུམ་པ་དང༌། ཁྱད་པར་ཅན་ནོ། །འདི་ནི་ཐ་མ་གཉིས་སུ་འདོད་དེ། ཅིའི་ཕྱིར་ཞེ་ན། ཁས་ལེན་པའི་ཚུལ་གཉིས་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྒྱལ་བ་ཀུན་དང་ཆོས་དང་དགེ་འདུན་དང༌། དེ་བཞིན་བླ་མར་གྱུར་པ་ཐམས་ཅད་ལ། །དད་དང་མོས་པས་དགའ་བ་བསྐྱེད་བྱ་སྟེ། །སྲི་ཞུར་མཆོད་བྱས་བྱང་ཆུབ་སེམས་ཀྱང་སྐྱེ། །ཞེས་གསུངས་པ་ལྟ་བུའོ། །ཁས་ལེན་པ་ནི་བདག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་སེམས་ཅན་གྱི་དོན་ཡང་བྱེད་པར་གྱུར་ཅིག་ཅེས་སྨོན་པའོ། །ལྷག་མ་ནི་གསལ་བར་ཟད་དོ། །ད་ནི་འཇུག་པའི་སྡོམ་པ་ལེན་པའི་རང་བཞིན་བསྟན་པ་ནི། ཐབས་ལ་མཁས་པའི་མདོ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རྒྱུ་དང་རང་བཞིན་བརྗོད་པ་དང༌། རྐྱེན་དང༌། རྗེས་ཀྱི་བྱ་བ་དང༌། བསྲུང་བའི་ཚུལ་གྱིས་རིག་པར་བྱའོ། །དེ་ལ་རྒྱུ་ནི་གོམས་པར་བྱ་བའི་སྙིང་རྗེས་སེམས་ཅན་རྗེས་སུ་འཛིན་པར་དམིགས་པའོ། །རྐྱེན་ནི་ཕྱག་འཚལ་བ་དང༌། སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། བསྔོ་བ་དང༌། བྱང་ཆུབ་ཏུ་སྨོན་པའོ། །དེ་ལ་རང་བཞིན་བརྗོད་པ་ནི་ཁས་ལེན་པ་སྟེ། སློན་དཔོན་གྱི་མདུན་དུ་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ། རྒྱུ་དང་རྐྱེན་གྱི་བྱ་བ་རྫོགས་ནས་སྡོམ་པ་གཟུང་བར་བྱ་སྟེ། སློབ་


DTG110_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཞེས་བརྗོད་ནས་གསོལ་བ་བཏབ་ལ། སློབ་དཔོན་གྱིས་འདི་སྐད་དུ། མི་འགྱུར་སེམས་ནི་བརྟན་གྱིས་ལ། །བྱང་ཆུབ་སེམས་ནི་བསྐྱེད་པར་གྱིས། །གལ་ཏེ་སྤྱོད་པ་སྤྱད་བྱས་ན། །ཁྱོད་ནི་ཡང་དག་སངས་རྒྱས་འགྱུར། །ཞེས་བརྗོད་ནས། སློབ་མས་ད་ནི་བདག་གིས་བྱང་ཆུབ་སེམས་དཔའི་སྡོམ་པ་རླབས་པོ་ཆེ་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་ནས། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ནི། །འཁོར་བ་ཐ་མ་མེད་པ་ཡི། །སྔོན་གྱི་ཐ་མ་ཇི་སྲིད་པ། །དེ་སྲིད་སེམས་ཅན་ཕན་དོན་དུ། སྤྱོད་པ་དཔག་ཡས་སྤྱད་པར་བྱ། །འཇིག་རྟེན་མགོན་པོའི་སྤྱན་སྔ་འདིར། །བྱང་ཆུབ་དམ་པར་སེམས་བསྐྱེད་དོ། །འགྲོ་བ་ཐམས་ཅད་མགྲོན་གཉེར་ཏེ། དབུལ་ཞིང་ཕོངས་ལས་དགྲོལ་བར་བྱ། །དི་རིང་ཕན་ཆད་གལ་ཏེ་ཡང༌། བདག་གིས་འདོད་ཆགས་སེམས་བསྐྱེད་ན། །ཕྱོགས་བཅུ་དག་ན་གང་བཞུགས་པའི། །སངས་རྒྱས་ཐམས་ཅད་བསླུས་པར་འགྱུར། །བྱང་ཆུབ་ནམ་ཞིག་ཐོབ་བར་དུ། །ཐ་བའི་སེམས་དང་གནོད་སེམས་དང༌། །ཕྲག་དོག་དང་ནི་སེར་སྣ་ཡང༌། །དི་རིང་ཕན་ཆད་མི་བྱའོ། །ཚངས་པའི་སྤྱད་པ་བདག་གིས་སྤྱད། །སྡིག་དང་འདོད་པ་ཡོངས་སུ་བཏང༌། །ཚུལ་ཁྲིམས་སྡོམ་པ་དེས་པ་ལ། །སངས་རྒྱས་རྗེས་སུ་བསླབ་པར་བྱ། །བདག་ནི་བྱང་ཆུབ་རིངས་ཚུལ་དུ། །འཚང་རྒྱར་མོས་ཤིང་སྤྲོ་བ་མེད། །ཕྱི་མཐར་ཐུག་གི་བར་དུ་ཡང༌། །སེམས་ཅན་གཅིག་ཕྱིར་སྤྱད་པར་བྱ། །ཚད་མེད་བསམ་གྱིས་མི་ཁྱབ་པའི། །སངས་རྒྱས་ཞིང་ནི་སྦྱང་བར་བྱ། །ཕྱོགས་ནི་བཅུ་པོ་ཐམས་ཅད་དུ། །བདག་གི་མིང་ནི་ཐོས་པར་བྱ། །བདག་གིས་བདག་ལ་ལུང་བསྟན་ཏེ། །སངས་རྒྱས་འགྱུར་བར་དགོས་པ་མེད། །བདག་གི་ལྷག་བསམ་རྣམ་པར་དག །བདག་དབང་འདི་ན་འདྲེན་པ་རྣམས། །ལུས་དང་ངག་གི་ལས་རྣམས་ཀྱང༌། །རྣམ་པ་ཀུན་དུ་བདག་གིས་སྦྱང༌། །ཡིད་ཀྱི་ལས་ཀྱང་ཡོངས་སུ་སྦྱང༌། །མི་དགེའི་ལས་ནི་སྤྱད་མི་བྱ། །ཞེས་བརྗོད་པར་བྱའོ། །འདིས་ཇི་ལྟར་སེམས་བསྐྱེད་ཅིང་སྡོམ་པ་གཟུང་ཞེ་ན། སྨྲས་པ། སྨོན་ལམ་བཏབ་ཅིང་ཚུལ་ཁྲིམས་རྣམ་པ་གསུམ་ཁས་བླངས་པའི་ཕྱིར་རོ། །ཚུལ་ཁྲིམས་རྣམ་པ་གསུམ་ནི། སྡོམ་


DTG110_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱེད་པ་དང༌། དགེ་བའི་ཆོས་ཡོངས་སུ་སྡུད་པའི་ཚུལ་ཁྲིམས་སོ། །དེ་ལ་དང་པོའི་ཚིགས་སུ་བཅད་པ་གཅིག་གིས་ནི་སྨོན་པ་དང་འཇུག་པ་ཐུན་མོང་གི་སེམས་བསྐྱེད་པ་བསྟན་ཏོ། །དེ་ནས་ཚིགས་སུ་བཅད་པ་ཕྱེད་ཀྱིས་ནི། སྨོན་པའི་སེམས་བསྐྱེད་པ་བསྟན་ཏེ། ཕྱེད་ཀྱིས་ནི་འཇུག་པའི་སེམས་བསྐྱེད་པ་བསྟན་ཏོ། །ལྷག་མས་ནི་འཇུག་པ་ཉིད་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ་དང་ལྡན་པ་སྟེ། དང་པོ་སྡོམ་པའི་ཚུལ་ཁྲིམས་ངོ་ཚ་དང་ཁྲེལ་ཡོད་པའི་ངོ་བོ་ནི། དི་རིང་ཕན་ཆད་གལ་ཏེ་ཡང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་མདོར་སྟོན་ཏེ། སེམས་དཔའ་གཙོ་བོ་ཡིན་པས་སེམས་བསྐྱེད་ན་ཞེས་སྨོས་སོ། །རླབས་པོ་ཆེའི་སེམས་བསྐྱེད་པ་ཡིན་པས་དམ་བཅའོ། །དགེ་བ་སྡུད་པའི་ཚུལ་ཁྲིམས་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ནི། བྱང་ཆུབ་ནམ་ཞིག་ཐོབ་པར་དུ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཏེ། ཁྱིམ་པའི་དབང་དུ་བྱས་པས་ནི་བཟོད་པ་དང༌། གཏོང་བ་དང༌། ཚུལ་ཁྲིམས་སོ། །དེ་ལ་བཟོད་པའི་མི་མཐུན་པའི་ཕྱོགས་ནི། ཐ་བ་དང་གནོད་སེམས་དང་ཕྲག་དོག་གོ །སྦྱིན་པའི་མི་མཐུན་པ་ནི། ཕྲག་དོག་དང་སེར་སྣ་སྟེ། དེས་ན་དེ་དག་སྤང་བར་སྤྲོ་བ་ནི། བཟོད་པ་དང་སྦྱིན་པའོ། །ཚངས་པར་སྤྱོད་པ་བདག་གིས་སྤྱད། །སྡིག་པའི་འདོད་པ་ཡོངས་སུ་གཏང༌། །ཞེས་བྱ་བ་ནི་ཚུལ་ཁྲིམས་ཏེ། དགེ་བསྙེན་ཞེས་བྱ་བའི་དོན་ཏེ་སྡིག་པ་ལས་དབེན་པའི་ཕྱིར་རོ། །དེས་ན་འཕགས་པ་ཀླུ་སྒྲུབ་ཉིད་ཀྱིས་ཀྱང༌། སྦྱིན་པ་དང་ནི་ཚུལ་ཁྲིམས་དང༌། །བཟོད་པའི་ཆོས་ནི་ཁྱད་པར་དུ། །ཁྱིམ་པ་ལ་བཤད་སྙིང་རྗེ་ཡི། །སྙིང་པོ་ཅན་དུ་རྟག་བསྒོམ་མཛོད། །ཅེས་གསུངས་སོ། །རབ་ཏུ་བྱུང་བའི་དབང་དུ་བྱས་ནས། ཚུལ་ཁྲིམས་སྡོམ་དང་དེས་པ་ལ། །སངས་རྒྱས་རྗེས་སུ་བསླབ་པར་བྱ། །ཞེས་གསུངས་ཏེ། དགེ་བ་སྡུད་པའི་གཙོ་བོ་ནི་སྡོམ་པ་དང་དེས་པ་ཡིན་པའི་ཕྱིར་རོ། །ཡང་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་དགེ་བ་སྡུད་པ་ཡིན་ལ་དེ་མཚོན་པའི་ཕྱིར་སྡོམ་པ་དང་དེས་པ་བསྟན་ཏོ། །ཡང་སྡོམ་པ་ནི་ཡང་དག་བླངས་པའོ། །དེས་པ་ནི་གཞན་ལ་མི་འཚེ་བའི་ཕྱིར་ལུས་ཁྱད་པར་ཅན་དུ་འགྱུར་ན། དགེ་བ་ལ་སོགས་པ་བསྟན་ཏོ། །སེམས་ཅན་དོན་བྱེད་པའི་ཚུལ་


DTG110_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་སྙིང་རྗེ་དང་ཤེས་རབ་ཀྱི་ངོ་བོ་ཉིད་ནི། བདག་ནི་བྱང་ཆུབ་རིངས་ཚུལ་དུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་མོས་ཤིང་སྤྲོ་བ་མེད་ཅེས་བྱ་བ་ནི། ཕྱུགས་རྫི་ལྟ་བུར་སེམས་བསྐྱེད་པའི་ཕྱིར་རོ། །ཡང་ན་མོས་པ་ནི་འདོད་པའོ། །སྤྲོ་བ་མེད་ཅེས་བྱ་བ་ནི་མངོན་དུ་མི་བྱེད་པའོ། །ཅིའི་རྒྱུས་ཤེ་ན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཏེ། དང་པོ་ནི། སེམས་ཅན་གཅིག་ཕྱིར་སྤྱད་པར་བྱ། །ཞེས་བྱ་བའོ། །གཉིས་པ་ནི་ཞིང་རྣམ་པར་སྦྱོང་པར་བྱ་ཞེས་བྱ་སྟེ། མིང་ཐོས་པས་ནི་གྲགས་པ་སྟེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ་ཞེས་འབྱུང་བ་ལྟ་བུའོ། །དེ་ལྟར་སྡོམ་པ་བཟུང་བའི་ཕན་ཡོན་ནི། །བདག་གིས་བདག་ལ་ལུང་བསྟན་ཏེ། །ཞེས་བྱ་བ་ལ་སོགས་པའོ། །ཕན་ཡོན་གྱི་འཐད་པ་ནི། ལྷག་བསམ་རྣམ་པར་དག་ཅེས་བྱ་བའོ། །ལྷག་པའི་བསམ་པ་དག་པར་གང་གིས་ཤེས་ཤེ་ན། བདག་དབང་འདི་ན་འདྲེན་པ་རྣམས། །ཞེས་བྱ་བའོ། །དེ་ལྟར་ཚུལ་ཁྲིམས་རྣམ་པ་གསུམ་གྱི་དོན་བསྡུ་ན། ལུས་དང་ངག་གི་ལས་རྣམས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་སྨྲས་པ། བསམ་པ་དག་པའི་ས་ལ་ནི་རུང་ན། འཆིང་བ་མཐའ་དག་དང་ལྡན་པ་སློབ་པ་འདོད་པ་གོ་ཇི་ལྟར་འཐད། མ་ཡིན་ཏེ་འཆིང་བ་མཐའ་དག་དང་ལྡན་པ་ཁོ་ན་སྤྲོ་བའི་རླབས་ཡོད་པས་འདིར་སློབ་ཀྱི་གཞན་དུ་ན་བསམ་པ་རྣམ་པར་དག་པར་ཡང་ཇི་ལྟར་འགྱུར། ཡང་འཇམ་དཔལ་གཞོན་ནུར་གྱུར་པ་འདིས་བྱང་ཆུབ་ཏུ་སེམས་བསྐྱེད་ཕྱིན་ཆད་བསྐལ་པ་གང་གཱའི་ཀླུང་གྲངས་མེད་པ་བརྒྱ་སྟོང་ཕྲག་བདུན་གྱི་བྱེ་མ་སྙེད་འདས་པར་གྱུར་ཏོ་ཞེས་གསུངས་པ་ཡང་ཇི་ལྟར་དྲང༌། སྤྲོས་པས་ཆོག་གོ །དེ་ལྟ་བས་ན་རྒྱུ་དང་རྐྱེན་དང༌། རང་བཞིན་བརྗོད་པ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས། །ཞེས་གསུངས་སོ། །ཐམས་ཅད་མཁྱེན་པའི་སེམས་ཀྱིས་ཚད་མེད་པར་འགྱུར་རོ་ཞེས་བྱ་བ་ནི། ཐབས་མཁས་པ་དང་ལྡན་པས་ཡོངས་སུ་བསྔོས་པའི་ཕྱིར་རོ། །དངོས་པོ་ཆུང་དུ་ཐབས་མཁས་པའི་བསྔོ་བས་ཚད་མེད་པར་འགྱུར་བ་ནི་དགོངས་པ་ཅན་ཡིན་ནོ་ཞེ་ན། ངེས་དོན་དུ་བསྟན་པ་ནི། བསྐལ་པ་བཟང་པོའི་མདོ་ལས་ཀྱང༌། །ཞེས་གསུངས་སོ། །རྗེས་ཀྱི་བྱ་བ་ནི་རྣམ་པ་གཉིས་ཏེ།


DTG110_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་གྱིས་སྤྲོ་བ་སྐྱེད་པ་དང༌། བསླབ་པ་མདོར་བསྡུས་ཏེ་ལུང་འཕོགས་པའོ། །དེ་ལ་ཕན་ཡོན་གྱིས་སྤྲོ་བ་བསྐྱེད་པ་བསྟན་པས་བསླབ་པ་མདོར་བསྡུས་པར་གོ་བར་འགྱུར་བས་དང་པོར་སྨོས་ཏེ། ཡང༌། རིན་པོ་ཆེ་ཡི་ཕུང་པོ་ལས། །ཞེས་བྱ་བའོ། །སེམས་བསྐྱེད་ཅིང་སྡོམ་པ་དང་ལྡན་པ་དག་ནི་རྟེན་ཁྱད་པར་ཅན་ཡིན་པས་སྔར་བསྟན་པ་ལྟ་བུར་བསོད་ནམས་ཀྱི་ཚོགས་ཤིན་ཏུ་འཕེལ་བ་རྒྱུའི་བར་དུ་ཡང་མི་བཟོད་དོ་ཞེས་གསུངས་སོ། །ཕན་ཡོན་དག་ཀྱང་ཚུལ་ཁྲིམས་རྣམ་པ་གསུམ་བླངས་པ་ལས་འབྱུང་བས། རང་བཞིན་བརྗོད་པ་ནི་བསླབ་པ་མདོར་བསྡུས་པ་ཉིད་དོ་ཞེས་གོ་བར་འགྱུར་རོ། །ཕན་ཡོན་དང་ལྡན་པའི་འཐད་པའི་ལུང་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་ཞེས་གསུངས་པ་ཡིན་ནོ། །ལ་ལ་ནི་རིན་པོ་ཆེའི་ཕུང་པོའི་མདོའི་དོན་ནི། དོན་དམ་པར་བྱང་ཆུབ་ཀྱི་སེམས་ངོ་བོ་ཉིད་དང་ཕན་ཡོན་གྱིས་བསྟན་ཏོ། །ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཞེས་བྱ་བ་ནི། མཚན་མ་མེད་པའི་སེམས་སོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཡིན་པར་ཅི་མངོན་ཞེ་ན། འོག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ་ཞེས་ཀྱང་ཟེར་རོ། །གལ་ཏེ་དགེ་བའི་བཤེས་གཉེན་མེད་ན་ཡང་ཆོ་ག་ནི་འདི་ཉིད་དོ། །མདོ་ཀུན་ལས་བཏུས་པའི་བཤད་པ་ལུང་གི་ཚད་མར་སྦྱར་བ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྙེད་པར་དཀའ་བའི་གཏམ་བརྗོད་པ་སྟེ་ལྔ་པའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་བཤད་ཟིན་ཏོ།། །།ད་ནི་སྙིང་རྗེ་བརྟན་པ་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྔར་སེམས་སྐྱེ་བའི་རྒྱུ་བཤད་པའི་སྐབས་སུ་སྙིང་རྗེ་ཟློས་ཏེ་གསུངས་པའི་ཕྱིར་ལ། དེའི་དགོས་པ་གང་ཡིན་ཞེ་ན། ལུང་ལས། སྨོན་པ་དང་ནི་འཇུག་པ་དང༌། །དེ་བཞིན་ཟབ་དང་རྒྱ་ཆེ་དང༌། །མི་ལྡོག་འབྲས་བུ་ཐོབ་པས་ན། །ཐེག་པ་ཆེན་པོ་ཁྱད་པར་འཕགས། །དེ་ཡི་སྔོན་དུ་འགྲོ་བ་ནི། །བརྟན་པ་རྣམས་ཀྱི་སྙིང་རྗེའོ། །ཞེས་འཆད་པ་དང༌། སློབ་དཔོན་དཔའ་བོས། ཡོན་ཏན་མ་ལུས་བྱང་ཆུབ་སེམས་ལ་བརྟེན། །བྱང་ཆུབ་མཆོག་སེམས་སྙིང་རྗེའི་རྒྱུ་ལས་འབྱུང༌། །ཞེས་འཆད་དོ། །དེ་ལྟ་བས་ན་སྙིང་རྗེ་བརྟན་པས་བྱང་ཆུབ་ཀྱི་སེམས་བརྟན་པར་འགྱུར་ཏེ་སྐྱེ་བ་


DTG110_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ན་གནས་པ་དང་མཐར་ཐུག་པའི་རྒྱུ་ཡིན་པའི་ཕྱིར། སེམས་ཅན་རྣམས་ལ་སྙིང་རྗེ་ཆེ་བ་ནི། །རྙེད་པར་དཀའ་སྟེ་ཞེས་དམ་བཅའ་བ་མཛད་དོ། །འོ་ན་རིགས་ལས་གྱུར་པ་དང་འབྲེལ་པ་ལས་གྱུར་པ་དང༌། གོམས་པ་ལས་གྱུར་པ་དང༌། གློ་བུར་བའི་རང་བཞིན་གྱིས་ཇི་ལྟར་རྙེད་དཀའ་ཞེས་དེ་ལ་རྒོལ་བ་ནི་ཅི་མངོན་ཞེ་ན་ཞེས་བྱའོ། །འབྲེལ་པ་དང་གློ་བུར་དག་ནི། ཉི་ཚེ་བ་དང་རེ་ཞིག་པ་ཡིན་པས་སྨོན་པར་བྱའོ། །ལྷག་མ་ནི་དཀའ་བ་ཁོ་ནའོ། །དཀའ་བ་ཅི་མངོན་ཞེ་ན། མདོ་སྡེ་མང་པོ་ལས་ཐོས་པའི་ཕྱིར་ཏེ་ཞེས་གསུངས་ཏེ། འདིར་སྙིང་རྗེ་ནི་རང་གི་བདེ་བ་སྤོང་བའི་མཚན་ཉིད་ཡིན་པས་སྙིང་རྗེའི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་ཟླ་བའི་སྙིང་པོའི་ལེའུ་ལས་གསུངས་པས་ཏེ། རང་གི་བདེ་བ་སེལ་བས་ན་དགྲ་དཔའ་བོ་ལག་ན་རྡོ་རྗེ་ཐོགས་ཤིང་དྲག་ཤུལ་དུ་འདེབས་པ་ལས་སྒྲོལ་བ་བཞིན་ནོ་ཞེས་བྱ་བའོ། །དགོས་པ་བསྟན་པ་ནི། བྱང་ཆུབ་ཏུ་མངོན་པར་མོས་པའི་སྔོན་དུ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་རྗེ་ནི་བྱང་ཆུབ་ཏུ་སེམས་སྐྱེ་བའི་རྒྱུ་ཡིན་པས་དང་པོར་དགོས་པ་ནི་མངོན་པར་མོས་པའི་སྔོན་དུ་འགྲོ་བ་ཞེས་བྱའོ། །གནས་པའི་རྒྱུ་ཡིན་པས་མ་ཉམས་པར་བྱེད་པ་ནི་བར་དུ་དགོས་པ་སྟེ། ཐེག་པ་ཆེན་པོ་ཡང་དག་པར་སྒྲུབ་པའི་སྔོན་དུ་འགྲོ་བ་ཞེས་བྱ་སྟེ། ཡང་དག་པར་སྒྲུབ་པ་ནི་སྤྱོད་པ་མི་ཉམས་པར་བྱེད་པའོ། །མཐར་ཐུག་པའི་རྒྱུ་ཡིན་པས་འབྲས་བུ་ཐོབ་པར་བྱེད་པ་ནི་ཐ་མར་དགོས་པ་སྟེ། སངས་རྒྱས་ཀྱི་ཆོས་ནི་སྟོབས་ལ་སོགས་པའོ། །སྔོན་དུ་འགྲོ་བ་ནི་འདྲེན་པའོ། །སྙིང་རྗེ་བསྒོམ་པའི་གནས་སྐབས་ནི་རྣམ་པ་གསུམ་སྟེ། དང་པོ་རྩ་བ་བརྟན་པར་བྱ་བའི་ཕྱིར་སོ་སོའི་སྐྱེ་བོའི་གནས་སྐབས་སུ་དང༌། ཐེག་པ་འོག་མར་མི་ལྷུང་བར་བྱ་བའི་ཕྱིར། མཐོང་བའི་ལམ་གྱི་གནས་སྐབས་སུ་དང༌། སེམས་ཅན་གྱི་དོན་མི་ཉམས་པར་བྱ་བའི་ཕྱིར་ས་བརྒྱད་པའི་གནས་སྐབས་སོ། །དེ་བས་བསྒོམ་པའི་གནས་སྐབས་གསུམ་མཚོན་པའི་ཕྱིར་དང་སྨོས་པ་ནི། བདག་གི་འཁྲུལ་པ་ལ་ཡང་སོ་སོར་རྟོག་ཅིང་གཞན་གྱི་འཁྲུལ་པ་ལ་སྙིང་རྗེ་བའོ་ཞེས་གསུངས་ཏེ། འཁྲུལ་པ་ནི་ཉེས་པར་སྤྱད་པ་སྤྱོད་པ་སྟེ། སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །ད་ནི་ཕན་ཡོན་བསྟན་པའི་ཕྱིར། བྱང་ཆུབ་


DTG110_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མངོན་པར་འཚང་རྒྱ་བར་འདོད་པས་ཞེས་བྱ་བ་བསྟན་པ་ལ་སོགས་པ་གསུངས་པ་སྟེ། སྔར་སྨོས་པ་ཉིད་ཕན་ཡོན་ཡིན་མོད་ཀྱི་འོན་ཀྱང་དེ་ཉིད་རྣམ་པ་གཞན་གྱིས་བསྟན་པ་ནི། མངོན་པར་མཐོ་བ་དང༌། ངེས་པར་ལེགས་པ་དག་གིས་སོ། །ཇི་ལྟར་ཞེ་ན། མངོན་པར་འཚང་རྒྱ་བར་འདོད་པས་ཞེས་བསྟན་པ་ནི་ངེས་པར་ལེགས་པའི་ཕན་ཡོན་བསྟན་ཏོ། །མངོན་པར་མཐོ་བའི་ཕན་ཡོན་ནི། །སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས་ལུས་དང་སྲོག་ལ་མ་ཆགས་པ་ནི་བདེ་འགྲོར་སྐྱེ་སྟེ་ཞེས་བྱ་བའོ། །བདག་ཉིད་མ་གྲོལ་བས་གཞན་དགྲོལ་བར་མི་ནུས་པས་ན་ལུས་དང་སྲོག་ལ་མ་ཆགས་པར་བྱའོ་ཞེས་པ་ལ་སོགས་པའོ། །ད་ནི་སྙིང་རྗེ་བསྒོམ་པའི་ཚུལ་བསྟན་པར་བྱ་སྟེ། ཕན་བདེ་ལ་སྦྱོར་བར་བྱེད་པའི་ཕ་དང་མ་ལ་སོགས་པ་སྡུག་ཅིང་ཡིད་དུ་འོང་བ་དག་སྡུག་བསྔལ་གྱི་རྒྱུ་དང་དངོས་ལ་སྤྱོད་པ་དག་སྡུག་བསྔལ་བསལ་བར་འདོད་པའི་སེམས་ནི་སྙིང་རྗེ་ཞེས་བྱ་སྟེ། སྔར་བསྟན་པའི་ཚུལ་གྱིས་གོམས་པར་བྱེད་པས་ན་སྙིང་རྗེ་བའི་བདག་ཉིད་ཅན་ནོ། །ཡུལ་གང་ལ་ཞེ་ན། སེམས་ཅན་གྱི་རིགས་རྣམ་པ་གཉིས་ཏེ། སྡུག་བསྔལ་དངོས་ལ་གནས་པ་དང༌། སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པའོ། །དེ་ལ་སྡུག་བསྔལ་དངོས་ལ་གནས་པ་ནི། སེམས་ཅན་སྡུག་བསྔལ་བ་དང་ཞེས་བྱ་བ་ལ་སོགས་པའོ། །དེས་འཕངས་པས་ཀྱེ་མ་བདག་ལྟ་བུ་འཆིང་བ་སྣ་ཚོགས་ཀྱིས་བཅིངས་པ་དག་གིས་ནི་རང་ཡང་གྲོལ་བར་མི་ནུས་ན། གཞན་དག་ཀྱང་ལྟ་ཅི་སྨོས་ཀྱི་མ་ལ་བདག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་གདོད་སྡུག་བསྔལ་དག་ལས་དགྲོལ་བར་བྱའོ་སྙམ་པས་ན་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་སྨོས་སོ། །སེམས་བསྐྱེད་ནས་མཐོང་བའི་ལམ་ལ་གནས་པ་ནི། རང་དང་གཞན་གྱི་དོན་སྒྲུབ་པ་ཐོབ་པས་ན། དེའི་ཕྱིར་འབད་པ་ནི་ཆོས་ཉིད་ཐོབ་པར་བྱ་བའི་ཕྱིར་འབད་ཅེས་བྱ་བ་ལ་སོགས་པའོ། །དེ་ཐོབ་ནས་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་དག་ནི་སེར་སྣ་ཅན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་སྤོང་དུ་འཇུག་པའོ། །རྒྱུ་མ་སྤངས་ན་འབྲས་བུ་སྤངས་བར་མི་འགྱུར་བས་ན་རྒྱུ་བཟློག་པ་ཁོ་ན་སྨོས་སོ། །སྙིང་རྗེའི་གཞན་དབང་དུ་གྱུར་པས་ན་ཉེན་ཅིང་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་ཏེ། གཞན་དུ་ན་རྒྱལ་པོ་གསེར་མདོག་གི་རྟོགས་པ་བརྗོད་པ་ལས་སྙིང་རྗེ་


DTG110_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པས། རང་སངས་རྒྱས་སུ་སེམས་བསྐྱེད་དོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ལ་འདུ་བྱེད་དང༌། འགྱུར་བ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་དག་ནི་སྡུག་བསྔལ་ཏེ། མི་དང་ལྷ་དང་ངན་སོང་གསུམ་དུ་རིམ་བཞིན་དུ་སྦྱར་རོ། །ཕན་པ་ཉེ་བར་སྒྲུབ་པ་མེད་པས་ན་སྐྱབས་མེད་པའོ། །ངེས་པར་འབྱུང་བ་མཆོག་གི་ཆོས་སྟོན་པ་མེད་པས་ན་མགོན་མེད་པའོ། །ཐེག་པ་གསུམ་ལ་ངེས་པར་འགོད་པར་བྱེད་པ་མེད་པས་ན་རྟེན་མེད་པའོ། །སྡུག་བསྔལ་སེལ་བའི་གྲོགས་པོ་མེད་པས་ན་དཔུང་གཉེན་མེད་པའོ། །ཐོས་པ་དང་བསམ་པ་དང་བསྒོམ་པའི་གནས་སྐབས་སུ་འབད་རྩོལ་བརྩོན་འགྲུས་རྩོམ་པའོ། །ཐབས་སྣ་ཚོགས་པས་ལུས་གཏོང་བ་ལ་སོགས་པ་ནི་དཀའ་བ་སྤྱོད་པའོ། །མི་མཐུན་པ་ལས་བཟློག་པས་ན་སེར་སྣ་ཅན་ལ་སོགས་པ་གཉེན་པོ་ལ་སྦྱོར་བས་ན་སྦྱིན་པ་ལ་སོགས་པ་ལ་དགོད་པའོ། །མི་བཟོད་པ་ནི་བརྣག་མི་ནུས་པའོ། །རྩུབ་པ་ནི་ལུས་གདུང་བར་བྱེད་པའོ། །ཚ་བ་ནི་སེམས་གདུང་བར་བྱེད་པའོ། །ཆོས་བཅུ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ཆོས་ཉིད་ཐོབ་པ་ལ་འབད་པ་དང༌། དཀའ་བ་སྤྱོད་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོར་བ་དང༌། སྡུག་བསྔལ་གྱིས་ཉེན་ཅིང་ལྡོག་པར་མི་འགྱུར་བའོ། །སྙིང་རྗེ་བསྒོམ་པའི་ཚུལ་གཞན་བསྟན་པ་ནི། ཀྱེ་མ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཡུལ་ནི་སེམས་ཅན་སྲེད་པ་ཅན་ལ་སོགས་པའོ། །བསྒོམ་པའི་ཚུལ་ནི་རང་དབང་ཡོད་ཅིང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སྔར་བསྟན་པ་དག་ནི། སྦྱོར་བ་ཕུན་སུམ་ཚོགས་པ་ཡིན་ལ། འདིར་ནི་བསམ་པ་རྣམ་པར་དག་པ་ཡིན་པས་བསྒོམ་པའི་ཚུལ་རྣམ་པ་གཉིས་ཀྱི་ཁྱད་པར་ནི་དེ་ཡིན་ནོ། །དེ་ལ་སྙིང་རྗེ་བསྒོམ་པའི་ཡུལ་སྔར་བཤད་པ་དེ་ཉིད་འཆད་པ་ནི། ཀྱེ་མ་ཞེས་བྱ་བ་ལ་སོགས་པ་སྟེ། ཀྱེ་མ་ཞེས་བྱ་བ་ལ་སོགས་པ་ནི་ཡིད་ཆེས་པའི་ཚིག་བརྗོད་པའོ། །འདིར་སྡུག་བསྔལ་ལ་སྤྱོད་པའི་གང་ཟག་ནི་གཉིས་ཏེ། ཁྱིམ་པའི་ཕྱོགས་སུ་གཏོགས་པ་དང༌། །དེ་དག་ཀྱང་ཅི་རིགས་པར་བདེ་བའི་རྒྱུ་མ་བསགས་པས་སྡུག་བསྔལ་བར་གྱུར་པ་དང༌། བསགས་པ་ཕྱིན་ཅི་ལོག་གིས་སྡུག་བསྔལ་གྱི་རྒྱུ་གྱུར་པ་དང༌། བསགས་པ་རྒྱུ་མ་གྱུར་བར་ཟད་པས་སྡུག་བསྔལ་བའོ། །དེ་ལ་ཁྱིམ་པ་རྣམས་ནི་བུ་དང་ཆུང་མ་ལ་སོགས་པ་ལ་ཆགས་པས་སྡུག་བསྔལ་བ་དང༌། བུ་དང་ཆུང་མ་ལ་སོགས་པ་འགྲིབ་པས་སྡུག་བསྔལ་བའོ། །དེ་ལ་ཆགས་པས་སྡུག་བསྔལ་བ་ནི།


DTG110_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྲེད་པའི་ཁོལ་པོ་ཞེས་བྱ་བ་ལ་སོགས་པའོ། །འགྲིབ་པས་སྡུག་བསྔལ་བ་ནི། རང་དབང་མེད་པ་ཞེས་བྱ་སྟེ། །མི་འདོད་པའི་གཞན་དབང་དུ་གྱུར་པའི་ཕྱིར་རོ། །དེས་ན་མི་ཕོངས་པ་སྟེ་མི་ཕན་པའོ། །དེ་ལ་སྙིང་རྗེ་ཇི་ལྟར་བསྒོམ་ཞེ་ན། རང་དབང་ཡོད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། ལྷ་དང་མི་འཐོབ་པར་གྱུར་པས་ན་གར་དགའ་བར་འགྲོ་བར་བྱའོ་སྙམ་དུ་སྨོན་པས་བསམ་པ་ཡིན་པར་མངོན་ནོ། །རབ་ཏུ་བྱུང་བ་དག་གིས་ནི་ཉོན་མོངས་པ་འཕེལ་བ་དང༌། ཚུལ་ཁྲིམས་ལ་སོགས་པ་འགྲིབ་པས་སྡུག་བསྔལ་བ་ནི། ཕན་ཚུན་མི་འཕྲོད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཉོན་མོངས་པ་དག་གི་གཙོ་བོ་ནི་ཞེ་སྡང་ཡིན་ཏེ་ཅིའི་ཕྱིར་ཞེ་ན། དགེ་བའི་རྩ་བ་འཇོམས་པར་བྱེད་པའི་ཕྱིར། འོག་ནས་ཀྱང༌། ཁོང་ཁྲོ་བ་ཞེས་བྱ་བ་ནི་བསྐལ་པ་བརྒྱར་བསགས་པའི་དགེ་བའི་རྩ་བ་རྣམས་ཟད་པར་བྱེད་པའི་ཕྱིར་རོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་མི་མཐུན་པ་ནི་མི་འཕྲོད་པ་སྟེ། རྩོད་པར་བྱེད་པའོ། །ཁྲོ་བ་ནི་སེམས་འཁྲུགས་པའོ། །ཞེ་སྡང་ནི་ཁོང་ཁྲོ་བའོ། །གནོད་སེམས་ནི་སེམས་ཅན་ལ་སྡང་བའོ། །མང་བ་ནི་འཕེལ་བར་འགྱུར་བའི་ཕྱིར་རོ། །དེ་སྤང་བའི་ཕྱིར་བཟོད་པ་ལ་དགོད་པ་ནི། སྤང་བའི་ཕྱིར་ཞེས་བྱ་བ་སྟེ། ཅིའི་ཕྱིར་ཞེ་ན། བཟོད་པ་ནི་ཚུལ་ཁྲིམས་ཀྱི་འབྲས་བུའི་རྒྱུའི་གཙོ་བོ་ཡིན་པས་ཇི་སྐད་དུ། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང༌། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །ཡོངས་སུ་འཛིན་པ་དང་བྲལ་བས་ཚུལ་ཁྲིམས་ཉམས་ཤིང་སྡུག་བསྔལ་བ་ནི་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚུལ་ཁྲིམས་ཉམས་པ་དང་འཚོ་བ་ཉམས་པ་ལ་སོགས་པ་ནི་སྡིག་པའི་གྲོགས་པོ་སྟེ། དཀོན་མཆོག་སྤྲིན་ལས་སྡིག་པའི་གྲོགས་པོ་བཅུ་བཤད་པ་ལྟ་བུའོ། །སྡིག་པའི་ལས་ནི་ཁ་ན་མ་ཐོ་བ་སྟེ། དགེ་བའི་བཤེས་གཉེན་དང་བྲལ་བས་དེ་ལ་འཇུག་སྟེ། དཔེར་ན་ཨུ་དུམ་ཝཱ་ར་ལྟ་བུའི་མདོ་ལས་བཤེས་གཉེན་ངན་པས་བསླུས་པའི་དབང་གིས་ཁ་ན་མ་ཐོ་བ་ཆེན་པོ་ལ་ཞུགས་པ་ལྟ་བུའོ། །དེ་སྤང་བར་བྱ་བའི་ཕྱིར་ཡང་དག་པའི་བཤེས་གཉེན་དང་ལྡན་པར་བྱ་བས་ཚུལ་ཁྲིམས་ལ་དགོད་པ་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཅིའི་ཕྱིར་ཞེ་ན། དགེ་བའི་བཤེས་གཉེན་ནི་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་


DTG110_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས། ཀུན་དགའ་བོ་ཚངས་པ་མཚུངས་པར་སྤྱོད་པ་ནི་ཚངས་པར་སྤྱོད་པ་རིལ་གྱིས་ཡིན་ནོ་ཞེས་གསུངས་པ་ལྟ་བུ་དང༌། འཕགས་པ་ཀླུ་སྒྲུབ་ཉིད་ཀྱིས་ཇི་སྐད་དུ། །དགེ་བའི་བཤེས་གཉེན་བསྟེན་པས་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པར་ཐུབ་པ་ཉིད་ཀྱིས་གསུངས། །ཞེས་གསུངས་སོ། །དེ་ལྟར་ཉེས་པ་གཉིས་དང་ལྡན་པས་བདེ་བའི་རྒྱུ་མ་བསགས་པས་སྡུག་བསྔལ་བར་འགྱུར་བ་ནི་བརྐམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བའི་རྒྱུ་ནི་དགེ་བའི་བཤེས་གཉེན་དམ་པ་ལ་བརྟེན་པས་ཆོས་ཉན་ཅིང་སེམས་པ་དང༌། ཡང་དག་པར་དོན་བསྒོམ་པའོ། །དེ་ལ་བཤེས་གཉེན་དམ་པ་ལ་བརྟེན་པ་དང༌། ཆོས་ཉན་ཅིང་སེམས་པ་མེད་པས་སྡུག་བསྔལ་གྱི་རྒྱུ་ལ་གནས་པ་ནི། བརྐམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། འཕགས་པའི་ཤེས་རབ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་བདག་ཉིད་དེ། དེས་མི་ཤེས་པ་ལ་སོགས་པ་སིལ་བའི་ཕྱིར་རོ། །དེ་མེད་པས་བྲལ་བ་སྟེ་སྤངས་པའི་ཐ་ཚིག་གོ །ཚུལ་བཞིན་ཡིད་ལ་བྱེད་པ་ནི། །འདོད་ཆགས་ལ་སོགས་པ་སུན་འབྱིན་པའི་ཕྱིར་གཉེན་པོ་སེམས་པའོ། །དེ་མེད་པས་བརྐམ་པ་སྟེ། དང་པོར་ཞེན་པའི་ཕྱིར་རོ། །ཆགས་པ་སྟེ་བར་དུ་མི་འབྲལ་བའི་ཕྱིར་རོ། །ཆོག་མི་ཤེས་པ་སྟེ་ཐ་མར་ཡང་དང་ཡང་དུ་འདོད་པའི་ཕྱིར་རོ། །དེ་སྤངས་པའི་ཕྱིར་ཐོས་པ་དང་བསམ་པའི་ཤེས་རབ་ལ་འགོད་པ་ནི་ཆགས་པ་སྤང་བ་དང༌། འཕགས་པའི་ཤེས་རབ་བསྐྱེད་པའི་ཕྱིར་རོ། །ཡང་དག་པའི་དོན་བསྒོམ་བ་ནི་གཉིས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེ་ཡང་དག་པའི་ལྟ་བའོ། །དེ་ལ་དང་པོ་ལས་དང་འབྲས་བུ་ལ་སྐུར་པ་མི་འདེབས་པས་ཆད་པའི་མཐའ་སྤོང་བ་སྟེ། དེ་མེད་པས་ལས་ཀྱི་རྣམ་པར་སྨིན་པ་ལ་མི་ལྟ་བ་ལ་སོགས་པ་སྟེ། རྟག་པ་ནི་མི་འགྱུར་བའོ། །ཆད་པ་ནི་རྒྱུན་ཆད་པ་སྟེ། མདོར་ན་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་བྲལ་བའི་དོན་ཏོ། །དེ་སྤང་བའི་ཕྱིར་འཇིག་རྟེན་ལས་འདས་པ་སྟེ། ཡང་དག་པའི་ལྟ་བ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟབ་པ་ནི་ཚུ་རོལ་པས་མི་རྟོགས་པའི་ཕྱིར་རོ། །བྱས་པ་ཆུད་མི་ཟ་ཞིང་མ་བྱས་པ་དང་ཕྲད་པར་མི་འགྱུར་བས་ན་སྐུར་པ་མི་འདེབས་པ་དེ་ལ་དགོད་པ་ནི་གཟུད་པའོ། །ཤེས་རབ་ནི་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར། མི་ཤེས་པའི་གཉེན་པོ་ཡིན་པས་དེ་དང་བྲལ་བས་ནི་མ་རིག་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་རིག་པ་


DTG110_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡོད་པའི་ངོ་བོ་མ་མཐོང་བ་སྟེ། ཅི་ཡོད་ཅེ་ན། འཁྲུལ་པ་སྤངས་པའི་རང་བཞིན་མི་རྟོག་པའི་ངོ་བོར་ཡོད་པའི་ཕྱིར་རོ། །གཏི་མུག་ཅེས་བྱ་བ་ནི་མེད་པ་མཐོང་བའི་དོན་ཏེ། ཅི་མེད་ཅེ་ན། བདག་ལ་སོགས་པ་མེད་པའི་ཕྱིར་རོ། །ལ་ལ་ནི་དགག་བྱ་རྣམ་པར་བཅད་པ་ཙམ་ལས་མ་གཏོགས་པའི་བསྒྲུབ་པར་བྱ་བ་མེད་པ་ཡིན་ནམ། ཇི་ལྟར་མི་རྟོག་པའི་ངོ་བོར་ཡོད་པར་འགྱུར། བདེན་མོད་ཀྱི། འདིར་ཡོངས་སུ་གཅོད་པའི་ངོ་བོ་གང་ཡང་ཁས་ལེན་པ་མ་ཡིན་ཏེ། ཆོས་ཉིད་ཙམ་ལ་ཡོད་པའི་མིང་གིས་བཏགས་པར་ཟད་དོ། །དེ་ལྟ་མ་ཡིན་ན་འཁྲུལ་བའི་རྒྱུ་ཡང་ཇི་ལྟར་འཐད། མ་རིག་པ་ལ་སོགས་པ་གཏན་མེད་པ་ཉིད་ཀྱིས་འཁྲུལ་པའི་རྒྱུར་གྱུར་པ་ནི་མཐོང་བའི་ལམ་གྱིས་སྤང་བར་རིགས་ལ། ཡོད་པ་ཉིད་ན་གོ་ཇི་ལྟར་སྤངས་པར་འགྱུར་མིག་སེར་ལ་སོགས་པས་དུང་སེར་པོ་ལ་སོགས་པར་སྣང་བ་ཡང་ནང་གི་ངོ་བོ་ཡོངས་སུ་སྦྱངས་པ་ཡིན་གྱི། ཕྱི་རོལ་དུ་ཇི་ལྟར་གསལ། ཁབ་འཛག་པ་ཉིད་སྣང་བ་ཡང་མེད་པ་ཁོ་ན་ལས་འཁྲུལ་གྱི་ཡོད་པ་ཡང་ཞིག་ལས་འཁྲུལ། དེས་ན་གཉིས་དང་བྲལ་བའི་ངོ་བོའི་དཔེ་དུང་ལྟ་བུ་ལ་གཟུང་འཛིན་གྱི་སེར་པོ་ལྟ་བུའོ་ཞེས་བྱ་བ་ཡང་རིགས་པ་མ་ཡིན་ནོ། །གལ་ཏེ་མིག་ནད་བྱང་བའི་ཚེ་དེར་སྣང་ན་ནི་རུང་ན། མིག་ནད་བྱང་བའི་ཚེ་ཁབ་འཛག་པ་དེ་ཉིད་གང་དུ་གནས། འཁྲུལ་པ་སྤངས་པའི་དུས་ན་རྗེས་ཀྱི་ཤེས་པ་མངའ་བ་ཞིག་ན། མ་རིག་པའང་ཇི་ལྟར་ལྡོག་པར་འགྱུར། དེ་མ་ལོག་ན་སངས་རྒྱས་ཞེས་གང་ལ་མིང་དུ་གདགས་ཞེས་ཟེར་རོ། །ལ་ལ་ན་རེ་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་མ་རྟོགས་པ་འགའ་ཞིག་དེ་སྐད་དུ་ཟེར་མོད་ཀྱི། གཉིས་དང་བྲལ་བའི་རང་རིག་པ་ནི་ངེས་པར་ཡོད་པ་ལུང་དང་རིགས་པ་ལས་མངོན་ལ། དེ་མེད་པར་འཛིན་པ་ནི་སྐུར་བ་འདེབས་པའི་ལེགས་པར་མ་ཟིན་པའོ་ཞེས་འཕགས་པ་ཐོགས་མེད་ཀྱིས་གསལ་བར་གསུངས་ལ་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། མེད་པར་ལྟ་བ་ངན་འགྲོར་འགྲོ། །ཡོད་པར་ལྟ་བ་བདེ་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་ན། །གཉིས་ལ་མི་བརྟེན་ཐར་པ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གི་རིགས་པ་ནི་འོག་ནས་འཆད་དོ་ཞེས་ཀྱང་འདོད་དོ། །ད་ནི་ཧ་ཅང་སྤྲོས་ནས། དཀྱུས་མ་ཉིད་བསྟན་པར་བྱ་སྟེ། དགོངས་པ་ནི་ལོངས་པར་གྱུར་པའོ། །མེད་པ་ཉིད་གང་ཞེ་ན། བདག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཏུ་བརྗོད་པ་རྣམ་


DTG110_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་སོ། །དེ་ལ་བདག་ལ་སོགས་པ་ནི་བཤད་ཟིན་ཏོ། །ཁམ་གྱི་ཟས་ཀྱིས་གནས་པས་གསོ་བའོ། །པུ་ནི་ལུས་ལ་བྱ་བར་འདོད་ལ་དེ་ལ་གནས་པས་ན་པུ་རུ་ཥ་སྟེ་སྐྱེས་བུའོ། །དེ་ལྟ་བུའི་མ་རིག་པ་སྤངས་པའི་ཕྱིར་ཆོས་བསྟན་པ་ནི་འཕགས་པའི་ཤེས་རབ་ཀྱི་མིག་ཅེས་བྱ་བ་སྟེ། འདི་དག་གིས་ན་བདེ་བའི་རྒྱུ་མ་བསགས་པས་སྡུག་བསྔལ་བར་གྱུར་པ་སྤངས་པར་བསྟན་ཏོ། །ད་ནི་བསགས་པ་ཕྱིན་ཅི་ལོག་གི་སྡུག་བསྔལ་གྱི་རྒྱུར་གྱུར་པ་སྤངས་པ་ནི། འཁོར་བ་ལ་མངོན་པར་དགའ་བ་ཞེས་བྱ་བ་ལ་སོགས་པ་སྟེ། བསགས་པའི་དགེ་བ་སྲིད་པར་བསྔོས་པ་ནི་སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པས་ན་སྡུག་བསྔལ་གྱི་རྒྱུར་གྱུར་པ་སྟེ། འཁོར་བའི་ཕུང་པོ་ལྔའོ། །དེ་ཉིད་སྡུག་བསྔལ་བསྐྱེད་པས་བདེ་བའི་སྲོག་འཕྲོག་པ་ནི་གཤེད་མ་ལྟ་བུའོ། །དེ་སྤང་བའི་ཕྱིར་མྱ་ངན་ལས་འདས་པ་ལ་དགོད་པ་ནི། ཁམས་གསུམ་ལས་དབྱུང་བ་ཞེས་སྨོས་ཏེ། ཁམས་གསུམ་གྱི་སྡུག་བསྔལ་སྤང་ཞེས་བྱ་བའི་དོན་ཏོ། །བསགས་པ་རྒྱུར་མ་གྱུར་པ་ནི་བར་མ་དོར་ཟད་པ་ལ་བྱ་སྟེ། འབྲས་བུ་མ་ཕྱིན་པའི་ཕྱིར་རོ། །ཟད་པའི་རྒྱུ་ནི་རྣམ་པ་གཉིས་ཏེ། དགེ་བའི་བཤེས་གཉེན་དང་བྲལ་བས་བདུད་ཀྱིས་གནོད་པར་བྱས་པ་དང༌། དངོས་པོར་ལྟ་བས་མཚན་མ་ལ་གནས་པའོ། །དང་པོ་ནི་བདུད་ཀྱི་ཞགས་པས་བཅིངས་པ་ཞེས་བྱ་བ་སྟེ། བདུད་ནི་འདིར་ལྷའི་བུའི་བདུད་དེ་འདོད་པའི་ཁམས་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའོ། །དེས་ཇི་ལྟར་ཟད་པར་བྱས་ཤེ་ན། བཅིངས་པས་བཅིངས་ཞེས་བྱ་སྟེ། དྲེགས་པར་བྱེད་པ་ལ་སོགས་པའི་ཕྱིར་རོ། །དངོས་པོར་ལྟ་བས་མཚན་མ་ལ་གནས་པ་ནི། གཡོ་བ་དང་ཞེས་བྱ་སྟེ། གཡོ་བ་ནི་རྣམ་པར་རྟོག་པ་སྟེ། མི་བརྟན་པར་བྱེད་པའི་ཕྱིར་རོ། །རློམ་སེམས་པ་ནི་དངོས་པོར་ལྟ་བ་སྟེ་ཞེན་པའི་ཕྱིར་རོ། །དེ་སྤངས་པའི་ཕྱིར་རྫོགས་པའི་བྱང་ཆུབ་ལ་འགོད་པ་ནི། རྣམ་པར་གྲོལ་བ་ཞེས་བྱ་བ་ལ་སོགས་པའོ། །ད་ནི་དངོས་པོར་ལྟ་བས་མཚན་མ་ལ་གནས་པས་བསགས་པས་རྒྱུར་མ་གྱུར་བར་ཟད་པ་ཉིད་བསྟན་པ་ནི། མྱ་ངན་ལས་འདས་པའི་སྒོ་བཅད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། དངོས་པོར་ལྟ་བས་སྦྱིན་པ་ལ་སོགས་པ་ལ་ཡོངས་སུ་མ་སྨིན་པར་བྱས་པ་ནི་མྱ་ངན་ལས་འདས་པའི་སྒོ་གཅད་པར་བྱའོ། །དེ་ལ་སྦྱིན་པ་ལ་སོགས་པ་ནི་སྒོ་ལྟ་བུ་སྟེ་འཇུག་པའི་ཕྱིར་རོ། །ཡོངས་སུ་མ་སྨིན་པ་ནི་བཅད་པ་ལྟ་བུ་


DTG110_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཟད་པར་བྱས་པའི་ཕྱིར་རོ། །ཇི་ལྟར་ཟད་པར་བྱས་ཤེ་ན། ཁྱིམ་པས་རབ་ཏུ་བྱུང་བ་ལ་དང༌། རབ་ཏུ་བྱུང་བས་རབ་ཏུ་བྱུང་བ་ལ་དང༌། ཁྱིམ་པ་དང་རབ་ཏུ་བྱུང་བས་བྱང་ཆུབ་སེམས་དཔའ་ལ་དང༌། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་དང༌། བྱང་ཆུབ་སེམས་དཔའ་ཁྱད་པར་གྱིས་ཁྱད་པར་ལ་དང༌། བྱང་ཆུབ་སེམས་དཔའ་ཁྱད་པར་གྱིས་སྤྱི་ལ་དང༌། སྤྱི་དང་ལྡན་པས་སྤྱི་ལ་དང༌། དེ་བཞིན་དུ་མི་སྤེལ་བ་དང༌། མ་ཐོབ་པ་དང༌། འགྱོད་པ་དང༌། སྦྱམས་པ་དང༌། ཐག་བསྲིངས་པ་དང༌། སྔར་བསྟན་པའི་སྲིད་པར་བསྔོས་པ་རྣམས་ནི་ཟད་པར་བྱེད་པའི་རྒྱུ་ཡིན་ནོ། །དེ་སྤང་བའི་ཕྱིར་བྱང་ཆུབ་སེམས་དཔའ་སྙིང་རྗེ་བསྒོམ་པ་ནི་མྱ་ངན་ལས་འདས་པའི་སྒོ་དབྱེ་བ་དང་ཞེས་བྱ་བ་ལ་སོགས་པའོ། །མདོ་ཀུན་ལས་བཏུས་པའི་བཤད་པ་ལུང་གི་ཚད་མས་སྦྱར་བ་ལས་སྙིང་རྗེ་རྙེད་པར་དཀའ་བའི་གཏམ་སྟེ་དྲུག་པའོ། །སྙིང་རྗེ་རྙེད་པར་དཀའ་བ་བཤད་ཟིན་ཏོ།། །།དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ད་ནི་བྱང་ཆུབ་ཀྱི་སེམས་དེ་ཉིད་མི་ཉམས་པར་རྗེས་སུ་བསྲུང་བའི་ཚུལ་བཤད་པར་བྱ་སྟེ། འདིར་ཉམས་པའི་རྒྱུ་ནི་མི་མཐུན་པའི་ཕྱོགས་སོ། །དེ་ལྟ་བས་ན་མི་མཐུན་པའི་ཕྱོགས་སྤང་བ་བརྗོད་པར་བྱ་སྟེ། གང་ཟག་ལ་ཞེ་སྡང་བ་དང༌། དམ་པའི་ཆོས་སྤོངས་པ་དང༌། བདུད་ཀྱི་ལས་དང༌། བརྙས་པའི་སེམས་དང༌། བར་དུ་གཅོད་པའི་ཆོས་བཞི་ནི་མི་མཐུན་པའི་ཕྱོགས་བྱང་ཆུབ་སེམས་དཔའི་སྡོམ་པ་དང་འབྲེལ་བའོ། །རྩ་བའི་ལྟུང་བ་བསྟན་པ་དག་ནི་ཕལ་ཆེར་བྱང་ཆུབ་སེམས་དཔའི་སྡོམ་པ་དང་མ་འབྲེལ་པའོ། །སྡོམ་པ་དང་མ་འབྲེལ་བ་དག་ཅིའི་ཕྱིར་བསྟན་ཅེ་ན། ཁ་ན་མ་ཐོ་བ་ཆེན་པོའི་མཚན་ཉིད་བསྟན་པས་གཞན་དགོས་པ་བསྐྱེད་པའི་ཕྱིར་རོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྡོམ་པ་དང་འབྲེལ་པའི་མི་མཐུན་པའི་ཕྱོགས་བར་དུ་གཅོད་པའི་ཆོས་སྤང་བ་བསྟན་པ་ནི། འདི་དག་པས་ཀྱང་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་རྒྱས་པར་འཆད་པ་ནི། །དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། རྨ་འབྱིན་པའི་ཉེས་པ་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པས། བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་རུང་བ་ལ་ཉེས་པ་འདིར་འགྱུར་ཞེས་བྱ་བའི་དོན་


DTG110_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སྡོམ་པ་ཉམས་པའི་གང་ཟག་ལའང་འགྱུར་ཞེས་བྱ་བའོ། །ལ་ལ་དག་ནི་ཐོབ་པ་མ་ཉམས་པ་ལའོ་ཞེས་འདོད་དེ། བསླབ་པ་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་པས་ན་གཞན་དུ་ན་ཧ་ཅང་ཐལ་བར་འགྱུར་རོ་ཞེས་ཟེར་རོ། །དེ་ལྟར་མ་ཡིན་ཏེ། འོག་ནས་ཀྱང་དེ་ལ་རའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་དང༌། གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་དག་ནི་ཉམས་པའོ་ཞེས་འབྱུང་བའི་ཕྱིར་དང༌། ཡང་ཇི་ལྟ་བུ་ཡང་རུང་ཞེས་བྱ་བའི་སྒྲ་དང༌། ལུང་ལས་ཀྱང་དྲི་མ་དང་ཀླན་ཀའི་དཔེས་བསྟན་པའི་ཕྱིར་རོ། །འོ་ན་དགེ་བསྙེན་ལ་སོགས་པ་ཅིའི་ཕྱིར་བཤད་ཅེ་ན། ཉེས་པ་འབྲིང་དུ་བསྟན་པས་ཡུལ་བྱང་ཆུབ་སེམས་དཔའ་དག་ནི་ཤིན་ཏུ་ཉེས་པ་ལྕི་བ་དང་འོག་མ་དག་ཀྱང་སྤང་བའི་ཕྱིར་ཉེས་པ་མེད་དོ། །དེ་ལ་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ནི་སྲོག་གཅོད་པ་སྤང་བ་ལ་སོགས་པ་དཀར་པོའི་ཆོས་རྣམས་སོ། །སྟོན་པ་གཞན་ལ་མི་བརྟེན་པ་ནི། སྐྱབས་གསུམ་བླངས་པའི་ཕྱིར་རོ། །དགེ་བའི་རྩ་བ་ནི་མི་དང་ལྷ་འགྲུབ་པའི་རྒྱུ་ལའོ། །དགེ་སློང་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའོ། །དགེ་བའི་རྩ་བ་ནི་མྱ་ངན་ལས་འདས་པའི་རྒྱུར་བསྔོས་པ་ལ་བྱའོ། །དད་པས་རྗེས་སུ་འབྲང་བ་ནི་གང་ཟག་ལ་ཡིད་ཆེས་པས་འཇུག་པའོ། །ཆོས་ཀྱི་རྗེས་སུ་འབྲང་བ་ནི་རང་གི་ཤེས་རབ་གཙོར་བྱེད་པའོ། །བརྒྱད་པ་ནི་གྲངས་ཀྱི་བརྒྱད་པའོ། །རྒྱུན་དུ་ཞུགས་པ་ནི་མཐོང་ལམ་ཐོབ་པའོ། །ལན་ཅིག་ཕྱིར་འོང་བ་ནི་འདོད་པའི་ཁམས་སུ་སྐྱེ་བ་གཅིག་ལུས་པའོ། །ཕྱིར་མི་འོང་བ་ནི་འདོད་པའི་ཁམས་ཀྱི་སྐྱེ་བ་ཟད་པའོ། །དགྲ་བཅོམ་པ་ནི་སྲིད་པའི་རྩེ་མོའི་སྤང་བྱ་རྣམས་ཀྱང་སྤངས་པའོ། །རང་སངས་རྒྱས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱིས་རྟོགས་ནས་འབྲས་བུ་ཐོབ་པའོ། །རའི་ཤིང་རྟ་ལྟ་བུས་འགྲོ་བ་དང༌། གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་ནི་སོ་སོའི་སྐྱེ་བོ་མི་བརྟན་པའོ། །ཟླ་བ་དང་ཉི་མ་ལྟ་བུས་འགྲོ་བ་ནི། སོ་སོའི་སྐྱེ་བོ་བརྟན་པའོ། །ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བ་ནི། ས་དང་པོ་ནས་ས་བདུན་པའི་བར་དུའོ། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བ་ནི་རྣམ་པར་སྨིན་པའི་སས་


DTG110_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའོ། །དེ་ལྟར་ན་སོ་སོའི་སྐྱེ་བོ་བསྟན་པ་ནས་བཟུང་སྟེ་བསྐལ་བ་གྲངས་མེད་པ་དང་པོ་ནི་མྱུར་བའི་དབང་དུ་བྱས་པའོ། །ས་དང་པོ་ནས་བདུན་པའི་བར་དུ་བརྟན་པ་ནི་ངེས་ཤིང་བརྟན་པའི་དབང་དུ་བྱས་པའོ། །ས་བརྒྱད་པ་ནས་བཅུ་པའི་བར་དུ་ནི་ཤིན་ཏུ་བུལ་བའི་དབང་དུ་བྱས་པ་སྟེ། དེ་ལྟར་བསྐལ་པ་གྲངས་མེད་པ་གསུམ་དུ་རིག་པར་བྱའོ། །མྱུར་བ་སྨོས་པས་ཤིན་ཏུ་མྱུར་བ་སྲིད་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དཔེར་ན་དེ་བཞིན་གཤེགས་པ་སྐར་རྒྱལ་ལ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བྱའི་བརྟུལ་ཞུགས་ཀྱིས་གནས་ཏེ། ཚིགས་སུ་བཅད་པ་གཅིག་གིས་བསྟོད་པ་ལྟ་བུས་ཀྱང་བསྐལ་པ་མང་པོར་འདུམས་སུ་ཟད་ཀྱང་གྲངས་མེད་པ་ནི། སུས་ཀྱང་འདུམས་པ་མི་སྲིད་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་བསྟན་པ་ནི་འདི་གང་ལ་བྱ་ཞེ་ན། ཁ་ཅིག་ན་རེ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་བྱའོ་ཞེས་ཟེར་རོ། །ཁ་ཅིག་ནི་ཚོགས་ཀྱིས་ནས་བཟུང་བར་འདོད་དོ། །ལ་ལ་ནི་བཟོད་པ་ཐོབ་ནས་འདོད་མོད་ཀྱི་འདིར་ནི་དང་པོ་བརྡའི་སེམས་བསྐྱེད་པ་ཉིད་ནས་འདོད་དེ་གཞན་དུ་ན་འཕགས་པ་ཐོགས་མེད་ཀྱིས་མོས་པས་སྤྱོད་པའི་ས་པ་ཐམས་ཅད་ཀྱང་མི་བརྟན་པར་གསུངས་པའི་ཕྱིར་རོ། །བསྐལ་པ་ནི་བསྐལ་པ་ཆེན་པོ་ལ་འདོད་དོ། །གྲངས་མེད་པ་ཞེས་བྱ་བ་ནི་གྲངས་ཀྱི་གནས་དྲུག་ཅུར་ཕྱིན་པ་ལ་འདོད་དོ། །ཅིའི་ཕྱིར་གྲངས་མེད་པ་ཞེས་བརྗོད་ཅེ་ན་འོག་མ་དག་ཏུ་ནི་གྲངས་ཀྱི་ཁྱད་པར་གྱི་མིང་ཆོས་མངོན་པ་ལས་གསུངས་ཏེ། གྲངས་ནི། རྐྱང་པ་དང༌། ཁུག་པའོ། །དེ་ལ་གྲངས་རྐྱང་པ་ནི་གཅིག་དང་བཅུ་དང༌། བརྒྱ་དང༌། སྟོང་དང༌། ཁྲི་དང༌། འབུམ་དང༌། ས་ཡ་དང༌། བྱེ་བ་དང༌། དུང་ཕྱུར་ཏེ་གནས་དགུའོ། །ཁུག་པའི་གནས་ནི་གསུམ་ཏེ། ཐེར་འབུམ་དང༌། ཁྲག་ཁྲིག་དང༌། རབ་བཀྲམ་དང༌། གཏམས་དང༌། དཀྲིགས་དང༌། མི་འཁྲུགས་པ་དང༌། ཁྱད་སྦྱིན་དང༌། དཔང་སྟེང་དང༌། དེད་འདྲེན་ཞེས་བྱ་བ་དགུ་སྟེ། ཆེན་པོ་དགུ་བསྣན་པས་ཁུག་པ་དང་པོའོ། མཐའ་སྣང་དང༌། རྒྱུ་རིག་དང༌། འོད་མཛེས་དང༌། དབང་པོ་དང༌། ལེགས་བྱིན་དང༌། རྟོགས་འགྲོ་དང༌། འགྱིང་བརྟུལ་དང༌། རྟ་རྒྱགས་དང༌། སྟོབས་འཁོར་ཏེ་དགུ་ནི་སྔ་མ་ལྟར་ཆེན་པོ་དགུ་


DTG110_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བསྣན་པ་ནི་ཁུག་པ་གཉིས་པའོ། །བརྡའ་ཤེས་དང༌། རྣམ་འབྱུང་དང༌། སྟོབས་མིག་ཅེས་བྱ་བ་གསུམ་ནི། སྔ་མ་ལྟར་ཆེན་པོ་གསུམ་བསྣན་པས་ཁུག་པ་གསུམ་སྟེ། དེ་ལྟར་ན་རྐྱང་པ་དགུ་དང༌། ཁུག་པའི་གནས་གསུམ་དུ་གྲངས་བཞི་བཅུ་རྩ་གཉིས་ཏེ། བསྡུ་ན་ལྔ་བཅུ་རྩ་གཅིག་ནི་མངོན་པ་ལས་སྣང་ངོ༌། །ལྷག་མ་གྲངས་བརྒྱད་ནི་གཞུང་དུ་མི་སྣང་མོད་ཀྱི་འོན་ཀྱང་ཁུག་པའི་གནས་སུ་བརྒྱད་བསྣན་ན། ལྔ་བཅུ་རྩ་དགུ་ནི་གྲངས་ཀྱི་མིང་དུ་བཏགས་ལ། དྲུག་ཅུ་པ་ནི་དེ་ལྟ་བུའི་མིང་ལས་གསུངས་པས་གྲངས་མེད་པ་ཞེས་བྱའོ་ཞེས་སློབ་དཔོན་དབྱིག་གཉེན་གྱིས་བཤད་དོ། །དེ་ལ་དད་པས་རྗེས་སུ་འབྲང་བ་ལ་སོགས་པ་རྣམས་ཀྱི་དགེ་བའི་རྩ་བ་ནི་རང་རང་གི་འབྲས་བུ་གང་མ་ཐོབ་པར་འདོད་པའོ། །དགྲ་བཅོམ་པ་དག་ནི་གཞན་ལ་དམིགས་པ་ལ་བྱའོ། །རང་སངས་རྒྱས་དག་ནི་གཉིས་ལ་དམིགས་པ་ལ་བྱའོ། །བྱང་ཆུབ་སེམས་དཔའ་དག་ནི་སངས་རྒྱས་དང་སེམས་ཅན་གྱི་དོན་འདོད་པས་ཁྱད་པར་བྱས་པའི་དགེ་བའི་རྩ་བ་གང་ཡང་རུང་བའོ། །འདིར་དགེ་བའི་རྩ་བ་དག་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པ་ལས་བྱུང་བའོ། །ཁྲོས་པ་ནི་ཞེ་སྡང་བའོ། །བརྙས་པ་ནི་ཁྱད་དུ་བསད་པའོ། །དཔེ་གཞན་གྱིས་བསྟན་པ་ནི་གང་ལ་ལ་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ། སེམས་ཅན་ནི་ལོག་སྲེད་ཅན་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ནི་ལས་དང་པོ་བ་ཐེག་པ་ཆེན་པོ་ལ་མོས་པ་ཙམ་ཡོད་པའོ། །སྤྱོ་བ་ནི་ཚིག་གིས་གཤེ་བའོ། །བརྒྱད་པ་ནི་ཚུལ་ཁྲིམས་ཉམས་པ་ལ་སོགས་པས་མ་ཚང་འདྲུ་བའོ། །ཉམས་པ་ནི་དབྱུག་པ་དང་མཚོན་དང་བོང་བ་ལ་སོགས་པས་བརྡེག་པའོ། །རྐྱེན་དེ་ལས་འབྲས་བུ་ཅི་མྱོང་ཞེ་ན། གང་ལ་ལ་ཞེས་སྨོས་ཏེ། རྐྱེན་གང་ཡང་རུང་བ་ནི་ཚུལ་ཁྲིམས་དང༌། འཚོ་བ་ཉམས་པ་ལ་སོགས་པའི་རྐྱེན་གྱིས་སོ། །ཁྱད་དུ་བསད་པ་ནི་སེམས་ཅན་གྱི་བསྒྲུབ་པའི་ཁྱད་པར་རོ། །སྤྱོ་བ་ནི་སྔ་མ་ལྟར་ངག་གི་ཁྱད་པར་རོ། །འབྲས་བུ་ཉིད་རྣམ་པར་སྨིན་པའི་འབྲས་བུ་ནི། སེམས་ཅན་དམྱལ་བ་ངུ་འབོད་ཆེན་པོ་ཞེས་སོ། །ངུ་འབོད་ཆེན་པོ་ནི་གྲངས་ཀྱི་གནས་གཞན་ལྔ་པའི་མིང་ངོ༌། །སྡུག་བསྔལ་ཇི་ལྟ་བུ་མྱོང་བ་ཞེ་ན། ལུས་དཔག་ཚད་ལྔ་བརྒྱ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྡུག་བསྔལ་ཉིད་མཚོན་པ་ནི་ལྕགས་ཀྱི་ཐོང་གཤོལ་འབར་བ་ཞེས་སྨོས་སོ། །འདིར་ལ་ལ་དག་ནི་ཁྱད་དུ་བསད་དེ་སྤྱོས་པའི་འབྲས་བུ་ཡིན་


DTG110_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གོང་མའི་འབྲས་བུ་མ་ཡིན་ཏེ། ལྷག་མ་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ་ཞེས་འདོད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་ཞེས་བྱ་བ་ནི། གླིང་བཞི་པ་དང་ཉི་ཟླ་དང༌། །རི་རབ་དག་ནི་འདོད་ལྷ་དང༌། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་བྱ་བའོ། །ཐེག་པ་ཆེན་པོ་ཉིད་ལས་གཞི་བླངས་པ་ནི། ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ཞེས་སྤོང་བའོ། །ཉེས་པ་སྐྱེ་བའི་རྒྱུའི་མཚན་ཉིད་ནི། དེ་ཅིའི་ཕྱིར་ཞེས་རྒོལ་བ་ལ། ལན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ནི་ཞེས་བྱ་བ་སྟེ། རྒྱུ་སྤངས་པས་འབྲས་བུ་བཅོམ་པ་ཡིན་པས་ན། དེ་བཞིན་གཤེགས་པ་ལ་གནོད་པ་བྱས་པ་པས་བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་པ་ཉེས་པ་ཆེ་བར་མི་འཐད་པས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐེག་པ་ཆེན་པོ་དག་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ། མདོ་སྡེ་ལ་མི་འཇུག་ཅིང་འདུལ་བ་ལ་མི་སྣང་སྟེ་ཆོས་ཉིད་དང་འགལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ན་སྐུར་བ་འདེབས་པའོ། །མི་འཁོར་བར་བྱེད་ཅིང་སུན་འབྱིན་པས་ན་སྤོང་བའོ། །གང་ཟག་ལ་སྐུར་བ་འདེབས་པ་ཇི་ལྟར་སྤོང་ཞེ་ན། ཆོས་གཞན་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་དང་གང་ཟག་ཐ་མི་དད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འཛམ་བུའི་གླིང་ཞེས་བྱ་བ་ནི་ཤིང་གི་བྱེ་བྲག་ལས་མིང་བཏགས་པ་སྟེ། དཔག་ཚད་དྲུག་སྟོང་ཕྱེད་དང་བཞིའི་ནང་དུ་ཆུང་བའི་གླིང་གི་མིང་ངོ༌། །ཅི་འདྲ་ཡང་རུང་བ་ནི་ཚུལ་ཁྲིམས་ཏེ་སོ་སོར་འཆལ་པ་ལ་ཡང་ཞེས་བྱ་བའི་དོན་ཏོ། །སོ་སོའི་སྐྱེ་བོ་ཞེས་བྱ་བ་ཡིན་ནོ། །དཔེ་འདི་དག་ནི་བཅོམ་ལྡན་འདས་ཀྱིས་འཁོར་གྱི་བསམ་པ་ལ་དགོངས་ནས་ཐ་དད་དུ་བསྟན་གྱི་རྟོགས་པའི་བྱེ་བྲག་གིས་ནི་མ་ཡིན་ཏེ། ཐམས་ཅད་ལས་དང་པོ་པ་ཁོ་ན་ལ་ཡིན་ནོ་ཞེས་བྱའོ། །ཉེས་པ་འདི་དག་བྱང་ཆུབ་སེམས་དཔའི་སྡོམ་པ་དང་འབྲེལ་བར་ཅི་མངོན་ཞེ་ན། འཕགས་པ་བྱམས་པ་སེང་གེ་སྒྲའི་མདོ་ལས་ཀྱང་ཞེས་གསུངས་པ་ཡིན་ནོ། །ལས་དང་པོ་པ་ཡིན་པར་ཅི་མངོན་ཞེ་ན། གལ་ཏེ་དེས་ཐམས་ཅད་མཁྱེན་པ་ཡོངས་སུ་མི་གཏོང་ཞེ་ན་ཞེས་གསུངས་པས་སོ། །ཉོན་མོངས་པ་དག་ནི་སྣ་ཚོགས་པ་མ་ཡིན་ནམ་ཅིའི་ཕྱིར་ཞེ་སྡང་ཁོང་ནས་རྨ་འབྱུང་ཞིང་སྨས་པར་འགྱུར་ཞེ་ན། བྱང་


DTG110_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་དག་ནི་ཞེ་སྡང་ཁོ་ནས་ལྷུང་བར་འགྱུར་གྱི། ལྷག་མས་ནི་མ་ཡིན་གྱི། དེས་གཞན་ཡོངས་སུ་གཏོང་བར་འགྱུར་ལ་བཏང་ན་ཚུལ་ཁྲིམས་འཆལ་ཞིང་དགེ་བའི་རྩ་བ་འཆད་པའི་ཕྱིར་རོ། །འདོད་ཆགས་དག་ནི་དེ་ལ་མ་ཡིན་ཏེ། གཞན་སྡུད་པར་འགྱུར་ལ། དེས་ན་བྱང་ཆུབ་སེམས་དཔའི་བྱ་བ་ནི་གཞན་ཡོངས་སུ་སྡུད་པས་མཆོག་གོ ། །ལུང་ལས་ཀྱང་བྱང་ཆུབ་སེམས་དཔའི་ལྟུང་བ་ནི་ཞེ་སྡང་ལས་འབྱུང་ངོ་ཞེས་པ་དང༌། ཡང་བྱང་ཆུབ་སེམས་དཔའི་ལྟུང་བ་ནི་གཉིས་ཏེ། ཞེ་སྡང་དང༌། གཏི་མུག་གོ་ཞེས་འབྱུང་བ་ཡང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ནི། ཞེ་སྡང་གིས་འཇིགས་ལ་ཐབས་མི་མཁས་པ་ནི་འདོད་ཆགས་ཀྱི་ལྟུང་བས་འཇིགས་སོ་ཞེས་འབྱུང་བས་ཞེ་སྡང་ཁོ་ན་རྨ་འབྱིན་པར་བསྟན་པ་ནི། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་ཀྱང་ཞེས་བྱ་བའོ། །འོ་ན་དེ་ལྟར་ཁོང་ཁྲོ་བས་དགེ་བའི་རྩ་བ་ཟད་པ་ཇི་ལྟ་བུ་དཔེ་སྟོན་ཅིག་ཅེ་ན། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་རབ་ཏུ་དགའ་བའི་དབང་པོ་ལ་བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་མ་དད་ཅིང༌། ཁོང་ཁྲོ་བ་བསྐྱེད་པས་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་གྱུར་ཅིང་ཞེས་འབྱུང་བ་དང༌། སྡོང་པོ་བཀོད་པ་ལས་ཀྱང་དེ་དག་ཕན་ཚུན་བརྙས་པའི་སེམས་ཀྱི་ཉེས་པས་ཚེ་དང་འོད་དང་ཁ་དོག་ལས་ཉམས་པར་གྱུར་ཏོ་ཞེས་འབྱུང་བས། ཁོང་ཁྲོ་བ་དང་བརྙས་པ་དག་ནི་དགེ་བའི་རྩ་བ་ཟད་པའི་རྒྱུར་གསལ་བས་དེ་བསྟན་པ་ནི་ཟླ་བ་སྒྲོན་མ་ལས་ཀྱང་ཞེས་གསུངས་སོ། །དེ་ལ་དགེ་བའི་རྩ་བ་དག་ནི་རྣམ་པ་གསུམ་སྟེ། སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམ་པ་ལས་བྱུང་བའོ། །དེ་ལ་སྦྱིན་པ་ལས་བྱུང་བ་ནི་རྣམ་པ་གཉིས་ཏེ། ཕན་འདོགས་པ་དང༌། ཡོན་ཏན་གྱི་ཞིང་ལས་བྱུང་བ་ནི་སྦྱིན་པ་དང་སངས་རྒྱས་མཆོད་པའོ། །ལ་ལ་དག་ནི་སྦྱིན་པར་བྱེད་མི་ནུས་པས་ལོངས་སྤྱོད་ལ་ཆགས་ན་དེའི་གཉེན་པོ་སངས་རྒྱས་མཆོད་པ་ཡིན་པས་ན་སྦྱིན་དང་སངས་རྒྱས་མཆོད་པ་ཞེས་སྨོས་སོ་ཞེའོ། །ཚུལ་ཁྲིམས་ནི་ཚུལ་ཁྲིམས་ལས་བྱུང་བའོ། །ཐོས་པ་ལ་སོགས་པ་ནི་བསྒོམ་པ་ལས་བྱུང་བ་སྟེ། ཐོས་པའི་དོན་སྒོམ་པར་བྱེད་པ་ནི་ལུས་དང་སེམས་འདུ་འཛི་དང་རྣམ་པར་རྟོག་པ་ལས་དབེན་པར་བྱ་བས་ན། དགོན་གནས་སྨོས་སོ། །དེ་ལྟར་རྨ་འབྱིན་པའི་ཉེས་པ་བསྟན་ནས། ད་ནི་དང་བའི་ཕན་ཡོན་བསྟན་


DTG110_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་པ་རྣམ་པར་དག་པས་ན་བྱམས་པའོ། །སྦྱོར་བ་བཟང་པོ་ནི་མིག་བསྐྱེད་པའོ། །མོས་པ་ནི་ལས་དང་པོ་པའོ། །དད་པ་ནི་དང་བའི་དད་པའོ། །བསྔགས་པ་ནི་ཡོན་ཏན་ནོ། །དེ་ཉིད་ངེས་དོན་གྱི་ལུང་ནི་དད་པའི་སྟོབས་བསྐྱེད་པའི་མདོ་ལས་ཞེས་བྱ་བའོ། །བསླབ་པ་ནི་ཁྲིམས་ལྔ་ལ་སོགས་པའོ། །དེ་ལ་ཡུལ་དམན་པས་ན་དགེ་བསྙེན་ནོ། །དུས་ཐུང་བས་ན་ཉིན་གཅིག་གོ ། །དངོས་པོ་དམན་པས་ན་ཟན་ཞེས་སྨོས་སོ། །ཉུང་བས་ན་གཅིག་ཅེས་སྨོས་སོ། །ཆོས་གྲངས་མེད་པ་ནི་སྔ་མ་ཡུལ་མང་བས་འཇིག་རྟེན་གྱི་ཁམས་རྡུལ་སྙེད་དང༌། དུས་རིང་ལ་བསྐལ་པ་གང་གཱའི་བྱེ་མ་སྙེད་དང༌། རྟག་པས་ན་ཉིན་རེ་ཞིང་དང༌། དངོས་པོ་བཟང་བས་ལྷའི་ཟས་དང་གོས་བྱིན་པ་ཟིལ་གྱིས་གནོན་ཅེས་བྱའོ། །དེ་བཞིན་གཤེགས་པ་མཐོང་བ་ཙམ་ཡང་བསོད་ནམས་མང་དུ་འཕེལ་བ་ཅིའི་ཕྱིར་ཞེ་ན། བསོད་ནམས་དང་ཡེ་ཤེས་མཐར་ཕྱིན་པས་ན་དེའི་འབྲས་བུ་ནི་དོན་མེད་པ་མ་ཡིན་ཏེ། ལུང་ལས་ཀྱང༌། སངས་རྒྱས་ཀྱི་སྒྲ་ཡང་དོན་མེད་པ་མ་ཡིན་ཏེ། མྱ་ངན་ལས་འདས་པའི་རྒྱུར་འགྱུར་རོ་ཞེས་གསུངས་ན་གཟུགས་མཐོང་ན་ཅིའི་ཕྱིར་མི་འགྱུར། དགེ་འདུན་ཞེས་བྱ་བ་ནི་བདུད་ལ་སོགས་པས་མི་ཕྱེད་པའི་ཕྱིར་ཏེ། སངས་རྒྱས་ཆོས་དང་དགེ་འདུན་རྣམས། །བདུད་རྣམས་བྱེ་བ་བརྒྱ་ཡིས་ཀྱང༌། །གང་ཕྱིར་དབྱེ་བར་མི་ནུས་པ། །དེ་ཕྱིར་དགེ་འདུན་ཞེས་བྱའོ། །ཞེའོ། །ཉན་ཐོས་སྨོས་པ་ནི་རྟག་པའི་ཕྱིར་རོ། །ཡང་ན་དང་བའི་འབྲས་བུ་ཅན་ཡིན་པས་སོ། །ཡང་ན་སྡོམ་པ་མཚུངས་པས་སོ། །ཡང་ན་མི་ཕྱེད་པས་སོ། །ཡང་ན་ཡོན་ཏན་དང་ལྡན་པས་སོ། །ཡང་ན་སྤངས་པ་འདྲ་བས་སོ། །ཡང་ན་གྲངས་མང་བའི་ཕྱིར་རོ། །ཡང་ན་མི་བརྟེན་པ་མ་ཡིན་པས་སོ། །བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་བསྙེན་བཀུར་དུས་དེ་ཙམ་དུ་དངོས་པོ་བཟང་པོ་དང་མང་པོས་བྱས་པ་པས་བྱང་ཆུབ་སེམས་དཔའ་ལ་བྱས་པ་བསོད་ནམས་ཆེ་བ་ཅིའི་ཕྱིར་ཞེ་ན། ལ་ལ་ན་རེ་རྒྱུ་གཙོ་བོ་ཡིན་པས་རྒྱུ་མཆོག་ཏུ་བཤད་དེ། བྱང་ཆུབ་སེམས་དཔའ་ལས་དེ་བཞིན་གཤེགས་པ། དེ་བཞིན་གཤེགས་པ་ལས་ནི་ཉན་ཐོས་འབྱུང་བར་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །ལ་ལ་ནི་བྱང་ཆུབ་


DTG110_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་བསྔགས་པར་བསྟན་པའི་ཕྱིར་ཞེས་ཟེར་རོ། །རའི་ཤིང་རྟ་ལྟ་བུའི་བསམ་པ་ཕུན་སུམ་ཚོགས་པ་གང་ཞེ་ན། དང་བའི་བསམ་པ་ལ་བྱའོ། །ཅིའི་ཕྱིར་ཞེ་ན། རྒྱུན་གྱི་བསམ་པ་ནི་ཕུན་སུམ་ཚོགས་པ་མ་ཡིན་ལ། གལ་ཏེ་དེ་ལྟར་ཡིན་ན་རའི་ཤིང་རྟ་ལྟ་བུ་ཞེས་ཇི་སྐད་བརྗོད། སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ཞེས་བྱ་བ་ནི་སངས་རྒྱས་ལ་དམིགས་པའི་སྦྱིན་པ་ལ་སོགས་པའོ། །དེ་ལྟར་དང་པོའི་ཕན་ཡོན་བསྟན་ནས་ད་ནི་ངེས་པ་དང་མ་ངེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་ཉིད་བསྟན་པ་ནི། བྱང་ཆུབ་སེམས་དཔའ་འདི་ལྟ་སྟེ། །ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་ཞིང་ནི་སྟོང་གསུམ་གྱི་སྟོང་ཆེན་པོའོ། །ཕྱིར་ཕུལ་བ་ཞེས་བྱ་བ་ནི། དང་པོའི་སའི་ཆ་ནས་ཕྱིར་དེད་པའོ། །བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཞེས་བྱ་བ་ནི་གྲངས་ཀྱི་མཐའ་ཐུག་པ་སྟེ། དེའི་གོང་ན་གྲངས་ཀྱི་མིང་གཞན་མེད་པས་ཇི་སྐད་དུ། བརྗོད་དུ་མེད་པའི་བརྗོད་དུ་མེད་པ་ནི། བརྗོད་དུ་མེད་པས་ཐམས་ཅད་ཚང་བར་འགྱུར་ཞེས་གསུངས་པ་ལྟ་བུའོ། །དེ་མ་ཡིན་པ་དེའི་འོག་མར་ནི་གྲངས་ཀྱི་གནས་གཞན་མིང་གིས་བརྗོད་པ་སྟེ། ཇི་སྐད་དུ་མདོ་སྡེ་ལས། གྲངས་ཀྱི་གནས་ནི་གཉིས་ཏེ། ཁུག་པ་དང༌། རྐྱང་པའོ། །རྐྱང་པ་ནི་བརྒྱ་བཅུ་དྲུག་སྟེ། བྱེ་བ་དང༌། ཁོད་ཁོད་དང༌། ཐད་དགུ་དང༌། ཁྲིག་ཁྲིག་དང༌། ཐམས་ཐམས་དང༌། མྱད་མྱིད་དང༌། གང་ཡ་དང༌། བན་བུན་དང༌། ཕྱར་ཕྱུར་དང༌། ལྕག་ལྕིག་དང༌། བྱང་བྱིང་དང༌། ཆེམ་ཆེམ་དང༌། ཕྱལ་ཕྱོལ་དང༌། ཁྱད་ཁྱུད་དང༌། ཟེར་ཟེར་དང༌། ཁྲིབ་ཁྲིབ་དང༌། ཡ་གངས་དང༌། ཆོ་མ་དང༌། ཁྲམ་ཁྲིམ་དང༌། ནབ་ནུབ་དང༌། སང་སང་དང༌། བརྒྱུད་ཡས་དང༌། གཏང་ཡས་དང༌། བཀྲ་ཡར་དང༌། གསའ་ཡས་དང༌། མི་མཚུངས་དང༌། ལམ་ལུམ་དང༌། ཡམ་ཡོམ་དང༌། ཁྲལ་ཁྲུལ་དང༌། ཐད་ཐུད་དང༌། བསམ་ཕྱོད་དང༌། བྲང་བྲེང་དང༌། བགྲོད་ཡས་དང༌། བསྔོ་ཡས་དང༌། ཟང་ཡག་དང༌། འཕྲོ་བཀྱེ་དང༌། རྩེ་འཕྱོ་དང༌། ཡོན་ཏན་དང༌། འབྲུག་གཡོས་དང༌། སང་ཡལ་དང༌། མཐིང་ཡུག་དང༌། ཡིད་འཕྱོ་དང༌། ནབ་ནེབ་དང༌། ཁྲིག་ཐམས་དང༌། ཡལ་ཡལ་དང༌། བགྲང་ཡས་དང༌། ཐུག་ཡལ་དང༌། ཤང་ཤང་དང༌། ཡག་ཡག་དང༌། ཐམ་ཐིམ་དང༌། རློམ་བསྙལ་དང༌། གཞལ་འཕྱོ་དང༌། གཞལ་ཡལ་དང༌། གཞལ་མེད་


DTG110_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དང། གཞལ་འཁོར་དང༌། གཞལ་ཐིམ་དང༌། གར་གཞལ་དང༌། གཞལ་སངས་དང༌། གཞལ་ཐག་དང༌། གཞལ་ཕུལ་དང༌། གཞལ་གཞི་དང༌། འཕྱོ་འགྱུར་དང༌། ཉར་ཉེར་དང༌། ཕྱག་ཕྱིག་དང༌། ཟལ་ཟུལ་དང༌། སལ་སལ་དང༌། གཡོ་ལྡེག་དང༌། ཕན་ཕུན་དང༌། བརྣང་ཡ་དང༌། རེམ་འགྲོལ་དང༌། རྫི་ངད་དང༌། རྫི་རྡུལ་དང༌། ཕུན་ཡོལ་དང༌། ངད་ངད་དང༌། བགྲང་རྩི་དང༌། ཟབ་བགྲང་དང༌། དགའ་བརྐྱང་དང༌། གཞུང་མདའ་དང༌། འཁྲུལ་ཆད་དང༌། འོལ་ཕྱོད་དང༌། གདབ་ཡས་དང༌། གཅལ་ཡས་དང༌། བགྲང་ཡས་དང༌། བྱིམ་འཕྱོ་དང༌། ཡ་མེ་དང༌། བསྙལ་ཡས་དང༌། ལྡབ་ལྡེབ་དང། འབན་ཆད་དང༌། ཕང་ཕུང་དང༌། ཁྱེའུ་ཆང་དང༌། ཞུང་ཟུང་དང༌། མཆོག་ཡལ་དང༌། མཐའ་བརྟུལ་དང༌། ཡུན་འགྱངས་དང༌། བུན་ལོབ་དང༌། ལམ་ལོབ་དང༌། བསྙད་ཡས་དང༌། ལང་ལིང་དང༌། ལྗབ་ལྗིབ་དང༌། མི་བརྩལ་དང༌། འབྱམ་ཡས་དང༌། ང་འགྲང་དང༌། སྨོས་ཡས་དང༌། བཀྲ་ཆལ་དང༌། ལོ་རྒྱས་དང། འབུམ་རྡིབ་དང༌། གམ་གུམ་དང༌། ལ་ལོ་དང༌། བགྲང་འཕྱོས་ཏེ་དེའི་སྟེང་དུ་རྩ་བའི་གྲངས་བདུན་བསྣན་ན་བརྒྱ་བཅུ་དྲུག་ནི་གྲངས་རྐྱང་པའི་དབང་དུ་བྱས་པས་སོ། །ཁུག་པའི་གནས་ནི་བཅུ་སྟེ། དཔག་ཡས་དང༌། ཡལ་ཕྱོང་དང༌། མུ་ཡལ་དང༌། བགྲང་ཡོལ་དང༌། མི་འཇལ་དང༌། བསམ་ཕྱོད་དང༌། མཐའ་འབྱམ་དང༌། དཔག་ཐག་དང༌། བརྗོད་དུ་མེད་པ་དང༌། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་སྟེ། དེའི་སྟེང་དུ་བགྲོད་འཕྱོས་ལ་བསྒྲེས་པ་ལ་སོགས་པ་ནས་བརྗོད་དུ་མེད་པ་བསྒྲེས་པའི་བར་དུ་བཅུ་བསྣན་པ་ནི་ཁུག་པའི་གནས་བཅུ་སྟེ། ཉི་ཤུ་དང་སྤྱིར་སྡོམ་ན་བརྒྱ་སུམ་ཅུ་རྩ་དྲུག་ཏུ་ནི་མིང་གིས་བསྟན་པས་སོ། །དཔེ་དེ་ཉིད་སྦྱར་བ་ནི། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྟེ། ཐོས་པའི་དབང་དུ་བྱས་པ་ནི་ཁ་ཏོན་བྱེད་པ་དང༌། ཀློག་པ་དང༌། འཛིན་པར་བྱེད་པའོ། །བསམ་པའི་དབང་དུ་བྱས་པ་ནི། །ཚུལ་བཞིན་ཡིད་ལ་བྱེད་པའོ། །དཔྱོད་པ་ནི་ཤེས་རབ་ཀྱིས་ཞིབ་ཏུ་རྣམ་པར་འབྱེད་པའོ། །ཀུན་ཆུབ་པར་བྱེད་པ་ནི་མ་ལུས་པར་འཛིན་པའོ། །དེ་ལ་ཚུལ་དམན་པ་ལ་སྤྱོད་པ་དང༌། འདྲེ་བ་ལ་སྤྱོད་པས་ན་དཔེ་གཉིས་བསྟན་ནོ། །རང་བཞིན་གྱི་རིགས་དང་ལྡན་ཞིང་སེམས་བསྐྱེད་པས་ན་ཐེག་པ་ཆེན་པོ་པའོ། །བསམ་པ་རྒྱ་ཆེ་བས་ན་མོས་པའོ། །སྦྱོར་བ་རྒྱ་ཆེ་བས་ཀློག་པ་དང༌། ཡོངས་སུ་འཛིན་པའོ། །དེ་ལ་


DTG110_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཀློག་པ་ནི་གཞུང་གི་བདག་ཉིད་དོ། །འཛིན་པ་ནི་དོན་རྣམ་པར་སེམས་པའོ། །གུས་པ་ནི་སེམས་ཀྱི་ཁྱད་པར་རོ། །ཞེ་ས་ནི་ལུས་དང་ངག་གིའོ། །གཞོལ་བ་ནི་མོས་པའོ། །འབབ་པ་ནི་ལྷན་ཅིག་སྤྱོད་པའོ། །བརྟེན་པ་ནི་འགྲོགས་པའོ། །ཚོལ་བ་ནི་ཉན་པའོ། །འཛིན་པ་ནི་དོན་མི་ཉམས་པར་བྱེད་པའོ། །འཆང་བ་ནི་གླེགས་བམ་མི་གཏོང་བའོ། །དེ་ལྟར་སྒྲུབ་པས་བསྟི་སྟང་བྱེད་པ་བསྟན་ནས། ཟང་ཟིང་གིས་བསྟི་སྟང་བྱེད་པར་བསྟན་པ་ནི། རབ་ཏུ་གུས་པས་མེ་ཏོག་དང་ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་གཙོ་བོ་ནི་གཞན་ལ་གུས་པ་ཡིན་པས་མི་བརྙན་པ་ཞེས་སྨོས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཟབ་པ་དང་རྒྱ་ཆེ་བའོ། །ཡང་ཀུན་རྫོབ་ཀྱི་བདེན་པ་དག་ནི་ཟབ་པ་ཡིན་ལ། དོན་དམ་པའི་བདེན་པ་སྟོན་པ་དག་ནི་རྒྱ་ཆེ་བ་ཡིན་ནོ་ཞེས་ཁ་ཅིག་འདོད་དོ། །བདེན་པ་གཉིས་དང་ལྡན་པའི་ཆོས་མི་སྤོང་བས་མོས་པའོ། །ཐེག་པ་ཆེན་པོའི་དོན་ནི་ཤེས་རབ་དང་སྙིང་རྗེའོ། །ཡང་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །ཡང་ན་ཟབ་པ་དང་རྒྱ་ཆེ་བའི་དོན་ཏོ། །འཕགས་པ་ཐོགས་མེད་ཀྱིས་ནི་སེམས་བསྐྱེད་པ་ལ་སོགས་པ་རྣམ་པ་བདུན་བཤད་དོ། །འཕགས་པ་ཀླུ་སྒྲུབ་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་སྙིང་རྗེ་ལ་བཤད་དོ། །ལང་ཀར་གཤེགས་པ་ལས་ནི། ཆོས་ལྔ་དང་ནི་རང་བཞིན་དང༌། །རྣམ་པར་ཤེས་པ་བརྒྱད་ཉིད་དང༌། །བདག་མེད་པ་ནི་རྣམ་གཉིས་ཀྱིས། །མ་ལུས་ཐེག་པ་ཆེན་པོ་བསྡུས། །ཞེའོ། །དེ་ལ་ཆོས་ལྔ་ནི་མིང་དང༌། རྒྱུ་མཚན་དང༌། རྣམ་པར་རྟོག་པ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་ཡེ་ཤེས་དང༌། ཀུན་བརྟགས་པ་དང༌། གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པ་ནི་རང་བཞིན་ནོ། །འཕགས་པ་བྱམས་པའི་ཞལ་ནས་ནི། ས་བོན་དང༌། འཇུག་པ་དང༌། བསྒྲུབ་པ་དང༌། གོ་རིམས་དང༌། འབྲས་བུ་དག་ནི་ཐེག་པ་ཆེན་པོ་ཡིན་ཏེ། རིགས་ནི་ས་བོན་ནོ། །འཇུག་པ་ནི་སེམས་བསྐྱེད་པའོ། །སྒྲུབ་པ་ནི་རང་དང་གཞན་གྱི་དོན་ཏོ། །གོ་རིམས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །འབྲས་བུ་ནི་བྱང་ཆུབ་ཀྱི་དོན་ཏེ། དེའི་ཕྱིར། ཐེག་པ་མཆོག་བསྟན་པ་ཡི་རྣམ་པ་ཆོས་ཀྱིས་འགྲོ་བའི་སེམས་ཅན་ལ། །འབྱོར་པའི་དོན་ཚུལ་བླ་མེད་གྱུར་པ་རྣམ་པ་ལྔ་ཡི་བདག་ཉིད་སྟོན། །ཞེས་གསུངས་


DTG110_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །མཁས་པ་ནི་ཕྱིན་ཅི་མ་ལོག་པར་ཤེས་པའོ། །མི་གཡོ་བས་ན་རྟག་ཏུའོ། །སྐྱབས་ནི་མཐོ་རིས་དང་བྱང་གྲོལ་ལོ། །བྱང་ཆུབ་ཀྱི་སེམས་ནི་སྨོན་པ་དང༌། འཇུག་པའོ། །བྱམས་པ་ནི་ཕན་པར་འདོད་པའི་སེམས་སོ། །སྙིང་རྗེ་ནི་སྡུག་བསྔལ་བསལ་བའི་སེམས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྦྱིན་པ་ལ་སོགས་པའོ། །རྟོན་པ་བཞི་ནི་ཐོས་པ་དང༌། །བསམ་པ་དང༌། སྒོམ་པའི་གནས་སྐབས་གསུམ་དུ་ཆོས་དང༌། དོན་དང༌། ངེས་པའི་དོན་དང༌། ཡེ་ཤེས་ལ་རྟོན་གྱི་གང་ཟག་དང༌། ཚིག་དང༌། དྲང་བའི་དོན་དང༌། རྣམ་པར་ཤེས་པ་ལ་མི་རྟོན་པའོ། །བསྡུ་བའི་དངོས་པོ་ནི་སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པའོ། །རང་གི་ལམ་ལ་གཞན་སྦྱོར་བ་ནི་གཞན་ཡང་ཞེས་བྱ་བའོ། །ད་ནི་ཆོས་སྤོང་བའི་ཉེས་པ་བསྟན་པའི་ཕྱིར་དམ་པའི་ཆོས་སྤོང་བ་ནི་གསུངས་ཏེ། གང་ཟག་གང་གིས་སྤོང་ཞེ་ན། བྱང་ཆུབ་སེམས་དཔའི་ཐེག་པ་པ་ཞེས་སྨོས་སོ། །དུས་ནམ་གྱི་ཚེ་སྤོང་ཞེ་ན། སངས་རྒྱས་བྱེ་བ་ཁྲག་ཁྲིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བཟོད་པ་མ་ཐོབ་ཅིང་མོས་པ་ཡོངས་སུ་མ་རྫོགས་པ་ནི། སངས་རྒྱས་མཐོང་ཡང་ཁ་ན་མ་ཐོ་བའི་ལས་ཆེན་པོ་ལ་འཇུག་པ་སྲིད་པས་ན་དེ་སྨོས་སོ། །དམིགས་པའི་ཚུལ་ཞེས་བྱ་བ་ནི་འཁོར་གསུམ་ཡོངས་སུ་དག་པ་དང་མི་ལྡན་པའི་ཕྱིར་རོ། །གང་སྤོང་བ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཞེས་སྨོས་སོ། །རི་མོ་བྱེད་པ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ཞེས་ཡོངས་སུ་སྤོང་བའོ། །ཇི་ལྟར་རི་མོ་བྱེད་ཅེ་ན། །འཁོར་དུ་འོངས་ན་ཡང་ལུས་དང་སེམས་ཀྱིས་མཐུན་པར་མི་སྤྱོད་ཅེས་བྱ་བ་སྟེ། འཁོར་ནི་དགེ་སློང་ལ་སོགས་པའོ། །འོངས་པ་ནི་ཆོས་ཀྱི་མཁན་པོའི་གསང་དྲང་བའི་ཕྱིར་ལྷགས་པའོ། །འདུད་པ་ལ་སོགས་པ་མེད་པས་ལུས་ཀྱིས་མཐུན་པར་མི་བྱེད་པའོ། །ཆོས་མ་ཡིན་ནོ་ཞེས་སྤོང་བས་སེམས་ཀྱིས་མཐུན་པར་མི་བྱེད་པའོ། །དེས་ཉེས་པ་ཅིར་འགྱུར་ཞེ་ན། མཐོང་བའི་ཆོས་ལ་སོགས་པ་ནི། འཆལ་བའི་ཤེས་རབ་ཏུ་འགྱུར་ཞེས་བྱ་བ་སྟེ། ཤེས་རབ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །འདོར་བ་ནི་སྤོང་བའོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདི་ལས་སྐྱེས་


DTG110_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བྱུང་བས་ན་ཐམས་ཅད་མཁྱེན་པ་ཉིད་བོར་བའོ། །དེས་འབྲས་བུ་ཅི་མྱོང་ཞེ་ན། སྐྱེས་ནས་མྱོང་བའི་དབང་དུ་བྱས་ནས། ལོ་བྱེ་བ་ཁྲག་ཁྲིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བར་མ་ཆད་པ་དམྱལ་བ་ཁོ་ན་བརྒྱུད་པས་ན་འཁོར་བའོ། །འཇིག་པ་ནི་དུས་མཐའི་མེ་ལ་སོགས་པའོ། །ཆགས་པ་ནི་དང་པོ་རླུང་ནས་བཟུང་སྟེའོ། །དེའི་ཚེའང་འཇིག་རྟེན་གྱི་ཁམས་གཞན་གྱི་སེམས་ཅན་དམྱལ་བར་སྐྱེ་བས་ན་དམྱལ་བ་ཆེན་པོ་ནས་དམྱལ་བ་ཆེན་པོར་ཞེས་སྨོས་པ་ཡིན་ནོ། །དེའི་ལས་ཟད་ནས་གོང་དུ་འཕོ་བ་ནི། དུད་འགྲོ་དང་གཤིན་རྗེའི་འཇིག་རྟེན་དུ་ཞེས་སྨོས་པ་ཡིན་ནོ། །དེས་ན་ཅིས་ཏེ་མིར་སྐྱེས་ན་ཡང་ལྐུགས་པ་དང་དམུས་ལོང་ལ་སོགས་པར་སྐྱེ་བས་ན་དེ་བཞིན་ནོ་ཞེས་སྨོས་པ་ཡིན་ནོ། །འོ་ན་ཁ་ན་མ་ཐོ་བ་ཆེན་པོ་ནི་མཚམས་མེད་པ་མ་ཡིན་ནམ་ཞེས་རྒོལ་པ་ལ། ལན་ནི་དེ་བས་ཀྱང་དམ་པའི་ཆོས་སྤོང་བ་ཁ་ན་མ་ཐོ་བ་ཆེ་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དུས་གསུམ་གྱི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྩ་བ་བཅད་པའི་ཕྱིར་རོ་ཞེས་བསྟན་པ་ནི་མཚམས་མེད་པ་ལྔ་དང་འདྲ་ཞེས་མི་བྱའོ་ཞེས་གསུངས་སོ། །འདི་བྱང་ཆུབ་སེམས་དཔའི་སྡོམ་པ་དང་འབྲེལ་པར་ཅི་མངོན་ཞེ་ན། བྱང་ཆུབ་སེམས་དཔའི་ཐེག་པ་པ་ཞེས་གསུངས་པའི་ཕྱིར་རོ། །ད་ནི་བདུད་ཀྱི་ལས་ཀྱི་གནོད་པ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ནི་ཞེས་གསུངས་ཏེ། འདིར་བདུད་དག་ནི་དུ་ཞིག་ལ། གང་ཟག་ནི་གང་གི་ལ། དུས་ནི་ནམ་གྱི་ཚེ། གནོད་པ་ནི་ཇི་ལྟ་བུ་ཞིག །བདུད་ཀྱི་ལས་ནི་དུ་ཞིག །དེ་སྤོང་བའི་ཐབས་ནི་གང་ཞིག་ཅེ་ན་སྨྲས་པ། བདུད་ནི་རྣམ་པ་བཞི་སྟེ། ཕུང་པོ་དང༌། ཉོན་མོངས་པ་དང༌། འཆི་བདག་དང༌། ལྷའི་བུའི་བདུད་དོ། །གང་ཟག་ནི་ལས་དང་པོ་པ་ཐེག་པ་ལ་གསར་དུ་ཞུགས་པ་ལའོ། །དུས་ནི་དད་པ་དང་རྣམ་པར་རྟོག་པ་ཤས་ཆེ་བ་དང༌། བརྩོན་འགྲུས་རྩོམ་པ་དང༌། དགེ་བའི་བཤེས་གཉེན་དང་བྲལ་བའི་ཚེའོ། །འཆིང་བ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་རབ་ཏུ་བརྩོན་པར་བྱེད་པ་ལ་བར་ཆད་བྱ་བའི་ཕྱིར་ཉེ་བར་འོང་ཞིང་དེ་ལས་མི་འདའ་བར་བྱེད་པའོ། །བདུད་ཀྱི་ལས་ནི་བསོད་ནམས་ཀྱི་བར་ཆད་བྱེད་པའི་བདུད་ཀྱི་ལས་བརྒྱད་དང༌། ཡེ་ཤེས་ཀྱི་བར་དུ་གཅོད་པ་ཉི་ཤུའོ། །བརྟག་པའི་ཐབས་ནི་བཞི་སྟེ། རྒྱུད་ཀྱི་ཡོན་ཏན་ལ་བརྟག་པ་དང༌། འོད་ཟེར་ལ་བརྟག་པ་དང༌། ཆོས་


DTG110_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ལ་བརྟག་པ་དང༌། མཆོད་པ་ལ་བརྟག་པའོ། །ལ་ལ་ནི་སྟོང་པ་ཉིད་ཀྱིས་བརྟག་པ་དང་ལྔའོ་ཞེས་འདོད་དོ། །སྤང་བའི་ཐབས་ནི་ཡང་དག་པའི་དགེ་བའི་བཤེས་གཉེན་བསྟེན་པའི་སྒོ་ནས་སྤོང་བར་བྱ་བའོ། །དེ་ལ་བདུད་བཞི་ནི་བྱང་ཆུབ་སེམས་དཔའི་བདུད་དོ། །ལས་རྣམ་པ་གཉིས་མཚོན་པ་ནི། བདུད་ཀྱི་ལས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བའོ་ཞེས་བྱ་བའོ། །ལས་དང་པོ་པ་ཐེག་པ་ལ་གསར་དུ་ཞུགས་པ་ལ་བདུད་འབྱུང་བས་མིང་ལ་གནས་པ་ཞེས་སྨོས་ཏེ། ལས་དང་པོ་པ་ཡིན་པས་ན་ཚིག་ཁོ་ན་ལའོ། །སྟོན་པས་མིང་ལ་ཞེན་པས་བསླུས་པ་ཞེས་བྱའོ། །མིང་ཇི་ལྟ་བུ་ཞེ་ན། ཁྱོད་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཞེས་བྱ་བའོ། །ལས་དང་པོ་པ་ཡིན་པས་ན་ཕྱིར་མི་ལྡོག་པའི་ལྟས་དེ་དག་མེད་པར་ཡང་ཞེས་བྱ་སྟེ། ཕྱིར་མི་ལྡོག་པའི་ལྟས་ནི་ཐེག་པ་དམན་པ་ལ་ངན་སོང་དག་གིས་བྲོད་པ་དང་འཇིགས་པ་བསྐྱེད་པ་ལས་ཀྱང་མི་ལྡོག་པ་ལ་སོགས་པའོ། །རློམ་སེམས་པ་ནི་བདུད་ཀྱི་ཚིག་གིས་ང་རྒྱལ་བའོ། །བརྙས་པ་ནི་ཁྱད་དུ་གསོད་པའོ། །དེའི་ཕྱིར། བདག་སྟོད་གཞན་ལ་སྨོད་པའི་བྱང་ཆུབ་སེམས་དཔའ་ནི། བདུད་ཀྱིས་ཡོངས་སུ་བླང་ཤིང་བློ་ཆུང་རིག་པར་བྱ། །ཞེའོ། །དུས་ནི་རྣམ་པ་བཞི་སྟེ། དགེ་བའི་བཤེས་གཉེན་དང་བྲལ་བ་ལས་འབྱུང་བས་ན་དེ་ཐབས་མི་མཁས་ཤིང་ཤེས་རབ་དང་བྲལ་བ། དགེ་བའི་བཤེས་གཉེན་དང་བྲལ་བ། དགེ་བའི་བཤེས་གཉེན་གྱིས་མ་ཟིན་ཅིང་ཞེས་སྨོས་ཏེ། མང་པོ་སྨོས་པ་ནི་མཚོན་པའི་ཕྱིར་རོ། །ལས་གང་བྱེད་ཅེ་ན། ཉན་ཐོས་ཀྱི་སའམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྟུང་བའི་རྩ་བ་ནི་སྲོག་གཅོད་པ་ལ་སོགས་པའོ། །ཆེས་ལྕི་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་གཅོད་པའི་ཕྱིར་ཏེ། དམྱལ་བར་འགྲོ་བ་བྱང་ཆུབ་ལ། །གཏན་གྱི་གེགས་བྱེད་མ་ཡིན་ཏེ། །ཉན་ཐོས་དང་ནི་རང་སངས་རྒྱས། །ཐེག་པ་མཆོག་ལ་གེགས་སུ་འགྱུར། །ཞེས་བྱ་བ་ལྟ་བུའོ། །རྣམ་པར་རྟོག་པ་དང་ལྡན་པ་ལ། བདུད་འབྱུང་བ་ནི། ལྷའི་བུ་ཇི་ཙམ་དུ་ལས་འཇུག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ནི་ལུས་ལ་སོགས་པའི་ལས་སོ། །འཇུག་པ་ནི་རྣམ་པར་རྟོག་པའོ། །བདུད་ནི་ཉོན་མོངས་པ་སྟེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ་ཞེས་


DTG110_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཕྱིར་རོ། །སྨོན་པ་ནི་འབྲས་བུ་འདོད་པའོ། །འཛིན་པ་ནི་རྒྱུ་ལ་འཇུག་པའོ། །མཆོག་ཏུ་འཛིན་པ་ནི་གཙོར་བྱེད་པའོ། །འདོད་པ་ནི་འདུན་པའོ། །འདུ་ཤེས་པ་ནི་མཚན་མར་འཛིན་པའོ། །རློམ་སེམས་པ་ནི་དངོས་པོར་ལྟ་བའོ། །ཡོངས་སུ་རྟགས་པ་ནི་སྤྱོད་པའོ། །གང་དུ་ལས་འཇུག་པ་ཞེས་སྨོས་པ་དེ་གང་ལ་ཇི་ལྟར་ཞེ་ན། བྱང་ཆུབ་ཀྱི་སེམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞེན་པ་ནི་དངོས་པོར་ལྟ་བའོ། །ཅིའི་ཕྱིར་བདུད་ཀྱི་ལས་སུ་བཤད་ཅེ་ན། དངོས་པོར་ལྟ་བ་ནི་འཆིང་བ་ཡིན་པས་ཐར་པ་ཅི་ཐོབ་ཅེས་བྱ་བའི་ཐ་ཚིག་གོ །དངོས་པོར་ལྟ་བས་ཀུན་ནས་བསླང་བའི་སྦྱིན་པ་ལ་སོགས་པའི་སྦྱོར་བ་ཡང་འཆིང་བ་ཁོ་ན་ཡིན་པས། སྦྱིན་པས་རློམ་སེམས་སུ་བྱེད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རློམ་སེམས་པ་ནི་རང་དང་གཞན་དང་ཆོས་སུ་དངོས་པོ་ལྟ་བའོ། །མཆོག་ཏུ་འཛིན་པ་ནི་ཞེན་པའི་གནས་སུ་རྟོག་པའོ། །འཛིན་པ་ནི་ཞེ་སྡང་ལ་སོགས་པར་བརྟགས་པའོ། །ལན་པ་ནི་རྩོལ་བའོ། །མཚན་མ་ནི་གཡེང་བའོ། །རྒྱུ་བ་ནི་སྤྱོད་པའོ། །མངོན་དུ་རྒྱུ་བ་མི་འབྱུང་བ་ཙམ་ལ་གཅོར་བྱེད་པས་ན། དགོན་པ་ལ་དགའ་ཞིང་མོས་པ་དང༌། བཏང་སྙོམས་སུ་བྱེད་ཅེས་སྨོས་ཏེ། སེམས་ཅན་ཡལ་བར་འདོར་བ་ན་བཏང་སྙོམས་སུ་ལྟུང་བའོ། །ཆོས་གོས་ལ་སོགས་པ་ངན་པས་ཆོག་པས་ན་འདོད་པ་ཆུང་བའོ། །མང་པོ་མི་འདོད་པས་ན་ཆོག་ཤེས་པའོ། །དེ་ལ་འདོད་པ་ཆུང་བས་ནི་ཆོས་བཞི་སྤོང་བ་སྟེ། ཚུལ་འཆོས་པ་དང༌། ཁ་གསག་དང༌། གཞོགས་སློང་དང༌། ཐོབ་ཀྱིས་འཇལ་བའོ། །ཆོག་ཤེས་པས་ནི་རྙེད་པས་རྙེད་པ་སྤོང་ངོ༌། །ལུས་ལ་སོགས་པ་ལས་སུ་རུང་བར་བྱེད་པས་ན་སྦྱངས་པའོ། །ཡོན་ཏན་ནི་བཅུ་གཉིས་ཏེ། ཟས་ལས་གྱུར་པ་གསུམ་དང༌། གོས་ལས་གྱུར་པ་གསུམ་དང༌། གནས་ལས་གྱུར་པ་དྲུག་གོ །དེ་ལ་མང་དུ་ཟ་བའི་གཉེན་པོ་ནི། སྟན་གཅིག་པ་སྟེ། དེ་ཡང་སྟན་གྱི་མཐའ་པ་དང༌། ཆུའི་མཐའ་པའོ། །ཡང་ཡང་ཟ་བའི་གཉེན་པོ་ནི་ཕྱིས་མི་ལེན་པའོ། །བཟང་པོ་ལ་ཞེན་པའི་གཉེན་པོ་ནི་བསོད་སྙོམས་པ་སྟེ། དེ་ཡང་ཅི་ཐོབ་པ་ལེན་པ་དང་མཐར་གྱིས་རྒྱུ་བའོ། །གོས་བཟང་པོ་ལ་ཆགས་པའི་གཉེན་པོ་ཕྱག་དར་ཁྲོད་པ་སྟེ། དེ་ཡང་བོར་བ་དང་སྨད་པའི་དབང་གིས་སོ། །མང་པོའི་གཉེན་པོ་ཆོས་གོས་གསུམ་པའོ། །འཇམ་པའི་གཉེན་པོ་ཕྱིང་པ་པའོ། །འདུ་འཛི་ལ་ཆགས་པའི་


DTG110_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་ནི་དགོན་པ་པའོ། །བླ་གབ་ལ་ཆགས་པའི་གཉེན་པོ་ནི་བླ་གབ་མེད་པའོ། །སྟན་ལ་ཆགས་པའི་གཉེན་པོ་ནི་གཞི་ཇི་བཞིན་པའོ། །གཙུག་ལག་ཁང་ལ་ཆགས་པའི་གཉེན་པོ་ནི་ཤིང་དྲུང་པའོ། །འཁྲིག་པ་ལ་ཆགས་པའི་གཉེན་པོ་ནི་དུར་ཁྲོད་པའོ། །ཉལ་བ་ལ་ཆགས་པའི་གཉེན་པོ་ནི་ཅོག་པུ་པའོ། །ཡོ་བྱད་ཀྱིས་ཕོངས་པར་བྱེད་པས་ན་བསྙུངས་པའོ། །བསོད་ནམས་ཀྱི་དངོས་པོ་སྦྱིན་པ་ལ་སོགས་པ་ལ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་ཀྱི་ཚོགས་ལ་ཞེན་པ་ཡང་འཆིང་བ་ཡིན་པས། སྟོང་པ་ཉིད་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པ་ཉིད་ལ་སོགས་པ་ནི་ལྷག་མཐོང་ངོ༌། །སྤྲོས་པ་མེད་པ་ནི་ཞི་གནས་སོ། །རབ་ཏུ་དབེན་པ་ནི་ཏིང་ངེ་འཛིན་གྱི་ཚོགས་སོ། །ཚོགས་གཉིས་ནི་སངས་རྒྱས་ཀྱིས་གནང་བའི་ཕྱིར་བཀའ་སྒྲུབ་ཅེས་བྱ་བའོ། །དེ་ལྟར་རྒྱས་པར་བཤད་པའི་དོན་བསྡུས་པ་ནི། ཇི་ཙམ་དུ་རྟོག་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱི་དང་ཁྱད་པར་དང་དེ་གཉིས་ཀས་སྤྱོད་པ་ནི་རྟོག་པ་དང་རྣམ་པར་རྟོག་པ་དང་ཡོངས་སུ་རྟོག་པའོ། །ཐ་སྙད་བཞིར་རྟོག་པས་ན་མཐོང་བ་ལ་སོགས་པའོ། །འོ་ན་ལས་དང་པོ་པ་དག་ཇི་ལྟར་འདུག་པར་འགྱུར་ཞེ་ན། སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ལ་ཤེས་པ་ཡོངས་སུ་གཏད་ནས། ཚོགས་བསགས་པ་དེ་ཉིད་རྟོགས་པར་འགྱུར་ཞིང་ཉེས་པ་མཐའ་དག་སྤོང་བས་ལས་དང་པོ་པས་ཀྱང་སུན་འབྱིན་པའི་སྒོ་ནས་སྤོང་གི །གཞན་དུ་ན་རྟོག་པ་དག་ནི། བཙན་ཐབས་སུ་སྤངས་པར་འདོད་ན་འདུས་བྱས་སུན་ཕྱུང་བས་གསོར་མི་རུང་བར་འགྱུར་ཏེ། རྣམ་པར་དབེན་དོན་མི་ཤེས་ཤིང༌། །ཐོས་པ་ཙམ་ལ་འཇུག་བྱེད་པ། །མི་གང་བསོད་ནམས་མི་བྱེད་པའི། །སྐྱེས་བུ་ཐ་ཤལ་དེ་དག་བརླབ། །ཅེས་འཕགས་པ་ཉིད་ཀྱིས་གསུངས་པ་དང༌། ཡང་ཡོད་ཡང་དག་པའི་དངོས་པོ་ལ་མེད་དོ་ཞེས་སྐུར་པ་འདེབས་པའི་ལེགས་པར་མ་ཟིན་པ་ཞེས་བྱ་སྟེ། དམ་པའི་ཆོས་འདུལ་བ་འདི་ལས་ཉམས་པར་རིག་པར་བྱའོ་ཞེས། འཕགས་པ་ཐོགས་མེད་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་ས་ལས་ཀྱང་གསུངས་པའི་ཕྱིར་ལ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང༌། འཇིག་ཚོགས་སུ་ལྟ་བ་རི་རབ་དང་མཉམ་པ་ནི་བླ་ཡི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་


DTG110_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གསོར་མི་རུང་ངོ་ཞེས་གསུངས་སོ། །འོག་ནས་ཡང་ཐབས་དང་ཤེས་རབ་ཡ་བྲལ་བ་ནི་འཆིང་བར་གསུངས་པ་དང༌། ཡང་ཐབས་དང་མི་ལྡན་པར་དགེ་བ་སྤྱོད་པ་ཐམས་ཅད་ཀྱང་བདུད་ཀྱི་ལས་སོ་ཞེས་འཆད་དོ། །དེ་བས་ན་འཁྲུལ་པ་ལ་འཁྲུལ་པར་ཤེས་ནས་རིམ་གྱིས་སྤོང་བ་ནི་འཁྲུལ་པ་སྤངས་པ་ཞེས་བརྗོད་དེ། སྣ་ཚོགས་འདི་དག་འཁྲུལ་པ་ན། །མ་འཁྲུལ་གང་ཞིག་ཡིན་ཞེ་ན། །འཁྲུལ་པ་ཙམ་དུ་སྤོངས་ཤེས་ན། །མ་འཁྲུལ་ཡིན་པར་ཤེས་པར་བྱ། །ཞེས་འདོད་སོ། །ད་ནི་བརྩོན་པ་དང་ལྡན་པ་ལ་བདུད་འབྱུང་བས་ན། དེའི་མཚན་ཉིད་བརྗོད་པ་ནི་བདུད་ཀྱི་ལས་ནི་བརྩོན་པ་ལས་འབྱུང་ཞེས་སྨོས་སོ། །བརྩོན་པ་གང་དག་ནི་བདུད་ཀྱི་མི་མཐུན་པའི་ཕྱོགས་མ་ཡིན་ནམ། ཇི་ལྟར་ན་བརྩོན་པ་ལ་བདུད་འབྱུང་ཞེས་ཅིའི་ཕྱིར་ཞེ་ན་ཞེས་རྒོལ་བ་ལ། གང་ཞིག་རིན་པོ་ཆེ་དང་བང་མཛོད་དང་ལྡན་པ་ལ། ཆོམ་རྐུན་པ་དག་གླགས་ཚོལ་ཞིང་དབུལ་ཞིང་ཕོངས་ལ་དགྲས་ཅི་ཞིག་བྱས་པར་འགྱུར། དེ་བཞིན་དུ་དགེ་བའི་ཕྱོགས་ལ་བརྩོན་པ་ལ་བདུད་འབྱུང་གི་ལེ་ལོ་ལ་བདུད་ཀྱིས་ཅི་ཞིག་བྱ་ཞེས་པ་ནི། བརྩོན་པ་ལ་བདུད་གླགས་ཚོལ་གྱི་ཞེས་གསུངས་པ་ཡིན་ནོ། །བརྩོན་པ་ལ་སོགས་པ་ཉིད་གང་ཞེ་ན། ཇི་ཙམ་དུ་གཉིས་ལ་སྦྱོར་བ་ཞེས་གསུངས་ཏེ། གཉིས་ཞེས་བྱ་བ་ནི་གཟུང་བ་དང༌། འཛིན་པའི་ངོ་བོ་ཉིད་དོ། །གཟུང་བ་དང་འཛིན་པ་དག་ནི་དངོས་པོར་གྲུབ་པ་མ་ཡིན་ནམ། ལུང་ལས་ཀྱང་ང་དེའི་ཚེ་རི་དགས་ཀྱི་རྒྱལ་པོ་སེང་གེ་ཡན་ལག་མ་སྨད་པ་ཞེས་བྱ་བར་གྱུར་ཏོ་ཞེས་གསུངས་པ་དང༌། ཡང་དགེ་སློང་དག་མཚན་མོ་ནམ་ལངས་པ་ན་རི་དགས་ཅེ་སྤྱད་སྐད་འབྱིན་པའི་སྒྲ་ཐོས་སོ་ཞེས་གསུངས་པ་མ་ཡིན་ནམ། ཇི་ལྟར་གཟུང་བ་དང་འཛིན་པ་དགག་ཅེ་ན་དེ་ཅིའི་ཕྱིར་ཞེ་ན་ཞེས་རྒོལ་བ་ལ། གཟུང་བ་དང་འཛིན་པ་དག་ནི་ཐོག་མ་མེད་པའི་དུས་ནས་གོམས་པའི་འཁྲུལ་པ་ཡིན་པས་ཡང་དག་པར་མི་རུང་སྟེ། རིགས་པ་དང་ལུང་གིས་གནོད་པར་གྱུར་པ་ཡིན་ལ། བདག་མེད་པ་སྟོན་པའི་ཐ་སྙད་ཀྱི་སྒྲོ་བཏགས་པ་ནི་བདག་དང་བདག་གིར་གཟུང་བ་དང༌། འཛིན་པ་བརྗོད་པ་ཡིན་པས་ཉེས་པ་མེད་དོ། །འཇིག་རྟེན་པ་དག་ནི་ཐོག་མ་མེད་པའི་འཁྲུལ་པས་གོམས་པའི་དབང་གིས་ཡང་དག་པར་འཛིན་པ་གཉིས་ལ་སྦྱོར་བའོ་ཞེས་བསྟན་ཏོ། །གཉིས་དང་བྲལ་བས་ན་སྦྱོར་བ་ཡང་དག་པ་སྟེ། ཕྱིན་ཅི་


DTG110_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལོག་པ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་དུ་ན་ཐོབ་པར་ལྟ་བ་མེད་པས་ཐོབ་པ་དམ་པ་ནི་སྦྱོར་བ་མེད་པ་སྟེ། མི་སྦྱོར་བ་ཉིད་སྦྱོར་བ་ཡིན་པའི་ཕྱིར་རོ། །སྤྲོས་པ་མེད་པ་ཞེས་བྱ་བ་ནི་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་ནི། དེ་ལྟར་བཤད་པ་བསྡུ་བ་ནི་གང་ན་མིག་ལ་མི་སྦྱོར་བ་ཞེས་གསུངས་སོ། །དད་པ་དང་ལྡན་པའི་བདུད་ཀྱི་ལས་ནི་ཤུགས་ཀྱིས་གོ་བས་ན་འདིར་མ་གསུངས་ཏེ། འདས་མ་ཐག་པའི་བརྩོན་པ་དང་ལྡན་པའི་སྐབས་སུ་སྦྱར་བར་བྱའོ། །ད་ནི་བདུད་ཀྱི་གནོད་པ་གང་བྱེད་པ་དེ་བསྟན་ཏེ་མཐོང་བའི་ཆོས་ལ་ཐེག་པ་མཆོག་ལ་ཉམས་པར་བྱེད་པ་དང༌། མ་མཐོང་བའི་ཚེ་རྟེན་མཆོག་ལས་ཉམས་པར་བྱེད་པའོ། །དེ་ལྟ་བས་ན་བརྡར་བསྟན་པའི་ཚུལ་གྱིས་བརྟག་པ་རྣམ་པ་ལྔས་བརྟགས་ནས་དགེ་བའི་བཤེས་གཉེན་ལ་བརྟེན་པས་སྤང་བར་བྱ་བ་ནི། ལྷའི་བུ་ཉི་ཤུ་པོ་འདི་དག་ནི་ཞེས་སྨོས་ཏེ། བདུད་ཀྱི་ལས་བརྒྱད་དང༌། བདུད་ཀྱི་སྤྱོད་པ་བཅོ་བརྒྱད་དང༌། བདུད་ཀྱི་ལས་ཡང་དག་ཕུལ་ཉི་ཤུ་ཞེས་སྨོས་པ་ནི་དེ་བརྟག་པ་ལ་མཁས་པར་བྱ་བའི་ཕྱིར་རོ། །དེ་ལ་ཉི་ཤུ་གང་ཞེ་ན། རྣལ་འབྱོར་སྤྱོད་པ་ཞེས་གསུངས་ཏེ། རྣལ་འབྱོར་ནི་ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན་ཏེ། སྤྱོད་པ་ནི་རྣམ་པ་གཉིས་ཏེ། སེམས་རྣམ་པར་སྤྱོད་པའི་ཏིང་ངེ་འཛིན་སྤྱོད་པ་དང༌། སྤྱོད་པ་ཉམས་སུ་ལེན་པའི་སྤྱོད་པ་སྟེ། དོན་གྱི་སྐབས་འདིར་ནི་སེམས་རྣམ་པར་སྤྱོད་པའི་སྤྱོད་པ་ལ་འདོད་དོ། །བདུད་ཅེས་བྱ་བ་ནི་ཡོན་ཏན་སྐྱེ་བའི་བར་དུ་གཅོད་པ་ལ་བྱ་སྟེ། འདིར་ནི་ཐེག་པ་མཆོག་ལ་འདོད་དོ། །ཡང་དག་ཕུལ་ཞེས་བྱ་བ་ནི་བདུད་ཀྱི་ལས་མཆོག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདུད་ཀྱི་ལས་ནི་དཔག་ཏུ་མེད་པ་ཡིན་ནམ། ཇི་ལྟར་གྲངས་ངེས་ཞེས་རྒོལ་བ་ནི། གང་ཞེ་ན་ཞེས་བྱའོ། །བདེན་མོད་ཀྱི་འདིར་མཆོག་བསྡུས་ནས་བཤད་པ་ཉེས་པ་མེད་ཅེས་བྱ་བ་ནི། འདི་ལྟ་སྟེ་ཞེས་མཚམས་སྦྱོར་བའོ། །དེ་ལ་རྣམ་པ་ཉི་ཤུ་ནི་འདི་ལྟ་སྟེ། ཡོངས་སུ་འཛིན་པའི་དབང་དུ་བྱས་པས་བཤེས་གཉེན་དམན་པ་ལ་བརྟེན་པ་ནི། རྣམ་པར་གྲོལ་བར་འདོད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། འཁོར་བས་སྐྲག་པ་ནི་ཉན་ཐོས་དང་རང་རྒྱལ་བའི་ཐེག་པའོ། །དང་པོ་དང་བར་མ་དང་ཐ་མར་ནི། གཉེན་པོ་ལ་སོགས་པ་གསུམ་དུ་སྦྱར་ཏེ། ཐེག་པ་མཆོག་གི་རྩ་བ་ནི་དགེ་བའི་བཤེས་གཉེན་ཡིན་པས་


