cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་དྲུག་པ།

གླེགས་བམ། ཆེ༽

གཞན་ཕན་འོད་ཟེར།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་འགྲེལ་པ་ཀུན་བཟང་དགོངས་རྒྱན། གཞན་ཕན་འོད་ཟེར།

གླེགས་བམ་གཉིས་པ།
ས རྦ དྷ རྨ མ ཧཱ ས ནྟི བོ དྷི ཙི ཏྟ ཀུ ལ ཡ རཱ ཛ ཊཱི ཀ ས མ ནྟ ར ཤ ཡཱ ལཾ ཀཱ ར ན མ བི ཧ ར ཏི སྨ།
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་འགྲེལ་པ་ཀུན་བཟང་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །
དོན་བཅུ་པ་ཡེ་ནས་ལྷུན་གྱིས་གྲུབ་པའི་སེམས་ཉིད་རྡོ་རྗེ་སེམས་དཔའི་རང་བཞིན་ཆོས་ཉིད་མི་ནུབ་པའི་རྒྱལ་མཚན་དུ་གནས་པས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་ལེའུ་སུམ་ཅུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། ཕུན་སུམ་ཚོགས་པ་ལྔས་བསྡུས་པའི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་བཟང་ངན་བླང་དོར་མེད་པར་བྱང་ཆུབ་ཀྱི་སེམས་གཅིག་གི་ངོ་བོ་ཡིན་ཕྱིར་རེ་དོགས་དང་དགག་སྒྲུབ་ཅི་ཡང་མི་བྱེད་པར་མ་བཅོས་རྣལ་དུ་བཞག་ན། གང་ཤར་ཆོས་ཉིད་དུ་གྲོལ་བའི་རྣལ་འབྱོར་པ་ཡིན་པར་བསྟན་པའི་ལེའུ་ཉེར་དགུ་པའི་རྗེས་སུ་མི་ནུབ་རྒྱལ་མཚན་གྱི་ལེའུ་འདི་ཉིད་བསྟན་པའི་ཕྱིར་དུ་དེ་ནས་ཞེས་སྨོས་ཏེ། རྒྱུ་མཚན་གང་གིས་ན་བརྗོད་བྱ་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་འབྱུང་ཞིང་བརྗོད་བྱེད་ཀྱི་ཚིག་ཀྱང་སྔ་མ་བརྗོད་ཟིན་ནས་ཕྱི་མ་འབྱུང་དགོས་པའི་ཕྱིར་ཏེ། མདོ་བཅུ་ལས། དེ་ནས་དེ་ཡང་དེ་ལས་གསུམ། །རྒྱུ་འབྲས་བསྟན་པའི་འགྲེལ་པའོ། །ཞེས་སོ། །དེས་ན་འདིར་བར་གྱི་གསལ་བྱེད་དུ་བསྟན་པས་གཞན་རྣམས་སུ་ཡང་དེས་འདྲེ་བར་བྱའོ། །དེ་ལ་གང་ཞིག་སྟོན་པར་མཛད་པ་པོ་ནི་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཞེས་བྱེད་ཚིག་དང་བཅས་པས། གང་ལ་བསྟན་པའི་ཡུལ་ནི། རིན་པོ་ཆེ་རྒྱས་པའི་རྒྱུད་ལས། ཉི་མའི་སྙིང་པོ་ཟེར་དང་འོད་དུ་གནས། །འོད་དང་ཟེར་ནི་སྙིང་པོས་བསྡུས་པ་སྟེ། །རྡོ་རྗེ་སེམས་དཔའ་ཉིད་ཀྱང་དེ་བཞིན་གནས། །ཞེས་པ་ལྟར་སྡུད་པ་པོ་རྡོ་རྗེ་སེམས་དཔའ་ཉིད་ནི་ཉི་མ་དང་ཟེར་གྱི་ཚུལ་དུ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རྩལ་ལས་སྙིང་པོའི་ཚུལ་དུ་རང་ཤར་བ་ཡིན་པས་ན་ཉིད་ཀྱི་སྙིང་པོ་སེམས་དཔའ་རྡོ་རྗེ་ལ་ཞེས་ཆེད་དོན་གྱི་སྒྲ་སྦྱར་བའོ། །དེ་ལ་གང་ཞིག་བསྟན་པར་བྱ་བའི་དོན་ནི་སེམས་དཔའ་རྡོ་རྗེ་ཉིད་ཀྱི་རང་བཞིན་ལས་གཞན་དུ་ཅི་ཡང་མེད་དེ། གང་གི་ཕྱིར་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་ལས་མ་འདས་པའི་ཕྱིར་ཏེ། དེ་ཉིད་ལས། སྣང་ཚད་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ། །སྒྲ་རྣམས་ཐམས་ཅད་རྡོ་རྗེ་སེམས་དཔའི་གསུང་། །དྲན་རྟོག་ཐམས་ཅད་རྡོ་རྗེ་སེམས་པའི་ཐུགས། །ཡང་དག་རྫོགས་པའི་སངས་རྒྱས་ཐམས་ཅད་ནི། །རྡོ་རྗེ་སེམས་དཔའ་ཉིད་ལས་བྱུང་བ་སྟེ། །རྡོ་རྗེ་སེམས་དཔའ་ཆེ་ཞེས་རྟོགས་པས་ན། །རྫོགས་པའི་འབྲས་བུ་འདི་ལས་བྱུང་། །འདི་ལས་མ་རྟོགས་སངས་རྒྱས་མེད་པའོ། །ཞེས་སོ། །རྒྱུ་མཚན་དེས་ན་འདི་ལྟར་ཡུལ་སེམས་གཉིས་ཀྱིས་བསྡུས་པའི་ཆོས་འདི་ཐམས་ཅད་ལ། །སྟོན་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་དང་སྡུད་པ་པོ་རྡོ་རྗེ་སེམས་དཔའ་གཉིས་བྱ་བྱེད་རྩོལ་བ་ལ་ལྟོས་པ་མེད་པར་ཡེ་ནས་ལྷུན་གྱིས་རྫོགས་པ་ཡིན་ཞིང་། དེ་ལྟ་བུའི་རང་བཞིན་དུ་ཡེ་ནས་སངས་རྒྱས་པ་ཡིན་པར་སྟོན་པས་ན་བྱ་མེད་རྫོགས་པའི་ལུང་ཞེས་གསུངས་ཏེ། ཡང་དེ་ཉིད་ལས། ལུས་ངག་ཡིད་ལ་ཀུན་བཟང་ཡབ་ཡུམ་དང་། །རྡོ་རྗེ་སེམས་དཔའ་དངོས་སུ་རྫོགས་པ་སྟེ། །གསལ་བའི་རྣམ་པར་ཤེས་པ་ཀུན་ཏུ་བཟང་མོ་སྟེ། །དེ་ཡི་ཡུལ་དུ་སྣང་བ་ཀུན་ཏུ་བཟང་པོ་ཉིད། །ཕྱི་ནང་གཉིས་སུ་བསྡུས་ནས་འཛིན་པ་རྡོ་རྗེ་སེམས། །མིག་གི་རྣམ་པར་ཤེས་པ་ཀུན་ཏུ་བཟང་མོ་ལ། །དེ་ཡི་ཡུལ་དུ་སྣང་བ་ཀུན་ཏུ་བཟང་པོ་ཉིད། །མིག་གི་དབང་པོ་རྡོ་རྗེ་སེམས་དཔའ་འོ། །སྣ་ཡི་རྣམ་ཤེས་ཀུན་ཏུ་བཟང་མོ་ལ། །དེ་ཡི་ཡུལ་སྒྲ་ཀུན་ཏུ་བཟང་པོ་ཉིད། །རྣ་བའི་དབང་པོ་རྡོ་རྗེ་སེམས་དཔའ་འོ། །སྣ་ཡི་རྣམ་ཤེས་ཀུན་ཏུ་བཟང་མོ་ལ། །དེ་ཡི་ཡུལ་དྲི་ཀུན་ཏུ་བཟང་པོའོ། །སྣ་ཡི་དབང་པོ་རྡོ་རྗེ་སེམས་དཔའ་འོ། །ལྕེ་ཡི་རྣམ་ཤེས་ཀུན་ཏུ་བཟང་མོ་ལ། །དེ་ཡི་ཡུལ་རོ་ཀུན་ཏུ་བཟང་པོ་ཉིད། །ལྕེ་ཡི་དབང་པོ་རྡོ་རྗེ་སེམས་དཔའ་འོ། །ལུས་ཀྱི་རྣམ་ཤེས་ཀུན་ཏུ་བཟང་མོ་ལ། །ཡུལ་དེའི་རེག་བྱ་ཀུན་ཏུ་བཟང་པོ་ཉིད། །ལུས་ཀྱི་དབང་པོ་རྡོ་རྗེ་སེམས་དཔའ་འོ། །ཡིད་ཀྱི་རྣམ་ཤེས་ཀུན་ཏུ་བཟང་མོ་ལ། །དེ་ཡི་ཡུལ་ཆོས་ཀུན་ཏུ་བཟང་པོ་ཉིད། །ཡིད་ཀྱི་དབང་པོ་རྡོ་རྗེ་སེམས་དཔའ་འོ། །ཕྱི་ཡི་ཡུལ་རྣམས་སྣང་ལ་རང་བཞིན་མེད། །ནང་གི་ཤེས་པ་གསལ་ལ་རྟོག་པ་མེད། །དབང་པོ་ལྷུག་པ་རིག་པ་འཛིན་པ་མེད། །ཕྱི་ནང་བཅོས་སུ་མེད་པ་ལྷུན་གྱིས་རྫོགས། །ཞེས་པ་ལྟར་རོ། །དེ་ལྟ་བུའི་གདོད་ནས་མངོན་པར་སངས་རྒྱས་པའི་རང་བཞིིིན་སྙིང་པོ་བྱང་ཆུབ་སེམས་ཀྱི་ངོ་བོ་འདི་ཉིད་ཡེ་ནས་འཕོ་འགྱུར་དང་བྲལ་ཞིང་མཚན་མའི་རྣམ་རྟོག་གང་གི་ཡང་འོག་ཏུ་མི་ནུབ་པར་འགྲོ་བ་ཀུན་གྱི་རྒྱུད་ལ་ཡེ་ཤེས་རང་གསལ་གྱི་ངོ་བོར་རྟག་ཏུ་གནས་ཤིང་། གཟུང་འཛིན་འཁྲུལ་སྣང་གི་གཡུལ་ལས་རྣམ་པར་རྒྱལ་བས་མི་ནུབ་པའི་རྒྱལ་མཚན་ཞེས་གསུངས་ཏེ། ཐིག་ལེ་ཀུན་གསལ་ལས། རིག་པའི་ཡེ་ཤེས་འབྱུང་བ་ལས་འདས་པའི་རང་གདངས། འོད་ལས་འདས་པའི་ཡེ་ཤེས། ཡིད་ལས་འདས་པའི་ཤེས་རབ། དུས་ཐམས་ཅད་དུ་སྐྱེ་འགགས་དང་ནུབ་པ་མེད་པར་གནས་པ་ནི་ནམ་མཁའ་ཁྱབ་པ་མེད་པའི་གདངས་ཅན་ཏེ་རྒྱལ་མཚན་གྱི་རྩེ་མོ་ལྟ་བུའོ། །ཞེས་དང་། བདེ་བ་ཕྲ་བཀོད་ལས། བདེ་བའི་ཀློང་ན་གནས་པས་སྡུག་བསྔལ་བྲལ་བ་ཡིན། །འབྲས་བུ་ཆོས་སྐུར་གྲུབ་པས་མཚོན་པ་མྱ་ངན་འདས། །ཡེ་བརྡལ་འབྲས་བུ་ཡིན་པས་ཆོས་སྐུ་གྲུབ། །བལྟ་བར་བསྟན་པས་ཡེ་ནས་གོས་པ་མེད། །སྣང་བ་རང་ལ་ཤར་བས་སེམས་ལ་ནུབ་པ་མེད། །མི་ནུབ་རྒྱལ་མཚན་རྩེ་རུ་ཕྱིན་ན་ལྟུང་བ་མེད། །ཅེས་དང་། བང་མཛོད་འཕྲུལ་ལྡེ་ལས། གཅིག་དང་དུ་མར་བགྲང་དུ་མེད་པའི་ཕྱིར། །ཐིག་ལེ་ཉག་གཅིག་ཡིན་པར་ཡིད་ཀྱང་ཆེས། །དུས་གསུམ་འཕོ་འགྱུར་མེད་པའི་ཕྱིར། །མི་ནུབ་རྒྱལ་མཚན་ཡིན་པར་ཡིད་ཀྱང་ཆེས། །ཞེས་སོ། །དེ་ལྟར་བརྗོད་བྱ་བྱང་ཆུབ་ཀྱི་སེམས་ཀུན་ཁྱབ་འཕོ་འགྱུར་མེད་པས་གདོད་ནས་བསལ་བཞག་དང་བྲལ་བ་མི་ནུབ་རྒྱལ་མཚན་གྱི་རང་བཞིན་དུ་གནས་པ་དེ། མངོན་སུམ་ཐད་དྲང་དུ་སྟོན་པའི་བརྗོད་བྱེད་ཀྱི་གཞུང་གསང་ཆེན་ཨ་ཏི་ཡོ་གའི་བསྟན་པ་འདི་ཉིད་ཀྱང་ཆོས་སྐུའི་བསྟན་པ་ཡིན་པས། དུས་གསུམ་ཀུན་ཏུ་མི་ནུབ་པར་གནས་ཤིང་འོག་མའི་ཐེག་པ་ཀུན་ལས་རྒྱལ་མཚན་གྱི་རྩེ་མོའི་ཏོག་ལྟར་མཐོ་ཞིང་ཆེ་བས་ན་བརྗོད་བྱེད་ཀྱི་ཆོས་ལ་ཡང་དེ་ལྟར་དུ་བརྗོད་དེ། འཁོར་བ་རྩད་གཅོད་ཀྱི་རྒྱུད་ལས། རྫོགས་ཆེན་ཨ་ཏིའི་བསྟན་པ་ནི། །མི་ནུབ་ནུབ་པར་མི་འགྱུར་རོ། །དོན་ལ་འགྱུར་བ་མེད་པའི་ཕྱིར། །ཡིད་བཞིན་ནོར་བུའི་རྒྱལ་མཚན་རྩེ། །ཞེས་སོ། །དེས་ན་དེ་ལྟ་བུའི་མཚན་གྱི་ཆེ་བ་དང་ལྡན་པའི་བྱ་བྲལ་རྫོགས་པ་ཆེན་པོའི་དོན་འདི་གསུངས་སོ་ཞེས་པ་སྟེ། དེ་ཡང་ཇི་ལྟར་ན་ཀྱེ་སེམས་དཔའ་རྡོ་རྗེ་ཁྱོད་ཉོན་ཅིག་ཅེས། འདིར་རྒྱལ་བ་རང་སྣང་གི་དཀྱིལ་འཁོར་དུ་ཉིད་ལས་མི་གཞན་པའི་འཁོར་ལ་དགོངས་བརྒྱུད་བྱིན་རླབས་ཀྱི་ཚུལ་དུ་གསུངས་པ་ལ། ཉན་བྱ་ཉན་བྱེད་གཉིས་མེད་ཅིང་ཉན་པར་བསྐུལ་ཡང་མི་དགོས་མོད། འོན་ཀྱང་གཞུང་གོང་འོག་གི་སྐབས་ཀུན་ཏུ་འདི་ལྟར་ཉན་པར་བསྐུལ་བའི་ཚིག་བྱུང་བ་རྣམས་ཕྱི་རབས་རྗེས་འཇུག་རྣམས་ཀྱིས་སྣོད་ཀྱི་སྐྱོན་དང་བྲལ་བར་ཉན་དགོས་ཚུལ་བསྟན་པ་ཡིན་ནམ་སྙམ་མོ། །དེ་ལྟར་ཉན་པར་བསྐུལ་ནས་གང་ཞིག་བསྟན་པར་བྱ་ན་གོང་དུ་སྨོས་པ་ལྟར་སེམས་དཔའ་རྡོ་རྗེ་ཁྱོད་ཉིད་ལ་ཉིད་ཀྱི་ཞེས་ངེས་བཟུང་གི་སྒྲ་སྦྱར་ཏེ། དོན་དུ་སེམས་དཔའ་རྡོ་རྗེ་རང་གི་རང་བཞིན་གཞི་རྫོགས་ལྷུན་གྲུབ་ཆེན་པོ་ཆོས་ཉིད་བྱ་རྩོལ་དང་བྲལ་བའི་དོན་དེ་བསྟན་པར་བྱའོ། །དེ་ལ་རྡོ་རྗེ་སེམས་དཔའི་ཉིད་ཀྱི་རང་བཞིན་གང་ཡིན་པ་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཉིད་ཡིན་ཏེ་ཞེས་བྱང་ཆུབ་སེམས་ཀྱི་ངོ་བོ་དང་། དེའི་གདངས་འགག་པ་མེད་པའི་རྩལ་གྱི་ཆ་གཉིས་ཐ་དད་མེད་པར་དབྱེར་མེད་དུ་བསྟན་པ་ཡིན་ལ། འོ་ན་ཀུན་བྱེད་རྒྱལ་པོ་ཉིད་ནི་གང་ཡིན་ཞེ་ན་ཀུན་བྱེད་ང་ནི་བསྒོམ་བསྒྲུབ་རྩོལ་བ་ལ་མ་ལྟོས་པར་ཡེ་ནས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་བདག་ཉིད་དུ་མངོན་པར་བྱང་ཆུབ་པའི་ངོ་བོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ཉིད་ཡིན་ནོ་ཞེས་པ་སྟེ། ཚུལ་འདིས་ནི་སེམས་དཔའ་རྡོ་རྗེ་ཉིད་ལ་ཉིད་ཀྱི་རང་བཞིན་བྱ་རྩོལ་བྲལ་བའི་དོན་ཞིག་བསྟན་པ་ལྟ་བུ་ཁོ་ནར་གོ་བར་མི་བྱ་བར་འགྲོ་བ་ཀུན་ལ་རང་རང་གི་སེམས་ཀྱི་ཆོས་ཉིད་གསལ་རིག་འགག་པ་མེད་པ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་ཞིག་རང་ཆས་ལྷུན་གྲུབ་ཏུ་ཡོད་པ་འདི་ལས་གཞན་དུ་རྫོགས་ཆེན་རྩོལ་སྒྲུབ་བྲལ་བའི་དགོངས་པ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཞིག་མེད་པར་ངོ་རང་ཐོག་ཏུ་སྤྲད་པ་ཡིན་པར་ཤེས་པར་བྱ་སྟེ། ཅིའི་ཕྱིར་ན་སེམས་ཅན་རྣམས་ལས་གཞན་ན་སེམས་དཔའ་རྡོ་རྗེ་ཞིག་མེད་པར་གསུངས་ཤིང་། སེམས་དཔའ་རྡོ་རྗེའི་རང་བཞིན་ནི་ཀུན་བཟང་ཆོས་སྐུའི་སྟོན་པ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་པར་བསྟན་པའི་ཕྱིར་ཏེ། མདོ་བཅུ་ལས། རྡོ་རྗེ་སྙིང་པོའི་སེམས་དཔའ་ཁྱོད། །ཀུན་གྱི་རང་བཞིན་ཁྱོད་ཡིན་པས། །སེམས་ཉིད་ཀུན་ཏུ་བཟང་པོ་འདི། །ཁྱོད་ཀྱིས་ཀུན་ལ་བསྟན་དུ་གསོལ། །ཞེས་པས་བསྟན་པ་ལྟར་ལ། བྱང་ཆུབ་སེམས་ཀྱི་ཡིན་ལུགས་སམ་རང་བཞིན་ནི་འཆད་འགྱུར་གྱི་དོན་འདི་ལྟ་བུའོ་ཞེས་རྒྱས་བཤད་ཀྱི་སྐབས་ལ་བསྙེགས་པ་སྟེ། མདོར་ན་ཆོས་ཐམས་ཅད་སེམས་དཔའ་རྡོ་རྗེའི་རང་བཞིན་ཡིན་ཞིང་སེམས་དཔའ་རྡོ་རྗེ་ཉིད་ནི་ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ལས་གཞན་དུ་མེད་པའི་རྒྱུ་མཚན་དེས་ན་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་བྱང་ཆུབ་སེམས་ཀྱི་གནས་ལུགས་གདོད་ནས་འཕོ་འགྱུར་བྲལ་བའི་ཆོས་ཉིད་གཉིས་སྣང་གི་སྒྲིབ་པ་མེད་པས་མི་ནུབ་པའི་རྒྱལ་མཚན་སྟེ། དེ་ཉིད་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་ཡེ་སྟོང་སྤྲོས་བྲལ་ནམ་མཁའ་ལྟ་བུའི་རང་བཞིན་ལ་ཆེ་བའི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་རྫོགས་པས་མ་བཙལ་གཞི་ནས་གྲོལ་བའི་ཚུལ་འདི་གསུངས་སོ་ཞེས་མདོར་བསྟན་པའོ། །གཉིས་པ་རྒྱལ་པར་བཤད་པ་ལ་དགུ་སྟེ། ཀུན་གྱི་སྔ་རོལ་ན་གདོད་མའི་ཀུན་བྱེད་འོད་གསལ་བའི་སེམས་ཉིད་ལ་ལྷུན་གྱིས་གྲུབ་པའི་ཆེ་མདོ། རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་སེམས་ཉིད་ཇི་བཞིན་ལྷུན་གྲུབ་ཏུ་བཞག་པའི་གལ་མདོ། ཆགས་སྡང་དུག་ལྔར་སྣང་བ་མ་སྤངས་ཆོས་ཉིད་དུ་གྲོལ་བས་རྟོག་མེད་མཉམ་ཉིད་དུ་གནས་པའི་སྤྱོད་མདོ། གསང་བ་དམ་པ་མཆོག་ཏུ་བསྔགས་ཤིང་ཐེག་པ་གཞན་གྱིས་ལམ་གྱིས་མི་འགྲུབ་པའི་མཆོག་མདོ། འོད་གསལ་དབྱིངས་ཀྱི་སེམས་ཉིད་ཇི་བཞིན་ཀུན་ཁྱབ་ཏུ་བསྟན་པས་བཟང་ངན་བླང་དོར་མེད་པའི་དབྱིངས་མདོ། ཐེག་པ་གཞན་གྱིས་རྩོལ་སྒྲུབ་དམིགས་བཅས་བསྐྱེད་རྫོགས་སུ་བཙལ་བས་ཇི་བཞིན་པའི་ཆོས་ཉིད་མི་མཐོང་བའི་ངེས་མདོ། ལྷུན་རྫོགས་ཇི་བཞིན་པར་གནས་པས་རྣལ་དོན་མ་བཙལ་བར་གྲུབ་པའི་རྣལ་མདོ། གཞི་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལས་སྣང་སྲིད་འཁོར་འདས་རང་སྣང་དུ་ཇི་ལྟར་བཀོད་ཚུལ་གྱི་གཞི་མདོ། མ་བཅོས་དེ་བཞིན་ཉིད་དུ་བཞག་པའི་ལམ་ཆེན་ལ་ཐེག་པ་གཞན་གྱི་ལེགས་པའི་ལམ་གྱིས་མི་འགྲུབ་པའི་གྲངས་མདོའོ། །དང་པོ་ལ་དྲུག་སྟེ། སེམས་ཉིད་དབྱིངས་ཀྱི་རང་བཞིན་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཆོས་ཉིད་ཇི་ལྟར་གནས་པ་བསྟན་པས་ཡེ་སངས་རྒྱས་པ་ཆེ་བའི་མདོ། ཚོར་བ་མཉམ་ཉིད་དུ་གནས་པས་གཉིས་མེད་ཡོན་ཏན་ཏུ་ཡེ་གྲུབ་རིན་ཆེན་འབྱུང་ལྡན་གྱི་ཆེ་མདོ། རྣམ་ཤེས་གསལ་སྟོང་དུ་ཡེ་གནས་མི་བསྐྱོད་རྡོ་རྗེའི་ཆེ་མདོ། གཟུང་འཛིན་ཆོས་དབྱིངས་སུ་ཤར་བ་རྣམ་པར་སྣང་མཛད་ཀྱི་ཆེ་མདོ། འདུ་ཤེས་བདེ་ཆེན་དུ་ཤར་བས་ཀུན་རྟོག་སྣང་མཐར་གྲོལ་བ་ཐབས་ཤེས་གཉིས་མེད་ཀྱི་ཆེ་མདོ། འདུ་བྱེད་རང་གྲོལ་དུ་སྣང་བས་ཡེ་ནས་བྱ་གྲུབ་ཏུ་ཤར་བ་དོན་ཡོད་གྲུབ་པའི་ཆེ་མདོའོ། །དང་པོ་ནི། མདོ་བཅུ་ལས། མིང་ནི་རྡོ་རྗེ་སེམས་དཔའ་ལ། །དོན་གྱི་རང་བཞིན་སྐྱེ་བ་མེད། །དཔེ་ནི་ནམ་མཁའ་ལྟ་བུ་སྟེ། །ཆེ་བ་ལྔ་ནི་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་འདིར་རྡོ་རྗེ་སེམས་དཔའ་ཞེས་པའི་མིང་གིས་འདོགས་ཡུལ་ནི། གཞུང་འདི་ཉིད་ཀྱི་བརྗོད་བྱའི་སྙིང་པོ་འཁོར་འདས་ཐམས་ཅད་ཀྱི་འབྱུང་གནས་གདོད་ནས་སྐྱེ་བ་མེད་པའི་ཆོས་ཉིད་ཁྱབ་གདལ་ཆེན་པོ་རིག་པ་བྱང་ཆུབ་ཀྱི་རང་བཞིན་བྲི་གང་འཕོ་འགྱུར་དང་བྲལ་བ་འདི་ཉིད་སྟེ། ཅིའི་ཕྱིར་ན་འདི་ཉིད་རྒྱུ་རྐྱེན་གང་གིས་ཀྱང་མ་བསྐྱེད་པའི་འདུས་མ་བྱས་པའི་རང་བཞིན་བརྗོད་བྲལ་བློ་ལས་འདས་པ་ཡིན་སླད་མཚན་རྟོག་གི་སྤྲོས་པས་མི་ཕྱེད་ཅིང་སྐྱེ་འཇིག་གཞོམ་གཞིག་དང་བྲལ་བས་རྡོ་རྗེ་ཞེས་གསུངས་ལ། སེམས་དཔའ་ནི་ས་ཏྭའི་སྒྲ་ལས་དྲང་ན་བརྟན་བསྡུས་རྟོགས་གསུམ་ལ་འཇུག་པས། ཆོས་ཐམས་ཅད་ཀྱི་གནས་ལུགས་སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་ནི་ཐོག་མ་དང་ཐ་མ་མེད་པའི་དུས་སུ་མི་འགྱུར་ཞིང་བརྟན་པ་དང་། སྣང་སྲིད་འཁོར་འདས་ཐམས་ཅད་དེ་ཉིད་ཀྱི་ཀློང་དུ་གཉིས་མེད་མཉམ་རྫོགས་ཆེན་པོར་འུབ་ཆུབ་པས་ན་བསྡུས་པ་དང་། གདོད་ནས་མ་རིག་གཟུང་འཛིན་གྱི་མུན་པས་བསྒྲིབས་པ་མེད་པར་རང་བྱུང་ཡེ་ཤེས་ཆེན་པོའི་ངོ་བོར་འོད་གསལ་འཆར་ནུབ་དང་བྲལ་བར་གནས་པས་རྟོགས་པ་སྟེ་ཚུལ་དེས་ན་སེམས་དཔའ་ཞེས་གསུངས་ལ། ཡང་རྣམ་པ་གཅིག་ཏུ་ན་སེམས་ཉིད་འགྱུར་བ་མེད་པ་ནམ་མཁའ་ལྟ་བུའི་རང་བཞིན་གྱིས་ཀུན་ལ་ཁྱབ་ཅིང་གང་གིས་གོས་པ་མེད་པའི་ཕྱིར་ཡང་དེ་སྐད་ཅེས་བརྗོད་དེ། རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། འབྱུང་བའི་སྐུ་ཡི་གནས་ལུགས་ནི། །མི་འགྱུར་བ་ཡི་རྡོ་རྗེ་སྟེ། །ནམ་མཁའ་ཆེན་པོ་དེ་ཉིད་ཡིན། །ཕྱི་ནང་དབྱེར་མེད་གནས་པས་སེམས། །གང་གིས་གོས་པར་མ་གྱུར་བ། །དེ་ནི་དཔའ་བོ་ཆེན་པོ་ཡིན། །ཞེས་སོ། །དེ་ལྟ་བུའི་ཆོས་ཉིད་སྤྲོས་པ་དང་བྲལ་བ་བྱང་ཆུབ་སེམས་ཀྱི་ངོ་བོ་དེ་དངོས་པོ་མཚན་མའི་ཆོས་སུ་གྲུབ་པ་མེད་བཞིན་ཏུ་ཀུན་ཁྱབ་འཕོ་འགྱུར་དང་བྲལ་བ་ནམ་མཁའ་ལྟར་གནས་པས་ན་ནམ་མཁའ་ནི་དཔེ་ཡིན་ལ། །ཉི་མ་དང་འོད་བཞིན་དུ་སྐུ་དང་ཡེ་ཤེས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ་རྟག་ཏུ་འདུ་འབྲལ་མེད་པར་གནས་ཤིང་གདོད་ནས་ཡེ་སངས་རྒྱས་པ་ཆེ་བའི་ཡོན་ཏན་དང་ལྡན་པ་སྟེ། དེ་ལ་སྐུ་དང་ཡེ་ཤེས་ཐམས་ཅད་རྫོགས་ཚུལ་ཡང་། བང་མཛོད་འཕྲུལ་ལྡེ་ལས། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །མ་བཅོས་རྣལ་དུ་བཞག་པ་ནི། །དེ་ནི་ཆོས་དབྱིངས་ཡེ་ཤེས་ཡིན། །གསལ་ལ་རྟོག་པ་མེད་པ་ནི། །དེ་ནི་མེ་ལོང་ཡེ་ཤེས་ཡིན། །སེམས་ལ་དབྱེ་བ་མེད་པ་ནི། །དེ་ནི་མཉམ་ཉིད་ཡེ་ཤེས་ཡིན། །སྣང་ཚུལ་ཅིར་ཡང་སྣང་བ་ནི། །དེ་ནི་ཀུན་རྟོག་ཡེ་ཤེས་ཡིན། །སེམས་ཀྱིས་ཀུན་ལ་དབང་བསྒྱུར་བས། །དེ་ནི་བྱ་གྲུབ་ཡེ་ཤེས་ཡིན། །ཞེས་དང་། །མི་གཡོ་རང་བཞིན་གནས་པས་ཆོས་སྐུ་ཡིན། །གསལ་ལ་རྟོག་པ་མེད་པས་ལོངས་སྐུ་ཡིན། །སེམས་ལ་དབང་ཐོབ་ཅིར་ཡང་བསྒྱུར་ནུས་པས། །དེ་ནི་ཐུགས་རྗེ་སྤྲུལ་པའི་སྐུ། །རང་རིག་མངོན་དུ་གྱུར་བ་ནི། །མངོན་པར་བྱང་ཆུབ་སྐུ་རུ་འདོད། །གཉེན་པོས་འཕོ་འགྱུར་མེད་པ་ནི། །རྡོ་རྗེ་ལྟ་བུའི་སྐུ་རུ་འདོད། །ཅེས་གསུངས་པ་ལྟར་ལ། དེ་ལྟར་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་སངས་རྒྱས་པའི་ཚུལ་ཀྱང་ཆེ་བ་རྣམ་པ་ལྔའི་ཚུལ་གྱིས་ཏེ། ཀློང་ཆེན་ལས། སེམས་ཉིད་ཀློང་ཆེན་ཡངས་པ་རུ། །འཁོར་འདས་མ་ལུས་ཆོས་སོ་ཅོག །ཆེ་བ་ལྔ་རུ་མངོན་སངས་རྒྱས། །ཞེས་གསུངས་པ་དེ་ལ་ཡང་ཐེག་པ་སོ་སོ་ལ་ལྟོས་པའི་གནས་སྐབས་འགྱུར་བའི་ཆེ་བ་དང་། མཐར་ཐུག་ལྷུན་གྱིས་གྲུབ་པའི་ཆེ་བ་གཉིས་སུ་ཡོད་དེ། །ཀུན་གསལ་ལས། གནས་སྐབས་འགྱུར་བའི་ཆེ་བ་རྣམས། །ཐེག་པ་སོ་སོའི་ཆེ་བ་ཡིན། །མཐར་ཐུག་ཆེ་བ་རྣམ་པ་ལྔ། །ཡེ་ནས་འདུ་འབྲལ་མེད་པ་ཡི། །ཞེས་གསུངས་པ་ལྟར་གཉིས་ལས་འདིར་བཤད་པ་ནི་བྱང་ཆུབ་ཀྱི་སེམས་ལ་ལྡོག་པས་དབྱེ་བ་ཙམ་ལས་དོན་ལ་ཡེ་ནས་འདུ་འབྲལ་མེད་པའི་རྫོགས་པ་ཆེན་པོའི་མཐར་ཐུག་གི་ཆེ་བ་རྣམ་པ་ལྔ་མ་བཙལ་ལྷུན་གྱིས་གྲུབ་པར་སྟོན་པ་སྟེ། བང་མཛོད་འཕྲུལ་ལྡེ་ལས། མངོན་པར་སངས་རྒྱས་ཆེ་བ་ནི། །སྤྲོས་པ་མེད་པའི་བྱང་ཆུབ་སེམས། །སྣང་སྲིད་ཀུན་ལས་ཁྱད་པར་འཕགས། །ཨ་ཏི་ཡོ་གའི་ཆེ་བར་བཤད། །ཆོས་དབྱིངས་སངས་རྒྱས་ཆེ་བ་ནི། །ཐམས་ཅད་འབྱུང་བའི་བྱང་ཆུབ་སེམས། །འབྱུང་གནས་ཀུན་ལས་ཁྱད་པར་འཕགས། །ཨ་ཏི་ཡོ་གའི་ཆེ་བར་བཤད། །བདག་ཉིད་སངས་རྒྱས་ཆེ་བ་ནི། །ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས། །རྩོལ་སྒྲུབ་ཀུན་ལས་ཁྱད་པར་འཕགས། །ཨ་ཏི་ཡོ་གའི་ཆེ་བར་བཤད། །དེ་ཉིད་སངས་རྒྱས་ཆེ་བ་ནི། །མ་ནོར་བ་ཡི་བྱང་ཆུབ་སེམས། །གཏན་ཚིགས་ཀུན་ལས་ཁྱད་པར་འཕགས། །ཨ་ཏི་ཡོ་གའི་ཆེ་བ་ཡིན། །སངས་རྒྱས་མེད་པའི་ཆེ་བ་ནི། །སྒྲོ་སྐུར་བྲལ་བའི་བྱང་ཆུབ་སེམས། །བསམ་བརྗོད་ཀུན་ལས་ཁྱད་པར་འཕགས། །ལ་བཟླ་བ་ཡི་ཆེ་བ་ཡིན། །ཞེས་པ་ལྟར་རོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དེ་ཉིད་བཟང་ངན་བླང་དོར་སོགས་ཀྱི་གཉིས་ཆོས་སུ་མ་གྲུབ་པར་དུས་དང་རྣམ་པ་ཀུན་ཏུ་དག་པ་ཉག་གཅིག་གི་རང་བཞིན་དུ་གནས་པས་ཀུན་ཏུ་བཟང་པོ་ཡིན་པ་དང་། ཆོས་ཐམས་ཅད་བྱུང་ཀྱང་དེ་ལས་བྱུང་ལ་གནས་ཀྱང་དེ་ལ་གནས་པས་ཀུན་ཏུ་བཟང་མོ་ཡིན་པ་དང་། དེ་ལ་གཟུང་འཛིན་མཚན་མའི་སྤྲོས་པ་གང་ཡང་མེད་པས་གཉིས་སུ་མེད་པ་ཡིན་པ་སྟེ་ཡིན་པ་གསུམ་གྱི་ཚུལ་དུ་གནས་པས་ཀུན་ཏུ་བཟང་པོ་ཞེས་སྨོས་ཏེ། མདོ་བཅུ་ལས། ཆོས་ཉིད་བྱང་ཆུབ་སེམས་དེ་ལ། །བཟང་ངན་བླང་དོར་མེད་པའི་ཕྱིར། །ཀུན་ཏུ་བཟང་པོ་ཡིན་པར་བཤད། །ཆོས་ཉིད་བྱང་ཆུབ་སེམས་དེ་ལ། །ཐམས་ཅད་འདུས་ཤིང་འབྱུང་བའི་ཕྱིར། །ཀུན་ཏུ་བཟང་མོ་ཡིན་པར་བཤད། །ཆོས་ཉིད་བྱང་ཆུབ་སེམས་དེ་ལ། །གཟུང་འཛིན་སྤྲོས་པ་མེད་པའི་ཕྱིར། །གཉིས་སུ་མེད་པ་ཡིན་པར་བཤད། །ཅེས་གསུངས་ལ། ཡང་ན་ཀུན་ཞེས་པ་མ་འདྲེས་པ་ཡོངས་སུ་རྫོགས་པའི་ཆོས་ཐམས་ཅད་དེ། དེ་ལ་མ་འདྲེས་པ་ནི་ཆོས་ཅན་སྣ་ཚོགས་སུ་སྣང་བ་དང་། ཡོངས་སུ་རྫོགས་པ་ནི་དེ་ཐམས་ཅད་ཆོས་ཉིད་གཅིག་གི་རང་བཞིན་དུ་མི་གཉིས་པའི་དོན་ཏེ། སྔ་མ་ལས། ཆོས་ཅན་ཕྱོགས་ནས་མ་འདྲེས་པ། །ཆོས་ཉིད་ཕྱོགས་སུ་ཡོངས་སུ་རྫོགས། །བསམ་དབང་ཕྱོགས་ནས་མ་འདྲེས་པ། །དངོས་དབང་ཕྱོགས་སུ་ཡོངས་སུ་རྫོགས། །ཀུན་རྫོབ་ཕྱོགས་ནས་མ་འདྲེས་པ། །དོན་དམ་ཕྱོགས་སུ་ཡོངས་སུ་རྫོགས། །འཁྲུལ་རྟོག་ཕྱོགས་ནས་མ་འདྲེས་པ། །གཉིས་མེད་ཡེ་ཤེས་ཡོངས་སུ་རྫོགས། །བརྒྱད་ཀྱི་ལྟ་སྤྱོད་མ་འདྲེས་པ། །ཨ་ཏི་ཡོ་གར་ཡོངས་སུ་རྫོགས། །ཞེས་པ་ལྟར་ལ། དེས་ན་ཆོས་ཅན་སྣ་ཚོགས་སུ་སྣང་བ་དེ་དག་ཐམས་ཅད་ལ་ངན་ཅིང་དོར་བར་བྱ་བ་ཅུང་ཟད་ཀྱང་མེད་པར་རྟག་ཏུ་བྱང་ཆུབ་སེམས་ཀྱི་ངོ་བོར་སངས་རྒྱས་པ་ཡིན་པས་ན་བཟང་པོ་སྟེ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཀུན་ནི་འཁོར་འདས་ཆོས་རྣམས་ལ། །བཟང་ནི་ཡེ་ཤེས་ཆོས་སྐུར་འཆར། །པོ་ནི་རོལ་པ་སྣ་ཚོགས་འབྱུང་། །ཞེས་སོ། །དེ་ལྟར་བྱང་ཆུབ་སེམས་ཀྱི་ཀློང་དུ་ཆོས་ཐམས་ཅད་མ་འདུས་པ་མེད་པར་ཡེ་ནས་འདུས་ཤིང་རྫོགས་པ་ཡིན་ན་ཡང་། དཔེར་ན་སྣོད་བཅུད་ཐམས་ཅད་ནམ་མཁའི་ཀློང་དུ་རྫོགས་ཀྱང་དེ་ལ་དོག་ཅིང་མི་ཤོང་བ་མེད་པ་བཞིན་དུ་བྱང་ཆུབ་སེམས་ཀྱི་ཀློང་དུ་མི་ཤོང་བ་མེད་པར་ཤིན་ཏུ་ཡངས་བ་སྟེ་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཆོས་ཀྱི་དབྱིངས་གདོད་ནས་སྐྱེ་བ་མེད་པ་ཡིན་པས་ཏེ། རིག་པ་རང་ཤར་ལས། མི་འགག་རོལ་པའི་ཆོས་ཉིད་ལས། །ཀུན་བཟང་ཡངས་པའི་དབྱིངས་ཉིད་ཤར། །དགོངས་པ་ཤེས་རབ་ཆེན་པོའི་དབྱིངས། །འཛིན་པའི་ཆོས་ཉིད་ཆགས་པ་མེད། །རྟོག་མེད་སྨྲ་བསམ་ཡུལ་ལས་འདས། །དཔེར་ན་ནམ་མཁའི་ཆོ་འཕྲུལ་བཞིན། །ཞེས་གསུངས་སོ། །དེ་ལྟ་བུའི་གདོད་ནས་ཡེ་སངས་རྒྱས་པའམ་རྣམ་པར་དག་པའི་གནས་ལུགས་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ཀུན་གྱི་ལམ་ཆེན་པོ་ཡིན་པ་སྟེ། དེ་ཡང་ཐེག་པ་འོག་མ་ལྟར་ལམ་གཞན་ལ་སྦྱངས་བས། གདོད་འབྲས་བུ་གཞན་ཞིག་ཐོབ་དགོས་པ་ལྟ་བུ་མ་ཡིན་པར་མཐའ་ཡས་པའི་འགྲོ་བ་མ་ལུས་པ་ཀུན་ཡེ་ནས་དེའི་རང་བཞིན་དུ་གྲོལ་བ་ཉིད་དུ་གནས་པ་ལ། དེ་ལྟར་དུ་རྟོགས་པ་ཙམ་གྱིས་འབད་རྩོལ་གང་ཡང་མི་དགོས་པར་འབྲས་བུ་ཡེ་ཤེས་བླ་མའི་སར་སྐད་ཅིག་ལ་སྒྲོལ་བའི་ཕྱིར་ན་ཆེན་པོའི་སྒྲས་བསྟན་པ་ཡིན་ནོ། །དེ་ལྟར་ཡང་འཕྲུལ་ལྡེ་ལས། དུས་གསུམ་སངས་རྒྱས་ཀུན་གྱི་ལམ་ཡིན་པས། །རྣམ་དག་ལམ་ཆེན་ཡིན་པར་ཡིད་ཀྱང་ཆེས། །ཞེས་དང་། འཁོར་བ་རྩད་གཅོད་ཀྱི་ཀུན་འདུས་རིག་པའི་ལེའུ་ལས། ཡང་དག་ཆོས་ཉིད་དབྱིངས་ཀྱི་ཀློང་། །རྒྱུ་ལ་རག་མ་ལུས་པའི་སེམས། །བདེ་ཆེན་འདུ་འབྲལ་མེད་པའི་ལམ། །འབྲས་བུ་རང་ལ་རྫོགས་པས་སུ། །སྣང་སྲིད་ཐམས་ཅད་ཡེ་སངས་རྒྱས། །བདག་དང་བྲལ་བས་འཁོར་བ་ཆོད། །དཔལ་ལྡན་སྐུ་གསུམ་རང་བྱུང་བདེ། །སངས་རྒྱས་མ་ལུས་དབྱིངས་སུ་གཅིག །སྐྱེ་མེད་དོན་ལ་ཐབས་ཀྱིས་འདུས། །མ་སྤྲོས་ངང་དུ་གྲོལ་བས་ན། །ཐམས་ཅད་ཐུགས་རྗེའི་ཐབས་ཀྱིས་བཏུལ། །ཞེས་སོ། །ལམ་འདི་ལ་ས་རྣམས་ཐམས་ཅད་རྫོགས་ཤིང་ཡེ་ནས་སེམས་ཅན་ཀུན་ལ་འབྲལ་མེད་དུ་ཡོད་ཀྱང་སྐལ་ལྡན་ཡང་རབ་མ་གཏོགས་ཀུན་གྱིས་རྟོགས་པར་དཀའ་བའི་ཚུལ་ཀྱང་། ཁྱུང་ཆེན་ལས། ལམ་འདིར་འགྲོ་བ་ཀུན་གྱི་ས་རྣམས་རྫོགས། །ཕ་རོལ་ཕྱིན་བཅུའི་ས་རྣམས་ཡེ་ནས་དག །འདུག་སར་འདུས་ན་སངས་རྒྱས་ས་ལ་གནས། །གང་དུའང་མ་ཕྱིན་དེ་བཞིན་ཉིད་ཀྱི་ངང་། །ཉེ་ལམ་འདི་ལས་བདེ་བའི་ཉེ་ལམ་མེད། །གང་ཡང་མ་བསྒྲུབ་འབྲས་བུའི་ངོ་བོ་ཉིད། །ཡེ་མཛེས་ངོ་མཚར་ཆེ་བའི་གནས་ཆེན་འདི། །བདག་ཉིད་ཆེན་པོ་སྐལ་ལྡན་ཉག་གཅིག་ལས། །སུས་ཀྱང་འདི་ཉིད་རིག་པར་དཀའ་བའི་ཕྱིར། །ཉིད་ལ་ཉིད་ཀྱིས་བསྟན་པ་ངོ་མཚར་ཆེ། །ཞེས་དང་། འབད་རྩོལ་ལ་བརྟེན་ནས་ད་གདོད་འབྲས་བུ་གཞན་ནས་ཐོབ་མི་དགོས་པའི་ཚུལ་ཀྱང་། དེ་ལས། གང་ལ་མི་གནས་སུས་ཀྱང་དངོས་གྲུབ་ཉིད། །གཞན་ནས་ཐོབ་མེད་སྙིང་པོ་དེ་བཞིན་ཉིད། །དེ་ལྟ་དེ་ལྟར་གནས་པ་འགྲོ་བའི་ལམ། །ཡེ་སངས་རྒྱས་པས་སངས་རྒྱས་བསྒྲུབ་མི་དགོས། །གདོད་ནས་བྱས་ཟིན་རྩོལ་བའི་ལས་མི་དགོས། །ལྷུན་རྫོགས་བདེ་བ་ཉིད་ལ་ཡེ་བཞུགས་པས། །འབྲས་བུའི་ས་ཐོབ་མི་ལྟོས་རང་བཞིན་ས། །ཞེས་སོ། །དེ་ལྟར་ཀུན་གྱི་བགྲོད་ལམ་ཆེན་པོ་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་ཀྱང་དེ་རང་གི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་འདུས་མ་བྱས་པའི་བདག་ཉིད་ཡིན་པས་ན་དང་པོ་རྒྱུ་ལས་མི་སྐྱེ་ཞིང་། ཐ་མ་རྐྱེན་གྱིས་མི་འགགས་པས་སྐྱེ་འགག་གི་ངོ་བོ་ཉིད་མེད་པ་སྟེ། དེ་ལྟར་ངོ་བོ་མེད་པ་ལ་རྟོག་པ་འཇུག་པའི་གནས་གང་ཡང་མེད་པས་ཅིར་ཡང་མི་དགོངས་ཞེས་རྣམ་པར་མི་རྟོག་པའི་རང་བཞིན་དུ་བསྟན་པའོ། །ཤྭ་ལོ་ཀ་འདི་ཉིད་ཀྱི་དོན་མདོ་བཅུ་ལས་ཕུན་སུམ་ཚོགས་པའི་མདོའི་དོན་འགྲེལ་དང་སྦྱར་བའི་སྐབས་སུ་འདི་ལྟར་གསུངས་ཏེ། ཇི་སྐད་དུ། སྐྱེ་མེད་རྡོ་རྗེ་འགྱུར་མེད་སེམས་དཔའ་དེ། །མ་བསྒྲིབས་ཀུན་ལ་ཁྱབ་པས་ནམ་མཁའ་འདྲ། །རང་བྱུང་ཡེ་ཤེས་གཉེན་པོ་མེད་པས་ཆེ། །བླང་དོར་མེད་པའི་ཆོས་ཉིད་ཀུན་བཟང་འདི། །བཀག་པ་མེད་པའི་མཛད་སྤྱོད་བག་ཡངས་ཀྱིས། །ཐམས་ཅད་འདུ་ཞིང་འབྱུང་བའི་དབྱིངས་ན་སྤྱོད། །ཡངས་པས་ཐམས་ཅད་འདུ་ཞིང་ཚོགས་ན་སྤྱོད། །ཐམས་ཅད་འདུ་ཞིང་འབྱུང་བ་ཆོས་ཀྱི་དབྱིངས། །རྣམ་པར་དག་པའི་ཀློང་ལམ་ཆེན་པོ་དེར། །སངས་རྒྱས་སེམས་ཅན་ཁམས་གསུམ་ཀུན་བསྒྲལ་བས། །བྱང་ཆུབ་སེམས་ལ་དངོས་པོ་ཡུལ་མི་སྐྱེ། །རང་བྱུང་ཡེ་ཤེས་དེ་ལ་འགག་པ་མེད། །སྐྱེ་འགག་ཅིར་ཡང་ཏིང་འཛིན་དགོངས་པ་མེད། །ཅེས་གསུངས་སོ། །སྤྱིར་མི་ནུབ་རྒྱལ་མཚན་གྱི་ལེའུ་འདི་ཉིད་ཤིན་ཏུ་ཟབ་ཅིང་སྒྲོམ་ཆེ་བས་འདི་ཉིད་ཀྱི་དགོངས་པ་བཀྲལ་ཚུལ་ཀྱང་། མདོ་བཅུ་ལས་ནི་གཅིག་མདོ་བྱང་ཆུབ་སེམས་ཀྱི་མདོ་ལ་སོགས་པ་མདོ་བཅུ་སོ་སོའི་དོན་འགྲེལ་ལྟ་བུའི་ཚུལ་དུ་གསུངས་པ་དང་། ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས་ཐིག་ལེ་ཆེན་པོ་དྲུག་གི་དོན་དང་སྦྱར་ནས་གསུངས་པ་དང་། ཀུན་མཁྱེན་རོང་ཟོམས་ཆེན་པོས་ནི་ཕལ་ཆེར་གོལ་སྒྲིབ་གཅོད་པའི་དོན་དང་སྦྱར་ནས་གསུངས་པ་སོགས་ཡོད་པས་དོན་གཅིག་ཁོ་ནར་ངོས་བཟུང་བྱེད་རྒྱུ་ཡང་མེད་མོད། འོན་ཀྱང་གང་ལྟར་འགྲེལ་ཀྱང་ཐམས་ཅད་དགོངས་གནད་གཅིག་ཏུ་འབབ་པ་ཡིན་ཏེ། ཀུན་གཟིགས་རོང་བའི་ཞལ་ནས། དེ་ལ་རྫོགས་པ་ཆེན་པོའི་ཚུལ་སྟོན་པའི་གཞུང་ཇི་སྙེད་པ་ཐམས་ཅད་ལས་ཀྱང་། དོན་མདོར་བསྡུས་ན་རྣམ་པ་བཞིར་འདུས་ཏེ། འདི་ལྟར་བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པ་དང་། བྱང་ཆུབ་སེམས་ཀྱི་ཆེ་བ་བསྟན་པ་དང་། བྱང་ཆུབ་སེམས་ཀྱི་གོལ་བསྒྲིབ་བསྟན་པ། བྱང་ཆུབ་སེམས་ཀྱི་བཞག་ཐབས་བསྟན་པའོ། །དེ་ལ་ཆེ་བ་དང་གོལ་སྒྲིབ་བསྟན་པས་ཀྱང་རང་བཞིིན་བསྟན་པར་འགྱུར། རང་བཞིན་བསྟན་པས་ཀྱང་ཆེ་བ་རྟོགས་ཤིང་གོལ་སྒྲིབ་ཆོད་པར་འགྱུར་ཏེ། དེ་བས་ན་གཞུང་རྣམས་ལས་ཀྱང་ལྷག་པར་འདི་ལྟར་གུད་དུ་ཕྱེ་ཞིང་བསྟན་པ་རང་མེད་ལ། འདི་རྣམས་ལས་འདའ་བའང་མེད་དོ། །དེ་ལ་མདོར་བསྡུས་ན་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། ཕྱི་ནང་སྣང་སྲིད་ཀྱི་ཆོས་ཐམས་ཅད་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་གདོད་མ་ཉིད་ནས་སངས་རྒྱས་ཏེ། ད་ལམ་གྱིས་བཅོས་ཤིང་གཉེན་པོས་བསྒྲུབ་ཏུ་མེད་དེ་བཙལ་བ་མེད་པར་ལྷུན་གྱིས་གྲུབ་པའོ། །བྱང་ཆུབ་སེམས་ཀྱི་ཆེ་བ་ནི། དཔེར་ན་རིན་པོ་ཆེ་གསེར་གླིང་ནས་རྡོ་མིང་ཡང་མེད། ཐམས་ཅད་གསེར་གྱི་རང་བཞིན་དུ་གནས་པ་བཞིན་དུ་ཕྱི་ནང་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ལ། འཁོར་བ་དང་ངན་སོང་ལ་སོགས་ཏེ་ཉེས་སྐྱོན་གྱི་ཆོས་སུ་བཏགས་པ་ནི་མིང་ཙམ་ཡང་མེད་དེ། ཐམས་ཅད་ཀུན་ཏུ་བཟང་པོའི་རོལ་པའི་རྒྱན་མ་འགགས་པ་ཙམ་དུ་སྣང་བ་དེ་བཞིན་གཤེགས་པའི་ཆེ་བ་ཉིད་དོ། །བྱང་ཆུབ་སེམས་ཀྱི་གོལ་སྒྲིབ་ནི། དེ་ལྟར་མ་རྟོགས་པ་དང་ལོག་པར་རྟོགས་པའི་འཇིག་རྟེན་པ་ནས་ཐེག་པ་འོག་མའི་ལྟ་སྤྱོད་ཐམས་ཅད་ཡིན་ཏེ། །མདོར་བསྡུས་ན་གོལ་སྒྲིབ་སུམ་ཅུ་ལྟ་བུའོ། །བྱང་ཆུབ་སེམས་ཀྱི་བཞག་ཐབས་ནི། རྣལ་འབྱོར་གྱི་སྐྱེས་བུ་བློ་ཡང་རབ་ཏུ་གྱུར་བ་གང་གིས། རྫོགས་པ་ཆེན་པོའི་དོན་ཇི་ལྟ་བ་བཞིན་དུ་ཤེས་བཞིན་ཆེན་པོའི་སྣོད་ཀྱིས་བཟུང་ནས་བཏང་སྙོམ་ཆེན་པོའི་ངང་ལ་གནས་པའོ། །ཞེས་གསུངས་པ་ལྟར་གསུང་ཚུལ་ཇི་སྙེད་ཡོད་པ་ཐམས་ཅད་དོན་གནད་བཞི་པོ་འདི་དག་ཏུ་འབབ་ཅིང་འདི་རྣམས་ལས་འདའ་བ་མེད་པར་ཤེས་པར་བྱའོ། །གཉིས་པ་ནི། འདི་ལྟར་བྱང་ཆུབ་སེམས་ཀྱི་ངོ་བོ་ནི་གདོད་ནས་སྐྱེ་བ་མེད་པའི་ཕྱིར་ན་དེ་ལ་འགྱུར་བཅས་བདེ་སྡུག་གི་ཚོར་བ་ཞིག་ཡེ་ནས་ཡོད་མ་མྱོང་བར་འགྱུར་མེད་བདེ་བ་ཆེན་པོའི་ངོ་བོར་གནས་པ་ཡིན་ཞིང་། དེས་སངས་རྒྱས་དང་སེམས་ཅན་ཀུན་ལ་མཉམ་ཉིད་ཕྱོགས་ལྷུང་མེད་པར་ཁྱབ་ཅིང་གནས་པ་ལ་བྱམས་པའི་སྒྲས་བསྟན་ཏེ། བཀྲ་ཤིས་རིག་པའི་ཁུ་བྱུག་ལས། གདོད་ནས་བྱང་ཆུབ་སྙིང་པོ་རང་བཞིན་ལ། །བཙལ་བའི་བསམ་ལ་ཡོད་པས་དོན་མི་རྙེད། །ཀུན་ཏུ་ཁྱབ་པས་རྟག་པ་བྱམས་པའི་སྐུ། །ཕྱག་བརྒྱའི་འབྱུང་འཇུག་མེད་ཅིང་ཉམས་པ་མེད། །འགྲོ་བའི་སྡུག་བསྔལ་སེམས་ཀྱི་འབྱུང་འཇུག་ཡིན། །ཆོས་སྐུ་ཡེ་ཁྱབ་ཀུན་ཁྱབ་རྣམ་པར་རོལ། །བསྐྱོད་མེད་ནམ་མཁའི་དབྱིངས་ལྟར་མཉམ་པར་གནས། །ཁྱད་པར་ཅིར་ཡང་མཚུངས་པས་བྱམས་པའི་མཆོག །ཅེས་གསུངས་ལ། ཚུལ་འདི་ལྟར་མཚན་ཉིད་ཐེག་པ་ལས་ཀྱང་བསྟན་ཏེ། འཇམ་དཔལ་རྣམ་པར་འཕྲུལ་པའི་མདོ་ལས། ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱམས་པ་ལ་གནས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་མཐོང་བ་ནའོ། །ཞེས་སོ། །ཅིའི་ཕྱིར་དེ་ལ་བྱམས་པའི་མིང་གིས་བརྗོད་སྙམ་ན། སྤྱིར་སེམས་ཅན་རྣམས་བདེ་བ་དང་ལྡན་འདོད་ཀྱི་རྣམ་པ་ལ་བྱམས་པ་ཞེས་བརྗོད་པ་ལྟར། འདིར་རིག་པ་བྱང་ཆུབ་སེམས་ཀྱིས་འཁོར་འདས་ཀུན་ལ་ཁྱབ་ཅིང་ཐམས་ཅད་དེའི་ཀློང་དུ་ཡེ་ནས་གྲོལ་ཏེ་ཟག་མེད་བདེ་བ་ཆེན་པོའི་ངང་ལས་གཏན་དུ་འདའ་བ་མེད་པས་དེ་སྐད་ཅེས་གསུངས་ཏེ། འཁོར་བ་རྩད་གཅོད་ཀྱི་བདེ་འཇམ་ལེའུ་ལས། གཉིས་སུ་མེད་ལས་བདེ་བ་ཆེ། །དབྱིངས་སུ་ཐིམ་པས་ཀུན་ལ་བྱམས། །འཕྲལ་དུ་མེད་པས་བདེ་བའི་སྐུ། །ངང་དུ་གྲོལ་བས་བདེ་བའི་ཀློང་། །ཞེས་གསུངས་སོ། །དེ་ལྟར་སྣང་སྲིད་འཁོར་འདས་ལ་སོགས་པ་དོན་དུ་སྣང་བ་ཐམས་ཅད་གདོད་ནས་སྐྱེ་བ་མེད་པ་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཀློང་དུ་རྣམ་པར་སྦྱངས་ཞིང་གྲོལ་ཟིན་པའི་ཕྱིར་ན། དེ་ལས་གཞན་དུ་སྡུག་བསྔལ་གྱི་ཚོར་བས་གཟིར་བའི་སེམས་ཅན་རང་མཚན་པ་ཞིག་ལ་དམིགས་ནས་དེའི་དོན་འགྲུབ་པའི་འབད་རྩོལ་གྱི་བྱ་བ་ཅི་ཡང་མེད་པར་དམིགས་མེད་ཁྱབ་གདལ་ཆེན་པོ་མཉམ་ཉིད་ཕྱོགས་ལྷུང་དང་བྲལ་བར་གནས་པ་ལ་སྙིང་རྗེ་ཆེན་པོ་ཞེས་སྨོས་ཏེ། ཅིས་ཕྱིར་ན་དམིགས་པ་ཅན་གྱི་སྙིང་རྗེ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་ན་ཆེན་པོའི་སྒྲ་སྦྱར་བའོ། །སྙིང་རྗེ་དེ་ལ་ཅིར་ཡང་མི་མཛད་པའི་སྙིང་རྗེ་དང་། ཀུན་ལ་ཁྱབ་པའི་སྙིང་རྗེ་དང་། ཕྱོགས་མཚམས་འཛིན་པའི་སྙིང་རྗེ་དང་གསུམ་དུ་གསུངས་པ་ལས་སྔ་མ་གཉིས་བྱང་ཆུབ་སེམས་ཀྱི་རང་བཞིན་ལ་ལྡོག་པས་ཕྱེ་བ་ཙམ་ལས་ཐ་དད་མེད་ལ། ཕྱི་མ་ནི་ཐེག་པ་འོག་མའི་དམིགས་པ་ཅན་གྱི་བློས་བརྟགས་པ་ཙམ་ཡིན་པས་སྙིང་རྗེ་ཆེན་པོའི་མིང་མི་ཐོབ་པས། འདིར་བཤད་པའི་སྙིང་རྗེ་ནི་སྔ་མ་གཉིས་ལ་གོ་བར་བྱ་དགོས་སོ། །དེས་ན་དེ་དག་གི་དབྱེ་བ་ཕྱེ་ཚུལ་དང་ཁྱད་པར་ཡང་མདོ་བཅུ་ལས། སྙིང་རྗེ་ཕྱོགས་རིས་མེད་པ་ནི། །རྣམ་པ་གསུམ་དུ་ཤེས་པར་བྱ། །ཅིར་མི་མཛད་པའི་སྙིང་རྗེ་དང་། །ཀུན་ལ་ཁྱབ་པའི་སྙིང་རྗེ་དང་། །ཕྱོགས་མཚམས་འཛིན་པའི་སྙིང་རྗེའོ། །གཉིས་ལ་ཕྱོགས་རིས་མེད་པ་སྟེ། །ཕྱོགས་མཚམས་འཛིན་ལ་ཕྱོགས་ཡོད་དེ། །དེ་ཡང་གང་དང་གང་ཞེ་ན། །རྣམ་པ་གསུམ་དུ་ཤེས་པར་བྱ། །ཅིར་ཡང་མི་མཛད་པ་ཡི་སྙིང་རྗེ་ནི། །སེམས་ཉིད་རྫོགས་པའི་བྱང་ཆུབ་སེམས། །སྤྲོས་དང་བྲལ་བའི་རང་བཞིན་གྱིས། །དངོས་པོ་མཚན་མ་ཅིར་མི་མཛད། །དེས་ན་སྙིང་རྗེ་ཕྱོགས་རིས་མེད། །ཀུན་ལ་ཁྱབ་པའི་སྙིང་རྗེ་ནི། །སེམས་ཉིད་རྫོགས་པའི་བྱང་ཆུབ་སེམས། །བླང་དོར་མེད་པའི་རང་བཞིན་གྱིས། །སངས་རྒྱས་སེམས་ཅན་ཀུན་ལ་ཁྱབ། །དེས་ན་སྙིང་རྗེ་ཕྱོགས་རིས་མེད། །ཕྱོགས་མཚམས་འཛིན་པའི་སྙིང་རྗེ་ནི། །ཐེག་པ་བརྒྱད་ཀྱི་ཆོས་ཉིད་དེ། །རྒྱུ་དང་འབྲས་བུ་ཕྱོགས་མཚམས་འཛིན། །རྩོལ་སྒྲུབ་ཡོད་པར་ཕྱོགས་མཚམས་འཛིན། །ལྷ་དང་བདག་ཏུ་ཕྱོགས་མཚམས་འཛིན། །ཡུལ་དང་དབང་པོར་ཕྱོགས་མཚམས་འཛིན། །ཀུན་རྫོབ་དོན་དམ་ཕྱོགས་མཚམས་འཛིན། །ཕྱོགས་མཚམས་འཛིན་པའི་སྙིང་རྗེ་དེ། །སྙིང་རྗེ་ཆེན་པོ་མ་ཡིན་ཏེ། །སྙིང་རྗེ་ཆུང་ངུ་ཡིན་པར་བཤད། །སེམས་ཉིད་རྫོགས་པའི་བྱང་ཆུབ་སེམས། །ཐམས་ཅད་རྫོགས་པའི་རང་བཞིན་གྱིས། །སྙིང་རྗེ་ཕྱོགས་རིས་མེད་པར་ངེས། །ཞེས་སོ། །དེས་ན་དེ་ལྟ་བུའི་སྙིང་རྗེ་ཆེན་པོ་དེའི་དོན་གཉིས་སྣང་གི་བློ་དང་འབད་རྩོལ་གྱི་གཡོ་བ་གང་ཡང་མེད་པས་ཅིར་ཡང་མི་མཛད་པ་སྟེ། གལ་ཏེ་མཛད་པ་འཇུག་པའི་ཡུལ་སེམས་ཅན་ཞིང་ཡོད་ཅིང་དེ་ལ་བསལ་བྱའི་སྔུག་བསྔལ་ཞིག་དང་། ཐོབ་བྱ་སངས་རྒྱས་ཀྱི་བདེ་བ་ཞིག་ཡོད་ན་སེམས་ཅན་དེས་སྡུག་བསྔལ་བསལ་ནས་ཐོབ་བྱ་མྱང་འདས་ཀྱི་བདེ་བ་ལ་འགོད་པའི་མཛད་པ་ཞིག་བསྒྲུབ་པར་བྱེད་ནའང་། བྱང་ཆུབ་སེམས་ཀྱི་ཀློང་ནས་སངས་རྒྱས་དང་སེམས་ཅན་གྱི་དབྱེ་བ་དང་བདེ་སྡུག་གི་ཚོར་བ་སོགས་གཉིས་ཆོས་ཐམས་ཅད་གཉིས་མེད་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ་པ་ཡིན་པས་འབད་རྩོལ་ཐམས་ཅད་ཉེ་བར་ཞི་བ་ཡིན་ཏེ། ཡང་འབྱེད་འཕྲུལ་ལྡེ་ལས། སངས་རྒྱས་སེམས་ཅན་སོ་སོ་རུ། །ཡེ་ཤེས་ཆེན་པོས་ཡོངས་མི་གཟིགས། །དེས་ན་སྙིང་རྗེ་ཅིར་མི་མཛད། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་འཁོར་འདས་ཐམས་ཅད་ཉག་གཅིག་བྱང་ཆུབ་སེམས་ཀྱི་ངོ་བོར་གཉིས་མེད་མཉམ་པ་ཉིད་དུ་སངས་རྒྱས་པ་དེ་ཡང་གཉེན་པོས་ལམ་སྦྱངས་བ་ལ་བརྟེན་ནས་གདོད་འབྱུང་དགོས་པ་ལྟ་བུ་མ་ཡིན་པར། ད་ལྟ་ཉིད་ནས་མངོན་པར་སངས་རྒྱས་པའི་ཆེ་བ་དང་ལྡན་ཡང་དེ་གཟུང་འཛིན་གྱི་ཡུལ་དུ་མ་གྱུར་པས་ཤིན་ཏུ་ཕྲ་ཞིང་ཟབ་པས་དམིགས་སུ་མེད་པ་ཡང་ཡིན་ལ། དེའི་ཕྱིར་ན་ཆེ་བའི་ཡོན་ཏན་ཐམས་ཅད་མ་བཙལ་ལྷུན་གྲུབ་ཀྱི་ཚུལ་དུ་ལྡན་པའི་ཟབ་མོ་ཡི་རང་བཞིན་བྱང་ཆུབ་ཀྱི་སེམས་དེ་ལ་སྐྱོན་གྱི་ཆ་ངན་པ་སྨད་ཅིང་དོར་བར་བྱ་བ་དང་། ཡོན་ཏན་གྱི་ཆ་ཅིར་ཡང་བསྔགས་པ་བརྗོད་དེ་བླང་བར་བྱ་བ་གང་ཡང་མེད་པར་མཉམ་ཉིད་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །དེ་ལྟར་ཡང་སྔ་མ་ལས་རྡོ་རྗེ་སེམས་དཔའ་མངོན་པར་སངས་རྒྱས་ཆེ། སེམས་ཀྱིས་ཀུན་ལ་ཁྱབ་པས་བྱམས་པའི་ས། །ཆོས་ཉིད་སྐྱེ་བ་མེད་པར་སྦྱངས་པའི་ཕྱིར། །ཐུགས་རྗེའི་རང་བཞིན་ཆོས་ཉིད་སྟོན་པའི་བཀའ། །འགྲོ་ལ་དམིགས་ནས་ཐུགས་རྗེས་དོན་མི་མཛད། །རང་བྱུང་ཡེ་ཤེས་གཉེན་པོ་མེད་པས་ཆེ། །ཆེ་བའི་ཟབ་མོ་གཟུང་འཛིན་བྲལ་བས་ཟབ། །ཟབ་མོ་དམིགས་སུ་མེད་པ་དེ་ལ་ནི། །སྐྱོན་ལ་དོར་དུ་མེད་ལ་ཡོན་ཏན་བསྔགས་སུ་མེད། །ཅེས་སོ། །གསུམ་པ་ནི། དེ་ཉིད་ལས། སེམས་ཉིད་རྫོགས་པ་ཆེན་པོ་འདིས། །ཐམས་ཅད་གཏན་ལ་འབེབས་པ་ནི། །ཆོས་ཀུན་སེམས་སུ་འདུས་པས་ན། །སེམས་ཀྱི་རང་བཞིན་བསྟན་པ་ཡིན། །སེམས་ཀྱི་རང་བཞིན་བསྟན་པ་ལ། །ཆོས་ཀུན་གཏན་ལ་ཕབ་ཅེས་བྱ། །ཅེས་གསུངས་པ་ལྟར་དོན་སྣང་སྲིད་འཁོར་འདས་སུ་སྣང་བའི་ཆོས་འདི་ཐམས་ཅད་སེམས་ཀྱི་རྩལ་ལས་ཤར་བ་སྟོང་གཟུགས་སྒྱུ་མའི་རོལ་པ་ཙམ་ལས་དོན་ལ་གྲུབ་པ་རྡུལ་ཕྲ་རབ་ཀྱི་ཆ་ཙམ་ཡང་མེད་པས་སེམས་ཀྱི་རང་བཞིན་དུ་འདུས་ཤིང་། སེམས་རྣམ་ཤེས་ཚོགས་བརྒྱད་ཀྱིི་རོལ་པར་སྣང་བ་འདི་རྣམས་ཀྱང་ད་ལྟ་སྣང་བའི་དུས་ཉིད་ནས་མི་རྟོག་མཉམ་པ་ཆེན་པོ། བློ་འདས་གཉུག་མའི་རང་བཞིན། གཞི་མེད་རྩ་བ་དང་བྲལ་བ། །གསལ་སྟོང་འཛིན་མེད་ཆེན་པོའི་ཆོས་ཉིད་ཡེ་ཇི་བཞིན་པའི་ངང་ལས་སྐད་ཅིག་ཀྱང་གཡོ་བ་མེད་པས་མི་བསྐྱོད་རྡོ་རྗེའི་ངོ་བོར་གནས་པ་འདི་ལས་གཞན་ན་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཞིག་བསྒྲུབ་ཏུ་མེད་པས་བཙལ་བའི་བསམ་པའང་མི་བསྐྱོད་པའམ་གཡོ་བར་མི་བྱེད་དེ། འཁོར་བ་རྩད་གཅོད་ཀྱི་མྱུ་གུའི་ལེའུ་ལས། བྱང་ཆུབ་སེམས་ཆེན་རྒྱལ་པོ་འདི། །ཐམས་ཅད་ཡེ་སངས་རྒྱས་པ་ཡིས། །རྒྱུད་དྲུག་གནས་སུ་རྣམ་དག་པས། །བཙལ་བའི་བསམ་པ་བསྐྱོད་པ་མེད། །ཅེས་གསུངས་སོ། །དེ་ལྟར་ཆོས་ཐམས་ཅད་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་སངས་རྒྱས་པར་གཏན་ལ་ཕབ་པ་འདི་ནི་ཐེག་པ་འོག་མ་པ་ཀུན་གྱིས་གཏན་ལ་མ་ཕེབ་པ་ཨ་ཏི་རྫོགས་པ་ཆེན་པོ་འདི་ཉིད་གཅིག་པུས་གཏན་ལ་ཕབ་པ་ཡིན་པར་གསུངས་ཏེ། མདོ་བཅུ་ལས། སེམས་ཉིད་རྫོགས་པ་ཆེན་པོ་ལ། །ཆོས་ཀུན་འདུས་ཤིང་གསལ་བ་ཡིས། །ཐམས་ཅད་གཏན་ལ་འབེབས་པར་བསྟན། །དེ་ཡང་ཇི་ལྟ་བུ་ཞེ་ན། སེམས་ཉིད་རྫོགས་པ་ཆེན་པོ་ཡིས། །ཆོས་ཀུན་ཡོངས་སུ་བྱས་པའི་ཕྱིར། །གཏན་ལ་འབེབས་པའི་ངོ་བོ་དེ། །ཆོས་ཀུན་གཏན་ལ་འབེབས་པར་བཤད། །སེམས་ཉིད་རྫོགས་པ་ཆེན་པོ་ཡིས། །རང་ལས་བྱུང་བའི་ཆོས་རྣམས་ནི། །སེམས་ཉིད་གཅིག་གི་རང་བཞིིན་གྱིས། །སེམས་ལས་གཏན་ལ་དབབས་ཏུ་མེད། །སོ་སོར་གཏན་ལ་འབེབས་པ་ནི། །མ་རྟོགས་ཐེག་པ་དགུ་ལས་བྱུང་། །ཞེས་པ་སོགས་ཀྱིས་རྒྱས་པར་གསུངས་པ་ལྟར་རོ། །དེས་ན་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་གཏན་ལ་ཕེབས་པའི་གནད་ཀྱིས་ཐེག་པ་འོག་མ་ལྟར་བྱ་བྱེད་ཀྱི་རྩོལ་བ་ཅི་ཡང་མེད་པར་མ་བཅོས་རང་བབས་སུ་གནས་པས་ཡེ་ནས་གྲོལ་བའི་དོན་དེ་མངོན་དུ་མཐོང་བར་འགྱུར་ཞིང་། དེ་ལྟར་མཐོང་བས་རྒྱུ་རྐྱེན་གཞན་གང་ལའང་ལྟོས་པ་མེད་པར་གྲོལ་བ་མངོན་དུ་གྱུར་ཏེ་རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང་པོ་དང་མཉམ་པར་འགྱུར་བ་ཡིན་ནོ། །འོ་ན་ཡེ་ནས་དེ་ལྟར་གྲོལ་བ་ཡིན་ན་ཡང་གྲོལ་ཅི་ལ་དགོས། གལ་ཏེ་དགོས་ན་ཡེ་ནས་མ་གྲོལ་བ་མ་ཡིན་སྙམ་ན། ཡེ་ནས་གྲོལ་བ་ཡིན་པའི་གནད་ཀྱིས་ཡང་གྲོལ་བ་འཐད་ཀྱིས། གལ་ཏེ་ཡེ་ནས་གྲོལ་བ་མིན་ན་ཡང་གྲོལ་བར་མི་ནུས་ཏེ་རང་གི་ཆོས་ཉིད་བསྒྱུར་དུ་མི་ནུས་པའི་ཕྱིར་སོལ་བ་ཅི་ལྟར་བཀྲུས་ཀྱང་དཀར་པོར་འགྱུར་དུ་མི་རུང་བ་བཞིན་ནོ། །འོ ན་ཀྱང་ཡེ་ནས་གྲོལ་བ་ཡིན་མོད་སེམས་ཅན་རྣམས་ཀྱིས་རྩལ་སྣང་ལ་བདག་ཏུ་བཟུང་བའི་དབང་གིས་མེད་བཞིན་འཁྲུལ་པའི་སྣང་བ་འཆར་དུ་རུང་བ་ནི། ཀུན་མཁྱེན་བླ་མས། སྣང་བར་མེད་ལ་སྣ་ཚོགས་སྣང་བར་ཤར། །སྟོང་བར་མེད་ལ་མཐའ་དབུས་ཁྱབ་པར་གདལ། །གཟུང་འཛིན་མེད་ལ་ང་བདག་སོ་སོར་ཞེ ན། །གཞི་རྩ་མེད་ལ་ཚེ་རབས་བརྒྱུད་མར་སྣང་། །དགག་སྒྲུབ་མེད་ལ་བདེ་སྡུག་བླང་དོར་བྱེད། །ཕར་བལྟས་སྐྱེ་འགྲོའི་སྣང་བས་མཚར་རེ་ཆེ། །མི་བདེན་བདེན་པར་ཞེན་པས་བདེན་བདེན་འདྲ། །མ་འཁྲུལ་འཁྲུལ་པར་ཞེན་པས་འཁྲུལ་འཁྲུལ་འདྲ། །ངེས་མེད་ངེས་པར་བཟུང་བས་ངེས་ངེས་འདྲ། །ཡིན་མིན་ཡིན་པར་བཟུང་བས་ཡིན་ཡིན་འདྲ། །མི་འཐད་འཐད་པར་བཟུང་བར་འཐད་འཐད་འདྲ། །སྣ་ཚོགས་ཅོལ་ཆུང་ཡུལ་གྱིས་སེམས་ཁྲིད་ནས། །དོན་མེད་རིག་པ་སྐད་ཅིག་བརྒྱུད་མར་མཐུད། །ཉིན་ཞག་ཟླ་བ་ལོ་དང་མི་ཚེ་འདས། །གཉིས་མེད་གཉིས་སུ་བཟུང་བས་འགྲོ་བ་བསླུས། །ཞེས་གསུངས་པ་ལྟར་འཁྲུལ་སྣང་སྟོང་གཟུགས་ཙམ་དུ་འཆར་དུ་ཡོད་པ་དེ་གདོད་ནས་གཞི་རྩ་བྲལ་བའི་རང་བཞིན་དུ་ཤེས་པས་གྲོལ་བར་འགྱུར་བ་ཡང་འཐད་དེ། དཔེར་ན་མིག་སྐྱོན་ཅན་གྱིས་དུང་སེར་པོར་མཐོང་བ་དེ་དུང་གི་གཤིས་ལ་མ་ཞུགས་པར་དང་པོ་ཉིད་ནས་དཀར་པོར་གནས་པའི་གནད་ཀྱིས་མིག་སྐྱོན་དང་བྲལ་བས་དཀར་པོ་མཐོང་དུ་རུང་བ་བཞིན་ནོ། །དེས་ན་སྐབས་འདིར་གྲོལ་བའི་ཚིག་ལན་གཉིས་འབྱུང་བ་དེ། ཀུན་གཟིགས་རོང་བས་ཡང་སངས་རྒྱས་ཞེས་པ་དང་དོན་གནད་གཅིག་ཏུ་གསུངས་པ་ལྟར་ཤེས་པར་བྱའོ། །དེ་ལྟར་རང་བྱུང་གི་ཡེ་ཤེས་ཡེ་ནས་སངས་རྒྱས་པའི་རང་བཞིན་ཅན་དེ་གཞན་ནས་བཙལ་དུ་མེད་པར་རང་གསལ་འཛིན་མེད་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པ་ཡིན་པས་རེ་དོག་སྤང་བླང་གི་རྩོལ་བ་ཅི་ཡང་མི་བྱེད་པར་མ་བཅོས་རང་བབ་ཀྱི་ངང་དུ་བཞག་པས་རང་གནས་སྙིང་པོའི་ཡེ་ཤེས་མངོན་གྱུར་དུ་རྟོགས་ནས་གྲོལ་བར་འགྱུར་ཞིང་། དེའི་ཚེ་ན་ཆོས་ཀུན་ཡེ་ནས་གྲོལ་བའི་གནད་ཀྱིས་དགག་སྒྲུབ་སྤང་བླང་དང་བྲལ་བའི་ཉེ་ལམ་རྫོགས་ཆེད་ཨ་ཏི་ཡོ་གའི་དགོངས་པ་དེ་གཞན་ལ་ཡང་སྟོན་པར་བྱེད་པ་ནི་རྩོལ་མེད་ཤུགས་འབྱུང་གི་རང་བཞིན་ཏེ། ཡང་འབྱེད་ལས། ཆོས་སྐུ་མངོན་དུ་གྱུར་ཙམ་ན། །གཟུགས་སྐུ་རྣམ་གཉིས་ཤུགས་བྱུང་ནས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་སོ། །འདི་ཡང་མདོ་བཅུའི་ལུང་གིས་ཇི་ལྟར་བསྟན་པའི་ཚུལ་ནི། དེ་ཉིད་ལས། སངས་རྒྱས་སེམས་ཅན་ཀུན་གྱི་དོན་རྣམས་ནི། །ཇི་བཞིན་མི་བསྐྱོད་པ་ཡི་ཆོས་ཉིད་དེ། །བྱ་བ་མེད་པས་གྲོལ་བའི་རྫོགས་ཆེན་པོ། །བྱ་བྱེད་རྩོལ་སྒྲུབ་མེད་པས་གྲོལ་བར་བཤད། །རྒྱུ་རྐྱེན་མེད་པའི་རང་བྱུང་ཡེ་ཤེས་དེ། །མ་བཙལ་རང་བཞིན་གནས་པས་བདག་གྲོལ་ལ། །བཙལ་དུ་མེད་པས་གྲོལ་བར་གཞན་ལ་སྟོན། །ཞེས་གཏན་ལ་དབབ་པའི་ལུང་གི་དོན་འགྲེལ་དུ་གསུངས་ལ། སྤྱོད་པ་ཉི་ཟླ་དང་མཉམ་པའི་རྒྱུད་ལས་ཐིག་ལེ་དྲུག་དང་སྦྱར་ནས་གསུངས་པའི་སྐབས་སུ་འདི་ཡན་གྱི་ཤཱོ་ལོ་ཀ་གསུམ་པོ་དེ་ཆོས་ཉིད་ཀྱི་ཐིག་ལེ་དང་སྦྱར་ཏེ། དེ་ལ་སྤྱིར་ཐིག་ལེ་ཞེས་པ་སྤྲོས་པ་དང་བྲལ་བའི་དོན་ཡིན་ལ། དེ་ལས་འདིར་ཆོས་ཉིད་ཀྱི་ཐིག་ལེ་ཞེས་པ་ནི་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་འཛིན་པས་ཆོས་ཞེས་གསུངས་ལ། དེ་ལ་བྱེ་བྲག་ཏུ་རྣམ་དཀར་གྱི་ཆོས་རྣམས་ཀྱིས་ངན་སོང་དུ་ལྷུང་བ་ལས་འཛིན་པས་ཆོས་དང་། རྒྱུ་འབྲས་ངོ་བོས་བསྡུས་པའི་ཆོས་རྣམས་ལ་བྱ་བྱེད་ལྟོས་པ་ཆོས་ཉིད་འཐད་སྒྲུབ་ཀྱི་རིག་པས་གནས་སྐབས་སུ་བདེན་པའི་དོན་ཅན་དུ་འཛིན་པས་ཆོས་དང་། ཆོས་ཅན་ཀ་བུམ་ལ་སོགས་པ་ལྟ་བུའི་ངོ་བོ་ཡིས་རང་རང་གི་ཁྱད་པར་གྱི་ཆོས་མི་འདྲ་བ་སོ་སོར་འཛིན་པས་ཀྱང་ཆོས་ཞེས་རྣམ་པ་བཞིར་གསུངས་པ་དེ་དག་གི་གནས་ལུགས་ནི་རིག་པའི་མཚན་ཉིད་ཡེ་ཤེས་རང་གསལ་གྱི་ངོ་བོར་གནས་པ་དང་། རང་བཞིན་སྤྲོས་བྲལ་དུ་ལྷུན་གྱིས་གྲུབ་པ་དང་། རྣམ་པ་ངེས་མེད་ཅིར་ཡང་འཆར་བ་སྟེ་ལྷུན་གྲུབ་གསུམ་པོ་དེ་ལས་མི་འདའ་བས་ན་ཆོས་ཉིད་ཅེས་གསུངས་ལ། དེ་ལྟ་བུའི་ཆོས་ཉིད་དེས་གོང་དུ་བཤད་པའི་ཆོས་ཀྱི་དབྱེ་བ་བཞི་པོ་དེའི་སྤྲོས་པ་གཅོད་ཅིང་སྟོང་གསལ་ཐུགས་རྗེ་གསུམ་གྱི་རང་བཞིན་རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་ལས་གཞན་དུ་མི་འགྱུར་བས་སྤྲོས་པ་ཐམས་ཅད་བྲལ་བའི་ཕྱིར་ན་ཐིག་ལེ་སྟེ། དེ་ཡང་ཆོས་ཀྱི་མཚན་ཉིད་བཞི་པོ་གསར་དུ་དོར་བའམ་སྤང་བ་མིན་པར་ཡེ་ནས་ཆོས་ཐམས་ཅད་ལྷུན་གྲུབ་གསུམ་ལས་མ་འདས་པར་བསྟན་པ་སྟེ། འབྲས་ཀློང་ལས། རང་མཚན་ལྷུང་བ་རིག་པས་ངོ་བོ་ཡིས། །ཁྱད་པར་འཛིན་པས་ཆོས་རྣམས་དེ་ཡི་གནས་ལུགས་ནི། །རང་གསལ་ལྷུན་གྲུབ་ངེས་མེད་ལས་མི་འདའ། །དེ་མཚོན་དངོས་པོའི་རྐྱེན་དུ་ཆོས་ཉིད་ཅེས། །དེས་ན་མཚན་མ་རྒྱུ་འབྲས་གནས་སྐབས་རིགས། །ཆོས་ཅན་ཆོས་ཀྱིས་འདོད་པའི་སྤྲོས་པ་གཅོད། །རང་རེའི་རང་བཞིན་མི་འགྱུར་སྤྲོས་པ་མེད། །དེ་དག་དོར་མིན་ངང་ཚུལ་དེ་ལྟའོ། །ཞེས་སོ། །གོང་དུ་བསྟན་པའི་རྒྱུད་དེའི་དཀའ་འགྲེལ་སྤྲུལ་སྐུ་དགའ་རབ་རྡོ་རྗེའི་མཛད་པ་ལས། ཐིག་ལེ་དྲུག་པོ་དེ་ཡང་ཆོས་ཉིད་ཀྱི་ཐིག་ལེ་ལྟ་བ་དང་། དབྱིངས་ཀྱི་ཐིག་ལེ་སྒོམ་པ་དང་། དབྱིངས་རྣམ་པར་དག་པའི་ཐིག་ལེ་སྤྱོད་པ་དང་། ཀུན་ཏུ་བཟང་པོའི་ཐིག་ལེ་འབྲས་བུ་དང་། ཡེ་ཤེས་ཐིག་ལེ་ཐུགས་རྗེ་དང་། ལྷུན་གྱིས་གྲུབ་པའི་ཐིག་ལེ་གཞི་ལ་སྦྱར་ནས་གསུངས་ཞིང་། ལྟ་བ་ལའང་སྐུ་གསུམ་རང་ཆས་ཀྱི་ལྟ་བ་དང་། ཐུགས་རྗེ་རང་བྱུང་གི་ལྟ་བ་གཉིས་སུ་བསྟན་པ་ལས། ཚིག་རྐང་དང་པོ་བཞིས་སྔ་མ་དང་། དེ་ནས་བརྒྱད་ཀྱིས་ཕྱི་མ་བསྟན་པར་གསུངས་ཏེ། དེ་ཉིད་ལས། ཤིན་ཏུ་རྒྱས་པ་དྲུག་ཡིན་ཏེ། །བལྟ་བ་ཆོས་ཉིད་ཐིག་ལེ་དང་། །སྒོམ་པ་དབྱིངས་ཀྱི་ཐིག་ལེ་དང་། །སྤྱོད་པ་རྣམ་དག་ཐིག་ལེ་དང་། །འབྲས་བུ་ཀུན་བཟང་ཐིག་ལེ་དང་། །ཐུགས་རྗེ་ཡེ་ཤེས་ཐིག་ལེ་དང་། །ཀུན་གཞི་ལྷུན་གྲུབ་ཐིག་ལེའོ། །དེ་ལ་ལྟ་བ་གཉིས་སུ་བཤད། །སྐུ་གསུམ་རང་ཆས་ལྟ་བ་དང་། ཐུགས་རྗེ་རང་བྱུང་ལྟ་བའོ། །དང་པོ་བཞི་སྟེ་གཉིས་པ་བརྒྱད། །རིམ་དང་རིམ་གྱིས་སྦྱར་ལ་བཤད། །ཅེས་གསུངས་སོ། །བཞི་པ་ནི། ཆོས་ཐམས་ཅད་དོན་ལ་གྲུབ་པ་རྡུལ་ཙམ་ཡང་མེད་པར་ཀ་དག་སྤྲོས་པ་དང་བྲལ་བ་སྟོང་ཆེན་ནམ་མཁའ་ལྟ་བུའི་རང་བཞིན་དུ་གནས་སུ་ཟིན་ཀྱང་། འོན་ཏེ་སྟོང་པའི་ངོས་ནས་གཞལ་ན་དེ་ལྟར་ཡིན་མོད། སྣང་བའི་ངོས་ནས་གཞལ་ན་སྟོང་ཆད་ནམ་མཁའ་ལྟ་བུ་ཁོ་ན་ཞིག་ཀྱང་མིན་པར་འཁོར་འདས་ཀྱི་སྣང་བ་རབ་འབྱམས་མུ་མེད་པ་ནམ་མཁའི་ཁམས་དང་ཆོས་ཀྱི་དབྱིངས་ཀྱི་འབྱམས་ཀླས་པ་ཞིག་ཡོད་པ་དེ་དག་ཐམས་ཅད་གང་ལས་འབྱུང་བའི་གནས་སུ་གྱུར་པའི་རྒྱུ་ནི་གཞན་གང་ཡང་མེད་པར་ཆོས་དབྱིངས་ཁྱབ་གདལ་ཆེན་པོ་རིག་པ་བྱང་ཆུབ་སེམས་ཀྱི་གདངས་འགག་པ་མེད་པའི་རྩལ་ལས་རོལ་པའི་ཆོ་འཕྲུལ་དུ་ཤར་བ་ཙམ་ཡིན་ཏེ། རང་ཤར་ལས། སྣང་བ་འགག་མེད་འབྱུང་བའི་ཆོ་འཕྲུལ་ཡིན། །རིག་པ་འགྱུར་མེད་འབྱུང་བའི་ངོ་བོ་ཡིན། །ཞེས་གསུངས་ལ། དེ་ལྟར་ཤར་བའི་དུས་ཉིད་ནས་བྱང་ཆུབ་སེམས་ཀྱི་ཀློང་ནས་སྐད་ཅིག་ཀྱང་གཡོ་བ་མེད་པར་ཆོས་ཉིད་གཅིག་པོ་དེས་རྒྱས་ཐེབས་ཤིང་དེ་ཉིད་སྲིད་ཞི་ཀུན་ཁྱབ་ཀྱི་བདག་ཉིད་དུ་འགྱུར་བ་མེད་པར་བཞུགས་པས་ན་ཆེན་པོོ་ཞེས་སྨོས་ཏེ། །དེ་ཉིད་ལས། བྱས་པས་མ་བྱུང་བས་ན་ལྷུན་གྱི་གྲུབ། །ཐམས་ཅད་བསྐྱེད་པར་བྱེད་པས་འབྱུང་བ་ཆེན་པོ་ཡིན། །འགྲོ་བ་ཡོངས་ལ་ཁྱབ་པས་འབྱུང་བ་ཆེན་པོ་ཡིན། །རང་ལ་ཡོད་པས་འབྱུང་བ་ཆེན་པོར་ཡིན། །འགྱུར་བ་མེད་པས་འབྱུང་བ་ཆེན་པོ་ཡིན། །ཞེས་སོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེའི་ཀློང་ན་བདུད་དང་ཉོན་མོངས་ཐམས་ཅད་ཡེ་ནས་གྲོལ་བས་བཅོམ་པ་དང་། སྐུ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་ལྡན་པ་དང་། སྲིད་ཞིའི་མཐའ་ལས་ངང་གིས་འདས་པ་ཡིན་པས་གདོད་ནས་སངས་རྒྱས་པའི་རང་བཞིན་དུ་བཞུགས་ཞིང་། དེ་ཡང་ཁམས་གསུམ་རྒྱུད་དྲུག་གིས་བསྡུས་པའི་འགྲོ་བ་ཀུན་ལ་ཡེ་ནས་འདུ་འབྲལ་མེད་པས་ཆོས་ཉིད་འགྱུར་བ་མེད་པའི་རང་བཞིན་དུ་གནས་པ་ཡིན་ཏེ། །རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། མི་འགྱུར་ཀུན་ལ་གནས་པའི་རིག་པ་བྱང་ཆུབ་སེམས། ངོ་བོ་མི་འགྱུར་ཀུན་ལ་དེ་བཞིན་གནས། །རང་བཞིན་གསལ་བས་འགྲོ་ཀུན་ཡོངས་ལ་ཁྱབ། །ངང་གིས་མི་གཡོ་ཁྱབ་གདལ་བདེ་བའི་ཀློང་། །ཞེས་པ་བཞིན་ནོ། །དེ་ལྟར་ནའང་སེམས་ཅན་རྣམས་ཀྱིས་རང་སྣང་རང་བཞིན་མེད་པར་མ་ཤེས་པར་གཟུང་འཛིན་རྒྱང་ཆད་ཀྱི་རྣམ་པ་ཕྱིན་ཅི་ལོག་གི་རང་བཞིན་དུ་རྣམ་པར་བརྟགས་པས་མེད་སྣང་རྨི་ལམ་ལྟ་བུའི་འཁོར་བ་ལ་སྤྱོད་ཀྱང་། དོན་ལ་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་དབྱིངས་སྤྲོས་བྲལ་ཆེན་པོ་ཡེ་སྟོང་འདུས་མ་བྱས་པའི་ཀློང་དུ་རྗེས་མེད་རང་ཡལ་དུ་གྲོལ་ཟིན་པ་ཡིན་ཕྱིར། རྫོགས་པ་ཆེན་པོའི་དོན་ལ་གཞོལ་བའི་སྐལ་ལྡན་རྣམས་ཀྱིས་འཁོར་འདས་བླང་དོར་གྱི་འབད་རྩོལ་ཅི་ཡང་མི་དགོས་པར། ད་ལྟར་འཁྲུལ་སྣང་འཁོར་བའི་སྣང་བ་ལྟར་འཆར་བཞིན་པའི་དུས་ན་ཡང་ཆོས་ཉིད་ཀྱི་རང་མདངས་རང་ལ་ཤར་བ་མ་གཏོགས་མ་དག་འཁོར་བའི་ཆོས་ཞེས་པ་རྡུལ་ཙམ་ཡང་མ་མྱོང་བ། དཔེར་ན་སྨིག་རྒྱུ་ལ་ཆུར་སྣང་བཞིན་པའི་དུས་ན་ཡང་ཡུལ་སྣང་བའི་གོ་ས་དེ་ན་ཆུའི་རྗེས་ཅུང་ཟད་ཙམ་ཡང་མ་གྲུབ་ཞིང་། ཡུལ་ཅན་མིག་གི་ཤེས་པས་ཀྱང་ཆུ་ཞིག་གཏན་ནས་མཐོང་མ་མྱོང་བ་ལྟར་ཤེས་པས་རྒྱལ་བ་ཀུན་ཏུ་བཟང་པོ་དང་མི་གཉིས་པར་འགྱུར་བ་ཡིན་ལ། དེ་ལྟར་ཆོས་ཐམས་ཅད་གཞི་མེད་རྩ་བྲལ་དུ་གྲོལ་བ་ཡི་ཚུལ་དེ་ཡང་རང་གི་ངོ་བོ་དེ་ཡེ་ནས་དེ་ལྟར་རང་བྱུང་གི་ཚུལ་དུ་གྲོལ་བ་ཡིན་གྱིས་བླང་དོར་འབད་རྩོལ་སོགས་རྒྱུ་གཞན་གང་ལས་ཀྱང་བྱུང་བ་མིན་ཏེ། ཁྱུང་ཆེན་ལས། ཆོས་ཀུན་སྤྲོས་དང་བྲལ་ཞིང་རྙོགས་པ་མེད། །བྱས་མེད་རང་སར་གྲོལ་བའི་གནད་འདི་རབ་ཏུ་ཆེ། །ཞེས་དང་། མུ་ཏིག་འཕྲེང་བ་ལས། འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། །ཞེས་གསུངས་པ་བཞིན་ནོ། །མདོ་བཅུ་ལས་འབྱུང་བ་ཆེན་པོ་ཞེས་པ་འདི་མཁའ་སོགས་འབྱུང་བ་ལྔ་པོ་འདི་ཉིད་ཡེ་ནས་རིགས་ལྔའི་སངས་རྒྱས་ཀྱི་རང་བཞིན་ཡིན་པ་དེས་སེམས་ཅན་ཀུན་ལ་ཁྱབ་ཅིང་བཞུགས་པ་དེ་ལ་གཟུང་འཛིན་གཉིས་སུ་བལྟ་བའི་ཕྱིན་ཅི་ལོག་ཏུ་རྟོགས་པས་ཇི་ལྟར་བརྟགས་ཀྱང་། དོན་ལ་སངས་རྒྱས་ལྔའི་ངོ་བོར་གྲོལ་ཟིན་པ་ནི་གཞན་ལས་བྱུང་བ་མིན་པར་རང་གི་ཆོས་ཉིད་དེ་ལྟར་དུ་གནས་སོ་ཞེས་པའི་དོན་དུ་གསུངས་ཏེ། དེ་ཉིད་ལས་ཐམས་ཅད་བསྐྱེད་པའི་སངས་རྒྱས་ལྔ་པོ་འདིས། རྒྱུད་དྲུག་གནས་པའི་སེམས་ཅན་ཀུན་ལ་ཁྱབ། །དེ་ལ་གཟུང་འཛིན་ལོག་པས་རྣམ་བརྟགས་ཀྱང་། །སངས་རྒྱས་ལྔ་རུ་གྲོལ་བ་གཞན་ལས་མིན། །ཅེས་སོ། །འོན་ཀྱང་འབྱུང་བ་ལྔའི་ཆོས་ཉིད་ཀྱང་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་པས་གང་ལྟར་འགྲེལ་ཀྱང་དོན་གནད་གཅིག་སྟེ། རང་ཤར་ལས། ཆོས་སྐུ་གདོད་ནས་དག་པའི་རང་བཞིན་འདི། ངོ་བོ་འགྱུར་བ་མེད་པས་འབྱུང་བ་ས་ཡང་ཡིན། རིག་པའི་ཡེ་ཤེས་དོན་ལ་སྤྱོད་པས་འབྱུང་བ་མེ་ཡང་ཡིན། རིག་པའི་ཡེ་ཤེས་མ་བསྐྱོད་དབྱིངས་སུ་ཤེས་པས་འབྱུང་བ་རླུང་ཡང་ཡིན། རིག་པའི་ཡེ་ཤེས་སྐུ་གསུམ་གཅིག་ཏུ་དྲིལ་བས་འབྱུང་བ་ཆུ་ཡང་ཡིན། སྟོང་གསལ་གཉིས་མེད་ངང་དུ་ཐིམ་པས་འབྱུང་བ་ནམ་མཁའ་ཡིན། ཞེས་དང་། བང་མཛོད་འཕྲུལ་ལྡེ་ལས། བྱང་ཆུབ་སེམས་ལ་ཀུན་བརྟེན་པས། །བྱང་ཆུབ་སེམས་ནི་ས་ལྟར་སྣང་། །བྱང་ཆུབ་སེམས་ཀྱི་ཀུན་སྡུད་པས། །བྱང་ཆུབ་སེམས་ནི་ཆུ་ལྟར་སྣང་། །ཀུན་ལ་སྙོམས་ཤིང་སྨིན་བྱེད་པས། །བྱང་ཆུབ་སེམས་ནི་མེ་ལྟར་སྣང་། །གཟུགས་མེད་མཁའ་ལ་རྒྱུ་བའི་ཕྱིར། །བྱང་ཆུབ་སེམས་ནི་རླུང་ལྟར་སྣང་། །སྣང་མེད་ཀུན་ལ་ཁྱབ་པའི་ཕྱིར། །བྱང་ཆུབ་མཁའ་ལྟར་སྣང་ཞེས་གསུངས། །ཞེས་པ་ལ་སོགས་པས་བསྟན་པ་ལྟར་རོ། །ལྔ་པ་ནི། མདོ་བཅུ་ལས། ཁྱད་པར་འཕགས་པའི་མདོ་དག་ལས། །ཁྱད་པར་འཕགས་པའི་ཆེ་ལྔས་འཕགས། །གསུམ་འཕགས་ཕུན་སུམ་ཚོགས་མདོ་ལས། །ཕུན་སུམ་ཚོགས་པ་གསུམ་གྱིས་འཕགས། །གཅིག་འཕགས་བྱང་ཆུབ་སེམས་མདོས་འཕགས། །དེས་ན་ཐེག་པ་ཀུན་ལས་འཕགས། །ཞེས་གསུངས་པ་ལྟར་བྱང་ཆུབ་ཀྱི་སེམས་གང་ཞིག་ཡེ་ནས་ཆེ་བ་ལྔ་དང་གསུམ་དང་གཅིག་དང་ལྡན་པས་ཆེ་བའི་ཡེ་ཤེས་ཞེས་སམ་གཉེན་པོ་གཞན་གྱིས་བཅོས་སུ་མེད་པས་ན་ཆེ་བའི་རང་བཞིན་དང་ལྡན་པའི་རིག་པ་རང་བྱུང་གི་ཡེ་ཤེས་དེ་ནི་མཚན་འཛིན་བློ་ཡི་ཡུལ་ལས་ཡེ་ནས་འདས་ཤིང་དམིགས་མཚན་སྤྲོས་པ་ཐམས་ཅད་དང་བྲལ་བས་རྟོག་མེད་མཉམ་པ་ཆེན་པོའི་ངོ་བོར་གནས་པའི་ཕྱིར་ན། ཀུན་རྟོག་སྤྲོས་པའི་བློ་ཡིས་ཇི་ལྟར་བརྟགས་ཀྱང་རྟོགས་པར་མི་ནུས་ཤིང་སྨྲ་བསམ་བརྗོད་པ་ཐམས་ཅད་དང་བྲལ་བས་མཚོན་བྱེད་ཀྱི་ཚིག་གིས་ཀྱང་བསྟན་པར་མི་ནུས་པས་བླང་དོར་རྩོལ་སྒྲུབ་ཀྱི་ལམ་ནས་ཤིན་ཏུ་རྙེད་པར་དཀའ་བ་ཡིན་ཏེ། རྩ་རྒྱུད་གསེར་གྱི་རུས་སྦལ་ལས། དེ་བཞིན་ཉིད་ཀྱི་སྙིང་པོ་ལ། །ཅིས་ཀྱང་མཚོན་དུ་མེད་པ་སྟེ། །ཅི་ཙམ་ཟབ་པའི་ཚིག་བརྗོད་ཀྱང་། །དོན་དང་མཐུན་པར་ཡོངས་མི་འགྱུར། །བྱང་ཆུབ་ནམ་མཁའི་མཚན་ཉིད་ནི། །སུས་ཀྱང་མཐོང་བར་མི་འགྱུར་ཏེ། །མཁས་བཙུན་གཞན་དང་འབྲེལ་མི་བྱ། །རང་རིག་ཡེ་ཤེས་ཁོང་ནས་མ་ཤར་ན། །མི་ཤེས་བརྟེན་པས་སངས་རྒྱས་ལམ་མི་རྙེད། །མེ་ལོང་གཟུགས་སྣང་ཚུལ་དུ་ཚུར་སྣང་འགྱུར། །ཡང་དག་བྱང་ཆུབ་ཤིན་ཏུ་རྙེད་པར་དཀའ། །ཞེས་གསུངས་པ་ལྟར་རོ། །དེས་ན་ཐེག་པ་འོག་མའི་ལམ་ནས་ཤེས་རབ་རྫོགས་པའི་རིིམ་པ་དང་ཐབས་བསྐྱེད་པའི་རིམ་པ་སོགས་ལམ་གཞན་ལ་བརྟེན་པས་འབྲས་བུ་གཞན་ཞིག་འགྲུབ་བོ་སྙམ་དུ་འདུ་ཤེས་ཤིང་། མིང་གི་ཐ་སྙད་ཙམ་དུ་དེ་ལྟར་ལམ་གཞན་ལ་བརྟེན་ནས་འབྲས་བུ་ཐོབ་པ་དང་འདྲ་བར་བརྗོད་ན་ཡང་། དོན་ལ་ནི་ཆོས་ཉིད་སྐྱེ་བ་མེད་པ་དོན་དམ་དབྱིངས་ཀྱི་ངོ་བོ་ཤེས་རབ་དང་དེའི་རང་མདངས་འགག་པ་མེད་པ་འོད་གསལ་རང་བྱུང་གི་ཡེ་ཤེས་ཐབས་ཀྱི་ཆ་གཉིས་ཡེ་ནས་དབྱེར་མེད་པའི་གནས་ལུགས་བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །སེམས་ཅན་ཀུན་གྱི་རྒྱུད་ལ་བསྒྲིབ་མེད་མངོན་སུམ་དུ་གསལ་བ་འདི་ལས་གཞན་ན་འབྲས་བུ་སངས་རྒྱས་ཀྱི་བདེ་བ་ཞིག་ཐོབ་དུ་མེད་ལ། དེ་ལྟ་བུའི་བདེ་བ་དེ་ནི་སྙིང་པོ་བྱང་ཆུབ་ཀྱི་སེམས་རང་ལས་བྱུང་བའམ་རང་ཆས་ལྷུན་གྲུབ་ཀྱི་ཚུལ་དུ་རྟོགས་པས་རེ་དོགས་འབད་རྩོལ་གྱི་ཀུན་ཏུ་རྟོག་པ་ཐམས་ཅད་དབྱིངས་སུ་ཞི་སྟེ་མ་བཅོས་མཉམ་པའི་ངང་དུ་རང་བབ་ལ་གནས་པས་ཡང་དག་དོན་གྱི་ཡེ་ཤེས་ཇི་བཞིན་པ་ཁོང་ནས་ཤར་དེ། ཚེ་འདིར་གདོད་མའི་གཏན་སྲིད་ལ་དབང་འབྱོར་བར་འགྱུར་བ་ནི་རྫོགས་པ་ཆེན་པོ་འདི་ཉིད་ཀྱི་ལམ་གྱི་ཟབ་ཁྱད་ཡིན་ནོ། །དེ་ལྟར་ཡང་ལུང་སྔ་མའི་འཕྲོས་ལས། ཁྱད་པར་ཅན་གྱི་ཐབས་ལ་བརྟེན་པས་འགྲུབ། །མིང་གི་ཐ་སྙད་ཙམ་དུ་བདེན་མོད་ཀྱི། །མངོན་སུམ་བདེ་བའི་དོན་ལ་རང་ཆས་འཆར་བར་འགྱུར། །མཚོན་པ་ཚིག་ཏུ་ཅི་ཙམ་བསྟན་གྱུར་ཀྱང་། །མཚོན་པ་དེ་དང་དེ་ཉིད་མི་མཐུན་ཏེ། །ཡང་དག་རིག་པ་ཁོང་ནས་མ་ཤར་ན། །དེ་བཞིན་ཉིད་ཀྱི་དོན་དེ་ག་ལ་དཔོག །ཡང་དག་དོན་གྱི་རིག་པ་ཤར་བའི་ཚེ། །ཐམས་ཅད་མ་བསྒྲིབ་ངོ་བོ་ཉིད་དུ་གནས། །ཞེས་དང་། མདོ་བཅུ་ལས། གཉེན་པོ་མེད་པའི་རང་བྱུང་ཡེ་ཤེས་ནི། །དམིགས་སུ་མེད་པས་ཤིན་ཏུ་རྙེད་པར་དཀའ། །ཤེས་རབ་ཆོས་ཉིད་རིག་པ་ཐབས་ཀྱིས་རྟོགས། །ཆོས་ཉིད་རིག་པ་གཉིས་སུ་མེད་པས་གྲུབ། །དོན་དམ་མ་ཡིན་བཏགས་པའི་མིང་ཙམ་དུ། །ཐབས་དང་ཤེས་རབ་གཉིས་ལ་བརྟེན་འདྲ་ཡང་། །ཆེ་བའི་ཡེ་ཤེས་མངོན་སུམ་བདེ་བ་དེ། །རྒྱུ་རྐྱེན་མེད་པའི་བྱང་ཆུབ་སེམས་ལས་བྱུང་། །ཞེས་སོ། །དྲུག་པ་ནི། འདིར་ཆོ་འཕྲུལ་ཆེན་པོ་ཞེས་པ་ནི་སངས་རྒྱས་ཀྱི་སའི་ཆོས་གཟུགས་ཀྱི་ཡོན་ཏན་རྣམས་ཏེ། དེ་ཡང་ཐེག་པ་འོག་མ་ཕ་རོལ་དུ་ཕྱིན་པའི་ཚུལ་དག་ལས་རིགས་དང་བཤེས་གཉེན་སོགས་ཀྱི་སྟོབས་ཀྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་སེམས་ཅན་ཐམས་ཅད་བདག་གིར་བཟུང་བའི་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་འཕངས་ཏེ་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱེད་པ་སོགས། རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་པ་ལ་བརྟེན་ནས་ཆོས་ཀྱི་སྐུ་མངོན་དུ་བྱེད་ཅིང་། དེ་ལས་གཟུགས་སྐུ་རྣམ་གཉིས་ཀྱི་མཛད་པ་རྒྱུན་མི་འཆད་པར་འབྱུང་བར་འདོད་པ་དང་། གསང་སྔགས་ཐུན་མོང་བའི་ལམ་ནས་རྒྱུ་ཇི་ལྟ་བཞིན་དུ་འབྲས་བུ་འབྱུང་བས། དང་པོ་ཉིད་ནས་སྙིང་རྗེ་ཆེན་པོའི་མཐུས་བསླང་སྟེ། སངས་རྒྱས་ཀྱི་མཛད་པ་དང་མཐུན་པར་གཟུགས་སྐུ་རྣམ་གཉིས་བསྒོམས་ཏེ། སེམས་ཅན་གྱི་དོན་བྱ་བ་དང་། དེ་བཞིན་གཤེགས་པའི་རིགས་མཉེས་པར་བྱ་བའི་སྒོ་ནས་བསོད་ནམ་གྱི་ཚོགས་ཆེན་པོ་སྤྱོད་པ་དང་། ཆོས་ཀྱི་སྐུའི་ཉེ་རྒྱུ་ཆོས་ཀྱི་དབྱིངས་ཕྱིན་ཅི་མ་ལོག་པ་བསྒོམ་པས་ཡེ་ཤེས་ཀྱི་ཚོགས་ཀྱང་རྫོགས་པར་བྱས་པ་ལ། །འབྲས་བུ་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་སངས་རྒྱས་ཉིད་གདོད་ཐོབ་པར་འདོད་པ་དེ་ལྟ་བུ་མ་ཡིན་པར། འདིར་རྫོགས་པ་ཆེན་པོའི་ཚུལ་ལས་ནི་འབད་རྩོལ་གྱི་དཀའ་བ་གང་ཡང་བྱེད་དགོས་པ་མིན་པར། སྤྱན་དང་མངོན་ཤེས་གཟུང་དང་ཏིང་འཛིན་ལ་སོགས་པའི་ཡོན་ཏན་ཀུན་དང་ཁྱད་པར་སངས་རྒྱས་ཀྱི་སའི་ཐུན་མིན་གྱི་ཡོན་ཏན་ཆོ་འཕྲུལ་རྣམ་པ་བཞི་དང་སྟོབས་དང་མི་འཇིགས་མ་འདྲེས་སོགས་ཀྱི་ཆོས་རྣམས་ཐམས་ཅད་གདོད་ནས་ལྷུན་གྲུབ་ཆེན་པོ་རིག་པ་བྱང་ཆུབ་ཀྱི་སེམས་ཀུན་ཁྱབ་འཕོ་འགྱུར་མེད་པ་འདི་ཉིད་ཇི་ལྟ་བ་བཞིན་མ་ནོར་བར་རྟོགས་པ་ན་ངོ་བོ་ངོས་བཟུང་དང་བྲལ་བས་ཤིན་ཏུ་ཕྲ་བའི་རིག་པ་དེ་ཉིད་མངོན་དུ་གྱུར་པ་དང་མཉམ་དུ་དུས་སྐད་ཅིག་ཕྲ་བ་ཡིས་ཀྱང་བར་ཆོད་པ་མེད་པར་དེ་མ་ཐག་ཏུ་འདུ་བྱེད་ཀྱི་རྩོལ་བ་གང་ལ་ཡང་ལྟོས་པ་མེད་པར་རྩོལ་བྲལ་བྱ་བ་གྲུབ་པར་ཚུལ་གྱིས་རང་གནས་སྙིང་པོའི་ཡེ་ཤེས་སྐྱེ་མེད་བྱང་ཆུབ་སེམས་རང་གི་རྩལ་ལས་རྒྱ་མཚོ་ལས་རླབས་དང་ཉི་མ་ལས་ཟེར་ལྟར་ཡོན་ཏན་དེ་དག་ཐམས་ཅད་བཙལ་བ་མེད་པར་འབྱུང་བ་ཡིན་ཏེ། ཅིའི་ཕྱིར་ན་མེ་དང་ཚ་བ་བཞིན་དུ་ཡོན་ཏན་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་ཡེ་ནས་འདུ་འབྲལ་མེད་པས་རང་གི་རང་བཞིན་ཡིན་པ་དང་། དེ་ཉིད་རྣལ་འབྱོར་པས་ཇི་བཞིན་དུ་རྟོགས་ཏེ་མངོན་དུ་གྱུར་པ་ཡིན་པའི་ཕྱིར་རོ། །ཚུལ་དེ་ཡང་མདོ་བཅུ་ལས། མ་སྐྱེས་སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ཡང་། །སྐྱེ་མེད་རྟོགས་ན་ཆོ་འཕྲུལ་དཀའ་བ་མིན། །སྐུ་དང་ཡེ་ཤེས་སྟོབས་དང་མི་འཇིགས་པས། །དུས་གསུམ་སངས་རྒྱས་ཆེ་བའི་ཡོན་ཏན་ནི། །ཆོས་ཉིད་མ་བཅོས་ཇི་བཞིན་རྟོགས་པ་ལས། །ཐོགས་མེད་དཀའ་བ་མེད་པར་ཐམས་ཅད་འབྱུང་། །ཞེས་སོ། །དེ་ལྟར་བྱམས་པས་དོན་ཉིད་རྣམས་སྦྱངས་ཕྱིར། ཞེས་པ་ནས་འདིའི་བར་གྱིས་བཅད་ལྔ་པོ་དེའི་ཁུངས་ནས་ཇི་ལྟར་བསྟན་པ་ལྟར་ཕུང་ལྔ་རང་གྲོལ་ཡེ་ཤེས་ལྔའི་ངོ་བོར་ལྷུན་གྱིས་གྲུབ་པ་དེ་ལས་གཞན་དུ་རིགས་ལྔའི་སངས་རྒྱས་ཞིག་མེད་ལ། དེ་ཡང་ཕུང་ལྔ་རང་མཚན་པ་ཞིག་སྦྱངས་ནས་གདོད་རིགས་ལྔའི་སངས་རྒྱས་སུ་འགྱུར་དགོས་པ་ལྟ་བུ་མིན་པར་ཕུང་སོགས་ཕྱི་ནང་གི་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངོ་བོར་མངོན་པར་སངས་རྒྱས་པ་སོགས་ཆེ་བ་ལྔའི་ཚུལ་གྱིས་ཡེ་ནས་རིག་ལྔའི་རང་བཞིན་དུ་སངས་རྒྱས་པ་ཡིན་པས་རིགས་ལྔ་སོ་སོའི་ཆེ་མདོ་ཞེས་གསུངས་ལ། དེ་ལྟར་ཆོས་མཚུངས་ཀྱི་སྒོ་ནས་སོ་སོར་སྦྱར་ཀྱང་དོན་ལ་རང་བྱུང་ཡེ་ཤེས་ཆེན་པོ་བྱང་ཆུབ་སེམས་ཀྱི་སྐུ་གཅིག་པུ་དེ་ཉིད། སྐུ་དང་ཡེ་ཤེས་སོགས་ཀྱི་རྣམ་པ་ཅིར་ཡང་སྣང་བར་མཛད་པས་རྣམ་པར་སྣང་མཛད། ངོ་བོ་འགྱུར་བ་མེད་ཅིང་མཚན་འཛིན་གྱི་རྟོག་པས་མི་ཕྱེད་པས་རྡོ་རྗེ། ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པས་སམ་ཕྱོགས་མེད་དུ་འཆར་བས་རིན་ཆེན་འབྱུང་ལྡན། དྲི་མས་གོས་པ་མེད་ཅིང་ཐུགས་རྗེའི་རྩལ་སྣང་ཅིར་ཡང་གསལ་བས་སྣང་བ་མཐའ་ཡས། བྱ་བཙལ་ལ་མ་ལྟོས་པར་ཕྲིན་ལས་ཐོག་མེད་ལྷུན་གྱིས་གྲུབ་པས་དོན་ཡོད་གྲུབ་པས་ཞེས་ལྡོག་པས་དབྱེ་བ་ཙམ་ལས་ཐ་དད་དུ་མེད་པར་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་དུ་དབྱེར་མེད་པ་ཡིན་ཏེ། ཀུན་གསལ་ལས། སྐུ་གཅིག་སྐུ་ལྔར་གསལ་བ་རྣམ་པར་སྣང་མཛད་ཡིན། །དེ་ལས་འགྱུར་བ་མེད་པས་མི་བསྐྱོད་པ། །ཡོན་ཏན་ཕྱོགས་མེད་འབྱུང་བས་རིན་ཆེན་འབྱུང་ལྡན་ཡིན། །དྲི་མས་མ་གོས་ཐུགས་རྗེའི་རྩལ་སྣང་བས། །འོད་དཔག་མེད་དེ་པདྨའི་སྐུ། །གང་ལ་ཐོག་མེད་བདག་གཞན་དོན་འགྲུབ་པས། །ཕྲིན་ལས་མཐར་ཕྱིན་དོན་ཡོད་གྲུབ་པའི་སྐུ། །ཞེས་གསུངས་པ་ལྟར་རོ། །འོ་ན་ཆོས་ཐམས་ཅད་རིགས་ལྔའི་རང་བཞིན་དུ་སངས་རྒྱས་ཤིང་དབྱེར་མེད་པ་ཡིན་ན་ཕུང་པོ་ལྔ་རིགས་ལྔ་སོ་སོ་དང་སྦྱར་ཏེ་གསུངས་པ་ཅི་ལྟར་ཡིན་ཞེ་ན། དེ་ནི་གདུལ་བྱ་རྣམས་ཀྱི་མངོན་ཞེན་གྱི་བློ་ལྡོག་པའི་ཕྱིར་དུ་རིགས་ལྔ་དང་ཕུང་ལྔ་ལ་སོགས་པ་མཚན་ཉིད་འདྲ་བའི་ཆ་ནས་ཆོས་མཚུངས་སྦྱར་ཏེ་བསྟན་པས། ཟག་བཅས་ཟག་མེད་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་ཐ་དད་དུ་བལྟ་བའི་མངོན་ཞེན་ལྡོག་པ་དང་། ཇི་ལྟར་བསྟན་པ་བཞིན་དུ་བསྒོམ་པས་དེ་ལྟར་དུ་མངོན་དུ་འགྱུར་བས་ཐབས་མྱུར་བའི་དགོངས་པ་ཡང་ཡོད་པའི་ཕྱིར་དེ་ལྟར་བསྟན་པ་ཡིན་པར། ཀུན་གཟིགས་རོང་པའི་ཞལ་ནས་འདི་ལྟར་གསུངས་ཏེ། འོ་ན་ཆོས་ཐམས་ཅད་སངས་རྒྱས་ཡིན་ན། གསང་སྔགས་ཀྱི་ཚུལ་ལས་ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་འབྱུང་བ་ལྔ་ནི་རིགས་ཀྱི་ཡུམ་ལྔ། ཡང་དབང་པོ་ལྔ་ནི་རིགས་ལྔ། ཡུལ་ལྔ་ནི་ཡུམ་ལྔ་ཞེས་བྱ་བ་སོགས་པ་སོ་སོར་གསུངས་པ་ལྟ་བུ་དང་། ཡེ་ཤེས་ལྔ་ནི་རིགས་ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། གཞན་ཡང་ཇི་ལྟར་སྣང་བ་དེ་ལྟར་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིན་ཞེས་ཀྱང་གསུངས་པ་དང་། གཞན་དག་ཏུ་སྐུ་མདོག་དང་ཕྱག་མཚན་ལ་སོགས་པའི་ངེས་པ་ཡང་གསུངས་པ་དག་ཅི་ལ་དགོངས་ཏེ་གསུངས་པ་ཡིན་ཞེ་ན། འདི་ནི་ཐམས་ཅད་ཀྱང་བདེན་པ་སྟེ། དེ་ལ་ཇི་ལྟར་སྣང་བ་ཐམས་ཅད་ཀྱང་སྐུ་གསུང་ཐུགས་ཀྱི་རང་བཞིན་ཉིད་ཡིན་ནོ། །དེ་ལ་སྐུ་མདོག་དང་ཕྱག་མཚན་སོ་སོར་ངེས་པ་དག་ཀྱང་རང་བཞིན་དེ་ཉིད་ལས་ཉམས་པ་ཡང་མེད་ལ། ཐབས་མྱུར་བར་ཡང་འགྱུར་ཏེ། འདི་སྐད་དུ། རྒྱལ་བའི་རྒྱལ་བ་རྣམས་ཀྱིས་སྐུ། སྣ་ཚོགས་ཅིར་ཡང་སྣང་མོད་ཀྱི། ཀུན་ཏུ་རིན་ཆེན་ལྟ་བུ་སྟེ། དོན་དང་ལས་ཡིན་བསྒོམ་པས་འགྲུབ། ཅེས་གསུངས་པ་ལྟ་བུའོ། །ཕུང་པོ་ལ་སོགས་པའི་ཆོས་སོ་སོ་ལྷ་སོ་སོར་གསུངས་པ་ཡང་། རང་བཞིན་དེ་ལྟར་ཡིན་པ་ལ་འགལ་བ་མེད་ལ། དངོས་པོ་ལ་མངོན་པར་ཞེན་པ་རྣམས་ཟག་བཅས་དང་ཟག་པ་མེད་པའི་ཆོས་མཚན་ཉིད་སོ་སོར་འཛིན་པའི་བློ་ཅན་རྣམས་ལ་མཚན་ཉིད་འདྲ་བར་བསྟན་པས་སོ་སོའི་བློ་ལྡོག་པར་འགྱུར་ཏེ། འདི་ལྟར་ཀ་བ་དང་བུམ་པའི་མཚན་ཉིད་འདུ་བྱེད་དུ་བསྟན་ནས་དེའི་མཚན་ཉིད་མི་རྟག་པར་བསྟན་ན། ཀ་བ་དང་བུམ་པའི་བློ་ལྡོག་པ་བཞིན་དུ། ཕུང་པོ་ལྔའི་ཆོས་དང་རྒྱལ་བ་རིགས་ལྔའི་ཆོས་ཀྱི་མཚན་ཉིད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་བསྟན་ནས། དེའི་མཚན་ཉིད་སངས་རྒྱས་སུ་བསྟན་ན། ཟག་བཅས་དང་ཟག་མེད་ཀྱི་མཚན་ཉིད་སོ་སོའི་བློ་ལོག་ནས་ཐམས་ཅད་ཀྱང་ཟག་པ་མེད་པའི་བློ་སྐྱེ་བར་འགྱུར་ཏེ། དེའི་ཕྱིར་ཐབས་ལ་མཁས་པས་ཆོས་མཐུན་པ་བསྟན་པའི་སྒོ་ནས་ངེས་པའི་བློ་སྐྱེས་ཏེ། འཇུག་པ་དང་གྲོལ་བའི་ཡན་ལག་ཏུ་འགྱུར་རོ། །དེ་བས་ན་དེ་དག་དེ་ལྟར་བསྟན་ཏོ། །དེ་ལ་ཆོས་ཇི་ལྟར་མཐུན་ཞེ་ན། རྣམ་པར་སྣང་མཛད་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཚན་མར་བསྟན་པ་སྟེ། གཟུགས་ཀྱང་ལུས་ཀྱི་དངོས་གཞིའོ། །གཟུགས་ནི་བེམ་པོས་བཅིང་བ་སྟེ། །གཏི་མུག་ཀྱང་བླུན་པས་བཅིང་བའོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱང་། ངོ་བོ་ཉིད་ཀྱི་སྐུ་སྟེ། དེ་བས་ན་གཟུགས་དང་གཏི་མུག་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་རྣམ་པར་སྣང་མཛད་དུ་བཤད་དོ། །དེ་བས་ན་གདུལ་བྱ་རྣམས་ལ་རྣམ་པར་སྨིན་པའི་སྐུ་བཟང་པོ་དཔེ་མེད་པ་སྣང་བར་མཛད་པས་རྣམ་པར་སྣང་མཛད་དོ། །དེ་བཞིན་དུ་གཞན་ལའང་སྦྱར་ཏེ། མི་བསྐྱོད་པ་ནི། སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་མཚན་ཉིད་དོ། །རྣམ་པར་ཤེས་པའང་ཐུགས་ཏེ། ཞེ་སྡང་ཡང་སེམས་ཀྱི་ལས་རགས་པ་ཡིན་ནོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་ཐུགས་ཀྱི་སྙིང་པོ་ཡིན་ཏེ། དེ་བས་ན་སངས་རྒྱས་ཀྱི་ཐུགས་ནི་འཇིག་རྟེན་པའི་སེམས་ལྟར་རྣམ་པར་རྟོག་པའི་གཡོ་བ་མེད་པས་མི་བསྐྱོད་པ་ཞེས་བཤད་དོ། །རིན་ཆེན་འབྱུང་གནས་ནི། སངས་རྒྱས་རྣམས་ཀྱི་ཡོན་ཏན་གྱི་མཚན་མ་སྟེ། ཚོར་བ་ཡང་ལོངས་སྤྱོད་ཀྱི་གཞི་ཡིན་ནོ། །ང་རྒྱལ་ཀྱང་འདོད་པས་མྱོས་པའི་བདག་ཉིད་དེ་བཞིན་དུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱང་ཉེས་པ་ཐམས་ཅད་ཀྱང་བདག་ཏུ་ལྟ་བ་དང་བྲལ་བས་བདག་མེད་པར་རྟོགས་པ་ནི། ཡོན་ཏན་ཐམས་ཅད་ཀྱི་གཞིར་འགྱུར་པས། ཡོན་ཏན་རིན་ཆེན་འབྱུང་གནས་སོ། །སྣང་བ་མཐའ་ཡས་ནི་གསུང་གི་བདག་ཉིད་དེ། འདུ་ཤེས་ཀྱང་ཐ་སྙད་འདོགས་པའི་ལུས་ཅན་ཡིན་ལ། འདོད་ཆགས་ཀྱང་དངོས་པོའི་མཚན་མ་ལ་ཆགས་པ་སྟེ། དེ་བཞིན་དུ་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་། དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པའི་ཡུལ་ཅན་ཡིན་པས། ཆོས་ཀྱི་སྣང་བ་ཆེན་པོ་མཐའ་ཡས་པ་སྟོན་པའི་བདག་ཉིད་ཡིན་པས། གསུང་སྣང་བ་མཐའ་ཡས་སོ། །དོན་ཡོད་གྲུབ་པ་ནི་ལས་ཀྱི་བདག་ཉིད་དེ། འདུ་བྱེད་ཀྱང་ལས་ཀྱི་བདག་ཉིད་དོ། །ཕྲག་དོག་ཀྱང་རྩེ་གཅིག་པར་གཏོད་པ་སྟེ། དེ་སྐད་དུ། འདུ་བྱེད་རྟག་ཏུ་ཕྲག་དོག་སྟེ། རྩེ་གཅིག་བདག་ཉིད་གཏོད་པའོ། །ཞེས་གསུངས་པའོ། །ཁུངས་གཞན་གསལ་བས་མ་བྲིས་སོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱང་། མི་དམིགས་པའི་ཐུགས་རྗེ་ཆེན་པོའི་དབང་གིས། འགྲོ་བའི་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་ཡིན་ཏེ། དེ་བས་ན་ལས་ནི་དོན་ཡོད་གྲུབ་པ་ཡིན་ནོ་ཞེས་སོགས་གསུངས་པ་ལྟར་རོ། །གཉིས་པ་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་སེམས་ཉིད་ཇི་བཞིན་བཞག་པའི་གལ་མདོ་ལ་བརྒྱད་དེ། སེམས་ཉིད་སྤྲོས་པའི་སྣང་བ་མེད་པར་བཞག་པའི་གལ་མདོ། དེ་ཉིད་སྨྲ་བསམ་བརྗོད་དུ་མེད་པའི་གལ་མདོ། བདེ་སྡུག་སེམས་ཀྱི་རོལ་པ་ཡིན་པས་གང་ཤར་གཉིས་མེད་ནམ་མཁའ་ལྟ་བུར་བཞག་པའི་གལ་མདོ། བདེ་སྡུག་རང་བྱུང་གི་ཡེ་ཤེས་སུ་ཤར་བ་ཉིད་སྤང་བླང་སྔོན་གྱི་ལས་སུ་འདོད་པ་དགག་པའི་གལ་མདོ། སེམས་ཉིད་སྤྲོ་བསྡུ་མེད་པའི་རང་བཞིན་རྡོ་རྗེ་ལྟར་འཇིག་འདྲལ་མེད་པས་གདོད་ནས་སྙིང་པོ་བྱང་ཆུབ་ཏུ་བསྟན་པའི་གལ་མདོ། བསམ་གཏན་ཆེན་པོའི་རང་བཞིན་གང་ལས་སྐྱེ་བའི་ངོ་བོ་བསྟན་པའི་གལ་མདོ། ཕྲ་བའི་ཡེ་ཤེས་དེ་ཉིད་སྒོམ་པ་གཉིས་གང་ཡང་རུང་བར་བརྟེན་མི་དགོས་པའི་གལ་མདོ། རྒྱུ་འབྲས་གཞི་ནས་གྲོལ་བས་མ་བྱས་སྐུ་གསུམ་དུ་གྲུབ་པའི་གལ་མདོའོ། །དང་པོ་ནི། འདི་ལྟར་དཔེར་ན་ནམ་མཁའ་ཞེས་པ་ནི་གཟུགས་ཐོགས་རེགས་ཀྱི་ཆ་གང་ཡང་མ་དམིགས་པ་ཙམ་ལ་སེམས་ཅན་རྣམས་ཀྱིས་ནམ་མཁའ་ཞེས་རློམ་ནས་དེ་ལྟར་ཐ་སྙད་བྱས་པ་ཙམ་མ་གཏོགས་རང་གི་ངོ་བོ་ཅིར་ཡང་མ་གྲུབ་ཞིང་གང་དུའང་སྣང་བ་མེད་པའི་ཕྱིར་ན། ནམ་མཁའ་དེ་ལ་ཕོ་མོ་མ་ནིང་སོགས་ཀྱི་དབྱེ་བ་དང་། གྲུ་བཞི་ཟླ་གམ་སོགས་ཀྱི་དབྱིབས་དང་། དཀར་སེར་དམར་ལྗང་སོགས་ཀྱི་ཁ་དོག་དང་རྒྱལ་རིགས་རྗེ་རིགས་སོགས་ཀྱི་རིགས་རུས་དང་། ཤར་ལྷོ་ནུབ་བྱང་སོགས་ཀྱི་ཕྱོགས་སུ་གྲུབ་པ་གང་ཡང་མེད་ལ། དེ་བཞིན་དུ་ནམ་མཁའ་དེ་ལ་ཕྱི་དང་ནང་། སྣང་བ་དང་མུན་པ། གཅིག་དང་ཐ་དད། ཡོད་པ་དང་མེད་པ། སངས་རྒྱས་དང་སེམས་ཅན། བདེ་དང་སྡུག་བསྔལ། བཟང་ངན་དང་ཆེ་ཆུང་། སྐྱོན་དང་ཡོན་ཏན་སོགས་གང་གི་ཕྱོགས་སུ་མ་ལྷུང་ཞིང་སྣང་བ་མེད་པ་ལྟར། ཆོས་རྣམས་ཀྱི་ཆོས་ཉིད་སྐྱེ་མེད་བྱང་ཆུབ་ཀྱི་སེམས་ཀྱང་ནམ་མཁའ་དེ་དང་མཚུངས་པར་དངོས་མཚན་སྤྲོས་པ་ཐམས་ཅད་དང་བྲལ་བས་ཅིར་ཡང་སྣང་བ་མེད་པའི་རང་བཞིན་དུ་གསུངས་ཏེ། བང་མཛོད་འཕྲུལ་ལྡེ་ལས། ཇི་ལྟར་ནམ་མཁའི་མཚན་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །ཁ་དོག་དབྱིབས་དང་རིགས་མ་ཡིན། །ཕྱོགས་བཞི་མཚམས་དང་བླ་འོག་མིན། །ཕྱི་ནང་མ་ཡིན་སྣང་མུན་མིིན། །གཅིག་དང་ཐ་དད་ཡོད་མེད་མིན། །སངས་རྒྱས་སེམས་ཅན་བདེ་སྡུག་བསྔལ། །བཟང་ངན་ཆེ་ཆུང་སྐྱོན་ཡོན་ཏན། །གང་གི་ཕྱོགས་སུ་ལྷུང་བ་མེད། །བྱང་ཆུབ་སེམས་ཀྱང་དེ་དང་མཚུངས། །ཞེས་གསུངས་པ་ལྟར་རོ། །དེས་ན་དེ་ལྟ་བུའི་ཆོས་ཉིད་འདུས་མ་བྱས་པའི་གནས་ལུགས་སྨྲ་བསམ་བརྗོད་པ་ལས་འདས་པའི་རང་བཞིན་རང་བྱུང་ཡེ་ཤེས་ཆེན་པོའི་ངོ་བོ་དེ་ནི་ཡེ་ནས་སྲིད་ཞི་ཀུན་ཁྱབ་ཆེན་པོའི་ཚུལ་དུ་སངས་རྒྱས་ནས་སེམས་ཅན་གྱི་བར་ཀུན་ཏུ་རྒྱ་ཆད་ཕྱོགས་ལྷུང་མེད་པར་ཁྱབ་ཅིང་གནས་པ་ཡིན་ཕྱིར་མ་བཙལ་རང་བབ་ཏུ་བཞག་པས་ཆོས་ཉིད་ཇི་བཞིན་པའི་ངོ་བོ་མཐོང་བ་མེད་པའི་ཚུལ་གྱིས་མཐོང་བར་འགྱུར་བས་ན་སྒོམ་པ་ཀུན་གྱི་མཆོག་ཏུ་གྱུར་པ་ཡིན་ཏེ། ཉ་མོ་བག་ལ་ཉལ་བའི་རྒྱུད་ལས། རྩ་བ་མེད་པའི་དངོས་མེད་སེམས་ཉིད་འདི། །ཕྲ་བར་སྦྱངས་བས་ཀུན་གྱི་སྤྱོད་ཡུལ་ལས་འདས་ཏེ། །འཕགས་པའི་སྤྱན་གྱིས་གཟིགས་ཤིང་ཤེས་སུ་རུང་བ་ཡིན། །ཅིར་ཡང་མཐོང་བ་མེད་པས་སེམས་ཀྱི་ངོ་བོ་མཐོང་། །མི་མཐོང་མཐོང་ཕྱིར་རྣམ་པར་མི་རྟོག་མཐོང་། །ཞེས་དང་། ཐུན་མོང་གི་མདོ་ལས་ཀྱང་། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་འདི་བརྟགས་པར་གྱིས། །དེ་བཞིན་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ཞེས་སོ། །དེ་ཉིད་སྒོམ་པ་ཀུན་གྱི་མཆོག་ཏུ་གྱུར་ཚུལ་ཀྱང་། སྔ་མ་ལས། འདུ་ཤེས་ཟད་པས་བྱང་ཆུབ་སྙིང་པོ་མཐོང་། །རྣམ་པར་མི་སེམས་རང་རིག་ཉིད་ཀྱི་དབང་། །ཅིར་ཡང་མི་བསྒོམ་པ་ནི་བསྒོམ་པའི་མཆོག་ཅེས་བྱ། །ཅི་ཡང་མི་དྲན་པ་ནི་ཡང་དག་སངས་རྒྱས་དྲན། །རྟག་ཏུ་སངས་རྒྱས་དྲན་ཞིང་དམིགས་པ་མི་འབྱུང་ན། །ཉམ་སྒོམས་ཡང་དག་དེ་བཞིན་ཉིད་ཅེས་བརྗོད། །ཅེས་སོ། །གལ་ཏེ་འབྲས་བུ་བྱང་ཆུབ་ཀྱི་གོ་འཕང་ཞིག་གསར་དུ་ཐོབ་པར་རེ་ནས། ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་དེ་དང་དེ་ཉིད་བསྒོམ་བསྒྲུབ་ཀྱི་ལམ་གང་ཡིིན་པ་དེར་བརྟེན་ནས་ཡོན་ཏན་ཕུལ་དུ་ཕྱིན་པ་ཞིག་གདོད་འབྱུང་དུ་ཡོད་པ་བལྟས་ནས་ནི་དགག་སྒྲུབ་བླང་དོར་གྱིས་སྒོ་ནས་རྣམ་པར་བཙལ་ཞིང་བསྒོམ་པར་བྱས་ན་སྤྲོས་པའི་སྣང་བ་མེད་པའི་ཆོས་ཉིད་ནམ་མཁའ་ལྟ་བུ་དེ་ལས་ཇི་ལྟར་ཚོལ་འདོད་ཀྱི་བསམ་པ་དེ་བཞིན་དུ་སྔོན་མེད་གསར་བྱུང་གི་འབྲས་བུ་དེ་ལྟ་བུ་ཞིག་མི་འབྱུང་བར་མ་ཟད། སླར་ཡང་རེ་དོགས་འབད་རྩོལ་གྱི་རྟོག་པས་རང་གནས་སྙིང་པོ་རང་ཞལ་མི་མཐོང་བར་བསྒྲིབ་པར་འགྱུར་བས་བྱང་ཆུབ་ཐོབ་པའི་གེགས་སུ་ཆེ་བ་ཡིན་ཏེ། དེ་ཉིད་ལས། བཙལ་མེད་བཙལ་བར་བྱས་པས་བྱང་ཆུབ་ཆེན་པོ་སྐམ། །བདེ་བའི་ཕྱག་རྒྱས་བཏབ་པས་བདེ་མཆོག་གཏིང་ནས་འགགས། ཞེས་དང་། མདོ་བཅུ་ལས། སྲིད་པ་འབྱུང་བ་སྣང་བ་ཡོད་པའི་ཆོས། །ཆོས་ཉིད་བྱང་ཆུབ་སེམས་ལ་སྣང་བ་མེད། །མ་བཙལ་རང་བཞིན་བཞག་པས་བསྒོམ་པའི་མཆོག །བཙལ་མེད་ཆོས་ལ་ཡོད་པར་རྣམ་བཙལ་ན། །ནམ་མཁའ་དག་ལ་ཁང་པ་ཕུབ་དང་འདྲ། །མེད་པར་ཡོད་པའི་འབྲས་བུ་ཡོངས་མི་འབྱུང་། །ཞེས་སོ། །དེ་ལ་འདིར་མ་བཙལ་རང་བབ་ཏུ་འཇོག་པར་གསུངས་པའི་ཚུལ་འདི་ནི་ཐེག་པ་གཞན་དང་མ་འདྲེས་པའི་ཁྱད་ཆོས་ཨ་ཏི་རྫོགས་པ་ཆེན་པོའི་མན་ངག་གི་མཐར་གཏུག་པ་ཡིན་པས་རྫོགས་ཆེན་ཉམས་སུ་ལེན་པའི་གང་ཟག་རྣམས་ཀྱིས་གོ་དོན་ལེགས་པོ་ཞིག་ལེན་པ་གལ་ཆེ་བར་མངོན་ཏེ། ཇི་བཞིན་མ་ནོར་བ་ཞིག་གནད་དུ་མ་ཁེ་ལ་ན་གོལ་ས་ཤིན་ཏུ་ཆེ་བའི་ཉེན་ཡོད་པའི་ཕྱིར་རོ། །དེའི་ཚུལ་ཀྱང་སྤྱིར་རྫོགས་ཆེན་གྱི་གཞུང་རྣམས་ན་སྐབས་འགའ་ཞིག་ཏུ་བསྒོམ་པ་ཉིད་བྱ་དགོས་ཚུལ་གསུངས་པའང་ཡོད་ལ། ཕལ་ཆེ་བ་དག་ཏུ་ནི་རྩོལ་མེད་རང་བབས་སུ་འཇོག་པ་ཁོ་ན་ལས། སྒོམ་སྒྲུབ་རྩོལ་བ་ཐམས་ཅད་རྫོགས་པ་ཆེན་པོའི་གོལ་ས་ཤ་སྟག་ཏུ་གསུངས་ལ། འོ་ན་དེ་གཉིས་འགལ་བར་མི་འགྱུར་རམ་སྙམ་ན། འགལ་བར་ཡང་མི་འགྱུར་ཏེ་ཅིའི་ཕྱིར་ན་སྤྱིར་ཆོས་ཉིད་རང་གི་ངོ་བོ་དགག་སྒྲུབ་སྤང་བླང་གི་ཡུལ་ལས་ཡེ་ནས་འདས་པས་བསྒོམ་དུ་མེད་པ་ཁོ་ན་རང་བཞིན་དུ་གནས་སུ་ཟིན་ཀྱང་། དེ་ཉིད་ཇི་བཞིན་དུ་རྟོགས་པ་དང་མ་རྟོགས་པའི་དབང་གིས་བསྒོམ་དུ་ཡོད་མེད་གཉིས་སུ་བསྟན་པ་ནི་གང་ཟག་གི་བློ་རིམ་ལ་ལྟོས་ནས་གསུངས་པའི་ཕྱིར་ཏེ། ཀུན་གསལ་ལས། རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །ངས་བསྟན་གཉིས་མེད་བདེ་ཆེན་ལ། །བསྒོམ་དུ་ཡོད་མེད་ཐ་སྙད་རྣམ་པར་དག །ཤེས་རབ་སྟོབས་ཅན་རང་གི་དོན་རྟོགས་པས། །གཉིས་མེད་བདེ་ཆེན་ངང་དུ་འདུ་འབྲལ་མེད། །མ་བཙལ་བཞག་པས་ངང་ལས་མ་གཡོས་གསལ། །རྒྱུན་ཆད་མེད་པས་ཆུ་བོ་གང་གཱ་བཞིན། །དབང་པོ་ཡང་རབ་དོན་དུ་དེ་བསྟན་ནོ། །རྟེན་གྱི་གང་ཟག་ཤེས་རབ་འབྲིང་རྣམས་ལ། །མི་བསྒོམ་སྒོམ་པར་བསྟན་པ་ཡིན། །རྣལ་འབྱོར་ཤེས་རབ་རྩལ་ཆུང་ལ། །མ་བསྒོམ་སངས་མི་རྒྱ་བར་བསྟན། །ཞེས་གསུངས་སོ། །དེས་ན་བསྒོམ་དུ་ཡོད་མེད་ཞེས་པ་རང་དབང་བ་ཞིག་ཅི་ཡང་མེད་པར་འདིའི་རྩ་བ་ལྟ་བ་རྟོགས་མ་རྟོགས་ཁོ་ན་ལ་གཏུག་དགོས་རྒྱུ་ཡིན་པ་ལ། རྫོགས་ཆེན་གྱི་ལྟ་བ་ནི་ཇི་བཞིན་མ་རྟོགས་པས་རེ་དོགས་གཉིས་འཛིན་གྱི་བློ་དང་མ་བྲལ་བ་བཞིན་དུ། བྱ་བྱེད་རྩོལ་སྒྲུབ་ཐམས་ཅད་དང་བྲལ་བ་བསྒོམ་མེད་རྫོགས་ཆེན་གྱི་རྣལ་འབྱོར་པ་ང་ཡིན་ནོ་སྙམ་ནས་མངོན་རློམ་དང་བཅས་པས་ལས་འབྲས་ཁྱད་དུ་གསོད་ཅིང་སོས་དལ་བག་ཡངས་སུ་སྡོད་པ་ནི་སོ་སྐྱེས་ཐ་མལ་དུ་གོལ་བ་ཡིན་པས་དེ་ལྟ་བུའི་གང་ཟག་གིས་བསྒོམ་དགོས་ཚུལ་གསུངས་ཤིང་། ཇི་ལྟར་བསྒོམ་པའི་ཚུལ་ནི་ད་ལྟའི་ཐ་མལ་གྱི་ཤེས་པ་རང་འགྲོས་བཅོས་བསླད་དང་བྲལ་བ་འདི་ཡི་ངང་དུ་མ་ཡེང་མ་བརྗེད་ཙམ་དུ་འཇོག་པ་ལས་ལྷག་པར་བྱ་རྒྱུ་གང་ཡང་མེད་དེ། དེའི་ཚུལ་བླ་མའི་མན་ངག་དང་སྦྱར་ན། ཀུན་མཁྱེན་འཇིགས་མེད་གླིང་པས། རང་སེམས་ལ་བཅོས་བསྒྱུར་བཟོ་བཅོས་གང་ཡང་མ་བྱས་པར་སེམས་ཁོ་རང་གིས་ཁོ་རང་ངོ་ཤེས་ཙམ་རིག་ཙམ་པའི་ངང་དུ་འཇོག་པ་དེ་ལས་ལྷག་པར་བྱ་རྒྱུ་གང་ཡང་མེད། དེ་ལྟར་བཞག་པས་ཀྱང་མི་སྡོད་པར་འགྱུ་བ་བན་བུན་དུ་ཤར་བྱུང་ན། གང་ཤར་གྱི་རྣམ་རྟོག་དེ་ལ་འཇིག་རྟེན་ཕལ་པ་ལྟར་འདི་ན་འདིའོ། །དེ་ནི་དེ་འདྲ་ཞིག་གོ་བསམ་པ་ལྟ་བུའི་རྗེས་སྙེགས་བརྟགས་དཔྱད་བསམ་གཞིགས་གང་ཡང་མི་བྱེད་པར། ཤར་མཁན་དེ་གང་ན་འདུག །གང་འདྲ་ཞིག་ཡིན་ཁ་ནང་དུ་སློག་ནས་བལྟས་པས་རྣམ་རྟོག་ལ་དང་པོ་བྱུང་བའི་ཁུང་མེད། ད་ལྟ་གནས་པའི་ས་མེད། ཐ་མལ་འགྲོ་བའི་ཡུལ་མེད་པས། རང་སྟོང་གཞི་མེད་རྩ་བྲལ་དུ་འགྲོ་བ་ཡིན། མདོར་ན་དགའ་སྡུག་བཏང་སྙོམས་ལུང་མ་བསྟན་གྱི་རྣམ་རྟོག་ཇི་འདྲ་ཞིག་འཆར་ཀྱང་གང་ཤར་ངོས་ཟིན་ཤིང་། བརྗེད་འབྱམས་འོག་འགྱུ་མ་ཤོར་བར་བྱས་ལ་དགའ་སྡུག་ལ་སོགས་པའི་རྩིས་བཞག་གང་ཡང་མི་བཏང་བར་རང་ཐོག་བཞག་པས་ཅི་ཞིག་ན་གནས་པ་ལ་རང་དབང་ཐོབ། ལྷག་མཐོང་གི་རྩལ་ཐོན་པས་བསྒོམ་པ་ལ་ཡར་སྐྱེད་འབྱུང་བ་ཡིན། ཞེས་གསུངས་སོ། །འོན་ཀྱང་དེ་ལྟར་བསྒོམ་པར་གསུངས་པ་འདི་རྫོགས་པ་ཆེན་པོའི་བཞག་ཐབས་བསྒོམ་མེད་རང་གྲོལ་གྱི་དགོངས་པ་དངོས་ནི་མ་ཡིན་པར་དང་པོའི་ལས་ཅན་ལམ་རིམ་གྱིས་པ་རྣམས་ཀྱི་ངོར་གནས་སྐབས་སྦྱངས་ཚུལ་ཙམ་བསྟན་པ་ཡིན་པ་ལ། དེ་ཁོ་ན་བསྒོམ་མེད་རང་བཞག་གི་དགོངས་པ་མཐར་ཐུག་ཏུ་བཟུང་ནས་ཆེད་ཆེར་བྱེད་པ་ནི་ནོར་བུ་ཕལ་བ་ལ་ཡིད་བཞིན་དབང་གི་རྒྱལ་པོར་རློམས་པ་བཞིན་དུ་ཤིན་ཏུ་ནོར་བ་ཡིན་ཏེ་དྲན་འཛིན་གྱི་བློ་དང་བཅས་ཤིང་རྩོལ་སྒྲུབ་ཀྱི་ཡུལ་ལས་ཀྱང་མ་འདས་པའི་ཕྱིར་རོ། །དེས་ན་ཡང་རབ་ཅིག་ཆར་བའི་རིགས་ཅན་ཞིག་ཡིན་ན་ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པ་ཀ་དག་གཞི་རྩ་བྲལ་བའི་རང་བཞིན་དུ་བླ་མའི་མན་ངག་དང་རིག་པའི་རྩལ་དབང་སོགས་ཀྱི་ཐབས་ལ་བརྟེན་ནས་སྐད་ཅིག་གིས་མངོན་དུ་འགྱུར་བ་ལས་དཔྱད་པ་སོགས་ལ་ལྟོས་མི་དགོས་མོད། དེ་ལས་གཞན་པ་དག་གིས་རྒྱལ་བའི་བཀའ་ལུང་ཟབ་མོ་དང་བླ་མ་དམ་པའི་མན་ངག་གི་གནད་ལ་བརྟེན་ནས་ཕྱི་ནང་གཟུང་འཛིན་གྱིས་བསྡུས་པའི་ཆོས་རྣམས་ལ་བྱུང་གནས་འགྲོ་གསུམ་ལ་བརྟགས་པ་སོགས་དངོས་སྟོབས་ཀྱི་རིག་པའི་ལམ་ནས་བརྟགས་ཤིང་གཏན་ལ་ཕབ་དགོས་ལ། དེ་ལྟར་བརྟགས་ནས་གཏན་ལ་ལེགས་པོ་ཞིག་ཕེབས་པའི་ཚེ་ན། སྤྱི་ཚོགས་དྲུག་ཡུལ་གྱི་སྣང་བ་ཐམས་ཅད་གདོད་ནས་ཡོད་མ་མྱོང་བ་མེད་སྣང་སྟོང་པའི་རང་གཟུགས་སྒྱུ་མ་ཆུ་ཟླ་ལྟ་བུའི་ཚུལ་དུ་མཐོང་ཞིང་། ནང་འགྱུ་དྲན་སེམས་ཀྱི་རྟོག་པ་རྣམས་ཀྱང་གདོད་ནས་ཡེ་སྟོང་ཆེན་པོ་ཡུལ་མེད་ཟང་ཐལ་གྱི་རང་བཞིན་དམིགས་གཏད་ངོས་བཟུང་དང་བྲལ་བས་བློ་སྨྲ་བསམ་བརྗོད་མེད་ནམ་མཁའ་སྟོང་པའི་དཀྱིལ་ལྟ་བུ་ཞིག་ཏུ་ཡིད་དཔྱོད་ཙམ་མིན་པར་ཡིད་ཆེས་གཏིང་ནས་ཐེབ་པས་ཐེ་ཚོམ་གྱི་དཔྱང་ཐག་ཆད་པ་ཞིག་མཐོང་རྒྱུ་ཡོད་པ་འདྲ་སྟེ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། རྣལ་འབྱོར་དག་པའི་སེམས་ལ་ཚུར་བལྟས་པས། །རྟེན་གཞི་མེད་པའི་རིག་པ་མིང་དང་བྲལ། །མཚོན་བརྗོད་མ་མཐོང་ལྟ་སྒོམ་ཁྲིགས་ཆགས་བུད། །ཕྱལ་བ་ལྷུག་པ་ཡངས་པ་ཕྱམ་གདལ་བས། །ཉམས་ལེན་མ་ཤེས་ཐུན་མཚམས་ཕྱོགས་རིས་མེད། །ཐམས་ཅད་རྒྱ་ཡན་ཕྱམ་ཕྱམ་བར་མཚམས་བྲལ། །ལུས་དང་ཡུལ་ལ་སྣང་བའི་གཏད་མེད་པར། །ནམ་མཁའི་ཀློང་ཡང་མཉམ་པར་ཕྱམ་གདལ་བས། །ནང་གི་ཆོས་ཞེས་བདག་ཏུ་འཛིན་པ་མེད། །ཕྱི་རོལ་སྣང་བའི་ཡུལ་ལ་ཕར་བལྟས་པས། །ཐམས་ཅད་སང་སེང་འལ་འོལ་ཟང་མ་ཐལ། །ར་རི་ཟབ་ཟེབ་གཟའ་གཏད་ཆོས་དང་བྲལ། །སྣང་གྲགས་དྲན་རིག་མྱོང་ཚོར་སྔར་བཞིན་མེད། །འདི་ཅི་རང་བཞིན་སྨྱོན་པའི་སྣང་བའམ། །རྨི་ལམ་ནང་བཞིན་རང་ལ་དགོད་པོ་འཆོར། །དགྲ་གཉེན་ཆགས་སྡང་ཉེ་རིང་འདུ་ཤེས་བྲལ། །ཉིན་མཚན་རིས་མེད་མཉམ་པར་ཕྱམ་གཅིག་པས། །དམིགས་གཏད་མཚན་མར་འཛིན་པའི་འཁོར་བ་སངས། །རང་བྱུང་ཡེ་ཤེས་ངང་ཞེས་མི་རྟོག་པས། །བླང་དོར་སྤང་གཉེན་གཟེབ་ལས་འདས་པ་ཡིན། །འདི་ལྟར་རྟོགས་ན་གཉིས་མེད་ཡེ་ཤེས་ཏེ། །རང་བྱུང་ཀུན་ཏུ་བཟང་པོའི་དགོངས་པར་ཕྱིན། །ཞེས་གསུངས་པ་ལྟར་རོ། །དེ་ཙམ་ན་བསྒོམ་བྱའི་ཆོས་དང་། བསྒོམ་བྱེད་ཀྱི་བློ་དང་། སྒོམ་པ་པོའི་གང་ཟག་སོགས་སུ་བལྟ་བའི་རྫུན་རིས་ཐམས་ཅད་དབྱིངས་སུ་ཡལ་བས། ད་ནི་མི་མཐུན་པ་སྤང་བར་བྱ་བའམ། གཉེན་པོ་བརྟེན་པར་བྱ་བའམ། ངང་ལ་གནས་པར་བྱ་བའམ། འབྲས་བུ་མངོན་དུ་བྱ་བ་སོགས་ཀྱི་རྩོལ་སྒྲུབ་ཐམས་ཅད་དང་བྲལ་ཞིང་དམིགས་གཏད་ཆེད་འཛིན་གྱི་གཏད་སོ་གང་ཡང་མེད་པས་ཅི་ཡང་མི་བསྒོམ་པ་ཡིན་ཏེ། གཏིང་རྫོགས་ལས། རང་སེམས་སྙིང་པོའི་དོན་རྟོགས་ཆོས་སྐུ་ལ། །བསྒོམ་བྱའི་ཡེ་ཤེས་ཆོས་སྐུ་གུད་ན་མེད། །སྔ་ཕྱི་སེམས་ཀྱི་ཡེ་ཤེས་མཐའ་བྲལ་བ། །མ་ནོར་སྒོམ་པ་པོ་ཡང་ག་ལ་ཡོད། །དེ་ལ་སྒོམ་མཁན་སེམས་ལ་དངོས་མེད་ན། །མི་གནས་མི་རྟོག་འཇོག་པ་རྣལ་འབྱོར་མིན། །ཞེས་དང་། ཀུན་མཁྱེན་བླ་མས། །ཉི་མའི་སྙིང་པོ་ཡེ་ཤེས་རིག་པའི་རྩལ། །གང་ལྟར་ཤར་བ་དེ་ལྟར་མི་འཛིན་པ། །ཆུ་བོའི་རྒྱུན་བཞིན་ཆེད་དུ་བསྒོམ་པ་མེད། །འཁྲུལ་པ་ཞིག་པས་སྒྲིབ་པ་མ་མཐོང་སྟེ། །གང་ལྟར་ཤར་ཡང་ཀུན་བཟང་དག་པའི་ཀློང་། །ཡེངས་དང་མ་ཡེངས་བདག་ལ་རྩིས་གདབ་མེད། །སྒོམ་དང་མི་སྒོམ་ལྟ་དང་སྤྱོད་པ་མེད། །དོན་འདི་ཡིན་མིན་སུ་ལའང་འདྲི་རྒྱུ་མེད། །ཅེས་གསུངས་སོ། །དེས་ན་ཚུལ་དེ་ལྟ་བུ་གདེང་དུ་ནམ་གྱུར་པ་ན་དེ་དུས་རྩོལ་མེད་རང་བབས་ཀྱི་བཞག་ཐབས་བསྒོམ་མེད་ཨ་ཏིའི་དགོངས་པ་ཇི་བཞིན་པ་རྟོགས་པ་ཡིན་གྱིས། དེ་ལས་གཞན་དུ་རང་བཞག་དང་བསྒོམ་མེད་རྩོལ་བྲལ་སོགས་ཀྱི་ཁ་ཕོ་ཅི་བཏོན་ཀྱང་ཝ་སྤྲེལ་སེང་གེར་བརྫུས་པ་ལྟ་བུ་ལས་ཅི་ཡང་མེད་པར་སེམས་སོ། །སྔ་མ་ལས། ཡང་དག་དོན་གྱི་ལྟ་བའི་གདེང་མེད་པར། །ཚིག་ཙམ་ལུང་ལས་ཆོས་ཀྱི་ཁུངས་ཕྱུང་ནས། །བྱར་མེད་ཆོས་ལ་ང་རྒྱལ་བློ་བརྟེན་ནས། །ལུས་ངག་གཙང་ཆོས་ཕད་ཧྲལ་སྤྱོད་བྱེད་པས། །རང་སེམས་བཀག་ཀྱང་འཁོར་བར་མི་སྐྱོབས་ཏེ། །སྡུག་བསྔལ་ཡ་ངའི་འབྲས་བུ་ཐེ་ཚོམ་མེད། །ལྟ་བ་ཉམས་པའི་སྐྱོན་དུ་བཤད་པའི་ཕྱིར། །ཤིན་ཏུ་རྣལ་འབྱོར་དོན་ཉིད་རྟོགས་པ་གཅེས། །ཞེས་གསུངས་སོ། །དེས་ན་བསྒོམ་མེད་ལ་ཡང་། དོན་གསལ་ལས། གཤིས་ལ་བསྒོམ་དུ་མེད་པ་དང་། རྟོགས་པས་བསྒོམ་དུ་མེད་པའོ། །ཞེས་གསུངས་པ་ལྟར་གཉིས་སུ་ཡོད་པ་ལས་རྟོགས་པས་བསྒོམ་དུ་མེད་པ་ཞིག་མ་འོང་བར་གཤིས་ལ་བསྒོམ་དུ་མེད་པའི་གོ་ཡུལ་ཙམ་གྱིས་གར་ཡང་མི་ཕྱིན་པར་འདྲའོ། །གཉིས་པ་ནི། ཇི་སྐད་དུ་བང་མཛོད་འཕྲུལ་ལྡེ་ལས། །རང་ལ་ཡོད་ཀྱང་རྟོགས་པར་དཀའ་བའི་ཕྱིར། །གསང་བའི་མན་ངག་ཡིན་པར་ཡིད་ཀྱང་ཆེས། །ཞེས་གསུངས་པའི་དོན་བཞིན་དུ། འདི་ལྟར་སེམས་ཅན་རྣམས་ལ་ཡེ་ནས་བྱ་བཙལ་མེད་པར་ལྷུན་གྲུབ་འདུ་འབྲལ་སྤངས་པའི་ཚུལ་དུ་ཡོད་ཀྱང་ཡེ་གསང་ཐབས་ཀྱིས་ཆོད་ཏེ་ཤིན་ཏུ་རྟོགས་པར་དཀའ་བས་མཆོག་ཏུ་གསང་བའི་ཆོས་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་ནི། སྨྲ་བརྗོད་སྤྲོས་པའི་སྤྱོད་ཡུལ་ཐམས་ཅད་ལས་འདས་པའི་ཕྱིར་ན་གང་ཟག་གང་གི་རྣ་བའི་དབང་པོ་ལ་བརྟེན་ནས། དགེ་བའི་བཤེས་གཉེན་གཞན་གྱིས་བསྟན་པ་ལས་ཐོས་པར་མི་འགྱུར་ལ། དེ་ལྟར་ཐོས་སུ་མེད་པ་བཞིན་དུ་བརྗོད་པ་པོའི་གང་ཟག་གིས་སྨྲ་བྱེད་ལྕེ་ཡི་དབང་པོས་ཀྱང་སྒྲ་ཚིག་རང་མཚན་པ་ཞིག་ལ་བརྟེན་ནས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དེ་ལ་བརྗོད་དུ་རྡུལ་ཕྲ་རབ་ཀྱི་ཆ་ཙམ་ཡང་མེད་དེ། རྒྱུ་མཚན་ཅིའི་ཕྱིར་ན་སྔར་བཤད་པ་ལྟར་སྙིང་པོ་རང་བྱུང་གི་ཡེ་ཤེས་ཏེ་རྟོག་པས་བསམ་དུ་མེད་པ། དམིགས་པའི་ཡུལ་མེད་པ། དཔེ་ཡིས་མཚོན་དུ་མེད་པ། མཚན་མའི་སྤྲོས་པ་མེད་པ། རྒྱུ་རྐྱེན་གྱིས་བྱས་པ་མེད་པའི་གཏན་ཚིགས་ལྔ་པོ་དེས་ཕྱིར་ན་ཡུལ་གཉིས་ལས་འདས་པ་ཡིན་ནོ། །དེ་ལྟར་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། ཚིག་དང་ཡི་གེའི་ཆོས་སྐུ་སྟོན་མི་ནུས། །ཚིག་ལ་ཞེན་ན་རྣལ་འབྱོར་རྟོག་པའི་ལམ། །ཚིག་གིས་བློ་ཡིས་ཐེ་ཚོམ་རབ་བསལ་ནས། །ཚིག་ལ་མི་གནས་རང་གི་དོན་ལ་བསྐྱལ། །ཞེས་དང་། མདོ་བཅུ་ལས། དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་ལ། །མ་བསྟན་མཆོག་ཏུ་གསང་བའི་བྱང་ཆུབ་སེམས། །བདེ་གཤེགས་ཡེ་ཤེས་སྙན་གྱིས་སྔར་མ་གསན། །སེམས་ཅན་རྣ་བའི་དབང་པོས་སྔར་མ་ཐོས། །དེ་བཞིན་སྟོན་པའི་ལྗགས་ཀྱིས་དབང་པོས་ཀྱང་། །བདེ་གཤེགས་རྣམས་ལ་གསུང་གིས་བསྒྲགས་པ་མེད། །དེ་བཞིན་གང་ཟག་ལྕེ་ཡི་དབང་པོས་ཀྱང་། །སེམས་ཅན་རྣམས་ལ་ཚིག་ཏུ་བརྗོད་པ་མེད། །ཅེས་གསུངས་སོ། །དེ་ལྟར་ཚིག་བཅད་ལྔས་ཆོས་ཉིད་དབྱིངས་ཀྱི་ཐིག་ལེ་བསྟན་ཏེ། དེ་ཡང་སྔར་བསྟན་པའི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཐིག་ལེ་དེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས་སྟོང་པ་ཉི་ཚེ་བའི་མཐར་ལྷུང་བའི་སྤྲོས་པ་གཅོད་པར་བྱེད་པས་དབྱིངས་ཀྱི་ཐིག་ལེ་ཞེས་བརྗོད་ཏེ། ཀུན་མཁྱེན་བཀའ་དྲིན་ཅན་གྱི་ཞལ་ནས། འཁོར་འདས་འབྱུང་བས་དབྱིངས་ཞེས་རབ་བརྗོད་ཅིང་། །ཞེས་པ་ལྟར་ལ། དེ་ཉིད་འབྲས་ཀློང་ལས། དེ་ལྟར་ངང་ཚུལ་རྣམ་པར་དག་པ་ཉིད། །བསྟན་པ་རྒྱ་མཚོའི་འབྱུང་གནས་གཞིར་གནས་རྫོགས། །ཆད་པ་ཉི་ཚེའི་སྤྲོས་པའང་འདས་པ་སྟེ། །ཆོས་ཉིད་དབྱིངས་ཀྱི་ཐིག་ལེ་རྫོགས་པའོ། །ཞེས་གསུངས་སོ། །དཀའ་འགྲེལ་ལས་དེ་ཉིད་བསྒོམ་པ་ལ་སྦྱར་ཞིང་བསྒོམ་པ་དེ་ལ་ཡང་། རང་བཞིན་ཡེ་ནས་གནས་པའི་ཆོས་ཉིད་དང་། དེ་བླ་མ་དམ་པའི་མན་ངག་གི་དོན་ལྟར་རྟོགས་པ་དང་། དེ་ལྟར་རྟོགས་པའི་ཡོན་ཏན་ཆོས་ཉིད་རང་རྩལ་ལས་འཆར་ཚུལ་དང་། མ་བཅོས་རང་བཞག་ཏུ་གནས་པ་བསྒོམ་པའི་མཆོག་ཏུ་བསྟན་པ་དང་། དེ་ལ་སྨྲ་བསམ་བརྗོད་དུ་མེད་པར་བསྟན་པ་དང་ལྔ་ཡོད་པ་རྣམས་ཚིག་བཅད་ལྔས་རིམ་པར་བསྟན་པར་གསུངས་ཏེ། དེ་ལས། བསྒོམ་པ་ལ་ནི་སྔར་བཤད་དེ། །རང་བཞིན་གནས་པའི་ཡེ་ཤེས་དང་། བླ་མས་བསྟན་པའི་རྟོགས་པ་དང་། །རྟོགས་པའི་ཡོན་ཏན་རང་ལས་བྱུང་། །མ་བཅོས་རང་བཞག་བསྒོམ་པའི་མཆོག །དེ་ལ་བརྗོད་དུ་མེད་པའོ། །དེ་ལྔ་བཞི་ཚན་ལྔ་ལ་ནི། །རིམ་དང་རིམ་གྱིས་སྦྱར་ལ་བཤད། །ཅེས་གསུངས་སོ། །གསུམ་པ་ནི། འདི་ལྟར་འགྲོ་བའི་གནས་རིས་དྲུག་གིས་བསྡུས་པའི་སེམས་ཅན་རྣམས་ཀྱིས་ལས་དཀར་ནག་ལ་བརྟེན་པའི་སྤྱི་དང་བྱེ་བྲག་གི་བདེ་བ་དང་སྡུག་བསྔལ་མི་འདྲ་བ་སྣ་ཚོགས་མྱོང་བ་ལྟར་སྣང་བའི་དུས་ཉིད་ནས། ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་རོལ་རྩལ་རང་ཤར་བའི་སྟོང་གཟུགས་མེད་པ་གསལ་སྣང་ཙམ་ལས་གཞན་དུ་ཡོད་མ་མྱོང་བས། ཀུན་ཏུ་བཟང་པོའི་ཟག་མེད་བདེ་བ་ཆེན་པོའི་རང་བཞིན་ལས་སྐད་ཅིག་ཀྱང་གཡོ་བ་མེད་པར་ཆོས་ཉིད་ཀྱི་རྒྱན་དུ་སྣང་བ་ཡིན་ཏེ། མུ་ཏིག་འཕྲེང་བ་ལས། འགྲོ་བའི་སྡུག་བསྔལ་མྱོང་བའི་ཚེ། །ང་ནི་བདེ་བ་རང་ཤར་ཡིན། །དེ་དུས་བདེ་སྡུག་དབྱེར་མེད་ན། །ང་ཡི་ཡོན་ཏན་འདི་ལ་རྫོགས། །ཞེས་གསུངས་པ་ལྟར་རོ། །དེས་ན་འཁོར་འདས་བདེ་སྡུག་གི་སྣང་བ་གང་ཤར་ཐམས་ཅད་བཟང་ངན་བླང་དོར་མེད་པར་དུས་དང་རྣམ་པ་ཀུན་ཏུ་བྱང་ཆུབ་སེམས་ཀྱི་ཀློང་དུ་འུབ་ཆུབ་ཅིང་དབྱེར་མེད་མཉམ་པ་ཆེན་པོ་གཅིག་ཏུ་གནས་པས་ཆོས་ཉིད་རྣམ་པར་དག་པའི་རོལ་བ་ལ་རང་གི་ལོངས་སྤྱོད་པ་ཙམ་ལས། ལས་ཉོན་བདེ་སྡུག་ལ་སོགས་པའི་སྐྱོན་གྱིས་ཆོས་ཉིད་འདུས་མ་བྱས་པའི་ཡེ་ཤེས་དེ་ལ་བསྐྱོད་ཅིང་བསྒྱུར་བར་བྱེད་པ་རྡུལ་ཙམ་ཡང་མེད་པར་ཆོས་ཉིད་ཡེ་ཇི་བཞིན་ཏུ་གནས་པ་ནི། དཔེར་ན་ནམ་མཁའི་མཐའ་ལ་ཐུག་པ་མེད་པས་སྣོད་བཅུད་ཐམས་ཅད་ལ་ཁྱབ་ཅིང་དེའི་ཀློང་དུ་བརྟན་གཡོའི་གཡོ་འཁྲུལ་ཇི་ལྟར་སྣང་ཡང་ནམ་མཁའ་ལ་གོས་པ་མེད་པ་ལྟར་སྙིང་པོ་བྱང་ཆུབ་ཀྱི་སེམས་ཀྱང་འཁོར་འདས་ཐམས་ཅད་ལ་བཟང་ངན་བླང་དོར་མེད་པར་མཉམ་པར་གནས་ཤིང་སྲིད་ཞི་ཀུན་ཁྱབ་ཆེན་པོར་བཞུགས་པ་ཡིན་ཀྱང་དེ་དག་གི་སྐྱོན་ཡོན་གང་གིས་ཀྱང་གཡོ་ཞིང་བསྐྱོད་པ་མེད་པས་གང་ཤར་བ་ཆེད་འཛིན་མེད་པར་རང་བབས་སུ་བཞག་པར་བྱའོ། ། དེ་ལྟར་ཡང་མདོ་བཅུ་ལས། །འགྲོ་བ་རིགས་དྲུག་ཉོན་མོངས་ལྔ། །སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཁྱབ། །སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་ལ་ཁྱབ། །དུས་གསུམ་སངས་རྒྱས་སྐུ་དང་ཡེ་ཤེས་རོལ། །ཁམས་གསུམ་སེམས་ཅན་དུག་ལྔ་རང་ཁར་སྤྱོད། །བྱང་ཆུབ་སེམས་ཀྱི་སྙིང་པོ་དེ་ལ་ནི། །དངོས་པོ་མཚན་མར་སྤྱོད་པ་མེད་བཞིན་དུ། །དཔེར་ན་ནམ་མཁའ་ལྟ་བུའི་རང་བཞིན་དུ། །ཀུན་ལ་ཁྱབ་པས་ནམ་མཁའི་མཐའ་ལྟར་གནས། །ཞེས་གསུངས་པ་བཞིན་ནོ། །བཞི་པ་ནི། འདི་ལྟར་སངས་རྒྱས་རྣམས་ལ་ཟག་པ་མེད་པའི་ཡེ་ཤེས་ཆོས་ཉིད་འགྱུར་བ་མེད་པ་བདེ་བ་ཆེན་པོའི་ངོ་བོར་སྣང་བ་དང་། སེམས་ཅན་རྣམས་ལ་འཁོར་བའི་སྡུག་བསྔལ་རང་རྒྱུད་པར་སྣང་བ་འདི་གཉིས་བཟང་ངན་བླང་དོར་གྱི་ཁྱད་པར་ཅིར་ཡང་མེད་པར་བྱང་ཆུབ་ཀྱི་སེམས་གཅིག་གི་རྩལ་ལས་ཤར་བའི་རོལ་པ་ཡིན་པས། གཞི་མེད་རྩ་བྲལ་ཆེན་པོ་མེད་སྣང་སྟོང་གཟུགས་ཙམ་གྱི་རང་བཞིན་དུ་མཚུངས་པ་ལ། ཐེག་པ་འོག་མ་པ་དག་གིས་དེ་ལྟར་ཆོས་ཉིད་རྒྱུ་འབྲས་སྤང་བླང་དང་བྲལ་བའི་རང་བཞིན་དུ་མ་རྟོགས་པར་དགེ་སྡིག་གི་ལས་སོ་སོའི་དབང་གིས་འཁོར་འདས་དང་བདེ་སྡུག་ལ་སོགས་པ་སྣང་བ་ཡིན་པས་དགེ་སྡིག་བླང་དོར་གྱི་ཚུལ་མ་འཆོལ་བར་བྱེད་དགོས་སོ་ཞེས་ནི་རྣམ་པར་བརྟགས་ཤིང་ཞེན་ནས་ཐེག་པ་རང་རང་གི་ལམ་ནས་གསུངས་པ་ལྟར་ལས་ཉོན་སྡུག་བསྔལ་ཐམས་ཅད་སྤོང་འགོག་སྦྱོང་བསྒྱུར་གྱི་ཐབས་ལ་བརྩོན་པར་བྱེད་ན་ཡང་། དོན་ལ་དེ་ལྟར་དགེ་སྡིག་དང་བདེ་སྡུག་ལ་སོགས་པ་སྤོང་འགོག་སྦྱོང་བསྒྱུར་གྱི་ཡུལ་དུ་གྱུར་པ་གང་ཡང་མེད་པས་ཕན་གནོད་ཐམས་ཅད་དང་བྲལ་བ་ཡིན་པར་བསྟན་པ་སྟེ། རྩལ་རྫོགས་ལས། དགེ་བས་སངས་རྒྱས་དོན་མི་རྟོགས། །དགེ་བས་སངས་རྒྱས་དོན་རྟོགས་ན། །རྫོགས་ཆེན་གནས་ལུགས་རྫུན་པར་འགྱུར། །སྡིག་པས་འཁོར་བར་ལྷུང་མི་སྲིད། །སྡིག་པས་འཁོར་བར་ལྷུང་སྲིད་ན། །སྐད་ཅིག་རྣམ་གསུམ་རྫུན་པར་འགྱུར། །ཞེས་གསུངས་པ་ལྟར། ཅི་སྟེ་ཉོན་མོངས་པ་དང་དགེ་སྡིག་གི་ལས་ཀྱི་དབང་དུ་གྱུར་པ་ཞིག་ཡིན་ན་ནི་རྒྱུ་རྐྱེན་རྩོལ་བ་དང་བྲལ་བའི་གནས་ལུགས་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་དེ་ཡོད་པ་མ་ཡིན་པར་དགེ་སྡིག་གི་ལས་དེ་ཁོ་ན་དབང་བཙན་པར་འགྱུར་ནའང་། དཔེར་ན་ཅེ་སྤྱང་གི་མིག་ལ་ཉིན་མཚན་གྱི་དབྱེ་བ་མེད་པས་མུན་པ་བསལ་བྱའི་རྫས་མ་གྲུབ་པ་ལྟར་ལས་ཉོན་སྡུག་བསྔལ་ཐམས་ཅད་སྤང་བྱའི་རྫས་སུ་གྲུབ་པ་ཞིག་ཐ་སྙད་ཙམ་དུ་ཡང་མེད་པར་གསུངས་ཏེ། སྤྱི་གཅོད་ལས། དགེ་བའི་ཕྱོགས་དང་སྡིག་ལ་སོགས། །ཐ་སྙད་ཙམ་ཡང་ཡོད་པ་མིན། །རྣམ་གྲོལ་རྣམ་པར་བཅིང་བ་ཡི། །གཉིས་པོ་དེ་ཡང་གདོད་ནས་མེད། །ཅེས་དགེ་སྡིག་གི་ལས་ཞིག་གཏན་ནས་ཡོད་མ་མྱོང་བའི་ཕྱིར་ན་ལས་ཉོན་སྡུག་བསྔལ་ལས་རྣམ་པར་གྲོལ་བའི་སངས་རྒྱས་དང་། དེ་དག་གིས་རྣམ་པར་བཅིངས་བ་སེམས་ཅན་ཞེས་པ་ཡི་ཐ་སྙད་གཉིས་པོ་དེ་ཡང་གདོད་ནས་ཡོད་མ་མྱོང་བས་འཁོར་འདས་མིང་མེད་ཆེན་པོར་བསྟན་པའོ། །མདོ་བཅུ་ལས། སྙིང་པོ་བྱང་ཆུབ་སེམས་སུ་མཚུངས་པ་ལ། །ལས་ཀྱི་དབང་གིས་ཁྱད་པར་འབྱུང་ངོ་ཞེས། །ངེས་མེད་བློ་ཡིས་རྣམ་པར་བརྟགས་པ་ལ། །ཅི་སྟེ་ལས་དེའི་དབང་དུ་གྱུར་པ་ན། །སྐྱེ་མེད་རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཞེས་གསུངས་སོ། །ལྔ་པ་ནི། འདི་ལྟར་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་གྱི་དབང་གིས་བྱུང་བ་ཡིན་པས་ན་དགེ་སྡིག་གི་ལས་ཅིའི་ཕྱིར་མེད་སྙམ་ན། དེ་ལྟར་རྒྱུ་རྐྱེན་གྱི་དབང་གིས་བྱུང་བར་སྣང་བ་ནི་སེམས་ཅན་རྣམས་ཀྱིས་རང་རང་གི་བློས་བཏགས་པ་ཙམ་མ་གཏོགས་དོན་ལ་གང་ཡང་གྲུབ་པ་མེད་པར། སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ནི་བྱང་ཆུབ་ཀྱི་སེམས་གཅིག་གི་རྩལ་ལས་མེད་སྣང་སྟོང་གཟུགས་ཀྱི་རོལ་པར་ཤར་བ་ཙམ་ཡིན་པས་འཁོར་འདས་བདེ་སྡུག་ཐམས་ཅད་རྒྱུ་མཐུན་ངེས་པར་གསུངས་ཏེ། དེ་ཉིད་ལས་བདེ་དང་སྡུག་བསྔལ་རྒྱུ་མཐུན་ནི། སྙིང་པོ་བྱང་ཆུབ་སེམས་འདིས་ནི། །རྒྱུ་གཉིས་ཡེ་ནས་བྱས་པའི་ཕྱིར། །བདེ་དང་སྡུག་བསྔལ་རྒྱུ་མཐུན་ངེས། །ཞེས་གསུངས་པ་ལྟར་རོ། །དེ་དག་གང་ལས་སྣང་བའི་གཞིའམ་རྒྱུ་བྱང་ཆུབ་ཀྱི་སེམས་ཉིད་ནི་རྒྱུ་རྐྱེན་གང་གིས་ཀྱང་འདུས་མ་བྱས་ཤིང་རྒྱུ་འབྲས་ཀྱི་མཚན་མ་ཐམས་ཅད་འཇོམས་པར་བྱེད་པས་རྡོ་རྗེ་ཞེས་གསུངས་ཞིང་། དེ་བཞིན་དུ་ཆོས་ཐམས་ཅད་བསྐྱེད་པར་བྱེད་པའི་རྐྱེན་དུ་སྣང་བ་རྣམས་ཀྱང་བྱང་ཆུབ་ཀྱི་སེམས་དེ་དང་འདྲ་བར་ཡེ་སྟོང་འདུས་མ་བྱས་པའི་རང་བཞིན་དུ་གནས་པས་ཆོས་ཐམས་ཅད་རྒྱུ་རྐྱེན་གང་ལས་ཀྱང་མ་སྐྱེས་ལ། དེ་ལྟར་རྒྱུ་རྐྱེན་ལས་མ་སྐྱེས་ཤིང་འདུས་མ་བྱས་པའི་ངོ་བོ་ཡིན་པས་ན་མཐར་འཇིག་པ་ཡང་མེད་པས་སྐྱེ་ཤིའི་མཚན་མ་ཀུན་ལས་འདས་པ་ཡིན་ནོ། །དེས་ན་ཆོས་ཐམས་ཅད་བྱ་བྱེད་རྩོལ་བ་ལ་མི་ལྟོས་པར་ཡེ་གདོད་མ་ཉིད་ནས་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་དུ་མངོན་པར་སངས་རྒྱས་ཟིན་པ་ཡིན་པ་ལ། ད་གཟོད་སྔོན་མེད་གསར་འབྱུང་གི་འབྲས་བུ་ཞིག་ཐོབ་པར་རེ་ནས་བཙལ་བའི་བསམ་པས་སྒོམ་སྒྲུབ་རྩོལ་བ་བྱས་པས་ཆོས་དབྱིངས་འདུས་མ་བྱས་པ་རིག་པ་བྱང་ཆུབ་ཀྱི་སེམས་དེ་ལ་ནི་གོང་ནས་གོང་དུ་བསྒྲོད་དེ་ཇེ་བཟང་དུ་འགྲོ་བའི་གནས་མེད་པས་གང་དུའང་མི་བསྐྱོད་པའི་ཕྱིར་རྒྱུ་འབྲས་རྩོལ་བསྒྲུབ་ཐམས་ཅད་ལས་འདས་པ་ཡིན་ཏེ། བཀྲ་ཤིས་རིག་པའི་ཁུ་བྱུག་ལས། རྒྱུ་འབྲས་མི་ཕྱེད་འདུས་པའི་རྡོ་རྗེ་ཡིན། །མ་སྐྱེས་ཡེ་ནས་གནས་པས་འཇིག་པ་མེད། །གདོད་ནས་བྱང་ཆུབ་སྙིང་པོའི་རང་བཞིན་ལ། །བཙལ་བའི་བསམ་པ་ཡོད་པས་དོན་མི་རྙེད། །ཅེས་དང་། མདོ་བཅུ་ལས། བྱང་ཆུབ་སེམས་ནི་ཀུན་གྱི་རྒྱུ་ཡིན་ཏེ། །ཐམས་ཅད་འཇོམ་པའི་རྡོ་རྗེ་རྐྱེན་དང་འདྲ། །རྒྱུ་དང་ས་བོན་མེད་པས་མ་སྐྱེས་ལ། །རྐྱེན་དང་གཉེན་པོ་མེད་པས་འཇིག་པ་མེད། །གདོད་ནས་མ་སྐྱེས་སྙིང་པོ་བྱང་ཆུབ་ལ། །ད་བཙལ་བསམ་པས་བྱང་ཆུབ་སེམས་མི་བསྐྱེད། །ཅེས་སོ། །དྲུག་པ་ནི། དེ་ལྟར་ཐེག་པ་འོག་མ་ལྟར་དགེ་སྡིག་སྤང་བླང་ལ་སོགས་པ་གཞན་པའི་རྩོལ་སྒྲུབ་མི་དགོས་ཀྱང་རྫོགས་པ་ཆེན་པོའི་གནས་ལུགས་རིག་པ་རང་བྱུང་གི་ཡེ་ཤེས་དེེ་བསྒོམ་པར་བྱེད་དགོས་སོ་སྙམ་ན། རིག་རྩལ་འགག་པ་མེད་པའི་སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་རང་ཆས་ལྷུན་གྲུབ་ཆེན་པོའི་ཚུལ་དུ་འཆར་བའི་གཞིར་གྱུར་པའི་མ་བཅོས་རང་བབ་གཉུག་མའི་བསམ་གཏན་ནི་སྙིང་པོ་བྱང་ཆུབ་ཀྱི་སེམས་ལ་ཚུལ་རླན་ལྟར་ཡེ་ནས་འདུ་འབྲལ་མེད་པར་གནས་པ་ཡིན་ཏེ། མུ་ཏིག་འཕྲེང་བའི་རྒྱུད་ལས། བསམ་པའི་འཕྲོ་འདུ་ཡེ་སྟོང་བས། །ཡེ་ནས་བསམ་བསྟན་ཆེན་པོར་གནས། །ཞེས་པ་ལྟར་ལ། དེས་ན་བྱང་ཆུབ་ཀྱི་སེམས་རང་གི་ངོ་བོ་ཡེ་ནས་རྟོག་པའི་འཕྲོ་འདུ་ཐམས་ཅད་ངང་གིས་ཞི་བའི་རང་བཞིན་བབ་ཀྱི་བསམ་གཏན་ཉིད་དུ་ལྷུན་གྱིས་གྲུབ་ཟིན་པས་དེ་ལས་གཞན་པའི་བསམ་གཏན་ཞིག་བསྒོམ་དུ་མེད་པ་ལ། དེ་ལྟར་མ་རྟོག་པར་ལས་ཉོན་མ་དག་པའི་ཆ་ཞིག་སྦྱངས་ནས་ཡོན་ཏན་སྔར་མེད་ཞིག་གསར་དུ་བསྒྲུབ་པར་འདོད་པའི་བློས་རྣམ་རྟོག་བྱུང་ཚོར་བཀག་པའི་བསམ་བསྟན་ཞིག་བསྒོམ་པར་བྱས་པས་ཆོས་ཉིད་ཀྱི་དོན་རྟོགས་པར་མི་འགྱུར་ཏེ། རྩལ་རྫོགས་ལས། བསམ་གཏན་བསྒོམ་པས་ཆོས་ཉིད་དོན་མི་རྟོག །ཞེས་པ་ལྟར་རོ། །འོ་ན་ཏིང་ངེ་འཛིན་མ་བསྒོམས་ན་གཟུང་འཛིན་རྣམ་རྟོག་གི་དབང་དུ་སོང་ནས་འཁོར་བའི་ལས་སོགས་པར་མི་འགྱུར་རམ་ཞེ་ན། འདི་ལྟར་ཏིང་ངེ་འཛིན་བསྒོམ་པའི་སྒོ་ནས་ཆོས་ཉིད་ཀྱི་དོན་ལ་མ་བསམ་ཞིང་གཟུང་འཛིན་རྣམ་རྟོག་གི་དྲི་མ་གང་ཡང་མ་སྦྱངས་གཞན་དུ་གང་ཤར་གྱི་རོལ་པ་ཐམས་ཅད་ཡེ་ནས་ཆོས་ཉིད་ཉག་གཅིག་གི་རང་བཞིན་དུ་གནས་པས། བྱུང་ཚོར་གྱི་རྣམ་རྟོག་ཅི་སྐྱེས་ཀྱང་དེ་ཉིད་སྤུ་མ་བརྗེས་མདོག་མ་བསྒྱུར་བར་ཡེ་ཤེས་ཉག་གཅིག་གི་རང་བཞིན་ཡིན་པས་དེ་ལས་གཞན་པའི་ཡེ་ཤེས་ཞིག་སྐྱེ་བ་མེད་དེ། དེ་ཉིད་ལས། བག་ཆགས་ཉིད་ལས་ཡེ་ཤེས་སྐུ་ལྔ་གསལ། །རྣམ་རྟོག་ཉིད་ལས་རིག་པའི་ཡེ་ཤེས་སྐྱེ། །མ་རིག་ཉིད་ལས་སངས་རྒྱས་དགོངས་པ་ཤར། །ཞེས་གསུངས་པ་ལྟར་རོ། །འདིའི་དོན་མདོ་བཅུ་ལས། རྫོགས་ཆེན་སྐྱོན་ཡོན་བྲལ་བའི་བསྒོམ་པ་དེ། །གཟུང་འཛིན་རྣམ་རྟོག་བྲལ་བའི་ཆོས་ཉིད་ལ། །ཡོན་ཏན་བཅུ་ཡི་བསམ་གཏན་བསྒོམ་པ་ནི། །བསམ་གཏན་བཅུ་ནི་སྒྲིབ་པ་བཅུ་ཡིན་པས། །ཡོན་ཏན་བཅུ་པོ་དག་ལ་བསམ་མེད་དོ། །སྤྲོས་པ་མེད་པའི་ཆོས་ཉིད་མ་བསམས་ཤིང་། །གཟུང་འཛིན་བྲལ་བའི་རིག་པ་མ་སྦྱངས་བས། །སྟོང་མིན་ཙེ ན་མིན་ངག་གི་ཆོས་ཉིད་བཞིན། །རང་གི་རྣམ་རྟོག་དེ་ཉིད་ཡེ་ཤེས་འདོད། །བསམ་གཏན་བསྒོམ་པའི་གོལ་སར་ང་ཡིས་བཤད། །ཅེས་ཡོན་ཏན་བཅུ་ཡི་རང་བཞིན་ཅན་གྱི་ཏིང་འཛིན་བསྒོམ་པ་དེ་ཉིད་དོན་ལ་རྣམ་རྟོག་ལས་མ་འདས་བཞིན་དེ་ཉིད་ཡེ་ཤེས་སུ་རློམས་ནས་ཆེད་ཆེར་བསྒོམས་ན་སླར་ཡང་འཆིང་བྱེད་དུ་འགྱུར་བ་ལས་མེད་པའི་ཕྱིར་ན་རྫོགས་པ་ཆེན་པོའི་གོལ་སར་བཤད་པའོ། །དེ་ལ་སྒྲིབ་པར་བཞག་པའི་ཡོན་ཏན་བཅུ་ནི། དེ་ཉིད་ལས། ཡོན་ཏན་བཅུ་ནི་སྒྲིབ་པ་བཅུ་ཡིན་ཏེ། །སྒྲིབ་པ་བཅུ་ནི་གང་དང་གང་ཞེ་ན། །མ་གཡོ་བ་དང་གསལ་བ་དང་། །ཐིམ་པ་དང་ནི་བདེ་བ་དང་། །ལྷན་ནེ་བ་དང་ལྷང་ངེ་བ། །སེམས་ལ་ཡེ་ཤེས་སྐྱེ་བ་དང་། །གཞན་གྱི་ལྟ་བ་ཁྱད་གསོད་དང་། །རང་གི་ལྟ་བ་ངོམས་སྐྱོན་དང་། །མངོན་པར་ཤེས་དང་ལྡན་དུ་རེ། །འདི་ནི་བླ་མེད་ཡིན་ཟེར་ནས། །ཆོས་ཤེས་འཛིན་པ་འདི་བཅུ་ནི། །གོལ་ས་སྒྲིབ་པ་ཡིན་པར་བཤད། །ཅེས་སོ། །བདུན་པ་ནི། ཐེག་པ་འོག་མ་དག་གིས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཤིན་ཏུ་ཟབ་ཅིང་རྟོགས་པར་དཀའ་བས་ཕྲ་བའི་རང་བཞིན་དུ་གནས་པ་ཉིད་རྒྱུ་འབྲས་རྩོལ་བསྒྲུབ་ཀྱིས་ཡང་དག་པའི་ལམ་དུ་བསྒྲུབ་པར་བྱས་ན་ལེགས་པའི་ཡོན་ཏན་ཐམས་ཅད་འབྱུང་བའི་སྒོ་དང་དེ་ལྟར་མ་བསྒྲུབ་ན་རྣམ་རྟོག་གི་དབང་དུ་སོང་བའི་སྡུག་བསྔལ་ཕྲ་རགས་ཐམས་ཅད་འབྱུང་བའི་སྒོ་མོར་མིང་བཏགས་ཤིང་ཞེན་ཏེ། སེམས་ཀྱིི་དབེན་པ་སྟེ་གཟུང་འཛིན་མཚན་མའི་རྣམ་རྟོག་ལས་ཐག་བསྲིངས་པའི་ཆེད་དུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པའི་ལམ་ཚོལ་ཞིང་། སེམས་ཀྱི་དབེན་པ་དེ་ཉིད་ཐོབ་པའི་ཕྱིར་དུ་ལུས་ཀྱང་འདུ་འཛི་ལས་དབེན་པ་དགོན་པའི་གནས་སུ་ཕྱིན་པར་བྱེད་པ་སྟེ། མདོར་ན་རང་གི་སེམས་རྒྱུད་དངོས་པོ་དང་མཚན་མ་ལས་རིང་དུ་བསྲིངས་བའི་ཆེད་དུ་ཕྱི་ནང་གི་དབེན་པ་གཉིས་ཆེད་དུ་འཛིན་ཅིང་རྣམ་པར་མི་རྟོག་པ་བསྒོམ་པ་ནི་བླང་དོར་གྱི་ཆ་ཤས་ཕྲ་བ་ཡིན་ཕྱིར་རྫོགས་པ་ཆེན་པོའི་དོན་ཇི་བཞིན་རྟོགས་པའི་རྣལ་འབྱོར་བ་རྣམས་ཀྱིས་བརྟགས་པར་བྱས་ན་རྣམ་པར་རྟོག་པ་རེ་དོགས་འགྱུར་བཅས་ཀྱི་བློ་ཞིག་བསྒོམ་པ་ཡིན་པས་དོན་ལ་མི་གནས་པའི་ཕྱིར་ན་དེ་ལྟ་བུའི་སྒོམ་སྒྲུབ་ཀྱི་རྩོལ་བ་གང་ཡང་མི་དགོས་པར་གསུངས་ཏེ། གཏིང་རྫོགས་ལས། ཨ་ཏི་རྫོགས་ཆེན་ཆོས་སྐུ་བདེན་གཉིས་བྲལ། །ངོ་བོ་ཉིད་ཀྱི་རང་ཤར་ཡེ་ཤེས་ནི། །ཡོད་མེད་དབུས་ཀྱི་ཡེ་ཤེས་མཐའ་གསུམ་བྲལ། །ཡུལ་ལ་སྤང་སྡུད་གཉིས་པོ་གདོད་ནས་མེད། །དཔེར་ན་ནམ་མཁའ་རང་དུ་ཤེས་པ་བཞིན། །ཇི་བཞིན་མ་ནོར་རང་སེམས་རྟོགས་པ་ཡིས། །ལུས་ངག་མ་སྐྱེས་རྟོགས་པའི་གཞི་མེད་ཕྱིར། །སྐྱིལ་ཀྲུང་དྲང་འདུག་སྨྲ་བཅད་ཁ་ན་མེད། །དེ་ཕྱིར་སེམས་ཀྱང་དངོས་མེད་རྟག་ཆད་བྲལ། །རྟོག་སྤངས་མི་རྟོག་བསྒོམ་པའི་ཁར་མོ་འོང་། །ཡེ་ཤེས་ལྟ་བའི་ཤུགས་ལས་བྱུང་བའི་ཕྱིར། །རྣལ་འབྱོར་དམིགས་པའི་སེམས་ཀྱིས་བསྒོམ་མི་དགོས། །ཞེས་དང་། མདོ་བཅུ་ལས། བྱང་ཆུབ་སེམས་ནི་ཆོས་ཀྱི་སྒོ་མོ་ལ། །ཕྲ་རག་སྡུག་བསྔལ་སྒོ་མོ་མིང་བཏགས་ཏེ། །སེམས་ཀྱི་དབེན་པས་ལམ་བཙལ་དགོན་པའི་གནས། །ཡུལ་དབེན་སེམས་དབེན་ཕྲ་མོ་བསྒོམ་བྱེད་པ། །རིག་པ་མངོན་དུ་གྱུར་པས་རབ་བརྟགས་ན། །ཕྲ་མོ་གསུམ་བསྒོམ་རྣམ་པར་རྟོག་འགྱུར་བསྒོམ། །ཕྲ་བ་ཆོས་ཉིད་གོལ་སར་ང་ཡིས་བཤད། །ཅེས་གསུངས་སོ། །འདི་འགྲེལ་ཚུལ་གཞན་དུ་ཉན་ཐོས་ཀྱི་གྲུབ་མཐའ་རྫོགས་ཆེན་གྱི་གོལ་སར་བསྟན་པ་དང་སྦྱར་ནས་གསུངས་པ་འང་ཡོད་དོ། །བརྒྱད་པ་ནི། རྫོགས་པ་ཆེན་པོ་དགེ་སྡིག་རྒྱུ་འབྲས་ལས་འདས་པའི་རང་བཞིན་ཡིན་པ་ལ། དེ་ལྟར་མ་རྟོགས་པར་དགེ་སྡིག་གི་ལས་ལ་རྒྱུ་དང་བདེ་སྡུག་ལ་འབྲས་བུར་མིང་བཏགས་ཏེ་སོ་སོའི་སྐྱེ་བོ་རྣམས་ཀྱི་དགེ་སྡིག་བླང་དོར་ལ་བརྩོན་པར་བྱེད་ནའང་། རྫོགས་པ་ཆེན་པོའི་ལམ་དུ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་འདུས་མ་བྱས་པའི་རང་བཞིན་རྒྱུ་འབྲས་ཐ་སྙད་ཀྱི་ཡུལ་ལས་འདས་པ་ཡིན་ཕྱིར་དགེ་བས་ཕན་འདོགས་པ་དང་སྡིག་པས་གནོད་པ་སྐྱེལ་བའི་ཡུལ་དུ་མ་གྱུར་བས་དགེ་སྡིག་གཉིས་ཀ་དོན་ལ་མ་གྲུབ་པར་རྣམ་པར་སེལ་བར་གསུངས་ཏེ། རུས་སྦལ་རྩ་རྒྱུད་ལས། མཉམ་པའི་ངང་ལ་གནས་པའི་ཚེ། །རང་བྱུང་ཡེ་ཤེས་འོད་གསལ་ན། །དགེ་སྡིག་གཉིས་ཀ་རྣམ་པར་སེལ། །ཞེས་གསུངས་སོ། །དེས་ན་དགེ་སྡིག་བླང་དོར་ལ་བརྟེན་ནས་འཇིག་རྟེན་འཁོར་བའི་གནས་འདི་ལས་ཐར་བ་མྱ་ངན་ལས་འདས་པའི་སྐམ་ས་ལ་ངེས་པར་འབྱུང་ངོ་ཞེས་བླང་དོར་གྱི་ལས་ལ་བྲོད་པ་མཆོག་ཏུ་བསྐྱེད་ནས་རྩོལ་སྒྲུབ་བྱེད་པ་ནི་རྩོལ་མེད་ཡེ་བབས་སོར་བཞག་གི་དོན་རྟོགས་པ་ལ་སྒྲིབ་ཅིང་གེགས་སུ་ཆེ་བའི་ཕྱིར་ན་རྫོགས་པ་ཆེན་པོའི་གོལ་སར་བསྟན་པ་སྟེ། སྔ་མ་ལས། རྫོགས་ཆེན་ལྟ་སྤྱོད་རྒྱུ་འབྲས་འདས་པ་ལ། །རྒྱུ་ལས་འབྲས་བུ་འབྱུང་བར་མིང་བཏགས་ནས། །དགེ་བའི་རྒྱུ་ཡིས་འབྲས་བུ་མཐོ་རིས་ལ། །སྡིག་པའི་རྒྱུ་ཡིས་འབྲས་བུ་ངན་སོང་དུ། །འཇིག་རྟེན་འདི་ལས་སྤྱད་པས་འབྱུང་ངོ་ཞེས། །དགེ་བ་དང་ལེན་སྡིག་པ་ཕར་འདོར་བ། །འབྲས་བུ་འབྱུང་ཟེར་བྲོད་པ་མཆོག་ཏུ་བསྐྱེད། །དེ་ཡང་ལྟ་སྤྱོད་རྒྱུ་འབྲས་གོལ་སར་བཤད། །ཅེས་སོ། །འདི་ལ་ཀུན་མཁྱེན་རོང་ཟོམ་ཆེན་པོ་ནས། དེ་ལ་དགེ་སྡིག་གཉིས་ཀ་རྣམ་པར་སེལ་ཞེས་པའི་སྒྲ། རྣམ་པ་གཅིག་ཏུ་དགེ་སྡིག་གཉིས་ཀ་འགོགས་པ་ལ་བྱ་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ལས་ཀྱི་ཚེ་འགོགས་པ་བསྒྲུབ་སྟེ། དེ་བས་ན་ཚེ་དགག་པར་བྱ་བའི་ཕྱིར་ལས་འགོག་པར་བསྒྲུབ་ལ། ལས་འགོག་པར་བྱ་བའི་ཕྱིར་ཉོན་མོངས་པ་འགོག་པ་སྒྲུབས་སོ། །ཉོན་མོངས་པ་འགགས་ན་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པའི་འཇིག་རྟེན་འདི་ལས་མྱ་ངན་ལས་འདས་པའི་སྐམ་སར་ངེས་པར་འབྱུང་ངོ་། །ཞེས་བླང་དོར་གྱི་བྲོད་པ་མཆོག་ཏུ་བསྐྱེད་པ་རྣམས་སོ། །ཞེས་གསུངས་སོ། །གསུམ་པ་ཆགས་སྡང་དུག་ལྔར་སྣང་བ་མ་སྤང་ཆོས་ཉིད་དུ་གྲོལ་བ་ཡེ་ཤེས་རང་ཤར་གྱི་སྤྱོད་མདོ་ལ་བཞི་སྟེ། བདེ་སྡུག་རོ་མཉམ་དུ་གཅིག་པ་བླང་དོར་མེད་པའི་སྤྱོད་མདོ་འདོད་ཡོན་ཆགས་སྡང་དུ་སྣང་བ་ཀུན་སྤྱོད་རྒྱན་གྱི་སྤྱོད་མདོ། ཅིར་སྣང་ཆགས་མེད་དུ་སྤྱོད་པས་མཉམ་ཉིད་ནམ་མཁའ་འཆར་བའི་སྤྱོད་མདོ། གྲགས་སྟོང་སྐྱེ་མེད་དུ་སྤྱོད་པས་གསུངས་དབྱངས་ལྷུན་གྲུབ་ཏུ་སྣང་བའི་སྤྱོད་མདོའོ། །དང་པོ་ནི་འདི་ལྟར་འདོད་པའི་ཡུལ་ལྔ་ལ་དབང་པོ་དྲུག་ཞེན་ཅིང་ཆགས་པས་འཇིག་རྟེན་པ་དང་འདོད་པའི་ཡུལ་རྣམས་གདོད་ནས་ཆོས་ཉིད་སྐྱེ་བ་མེད་པའི་རང་བཞིན་དུ་རྟོགས་པས་མ་ཆགས་པར་འདོད་ཡོན་གྱི་འཆིང་བ་ལས་རྣམ་པར་གྲོལ་བ་མྱ་ངན་ལས་འདས་པ་གཉིས་ཀའང་ཚིག་གི་ལམ་དུ་བརྗོད་པའི་ཐ་སྙད་ཙམ་ལས་དོན་ལ་གྲུབ་པ་མེད་པ་སྟོང་གཟུགས་སྒྱུ་མའི་རོལ་པ་ཙམ་ཁོ་ན་ཡིན་ལ། དེ་ལྟར་འཁོར་འདས་ཀྱི་མཐའ་གཉིས་མ་གྲུབ་པའི་ཕྱིར་ན་མཐའ་དེ་གཉིས་ལ་ལྟོས་པའི་དབུ་མ་ཞེས་པའི་མཐའ་གཉིས་པོ་དེ་བཞིན་དུ་མ་གྲུབ་པས་ན། དེ་རྣམས་ཚིག་གིས་བརྗོད་པ་ཙམ་དེ་ཡང་མ་གྲུབ་ཏེ་བརྗོད་བྱ་བརྗོད་བྱེད་གཉིས་ཀ་དང་བྲལ་བའི་ཕྱིར་བྲག་ཆ་དང་འདྲ་བའོ་ཞེས་སོ། །ཡང་ན་མཐའ་ཐམས་ཅད་དང་བྲལ་བས་ཅིར་ཡང་མ་གྲུབ་བཞིན་དུ་འདི་ལྟར་རྟེན་འབྲེལ་གྱི་སྣང་བ་ཙམ་མི་འགགས་པར་འབྱུང་བ་ནི་དབུ་མ་པ་བཞིན་ཏེ་དོན་ལ་གྲུབ་པ་མེད་པས་བྲག་ཆ་དང་འདྲའོ་ཞེས་སྦྱར་ཀྱང་ཆོག་གོ །རྒྱུ་མཚན་དེས་ན་ཡུལ་ལ་མ་ཆགས་པའི་མྱ་ངན་ལས་འདས་པའི་བདེ་བ་དང་། ཆགས་པ་འཁོར་བའི་སྡུག་བསྔལ་གཉིས་པོ་ཆོས་ཉིད་གཅིག་གི་རང་རྩལ་ཡིན་པས་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་རྒྱུ་མཐུན་པའམ་དབྱེར་མེད་པ་ཡིན་ནོ་ཞེས་འགྲོ་བའི་མགོན་པོ་དཔལ་རྡོ་རྗེ་སེམས་དཔས་གསུངས་ཏེ། མདོ་བཅུ་ལས། བདེ་དང་སྡུག་བསྔལ་རྒྱུ་མཐུན་ངེས་པ་ནི། །དབང་པོ་དྲུག་ནི་ཡུལ་ལ་ཆགས་པ་སྟེ། །ཡུལ་ལ་རང་བཞིན་མེད་པས་ཆགས་པ་མེད། །གཉིས་ཀར་མ་ཡིན་ཚིག་གི་ལམ་ལ་གནས། །བརྟགས་ན་ཇི་ལྟར་བརྟགས་པ་འབྱུང་བ་ནི། །དབུ་མ་བཞིན་ཏེ་བྲག་ཆའི་སྒྲ་དང་འདྲ། །བདེ་བ་ཆོས་ཉིད་སྡུག་བསྔལ་ཉོན་མོངས་ལྔ། །སྙིང་པོ་བྱང་ཆུབ་སེམས་སུ་རྒྱུ་མཐུན་ཞེས། །འགྲོ་བའི་མགོན་པོ་རྡོ་རྗེ་སེམས་དཔས་གསུངས། །ཞེས་སོ། །གཉིས་པ་ནི། འདི་ལྟར་འདོད་པའི་ཡུལ་རྣམས་དང་དུ་ལེན་པའི་འདོད་ཆགས་དང་། མི་འདོད་པའི་ཡུལ་ལ་རྒྱབ་ཀྱིས་ཕྱོགས་པའི་ཞེ་སྡང་དང་། བར་མ་ལ་བཏང་སྙོམ་གཏི་མུག་གི་རྣམ་པར་ཤར་བས་མཚོན་ཉོན་མོངས་པའི་ཀུན་རྟོག་གང་དང་ཅི་སྐྱེས་ཀྱང་བྱང་ཆུབ་ཆེན་པོའི་ལམ་མམ་རིག་པ་བྱང་ཆུབ་སེམས་ཀྱི་རྩལ་ལས་རང་ཤར་ཞིང་བྱུང་བ་ཡིན་པས་ན། འདི་ལྟར་ཉོན་མོངས་པའི་ཀུན་རྟོག་ཤིན་ཏུ་དྲག་པོ་སྐྱེ་བསྡོ་བའི་དུས་ཉིད་ནས་རིག་རྩལ་འགགས་པ་མེད་པ་རང་བྱུང་ཡེ་ཤེས་ཆེན་པོའི་རོལ་པ་ཉག་གཅིག་ལས་མ་དག་མཚན་མའི་ཆོས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་དེ། རིན་པོ་ཆེ་སྤུངས་པ་ལས། བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གི་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །བདག་རྟོག་བཅིང་བའི་ཉོན་མོངས་ལྔ། །ཡེ་ནས་རིག་པ་རང་ཤར་བས། །ལྷན་ཅིག་གནས་པས་ཞལ་མ་འཚོ། །ཞེས་དང་། ཁྱུང་ཆེན་ལས། ཉོན་མོངས་ལྔ་ཉིད་བྱང་ཆུབ་ཆེན་པོའི་ལམ། །གཞན་གྱིས་མ་བསླད་དེ་ཉིད་དེ་ལྟར་ཡིན། །ཞེས་སོ། །རྒྱུ་མཚན་དེས་ན་སེམས་ཅན་རྣམས་ཀྱི་ཚོགས་དྲུག་གི་ཤེས་པ་རྣམས་ཀུན་ཏུ་སྤྱོད་པའི་ཡུལ་གཟུགས་སྒྲ་དྲི་རོ་ལ་སོགས་པའི་འདོད་པའི་ཡོན་ཏན་རྣམ་པ་ལྔ་པོ་མ་འགགས་པའི་རྩལ་སྣང་གང་ཤར་བ་ཐམས་ཅད་སངས་རྒྱས་རྣམས་ལ་ཞིང་དང་གཞལ་ཡས་ཁང་ལ་སོགས་པའི་རྣམ་པར་ཤར་ཡང་རུང་། སེམས་ཅན་རྣམས་ལ་ཆགས་སྡང་གི་ཡུལ་ལ་དུག་ལྔ་རང་ཀ་མར་སྤྱོད་པ་ལྟར་སྣང་ཡང་རུང་། དོན་ལ་བཟང་ངན་རྡུལ་ཙམ་མེད་པར་ཐམས་ཅད་ཆོས་ཉིད་དབྱིངས་ཀྱི་རྒྱན་དུ་རིག་པ་བྱང་ཆུབ་སེམས་ཀྱི་རོལ་རྩལ་རང་ཤར་བ་ཡིན་ནོ་ཞེས་གསུངས་ཏེ། མདོ་བཅུ་ལས། རྡོ་རྗེ་སེམས་དཔའ་ཆོས་ཉིད་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་སྐུ་གསུང་ཐུགས། །སྙིང་པོ་བྱང་ཆུབ་སེམས་ཀྱི་ལམ་ལས་བྱུང་། །དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་ཀུན། །འདོད་པའི་ཡོན་ཏན་ལྔ་ལ་ཀུན་སྤྱོད་པ། །སངས་རྒྱས་སྐུ་དང་ཡེ་ཤེས་ལྔ་རུ་སྤྱོད། །སེམས་ཅན་ཆགས་སྡང་ལྔ་ལ་རང་ཁར་སྤྱོད། །ཆོས་ཉིད་དབྱིངས་ཀྱི་རྒྱན་ནི་འདོད་ཡོན་ལྔ། །བྱང་ཆུབ་སེམས་ཀྱི་རྒྱན་དུ་སེམས་དཔས་གསུངས། །དེས་ན་ཆོས་ཉིད་དབྱིངས་ཀྱི་ཆེ་བར་བཤད། །ཅེས་གསུངས་སོ། །གསུམ་པ་ནི། འདི་ལྟར་ནམ་མཁའ་དང་ནམ་མཁའ་ལ་དམིགས་པའི་རྟོགས་པ་གཉིས་གདོད་ནས་སྐྱེ་བ་མེད་ཅིང་མ་གྲུབ་པར་མགོ་མཉམ་སྟེ། ཅིའི་ཕྱིར་ན་ནམ་མཁའ་ནི་རང་གི་ངོ་བོ་ཉིད་མེད་པའི་ཕྱིར་མ་སྐྱེས་ལ། དེ་ལ་དམིགས་པའི་རྟོག་པ་ནི་ཡུལ་མེད་པའི་ཕྱིར་མ་སྐྱེས་སོ། །ནམ་མཁའ་ལ་རང་མཚན་མེད་པས་དེ་ལ་དམིགས་པའི་རྟོག་མེད་ཀྱི་ཤེས་པ་སྐྱེ་བ་མེད་ཀྱང་རྟོག་བཅས་ཅིས་ཕྱིར་མི་སྐྱེ་སྟེ་སྐྱེའོ་སྙོམ་ན། ནམ་མཁའ་གཏན་ནས་མ་གྲུབ་པ་དེ་ལ་དོན་སྤྱིའི་རྣམ་པ་ཡིད་ཡུལ་དུ་འཆར་བ་མེད་པའི་ཕྱིར་ན་རྟོག་བཅས་ཀྱང་སྐྱེ་བ་མེད་ལ། དེས་ན་ནམ་མཁའ་ལ་དམིགས་པའི་རྟོག་པ་དེ་ཉིད་ནམ་མཁའ་ཉིད་དང་འདྲ་བར་སྐད་ཅིག་ཀྱང་སྐྱེ་མ་མྱོང་བ་དེ་བཞིན་དུ། ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་འདི་ལྟར་སྣང་བ་ཐམས་ཅད་གདོད་ནས་སྐྱེ་བ་མེད་པ་ནམ་མཁའ་ལྟ་བུའི་རང་བཞིན་ཡིན་པས་དངོས་པོའི་ཆོས་རྣམས་མ་དམིགས་ནས་སྐྱེས་པ་ལྟར་སྣང་བའི་རྟོག་པ་ཐམས་ཅད་ཀྱང་དེ་ལྟར་སྐྱེ་བ་ལྟར་སྣང་བའི་དུས་ཉིད་ནས་དོན་ལ་སྐྱེ་མ་མྱོང་བ་ནམ་མཁའ་དང་འདྲ་བ་ཡིན་ནོ། །ཚུལ་དེ་ལྟར་ཤེས་པས་འདོད་པའི་ཡོན་ཏན་ལྔ་སོགས་གང་ལའང་མི་ཆགས་པའི་བློ་ནི་རེ་དོགས་སྤང་བླང་ཐམས་ཅད་དང་བྲལ་བས་དཔེར་ན་ནམ་མཁའི་བསྔོ་བ་ཞེས་ནམ་མཁའ་ལ་དམིགས་ནས་རེ་འདུན་གྱི་བློ་གང་ཡང་མི་སྐྱེ་བ་བཞིན་ལ། དེ་ལྟ་བུའི་ལྟ་བ་དེ་གདེང་དུ་གྱུར་པ་ལས་བླང་དོར་དང་བྱ་རྩོལ་གཞན་ཅི་ལ་ཡང་མི་ལྟོས་པར་རང་དོན་མཐར་ཐུག་པ་མྱ་ངན་ལས་འདས་པ་ཆེན་པོའིི་གོ་འཕང་མངོན་དུ་གྱུར་ཏེ། དེའི་ཚེ་ན་སེམས་ཉིད་ནམ་མཁའ་ལྟ་བུའི་ཀློང་ན་བདག་གཞན་གྱི་དབྱེ་བ་མེད་པ་སྲིད་གསུམ་ཀ་དག་གི་དགོངས་པར་ཤར་བས་བྱ་བ་ཐམས་ཅད་མཐར་ཕྱིན་ཏེ་གཞན་དོན་ཀྱང་བསྒྲུབ་ཏུ་མེད་པ་འབྱུང་ངོ་། །དེ་ལྟར་ཡང་མདོ་བཅུ་ལས། ནམ་མཁའི་རྟོག་པ་སྤྲིན་དང་ཁུ་རླངས་འདྲ། །རྟོག་པ་དེ་ལས་མཚན་མ་སྐྱེ་མེད་ཅིང་། །སེམས་ལ་མཚན་མ་མེད་པ་དེ་ཉིད་ནི། །དུས་གསུམ་རྟོག་པ་སྐུ་གསུམ་ནམ་མཁའ་འདྲ། །འདོད་ཡོན་ལྔ་ལ་མི་ཆགས་ནམ་མཁར་བསྔོ། །ནམ་མཁའ་ཆགས་མེད་ལྟ་བུར་བསྔོ་བའོ། །ཆོས་ཉིད་ནམ་མཁའ་ལྟ་བུར་ཀུན་བསམ་ན། །རང་དོན་ནམ་མཁའ་ལྟ་བུར་འབྱུང་བར་ངེས། །ཞེས་གསུངས་སོ། །འདི་ཡན་ཆད་ཀྱི་ཤྭ་ལོ་ཀ་དགུ་པོ་དེས་ཐིག་ལེ་གསུམ་པ་དབྱིངས་རྣམ་པར་དག་པའི་ཐིག་ལེ་བསྟན་ཏེ། དེ་ཡང་ཆོས་དབྱིངས་བྱང་ཆུབ་ཀྱི་སེམས་ཏེ་སྟོང་པ་ཕྱངས་ཆད་པ་ལྟ་བུ་མ་ཡིན་པར་སྟོན་པའི་ཕྱིར། དབྱིངས་ཀྱི་ཐིག་ལེའི་སྐབས་སུ་འཁོར་འདས་ཐམས་ཅད་ཀྱི་འབྱུང་གནས་སུ་བསྟན་ཀྱང་། དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་བའི་དུས་ཉིད་ནས་འབྱུང་བ་དང་འབྱུང་ཚུལ་འབྱུང་བ་པོ་སོགས་གང་ཡང་མེད་པས་ཡོད་མེད་དང་རྟག་ཆད་སྐྱེ་འགག་ལ་སོགས་པ་སྤྲོས་པའི་མཐའ་ཐམས་ཅད་རྣམ་པར་དག་ཅིང་སྤྲོས་པས་གྲྭ་ཟུར་གང་ཡང་མེད་པའི་ངང་དུ་ཟླུམ་པས་ན་དེ་སྐད་ཅེས་བརྗོད་ཏེ། འབྲས་ཀློང་ལས། དེ་ཚེ་ཉིད་ན་འབྱུང་བ་འབྱུང་ཚུལ་འབྱུང་། །ཕྱོགས་རིས་ཀུན་བརྟགས་རྣམ་པར་རང་དག་པས། །དབྱིངས་ཞེས་དགོས་པས་བཏགས་ཀྱིས་ཡེ་དག་པས། །སྤྲོས་པའོ་ཅོག་ཀྱང་རྣམ་པར་བཅད་པའི་ངང་། །ཞེས་གསུངས་ལ། དེ་ཉིད་དཀའ་འགྲེལ་ལས་སྤྱོད་པ་ལ་སྦྱར་བའི་སྐབས་སུ་སྤྱོད་པའི་དབྱེ་བ་བཞིར་གསུངས་པ་ལས། ཚིག་རྐང་དང་པོ་བཞིས་སྡུག་བསྔལ་ཆོས་ཉིད་དུ་ཤར་བའི་སྤྱོད་པ་དང་། དེ་ནས་བརྒྱད་ཀྱིས་དགེ་སྡིག་གི་ལས་ལས་གྲོལ་བའི་སྤྱོད་པ་དང་། དེ་ནས་བཞིས་རྣམ་རྟོག་ཡེ་ཤེས་སུ་གྲོལ་བའི་སྤྱོད་པ་དང་། དེ་ནས་ཚིག་རྐང་ཉི་ཤུས་ཐེག་པ་ལ་བཟླ་བའི་སྤྱོད་པ་བསྟན་ཏེ། དེ་ལ་ཡང་ནང་གསེས་སུ་ཉན་ཐོས། རང་རྒྱལ། དབུ་མ། གསང་སྔགས་བཞིའི་ཐེག་པ་ལ་བཟླ་བ་ཡོད་པ་རྣམས་དང་པོ་གསུམ་བཞི་ཚན་སྔ་མ་གསུམ་དང་ཕྱི་མ་ནི་བཞི་ཚན་ཐ་མ་གཉིས་ལ་གོ་རིམ་བཞིན་སྦྱར་བར་གསུངས་ཏེ། དེ་ལས། སྤྱོད་པ་རྣམ་པ་བཞིར་བཤད་དེ། །སྡུག་བསྔལ་ཆོས་ཉིད་སྤྱོད་པ་དང་། །ལས་ལས་གྲོལ་བའི་སྤྱོད་པ་དང་། །རྣམ་རྟོག་ཡེ་ཤེས་སྤྱོད་པ་དང་། །ཐེག་པ་ལ་བཟླའི་སྤྱོད་པའོ། །བཞི་དང་བརྒྱད་དང་ཡང་ནི་བཞི། །ཉི་ཤུ་དག་ལ་རིམ་གྱིས་སྦྱར། །ཐེག་པ་ལ་བཟླ་བྱེད་ལ་བཞི། །རྣམ་རྟོག་བསྒོམ་པའི་ཉན་ཐོས་དང་། །དགེ་སྡིག་སེལ་བའི་རང་རྒྱལ་དང་། །སྟོང་པར་འདོད་པའི་དབུ་མ་དང་། །དུག་ལྔ་མ་སྤངས་གསང་སྔགས་རྣམས། །བཞི་ཚན་གསུམ་དང་བརྒྱད་ལ་ནི། །རིམ་གྱིས་སྦྱར་ཏེ་བཤད་པར་བྱ། །ཞེས་སོ། །བཞི་པ་ནི། གོང་དུ་བསྟན་པ་དེ་ལྟ་བུའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་རྟོག་མེེད་མཉམ་པ་ཉིད་དུ་གནས་པ་ནི་ཆོས་ཀྱི་སྐུ་ཡི་ངོ་བོ་ཡིན་ལ་ཆོས་ཉིད་ཡེ་སྟོང་ཆེན་པོ་དེ་ཉིད་ཀྱི་ངང་ལས་མ་གཡོས་བཞིན་དུ་འདི་ལྟར་སྣང་གྲགས་དྲན་རིག་གི་ཆོས་སུ་སྣང་བ་ཐམས་ཅད་ནི་སྣང་བའི་དུས་ཉིད་ནས་དོན་ལ་གྲུབ་པ་མེད་པས། གཟུགས་སུ་སྣང་བ་ཐམས་ཅད་སྣང་སྟོང་། སྒྲ་རུ་གྲགས་པ་ཐམས་ཅད་གྲགས་སྟོང་། དྲན་རྟོག་གང་ཤར་ཐམས་ཅད་རིག་སྟོང་སྐྱེ་བ་མེད་པ་སྣང་སྟོང་གང་གི་ཕྱོགས་སུ་མ་ལྷུང་ཞིང་སྤྲོས་པའི་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར་ཡོད་མེད་ལ་སོགས་པ་ཇི་ལྟར་གཟུང་ཡང་དེ་ལྟར་མ་གྲུབ་པར་སྤྲོས་མཐའ་ཐམས་ཅད་དང་བྲལ་བས་མི་ཟིན་པ་ཆུ་ཡི་ཟླ་བ་དང་འདྲ་བ་ཡིན་ཏེ། སྙིང་པོ་ཐུགས་ཀྱི་རྒྱུད་ལས། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །མཛེས་པ་ཀུན་ཏུ་བཟང་པོའི་སྐུ། །བཟུང་བས་མི་ཟིན་ཆུ་ཟླའི་སྐུ། །ཟབ་མོ་ཨ་ཡི་ཀློངས་ནས་བྱུང་། །བརྗོད་ལས་འདས་པ་ཟབ་མོའི་ཨ་ཡི་ཀློང་། །ཨ་ཡི་རང་བཞིན་སྤྲོས་པའི་མཐའ་དང་བྲལ། །རྟོག་མེད་མཉམ་ཉིད་ཆོས་སྐུ་དག་པ་ལས། །ངོ་མཚར་རྨད་བྱུང་རིག་པའི་སྐུར་སྣང་སྟེ། །མ་གཡོས་དབྱིངས་ཉིད་ཡིན་པས་ཀློང་ནས་འཕྱོ། །ཞེས་དང་། མདོ་བཅུ་ལས། རྫོགས་པ་ཆེན་པོའི་རོལ་པ་བསྟན་པ་ནི། །ཆོས་ཉིད་བྱང་ཆུབ་སེམས་ནི་ནམ་མཁའ་འདྲ། །སེམས་ལ་རྟོག་པ་མེད་པ་ཆོས་ཀྱི་སྐུ། །དངོས་པོ་མཚན་མ་མེད་པས་བཟུང་མི་ཟིན། །དཔེ་ནི་ཆུ་ལ་སྣང་བའི་ཟླ་བ་འདྲ། །ཞེས་གསུངས་པ་ལྟར་ལ། དེ་ལྟར་གང་སྣང་ཐམས་ཅད་ཆོས་སྐུ་སྐྱེ་བ་མེད་པའི་རང་བཞིན་དུ་ཤེས་ཤིང་གོམས་པར་བྱས་པས། ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོའི་སྒྱུ་འཕྲུལ་གྱི་རོལ་པ་ཚད་མེད་པར་སྣང་བ་ཡིས་འགྲོ་བ་རྣམས་གྲོལ་བར་མཛད་པའི་ཕྲིན་ལས་གྱི་གཙོ་བོ་གསུང་གི་ཕྲིན་ལས་དེ་ཡང་རྩོལ་བ་མེད་པར་ཡེ་ནས་རང་ཤར་ལྷུན་གྲུབ་ཏུ་སྣང་བའི་ཚུལ་ཀྱང་། འདི་ལྟར་ཕྱི་ནང་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་ཨཱ་ལི་ཤེས་རབ་སྟོང་པ་ཉིད་ཀུན་ཏུ་བཟང་མོ་དང་། ཀཱ་ལིི་ཐབས་སྣང་བའི་ཡེ་ཤེས་ཀུན་ཏུ་བཟང་པོ་གཉིས་ཡེ་ནས་གཉིས་སུ་མེད་པས་སྣང་སྟོང་ངམ་ཐབས་ཤེས་འདུ་འབྲལ་མེད་པ་གཟུངས་དམ་པའི་ངོ་བོར་གནས་པ་ཟབ་ཏུ་སྟེ་ཤིན་ཏུ་ཟབ་ཅིང་རྟོག་པར་དཀའ་བའི་རང་བཞིན་དུ་བསྟན་པ་ནི། དེ་ཉིད་ལས། ཆོས་སྐུ་མ་སྐྱེས་ཀུན་ཏུ་བཟང་པོ་ལས། །རོལ་པ་སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ནི། །སྣང་སྲིད་མངོན་དུ་འབྱུང་བའི་ཚུལ་ཉིད་དོ། །དོན་དམ་སྐྱེ་བ་མེད་པས་ཨཱ་ལིར་བཤད། །རིག་པ་མངོན་དུ་གྱུར་པའི་སེམས་ཉིད་ནི། །ཆོས་ལ་འགགས་པ་མེད་པ་ཀཱ་ལིར་བཤད། །དེ་ནི་རྫོགས་པ་ཆེན་པོའི་རོལ་བར་བཤད། །ཅེས་སོ། །དེ་ལྟར་ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་རོལ་པར་མ་གྱུར་པ་མེད་པ་དེས་ན། སྐྱེ་མེད་དོན་གྱི་གསུང་གིས་ཆོས་སྟོན་པ་དེ་ཡང་སྟོན་པ་པོ་གཞན་ཞིག་གིས་གང་ཟག་གཞན་ཞིག་ལ་སྒྲ་ཚིག་གི་སྒོ་ནས་གསུང་པ་ལྟ་བུ་མིན་པར། འདི་ནི་དཔེར་ན་སྐྱེ་མེད་མཚོན་པའི་ཡི་གེ་ཨ་ནི་ཡི་གེ་ཐམས་ཅད་ཀྱི་འཕྲོ་གཞིར་བསྟན་པ་དང་། དེ་ལས་མཛེས་པའམ་ལེགས་པར་སྤྲོས་པའི་གསལ་བྱེད་ཀྱི་ཡི་གེ་ཏ་དང་དོན་དམ་མཚོན་པའི་པ་དང་ཤེས་རབ་མཚོན་པའི་ཡི་གེ་ཤ་ལ་སོགས་པ་ཡན་ལག་གི་ཡི་གེ་ཐམས་ཅད་སྤྲོས་པ་བཞིན་དུ་ཞེས་སམ། ཡང་ན་ཨ་དང་མཛེས་པའི་ཏ་ནི་སྣང་སྟོང་གཉིས་སུ་མེད་པ་ཆོས་ཀྱི་སྐུའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཡིན་ལ། དེའི་རྩལ་ལས་ཆོ་འཕྲུལ་ཕུང་པོ་ལྔ་དང་རྣམ་ཤེས་ཚོགས་བརྒྱད་ལ་སོགས་པའི་ཡན་ལག་རྣམས་སྤྲོས་ཏེ་ཤར་བ་བཞིན་དུ་ཞེས་དཔེར་བཀོད་དེ། མཚོན་བྱ་དོན་ནི་གང་ཞེ་ན་འདི་ལྟར་ཨཱ་ནི་ཨ་རང་ངོ་སྟེ་ཐུགས་རྗེ་ཆེན་པོའི་མཛད་སྤྱོད་རྒྱུན་མི་འཆད་པའི་དོན་དང་། དེ་ལྟ་བུའི་མངོན་སྤྱོད་དེ་ཤེས་རབ་ཆེན་པོ་དང་དབྱེར་མེད་པས་མཚན་མའི་སྤྲོས་པ་ཐམས་ཅད་དག་ཅིང་མཛེས་པར་བྱེད་པའི་ཕྱིར་ན་ཏ་ཞེས་གསུངས་ཏེ། ཅིའི་ཕྱིར་ན་ཏ་ཞེས་བྱ་བ་ནི་ཤེས་རབ་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་ཡིན་པར་གསུངས་པས་སོ། །པ་ཞེས་བྱ་བ་ནི་དེ་ལྟ་བུའི་ཐབས་ཤེས་སམ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་དུ་འགྲོ་བ་རྣམས་གྲོལ་བར་མཛད་པ་སྟེ། དེ་ཡང་གུད་ན་ཡོད་པ་མ་ཡིན་པར། འདི་ལྟར་འགྲོ་བ་རྣམས་ཀྱི་ཐུན་མོང་གི་སྤྱོད་ཡུལ་ཉོན་མོངས་པ་ལྔ་དང་འདོད་ཡོན་ལྔར་སྣང་བ་ལ་སོགས་པ་ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་འདི་རྣམས་ཡིན་མོད་ཀྱི། འོན་ཀྱང་སྣང་བ་ཐམས་ཅད་བརྡ་དང་དཔེ་ཆ་རུ་འཆར་ནུས་པ་སོགས་ལས་འཕྲོ་དང་སྐལ་བར་ལྡན་པ་རྣམས་ལ་དབང་པོའི་རིམ་པ་བཞིན་སྐྱོབས་པར་ཡང་འགྱུར་ལ། སྐལ་བ་མེད་པ་རྣམས་ལ་ཇི་བཞིན་ཉིད་དུ་སྣང་བར་མི་འགྱུར་མོད། དེ་ལྟར་སྣང་བར་མ་གྱུར་ན་ཡང་དཔེར་ན་སྐྱེ་མེད་ཀྱི་ཡི་གེ་ལས་ཡན་ལག་གི་ཡི་གེ་རྣམས་སྤྲོས་པ་བཞིན་དུ། འཇིག་རྟེན་འགྲོ་བ་ཡོངས་ཀྱི་སྤྱོད་ཡུལ་གང་སྣང་ཅི་ཤར་གྱི་ཆོས་འདི་དག་ཐམས་ཅད་ལ་སངས་རྒྱས་རྣམས་ཀྱི་གསུང་གི་བརྗོད་བྱ་ཟབ་མོ་ཐབས་ཤེས་སམ་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་འདི་ནི་རྟག་ཏུ་ལྷུན་གྱིས་གྲུབ་ཀྱི་ཚུལ་དུ་གནས་པས་ནམ་ཡང་འགོགས་མེད་དུ་འབྱུང་བ་ཡིན་པས། དེ་ལྟར་གསུང་དབྱངས་ལྷུན་གྲུབ་ཀྱི་རང་བཞིན་ཆོས་ཉིད་མ་བཅོས་ཇི་བཞིན་པའི་རང་བཞིན་ཡུལ་དུ་ཤར་ཞིང་མཐོང་བ་ལ་རྣམ་རྟོག་གི་རླུང་གིས་མི་བསླད་པར་གདམས་ཏེ། །རྩ་རྫོགས་ལས། ཨེ་མ་ཧོ་ཨཱ་ལི་ཀཱ་ལིའི་ཡི་གེ་ལས། །ཤ་ལ་སོགས་པའི་ཡི་གེ་འབྱུང་། །དེ་བཞིན་ཏ་དང་མ་ཡི་དོན། །ཀུན་ནས་ཀུན་ཏུ་ཤེས་པར་བྱ། །གསང་སྔགས་ཚིག་དོན་ཡི་གེ་ལས། །རིག་པའི་རང་ལུས་མཐོང་བར་འགྱུར། །ཆོས་དབྱིངས་རྒྱན་དང་བཅས་པར་ནི། །ཡི་གེའི་ཡན་ལག་རྒྱན་སྤྲོས་པ། །རང་སྣང་བསམ་བྲལ་ཆེན་པོའོ། །རང་བྱུང་ཉིད་ཀྱི་ཡི་གེ་ནི། །ཡན་ལག་སོ་སོར་སྤྲོས་པ་བཞིན། །བདེན་པ་རྣམ་དག་མཐོང་བའོ། །ཆོས་ཉིད་ཡུལ་དུ་མཐོང་བ་ལ། །རྣམ་རྟོག་རླུང་གིས་མ་གཏོར་ཅིག །ཅེས་དང་། མདོ་བཅུ་ལས། གང་གི་ཇི་ལྟར་མངོན་དུ་ཕྱུང་ཞེ་ན། །ཆོས་ཉིད་སེམས་ཉིད་མངོན་དུ་བསྟན་པ་ནི། །ཨ་དང་མཛེས་པའི་ཏ་ནི་ཆོས་སྐུར་བཤད། །སྙིང་པོ་བྱང་ཆུབ་སེམས་ནི་ཆོས་སྐུ་ལས། །ཆོ་འཕྲུལ་ཕུང་པོ་ལྔ་པོ་དག་དང་ནི་། །རྣམ་ཤེས་བརྒྱད་ཀྱི་ཡན་ལག་སྤྲོས་པ་བཞིན། །ཁམས་གསུམ་འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལ། །ཉོན་མོངས་ལྔ་ནི་འདོད་ཡོན་རྣམ་པ་ལྔ། །དུས་གསུམ་སངས་རྒྱས་གསུང་གི་ཟབ་མོ་ནི། །སྐྱེ་བ་མེད་པའི་ཆོས་ཉིད་གཟུགས་སྒྲ་དྲི། །སྐྱེ་བ་མེད་པའི་ཟབ་མོ་སངས་རྒྱས་གསུངས། །ཞེས་གསུངས་པ་ལྟར་རོ། །བཞི་པ་གསང་བ་དམ་པ་མཆོག་ཏུ་བསྔགས་ཤིང་ཐེག་པ་གཞན་གྱིས་མི་འགྲུབ་པའི་མཆོག་མདོ་ལ་དགུ་སྟེ། སེམས་གསང་རྫོགས་པ་ཆེན་པོ་བྱ་བཙལ་ལས་འདས་པའི་མཆོག་མདོ། ལམ་ལ་བགྲོད་དུ་མེད་པའི་མཆོག་མདོ། དེ་ཉིད་རྟོགས་པས་བཙལ་མེད་རང་ལ་གྲུབ་པའི་མཆོག་མདོ། ལམ་ཆེན་ཡངས་པ་དུས་གསུམ་ཀུན་ཏུ་བཟང་པོ་ཐམས་ཅད་ཀྱིས་ཡིན་པའི་མཆོག་མདོ། དེ་ཉིད་ཕྱོགས་བྲལ་ཀུན་གྱི་སྣང་བྱེད་ལ་ཕྱོགས་ཆ་ངོས་བཟུང་དུ་བལྟས་པས་མི་འགྲུབ་པའི་མཆོག་མདོ། རྣམ་དཔྱོད་དུས་ལ་ལྟོས་པའི་འབྲས་བུ་ཅན་གྱི་ལམ་སྤང་བར་གདམས་པའི་མཆོག་མདོ། ནམ་མཁའ་ལྟར་དུས་གསུམ་གཅིག་ཏུ་གནས་པས་སྔ་ཕྱི་བཟང་ངན་མེད་པར་བྱང་ཆུབ་རང་ལ་གནས་པའི་མཆོག་མདོ། འཁོར་བ་གདོད་ནས་དག་པས་སྲིད་གསུམ་སྒྱུ་མར་སྣང་བའི་མཆོག་མདོ། སྨོན་ལམ་སྙིང་རྗེ་ལ་སོགས་པ་མཚན་བཅས་རྒྱུ་འབྲས་སུ་ཞེན་པས་ད་ལྟའི་སེམས་ལ་ཕྱིས་བཟང་དུ་གྲུབ་པར་འདོད་པ་ལ་ནམ་མཁའ་སྔ་ཕྱི་མེད་པ་བཞིན་མི་འགྲུབ་པར་བསྟན་པའི་མཆོག་མདོའོ། །དང་པོ་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་གདོད་ནས་ཡེ་སངས་རྒྱས་པའི་རང་བཞིན་དུ་བཞུགས་པ་ལ་ངོ་མཚར་བས་ཨེ་མ་ཧོ་ཞེས་བརྗོད་དེ་ཇི་ལྟར་ན་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཆོས་ཉིད་ཟབ་མོའི་དོན་ནམ་སྐུ་དང་ཡེ་ཤེས་ལ་སོགས་པ་འདི་རྣམས་ནི་གཞན་དུ་བཙལ་བས་རྙེད་པའི་གནས་མེད་དེ། ཅིའི་ཕྱིར་ན་ད་ལྟ་སེམས་ཅན་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཕྱི་ནང་སྣོད་བཅུད་ཀྱི་རྣམ་པར་སྣང་བ་འདི་ལས་གཞན་ན་རྒྱལ་བའི་སྤྱོད་ཡུལ་ཞིག་མེད་པའི་ཕྱིར་ཏེ། མུ་ཏིག་ཕྲེང་བ་ལས། འཁོར་བ་ཉིད་ཀྱི་དོན་རྟོགས་ན། མྱ་ངན་འདས་ཞེས་ཡོད་མ་ཡིན། །ཉོན་མོངས་ལྔ་ཡི་དོན་རྟོགས་ན། །ཡེ་ཤེས་མང་དུ་ཡོད་མ་ཡིན། །སྡུག་བསྔལ་ཉིད་ཀྱི་དོན་རྟོགས་ན། །བདེ་བ་ཆེན་པོ་བཙལ་དུ་མེད། །ཅེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །དེ་ལྟར་བཙལ་དུ་མེད་པའི་རང་བཞིན་ལ་གལ་ཏེ་སེམས་ཅན་རྣམས་ཀྱི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་གྱུར་པའི་ཆོས་བཞིན་དུ་བློའི་སྤྱོད་ཡུལ་དུ་གྱུར་པ་ཞིག་ཡོད་པར་བཟུང་ནས་བཙལ་བར་བྱས་ན་ཆོས་ཉིད་ཟབ་མོའི་དོན་དེ་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དུ་བཞུགས་པ་དེ་མཚན་མ་རིས་ཆད་ཅན་གྱི་རྣམ་པར་རྙེད་དུ་མེད་པས་མིག་ལྡོངས་བས་ནམ་མཁའ་ལ་བརྙད་པ་བཞིན་དུ་ངལ་བ་འབའ་ཞིག་ལས་དོན་འབྲས་ཐོབ་ཏུ་མེད་པས་གསུངས་ཏེ། མདོ་བཅུ་ལས། རྫོགས་པ་ཆེན་པོ་རྩོལ་བསྒྲུབ་ལས་གྲོལ་བ། །སངས་རྒྱས་སྤྱོད་ཡུལ་སྐུ་དང་ཡེ་ཤེས་འདི། །བཙལ་བས་མི་རྙེད་རང་བྱུང་ཡེ་ཤེས་ཡིན། །དབང་པོ་དྲུག་ལ་ཡུལ་དྲུག་ཡོད་པ་བཞིན། །སྐུ་དང་ཡེ་ཤེས་རང་བྱུང་རྒྱུ་མེད་པས། །བཙལ་ན་ལོང་བས་ནམ་མཁར་བརྙེག་པ་འདྲ། །ཞེས་གསུངས་སོ། །གཉིས་པ་ནི། འདི་ལྟར་ཐེག་པ་འོག་མ་པ་དག་གིས་གོང་ནས་གོང་དུ་ས་བཅུ་དང་ལམ་ལྔ་རིམ་པ་བཞིན་དུ་སྒྲིབ་པ་རེ་སྦྱངས་ཞིང་ཡེ་ཤེས་རེ་སྐྱེ་བའི་སྒོ་ནས་དག་ཅིང་ཚངས་པ་མྱ་ངན་ལས་འདས་པའི་ལམ་ལ་བགྲོད་པར་འདོད་པ་ནི་རྫོགས་པ་ཆེན་པོའི་བྱ་རྩོལ་དང་བྲལ་བའི་ཆོས་ཉིད་མ་བགྲོད་ཡེ་སངས་རྒྱས་པའི་དོན་དང་མཐུན་པ་མིན་ཏེ། ཅིའི་ཕྱིར་ན་རྫོགས་ཆེན་གྱི་གཞུང་ལས་ལམ་གྱི་གོ་རིམ་ལ་མི་ལྟོས་པ་གདོད་མ་ཉིད་ནས་ཡེ་ཤེས་བླ་མའི་ས་ལ་གནས་པར་འདོད་པའི་ཕྱིར་ཏེ། ནམ་མཁའ་དང་མཉམ་པའི་རྒྱུད་ལས། གསལ་བ་མི་མངོན་ཆོས་དབྱིངས་ནི། །ཐམས་ཅད་ཀུན་ལ་ཁྱབ་པར་གནས། །རྟོགས་པས་མ་བཅོས་བླ་མའི་ས། །འཁོར་བ་ཉིད་ནས་ཡེ་སངས་རྒྱས། །མ་བཅོས་ས་ལ་དུས་གཅིག་ཕྱིན། །ཞེས་པ་ལྟར་རོ། །དེས་ན་བགྲོད་དུ་མེད་པའི་དོན་མ་རྟོགས་པར་ཅི་སྟེ་ཆོས་ཉིད་ལྷུན་གྱིས་གྲུབ་པའི་དོན་དེ་ལས་གཞན་དུ་སངས་རྒྱས་ཀྱི་གོ་འཕང་ཞིག་ཐོབ་པར་རེ་ནས་བྱ་བྱེད་རྩོལ་བསྒྲུབ་ཀྱི་སྒོ་ནས་ལམ་ལ་བགྲོད་པར་གྱུར་ན། ནམ་མཁའི་མཐའི་ཚོལ་ནས་འགྲོ་བ་བཞིན་དུ་མཐར་ཐུག་པའི་འབྲས་བུ་ཞིག་རྙེད་ཅིང་ཐོབ་པ་མེད་དེ། ཀློང་ཆེན་རབ་འབྱམས་ལས། བགྲོད་དུ་མེད་དེ་ཆོས་ཉིད་བྱང་ཆུབ་མཆོག །བགྲོད་པར་འདོད་ན་ཡེ་ཤེས་མཐའ་ལ་རིང་། །ཞེས་དང་། སྔ་མ་ལས། རྫོགས་པ་ཆེན་པོའི་རྣལ་འབྱོར་ལམ་འདི་ལ། །སངས་རྒྱས་ལམ་ལ་གོང་འོག་རིམ་པ་མེད། །མ་རྟོགས་བགྲོད་པས་འཇིག་རྟེན་ཚང་པའི་ལམ། །མ་བཙལ་ལྷུན་གྱིས་གྲུབ་དང་མཐུན་པ་མེད། །ཆོས་ཉིད་ལྷུན་གྱིས་གྲུབ་ལ་བགྲོད་གྱུར་ན། །ནམ་མཁའི་མཐའ་ལ་ཐུག་པ་མེད་པ་བཞིན། །བགྲོད་མེད་ལམ་ལ་བགྲོད་པས་ཐུབ་པ་མེད། །དེས་ན་ལམ་གྱི་གོལ་ས་ཞེས་སུ་བཤད། །ཅེས་གསུངས་སོ། །གསུམ་པ་ནི། རྫོགས་པ་ཆེན་པོའི་ཆོས་ཉིད་བགྲོད་དུ་མེད་པར་བསྟན་པ་དེ་ལྟར་སངས་རྒྱས་དང་སེམས་ཅན་གཉིས་ཀ །ཆོས་ཉིད་དེ་བཞིན་ཉིད་གཅིག་གི་ངང་དུ་ཡེ་ནས་གྲོལ་བའི་ངོ་བོར་ཐ་དད་མེད་པར་གནས་པ་དེ་ཡི་ཕྱིར་གདུལ་བྱའི་སེམས་ཅན་སྐལ་བར་དང་ལྡན་པ་གང་དང་སུ་ཡིན་ཡང་རུང་སྟེ། དེ་ལ་ཆོས་ཉིད་བགྲོད་དུ་མེད་པའི་དོན་དེ་བསྟན་པར་རྩོལ་མེད་ཡེ་སངས་རྒྱས་པའི་གནས་ལུགས་རང་ལ་ཡེ་ནས་གྲུབ་པའི་དོན་དེ་བཞིན་དུ་བཙལ་བ་མེད་པར་ཡང་སངས་རྒྱས་པ་ཐོབ་པར་འགྱུར་རོ། །དེ་ལྟ་བུའི་འབྲས་བུ་བྱང་ཆུབ་སྙིང་པོའི་མངོན་དུ་ཐོབ་པ་དེ་ཉིད་ནི་སངས་རྒྱས་ཀྱི་ཆོས་སྐུ་དང་ཡེ་ཤེས་ལ་སོགས་པ་ཐམས་ཅད་འབྱུང་བའི་སྙིང་པོ་ཡིན་པའི་རྒྱུ་མཚན་དེ་བས་ན་ཆོས་ཉིད་བྱང་ཆུབ་སེམས་ཀྱི་གནས་ལུགས་ཇི་བཞིན་དུ་རྟོགས་པ་དེ་ལས། ལམ་གཞན་བགྲོད་པའི་རྩོལ་བ་ལ་མི་ལྟོས་པར་འབྲས་བུ་བྱང་ཆུབ་སྙིང་པོ་དེ་མངོན་དུ་བྱུང་བ་ནི་ཤིན་ཏུ་ཡ་མཚན་པས་ངོ་མཚར་ཆེའོ། །ཞེས་པ་སྟེ། འདི་ཉིད་མདོ་བཅུ་ལས་སྙན་ཁུང་བརྒྱུད་པའི་ལུང་གི་དོན་འགྲེལ་དུ་གསུངས་པ་ནི། ཇི་སྐད་དུ། གང་གིས་ཇི་ལྟར་སྙན་ཁུང་གང་བརྒྱུད་པ། །ཀུན་བཟང་རྡོ་རྗེ་ཆོས་ཉིད་བགྲོད་མེད་དོ། །བགྲོད་དུ་མེད་པའི་དོན་ནི་དེ་ལྟར་ལ། །དེ་བཞིིན་ཆོས་ཉིད་གཅིག་ཏུ་གནས་པའི་ཕྱིར། །གང་ཞིག་སུ་ཡང་རུང་བ་དེ་ལ་ནི། །ཆོས་ཉིད་བགྲོད་དུ་མེད་དེ་བསྟན་པ་དེ་ཡང་ཐོབ། །བྱང་ཆུབ་སེམས་ཀྱི་སྙིང་པོ་དེ་ཉིད་ནི། །ཆོས་ཀུན་འབྱུང་བའི་སྙིང་པོ་ཡིན་པས་ན། །སྤྲོས་དང་བྲལ་བའི་སྙིང་པོ་དེ་ལས་ནི། །ཆོས་ཉིད་སྤྲོས་བྲལ་དེ་བྱུང་ངོ་མཚར་ཆེ། །ཞེས་སོ། །བཞི་པ་ནི། གང་ཞིག་སྔོན་གྱི་དེ་བཞིན་གཤེགས་པ་རྒྱལ་བ་རྣམས་དང་ད་ལྟར་གྱི་དེ་བཞིན་གཤེགས་པ་ཀུན་གྱིས་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་འདི་རྟོགས་པས་མངོན་པར་རྫོགས་པ་སངས་རྒྱས་པ་དེ་བཞིན་དུ། མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དེ་ཡི་དོན་རྟོགས་ནས་སངས་རྒྱས་དགོས་པས་ན། བྱང་ཆུབ་ཀྱི་སེམས་དེ་ནི་དུས་གསུམ་དུ་གཤེགས་ཤིང་བྱོན་པའི་སངས་རྒྱས་མ་ལུས་པ་ཀུན་གྱི་སྤྱི་ལམ་གྱི་གནས་སུ་གྱུར་པ་ཡིན་པས་ཆེ་བའི་མིང་གིས་བརྗོད་པ་ཡིན་ནོ། །དེ་ལྟར་དུས་གསུམ་གྱི་རྒྱལ་བ་མ་ལུས་ཤིང་ལུས་པ་མེད་པ་དེ་ཡི་ལམ་སྙིང་པོ་བྱང་ཆུབ་ཀྱི་སེམས་འདི་ཉིད་ཁོ་ན་ཡིན་པར་མཚུངས་ཤིང་འདྲ་བ་ཡིན་པའི་རྒྱུ་མཚན་དེ་ཡང་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དེ་བཞིན་ཉིད་དེ་ནི་སྙིང་པོ་བྱང་ཆུབ་དེ་ཡི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་རྒྱུ་མཚན་བསྟན་པ་ཡིན་ནོ། །དེ་ལྟར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ལམ་ཡིན་པའི་རྒྱུ་མཚན་དེས་ཕྱིར་ན་སྔོན་གྱི་དེ་བཞིན་གཤེགས་པ་ཀུན་གྱིས་སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་རྟོགས་ནས་སངས་རྒྱས་པ་ལྟར་མ་འོངས་པའི་སངས་རྒྱས་ཀུན་ཀྱང་དེ་དང་འདྲ་བ་ཡིན་པས་སེམས་ཅན་ཡོངས་ཀྱི་སྤྱི་ལམ་ཆེན་པོ་ཡང་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་པར་གྲུབ་ཏེ། ཆོས་ཉིད་འདི་མ་རྟོགས་པར་ལམ་གཞན་གྱི་འཚང་རྒྱ་མི་ནུས་པས་སོ། །ཚུལ་དེ་ཡང་མདོ་བཅུ་ལས། ཆོས་ཉིད་ལམ་གྱི་རང་བཞིན་བསྟན་པ་ནི། སྔོན་གྱི་ལམ་ཡང་ཆོས་ཉིད་བྱང་ཆུབ་སེམས། །ད་ལྟའི་ལམ་ཡང་ཆོས་ཉིད་ཆོས་ཀྱི་དབྱིངས། །སྔ་མ་རྣམས་ནི་ལམ་གྱི་དཔེ་བཞིན་དུ། །ཆོས་ཉིད་དེ་ནི་སྤྱི་ལམ་གནས་སུ་ཆེ། །དེ་ལྟར་སྔ་མ་སངས་རྒྱས་སྔ་མའི་ལམ་བཞིན་དུ། །ཆོས་ཉིད་སྐྱེ་བ་མེད་པ་དེ་བཞིན་དུ། །ཕྱི་མ་ཀུན་གྱི་ལམ་གྱི་རང་བཞིན་ནོ། །ཀུན་གྱི་ལམ་ཉིད་ཡིན་པར་བསྟན་པ་ནི། །གོང་མ་ཀུན་གྱི་ལམ་དང་འདྲ་བར་ནི། །འགྲོ་བ་ཡོངས་ཀྱི་ལམ་ནི་ཆོས་ཉིད་དོ། །ཞེས་སོ། །འདིར་བྱང་ཆུབ་ཀྱི་སེམས་འདི་ཉིད་སེམས་ཅན་ཡོངས་ཀྱི་སྤྱི་ལམ་དུ་གསུངས་པ་དེ་གོང་ནས་གོང་དུ་བགྲོད་པའི་ལམ་ལ་མི་གོ་བར་དེའི་རང་བཞིན་དུ་གནས་པའི་དོན་དུ་གོ་བར་བྱ་སྟེ་དཔེར་ན་འདིར་འདེགས་པ་འབྲས་བུའི་ཐེག་པ་ཞེས་གསུངས་པ་དང་སངས་རྒྱས་ཀྱི་ས་ལ་མི་སློབ་པའི་ལམ་ཞེས་གསུངས་པ་ལྟར་རོ། །ཀློང་ཆེན་རབ་འབྱམས་ལས། ཡེ་སངས་རྒྱས་པའི་ཆོས་ཉིད་ལ། །རང་རྒྱུད་སྦྱངས་པས་ཅི་ཞིག་ཕན། །སྤང་བླང་བྱས་པས་ག་ལ་འགྲུབ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང་། །སངས་རྒྱས་ཞིང་དང་ཡོན་ཏན་ཆོས། །དབྱེར་མེད་ཡེ་ནས་མཉམ་པའི་ཀློང་། །འགྲོ་བ་རིགས་དྲུག་སྐྱེ་གནས་བཞི། །ཡེ་ནས་བྱང་ཆུབ་ལམ་དུ་ཞུགས། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །སེམས་ཅན་བྱ་བ་གུད་ན་མེད། །གཅིག་ཏུ་མི་གནས་ཀུན་ལ་ཁྱབ། །ཆགས་པའི་ཚུལ་གྱིས་མཉམ་པར་གནས། །ཀུན་ལ་ཉེ་རིང་མེད་པས་ན། །གཉིས་མེད་ཀློང་ན་རྟག་པར་བཞུགས། །ཞེས་དང་། གཏིག་རྫོགས་ལས། ས་མེད་ཆོས་སྐུ་རྫོགས་ཆེན་ཡེ་ཤེས་ས། །གང་ཡང་མི་འགྲོ་ས་མཆོག་སྤྱི་བཅིངས་ས། །བགྲོད་མེད་སེམས་ཉིད་ཡེ་ཤེས་མཆོག་གི་ལམ། །ཡེ་ཤེས་ཆོས་སྐུ་མཐར་ཕྱིན་ཆོས་ཉིད་ས། །ཞེས་པ་ལྟར་རོ། །ལྔ་པ་ནི། འདི་ལྟར་དཔེར་ན་ནམ་མཁའི་ཟླ་བ་ལས་གཟུགས་བརྙན་དུ་བྱུང་བ་ཆུ་ཡི་ཟླ་བ་ནི་རྟེན་ཆུ་ཡིས་གར་ཁྱབ་པར་ཐམས་ཅད་ཆུ་ཟླའི་སྣང་བ་དང་བཅས་པ་ཡིན་པ་ལ། མི་རྣམས་ཀྱིས་ཆུ་ཟླ་དེ་ཆུའི་ཕྱོགས་ཆ་རེ་རེ་ན་གནས་པར་མཐོང་ནས་དེ་ལྟར་དུ་འཛིན་པ་ལྟར། སྙིང་པོ་བྱང་ཆུབ་ཀྱི་སེམས་ནི་སྲིད་ཞི་ཀུན་ཁྱབ་ཀྱི་རང་བཞིན་ཡིན་པས་སངས་རྒྱས་དང་སེམས་ཅན་ཀུན་གྱི་ཆོས་ཉིད་མཉམ་པ་ཉིད་ཀྱི་རང་བཞིན་ཡིན་པ་ལ། གང་ཟག་རྣམས་ཀྱིས་ལམ་གྱི་ཕྱོགས་ཆ་སོ་སོར་བཟང་ངན་སྣ་ཚོགས་སུ་བལྟས་པས་ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་དེ་གྲུབ་པ་མེད་པར་ལམ་ནོར་ཞིང་གོལ་བར་གསུངས་ཏེ། །སྔ་མ་ལས། བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་དང་། །མ་རིག་འཁྲུལ་པས་དབང་བསྒྱུར་བའི། །ལོག་རྟོག་ཆེར་རྒྱས་འཁོར་བའི་ཆོས། །ཇི་སྙེད་སྣང་བའི་ཆོས་རྣམས་ཀུན། །སངས་རྒྱས་ཉིད་དུ་གཅིག་པ་ལ། །ཡོད་མེད་གཉིས་སུ་རྟོག་པ་དང་། །བཟང་ངན་གཉིས་སུ་བལྟ་བས་ནོར། །ཞེས་གསུངས་པ་ལྟར་རོ། །འདིར་ཡང་ན་ཡུལ་ནམ་མཁའི་ཟླ་བ་ལས་བྱུང་བའི་ཡུལ་ཅན་ཟླ་འཛིན་གྱི་བློ་དེ་རྟེན་མཛུབ་མོས་མཚོན་པ་དང་བཅས་པ་ལ་བརྟེན་པ་ཡིན་ཀྱང་ཟླ་བ་ཤེས་ན་མཛུབ་མོ་ལ་བལྟས་པ་དོན་མེད་པ་ལྟར་འཁོར་འདས་ཀུན་གྱི་གནས་ལུགས་ཆོས་ཉིད་མཉམ་པ་ཉིད་དེ་ཚིག་དང་ཡི་གེས་མཚོན་པར་བྱས་ཀྱང་། ཆོས་ཉིད་ཀྱི་དོན་རྟོགས་ནས་ཚིགས་དང་ཡི་གེ་ལ་མི་གནས་པའི་དོན་དུ་འགྲེལ་ཡང་འདྲ་སྟེ། ཐུགས་ཀྱི་རྒྱུད་ལས། དཔེར་ན་བྱིས་པས་ཟླ་བ་མཚོན་པ་བཞིན། །སེམས་ཅན་རྣམས་ལ་ཡང་དག་ཚིག་དང་ཡི་གེས་མཚོན། །སེམས་ཅན་རྣམས་ནི་ཐོག་མ་ཆོས་ལ་རབ་བརྟེན་ལ། །ཆོས་དེ་ཁོང་དུ་ཆུད་ནས་ཆོས་ལ་མི་གནས་ན། །ལུང་བསྟན་དེ་ནི་ཐོག་མའི་སངས་རྒྱས་ཉིད་དང་མཚུངས། །ཆོས་དེ་ཁུང་དུ་ཆུད་ནས་ཆོས་ལ་ཡང་དག་གནས་གྱུར་ན། བྱིས་པའི་རྩེད་མོ་འདྲ་སྟེ་སླར་ལ་འཇིག །ཅེས་དང་། མདོ་བཅུ་ལས། ཆོས་ཉིད་ནམ་མཁའི་ཟླ་བ་འདྲ་བ་ལ། །ཚིག་བརྗོད་མཛུབ་མོས་བསྟན་དང་བཅས་པ་འདྲ། །སངས་རྒྱས་སེམས་ཅན་གཉིས་ཀྱི་མཉམ་པ་ནི། །ཆོས་ཉིད་བདེ་བ་ཆེན་པོ་དེ་ཡིན་ལ། །སྣང་བ་མེད་པའི་ཆོས་ཉིད་དེ་ལ་ནི། །དབང་པོས་བལྟས་པས་ཆོས་ཉིད་འགྲུབ་པ་མེད། །ཅེས་གསུངས་པ་ལྟར་རོ། །དྲུག་པ་ནི། གོང་དུ་བཤད་པ་དེ་ལྟར་ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་ལ་ཕྱོགས་སུ་བལྟས་པས་གྲུབ་པ་མེད་པ་དེའི་ཕྱིར་ན། མཚན་ཉིད་ཐེག་པ་དབུ་མ་པས་མཉམ་བཞག་ཏུ་ཆོས་ཉིད་རྣམ་པར་མི་རྟོག་པའི་དོན་བསྒོམ་པའི་རང་དུས་ན་ཚོར་བ་བཏང་སྙོམ་གྱི་ངང་ལ་གནས་པས་ཟུག་རྔུའི་ཚོར་བ་གང་ཡང་མེད་པ་ད་ལྟར་གྱི་བདེ་བ་དང་། དེ་ལས་ལངས་པའི་རྗེས་ཐོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུའི་རང་བཞིན་དུ་མཐོང་བས་བདེ་སྡུག་རང་མཚན་མའི་འཛིན་ཞེན་སྟོང་པ་ནི་ཕྱི་མར་རམ་ཕྱི་མའི་བདེ་བ་སྟེ། དེ་གཉིས་གོ་རིམ་བཞིན་དུ་སྔ་མ་ནི་རང་རིག་པའི་ཡེ་ཤེས་ཀྱི་མངོན་སུམ་ཡིན་པ་དང་། ཕྱི་མ་ནི་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དེའི་རྒྱབ་ནས་སམ་རྗེས་ནས་བྱུང་བའི་དག་པ་འཇིག་རྟེན་པའི་ཡེ་ཤེས་སྟེ། ཡེ་ཤེས་དེ་གཉིས་ཡང་དག་པའི་ལམ་དུ་བཟུང་ནས་དང་དུ་ལེན་པ་དང་། དེ་དག་གི་མི་མཐུན་པའི་ཕྱོགས་སྤོང་བའི་བླང་དོར་རྒྱུ་འབྲས་ལ་གནས་པ་དེ་ཡང་ནི་བློ་རྣམ་པར་རྟོག་པའི་རང་བཞིན་ལས་མ་འདས་པའི་ཕྱིར་ན་རྫོགས་པ་ཆེན་པོའི་ལམ་གྱི་གོལ་སྐྱོན་ཡིན་པས་དེ་ལའང་བརྟེན་པར་མི་བྱའོ། །ཞེས་གསུངས་པ་སྟེ། དེ་ཉིད་ལས། ཡེ་ཤེས་མ་ངེས་བསྟན་པ་ནི། །ད་ལྟར་བདེ་བ་མདུན་གྱི་ཡེ་ཤེས་བལྟ། །ཕྱི་མ་བདེ་བ་རྒྱབ་ནས་ཡེ་ཤེས་འདོད། །སྣང་བ་མངོན་སུམ་དག་གི་ཡེ་ཤེས་དང་། །རྒྱབ་ནས་བྱུང་བའི་ཡེ་ཤེས་གྲངས་བྱུང་བས། །དེ་ཡང་ཡེ་ཤེས་རྣམ་པའི་སྐྱོན་ཡིན་པས། །རང་བྱུང་ཡེ་ཤེས་དེ་ལ་བརྟེན་མི་བྱ། །ཞེས་གསུངས་སོ། །བདུན་པ་ནི། རྒྱུ་འབྲས་གང་ཞིག་རྣམ་པར་སྤྱད་ཟིན་པ་ནི་འདས་པའི་དུས་དང་། རྒྱུ་སྤྱོད་ལ་འབྲས་བུ་མ་སྤྱད་པ་ནི་ད་ལྟའི་དུས་དང་། རྒྱུ་རྐྱེན་ཚོགས་ལ་མ་སྤྱད་པ་མ་འོང་པའི་དུས་ཏེ། དེ་ལྟར་དུས་གསུམ་དུ་སྣང་བ་ནི་སེམས་ཅན་རྣམས་ཀྱི་རྟོག་པས་བཞག་པ་ཙམ་ལས་དོན་ལ་དུས་བཞི་མཉམ་པ་ཆེན་པོ་གཅིག་གི་རང་བཞིན་དུ་གནས་པ་སྟེ། དུས་གསུམ་གྱི་ཁྱད་པར་མེད་དེ། ཅིའི་ཕྱིར་ན་རྒྱུ་འབྲས་སུ་སྣང་བའི་ཆོས་ཐམས་ཅད་ནི་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས་གཞན་དུ་མེད་པས་ཆོས་ཉིད་གཅིག་གི་རང་བཞིན་ཡིན་ལ། དེ་ལྟ་བུའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དེ་ནི་སྔོན་འདས་པའི་དུས་སུ་འགགས་པ་མེད་ལ། ཕྱིས་མ་འོང་བའི་དུས་སུའང་སྐྱེ་བ་མེད་པར་གདོད་ནས་འདུས་མ་བྱས་པར་རང་བྱུང་གི་ཡེ་ཤེས་སུ་བཞུགས་ཤིང་སངས་རྒྱས་རྣམས་ཀྱིས་ཀྱང་དེ་ལྟར་དུས་གསུམ་མཉམ་པ་ཉིད་གཅིག་གི་རང་བཞིན་དུ་གཟིགས་པའི་ཕྱིར་རོ། །དེས་ན་དུས་གསུམ་དུ་སྣང་བའི་ཆོས་ཀུན་ལ་ཆོས་ཉིད་འདུས་མ་བྱས་པ་རང་བྱུང་ཡེ་ཤེས་ཆེན་པོ་རིག་པ་ཆོས་ཀྱི་སྐུས་སེམས་ཅན་ནས་སངས་རྒྱས་ཀྱི་བར་ཀུན་ལ་སྔ་ཕྱི་དང་བཟང་ངན་གྱི་དབྱེ་བ་མེད་པར་ཁྱབ་པས་དབྱེར་མེད་གཅིག་གི་ངོ་བོར་གནས་པའི་ཕྱིར་ན་ཆེ་བའི་ཡོན་ཏན་ལྔ་དང་གསུམ་དང་གཅིག་དང་ཡེ་ནས་ལྡན་པའི་རྫོགས་པ་ཆེན་པོའི་གནས་ལུགས་རང་བྱུང་ཡེ་ཤེས་ཆེན་པོ་ནི་ཡེ་ནས་བཅོས་བསྒྱུར་བླང་དོར་དང་བྲལ་བར་ཟག་མེད་བདེ་བ་ཆེན་པོའི་རང་བཞིན་དུ་གནས་པ་ཡིན་ནོ། །དེ་ལྟར་ཡང་མདོ་བཅུ་ལས། དུས་ལ་ཁྱད་པར་མེད་ངེས་པ། །སྔ་པ་ད་ལྟ་ཕྱི་བ་དུས་གསུམ་ནི། །བདེ་གཤེགས་ཡེ་ཤེས་ཐུགས་ལ་གཅིག་ཏུ་གསལ། །སེམས་ཅན་བག་ཆགས་བསགས་པས་གསུམ་དུ་གནས། །གཅིག་པར་སྔ་ཕྱི་མེད་པར་གདོད་ནས་བྱུང་། །ཆོས་སྐུ་དུས་གསུམ་གཅིག་ཏུ་ཁྱབ་པའི་ཕྱིར། །ཆེ་བ་ཆོས་ཉིད་ཆེན་པོ་ཡེ་ཤེས་ནི། །མ་བཅོས་བདེ་བ་ཆེན་པོར་རང་བཞིན་གནས། །དེས་ན་དུས་ལ་ཁྱད་པར་མེད་པས་ངེས། །ཞེས་གསུངས་སོ། །བརྒྱད་པ་ནི། དེ་ལྟར་དུས་གསུམ་གྱི་དབྱེ་བ་མེད་པ་དེ་བཞིན་དུ་སྲིད་པ་འཇིག་རྟེན་གསུམ་དུ་སྣང་བའི་གནས་འདི་ན་སེམས་ཅན་རྣམས་ཀྱི་ལས་བཟང་ངན་གྱི་སྦྱོར་བ་ཡི་དབང་གིས་འཇིག་རྟེན་དྲུག་གི་གནས་རིས་མཐོ་དམན་སྣ་ཚོགས་སུ་སྣང་བ་འདི་ཡང་མིང་ཙམ་ལས་དོན་ལ་ཅིར་ཡང་གྲུབ་པ་མེད་པས་དཔེར་ན་རྫས་སྔགས་ལ་སོགས་པའི་དབང་གིས་མེད་བཞིན་དུ་སྒྱུ་མའི་རོལ་པ་རྟ་གླང་ལ་སོགས་པ་མི་འདྲ་བ་དུ་མར་སྣང་བ་དང་འདྲ་བ་སྟེ། དེས་ན་འཇིག་རྟེན་འདི་ན་བསོད་ནམས་ཕུན་སུམ་ཚོགས་པ་དང་ལྡན་པས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་གནས་གང་ཞིག་གླིང་བཞི་ལ་དབང་བསྒྱུར་བའི་མངའ་ཐང་ཆེན་པོའི་རང་བཞིན་ཅན་གྱི་གོ་ས་ཐོབ་པ་ཡང་། གླིང་བཞིའི་འཇིག་རྟེན་མི་རྟག་སྒྱུ་མ་ཙམ་དུ་སྣང་བ་རྣམས་འདུལ་ཞིང་དགེ་བཅུའི་ཁྲིམས་ལ་འགོད་པས་སྦྱོང་བར་བྱེད་པའི་བསྟི་གནས་ཙམ་ཡིན་པས་དེ་ལ་རེ་སྨོན་བྱེད་པ་ནི་སྒྱུ་མའི་ལོངས་སྤྱོད་ལ་རེ་སྨོན་བྱེད་པ་ལྟར་འཇིག་རྟེན་འཁྲུལ་པའི་བློ་ཡིན་པར་གསུངས་ཏེ། དེ་ཉིད་ལས། འཇིག་རྟེན་ཁམས་གསུམ་ལས་ཀྱི་སྦྱོར་བ་ཡང་། །དོན་དམ་མེད་པའི་སྒྱུ་མར་སྣང་བ་སྟེ། །དོན་དམ་མ་ཡིན་ཚིག་ཙམ་སྣང་བ་སྟེ། །འཇིག་རྟེན་འདི་ན་བསོད་ནམས་ཚོགས་པ་ཡིས། །འཁོར་བའི་འཁོར་ལོ་བསྒྱུར་བའི་གནས་ཐོབ་ཀྱང་། །མི་རྟག་སྒྱུ་མ་འདྲ་བའི་བསྟི་གནས་ཡིན། །ཞེས་སོ། །དགུ་པ་ནི། འདིར་སྙིང་པོ་བྱང་ཆུབ་ལ་དུས་སྔ་ཕྱིའི་ཁྱད་པར་མེད་པའི་ཕྱིར་འབྲས་བུའི་དུས་ལ་རེ་སྨོན་འཇོག་པ་ཡང་རྫོགས་ཆེན་གྱི་གོལ་སར་བསྟན་པ་སྟེ། ཇི་ལྟར་ན་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ཕ་རོལ་དུ་ཕྱིན་པ་བཅུ་སོགས་ལ་རྣམ་པར་སྤྱོད་པས་ས་དང་ལམ་རིམ་པར་བགྲོད་དེ་གྲངས་མེད་གསུམ་སོགས་སུ་འབྲས་བུ་ཐོབ་པར་རེ་བས་དུས་ལ་ལྟོས་འཆའ་བའི་ཐེག་པ་འོག་མ་པ་རྣམས་ལ་དུས་དེར་འབྲས་བུ་འབྱུང་བར་མི་འགྱུར་ཏེ། ཅིའི་ཕྱིར་ན་དེ་དག་རེ་སྨོན་དང་མ་བྲལ་བས་སྨོན་ལམ་འདེབས་པ་དང་ལམ་ལ་སྤྱོད་པའི་འབད་རྩོལ་བྱེད་པ་དང་བཅས་པས་ན་ཇི་སྲིད་རེ་སྨོན་གྱི་ཆགས་པ་དང་རྒྱུ་འབྲས་བླང་དོར་གྱི་རྩོལ་བ་དེ་དང་མ་བྲལ་བར་དུ་འབྲས་བུ་མི་ཐོབ་པ། དཔེར་ན་བཅོམ་ལྡན་འདས་ཀྱིས་གདུལ་བྱ་རྣམས་ལ་ཆོས་ཐམས་ཅད་སྟོང་པའི་མཚན་ཉིད་ཅན་དུ་གསུངས་པ་ལ། གདུལ་བྱ་རྣམས་ཀྱིས་སྟོང་པའི་དངོས་པོ་ཞིག་ཡོད་པར་བཟུང་ནས་ཚོལ་བར་བྱས་ན་རྙེད་དུ་མེད་པ་བཞིན་ནོ། །དེ་ཉིད་ལས། སྣ་ཚོགས་སྤྱོད་ཅིང་མེད་པའི་དུས་ལ་ལྟོས། །ལས་ཀྱི་དུས་དེར་འབྱུང་བར་མི་འགྱུར་ཏེ། །ཆགས་དང་མ་བྲལ་སྨོན་ལམ་འདེབས་པས་ན། །འབྲས་བུ་མེད་ཅིང་སྟོང་པར་གསུངས་པ་ཡིན། །ཅེས་སོ། །ལྔ་པ་འོད་གསལ་དབྱིངས་ཀྱི་སེམས་ཉིད་ཀུན་ཁྱབ་བཟང་ངན་མེད་པའི་དབྱིངས་མདོ་ལ་བཞི་སྟེ། ནམ་མཁའ་ལྟ་བུའི་སེམས་ལ་རྒྱུ་འབྲས་བྱ་བཙལ་གྱི་ཆོས་ཀྱིས་གོས་པ་མེད་པའི་དབྱིངས་མདོ། སྣང་སྲིད་འཁོར་འདས་ཆོས་ཐམས་ཅད་བློས་བཀོད་པ་ཙམ་ལས་དེ་བཞིན་ཉིད་དུ་ཡོད་མ་མྱོང་བའི་དབྱིངས་མདོ། ཐ་སྙད་སྣ་ཚོགས་སུ་སྣང་བའི་ཆོས་ཐམས་ཅད་དོན་ལ་མིང་དུའང་གྲུབ་པ་མེད་པའི་དབྱིངས་མདོ། སྒོ་གསུམ་རྩོལ་སྒྲུབ་དང་བྲལ་སྐུ་གསུམ་ཇི་བཞིན་པའི་དགོངས་པར་ཕྱིན་པས་ཀུན་ཏུ་བཟང་པོ་མཆོག་ཏུ་མི་འགྱུར་བའི་བཀའ་རྟགས་ཀྱི་ཕྱག་རྒྱར་བསྟན་པའི་དབྱིངས་མདོའོ། །དང་པོ་ནི། །དེ་ཉིད་ལས། རྩ་བ་གཅིག་པའི་དོན་འདི་ནི། བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཐམས་ཅད་འདུས་པའི་སྙིང་པོ་ཡིན། །ཞེས་གསུངས་པ་ལྟར་འཁོར་འདས་སུ་སྣང་བའི་ཆོས་སོ་ཅོག་ཐམས་ཅད་རང་རིག་པ་བྱང་ཆུབ་ཀྱི་སེམས་གཅིག་གི་རྩལ་ལས་སྣང་བ་སྟེ། དེ་ལས་གཞན་དུ་མེད་ཅིང་བྱང་ཆུབ་ཀྱི་སེམས་ནི་གཅིག་དང་དུ་མ་ལ་སོགས་པའི་གྲངས་དང་ཡོད་མེད་སྣང་སྟོང་ལ་སོགས་པའི་རྣམ་པ་གང་གིས་ཀྱང་བསྟན་ཅིང་རྟོགས་པར་བྱ་བ་ཡོངས་ཀྱིས་སྟེ་གང་ཡང་མེད་ལ། ལྟ་བ་དེ་ལྟ་བུའི་གདེང་དང་ལྡན་པའི་རྣལ་འབྱོར་བ་རྣམས་ནི་དཔེར་ན་ཐི་བྱ་ནམ་མཁའི་བྱ་ལམ་ལ་མཁས་པ་ལྟར་རམ་འདབ་ཆགས་མཁའ་ལྡིངས་རྒྱལ་པོ་ནམ་མཁར་རྒྱུ་བའི་ཚེ་གཡང་ས་སོགས་ཀྱིས་ཉམས་ང་མེད་པ་ལྟར་ཆོས་ཉིད་སྤྲོས་པ་དང་བྲལ་བ་སྐྱེ་མེད་ནམ་མཁའ་ལྟ་བུའི་ཀློང་ན་རེ་དོགས་དང་འཁོར་བའི་གཡང་ས་སོགས་ཀྱི་བག་ཚ་བ་མེད་པར་གནས་ཞིང་བྱར་མེད་ཡེ་གྲོལ་ཆེན་པོའི་ལྟ་བའི་རླབས་ཀྱིས་སྲིད་ཞིའི་གཡང་ས་ཅིར་ཆར་དུ་གཅོད་པར་བྱེད་པ་ཡིན་ཀྱང་། དེ་ལྟ་ན་ཡང་སེམས་ཉིད་རང་བྱུང་གི་ཡེ་ཤེས་རང་གི་ངོ་བོ་ནི་ནམ་མཁའི་ཁམས་ལྟར་རྒྱུ་ལས་མ་བྱུང་ཞིང་རྐྱེན་ལས་མ་སྐྱེས་པས་སྙིང་པོ་བྱང་ཆུབ་ཀྱི་སེམས་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་དེ་རྣམ་རྟོག་བློ་ཡི་སྤྱོད་ཡུལ་ཐམས་ཅད་ལས་འདས་པའི་ཕྱིར་ན། དེ་ལ་ཡོད་པར་སྒྲོ་བཏགས་པ་དང་མེད་པར་སྐུར་བ་གདབས་པའི་ཆོས་ཀུན་ག་ལ་ཡོད་དེ་མེད་པའི་ཕྱིར་ན་དེ་མཚོན་པའི་ཆེད་དུ་ཡོད་མེད་དང་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་སོགས་ཇི་ལྟར་བརྗོད་ཀྱང་གནས་ལུགས་རང་གི་ངོ་བོ་ལ་གང་ཡང་དམིགས་སུ་མེད་པས་དེ་ལྟར་བརྗོད་པའི་ལུང་རྣམས་ཀྱང་སྒྲོ་བཏགས་ཁོ་ན་ཡིན་པར་གསུངས་སོ། །དེ་ཉིད་ལས། ཆོས་ཀུན་རྩ་བ་གཅིག་པ་འདི་ལྟ་སྟེ། །ཆོས་ཉིད་སེམས་ཉིད་གཅིག་ཏུ་བསྟན་པ་ལ། །གྲངས་དང་རྣམ་པ་ཡོངས་ཀྱིས་བགྲང་དུ་མེད། །མ་བཅོས་རྟོགས་པའི་རྣལ་འབྱོར་པ། །ཏི་བྱ་ནམ་མཁའི་ལམ་ལ་མཁས་པ་བཞིན། །མི་རྟོག་ནམ་མཁའ་ལྟ་བུར་གནས་པར་བྱ། །རྒྱུ་མེད་མ་བྱུང་རྐྱེན་མེད་མ་སྐྱེས་པ། ཡོད་པའི་སྒྲོ་དང་མེད་པའི་སྐུར་པ་དང་། །ཡོད་མེད་སྒྲོ་སྐུར་བཏགས་པ་ག་ལ་ཡོད། །ཅེས་གསུངས་ལ། ཚུལ་དེ་ལྟར་དཔལ་ལྡན་ན་ག་རྫུ་ནས་ཀྱང་། དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། །སྤྲོས་པ་ཉེ་བར་ཞི་བ་སྟེ། །སངས་རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་གསུངས་སོ། །གཉིས་པ་ནི། དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས་གཞན་དུ་མེད་པ་དེས་ན་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་དུ་སྣང་བ་གཉིས་ཀ་ཕྱི་ཉིད་དང་ནང་གི་རང་བཞིན་དུ་གྲུབ་པ་མེད་པར་ཆོས་ཉིད་ཟབ་མོ་གཅིག་གི་ཀློང་དུ་གདོད་ནས་སྐྱེ་བ་མེད་པར་གནས་ལ། དེ་ལྟ་བུའི་ཆོས་ཉིད་དེ་ནི་རྟོགས་པར་བྱའོ་སྙམ་ན་དེ་ནི་ཆ་ཤས་ཕྲ་བ་ཙམ་ཡང་མ་གྲུབ་པར་ཡེ་ནས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ན་རྟོགས་པར་བྱ་བའི་ཡུལ་ཡང་མེད་ལ། འོ་ན་སྲིད་པ་འཁོར་བའི་ཆོས་སུ་སྣང་བ་འདི་རྣམས་ཚུལ་ཇི་ལྟར་སྣང་བ་ཡིན་སྙམས་ན། དེ་ནི་དོན་ལ་མིང་ཙམ་ཡང་མ་གྲུབ་པར་འཁྲུལ་མེད་ཡེ་ཡིན་ཆེན་པོ་རང་བྱུང་ཀུན་ཏུ་བཟང་པོའི་བདག་ཉིད་ཡིན་ཀྱང་། དེ་ལྟར་ངེས་པའི་ཤེས་རབ་དང་མི་ལྡན་པ་རྣམས་ལ་རྒྱལ་བུ་དྭའུ་དམངས་སུ་འཁྱམ་པ་ལྟར་རང་ངོ་མ་ཤེས་པར་ལོག་པར་རྟོགས་པའི་སྟོབས་ལས་སྣང་བ་ཙམ་སྟེ་མིག་སྐྱོན་ཅན་ལ་སྐྲ་ཤད་ཀྱི་སྣང་བ་ལྟ་བུའོ། །ཀློང་ཆེན་རབ་འབྱམས་ལས། འཇིག་རྟེན་འདས་དང་འཇིག་རྟེན་ཐ་དད་པའི། རྣམ་གྲངས་མིང་དུ་བཏགས་པ་ཀུན། །རང་བཞིན་གཅིག་ཏུ་མ་ཤེས་པས། །གྲངས་སུ་བརྗོད་པས་དོན་ལས་ཉམས། །མིང་དུ་བཏགས་པས་རྣམ་རྟོག་སྐྱེ། །ཡུལ་དུ་བཟུང་བས་ཞེན་བློ་བྱུང་། །ཞེན་པའི་འབྲས་བུ་བརྟས་པ་ལས། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །ཡུལ་དང་དུས་དང་ཕྱོགས་དང་ནི། །ཁ་དོག་དབྱིབས་ལ་སོགས་པར་སྣང་། །མཉམ་པའི་དབྱིངས་ལ་གང་ཡང་མེད། །ཅེས་གསུངས་པ་ལྟར་རོ། །དེ་བས་ན་སྣང་སྲིད་འཁོར་འདས་སུ་ཞེན་ཅིང་རྟོག་པའི་གང་ཟག་དེ་ནི་རིག་པ་རང་གནས་ཀྱི་ཏིང་འཛིན་ཟབ་མོ་ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་དང་བྲལ་བ་ཡིན་ནོ། །དོན་འདི་མདོ་བཅུ་ལས་རྣམ་པར་བགྲངས་པའི་མདོའི་དོན་འགྲེལ་དུ་གསུངས་པ་ནི། ཇི་སྐད་དུ། ཕྱི་ནང་སྣོད་བཅུད་གཉིས་ཀ་སྣང་བའི་ཕྱིར། །དོན་དམ་སྐྱེ་བ་མེད་པས་ཕྱི་དང་ནང་། །མ་སྐྱེས་ཟབ་མོ་དེ་ཡི་ཆ་ཤས་ནི། །དམིགས་པའི་ཡུལ་དུ་མ་གྱུར་རྟོགས་ཡུལ་མེད། །སྲིད་པ་ཕྱི་ནང་འདི་ནི་མིང་ཙམ་སྟེ། །དོན་དམ་མ་ཡིན་ལོག་པའི་སྟོབས་སུ་སྣང་། །དེས་ན་ཕྱི་ནང་རྟོག་པའི་ཏིང་འཛིན་ནི། །ཆ་ཤས་རྟོགས་པའི་ཡུལ་མེད་མཉམ་དང་བྲལ། །ཞེས་གསུངས་སོ། །གསུམ་པ་ནི། དེ་ལྟར་འཁོར་བའི་ཆོས་སུ་སྣང་བའི་དུས་ཉིད་ནའང་དོན་ལ་མ་གྲུབ་པར་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ངོ་བོར་གནས་ཤིང་། ཆོས་ཉིད་རང་བྱུང་ཡེ་ཤེས་དེ་ལ་ནི་མིང་གི་ཐ་ཚིག་གིས་བརྗོད་པ་ཕྱི་ཡུལ་དང་ནང་ཡུལ་ཅན་ལ་སོགས་པ་མདོར་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་སུ་བགྲངས་པ་གང་ཡང་མེད་ལ། དེ་ལྟ་བུའི་བགྲངས་སུ་མེད་པའི་རང་བཞིན་ཆོས་ཉིད་ཟག་པ་མེད་པའི་ཕུང་པོ་དེ་ནི་དཔེར་ན་གང་དུ་ཡང་བགྲང་དུ་མེད་པ་ནམ་མཁའི་ཁམས་བཞིན་དུ་གནས་ཤིང་། དུས་གསུམ་གྱིས་བསྡུས་པའི་ཕྱི་ནང་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་འདི་དང་ཡེ་ནས་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་་གནས་ཤིང་། དུས་གསུམ་ཀུན་ཏུ་མི་འབྲལ་བས་ན་བརྗོད་བྱེད་ཐ་ཚིག་གི་མིང་དུ་བཏགས་པ་ཀུན་རྫོབ་ཐ་སྙད་ཙམ་དུ་ཡང་མེད་པར་གསུངས་པ་སྟེ། དེ་ཉིད་ལས། ཏིང་འཛིན་སྤྲོས་དང་བྲལ་བའི་ཆོས་ཉིད་ལ། །ཐ་ཚིག་ཕྱི་དང་ནང་དུ་བགྲངས་བྱ་མེད། །ཆོས་ཉིད་བགྲང་དུ་མེད་པའི་ཕུང་པོ་འདི། །ནམ་མཁའ་བགྲང་དུ་མེད་པའི་ཁམས་བཞིན་གནས། །སྔ་མ་ད་ལྟ་ཕྱི་མ་དུས་གསུམ་དུ། །ནམ་མཁའ་ལྟ་བུ་འདི་དང་མི་འབྲལ་བས། །ཕྱི་ནི་འདི་ཡིན་ནང་ནི་འདི་ཡིན་ཞེས། །ཀུན་རྫོབ་མིང་ཙམ་ངེས་པར་བརྟགས་པ་མེད། །ཅེས་གསུངས་སོ། །འདི་ཡན་ཆད་ཀྱི་ཤྭ་ལོ་ཀ་བཅུ་བཞིས་ཀུན་ཏུ་བཟང་པོའི་ཐིག་ལེ་བསྟན་པར་གསུངས་ལ། །དེ་ནི་གོང་དུ་བཤད་པའི་ཐིག་ལེ་གསུམ་གྱི་རང་བཞིན་ཆོས་དབྱིངས་རྣམ་པར་དག་པའི་ངོ་བོ་དེ་ཉིད་གང་གིས་མཁྱེན་པའི་ཡེ་ཤེས་ཉིད་ལ་ཡེ་ཤེས་ཀྱི་ཐིག་ལེ་ཞེས་བྱ་ཞིང་། །དེ་ལྟ་བུའི་ཡེ་ཤེས་དེ་ཉིད་དུས་དང་རྣམ་པ་ཀུན་ཏུ་དག་པ་ཉག་གཅིག་གི་རང་བཞིན་ཕྱོགས་རིས་ཐམས་ཅད་དང་བྲལ་བར་བཞུགས་པས་ཡོད་མེད་ཡིན་མིན་ལ་སོགས་པའི་སྒྲོ་འདོགས་ཀྱི་སྤྲོས་པ་ཐམས་ཅད་གཅོད་ཅིང་། སྤྲོས་མེད་ཐིག་ལེ་ཉག་གཅིག་ཏུ་གནས་པས་ཀུན་ཏུ་བཟང་པོའི་ཐིག་ལེའམ། སེམས་ཉིད་བདེ་བ་ཆེན་པོ་དེའི་ཀློང་དུ་ཆོས་ཐམས་ཅད་འུབ་ཆུབ་ཅིང་མི་ཤོང་བ་མེད་པས་བདེ་ཆེན་ཡངས་པ་ཆེན་པོའི་ཐིག་ལེ་ཞེས་ཀྱང་གསུངས་ཏེ། འབྲས་བུའི་ཀློང་ལས། དེ་ལ་ཕྱོགས་རིས་དགག་བསྒྲུབ་བླང་དོར་བྲལ། །ཐམས་ཅད་ཡེ་ནས་བྱང་སེམས་བདེ་ཆེན་པས། །ཡོད་མེད་ཡིན་མིན་འདོད་པའི་སྤྲོས་པ་བཅད། །བདེ་ཆེན་ཡངས་པ་ཆེན་པོའི་ཐིག་ལེའོ། །ཞེས་སོ། །འདི་དག་ཡེ་ཤེས་ཀྱི་ཐིག་ལེ་དང་སྦྱར་བའང་ཡོད་དོ། །ཀུན་ཏུ་བཟང་པའི་ཐིག་ལེ་དེ་ཉིད་འབྲས་བུ་དང་སྦྱར་ནས་གསུངས་པའི་འབྲས་བུ་དེ་ལ་དབྱེ་བ། ཆོས་སྐུ་བྱ་བཙལ་བྲལ་བ། ལོངས་སྐུ་ཡོངས་སུ་རྫོགས་པ། སྤྲུལ་སྐུ་ཀུན་ལ་ཁྱབ་པ་དང་གསུམ་དུ་ཡོད་པ་ལས། དང་པོ་ཆོས་སྐུ་ལའང་སྐུ་གསུམ་ཐུགས་རྗེའི་ག