DTG110_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་བྲལ་བ་ནི། དེའི་བར་དུ་གཅོད་པ་བདུད་ཅེས་བྱའོ། །དེ་ལྟར་ཡོངས་སུ་འཛིན་པ་དང་བྲལ་ན་འབྲས་བུའི་མཆོག་སྒྲུབ་པ་དང་བྲལ་བས་ཤེས་རབ་ཐབས་ཀྱིས་མ་ཟིན་ན་ནི་གཉིས་ཏེ། གཞན་གྱི་དོན་གྱི་ཐབས་དང་བྲལ་བ་ནི་སྟོང་པ་ཉིད་ལས་སོ་སོར་རྟོག་ཅིང་སེམས་ཅན་ཡལ་བར་འདོར་བ་སྟེ། རང་ཉིད་ཀྱི་ཉོན་མོངས་པ་སྤོང་བར་འབད་པའི་ཕྱིར་རོ། །རང་དོན་གྱི་ཐབས་དང་བྲལ་བ་ནི་འདུས་མ་བྱས་ལ་སོ་སོར་རྟོག་ཅིང་འདུས་བྱས་ཀྱིས་ཡོངས་སུ་སྐྱོ་བ་ཞེས་བྱ་སྟེ། ཚོགས་ཡོངས་སུ་རྫོགས་པར་མི་འགྱུར་ཞེས་བྱའོ། །དེ་ལྟར་ཤེས་རབ་ཐབས་ཀྱིས་ཡོངས་སུ་མ་ཟིན་པས་ཟག་པ་མེད་པའི་ཤེས་རབ་ཀྱི་རྒྱུ་ལ་ལོག་པར་ཞུགས་པ་ནི། བསམ་གཏན་བསྐྱེད་ཅིང་རྣམ་པར་ལྡོག་པ་ཚོལ་བ་སྟེ། ཟག་པ་མེད་པའི་ཤེས་རབ་ཀྱི་རྒྱུ་ནི་ཏིང་ངེ་འཛིན་ཡིན་པའི་ཕྱིར་བསམ་གཏན་བསྐྱེད་པ་ནི་རང་ཞི་བར་འདོད་པའི་བསམ་པ་ལ་སོགས་པའོ། །ལྡོག་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཏིང་ངེ་འཛིན་ཏོ། །ཡང་དག་པའི་ཏིང་ངེ་འཛིན་དང་བྲལ་བ་ནི་གང་ཟག་ལ་ལྟོས་ཏེ་བསམ་པ་དམན་པ་དང༌། ཆོས་ལ་ལྟོས་ཏེ་སྦྱོར་བ་དམན་པར་འགྱུར་བའོ། །དེ་ལ་གང་ཟག་ལ་ལྟོས་ཏེ་བསམ་པ་དམན་པ་ནི་གཉིས་ཏེ། སྤྱིའི་དབང་དུ་བྱས་ནས་སྙིང་རྗེ་དང་བྲལ་བ་ནི་སྙིང་རྗེ་ཆེན་པོ་བསྐྱེད་ཅེས་བྱའོ། །བྱེ་བྲག་གི་དབང་དུ་བྱས་ནས་བྱམས་པ་དང་བྲལ་བ་ནི་ཁྲོ་བ་ཞེས་བྱའོ། །ཆོས་ཀྱི་དབང་དུ་བྱས་ནས་སྦྱོར་བ་དམན་པ་ནི་གཉིས་ཏེ། བཤད་པའི་དབང་དུ་བྱས་པ་དང༌། སྒྲུབ་པའི་དབང་དུ་བྱས་པའོ། །དེ་ལ་བཤད་པའི་དབང་དུ་བྱས་པ་ནི་གཉིས་ཏེ། ཤེས་རབ་དམན་པ་ལ་སྦྱོར་བ་ནི། ཉན་ཐོས་དང་རང་རྒྱལ་བའི་གཏམ་སྟོན་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། བདག་མེད་པ་ཙམ་སྟོན་པའི་ཕྱིར་རོ། །ཤེས་རབ་འཆལ་བ་ལ་སྦྱོར་བ་ནི་ཟབ་མོའི་གཏམ་འཆབ་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། ཟབ་མོ་ནི་སྟོང་པ་ཉིད་ལ་སོགས་པའོ། །གཏམ་སྣ་ཚོགས་པ་ནི་རྒྱན་པོའི་གཏམ་ལ་སོགས་པའོ། །སྒྲུབ་པའི་དབང་དུ་བྱས་པ་ནི་ལྔ་སྟེ། སྦྱོར་བ་ལ་མི་བརྩོན་པ་དང༌། སྦྱོར་བ་ཉམས་པ་ལ་བརྩོན་པ་དང༌། སྦྱོང་བ་མི་མཐུན་པ་ལ་བརྩོན་པ་དང༌། སྦྱོར་བ་དང་བྲལ་བ་ལ་བརྩོན་པ་དང༌། སྦྱོར་བ་ངན་པ་ལ་བརྩོན་པའོ། །སྦྱོར་བ་ལ་མི་བརྩོན་པ་ནི་གཉིས་ཏེ། རང་གི་ལམ་སྒྲུབ་པ་ལ་མི་བརྩོན་པ་ནི། ལམ་


DTG110_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། ལམ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །གཞན་ལམ་དུ་ཁྲིད་པ་ལ་མི་བརྩོན་པ་ནི། རབ་ཏུ་བརྩོན་པའི་བསྔགས་པ་བརྗོད་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། མི་སྦྱོར་བ་ནི་ཁྲིད་པར་མི་བྱེད་པའོ། །སྦྱོར་བ་ཉམས་པ་ལ་བརྩོན་པ་ནི་གཉིས་ཏེ། རང་གི་སྤྱོད་པ་མི་སྒྲུབ་པ་ནི། དགེ་བའི་རྩ་བ་སོགས་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་ཀྱི་སེམས་ནི་ཐེག་པ་ཆེན་པོའི་ལམ་དུ་འགྲོ་བར་བྱེད་པའི་ཕྱིར་རོ། །རང་གི་སྤྱོད་པ་ལ་གཞན་མི་སྦྱོར་བ་ནི། ལྷག་མཐོང་གི་རྣལ་འབྱོར་དང་ལྡན་པར་གནས་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་ནི་གཞན་གཅེས་སུ་འཛིན་པའི་ཕྱིར་རོ། །སྦྱོར་བ་མི་མཐུན་པ་ལ་བརྩོན་པ་ནི། ཉོན་མོངས་པ་མ་ལུས་པ་ཟད་པར་ཚོལ་ཞིང་ཞེས་བྱ་བ་ལ་སོགས་པ་སྟེ། བསམ་པ་དང་སྦྱོར་བ་མི་མཐུན་པའི་ཕྱིར་རོ། །སྦྱོར་བ་དང་བྲལ་བ་ལ་བརྩོན་པ་ནི་གཉིས་ཏེ། གཞན་དོན་སྒྲུབ་པའི་ཐབས་སྙིང་རྗེ་དང་བྲལ་བ་ནི། ཤེས་རབ་ཀྱིས་རྣམ་པར་དཔྱོད་ཅིང་ཞེས་བྱ་བ་ལ་སོགས་པའོ། །རང་དོན་བསྒྲུབ་པའི་སྦྱོར་བ་ཐབས་མ་ལུས་པ་དང་བྲལ་བ་ནི་ཐབས་དང་མི་ལྡན་པར་ཞེས་བྱ་བ་ལ་སོགས་པ་སྟེ། ཐབས་ལ་མཁས་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ངན་པ་ལ་བརྩོན་པ་ནི་གཉིས་ཏེ། བརྩོན་པར་བྱ་བ་མ་ཡིན་པ་ལ་བརྩོན་པ་ནི། སྡེ་སྣོད་མི་ཚོལ་གྱི་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་རྣམས་སོ། །འཇིག་རྟེན་རྒྱང་པན་ནི་ཆད་པར་ལྟ་བ་དག་གོ །བརྩོན་པར་བྱས་པ་ལ་ལོག་པར་བརྩོན་པ་ནི་མང་དུ་ཐོས་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། མང་དུ་ཐོས་པ་ནི་བརྩོན་པར་བྱ་བ་ཡིན་ཡང༌། ཆོས་འཆབ་པ་ནི་ལོག་པ་ཡིན་པས། ལོག་པར་བརྩོན་པའོ། །དེ་ལྟར་དམན་པ་ལ་མོས་པ་དག་ནི། དངོས་པོས་ལྟ་བས་ན་འཇིག་རྟེན་པའི་དགོས་པའི་ཞལ་ཏ་བྱེད་པ་ཞེས་བྱ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མང་དུ་ཐོས་པ་ལས་སྐྱེས་ཀྱི། དངོས་པོ་ཡོངས་སུ་འཛིན་པ་ལས་མ་སྐྱེས་པའི་ཕྱིར་རོ། །དམན་པའི་སྤྱོད་པ་ལ་སྤྱོད་པ་དག་ནི་དམན་པའི་གྲོགས་པོ་ལ་བརྟེན་པས། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། སྐལ་པ་མཉམ་པ་ནི་ཐེག་པ་ཆེན་པོའི་བགོ་སྐལ་ལ་སྤྱོད་པའི་ཕྱིར་རོ། །


DTG110_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དམན་པའི་གྲོགས་པོ་ལ་བརྟེན་པ་དག་ནི་དམན་པ་ལ་བག་མེད་པར་འགྱུར་བས། གང་གི་ཚེ་བརྒྱ་བྱིན་ནམ་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་རྟེན་སྐྱོང་བ་ནི་ཡུལ་འཁོར་སྲུང་ལ་སོགས་པའོ། །དེ་ལྟར་ན་ཡང་དག་པའི་ལམ་ལས་ཟློག་པར་བྱེད་པ་བདུད་ཀྱི་ལས་ཀྱི་གོ་རིམས་འདི་ནི་སྲིད་པ་ཁོ་ནའོ། །ད་ནི་གཞན་ལ་བརྙས་པའི་ཉེས་པ་བཤད་པར་བྱའོ། །བྱང་ཆུབ་སེམས་དཔའ་གཟུགས་བཟང་ཞིང་ཞེས་བྱ་བ་ལ་སོགས་པ་ནི། གཞན་ལ་བརྙས་པའི་རྒྱུའོ། །དེ་ལ་ལྷུན་ལེགས་པ་ནི་གཟུགས་བཟང་བའོ། །བྱད་ལེགས་པ་ནི་མཛེས་པའོ། །ཕྱུག་པ་ནི་འབྱོར་པ་སྣ་ཚོགས་པའོ། །ལོངས་སྤྱོད་པས་ནོར་ཆབ་ནི་གསར་ལ་སོགས་པ་མང་བའོ། །ལོངས་སྤྱོད་ནི་འཕྲལ་གྱི་དགོས་པའོ། །ནོར་མང་བ་ནི་གསེར་ལ་སོགས་པ་སྣ་ཚོགས་པའོ། །མཛོད་ནི་སྣ་ཚོགས་པའི་གནས་སོ། །བང་བ་ནི་སྣ་རེ་རེའི་གནས་སོ། །རུས་ནི་བ་ར་དྭ་ཛ་ལ་སོགས་པའོ། །རིགས་ནི་རྒྱལ་རིགས་ལ་སོགས་པའོ། །གཡོག་ནི་གོ་རེ་ལོང་ངོ༌། །འཁོར་ནི་རྗེས་སུ་འཚོ་བའོ། །བསོད་ནམས་ནི་སྦྱིན་པ་ལ་སོགས་པའོ། །ཡེ་ཤེས་ནི་ཐོབ་པ་ལ་སོགས་པའོ། །བརྩོན་པ་ནི་ལྷུར་ལེན་པའོ། །དབང་ཕྱུག་ནི་རྒྱལ་པོའི་ས་ལ་གནས་པའོ། །རྒྱགས་པ་ནི་དྲེགས་པའོ། །བག་མེད་པ་ནི་བརྩམ་པ་དང་མི་ལྡན་པའོ། །གང་ལ་བརྙས་ཤེ་ན། བྱང་ཆུབ་སེམས་དཔའ་གང་དག་རབ་ཏུ་བྱུང་བར་གཏོགས་པ་ཞེས་གསུངས་ཏེ། རབ་ཏུ་བྱུང་བ་དག་ནི་རྟེན་མཆོག་ཡིན་པས་ན། གང་དག་ཁྱིམ་ན་གནས་པར་བྱེད་བཞིན་དུ། །བྱང་ཆུབ་དམ་པའི་མཆོག་འདི་ཐོབ་པ་ཡི། །སངས་རྒྱས་གང་ཡང་སྔོན་ཆད་མ་བྱུང་སྟེ། །མ་འོངས་པ་ན་མི་འབྱུང་གནས་པ་མེད། །ཅེས་གསུངས་པའི་ཕྱིར་རོ། །ཁྱིམ་གྱི་གནས་ནས་མངོན་པར་འབྱུང་བ་ཞེས་བྱ་བ་ནི། ཁྱིམ་སྤངས་ཞེས་བྱ་བའི་ཐ་ཚིག་གོ །ཁྱིམ་གྱི་གནས་ནི་སྡུག་བསྔལ་དུ་མའི་གནས་ཡིན་པས་ན། འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པ་ལས་སྨད་པ་ལྟ་བུའོ། །ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བ་ལ་བརྩོན་པ་ནི། དེ་གཅོར་བྱེད་པའོ། །འོ་ན་ཚོགས་གཉིས་དག་ནི་ལམ་མ་ཡིན་ནམ་ཅིའི་ཕྱིར་འདི་མཆོག་ཅེ་ན། བདེན་མོད་ཀྱི་འོན་ཀྱང་འབྱོར་བ་མཐའ་དག་སྤངས་པ་ཉིད་ཀྱིས། བསོད་ནམས་ཀྱི་ཚོགས་བསགས་པའི་ཕྱིར་ཏེ། དེ་ལྟ་མ་ཡིན་ན་ལུང་ལས་ཀྱང་རབ་ཏུ་བྱུང་བས་ཟང་ཟིང་གི་སྦྱིན་


DTG110_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་གནང་བས་ཇི་ལྟར་ཚོགས་སོགས་པར་འགྱུར། དེའི་ཕྱིར་ན་ཚོགས་གཉིས་དང་ལྡན་པར་འདོད་དོ། །གང་གི་ཕྱིར་བརྙས་ཤེ་ན། ཤ་དང་ཁྲག་སྐམས་པ་ཞེས་བྱ་སྟེ། དུས་མ་ཡིན་པའི་ཁ་ཟས་ལ་སོགས་པ་སྤང་བའི་ཕྱིར་རོ། །རྐེ་བ་ནི་རིང་བའོ། །ཉམ་ཆུང་བ་ནི་ལུས་ཀྱི་མཐའ་མེད་པའོ། །ལུས་རྩས་ཡོགས་པ་ནི་ཧ་ཅང་ཡང་རྐེ་བའི་ཕྱིར་རོ། །དེ་ལྟར་ཅིའི་ཕྱིར་ལུས་གདུང་ཞེ་ན། མགོ་དང་གོས་ལ་མེ་འབར་བ་བཞིན་དུ་ཞེས་སྨོས་ཏེ་ཤིན་ཏུ་བརྩོན་ཞེས་བྱ་བའོ། །བརྩོན་འགྲུས་བརྩམས་པ་ནི་དགེ་བའི་ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་པའོ། །ཐེག་པ་ཆེན་པོ་དག་ནི་དངོས་པོ་གཙོ་བོ་ཡིན་པས་རྐེ་ཞིང་ཉམ་ཆུང་བ་མདོག་ངན་ཅིང་མི་སྡུག་པར་རིག་ནས་བརྙས་པ་ཞེས་གསུངས་ཏེ། ཕྱི་རོལ་ལ་སྤྱད་པ་ཡིན་མོད་ཀྱི་འོན་ཀྱང་ཐལ་བའི་ནང་དུ་མེ་བྱུང་བ་ལྟ་བུར་ཉེས་པ་དང་བཅས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་སྙམ་དུ་སེམས་པ་ཞེས་བྱ་བས་ནི་བསམ་པ་བསྟན་ཏོ། །ལེགས་པར་བཤད་པ་ཉན་མི་འདོད་ཅེས་བྱ་བས་སྦྱོར་བ་བསྟན་ཏོ། །ཆེས་དམན་ཞིང་རྨུགས་པ་ཞེས་བྱ་བས་ནི། སྤྱིར་ཞིང་བག་མེད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ད་ནི་བར་དུ་གཅོད་པའི་ཆོས་བཞི་བསྟན་པའི་ཕྱིར། བཞི་གང་ཞེ་ན་ཞེས་སྨོས་ཏེ། ལོག་པར་བརྗོད་པ་ནི་ཚིགས་སུ་བཅད་པ་ངན་པ་སྒྲོགས་པའོ། །འདི་དག་བྱང་ཆུབ་སེམས་དཔའི་སྡོམ་པ་དང་འབྲེལ་པ་ཅི་མངོན་ཞེ་ན། ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་ཞེས་སྨོས་པའི་ཕྱིར་དང༌། འདིར་ཡང་ཐེག་པ་ཆེན་པོའི་བར་དུ་གཅོད་པར་བསྟན་པའི་ཕྱིར་དང༌། ཡང་ཡིད་ཆེས་པའི་ལུང་བདག་གི་བླ་མ་བརྒྱུད་པ་ལས་འདི་ལྟར་ཐོས་པའི་ཕྱིར་ཏེ། ཅིའི་ཕྱིར་ལུང་ཚད་མ་ཡིན་ཞེ་ན། ཤིན་ཏུ་ལྐོག་ཏུ་འགྱུར་བའི་དོན་དག་ལ་ནི་མངོན་སུམ་དང་རྗེས་སུ་དཔག་པ་མི་འཇུག་པའི་ཕྱིར། ཚད་མ་རྣམ་འགྲེལ་ལས་ཀྱང༌། གནས་གསུམ་པར་ནི་འཕོ་བ་དང༌། །བསྟན་བཅོས་ལེན་པ་རིགས་ལྡན་ཡིན། །ཞེས་འབྱུང་བ་དང༌། ཡང༌། ལུང་མ་རྟོགས་པའི་རྟོག་གེ་ལ། །ཆོས་རྣམས་རྣམ་པར་གནས་མ་ཡིན། །དྲང་སྲོང་རྣམས་ཀྱི་ཤེས་པ་གང༌། །དེ་ཡང་ལུང་གི་སྔོན་དུ་སོང༌། །ཞེས་གསུངས་པས་ལུང་ཉིད་ཚད་མར་བྱའོ། །མདོ་ཀུན་ལས་བཏུས་པའི་བཤད་པ། ལུང་གི་ཚད་མས་སྦྱར་བ་ལས་བར་དུ་གཅོད་


DTG110_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་སྤང་བ་རྙེད་པར་དཀའ་བའི་གཏམ་བརྗོད་པ་སྟེ་བདུན་པའོ།། །།ད་ནི་ཁྱིམ་པ་རྣམས་ཀྱི་སྒྲུབ་པ་བཤད་པར་བྱའོ། །དེ་ལ་ཡང་དག་པའི་སྒྲུབ་པ་བསྟན་པ་ནི་འདི་དག་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ནི་བྱང་ཆུབ་སེམས་དཔའི་སྡོམ་པའོ། །ནན་ཏན་གྱིས་བསྲུང་བ་ནི་མི་ཉམས་པར་བྱེད་པའོ། །ལྷག་པའི་བསམ་པ་རྣམ་པར་དག་པ་མ་ཡིན་པ་ལ་ཁྱིམ་ཇི་ལྟར་གནང་ཞེས་རྒོལ་བ་ནི་ཅི་འདྲ་ཞེ་ན་ཞེས་བྱ་བའོ། །ལན་ནི་འབད་པ་ཡོད་ཀྱང་ཁྱིམ་སྤང་བར་མི་ནུས་པས་བསྟན་ཏོ། །འོ་ན་གཞན་གྱི་བུད་མེད་ལ་ལོག་པར་མི་སྒྲུབ་པ་ཡང་འབད་པ་ཡོད་ཀྱང་མི་ནུས་པའི་ཕྱིར་ལྟུང་བར་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ་གཞན་གྱི་ཆུང་མ་ལ་བགྲོད་པ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཆེན་པོ་ཡིན་ལ། ཁྱིམ་གྱི་གནས་ནི་བཅས་པའི་ཁ་ན་མ་ཐོ་བ་ཡིན་པར་བསྟན་པ་ནི། ཁྱིམ་བདག་ཅེས་བྱ་བ་ལ་སོགས་པ་སྟེ། སྐྱེས་བུ་དམ་པ་ནི་སྔོན་གྱི་བྱང་ཆུབ་སེམས་དཔའོ། །ལས་ནི་ཚུལ་ཁྲིམས་རྗེས་སུ་བསྲུང་བའོ། །སྐྱེས་བུ་ངན་པ་ནི་ཚེ་འདིའི་བདེ་བ་འདོད་པའོ། །ལས་ནི་ཁ་ན་མ་ཐོ་བའོ། །ཆོས་ཀྱིས་ལོངས་སྤྱོད་ཚོལ་བ་ནི་སྲོག་གཅོད་པ་སྤོང་བ་ལ་སོགས་པས་གཞན་ལ་མི་འཚེ་བའོ། །མཐུན་པ་ནི་མཆོད་རྟེན་ལ་སོགས་པ་དང་མ་འདྲེས་པའོ། །ཡང་དག་པ་ནི་སྲང་ལ་སྒྱུ་བྱེད་པ་ལ་སོགས་པ་མ་ཡིན་པའོ། །དེ་དག་གིས་ནི་ལོངས་སྤྱོད་ཚོལ་བའི་དབང་དུ་བྱས་པའོ། །ལོངས་སྤྱོད་པའི་དབང་དུ་བྱས་པས་ནི། གཞན་ལ་འཚེ་བ་མི་བྱེད་དེ། །ཞེས་བྱ་བ་ལ་སོགས་པ་སྟེ། མི་རྟག་པའི་འདུ་ཤེས་ནི་མྱུར་དུ་འབྲལ་བའི་བསམ་པའོ། །སྙིང་པོ་ལེན་པ་ནི། ཕ་མ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། གཏོང་བ་འཕེལ་བ་ནི་སྦྱིན་པའི་འབྲས་བུ་ཡོད་པར་བྱེད་པའོ། །ལོག་པར་སྒྲུབ་པ་སྤང་བ་ནི། མིང་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལོག་པར་བསྒྲུབས་པའི་འབྲས་བུ་བསྟན་པ་ནི་མི་ཁོམ་པར་འགྱུར་ཞེས་སྨོས་སོ། །དམུས་ལོང་ནི་མིག་མེད་པར་སྐྱེ་བའོ། །ཡིད་ཤས་ཆུང་བས་ན་བླུན་པའོ། །ལྕེ་མེད་པས་ན་ལྐུགས་པའོ། །ཤན་པ་ལ་སོགས་པ་ནི་གདོལ་པའོ། །དེ་དག་ནི་རྒྱུ་མཐུན་པའི་འབྲས་བུའོ། །རྣམ་པར་སྨིན་པའི་འབྲས་བུ་ནི། ཁྱི་དང་ཞེས་བྱ་བ་ལ་སོགས་པའོ། །འབྲས་བུའི་རྒྱུ་གང་ཞེ་ན། ལོག་པར་


DTG110_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་དངོས་བསྟན་པ་ནི། བཞི་གང་ཞེ་ན་ཞེས་གསུངས་ཏེ། ལྷག་པར་བྱ་བ་བྱས་པ་ནི་དགེ་བའི་རྩ་བ་བསྐྱེད་པའོ། །མངོན་པར་འབྱུང་བ་ནི་ཐར་པ་འདོད་པའོ། །འཕགས་པའི་ལམ་ནི་ལམ་བསྒོམ་པའོ། །འདོད་པའི་ཉེས་པ་བསྟན་པ་ནི། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། འདོད་པ་དག་ནི་ཐར་བར་དཀའ་བའི་ཕྱིར་འདམ་ལྟ་བུའོ། །ཉམ་ང་བའི་ཕྱིར་གཡང་ས་ལྟ་བུའོ། །རབ་ཏུ་བསྲེགས་པས་མེ་ལྟ་བུའོ། །འཇིགས་པ་བསྐྱེད་པས་སྤུ་གྲི་ལྟ་བུའོ། །འདོད་པའི་ཉེས་པ་དེ་ཉིད་ཀྱི་བྱེ་བྲག་ཏུ་བསྟན་པ་ནི། རྒྱལ་པོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་ནི་ཆགས་པར་གྱུར་པའོ། །བར་དུ་མི་འབྲལ་བས་ན་བག་མེད་པར་སྤྱོད་པའོ། །ཐ་མར་ཡིད་མི་འབྱུང་བས་ན་ཕྱིར་ཞིང་ལྟ་འདོད་པའོ། །དེའི་ཕྱིར་དམ་པ་མི་བསྟེན་པས་ན་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོན་ཏན་འདི་ཐོས་པ་ལ་སོགས་པའོ། །རྒྱུ་དེས་ན་འཕགས་པའི་ནོར་དང་བྲལ་བས། དད་པ་དང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཡོན་ཏན་དང་བྲལ་བས་དད་པ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པའོ། །ཉེས་པ་དང་དུ་ལེན་པས་རྨ་ལ་ཆགས་པ་ལ་སོགས་པའོ། །ཞི་བ་ནི་མྱ་ངན་ལས་འདས་པའོ། །འགྲོ་བར་བྱ་བ་མ་ཡིན་པ་ནི་ངན་སོང་ངོ༌། །དམན་པ་ལ་ཞེན་པས་མི་གཙང་བའི་སྲིན་བུ་ལྟ་བུའོ། །སྙིགས་མ་ལེན་པ་ནི་སྨད་པ་འདོད་པའོ། །བརྐམ་པ་ནི་ཧ་ཅང་ཞེན་པའོ། །སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་སྤངས་པས་ན་ལྷ་དང་མིའི་ཆོས་ལས་ཉམས་པའོ། ཁ་ན་མ་ཐོ་བ་ལ་མི་འཛེམ་པས་ཁྲེལ་དང་ངོ་ཚ་བོར་བའོ། །ལོག་པར་འཚོ་བས་ན་ངན་པར་སྨད་པའི་འཚོ་བ་ཅན་ནོ། །དམ་པའི་སྤྱོད་པ་མ་ཡིན་པས་མཁས་པས་སྨད་པའོ། །བྱ་བ་མི་ཤེས་པས་བྱིས་པའོ། །དེའི་རྗེས་སུ་འཇུག་པ་ལ་བརྟེན་པའོ། །ཁ་ན་མ་ཐོ་བ་ལ་དགའ་བས་སྡིག་པའི་བསམ་པ་ཅན་ནོ། །ཁ་ན་མ་ཐོ་བ་ཅན་དང་འགྲོགས་པས་བརྟེན་པའོ། །ཁ་ན་མ་ཐོ་བ་བྱེད་པས་ཀུན་དུ་འཇུག་པའོ། །ཁ་ན་མ་ཐོ་བ་ལ་མོས་པས་གཞོལ་བའོ། །གླགས་རྙེད་པས་བུད་མེད་ཀྱིས་ཚུགས་པའོ། །རང་དབང་དུ་བྱས་པས་བུད་མེད་ཀྱིས་འཁོལ་བའོ། །འཁྲིག་པའི་ཆོས་ལ་ཞེན་པས་དབང་དུ་སོང་བའོ། །འཁྲིག་པའི་ཆོས་ལ་མོས་པས་གཞོལ་བའོ། །མི་གཏོང་བས་འགྲོགས་


DTG110_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ཉིད་ནི་རྨའི་སྒོའི་སྤྱོད་ཡུལ་ཅན་ཞེས་བྱ་བ་ལ་སོགས་པའོ། །དེའི་ཕྱིར་ཕན་འདོགས་པ་དང་ཡོན་ཏན་གྱི་ཞིང་ཡོངས་སུ་སྤོང་བས་ཕ་མ་དང་ཞེས་བྱ་བ་ལ་སོགས་པའོ། །དེས་འབྲས་བུ་གང་མྱང་ཞེ་ན། སེམས་ཅན་དམྱལ་བ་དང་ཞེས་བྱ་བ་ལ་སོགས་པའོ། །ཕ་མ་དག་ནི་ཇི་ལྟར་ཕན་འདོགས་པའི་ཞིང་དུ་འགྱུར་ཞེ་ན། དཀའ་བ་བྱས་ཤིང་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་བུ་དེ་དམ་པ་གང་གིས་སྨད་པས་ན་རྒྱལ་པོ་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་ངེས་དོན་གྱི་ལུང་བསྟན་པའི་སྒོ་ནས་བསྡུ་བ་ནི། ཟླ་བ་སྒྲོན་མའི་མདོ་ལས་ཀྱང་ཞེས་གསུངས་སོ། །ད་ནི་འདོད་པའི་ཉེས་པ་དེ་ཉིད་སྤང་བའི་ཕྱིར། མི་སྡུག་པ་ལ་ཡང་སྦྱར་བར་བྱའོ་ཞེས་གསུངས་ཏེ། མི་སྡུག་པ་ནི་འདོད་ཆགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་དེ་བསྟན་ཏེ། དེ་ལ་མི་སྡུག་པ་ནི་རྣམ་པ་དྲུག་སྟེ། འཁྲིག་པའི་འདོད་ཆགས་ཀྱི་དབང་དུ་བྱས་པ་མི་གཙང་བའི་མི་སྡུག་པ་དང༌། མི་བརྟན་པས་རབ་ཏུ་འཇིག་པའི་མི་སྡུག་པ་སྟེ། དོན་གྱི་སྐབས་འདིར་ནི་འཁྲིག་པའི་གཉེན་པོ་ལུས་དང་སེམས་ཀྱི་ཚོར་བ་སྡུག་བསྔལ་བའི་དབང་དུ་བྱས་པ་སྡུག་བསྔལ་གྱི་མི་སྡུག་པ་དང༌། དམན་པའི་གཞི་དང་དམན་པའི་ཁམས་གང་ཡིན་པ་འདོད་པའི་ཁམས་ལྟ་བུའི་དབང་དུ་བྱས་པ་ངན་པའི་མི་སྡུག་པ་དང༌། གཟུགས་མེད་པ་ལ་ལྟོས་ཏེ་གཟུགས་ཀྱི་ཁམས་སམ། མྱ་ངན་ལས་འདས་པ་ལ་ལྟོས་ཏེ་སྲིད་པའི་རྩེ་མོ་མན་ཆད་ལྟ་བུ་ལྟོས་པའི་མི་སྡུག་པ་དང༌། ཁམས་གསུམ་གྱི་ཀུན་དུ་སྦྱོར་བ་དང༌། འཆིང་བ་ལ་སོགས་པ་ཀུན་དུ་ཉོན་མོངས་པའི་མི་སྡུག་པ་དང༌། ཕུང་པོ་ལྔ་མི་རྟག་ཅིང་མི་བརྟན་པ་རབ་ཏུ་འཇིག་པའི་མི་སྡུག་པ་སྟེ། དོན་གྱི་སྐབས་འདིར་ནི་འཁྲིག་པའི་གཉེན་པོ་ཡིན་པས་མི་གཙང་བའི་མི་སྡུག་པ་ལ་དགོངས་སོ། །དེ་ནི་རྣམ་པ་གཉིས་ཏེ། ནང་ལ་བརྟེན་པ་དང༌། ཕྱི་རོལ་ལ་བརྟེན་པའོ། །དེ་ལ་ནང་ལ་བརྟེན་པ་མི་གཙང་བ་གང་ཞེ་ན། རྫས་སུམ་ཅུ་རྩ་དྲུག་སྟེ། སྐྲ་དང་སྤུ་དང་སེན་མོ་སོ། །གློག་པ་དྲི་མ་པགས་པ་ཤ །རུས་པ་ཆུ་རྒྱུས་མཁལ་མ་རྩ། །སྙིང་དང་མཆིན་པ་གློ་བ་དང༌། །རྒྱུ་མ་གཉེ་མ་ཕོ་བའོ། །མཆེར་པ་ཕྱི་ས་མཆི་མ་རྡུལ། །མཆིལ་མ་སྣབས་དང་ཆུ་སེར་ཞག །རྐང་དང་ཚིལ་དང་བད་ཀན་མཁྲིས། །རྣག་དང་ཁྲག་དང་གླད་སྤྲི་དང༌། །གླད་


DTG110_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དང་ནི་གཅིན་དག་དང༌། །མི་གཙང་རྫས་ནི་སུམ་ཅུ་དྲུག །ནང་ལ་བརྟེན་པ་ཡིན་པར་འདོད། །རྣམ་པར་བསྔོས་ཤིང་རྣགས་པ་དང༌། །འབུས་གཞིགས་རྣམ་པར་བམ་པ་དང༌། །ཟོས་ཤིང་དམར་དང་རྣམ་འཐོར་དང༌། །རུས་གོང་ཀེང་རུས་རྣམ་པ་གཉིས། །དེ་བཞིན་མི་གཙང་གོས་པ་དང༌། །བསྟི་བ་ལྗན་ལྗིན་གང་བ་རྣམས། །མི་གཙང་ཕྱི་ལ་བརྟེན་པ་སྟེ། །བསྒོམ་པའི་དམིགས་པ་ཡིན་པར་འདོད། །ཅེས་འབྱུང་ངོ༌། །དེ་ལ་ནང་ལ་བརྟེན་པའི་མི་གཙང་བའི་མི་སྡུག་པ་ལ་དམིགས་པ་ནི་ནང་གི་འདོད་པ་རྣམས་འདོད་པ་ལ་འདུན་པའི་འདོད་ཆགས་ལས་སེམས་རྣམ་པར་སྤྱོད་པར་བྱེད་དོ། །དེ་ལ་ཕྱི་རོལ་ལ་བརྟེན་པའི་མི་གཙང་བའི་མི་སྡུག་པ་སྟོང་པ་ཉིད་ལ་དམིགས་པ་ནི། ཕྱི་རོལ་གྱི་འདོད་པ་རྣམས་ལ་འཁྲིག་པ་ལ་འདུན་པ་འཁྲིག་པའི་འདོད་ཆགས་རྣམ་པ་བཞི་དང་ལྡན་པ། ཁ་དོག་དང༌། དབྱིབས་དང༌། རེག་པ་དང༌། ཉེ་བར་སྤྱོད་པའི་འདོད་ཆགས་དང་ལྡན་པ་ལས་སེམས་རྣམ་པར་སྤྱོད་པར་བྱེད་དེ། དེ་ལ། རྣམ་པར་བསྔོས་ཤིང་རྣགས་པ་དང༌། །འབུས་གཞིགས་རྣམ་པར་བམ་པ་དང༌། །ཟོས་ཤིང་ཞེས་བྱ་བ་ཡིད་ལ་བྱེད་པས་ནི་ཁ་དོག་ལ་ཆགས་པ་སྤོང་བར་བྱེད་དོ། །དམར་དང་ཞེས་བྱ་བས་ནི་དབྱིབས་ཀྱི་འདོད་ཆགས་པ་སྤོང་བར་བྱེད་དོ། །རུས་གོང་དང༌། ཀེང་རུས་དང༌། རུས་པའི་ཀེང་རུས་ཡིད་ལ་བྱེད་པ་ནི་རིག་པའི་འདོད་ཆགས་ཡོངས་སུ་སྤོང་ངོ༌། །རྣམ་འཐོར་དང་ཞེས་བྱ་བས་ནི་ཉེ་བར་སྤྱོད་པའི་འདོད་ཆགས་ལ་སེམས་རྣམ་པར་སྦྱོང་བར་བྱེད་དོ། །དེ་ལྟ་བས་ན་ལུང་ལས་ཀྱང་བཅོམ་ལྡན་འདས་ཀྱིས་ཤི་ནས་ཞག་གཅིག་ལོན་པའམ་ཞེས་པ་གསུངས་ཏེ། དེ་ལ་ཤི་ནས་ཞག་གཅིག་ལོན་པའམ་བདུན་ལོན་པའི་བར་གྱིས་དུར་ཁྲོད་བྱ་རོག་དང་ཆུན་ལག་དང༌། བྱ་རྒོད་དང༌། ཁྱི་དང་ཝ་དག་གིས་ཟོས་པ་མཐོང་ནས་ཞེས་བྱ་བས་ནི་རྣམ་པར་བསྔོས་ནས་ཟོས་པའི་བར་བསྟན་ཏོ། །པགས་པ་དང་ཤ་དང་ཁྲག་དང་ཆུ་རྒྱུས་ཀྱི་ཟུངས་མེད་པ་ཞེས་བྱ་བས་ནི་རྣམ་པར་དམར་བ་བསྟན་ཏོ། །དུར་ཁྲོད་ཀྱི་རུས་པ་གང་དག་མཐོང་ན་ཞེས་བྱ་བས་ནི་ཀེང་རུས་བསྟན་ཏོ། །ལག་པའི་རུས་པ་ཡང་ལོགས་ཤིག་ཅེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ནི་རྣམ་པར་འཐོར་བ་བསྟན་ཏོ། །འདི་ཉིད་བྱང་ཆུབ་སེམས་དཔས་བསྒོམ་པར་བྱ་བ་ཡིན་པས་ན། ལུང་ལས་ཀྱང་རྣམ་པར་བམ་པ་མི་དམིགས་


DTG110_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རྣམ་པར་བམ་པའི་འདུ་ཤེས་བསྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདིར་ནི་སྨོས་པར་ཟད་ཀྱི་རྒྱས་པར་ནི་འོག་ནས་འབྱུང་ངོ༌། །ད་ནི་མི་དགེ་བ་བཅུའི་གནོད་པར་འགྱུར་བ་བསྟན་པ་ནི། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་དགེ་བ་བཅུ་ནི་སྲོག་གཅོད་པ་ནས་ལོག་པར་ལྟ་བའི་བར་དུའོ། །དེ་ལ་སྲོག་གཅོད་པ་ལ་སོགས་པ་དག་གི་ནི་གཞི་དང་བསམ་པ་དང༌། ཉོན་མོངས་པ་དང༌། སྦྱོར་བ་དང༌། མཐར་ཐུག་པའི་དབང་གིས་རིག་པར་བྱའོ། །དེ་ལ་སྲོག་གཅོད་པ་ནི་ཕ་རོལ་ཡིན་པ་དང༌། སྲོག་ཆགས་སུ་འདུ་ཤེས་པ་དང༌། བསད་པའི་བསམ་པ་དང༌། བརྩལ་བ་བྱས་པ་དང༌། དེས་ཤི་ནས་གཞི་ལ་སོགས་པའི་ཁྱད་པར་ལས་རིག་པར་བྱའོ། །རིགས་དང༌། ཆོས་དང༌། རྒྱལ་མཚན་གྱིས་བསྲུངས་པའམ། རང་དབང་བའི་ཡང་དུས་མ་ཡིན་པ་དང༌། གནས་མ་ཡིན་པ་དང༌། ཡུལ་མ་ཡིན་པ་དང༌། ཡན་ལག་མ་ཡིན་པ་ལ་ཡང་ངོ༌། །གཞན་གྱིས་ཡོངས་སུ་བཟུང་བ་དང༌། དེར་འདུ་ཤེས་པ་དང༌། རྒྱུ་བའི་བསམ་པ་དང༌། གནས་ནས་གནས་སུ་སྤགས་པ་ལས་སྡིག་པའི་ཁྱད་པར་ནི་རྫས་དེ་གང་ཡིན་པའི་ཁྱད་པར་དང༌། སྦྱོར་བ་ལ་སོགས་པའི་ཁྱད་པར་གྱི་མ་བྱིན་པར་ལེན་པའི་ཁ་ན་མ་ཐོ་བ་རིག་པར་བྱའོ། །བསླུ་བའི་བསམ་པ་དང༌། ལྟ་བ་ཡིད་ལ་བཞག་ནས་དོན་གོ་བ་ལ་ཚིག་གམ་ལུས་ཀྱི་རེག་བྱེད་ཀྱིས་གོ་བར་བྱས་པ་དང༌། ཐེ་ཚོམ་ཟ་བ་ལ་ངེས་པར་སྨྲས་ནས་ཡང་བརྫུན་དུ་སྨྲ་བའི་ཁ་ན་མ་ཐོ་བ་བསླུ་བར་བྱ་བའི་ཁྱད་པར་དང༌། བསམ་པའི་ཁྱད་པར་ལ་སོགས་པས་རིག་པར་བྱའོ། །མི་དགའ་བར་འདོད་པའམ་དབྱེ་བའི་བསམ་པས་འགའ་ཞིག་ལ་མི་དགའ་བ་ཐོས་ནས་དེ་ལ་བསྙད་པ་དང༌། དེ་ལ་ཐོས་ནས་འདི་ལ་ཡང་རུང་སྟེ། ཡང་དག་པའམ་ཡང་དག་པ་མ་ཡིན་ཡང་ཕྲ་མའི་ཁ་ན་མ་ཐོ་བར་རིག་པར་བྱའོ། །ཡང་དག་པ་མ་ཡིན་ན། བརྫུན་ཡིན་ནོ་ཞེ་ན། ལ་ལ་དག་ན་རེ། བརྫུན་ནོ་ཞེས་ཟེར་རོ། །ལ་ལ་དག་ནི་མ་ཡིན་ཏེ། དབྱེ་བའི་བསམ་པས་ན་འདི་ནི་ཕྲ་མ་ཡིན་ལ། སླུ་བའི་བསམ་པ་མེད་པས། བརྫུན་མ་ཡིན་ཏེ། དེས་ན་ཡང་དག་པ་མ་ཡིན་པར་ཚིག་རྩུབ་མོ་སྨྲ་ན་ཡང༌། བརྫུན་དུ་མི་འགྱུར་ཏེ། བསམ་པ་གཉིས་ཅིག་ཅར་མི་སྲིད་པའི་ཕྱིར་རོ་ཞེས་ཟེར་རོ། །


DTG110_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་པའི་སེམས་དང་ལྡན་པ་དང༌། ཕ་རོལ་པོ་སྡུག་བསྔལ་བར་འདོད་པས་དོན་གོ་བར་སྨྲ་ན་ཚིག་རྩུབ་མོའི་ཁ་ན་མ་ཐོ་བར་རིག་པར་བྱའོ། །དོན་མི་གོ་བར་སྨས་པ་ནི་དག་འཁྱལ་པའོ། །དེ་གསུམ་མ་གཏོགས་པ་ཚིག་གཞན་གང་ཞིག་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་བརྗོད་ན་བག་འཆལ་པའི་ཁ་ན་མ་ཐོ་བར་རིག་པར་བྱའོ། །ལས་ཀྱི་ལམ་འདི་གསུམ་ཡང་བརྫུན་བཞིན་དུ་ལུས་ཀྱིས་ཀྱང་བྱེད་ལ། སྡིག་པའི་ཁྱད་པར་ཡང་བརྫུན་དང་འདྲའོ། །གཞན་གྱི་ནོར་ལ་འདོད་པ་བསྐྱེད་པ་ལས་ནི་བརྣབ་སེམས་ཀྱི་ཁ་ན་མ་ཐོ་བར་རིག་པར་བྱའོ། །སེམས་ཅན་ལ་ཞེ་སྡང་བ་ལས་ནི་གནོད་སེམས་ཀྱི་ཁ་ན་མ་ཐོ་བར་རིག་པར་བྱའོ། །ལོག་པར་ལྟ་བ་ནི་སྔར་བཤད་པ་བཞིན་དུ་ལྟའོ། །ལས་ཀྱི་ལམ་འདི་གསུམ་གྱི་སྡིག་པའི་ཁྱད་པར་ནི། བསམ་པའི་ཁྱད་པར་ཁོ་ན་ལས་རིག་པར་བྱས་ལ། བརྣབ་སེམས་ཀྱི་ནི་དམིགས་པའི་དབང་གིས་ཀྱང་རིག་པར་བྱའོ། །དེ་ལྟར་མི་དགེ་བ་བཅུ་གཞི་ལ་སོགས་པའི་ཡན་ལག་ཡོངས་སུ་རྫོགས་པར་སྤྱད་པ་ལས་ནི། གནོད་པར་འགྱུར་བས་ན་མི་འདོད་པའི་འབྲས་བུ་ཞེས་སྨོས་པ་ཡིན་ནོ། །སྩོགས་པ་ཞེས་བྱ་བ་ནི་བརྫུན་དུ་སྨྲ་བ་ལ་སོགས་པར་བསྡུའོ། །འབྲས་བུ་ནི་རྣམ་པ་བཞི་སྟེ། རྣམ་པར་སྨིན་པའི་འབྲས་བུ་དང༌། རྒྱུ་མཐུན་པའི་འབྲས་བུ་དང༌། དབང་གི་འབྲས་བུ་དང༌། སྐྱེས་བུ་བྱེད་པའི་འབྲས་བུའོ། །དེ་ལ་སྐྱེས་བུ་བྱེད་པའི་འབྲས་བུ་ནི། འཕྲལ་ལའམ་དེ་མ་ཐག་ཏུ་མྱོང་བར་འགྱུར་རོ། །དབང་གི་འབྲས་བུ་ནི་ཕྱི་རོལ་དུ་སྨིན་པར་འགྱུར་རོ། །རྒྱུ་མཐུན་པའི་འབྲས་བུ་ནི་བྱེད་པ་དང༌། མྱོང་བའི་དབང་གིས་རྣམ་པ་གཉིས་སོ། །རྣམ་པར་སྨིན་པའི་འབྲས་བུ་ནི་ངན་སོང་གསུམ་དུའོ། །དེ་ལྟ་བས་ན་འབྲས་བུ་བཞི་མཚོན་པའི་དོན་དུ་རྣམ་པར་སྨིན་པ་ཞེས་སྨོས་སོ། །འོ་ན་སྡོམ་པ་ཅན་ཁོ་ན་ལ་ཉེས་པར་འགྱུར་རམ་ཞེ་ན། མ་ཡིན་ཏེ། ཐམས་ཅད་དང་ཐུན་མོང་ཡིན་པར་བསྟན་པ་ནི། བྱང་ཆུབ་སེམས་དཔའ་ཉིད་ཚེ་ལ་ལོག་པར་བསྒྲུབ་པ་བསྟན་པ་མ་ཡིན་གྱི་ཞེས་སྨོས་སོ། །འདིར་ནི་མཚོན་པར་ཟད་ཀྱི་ཞིབ་ཏུ་མདོ་ཉིད་ལས་ཤེས་པར་བྱའོ་ཞེས་ཕྱོགས་མཚོན་པ་ནི་རྒྱ་ཆེར་གསུངས་སོ་ཞེས་བྱའོ། །དེ་ལ་སྲོག་གཅོད་པའི་རྒྱུ་མཐུན་པ་ནི་མིར་གྱུར་པའི་ཚེ་རྣམ་པ་གཉིས་ཏེ། བྱེད་པ་རྒྱུ་མཐུན་པ་དང༌། མྱོང་བ་རྒྱུ་མཐུན་པའོ། །དེ་ལ་བྱེད་པ་རྒྱུ་མཐུན་


DTG110_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཐམས་ཅད་དུ་བྱེད་པར་དགའ་བ་སྟེ། ཐམས་ཅད་དུ་རིག་པར་བྱའོ། །མྱོང་བ་རྒྱུ་མཐུན་པ་ནི་འདི་ལྟ་སྟེ་ཚེ་ཐུང་བ་དང་ནད་མང་བའོ། །དབང་གི་འབྲས་བུ་ནི་ལོ་ཐོག་ལ་སོགས་པ་ཁ་བ་དང༌། ཤིན་པ་དང༌། རུལ་བར་འགྱུར་ཞིང་དེས་དུས་མ་ཡིན་པར་འཆི་བའི་རྐྱེན་དུ་འགྱུར་བའོ། །འདོད་པ་ལ་ལོག་པར་གཡེམ་པའི་མྱོང་བ་རྒྱུ་མཐུན་པའི་འབྲས་བུ་ནི། གཡོག་འཁོར་མི་སྲུན་པ་དང༌། ལྷོད་པ་དང་བཅས་པའི་ཆུང་མར་འགྱུར་བའོ། །དབང་གི་འབྲས་བུ་ནི་ལུད་ཁུང་དང་ལྗན་ལྗིན་ཅན་དུ་སྐྱ་བར་འགྱུར་རོ། །མ་བྱིན་པར་ལེན་པའི་མྱོང་བ་རྒྱུ་མཐུན་པའི་འབྲས་བུ་ནི། ལོངས་སྤྱོད་མེད་པ་དང་གཞན་དང་ཐུན་མོང་བའོ། །དབང་གི་འབྲས་བུ་ནི་སད་དང་མུ་གེ་ལ་སོགས་པར་འགྱུར་བའོ། །བརྫུན་དུ་སྨྲ་བའི་མྱོང་རྒྱུ་མཐུན་པས་ནི་སླུ་བ་དང་སྐུར་པ་མང་བའོ། །དབང་གི་འབྲས་བུ་ནི་ཧ་ཅང་ཆར་ཆེ་བ་ལ་སོགས་པའོ། །ཕྲ་བའི་མྱོང་བ་རྒྱུ་མཐུན་པས་ནི་གཡོག་འཁོར་མི་འདུམ་པ་དང༌། ངན་པར་འདུ་བའོ། །དབང་གི་འབྲས་བུ་ནི། ས་གཞི་གྱེ་གུ་དང་མཐོ་དམན་ཅན་དུ་སྐྱེ་བའོ། །དག་རྩུབ་པོའི་མྱོང་བ་རྒྱུ་མཐུན་པ་ནི། ཞེར་འདེབས་པ་དང༌། ཡིད་དུ་མི་འོང་བའི་ཚིག་ཐོས་པའོ། །དབང་གི་འབྲས་བུ་ནི་ས་གཞི་རྩུབ་པ་དང་ཚེར་མ་ཅན་ལ་སོགས་པའོ། །ཚིག་འཁྱལ་པའི་མྱོང་བ་རྒྱུ་མཐུན་པས་ནི་ཚིག་མི་བཙུན་པ་དང། མ་བརྟགས་པར་སྤོབས་པ་ཅན་ནོ། །དབང་གི་འབྲས་བུ་ནི་ལྗོན་ཤིང་ཡལ་ག་དང་ལོ་མ་དང་འབྲས་བུ་མེད་པར་འགྱུར་བའོ། །བརྣབ་སེམས་ཀྱི་མྱོང་བ་རྒྱུ་མཐུན་ནི། འདོད་པ་ཆེ་བ་དང་ཆོག་མི་ཤེས་པའོ། །དབང་གི་འབྲས་བུ་ནི་ལོངས་སྤྱོད་དང་འབྲུ་ལ་སོགས་པ་ཇེ་ཆུང་དུ་འགྱུར་པའོ། །གནོད་སེམས་ཀྱི་མྱོང་བ་རྒྱུ་མཐུན་པས་གཞན་གྱིས་འཚེ་བ་དང་གླགས་ལྟ་བར་འགྱུར་བའོ། །དབང་གི་འབྲས་བུ་ནི་གཅན་གཟན་གདུག་པ་དང་སྲིན་དང་མེ་ལ་སོགས་པ་མང་བར་འགྱུར་བའོ། །ལོག་པར་ལྟ་བའི་མྱོང་བ་རྒྱུ་མཐུན་པས་ནི་ལྟ་བ་ངན་པ་དང༌། གཡོ་སྒྱུ་ཅན་ནོ། །དབང་གི་འབྲས་བུས་ནི་མགོན་མེད་ཅིང་སྐྱབས་མེད་པར་འགྱུར་བ་ལ་སོགས་པའོ། །དེ་ལྟ་བས་ན་རྣམ་པར་སྨིན་པ་དང་མྱོང་བ་རྒྱུ་མཐུན་པའི་དབང་དུ་མཛད་ནས། འཕགས་པ་ས་བཅུའི་མདོ་ལས་སྲོག་གཅོད་པ་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །ཅི་དེ་བརྒྱ་ལ་མིར་སྐྱེས་ན་


DTG110_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འབྲས་བུ་གཉིས་མྱོང་བར་འགྱུར་ཏེ། འདི་ལྟ་སྟེ་ཚེ་ཐུང་བ་དང་ནད་མང་བའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ཡིན་ནོ། །དེ་ལ་གཙོ་བོ་ཡིན་པས་སེམས་ཅན་དམྱལ་བ་འབའ་ཞིག་སྨོས་ཏེ། ཞིབ་ཏུ་ནི་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ཉིད་ལས་རིག་པར་བྱའོ། །ད་ནི་ལོངས་སྤྱོད་དང་སྲོག་ལ་ཆགས་པའི་ལོག་པར་སྒྲུབ་པ་སྤང་བའི་ཕྱིར། ལོངས་སྤྱོད་དང་སྲོག་ལ་ཆགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལོག་པར་སྒྲུབ་པ་ནི་བར་དུ་གཅོད་པའི་རྒྱུའོ། །དེ་ལ་རེ་ཞིག་སྤྱིར་བསྟན་པ་ནི། རྒྱལ་པོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ལོངས་སྤྱོད་དང་ལུས་ལ་སོགས་པ་ནི་མི་རྟག་པ་ཉིད་ཡིན་ལ། མི་རྟག་པའི་དོན་ནི་མེད་པའི་དོན་ཡིན་པས་རྨི་ལམ་གྱི་དཔེས་བསྟན་ཏོ། །མི་རྟག་པ་ཉིད་ནི། ཤིང་ལས་ཞེས་གསུངས་ཏེ། ལོངས་སྤྱོད་དང་ལུས་ལ་སོགས་པ་འཕེལ་བ་མི་རྟག་པར་བསྟན་པ་ནི། མེ་ཏོག་བྱུང་ནས་འབྲས་བུ་འབྱུང་ངོ་ཞེས་བྱ་བས་དཔེ་བསྟན་ཏོ། །གནས་པ་མི་རྟག་པ་ནི་འབྲས་བུ་བྱུང་ནས་ཡང་མེད་པའི་དཔེས་བསྟན་ཏོ། །འགྲིབ་པ་མི་རྟག་པ་ནི་འདབ་མའི་དཔེས་བསྟན་ཏོ། །དེ་ལྟར་དཔེ་དོན་དུ་སྦྱར་བ་ནི། དེ་བཞིན་དུ་ཞེས་གསུངས་ཏེ། རྒྱལ་སྲིད་ནི་རིན་པོ་ཆེ་དང་ཉེ་བའི་རིན་པོ་ཆེའོ། །དབང་ཕྱུག་ནི་ལོངས་སྤྱོད་མཐའ་དག་ལ་དབང་བའོ། །འདོད་པ་ནི་གཟུགས་ལ་སོགས་པའོ། །དབང་བ་ནི་དབང་མེད་པའོ། །དེ་དག་གང་ཞེ་ན་གླང་པོ་ཆེ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གླང་པོ་ཆེ་དང༌། རྟ་དང༌། ཤིང་རྟ་ནི་ཐེག་པའི་ལོངས་སྤྱོད་དོ། །དེའི་སྟེང་དུ་དཔུང་བུ་ཆུང་བསྣན་པ་ནི་དཔུང་རྣམ་པ་བཞི་སྟེ། བདེ་བ་སྐྱོང་བའི་དབང་དུ་བྱས་པའོ། །སྲས་དང་བཙུན་མོ་དང་གཞོན་ནུ་ཞེས་བྱ་བ་ནི་ནང་གི་འཁོར་ཏེ། བདེ་བ་སྤྱོད་པའི་དབང་དུ་བྱས་ཏེ། དེ་ལ་ནང་གི་སླས་ནི་སླས་ཏེ་བཙུན་མོ་དམ་པའོ། །བློན་པོ་དང་རྩིས་པ་དང་སྣ་ཆེན་པོ་ལ་གཏོགས་པ་ཞེས་བྱ་བ་ནི་ཉེ་བའི་འཁོར་ཏེ། ལོངས་སྤྱོད་ཀྱི་བདེ་བ་གོང་དུ་སྤེལ་བའི་དབང་དུ་བྱས་པ་སྟེ། དེ་ལ་འཁོར་ལོའི་འཐབ་པའི་བློན་པོ་ཆེན་པོ་སྣ་ཆེན་པོ་ལ་གཏོགས་པའོ། །སྒོ་བ་དང་འཁོར་ཞེས་བྱ་བ་ནི་དེ་དང་ཉེ་བའི་འཁོར་ཏེ། བདེ་བ་དང་མི་མཐུན་པ་ལས་བསྲུང་བའི་དབང་དུ་བྱས་པའོ། །ཕ་མ་ནས་རྟེན་གྲོགས་ཞེས་བྱ་བའི་བར་ནི། འཁོར་གྱི་གཙོ་བོ་སྟེ། བདེ་བ་ཐོབ་པའི་དབང་དུ་བྱས་


DTG110_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །བྲན་པོ་ནས་ཞོ་ཤས་འཚོ་བའི་བར་ནི། ཕྱིའི་འཁོར་ཏེ། བདེ་བའི་རྒྱུ་ཆུད་མི་གསོན་པའི་དབང་དུ་བྱས་པའོ། །ཡུལ་གྱི་མི་ཞེས་བྱ་བ་ནི་རིས་སུ་གཏོགས་པའི་འཁོར་ཏེ་བདེ་བ་ལ་སྦྱར་བའི་དབང་དུ་བྱས་པའོ། །གསེར་དང་དངུལ་ལ་སོགས་པ་ནི་ནོར་བུ་དང་བྱ་བ་དག་གོ ། །གོས་དང་ནོར་ཞེས་བྱ་བ་ནི་སྤྱད་པའི་དབང་དུ་བྱས་པའོ། །འབྲུ་དང་བང་མཛོད་ཅེས་བྱ་བ་ནི་བསག་པར་བྱ་བའོ། །སོགས་པ་ཞེས་བྱ་བ་ནི་རྐང་འགྲོས་ནས་ཞིང་གི་བར་དུ་བསྡུ་བ་སྟེ། འདི་དག་ཀྱང་འཕེལ་བ་དང་གནས་པ་དང་འཇིག་པ་མི་རྟག་པར་བསྟན་ཏོ། །ལོངས་སྤྱོད་ཇི་ལྟ་བ་བཞིན་དུ་སྲོག་མི་རྟག་པར་བསྟན་པ་ནི། བོར་ཏེ་འགྲོ་དགོས་སོ་ཞེས་བྱ་བ་སྟེ། དུས་ཀྱིས་གཉེར་ཏེ་རྒྱལ་པོ་འགྲོ་དགོས་ན། །ལོངས་སྤྱོད་མཛའ་དང་གཉེན་གཤེས་རྗེས་མི་འགྲོ། །ཞེས་གསུངས་སོ། །ད་ནི་ཇི་ལྟར་མི་རྟག་པ་བསྟན་པ་དེའི་ཕྱིར་མི་རྟག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་སྤྱིར་བསྟན་པ་ནི་སྐད་ཅིག་མའི་མི་རྟག་པས་ན་མི་རྟག་པ་སྟེ་སྐྱེས་ནས་འཇིག་པའི་ཕྱིར་རོ། །རྒྱུན་མི་རྟག་པས་ན་མི་བརྟན་པ་སྟེ་བློ་རྩིང་གིས་ཀྱང་རྟོགས་པའི་ཕྱིར་རོ། །གློ་བུར་གྱིས་མི་རྟག་པས་ན་ཡིད་མི་བརྟན་པ་སྟེ། དུས་ལ་མི་སྡོད་པར་འཇིག་པའི་ཕྱིར་རོ། །དུས་ཀྱིས་མི་རྟག་པས་ན་རྣམ་པར་འགྱུར་བ་སྟེ་དུས་ཀྱིས་འགྱུར་བའི་ཕྱིར་རོ། །དེ་ལྟར་མི་རྟག་པས་ན་ཡུན་ཐུང་སྟེ་རིང་དུ་མི་གནས་པ་ཞེས་སྔ་མ་ཕྱི་མས་བཤད་པར་བྱའོ། །ད་ནི་ཁྱད་པར་དུ་བཤད་པར་བྱ་སྟེ། རེ་ཞིག་ལ་ཚེ་མི་རྟག་པ་ནི་མཐར་སྡིག་པ་ཞེས་བྱ་སྟེ། རྒས་པ་ནི་ཡིད་དུ་མི་འོང་བའི་ཕྱིར་སྡིག་པའོ། །ལོངས་སྤྱོད་མི་རྟག་པ་ནི་ཟད་ཅིང་འཇིག་པ་སྟེ། ཟད་པ་ནི་རང་གི་ཉམས་པའོ། །འཇིག་པ་ནི་གློ་བུར་གྱི་རྐྱེན་གྱིས་སོ། །ཐམས་ཅད་ཀྱི་རང་བཞིན་དེ་ཡིན་པས་ན་སྒོ་ཞེས་བྱ་སྟེ། དེར་འགྲོ་བའི་ཕྱིར་རོ། །ལོངས་སྤྱོད་དང་ལུས་དག་ནི་ཤིང་རྟའི་ཡན་ལག་འདུས་པ་ལྟ་བུ་ཡིན་པས་ན་རྒུད་པ་དང་དགའ་བ་དག་ནི་སོ་སོར་འགྱེས་པ་ལྟ་བུའོ། །ནད་མེད་པ་མི་རྟག་པ་ནི་འཇིགས་པ་དང་འཚེ་བ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ལྷན་ཅིག་སྐྱེས་པའི་ནད་ནི་སྔར་མ་ལྟ་བུའི་ངོ་བོ་ཉིད་པས་ན། ངག་གི་སྐྲག་པ་སྟེ། འཇིགས་པ་དང་བཅས་པའོ། །གློ་བུར་བའི་ནད་ནི་མཚོན་གྱི་ཟུག་རྡུ་ལྟ་བུ་སྟེ། འཕྲལ་དུ་འབྱུང་བས་འཚེ་བ་དང་བཅས་པའོ། །


DTG110_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་མི་རྟག་པས་འཆི་བ་ནི། སེམས་ཀྱི་གདུང་བའི་རྒྱུ་ཡིན་པས་མྱ་ངན་མང་བའོ། །ལུས་གདུང་བའི་རྒྱུ་ཡིན་པས་འཁྲུག་པ་མང་བ་སྟེ། ལུས་ལས་ཀྱང་འཆི་བའི་རྐྱེན་གྱི་མྱ་ངན་དང་འཁྲུག་པ་རྣམས་འབྱུང་ངོ་ཞེས་གསུངས་སོ། །འཆི་བ་ཉིད་གང་ཞེ་ན། ཚེ་དང་དྲོད་དང་རྣམ་ཤེས་ཀྱིས། །དེ་ཡི་ལུས་ནི་བོར་བ་ནས། །དྲན་པ་མེད་དེ་ཤིང་ལྟ་བུར། །ས་ལ་འགྱེལ་ནས་ཉལ་བར་འགྱུར། །ཞེས་བྱ་བ་ནི་འཆི་བ་ཡིན་ལ། ཡན་ལག་དང་ཉིད་ལག་དག་ནི་ས་ལ་འབྲུལ། འབྱུང་བ་ཆེན་པོ་བཞིའི་ལུས་འདི་འཇིག་དབུགས་རྒྱུ་བ་དང་སྲོག་དག་ནི་འཆད། རུས་པ་དང་ཤ་དང་ཁྲག་དང་རྒྱུས་པ་ལ་སོགས་པ་དག་ནི་སོ་སོར་འགྱེས། སྐྲ་དང་ནུས་པ་དག་ནི་ཕྱོགས་དང་ཕྱོགས་མཚམས་སུ་འཐོར་ཞེས་བྱ་བའི་ཚུལ་གྱིས་འབྲུལ་བ་ལ་སོགས་པའི་ཚིག་རྣམས་བཤད་པར་བྱའོ། །རྣམ་པར་འཇིག་པ་ཞེས་བྱ་བ་ནི་ངེས་པར་ཞེས་བྱ་བའི་དོན་ཏོ། །དེ་དག་ཀྱང་དུས་ངེས་པ་མེད། མདོ་སྡེ་ལས་མཐར་སྒོ་གཅིག་ཏུ་འདུ་བས་ནི་དྲི་བ་མགོ་གཅིག་ཏུ་ལན་གདབ་པའི་ཕྱིར་ཆོས་ཅན་ཞེས་བྱ་བ་སྨོས་པ་ཡིན་ནོ། །དེ་ནི་ལོག་པར་སྒྲུབ་པ་སྤང་བའི་ཕྱིར་མི་རྟག་པ་ཉིད་ལ་གདམས་པ་ནི། དེ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མི་རྟག་པ་ནི་རྣམ་པ་གཉིས་ཏེ། ནང་གི་མི་རྟག་པར་ལྟ་བ་དང༌། ཕྱིའི་མི་རྟག་པར་ལྟ་བའོ། །དེ་ལ་ནང་གི་མི་རྟག་པ་ནི་སྐད་ཅིག་པ་དང༌། རྒྱུན་མི་རྟག་པ་དང༌། གློ་བུར་གྱིས་མི་རྟག་པའོ། །ཕྱིའི་མི་རྟག་པ་ནི་དུས་ཀྱིས་མི་རྟག་པ་སྟེ། རྣམ་པར་བམ་པ་ལ་སོགས་པའོ། །དེ་དག་ཀྱང་ཡང་དང་ཡང་དུ་གོམས་པར་བྱ་བ་དང༌། གནས་སྐབས་རྣམ་པ་དགུར་རང་གི་ལུས་དང་མགོ་བསྒྲེ་བས་ལོག་པར་སྒྲུབ་པ་སྤང་བར་འགྱུར་ཏེ། ཇི་སྐད་དུ། དྲན་པ་ཉེ་བར་གཞག་པའི་སྐབས་ནས་ཞིབ་ཏུ་འབྱུང་བཞིན་དུ་ལྟ་བ་ནི་མི་རྟག་པས་ལྟ་བ་དང་ཞེས་བྱའོ། །ཟད་པ་དང་འཇིག་པ་དག་ནི་ནང་དང་ཕྱི་རོལ་ལུས་ལ་ལྟོས་པའོ། །ལོངས་སྤྱོད་ལ་ཆགས་པའི་གཉེན་པོ་ཇི་ལྟར་སྒོམ་ཞེ་ན། ལ་ལ་ན་རེ་འདོད་པའི་ཉེས་དམིགས་སྒོམ་པ་ཉིད་ཡིན་ནོ་ཞེས་ཟེར་རོ། །ལ་ལ་ན་རེ་ལུས་མི་རྟག་པ་སྒོམ་པ་ཉིད་ཀྱིས་ལོངས་སྤྱོད་ལ་ཆགས་པ་སྤོང་བར་འགྱུར་རོ་ཞེས་ཟེར་རོ། །ཆོས་ཀྱི་རྒྱལ་པོ་ནི་ཆོས་དང་མཐུན་པར་བྱའི་བབ་ཅོལ་དུ་མ་ཡིན་ཞེས་བྱ་བའོ། །ཇི་


DTG110_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཞེ་ན། རྗེས་སུ་འཇུག་པར་གྱིས་ལ་ཞེས་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པ་བཞིན་དུ་འཇུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཆོས་མ་ཡིན་པ་ནི་ལུགས་མ་ཡིན་ཏེ། དཔེར་ན་ཀུན་དུ་རྒྱུ་བྱང་ཆུབ་ཀྱི་སེམས་སྐྱེས་པའི་རབས་ལས་བསྟན་པ་ལྟ་བུའོ། །ད་ནི་གང་གིས་མི་རྟག་པ་དེ་ཉིད་བསྟན་པ་ནི། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། རེ་ཞིག་དཔེར་དགོད་པ་ནི་རི་ཆེན་པོ་ཞེས་བྱ་བ་སྟེ། ཐོག་ཏུ་བབ་པས་ན་རི་དཔེར་དགོད་པའོ། །རྒ་བ་ལ་སོགས་པ་བསྟན་པར་ཕྱོགས་བཞི་སྨོས་སོ། །མི་ཟློགས་ཤིང་མི་ཤིགས་པར་བསྟན་པས་ན་སྲ་བ་ལ་སོགས་པ་སྨོས་ཏེ། དབུག་པར་མི་ནུས་པས་ན་སྲ་བའོ། །མཁྲེགས་པས་ན་སྙིང་པོ་དང་ལྡན་པའོ། །འཕན་མེད་པས་ན་མ་ཞིག་པའོ། །སེར་ཀ་མེད་པས་ན་མ་གས་པའོ། །གསེང་མེད་པས་ན་ཁོང་སྟོང་མ་ཡིན་པའོ། །གཞིག་པར་མི་ནུས་པས་ན་མཁྲེགས་པའོ། །བར་མེད་པས་ན་གཅིག་ཏུ་འདུས་པའོ། །འཕངས་དང་རྔམས་ཆེ་བས་ན་བྱིན་ཆེ་ཞིང་མཐོ་བའོ། །དེ་ལྟར་བཤད་པའི་དཔེ་ཉིད་སྦྱར་བ་ནི། དེ་བཞིན་དུ་སྨོས་ཏེ། བཟློག་པར་སླ་བ་མ་ཡིན་ནོ་ཞེས་བྱ་བ་ནི། ཤུགས་ཀྱིས་ཉོན་མོངས་པ་སྤངས་ནས་འཆིང་བ་ལས་གྲོལ་བར་འགྱུར་རོ་ཞེས་བྱ་བ་ནི་འཕངས་པ་ཡིན་ནོ། །དེ་ལ་ལུས་དང་སྲོག་དང་ལོངས་སྤྱོད་ཀྱི་དབང་དུ་བྱས་ནས་འདིར་བཞི་བསྟན་ཏེ། ལུས་ཀྱི་དབང་དུ་བྱས་ནས་རྒ་བ་དང་ན་བའོ། །སྲོག་གི་དབང་དུ་བྱས་ནས་འཆི་བའོ། །ལོངས་སྤྱོད་ཀྱི་དབང་དུ་བྱས་ནས་རྒུད་པར་རྣམ་པར་བཞག་སྟེ། འཇོམས་པ་ནི་འཕྲོག་པའི་ཕྱིར་ཏེ་ཇི་སྐད་དུ་དགེ་སློང་དག་ལང་འཚོ་ནི་འཇིག་རྟེན་པ་ཐམས་ཅད་ལ་སྡུག་པ། ན་བ། ཕངས་པ། ཡིད་དུ་འོང་བ། མངོན་པར་དགའ་བར་བྱའོ། །ལང་ཚོའི་མཐའ་ནི་རྒ་བ་སྟེ། དགེ་སློང་དག་འཇིག་རྟེན་པ་ཐམས་ཅད་མི་སྡུག་པ་དང༌། མི་ན་བ། མི་ཕངས་པ། ཡིད་དུ་མི་འོང་བ། མངོན་པར་དགའ་བ་བྱ་བ་མ་ཡིན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ལྟར་ལོག་པར་སྒྲུབ་པ་སྤྱིར་བསྟན་ནས། ད་ནི་དེ་དག་ཐམས་ཅད་ཀྱི་རྩ་བ་ཡིན་པས་ལུས་ལ་ཆགས་པ་སྤང་བ་ཁྱད་པར་དུ་བརྗོད་པར་བྱའོ། །དེ་ལ་རེ་ཞིག་ལུས་མི་རྟག་པ་བསྟན་པ་ནི། འཆི་བ་ཡིན་ལ། དེ་ཡང་མི་འདོད་པ་གཞན་གྱི་དབང་ཡིན་པས་རང་དབང་མེད་པར་བསྟན་པ་ནི། རི་དགས་


DTG110_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱལ་པོ་སེང་གེ་ཞེས་དཔེས་བསྟན་ཏོ། །དཔེ་གཉིས་སྦྱར་བ་ནི་དེ་བཞིན་དུ་ཞེས་གསུངས་ཏེ། འཆི་བདག་ནི་གཤིན་རྗེ་ལ་བྱའོ། །གསལ་ཞིང་ཞེས་བྱ་བ་ནི། མི་བདེ་བའི་མིང་གི་རྣམ་གྲངས་སོ། །ཇི་ལྟར་ཞེ་ན། རྒྱགས་པ་དང་ནི་བྲལ་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་མི་བདེ་བར་འགྱུར་ཞེ་ན། སྲིད་པ་བཞིར་བརྒྱུད་པའི་ཚེ་སྡུག་བསྔལ་རྣམ་པ་བཞི་མྱོང་སྟེ། འཆི་བའི་སྲིད་པ་དང༌། བར་མ་དོའི་སྲིད་པ་དང༌། སྔོན་དུས་ཀྱི་སྲིད་པ་དང༌། སྐྱེ་བའི་སྲིད་པ་སྟེ་རྣམ་པ་བཞིར་རྒྱགས་པ་དང་བྲལ་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་བཞི་མྱོང་སྟེ། དེ་ལ་རྒྱགས་པ་དང་བྲལ་ཞེས་བྱ་བ་ལ་སོགས་པ་ནི་འཆི་བའི་སྡུག་བསྔལ་མང་པོ་བསྟན་ཏོ། །ལས་ཀྱི་སྲིད་པ་ནས་ཡང་སྲིད་པ་ལ་ནི་འཇུག་ཅེས་བྱ་བ་ལ་སོགས་པས་ནི། བར་མ་དོའི་སྲིད་པའི་སྡུག་བསྔལ་བསྟན་ཏེ། འཇུ་ཞེས་བྱ་བས་འབྲས་བུའི་རྒྱུ་ལྟ་བུར་ཆད་པར་མི་འགྱུར་བར་འབྱུང་བ་ལ་བྱའོ། །འདིར་སྡུག་བསྔལ་ནི་ལུས་བྱེ་བྲག་མེད་པ་ལ་སྲིད་པར་འགྱུར་བའོ། །ལ་ལ་ན་རེ་བར་མ་དོའི་སྲིད་པ་ནི་མེད་དེ། ལུང་ལས་བར་མ་དོའི་བཤད་པ་ཡང་གནས་གཞན་དུ་འགྲོ་བའི་བར་ལ་བྱའོ་ཞེས་ཟེར་རོ། །སྔོན་དུས་ཀྱི་སྲིད་པའི་སྡུག་བསྔལ་བསྟན་པ་ནི་གང་དུ་སྐྱེ་བ་དེའི་བྱད་གཟུགས་འཛིན་པ་སྟེ། མདོ་འདི་ཉིད་ལས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་ན། དེ་སེམས་ཅན་དམྱལ་བ་ཡང་སོས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེའི་ཕྱིར་མུན་པ་ཆེན་པོར་ནི་ཞུགས་ཞེས་བྱ་སྟེ། སྡིག་པ་བྱེད་པའི་སྣང་བ་ཡིན་པའི་ཕྱིར་རོ། །དེས་མ་འོངས་པའི་སྐྱེ་བ་སེམས་ཅན་དམྱལ་བ་ལ་སོགས་པར་སྐྱེ་བ་ནི་སྲིད་པའི་སྡུག་བསྔལ་ཏེ། དེ་དག་ཏུ་ཉིང་མཚམས་སྦྱོར་བ་ནི་ཕྱིར་མདོ་འདི་ཉིད་ལས་སྐྱེ་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་སྡུག་བསྔལ་དེ་ལས་སྐྱོབ་པར་བྱེད་པ་གང་ཡིན་ཞེ་ན། སྦྱིན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀའ་ཐུབ་ནི་ཚུལ་ཁྲིམས་སོ། །ཆོས་ནི་ཐོས་པ་ལ་སོགས་པའོ། །ལ་ལ་ན་ར་སྦྱིན་པ་ནི་གཏོང་བའོ། །དཀའ་ཐུབ་ནི་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་ངོ༌། །ཆོས་ནི་བཟོད་པ་སྟེ། དེ་གསུམ་གྱིས་ནི་ངན་སོང་གིས་སྤོང་བར་འགྱུར་བས། ལུང་ལས། སློང་བ་ཆུང་ཡང་སྦྱིན་པར་བྱ། །བདེན་པར་སྨྲ་བྱ་ཁྲོ་མི་བྱ། །རྣམ་པ་འདི་གསུམ་གནས་བགྱིས་ན། །


DTG110_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་ནང་དུ་སྐྱེ་བར་འགྱུར། །ཞེས་ཟེར་རོ། །ལ་ལ་ན་རེ་ཆོས་ནི་སྐྱབས་སུ་འགྲོ་བའོ། །དཀའ་ཐུབ་ནི་སྡིག་པ་བཤགས་པའོ། །སྦྱིན་པ་ནི་དངོས་པོ་དང༌། ཞིང་དང༌། བསམ་པའི་ཁྱད་པར་ཅན་ལ་བྱའོ་ཞེས་འདོད་དོ། །ལ་ལ་དག་ནི་ཆོས་ནི་བཟོད་པ་ལ་སོགས་པ་བཞི་ལ་འདོད་དོ། །འཇིག་རྟེན་ན་ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་བཤད་པ་ཕྱུགས་བསད་པའི་མཆོད་སྦྱིན་ལ་སོགས་པ་དག་ནི་བདེ་བའི་རྒྱུ་མ་ཡིན་པས་སྐྱབས་གཞན་མེད་ཅེས་བྱ་བ་ལ་སོགས་པའོ། །ལ་ལ་ན་རེ་བུ་དང་བུ་མོ་ལ་སོགས་པ་དག་ནི། ཚེ་འདི་འབའ་ཞིག་གི་གྲོགས་ཡིན་པས། འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པ་ལས་ཀྱང་དེ་སྐད་བརྗོད་པས་ན་ཆོས་མ་གཏོགས་པ་སྐྱབས་གཞན་མེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་ཟེར་རོ། །ད་ནི་མི་རྟག་པ་བསྒོམ་པར་གདམས་པ་ནི། དེ་ལྟ་བས་ན་ཞེས་གསུངས་ཏེ། དངོས་པོ་ནི་འཇིག་པའོ། །སྐྱོ་བ་སྐྱེ་བའི་རྒྱུ་ཡིན་པས་ན་འཆི་བས་འཇིགས་སྐྲག་པར་བྱའོ། །དེས་ནི་ཅི་ཞིག་བྱ་ཞེ་ན། འཆི་བ་ལ་ལས་རྗེས་སུ་འབྲེང་བས་ན་ལས་མི་དགེ་བ་སྤངས་པ་ནི། ཆོས་ཀྱི་རྒྱལ་སྲིད་ཀྱི་ས་ཤིག་ཅེས་བྱ་བ་ལ་སོགས་པའོ། །མཐུན་པ་ནི་རྗེས་སུ་འཇུག་པའོ། །འོ་ན་ལུས་འདི་ནི་གུས་ཤིང་གཅེས་པར་བྱ་བ་ཡིན་ཏེ། ཡོན་ཏན་ཐམས་ཅད་དང་ལྡན་པའི་ཕྱིར་ཞེས་རྒོལ་བ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བའོ། །ལས་ནི་གུས་པར་བྱས་ཤིང་གཅེས་སུ་བྱས་པ་ཡང་འཆི་བའི་ཚེ་ཡོན་ཏན་ཐམས་ཅད་དང་བྲལ་བར་འགྱུར་བས་དེ་དོན་མེད་པར་འགྱུར་ཞེས་བསྟན་པ་ནི། ལེགས་པར་ཡོངས་སུ་བསྲུངས་ལེགས་པར་ཡང་ཡོངས་སུ་བཙས་པས་ཡང་ཞེས་བྱ་བ་སྟེ། ཕྱིའི་མི་མཐུན་པ་ལས་ནི་བསྲུངས་ཞེས་བྱ་བའོ།། ནང་གི་མི་མཐུན་པ་ལས་ནི་བཙས་ཞེས་བྱ་བ་སྟེ། ཡོན་ཏན་ནི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་པའོ། །ལྡན་པ་ཞེས་བྱ་བ་ནི་འབྱོར་བའོ། །ཡུན་རིང་པོར་ཞེས་བྱ་བ་ནི་ནམ་འཚོའི་བར་དུ། དེ་ལ་རོ་ཕུན་སུམ་ཚོགས་པའི་མི་རྟག་པ་བསྟན་པ་ནི། བཟའ་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ། བཟའ་བ་ནི་འབྲས་ཆན་ལ་སོགས་པའོ། །བཅའ་བ་ནི་བུ་རམ་ཤིང་ལ་སོགས་པའོ། །མྱང་བ་ནི་སྦྲང་རྩི་ལ་སོགས་པའོ། །ངོམས་པར་འགྱུར་བ་ནི་བཏུང་བའི་བྱེ་བྲག་གོ །བསོད་པ་ནི་ཡིད་དུ་འོང་བའོ། །གཙང་བ་ནི་གཡོས་ལེགས་པའོ། །ཚིམ་པ་ནི་འབྲུ་ལ་སོགས་པའོ། །དེ་ཉིད་ཀྱང་མི་


DTG110_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པས་ན་ཐ་མའི་མལ་ན་འདུག་པའི་ཚེ་ཞེས་བྱ་བ་ལ་སོགས་པའོ། །དྲི་ཕུན་སུམ་ཚོགས་པ་མི་རྟག་པར་བསྟན་པ་ནི། བཀྲུས་ཤིང་བསྐུས་ཏེ་བདུག་པས་བསྒོས་ཞེས་བྱ་བ་ལ་སོགས་པ་སྟེ། དྲི་ང་བ་ནི་དྲི་མི་ཞིམ་པའོ། །རེག་པ་མི་རྟག་པར་བསྟན་པ་ནི། ཡུལ་ཀ་ཤིའི་རས་དང་ཞེས་བྱ་བ་ལ་སོགས་པའོ། །སྒྲ་སྙན་པ་མི་རྟག་པ་ནི། བུད་མེད་ཀྱི་ནང་ན་འདུག་ཅེས་བྱ་བ་ལ་སོགས་པའོ། །གཟུགས་མི་རྟག་པར་བསྟན་པ་ནི། ཁྱོད་ཀྱི་ཁྱིམ་གྱི་ནང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདོན་མི་ཟ་བ་ནི་ངེས་པའོ། །ད་ནི་ལོངས་སྤྱོད་པའི་ཁྱད་པར་མི་རྟག་པར་བསྟན་པའི་ཕྱིར་གླང་པོ་ཆེའི་བྱ་བ་ལ་ཁའམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གླང་པོ་ཆེ་དང༌། རྟ་དང༌། ཤིང་རྟ་ནི་ཞོན་པའི་ལོངས་སྤྱོད་དོ། །དུང་ལ་སོགས་པ་ནི་སྒྲ་སྙན་པའི་ལོངས་སྤྱོད་དོ། །གདུགས་ནི་དགའ་བའི་ལོངས་སྤྱོད་དོ། །རྒྱལ་མཚན་ལ་སོགས་པ་ནི་མཚོན་པའི་ལོངས་སྤྱོད་དོ། །གཟུགས་ཀྱི་ཁྱད་པར་རོ། །ནོར་བུའི་ཡུ་བ་ཅན་ལ་སོགས་པ་ནི་བསིལ་བའི་བྱ་བའོ། །གླང་པོ་ཆེ་དང་རྟ་དང་དཔུང་བུ་ཆུང་ནི་བདེ་བ་སྐྱོབ་པའི་དབང་དུ་བྱས་པའོ། །བློན་པོ་ལ་སོགས་པ་ནི་ཤིས་པ་རྗོད་པར་བྱེད་པའོ། །དེ་དག་མི་རྟག་པར་བསྟན་པ་ནི། གཡོ་བ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། ཞོན་པའི་ལོངས་སྤྱོད་ལ་མི་རྟག་པར་བསྟན་པ་ལ་སོགས་པ་དང་རིམ་པ་བཞིན་དུ་སྦྱར་བར་བྱའོ། །འོ་ན་རྒྱལ་པོ་འབའ་ཞིག་གི་ལུས་མི་རྟག་གམ་ཞེ་ན། ཐམས་ཅད་ཀྱི་ལུས་ཀྱི་རང་བཞིན་ནི་འདི་ཡིན་ཏེ་ཞེས་སྨོས་པས་སྐྱེས་པ་ཐམས་ཅད་ནི་འཆི་བར་འགྱུར་ཞེས་མགོ་གཅིག་ཏུ་ལན་གདབ་པར་བྱའོ། །འོ་ན་འཆི་བའི་སྡུག་བསྔལ་ལ་སོགས་པ་དེ་དག་ལས་ཐབས་གང་གིས་གྲོལ་བར་འགྱུར་ཞེ་ན་སྤང་བའི་ཐབས་གསུངས་པ་ནི། མི་རྟག་པར་ལྟ་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ། སྡུག་བསྔལ་མཐའ་དག་གི་རྒྱུ་ཚེ་འདི་ལ་ཆགས་པ་ཡིན་པས་འཆི་བ་རྗེས་སུ་དྲན་པ་ལ་གདམས་པ་ནི་མི་རྟག་པར་ལྟ་བ་དང༌། ཟད་པ་དང༌། འཇིག་པར་ལྟ་བའོ། །འཆི་བའི་འོག་ཏུ་ངན་སོང་གི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་ཡིན་པས། ལས་དང་འབྲས་བུ་ཡིད་ཆེས་པའི་དད་པ་སྒོམ་པར་གདམས་པ་ནི། འདོད་ཆགས་ཀྱི་ཆགས་པ་མེད་པར་ཞེས་བྱ་བ་ལ་སོགས་པ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་དག་གི་རྒྱུ་ནི་འདོད་ཆགས་ལ་སོགས་པ་ཡིན་པས་སྤང་བར་བྱའོ་ཞེས་བྱ་བ་ཡིན་ནོ། །འཁོར་བ་


DTG110_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐར་བ་མ་ཡིན་པར་འཆི་བའི་སྡུག་བསྔལ་མི་ལྡོག་པས། འཁོར་བའི་ཉེས་དམིགས་སྒོམ་པར་གདམས་པ་ནི། རྒྱལ་སྲིད་ཀྱི་དབང་ཕྱུག་དང་ཞེས་བྱ་བ་ལ་སོགས་པ་སྟེ། སྤང་ཞེས་བྱ་བའི་སྒྲས་སླར་ཡང་ཕྱིར་འཁོར་བར་འགྱུར་བས་སྤང་བར་བྱ་ཞེས་བྱ་བའི་དོན་ཏེ། སློབ་དཔོན་ཉིད་ཀྱིས་འཁོར་བ་མཐོན་དམན་གྱི་ཉེས་པ་བཤད་པ་བཞིན་ནོ། །སྲོག་ཅེས་བྱ་བ་ནི་ཚེའི་དོན་ཏོ། །ནད་མེད་པ་ནི་ལུས་ཀྱི་སྲོག་དང་ལུས་ཀྱི་བདེ་བས་ཁེངས་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །འདོད་པ་དག་ནི་ལོངས་སྤྱད་པར་བྱ་བ་ཡིན་ནོ་ཞེས་དེ་ཅིའི་ཕྱིར་ཞེན་ཞེས་རྒོལ་བ་ལ་གང་ཞིག་ཚིམ་པར་འགྱུར་བ་དེ་ནི་བརྟེན་པར་རིག་ནས། འདོད་པ་དག་ནི་ལན་ཚྭའི་ཆུ་ལྟ་བུ་ཡིན་པས་ཕྱིར་ཞིང་གདུང་བར་འགྱུར་བས་དོན་མེད་པའི་ཕྱིར་བརྟེན་པར་མི་རིགས་སོ་ཞེས་བྱ་བ་ནི། འདོད་པ་རྣམས་རྙེད་པའམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོལ་བའི་དབང་དུ་བྱས་ནས་རྙེད་པའམ་སོ་སོར་རྙེད་པའོ། །སྲུང་བའི་དབང་དུ་བྱས་ནས་བསགས་པའམ་རབ་ཏུ་བསགས་པའོ། །ལོངས་སྤྱོད་པའི་དབང་དུ་བྱས་ནས་བརྟེན་པའོ། །ང་མི་སྨྲའོ་ཞེས་བྱ་བ་ནི་འདོད་པས་ཚིམ་པར་མི་གསུང་བ་སྟེ། ཞལ་གྱིས་མི་བཞེས་སོ་ཞེས་བྱ་བའི་ཐ་ཚིག་གོ །འོ་ན་འབྲས་བུ་ཡོད་པ་གང་ཡིན་ཞེ་ན་མྱ་ངན་ལས་འདས་པ་ནི་བསྒྲུབ་པར་བྱའོ་ཞེས་ཕན་ཡོན་བསྟན་པ་ནི། ངོམས་པའི་འཕགས་པ་ཤེས་རབ་བོ། །ཞེས་གསུངས་ཏེ། མཐོང་བའི་ལམ་ཐོབ་པ་ལ་འབད་པར་བྱའོ་ཞེས་བྱ་བའི་དོན་ཏེ། ཤེས་རབ་ནི་བདེན་པ་མ་ནོར་བའི་ཤེས་རབ་བོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པ་བཞིན་དུ་འཇུག་པར་བྱ་བ་ནི་རྒྱལ་བའི་ཚུལ་ཏེ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཉིད་ཀྱིས་རིན་པོ་ཆེའི་ཕྲེང་བའི་མདོ་ལས་གསུངས་པ་ཡིན་ནོ། །དེ་ལྟར་རྟག་པ་དང་བདེ་བ་མངོན་པར་ཞེན་པའི་ལོག་པར་བསླབས་པ་སྤངས་པ་བཤད་ནས། ད་ནི་གཙང་བར་ཕྱིན་ཅི་ལོག་པའི་ལོག་པར་སྒྲུབ་པ་སྤང་བའི་ཕྱིར། རྟག་ཏུ་ལུས་ལ་མི་སྡུག་པར་བསྒོམ་པ་དང་ལྡན་པར་བྱ་སྟེ་ཞེས་གསུངས་པའོ། །ཇི་ལྟར་བསྒོམ་པར་བྱ་ཞེ་ན། ལུས་འདི་ལ་སྐྲ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་ནང་གི་དབང་དུ་བྱས་པའོ། །རྣམ་པར་བམ་པ་ལ་སོགས་པ་ནི། ཕྱིའི་དབང་དུ་བྱས་པའོ། །ནང་དང་ཕྱིའི་འདོད་ཆགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཏུ་མི་


DTG110_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་བའི་རྫས་སུམ་ཅུ་རྩ་དྲུག་ལ་སོགས་པ་བསྒོམས་ནས་ཆོས་ཉིད་ཀྱི་དབང་དུ་བྱས་ཏེ། རང་བཞིན་མེད་པའི་འོག་ནས་འབྱུང་བ་ལྟ་བུ་སྒོམ་པ་ནི་མི་སྡུག་པ་བསྒོམ་པའི་ཐབས་ཐེག་པ་ཆེན་པོའི་དབང་དུ་བྱས་པའོ། །ཉན་ཐོས་ཀྱི་ཐེག་པའི་དབང་དུ་བྱས་པ་ནི། ཉན་ཐོས་ཀྱིས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །བསྒོམ་པའི་ཐབས་སུ་གནས་བསྟན་པ་ནི། དགོན་པ་ན་འདུག་ཀྱང་རུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་འདུ་འཛི་ལས་དབེན་པར་བྱ་བའི་ཕྱིར་རོ། །དེ་ལ་རྒྱར་གྲགས་ཀྱི་མཐའ་ནི་དགོན་པ་སྟེ། སྐྱེ་བོའི་རྒྱུན་ལུགས་དང་སྒྲའི་ཚེར་མ་ལས་དབེན་པའི་ཕྱིར་རོ། །ལོ་མ་དང་ལྡན་པ་ཤིང་གི་ཤིང་དྲུང་སྟེ། ཧ་ཅང་རྟག་པར་བྱ་བ་ཞེན་པས་བསྟེན་པར་བྱ་བ་ཡིན་ནོ། །ཁོང་སྟོང་གི་འདུ་འཛི་ལ་ཆགས་པས་བསྟན་པར་བྱ་བ་ཡིན་ནོ། །ཡོངས་སུ་རྟོག་པ་ནི་དཔྱོད་པར་བྱེད་པའོ། །ཕན་པ་དང་བདེ་བའི་དོན་ལ་རྨོངས་པས་ན་བྱིས་པའོ། །སྤྱི་མི་ཤེས་པས་ན་བླུན་པའོ། །བྱེ་བྲག་མི་ཕྱེད་པས་ན་མི་གསལ་བའོ། །ཕན་བདེའི་ཐབས་ལ་འཇུག་པ་མི་ཤེས་པས་ན་མི་མཁས་པའོ། །དངོས་པོ་འདི་དག་ཤེས་ནས་ཞེས་བྱ་བ་ནི་མི་གཙང་བརྟགས་ནའོ། །དེ་ཉིད་ངེས་པའི་དོན་དུ་བསྟན་པ་ནི། དོན་རྣམ་པར་གདོན་མི་ཟ་བའི་ཆོས་ཀྱི་རྣམ་གྲངས་ལས་ཞེས་སྨོས་སོ། །འདིས་ནི་རིལ་པོར་འཛིན་པའི་ལོག་པར་བསྒྲུབ་པ་སྤང་བ་ཡང་བསྟན་པ་ཡིན་ནོ། །ད་ནི་བདག་ཏུ་ལྟ་བ་བྱེད་པ་པོའི་བདག་ཏུ་ཞེན་པའི་ལོག་པར་སྒྲུབ་པ་སྤང་བའི་ཕྱིར། ལུས་འདི་ཐོག་མ་དང་ཐ་མའི་རྒྱུ་ལ་སོ་སོར་བརྟག་པར་བྱའོ་ཞེས་གསུངས་ཏེ། དབང་ཕྱུག་དང་དུས་ལ་སོགས་པས་མ་བྱས་པས་ན་བྱེད་པ་པོ་མེད་པའོ། །འོ་ན་ཇི་ལྟར་འགྲུབ་ཅེ་ན། ཕ་དང་མ་ཕྲད་པ་དང༌། དྲི་ཟ་ཉེ་བར་འཁོར་བ་དང༌། ལས་ཇི་ལྟར་བསགས་པ་སྟེ། རྒྱུ་རྐྱེན་དེ་གཉིས་དང་ལྡན་པ་ལས་སྐྱེས་པས་ན། ཚོགས་པ་ཙམ་གྱིས་འབྲས་བུ་འབྱིན། །ཞེས་བྱ་བའོ། །དེའི་ཕྱིར། ཕ་མའི་ཁུ་ཆུ་དང་ཁྲག་འདུས་པ་ལས་འབྱུང་སྟེ་ཞེས་སྨོས་ཏེ། ཕའི་ས་བོན་ལ་གནོད་པ་མེད་པ་དང༌། མའི་ཟླ་མཚན་དུས་དང་ལྡན་པ་དང༌། དྲི་ཟ་ཉེ་བར་འཁོར་བས་ན་འདུས་པ་ཞེས་བྱ་སྟེ། སྐྱེ་བའི་དང་པོ་ཁུ་ཁྲག་གནས། །དུག་ཅན་སྲིན་བུའི་དུག་དང་མཚུངས། །ཞེས་བྱ་བའོ། །ཐ་མ་ཞེས་བྱ་བ་ནི་ལུས་གནས་པའོ། །ཁམ་གྱི་ཟས་


DTG110_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི། དྲི་དང་རོ་དང་རེག་པའི་སྐྱེ་མཆེད་གསུམ་སྟེ། ཁམ་གྱི་ཟས་ནི་འདོད་པ་ན། །སྐྱེ་མཆེད་གསུམ་གྱི་བདག་ཉིད་དེ། །ཞེའོ། །དེ་ལས་ཀྱང་རགས་པ་ཡིན་པའི་ཕྱིར་རོ། །སྐྱེ་མཆེད་སྨོས་པ་ནི་བཟའ་བའི་ཟས་ཞེས་སྨོས་སོ། །དེ་ལ་སྤྱི་བོ་ནས་ལྷེའུ་སྣའི་བར་ནི་བད་ཀན་གྱི་གནས་པའོ། །ལྷེའུ་སྣ་ནས་ལྟེ་བའི་བར་ནི་མཁྲིས་པའི་གནས་སོ། །ལྟེ་བ་ནས་རྐང་མཐིལ་གྱི་བར་དུ་ནི་རླུང་གི་གནས་སོ། །དེ་ལ་རྐྱང་རྐྱང་པོ་ནི་སླ་བར་བྱེད་པ་སྟེ། ཆུའི་ཁམས་ཡིན་པའི་ཕྱིར་རོ། །ཞུ་བར་བྱེད་པ་ནི་མེའི་ཁམས་ཡིན་པའི་ཕྱིར་རོ། །རྣམ་པར་འབྱེད་པ་ནི་གཡོ་བར་བྱེད་པའི་ཕྱིར་རོ། །དེ་ལྟར་རྒྱས་པར་བཤད་པ་བསྡུ་བའི་ཕྱིར་ཡང་ཞེས་སྨོས་ཏེ། མངོན་པའི་ང་རྒྱལ་ནི་གཙང་བར་ཞེན་པའི་ཕྱིར་རོ། །ཇི་ལྟར་མངོན་ཞེ་ན། སྣ་ནས་རྣག་གི་རྣམ་པ་འཛག །ཅེས་པ་ལ་སོགས་པའོ། །དེ་ལྟར་བདག་ཏུ་མངོན་པར་ཞེན་པའི་ལོག་པར་སྒྲུབ་པ་སྤང་བར་བཤད་ནས། ད་ནི་ཡོན་ཏན་དུ་ལྟ་བའི་ལོག་པར་སྒྲུབ་པ་སྤང་བའི་ཕྱིར་སྒོམ་པ་ནི། གྲོགས་པོ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེས་དམིགས་ཀྱི་མཚན་ཉིད་དང༌། ཉེས་དམིགས་རྟོགས་ནས་སྤང་བར་བྱ་བ་དང༌། སྤངས་པའི་ཕན་ཡོན་རིག་པར་བྱའོ། །དེ་ལ་ཉེས་དམིགས་ཀྱི་མཚན་ཉིད་བསྟན་པ་ནི། ལུས་འདི་ནི་འདི་ལྟར་མི་རྟག་པར་ཞེས་བྱ་བ་ལ་སོགས་པ་སྟེ། མི་རྟག་པའི་མཚན་ཉིད་ནི་མི་རྟག་པ་ལ་སོགས་པ་ཚིག་གསུམ་སྨོས་ཏེ། སྐད་ཅིག་པ་དང༌། རྒྱུན་གྱིས་དང༌། གློ་བུར་གྱིས་མི་རྟག་པའི་ཕྱིར་རོ། །སྟོང་པའི་མཚན་ཉིད་ནི་ཉམ་ཆུང་བ་སྟེ། དངོས་པོར་ལྟ་བ་ནི་བརྟག་མི་བཟོད་པའི་ཕྱིར་རོ། །བདག་མེད་པའི་མཚན་ཉིད་ནི་སྙིང་པོ་མེད་པ་སྟེ། བདག་ཏུ་ལྟ་བ་དག་ནི་བཙལ་ན་མི་རྙེད་པའི་ཕྱིར་གཞན་དུ་མི་དམིགས་པ་ཕུང་པོ་དག་ནི་དུ་མའི་ངོ་བོར་སྣང་བ་ལ། བདག་གི་རང་བཞིན་ནི་གཅིག་ཏུ་བརྟག་པའི་ཕྱིར་དེ་མེད་པས་ན་ཞིག་པའོ། །སྡུག་བསྔལ་བའི་མཚན་ཉིད་ནི། འདི་ལྟར་ཡུན་ཐུང་བ་ཞེས་བྱ་བ་ལ་སོགས་པ་སྟེ། འདུ་བྱེད་དང༌། འགྱུར་བ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་རྣམ་པ་གསུམ་ནི། བདེ་བ་དང་སྡུག་བསྔལ་བ་དང༌། བཏང་སྙོམས་ཀྱི་ཚོར་བ་གསུམ་གྱི་དབང་དུ་བྱས་པ་སྟེ། དེ་ལ་ཚོར་བ་དང་བཏང་སྙོམས་ཀྱི་དབང་དུ་བྱས་ནས། འདུ་བྱེད་ཀྱི་སྡུག་བསྔལ་ནི་ཡུན་ཐུང་བ་ཞེས་བྱ་སྟེ། བདེ་བ་དང་སྡུག་བསྔལ་གྱི་འདུ་བྱེད་པས་ན་རིང་


DTG110_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་གནས་པ་ཡིན་ལ། བདེ་བ་དང་སྡུག་བསྔལ་དག་ནི་སྡུག་བསྔལ་ཡིན་པའི་ཕྱིར་རོ། །ཚོར་བ་སྡུག་བསྔལ་གྱི་དབང་དུ་བྱས་ནས། སྡུག་བསྔལ་བ་ཞེས་གསུངས་ཏེ། ཚོར་བ་སྡུག་བསྔལ་བ་དག་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཡིན་པའི་ཕྱིར་རོ། །ཚོར་བ་བདེ་བའི་དབང་དུ་བྱས་ནས། ནད་མང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཀྱི་བདེ་བ་ནད་མེད་པའི་འགྱུར་བ་ནི་ནད་མང་བའོ། །ལོངས་སྤྱོད་ལ་སོགས་པ་ཉམས་པ་ལ་སོགས་པས་ཚོར་བ་སྡུག་བསྔལ་བསྐྱེད་པས་ན་འགྱུར་བའི་ཆོས་ཅན་ཡིན་ནོ། །ནད་མང་བ་ཅིའི་ཕྱིར་ཞེ་ན། ནད་ཀྱི་གནས་ཡིན་པའི་ཕྱིར་ཞེས་བསྟན་པ་ནི། ནད་མང་བའི་སྣོད་དོ་ཞེས་གསུངས་སོ། །གནས་ཉིད་བསྟན་པ་ནི། རུས་པ་ལ་རྒྱུས་པ་འབྲེལ་པ་ཞེས་གསུངས་ཏེ། རུས་པ་དུམ་བུ་ཉིས་བརྒྱ་བཞི་བཅུ་ནི་ཆུ་རྒྱུས་བརྒྱ་དྲུག་ཅུས་སྤྲེལ་ཞིང་ཆུ་བ་ཆེན་པོ་བཅུ་དྲུག་གིས་བརྟན་པ། ཤ་སྭར་ཐབས་བརྒྱད་ཅུས་ཞལ་ཞལ་བྱས་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་ཡིན་ལ། གཙོ་བོ་ཡིན་པས་རུས་པ་དང་རྒྱུས་པ་སྨོས་ཏེ། དེའི་དཔེ་ནི་འཁྲུལ་འཁོར་ལྟ་བུ་སྟེ། འགྲོ་བ་དང་ཉལ་བའི་བྱ་བ་བྱེད་པའི་ཕྱིར། འདི་ནི་འགྱུར་བའི་སྡུག་བསྔལ་གྱི་དབང་དུ་བྱས་པའོ། །མཁས་པས་དེ་ལ་གནས་པར་མི་བྱའོ་ཞེས་བྱ་བ་ནི། ཤེས་རབ་ཀྱིས་བརྟགས་ནས་ཞེན་པར་མི་བྱའོ་ཞེས་གདམས་པའོ། །དེ་ལྟར་ཉེས་དམིགས་ཀྱི་མཚན་ཉིད་མདོར་བསྟན་ནས། ད་ནི་རྒྱས་པར་བཤད་པའི་ཕྱིར། ལུས་འདི་ནི་ཅང་མི་བཟོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱབ་པ་དང་བསྩགས་པ་དང་རྟེན་བྱེད་པའི་ཕྱིར་ལུས་ཞེས་བྱ་སྟེ་རེ་ཞིག་སྤྱིར་བཏང་བ་ཡིན་ནོ། །དེ་ལ་གཟུགས་ཀྱི་ཕུང་པོ་འདི་དག་ནི་ཧ་ཅང་མི་བཟོད་པ་ཞེས་བྱ་སྟེ། ཉམ་ཆུང་བའི་ཕྱིར་རོ། །དེའི་དཔེ་ནི་དབུ་བ་རྡོས་པ་ལྟ་བུའོ། །ལུས་ཞེས་བྱ་བ་ནི་ཚོར་བའི་ཕུང་པོ་སྟེ། རིང་དུ་མི་གནས་པ་ནི་བྱུང་ནས་འགགས་པའི་ཕྱིར་རོ། །ཆུའི་ཆུ་བུར་ལྟ་བུ་ཞེས་བྱ་བ་ནི་ཡང་སྐྱེ་ཞིང་འགག་པའི་ཕྱིར་དང༌། སྡུག་བསྔལ་གྱི་ངོ་བོ་ཉིད་ཡིན་པ་སྟེ། ལུང་ལས་ཀྱང་ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུ་ཡིན་ལ། ཚོར་བ་གང་ཅི་ཡང་རུང༌། དེ་ནི་འདིར་སྡུག་བསྔལ་དུ་རིག་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ལུས་ཞེས་བྱ་བ་ནི་འདུ་ཤེས་ཀྱི་ཕུང་པོ་སྟེ། ཉོན་མོངས་པའི་སྲིད་པའི་འདོད་ཆགས་ལ་སོགས་པ་ཡོངས་སུ་གདུང་བས་ཕྱིན་ཅི་ལོག་ཏུ་བརྟགས་པའི་ཕྱིར་


DTG110_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མར་འཛིན་པའོ། །སྨིག་རྒྱུ་ལྟ་བུ་ཞས་བྱ་བ་ནི་ཆུ་མེད་ཀྱང་དེར་སྣང་བའི་ཕྱིར་རོ། །ལ་ལ་ན་རེ་འདིར་ཉོན་མོངས་པའི་དགྲ་ནི། འདོད་ཆགས་དང་རྣམ་པར་རྟོག་པ་ཁོ་ན་ལ་བྱ་སྟེ། འཁོར་བར་འཆིང་བའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །ལུས་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། སྙིང་པོ་མེད་པ་ནི་སེམས་པའི་ཚོགས་དྲུག་འདུས་པའི་ཕྱིར་རོ། །ཆུ་ཤིང་ལྟ་བུ་ཞེས་བྱ་བ་ནི། སོ་སོར་ཕྱེ་ན་སྙིང་པོ་མེད་པའི་ཕྱིར་ཏེ། ལུང་ལས་ཀྱང་འདུ་བྱེད་ཀྱི་ཕུང་པོ་གང་ཞེ་ན། སེམས་པའི་ཚོགས་དྲུག་སྟེ་ཞེས་གསུངས་པའི་ཕྱིར་རོ། །ལུས་ཞེས་བྱ་བ་ནི། རྣམ་པར་ཤེས་པའི་ཕུང་པོ་སྟེ། །ཕྱིན་ཅི་ལོག་ནི་མེད་པ་ལ། །རྣམ་པར་ཕྱེ་ན་ཡོད་མ་ཡིན། །རྣམ་ཤེས་སྒྱུ་མ་འདྲ་བས་ན། །རྒྱུ་རྐྱེན་ཚོགས་ལས་ཡང་དག་འབྱུང༌། །དེ་ཕྱིར་དངོས་པོ་མེད་ཅེས་བྱ། །ཞེའོ། །མེད་པ་ལ་འཁྲུལ་པ་ཡོད་པར་འཛིན་པ་ཇི་ལྟར་རུང༌། འཁྲུལ་པ་ནི་གཞི་དང་བཅས་པ་ཡིན་ནོ། །མ་ཡིན་ཏེ། འཁྲུལ་པ་ནི་མེད་པ་ལ་རུང་གི །གཞན་དུ་ཇི་ལྟར་འཁྲུལ། མཐོ་ཡོར་མེད་པ་ལ་མིར་འཁྲུལ་པ་བཞིན་ནོ། །དེའི་ཕྱིར་གཞི་མེད་པ་ཁོ་ནའོ། །དེ་ལྟ་བས་ན་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་མཚན་ཉིད་ཡོད་དོ་ཞེས་བསྟན་པ་ནི། ཡང་དག་པ་མ་ཡིན་པ་མཐོང་ཞེས་བྱ་སྟེ། ཡིད་ཀྱི་སྐྱེ་མཆེད་ལ་སོགས་པའོ། །རྨི་ལམ་ལྟ་བུ་ཞེས་བྱ་བ་ནི། གཞི་མེད་པ་ལ་འཁྲུལ་པས་སྣང་བའི་ཕྱིར་རོ། །མིག་གི་ཁམས་ལ་སོགས་པ་ཐམས་ཅད་ཀྱང་དེ་བཞིན་རིག་པར་བྱ་སྟེ། ཐོག་མ་མེད་པ་ཅན་གྱི་བག་ཆགས་དེ་ལྟ་བུ་གོམས་པའི་ཕྱིར་རོ། །དེ་དག་རྒྱུ་རྐྱེན་ཚོགས་པ་ལས་སྐྱེས་པས་ན་རྒྱུའི་དབང་དུ་བྱས་ནས་ལས་ཀྱི་གཟུགས་བརྙན་སྣང་བ་ཞེས་སྨོས་ཏེ། སྔོན་ཞེས་བྱ་བ་ནི་ཚེ་སྔ་མ་ལ་སོགས་པའོ། །ལས་ནི་དགེ་བ་ལ་སོགས་པའོ། །གཟུགས་བརྙན་ནི་དེ་དག་རྗེས་སུ་མཐུན་པའི་ངོ་བོ་ཉིད་དེ། སློབ་དཔོན་ཉིད་ཀྱི་ཞལ་ནས། ཁ་ཏོན་མར་མེ་མེ་ལོང་བརྒྱ། །མེ་ཤེལ་ས་བོན་སྒྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང༌། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེའོ། །སྣང་བ་ཞེས་བྱ་བ་ནི་ལུས་བླངས་པ་ལ་སོགས་པའོ། །སྔར་བཤད་པའི་རྐྱེན་མ་ཚོགས་ན། རྒྱུའི་ངོ་བོ་ཡང་འབྲས་བུ་མི་སྐྱེད་པས་རྐྱེན་ལ་རག་ལས་པ་ཞེས་བྱ་སྟེ། བྲག་ཅ་ལྟ་བུ་རྐྱེན་ལས་འབྱུང་བའི་ཕྱིར་རོ། །རྒྱུ་རྐྱེན་གང་ཚོགས་


DTG110_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་ཕུང་པོ་གང་འགྲུབ་ཅེ་ན། འདོད་པའི་ཁམས་ཀྱི་དགེ་བའི་ལས་ཟག་པ་དང་བཅས་པས་ནི་མཐོ་རིས་ཀྱི་ལྷ་ལ་སོགས་པར་སྐྱེ་བ་སྟེ། རེ་ཞིག་ཚུལ་ཁྲིམས་ཀྱི་འབྲས་བུ་ནི་མིའི་ལུས་ཐོབ་བོ། །ཚུལ་ཁྲིམས་དང༌། སྦྱིན་པ་དང༌། བཟོད་པ་རླབས་པོ་ཆེ་ནི་འདོད་པའི་ཁམས་ཀྱི་ལྷའི་རིགས་སུ་ཇི་ལྟར་རིགས་པར་སྐྱེའོ། །སྲོག་གཅོད་པའི་ལས་མང་དུ་བྱས་ཤིང་ཞེ་སྡང་གི་ཤས་ཆེ་བ་ནི། དམྱལ་བར་འཕེན་ནོ། །གཏི་མུག་གི་ཤས་ཆེ་ཞིང་ཉེས་པ་ལྟུང་བ་ཕྲ་མོ་ཁྱད་དུ་བསད་པས་ནི་དུད་འགྲོའི་སྐྱེ་གནས་སུ་སྐྱེའོ། །འདོད་ཆགས་ཀྱི་ཤས་ཆེ་ཞིང་སེར་སྣའི་ལས་མང་དུ་བྱས་པས་ནི་ཡི་དགས་སུ་སྐྱེ་སྟེ། དེའི་ཕྱིར་འདོད་པའི་ཁམས་ནི་མཉམ་པར་མ་བཞག་པས་ན་སེམས་འཁྲུགས་པའོ། །མཚན་མ་ནི་རྟགས་སོ། །གཟུགས་དང༌། གཟུགས་མེད་པའི་ཁམས་ནི་ཞི་བའི་རྣམ་པ་སྟེ། ཡིད་མི་བདེ་བ་དང༌། བདེ་བ་དག་བསམ་གཏན་དང་པོ་ནས་བཞི་པའི་བར་དུ་སྙོམས་པར་འཇུག་པའི་ཚེ་སྤངས་པ་དང༌། གཟུགས་ཀྱི་འདུ་ཤེས་ལས་རྣམ་པ་ཐམས་ཅད་དུ་ཡང་དག་པར་འདས་པ་ལ་སོགས་པ་གཟུགས་མེད་པའི་སྐྱེ་མཆེད་རྣམ་པ་བཞི་ནི། ཏིང་ངེ་འཛིན་དང་ལྡན་པས་ན་དགྱེས་པ་ཞེས་བྱ་སྟེ། ཡིད་མི་བདེ་བ་ལ་སོགས་པ་ནུབ་པའི་ཕྱིར་རོ། །སྤྲིན་ལྟ་བུ་ཞེས་བྱ་བ་ནི་འབྱུང་བ་དང་ནུབ་པའི་ཕྱིར་རོ། །མཚན་མ་ཞེས་བྱ་བ་ནི་རྟགས་ཏེ་མཚོན་པའི་ཕྱིར་རོ། །དེ་དག་ཀྱང་ཇི་ལྟར་རིགས་པར་སྐད་ཅིག་པ་དང་རྒྱུན་གྱི་ངོ་བོས་འཇིག་པས་སྐད་ཅིག་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུ་ལ་མི་ལྟོས་པའི་ཕྱིར་རོ། །གློག་ཅེས་བྱ་བ་ནི་ཧ་ཅང་མྱུར་བའི་ཕྱིར་རོ། །ལ་ལ་ན་རེ་ད་ལྟར་དང་མ་འོངས་པའི་ཕུང་པོ་ནི་གློག་དང་སྤྲིན་ལྟ་བུ་ཡིན་ལ་འདས་པའི་དངོས་པོ་དག་ནི་རྨི་ལམ་ལ་སོགས་པ་ལྟ་བུ་སྟེ། ཐམས་ཅད་ཀྱང་མི་རྟག་པར་བསྟན་པ་ཡིན་ནོ་ཞེས་ཀྱང་ཟེར་རོ། །ལ་ལ་ན་རེ་སྐྱེ་བ་མི་རྟག་པར་བསྟན་པའི་ཕྱིར་གཟུགས་བརྙན་དང༌། བྲག་ཅ་ལྟ་བུར་བཤད་ལ། གནས་པ་མི་རྟག་པ་ནི་སྤྲིན་ལྟ་བུའོ། །འཆི་བ་མི་རྟག་པ་ནི་གློག་ལྟ་བུ་སྟེ། དེ་ལྟར་སྤྲིན་ཐམས་ཅད་ཀྱང་མི་རྟག་པ་ཞེས་ཟེར་རོ། །དེ་ལྟར་ཕུང་པོ་ལ་སོགས་པའི་ཉེས་དམིགས་སྤང་བར་བཤད་ནས། ད་ནི་གང་ཟག་ཏུ་ལྟ་བ་སྤང་བའི་ཕྱིར་རོ། །དེར་གཏོགས་པའི་ཉེས་དམིགས་ཀྱི་མཚན་


DTG110_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བསྟན་པ་ནི། རྐྱེན་སྣ་ཚོགས་ལས་འབྱུང་བ་ཞེས་བྱ་བ་ལ་སོགས་པ་སྟེ། རྐྱེན་སྣ་ཚོགས་པ་ནི་མི་ཤེས་པ་དང༌། ལས་དང་སྲེད་པའི་རང་བཞིན་ནོ། །བདག་པོ་ཞེས་བྱ་བ་ནི་བྱེད་པ་པོ་སྟེ། དབང་ཕྱུག་ལ་སོགས་པའོ། །དེ་དག་བཙལ་ན་མི་རྙེད་པས་ན་མེད་པའོ། །དེའི་ཕྱིར་ཕུང་པོ་འདོད་རྒྱལ་དུས་དང་རང་བཞིན་དང༌། །ངོ་བོ་ཉིད་ལས་མ་ཡིན་རྒྱུ་མེད་ཡིན། །དབང་ཕྱུག་དེ་ཡི་རྒྱུ་མིན་དེ་ལྟ་བས། །མི་ཤེས་ལས་དང་སྲིད་ལས་བྱུང་རིག་མཛོད། །ཅེས་སློབ་དཔོན་ཉིད་ཀྱིས་གསུངས་སོ། །ས་དང་འདྲ་བ་ནི། སྲ་བའི་མཚན་ཉིད་དོ། །བྱེད་པ་ནི་ལས་ཏེ་དབང་ཕྱུག་ལ་སོགས་པས་མ་བྱས་པ་སྟེ་སྔ་མ་བཞིན་ནོ། །ཆུ་དང་འདྲ་བ་ནི་གཤེར་བའི་མཚན་ཉིད་དོ། །བདག་མེད་ཅེས་བྱ་བ་ནི་རྟག་པ་ལ་སོགས་པ་མེད་པའོ། །མེ་དང་འདྲ་བ་ནི་ཚ་ཞིང་སྲེག་པའི་མཚན་ཉིད་དོ། །སྲོག་མེད་པ་ནི་དྲོད་དེ་མེ་ཡིན་པའི་ཕྱིར་རོ། །རླུང་དང་འདྲ་བ་ནི་ཡང་བ་དང་གཡོ་བའི་མཚན་ཉིད་དོ། །གང་ཟག་མེད་པ་ནི་སྐྱེ་ཞིང་འཇིག་པའི་མཚན་ཉིད་ནི་ལས་དང་ཉོན་མོངས་པའི་དབང་ཡིན་པའི་ཕྱིར་རོ། །ནམ་མཁའ་དང་འདྲ་བ་ནི་རང་བཞིན་མེད་པའི་ཕྱིར་ཏེ། རིག་པས་བཙལ་ན་མི་རྙེད་པས་སོ། །དེ་ལྟ་བས་ན་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་ཞེས་བྱ་སྟེ། ཡང་དག་པ་མ་ཡིན་པ་དག་ནི་དེ་ཁོ་ན་ཉིད་དུ་བརྫུན་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། ལུས་ནི་ས་ལ་སོགས་པ་རྒྱུ་རྐྱེན་ཚོགས་པ་ལས་སྐྱེས་པ་ཡིན་པས་གནས་ཞེས་བྱ་ལ། དེ་དག་ཀྱང་རྒྱུ་གཅིག་གིས་འབྲས་བུ་དུ་མ་མི་བྱེད་ལ། རྒྱུ་གཅིག་གིས་འབྲས་བུ་གཅིག་ཀྱང་མི་བྱེད་པའི་ཕྱིར་དང༌། རྒྱུ་དུ་མས་འབྲས་བུ་དུ་མ་མི་བྱེད་ལ། རྒྱུ་དུ་མས་འབྲས་བུ་གཅིག་ཀྱང་མི་བྱེད་པའི་ཕྱིར་ལ། འོན་ཀྱང་མ་བརྟགས་པའི་མཚན་ཉིད་དུ་རྒྱུ་དང་འབྲས་བུ་ཡང་དམིགས་པས་ཡང་དག་པ་མ་ཡིན་པའོ། །ཕུང་པོ་ལྔ་ནི་བདག་དང་བདག་གིར་འཛིན་པའི་གཞི་སྟེ། དེ་ཡང་རྣམ་པར་ཤེས་པ་ལ་ནི་བདག་ཏུ་འཛིན་པ་ལ་ཕུང་པོ་ལྷག་མ་ལ་ནི་བདག་གིར་འཛིན་པས་ན་བདག་དང་བདག་གིའོ། །དེ་དག་ཀྱང་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་མེད་པས་ཏེ་སྟོང་པའོ། །ཅིས་སྟོང་ཞེ་ན། ལ་ལ་དག་ནི་བདག་ཅེས་བྱ་བ་དངོས་པོར་གྲུབ་པར་འདོད་དེ། དེ་དག་ཀྱང་ཅི་བདག་ཅེས་བྱ་བ་ཕུང་པོའི་ངོ་བོ་ཉིད་དམ་དེ་ལས་མ་གཏོགས་པ་ཞིག་ཏུ་ཡོད་གྲངས་ན། ཕྱོགས་


DTG110_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལྟར་ན་ཕུང་པོ་དག་ནི་མི་རྟག་ལ་དུ་མའི་ངོར་སྣང་བའི་ཕྱིར་དང༌། བདག་ཅེས་བྱ་བ་ནི་རྟག་པ་དང་གཅིག་པུར་བརྟགས་པའི་ཕྱིར་རོ། །ཕྱོགས་གཉིས་པ་ལྟར་ན། ཕུང་པོ་ལས་མ་གཏོགས་པའི་བདག་ནི་སྣང་དུ་རུང་བ་ལས་མི་དམིགས་པའི་ཕྱིར་དང༌། བདག་གི་ངོ་བོར་འདོད་པའི་ཕྱིར་མི་རུང་བ་ཉིད་དོ། །ལ་ལ་དག་ནི་རྡུལ་ཕྲ་རབ་འབྱུང་བ་ལ་སོགས་པའི་ངོ་བོར་གནས་སོ་ཞེས་འདོད་དོ། །དེ་དག་ཀྱང་ཆ་ཤས་དང་བཅས་པ་ལ་སོགས་པའི་སྐྱོན་དུ་འགྱུར་བའི་ཕྱིར། གང་ཡང་མི་རུང་བའོ། །ཧ་ཅང་སྤྲོས་པས་ཆོག་ནས་ད་ནི་དཀྱུས་མ་ཉིད་བརྗོད་པར་བྱ་སྟེ། བེམས་པོ་ཞེས་བྱ་བ་ནི་རྟོགས་པ་དང་བྲལ་བའོ། །ད་ནི་དཔེ་ནི་རྩྭ་ལ་སོགས་པའོ། །འོ་ན་ཅིའི་ཕྱིར་གཟུགས་ཀྱི་ཕུང་པོ་འགྲུབ་ཅེ་ན། རྣམ་པར་ཤེས་པ་ལ་བརྟེན་པའི་རླུང་གི་བྱེད་པས་ན་འཁྲུལ་འཁོར་དང་ལྡན་པར་འབྱུང་བའོ། །འོ་ན་བེམས་པོ་མ་ཡིན་ནོ་ཞེ་ན། ཚོར་བ་མེད་པས་ཏེ་ཉམས་སུ་མ་མྱོང་བའི་ཕྱིར་རོ། །འབྱུང་བ་ཞེས་བྱ་བ་ནི་སྐྱེ་གནས་ནས་རླུང་གིས་འཕེན་ཞེས་བྱ་བའི་དོན་ཏོ། །དེའི་དངོས་པོ་གང་ཞེ་ན། རྣག་དང་མི་གཙང་བ་བསགས་པ་ཞེས་བྱ་བ་སྟེ། ཁུ་བ་དང་ཁྲག་ལས་མཆི་གུའི་རྣམ་པ་ལྟ་བུར་འགྱུར་རོ། །སྙིང་པོ་མེད་པས་ན་གསོག་གོ །གནས་པའི་འདུ་བྱེད་ཀྱིས་ཀྱང་དགོད་པས་ན་རྟག་ཏུ་བྱུག་པ་ལ་སོགས་པའོ། །གང་ལས་ཤེ་ན། ནད་ཅེས་སྨོས་ཏེ། རླུང་དང་མཁྲིས་པ་དང་བད་ཀན་དང༌། འདུས་པ་ལས་གྱུར་པའི་ནད་བརྒྱ་རྩ་གཅིག་པ་བཞི་ནི་བཞི་བརྒྱ་རྩ་བཞིའོ། །གཙེ་བ་ནི་གཉེན་པོའོ། །རྒ་བ་ནི་འབྱུང་བ་ཡོངས་སུ་སྨིན་པའོ། །ཟིལ་གྱིས་ནོན་པ་ནི་རྟག་ཏུ་ཉེན་པའོ། །འཆི་བ་ནི་རྣམ་པར་ཤེས་པས་ལུས་ཡོངས་སུ་བཏང་བའོ། །དེ་ལ་རྩྭའི་རྐྱལ་པ་ལྟ་བུ་ཡིན་པས་ན་གསོབ་བོ། །ཁྲོན་པ་རྙིང་པའོ། །དེ་ལྟར་ན་སྐྱེ་བ་དང་གནས་པ་དང༌། ན་བ་དང་འཆི་བའི་ངོ་བོ་ཉིད་པས་ཉེས་དམིགས་སྣ་ཚོགས་པ་བཤད་ནས་ད་ནི་མདོར་བསྡུས་ཏེ་བཤད་པ་ནི། ཕུང་པོ་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཕུང་པོ་ལྔ་ནི་གཤེད་མ་ལྟ་བུ་སྟེ། འདིར་ཟག་པ་མེད་པའི་ཕུང་པོ་ལྔ་ལས་ལོགས་ཤིག་ཏུ་བསྟན་པའི་ཕྱིར་གཤེད་མ་ལྟ་བུ་ཞེས་སྨོས་པ་ཡིན་ནོ། །ཁམས་རྣམས་ནི་དུག་དྲག་པོ་ཞེས་སྨོས་ཏེ། སྤྲུལ་གདུག་པ་ལྟ་བུའོ། །སྐྱེ་མཆེད་རྣམས་ནི་གྲོང་སྟོང་པ་ལྟ་བུ་ཞེས་སྨོས་ཏེ། འདི་དག་གིས་ནི་ཉེས་དམིགས་མཚོན་པ་ཡིན་ནོ། །


DTG110_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་ལ་སོགས་པ་ལ་ཡོན་ཏན་དུ་བལྟ་བ་ནི་ལོག་པར་སྒྲུབ་པ་ཡིན་པས་མི་རྟག་པ་ལ་སོགས་པའི་མཚན་ཉིད་དུ་བཤད་ནས། ད་ནི་ཉེས་དམིགས་རྟོགས་ནས་དེ་སྤང་བར་བྱ་བའི་ཕྱིར་གདམས་པ་ནི། ཁྱེད་ཀྱིས་དེ་ལྟ་བུའི་ལུས་དེ་ལ་སུན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སུན་པ་ནི་དམུས་བྱུང་བར་བྱའོ། །སྐྱོ་བ་བསྐྱེད་པ་ནི་སྤང་བར་བྱའོ། །ཇི་ལྟར་ཞེ་ན། སྔར་བཤད་པ་ལྟར་གོམས་པར་བྱས་ལ་ཉེས་དམིགས་རྟོགས་པར་འགྱུར་རོ། །རྟོགས་ན་སྤོང་བར་འགྱུར་རོ། །འོ་ན་ཐོབ་པར་བྱ་བ་གང་ཡིན་ཞེ་ན། དེ་བཞིན་གཤེགས་པའི་སྐུ་ལ་མོས་པ་བསྐྱེད་པར་བྱའོ་ཞེས་གསུངས་ཏེ། འབྲས་བུ་ཐོབ་པར་བྱ་བ་ཡིན་པའི་ཕྱིར་རོ། །སྐུ་ནི་རྣམ་པ་གཉིས་ཏེ། གཟུགས་ཀྱི་སྐུ་དང༌། ཆོས་ཀྱི་སྐུའོ། །དེ་ལ་གཙོ་བོ་ཡིན་པའི་ཕྱིར་ཆོས་ཀྱི་སྐུ་སྨོས་ཏེ། ལུང་ལས་ཀྱང༌། །གང་ཞིག་ང་ལ་གཟུགས་སུ་མཐོང༌། །གང་ཞིག་ང་ལ་སྒྲར་ཤེས་པ། །ལོག་པར་སྤོང་བས་ཞུགས་པ་སྟེ། །སྐྱེ་བོ་དེས་ནི་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་ལྟ། །ཆོས་ཉིད་ཤེས་པར་བྱ་མིན་པར། །དེས་ནི་ཡང་དག་ཤེས་མི་ནུས། །ཞེས་གསུངས་པ་དང༌། ཡང་དགེ་སློང་དག་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུར་ཡོངས་སུ་རྫོགས་པར་ལྟོས་ལ་འཇིག་ཚོགས་ལ་སྐུར་མ་འཛིན་ཅིག་ཅེས་གསུངས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་སྐུ་ནི་སྔར་བཤད་པ་ལྟར་ཁྱབ་པ་དང་རྟག་པའི་ཕྱིར་ལ། གཟུགས་ཀྱི་སྐུ་ནི་ཀུན་རྫོབ་ཡིན་པས་དེ་མེད་པའི་ཕྱིར་རོ། །རྐྱེན་ལས་སྐྱེས་པ་རང་གི་དངོས་མ་སྐྱེས། །རྒྱལ་བ་རྣམས་ཀྱི་སྐུ་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ནམ་མཁའ་ལྟ་བུར་རྟག་གནས་ཞེས། །བསྟན་པས་ཆོས་སྐྱོང་འོད་ཟེར་འགྲུབ་པར་འགྱུར། །ཞེས་གསུངས་ལ། དགེ་སློང་དག་མཚན་བཟང་པོ་དང་དཔེ་བྱད་ཀྱི་ངོ་བོར་དེ་བཞིན་གཤེགས་པ་ལྟ་བ་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་དང༌། ཡང་བདག་ནི་རིང་བསྲེལ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལེན་ཏོ་ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་སུམ་ཅུ་རྩ་གཉིས་སུ་ཡིད་ལ་མི་བྱེད། དཔེ་བྱད་བཟང་པོ་བརྒྱད་ཅུར་ཡིད་ལ་མི་བྱེད་དེ། དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་ནི། སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པ་ཞེས་བྱའོ་


DTG110_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པས་ན་ཆོས་ཀྱི་སྐུ་ནི་ཐོབ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཐོབ་པའི་ཐབས་ལམ་གྱི་བདེན་པ་གང་ཞེ་ན། བསོད་ནམས་ལས་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོགས་གཉིས་ཀྱི་འབྲས་བུ་ཡིན་པའི་ཕྱིར་ལ་བར་གྱི་ཚིག་མི་མངོན་པར་བྱས་པས་བསོད་ནམས་ལས་སྐྱེས་པའོ་ཞེས་སྦྲེལ་ཏེ། དེ་ལྟ་མ་ཡིན་ན། བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག །ཅེས་སློབ་དཔོན་ཉིད་ཀྱི་ལུང་ཡང་ཇི་ལྟར་གྲང༌། ལ་ལ་ན་རེ་ཡོན་ཏན་གྱི་མཚན་ཉིད་ཙམ་ལ་ཆོས་ཀྱི་སྐུར་བཤད་པས་བསོད་ནམས་ལས་སྐྱེས་ཞེས་བྱའོ་ཞེས་ཀྱང་ཟེར་རོ། །ལ་ལ་ནི་དེ་ལྟ་ན་ནི་རྒྱུ་ནི་མ་ཚང་བའི་ཕྱིར་ཏེ། ཡོན་ཏན་གྱི་སྐུ་ལ་ཆོས་ཀྱི་སྐུར་བཤད་ན། ཡེ་ཤེས་ཀྱི་ཆ་ལ་བསོད་ནམས་སུ་ཅིའི་ཕྱིར་མི་འདོགས། འདོགས་ན་ནི་འདོད་པ་ཁོ་ན་ཡིན་ལ་མ་ཡིན་ན་ནི་རྒྱུ་མ་ཚང་བར་འགྱུར་རོ་ཞེས་ཀྱང་ཟེར་རོ། །བསོད་ནམས་ཉིད་གང་ཞེ་ན། སྦྱིན་པ་ལས་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱིན་པ་ནི་གཏོང་བ་དང༌། གཏོང་བ་ཆེན་པོ་དང༌། ཤིན་ཏུ་གཏོང་བའི་ངོ་བོ་ཉིད་དེ། སྔར་བཤད་པའི་ཕུང་པོ་ཡོངས་སུ་དག་པ་གང་ཡིན་པ་ནི། ཚུལ་ཁྲིམས་ལ་སོགས་པ་སྟེ། ཚུལ་ཁྲིམས་ནི་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པའོ། །ཏིང་ངེ་འཛིན་ནི་སྒྱུ་མ་ལྟ་བུ་ལ་སོགས་པའོ། །ཤེས་རབ་ནི་མཁྱེན་པ་སྟེ། གསུམ་ཆར་ཡང་ཟག་པ་མེད་པ་ལ་བྱའོ། །རྣམ་པར་གྲོལ་བ་ནི་མཐོང་བས་སྤང་བར་བྱ་བ་ལ་སོགས་པའི་སྒྲིབ་པ་ཐམས་ཅད་སྤངས་པའོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ནི་ཁྱད་པར་ཅན་གྱི་ཡེ་ཤེས་མངོན་སུམ་དུ་བྱས་པའོ། །བྱམས་པ་ལ་སོགས་པ་བཞི་ནི་ཚད་མེད་པའོ། །སྦྱིན་པ་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། དུལ་བ་ནི་ཉོན་མོངས་པ་འདུལ་བའོ། །ཡང་དག་པར་སྡོམ་པ་ནི་ཟག་པ་སྡོམ་པར་བྱེད་པའོ། །དགེ་བ་བཅུ་ནི་སྲོག་གཅོད་པ་སྤོང་བ་ལ་སོགས་པ་སྟེ་ཚུལ་ཁྲིམས་ཀྱི་རབ་ཏུ་དབྱེ་བའོ། །སྡུག་བསྔལ་ལས་ཇི་མི་སྙམ་པ་ལ་སོགས་པ་རྣམ་པ་གསུམ་ནི་བཟོད་པའོ། །གཞན་ལ་མི་འཚེ་བ་ནི་ངེས་པ་སྟེ། འདི་གཉིས་ནི་བཟོད་པའི་རབ་ཏུ་དབྱེ་བའོ། །རྒྱུན་མི་གཅོད་པས་ན་བརྩོན་འགྲུས་སོ། །བརྩོན་པ་མི་འདོར་བས་ན་བརྟན་པའོ། །སེམས་རབ་ཏུ་འཛིན་པའི་ཕྱིར་ཡང་བརྟན་པ་སྟེ། འདི་གསུམ་ནི་སྤྲོ་བའི་ཁྱད་པར་རོ། །བསམ་གཏན་ནི་བསམ་གཏན་དང་པོ་ལ་སོགས་པའོ། །རྣམ་


DTG110_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐར་པ་ནི་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ལ་སོགས་པ་བརྒྱད་དོ། །ཏིང་ངེ་འཛིན་ནི་དཔའ་བར་འགྲོ་བ་ལ་སོགས་པ་རྣམས་སོ། །སྙོམས་པར་འཇུག་པ་ནི་བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། འགོག་པའི་སྙོམས་པར་འཇུག་པའོ། །འདི་བཞི་ནི་ཏིང་ངེ་འཛིན་གྱི་རབ་ཏུ་དབྱེ་བ་ཡིན་ནོ། །ཐོས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་དེན་སྣང་བའི་མིག་གི་ཡུལ་ཅན་ནོ། །ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །ཐབས་ནི་ཐབས་ལ་མཁས་པའི་ཡོངས་སུ་འཛིན་པའོ། །འདིས་ནི་སྨོན་ལམ་དང༌། སྟོབས་དང༌། ཡེ་ཤེས་ཀྱང་བསྡུས་པར་རིག་པར་བྱ་སྟེ། འདི་གསུམ་ནི་ཤེས་རབ་ཀྱི་རབ་ཏུ་དབྱེ་བ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཀྱང་ལམ་གང་དུ་སྒོམ་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཞེས་སྨོས་ཏེ། དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པ་ལམ་བཞིའི་ངོ་བོ་ཉིད་དུ་སྒོམ་མོ། །དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དེ་དག་ཇི་ལྟར་བསྒོམ་ཞེ་ན། ཞི་གནས་དང་ལྷག་མཐོང་ཞེས་གསུངས་ཏེ། ཞི་གནས་ནི་སེམས་རྩེ་གཅིག་པའོ། །ལྷག་མཐོང་ནི་སོ་སོར་རྟོག་པའོ། །ལམ་ལྔ་པ་མི་སློབ་པའི་ལམ་ལ་ནི་སྟོབས་བཅུ་ཞེས་སྨོས་ཏེ། གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པ་བཅུའོ། །མི་འཇིགས་པ་ནི་ཉོན་མོངས་པ་སྤངས་པ་ཞལ་གྱིས་བཞེས་པ་ལ་སོགས་པ་བཞི་ལ་ཀླན་ཀའི་རྒོལ་བ་ཆོས་དང་མཐུན་པ་མེད་པ་བཞིའོ། །མ་འདྲེས་པ་བཅོ་བརྒྱད་ནི། སྤྱོད་པ་མ་འདྲེས་པ་དང༌། རྟོག་པ་མ་འདྲེས་པ་དང༌། ཕྲིན་ལས་དང་ཡེ་ཤེས་ཀྱི་མ་འདྲེས་པ་སྟེ། འཁྲུལ་པ་མི་མངའ་བ་ལ་སོགས་པ་བཅོ་བརྒྱད་དོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ནི་དད་པའི་སྟོབས་སུ་བཤད་པའི་ཡོན་ཏན་ཐམས་ཅད་ཀྱི་མཐར་ཕྱིན་པའོ། །མངོན་པར་ཤེས་པ་ནི་རྫུ་འཕྲུལ་ལ་སོགས་པ་རྣམ་པ་དྲུག་ཤེས་པའོ། །རིག་པ་ནི་རྣམ་པ་གསུམ་ཤེས་པའོ། །མི་དགེ་བ་ནི་སྡུག་བསྔལ་རྣམ་པ་གསུམ་མོ། །སྤོང་བ་ནི་ཀུན་འབྱུང་ངོ༌། །དགེ་བ་ནི་འགོག་པའི་ངོ་བོའོ། །སྡུད་པ་ནི་ལམ་མོ། །བདེན་པ་ནི་བསོད་ནམས་ཀྱི་ཚོགས་སོ། །ཡང་དག་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བག་ཡོད་པ་ནི་ཡོན་ཏན་དེ་དག་འགྲུབ་པའི་རྒྱུའི་དབང་དུ་བྱས་པའོ། །དེ་ལྟར་རྒྱས་པར་བཤད་ནས་མདོར་བསྡུ་ན། དགེ་བའི་ལས་ཚད་མེད་པ་ཞེས་བྱ་སྟེ། དངོས་པོ་དང་དུས་སོ། །དེ་ལ་དངོས་པོ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་དག་གོ །


DTG110_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ནི་བསྐལ་པ་གྲངས་མེད་པ་གསུམ་མོ། །དེ་ལྟར་ན་དངོས་པོ་དང་དུས་ཚད་མེད་པས་ཚད་མེད་པའོ། །རྣམ་གྲངས་གཞན་ཡང་སྔར་བཤད་པའི་ལམ་རྣམ་པ་བཞིའི་ངོ་བོར་ཕྱོགས་ཀྱི་ཆོས་རྣམས་སྒོམ་པར་བྱེད་པ་ན། ལམ་གང་དང་གང་ལ་གཙོར་བྱེད་ཅན་ཚོགས་ཀྱིས་ལ་མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་ཞེས་བྱ་སྟེ། ལྡོག་པའི་ཚུལ་ཁྲིམས་གཙོར་བསྒོམ་མོ། །སྦྱོར་བའི་ལམ་ལ་དགེ་བ་སྡུད་པ་ཞེས་བྱ་སྟེ། འཇུག་པའི་ཚུལ་ཁྲིམས་སོ། །མཐོང་བའི་ལམ་ལ་བདེན་པ་ལས་སྐྱེས་པ་ཞེས་བྱ་སྟེ། ཡེ་ཤེས་བཅུ་དྲུག་ལ་དམིགས་པའི་ཕྱིར་རོ། །བསྒོམ་པའི་ལམ་ལ་ཡང་དག་པ་ཉིད་ལས་སྐྱེས་པ་ཞེས་བྱ་བ་སྟེ། ཡང་དག་པ་ནི་ཕྱིན་ཅི་མ་ལོག་པའི་ཆོས་ཉིད་དོ། །ཉིད་ཅེས་བྱ་བ་ནི་ཇི་ལྟར་མཐོང་བའི་དོན་དེ་ཉིད་གོམས་པར་བྱེད་པའི་ཕྱིར་རོ། །བག་ཡོད་པ་ཞེས་བྱ་བ་ནི་ཆོས་དེ་དག་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་མཐའ་དག་པར་སྦྱར་བར་བྱའོ། །དགེ་བའི་ལས་ཚད་མེད་པ་ཞེས་བྱ་བ་ནི། བསོད་ནམས་བརྒྱ་ལས་སྐྱེས་པའོ་ཞེས་བྱའོ།། དེ་ལྟར་ན་སྐུ་རྣམ་པ་གཉིས་ནི། ཚོགས་རྣམ་པ་གཉིས་ལས་སྐྱེས་སོ་ཞེས་འདོད་དོ། །འོ་ན་ལམ་གྱི་ཆོས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ་ཞེས་འབྱུང་བ་མ་ཡིན་ནམ། བདེན་མོད་ཀྱི་འགལ་བ་ནི་མེད་དེ་དེར་ནི་གཙོ་བོ་སྨོས་ཏེ། འདིར་ནི་ལམ་མཐའ་དག་གཙོར་གཟུང་བ་ཡིན་ནོ། །དེ་ལྟར་བདེན་པ་བཞི་ཤེས་པར་བྱ་བ་ནི་ལོག་པར་སྒྲུབ་པ་སྤངས་པར་འགྱུར་རོ། །དེ་ལྟར་ཁྱིམ་པ་རྣམས་ཀྱི་སྒྲུབ་པ་སྤྱིར་བཤད་ནས། ད་ནི་དབང་ཕྱུག་གི་གནས་རྙེད་པ་རྣམས་ཀྱི་སྒྲུབ་པ་བྱེ་བྲག་ཏུ་བཤད་པར་བྱའོ། །དེ་ལ་ཡང་དག་པའི་སྒྲུབ་པ་བསྟན་པའི་ཕྱིར། །དབང་ཕྱུག་གི་གནས་རྙེད་ན་ཡང་ཞེས་གསུངས་ཏེ། ལོག་པར་སྒྲུབ་པ་ནི་མི་དགེ་བ་ལ་སོགས་པ་འོག་ནས་འབྱུང་བ་རྣམས་སོ། །ཡང་དག་པའི་སྒྲུབ་པ་ནི་ཚུལ་རྣམ་པ་བརྒྱད་ལ་སོགས་པའོ། །དེ་ཉིད་བསྟན་པ་ནི་སྐྱེ་དགུ་བསྐྱང་བ་ལ་བརྩོན་པའི་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་དགུ་ནི་རེས་སུ་གཏོགས་པའོ། །བསྐྱང་བ་ནི་ཆོས་ཀྱིས་བསྐྱང་བར་བྱ་བའོ། །ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་ཆོས་དང་མཐུན་པར་བྱེད་པ་མཐའ་དག་གོ །ལ་ལ་ནི་ཆོས་ཀྱི་རྒྱལ་པོ་ཞེས་བོད་པ་སྟེ། གང་ཕྱིར་བཟོད་དང་མི་བཟོད་པ། །ཤེས་པར་དགའ་བས་རྒྱལ་པོ་ནི། །ཆོས་མིན་རིགས་པས་མིན་སྤྱོད་ཀྱང༌། །རྗེས་སུ་འཚོ་བས་ཕལ་ཆེར་བསྟོད། །ཅེས་བྱ་བས་རབ་སྣང་གཏུམ་པོ་ལ་ངོར་བསྟོད་པ་བཞིན་ནོ་ཞེས་ཟེར་


DTG110_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་ནི་མ་ཡིན་ཏེ། གཅེར་བུ་བདེན་སྨྲ་བ་ནི་ངོར་བསྟོད་པའི་ཁ་གསག་ཅན་ཡང་མ་ཡིན་ཏེ། མདོ་འདི་ཉིད་ལས་རྒྱལ་པོ་ཆེན་པོ་ཁྱོད་ནི་གཏུམ་པོའོ་ཁྱོད་ནི་ཁྲོ་བོའོ་ཞེས་ངོར་ལྡོག་པའི་ཕྱིར་དང༌། བདེ་བའི་ཚིག་ནི་གོང་གི་འབྲེལ་བའི་སྒྲས་དྲངས་ཀྱང་མི་འཐད་པའི་ཕྱིར་རོ། །བརྒྱད་ཅེས་སྨོས་པ་ནི་བྱེ་བའི་ངོ་བོ་བསྡུས་པའི་ཕྱིར་ཏེ། ཞིབ་ཏུ་ནི་རྣམ་པའི་རབ་ཏུ་དབྱེ་བ་མཐའ་ཡས་པའི་ཕྱིར་རོ། །དེ་ཡང་གང་ཞེ་ན། གཞན་ལ་ལྟོས་པའི་དབང་དུ་བྱས་པ་དང༌། རང་ལ་ལྟོས་པའི་དབང་དུ་བྱས་པའོ། །གཞན་ལ་ལྟོས་པ་ནི་རྣམ་པ་གསུམ་སྟེ། སེམས་ཅན་སྡུག་བསྔལ་ལ་སྤྱོད་པ་དང༌། བདེ་བ་ལ་གནས་པ་དང༌། རྗེས་སུ་འབྲེལ་པའི་དབང་དུ་བྱས་པའོ། །སྡུག་བསྔལ་ལ་སྤྱོད་པ་ནི་རྣམ་པ་གཉིས་ཏེ། རྒྱུ་ལ་ཞུགས་པ་དང༌། སྡུག་བསྔལ་དངོས་ལ་སྤྱོད་པའི་དབང་དུ་བྱས་པའོ། །སྡུག་བསྔལ་གྱི་རྒྱུ་ལ་ཞུགས་པ་ནི་རྣམ་པ་གཉིས་ཏེ། བག་མེད་པ་དང་ལོག་པར་སྒྲུབ་པའོ། །དེ་ལ་བག་མེད་པའི་དབང་དུ་བྱས་ནས། རིས་སུ་གཏོགས་པ་ལ་བུའི་འདུ་ཤེས་སོ་ཞེས་བྱའོ། །ལོག་པར་སྒྲུབ་པའི་དབང་དུ་བྱས་ནས་ནད་པའི་འདུ་ཤེས་ཞེས་བྱའོ། །སྡུག་བསྔལ་དངོས་ལ་སྤྱོད་པའི་དབང་དུ་བྱས་ནས་སྙིང་རྗེའི་འདུ་ཤེས་ཞེས་བྱའོ། །བདེ་བ་ལ་གནས་པའི་དབང་དུ་བྱས་ནས་དགའ་བའི་འདུ་ཤེས་ཞེས་བྱའོ། །རྗེས་སུ་འབྲེལ་པ་རྣམ་པ་གཉིས་ཏེ། འཁོན་པས་རྗེས་སུ་འབྲེལ་པ་དང༌། མཛའ་བས་རྗེས་སུ་འབྲེལ་པའོ། །དེ་ལ་འཁོན་པས་རྗེས་སུ་འབྲེལ་པའི་དབང་དུ་བྱས་ནས། དེའི་གཞི་ལ་ཉེས་པར་ལྟ་བའི་འདུ་ཤེས་ཞེས་བྱའོ། །མཛའ་བས་རྗེས་སུ་འབྲེལ་པའི་དབང་དུ་བྱས་ནས། རྗེས་སུ་སྲུང་བའི་འདུ་ཤེས་ཞེས་བྱའོ། །རང་ལ་ལྟོས་པའི་རྣམ་པ་གཉིས་ཏེ། ལོངས་སྤྱོད་ཀྱི་དབང་དུ་བྱས་པ་དང༌། བདག་གི་དབང་དུ་བྱས་པའོ། །དེ་ལ་ལོངས་སྤྱོད་ཀྱི་དབང་དུ་བྱས་པ་ནི། སྨན་གྱི་འདུ་ཤེས་ཞེས་བྱའོ། །བདག་གི་དབང་དུ་བྱས་པ་ནི་བདག་མེད་པའི་འདུ་ཤེས་ཞེས་བྱས་སོ། །དེ་ལྟར་དབྱེ་བ་བསྟན་ནས། གསལ་བའི་དབྱེ་བ་བསྟན་པ་ནི། རྒྱལ་པོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱལ་པོ་ཆེན་པོ་ཞེས་བྱ་བ་ནི་བདེ་བའི་མཉེས་པའི་ཚིག་གོ །རིས་ནི་འཁོར་དུ་གྱུར་བའོ། །མི་སྲུན་པ་ནི་འཁོར་དུ་གྱུར་པ་བག་མེད་པའོ། །བག་མེད་པ་ནི་རྣམ་པ་གཉིས་ཏེ། སྡིག་པ་སྤྱོད་པ་དང༌། སོ་ཚིས་མི་ཤེས་པའོ། །ཚར་གཅད་པ་ནི་རྣམ་པ་བཞི་སྟེ། བཞམས་ཏེ་བསྒོ་བ་དང༌། འཁྱིག་


DTG110_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སྡོད་པ་དང༌། ཚོགས་སུ་སྨ་དབབ་པ་དང༌། བསྐྲད་པའི་ལས་བྱ་བའོ། །བསྐྲད་པ་ནི་རྣམ་པ་གཉིས་ཏེ། རེ་ཞིག་པ་དག་གཏན་དུ་བའོ། །སྙིང་རྗེའི་བསམ་པ་མི་གཏོང་བ་ནི། ཐམས་ཅད་དུ་རང་གི་ཉོན་མོངས་པ་ལས་སྲུང་བའོ། །ནད་པའི་འདུ་ཤེས་ནི་ཇི་སྐད་དུ། རྟག་ཏུ་ཉེས་པས་རང་དབང་མེད་པར་བྱས་སེམས་ཀྱིས། །སྐྱེ་བོ་རྣམས་ལ་བློ་ལྡན་ཉེས་པར་མི་འཛིན་ཏེ། །མི་འདོད་བཞིན་དུ་ལོག་པར་སྒྲུབ་པར་འགྱུར་རོ་ཞེས། །སྐྱེ་བོ་དག་ལ་སྙིང་རྗེ་རྣམ་པར་འཕེལ་ཕྱིར་རོ། །ཞེས་གསུངས་པ་ལྟ་བུའོ། །མི་ཁྲོ་བ་ནི་བྱམས་པ་བསྒོམ་པའོ། །འགྱོད་པ་སྤོང་བ་ནི་ཉེས་པ་སྤོང་བར་བྱེད་པའོ། །སྡུག་བསྔལ་ནི་རྣམ་པ་བརྒྱད་ཅུ་དག་ལ་ཅི་རིགས་པར་སྡུག་བསྔལ་བའོ། །སྙིང་རྗེ་ནི་བསལ་བར་འདོད་པའོ། །གནོད་པ་སྤོང་བ་ནི་དེ་ཉིད་དེའི་སྙིང་རྗེའོ། །ཕན་པ་སྒྲུབ་པ་ནི་བྱམས་པའོ། །བདེ་བ་ལ་གནས་པ་ནི་རྣམ་པ་གསུམ་སྟེ། དམན་པ་དང༌། མཉམ་པ་དང༌། མཆོག་ཏུ་གྱུར་པའོ། །དེ་ལ་དམན་པ་དང༌། མཉམ་པའི་གང་ཟག་གི་དབང་དུ་བྱས་ནས་བརྣབ་སེམས་མི་བསྐྱེད་པའོ། །མཆོག་གི་དབང་དུ་བྱས་ནས་ཕྲག་དོག་མེད་པའོ། །མི་མཛའ་བ་ནི་འཁོན་པ་རྗེས་སུ་འབྲེལ་པའོ། །གཞི་ནི་སེམས་ལ་བྱའོ། །མཛའ་བ་ནི་མཐུན་པ་ཉིད་དོ། །བརྟན་པ་ནི་མི་གཡོ་བའོ། །དེ་ལྟ་བས་ན་ཞེ་སྡང་བ་དང་ཆགས་པའི་སེམས་སྤོང་བ་སྟེ། འདི་གཉིས་ནི་བཏང་སྙོམས་སུ་བཤད་པ་ཡིན་ནོ། །དེ་ལྟར་ན་སྙིང་རྗེ་དང༌། བྱམས་པ་དང༌། དགའ་བ་དང༌། བཏང་སྙོམས་ཏེ་ཚད་མེད་པ་བཞི་ནི་གཞན་དོན་སྒྲུབ་པའི་ཐབས་སུ་བསྟན་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གནོད་སེམས་ལ་སོགས་པ་དང་ལྡན་ན། སེམས་ཅན་ཡོངས་སུ་སྤོང་བར་བྱེད་པའི་ཕྱིར་རོ། །ལོངས་སྤྱོད་ནི་རྣམ་པ་གཉིས་ཏེ། ལུས་ལ་བརྟེན་པ་དང༌། ལོངས་སྤྱོད་ལ་བརྟེན་པའོ། །དེ་ལ་ལུས་ལ་བརྟེན་པའི་དབང་དུ་བྱས་ནས་འདོད་པ་ལོག་པར་མི་སྤྱོད་པ་ཞེས་བྱ་སྟེ། རང་གི་ཆུང་མས་ཆོག་ཤེས་པའོ། །ལོངས་སྤྱོད་ལ་བརྟེན་པའི་དབང་དུ་བྱས་ནས། མ་ཆགས་པར་ཡོངས་སུ་སྤྱོད་པ་ཞེས་གསུངས་ཏེ། ཆགས་པ་ནི་ཞེན་པའོ། །དེས་ན་འཕགས་པ་ཉིད་ཀྱིས་ཀྱང༌། ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིས། །ཆགས་དང་ཞེ་སྡང་མེད་པར་བརྟེན་བགྱིས་ཏེ། །རྒྱགས་པའི་ཕྱིར་དང་སྙེམས་པའི་ཕྱིར་མ་ལགས། །འཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །ཞེས་གསུངས་སོ། །བདག་གི་དབང་དུ་བྱས་པ་ནི་སྐྱེས་བུ་དམ་པ་བསྟེན་པ་


DTG110_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

དང། དམ་པའི་ཆོས་ཉན་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པའོ། །དེ་ལ་སྐྱེས་བུ་དམ་པ་ལ་བརྟེན་པའི་དབང་དུ་བྱས་ནས་དྲུང་དུ་འགྲོ་བ་སྨོས་སོ། །དམ་པའི་ཆོས་ཉན་པའི་དབང་དུ་བྱས་ནས་ཆོས་དོན་དུ་གཉེར་བ་སྨོས་སོ། །ཚུལ་བཞིན་ཡིད་ལ་བྱེད་པའི་དབང་དུ་བྱས་ནས། རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་སྨོས་ཏེ། ཆོས་ནི་མྱ་ངན་ལས་འདས་པའོ། །རྗེས་སུ་མཐུན་པའི་ཆོས་ནི་ཐར་བ་དང་རྗེས་སུ་མཐུན་པའོ། །ལ་ལ་ན་རེ་ཆོས་ནི་མཐོང་བའི་ལམ་སྟེ། དེ་དང་རྗེས་སུ་མཐུན་པ་ནི་སྦྱོར་བའི་ལམ་མོ་ཞེས་ཟེར་རོ། །དེ་ལ་འདོད་པས་ལོག་པར་གཡེམ་པ་སྤོང་བ་ནི། ལུས་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ། །ལོངས་སྤྱོད་ལ་མ་ཆགས་པར་སྤྱོད་པ་ནི། ལོངས་སྤྱོད་ཕུན་སུམ་ཚོགས་པའི་རྒྱུ་སྟེ། འདི་གཉིས་ནི་མཐོ་རིས་ཐོབ་པར་བྱེད་པའི་ཐབས་སོ། །སྐྱེས་བུ་དམ་པ་ལ་བརྟེན་པ་ལ་སོགས་པ་ནི་ཐར་པའི་རྒྱུ་སྟེ། དེ་ལྟར་ན་མཐོ་རིས་དང་བྱང་གྲོལ་དག་ནི་རང་གི་ཕན་པ་ཡིན་ཏེ། དེ་ལྟར་ན་རང་དོན་དང་གཞན་དོན་གཉིས་ལས་བསྒྲུབ་པར་བྱ་བ་གཞན་མེད་ལ། འདི་དག་གི་ཐབས་ཀྱང་འདི་དག་གིས་བསྟན་པས་ན་བརྒྱད་ཅེས་བསྟན་ཏོ། །འོ་ན་བདེ་བ་གང་ཡིན་པ་བསྟན་དགོས་སོ་ཞེ་ན། ཕན་པའི་སྤྱོད་པ་ལ་ཞུགས་པ་དག་ནི་བདེ་བ་ཞར་ལ་འོང་བས་ལོགས་ཤིག་ཏུ་བསྟན་མི་དགོས་པ་ནི། འདུ་ཤེས་བརྒྱད་པོ་དེ་དག་ལ་གནས་པ་ལ་ནི་ཞེས་སྨོས་སོ། །ལྡོག་པའི་སྒོ་ནས་བསྟན་པ་ནི། ཆོས་དང་མི་ལྡན་པས་ཞེས་བྱ་བ་ལ་སོགས་པ་སྟེ། གཡོ་ནི་བསླུ་བའི་སེམས་སོ། །འདུན་པ་ནི་ཡོ་བྱད་འདོད་པའོ། །ལ་ལ་ན་རེ་རྒྱལ་པོའི་ངོར་བྱས་པས་ན་བརྒྱད་དུ་བསྟན་ཏེ། ཅིའི་ཕྱིར་ཞེ་ན། རབ་སྣང་གཏུམ་པོ་ལ་སོགས་པ་ནི་རྣམ་པར་འཚེ་བ་ལ་སོགས་པའི་སྐྱོན་བརྒྱད་ཧ་ཅང་ཤས་ཆེ་བའི་ཕྱིར་རོ། །དེའི་གཉེན་པོ་གླང་པོ་ཆེའི་ལྟ་སྟངས་ཀྱིས་བསྟན་ཏོ་ཞེས་ཀྱང་ཟེར་རོ། །ལ་ལ་ནི་བྱ་བའི་མཆོག་བསྡུས་པ་ཡིན་ཞེས་ཀྱང་ཟེར་རོ། །ལ་ལ་ནི་འཁོར་དེར་ཚོགས་ཀྱི་བསམ་པས་བསྟན་ཏོ་ཞེས་ཀྱང་འདོད་དོ། །དེ་ལྟར་བདེན་པ་པོའི་ལེའུ་ལས་ཀྱང་ཡང་དག་པའི་སྒྲུབ་པ་བསྟན་ནས། ད་ནི་ཡིད་གཉིས་ཡང་དག་པར་སེམས་པའི་སྒྲུབ་པ་བསྟན་པའི་ཕྱིར་ཆོས་བཞི་དང་ལྡན་ན་ཞེས་སྨོས་ཏེ། རང་དང་གཞན་གྱི་དོན་འགྲུབ་པའི་སྦྱོར་བ་སྤྱིར་བསྟན་ནས། རང་མ་དུལ་བས་གཞན་འདུལ་བར་མི་འགྱུར་བའི་ཕྱིར། རང་གི་དོན་འཐོབ་པའི་ཐབས་བྱེ་བྲག་ཏུ་བསྟན་པའི་ཕྱིར། ཆོས་


DTG110_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཞེས་སྨོས་སོ། །རང་གི་དོན་ནི་རྣམ་པ་གཉིས་ཏེ། ཕན་པ་དང༌། བདེ་བའོ། །ཕན་པ་ནི་རྣམ་པ་གཉིས་ཏེ། གཏན་དུ་བ་དང༌། གཏན་དུ་བ་མ་ཡིན་པའོ། །དེ་ལྟར་ན་བསྟན་པ་ཕན་པ་གཏན་དུ་བ་མ་ཡིན་པ་ནི། རེ་ཞིག་པ་སྟེ་ལྷ་དང་མི་ཐོབ་པའོ། །དེའི་དབང་དུ་བྱས་ནས་ལོག་པར་མི་ལྟུང་བ་ཞེས་གསུངས་ཏེ། ལོག་པ་ནི་སེམས་ཅན་དམྱལ་བ་ལ་སོགས་པའོ། །མི་ལྟུང་བ་ནི་དེ་དག་ཡོངས་སུ་སྤོང་བའོ། །དེ་ལྟ་བུའི་ལུས་ལ་བརྟེན་ནས་ཕན་པ་གཏན་དུ་བ་གྲུབ་པས་དེ་བསྟན་པ་ནི། མྱུར་དུ་མཉེས་པར་བྱེད་པ་གསུངས་ཏེ། མཉེས་པར་བྱེད་པ་ནི་སངས་རྒྱས་མཐོང་བའོ། །སངས་རྒྱས་མཐོང་བ་ཙམ་གྱིས་ཕན་པ་གཏན་དུ་བར་ཇི་ལྟར་འགྱུར། རྒྱལ་པོ་མ་སྐྱེས་དགྲས་རྩེ་མོ་ཐོབ་པ་ཡིན་ཡང་མཚམས་མེད་པ་ལ་ཞུགས་པ་ལྟ་བུའོ་ཞེ་ན། ཆོས་ཅན་ཞེས་སྨོས་ཏེ་བཟོད་པ་མྱུར་དུ་ཐོབ་བོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །དེའི་ཕྱིར་ཕན་པ་གཏན་དུ་བ་ཉིད་དུ་འགྱུར་ཏེ། བཟོད་པ་ཐོབ་ནས་ངན་སོང་དུ་མི་ལྟུང་བའི་ཕྱིར་རོ། །བདེ་བའི་དབང་དུ་བྱས་ནས། ལོངས་སྤྱོད་ཆེན་པོ་ཡང་ཡོངས་སུ་འཛིན་ཏོ་ཞེས་གསུངས་ཏེ། ཕུན་སུམ་ཚོགས་པ་ནི། མ་ལུས་པ་མཐའ་དག་པའོ། །མ་འོངས་པའི་ཕན་པར་འགྱུར་བ་ཚེ་འདིའི་བདེ་བ་ཇི་ལྟར་གཞག །གལ་ཏེ་ཚེ་འདི་ཉིད་དུ་འདོད་དོ་ཞེ་ན། མཉེས་པར་བྱེད་ཅིང་ཞེས་བྱ་བའི་སྒྲའི་འབྲེལ་པ་ཇི་ལྟར་གྲང་ཞེ་ན། རྩ་བའི་འབྲེལ་པས་སྡེབས་པའི་ཕྱིར་མཉེས་པར་བྱེད་ཅིང་ཞེས་འོག་མ་ཉིད་དུ་བསྟན་ཀྱང་ཧྭ་ཞེས་བྱ་བ་བདེ་བའི་བརྡ་ཅན་དུ་བྱས་ནས་ཚེ་འདིའི་བདེ་བར་འགྱུར་བར་མངོན་ནོ། །འང་ཞེས་བྱ་བ་བསྡུ་བའི་ཚིག་ནི་ཧེའི་བྱེད་པར་སྣང་གི །བསྡུ་བའི་ཚིག་ཏུ་མི་འགྱུར་བའི་ཡང་ཕྱིར་རོ། །དེ་ལྟ་མ་ཡིན་ན་རྒྱུ་འབྲས་བུ་དག་གི་ཟློག་པ་ཇི་ལྟར་འཐད། མངོན་པའི་མཛོད་ལས། རྒྱུ་སྔར་ཡོད་པར་བསྟན་པའང་བསམ་པ་དམན་པ་ལ་དགོངས་པའི་ཕྱིར་རོ། །ཐེག་པ་ཆེན་པོ་ལ་རྒྱུ་འབྲས་ངེས་པ་མེད་པར་བསྟན་པས་ཉེས་པ་མེད་དོ། །མངོན་པར་ཞེན་པ་བཟློག་པར་ཟད་ཀྱི་འདིར་ནི་ངེས་པ་ཅན་ཁོ་ནར་འདོད་དོ། །དེ་ལྟ་མ་ཡིན་ན་འབྲས་བུ་དག་ཇི་ལྟར་ཐོབ་པར་འགྱུར། འབྲས་བུ་འདོད་པ་རྒྱུ་ལ་ནན་ཏན་བྱས་ན་ཐོབ་ཀྱི་འབྲས་བུ་ལ་ཇི་ལྟར་གཞན་དུ་འབད། ཧ་ཅང་སྤྲོས་པས་ཆོག་གོ །འབྲས་བུ་ཐོབ་པའི་རྒྱུ་ཉིད་གང་ཞེ་ན། དེ་བསྟན་པའི་ཕྱིར། བསྟན་པ་བསྲུང་བའི་སླད་དུ་གནས་པ་ཡིན་ཞེས་བྱ་


DTG110_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་པ་གསུངས་ཏེ། བསྟན་པ་ནི་དམ་པའི་ཆོས་ལ་བྱའོ། །སྲུང་བ་ནི་ཡོངས་སུ་འཛིན་པའོ། །འཛིན་པའི་ཚུལ་ནི་རྣམ་པ་བཞི་སྟེ། སྒྲུབ་པ་དང་ལྡན་པས་འཛིན་པ་དང༌། རིགས་པ་དང་ལྡན་པས་འཛིན་པ་དང༌། དབང་ཕྱུག་དང་ལྡན་པས་འཛིན་པ་དང༌། རྣལ་འབྱོར་དང་ལྡན་པས་འཛིན་པའོ། །སྒྲུབ་པ་དང་ལྡན་པས་འཛིན་པ་ནི། ཐོས་པ་དང༌། བསམ་པ་དང༌། སྒོམ་པ་ལ་རབ་ཏུ་སྦྱོར་བའོ། །རིགས་པ་ནི་རྣམ་པ་མང་སྟེ། མངོན་སུམ་དང་རྗེས་སུ་དཔག་པས་དེ་དག་གིས་ཇི་ལྟར་འཛིན་ཅེ་ན། མངོན་སུམ་དང་རྗེས་སུ་དཔག་པ་ལ་བརྟེན་ནས་ཆོས་མི་མཐུན་པར་སྨྲ་བའི་ཕྱི་རོལ་གྱི་མུ་སྟེགས་ཀུན་དུ་རྒྱུ་ལ་སོགས་པ་དག་གིས། རྟག་པར་འཛིན་པ་ལ་སོགས་པའི་གྲུབ་པའི་མཐའ་ངན་པ་རྣམ་པར་འཇོམས་ཤིང༌། ཡང་དག་པའི་ལྟ་བ་ལ་འགོད་པ་དང༌། ཡིད་ཆེས་པའི་ལུང་ལ་བརྟེན་ནས། ནང་གི་མུ་སྟེགས་ཁ་ཅིག་བརྗེད་དུ་མེད་པའི་གང་ཟག་ཏུ་ལྟ་བ་ལ་སོགས་པ་ལོག་པའི་གྲུབ་པའི་མཐའ་ལ་ཞེན་པ་རྣམས་དེ་ལས་བཟློག་ཅིང༌། ཡང་དག་པའི་ལྟ་བ་ལ་འགོད་པ་དག་ནི། རེག་པ་དང་ལྡན་པས་ཆོས་ཡོངས་སུ་འཛིན་པ་ཡིན་ནོ། །དབང་ཕྱུག་དང་ལྡན་པས་ཇི་ལྟར་འཛིན་ཅེ་ན། ཁ་ཅིག་རྒྱལ་པོ་དབང་ཕྱུག་གི་ཆེ་བ་ཉིད་ཐོབ་པར་འགྱུར་བའི་ཚེ། དེའི་འཁོར་དུ་དགེ་སྦྱོང་དང་བྲམ་ཟེ་གང་ཡང་རུང༌། ཡང་ལ་ལ་ཞིག་ཆེན་པོ་ཡོངས་སུ་སྤངས་ཤིང་བོར། དེ་བཏང་ནས་ནག་པོ་བསྟན་པའི་ཆོས་སྟོན་ཅིང་འདུལ་བ་ལ་འགོད་པས་དམ་པའི་ཆོས་ནུབ་པར་བྱེད་པ་མཐོང་ན། ཀྱེ་མ་སེམས་ཅན་འདི་དག་ནི་ལོག་པའི་ལམ་དུ་ཞུགས་ཤིང༌། གཞན་ཡང་དེའི་རྗེས་སུ་འཁྲིད་པར་བྱེད་པ་ལ་ཕན་པ་དང་བདེ་བ་འབྱུང་བའི་རྒྱུ་ཡང་ནུབ་པར་བྱེད་པས། མ་ལ་བདག་ནི་ངན་སོང་དུ་ལྷུང་ཡང་བླའི། འདི་དག་ནི་དེ་ལྟ་མ་ཡིན་ནོ་སྙམ་ནས་སྙིང་རྗེའི་བསམ་པས་དེ་དག་སྲོག་དང་བྲལ་བའི་བར་དུ་བྱེད་ཅིང༌། དེས་ཆོས་ཡུན་རིང་དུ་གནས་པ་ནི་དབང་ཕྱུག་དང་ལྡན་པས་ཡོངས་སུ་འཛིན་པའོ། །རྣལ་འབྱོར་དང་ལྡན་པས་འཛིན་པ་གང་ཞེ་ན། འགའ་ཞིག་བསམ་གཏན་གྱི་མཐུ་ཕུལ་དུ་བྱུང་ཞིང་ཏིང་ངེ་འཛིན་ལ་དབང་ཐོབ་པར་འགྱུར་བས། སྔར་བཤད་པ་ལྟ་བུའི་གང་ཟག་ལ་རྫུ་འཕྲུལ་སྟོན་ཅིང༌། སྐྲག་པའམ་འདུན་པར་བྱེད་པས་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱེད་པ་ནི་རྣལ་འབྱོར་དང་ལྡན་པས་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །དོན་གྱི་སྐབས་འདིར་ནི་སྒྲུབ་པས་འཛིན་པའི་ཕྱོགས་


DTG110_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བསྟན་ཏོ། །གཉིས་པ་ནི་སྡིག་པ་མི་དགེ་བའི་ཆོས་ལ་སྨོད་པ་ཞེས་བྱ་སྟེ། ཀུན་རྫོབ་ལ་སྐུར་པ་མི་འདེབས་པའི་ཕྱིར་རོ། །གསུམ་པ་ནི་སྟོང་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྟེ། བཞི་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ནི་ཀུན་རྫོབ་དང་དོན་དམ་པའོ། །དེས་ན་ཆོས་ཡོངས་སུ་འཛིན་པ་ནི་ཕན་པ་དང་བདེ་བའི་རྒྱུ་ཡིན་ནོ་ཞེས་བཤད་པར་བྱའོ། །དོན་འགྲུབ་པའི་ཐབས་ཐམས་ཅད་ཀྱང་ཕན་ཚུན་དུ་འདྲ་བ་མ་ཡིན་ནོ་ཞེ་ན། བདེན་མོད་ཀྱི་འདིར་སྔར་བརྗོད་པའི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་བཤད་པ་དེ་ཉིད་ནི་རྒྱས་པར་བྱས་པ་ཡིན་པས་དོན་ཐོབ་པ་གཙོ་བོ་ཞེས་བཤད་པར་བྱའོ། །དེ་ལྟར་ཡང་དག་པར་སྒྲུབ་པར་བཤད་ནས་ད་ནི་ལོག་པར་སྒྲུབ་པ་བསྟན་པའི་ཕྱིར་རེ་ཞིག་མཚམས་སྦྱར་བ་ནི་མི་དགེ་བ་ཡོངས་སུ་སྤང་བར་བྱ་བ་གང་ཞེ་ན་ཞེས་སྨོས་ཏེ། སྔར་བཤད་པ་དེའི་མི་མཐུན་པའི་ཕྱོགས་ཉིད་མི་དགེ་བ་ཡིན་པ་ན་ཡིན་ནམ། དེ་ལས་ལྷག་པ་ཅི་ཞིག་ཡོད་ཅེས་རྒོལ་བ་ནི་གང་ཞེ་ན་ཞེས་བྱའོ། །ལན་ནི་དེར་མ་ཟད་ཀྱི་རྩ་བའི་ལྟུང་བ་དག་ཀྱང་ཡིན་ནོ་ཞེས་བསྟན་པ་ནི་ཉི་མའི་སྙིང་པོའི་ལེའུ་ལས་འབྱུང་བ་ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལ་རྩ་བའི་ལྟུང་བ་ནི་འདིར་རྣམ་པ་བཞི་སྟེ། རྒྱལ་པོའི་རྩ་བའི་ལྟུང་བ་དང༌། བློན་པོའི་རྩ་བའི་ལྟུང་བ་དང༌། ཉན་ཐོས་ཀྱི་རྩ་བའི་ལྟུང་བ་དང༌། བྱང་ཆུབ་སེམས་དཔའ་ལས་དང་པོ་བའི་རྩ་བའི་ལྟུང་བའོ། །དེ་ལ་ཉན་ཐོས་ཀྱི་རྩ་བའི་ལྟུང་བ་ནི་རྣམ་པ་ལྔ་སྟེ། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་ནས་མཚམས་མེད་པའི་ལས་ཀྱི་བར་དུའོ། །བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་ནི་རྣམ་པ་བརྒྱད་དེ། ཡོངས་སུ་མ་སྨིན་པའི་གང་ཟག་ལ་སྟོང་པ་ཉིད་བརྗོད་པ་ལ་སོགས་པའོ། །དེ་ལ་ཉན་ཐོས་ཀྱི་རྩ་བའི་ལྟུང་བ་དག་ནི་གོང་མ་དང་འབྲེལ་པའོ། །བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་དག་ནི་འོག་མ་དང་འབྲེལ་པའོ། །དེ་ལ་ཉན་ཐོས་ཀྱི་ས་དང་འབྲེལ་པ་དག་ནི་ཉན་ཐོས་ཀྱི་ས་རྣམས་སུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་བརྗོད་པར་བྱ་སྟེ། འཕགས་པ་ཀླུ་སྒྲུབ་ཉིད་ཀྱིས་ནི་བྱང་ཆུབ་དཔའ་ལས་དང་པོ་པའི་རྩ་བའི་ལྟུང་བ་ནི་བཅུ་གཉིས་སུ་བཞེད་དེ་གང་ཞེ་ན། འཕགས་པ་ནམ་མཁའི་སྙིང་པོའི་མདོ་ལས་རྩ་བའི་ལྟུང་བ་རྣམ་པ་བརྒྱད་དང༌། ཐུན་མོང་བར་གྱུར་པ་བཞིའོ། །དེ་ལ་ལས་ཀྱི་


DTG110_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་དང༌། དངོས་གཞི་དང༌། མཇུག་ཡོངས་སུ་རྫོགས་པ་ལས་ཕམ་པའི་ལྟུང་བ་རྣམ་པར་གཞག་གོ །ལ་ལ་ན་རེ་འཕགས་པ་ཀླུ་སྒྲུབ་ཉིད་ཀྱིས་ནི་སྔར་བསྟན་པ་བརྒྱད་དང༌། དེའི་སྟེང་དུ་སེར་སྣས་སློང་བ་ལ་སྦྱིན་པར་མི་བྱེད་པ་དང༌། ཆོས་མ་ཡིན་པ་ཆོས་སུ་བརྗོད་པ་དང༌། བྱང་ཆུབ་ཀྱི་སེམས་ཡོངས་སུ་སྤོང་བ་སྟེ། བཅོ་ལྔ་པོ་ནི་བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་རྣམ་པར་གཞག་གོ་ཞེའོ། །ལ་ལ་ན་རེ་འཕགས་པ་ཐོགས་མེད་དང་རྗེས་སུ་མཐུན་པར་གཞག་གོ་ཞེས་ཟེར་རོ། །འཕགས་པ་ཐོགས་མེད་ཞབས་ཀྱིས་ནི་བྱང་ཆུབ་སེམས་དཔའི་ས་ལ་རྩ་བའི་ལྟུང་བ་རྣམ་པ་བརྒྱད་དུ་གསལ་བར་གཞག་པ་ནའོ། །འདིར་རྒྱལ་པོ་ལ་སོགས་པའི་རྩ་བའི་ལྟུང་བ་ཅིའི་ཕྱིར་བསྟན། གལ་ཏེ་སྡོམ་པ་དང་འབྲེལ་པས་སོ་ཞེ་ན། དེ་དག་ལས་ཇི་ལྟར་ངེས་ཀྱི་གཞན་ལ་མ་ཡིན། མ་ཡིན་ན་ནི་རྩ་བའི་ལྟུང་བར་ཇི་ལྟར་གཞག །ཉེས་པ་མིང་དེ་འདིར་ནི་དགེ་བའི་རྩ་བ་ཆད་པ་ལ་དགོངས་པ་དང༌། འབྱུང་བ་ཉེ་བས་རྩ་བའི་ལྟུང་བ་དང༌། རྒྱལ་པོ་ལ་སོགས་པ་ལས་གཞག་གོ །དེ་ལྟ་བས་ན་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཆུད་གསན་པར་འགྱུར་ཞེས་འབྱུང་བ་དང༌། ཡང་ལོག་པར་ལྟ་བ་དང་གྲོང་འཇོམས་པ་དག་སོ་སོར་བསྟན་པས་འབྱུང་བ་ཉེ་བར་གསལ་བ་ཉིད་དོ། །གང་ལྟར་ཡང་ཟད་མོད་སྡོམ་པའི་རྩ་བར་ལྟུང་བར་གཞག་གོ །མ་ཡིན་ཏེ། རྩ་བའི་ལྟུང་བ་དག་ནི་སྡོམ་པ་གཅོད་པར་བྱེད་པའི་ཕྱིར་ལ། འདི་དག་སྡོམ་པ་ཅན་ལས་ན་ཁ་ན་མ་ཐོ་བ་ཆེན་པོར་འགྱུར་དུ་ཟིན་ཀྱང༌། སྡོམ་པ་གཅོད་པར་བྱེད་པར་མི་འགྱུར་བས་རྩ་བའི་ལྟུང་བར་གཞག་པར་མི་བྱའོ། །མ་བྱིན་པར་ལེན་པ་དང་སྲོག་གཅོད་པ་དག་གིས་ཀྱང་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ནི་འདོད་པ་ཉིད་ཡིན་ཡང་ཚུལ་ཁྲིམས་འཆལ་པ་ལ་ཞེ་སྡང་བ་དང༌། ཆོས་སྤོང་བ་དང༌། ལོག་པར་ལྟ་བ་དག་ཇི་ལྟར་གཞག་པར་བྱ། བར་དུ་གཅོད་པའི་ཆོས་དང༌། མི་དགེ་བ་བཅུའི་གནོད་པ་ཞེས་མིང་དུ་བསྟན་པ་ལས་ན་རྩ་བའི་ལྟུང་བ་མ་ཡིན་པར་མངོན་ནོ། །དེ་ལྟ་བས་ན་རྒྱལ་པོ་དང་བློན་པོའི་ལྟུང་བ་བསྟན་པས་ན། སྡོམ་པ་དང་རྗེས་སུ་འབྲེལ་པའི་རྩ་བའི་ལྟུང་བ་མཚོན་པ་ཡིན་ནོ། །དེ་དག་དངོས་སུ་ཅིའི་ཕྱིར་མི་བསྟན་ཞེ་ན། སོ་སོར་ཐར་པ་དང༌། ནམ་མཁའི་སྙིང་པོའི་མདོ་ལས་གསལ་བའི་ཕྱིར་རོ། །རྒྱལ་པོ་ལ་སོགས་པ་དག་ཀྱང་འདྲ་བ་མ་ཡིན་ནམ་ཞེ་ན། དེ་ནི་ཐེ་ཚོམ་ཟ་བ་སྲིད་པས་མདོ་


DTG110_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་ངེས་དོན་དུ་བྱས་པའི་ཕྱིར་དང༌། ཁྱིམ་པ་སྒྲུབ་པ་ཡིན་པས་དེ་དག་ཕྱོགས་གཅིག་ཏུ་བསྟན་པའི་ཡང་ཕྱིར་རོ། །སྡོམ་པ་དང་རྗེས་སུ་འབྲེལ་པའི་ཡང་དེ་དང་འདྲ་བ་ཁོ་ན་ཡིན་པས་བསྟན་པར་རིགས་སོ་ཞེ་ན། དེ་ནི་གོང་དུ་སེམས་བསྐྱེད་པ་བསྟན་པས་དེའི་མི་མཐུན་པའི་ཆོས་སྤང་བར་གོ་བའི་ཕྱིར་དང༌། སྡོམ་པ་འཇིག་པའི་རྒྱུར་གསུངས་པ་ལ་ཐེ་ཚོམ་ཟ་བ་མི་སྲིད་པའི་ཕྱིར་རོ། །དེ་ལྟ་བས་ན་དང་པོ་ཉི་མའི་སྙིང་པོའི་མདོ་ལས་འབྱུང་བའི་རྩ་བའི་ལྟུང་བ་བསྟན་པ་ནི། མ་འོངས་པའི་དུས་ན་ཞེས་གསུངས་ཏེ། རེ་ཞིག་གང་དང་འབྲེལ་ཞེ་ན། རྒྱལ་རིགས་དང་ཞེས་བྱ་བ་ལ་སོགས་པའོ། །གང་གི་དང་འབྲེལ་ཞེ་ན། ཆོས་ཀྱི་གནས་པའི་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་གང་ཞེ་ན། ཁྱིམ་གྱི་གཞི་དང་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟ་བུར་བྱས་པས་ཤེ་ན། རྐུ་བ་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། འདི་དག་རྒྱུན་མ་ཆད་པར་ཀུན་དུ་སྤྱོད་པ་དང༌། དགའ་ཞིང་མགུ་ལ་ཡོན་ཏན་དུ་ལྟ་བ་དང༌། ངོ་ཚ་དང་ཁྲེལ་མེད་པར་འགྱུར་བ་དང༌། གཞན་གྱི་གསོལ་བའི་རྗེས་སུ་མ་བཏང་བ་ལས་ཁ་ན་མ་ཐོ་བར་རིག་པར་བྱ་སྟེ། འོག་མ་དག་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་རྒྱུན་མ་ཆད་པ་ནི་ཐུན་ཚོད་ལས་འདས་པའོ། །ཀུན་དུ་སྤྱོད་པ་ནི། ཡུལ་དང་དུས་མ་ངེས་པའོ། །ལྷག་མ་ནི་གོ་བར་ཟད་དོ། །དེས་འབྲས་བུ་གང་མྱོང་ཞེ་ན། གཞི་དང་བསམ་པའི་ཁྱད་པར་ལས། །མཐོང་ཆོས་འབྲས་བུ་ཅན་གྱི་ལས། །ཞེས་བྱ་བའི་ཚུལ་གྱིས་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ནི། ཚེ་འདི་ལ་ཞེས་གསུངས་ཏེ། སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུ་ནི། མནར་མེད་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཡི་དགས་ཀྱི་དབང་དུ་བྱས་ནས། བསྐལ་པར་འདུག་པའི་ཚེ་ཟད་ནས་མྱ་ངན་དགོན་པའི་ཞེས་བྱ་བ་ལ་སོགས་པའོ། །དུད་འགྲོའི་དབང་དུ་བྱས་ན། རྒྱ་མཚོ་ཆེན་པོར་ཤ་སྣག་གུའི་ལུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ལམ་གྱི་དབུས་ན་འདུས་པས་ལམ་གོལ་བའོ། །མནར་མེད་པ་ནི་བསྟི་བའི་གནས་མེད་པའོ། །བསྐལ་པ་ཞེས་བྱ་བ་ནི་བསྐལ་པ་ཆེན་པོའོ། །བར་དུ་ཞེས་བྱ་བ་ནི་ཚེའི་མཐར་ཐུག་པར་འགྱུར་རོ། །འོ་ན་མནར་མེད་ནི་བར་གྱི་བསྐལ་པའོ་ཞེས་འབྱུང་བ་དང་འགལ་ལོ་ཞེ་ན། དེ་ནི་ཐེག་པ་ཆུང་ངུའི་དབང་དུ་མཛད་པས་འགལ་བ་མེད་དོ། །ལུས་དཔག་ཚད་བརྒྱ་པ་ཞེས་བྱ་བ་ནི་ཉའི་རིགས་


DTG110_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དབང་གི་འབྲས་བུ་ནི། སངས་རྒྱས་མེད་པའི་ཞིང་སྙིགས་མ་ལྔ་ཅན་དུ་སྐྱེ་ཞེས་གསུངས་ཏེ། སྙིགས་མ་ལྔ་ནི་སེམས་ཅན་གྱི་སྙིགས་མ་ལ་སོགས་པའོ། །རྒྱུ་མཐུན་པའི་འབྲས་བུ་ནི་མིག་མེད་ལ་མི་སྡུག་པ་ཞེས་བྱའོ། །དོན་བསྡུ་བ་ནི་རྒྱལ་པོ་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་རྩ་བའི་ལྟུང་བ་སྤྱིར་བསྟན་ནས། ད་ནི་ཁྱད་པར་དུ་བརྗོད་པར་བྱའོ། །དེའི་ཕྱིར་དང་པོ་རྟེན་གྱི་ཁྱད་པར་དུ་བྱས་ནས་ཐུན་མོང་མ་ཡིན་པའི་ལུང་བསྟན་པ་ནི། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ཀྱི་གཙོ་བོ་ཡིན་པས་རྒྱལ་པོ་ཞེས་སྨོས་སོ། །རིགས་མཉམ་པ་ལས་འཆོས་པའི་བུ་ཡིན་པས་རྒྱལ་རིགས་སོ། །ལྷ་ཆེན་པོ་ལ་སོགས་པའི་དཀྱིལ་འཁོར་དུ་ཞུགས་པས་ན་སྤྱི་བོ་ནས་དབང་བསྐུར་བའོ། །ངན་སོང་དུ་འགྲོ་བར་བྱེད་པས་ན་ལྟུང་བའོ། །གཙོ་བོ་ཡིན་པས་ན་རྩ་བའོ། །ཇི་ལྟར་ཞེ་ན། ལྷ་དང་མིའི་བདེ་བ་གནས་ནས་ལྟུང་སྟེ་ཞེས་སྨོས་ཏེ། ཅིའི་ཕྱིར་ཞེ་ན་ཕས་ཕམ་ཞིང་ཞེས་སྨོས་ཏེ། དེའི་གཉེན་པོར་གྱུར་པས་ཞེས་བྱ་བའི་ཐ་ཚིག་གོ ། །ངན་སོང་གི་རྒྱུ་དག་ནི་མཐའ་ཡས་པ་མ་ཡིན་ནམ་དེས་རྒོལ་བ་ནི་ལྔ་གང་ཞེ་ན། བདེན་མོད་ཀྱི་འདིར་གཙོ་བོ་སྨོས་པས་ཉེས་པ་མེད་ཅེས་བསྟན་པ་ནི། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པའོ། །གང་ལ་བརྟེན་ནས་བསོད་ནམས་རྒྱ་ཆེན་པོ་སྐྱེ་བ་ནི་མཆོད་རྟེན་ཞེས་བྱ་བའི་དོན་ཏོ་ཞེས་པ་ཁ་ཅིག་ཟེར་རོ། །ལ་ལ་ནི་ལྷ་ཡུལ་ནས་བབས་པ་ལ་སོགས་པ་ལ་བྱའོ་ཞེས་འདོད་དོ། །རྫས་ནི་ཡོ་བྱད་དོ། །ཆོས་ནི་ཐེག་པ་གསུམ་གྱི་ཆོས་སོ། །སྤོང་བ་ནི་མི་མཁོ་བར་བྱེད་པ་སྟེ། གླེགས་བམ་འཇིག་པ་ལ་སོགས་པའོ། །འགོག་པ་ནི་དོན་ཐོབ་པའི་བར་དུ་གཅོད་པའོ། །ཉན་ཐོས་ངེས་པར་འབྱུང་བ་ནི། བདེན་པ་གཙོར་སྟོན་པའོ། །རང་སངས་རྒྱས་ངེས་པར་འབྱུང་བ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་གཙོར་སྟོན་པའོ། །ཐེག་པ་ཆེན་པོས་ངེས་པར་འབྱུང་བ་ནི། ཤེས་རབ་དང་སྙིང་རྗེ་ཆེན་པོ་གཙོར་སྟོན་པའོ། །ཡང་ན་གསུང་རབ་ཡན་ལག་བཅུ་གཉིས་ལས། ཤིན་ཏུ་རྒྱས་པའི་མདོ་སྡེ་མ་གཏོགས་པ་མདོ་སྡེ་ལ་སོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ངེས་པར་འབྱུང་བའོ། །ཤིན་ཏུ་རྒྱས་པ་དེ་ནི་ཐེག་པ་ཆེན་པོ་ལ་ངེས་པར་འབྱུང་བའོ་ཞེས་ཀྱང་ཁ་ཅིག་འདོད་དོ། །དགེ་འདུན་འདུམ་པ་འབྱེད་པ་ནི་འཁོར་ལོ་ཕྱེ་བའོ། །གྲོང་ནི་ཁྱིམ་གཅིག་ལ་སོགས་པའོ། །ལྗོངས་


DTG110_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཁྱིམ་བཅུ་ལ་སོགས་པའོ། །གྲོང་ཁྱེར་ནི་རིག་པའི་གནས་བཅོ་བརྒྱད་དང་ལྡན་པའོ། །ཡུལ་འཁོར་ནི་རིས་སུ་བཅད་པའོ། །སྤོང་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཡང་ན་སྤོང་བ་ནི་འདོར་བར་བྱེད་པའོ། །འགོག་པ་ནི་སྔ་མ་བཞིན་ནོ། །སུབས་པར་བྱེད་པ་ནི་གླེགས་བམ་འཇིག་པའོ། །རྟེན་གྱིས་ཁྱད་པར་དུ་བྱས་པ་བཤད་ཟིན་ཏོ། །ད་ནི་ཡུལ་གྱི་ཁྱད་པར་ལས་གྱུར་པའི་རྩ་བའི་ལྟུང་བ་ཐུན་མོང་བ་བསྟན་པར་བྱ་སྟེ། དང་པོ་ཟླ་བ་སྙིང་པོའི་ལེའུ་ལས་དགེ་སྦྱོང་རྟེན་གྱི་ཁྱད་པར་བརྗོད་པ་ནི། གྲོགས་པོ་དག་ཅེས་གསུངས་ཏེ། ཉམས་པ་ལས་རྗེས་སུ་སྒྲུབ་པའི་ཚུལ་བསྟན་པ་ནི། གྲོང་ཁྱེར་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཚུལ་ཁྲིམས་འཆལ་པ་ལ་སྤྱོད་པ་ཞིག་ན། རྒྱལ་པོ་ལ་སོགས་པས་དགེ་འདུན་བསྡུས་ནས་གསོལ་བར་བྱ་སྟེ། དགེ་འདུན་གྱིས་ཀྱང་གཎྜཱི་བརྡུངས་ནས་དགེ་འདུན་བསྡུས་ཏེ། ལས་བརྗོད་པའི་སྒོ་ནས་དབྱུང་བར་བྱ་བ་ནི། ཉམས་པ་ལ་སྒྲུབ་པའི་ཚུལ་ལོ། །དེ་ལ་གྲོང་ཁྱེར་ནི་སྤྱོད་ཡུལ་གྱི་གྲོང་ངོ༌། །ཡུལ་ནི་མཚམས་ཇི་ལྟར་བཅད་པའི་ནང་དུ་ཆུད་པའོ། །གཙུག་ལག་ཁང་ནི་ཆོས་དང་ལྡན་པ་འདུ་བའི་སའི་ཁྱད་པར་རོ། །ལོངས་སྤྱོད་ནི་ལྷན་ཅིག་གནས་པ་དང་གཏམ་འདྲེ་བ་ལ་སོགས་པའོ། །རྗེས་སུ་མཐུན་པ་ནི་བཤད་པ་ལྟར་བྱས་པའོ། །གང་གི་ཆད་པ་ནི་སོང་ཤིག་པའི་ཁྱད་པར་བརྗོད་པའོ། །ཚུལ་ལས་ཉམས་པའི་ཁྱད་པར་དངོས་བསྟན་པ་ནི། སུ་ཞིག་ཅེས་གསུངས་ཏེ། ཁྱིམ་པའམ་རབ་ཏུ་བྱུང་བའོ། །བདེ་བ་ཐམས་ཅད་ནི་བདེ་བའི་རྒྱུ་སྤངས་པ་སྟེ། མཐོང་བ་དང་མ་མཐོང་བའི་ཁྱད་པར་རོ། །འབྲས་བུ་ཉམས་པ་ནི་ལྷ་དང་མིར་སྐྱེ་བ་དང་བྲལ་བ་ལ་སོགས་པའོ། །ལྟུང་བ་སྐྱེད་པའི་ཁྱད་པར་འཐད་པ་ནི་དེ་ནས་ཞེས་གསུངས་ཏེ། ཡིད་དུ་འོང་བའི་ཕྱིར་ལྷའོ། །ཐམས་ཅད་ནི་འདོད་པའི་ཁམས་ལ་སོགས་པའོ། །ནས་ཞེས་བྱ་བ་ནི་དང་པོ་སྨོས་པའོ། །ལུས་སྲུལ་པོ་ནི་གང་གིས་ལུས་སྲུལ་བར་བྱེད་པ་སྟེ། གདོན་གྱི་ཁྱད་པར་རོ། །བར་དུ་ཞེས་བྱ་བ་ནི་ཐ་མར་གཟུང་བ་སྟེ། འཁོར་དུ་གཏོགས་པ་དེ་བརྒྱད་དོ། །བསླབ་པ་འདྲལ་བ་ནི་བསླབ་པ་ཞིག་པ་སྟེ་ཕམ་པར་གྱུར་པའོ། །བསླབ་པ་བཞིན་མི་བགྱིད་པ་ནི་རྗེས་སུ་མི་སྒྲུབ་པའོ། །ཡོངས་སུ་འཛིན་པ་མེད་པ་ནི། ཚུལ་ཁྲིམས་རལ་པར་གྱུར་པས་སོ། །སྟོན་པ་ནི་བཅོམ་ལྡན་


DTG110_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

འདས་སོ། །ཕྱིའི་གནོད་པ་ལས་ནི་བསྲུང་བར་བྱའོ། །ནང་གི་གནོད་པ་ལས་ནི་བསྐྱང་བར་བགྱི་བའོ། །དེ་ལྟར་མི་མཐུན་པའི་རྐྱེན་སྤང་བ་ལྟར་མཐུན་པའི་རྐྱེན་སྒྲུབ་པ་ནི་ཡོ་བྱད་ཐམས་ཅད་སྦྱར་བར་བྱའོ། །དེའི་ཕྱིར་དེ་ལ་ཡང་དག་པའི་སྒྲུབ་པའི་ཚུལ་ལས་ཉམས་ན་ཉེས་དམིགས་བསྟན་པ་ནི། གལ་ཏེ་ཞེས་བྱ་བྱ་བ་ལ་སོགས་པའོ། །ལ་ལ་ནི་སྔར་བཤད་པའི་ཚུལ་ལས་ཉམས་པའི་འབྲས་བུ་གཉིས་པ་མཐོང་བའི་ཆོས་ཀྱི་འབྲས་བུ་མཚོན་པའི་ཕྱིར་ཏེ། ལྷག་མ་ནི་ཞར་ལས་བྱུང་ཞེས་ཀྱང་ཟེར་རོ། །ད་ནི་སའི་སྙིང་པོའི་མདོ་ལས་ཡུལ་གྱི་ཁྱད་པར་ལས་བྱུང་བའི་རྩ་བའི་ལྟུང་བ་བརྗོད་པར་བྱ་སྟེ། རེ་ཞིག་ལྟུང་བ་བསྐྱེད་པའི་འཐད་པ་ནི། སྔོན་འབྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲིན་པོ་ཤ་ཟ་དང་དུད་འགྲོའི་གཏི་མུག་པས་ཀྱང་གུས་པར་བཀུར་བའི་ཕྱིར་ཡུལ་ཁྱད་པར་ཅན་དུ་གྱུར་པ་མངོན་ནོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཅིའི་ཕྱིར་རྗེས་སུ་དཔག་པ་འཛིན་ཅེ་ན་འཁོར་ངེས་པར་བསྐྱེད་པའི་ཕྱིར་རོ། །དེ་ལྟ་ཡིན་ཡང་རྨོངས་པ་འགའ་ཞིག་ནི་དེ་ལྟ་མི་ཤེས་སོ་ཞེས་སྨད་པ་ནི། ཡང་མ་འོངས་པའི་དུས་ན་ཞེས་བྱ་བ་ལ་སོགས་པའོ། །ལྟུང་བར་བྱེད་པའི་མཚན་ཉིད་ནི། རྐྱེན་སྣ་ཚོགས་ལ་ཐ་སྙད་བཏགས་ཞེས་བྱ་བ་སྟེ། ལྟུང་བའི་འབྲས་བུ་ནི་རབ་ཏུ་ཉེས་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དགེ་བའི་རྩ་བ་ཆད་པ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་ཞིག་པའོ། །སེམས་ཀྱི་རྒྱུད་སྲེག་པ་ཞེས་པ་ནི། དཀར་པོའི་ཆོས་རྒྱུད་ལ་མི་སྐྱེ་བའོ། །མཁས་པ་སྤངས་པ་ནི་དམ་པས་ཡོངས་སུ་བོར་བའོ། །ལུས་ལ་ཆད་པས་བཅད་པ་འབའ་ཞིག་གིས་ལྟུང་བར་འགྱུར་བར་མ་ཟད་ཀྱི་ལོངས་སྤྱོད་དང་ཕྲལ་བས་ཀྱང་འགྱུར་རོ་ཞེས་བསྟན་པ་ནི་གཞན་ཡང་ཞེས་བྱའོ། །དེ་ལྟར་རྩ་བའི་ལྟུང་བའི་མཚན་ཉིད་བསྟན་ནས། འོ་ན་དབང་ཕྱུག་གི་གནས་གང་ལ་གནང་ཞེ་ན། བཟོད་པ་ཐོབ་པའི་གང་ཟག་ཅེས་གསུངས་སོ། །དེ་ལ་མོས་པས་སྤྱོད་པ་ལ་གནས་པ་ན་བཟོད་པ་ཐོབ་པའོ། །འོ་ན་མོས་པ་སྤྱོད་པ་མ་ཡིན་པའི་གང་ཟག་དེ་དག་ནི་ལྟུང་བར་འགྱུར་རོ་ཞེས་ཐལ་བ་བརྗོད་པ་ནི། གསོལ་བ་ཞེས་གསུངས་ཏེ། ཇི་ལྟར་བ་ན་སོང་དུ་མི་འགྲོ་བར་འགྱུར་ཞེས་བྱ་བ་ནི། འགྲོ་བར་ཐལ་བ་ཁོ་ནའོ་ཞེས་སྐྱོན་བརྗོད་པའོ། །མ་ཡིན་ཏེ་གལ་ཏེ་བཟོད་པ་མ་ཐོབ་པའི་སྡིག་པ་ལ་སྤྱོད་པ་དག་ནི། དེ་


DTG110_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འདོད་པ་ཁོ་ནའོ། །ལྷག་མ་ནི་གཏན་ཚིགས་མ་གྲུབ་པ་ཉིད་དེ། གལ་ཏེ་བཟོད་པ་མ་ཐོབ་ཀྱང་ཆོས་ཀྱི་རྗེས་སུ་འཇུག་བ་དག་ནི་ངན་སོང་དུ་འགྲོ་བར་མི་འགྱུར་རོ་ཞེས་བསྟན་པ་ནི་གང་བཟོད་པ་མ་ཐོབ་ཀྱང་ཞེས་བྱ་བའོ། །དེ་ལྟ་བས་ན་བཟོད་པ་མ་ཐོབ་ཀྱང་ཆོས་བཞིན་དུའང་མི་བྱེད་པ་ལ་ནི། དབང་ཕྱུག་གི་གནས་གནང་བ་མ་ཡིན་ལ། དེ་ལ་སྤྱོད་པས་ན་ཁ་ན་མ་ཐོ་བའི་ལས་རྩ་བའི་ལྟུང་བ་འབྱུང་བས་ན་བསྟན་པ་ཟབ་མོ་འདི་འཇིག་པ་སྟེ། བཅས་པ་ལས་དྲལ་བར་འགྱུར་ཞེས་བྱ་བའོ། །གཞན་དག་ནི་གལ་ཏེ། རྒྱལ་པོ་གདོལ་པར་གྱུར་ན་དེའི་རྗེས་སུ་གཞན་འཇུག་པས། ཚུལ་ཁྲིམས་བཏང་སྟེ། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ནུབ་པར་བྱེད་ཅིང་དེའི་རྗེས་སུ་འཇུག་པས་ངན་སོང་དུ་འགྲོའོ་ཞེས་མདོ་ཉིད་ཚད་མར་བྱའོ་ཞེས་ཀྱང་འདོད་དོ། །ཇི་ལྟར་ཐར་བར་འགྱུར་ཞེས་བྱ་བ་ནི་ཐར་བར་མི་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གནང་བ་དང་མ་གནང་བའི་གང་ཟག་གི་རབ་ཏུ་དབྱེ་བ་བསྟན་ནས། ད་ནི་གནང་བའི་གང་ཟག་གིས་རྗེས་སུ་སྒྲུབ་པའི་ཐབས་བསྟན་པ་ནི། གང་དད་པའི་སྟོབས་ཀྱི་གོ་ཆ་བགོས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་རྩ་བའི་ལྟུང་བའི་ཉེས་པ་བསྟན་པ་དེ་ཉིད་ལས་བཟློག་པའི་ཆོས་དང་ལྡན་པ་ནི། དེའི་གཉེན་པོས་ཏེ། ལོག་པར་སྒྲུབ་པ་སྤོང་བ་ཡིན་པས་ན། རྗེས་སུ་སྒྲུབ་པའི་ཚུལ་ལོ། །དེ་ལ་དད་པ་ནི་ཡིད་ཆེས་པ་ལ་སོགས་པའོ། །དེ་ཉིད་མི་མཐུན་པའི་ཕྱོགས་ཀྱིས་མི་བརྫི་བས་ན་སྟོབས་ཞེས་བྱའོ། །གོ་ཆ་ནི་བརྩོན་འགྲུས་སོ། །ཇི་ལྟར་ཞེ་ན། རྒྱལ་པོའི་ལྟུང་བའི་རྩ་བ་དང་པོའི་གཉེན་པོ་ནི། དཀོན་མཆོག་གསུམ་ལ་དད་པ་མང་ཞིང་ཞེས་བྱ་བ་སྟེ་འདིར་དད་པ་མང་ཞིང་གསུམ་བསྒོམ་མོ། །རྩ་བའི་ལྟུང་བ་གཉིས་པ་དམ་པའི་ཆོས་སྤོང་བའི་གཉེན་པོ་ནི། ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་ཆོས་མི་སྤོང་ལ་ཞེས་བྱ་བ་ལ་སོགས་པའོ། །གསུམ་པ་དགེ་སྦྱོང་ལ་བརྟེན་པའི་རྩ་བའི་ལྟུང་བའི་གཉེན་པོ་ནི་ཚུལ་ཁྲིམས་དང་ལྡན་པ་དང་ཚུལ་ཁྲིམས་འཆལ་པ་ལ་ཡང་རྣམ་པར་མི་འཚེ་ཞེས་བྱ་བ་ལ་སོགས་པའོ། །མཚམས་མེད་པ་ལ་སྟེ། རྩ་བའི་ལྟུང་བའི་གཉེན་པོ་ནི། དགེ་འདུན་དང་མཆོད་རྟེན་གྱི་རྫས་མི་འཕྲོགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ལོངས་སྤྱོད་འཕྲོག་པ་ནི་མཚམས་མེད་པ་དང་ཉེ་བ་ཡིན་ལ། དེ་སྤོང་བས་མཚམས་མེད་


DTG110_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

པ་ག་ལ་ཞིག་བྱེད་ཅེས་གཉེན་པོར་བསྟན་པ་ཡིན་ནོ། །བཟློག་པ་ནི་གཞན་ཡང་དེ་ལྟར་ན་རྗེས་སུ་འཛིན་པས་ན་རང་ཉིད་ག་ལ་ཞིག་ཅེས་བྱ་བའི་དོན་ཏོ། །ལོག་པར་ལྟ་བའི་གཉེན་པོ་ནི། ཡང་དག་པའི་ལྟ་བ་ཡིན་ཏེ། དེའི་ཕྱིར་དང་པོ་ཡང་དག་པའི་ལྟ་བ་སྐྱེ་བའི་རྒྱུ་སྐྱེས་བུ་དམ་པ་ལ་བརྟེན་པ་ནི། ཐེག་པ་གསུམ་ལ་ནན་ཏན་བྱེད་པའི་དགེ་སློང་རྣམས་ལ་བརྟེན་པ་དང༌། བསྙེན་བཀུར་བྱེད་པའོ། །གཉིས་པ་དམ་པའི་ཆོས་ཉན་པ་ནི། ཐེག་པ་གསུམ་གྱི་ངེས་པར་འབྱུང་བའི་ཆོས་ཀྱི་གཏམ་ཉན་ཅེས་བྱ་བའོ། །གསུམ་པ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ནི། ཇི་ལྟར་ཐོས་པ་ཉམས་ཀྱིས་ཅི་ནུས་སུ་སྒྲུབ་པ་དང༌། ཡི་དམ་ལ་བརྟན་པ་དང༌། སེམས་ཅན་རྣམས་ཐེག་པ་ཆེན་པོ་ལ་ཡང་དག་པར་འཛིན་དུ་འཇུག་པ་དང༌། དེ་ལ་ཡི་དམ་ནི་རང་གི་དམ་བཅས་པ་སྔར་བསྟན་པ་རྣམས་སོ། །གཞན་དེ་དག་འགོད་པ་ནི་འཁོར་མང་པོ་ཁ་ན་མ་ཐོ་བ་དག་ལ་སྦྱོར་བའི་གཉེན་པོ་བསྟན་པ་ཡིན་ཏེ། སྔར་ཇི་སྐད་དུ། སེམས་ཅན་མང་པོ་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་འཇུག་ཅིང་ཞེས་བསྟན་པའི་ཕྱིར་རོ། །དེ་ལྟ་བས་ན། སྐྱེས་བུ་དམ་པ་བརྟེན་པ་ལ་སོགས་པ་དག་ནི། ཡང་དག་པའི་ལྟ་བ་སྐྱེ་བའི་རྒྱུ་ཡིན་ལ། དེ་སྐྱེས་ན་ལོག་པར་ལྟ་བ་སྤོང་བས་ན་འདི་ནི་རྩ་བའི་ལྟུང་བ་ལྔ་པོའི་གཉེན་པོར་བཞག་པ་ཡིན་ནོ། །གྲོང་འཇོམས་པ་ལ་སོགས་པའི་གཉེན་པོ་ནི་མི་སླུ་བའི་སེམས་དང་ལྡན་པ་ཞེས་གསུངས་ཏེ། གྲོང་ལ་སོགས་པ་འཇོམས་པ་ནི་གཡོའི་སྦྱོར་བ་ཡིན་པའི་ཕྱིར་རོ། །དེའི་ཕན་ཡོན་བསྟན་པ་ནི། ལོག་པར་ལྟུང་བར་མི་འགྱུར་བར་ཞེས་བྱ་བའོ། །དེ་བཞིན་དུ་རྗེས་སུ་སྒྲུབ་པའི་ཕན་ཡོན་བསྟན་པ་ནི། ཡང་དག་ཉིད་ལས་འབྱུང་བ་ཞེས་སྨོས་ཏེ། དགེ་བ་ནི་སྔར་བཤད་པའི་ཆོས་རྣམས་དང་ལྡན་པའོ། །ལྔ་བརྒྱ་ཐམ་ཞེས་བྱ་བ་ནི། ཕྲག་བཅུའི་ཐ་མ་རྟགས་ཙམ་འཛིན་པའི་དུས་སོ། །བདག་བསྲུང་བ་ནི་སྔར་བཤད་པའི་ཉམས་པ་ལས་རྗེས་སུ་སྒྲུབ་པའི་ཚུལ་དུ་བྱེད་པའོ། །གཞན་བསྲུང་བ་ནི་དེ་ལྟར་རྗེས་སུ་སྒྲུབ་པས་ཡུལ་འཁོར་དུ་བྱ་བ་ཐམས་ཅད་བྱེད་པ་སྟེ། ཉེས་པ་ལས་བཟློག་པའི་ཕན་ཡོན་འབྱུང་བའོ། །འཇིག་རྟེན་ཕ་རོལ་བསྲུང་བ་ནི། ལྷ་དང་མིའི་སྐྱེ་བ་ལ་སོགས་པའོ། །བསྟན་པ་བསྲུང་བ་ནི་དབང་ཕྱུག་གི་སྟོབས་ལ་སོགས་པའོ། །ཡོན་ཏན་ནི་ཐོས་པ་ལ་སོགས་པའོ། །སྣོད་ནི་ཚུལ་


DTG110_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་རྣམ་པར་དག་པའོ། །སྲུང་བར་བྱེད་པ་ནི་འཚེ་བ་ལ་སོགས་པ་ལས་བཟློག་པའོ། །མི་སྤྱོད་པ་ནི་འཕྲོག་པ་དང་སྤྱོད་པ་ལས་བཟློག་པའོ། །སྤྱོད་དུ་མི་འཇུག་པ་ནི་འཕྲོག་ཏུ་འཇུག་པ་དང༌། སྤྱོད་དུ་འཇུག་པ་ལས་བཟློག་པའོ། །དེའི་ཕན་ཡོན་བསྟན་པ་ནི། བསོད་ནམས་ཀྱི་ཕུང་པོ་ཞེས་སྨོས་ཏེ། མ་མཐོང་བའི་ཕན་ཡོན་གྱི་དབང་དུ་བྱས་ནས་བསོད་ནམས་ཀྱི་ཕུང་པོ་ཚད་མེད་ཅེས་བྱ་བ་ལ་སོགས་པ་སྟེ། ཚད་མེད་པ་ནི་ཚད་མེད་པའི་ཕྱིར་རོ། །གྲངས་མེད་པ་ནི་བགྲང་བར་མི་ནུས་པའི་ཕྱིར་རོ། །དཔག་ཏུ་མེད་པ་ནི་ཤེས་པས་མི་དཔོགས་པའོ། །མཐོང་བའི་ཕན་ཡོན་ནི། ཚེ་བསྲིད་པ་ལ་སོགས་པ་སྟེ། བཅུ་ཚན་དང་པོས་ནི་བདེ་བའི་རྐྱེན་སྒྲུབ་པའོ། །གཉིས་པས་ནི་མི་བདེ་བའི་རྐྱེན་སྤོང་བའོ། །ལོངས་སྤྱོད་དང་བྲལ་བར་བྱེད་པའི་ལྟུང་བ་ལས་བཟློག་པས་ན་ཡོངས་སུ་སྐྱོང་བ་ཞེས་གསུངས་སོ། །ལ་ལ་ནི་ཐམས་ཅད་ཀྱི་དོན་བསྡུས་པ་ཡིན་ནོ་ཞེས་ཀྱང་ཟེར་རོ། །གཏོང་བ་པོ་ནི་རྐྱེན་སྒྲུབ་པའི་མིང་ངོ། །སྦྱིན་བདག་ནི་རྒྱུ་སྦྱོར་བའོ། །དེར་མ་ཟད་པས་ན་ལྷ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསྟན་པ་འཛིན་པ་ནི་སྔ་མ་བཞིན་ནོ། །དེས་ནི་ཆོས་ཀྱི་བར་ཆད་བྱེད་པའི་གཉེན་པོའོ། །ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བྱེད་པ་ནི། ཆོས་སྨྲ་བ་ལ་བརྟེན་པ་ལ་སོགས་པས་ཆོས་འགྲེལ་ཅིང་བཤད་པར་བྱེད་པའོ། །དེས་ནི་ཆོས་སྨྲ་བ་ལ་གནོད་པར་བྱེད་པའི་གཉེན་པོ་ཡང་ཡིན་ནོ། །རིགས་རྒྱུན་མི་གཅོད་པ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སྦྱོར་བའོ། །ངག་ལས་སྐྱེས་པ་ནི་ཉན་ཐོས་ཀྱི་ཐེག་པའི་འབྲས་བུ་ཐོབ་པ་སྟེ། བདེན་པ་བཞིའི་ཆོས་བཤད་པས་འབྲས་བུ་རྙེད་པའི་ཕྱིར་རོ། །ཆོས་ལས་སྐྱེས་པ་ནི། རང་རྒྱལ་བའི་ཐེག་པས་འབྲས་བུ་ཐོབ་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པ་ལས་འབྲས་བུ་རྙེད་པའི་ཕྱིར་རོ། །ཆོས་ཀྱི་སྤྲུལ་པ་ནི་ཐེག་པ་ཆེན་པོས་འབྲས་བུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སྟེ། འབྲས་བུ་ཐོབ་ཀྱང་མངོན་དུ་མི་བྱེད་པའི་ཕྱིར་རོ། །གཞན་དད་པ་ནི་སྐྱབས་སུ་འགྲོ་བ་དང་ལྡན་པའོ། །དོན་དམ་པའི་བདེན་པ་ནི། སྟོང་པ་ཉིད་བསྒོམ་པའོ། །འོ་ན་ཉན་ཐོས་ལ་སོགས་པ་དག་ཀྱང་ཡིན་ནོ་ཞེ་ན། ཡང་དག་པར་རྫོགས་པའི་ཞེས་གསུངས་ཏེ། ཐེག་པ་མཆོག་འདོད་པ་ཞེས་བྱ་བའོ། །དེའི་ཕན་ཡོན་ནི། ལག་ཏུ་གཏད་དོ་ཞེས་གསུངས་ཏེ། མི་ལྡོག་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ན་ཡུལ་


DTG110_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཁྱད་པར་ལས་གྱུར་པ་ལྟུང་བ་ཐུན་མོང་བའི་གཉེན་པོ་བསྟན་པ་ཡིན་ནོ། །ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་ཉིད་གང་ཞེ་ན། རྒྱལ་པོ་དང་བློན་པོའི་རྩ་བའི་ལྟུང་བ་དག་ནི། ཁྱིམ་པར་གྱུར་པ་གཞན་དང་ཐུན་མོང་མ་ཡིན་ལ། ཡུལ་གྱི་ཁྱད་པར་དགེ་སྦྱོང་ལ་བརྟེན་པ་དག་ནི། རྒྱལ་པོ་ལ་སོགས་པའི་ཡང་ཡིན་པས་ཐུན་མོང་བར་གཞག་གོ །དེ་ལྟར་ན་མི་མཐུན་པ་དང་གཉེན་པོ་ཇི་སྐད་བསྟན་པ་དག་ནི་ཕལ་ཆེར་སྡོམ་པ་དང་མ་འབྲེལ་པར་ལྟའོ། །མདོ་ཀུན་ལས་བཏུས་པའི་བཤད་པ་ལུང་གི་ཚད་མས་སྦྱར་བ་ལས་དབང་ཕྱུག་གི་གནས་རྙེད་པ་རྣམས་ཀྱི་བསྒྲུབ་པ་བསྟན་ཟིན་ཏོ།། །།དེ་ལྟར་མི་མཐུན་པའི་ཕྱོགས་བར་དུ་གཅོད་པ་སྤང་བའི་ཐབས་བསྟན་པར་བྱ་སྟེ། དེའི་ཕྱིར་ཆོས་སྒྲུབ་པ་ལ་གནས་པར་འདོད་པས་སེམས་ལ་མཁས་པར་བྱའོ་ཞེས་གསུངས་པ་སྟེ། ཆོས་ནི་ཇི་ལྟར་བཤད་པའི་ཚུལ་ཁྲིམས་སོ། །བསྒྲུབ་པ་ནི་མི་ཉམས་པར་བྱ་བར་འདོད་པའོ། །སེམས་ནི་དྲན་པ་དང་ཤེས་བཞིན་དང༌། བག་ཡོད་པའོ། །མཁས་པ་ནི་འོག་ནས་ཅི་ཞེས་དཔྱོད་པར་བྱེད་པའོ། །དེ་དག་འདས་པའི་དུས་སུ་ཁ་ན་མ་ཐོ་བས་ཉམས་པར་བྱས་པ་ནི་སྟོབས་བཞིས་དག་པར་བྱ་བ་དང༌། ད་ལྟར་གྱི་ཉེས་པ་ནི་ཐུན་ཚོད་ལས་མ་འདས་པས། ཇི་ལྟར་རིགས་པར་བཤད་པར་བྱ་བ་དང༌། མ་འོངས་པའི་ཉེས་པས་གོས་པར་དོགས་པས་ནི་དྲན་པ་ལ་སོགས་པ་གོམས་པར་བྱ་བ་ཡིན་ནོ། །ཚུལ་ཁྲིམས་ནི་ལུས་ལ་སོགས་པ་གསུམ་གྱིས་བསྲུང་བར་བྱ་བ་མ་ཡིན་ནམ། ཇི་ལྟར་ན་སེམས་ཁོ་ན་ལ་མཁས་པར་བྱེད་པ་ཞེས་རྒོལ་བ་ནི། ཇི་ལྟར་ནི་ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའ་ཞེས་སྨོས་པས་ནི། སེམས་བསྐྱེད་པ་མི་ཉམས་པར་བསྲུང་བར་བསྟན་ཏོ། །དེའི་ཕྱིར་ལུས་དང་སེམས་རབ་ཏུ་དབེན་པས་ཞེས་སྨོས་ཏེ། སེམས་ཉིད་གཙོ་བོ་ཡིན་པར་བསྟན་ཏེ། གཞན་དུན་དྲན་པ་ལ་སོགས་པ་མེད་ན། ལུས་ལ་སོགས་པ་ཉེས་པ་ལ་འཇུག་པར་འགྱུར་བའི་ཕྱིར་རོ། །ལུས་ལ་སོགས་པ་ལ་དབེན་པར་མ་གྱུར་ན་ཡང་དྲན་པ་འཇུག་པར་མི་འགྱུར་ཏེ། དེའི་ཕྱིར་ལུས་དང་ཞེས་སྨོས་སོ། །དེ་ལ་ལུས་དབེན་པ་ནི། འདུ་འཛི་ལ་སོགས་པ་སྤངས་པའོ། །འདུ་འཛི་ཉིད་གང་ཞེ་ན། ལ་ལ་ནི་སྐྱེ་བོའི་ཚོགས་ལ་བྱའོ་ཞེས་ཟེར་རོ། །ལ་ལ་ན་རེ་ཚེ་འདིའི་རྟོགས་པ་དང་ལྡན་པ་ནི་གཅིག་ཁོ་ན་ཡང་འདུ་འཛིའི་གནས་ཡིན་ནོ་ཞེས་ཟེར་རོ། །སེམས་རབ་


DTG110_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དབེན་པ་ནི། འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་སྤངས་པའོ། །དེ་ལ་དྲན་པ་ཡོངས་སུ་སྲུང་བ་ནི། ཅི་བདག་གིས་སེམས་འདི་དགེ་བ་ལ་སྤྱོད་དམ་ཞེས་བྱ་བ་ལ་སོགས་པའོ། །ཤེས་བཞིན་གྱི་སྲུང་བ་ནི། དགའ་བ་དང་རངས་པ་དང༌། མོས་པ་བསྐྱེད་དོ་ཞེས་གསུངས་ཏེ། དགའ་བ་ནི་ཐོག་མར་སེམས་བདེ་བའོ། །རངས་པ་ནི་བར་དུ་མགུ་བའོ། །མོས་པ་ནི་ཐ་མར་འགྱོད་པ་མེད་པའོ། །བག་ཡོད་པ་ནི་སྐྱོ་བ་དང་རྟོག་པ་མང་བ་སྟེ། སྐྱོ་བ་མང་བ་ནི་མི་མཐུན་པ་སྤོང་བའོ། །རྟོག་པ་ནི་གཉེན་པོ་བསྒོམ་པའོ། །དེ་ལྟ་བས་ན་དང་པོ་དྲན་པས་རང་གི་སེམས་གང་ལ་སྤྱོད་ཅེས་མི་བརྗེད་པར་བྱེད་དོ། །ཤེས་བཞིན་གྱིས་དགེ་བ་ལ་སྤྱོད་ཅིང་རྗེས་སུ་མི་འགྱོད་པ་ལ་སོགས་པ་བྱེད་དོ། །བག་ཡོད་པས་དགེ་བ་གོམས་ཤིང་སྡིག་པ་སྤོང་བར་བྱེད་དོ། །དེ་ལྟ་བུའི་ཚུལ་ཁྲིམས་དེ་གང་གི་དོན་དུ་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་ཡིན་པས། མ་སྐྱེས་དགྲའི་མདོ་ལས་ཀྱང་ཞེས་གསུངས་པ། འདུན་པས་འགྲོ་བ་དང༌། ཞེ་སྡང་གིས་འགྲོ་བ་དང༌། འཇིགས་པས་འགྲོ་བ་དང༌། གཏི་མུག་གིས་འགྲོ་བ་དག་ནི་བདུད་ཀྱི་སྤྱོད་ཡུལ་ཡིན་པས་གླགས་རྙེད་པའོ། །སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་དང་མི་ལྡན་པ་ནི། དེ་བཞིན་གཤེགས་པ་མི་མཉེས་པ་སྟེ། སྙིང་རྗེ་མེད་ན་སེམས་ཅན་ཡོངས་སུ་གཏོང་པར་འགྱུར་བས་ན་དེའི་ཕྱིར། གང་གིས་སེམས་ཅན་དག་ལ་ཡིད་ཀྱིས་གནོད་བྱེད་ཀྱང༌། །ང་ལ་ཇི་ལྟར་བརྟེན་ཏེ་དེ་ནི་ལྟོས་དང་བྲལ། །ཞེས་བྱ་བ་ལྟ་བུའོ། །བྱང་ཆུབ་ཀྱི་སེམས་མེད་པའང་ཇི་ལྟར་རིག་པར་བྱའོ། །དངོས་པོར་ལྟ་བ་ཡང་དེ་བཞིན་ཏེ། འོག་ནས་ཀྱང་ཞལ་ཏ་བས་རིན་པོ་ཆེའི་མཆོད་རྟེན་གྱིས་སྟོང་གསུམ་གང་བར་བྱས་ནའང་ང་མཉེས་པར་མི་འགྱུར་རོ་ཞེའོ། །མི་བརྩོན་པའང་དེ་བཞིན་ཏེ། འདིར་བརྩོན་འགྲུས་ཀྱི་སྒྲ་ནི་ཐེག་པ་མཆོག་ལ་སྤྲོ་བའི་ཕྱིར་ཐེག་པ་དམན་པའི་ཆོས་ཡོངས་སུ་བཟུང་བས་ཀྱང༌། ང་ལ་བྱ་བ་བྱས་པར་མི་འགྱུར་ཞེའོ། །ཚུལ་ཁྲིམས་དང་སྦྱིན་པ་དང་བཟོད་པ་གཙོར་གྱུར་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བྲལ་བ་ནི་ལྷ་རྣམས་མི་དགའ་བ་སྟེ། རང་གི་ཕྱོགས་འགྲིབ་པའི་ཕྱིར་རོ། །རྣམ་གྲངས་གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ནི། ལྷ་རྣམས་དགའ་བའི་རྒྱུ་ཡིན་པས་ཏེ། མྱུར་དུ་མངོན་པར་འཚང་རྒྱ་བའི་ཕྱིར། རྒྱལ་ཆེན་བཞི་པོ་ནི་


DTG110_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུང་བཟེད་ཡོངས་སུ་འབུལ་བ་དང་ཞེས་བྱ་བ་ན་ས་ཚངས་པ་ནི་གསོལ་བ་གདབ་པར་སྤྲོའོ་ཞེས་གསུངས་པ་ལྟ་བུའོ། །དམིགས་པ་ནི་དགེ་བ་མི་ཟད་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་དང༌། ཡོངས་སུ་བསྔོ་བའང་དེ་བཞིན་ཏེ། ཐམས་ཅད་མཁྱེན་པར་དམིགས་པ་ནི། མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྱུར་རོ་ཞེས་འབྱུང་བ་དང༌། ལྡོག་པ་དང་རྗེས་སུ་འགྲོ་བའི་སྒོ་ནས་སྦྱོར་བ་དང༌། དངོས་གཞི་དང༌། རྗེས་ཀྱིས་ཏེ་ཕུན་སུམ་ཚོགས་པར་བྱ་བར་བསྟན་ཏོ། །ད་ནི་ཚུལ་ཁྲིམས་འཆལ་པའི་རྒྱུ་སྤང་བར་བསྟན་པ་ནི། སྨྲ་བ་ལ་དགའ་བར་མི་བྱ་སྟེ་ཞེས་གསུངས་ཏེ། མདོ་འདི་ཉིད་ལས་ཇི་སྐད་དུ། བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པའི་མིས་ནི་བུ་རམ་རོ། །ཞིམ་པོ་མྱོང་བར་འགྱུར་བ་མ་ཡིན་ཏེ། །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྗེད་ངས་པ་ནི་དྲན་པ་དང་བྲལ་ཞེས་བྱ་བའི་དོན་ཏོ། །ཚུལ་བཞིན་ཡིད་ལ་བྱེད་པ་དང་བྲལ་བ་ནི་ཤེས་བཞིན་མེད་ཅེས་བྱ་བའོ། །སེམས་ཀྱི་རྒྱུད་དམུ་རྒོད་དུ་གྱུར་པ་ནི། བག་ཡོད་པ་དང་བྲལ་ཞེས་བྱ་བའོ། །དེ་ལྟར་ཚུལ་ཁྲིམས་འཆལ་བ་ལ་ཏིང་ངེ་འཛིན་དང་ཤེས་རབ་མེད་པས་ན་ཞི་གནས་དང་ལྷག་མཐོང་ཡོངས་སུ་སྤངས་པའོ། །བསླབ་པ་གསུམ་དང་བྲལ་བས་ན་དམ་པར་མི་འགྱུར་བའོ། །ནང་གི་གདུང་བ་དང་ལྡན་པས་ན་འགྱོད་པ་དང་ལྡན་པ་སྟེ། ཚུལ་ཁྲིམས་མེད་པའི་ཕྱིར་རོ། །ཆོས་འཆད་པ་ནི་ཚུལ་ཁྲིམས་འཆལ་བའི་རྒྱུ་ཇི་ལྟར་ཡིན་ཞེ་ན། བདེན་མོད་ཀྱི། འོན་ཀྱང་སྨྲ་བ་ནི་རྒྱུད་འཁྲུག་པར་བྱེད་པ་ཡིན་ལ། དེས་ན་དྲན་པ་ཉམས་པ་ལ་སོགས་པའི་རྐྱེན་གྱིས་སོ་ཞེས་བྱ་བ་ནི། སྒྲུབ་པ་ལ་མི་གནས་པ་ཡིན་ནོ་ཞེས་གསུངས་ཏེ། ཡོན་ཏན་ལེན་པར་མི་བྱེད་པའི་ཕྱིར་ཇི་སྐད་དུ། ཡང་དག་སངས་རྒྱས་བསྟན་པ་ནི། །ཐོས་པ་ཙམ་གྱིས་མི་འགྲུབ་སྟེ། །ལ་ལ་སྟོབས་མེད་ཆུ་ཀླུང་གིས། །ནན་གྱིས་ཁྱེར་བར་གྱུར་པ་དག ། སྐོམ་གྱིས་འཆི་བར་གྱུར་བ་བཞིན། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དང༌། སྡང་བཤད་པ་ལྟ་བུ་ཡིན་པའི་ཕྱིར་རོ། །འདིས་ནི་ལས་ལ་དགའ་བ་དང༌། སྤྲོས་པ་ལ་དགའ་བ་དང༌། གཉེད་ལ་དགའ་བ་དང༌། འདུ་འཛི་ལ་དགའ་བ་དང༌། རྙེད་པ་དང་བཀུར་


DTG110_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

སྟི་ལ་དགའ་བ་སྟེ། འཇིག་རྟེན་གྱི་ཆོས་དྲུག་སྤང་བར་བསྟན་པ་ཡིན་ནོ། །མདོ་ཀུན་ལས་བཏུས་པའི་བཤད་པ་ལུང་གི་ཚད་མས་སྦྱར་བ་ལས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་ཟིན་ཏོ།། །།དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བྱང་ཆུབ་སེམས་དཔའི་སྡོམ་པ་མི་ཉམས་པར་བསྲུང་བ་དང་ལྡན་པ་ནི། ཁྱད་པར་དུ་འགྲོ་བའི་རྒྱུ་བསྒྲུབ་པ་ལ་འཇུག་པ་སྟེ། འཕགས་པ་ཟླ་བ་སྒྲོན་མའི་མདོ་ལས། སྒྲུབ་པ་མེད་ན་ཚུལ་ཁྲིམས་ཀྱི་འབྲས་བུ་ཟད་ནས་ལྟུང་བར་འགྱུར་བ་གསུངས་པའི་ཕྱིར་རོ། །དེའི་ཕྱིར་དང་པོ་སྒྲུབ་པའི་ཕན་ཡོན་བསྟན་པ་ནི། དམིགས་པར་སྤྱོད་པ་ལ་སྒྲུབ་པ་མེད་དེ་ཞེས་གསུངས་ཏེ། དམིགས་པར་སྤྱོད་པ་ནི། དངོས་པོར་ལྟ་བས་ཀུན་ནས་བསླང་བའི་དགེ་བ་སྤྱོད་པའོ། །སྒྲུབ་པ་མེད་པ་དངོས་པོར་ཞེན་ནས་གྲོལ་བའི་ཐབས་ཡང་དག་པ་ལ་རྨོངས་པའོ། །དེའི་ཕྱིར་མང་དུ་ཐོས་པ་དང་ཞེས་གསུངས་ཏེ། ཟག་པ་མེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །ནང་དུ་ཡང་དག་འཇོག་པ་ནི་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །དེ་དག་གང་ཞེ་ན། མང་དུ་ཐོས་པ་ནི་རིག་པའི་གནས་ལྔ་ལ་མཁས་པར་བྱེད་པའོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི་བསམ་པའི་ཤེས་རབ་བོ། །དེས་འཕགས་པ་ནི་བསྒོམ་པ་སྟེ། ཐབས་བསྒོམ་པ་དང༌། ཤེས་རབ་བསྒོམ་པ་དང༌། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་བསྒོམ་པའི་མཚན་ཉིད་དོ། །དེ་ལྟ་བས་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འོ་ན་གང་གི་ཞེ་ན། གལ་ཏེ་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཞེས་བྱ་བ་སྟེ། བསྟི་སྟང་ནི་བསྙེན་བཀུར་བའོ། །མཆོད་རྟེན་ནི་བསོད་ནམས་ཆེ་བའི་རྒྱུར་གྲགས་པས་ན། ཅིའི་ཕྱིར་ཞེ་ན་ཞེས་བརྒལ་བ་ལས། རིགས་པ་ནི། མང་དུ་ཐོས་པ་ལས་སྐྱེས་ཀྱི། །ཞེས་གསུངས་ཏེ། བསོད་ནམས་ཆེན་པོ་ཐོབ་པ་ཡིན་ཡང༌། མ་རིག་པ་དང་འགལ་བའི་རྒྱུ་མ་ཡིན་པས་དེ་དང་འགལ་བ་ནི་ཐོས་པ་ལ་ཡིན་ནོ་ཞེས་བསྟན་ཏོ། །དེའི་ཕྱིར་གལ་ཏེ་ཞེས་བྱ་བས་དམན་པ་བསྟན་ཏེ། བསོད་ནམས་མ་ཡིན་པ་སྐྱེ་བ་ནི། དམན་པ་ལ་སྦྱར་བའི་ཕྱིར་རོ། །དེ་ལ་ཐོས་པའི་ཕན་ཡོན་བསྟན་པ་ནི། གལ་ཏེ་ཞེས་བྱ་བའོ། །བསྒོམ་པའི་ཕན་ཡོན་བསྟན་པ་ནི། ནང་དུ་ཡང་དག་འཇོག་ལ་བརྩོན་པ་ཞེས་གསུངས་ཏེ། གནང་བ་ནི་བཀའ་སྩལ་པའོ། །དེ་ལྟར་མངོན་པར་འཕགས་པའི་


DTG110_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་གང་ཞེས་དྲི་བ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་རྟོག་པ་ལ་དཀའ་བའི་ལས་ཏེ་ཞེས་གསུངས་ཏེ། དཀའ་བ་ནི་འཁོར་བ་ལས་བཟློག་པར་ཆས་པའི་ཕྱིར་རོ། །འོ་ན་ཐེག་པ་འོག་མ་དག་ཀྱང་ཡིན་ནོ་ཞེ་ན་བླ་ན་མེད་པ་ཞེས་གསུངས་ཏེ། འཁོར་བའི་འདྲེན་པ་དག་ཀྱང་དེད་དོན་དམ་པར་འདོད་པའི་ཕྱིར་རོ། །དེའི་ཕྱིར་ཁམས་གསུམ་པའི་ཐམས་ཅད་ལས་ཁྱད་པར་ཅན་དུ་གྱུར་པ་སྟེ། ཐམས་ཅད་ཀྱི་དེད་དཔོན་ཡིན་པའི་ཕྱིར་རོ། །མངོན་པར་འཕགས་པ་ནི་གཙོ་བོར་གྱུར་པའོ། །ཕན་ཡོན་དེ་ལྟ་བུ་དང་ལྡན་པའི་སྒྲུབ་པ་གང་ཞེ་ན། སྒྲུབ་པ་ནི་རྣམ་པ་གསུམ་སྟེ། ཐོས་པ་ལས་བྱུང་བའི་ཤེས་རབ་དང༌། བསམས་པ་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་ཤེས་རབ་པོ། །དེ་ལྟ་བས་ན་དང་པོ་ཐོས་པ་ལས་བྱུང་བའི་ཤེས་རབ་བསྐྱེད་པའི་ཕྱིར། ཡང་ཆོས་སྒྲུབ་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ནི་འདིར་ཐོས་པའི་ཤེས་རབ་ལ་བྱའོ། །སྒྲུབ་པ་ནི་དེ་ཉིད་ཉམས་སུ་ལེན་པའོ། །དེ་ལ་ཐོས་པ་ཇི་ལྟར་བྱ་ཞེ་ན། ཆོས་ཐམས་ཅད་དངོས་པོ་མེད་པའི་སྟོན་ཀའི་ཉི་མ་ཕྱེད་ཀྱི་ནམ་མཁའི་དཀྱིལ་ལྟ་བུ་སྤྲོས་པའི་མཐའ་དང་བྲལ་བ་དེ་ལྟ་བུར་རྟོགས་པའི་ཐབས་སུ་བྱ་བར་བསྟན་ཏོ། །ཐབས་གང་གིས་ཤེ་ན་། བསམ་པ་རྣམ་པར་དག་པ་དང༌། སྦྱོར་བ་ཕུན་སུམ་ཚོགས་པའི་ཐབས་ཀྱིས་སོ། །དེ་ལ་བསམ་པ་ནི་རྣམ་པ་བཞི་སྟེ། བདག་བསྒྲགས་པའི་བསམ་པ་མ་ཡིན་པ་དང༌། རྩོད་པ་ལས་རྒྱལ་བར་འདོད་པའི་བསམ་པས་མ་ཡིན་པ་དང༌། མཚང་འདྲུ་བའི་བསམ་པས་མ་ཡིན་པ་དང༌། དེའི་ཕྱིར་སེམས་ཅན་ཡོངས་སུ་བསྒྲལ་བར་དམིགས་པ་དང༌། ཉོན་མོངས་པའི་དགྲ་ལས་རྒྱལ་བའི་བསམ་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པའི་བསམ་པ་དང༌། ཆོས་དང་ཆོས་སྨྲ་བ་ལ་གུས་པར་བྱ་བའི་བསམ་པས་མཉན་པར་བྱ་བའོ། །སྦྱོར་བ་ནི་རྣམ་པ་གསུམ་སྟེ། སྦྱོར་བ་སྟོང་པ་ཉིད་སྙིང་རྗེ་ཆེན་པོ་ཅན་བྱང་ཆུབ་ཀྱིས་ཟིན་ཅིང༌། གོ་ཆའི་བརྩོན་འགྲུས་དང་ལྡན་པ་དང༌། དངོས་གཞི་འཁོར་གསུམ་རྣམ་པར་དག་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་དང༌། རྗེས་ལ་མི་དམིགས་པས་དགེ་བ་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་སྟེ། ཐབས་དེ་ལྟ་བུས་མཉན་པར་བྱའོ་ཞེས་བསྟན་ཏོ། །འདི་དག་གི་


DTG110_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དུ་ནི་མདོ་སྡེ་རྒྱན་ལས་སློབ་དཔོན་རྟ་དབྱངས་ཀྱིས་བཤད་པར་བལྟ་པར་བྱའོ། །འདིར་ནི་མདོ་ཙམ་དུ་བརྗོད་པའི་ཕྱིར་དང་པོ་སྦྱོར་བ་སྟོང་པ་ཉིད་ལ་སོགས་པ་ནི། འོད་སྲུངས་ཞེས་གསུངས་ཏེ། བྱང་ཆུབ་ཀྱིས་ཟིན་པ་ནི་ཐམས་ཅད་མཁྱེན་པའི་རྒྱ་མཚོ་ལས་འཇུག་པར་འདོད་པའོ། །སྟོང་པ་ཉིད་དང་ལྡན་པས་བྱིས་པ་སོ་སོའི་སྐྱེ་བོའི་ས་ལས་འདས་པའོ། །སྙིང་རྗེ་དང་ལྡན་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདའོ། །གོ་ཆ་དང་ལྡན་པའི་བདག་གི་ཞེས་སྨོས་ཏེ། ཕའི་སྤྱོད་ཡུལ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །མདོ་སྡེ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཕའི་སྤྱོད་ཡུལ་དུ་བཤད་པའོ། །དངོས་པོ་འཁོར་གསུམ་རྣམ་པར་དག་པ་ལ་སོགས་པ་ནི། རྩ་བ་མི་གཅོད་པ་ཞེས་བྱ་སྟེ། བརྩོན་འགྲུས་ཀྱིས་བྱ་བ་རྣམས་བྱེད་པའི་ཕྱིར་རོ། །རྗེས་ཀྱི་ཡོངས་སུ་བསྔོ་བ་ནི། ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོག་མི་ཤེས་པ་ནི་རྒྱ་མཚོ་ལྟ་བུས་མི་ངོམས་པའོ། །ཟག་པ་མེད་པའི་ལས་ཡོངས་སུ་སྤྱོད་པ་ལ་བསླབ་པ་བག་ཡོངས་སུ་གནས་པས་ཁ་ན་མ་ཐོ་བ་མེད་པའོ་ཞེས་གསུངས་ཏེ། ཇི་སྐད་དུ། ཤེས་རབ་རྣམ་པར་གསུམ་ལ་འཇུག་པ་ནི། ཉེས་པ་དང་ལྟུང་བ་ཕྲ་མོ་དག་ལས་གྲོལ་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །བསམ་པ་ནི་རྣམ་པ་བཞི་སྟེ། བདག་བསྒྲགས་པའི་བསམ་པས་མ་ཡིན་པ་ནི། སྒྲུབ་པ་དོན་དུ་གཉེར་བས་ཞེས་གསུངས་ཏེ། སེམས་སྙོམས་པ་ནི་བྱམས་པ་ལ་སོགས་པའོ། །དེ་བས་ན་རྩོད་པ་ལས་རྒྱལ་བའི་བསམ་པས་མ་ཡིན་པ་ལ་སོགས་པ་རྣམས་ཀྱང་རིག་པར་བྱ་སྟེ། འདིར་ནི་མཚོན་པར་ཟད་དོ། །རང་བཞིན་ཇི་ལྟ་བུ་ཞིག་མཉན་ཅེ་ན། རིག་པའི་གནས་ལྔ་ལ་མཁས་པར་བྱ་བར་གསུངས་སོ། །འོ་ན་ལུང་ལས་ཚུལ་གཅིག་གིས་འཚང་རྒྱ་བར་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་དགོངས་པའི་དོན་དུ་གསུངས་པ་ཡིན་པར་རིག་པར་བྱ་སྟེ། ཇི་ལྟར་ཞེ་ན་གང་ཟག་དབང་པོ་རྟུལ་པོ་ལ་དགོངས་པ་དང། འཇིག་རྟེན་པའི་ལམ་བསྐྱེད་པ་ལ་དགོངས་པ་དང༌། གཞན་དྲང་བ་ལ་དགོངས་པའི་ཕྱིར་རོ། །ཡང༌། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །ཞེས་གསུངས་པ་དང་ཡང་འགལ་བར་འགྱུར་རོ། །དེ་ནི་དྲང་བའི་


DTG110_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡིན་ནོ་ཞེ་ན། གལ་ཏེ་སངས་རྒྱས་ཀྱི་གསུང་ནི་དགོངས་པ་སྣ་ཚོགས་སུ་འཇུག་པས་རུང་བ་ཞིག་ན། བཀའི་དོན་གཏན་ལ་འབེབས་པར་བྱེད་པས་ཅི་ལྟར་གཞན་དུ་བཤད། དེ་ལྟར་ན་ནི་དོན་གཏན་ལ་ཕབ་པར་ཡང་མི་འགྱུར་ལ། ཧ་ཅང་ཐུག་པ་མེད་པའི་ཐལ་བར་ཡང་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན། ལྡོག་པའི་སྒོ་ནས་སྤང་བར་བྱ་བ་བསྟན་པ་ནི། འདུ་འཛིའི་གཏམ་ཉན་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། འདུ་འཛིའི་གཏམ་ནི་བརྟག་པའི་བསྟན་བཅོས་རྣམས་སོ། །མཉན་ནས་ནི་རང་བཟོ་བའི་གཏམ་མོ། །ལྷག་མ་ནི་གོ་སླ་བ་རྣམས་ཏེ། འདི་དག་ལས་དོན་དུ་འགྱུར་བ་ཅུང་ཟད་བཤད་མོད་ཀྱི་དོན་ཆེན་པོ་ཉམས་བས་ན་བར་དུ་གཅོད་པའོ། །ད་ནི་ཚུལ་ཁྲིམས་ཅི་ལྟ་བུས་མཉན་པ་དེ་བཤད་པར་བྱ་སྟེ། དང་པོ་ཉོན་མོངས་པའི་གཉེན་པོར་འགྱུར་བར་བྱ་དགོས་པས་རྩོད་པའི་བསམ་པས་མ་ཡིན་པ་ནི། ལྷའི་བུ་ཞེས་གསུངས་ཏེ། ཆོས་ཐམས་ཅད་ལ་མི་སྒྲུབ་པ་ནི་དངོས་པོར་ལྟ་བ་འདོར་བ་སྟེ། དངོས་པོ་ནི་འཆིང་བའི་གནས་ཡིན་པའི་ཕྱིར་རོ། །ཇི་ལྟར་འཆིང་ཞེ་ན། དངོས་པོར་ཞེན་པ་ཡོད་ན་བདག་ཏུ་རྟོག་པར་འགྱུར་ལ། བདག་ཡོད་ན་གཞན་དུ་ཤེས་པས་དེ་ལས་ཉོན་མོངས་པ་མཐའ་དག་འབྱུང་བར་འགྱུར་ཏེ། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །འདི་དག་དང་ནི་ཀུན་འབྲེལ་ལས། །སྐྱེ་བོ་ཀུན་ནས་ཉེས་ཚོགས་བསྟེན། །ཞེས་བྱ་བ་ལྟ་བུའོ། །འོ་ན་དངོས་པོར་ལྟ་བ་ཉིད་ཐབས་གང་གིས་འདོར་ཞེས་དེ་ཅིའི་ཕྱིར་ཞེ་ན་ཞེས་རྒོལ་བ་ལ་འབད་ཅིང་རྩོལ་བ་ནི་རྣམ་པར་རྟོག་པ་ཡིན་པས། བྱང་ཆུབ་སེམས་དཔའི་ཉོན་མོངས་པར་འགྱུར་ལ། འབད་པ་མེད་ཅིང་རྩོལ་བ་དང་བྲལ་བ་ནི་ཉོན་མོངས་པ་མི་སྐྱེད་པས་ན་ཆོས་མི་བྱེད་པའོ། །འོ་ན་འབད་པ་མེད་ན་གྲོལ་བར་འགྱུར་རམ་ཞེ་ན། བྱ་བ་རང་བཞིན་ཉིད་དུ་ཁས་བླངས་ལ། །དེ་ནི་མ་ཡིན་ཏེ། འདིར། འབད་པ་མེད་ཅིང་རྩོལ་བ་མེད། །ཅེས་བྱ་བ་ནི་དངོས་པོར་གྲུབ་པའི་ཉོན་མོངས་པ་སྤང་བར་རྩོལ་པར་མི་བྱ་སྟེ། དེ་ནི་ལོག་པ་ཡིན་པའི་ཕྱིར་རོ། །ཅི་ལྟར་ཞེ་ན། གལ་ཏེ་དངོས་པོ་ཉིད་གྲུབ་པ་ཞིག་ཡོད་ན་དེ་ཐབས་གང་གིས་སེལ་བར་འགྱུར། གྲུབ་ཅེས་བྱ་བ་རང་བཞིན་ཉིད་དུ་ཁས་བླངས་ལ། རང་བཞིན་གཞན་དུ་འགྱུར་བ་མི་རིགས་ཏེ། མ་བྱས་པའི་ཕྱིར་རོ།


DTG110_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་སྤངས་པའི་གྲོལ་བ་ཐག་བསྲིངས་པ་ཡིན་ཏེ། གཉེན་པོ་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟ་བུ་ཞེ་ན། མེད་པ་ལ་ཡོད་པར་རྟོག་པ་ནི་ཕྱིན་ཅི་ལོག་ཡིན་པས་ཉོན་མོངས་པའི་ཉེས་པ་བཤད་པ། ཡོད་པའི་རྟོག་པ་དང་བྲལ་བ་ནི་མ་འཁྲུལ་པའི་ཤེས་པ་ཞེས་བྱའོ། །འོ་ན་མེད་པར་རྟོག་པས་སམ་ཞེ་ན། ཡོད་པའི་དངོས་པོ་མ་གྲུབ་ན་གང་ཞིག་མེད་པར་འགྱུར། དེས་ན་མེད་པར་རྟོག་པའང་མི་འབྱུང་སྟེ། མཐའ་ཡོངས་སུ་སྤངས་པའི་ཕྱིར་རོ། །དེ་ལྟ་བས་ན། ཉོན་མོངས་པ་དག་ནི་བརྫུན་ལ་དངོས་པོར་མ་གྲུབ་པ་ཡིན་པ། མི་རྟོག་པ་ནི་བདེ་བའི་ངོ་བོ་ཉིད་དུ་གནས་པ་དེ་སྐྱེས་ན་སྣང་བས་མུན་པ་ལྟར་སེལ་གྱི། ཡུལ་གཞན་དུ་འཕོས་པའམ་དངོས་པོ་བཞག་པ་ལྟ་བུ་མ་ཡིན་པས་ན་ནང་གི་མུ་སྟེགས་པ་འགའ་ཞིག་དེ་ལྟ་བུར་འདོད་པ་དགག་པའི་ཕྱིར་རོ། །འབད་པ་དང་རྩོལ་བ་མེད་ཅེས་བསྟན་ཏོ། །རྣམ་གྲངས་གཞན་ཡང་མཉམ་པར་གཞག་པའི་དུས་ན་མི་རྟོག་པའི་ངོ་བོ་ཉིད་དུ་གནས་པ་ནི། ཡེ་ཤེས་སྐྱེ་བའི་རྒྱུར་འཐད་ཀྱི། །གཞན་དུ་ན། བྱམས་པ་ལ་སོགས་པ་ནི་རྨོངས་པ་དང་འགལ་བ་རྒྱུ་མ་ཡིན་ཀྱང་དེ་སྐད་ཅེས་བརྗོད་དོ། །མི་བྱེད་པ་ནི་ཉོན་མོངས་པ་སྤོང་བར་མི་རྩོལ་བའོ། །རྣམ་པར་མི་བྱེད་པ་ནི་གཉེན་པོ་བསྐྱེད་པ་ལ་མི་འབད་པ་སྟེ། དེའི་ཕྱིར། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་སོ། །འོ་ན་མི་རྟག་པ་ཉིད་ལ་ཐབས་གང་གིས་སྐྱེད་ཅེ་ན། རྟོག་པ་ལ་བརྟེན་པས་སོ། །རྟོག་པ་ཉིད་གང་གིས་སྤོང་བ་ཞེ་ན། མི་རྟོག་པ་ཉིད་ཀྱིས་ཏེ། དེའི་ཕྱིར། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་དགོས་པས། རྙེད་པ་དང་བཀུར་སྟིའི་བསམ་པ་ཡིན་པ་ནི། ཆོས་རྣམས་བསྒྲུབ་པར་བྱ་འདོད་པའོ་ཞེས་གསུངས་ཏེ། ཆོས་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །སྒྲུབ་པ་ནི་དེ་ཐོབ་པར་བྱ་བའོ། །རྙེད་པ་ནི་ཡོ་བྱད་དོ། །བཀུར་སྟི་ནི་སྟན་འདིངས་པ་ལ་སོགས་པའོ། །ཡོངས་སུ་སྤང་བར་བྱ་བ་ཅིའི་ཕྱིར་ཞེ་ན། མཐོང་བ་དང་མཐོང་བའི་ཡོན་ཏན་ཐམས་ཅད་འཇོམས་ཤིང་ཉེས་པ་ཐམས་ཅད་འཕེལ་བར་བྱེད་པའི་


DTG110_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །དེ་ལ་ཡོན་ཏན་ནི་ཚུལ་ཁྲིམས་ལ་སོགས་པའོ། །ཉེས་པ་ནི་འཆལ་པའི་ཚུལ་ཁྲིམས་ལ་སོགས་པའོ། །དེའི་ཕྱིར་གཏི་མུག་བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཏི་མུག་ནི་འདིར་ཤེས་བཞིན་མ་ཡིན་པ་ལ་དགོངས་སོ། །དྲན་པ་འཇོམས་པ་ནི་སྡོམ་པའི་ཚུལ་ཁྲིམས་ཉམས་པར་བྱེད་པའོ། །བདག་གི་དོན་ནི་ཚེ་འདིའི་བདེ་བའོ། །གཡོ་བ་སྐྱེད་པ་ནི་སེམས་ཅན་གྱི་དོན་བྱེད་པ་ལས་ཉམས་པ་སྟེ། གཞན་སླུ་བ་ཉིད་དོ། །རྒྱགས་པ་ལ་སོགས་པ་ནི་ང་རྒྱལ་ཏེ། དེས་ཡོན་ཏན་སྦྱིན་པ་ལ་སོགས་པ་མི་སྐྱེད་ཅིང་ཉམས་པར་བྱེད་པས་ན་དགེ་བའི་ཆོས་ཡོངས་སུ་སྡུད་པར་མི་འགྱུར་བའོ། །སོ་སོར་ཐར་པའི་སྡོམ་པ་ལས་ཉམས་པར་བྱེད་པས་ན་གནང་བ་མ་ཡིན་པ་སྟེ། མི་དགེ་བ་བཅུ་སྤྱོད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ལས་ཉམས་པར་བྱེད་པས་ན། ལྟུང་བའི་རྩ་བ་དེ་ཕམ་པ་ལྟ་བུའི་ཆོས་ཡིན་པའི་ཕྱིར་རོ། །སེར་སྣ་བསྐྱེད་པས་ན། སྔར་བཀུར་སྟི་བྱེད་པ་ཞེས་སྨོས་ཏེ། ཕྱིས་མི་བྱེད་པ་ནི་ཡོངས་སུ་འཛིན་པའི་སྐྱོན་གྱིས་སོ། །སེམས་རྣམ་པར་གཡེང་བས་ན་བསམ་གཏན་དང་ཚད་མེད་པ་ཡོངས་སུ་སྤངས་པ་སྟེ། ཚད་མེད་པ་ནི་ཚངས་པར་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ལེ་ལོ་དང་ལྡན་པས་ན། ལྷག་སྤྱོད་ཀྱི་སྤྱོད་པ་དང་མཚུངས་པ་སྟེ། ལེ་ལོ་ནི་ཐོབ་པའི་ཡོན་ཏན་ཉམས་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཁོང་ཁྲོ་བསྐྱེད་པས་ན་རབ་ཏུ་འཇུག་པ་ཞེ་སྡང་ནི་སེམས་ལ་གནོད་པས་ན་ཚེར་མ་ལྟ་བུ་ཡིན་པའི་ཕྱིར་རོ། །འཆལ་བའི་ཤེས་རབ་ནི་འདམ་ལྟ་བུ་སྟེ། མི་ཤེས་པ་ནི་འབྱུང་བའི་ལམ་ལ་རྨོངས་པའི་ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུ་ནི་སེམས་ཅན་དམྱལ་བ་ལ་སོགས་པའོ། །ལ་ལ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་བསྐྱེད་པས་ན། དྲན་པ་འཇོམས་པ་དང༌། རྒྱགས་པ་ལ་སོགས་པ་བསྐྱེད་པའོ། །བཀའ་ལས་འདས་པས་ན་མ་གནང་བ་ལ་སྤྱོད་པའོ། །ཚུལ་ཁྲིམས་ཉམས་པར་བྱེད་པས་ན་དགེ་བའི་རྩ་བ་སྟོར་བར་བྱེད་པའོ། །མཐོང་བའི་ཉེས་དམིགས་ནི་ཕྱིས་མི་བྱེད་པའོ། །མ་ཐོབ་པའི་ཉམས་པ་ནི་བསམ་གཏན་དང་ཚད་མེད་པ་ཡོངས་སུ་སྤངས་པའོ། །ཐོབ་པའི་ཉམས་པ་ནི་ལྷག་སྤྱོད་ཀྱི་ཆོ་ག་ལྟ་བུའོ། །ཕྲག་དོག་བསྐྱེད་པས་ཚེར་མ་ལྟ་བུའོ། །དབྲལ་བར་དཀའ་བས་འདམ་ལྟ་བུའོ་


DTG110_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཀྱང་ཟེར་རོ། །སེམས་ཅན་ཐམས་ཅད་བསྒྲལ་བར་དམིགས་པའི་ཕྱིར་བདག་བསྒྲགས་པའི་བསམ་པ་མ་ཡིན་པ་ནི། སོ་སོར་བརྟགས་ཞེས་བྱ་བ་སྟེ། སོ་སོར་བརྟགས་ནས་ཞེས་བྱ་བ་ནི། སེམས་ཅན་ཡོངས་སུ་ཐར་བར་བྱ་བ་ནི་དམིགས་པར་སྤྱད་ནས་སོ། །འདོད་པ་ནི་བདག་གི་ཡོན་ཏན་ནི། །ཆུང་བ་དེ་བསྒྲགས་པའི་བསམ་པ་བཏང་ནས་སོ། །བཟློག་པའི་སྒོ་ནས་དཔེ་དྲང་བ་ནི། ཤིང་ནྱ་གྲོ་དྷའི་དྲུང་ན་ཞེས་སྨོས་སོ། །གྲོང་རྡལ་ནི་ཚོང་འདུས་ཀྱི་ཁྱིམ་མོ། །དྲུང་བ་ནི་འདོད་པ་ཆུང་བའོ། །དེས་པ་ནི་ངད་འཇམ་པའོ། །དེ་ལྟར་ཉེས་དམིགས་ཀྱི་སྒོ་ནས་སྤང་བར་བྱ་དགོས་པས་ན་མི་ཟད་པ་ཞེས་བྱ་སྟེ། མ་རུངས་པའོ། །བརྙས་པ་ནི་ཁྱད་དུ་གསོད་པའོ། །གྲགས་པ་ནི་སྙན་པ་བརྗོད་པའོ། །ཆོས་དང་ཆོས་སྨྲ་བ་ལ་གུས་པར་བྱ་དགོས་པས། ཆོས་ཀྱི་མཁན་པོའི་མཚང་འདྲུ་བའི་བསམ་པས་མ་ཡིན་པ་ནི། གཡོ་དང་སྒྱུ་ཡང་ཡོངས་སུ་སྤང་བར་བྱ། །ཞེས་བྱ་བ་སྟེ། ཡོན་ཏན་ལ་སོགས་པ་ཐོབ་པར་འདོད་པའི་རེ་བའི་ཡིད་ཀྱིས་ཚུལ་གཞན་དུ་སྒྱུར་བ་ནི་སླུ་བས་ན་གཡོའོ། །དྲང་བོར་མི་བྱེད་པས་ན་སྒྱུའོ། །དེ་ཉིད་ལྡོག་པའི་སྒོ་ནས་བསྟན་པ་ནི་བར་དུ་གཅོད་པ་ནའོ་ཞེས་བྱ་བའོ། །ཡོངས་སུ་སྤང་བར་ནི་ཆོས་དང་ཆོས་སྨྲ་བ་ལ་གུས་པ་བསྐྱེད་པར་བྱ་བའི་ཕྱིར་རོ། །དེའི་ཕྱིར་ལུང་ལས་ཀྱང༌། ཆོས་ལ་ནི་སྨན་གྱི་འདུ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྗེས་སུ་འགྲོ་བའི་སྒོ་ནས་བསྟན་པ་ནི། གཞིའང་གཉིས་ཏེ་ཞེས་བྱ་བ་སྟེ། དྲང་པོ་དང་གཡོ་མེད་པ་ནི་གསང་མཚང་འདྲུ་བའི་བསམ་པས་མ་ཡིན་པའོ། །དེ་ལྟར་ཆོས་ཉན་པའི་ཚུལ་དེ་ལྟ་བུས་ཡུལ་ནས་གང་ལ་མཉན་ཞེ་ན། ཡོངས་སུ་འཛིན་པའི་ཁྱད་པར་བསྟན་པ་ལ་ནི་ནན་ཏན་སྒྲུབ་པར་འདོད་པས་ཞེས་གསུངས་པས་ཏེ། ནན་ཏན་དུ་བྱ་བ་ནི་བསྒྲུབ་པའི་དོན་ལའོ། །ཡོངས་སུ་འཛིན་པ་ལས་ཅིའི་ཕྱིར་ཞེ་ན། ཤིན་ཏུ་ལྐོག་ཏུ་གྱུར་པ་ལ་ནི་ལུང་གཙོ་བོ་ཡིན་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་མི་འཇུག་པའི་ཕྱིར་རོ། །འོ་ན་བྱང་ཆུབ་སེམས་དཔའ་ཐོས་པ་དྲི་མ་མེད་པའི་གཟི་བརྗིད་དང་ལྡན་པ་ལ་ནི་ཆོས་རི་སུལ་དང༌། ཀ་བ་དང༌། རྩིག་པའི་ནང་དག་ཏུ་འང་འབྱུང་བར་འགྱུར་རོ་ཞེས་བསྟན་པས་ཡོངས་སུ་འཛིན་པ་ཇི་ལྟར་བསྔགས་དེ་ནི་ལྷག་པའི་བསམ་པ་རྣམ་པར་དག་པའི་ཕན་ཡོན་དུ་བསྟན་མོད་ཀྱི། འདིར་


DTG110_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་པོ་པ་དག་དཀར་པོ་ཡོངས་སུ་འཛིན་པ་ལ་མ་བརྟེན་པ་ན་ཐབས་གང་གིས་འཇུག་པར་འགྱུར། རང་གི་སྤྱོད་པས་སོ་ཞེ་ན། གལ་ཏེ་ལྷག་པའི་བསམ་པ་རྣམ་པར་དག་པ་ལ་འདོད་པ་ཁོ་ན་སྟེ། རྟོག་པ་རང་སྐྱེ་བར་སྔར་བསྟན་ཏོ། །དེ་ལྟ་ཡིན་པ་ལ་ནི་ཅི་ལྟར་རུང༌། ལུང་ཅུང་ཟད་ལ་བརྟེན་པ་ལ་སོགས་པ་ཡང་མ་ཡིན་ཏེ། ཅི་ལྟར། རྟོག་གེ་བརྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་བརྟེན་པས་ན། །དེ་ཕྱིར་དེ་ནི་ཡུལ་མིན་འདོད། །ཅེས་བྱ་བ་ལྟ་བུའོ། །ལུང་ཅི་ཞིག་དགོངས་ཤེ་ན། དེ་ཡང་མ་ཡིན་ཏེ། ལུང་མེད་པའི་རྟོག་གེས་ནི། སྣང་བའི་དོན་ཀྱང་རྟོགས་པར་མི་ནུས་ན། ཤིན་ཏུ་ལྐོག་ཏུ་གྱུར་བའི་དོན་ལ་ལྟ་ཅི་སྨོས། འཕགས་པ་ཐོགས་མེད་ཀྱང༌། ལུང་མ་རྟོགས་པར་རྟོག་གེ་ལ། །ཆོས་རྣམས་རྣམ་པར་གནས་མ་ཡིན། །ཞེས་གསུངས་སོ། །གལ་ཏེ་རྟོགས་ཤིང་ཁོང་དུ་ཆུད་པ་ཉིད་ན་དེ་ཉིད་ཀྱིས་སོ་ཞེ་ན། དེ་ཡང་མ་ཡིན་ཏེ། འཇིག་རྟེན་པ་ཡི་ཚུལ་དུ་ཡང། །རིག་པ་གླེགས་བམ་ལ་བསླབས་ཤིང༌། །བླ་མའི་ཁ་ནས་མ་ཡིན་པ། །མང་པོའི་ནང་དུ་མི་མཛེས་ཏེ། །འཕྱོན་མའི་བུད་མེད་སྦྲུམ་མ་བཞིན། །ཞེས་འབྱུང་ན། ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་དགེ་བའི་བཤེས་གཉེན་མེད་པར་ནི། ལུང་ལས། གྲུ་ཡི་སྐྱ་བ་འཛིན་མེད་པས། །རྒྱ་མཚོའི་ངོགས་སུ་ཕྱིན་མི་འགྱུར། །དེ་བཞིན་བླ་མ་མེད་པ་ཡི། །སྒྲུབ་པོས་སྲིད་པའི་མཐར་མི་ཕྱིན། །ཅེས་བྱ་བ་གསུངས་པ་ལྟ་བུ་དང༌། ཡང་འཕགས་པ་ནོར་བཟངས་ཀྱིས་དགེ་བའི་བཤེས་གཉེན་སྟོང་གི་བརྒྱ་ལས་གདམས་པ་བཙལ་བ་ཡིན་པའི་ཕྱིར་དང༌། ཡང་དགེ་བའི་བཤེས་གཉེན་ནི། སྲོག་གི་ཕྱིར་ཡང་གཏང་བར་མི་བྱ་ཞེས་གསུངས་པ་ནི། །ཡོངས་སུ་འཛིན་པ་ངེས་པར་བརྟེན་པར་བྱ་དགོས་སོ། །དགོས་པ་ཆེན་པོ་དང་ལྡན་པའི་ཡོངས་སུ་འཛིན་པ་དུ་ཞེ་ན། དེ་ནི་རྣམ་པ་གཉིས་ཏེ། བླ་ན་ཡོད་པའི་དགེ་བའི་བཤེས་གཉེན་དང༌། བླ་ན་མེད་པའི་དགེ་བའི་བཤེས་གཉེན་ནོ། །དང་པོ་ནི་རྣམ་པ་གཉིས་ཏེ། ལུང་དང་ལྡན་པ་དང༌། སྒྲུབ་པ་དང་ལྡན་པའོ། །དེ་ལ་ལུང་དང་ལྡན་པ་ནི་གདམས་པ་ཕྱིན་ཅི་མ་ལོག་པ་དང་ལྡན་པའོ། །སྒྲུབ་པ་དང་ལྡན་པ་ན་ཕུན་སུམ་ཚོགས་པའི་དགེ་བའི་བཤེས་གཉེན་ནོ། །དེ་གང་ཞེ་ན། ཆོས་རྣམ་པ་བཞི་དང་ལྡན་པ་ལ་བྱ་སྟེ། འདོད་པ་ཆུང་ཞིང་ཆོག་ཤེས་པ་


DTG110_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དང། སྙིང་རྗེས་རྗེས་སུ་འཛིན་པ་དང༌། སོ་སོར་ཐར་པ་དང༌། བྱང་ཆུབ་སེམས་པའི་སྡོམ་པ་དང་ལྡན་པ་དང༌། ཤེས་རབ་ཕུན་སུམ་ཚོགས་པ་ཉིད་དོ། །ལ་ལ་ན་རེ་དུལ་བ་ལ་སོགས་པ་ཆོས་རྣམ་པ་བཅུ་བཤད་པ་ལ་བྱའོ་ཞེས་ཟེར་རོ། །ལ་ལ་ན་རེ་མང་དུ་ཐོས་པ་ལ་སོགས་པ་ཆོས་རྣམ་པ་ལྔ་དང་ལྡན་པའོ་ཞེས་ཟེར་རོ། །ལ་ལ་ན་རེ་སྡོམ་པ་ལ་གནས་པ་ལ་སོགས་པ་ཆོས་རྣམ་པ་ལྔ་དང་ལྡན་པའོ་ཞེས་ཟེར་རོ། །ལ་ལ་ན་རེ་ཚུལ་ཁྲིམས་དང་ལྡན་པར་གནས་པ་ལ་སོགས་པ་ཆོས་རྣམ་པ་བདུན་དང་ལྡན་པ་ལ་བྱའོ་ཞེས་ཟེར་རོ། །ལ་ལ་ན་རེ་ཚུལ་ཁྲིམས་འཆལ་པ་ལ་སོགས་པ་སྐྱོན་རྣམ་པ་གསུམ་དང་མི་ལྡན་པ་ནི། ཕུན་སུམ་ཚོགས་པའི་དགེ་བའི་བཤེས་གཉེན་དུ་འདོད་དོ། །དེ་ལ་ལུང་དང་ལྡན་པ་པ་ནི་ལུང་ལེན་པའི་དགེ་བའི་བཤེས་གཉེན་དང༌། སྒྲུབ་པ་དང་ལྡན་པའི་དགེ་བའི་བཤེས་གཉེན་ནོ། །དེ་ལ་ལུང་ལས་ནི་ལུང་ལེན་པ་འབའ་ཞིག་གོ །སྒྲུབ་པ་དང་ལྡན་པ་ནི་ལུང་དང་སྒྲུབ་པ་གཉིས་སོ། །ལུང་དང་ལྡན་པ་དང༌། སྒྲུབ་པ་དང་ལྡན་པ་རེ་རེས་ཀྱང་གཉིས་ཀ་འགྲུབ་བོ། །གཉིས་ཀྱིས་ནི་རེ་རེས་འགྲུབ་པ་མ་ཡིན་ནོ། །དེའི་ཕྱིར་འདིར་ཚིགས་སུ་བཅད་པ། ལག་གཉིས་དང་པོ་གཉིས་པ་དང༌། །དེ་ཡི་གཉེན་པོའི་དབྱེ་བ་ནི། །དུས་དང་མདའ་ནི་རྣམ་པ་གཉིས། །མདའ་གཉིས་རེ་རེ་དྲང་སྲོང་དང༌། །ཡོན་ཏན་དག་སྟེ་དུས་གཞན་གྱིས། །འདོད་པ་མ་སྤངས་གོ་བྱའི་ཕྱིར། །བསྟན་གྱི་ལག་པ་གཉིས་ཀྱི་ལས། །བསྡུས་ཏེ་རྣམ་པ་རེ་རེ་གཉིས། །བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ལ་གཙོ་བོ་ཡིན་པས་སྒྲུབ་པ་ཞེས་སྨོས་སོ། །དེ་ལ་དགེ་བའི་བཤེས་གཉེན་བསྟེན་པའི་མཚན་ཉིད་བསྟན་པ་ནི། དཔལ་འབྱུང་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་བསྟེན་པའི་དངོས་པོར་བསྟན་པ་ནི། རག་ལས་པའོ་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱོད་པ་ནི་ཚུལ་ཁྲིམས་ལ་སོགས་པ་ནི་རྣ་བའི་དབང་པོ་ཡུལ་མ་གྲགས་པའོ། །སྒྲུབ་པའི་དབང་དུ་བྱས་ནས། ཡོན་ཏན་ཡོངས་སུ་རྫོགས་པར་བྱ་བ་ཞེས་གསུངས་ཏེ། ཡོན་ཏན་ནི་ཐོས་པ་ལ་སོགས་པའོ། །ཡོངས་སུ་རྫོགས་པ་ནི་མ་ཚང་བ་མེད་པའོ། །དེ་ལྟར་སྒྲུབ་པ་དང་ལྡན་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །གནས་སྐབས་རྣམས་སུ་ཡོན་ཏན་གྱི་ཚོགས་


DTG110_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་ནས་གནས་སྐབས་ཐམས་ཅད་དུ་ཡོངས་སུ་འཛིན་པའི་ཁྱད་པར་གྱིས་དང་པོར་འཇིག་རྟེན་པའི་ལམ་དུ་བསྐྱེད་པ་ཞེས་བྱ་བ་སྟེ། དགེ་བའི་རྩ་བ་ནི་སྦྱིན་པ་ལས་བྱུང་བ་ལ་སོགས་པ་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་ཁྱད་པར་རོ། །བསླབ་པ་ནན་ཏན་དུ་བྱ་བ་ནི་སྤྲོ་བའི་ཁྱད་པར་ཏེ། བརྩོན་འགྲུས་ཀྱིས་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་ལ་སོགས་པའོ། །ལྷག་པའི་བསམ་པ་ཡོངས་སུ་དག་པ་ནི། སེམས་པའི་ཏིང་ངེ་འཛིན་ལ་སོགས་པའོ། །ཞི་གནས་དང་ལྷག་མཐོང་གི་ཁྱད་པར་རོ། །བསོད་ནམས་བསགས་པ་ནི་དད་པ་ལ་སོགས་པའི་དབང་པོས་ཁྱད་པར་དུ་བྱས་པའོ། །བྱང་ཆུབ་ནི་ཇི་ལྟ་བ་ལ་སོགས་པ་ཤེས་པའི་ཡེ་ཤེས་ཏེ། དེ་དང་རྗེས་སུ་མཐུན་པས་ན་མགུ་བར་བྱེད་པ་དད་པ་ལ་སོགས་པའི་ཁྱད་པར་བྱས་པའོ། །ངན་སོང་དུ་མི་ལྟུང་བ་ནི་བཟོད་པའི་གནས་སྐབས་སུ་སོང་བའི་མྱ་ངན་ལས་འདས་པ་སྟེ། ཟིན་པ་ནི་རང་བཞིན་མེད་པ་རྟོགས་པའི་ཁྱད་པར་རོ། །ཐེག་པ་ཆེན་པོ་ནི་སྟོང་པ་ཉིད་ལ་བྱ་བར་དགོངས་ཏེ། དེའི་ཁྱད་པར་ཆོས་ཐམས་ཅད་ལ་བདག་མེད་པར་ཡིད་ཆེས་པ་ནི་མི་ལྡོག་པའོ། །འཇིག་རྟེན་ལས་འདས་པའི་གནས་སྐབས་དང་པོ་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་རྟོགས་པས་ན། སོ་སོའི་སྐྱེ་བོའི་ས་སྟེ། ཀུན་དུ་སྦྱོར་བ་གསུམ་ལ་སོགས་པ་ཟད་པས་ན། ཡོངས་སུ་འདའ་བའོ། །བསླབ་པ་ནི་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པའོ། །འགལ་བ་ནི་སྲོག་གཅོད་པ་ལ་སོགས་པ་སྟེ། དེའི་ཉེས་པ་མི་སྤྱོད་པས་ན་མི་བྱེད་པའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱིས་ངེས་པ་ནི་བདག་མེད་རྟོགས་པའི་ཤེས་རབ་སྟེ། ལྷག་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མི་འཇུག་པའོ། །ལམ་ནི་སྡུག་བསྔལ་ཤེས་པའི་མཚན་ཉིད་ལ་སོགས་པ་སྟེ། དེའི་མི་མཐུན་པའི་ཕྱོགས་ལུས་ཀྱི་གཙང་བར་འཛིན་པ་ལ་སོགས་པ་ནི་གོལ་བའོ། །ཡོངས་སུ་བསྲུང་བ་ནི་རང་གི་ཤེས་རབ་སྐྱེད་པར་བྱེད་པས་སོ། །ཆོས་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །ཆར་རབ་ཏུ་འབེབས་པ་ནི་ཤེས་རབ་ཀྱི་སྟོབས་བསྐྱེད་པས་སོ། །དེའི་ཕྱིར་འཕགས་པ་ཉིད་ཀྱིས་ཀྱང༌། །རྟེན་ཅིང་འབྲེལ་པར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོས་ཏེ། །ཞེས་གསུངས་སོ། །སངས་རྒྱས་ཀྱི་ཆོས་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམས་སོ། །


DTG110_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་བྱེད་པ་ན་སྔ་མ་ལྟར་རང་གི་ཤེས་རབ་བསྐྱེད་པས་སོ། །ཕན་པ་ནི་མཚན་མ་མེད་ཅིང་རྩོལ་བ་དང་བཅས་པའོ། །རྒྱ་ཆེན་པོ་ནི་མཚན་མ་མེད་པ་སྟེ། མཚན་མ་ནི་རྒྱ་ཆུང་བའི་ཕྱིར་རོ། །སངས་རྒྱས་ཀྱི་རིགས་ནི་སྔར་བཤད་པ་རྣམས་སོ། །ཡང་སངས་རྒྱས་ཀྱི་རིགས་ནི་མཚན་མ་མེད་པར་རྟོགས་པའོ། །བསྐྱེད་པ་ནི་ལྷུན་གྱིས་གྲུབ་པ་སྟེ། ངང་གིས་འབྱུང་བས་མ་ལྟ་བུའོ། །སྡིག་པ་ནི་མི་ཤེས་པའི་རྣམ་གྲངས་ཏེ། དོན་ལ་རྨོངས་པ་ལ་སོགས་པ་ནི་སྡིག་པའོ། །སོ་སོ་ཡང་དག་པར་རིག་པ་རྣམ་གྲངས་དང་མཚན་ཉིད་ལ་རྨོངས་པ་སེལ་བས་ན་བསྲུང་བ་སྟེ། སོ་སོ་ཡང་དག་པར་རིག་པའི་གོང་དུ་བསྐྱེད་པས་མ་མ་ལྟ་བུའོ། །འཁོར་བ་ནི་ཕུང་པོ་ལྔའི་རང་བཞིན་ཏེ། སྡུག་བསྔལ་བརྒྱུད་པའི་ཕྱིར་རོ། །ཆུ་བོ་ནི་ཁྱེར་བར་བྱེད་པ་སྟེ་རྒྱུ་དང་འབྲས་བུའི་ཆོས་རྣམས་སོ། །སྒྲོལ་བ་ནི་ཕྲིན་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་དང་འདྲ་བའི་ཕྱིར་རོ། །དེའི་ཕྱིར་ས་བཅུ་པ་ལ་ནི་སངས་རྒྱས་ཉིད་དུ་བརྗོད་དོ་ཞེའོ། །རྣམ་པ་ཐམས་ཅད་ཀྱི་མཆོག་མཁྱེན་པས་ན་ཐམས་ཅད་མཁྱེན་པའོ། །ཀུན་རྫོབ་མཁྱེན་པས་ན་ཡེ་ཤེས་སོ། །གླིང་ནི་འཁོར་བའི་སྡུག་བསྔལ་ཡོངས་སུ་ཆད་པའོ། །རིན་པོ་ཆེ་ནི་སྔར་བཤད་པའི་འདྲ་བའི་ཕྱིར་དཔེར་བརྗོད་པ་ནི་ཕྲིན་ལས་ལ་བྱའོ་ཁ་ཅིག་ཟེར་རོ། །ལ་ལ་ནི་ཡོན་ཏན་མཐའ་དག་གི་དཔེ་ཡིན་པར་འདོད་དོ། །དེ་ལྟར་ཚོགས་ཀྱི་ས་ནས་མཐར་ཕྱིན་པའི་བར་དུ་ཡོན་ཏན་མཐའ་དག་སྐྱེ་བ་ནི་ཡོངས་སུ་འཛིན་པའི་དབང་ལས་འབྱུང་བར་རིག་པར་བྱ་སྟེ། འདིར་ནི་མདོར་བསྡུས་ཏེ་བསྟན་གྱི་ཞིབ་ཏུ་འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཤེས་པར་བྱའོ། །ཡོངས་སུ་འཛིན་པའི་ཕན་ཡོན་གྱི་དོན་བཤད་པ་ནི་སློབ་དཔོན་རྟ་དབྱངས་ཀྱིས་མདོ་སྡེའི་རྒྱན་དུ་བཤད་པར་རིག་པར་བྱའོ། །མོས་པས་སྤྱོད་པ་ནས་མཐར་ཕྱིན་པའི་སའི་བར་དུ་ཡོན་ཏན་གྱི་ཆོས་རྣམས་ཡོངས་སུ་སྦྱར་བ་ནི། འཕགས་པ་ཐོགས་མེད་ཀྱི་བྱང་ཆུབ་སེམས་དཔའི་ས་ལས་ཤེས་པར་བྱའོ། །ས་དང་པོ་ནས་མཐར་ཕྱིན་པའི་སའི་བར་དེ་ཉིད་ཀྱི་རྒྱས་པ་ནི་ས་བཅུ་པ་ལས་རིག་པར་བྱའོ། །འདིར་སྨྲས་པ། མདོ་སྡེ་རྣམས་སུ་སངས་རྒྱས་འབྱུང་བ་རྙེད་པར་དཀའ་བ་ལ་སོགས་པ་མང་དུ་གསུངས་ཤིང༌། མདོ་གཅིག་ཏུ་ཡང་དཔེས་མཚོན་ན་སེམས་བསྐྱེད་པའི་ཕན་ཡོན་ལ་


DTG110_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་མང་དུ་འབྱུང་བ་ལས། མདོ་གྲངས་འགའ་ཞིག་ཏུ་འཆད་པ་དང༌། སེམས་བསྐྱེད་པའི་ཕན་ཡོན་ལ་སོགས་པ་གྲངས་སུ་ཆད་པ་བསྡུས་པའི་དགོངས་པ་གང་ཡིན་པ་བརྗོད་དགོས་སོ་ཞེ་ན། ལ་ལ་ན་རེ་ཕྱོགས་མཚོན་པ་ཡིན་ནོ་ཞེས་ཟེར་ན། ལ་ལ་ན་རེ་མདོ་དུ་མ་དང་གཅིག་ཏུ་བཤད་པ་བསྡུས་པས་ནི་མཐའ་དག་པ་ཡིན་ལ། སེམས་བསྐྱེད་པའི་ཡོན་ཏན་ལ་སོགས་པ་ནི་ཕྱོགས་མཚོན་པ་ཡིན་ནོ་ཞེས་བཤད་དོ། །ལ་ལ་ན་རེ་དགོས་པའི་དབང་གིས་དོན་དུ་མ་དང་གཅིག་ཏུ་བཤད་པ་ཡིན་ལ་ཕྱོགས་མཚོན་པ་རྣམས་ནི་སོགས་པའི་སྒྲ་དང་ལྡན་པ་གད་འབྱུང་བ་ལ་ཇི་ལྟར་རིག་པར་སྦྱར་རོ། །མདོ་སྡེ་ལས་མང་དུ་གསུངས་པ་ཉུང་དུ་བགྲངས་པ་རྣམས་ནི་སྐྱེས་བུའི་དོན་འགྲུབ་པའི་རྒྱུར་འགྱུར་བ་རྣམས་ཡིན་ནོ། །དེའི་ཕྱིར་ཕྱོགས་ཚོད་ཀྱི་འདོད་པ་རྣམས་ལ་རིགས་པ་དང་ལུང་གང་ཡང་མེད་དེ། འདིར་ནི་གཞུང་མངས་ཀྱིས་འཇིགས་བསམ་སྤྲོས་ཏེ། བཟློག་པ་གནོད་པ་མེད་པ་ཡང་དེ་བཞིན་ནོ། །དེ་བཞིན་དུ་མཚོན་པ་ཡང་ཇི་ལྟར་རིགས་པར་ཤེས་པར་བྱའོ་ཞེས་བླ་མ་བརྒྱུད་པ་ལས་བདག་གིས་ཐོས་སོ་ཞེས་ཟེར་རོ། །དེ་ལྟར་ཕན་ཡོན་དང་ལྡན་པའི་ཡོངས་སུ་འཛིན་པའི་བསྙེན་བཀུར་བར་གདམས་པ་ནི། དེ་ལྟར་ཡིད་ལ་བྱ་བ་རྒྱུན་མི་ཆད་པས་བསྟེན་པར་གྱིས་ཤིག་ཅེས་གསུངས་ཏེ། ཡིད་ལ་བྱ་བ་ནི་ཡོན་ཏན་གྱི་སྒོ་ནས་སོ། །ཅི་ལྟར་བསྟེན་ཞེ་ན། རྣམ་པར་དག་པའི་སྒོ་ནས་ནི། །ས་ལྟ་བུའི་སེམས་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཁུར་ནི་དམ་བཅས་པའི་དོན་ཏོ། །བསྐུར་བ་ནི་རྗེས་སུ་བསྒྲུབ་པའོ། །མི་སྐྱོ་བ་ནི་སུན་པར་མི་བྱ་བའོ། །མི་ཕྱེད་པ་ནི་བདུད་དང་བདུད་ཀྱི་རིས་ཀྱིས་བྱིན་གྱིས་བརླབས་པའི་གང་ཟག་གི་རྗེས་སུ་མི་འཇུག་པའོ། །སྡུག་བསྔལ་ནི་ཐ་མལ་པའི་ལས་ཀྱིས་དུབ་པའོ། །མི་འགུལ་བ་ནི་གཡོ་བར་མི་ནུས་པའོ། །ཅི་དགའ་བ་ནི་ཅི་ལྟར་དགྱེས་པར་བྱའོ། །མི་ཁྲོ་བ་ནི་གུས་པའི་ཕྱིར་རང་བསྟེན་པའོ། །ཅི་ལྟ་བུས་ཤེ་ན། སྔར་བསྟན་པ་ལྟར་གུས་པའི་སེམས་ནི་བདག་ནི་དད་པར་འདུ་ཤེས་བསྐྱེད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །དགེ་བའི་བཤེས་གཉེན་ཁོ་ན་ལ་གུས་པ་ཅིའི་ཕྱིར་ཞེས་ཏེ། ཅིའི་ཕྱིར་ཞེ་ན་ཞེས་རྟོག་པ་ལ། ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཞེས་ཕན་ཡོན་བསྟན་པ་ནི། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་སྟེ། རི་གངས་ཅན་ནི་


DTG110_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་སྣ་ཚོགས་ཀྱི་གནས་ཡིན་པས། དེ་དག་ཡོངས་སུ་འཕེལ་བ་ལྟར་དགེ་བའི་བཤེས་གཉེན་ཡང་ཡོན་ཏན་ཐམས་ཅད་སྐྱེ་བའི་གནས་ཡིན་པས་གོང་དུ་འཕེལ་བ་ནི་རྣམ་པར་འཕེལ་ལོ་ཞེས་གསུངས་སོ། །རྒྱ་མཚོ་ཆེན་པོ་ཆུ་ཡོངས་སུ་འཛིན་པ་ལྟར་དགེ་བའི་བཤེས་གཉེན་ཡང་ཡོན་ཏན་གྱི་སྣོད་ཡིན་པར་བསྟན་པ་ནི་སྣོད་དུ་འགྱུར་རོ་ཞེས་གསུངས་སོ། །དེ་ལྟར་མ་ཐོབ་པའི་ཡོན་ཏན་ཐོབ་པ་དང༌། ཐོབ་པ་མི་ཉམས་ཤིང་འཕེལ་བའི་ཁྱད་པར་བསྟན་ནས་དེ་ཉིད་མདོར་ན་བསྡུ་བ་ནི་མདོར་ན་ཞེས་གསུངས་ཏེ། ཐོབ་པ་ནི་རྙེད་པའོ། །ཆོས་ནི་སྟོབས་ལ་སོགས་པ་སྟེ། ཡོངས་སུ་འགྲུབ་པ་ནི་མི་ཉམས་པའོ། །ཁ་ན་ལས་པ་ནི་ལུང་ལས་སོ། །བྱུང་བ་ནི་སྒྲུབ་པ་དང་ལྡན་པ་ལས་སོ། །དེ་ནི་ཡོན་ཏན་ཉམས་པ་སོར་ཆུད་པར་བྱེད་པའི་ཕན་ཡོན་བསྟན་པ་ནི། འོད་སྲུངས་ཞེས་གསུངས་ཏེ། ཤིང་ལེབ་ནི་གྲུའི་ཚལ་པ་ཅི་ཡང་རུང་བའམ་མི་རོ་ལ་སོགས་པའོ། །འགྲམ་ནི་ངོགས་སོ། །དཔེ་དེ་ཉིད་སྦྱར་བ་ནི་དེ་བཞིན་དུ་ཞེས་པ་སྟེ། ཐམས་ཅད་མཁྱེན་པའི་སེམས་ནི་རྫོགས་པའི་བྱང་ཆུབ་འདོད་པའི་སྨོན་པའི་སེམས་སོ། །ཞིག་པའི་སེམས་ནི་ཉམས་པར་བྱེད་པའི་ཆོས་བཞི་ཐུན་ཚོད་ལས་འདས་པ་དང༌། སེམས་ཅན་ཡལ་བར་དོར་བ་དང༌། བྱང་ཆུབ་ཏུ་སྨོན་པ་གཏང་བའོ། །བྱང་ཆུབ་ནི་འབྲས་བུ་སྟེ་ཐོབ་པར་བྱ་བའོ། །ཉམས་པ་ནི་རྒྱུ་སྤང་བའི་ཕྱིར་རོ། །འོན་ཀྱང་ཡོངས་སུ་འཛིན་པ་ལ་བརྟེན་ནས། སོར་ཆུད་པར་འགྱུར་བ་ནི་གང་ཞེས་གསུངས་པ་ཡིན་ནོ། །ཐམས་ཅད་མཁྱེན་པའི་སེམས་རབ་ཏུ་ཐོབ་པ་ནི། མོས་པས་སྤྱོད་པའི་ལས་སོ། །ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ས་བཅུ་ལ་འདས་ནས་སོ། །ཆོས་ཀྱི་དབྱིངས་ནི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དོ། །ཕྱིན་པ་ནི་མངོན་དུ་མཛད་པ་སྟེ་མངོན་པར་སངས་རྒྱས་པའོ། །དེ་ཉིད་མདོར་བསྡུས་པ་ནི། དེ་བས་ན་ཞེས་གཏན་ཚིགས་སུ་བསྟན་པས་དོན་བསྡུས་པ་ཡིན་ནོ། །དེ་ལྟར་བླ་ན་ཡོད་པའི་དགེ་བའི་བཤེས་གཉེན་བསྟེན་པ་ཕན་ཡོན་དང་བཅས་པ་བསྟན་པའོ། །བླ་ན་མེད་པའི་དགེ་བའི་བཤེས་གཉེན་བསྟེན་པའི་ཚུལ་བསྟན་པ་ནི། བླ་ན་མེད་པ་ཞེས་གསུངས་ཏེ། འདིར་ཡོངས་སུ་འཛིན་པའི་ཁྱད་པར་གཉིས་སྨོས་པ་ཅིའི་ཕྱིར་ཞེ་ན། གོང་དུ་སེམས་བསྐྱེད་པའི་ཡུལ་གཉིས་བསྟན་པའི་ཕྱིར་ཏེ།


DTG110_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཡོད་པ་ལས་བླང་བ་ནི་བསྒྲུབ་པའི་དགེ་བའི་བཤེས་གཉེན་གྱིས་བྱ་བར་བསྟན་ཏོ། །ཡུལ་མེད་པ་ལས་བླངས་པར་བསྟན་པ་ནི་བླ་ན་མེད་པའི་དགེ་བའི་བཤེས་གཉེན་གྱིས་སོ། །ཡོད་པ་དང་མེད་པ་ཉིད་ཇི་ལྟ་བུ་ཞེ་ན། གལ་ཏེ་དོན་ཆེན་པོ་ཉམས་པར་འགྱུར་བ་ངེས་པ་ལས་ནི་རྒྱང་གྲགས་ཀྱི་མཐར་ཡང་མེད་པ་ཉིད་དོ། །མ་ངེས་པ་ལས་ནི་དཔག་ཚད་བརྒྱའི་ཕ་རོལ་ཏུ་ཡང་ཡོད་པ་ཉིད་དོ། །ཕུན་སུམ་ཚོགས་པ་ཞེས་བྱ་བ་ཅི་དངོས་པོའི་སྟོབས་ཀྱིས་སམ་འོན་ཏེ་བསམ་པའི་དབང་གིས་འདོད་ཅེ་ན། དངོས་པོའི་སྟོབས་ཀྱིས་ཏེ། ཐེག་པ་ཆེན་པོ་ནི་དངོས་པོའི་དབང་གིས་གཞག་པར་འདོད་ཀྱི་བསམ་པའི་དབང་གིས་ནི་མ་ཡིན་ནོ། །དེ་ཅི་ལྟར་ཤེས་ཤེ་ན། ལུང་བརྒྱུད་པ་ལས་ཏེ། གལ་ཏེ་བསམ་པའི་དབང་གིས་འགྲུབ་ན་གང་ལ་འདུ་ཤེས་ཉེ་བར་བཞག་པ་དང་མ་བཞག་པ་ལས་ཡོན་ཏན་དང་ཉེ་བ་དངོས་པོའི་དབང་གིས་ཇི་ལྟར་གཞག་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་པ་ལ་ནི་དངོས་པོའི་སྟོབས་ཀྱིས་འཇིགས་པར་མི་རིགས་ཏེ། དཔེར་ན་ནང་ཡོངས་སུ་སྨིན་པ་ལས་ཕྱི་མ་སྨིན་པའི་དབང་གིས་ལོག་པར་སྒྲུབ་པ་ལས་འབྲས་བུ་མ་རུང་བར་བཤད་པའི་ཕྱིར་ལ། དེ་བཞིན་མཐོང་བ་ལ་སོགས་པའི་གཞི་ནི་ཐེག་པ་ཆེན་པོ་ལ་མེད་དོ། །དངོས་པོ་ལ་ཉེས་པ་དང་ལྡན་པས་ན་དེར་མ་ཉེས་ཀྱང་བར་ཆད་ཇི་ལྟ་བ་བཞིན་དུ་བྱེད་པར་འགྱུར་རོ་ཞེས་ཐེག་པ་བསྡུས་པ་ལས་འབྱུང་བའི་ཕྱིར་རོ། །ཡང་བྱང་ཆུབ་སེམས་དཔའི་སྡོམ་པ་ནི་དངོས་པོའི་དབང་ཁོ་ན་ལས་རིག་པར་བྱའོ། །ཉན་ཐོས་ཀྱི་ནི་བསམ་པའི་དབང་གིས་སོ་ཞེས་བསྡུ་བ་ལས་གསུངས་སོ། །ཡང༌། བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ནི། །ཕུན་སུམ་ཚོགས་པ་མིན་ལ་དེར་འདུ་ཤེས། །ཡིད་ལ་མེད་པར་འདུ་ཤེས་གང་གིས་ན། །དངོས་པོའི་དབང་གིས་ཐ་མ་ཉིད་དེར་བཤད། །ཅེས་ལུང་བསྡུས་པ་ལས་གསུངས་སོ། །ཧ་ཅང་སྤྲོས་པས་ད་ནི་དཀྱུས་མ་ཉིད་ལ་འཇུག་པར་བྱའོ། །བླ་ན་མེད་པ་ཞེས་བྱ་བ་ནི་ཡོན་ཏན་མཐར་ཐུག་པའི་ཕྱིར་རོ། །དགེ་བའི་དོན་དམ་ལས་དགེ་བ་མྱ་ངན་ལས་འདས་པའོ། །དེའི་རྒྱུ་སྟོན་པས་ན་བཤེས་གཉེན་ནོ། །དེ་གང་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བའོ། །བཞུགས་པ་ནི་སྐུ་མངོན་སུམ་པའོ། །ཡོངས་སུ་མྱ་ངན་ལས་འདས་པ་ནི་རྟེན་མངོན་སུམ་པའོ། །མཆོད་པ་ནི་ཟང་ཟིང་དང་སྒྲུབ་པའོ། །རིམ་གྲོ་ནི་


DTG110_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མངོན་སུམ་དུ་གྱུར་པ་ལ་སྟན་འདིང་བ་ལ་སོགས་པའོ། །བླ་ན་ཡོད་པ་དང་མེད་པ་ཞེས་བྱ་བ་ཅི་དངོས་པོའི་དབང་གིས་སམ། བསམ་པའི་དབང་ལས་གཞག་ཅེ་ན། དངོས་པོའི་དབང་གིས་ཏེ། དེ་བཞིན་གཤེགས་པ་ནི་མིའི་གཙོ་བོ་ཞེས་བཤད་ཅིང༌། གཞན་རྣམས་ནི་དེའི་རྗེས་སུ་བསླབ་པ་གསུངས་པའི་ཕྱིར་ལ། བསམ་པའི་དབང་གིས་ན་ཐམས་ཅད་ཀྱང་བླ་ན་མེད་པ་ཉིད་དེ། ཇི་སྐད་དུ་བླ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །མེད་པ་ལ་ཡོད་པ་ཉིད་དུ་ལྟ་བ་ནི་ལོག་པའི་འདུ་ཤེས་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། སྐུ་དང༌། གསུང་དང༌། ཐུགས་ཀྱི་མཛད་པ་ཐ་མི་དད་པའི་ཕྱིར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་ཡིས་འདུལ་བ་རྣམས་ལ་སྐལ་བ་མཉམ་པའི་གཟུགས་སུ་སྟོན་པས་མཚན་དང་དཔེ་བྱད་མ་ངེས་པའི་ཕྱིར་དང༌། གསུང་གིས་འདུལ་བ་རྣམས་ལ་ཆོས་འཆད་པའི་བྱ་བ་སྣང་བའི་ཕྱིར་དང༌། ཐུགས་ཀྱི་ཕྲིན་ལས་བསམ་པའི་དབང་གིས་རྗེས་སུ་སྟོན་པ་རྣམས་ཡིན་ལ། སོ་སོའི་སྐྱེ་བོའི་ཡོངས་སུ་འཛིན་པ་ཡང་དེ་དང་ཐ་དད་པ་གང་ཞིག་ཡིན། དེའི་ཕྱིར་བྱ་བ་ལ་ལྟོས་ཏེ་ཐ་མི་དད་པ་ཉིད་དེ། སེམས་ཅན་དང་སངས་རྒྱས་དག་ནི་ཁམས་ཐ་མི་དད་པའི་ཕྱིར་རོ། །སྤྲོས་པས་ཆོག་ནས། ད་ནི་བླ་ན་མེད་པའི་དགེ་བའི་བཤེས་གཉེན་བསྟེན་པའི་ཕན་ཡོན་བསྟན་པའི་ཕྱིར། བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ཡོངས་སུ་རྫོགས་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོགས་ནི་འབྲས་བུ་ལ་འཇུག་པའོ། །དཔག་ཏུ་མེད་པ་ཞེས་བྱ་བ་ནི་བསམ་པས་མི་དཔོགས་པའོ། །མི་ཟད་པ་ནི་ཡུལ་ཁྱད་པར་ཅན་ལ་བརྟེན་པའི་ཕྱིར་རོ། །དངོས་ཀྱི་སྟོབས་ཀྱིས་སོ། །དེ་ལ་ཡུལ་གྱི་དབང་དུ་བྱས་ནས་མཆོད་པའི་ཕན་ཡོན་བསྟན་པ་ནི། གང་གིས་དེ་བཞིན་གཤེགས་པ་མཐོང་སྟེ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རབ་ཏུ་རྒྱས་པའི་དབང་དུ་བྱས་ནས་རིང་བསྲེལ་ཡུངས་འབྲུ་ཙམ་ཞེས་སྨོས་སོ། །བསམ་པའི་དབང་གི་ཕན་ཡོན་ནི། །སྙིང་རྗེ་ཆེན་པོའི་མདོ་ལས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །རྟེན་གྱི་དབང་གི་ཕན་ཡོན་ནི། གལ་ཏེ་ཐ་ན་དབང་གི་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ངོ་བོ་ཉིད་ཀྱི་དབང་གི་ཕན་ཡོན་ནི་ཀུན་དགའ་བོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཕན་ཡོན་


DTG110_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིའི་ཚུལ་དུ་མདོར་བཤད་པ་ནི། ཀླུའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འབྲས་བུའི་ཁྱད་པར་འགྲུབ་པའི་ཕན་ཡོན་བསྟན་པ་ནི། སངས་རྒྱས་དང་ཕྲད་པར་འགྲུབ་པོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པའོ། །ཡུལ་གྱི་ཁྱད་པར་གྱི་ཕན་ཡོན་བསྟན་པ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུལ་ནི་རྟེན་གྱི་ངོ་བོ་ཉིད་དེའི་ཕྱིར་དང་པོ་རྟེན་མཆོད་པའི་དབང་དུ་བྱས་ནས། མཆོད་རྟེན་གྱི་བྱི་དོར་བྱེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །རྟེན་བྱེད་པའི་དབང་དུ་བྱས་ནས་སའམ་རྡོ་ཐལ་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཟག་གི་ཁྱད་པར་ལས་དམན་པའི་དབང་དུ་བྱས་པ་ནི། གལ་ཏེ་མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །གང་ཟག་མཆོག་གི་དབང་དུ་བྱས་པ་ནི། བྱང་ཆུབ་སེམས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྟེ། རྟེན་དམན་པའི་དབང་དུ་བྱས་ནས། ཁྱིམ་པ་ཞེས་ཁྱད་པར་གྱི་གཞིར་བཞག་པས་རྟེན་མཆོག་ཏུ་གྱུར་པས་ན། དམན་པ་དང་ཁྱད་པར་གྱི་ཕན་ཡོན་ཡང་རིག་པར་བྱའོ། །ལ་ལ་ན་རེ་མི་དགེ་བ་བཅུ་བྱེད་པ་ཞེས་སྨོས་པ་ནི་རྟེན་དམན་པའི་དབང་དུ་བྱས་པ་ཡིན་ལ། ཁྱིམ་པ་ཞེས་བྱ་བ་ནི་གཞི་གཅིག་ཏུ་གཞག་པས་ན། གོང་མ་ཁྱད་པར་དུ་འཕགས་པར་བསྟན་པའི་ཐབས་ཡིན་པས་རྟེན་དམན་པ་དང་ཁྱད་པར་ནི་དེ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་མཚམས་མེད་པ་ཡང་རྟེན་དམན་པར་ཇི་ལྟར་མི་གཞག་དེས་ན་འདི་མི་རིགས་ཞེས་ཀྱང་ཁ་ཅིག་ཟེར་རོ། །ད་ནི་སྤྲོ་བའི་ཁྱད་པར་དེ་བརྩོན་འགྲུས་ཀྱི་དབང་དུ་བྱས་པའི་ཕན་ཡོན་བསྟན་པ་ནི། སྦྱིན་གནས་མཆོག་ལ་མཆོད་པ་དང༌། །ཞེས་བྱ་བ་ལ་སོགས་པ་གང་གསུངས་སོ། །མཆོད་པའི་ངོ་བོ་ཉིད་ཀྱི་ཁྱད་པར་གྱི་ཕན་ཡོན་བསྟན་པ་ནི། བློ་གྲོས་རྒྱ་མཚོ་ཞེས་གསུངས་ཏེ། ཀུན་རྫོབ་ཏུ་བསོད་ནམས་ཀྱི་སྒྲུབ་པ་བསྟན་པས་རྫས་ཀྱི་ངོ་བོ་ཉིད་ལས་ཁྱད་པར་འཕགས་པ་ནི། གང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ཞེས་བྱ་བ་ལ་སོགས་པའོ། །དོན་དམ་པར་ཡེ་ཤེས་ཀྱི་སྒྲུབ་པ་བསྟན་པས་རྫས་དང་ཀུན་རྫོབ་པ་ལས་ཁྱད་པར་དུ་གྱུར་པ་བསྟན་པ་ནི། སངས་རྒྱས་སུ་འདུ་ཤེས་པ་ལ་སངས་རྒྱས་མཐོང་བ་ཡང་མེད་ན་ཞེས་བྱ་བ་ལ་སོགས་པ་གང་


DTG110_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའོ། །དེ་ལ་སངས་རྒྱས་སུ་འདུ་ཤེས་པ་ཞེས་བྱ་བ་ནི་དངོས་པོར་ལྟ་བ་ཅན་གྱི་ཕྱིན་ཅི་ལོག་གི་འདུ་ཤེས་གཟུང་བ་དང་འཛིན་པར་བལྟ་བའོ། །མཐོང་བ་ཡང་མེད་པ་ནི་གཟུགས་ལ་སོགས་པར་ཞེན་པའི་ཕྱིར། ལོག་པར་ཞུགས་པས་བསྒྲིབས་པའི་ཕྱིར། །གང་ཞིག་ང་ལ་གཟུགས་སུ་མཐོང༌། །དེ་བཞིན་ང་ལ་སྒྲར་ཤེས་པ། །ལོག་པར་སྤོང་བར་ཞུགས་པ་ན། །སྐྱེ་བོ་དེས་ནི་ང་མི་མཐོང༌། །ཞེས་གསུངས་པ་ལྟ་བུའོ། །ཅི་སྨོས་ཞེས་པ་ནི་དེས་མཉེས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །འོ་ན་ཅི་ལྟ་བུ་ཞེ་ན་འདུ་ཤེས་ཀྱི་མཚན་མ་མི་སྐྱེད་པ་ཞེས་གསུངས་ཏེ། ཆོས་ཀྱི་སྐུས་དམིགས་པའོ། །ཅི་ལྟར་དམིགས་ཤེ་ན། རྒྱུ་དང་འབྲས་བུ་དང༌། རང་གི་ངོ་བོ་ཉིད་རྣམས་ལ། རང་དང་གཞན་དང་གཉི་ག་དང༌། རྒྱུ་མེད་པ་ལ་སྐྱེ་བ་མི་འཐད་པ་དང༌། ཡོད་པ་དང་མེད་པ་གཉི་ག་མི་སྐྱེ་བ་དང༌། གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་མཚན་ཉིད་དྲན་པ་མེད་པ་དང༌། ཡིད་ལ་བྱེད་པ་མེད་པར་སྒོམ་པ་ནི་ཆོས་ཀྱི་སྐུར་དམིགས་པ་སྟེ་དམིགས་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པ་ཞེས་བཤད་དོ། །མཉམ་པར་གཞག་པའི་གནས་སྐབས་སུ་འབད་པ་དང་རྩོལ་བ་མེད་པར་རང་གི་ཆོས་ཉིད་ལ་འཇུག་པ་ན། སེམས་དང་སེམས་ལས་བྱུང་བ་ཡིད་ལ་མི་བྱེད་པ་སྟེ། གཟུགས་ཀྱི་སྐུའི་ངོ་བོ་སངས་རྒྱས་ཉིད་ཀྱང་མི་དམིགས་ན་དེས་མཚན་དང་དཔེ་བྱད་ཀྱི་ཁྱད་པར་ག་ལ་ཞིག་དམིགས་པ་དང༌། ངོ་བོ་དང་རྒྱུ་དང་འབྲས་བུ་མ་སྐྱེས་པས་སྐྱེ་བ་མེད་པ་ཉིད་སྤྲོས་ལ་མཐའ་དག་ཟད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་སྟེ། སྐྱེ་མེད་ཆོས་ནི་རྟག་ཏུ་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་དེ་བཞིན་གཤེགས་དང་འདྲ། །བྱིས་པ་བློ་ཅན་མཚན་མར་འཛིན་པ་ནི། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་པས་དངོས་པོར་སྨྲ་བ་རྣམས་ནི་མེད་པ་ལ་ཡོད་པར་འཁྲུལ་པ་སྒྲོ་འདོགས་པར་ཟད་ཀྱི་རིགས་པས་བརྟགས་ཤིང་དཔྱད་ན་ཅི་ལྟར་ཡང་བདེན་པ་མ་ཡིན་ནོ། །འདུ་ཤེས་མེད་པ་ཞེས་བྱ་བ་ནི་སྒྲོ་འདོགས་པ་དང་བྲལ་བའོ། །དེ་ལྟ་བས་ན་ཁོ་བོ་ཅག་ནི་ཡོད་པར་སྒྲོ་འདོགས་པའི་འཁྲུལ་པ་དང་མེད་པར་སྐུར་པ་འདེབས་པའི་འཁྲུལ་པ་སྟེ། དེ་དག་བསལ་བའི་ཕྱིར་


DTG110_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ཡིན་ནོ། །དཀོན་མཆོག་ཟ་མ་ཏོག་གི་མདོ་ལས། བདག་ཅག་སངས་རྒྱས་ལྟ་བ་དང༌། ཆོས་མཉན་པ་དང༌། དགེ་འདུན་བསྙེན་བཀུར་བ་དོན་དུ་མི་གཉེར་ཏེ་ཞེས་གསུངས་པ་ཡང་ཆོས་ཉིད་དོན་དམ་པར་འབད་པ་དང་རྩོལ་པ་དང་བྲལ་བའི་ངོ་བོ་ཉིད་ལ་དགོངས་པས་ན་འདུ་ཤེས་མེད་པ་འདི་ནི་མཆོད་པའོ་ཞེས་གསུངས་སོ། །དོན་དམ་པའི་མཆོད་པ་ཟང་ཟིང་དང་ཀུན་རྫོབ་ལས་ཁྱད་པར་དུ་འཕགས་པར་བསྟན་པ་ངེས་པའི་དོན་བསྒྲུབ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་ཞེས་གསུངས་པ་ཡིན་ནོ། །རིང་བསྲེལ་ནི་བསོད་ནམས་ཆེན་པོ་ཐོབ་པར་བྱེད་པའི་རྒྱུ་ཡིན་ན། ཅིའི་ཕྱིར་གཞན་ལས་གུས་ཞེས་རྒོལ་བ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བའོ། །ལ་ལ་ནི་སྟོང་པ་ཉིད་ཐམས་ཅད་ཀྱི་མཆོག་དང་ལྡན་པ་བསྒོམ་པ་ནི་ཉིད་ཀྱིས་དེ་ལ་གུས་པར་ཡང་འགྱུར་ལ། རྣམ་གྲངས་གཞན་ཡང་སྟོང་པ་ཉིད་གོམས་པ་མེད་ན་དངོས་པོར་བལྟ་བས་གྲོལ་བར་ཡང་མི་འགྱུར་བར་བསྟན་པ་ནི་དེ་ལས་འབྱུང་བས་ན་ཞེས་བྱ་བའོ། །མདོ་ཀུན་ལས་བཏུས་པའི་བཤད་པ་ལུང་གི་ཚད་མས་རབ་ཏུ་སྦྱར་བ་ལས་སྒྲུབ་པ་རྙེད་པར་དཀའ་བའི་གཏམ་བརྗོད་པ་སྟེ་བརྒྱད་པའོ། །མདོ་ཀུན་ལས་བཏུས་པ་ལས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་སོ།། །།ཐོས་པ་ལ་བརྩོན་འགྲུས་བརྩམས་པ་མི་ཟད་པར་བྱ་བའི་ཕྱིར་བསམ་པའི་ཤེས་རབ་ཀྱིས་བསྲུང་དགོས་པས་ན་དེ་བརྗོད་པར་བྱ་སྟེ། འདིར་རྒྱལ་བ་བྱམས་པའི་ཞལ་སྔ་ནས། སྦྱིན་པ་ལ་སོགས་རེ་རེ་ནི། །དེ་དག་སོ་སོར་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་ཏེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་ཡོངས་སུ་སྦྱར་བ་ལྟར་འདིར་ཡང་བསམ་པའི་རང་བཞིན་གོ་ཆ་སུམ་ཅུ་རྩ་དྲུག་ཏུ་བརྗོད་པར་བྱ་སྟེ། ལུང་ལས་ཀྱང་སྦྱིན་པ་ནས་ཤེས་རབ་ཀྱི་བར་དུ་གསལ་བར་གསུངས་པའི་ཕྱིར། དེའི་ཕྱིར་བསམ་པའི་རང་བཞིན་གོ་ཆའི་ཚོགས་ཀྱི་ས་ནས་འཇུག་པ་བརྒྱུད་པ་སྦྱོར་བའི་ལམ་ལས་བསྒོམ་པར་བྱ་བ་ཡིན་ཏེ། དེའི་གང་ཟག་གི་མཚན་ཉིད་ནི། གང་དག་ཅེས་གསུངས་པ་ཡིན་ཏེ། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དང་ལྡན་པའི་གང་ཟག་གང་དག་ཅེས་བྱ་བའོ། །ཡོངས་སུ་མྱ་ངན་ལས་འདས་པ་ནི་མི་གནས་པའི་མཚན་ཉིད་དང་ལྡན་པའོ། །ཡང་དག་པ་ཇི་ལྟ་བ་བཞིན་ནི་དེའི་མཚན་ཉིད་ཕྱིན་ཅི་མ་ལོག་པ་འོག་ནས་


DTG110_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པ་ལྟ་བུའོ། །དམན་པ་ལ་མོས་པ་འགའ་ཞིག་དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པའི་རང་བཞིན་མི་ཤེས་པས་འདུས་བྱས་ཀྱིས་ཐོབ་པ་དང་བྲལ་བ་འདུས་མ་བྱས་པའི་རྗེས་ཡིན་ནོ་ཞེས་ཟེར་ལ། ལ་ལ་ན་རེ་ནམ་མཁའི་སྤྲིན་དེངས་པ་ལྟ་བུར་གྱུར་ཏོ་ཞེས་དངོས་པོར་ལྟ་བས་བཅིངས་པར་ཇི་ལྟ་བར་མི་ཤེས་པས་རྒོལ་བ་ནི། ཅི་འདྲ་ཞེ་ན་ཞེས་བྱ་བའོ། །ལན་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངོ་བོ་ཉིད་ལ་དུས་རྟག་ཏུ་བཞུགས་པས་འདུལ་བའི་ངོ་བོར་མྱ་ངན་ལས་འདའ་བར་སྣང་ཡང༌། ཆོས་ཉིད་ལ་དེ་མེད་པའི་ངོ་བོ་ཉིད་དེ་དངོས་པོར་ལྟ་བ་རྣམས་སྐྲག་པའི་གནས་སུ་འགྱུར་བ་ཡང་སློབ་དཔོན་ཉིད་ཀྱིས་ཀྱང༌། ངེས་པར་ལེགས་པའི་ཆོས་དག་ནི། །ཕྲ་ཞིང་ཟབ་པར་སྣང་བ་ཡང༌། །བྱིས་པ་ཐོས་དང་མི་ལྡན་རྣམས། །སྐྲག་པར་བྱེད་པར་རྒྱལ་བས་གསུངས། །ཞེས་ཆོས་རྣམས་ཀྱི་ངོ་བོ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ། རྟོག་གེ་པ་རྣམས་ཀྱིས་ཤེས་པར་བྱ་བ་མ་ཡིན་པ་བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ལྟ་བུ་ནི་མྱ་ངན་ལས་འདས་པ་ཡིན། དེ་ཐོབ་པ་གང་ལ་ཡོད་པ་དེ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་ཡང་ཅིས་ཤེས་ཤེ་ན། རང་གི་རྟོག་གེ་མ་ཡིན་པས་མདོ་སྡེ་ལས་ཤེས་ཞེས་བྱ་བའོ། །མདོ་ཉིད་ངེས་པའི་དོན་དུ་བསྟན་པས། དུ་མ་ཞེས་སྨོས་སོ། །དེ་དག་གིས་མྱ་ངན་ལས་འདས་པའི་རང་བཞིན་བསྟན་པའི་ཕྱིར། ཀྱེ་རྒྱལ་བའི་སྲས་ཞེས་གསུངས་ཏེ། དང་པོ་རང་བཞིན་གྱི་སྒོ་ནས་བསྟན་པ་ནི། རང་བཞིན་གྱི་ངོ་བོ་ཉིད་ལ་བློ་ཡོངས་སུ་བཏང་སྟེ་ཞེས་གསུངས་ཏེ། རང་བཞིན་གྱི་ནི་ཆོས་ཀྱི་དབྱིངས་སོ། །ངོ་བོ་ཉིད་ནི་དེའི་རང་བཞིན་བསྟན་ཏེ་དེ་བཞིན་ཉིད་ཅེས་བྱ་བའོ། །བློ་ཡོངས་སུ་བཏང་བ་ནི་ཤེས་རབ་ཀྱིས་རྣམ་པར་དཔྱད་ནས་སོ། །ཅི་ལྟར་དཔྱད་ཅེ་ན། ཡོད་པར་ལྟ་བ་ནི་དངོས་པོའི་མཐའ་ཡིན་ལ། མེད་པར་ལྟ་བ་ནི་ཆད་པའི་མཐའ་ཡིན་པས། དངོས་པོ་དང་ཆད་པའི་མཐའ་དང་བྲལ་བ་དབུ་མའི་ལམ་ལ་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའོ། །འཛིན་པ་ནི་ངེས་པར་འབྱེད་པའོ། །དེ་ལ་ཡོད་པར་ལྟ་བ་ནི་ཕྱི་དང་ནང་གིས་མུ་སྟེགས་པ་འགའ་ཞིག་རྟག་པ་དང༌། ཁ་ཅིག་མི་རྟག་པ་ལ་སོགས་པར་ལྟ་བ་དང༌། རྡུལ་ཕྲ་རབ་རྫས་ཀྱི་ངོ་བོ་ཉིད་དུ་ལྟ་བ་སྟེ། བྱེ་བྲག་ཏུ་སྨྲ་བ་དང༌། བཙུན་པ་དགེ་འདུན་སྲུང་དང༌། མདོ་སྡེ་པ་དག་ན་རེ། རྡུལ་ཕྲ་རབ་སྦྱར་


DTG110_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་བསྐོར་བ་དང་བར་མཚམས་མེད་པར་འདོད་པ་དག་གོ །ཆད་པར་ལྟ་བ་ནི་ཡང་དག་པའི་དངོས་པོ་གཟུང་བ་དང༌། འཛིན་པ་དང་བྲལ་བ་གཉིས་སུ་མེད་པའི་ཤེས་པ་རང་བཞིན་གཅིག་པའི་ངོ་བོ་ཡང་མེད་པར་ལྟ་བ་དག་སྟེ། འདི་གཉིས་ནི་དངོས་པོ་དང་ཆད་པར་ལྟ་བའི་མཐའ་སྟེ་མཐའ་དེ་གཉིས་དང་བྲལ་བ་ནི་དབུ་མའི་ལམ་ཡང་དག་པའི་དོན་གྱི་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་ཞེས་བྱའོ། །དེ་ཉིད་མ་བཅོས་ཤིང་རང་བཞིན་གྱིས་འགྱུར་བ་མེད་པས་དེ་བཞིན་ཉིད་ཅེས་བྱའོ། །དངོས་པོར་ལྟ་བ་ནི་ཡང་དག་པ་མ་ཡིན་པས། དངོས་པོ་དང་བྲལ་བ་ནི་ཕྱིན་ཅི་མ་ལོག་པའི་དོན་གྱིས་ཡང་དག་པའི་མཐའོ། །སྤྲོས་པ་རྣམས་ནི་བློ་ཡིས་བྱས་པའི་ཕྱིར་ཐ་དད་པ་ཡིན་པས་བློའི་ཡུལ་དུ་མ་གྱུར་པས་དབྱེར་མེད་པའི་དོན་གྱིས་སྤྲོས་པ་མེད་པ་ནི་ཆོས་ཀྱི་དབྱིངས་ཏེ། ཡོན་ཏན་བསྐྱེད་པའི་ཕྱིར་དྷཱ་ཏུ་སྟེ་ཁམས་ཀྱི་དོན་ཏོ། །རྒྱུ་དང་རྐྱེན་གྱིས་འདུས་མ་བྱས་ཤིང་རང་བཞིན་གྱིས་སྟོང་པས་ནམ་མཁའོ། །ཆོས་རྣམས་ཀྱི་ངོ་བོ་ཉིད་གཟུང་བ་དང་འཛིན་པ་དང་བྲལ་བ་ནི་སྔ་མ་ལྟར་བྱས་པ་མ་ཡིན་པས་རང་བཞིན་དང་ངོ༌། །སྤང་བར་བྱ་བ་དང་གཉེན་པོ་ནི་བཏགས་པས་གཞག་པས་དེ་ཁོ་ན་ཉིད་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་དང༌། འཕགས་པ་བྱམས་པའི་ཞལ་སྔ་ནས་ཀྱིས། འདི་ལ་བསལ་བྱ་ཅི་ཡང་མེད། །བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་དོན་དམ་པ་ལ་སྤང་བ་དང་སྤོང་བྱེད་མེད་པས་འདོད་ཆགས་དང་བྲལ་བའི་མཐའོ། །སྣང་བ་རྣམས་ནི་སེམས་ཉིད་ལས་མ་གཏོགས་པའི་ཕྱི་རོལ་གྱི་དོན་མེད་དེ་དེའི་ཕྱིར་ན། འཕགས་པ་ཉིད་ཀྱིས། འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །དེ་ཤེས་པས་ནི་འབྲས་འགྱུར་ལ། །ལོག་པར་རྣམ་བརྟགས་མ་ཡིན་ནམ། །ཞེས་གསུངས་པ་དང༌། འཕགས་པ་བྱམས་པའི་ཞལ་སྔ་ནས་ཀྱང༌། བདག་དང་ཆོས་སུ་གཏེར་འདོད་པས། །སྣ་ཚོགས་དག་ནི་གང་བྱུང་བ། །ད་ནི་རྣམ་པར་ཤེས་པར་འགྱུར། །གྱུར་པ་དེ་ཡང་རྣམ་གསུམ་སྟེ། །རྣམ་པར་སྨིན་དང་ངར་སེམས་དང༌། །ཡུལ་ལ་རྣམ་པར་རིག་པའོ། །ཞེས་རབ་ཏུ་བྱེད་པ་སུམ་ཅུ་པ་ལས་གསུངས་པ་ལྟ་བུའི་དོན་གྱི་རྨི་ལམ་གྱི་མཐའོ། །ཆོས་ཉིད་ལ་རང་དང་སྤྱིའི་མཚན་ཉིད་མི་འཐད་དེ་


DTG110_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གྲུབ་པ་ནི་གཟུང་འཛིན་དང་བྲལ་བས་མཚན་ཉིད་མེད་པའོ། །ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ལས་བྱུང་བ་ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་གཞན་གྱི་དབང་དུ་གྱུར་པ་ནི་ཆགས་པ་སྟེ་དངོས་པོར་ཞེན་ཅེས་བྱ་བའི་དོན་ཏེ། དེ་ཉིད་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཀྱི་མ་སྐྱེས་པར་ཁོང་དུ་ཆུད་པས་ཆགས་པ་མེད་པའི་མཐའོ། །ཕུང་པོ་དང་དེ་ལས་གཞན་པར་ཡོད་པར་མི་འཐད་པས། གང་ཟག་ཏུ་ལྟ་བ་རྣམས་ནི་མེད་པའི་དོན་གྱིས་བདག་གི་རང་བཞིན་གྱི་མཐའོ། །གཟུང་བ་དང་འཛིན་པའི་ངོ་བོ་ཉིད་ཆོས་སུ་ལྟ་བ་རྣམས་ནི་གཟུགས་ལ་སོགས་པ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་ན། ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ་ངོ་བོ་ཉིད་མེད་པས་ན་མཐའ་སྟེ་སྟོང་པ་ཉིད་དོ། །ཅི་ལྟ་བ་བཞིན་ཞེས་པ་ནི་དེ་དག་ཐམས་ཅད་རང་བཞིན་གྱིས་སྟོང་གི་ཡོད་པས་བཤིགས་པ་ལྟ་བུ་མ་ཡིན་པས་སོ། །དམ་བཅའ་བ་ཙམ་ནི་ལྡོག་པ་མ་ཡིན་ཏེ། གནོད་པ་བྱེད་པའི་ཚད་མ་གཞན་ཡོད་དོ། །དེ་གང་ཞེ་ན། དངོས་པོ་དང༌། དངོས་པོ་མེད་པ་དག་ནི་ཕན་ཚུན་འགལ་བར་སྨྲ་བ་མ་ཡིན་ནམ། འདི་ལས་ལྷག་པ་གང་གིས་དངོས་པོ་མི་བརྫུན་ལ། དེ་མེད་པ་ནི་ཡང་དག་པ་ཡིན། ཚད་མ་ཐམས་ཅད་ཀྱི་ནང་ནས་མངོན་སུམ་གྱི་ཚད་མ་ནི་གཙོ་བོ་ཡིན་ལ། མངོན་སུམ་གྱི་ཚད་མ་ཡང་དབང་པོ་ཉིད་གཙོ་བོ་ཡིན་པས་ཐམས་ཅད་ལ་གསལ་བར་སྣང་བ་གོ་ཅི་ལྟར་བཟློག་ཅེས། དེ་ཅིའི་ཕྱིར་ཞེ་ན་ཞེས་རྒོལ་བ་ལ། ལན་ནི་དེ་ལྟ་མ་ཡིན་ཏེ། དངོས་པོར་ལྟ་བ་ནི་རིགས་པས་བརྟགས་ཀྱང་བརྫུན་པ་ཡིན་ལ། ཆོས་རྣམས་ཀྱི་དངོས་པོ་མེད་པ་ནི་བདེན་པ་ཉིད་དེ། དེ་ཅིའི་ཕྱིར་ཞེ་ན། རིགས་པས་གྲུབ་ཅིང་དེས་གནོད་པ་མེད་པའི་ཕྱིར་རོ། །དངོས་པོར་ལྟ་བ་ཅི་ལྟར་རིགས་པས་བརྟག་ཅེ་ན། ཐོག་མ་ནས་མ་སྐྱེས་ཤིང་མ་བྱུང་བའི་ཕྱིར་ཏེ། ཞེས་གསུངས་ཏེ། ཐོག་མ་ཞེས་བྱ་བ་ནི་དང་པོ་ཉིད་ནས་སོ། །དང་པོ་ཞེས་བྱ་བ་ནི་བྱིས་པ་ཡོད་པའི་དངོས་པོ་བཤིག་པ་མ་ཡིན་ཏེ། དེ་ནི་སྐུར་བ་ཡིན་ཏེ་སྔར་བཤད་པ་བཞིན་ནོ། །ལུང་ལས་ཀྱང༌། དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང༌། མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ནི་རྟག་ཏུ་གནས་པའོ་ཞེས་གསུངས་སོ། །མ་སྐྱེས་པ་ནི་སྐྱེ་བ་མེད་པས་བརྗོད་དུ་མེད་པའི་


DTG110_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་དེ། འཕགས་པ་ཀླུ་སྒྲུབ་ཉིད་ཀྱིས་ཀྱང་དབུ་མ་ཤེས་རབ་ལས། རང་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་ལ། ཡང༌། རྟེན་ཅིང་འབྲེལ་པར་གང་འབྱུང་བ། །རང་བཞིན་གྱིས་ནི་དེ་མ་སྐྱེས། །རང་བཞིན་གྱིས་ནི་མ་སྐྱེས་གང༌། །དེ་ལ་སྐྱེ་ཞེས་ཅི་སྐད་བརྗོད། །ཤིན་ཏུ་ཕྲ་བའི་དངོས་རྣམས་ལ། གང་གི་སྐྱེ་བ་རྣམས་བརྟགས་ལ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང༌། །ཞེས་གསུངས་པ་དང༌། ཡང་འཕགས་པ་བྱམས་པ་དང་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱང༌། སྒྲོ་འདོགས་པའི་ལེགས་པར་མ་ཟན་པ་དམ་པའི་ཆོས་འདུལ་བ་ལས་ཉམས་པ་གང་ཞེ་ན། གལ་ཏེ་ཆོས་གང་དག་དང༌། དངོས་པོ་གང་ལ་ཡང་ཇི་ལྟར་བརྗོད་པ་འཇུག་པ་ལྟར་ཆོས་དེ་དག་དང་དངོས་པོ་དེའི་བདག་ཉིད་དུ་འགྱུར་ན་ནི་དེ་ལྟར་ན་ཆོས་གཅིག་པུ་དང༌། དངོས་པོ་གཅིག་པུའི་ངོ་བོ་ཉིད་རྣམ་པ་སྣ་ཚོགས་མང་བར་ཐལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་གཅིག་པུ་དང་དངོས་པོ་གཅིག་པུ་ལ་མང་པོར་དགག་གི་རྣམ་པ་སྣ་ཚོགས་མང་པོར་བརྗོད་ཅིང་བཏགས་ཏེ་འདོགས་ལ། བཏགས་པའི་ཚིག་རྣམ་པ་སྣ་ཚོགས་མང་པོ་དག་ལས་བརྟགས་པའི་ཚིག་གང་རུང་གཅིག་ཅིག་ཆོས་དེ་དང་དངོས་པོ་དེ་ལ་དེའི་བདག་ཉིད་དང༌། དེའི་རང་བཞིན་གྱི་ངོ་བོ་ཉིད་དུ་གྱུར་ལ། བརྟགས་པའི་ཚིག་གཞན་དག་ནི་མ་ཡིན་ནོ་ཞེས་བྱ་བའི་ངེས་པ་ཅི་ཡང་མི་དམིགས་ཏེ། དེའི་ཕྱིར་བཏགས་པའི་ཚིག་ཐམས་ཅད་ནི་མ་ལུས་པའམ་གཅིག་ཀྱང་རུང་སྟེ། ཆོས་ཐམས་ཅད་དང་དངོས་པོ་ཐམས་ཅད་ཀྱི་དེའི་བདག་ཉིད་དུ་འགྱུར་བའང་མེད་ལ། དེའི་རང་བཞིན་གྱིས་ངོ་བོ་ཉིད་དུ་འགྱུར་བ་ཡང་མེད་དོ། །གཞན་གལ་ཏེ་གཟུགས་ལ་སོགས་པའི་ཆོས་རྣམས་འདོགས་པའི་ཚིག་གི་ངོ་བོ་ཉིད་མེད་པ་ཡིན་ནོ་ཞེ་ན། དེ་ལྟར་ན་དང་པོ་སྔར་བྱུང་བ་ཕྱིས་དགའ་མགུར་འདོགས་པའི་ཚིག་ཉེ་བར་འདོགས་ན་ནི་འདོགས་པའི་ཚིག་གིས་ཉེ་བར་འདོགས་པའི་སྔ་རོལ་དེས་ཉེ་བར་མ་བཏགས་པའི་ཚེ། ཆོས་དེ་དང་དངོས་པོ་དེ་ངོ་བོ་ཉིད་མེད་པར་འགྱུར་རོ། །ངོ་བོ་ཉིད་མེད་ན་ཡང་


DTG110_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། དངོས་པོ་མེད་པ་ལ་ནི་འདོགས་པའི་ཚིག་གིས་ཉེ་བར་ཇི་ལྟར་གདགས། འདོགས་པའི་ཚིག་གིས་ཉེ་བར་འདོགས་པ་དེ་མང་ན་ཡང༌། ཆོས་དང་དངོས་པོར་འདོགས་པའི་ཚིག་གི་ངོ་བོ་ཉིད་ཡོད་པར་མི་རུང་ངོ༌། །གལ་ཏེ་འདོགས་པའི་ཚིག་གིས་ཉེ་བར་འདོགས་པའི་སྔ་རོལ་ནས་གཟུགས་ད་གཟུགས་ཀྱི་བདག་ཉིད་ཡིན་ཏེ། ཕྱིས་ཀྱང་དེ་ལ་གདགས་པའི་ཚིག་གིས་བསྡུས་པའི་དུས་སུ་གཟུགས་སུ་ཉེ་བར་འདོགས་པར་བྱེད་ན་ཡང༌། དེ་ལྟར་ན་ནི་གཟུགས་ཞེས་འདོགས་པའི་ཚིག་ཉེ་བར་འདོགས་པ་དེ་མེད་བཞིན་དུ་ཡང༌། གཟུགས་ཞེས་བྱ་བར་འགྱུར་བའི་ཆོས་དང་དེར་འགྱུར་བའི་དངོས་པོ་ལ། དེའི་བློ་འཇུག་པར་འགྱུར་བར་རིགས་ན། དེ་མི་འཇུག་པས་ན་རིགས་པ་དང་གཏན་ཚིགས་འདིས་ཆོས་གཟུགས་ནས་མྱ་ངན་ལས་འདས་པའི་བར་དུ་བརྗོད་པའི་ངོ་བོ་ཉིད་དུ་རིག་པར་བྱའོ་ཞེས་གསུངས་པ་སྐྱེ་བ་མེད་ཅིང་བརྗོད་དུ་མེད་པ་ཉིད་དུ་རིག་པར་བྱའོ། །མ་བྱུང་བ་ཡང་ཞེས་བྱ་བ་ནི་འབྲས་བུ་ལ་བཏགས་པ་སྟེ། རྒྱུ་སྐྱེ་བ་མེད་པ་ལ་འབྲས་བུ་ཡང་སྔར་བསྟན་པ་ལྟར་འབྱུང་བ་མེད་པའི་ཕྱིར་རོ། །ལ་ལ་ན་རེ་མ་སྐྱེས་པ་དང་མ་བྱུང་བ་ནི་ངོ་བོ་གཅིག་ལ་ཐ་སྙད་གཉིས་སུ་བཏགས་པའོ་ཞེས་ཟེར་རོ། །ལ་ལ་ན་རེ་མ་སྐྱེས་པ་ནི་ད་ལྟར་རོ། །མ་བྱུང་བ་ནི་འདས་པའོ། །འབྲལ་བ་མེད་བ་ནི་མ་འོངས་པ་ན་ཡང་སྐྱེ་བ་མེད་པའོ་ཞེས་ཀྱང་ཟེར་རོ། །གཞན་དག་ནི་སྤང་བྱའི་ཉོན་མོངས་པ་ལ་སོགས་པ་ནི་སྐྱེ་བ་མེད་ལ། དེའི་གཉེན་པོ་ནི་མ་བྱུང་བ་སྟེ་ཅིའི་ཕྱིར་ཞེ་ན། གཉེན་པོ་ནི་སྤང་བར་བྱ་བ་ལ་སོགས་པའི་ཕྱིར་རོ། །ད་ལྟར་སྤང་བྱ་དང་སྤོང་བྱེད་མེད་ན་གང་གིས་གང་ཞིག་ཅི་ལྟར་སྤོང་སྟེ། དེས་ན་སྤངས་པའི་འབྲལ་བ་ཡང་མེད་དོ་ཞེས་ཟེར་རོ། །དེ་ལྟར་རྒྱུ་དང་འབྲས་བུ་མ་སྐྱེས་ཞིང་མ་བྱུང་བ་དེ་ལ། གཉེན་པོས་བྱར་མེད་པས་ན་སྤང་བར་བྱ་བའི་འབྲལ་བ་ཡང་མེད་དོ། །འོ་ན་ཡོད་པ་སུན་ཕྱུང་ན་མེད་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། ཁོ་བོ་ཅག་དབུ་མ་པ་ནི་མེད་པར་ཡང་ཁས་མི་ལེན་ཏེ། མེད་པ་ནི་སྐུར་པ་ཡིན་པས་སྔར་བཤད་པ་བཞིན་ནོ། །གཏན་ཚིགས་གཞན་ཡང་ཡོད་དེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། གང་ལ་མེད་པ་འདོད་པ་ལ། །བྱང་ཆུབ་བརྟེན་ཕྱིར་སེམས་མེད་ཅིང༌། །ཁས་ལེན་མེད་ཅིང་སྤྱོད་པ་མེད། །དེ་ལ་ཅི་ལྟར་མེད་པས་ཤེས། །ཞེས་གསུངས་


DTG110_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། ཡང༌། རྣམ་པར་དབེན་དོན་མི་ཤེས་ཤིང༌། །ཐོས་པ་ཙམ་ལ་འཇུག་བྱེད་པ། །མི་གང་བསོད་ནམས་མི་བྱེད་པའི། །སྐྱེས་བུ་ཐ་ཤལ་དེ་དག་བརླག །ཅེས་གསུངས་པ་དང༌། ཡང་ལུང་ལས། སྟོང་ཉིད་དོན་ནི་མི་ཤེས་ཤིང༌། །སྟོང་པ་ཉིད་དུ་ཁས་འཆེ་ལ། །ཆད་པར་ལྟ་བར་གྱུར་བ་ནི། །སྟོང་མིན་སྟོང་པར་ལྟ་ཞེས་ལ། །འཕགས་པ་བྱམས་པ་དང་འཕགས་པ་ཐོགས་མེད་ཀྱིས་ཀྱང༌། སྔར་བསྟན་པའི་རྗེས་ཐོགས་ཉིད་དུ་སྐུར་པ་འདེབས་པའི་ལེགས་པར་མ་ཟིན་པ་དམ་པའི་ཆོས་འདུལ་བ་ལས་ཉམས་པ་གང་ཞེ་ན། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་དངོས་པོ་ཙམ་ལ་སྐུར་པ་འདེབས་པ་ནི་དེ་ཁོ་ན་ཡང་མེད་ལ་འདོགས་པ་ཡང་མེད་དེ། དེ་གཉི་ག་ཡང་མི་རིགས་སོ། །འདི་ལྟ་སྟེ། དཔེར་ན་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཡོད་ན་གང་ཟག་ཏུ་གདགས་སུ་རུང་གི །མེད་དུ་ཟིན་ན་དངོས་པོ་མེད་པ་ལ་གང་ཟག་གདགས་སུ་མེད་དོ། །དེ་བཞིན་དུ་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་དངོས་པོ་ཙམ་ཡོད་ན། གཟུགས་ལ་སོགས་པའི་ཆོས་རྣམས་འདོགས་པའི་ཚིག་ཉེ་བར་གདགས་སུ་རིང་གི །མེད་ན་དངོས་པོ་མེད་པ་ལ་གདགས་པའི་ཚིག་ཉེ་བར་འདོགས་པ་མེད་དོ། །དེ་ལ་འདོགས་པའི་གཞི་མེད་དུ་ཟིན་ན་ནི་གཞི་མེད་པར་འགྱུར་བས། འདོགས་པ་ཡང་མེད་པར་འགྱུར་རོ། །དེ་ལྟ་བས་ན་གང་ཟག་ཁ་ཅིག་ཤེས་པར་དཀའ་བའི་མདོ་སྡེ་ཐེག་པ་ཆེན་པོ་དང་ལྡན་པ། ཟབ་མོ་སྟོང་པ་ཉིད་དང་ལྡན་པ། དགོངས་པའི་དོན་བསྟན་པ་དག་ཐོས་ནས། བཤད་པའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་ནས་ཚུལ་བཞིན་མ་ཡིན་པར་རྣམ་པར་བརྟགས་ཏེ་རིགས་པ་མ་ཡིན་པས་བསྐྱེད་པའི་རྟོག་པ་ཙམ་གྱིས་འདི་ཐམས་ཅད་ནི་བརྟགས་པ་ཙམ་དུ་ཟད་དེ་འདི་ནི་དེ་ཁོ་ན་ཡིན་ནོ། །སུ་འདི་ལྟར་བལྟ་བ་དེ་ནི་ཡང་དག་པར་བལྟ་བ་ཡིན་ནོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །དེ་དག་གི་ལྟར་ན་འདོགས་པའི་གཞིའི་དངོས་པོ་ཙམ་ཡང་མེད་པས་འདོགས་པ་ཉིད་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་ན། བརྟགས་པ་ཙམ་གྱིས་དེ་ཁོ་ན་ལྟ་ཡོད་པར་ག་ལ་འགྱུར། དེ་བས་ན་དེ་དག་གིས་ནི་དེ་ཁོ་ན་ཉིད་དང༌། བརྟགས་པ་དང༌། དེ་གཉིས་ཀ་ལ་སྐུར་པ་བཏབ་པར་འགྱུར་ཏེ། དེའི་ཕྱིར་


DTG110_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ལྟ་བའི་གཙོ་བོ་ཡིན་པར་རིག་པར་བྱའོ། །དེ་ལྟར་མེད་པ་དེ་ནི་ཚངས་པ་མཚུངས་པར་སྤྱོད་པ་ལ་མཛངས་པ་རྣམས་ཀྱིས་སྨོས་པའི་འོས་མ་ཡིན་ཞིང་འགྲོགས་པར་མི་བྱ་བ་སྟེ། དེས་རང་གང་ལྟ་བ་འཛིན་ཡང་ཕུང་བར་བྱེད་པའི་ཕྱིར་རོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་འདི་ན་ལ་ལ་གང་ཟག་ཏུ་ལྟ་བ་ནི་བླའི། ལ་ལ་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ནི་གསོར་མི་རུང་ངོ་ཞེས་གསུངས་ཏེ། ཅིའི་ཕྱིར་ཞེ་ན། གང་ཟག་ཏུ་ལྟ་བ་ནི་ཤེས་བྱ་བ་ལ་རྨོངས་སུ་ཟིན་ཀྱང་ཤེས་བྱ་ལ་སྐུར་བ་མི་འདེབས་པས་ན་ངན་སོང་དུ་ཡང་སྐྱེ་བར་མི་འགྱུར་ལ། གཞན་དག་ཀྱང་མི་སླུ་ཞིང་ཆོས་དང་བདེན་པ་ལ་འགོད་པར་བྱེད་དོ། །བསླབ་པའི་གཞི་ཡང་ཉམས་སུ་ལེན་པར་འགྱུར་ལ། སྟོང་པ་ཉིད་ལ་ལོག་པར་ཟིན་པས་ནི་དེ་ལས་བཟློག་པར་འགྱུར་རོ། །ཅི་ལྟར་ལོག་པར་ཟིན་ཅེ་ན། གང་ལ་གང་གིས་སྟོང་པ་དེ་ལ་ཡང་མི་འདོད་ལ། གང་གིས་གང་སྟོང་པ་དེ་ཡང་མི་འདོད་པ་འདི་ལྟ་བུ་ནི་ལོག་པར་ཟིན་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན་གང་གིས་སྟོང་པ་མེད་པ་དང༌། གང་སྟོང་སྟེ་ཡོད་པའི་སྟོང་པ་ཉིད་ནི་རིགས་པའི་ཕྱིར་རོ། །ཐམས་ཅད་མེད་ན་ནི་གང་དུ་ཅི་ཞིག་གང་གིས་སྟོང་པར་འགྱུར་ཏེ། དེས་དེ་ཉིད་སྟོང་པ་ཉིད་དུ་འགྱུར་དུ་མི་རུང་ངོ༌། །དེའི་ཕྱིར་ད་ལྟ་བུ་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཡིན་ནོ་ཞེས་གསུངས་སོ། །འོ་ན་ཆོས་རྣམས་ཀྱི་ངོ་བོ་ཉིད་གང་ཡིན་ཞེ་ན། བརྗོད་དུ་མེད་པ་ཉིད་དེ། བརྗོད་པ་ནི་མཐའ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འཕགས་པ་འཇམ་དཔལ་གྱིས་ལིཙྪ་བཱི་དྲི་མ་མེད་པར་གྲགས་པ་ལ་སོབས་པ་དྲིས་ནས། དེ་ཅིའི་ཕྱིར་ཞེ་ན་ཞེས་རྒོལ་བ་ལ། ལན་ནི་ཅང་མི་སྨྲ་བར་གྱུར་པ་དང༌། འཕགས་པ་འཇམ་དཔལ་གྱིས་རྗེས་སུ་བསྟོད་པ་ལྟ་བུ་དང༌། འཕགས་པ་བྱམས་པ་དང་འཕགས་པ་ཐོགས་མེད་ཀྱིས་ཀྱང༌། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །སྟོང་པ་མ་ཡིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཡོད་པ་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པས། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཡོད་པ་དང་གཟུང་བ་དང་འཛིན་པ་མེད་པ་དང༌། གཟུང་བ་དང་འཛིན་


DTG110_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བྲལ་བ་དང༌། རང་རིག་པ་ཡོད་པས་ན། ཁོ་བོ་ཅག་དབུ་མ་པ་ནི་མཐའ་གཉིས་དང་བྲལ་བའི་ལམ་ལ་ལེགས་པར་འཇུག་པས་ལོག་པར་ཟིན་པའི་གང་ཟག་ཕྱི་དང་ནང་གི་མུ་སྟེགས་བྱེད་ཀྱི་རྟོག་གེ་བ་ངན་པའི་གཞུང་ལྟ་ཞིག་ག་ལ་འཛིན། དེའི་ཕྱིར་ཚུ་རོལ་མཐོང་བའི་མངོན་སུམ་ལ་སོགས་པ་ནི་སྣང་བའི་དོན་ལ་ཡང་འཁྲུལ་པར་འགྱུར་ན། ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལས་ཀྱང་རྨོངས་པར་འགྱུར། དེའི་ཕྱིར་འཕགས་པ་ཀླུ་སྒྲུབ་དང་ཐོགས་མེད་ཀྱི་ལུང་གི་རྗེས་སུ་འབྲངས་པས་ལུང་ཉིད་ཚད་མ་ཡིན་ཏེ། སྔར་བཤད་པ་ལྟ་བུའོ། །ཅིའི་ཕྱིར་ཞེ་ན། འཕགས་པ་ཀླུ་སྒྲུབ་ནི་ས་དང་པོ་ལ་གནས་པ་ཡིན་ལ་འཕགས་པ་ཐོགས་མེད་ནི་ས་གསུམ་པ་ལ་གནས་པ་ཡིན་པས་གྲུབ་པའི་མཐའ་ཡང་མཚུངས་པ་ཉིད་དེ། ཅི་ལྟར་ཁོ་བོས་བསྒྲུབ་པ་བཞིན་ནོ། །ཁོ་བོ་ཅག་ཤེས་བྱ་ནང་གི་ཡིན་པར་འདོད་པ་ལ་སུན་འབྱིན་པའི་གང་ཟག་ཞེ་སྡང་བས་སྨྲ་བ་རྣམས་ཀྱིས་ལོག་པར་ཟིན་པའི་རྣམ་གྲངས་མང་དུ་ཡོད་མོད་ཀྱི། འདིར་ཧ་ཅང་སྤྲོས་པས་ཆོག་ནས་ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། གལ་ཏེ་མྱ་ངན་ལས་འདས་པའི་རང་བཞིན་དེ་ལྟ་བུ་རྟོགས་པར་བྱ་ན། འོ་ན་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པའི་མཐར་ལྟུང་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། མྱ་ངན་ལས་འདས་པའི་རང་བཞིན་དེ་དག་གི་ཕྱོགས་འགའ་ཞིག་རྟོགས་པར་ཟད་ཀྱི་མཐའ་དག་པ་ནི་ས་བཅུའི་དབང་ཕྱུག་གིས་རྟོགས་པར་འགྱུར་བས། ཤིན་ཏུ་མཐར་ཐུག་པ་མི་བརྗོད་མི་སྟོན་ཏེ་ཞེས་བྱ་བའོ། །བརྗོད་ན་ནི་དེར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཕྱོགས་འགའ་ཞིག་མ་རྟོགས་ན་ནི་དངོས་བོར་ལྟ་བར་འགྱུར་ལ། ཐམས་ཅད་དུ་རྟོགས་ན་ནི་ཡང་དག་པའི་མཐའ་མངོན་དུ་བྱས་པར་འགྱུར་བས། དེ་ཅིའི་ཕྱིར་ཞེན་ཞེས་རྒོལ་བ་ལ། ལན་ནི་འོག་ནས་བཤད་པ་ལྟར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་སྒོམ་པའི་དབང་གིས་སྲིད་པ་དང་ཞི་བའི་མཐའ་བསྲིངས་པ་ཡིན་ནོ་ཞེས་བསྟན་པ་ནི་དེ་དག་གིས་ནི་ཞེས་བྱ་བའོ། །ཕྱོགས་འགའ་ཞིག་ཅེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ལ་མོས་པས་ཡུལ་དུ་བྱེད་པ་ན་ཁོང་དུ་ཆུད་པར་འདོད་པ་སྟེ་འདུན་པའོ། །མོས་པས་སྤྱོད་པའི་ས་ཆེན་པོ་ལ་བདེན་པ་རྟོགས་པ་དང༌། རྗེས་སུ་མཐུན་པའི་ཆོས་མོས་པས་


DTG110_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དུ་བྱེད་པ་རང་བཞིན་གྱིས་ངོ་བོ་ཉིད་ལ་བློ་ཡོངས་སུ་གཏང་བའོ། །ས་དང་པོ་ལ་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་དེ་བཞིན་ཉིད་རྟོགས་པ་ན་སངས་རྒྱས་ཀྱི་ས་ལ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པས་ན། ཆོས་ཐམས་ཅད་ཀྱི་རང་བཞིན་གཅིག་པ་དང༌། དུ་མ་དང་བྲལ་བའི་ངོ་བོ་ཉིད་རྟོགས་པའི་བར་དུ་ཡོན་ཏན་ཐམས་ཅད་གྱེན་དུ་ལྡན་པ་ཡིན་པར་སྦྱར་བར་བྱ་སྟེ། ཁོ་བོས་ནི་གཞུང་མངས་པའི་དོགས་པས་སྦྱར་བ་མ་བྱས་སོ། །དེ་ལ་མངོན་དུ་བྱ་བ་ནི་གཟུགས་ཀྱི་སྐུའི་རྣམ་པ་གཉིས་ཏེ། ཇི་སྐད་དུ་ས་དང་པོ་ལ་སངས་རྒྱས་བརྒྱའི་ཞལ་མཐོང་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐད་ཅིག་གཅིག་ལ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སོ། །དེ་དག་ཀྱང་དངོས་པོར་མ་ཞེན་པར་ཀུན་རྫོབ་ཀྱི་སྒོ་ནས་ཡེ་ཤེས་ཀྱི་སྐད་ཅིག་གིས་རྗེས་སུ་འབྲང་བར་བྱ་ཞེས་བྱ་བ་སྟེ། ཡེ་ཤེས་ཀྱི་ཡུལ་ནི་ཀུན་རྫོབ་ཡིན་པའི་ཕྱིར་ལ། ཏིང་ངེ་འཛིན་གྱི་རྫུ་འཕྲུལ་གྱི་སྟོབས་ཀྱིས་ན་སྐད་ཅིག་ཀྱང་ཞེས་བྱའོ། །རྗེས་སུ་འབྲེལ་པ་ནི་རྗེས་སུ་འགྲོ་བའོ། །སྐད་ཅིག་དེ་ལ་ཡང་ཞེས་བྱ་བ་ནི་དེའི་སྐད་ཅིག་མ་གཅིག་ལ་ཡང་ངོ༌། །ཐམས་ཅད་ཅེས་བྱ་བ་ནི་དུས་གསུམ་པ་རྣམས་སོ། །མངོན་པར་བསྒྲུབ་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། ཞིང་ཡོངས་སུ་སྦྱང་བར་བྱ་བའོ། །འོ་ན་དངོས་པོར་ལྟ་བར་འགྱུར་ཞེ་ན། གཉིས་ཀྱི་འདུ་ཤེས་ཀྱང་བསྐྱེད་པར་མི་བྱ་ཞེས་བྱ་བ་སྟེ། གཉིས་ནི་བདག་གཞན་ནོ། །འདུ་ཤེས་ནི་རྣམ་པར་རྟོག་པ་སྟེ། དེ་བསྐྱེད་པར་མི་བྱ་བ་ནི། བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ཡིན་པའི་ཕྱིར་རོ། །འོ་ན་འདུས་མ་བྱས་པ་འབའ་ཞིག་བསྒོམ་པའམ་ཞེ་ན་དེ་ནི་མ་ཡིན་ཏེ། འགོག་པའི་མཐའ་སྤང་དགོས་པའི་མི་གཉིས་པའི་འདུ་ཤེས་ཀྱང་མ་ཡིན་ཞེས་བྱ་སྟེ། སྒྱུ་མ་ཙམ་དུ་དམིགས་པར་བྱ་དགོས་པའི་ཕྱིར་རོ། །སྒྱུ་མ་ཙམ་ཞེས་སྨོས་པས། གང་ཟག་དང་ཆོས་སུ་བལྟ་བའི་འདུ་ཤེས་སྤང་བར་བྱ་བ་ནི། སེམས་ཅན་ཞེས་བྱ་བ་ལ་སོགས་པའོ། །གཉིས་དང་གཉིས་མ་ཡིན་པའི་ལྟ་བ་སྤངས་ན་ཅི་ལྟར་འབྲས་བུ་ཐོབ་ཅེས་དེ་ཅིའི་ཕྱིར་ཞེ་ན་ཞེས་རྟོག་པ་ལ། སྔར་བཤད་པ་ལྟར་མཐའ་གཉིས་ནི་སྤངས་པ་ཡིན་པས་


DTG110_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་དང་མེད་པར་ཞེན་པའི་ལམ་རྣམས་དང་བྲལ་ཞིང་བདག་དང་ཆོས་སུ་ལྟ་བའི་འདུ་ཤེས་སྤང་དགོས་པ་ནི་ལམ་གྱི་གེགས་ཡིན་པའི་ཕྱིར་རོ། །དེ་ལ་ཞེན་པའི་འདོད་ཆགས་པའོ། །དེ་ལྟར་མྱ་ངན་ལས་འདས་པའི་རང་བཞིན་གྱི་སྒོ་ནས་བསྟན་ནས་ད་ནི་ཕྲིན་ལས་ཀྱི་སྒོ་ནས་མྱ་ངན་ལས་འདས་པའི་རང་བཞིན་བསྟན་པ་ནི། ཀྱེ་རྒྱལ་བའི་སྲས་ཞེས་གསུངས་ཏེ། ཕྲིན་ལས་ནི་རྣམ་པ་གཉིས་ཏེ། མི་རྟོག་པ་དང༌། དུས་ཐམས་ཅད་པའོ། །དེ་དག་བསྟན་པ་ནི། གཞན་ཡང་ཞེས་བྱ་སྟེ། འབྱུང་བའི་ཕྲིན་ལས་ནི་དེ་བཞིན་གཤེགས་པ་འབྱུང་བ་ཞེས་གསུངས་ཏེ། ཆོས་ཀྱི་སྐུའི་ཕྲིན་ལས་སྤྲུལ་པའི་ངོ་བོ་ཉིད་བསྟན་པས་འདུལ་བ་རྣམས་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་འཕོ་བ་དང་ལྷུམས་སུ་འཇུག་པ་ལ་སོགས་པ་སྣང་བ་ནི་འབྱུང་བའོ། །འཇིག་པའི་ཕྲིན་ལས་ནི་སྤྲུལ་པའི་སྣང་བ་བརྟུལ་བར་བྱེད་པ་སྟེ། རྟག་པར་འཛིན་པའི་ལྟ་བ་བཟློག་པར་མཛད་པས། ཀུ་ཤའི་གྲོང་ལ་སོགས་པར་རྡོ་རྗེ་ལྟ་བུའི་སྐུ་བཤིགས་པར་མཛད་པ། ཡོངས་སུ་སྨིན་པར་བྱེད་པ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་སྟེ། སྐྱོ་བ་བསྐྱེད་པ་ནི་རྟག་པར་ལྟ་བ་ཅན་རྣམས་སོ། །འོ་ན་དེ་བཞིན་གཤེགས་པ་ནི་འདུས་བྱས་པའོ་སྙམ་དུ་སེམས་ན་མི་རྟོག་པའི་ཕྲིན་ལས་ཡིན་པས་སྐྱེ་བ་འང་མེད་ཅེས་བྱ་བ་ལ་སོགས་པ་སྟེ། དུས་རྣམས་ཀུན་དུ་དེ་བཞིན་གཤེགས་པ་ནི། །དབྱིངས་དང་ཡེ་ཤེས་གཉིས་མེད་རང་བཞིན་གྱིས། །ཆོས་ཀྱི་སྐུ་སྟེ་དེ་ལ་དེ་ཞུགས་ནས། །མྱ་ངན་འདའ་མིན་གཞན་ལས་འདས་པ་མིན། །ཞེས་བྱ་བའོ། །དེའི་དཔེ་གང་ཞེ་ན། འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་ཕྲིན་ལས་ནི་ཡུལ་ལ་ཁྱབ་པས་ན། སངས་རྒྱས་གཅིག་གིས་ཀྱང་མཛད་པ་ཐམས་ཅད་དུ་མཛད་པ་མྱ་ངན་ལས་འདའ་བའང་ཐམས་ཅད་དུ་སྟོན་པ་ནི་ཉི་མའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་དང་མཉམ་པ་ཞེས་དེ་གསུངས་པ་ཡིན་ནོ། །མྱ་ངན་ལས་འདའ་བར་སྣང་བ་ཡང་ཐུགས་རྗེ་ཉི་ཚེ་བ་མ་ཡིན་མོད་ཀྱི། འོན་ཀྱང་གདུལ་བྱ་རྣམས་ཀྱི་ཉེས་པས་ཡིན་ན། སྣོད་ཆག་གམ་ཞེས་བྱ་བ་ལ་སོགས་པའི་དཔེས་གསུངས་པ་ཡིན་ཏེ། དེ་ལ་ཚོགས་མ་


DTG110_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པ་དང༌། དམན་པར་བསགས་པ་དང༌། བསགས་པ་ཐག་བསྲིངས་པ་གསུམ་གྱི་དབང་དུ་མཛད་ནས་ཆག་པ་དང་ལོགས་ཤིག་ཕྱུང་བ་དང༌། སྟོང་པར་གྱུར་པ་ཞིག་སྨོས་ཏེ། སྣོད་ཆག་པ་ལྟ་བུ་ནི་རྣམ་པར་སྨིན་པའི་སྒྲིབ་པ་དང་ལྡན་པ་སྟེ། དེས་ཐག་བསྲིངས་པའི་ཕྱིར་རོ། །ལོགས་ཤིག་ཏུ་ཕྱུང་བ་ལྟ་བུ་ནི་སེམས་རྙོག་པ་དང་ལྡན་པ་སྟེ། དེས་ཚོགས་དམན་པར་བསགས་པའི་ཕྱིར་རོ། །སྟོང་པ་ལྟ་བུ་ནི་ལས་དང་ཉོན་མོངས་པའི་སྒྲིབ་པས་ཁེབས་པ་སྟེ། དེའི་དབང་གིས་ཚོགས་མ་བསགས་པའི་ཕྱིར་རོ། །དེ་ལྟ་བུའི་སྒྲིབ་པ་དང་ལྡན་པས་ན་དེ་དེ་བཞིན་གཤེགས་པ་མི་མཐོང་བས། །ཅི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་མི་སྣང་ལྟར། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་སྐུ་ནི་མི་སྣང་ངོ༌། །ཞེས་གསུངས་པ་ལྟ་བུའོ། །འོ་ན་དེ་བཞིན་གཤེགས་པ་གཅིག་གིས་ཕྲིན་ལས་མཛད་པ་ཟིན་ན། ཐམས་ཅད་ཀྱང་མ་ཡིན་ནམ། ལུང་ལས་ཀྱང་སངས་རྒྱས་ཐམས་ཅད་ནི་མཛད་པ་གཅིག་གོ་ཞེས་འབྱུང་ངོ་སྙམ་དུ་སེམས་ན། མཛད་པའི་ཕྲིན་ལས་ནི་མེའི་དཔེ་གསུངས་ཏེ། མེ་ནི་གཅིག་ཏུ་འབར་བ་དང༌། ཤི་བས་ཐམས་ཅད་མ་ཡིན་པ་ལྟར་དེ་བཞིན་གཤེགས་པའི་ཕྲིན་ལས་ཀྱང་གཅིག་ཏུ་རྫོགས་པས་ཐམས་ཅད་དུ་མ་ཡིན་ཏེ། གདུལ་བྱ་ཤིང་ལྟ་བུ་ཡོད་པ་དང་མེད་པ་ལས་ཕྲིན་ལས་མེ་ལྟ་བུ་འབར་བ་དང༌། མི་འབར་བར་ཤེས་པར་བྱ་བ་དང༌། ཅི་ལྟར་མེ་ནི་གཞན་དུ་འབར། །གཞན་དུ་ཤི་བར་གྱུར་པ་ལྟར། །སངས་རྒྱས་ཕྲིན་ལས་སེམས་ཅན་ལ། །སྣང་དང་མི་སྣང་ཤེས་པར་བྱ།། ཞེས་གསུངས་པ་ལྟ་བུའོ། །འོ་ན་དང་པོ་སེམས་བསྐྱེད་པའི་ཚེ། སེམས་ཅན་ཐམས་ཅད་གདོན་པར་དམ་བཅས་ནས་ཐ་མ་མྱ་ངན་ལས་འདས་ཀྱང༌། སེམས་ཅན་གྱི་ཁམས་འབྲི་བའམ་གང་བ་མི་མངོན་པས་མཛད་པ་ཅི་ལྟར་མཐར་ཕྱིན་ཅེ་ན། ལ་ལ་ནི་རིགས་པ་དང་ལྡན་པའི་གང་ཟག་རྣམས་ལ་ཡིན་པས་རིགས་མེད་པ་རྣམས་ཅི་ལྟར་དག་པར་འགྱུར་རིགས་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ཅན་རྒྱུ་དང་རྐྱེན་གྱིས་འདུས་མ་བྱས་པ། ཆོས་ཉིད་ཀྱིས་ཐོབ་པ། སྐྱེ་མཆེད་ཀྱིས་ཁྱད་པར་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རིགས་དང་ལྡན་པ་རྣམས་ནི་གྲོལ་བ་ཉིད་པས་ཉེས་པ་མེད་དོ་ཞེས་བྱ་བ་


DTG110_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཡང་བསམ་པ་ལ་རྣམ་པར་གཞག་པ་བྱེད་པ་པོས་དངོས་པོའི་སྟོབས་ཀྱིས་མ་ཡིན་པས་ཉེས་པ་མེད་པ་ཡིན་ལ། འོ་ན་བརྫུན་དུ་སྨྲ་བར་ཇི་ལྟར་མི་འགྱུར་ཞེ་ན་མི་འགྱུར་ཏེ། ནང་གི་བསམ་པའི་དབང་གིས་འདུ་ཤེས་བསྒྱུར་བ་མེད་པའི་ཕྱིར་ལ། རིགས་ཀྱི་ཁྱད་པར་གྱིས་གྲོལ་བ་དང༌། མ་གྲོལ་བ་སྲིད་པའི་ཕྱིར་རོ་ཞེས་ཟེར་ལ། གཞན་དག་ལ་ནི། མ་ཞུམ་པ་ཡི་ལུས་ཀྱིས་ནི། །ཚོར་བ་ལྷག་པར་བཟོད་བྱེད་ཅིང༌། །མར་མེ་ཤི་བར་གྱུར་པ་བཞིན། །དེ་ཡི་སེམས་ནི་རྣམ་པར་གྲོལ། །ཞེས་གསུངས་པའི་མྱ་ངན་ལས་འདས་པ་སྤངས་ནས། སངས་རྒྱས་མྱ་ངན་ཡོད་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །ཐབས་ཀྱིས་མྱ་ངན་འདས་པ་སྟོན། །ཅེས་གསུངས་པའི་ལུང་ཚད་མར་བྱས་ནས། བདེ་གཤེགས་སྙིང་པོ་འགྲོ་ཀུན་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེ་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་འགྱུར། །དེའི་ཕྱིར་སྣོད་མིན་སེམས་ཅན་གང་ཡང་མེད། །ཅེས་བྱ་བ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པར་འགྱུར་བས། ཕྲིན་ལས་ཉིད་ཀྱི་ཁྱད་པར་དེ་དག་འདུལ་བའི་ཐབས་སུ་སྟོན་པས། གཞན་ཡང་ཡོངས་སུ་མྱ་ངན་ལས་འདའ་བས་གདུལ་བ་རྣམས་ལ་ཞེས་གསུངས་པ་ཡིན་ནོ། །ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་སྒྲུབ་པ་ནི། བཤད་ཟིན་འཆད་པར་འགྱུར་བས་གཞན། །ཞེས་བྱ་བའི་ཚུལ་གྱིས་རེ་ཞིག་གཞག་གོ །བྲི་བ་དང་གང་བ་མེད་པ་ནི་སེམས་ཅན་གྱི་ཁམས་མི་ཟད་པའི་ཕྱིར་ལ། མི་ཟད་པའང་སྤྱིའི་དབང་དུ་བྱས་པའི་ཕྱིར་ཏེ། སོ་སོའི་དབང་དུ་བྱས་ནས་གྲོལ་བའི་ཕྱིར་ཟད་པ་ཁོ་ནའོ། །སྤྱི་ནི་སོ་སོ་བ་འདུས་པ་མ་ཡིན་ལ། སོ་སོར་གྲོལ་བ་ཉིད་ཀྱིས་སྤྱི་ཅི་ལྟར་མི་གྲོལ། གང་ཞིག་སྣོན་པ་མེད་ལ་བྲི་བ་ཡོད་པ་དེ་ནི་ཟད་པའི་ཆོས་ཅན་ཏེ། དཔེར་ན་འབྲུའི་ཕུང་པོ་ལྟ་བུའོ་ཞེ་ན་མ་ཡིན་ཏེ། རིགས་སུ་ཆད་པའི་ཕྱིར་དཔེ་འདྲ་བ་མ་ཡིན་ནོ། །གང་ཞིག་ཕ་མཐའ་ཡོད་པ་དེ་ནི་ཟད་པར་རིགས་པ་ལས་སེམས་ཅན་གྱི་ཁམས་ནི་ནམ་མཁའི་ཁམས་དང་མཉམ་པས་ཕ་མཐའ་མེད་པས་ཟད་པར་ཅི་ལྟར་རིགས། དེ་མ་གྲུབ་བོ་ཞེ་ན། ལུང་དང་འགལ་བའི་ཕྱིར་ལ། ཉེས་པ་ཟད་པའི་ལུང་ནི་ཆོས་དང་མཐུན་པར་ཟློག་པར་མི་རིགས་


DTG110_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དྲང་བའི་དོན་དུ་ཡང་བཀྲི་བར་མི་ནུས་ཏེ། སྔ་མ་ལྟར་ངེས་པའི་དོན་གྱི་མཚན་ཉིད་དག་དང་ལྡན་པའི་ཕྱིར་རོ་ཞེས་ཟེར་རོ། །ཡུལ་ཁྱབ་པ་ཅི་ལྟ་བ་བཞིན་དུ་དུས་ལ་ཁྱབ་པ་དེ་ཉིད་ཀྱི་དཔེ་གང་ཞེ་ན། སྒྱུ་མའི་མཁན་པོ་ཞེས་གསུངས་ཏེ། མཁས་པ་ནི་བཟོའི་ཁྱད་པར་ལེགས་པའོ། །ལོབས་པ་ནི་རྣམ་པ་མཐའ་དག་ཤེས་པའོ། །ཤིན་ཏུ་བྱང་བ་ནི་མང་དུ་བྱས་པས་མྱུར་བ་ཉིད་དོ། །སྔགས་ནི་ལྷ་ཕོ་དང་འབྲེལ་པ་སྟེ་གསང་བའི་ཕྱིར་རོ། །རིག་པ་ནི་ལྷ་མོ་དང་འབྲེལ་བ་སྟེ། རིག་མ་ཡིན་པའི་ཕྱིར་རོ། །དཔེ་དང་སྦྱར་བ་ནི་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྟེ། ཡེ་ཤེས་ཀྱི་རྒྱུ་ཚད་མེད་པ་ནི། བསྐལ་པ་གྲངས་མེད་པ་གསུམ་དུ་བསགས་པའི་ཚོགས་སོ། །ལ་ལ་ན་རེ་བསྐལ་པ་གྲངས་མེད་པ་སུམ་ཅུ་རྩ་གསུམ་གྱིས་ངེས་པར་འབྱུང་ངོ་ཞེས་ཟེར་རོ། །ཐབས་ནི་ཐབས་སུ་གྱུར་པ་སྟེ་ཐབས་ཉིད་དོ། །དེ་གང་ཞེ་ན། བསོད་ནམས་ཀྱི་ཚོགས་ཏེ་གསང་སྔགས་ལྟ་བུའོ། །ཤེས་རབ་ནི་དོན་དམ་པ་ཞེས་པའོ། །ཡེ་ཤེས་ནི་ཀུན་རྫོབ་ཤེས་པ་སྟེ། ཤེས་རབ་དང་ཡེ་ཤེས་ནི་རིག་མ་ལྟ་བུའོ། །མི་འཇིགས་པ་ནི་འོག་ནས་འབྱུང་བ་ལྟར་དུས་གསུམ་ལ་ཁྱབ་པའོ། །དེ་ལྟར་ན་མྱ་ངན་ལས་འདས་པ་ནི་ཕྲིན་ལས་ཀྱི་སྒོ་ནས་ཀྱང་རིག་པར་བྱའོ། །དེ་ལྟར་ན་མྱ་ངན་ལས་འདས་པ་རང་བཞིན་དང་ཕྲིན་ལས་ཀྱི་སྒོ་ནས་རྒྱས་པར་བཤད་ནས། དེ་དག་གི་དོན་བསྡུ་བ་ནི་ཀྱེ་རྒྱལ་བའི་སྲས་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་གྱི་སྒོ་ནས་བསྡུ་བ་ནི། ཚད་མེད་པའི་རྗེས་སུ་སོང་བ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སྔར་བསྟན་པའི་རང་བཞིན་དང་འདོད་ཆགས་དང་བྲལ་བ་དང༌། རྨི་ལམ་དང༌། མཚན་ཉིད་མེད་པ་དང༌། བདག་དང་ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་མཐའ་རྣམས་ནི་ཚད་མེད་པའི་རྗེས་སུ་སོང་བ་ཞེས་བྱ་ལ། ལྷག་མ་རྣམས་ནི་གྲངས་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །ཕྲིན་ལས་ཀྱི་སྒོ་ནས་བསྡུ་བ་ནི། དུས་བཞིན་རབ་ཏུ་སྟོན་པ་ཞེས་བྱ་བ་ལ་སོག་པ་གསུངས་ཏེ། འབྱུང་བ་དང་འཇིག་པའི་ཕྲིན་ལས་ཡུལ་ལ་ཁྱབ་པ་ཉིད་ཉི་མའི་དཀྱིལ་འཁོར་ལྟར་སྣང་བ་ནི། དུས་ཅི་བཞིན་དུ་རབ་ཏུ་སྟོན་པའོ། །དེ་ཉིད་མེ་ལྟར་རྒྱུ་ཡོད་པ་དང་མེད་པས་འབར་བ་དང༌། མི་


DTG110_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་ནི་འགྲོ་བ་ཐམས་ཅད་དུ་རྒྱུན་མི་ཆད་པ་སྟེ། གདུལ་བྱའི་སེམས་ཅན་ཡོད་ན་ཕྲིན་ལས་རྒྱུན་མི་འཆད་པ་ཡིན་ནོ། །དུས་ལ་ཁྱབ་པའི་ཕྲིན་ལས་སྒྱུ་མ་བསྐལ་པར་གནས་པ་ལྟར་ཕྲིན་ལས་བསྐལ་པར་གནས་པ་ལྟར་བྱིན་གྱིས་བརླབས་པས། སྔོན་གྱི་བྱིན་གྱི་རླབས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པ་སྟེ། སྔོན་གྱིས་ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པ་རྣམས་སོ། །བྱིན་གྱིས་བརླབ་པ་ནི་བྱིན་གྱིས་རླབས་ཀྱི་མཐུ་ཉིད་དོ། །འགྲོ་བའི་ཞིང་ནི་གདུལ་བྱའི་གནས་སོ། །ཆོས་ཀྱི་དབྱིངས་ནི་ཁམས་ཀྱི་དོན་ཏེ། སེམས་ཅན་གྱི་རྗེས་སུ་ཞུགས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མྱ་ངན་འདས་པའི་རང་བཞིན་བསྟན་ནས། ད་ནི་མྱ་ངན་ལས་འདས་པ་སྒོ་སྣ་ཚོགས་ནས་འཇུག་པར་བསྟན་པ་ནི། རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་དག་པའི་སྒོ་ནས་འཇུག་པ་ནི་རང་བཞིན་གྱིས་སྟོང་པ་ཉིད་དོ་ཞེས་བྱ་བ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་དེ་ནི་ངོ་བོ་ཉིད་ཀྱིས་དག་པའོ། །རྟོགས་པ་ཐོབ་པའི་སྒོ་ནས་འཇུག་པ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་ཞེས་གསུངས་ཏེ། མཉམ་པ་ཉིད་ནི་དེ་བཞིན་ཉིད་ཐ་མི་དད་པའི་ཕྱིར་རོ། །རྟོགས་པ་ནི་ཁོང་དུ་ཆུད་པའོ། །བྱེད་པའི་སྒོ་ནས་འཇུག་པ་ནི། རིགས་ཀྱི་བུ་ཞེས་གསུངས་ཏེ། བྱེད་པ་ནི་ཕྲིན་ལས་ཉིད་དོ། །སྤངས་པའི་སྒོ་ནས་འཇུག་པ་ནི་ལས་ཟད་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། ལས་དང་ཉོན་མོངས་པ་ནི་རྒྱུ་ཡིན་ལ། སྡུག་བསྔལ་ནི་འབྲས་བུར་གྱུར་པའོ། །ཞི་བ་ནི་མངོན་དུ་རྒྱུ་སྤངས་པའོ། །བྱ་བ་ནི་བག་ལ་ཉལ་བཅོམ་པའོ། །རྣམ་པར་ཞི་བ་ནི་ཚོར་བ་རྒྱུན་ཆད་པ་སྟེ། དེ་ནི་བཏང་སྙོམས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་དག་པ་དང་ཕྲིན་ལས་ཀྱི་སྒོ་ནས་འཇུག་པ་མྱ་ངན་ལས་འདས་པར་བསྟན་པ་དང༌། འོག་ནས་མཚན་མ་རབ་ཏུ་ཞི་བ་ལ་སོགས་པ་མྱ་ངན་ལས་འདས་པར་བསྟན་པ་རྣམས། རབ་ཏུ་རྨོངས་པས་གོང་འོག་གི །འབྲེལ་པ་གོ་བར་བྱ་ཕྱིར་བསྟན། །ཞེས་བྱ་བའི་ཚུལ་གྱིས་མྱ་ངན་ལས་འདས་པ་ཀུན་དུ་བསྟན་པ་ལ་འཇུག་པ་ནི་མཐའ་ཡས་སོ་ཞེས་གསུངས་ཏེ། ཀུན་དུ་བསྟན་པ་ནི་མདོ་སྣ་ཚོགས་སུའོ། །འཇུག་པ་མཐའ་ཡས་པ་ནི་དག་པ་ལ་སོགས་པ་ལ་འཇུག་པའི་ཕྱིར་རོ། །དེ་ལ་


DTG110_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ནི་གཟུང་བར་བྱ་སྟེ། གཟུགས་ལ་སོགས་པའི་མཚན་མ་ལའོ། །གཡོ་བ་ནི་ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཏེ། གཟུང་བ་དང་འཛིན་པ་འགག་པས་ན་བྲལ་བ་སྟེ། དེའི་ཕྱིར་རྣམ་རྟོག་ཟད་པས་ན་དེའི་ཚེ་མྱ་ངན་ལས་འདས་ཞེས་གསུངས་པ་ལྟ་བུའོ། །འདུས་མ་བྱས་པའི་སྒོ་ནས་འཇུག་པ་ནི་རྐྱེན་གྱིས་སྒྲོ་བཏགས་པ་མེད་ཅེས་བྱ་བ་སྟེ། སོ་སོར་བརྟགས་པའི་འགོག་པ་ཡིན་པའི་ཕྱིར་རོ། །དེ་ལས་འདུས་མ་བྱས་པ་ནི་རྒྱུ་དང་རྐྱེན་གྱིས་མ་བྱས་པ་སྟེ། སྒྲོ་བཏགས་པ་ནི་མེད་པ་ལ་བྱས་པ་ཡིན་པའི་ཕྱིར་ཏེ་དེ་མེད་པའོ། །འདུས་བྱས་པའི་སྒོ་ནས་འཇུག་པ་ནི་འདོད་ཆགས་ཟད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལམ་གྱི་བདེན་པས་འདུས་བྱས་པའི་སྒོ་ནས་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །ཕྲིན་ལས་ཀྱི་སྒོ་ནས་འཇུག་པ་ནི། མཽད་གལ་གྱི་བུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་ཐམས་ཅད་པ་ཡིན་པའི་ཕྱིར། དེའི་ཚེ་དེའི་དུས་ན་ཞེས་སྨོས་པ་ཡིན་ནོ། །དེ་ལ་མཐོང་བའི་ལམ་མ་སྐྱེས་པས་ན་བྱང་ཆུབ་ཀྱི་སེམས་ལ་མ་ཞུགས་པའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་ཐེག་པ་ཆེན་པོ་ལ་ཞུགས་པའོ། །རང་བཟོས་ཞུགས་པས་ན་དབང་ཟོས་པའོ། །དེས་ཐ་མའི་རྣམ་པར་ཤེས་པ་དང༌། བར་མ་དོར་ལོག་པར་ཤེས་པ་སྐྱེས་པས་ན་ལྟུང་བར་འགྱུར་བའོ། །དེ་དག་སྐལ་བ་མཉམ་པར་སྐྱེ་བར་མཛད་པས་ན་སྤྲུལ་པ་སྟེ། ཐབས་སྣ་ཚོགས་ལ་དགོད་པས་ན་མི་བདེ་བ་མྱོང་ཞེས་བྱའོ། །ཐུགས་རྗེ་ཆེན་པོ་ནི་དུས་ཐམས་ཅད་པའི་མཛད་པའོ། །ཕྱིར་མི་ལྡོག་པ་ནི་ས་བརྒྱད་པ་ལ་གཞག་པའོ། །དེ་ལྟ་བུའི་ཐམས་ཅད་པའི་ཕྲིན་ལས་བསྟན་པ་ནི། དྲང་བའི་དོན་ཡིན་པས་ཁོངས་སུ་མི་རུང་ཞེ་ན། ངེས་དོན་དུ་སྒྲུབ་པ་ནི་དགེ་སློང་དག་ཅེས་བྱ་བ་ལ་སོགས་པའོ། །དེ་ལ་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ནི་འདོད་པའི་བདེ་བའོ། །ཚངས་པར་སྤྱོད་པའི་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར། ཁྱིམ་ནས་འབྱུང་བའི་བདེ་བའོ། །སྔར་བསྟན་པའི་དོན་རྣམས་ཀྱིས་ན་བསམ་གཏན་བཞི་དང༌། མཐར་གྱིས་གནས་པའི་སྙོམས་པར་


DTG110_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་བདེ་བའོ། །མཐོང་བའི་ལམ་ཐོབ་པས་ན་རྫོགས་པའི་བྱང་ཆུབ་ཀྱི་བདེ་བའོ། །དེ་དག་ཀྱང་མངོན་པར་མ་ཞེན་པས་བྱུང་བ་དང་བྱ་བའི་དཔེས་བསྟན་ཏེ། དུས་ཐམས་ཅད་པ་ནི་ཡིན་པས་དེའི་ཚེ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་མཚན་མ་རབ་ཏུ་ཞི་བ་ལ་སོགས་པའི་མདོ་འདི་རྣམས་ཀྱིས་སྔ་མའི་མདོ་རྣམས་བཤད་པ་ཡིན་ཏེ། མཚན་མ་རབ་ཏུ་ཞི་བ་དང༌། གཡོ་བ་དང་ཞི་བ་དང་བྲལ་བས་ནི་རྟོགས་པའི་དག་པ་བཤད་པར་རིག་པར་བྱའོ། །རྐྱེན་གྱིས་སྒྲོ་བཏགས་པ་མེད་པས་ནི་ཆོས་ཉིད་ཀྱིས་བཤད་པར་རིག་པར་བྱའོ། །འདོད་ཆགས་ཟད་པ་ལ་སོགས་པས་ནི་སྤངས་པའི་སྒོ་ནས་འཇུག་པར་བཤད་པར་རིག་པར་བྱའོ། །ཡེ་ཤེས་ཤིན་ཏུ་རྒྱས་པའི་མདོ་ལས་བྱུང་བ་རྣམས་ཀྱིས་ནི་བྱེད་པའི་སྒོ་ནས་འཇུག་པ་བཤད་པར་རིག་པར་བྱ་སྟེ། དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ནི་མདོ་སྡེ་གཞན་གྱིས་བཤད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་འདི་དག་གིས་ནི་རང་དང་གཞན་གྱི་དོན་མཐར་ཕྱིན་པ་མྱ་ངན་ལས་འདས་པར་རིག་པར་བྱའོ་ཞེས་བཤད་ནས། ད་ནི་དེ་དག་གི་དོན་བསྡུ་བ་མདོ་གཞན་གྱིས་བསྟན་པས། ལང་ཀར་གཤེགས་པ་ལས་ཞེས་གསུངས་ཏེ། ཕྲིན་ལས་རྒྱུན་མི་འཆད་པས་ན་བྱ་བ་ལ་སོགས་པ་མྱ་ངན་ལས་མི་འདའ་བ་སྟེ་དུས་ཐམས་ཅད་དང་ཡུལ་ལ་ཁྱབ་པའི་ཕྱིར་རོ། །སྔར་བསྟན་པའི་རང་བཞིན་དེ་བཞིན་ཉིད་ལ་སོགས་པ་རྣམས་ནི། རང་བཞིན་གྱིས་ཆད་པ་མེད་པའི་མཚན་ཉིད་མྱ་ངན་ལས་མི་འདའ་བའོ། །དེ་བཞིན་གཤེགས་པའི་མཛད་པ་རྒྱུན་ཆད་པ་མར་མེ་ཤི་བ་ལྟ་བུར་གྱུར་པ་མ་ཡིན་པས་དངོས་པོ་ཆད་པ་མ་ཡིན་དངོས་པོར་མྱ་ངན་ལས་མི་འདའ་བའོ། །འོ་ན་ཅི་ལྟ་བུར་ཞེ་ན་རྟོག་པ་ཟད་པ་སྟེ། ལུང་ལས། བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ་ཞེས་གསུངས་ལ། རྣམ་རྟོག་ཐམས་ཅད་ཟད་པས་ན། དེ་ཚེ་ང་ཡི་མྱ་ངན་འདའ། །ཞེས་གསུངས་པས་རྣམ་པར་རྟོག་པ་ཟད་པའོ། །རྣམ་པར་ཤེས་པ་ནི་མཚན་མར་འཛིན་པ་སྟེ། མཚན་མར་འཛིན་པ་སྤངས་པས་ན་རྣམ་པར་ཤེས་པ་ཟད་པའོ། །དེ་ལ་རྟོགས་པ་ནི་སྤྱིར་རྟོགས་པའོ། །རྣམ་པར་ཤེས་པ་ནི་བྱེ་བྲག་ཏུ་རྟོག་པས་དེའི་ཁྱད་པར་


DTG110_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དེ་ཡིན་ནོ། །མདོ་ཀུན་ལས་བཏུས་པའི་བཤད་པ་ལུང་གི་ཚད་མས་སྦྱར་བ་ལས་མྱ་ངན་ལས་འདས་པ་ལ་མོས་པ་རྙེད་པར་དཀའ་བའི་གཏམ་བརྗོད་པ་སྟེ་དགུ་པའོ། །མདོ་ཀུན་ལས་བཏུས་པ་ལས་ཆོས་ཟབ་མོ་ལ་བཟོད་པའི་ལེའུ་སྟེ་དང་པོ་རྫོགས་སོ།། །། དེ་ལྟར་ཐོབ་བྱ་འབྲས་བུ་མྱ་ངན་ལས་འདས་པའི་རང་བཞིན་གྱི་མཚན་ཉིད་གཏན་ལ་ཕབ་ནས། ད་ནི་ཐོབ་པར་བྱེད་པའི་ལམ་གྱི་ཁྱད་པར་བརྗོད་པར་བྱ་སྟེ། འདིར་འཕགས་པ་ཀླུ་སྒྲུབ་དང༌། འཕགས་པ་ཐོགས་མེད་ཀྱིས་གྲུབ་པའི་མཐའ་མི་ཤེས་པའི་མངོན་པའི་ང་རྒྱལ་ཅན་འགའ་ཞིག་འདི་སྐད་ཅེས། བཅོམ་ལྡན་འདས་ཀྱིས་ཐེག་པ་གསུམ་དུ་གསུངས་པ་ནི་ངེས་པའི་དོན་ཡིན་ཏེ། ཉན་ཐོས་རང་རྒྱལ་བླ་མེད་ཀྱི། །ཐེག་པ་ཆེ་དག་ངས་བཤད་དོ། །ཞེས་གསུངས་པའི་མདོ་ཚད་མར་བྱས་ནས། འཕགས་པ་ཐོགས་མེད་ཀྱིས་ལྡེམ་པོར་དགོངས་ཏེ། ཐེག་པ་གསུམ་དུ་བཤད་པ་ཡང་ངེས་པའི་དོན་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་ལུང་དང་འཕགས་པ་ཐོགས་མེད་ཀྱི་དགོངས་པའི་དོན་མི་རྟོགས་པ་དེ་ལྟ་བུའི་གང་ཟག་འབྱུང་བར་དགོངས་ནས། དེ་དག་ལ་ཕན་གདགས་ཤིང་ངེས་པའི་དོན་དུ་གཏན་ལ་དབབ་པར་མཛད་པས། ཐེག་པ་གཅིག་ཏུ་བསྟན་པའི་ཕྱིར་ཐེག་པ་གཅིག་ལ་ཞེས་སྨོས་ཏེ་མོས་པ་ནི་ངེས་པར་འཛིན་པའོ། །ཤིན་ཏུ་རྙེད་པར་དཀའ་བ་ནི་ཚོགས་བསགས་པ་རུང་བའི་ཕྱིར། དེ་དག་འདི་སྐད་ཅེས་སེམས་ཅན་རྣམས་ནི་རིགས་རྣམ་པ་ལྔའི་བདག་ཉིད་པས་དེའི་འབྲས་བུ་ཐེག་པ་ཡང་གསུམ་སྟེ། རིགས་གཅིག་ཏུ་གསུངས་པ་ཡང༌། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཕྱིར་དག་གྱུར་པས། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་བྱ་བ་ཡིན་པས། དེའི་ཕྱིར་ཐེག་པ་གཅིག་ཏུ་གསུངས་པ་ཡང༌། རིགས་མ་ངེས་པ་དང། ཐེག་པ་ཆེན་པོ་པའི་རིགས་ཅན་ལ་དགོངས་པ་སྟེ། འཕགས་པ་བྱམས་པས། ཁ་ཅིག་དག་ནི་དྲང་ཕྱིར་དང༌། །གཞན་དག་ངེས་པར་གཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །ཞེས་ཟེར་ཏེ། དེ་དག་གིས་


DTG110_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་བྱམས་པ་ལ་སོགས་པའི་དགོངས་པ་མ་རྟོགས་ཤིང་མི་ཤེས་པར་རིག་པར་བྱའོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་དེ་བཞིན་ཉིད་ཐམས་ཅད་ལ་ཡོད་ན་བྱེ་བྲག་མེད་པའི་ཕྱིར། གང་ཞིག་གྲོལ་བ་ཆེན་པོར་མི་འགྱུར། བྱེ་བྲག་ཡོད་ན་དེ་བཞིན་ཉིད་དུ་ཅི་ལྟར་འགྱུར། གལ་ཏེ་རྐྱེན་གྱི་སྟོབས་ཀྱིས་སོ་ཞེ་ན། དེ་ནི་འདོད་པ་ཁོ་ན་སྟེ། རིགས་ལྔ་གསུངས་པ་ནི་རྐྱེན་གྱིས་བྱས་པའི་ཕྱིར་རོ། །དེ་བཞིན་ཉིད་ནི་འདོད་པ་མ་ཡིན་ཏེ། སྐྱེ་མཆེད་ཀྱི་ཁྱད་པར་རོ་ཞེ་ན་མ་ཡིན་ཏེ། དེ་བཞིན་ཉིད་མེད་ན། སྐྱེ་མཆེད་ཀྱི་ཁྱད་པར་གང་ལས་འགྲུབ། རྒྱུ་དང་རྐྱེན་གྱིས་འདུས་མ་བྱས་པ་ཞེས་འདོད་པ་ལས་ཀྱང་དེ་བཞིན་དུ་མངོན་ནོ། །འོ་ན་ཁྱེད་ཅག་ཀྱང་ཐེག་པ་གསུམ་དུ་ཇི་ལྟར་མི་འདོད། །དེའི་ཕྱིར་དེ་བཞིན་ཉིད་ལ་དབྱེ་བ་མེད་ན། རིགས་གཅིག་པའི་ཕྱིར་དེ་ཅི་ལྟར་རུང༌། མ་ཡིན་ཏེ་དེ་བཞིན་ཉིད་གཅིག་པ་ཉིད་ལས་ཀྱང་སྒྲུབ་པའི་ཁྱད་པར་གྱིས་ཏེ། བརྟེན་པ་ཆོས་ཀྱི་བྱེ་བྲག་གིས། །རིགས་ཀྱི་དབྱེ་བ་ཡོངས་སུ་བརྗོད། །ཅེས་འདོད་དོ། །དེ་ནི་མཚུངས་སོ་ཞེ་ན། གང་དུ་གནས་སྐབས་སུའོ་ཞེ་ན་དེ་ནི་མི་འདོད་པ་མ་ཡིན་ནོ། །མཐར་ཐུག་པར་རོ་ཞེ་ན་ཅི་ལྟར་མཚུངས་ཏེ་སྔར་བསྟན་པའི་རིགས་པ་ཉིད་ཀྱིས་སོ། །ཟབ་མོའི་དོན་ལ་རིགས་པ་མ་ཡིན་ཏེ་ལུང་ཡོད་དོ་ཞེ་ན། རིགས་པས་བསྟན་པར་མ་གྱུར་པའི། །ལུང་ནི་བཀྲིར་བཏུབ་པའི་ཕྱིར་ངེས་པར་མི་འགྱུར་ལ། བཟློག་པ་ནི་ངེས་པ་ཅན་ཡིན་པས་ཆོས་ཀྱི་དབྱིངས་ནི་རིགས་ཀྱི་དོན་ཡིན་པས་དབྱེར་མེད་པའི་ཕྱིར། ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པས། དེའི་འབྲས་བུ་ཐེག་པ་གཅིག་པ་ཉིད་དེ། རྟོགས་པའི་ཐབས་རིམ་ཅན་དུ་ཐེག་པ་སྣ་ཚོགས་སུ་བསྟན་ཅིང༌། རིགས་དེ་ཉོན་མོངས་པ་ལ་སོགས་པས་སྣང་བར་མ་གྱུར་པས། རེ་ཞིག་རིགས་ལྔར་གསུངས་པ་ཡིན་ཏེ། ཅི་ལྟར་རྡོ་རྗེའི་ཕྱི་མའི་གསེར། །མིག་ལམ་སྣང་བར་མ་གྱུར་པ། །སྦྱངས་པས་སྣང་བར་གྱུར་པ་བཞིན། །འཇིག་རྟེན་བདེ་བར་གཤེགས་པ་བརྗོད། །ཅེས་གསུངས་པའི་ཕྱིར་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། སྦྲུམ་མའི་ལྟོ་ན་འདུག་པའི་བུ། །མིག་ལམ་སྣང་བར་མི་འགྱུར་ལྟར། །ཉོན་མོངས་ཐིབས་པོས་བཀག་པ་ཡིས། །ཆོས་དབྱིངས་མིག་ལམ་སྣང་མ་ཡིན། །ཞེས་གསུངས་སོ། །དེ་བཞིན་


DTG110_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཕགས་པ་བྱམས་པས་ཀྱང༌། ཆོས་དབྱིངས་སྣང་བྱེད་འོད་འབྱུང་ཞིང༌། །དེ་བཞིན་ཉིད་ལ་ཐ་དད་མེད། །རིགས་ཀྱི་དོན་ནི་སྣང་བའི་ཕྱིར། །ཐམས་ཅད་བདེ་གཤེགས་སྙིང་པོ་ཅན། །ཞེས་གསུངས་པས་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ཇི་ལྟ་བ་བཞིན་དུ་ཉོན་མོངས་པས་བཀྲིས་སུ་ཟིན་ཀྱང༌། སད་པའི་རྐྱེན་གྱིས་འདུས་བྱས་ན་ཐམས་ཅད་ཐེག་པ་གཅིག་ཏུ་ཟད་དོ། །དེ་རྟོགས་པའི་ཐབས་སུ་ཐེག་པ་སྣ་ཚོགས་སུ་བསྟན་པ་ལ་འགལ་བ་མེད་དེ། སྐས་ཀྱི་གདང་བུ་བྲེ་བའི་ཚུལ་གྱིས་ཇི་སྐད་དུ། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་ཉན་ཐོས་རང་རྒྱལ་དང༌། །བླ་ན་མེད་པའི་ཐེག་པ་ཞེས། །རྣམ་པ་དུ་མར་ངས་བཤད་དོ། །ཞེས་གསུངས་ལ། འོག་ནས་ཀྱང་ཐེག་པ་གསུམ་དུ་ཡང་མ་ཟད་ཀྱི་ཞེས་འབྱུང་བ་དང༌། དེ་ཡང་སྔར་བསྟན་པ་ལྟར་འོག་མ་མེད་ན་གོང་མ་མི་སྐྱེ་བའི་ཕྱིར་བསྟན་ལ། དེའི་དགོས་པ་གང་ཞིག་ཅེ་ན། དབང་པོ་རྟུལ་པོ་དྲང་བའི་ཐབས་དགོན་པ་ཆེན་པོར་གྲོང་ཁྱེར་སྤྲུལ་པ་དང་འདྲའོ་ཞེས་བཤད་པར་བྱའོ། །དེའི་ཕྱིར་ཐེག་པ་གཅིག་ཏུ་སྒྲུབ་པའི་འཐད་པ་གསུངས་པ་ནི། ཐེག་པ་གཅིག་ཏུ་ཟད་པ་ལ། །ཞེས་དམ་བཅའ་བར་མཛད་དོ། །གཏན་ཚིགས་གང་ཞེ་ན། རིགས་པ་ཅི་ལྟ་བ་བཞིན་དུ་ལུང་གིས་གཏན་ཚིགས་བཀོད་པ་ནི། ང་ཡང་ཐེག་པ་གཅིག་ལས་བརྩམས་ཏེ་ཞེས་གསུངས་ཏེ་ཐེག་པ་གཅིག་གང་ཞེ་ན། སངས་རྒྱས་ཀྱི་ཐེག་པ་ཞེས་གསུངས་སོ། །རང་སངས་རྒྱས་སུ་ཐལ་བར་འགྱུར་ཞེས་དགོངས་ནས་ཐམས་ཅད་མཁྱེན་པའི་མཐར་ཐུག་པ་ཞེས་སྨོས་སོ། །རིགས་པ་ཉིད་གང་ཞེ་ན། གཉིས་སམ་གསུམ་ཞེས་བྱ་བ་མེད་དོ་ཞེས་གསུངས་ཏེ། སྔར་བསྟན་པའི་རིགས་པས་མི་འཐད་པའི་ཕྱིར་རོ། །དེ་ལ་གཉིས་ཞེས་བྱ་བ་ནི་ཐེག་པ་དམན་པ་དང་མཆོག་ཏུ་གྱུར་པའོ། །གསུམ་ཞེས་བྱ་བ་ནི་ཐེག་པ་གསུམ་མོ། །ཅི་ལྟར་མེད་ཅེ་ན། ཆོས་ཀྱི་དབྱིངས་ལ་ཐ་དད་མེད་པའི་ཕྱིར་རོ། །འཁོར་གྱིས་ལོག་པར་རྟོག་པ་འགའ་ཞིག་སྔར་བསྟན་པ་ལྟར་རྒོལ་བ་ནི། ཅིའི་ཕྱིར་ཞེ་ན་ཞེས་བྱའོ། །ལན་ནི་རིགས་པ་ལྟར་ལུང་གི་རང་བཞིན་ཚད་མའི་སྐྱེས་བུར་བསྒྲུབ་པ་ནི། ཕྱོགས་བཅུའི་ཞེས་བྱ་བ་སྟེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནི་སྙིགས་མ་ལྔ་དང་ལྡན་པའི་ཁམས་


DTG110_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱོན་པས་དམན་པའོ་སྙམ་པའི་ལོག་རྟོག་བསལ་བའི་ཕྱིར། སངས་རྒྱས་ཐམས་ཅད་མཉམ་པ་སྟེ། །སྐུ་ཚེ་མཚན་དང་རིགས་ཀྱིས་མིན། །ཞེས་བྱ་བའི་ཚུལ་གྱིས་གང་འདས་པའི་དུས་ན་བྱུང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རིམ་ཅན་དུ་གསུངས་པ་ཐམས་ཅད་མ་ཡིན་ཏེ། དབང་པོ་རྣོན་པོའི་གང་ཟག་ལ་ནི་ཅིག་ཅར་དུའོ་ཞེས་བསྟན་པ་ནི། ཐེག་པ་གཉིས་སུ་བརྟགས་པའང་མེད་ན་ཞེས་གསུངས་པ་ཡིན་ཏེ། དབང་པོ་རྣོན་པོས་ནི་དང་པོ་ཉིད་ནས་ཐེག་པ་གཅིག་ཏུ་སློབ་པ་ཡིན་པའི་ཕྱིར་ལ། དེ་དག་ཏུའང་དབང་པོ་རྣོན་པོ་འདུས་པས་ཞེས་བྱ་བའི་དོན་ཏོ། །ཇི་སྨོས་ཞེས་བྱ་བ་ནི་གང་ལ་ཞིག་ཅེས་བྱ་བའི་དོན་ཏོ། །དེའི་ཕྱིར་འཇམ་དཔལ་ཞེས་གསུངས་ཏེ། སྙིང་པོ་ནི་གཙོ་བོའི་དོན་ཡིན་པའི་ཕྱིར་རོ། །འོ་ན་མི་མཇེད་ཀྱི་འཇིག་རྟེན་འདིར་དབང་པོ་རྟུལ་པོ་ཤ་སྟག་འདུས་སམ་ཞེ་ན་དེ་ནི་མ་ཡིན་ཏེ། གང་ཟག་དབང་པོ་རྣོན་པོའི་དབང་དང་ངེས་པའི་དོན་དུ་ན། ང་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་དགོད་པ་མེད་ཅེས་གསུངས་ཏེ། ཐེག་པ་གསུམ་ནི་བསམ་པ་དམན་པ་ལ་དགོངས་ཏེ་བཤད་ཅེས་བྱ་བའི་དོན་ཏོ། འོ་ན། ཐེག་པ་གསུམ་དུ་ངས་བཤད་དོ། །ཞེས་གསུངས་པ་དང་འགལ་བས་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ། དེ་ནི་སྤྱིའི་སྒོ་ནས་བྱེ་བྲག་མཚོན་པས་ཉེས་པ་མེད་དོ་ཞེས་བྱ་བ་ནི་ལན་ཡིན་ནོ། །རྣམ་གྲངས་གཞན་ཡང་ངས་ཡི་གེ་གཅིག་ཀྱང་བརྗོད་པ་མེད་དོ་ཞེས་གསུངས་པ་ལས་ནི་འདུལ་བའི་བསམ་པའི་དབང་གིས་རྟོག་པ་སྣ་ཚོགས་སུ་བྱུང་དུ་ཟད་ཀྱི། དེ་བཞིན་གཤེགས་པ་ནི་རྟོག་པ་སྤངས་པས་འདུ་ཤེས་སྣ་ཚོགས་པ་ཐ་དད་ཀྱི་འདུ་ཤེས་མི་མངའ་བས་མེད་པའི་ཕྱིར་ཏེ། གལ་ཏེ་འདུ་ཤེས་ཐ་དད་པ་དང་ལྡན་ན། དེ་བཞིན་གཤེགས་པ་མ་ཡིན་པར་འགྱུར་ཞེས་བྱ་བ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་རྟོག་པ་མ་འགགས་པས་སེམས་ཡོངས་སུ་མ་དག་པའོ། །དེ་ཉིད་གང་ཞེ་ན། མངོན་པར་ཞེན་པ་ཞེས་བྱ་བ་སྟེ་ཞེན་པ་ནི་འཁོར་འདུན་པ་དང་ལྡན་པ་ལ་ཆགས་པའོ། །ཉི་ཚེ་བ་ནི་ཕྱོགས་གཅིག་པའོ། །འདུ་ཤེས་ཐ་དད་པ་ནི་ཆགས་པ་དང་ཞེ་སྡང་བའོ། །དཔེ་མཁྱུད་ནི་གསང་བ་སྟེ་མདོར་ན་ཐེག་པ་སྣ་ཚོགས་སུ་བསྟན་ན་ཉེས་པ་དང་བཅས་པར་འགྱུར་ཞེས་བྱ་བའོ། །དེ་ལ་ཐེག་པ་


DTG110_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བློ་སྦྱངས་པ་ལ་ལེགས་པ་རྣམ་པ་བཞི་ཡོད་དེ་རང་གི་ལམ་ལ་ཐེ་ཚོམ་མི་ཟ་བ་དང༌། ལམ་གཞན་ལ་བརྙས་པ་མི་སྐྱེ་བ་དང༌། བདུད་ཀྱིས་བསླུ་བར་མི་བཏུབ་སྟེ། ཕན་ཡོན་རྣམ་པ་བཞི་མཚོན་པའི་དོན་དུ་ལེགས་པ་དང་པོ་རང་གི་ལམ་ལ་ཐེ་ཚོམ་མི་ཟ་བ་བསྟན་པ་ནི། འཇམ་དཔལ་ཞེས་བྱ་བ་གསུངས་པ་ཡིན་ནོ། །ཆོས་གང་དང་གང་བསྟན་པ་ཞེས་བྱ་བ་ནི། ཚུལ་གཞན་དང་གཞན་གྱིས་སོ། །ཐེག་པ་གཅིག་ཏུ་ཡང་དག་འདུ་བ་ནི་བྱང་ཆུབ་ལ་གཞོལ་བའོ། །འབབ་པ་ནི་ཐོགས་པར་བྱེད་པའོ། །སྒྲུབ་པ་ནི་དེའི་རྒྱུར་གྱུར་པའོ། །ཡུལ་གཅིག་ནི་རྫོགས་པའི་བྱང་ཆུབ་བོ། །དེ་ལྟ་བས་ན་ཐེག་པ་གཅིག་ཏུ་བློས་སྦྱངས་པས་རང་གི་ལམ་ཐེག་པ་ཆེན་པོར་ཤེས་པར་འགྱུར་རོ། །དེ་ལྟར་ཐེག་པ་གཅིག་ཏུ་ལས་ཀྱང་གསུམ་དུ་གསུངས་པའི་དགོངས་པ་གང་ཞེ་ན། སྔ་མ་ལྟར་གང་ཟག་གི་དབང་པོ་ལ་སོགས་པ་མ་ཡིན་པས་ན། འཇམ་དཔལ་ཞེས་གསུངས་ཏེ། རང་བཞིན་གྱི་རིགས་དེ་ལྟ་བུ་རྟོགས་པའི་ཁྱད་པར་ལ་དགོངས་པས། ཐེག་པ་རྣམ་པར་དགོད་པ་གསུངས་ཏེ། རྣམ་པར་དགོད་པ་ནི་རིམ་པ་ཞེས་པ་སའི་དབང་དུ་བྱས་པ་ནི་ས་རྣམ་པར་དགོད་པ་ཞེས་གསུངས་ཏེ། ཆོས་ཀྱི་རིགས་ལ་བདག་མེད་པ་ཙམ་དུ་རྟོགས་པ་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་གཞག་པ་ལྟ་བུའོ། །གང་ཟག་ནི་དབང་པོའི་རིམ་པ་སྟེ་དད་པའི་རྗེས་སུ་འབྲང་བ་ལ་སོགས་པ་གང་ཟག་གི་རྣམ་པར་གཞག་པ་བྱེད་པ་ལྟ་བུའོ། །ཚོགས་ནི་རྒྱུའི་དོན་ཏེ། ཚོགས་བསགས་པའི་བྱེ་བྲག་ལས་རྟོགས་པ་ཐ་དད་པ་དཔེར་ན་ཆོས་ཉིད་ཐ་དད་པ་མེད་པའི་མདོ་ལས་བསྟན་པ་ལྟ་བུའོ། །ཐབས་ཀྱི་དབང་དུ་བྱས་པ་ནི་འཇུག་པའོ། །དེ་དག་དགོངས་པ་ཅན་དུ་བསྟན་པས་དོན་དམ་པར་ཞེས་གསུངས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་ཐེག་པ་གསུམ་དུ་གསུངས་པ་དགོངས་པ་ཅན་དུ་བསྟན་པ་ནི། ལྷའི་བུ་ཞེས་བྱ་བ་ལ་སོགས་པ་སྟེ་སེམས་སྐྱེད་པར་བྱེད་པའོ་ཞེས་པ་ནི་ཐམས་ཅད་ཀྱང་ཐེག་པ་ཆེན་པོའི་སྣོད་དུ་བྱ་བའི་ཕྱིར་རོ། །སེམས་བསྐྱེད་པའི་མཐུ་མེད་དོ་ཞེས་བྱ་བ་ནི། འདོད་པ་དང་སྲེད་པའི་ཟག་པ་སྤངས་པའི་ཕྱིར་དགྲ་བཅོམ་པར་གྱུར་པའོ། །སེམས་


DTG110_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ན་ནི་ཞེས་བྱ་བ་ནི་ཐེག་པ་གསུམ་དུ་གསུངས་པ་ནི་དགོངས་པ་ཅན་ཡིན་པའི་ཕྱིར་ལ། བར་ཆད་མི་བྱེད་པ་ནི་རིགས་ལྔ་དང་ཐེག་པ་གསུམ་དུ་མི་སྨྲ་བའོ། །ཁྱད་པར་དུ་འཕགས་པ་ནི་དགྲ་བཅོམ་པ་ཐོབ་པ་སྟེ། ཁམས་གསུམ་གྱི་སྤང་བྱ་སྤང་བྱ་བའི་ཕྱིར་རོ། །ཤིན་ཏུ་ཁྱད་པར་དུ་འཕགས་པ་ནི། བསམ་གྱིས་མི་ཁྱབ་པ་སྒྲུབ་པའི་སྐྱེ་བ་ལ་བརྟེན་ནས་སེམས་སྐྱེད་པར་བྱེད་པའོ། །དེ་བཞིན་དུ་འདུས་པ་ཆེན་པོའི་མདོ་ལས་ཀྱང་གསུངས་པ་ནི། ཐེག་པ་གཅིག་ཏུ་ཡང་དག་པར་འདུ་བ་ནི་ཞེས་གསུངས་ཏེ། རྟོགས་པ་ཐ་དད་པ་ཐམས་ཅད་ཀྱང་ཐེག་པ་ཆེན་པོར་ཕྱིན་པར་བྱེད་པས་ན། ཡང་དག་པར་འདུ་བའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཞེས་གསུངས་ཏེ། གཏམ་སྣ་ཚོགས་ནི་ཐེག་པ་ཐ་དད་པའོ། །མི་འབྱུང་བ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ཐ་དད་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཆོས་ཀྱི་དབྱིངས་རོ་གཅིག་པ་ཞེས་གསུངས་ཏེ། སྒྲིབ་པ་མེད་པ་ཞེས་བྱ་བ་ནི་སྒྲིབ་པ་མཐའ་དག་སྤངས་པའོ། །རོ་གཅིག་པ་ནི་གཟུགས་ཀྱི་དེ་བཞིན་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་རྗེས་སུ་སོང་བ་ཞེས་གསུངས་པ་ལྟ་བུའོ། །ཉིད་ཀྱིས་གཟིགས་པའི་ལམ་སྟོན་པས་ན་ཁང་དུ་ཆུད་པར་བྱ་བའི་ཕྱིར་རོ། །ཕྱིར་མི་ལྡོག་པའི་འཁོར་ལོ་ནི་དེ་ལྟ་མོད་ཀྱི། གང་ཟག་གི་དབང་པོ་རིམ་པས་རྟོགས་པར་བྱ་བའི་ཐབས་སྟོན་པ་ནི། རེ་ཞིག་དཔེས་གོ་བར་བྱ་བའི་ཕྱིར། དཔེར་ན་ཞེས་གསུངས་པ་ཡིན་ནོ། །དེ་ལ་བསྒོམ་པར་བྱ་བའི་རིམ་པ་ནི་ནོར་བུ་མཁན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནོར་བུ་མཁན་ལྟ་བུ་ནི་ཐམས་ཅད་མཁྱེན་པའི་སངས་རྒྱས་ཉིད་དེ། དེས། སའམ་རྡོ་ནི་ནང་དུ་གསེར། །བག་ལ་ཞ་བ་ལྟ་བུ་ནི། །འདི་ཡི་ཁམས་ནི་རྣམ་དག་པ། །བག་ལ་ཉལ་ནི་ཕྲ་བར་གཟིགས། །དགེ་སློང་དག་སེམས་ཅན་གྱི་ཁམས་རྣམ་པར་དག་པ་ནི་དེ་བཞིན་གཤེགས་པས་གཟིགས་སོ་ཞེས་གསུངས་པ་ལྟ་བུའོ། །ནོར་བུ་སྦྱངས་པ་མ་བྱས་པ་ལྟ་བུ་ནི། འདོད་ཆགས་ཀྱི་བག་ལ་ཉལ་པ་ལ་སོགས་པས་དཀྲིས་པའི་ཁམས་རྣམ་པར་དག་པའོ། །བུལ་ཏོག་གི་ཆུ་ལྟ་བུ་ནི་མི་རྟག་པས་ཡིད་འབྱུང་བ་ལ་སོགས་པ་སྟེ། མི་རྟག་པ་ལ་སོགས་པ་ནི་


DTG110_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ཡིན་པའི་ཕྱིར་རོ། །ཚད་མའི་རྒྱན་ལས། འཁོར་བ་ལས་ཡིད་མ་བྱུང་བར། །སེམས་ནི་ཐར་པར་འདོད་མ་ཡིན། །སྡུག་བསྔལ་མེ་ཡིས་མ་གདུངས་པར། །སྐྱེ་བོ་སྐྱོ་བ་སྐྱེ་མི་འགྱུར། །ཞེས་གསུངས་པ་ལྟ་བུའོ། །འཕགས་པ་ཆོས་འདུལ་བའི་ཆོས་ཐམས་ཅད་བདག་མེད་པར་ཡིད་ཆེས་པའོ། །སྐྲའི་ལ་བ་དཔེར་བྱ་བ་ནི། རྩུབ་པས་མྱུར་དུ་རེག་པར་བྱེད་པ་ལྟར་འཁོར་བ་ལ་ཡིད་བྱུང་བར་བྱེད་པའི་ཕྱིར། མི་རྟག་པ་ལ་སོགས་པ་ནི་མི་འདོད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ལ། དེས་ན་མྱུར་དུ་སྤོང་ངོ་ཞེས་བྱ་བར་དགོངས་པ་སྟེ། རྟག་པར་འཛིན་པ་ལ་སོགས་པ་ཕྱིན་ཅི་ལོག་བཞིའི་གཉེན་པོ་ཡིན་པའི་ཕྱིར་རོ། །བརྩོན་འགྲུས་མི་འདོར་བ་ནི་དེ་ཙམ་གྱིས་ཆོག་པར་མི་འཛིན་པའི་ཕྱིར་རོ། །དངུལ་ཆུ་རྣོན་པོ་ལྟ་བུ་ནི། སྟོང་པ་ཉིད་ལ་སོགས་པ་སྟེ། ངོ་བོ་རྒྱུ་དང་འབྲས་བུས་སྟོང་པའི་རང་བཞིན་བསྒོམས་ན་ཉོན་མོངས་པ་སྤོང་བར་འགྱུར་བས། ཆོས་ཀྱི་གྲགས་པས། བྱམས་སོགས་རྨོངས་དང་མི་འགལ་ཕྱིར། །ཉེས་པ་ཤིན་ཏུ་ཚར་གཅོད་མིན། །སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །ཉེས་པ་ཤིན་ཏུ་ཚར་གཅོད་བྱེད། །ཅེས་གསུངས་པ་ལྟ་བུར་སྟོང་པ་ཉིད་ཤེས་པའི་ཤེས་རབ་ཀྱིས་མཐོང་བའི་ལམ་རྟོགས་པར་འགྱུར་རོ་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པའི་གཏམ་གྱི་ཚུལ་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་དབེན་པའོ། །བཅས་པའི་སྒྲ་ནི་བུལ་ཏོག་དང་དངུལ་ཆུ་འདྲེ་བར་བྱེད་པ་ལྟར་ཤེས་རབ་ཐབས་ཀྱིས་ཟིན་པ་བསྒོམ་པའི་ཕྱིར་རོ། །ཤིང་དང་སྣམ་བུའི་བྱི་དོར་ནི་སྔར་གྱི་སྦྲུམ་མའི་རེག་བྱ་འདོར་བར་བྱེད་པ་སྟེ་དེ་བས་འཇམ་པའི་རེག་པའི་བྱི་དོར་བྱེད་པ་ལྟར། འདི་ན་བདག་གམ་སེམས་ཅན་མེད། །ཅེས་བྱ་བའི་ཚུལ་གྱིས་མཚན་མར་འཛིན་པ་སྤོང་བའི་ཕྱིར་རོ། །སྨན་ཆེན་པོ་དཔེར་བྱ་བ་ནི་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་སྒོམ་པ་ཡིན་པས་འོག་ནས་ཀྱང་ཐབས་དང་ཤེས་རབ་ཡ་བྲལ་བ་ནི་འཆིང་བར་གསུངས་པའི་ཕྱིར་ལ། འཁོར་གསུམ་ཡོངས་སུ་དག་པ་ཞེས་བྱ་བ་ནི། བདག་ལ་སོགས་པའི་འདུ་ཤེས་དང་བྲལ་བ་སྟེ། དེ་བཞིན་གཤེགས་པའི་ཡུལ་ནི་འཁོར་བ་དང་ཞི་བར་མི་རྟོགས་པའོ། །རས་སྲབ་མོ་དཔེར་བྱ་བ་ནི། ས་རྣམ་པ་


DTG110_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ལ་ཤེས་བྱའི་སྒྲིབ་པ་སྲབ་མོ་སྦྱང་དགོས་པའི་ཕྱིར་རོ། །དེ་ལྟར་རིམ་གྱིས་བསྒོམས་ནས་མཐར་ཕྱིན་པར་འགྱུར་བ་ནི། རྒྱུད་དང་ཞེས་བྱ་བ་ལ་སོགས་པ་སྟེ་རང་བཞིན་ནི་ཁམས་སོ། །སྣ་ཚོགས་པ་ནི་བ་རུ་རའི་མདོ་ལས་ཇི་སྐད་དུ། བ་རུ་རའི་ཕུང་པོ་འཕང་དུ་རི་རབ་དང་མཉམ་པ་ཞིག་ལ། སྐྱེས་བུ་འགའ་ཞིག་གིས་སེམས་ཅན་འདིའི་ཁམས་ནི་འདི་ལྟ་བུའོ་ཞེས་བརྗོད་ཅིང༌། བ་རུ་རའི་ཕུང་པོ་ལས་རེ་རེ་ནས་དོར་ཡང༌། བ་རུ་རའི་ཕུང་པོ་ནི་ཟད་པར་མི་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །འོ་ན་རིགས་གཅིག་ཉིད་ཉམས་སོ་ཞེ་ན། མཉམ་དུ་ཞུགས་ནས་ཞེས་གསུངས་ཏེ། ཐམས་ཅད་ཀྱང་མཐར་རིམ་གྱིས་སོང་བ་ནས་འཚང་རྒྱ་བར་འགྱུར་ཏེ། དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། དགྲ་བཅོམ་པ་རྣམས་སངས་རྒྱས་སུ་ལུང་བསྟན་པ་ལྟ་བུ་དང༌། ཡང་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ནི། དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུ་ནི། ཆོས་ཉིད་ཁོང་དུ་ཆུད་པ་ནས། །ཞེས་གསུངས་ཏེ། ཆོས་ཉིད་ཁོང་དུ་ཆུད་པ་ནི་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པའོ། །སྦྱིན་གནས་བླ་ན་མེད་པ་ཞེས་བྱ་བ་ནི་ཅི་སྐད་དུ། སངས་རྒྱས་སྦྱིན་གནས་དམ་པ་མཚུངས་མེད་འགྱུར། །ཞེས་བྱ་བ་ལྟ་བུ་སྟེ་སངས་རྒྱས་ཉིད་དོ། །དེའི་ཕྱིར་ངེས་པའི་ཤེས་བྱེད་བཀོད་པ་ན། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས་ཀྱང་ཞེས་གསུངས་པ་ཡིན་ནོ། །གཞན་གྱི་ལོག་པར་རྟོགས་པ་བསལ་བའི་ཕྱིར་འཇམ་དཔལ་གྱིས་ཞུས་པ་ཡིན། འོ་ན་ཐེག་པ་གཅིག་ཏུ་ཟད་ནས་གསུམ་དུ་གསུངས་པའི་དགོངས་པ་གང་ཞེ་ན། དགོངས་པ་བསྟན་པ་ནི། གསོལ་པ་ཞེས་གསུངས་པ་ཡིན་ནོ། །དགོངས་པ་གང་གི་སླད་དུ་ཅི་ལྟར་ཐེག་པ་གསུམ་སྟོན་ཅེ་ན། བསམ་པ་དམན་པ་དྲང་བའི་ཕྱིར་ཏེ། གལ་ཏེ་ཐེག་པ་ཆེན་པོར་བསྐལ་པ་གྲངས་མེད་པ་མང་པོར་རམ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོས་སམ། དེ་བཞིན་དུ་འཕགས་པ་བྱམས་པས་གསུངས་པ་ལྟར། ཆེན་པོ་རྣམ་པ་དུ་མ་བསྟན་ན་བསམ་པ་དམན་པ་རྣམས་ད་དང་བར་འགྱུར་བས། སློབ་དཔོན་ཉིད་ཀྱིས་ཀྱང༌། སྤོང་བས་མ་རུང་བདག་ཉིད་ཅན། །མནར་མེད་པ་ནི་སྤྱིའུ་ཚུགས་འགྲོ། །ཞེས་ཉེས་པ་དེ་


DTG110_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ལ་སོགས་པ་སྤང་བའི་ཕྱིར་རྒྱལ་པོ་འཆར་བྱེད་ལ། བཙུན་མོ་སྔོ་བསངས་མ་ཤི་བ་བརྡ་སྤྲོད་པ་ལྟར། ཐབས་མཁས་པས་དེ་དག་རིམ་གྱིས་སངས་རྒྱས་ཀྱི་སར་ཉེ་བར་ཁྲིད་དེ། སྔར་ལྟར་ཅིག་ཅར་བསྟན་ན་མི་འཇུག་པ་སྤོང་བའི་ཕྱིར་རོ། །དེའི་ཐབས་མཁས་པ་སྟེ་མི་སྐྲག་པ་མཛད་ཅེས་བྱ་བའོ། །དེ་ལྟར་མི་འཇུག་ཅིང་བསམ་པ་དམན་པ་ཡང་གང་གིས་ཉེས་ཤེ་ན། སྙིགས་མ་ལྔ་ཡི་དུས་ན་བྱུང༌། །ཞེས་བྱ་བ་སྟེ། ལྟ་བའི་སྙིགས་མ་ལ་སོགས་པས་གོས་པའི་ཕྱིར་དང༌། ཡང༌། དམན་པར་མོས་ཤིང་ཁམས་ཀྱང་ཤིན་ཏུ་དམན། །གྲོགས་པོ་དམན་པ་དག་གིས་ཡོངས་བསྐོར་བ། །ཞེས་གསུངས་པས། མོས་པ་སྟེ་སྤོང་བ་དག་གོ་ཞེས་བྱ་བའོ། །དེ་ལྟར་རྩ་བའི་ལུང་བཀོད་ནས། ད་ནི་དེ་ཉིད་ཀྱིས་ཤེས་པར་བྱེད་པའི་ལུང་བཀོད་པ་ནི། འཕགས་པ་དཔལ་ཕྲེང་གི་མདོ་ལས་ཀྱང་ཞེས་གསུངས་ཏེ། ཡོངས་སུ་མྱ་ངན་ལས་འདས་པ་ནི་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པའོ། །ཐབས་སོ་ཞེས་བྱ་བ་ནི་དགོན་པར་སྤྲུལ་པ་ལྟ་བུའོ། །གྲངས་སུ་འགྲོ་བ་ནི་ནང་དུ་ཆུད་པའོ། །དེའི་ལེགས་པ་ནི་ཁོང་དུ་ཆུད་དོ་ཞེས་བྱའོ། །དེ་བཞིན་དུ་ལང་ཀར་གཤེགས་པའི་མདོ་ལས་ཀྱང་གསུངས་ཏེ། བག་ཆགས་ནི་ཉོན་མོངས་པ་དང་རྗེས་སུ་མཐུན་པའི་སྤྱོད་པ་སྟེ། དགྲ་བཅོམ་པ་མཆོངས་པ་ཅན་དཔེར་བརྗོད་པའོ། །ཏིང་ངེ་འཛིན་ནི་ཞེས་གནས་སོ། །ཟག་པ་མེད་པ་ནི་འདོད་པ་དང་སྲིད་པ་དང༌། མ་རིག་པ་དང༌། ལྟ་བ་སྟེ་དེ་སྤངས་པས་ན་མེད་པའོ། །འཇིག་རྟེན་གྱི་ཞེས་པ་ནི། སྤྱིར་ཡང་ཁམས་འོག་མར་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་བ་ལ་བརྟེན་ནས་སྐྱེ་བའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཚོགས་རྣམས་སོ། །བསྐངས་པ་ནི་རྫོགས་པར་བྱས་པའོ། །ཡང་ན་ཡང་ཞེས་བྱ་བ་ནི་རྒྱལ་པོའི་བུ་བློ་རྟུལ་པོ་ལྟར་སྔོན་དུ་བྱ་བ་གང་ཡིན་པ་ནི་ཕྱིས་ཡང་གང་བྱེད་པར་འགྱུར་ཞེས་བྱ་བའོ། །སྔར་བསྟན་པ་ལྟར་ཁ་ཅིག་ན་རེ་ཐེག་པ་གསུམ་ཁོ་ན་ངེས་པའི་དོན་ཡིན་ནོ་སྙམ་དུ་སེམས་ན། ངེས་པའི་དོན་ནི་སྔར་བསྟན་པ་ལྟར། ཐེག་པ་གཅིག་ཏུ་ཟད་ལ། དྲང་བའི་དོན་དུ་ནི་ཐེག་པ་སྣ་ཚོགས་


DTG110_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

པས་གསུམ་དུ་ཡང་མ་ཟད་ཀྱི་ཞེས་བྱ་བ་ནི་དེ་ལྟ་མོད་ཀྱི་ཞེས་གསུངས་པའོ། །དེ་ལྟ་མོད་ཀྱི་ཞེས་བྱ་བ་ནི་ངེས་པའི་དོན་དུ་ན་ཐེག་པ་གཅིག་ཏུ་ཟད་པ་ལས་ཀྱང་ངོ༌། །གདུལ་བྱ་ལ་ལྟོས་ནས་ནི་ཐེག་པ་སྣ་ཚོགས་སུ་ཞེས་བྱ་བར་དགེ་བའི་ཚོགས་སྤྱོད་པ་ཐ་དད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བ་ནི་དོན་དམ་པ་མྱ་ངན་ལས་འདས་པའོ། །ཚོགས་ནི་རྒྱུའི་དོན་ཏོ། །དེ་ཉིད་ནི་སྤྱོད་པ་ཞེས་པ་སྟེ། ཉམས་སུ་ལེན་པ་ལ་ལྟོས་པའོ། །འདུལ་བའི་དབང་ནི་སློབ་མའི་རྒྱུད་ཀྱིས་སོ། །ཐེག་པ་སྣ་ཚོགས་པ་ནི་འཇིག་རྟེན་ལས་འདས་པའི་ལམ་དུའོ། །སྒོ་ནི་འཇུག་པའི་ཚུལ་ལོ། །ཐ་དད་པ་ནི་མཆེད་ལ་སོགས་པའོ། །ཆོས་བསྟན་པ་ནི་འོག་ནས་འབྱུང་བ་རྣམས་སོ། །དེ་དག་གང་ཞེ་ན། ཉན་ཐོས་ཀྱི་ས་ལ་བཀོད་ཅེས་བྱ་བ་ལ་སོགས་པ་སྟེ། འདི་དག་གིས་ཀྱང་ཐེག་པ་གསུམ་དུ་འཇོག་པ་སྤོང་བར་བྱེད་པ་སྟེ་དེ་ལ་བདེན་པའི་ལམ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་ལམ་དང༌། ཏིང་ངེ་འཛིན་གྱི་ལམ་དང༌། བརྩོན་འགྲུས་ཀྱི་ལམ་དང༌། ཤེས་རབ་ཀྱི་ལམ་དང༌། དབང་པོའི་ལམ་དང༌། སྟོབས་ཀྱི་ལམ་དང༌། རྣམ་པར་ཐར་པའི་ལམ་དང༌། མངོན་པར་ཤེས་པའི་ལམ་དང༌། ཚད་མེད་པའི་ལམ་དང༌། ཏིང་ངེ་འཛིན་གྱི་ལམ་དང༌། དམིགས་པ་ཡོངས་སུ་དག་པའི་ལམ་དང༌། བསམ་པ་རྣམ་པར་དག་པའི་ལམ་དང༌། སྦྱོར་བ་ཚད་མེད་པའི་ལམ་དང༌། སྦྱོར་བའི་ཁྱད་པར་གྱི་ལམ་དང༌། ཁྱད་པར་འབྲས་བུའི་ལམ་དང༌། འབྲས་བུ་རྣམ་པར་དབྱེ་བའི་ལམ་གྱི་དབང་དུ་བྱས་ནས་ཉན་ཐོས་ཀྱི་ས་ལ་བཀོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡུག་བསྔལ་ལ་སོགས་པའི་བདེན་པ་ལས་སྐྱེས་པས་ན། ཉན་ཐོས་ཏེ་ཆོས་ཀྱི་འཁོར་ལོ་ལན་གསུམ་གྱི་རྣམ་པ་བཅུ་གཉིས་སུ་བསྐོར་བས་འབྲས་བུ་ཐོབ་པའི་ཕྱིར་རོ། །དབང་པོ་རྣམ་པ་གསུམ་གྱི་ཚོགས་ཀྱི་ས་ལ་སོགས་པ་ནས། རང་གི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་ལུགས་སུ་འབྱུང་བ་དང༌། བཟློག་པ་བསྒོམ་པ་རང་གི་བྱང་ཆུབ་མངོན་པར་འདུ་བྱེད་པས་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་ལམ་མོ། །ཐེག་པ་ཆེན་པོ་ལ་སོགས་ཀྱི་ལམ་དུ་དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་བསྒོམས་པས་


DTG110_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ན། ཤེས་རབ་དང་བརྩོན་འགྲུས་དང་ཏིང་ངེ་འཛིན་ཏེ། དེ་ལ་རྫུ་འཕྲུལ་གྱི་རྐང་པ་ནི། ཤུགས་དང་ལྡན་པའི་སྤོབས་པ་སྟེ། སེམས་པ་ལ་སོགས་པས་འཕངས་པའི་སྟོབས་ཀྱིས་ཤེས་རབ་ལ་སྤོབས་པས་སྒྲིབ་པ་སེལ་བས་ངེས་པར་འབྱུང་བའོ། །ཡང་དག་པར་སྤོང་བ་ནི་ཕ་རོལ་གནོན་པ་སྟེ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་ཅིང༌། སྐྱེས་པ་སྤོང་བས་ན་མི་མཐུན་པའི་ཕྱོགས་ཕ་རོལ་གནོན་པའོ། །དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་ཅིང་སྐྱེས་པ་གོང་དུ་སྤེལ་བས་ན། དྲི་མ་མེད་པའི་རྒྱལ་མཚན་འཛིན་ཏོ། །དྲན་པ་ཉེ་བར་གཞག་པ་ནི་བདེན་པ་བཞི་རྟོགས་པས་ན་ཆོས་ལ་སྤོབས་པ་སྟེ། ངེས་པར་འབྱུང་བ་ནི་ཕྱིན་ཅི་ལོག་སྤོང་བའི་ཕྱིར་རོ། །དབང་བྱེད་པ་ནི་དྲོད་ཀྱི་དད་པ་ལ་སོགས་པ་ནི་དབང་པོ་ཡོངས་སུ་དག་པ་སྟེ། དྲོད་དང་རྩེ་མོའི་གནས་སྐབས་སུ་རྟོགས་པ་ནི་སྤོབས་པའོ། །མི་མཐུན་པའི་ཕྱོགས་སྤངས་པས་ནི་ངེས་པར་འབྱུང་བ་སྟེ་ཐམས་ཅད་དུ་སྦྱར་བར་བྱའོ། །མི་བརྫི་བའི་ཕྱིར་ནི་སྟོབས་ཏེ་དད་པ་ལ་སོགས་པ་ཆེན་པོ་བཟོད་པ་དང་ཆོས་ཀྱི་མཆོག་ཏུ་མཉམ་པ་སྟེ། ཐ་མི་དད་པར་སྤྱོད་པ་སྟེ། མཐོང་བའི་ལམ་གྱི་ཆ་དང་མཐུན་པས་ན་རྗེས་སུ་འགྲོའོ། །སྟོང་པ་ཉིད་ལ་སོགས་པ་ནི་སྦྱོར་བའི་ལམ་གྱི་གཙོ་བོར་བྱེད་པའི་ཆོས་ཡིན་པས་ངོ་བོ་ཉིད་མ་གྲུབ་པ་ལ་སོགས་པས་ཆོས་ཏེ། མྱ་ངན་ལས་འདས་པའི་གྲོང་ཁྱེར་ལ་མངོན་པར་ཕྱོགས་པ་སྟེ། རྗེས་སུ་འགྲོ་བས་དེ་ཉིད་གཙོ་བོ་ཡིན་པས་ཡུལ་གྱི་ཐེག་པ་སྟེ། ཞོན་པ་ལྟ་བུ་ཁམས་ལ་སྨོན་པ་མེད་པས་སྲིད་པ་ངེས་པར་འབྱུང་བའོ། །མངོན་པར་ཤེས་པ་དྲུག་ནི་གཞན་གྱི་དོན་བྱེད་འགྲུབ་པའི་གཙོ་བོ་ཡིན་པས་ཐམས་ཅད་དུ་སོང་བའི་རྫུ་འཕྲུལ་མི་ཕྱེད་པ་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་ཅེས་བྱ་བ་ནི་ཁམས་གསུམ་མ་ལུས་པའོ། །དང་པོ་ཡིན་པས་རྫུ་འཕྲུལ་ཞེས་སྨོས་སོ། །མི་ཕྱེད་པ་ནི་མི་འཕྲོགས་པའོ། །དྲོ་བ་ལ་སོགས་པ་དེ་དག་ཀྱང་བྱམས་པ་ལ་སོགས་པའི་སྟོབས་ཀྱིས་ཐེག་པ་ཆེན་པོར་འགྱུར་བས། ཆོས་ཉིད་ཀྱི་སྒོ་ནས་མ་ཡིན་ཏེ། ཁ་ཅིག་གང་ཟག་མེད་པར་རྟོགས་པས་ཉན་ཐོས་སུ་གྱུར་ཏོ་ཞེས་ལུང་ལས། གཟུང་བའི་རྟོག་པ་སྤང་ཕྱིར་དང༌། །ཞེས་འབྱུང་བའི་ཕྱིར་རང་སངས་རྒྱས་ཀྱིས་གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཕྱིར་འཕགས་པ་བྱམས་


DTG110_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགོངས་པ་དྲང་བའི་དོན་དུ་འཇུག་པ་ངེས་པར་སྦྱར་བར་རིག་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཆོས་སུ་ལྟ་བ་མ་སྤངས་ན་གང་ཟག་ཏུ་ལྟ་བ་ལྡོག་པར་མི་འགྱུར་ཏེ། འཕགས་པ་ཉིད་ཀྱིས་ཀྱང༌། ཅི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་བདག་ཏུ་ལྟ་བར་འགྱུར། །ཞེས་གསུངས་པས་ན་ཚད་མེད་པ་ལ་ཡང་རག་ལུས་སོ་ཞེས་བྱ་བ་ན། སྤྱོད་པའི་སྦྱོར་བ་ཚད་མེད་པ་ཡང་དག་པར་འདུ་བ་ཞེས་གསུངས་ཏེ། སྤྱོད་པ་ནི་རང་ཡོངས་སུ་སྨིན་པ་དང་སེམས་ཅན་ཡོངས་སུ་སྨིན་པའི་སྤྱོད་པའོ། །དེའི་སྦྱོར་བ་ནི་བྱམས་པ་ལ་སོགས་པའོ། །ཚད་མེད་པ་ནི་ཡུལ་གྱི་དབང་དུ་བྱས་པ་སྟེ། ཡང་དག་པར་འདུ་བ་སེམས་ཅན་ཇི་སྙེད་ཡོད་པ་ལ་བརྟེན་པ་རྣམས་ཀྱི་བསོད་ནམས་འདུ་བའོ། །དེ་དག་ཀྱང་ཆོས་ཀྱི་མཆོག་ཆེན་པོ་འགྲུབ་པའི་ཏིང་ངེ་འཛིན་ལ་གནས་པའོ། །དེ་བཞིན་དུ་སྤྱན་ལྔས་ཀྱང་ཡིན་པས། དམིགས་པ་ཐམས་ཅད་ཀྱི་ཡུལ་ཡོངས་སུ་དག་པའི་དཀྱིལ་འཁོར་ཞེས་གསུངས་ཏེ། དམིགས་པའི་ཡུལ་ནི་སྤྱན་ལྔའི་ཡུལ་ཏེ། གཟུགས་སོ་སོར་ངེས་པ་ལ་སོགས་པའོ། །ཡོངས་སུ་དག་པ་ནི་སྒྲིབ་པ་མེད་པའོ། །དེ་དག་ཀྱང་མཐའ་དག་པས་དཀྱིལ་འཁོར་ཞེས་བྱའོ། །དེ་ལ་བསམ་པ་རྣམ་པར་དག་པ་ནི་སྨོན་པ་དང་ལྡན་པ་སྟེ། འབྲས་བུ་ཐོབ་པའི་བསམ་པ་ཡིན་པའི་ཕྱིར་རོ། །སྦྱོར་བ་ཚད་མེད་པ་ནི་ཚུལ་ཁྲིམས་རྣམ་པ་གསུམ་དང་ལྡན་པ་སྟེ། དེས་རྒྱུ་ལ་འཇུག་པའི་ཕྱིར་རོ། །སྦྱོར་བའི་ཁྱད་པར་ནི་གོ་རིམས་ལ་བྱ་སྟེ་འདིར་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །རྣམ་པར་དག་པ་ནི་སྒོ་གསུམ་དག་པའོ། །ཁྱད་པར་གྱི་འབྲས་བུ་ནི་ས་བཅུ་སྟེ། ཕ་རོལ་ཏུ་ཕྱིན་པ་བཅུས་ངེས་པར་འབྱུང་བའི་ཕྱིར་རོ། །འབྲས་བུ་རྣམ་པར་དབྱེ་བ་ནི་རྣམ་པ་གཉིས་ཏེ། རྒྱལ་པོ་ལྟ་བུར་སེམས་བསྐྱེད་པ་ནི་སྤྱོད་པའི་སྨོན་ལམ་གྱིས་ཁྱད་པར་དུ་གྱུར་པ་ཞེས་སྨོས་ཏེ། སྤྱོད་པ་ནི་སྔར་བསྟན་པ་གཉིས་སོ། །སྨོན་ལམ་གྱིས་ཁྱད་པར་དུ་གྱུར་པ་ནི། ཅི་ལྟ་ཅི་ལྟར་གདུལ་བྱ་ཡིན། །དོན་རྣམས་ཡོངས་སུ་རྫོགས་འགྱུར་བ། །དེ་ལྟ་དེ་ལྟའི་སྣང་བའང༌། །བདག་ལ་བརྟེན་ཏེ་འབྱུང་གྱུར་ཅིག །ཅེས་དང་པོ་སྨོན་པའི་སྟོབས་ཀྱིས་འཚང་རྒྱ་བ་ལ་སོགས་པས་དོན་བྱེད་པའོ། །ཕྱུགས་རྫི་ལྟ་བུ་ནི་རྟག་ཏུ་གཞོན་ནུའི་ས་ལ་གནས་པ་ནི། ཅི་སྲིད་སེམས་ཅན་འགའ་ཞིག་ཀྱང༌། །གང་


DTG110_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་གྲོལ་དེ་སྲིད་དུ། །དེ་ཕྱིར་བླ་ན་མེད་པ་ཡིས། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །ཅེས་སེམས་སྨོན་པས་ན་ཀུན་དུ་བཟང་པོའི་སྤྱོད་པའི་སྨོན་ལམ་མོ། །དེ་ལྟ་བས་ན་ཐེག་པ་བཅུ་བདུན་དུ་གསུངས་པ། ལས་ཀྱང་གདུལ་བྱ་ལ་ཕན་པ་དཔག་ཏུ་མེད་པ་མཛད་པའི་ཐབས་མངའ་བས་ཐེག་པ་གསུམ་དུ་ཅི་ལྟར་ངེས། ངེས་པའི་དོན་ནི་ཐེག་པ་གཅིག་ཏུ་སྔར་གཏན་ལ་ཕབ་པ་བཞིན་ནོ། །མདོ་ཀུན་ལས་བཏུས་པའི་བཤད་པ། ལུང་གི་ཚད་མས་རབ་ཏུ་སྦྱར་བ་ལས་ཐེག་པ་གཅིག་ཏུ་སྒྲུབ་པ་སྟེ། ཆོས་ཟབ་མོ་ལ་བཟོད་པའི་ལེའུ་གཉིས་པ་རྫོགས་སོ།། །། དེ་ལྟར་ཐེག་པ་གཅིག་དང་ལྡན་པར་དམ་པའི་ཆོས་ཡོངས་སུ་འཛིན་པར་བསྟན་པ་ནི། དམ་པའི་ཆོས་ཡོངས་སུ་གཟུང་བར་བྱའོ་ཞེས་གསུངས་ཏེ། རྟག་ཏུ་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་ཞེས་བྱ་བའི་དོན་ཏོ། །དེ་དག་ཀྱང་ཤེས་རབ་ཀྱིས་སྟོང་པ་ཉིད་ལ་དམིགས་པ་དང༌། སྙིང་རྗེས་སེམས་ཅན་ལ་དམིགས་པས་ན་ཡོངས་སུ་གཟུང་བར་བྱའོ། །སྔར་བསྟན་པའི་ཐོས་པའི་བརྩོན་འགྲུས་ལས་ལྷག་པ་ཅི་ཞིག་ཡོད་ཅེས་རྒོལ་བ་ནི། གང་ཞེ་ན་ཞེས་གསུངས་སོ། །སྤྱི་དང་ཁྱད་པར་གྱི་དབང་གིས་ཉེས་པ་མེད་པ་ནི་འཇམ་དཔལ་ཞེས་གསུངས་པ་སྟེ། གོང་དུ་ནི་ཐོས་པ་འགའ་ཞིག་ཏུ་བསྟན་ལ། འདིར་ནི་དེས་འཕངས་པའི་དོན་བསྒྲུབ་པས་སྤྱིར་བཤད་པ་ཡིན་ནོ་ཞེས་བྱ་བ་ནི་ལན་ཡིན་ཏེ། དེའི་ཕྱིར་དང་པོ་ཆོས་འཛིན་པའི་དགོས་པ་བསྟན་པ་ནི། དམ་པའི་ཆོས་ཡོངས་སུ་གཟུང་ན་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་དང་ཆོས་ཡོངས་སུ་འཛིན་པ་ཐ་མི་དད་བའི་དོན་གྱིས་ན། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྒྱུ་ཚོགས་པ་ལས་འབྲས་བུ་སྐྱེ་བས་ན་སེམས་ཅན་ཡོངས་སུ་གཟུང་བ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཆུ་བོ་ཚ་སྒོ་ཅན་གྱི་མདོ་ལས། སེམས་ཅན་ལ་གུས་པ་སངས་རྒྱས་ཀྱི་རྒྱུར་གསུངས་པས་ན་སངས་རྒྱས་ཀྱི་རིགས་མི་འཆད་པར་བྱ་བ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་སྤྱིར་བསྟན་ནས་ད་ནི་བྱེ་བྲག་ཏུ་བཤད་པར་བྱའོ། །སངས་རྒྱས་ཀྱི་རིགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་རིགས་ནི་སྔར་བསྟན་པ་རྣམས་ལས་བཅས་པའི་བསླབ་པ་མི་དོར་བར་བྱ་བར་དགོངས་ཏེ། ཚུལ་ཁྲིམས་རྣམ་


DTG110_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པ་བྱ་བར་འདོད་པས་ཆོས་ཡོངས་སུ་བཟུང་ངོ་ཞེས་བྱ་བའོ། །གཞན་ལ་ཕན་པ་སྒྲུབ་པར་འདོད་པས་ཀྱང་ཞེས་བྱ་བ་ནི་སེམས་ཅན་གྱི་ཉོན་མོངས་པ་ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའི་བྱ་བ་ནི་གཞན་ལ་ཕན་པ་གཙོ་བོ་ཡིན་པའི་ཕྱིར་རོ། །རང་ཡོངས་སུ་སྨིན་པར་བྱ་བའི་དབང་དུ་བྱས་ནས་རེ་ཞིག་མཐོ་རིས་ཀྱི་དབང་དུ་བྱས་ནས། ངན་འགྲོ་ཀུན་གྱི་སྒོ་གཅོད་པ། །ཞེས་སྨོས་ཏེ་ངན་འགྲོ་ནི་སེམས་ཅན་དམྱལ་བ་ལ་སོགས་པའོ། །སྒོ་ནི་སྲོག་གཅོད་པ་ལ་སོགས་པ་སྟེ། གཅོད་པ་ནི་ཆོས་འཛིན་པའི་ཕྱིར་རོ། །མཐོ་རིས་ཉིད་གང་ཞེ་ན། འཁོར་ལོས་སྒྱུར་བ་ཞེས་སྨོས་ཏེ། མིའི་ཕུན་སུམ་ཚོགས་པའི་དབང་དུ་བྱས་པའི་ཕྱིར་རོ། །ལྷའི་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས་བརྒྱ་བྱིན་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་གྲོལ་གྱི་དབང་དུ་བྱས་ནས། བདུད་ཀྱི་ཞགས་པ་གཅོད་པར་འདོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདུད་ནི་ཉོན་མོངས་པ་ལ་སོགས་པའོ། །ཞགས་པ་ནི་འདོད་ཆགས་འཕེལ་བ་ལ་སོགས་པའོ། །གཅོད་པ་ནི་ཏིང་ངེ་འཛིན་བསྒོམ་པ་ལ་སོགས་པའོ། །བྱང་གྲོལ་ཉིད་གང་ཞེ་ན། བླ་ན་མེད་པ་ཞེས་སྨོས་ཏེ་གཙོ་བོ་ཡིན་པའི་ཕྱིར་འདིར་སྨོས་ཏེ། ཆུང་ངུ་བྱ་བ་ནི་ཐ་ན་དང་བའི་སེམས་ཀྱིས་ལྟ་བ་ལ་སོགས་པའོ། །ཆོས་འཛིན་པའི་ལས་གང་ཞེ་ན། མདོ་བློ་གྲོས་རྒྱ་མཚོའི་དབང་དུ་བྱས་ནས། བློ་གྲོས་རྒྱ་མཚོ་ཞེས་གསུངས་ཏེ། ཚུལ་ཁྲིམས་རྣམ་པར་དག་པ་དམ་པའི་ཆོས་འཛིན་པ་ཡིན་པ་ནི། བྱང་ཆུབ་ཀྱི་སེམས་མི་བརྗེད་ཅིང་བག་ཡོད་པའོ་ཞེས་གསུངས་ཏེ། མི་བརྗེད་པ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་མི་ཉམས་པར་བསྲུང་བའོ། །བག་ཡོད་པ་ནི་སོ་སོར་ཐར་པའི་འདུལ་བ་མི་ཉམས་པར་བསྲུང་བའོ། །ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་པས་གཅིག་པའི་སྒྲར་བསྟན་པའོ། །དེ་ཉིད་ཀྱི་ཁྱད་པར་བདག་དང་གཞན་གྱི་དོན་སྒྲུབ་པའི་དབང་དུ་བྱས་ནས། བདག་བདེ་བ་ལ་མི་ཆགས་པའི་སྙིང་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གེགས་སེལ་བའི་དུས་སུ་བྱས་པས་ན། གཞན་གྱི་དོན་ལ་མི་ཕྱོགས་པ་ནི་རྣམ་པར་འཚེ་བ་སྟེ་དེའི་གེགས་སེལ་བ་ནི་སྙིང་རྗེའོ། །རང་གི་དོན་ལ་མི་ཕྱོགས་པ་ནི། ལུས་དང་


DTG110_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ལ་ཆགས་པ་སྟེ། ལུས་ལ་ཆགས་པ་སྤང་བའི་ཕྱིར་ཆོས་སྨྲ་བ་རྣམས་ལ་གུས་པའོ། །ལོངས་སྤྱོད་ལ་ཆགས་པ་སྤང་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པའོ། །རྒྱ་མཚོ་ཆུས་མི་ངོམས་པ་ལྟར་ཆོག་མི་ཤེས་པ་སྟེ་ཕྱིར་ཞིང་འདོད་པའོ། །ངོ་བོ་ཉིད་ཐ་དད་པས་གཅིག་པའི་སྒྲར་སོ་སོར་བསྟན་ཏོ། །དེ་ཉིད་རྣམ་པར་དག་པའི་རྒྱུའི་དབང་དུ་བྱས་ནས། ཡེ་ཤེས་ཀྱི་ཁྱད་པར་ནི་སྔ་མ་ལྟར་ཆོས་ཐམས་ཅད་མ་སྐྱེས་པ་ལ་སོགས་པ་བསྒོམ་པ་དང་དངོས་པོར་བལྟ་བ་ནི་རྣམ་པར་མ་དག་པའི་ཕྱིར་རོ། །བཟོད་པ་ནི་བཟོད་པ་ཉིད་དོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་དབང་དུ་བྱས་ནས་རེ་ཞིག་ཆོས་འཛིན་པའི་ཕན་ཡོན་ནི། བྱང་ཆུབ་ལས་མི་ཉམས་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། ཉམས་པ་ནི་འབྲས་བུ་མ་མྱོང་བར་ཟད་དོ། །རྗེས་སུ་མཐུན་པ་ནི་བསམ་པ་ལྟར་འགྲུབ་པའོ། །སྟོབས་ཆེ་བ་ནི་ལུས་ཀྱི་དབང་དུ་བྱས་པའོ། །མཐུ་ཆེ་བ་ནི་གྱད་སྟོབས་པོ་ཆེ་སྟེ་སྲེད་མེད་ཀྱི་བུའོ། །གསང་བ་བསམ་གྱིས་མི་ཁྱབ་པ་ལས་ཀྱང་བྱང་ཆུབ་སེམས་དཔའི་ལུས་ཀྱི་སྟོབས་འགྲུབ་པའི་རྒྱུ་གསུངས་པས་ན། དགོས་པ་མེད་ཅེས་བརྩད་པར་མི་བྱའོ། །དེ་ལ་མི་ཤིགས་པ་ནི་བརྫི་བར་མི་ནུས་པ་སྟེ། སྟོབས་མི་འཕྲོགས་པ་ཞེས་བྱའོ། །སྲིད་པ་ནི་དབང་ཕྱུག་ཉིད་དོ། །ཆོས་འཛིན་པ་ཉིད་ཀྱི་དབང་དུ་བྱས་ནས་བཞི་གང་ཞེ་ན་ཞེས་གསུངས་ཏེ། བསོད་ནམས་ཀྱི་ཚོགས་སོགས་པའི་དབང་དུ་བྱས་ནས། མཆོད་རྟེན་ཞིག་པ་མཐོང་ན་ཞེས་གསུངས་པ་ཡིན་ནོ། །ཡེ་ཤེས་ཀྱི་ཚོགས་སྒྲུབ་པའི་དབང་དུ་བྱས་ནས། ཆོས་འཇིག་པའི་ཚེ་བསྲུང་བ་གསུངས་པ་ཡིན་ནོ། །དཀོན་མཆོག་སྤྲིན་གྱི་མདོའི་དབང་དུ་བྱས་ནས་ཆོས་འཛིན་པ་བསྟན་པ་ནི་རིགས་ཀྱི་བུ་ཞེས་བྱ་བ་གསུངས་ཏེ། དུས་ནམ་གྱི་ཚེ་གཟུང་བ་བསྟན་པ་ནི། ཕྱི་མའི་དུས་ཕྱི་མའི་ཚེ་ཞེས་སྨོས་ཏེ་དུས་ཀྱི་དབང་དུ་བྱས་པ་ནི་ལྔ་བརྒྱའོ། །ཆོས་ཀྱི་དབང་དུ་བྱས་པ་ནི་རྣམ་པར་འཇིག་པ་ལ་སོགས་པ་སྟེ་འཇིག་པ་ནི་ནུབ་པར་གྱུར་པའོ། །འཁྲུག་པ་ནི་གླག་པའོ། །གང་ཟག་གི་དབང་དུ་བྱས་པ་ནི་ལམ་ངན་པར་ཞུགས་པའོ། །འདྲེན་པ་མེད་པས་མྱ་ངན་ལས་འདས་པའོ། །དངོས་པོ་གང་འཛིན་པ་བསྟན་པ་ནི་


DTG110_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ་ཞེས་གསུངས་ཏེ། ལྷག་པའི་སེམས་ཀྱི་བསླབ་པ་སྟོན་པས་ན་མདོ་སྡེ་སྟེ་མ་མོ་ལ་སོགས་པ་ཡང་གཟུང་ངོ༌། །སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་བསྟན་པས་ན་རྒྱ་ཆེ་བའོ། །ས་དང་ཕ་རོལ་ཏུ་ཕྱིན་པ་སྟོན་པས་ན་རྒྱ་ཆེན་པོ་ཞེས་བྱའོ། །ཕན་པ་འབྱུང་བས་ན་དོན་ཆེན་པོའོ། །བདེ་བ་འབྱུང་བས་ན་མཐུ་ཆེ་བའོ། །གཞིར་གྱུར་པས་ནམ་མོ་ལྟ་བུའོ། །ཐབས་ཇི་ལྟ་བུས་འཛིན་པ་ནི་རྟོགས་པའི་ཆོས་བསྒྲུབ་པའི་དབང་དུ་བྱས་པ་ནི་འཛིན་ཅིང་ཀློག་པ་དང་ཁ་ཏོན་བྱེད་ཅིང་ཀུན་ཆུབ་པར་བྱེད་པ་སྟེ། འཛིན་པ་ནི་དོན་བསྒྲུབ་པའོ། །ལུང་གི་ཆོས་སྨྲ་བའི་དབང་དུ་བྱས་པ་ནི་བརྗོད་ཅིང་སྟོན་ལ་ཡང་དག་པར་སྟོན་ཅིང་གསལ་བར་བྱེད་པ་སྟེ་མི་ཤེས་པའི་གང་ཟག་ལ་བརྗོད་པའོ། །ལོག་ཤེས་དང་ལྡན་པ་ལ་སྟོན་པ་ནི་ཐེ་ཚོམ་དང་ལྡན་པ་ལ་ཡང་དག་པར་སྟོན་པ་དང་གསལ་བར་བྱེད་པ་སྟེ་མ་ཞུགས་པ་དང་ལོག་པར་ཞུགས་པ་དང་ཐེ་ཚོམ་གྱིས་ཞུགས་པའི་དབང་དུ་བྱས་པའོ། །ཡང་དག་པར་ཞུགས་པའི་གང་ཟག་གི་དབང་དུ་བྱས་ནས་དགའ་བ་དང་དད་པ་དང་རངས་པ་བྱེད་པ་སྟེ། དང་པོ་དང་བར་དང་ཐ་མར་བསམ་པས་རྗེས་སུ་འཛིན་པའོ། །སྦྱོར་བས་རྗེས་སུ་འཛིན་པ་ནི་ཕན་འདོགས་པ་སྟེ། མཐུན་པའི་རྐྱེན་སྒྲུབ་པ་དང༌། མི་མཐུན་པའི་རྐྱེན་སེལ་བའོ། །ལུང་དང་རྟོགས་པའི་ཆོས་འགྲུབ་པའི་རྐྱེན་གང་ཞེ་ན། རྒྱུའི་དབང་དུ་བྱས་ནས་སྔར་བསྟན་པའི་བསམ་པ་བཞི་དང་ལྡན་པས་ན་ཟང་ཟིང་མེད་པའི་སེམས་དང་ལྡན་པའོ། །རྐྱེན་གྱི་དབང་དུ་བྱས་ནས་ཡོངས་སུ་འཛིན་པའི་ཁྱད་པར་ལ་གུས་པས་ན་སྟོན་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ལྟར་སེམས་པས་ཆོས་སྨྲ་བ་ལ་གུས་པའོ། །ཆོས་ལ་གུས་པ་ནི་བདུད་རྩིར་འདུ་ཤེས་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། ངེས་པར་ལེགས་པའི་དབང་དུ་བྱས་ནས་བདུད་རྩིར་འདུ་ཤེས་ཏེ། མྱ་ངན་ལས་འདས་པ་ནི་འཆི་བ་མེད་པའི་ཕྱིར་རོ། །བཅུད་བསོད་ནི་བཅུད་ཕན་པ་སྟེ། མ་འོངས་པའི་མངོན་པར་མཐོ་བ་འགྲུབ་པའི་བསམ་པའི་དབང་དུ་བྱས་པའོ། །རྩི་ནི་ཡན་ལག་གཅིག་པ་སྟེ། ཚེ་འདིའི་བདེ་བ་མི་ཉམས་པའི་ཕན་ཡོན་གྱིས་དཔེར་བྱས་པ་ཡིན་ནོ། །ལ་ལ་ནི་མ་ཐོབ་པའི་དོན་ཐོབ་པར་


DTG110_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དང༌། ཐོབ་པ་མི་ཉམས་ཤིང་འཕེལ་བར་བྱེད་པ་དང༌། ཉམས་པ་སོར་ཆུད་པར་བྱེད་པ་དང༌། དོན་འབྱུང་བས་ན་དེ་གསུམ་དུ་བསྟན་ཏོ་ཞེས་ཀྱང་ཟེར་རོ། །བསམ་པ་རྣམ་པར་དག་པའི་སྦྱོར་བ་གང་ཞེ་ན། ལུས་དང་སྲོག་ལ་མི་ལྟ་བར་ཞེས་བྱ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོ་མེ་མུར་གྱིས་གང་བའི་འོབས་སུ་བསྐལ་པ་གཅིག་གིས་ཀྱང་ཚིགས་སུ་བཅད་པ་གཅིག་ཀྱང་ཡོངས་སུ་ཚོལ་ལོ་ཞེས་གསུངས་པ་ལྟ་བུའོ། །རྙེད་པ་ཆུད་མི་གཟོན་པས་བསྒྲུབ་པ་ཞེས་སྨོས་ཏེ། དེ་ལྟར་ན་སྐྱེས་བུ་དམ་པ་བསྟེན་པ་དང༌། དམ་པའི་ཆོས་ཉན་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་དག་གིས་ཆོས་ཡོངས་སུ་འཛིན་པས་ན། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང༌། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་བཤད་པ་ཡིན་ནོ། །རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་དབང་དུ་བྱས་ནས། ཆོས་འཛིན་པའི་ངོ་བོ་ཉིད་བསྟན་པ་ནི། བདག་བདེ་བ་ལ་ཆགས་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ན་རྟེན་མཆོག་ལས་མི་ཉམས་པའི་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ་དང༌། ཐེག་པ་མཆོག་ལས་མི་ཉམས་པའི་རྒྱུ་སྙིང་རྗེ་དང་སྤྱོད་པ་ཆེན་པོའི་རྒྱུ་སྦྱིན་པ་དང༌། དགེ་བ་རྣམ་པར་བྱེད་པའི་ཡེ་ཤེས་ཀྱི་ཚོགས་དང༌། དགེ་བ་ལ་ནུས་པའི་ཕྱིར་ལུས་དང་སེམས་ཀྱི་སྟོབས་ཕུན་སུམ་ཚོགས་པ་དང༌། རྣམ་པར་དག་པ་མཐར་ཕྱིན་པའི་རྒྱུ་ཆོས་བཤད་པ་དང༌། སྒྲུབ་པ་དང༌། རྣམ་པར་དག་པ་མྱུར་བའི་རྒྱུ་ཚད་མེད་པ་བསྒོམ་པ་སྟེ། ཆོས་རྣམ་པ་འདི་བདུན་གྱིས་དགོས་པ་འགྲུབ་པར་འགྱུར་བས་བསྒོམ་པར་བྱ་བ་ཡིན་ནོ། །ཅི་ལྟར་ཞེ་ན། སྦྱོར་བ་སྙིང་རྗེ་དང་ལྡན་པ་དང༌། དངོས་གཞི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཟིན་པ་དང༌། རྗེས་བསྔོ་བ་ཡོངས་སུ་བསྔོ་བ་མི་དམིགས་པའི་རྒྱས་བཏབ་པར་བསྒོམ་པ་སྤྲོ་བ་ཆེན་པོ་དང་ལྡན་པ་བརྩོན་འགྲུས་ཀྱི་ངོ་བོ་ཉིད་དུ་གཞག་པར་བྱའོ། །ངོ་བོ་ཉིད་ཀྱི་ཕན་ཡོན་བསྟན་པ་ནི། ཡང་མདོ་སྡེ་དེ་ཉིད་ཀྱི་སྔོན་གྱི་ལེའུ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་གྱི་ཚུལ་ནི་འདས་པའི་གཏམ་བརྗོད་པའོ། །ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་ཕྱིར་ཡེ་ཤེས་ཀྱི་ཚོགས་ལ་དགོད་པ་ནི་


DTG110_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གི་བར་དུ་ཞེས་གསུངས་སོ། །ཆོས་ཡོངས་སུ་ཚོལ་བ་ནི་ཡེ་ཤེས་ཀྱི་ཚོགས་སྒྲུབ་པའོ། །དེ་ལ་ལུང་འབོགས་པ་ནི་ཚིག་དང་དོན་སྟོན་པའོ། །ཁ་ཏོན་ལ་བརྩོན་པ་ནི་དེ་ཉིད་བསྟན་པའོ། །གུས་པ་ནི་ཆོས་སྨྲ་བ་ལ་གུས་པའོ། །སེམས་བསྐྱེད་པ་ན་ཞེས་བྱ་བ་ནི་ཟང་ཟིང་གི་སྦྱིན་པ་དང་ལྡན་པའི་དངོས་པོ་ནི་ཡེ་ཤེས་ཀྱི་ཚོགས་བསྐྱེད་པའི་བསམ་པས་ཟིལ་གྱིས་གནོན་ཅེས་བྱ་བའི་དོན་ཏོ། །ནས་ཞེས་བྱ་བ་ནི་གྲངས་དང༌། མཐུ་དང༌། རིགས་དང༌། རྒྱུ་དང༌། དཔེར་མི་བཟོད་ཅེས་བྱ་བ་བསྡུས་པའོ། །ཡེ་ཤེས་ཀྱི་ཚོགས་སྒྲུབ་པའི་བསོད་ནམས་དེ་ནི་རྒྱལ་པོའི་ང་རྒྱལ་བཅག་པའི་དོན་དུ་དགོངས་པ་ཡིན་ནོ་ཞེ་ན། ངེས་པའི་དོན་དུ་སྒྲུབ་པ་ནི། །བྱང་ཆུབ་སེམས་པའི་བསོད་ནམས་ཀྱིས། །ཞེས་གསུངས་ཏེ། བསོད་ནམས་ནི་སྦྱིན་པ་ལས་བྱུང་བའོ། །ལྷག་མ་ནི་གོ་སླའོ། །ཕན་ཡོན་ཆེན་པོ་དེ་དག་གང་ལ་ཞེ་ན་ཐེག་པ་ཆེན་པོ་ཉིད་ལའོ་ཞེས་བྱ་བ་ཆོས་ཀྱི་རང་བཞིན་བརྗོད་པ་ནི། དམ་པའི་ཆོས་གང་ཞེ་ན་ཞེས་བྱ་སྟེ། ཐམས་ཅད་ལའང་སྒྲར་འཇུག་པའི་ཕྱིར་ཞེས་རྒོལ་བའོ། །ལན་ནི་མ་ཡིན་ཏེ། བསམ་པ་དང་ནི་བསྟན་པ་དང༌། །སྦྱོར་བ་དང་ནི་སྟོན་པ་དང༌། །དུས་འགལ་ཕྱིར་ན་དམན་པ་དང༌། །དེ་ནི་དམན་པ་ཁོ་ན་ཡིན། །ཞེས་བསྟན་པས་ཉན་ཐོས་ཀྱི་ཐེག་པ་ལ་མ་ཡིན་པས་ན་ཐེག་པ་ཆེན་པོའི་ཚིག་བླ་དགས་སོ་ཞེས་བྱ་བ་གསུངས་ཏེ། ཐེག་པ་ཆེན་པོ་ནི་སྔར་བསྟན་པ་ཉིད་དོ། །འོ་ན་ཉན་ཐོས་ཀྱི་ཐེག་པ་མེད་ན་ཐེག་པ་ཆེན་པོ་ཞེས་ཅི་ལྟར་བྱ། དེའི་ཕྱིར་ཐུན་མོང་བ་ཉིད་དོ་ཞེས་རྒོལ་བ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བའོ། །ལན་ནི་ད་ལྟ་མ་ཡིན་ཏེ། ཐེག་པ་ཆེན་པོ་ནི་རྒྱུ་ཡིན་པས། ཡོད་དང་མེད་དང་ཡོད་མེད་དང༌། །ཞེས་བྱ་བའི་ཚུལ་གྱིས་ཐེག་པ་ཆེན་པོ་ཡོད་ན་ཉན་ཐོས་ཀྱི་ཐེག་པ་ཡོད་ལ་དེ་མེད་ནའང་མེད་པས་རབ་ཏུ་ཕྱེ་བའི་ཕྱིར་རོ་ཞེས་གསུངས་སོ། །རྣམ་གྲངས་གཞན་ཡང་འདིར་རང་གི་སྡེ་པ་དག་ན་རེ། དམ་པའི་ཆོས་ནི་ཐེག་པ་ཆེན་པོ་ཞེས་བརྗོད་པར་མི་རིགས་ཏེ། ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ། མདོ་སྡེ་ལ་མི་འཇུག་ཅིང་འདུལ་བ་ལ་མི་སྣང་ལ་ཆོས་ཉིད་དང་ཡང་འགལ་བའི་ཕྱིར་ཞེས་རྒོལ་བ་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བའོ། །ལན་ནི་དེ་ལྟ་མ་ཡིན་ཏེ། སྔར་


DTG110_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་མ་བསྟན་ལྷན་ཅིག་བྱུང༌། །སྤྱོད་ཡུལ་མ་ཡིན་གྲུབ་པ་དང༌། །ཡོད་དང་མེད་ན་ཡོད་མེད་དང༌། །གཉེན་པོ་དང་ནི་སྒྲ་གཞན་ཕྱིར། །སངས་རྒྱས་རྣམས་ནི་མངོན་སུམ་སྤྱན། །བསྟན་པ་དག་ཀྱང་སྲུང་བར་མཛད། །དུས་ལ་ཡེ་ཤེས་མ་བསྒྲིབས་པས། །དེ་ཕྱིར་བཏང་སྙོམས་མི་རུང་ངོ༌། །མ་ཚང་བ་དང་འགལ་བ་དང༌། །ཐབས་མིན་དེ་ལྟར་མ་བསྟན་ཕྱིར། །ཉན་ཐོས་ཀྱི་ནི་ཐེག་པ་ནི། །ཐེག་ཆེན་ཆོས་ཞེས་བྱ་བ་མིན། །བསམ་པ་དང་ནི་བསྟན་པ་དང༌། །སྦྱོར་བ་དང་ནི་སྟོན་པ་དང༌། །དུས་འགལ་ཕྱིར་ན་དམན་པ་གང༌། །དེ་ནི་དམན་པ་ཁོ་ན་ཡིན། །རང་གི་ཉིད་ལ་འཇུག་ཕྱིར་དང༌། །རང་གི་འདུལ་ལ་སྣང་ཕྱིར་དང༌། །ཟབ་པའི་ཕྱིར་དང་རྒྱ་ཆེའི་ཕྱིར། །ཆོས་ཉིད་དང་ནི་འགལ་བ་མེད། །ཅེས་བྱ་བའི་ཚུལ་གྱིས་ཉན་ཐོས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ནི་དུས་མཁྱེན་པའི་ཕྱིར་མ་འོངས་པའི་འཇིགས་པ་བཞིན་དུ་ཅིའི་ཕྱིར་སྔར་ལུང་མ་བསྟན་ཅེས་བྱ་བ་ལ་སོགས་པ་འཕགས་པ་ཐོགས་མེད་ཀྱིས་བསྟན་ཅིང་བཤད་པ་བཞིན་དུ་ལན་གདབ་པར་བྱ་སྟེ་གོ་སླ་བས་འདིར་ནི་མ་བཤད་དོ། །དེ་དག་ཀྱང་དུས་མཁྱེན་པ་ནི་མདོ་ལས་ཕྱིས་འབྱུང་བའི་ཕྱིར་གསུངས་པ་ནི། ཅིའི་ཕྱིར་སྟོན་པ་ལ་རྒོལ་བར་བྱེད་ཅེས་བརྩད་པར་ཡང་མི་བྱེད་དོ། །དེ་ཉིད་ངེས་པའི་དོན་དུ་བསྒྲུབ་པ་ནི། ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་གསུངས་པ་ཡིན་ཏེ། ཟབ་མོ་ནི་སྟོང་པ་ཉིད་ལ་སོགས་པ་སྟེ། ཅི་སྐད་དུ། ཟབ་མོ་སྟོང་པ་ཉིད་སྒྲོ་འདོགས། །སྐུར་བ་དང་བྲལ་ཟག་པ་ཡིན། །ཞེའོ། །མདོ་ཀུན་ལས་བཏུས་པའི་བཤད་པ་ལུང་གི་ཚད་མས་སྦྱར་བ་ལས། དམ་པའི་ཆོས་བཟུང་བ་བཟོད་པའི་ལེའུ་སྟེ་གསུམ་པ་རྫོགས་སོ།། །།དེ་ལྟར་བརྩོན་འགྲུས་ཀྱི་ངོ་བོ་ཉིད་རྣམ་པར་གསུམ་དུ་སྤྱིར་བཤད་པ་ལས། ད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སེམས་ཀྱིས་ཡོངས་སུ་རྫོགས་པས་ན། ཆོས་ཟབ་མོ་བསྒོམ་པར་བརྗོད་པ་ནི། བྱང་ཆུབ་སེམས་དཔའ་གང་ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་ནི་རྟེན་གྱི་གང་ཟག་གོ །དམིགས་པའི་སྤྱོད་པ་ནི་དངོས་པོར་ལྟ་བའོ། །དུས་དཔག་ཏུ་མེད་པ་ནི་བསྐལ་པ་མང་པོར་ཡང་ངོ༌། །དེ་བཞིན་གཤེགས་


DTG110_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མཆོད་པ་ནི་ཟང་ཟིང་དང་སྒྲུབ་པའོ། །ལ་ལ་ཟང་ཟིང་གིའོ་ཞེས་ཟེར་ཏེ། དེ་ནི་འོག་ནས་ཚངས་པར་སྤྱོད་པ་སྤྱད་ཅིང་ཞེས་འབྱུང་བས་རིགས་པ་མེད་པ་ཁོ་ནའོ། །ལུང་བསྟན་པ་ནི་མང་སྟེ་འཕགས་པ་དཔའ་བར་འགྲོ་བའི་མདོ་ཚད་མར་བྱས་ནས། གསང་སྟེ་ལུང་བསྟན་པ་ལ་སོགས་པ་ལུང་བསྟན་པ་གང་ཞེ་ན། ལ་ལ་ན་རེ་ལུང་སྟོན་པ་ལུང་བསྟན་པ་ལ་བྱ་སྟེ། ཅིའི་ཕྱིར་ན་ཡང་ཞེས་སྨོས་པའི་ཕྱིར་རོ་ཞེས་ཟེར་རོ། །ལ་ལ་ན་རེ་མངོན་དུ་ལུང་བསྟན་པ་ལ་བྱའོ་ཞེས་ཟེར་ཏེ། དེའི་ཕྱིར་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པས། སྤྱོད་པ་ཐམས་ཅད་ལས་ཡང་དག་པར་འདས་སོ་ཞེས་གསུངས་ཏེ་ཡོངས་སུ་རྫོགས་པའི་ཁྱད་པར་ཅན་དང༌། ཁྱད་པར་མེད་པའི་དབང་དུ་བྱས་པ་ལས་དང་པོ་མ་ཡིན་པའི་ཕྱིར་ཏེ། གཞན་དུ་ན་འཕགས་པ་ས་བཅུའི་མདོ་ལས་འབྱུང་བ་དང་འགལ་བའི་ཕྱིར་རོ། །མར་མེ་མཛད་ནི་ལ་ལ་ན་རེ། བསྐལ་པ་གྲངས་མེད་པ་གཉིས་ལ་སངས་རྒྱས་བདུན་ཁྲི་དྲུག་སྟོང་བསྙེན་བཀུར་བའི་མཐའ་མཚན་ནོ། །ལ་ལ་ན་རེ་དེ་ལྟ་ན་ས་བརྒྱད་པའི་གནས་སྐབས་སུ་མི་འགྱུར་ཏེ། བསྐལ་བ་གྲངས་མེད་པ་ལྔར་བཤད་པའི་དང་པོ་ནི། ཚོགས་ཀྱི་ལམ་ནས་ས་དང་པོའི་བར་དུ་རྫོགས་པར་འགྱུར་བའི་ཚེ། སངས་རྒྱས་བདུན་ཁྲི་ལྔ་སྟོང་གི་ཐ་མ་ནི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཡིན་ལ། གཉིས་པ་ནས་ས་བདུན་པའི་བར་དུ་བསྐལ་པ་གྲངས་མེད་པ་གཉིས་པ་ལ་སངས་རྒྱས་བདུན་ཁྲི་དྲུག་སྟོང་གི་ཐ་མ་ནི་སངས་རྒྱས་མར་མེ་མཛད་ཡིན་ནོ། །ས་བརྒྱད་པ་ནས་སངས་རྒྱས་ཀྱི་སའི་བར་དུ་བསྐལ་པ་གྲངས་མེད་པ་གསུམ་པ་ལ་སངས་རྒྱས་བདུན་ཁྲི་བདུན་སྟོང་གི་ཐ་མ་སངས་རྒྱས་རྣམ་པར་གཟིགས་ཡིན་པས་ན། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང༌། །ཞེས་འབྱུང་བ་དང་འགལ་ལོ་ཞེས་ཟེར་རོ། །ལ་ལ་ན་རེ་ཉན་ཐོས་བསམ་པ་དམན་པ་ལ་ལྟོས་ནས་དེ་སྐད་བཤད་ཀྱི། གཞན་དུ་ན་ས་དང་པོ་ནས་བཟུང་སྟེ་རྣམ་པར་ཐར་པ་ཚད་མེད་པ་ཐོབ་པའི་ཕྱིར་སངས་རྒྱས་ཀྱི་གྲངས་ཇི་ལྟར་ངེས། དེ་ལྟར་ན་ནི་ས་བཅུ་ཞེས་ཀྱང་ཅི་ལྟར་རིགས་ཏེ། དེའི་དགོངས་པའི་དོན་ལྟར་བྱའོ་ཞེས་ཟེར་རོ། །ལ་ལ་ན་རེ་གྲངས་མེད་པ་


DTG110_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པའི་ཐ་མར་བརྗོད་པ་ནི་གཞན་གྱི་བསམ་པ་དང་མཐུན་པར་བྱ་བའི་ཕྱིར་བསྟན་གྱི་ཐེག་པ་ཆེན་པོ་ལ་ངེས་པར་ག་ལ་ཞིག་བསམ་པ་ཐ་དད་པས་ལུང་ཉིད་ལས་ངེས་པར་མ་གསུངས་ཏེ། ཁ་ཅིག་ཏུ་ནི་བདུན་ཁྲི་ལྔ་སྟོང་གི་ཐ་མ་ནི་ཡུལ་འཁོར་སྐྱོང་ཡིན་པ་ནས། གཉིས་པ་ལ་ནི་མར་མེ་མཛད་ནས་དབང་པོའི་རྒྱལ་མཚན་ཡིན་ལ། གསུམ་པ་ལ་ནི་ལེགས་མཛད་ནས་འོད་སྲུངས་ཀྱི་བར་དུའོ་ཞེས་གསུངས་པའང་དམིགས་པ་མ་ངེས་པ་ཉིད་ལ། དེ་བཞིན་དུ་རྩ་བའི་ལུང་ཐ་དད་པར་གསུངས་པ་ཐ་དད་པར་སྣང་བས་ངེས་པའི་ཐེར་ཟུག་པའང་མི་སྣང་ན་དེ་ཐེག་པ་ཆེན་པོ་ལ་སྔར་བཤད་པ་ལྟ་བུ་ནི་གང་ལ་ངེས། རྣམ་གྲངས་གཞན་ཡང་གལ་ཏེ་དེ་ལྟར་ཡིན་ཡང་སྔར་བསྟན་པའི་ཚུལ་གྱིས་བརྟག་པའི་ཕྱིར་དང༌། མཚན་མ་མཐུན་པར་མངའ་བའི་ཕྱིར་ཡང་གཞན་དུ་དང་གཞན་ལས་ཀྱང་ཉེས་པ་མེད་དོ་ཞེས་ཟེར་རོ། །ལ་ལ་ན་རེ་བསྐལ་པ་གྲངས་མེད་པ་སུམ་ཅུ་རྩ་གཉིས་སངས་ཀྱི་ས་ཐོབ་པ་ལས་ཚོགས་ཀྱི་ལམ་ནི་བསྐལ་པ་གཅིག་གིས་སོ། །སྦྱོར་བའི་ལམ་ནི་གཉིས་སོ། །ས་དང་པོ་ནས་ས་བཅུ་པའི་བར་ནི་བསྐལ་པ་གྲངས་མེད་པ་གསུམ་གསུམ་གྱིས་འདའ་བས་ན་གྲངས་མེད་པ་ནི་སུམ་ཅུ་རྩ་གསུམ་པོ་དེའི་ཕྱིར་ཡང་ངེས་པར་མི་གཞག་གོ་ཞེས་ཟེར་རོ། །མཐོང་མ་ཐག་ཅེས་བྱ་བས་ནི། པདྨ་ཅན་གྱི་ཚོང་འདུས་ཀྱི་དབུས་སུ་སྤོས་འཚོང་གི་ཁྱེའུར་གྱུར་པས་ཨུཏྤལ་ལྔ་གཏོར་བའི་ཚེ། ལུང་བསྟན་པ་ནི་མངོན་དུ་ལུང་བསྟན་པ་སྟེ། མ་འོངས་པའི་དུས་སུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བར་གྱུར་ཏོ་ཞེས་བསྟན་པའོ། །ལུང་བསྟན་པའི་རྒྱུ་མཚན་ནི། སྤྱོད་པ་ཐམས་ཅད་ལས་འདས་སོ་ཞེས་བྱ་བ་ལ་སོགས་པའོ། །ལ་ལ་ན་རེ་ལུང་བསྟན་མ་ཐག་ཏུ་ཞེས་ཕན་ཡོན་དུ་འདྲེན་ནོ། །འོ་ན་སྒྲུབ་པའང་དེ་ཉིད་དུའམ་ཞེ་ན་མ་ཡིན་ཏེ། དེ་ནི་ཡོངས་སུ་རྫོགས་པའི་དབང་དུ་བྱས་པ་ཡིན་ལ། འདིར་ནི་དང་པོ་བསྒོམ་པའི་མཚན་ཉིད་དུ་བཞག་པས་ཉེས་པ་མེད་དེ། སྦྱིན་པ་ནས་ཤེས་རབ་ཀྱི་བར་སྤྱོད་པ་དང༌། དངོས་གཞི་དང་རྗེས་ལ་མི་དམིགས་པས་ཡོངས་སུ་ཟིན་པ་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ནི་གོ་ཆའི་སྒྲུབ་པའོ་ཞེས་མཁས་པ་དག་གིས་བཤད་པའི་རྗེས་སུ་འབྲངས་པས་ཡིད་གཉིས་མི་བྱའོ། །མདོ་ཀུན་ལས་བཏུས་པའི་བཤད་པ་


DTG110_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་གི་ཚད་མས་སྦྱར་བ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལེའུ་སྟེ་ཆོས་ཟབ་མོ་བཟོད་པ་བཞི་བ་རྫོགས་སོ།། །།ཅི་སྐད་བཤད་པ་ཆོས་ཟབ་མོ་ལ་མོས་པར་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཆོས་ཟབ་མོ་ལ་ཞེས་གསུངས་ཏེ། རེ་ཞིག་ཆོས་ཟབ་མོ་ལ་མོས་པ་བསྟན་པ་ནི། ལྡོག་པའི་སྒོ་ནས་བདག་དང་གཞན་གྱི་དོན་བྱ་བ་ཡོངས་སུ་རྫོགས་པར་མི་འགྱུར་ཞེས་གསུངས་ཏེ། དངོས་པོར་ཞེན་པས་འབྲས་བུ་མི་འབྱུང་བས་ན་རྫོགས་པར་མི་འགྱུར་བའོ། །ལྡོག་པའི་སྒོ་ནས་རྗེས་སུ་འབྲང་བའི་སྒོ་ནས་བསྟན་པ་ནི་དོན་དམ་པའི་བདེན་པ་ནི་ཞེས་གསུངས་ཏེ། དོན་དམ་པའི་བདེན་པ་ནི་སྤྲོས་པའི་མཐའ་རྣམ་པ་བརྒྱད་དང་བྲལ་བའོ། །བྱང་ཆུབ་སྟེ་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་དེ་རྟོགས་པའི་ཕྱིར་རོ། །ཆོས་ཉིད་འབའ་ཞིག་ལ་བཞུགས་པའོ། །དེའི་ཕྱིར། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །རྟོགས་པ་ཐམས་ཅད་སྤངས་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །འོ་ན་ཆོས་ཉིད་ལ་ཐ་དད་པ་མེད་པས་ན། སྟོང་པ་ཉིད་ལ་ནི་ཐ་དད་པ་མེད་པའོ་ཞེས་བྱ་བས་ཉན་ཐོས་དང༌། རང་སངས་རྒྱས་ཐ་དད་པ་མེད་དོ་ཞེས་ཀྱང་ཟེར་རོ། །དེ་ནི་བདེན་ཏེ་འོན་ཀྱང་སྙིང་རྗེས་ཁྱབ་པར་བྱས་པས་ན་ཐུན་མོང་མ་ཡིན་ནོ་ཞེས་གསུངས་ཏེ། སྟོང་པ་ཉིད་ནི་རྟོགས་པར་འདྲ་ཡང་སྙིང་རྗེས་ཡོངས་སུ་བཟུང་བའི་ཕྱིར་རོ་ཞེས་བྱ་བར་དགོངས་ཏེ། ལ་ལ་ན་རེ་གང་ཟག་བདག་མེད་པ་དང་གཟུང་བ་མེད་པར་རྟོགས་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱིས་རྟོགས་པ་ཡིན་པས་སོ་ཞེས་ཀྱང་ཟེར་རོ། །དེ་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་བསྒོམ་པ་མཆོག་ཡིན་པས་ན་དེ་བས་ན་ཞེས་གསུངས་ཏེ། ཀུན་རྫོབ་ཀྱི་བདེན་པ་ནི་སླུ་བའི་ཕྱིར་རོ། །ཅི་ལྟར་ཞེ་ན། སྤང་པར་བྱ་བ་ཡིན་པའི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་དམ་པར་གྱུར་པ་སྟེ་ཉོན་མོངས་པ་སྤངས་པའི་ཕྱིར་ཚོགས་ཡོངས་སུ་རྫོགས་པར་འགྱུར་རོ། །དགེ་བ་ནི་དོན་དམ་པ་མྱ་ངན་ལས་འདས་པའོ། །རྩ་བ་ནི་དེའི་རྒྱུར་གྱུར་པའོ། །དེའི་དཔེ་ནི་དཔེར་ན་ཞེས་བྱ་བ་སྟེ་དཔེ་བཀོད་པའོ། །ཐེག་པ་དམན་པ་མི་འགྲུབ་པས་ན་རང་གི་ཞེས་གསུངས་པ་ཡིན་ཏེ། དེ་ལྟ་བས་ན་ཆོས་ཟབ་མོ་ལ་མོས་པར་བྱའོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །དེ་ལྟར་ཆོས་ཟབ་མོ་ལ་མོས་


DTG110_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགོས་པ་བསྟན་ནས། ད་ནི་ཆོས་ཟབ་མོ་ལ་མོས་པའི་རང་བཞིན་བསྟན་པ་ནི། ཆོས་ཟབ་མོ་ནི་གང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་རྫོབ་ཉིད་ལས་མ་གཏོགས་པ། །དོན་དམ་ཡོད་པ་མ་ཡིན་པས། །ཀུན་རྫོབ་གང་ཡིན་དེ་ཉིད་ནི། །དམ་པའི་དོན་དུ་འདོད་པ་ཡིན། །ཞེས་གསུངས་པ་ཇི་ལྟ་བུ་ཞེས་རྒོལ་བ་ལ། དེ་ནི་བདེན་མོད་ཀྱི་ཐོབ་པའི་ཐབས་ལ་འཇུག་པ་ལ་དེ་སྐད་ཅེས་བྱའོ་ཞེས་བསྟན་པ་ནི་ཡང་དག་པའི་ལྟ་བ་འབྱུང་བའི་རྒྱུ་གཉིས་དང་རྐྱེན་གཉིས་ཏེ་ཞེས་གསུངས་ཏེ། འཕགས་པའི་ཞེས་གསུངས་པ་ལས་ན། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ཞེས་བཤད་པར་བྱའོ། །གཞན་གྱི་སྒྲ་ནི་ཕ་རོལ་ལས་ཐོས་པའོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི་ཐོས་པ་རྗེས་སུ་བསྲུང་བའོ། །མདོར་བསྟན་པ་དེ་ཉིད་རྒྱས་པར་བཤད་པ་ནི། དྲི་བས་མཚམས་སྦྱོར་བར་དེ་ཞེས་གསུངས་པ་ཡིན་ནོ། །དེ་ལ་དང་པོ་སྦྱོར་བ་ནི་དབང་དུ་བྱས་ནས་འདི་སྙམ་དུ་སེམས་པར་གྱུར་ཏེ་ཞེས་གསུངས་ཏེ། རྣལ་འབྱོར་ཡིད་ལ་བྱེད་པ་གང་གིས་གཞན་ལས་རྗེས་སུ་མཐུན་པར་མ་ཐོབ་པར་ཞི་གནས་ཙམ་གྱིས་ནི་ཉོན་མོངས་པ་མི་སྤོང་ངོ་ཞེས་བྱ་བ་ནི། རྣལ་འབྱོར་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དངོས་གཞི་ཡིད་ལ་བྱེད་པའི་དབང་དུ་བྱས་ནས། ཆོས་གང་ལ་ཡང་སྦྱོར་བར་མི་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྒོམ་པ་རྣམ་པར་མི་བསྒོམ་པའི། །སྒོམ་པ་དམ་པར་འདོད་པ་སྟེ། །ཐོབ་པར་བྱ་བ་མེད་རྣམས་ཀྱིས། །ཐོབ་པ་ཡང་ནི་དམ་པར་འདོད། །ཅེས་བྱ་བའི་ཚུལ་གྱིས་མངོན་པར་ཤེས་པའི་མཚན་མ་ཡིད་ལ་མི་བྱེད་པ་ནི་སྒྲ་འབྱིན་པར་མི་བྱེད་པའོ། །ཟློས་པའི་རྟག་ཏུ་བརྗོད་པའོ། །རྒྱུ་མི་དམིགས་པས་གང་ནས་ཞེས་བྱ་བའོ། །ཅི་ལྟར་ཞེ་ན། འབྱུང་བ་དང་འགགས་པའི་སྔོན་དང་ཕྱི་མའི་མཐའ་ལ་སྤྱོད་པས་དེ་ཁོ་ན་ཉིད་དུ་ན་བྱེད་པ་པོ་མེད་པ་ལ་བྱ་བ་མི་འཐད་པས། དེ་བཞིན་གཤེགས་པ་ལ་སོགས་པས་ཆོས་བཤད་པ་ལ་སོགས་པ་ནི་བྱུང་མ་ཐག་ཏུ་རྒྱུ་མེད་པས་འཇིག་པས་ན་ཆོས་ཀྱི་དབང་དུ་བྱས་པ་དང༌། གང་ཟག་གི་དབང་དུ་བྱས་པ་དང༌། ཉོན་མོངས་པའི་དབང་དུ་བྱས་པ་དང༌། དེ་སྤང་བའི་གཉེན་པོའི་དབང་དུ་བྱས་ནས་


DTG110_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་པ་དང་མི་གནས་པ་དང་མ་བྱུང་བའི་དབང་དུ་བྱས་པས། གང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །མཉམ་པར་གཞག་པའི་རྗེས་ཀྱི་དུས་སུ་ཚུལ་བཞིན་དུ་སྦྱོར་བས། བྱང་ཆུབ་སེམས་དཔའ་དེ་ལྟར་ཚུལ་བཞིན་དུ་སྦྱོར་བས། ཇི་ལྟར་ན་ཚུལ་བཞིན་དུ་མཐོང་ཞེས་རྒོལ་ཏེ། ཐོབ་པ་དང་སྤངས་པ་མེད་པར་འགྱུར་རོ་ཞེས་བསམས་པའོ། །མ་ཡིན་ཏེ་མདོ་ལས། གཅིག་ཀྱང་མཐོང་བ་མེད་པ་ནི། །དེ་ཁོ་ན་མཐོང་བ་ཉིད་དོ། །ཞེས་བསྟན་པ་ནི་གང་གི་ཚེ་ན་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་མཐོང་བའི་ལམ་གྱི་མཉམ་པར་གཞག་པའི་གནས་སྐབས་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་དབེན་པས་ན་རང་བཞིན་གྱིས་འགགས་པའོ། །མཐོང་བས་སྤང་བར་བྱ་བ་བརྒྱ་རྩ་སྤངས་པ་ན་ཉེ་བར་ཞི་བ་སྟེ་ལོག་པའི་འདུ་ཤེས་སྤངས་པ་ཙམ་དུ་ཟད་པས། ཐམས་ཅད་ལ་རང་བཞིན་གྱིས་ཞེས་བྱ་སྟེ། ཡོད་པ་བཤིག་པ་མ་ཡིན་ཞེས་བྱ་བའོ། །དེ་དག་གི་བག་ལ་ཉལ་བཅོམ་པས་ན་རྣམ་པར་ཞི་བའོ། །ཆོས་ཀུན་འགྲོ་བར་རྟོགས་པས་ན་སྙོམས་པར་ཞུགས་པའོ། །སྔར་བཤད་པ་ལྟར་མ་སྐྱེས་པ་དང་མ་བྱུང་བའི་འཇིག་རྟེན་པའི་དག་པ་ལས་ཁྱད་པར་དུ་གྱུར་པས་ན་ཤིན་ཏུ་ཞེས་བྱ་བའོ། །འཇིག་རྟེན་ལས་འདས་པ་ལས་ཁྱད་པར་དུ་གྱུར་པས་ན་མྱ་ངན་ལས་འདས་པའོ། །སྔ་རབས་དག་ན་རེ། ངོ་བོ་ཉིད་ཀྱིས་མ་སྐྱེས་པས་ན་རང་བཞིན་གྱིས་འགགས་པའོ། །གདོད་ནས་དག་པས་ཉེ་བར་ཞི་བའོ། །ཚོར་བ་རྒྱུན་ཆད་པས་ཉེ་བར་ཞི་བའོ། །གཉེན་པོ་མེད་པས་སྙོམས་པར་ཞུགས་པའོ། །རྒྱུ་མེད་པས་མ་སྐྱེས་པའོ། །འབྲས་བུ་མ་གྲུབ་པས་མ་བྱུང་བའོ། །ངོ་བོ་ཉིད་དང་བྲལ་བས་ཤིན་ཏུ་མ་བྱུང་བའོ། །སྡུག་བསྔལ་སྤངས་པས་མྱ་ངན་ལས་འདས་པའོ་ཞེས་ཀྱང་ཟེར་རོ། །རྣམ་གྲངས་གཞན་ཡང་ཚོགས་ཀྱིས་ལ་ཆོས་ཐམས་ཅད་ལ་བདག་ཏུ་ལྟ་བ་སྤངས་པས་བདག་མེད་པར་ཡིད་ཆེས་པས་རང་བཞིན་གྱིས་འགགས་པས་ཏེ། གང་ཟག་ཏུ་ལྟ་བ་ནི་རང་གིས་ངང་གིས་མེད་པའི་ཕྱིར་རོ། །དྲོད་ཀྱི་གནས་སྐབས་སུ་ཆོས་ཀྱི་བདག་ཉིད་མེད་པའི་ཕྱོགས་གཅིག་ཀྱང་རྟོགས་པས་རྣམ་པར་མི་རྟོག་པའི་སྣང་བ་ཐོབ་པས་ཉེ་བར་ཞི་བ་སྟེ་མ་རིག་པའི་བྱེ་བྲག་སྤངས་པའི་ཕྱིར་རོ། །རྩེ་མོའི་གནས་སྐབས་སུ་བདག་མེད་པའི་ཁྱད་པར་དེ་དག་གོང་དུ་


DTG110_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བས་ན། མི་མཐུན་པ་རྣམ་པར་ཞི་བའོ། །བཟོད་པའི་གནས་སྐབས་སུ་བདག་མེད་པའི་ཁྱད་པར་གྱིས་ཕྱོགས་གཅིག་རྟོགས་པས་ན་སྙོམས་པར་ཞུགས་པའོ། །ཆོས་ཀྱི་མཆོག་གི་གནས་སྐབས་སུ་དེ་མ་ཐག་ཏུ་མཐོང་བའི་ལམ་རྟོགས་པའི་ཏིང་ངེ་འཛིན་ཐོབ་པས་ན་མ་སྐྱེས་པ་སྟེ་སྒྲོ་སྐུར་དང་བྲལ་བའོ། །མཐོང་བའི་ལམ་དུ་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་རྟོགས་པས་ན་འབྲས་བུ་ལ་ཞེན་པ་མེད་པས་མ་བྱུང་བར་མཐོང་བའོ། །བསྒོམ་པའི་ལམ་ལ་ནི་ཇི་ལྟར་མཐོང་བའི་དོན་གོམས་པར་བྱེད་པས་ཤིན་ཏུ་མ་བྱུང་བ་སྟེ། གསེར་ལྟ་བུར་ཡོངས་སུ་སྦྱོང་བའི་ཕྱིར་རོ། །མི་སློབ་པའི་ལམ་དུ་མཐར་ཕྱིན་པས་ན་མྱ་ངན་ལས་འདས་པ་མཐོང་སྟེ། དེ་ལྟར་ན་འཇིག་རྟེན་ལས་འདས་པའི་ཡང་དག་པར་ལྟ་བ་རྟོགས་པའོ་ཞེས་བྱའོ། །རྣམ་གྲངས་གཞན་ཡང་བར་ཆད་མེད་པ་དང༌། རྣམ་པར་གྲོལ་བའི་ལམ་གྱིས་བསྡུས་པའི་མཐོང་བའི་ལམ་ལ་སྐད་ཅིག་མ་བརྒྱད་དང༌། བརྒྱད་དེ། བདེན་པ་བཞིས་བསྡུས་པས་ན་བཞི་དང༌། བཞི་དང༌། བཞི་དང༌། བཞི་སྟེ། དེ་དག་ཀྱང་གཉིས་ཀྱིས་བསྡུས་པའི་གཉིས་དང༌། གཉིས་དང༌། གཉིས་དང༌། གཉིས་དང༌། གཉིས་དང༌། གཉིས་དང༌། གཉིས་དང༌། གཉིས་ལ་རིམ་བཞིན་དུ་རང་བཞིན་གྱིས་འགགས་པར་མཐོང་བ་ལ་སོགས་པ་དང་སྦྱར་བར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་དེ་སྐད་གསུངས་པའི་ཕྱིར་རོ། །རྣམ་གྲངས་གཞན་ཡང༌། མཉམ་པར་གཞག་པའི་དུས་སུ་ཆོས་གཟུགས་ལ་སོགས་པ་ངོ་བོ་ཉིད་ཀྱིས་འགགས་པར་རྟོགས་པ་ནི། དངོས་པོའི་གནས་ལུགས་ཚུལ་བཞིན་དུ་ཤེས་རབ་ཀྱིས་མཐོང་ངོ༌། །འགགས་པ་གང་ཞེ་ན་ཉེ་བར་ཞི་བ་སྟེ་བསྒོམས་པས་བྲལ་བའི་ཕྱིར་རོ། །བསྒོམས་པས་བྲལ་བ་ཉིད་གང་ཞེ་ན་རྣམ་པར་ཞི་བ་སྟེ། བག་ལ་ཉལ་སྤངས་པའི་ཕྱིར་རོ། །བག་ལ་ཉལ་སྤངས་པ་ཉིད་གང་ཞེ་ན་སྙོམས་པར་ཞུགས་པ་སྟེ། མཚན་མ་རྒྱུན་ཆད་པའོ། །མཚན་མ་རྒྱུན་ཆད་པ་ཉིད་གང་ཞེ་ན། སྔར་བཤད་པ་ལྟར་མ་སྐྱེས་ཤིང་མ་བྱུང་བའོ། །མ་སྐྱེས་ཤིང་མ་བྱུང་བ་ཉིད་གང་ཞེ་ན། ཤིན་ཏུ་མ་བྱུང་བ་སྟེ་རབ་ཏུ་བྲལ་བའོ། །རབ་ཏུ་བྲལ་བ་གང་ཞེ་ན་མྱ་ངན་འདས་པ་སྟེ་ཚོར་བ་རྒྱུན་ཆད་པའི་ཕྱིར་རོ་ཞེས་


DTG110_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པར་བྱའོ། །དེ་ལྟར་སྤྱོད་པའི་ཤེས་རབ་ཉིད་ལ་རྟོགས་པས་ནི། གང་གིས་མཐོང་བ་དེ་ལའང་རྟོག་གེ་ཞེས་གསུངས་ཏེ། གང་གིས་ཞེས་བྱ་བ་ནི་ཤེས་རབ་དེ་ཉིད་ཀྱིས་སོ། །མཐོང་བ་ནི་མཐོང་བ་མེད་པའི་ཚུལ་དུའོ། །རྟོགས་པ་ནི་དཔྱོད་པར་བྱེད་པའོ། །མཚན་མའི་འདུ་ཤེས་དང་བྲལ་བས་ན་ཅི་ནས་ཀྱང་ཞེས་བྱ་བ་སྟེ། ཆོས་རྣམས་མི་འཛིན་གང་ཡིན་དང༌། །དེ་དག་མཚན་མར་མི་མཐོང་ཕྱིར། །ཐམས་ཅད་དམིགས་སུ་མེད་པར་ནི། །ཤེས་རབ་ལ་ནི་ཡོངས་སུ་རྟོག །ཅེས་བྱ་བའི་ཚུལ་གྱིས་མི་མཐོང་བ་དང༌། མི་རྟོགས་པའོ། །དེ་ལྟར་ཚུལ་བཞིན་དུ་མཐོང་བའི་ཕན་ཡོན་གང་ཞེ་ན། ཆོས་གང་ལ་ཡང་ཐེ་ཚོམ་དང་རྨོངས་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟར་སློབ་སྟེ་ཞེས་བྱ་བ་ནི་ཕན་ཡོན་དུ་ལྟ་བར་བྱེད་པའོ། །ཆོས་ནི་མཚན་ཉིད་འཛིན་པ་སྟེ་གཟུགས་ལ་སོགས་པའོ། །ཐེ་ཚོམ་ནི་ཡིད་གཉིས་ཟ་བའོ། །རྨོངས་པ་ནི་མི་ཤེས་པའོ། །བསྒྲིབས་པ་ནི་ཁེབས་པ་སྟེ། གཟུང་བ་དང་འཛིན་པ་དང་བྲལ་བའི་སྟོང་པ་ཉིད་མི་མཐོང་བའོ། །ཐམས་ཅད་སེམས་སུ་ཤེས་པས་ན། །སྒོར་མི་འགྱུར་བ་མེད་པ་སྟེ། །འཁོར་བའི་རྒྱུར་གྱུར་གང་ཡིན་པ། །དེ་ཉིད་སྦྱངས་པ་བྱས་པ་ལས། །དག་པ་དེ་ནི་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་སློབ་དཔོན་ཉིད་ཀྱིས་གསུངས་པ་དང༌། ཡང༌། འཁོར་བ་ཡོངས་སུ་ཤེས་པས་ན། །མྱ་ངན་འདའ་ཞེས་དེ་ལ་བརྗོད། །ཅེས་གསུངས་ལ། སློབ་དཔོན་ཉིད་ཀྱིས་རིམ་པ་ལྔ་པ་ལས། ཅི་ལྟར་ཆུ་ལ་ཆུ་བཞག་དང༌། །ཅི་ལྟར་མར་ལ་མར་བཞག་དང༌། །རང་གི་རང་གིས་ཡེ་ཤེས་ནི། །ལེགས་རྟོགས་དེ་ནི་འདིར་ཕྱག་ཡིན། །ཞེས་གསུངས་པ་ལྟ་བུས་ན་སྤངས་པའི་ཕྱིར་འབད་པ་མེད་པ་ནི་སྤང་བར་བྱ་བ་མི་དམིགས་པའི་ཕྱིར་རོ། །རྟོགས་པར་བྱ་བ་འབད་པ་མེད་པ་ནི་ཐོབ་བྱ་ལ་དམིགས་པའི་ཕྱིར་ཏེ། ཉོན་མོངས་པ་དག་གཉེན་པོ་ནི་བརྟགས་པ་ཙམ་དུ་ཟད་པའོ། །གང་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར། ཡང་དག་པར་མཐོང་བ་ཞེས་བྱ་བ་ལ་སོགས་པ་ཏེ་ཕྱིན་ཅི་མ་ལོག་པས་ན་ཡང་དག་པ་སྟེ། དངོས་པོར་ལྟ་བ་ན་ལོག་པར་ཡིན་པའི་ཕྱིར་རོ། །ཅི་ལྟ་བ་བཞིན་ནི་གནས་ལུགས་དེ་རང་བཞིན་པའི་ཕྱིར་རོ། །འོ་ན་མེད་པ་ལས་རྒྱུ་འབྲས་ཅི་ལྟར་འཐད་


DTG110_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གང་ཞེ་ན་ཞེས་རྒོལ་བ་ལ། ལན་ནི་ཡོད་པ་ནི་འཁྲུལ་པ་ཡིན་པས་འཁྲུལ་བ་ཟད་པ་ནི་ཡང་དག་པའོ་ཞེས་བྱ་བར་མ་མཐོང་བའོ་ཞེས་བྱ་བ་དངོས་པོར་མ་དམིགས་པ་ནི། ཡང་དག་པ་སྟེ་རིགས་པས་བརྟགས་ན་ཡོད་པ་མི་འཐད་པའི་ཕྱིར་རོ་ཞེས་བྱའོ། །འོ་ན་ཅི་དངོས་པོ་བཤིག་པས་སམ་ཞེ་ན། མ་སྐྱེས་པས་ཞེས་སྨོས་ཏེ། ཡོད་པ་ལ་སོགས་པར་ཞེན་པས་སྤོང་གི་དེ་ནི་མ་ཡིན་ནོ་ཞེས་བྱ་བའི་ཚིག་གོ །རྒྱུ་མེད་པ་ལས་འབྲས་བུ་མི་འཐད་པའོ། །རྒྱུ་མ་སྐྱེས་པས་ན་འབྲས་བུ་མ་བྱུང་བའོ་ཞེས་བྱ་བ་ནི། མ་སྐྱེས་པ་ཞེས་བྱ་བ་དེ་ནི། དེ་ལྟར་རྒྱུ་དང་འབྲས་བུ་མེད་པ་གང་ཡིན་པ་ནི་ངོ་བོ་ཉིད་མེད་པས་ན་དེ་ནི་མི་སྣང་བའི་ཚིག་བླ་དགས་ཏེ། དེ་ཁོ་ན་ཉིད་དུ་ན་རྒྱུ་མེད་ཅེས་བྱ་བས་འབྲས་བུ་མེད་པར་བསྟན་ཏེ། འབྲས་བུ་ནི་རྒྱུ་ལ་ལྟོས་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་མེད་ཅེས་བྱ་བས་རང་གི་ངོ་བོ་ཉིད་བསལ་ཏེ། མེད་པ་ལ་རྒྱུ་དང་འབྲས་བུ་མི་འཐད་པའི་ཕྱིར་ཞེས་བྱ་བའོ། །དེའི་ཕྱིར་མདོ་སྡེ་ནི་མདོ་སྡེ་གཞན་གྱིས་བཤད་པ་ཡིན་པས། ལུང་གཞན་བསྟན་པ་ནི་མི་སྐྱེ་བ་སྟེ། སྒྲོ་སྐུར་དང་བྲལ་བས་ཤེས་རབ་ཀྱིས་རྟོགས་ན། ཕྱིན་ཅི་མ་ལོག་པ་ཡང་དག་པའི་ཆོས་ཉིད་རྟོགས་པས་ན། དེ་ལ་འཕགས་པའི་ཡང་དག་པའི་ལྟ་བ་ཞེས་བྱ་བའོ་ཞེས་བསྟན་པ་ནི། འདུ་བྱེད་ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །རྣལ་འབྱོར་པའི་ཐེ་ཚོམ་ནི་ནང་ནས་རྟོགས་པ་ཡིན་པས་ན་འདི་སྙམ་དུ་སེམས་ཏེ་ཞེས་གསུངས་ཏེ། ཐོབ་པ་དང་ཡངས་པ་མེད་དོ་སྙམ་ནས་སྔར་བསྟན་པ་ལྟ་བུར་ཆོས་ཐམས་ཅད་ནམ་མཁའ་ལྟ་བུ་ཡིན་པས་སྟོབས་ལ་སོགས་པ་ཡང་དེ་ལྟ་བུ་རྟོགས་ན། ཡང་དག་པའི་དོན་རྟོགས་པར་འགྱུར་རོ་སྙམ་ནས་ཐེ་ཚོམ་ལྡོག་པ་ནི། འདི་ལྟར་སློབ་སྟེ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཆོས་ཟབ་མོ་ལ་མོས་པའི་ཚུལ་བསྟན་ནས། ད་ནི་ཟབ་མོའི་དོན་བསྟན་པའི་ཕྱིར་དང་པོ་ཡབ་དང་སྲས་མཇལ་བའི་མདོ་ལས་ཀྱང་ཞེས་གསུངས་ཏེ། ཁམས་དྲུག་མེད་པར་བསྟན་པ་ནི། །རྒྱལ་པོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་རྟེན་གྱི་སེམས་ཅན་དང་སྣོད་ཀྱི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། དམྱལ་བ་ཡི་དགས་དུད་འགྲོ་དང༌། །མི་རྣམས་དང་ནི་ལྷ་དྲུག་དག །འདོད་པའི་ཁམས་ཡིན་དམྱལ་བ་དག།


DTG110_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་དབྱེ་བ་ལས་ཏེ་ཉི་ཤུའོ། །གོང་མའི་གནས་དག་བཅུ་བདུན་ནི། །གཟུགས་ཁམས་ཡིན་དེར་སོ་སོ་ཡི། །བསམ་གཏན་ས་ནི་གསུམ་པ་ཡིན། །བཞི་པ་ས་ནི་བརྒྱད་པ་ཡིན། །གཟུགས་མེད་ཁམས་ནི་གནས་མེད་དོ། །སྐྱེ་བ་ལས་ནི་རྣམ་པ་བཞི། །དེར་ནི་རིས་དང་སྲོག་ལ་ཡང༌།། སེམས་ཀྱི་རྒྱུད་ནི་བརྟེན་པ་ཡིན། །ཞེས་བྱ་བ་ལྟ་བུ་ནི་སེམས་ཅན་གྱི་འཇིག་རྟེན་བསྟན་པའོ། །སྣོད་ཀྱི་འཇིག་རྟེན་གྱི་དབང་དུ་བྱས་ནས། ཚངས་པའི་གཞལ་མེད་ཁང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚངས་པ་ནི་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་དང་པོའི་གནས་ནི་གཞལ་མེད་ཁང་ཞེས་བྱ་བའོ། །གནས་པ་ནི་དང་པོ་ཆགས་པ་སྟེ། ཆགས་པ་དང་པོ་རླུང་ནས་ནི། །དམྱལ་བ་སྲིད་པའི་བར་དུའོ། །བར་གྱི་བསྐལ་པ་ཉི་ཤུར་ནི། །ཆགས་པར་གྱུར་པ་དུས་ཡིན་ནོ། །ཞེས་བྱ་བ་ལྟ་བུའོ། །གཞན་འཕྲུལ་དབང་བྱེད་ནི་འདོད་པའི་ལྷའི་རིས་དྲུག་པའོ། །ཁོར་ཡུག་ཏུ་ནི་ལྕགས་རིའི་མིང་ངོ༌། །ཁོར་ཡུག་ཆེན་པོ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་མཐའ་བསྐོར་བའོ། །དེའི་རྒྱུ་ནི་ལྕགས་ཡིན་ཏེ། ལ་ལ་ན་རེ་གསེར་ཁ་དོག་ལྕགས་སུ་སྣང་བ་ཡིན་ནོ་ཞེས་ཀྱང་ཟེར་རོ། །གཞིག་པར་མི་ནུས་པས་ན་སྲ་བའོ། །མི་གཡོ་བས་ན་བརྟན་པའོ། །རྔམ་ཆེ་བས་ན་ལྷུན་སྟུག་པའོ། །རི་རབ་ནི་དཔག་ཚད་འབུམ་དྲུག་ཁྲི་ཡོད་པ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་སྟེ། ལྷུན་པོ་རིན་ཆེན་བཞིའི་རང་བཞིན། །ཆུ་ཡི་ནང་དུ་བརྒྱད་ཁྲི་དག །ནུབ་པོ་ཆུ་ཡི་སྟེང་དུ་ཡང༌། །དཔག་ཚད་དག་ནི་བརྒྱད་ཁྲིའོ། །ཞེས་བྱ་བའོ། །གཉའ་ཤིང་འཛིན་ལ་སོགས་པ་ནི་རི་བདུན་ཏེ། དེ་ལ་ལྷུན་པོ་གཉའ་ཤིང་འཛིན། །གཤོལ་མདའ་འཛིན་དང་སེང་ལྡེང་ཅན། །དེ་བཞིན་ལྟ་ན་སྡུག་རི་དང༌། །རྟ་རྣ་དང་ནི་རྣམ་འདུད་དང༌། །མུ་ཁྱུད་འཛིན་རི་དེ་བདུན་གསེར། །ཕྱེད་ཕྱེད་བྲི་བ་བརྒྱད་ཆར་ལ། །དེ་དག་ཞེང་ཡང་འཕང་དང་མཉམ། །དེ་རྣམས་བར་ནི་རོལ་མཚོ་བདུན། །ཞེས་བྱ་སྟེ། དེ་ལ་རྡོ་རྗེ་འཛིན་ནི་རྡོ་རྗེ་ལས་གྲུབ་པའོ། །ཐེ་སྒྲེ་ལ་སོགས་པ་ནི་འཛམ་བུའི་གླིང་གི་རི་སྟེ། དེ་ལ་སྤོས་ཀྱི་དད་ལྡན་ནི་སྤོས་དད་དང་ལྡན་པའི་རིའོ། །གངས་རི་ནི་གངས་ཅན་ནོ། །རི་ནག་པོ་ནི་འབིགས་བྱེད་ལ་སོགས་པའོ། །འཇིག་པའི་དབང་དུ་བྱས་ནས་ས་


DTG110_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་འདི་མེས་ཚིག་པའམ་ཞེས་བྱ་བ་ལ་སོགས་པ་སྟེ། མེ་དང་ཆུ་དང་རླུང་དག་གིས། །འཇིག་པ་རྣམ་པ་གསུམ་དུ་འགྱུར། །བསམ་གཏན་གཉིས་སོགས་གསུམ་པོ་ནི། །གསུམ་པོ་དག་གིས་རིམ་བཞིན་འཇིག །ནང་གི་སྐྱོན་དང་ཆོས་མཐུན་ཕྱིར། །བཞི་པ་ན་མེད་གཡོའི་ཕྱིར། །མི་རྟག་དེ་བཞིན་གཞལ་མེད་ཁང༌། །སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། །མེ་ཡིས་བདུན་དུ་ནོ་ཆུ་ཡིས་གཅིག །དེ་ལྟར་མི་བདུན་ཐལ་ནས་ཀྱང༌། །ཆུ་ཡིས་བདུན་ཏེ་དེ་ནས་ནི། །ཐ་མར་རླུང་གིས་འཇིག་པ་ཡིན། །ཞེས་བྱ་བའོ། །དེ་དག་གིས་ནི་མཚོན་པ་ཡིན་པས་ན་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྔར་བཤད་པའི་སེམས་ཅན་གྱི་ཁམས་ཀྱིས་ཟིན་པའི་འབྱུང་བའི་དབང་དུ་བྱས་པ་སྐྱེ་བ་ལ་སོགས་པ་དང༌། གཉི་ག་འབྱུང་བ་ཆེན་པོ་རྣམས་དང༌། དེ་བཞིན་དུ་སྐྱེ་མཆེད་ལ་སོགས་པ་དག་ཀྱང་ཡིན་ནོ་ཞེས་བསྟན་པ་ནི། དེ་བཞིན་དུ་ནང་གི་ཞེས་བྱ་བ་ལ་སོགས་པའོ། །དེ་ནི་ཆོས་ཟབ་མོའི་དོན་མ་སྐྱེས་དགྲའི་མདོ་ལས་གསུངས་པ་དེ་བཤད་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། སྔར་གང་ཟག་ལ་བདག་མེད་པར་བཤད་པས་ཆོས་ཀྱི་བདག་མེད་པའི་སྣོད་དུ་བྱས་པའི་ཕྱིར་ད་ནི་ཆོས་ཀྱི་བདག་མེད་པ་སྟོན་པས། དེ་ནས་ཞེས་མཚམས་སྦྱོར་བའོ། །ཤེས་རབ་ཐབས་ཀྱིས་ཡོངས་ཟིན་པ། །འཇིག་རྟེན་བླ་ན་མེད་པར་གཞག །ཅེས་བྱ་བའི་ཚུལ་གྱིས་ཤེས་རབ་བསྒོམ་པ་ནི། བསོད་ནམས་ཀྱི་ཚོགས་སྔོན་དུ་འགྲོ་བ་ཅན་ཡིན་པས་དེ་བསྟན་པའི་ཕྱིར། རང་གི་ཁྱིམ་དུ་བསོད་སྙོམས་ལ་སྤྱན་དྲང་བ་ཡིན་ནོ། །དམ་པའི་ཆོས་ནི་རིན་ཆེ་བས། །བཅོམ་ལྡན་འདས་ལ་ཚངས་པས་གསོལ་བ་བཏབ་པ་ལྟར། འདིར་ཡང་ཆོས་རིན་ཆེ་བར་བསྟན་པ་ནི་གསོལ་བ་བཏབ་པ་ཡིན་ནོ། །མཚམས་མེད་པ་ལ་སོགས་པའི་ཁ་ན་མ་ཐོ་བ་རྣམས་སེལ་བ་ནི། སྟོབས་བཞི་ཡིས་ཡིན་ལ། དེ་ཡང་སྟོང་པ་ཉིད་ཀྱི་གཉེན་པོའི་སྟོབས་ཀྱིས་བག་ཆགས་དང་བཅས་པ་འཇོམས་པས་ན། དཔེར་ན་མེ་སྟག་གང་གིས་ཀྱང༌། །རྒྱ་མཚོ་ཟབ་མོ་སྐེམ་མི་ནུས། །དེ་བཞིན་ཀུན་རྫོབ་བདེན་པས་ཀྱང༌། །ཉོན་མོངས་རྒྱ་མཚོ་སྐེམ་མི་ནུས། །ཞེས་བྱ་བས་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པའི་གཉེན་པོར་སྟོང་


DTG110_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་བསྟན་པ་ཡིན་ནོ། །སྟོང་པ་ཉིད་ནི་ཤེས་རབ་ཀྱི་སྤྱོད་ཡུལ་ཡིན་པ་དང༌། དེས་འདུལ་བའི་ཕྱིར་ཤེས་རབ་ལ་མངའ་བརྙེས་པ་འཇམ་དཔལ་གྱིས་བསྟན་པ་ཡིན་ནོ། །ཉེས་པ་དག་ནི་འཆབ་པས་འཕེལ་བ་ན། ཐམས་ཅད་དུ་བསྒྲགས་པས་དག་པར་བསྟན་པ་ནི་འཁོར་མང་པོའི་ནང་དུ་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ལྟུང་བ་དག་ནི་ཡུལ་ཐམས་ཅད་དུ་འཆགས་པར་རུང་པར་བསྟན་པ་ནི། ཉན་ཐོས་ལ་སོགས་པའི་མདུན་དུ་བསྟན་པ་ཡིན་ནོ། །དེ་ལྟར་གསོལ་བ་བཏབ་པ་ལ་སྟོང་པ་ཉིད་མདོར་བསྟན་པ་ནི། རྒྱལ་པོ་ཆེན་པོ་ཁྱེད་ཀྱིས་འགྱོད་པ་ནི་གསལ་བར་མི་སྤྱོད་དོ་ཞེས་གསུངས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པས་བསལ་བར་བྱ་བ་མེད་དོ་ཞེས་བྱ་བའོ། །ངོ་བོ་ཉིད་ཀྱིས་མེད་པ་ལ། །ཡོད་མེད་གང་གིས་སྒྲོ་སྐུར་བྱེད། །ནམ་མཁའ་ལ་ནི་གང་ཞིག་གིས། །ཚོན་གྱིས་རི་མོ་བྲི་བར་ནུས། །ཞེས་བྱ་བའི་ཚུལ་གྱིས་ན་བསལ་བར་མི་སྤྱོད་དོ་ཞེས་བྱ་བའོ། །དངོས་པོར་ལྟ་བ་འགའ་ཞིག་སྟོང་པ་ཉིད་ལ་ལོག་པར་འཛིན་པས། ཆོས་ཐམས་ཅད་སྟོང་པ་ཉིད་ནི་དཀར་པོའི་ཆོས་ཡོངས་སུ་སྤོངས་ངོ་ཞེས་སྐྲག་པས་སྟོང་པ་ཉིད་ལ་ལོག་པར་རྟོག་པ་ནི། སྐྱབས་མ་རྙེད་ནས་ཤིང་བཅད་པ་ལྟར་ས་ལ་འགྱེལ་ཏོ་ཞེས་གསུངས་ཏེ། སྐྱབས་ནི་སྡུག་བསྔལ་སྤང་བའི་ཐབས་སོ། །མ་རྙེད་པ་ནི་དངོས་པར་ཞེན་པའི་དབང་གིས་མ་རྟོགས་པའོ། །དྲན་པ་མེད་པས་ན་ཤིང་ལྟ་བུར་གྱུར་པའོ། །སྟོང་པ་ཉིད་ནི་ཚུ་རོལ་མཐོང་བའི་ཤེས་པས་མི་རྟོགས་པས་སྔར་བཤད་པ་ལྟར་ལུང་ཚད་མ་ཡིན་པར་བསྟན་པས་ཡོངས་སུ་འཛིན་པ་ལ་རག་ལུས་པ་ཉིད་ཀྱིས་ན། འཕགས་པ་འོད་སྲུངས་ཀྱིས་དབུགས་དབྱུང་བའི་ཕྱིར་བསྐུལ་བ་ནི། རྒྱལ་པོ་ཆེན་པོ་མ་སྐྱེས་དགྲ་ལ་།སྨྲས་པ་བཞིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་གི་བསྒྱུར་བ་ལ་སོགས་པ་ལ་ལྡེམ་པོར་དགོངས་པ་ཡིན་པས། ཕ་དང་མ་ནི་གསད་བྱ་ཞིང༌། །བྲམ་ཟེ་གཙང་སྦྲ་ཅན་ཉིད་དང༌། །རྒྱལ་པོ་ཡུལ་འཁོར་བཅས་བཅོམ་ལ། །མི་དེ་ཡོངས་སུ་དག་པར་འགྱུར། །ཞེས་བྱ་བ་དང༌། ཡིད་མེ་ཆེས་དང༌། བྱ་མི་བཟོད། །མི་ནི་གང་གིས་ཁྱིམ་འབིགས་བྱེད། །གོ་སྐབས་བཅོམ་དང་སྐྱུགས་པ་ཟ། །སྐྱེས་བུ་དེ་ནི་དམ་པ་


DTG110_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཞེས་བྱ་བ་ལྟ་བུར་ལྡེམ་པོར་དགོངས་པའི་སྒོ་ནས། གཏིང་དཔག་པར་བྱ་དཀའ་བས་སྤང་བར་མི་རིགས་ཏེ། ཟབ་མོའི་དོན་ཚུ་རོལ་པས་མི་རྟོགས་པས། འཕགས་པའི་སྤྱོད་ཡུལ་ཡིན་ཞེས་བསྟན་པ་ནི་དྲིས་ཤིག་ཅེས་བྱ་བའོ། །དེ་ལྟ་བུའི་སྟོང་པ་ཉིད་ནི་ཤིན་ཏུ་ལྐོག་ཏུ་གྱུར་པ་ལུང་ཚད་མ་ཡིན་པས་རྗེས་སུ་འབྲང་བ་ནི་སླར་ལངས་ཏེ་དོན་ཞུས་པས་བསྟན་པ་ཡིན་ནོ། །དེ་ལྟ་བུའི་གང་ཟག་ལ་སྟོང་པ་ཉིད་རྒྱས་པར་འཆད་ཀྱི་གཞན་དུ་ན་ཆུད་ཟ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་སྣོད་དུ་གྱུར་པ་ལ་བསྟན་པ་ནི་རྒྱལ་པོ་ཆེན་པོ་ཞེས་གསུངས་ཏེ། རེ་ཞིག་གཉེན་པོ་མ་སྐྱེས་པར་བསྟན་པ་ནི། སངས་རྒྱས་བཅོམ་ལྡན་འདས་སེམས་ཀྱིས་དམིགས་པས་རབ་ཏུ་ཕྱེ་བས་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། སེམས་ཅན་ཀུན་གཞི་རྣམ་པར་ཤེས་པ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ངོ་བོ་ཉིད་ནི་བག་ཆགས་ཐམས་ཅད་ཀྱི་གཞིར་གྱུར་པས་གཉེན་པོའི་ངོ་བོར་མི་འཐད་པ་དང༌། ཡིད་ཀྱི་མངོན་པར་ཤེས་པ་ལ་སོགས་པ་མངོན་པར་འདུས་བྱས་པ་རྣམས་ནི་མི་རྟག་པའི་ཕྱིར་ཡང་མ་ཡིན་པར་བསྟན་པ་ནི། སེམས་ཀྱི་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སེམས་ཀྱི་དམིགས་པ་རྣམས་ནི་ཕྱིན་ཅི་ལོག་ཡིན་པས་མེད་པ་ལ་ཡོད་པར་འཛིན་པའི་ངོ་བོ་ཉིད་ཀྱིས་ན། འོག་ནས་ཀྱང་སངས་རྒྱས་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བ་སྟེ། ཡེ་ཤེས་ལྷུན་གྱིས་གྲུབ་པ་རབ་ཏུ་བརྙེས་པའི་ཕྱིར་རོ་ཞེས་གསུངས་པས་དེ་ལས་བྱུང་བ་མ་ཡིན་པའོ། །ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱང༌། སེམས་མངོན་པར་འདུ་བྱེད་པ་ལས་བྱུང་བ་ཡིན་པས་འོ་ན་ཞེས་རྒོལ་བ་ལ། འདུ་བྱེད་པ་ལ་རྒྱུ་དང་རྐྱེན་གྱི་ངོ་བོ་ཉིད་ལས་བྱུང་བ་ཡིན་ལ་ཡེ་ཤེས་ནི་རྒྱུ་དང་རྐྱེན་དང་བྲལ་བས་ན་ཕན་ཚུན་འགལ་བས་དེ་མ་ལགས་སོ་ཞེས་བྱའོ། །འོ་ན་མངོན་པར་འདུ་བྱས་པ་ལས་འབྱུང་བར་མི་འཐད་ན། ལྡོག་པ་ལས་སམ་ཞེས་རྒོལ་བ་ནི་འོན་ཏེ་ཞེས་བྱའོ། །མ་ཡིན་ཏེ། འདུས་མ་བྱས་ལ་འདུས་མ་བྱས་པ་འབྱུང་བར་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་གང་ཞིག་སྔ་མ་དང་ཕྱི་མའི་འོ་ཞེ་ན། སྔ་མ་ནི་ཕྱི་མ་ལ་ལྟོས་པ་ཡིན་ན་ཕྱི་མ་གང་གིས་སྔ་མའོ་ཞེས་


DTG110_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །དེ་བཞིན་དུ་ཕྱི་མའང་སྔ་མ་ལ་ལྟོས་པ་ཡིན་ན། སྔ་མ་གང་གིས་ཕྱི་མའོ་ཞེས་བཞག །སྔ་མའི་སྔ་མ་ནི་དེའི་ཡང་སྔ་མ་ལ་ལྟོས་ན་མེད་པ་མ་ཡིན་ལ་བཟློག་པ་ཚུལ་དེ་ཉིད་པས་ཅི་ལྟར་རུང༌། མ་བྱས་པས་རྒྱུ་དང་འབྲས་བུ་གང་དུའང་མེ་རུང་བས་བསལ་བས་ན་དེ་མ་ལགས་སོ་ཞེས་བྱ་བའོ། །དེ་ནི་མ་ཡིན་ཏེ། ལམ་བསྒོམས་པས་འབྲས་བུ་ཐོབ་བོ་ཞེས་བྱ་བ་ནི། འོ་ན་ཞེས་རྒོལ་བའོ། །ལན་ནི་བསྒོམ་པ་ནི་སེམས་ལ་གོམས་པར་བྱེད་པ་ཡིན་ནོ། །གང་གིས་གང་ཞིག་ལ་འདུས་བྱས་ཐམས་ཅད་རྒྱུ་མེད་པར་འཇིག་པས་སྐད་ཅིག་ཏུ་མི་གནས་པས་མི་རུང་ལ། འདས་པའི་སེམས་ནི་ཞིག་ཅིང་མ་འོངས་པ་ནི་མ་སྐྱེས་པ་དང༌། ད་ལྟར་བྱུང་བ་ནི་མི་གནས་པས་གང་ཞིག་ལ་སྔ་མའི་ནུས་པ་ཕྱི་མ་ལའོ་ཞེ་ན། འཕོས་པ་ལ་ནི་འཕོ་བ་མེད་ལ། མ་འཕོས་པ་ལ་འཕོ་བ་མི་འཐད་པས། དེ་གཉིས་ལས་མ་གཏོགས་པའི་ནུས་པ་ཡོད་པ་མ་ཡིན་པས་མི་རུང་ངོ། །རྣམ་པ་དེ་དག་ལས་མ་གཏོགས་པའི་འཕོ་བ་ནི་ཡོད་པར་མི་རུང་ངོ༌། །འོ་ན་ལམ་གོམས་པ་ཉིད་དོ། །ཆོས་ཉིད་ལ་ནི་འདོད་པ་ཁོ་ན་སྟེ། སྤང་བྱ་ནི་གང་ཞིག་སྤོང་བར་བྱེད་པའི་གཉེན་པོ་ནི་ཅི་ལྟ་བུ། ཉོན་མོངས་པ་ཉིད་ནི་ཉོན་མོངས་པ་ཉིད་མ་ཡིན་ཏེ། འདུས་བྱས་པའི་ཕྱིར་ཉོན་མོངས་པ་གཞན་ལྟ་བུའོ། །དེའི་སྔ་རོལ་ནི་མེད་པ་ཉིད་ལ་ཕྱི་མ་ནི་མ་བྱུང་བ་ཉིད་དོ། །དེ་གཉིས་མ་བྱུང་བ་ནི་ཡོད་པ་མ་ཡིན་ཏེ་སྐབས་མེད་པའི་ཕྱིར་རོ། །གཉེན་པོ་ནི་སྤང་བྱ་ལ་ལྟོས་པས་ན་མེད་པ་ལ་གང་གིས་བྱེད་པར་འགྱུར། བྱེད་པ་པོ་ཡོད་ན་ནི་བྱ་བ་རུང་བ་ལས་དེ་གང་ཞིག་ཡིན། རེ་ཞིག་བྱས་པ་ལས་ནི་བྱ་བ་མེད་ལ། མ་བྱས་པ་ལ་ཡང་བྱས་པ་མེད་དོ། །དེ་གཉིས་མ་ཡིན་པའི་བྱེད་པ་ནི། གང་ན་ཡང་མེད་པ་སྟེ་སྐབས་མེད་པའི་ཕྱིར་རོ། །དེ་ལྟ་ཡིན་ཡང་འཁྲུལ་པ་སྤངས་པའི་རིམ་པ་ལས་གཞག་གོ་ཞེ་ན། དེ་གང་ཞིག་གང་གིས་སྤོང༌། འཁྲུལ་པ་ནི་བརྫུན་པ་ཉིད་པས་དེ་སྤོང་བར་བྱེད་པ་དེ་དང་ཐ་མི་དད་ན་ཅི་ལྟར་སྤོང་སྟེ། གཅིག་པའི་ཕྱིར་འཁྲུལ་པ་ཉིད་ལྟ་བུ་ཡིན་ནོ། །ཐ་དད་པ་ནི་ཅི་ལྟར་སྤོང་སྟེ། དེ་མི་འདྲ་བའི་ཕྱིར་སྤང་བར་བྱ་བའི་ནུས་པ་ཇི་ལྟར་འཇུག །ཐ་དད་པས་ཐ་མི་དད་པའི་བྱ་བ་བྱེད་པ་ནི། ཐ་དད་པ་དང་ཐ་མི་དད་པའི་བྱ་བ་ཐ་དད་


DTG110_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཐ་མི་དད། བྱ་བ་ཐ་དད་ན་ཐ་མི་དད་པ་ཉིད་ཉམས་པ་ཡིན་ལ། ཐ་མི་དད་ན་ཐ་དད་པ་གང་ལ་བརྗོད་པར་བྱའོ། །ཐ་དད་པས་ཐ་དད་པའི་བྱ་བ་བྱེད་ན་ནི། བྱ་བ་དང་བྱེད་པོ་ཉིད་ཀྱང་མི་འདྲ་བ་ལས་ཅི་ལྟར་འཇུག་པར་འགྱུར། དེའི་ཕྱིར་མི་འཐད་པས་ན་མ་ལགས་སོ་ཞེས་བྱའོ། །ད་ལྟར་ཡིན་ཡང་ཤེས་བྱ་ཐམས་ཅད་ཤེས་པ་ལ་འདོད་དོ་ཞེས་རྒོལ་བ་ནི་སྨྲས་པ་ཞེས་བྱའོ། །ལན་ནི་མ་ཡིན་ཏེ་ཤེས་བྱ་ནི་བརྫུན་པ་ཉིད་པས་དེ་དང་གཅིག་ན་གོ་ཅི་ལྟར་ཡེ་ཤེས་བདེན་པར་འགྱུར། ཐ་དད་ན་གང་གིས་དེ་ཤེས་པར་འགྱུར་ཏེ་སྔར་བཤད་པ་བཞིན་ནོ། །ཡེ་ཤེས་ལྟར་ཤེས་བྱ་རྣམས་བདེན་པར་གྱུར་པ་ལས་ཀྱང་གཅིག་པར་མི་རུང་ངོ་ཞེས་བྱ་བ་ནི་མ་ལགས་སོ་ཞེས་བྱ་བའོ། །དེ་ལྟར་བཤད་པ་བསྡུས་པའི་ཕྱིར་ཆོས་གང་ཞེས་གསུངས་ཏེ། གཉེན་པའི་ཡེ་ཤེས་གང་ཀུན་གཞི་ལ་སོགས་པའི་དམིགས་པ་ལས་བྱུང་བར་མི་འཐད་པས། དེའི་ཕྱིར་ཉེས་པ་གང་ཡང་བསལ་བར་མི་ནུས་པས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པ་ནི་བསལ་བར་ནུས་སམ་ཞེས་སྨྲས་པ་ཡིན་ནོ། །དེ་ལྟར་ཡེ་ཤེས་སྟོང་པ་ཉིད་ནི་ཆོས་ཉིད་ལ་བཤད་ཀྱི། འོན་ཀྱང་ཀུན་རྫོབ་ཏུ་ཡེ་ཤེས་བསྐྱེད་པར་བྱའི། སྐུར་བར་མི་བྱ་སྟེ། འཁྲུལ་པ་ལས་སྣང་ཞེས་བྱ་བ་ནི་འདི་ལ་བསམས་ནས་ཞེས་བྱ་བ་ཡིན་ནོ། །གཉེན་པོ་ནི་སྤང་བྱ་ལ་གཞག་པས་ན་སྤང་བྱ་ཉིད་ཀྱང་མེད་པར་བསྟན་པ་ནི། གཞན་ཡང་ཞེས་གསུངས་ཏེ་སྔར་བཤད་པ་ཉིད་ལ་གཞན་པའི་ཚུལ་གྱིས་ཞེས་བྱའོ། །དེ་གང་ཞེ་ན། སེམས་ནི་རང་བཞིན་འོད་གསལ་བས། །ཉོན་མོངས་རྣམས་ནི་མཚན་ཉིད་མེད། །ཅེས་བྱ་བའི་ཚུལ་གྱིས་སྔར་བཤད་པ་ལྟ་བུས་ན། ཆོས་ཉིད་རྣམ་པར་དག་པ་ནི་དངོས་པོར་བསྒྱུར་བས་ན། ཆོས་ཉིད་འབའ་ཞིག་ལ་དམིགས་པར་བྱ་བ་ནི་བརྫུན་པ་ལས་ཞེན་པར་ནི་མི་བྱའོ་ཞེས་སྟོང་པ་ཉིད་བསྟན་པ་ནི། ནམ་མཁའི་ཞེས་དཔེ་གསུངས་པ་ཡིན་ནོ། །གང་ཞིག་ཡོད་པ་ནི་བསལ་བ་སྲིད་ན། མེད་པ་ཇི་ལྟར་སྦྱང་ཞེས་སྟོང་པ་ཉིད་བསྟན་པ་ནི། ངེས་པར་སྣང་བ་འདི་ནི་རྣམ་པར་སྦྱང་ངོ་ཞེས་ཟེར་ན་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་བུ་ནི་སྟོང་པ་ཉིད་གང་གིས་རྟོགས་ཤེ་ན། དེ་བཞིན་གཤེགས་པ་རྣམས་ཀྱིས་ཞེས་གསུངས་པ་ཡིན་ནོ། །དེ་ཉིད་ཚད་མའི་


DTG110_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་ཡིན་པས་དེའི་གསུང་གི་རྗེས་སུ་འབྲང་བར་བྱའོ་ཞེས་བསྟན་པ་ནི་དེ་དག་གིས་ཞེས་བྱ་བའོ། །ཆོས་ཉིད་དེ་ལྟ་བུ་ལས་ཀྱང་ཀུན་རྫོབ་ཏུ་ཉེས་པ་སྤང་བར་བྱའོ་ཞེས་བསྟན་པ་ནི་ངས་དོན་གྱི་དབང་གིས་མཐོང་ནས་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་གཉེན་པོ་དང་སྤང་བྱ་མེད་པས་སྤོང་བའི་ཐབས་ཀྱང་མེད་པར་བསྟན་པ་ནི་གཞན་ཡང་ཞེས་བྱ་བ་གསུངས་ཏེ། ཉེས་པ་ནི་ནང་དུའང་མི་དམིགས། ཕྱི་རོལ་དུའང་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་མེད་པ་ཉིད་པས་མེད་པ་ནི་གང་དུའང་གནས་པ་མི་རིགས་སོ་ཞེས་བྱ་བ་ནི། གང་ནའང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟར་ཤེས་ན་ཉེས་པ་དེ་སྤོང་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་ཏེ། ངོ་བོ་ཉིད་ཤེས་ན་སྦྲུལ་གྱི་རིགས་འདོན་ཤེས་པ་ལ། སྦྲུལ་གྱི་གནོད་པ་མེད་པ་ལྟར་ཉོན་མོངས་པའི་རིགས་ཤེས་ན་དེ་སྤོང་བར་འགྱུར་ཏེ་དེས་མི་གོས་སོ་ཞེས་བྱ་བ་ནི་གནས་མེད་ཀྱང་ཞེས་བྱ་བ་ལ་སོགས་པའོ། །ངོ་བོ་ཉིད་ཀྱིས་མེད་པ་མི་འཐད་དེ་དམིགས་པའི་ཕྱིར་རོ་ཞེས་དེ་ཅིའི་ཕྱིར་ཞེ་ན་ཞེས་རྒོལ་བ་ལ་ལན་ནི། མེད་པ་ཉིད་ཀྱིས་སྣང་བ་རུང་སྟེ། རབ་རིབ་ཅན་ལ་སྐྲ་ཤད་འཛིངས་པ་ལྟ་བུའོ་ཞེས་བསྟན་པ་ནི་ལན་ཡིན་ནོ། །ཅི་ལྟར་མེད་ཅེ་ན་ངོ་བོ་ཉིད་ཀྱིས་དབེན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ་སྤང་བར་བྱ་བའི་ངོ་བོ་ཉིད་པས་ན། གཅིག་དང་དུ་མ་དང་བྲལ་བས་དབེན་པ་སྟེ་སྟོང་པ་དང༌། སྣང་བའང་འཁྲུལ་པ་ཡིན་པས་རིགས་པ་ལ་མ་གྲུབ་པ་ནི་ཚིག་གཉིས་ཀྱིས་བསྟན་ཏོ། །སྤོང་བར་བྱེད་པའི་གཉེན་པོའི་དབང་དུ་བྱས་ནས་ཆོས་ཉིད་ལ་སྐྱེ་བ་མེད་པ་དང༌། མ་སྐྱེས་པ་དང༌། མ་བྱུང་བ་སྟེ་དངོས་པོ་མེད་ལ་ཕྲད་པས་སྟོང་པ་མེད་པར་བསྟན་པ་ནི། འདྲེ་བ་མེད་པ་ལ་སོགས་པའོ། །མི་མཐུན་པ་དང་གཉེན་པོ་མེད་པ་ལ་བྱ་བ་མི་འཐད་པ་ལ་རྩོལ་བའི་ནུས་པ་མེད་ཅིང༌། དེའང་བེམས་པོ་སྟེ་ངོ་བོ་ཉིད་ཀྱིས་ལུང་དུ་མ་བསྟན་ལ། དེའང་རྣམ་པར་རིགས་པའི་མཚན་ཉིད་མ་ཡིན་པས་ནི། བྱ་བའི་མཐུ་མེད་པ་ལ་སོགས་པའོ། །དེ་ལྟ་བུ་ལ་སྤང་བ་མི་འཐད་པ་ནི། ངོ་བོ་ཉིད་མི་འགྱུར་བས་བྱེད་པ་མི་འཐད་པ་དང༌། གཞན་དུ་མི་འཕྲོ་བས་སྤངས་པ་མེད་པ་དང༌། རྟག་པ་མེད་པའི་ཚུལ་གྱིས་རྟག་པ་མི་འགྱུར་བ་དང༌། ཐུལ་བ་


DTG110_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་གཉེན་པོ་མི་སྐྱེ་བ་དང༌། མི་མཐུན་པ་དང་གཉེན་པོ་ཕྲད་པ་མེད་པས་སྤང་བ་མེད་པ་ནི་རང་བཞིན་གྱིས་མི་འཕོ་བ་ལ་སོགས་པའོ། །འོ་ན་འབད་པ་མེད་པར་ཅི་ལྟར་ཐར་པར་མི་འགྱུར་ཞེ་ན་མ་ཡིན་ཏེ། གློ་བུར་བའི་དྲི་མ་བསལ་བ་ལ་རག་ལས་པ་ནི། ཡོད་པ་དང་མེད་པར་ལྟ་བའི་ལོག་པར་ཞེན་པ་སྤངས་ན་ཡིན་པ་དང༌། སྤང་བའང་འབད་པ་མེད་པ་ན་མི་འགྱུར་བ་དང༌། འབད་པ་འང་ལོག་པར་འབད་པ་སྤང་བའི་ཕྱིར། བླ་མ་རིང་དང་མཚན་མ་དང༌། །བདག་གི་བརྩོན་འགྲུས་ལྷག་ལྟ་བའི། །བྱང་ཆུབ་སེམས་དཔའ་ང་རྒྱལ་ཅན། །བྱང་ཆུབ་ལས་ནི་རིང་ཞེས་བྱ། །ཞེས་བྱ་བ་ཡི་ཚུལ་སྤངས་ནས། །ཅི་སྐད་བཤད་པའི་སྐད་དུ་ན། །རྟོག་པ་ཙམ་དུ་ལྟ་བ་ཡི། །བྱང་ཆུབ་སེམས་དཔའ་རྟོག་མེད་རྣམས། །བྱང་ཆུབ་ཐོབ་ཅེས་ངེས་པར་བརྗོད། །ཅེས་བྱ་བའི་ཚུལ་གྱིས་འདི་དག་རྟོག་པ་ཙམ་དུ་བལྟ་ལ། རྟོག་པ་ཙམ་དེ་ཡང་ཡོངས་སུ་སྤོང་བ་ན། མཐའ་གཉིས་དང་བྲལ་བ་ལ་སོགས་པའོ། །དེ་ལ་མེད་པར་ལྟ་བ་སྤང་བའི་དབང་དུ་བྱས་པ་ནི་མུ་མེད་པ་ལ་སོགས་པ་སྟེ། འཁྲུལ་པའི་སྣང་བ་རྒྱ་ཆེ་བས་ན་མུ་མེད་མཐའ་ཐུག་པ་མེད་པའོ། །མཐའ་ནི་མཐའ་སྟེ་ཟད་པར་དམིགས་པ་ནི་མཐར་ཐུག་པ་ཡིན་ལ། དེ་མེད་པས་ན་དམིགས་པ་མེད་པའོ། །ཡོད་པར་ལྟ་བ་སྤང་བར་བྱ་བའི་དབང་དུ་བྱས་ནས། ཕྱིན་ཅི་ལོག་མེད་པར་ཞེས་བྱ་བ་བསྟན་པ་ཡིན་ནོ། །དེ་ཉིད་བཤད་པ་ནི་རྟག་པ་དང་ཞེས་བྱ་བ་ལ་སོགས་པའོ། །བཤད་པ་དེ་ཉིད་གསལ་བར་བྱ་བ་ནི་འབྲལ་བ་མེད་པ་ལ་སོགས་པ་སྟེ། དེ་ལྟར་ན་སྟོང་པ་ཉིད་ཀྱི་དོན་གཅིག་གིས་གཅིག་བཤད་དེ། དངོས་པོར་ལྟ་བ་ཡོངས་སུ་སྤང་བར་བསྟན་ཏོ། །འོ་ན་འཐོབ་པའི་འབྲས་བུ་མེད་པར་ཐལ་ལོ་ཞེ་ན་མ་ཡིན་ཏེ། སྟོང་པ་ཉིད་ལ་ཐ་དད་ནི། །ཅུང་ཟད་ཡོད་པ་མ་ཡིན་ཡང༌། །རྟོག་མེད་ཚུལ་གྱིས་རྟོགས་པ་ན། །སྟོང་ཉིད་མཐོང་ཞེས་ཐ་སྙད་གདགས། །ཞེས་བྱ་བས་མི་རྟོག་པ་ཉིད་ཀྱིས་རྟོགས་པ་ཡོད་དོ་ཞེས་བསྟན་པ་ནི་རྒྱལ་པོ་ཆེན་པོ་ཞེས་གསུངས་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་དུ། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་


DTG110_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། སྟོང་པ་ཉིད་བཅུ་དྲུག་ཏུ་གསུངས་པ་ཉིད་བསྟན་པ་ནི་ཆོས་ཐམས་ཅད་ནི་ཉེ་བར་ཞི་བ་ཞེས་བྱ་བ་ལ་སོགས་པ་སྟེ། ནང་ནི་མིག་ལ་སོགས་པའི་དབང་པོ་རྣམས་སོ། །ཞི་བ་ནི་སྟོང་པ་ཉིད་དེ། དེའི་ཕྱིར་འགྱོད་པ་སྟེ་ཡིད་ལ་གཅགས་པ་མེད་པའོ་ཞེས་ཐམས་ཅད་དུ་སྦྱར་བར་བྱའོ། །ཆོས་ཐམས་ཅད་ནི་གཟུགས་ལ་སོགས་པ་ཡུལ་རྣམས་ནི་རྣམ་པར་ཤེས་པ་ཉིད་དེར་སྣང་བས་ན། འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །དེ་ཤེས་པས་ནི་འབྲལ་འགྱུར་ན། །ལོག་པར་རྣམ་རྟོག་མ་ཡིན་ནམ། །ཞེས་བྱ་བའི་ཚུལ་གྱིས་བརྫུན་པའོ། །ཆོས་ནི་ནང་དང་ཕྱིའི་སྐྱེ་མཆེད་རྣམས་ཏེ་བཞི་པ་ནི་སྟོང་པ་ཉིད་དོ། །མཚན་ཉིད་ནི་དེའི་རང་བཞིན་ཏེ་དེའི་གསུམ་ནི་སྟོང་པ་ཉིད་དང་པོ་གསུམ་ཡིན་ཏེ། ཚོགས་ཀྱི་ས་ལ་རྟོགས་པར་འགྱུར་རོ། །ཆོས་ནི་ནང་གི་ངོ་བོ་ཉིད་ལ་སོགས་པའི་སྟོང་པ་ཉིད་ལ་དམིགས་པའི་ཤེས་པ་ཉིད་དེ་བདག་གིར་འཛིན་པ་ནི་དེ་དག་ལ་དམིགས་པའི་ཤེས་པའི་ངོ་བོ་ཉིད་ཀྱང་སྟོང་པས་ན་བྲལ་བ་སྟེ། སྟོང་པ་ཉིད་དུ་འཛིན་པའི་རྣམ་པར་རྟོགས་པ་སྤང་བས་ན་སྦྱོར་བའི་ལམ་དུ་རྟོགས་པ་ཡིན་ནོ། །ཆོས་ནི་ཤར་ལ་སོགས་པའི་ཕྱོགས་བཅུ་པོ་སྟེ་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་ན་མཐོང་བས་སྤང་བ་ལས་རྣམ་པར་གྲོལ་བའི་མཚན་ཉིད་ལས་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་དབེན་པས་ས་དང་པོ་ལ་རོ་མྱང་བ་མེད་དོ། །ཆོས་ནི་མྱ་ངན་ལས་འདས་པ་སྟེ། དོན་དམ་པར་ཐ་སྙད་ཀྱིས་མིང་དུ་གདགས་པ་མེད་པ་མིང་མེད་པ་སྟེ་སྟོང་པ་ཉིད་ནི་བྲལ་བ་ཙམ་ཡིན་པས་མཆོག་གི་དོན་གྱིས་ས་གཉིས་པ་ལའོ། །ཆོས་ནི་འདུས་བྱས་རྣམས་ཏེ་རྐྱེན་གྱིས་འདུས་བྱས་པར་གཅིག་པ་ཉིད་ཀྱིས་སྤྱིའི་མཚན་ཉིད་ཐ་དད་པ་ཁམས་གསུམ་འདུས་བྱས་སྟོང་པ་ཉིད་དོ། །


DTG110_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོར་མ་གྲུབ་པའི་ངོ་བོ་ཉིད་ཀྱིས་ན་གཉེན་པོ་ནུས་པའི་ཕྱིར་རྒྱུ་མཐུན་པའི་དོན་གྱི་མཆོག་ས་གསུམ་པར་རོ། །ཆོས་ནི་འདུས་མ་བྱས་པ་སྟེ། སྐྱེ་བ་དང་འགག་པ་དང་གནས་པ་ལས་གཞན་དུ་འགྱུར་བ་མེད་པས། རྒྱུ་དང་རྐྱེན་ལས་རྣམ་པར་གྲོལ་བར་རོ་གཅིག་པས་འདུས་བྱས་ཀྱི་གཉེན་པོ་སྦྱོར་བས་བཏགས་པའི་མཚན་མ་མེད་པས་འདི་ནི་ཡོངས་སུ་འཛིན་པ་མེད་པའི་དོན་གྱིས་ས་བཞི་པའོ། །ཆོས་ནི་འདུས་བྱས་ཏེ་རྟག་པ་དང་ཆད་པའི་མཐའ་ནི་མཚན་མའོ། །མཐའ་དེ་ལས་འདས་པས་ན་མཚན་མ་མེད་པའི་མཐའ་སྟེ་དབེན་པ་ནི་སྟོང་པ་ཉིད་དོ། །འདྲི་ནི་རྒྱུད་ཐ་དད་པ་མེད་པས་ས་ལྔ་པ་ལའོ། །ཐོག་མ་དང་དབུས་དང་ཐ་མར་གྱུར་པའི་བྱེ་བྲག་མེད་པས་ན་འཇུག་པ་སྟེ་ཚར་གཅད་དུ་མེད་པས་ཐ་དད་པའི་དམིགས་པ་མེད་པའི་དག་པ་སྟེ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པས་ས་དྲུག་པའོ། །ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ནི་དོར་བར་བྱ་བ་ཡིན་པ་ལས་ཆོས་ཉིད་ཀྱི་དབང་དུ་བྱས་ན་མེད་པ་སྟེ་བྲལ་བའི་སྟོང་པ་ཉིད་དོ། །སྣ་ཚོགས་པ་མ་ཡིན་པས་ས་བདུན་པ་ལའོ། །འཕགས་པ་རྣམས་ཀྱིས་མ་མཛད་པས་རང་བཞིན་ནི་འགྱུར་བ་མེད་པའི་ཕྱིར་དང༌། འདུས་བྱས་ལ་སོགས་པའི་ཆོས་ཐམས་ཅད་ནི་ཕན་ཚུན་ལྟོས་པས་གཞག་པས་ན་རང་བཞིན་འགྲུབ་པ་མེད་པས་ན་སྟོང་པ་འདི་གཉིས་ནི་དུས་གསུམ་ལས་འདས་པས་འགྲིབ་པ་དང་འཕེལ་བ་མེད་པ་དང༌། རྣམ་པར་མི་རྟོགས་པ་ཞིང་ཡོངས་སུ་དག་པ་ལ་དབང་བས་འདུས་བྱས་པ་ལ་སྨོད་པ་མེད་པས་ས་བརྒྱད་པ་ལའོ། །ཆོས་རྣམས་ཀྱི་རང་བཞིན་མཚན་ཉིད་བཏགས་པ་ཙམ་དུ་ཟད་པ་དང༌། འདས་པ་ལ་སོགས་པའི་ཆོས་རྣམས་ནི་འདུ་བ་ལ་སོགས་པའི་དུས་རྣམས་གཅིག་གོ །བཟློག་ན་མི་དམིགས་པས་དུས་གསུམ་ཡོངས་སུ་ཆད་པ་སྟེ་ཡེ་ཤེས་ལ་དབང་བས་ས་དགུ་པའོ། །ཤིན་ཏུ་མ་སྐྱེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་རོ། །ཚོགས་པ་དང་ལྡན་པའི་ཆོས་རྣམས་ནི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པས་མྱ་ངན་ལས་འདས་པ་སྟེ། སྟོང་པ་ཉིད་ཡང་དག་པར་འདུ་བ་སྟེ། གཅིག་པས་ན་ལས་ལ་དབང་བས་ན་ས་བཅུ་པའོ་ཞེས་སྟོང་པ་ཉིད་རྟོགས་པའི་འབྲས་བུ་འབྱུང་བས་དེ་མེད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ་ཞེས་འདས་


DTG110_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

པ་བ་ཁ་ཅིག་ཟེར་རོ། །ལ་ལ་ནི་སྟོང་པ་ཉིད་བཅུ་དྲུག་ཏུ་གཞག་པ་ནི་ཤིན་ཏུ་རིགས་པས་ལུང་དང་ཡང་མི་འགལ་བ་ལས་ས་དང་ལམ་གྱི་རིམ་པར་སྦྱར་བ་ནི་ཧ་ཅང་རིགས་པ་མེད་ཅེས་ཟེར་རོ། །ད་ལྟ་བ་ཁ་ཅིག་ནི་ཚོགས་ཀྱི་ས་ལ་འཇུག་པ་འབྱེད་པའི་སྟོང་པ་ཉིད་གཅིག་དང༌། ཚོགས་ཀྱི་ས་ལ་གསུམ་དང། སྦྱོར་བའི་ལམ་དུ་གཅིག་དང༌། ས་བཅུ་ལ་དགུ་རྟོགས་སོ་ཞེས་ཀྱང་ཟེར་རོ། །དེ་ལྟར་ཐམས་ཅད་སྟོང་པ་ཉིད་ཡིན་པ་དེའི་ཕྱིར་དོན་བསྡུ་བའི་སྒོ་ནས་ངེས་པའི་ཤེས་པ་སྐྱེད་པ་ནི་འདི་ཇི་སྙམ་དུ་སེམས་ཞེས་གསུངས་ཏེ། སྟོང་པ་ཉིད་ནི་སྒྲོ་སྐུར་དང་བྲལ་བས་དེ་ལ་འབྲས་བུ་མི་སྐྱེ་བའི་ངོ་བོ་ཉིད་པས་ཆོས་ཐམས་ཅད་ལ་ཉེས་པས་གོས་པ་མེད་པ་ནི། ཆོས་གང་མ་སྐྱེས་པ་ཞེས་བྱ་བ་ལ་སོགས་པའོ། །མེད་པ་ལ་སྦར་བར་བྱ་བ་མི་འཇུག་པས་དེ་བསལ་བར་ནུས་སམ་ཞེས་གསུངས་སོ། །དེ་ལྟ་བུ་གང་གིས་རྟོགས་ཤེ་ན། ཡང་དག་པའི་དོན་བསྒོམས་པ་ནི། རྣལ་འབྱོར་པས་རྟོགས་སོ་ཞེས་བསྟན་པ་ནི་དེ་ལྟར་ཞེས་གསུངས་སོ། །ཕན་ཡོན་དེ་ལྟ་བུ་དང་ལྡན་པའི་སྟོང་པ་ཉིད་ལ་སྦྱར་བར་གདམས་པ་ནི། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚུལ་བཞིན་ནི་གནས་ལུགས་ཏེ་སྟོང་པ་ཉིད་དོ། །ཕྱིན་ཅི་ལོག་ནི་དངོས་པོར་ལྟ་བའོ། །བསལ་བ་དང་གཞག་པ་མེད་པའི་སེམས་ཀྱིས་སྟོང་པ་ཉིད་བསྒོམ་པར་བྱ་བ་ནི། ཅི་ལྟར་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ལེན་པ་ནི་འབྲས་བུའོ། །དོར་བ་ནི་ཉེས་པའོ། །དེའི་འདུས་ཤེས་དང་ཡང་མི་འགྲོགས་པས་ལྷན་ཅིག་མི་གནས་པའོ། །ཤིན་ཏུ་དག་པ་ནི་ལས་སུ་རུང་བའོ། །ཞི་བ་ནི་ཐར་པའོ། །རང་བཞིན་ནི་ངོ་བོ་ཉིད་དོ། །རང་བཞིན་མེད་པ་ནི་མ་གྲུབ་པའོ། །རྒྱུ་རྐྱེན་དང་བྲལ་བས་བདག་པོ་སྟེ་བྱེད་པ་པོ་མེད་པའོ། །དེ་ལྟ་བུའི་སྟོང་པ་ཉིད་ལ་བསྒོམ་པར་བྱ་བས་ན་བཟོད་པར་བྱའོ། །མི་བྱ་བ་ནི་དངོས་པོར་ཞེན་པའོ། །འོ་ན་འབད་པ་མེད་ན་ཅི་ལྟར་གྲོལ་ཞེས་དེ་ཅིའི་ཕྱིར་ཞེ་ན་ཞེས་རྒོལ་བ་ལ། འབད་པ་ནི་ཀུན་རྫོབ་ཏུ་ཡིན་ལ་དོན་དམ་པའི་བདེན་པ་ནི་དེ་དང་བྲལ་བས་ན་བྱ་བ་མེད་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། དེ་ལ་བྱ་བ་ནི་རྒྱུར་འབད་པའོ། །འགྱུར་བ་ནི་འབྲས་བུའི་མིང་ངོ༌། །དེ་དག་དང་བྲལ་བས་ན་སྟོང་པ་ཉིད་ནི་གདུང་བ་མེད་པས་མྱ་ངན་


DTG110_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པ་ཞེས་བྱའོ། །ཆོས་བཤད་པ་ལ་ཡི་རང་ནས་འཆད་པ་པོ་ལ་བསྙེན་བཀུར་བྱས་པ་ནི་ཆོས་དང་ཆོས་སྨྲ་བ་གུས་པར་བྱ་བའི་ཕྱིར་ཡིན་ནོ། །དེ་ལྟ་བུའི་སྟོང་པ་ཉི་སྣང་བ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་དེ་བསྟན་པའི་ཕྱིར་རོ། །དེས་རས་ཀཱཪྵཱ་པ་ཎ་བརྒྱ་སྟོང་རི་བ་དེ་མ་བླངས་པ་ཡིན་ནོ། །ལ་ལ་ན་རེ་ཆོས་སྨྲ་བ་ནི་ཟང་ཟིང་གི་ཕྱིར་མ་ཡིན་གྱི། སྙིང་རྗེ་འབའ་ཞིག་གིས་བསྟན་པར་བྱ་བ་ཡིན་པས་དེ་མ་བླངས་པ་ཡིན་ནོ་ཞེས་ཟེར་རོ། །ལ་ལ་ན་རེ་རང་ཉིད་འདོད་པ་ཆུང་བར་བསྟན་པས་སོ་ཞེས་ཀྱང་ཟེར་རོ། །ལ་ལ་ན་རེ་སྟོང་པ་ཉིད་དངོས་པོར་ལྟ་བ་མི་ལེན་པའི་ཕྱིར། རང་གི་སྟོང་པ་ཉིད་རྟོགས་པར་བསྟན་པའི་ཕྱིར་ཞེས་ཀྱང་ཟེར་རོ། །ཐམས་ཅད་དུ་ནང་གི་སེམས་ཀྱིས་ཚོགས་ཡོངས་སུ་རྫོགས་པ་ཡིན་པར་བསྟན་པ་ནི་དེའི་ལུས་འཁོར་བ་ཡིན་ནོ། །རྣམ་གྲངས་གཞན་ཡང་འཕགས་པ་འཇམ་དཔལ་གྱིས་བྱིན་གྱིས་བརླབས་ནས་འདོར་དུ་བཅུག་པ་ཡིན་ནོ། །སྟོང་པ་ཉིད་ནི་རྣམ་པ་ཐམས་ཅད་དང་བྲལ་བ་ཡིན་པས་རང་གི་ལུས་མི་སྣང་བར་བྱས་པ་ཡིན་ནོ། །སྟོང་པ་ཉིད་ནི་སྒྲའི་རྗེས་སུ་ཞུགས་ནས་དེ་བསྟན་པའི་དོན་གོམས་པར་བྱས་པས་རྟོགས་པ་ཡིན་པར་བསྟན་པ་ནི་སྒྲ་གྲགས་པས་བསྟན་པ་ཡིན་ནོ། །ཤིང་གཉིས་དྲུད་པ་ལས་མེ་བྱུང་ནས་ཤིང་ཉིད་ཀྱང་ཚིག་པ་ལྟར་སྟོང་པ་ཉིད་ཤེས་རབ་ཀྱིས་རྟོགས་ནས་ཤེས་རབ་ཉིད་ཀྱང་སྔར་བཤད་པ་ལྟར་རང་བཞིན་མེད་པ་ཡིན་པར་རྟོགས་པ་ནི་གང་གིས་མཐོང་བ་དེ་ལས་ཡང་ཞེས་གསུངས་པ་ཡིན་ནོ། །སྲིད་པ་ཐམས་ཅད་ཡེ་ནས་སྟོང་པ་སྟེ། །ཉི་ཚེ་སྟོང་ཉིད་མུ་སྟེགས་ཅན་རྣམས་ཡིན། །ཞེས་འབྱུང་བས་ཐམས་ཅད་སྟོང་པར་བསྟན་པ་ནི་སུའི་ལུས་མཐོང་བ་དེ་ལ་ཞེས་གསུངས་པ་ཡིན་ནོ། །རྒྱལ་པོ་མ་སྐྱེས་དགྲ་ནི་རྩེ་མོ་ཐོབ་པ་ཡིན་པས་བཟོད་པ་ལ་བཀོད་པ་ནི་རང་གི་ལུས་ལ་འདུ་ཤེས་འབྱུང་བ་མ་གཏོགས་པར་གཟུགས་ཀྱི་འདུ་ཤེས་དང་བྲལ་བ་སྟེ་གཟུང་བ་མེད་པར་རྟོགས་པ་མཚན་པ་ཡིན་ནོ། །འཇིག་རྟེན་ཆོས་ཀྱི་མཆོག་ལ་བཀོད་པ་ནི་རང་གི་ལུས་ཀྱང་མི་མཐོང་བར་བྱ་སྟེ། གཟུགས་ཀྱི་འདུ་ཤེས་ཐམས་ཅད་དང་བྲལ་བ་ནི་གཟུང་བ་དང་བྲལ་བའི་ཡེ་ཤེས་རྟོགས་པར་བསྟན་པ་ཡིན་ནོ། །མཐོང་བའི་ལམ་ལ་བཀོད་པ་ནི། །ཞེས་གསུངས་པ་ཡིན་


DTG110_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། རགས་པ་ནི་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་སོ། །ཕྲ་བ་ནི་གཟུགས་མེད་པ་སྟེ། དམན་པར་དགག་པ་ཡིན་པའི་ཕྱིར་མེད་པ་མ་ཡིན་པས་ཕྲ་བའོ། །མ་མཐོང་བ་ནི་བཟོད་པ་བརྒྱད་ཀྱིས་བར་ཆད་མེད་པའི་ལམ་དུའོ། །རྣམ་པར་མི་མཐོང་བ་ནི་ཤེས་པ་བརྒྱད་ཀྱིས་རྣམ་པར་གྲོལ་བའི་ལམ་དུའོ། །དངོས་པོར་མི་མཐོང་བ་ནི་དེ་མེད་པས་མི་མཐོང་བས་མི་རྟོག་པའི་ཡེ་ཤེས་ཀྱིས་ཕྱིན་ཅི་མ་ལོག་པར་ཆོས་ཀྱི་དབྱིངས་སུ་མཐོང་བས་ཆོས་ཐམས་ཅད་མི་མཐོང་བ་ནི་ཞེས་བྱ་བ་ལ་སོགས་པའོ། །རློམ་སེམས་ནི་དངོས་པོར་ལྟ་བ་སྟེ། འཇིག་རྟེན་པའི་ལམ་གྱི་ཆོས་ཐམས་ཅད་བདག་མེད་པར་ཡིད་ཆེས་པས་བྲལ་བའོ། །རྣམ་པར་རྟོག་པ་ནི་འཇིག་རྟེན་པའི་ལམ་གྱི་ངོ་བོ་སྟེ། མཐོང་བའི་ལམ་ཐོབ་པ་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་དབེན་པའོ། །ཏིང་ངེ་འཛིན་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་ཀུན་རྫོབ་ཏུ་ལས་དང་འབྲས་བུ་མི་སླུ་བར་བསྟན་པ་ནི་འཁོར་ཐམས་ཅད་མཐོང་ངོ་ཞེས་གསུངས་པ་ཡིན་ནོ། །རྣམ་གྲངས་གཞན་ཡང་མཉམ་པར་གཞག་པའི་རྗེས་ལ་ཐོབ་པ་ལ་སྣང་བ་མི་འགག་པར་བསྟན་པ་ཡིན་ནོ་ཞེས་ཀྱང་བཤད་པར་བྱའོ། །ད་ནི་དེ་ལྟར་ཆོས་ཉིད་ཟབ་མོའི་དོན་གང་ཟག་དང་ཆོས་ལ་བདག་མེད་པའི་མཚན་ཉིད་རྒྱས་པར་བཤད་པ་དེ་ཉིད་མདོ་གཞན་གྱི་སྒོ་ནས་བསྡུ་བའི་ཕྱིར་བཤད་པ་ནི། སྒྱུ་མ་མཁན་བཟང་པོའི་མདོ་ལས་ཀྱང་ཞེས་གསུངས་ཏེ། ཕྱི་དང་ནང་གི་མུ་སྟེགས་བྱེད་པ་འགའ་ཞིག་རྒྱུ་མེད་པ་ལས་སྐྱེ་བར་འདོད་པར་དགག་པ་ནི། ཆོས་རྣམས་བསྟེན་ནས་འབྱུང་སྟེ་རྒྱུ་མེད་པ་མ་ཡིན་པ་དང་ཞེས་གསུངས་ཏེ། རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཟག་རྒྱུར་ཡོད་པ་དགག་པའི་ཕྱིར་གང་ཟག་མེད་པའི་ཕྱིར་ཞེས་གསུངས་ཏེ། སྔར་བཤད་པའི་ཚུལ་གྱིས་ནི་མ་ཡིན་ནོ། །ནང་གི་མུ་སྟེགས་པ་དངོས་པོར་སྨྲ་བའི་འདོད་པ་དགག་པ་ནི་ཆོས་གང་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་མ་སྐྱེས་པ་ཞེས་བྱ་བ་སྟེ། རང་དང་གཞན་དང་གཉི་ག་རྒྱུ་མེད་པ་ལས་སྐྱེ་བར་མི་འཐད་པས་མ་སྐྱེས་པའོ། །གཅིག་དང་དུ་མ་དང་བྲལ་བ་སྟེ་དངོས་པོ་མེད་པའོ། །དངོས་པོ་མེད་པ་ནི་ནམ་མཁའ་དང་འདྲ་བས་རྣམ་པར་མི་འཇིག་པ་སྟེ་རྟག་པའི་ཕྱིར་རོ་ཞེས་བྱ་བའོ། །དེ་ལྟར་ཆོས་ཟབ་མོའི་


DTG110_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་སྤྱིར་བཤད་ནས། ད་ནི་ཁྱད་པར་བསྟན་པའི་ཕྱིར། རྣམ་གྲངས་གཞན་གྱིས་ཀྱང་ཞེས་གསུངས་ཏེ། རྣམ་གྲངས་ནི་བྱེ་བྲག་གོ །ཆོས་ཉིད་ནི་སྟོང་པ་ཉིད་དོ། །སོ་སོའི་སྐྱེ་བོས་མ་ཡིན་པས་ཟབ་མོ་ཞེས་བསྟན་ཏོ། །དབུགས་འབྱིན་པ་ནི་ཕན་ཡོན་གྱི་མིང་གི་རྣམ་གྲངས་སོ། །ཡོངས་སུ་སྦྱོང་བ་ནི་ཐོབ་པ་མི་ཉམས་པར་བྱེད་པའོ། །ལ་ལ་ནི་ཐོབ་པར་བྱེད་པའི་ཕྱིར་ཡོངས་སུ་སྦྱོང་བའོ་ཞེས་ཀྱང་ཟེར་རོ། །ཡོངས་སུ་སྦྱོང་བའི་ཁྱད་པར་མང་དུ་བཤད་པ་གང་ཞེ་ན་ཞེས་རྒོལ་བ་ལ། གཙོ་བོ་བསྡུས་པས་ཉེས་པ་མེད། །ཅེས་བྱ་བ་ནི། འདི་ལྟ་སྟེ་ཞེས་བྱ་བའོ། །དེ་ཉིད་བསྟན་པ་ནི་མི་དམིགས་པའི་ཞེས་བྱ་བ་སྟེ། སྟོང་པ་ཉིད་ཀུན་དུ་འགྲོ་བ་རྟོགས་པས་མཉམ་པར་གཞག་པ་ལ་སྣང་བ་ནུབ་པའོ། །རྣམ་པར་ཐར་པའི་ཡོན་ཏན་གྱི་ཆེ་བའོ། །ཀུན་རྫོབ་ལ་རྗེས་སུ་དཔག་པར་བྱ་བས་ན་ཡེ་ཤེས་གནས་པའོ། །རང་གི་རྟོགས་པ་ལ་གཞན་འགོད་པས་ན་གཞན་དག་ཀྱང་ཞེས་བྱ་བའོ། །བསྟན་པ་དེ་ཉིད་བཤད་པ་ནི་གང་གཉིས་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། གཟུང་བ་དང་འཛིན་པ་དང་བྲལ་བ་ནི། གཉིས་པ་དང་རྣམ་པར་དག་པ་སྟེ་སྤངས་པའོ། །མཐོང་བའི་ལམ་མཐོང་བ་ཉིད་ཀྱིས་རང་རིག་པའི་ཡེ་ཤེས་གཉིས་སུ་མེད་པར་འཛིན་པའང་སྤངས་པས་ན་གཉིས་མ་ཡིན་པ་རྣམ་པར་དག་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པས། རང་བཞིན་མེད་ཅེས་བྱ་བའི་ཚུལ་གྱིས་ཆོས་རྣམས་བསྟེན་ཏེ་མི་འབྱུང་བར་མོས་པ་ཞེས་བྱ་སྟེ། ཆོས་ཉིད་བསྟེན་པར་བྱས་ནས་སྔར་བཤད་པ་ལྟར་སྐྱེ་བ་མི་འཐད་པའི་ཕྱིར་རོ། །གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེས་པའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་སྟེ། །གང་ཞིག་སྟོང་ཉིད་ཤེས་པ་དེ་བག་ཡོད། །ཅེས་བྱ་བའི་ཚུལ་གྱིས་བསྟེན་ཏེ་མི་འབྱུང་བའོ། །གནས་ནི་གཞི་སྟེ། དངོས་པོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་ནི་རྡུལ་ཕྲ་རབ་འདུས་པར་འདོད་པས་ན་ཅི་སྐད་བཤད་པའི་རིགས་པས་དེ་མེད་པར་བསྟན་པ་ནི། ཕྱོགས་ཐ་དད་པའི་རང་བཞིན་ཡིན་ལ་དེའང་བཙལ་ན་དེ་མི་རྙེད་པས་མེད་པའོ། །ཅི་སྐད་བཤད་པའི་དོན་གོམས་པའི་འབྲས་བུ་ཉིད་ནི་སངས་རྒྱས་ནམ་མཁའ་དང་འདྲ་བར་མོས་ཞེས་


DTG110_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་སྟེ། ལུས་མེད་པས་ཐ་དད་པ་མེད་པའི་ཕྱིར་ཏེ། མཁའ་ལྟར་ལུས་མེད་པ་ཡི་ཕྱིར། །སངས་རྒྱས་དུ་མ་ཉིད་མི་འདོད། །ཅེས་བྱ་བས་ཐ་དད་པ་ལ་མི་གནས་པའོ། །དབྱིབས་རྣམ་པར་དག་པ་ཅི་ལྟ་བར། ཡེ་ཤེས་རྣམ་པར་དག་པའི་དབང་དུ་བྱས་ནས། སེམས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ནི་ཀུན་གཞི་རྣམ་པར་ཤེས་པའོ། །ཡིད་ནི་ཉོན་མོངས་པ་ཅན་ནོ། །རྣམ་པར་ཤེས་པ་ནི་འཇུག་པའི་ཚོགས་དྲུག་གོ །ཡེ་ཤེས་ལྷུན་གྱིས་གྲུབ་པ་ནི་ཀུན་གཞི་ལ་སོགས་པ་གནས་ཡོངས་སུ་གྱུར་པའི་ངོ་བོ་ཉིད་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་སོ།། མདོ་ཀུན་ལས་བཏུས་པའི་བཤད་པ་ལུང་གི་ཚད་མས་རབ་ཏུ་སྦྱར་བ་ལས་ཆོས་ཟབ་མོ་ལ་བཟོད་པ་ལྔ་པ་སྟེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བཤད་ཟིན་ཏོ།། །།དེ་ལྟར་ཐོས་པ་ལ་སོགས་པ་ཡོངས་སུ་ཤེས་པར་བྱས་པ་རྣམས་ཐོབ་པར་བྱ་བའི་ཕྱིར། བསྒོམས་པ་ལས་བྱུང་བའི་ཤེས་རབ་བསྐྱེད་པར་བྱ་སྟེ། གང་གི་དོན་དུ་དྲིས་པ་རྣམས། །སངས་རྒྱས་སྲས་པོ་ང་ལ་ཉོན། །ཡང་དག་སངས་རྒྱས་བསྟན་པ་འདི། །ཐོས་པ་ཙམ་གྱིས་མི་འགྲུབ་སྟེ། །ལ་ལ་སྟོབས་མེད་ཆུ་ཀླུང་གིས། །མི་འདོད་བཞིན་དུ་ཁྱེར་བ་དག །སྐོམ་བཞིན་འཆི་བར་གྱུར་བ་དག །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་པས་ན་ངེས་པར་བསྒོམ་པར་བྱ་དགོས་པར་མངོན་ནོ། །དེའི་ཕྱིར་དང་པོ་ཐོབ་པར་བྱ་བའི་ཡུལ་བསྟན་པ་ནི། སྔར་བཤད་པའི་དབྱིངས་རྣམ་པར་དག་པ་དང་ཡེ་ཤེས་རྣམ་པར་དག་པའི་ངོ་བོ་སྟེ། འཕགས་པ་བྱམས་པའི་ཞལ་སྔ་ནས། ཐུབ་པའི་ངོ་བོ་ཉིད་ཀྱི་སྐུ། །ཟག་མེད་ཆོས་ནི་རྣམ་ཀུན་དུ། །རྣམ་པར་དག་འགྱུར་གང་ཡིན་པ། །དེ་ཡི་རང་བཞིན་མཚན་ཉིད་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ལ་དབྱིངས་རྣམ་པར་དག་པ་ནི་ཆོས་ཉིད་ཀྱི་སྐུ། ཡེ་ཤེས་རྣམ་པར་དག་པ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཏེ། ཐོབ་པར་བྱ་བ་ནི་ཡེ་ཤེས་ལྔ་ཁོ་ནར་ཟད་པས། དེའི་ཕྱིར་དབྱིངས་རྣམ་པར་དག་པའི་དབང་དུ་བྱས་ནས་བསམ་དུ་མེད་པ་ཞེས་གསུངས་ཏེ། བསམ་པ་ལས་འདས་པས་ན་བསམ་དུ་མེད་པ་སྟེ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་ཕྱིར་རོ། །ཆོས་ནི་ཀུན་ནས་ཉོན་མོངས་པ་ལ་སོགས་པའོ། །རོ་གཅིག་པས་


DTG110_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཚུལ་བཞིན་ཏེ་གནས་ལུགས་ཞེས་བྱའོ། །སེམས་དང་ལྡན་པ་ནི་དངོས་པོར་སྨྲ་བ་རྣམས་རྫས་ལ་སོགས་པར་འདོད་པའོ། །ཡེ་ཤེས་རྣམ་པར་དག་པའི་དབང་དུ་བྱས་ནས། དབེན་པའི་མཚན་ཉིད་ཅེས་གསུངས་ཏེ། དབེན་པ་ནི་རྣམ་པར་རྟོག་པ་རྣམས་ཀྱིས་སྟོང་པ་སྟེ་གནས་ཡོངས་སུ་གྱུར་པའི་ཕྱིར་རོ། །མི་བརྩོན་པ་ནི་ཡེ་ཤེས་ཚོལ་བར་མི་འབད་པའོ། །ལྷག་པར་བྱེད་པ་ནི་ལོག་པར་འབད་པ་སྟེ་མཚན་མར་བསྟན་པའོ། །ཉམས་སུ་ལེན་པའི་མཚན་ཉིད་བསྟན་པ་ནི། སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། ཆོས་སྔར་བཤད་པའི་དབྱིངས་དང་ཡེ་ཤེས་རྣམ་པར་དག་པ་ཐོབ་པར་བྱེད་པ་ནི། ལྷག་པར་བྱེད་པ་ལ་བརྩོན་པས་མ་ཡིན་ནོ། །གང་གིས་ཤེ་ན། སྨྲས་པ་ཞེས་གསུངས་ཏེ། རིགས་དང་ཆོས་དང་ཆོས་ཀྱི་སྐུ་ནི་གཅིག་པའི་ཕྱིར། སེམས་ཅན་གྱི་དུས་ན་རིགས་ཞེས་བྱ་བ་དང༌། བསྒྲུབ་པ་ན་ཆོས་ཞེས་བྱ་བ་དང༌། གྲུབ་པ་ན་ཆོས་སྐུ་ཞེས་བརྗོད་པའི་ཕྱིར་རོ། །དེའི་ཕྱིར་རང་གིས་རང་གི་ཡེ་ཤེས་རྟོགས་ན་ཞེས་གསུངས་པ་ཡིན་པས། ཆོས་རྣམས་ཞེས་བྱ་བ་ཆོས་ཀྱི་སྐུ་ཡོན་ཏན་དང་བཅས་པ་རྣམས་འགྲུབ་པའི་རྒྱུ་ཡིན་ནོ། །དེའི་ཕྱིར་གང་ལ་གནས་ནས་ཤེས་རབ་སྟོང་པ་ཉིད་ལ་བསྒོམ་པ་ཞེས་སླར་དྲིས་ན། གནས་པ་མེད་པར་བསྒོམ་པ་ཡིན། །ཞེས་བསྟན་པ་ཡིན་ལ་ཅི་ལ་གནས་པ་མེད་ཅེ་ན། འཁོར་བ་དང་མྱ་ངན་ལས་འདས་པ་རོ་གཅིག་པར་རྟོགས་པས། སྲིད་པ་དང་ཞི་བ་ལ་མི་གནས་པར་བསྒོམ་མོ་ཞེས་བཤད་པ་ཡིན་ནོ། །དེའི་ཕྱིར་ལུང་ལས་ཀྱང༌། བཅོམ་ལྡན་འདས་ཤེས་རབ་ནི་ཚུ་རོལ་ན་ཡང་མི་གནས། ཕ་རོལ་ན་ཡང་མི་གནས། དབུས་ན་ཡང་མི་གནས་ཏེ། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་ཞེས་གསུངས་པ་ཡིན་ནོ། །དེ་ལ་མི་གནས་པ་ནི་རྟོག་པ་སྤངས་པས་མི་རྟོག་པ་ཉིད་དོ། །འོ་ན་ཐོབ་པ་དང་སྤངས་པ་མེད་དོ་ཞེ་ན། ཆོས་ཉིད་ལ་ནི་འདོད་པ་ཁོ་ན་སྟེ། ཐོབ་པ་སྤངས་པ་ནི་རྟོག་པ་ཡིན་པའི་ཕྱིར་ལ། རྟོག་པ་ནི་ཉོན་མོངས་པ་ཡིན་པའི་ཕྱིར་སྤང་བར་བྱ་བ་ཁོ་ནའོ། །ཀུན་རྫོབ་ཏུ་ནི་མི་འགོག་པ་སྟེ་ཞིང་ཡོངས་སུ་དག་པ་ལ་སོགས་པའི་སྦྱོར་བ་གསུངས་པའི་ཕྱིར་རོ། །དེ་ལྟ་བུ་ཆོས་ཉིད་ཟབ་མོ་དེ་གང་གི་ཡུལ་ཡིན་ཞེ་ན། འཕགས་པའི་ཡེ་ཤེས་ཀྱི་ཡུལ་ཡིན་


DTG110_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཚུ་རོལ་པའི་ཤེས་པའི་ཡུལ་མ་ཡིན་པར་བསྟན་པ་ནི། ཁྱོད་འདི་ལྟར་ཤེས་པར་རུང་བར་འགྱུར་བ་དེ་ལྟ་བུར་སྟོན་ཏམ་ཞེས་དྲིས་པ་སྟེ། མངོན་སུམ་ལ་སོགས་པའི་མཚན་མའི་ཡུལ་ཡིན་ན་ཅི་ལྟར་ཟབ་པ་ཡིན་ཞེས་རྒོལ་བའོ། །ལན་ནི་དོན་དམ་པའི་མངོན་སུམ་དང་རྗེས་སུ་དཔག་པའི་ཡུལ་མ་ཡིན་ཏེ། ཤིན་ཏུ་ཟབ་པས་ལུང་མི་སླུ་བ་དང་ལྡན་པ་ཁོ་ནས་རྟོགས་པར་བྱ་བ་ནི། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཀྱང་ཀུན་ཤེས་པའམ་རྣམ་པར་ཤེས་པར་མི་ནུས་སོ་ཞེས་བྱ་བ་སྟེ། ཀུན་ཤེས་པར་མི་ནུས་པ་ནི་རྟོག་པ་དང་བྲལ་བའི་ཤེས་པ་སྟེ་མངོན་སུམ་གྱིས་ཀུན་དུ་ཤེས་པར་མི་ནུས་པའོ། །རྣམ་པར་ཤེས་པར་མི་ནུས་པ་ནི། རྟོག་པ་དང་བཅས་པའི་ཤེས་པ་དངོས་པོའི་སྟོབས་ཀྱིས་ཞུགས་པའི་མཚན་མས་མི་རྟོགས་པའོ། །ཚད་མས་མི་རྟོགས་པ་ཅིའི་ཕྱིར་ཞེས་རྒོལ་བ་ལ། དེའི་ཡུལ་མ་ཡིན་པས་ཞེས་བསྟན་པ་ནི་ཆགས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་མ་ཡིན་པས་ཆགས་པ་སྟེ་ཐོགས་པ་མེད་ཅེས་བྱ་བའོ། །དངོས་པོ་དང་བྲལ་བ་ལ་སེམས་མི་འཇུག་པས་རྣམ་པར་རྟོག་པ་མེད་པས་ཏེ། རྟོག་པ་ནི་སྤྱོད་པར་བྱེད་པའོ། །སེམས་ཀྱིས་བསམ་དུ་མེད་པ་ཐ་སྙད་མི་འཇུག་པས་བརྗོད་དུ་མེད་པ་ལ་སོགས་པ་སྟེ། བརྗོད་པ་ནི་གཅིག་དང་དུ་མ་ལ་སོགས་པས་བརྗོད་པའོ། །བསྙད་པ་ནི་འདི་དང་གཞན་པ་ལ་སོགས་པའི་ཐ་སྙད་དོ། །སྦྱོར་བ་ནི་མིང་གིས་སྒྲོ་འདོགས་པ་ལ་སོགས་པའོ། །ཚིག་ནི་རྗོད་པར་བྱེད་པའི་ངག་གོ །བསམ་པ་ལས་འདས་པས་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བའོ། །རྣམ་གྲངས་གཞན་ཡང་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་དེ་ནི་འདས་པ་ལ་སོགས་པའི་དུས་གསུམ་དུ་མ་ཆགས་ཤིང་ཐོགས་པ་མེད་པ་ཉིད་དང༌། དེའང་ཉེས་པ་ཐམས་ཅད་སྤངས་པ་རྣམ་པར་རྟོག་པ་མེད་ཅིང༌། མི་རྟོག་པ་མི་རྟོག་པ་སྟེ། སྔར་བཤད་པའི་ཉི་མ་ལྟར་གཞན་གྱི་དོན་བྱེད་པའོ། །དེ་ལྟ་བུའི་སངས་རྒྱས་དེ་ནི་རྟེན་གྱི་དབང་དུ་བྱས་ནས་ནམ་མཁའ་ལྟར་ལུས་མེད་ལ། སྔོན་གྱི་རྗེས་སུ་འབྲངས་ནས་དེ་མ་ཡིན་པས། གཅིག་དང་དུ་མར་བརྗོད་པར་མི་བྱ་བས་བརྗོད་དུ་མེད་པའོ། །བྱེད་པའི་དབང་དུ་བྱས་ནས་གནས་དང་དབྱིབས་དང་ཁ་དོག་དང་འཁོར་དང་ཆོས་མ་ངེས་པས་བསྙད་དུ་མེད་པའོ། །དངོས་པོ་མ་ཡིན་པས་སྦྱོར་བ་མེད་པ་སྟེ།


DTG110_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ནི་དངོས་པོའི་མཚན་ཉིད་ཡིན་པའོ། །བརྗོད་པ་ལས་འདས་པས་བརྗོད་དུ་མེད་པ་ནི་ཚིག་མེད་པའོ། །རྣམ་པར་ཤེས་པ་ལས་འདས་པས་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་སེམས་ལ་སོགས་པ་དང་བྲལ་བའོ། །རྣམ་གྲངས་གཞན་ཡང་ཡེ་ཤེས་ནི་ཅི་ལྟ་བ་ལ་སོགས་པ་མཁྱེན་པའོ། །དེ་ཉིད་ནི་ཉོན་མོངས་པ་སྤངས་པས་ཆགས་པ་མེད་པ་རྣམ་པར་རྟོག་པ་མེད་པ་སྟེ། དེ་ལ་ཆགས་པ་ནི་འདོད་ཆགས་སོ། །རྣམ་པར་རྟོག་པ་ནི་གཏི་མུག་སྟེ་སྒྱུ་འཕྲུལ་དྲ་བ་ལས་ཀྱང༌། རྣམ་པར་རྟོག་པ་མ་རིག་པ། །ཆེན་པོས་འཁོར་བའི་མཚོ་ཆེན་དུ། །ཁྱེར་བས་མི་རྟོག་རྣམ་བསྒོམས་ན། །རྟོག་མེད་འགྱུར་ཏེ་ནམ་མཁའ་བཞིན། །ཞེས་གསུངས་པ་ལྟ་བུའོ། །ཉོན་མོངས་པ་སྤངས་པ་ནི་འདུས་མ་བྱས་པ་ཡིན་པས་རྒྱུ་རྐྱེན་དང་བྲལ་ཡང༌། ཉན་ཐོས་པ་དག་འདོད་པ་ལྟ་བུར་མི་ཤི་བ་ལྟར་གྱུར་པ་བཞིན་མ་ཡིན་པས། བྱ་བ་འཇུག་པར་ཡང་སྣང་བས་བརྗོད་དུ་མེད་པའོ། །བྱེད་པ་ནི་འགལ་བ་ཕྲུགས་སུ་སྟོན་པས། མེའི་དབུས་སུ་པདྨ་དང༌། །རྒྱ་མཚོར་མེ་ཆེན་འབར་བ་སྟོན། །ལུས་གཅིག་དག་གིས་ཀུན་དུ་ཁྱབ། །རི་རབ་རྡུལ་ཕྲན་ནང་དུ་འཛུད། །ཅེས་བྱ་བ་ལྟ་བུར་སྟོན་པས་ན། ངེས་པའི་ཚིག་གིས་གཞན་ལ་བསྙད་དུ་མེད་པའོ། །དེ་ལྟ་བུ་དེ་ལུས་ཀྱི་འདུ་བྱེད་པས་རྟོགས་པ་མ་ཡིན་པས་སྦྱོར་བ་མེད་པའོ། །ཚིག་གི་བརྗོད་དུ་མེད་པས་ཚིག་མེད་པའོ། །སེམས་མི་འཇུག་པས་སེམས་ལ་སོགས་པ་དང་བྲལ་བའོ། །རྣམ་གྲངས་གཞན་ཡང་ཆགས་པ་མེད་པ་ནི། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནས་ཚིག་མེད་པ་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བའི་ཕྱིར་ཞེས་ཀྱང་བཤད་པར་བྱའོ། །རྣམ་གྲངས་གཞན་ཡང་དབྱིངས་རྣམ་པར་དག་པ་ནི། ཆགས་པ་མེད་པས་ན་ཚིག་མེད་པའི་བར་ཏེ། ཆགས་པ་ནི་དངོས་པོར་ཞེན་པའོ། །རྣམ་པར་རྟོག་པ་ནི་སྤྱི་དང་ཁྱད་པར་དུ་སེམས་པའོ། །སེམས་པའི་མངོན་རྟགས་ནི་བརྗོད་པ་ལ་སོགས་པ་སྟེ། སྤྱིར་བརྗོད་དུ་མེད་པ་ནི་བརྗོད་དུ་མེད་པའོ། །བྱེ་བྲག་ཏུ་བརྗོད་དུ་མེད་པས་ན་བསྙད་དུ་མེད་པའོ། །སྦྱོར་བ་ནི་བྱེད་པ་སྟེ་སྒྲོ་འདོགས་པའོ། །དེ་དག་དང་བྲལ་བས་མེད་པའོ། །མྱ་ངན་ལས་འདས་པས་ཚིག་ཏུ་བརྗོད་དུ་མེད་པ་ནི་ཚིག་མེད་པའོ། །ཡེ་ཤེས་རྣམ་པར་དག་


DTG110_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སེམས་ལ་སོགས་པ་དང་བྲལ་བ་སྟེ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ནི་ཀུན་གཞི་ལ་སོགས་པ་དང་བྲལ་བ་སྟེ་གནས་ཡོངས་སུ་གྱུར་པའོ། །རྣམ་གྲངས་གཞན་ཡང་ངོ་བོ་ཉིད་ཀྱི་དབང་དུ་བྱས་ནས་ཆགས་པ་མེད་པའོ། །རྣམ་པར་རྟོག་པ་མེད་པའོ། །མཚན་ཉིད་ཀྱི་དབང་དུ་བྱས་ནས་བརྗོད་དུ་མེད་པའོ། །བྱེད་པའི་དབང་དུ་བྱས་ནས་སྦྱོར་བ་མེད་པའི་ཚིག་མེད་པའོ། །རྣམ་གྲངས་ཀྱི་དབང་དུ་བྱས་ནས་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བའོ། །དེ་ལ་ངོ་བོ་ཉིད་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བ་སྟེ། ཉོན་མོངས་པ་དང་བྲལ་བས་ཆགས་པ་མེད་པའོ། །ཤེས་བྱའི་སྒྲིབ་པ་དང་བྲལ་བས་རྟོགས་པ་མེད་པའོ། །མཚན་ཉིད་མེད་པ་མཚན་ཉིད་ཡིན་པས་བརྗོད་པ་དང་བསྙད་པ་མེད་པའོ། །མི་རྟོག་པ་དང་དུས་ཐམས་ཅད་པ་ཉིད་ཀྱིས་ན་སྦྱོར་བ་མེད་པ་སྟེ། དགོངས་པ་ཉེ་བར་གཞག་པ་གསུམ་དང་ལྡན་པས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བསལ་བའོ། །ངས་ཡི་གེ་གཅིག་ཀྱང་མ་བརྗོད་ཅེས་གསུངས་ཀྱང་གདུལ་བྱ་ལ་ཆོས་སྣང་བས་ཚིག་མེད་པའོ། །མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་གྲུབ་པའི་ཡེ་ཤེས་རྣམས་ནི། སེམས་ཏེ་ཀུན་གཞི་ལ་སོགས་པ་གནས་སུ་དག་པའི་རྣམ་གྲངས་ཡིན་ནོ། །འོ་ན་རྣལ་འབྱོར་གྱི་མངོན་སུམ་ཉིད་ཐབས་གང་གིས་སྒྲུབ་ཅེ་ན། གལ་ཏེ་ཞེས་རྒོལ་བ་ལ། ཡོངས་སུ་འཛིན་པའི་ཐབས་ཀྱིས་སྟོན་ཞེས་པས་སོ་ཞེས་བྱ་བ་ནི་ཡི་གེ་རྣམས་ཀྱིས་ཞེས་བྱ་བའོ། །དེ་ལྟར་སྒྲོ་བཏགས་ནས་སྟོན་པ་མ་ཡིན་ནོ། །ཐབས་གཞན་མེད་པས་ཐབས་ཏེ་ཞེས་བྱ་བ་སྟེ་སྒྲོ་བཏགས་ནས་ཞེས་བྱའོ། །དེ་ལྟ་བུའི་ཟབ་མོའི་ཡེ་ཤེས་དེ་ཐབས་ཀྱིས་བསྒྲུབ་པར་བྱ་བའི་རྣམ་པ་གང་གིས་སྒྲུབ་ཅེ་ན། རྣམ་པ་ཇི་ལྟར་ཡིད་ལ་བྱ་བ་བསྟན་པ་ནི། ལྷའི་བུ་ཞེས་གསུངས་ཏེ། བསྒོམ་པའི་ཞེས་པས་སོ་ཞེས་བྱ་བར་དགོངས་སོ། །རྒྱུ་ཚོགས་པ་ལ་འབྲས་བུ་སྐྱེ་བས་ཏིང་ངེ་འཛིན་འགྲུབ་པའི་རྒྱུ་ཏིང་ངེ་འཛིན་གྱི་ཚོགས་ལ་གནས་པ་བསྟན་པ་ནི་གཙུབ་ཤིང་གི་དཔེས་བསྟན་ཏེ། དཔེར་ན་ཤིང་སྐམ་པ་དང༌། གུས་པ་དང༌། ཡུན་རིང་བ་དང༌། བར་མ་ཆད་པར་གཙུབས་པ་ལས་མེ་འབྱུང་གི །ཡན་ལག་གང་ཡང་རུང་བ་ཞིག་མ་ཚང་བ་ལ་མ་ཡིན་པ་ལྟར་ཏིང་ངེ་འཛིན་འགྲུབ་


DTG110_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

པའང་དེ་དང་འདྲའོ་ཞེས་བསྟན་པའི་ཕྱིར་སྡོམ་པ་དང་ཡོ་བྱད་བསྙུངས་པའི་གཏམ་ཞེས་གསུངས་ཏེ། ལུས་དང་ལོངས་སྤྱོད་ལ་ཆགས་པ་ནི་ཤིང་རླན་དང་བཅས་པ་ལྟ་བུ་ནི་ཡིན་པས་ལུས་ལ་ཆགས་པ་སྤང་ངོ་ཞེས་བསྟན་པ་ནི་སྡོམ་པའི་གཏམ་ཞེས་གསུངས་ཏེ། ཚུལ་ཁྲིམས་ལ་གནས་ཏིང་ངེ་འཛིན་ཐོབ་སྟེ། །ཏིང་ངེ་འཛིན་ཐོབ་ནས་ཤེས་རབ་སྒོམ་པར་བྱེད་ཅེས་གསུངས་པའི་ཕྱིར་རོ། །ལོངས་སྤྱོད་ལ་ཆགས་པ་སྤང་བར་བསྟན་པ་ནི། ཡོ་བྱད་བསྙུངས་པའི་གཏམ་ཞེས་གསུངས་ཏེ། ཟང་ཟིང་ངན་པ་ལ་ཞེན་པའི། །གཡེང་བས་ཏིང་འཛིན་འགྲུབ་པ་ཡིན། །འགྲུབ་པའང་ཉམས་པར་འགྱུར་བས་ན། །ཡོ་བྱད་བསྙུངས་པར་ངས་བཤད་དོ། །ཞེས་བྱ་བའི་ཚུལ་གྱིས་ལོངས་སྤྱོད་ལ་མ་ཆགས་པ་བསྒོམ་པར་བྱ་སྟེ། མདོར་ན་ལུས་དང་ལོངས་སྤྱོད་ལ་མ་ཆགས་པས་ཞི་གནས་དང་ལྷག་མཐོང་འགྲུབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེ་ལ་ལེ་ལོ་མེད་པས་གུས་པའོ། །འབྲས་བུ་མཐར་མི་སྟོང་པས་ན་ཡུན་རིང་བའོ། །གོ་སྐབས་མི་འབྱིན་པས་བར་མ་ཆད་པའོ། །དེ་ལ་མ་ཆགས་པ་ནི་ཏིང་ངེ་འཛིན་འགྲུབ་པའི་ཚོགས་སོ། །གུས་པ་ལ་སོགས་པ་ནི་གནས་པའི་ཚོགས་སོ། །བར་མ་ཆད་པ་ནི་འཕེལ་བའི་ཚོགས་ཏེ་མདོར་ན་ཏིང་ངེ་འཛིན་གྱི་ཚོགས་ཇི་སྙེད་བཤད་པ་དེ་དག་ཐམས་ཅད་ཀྱང་འདིར་འདུས་པར་ཤེས་པར་བྱའོ། །མདོ་ཀུན་ལས་བཏུས་པའི་བཤད་པ་ལུང་གི་ཚད་མས་རབ་ཏུ་སྦྱར་བ་ལས་ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་སྟེ་ལྔ་པ་རྫོགས་སོ།། །།དེ་ལྟར་ཏིང་ངེ་འཛིན་གྱི་ཚོགས་ལ་གནས་པས་དམིགས་པ་ལ་སེམས་གཏད་པར་བྱ་སྟེ། འཕགས་པ་ཐོགས་མེད་ཀྱི་དམིགས་པ་ལ་སེམས་གཏད་པར་བྱ་བའི་ཐབས་རྒྱ་ཆེར་ནི། རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པར་ཞིབ་ཏུ་གསུངས་པ་ཡིན་པས་འདིར་ཧ་ཅང་སྤྲོས་པར་མི་བྱའོ། །འཕགས་པ་ཀླུ་སྒྲུབ་ཀྱིས་ཇི་ལྟར་གསུངས་པ་དེ་བཞིན་དུ་རིག་པར་བྱའོ། །འདིར་ནི་འཕགས་པ་དེ་དག་གིས་གསུངས་པ་མདོར་བརྗོད་པར་བྱའོ། །རེ་ཞིག་དམིགས་པའི་ཡུལ་ནི་གང་ཟག་དང་ཆོས་ཞེས་བྱ་བའོ། །དེ་ལ་གང་ཟག་ནི་རིལ་པོར་འཛིན་པ་དང་རྟག་པ་དང་བདེ་བ་དང་བདག་དང་གཙང་མར་འཛིན་པའོ། །ཆོས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའོ། །དེ་དག་ལ་ཇི་


DTG110_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རིལ་པོར་འཛིན་པ་ནས། ཆོས་ཀྱི་བདག་གི་བར་དུ་མེད་པར་བསྒོམ་པས་གསལ་བ་དང༌། ངེས་པ་དང༌། མི་རྟོག་པ་དང༌། ལས་སུ་རུང་བ་དང༌། རྩེ་གཅིག་པ་ནི་ཐོབ་པའི་རྣམ་པ་སྟེ་ཞི་གནས་ཀྱི་ལམ་མོ། །རྒྱ་ཆེར་ནི་འཕགས་པ་བྱམས་པ་དང༌། འཕགས་པ་ཐོགས་མེད་ཀྱིས་གསལ་བར་གསུངས་པ་ཁོ་ནའོ། །ཞི་གནས་ཀྱི་ཉེས་པ་ལ་སོགས་པ་ཁོ་ནའང་དེ་བཞིན་དུ་རིག་པར་བྱའོ། །སྤོང་བའི་འདུ་བྱེད་ཀྱང་དེ་ཁོ་ན་ལྟར་ཤེས་པར་བྱའོ། །དེ་ལྟར་སེམས་ཡོངས་སུ་གཟུང་བ་དང་ཡུལ་གང་ལ་ཞེ་ན་དེ་བསྒོམ་པ་ནི། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའི་གཏམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱོད་པ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། ཞི་གནས་དང་ལྷག་མཐོང་གིས་བསྡུས་པའི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནི་ཚུལ་བཞིན་ཡིན་པས་སོ། །དེ་དག་ཀྱང་ལམ་གྱི་གནས་སྐབས་སུ་ཡུལ་ཐམས་ཅད་དུ་ཐམས་ཅད་པ་ཡིན་པས་ཕ་རོལ་ཏུ་ཕྱིན་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཞེས་གཉིས་སུ་སྨོས་པ་ཡིན་ནོ། །མདོ་ཀུན་ལས་བཏུས་པའི་བཤད་པ་ལུང་གི་ཚད་མས་སྦྱར་བ་ལས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཤད་ཟིན་ཏོ།། །།དེ་ལྟར་བྱང་ཆུབ་ཀྱི་སེམས་ལ་སོགས་པ་བསོད་ནམས་ཀྱི་ཚོགས་བསྐྱེད་ནས། དེ་དག་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དགོས་པ་དེ་དག་མེད་པའི་ངོ་བོ་ཉིད་དེས་མདོར་བསྟན་པ་ནི། ལྷའི་བུ་ཞེས་གསུངས་ཏེ་ཤེས་རབ་ནི་དོན་དམ་པ་ཤེས་པའོ་ཞེས་འཕགས་པ་ཐོགས་མེད་ཀྱིས་གསུངས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། ཟབ་པ་ཤེས་པས་ཤེས་རབ་བོ། །ཞེས་གསུངས་པ་དེ་བཤད་པ་ནི་འདུས་བྱས་མ་ཡིན་པས་སྐྱེ་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ། འདུས་བྱས་ཆོས་ནི་སྐྱེ་བ་དང༌། །རྒ་དང་གནས་དང་མི་རྟག་ཉིད། །ཅེས་གསུངས་པའི་ཕྱིར་རོ། །གཉེན་པོ་དང་མི་མཐུན་པའི་ཆོས་དང་བྲལ་བས་འདྲེན་པ་དང་སེལ་བ་ཞེས་གསུངས་སོ། །སྤང་བ་དང་བླང་བའི་མཚན་ཉིད་དང་བྲལ་བས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཞེས་གསུངས་པ་ཡིན་ནོ། །ཉེས་དམིགས་དང་ཕན་ཡོན་གྱི་དབང་དུ་བྱས་ནས། ཡིད་འབྱུང་བ་མངོན་པར་དགའ་བ་མ་ཡིན་པ་ཞེས་གསུངས་པ་ཡིན་ནོ། །སྡུག་བསྔལ་དང་ཀུན་འབྱུང་གི་དབང་དུ་བྱས་ནས་


DTG110_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དང་སྤང་བར་བྱ་བ་ཞེས་གསུངས་པ་ཡིན་ནོ། །འགོག་པ་དང་ལམ་གྱི་དབང་དུ་བྱས་ནས་མངོན་སུམ་དུ་བྱ་བ་དང་བསྒོམ་པར་བྱ་བ་ཞེས་གསུངས་པ་ཡིན་ནོ། །མངོན་པར་རྟོགས་པའི་དབང་དུ་བྱས་ནས་ཐོབ་པ་དང་མངོན་པར་རྟོགས་པ་ཞེས་གསུངས་ཏེ། ཐོབ་པ་ནི་རྙེད་པ་དང་ལྡན་པའོ། །མངོན་པར་རྟོགས་པ་ནི་ཁོང་དུ་ཆུད་པའོ། །དེ་ལ་ཐོབ་པ་ནི་འདིས་ས་དང་པོ་ལའོ། །མངོན་པར་རྟོགས་པ་ནི་ལྷག་མ་དགུ་ལ་སྟེ་མཉམ་པར་གཞག་པའི་དུས་སུ་ཆོས་ཉིད་ལ་དམིགས་པ་མ་ཡིན་ཞེས་བྱའོ། །དེ་ལ་ཆོས་ཉིད་ལ་དམིགས་པས་ན་དག་པའོ། །འབྲས་བུ་ཆོས་ཀྱི་སྐུ་ཐོབ་པར་བྱེད་པས་སྙིང་པོ་ཡོད་པའོ། །དེ་ཉིད་རྒྱས་པར་བཤད་པའི་ཕྱིར། ཆོས་ཐམས་ཅད་སེམས་མེད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོབ་པ་དོན་དམ་པ་མྱ་ངན་ལས་འདས་པའི་རང་བཞིན་བསྟན་པ་ནི། སྔར་བསྟན་པ་དེ་ཉིད་ཐ་སྙད་གཞན་གྱིས་དམིགས་སུ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ནི་གཞལ་བར་བྱ་བའི་མཚན་ཉིད་གཟུགས་ལ་སོགས་པའོ། ངོ་བོ་ཉིད་ཀྱིས་སྟོང་པས་ན་དམིགས་སུ་མེད་པའོ། །སེམས་ལ་སོགས་པ་དང་བྲལ་བས་ན་སེམས་མེད་པའོ། །དེ་གང་ཞེ་ན། དྲི་བ་སྔོན་དུ་བཏང་ནས་དབྱིངས་གང་སེམས་མ་མཆིས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྱིངས་ནི་ཁམས་ཏེ་རྒྱུའི་དོན་ཏོ། །གང་བསྐྱེད་ཅེ་ན། མྱ་ངན་ལས་འདས་པའི་རང་བཞིན་ནི་སེམས་མ་མཆིས་པའོ། །ཚད་མེད་པས་ན་སེམས་འགྲོ་བ་མ་ལགས་པ་སྟེ་དམིགས་པ་ནི་རྒྱུ་ཆུང་བའི་ཕྱིར་ཚད་ཡོད་པའོ། །དཔག་པ་ནི་གཞལ་བ་སྟེ་ཚད་མའི་ཡུལ་དུ་བྱ་བའོ། །བསམ་པ་ནི་ཐ་སྙད་འདོགས་པ་སྟེ་དེ་དག་དང་བྲལ་བས་མ་ལགས་པའོ། །འོ་ན་དབྱིངས་གང་ཞེས་དྲིས་པའི་མཚན་ཉིད་བསྟན་གྱི། བསྐྱེད་བྱ་མ་བསྟན་ན་ཅིའི་ཕྱིར་འབྲས་བུའི་མིང་གིས་གདགས་ཤེ་ན། སེམས་ཉིད་ཅེས་གསུངས་ཏེ། འཁོར་བའི་རྒྱུ་ནི་གང་ཡིན་པ། །དེ་ཉིད་སྦྱང་བར་བྱས་པ་ལས། །དག་པ་དེ་ནི་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་སྔར་བཤད་པ་ལྟར་རྒྱུ་ཡང་དེ་ཉིད་ལས་འབྲས་བུ་ཡང་དེ་ཉིད་དོ་ཞེས་བསྟན་ཏོ། །དེ་ནི་འཐད་པ་མ་ཡིན་ཏེ། སེམས་ཅན་དང་སངས་རྒྱས་དག་ཐ་མི་དད་པར་འགྱུར་རོ་ཞེས་དེ་ཅིའི་ཕྱིར་ཞེ་ན། རྒོལ་བ་ལ་ལན་ནི་ཆོས་ཉིད་དུ་ནི་འདོད་པ་ཁོ་ན་


DTG110_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། ཀུན་རྫོབ་ཏུ་ནི་དབུལ་མོའི་ཁྱིམ་གྱི་རིན་པོ་ཆེ་ལྟར་མ་བསྒྲུབས་པས། མ་རྟོགས་པར་ཐད་པ་ཞེས་བྱ་བ་ནི་སེམས་ལ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སེམས་ནི་འཁོར་བ་པའི་སེམས་སོ། །སེམས་མེད་པ་མ་ཡིན་པ་ནི་རྣམ་པར་བྱང་བའི་སེམས་ཏེ་ཀུན་གཞི་ལ་སོགས་པ་ཡོངས་སུ་གྱུར་པ་རྣམས་སོ། །འོ་ན་ཐ་མི་དད་པ་ཉིད་ཀྱིས་ཐམས་ཅད་གྲོལ་བའམ་མ་གྲོལ་བ་ཉིད་དུ་ཇི་ལྟར་མི་འགྱུར་ཞེ་ན། སེམས་ཉིད་སེམས་མ་ལགས་པ་ཞེས་གསུངས་ཏེ། མི་རྟག་པ་ཉིད་དང་ཅིག་ཅར་མི་སྐྱེ་བ་ཉིད་ཀྱིས་ད་ལྟར་གྱི་སེམས་ནི་མ་འོངས་པའི་སེམས་ཉིད་མ་ཡིན་ཞེས་བྱ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ནི་མཚན་ཉིད་མི་འདྲ་བའི་ཕྱིར་རོ། །འོ་ན་དེ་ཉིད་ཅི་ལྟར་འཐད་ཅེ་ན་མ་ཡིན་ཏེ། འཁྲུལ་པ་དང་མ་འཁྲུལ་པ་དབྱེ་བ་ཐ་དད་ཀྱིས་སེམས་ཀྱི་ཆོས་ཉིད་ཐ་དད་པ་མེད་དོ་ཞེས་སེམས་ནི་ངོ་བོ་ཉིད་ཀྱིས་མ་མཆིས་པའོ་ཞེས་གསུངས་ཏེ། ཀུན་ནས་ཉོན་མོངས་པ་ནི་འཁྲུལ་པ་ཡིན་པས་ངོ་བོ་ཉིད་ཀྱིས་ཏེ་རིགས་པས་མ་གྲུབ་པའོ། །འོ་ན་རྣམ་པར་བྱང་བ་ཅི་ལྟར་འགྲུབ་ཅེ་ན། སེམས་ཅི་ལྟ་བ་བཞིན་པས་ཞེས་གསུངས་ཏེ། གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱིས་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་དང་བྲལ་བ་ཉིད་རང་རིག་པའི་སེམས་འོད་གསལ་བ་ནི་ཇི་ལྟ་བ་བཞིན་ནོ། །སེམས་མ་མཆིས་པ་ནི་གཟུང་བ་དང་འཛིན་པ་ཉིད་དོ། །སེམས་ལགས་པ་ནི་དེ་དང་བྲལ་བའི་རང་རིག་པའོ། །དེ་ཉིད་ཚུ་རོལ་མཐོང་བ་པས་མི་ཤེས་པས་ན་བསམ་གྱིས་མི་ཁྱབ་པའི་དབྱིངས་ཏེ། མདོར་ན་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི། རང་རིག་པ་འོད་གསལ་བ་ཉིད་རྟོགས་པ་ཡིན་པར་ཤེས་རབ་ཀྱིས་དཔྱོད་པའོ། །དེ་ཐོབ་པར་ཞེས་པ་གང་ཞེ་ན། ཐོབ་བྱེད་ལམ་གྱི་མཚན་ཉིད་བསྟན་པ་ནི་ཡང་མདོ་དེ་ཉིད་ལས་ཞེས་མཚམས་སྦྱོར་ཏེ། སྔར་བསྟན་པའི་མྱ་ངན་ལས་འདས་པ་དེ་ནི་དམིགས་པ་མེད་པ་ཉིད་བསྒོམས་པས་འཐོབ་བོ་ཞེས་བྱ་བའོ། །དེའི་ཕྱིར་སྤོང་བའི་ཚུལ་གྱིས་སླར་དྲི་བ་ནི། ཁྱེད་ཀྱིས་ཞེས་གསུངས་ཏེ། སེམས་ཅན་ལ་སོགས་པར་དམིགས་པ་ནི་འཆིང་བ་ཡིན་ན་ཅི་ལྟར་དེའི་དོན་དུ་ཞུགས་ཞེས་རྒོལ་བའོ། །ལན་ནི་དོན་དམ་པའི་ཀླན་ཀ་ལ་ཀུན་རྫོབ་ཀྱིས་ལན་གདབ་པ་ནི་དམིགས་པ་ལ་བརྟེན་ནས་ཞེས་བྱ་བ་ཤུགས་ཀྱིས་འཕངས་ནས། འདིར་ཁས་ལེན་


DTG110_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་གྱིས་གསོལ་བ་ཞེས་གསུངས་པ་ཡིན་ཏེ། མི་དམིགས་པ་དང་འགལ་ཞེས་བྱ་བ་ནི། ཤུགས་ཀྱིས་ཕྱོགས་སྔ་མ་ཡིན་ཏེ། སེམས་ཅན་གྱི་དོན་དུ་ཞུགས་ཏེ་སྔར་བཤད་པ་ལྟར་སེམས་བསྐྱེད་ནས། དེ་མི་དམིགས་ན་ཅི་ལྟར་དོན་བྱེད་ཅེས་སེམས་པའོ། །ལན་ནི་དོན་དམ་པའི་སྒོ་ནས་བྲི་བའམ་ཞེས་པ་ལ་སོགས་པས་གསུངས་ཏེ། བཅོམ་ལྡན་འདས་ཉིད་ཀྱིས་དང་པོ་སེམས་བསྐྱེད་ནས་ཐ་མ་མཛད་པ་རྫོགས་ཀྱི་བར་དུ་སེམས་ཅན་བསྒྲལ་ཡང་འཁོར་བ་ལ་བྲི་བའམ་མྱ་ངན་ལས་འདས་པ་ལ་གང་བ་མ་གཟིགས་པ་ལྟར་ཞེས་བྱ་བའོ། །རྣམ་གྲངས་གཞན་ཡང་ཆོས་ཉིད་ལ་ཟད་པ་མེད་པས་ཞེས་ཀྱང་བཤད་པར་བྱའོ། །ཀུན་རྫོབ་ཏུ་སོ་སོའི་རྒྱུད་ནི་དེར་འགྱུར་གྱི་སྤྱི་ནི་མ་ཡིན་ནོ་ཞེས་ཀྱང་བཤད་པར་བྱའོ། །དེའི་ཕྱིར་མི་ཟད་པའི་དཔེ་ནི། ནམ་མཁའ་ཞེས་གསུངས་ཏེ་གཉེན་པོ་མེད་པའི་ཕྱིར་རོ། །དཔེ་སྔར་བཤད་པ་ལྟར་སྟོང་པ་ཉིད་དུ་ཐམས་ཅད་འདུས་པས་ཆོས་ཐམས་ཅད་ནི་བྱང་ཆུབ་པའོ་ཞེས་གསུངས་ཏེ། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཞུགས་པ་དང་སྦྱར་བ་ནི་རྣམ་གྲངས་སུ་རིག་པར་བྱའོ། །དེ་ལྟར་ཁས་ལེན་པས་མཇུག་སྡུད་པ་ནི་དེའི་སླད་དུ་ཞེས་གསུངས་པའོ། །འོ་ན་སེམས་ཅན་གྱི་དོན་དུ་ཞུགས་པ་ཉིད་ཉམས་སོ་ཞེ་ན་ལན་ནི་སེམས་ཅན་ཞིག་མཆིས་ན་ནི་ཞེས་གསུངས་ཏེ། ཆོས་ཉིད་དུ་ན་མེད་པའི་ཕྱིར་ཞེས་བྱ་བའོ། །དེ་ཉིད་ལྡོག་པའི་སྒོ་ནས་འགྱུར་ན་ཞེས་བྱ་བའོ། །རྗེས་སུ་འགྲོ་བའི་སྒོ་ནས་མ་མཆིས་པས་སོ་ཞེས་གསུངས་སོ། །རིག་པ་གང་གིས་ཤེ་ན། དེ་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་དང་མི་འགལ་ཞེས་གསུངས་ཏེ་མ་སྐྱེས་པའི་ཕྱིར་ཞེས་བྱ་བའོ། །ཆོས་ཅན་མེད་པ་ལ་ཆོས་ཉིད་མི་འཐད་པས་མ་མཆིས་པས་ནི་ཞེས་བྱ་བ་སྟེ་མེད་པ་ལ་ཐར་པ་དང་བཅིངས་པ་མི་འཐད་ཅེས་བྱའོ། །སྔར་བཤད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་ཅི་ལྟར་མི་འགལ་ཞེ་ན། ངོ་བོ་ཉིད་མ་མཆིས་པའོ་ཞེས་བྱ་བ་ལ་སོགས་པ་ལ་འཇུག་གོ་ཞེས་གཞན་དག་ཟེར་རོ། །ལ་ལ་ནི་གང་ཡོད་པ་དེ་ལ་ཁྱད་པར་གྱི་ཆོས་འཐད་དེ། མེད་པ་ལ་ཁྱད་པར་མེད་པས་མི་འཐད་པ་ནི་རིགས་ལ་སེམས་ཅན་ཡང་མེད་པས་ཞེས་བྱ་བ་ནི། སྔར་བཤད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ།


DTG110_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་རྐྱེན་གྱི་འཐད་པ་དང་མི་འགལ་བ་ནི། འོ་ན་སྐྱེ་བ་ལ་སོགས་པ་དམིགས་པས་སོ་ཞེ་ན། དོན་དམ་པར་ཞེས་པ་ཁ་བསྐང་བ་ནི་མ་མཆིས་པའོ་ཞེས་བྱ་བ་ལ་སོགས་པའོ། །དོན་དམ་པར་སྐྱེ་བ་ལ་སོགས་པ་མེད་ཀྱང༌། ཀུན་རྫོབ་ནི་ཇི་ལྟར་གནས་སོ་ཞེས་བསྟན་པ་ནི་རྟེན་ནས་འབྱུང་བའི་དོན་ཏོ་ཞེས་བྱ་བའོ། །དེ་ལྟ་བས་ན་ཤེས་རབ་དང་ལྡན་པ་ནི་མེད་པ་ལ་སྒྲོ་འདོགས་པ་དང་ཡོད་པ་ལ་སྐུར་པ་གང་ཡང་མི་བྱེད་དོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཞེས་གསུངས་ཏེ། ཤེས་བྱ་རྣམས་ནི་འགལ་བའི་དོན་དུ་སྣང་བས་ན་རིགས་པས་བརྟགས་ན་མེད་པ་ཉིད་འཁྲུལ་པའི་ཤེས་པ་ལ་སྣང་བས་ན་མེད་པ་ལ་སྣང་བ་ནི་མ་མཆིས་པའི་དོན་ནི་ཞེས་བྱ་བའོ། །མེད་པ་ལ་སྣང་བས་འཁྲུལ་པ་ཡིན་པས་ན། ཡང་དག་པར་མི་འཛིན་པ་ནི་མཁས་པ་རྣམས་ནི་ཞེས་བྱ་བ་སྟེ་སྒྱུ་མ་བྱེད་པ་དེའི་མཚན་ཉིད་ཤེས་པ་ལྟ་བུའོ། །དེའི་ཕྱིར། བརྟེན་ནས་སྐྱེས་པ་རང་གི་དངོས་མ་སྐྱེས། །ཞེས་འཐད་པར་འགྱུར་རོ། །དེ་ལྟར་རྟོགས་པ་ལ་ཕན་ཡོན་ཅི་ཡོད་ཅེ་ན། ཕན་ཡོན་ནི་གང་ལ་རྣམ་པར་མི་རྟོག་པ་དེ་ལ་ཞེས་གསུངས་སོ། །འདས་པ་དེ་རྣམས་ཀྱི་དཔེ་གང་ཞེ་ན་དཔེར་ན་ཞེས་གསུངས་ཏེ། མེད་པ་ལ་ཡོད་པར་ལྟ་བ་ནི་ལོག་པར་ལྟ་བ་ཡིན་ནོ་ཞེས་བྱ་བའོ། །འདིས་ཇི་ལྟར་བསྟན་ཅེ་ན་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ནི་ཐབས་ཀྱིས་ཟིན་པའི་སྟོང་པ་ཉིད་བསྒོམ་པ་ཡིན་ལ། དེར་འཕགས་པ་རྣམས་གཤེགས་པས་ན་ལམ་ཞེས་བྱ་བའོ་ཞེས་བཤད་དོ། །དེ་ལྟ་བུའི་ལམ་དེ་གང་གིས་རྟོགས་ཤེ་ན་སྤྱོད་པའི་བདག་ཉིད་ཀྱིས་སོ་ཞེས་ཤེས་རབ་ཀྱི་རང་བཞིན་བསྟན་པ་ནི། ཡང་མདོ་དེ་ཉིད་ལས་ཞེས་གསུངས་ཏེ་ངོ་བོ་ཉིད་དང་བྱེད་པ་དང་ཕན་ཡོན་ཡང་རིག་པར་བྱའོ། །དེ་ལ་ཤེས་རབ་ཀྱི་ངོ་བོ་ཉིད་ནི་རབ་ཏུ་རྣམ་པར་བྱེད་པ་སྟེ། ཅི་ལྟར་འབྱེད་ཅེ་ན་གསལ་བར་བྱེད་པ་སྟེ་མ་མཐོང་བ་རྟོགས་པར་བྱེད་པའོ། །དེའི་ཕྱིར་དྲི་བ་སྔོན་དུ་སོང་བའི་ལམ་ནི། སོ་སོར་རྟོག་པ་གང་ཆོས་ལ་ཡང་ཐ་དད་པ་ཟེར་རམ། མི་བགྱིད་པ་གཅིག་ཏུ་ཡང་མི་བགྱིད་དེ་ཞེས་གསུངས་ཏེ་དོན་དམ་པར་ཆོས་རྣམས་རོ་གཅིག་པར་རྟོགས་པས་ཐ་དད་པ་མི་བྱེད་པའོ། །ཀུན་རྫོབ་སྣ་ཚོགས་པས་གཅིག་ཏུ་མི་བྱེད་པ་སྟེ་དེ་ལ་ཐ་དད་པ་ནི་དངོས་པོར་སྒྲོ་འདོགས་པའོ། །གཅིག་པ་ནི་མེད་པར་སྐུར་པ་ཉིད་དེ་


DTG110_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་དེ་གཉིས་མེད་པར་ཤེས་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མི་འགྱུར་བ་དང་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །འོ་ན་ཤེས་རབ་ཉིད་ནི་ཅི་འདྲ་ཞེ་ན། ཡང་དག་པར་སོ་སོར་རྟོག་པ་མ་མཆིས་པའི་ཚིག་བླ་དགས་ཞེས་གསུངས་ཏེ། ཤིང་གཉིས་དྲུད་པའི་མེས་ཤིང་ཉིད་ཚིག་པ་ལྟར་སྤྱོད་པ་ཉིད་ཀྱིས་དཔྱད་ན་དེ་ཉིད་ཀྱང་མི་དམིགས་སོ་ཞེས་བྱ་སྟེ། འདི་ནི་ཆོས་རྣམ་པར་འབྱེད་པའི་ངོ་བོ་ཉིད་དོ། །དེའི་བྱེད་པ་བསྟན་པ་ནི་སོ་སོར་རྟོག་པ་ལ་བརྟེན་ཏེ་ཞེས་གསུངས་ཏེ། ཅི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བསྟན། །བདག་དང་བདག་གིར་མི་དམིགས་རྣམ་པར་བྱང་བས་གསུངས། །དེ་ལ་གང་ཡང་ཉོན་མོངས་རྣམ་དག་འགྱུར་མེད་པར། །བྱང་ཆུབ་སེམས་དཔའ་ཤེས་རབ་ཕ་རོལ་ཕྱིན་འདི་རྟོགས། །ཞེས་ཐ་དད་དུ་འཛིན་པ་སྤོང་ངོ་ཞེས་བསྟན་པའོ། །འོ་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་གཞག་པ་དང་འགལ་ཞེས་དེ་ཅིའི་ཕྱིར་ཞེ་ན་ཞེས་རྟོག་པ་ལ། ལན་ནི་རྣམ་པར་གཞག་པའི་ཤེས་པ་ལ་མི་དམིགས་པ་ནི་ཆོས་ཉིད་དོ་ཞེས་དོན་དམ་པས་ལན་གདབ་པ་ནི་རྗེས་སུ་མི་མཐོང་ཞེས་གསུངས་སོ། །ཆོས་ནི་ཀུན་ནས་ཉོན་མོངས་པ་ལ་སོགས་པའོ། །འགྱུར་པ་ནི་བྱེད་པ་ཉིད་དེ་བཅིངས་པ་དང་གྲོལ་བ་ཞེས་སྦྱར་རོ། །ཤེས་རབ་ཀྱིས་འཇལ་བའི་ཕན་ཡོན་ནི་སོ་སོར་རྟོག་པ་ལ་བརྟེན་ནས་རིགས་ཀྱི་བུའམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པར་རྟོགས་པར་འགྱུར་རོ་ཞེས་བྱ་བ་སྟེ། རྣམ་པར་རྟོག་པ་ཐམས་ཅད་ཟད་པའི་གྲོལ་བ་ཐོབ་བོ་ཞེས་བཤད་པ་ཡིན་ནོ། །གཟུང་བའི་དབང་དུ་བྱས་ནས་ཆོས་གང་ལ་ཡང་ཞེས་གསུངས་སོ། །འཛིན་པའི་དབང་དུ་བྱས་ནས་གང་གིས་ཞེས་གསུངས་སོ། །དེ་ཡང་མཉམ་པར་གཞག་པའི་དབང་དུ་བྱས་ནས་འཛིན་པ་ཡང་ཞེས་གསུངས་སོ། །དེ་ལྟ་བུའི་ཤེས་རབ་དེས་ཡུལ་གང་ལ་འཇལ་ཞེ་ན་དེའི་དམིགས་པ་བསྟན་པ་ནི། ནད་གཞིའི་དེ་གང་ཞེ་ན་ཞེས་གསུངས་ཏེ། ནད་ནི་ཉོན་མོངས་པའི་མིང་གི་རྣམ་གྲངས་སོ། །གཞི་ནི་དེ་བསྐྱེད་པའི་ཡུལ་ལོ། །ལྷག་པར་དམིགས་པ་ཞེས་བྱ་བ་ནི་མེད་པ་ལ་ཡོད་པར་ཞེན་པའི་མིང་སྟེ་ལྷག་པ་ནི་སྒྲོ་འདོགས་པའི་ཐ་ཚིག་གོ ། །ཡུལ་ཉིད་གང་ཞེ་ན་ཁམས་གསུམ་ཞེས་བྱ་སྟེ། འདོད་པ་ལ་སོགས་པ་


DTG110_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞེན་ཅེས་བྱའོ། །དེ་ལྟར་ཀུན་དུ་འཇུག་པའི་དམིགས་པ་བསྟན་ནས་ལྡོག་པའི་དམིགས་པ་ནི། གཞི་ཡོངས་སུ་ཤེས་པ་ཞེས་བྱ་སྟེ། གང་ཟག་དང་ཆོས་སུ་ལྟ་བ་སྤོང་བ་ནི་ཉོན་མོངས་པ་སྤངས་པས་འཁོར་བ་ལས་ལྡོག་པའོ། །ལྷག་པར་དམིགས་པ་ནི་སྒྲོ་མི་འདོགས་པའོ། །ལྡོག་པའི་ཡུལ་བསྟན་པ་ནི་འདི་ལྟ་སྟེ་བདག་ཏུ་ལྟ་བ་དང་ཞེས་བྱ་བ་ལ་སོགས་ཏེ། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལ་འཛིན་དང་སྡང༌། །འདི་དག་དང་ནི་ཀུན་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བ་ཡིན། །ཞེས་བྱ་བའི་ཚུལ་གྱིས་སོ། །དེ་ལྟར་གང་ཟག་ཏུ་ལྟ་བ་ལྡོག་པའི་ཡུལ་དུ་བསྟན་ནས་ཆོས་སུ་ལྟ་བ་ཡང་སྤང་དགོས་པས་གཟུགས་ཉིད་ཅེས་གསུངས་ཏེ། ཕུང་པོ་ལྔ་ལ་སོགས་པའི་ཆོས་ཉིད་མི་དམིགས་པར་སྒྲོ་མི་འདོགས་པ་ནི་རང་བཞིན་སྟོང་པའོ། །སྣང་བ་ཙམ་དུ་མི་འགོག་པས་སྐུར་པ་མི་འདེབས་པ་ནི་བཤིག་པས་སྟོང་པ་མ་ཡིན་པ་སྟེ། ཡོད་པ་འཇིག་པ་ནི་ལོག་པར་ལྟ་བ་ཡིན་པའི་ཕྱིར་རོ། །ཆོས་ཅན་ལ་ཆོས་ཉིད་ཐ་དད་པ་མ་ཡིན་པས་ཉིད་ཅེས་གསུངས་སོ། །དེ་ལྟར་རྟོགས་པའི་ཕན་ཡོན་ནི་གཉིས་སུ་མེད་པར་འཇུག་གོ་ཞེས་བྱ་བ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་བོ་ཞེས་བྱ་བའོ། །དེ་ལ་ཤེས་པ་ནི་ཐོས་པ་དང་བསམ་པའི་ཤེས་རབ་ཀྱིས་སོ། །རིག་པ་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སོ། །དེ་ལྟར་ཆོས་ཐམས་ཅད་གཏན་ལ་ཕབ་ནས་དེ་བསྒོམ་པའི་ཐབས་བསྟན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཞེས་གསུངས་ཏེ་དྲི་བ་སྔོན་དུ་བཏང་བས་འན་བསྟན་པ་ནི། གཟུགས་ལས་མི་སྤྱོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཉམ་པར་བཞག་པ་ལ་མི་རྟོག་པའི་ཕྱིར་ཆོས་ཅན་མི་དམིགས་པའོ། །ཆོས་ཀྱི་ཁྱད་པར་ནི་མཚན་མ་སྟེ་སྔོན་པོ་དང་རིང་པོ་ལ་སོགས་པའོ། །བྱེ་བྲག་ནི་རྟག་པ་ལ་སོགས་པ་སྟེ། མཐའ་གཉིས་དང་བྲལ་བར་བསྟན་པ་ནི་ཐེག་པ་ཆེན་པོ་གང་དུའང་མི་གནས་པའི་ཕྱིར་དང༌། བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་ནི་མཉམ་པར་གཞག་ལ་སྐད་ཅིག་མ་གཅིག་ཏུ་བསྟན་པའི་ཕྱིར་རོ། །དེ་ལ་རྟག་པ་མ་ཡིན་པ་ལ་སོགས་པ་ནི། བདེན་པ་བཞིའི་རྣམ་པ་རྣམས་ཏེ་སྐད་ཅིག་ཏུ་འཇིག་པ་དང་ལྡན་པར་རྟག་པར་མ་ཡིན་ནོ། །འདྲ་བར་འབྱུང་བས་མི་རྟག་པ་མ་ཡིན་ནོ། །ཡང་ན་ཀུན་དུ་བརྟགས་པ་དང་གཞན་གྱི་དབང་ནི་མེད་པ་དང་འགྱུར་བས་


DTG110_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་མ་ཡིན་ནོ། །ཆོས་ཉིད་ཀྱིས་གཟུགས་ནི་སྔ་མ་པོ་མེད་པས་མི་རྟག་པ་མ་ཡིན་པའོ། །ཡང་ན་ཀུན་ནས་ཉོན་མོངས་པའི་གཟུགས་ནི་རྟག་པ་མ་ཡིན་ལ་མྱ་ངན་ལས་འདས་པ་ནི་མི་རྟག་པར་མ་ཡིན་པའོ། །ལྷག་མ་རྣམས་ཀྱང་ཇི་ལྟར་རིགས་པར་དེ་ཁོ་ན་བཞིན་བརྗོད་པར་བྱའོ། །དེ་ལྟར་མི་སྤྱོད་ན་ཇི་ལྟར་སྤྱོད་ཅེས་དེ་ཅིའི་ཕྱིར་ཞེ་ན་ཞེས་རྒོལ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་མཐའ་གཉིས་དང་བྲལ་བར་བསྒོམ་དགོས་ལ་དེས་ན་མི་གནས་ཞེས་བསྟན་པ་ནི། གཟུགས་ཀྱི་སྟོང་པ་ཉིད་སྤྲོས་པ་དང་བྲལ་བ་དེ་ནི་དངོས་པོར་ལྟ་བ་སྒྲོ་འདོགས་པའི་ངོ་བོ་མ་ཡིན་ལ། ཡོད་པའི་གཟུགས་སྣང་བ་ལ་མེད་པར་སྐུར་པ་མི་འདེབས་པས་མཐའ་གཉིས་དང་བྲལ་བ་ནི། གཟུགས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་བསྡུ་བ་ནི་གཟུགས་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། མཐའ་གཉིས་སྤོང་བའི་དགོས་པར་བསྟན་ཏོ། །དེ་ལྟར་མཉམ་པར་གཞག་པ་ལ་མི་རྟོག་པ་བསྒོམ་པ་ནི་ལངས་པའི་ཚེ་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པ་བསྒོམ་པ་སྟེ། རྣམ་པར་མི་རྟོག་པ་ལ་འཇུག་པ་ལས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟ་བུར་མཐོང་ལ། རྗེས་ལས་ཐོབ་པ་ནི་སྒྱུ་མ་ལ་སོགས་ཀྱི་མིང་ལྟ་བུར་ཡོངས་སུ་ཤེས་སོ་ཞེས་གསུངས་པས་དེའི་ཕྱིར་སྣང་བ་ཡང་ངོ་བོ་མེད་པ་དང༌། དངོས་པོ་མེད་ཀྱང་སྣང་བའི་ཕྱིར་དེ་སྤྱོད་དོ་ཞེས་ཀྱང་ཁས་མི་ལེན་ཅེས་བྱ་བ་ལ་སོགས་པ་སྟེ་དངོས་པོར་སྣང་བ་ཙམ་གྱིས་མི་སྤྱོད་པ་ཁས་མི་ལེན་ལ་སྣང་བ་རང་བཞིན་དང་བྲལ་བས་སྤྱོད་པར་ཁས་མི་ལེན་པའོ། །དེའི་ཕྱིར་ཆོས་ཉིད་ལ་ལྟོས་ཏེ་འོག་མར་བཤད་པ་འཁྲུལ་པ་ལ་ལྟོས་ཏེ་གོང་མར་བཤད་པའོ། །སྒྲུབ་པ་དང་དགག་པའི་ཕུང་པོ་གསུམ་པོ་ཡང་དེ་ཁོ་ན་ལྟར་ཡིན་ཏེ། སྤྱོད་པ་དང་མི་སྤྱོད་པའི་སྒྲུབ་པའི་ཕུང་པོ་དང་པོ་ནི་གོང་མ་དང་འོག་མར་རིམ་པ་སྟོན་ལ། དགག་པ་གཉིས་པར་ནི་རིམ་པ་ལས་བཟློག་པར་བསྟན་ཏེ། དེའི་རྒྱུ་མཚན་ནི་དངོས་པོ་མེད་པ་སྟེ་ཆོས་ཉིད་ལ་གཞག་གོ་ཞེས་བྱའོ། །དེས་ན་སྒྱུ་མ་དང་ཆོས་མཐུན་ཏེ་མེད་ཀྱང་སྣང་བ་ཞེས་བྱའོ། །དེ་ལྟར་ཟབ་མོ་བསྒོམ་པའི་ཐབས་བསྟན་ནས། དེ་ཉིད་ཀྱི་ཐབས་ལ་མཁས་པ་བསྟན་པ་ནི་ཡང་ཞེས་གསུངས་ཏེ། བཅོས་མ་དང་བཅོས་མ་མ་ཡིན་པ་ལ་མཁས་པར་བྱ་བའི་དམིགས་པ་བསྟན་པ་ནི།


DTG110_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

གོལ་བའི་ལམ་ལས་བ་ཟློག་པའི་ཕྱིར་རོ། །དེ་ལ་སྤང་བྱ་ལ་མཁས་པར་བྱ་བའི་ཕྱིར་འདི་ལ་ཞེས་གསུངས་ཏེ། ནང་གི་མུ་སྟེགས་པ་འགའ་ཞིག་མེད་པའི་དངོས་པོ་རྡུལ་ཕྲ་རབ་འབྱར་བ་ལ་སོགས་པ་འདོད་ཅིང༌། དེ་དག་སྐད་ཅིག་ལ་སོགས་པས་མི་རྟག་པར་ལྟ་བ་ཞེས་བྱ་བའོ། །བླང་བྱ་ལ་མཁས་པ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། གཏན་ཚིགས་བཀོད་པ་ནི་གཟུགས་ནི་ཞེས་བྱ་བ་ལ་སོགས་པའོ། །དེའི་དོན་ནི་ཀུན་བརྟགས་ལ་སོགས་པ་མཚན་ཉིད་ལ་སོགས་པ་ངོ་བོ་ཉིད་མེད་པར་བསྒོམ་པ་ནི་བསྒོམ་པ་དམ་པའོ་ཞེས་བཤད་པར་བྱའོ། །དེས་ཀྱང་བདེན་པ་ཟུང་དུ་འཇུག་པར་བྱ་དགོས་པས་ན་ཡང་ཞེས་གསུངས་ཏེ། ཤིན་ཏུ་མ་འདའ་ཞེས་དང་རིག་ཙམ་ཡང་མེད་པར་ལྟ་བ་ནི་སྐུར་པ་ཡིན་པས་སོ་ཞེས་བྱ་བའོ། །མ་གནས་ཤིག་ཅེས་བྱ་བ་ནི་གཟུང་བ་དང་འཛིན་པར་མ་ཞེ་ན་ཅིག་ཅེས་བྱ་བའོ། །དེའི་རྒྱུ་མཚན་ནི་འདི་ལྟར་གསུངས་ཏེ་ཆོས་ཐམས་ཅད་ནི་བརྟགས་པ་དང༌། གཞན་གྱི་དབང་དང་ཡོངས་སུ་གྲུབ་པའོ། །ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ནི་མཚན་ཉིད་དང་སྐྱེ་བ་དང་དོན་དམ་པར་ངོ་བོ་ཉིད་མེད་པ་སྟེ་རྒྱལ་བ་བྱམས་པའི་ཞལ་སྔ་ནས། ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ངོ་བོ་ཉིད་ནི་རྣམ་གསུམ་ལ། །དགོངས་ནས་ཆོས་རྣམས་ཐམས་ཅད་ནི། །རང་བཞིན་མེད་པ་ཉིད་དུ་བསྟན། །ཅེས་གསུངས་སོ། །དངོས་པོ་མེད་པ་ནི། ཆོས་ཉིད་དེ་ཀུན་བརྟགས་ལ་སོགས་དབེན་པས་ན། རྒྱལ་བ་བྱམས་པའི་ཞལ་སྔ་ནས་འབྱུང་ལ་རབ་ཏུ་བྱེད་པ་སུམ་ཅུ་པ་ལས་ཀྱང༌། གྲུབ་ནི་དེ་དང་སྔ་མའོ། །རྟག་ཏུ་མེད་པར་འགྱུར་དེ་ཉིད། །ཅེས་གསུངས་ལ་དེ་བཞིན་ལ་དེ་བཞིན་དུ་གཉིས་པོ་མེད་པའི་ཕྱིར་བཤད་དོ་ཞེས་ཀྱང་གསུངས་སོ། །ཤེས་རབ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་ཡེ་ཤེས་ནི་མཉམ་པར་གཞག་པའི་དུས་སུ་ཆོས་ཉིད་ལ་དམིགས་པས་ན་བོར་བ་དང་ཞི་བའི་དབང་དུ་བྱས་ནས་དོར་བ་དང་བླང་བ་མེད་པའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དབང་དུ་བྱས་ནས་དགག་པ་དང་བསྐྱེད་པར་བྱ་བ་མེད་པ་སྟེ། འཕགས་པ་བྱམས་པས་ཤེས་རབ་ནི་དོན་དམ་པ་ལ་དམིགས་པའོ་ཞེས་གསུངས་སོ། །དེ་ལྟར་ཐབས་ལ་མཁས་པ་བསྟན་ནས། ད་ནི་ཟབ་མོའི་དོན་དེ་ཉིད་ལ་འགའ་ཞིག་རྩོད་པར་རྩོམ་པ་ནི། ཇི་ཙམ་གྱིས་ན་ཞེས་བྱ་བ་ལ་སོགས་པ་སྟེ། དམིགས་པ་དང༌། ལམ་དང༌། འབྲས་བུ་དང༌། ཐབས་


DTG110_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

དང། འབྲས་བུའི་བྱེ་བྲག་ལ་སོགས་པར་རྟོགས་པ་ཡིན་ཏེ། དེ་ལ་དམིགས་པ་ནི་གཉིས་ཏེ་སྤང་བར་བྱ་བའི་དམིགས་པ་དང༌། བླང་བར་བྱ་བའི་དམིགས་པ་ལ་ལོག་པར་རྟོགས་པ་སྤང་བ་སྟེ། དང་པོའི་དབང་དུ་བྱས་ནས་སྔར་བཅོས་མ་ཉིད་དུ་བསྟན་པས་གཟུགས་ཉིད་ཀྱང་མེད་ན་རྟག་པ་ལྟ་ག་ཡོད་ཅེས་བསྟན་པས་མེད་པ་ཡིན་ན་འཁྲུལ་པའི་གཞི་མེད་པའི་ཕྱིར། དེ་མི་འཐད་པར་བརྩད་པ་ནི། ཅི་ཙམ་གྱིས་ན་དམིགས་པ་ལགས། །ཞེས་བྱ་བ་སྟེ། ཐོ་ཡོར་མེད་ན་གང་ལ་འཁྲུལ་པའི་ཡུལ་མེད་པ་དང་འདྲ་ཞེས་བསམས་པའོ། །དེ་བཞིན་དུ་མེད་པ་ཉིད་ལ་ཅི་ལྟར་དམིགས་ཞེས་བྱ་བའོ། །དམིགས་པའི་མངོན་དུ་སོང་བ་ལས་བཀག་པ་ནི་མི་དམིགས་པ་ཡིན་ན་མེད་པ་ལ་ཆད་པ་ཉིད་ཇི་ལྟར་གཞག་པ་དང་འདྲ་བར་ཆོས་ཅན་ཉིད་མེད་པའི་ཁྱད་པར་གྱི་ཆོས་སེམས་པ་ནི་ངལ་བ་ཁོ་ན་ཡིན་ལ་གཞན་དུ་ན་སྔ་མ་དོན་མེད་པ་ཁོ་ནའོ་ཞེ་ན། ལན་ནི་ཇི་ཙམ་དུ་ཞེས་གསུངས་ཏེ། ཐོ་ཡོར་མེད་ན་སྐྱེས་བུར་འཁྲུལ་པའམ་སྐྲ་ཤད་འཛིངས་པ་རྟོགས་པ་ལྟ་བུར་མེད་པ་ལ་ཡོད་པར་ཞེན་པས་དམིགས་པ་ཡིན་ལ། དེ་བསལ་བ་ནི་མི་དམིགས་པ་ཡིན་པས་གཞན་དུ་ན་བདེན་པ་ཉིད་ལ་ལོག་པར་བྱས་པར་འགྱུར་པའི་ཕྱིར་རོ། །དེ་ནི་ཇི་སྲིད་འཁྲུལ་པ་མ་སྤངས་ཀྱི་བར་དུ་གཉིས་སུ་དམིགས་པས། དེ་ལག་པ་ཡིན་ལ་དེ་སྤངས་པའི་ཚེ་གཉིས་སུ་སྣང་བའི་འཁྲུལ་པ་ལྡོག་པས་གཉིས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་བཤད་པ་ནི་མིག་དང་ཞེས་བྱ་བ་ལ་སོགས་པའོ། །དེའི་ཕྱིར་མི་དམིགས་པ་ནི་རྣམ་པར་བྱང་བའི་ངོ་བོ་ཉིད་ཡིན་ནོ་ཞེས་བཤད་པར་བྱའོ། །འོ་ན་དམིགས་པ་མཐའ་དག་བཀག་པས་ན་གལ་ཏེ་རྣམ་པར་བྱང་བ་མི་དམིགས་པས་ནི་ངལ་བ་ཙམ་དུ་ཟད་དོ། །ཀུན་ནས་ཉོན་མོངས་པ་མི་དམིགས་ན་ནི་འབད་པ་མེད་པར་གྲོལ་བའི་ཕྱིར་ལ། གལ་ཏེ་སྤངས་པའི་ཕྱིར་ཉོན་མོངས་པ་མི་དམིགས་སོ་ཞེ་ན་ནི། སྤང་བྱ་མ་དམིགས་པའི་ཕྱིར་ཅི་ལྟར་གཉེན་པོའང་མི་དམིགས། གཉེན་པོ་མི་དམིགས་ན། སྤང་བྱ་ཅི་ལྟར་དམིགས། དེའི་ཕྱིར་སྤང་བྱ་དངོས་པོར་གྱུར་པའམ། གཉེན་པོ་མེད་པར་ཐལ་བ་ནི་ཅི་ཞེས་རྒོལ་བའོ། །དེ་ནི་མ་ཡིན་ཏེ། འཁྲུལ་པ་ལ་འཁྲུལ་པར་ཤེས་ནས་སུན་ཕྱུང་བ་གོམས་པ་ལས་རབ་ཀྱི་མཐར་ཐུག་པའི་འབྲས་བུའི་དུས་ན་བསམ་གྱིས་མི་ཁྱབ་པའི་རྣམ་པར་


DTG110_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པ་ཐོབ་ཅིང༌། དེའང་དམིགས་པ་ལ་སོགས་པར་རྟོགས་པ་གོམས་པ་ལས་ཡིན་ནོ་ཞེས་བསྟན་པ་ནི། རབ་འབྱོར་ཞེས་གསུངས་ཏེ། དམིགས་པ་དང་ནི་མི་དམིགས་པ་མཉམ་པ་ཞེས་བྱ་བ་ནི། དམིགས་པ་མེད་པ་ལ་བྱ་སྟེ། དམིགས་པ་ནི་ཐར་པའི་རྒྱུ་མ་ཡིན་ནོ། །ལམ་ལ་བརྩད་པ་ནི་ཡང་དེར་ཞེས་གསུངས་ཏེ། བདེན་པ་གཉིས་ནི་ལམ་དུ་འདོད་པས། གལ་ཏེ་དོན་དམ་པར་འབྲས་བུ་ཐོབ་ན་ནི་མེད་པ་རྒྱུར་འགྱུར་བའམ། ཀུན་རྫོབ་དོན་དམ་པར་འགྱུར་བས་དོན་དམ་པ་ལ་བརྟེན་ནས་སམ་ཞེས་གསུངས་སོ། །འོན་ཏེ་ཀུན་རྫོབ་ལས་སོ་ཞེན་ནི་འཁྲུལ་པ་རྒྱུར་གྱུར་པས། འཁྲུལ་པ་དང་མ་འཁྲུལ་པའི་བྱེ་བྲག་མེད་པའམ་ཆོས་ཉིད་ལ་རག་མ་ལས་པར་གྱུར་པས། དེ་ལས་བཟློག་པས་སམ་ཞེས་གསུངས་སོ། །ལན་ནི་མ་ཡིན་ནོ་ཞེས་གསུངས་ཏེ་མཐའ་རྣམ་པར་སྤངས་པས་སོ་ཞེས་བྱ་བའོ། །འོ་ན་ཇི་ལྟར་འཚང་རྒྱ་བར་འགྱུར་ཏེ། ཐབས་མེད་པར་རྒོལ་བ་ནི་འོ་ན་ཞེས་བྱ་བའོ། །ལན་ནི་འཁོར་བ་དང་ཞི་བ་རོ་གཅིག་པར་རྟོགས་པ་ཡིན་གྱི་ཐ་དད་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། དེ་ཡང་ཞེས་གསུངས་ཏེ། འདུས་བྱས་ནི་ཀུན་རྫོབ་སྟེ་འཁོར་བའོ། །འདུས་མ་བྱས་པ་ནི་དོན་དམ་པ་སྟེ་མྱ་ངན་ལས་འདས་པའོ། །མི་གནས་པ་ནི་རྣམ་པར་རྟོག་པ་ཟད་པའི་ཕྱིར་རམ་རོ་གཅིག་པར་རྟོགས་པས་སམ་ཤེས་རབ་དང་སྙིང་རྗེ་དབང་བསྐུར་བའི་ཕྱིར་རོ། །དེའི་རྒྱུ་མཚན་བསྟན་པ་ནི་དངོས་པོ་མེད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་མེད་པས་འབྲས་བུ་མེད་པར་འགྲུབ་ན་ནི་མེད་པར་རྒྱུ་འབྲས་བུར་འགྱུར་བའི་ཕྱིར་རོ། །དངོས་པོས་དངོས་པོ་མེད་པར་འགྲུབ་ན་ནི་འགལ་བ་གནས་པར་འགྱུར་ཏེ། ཡོད་པ་དང་མེད་པ་གཉིས་ཕན་ཚུན་སྤངས་པའི་ཕྱིར་རོ། །དངོས་པོ་མེད་པས་དངོས་པོར་འགྲུབ་ན་ནི་མེད་པ་རྒྱུར་འགྱུར་བའི་ཕྱིར་རོ། །དངོས་པོ་དངོས་པོར་འགྲུབ་ན་ནི་དུས་མཉམ་པ་ཞིག་གམ་ཐ་དད་པ་ཞིག །དུས་མཉམ་པ་ནི་རྒྱུ་འབྲས་བུ་འཐད་པ་མ་ཡིན་ལ། ཐ་དད་པ་ནི་བྲད་པ་མེད་པའི་ཕྱིར་རོ། །འོ་ན་ཐོབ་པ་དང་རྟོགས་པ་གང་ཞིག་ཅེ་ན་ཞེས་འབྲས་བུ་ལ་བརྩད་པ་ནི་འོ་ན་ཞེས་བྱ་བའོ། །ལན་ནི་སྤྲོས་པའི་མཐའ་དང་བྲལ་བ་རྟག་པ་འབྲས་བུ་ཡིན་པས་སྤྲོས་པ་ལ་དེར་མི་འཇོག་པ་ནི་གང་ལ་ཞེས་གསུངས་ཏེ། སྤྲོས་པ་མེད་པ་ནི་སྤྲོས་པ་ཟད་པའོ། །མ་སྤྲོས་པ་ནི་ཟད་པའི་


DTG110_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཏེ་ཆོས་ཉིད་འབའ་ཞིག་པའོ། །སྤྲོས་པ་ཟད་པ་ནི་ཁྱད་པར་གཉིས་པ་རྟོགས་པའི་དག་པའོ། །འོ་ན་མཐའ་གཉིས་གང་ཞེ་ན། གཟུགས་རྟག་ཅིས་བྱ་བའམ་ཞེས་བྱ་བ་ལ་སོགས་པའོ། །ད་ནི་འཐད་པ་མ་ཡིན་ནོ་ཞེས་ཐབས་ཀྱིས་ངོ་བོ་ཉིད་ལ་བརྩད་པ་ནི་སྟོང་པ་ཉིད་འབའ་ཞིག་ལ་གནས་ན། ཐེག་པ་འོག་མར་ལྷུང་ངོ་ཞེས་ལན་ནི། འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ་གོམས་ཤིང་མངོན་དུ་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འོ་ན་མངོན་དུ་མི་བྱེད་པ་ལས་ནི་འབྲས་བུའི་བྱེ་བྲག་མེད་དོ་ཞེ་ན། ལན་ནི་ཅི་ལྟར་རིགས་ཞེས་གསུངས་སོ། །དེ་ནི་འཐད་པ་ནི་གཟུང་དུ་མ་མཆིས་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཉིད་ལ་ནི་འདོད་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་ནི་རྟོགས་པ་ཡོད་པར་བསྟན་པ་ནི་འཕགས་པའི་ཞེས་གསུངས་ཏེ། འདུས་མ་བྱས་འགོག་པའི་མྱ་ངན་ལས་འདས་པ་ནི་གཅིག་པའི་ཕྱིར་རོ། །དེ་ལྟར་ཟབ་མོའི་བསྒོམ་པའི་ཐབས་ཞར་ལ་བྱུང་བ་དང་བཅས་པ་བསྟན་ནས། ད་ནི་ཆོས་ཉིད་ཟབ་མོའི་རྣམ་གྲངས་བསྟན་པའི་ཕྱིར། དེ་བཞིན་གཤེགས་པས་གསུངས་ཏེ། འདུལ་བ་ནི་སློབ་མའི་མིང་གི་རྣམ་གྲངས་སོ། །དེའི་དབང་ནི་སྟོང་པ་ཉིད་དུ་རྟོགས་ན་སྐྲག་པ་རྣམས་ལ་མི་སྤོང་བའི་ཐབས་ལ་མཁས་པ་སྟོན་ཏེ། ཐེག་པའི་སྒོ་ནི་འཇུག་པའི་ཚུལ་ལོ། །སྣ་ཚོགས་པ་ནི་བསམ་པའི་དབང་གིས་ཐབས་ལ་རྨོངས་པའོ། །འདི་ཞེས་བྱ་བ་ནི་ལོག་པར་རྟོག་པ་སྤང་བའི་ཕྱིར་ཏེ་སྟོང་པ་ཉིད་འདི་ཞེས་བྱ་བའོ། །དེ་ལྟར་དགོས་པས་མཚམས་སྦྱར་ནས་དེ་ཉིད་བསྟན་པ་ནི་ཅི་ལྟར་ཞེས་གསུངས་ཏེ། དེ་ལ་དང་པོ་ཆོས་ཉིད་ཀྱི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་གསུངས་ཏེ། ཁམས་ནི་རང་བཞིན་གྱི་རྣམ་པར་དག་པ་དྲི་མ་དང་བཅས་པའི་ད་བཞིན་ཉིད་དེ། མདོ་གཞན་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ་སོགས་པའོ། །བརྗོད་པ་ནི་དཔེ་རྣམ་པ་དགུ་གསུངས་ཏེ། པདྨ་ངན་ལ་རྒྱལ་བའི་སྐུ་དང་ནི། སྦྲང་མའི་སྦྲང་རྩི་ཤུན་པའི་ནང་ན་གནས། །མི་གཙང་དོང་དུ་རིན་ཆེན་གསེར་དང་ནི། །ས་ཡི་གཏེར་དང་མྱུ་གུ་ལ་སོགས་འབྲས། །རུལ་བའི་གོས་དང་རྒྱལ་བའི་གཟུགས་བརྙན་དང༌། །འབངས་མོའི་ལྟོ་ན་རྒྱལ་པོའི་སྲས་བཞིན་དང༌། །ས་ལ་རིན་ཆེན་ཅི་བཞིན་དྲི་མ་ཡིས། །སྒྲིབ་པའི་ཁམས་ནི་འགྲོ་བ་ཀུན་ལ་གནས། །ཞེས་གསུངས་པའོ། །དེའི་མཚན་


DTG110_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི། རང་བཞིན་གྱིས་འོད་གསལ་ཞེས་བྱ་བ་ལ་སོགས་པ་སྟེ། དྲི་མ་ཐོག་མ་ཉིད་ནས་བྲལ་བའི་མཚན་ཉིད་དེ་རྣམ་པར་དག་པ་ཞེས་བྱ་བ་ནི་གཟུང་འཛིན་དང་བྲལ་བའོ། །ཆ་འཛིན་པས་ན་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སྟེ་ས་བོན་གྱི་དོན་ཏོ། །ལུས་ཀྱི་ནང་ཞེས་བྱ་བ་ནི་སེམས་ལ་གནས་པའི་ཚིག་བླ་དགས་སོ། །འོ་ན་ཇི་ལྟར་འཁོར་ཞེ་ན། ཕུང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གཡོགས་པར་བྱེད་པས་གོས་དང་འདྲ་བ་སྟེ། ཀུན་དུ་ཞེན་པས་དཀྲིས་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་ནི་སྟོབས་དང་ལྡན་པས་གནོན་པའི་ཕྱིར་རོ། །རྟོག་པའི་འཁྲུལ་པས་བག་ཆགས་ཀྱིས་བསྒོས་པའི་ཕྱིར་རོ། །སྒྲིབ་པ་རྣམས་ཀྱི་མཚན་ཉིད་འདོད་ཆགས་ཀྱི་བག་ལ་ཉལ་བ་ལ་སོགས་པ་རྣམས་ནི་འཕགས་པ་བྱམས་པས་རྒྱུད་བླ་མ་ལས་བསྡུས་པར་རིག་པར་བྱའོ། །སྒྲིབ་པས་གཡོགས་པ་དེའི་ཆོས་ཉིད་ནི་རྟག་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྐད་ཅིག་པ་མ་ཡིན་པས་རྟག་པའོ། །རྒྱུན་གྱིས་གནས་པས་བརྟན་པའོ། །མི་འགྱུར་བས་ཐེར་ཟུག་པའོ། །རྟག་པ་ལ་སོགས་པར་གསུངས་པ་གཞན་དག་ལོག་པར་རྟོགས་པ་ནི་བཅོམ་ལྡན་འདས་ཞེས་གསུངས་ཏེ། ཅི་ལྟར་མི་འདྲ་ཞེས་བྱ་བ་ནི་འདྲ་བར་བསྟན་པའོ། །ཅི་ལྟར་འདྲ་བས་གཅིག་ཅེ་ན། མུ་སྟེགས་བྱེད་རྣམས་ཀྱང་ཞེས་གསུངས་ཏེ། བདག་གི་རང་བཞིན་ཡང་དེ་ལྟ་བུར་སྨྲ་སྟེ། དེས་ན་བདག་སུན་ཕྱུང་ན་སྙིང་པོ་ཉིད་སུན་ཕྱུང་ལ། སྙིང་པོ་གྲུབ་ན་བདག་གྲུབ་པར་འགྱུར་པས་ཞེས་ཅི་ལྟར་སྤོང་ཞེས་སྤོང་བའོ། །ལན་ནི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ་ཞེས་གསུངས་ཏེ། འདིར་ཆོས་ཉིད་ལ་མིང་གཞན་དུ་བརྗོད་པའོ་ཞེས་བསྟན་པ་ནི་སྟོང་པ་ཉིད་དང་ཞེས་བྱ་བ་ལ་སོགས་པའོ། །སོགས་པའི་སྒྲ་ནི་དེ་བཞིན་ཉིད་དང༌། དོན་དམ་པ་དང༌། ཆོས་ཉིད་དང༌། ཆོས་ཉིད་ཀྱི་དབྱིངས་དང་ཆོས་སྐྱོན་མེད་པ་ཉིད་དང་ཆོས་གནས་པ་རྣམས་བསྡུའོ། །དེ་ལྟར་མིང་གཞན་གྱིས་བཏགས་པའི་དགོས་པ་ནི། བྱིས་པ་རྣམས་ཞེས་གསུངས་ཏེ། དོན་མི་ཤེས་པས་ན་བྱིས་པའོ། །འཇིགས་པ་ནི་སྐྲག་པའོ། །སྤངས་པ་ནི་སྐྲག་པ་སྤངས་པའི་ཕྱིར་རོ། །དགོས་པའི་འབྲས་བུ་ནི་རྣམ་པར་མི་རྟོག་པའི་གནས་ཞེས་གསུངས་ཏེ། སྒོ་ནི་འཇུག་པའི་ཐབས་ཀྱི་ཁྱད་པར་རོ། །གནས་ནི་ཡུལ་ལོ། །སྣང་བ་ནི་འཁྲུལ་པའོ། །


DTG110_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ནི་སྤངས་པ་སྟེ། འཁྲུལ་པ་དང་བྲལ་བའི་ཐབས་ཞེས་བྱའོ། །སྤྱོད་ཡུལ་ནི་སྤྱོད་ཡུལ་ཏེ་སྤྱོད་ཡུལ་ཉིད་དོ། །དེའི་ཕྱིར་གདམས་པ་ནི་བློ་གྲོས་ཆེན་པོ་ཞེས་གསུངས་སོ། །འཇམ་དཔལ་ནི་ཤེས་རབ་དང་ལྡན་པས་ན་འདིའི་ཤེས་རབ་པོ་ནས་རྟོགས་སོ་ཞེས་འཕགས་པ་འཇམ་དཔལ་ལ་གདམས་སོ། །དེའང་གང་གི་ཆེད་དུ་ཞེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་གསུངས་ཏེ། ཉན་ཐོས་ཀྱི་ཐེག་པ་དག་ལ་བསྟན་ཞེས་བྱ་བའོ། །འོ་ན་ཆོས་ཉིད་བརྗོད་དུ་མེད་པ་ཉིད་མ་ཡིན་ནམ། ཅི་ལྟར་ཚིག་གིས་བསྟན་ཞེ་ན། བདེན་མོད་ཀྱི་ཐབས་ཀྱིས་བསྟན་ཏོ་ཞེས་དཔེ་བཤད་པ་ནི། དཔེར་ན་ཞེས་གསུངས་ཏེ། གཞན་དུ་ན་སུས་ཀྱང་རྟོགས་པར་མི་འགྱུར་རོ་ཞེས་བྱ་བའོ། །དཔེ་དེ་ཉིད་དོན་དང་སྦྱར་བ་ནི་དེ་བཞིན་དུ་ཞེས་གསུངས་ཏེ། རྣམ་པར་རྟོག་པ་ལས་ལོག་པར་མི་རྟོགས་པའོ། །ས་ཉིད་བརྗོད་དུ་མེད་པ་ཉིད་མ་ཡིན་ནམ་ཅི་ལྟར་ཚིག་གིས་བསྟན་ཞེ་ན། དེ་ཉིད་ཇི་ལྟར་བསྟན་དུ་རུང་ཞེ་ན། ཤེས་རབ་ཐབས་ཀྱིས་ཞེས་བྱ་སྟེ། བརྡར་བཏགས་ནས་སྟོན་པ་ལྟར་ཞེས་བྱ་བའོ། །དེ་ཉིད་བཤད་པ་ནི་སྙིང་པོར་བཤད་པའམ་ཞེས་བྱ་བའོ། །དེ་ཉིད་བསྡུ་བ་ནི་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་སྔར་བསྟན་པའི་དགོས་པའི་དེ་ཉིད་ཁྱད་པར་དུ་བཤད་པ་ནི་དེ་ལྟར་ཞེས་གསུངས་སོ། །དྲང་བ་ནི་ཁྲིད་པའི་མིང་ངོ༌། །གང་ཞེ་ན་མུ་སྟེགས་བྱེད་ཅེས་བྱ་སྟེ། ཅིའི་ཕྱིར་བརྗོད་ཅེ་ན། བདག་ཏུ་སྨྲ་བ་ལ་ཞེན་པའོ། །གང་གི་ཕྱིར་ཞེ་ན། བདག་ཏུ་རྟོགས་པས་ཞེས་གསུངས་ཏེ། ལོག་པར་ཞུགས་པ་དེའི་ཕྱིར་ཞེས་སྦྱར་རོ། །ཅི་ལྟར་ཞུགས་ཤེ་ན་ཡང་དག་པ་མ་ཡིན་པར་ཞེས་བྱ་སྟེ་བདག་ནི་ལོག་པའི་ཕྱིར་བརྫུན་པར་བརྗོད་དེ། མེད་པས་བཅིངས་པའི་ཕྱིར་ཞེས་སྦྱར་རོ། །དཀའ་ཐུབ་དྲག་པོ་ཅན་ཡང་ལོག་པའི་བསམ་པས་ཁྲིད་པས་ངལ་བ་ཅན་དུ་བསྟན་པ་ནི། དེར་ལྷུང་བའི་བསམ་པ་ཅན་དག་ཐར་པར་ཇི་ལྟར་འགྱུར་ཞེས་སྦྱར་རོ། །ཐར་པ་ཉིད་གང་ཞེ་ན་རྣམ་པར་ཐར་པ་གསུམ་ཞེས་གསུངས་ཏེ། དངོས་པོར་ལྟ་བས་སྟོང་ཉིད་རྟོགས་པ་མིན། །མཚན་མེད་སྨོན་པ་དང་བྲལ་ཡུལ་མིན་ཏེ། །དམུས་ལོང་ཉི་མའི་དཀྱིལ་འཁོར་ཇི་བཞིན་པས། །དེ་ཕྱིར་ཐེག་ཆེན་མྱ་ངན་འདས་མི་རེག །ཅེའོ། །ཅི་ལྟར་འགྱུར་ཏེ་མི་འགྱུར་ཞེས་བྱ་བའོ། །དེ་ལྟ་བས་ན་དེ་དག་དེ་


DTG110_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རེག་པར་བྱ་བའི་ཕྱིར་ཐབས་བསྟན་པ་ནི་དེའི་དོན་དུ་ཞེས་བྱ་བའོ། །དོན་གྱི་ཐབས་ཉིད་གང་ཞེ་ན། ལྟ་བ་རྣམ་པར་ལྡོག་པའི་ཕྱིར། །ཞེས་གསུངས་ཏེ་དེའི་དོན་དུ་འབད་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་བདག་མེད་པ་ཁོ་ན་ལ་འཇུག་པར་བྱ་ཞེ་ན། འདི་ལྟ་སྟེ་ཞེས་གསུངས་ཏེ། ཡང་དག་པའི་ལྟ་བ་ཡིན་པ་ནི་ཆོས་སྟོང་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྟེ། སྟོང་པ་ཉིད་ནི་དངོས་པོར་ལྟ་བ་འཇོམས་པའི་ཕྱིར་གྲུབ་པའི་མཐའ་སྟེ་གྲུབ་པའི་མཐའ་ནི་མི་ཤིགས་པའོ། །དེའི་མཐའ་ནི་མུར་ཐུག་པའོ། །གོང་ན་མེད་པས་ན་བླ་ན་མེད་པའོ། །ཡང་དག་པའི་སྤྱོད་པ་ཡིན་པ་ནི་ཆོས་ཟབ་མོ་བསྟན་པ་ནི་གཟུང་བས་ཞེས་བྱ་སྟེ། ཆོས་འཛིན་པ་ནི་སྤྱོད་པ་རྣམས་ཀྱི་དམ་པ་ཡིན་ཏེ་ཡང་དག་པའི་ལྟ་བ་འགྲུབ་པའི་རྒྱུ་ཡིན་ནོ། །སྤྱོད་པ་ཕུན་སུམ་ཚོགས་པར་བསྟན་པ་ནི་འདི་ལྟར་ཞེས་གསུངས་ཏེ། ཇི་ལྟར་མཐའ་དག་གཟུང་ཞེ་ན་ལན་དུ་བསྟན་པ་སྟེ། འདུས་པའི་ཕྱིར་ཞེས་བྱ་བས་ཤེས་རབ་ཀྱི་དབང་དུ་བྱས་པའི་སྦྱིན་པ་ལ་སོགས་པ་རྣམས་ནི་སྤྱོད་པ་ཕུན་སུམ་ཚོགས་པ་ཞེས་བཤད་ལ། ཡང་དག་པའི་ལྟ་བ་ནི་དེའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཉིད་ངེས་པའི་དོན་དུ་བྱ་བ་ནི་ཡང་ཞེས་གསུངས་སོ། །སྤྱོད་པ་ཕུན་སུམ་ཚོགས་པར་ཇི་ལྟར་འགྱུར་ཞེ་ན། དེའི་འཐད་པ་ནི་ཟླ་བ་སྒྲོན་མའི་མདོ་ལས་ཞེས་གསུངས་ཏེ་སྟོང་ནི་སྟོང་ཆུང་ངུའོ། །དག་ཅེས་བྱ་བ་ནི་མང་པོས་སྟོན་པར་བྱེད་པ་སྟེ། སྟོང་གཉིས་པ་ནས་སྟོང་གསུམ་དུ་ཞེས་བྱ་བའོ། །ངེས་ནི་ཞེས་བྱ་བ་ནི་ཤཱཀྱ་ཐུབ་པ་ཉིད་ཀྱིས་ཏེ་དེའི་ཞིང་སྟོང་གསུམ་ཡིན་པའི་ཕྱིར་རོ། །ལ་ལ་ནི་སྟོང་ཉིད་ལ་སོགས་པ་ནི་མཚོན་པ་སྟེ། སྔར་བཤད་པ་ལྟར་སངས་རྒྱས་རྣམས་ནི་མཉམ་པ་ཉིད་ཀྱིས་འཇིག་རྟེན་ཐམས་ཅད་དུ་སངས་རྒྱས་ཐམས་ཅད་ཀྱིས་ཞེས་ཟེར་རོ། །ལ་ལ་ནི་མཚན་འདྲ་བ་མང་པོ་གཟིགས་པས་སོ་ཞེས་ཟེར་རོ། །ཚིག་འབྲུ་ཐ་དད་པ་ནི་སྒྲ་སྣ་ཚོགས་པས་བཤད་པས་སོ། །ཚིག་གཅིག་པོ་གང་ཞེ་ན་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བའོ།། དོན་ལ་མཁས་པ་ནི་སྔར་བཤད་པ་ལྟ་བུ་སྟེ་གཞན་དུ་ན་སྔར་བཤད་པ་ལྟར་ཆུད་ཟ་བ་ཡིན་ནོ། །དཀོན་པ་མ་ཡིན་པ་ནི་མི་དཀོན་པ་སྟེ་མོད་པའོ། །གང་ཞེ་ན། སངས་རྒྱས་ཆོས་རྣམས་ཏེ་སྟོབས་ལ་སོགས་པའོ། །དེ་ལྟར་ཟབ་མོ་ལ་མོས་པའི་དགོས་པ་བསྟན་ནས། དེ་ཉིད་ཁྱད་པར་ཟབ་མོ་ལ་མོས་པའི་


DTG110_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་བསྟན་པ་ནི། ཆོས་ཟབ་མོ་ལ་མོས་པའི་ཞེས་གསུངས་ཏེ། བསོད་ནམས་ཇི་ལྟར་སྡུད་ཅེ་ན། འཇིག་རྟེན་དང་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་ལུང་དང་སྦྱར་བ་ནི། དང་པོ་ཁྱེའུ་རིན་ཆེན་གྱི་མདོ་ལས་བསྟན་པ་ནི། འཇམ་དཔལ་ཞེས་གསུངས་ཏེ། ཁྱད་པར་གྱི་གཞི་ནི་རྟེན་གྱི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་བྲལ་བའོ། །དུས་ནི་བསྐལ་པ་བརྒྱ་སྟོང་ངོ༌། །སྤྱོད་པ་ནི་དྲུག་སྟེ་ཁྱད་པར་གྱི་གཞིའོ། །ཁྱད་པར་གྱི་མཚན་ཉིད་ནི་གང་གིས་ཞེས་པ་ལ་སོགས་པ་སྟེ། ཐེ་ཚོམ་ནི་ཡིད་གཉིས་སོ། །ལུང་འཕོགས་པ་ནི་སྟོན་པའོ། །མདོ་གཉིས་པ་ནི་དཔེ་དགོད་པར་གངྒཱའི་ཀླུང་གི་ཞེས་བྱ་བའོ། །དོན་གྱི་ཁྱད་པར་ནི་དེ་སྙེད་ཀྱི་ཞེས་གསུངས་ཏེ། ཁྱད་པར་གྱི་གཞི་རྟེན་ནི་དེ་སྙེད་ཀྱི་སྐྱེས་པའམ་བུད་མེད་ཅེས་སྨོས་ཏེ་རྟེན་མཆོག་ཡིན་པས་སོ། །དངོས་པོ་ནི་རིན་པོ་ཆེ་སྟེ་དཀོན་པ་ལ་སོགས་པའི་ཕྱིར་བཟང་བའོ། །མཐའ་དག་པས་སྣ་བདུན་ནོ། །མང་པོ་ནི་བཀང་བའོ། །ཡུལ་བཟང་པོ་ནི་དེ་བཞིན་གཤེགས་པ་སྟེ་བྱས་པ་མི་ཟད་པའི་ཕྱིར་རོ། །ཁྱད་པར་གྱི་མཚན་ཉིད་ནི། གང་ཞིག་ཅེས་གསུངས་པའོ། །ཕན་ཡོན་གྱི་འབྲས་བུ་ཉིད་གང་ཞེ་ན་མངོན་པར་མཐོ་བའི་དབང་དུ་བྱས་ནས། བསོད་ནམས་འདོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བར་ཞེས་བྱ་བ་ནི་མཐའ་བཟུང་བའོ། །ངེས་པར་ལེགས་པའི་དབང་དུ་བྱས་ནས། ཤཱ་རིའི་བུས་གསོལ་པ་ཞེས་གསུངས་ཏེ། ས་བརྒྱད་པའི་དབང་དུ་བྱས་ནས་ངེས་པའོ། །ས་དགུ་པ་ལ་ཉེ་བའོ། །ས་བཅུ་པ་ལ་འཐོབ་པས་ན་སངས་རྒྱས་ཉིད་དུ་བལྟ་བར་བགྱིའོ། །ལ་ལ་ནི་མོས་པ་ལ་གསུམ་དུ་རང་གི་རྟོགས་པའི་དབང་གིས་ངེས་པ་ལ་སོགས་པར་བཤད་དོ་ཞེས་ཟེར་རོ། །གཞན་དག་ནི་ཡུལ་འགྲོལ་བས་ལས་དང་པོ་པ་མོས་པ་དང་ལྡན་པ་རྣམས་ནི་ངེས་པ་སྟེ་མི་ལྡོག་པར་འགྱུར་བའོ། །སེམས་བསྐྱེད་པ་རྣམས་ནི་ཉེ་བ་སྟེ་ཉེ་བར་གྱུར་པ་སྟེ། སྤྱོད་པ་ལ་ཞུགས་པ་དེ་བཞིན་དུ་བལྟ་བར་བྱའོ། །ཕྱིར་མི་ལྡོག་པ་ཡང་དེ་བཞིན་ནོ། །སྐྱེ་བ་གཅིག་གིས་ཐོགས་པ་ནི་སངས་རྒྱས་ཉིད་དུ་བལྟ་བར་བགྱིའོ། །ལ་ལ་ནི་ཐམས་ཅད་ཀྱང་སྙིང་པོ་དང་ལྡན་པས་ངེས་པར་བཞག་སྟེ། ཐམས་ཅད་ཀྱང་དེ་ཐོབ་ཏུ་རུང་བས་དེའི་རྐྱེན་ཡུལ་ཡིན་པས་ངེས་པའོ། །རིགས་དང་ལྡན་པས་སེམས་བསྐྱེད་པས་ནི་སྔ་མ་ལྟར་ཉེ་བའོ། །སྤྱོད་པ་


DTG110_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་ཡང་སྔ་མ་ལྟར་སངས་རྒྱས་ཉིད་དུ་བལྟའོ་ཞེས་ཀྱང་ཟེར་རོ། །ལ་ལ་ནི་ལུང་བསྟན་པའི་ཕན་ཡོན་གསུམ་སྟེ། གསང་སྟེ་ལུང་བསྟན་པ་དང་སེམས་བསྐྱེད་པར་ལུང་བསྟན་པ་ནི་ངེས་པའོ། །ལུང་སྟོན་པར་ལུང་སྟོན་པ་ནི་ཉེ་བའོ། །དངོས་སུ་ལུང་བསྟན་པ་ནི་སངས་རྒྱས་ཉིད་དུ་བལྟ་བར་བྱའོ་ཞེའོ། །ཕན་ཡོན་གཉིས་པ་ནི་ཉེས་པ་ཐམས་ཅད་སེལ་བས་ན་ལྟུང་བ་དང་ཞེས་གསུངས་ཏེ། བཅས་པས་རྗེས་སུ་འགལ་བ་ནི་ལྟུང་བ་སྟེ་ལྟུང་བར་བྱེད་པ་དང་སྒྲིབ་པར་བྱེད་པའི་ཕྱིར་ཏེ། སྒྲིབ་པ་ནི་ལས་དང་ལམ་གྱི་གེགས་བྱེད་པའི་ཕྱིར་རོ། །ལྷག་མ་ནི་འགྱོད་པ་སྟེ་ཡིད་ལ་གཅགས་པའོ། །ཡང་ན་རྒྱུ་ནི་ལྟུང་བའོ།། འབྲས་བུ་ནི་འགྱོད་པའོ། །གཞན་ལྟུང་བས་ན་ལྟུང་བའོ། །སྒྲིབ་པས་ན་འགྱོད་པའོ། །ལས་ཀྱི་སྒྲིབ་པ་ནི་ལས་ཀྱི་སྒྲིབ་པའི་ངོ་བོ་ཉིད་དེ་ལས་ཀྱི་སྒྲིབ་པ་གང་གིས་ལས་ལ་སྒྲིབ་པའོ། །ཡང་ན་བྱེད་པར་ཉེ་བར་གཟུང་བ་ཉིད་ནི་ལས་ཀྱི་སྒྲིབ་པའོ། །དེ་ཉིད་གང་ཞེ་ན། འོད་སྲུངས་ཞེས་གསུངས་ཏེ་སྡིག་པའི་རྣམ་གྲངས་བརྟག་པའི་ཕྱིར་ཏེ། སྲོག་གཅོད་པ་ལ་སོགས་པ་འདི་དག་གི་བསམ་པ་ལ་སོགས་པའི་ཡན་ལག་ནི་སྔར་བཤད་པ་ཉིད་དེ། ཁ་ན་མ་ཐོ་བ་ཆེན་པོ་རྣམས་བསྡུ་བའི་ཕྱིར་དང་སྟོང་པ་ཉིད་ཀྱི་ཕན་ཡོན་བསྟན་པའི་ཕྱིར་རོ། །དེ་ལ་མཚམས་མེད་པའི་ལས་གཉིས་གཞི་གཅིག་ལ་བསྡུ་བ་ནི་ཕ་དང་རང་སངས་རྒྱས་ཏེ། ཕ་བསད་པ་དང་དགྲ་བཅོམ་པ་བསད་པའི་ཕྱིར་རོ། །དཀོར་ནི་དབྱིག་ལ་སོགས་པ་སྟེ་ཡུལ་གསུམ་ལ་བརྐུས་པའི་ཕྱིར་རོ། །ཉེ་བ་ནི་མ་དགྲ་བཅོམ་མ་སྟེ་མ་ནི་མ་བསྐྱེད་མ་ལ་བྱ་སྟེ་མཚམས་མེད་པ་དང་ཆ་འདྲ་བའི་ཕྱིར་རོ། །ལྷག་མ་ནི་གོ་སླ་བའོ། །དེ་དག་གང་ལ་ཞེ་ན་གཅིག་ལ་བསྡུ་བ་ནི་གལ་ཏེ་ཞེས་གསུངས་ཏེ། གཅིག་གི་རྒྱུད་ཀྱིས་བསྡུས་པས་ཉེས་པ་ཤིན་ཏུ་ཆེ་བའི་ཕྱིར་ཞེས་བཤད་དོ། །དེ་འང་འཇོམས་པར་འགྱུར་བས་ན། དེ་ཡང་ཞེས་གསུངས་སོ། །ཅི་ལྟ་ན་དེ་སྤང་ཞེ་ན། རྒྱུ་དང་ཞེས་གསུངས་ཏེ་ལྡན་པ་ནི་འཇོམས་པ་སྟེ་འཕྲོད་པ་ཉིད་དོ། །ཅི་ལྟར་འཕྲོད་ཅེ་ན་ལ་ལ་ནི་རྟེན་དང་སུན་འབྱིན་པ་དང་སོར་ཆུད་པ་དང་གཉེན་པོ་སྟེ་སྟོབས་བཞི་ལྡན་པ་ལ་བྱའོ་ཞེས་ཟེར་རོ། །ལ་ལ་ནི་རྒྱུ་ནི་ནང་གི་ཉེ་བར་ལེན་པ་དང༌། ཕྱི་རོལ་གྱི་རྐྱེན་ཡོངས་སུ་འཛིན་པར་ལྡན་པས་ཀུན་རྫོབ་ཏུ་འགྱོད་ཅིང་གཉེན་པོ་སྟོང་པ་ཉིད་བསྒོམ་པའོ་ཞེས་ཟེར་རོ། །ལ་ལ་རང་བཞིན་མེད་པ་ཉིད་ལ་བྱ་སྟེ་


DTG110_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས་པ་ལྟར་བས་ན་འོག་ནས་ཀྱང་སྐྱེས་མ་ཐག་ཏུ་འགག་གོ་ཞེས་བྱ་བ་ནི་མི་གནས་པར་བསྟན་པའི་ཕྱིར་རོ་ཞེས་ཟེར་རོ། །ལ་ལ་ནི་བྱས་པ་ཆུད་མི་ཟ་བར་ཤེས་ནས་ཡོངས་སུ་སྤང་བའི་ཕྱིར་རྩོལ་བ་ལ་བྱའོ། །ལ་ལ་ནི་མེ་ལྔ་བསྟེན་པ་ལ་སོགས་པ་ནི་རྒྱུ་མ་ཡིན་པས་ན་དེའི་རྒྱུ་ནི་དེ་དག་དང་འགལ་བ་ཡིན་པས་དངོས་པོར་ལྟ་བ་དང༌། སྟོང་པ་ཉིད་དང་འགལ་ཏེ་དེས་ན་གང་བྱེད་པའམ་ཞེས་བྱ་བ་ལ་སོགས་པ་ལ་འཇུག་གོ་ཞེས་ཟེར་རོ། །དེ་ལྟ་བས་ན་མ་བྱས་པ་ནི་བྱེད་པ་པོ་མེད་པའི་ཕྱིར་རོ། །འདུས་མ་བྱས་པ་ནི་རྒྱུ་རྐྱེན་ཚོགས་པ་མེད་པ་སྟེ་སྐྱེས་ནས་འཇིག་པའི་ཕྱིར་སྔ་མ་དང་ཕྱི་མ་ཕྲད་པར་མི་འགྱུར་བ་ལ་བྱའོ། །འོ་ན་མངོན་སུམ་དང་འགལ་ཞེ་ན་སྒྱུ་མའི་ཆོས་ཉིད་ཅེས་བྱ་སྟེ། མ་བརྟགས་ན་སྣང་བའི་ཕྱིར་རོ། །སྟོང་པ་ལ་སྟོང་པས་གླགས་མི་རྙེད་པས་ན་ཉོན་མོངས་པ་མེད་པའོ། །ཅིའི་ཕྱིར་གླགས་མི་རྙེད་ཅེ་ན་རང་བཞིན་གྱིས་འོད་གསལ་བ་སྟེ་བསྒྱུར་དུ་མི་ནུས་པས་སོ། །དེ་ལ་རྒྱུ་རྐྱེན་མེད་པས་ཐོག་མ་ནས་དག་པའོ། །འོ་ན་ཐམས་ཅད་ཅིའི་ཕྱིར་མ་གྲོལ་ལོ་ཞེ་ན། མངོན་པར་དད་ཅིང་མོས་པ་ཞེས་བྱའོ། །རང་འབྱུང་རྣམས་ཀྱི་དམ་པའི་དོན། །དད་པ་མེད་ན་རྟོགས་མིན་ཏེ། །ཉི་མའི་དཀྱིལ་འཁོར་འོད་ལྡན་པ། །ལོང་བ་རྣམས་ཀྱིས་ཇི་བཞིན་ནོ། །ཞེའོ། །ཆོས་རྣམས་སྟོང་པ་ཉིད་ཡིན་ཡང་ཅིའི་ཕྱིར་ཉེས་པ་དང་ལྡན་པ་རྣམས་མི་གྲོལ་ཞེ་ན། རིགས་པས་སྔར་བསྟན་པ་བཞིན་པས་དངོས་པོ་མེད་པའོ། །ཅི་ལྟར་མེད་ཅེ་ན། སྐྱེས་ནས་འཇིག་ཅིང་འཇུའོ། །ཅི་ལྟར་སྐྱེ་ཞེ་ན་རྒྱུ་དང་ཞེས་བྱ་བའོ། །ཅི་ལྟར་འཇིག་ཅེ་ན། རྒྱུ་ལ་མ་ལྟོས་པས་སྐྱེས་མ་ཐག་ཏུའོ། །སེམས་ཅི་ལྟ་བར་ཉོན་མོངས་པ་ཡང་དེ་བཞིན་པས་གང་ཞེས་གསུངས་སོ། །ཉོན་མོངས་པ་ཟད་ཀྱང་ལས་ཀྱི་འབྲས་བུ་འབྱིན་ནོ་ཞེ་ན། གང་སྒྲིབ་པ་མེད་པ་དེ་ལ་ཞེས་གསུངས་ཏེ་ཉོན་མོངས་པ་ཟད་ན་གྲོལ་བར་འགྱུར་རོ་ཞེས་བསྟན་ཏོ། །འོ་ན་ཉོན་མོངས་པ་ཟད་ན་ལས་སོགས་པར་མི་བདེ་ལ་ལས་ཀྱི་སྒྲིབ་པ་ནི་ཉོན་མོངས་པ་ལས་གྲོལ་བར་རིགས་པ་མ་ཡིན་པས་ཅི་ལྟར་འཐད་ཅེ་ན། མདོ་གཉིས་པ་བསྟན་ཏེ། ཉེས་པ་ཆེན་པོ་བྱས་ཀྱང་དེའི་རྗེས་སུ་རྟེན་ལ་སོགས་པའི་སྟོབས་ཉིད་སྔོན་དུ་བཏང་སྟེ། གཉེན་པོ་བསྒོམས་ན་གྲོལ་བ་ནི་སྔར་མ་སྐྱེས་དགྲའི་མདོ་ལས་གསུངས་པ་བཞིན་དུ། འདིར་ཡང་ནམ་ཆོས་ཐམས་


DTG110_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཤིན་ཏུ་དུལ་བར་ཤེས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ནི་ཆོས་ཀྱི་སྒྲར་བསྟན་པའམ་མཚན་ཉིད་འཛིན་པའི་ཕྱིར་རོ། །ཡང་ན་ཆོས་མཐུན་པར་བཤད་པས་ཉེས་པ་རྣམས་ཀྱི་ཞེས་བྱ་སྟེ་ལྟུང་བ་རྣམས་ཀྱི་རྒྱུ་ཉོན་མོངས་པ་དང༌། དེའི་རྒྱུ་སྟོང་པ་སྟེ་དངོས་པོས་དབེན་པ་སྟེ། འདས་པ་ནི་ཞིག་ལ་མ་འོངས་པ་ནི་མ་བྱུང་བ་དང་ད་ལྟར་ནི་མི་གནས་པས་དབེན་པ་སྟེ་སྟོང་པ་ཉིད་དོ། །འགྱོད་པ་སེལ་བ་ནི་ལྟུང་བའི་ཆོས་བཞིན་དུའང་ཕྱིར་བཅོས་པ་སྟེ་ཆད་པའི་ལ་སོགས་པའོ། །བརྟན་པོར་མི་བྱེད་པ་ནི་འགྱོད་པ་མི་གནས་པར་བྱེད་པ་སྟེ། འགྱོད་པ་ཉིད་སྒྲིབ་པ་ཡིན་པའི་ཕྱིར་རོ། །ལྡང་བའི་ཐབས་བསམ་པའམ། ལྡང་བའི་ཐབས་སྦྱོར་བ་ཕྱིར་བཅོས་པ་ཉིད་གང་ཞེ་ན། དེ་དག་ལ་ཞེས་གསུངས་ཏེ། སྟོབས་བཞིས་ནི་ཁ་ན་མ་ཐོ་བ་ཆེན་པོ་འང་སེལ་ན་ཞེས་བྱ་བའོ། །དེ་ལ་ཆོ་ག་ནི་བཅས་པའི་ཉེས་པ་ཕྲ་མོ་ལ་བྱའོ། །ཚུལ་ཁྲིམས་ནི་སྲོག་གཅོད་པ་སྤོང་བ་ལ་སོགས་པའོ། །ཚུལ་ཁྲིམས་ཀྱི་རྣམ་པ་ནི་སྟོབས་བཞི་དག་པར་བྱེད་པའོ། །འདས་པའི་ཉེས་པ་བཤགས་ཀྱང་ཡང་ཉེས་པས་གོས་ན་ཅི་ལྟར་བྱ་ཞེ་ན་དེའི་རྒྱུ་སྤངས་པའི་ཕྱིར་རོ། །ཉོན་མོངས་པ་འདུལ་བ་ལ་མཁས་ཞེས་གསུངས་ཏེ། མི་སྡུག་པ་དང་བྱམས་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམ་ཞེས་བྱ་བའོ། །ཅི་ལྟར་འདུལ་ཞེ་ན། གློ་བུར་གྱི་ཞེས་བྱ་སྟེ་བརྫུན་ཞེས་བྱ་བའི་དོན་ཏོ། །བརྫུན་པར་བྱས་ནས་དེའི་དབང་དུ་མི་འགྲོ་བས་ན་ཀུན་ནས་ཉོན་མོངས་པར་གྱུར་པ་མ་ཡིན་པར་རོ། །བག་མེད་པ་ལ་སོགས་པས་ལྟུང་བ་བྱུང་ན་སྐྱེན་པར་ཕྱིར་འཆོས་པས་ན་འབྱུང་བར་འདུ་ཤེས་པའོ། །སྔར་བསྟན་པའི་ཅི་ལྟར་བརྟན་པོར་མི་བྱེད་ཅེ་ན་ཡུལ་དང་མཚན་ཉིད་དང་སྤོང་བ་ལ་མཁས་པས་འགྱོད་པ་མི་གནས་པར་བྱེད་པ་སྟེ། ཡུལ་ནི་ནད་ལ་སོགས་པ་སྟེ་ནང་ལ་སོགས་པའི་སྐྱེ་མཆེད་རྣམས་སུའོ། །གཉིས་ག་མེད་པས་ནི་བར་ཏེ་དབང་པོའམ་ནམ་མཁའོ། །མ་ཡིན་ན་ནི་དགག་པ་སྟེ་ཅི་སྐད་སྔར་བཤད་པ་ཉིད་ཡིན་ནོ། །མཚན་ཉིད་ནི་གཉིས་ཏེ་སྤོང་བར་བྱེད་པའི་མཚན་ཉིད་ཁོང་དུ་ཆུད་པ་ཉིད་ཅེས་བྱ་སྟེ། གཉེན་པོའི་ངོ་བོ་གང་གིས་རང་བཞིན་མེད་པར་རྟོགས་ན་ཞེས་བྱ་བ་སྟེ་ཉོན་མོངས་པ་ཤེས་ན་དེ་སྤོང་བ་སྟེ་དཔེར་ན་ཀླུའི་རིགས་འདོན་ཤེས་ན་གནོད་པ་མི་བྱེད་པ་ལྟ་བུའོ། །འོ་ན་ཇི་ལྟར་ཁོང་དུ་ཆུད་ཅེ་ན་རྩ་བ་མེད་པར་རྟོགས་པའོ། །དེའི་ཕྱིར་མི་


DTG110_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་ཞེས་བྱ་སྟེ། བསལ་བྱ་མ་དམིགས་པའི་ཕྱིར་རོ། །མི་བསྒྲུབ་ཅེས་བྱ་སྟེ་རྟོག་པ་སྤངས་པའི་ཕྱིར་རོ། །ཅི་ལྟར་རྩ་བ་མེད་པར་བརྟག་ཅེ་ན། སྤང་བར་བྱ་བའི་མཚན་ཉིད་ནི་སྤྲིན་དང་ཞེས་བྱ་བ་ལ་སོགས་པ་སྟེ་ལྷག་མཐོང་ནི་ཤེས་རབ་བོ། །ཡེ་ཤེས་ནི་ཡེ་ཤེས་སོ། །ཤེས་རབ་ཡེ་ཤེས་ཀྱི་དོན་དམ་པ་དང་ཀུན་རྫོབ་ཏུ་དཔྱད་ནས་གཏོར་བ་ནི་བཤིག་པའོ། །དེ་དག་ཀྱང་རྟོག་པ་ལས་བྱུང་བས་སྒྲིབ་པའི་ཕྱིར་སྤྲིན་དང་འདྲའོ། །རྣམ་པར་ཤེས་པ་གྱུར་པ་ཡིན་པས་ནང་གི་སེམས་དེར་སྣང་བས་ཆུ་ཟླ་ལྟ་བུ་སྟེ། བཞིན་ནི་ནང་གི་མཐུས་སོ། །མི་ཤེས་པ་ལས་བྱུང་བས་མུན་པའི་སྤྱོད་ཡུལ་ལོ། །ལོག་པའི་ཤེས་པ་ལས་བྱུང་བས་ན་རྐུན་པོ་ལ་སོགས་པ་ལྟ་བུ་སྟེ། ལས་ནི་གླགས་ཚོལ་བ་སྟེ་བདེ་བ་འཕྲོག་པར་བྱེད་པའོ། །དེ་ལ་མ་རིག་པའི་རྒྱུ་ཀུན་དུ་བརྟགས་པའི་མ་རིག་པ་ནི་གཉིས་པ་སྟེ་འཛིན་པར་ཀུན་དུ་བརྟགས་པའི་དཔེ་ནི་སྤྲིན་ལྟ་བུ་སྟེ་འདྲ་བར་གཞན་འབྱུང་བའི་ཡང་ཕྱིར་རོ། །གཟུང་བར་ཀུན་དུ་བརྟགས་པར་ནི་ཆར་སྤྲིན་ལྟ་བུ་སྟེ། ཡུལ་དང་འདྲ་བ་ཡང་གཞན་འབྱུང་བའི་ཡང་ཕྱིར་རོ། །དེའི་གཉེན་པོ་ནི་ཡེ་ཤེས་ལ་སོགས་པ་སྟེ་བདེན་པ་གཉིས་ལ་མཁས་པས་སྤོང་བའི་ཕྱིར་རོ། །ཅི་ལྟར་སྤོང་ཞེ་ན། ཕྱོགས་ན་འགྲོ་བ་དང་ཡུལ་ན་གནས་པ་མེད་པ་སྟེ་དངོས་པོ་མེད་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་མ་རིག་པའི་དཔེ་ནི་ཆུ་ཟླ་ལྟ་བུ་སྟེ་ཐོག་མ་མེད་པའི་བག་ཆགས་གོམས་པའི་ཕྱིར་དེར་སྣང་ངོ༌། །དེ་ནི་གསུམ་སྟེ་ལྷན་ཅིག་སྐྱེས་པའི་འདོད་ཆགས་ནི་ཆུ་ཟླ་ལྟ་བུ་སྟེ། ནང་གི་སེམས་ཀྱི་སྡུག་པ་ལ་སོགས་པར་བརྟགས་པས་ཡོངས་སུ་རྟོག་པའོ། །གཏི་མུག་ནི་མུན་པ་ལྟ་བུ་སྟེ་མི་ཤེས་པས་རྨོངས་པའོ། །ཞེ་སྡང་ནི་རྐུན་པོ་ལ་སོགས་པ་ལྟ་བུའོ། །དེ་ལ་བསྐལ་པ་སྟོང་ལ་སོགས་པར་བསགས་པའི་དགེ་བ་རྐུ་བར་བྱེད་པས་ན་རྐུན་པོ་ལྟ་བུ་སྟེ་མི་ཤེས་པས་རྐྱེན་བྱས་པའི་ཕྱིར་རོ། །ཁོང་ཁྲོ་གནས་མེད་པས་ན་མཁའ་འགྲོ་མ་ལྟ་བུ་སྟེ་ཡུལ་རྣམས་ལ་རྒྱུག་པའི་ཕྱིར་རོ། །འབྲས་བུ་མི་འདོད་པར་བྱེད་པས་གནོད་སྦྱིན་ལྟ་བུ་སྟེ་ཡིད་དུ་མི་འོང་བའི་ཕྱིར་རོ། །ཐར་པའི་གཟི་བརྗིད་འཕྲོག་པས་ན་སྲིན་པོ་དང་གནོད་སྦྱིན་ལྟ་བུ་སྟེ་མདངས་འཕྲོག་པའི་ཕྱིར་རོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི་སྟོང་པ་ཉིད་དོ། །ལ་ལ་ནི་བྱམས་པ་ལ་སོགས་པ་ལ་སྨྲའོ། །ཅི་ལྟར་ཡིད་ལ་བྱ་ཞེ་ན་སྟོང་པ་ཉིད་དང་ཞེས་བྱ་བ་ལ་སོགས་


DTG110_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ལྟ་བས་ན་དེ་སྤོང་བའི་ཐབས་ལ་མཁས་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ནི་སྟོང་པ་ཉིད་ཡིན་པས་སེམས་ཅན་ལ་སོགས་པ་གསུངས་ཏེ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པས་ཞེས་སྦྱར་རོ། །དེ་དག་ངེས་པའི་དོན་དུ་བྱ་བ་ནི། མདོ་གསུམ་པ་སྟེ་ཆོས་ཀྱི་རྣམ་གྲངས་ནི་སྟོང་པ་ཉིད་དོ། །དང་པོ་དང༌། བར་པ་དང༌། ཐ་མར་ནི་ཐོས་པ་དང་མོས་པ་དང་འཇུག་པའོ། །དེ་ལྟ་བས་ན་རྣམ་གྲངས་སུ་བཤད་པ་ནི་མདོར་བསྟན་པའི་ལྟུང་བ་ནི་ཅི་ལྟར་སྦྱོང་ཞེ་ན་བདུད་འདུལ་བའི་ལེའུ་ལས་འབྱུང་བ་ལྟ་བུའོ། །དེའི་འགྱོད་པ་ཅི་ལྟར་སེལ་ཞེ་ན་མ་སྐྱེས་དགྲའི་མདོ་ལས་བསྟན་པ་ལྟ་བུའོ། །ལས་ཀྱི་སྒྲིབ་པ་ཇི་ལྟར་སྦྱོང་ཞེ་ན། མཛོད་ཀྱི་མདོ་ལས་བསྟན་པ་ལྟ་བུ་སྟེ་དེ་འགྱོད་པ་དང་ལས་ཀྱི་སྒྲིབ་པ་ནི་ཁྱད་པར་དང༌། སྤྱིའི་དབང་དུ་བྱས་པའོ་ཞེས་ཀྱང་བཤད་དོ། །ལྟ་བུ་ཞེས་བྱ་བ་ནི་སྒྲ་དྲངས་ནས་ཕན་ཡོན་གཉིས་ཕྱོགས་ཡོངས་སུ་མཚོན་པ་ནི་འདི་ནི་ཞེས་གསུངས་པ་སྟེ། འདིར་མདོར་བསྡུས་སོ་ཞེས་བཤད་པའོ། །བསོད་ནམས་དང་ཡེ་ཤེས་དག་ནི་སྐུ་གཉིས་འགྲུབ་བོ་ཞེས་བྱ་བར་བསྟན་པས་བསོད་ནམས་དང་ཡེ་ཤེས་ཀྱི་བྱེ་བྲག་བསྟན་པ་ཤེས་རབ་དེའང་ཐབས་དང་ལྡན་པར་བསྟན་པ་ནི། ཐབས་མཁས་པ་དང་བྲལ་བར་གསུངས་ཏེ་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་གོམས་པར་བྱེད་པའོ། །དེ་ལྟར་བས་ན་སྦྱོར་བ་ཡང་དག་པའོ་ཞེས་བྱ་སྟེ་ཡང་དག་པའི་ཐར་པའི་ཐབས་སོ། །སྦྱོར་བ་ནི་ལམ་དེའོ། །དེ་ཡང་ཅི་ལྟར་ཤེས་ཤེ་ན། དེ་སྐད་ཅེས་ལུང་དང་སྦྱར་བ་ནི་ཐབས་ཀྱིས་མ་ཟིན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞིང་གི་རྒྱན་ནི་ཞིང་དང་འབྲེལ་པར་རྒྱ་ཅེས་བ་སྟེ། སྣོད་རྣམ་པར་པར་དག་པའོ། །ལྟ་བ་ནི་དྲུག་ཅུ་རྩ་གཉིས་ཏེ་ཚངས་པའི་འདྲ་བ་ལས་གསུངས་པ་ལྟ་བུའོ། །དེས་ན་མདོ་སྡེ་རྒྱན་ལས། ཤེས་རབ་ཐབས་ཀྱིས་ཡོངས་སུ་ཟིན་པ་དང༌། །སྦྱིན་སོགས་ཤེས་རབ་ཀྱིས་ཟིན་མི་བཟང་གཞག །ཅེའོ། །དེ་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པའི་སྒོ་ནས་དགོས་པ་བསྟན་ནས། །དེའི་ངོ་བོ་ཉིད་བཤད་པ་ནི། ཐབས་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། ཤེས་རབ་དང་སྙིང་རྗེས་འབྲེལ་པ་དེའི་ངོ་བོ་ཉིད་ནི་གང་སོ་སོའི་སྐྱེ་བོའི་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་བཤད་པ་ནི་གང་འཁོར་བ་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དུས་མ་ཡིན་པ་ནི་ཚོགས་རྫོགས་པའོ། །ནང་དུ་སོ་སོར་རྟོག་པ་ནི་མྱ་ངན་ལས་


DTG110_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་ལ་གོམས་པའོ། །མི་སྐྱེ་བ་ནི་སྟོང་པ་ཉིད་དོ། །ངེས་པར་གྱུར་པ་ནི་ཞི་བ་ཕྱོགས་གཅིག་པའོ། །དེ་ལ་མོས་པས་སྤྱོད་པའི་ས་རྣམས་སུ་སྤྱིར་བཏང་བ་ནི་ཤེས་རབ་དང་སྙིང་རྗེ་འབྲེལ་བ་སྟེ། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སོ་སོའི་སྐྱེ་བོ་ཡིན་ཡང་བྱིས་པའི་རྒྱུད་ལས་འདས་པས་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དྲོ་བ་དང་རྩེ་མོའི་གནས་སྐབས་སུ་ནི་བྱེ་བྲག་ཏུ་གང་ཟག་ལ་བདག་མེད་པར་རྟོགས་པས་མྱ་ངན་ལས་འདས་པ་སྤྱོད་ཡུལ་ལ་དེ་རྟོགས་ཀྱང་ཆོས་ཀྱི་དེ་མ་རྟོགས་པས་འཁོར་བ་ལ་སྤྱོད་ཡུལ་བ་དང་གཟུང་བ་མེད་པར་རྟོགས་པ་དང་འཛིན་པ་མེད་པར་མ་རྟོགས་པས་ཀྱང་ངོ༌། །བཟོད་པའི་ས་ལ་ཆོས་ཟབ་མོ་ལ་བཟོད་པས་ཀྱང་མྱ་ངན་ལས་འདའ་བར་རྟོགས་པ་གཙོར་བཤད་ལ། ཆོས་ཀྱི་མཆོག་ཏུ་མཐོང་བའི་ལམ་མ་ཐོབ་པས་སྤྱོད་ཡུལ་མ་ཡིན་པའོ། །ས་དང་པོ་ལ་ནི་བདེན་པ་སྤྱོད་ཡུལ་ལོ། །གཉིས་པ་ལ་ནི་ནང་དུ་སོ་སོར་རྟོག་པ་སྟེ་འཆལ་པའི་དྲི་མ་སྤོང་བའོ། །གསུམ་པ་ལ་ནི་བཟོད་པ་དང་ལྡན་པས་མི་སྐྱེ་བ་གཙོར་བསྒོམ་ལ། བཞི་པ་ལ་སྤྲོས་པ་དང་ལྡན་པས་འོག་མའི་ངེས་པ་ལ་མི་འཇུག་སྟེ་གོང་དུ་ཡོན་ཏན་ཚོལ་བའོ། །ལྔ་པ་ལ་བདེན་པ་གཉིས་གོམས་པར་བྱེད་པས་འདུ་འཛིའི་སྤྱོད་ཡུལ་ལ་སོགས་པའོ། །དྲུག་པ་ལ་རྟེན་འབྲེལ་གོམས་པས་དེ་རང་བཞིན་མེད་པའི་སྟོང་པ་ཉིད་སྤྱོད་ཡུལ་གཙོར་བསྒོམ་ལ། བདུན་པ་ལ་མཚན་མ་མེད་ཅིང་རྩོལ་བ་དང་བཅས་པས་ཡོན་ཏན་ཚོལ་བ་ཞེས་བཤད་དོ། །ས་བརྒྱད་པ་ལ་མཚན་མ་མེད་པ་ལྷུན་གྱིས་གྲུབ་པས་མངོན་པར་འདུ་འཛི་བྱེད་ལ། དེར་ཆོས་ཉིད་ཀྱིས་སྒྲུབ་པའི་སྒོ་ལ་བསྐུལ་བས་རྒྱུན་མི་གཅོད་པའོ། །ས་དགུ་པ་ལ་སོ་སོ་ཡང་དག་པར་རིག་པས་ཤིན་ཏུ་ཞི་བར་མི་ལྟུང་བ་སྟེ་དེས་ཆོས་བཤད་པའི་སྒོ་ནས་དོན་མེད་པ་ལ་སྦྱོར་བ་སྤང་བའི་ཕྱིར་རོ། །ས་བཅུ་པ་ལ་གང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ་མཛད་པ་བྱེད་པའི་ཕྱིར་ལ་རང་དོན་གྱི་དབང་དུ་བྱས་ནས་ཤེས་བྱ་ཕྲ་བ་ལ་ཐོགས་པས་སྤྱོད་པ་མི་གཏོང་ངོ༌། །དེ་ལྟ་བས་དེ་ཉིད་ངེས་པའི་དོན་དུ་བསྟན་པ་ནི་ལྷའི་བུ་ཞེས་གསུངས་ཏེ། རེ་ཞིག་ཕྱིར་བསྟན་པ་ནི་བརྩོན་པ་མེད་པ་ནི་ཤེས་རབ་ཀྱིས་སྟོང་པ་ཉིད་དུ་རྟོགས་པ་ཡིན་ལ། ཆོས་རྣམས་སྡུད་པ་ནི་སྙིང་རྗེ་ལ་སོགས་པ་ཐབས་ཀྱི་སྟོབས་ཀྱིས་སོ། །བྱེ་བྲག་ཏུ་འཆད་པ་ནི་དང་པོ་ཚོགས་ཀྱིས་ནས་བཟུང་སྟེ་རྩེ་མོའི་བར་དུ་བདག་མེད་པ་ལ་


DTG110_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་སྟེ་ཐེག་པ་ཐ་མར་མི་ལྟུང་བའི་ཕྱིར་ཐབས་སེམས་ཅན་ཡོངས་སུ་སྨིན་པ་ལ་སོགས་པ་རིག་པར་བྱའོ། །བཟོད་པ་དང་ཆོས་ཀྱི་མཆོག་ཏུ་བླང་བ་མེད་པ་ལ་སོགས་པར་སྦྱོར་བ་དང༌། ཆོས་ཡོངས་སུ་འཛིན་པར་སྦྱོར་བ་སྟེ་དེ་ལ་ཆོས་ཡོངས་སུ་འཛིན་པར་སྦྱོར་བ་ནི་ཆོས་ཀྱི་མཆོག་ཆེན་པོ་ལ་རིག་པར་བྱའོ། །ས་དང་པོ་ལ་ནི་ཆོས་ཀྱི་དབྱིངས་དབྱེར་མེད་པ་སྟེ་ཀུན་དུ་འགྲོ་བའི་དོན་གྱིས་སོ། །ས་གཉིས་པ་ལ་སོགས་པ་གསུམ་ལ་ནི་ཐམས་ཅད་ནམ་མཁའི་ཞིང་དུ་སྦྱོར་བའོ། །ལྔ་པ་ལ་སོགས་པ་གསུམ་ལ་ནི་འདུས་མ་བྱས་ཀྱི་རབ་ཏུ་འཕེལ་བར་སྦྱོར་བའོ། །བརྒྱད་པ་ལ་སོགས་པ་གསུམ་ལ་ནི། གཟིགས་པ་མེད་པའི་སྐུར་རྟོགས་པར་སྦྱོར་བའོ། །ས་ཐམས་ཅད་ཀྱི་དབང་དུ་བྱས་ནས་ནི་མ་སྐྱེས་པ་ལ་སོགས་པར་སྦྱོར་བའོ། །འདི་གཉིས་ཀྱི་ཁྱད་པར་གཞན་ནི་རང་དང་གཞན་གྱི་དོན་གྱི་དབང་དུ་བྱས་པའོ། །དེ་ལྟ་བུའི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པ་སྟེ་ལམ་དེ་རྣམས་སུ་ཅི་ལྟར་བསྒོམ་ཞེ་ན། གང་སྙོམས་པར་འཇུག་པ་ན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་མོས་པས་སྤྱོད་པ་ནས་བཟུང་སྟེ་ས་བདུན་པའི་བར་དུ་ནི་སེམས་ཅན་ལ་ལྟ་བ་ལ་སོགས་པ་སྟེ། དེ་ལ་སེམས་ཅན་ནི་སྤྱིར་ཡུལ་དུ་བྱའོ། །སྙིང་རྗེ་ཆེན་པོ་ནི་མོས་པས་སྤྱོད་པའི་ས་ལ་རིག་པར་བྱའོ། །སྙིང་རྗེ་ཆེན་པོ་ནི་མཐོང་བའི་ལམ་ནས་བཟུང་སྟེའོ། །ཡང་ཞི་བ་དང་རབ་ཏུ་ཞི་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གནས་སྐབས་སུ་རིག་པར་བྱའོ། །ས་བརྒྱད་པ་ནི་སྙིང་རྗེ་ཆེན་པོ་དང་ཡེ་ཤེས་ལ་རྟེན་པ་སྟེ། འདིར་ཡང་སྙིང་རྗེ་ཁྱད་པར་དུ་བསྒོམ་པར་བྱ་དགོས་པའི་ཕྱིར་རོ། །ས་དགུ་པ་ལ་ནི་ཆོས་ཡོངས་སུ་འཛིན་པ་ལ་ལྟ་བ་སྟེ་སོ་སོ་ཡང་དག་པར་རིག་པའི་ཆོས་འཆད་པའི་ཕྱིར་རོ། །ས་བཅུ་པ་ལ་ནི་སངས་ཀྱི་སྐུའི་རྒྱན་ལ་སོགས་པ་མངོན་དུ་བྱེད་པ་སྟེ། སྐུའི་རྒྱན་ནི་སྐུ་ཉིད་ཀྱི་རྒྱན་ལ་བྱ་སྟེ་གཟུགས་ཀྱི་སྐུ་ནི་ཞིང་གི་རྒྱན་ཡིན་པའི་ཕྱིར་རོ། །འཇུག་པ་ནི་སྦྱོར་བ་ལ་བསྙེགས་པ་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འོ་ན་དལ་འབྱོར་ཐོབ་པ་ནས་མ་ཡིན་ནོ་ཞེ་ན། ཅིའི་ཕྱིར་གལ་ཏེ་མཚན་ཉིད་ཚང་ན་ནི་འདོད་པ་ཁོ་ན་ཡིན་ལ། དང་པོ་སྒོམ་པའི་ས་ནས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །བསྒོམ་པའི་ཐབས་ལ་འཇུག་པའི་རིམ་པ་བསྟན་པ་ནི་ཕྱག་རྒྱ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། འདེབས་པའི་ཕྱིར་ཕྱག་རྒྱའོ། །དེ་ཉིད་ནི་ཀུན་རྫོབ་ཏུ་ཚིག་འབྲུ་ཞེས་བྱ་བ་ལ་དོན་དམ་པར་ཟབ་མོ་ལ་


DTG110_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་སྟེ། འདིས་ནི་སྔར་བསྟན་པའི་ཚུལ་ཐབས་དང་ཤེས་རབ་ལ་མི་འདའ་བས་རྒྱས་བཏབ་པ་སྟེ། རྣམས་ཞེས་གསུངས་པས་མཐའ་དག་པར་མངོན་ནོ། །དེ་ལྟར་ཐབས་ལ་འཇུག་པའི་ཡུལ་བསྟན་ནས། དེ་ཉིད་གང་ཟག་དང་སྦྱར་བ་ནི་དེ་ལ་ཞེས་གསུངས་པ་སྟེ། ལས་དང་པོ་པ་ནི་མོས་པའི་ས་པའོ། །མ་གོས་པ་ནི་རྟོགས་པ་སྤང་བའོ། །བཤད་པ་དང་སྦྱར་བས་ན་ཕྱུགས་སོ། །བསྒྱུར་བ་ལ་སོགས་པར་གསུངས་པའི་ལྡེམ་པོ་དག་གི་སྣྲེལ་ཞི་སྟེ་གཞན་དུ་འཁྱོགས་པས་ན་ལྡེམ་པོའོ། །རྒྱུད་ནི་མ་འདྲེས་པའི་ཕྱིར་རོ། །ཡུན་རིང་དུ་ཚངས་པར་སྤྱད་པ་ནི་བསྐལ་པ་གྲངས་མེད་པར་རོ། །འདི་ནི་དལ་འབྱོར་ཐོབ་པ་ནས་གོམས་པར་བསླབ་པར་མངོན་གྱི་ཐམས་ཅད་དུ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་མ་ཡིན་ནོ་ཞེས་ལོག་པར་རྟོག་པར་མི་བྱའོ། །གཉིས་སུ་གསུངས་པ་ནི་གཙོར་གོམས་པར་བྱ་བར་བསྟན་གྱི་མ་ཡིན་པ་ནི་མ་ཡིན་ཏེ་ཧ་ཅང་ཐལ་བའི་ཕྱིར་རོ། །དེ་ལྟ་བུའི་གང་ཟག་གི་འཇུག་པའི་ཚུལ་ནི་ལྡོག་པའི་སྒོ་ནས་རྨ་འབྱིན་པའི་ཉེས་པ་བསྟན་ཏོ། །ཉེས་དམིགས་འདི་ལ་བསྟན་པ་ནི་ངེས་པར་སེམས་པར་མི་འགྱུར་བ་སྟེ། ཟབ་མོ་ལ་མི་གུས་ཞེས་བསྟན་པའོ། །དེའི་རྒྱུ་ཉིད་ནི་ཆོས་སྤོང་བ་དང་གང་ཟག་ལ་ཞེ་སྡང་བ་སྟེ་སྔར་ཇི་སྐད་བཤད་པ་ཉིད་དོ། །ཉེས་པ་གཉིས་ཏེ་ཡུན་རིང་དུ་སྤྱད་པའི་གང་ཟག་ལ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་གསུངས་སོ། །འཇིག་རྟེན་པའི་ལམ་དུ་གོམས་པ་མཐོང་བའི་ལམ་ལ་བཟོད་པ་དང་ས་བདུན་པ་མན་ཆད་དུ་གོམས་པ་ས་བརྒྱད་པ་ལ་བཟོད་པ་སྟེ། འདིར་ནི་དང་པོའི་རྒྱུའི་གེགས་སུ་གཟུང་ངོ༌། །དེའི་རྒྱུ་ན་དམན་པ་ལ་ཁྱད་དུ་གསོད་པ་དང་གུས་པ་ལ་སེར་སྣ་བྱེད་པ་སྟེ། འདིར་བསླབ་པ་ནི་ཆོས་ཟབ་མོ་ལ་མོས་པ་ཉིད་དོ། །རི་མོ་ནི་དེ་སྟོན་པ་ཉིད་ཡིན་ལ། དེ་མི་བྱེད་པས་རི་མོ་མི་བྱེད་པའོ། །རྣམ་གྲངས་སུ་བསླབས་པ་ཁྱད་དུ་གསོད་པ་སྟེ། དེའི་ཕྱིར་དཔེར་ན་རབ་ཏུ་བྱུང་བ་ལ་ངས་ནི་ཟང་ཟིང་སྦྱིན་པར་མི་གནང་ངོ་ཞེས་གསུངས་པ་ལྟ་བུའོ། །མདོ་ཀུན་ལས་བཏུས་པའི་བཤད་པ་ལུང་གི་ཚད་མས་རབ་ཏུ་སྦྱར་བ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་ཟིན་ཏོ། །མདོ་ཀུན་ལས་བཏུས་པ་ལས་སྤྱོད་པའི་ཁྱད་པར་རྙེད་དཀའ་བའི་གཏམ་བརྗོད་པ་སྟེ་བཅུ་པའོ།། །།དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པ་དེའང་ཐོབ་བྱ་གང་ཞིག་ལ་དམིགས་


DTG110_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སློབ་ཅེ་ན། ཐོབ་བྱ་སྐུ་གཉིས་ལ་སྟེ་ཆོས་ཀྱི་སྐུ་ནི་བཤད་ཟིན་ཏོ། །གཟུགས་ཀྱི་སྐུ་ནི་ཆེ་བ་ཉིད་རྒྱ་ཆེན་པོ་ཞེས་གསུངས་ཏེ། ཉིད་ཅེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་དགར་བའོ། །འཇུག་པ་ནི་གཉིས་ཏེ་མོས་པས་འཇུག་པ་དང་ཐོབ་པས་འཇུག་པའོ། །དེའང་ཇི་ལྟར་ཞེ་ན་ལན་ནི་ལུང་གིས་ཤེས་ཏེ། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཞེས་བྱ་བ་ལ་སོགས་པའོ། །དེའི་ཕྱིར་དང་པོ་ས་དང་པོའི་ཡོན་ཏན་བསྟན་པ་ལས། ཐབས་ལ་མཁས་པའི་སྤྱོད་པ་བསྟན་པ་ནི། བཙུན་པ་འོད་སྲུངས་ཆེན་པོ་ཞེས་གསུངས་ཏེ། ས་རྣམས་སུ་ཕན་ཡོན་གྱི་ཁྱད་པར་རྨད་དུ་བྱུང་བ་རྣམས་ཡོད་ཀྱང་ས་དང་པོ་དང་བཅུ་པ་ནི་མཚོན་པ་ཡིན་ལ། ས་རེ་རེ་ལ་རྨད་དུ་བྱུང་བ་དྲུག་ལ་སོགས་པ་ཡང༌། དང་པོ་སྦྱིན་པ་ལ་སོགས་པ་བརྩམས་པའི་རྨད་དུ་བྱུང་བ་སྟོན་ཏེ། ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། མཐོང་བ་ལ་ཕན་གདགས་པར་བྱ་བ་དང༌། བསམ་པ་རྫོགས་པར་བྱ་བ་དང། གཞན་རྗེས་སུ་དྲང་བ་དང༌། རང་གི་འཁྲུལ་པ་དགོད་པའི་ཕྱིར་ནི་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ཐོབ་པོ་ཞེས་གསུངས་སོ། །ཉམ་ང་བ་ཞེས་བྱ་བ་ནི་གཉི་ག་ལ་བརྟགས་པའོ། །ཕལ་ཆེར་ཞེས་སྨོས་པས་དམན་པའི་དོན་དམ་པ་སྤངས་པ་སྟེ། དེ་ལ་དེའི་ཕྱིར་ཞེས་ཀྱང་སྦྱར་ཏེ་གཞན་དུ་ན་བྱ་བ་ཉམས་པའི་ཕྱིར་རམ་བརྫུན་དུ་སྨྲ་བའི་ཕྱིར་རོ། །དེ་ལྟར་ན་དབང་མེད་པར་འགྱུར་རོ་ཞེ་ན། དང་པོ་གོ་སྐབས་མ་ཕྱེ་བར། །ཞེས་སྨོས་སོ། །སྦྱིན་པར་ཁས་འཆེས་པར་སློང་བ་ནི་མི་སྲིད་དེ་དེ་ཅིའི་ཕྱིར་ཞེ་ན། མཐུ་མེད་ཅེས་བྱ་སྟེ་མི་ནུས་པའི་ཕྱིར་རོ། །ཅིའི་ཕྱིར་རང་ཉིད་ཀྱིས་བྱེད་ཅེ་ན། དཀའ་ཐུབ་དག་པ་སྟེ་མྱུར་བར་འགྲོ་བའི་ཕྱིར་རོ། །འོ་ན་གང་གི་ཞེ་ན་ཕལ་ལ་མེད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཉིད་ཀྱིས་ཏེ་སྔར་བསྟན་པའི་ཕྱིར་རོ། །དེ་ཉིད་དཔེ་སྒྲུབ་པ་ནི་དཔེར་ན་ཞེས་གསུངས་ཏེ། བཟོད་པ་ནི་འདོད་པའོ། །ས་བཅུ་པའི་ཡོན་ཏན་བསྟན་པ་ནི་གཉིས་ཏེ། ཆོས་སྣང་བའི་ཡོན་ཏན་རྣམ་པར་འཕྲུལ་པ་དང༌། ཁམས་སྣང་བའི་ཡོན་ཏན་རྣམས་ཀྱི་རྣམ་པར་འཕྲུལ་པའོ། །དེ་ལ་དང་པོའི་དབང་དུ་བྱས་ནས་གཙོ་བོའི་ཡོན་ཏན་རྣམ་པར་འཕྲུལ་པ་ནི། གང་གིས་འཕྲུལ་ཞེ་ན་བྱང་ཆུབ་སེམས་དཔའ་དེའོ། །གང་གི་ཐད་དུ་ཞེ་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར་རོ། །


DTG110_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་དོན་དུ་ཞེ་ན་མཐུ་རབ་ཏུ་བསྟན་པའི་ཕྱིར་རོ། །རྟེན་གང་ནས་ཤེ་ན། མཚན་དང་ཞེས་བྱ་བ་ལ་སོགས་པ་ནས་སོ། །གང་གི་ཡོན་ཏན་འཕྲུལ་ཞེ་ན། བྱང་ཆུབ་སེམས་དཔའི་འཁོར་ལ་སོགས་པའོ། །ཡོན་ཏན་གྱི་ཆོས་གང་འཕྲུལ་ཞེ་ན་ཆོས་སྣང་བའི་རྣམ་པར་འཕྲུལ་པ་ནི་སྔོན་གྱི་སྦྱིན་པ་ལ་སོགས་པའོ། །གནས་བཀོད་པའི་རྣམ་པར་འཕྲུལ་པ་ནི་མི་མཇེད་ཀྱི་ཞེས་བྱ་བ་ལ་སོགས་པའོ། །གདན་བཀོད་པའི་རྣམ་པར་འཕྲུལ་པ་ནི་རྡོ་རྗེའི་དབང་པོ་ཞེས་བྱ་བ་ལ་སོགས་པའོ། །ལུས་བཀོད་པའི་རྣམ་པར་འཕྲུལ་པ་ནི་ནོར་བུའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པའོ། །འཁོར་གྱི་ཡོན་ཏན་ནི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་ཞེས་གསུངས་སོ། །དེ་ལ་སྨོན་ལམ་གྱིས་བྱུང་བ་ཉིད་ནི་ཞལ་དུ་ལྟ་བ་ལ་སོགས་པའོ། །ཁམས་སྣང་བའི་ཡོན་ཏན་གྱི་རྣམ་པར་འཕྲུལ་པ་ནི་ཡང་སྡོང་པོ་བཀོད་པ་དེ་ཉིད་ལས་ཞེས་གསུངས་སོ། །དང་པོ་ལུས་ལ་དམིགས་པ་སྤྲུལ་པའི་ཡོན་ཏན་གྱི་དབང་དུ་བྱས་ནས། ཡོན་ཏན་གྱི་དབང་དུ་ཆོས་གང་ལ་ལྡན་ཞེ་ན། ཚོང་དཔོན་གྱི་བུ་ནོར་བུ་བཟང་པོ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་མཐོང་བའི་ཕྱིར་རོ། །གང་ནས་འཕྲུལ་ཞེ་ན་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ཡང་ཞེས་གསུངས་ཏེ། དངོས་པོ་གང་ཞེ་ན་སྟོང་གསུམ་ལ་སོགས་པའོ། །དེ་ཉིད་ལས་སྣོད་ནི་རླུང་གི་ཕུང་པོ་ལ་སོགས་པའོ། །སེམས་ཅན་ནི་དམྱལ་བ་ལ་སོགས་པའོ། །དུས་ནི་ཉིན་ཞག་ལ་སོགས་པའོ། །ཕྱོགས་ནི་ཤར་ཕྱོགས་ལ་སོགས་པའོ། །རྟེན་རྣམ་པར་འཕྲུལ་པ་ནི། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་བ་ཡང་ཞེས་གསུངས་ཏེ། རྟེན་གང་ན་གནས་པ་རྣམ་པར་འཕྲུལ་པ་ནི། རྣམ་པར་སྣང་མཛད་ཀྱི་སྤྱན་སྔ་ནའོ། །དམིགས་པ་རྣམ་པར་འཕྲུལ་པ་ནི། དེའི་ལུས་རེ་རེ་ལས་ཀྱང་ཞེས་གསུངས་པའོ། །བརྗོད་པ་རྣམ་པར་འཕྲུལ་པ་ནི། སེམས་ཅན་གྱི་སྒྲ་ལ་སོགས་པའོ། །མཛད་པ་རྣམ་པར་འཕྲུལ་པ་ན། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའོ། །མཐར་ཐུག་པའི་འབྲས་བུ་ནི་དེ་ལ་ཞེས་གསུངས་ཏེ། དེ་ལ་ཚད་མེད་པ་ནི་ས་བཅུའི་རྣམ་པར་རོ། །ཡེ་ཤེས་ཚད་མེད་པ་ནི་རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པའོ། །དེ་ལ་དཔེ་ནི་དཔེར་ན་ཞེས་བྱ་བའོ། །དེ་བཞིན་དུ་ཞེས་བྱ་བ་ནི་དོན་དང་


DTG110_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའོ། །དེའི་འཐད་པ་ནི་དབང་དུ་བཞུགས་ཏེ་ཞེས་བྱ་སྟེ་དེ་ལ་འདི་ལྟ་བུ་ཞེས་བྱ་བ་ནི་ས་ཆོས་ཀྱི་སྒྲོན་མའོ། །དེ་དག་གི་ཡོན་ཏན་གྲངས་ཀྱི་དཔེ་ནི་བུ་རམ་ཤིང་ཞེས་བྱ་བ་ལ་སོགས་པ་སྟེ། སྙིང་རྗེའི་གཞན་དབང་དུ་གྱུར་པས་འཁོར་བར་གནས་ཀྱང་ཡོན་ཏན་གྱི་རོ་ཡིས་མི་འདོར་བས་བུ་རམ་ཤིང་ལྟ་བུའོ། །ཉོན་མོངས་པ་དང་མཐུན་པའི་སྤྱོད་པ་ལྟར་སྣང་ཡང་ཉོན་མོངས་པས་སྟོང་པས་འདམ་བུ་ལྟ་བུའོ། །ཤེས་རབ་ཕུན་སུམ་ཚོགས་པའི་ཕྱིར་དེས་སྟོང་པ་ཡིན་པ་ནི་འོད་མ་ལྟ་བུ་སྟེ་ཡོན་ཏན་རྣམས་ཀྱི་སྣོད་དུ་གྱུར་པས་ཏིལ་ལྟ་བུའོ། །དེ་དག་མང་བས་ན་ཚལ་སྨོས་ཏེ་འདྲ་བ་རྣམས་བསྡུས་པའི་ཕྱིར་རོ། །དེ་ལྟར་ཡོན་ཏན་གྱི་ཆེ་བ་བསྟན་ནས། ཕྲིན་ལས་ཀྱི་ཆེ་བ་བསྟན་པ་ནི། འཇམ་དཔལ་ཞེས་གསུངས་ཏེ། རྨད་དུ་བྱུང་བའི་ཕྲིན་ལས་དངོས་ནི་དེ་ལ་གཅིག་ཏུ་སྲ་བ་ནི་སྐུ་གདུང་རིང་བསྲེལ་ལ་བྱའོ། །དེ་ལྟར་མི་རྟོག་པ་དང་དུས་ཐམས་ཅད་པའི་ཕྲིན་ལས་དེ་ཉིད་ངེས་པའི་དོན་དུ་བྱ་བ་ནི་འཕགས་པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས་ཞེས་གསུངས་ཏེ། དཔེ་ནི་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་སྟེ་རྨད་དུ་བྱུང་བའི་གཞི་བསྟན་པ་ནི། དགེ་སློང་ཀུན་དགའ་བོ་ཞེས་བྱ་བ་ལ་སོགས་པའོ། །རྨད་དུ་བྱུང་བའི་ཕྲིན་ལས་དངོས་ནི་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་བར་བཟོད་དོ། །དེ་ལྟར་འབྲས་བུའི་ཕན་ཡོན་བཤད་ནས། ད་ནི་ཆེ་བ་ལ་མོས་པའི་ཕན་ཡོན་བཤད་པར་མདོ་སྡེ་ཟབ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཉིད་ལུང་དང་སྦྱར་བ་ནི། མདོ་དེ་ཉིད་ལས་ཞེས་བྱ་བའོ། །ཕན་ཡོན་གྱི་དཔེ་ཉིད་ནི་དཔེར་ན་ཞེས་གསུངས་པའོ། །དེ་ལ་གནམ་འཕང་དང་ཞང་རྒྱང་ཆེ་བ་ཉིད་ནི་ལྷག་གེ་ལ་སོགས་པ་སྟེ། དེ་ལ་ཐེག་པ་དམའ་བ་ལས་མཐོ་བའོ། །དེ་ཉིད་ནི་ཡངས་པ་ལ་སོགས་པ་སྟེ། ཡངས་པ་དང་ཆེ་བའི་བདེན་པ་གཉིས་ཀྱི་དབང་དུ་བུས་པའོ། །དེའི་གཞི་ནི་དངོས་པོ་དང་དུས་དང་གང་ཟག་གི་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སོགས་པའོ། །དེ་ཉིད་ཀྱི་བསོད་ནམས་ཀྱི་ཁྱད་པར་བསྟན་པ་ནི། འཇམ་དཔལ་ཞེས་གསུངས་ཏེ། བྱང་ཆུབ་ནི་རང་དུལ་བར་འདོད་པའོ། །ཕུང་པོ་མེད་པ་ནི་མྱ་ངན་ལས་འདས་པའོ། །ཅིའི་ཕྱིར་ཞེ་ན། འགྲོ་བ་ལ་དམིགས་པ་མེད་པས་རྒྱ་ཆུང་བའི་ཕྱིར་དང༌། འདི་ལ་མོས་པ་ལ་སོགས་པ་ནི་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཡིན་པའི་ཕྱིར། སྔར་བཤད་པ་ལྟ་བུ་གང་ཡང་ཡིན་ནོ། །མདོ་ཀུན་


DTG110_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཏུས་པའི་བཤད་པ་ལུང་གི་ཚད་མས་རབ་ཏུ་སྦྱར་བ་ལས་རྒྱ་ཆེན་པོ་ལ་མོས་པ་རྙེད་པར་དཀའ་བའི་གཏམ་བརྗོད་པ་སྟེ་རྙེད་པར་དཀའ་བ་བཅུ་གཅིག་པ་བཤད་ཟིན་ཏོ། །མདོ་ཀུན་ལས་བཏུས་པ་ལས་ཡོན་ཏན་གྱི་ལེའུ་སྟེ་དྲུག་པ་རྫོགས་སོ།། །།ད་ནི་དེ་དག་ངེས་པར་བྱ་བའི་ཕྱིར། ལུང་གི་ཚིགས་སུ་བཅད་པ་འདི་བརྗོད་པར་བྱ་སྟེ། དང་པོ་བསོད་ནམས་མིན་སྤངས་ནས། །བར་དུ་བདག་ལྟ་ལོག་པ་སྟེ། །ཐ་མ་ཀུན་ལས་ལྡོག་ཤེས་པ། །རིགས་པར་ལྡན་ཕྱིར་གྲོལ་བའོ། །ཐར་པ་དོན་དུ་གཉེར་འདོད་རྣམས། །གླང་ཆེན་ལམ་དུ་སོང་འགྲོ་ཡང༌།། གྲགས་ཕྱིར་བློ་གྲོས་སྦྱང་འགའ་ཞིག །དེ་མ་མཐོང་ཕྱིར་གྲགས་ལ་བརྟེན། །དེ་ཉིད་མཐོང་བ་ཡིན་ཞེ་ན། །ཚད་མ་མིན་ཕྱིར་འདི་མཐོང་བཞིན། །དེ་མ་ངེས་པར་གྲགས་ཤེ་ན། །དེ་ལ་ཚད་མས་གནོད་ཕྱིར་རོ། །ཚད་མ་དེ་ཉིད་མིན་ན་ནི། །དེས་གཞལ་ཅི་ཕྱིར་བརྫུན་མི་འགྱུར། །དམ་པའི་དོན་ལ་གྲགས་འགའ་ཞིག །ལུང་མི་འགྱུར་ཏེ་དེ་ཉིད་བཞིན། །སྣང་གྲངས་སྤྱོད་པས་མཐོང་ཞེ་ན། །དེ་ཉིད་མ་མཐོང་ཅི་ཡི་ཕྱིར། །ཡུལ་མིན་ཞེ་ན་དེ་འདོད་པས། །དེ་ལ་མཁས་པ་ཅི་ཞིག་རྩོད། །ལུང་ཡང་དེ་ལ་རག་ལུས་ཞེས། །སྨྲ་ན་ཅི་ཕྱིར་དེ་ལ་མིན། །རྒྱུ་མེད་མི་རུང་གང་ཞིག་རྒྱུ། །དེ་མེད་ནུས་པས་མ་མཐོང་ཕྱིར། །གཞན་དུ་ཧ་ཅང་ཐལ་བར་འགྱུར། །དེས་ན་ཟབ་མོར་གྱུར་པ་ལ། །སྔོན་གྱི་ལུང་རྙིང་ཡོངས་བཏང་སྟེ། །རང་ལྟར་གཟུང་མིན་ལུང་ལས་གསུངས། །བསྲེགས་བཅད་བདར་བས་གསེར་ལྟ་བུར། །བརྟགས་ནས་བླང་བར་གསུངས་ཤེ་ན། །དེ་ཡོད་མིན་ཏེ་མ་ཡིན་ལྟར། །མ་རྟོགས་གྲུབ་པའི་ལམ་མེད་པར། །ཆོས་ཀྱི་མིག་ཅན་གྱིས་མཐོང་སྟེ། །དེ་ཡང་དེ་ལ་བརྟེན་ཞེ་ན། །བཤད་བཞིན་རྒྱུ་མིན་འབྲས་བུ་ལྟར། །ཚད་མ་དེ་ཡིས་གནོད་པ་ཡིན། །གྲུབ་ལམ་སྣང་བ་རྟགས་ཡིན་ཏེ། །རང་ཉིད་བྱ་བྱེད་མི་རྟོགས་པར། །ལྐོག་གྱུར་ཇི་ལྟར་འཛིན་པར་འགྱུར། །དེ་ལའང་སྒྲུབ་བྱེད་ཡོད་པ་མིན། །འགལ་ཕྱིར་མངོན་སུམ་གང་གིས་འཛིན། །ཚད་མས་གནོད་ཕྱིར་གསུམ་པའང་མིན། །གཅིག་དང་ཐ་དད་མི་སྣང་ན། །བདག་སོགས་གང་རུང་གནས་པ་སྨོས། །མི་དམིགས་ཕྱིར་དང་འགལ་ཕྱིར་ན། །དེ་མ་རྟོགས་དང་དེ་ལས་མིན། །མཚན་ཉིད་འཛིན་པ་འང་མ་གྲུབ་པས། །རང་གི་འདོད་པ་གང་


DTG110_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞིག །གཅིག་མིན་དེས་ན་དུ་མའང་མིན། །རང་གཞན་གཉིས་དང་རྒྱུ་མེད་དང༌། །ཡོད་སོགས་སྐྱེ་བར་མི་རུང་བས། །ངོ་བོ་ལ་སོགས་གང་ཞིག་ཡོད། །བརྟགས་དང་གཞན་དབང་གྲུབ་པ་མིན། །མཚན་ཉིད་ལ་སོགས་དངོས་མེད་པར། །ཀླུ་སྒྲུབ་ཐོགས་པ་མེད་པས་གསུངས། །མ་རྟོགས་འགའ་ཞིག་མི་མཐུན་སྨྲ། །མི་མཐུན་དེས་ཟབ་ང་ལུང་ནི། །བརྫུན་པ་ཉིད་དུ་སྨྲས་པས་ན། །དེ་ལས་སྐུར་པ་གང་ཞིག་ཡོད། །དོན་གཉིས་ཕྱིར་ན་གང་ཞིག་བརྫུན། །དེ་སྤངས་བཟློག་པའི་རྒྱུ་འགའ་ཞིག །དྲང་ཕྱིར་ཞེ་ན་དེ་བརྫུན་མིན། །དོན་མེད་ཕྱིར་ན་གཉིས་པ་བརྫུན། །འགལ་ཕྱིར་གཞུང་གི་དོན་ལ་རེག ། འདོད་རྒྱལ་སྨྲ་བ་མི་མཐུན་པས། །གླང་ཆེན་ལམ་དུ་བརྟེན་ཏེ་དོང། །དམ་པ་ཉེ་བར་བརྟེན་པ་ཡི། །དམ་པ་གང་ཡིན་དེ་གཉིས་མཐུན། །དཀའ་བ་མདངས་དང་འཇོམས་རྙེད་ནས། །སྡུག་བསྔལ་དུ་མ་འབྱུང་བའི་གནས། །སྦྲུལ་གྱི་ཚང་འདྲ་མེད་སོགས་ལྟར། །བཅས་པ་དང་པོ་ཡོངས་སུ་བསྲུངས། །དྲན་དང་ཤེས་བཞིན་བག་ཡོད་པས། །གྲུབ་པའི་མཐའ་ལ་བརྟེན་པ་ནི། །ཉེས་པའི་རྒྱུ་ནི་བདག་ལྟ་ཉིད། །ཤེས་ནས་ཡོངས་སུ་སྤོང་བ་ཡིན། །ཤེས་པ་གོམས་པས་འབྲས་བུ་ཐོབ། །དེ་རྒྱུ་ངེས་དོན་ཟབ་ཆོས་རྟོགས། །དམ་པའི་དོན་དུ་ཅིས་མི་གཟུང༌། །གོམས་ན་ཅི་ཞིག་དཀའ་ཕྱིར་འགའ། །སྡུག་བསྔལ་བདེ་བར་རྟོགས་བཞིན་པས། །ཟད་མེད་བརྟེན་འགའ་ཅི་ཞིག་མིན། །བསམ་གྱིས་མི་ཁྱབ་དཔེ་ལས་འདས། །བརྗོད་དུ་མེད་པའི་ཆོས་ཉིད་ནི། །ལག་ཏུ་ཐོབ་པར་དགོས་པ་མེད། །བཏང་སྙོམས་ལ་སོགས་ཚད་མེད་པས། །ཚངས་པའི་གནས་སུ་སྐྱེ་ཉིད་དང༌། །གཏོང་བས་ལོངས་སྤྱོད་བཟོད་པས་གཟུགས། །ཁྲིམས་ཀྱིས་མཐོ་རིས་སོགས་དོན་དང༌། །གྲགས་དང་རྙེད་སོགས་རྒྱ་མཚོ་ནི། །འདི་དང་གཞན་དུ་ཐེ་ཚོམ་མེད། །སྔར་བཤད་རྒྱས་པར་བཤད་དེ་ཉིད། །རང་བཞིན་ལག་པ་རང་བཞིན་གསུམ། །མདའ་དང་མིག་དང་ཡོན་ཏན་དང༌། །དུས་དང་ཡོན་ཏན་ཡོན་ཏན་དང༌། །དགུ་ནི་དང་པོ་གཉིས་པས་འགྲུབ། །གསུམ་པ་བསྒྲུབ་པར་བྱ་བས་ཏེ། །བཞི་པས་དངོས་པོ་གསུམ་པའོ། །དེ་འགྲུབ་ལྔ་སོགས་ལ་རག་ལུས། །དེ་དོན་བདུན་པས་རིག་བྱ་སྟེ། །ཐོབ་པར་བྱེད་པ་བརྒྱད་པར་གསུངས། །ཡོན་ཏན་ཐ་མ་དེ་རྣམས་གྲངས། །སྦྱིན་སོགས་སྤྱོད་པ་རྣམ་དྲུག་


DTG110_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཏུ། །གཞུང་དོན་ཆོས་བཞི་དེ་ལྟར་བསྒྲགས། །རྒྱལ་བའི་སྲས་ཀྱི་ལམ་པོ་ཆེ། །རྒྱལ་སྲས་རྣམས་ལ་བསྟན་པ་ནི། །བསྡུས་པ་བཤད་པ་ལས་བྱུང་བའི། །བསོད་ནམས་འགྲུབ་པས་འགྲོ་ཀུན་རྒྱལ། །གོ་འཕང་དམ་པ་ཐོབ་གྱུར་ནས། །མི་ནུབ་ཆོས་ཀྱི་རྒྱལ་མཚན་ནི། །སྣོད་དུ་གྱུར་པའི་འགྲོ་བ་ལ། །ཞི་པའི་ཚུལ་དུ་སྟོན་པར་ཤོག །ཡི་གེ་པ་ཡི་དོན་ཆེད་དུ། །བརྩིས་ནས་ཤློཀ་སུམ་སྟོང་དང༌། །དེ་ལས་ལྔ་བཅུ་ལྷག་ཅིག་ནི། །འདི་ཡི་ཚད་དུ་བྱས་པ་ཡིན། །བམ་པོ་བཅུ་དང་ཤློཀ་ལྔ་བཅུ་ཡོད་དོ། །མདོ་ཀུན་ལས་བཏུས་པའི་བཤད་པ་རིན་པོ་ཆེ་སྣང་བའི་རྒྱན་ཅེས་བྱ་བ་ལུང་གི་ཚད་མས་རབ་ཏུ་སྦྱར་བ་ལས་བསྡུས་པའི་ཚིགས་སུ་བཅད་པའོ། །མདོ་ཀུན་ལས་བཏུས་པའི་བཤད་པ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ནག་པོའི་ཞབས་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

བྱང་ཆུབ་སེམས་དཔའི་སྤྱོད་པ་བསྡུས་པའི་སྒྲོན་མ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ།
ཆོས་ལྡན་རབ་འབྱོར་དབྱངས།


DTG110_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བོ་དྷི་སྟྭ་ཙཪྻ་པྲ་དཱི་པི་རཏྣ་མཱ་ལཱི་ནཱ་མ། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྡུས་པའི་སྒྲོན་མ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཤེས་བྱ་མ་ལུས་དག་ནི་ཐུགས་ཆུད་ཅིང༌། །ཉེས་པའི་དྲི་མ་དག་ནི་དྲུངས་བྱུང་བ། །ཕྱོགས་བཅུ་དག་ན་དུས་གསུམ་བཞུགས་པ་ཡི། །བདེ་བར་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །སྤྱོད་པ་བསྡུས་པའི་སྒྲོན་མ་རིན་ཆེན་ཕྲེང་བ་གང༌། །བདག་གིས་དྲི་མེད་གསུང་དང་བླ་མའི་གདམས་ངག་ལ་བརྟེན་ཏེ། །རབ་གསལ་བཤད་ཀྱི་རྣམ་རྟོག་རང་དགས་མིན། །རིན་ཆེན་རྒྱལ་པོ་ལྟ་བུའི་མི་ཡི་ལུས། །རིགས་ལྡན་དལ་འབྱོར་ཐོབ་ནས་ནི། །བྱམས་དང་སྙིང་རྗེ་སྔོན་འགྲོ་བས། །གཞི་གསུམ་ཡོན་ཏན་དྲན་བྱས་ཏེ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །དང་པོ་སྐྱབས་སུ་འགྲོ་བར་བྱ། །སྟོན་པ་གཞན་ལ་མི་ཕྱོགས་པར། །བླ་ན་མེད་པའི་སངས་རྒྱས་སྐུ། །དཔལ་ལྡན་སྐྱེས་མཆོག་མཚན་འཆང་བ། །ཐོབ་འདོད་སངས་རྒྱས་སྐྱབས་སོང་ཡིན། །འཇིག་རྟེན་སྐྱབས་མེད་བསྐྱབ་པའི་ཕྱིར། །སྤྱོད་ཅིང་རང་གི་དོན་བཏང་སྟེ། །སངས་རྒྱས་བསྒྲུབ་ཕྱིར་བློ་བརྟན་ན། །སངས་རྒྱས་སྐྱབས་སུ་སོང་བ་ཡིན། །རྒ་ཤི་ནད་དང་འཆི་བ་


DTG110_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །སེམས་ཅན་བདེ་ཕོངས་བསྐྱབ་པའི་ཕྱིར། །སངས་རྒྱས་ཉིད་ནི་སྨོན་པ་ནི། །སངས་རྒྱས་སྐྱབས་སུ་སོང་བ་ཡིས། །བྱང་ཆུབ་སེམས་དཔའི་སྤྱོད་ཆེན་ལ། །གང་ཞིག་སྤྱོད་མེད་ཞུམ་མེད་ཅིང༌། །མོས་པ་ཆེན་པོ་སྐྱེད་བྱེད་པ། །སངས་རྒྱས་སྐྱབས་སུ་སོང་བ་ཡིས། །བྱང་ཆུབ་མཆོག་ཏུ་སྨོན་བྱེད་དེ། །རང་གི་དོན་ལ་མི་ལྟ་ཞིང༌། །གཞན་དོན་བརྩོན་ཡང་ང་མེད་ན། །སངས་རྒྱས་སྐྱབས་སུ་སོང་བ་ཡིན། །དམ་ཆོས་འཁོར་ལོས་སྒྱུར་བ་ཡི། །རྒྱལ་པོ་ཐོབ་སྟེ་འཆི་མེད་པའི། །ལམ་གྱིས་འགྲོ་བ་སྐྱབས་སྨོན་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །བདག་དང་འཇིག་རྟེན་མཐོང་མེད་ཀྱང༌།། འཇིག་རྟེན་ཡོངས་སུ་མི་གཏོང་ཞིང༌། །དམ་ཆོས་བསྒྲུབ་པར་གར་མོས་པ། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །འགྲོ་བའི་སྡུག་བསྔལ་བསལ་བྱ་ཞིང༌། །བདག་གི་དམ་ཆོས་བརྟན་བྱ་ཞེས། །སེམས་ཅན་དོན་ལ་སེམས་མཉེན་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །འཇིག་རྟེན་མ་ལུས་ཐམས་ཅད་ལ། །ཆོས་འདི་སྐྱབས་ཀྱི་མཆོག་ཡིན་ཞེས། །རྟོག་ཅིང་དམ་ཆོས་སྤྱོད་བྱེད་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །དགེ་བཤེས་དམ་པ་སྟེན་བྱེད་ཅིང༌། །ཉན་འདོད་ཚུལ་བཞིན་དུ་སེམས་ལ། །སྟོན་ཅིང་ནན་ཏན་ལྷུར་ལེན་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །དམ་ཆོས་ཡོངས་སུ་གཟུང་བའི་ཕྱིར། །སྤྱོད་པ་ཡང་དག་སྤྱོད་བྱེད་ཅིང༌། །ལུས་དང་སྲོག་ལ་མི་ལྟ་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །ཐབས་དང་ཤེས་རབ་ཟུང་འབྲེལ་བ། །བདག་དོན་མ་ཡིན་གཞན་དོན་དུ། །སྙིང་རྗེ་ཆེན་པོས་སྤྱོད་བྱེད་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །གང་ཞིག་བདེ་ལ་ཆགས་མེད་ལ། །སྡུག་བསྔལ་རྣམས་ཀྱིས་མི་འཇིགས་ཤིང༌། །འཇིག་རྟེན་ཕན་སྤྱོད་དོན་ཤེས་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །འགྲོ་བ་མ་ལུས་ཐམས་ཅད་ཀྱང༌། །བདག་གི་ཆོས་ལ་དགོད་བྱ་ཞེས། །སེམས་བསྐྱེད་ནན་ཏན་སྤྱོད་བྱེད་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །མོས་པ་ཤིན་ཏུ་བརྟན་པ་ཡིས། །རྒྱལ་སྲས་མཆོག་གི་དྲུང་སོང་བ། །གང་གི་བསམ་པ་མི་བཟློག་པ། །དེ་ནི་དགེ་འདུན་སྐྱབས་སོང་ཡིན། །ཐེག་པ་དམན་པར་གྱུར་པ་ཡི། །ཉན་ཐོས་ཐེག་ལ་གནས་པ་རྣམས། །བྱང་ཆུབ་སེམས་ནི་སྐྱེད་བྱེད་ན། །དགེ་འདུན་སྐྱབས་སུ་སོང་བ་ཡིན། །དགེ་འདུན་ཡོན་ཏན་དྲན་བྱ་ཞིང༌། །དགེ་འདུན་བཞིན་


DTG110_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཀུར་གནས་སུ། །སེམས་ཅན་ཐམས་ཅད་བཀུར་མོས་ན། །དེ་ནི་དགེ་འདུན་སྐྱབས་སོང་ཡིན། །བྱང་ཆུབ་གོ་ཆ་བརྟན་བྱེད་ཅིང༌། །དགེ་འདུན་རྣམས་ལ་ཡང་དག་མོས། །དགེ་འདུན་བསྙེན་བསྐུར་གང་དད་པ། །དགེ་འདུན་སྐྱབས་སུ་སོང་བ་ཡིན། །དྲན་དང་ཤེས་བཞིན་བག་ཡོད་ན། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང༌། །དགེ་འདུན་ཡོན་ཏན་རིན་ཆེན་གྱིས། །སེམས་ཅན་བརྒྱན་པར་བྱེད་པ་དང༌། །དགེ་འདུན་རྣམས་ལ་དད་བརྟན་པས། །འགྲོ་བ་མ་ལུས་རྣམས་ཀྱིས་ཀྱང༌། །དད་པ་བཟློག་པར་མི་ནུས་ན། །དེ་ནི་དགེ་འདུན་སྐྱབས་སོང་ཡིན། །སྐྱེས་བུ་དམ་པ་རིན་པོ་ཆེ། །བཅས་པའི་ཁ་ན་མ་ཐོ་དང༌། །རང་བཞིན་ཁ་ན་མ་ཐོ་དང༌། །བདུད་ལ་ཤིན་ཏུ་དཔའ་བ་ཡི། །སྐྱེས་མཆོག་དེ་ནི་དགེ་འདུན་ཡིན། །བྱང་ཆུབ་མཆོག་སེམས་མི་ལྡོག་དང༌། །དབང་བཅུ་ཚད་མེད་ཡོན་ཏན་གྱིས། །བརྒྱན་པའི་ཡོན་ཏན་གང་ཚོལ་བ། །དེ་ནི་དགེ་འདུན་སྐྱབས་སོང་ཡིད། །དེ་ལྟར་གསུམ་པ་སྐྱབས་སོང་བ། །འཇིགས་པ་རྣམས་ལས་སྲུང་བྱེད་པ། །དཀོན་མཆོག་གསུམ་གྱི་སྐྱབས་ལྡན་པ། །དེ་ཕྱིར་མི་འཇིགས་སྦྱིན་བདག་ཡིན། །སྐྱབས་སོང་བསོད་ནམས་གང་ཡིན་པ། །དེ་ཡི་ཚད་གཟུང་ཤིན་ཏུ་དཀའ། །དེ་ལྟར་སྐྱབས་སུ་སོང་བ་དེས། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །བླ་མ་སྡོམ་ལ་གནས་ཤིང་མཁས། །གཞན་གྱི་དོན་ལ་མངོན་ཕྱོགས་ཤིང༌། །ཆོས་དང་ཟང་ཟིང་ཕན་འདོགས་ལ། །གསོལ་བ་བཏབ་ལ་བླང་བར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །དེ་བཞིན་བླ་མ་རྣམས་ལ་ཡང༌། །སྒོ་གསུམ་དང་བས་ཕྱག་འཚལ་ཏེ། །མ་རྟོག་ལ་སོགས་དངོས་པོ་དག །ཅི་འབྱོར་པ་ཡིས་མཆོད་པ་བྱ། །ཡོངས་སུ་གཟུང་བ་མེད་པ་དང༌། །ཀུན་དུ་བཟང་པོའི་གཞུང་བཞིན་དུ། །བློས་སྤྲུལ་པ་ཡིས་མཆོད་པ་བྱ། །སྡིག་བཤགས་པ་དང་རྗེས་ཡི་རང༌། །གསོལ་བ་གདབ་དང་ཡོངས་བསྔོ་བྱ། །ཉི་ཟླ་ལྟ་བུའི་བྱང་ཆུབ་སེམས། །ལན་གསུམ་པར་དུ་བླང་བར་བྱ། །སངས་རྒྱས་ཆོས་ལ་འདོད་གྱུར་ན། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ན། །ཀྱེ་མ་རྙེད་པ་རྙེད་པ་ཆེ། །འདི་ནི་རྙེད་པ་ཀུན་གྱི་མཆོག །བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་ལས་ལྷག་པར་


DTG110_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཞེས་གསུངས་སོ། །ཡིད་བཞིན་ནོར་བུའི་སེམས་སྐྱེ་བ། །རྒྱུ་མེད་མ་ཡིན་གྱི་ན་མ་ཡིན་གྱི། །རྒྱལ་དང་རྒྱལ་བའི་ཆོས་དང་དགེ་འདུན་ལ། །དད་དད་དང་བ་བསྐྱེད་ནས་སེམས་སྐྱེའོ། །དེ་ནི་འདོད་དང་ལོངས་སྤྱོད་རྒྱལ་སྲིད་དང༌། །བདག་ལ་བདེ་དང་གྲགས་དང་སྙན་ཕྱིར་མིན། །འགྲོ་བའི་སྡུག་བསྔལ་མ་ལུས་བསལ་བྱའི་ཕྱིར། །འཇིག་རྟེན་ཕན་པར་བྱེད་པའི་སེམས་སྐྱེའོ། །རྒྱལ་བ་ཀུན་དང་ཆོས་དང་དགེ་འདུན་ལ། །དད་པའི་སྒོ་ནས་གུས་པར་མཆོད་པ་དང༌། །བླ་མ་གུས་པར་མཆོད་ཅིང་སེམས་སྐྱེའོ། །བྱང་ཆུབ་སེམས་ནི་རིན་ཆེན་གང་ཡོད་པ། །མི་ཉམས་པ་སྲུང་ཞིང་ཡང་དག་སྤེལ་བར་བྱ། །ཡོན་ཏན་ཕན་འདོགས་སྡུག་བསྔལ་གྱུར་པ་ལ། །ཅི་འབྱོར་པ་ཡི་བཟའ་དང་བཏུང་ལ་སོགས། །རེ་བ་མེད་པར་གུས་པས་གཏང་བར་བྱ། །འཇིགས་པས་ཉེན་པའི་སེམས་ཅན་བསྐྱབ་པ་དང༌། །མུན་ནང་འཐོམས་པའི་སྐྱེ་བོ་མིག་མེད་ལ། །ཆོས་ཀྱི་སྦྱིན་པ་གུས་པར་གཏང་བར་བྱ། །ལུས་དང་སེམས་ནི་འཁྲུགས་པའི་སེམས་ཅན་ལ། །གཡོག་དང་སྨན་གྱི་སྦྱིན་པས་གུས་པར་བྱ། །ཕྱི་དང་ནང་གི་དངོས་པོ་ཐམས་ཅད་དག །སེམས་ཅན་ཀུན་ལ་མ་ལུས་གཏང་བར་བྱ། །ཡོན་ཏན་མ་ལུས་དག་ནི་གང་ཡིན་པ། །དེ་དག་ཐམས་ཅད་སྦྱིན་པ་ལ་སོགས་ཏེ། །བསོད་ནམས་ཕུང་པོ་གཞལ་དཀའ་དཔག་ཏུ་མེད། །ལེན་ལ་རེ་བ་མེད་པར་སྦྱིན་པ་ཡོངས་གཏོང་བ། །ནོར་རྣམས་ཡོངས་སུ་ཉམས་པར་མི་འགྱུར་ཏེ། །བང་མཛོད་དག་ནི་རིན་ཆེན་འཐོབ་པར་འགྱུར། །སྦྱིན་ལ་ཐེ་ཚོམ་མེད་པར་གུས་པར་གཏོང་བ་དག །སངས་རྒྱས་བྱང་ཆུབ་ཡུན་མི་རིང་བར་འགྱུར། །བདེ་བར་གྱུར་པ་དག་ནི་ཐམས་ཅད་ཀྱི། །རྒྱུ་ཡི་གཙོ་བོ་སྦྱིན་པར་དམ་པས་གསུངས། །བདེ་བ་རྒྱ་ཆེན་རྒྱུ་ཡི་སྦྱིན་པ་འདི། །བྱེད་པར་འདོད་ལས་མི་རྟོག་རྣལ་འབྱོར་དང༌། །སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད། །ལོངས་སྤྱོད་རྣམས་ནི་མི་རྟག་མཐོང་གྱུར་ཅིང༌། །སྙིང་རྗེ་ཆེན་པོ་རང་གི་དད་གྱུར་ན། །སྦྱིན་བདག་གི་ཁྱིམ་གཞན་དང་གཞན་གྱི་བར། །ཤིན་ཏུ་རིགས་པའི་ཚུལ་འདི་རྟོགས་གྱུར་ལ། །གང་བྱིན་དེ་ལ་འཇིགས་པ་སྐྱེ་མི་འགྱུར། །ཁྱིམ་ན་གང་བཞག་དེ་ལ་འཇིགས་པ་འབྱུང༌། །བྱིན་པས་འཇིག་རྟེན་ཕ་རོལ་བདེ་བ་འགྲུབ། །མ་བྱིན་ཚེ་འདི་ཉིད་ལ་སྡུག་བསྔལ་སྐྱེད། །མ་ཡི་ནོར་རྣམས་སྐར་མདའི་རང་


DTG110_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལྟར། །མ་བྱིན་ནོར་རྣམས་མི་རྟག་མེད་འགྱུར་ཏེ། །བྱིན་པས་རྟག་ཏུ་མི་ཟད་གཏེར་དུ་འགྱུར། །སེམས་ཅན་ཕན་པར་སེམས་པ་གང་ཡིན་པའི། །ནོར་རྣམས་སྙིང་པོ་མེད་པ་ཡོད་པར་འགྱུར། །གང་ཞིག་ཡོངས་སུ་གཏོང་བ་མཁས་པས་བསྔགས། །སྐྱེ་བོ་བྱིས་པ་དེ་དག་སོགས་ལ་དགའ། །ཡོངས་སུ་བཟུང་བས་མི་འབྲལ་གང་ཡང་མེད། །བྱིན་པས་རྟག་ཏུ་ཕུན་སུམ་ཚོགས་པ་འབྱུང༌། །གང་ཞིག་བྱིན་པ་དེ་ནི་ལམ་གྱི་མཆོག །མ་བྱིན་ཁྱིམ་དུ་བཞག་པ་དེ་ནི་ཉོན་མོངས་སྐྱེ། །སློང་བ་སྔོན་དུ་འོངས་ན་རྒྱལ་སྲས་དེས། །རྫོགས་པའི་བྱང་ཆུབ་ཚོགས་ནི་སྤེལ་བའི་ཕྱིར། །ལྟོས་པ་མེད་པར་ཡོངས་སུ་གཏང་བར་བྱ། །དགེ་བའི་བཤེས་གཉེན་འདུ་ཤེས་དེ་ལ་བསྐྱེད། །གང་ཞིག་ཟང་ཟིང་ནོར་ལ་ཆགས་བྱེད་པ། །དེ་ལ་བྱང་ཆུབ་སེམས་མཆོག་སྐྱེ་བ་མེད། །སེམས་མཆོག་དེ་ནི་སྐྱོན་དང་མ་འགྲོགས་ཏེ། །རྒྱ་མཚོ་ཆེན་པོ་རོ་དང་མི་འགྲོགས་བཞིན། །དེ་བས་རྟག་ཏུ་སྐྱོན་རྣམས་ཀུན་སྤངས་ཏེ། །བྱང་ཆུབ་འདོད་པས་རྟག་ཏུ་ཐམས་ཅད་སྦྱིན། །ཡོན་ཏན་མངའ་བ་མཐའ་ཡས་འཕགས་པའི་ནོར། །ནོར་གཞན་ཕལ་པ་སྡུག་བསྔལ་རྒྱུ། །བདོག་མང་དག་གིས་ཅི་ཞིག་བྱ། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །ཆོག་ཤེས་མེད་པར་དབུལ་པོར་གསུངས། །སྦྱིན་པ་དེ་ནི་བྱང་ཆུབ་རྩ་བ་སྟེ། །ཞུམ་པ་བརྩལ་ལ་སྦྱིན་པ་གཏང་བར་བྱ། །དེ་ལྟར་སྦྱིན་ལ་གུས་དང་ལྡན་པར་གྱུར་པ་དེས། །དྲན་དང་ལྡན་ཞིང་ཤེས་བཞིན་བག་ཡོད་པས། །དབང་པོའི་སྒོ་རྣམས་རྟག་ཏུ་བསྲུང་བར་བྱ། །གང་ཞིག་ལུས་ངག་ཡིད་ཀྱི་ལས། །ཐམས་ཅད་ལེགས་པར་ཡོངས་བརྟགས་ཏེ། །བདག་དང་གཞན་ལ་ཕན་ཤེས་ནས། །རྟག་ཏུ་བྱེད་པ་དེ་མཁས་པ། །མི་གསོད་པ་དང་རྐུ་སྤོང་དང༌། །གཞན་གྱི་ཆུང་མ་སྤོང་བ་དང༌། །བརྫུན་དང་ཕྲ་མ་ཚིག་རྩུབ་དང༌། །མ་འབྲེལ་སྨྲ་བ་ཡང་དག་སྡོམ། །བརྣབ་སེམས་གནོད་སེམས་ལོག་ལྟ་སྤང༌། །འདི་དག་སྤངས་ལས་དཀར་བཅུ་སྟེ། །ལས་ལམ་བཅུ་ལས་ཉམས་མི་བྱ། །ཆང་མི་འཐུང་དང་འཚོ་བ་བཟང༌། །མདོར་བསྡུས་ཚུལ་ཁྲིམས་ཡིན་པར་གསུངས། །ཚུལ་རྣམས་མ་ལུས་འབྱུང་བའི་གཞི་ཡིན་པས། །དེ་ཕྱིར་ཚུལ་ཁྲིམས་བསྲུང་ལ་བརྩོན་པར་བྱ། །ནང་གི་སེམས་ནི་དུལ་གྱུར་ན། །ཕྱི་ཡི་དགྲ་


DTG110_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་གནོད་མི་ནུས། །ནང་གི་སེམས་ནི་གཡོ་བ་ན། །ཕྱི་ཡི་དགྲ་འདིས་རྐྱེན་བྱས་ཏེ། །ནང་གི་དགྲ་འདིས་ལུས་སེམས་བསྲེག །དེ་ཕྱིར་ནང་གི་དགྲ་འདི་གཞོམ། །ཡོན་ཏན་མ་ལུས་བྱང་ཆུབ་སེམས་ལས་འབྱུང༌། །བྱང་ཆུབ་སེམས་མཆོག་སྙིང་རྗེའི་རྒྱུད་ལས་བྱུང༌། །དེ་ལས་སྙིང་རྗེའི་ངང་ཚུལ་ལྡན་པར་བྱ། །དགེ་སྦྱོང་ཚུལ་ལ་གནས་བྱས་ནས། །དེ་ཡིས་མི་མཐུན་ཕྱོགས་སྤང་བྱ། །དེ་ལ་མི་མཐུན་གང་ཞེ་ན། །འདོད་དང་གནོད་སེམས་རྣམ་པར་འཚེ། །བདག་བསྟོད་གཞན་ལ་བརྙས་པ་དང༌། །མི་མཐུན་རྙེད་པ་ཀུན་དུ་ཚོལ། །རྙེད་པས་རྙེད་པ་ཚོལ་བྱེད་དང༌། །དད་པས་བྱིན་པ་ཆུད་གསོན་དང༌། །ལྟུང་བ་འཆབ་ཅིང་འདུ་འཛི་དགའ། །བདག་གི་རྙེད་པས་ཆོག་མི་ཤེས། །གཞན་ལ་ཕྲག་དོག་སེར་སྣ་བྱེད། །གཞན་གྱི་རྙེད་པ་འདོད་པར་བྱེད། །བདག་གི་འཁྲུལ་པ་ལ་མི་རྟོག །གཞན་གྱི་འཁྲུལ་པ་རྟོག་པར་བྱེད། །སོ་སོར་ཐར་པའི་འདུལ་མི་བསྲུང༌། །ཁྭ་ལྟར་མུ་ཅོར་སྨྲ་བ་དང༌། །མ་གུས་རྒོད་ཁེངས་ལྟ་བ་ངན་ལ་ཞེན་པ་དང༌། །འཁོར་བ་ལ་ནི་དགའ་བ་དང༌། །མྱ་ངན་འདས་ལ་རྒྱབ་ཕྱོགས་དང༌། །ཟབ་མོའི་ཆོས་ནི་སྤོང་བ་དང༌། །དཀོན་མཆོག་གསུམ་ལ་མ་གུས་དང༌། །བླ་མ་ཁྱད་དུ་གསོད་པ་སྟེ། །བརྟགས་ཏེ་ལེགས་པར་སྤང་བར་བྱ། །དེ་ལྟར་ཚུལ་ཁྲིམས་སྲུང་བྱེད་ན། །སྔོན་ཆད་མི་ཤེས་སྐྱེ་བོ་ཐམས་ཅད་ཀྱང༌། །ཚུལ་ཁྲིམས་ལྡན་པའི་སྐྱེ་བོ་དེ་ལ་འདུད། །ཚུལ་ཁྲིམས་རྟག་ཏུ་ལྡན་པའི་མི། །བདེ་བ་ནས་ནི་བདེ་བ་ཉིད་དུ་འགྱུར། །དེ་ལྟར་ཚུལ་ཁྲིམས་རྒྱན་དང་ལྡན་པ་དེས། །བདུད་ཀྱི་ལས་རྣམས་ཡོངས་སུ་སྤོང་བ་དང༌། །བཟོད་པ་དགའ་ཞིང་ཡང་དག་གནས་པར་བྱ། །བཟོད་པ་ཤིན་ཏུ་ཕན་པ་སྒྲུབ་བྱེད་པ། །དེ་ལ་སུ་ཞིག་ནན་ཏན་མི་བྱེད་ཡོད། །ཆོས་ཚོལ་བ་དང་གཞན་དོན་བྱེད་པ་ལ། །བཟོད་པའི་གོ་ཆས་མི་འཁྲུགས་མཚོ་ལྟར་བྱ། །གཞན་དོན་འདོད་པའི་ཡིད་དང་ལྡན་པ་ལ། །ཚུལ་ཁྲིམས་དམ་པ་བཟོད་པ་ཞེས་བྱ་གསུངས། །གནོད་པ་སྐྱེ་མེད་ཚུལ་དུ་རབ་མཐོང་བ། །དེ་ནི་བཟོད་པ་འཕྲུལ་ཞེས་དྲང་སྲོང་དམ་པས་གསུངས། །བཟོད་ལ་གནས་པའི་ལུས་ནི་ཡོངས་སུ་དག་གྱུར་ཅིང༌། །གཟུགས་རིགས་ཚེ་རིང་ནད་མེད་ཐོབ་བྱེད་པ། །བཟོད་པའི་གོ་ཆ་བརྟན་པར་སུ་མི་བྱེད། །ཇི་ལྟར་བཟོད་པའི་སྟོབས་ལ་


DTG110_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་དེ། །རྟག་ཏུ་དགེ་བའི་ལས་ལ་སྤྲོ་བ་བྱེད་པ་གང༌། །དེ་ལ་དགེ་བའི་ལོ་ཏོག་གོང་ནས་གོང་དུ་འཕེལ། །བཤད་པས་སེམས་ཅན་རྒྱུད་ཀུན་གྲོལ། །མ་རིག་མུན་སེལ་ཤེས་རབ་བསྐྱེད། །ཉན་པ་བྱང་ཆུབ་ཡན་ལག་སྟེ། །བསམ་བསྒོམ་ས་གཞི་ལྟ་བུ་སྟེ། །མ་བཤད་ཤེས་པ་མེད་པ་ཡིན། །སངས་རྒྱས་བསྟན་པ་ཡུན་ཐུང་འགྱུར། །ཉན་པས་ཤེས་རབ་འཕེལ་འགྱུར་བས། །མ་ཉམས་བསྒོམ་པའི་རྟེན་དང་འབྲེལ། །བླང་བྱ་དོར་བྱ་མི་ཤེས་པས། །གཟིངས་སྤངས་རྒྱ་མཚོ་བརྒལ་བ་བཞིན། །རྩོལ་བས་ནན་ཏན་མ་བྱས་ན། །ཤིང་ལས་མེ་འབྱུང་མི་སྲིད་བཞིན། །བསྒོམ་སྒྲུབ་ནན་ཏན་མ་བྱས་པར། །འབྲས་བུ་ཆེན་པོ་ག་ལ་འབྱུང༌། །རྒྱུད་ལ་འབད་པར་མ་བྱས་པར། །བླ་མེད་བྱང་ཆུབ་མི་འབྱུང་སྟེ། །དཔེར་ན་ཞི་བའི་ལས་དང་མཚུངས། །ཆོས་སྐུ་རྒྱུ་ལ་རག་ལས་ཕྱིར། །གསང་སྔགས་མན་ངག་ཐབས་ཆེན་གྱིས། །ཚེ་འདིར་བྱང་ཆུབ་འབྱུང་འགྱུར་ཞེས། །སྨྲ་ཞིང་ཚོགས་རྣམས་མ་བསགས་ན། །བསྐལ་པ་བརྒྱར་ཡང་མི་འགྲུབ་པོ། །ཐབས་ཀྱིས་འགྲུབ་ཅེས་ལྟ་བ་ལ། །ནན་ཏན་མི་བྱེད་གང་ཟག་ནི། །གལ་ཏེ་ལོག་པར་རྟོགས་གྱུར་ན། །གྲུ་མེད་རྒྱ་མཚོ་རྒལ་བ་བཞིན། །རྣལ་འབྱོར་མངོན་སུམ་མ་གྱུར་པ། །རླབས་ཆེན་སྤྱོད་པ་བྱེད་གྱུར་པ། །ཁ་ན་མ་ཐོ་ལྟུང་འགྱུར་ཏེ། །གཡང་ས་ཆེན་པོར་འཇུག་པ་བཞིན། །དེ་ལྟར་ཐོས་བསམ་སྒོམ་པ་ལ། །བརྩོན་པར་བྱས་ནས་ཚོགས་རྫོགས་འགྱུར། །སྒྲིབ་པ་རྣམ་པ་གཉིས་སྤངས་ཏེ། །བྱང་ཆུབ་མཆོག་ནི་ཐོབ་པར་འགྱུར། །དེ་ལྟར་བརྩོན་དང་ལྡན་པ་དེས། །དབེན་པ་ལ་ནི་དགའ་བར་འགྱུར། །དོན་མེད་རྣམ་པར་སླུ་བ་ཡི། །འཇིག་རྟེན་ཆོས་ལ་མ་ཆགས་པར། །ནགས་ཚལ་ལ་སོགས་དབེན་པ་རུ། །སེམས་ཉིད་གདོད་ནས་མ་སྐྱེས་པའི། །རང་འབྱུང་དགོན་པ་ཡིན་མོད་ཀྱི། །ལས་དང་པོ་ཡི་སེམས་ཅན་གྱིས། །ཕྱི་རོལ་དགོན་པ་ཐོག་མར་བསྟེན། །དེ་འོག་སེམས་ཉིད་དགོན་པ་བཙལ། །དེར་ཡང་དང་པོ་བྱམས་པ་དང༌། །སྙིང་རྗེའི་སེམས་ནི་གོམས་པར་བྱ། །མི་གཙང་ཀེང་རུས་རྟེན་འབྲེལ་ལ། །ཡིད་ནི་མཉམ་པར་གཞག་པར་བྱ། །སྒྲིབ་པ་ལྔ་ནི་སྤང་བྱ་ཞིང༌། །བསྒོམ་པ་མེད་ན་བྱང་ཆུབ་ཀྱི། །རྩ་


DTG110_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་དེ་སྒྲིབ་མི་སྤོང༌། །སྒྲིབ་པ་མ་སྤངས་སངས་རྒྱས་པ། །གྲུབ་མཐའ་ཀུན་ལས་ཡོངས་མ་བསྟན། །བཟླས་པ་མ་བྱས་ལྷ་དང་རིང༌། །དགེ་བ་ཀུན་ལ་མི་འཇུག་ན། །མཉེན་པ་མེད་པའི་གྲུ་བཞིན་དུ། །རྒྱ་མཚོའི་གཏིང་དུ་བྱིང་བར་འགྱུར། །རྣལ་འབྱོར་ནན་ཏན་བྱེད་གྱུར་ཀྱང༌། །དགེ་བ་གཞན་ལ་མི་བརྩོན་ན། །ཤིང་གཅིག་ཡལ་ག་མེད་པ་ལས། །མེ་ནི་འབར་བ་དཀའ་དང་མཚུངས། །ཐོས་སོགས་དགེ་བ་ལ་བརྩོན་བྱ། །རྣལ་འབྱོར་ནན་ཏན་མི་བྱེད་ན། །མཐོ་རིས་ཐོབ་ཀྱང་ཐར་པ་རིང༌། །བླ་མེད་བྱང་ཆུབ་མེད་པའི་ཕྱིར། །རྣལ་འབྱོར་བསྒོམ་ལ་སྤྱོད་མེད་ན། །གྲོགས་དང་བྲལ་ནས་ལམ་ཞུགས་བཞིན། །དགྲ་དང་ཆོམ་རྐུན་བྱུང་བ་ན། །བཟློག་པར་མི་ནུས་གྲོགས་མེད་བཞིན། །མི་ལུས་ཐོབ་པ་འང་ཆེས་དཀའ་ན། །དམ་ཆོས་ཕྲད་པའང་དེ་བས་དཀའ། །མི་ལུས་དལ་འབྱོར་ཐོབ་པ་ལ། །མཁས་པ་དམ་ཆོས་མི་ཉན་པ། །རིན་ཆེན་རྙེད་ནས་སླར་དོར་བཞིན། དམ་པའི་ཆོས་ལ་མ་ཞུགས་པར། །དོན་མེད་ཡལ་བར་མི་འདུག་གོ །བླ་མེད་ཐེག་ཆེན་རྙེད་གྱུར་ནས། །དེ་ལ་ནན་ཏན་མི་བྱེད་ན། །རིན་ཆེན་རྙེད་ནས་བྱི་དོར་དང༌། །མི་བྱེད་དོར་བ་དག་དང་མཚུངས། །མི་ལུས་དལ་འབྱོར་ཐོབ་པ་དག །ཡིད་བཞིན་ནོར་བུ་དག་དང་མཚུངས། །ཡིད་བཞིན་ནོར་བུ་རིན་ཆེན་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཏེ། །བྱི་དོར་བྱས་ན་དེ་ལས་ནི། །ཉིས་འགྱུར་གྱིས་ཀྱང་མཛེས་པར་འགྱུར། །དེ་ལྟར་དལ་འབྱོར་ཐོབ་ནས་ནི། །ཐར་པའི་ལམ་ལ་འཇུག་པར་བྱ། །ནད་དང་མཐུན་པའི་སྨན་པ་བསྟེན། །དེ་ལྟར་ཡུན་རིང་བསྒོམ་གྱུར་ན། །ལུས་སེམས་ལས་སུ་རུང་བ་དང༌། །མངོན་ཤེས་ལྔ་ལ་སོགས་པ་ཐོབ། །དེ་ལྟར་ཞི་གནས་གོམས་གྱུར་པའི། །ཡོན་ཏན་མ་ལུས་ཀུན་གྱི་རྒྱུ། །སྟོང་པ་ཉིད་ལ་འཇུག་པར་བྱ། །ལུས་དང་ཚོར་བ་སེམས་དང་ཆོས། །དྲན་པ་ཉེར་གཞག་བསྒོམ་པར་བྱ། །རང་གཞན་གཉི་ག་རྒྱུ་མེད་ལས། །དངོས་པོ་གང་ཡང་འབྱུང་མེད་པ། །རང་གཞན་གཉི་ག་རྒྱུ་མེད་ལས། །དངོས་གང་འཛིན་པར་འགྱུར་བ་མེད། །ཡོད་དང་མེད་ལས་སྐྱེ་བ་མེད་པས་ན། །སྐྱེ་བ་མེད་ཅིང་གང་ཡང་འགག་པ་མེད། །དངོས་པོ་རང་བཞིན་མ་སྐྱེས་སྟོང་པ་ཉིད། །རང་སེམས་གཟོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །སྟོང་པ་ཉིད་དུ་མི་བསྒོམ་སྟེ། །མི་སྟོང་པར་ཡང་བསྒོམ་


DTG110_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱ། །སྟོང་དང་མི་སྟོང་འཛིན་པ་ལ། །ཐ་མལ་པ་ཡི་རྣམ་རྟོག་སྐྱེ། །སྟོང་པ་ཞེས་པའི་རྣམ་རྟོག་སྟེ། །དེས་ན་དེ་ཉིད་སྤང་བར་བྱ། །འགའ་ཡང་མཐོང་བ་མེད་པ་ནི། །མཐོང་བའི་མཆོག་ཅེས་ཡིན་པར་གསུངས། །དངོས་པོ་རྣམས་ཀྱི་རང་བཞིན་ནི། །གཟུགས་བརྙན་དང་ནི་མཚུངས་པ་ཡིན། །སོ་སོ་སྐྱེ་བོ་ལ་གསུངས་པ། །གང་ཡིན་དེ་ནི་ཟབ་པའི་ཆོས། །འཇིག་རྟེན་སྒྱུ་མ་ལྟ་བུ་ཉིད། །སངས་རྒྱས་བསྟན་པ་བདུད་རྩི་ཡིན། །ཇི་ལྟར་སྒྱུ་མའི་གླང་པོ་ལ། །སྐྱེ་དང་འཇིག་རྟེན་སྣང་མོད་ཀྱི། །དེ་ལྟར་བརྟགས་ན་ཡང་དག་ཏུ། །སྐྱེ་དང་འཇིག་པ་མེད་པ་ལྟར། །དེ་ལྟར་སྒྱུ་འདྲའི་འཇིག་རྟེན་ལ། །སྐྱེ་དང་འཇིག་པ་ཉིད་སྣང་ཡང༌། །དམ་པའི་དོན་དུ་བརྟགས་བྱས་ན། །སྐྱེ་དང་འཇིག་པ་ཡོད་མ་ཡིན། །དངོས་པོ་འདི་དག་ཐམས་ཅད་ནི། །རྟག་ཏུ་མ་སྐྱེས་མ་འགགས་ཉིད། །ཡང་དག་དོན་ལ་རྣལ་འབྱོར་བྱ། །བྱིང་རྒོད་དབང་དུ་མི་འགྲོ་བར། ཞི་གནས་ལྷག་མཐོང་ཆ་མཉམ་མོ། །རང་བཞིན་དག་པའི་ཆོས་ཉིད་ལ། །ཤེས་རབ་མིག་གིས་བལྟ་བར་བྱ། །དེ་ཉིད་མཐོང་ནས་ཡོན་ཏན་སྐྱེ། །ནགས་སོགས་དུས་ཀྱིས་བསྒྱུར་བ་མེད། །འདུས་བྱས་མི་རྟག་སྟོང་པར་སྟོན། །ནགས་སོགས་རྒྱུ་འབྲས་སོ་སོ་ཡིས། །ཀུན་རྫོབ་སླུ་བ་མེད་པ་སྟོན། །རོ་དང་རུས་པ་ཆུ་ཤིང་སོགས། །ཕྱི་ནང་ཆོས་ཀུན་བདག་མེད་སྟོན། །ཀུན་ལ་ཁྱབ་པའི་ནམ་མཁའ་ཡིས། །དོན་དམ་སྤྲོས་བྲལ་ལ་སོགས་སྟོན། །རང་བཞིན་ཡོངས་སུ་ཤེས་པ་ཡིས། །དེ་ཚེ་ཡུལ་ནི་སྣང་ན་ཡང༌། །སྒྱུ་མ་བཞིན་ཏེ་གོས་པ་མེད། །དོན་དམ་རང་བཞིན་རྟོགས་གྱུར་ན། །ཐ་སྙད་དག་གིས་ཅི་ཞིག་བྱ། །དགེ་བའི་བཤེས་གཉེན་བསྟེན་པར་བྱ། །གྲོགས་མཆོག་རྙེད་ན་ཤིན་ཏུ་ལེགས། །དེ་ལྟར་མིན་ན་གཅིག་པུར་གནས། །བླ་མ་སངས་རྒྱས་དངོས་འདྲ་ལ། །ཡོ་བྱད་ཀྱིས་ནི་བསྙེན་བཀུར་དང༌། །ལུས་ངག་སེམས་ཀྱི་བཀུར་སྟི་ནི། །དུས་གསུམ་ཀུན་དུ་བྱ་བ་ཡིན། །བླ་མ་བསྙེན་བཀུར་མ་བྱས་ན། །སངས་རྒྱས་སྤངས་ཏེ་དམ་ཚིག་ཉམས། །བླ་མ་སངས་རྒྱས་ཀུན་དང་མཚུངས། །སློབ་དཔོན་གྱི་ནི་ཡོན་ཏན་གཟུང༌། །སྐྱོན་ནི་རྣམ་ཡང་བསམ་མི་བྱ། །ཡོན་ཏན་བཟུང་ན་དངོས་གྲུབ་ཐོབ། །སྐྱོན་རྣམས་བཟུང་ན་དངོས་མི་ཐོབ། །


DTG110_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཚེ་ནི་ཐུང་བ་དང༌། །ངན་འགྲོ་དག་ཏུ་ལྟུང་བར་འགྱུར། །སློབ་དཔོན་སྨོད་པར་བྱེད་པ་ནི། །ཉ་པ་ལ་སོགས་རིགས་སུ་སྐྱེ། །ཉེས་པ་ཐམས་ཅད་བྱེད་འགྱུར་ཡང༌། །མཁས་པས་བླ་མ་སྨད་མི་བྱ། །ཆོས་འདོད་པས་ནི་རྟག་པར་ཡང༌། །སློབ་དཔོན་རབ་ཏུ་མགུ་བར་བྱ། །གསེར་ནི་སྟོང་ཕྲག་བརྒྱ་ཉིད་དང༌། །རིན་ཆེན་རྣམ་པ་སྣ་ཚོགས་དང༌། །རས་ནི་ཟུང་བརྒྱ་དབུལ་བར་བྱ། །དེ་ལྟར་བླ་མ་མཉེས་བྱས་ནས། །མི་དགེ་ལས་ལས་ལྡོག་བྱ་ཞིང༌། །བྱང་ཆུབ་སེམས་ནི་བསྐྱེད་པ་དང༌། །ཐེ་ཚོམ་མེད་པ་ཉིད་དང་ནི། །བཀའ་བཞིན་དུ་ནི་གུས་པར་བསྒྲུབ། །དེ་ལྟར་མི་བྱེད་གང་ཟག་ནི། །རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་རྩེ་མོ་ལས་འདི་སྐད་དུ། བསྐལ་པ་བརྒྱ་ཕྲག་དག་ཏུ་ནི། །ཅི་སྟེ་མངོན་པར་བརྩོན་བྱས་ཀྱང༌། །གང་ཟག་བཞིས་ནི་འཇིག་རྟེན་དུ། །བསྒྲུབས་ཀྱང་འགྲུབ་པ་ཉིད་མི་འགྱུར། །བྱང་ཆུབ་སེམས་ནི་མ་བསྐྱེད་དང༌། །ཐེ་ཚོམ་ལྡན་པ་ཉིད་དང་ནི། །བཀའ་བཞིན་དུ་ནི་མི་བྱེད་དང༌། །དད་པ་མེད་ཀྱིས་འགྲུབ་མི་འགྱུར། །ཞེས་གསུངས་སོ། །མི་ལུས་ཐོབ་པ་ཤིན་ཏུ་དཀའ། །འགྲོ་བའི་ཚེ་ཡང་ཤིན་ཏུ་ཐུང༌། །བློ་གྲོས་ཉམ་ཀྱང་ཤིན་ཏུ་ཆུང༌། །བཤེས་གཉེན་མཆོག་ཀྱང་རྙེད་དཀའ་བས། །བྱིས་པ་རྣམས་ནི་དོན་མེད་འཁྱམ། །བདག་གིས་གཞུང་དང་མི་འགལ་བར། །སྤྱོད་བསྡུས་སྒྲོན་མ་རིན་ཆེན་ཕྲེང༌། །ཐེག་ཆེན་སྒོར་ཞུགས་བྱ་བ་དག །གཞུང་འདི་བྱས་པའི་བསོད་ནམས་དེས། །སེམས་ཅན་ཐམས་ཅད་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །བྱང་ཆུབ་སེམས་དཔའི་སྤྱོད་པ་བསྡུས་པའི་སྒྲོན་མ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

མདོ་ཀུན་ལས་བཏུས་པའི་དོན་བསྡུས་པ།


DTG110_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སཱུ་ཏྲ་ས་མུཙྪ་ཡ་སཉྩ་ཡ་ཨརྠཿ། བོད་སྐད་དུ། མདོ་ཀུན་ལས་བཏུས་པའི་དོན་བསྡུས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སློབ་དཔོན་ནཱ་གཱ་རྫུ་ནས་མཛད་པའི་རིན་པོ་ཆེའི་གཏམ་བརྗོད་པ་མདོ་


DTG110_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལས་བཏུས་པའི་དོན་ནི། མན་ངག་གི་མདོ་རྣམ་པ་བདུན་གྱིས་སྒྲུབ་པའི་ཐབས་ཁྱད་པར་ཅན་རྟོགས་པར་བྱ་སྟེ། བསྒོམ་ཞིང་ཉམས་སུ་བླང་བ་ནི། འདི་ལྟ་སྟེ། རྟེན་དལ་འབྱོར་གྱི་མདོ་དང༌། གཞི་དད་པའི་མདོ་དང༌། རྩ་བ་བྱང་ཆུབ་ཀྱི་སེམས་ཀྱི་མདོ་དང། རྐྱེན་བར་ཆད་སེལ་བའི་མདོ་དང༌། སྒྲུབ་པ་ནན་ཏན་སྙིང་པོར་བྱ་བའི་མདོ་དང༌། བློ་ཐེག་པ་གཅིག་ཏུ་སྦྱང་བའི་མདོ་དང༌། ལམ་ཆེ་བ་ཡོན་ཏན་གྱིས་བགྲོད་པའི་མདོའོ། །དེ་ཅིའི་ཕྱིར་ཞེ་ན། སྲིད་པ་མས་ཆགས་པ་ཐམས་ཅད་ནི་རླུང་གི་དཀྱིལ་འཁོར་ལ་བརྟེན་ནས་མས་ཆགས་པ་བཞིན་དུ་དཀར་པོའི་ཆོས་ཐམས་ཅད་ནི་རྟེན་དལ་འབྱོར་ཕུན་སུམ་ཚོགས་པ་ལ་བརྟེན་ནས་འབྱུང་བར་འགྱུར་རོ། །དཔེར་ན་རྩི་ཤིང་དང༌། མེ་ཏོག་དང་ཤིང་གེལ་བ་དང༌། སྨན་ལ་སོགས་པ་ཐམས་ཅད་ནི་ས་གཞི་ལ་བརྟེན་ནས་སྐྱེ་བར་འགྱུར་བ་དེ་བཞིན་དུ། ཡོན་ཏན་གྱི་ཆོས་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད་པའི་གཞི་དད་པ་ལ་བརྟེན་ནས་རྒྱས་པར་འགྱུར་རོ། །དཔེར་ན་རྩ་བའམ། ས་བོན་མ་ནོར་བ་ལས་སྡོང་བུ་དང༌། ཡལ་ག་དང་ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་ཐམས་ཅད་རིམ་གྱིས་རྒྱས་ཤིང་སྨིན་པར་འགྱུར་བ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རྩ་བ་ལས་ཐམས་ཅད་མཁྱེན་པའི་འབྲས་བུ་འབྱུང་བར་འགྱུར་གྱི། ཉན་ཐོས་པ་དང༌། རང་སངས་རྒྱས་པ་དང༌། འཇིག་རྟེན་པ་རྣམས་ཀྱི་སེམས་བསྐྱེད་པ་ལས་ནི་རྣམ་པ་ཐམས་ཅད་མཁྱེན་པར་འགྱུར་བ་མ་ཡིན་ནོ། །དེ་ལྟ་བས་ན་ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། ཐུན་མོང་མ་ཡིན་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ཚད་མེད་པ་བཞི་དང༌། དགེ་སྦྱོང་གི་འབྲས་བུ་བཞི་དང༌། རྩ་བ་དང༌། བདག་དང༌། བདེ་བ་དང༌། རྟག་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་འདོད་པས་ཐམས་ཅད་མཁྱེན་པ་ཉིད་སེམས་བསྐྱེད་པའི་རྩ་བ་བརྟན་པོར་གཟུང་བར་བྱའོ། །དཔེར་ན་ནས་དང༌། གྲོ་དང་སཱ་ལུ་ལ་སོགས་པའི་ས་བོན་ལེགས་པར་བཏབ་ཅིང་རྩ་བ་ལེགས་པར་བཙུགས་ཀྱང༌། སད་དང་སེར་བ་དང་བཙའ་ལ་སོགས་པས། བར་མ་སྐབས་སུ་བར་ཆད་བྱས་ནས། འབྲུའི་ཚོགས་སྨིན་པར་མི་འགྱུར་ཞིང༌། ཁམ་གྱི་ཟས་ཀྱིས་འཚོ་བར་བྱེད་པའི་


DTG110_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཅན་རྣམས་ལ་ཡང་ཕན་འདོགས་པར་མི་བྱེད་དོ། །དེ་བཞིན་དུ་དལ་འབྱོར་ཐོབ་ཅིང་དད་པ་ལ་གནས་པས་བྱང་ཆུབ་སེམས་ཀྱི་ས་བོན་མ་ནོར་བར་བཏབ་སྟེ་རྩ་བ་མ་ནོར་བར་བཙུགས་ཀྱང༌། བར་མ་སྐབས་སུ་སེམས་ཅན་བློས་སྤོང་བ་དང༌། བྱང་ཆུབ་སེམས་དཔའ་ལ་རྨ་འབྱིན་པ་དང༌། བདུད་ཀྱི་ལས་སྣ་ཚོགས་པ་དང༌། དམ་པའི་ཆོས་སྤོང་བ་དང༌། མི་དགེ་བ་བཅུ་དང༌། སྔོ་བ་མེད་པ་ལ་སོགས་པ་ཚེ་འདི་དང༌། མ་འོངས་པའི་ལུས་ལ་གནོད་པ་རྣམས་ཀྱིས་བར་དུ་གཅད་ན། བདག་ཉིད་ཀྱང་ཅི་རིགས་པར་རྟེན་མཆོག་ལས་ཉམས་ནས་མི་ཁོམ་པའི་གནས་ལྟུང་བ་དང༌། ཐེག་པ་མཆོག་ལས་ཉམས་ནས་ཉི་ཚེ་བའི་ཐེག་པར་ལྟུང་བ་དང༌། བརྩོན་འགྲུས་མཆོག་ལས་ཉམས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་རིང་དུ་འགྱུར་བའོ། །དེའི་ཕྱིར་བརྒྱུད་ནས་གཞན་གྱི་དོན་ལས་ཀྱང་ཉམས་པར་འགྱུར་ཏེ། རང་དང་གཞན་གྱི་དོན་ཐམས་ཅད་ཆུད་ཟོས་པར་འགྱུར་རོ། །དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཙའ་རྫིས་ལེགས་པར་མ་བསྐྱངས་ན་བག་མེད་པས་བརླག་པར་འགྱུར་བའི་ཉེན་མཆིས་སོ། །དེ་བཞིན་དུ་ཐོབ་པ་ཆུད་མི་གསན་པ་དང༌། དད་པ་བརྟན་པོ་དང༌། རྩ་བ་མི་འགྱུར་བ་དང༌། གནོད་པའི་བར་ཆད་བསལ་བ་ལ་སྒྲུབ་པ་ནན་ཏན་སྙིང་པོར་མ་བྱས་ན། བྱང་ཆུབ་ཀྱི་སེམས་ཀྱི་ནོར་བུ་རིན་པོ་ཆེ་གཏན་རླག་པའི་ཉེན་མཆིས་སོ། །དཔེར་ན་ལམ་ཁ་བྲག་ཕྱིན་པ་གང་དུ་འགྲོ་བའི་ཕྱོགས་ལ་ཡིད་འཁྲུགས་ཤིང་ནེམ་ནུར་ཅན་དུ་འགྱུར་རོ། །དེ་བཞིན་དུ་སེམས་ལྟ་བ་སྣ་ཚོགས་ཀྱིས་གཟེངས་པར་གྱུར་ན་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པར་མི་འགྱུར་བས་བློ་གྲོས་ཐེག་པ་སྣ་ཚོགས་སུ་འགྲོ་བའི་ཉེན་མཆིས་སོ། །ཕྱིའི་ལོ་ཏོག་ཕུན་སུམ་ཚོགས་པར་འདོད་པས། དོ་གཅིག་སོ་ནམ་ལ་ནན་ཏན་བྱེད་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་ཐོབ་པར་འདོད་པས་ཀྱང་དེ་ཐོབ་པར་བྱེད་པའི་རྒྱུ་ལམ་མ་བགྲོད་ན་ལས་དང་པོ་བའི་ས་ལས་མི་འཕགས་པར་མཆིའོ། །དེའི་ཕྱིར་ན་ཤིང་རྟ་ཆེན་པོས་བསྡུས་པའི་མདོ་ནི་མི་མང་ཞིང་མི་ཉུང་བར་དེ་ཁོ་ནའོ། །གོ་རིམས་ཀྱང་འདི་ལྟར་ཤེས་ཏེ། དང་པོ་གསུམ་ནི་རྒྱུ་བྱ་བ་བྱེད་པའི་རིགས་པ་ཡིན་ལ་བར་མ་གསུམ་ནི་རྐྱེན་ལྟོས་པའི་རིགས་པ་ཡིན་ཞིང་ཐ་མ་ནི་འབྲས་བུ་ཆོས་ཉིད་


DTG110_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རིགས་པ་ཡིན་ཏེ། དཔེ་བདུན་ནི་འཐད་པ་སྒྲུབ་པའི་རིགས་པ་ཡིན་པའི་ཕྱིར་རོ། །དེ་ལ། སངས་རྒྱས་འབྱུང་བ་རྙེད་པར་དཀའ། །ཞེས་བྱ་བ་ལ་སོགས་པས་རྐྱེན་གཞན་གྱི་འབྱོར་པ་ལྔ་མཚོན་ལ། མིར་གྱུར་པ་རྙེད་པར་དཀའ་ཞེས་བྱ་བ་ལ་སོགས་པས་རྒྱུ་བདག་ཉིད་ཀྱི་འབྱོར་བ་ལྔ་མཚོན་ནོ། །དལ་འབྱོར་རྙེད་པར་དཀའ་ཞེས་བྱ་བས་རྒྱུ་རྐྱེན་ཚོགས་པའི་དལ་འབྱོར་བཅུ་མཚོན་པ་ཡིན་ནོ། །དེ་བཞིན་གཤེགས་པའི་བསྟན་པ་ལ་དད་པ་རྙེད་པར་དཀའ་ཞེས་པས་གཞི་དད་པ་བསྟན། བྱང་ཆུབ་ཀྱི་སེམས་རྙེད་པར་དཀའ་ཞེས་བྱ་བ་ལ་སོགས་པས་ཡུལ་སངས་རྒྱས་ལ་དམིགས་པའི་སེམས་བསྐྱེད་པ་བསྟན། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྐྱེ་བར་དཀའ་ཞེས་བྱ་བ་ལ་སོགས་པས་སེམས་ཅན་ལ་དམིགས་པའི་སེམས་བསྐྱེད་པ་བསྟན། བྱང་ཆུབ་སེམས་དཔའ་ལ་རྨ་འབྱིན་པ་ཞེས་བྱ་བ་ནས་བར་དུ་གཅོད་པའི་ཆོས་སྤོང་བ་རྙེད་པར་དཀའ་ཞེས་བྱ་བའི་བར་གྱིས་རྐྱེན་བར་ཆད་བསལ་བའི་མདོ་བསྟན། ཁྱིམ་པར་གྱུར་ཀྱང་ཆོས་རྣམས་ལ་ནན་ཏན་གྱིས་གཅེས་པར་བསྒྲུབ་པ་རྙེད་པར་དཀའ་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པ་ནན་ཏན་སྙིང་པོར་བྱེད་པའི་མདོ་བསྟན། མྱ་ངན་ལས་འདས་པ་ལ་མོས་པའི་སེམས་ཅན་རྙེད་པར་དཀའ་ཞེས་པ་ནས་ཐེག་པ་གཅིག་ལ་མོས་པའི་སེམས་ཅན་རྙེད་དཀའ་ཞེས་བྱ་བའི་བར་གྱིས་བློ་ཐེག་པ་གཅིག་ལ་སྦྱང་བའི་མདོ་བསྟན། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆེ་བ་ཉིད་རྒྱ་ཆེན་པོ་ལ་འཇུག་པའི་སེམས་ཅན་ནི་རྙེད་པར་དཀའོ་ཞེས་བྱ་བ་ལ་སོགས་པའི་ལམ་ཆེ་བའི་ཡོན་ཏན་གྱིས་བགྲོད་པའི་མདོ་བསྟན། དེ་ལྟར་རིགས་པ་བཞིས་མདོར་བསྟན། ལུང་གི་མདོ་བདུན་གྱིས་རྒྱས་པར་བཤད་པའི་དོན་དེ་བློ་ལ་གོ་བར་བྱས་ནས་ཉམས་སུ་བླངས་པས་ན་སེམས་བསྐྱེད་པའི་རིགས་བཞི་སྐྱེ་སྟེ། དང་པོ་གཡོ་སྨོན་གྱི་ཚུལ་དང༌། འཇུག་ཅིང་བསྟན་པ་དང་གནས་པ་དང་མཐར་ཕྱིན་པའི་རིམ་པའོ། །དེ་ཡང་དང་པོ་ས་བོན་དང་ཟླ་གྲངས་དང༌། ཡོན་ཏན་མཐོང་ཐོས་དང༌། བྱིན་རླབས་ཀྱི་སྲུང་མ་རྣམས་ཀྱིས་རྩྭ་མེ་བཞིན་དུ་སྐྱེ་བོ་དེའི་གཞིའི་སྟེང་དུ་སྙིང་རྗེ་དང་ལྡན་པ་ལ་གོམས་པས་ཟླ་བ་ཡར་ངོ་བཞིན་དུ་འཕེལ་བའི་ཚེ་དབང་དང་


DTG110_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་བྱད་ལ་སོགས་པ་འཇུག་ཅིང་བསྟན་པའི་ཡན་ལག་ཏུ་འགྱུར་རོ། །དེ་ནས་གནས་པ་གསུམ་གྱི་མཐུ་རྫོགས་པར་བྱེད་པ་ཁ་ཅིག་འཕགས་པ་རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་ལས་འགྱོད་ཚངས་ཀྱིས་སྡིག་པ་སྦྱང་སྟེ། མཆོད་བསྟོད་དང༌། སྐྱབས་སུ་གསོལ་བ་དང༌། དབང་གཟུགས་པ་དང༌། དངོས་པོ་བཤགས་པ་དང༌། དམ་བཅའ་ཞིང་སྡོམ་པ་གཟུང་བ་དང༌། ཁྲུས་བྱ་བ་དང༌། ཚངས་པ་ཐོབ་པ་དང༌། རྗེས་སུ་སྤྲོ་བ་དང༌། གཟེངས་བསྟོད་པའི་ཚུལ་གྱིས་གདམས་པ་དང༌། དམིགས་པ་མེད་ཅིང་ཐེག་པ་གཅིག་ཏུ་བློ་སྦྱང་པ་དང༌། དག་པའི་མཚན་མ་མཐོང་བ་དང༌། མིང་གདགས་པ་དང༌། ལམ་རྒྱུད་ལ་བསྐྱེད་པ་དང༌། འབྲས་བུ་ཐོབ་པའི་བར་དུ་བྱེད་དོ། །ཁ་ཅིག་ནི་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ལ་སོགས་པ་ཟློས་ཤིང་སྒྲའི་མཐའ་ལས་གྲོལ་བའི་ཏིང་ངེ་འཛིན་གྱི་བར་དུ་སྦྱོར་ཞིང་ཁྲིམས་ཉི་ཤུ་རྩ་ལྔ་བསྲུངས་པས་འབྲས་བུ་འཐོབ་པར་བྱེད་དོ། །གང་ཞིག་སེམས་དཔའ་གསུམ་གྱི་མཐུ་རྫོགས་པས་ན་ཉི་མ་གྲོལ་བ་ལྟར་དུ་མཐར་ཕྱིན་པའི་སེམས་སུ་གྱུར་པའི་ཚེ་བློ་སྙིང་རྗེའི་དབང་དུ་གྱུར་པས་སྒྱུ་མའི་དཔེ་བདུན་པོ་ལྟར་དངོས་པོ་ཐམས་ཅད་ལ་མ་ཆགས་ཤིང་རློམ་པ་མེད་པར་གཞན་གྱི་དོན་ལ་ཉིན་མཚན་དུ་འབད་པ་དང། ཐུན་མོང་གི་ཡོན་ཏན་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ཐུན་མོང་མ་ཡིན་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང་མ་འདྲེས་པ་ལ་སོགས་པ་འགྲུབ་པར་བྱེད་དོ། །སློབ་དཔོན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ལ་བོད་ཀྱི་དགེ་སློང་ཚུལ་ཁྲིམས་རྒྱལ་བས་གསེར་སྲང་བཅུ་བཞིའི་སྦྲང་བུ་མེ་ཏོག་དུ་ཕུལ་ནས་བོད་དུ་བྱོན་པའི་ཞུ་བ་ཕུལ་བ་ལས་སྒོམ་སྦྱོང་བ་རྣམས་མཐར་ཕྱིན་པར་བྱ་བའི་དོན་དུ་བླ་མ་ཟླ་བ་བཅུ་དྲུག་ཏུ་ལམ་དུ་མ་ཆུད་དོ། །དེ་ནས་བོད་དུ་བྱོན་ཁར་སློབ་མ་སེམས་སྦྱོང་བ་རྣམས་ཀྱིས་ཞལ་ཆེམས་གཞག་པར་ཞུས་པས་མདོའི་དོན་མན་ངག་ཏུ་བྱས་པ་འདི་ཞལ་ཆེམས་སུ་གནང་ངོ༌།། དེའི་དུས་སུ་རྒྱ་བརྩོན་སེང་གེས་བསྒྱུར་བར་ཞུས་པས་གནང་སྟེ་གཏན་ལ་ཕབ་པོ། །

རིམ་གྱིས་འཇུག་པའི་སྒོམ་དོན།


DTG110_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་འཇུག་པའི་སྒོམ་དོན་བཞུགས།། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་དག་སྒྲིབ་པ་མཐའ་དག་སྤང་བར་འདོད་པ་དང༌། ཐམས་ཅད་མཁྱེན་པ་


DTG110_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མྱུར་དུ་ཐོབ་པར་འདོད་པ་དེས་ཞི་གནས་དང༌། ལྷག་མཐོང་བསྒོམ་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པར་འབད་པར་བྱའོ། །དེ་ཡང་དམུས་ལོང་དང་འདྲ་བ་དག་གིས་བསྟན་པར་མི་ནུས་མོད་ཀྱི། འོན་ཀྱང་ལུང་དང་བསྟན་བཅོས་གཞན་དག་ལ་ཡང་བརྟེན་ནས་བརྗོད་པར་བགྱིའོ། །ཞི་གནས་དང་ལྷག་མཐོང་གཉིས་ལ་ཚུལ་བཞིན་དུ་བསྒོམས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་སྟེ་དེ་བྱུང་བས་སྒྲིབ་པ་མཐའ་དག་སྤངས་ནས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནི་ཞི་གནས་དང་ལྷག་མཐོང་གཉིས་ལ་ཡུན་རིང་དུ་ནན་ཏན་བྱས་པ་ལས་འགྱུར་ཏེ། དེ་བས་ན་ཞི་གནས་དང་ལྷག་མཐོང་གཉིས་ལ་འབད་པར་བྱའོ། །རྒྱུ་མ་བསྒྲུབས་ན་འབྲས་བུ་མི་འབྱུང་སྟེ་ས་བོན་དང་མྱུ་གུ་བཞིན་ནོ། །རྒྱུ་ནོར་པ་ལས་ཀྱང་མི་འབྱུང་སྟེ་རྭ་ལས་འོ་མ་བཞོ་བ་བཞིན་ནོ། །རྒྱུ་མཐའ་དག་མ་སྤྱད་པ་ལས་ཀྱང་འབྲས་བུ་ཐམས་ཅད་མཁྱེན་པ་མི་འབྱུང་སྟེ་ས་བོན་ལ་སོགས་པ་གང་ཡང་རུང་བ་ཞིག་མེད་ན་འབྲས་བུ་མི་འབྱུང་བ་བཞིན་ནོ། །འཕགས་པ་ཆོས་ཐམས་ཅད་ཡང་དག་པར་བསྡུས་པ་ལས་ཀྱང༌། གང་དག་ང་ཡི་རྗེས་སུ་སློབ་འདོད་དེས། །ཞི་གནས་ལྷག་མཐོང་དག་ལ་གནས་པར་བྱའོ། །ཞེས་གསུངས་སོ། །དེ་བས་ན་རྣལ་འབྱོར་པ་གང་ཞིག་ཞི་གནས་དང༌། ལྷག་མཐོང་དང་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དཔེར་ན་རིན་པོ་ཆེ་བཻཌཱུཪྻའི་ཁང་པ་ན་འདུག་པས་ནི་ཕྱི་ནང་ཀུན་གསལ་བར་མཐོང་ངོ༌། །དེ་བཞིན་དུ་རྣམ་པར་མི་རྟོག་པ་འདི་ལ་གནས་ན་ཆོས་ཐམས་ཅད་ཀྱི་དངོས་པོའི་མཐའ་རྟོགས་ཏེ། སྒྲིབ་པ་མཐའ་དག་བྱང་ནས་ཐམས་ཅད་མཁྱེན་པ་ཐོབ་པ་ནི་རྒྱུ་ལ་རག་ལས་པར་ངེས་སོ། །དེ་བས་ན་རྣམ་པར་མི་རྟོག་པ་ལ་བསྒོམ་པར་བྱའོ། །དཔེར་ན་རི་བོ་མཐོན་པོའི་ཁར་ཕྱིན་ན་ཕལ་ཆེར་གསལ་བར་མཐོང་ངོ༌། །དེ་བཞིན་དུ་རྣམ་པར་མི་རྟོག་པ་འདི་ལ་གནས་ན་ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་པ་དང་ཐོགས་པ་མེད་པར་འགྱུར་རོ། །དེ་བས་ན་ཞི་གནས་དང་ལྷག་མཐོང་ལ་བསྒོམ་པར་བྱའོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། གང་བློ་ཡོད་དང་མེད་པ་ལས། །རྣམ་པར་འདས་ཤིང་མི་གནས་པ། །དེ་དག་ཟབ་མོ་དམིགས་མེད་པའི། །རྐྱེན་གྱི་དོན་ལ་རྣམ་པར་བསྒོམ། །ཞེས་བསྟན་ཏོ། །འཕགས་པ་ཏིང་


DTG110_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང༌། གང་དེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེར་བརྟགས་གལ་ཏེ་བསྒོམ་པ་ནི། །དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེ་ནི་ཞིར་མི་འགྱུར། །ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་བཀའ་སྩལ་པ། སྐྱེ་བ་པོ་ཡིས་ལྷག་མཐོང་དང༌། །ཞི་གནས་གོམས་པར་བྱས་ནས་ནི། །གནས་ངན་ལེན་གྱི་འཆིང་བ་དང༌། །མཚན་མའི་འཆིང་ལས་རྣམ་གྲོལ་འགྱུར། །ཞེའོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང༌། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམས་འཇིལ་ལོ། །ཤེས་རབ་ཀྱིས་ནི་བག་ལ་ཉལ་རབ་ཏུ་སྤོང་ངོ་ཞེས་གསུངས་སོ། །དེ་བས་ན་སྒྲིབ་པ་མཐའ་དག་སྤོང་བར་འདོད་པས་ཞི་གནས་དང་ལྷག་མཐོང་བསྒོམ་པར་བྱའོ། །ཞི་གནས་ཀྱི་སྟོབས་ཀྱིས་ནི་མར་མེ་རླུང་མེད་པ་ན་གསལ་བ་བཞིན་དུ་དམིགས་པ་ལ་སེམས་མི་གཡོ་བར་འགྱུར་རོ། །ལྷག་མཐོང་གིས་ནི་མུན་པར་ཉི་མ་ཤར་བཞིན་དུ་ཆོས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པས་ཡང་དག་པའི་སྣང་བ་འབྱུང་སྟེ་སྒྲིབ་པ་མཐའ་དག་སྤོང་བར་འགྱུར་རོ། །ཞི་གནས་ཙམ་འབའ་ཞིག་གོམས་པར་བྱས་པས་ནི་རྣལ་འབྱོར་པ་རྣམས་ཀྱི་སྒྲིབ་པ་མི་སྤོང་གི །རེ་ཞིག་ཉོན་མོངས་པ་རྣམ་པར་གནོན་པ་ཙམ་དུ་ཟད་དེ། ཤེས་རབ་ཀྱི་སྣང་བ་བྱུང་བ་མེད་པར་བག་ལ་ཉལ་ལེགས་པར་ཆོམས་མི་སྲིད་པའི་ཕྱིར། བག་ལ་ཉལ་ལེགས་པར་ཆོམས་པར་མི་འགྱུར་རོ། །དེ་བས་ན་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་དེ་ཉིད་ལས། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམས་རྣམ་པར་གནོན་ཏོ།། ཤེས་རབ་ཀྱིས་ནི་བག་ལ་ཉལ་ལེགས་པར་འཇོམས་པར་བྱེད་དོ་ཞེས་བཀའ་སྩལ་ཏོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང༌། ཏིང་ངེ་འཛིན་དེ་སྒོམ་པར་བྱེད་མོད་ཀྱི། །དེ་ནི་བདག་ཏུ་འདུ་ཤེས་འཇིགས་མི་བྱེད། །དེ་ནི་ཉོན་མོངས་ཞི་ཞིང་རབ་འཁྲུགས་ཏེ། །ལྷག་སྤྱོད་འདི་ནི་ཏིང་འཛིན་བསྒོམ་པ་བཞིན། །གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོགས། །སོ་སོར་དེ་བརྟགས་གལ་ཏེ་བསྒོམ་པ་ནི། །དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་གྱིས་ནི་ཞིར་མི་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང༌།


DTG110_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས། འཕགས་པའི་ཆོས་འདུལ་བ་མ་ཐོས་པར་ཏིང་ངེ་འཛིན་ཙམ་གྱིས་ཆོག་པར་འཛིན་པ་ནི་ང་རྒྱལ་གྱི་དབང་གིས་འཁོར་བར་ལྷུང་ཞིང་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུགས་པ་ལས་ཡོངས་སུ་མི་གྲོལ། འགྲོ་བ་དྲུག་གི་འཁོར་བ་ལས་ཡོངས་སུ་མི་གྲོལ། སྡུག་བསྔལ་གྱི་ཕུང་པོ་ལས་ཀྱང་ཡོངས་སུ་མི་གྲོལ་ཏེ་དེ་ལ་དགོངས་ནས་དེ་བཞིན་གཤེགས་པས་འདི་སྐད་ཅེས། གཞན་ལས་རྗེས་སུ་མཐུན་པས་ཐོས་པ་ནི་རྒ་ཤི་ལས་གྲོལ་བར་འགྱུར་རོ་ཞེས་བཀའ་སྩལ་པ་དེ་ལྟ་ན་སྒྲིབ་པ་མཐའ་དག་སྤངས་ནས་ཡོངས་སུ་དག་པའི་ཡེ་ཤེས་ཐོབ་པར་འདོད་པས་ཞི་གནས་ལ་གནས་ཤིང་ཤེས་རབ་བསྒོམ་པས་བྱའོ། །དེ་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་བཀའ་སྩལ་ཏེ། ཚུལ་ཁྲིམས་ལ་ནི་གནས་ནས་ཏིང་ངེ་འཛིན་ཐོབ་སྟེ། །ཏིང་ངེ་འཛིན་ཐོབ་ནས་ཀྱང་ཤེས་རབ་སྒོམ་པར་བྱེད། །ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་ཐོབ། །ཡེ་ཤེས་རྣམ་པར་དག་པས་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཞེས་བཀའ་སྩལ་ཏོ། །འཕགས་པ་ཐེག་པ་ཆེན་པོ་ལ་དད་པ་བསྒོམ་པའི་མདོ་ལས་ཀྱང་རིགས་ཀྱི་བུ་ཤེས་རབ་ལ་ཉེ་བར་མི་གནས་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་དང༌། ཐེག་པ་ཆེན་པོ་ལ་ཇི་ལྟར་ཡང་འབྱུང་བར་མི་སྨྲའོ། །རིགས་ཀྱི་བུ་རྣམ་གྲངས་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ཐེག་པ་ཆེན་པོ་ལས་འབྱུང་བ་ཅི་ཡང་རུང་དེ་ཐམས་ཅད་ནི་རྣམ་པར་མ་གཡེངས་པའི་སེམས་ཀྱིས་དོན་དང་ཆོས་ལ་ཡང་དག་པར་བསམས་པ་ལས་བྱུང་བར་རིག་པར་བྱའོ་ཞེས་བཀའ་སྩལ་ཏེ། ཞི་གནས་དང་བྲལ་བའི་ལྷག་མཐོང་འབའ་ཞིག་གིས་ནི་རྣལ་འབྱོར་པའི་སེམས་ཡུལ་རྣམས་ལ་རྣམ་པར་གཡེང་བར་འགྱུར་གྱི་རླུང་གི་ནང་ན་འདུག་པའི་མར་མེ་བཞིན་དུ་བརྟན་པར་མི་འགྱུར་རོ། །དེ་བས་ན་ཡེ་ཤེས་ཀྱི་སྣང་བ་ཤིན་ཏུ་གསལ་བར་མི་འབྱུང་སྟེ། དེ་ལྟ་བས་ན་གཉི་ག་འདྲ་བར་བརྟེན་པར་བྱའོ། །དེའི་ཕྱིར་འཕགས་པ་ཡོངས་སུ་


DTG110_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཀྱང༌། ཉན་ཐོས་རྣམས་ཀྱིས་ནི། དེ་བཞིན་གཤེགས་པའི་རིགས་མ་མཐོང་སྟེ། ཏིང་ངེ་འཛིན་གྱི་ཤས་ཆེ་བའི་ཕྱིར་དང༌། ཤེས་རབ་ཆུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མཐོང་མོད་ཀྱི་མ་གསལ་ཏེ། ཤེས་རབ་ཀྱི་ཤས་ཆེ་བའི་ཕྱིར་དང༌། ཏིང་ངེ་འཛིན་ཆུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པས་ནི་ཐམས་ཅད་གཟིགས་ཏེ། ཞི་གནས་དང་ལྷག་མཐོང་མཚུངས་པར་ལྡན་པའི་ཕྱིར་ཞེས་བཀའ་སྩལ་ཏེ། ཞི་གནས་ཀྱི་སྟོབས་ཀྱིས་ནི་མར་མེ་རླུང་མེད་པར་བཞག་པ་བཞིན་དུ་རྣམ་པར་རྟོག་པའི་རླུང་རྣམས་ཀྱིས་སེམས་གཡོས་པར་མི་འགྱུར་རོ། །ལྷག་མཐོང་གིས་ནི་ལྟ་བ་ངན་པའི་དྲ་བ་མཐའ་དག་སྤངས་པས་གཞན་དག་གིས་མི་ཕྱེད་དེ། ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ། ཞི་གནས་སྟོབས་ཀྱིས་གཡོ་བ་མེད་པར་འགྱུར། །ལྷག་མཐོང་སྟོབས་ཀྱིས་རི་དང་འདྲ་བར་འགྱུར། །ཞེས་གསུངས་སོ། །དེ་བས་ན་རྣལ་འབྱོར་པས་ཉོན་མོངས་པའི་རིགས་ཐམས་ཅད་ཤེས་ཤིང་ཟིལ་གྱིས་གནོན་པར་འདོད་པས་ཞི་གནས་དང་ལྷག་མཐོང་གཉིས་ལ་བརྩོན་པར་བྱ་སྟེ། དེ་སྐད་བདེན་པ་གཉིས་བསྟན་པའི་མདོ་ལས་གསུངས་ཏེ། འཇམ་དཔལ་ཇི་ལྟར་ཉོན་མོངས་པ་རྣམས་ཟིལ་གྱིས་གནོན་པར་འགྱུར། ཇི་ལྟར་ཉོན་མོངས་པ་རྣམས་ཡོངས་སུ་ཤེས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་ཉོན་མོངས་པ་རྣམས་སྣང་བ་མེད་པའི་ཡེ་ཤེས་ཀྱི་དོན་དམ་པར་ཤིན་ཏུ་སྟོང་པ་དང༌། ཤིན་ཏུ་མཚན་མ་མེད་པ་དང༌། ཤིན་ཏུ་དངོས་པོ་མེད་པ་དང། ཤིན་ཏུ་རང་བཞིན་མེད་པར་ཤེས་པ་དེའི་ཚེ། ལྷའི་བུ་ཉོན་མོངས་པ་རྣམས་རབ་ཏུ་ཤེས་པ་ཡིན་ནོ། །ལྷའི་བུ་འདི་ལྟ་སྟེ། དཔེར་ན་གང་སྦྲུལ་གདུག་པའི་རིགས་འདོན་པ་དེས། སྦྲུལ་གདུག་པ་དེའི་དུག་ཞི་བར་འགྱུར་རོ། །ལྷའི་བུ་དེ་བཞིན་དུ་ཉོན་མོངས་པ་རྣམས་ཀྱི་རིགས་རབ་ཏུ། ཤེས་པ་དེའི་ཉོན་མོངས་པ་རྣམས་རབ་ཏུ་ཞི་བར་འགྱུར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཉོན་མོངས་པར་གྱུར་པ་རྣམས་ཀྱི་རིགས་གང༌། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ཤིན་ཏུ་མ་སྐྱེས་པ་དང༌། མ་བྱུང་བ་དང༌། དངོས་པོ་མེད་པ་དང༌། མཚན་ཉིད་མེད་


DTG110_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཐམས་ཅད་ལ་ཀུན་དུ་རྟོག་པ་གང་ཡིན་པ་དེ་ནི་ཉོན་མོངས་པ་རྣམས་ཀྱི་རིགས་ཡིན་ནོ་ཞེས་རྒྱ་ཆེར་འབྱུང་ངོ༌། །དེ་བས་ན་ཤེས་བྱའི་ཡུལ་ཐམས་ཅད་ལམ་རྨོངས་པ། ཆོས་ཐམས་ཅད་ཀྱི་དངོས་པོ་ཉིད་ཀྱི་མཐའ་རྟོགས་པས་སྒྲིབ་པ་མཐའ་དག་ཟིལ་གྱིས་གནོན་པར་བྱེད་པ་དང༌། སྤོང་བ་ནི་ཞི་གནས་དང་ལྷག་མཐོང་གཉིས་ལ་བརྟེན་པས་ཡིན་གྱི། གཞན་གྱིས་ནི་མ་ཡིན་པར་ངེས་སོ། །དེ་བས་ན་གཉི་ག་ལ་རྣལ་འབྱོར་དུ་འབད་པར་བྱའོ། །དེ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །བྱང་ཆུབ་ཀྱི་སེམས་དེ་ཡང་རྣམ་པ་གཉིས་ཏེ། ཀུན་རྫོབ་དང་དོན་དམ་པའོ། །དེ་ལ་ཀུན་རྫོབ་ནི་སྙིང་རྗེས་སེམས་ཅན་མཐའ་དག་མངོན་པར་གདོན་པར་དམ་བཅས་ནས། འགྲོ་ལ་ཕན་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་སྙམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་རྣམ་པའི་སེམས་དང་པོ་སྐྱེ་བའོ། །དེ་ཡང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ལེའུ་ལས་བསྟན་པའི་ཆོ་ག་བཞིན་དུ། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ། མཁས་པ་ཕ་རོལ་པོ་ལས་མནོད་པར་བྱའོ། །མཐུན་པ་མེད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་དུ་བྱས་ལ། འཕགས་པ་འཇམ་དཔལ་རྒྱལ་པོ་ནམ་མཁའ་ཞེས་བྱ་བར་གྱུར་པ་ན། བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་ནས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར་འབད་པར་བྱའོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་ནི་འཇིག་རྟེན་ལས་འདས་པ་སྤྲོས་པའི་མཐའ་དང་བྲལ་བ་ཤིན་ཏུ་གསལ་བ། དོན་དམ་པའི་སྤྱོད་ཡུལ་བ། དྲི་མ་མེད་པ། མི་གཡོ་བ། རླུང་མེད་པའི་མར་མེའི་རྒྱུན་ལྟར་མི་གཡོ་བའོ། །རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཏནྟྲ་ལས་ཀྱང༌། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །རྟོག་པ་ཐམས་ཅད་སྤང་བ་ཡིན། །ཞེས་གསུངས་སོ། །ཡང་གསུངས་པ། གསང་བའི་བདག་པོ་ཤིན་ཏུ་ཕྲ་བའི་ཆོས་ཀྱང་ཡོད་པ་མ་ཡིན་ཞིང་དམིགས་སུ་མེད་དོ། །དེས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ་ཞེས་གསུངས་སོ། །དེ་སྐད་དུ་ཟླ་བ་སྒྲོན་མའི་ཏིང་ངེ་འཛིན་ལས་ཀྱང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་རང་གི་ངོ་བོ་བསྟན་པ། ཤིན་ཏུ་ཕྲ་


DTG110_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས་ཀྱང་ཡོད་མ་ཡིན། །ཤིན་ཏུ་ཕྲ་ཞེས་བྱ་བའང་ཡོད་མ་ཡིན། །ཞེས་གསུངས་སོ། །དོན་དམ་པའི་བྱང་ཆུབ་ནི་ཆོས་ཀྱི་སྐུ་ཡིན་ནོ། །དེ་འགྲུབ་པ་ནི་རྟག་ཏུ་གུས་པར་ཡུན་རིང་དུ་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་ལ་གོམས་པར་བྱས་པ་ལས་འགྱུར་ཏེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཇི་སྐད་དུ། བྱམས་པ་ཡང་ཉན་ཐོས་རྣམས་ཀྱིའམ་བྱང་ཆུབ་སེམས་དཔའ་རྣམས་ཀྱིའམ། དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་ཆོས་དང་འཇིག་རྟེན་པའི་བདེ་བ་དང༌། འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་རིག་པར་བྱའོ་ཞེས་གསུངས་པ་ལྟ་བུའོ། །དེ་ཉིད་ཀྱི་ཏིང་ངེ་འཛིན་ཐམས་ཅད་བསྡུས་པའི་ཕྱིར་རྣལ་འབྱོར་པ་ཐམས་ཅད་ཀྱིས་དུས་ཐམས་ཅད་དུ་ངེས་པར་ཞི་གནས་དང་ལྷག་མཐོང་བསྟེན་པར་བྱ་སྟེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ངས་ཉན་ཐོས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་རྣམ་པ་དུ་མ་བསྟན་པ་གང་ཡིན་པ་དེ་དག་ཐམས་ཅད་ཞི་གནས་དང༌། ལྷག་མཐོང་གིས་བསྡུས་པར་རིག་པར་བྱའོ་ཞེས་གསུངས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་བསོད་ནམས་ཆེ་བར་འཕགས་པ་དཔས་བྱིན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་སོ། །སྡོང་པོ་བཀོད་པ་ལས་ཀྱང་བསྔགས་ཏེ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ་ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་དེ་སྒྲུབ་པ་མི་ལྡན་ཡང་འཁོར་བའི་ནང་ན་འབྲས་བུ་ཆེ་བར་བྱམས་པའི་རྣམ་པར་ཐར་པ་ལས་བཀའ་སྩལ་ཏེ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཏོ། །རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ཞིང་དབུལ་བ་ཐམས་ཅད་བཟློག་གོ །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཉིད་རྡོ་རྗེ་རིན་པོ་ཆེ་


DTG110_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་དང་མི་ལྡན་ཡང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཏོ། །བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ཞིང་འཁོར་བའི་དབུལ་བ་ཡང་ཟློག་པར་བྱེད་དོ་ཞེས་འབྱུང་ངོ༌། །འཕགས་པ་རྒྱལ་པོ་ལ་གདམས་པའི་མདོ་ལས་ཀྱང༌། རྒྱལ་པོ་ཆེན་པོ་ཁྱོད་བྱ་བ་མང་བ་བྱེད་པ་མང་སྟེ། ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སློབ་མི་བཟོད་ན། རྒྱལ་པོ་ཆེན་པོ་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང༌། སྨོན་པ་དང། དད་པ་དང༌། དོན་དུ་གཉེར་བ་དུས་ཐམས་ཅད་དུ། འགྲོ་ཡང་རུང༌། འགྲེང་ཡང་རུང༌། འདུག་ཀྱང་རུང༌། ཉལ་ཡང་རུང༌། སད་ཀྱང་རུང༌། ཟ་ཡང་རུང༌། འཐུང་ཡང་རུང༌། རྟག་ཏུ་རྒྱུན་མི་འཆད་པར་དྲན་པར་གྱིས་ཤིག །ཡིད་ལ་གྱིས་ཤིག །སྒོམས་ཤིག །སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། སོ་སོའི་སྐྱེ་བོ་ཐམས་ཅད་དང༌། བདག་གིས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དགེ་བའི་རྩ་བ་ཅི་བྱས་པ་ཐམས་ཅད་བསྡུས་པ་ལ་རྗེས་སུ་ཡིད་རང་བ་གྱིས་ཤིག་ཅེས་འབྱུང་ངོ༌། །དེ་བས་ན་ཐམས་ཅད་མཁྱེན་པ་དེ་ཐོབ་པར་འདོད་པ་དེས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་ལ་ཐོག་མར་རེ་ཞིག་རྣལ་འབྱོར་པ་གང་ཞིག་གིས་ཞི་གནས་དང་ལྷག་མཐོང་འགྲུབ་པར་འགྱུར་བའི་རྒྱུ་ཞི་གནས་དང་ལྷག་མཐོང་གི་ཚོགས་ལ་ཇེ་བརྟེན་པར་བྱའོ། །དེ་ལ་ཞི་གནས་ཀྱི་ཚོགས་གང་ཞེ་ན། མཐུན་པའི་ཡུལ་ལ་གནས་པ་དང༌། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། བྱ་བ་མང་པོ་ཡོངས་སུ་སྤངས་པ་དང༌། ཚུལ་ཁྲིམས་རྣམ་པར་དག་པ་དང་འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་ཡོངས་སུ་སྤངས་པའོ། །དེ་ལ་ཡོན་ཏན་ལྔ་དང་ལྡན་པ་ནི་མཐུན་པའི་ཡུལ་ཡིན་པར་ཤེས་པར་བྱ་སྟེ་གོས་དང་ཟས་ལ་སོགས་པ་ཆགས་མེད་པར་རྙེད་པའི་ཕྱིར་རྙེད་སླ་བ་དང༌། སྐྱེ་བོ་མི་སྲུན་པ་དང༌། དགྲ་ལ་སོགས་པ་མི་གནས་པའི་ཕྱིར་གནས་བཟང་བ་དང༌། ནད་མེད་པའི་ས་ཡིན་པས་ས་བཟང་བ་དང༌། གྲོགས་ཚུལ་ཁྲིམས་དང་ལྡན་པ་མཚུངས་པ་ཡིན་པས་གྲོགས་བཟང་བ་དང་ཉིན་མོ་སྐྱེ་བོ་མང་པོ་དག་


DTG110_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མ་གང་པའི་ཕྱིར་དང༌། མཚན་མོ་སྒྲ་ཆུང་བའི་ཕྱིར་ལེགས་པར་ལྡན་པའོ། །འདོད་པ་ཆུང་བ་གང་ཞེ་ན་ཆོས་གོས་ལ་སོགས་པ་བཟང་པོའམ་མང་པོ་ལ་ལྷག་པར་ཆགས་པ་མེད་པའོ། །ཆོག་ཤེས་པ་གང་ཞེ་ན་ཆོས་གོས་ལ་སོགས་པ་ངན་ངོན་ཙམ་རྙེད་པས་རྟག་ཏུ་ཆོས་ཤེས་པ་གང་ཡིན་པའོ། །བྱ་བ་མང་པོ་ཡོངས་སུ་སྤངས་པ་གང་ཞེ་ན་ཉོ་ཚོར་ལ་སོགས་པ་བྱ་བ་ངན་པ་ཡོངས་སུ་སྤངས་པ་དང༌། ཁྱིམ་པ་དང༌། རབ་ཏུ་བྱུང་བ་དག་དང༌། ཧ་ཅང་སྨོས་འདྲིན་བྱེད་པ་ཡོངས་སུ་སྤངས་པ་དང༌། སྨན་བྱེད་པ་དང༌། སྐར་མ་བརྩི་བ་ལ་སོགས་པ་ཡོངས་སུ་སྤངས་པ་གང་ཡིན་པའོ། །ཚུལ་ཁྲིམས་རྣམ་པར་དག་པ་གང་ཡིན་ཞེ་ན། སྡོམ་པ་གཉིས་ལ་ཡང་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པའི་བསླབ་གཞི་མི་འབྲལ་བ་དང་བག་མེད་པར་རལ་ན་ཡང་སྐྱེན་པ་སྐྱེན་པར་འགྱོད་པས་ཆོས་བཞིན་བྱེད་པ་དང༌། ཉན་ཐོས་ཀྱི་སྡོམ་པ་ལ་ཕམ་པ་བཅོས་སུ་མི་རུང་བར་གསུངས་པ་གང་ཡིན་པ་དེ་ལ་ཡང་འགྱོད་པ་དང་ལྡན་པ་དང༌། ཕྱིས་མི་བྱ་བའི་སེམས་དང་ལྡན་པ་ཡིན། སེམས་གང་གིས་ལས་བྱེད་པའི་སེམས་དེ་ལ་ཡང་ངོ་བོ་ཉིད་མེད་པར་སོ་སོར་བརྟག་པའི་ཕྱིར་རམ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྒོམ་པ་གོམས་པར་བྱས་ན་དེ་ཉིད་ཚུལ་ཁྲིམས་རྣམ་པར་དག་པ་ཁོ་ན་ཡིན་པར་བརྗོད་པར་བྱའོ། །དེ་ནི་འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བ་ལས་ཁོང་དུ་ཆུད་པར་བྱའོ། །དེ་བས་ན་དེས་འགྱོད་པ་མེད་པར་བྱས་ལ་བསྒོམ་པ་ལ་བརྩོན་བར་བྱའོ། །འདོད་པ་རྣམས་ལ་ཡང་ཚེ་འདི་དང་ཚེ་ཕྱི་མ་ལ་ཉེས་དམིགས་རྣམ་པ་མང་པོར་འགྱུར་བར་ཡིད་ལ་བྱས་ལ་དེ་དག་ལ་རྣམ་པར་རྟོག་པ་སྤང་བར་བྱའོ། །རྣམ་པ་གཅིག་ཏུ་ན་འཁོར་བ་པའི་དངོས་པོ་སྡུག་པའམ་མི་སྡུག་པ་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་རྣམ་པར་འཇིག་པའི་ཆོས་ཅན་མི་རྟག་པ་སྟེ་གདོན་མི་ཟ་བར་དེ་དག་ཐམས་ཅད་དང༌། བདག་རིང་པོ་མི་ཐོགས་པར་བྲལ་བར་འགྱུར་ན། བདག་དེ་ལ་ཅི་ཞིག་ལྷག་པར་ཆགས་པ་ལ་སོགས་པས་འགྱུར་སྙམ་དུ་བསྒོམས་པས་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའོ། །ལྷག་མཐོང་གི་ཚོགས་གང་ཞེ་ན། སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། མང་དུ་ཐོས་པ་ཡོངས་སུ་བཙལ་བ་


DTG110_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚུལ་བཞིན་སེམས་པའོ། །དེ་ལ་སྐྱེས་བུ་དམ་པ་ལ་བརྟེན་པ་གང་ཞེ་ན། མང་དུ་ཐོས་པ་དང༌། ཚིག་གསལ་བ་དང༌། སྙིང་རྗེ་དང་ལྡན་པ་དང༌། སྐྱོ་བ་བཟོད་པའོ། །དེ་ལ་མང་དུ་ཐོས་པ་ཡོངས་སུ་བཙལ་བ་གང་ཞེ་ན། གང་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་པོའི་ངེས་པའི་དོན་དང་དྲང་པའི་དོན་ལ་གུས་པར་བྱ་ལ་ཤིན་ཏུ་མཉན་པ་སྟེ། འདི་ལྟར་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། འཕགས་པའི་གཏམ་འདོད་པ་བཞིན་མ་ཐོས་པ་ནི་ལྷག་མཐོང་གི་གེགས་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེ་གཉིས་ལས་ལྷག་མཐོང་གི་ཐོས་པ་དང་བསམས་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་གསུངས་སོ། །འཕགས་པ་སྲེད་མེད་ཀྱི་བུས་ཞུས་པ་ལས་ཀྱང༌། ཐོས་པ་དང་ལྡན་པ་ནི་ཤེས་རབ་འབྱུང་བར་འགྱུར་རོ། །ཤེས་རབ་དང་ལྡན་པ་ནི་ཉོན་མོངས་པ་རབ་ཏུ་ཞི་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །ཚུལ་བཞིན་སེམས་པ་གང་ཞེ་ན། གང་ངེས་པའི་དོན་དང་དྲང་བའི་དོན་གྱི་མདོ་ལ་སོགས་པ་ལེགས་པར་གཏན་ལ་འབེབས་པ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཐེ་ཚོམ་མེད་པ་ན་བསྒོམ་པ་ལ་གཅིག་ཏུ་ངེས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཐེ་ཚོམ་གྱི་འཕྱང་མོ་ཉུག་པའི་ཐག་ཐག་པ་ལ་འཇུག་པ་ནི། ལམ་ཁ་བྲག་གི་མདོར་ཕྱིན་པའི་མི་ལྟར་གང་དུ་ཡང་གཅིག་ཏུ་ངེས་པར་མི་འགྱུར་རོ། །རྣལ་འབྱོར་པས་ནི་དུས་ཐམས་ཅད་དུ་ཉ་དང་ཤ་ལ་སོགས་པ་སྤངས་ཤིང་མི་མཐུན་པ་མ་ཡིན་པ་དང༌། ཟས་ཚོད་ཟིན་པར་བཟའ་བར་བྱའོ། །དེ་ལ་རྣལ་འབྱོར་པས་བསྒོམ་པའི་དུས་ན་ཐོག་མར་བྱ་བ་ཅི་འདོད་པ་ཐམས་ཅད་རྫོགས་པར་བྱས་ལ། བཤད་གཅི་བྱས་ན་དགྲའི་ཚེར་མ་མེད་པར་ཡིད་དུ་འོང་བའི་ས་ཕྱོགས་སུ། བདག་གིས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་དགོད་པར་བྱའོ་སྙམ་དུ་བསམ་ཞིང་འགྲོ་བ་མཐའ་དག་མངོན་པར་གདོན་པའི་བསམ་པ་ཅན་གྱིས་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ལྔས་ཕྱག་བྱས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་རི་མོ་ལ་སོགས་པ་མདུན་དུ་


DTG110_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་གམ་གཞན་དུ་ཡང་རུང་སྟེ། དེ་དག་ལ་ཅི་ནུས་ཀྱིས་མཆོད་པ་དང་བསྟོད་པ་བྱས་ལ། རང་གི་སྡིག་པ་བཤགས་ནས་འགྲོ་བ་མཐའ་དག་གི་དོན་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱས་ལ། སྟན་ཤིན་ཏུ་འཇམ་པོ་བདེ་བ་ལ་རྗེ་བཙུན་རྣམ་པར་སྣང་མཛད་ཀྱི་སྐྱིལ་མོ་ཀྲུང་ལྟ་བུའམ། སྐྱིལ་མོ་ཀྲུང་ཕྱེད་དུ་ཡང་རུང༌། ཡང་ན་སྤྱོད་ལམ་ཇི་ལྟར་གནས་ཀྱང་རུང་སྟེ། མིག་ཧ་ཅང་ཡང་མི་ཟུམ། ཧ་ཅང་ཡང་མི་དབྱེ་བར་སྣའི་རྩེ་མོར་གཏད་ཅིང་ལུས་ཧ་ཅང་ཡང་མི་སྒུ། ཧ་ཅང་ཡང་མི་དགྱེ་བར་དྲང་པོར་བསྲང་ལ་དྲན་པ་ནང་དུ་བཞག་སྟེ་འདུག་པར་བྱའོ། །དེ་ནས་ཕྲག་པ་མཉམ་པར་གཞག་པ་ལ་མགོ་མི་མཐོ་མི་དམའ་ཞིང་ཕྱོགས་གཅིག་ཏུ་མ་ཡོ་བར་བཞག་སྟེ་སྣ་ནས་ལྟེ་བར་དྲང་པོར་གཞག་གོ ། །སོ་དང་མཆུ་ཡང་ཐ་མལ་པར་གཞག་གོ ། །ལྕེ་ཡང་སོའི་དྲུང་དུ་གཞག་གོ །དབུགས་ཕྱི་ནང་དུ་རྒྱུ་བ་ཡང་སྒྲ་ཅན་དང་རྔམ་པ་ཅན་དང༌། དབུགས་རྒོད་པ་ཅན་དུ་མི་གཏོང་གི་ཅི་ནས་ཀྱང་མི་ཚོར་བར་དལ་བུ་དལ་བུས་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་དབུགས་ནང་དུ་རྔུབ་པ་དང༌། ཕྱིར་འབྱུང་བ་དེ་ལྟར་བྱའོ། །དེ་ཐོག་མར་རེ་ཞིག་ཞི་གནས་བསྒྲུབ་པར་བྱ་སྟེ། ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ་ཞི་ནས་ནང་དུ་དམིགས་པས་རྒྱུན་དུ་རང་གི་ངང་གིས་འཇུག་ལ། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ལ་གནས་པ་ནི་ཞི་གནས་ཞེས་བྱའོ། །ཞི་གནས་དེ་ཉིད་ལ་དམིགས་པའི་ཚེ། དེ་ཁོ་ན་ལ་རྣམ་པར་སྤྱོད་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཡིན་ཏེ་འཕགས་པ་དཀོན་མཆོག་སྤྲིན་ལས་ཇི་སྐད་དུ། ཞི་གནས་ནི་སེམས་རྩེ་གཅིག་པ་ཉིད་དོ། །ལྷག་མཐོང་ནི་ཡང་དག་པར་སོ་སོར་རྟོག་གོ་ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་པ་རྣམས་ཀྱི་དམིགས་པའི་དངོས་པོ་བཞི་བསྟན་ཏེ། རྣམ་པར་མི་རྟོག་པའི་གཟུགས་བརྙན་དང༌། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང༌། དངོས་པོའི་མཐའ་དང༌། དགོས་པ་ཡོངས་སུ་གྲུབ་པའོ། །དེ་ལ་ཞི་གནས་ཀྱི་ནི་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་གང་ཡིན་པ་དང༌། སངས་རྒྱས་ཀྱི་སྐུ་གཟུགས་ལ་སོགས་པ་ལ་མོས་པ་སྟེ། དེ་ནི་རྣམ་པར་མི་རྟོག་པའི་གཟུགས་བརྙན་


DTG110_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །དེ་ལ་ཡང་དག་པའི་དོན་རྣམ་པར་རྟོག་པ་མེད་པས་ན། དེ་རྣམ་པར་མི་རྟོག་པ་ཞེས་བྱའོ། །ཇི་ལྟར་ཐོས་པ་དང༌། ཇི་ལྟར་ཟིན་པའི་ཆོས་རྣམས་ཀྱི་གཟུགས་བརྙན་ལ་མོས་ཏེ་དམིགས་པས་ན་གཟུགས་བརྙན་ཞེས་བྱའོ། །རྣལ་འབྱོར་བ་དེ་ཁོ་ནའི་དོན་རྟོགས་པར་བྱ་བའི་ཕྱིར་གང་གི་ཚེ་ལྷག་མཐོང་གིས་གཟུགས་བརྙན་དེ་ཉིད་ལ་དཔྱོད་པ་དེའི་ཚེ་ལྷག་མཐོང་གི་མཚན་ཉིད་དེ་ཁོ་ན་ལ་རྟོགས་པའི་རྣམ་པར་རྟོག་པ་དེ་ཁོ་ན་ཡོད་པས་ན་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཞེས་བྱའོ། །རྣལ་འབྱོར་པ་གཟུགས་བརྙན་དེ་ཉིད་ཀྱི་ངོ་བོ་ཉིད་ལ་རྟོག་པས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་དེ། བདག་གི་བཞིན་གྱི་གཟུགས་བརྙན་མེ་ལོང་གི་ནང་དུ་བྱུང་བ་ལ་བརྟགས་ན་བདག་གི་བཞིན་ལ་མི་སྡུག་པ་ལ་སོགས་པ་མངོན་པ་བཞིན་ནོ། །གང་གི་ཚེ་དངོས་པོའི་མཚན་ཉིད་ཀྱི་དེ་བཞིན་ཉིད་རྟོགས་པར་གྱུར་པ་དེའི་ཚེ། དངོས་པོའི་མཐའ་ཁོང་དུ་ཆུད་པས་ས་དང་པོ་ལ་དངོས་པོའི་མཐའ་ལ་དམིགས་པ་ཞེས་བྱའོ། །དེ་ནི་སྨན་བཅུད་ཀྱིས་ལེན་པ་ཟ་བ་བཞིན་དུ། བསྒོམ་པའི་ལམ་གྱིས་ས་ལྷག་མ་རྣམས་སུ་རིམ་གྱིས་ཤིན་ཏུ་རབ་ཏུ་རྣམ་པར་དག་པས་སྐད་ཅིག་པས་གནས་གྱུར་ནས་གང་གི་ཚེ་སྒྲིབ་པ་མ་ལུས་པ་སྤངས་པའི་མཚན་ཉིད་དགོས་པ་ཡོངས་སུ་རྫོགས་པར་གྱུར་པ་དེའི་ཚེ་སངས་རྒྱས་ཀྱི་ས་ལ་ཡེ་ཤེས་དེ་ཉིད་དགོས་པ་ཡོངས་སུ་གྲུབ་པ་ལ་དམིགས་པ་ཞེས་བྱའོ། །དེ་ལྟ་བུ་འདིས་ཅི་བསྟན་པ་ཡིན་ཞེ་ན། ཞི་གནས་དང་ལྷག་མཐོང་གོམས་པར་བྱས་པས་དངོས་པོའི་མཐའ་རྟོགས་པར་འགྱུར་ཏེ། དེས་སྒྲིབ་པ་མཐའ་དག་སྤོང་བའི་མཚན་ཉིད་དགོས་པ་ཡོངས་སུ་གྲུབ་པ་འཐོབ་བོ། །དེ་ཉིད་སངས་རྒྱས་ཉིད་ཡིན་ཏེ་དེ་བས་ན་སངས་རྒྱས་ཉིད་ཐོབ་པར་འདོད་པས་ཞི་གནས་དང་ལྷག་མཐོང་བསྒོམ་པར་བྱའོ། །གང་དེ་ཉིད་ལ་མི་སྒོམ་པ་དེ་ནི་དངོས་པོའི་མཐའ་ཡང་མི་རྟོགས། དགོས་པ་ཡོངས་སུ་གྲུབ་པ་ཡང་མི་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །དེ་ལ་རྣལ་འབྱོར་པས་ཐོག་མར་དེ་བཞིན་གཤེགས་པའི་སྐུ་གཟུགས་ཇི་ལྟར་མཐོང་བ་དང༌། ཇི་ལྟར་ཐོས་པ་ལས་སེམས་བཞག་ནས་ཞི་གནས་བསྒྲུབ་པར་


DTG110_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཡང་གསེར་བཙོམ་བཞིན་དུ་སེར་ལ་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ་འཁོར་གྱི་ནང་ན་བཞུགས་ཤིང་ཐབས་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པ་རྒྱུན་དུ་ཡིད་ལ་བྱེད་པས། དེའི་ཡོན་ཏན་ལ་འདོད་པ་བསྐྱེད་ཅིང༌། བྱིང་བ་དང༌། རྒོད་པ་ལ་སོགས་པ་ཞི་བར་བྱས་ལ། ཇི་སྲིད་དེ་མདུན་དུ་བཞུགས་པ་བཞིན་དུ་གསལ་བར་མཐོང་བར་གྱུར་པ་དེ་སྲིད་དུ་བསམ་གཏན་བྱའོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་དུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གིས་སེམས་འཇོག་པ། །བྱང་ཆུབ་སེམས་དཔའ་སེམས་མཉམ་གཞག་ཅེས་བྱ། །ཞེས་གསུངས་སོ། །དེ་ནས་ལྷག་མཐོང་བསྒོམ་པར་བྱ་སྟེ། ཇི་ལྟར་དེ་བཞིན་གཤེགས་པའི་སྐུའི་གཟུགས་བརྙན་འདི་གང་ནས་ཀྱང་མ་གཤེགས་གང་དུ་ཡང་མི་བཞུད་བཞུགས་པ་བཞིན་དུ་ཡང་ངོ་བོ་ཉིད་ཀྱིས་སྟོང་ལ། བདག་དང་བདག་གི་དང་བྲལ་བ་དེ་བཞིན་དུ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་ཞིང་འོང་བ་དང་འགྲོ་བ་དང་བྲལ་བ་གཟུགས་བརྙན་ལྟ་བུ་སྟེ། ཡོད་པ་ལ་སོགས་པའི་ངོ་བོ་དང་བྲལ་བའོ་ཞེས་དཔྱད་ནས་རྣམ་པར་རྟོག་པ་མེད་ཅིང་བརྗོད་པ་མེད་པ་དང་གཅིག་ཏུ་འགྱུར་བའི་ཡིད་ཀྱིས་དེ་ཁོ་ན་བསྒོམ་ཞིང་ཇི་སྲིད་འདོད་པར་འདུག་པར་བྱའོ། །ཏིང་ངེ་འཛིན་འདི་ནི་ད་ལྟར་གྱི་སངས་རྒྱས་མངོན་དུ་བཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལས་བསྟན་ཏེ། ཏིང་ངེ་འཛིན་འདིའི་ཕན་ཡོན་ནི་ཞིབ་ཏུ་མདོ་དེ་ཉིད་ལས་རིག་པར་བྱའོ། །ཡང་ན་འདི་ལྟར་དཔྱད་པར་བྱ་སྟེ། ཅི་དམིགས་པ་ལེགས་པར་འཛིན་ཏམ། འོན་ཏེ་བྱིང་ངམ། འོན་ཏེ་ཕྱིའི་ཡུལ་ལ་སེམས་གཡེངས་སམ་སྙམ་དུ་དཔྱད་པར་བྱའོ། །རྨུགས་པ་དང་གཉིད་ཀྱིས་ནོན་པར་གྱུར་ན། མཆོག་ཏུ་དགའ་བའི་དངོས་པོ་སངས་རྒྱས་ཀྱི་སྐུ་གཟུགས་ཅི་འདྲ་བ་ཡིད་ལ་བྱའོ། །ཡང་ན་མཛད་པ་བཅུ་གཉིས་སམ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིད་ལ་བྱས་ལ་བྱིང་བ་དང༌། རྨུགས་པ་བསལ་བར་བྱའོ། །སྔོན་མྱོང་བའི་ཡུལ་ལ་སེམས་རྒོད་པའམ། རྒོད་དུ་དོགས་པའམ། ཡང་དག་པའི་དོན་ལ་སེམས་གཏད་དུ་མི་བཏུབ་པ་འདྲ་ན་འདུ་བྱེད་


DTG110_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མི་རྟག་པ་དང༌། སྡུག་བསྔལ་བ་ལ་སོགས་པ་དང༌། ནང་གི་མི་གཙང་བ་སྣ་ཚོགས་དང༌། ཕྱིའི་དངོས་པོ་རྣམས་ལ་ཡང་མྱུར་དུ་འབྲལ་བ་དང༌། ཡིད་བརྟན་དུ་མི་རུང་བ་དང༌། གཏན་དུ་མི་འགྲོགས་པའི་མཚན་ཉིད་ཡིད་ལ་བྱས་ལ་རྒོད་པ་ཞི་བར་བྱའོ། །གང་གི་ཚེ་བྱིང་བ་དང་རྒོད་པ་མེད་པར་འགྱུར་ཏེ། དམིགས་པ་ལ་སེམས་རྣལ་དུ་འཇུག་པ་དེའི་ཚེ། རྩོལ་བ་གློད་ལ་བཏང་སྙོམས་སུ་བྱའོ། །མདོར་ན་དྲན་པ་དང་ཤེས་བཞིན་གྱི་ཐག་པས་ཡིད་ཀྱི་གླང་པོ་ཆེ་དམིགས་པའི་སྡོང་པོ་ལ་གདགས་པར་བྱའོ། །དེ་ནས་རྣལ་འབྱོར་པས་ཞི་གནས་ལ་གནས་ནས་ཤེས་རབ་ཀྱིས་དེ་ཁོ་ན་བཙལ་བར་བྱའི། ཞི་གནས་འབའ་ཞིག་གིས་ནི་ཆོག་པར་མི་བྱའོ་སྙམ་དུ་བསམ་མོ། །དེ་ཁོ་ན་ཇི་ལྟ་བུ་ཞེ་ན། དོན་དམ་པར་དངོས་པོ་ཐམས་ཅད་རང་བཞིན་མེད་པ་དང༌། གང་ཟག་དང་ཕུང་པོ་ལྔ་དང༌། ཆོས་སུ་བཏགས་པ་མཐའ་དག་སྟོང་པ་ཁོ་ན་སྟེ། དེ་ཡང་གང་གིས་རྟོགས་ན་ཤེས་རབ་ཀྱིས་རྟོགས་པར་འགྱུར་གྱི་གཞན་གྱིས་ནི་མ་ཡིན་ཏེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པར་གང་གིས་འཛིན་ལགས། སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འཛིན་ཏོ་ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་ཞི་གནས་ལ་གནས་ཏེ་ཤེས་རབ་བསྒོམ་པར་བྱའོ། །དེ་ལ་རྣལ་འབྱོར་པས་འདི་ལྟར་རྣམ་པར་དཔྱད་པར་བྱ་སྟེ། གང་ཟག་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་གུད་ན་མི་དམིགས་སོ། །གང་ཟག་ནི་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། ཕུང་པོ་ལ་སོགས་པ་དེ་དག་ནི་མི་རྟག་པ་དང་དུ་མའི་ངོ་བོ་ཡིན་པའི་ཕྱིར་དང༌། གང་ཟག་ནི་རྟག་པ་དང༌། གཅིག་པོའི་ངོ་བོ་ཡིན་པས་གཞན་དག་གིས་བརྟག་པའི་ཕྱིར་རོ། །དེ་ཉིད་དམ་གཞན་ཉིད་དུ་མི་རུང་བའི་གང་ཟག་གི་དངོས་པོ་ཡོད་པར་མི་རུང་སྟེ། དངོས་པོ་ཡོད་པའི་རྣམ་པ་གཞན་མེད་པའི་ཕྱིར་རོ། །དེ་བས་ན་འཇིག་རྟེན་གྱི་ང་དང་ངའི་ཞེས་བྱ་བ་འདི་ནི་འཁྲུལ་པ་ཁོ་ནའོ་ཞེས་དཔྱད་པར་བྱའོ། །ཆོས་ལ་བདག་མེད་


DTG110_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་འདི་ལྟར་བསྒོམ་པར་བྱ་སྟེ། ཆོས་ཞེས་པ་ནི་མདོར་བསྡུ་ན་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་དོ། །དེ་ལ་ཕུང་པོ་དང་སྐྱེ་མཆེད་དང་ཁམས་གཟུགས་ཅན་གང་ཡིན་པ་དེ་དག་ནི་དོན་དམ་པར་ན་སེམས་ཀྱི་རྣམ་པ་ལས་གུད་ན་མེད་དེ། དེ་དག་རྡུལ་ཕྲ་རབ་ཏུ་བཤིག་ལ། རྡུལ་ཕྲ་རབ་རྣམས་ཀྱང་ཆ་ཤས་ཀྱི་ངོ་བོ་ཉིད་སོ་སོར་བརྟགས་ན་ངོ་བོ་ཉིད་ངེས་པར་གཟུང་དུ་མེད་པའི་ཕྱིར་རོ། །དེ་སྐད་དུ་འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་བཀའ་སྩལ་ཏེ། རྫས་ནི་རྡུལ་དུ་རྣམ་གཞིག་ཅིང༌། །གཟུགས་ལ་རྣམ་པར་མ་རྟོག་ཅིག །སེམས་ཙམ་རྣམ་པར་གཞག་པ་ནི། །ལྟ་བ་ངན་པ་མི་རྟོགས་སོ། །ཞེས་འབྱུང་ངོ༌། །དེ་བས་ན་ཐོག་མ་མེད་པའི་དུས་ནས་གཟུགས་ལ་ཡང་དག་པ་མ་ཡིན་པ་ལ་མངོན་པར་ཞེན་པའི་དབང་གིས་རྨི་ལམ་ན་དམིགས་པའི་གཟུགས་ལ་སོགས་པ་སྣང་བ་བཞིན་དུ་བྱིས་པ་རྣམས་ལ་སེམས་ཉིད་གཟུགས་ལ་སོགས་པར་ཕྱི་རོལ་དུ་ཆད་པ་བཞིན་དུ་སྣང་གི་དོན་དམ་པར་ན་འདི་ལ་གཟུགས་ལ་སོགས་པ་ནི་སེམས་ཀྱི་རྣམ་པ་ལས་གུད་ན་མེད་དོ་ཞེས་དཔྱད་པར་བྱའོ། །ལང་ཀར་གཤེགས་པ་ལས་ཀྱང༌། ཕྱི་རོལ་གཟུགས་ནི་ཡོད་མ་ཡིན། །རང་གི་སེམས་ཉིད་ཕྱི་རོལ་སྣང༌། །ཞེས་གསུངས་སོ། །ཡང་ལང་ཀར་གཤེགས་པ་ལས་ཀྱང༌། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་བརྟག་གོ །དེ་བཞིན་ཉིད་དུ་དམིགས་ནས་ནི། །སེམས་ཙམ་ལས་ནི་བཟླ་བར་བྱ། །སེམས་ཙམ་ལས་ནི་བཟླས་ནས་སུ། །སྣང་བ་མེད་ལ་བཟླ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌། །ཞེས་གསུངས་པ་ལྟ་བུ་སྟེ། ཕྱིའི་ཡུལ་དོན་དམ་པར་མེད་པ་དེ་བཞིན་དུ། སེམས་ཀྱང་འདི་ལྟར་སྣང་དུ་མི་རུང་སྟེ། ཇི་ལྟ་བུ་ཞེ་ན། ཡུལ་རྣམ་པར་ཤེས་པའི་རང་བཞིན་ཡིན་པས་ཡུལ་ཡང་ཤེས་པ་ཅན་དུ་འགྱུར་རོ། །ཡང་ན་ནི་རྣམ་པར་ཤེས་པ་ཉིད་གཟུགས་ཡིན་པས་སེམས་ཀྱང་ཤེས་པ་མེད་པར་འགྱུར་རོ། །ཡང་ན་ནི་ཡུལ་རྣམ་པ་མང་པོ་སྣ་ཚོགས་ཡོད་པ་བཞིན་དུ་སེམས་ཀྱང་སྣ་ཚོགས་དུ་མར་འགྱུར་


DTG110_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཡང་ན་ནི་སེམས་ཀྱང་གཟུགས་ཅན་དུ་འགྱུར་རོ། །ཡང་ན་ནི་གཟུགས་ཀྱང་སེམས་བཞིན་དུ་བལྟར་མི་མཐོང་བར་འགྱུར་རོ། །རྣམ་པ་གཅིག་ཏུ་ན་ཡུལ་མེད་ཀྱི་སེམས་ཉིད་ཡུལ་དུ་སྣང་ན་ནི་གཟུགས་དང་ཁ་དོག་གི་རྣམ་པ་ཇི་ལྟ་བུར་བསམས་པ་དང༌། ཇི་ལྟར་འདོད་པ་བཞིན་དུ་ཐམས་ཅད་དུ་ཡུལ་དེ་ཉིད་དུ་འབྱུང་ཞིང་སྣང་བའི་རིགས་སོ། །ཡང་རྣམ་པ་གཅིག་ཏུ་གཟུགས་རྡུལ་དུ་གཞིག་སྟེ། རྡུལ་ཕྲ་རབ་ཀྱང་ཆ་ཤས་ཀྱིས་བཤིག་ན་མེད་པ་བཞིན་དུ་སེམས་ཀྱང་མེད་པར་འགྱུར་རོ། །དེ་ལྟར་སེམས་ཉིད་ཡུལ་དུ་སྣང་དུ་མི་རུང་སྟེ། དེ་ལྟ་བས་ན་ཡུལ་དང་ཡུལ་ཅན་དང་རྣམ་པར་རྟོག་པ་མཐའ་དག་རྨི་ལམ་དང་མཚུངས་སོ། །ཐོག་མ་མེད་པ་ནས་གཟུགས་སུ་རྟོག་པའི་བག་ཆགས་སྨིན་པས་གཟུགས་ལ་སོགས་པའི་རྣམ་པར་སྣང་ངོ་ཞེ་ན་དེ་ཡང་མི་རུང་སྟེ། ཡུལ་གཟོད་མ་ནས་མེད་པས་དེའི་བག་ཆགས་ཀྱང་ཡོད་པར་མི་རུང་ངོ༌། །འཕགས་པ་ས་བཅུ་པ་ལས། ཁམས་གསུམ་པ་ནི་སེམས་ཙམ་མོ། །ཞེས་འབྱུང་བ་དང༌། འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། ཕྱི་རོལ་དོན་ནི་ཡོད་མིན་ཏེ། །རང་གི་སེམས་ནི་ཕྱི་རོལ་སྣར། །ཞེས་འབྱུང་བ་ཡང་སེམས་ཙམ་དུ་བཤད་པས། དངོས་པོ་དོན་དམ་པར་ཡོད་པར་འདོད་པ་དགག་པ་དང༌། གདུལ་བྱ་ལ་ཕན་གདགས་པའི་ཕྱིར་རོ། །དེ་བས་ན་གཟུགས་ལ་སོགས་པ་བརྫུན་པ་དེ་བཞིན་དུ། སེམས་ཀྱང་དེ་ལས་གུད་ན་མེད་པས་བརྫུན་པ་ཉིད་དོ། །ཇི་ལྟར་ན་གཟུགས་ལ་སོགས་པ་སྣ་ཚོགས་ཀྱི་སྣང་བ་ཡིན་པས། གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་པ་དེ་བཞིན་དུ། སེམས་ཀྱང་དེ་ལས་གུད་ན་མེད་པའི་ཕྱིར་གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་ན། །དེ་ལྟ་བས་ན་སེམས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་ཁོ་ནའོ། །སེམས་ཇི་ལྟ་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུ་ཁོ་ནའོ་ཞེས་དཔྱད་པར་བྱའོ། །དེས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་སོ་སོར་བརྟགས་ན། དོན་དམ་པར་


DTG110_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་འདས་པའི་ཆོས་ཀྱང་དམིགས་སུ་མེད། མ་འོངས་པའི་ཆོས་ཀྱང་དམིགས་སུ་མེད། ད་ལྟར་བྱུང་བ་ཡང་དམིགས་སུ་མེད་དོ། །འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང་བཀའ་སྩལ་ཏེ། དེ་ལྟར་སྐྱོན་ལ་མཁས་པ་དེས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་སྟོང་པ་ཉིད་བསྒོམ་པ་ལ་རྣལ་འབྱོར་དུ་བྱེད་དོ། །དེས་སྟོང་པ་ཉིད་བསྒོམ་པ་མང་བས་གནས་གང་དང་གང་དུ་སེམས་འཕྲོ་ཞིང་སེམས་མངོན་པར་དགའ་བའི་གནས་དེ་དང་དེ་དག་གི་ངོ་བོ་ཉིད་ཡོངས་སུ་བཙལ་ན་སྟོང་པར་རྟོགས་སོ། །སེམས་གང་ཡིན་པ་དེ་ཡང་བརྟགས་ན་སྟོང་པར་རྟོགས་སོ། །སེམས་གང་གིས་རྟོག་པ་དེ་ཡང་ངོ་བོ་ཉིད་ཀུན་དུ་བཙལ་ན་སྟོང་པར་རྟོགས་སོ། །དེ་དེ་ལྟར་རྟོགས་པས་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་ཅེས་འབྱུང་ངོ༌། །དེ་བས་ན་ཡུལ་དང་ཡུལ་ཅན་ལ་སོགས་པའི་དངོས་པོ་རྣམས་ནི་སྨིག་རྒྱུའི་ཆུ་ལ་སོགས་པ་བཞིན་དུ་རང་གི་ངོ་བོས་སྟོང་པ་ཡིན་ནོ།། དེ་དག་ལ་ཡང་དེ་དང་དེ་དག་ལ་བརྟེན་ནས་འབྱུང་བ་ཞེས་རྟོག་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་ལང་ཀར་གཤེགས་པ་ལས། དངོས་པོ་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །ཅེས་གསུངས་སོ། །འཕགས་པ་རྒྱ་ཆེར་རོལ་པ་ལས་ཀྱང༌། ཤཱཀྱའི་སྲས་པོས་རྟེན་ཅིང་འབྲེལ་འབྱུང་ཆོས། །རང་བཞིན་ངོ་བོ་ཉིད་མེད་མཐོང་ནས་ནི། །ནམ་མཁའ་ལྟ་བུའི་སེམས་དང་རབ་ལྡན་པ། །གཡོན་ཅན་དཔུང་བཅས་མཐོང་བས་གཡོ་བ་མེད། །ཅེས་འབྱུང་བ་དང༌། དཀོན་མཆོག་ཏ་ལ་ལ་ལས་ཀྱང༌། རྐྱེན་ལས་སྐྱེས་པའི་རང་གི་དངོས་མ་སྐྱེས། །ཆོས་ཀྱི་ལུས་ནི་རྒྱལ་བ་རྣམས་ཀྱི་སྐུ། །མཆོག་ཉིད་རྟག་ཏུ་གནས་པ་ནམ་མཁའ་བཞིན། །བསྟན་ན་ཆོས་རྣམས་སྦྱོར་བ་འཐོབ་པར་འགྱུར། །ཞེས་འབྱུང་བ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་ལས་ཀྱང༌། ཆོས་ཐམས་ཅད་ཀྱི་རང་བཞིན་ཐོབ་པ་ནི་ཅུང་ཟད་ཀྱང་སྤྲོས་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་ཕྱིར་རོ། །གང་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་དེ་ནི་ཤིན་ཏུ་མ་སྐྱེས་པའོ་ཞེས་འབྱུང་བ་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། རྟེན་ཅིང་འབྲེལ་པར་གང་


DTG110_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ། །རང་བཞིན་གྱིས་ནི་དེ་མ་སྐྱེས། །རང་བཞིན་གྱིས་ནི་གང་མ་སྐྱེས། །དེ་ལ་སྐྱེས་ཞེས་ཇི་སྐད་བྱ། །ཤིན་ཏུ་ཕྲ་བའི་དངོས་ལ་ཡང༌། །གང་གིས་སྐྱེས་པར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང། །ཞེས་བྱུང་བ་ནི། དོན་དམ་པར་རང་བཞིན་མེད་ཀྱི་ཀུན་རྫོབ་ཏུ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྒྱུ་མ་ཙམ་དུ་ཟད་དོ། །འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་པ་གང༌།། དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་འབྱུང་བ་ནི་དོན་དམ་པར་རང་བཞིན་མེད་པར་དགོངས་པའོ། །དེ་བས་ན་དངོས་པོ་རྣམས་དོན་དམ་པར་བདག་དང་གཞན་དང་གཉི་ག་དང་རྒྱུ་མེད་པ་ལས་སྐྱེ་བར་མི་རུང་སྟེ། ཇི་ལྟར་བདག་དང་གཞན་ལས་མི་སྐྱེ་བ་ནི། བདག་རང་ལས་མི་སྐྱེ་བའོ། །ཅི་སྟེ་དངོས་པོ་རྣམས་བདག་ལས་སྐྱེ་ན་བདག་སྐྱེས་ཟིན་པ་སྐྱེའམ་མ་སྐྱེས་པ་སྐྱེས། སྐྱེས་ཟིན་པ་སྐྱེ་ཞེས་བྱ་བར་ནི། བདག་ཉིད་གྲུབ་པས་སྐྱེད་དུ་མི་རུང་ངོ༌། རྣམ་པ་གཅིག་ཏུ་ན་སྐྱེས་པ་སྐྱེ་ན་ནི། ནམ་ཡང་མི་སྐྱེ་བར་མི་འགྱུར་ཏེ་ཐུག་པ་མེད་པར་འགྱུར་རོ། །མ་སྐྱེས་པ་སྐྱེ་ན་ནི་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་དང་ནམ་མཁའི་མེ་ཏོག་ཀྱང་སྐྱེ་བར་འགྱུར་ཏེ་དེ་བས་ན་བདག་ལས་མི་སྐྱེའོ། །གཞན་ལས་ཀྱང་སྐྱེར་མི་རུང་སྟེ་ཐམས་ཅད་ལས་ཐམས་ཅད་སྐྱེ་བའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །བདག་དང་གཞན་གཉིས་ལས་ཀྱང་མི་སྐྱེ་སྟེ། གོང་དུ་སྨོས་པའི་སྐྱོན་གཉི་ག་འདུ་བར་འགྱུར་བའི་ཕྱིར་རོ། །རྒྱུ་མེད་པ་ལས་ཀྱང་མི་སྐྱེ་སྟེ་ཅི་ལ་ཡང་རག་མ་ལུས་པས་རྟག་ཏུ་འབྱུང་བ་དང༌། དུས་ཐམས་ཅད་དུ་འབྱུང་བ་ན་རྒྱུ་ལ་རག་མ་ལུས་པས་འདུས་བྱས་མ་ཡིན་པས་རྟག་པའི་སྐྱོན་དུ་འགྱུར་རོ། །དོན་དུ་བསྒྲུབ་པའི་བརྩོན་པ་ཐམས་ཅད་དོན་མེད་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་དངོས་པོ་ཐམས་ཅད་སྐྱེ་བ་མི་འཐད་པ་དེའི་ཕྱིར་སྐྱེ་བ་མི་སྲིད་དེ། སྐྱེ་བ་བརྗོད་པ་ནི་ཐ་སྙད་གདགས་པ་ཙམ་དུ་ཟད་དེ། དོན་དམ་པར་ན་སངས་རྒྱས་དང་མྱ་ངན་ལས་འདས་པ་ཡང་མེད་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་


DTG110_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་དུ་དཔྱད་པར་བྱའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རབ་འབྱོར་སངས་རྒྱས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །མྱ་ངན་ལས་འདས་པའི་ཆོས་ལས་ཆེས་ལྷག་པ་ཞིག་ཡོད་ན་ཡང་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་གསུངས་སོ། །དེ་བས་ན་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་ནི་ཡང་དག་པར་མེད་པ་ཁོ་ན་ཡིན་ནོ་སྙམ་དུ་བསྒོམ་པར་བྱའོ། །དེ་ལྟར་ཆོས་སུ་བརྟག་པ་མཐའ་དག་མེད་པ་ཁོ་ན་ལ་ཞུགས་པ་དེ། ཡོངས་སུ་བརྟག་པར་བྱ་བ་གཞན་མེད་པས་རྟོག་པ་དང་དཔྱོད་པ་དང་བྲལ་བ་བརྗོད་པ་མེད་པ་དང་གཅིག་ཏུ་འགྱུར་བའི་ཡིད་ལ་བྱེད་པ་རང་གི་ངང་གིས་འཇུག་པ་མངོན་པར་འདུ་བྱེད་པ་མེད་པས་དེ་ཁོ་ན་ཉིད་ལ་ཤིན་ཏུ་གསལ་བར་བསྒོམ་ཞིང་འདུག་པར་བྱའོ། །དེ་ལྟར་གནས་ནས་སེམས་ཀྱི་རྒྱུད་རྣམ་པར་མི་གཡེང་བར་བྱའོ། །དེ་ལྟར་གྱུར་ན་སྤྲོས་པ་རྣམ་པར་མི་རྟོག་པ་ཉིད་ལ་ཞུགས་པ་ཡིན་ནོ། །གཟུགས་ལ་སོགས་པ་ཡང་མི་གནས་པ་ཡིན་ནོ། །ཤེས་རབ་ཀྱིས་བརྟགས་ན་དངོས་པོ་མཐའ་དག་གི་ངོ་བོ་ཉིད་མ་དམིགས་པའི་ཕྱིར་ཤེས་རབ་མཆོག་གི་བསམ་གཏན་པ་ཡང་ཡིན་ནོ། །གང་གི་ཚེ་བར་སྐབས་སུ་སེམས་ཕྱི་རོལ་དུ་རྣམ་པར་གཡེང་བ་མཐོང་བ་དེའི་ཚེ། དེའི་ངོ་བོ་ཉིད་ལ་བརྟགས་ནས་རྣམ་པར་གཡེང་བ་ཞི་བར་བྱས་ལ་ཡང་དེ་ཉིད་དུ་སེམས་གཞག་པར་བྱའོ། །གང་གི་ཚེ་དེ་ལ་སེམས་མངོན་པར་མི་དགའ་བར་མཐོང་བ་དེའི་ཚེ། ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བའི་ཕྱིར་དེ་ལ་དགའ་བ་བསྒོམ་པར་བྱའོ། །རྣམ་པར་གཡེང་བ་ལ་ཉེས་པར་མཐོང་བའི་ཕྱིར་མི་དགའ་བ་རབ་ཏུ་ཞི་བར་བྱའོ། །ཅི་སྟེ་རྨུགས་པ་དང་གཉིད་ཀྱིས་ནོན་པས་རྒྱུ་བ་མི་གསལ་བའི་ཕྱིར་སེམས་བྱིང་བའམ་བྱིང་དུ་དོགས་པར་མཐོང་བ་དེའི་ཚེ་མཆོག་ཏུ་དགའ་བའི་དངོས་པོ་སངས་རྒྱས་ཀྱི་སྐུ་གཟུགས་ལ་སོགས་པའམ་རྟེན་ཅིང་འབྲེལ་པར་འབྱུང་བའམ། མཛད་པ་བཅུ་གཉིས་ལ་སོགས་པ་ཡིད་ལ་བྱས་ལ་བྱིང་བ་ཞི་བར་བྱས་པ་དེ་ཁོ་ན་ཉིད་དེ་ཤིན་ཏུ་བརྟན་པར་གཟུང་བར་བྱའོ། །ཅི་སྟེ་གང་གི་ཚེ་སྔོན་མྱོང་བའི་ཡུལ་ལ་འདོད་པས་


DTG110_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྐབས་སུ་སེམས་རྒོད་པའམ། རྒོད་དུ་དོགས་པར་མཐོང་བ་དེའི་ཚེ་མི་རྟག་པ་ལ་སོགས་པའི་སྐྱོ་བའི་དངོས་པོ་ལ་ཡིད་ལ་བྱས་ལ་རྒོད་པ་ཞི་བར་བྱའོ། །དེ་ནས་ཡང་དེ་ཁོ་ན་ཉིད་ལ་སེམས་མངོན་པར་འདུ་བྱ་བ་མེད་པར་འབད་པར་བྱའོ། །གང་གི་ཚེ་སེམས་ཡང་དག་པའི་དོན་ལ་མི་གནས་ན་རྒོད་པ་དང་བྱིང་བ་ཡིན་པས་ཞི་གནས་མེད་པ་ཡིན་པར་རིག་པར་བྱའོ། །ཅི་སྟེ་གང་གི་ཚེ་བྱིང་བ་དང་རྒོད་པ་ལས་དབེན་པའི་ཕྱིར་མཉམ་པར་ཞུགས་ཤིང་རང་གི་ངང་གིས་འཇུག་པས་དེ་ཁོ་ན་ཉིད་ལ་སེམས་ཤིན་ཏུ་གསལ་བ་བྱུང་བར་གྱུར་པ་དེའི་ཚེ་རྩོལ་བ་གློད་ལ་བཏང་སྙོམས་སུ་བྱ་སྟེ། དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་མེད་པའི་ལམ་གྲུབ་པ་ཡིན་པར་རིག་པར་བྱའོ། །ཡང་གང་གི་ཚེ་ལྷག་མཐོང་བསྒོམ་པས་ཤེས་རབ་ཤིན་ཏུ་ཆེ་བར་གྱུར་པ་དེའི་ཚེ་ཞི་གནས་ཆུང་བའི་ཕྱིར་མར་མེ་རླུང་ལ་བཞག་པ་བཞིན་དུ་སེམས་གཡོ་བས་དེ་ཁོ་ན་ཤིན་ཏུ་གསལ་བར་མི་མཐོང་བར་འགྱུར་ཏེ། དེའི་ཕྱིར་དེའི་ཚེ་ཞི་གནས་བསྒོམ་པར་བྱའོ། །ཞི་གནས་ཀྱི་ཤས་ཆེ་ན་ཡང་གཉིད་ཀྱིས་ལོག་པ་བཞིན་དུ་དེ་ཁོ་ན་ཤིན་ཏུ་གསལ་བར་མཐོང་བར་མི་འགྱུར་ཏེ། དེ་ལྟ་བས་ན་དེའི་ཚེ་ཡང་ཤེས་རབ་བསྒོམ་པར་བྱའོ། །གང་གི་ཚེ་གླང་གཉིས་ཟུང་དུ་འབྲེལ་ཏེ། མཉམ་དུ་འཇུག་པ་བཞིན་དུ། གཉིས་ཀ་མཉམ་དུ་ཞུགས་པར་གྱུར་པ་དེའི་ཚེ། ཇི་སྲིད་དུ་ལུས་དང་སེམས་ལ་གནོད་པར་མ་གྱུར་པ་དེ་སྲིད་དུ་མངོན་པར་འདུ་བྱ་བ་མེད་པར་གནས་པར་བྱའོ། །མདོར་ན་ཏིང་ངེ་འཛིན་ཐམས་ཅད་ལ་ཉེས་པ་དྲུག་ཡོད་དེ། ལེ་ལོ་དང༌། དམིགས་པ་བརྗོད་པ་དང༌། བྱིང་བ་དང༌། རྒོད་པ་དང༌། མི་རྩོལ་བ་དང༌། རྩོལ་བའོ། །དེ་དག་གི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པར་བྱ་སྟེ། འདི་ལྟ་སྟེ་དད་པ་དང༌། འདུན་པ་དང༌། རྩོལ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། དྲན་པ་དང༌། ཤེས་བཞིན་དང༌། སེམས་པ་དང༌། བཏང་སྙོམས་སོ། །དེ་ལ་དང་པོ་བཞི་ནི་ལེ་ལོའི་གཉེན་པོ་སྟེ། འདི་ལྟར་ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་ཀྱི་དད་པས་རྣལ་འབྱོར་པ་འདོད་པ་སྐྱེ་བར་འགྱུར་རོ། །དེ་ནས་འདོད་པར་གྱུར་


DTG110_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

པས་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་ལ་བརྟེན་ནས་ལུས་དང་སེམས་ལས་སུ་རུང་བ་ཉིད་དུ་བྱེད་དོ། །དེ་ནས་ལུས་དང་སེམས་ཤིན་ཏུ་སྦྱངས་པས་ལེ་ལོ་ལྡོག་པར་འགྱུར་རོ། །དེ་བས་ན་དད་པ་ལ་སོགས་པར་ལེ་ལོ་སྤོང་བར་འགྱུར་ཏེ། དེའི་ཕྱིར་དེ་དག་བསྒོམ་པར་བྱའོ། །དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོའོ། །ཤེས་བཞིན་ནི་བྱིང་བ་དང་རྒོད་པ་གཉིས་ཀྱི་གཉེན་པོ་སྟེ། དེས་དེ་གཉིས་རྟོགས་ནས་སྤོང་བའི་ཕྱིར་རོ། །བྱེད་པ་དང་རྒོད་པ་མ་ཞི་བའི་དུས་ན་མི་རྩོལ་བ་ཉེས་པ་སྟེ། དེའི་ཕྱིར་དེའི་གཉེན་པོར་སེམས་པ་བསྒོམ་པར་བྱའོ། །གང་གི་ཚེ་བྱིང་བ་དང་རྒོད་པ་རབ་ཏུ་ཞི་སྟེ་སེམས་རྣལ་དུ་འཇུག་པ་དེའི་ཚེ་རྩོལ་བ་ཉེས་པ་སྟེ། དེའི་ཚེ་གཉེན་པོར་བཏང་སྙོམས་བསྒོམ་པར་བྱའོ། །སེམས་མཉམ་པར་གཞག་པའི་ཚེ་གལ་ཏེ་རྩོལ་བ་བྱས་ན། དེའི་ཚེ་སེམས་རྣམ་པར་གཡེང་བར་འགྱུར་རོ།། སེམས་བྱིང་བར་གྱུར་པ་ལ་གལ་ཏེ་རྩོལ་བ་མ་བྱས་ན་དེའི་ཚེ་ལྷག་མཐོང་མེད་པའི་ཕྱིར་མི་ལོང་བ་བཞིན་དུ་སེམས་བྱིང་བར་འགྱུར་རོ། །དེ་ལྟ་བས་ན་སེམས་ཞུམ་པ་བསལ་བའི་ཕྱིར་དང་རྒོད་པ་ཞི་བར་བྱས་ལ་མཉམ་པར་གྱུར་པ་ལ་བཏང་སྙོམས་སུ་བྱའོ། །དེ་ནས་རྣལ་འབྱོར་ཇི་སྲིད་དུ་དགའ་བ་དེ་སྲིད་དུ་མངོན་པར་འདུ་བྱ་བ་མེད་པ་ཁོ་ན་སྒོམ་ཞིང་འདུག་པར་བྱའོ། །ལུས་དང་སེམས་ལ་གནོད་པར་གྱུར་ན་སྐབས་སྐབས་སུ་འཇིག་རྟེན་མཐའ་དག་ལ་བལྟས་ལ། སྒྱུ་མ་ལྟ་བུ་དང༌། རྨི་ལམ་ལྟ་བུ་དང༌། ཆུ་ཟླ་ལྟ་བུ་དང༌། མིག་ཡོར་ལྟ་བུར་རྟོགས་པར་བྱའོ། །དེ་སྐད་རྣམ་པར་མི་རྟོག་པར་འཇུག་པ་ལས་ཀྱང་བཀའ་སྩལ་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་འདྲ་བར་མཉམ་པར་མཐོང་ངོ༌། །དེའི་རྗེས་ལ་ཐོབ་པས་ནི་སྒྱུ་མ་དང༌། སྨིག་རྒྱུ་དང༌། ཆུ་ཟླ་བཞིན་དུ་མཐོང་ངོ་ཞེས་འབྱུང་ངོ༌། །དེ་ལྟར་འགྲོ་བ་སྒྱུ་མ་ལྟ་བུར་རྟོགས་ནས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ་འདི་སྙམ་དུ་བསམ་པར་བྱ་སྟེ། བྱིས་པའི་བློ་ཅན་དེ་དག་གིས་ཆོས་ཟབ་མོ་འདི་ལྟ་བུ་མ་རྟོགས་ནས་གཟོད་མ་ནས་ཞི་བའི་ཆོས་རྣམས་ལ་ཡན་


DTG110_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ལ་སོགས་པར་སྒྲོ་བཏགས་ཏེ། ཕྱིན་ཅི་ལོག་ཏུ་གྱུར་ནས་ལས་དང་ཉོན་མོངས་པ་རྣམ་པ་སྣ་ཚོགས་སོགས་ཏེ། དེའི་ཕྱིར་འཁོར་བར་ཡོངས་སུ་འཁྱམས་པས་ན། བདག་གིས་ཅི་ནས་ཀྱང་འདི་དག་ཆོས་ཟབ་མོ་འདི་ལྟ་བུ་ཁོང་དུ་ཆུད་པར་བྱའོ་སྙམ་དུ་བསམ་པར་བྱའོ། །དེ་ནས་ངལ་བསོ་སྟེ། ཡང་དེ་བཞིན་དུ་ཆོས་ཐམས་ཅད་མི་སྣང་བའི་ཏིང་ངེ་འཛིན་ལ་འཇུག་པར་བྱའོ། །ཡང་སེམས་སྐྱོ་བར་གྱུར་ན་ཡང་ངལ་བསོ་སྟེ། དེ་བཞིན་དུ་འཇུག་པར་བྱའོ། །དེ་ལྟ་བུའི་རིམ་པ་འདིས་ཆུ་ཚོད་གཅིག་གམ། མེལ་ཚེ་ཐུན་ཕྱེད་དམ། ཐུན་གཅིག་གམ། ཇི་སྲིད་དུ་ནུས་པ་དེ་སྲིད་དུ་འདུག་པར་བྱའོ། །དེ་ནས་འདོད་ན་ཏིང་ངེ་འཛིན་དེ་ལས་ལངས་ལ་སྐྱིལ་མོ་ཀྲུང་མ་བཤིག་པར་འདི་སྙམ་དུ་བསམ་པར་བྱ་སྟེ། ཆོས་འདི་དག་ཐམས་ཅད་དོན་དམ་པར་མ་སྐྱེས་པ་ཡིན་ཡང༌། སྒྱུ་མ་བཞིན་དུ་རྒྱུ་དང་རྐྱེན་སོ་སོར་ངེས་པ་སྣ་ཚོགས་འདུས་པའི་དབང་གིས་བརྟགས་ན་ཉམས་དགའ་བ་སྣ་ཚོགས་ཁོ་ན་དག་འབྱུང་སྟེ། དེ་ནི་ཆད་པར་ལྟ་བར་ཡང་མི་འགྱུར་རོ། །སྒྲོ་འདོགས་པའི་མཐར་ཡང་མི་འགྱུར་ཏེ། འདི་ལྟར་ཤེས་རབ་ཀྱིས་རྣམ་པར་དཔྱད་ན་མི་དམིགས་ཏེ། དེ་ན་བརྟག་པ་ཉིད་དང་སྒྲོ་འདོགས་པའི་མཐར་ཡང་མི་འགྱུར་རོ། །དེ་ལྟ་མ་ཡིན་ན་ལས་དང་འབྲས་བུར་འབྲེལ་པ་ལ་སོགས་པ་ཇི་ལྟར་རྣམ་པར་གནས་པར་འགྱུར། བཅོམ་ལྡན་འདས་ཀྱིས་ཀྱང༌། དངོས་པོ་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །ཅེས་བཀའ་སྩལ་ཏོ། །དེ་ལ་གང་དག་ཤེས་རབ་ཀྱི་མིག་དང་བྲལ་བས་ཕྱིན་ཅི་ལོག་གི་བློ་ཅན་དུ་གྱུར་ཅིང༌། བདག་ཏུ་མངོན་པར་ཞེན་ནས་ལས་སྣ་ཚོགས་བྱེད་པ་དེ་དག་ནི་འཁོར་བ་ན་ཡོངས་སུ་འཁྱམ་མོ། །གང་དག་འཁོར་བ་ལས་གཅིག་ཏུ་མི་ཕྱོགས་ཤིང༌། སྙིང་རྗེ་ཆེན་པོ་དང་བྲལ་བ་དང། སེམས་ཅན་གྱི་དོན་དུ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་མི་བྱེད་ཀྱི་བདག་འདུལ་བ་འབའ་ཞིག་བྱེད་པའི་སེམས་ཅན་ཐབས་མེད་པའི་ཕྱིར་ཉན་ཐོས་སམ་རང་སངས་རྒྱས་སུ་ལྟུང་ངོ༌། །གང་དག་འགྲོ་བ་ངོ་བོ་ཉིད་མེད་པ་ཁོང་དུ་ཆུད་ནས་ཀྱང་སྙིང་རྗེ་


DTG110_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་སྟོབས་ཀྱིས་འགྲོ་བ་མཐའ་དག་གདོན་པར་དམ་བཅས་ནས། སྒྱུ་མ་མཁན་བཞིན་དུ་བློ་ཕྱིན་ཅི་ལོག་ཏུ་མ་གྱུར་པས། བསོད་ནམས་དང་ལེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསླབ་པ་དེ་དག་ནི་དེ་བཞིན་གཤེགས་པའི་གོ་འཕང་བརྙེས་ནས་འཁོར་བ་ན་འགྲོ་བ་མ་ལུས་པ་ལ་ཕན་པ་དང་བདེ་བའི་རྣམ་པ་ཐམས་ཅད་ཡང་དག་པར་བསླབ་ཅིང་བཞུགས་སོ། །དེ་དག་ཀྱང་ཡེ་ཤེས་ཀྱི་ཚོགས་ཀྱི་སྟོབས་ཀྱིས་ཉོན་མོངས་པ་མཐའ་དག་སྤངས་པས་འཁོར་བར་ཡང་མི་ལྟུང་ལ། སེམས་ཅན་ཐམས་ཅད་ལ་ལྟ་བས་བསོད་ནམས་ཀྱི་ཚོགས་རྒྱ་ཆེ་ཞིང་ཚད་མེད་པ་བསགས་པའི་དབང་གིས་ནི་མྱ་ངན་ལས་འདས་པར་ཡང་མི་ལྟུང་ངོ༌། །སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་ཡང་འགྱུར་རོ། །དེ་ལྟ་བས་ན་སེམས་ཅན་མཐའ་དག་ལ་ཕན་པ་དང་བདེ་བ་སྐྱེད་པར་འདོད་པས། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་དག་གིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་གྲུབ་པ་ལ། དུས་ཐམས་ཅད་དུ་མངོན་པར་བརྩོན་པར་བྱའོ་སྙམ་དུ་བསམ་མོ། །དེ་དག་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཀྱང་བཀའ་སྩལ་ཏེ། ཡེ་ཤེས་ཀྱི་ཚོགས་ཀྱིས་ནི་ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་ལགས་སོ། །བསོད་ནམས་ཀྱི་ཚོགས་ཀྱིས་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་ལགས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ལ་བརྩོན་པར་བགྱིའོ་ཞེས་འབྱུང་ངོ༌། །འཕགས་པ་དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་བའི་མདོ་ལས་ཀྱང་བཀའ་སྩལ་ཏེ། གང་དེ་བཞིན་གཤེགས་པ་རྣམས་འབྱུང་བ་དེ་ནི་རྒྱུ་གཅིག་པུ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་རྣམས་ནི་ཡང་དག་པར་འགྲུབ་པའི་རྒྱུ་ཚད་མེད་པ་འབུམ་ཕྲག་བཅུས་ཡང་དག་པར་འགྲུབ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་དང་ཡེ་ཤེས་ཚད་མེད་པས་མི་ངོམས་པར་ཡང་དག་པར་འགྲུབ་པའི་རྒྱུ་དང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་ངོ༌། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་བཀའ་སྩལ་ཏེ། ཀྱེ་གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་བསོད་ནམས་བརྒྱ་ལས་ངེས་པར་སྐྱེས་པའོ། །དགེ་


DTG110_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས་ཐམས་ཅད་ལ་ངེས་པར་སྐྱེས་པའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ༌། །དེ་ལྟར་བྱས་ནས་དལ་གྱིས་སྐྱིལ་མོ་ཀྲུང་བཤིག་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ནས། དེ་དག་ལ་མཆོད་པ་དང་བསྟོད་པ་བྱས། འཕགས་པ་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་གདབ་པོ། །དེ་ནས་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་བསྒྲུབ་པ་ལ་མངོན་པར་བརྩོན་པར་བྱའོ། །དེ་ལ་གང་དག་ཆོས་ཟབ་མོ་ལ་ཐོས་པ་ཙམ་གྱིས་བྱང་ཆུབ་འཐོབ་སྟེ། །འཕགས་པ་དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས། མདོ་འདི་ཐོས་པ་དང༌། མཐོང་བ་དང༌། ལག་ཏུ་བླངས་པ་ཙམ་གྱིས་བྱང་ཆུབ་ཐོབ་བོ་ཞེས་གསུངས་པས། དེ་ལྟ་བས་ན་བསྒོམ་མི་དགོས་སོ་ཞེས་ཟེར་རོ། །དེ་ལ་བཤད་པ་དེ་ནི་གཞུག་པ་དང་ལྡེམ་པོར་དགོངས་པ་ཡིན་གྱི་ཡང་དག་པའི་དོན་མ་ཡིན་ཏེ་མ་བསྒྲུབས་མ་བསྒོམས་པར་སྒྲིབ་པ་མཐའ་དག་མི་སྤོང་ལ། ཐམས་ཅད་མཁྱེན་པ་ཡང་མི་ཐོབ་སྟེ། འཕགས་པ་ཕལ་པོ་ཆེ་ལས། བྱང་ཆུབ་སེམས་དཔའ་ཆོས་དཔལ་གྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་ལན་སྨྲས་པ། །གང་གི་དོན་དུ་དྲིས་པ་རྣམས། །སངས་རྒྱས་སྲས་པོ་ང་ལ་ཉོན། །ཡང་དག་སངས་རྒྱས་བསྟན་པ་འདི། །ཐོས་པ་ཙམ་གྱིས་མི་འགྲུབ་བོ། །ལ་ལ་སྟོབས་མེད་ཆུ་ཀླུང་གིས། །ནན་གྱིས་ཁྱེར་བར་གྱུར་པ་དག །སྐོམ་བཞིན་ཤི་བར་གྱུར་པ་བཞིན། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་འགྲོ་བ་མང་པོ་ལ། །ཟས་དང་སྐོམ་དག་སྦྱིན་ནས་ཀྱང༌། །བདག་ཉིད་བཀྲེས་པས་ཤི་བ་ལྟར། །དེ་བཞིན་ཆོས་ལ་མ་བསྒོམས་པའོ། །ཇི་ལྟར་སྨན་པ་ལ་ལ་ཞིག །སྨན་རྣམས་ཐམས་ཅད་བདོག་བཞིན་དུ། །ལྟོ་བའི་ནད་ཀྱིས་ཤི་བ་བཞིན། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་དབྱིག་གི་མཛོད་དག་ཏུ། །རིན་ཆེན་མང་པོ་བགྲང་བྱེད་ཀྱང༌། །ནམ་ཕྱེད་ཙམ་ཡང་མི་ཐོབ་པ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་བདེ་བ་ཀུན་ལྡན་པའི། །རྒྱལ་པོའི་ཕོ་བྲང་འཁོར་སྐྱེས་ཀྱང༌། །ཟས་དང་སྐོམ་དག་མི་བདོག་པ། །དེ་བཞིན་ཆོས་ལ་མ་བསྒོམས་པའོ། །ཇི་ལྟར་འོན་པ་རོལ་མོ་ཡི། །སིལ་སྙན་གླུ་ལ་མཁས་པ་ཞིག །གཞན་དག་དེ་ཡིས་དགའ་བྱེད་པ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་


DTG110_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

དམུས་ལོང་རི་མོ་བཞིན། །ཚོང་དུས་དབུས་སུ་བྲིས་གྱུར་ཀྱང༌། །བདག་ཉིད་ཀྱིས་ནི་མི་མཐོང་བ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་མཚོ་ཆེན་མཉེན་པ་བཞིན། །སྐྱེ་བོ་མང་པོ་སྒྲོལ་བྱེད་ཀྱང༌། །བདག་ཉིད་དེ་ནང་འཆི་བར་འགྱུར། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཞེས་གསུངས་སོ། །བཀའ་དེ་ནི་དུས་གཞན་ལ་དགོངས་པས་འབྲས་བུ་ཡང་དུས་རིང་ལ། མ་བསྒོམས་པར་ཐམས་ཅད་མཁྱེན་པ་མི་འགྲུབ་པར་གསུངས་སོ། །ཁ་ཅིག་ན་རེ་སྦྱིན་པ་བྱས་པ་དང༌། དཀོན་མཆོག་གསུམ་ལ་མཆོད་པ་བྱས་པས་བྱང་ཆུབ་ཐོབ་པས་དགོན་པ་བརྟེན་ཅིང་བསྒོམ་མི་དགོས་སོ་ཞེས་ཟེར་རོ། །དེ་བཤད་པ། དགོན་པ་ལ་མ་བརྟེན་མ་བསྒོམས་པར་ཐམས་ཅད་མཁྱེན་པ་ཉིད་མི་འཐོབ་སྟེ། འདི་ལྟར་འཕགས་པ་བྱམས་པ་སེང་གེའི་སྒྲ་ཆེན་པོའི་མདོ་ལས་བཀའ་སྩལ་པ། འོད་སྲུངས་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཆུའི་ཕུང་པོ་ནས་བཟུང་སྟེ། ཚངས་པའི་འཇིག་རྟེན་གྱི་མཐར་ཐུག་པའི་བར་དུ་འབྲུ་མར་གྱིས་ཡོངས་སུ་བཀང་སྟེ། མར་མེའི་སྙིང་པོ་རི་རབ་ཙམ་བཙུགས་ནས་དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་མེ་ཏོག་དང་བདུག་པ་དང༌། ཕྱེ་མ་དང་སྤོས་དང༌། རྒྱལ་མཚན་དང༌། བླ་རེ་དང༌། འཕན་གདུགས་ལ་སོགས་པས་རབ་ཏུ་བཀང་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་ཕྱིར་ལོ་འབུམ་གྱི་བར་དུ་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཕུལ་བས་ནི། གང་གིས་བྱང་ཆུབ་དོན་དུ་གཉེར་ཞིང་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པ་དེས། མཁན་པོའམ་སློབ་དཔོན་ལ་ལུང་མནོས་ཏེ། ཁ་ཏོན་དུ་བྱེད་ཅིང་ཐ་ན་ཚིག་བཞི་པའི་དོན་ཡིད་ལ་བྱེད་པ་དང༌། འདུ་འཛིའི་གཏམ་གྱིས་འཇིགས་ཤིང་སྐྲག །ཁམས་གསུམ་ཐམས་ཅད་ཀྱིས་འཇིགས་ཤིང་སྐྲག །སེམས་ཅན་གྱི་དོན་མངོན་པར་བསྒྲུབ་པ་ན་དགོན་པ་ལ་མངོན་པར་ཕྱོགས་ཏེ་གོམ་པ་བདུན་འདོར་བར་བྱེད་པ་དེས། དེ་བས་བསོད་ནམས་མང་དུ་བསྐྱེད་པར་འགྱུར་རོ་ཞེས་གསུངས་སོ། །གཞན་ཡང་རྒྱལ་པོ་མུ་ཁྱུད་འཛིན་གྱིས་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་ལ་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་མཆོད་པའི་རྣམ་པ་ཞལ་ཟས་དང༌། ན་བཟའ་དང༌། གཟིམས་ཆ་དང༌། བསྙུན་གསོས་དང༌། མེ་ཏོག་དང༌། སྤོས་དང༌། རྒྱལ་མཚན་དང༌། བླ་རེ་དང༌།


DTG110_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

འཕན་གདུགས་དང༌། རྒྱལ་སྲིད་དང༌། རིན་པོ་ཆེ་སྣ་བདུན་ལ་སོགས་པ་སྦྱིན་པ་བྱས་པ་བས། གང་གིས་དགོན་པའི་གནས་སུ་གནས་ནས་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་བསྒོམས་ནས། ཐ་ན་སེ་གོལ་གཏོགས་པ་ཙམ་དུ་བསྒོམས་ན། སྔ་མ་དེ་བས་སྟོང་གི་ཆ་དང་འབུམ་གྱི་ཆ་དང་བྱེ་བའི་ཆ་དང་བྱེ་བ་ཕྲག་བརྒྱའི་ཆ་དང༌། བྱེ་བ་ཕྲག་འབུམ་གྱི་ཆ་དང༌། བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བར་གྱི་ཆ་དང༌། གྲངས་དང༌། ཆ་དང༌། བགྲང་བ་དང༌། དཔེ་དང༌། ཉེ་བར་འཇལ་བ་དང༌། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ་ཞེས་གསུངས་པས། སྦྱིན་པ་ནི་དོན་ཆུང་བར་གསུངས་པ། དགོན་པ་ལ་བརྟེན་ཏེ་བསྒོམ་པས་ནི་དོན་ཆེ་བར་མདོ་སྡེ་དུ་མ་ལས་ཀྱང་གསུངས་སོ། །འཕགས་པ་ཆོས་བཞི་པའི་མདོ་ལས། དགེ་སློང་དག་བྱང་ཆུབ་སེམས་དཔའ་ཆེན་པོ་ཇི་སྲིད་འཚོའི་བར་དུ། དགོན་པ་ལ་གནས་པ་སྲོག་གི་ཕྱིར་ཡང་ཡོངས་སུ་གཏང་བར་མི་བྱའོ་ཞེས་གསུངས་སོ། །འཕགས་པ་དཀོན་མཆོག་བརྩེགས་པ་ལས། སྔོན་གྱི་སངས་རྒྱས་འཇིག་རྟེན་མགོན། །གང་དུ་མྱ་ངན་འདས་གྱུར་པ། །ཀུན་གྱི་དགོན་པ་རབ་དགོན་ཏུ། །བླ་མེད་བྱང་ཆུབ་བརྙེས་པར་འགྱུར། །མྱུར་དུ་དགོན་པར་གནས་བྱེད་ན། །འདོད་པའི་སྲེད་པ་སྤོང་འགྱུར་ཞིང༌། །ཉེས་པ་ཇི་བཞིན་རྣམ་རིག་ནས། །དེ་དག་ལས་ནི་སེམས་རྟོག་འགྱུར། །ཁྱིམ་ནི་མྱུར་དུ་སྤངས་ནས་སུ། །དགོན་པ་ལ་ནི་གནས་འགྱུར་པ། །མཁས་པ་ཡང་དག་མཐོང་བ་རྣམས། །སངས་རྒྱས་རྣམས་ཀྱི་རྗེས་སུ་སློབ། །གང་དག་བྱང་ཆུབ་ཕྱིར་བརྩོན་པ། །དེ་དག་དབེན་པ་རྟེན་བྱེད་ཅིང༌། །དེ་དག་དགོན་པ་དགའ་འགྱུར་གྱི། །དེ་དག་ཁྱིམ་ལ་དགའ་མི་འགྱུར། །དེ་དག་སངས་རྒྱས་རྣམ་དག་གི །སྤྱོད་ཡུལ་རྣམས་དང་སྤྱོད་པ་སྟེ། །གང་ཞིག་ལམ་འདི་འཇུག་འགྱུར་བ། །དེ་ལ་བྱང་ཆུབ་རྙེད་དཀའ་མིན། །ཞེས་གསུངས་ཏེ། དེ་བས་ན་དགོན་པ་ལ་བརྟེན་ཏེ། ཞི་གནས་དང་ལྷག་མཐོང་ལ་བརྩོན་པར་བྱའོ། །འཕགས་པ་འཇམ་དཔལ་གྱི་ཞིང་གི་ཡོན་ཏན་བཀོད་པ་ལས། ཡང་ཤ་རིའི་བུ་བྱང་ཆུབ་སེམས་དཔའ་ཁྱིམ་པ་གང་གིས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་འཁོར་དང་བཅས་པ་རྣམས་ལ། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱས་པ་བས། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་ནས་


DTG110_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

སམ། རབ་ཏུ་བྱུང་བར་འདོད་པས་དགོན་པ་ལོགས་སུ་ཕྱོགས་ཏེ། གོམ་པ་བདུན་བོར་ན་འདི་ནི་དེ་བས་བསོད་ནམས་ཀྱི་ཚོགས་མང་དུ་བསྐྱེད་དོ། །ཆེས་མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་གསུངས་ཏེ་དེ་བས་ན་དགོན་པ་ལ་བརྩོན་པར་བྱའོ། །ཁ་ཅིག་ན་རེ་འདྲི་ཀློག་བྱས་པས་ལས་དང་ཉོན་མོངས་པ་ཐམས་ཅད་བྱང་བར་འགྱུར་བས་ཚུལ་བཞིན་ཡིད་ལ་བྱ་མི་དགོས་སོ་ཞེས་ཟེར་རོ། །དེ་ལ་བཤད་པ། འཕགས་པ་དཀོན་མཆོག་བརྩེགས་པ་ལས་འོད་སྲུངས་འདི་ལྟ་སྟེ་དཔེར་ན། ཁྱིམ་མམ་ཁང་པ་ལོ་འབུམ་འདས་པར་གྱུར་ཀྱང་ལན་འགའ་ཡང་མར་མེ་མ་བུས་པ་དེར་མི་ལ་ལ་ཞིག་གིས་མང་མེ་བུས་ན། འོད་སྲུངས་འདི་ཇི་སྙམ་དུ་སེམས། མུན་པ་མུན་ནག་དེ་འདི་སྙམ་དུ་བདག་ནི་ལོ་འབུམ་དུ་བསགས་པ་ཡིན་ཏེ། བདག་ནི་འདི་ནས་མི་འགྲོའོ་སྙམ་དུ་སེམས་སམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མི་སེམས་ལགས་ཏེ། མར་མེ་བུས་པས་མུན་པ་མུན་ནག་ལ་མཆིས་པའི་མཐུ་མ་མཆིས་ཀྱི་གདོན་མི་འཚལ་བར་མ་མཆིས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་བཞིན་དུ་ལས་དང་ཉོན་མོངས་པར་གྱུར་པ་ལོ་འབུམ་དུ་བསགས་པ་ཡང་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་སོ་སོར་རྟོག་པ་གཅིག་གིས་མེད་པར་འགྱུར་རོ། །འོད་སྲུངས་མར་མེ་ཞེས་བྱ་བ་དེ་ནི་འཕགས་པ་ཤེས་རབ་ཀྱི་དབང་པོའི་ཚིག་བླ་དགས་སོ། །འོད་སྲུངས་མུན་པ་མུན་ནག་ཅེས་བྱ་བ་དེ་ནི་ལས་དང་ཉོན་མོངས་པའི་ཚིག་བླ་དགས་སོ་ཞེས་འབྱུང་ངོ༌། །ཡང་དེ་ཉིད་ལས་གསུངས་པ། འོད་སྲུངས་ཚུལ་བཞིན་ཡིད་ལ་བྱེད་པ་སོ་སོར་རྟོག་པ་གཅིག་གིས་བསྐལ་པ་འབུམ་དུ་བསགས་པའི་ལས་དང་ཉོན་མོངས་པ་རྣམས་བྱང་བར་འགྱུར་རོ་ཞེས་གསུངས་པས། དེ་བས་ན་འདྲི་ཀློག་གི་དོན་ཆུང་བར་གསུངས་སོ། །ཁ་ཅིག་ན་རེ་ཁྱིམ་ན་གནས་པའི་དགེ་བ་བྱས་པའི་བྱང་ཆུབ་ཐོབ་པས་དགོན་པ་ལ་བརྟེན་ཏེ། ཞི་གནས་དང་ལྷག་མཐོང་བསྒོམ་མི་དགོས་སོ་ཞེས་ཟེར་རོ། །དེ་ལ་བཤད་པ་ཟླ་བ་སྒྲོན་མའི་མདོ་ལས་གསུངས་པ། འདོད་པ་དག་ནི་རབ་ཏུ་རྟེན་བྱེད་ཅིང༌། །བུ་དང་ཆུང་མ་དག་ལ་སྲེད་བསྐྱེད་ཅིང༌། །སྨད་པར་བྱ་བའི་ཁྱིམ་ལ་བརྟེན་པ་སྟེ། །བླ་མེད་བྱང་ཆུབ་དམ་པ་གཞར་མི་འཐོབ། །གང་དག་འདོད་པ་ལྕི་སྐམ་མེ་བཞིན་སྤོང༌། །བུ་དང་ཆུང་མ་དག་ལ་སྲེད་སྤངས་ནས། །ཁྱིམ་གྱིས་སྐྲག་ནས་ཁྱིམ་ནས་


DTG110_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་བྱུང་བ། །དེ་དག་བྱང་ཆུབ་མཆོག་འདི་རྙེད་མི་དཀའ། །གང་དག་ཁྱིམ་ན་གནས་པར་བྱེད་བཞིན་དུ། །བྱང་ཆུབ་དམ་པ་མཆོག་འདི་ཐོབ་པ་ཡི། །སངས་རྒྱས་གང་ཡང་སྔོན་ཆད་མ་བྱུང་སྟེ། །མ་འོངས་པ་ཡང་མི་འབྱུང་གནས་པ་མེད། །རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་སྤངས་ནས། །དབེན་པ་འདོད་དེ་དགོན་པར་གནས་བྱེད་པ། །ཉོན་མོངས་སྤངས་ཏེ་བདུད་ཀྱི་དཔུང་བཅོམ་ནས། །བྱང་ཆུབ་རྡུལ་མེད་འདུས་མ་བྱས་འཚང་རྒྱ། །གང་ཞིག་བྱང་ཆུབ་རབ་ཏུ་འདོད་བྱེད་ཅིང༌། །འདུས་བྱས་ངན་ལས་ཡིད་བྱུང་སེམས་ཅན་གྱི། །མངོན་དུ་ཕྱོགས་ཏེ་དགོན་པར་གོམ་བདུན་བོར། །འདི་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །གང་དག་དགའ་དང་མི་དགའ་ཅུང་ཟད་མེད། །དེ་དག་མི་ཡི་འཇིག་རྟེན་རྟག་རབ་བདེ། །གང་དག་གནས་དང་རི་སུལ་དགའ་བ་ནི། །དགེ་སྦྱོང་ཉིད་ཀྱི་རབ་བདེ་མྱོང་བར་འགྱུར། །གང་དག་བདག་གིར་བྱེད་པ་ཅི་ཡང་མེད། །གང་དག་ཡོངས་འཛིན་རྣམ་པ་ཀུན་དུ་མེད། །བསེ་རུ་ལྟ་བུར་འཇིག་རྟེན་འདིར་གནས་པ། །དེ་དག་ནམ་མཁའ་ལ་ནི་རླུང་ལྟར་འགྲོ་།གང་དག་འཇིག་རྟེན་ལ་ནི་ཡིད་མི་ཆགས། །དེ་དག་མི་ཡི་འཇིག་རྟེན་རབ་ཏུ་བདེ། །དགའ་དང་མི་དགའ་ལ་ནི་ཆགས་མེད་པ། །དེ་དག་འདི་ན་རྟག་ཏུ་སེམས་རླུང་འདྲ། །གང་དག་སྡུག་བསྔལ་མཛའ་དང་བྲལ་བ་དང༌། །གང་དག་སྡུག་བསྔལ་གནས་པ་མི་དགའ་བ། །མཐའ་དེ་གཉི་ག་རབ་ཏུ་སྤངས་ནས་སུ། །མི་གང་ཆོས་ལ་དགའ་བ་དེ་དག་བདེ། །ཡང་གསུངས་པ། ཉེས་པའི་ཚོགས་མང་ཐམས་ཅད་སྤངས་ནས་སུ། །རྣལ་འབྱོར་ཅན་ནི་རྟག་ཏུ་བྱེད་པ་ཉུང༌། །རྣལ་འབྱོར་དག་བརྩོན་ནམ་ཡང་རྩོད་པ་མེད། །དགོན་པར་གནས་པ་དེ་ཡི་ཕན་ཡོན་ནི། །དེ་ནི་རྟག་ཏུ་འདུས་བྱས་ཡིད་འབྱུང་འགྱུར། །དེ་ནི་འཇིག་རྟེན་ཅི་ལ་འང་འདོད་པ་མེད། །ཟག་པ་དག་ནི་རྣམ་པར་འཕེལ་མི་འགྱུར། །ནགས་ན་གནས་པ་དེ་ཡི་ཕན་ཡོན་ནི། །དེ་ནི་ནམ་ཡང་རྩོད་པར་མི་འགྱུར་ཏེ། །རྟག་ཏུ་ཞི་ཞིང་དགའ་ལ་དབེན་པར་འགྱུར། །ལུས་དང་ངག་དང་ཡིད་ནི་རབ་བསྡམས་པ། །དགོན་པར་གནས་པ་འདི་ལ་ཡོན་ཏན་མང༌། །དེ་ནི་ཐར་པའི་རྗེས་སུ་མཐུན་པ་ཡིན། །དེ་ནི་རྣམ་གྲོལ་ཞི་བ་མྱུར་རྟོགས་བྱེད། །ནགས་ན་གནས་ཤིང་རྣམ་གྲོལ་རྟེན་བྱེད་ན། །དགོན་གནས་དེ་ལ་ཡོན་ཏན་འདི་ཀུན་འབྱུང༌། །ཞེས་གསུངས་


DTG110_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཡང་དེ་ཉིད་ལས་གསུངས་པ། གྲོང་དང་གྲོང་ཁྱེར་དག་ལ་དགའ་སྤངས་ལ། །རྟག་ཏུ་དབེན་ཞིང་ནགས་ཁྲོད་བསྟེན་པར་གྱིས། །བསེ་རུ་ལྟ་བུར་རྟག་ཏུ་གཉིས་མེད་བྱོས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་ཐོབ། །ཅེས་གསུངས་སོ། །འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས་ཀྱང་གསུངས་ཏེ། རྐྱེན་གྱིས་གཟིངས་པའི་མཐའ་ཡས་ཁྱིམ་སྤངས་རྟག་ཏུ་ནོར་མི་སྤངས། །ཡོན་ཏན་ལྡན་པ་དེ་དག་དགོན་པར་དགའ་ཞིང་དབང་པོ་དུལ། །དེ་དག་གང་དུའང་བུད་མེད་རྣམས་དང་འདྲིས་མི་བྱེད། །བསེ་ལྟར་གཅིག་པུར་གནས་ཤིང་བསམ་པ་དྲི་མེད་དག་ལ་དྲི་མ་བྲལ། །དེ་དག་ཐོབ་པ་རྣམས་ལ་དགའ་བར་མི་འགྱུར་བ་ཐོབ་ཡིད་ཞུམ་མེད། །འདོད་པ་ཆུང་དེ་ངན་ངོན་ཙམ་ལ་དགའ་ཞིང་སྒྱུ་དང་ཚུལ་འཆོས་སྤངས། །སེམས་ཅན་དོན་བྱེད་བརྩོན་འགྲུས་ཡིད་ལྡན་སྦྱིན་དང་དུལ་བ་ལ་ཡང་གནས། །སངས་རྒྱས་ཡེ་ཤེས་དོན་གཉེར་བསམ་གཏན་བརྩོན་འགྲུས་ཡོན་ཏན་ཕ་རོལ་ཕྱིན། །ལུས་དང་དེ་བཞིན་སྲོག་ལ་མ་ལྟ་སྡུག་པའི་རྩ་ལག་རྣམས་སྤངས་ཏེ། །བསམ་པ་རྡོ་རྗེ་ལྟ་བུར་རབ་བརྟན་རྟག་ཏུ་བྱང་ཆུབ་ལམ་ལ་སྦྱོར། །ལུས་ནི་དུམ་བུ་དུམ་བུར་བཅད་ཀྱང་དེ་དག་སེམས་ལ་གཡོ་བ་མེད། །ཐམས་ཅད་མཁྱེན་ཉིད་རེ་བ་མེད་ཕྱིར་བརྩོན་འགྲུས་ཤིན་ཏུ་བརྟན་འདིར་རྩོམ། །ཞེས་འབྱུང་ངོ༌། །གལ་ཏེ་ཐོབ་པ་དང་ལྡན་པ་དལ་བ་ཕུན་སུམ་ཚོགས་པ་འདི་རྙེད་ནས། རྙེད་པ་དང་བཀུར་སྟི་དང༌། ཆགས་པ་དང་བྲལ་བ་སེམས་མི་སེལ་མི་སྦྱོང་ན། དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ལ་བསླུས་པ་གཅིག་པུར་འགྱུར་རོ། །དེ་བས་ན་ཁྱིམ་ནས་མངོན་པར་རབ་ཏུ་བྱུང་ལ་དགོན་པ་ལ་བརྟེན་ཏེ་ཞི་གནས་དང་ལྷག་མཐོང་ལ་བརྩོན་པར་བྱའོ། །འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་གསུངས་ཏེ། འོད་སྲུངས་འདི་ལྟ་སྟེ་དཔེར་ན་མི་ལ་ལ་ཞིག་རྒྱ་མཚོ་ཆེན་པོས་ཁྱེར་ལ། ཆུས་སྐོམ་བཞིན་དུ་འཆི་བའི་དུས་བྱེད་པ་དེ་བཞིན་དུ་འོད་སྲུངས་འདི་ལ་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཆོས་མང་པོ་བླངས་ཏེ། ཀུན་ཆུབ་པར་བྱས་ཀྱང་འདོད་པའི་ཆགས་པའི་སྲེད་པ་མི་སེལ་ཞེ་སྡང་ལ་སྲེད་པ་མི་སེལ། གཏི་མུག་ལ་སྲེད་པ་མི་སེལ་བ་དག་ཆོས་ཀྱི་རྒྱ་མཚོས་ཁྱེར་ལ། ཉོན་མོངས་པའི་སྐོམ་པས་འཆི་བའི་དུས་བྱེད་པར་འགྱུར་ཏེ་ངན་འགྲོར་འགྲོ་བར་འགྱུར་རོ་ཞེས་འབྱུང་ངོ༌། །དེ་བས་ན་རྣལ་འབྱོར་པ་སྲེད་པ་དང་ཉོན་མོངས་


DTG110_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་ལ། སེམས་སྐད་ཅིག་ཙམ་ཡང་བསྐྱེད་པར་མི་བྱའོ། །ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང་གསུངས་ཏེ། ཁྱིམ་བདག་གཞན་ཡང༌། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་པས་འདི་ལྟར་བདག་ཅིའི་ཕྱིར་དགོན་པ་ལ་གནས་པ་འབའ་ཞིག་ནི་དགེ་སྦྱོང་མ་ཡིན་ཏེ། འདི་ནི་མ་བྱང་བ་དང༌། མ་སྦས་པ་དང༌། མ་ཞི་བ་དང༌། མ་དུལ་བ། མི་འགྲུས་པ། རབ་ཏུ་མི་བརྩོན་པ་འདི་ལྟ་སྟེ། རི་དགས་དང༌། སྤྲེའུ་དང༌། བྱ་མང་པོ་དང་ཆོམ་རྐུན་དང༌། གདོལ་པ་དག་ཀྱང་མང་དུ་གནས་ཏེ། དེ་དག་ཀྱང་དགེ་སྦྱོང་གི་ཡོན་ཏན་དང་ལྡན་ཕ་མ་ཡིན་པས། བདག་གང་གི་ཕྱིར་བདག་དགོན་པ་ལ་གནས་པ་འདི་ལྟ་སྟེ། དགེ་སྦྱོང་གི་དོན་དེ་ཡོངས་སུ་རྫོགས་པར་བྱའོ་སྙམ་དུ་བརྟག་པར་བྱའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ན་གནས་པས། བདག་ཅིའི་ཕྱིར་དགོན་པར་འོངས་སྙམ་དུ་བརྟག་པར་བྱ་སྟེ། འདི་ལྟར་བདག་ནི་འཇིགས་ཤིང་སྐྲག་པའི་ཕྱིར་དགོན་པར་འོངས་སོ། །ཅི་ཞིག་གིས་འཇིགས་ཤིང་སྐྲག་ཅེ་ན། འདུ་འཛིས་འཇིགས་ཤིང་སྐྲག་གོ །འགྲོགས་པས་འཇིགས་ཤིང་སྐྲག་གོ །འདོད་ཆགས་དང་ཞེ་སྡང་དང༌། གཏི་མུག་གིས་འཇིགས་ཤིང་སྐྲག་གོ །ང་རྒྱལ་དང་རྒྱགས་པ་དང༌། འཆབ་པས་འཇིགས་ཤིང་སྐྲག་གོ །ཆགས་པ་དང༌། ཕྲག་དོག་དང༌། སེར་སྣས་འཇིགས་ཤིང་སྐྲག་གོ །གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱས་འཇིགས་ཤིང་སྐྲག་གོ །ཕུང་པོའི་བདུད་ཀྱིས་འཇིགས་ཤིང་སྐྲག་གོ །ཉོན་མོངས་པའི་བདུད་ཀྱིས་འཇིགས་ཤིང་སྐྲག་གོ །འཆི་བདག་གི་བདུད་ཀྱིས་འཇིགས་ཤིང་སྐྲག་གོ །ལྷའི་བུའི་བདུད་ཀྱིས་འཇིགས་ཤིང་སྐྲག་གོ །མི་རྟག་པ་ལ་རྟག་པས་ཕྱིན་ཅི་ལོག་པས་འཇིགས་ཤིང་སྐྲག་གོ །སྡུག་བསྔལ་བ་ལ་བདེ་བས་ཕྱིན་ཅི་ལོག་པས་འཇིགས་ཤིང་སྐྲག་གོ །བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པས་འཇིགས་ཤིང་སྐྲག་གོ །མི་གཙང་བ་ལ་གཙང་བས་ཕྱིན་ཅི་ལོག་པས་འཇིགས་ཤིང་སྐྲག་གོ །སེམས་དང་ཡིད་དང་རྣམ་པར་ཤེས་པས་འཇིགས་ཤིང་སྐྲག་གོ །སྲིད་པས་འཇིགས་ཤིང་སྐྲག་གོ །འཁོར་བས་འཇིགས་ཤིང་སྐྲག་གོ །འཇིག་ཚོགས་ལ་ལྟ་བས་འཇིགས་ཤིང་སྐྲག་གོ །བདག་ཏུ་འཛིན་པ་ལ་བདག་གིར་འཛིན་པས་འཇིགས་ཤིང་སྐྲག་གོ །


DTG110_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་པས་འཇིགས་ཤིང་སྐྲག་གོ །འགྱོད་པ་དང་ཐེ་ཚོམ་གྱིས་འཇིགས་ཤིང་སྐྲག་གོ །སྡིག་པའི་གྲོགས་པོས་འཇིགས་ཤིང་སྐྲག་གོ །རྙེད་པ་དང་བཀུར་སྟིས་འཇིགས་ཤིང་སྐྲག་གོ །མི་དགེ་བའི་བཤེས་གཉེན་གྱིས་འཇིགས་ཤིང་སྐྲག་གོ །དགེ་སྦྱོང་གི་དྲི་མས་འཇིགས་ཤིང་སྐྲག་གོ །གཅིག་ལ་གཅིག་གནོད་པར་སེམས་པས་འཇིགས་ཤིང་སྐྲག་གོ །འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ཀྱིས་འཇིགས་ཤིང་སྐྲག་གོ །སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་བ་དང་སྐྱེ་བས་འཇིགས་ཤིང་སྐྲག་གོ །སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང༌། ཡི་དགས་ཀྱི་ཡུལ་དུ་འགྲོ་བས་འཇིགས་ཤིང་སྐྲག་གོ །མི་ཁོམ་པས་འཇིགས་ཤིང་སྐྲག་གོ །མདོར་ན་མི་དགེ་བའི་ཆོས་ཐམས་ཅད་ཡིད་ལ་བྱེད་པས་འཇིགས་ཤིང་སྐྲག་སྟེ། བདག་དེ་ལྟ་བུས་འཇིགས་ཤིང་སྐྲག་པས་འཇིགས་ནས་དགོན་པར་འོངས་སོ་ཞེས་འབྱུང་ངོ༌། །དེ་ལྟ་བས་ན་རྣལ་འབྱོར་དུ་བྱས་པས་ཀྱང་མདོ་སྡེ་དང་ལྡན་པར་དགོན་པར་གནས་པར་བྱའོ། །བསམ་པ་གཞན་གྱིས་ནི་གནས་པར་མི་བྱའོ། །ཡང་གསུངས་པ་ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་འབྱུང་བ་འཇིགས་ཤིང་སྐྲག་ནས་དགོན་པ་ལ་གནས་པ་འདི་ལ་གང་ཅུང་ཟད་འཇིགས་པ་སྐྱེ་བ་དེ་དག་ཐམས་ཅད་ནི་བདག་ཏུ་འཛིན་པ་ལས་སྐྱེས་སོ། །བདག་ཏུ་མངོན་པར་ཆགས་པ་དང༌། བདག་ཏུ་ཡོངས་སུ་འཛིན་པ་དང༌། བདག་གི་གཞི་དང༌། བདག་ཏུ་འདུ་ཤེས་པ་དང༌། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་དང༌། བདག་ཏུ་ལྟ་བ་དང༌། བདག་གི་གནས་དང༌། བདག་ཡོངས་སུ་རྟོག་པ་དང༌། བདག་སྲུང་བ་ལས་སྐྱེས་ཏེ། གལ་ཏེ་བདག་དགོན་པ་ལ་གནས་ལ་བདག་ཏུ་འཛིན་པ་ཡོངས་སུམ་སྤངས། བདག་ཏུ་མངོན་པར་ཆགས་པ་དང༌། བདག་ཏུ་ཡོངས་སུ་འཛིན་པ་དང༌། བདག་གི་གཞི་དང༌། བདག་ལ་སྲེད་པ་དང༌། བདག་ཏུ་འདུ་ཤེས་པ་དང༌། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་དང༌། བདག་ཏུ་ལྟ་བ་དང༌། བདག་གི་གནས་དང༌། བདག་ཏུ་ཡོངས་སུ་རྟོག་པ་དང༌། བདག་སྲུང་བ་ཡོངས་སུ་མ་སྤངས་ན་ནི་བདག་དགོན་པ་ལ་གནས་པ་དོན་མེད་པར་འགྱུར་རོ་སྙམ་དུ་བསླབ་པར་བྱ་སྟེ། བདག་ཏུ་འདུ་ཤེས་པ་ལ་ནི་དགོན་པ་ལ་གནས་པ་མེད་དོ། །གཞན་དུ་འདུ་ཤེས་པ་ལ་ཡང་མེད་དོ་སྙམ་དུ་བསམ་མོ། །ཁྱིམ་བདག་དགོན་པ་ལ་གནས་པ་ཞེས་བྱ་བ་ནི། ཆོས་


DTG110_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་མི་བརྟེན་པར་གནས་པའོ། །ཆོས་ཐམས་ཅད་ལ་མི་འཛིན་པར་གནས་པའོ། །མཚན་མ་ཐམས་ཅད་ལ་མི་ཆགས་པར་གནས་པའོ། །གཟུགས་ཐམས་ཅད་ལ་མི་བརྟེན་པར་གནས་པའོ། །སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་ཐམས་ཅད་ལ་མི་བརྟེན་པར་གནས་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་དང་མི་འགལ་བར་གནས་པའོ། །སེམས་ཤིན་ཏུ་ཞི་བས་ཤིན་ཏུ་སྦྱངས་པར་གནས་པའོ། །འཇིགས་པ་ཐམས་ཅད་སྤངས་པས་མི་འཇིགས་པར་གནས་པའོ། །ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བས་ཆུ་བོ་ལས་རྒལ་བར་གནས་པའོ། །བརྟན་པར་གནས་པའོ། །ངན་ངོན་གྱིས་ཆོག་ཤེས་པར་འཛིན་ཞིང་འདོད་པ་ཆུང་བས་འཕགས་པའི་རིགས་རྣམས་ལ་རབ་ཏུ་དགའ་བར་གནས་པའོ། །དགོང་སླ་ཞིང་གསོ་སླ་བར་ཆོག་པར་འཛིན་པར་གནས་པའོ། །ཤེས་རབ་ཀྱི་ཕྱིར་ཚུལ་ཁྲིམས་ལ་སྦྱོར་བས་ཐོས་པ་ལ་གནས་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་གནས་པ་དང༌། སོ་སོར་ཐར་པར་གནས་པའོ། །བཅིངས་པ་ཐམས་ཅད་བཅད་ནས་རྣམ་པར་གྲོལ་བར་གནས་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་དང་མཐུན་པས་མ་དུལ་བ་རྣམས་ཉེ་བར་ཞི་བར་གནས་པའོ། །ཤིན་ཏུ་རྣམ་པར་དག་པས་བྱ་བ་བྱས་པར་གནས་པའོ་ཞེས་གསུངས་པས། རྣལ་འབྱོར་པས་ཀྱང་དེ་ལྟར་བསམས་ཏེ་དགོན་པ་ལ་གནས་པར་བྱའོ། །ཡང་གསུངས་པ། ཁྱིམ་བདག་འདི་ལྟ་སྟེ་དཔེར་ན་དགོན་པ་ན་རྩྭ་དང་ཤིང་གེལ་པ་དང་ནགས་ཚལ་གནས་ཀྱང༌། འཇིགས་པ་མེད་ཅིང་མི་སྐྲག་སྐྲག་པར་མི་འགྱུར་རོ། །ཁྱིམ་བདག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་པས་ཀྱང་ལུས་ལ་རྩྭ་དང་ཤིང་གེལ་པ་དང༌། སྨན་དང༌། རྩིག་པ་དང༌། ཤིང་དང༌། མིག་ཡོར་ལྟ་བུ་དང༌། སྒྱུ་མ་དང་མཚུངས་པའི་འདུ་ཤེས་བསྐྱེད་པར་བྱ་སྟེ། འདི་ལ་སུ་ཞིག་འཇིགས་པར་འགྱུར། །འདི་ལ་སུ་ཞིག་སྐྲག་པར་འགྱུར་སྙམ་པའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་གསུངས་པས་དགོན་པ་བས་དེ་ལྟར་སེམས་བསྐྱེད་པར་བྱའོ། །ཡང་གསུངས་པ། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་སངས་རྒྱས་ཀྱི་དགོན་པ་ལ་


DTG110_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་བཀའ་སྩལ་པར་ཤེས་ནས་དགོན་པ་ལ་གནས་པར་བྱ་སྟེ། དེ་ལ་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དགེ་བའི་བཤེས་གཉེན་ལ་བརྟེན་ནས། ཕྱིས་གྲོང་དང༌། གྲོང་ཁྱེར་དང༌། གྲོང་རྡལ་དང༌། ལྗོངས་དང་ཡུལ་དང༌། ཕོ་བྲང་འཁོར་དག་ཏུ་ཞུགས་ཏེ་ཆོས་བསྟན་པར་བྱའོ། །ཁྱིམ་བདག་གལ་ཏེ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ལུང་དང་ཁ་ཏོན་ནོད་པའི་ཕྱིར། ཚོགས་ཀྱི་ནང་དུ་འཇུག་འདོད་ནས་དེས་དེར་གུས་པ་དང་བཅས་པར་བྱ་སྟེ། སློབ་དཔོན་དང་མཁན་པོ་རྣམས་དང༌། གནས་བརྟན་དང༌། བར་མ་དང༌། དགེ་སློང་གསར་བུ་རྣམས་ལ་ཞེ་ས་དང་བཅས་པར་བྱ། ཚུལ་ལ་མཁས་པར་བྱའོ། །སྙོམ་ལས་མེད་པར་རང་གི་བྱ་བ་དང༌། གཞན་ལ་གདུང་བ་མེད་པར་བྱའོ། །དེས་བསྙེན་བཀུར་ལ་གདུ་བར་མི་བྱའོ། །དེས་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷ་དང་བཅས་པའི་འཇིག་རྟེན་དང༌། བདུད་དང་བཅས་པ་དང་ཚངས་པ་དང་བཅས་པ་དང་དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པ་དང༌། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པས་མཆོད་པ་སྦྱིན་པའི་གནས་སུ་གྱུར་པ་དེ་ཡང་སེམས་ཅན་ཐམས་ཅད་ལ་གང་ལས་ཀྱང་རིམ་གྲོར་བྱས་པ་དག་གིར་མི་མཛད་ན། བདག་ཅག་མ་བསླབས་པ་སློབ་འདོད་པ་རྣམས་ལྟ་ཅི་སྨོས་ཏེ། བདག་གིས་སེམས་ཅན་ཐམས་ཅད་ལ་བསྙེན་བཀུར་བྱའི། གང་ལས་ཀྱང་བསྙེན་བཀུར་བྱ་བ་བདག་གིར་ནི་མི་བྱའོ་སྙམ་དུ་བརྟག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་དགེ་སློང་བསྙེན་བཀུར་ལ་གདུ་བ་ནི། ཡོན་ཏན་གྱི་རྗེས་སུ་བཟུང་བ་ཆུད་གཟོན་པ་ཡིན་ཏེ། དེས་གང་དག་སྡུད་པ་དེ་དག་ཀྱང་འདི་སྙམ་དུ་སེམས་ཏེ། བདག་ཅག་ནི་བསྙེན་བཀུར་གྱི་ཕྱིར་སྡུད་ཀྱི་ཆོས་ཀྱི་ཕྱིར་མ་ཡིན་ནོ་སྙམ་ཞེས་འབྱུང་ངོ༌། །ཡང་དེ་ལས་གསུངས་པ། ཁྱིམ་བདག་གལ་ཏེ་བྱང་ཆུབ་སེམས་དཔའ་དགོན་པ་པ་ཆོས་མཉན་པར་འདོད་དམ། མཁན་པོ་དང་སློབ་དཔོན་ལྟ་བར་འདོད་དམ། ནད་དྲི་བའི་ཕྱིར་གྲོང་གི་གནས་སུ་འགྲོ་ན་དེས་དགོངས་ནི་སླར་ལྡོག་པར་བྱ་བའི་ཕྱིར་འགྲོ་བའི་སེམས་བསྐྱེད་པར་བྱ་བའོ། །


DTG110_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གལ་ཏེ་ལུང་ནོད་པ་དང་ཁ་ཏོན་བྱ་བ་གཞན་ལ་དྲག་ལས་ཏེ་གཙུག་ལག་ཁང་ན་གནས་ན་ཡང་དེས་དགོན་པ་ལ་གཞོལ་བའི་སེམས་ཀྱིས་གང་དངོས་པོ་ཐམས་ཅད་ལ་དགོན་པར་འདུ་ཤེས་པ་དང༌། ཆོས་ཚོལ་བས་མི་ངོམས་པ་དེ་ཉིད་དགོན་པ་ལ་གནས་པ་ཡིན་ནོ་སྙམ་དུ་བསམ་པར་བྱའོ་ཞེས་འབྱུང་ངོ༌། །དེ་བས་ན་དགོན་པ་བས་ཀྱང་མདོ་དེ་དང་མཐུན་པར་སེམས་བསྐྱེད་པར་བྱའོ། །དགོན་པའི་གནས་གདམས་པ་ནི་འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་གསུངས་ཏེ། གནས་གང་དག་ནས་བསོད་སྙོམས་བླངས་པའི་སྤྱོད་ཡུལ་དང་ཧ་ཅང་ཡང་མི་རིང་སྟེ། ཧ་ཅང་ཡང་མི་ཉེ་བ་དང༌། གནས་གང་དག་ན་ཆུ་དང་ཞིང་རྙོག་པ་མེད་པ་གཙང་ཞིང་དྲི་མ་མེད་པ། ཚེགས་ཆུང་བ་ཡོད་པ་དང༌། གནས་གང་ན་ཤིང་ཕུན་སུམ་ཚོགས་པ། མེ་ཏོག་ཕུན་སུམ་ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པ། ལོ་མ་ཕུན་སུམ་ཚོགས་པ། གཅན་གཟན་ཁྲོ་བོ་མེད་པ། ཕུག་དང་ལྡན་པ། སྨན་གཤོང་དང་ལྡན་པ། བག་ཐུག་དག་མེད་པ། འགྲོ་ན་བདེ་བ། ཞི་བ། གཉིས་སུ་མེད་པའི་གནས་དེ་འདྲ་བ་དག་ཏུ་གནས་སོ་ཞེས་གསུངས་སོ། །ཡང་གསུངས་པ། གལ་ཏེ་དགེ་སློང་དགོན་པ་པའི་དྲུང་དུ་རྒྱལ་པོའམ་བློན་པོའམ་དེ་མ་ཡིན་པ་གཞན་བྲམ་ཟེའམ་རྒྱལ་རིགས་སམ་གྲོང་ངམ་ཡུལ་མི་དག་འོངས་ན་དེས་དེ་དག་ལ་གུས་པར་ལེགས་པར་འོངས་སོ་ཞེས་བརྗོད་པར་བྱའོ། །དེས་རྒྱལ་པོ་ཆེན་པོ་གདན་བཏིང་བ་ལ་བཞུགས་ཤིག་ཅེས་དེ་སྐད་བྱས་ནས་གལ་ཏེ་འདུག་ན་གཉི་ག་འདུག་པར་བྱའོ། །དེ་སྟེ་མི་འདུག་ན་གཉི་ག་ཡང་མི་འདུག་པར་བྱའོ། །དེ་སྟེ་བརྟན་ཞིང་དུལ་ལ་དབང་པོ་རབ་ཏུ་ཞི་བ་ཞིག་ཡིན་ཏེ་ཆོས་བསྟན་པར་རུང་ན་དེ་ལ་ཆོས་སྣ་ཚོགས་བསྟན་པར་བྱའོ། །དེ་སྟེ་ཆོས་སྣ་ཚོགས་བསྟན་པ་ལ་མི་དགའ་བདེ་ལ་སྐྱོ་བ་དང་མཐུན་པའི་ཆོས་བསྟན་པར་བྱའོ། །དེ་སྐྱོ་བ་དང་མཐུན་པའི་ཆོས་བསྟན་པ་ལ་མི་དགའ་ན་དེ་ལ་དེ་བཞིན་གཤེགས་པའི་ཆེ་བ་དག་བསྟན་པར་བྱའོ། །བྲམ་ཟེ་དང་རྒྱལ་རིགས་དང་གྲོང་པ་དང་ཡུལ་མི་དག་འོངས་ན་ཅི་རིགས་པར་ཆོས་བཤད་པར་བྱའོ། །དེ་དེ་ལྟར་མང་དུ་ཐོས་པས་ཆོས་


DTG110_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་པ་རྣམས་ཀྱི་སེམས་མགུ་བར་བྱེད་མི་ནུས་ན་ཡང༌། སེམས་ཅན་དེ་དག་ཀྱང་དེ་ལ་དགའ་བ་དང༌། དད་པ་དང་རངས་པ་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །འཕགས་པ་རིན་པོ་ཆེའི་ཕུང་པོའི་མདོ་ལས་ཀྱང་གསུངས་ཏེ། གལ་ཏེ་དགེ་སློང་དགོན་པ་བ་འབྲས་བུ་མ་ཐོབ་པ་སོ་སོ་སྐྱེ་བོའི་དྲུང་དུ་སྦྲུལ་དང༌། གཅན་གཟན་གཏུམ་པོ་འོངས་ནས་དེས་དེ་ལ་འཇིགས་པ་དང་སྐྲག་པར་མི་བྱའི། དེས་འདི་སྙམ་དུ་བདག་ཐོག་མ་ཉིད་ནས་ལུས་དང་སྲོག་བོར་ཏེ་དགོན་པའི་གནས་སུ་འོངས་ཀྱིས་འདི་ལ་བདག་གིས་འཇིགས་པར་མི་བྱ། སྐྲག་པར་མི་བྱའི། བྱམས་པའི་སེམས་བསྐྱེད་པར་བྱ། ཞེ་སྡང་རྣམ་པར་སྤང་བར་བྱ། འཇིགས་པ་རྣམ་པར་སྤང་བར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །གལ་ཏེ་སྦྲུལ་དང་གཅན་གཟན་དག་གིས་སྲོག་གཅོད་ཅིང་ཟ་ན་ཡང༌། དེས་འདི་སྙམ་དུ་གཅན་གཟན་འདི་དག་ལ་བདག་གིས་ཟང་ཟིང་ཙམ་གྱིས་ཚིམ་པར་བྱེད་མི་ནུས་ཀྱི། དེ་དག་གིས་བདག་གི་ཤ་ཟོས་ན་བདེ་བ་ལ་རེག་པར་གནས་པར་འགྱུར་ལ། བདག་གིས་ཀྱང་སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླངས་པར་གྱུར་ན་ནི། བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་དུ་བསམ་པར་བྱའོ། །གལ་ཏེ་དགོན་པའི་གནས་དེ་ན་གནས་པ་ན་མི་མ་ཡིན་པ་འོངས་བ་ན། མདོག་སྡུག་ཀྱང་རུང་མདོག་མི་སྡུག་ཀྱང་རུང༌། དེ་ལ་ཆགས་པར་མི་བྱ། ཁོང་ཁྲོ་བར་མི་བྱའོ། །གལ་ཏེ་སྔོན་སྟོན་པ་སངས་རྒྱས་མཐོང་བའི་ལྷ་དག་དགེ་སློང་དགོན་པ་པའི་གན་དུ་འོངས་ཏེ་དྲི་བ་ཡོངས་སུ་འདྲི་ན། དེ་ལ་དགེ་སློང་དགོན་པ་པ་དེས་ཇི་ལྟར་ཐོས་པ་བཞིན་དུ་ལྷ་དེ་ལ་ཆོས་བཤད་པར་བྱའོ། །ཅི་སྟེ་ལྷ་དེ་དག་ཟབ་མོའི་དྲི་བ་ཡོངས་སུ་འདྲི་སྟེ། དགེ་སློང་དགོན་པ་པ་དེས་ལན་མི་ཐེབས་པ་ལྟ་ན། དེས་ང་རྒྱལ་མེད་པར་བྱས་ལ་འདི་སྐད་ཅེས་མ་བསླབས་པ་ལ་བརྙས་པར་མི་བྱ་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་ལུང་མནོད་ནས་འབད་དེ་ཁོང་དུ་མ་ཆུད་པའི་ཆོས་རྣམས་ཁོང་དུ་ཆུད་པར་གྱུར་པ་དེའི་ཚེ་དེའི་དུས་ནས་དྲིས་པ་ཐམས་


DTG110_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་ལན་གདབ་པར་བྱའོ། །བདག་ནི་ཆོས་ཉན་པ་ཡིན་གྱི་ཁྱད་སྤོབས་པར་གྱིས་ཤིག་ཅེས་བརྗོད་པར་བྱ་སྟེ། འོད་སྲུངས་དགོན་པ་པས་དེ་ལྟར་ལྷ་དེ་དག་ལ་གོ་བར་བྱའོ། །ཡང་གསུངས་པ། དེ་དགོན་པའི་གནས་དེ་ན་གནས་པ་ན་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། །འདི་ལྟར་བདག་ནི་ལམ་རིང་པོ་ནས་འདིར་འོངས་ལ་གཅིག་པོ་གཉིས་སུ་མེད་པ་སྟེ་ལེགས་པར་བྱས་པའམ། ཉེས་པར་བྱས་པ་ལ་བསྐུལ་བའི་གྲོགས་པོ་ནི་གང་ཡང་མེད་ཀྱི། ལྷ་དང་ཀླུ་དང་གནོད་སྦྱིན་དང༌། དྲི་ཟ་དང༌། སངས་རྒྱས་བཅོམ་ལྡན་འདས་གང་དག་བདག་གི་སེམས་ཀྱི་བསམ་པ་ཤེས་པ་དག་ཡོད་དེ། བདག་དགོན་པའི་གནས་ན་གནས་ལ་མི་དགེ་བའི་སེམས་ཀྱི་དབང་དུ་སོང་ན་དེ་དག་དབང་དུ་འགྱུར་རོ་ཞེས་གསུངས་སོ། །དེ་བས་ན་དགོན་པ་བས་ཀྱང་དེ་ལྟར་སེམས་བསྐྱེད་པར་བྱའོ། །དེ་ལྟར་ན་གང་དག་སྒྲིབ་པ་མཐའ་དག་སྤང་བར་འདོད་པ་དང༌། ཐམས་ཅད་མཁྱེན་པ་ཉིད་མྱུར་དུ་ཐོབ་པར་འདོད་པ་དེས་དགོན་པ་ལ་གནས་པ་ཞི་གནས་དང་ལྷག་མཐོང་བསྒོམ་པ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །མི་རྟོག་རིམ་གྱིས་འཇུག་པའི་བསྒོམ་དོན་འདི། །བྱང་ཆུབ་དོན་དུ་གཉེར་བའི་གང་ཟག་གི །དོན་དུ་བསམ་པ་བཟང་པོ་བསྐྱེད་ནས་ནི། །ཡང་དག་དོན་འདི་བི་མ་མི་ཏྲས་བྱས། །དེ་ཡི་བསོད་ནམས་བདག་གིས་ཅི་ཐོབ་དེས། །ཁམས་གསུམ་སེམས་ཅན་མཐའ་དག་ཇི་སྙེད་ཀུན། །ཤེས་རབ་མིག་ཐོབ་དབུ་མའི་དོན་རྟོགས་ནས། །ཐམས་ཅད་མཁྱེན་པ་མྱུར་དུ་ཐོབ་པར་ཤོག །རིམ་གྱིས་འཇུག་པའི་བསྒོམ་དོན་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝ་རྨ་དང་ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཏེ་ཀྭ་ཆུར་གཏན་ལ་ཕབ་པ།། །།