ཟུགས་སུ་ཇི་ལྟར་སྣང་ཚུལ་དང་། དེ་ཉིད་རང་གི་ཆོས་ཉིད་ཡིན་པས་གཞན་ལས་བྱུང་བ་མིན་ཚུལ་དང་། སྤ྄ང་བླང་བྱ་རྩོལ་བྲལ་བས་ལམ་ལ་བགྲོད་དུ་མེད་ཚུལ་དང་གསུམ་དུ་ཡོད་པ་རྣམས་རིམ་པ་བཞིན་ཚིག་རྐང་དང་པོ་བརྒྱད་དང་། དེ་ནས་བཞི་དང་། ཐ་མ་ཡང་ཚིག་རྐང་བཞིས་བསྟན་པར་གསུངས་ལ། གཉིས་པ་ལོངས་སྐུ་ཡོངས་སུ་རྫོགས་པ་ལ། སངས་རྒྱས་རང་ལས་འབྱུང་བར་བསྟན་པ་དང་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དུས་གསུམ་རྒྱལ་བའི་འབྱུང་གནས་སུ་བསྟན་པ་དང་། ཆོས་ཉིད་མཉམ་པ་ཉིད་ལ་ཕྱོགས་སུ་བལྟས་པས་མི་འགྲུབ་པར་བསྟན་པ་དང་། བདེ་བ་འདོད་པས་གོལ་བར་བསྟན་པ་དང་བཞི་ཡོད་པ་ཚིག་རྐང་བཞི་ཚན་བཞི་ལ་རིམ་པར་སྦྱར་རོ། །གསུམ་པ་སྤྲུལ་སྐུ་ཀུན་ལ་ཁྱབ་པ་ལ་ཡང་དུས་གསུམ་གདོད་ནས་ཆོས་སྐུ་གཅིག་ཏུ་བསྟན་པ་དང་། རང་བཞིན་བདེ་བ་ཆེན་པོར་གནས་ཚུལ་དང་། སྤྲུལ་སྐུ་སྒྱུ་མ་ལྟ་བུར་འཆར་ཚུལ་དང་། ཐུགས་རྗེ་ཐབས་ཀྱི་རོལ་པ་བསྟན་པ་དང་བཞི་ཡོད་པ་ལས་སྔ་མ་གསུམ་ནི་རིམ་པར་ཚིག་རྐང་གསུམ་དང་གཅིག་དང་བཞི་ལ་སྦྱར་རོ། །བཞི་པ་ཐུགས་རྗེ་ཐབས་ཀྱི་རོལ་པ་ལ་ཡང་། རེ་སྨོན་དྲང་དོན་གྱི་ཐུགས་རྗེ་དང་། ཆོས་ཉིད་སྒྲོ་སྐུར་དང་བྲལ་བ་དང་། ཟབ་མོའི་ཆོས་ལ་རྟོག་པ་གོལ་བར་བསྟན་པ་དང་། དུས་གསུམ་ཐ་སྙད་ཙམ་ལས་མེད་པར་བསྟན་པའི་ཐུགས་རྗེ་བཞི་ཡོད་པ་ཚིག་རྐང་བཞི་ཚན་བཞི་སྟེ་བཅུ་དྲུག་ལ་རིམ་པར་སྦྱར་ནས་གསུངས་ཏེ། དཀའ་འགྲེལ་ལས། འབྲས་བུ་ལ་ནི་གསུམ་དུ་བཤད། །ཆོས་སྐུ་བྱ་བཙལ་བྲལ་བ་དང་། །ལོངས་སྐུ་ཡོངས་སུ་རྫོགས་པ་དང་། །སྤྲུལ་སྐུ་ཀུན་ལ་ཁྱབ་པའོ། །དེ་ལ་ཆོས་སྐུ་གསུམ་དུ་བཤད། །སྐུ་གསུམ་ཐུགས་རྗེའི་གཟུགས་དང་ནི། །རང་ལས་གཞན་ནས་བྱུང་བ་མིན། །བྱ་བྲལ་བགྲོད་དུ་མེད་པའོ། །བརྒྱད་དང་བཞི་དང་བཞི་ལས་བཀྲལ། །ཡོངས་སུ་རྫོགས་པ་བཞིར་བཤད་དེ། །སངས་རྒྱས་རང་ལས་འབྱུང་བ་དང ། །དུས་གསུམ་རྒྱལ་བའི་འབྱུང་གནས་དང་། །མཉམ་ཉིད་ཕྱོགས་ཆས་མི་འགྲུབ་པས། །བདེ་བར་འདོད་ན་གོལ་བའོ། །བཞི་ཚན་བཞི་ལ་རིམ་གྱིས་སྦྱར། །ཀུན་ལ་ཁྱབ་པ་བཞིར་བསྟན་ཏེ། །དུག་གསུམ་ཆོས་སྐུར་གདོད་ནས་གཅིག །རང་བཞིན་གནས་པ་བདེ་བའི་སྐུ། །སྤྲུལ་སྐུ་སྒྱུ་མ་ལྟ་བུར་འཆར། །ཐུགས་རྗེ་ཐབས་ཀྱི་རོལ་པའོ། །གསུམ་དང་གཅིག་དང་བཞི་དང་ནི། །བཅུ་དྲུག་དག་ལ་སྦྱར་ཏེ་བཤད། །དེ་ལ་ཐུགས་རྗེ་བཞིར་བཤད་དེ། །རེ་སྨོན་དྲང་དོན་ཐུགས་རྗེ་དང་། །ཆོས་ཉིད་སྒྲོ་སྐུར་བྲལ་བ་དང་། །ཟབ་མོའི་ཆོས་ལ་རྟོག་པ་གོལ། །དུས་གསུམ་དེ་ཉིད་ཐ་ཚིག་གོ །བཞི་ཚན་བཞི་ལ་སྦྱར་ཏེ་བཤད། །ཅེས་སོ། །བཞི་པ་ནི། འདི་སེམས་ཅན་རྣམས་ཀྱི་སྒོ་གསུམ་དུ་སྣང་བ་འདི་ཉིད་བླང་དོར་རྩོལ་སྒྲུབ་ལ་མི་ལྟོས་པར་ཡེ་ནས་སྐུ་གསུམ་དབྱེར་མེད་པ་རྒྱལ་བ་ཀུན་ཏུ་བཟང་པོའི་གསང་གསུམ་མི་འགྱུར་བའི་ཕྱག་རྒྱས་ཐེབ་པས་མཉམ་ཉིད་གཅིག་ཏུ་བཞུགས་པའི་དོན་སྟོན་པར་བྱེད་པ་སྟེ། ཇི་ལྟར་ན་སེམས་ཅན་རྣམས་ཀྱི་འགྲོ་འདུག་ལ་སོགས་པ་བྱ་སྤྱོད་བཟང་ངན་ཇི་ལྟར་དུ་སྣང་ཡང་སྙིང་པོ་བྱང་ཆུབ་ཀྱི་ཀློང་ལས་སྐད་ཅིག་ཀྱང་འདའ་བ་མེད་པས་མི་གཡོ་བ་ནི་རྒྱལ་བ་ཀུན་ཏུ་བཟང་པོའི་སྐུ་ཡི་བཀའ་རྟགས་ཀྱི་ཕྱག་རྒྱ་ཡིས་བཏབ་པ་ཡིན་ལ། གཟུང་འཛིན་ཉོན་མོངས་པའི་རྟོག་པ་ཇི་ལྟར་སྐྱེས་ཀྱང་སྐྱེ་བར་སྣང་དུས་ཉིད་ནས་གདོད་ནས་སྐྱེ་མ་མྱོང་བའི་ཕྱིར་སྙིང་པོ་བྱང་ཆུབ་ཀྱི་སེམས་སྐད་ཅིག་ཀྱང་མི་བསྐྱོད་པར་ཡེ་ཤེས་རང་གསལ་གྱི་ངོ་བོར་ཡེ་ནས་གནས་པས་ནི་ཐུགས་རང་བྱུང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་འདའ་བ་མེད་པའི་རང་བཞིན་ཏེ། ཀློང་ཆེན་རབ་འབྱམས་ལས། སྐྱེ་བ་མེད་ལས་སྣ་ཚོགས་སྐྱེས། །སྐྱེས་པ་ཉིད་ནས་མ་སྐྱེས་ཏེ། །མཚན་མར་གྱུར་པ་རྡུལ་ཙམ་མེད། །གཡོས་པ་ཉིད་ནས་མ་གཡོས་ཏེ། །ཅིས་ཀྱང་མི་འགྱུར་མི་བསྐྱོད་པས། །རྡོ་རྗེ་སྙིང་པོ་རང་གི་མཐུ། །ཞེས་པ་ལྟར་རོ། །དེས་ན་རིན་ཆེན་གསེར་གླིང་དུ་྄ཕྱིན་ན་གང་སྣང་ཐམས་ཅད་གསེར་དུ་འདུག་པ་ལྟར་གང་སྣང་ཅི་ཤར་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རང་བཞིན་ཡིན་པ་ལས་གཞན་ནས་ཡེ་ཤེས་ཞིག་ཚོལ་དུ་མེད་པས་མི་ལེན་པ་ནིི་གནས་ལུགས་དེ་ཁོ་ན་ཉིད་ཀྱི་དོན་ཏེ། གནས་ལུགས་དེའི་ངང་ན་ཆོས་དང་གང་ཟག་གི་བདག་གཉིས་སུ་གྲུབ་པ་མེད་ཅིང་ཡེ་ཤེས་དེ་ཉིད་ལས་སྤང་བྱ་མ་དག་པའི་ཆོས་གང་ཡང་མེད་པས་མི་འདོར་བ་སྟེ། བང་མཛོད་འཕྲུལ་ལྡེ་ལས། རིན་པོ་ཆེ་ཡི་གསེར་གླིང་ན། །ཐམས་ཅད་གསེར་ལས་མེད་པའི་ཕྱིར། །དོར་དུ་རུང་བ་ཡོད་མ་ཡིན། །རྫོགས་པ་ཆེན་པོའི་ཆོས་ཉིད་ལ། །སྤང་བ་གང་ཡང་མེད་པའི་ཕྱིར། །དོར་དུ་རུང་བ་ཡོད་མ་ཡིན། །ངོས་བཟུང་མེད་པའི་ལྟ་བ་ལ། །བླང་དུ་རུང་བ་ཡོད་མ་ཡིན། །དེས་ན་བླང་དོར་ཡོད་མ་ཡིན། །ཞེས་གསུངས་པ་ལྟར། མདོར་ན་སྤང་བླང་ཐམས་ཅད་དང་བྲལ་བའི་གནས་ལུགས་ཟབ་མོ་དེ་ཉིད་འདི་ལྟ་བུའོ་ཞེས་ཚིག་གིས་བརྗོད་ཀྱང་ཐོག་ཏུ་མི་ཕེབ་པས་ཚིག་བྲལ་མཉམ་པ་ཉིད་དུ་གནས་པ་ནི་ངེས་པ་དོན་གྱི་ལུང་སམ་བརྗོད་མེད་གསུང་གི་རང་བཞིན་ཉིད་དོ། །མདོ་བཅུ་ལས། སྐུ་དང་ཡེ་ཤེས་བསྟན་པ་ནི། །བྱང་ཆུབ་སེམས་ནི་དངོས་པོ་ཅིར་མི་གཡོ། །བཟུང་འཛིན་མི་མངའ་ཆོས་སྐུ་ཕྱག་རྒྱ་ཡིན། །ཏིང་འཛིན་མི་བསྐྱོད་རང་བྱུང་ཡེ་ཤེས་ཏེ། །ཆོས་ཉིད་མཚན་མར་མི་ལེན་བདག་མེད་ཅིང་། །སེམས་ཀྱང་གང་ཡང་མི་སྤང་དོར་བ་མེད། །མི་གཡོ་མི་བསྐྱོད་མི་ལེན་མི་འདོར་བས། །འདི་ཞེས་བརྗོད་མེད་ཚིག་བྲལ་མཉམ་ཉིད་དོ། །ཞེས་གསུངས་སོ། །དེ་ལྟར་ཆོས་ཐམས་ཅད་ཡེ་ནས་རྒྱལ་བ་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ཀྱི་རང་བཞིན་བདག་ཉིད་ཆེན་པོ་གཅིག་ཏུ་གནས་པའི་ཕྱིར་ན། སྤྱིར་འཁོར་འདས་གཉིས་སུ་སྣང་བ་གང་ཡིན་པ་དང་། བྱེ་བྲག་ཏུ་སེམས་ཅན་གང་གི་ལས་བཟང་ངན་སྣ་ཚོགས་སུ་བསགས་པ་དང་ལས་བཟང་ངན་དེ་དག་གིས་དབང་གིས་འཁོར་བ་མཐོ་དམན་གང་རུང་དུ་སྐྱེས་ནས་བདེ་སྡུག་སྣ་ཚོགས་མྱོང་བ་ལྟར་སྣང་ན་ཡང་། དོན་ལ་གནས་རིས་དྲུག་པོ་ཀུན་ཏུ་འཁོར་ཞིང་སོ་སོའི་ལས་ཀྱི་འབྲས་བུ་བདེ་སྡུག་སྣ་ཚོགས་པ་ཀུན་ལ་ལོངས་སྤྱོད་པར་སྣང་བ་ཐམས་ཅད་བདག་ཉིད་ཆེན་པོ་བྱང་ཆུབ་ཀྱི་སེམས་གཅིག་གི་རྩལ་ལས་ཤར་ཞིང་བྱུང་བ་ཡིན་པས་དོན་ལ་མ་གྲུབ་ཅིང་། བྱང་ཆུབ་ཀྱི་སེམས་འདི་ལ་ནི་སྤྲོས་པའི་མཚན་མ་གང་ཡང་གྲུབ་པ་མེད་པའི་ཕྱིར་ན་སྐྱེས་པ་དང་བུད་མེད་མཐོ་དམན་དང་བདེ་སྡུག་བཟང་ངན་ལ་སོགས་པ་མཚན་ཉིད་འདི་ལྟ་བུ་ཞིག་ཡོད་ཅེས་འཁོར་འདས་མཉམ་ཉིད་དུ་གཟིགས་པའི་རྒྱལ་བ་ཡོངས་ཀྱི་སྤྱི་དཔལ་ཆེན་པོ་ཀུན་བྱེད་རྒྱལ་པོས་ཡོངས་ཡེ་མ་གསུངས་སོ་ཞེས་པ་སྟེ། དེ་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་བདག་ཉིད་ཆེ། །སངས་རྒྱས་སེམས་ཅན་མཐོ་རིས་ངན་སོང་གང་། །གང་གི་ལས་དང་གང་གི་གནས་སྐྱེས་ནས། །རྒྱུད་དྲུག་འཁོར་ཞིང་ལས་དྲུག་སྤྱོད་པ་ནི། །བདག་ཉིད་བྱང་ཆུབ་སེམས་ལས་འབྱུང་བར་ངེས། །ཀུན་གྱི་སྙིང་པོ་བྱང་ཆུབ་སེམས་འདི་ལ། །འདི་ནི་སྐྱེས་པ་ཡིན་ལ་འདི་ནི་བུད་མེད་ཅེས། །ཀུན་བྱེད་མཉམ་པའི་རྒྱལ་པོས་ཡོངས་མ་གསུངས། །དེས་ན་བདག་ཉིད་ཆེན་པོ་ཡིན་པར་བཤད། །ཅེས་གསུངས་པ་ལྟར་རོ། །དྲུག་པ་ཐེག་པ་གཞན་གྱི་བསྐྱེད་རྫོགས་ཀྱིས་ཇི་བཞིན་པའི་དོན་མི་མཐོང་བར་བསྟན་པའི་ངེས་མདོ་ལ་བཞི་སྟེ། རྒྱུའི་ཐེག་པས་ཚོགས་གཉིས་ཐབས་ཤེས་སུ་རྩོལ་བས་སྐུ་གཉིས་འགྲུབ་པར་འདོད་པའི་ལོག་རྟོག་དགག་པའི་ངེས་མདོ། ཀྲི་ཡ་ཨུ་པ་ཡོ་ག་གསུམ་གྱིས་སྔགས་དང་དཀྱིལ་འཁོར་གྱིས་དེ་བཞིན་ཉིད་སྣང་ལ་རང་བཞིན་མེད་པར་བསྒོམས་ཀྱང་མི་འགྲུབ་པར་བསྟན་པའི་ངེས་མདོ། མ་ཧཱས་བསྐྱེད་རིམ་ཐབས་དང་ཨ་ནུས་བདེ་སྟོང་རྫོགས་རིམ་བསྒོམ་ཀྱང་མི་འགྲུབ་པར་བསྟན་པའི་ངེས་མདོ། དེ་ལྟར་ཐེག་པ་སོ་སོའི་ལམ་བསྒོམ་པས་ཡོན་ཏན་ཅུང་ཟད་སྐྱེ་བ་ལྟར་སྣང་ཡང་རྟོག་པ་གོམ་རྗེས་སུ་བྱས་པས་རེ་ཞིག་སྣང་ཡང་རྟག་མི་ཐུབ་པས་མཚན་མ་མེད་པའི་དེ་ཉིད་མི་འགྲུབ་པར་བསྟན་པའི་ངེས་མདོའོ། །དང་པོ་ནི། ཆོས་ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གདོད་ནས་ཡེ་སངས་རྒྱས་པའི་དོན་འདི་ལ། རྒྱུ་མཚན་ཉིད་ཀྱི་ཐེག་པ་བ་རྣམས་ཀྱིས་དམིགས་བཅས་བསོད་ནམས་ཀྱི་ཚོགས་དང་དམིགས་མེད་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའི་སྒོ་ནས་འབྲས་བུ་སྐུ་གཉིས་ཐོབ་པར་འདོད་པའི་བློས་དཀའ་ཐུབ་དང་བརྟུལ་ཞུགས་དྲག་ཤུལ་གྱིས་ཏེ་དབུ་ཡན་ལག་གཏོང་བ་སོགས་སྙིང་སྟོབས་དང་བརྩོན་འགྲུས་དྲག་པོས་བསྒྲུབ་པར་བྱེད་ནའང་། དེ་ལྟ་བུའི་ལམ་ལ་བརྟེན་ནས་གོང་ནས་གོང་དུ་སངས་རྒྱས་ཀྱི་གནས་སུ་བགྲོད་པར་བྱ་བའི་མིང་ཙམ་ཡང་མེད་དེ་རང་སེམས་འདི་ལས་གཞན་ན་སངས་རྒྱས་ཞིག་བཙལ་དུ་མེད་པའི་ཕྱིར། གཏིང་རྫོགས་ལས། རང་སེམས་སངས་རྒྱས་ཡེ་ཤེས་སྙིང་པོ་འབྱུང་། །རྟོགས་པ་ཙམ་གྱིས་སངས་རྒྱས་ས་ལ་གནས། །འབྲས་བུ་གཞན་དུ་བཙལ་མི་དགོས་པའི་མཆོག །རང་བྱུང་གདོད་ནས་དག་པའི་ངོ་བོ་ཉིད། །ཆོས་སྐུ་འགྱུར་བ་མེད་པར་རང་སེམས་དོན། །འབྲས་བུ་དུས་ལ་མི་ལྟོས་ད་ལྟར་ཉིད། །ཡེ་ཤེས་དབང་ཐོབ་སངས་རྒྱས་ཀུན་དང་མཉམ། །རྣམ་སྨིན་ལུས་འདི་བྲལ་བས་ཀུན་བཟང་ཐུགས། །བྱང་ཆུབ་ཆོས་ཉིད་རང་བྱུང་མཐར་ཕྱིན་པས། །མི་ཚེ་འདི་ཡིས་བྱང་ཆུབ་མཆོག་ཐོབ་ནས། །རྒྱུ་ལ་མི་ལྟོས་འབྲས་བུ་ཡེ་ཤེས་ཚོགས། །ད་ལྟ་ཉིད་དུ་སེམས་འདི་ཀུན་ཏུ་བཟང་། །ཞེས་དང་། ཀུན་གསལ་ལས། ས་དང་རྣམ་ཐར་བྱང་ཆུབ་མཆོག་ལ་རིང་། །བགྲོད་དུ་མེད་དེ་ཆོས་ཉིད་བྱང ཆུབ་མཆོག །བགྲོད་པར་འདོད་ན་ཡེ་ཤེས་མཐའ་ལ་རིང་། །མ་བསགས་བཞིན་དུ་ཚོགས་གཉིས་ཡེ་ནས་རྫོགས། །མ་སྦྱངས་བཞིན་དུ་སྒྲིབ་གཉིས་ཡེ་ནས་བྱང་། །ཞེས་གསུངས་སོ། །དེས་ན་ཨ་ནི་སྐྱེ་བ་མེད་པ་དང་པ་ནི་དོན་དམ་མཚོན་པར་བྱེད་པའི་ཡི་གེ་ཡིས་མཚོན་པ་ཆོས་ཉིད་སྐྱེ་བ་མེད་པའི་དོན་ལ་དོན་དམ་ཆགས་པ་མེད་པའི་བློ་དང་ནི་རྣམ་པར་ལྡན་པར་བྱས་ནས་བསྒོམ་ན་སྒྱུ་མའི་བདེ་བ་ཞེས་ཐ་སྙད་སྒྱུར་མ་ཙམ་དུ་སངས་རྒྱས་ཀྱི་བདེ་བ་ཉིད་འབྱུང་བར་འདོད་ཀྱང་། ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་རྣམ་པ་གཅིག་ཏུ་མ་ངེས་པར་ངོ་བོ་ངོས་བཟུང་དང་བྲལ་བ་ཡིན་པས་འཁོར་འདས་གང་གི་ཕྱོགས་སུ་མ་ལྷུང་པ་ལ་ཐེག་པ་སོ་སོས་ཇི་ལྟར་བལྟས་ཤིང་བརྟགས་པ་དེ་ལྟར་གནས་སྐབས་རང་རང་གི་བློ་ལ་བདེན་བདེན་ལྟར་སྣང་ཡང་ཆོས་ཉིད་ཀྱི་གཤིས་ལ་གང་ཡང་མ་གྲུབ་པས་དེ་ལྟར་བླང་དོར་རྩོལ་སྒྲུབ་བྱེད་པ་དེ་ཡང་ལོག་རྟོག་ཙམ་ལས་མེད་ཕྱིར་རྫོགས་པ་ཆེན་པོ་ངེས་དོན་བླ་ན་མེད་པའི་དོན་ལས་གོལ་བ་ཡིན་པར་གསུངས་སོ། །བཀྲ་ཤིས་རིག་པའི་ཁུ་བྱུག་ལས། །ཐབས་དང་ཤེས་རབ་རྣམ་པར་ལྡན་བྱས་ནས། །སྙིང་རྗེ་སྒྱུ་མའི་ཕྱག་རྒྱ་འཛིན་འདོད་གང་། །དེ་ལ་འཛིན་པ་ཡོད་ཕྱིར་སྐྱོན་ཡིན་ཏེ། །སྙིང་པོའི་རང་བཞིན་གཅིག་ཏུ་མ་ངེས་པས། །ཇི་ལྟར་འདོད་པ་སུ་མི་དགོས་པར་སྣང་། །ཞེས་གསུངས། འདི་དག་གི་དོན་མདོ་བཅུ་ལས། བཙལ་དུ་མེད་པའི་ཆོས་ཉིད་དེ་ལ་ནི། དབང་པོ་དྲུག་བཏུལ་འདུལ་བའི་ཁྲིམས་ཞུགས་རྩོལ། སྡུག་བསྔལ་ལུས་ཀྱི་སྤྱོད་དྲག་གིས། སྤྱད་ཀྱང་ངེས་པའི་གནས་ནི་མིང་མེད་དེ། ལུང་གི་ཨ་དང་སྟོན་པའི་བར་ལྡན་ན། སྐད་ཅིག་སྒྱུ་མའི་བདེ་བ་འབྱུང་བར་འདོད། ཅེས་ཉན་ཐོས་ཀྱི་ཐེག་པ་དང་སྦྱར་ནས་གསུངས་པ་དང་། གཞན་ནས་ཨ་ནུ་ཡོ་ག་དང་སྦྱར་ནས་དེ་དག་རྫོགས་ཆེན་གྱི་གོལ་སར་བཤད་པ་ཡོད་ཀྱང་། འདིར་ཀུན་མཁྱེན་བླ་མའི་ས་བཅད་ཀྱི་དགོངས་དོན་ལྟར་བཤད་པ་ཡིན་ལ། དོན་གང་ལྟར་འགྲེལ་ཀྱང་འགལ་བ་མེད་དེ་རྒྱལ་བའི་བཀའ་ཤིན་ཏུ་ཟབ་ཅིང ཕྱོགས་སུ་ལྷུང་བ་མེད་པར་གདུལ་བྱའི་བློ་དང་འཚམས་པར་འཆར་བར་གཏུབ་པའི་ཕྱིར། བང་མཛོད་འཕྲུལ་ལྡེ་ལས། ཇི་ལྟར་ནམ་མཁའི་མདུང་བསྐོར་བཞིན། །གང་ལྟར་བསྐོར་ཡང་དོག་པ་མེད། །ཇི་ལྟར་འདམ་གྱི་ཕུར་པ་བཞིན། །གང་ལྟར་བསྒུལ་ཀྱང་བསྒུལ་དུ་བཏུབ། །ལྤགས་པ་རློན་པའི་མཐའ་བཞིན་ཏུ། །གང་ལྟར་འཐེན་ཡང་འཐེན་དུ་བཏུབ། །ཅི་ལྟར་སྨོས་པའི་ཚིག་བཞིན་ཏུ། །གང་ཡང་སྨྲ་ཡང་སྨྲ་དབང་ཆེ། །ཞེས་གནད་དང་མི་འགལ་བར་ཇི་ལྟར་འགྲེལ་ཡང་ཆོག་པར་གསུངས་པ་ལྟར་རོ། །གཉིས་པ་ནི། འདི་ལྟར་སྔགས་ཕྱི་རྒྱུད་གསུམ་ལས་ཀྲི་ཡ་བས་ཆོས་ཐམས་ཅད་དོན་དམ་དུ་མཐའ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་མཉམ་པ་ཉིད་ཀྱི་རང་བཞིན་ཡིན་པས་བཟང་ངན་མེད་ཀྱང་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུའི་རང་བཞིན་དུ་སྣང་བ་འདི་དག་མཐར་ཐུག་དག་པ་ལྷའི་རང་བཞིན་དུ་འཆར་བར་འདོད་པའི་བློས་ལྷ་ཡེ་ཤེས་པ་དངོས་གྲུབ་སྩོལ་བ་པོ་རྗེ་བོ་ལྟ་བུ་དང་། རང་ཉིད་ལྷ་དེ་མཉེས་པ་བསྒྲུབས་པའི་སྒོ་ནས་དངོས་གྲུབ་ནོད་པ་པོ་ཁོལ་པོ་ལྟ་བུར་བལྟ་ཞིང་ལྷ་མཉེས་པའི་ཆེད་དུ་གཙང་སྦྲ་སྤྱོད་པ་སོགས་རྩོལ་བ་སྣ་ཚོགས་བྱེད་པ་སེམས་པ་དང་། ཨུ་པས་བདག་དང་ལྷ་གཉིས་སྤུན་ནམ་གྲོགས་ཀྱི་ཚུལ་དུ་བསྒོམ་ཞིང་ལྟ་སྤྱོད་ཆ་མཉམ་དུ་སྤྱོད་པའི་སྒོ་ནས་འབྲས་བུ་རིགས་བཞི་རྡོ་རྗེ་འཛིན་པའི་གོ་འཕང་ཟག་པ་མེད་པའི་བདེ་བ་ཐོབ་པར་འདོད་པ་དེ་ཡང་རེ་དོགས་རྩོལ་སྒྲུབ་ཀྱི་བློ་དང་མ་བྲལ་བས། །དེ་ལྟ་བུའི་ལམ་དེ་ནི་སྙིང་པོ་བྱང་ཆུབ་ཀྱི་སེམས་རྩོལ་སྒྲུབ་དང་བྲལ་བའི་དོན་དེ་མི་མཐོང་བའི་སྒྲིབ་བྱེད་དུ་གྱུར་པས་རྫོགས་པ་ཆེན་པོའི་ལམ་ལས་གོལ་བའི་སྐྱོན་ཆེན་པོ་དང་ལྡན་པ་ཡིན་པར་གསུངས་ཏེ། བཀྲ་ཤིས་རིག་པའི་ཁུ་བྱུག་ལས། སྣང་ཕྱོགས་ཕྱག་རྒྱར་རྩོལ་བས་བདེ་འདོད་པ། །བླ་མེད་ཐེག་པའི་སྒྲིབ་ཤིང་སྐྱོན་ཅན་ཡིན། །ཞེས་སོ། །རྣལ་འབྱོར་ཡོ་ག་བས་ཆོས་ཉིད་དོན་དམ་པར་བདག་དང་ལྷ་གཉིས་མཉམ་ཉིད་དུ་རྟོགས་པའི་ལྟ་བ་དང་ལྡན་པས་བྱང་ཆུབ་ཀྱི་གོ་འཕང་བསྒྲུབ་པའི་ཐབས་སུ་མངོན་བྱང་ལྔ་དང་ཆོ་འཕྲུལ་བཞི་སྟེ་ཆོ་གའི་ཡན་ལག་དགུ་པོ་ཀུན་གྱི་སྒོ་ནས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷའི་ཆ་ལུགས་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་འདྲེས་པར་བསྒོམས་ཞིང་། དེ་ཡང་སྣང་ལ་རང་བཞིན་མེད་པས་ཆུ་ཟླ་བཞིན་དུ་གསལ་ཞིང་མཆོད་བསྟོད་བཟླས་པ་ལ་སོགས་པ་བྱེད་པ་སྟེ། དེ་ཡང་གཟུང་འཛིན་མཚན་མའི་ཆོས་ཀྱིས་མ་གོས་ཞིང་ཏིང་ངེ་འཛིན་གྱི་རོལ་པ་ལ་ཡང་མ་ཆགས་པའི་སྒོ་ནས་འབྲས་བུ་སྟུག་པོ་བཀོད་པའི་སར་མངོན་པར་འབྱུང་བ་འགྱུར་བར་འདོད་པ་ཡང་། བསྐྱེད་རྫོགས་རེས་འཇོག་གི་ཏིང་ངེ་འཛིན་བསྒོམས་པས་བྱིས་པའི་ཡུལ་ཞེས་དཔེར་ན་བྱིས་པ་རྣམས་ཀྱིས་རྩེད་མོའི་ཆེད་དུ་འདག་ཁང་ཡང་བརྩིགས་ཡང་བཤིག་བྱེད་པ་བཞིན་དུ་རེ་དོགས་འབད་རྩོལ་གྱིས་ངལ་བ་འབྲས་བུ་མེད་པར་གསུངས་ཏེ། ཁྱུ་བྱུག་ལས། ཡིག་འབྲུ་བསྐྱེད་པའི་ཕྱག་རྒྱ་བཞི་ལྡན་སྐུ། །སྣང་སྟོང་ངོ་བོ་ཉིད་དུ་བསྒོམས་གྱུར་ཀྱང་། །བསྒོམ་པ་ཉིད་ཀྱིས་སྤྲེའུའི་སྤྱོད་ཡུལ་འདྲ། །ཞེས་དང་། མདོ་བཅུ་ལས། ཡོ་ག་ཕྱི་བའི་ཆོས་ཉིད་བསྟན་པ་ནི། །བྱང་ཆུབ་བསྒྲུབ་པའི་ཡན་ལག་བཅུ་གཅིག་དགུས། །ཀུན་གྱི་སྒོ་ནས་ཞུགས་ནས་བསྒོམས་པ་ཡང་། །སྐུ་མདོག་ཕྱག་མཚན་ཕྱག་རྒྱ་རྫོགས་པ་རུ། །སྐུ་ཡི་ཆ་ལུགས་ཡིད་ལ་ཏིང་འཛིན་བསྒོམ། །ཆུ་ཟླ་བཞིན་དུ་གསལ་བ་ཡིས། །གཟུང་འཛིན་མཚན་མ་དག་གིས་ཚུལ་མ་གོས། །ཡེ་ཤེས་སེམས་དཔའ་དག་ལ་བདག་མ་ཆགས། །ཆགས་པ་མེད་པ་ཇི་ལྟར་འབྱུང་འགྱུར་ཡང་། །དཔེར་ན་བྱིིས་པས་འདག་ཁང་བརྩིགས་པ་བཞིན། །ཡང་བསྒོམས་ཡང་བཤིག་འདག་ཁང་བཤིག་པ་འདྲ། །ཞེས་གསུངས་པ་ལྟར་རོ། ། འདིར་ཆོ་གའི་ཡན་ལག་བཅུ་གཅིག་ཅེས་པ་བྱ་རྒྱུད་ཀྱི་དགོངས་པ་སྟེ། དེ་ཡང་ཀྲི་ཡ་བའི་ལམ་དེ་ཁོ་ན་ཉིད་གསུམ་གྱིས་བསྡུས་པ་ལས། རིག་སྔགས་ཀྱི་དེ་ཁོ་ན་ཉིད་ལ་ཀྲི་ཡ་ལྷ་དྲུག་ཏུ་ཕྱེ་བ་དང་། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ལ། སྔགས་ཀྱི་སྒྲ་དང་། བྱང་ཆུབ་ཀྱི་སེམས་ཟླ་དཀྱིལ་བསྒོམ་པ་དང་། བདག་མདུན་ལྷར་བསྒོམ་པ་གཞི་གཉིས་ཏེ་བཞིར་དབྱེ་བས་བཅུ་དང་། དེའི་སྟེང་དུ་བདག་གི་དེ་ཁོ་ན་ཉིད་བསྣན་པས་བཅུ་གཅིག་སྟེ། དེས་ན་མདོ་བཅུའི་ལུང་འདིས་ཀྱང་ཕྱི་རྒྱུད་ཐམས་ཅད་བསྟན་ཏེ། བང་མཛོད་འཕྲུལ་ལྡེ་ལས། བྱ་བའི་རྒྱུད་ཀྱི་ཐེག་པ་ནི། །ཆོ་ག་ཡན་ལག་བཅུ་གཅིག་གིས། །བྱིན་གྱིས་བརླབས་ནས་ལྷ་རུ་འདོད། །དེ་ཡང་རྗེ་དང་ཁོལ་གྱི་ཚུལ། །གཉིས་ཀ་རྒྱུད་ཀྱི་དཔོན་གཡོག་ཚུལ། །རྣལ་འབྱོར་རྒྱུད་ཀྱི་ཐེག་པས་ནི། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་བཞིས། །ཡོངས་སུ་བརྟགས་ནས་ལྷ་རུ་འདོད། །དེ་ཡང་སྤུན་དང་གྲོགས་པོའི་ཚུལ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ནི། མ་ཧཱ་ཡོ་གའི་ཐེག་པ་བས་གཙོ་བོ་རིགས་ལྔ་ཡབ་ཡུམ་ལ་སེམས་དཔའ་ཡབ་ཡུམ་སོགས་ཀྱིས་འཁོར་གྱིས་བསྐོར་བའི་ཞི་བའི་དཀྱིལ་འཁོར་དང་། དེ་ཉིད་ཀྱི་གདངས་ལས་ཤར་བ་དྲག་ཤུལ་ཁྲོ་གཉེར་དང་ལྡན་པའི་ཆ་ལུགས་གར་གྱི་ཉམས་དགུ་དང་དཔལ་གྱི་ཆས་བཅུ་སོགས་ཀྱིས་བརྒྱན་པ་ཁྲོ་བོ་ཡོངས་ཀྱི་སྤྱི་དཔལ་དུ་གྱུར་བའི་བདག་ཉིད་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ལ་སོགས་པའི་རྣམ་པར་རང་གི་ལུས་ཉིད་བསྒོམ་ཏེ་ལྷའི་ང་རྒྱལ་བཟུང་བའི་སྒོ་ནས་ཐུགས་ཀར་ས་བོན་གྱི་ཡི་གེ་དང་སྔགས་འཕྲེང་བཀོད་དེ་འོད་ཟེར་འཕྲོ་འདུ་སོགས་བྱས་པས་ལྷའི་གསལ་སྣང་ཡུལ་གསུམ་གྱད་དུ་གྱུར་པའི་བར་མངོན་དུ་བྱུང་བ་ཞེས་སམ། ཡང་ན་འདིར་ཡི་གེ་ཞེས་པ། ཀུན་མཁྱེན་རོང་ཟོམ་ཆེན་པོས། ཡི་གེ་ཞེས་བྱ་བའི་སྒྲ་ནི། གནས་སྐབས་ཀྱི་ཆོས་ཉིད་དང་། ཡེ་ཤེས་དང་། མིང་དང་གཟུགས་དག་ལ་འཇུག་ན་འདིར་ལྷའི་སྐུ་ཉིད་ལ་བྱའོ། །ཞེས་གསུངས་པ་གང་ལྟར་ཡང་དེ་ལྟར་ཏིང་ངེ་འཛིན་བསྒོམས་པ་ཚད་དུ་ཕྱིན་ན་ཡང་། དེ་ཉིད་བློ་རྣམ་རྟོག་གི་བག་ཆགས་གོམས་པའི་སྣང་བ་ཙམ་ཡིན་ཕྱིར་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་བློ་འདས་རྫོགས་པ་ཆེན་པོའི་གནས་ལུགས་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བ་མིན་པས་དེ་ལས་གོལ་ས་ཡིན་པར་གསུངས་ཏེ། མདོ་བཅུ་ལས། བསྐྱེད་པ་མ་ཧཱ་ཡོ་གའི་ཆོས་ཉིད་ནི། །སེམས་ཀྱི་དཀྱིལ་ན་རྣམ་ཤེས་འཁོར་གྱི་བསྐོར། །ལྷ་ཡི་སྐུ་ཡི་ཁྲོ་གཉེར་ཆ་ལུགས་བཞིན། །ཐམས་ཅད་འཇོམས་པའི་ཁྲོ་བོ་ཆེན་པོ་ཡིས། །གཙོ་བོར་ཁྲོ་བདག་ཅི་འདྲར་ལུས་བསྒོམས་ཏེ། །ཡང་ནས་ཡང་དུ་བསྒོམས་པས་མངོན་གྱུར་ནས། །བག་ཆགས་བརྟས་པའི་ཡི་གེ་མངོན་བྱུང་ནས། །མ་བཅོས་པ་ཡི་ཆོས་ཉིད་ཞི་བ་དེ། །དབང་པོས་མངོན་སུམ་དག་གིས་མཐོང་བ་མིན། །ཞེས་སོ། །དེ་བཞིན་དུ་ཨ་ནུ་ཡོ་ག་བས་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་མ་ཟིན་པར་ཉོན་མོངས་པ་རང་རྒྱུད་པ་ལ་སྤྱད་པ་ཡི་དབང་གིས་ཉན་ཐོས་དང་བྱང་སེམས་ཀྱི་སྡོམ་པ་ཉམས་པར་གྱུར་ན་ཤིང་ཏ་ལའི་མགོ་བོ་བཅད་པར་བྱས་ན་ལྗོན་ཤིང་མི་སྐྱེ་བ་ལྟར་འབྲས་བུ་མི་ཐོབ་པ་དང་། གསང་སྔགས་ཀྱི་དམ་ཚིག་ཉམས་ན་དེ་བས་ཀྱང་ཉེས་པ་ཆེ་བས་དཔེར་ན་རྒྱུ་ས་བོན་མེ་ཡིས་བསྲེགས་པས་འབྲས་བུ་གཏན་དུ་བརླག་པ་དང་འདྲ་བར་ན་རཀ་གི་གནས་ནས་བསྐལ་པའི་བར་དུ་མི་ཐར་བའི་ཉེས་པ་འབྱུང་བས། ཉོན་མོངས་པ་རང་མཚན་པ་དེ་ཡི་དབང་དུ་མི་འགྱུར་བའི་ཆེད་དུ་མཚན་བཅས་དང་མཚན་མེད་ཀྱི་རྫོགས་རིམ་སྤྱི་དང་ཁྱད་པར་གཞན་ལུས་ཕྱག་རྒྱ་ལ་བརྟེན་པའི་ལམ་གྱིས་བདེ་སྟོང་འདུ་འབྲལ་མེད་པའི་ཡེ་ཤེས་བསྐྱེད་པའི་རྩོལ་བ་ལ་གནས་ཤིང་ཐིག་ལེ་འཛག་མེད་དུ་འཆིང་བས་འཕོ་མེད་ཀྱི་ཚུལ་ཁྲིམས་བསྲུང་བར་བྱེད་པ་དེ་ཡང་རྫོགས་པ་ཆེན་པོའི་བསྲུང་མཚམས་ལས་འདས་པའི་དམ་ཚིག་ཡེ་བསྲུང་ཆེན་པོའི་གདེང་གིས་ལས་ཀྱི་གཞན་དབང་དུ་མི་འགྱུར་བར་ཡེ་སངས་རྒྱས་པའི་འབྲས་བུ་གདོད་ནས་ལྷུན་གྱིས་གྲུབ་པར་སྟོན་པའི་དགོངས་དོན་ཟབ་མོ་མ་རྟོགས་པར་རྫོགས་པ་ཨ་ནུ་ཡོ་གས་གོང་དུ་བསྟན་པ་དེ་ལྟར་དམ་སྡོམ་ཉམས་པའི་དབང་དུ་མི་འགྱུར་ཆེད་དུ་རྩོལ་སྒྲུབ་ཀྱི་ལམ་ལ་གནས་པར་བསྟན་པའི་ཕྱིར་ན་བྱ་རྩོལ་བྲལ་བའི་དོན་ཇི་བཞིན་པ་མ་རྟོགས་པར་གསུངས་ཏེ། མདོ་བཅུ་ལས། ཉོན་མོངས་བསྐམ་ཆག་ལྔ་ཡི་དབང་གིས་ནི། །ཉན་ཐོས་རང་རྒྱལ་ཐེག་ཆེན་མདོ་སྡེ་གསུམ། །འདུལ་ཁྲིམས་སྡོམ་པ་མ་ཐུབ་ཉམས་པ་ཡིས། །ཏ་ལའི་མགོ་བཅད་ལྗོན་ཤིང་མི་སྐྱེ་དང་། །རྡོ་རྗེ་ཐེག་པའི་དམ་ཚིག་ཉམས་པ་ཡིས། །ས་བོན་མེས་བསྲེགས་འབྲས་བུ་གཏན་ཚིགས་ཀྱང་། །རྫོགས་ཆེན་བསྲུང་དུ་མེད་པའི་དམ་ཚིག་གིས། །གཞན་དབང་མི་གཏོང་འབྲས་བུ་ཡོད་པར་སྟོན། །རྫོགས་པས་ཉམས་པའི་དབང་དུ་མི་འགྱུར་བསྟན། །ཞེས་གསུངས་སོ། །རྫོགས་ཆེན་གྱིས་ཉོན་མོངས་པ་དང་དམ་ཚིགས་ཉམས་པ་སོགས་ཀྱི་དབང་དུ་མི་འགྱུར་བའི་ཚུལ་ཡང་ཉོན་མོངས་པ་ལ་སོགས་པ་འཁོར་བའི་ཆོས་ཐམས་ཅད་ཡེ་ནས་གཞི་མེད་རྩ་བྲལ་དུ་གྲོལ་ཟིན་པས་གང་སྣང་ཅི་ཤར་ཐམས་ཅད་རིག་པའི་རང་རྩལ་ཡེ་ཤེས་ཉག་གཅིག་ལས་མེད་པར་རྟོགས་པའི་གནད་ཀྱིས་ཡིན་པ་ལས། དེ་ལྟར་མ་རྟོགས་པར་ལས་དང་ཉོན་མོངས་རང་མཚན་པ་ལ་ཞེན་བཞིན་དུ་དགེ་སྡིག་རྒྱུ་འབྲས་མེད་པར་བསྟན་པ་ཡིན་ཏེ། རྩལ་རྫོགས་ལས། རང་བྱུང་ཡེ་ནས་གསལ་བ་ལ། །འཁོར་བའི་མུན་པས་ང་མི་བསྒྲིབ། །རིག་པ་ཡེ་ནས་འཆི་མེད་ལ། །སྐྱེ་དང་འཆི་བས་ང་མི་བསྒྲིབ། །སྐུ་གསུམ་ཡེ་ནས་གནས་པ་ལ། །ཆགས་སྡང་ལྔ་ཡིས་ང་མི་བསྒྲིབ། །ཞེས་དང་། ངེས་དོན་འདུས་པ་ལས། ཕྱི་དང་ནང་དང་སྣོད་དང་བཅུད། །མཐོ་རིས་ངན་སོང་དགེ་དང་སྡིག །དག་དང་མ་དག་གཙང་རྨེ་དང་། །ཡིན་དང་མིན་དང་བླང་དོར་དང་། །བྱ་དང་མི་བྱ་སྐྱོན་ཡོན་སོགས། །ཐ་སྙད་གཉིས་སུ་གསུངས་པ་ཀུན། །དཔེར་ན་རི་བོང་ར་བཞིན་དུ། །ཚིག་ཏུ་ཡོད་ལ་དོན་ལ་མེད། །ཅེས་གསུངས་པ་ལྟར་རོ། །བཞི་པ་ནི། དེ་ལྟར་མདོར་ན་ཐེག་པ་རིམ་པ་དགུས་བསྡུས་པའི་ཆོས་ཀྱི་རྣམ་གྲངས་བརྒྱ་སྟོང་ཕྲག་ཡས་པ་སྟེ་བརྒྱད་ཁྲི་བཞི་སྟོང་གི་གྲངས་སུ་གསུངས་པ་ཐམས་ཅད་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་སར་ཕྱིིན་པར་བྱེད་པའི་རྫོགས་པ་ཆེན་པོའི་ལམ་སྟེགས་སུ་གསུངས་པ་མིན་པ་གཅིག་ཀྱང་མེད་པ་དང་། སེམས་ཅན་གྱི་དོན་དུ་མི་འགྱུར་བ་ཡང་མེད་པས་ཆོས་ཀྱི་སྒོ་མོ་གང་ལྟར་སྤྱད་ཀྱང་ལམ་རང་རང་དང་རྗེས་སུ་མཐུན་པའི་འབྲས་བུ་ཡིད་དུ་འོང་བས་མེ་ཏོག་ལྟ་བུ་རེ་སྐྱེ་བར་འགྱུར་ན་ཡང་། རྩོལ་བཅས་ཀྱི་ཐེག་པ་དེ་དག་གི་ལམ་གྱིས་གྲུབ་པའི་འབྲས་བུ་རྣམས་ནི་གནས་སྐབས་ཀྱི་བསྟི་གནས་ཙམ་ལས་མཐར་ཐུག་གི་འབྲས་བུ་མིན་ཕྱིར་རྟག་མི་ཐུབ་ལ། རྫོགས་པ་ཆེན་པོའི་མཐར་ཐུག་གི་འབྲས་བུ་ཆོས་ཉིད་སྙིང་པོའི་ཡེ་ཤེས་ནི་སྤྲོས་པའི་མཚན་མ་གང་ཡང་མེད་ཅིང་རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་ལས་འདས་པའི་དབང་གིས་ན་བསྟི་གནས་ཙམ་གྱི་ལམ་རྣམ་གྲངས་ཀྱི་ཆོས་དེ་ལས་འབྱུང་བར་མི་འགྱུར་བར་གསུངས་ཏེ། མདོ་བཅུ་ལས། རིམ་པ་དགུ་དང་བརྒྱད་ཁྲི་བཞི་སྟོང་ནི། །སེམས་ཅན་སངས་རྒྱས་ལམ་ལ་འགྲོ་བའི་ལམ། །གང་ནས་སྤྱད་ཀྱང་རང་རང་འབྲས་བུ་སྐྱེ། །ཆོས་ཉིད་རྫོགས་ཆེན་མཚན་མ་མེད་དབང་གིས། །འཇིག་རྟེན་བདེ་བ་འདོད་པའི་བསྟི་གནས་ནི། །ཆོས་ཉིད་མཚན་མ་མེད་པ་འབྱུང་མི་འགྱུར། །ཞེས་གསུངས་སོ། །བདུན་པ་ཨ་ཏི་ལྷུན་རྫོགས་ཇི་བཞིན་པ་མ་བཙལ་ལྷུན་གྱིས་གྲུབ་པའི་རྣལ་མདོ་ལ་བཞི་སྟེ། ཇི་བཞིན་མ་བཅོས་རྣལ་དུ་འཇོག་པའི་རྣལ་འབྱོར་པས་དོན་གཉིས་ལྷུན་གྱིས་གྲུབ་པའི་རྣལ་མདོ། དགོངས་པ་དེ་ཉིད་ནམ་མཁའ་ལྟར་ཡངས་ཤིང་ཡོན་ཏན་ལྷུན་རྫོགས་ཆེན་པོར་ངང་གིས་གནས་པའི་རྣལ་མདོ། དེ་ཉིད་ཇི་བཞིན་བཅོས་བསླད་མེད་པའི་སེམས་ཉིད་སོ་སོ་རང་གི་རིག་པའི་ཡེ་ཤེས་ལ་འཆར་བའི་རྣལ་མདོ། བྱ་རྩོལ་རྒྱུ་འབྲས་ལ་མི་ལྟོས་པར་རང་སེམས་ཆོས་སྐུར་གྲུབ་པའི་དོན་རྟོགས་པའི་རྣལ་འབྱོར་བ་ལ་སླ་ཞིང་གཞན་ལ་དཀའ་བའི་སྨྲ་བསམ་བརྗོད་མེད་དུ་བསྟན་པའི་རྣལ་མདོའོ། །དང་པོ་ནི། འདི་ལྟར་སེམས་ཀྱིས་བསམ་པ་དང་ངག་གི་གླེང་ཞིང་བརྗོད་པ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་སྙིང་པོར་རང་བྱུང་གི་ཡེ་ཤེས་བཅོས་བསྒྱུར་སྤང་བླང་ཐམས་ཅད་ལས་འདས་པའི་འདི་ལ་གནས་པའམ་དོན་འདི་རྟོགས་པའི་གདེང་དང་ལྡན་པ་ཡི་ནི་རྣལ་འབྱོར་བ་དེ་ནི་ད་ལྟ་ཉིད་ནས་གདོད་མའི་གཏན་སྲིད་ལ་རང་དབང་འབྱོར་བའི་སྐལ་བ་བཟང་པོ་དང་ལྡན་པ་ཡིན་པར་གསུངས་ཏེ། ཀློང་དྲུག་ལས། གླིང་བྲལ་འདི་ལ་འདྲིས་པའི་མི། །བརྗོད་མེད་རང་དག་རྙེད་པའོ། །འདི་ཉིད་ཡོན་ཏན་དཔག་ཏུ་མེད། །དཔག་མེད་སངས་རྒྱས་རྣམས་དང་མཉམ། །མཉམ་ཉིད་ཤིས་པ་ཀུན་གྱི་རྗེ། །ཞེས་གསུངས་པ་ལྟར་ལ། དེ་ལྟ་བུའི་ཨ་ཏི་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་དེ་ནི་འཁོར་འདས་དང་བདག་གཞན་ལ་སོགས་པའི་གཉིས་ཆོས་ཐམས་ཅད་གཉིས་མེད་ཡེ་ཤེས་ཆེན་པོ་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་དུ་ཡེ་གྲོལ་ལ་སོང་ནས་ཁམས་གསུམ་ཡོངས་གྲོལ་ཆེན་པོ་སྲིད་གསུམ་ཀ་དག་གི་དགོངས་པར་ཤར་ཏེ་བདག་དང་གཞན་གྱི་དོན་ཐ་དད་དུ་མི་འབྱེད་པས་རྩོལ་སྒྲུབ་ཐམས་ཅད་དང་བྲལ་བཞིན་དུ། སྒྱུ་མ་ལྟ་བུའི་ཕྲིན་ལས་ཀྱི་མཛད་པ་རྟག་ཁྱབ་ལྷུན་གྲུབ་ཀྱི་ཚུལ་དུ་གདུལ་བྱའི་ཡུལ་ལ་རོལ་ཞིང་འཇུག་པས་དོན་གཉིས་མ་བཙལ་ལྷུན་གྱིས་གྲུབ་པ་ཡིན་ཏེ། སྔ་མ་ལས། སྒྲོ་སྐུར་འདས་པའི་ཆོས་ཉིད་བྱང་ཆུབ་སེམས། །བརྗོད་མེད་གླིང་བྲལ་འདི་ལ་གནས་པ་ཡི། །མ་བཅོས་ཆོས་ཉིད་རྟོགས་པའི་རྣལ་འབྱོར་དེ། །ལས་དང་ཐུགས་རྗེ་འདུས་པས་སྐལ་བ་བཟང་། །གླེང་བྲལ་བརྗོད་མེད་དོན་ལ་གནས་པ་ཡིས། །སྐྱེ་བ་མེད་པས་བདག་དོན་བྱ་མི་དགོས། །བརྗོད་དུ་མེད་པས་གཞན་དོན་མི་བྱེད་ཅིང་། །ཆོས་ཉིད་སྒྱུ་མ་མ་བཙལ་ལྷུན་གྲུབ་པས། །རང་བཞིན་གནས་པའི་ཆོས་ཉིད་ཡུལ་ལ་རོལ། །ཞེས་སོ། །གཉིས་པ་ནི། འདི་ལྟར་སྙིང་པོ་བྱང་ཆུབ་ཀྱི་ཀློང་དུ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལྷག་མ་མེད་པར་འུབ་ཆུབ་ཅིང་འདུས་པ་ཡིན་པས་ན་རྒྱལ་བ་སངས་རྒྱས་རྣམས་ཀྱི་ཆོས་གཟུགས་ཀྱི་ཡོན་ཏན་རྣམས་ཀྱང་རྩོལ་སྒྲུབ་ཀྱིས་བཙལ་མི་དགོས་པར་རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོར་ཡོངས་སུ་རྫོགས་པ་ཡིན་པར་གསུངས་ཏེ། བང་མཛོད་འཕྲུལ་ལྡེ་ལས། མཁའ་ལ་ཤར་བའི་གཟུགས་སོགས་རྣམས། །དངས་བའི་རྒྱ་མཚོ་ཆེན་པོ་རུ། །དེ་ཉིད་མ་འདྲེས་ཡོངས་སུ་རྫོགས། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་། །དམིགས་མེད་ཡེ་ཤེས་ངོ་བོ་རུ། །དེ་ཉིད་མ་འདྲེས་ཡོངས་སུ་རྫོགས། །ཞེས་གསུངས་པ་ལྟར་ཆོས་ཉིད་ཀྱི་ཀློང་དུ་འཁོར་འདས་བཟང་ངན་དུ་སྣང་བ་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་ཤིང་ངོ་ཤེས་པ་དང་མ་ཤེས་པའི་དབང་གིས་དཔེར་ན་ཤེལ་གོང་ཚོན་གྱིས་བསྒྱུར་བ་ལྟར་འཁོར་འདས་ཀྱི་སྣང་ཆ་ཐམས་ཅད་འགག་པ་མེད་པར་མ་འདྲེས་པར་འཆར་ན་ཡང་། ཤེལ་གོང་ཚོན་གྱིས་བསྒྱུར་བ་ལྟར་སྣང་བའི་དུས་ཉིད་ནས་རང་གི་ངོ་བོ་འགྱུར་བ་མེད་པ་ལྟར་ཆོས་ཉིད་རང་གི་ངོ་བོ་བཟང་ངན་གང་དུའང་འགྱུར་བ་མ་ཡིན་པར་སྒྲོ་སྐུར་ཐམས་ཅད་དང་བྲལ་བ་མ་ནོར་དེ་བཞིན་དུ་ཉིད་ཀྱི་ངོ་བོར་དྲང་པོར་གནས་པ་ཡིན་ཏེ། དེ་ཉིད་ལས། ཤེལ་གོང་དག་གི་དྲུང་དུ་ནི། །ཁ་དོག་སྣ་ཚོགས་པ་བཞག་པས། །གང་བཞག་རྐྱེན་གྱིས་དེ་ལྟར་སྣང་། །སྣང་ཡང་ཤེལ་དུ་འགྱུར་བ་མེད། །དེ་བཞིན་ཆོས་ཉིད་རྒྱུ་གཅིག་པས། །འགྲོ་བ་རིགས་དྲུག་སོ་སོ་ནས། །བག་ཆགས་རྐྱེན་གྱིས་སོ་སོར་སྣང་། །ཆོས་ཉིད་རང་ལ་འགྱུར་བ་མེད། །ཅེས་གསུངས་པ་ལྟར་འཁོར་བའི་སྣང་བ་ཐམས་ཅད་ནི་བག་ཆགས་ཀྱི་དབང་གིས་གློ་བུར་དུ་སྣང་བ་ཙམ་ལས་ཆོས་ཉིད་ཀྱི་གཤིས་ལ་གྲུབ་པ་མེད་ལ། ཆོས་ཉིད་རང་གི་ངོ་བོ་ནི་གདོད་ནས་ཡེ་སངས་རྒྱས་པ་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་རང་བཞིན་དུ་གྲུབ་ཅིང་། དེའི་རྩལ་ལས། གཟུགས་སྐུ་རྣམ་པ་གཉིས་ཀྱང་རྩོལ་མེད་དུ་འཆར་བར་གསུངས་བས་ན་མྱ་ངན་ལས་འདས་པའི་ཆོས་རྣམས་ནི་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན་པར་གསུངས་ཏེ། གཏིང་རྫོགས་ལས། རང་བྱུང་རིག་པ་འདི་ཡི་དོན་རྟོགས་ན། །སངས་རྒྱས་ཡེ་ཤེས་སྙིང་པོ་ཆོས་སྐུ་ཡང་། །ད་ལྟ་བསྒྲུབ་ནས་འབྱུང་བ་མ་ཡིན་ཏེ། །ཡེ་ནས་རང་ལ་གནས་པའི་སྙིང་པོའི་ཆོས། །འཁོར་བའི་མིང་མེད་སངས་རྒྱས་འབའ་ཞིག་ཡིན། །ཞེས་གསུངས་སོ། །དེ་ལྟ་བུའི་གནས་ལུགས་རང་བྱུང་གི་ཡེ་ཤེས་དེ་ནི་ནམ་མཁའ་བཞིན་ཏེ་ཞེས་དཔེར་ན་ནམ་མཁའ་ནི་རྒྱུ་རྐྱེན་གྱིས་འདུས་མ་བྱས་ཤིང་མཐའ་དབུས་དང་བྲལ་བས་ཕྱི་ནང་སྣོད་བཅུད་ཐམས་ཅད་ལ་ཁྱབ་པ་ལྟར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་མཉམ་པ་ཉིད་ཀྱི་རང་བཞིན་དེ་ཡང་། རྒྱུ་རྐྱེན་གྱིས་འདུས་མ་བྱས་ཞིང་འཁོར་འདས་ཐམས་ཅད་ལ་ཁྱབ་པས་མཐའ་དབུས་དང་བྲལ་བའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་རྒྱུ་རྐྱེན་གཞན་ལ་ལྟོས་ནས་འཁོར་འདས་བཟང་ངན་སོགས་སུ་འགྱུར་བའི་ཆོས་མ་ཡིན་ཞེས། གལ་ཏེ་གཞན་ལ་ལྟོས་པ་ཡིན་ན་རང་གི་ཆོས་སུ་མི་རུང་བའི་ཚུལ། ཀུན་མཁྱེན་རོང་ཟོམ་ཆེན་པོས་འདི་ལྟར་གསུངས་ཏེ། ཆོས་ཞེས་བྱ་བ་ནི་རང་རང་གི་ཆོས་སམ་མཚན་ཉིད་ཡིན་ཏེ། གཞན་ལ་ལྟོས་ན་རང་གི་ཆོས་སུ་མི་འགྱུར་རོ། །དཔེར་ན་དངོས་པོའི་ཆོས་བསྒྲུབ་པ་ནའང་། མེ་ཤེལ་གྱི་འོད་ཚ་བ་ཉི་མ་ལ་ལྟོས་མི་དགོས་པ་ཞིག་ན། མེ་ཤེལ་ཚ་བའི་མཚན་ཉིད་དུ་གྲུབ་པ་ཞིག་ན་ལྟོས་པའི་ཕྱིར་མི་འགྲུབ་བོ། །མེ་ནི་གཞན་ལ་ལྟོས་མི་དགོས་པར་ཚ་བས་མེ་ཚ་བའི་ཆོས་སུ་གྲུབ་བོ། །དངོས་པོ་མེད་པའི་ཆོས་གྲུབ་པ་ན་དཔེར་ན་སྨིག་རྒྱུའི་ཆོས་ཆུ་ཡིས་སྟོང་པ་དང་གཡོ་བས་སྟོང་ཡིན་པར་གྲུབ་པ་ན། ཐ་སྙད་ཀྱི་བློ་སྨིག་རྒྱུ་ལ་བརྟེན་ནས་འཇུག་པར་བྱེད་མོད་ཀྱི། སྟོང་པ་ཉིད་ཀྱི་ཆོས་ནི་སྨིག་རྒྱུ་ལ་ལྟོས་པ་མེད་དེ། ཉི་མ་ཤར་ཏེ་སྨིག་རྒྱུ་ཡོད་ཀྱང་རུང་། ཉི་མ་ནུབ་སྟེ་སྨིག་རྒྱུ་འགག་ཀྱང་རུང་། སྟོང་པ་ཉིད་ལ་རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་དོ། །དེ་བཞིན་དུ་ཆོས་ཅན་མཚན་མར་སྣང་བ་ལ་བརྟེན་ནས་ཐ་སྙད་ཀྱི་བློ་འཇུག་པར་ཟད་དེ་ངོ་བོ་ཉིད་ཀྱིས་དག་པའི་ཆོས་ནི་གཞན་གང་ལའང་ལྟོས་པ་མེད་དོ། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་སྟོང་སྤྲོས་པ་དང་བྲལ་བ་དེ་ནི་འཁོར་འདས་སྐྱོན་ཡོན་གྱིས་འགྱུར་བ་མེད་ཅིང་བློའི་སྤྱོད་ཡུལ་ལས་འདས་པ་ཡིན་པར་ཤེས་པར་བྱའོ། །ཚུལ་དེ་ཉིད་མདོ་བཅུ་ལས། བྱང་ཆུབ་སེམས་ནི་ཀུན་གྱི་སྙིང་པོ་སྟེ། །ཆོས་ཀུན་ལྷག་པ་མེད་པས་ཡོངས་སུ་རྫོགས། །གཉིས་པོ་མེད་པས་གཞན་གྱི་དབང་མི་འགྱུར། །འགྱུར་བ་མེད་པའི་རང་བཞིན་དྲང་པོར་གནས། །དཔེ་ནི་ནམ་མཁའ་བཞིན་ཏེ་ཀུན་ལ་ཁྱབ། །རྒྱུ་རྐྱེན་མེད་པས་གཞན་ལ་རག་མ་ལུས། །ཞེས་སོ། །གསུམ་པ་ནི། དཔེར་ན་ཏིལ་ལ་མར་གྱིས་ཁྱབ་པ་ལྟར་འཁོར་འདས་ཐམས་ཅད་ལ་ཡེ་ནས་འདུ་འབྲལ་མེད་པར་ལྷུན་གྱིས་གྲུབ་པའི་ཚུལ་དུ་ཁྱབ་པའི་ཆོས་ཉིད་སྤང་ཐོབ་མེད་པ་འགྱུར་མེད་བདེ་བ་ཆེན་པོའི་རང་བཞིན་དུ་བཞུགས་པ་དེ་ནི་དངོས་པོ་མཚན་མའི་ཆོས་གང་དང་གང་ཡང་མཚུངས་པ་མེད་ཅིང་། ཐེག་པ་འོག་མ་པའི་རྟོག་དཔྱོད་ཀྱི་བློ་གང་གིས་ཀྱང་རྟོགས་པར་མི་ནུས་པའི་ཕྱིར་ན། སེམས་ཉིད་རྒྱུ་རྐྱེན་དང་བྲལ་བའི་རང་བྱུང་གི་ཡེ་ཤེས་དེ་ཉིད་ཀྱིས་རང་གི་རིག་རྩལ་མ་འགག་པ་མངོན་དུ་ཕྱུང་པའི་མཐུ་ཡིས་རང་གི་རང་བཞིན་རིག་ཅིང་རྟོགས་པར་བྱེད་པ་ལས་ལམ་སྦྱངས་བགྲོད་དང་བྲལ་བའི་ཆོས་ཉིད་ལྷུན་གྱིས་གྲུབ་པའི་འབྲས་བུ་མཐར་ཐུག་པ་དེ་ནི་ཚོགས་བསགས་པ་ལ་སོགས་པའི་རྒྱུ་རྐྱེན་གཞན་ལས་འབྱུང་མི་འགྱུར་བར་གསུངས་ཏེ། ཀློང་དྲུག་ལས། སེམས་ཅན་ཀུན་གྱི་རང་སྣང་ཆེ། །གཞན་ནས་བཙལ་བའི་གནས་མེད་དེ། །རང་གི་མཐུ་ཡིས་རིག་པ་ལས། །སྟོང་གསུམ་འཇིག་རྟེན་གང་ནས་ཀྱང་། །དེ་ཉིད་བཙལ་ཡང་རྙེད་གནས་མེད། །ཅེས་དང་། གཏིང་རྫོ གས་ལས། བསྐལ་པ་སྟོང་དུ་ཚོགས་བསག་སྒྲིབ་སྦྱངས་ཀྱང་། །འབྲས་བུ་གཟུགས་སྐུ་སངས་རྒྱས་འབྱུང་མི་འགྱུར། །ཞེས་དང་། མདོ་བཅུ་ལས། །རྫོགས་ཆེན་ཨ་ཏི་ཡོ་གའི་ཆོས་འདི་ནི། །ཡེ་ནས་ལྷུན་གྱིས་གྲུབ་པའི་ཆོས་ཉིད་དེ། །གཞན་ལ་རག་མ་ལུས་པའི་བྱང་ཆུབ་སེམས། །དངོས་པོ་མཚན་མ་གར་ཡང་མཚུངས་མེད་པའི། །རྒྱུ་རྐྱེན་བྲལ་བའི་རང་བྱུང་ཡེ་ཤེས་ཀྱིས། །མངོན་དུ་ཕྱུང་བའི་མཐུ་ཡིས་རིག་པ་ལས། །བདེ་ཆེན་ཆོས་ནི་གཞན་ལས་འབྱུང་མི་འགྱུར། །ཞེས་གསུངས་སོ། །དེས་ན་སངས་རྒྱས་གཟུགས་ཀྱི་སྐུ་ཡང་རྒྱུ་རྐྱེན་གྱིས་གསར་དུ་བསྐྱེད་པ་མ་ཡིན་པར་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན་པས། དཔེར་ན་གསེར་སྦྲུལ་གྱི་མིག་གིས་འདོད་པའི་ཡུལ་ལྔ་དུས་གཅིག་ལ་ཉམས་སུ་མྱོང་བ་བཞིན་དུ་རིག་པ་རང་བྱུང་གི་ཡེ་ཤེས་རང་ངོ་ཤེས་པ་ཙམ་གྱིས་སྐུ་ལྔ་མ་བཙལ་བར་ལྷུན་གྱིས་གྲུབ་པར་གསུངས་ཏེ། གཏིང་རྫོགས་ལས། གསེར་སྦྲུལ་མིག་གིས་འདོད་པའི་ཡོན་ཏན་ལྔ། །དུས་གཅིག་ཉམས་སུ་མྱོང་བའི་དཔེ་བཞིན་དུ། །ངོ་བོ་ཉིད་ཀྱི་དོན་རྟོགས་ཆོས་ཀྱི་སྐུ། །དེ་དོན་རིག་པ་ལོངས་སྤྱོད་རྫོགས་པའི་སྐུ། །སྣ་ཚོགས་ཉིད་ན་གསལ་ཐེབས་སྤྲུལ་པ འི་སྐུ། །སྐལ་མེད་རྟོགས་པ་དཀའ་ཕྱིར་གསང་བའི་སྐུ། །བློ་དངོས་གཅིག་ཕྱིར་མངོན་པར་བྱང་ཆུབ་སྐུ། །དེ་རྣམས་གཅིག་གི་ཡོན་ཏན་ལྔར་སྣང་བས། །སངས་རྒྱས་འགྲོ་བའི་དོན་བཙལ་མི་དགོས་ཕྱིར། །སེམས་ཅན་ཉིད་ན་རང་བྱུང་ཆོས་ཀྱི་སྐུ། །ཞེས་གསུངས་སོ། །བཞི་པ་ནི། སྙིང་པོ་བྱང་ཆུབ་ཀྱིས་སེམས་འདི་ནི་རྒྱུ་རྐྱེན་རྩོལ་སྒྲུབ་ལ་བརྟེན་ནས་གཞན་དུ་བཙལ་མི་དགོས་པར་རང་ཆས་ལྷུན་གྲུབ་ཆེན་པོའི་ཚུལ་དུ་ཡོད་པས་ན་དེ་ལྟར་རྟོགས་པའི་རྣལ་འབྱོར་བ་རྣམས་ལ་བླང་དོར་དགག་སྒྲུབ་ཅི་ཡང་མི་དགོས་པར་མངོན་དུ་གྲུབ་པས་ཤིན་ཏུ་སླ་ཞིང་། དེ་ལྟར་མ་རྟོགས་པར་བླང་དོར་འབད་རྩོལ་གྱིས་གཞན་ནས་ཐོབ་པར་རེ་བའི་ཐེག་པ་འོག་མའི་བློ་ཅན་རྣམས་ཀྱིས་རྟོགས་པར་དཀའ་སྟེ། ཅིའི་ཕྱིར་ན་བསམ་བརྗོད་ཀྱི་ཡུལ་ལས་འདས་ཤིང་དཔེ་དང་གཏན་ཚིགས་སོགས་ཀྱིས་མཚོན་དུ་མེད་པ་དང་དམིགས་པའི་ཡུལ་དུ་མ་གྱུར་བར་བདག་ཉིད་ཀྱི་རང་བཞིན་ཡིན་པས་གཞན་ནས་རྙེད་དུ་མེད་པའི་ཕྱིར་རོ་ཞེས། དོན་ལ་ད་ལྟའི་ཐ་མལ་གྱི་ཤེས་པ་བཅོས་བསྒྱུར་སྤང་བླང་དང་བྲལ་བའི་གསལ་སྟོང་བརྗོད་བྲལ་གྱི་རང་བཞིན་འདི་ཀ་ལས་གཞན་དུ་མེད་པས་ཤིན་ཏུ་སླ་ཆེས་པའི་ཕྱིར་ཐེ་ཚོམ་གྱི་སྒྲོགས་སུ་ཆུད་དེ་དཀའ་བར་གྱུར་པ་ཡིན་པས་མན་ངག་ཟབ་མོའི་དོན་ལ་ཡིད་ཆེས་ཀྱི་དད་པ་བརྟན་པ་འདི་ཤིན་ཏུ་གལ་ཆེ་བར་མངོན་ནོ། །དེ་འདྲའི་ཆོས་ཉིད་སྙིང་པོའི་ཡེ་ཤེས་མཚན་མའི་སྤྱོད་ཡུལ་ཀུན་ལས་འདས་པས་དབང་པོའི་མངོན་སུམ་གྱི་ཡུལ་དུ་མི་གནས་ཀྱང་སྲིད་ཞི་ཀུན་ཁྱབ་ཀྱི་རང་བཞིན་ཡིན་པའི་ཕྱིར་ན་ནམ་མཁའི་ཁམས་ལྟར་འཁོར་འདས་ཀྱི་ཆོས་ཀུན་ལ་གཉིས་མེད་ངོ་བོ་ཉིད་ཀྱི་ཚུལ་དུ་ཁྱབ་ནས་ཡོད་དོ། །དེ་ལྟར་ན་ཡང་ཆོས་ཉིད་རང་གི་ངོ་བོ་བསྟན་དུ་མི་བཏུབ་པ་ལྟ་ཅི་མིང་ཙམ་དུ་ཡང་འདི་ལྟ་བུའོ་ཞེས་བསྟན་པར་ནི་རྡོོ་རྗེ་སེམས་དཔས་ཀྱང་མཚོན་ཅིང་བསྟན་དུ་མེད་ན་དེ་ལས་གཞན་གྱིས་སྨོས་ཀྱང་ཅི་དགོས་སོ་ཞེས་པ་སྟེ། མདོ་བཅུ་ལས། དཀའ་སླ་མཚོན་དུ་མེད་པར་ངེས་པ་ནི། །བྱང་ཆུབ་སེམས་ལ་རྒྱུ་རྐྱེན་མི་དགོས་སླ། །མཚོན་དུ་མེད་པས་རྟོགས་པ་ཤིན་ཏུ་དཀའ། །རྒྱུ་ལས་མ་བྱུང་བས་ན་སླ་བའི་ཕྱིར། །དམིགས་པའི་ཡུལ་དུ་མ་གྱུར་དཀའ་བར་བཤད། །བྱང་ཆུབ་སེམས་ནི་མངོན་སུམ་ཡུལ་མི་གནས། །སྣང་སྲིད་ཀུན་ལ་ཁྱབ་པས་ནམ་མཁའ་འདྲ། །སེམས་ལ་མིང་དང་ཚིག་གིས་མཚོན་པ་ནི། །རྡོ་རྗེ་སེམས་དཔའ་ངས་ཀྱང་མཚོན་དུ་མེད། །ཅེས་དང་། ཐུགས་ཀྱི་རྒྱུད་དམ་པ་ལས། ཡེ་ཤེས་རྒྱལ་པོ་ཚིག་ལས་འདས་པའི་དོན། །སྨྲ་བའི་ཁྱུ་མཆོག་གཞན་གྱི་དྲིང་མི་འཇོག །རང་རིག་རྒྱལ་པོ་ཚིག་ལས་འདས་རྟོགས་ན། །ཕྱི་ནང་སྣོད་བཅུད་བདག་ཉིད་ཆེན་པོར་ལྡོག །ཅེས་གསུངས་པ་ལྟར་རོ། །བརྒྱད་པ་གཞི་ལྷུན་གྲུབ་ཆེན་པོ་ལས་སྣང་སྲིད་འཁོར་འདས་ཀྱི་བྱུང་ཚུལ་བསྟན་པའི་གཞི་མདོ་ལ་བཅུ་གཉིས་ཏེ། ཀུན་གྱི་སྔ་རོལ་ན་གཞི་ལྷུན་གྲུབ་ཆེན་པོ་ཇི་ལྟར་གནས་པའི་གཞི་མདོ། དེ་ཉིད་ཀྱི་ངང་ལས་གཞི་སྣང་རང་བྱུང་གི་ཡེ་ཤེས་སྐུ་གསུམ་རང་ལ་ཤར་ཚུལ་གྱི་གཞི་མདོ། གཞི་དེ་ཉིད་ཀུན་ལ་ཤར་ཡང་སེམས་ཅན་གྱིས་རང་ངོ་མ་ཤེས་པས་འཁྲུལ་གཞིར་ཤར་ཚུལ་གྱི་གཞི་མདོ། ཀུན་ལ་དེ་ལྟ་བུའི་དོན་གནས་པར་གོ་བ་ལ་བསྟོད་པའི་གཞི་མདོ། གཞི་དེ་ཉིད་ཀྱི་ངང་ལས་འོད་ལྔར་ཤར་བ་རིག་མ་རིག་གིས་སངས་རྒྱས་ཀྱི་ཞིང་སྣང་དང་སེམས་ཅན་གྱི་ཡུལ་སྣང་དུ་གྲུབ་ཚུལ་གྱི་གཞི་མདོ། དེའི་རིག་དང་ཁ་དོག་གི་ཁྱད་པར་ལས་རིག་མ་རིག་གིས་རིགས་ལྔའི་སངས་རྒྱས་དང་རྒྱུད་ལྔའི་སེམས་ཅན་སྣང་ཚུལ་གྱི་གཞི་མདོ། གདོད་མའི་ངང་ལས་ཤར་བའི་འོད་ཁང་གཙོ་ཆེན་ཡིན་པའི་གཞི་མདོ། གཞི་དེ་ཉིད་དུས་གསུམ་ཐ་སྙད་ལ་བརྟེན་པའི་དོན་ཆོས་མ་ཡིན་པས་གཤིས་ཀུན་ཁྱབ་གནས་ཚུལ་གྱི་གཞི་མདོ། དེ་ལྟར་འཁོར་འདས་རང་བྱུང་གི་ཡེ་ཤེས་ལ་ཤར་བ་དེ་ཉིད་ཡེ་ཤར་ཡེ་གྲོལ་དུ་སྣང་བས་རྒྱུ་རྐྱེན་མེད་པར་ཆོས་ཉིད་ཀུན་བྱེད་ཀྱི་ངང་ནས་རང་བཀོད་པའི་གཞི་མདོ། དེ་ལྟར་རང་སྣང་དག་པའི་གཞི་དེ་ཉིད་རང་སྣང་དུ་རིག་པ་ཙམ་གྱིིས་གྲོལ་བའི་གཞི་དེ་ཉིད་ལ་མཐར་ཕྱིན་པ་བདུད་རྩི་ཆེན་པོའི་གཞི་མདོ། དེ་ལྟར་སྣང་དུས་དབང་པོ་དང་སྣང་ཡུལ་ལྟར་གཟུང་འཛིན་གཉིས་སུ་མ་གྲུབ་པའི་གཞི་མདོ། རང་སྣང་གི་གཞི་རང་སྣང་དུ་རིག་པའི་སྐད་ཅིག་ལ་གྲོལ་ནས་ཆོས་སྐུ་མཉམ་བཞག་ཆེན་པོ་གཅིག་ཏུ་བདེ་ཀློང་འཁྱིལ་པའི་གཞི་མདོའོ། །དང་པོ་ནི། གདོད་ནས་སྐྱེ་བ་མེད་པ་གཞི་དབྱིངས་ཀ་དག་ཆེན་པོའི་ནམ་མཁའ་ལྟ་བུའི་ཀློང་ནས་གདངས་འགག་པ་མེད་པའི་རང་མདངས་གཞི་སྣང་ལྷུན་གྲུབ་རོལ་པ་ཐུགས་རྗེ་ཕྱི་གསལ་དུ་ཤར་བ་ལ་ནི་ངོ་མཚར་རྨད་དུ་བྱུང་བའི་རོལ་པ་ཞེས་གསུངས་ཏེ། སྒྱུ་འཕྲུལ་ལས། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཞེས་གསུངས་པ་ལྟར་སྐྱེ་མེད་ཀྱི་གདངས་ལས་འགགས་མེད་ཀྱི་རོལ་པ་ཤར་བ་ལ་ངོ་མཚར་བས་དེ་སྐད་དུ་གསུངས་སོ། །འདི་ལྟ་བུའི་གཞི་སྣང་ལྷུན་གྲུབ་ཆེན་པོའི་རོལ་པ་དེ་གང་ལས་ཤར་བའི་འཁོར་འདས་ཀུན་གྱི་སྔ་རོལ་ན་བཞུགས་པའི་ཐོག་མའི་སྤྱི་གཞི་དེ་ནི་ཅི་ལྟ་བུ་ཞེ་ན། འདི་ལྟར་ཐོག་མའི་གཞི་རང་བྱུང་ཡེ་ཤེས་ཆེན་པོ་དེ་ནི་བྱ་བྱེད་ཀྱི་རྩོལ་བ་ཐམས་ཅད་དང་བྲལ་ཞིང་ངོ་བོ་གང་དུའང་མ་གྲུབ་པ་ཡེ་སྟོང་སྤྲོས་པ་དང་བྲལ་བའི་གནས་ལུགས་ཀ་དག་འདུས་མ་བྱས་པ་རྒྱ་ཆད་ཕྱོགས་ལྷུང་མེད་པས་ནམ་མཁའ་བཞིན་དུ་གནས་པའི་ངང་ན་ལྷུན་གྲུབ་འགག་པ་མེད་པའི་རང་གདངས་སྐུ་དང་ཡེ་ཤེས་ཐམས་ཅད་འཆར་རུང་གི་ཆ་ཕྱི་རྒྱ་མ་རལ་བས་ནང་གསལ་ཐིམ་ལ་མ་རྨུག་པ་གཞོན་ནུ་བུམ་པ་སྐུའི་ཚུལ་དུ་བཞུགས་པ། ཐུགས་རྗེ་རིག་པའི་རྩལ་མཁྱེན་པ་མ་འགག་པར་འཆར་བའི་གཞིར་གནས་པས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་ཅན་དུ་གནས་ཏེ། རིག་པ་རང་ཤར་ལས། ང་མེད་པ་ཡི་སྔོན་རོལ་ན། གཞི་ནི་འདི་ལྟར་གནས་པ་སྟེ། གཞི་ཀ་དག་ཆེན་པོ་ཞེས་བྱ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་རྣམ་པ་གསུམ་དུ་གནས་སོ། །ངོ་བོ་མི་འགྱུར་བའི་ཡེ་ཤེས། མ་འགག་པར་གསལ་བ་གཞོན་དུ་བུམ་པ་སྐུའི་གནས་ལུགས་ཞེས་བྱའོ། །རང་བཞིན་འོད་ལྔའི་སྣང་བ་མ་འགགས་པའོ། །ཐུགས་རྗེའི་སྣང་བ་ནི་དཔེར་ན་སྤྲིན་མེད་པ་ལྟ་བུའོ། །དེ་ནི་ཀ་དག་གི་གནས་ལུགས་ཞེས་བྱ་སྟེ། རྒྱ་གར་ཡང་མ་ཆད། ཕྱོགས་གར་ཡང་མ་ལྷུང་བའོ། །ཞེས་པ་ལྟར་ལ། གཞི་དེའི་ངོ་བོ་ནི་འཁོར་འདས་གཉིས་སུ་མ་གྲུབ་པས་གཉིས་མེད་རང་བྱུང་གི་ཡེ་ཤེས་སོ། །ངེས་ཚིག་ནི་འཁོར་འདས་ཐམས་ཅད་དང་པོར་འབྱུང་བའི་གཞི་དང་ད་ལྟ་བརྟེན་པའི་གཞིར་གྱུར་པས་ན་གཞི་ཞེས་བྱའོ། །མཚན་ཉིད་ནི་ཡེ་ཤེས་ལྔ་དབྱེར་མེད་ལྷུན་གྲུབ་ཏུ་རྫོགས་པའི་མཚན་ཉིད་ཅན་ནོ། །དབྱེ་ན་ཡེ་དོན་གྱི་ཀུན་གཞི་དང་། བག་ཆགས་སྣ་ཚོགས་པའི་ཀུན་གཞི་དང་གནས་ལུགས་དོན་གྱི་ཀུན་གཞི་གསུམ་དུ་གསུངས་ཏེ། ཀུན་གསལ་ལས། རིགས་ཀྱི་བུ། གཞིའི་ངོ་བོ་ནི་གཉིས་སུ་མེད་པའོ། །ངེས་ཚིག་ཐམས་ཅད་འབྱུང་བས་ན་གཞིའོ། །ཡང་ན་འཁོར་འདས་གཉིས་ཀྱི་རྟེན་དུ་གྱུར་པས་གཞིའོ། །མཚན་ཉིད་ནི་ཡེ་ཤེས་ལྔའོ། །དབྱེ་བ་ནི་གསུམ་སྟེ། ཡེ་དོན་གྱི་ཀུན་གཞི་ཡང་དག་པའི་གཞིའོ། །སྣ་ཚོགས་བསགས་པའི་ཀུན་གཞི་ནི་བག་ཆགས་དང་འདྲེས་པའི་ཤེས་པ་ཚོགས་བརྒྱད་དང་། གནས་ལུགས་དོན་གྱི་ཀུན་གཞི་ནི་འདུག་ཚུལ་བརྒྱད་ཀྱི་དཔེའོ། །ཞེས་གསུངས་ཞིང་། ཡང་འདུག་ཚུལ་བརྒྱད་པོས་གཞན་སེལ་ཚུལ་དང་བཅས་བསྟན་པ་ནི། གཞིའི་ཆོས་ཉིད་དེ་རིགས་པར་འདུག་པས་བེམ་པོ་སེལ། སྟོང་བར་འདུག་པས་དངོས་པོ་ཡིན་པ་སེལ། གཉིས་མེད་དུ་འདུག་པས་གཉིས་སྣང་སེལ། རང་བྱུང་ཡིན་པས་རྒྱུ་རྐྱེན་བྱུང་བ་སེལ། ལྷུན་གྲུབ་ཡིན་པས་འཁོར་འདས་ཀྱི་རེ་དོགས་སེལ། དག་པ་ཡིན་པས་དྲི་མ་སེལ། མེད་པས་ཡོད་པའི་ཆད་མཐའ་སེལ། ཡོད་པས་མེད་པའི་རྟག་མཐའ་སེལ་བར་གསུངས་སོ། །གཞན་ཡང་ཐོག་མའི་སྤྱི་གཞི་དེ་ཉིད་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བར་བཞུགས་པའི་ཚུལ། བཀྲ་ཤིས་མཛེས་ལྡན་ཆེན་པོ་ལས། ངོ་བོ་རང་བཞིན་ཐུགས་རྗེ་གསུམ། རྒྱ་མ་ཆད་པར་ཡོངས་སུ་རྫོགས་པ་ཆེན་པོ། ངོ་བོའི་གནས་ལུགས་ཆེན་པོ་དེ་ཡང་། སྐུ་ལྟར་གནས་པ་ལ་ཁ་མིག་རྣ་བར་དོད་པ་ནི་ཅི་ཡང་མི་བཞུགས། སྟོང་པ་ལྟར་གནས་པ་ལ་བེམ་སྟོང་ལྟར་ཅང་མི་བཞུགས་འོད་ལྔ་ལྟར་སྣང་བ་ཆེན་པོ་ལ། ཁ་དོག་ཕྱེ་བ་ནི་ཅང་མི་བཞུགས། རྒྱ་མ་ཆད་པ་ལྟར་སྣང་བ་ལ། འབྲེལ་བ་ལྟར་ཅང་མི་བཞུགས། མཐའ་དབུས་མེད་པ་ལྟར་སྣང་བ་ལ་ཕྱོགས་སུ་དམིགས་པ་ནི་ཅང་མི་བཞུགས། ཆ་བགོས་པ་ལྟར་སྣང་བ་ལ་རིས་སུ་ཕྱེ་བ་ནི་ཅང་མི་བཞུགས་རྒྱར་མ་འགགས་པ་ལྟར་སྣང་ཞིང་དཔངས་མཐོ་བ་ལ་སྟེང་འོག་ཏུ་སྣང་བ་ནི་གང་ཡང་མེད་དོ། །ཞེས་གསུངས་སོ། །གཞི་དེའི་མིང་གི་རྣམ་གྲངས་ཀྱང་། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོར་གྱུར་པས་ངོ་བོ་ཉིད་ཀྱི་སྐུ་དང་། རང་གདངས་འགག་པ་མེད་པས་སྣང་བ་ཆེན་པོ་དང་། མ་རིག་པ་དང་བེམ་པོ་ལས་ལོག་སྟེ་ཡང་དག་པའི་ཤེས་པའི་ངོ་བོར་གནས་པས་རིག་པ་དང་། གློ་བུར་དུ་བྱུང་བ་མིན་པར་ཡེ་ནས་གནས་ཤིང་རིག་པའི་བདག་ཉིད་དུ་གྱུར་པས་ཡེ་ཤེས་དང་། ཐམས་ཅད་དེ་ལས་ཤར་ཞིང་སྣང་བས་ཀུན་བྱེད་དང་། འཁོར་འདས་ཐམས་ཅད་དེ་ལས་སྣང་བས་གཞི་དང་། གཟུགས་སྐུའི་སངས་རྒྱས་གྲངས་ལས་འདས་པ་ཐམས་ཅད་དེའི་དོན་རྟོགས་པ་ལས་ཤར་ཅིང་བྱུང་བས་ན་སངས་རྒྱས་ཐམས་ཅད་ཀྱི་མེས་པོ་དང་། རང་གི་ངོ་བོ་དྲི་མ་མེད་ཅིང་ཡེ་ཤེས་ཀྱི་རང་གདངས་ཆེན་པོ་མ་འགགས་པར་གསལ་བ་དང་། དེ་ཀུན་གྱི་གོང་དུ་གྱུར་པ་དང་རིག་པ་རང་ཆས་སུ་མི་འགྱུར་བས་ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་དང་། ཡོན་ཏན་གྱི་བྱེ་བྲག་ཅིར་ཡང་སྣང་ལ་རང་གི་ངོ་བོ་ལ་དབྱེར་མེད་པས་ཐམས་ཅད་གཉིས་མེད་ཆེན་པོར་རོ་གཅིག་པས་ཀུན་ཏུ་བཟང་པོ་དང་། བགྲེས་པ་མི་མངའ་བས་གཞོན་ནུ་དང་། སྙིང་པོ་སྐུ་ལྔ་ནང་ན་གསལ་བས་ན་བུམ་པའི་སྐུ་ཞེས་པ་ལ་སོགས་པ་གཞི་དེའི་མིང་གི་རྣམ་གྲངས་སུ་གསུངས་སོ། །དེ་ལྟ་བུའི་གཞི་དེ་ལས་གཞི་སྣང་མཆེད་ཚུལ་དང་། དེ་ཉིད་རང་སྣང་དུ་ངོ་ཤེས་པ་དང་མ་ཤེས་པའི་དབང་གིས་འཁོར་འདས་ཀྱི་གྱེས་ཚུལ་སོགས་རྒྱས་པ་གཞན་ལས་ཤེས་པར་བྱའོ། །འདི་ཉིད་ཀྱི་དོན་མདོ་བཅུ་ལས་གསུངས་པ་ནི། རོལ་པ་རང་ལས་བྱུང་བར་བསྟན་པ་ནི། །རྒྱུ་མེད་རང་བྱུང་ཡེ་ཤེས་ངོ་མཚར་ཆེ། །དེ་ལས་སྐྱེ་མེད་ཡེ་ཤེས་རྨད་བྱུང་འདི། །བཀག་པ་མེད་པར་སྤྱོད་པས་རོལ་བ་འདི། །བྱར་མེད་རྩོལ་བསྒྲུབ་མི་མངའ་ནམ་མཁའ་བཞིན། །ཞེས་གསུངས་སོ། །གཉིས་པ་ནི། འདི་ལྟར་གཟའ་གཏད་ཐམས་ཅད་དང་བྲལ་བས་བླང་དོར་ཅིར་ཡང་མི་དམིགས་པ་ལས་གཏི་མུག་ཆེན་པོའི་མིང་གིས་སྨོས་པའི་ཐོག་མའི་གཞི་དབྱིངས་དེའི་ངང་ན་སྲོག་རླུང་ཡན་ལག་བཞི་ལྡན་དུ་གནས་པ་གཡོས་པས་རིག་པའི་རྩལ་བསྐྱོད་པ་ལས། དེ་མ་ཐག་ཏུ་དཔེར་ན་ཤེལ་འོད་ནང་དུ་གསལ་བ་དེ་རྐྱེན་ཉི་ཟེར་དང་འཕྲད་མ་ཐག་ཏུ་ཕྱི་རོལ་དུ་འཆར་བ་ལྟར་ནང་གསལ་གཞོན་ནུ་བུམ་པའི་རྒྱ་རལ་ཏེ་རང་གདངས་འགགས་པ་མེད་པ་གཞི་སྣང་ལྷུན་གྲུབ་ཆེན་པོ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་གཞི་ཐོག་མའི་ཀ་དག་ཆེན་པོའི་ངང་ལས་མ་གཡོས་བཞིན་དུ་ཕྱི་གསལ་གྱི་ཚུལ་དུ་ཤར་ཞིང་བྱུང་བ་ནི་འཆར་ཚུལ་དྲུག་དང་སྒོ་རྣམ་པ་གཉིས་ཏེ་བརྒྱད་དུ་ཤར་བའོ། །དེ་ལྟ་བུའི་གཞི་སྣང་གི་རོལ་པ་དེ་དག་ཀུན་ཏུ་བཟང་པོའི་རང་སྣང་དུ་རིག་པ་ཙམ་གྱིས་རྐྱེན་བཞིས་གྲོལ་བ་དང་། སེམས་ཅན་རྣམས་ཀྱིས་རང་སྣང་དུ་མ་ཤེས་པའི་དབང་གིས་རྐྱེན་བཞིས་མར་ལ་འཁྲུལ་པའི་ཚུལ། ཀུན་ཏུ་བཟང་པོ་དགོངས་པ་ཟང་ཐལ་གྱི་རྒྱུད་ལས། ངའི་དགོངས་པ་ནི་གཞི་ཀ་དག་ཆེན་པོའི་སྣང་བ་རྒྱ་གར་ཡང་མ་ཆད་ཕྱོགས་གང་དུ་མ་ལྷུང་། རང་བཞིན་གྱིས་འོད་གསལ་བ། ཐུགས་རྗེ་ཕྱི་རུ་མ་གཡོས་ཏེ་བུམ་པའི་སྐུ་ལྟ་བུ་འོད་ཁ་དོག་ལྔ་མ་འདྲེས་པར་གསལ་བ་ནམ་མཁའི་འཇའ་ཚོན་ལྟ་བུ། དེ་ཡང་གསལ་ཆ་མ་འགགས་པ། གསལ་བྱེད་མ་གྲུབ་པ། དེ་ལྟ་བུ་ལ་འཁོར་འདས་གཉིས་ཇི་ལྟར་གྲུབ་ན། གཞི་དེ་ཡང་དབྱིངས་རིག་ལུ་གུ་རྒྱུད་ཀྱི་ངང་དུ་ཡེ་ནས་གྲུབ་པ། དཔེར་ན་ཏིལ་ལ་མར་གྱི་གཞི་གྲུབ་པ་ལྟ་བུ། དེ་ལ་རང་བཞིན་གྱིས་དབང་པོ་རྣོན་པོ་དང་། རང་བཞིན་གྱིས་དབང་པོ་རྟུལ་པོ་གཉིས་ལས། རང་བཞིན་གྱིས་དབང་པོ་རྣོན་པོ་ནི་དཔེར་ན་མེ་ལོང་བྱད་ཤར་བ་དེ་རང་གི་བྱད་དུ་ཤེས་པ་ལྟ་བུའོ། །དབང་པོ་རྟུལ་པོ་རང་གི་བྱད་དུ་མ་ཤེས་ཏེ། ཕ་གི་ཅི་ཡིན་སྙམ་པ་ཙམ་ལས་འཁྲུལ་ལོ། །གཞི་དེ་ལས་ཡེ་ཤེས་ཀྱི་རླུང་ཞེས་བྱ་བ། སྨིན་མཚམས་ལས་སྤུ་འགུལ་བ་ཙམ་གཅིག་ལས་རིག་པ་གཡོས་ཏེ། གདངས་ཕྱིར་ཤར་བས་རྐྱེན་བཞིས་ཡར་གྲོལ་ཏེ། རྒྱུའི་རྐྱེན་དངོས་པའི་གནས་ལུགས། བདག་པོའི་རྐྱེན་རང་རིག་པའི་ཡེ་ཤེས། དམིགས་པའི་རྐྱེན་རང་སྣང་ངོ་ཤེས་པས། མཚུངས་པའི་རྐྱེན་སྐད་ཅིག་མ་ལ་ལོངས་སྤྱོད་རྫོགས་པའི་སྐུ་བཞི་བཅུ་རྩ་གཉིས་ཚོམ་བུ་དང་བཅས་ཏེ་སངས་རྒྱས་སོ། །དེས་དུས་སུ་བདུད་བཞི་རང་བཞིན་དུ་ཆོམ། རང་སྣང་ངོ་ཤེས་པ ས་ལྷའི་བུའི་བདུད་ཆོམ། ཡེ་ཤེས་རང་ལུས་ཟིན་པས་ཕུང་པོའི་བདུད་ཆོམ། ཡེ་ཤེས་ཀྱི་ལུས་ལ་ཉོན་མོངས་པ་མེད་པས་ཉོན་མོངས་པའི་བདུད་ཆོམ། ཡེ་ཤེས་ཀྱི་ལུས་ལ་སྐྱེ་ཤི་མེད་པས་འཆི་བདག་གི་བདུད་ཆོམ་ནས་མྱ་ངན་ལས་འདས་སོ། །ལོངས་སྐུ་ལྷུན་གྲུབ་རིན་པོ་ཆེ་གསང་བའི་སྦུབས་སུ་འདྲེས་ནས་ལེགས་པར་མྱ་ངན་ལས་འདས་སོ། །དེ་ནི་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་གཞི་ནས་སངས་རྒྱས་པའི་ལུགས་སོ། །རང་བཞིན་གྱིས་དབང་པོ་རྟུལ་པོ་ནི་འགྲོ་དྲུག་གི་སེམས་ཅན་ཡིན་ནོ། །མེ་ལོང་དུ་བྱད་ཤར་བ་ལྟ་བུ་དེ་རང་སྣང་དུ་མ་ཤེས་པས། དཔེར་ན་བུ་ཆུང་གིས་མེ་ལོང་ལ་བལྟས་པས་རང་གི་བྱད་དུ་མི་ཤེས་པར་གཞན་གྱི་བྱད་དུ་འཛིན་པ་ལྟ་བུའོ། །དབྱིངས་དང་སྐུ་དང་རིག་པ་གཞན་སྣང་དུ་མཐོང་བས། དབྱིངས་ལ་ཡུལ་དུ་འཁྲུལ། སྐུ་ལ་ལུས་སུ་འཁྲུལ། རིག་པ་སེམས་སུ་འཁྲུལ། གཞན་ཏུ་ཤེས་པ་དེ་བདག་པོའི་རྐྱེན། འཁྲུལ་སྣང་དུ་མི་ཤེས་པ་དམིགས་པའི་རྐྱེན། དེ་རྣམས་དུས་མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ། །དེ་ནས་བདུད་བཞི་བྱུང་སྟེ། རང་སྣང་དུ་ངོ་མ་ཤེས་པས་ལྷའི་བུའི་བདུད། ཕུང་པོ་བླང་པས་ཕུང་པོའི་བདུད། ཕུང་པོ་ལ་ཉོན་མོངས་པ་ཡོད་པས་ཉོན་མོངས་པའི་བདུད། དེ་ལ་སྐྱེ་ཤི་ཡོད་པས་འཆི་བདག་གི་བདུད་བྱུང་ངོ་། །ཞེས་གསུངས་སོ། །དེ་ལྟར་སེམས་ཅན་རྣམས་ཀྱིས་རང་ངོ་མ་ཤེས་པར་ཨ་འཐས་རྟག་འཛིན་ལ་ཞེན་པའི་དབང་གིས་མ་དག་འཁོར་བའི་ཆོས་ལྟར་སྣང་ན་ཡང་། དོན་ལ་དེ་ལྟར་སྣང་བའི་དུས་ཉིད་ནས་རང་བྱུང་རིག་པའི་ཡེ་ཤེས་ངོ་བོ་སྟོང་པ་ཆོས་སྐུ་རང་བཞིན་གསལ་བ་ལོངས་སྐུ་ཐུགས་རྗེ་རིག་པའི་ཆ་སྤྲུལ་པའི་སྐུ་སྟེ། སྐུ་གསུམ་གྱི་སྣང་ཆ་འགགས་མེད་དུ་ཤར་བའི་རོལ་བ་ལས་མ་དག་མཚན་མའི་ཆ་རྡུལ་ཙམ་ཡང་མེད་པར་གསུངས་ཏེ། མདོ་བཅུ་ལས། དངོས་པོ་ཅིར་ཡང་མི་དམིགས་གཏི་མུག་ལས། །ཐོག་མེད་རྨད་དུ་བྱུང་བ་དེ་མ་ཐག །རྒྱུ་མེད་རང་བྱུང་ཡེ་ཤེས་རོལ་པ་བྱུང་། །ཞེས་སོ། །གསུམ་པ་ནི། དེ་ལྟ་བུའི་གཞི་རང་བྱུང་གི་ཡེ་ཤེས་ཀ་དག་ཆེན་པོའི་ངང་ལས་གཞི་སྣང་ལྷུན་གྲུབ་ཀྱི་རོལ་བར་ཤར་བ་འདི་ནི་སངས་རྒྱས་དང་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱིས་མ་བཅོས་ཡེ་ཤེས་བླ་མའི་སར་བགྲོད་པའི་མཚུངས་པའམ་ཐུན་མོང་དུ་གྱུར་པའི་ལམ་ཡིན་ཏེ། ཅིའི་ཕྱིར་ན་སྙིང་པོ་བྱང་ཆུབ་ཀྱི་སེམས་འདི་ནི་ཡེ་ནས་འགྲོ་བ་ཀུན་གྱི་རང་བཞིན་དུ་གནས་པ་དང་། དེའི་རྩལ་ལས་ཤར་བའི་གཞི་སྣང་རང་ངོ་ཤེས་པ་ཙམ་ལས་གཞན་ན་སངས་རྒྱས་ཞིག་ཚོལ་དུ་མེད་པའི་ཕྱིར་རོ། །དེས་ན་ཡེ་ནས་གཞི་རིག་པ་སྐུ་གསུམ་གྱི་ངོ་བོར་སངས་རྒྱས་པ་ཡིན་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རང་གི་རིག་པའི་རྩལ་ལས་ཤར་བའི་གཞི་སྣང་སྐུ་དང་ཡེ་ཤེས་ཀྱི་རོལ་བར་ཤར་བ་རྣམས་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་རྐྱེན་ཀུན་ཏུ་བརྟགས་པའི་མ་རིག་པ་གཉིས་ཀྱིས་བསླད་ཅིང་བསྒྲིབས་པས། དཔེར་ན་མིག་སེར་ཅན་གྱིས་དུང་ལ་སེར་པོའི་རྣམ་པར་མཐོང་བ་ལྟར་དོན་ལ་འཁྲུལ་བ་ཞིག་ཡོད་མ་མྱོང་བཞིན་དུ་འཁྲུལ་པ་ལྟར་སྣང་ཞིང་ཞེན་པའི་དབང་དུ་སོང་བས་རིགས་དྲུག་གི་དུཿཁ་ལ་སྤྱོད་པ་ཡིན་ཏེ། སྒྱུ་འཕྲུལ་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་དང་། རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་ལས། ཇི་ལྟར་རྨི་ལམ་སྒྱུ་མའི་གླང་པོ་ཆེ། །དཔུང་ཚོགས་དམག་གིས་བསྐོར་བའི་ཚུལ་མཐོང་ཆེ། །རང་ལས་གཞན་དུ་བཟུང་བས་འཇིགས་ན་ཡང་། །དེ་ཡི་རང་བཞིན་གཞན་ནམ་སེམས་སུ་ཡོད། །དེ་ཚེ་ཕྱི་ནང་གང་དུའང་མ་གྲུབ་པས། །རང་བཞིན་ཤེས་རྣམས་འཇིགས་སྡངས་རང་སར་གྲོལ། །དེ་བཞིན་གཉིས་མེད་གཉིས་སུ་བཟུང་བའི་ཚེ། །མི་མཁས་བདེན་པར་བཟུང་བས་སྲིད་པར་འཁྲུལ། །ཞེས་གསུངས་པ་ལྟར་རོ། །རྒྱུ་མཚན་དེ་ལྟ་བུའི་ཕྱིར་ན་དཔེར་ན་སྨན་བཟང་པོ་ནི་རང་བཞིན་གྱིས་ནད་ལ་བསོད་དུ་གྱུར་པ་ཉིད་ཡིན་ལ། དེ་ནད་ཀྱི་གཉེན་པོར་བརྟེན་ཐབས་སྨན་པ་མཁས་པ་ཚོལ་དགོས་པ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཡེ་ནས་སངས་རྒྱས་པའི་བདག་ཉིད་དུ་སེམས་ཅན་རྣམས་ལ་རང་ཆས་ལྷུན་གྲུབ་ཀྱི་ཚུལ་དུ་ཡོད་ཀྱང་བསླད་པས་ངོ་མ་ཤེས་པ་ལ་དགེ་བའི་བཤེས་གཉེན་གྱིས་སྐབས་དབྱེ་དགོས་པས་བླ་མ་མཚན་ཉིད་དང་ལྡན་པ་ལ་བརྟེན་ཅིག་པར་གདམས་པ་སྟེ། མདོ་བཅུ་ལས། བྱང་ཆུབ་སེམས་ནི་རྒྱུད་དྲུག་ཀུན་དང་མཚུངས། །སེམས་རྟོགས་ཆོས་ཉིད་ས་ལ་བགྲོད་པའི་ལམ། །འགྲོ་བ་རིགས་དྲུག་ཀུན་གྱི་ལམ་ཡིན་པས། །བྱིས་པའི་བློ་ལ་ངེས་པ་མ་མཆིས་པས། །མ་རིག་མ་རྟོགས་བསླད་པས་འཁྲུལ་བའི་ཕྱིར། །རང་སེམས་སྨན་གྱིས་སློབ་དཔོན་སྨན་པ་ཚོལ། །ཞེས་དང་། གཏིང་རྫོགས་ལས། རབ་ཏུ་གསང་སྟེ་དོན་ཉིད་སྟོན་པ་ཡི། བླ་མ་མཁས་པ་མཐའ་བཅུ་རྫོགས་པ་ལ། མཉེན་ཞིང་དུལ་ལ་ཐུགས་རྗེ་རབ་ལྡན་ཞིང་། །སྲིད་པར་ཆོས་རྣམས་ཞུས་ཀྱང་ཟད་མེད་པའི། །དམ་པའི་མཛོད་ཀྱི་གཏེར་ལྡན་སྟོན་ལ་མཁས། །དཔེར་ན་སེང་གེས་འཇིགས་པ་རྩད་གཅོད་བཞིིན། །བློ་དངོས་གཅིག་པར་སྟོན་ལ་གུས་པས་ཞུས། །ཞེས་གསུངས་ལ། དེ་ལྟ་བུའི་སློབ་དཔོན་སྨན་པའི་རྒྱལ་པོ་ལྟ་བུ་ལ་བརྟེན་ན་རྣམ་རྟོག་འཁྲུལ་སྣང་འཁོར་བའི་ནད་ཐམས་ཅད་སྨན་བཟང་པོ་དྲུག་གིས་གསོ་བར་གསུངས་ཏེ། རྨ་བྱ་འགྱིང་བསྣོལ་ལས། གཞི་ཤེས་པ་ཆོས་ཀྱི་སྐུ་ལ་བག་ཆགས་ཀྱི་ནད་མེད་ཀྱང་། རྣམ་རྟོག་སེམས་ཀྱི་ཡུལ་ལས་བག་ཆགས་ནད་དུ་ལངས་ཀྱང་། གསོ་བྱེད་སྨན་པའི་རྒྱལ་པོས་བཟང་དྲུག་སྨན་གྱིས་གསོ་ཞེས་བྱུང་སྟེ། །མ་རིག་པ་འཁོར་བའི་ནད་རིག་པ་མྱ་ངན་ལས་འདས་པས་གསོ། །རྣམ་རྟོག་དུག་ལྔའི་ནད་ཆོས་ཡེ་ཤེས་ཀྱི་བདུད་རྩི་ཆེན་པོས་གསོ། །སྡུག་བསྔལ་འདམ་རྫས་ཆེན་པོའི་ནད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་གསོ། །གཏི་མུག་མུན་པ་ལྟ་བུའི་ནད་ཤེས་རབ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུས་གསོ། །བག་ཆགས་སྦྱོར་རྩི་ལྟ་བུའི་ནད་རང་བཞིན་མེད་པ་མན་ཤེལ་ལྟ་བུས་གསོ། །རྟོག་པ་རྩིང་ཞིབ་ཟུག་རྡུ་ཚེར་མ་ལྟ་བུའི་ནད་མཉམ་པ་ཉིད་མི་གཡོ་བ་རྒྱ་མཚོ་ལྟ་བུས་གསོ། །ཞེས་གསུངས་སོ། །བཞི་པ་ནི། དེ་ལྟར་གཞི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་བཞུགས་པ་དེ་བླ་མ་དམ་པའི་མན་ངག་གིས་གོ་ཕྱེས་ཏེ་ཤེས་རབ་ཟབ་མོས་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཉིད་གདོད་ནས་ཡེ་སངས་རྒྱས་པའི་རང་བཞིན་དུ་གོ་བའི་ཚེ་ན། གང་སྣང་ཆོས་ཉིད་ཀྱི་རོལ་པར་འཆར་བས་སྤྱོད་ཡུལ་ཐམས་ཅད་ཡོངས་སུ་དག་པས་ན་སྡུག་བསྔལ་ཞེས་བྱ་བ་མིང་ཙམ་ཡང་མེད་པར་བདེ་བ་ཆེ་བའམ་བདེ་ཆེན་འགྱུར་བ་མེད་པའི་རང་བཞིན་དུ་འཆར་ཞིང་། ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་འདི་དག་ཐམས་ཅད་ནི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་འཇིག་རྟེན་དུ་མཐོང་བར་འགྱུར་བས་དེ་ལྟ་བུའི་གང་ཟག་རྣལ་འབྱོར་བ་དེ་ལུས་འཇིག་རྟེན་ལྷ་མི་ལྟར་སྣང་ཡང་དགོངས་པ་སངས་རྒྱས་སུ་བཞུགས་པས་རྣམ་པར་དག་པའི་འཇིག་རྟེན་ཡིན་པར་གསུངས་ཏེ། །མདོ་བཅུ་ལས། ཀུན་བཟང་རྡོ་རྗེ་ང་ཡི་འཁོར་འདུས་པས། །གང་ཞིག་སུ་ཡང་རུང་བ་དེ་ཡིས་ནི། །སེམས་ཉིད་སངས་རྒྱས་ཡིན་པར་གོ་བའོ། །རིག་པའི་ཡུལ་ན་སེམས་ཉིད་བདེ་བ་ཆེ། །གང་ཞིག་འདི་ལྟར་རིག་ཅིང་རྟོགས་པ་ནི། །རྣམ་པར་དག་པའི་འཇིག་རྟེན་ཡིན་པར་བཤད། །ཅེས་སོ། །ལྔ་པ་ནི། གོང་དུ་བཤད་པའི་གཞི་ལས་གཞི་སྣང་ཕྱི་གསལ་དུ་ཤར་བའི་ཆ་དེ་ལ་འཆར་ཚུལ་རྣམ་པ་དྲུག་དང་སྒོ་རྣམ་པ་གཉིས་དང་བརྒྱད་དུ་ཡོད་པ་ལས། འོད་ལྟར་ཤར་བས་ཕྱོགས་དང་མཚམས་ཀྱི་ཆ་དང་སྟེང་འོག་གང་དུ་བལྟས་ཀྱང་ཟ་འོག་ཁ་ཕྱེས་པ་ལྟར་འཇའ་ཟེར་ཐིག་ལེ་འོད་ཕུང་གི་རྣམ་པ་ཚད་མེད་པ་རང་གི་སྙིང་ཀར་འདུས་ཤིང་ཟུག་པའི་ཚུལ་དུ་ཤར་བ་དེ་ངོ་ཤེས་པས་དེ་མ་ཐག་ཏུ་སངས་རྒྱས་རིགས་ལྔའི་ཞིང་ཁམས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་དང་བླ་འོག་ཐམས་ཅད་གང་ཞིང་ཁྱབ་པར་སྣང་བས་དེ་ཉིད་དུ་གྲོལ་བ་མངོན་དུ་འགྲུབ་པར་འགྱུར་ལ། རང་སྣང་དུ་ངོ་མ་ཤེས་པར། རྟག་འཛིན་ཨ་འཐས་སུ་ཞེན་ན་མ་དག་འཁོར་བའི་སྣང་བ་འགྲོ་བའི་གནས་རིས་དྲུག་གི་ཡུལ་སྣང་ཚད་མེད་པར་འཆར་བ་ཡིན་པས། ད་ལྟ་སྣང་སྲིད་སྣོད་བཅུད་ཀྱི་སྣང་བ་གང་སྣང་ཅི་ཤར་ཐམས་ཅད་ལ་རྟག་བརྟན་ཨ་འཐས་སུ་མི་བཟུང་བར་གཞི་དབྱིངས་བདེ་བ་ཆེན་པོའི་རོལ་རྩལ་དུ་ཤེས་ཏེ་ཤར་གྲོལ་རིས་མེད་ལ་བཏང་བས་སྣང་སྲིད་ཐམས་ཅད་སེམས་ཀྱི་རོལ་རྩལ་དག་པ་ཉག་ཅིག་ཏུ་འཆར་བའོ། །དེ་ཉིད་ལས། གང་སུ་རེག་ཅིང་རྟོགས་པ་དེ་ལ་ནི། །ཆོས་རྣམས་ཐམས་ཅད་རིག་པའི་འོད་འདུས་པས། །ཕྱོགས་བཞི་མཚམས་བརྒྱད་བླ་འོག་གྲུབ་པ་ནི། །སྣང་སྲིད་སེམས་ཅན་ལྷ་དང་སེམས་སུ་གྲུབ། །ཅེས་གསུངས་སོ། །དྲུག་པ་ནི། སྐུ་ལྟར་ཤར་བས་འཇའ་ཟེར་ཐིག་ལེའི་ནང་དུ་སྐུ་ཡི་རྣམ་པར་གཅིག་ཏུ་མ་ངེས་པ་འཇའ་ཚོན་གྱི་ཁ་དོག་བཞིན་དུ་སྣ་ཚོགས་སུ་སྣང་བ་རྣམས་རང་སྣང་དུ་ངོ་ཤེས་པ་ལས་དག་པའི་ཞིང་ཁམས་རྣམས་སུ་ཐུགས་རྗེའི་རིགས་དང་ཡོན་ཏན་རིན་ཆེན་རིགས་ལ་སོགས་པ་རིགས་ཀྱི་ཁྱད་པར་དང་མཐུན་པའི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་སོ་སོར་མངོན་པར་སྣང་བ་དང་། རང་སྣང་དུ་ངོ་མ་ཤེས་པར་ཡོད་ཡོད་ངེས་ངེས་ལྟར་བདེན་པར་བཟུང་ཞིང་ཞེན་པའི་དབང་གིས་ལམ་རྒྱུད་ལྔས་བསྡུས་པའི་སེམས་ཅན་རྣམས་ཀྱིས་ཕུང་ཁམས་སྐྱེ་མཆེད་ཀྱི་རང་བཞིན་དུ་སྣང་བ་སྟེ། དེ་དག་ཀྱང་ཐ་དད་དུ་མེད་པར་གཞི་གཅིག་གི་སྣང་བ་ལ་ངོ་ཤེས་པའི་དབང་གིས་རྣམ་པར་དག་པའི་འཇིག་རྟེན་དུ་སྣང་བ་དང་། ངོ་མ་ཤེས་པའི་དབང་གིས་མ་དག་པའི་འཇིག་རྟེན་དུ་སྣང་བ་ཡིན་པར་གསུངས་སོ། །དེ་ཉིད་ལས། གཅིག་ཏུ་མ་ངེས་ཁ་དོག་རིགས་ལྔ་དང་། །སེམས་ཀྱི་བྱེ་བྲག་ཕུང་པོ་ལྔ་རྣམས་ལ། །རིགས་ལྔ་རྣམ་ཤེས་ཁྱད་པར་སྣང་བ་ཡང་། །ཞེས་སོ། །བདུན་པ་ནི། གོང་དུ་བཤད་པའི་རྒྱུ་མཚན་དེས་ན་དག་དང་མ་དག་པའི་སྣང་བ་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་གཞི་སྣང་འོད་ཁང་དུ་ཤར་བ་ལས་གཞན་དུ་མེད་པར་གསུངས་པ་དེ་བཞིན་ཡིན་པ་དེ་བས་ན་འདུས་བྱས་གཡོ་བའི་རང་བཞིན་ཅན་རྡུལ་དུ་གྲུབ་པ་སྣོད་ཀྱི་འཇིག་རྟེན་ས་ཆུ་མེ་རླུང་ནམ་མཁའ་དང་བཅས་པ་ཐམས་ཅད་དོན་ལ་མི་གཡོ་བ་གཞི་དབྱིངས་འདུས་མ་བྱས་པའི་བདག་ཉིད་ཡིན་པས་ན། འདི་ནི་འབྱུང་བ་ལྔ་པོ་དེ་བས་ཀྱང་གཙོ་ཆེན་ཡིན་ནོ་ཞེས་དེ་དག་གང་ལས་སྣང་བའི་གཞི་དང་གནས་ལུགས་ཇི་བཞིན་པ་ཡིན་པར་བསྟན་པ་སྟེ། ལུང་སྔ་མའི་འཕྲོས་ལས། དེ་བཞིན་སེམས་ཉིད་རྡུལ་ཡང་གཡོ་བ་མེད། །རང་བྱུང་ཡེ་ཤེས་ཆེན་པོ་སྣང་བས་ན། །འདི་ནི་འབྱུང་བ་ལྔ་བས་གཙོ་ཆེན་ཡིན། །ཞེས་གསུངས་སོ། །དེ་ལྟར་ཤྭ་ལོ་ཀ་བཅུ་དྲུག་གིས་རང་ཤར་ཡེ་ཤེས་ཆེན་པོའི་ཐིག་ལེ་བསྟན་པར་གསུངས་ཏེ། དེ་ཡང་ཆོས་ཉིད་གཤིས་ཀྱི་གནས་ལུགས་ཇི་བཞིན་དུ་མཁྱེན་པའི་རིག་པ་རང་བྱུང་གི་ཡེ་ཤེས། དེ་ཉིད་ལས། འོག་མའི་ཐེག་པ་བ་རྣམས་ཀྱིས་བརྟགས་པའི་སྤོང་འགོག་སྦྱོང་རྩོལ་གྱི་སྤྲོས་པ་གང་ཡང་མི་མངའ་བར་ཆོས་ཉིད་ཀྱི་དོན་སྤང་བླང་ཕྱོགས་རིས་མི་མངའ་བར་མཁྱེན་པས། རྩོལ་བཅས་ཀྱི་ཐེག་པ་བརྒྱད་ཀྱི་བཞེད་པ་ལས་ཁྱད་པར་དུ་འཕགས་པའི་ཡེ་ཤེས་རང་ཤར་བ་ལ་དེ་སྐད་ཅེས་གསུངས་ཏེ། འབྲས་ཀློང་ལས། དེ་མཁྱེན་རང་རིག་འོད་གསལ་ཡེ་ཤེས་པས། །སྤང་དགག་སྦྱོང་རྩོལ་སྤྲོས་པ་ཡེ་གསལ་གྲོལ། །ཕྱོགས་རིས་མེད་པར་མཁྱེན་པ་ཁྱད་པར་ཅན། །རང་ཤར་ཡེ་ཤེས་ཆེན་པོའི་ཐིག་ལེ་ཡིན། །ཞེས་གསུངས་ལ། དེ་ཉིད་ཐུགས་རྗེ་དང་སྦྱར་ནས་གསུངས་པའི་སྐབས་སུ་ཐུགས་རྗེའི་དབྱེ་བ་ལྔར་གསུངས་ཏེ། མཉམ་ཉིད་སྤྲུལ་པའི་ཐུགས་རྗེ་དང་། གོལ་སྒྲིབ་བསྟན་པའི་ཐུགས་རྗེ་དང་། ཡེ་ཤེས་སྒྱུ་མའི་ཐུགས་རྗེ་དང་། ངོ་བོ་རྨད་བྱུང་ཐུགས་རྗེ་དང་། མཛད་པ་ཕྲིན་ལས་ཀྱི་ཐུགས་རྗེ་དང་ལྔར་གསུངས་ཞིང་། དང་པོ་ལའང་མཉམ་པ་རིས་མེད་ཀྱི་ཐུགས་རྗེ་དང་། དེ་ཉིད་ཀུན་གྱི་འབྱུང་གནས་སུ་བསྟན་པ་དང་། དེ་ཉིད་རྩོལ་བ་དང་བྲལ་བར་བསྟན་པ་དང་། ཐབས་དང་ཤེས་རབ་ལྡན་པས་སྒྱུ་མར་རྟོགས་ཚུལ་དང་། མ་ངེས་སྤྲུལ་པ་འགྱེད་ཚུལ་དང་། འགྲོ་རྣམས་རང་གིས་སྒྲིབ་ཚུལ་དང དྲུག་ཏུ་གསུངས་པ་རྣམས། རིམ་པ་བཞིན་སྔ་མ་གཉིས་ཚིག་རྐང་བཞི་ཚན་རེ་རེ་དང་། ཕྱི་མ་བཞི་ཚིག་རྐང་གཉིས་རེ་ལ་སྦྱར་རོ། །གོལ་སྒྲིབ་བསྟན་པའི་ཐུགས་རྗེ་ལ་ཕྱི་བར་གོལ་བ་དང་། ནང་བར་གོལ་བ་དང་། རྒྱུ་འབྲས་ཀྱི་ཆོས་རྣམས་བཀག་པ་མེད་པར་བསྟན་པ་གསུམ་བཞི་ཚན་གསུམ་ལ་རིམ་པར་སྦྱར་བ་དང་། ཡེ་ཤེས་སྒྱུ་མའི་ཐུགས་རྗེ་ལ་རྟོགས་ན་ཐུགས་རྗེ་འབྱུང་ཚུལ་དང་། ལྷུན་གྲུབ་རང་ལས་བྱུང་ཚུལ་གཉིས་ཡོད་པ་བཞི་ཚན་བཞི་ཡི་ཐོག་མཐའི་བཞི་ཚན་རེ་ཡིས་བསྟན་པར་གསུངས། ངོ་བོ་རྨད་བྱུང་ཐུགས་རྗེ་ལ་ཆོས་ཉིད་མཚོན་དུ་མེད་པ་དང་། ཟབ་མོ་བཞི་ཡི་གདམས་ངག་གཉིས་སུ་ཡོད་པ་བཞི་ཚན་གཉིས་ལ་རིམ་བཞིན་སྦྱར་རོ། །མཛད་པ་ཕྲིན་ལས་ལ་དག་པའི་ལམ་ཆེན་དེ་ཉིད་ཀུན་ལ་ཁྱབ་ཚུལ་དང་། མ་ཤེས་བསླད་པས་འཁྲུལ་ཚུལ་དང་། རྟོགས་པས་མངོན་སངས་རྒྱས་ཚུལ་དང་། དེ་ལ་ཡོན་ཏན་རྫོགས་ཚུལ་བཞི་ཡོད་པ་རྣམས་རིམ་པར་ཚིག་རྐང་གཉིས་དང་། དེ་འོག་གཅིག་དང་། དེ་ནས་གསུམ་དང་། ཕྱི་མ་དྲུག་ལ་སྦྱར་བར་གསུངས་ཏེ། དཀའ་འགྲེལ་ལས། དེ་ནས་ཡང་དག་བཤད་བྱ་བ། །ཐུགས་རྗེ་ལ་ནི་ལྔར་བསྟན་ཏེ། །མཉམ་ཉིད་ཐུགས་རྗེའི་སྤྲུལ་པ་དང་། །གོལ་སྒྲིབ་བསྟན་པའི་ཐུགས་རྗེ་དང་། །ཡེ་ཤེས་སྒྱུ་མའི་ཐུགས་རྗེ་དང་། །ངོ་བོ་རྨད་བྱུང་ཐུགས་རྗེ་དང་། །མཛད་པ་ཕྲིན་ལས་ཐུགས་རྗེའོ། །མཉམ་ཉིད་སྤྲུལ་པ་དྲུག་ཏུ་བཤད། མཉམ་པ་རིས་མེད་ཐུགས་རྗེ་དང་། །རིས་མེད་ཀུན་གྱི་འབྱུང་གནས་དང་། །དེ་ཉིད་རྩོལ་བ་བྲལ་བ་དང་། །ཤེས་རབ་ཐབས་ཀྱིས་སྒྱུ་མ་རྟོགས། །མ་ངེས་སྤྲུལ་པ་འགྱེད་པ་དང་། །འགྲོ་རྣམས་རང་གིས་སྒྲིབ་པའོ། །བཞི་ཚན་གཉིས་དང་གཉིས་ཚན་བཞི། །རིམ་གྱིས་སྦྱར་ལ་རྣམ་པར་བཤད། །གོལ་སྒྲིབ་རྣམ་པ་གསུམ་དུ་བཤད། །ཕྱི་བར་གོལ་དང་ནང་བར་གོལ། །རྒྱུ་འབྲས་ཆོས་ནི་བཀག་པ་མེད། །བཞི་ཚན་གསུམ་ལ་འཆོལ་བར་བཀྲམ། །ཡེ་ཤེས་སྒྱུ་མ་གཉིས་སུ་བཤད། །རྟོགས་ན་ཐུགས་རྗེ་ཞོར་འབྱུང་དང་། །ལྷུན་གྲུབ་རང་ལས་བྱུང་བའོ། །བཞི་བཞག་ཐོག་མཐའ་བཞི་བཞི་ཡིན། །ངོ་བོ་རྨད་བྱུང་གཉིས་སུ་བསྟན། །ཆོས་ཉིད་མཚོན་དུ་མེད་པ་དང་། །ཟབ་མོ་བཞི་ཡི་གདམས་ངག་གོ །བཞི་བཞི་ལ་ནི་སྦྱར་ལ་བཤད། །མཛད་པ་ཕྲིན་ལས་བཞིར་བཤད་དེ། །དག་པའི་ལམ་ཆེན་ཀུན་ལ་ཁྱབ། །མ་ཤེས་བསླད་པས་འགྲོ་བ་འཁྲུལ། །རྟོགས་ཏེ་ཤེས་ན་མངོན་སངས་རྒྱས། །དེ་ཡི་ཡོན་ཏན་ཕྲིན་ལས་རྫོགས། །གཉིས་དང་གཅིག་སྟེ་གསུམ་དང་དྲུག །གོ་རིམ་བཞིན་དུ་སྦྱར་ཏེ་བཤད། །ཅེས་སོ། །གཞན་ལས་འདི་དག་ཀུན་ཏུ་བཟང་པོའི་ཐིག་ལེ་ལ་སྦྱར་བའང་ཡོད་དོ། །བརྒྱད་པ་ནི། གོང་དུ་བཤད་པ་དེ་ལྟ་བུའི་གཞི་དབྱིངས་ཁྱབ་གདལ་ཆེན་པོ་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་དེ་ལ། སྔ་མ་འདས་པའི་དུས་སུ་འགག་པ་མེད་པ་དང་། ཕྱི་མ་མ་འོང་པའི་དུས་ལ་སྐྱེ་བ་མེད་པ་དང་། ད་ལྟར་གྱི་དུས་སུ་གནས་པའི་ཆོས་གང་ཡང་མེད་པས་དུས་གསུམ་སོ་སོར་དབྱེ་བའི་ཐ་སྙད་ཀྱི་མིང་ལ་མི་གནས་ཏེ། སྔ་ཕྱིའི་དུས་ལ་ལྟོས་པའི་དོན་འདུས་བྱས་སྐྱེ་འགག་གི་ཆོས་སུ་མེད་པའི་ཕྱིར་རོ། །དེས་ན་གཞི་དེ་ལ་ཕྱི་མ་ཕྱི་མ་རིམ་པར་སྐྱེ་ཞིང་སྔ་མ་སྔ་མ་སྐད་ཅིག་གིས་འགག་པའི་ཆོས་སུ་གྲུབ་པ་མེད་པར་རྣམ་པར་བརྟགས་ཤིང་རྟོགས་པར་བྱས་ནས། སྙིང་པོ་རང་བྱུང་གི་ཡེ་ཤེས་དེེ་ཉིད་དུས་གསུམ་མཉམ་པ་ཆེན་པོར་སྦྱོར་བ་ནི་གནས་ལུགས་ཇི་བཞིན་པའི་ངོ་བོར་སོན་པ་ཡིན་པར་གསུངས་པའོ། །མདོ་བཅུ་ལས། སྔ་མ་འདས་དང་ད་ལྟར་གནས་པ་དང་། །ཕྱི་མ་མ་འོངས་དུས་གསུམ་ཐ་སྙད་འདི། །གསུམ་དུ་མི་གནས་སྔ་ཕྱི་ཐ་སྙད་ཡིན། །ད་ལྟར་མི་གནས་སྔ་ཕྱི་སྐྱེ་འགག་མེད། །དུས་གསུམ་སྐྱེ་འགག་མེད་པའི་དོན་འདི་ནི། །སྔ་ཕྱི་མེད་པས་དུས་གསུམ་མཉམ་པར་སྦྱོར། །ཞེས་གསུངས་པ་ལྟར་རོ། །དགུ་པ་ནི། འདི་ལྟར་འཁོར་འདས་སུ་སྣང་བའི་ཆོས་ཐམས་ཅད་རྒྱུ་རྐྱེན་ལ་ལྟོས་པ་མེད་པར་སྙིང་པོ་རང་བྱུང་གི་ཀློང་ནས་རྩལ་འགག་མེད་དུ་ཤར་ཞིང་། དེ་ལྟར་ཤར་བའི་དུས་ཉིད་ནས་འཁོར་འདས་བཟང་ངན་གང་གིའང་ཕྱོགས་སུ་མ་ལྷུང་བར་ཆོས་ཉིད་མཉམ་པའི་ཀློང་དུ་གཞི་མེད་རྩ་བྲལ་ཆེན་པོ་མེད་སྣང་སྟོང་གཟུགས་ཙམ་ལས་མ་གྲུབ་པར་གྲོལ་ཟིན་པ་ལ་མཉམ་པ་ཡིན་པས་འདི་ལྟར་ཕྱི་ནང་སྣང་སྲིད་ཀྱི་རྣམ་པར་སྣང་བཞིན་པ་འདི་ཉིད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཡིན་པ་ལས་གཞན་པའི་འབྲས་བུའི་བཞུགས་ཚུལ་དང་མཐུན་པའི་དཀྱིལ་འཁོར་རིམ་པར་བཀོད་པ་ལ་སོགས་པ་ཐེག་པ་འོག་མའི་རྩོལ་སྒྲུབ་ལ་ལྟོས་པ་མེད་ལ། དེས་ན་གང་སྣང་ཐམས་ཅད་རིག་པའི་རྩལ་ལས་ཤར་བ་ཡིན་ཕྱིར་མཆོད་བྱ་དང་མཆོད་ཡུལ་ལ་སོགས་པ་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་དུ་དབྱེར་མེད་པའི་ཕྱོགས་བཅུ་དུས་གསུམ་གྱིས་བསྡུས་པའི་འཁོར་འདས་ཀྱི་མགྲོན་ལ་མཆོད་སྦྱིན་བསྔོ་བ་དང་བྲལ་བ་དང་། འདོད་ཡོན་ལྔ་དང་ལྷབ་ལྷུབ་སྤྱན་གཟིགས་ལ་སོགས་པ་ཚོགས་ཀྱི་རྒྱན་དང་ཡོ་བྱད་རྣམས་བཀྲམ་པ་ཡང་འབད་རྩོལ་ལ་མི་ལྟོས་པར་ཚོགས་དྲུག་ཡུལ་གྱི་རྩལ་སྣང་འགགས་མེད་དུ་ཤར་བ་འདི་ཐམས་ཅད་ཡེ་ནས་ཚོགས་ཀྱི་རྒྱན་དང་ཡོ་བྱད་ཀྱི་རང་བཞིན་དུ་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་དུ་བཀྲམ་ཞིང་བཀོད་ཟིན་པར་གནས་པ་ཡིན་པས་ན་ད་གཟོད་སྔ་ཕྱི་རིམ་པར་འགྲིམ་པ་ལ་ལྟོས་པ་མེད་དེ་ཞེས་པ་སྟེ། མདོ་བཅུ་ལས། ཚོགས་དང་ཡེ་ཤེས་གང་ཟག་རྣམ་པ་གསུམ། །སྔ་ཕྱི་མཉམ་པས་རིམ་པར་བཀོད་པ་མེད། །ཆོས་ཀུན་ཡོངས་སུ་གཅིག་པའི་གཏན་ཚིགས་ཀྱིས། །ཚོགས་དང་སངས་རྒྱས་གཅིག་པས་བསྔོ་དང་བྲལ། །ཚོགས་ཀྱི་རྒྱན་ནི་འདོད་ཡོན་རྣམ་པ་ལྔ། །བཀོད་པ་མེད་པར་རང་བཞིན་བཀྲམ་པ་ཡང་། །ཡེ་ནས་རང་བཞིན་གནས་པས་འགྲིབ་པ་མེད། །ཅེས་གསུངས་སོ། །བཅུ་པ་ནི། གོང་དུ་བཤད་པའི་རྒྱུ་མཚན་དེ་ཉིད་ཀྱི་ཕྱིན་ན་མཐར་ཕྱིན་འབྲས་བུའི་ཆོས་རྣམས་ཀྱང་རིག་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་རང་ངོ་ཤེས་པ་ཙམ་ལས་གཞན་དུ་མེད་པར་གཞི་ལ་ཡེ་ནས་ལྷུན་གྱིས་གྲུབ་པའི་རང་བཞིན་དུ་གནས་པ་ཡིན་པས་ཚོགས་གཉིས་ཀྱི་འབྲས་བུ་བྱང་ཆུབ་ཆེན་པོར་བསྔོ་བའི་རྩོལ་བ་ལ་རེ་ལྟོས་མི་འཇོག་པས་མི་བསྔོ་ཞིང་། གཟུང་འཛིན་རྣམ་རྟོག་གི་བདུད་ལ་སྐྱེ་མེད་རང་བྱུང་ཡེ་ཤེས་ཀྱི་རྩི་ཡིས་ཡེ་ནས་ཐེབས་པས་སྣང་སྲིད་བདུད་རྩི་ཆེན་པོའི་རང་བཞིན་དུ་གདོད་ནས་དག་ཟིན་པ་ཡིན་པས་དེ་ལས་གཞན་དུ་བདུད་རྩི་བྱིན་གྱིས་བརླབས་དུ་མེད་པ་ཡིན་ནོ། །དེཉིད་ལས། ཡེ་ནས་རང་བྱུང་སྙིང་པོ་ཉིད། །ཡེ་ནས་བྱས་ཟིན་བདུད་རྩི་ཡིས། །རྩོལ་བ་དག་གི་སྡུག་བསྔལ་འཇོམས། །ཞེས་གསུངས་སོ། །དེ་བཞིན་དུ་སེམས་ཉིད་མ་བཅོས་རྣལ་དུ་གནས་པའི་ངང་ལ་ཐེག་པ་འོག་མའི་རྩོལ་སྒྲུབ་ཀྱི་ལམ་ཐམས་ཅད་རྩོལ་བ་ལ་ལྟོས་པ་མེད་པར་ངང་ངམ་ཤུགས་ཀྱིས་རྫོགས་པར་གསུངས་ཏེ། བང་མཛོད་འཕྲུལ་ལྡེ་ལས། མ་བཅོས་རྣལ་དུ་བཞག་པ་དེ། །ཐེག་དམན་རྩོལ་བསྒྲུབ་ཀུན་འདུས་ཏེ། །འོག་མའི་བྱང་ཆུབ་དེ་ལ་རྫོགས། །ལེགས་པར་བསྔོ་བའི་སྨོམ་ལམ་ཀུན་ཀྱང་དེ་ལ་རྫོགས། །ཉེས་པ་བཤགས་པའི་འགྱོད་པ་ཀུན་ཀྱང་རྫོགས། །འཕགས་པ་མཉེས་པའི་ཕྱི་ནང་མཆོད་པ་རྫོགས། །སྡོམ་དང་ཚུལ་ཁྲིམས་དམ་ཚིག་བསྲུང་མཚམས་རྫོགས། །དཀྱིལ་འཁོར་ཞུགས་དང་དབང་དང་དངོས་གྲུབ་རྫོགས། །སངས་རྒྱས་ས་དང་ཕ་རོལ་ཕྱིན་དྲུག་རྫོགས། །ཚོགས་བསགས་སྒྲིབ་སྦྱངས་རྩོལ་བསྒྲུབ་འབྲས་བུ་རྫོགས། །འགྲོ་དོན་མཐར་ཕྱིན་ཕྲིན་ལས་རྣམ་བཞི་རྫོགས། །སེམས་ཅན་དོན་བྱེད་ཚད་མེད་རྣམ་བཞི་རྫོགས། །ལུས་ཀྱི་བསྐོར་བ་ཕྱག་རྒྱ་གར་ཡང་རྫོགས། །ངག་གི་འདོན་བཟླས་དབྱངས་དང་བསྟོད་པ་རྫོགས། །ཡིད་ཀྱི་ཏིང་འཛིན་ཕྱག་རྒྱ་དཀྱིལ་འཁོར་རྫོགས། །ཞེས་གསུངས་སོ། །བཅུ་གཅིག་པ་ནི། དེ་ལྟར་ཆོས་ཐམས་ཅད་རང་སྣང་དུ་ངོ་ཤེས་པ་ཙམ་ལས་གཟུང་འཛིན་མ་དག་པའི་ཆ་ཞིག་སྦྱངས་མི་དགོས་པར་གདོད་ནས་དག་པ་ཡིན་པའི་རྒྱུ་མཚན་ཡང་། འདི་ལྟར་དབང་དོན་ལྷན་དུ་འདུ་ཞིང་འཕྲད་པ་ལ་བརྟེན་ནས་སྐྱེ་ཞིང་མཆེད་པ་ལྟར་སྣང་བའི་སྐྱེ་མཆེད་བཅུ་གཉིས་ཀྱི་ཁྱད་པར་སོ་སོ་ཉིད་དུ་སྣང་བ་འདི་དག་ཐམས་ཅད་གཟུང་འཛིན་རྒྱང་ཆད་དུ་གྲུབ་པ་མེད་པར་བྱང་ཆུབ་ཀྱི་སེམས་གཅིག་གི་ངོ་བོར་ཡེ་ནས་དག་པ་ཡིན་པའི་ཕྱིར་རོ། །དེས་ན་ད་གཟོད་གཟུང་འཛིན་མཚན་མའི་རྟོག་པ་སྦྱང་བའི་ཆེད་དུ་ལྷག་པའི་ཏིང་ངེ་འཛིན་གྱི་བསམ་པས་དག་པ་ལྷའི་རང་བཞིན་དུ་སེམས་བཟུང་བའི་རྩོལ་བ་ལ་ལྟོས་པ་མེད། མིག་ཤེས་གཟུགས་ལ་སྤྱོད་པ་ནས་ཡིད་ཀྱིས་སྤྱི་དང་རང་གི་མཚན་ཉིད་ཀྱིས་བསྡུས་པའི་ཆོས་རྣམས་ལ་དཔྱོད་ཅིང་བསམ་པས་བསྡུས་པའི་བར་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རང་རྩོལ་ལས་ཤར་བའི་འདོད་ཡོན་གྱི་དངོས་པོ་རྣམས་ལ་བདག་ཉིད་ཀྱིས་ལོངས་སྤྱོད་པ་སྟེ་གཉིས་སུ་མེད་པའི་མཆོད་པ་ཕུལ་བ་ཙམ་ལས་གཟུང་འཛིན་ཆགས་སྡང་གི་ཡུལ་ལ་སྤྱོད་པ་གང་ཡང་མེད་པས་སྡིག་པ་བཤགས་སུ་མེད་པ་དང་། གང་དུ་བལྟས་ཀྱང་ཅི་ཤར་ཐམས་ཅད་རང་སྣང་གི་རྒྱན་དུ་གྲུབ་པས་ཕྱི་ནང་སྣ་ཚོགས་སུ་སྣང་བའི་ཆོས་འདི་དག་ཐམས་ཅད་ནི་ཡེ་ནས་ཀུན་བྱེད་ཆོས་སྐུའི་སྟོན་པ་རང་བྱུང་ཀུན་ཏུ་བཟང་པོའི་གསང་གསུམ་དབྱེར་མི་ཕྱེད་པའི་རང་བཞིན་དུ་བཀྲམ་ཟིན་པ་ཡིན་པས་དེ་ལས་གཞན་དུ་ཐང་སྐུ་དགྲམ་པ་ལ་སོགས་པ་གང་ཡང་མེད་པར་བསྟན་པའོ། །ཁྱུང་ཆེན་ལས། མཆོད་བསྟོད་སྤྱན་དྲངས་ཕྱག་རྒྱ་བཟླས་པ་དང་། །ཕྱག་རྒྱའི་སྐུ་ནི་འདི་ལ་བསྒོམ་མི་དགོས། །སྒྱུ་མའི་གཟུགས་བརྙན་འདི་ལས་བྱུང་བས་ན། །ལོ་མ་མི་བརྙད་ཤེས་པས་འབྲས་ཐོབ་མིན། །སྒྱུ་འདྲི་ཕྱག་རྒྱ་ལུགས་མའི་ཕྱག་རྒྱ་ལ། །འབྲས་བུ་རྣམ་པར་གྲོལ་བའི་ལམ་མི་གནས། །དེ་ཡིས་རྣམ་གྲོལ་དག་པའི་ལམ་ཆེན་རྙེད་གྱུར་ན། །མཐོང་ཐོས་ལ་སོགས་ཕྱག་རྒྱའི་ངོ་བོར་གནས། །ཞེས་གསུངས་པ་ལྟར་རོ། །གོང་དུ་བསྟན་པའི་ས་བཅད་གཉིས་པོ་དེའི་དོན། །མདོ་བཅུ་ལས་ཡེ་ནས་རང་བཞིན་གནས་པའི་ཚོགས་ཆེན་ཏེ། །ཡེ་ནས་ལྷུན་གྱིས་གྲུབ་པས་མི་བསྔོ་ཞིང་། །གཟུང་འཛིན་གདོད་ནས་དག་པའི་བདུད་རྩི་ཡིན། །དབང་པོ་དྲུག་སྡུད་རྣམ་ཤེས་དྲུག་ལ་མཆོད། །དབང་པོ་རྣམ་ཤེས་བཅུ་གཉིས་ཁྱད་པར་དུ། །ལྷག་པའི་ཏིང་འཛིན་དག་གི་བསམ་པ་ཡིས། །བྱིན་གྱིས་བརླབས་ཤིང་ཤེས་པས་བཟུང་དུ་མེད། །ཅེས་དང་། སྣང་སྲིད་ཡིད་ཀྱིས་ཚོགས་བསྔོས་ཡོན་བདག་སྟེ། དབང་པོས་བལྟས་པས་འདོད་ཡོན་བཀྲམ་པའོ། །ཞེས་གསུངས་སོ། །བཅུ་གཉིས་པ་ནི། དེ་ལྟར་གཞི་སྣང གི་རོལ་པ་ཐམས་ཅད་རང་སྣང་དུ་རིག་ཅིང་མཐོང་བར་འགྱུར་བས་ཞེས་མཐོང་བའི་སྐད་ཅིག་ལ་མཆོག་གི་དངོས་གྲུབ་ཀུན་བཟང་དབྱེ་བ་མེད་པའི་ས་ལ་མ་བགྲོད་ཡེ་ནས་ཕྱིན་པའི་དོན་མངོན་དུ་གྱུར་པས་དེ་ལས་ལྷག་པའི་དངོས་གྲུབ་ཞིག་བསྒྲུབ་ཏུ་མེད་ལ། དེ་ཉིད་རྫོགས་པ་ཆེན་པོའི་མཐར་ཐུག་གི་འབྲས་བུ་ཡིན་ཞིང་དེ་ལས་ནམ་ཡང་གཡོ་བ་མེད་པས་མཉམ་བཞག་ཆེན་པོ་གཅིག་གི་ཀློང་དུ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྫོགས་ཤིང་འུབ་ཆུབ་པའོ། །དེ་ཉིད་ལས། དབང་པོ་མིག་གིས་ཚོགས་སུ་མཐོང་བ་ནི། །འདོད་ཡོན་ལྔ་རུ་མཐོང་བས་དངོས་གྲུབ་བོ། །དེ་ལ་ཏིང་འཛིན་མཉམ་པར་བཞག་པ་ནི། །རྒྱུ་དང་ཡེ་ཤེས་ཚོགས་གཉིས་རྫོགས་པའོ། །ཞེས་གསུངས་སོ། །དགུ་པ་མ་བཅོས་དེ་བཞིན་ཉིད་དུ་བཞག་པའི་ལམ་ཆེན་ལ་ཐེག་པ་གཞན་གྱི་ལམ་གྱི་མི་འགྲུབ་པའི་གྲངས་མདོ་ལ་ལྔ་སྟེ། གཞི་དེ་ཉིད་ད་ལྟའི་དུས་ནས་སེམས་ཅན་ཐམས་ཅད་ལ་ཁྱབ་པས་སྐུ་གསུམ་འདུ་འབྲལ་མེད་པའི་དམ་ཚིག་ཆེན་པོར་བཀོད་ཚུལ་གྱི་གྲངས་མདོ། བླ་མ་དམ་པའི་བརྡ་དང་ཐབས་ཀྱི་གར་སྟབས་བསྐྱོད་པས་སྣང་ཚུལ་གྱི་གྲངས་མདོ། སྒོ་གསུམ་རྩོལ་མེད་ལྷུག་པར་གནས་པས་གཞི་ལྷུན་གྲུབ་ཆེན་པོའི་ངང་ལ་ད་ལྟ་ཉིད་ནས་གནས་ཚུལ་གྱི་གྲངས་མདོ། ཀུན་སྤྱོད་ཐམས་ཅད་ཆགས་མེད་རང་གྲོལ་དུ་བྱ་བར་གདམས་པའི་གྲངས་མདོ། དེ་ལྟར་སྐུ་གསུམ་ཡེ་ནས་གྲུབ་པར་མ་རྟོགས་པར་རྒྱུ་འབྲས་རྩོལ་བས་འགྲུབ་པའི་དུས་མི་སྲིད་པར་བསྟན་པའི་གྲངས་མདོའོ། །དང་པོ་ནི། འདི་ལྟར་ཆོས་སྐུ་གཞི་གནས་ཀྱི་ཡེ་ཤེས་སྐུ་གསུམ་འདུ་འབྲལ་མེད་པའི་གནས་ལུགས་ཏེ་སེམས་ཅན་ཐམས་ཅད་ལ་ཡེ་ནས་མེ་དང་ཚ་བ་ལྟར་ཁྱབ་ཅིང་གནས་པ་དེ་ཤེས་རབ་ཆེན་པོས་སྐད་ཅིག་ཡུད་ཙམ་ལ་བཟུང་བའམ་རྟོགས་པར་གྱུར་པས་རང་སྣང་རང་བཞིན་མེད་པར་གྲོལ་ཏེ་ཡུལ་དང་ཡུལ་ཅན་གཉིས་མེད་དུ་སྦྱོར་བ་ནི་བདེ་བ་ཐམས་ཅད་ཀྱི་རོ་དུས་གཅིག་ལ་བསྟར་བས་སྦྱོར་བ་དག་པའི་མན་ངག་ཡིན་ལ། དེ་ལྟར་རྟོགས་པའི་ཡེ་ཤེས་དེ་ཉིད་རྒྱུ་རྐྱེན་གྱིས་བསྐྱེད་པ་མིན་པར་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་ཡིན་པས་འགྱུར་བའི་ཟུག་རྔུ་ཐམས་ཅད་དང་བྲལ་ཏེ་དགའ་བ་ཆེན་པོར་གྱུར་ཅིང་། དེ་ལས་སྐད་ཅིག་ཀྱང་འདའ་བ་མེད་པས་དམ་ཚིག་ཆེན་པོ་ཞེས་བྱ་སྟེ་ཐེག་པ་འོག་མ་ལྟར་འདའ་ཉམས་དང་བྲལ་བའི་ཕྱིར་རོ། །མདོ་བཅུ་ལས། དེ་བཞིན་སྦྱོར་བདག་གི་མན་ངག་ནི། །ཆོས་ཉིད་སྐད་ཅིག་གཉིས་མེད་བཟུང་བས་ནི། །གཉིས་སུ་མེད་པའི་སྦྱོར་བ་ཆེན་པོ་ཡིན། །རྒྱུ་རྐྱེན་མེད་པས་བདེ་ཆེན་དག་པ་སྟེ། །སྐྱེ་བ་མེད་པས་དམ་ཚིག་ཡིན་པར་བཤད། །ཅེས་སོ། །གཉིས་པ་ནི། དེ་ལ་གནས་ལུགས་རང་བྱུང་གི་ཡེ་ཤེས་ཏེ་ཤེས་རབ་ཆེན་པོས་ཇི་བཞིན་དུ་རྟོགས་པའི་ཐབས་ཀྱི་མཆོག་ནི་མཚན་ཉིད་དང་ལྡན་པའི་བླ་མ་དམ་པས་གསུང་གི་བརྡ་ཚིག་དང་སྐུ་ཡི་གར་ཐབས་བསྐྱོད་པ་ཡིས། ཆོས་ཐམས་ཅད་རང་བཞིན་ཡེ་ཤེས་ཆེན་པོའི་ངོ་བོར་གཉིས་སུ་མེད་པར་རྟོགས་པར་འགྱུར་བ་ནི། སྔོན་རིག་འཛིན་ཤྲཱི་སིང་ཧས་སྡིག་མཛུབ་ནམ་མཁར་ལ་གཏད་དེ་སློབ་དཔོན་སངས་རྒྱས་གཉིས་པ་ལ་ངོ་སྤྲོད་ཀྱི་མན་ངག་རྩལ་བ་བཞིན་ནོ། །དེ་ལྟར་ཆོས་ཉིད་སྐྱེ་བ་མེད་པའི་དོན་ལ་བློ་སྦྱོར་ཞིང་གཉིས་མེད་དུ་རྟོགས་པར་གྱུར་པ་ནི་དངོས་འཛིན་དང་བྲལ་བའི་གསང་བའི་མཆོད་པའམ་གཉིས་མེད་བྱང་ཆུབ་སེམས་ཀྱི་མཆོད་པ་ཕུལ་བ་ཡིན་ཏེ། དེ་ཉིད་ལས། ཤེས་རབ་ཡུལ་དེ་རིག་པ་མངོན་གྱུར་ནས། །ཐབས་ཀྱི་གར་ཐབས་རིག་པ་བསྐྱེད་པ་ཡིས། །ཆོས་རྣམས་མ་སྐྱེས་དག་དང་གཉིས་མེད་སྦྱོར། །སྐྱེ་བ་མེད་པའི་མཆོད་པ་ཕུལ་བ་ཡིན། །ཅེས་གསུངས་སོ། །གསུམ་པ་ནི། འདི་ལྟར་ཨ་ཏི་ཡོ་གའི་རྣལ་འབྱོར་བས་སྣང་སྲིད་ཀྱི་ཆོས་གང་ལ་ཡང་ཆགས་ཞེན་གྱི་འཛིན་པ་མེད་པས་མི་བཟུང་བ་ཡིན་ལ། དེ་ལྟར་གང་ཡང་མི་བཟུང་བ་ནི་ཡོངས་སུ་གཏོང་བ་ཆེན་པོ་ཡིན་པའི་རྒྱུ་མཚན་དེ་བས་ན་འོག་མའི་རྩོལ་བ་ལ་མི་ལྟོས་པར་འཁོར་འདས་ཀྱི་མགྲོན་ལ་གཏོར་མ་གཏོར་ཟིན་པ་ཡིན་པ་དང་། དེ་བཞིན་དུ་ལུས་ཀྱི་ལས་སུ་བྱ་བ་གཞན་རྐང་པའི་བྲོ་གར་དང་ལག་པས་ཕྱག་རྒྱ་བསྒྱུར་བ་དང་། དཀྱིལ་འཁོར་བཞེངས་པ་དང་ལས་བཞིས་མེ་ཐབ་བརྩིགས་པ་ལ་སོགས་པ་ཐམས་ཅད་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པའི་ཚུལ་དུ་རྫོགས་ཟིན་པས་ལས་དེ་རྣམས་གཞན་ནས་བསྒྲུབ་དུ་མེད་པར་གསུངས་ཏེ་དེས་ན་ལུས་ཀྱི་ལས་སུ་བྱ་བ་ཅི་ཡང་མེད་པ་དང་། དེ་བཞིན་དུ་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བགེགས་ཀྱི་རྒྱལ་པོ་གཟུང་འཛིན་རྣམ་རྟོག་གི་བདུད་བསལ་ནས་མཉམ་ཉིད་ཆོས་སྐུའི་ངང་དུ་གནས་པ་ལ་ལྷ་བསྒོམ་པ་ལ་སོགས་པ་ཡིད་ཏིང་ངེ་འཛིན་གྱི་འཕྲོ་འདུ་ཐམས་ཅད་རྫོགས་པ་དང་། སྒྲ་ཚིག་ཐམས་ཅད་སྔགས་སུ་རྟོགས་པའམ་མ་གསུང་བརྗོད་དུ་མེད་པའི་ངང་ལ་མཉམ་པར་བཞག་པ་ལ་མཐུ་བྱིན་བསམ་གྱིས་མི་ཁྱབ་པས་ངག་གི་ལས་སྔགས་ཚིག་རྣམས་མ་བཟླས་ཡེ་ཟིན་དུ་རྫོགས་ཟིན་པ་དག་གོ །དེ་ལྟར་ཡང་མུ་ཏིག་ཕྲེང་བ་ལས། ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །སྟོང་གསུམ་ཐམས་ཅད་དཀྱིལ་འཁོར་ལ། །ཆར་དང་ཁུ་རླུངས་ཆག་ཆག་བཏབ། །འགྲོ་བའི་ལམ་དམིགས་ཐེག་ཆེན་ཏེ། །རྐང་པའི་རྗེས་སུ་རྡུལ་ཚོན་རིས། །འགྲོ་བར་འདོད་པ་སྟངས་སྟབས་ཉིད། །ཡན་ལག་བསྐྱོད་པ་ཕྱག་རྒྱའོ། །ཇི་ལྟར་སྨྲས་པ་སྔགས་ཀྱི་ཚིག །བསམ་པ་རྣམས་ནི་བསྐྱེད་རིམ་ཡིན། །ཡིད་ལ་འགྱུ་བ་མཆོད་པ་ཉིད། །གཟུགས་སུ་སྣང་བ་ལྷ་ཡི་སྐུ། །སྒྲ་ཆེན་བརྗོད་པ་རོལ་མོ་ཉིིད། །ཅེས་པ་ལ་སོགས་པས་བསྟན་པ་དང་། །མདོ་བཅུ་ལས། སྣང་སྲིད་རིག་པས་མི་འཛིན་ཡོངས་སུ་གཏོང་། །གཟུང་འཛིན་མེད་པའི་གཏོར་མ་ཡིན་པར་བཤད། །རྫོགས་ཆེན་རྩོལ་བསྒྲུབ་འདས་པའི་ལམ་འདི་ཡིས། །མཚམས་ཀྱི་རྒྱལ་པོ་མི་རྟོག་ཡེ་ཤེས་ཀྱིས། །བགེགས་ཀྱི་རྒྱལ་པོ་རང་གིས་རྟོག་བསལ་ནས། །བྱ་བ་མེད་པའི་ལས་ཀྱི་རྒྱལ་པོ་འདི། །མི་རྟོག་ཏིང་འཛིན་མཉམ་བཞག་སྔགས་ཚིག་གོ །ཞེས་སོ། །བཞི་པ་ནི། འདི་ལྟར་མཆོད་ཡུལ་ཀུན་ལས་ཁྱད་པར་དུ་འཕགས་པ་འཇིག་རྟེན་གསུམ་གྱི་བླ་མ་དཀོན་མཆོག་གསུམ་ལ་མཆོད་པའི་ཡོ་བྱད་སྣ་ཚོགས་པས་སྲིད་ཞུ་བྱེད་པ་དང་། འགྲོ་བ་རྣམས་ལ་ཆོས་དང་ལོངས་སྤྱོད་ཀྱི་སྦྱིན་པ་གཏོང་བ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། དེ་བཞིན་དུ་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་དང་གང་ཡང་བྱས་པ་དེ་ཐམས་ཅད་ཀྱང་ཤེས་རབ་ཀྱིས་གང་ལའང་མ་ཆགས་པ་དང་ཏིང་ངེ་འཛིན་གྱིས་ལྟ་བའི་ངང་ལས་མི་གཡོ་བའི་སྟོབས་མེད་ན། ཡུལ་ལ་དམིགས་ཞེན་གྱིས་ཆགས་ཞིང་གཟུང་འཛིན་གྱི་རྟོག་པའི་གཡོ་བ་དང་བཅས་པས་མཆོད་སྦྱིན་ལ་སོགས་པ་དེ་རྣམས་བྱས་ན། སླར་ཡང་རེ་དོགས་རྩོལ་སྒྲུབ་ཀྱི་མདུད་རྒྱ་དམ་པོ་ལས་གྲོལ་དུ་མི་སྟེར་བའི་འཆིང་བ་ཆེན་པོར་འགྱུར་བས་ཆགས་མེད་རང་གྲོལ་གྱི་གནད་ལ་མཁས་པར་གདམས་པའོ། །རུས་སྦལ་རྩ་རྒྱུད་ལས། མཆོད་དང་གཏོར་མ་ལ་སོགས་པས། །རྡོ་རྗེའི་སེམས་ཀྱིས་མ་ཟིན་ན། །ཆེ་བའི་ང་རྒྱལ་ཆེན་པོ་ཡིས། །འཆིང་བ་ཙམ་ལས་གྲོལ་མི་འགྱུར། །ཞེས་དང་། སྔ་མ་ལས། རྫོགས་ཆེན་ཕྲིན་ལས་བཙལ་དུ་མེད་པ་ལ། །བླ་མ་གསུམ་མཆོད་འགྲོ་ལ་སྦྱིན་གཏོང་བ། །དེ་བཞིན་ཚོགས་གཉིས་འདོད་པའི་བསོད་ནམས་ཀྱང་། །ཏིང་འཛིན་མ་ཆགས་མི་གཡོའི་སྟོབས་མེད་ན། །ཡུལ་ལ་ཆགས་ཤིང་ཏིང་འཛིན་གཡོ་བ་ཡིས། །མཆོད་སྦྱིན་བྱས་ནས་འཆིང་བ་ཆེན་པོར་འགྱུར། །དེ་ཡང་ལས་ཀྱི་གོལ་སར་ང་ཡིས་བཤད། །ཅེས་གསུངས་པ་ལྟར་རོ། །ལྔ་པ་ནི། དེ་ལྟར་ཆོས་ཐམས་ཅད་རིག་པ་སྐུ་གསུམ་གྱི་ངོ་བོར་ལྷུན་གྱིས་གྲུབ་པས་བཙལ་དུ་མེད་པ་ལ་དེ་ལྟར་མ་རྟོགས་པར་གལ་ཏེ་རྩོལ་སྒྲུབ་ཀྱིས་བཙལ་བར་བྱས་ན་འཆིང་བར་འགྱུར་བ་དེ་བས་ན། ལམ་དང་འབྲས་བུའི་ཆོས་ཐམས་ཅད་ཡེ་ནས་མ་བཙལ་ལྷུན་གྱིས་གྲུབ་པའི་ཚུལ་དེ་སྟོན་པར་བྱེད་པའི་ལུང་འདི་ནི་གནས་ལུགས་དེ་ཁོ་ན་ཉིད་མ་ནོར་བར་སྟོན་པར་བྱེད་པ་ཡིན་པ་ལ། ཚུལ་དེ་མ་ཤེས་པའམ་ཡིད་མ་ཆེས་པར་བཙལ་དུ་མེད་པའི་དོན་དེ་ལ་རེ་དོགས་རྩོལ་སྒྲུབ་ཏུ་ཞེན་པའི་བློ་དེ་སྦྱར་བར་བྱས་ནས་བཙལ་ཞིང་བསྒྲུབ་པར་བྱས་ན། གནས་ལུགས་མ་བཅོས་པའི་དོན་དེ་མི་མཐོང་བར་སླར་ཡང་སྒྲིབ་པར་འགྱུར་ཏེ་རྟོག་པ་སྔ་ཕྱི་བརྗེ་བ་ཙམ་དུ་ཟད་པས་དཔེར་ན་སྤྲིན་དཀར་ནག་གཉིས་ཀ་ནམ་མཁའི་སྒྲིབ་བྱེད་དུ་མཚུངས་པ་བཞིན་ནོ། །དེའི་རྒྱུ་མཚན་ཡང་ཆོས་ཉིད་བྱ་རྩོལ་དང་བྲལ་བའི་དོན་གདོད་ནས་ལྷུན་གྱིས་གྲུབ་པ་དེ་ལྟར་ཡིན་པ་དེ་ལ། གལ་ཏེ་ཆོས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་བློ་རྣམ་རྟོག་གི་ཡུལ་དུ་བྱས་ནས་རྩོལ་ཞིང་བསྒྲུབ་པར་བྱས་ན་ཡེ་ནས་ཆོས་ཉིད་འགྱུར་མེད་ཀྱི་ངོ་བོར་གནས་པ་དེ་ལ་དེ་ལས་ལྷག་པའི་ཆོས་ཉིད་ཞིག་གསར་དུ་གྲུབ་པ་མེད་པའི་ཕྱིར་རོ། །ཚུལ་དེ་ཉིད་མདོ་བཅུ་ལས། བཙལ་ན་འཆིང་བར་འགྱུར་བ་དེ་བས་ན། །ཐམས་ཅད་ཡོངས་སུ་རྫོགས་པའི་ལུང་འདི་ལས། །བཙལ་དུ་མེད་པ་དེ་ལས་བཙལ་གྱུར་ན། །ཚི་ཆད་པ་ཡི་ནད་དེས་སྒྲིབ་པར་འགྱུར། །བྱ་རུ་མེད་པ་དེ་ལ་དེ་རྟོག་ན། །ཆོས་ཉིད་ལ་ནི་ཆོས་ཉིད་གྲུབ་པ་མེད། །ཅེས་གསུངས་སོ། །དེ་དག་གིས་ལྷུན་གྱིས་གྲུབ་པའི་ཐིག་ལེ་བསྟན་པར་གསུངས་ཏེ། དེ་ཡང་འཁོར་འདས་ཀྱི་རྣམ་པ་གང་ཤར་ཐམས་ཅད་གཞི་རིག་པ་རང་བྱུང་གི་ཡེ་ཤེས་དེའི་རོལ་བ་རང་ཤར་བ་ཡིན་པས་ཆོས་དབྱིངས་བདེ་བ་ཆེན་པོའི་ངང་དུ་ལྷུན་གྱིས་གྲུབ་ཅིང་སྤོང་འགོག་སྦྱོང་བསྒྱུར་རྩོལ་སྒྲུབ་ཀྱི་སྤྲོས་པ་ཀུན་ལས་གྲོལ་བས་ན་ལྷུན་གྱིས་གྲུབ་པའི་ཐིག་ལེའམ་ལྷུན་གནས་བདེ་ཆེན་རྫོགས་པའི་ཐིག་ལེ་ཞེས་གསུངས་ཏེ། འབྲས་བུའི་ཀློང་ལས། དེ་ཡི་རོལ་པ་རྒྱན་རྫོགས་སྒྱུ་མ་ལྟར། །རྣམ་པ་ལྷུན་གྲུབ་རིགས་ཀྱི་ཁྱད་པར་ཤར། །སྤོང་འགོགས་སྦྱོང་བསྒྱུར་རྩོལ་སྒྲུབ་ལས་གྲོལ་བས། །ལྷུན་གནས་བདེ་ཆེན་རྫོགས་པའི་ཐིག་ལེའོ། །ཞེས་སོ། །དེ་ལྟར་ན་ཐིག་ལེ་དྲུག་པོ་དེ་དག་གི་དོན་ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་མ་བཅོས་པ་དེ་ཆོས་ཉིད་ཀྱི་ཐིག་ལེ་དང་། ཆོས་ཉིད་བྱང་ཆུབ་ཀྱི་སེམས་དེ་ཉིད་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཆ་ནས་དབྱིངས་ཀྱི་ཐིག་ལེ་དང་། དེ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་ཏེ་རྣམ་པར་དག་པའི་ཆ་ནས་དབྱིངས་རྣམ་དག་གི་ཐིག་ལེ་སྟེ་གསུམ་གྱིས་ཤེས་བྱའི་གཤིས་ལུགས་བསྟན་པ་དང་། ཆོས་ཉིད་དེ་མཁྱེན་པར་བྱེད་པ་པོ་གཞན་མེད་པར་རིག་པ་རང་གསལ་གྱི་ཚུལ་དུ་མཁྱེན་པའི་ཆ་ནས་ཡེ་ཤེས་ཀྱི་ཐིག་ལེ་སྟེ་དེས་སེམས་ཉིད་ཀྱི་ངོ་བོ་བསྟན་པ་དང་། ཡེ་ཤེས་དེ་ཉིད་དགག་སྒྲུབ་སྤང་བླང་ལ་སོགས་པའི་ཕྱོགས་རིས་ཐམས་ཅད་ལས་གྲོལ་བའི་ཆ་ནས་ཀུན་དུ་བཟང་པོའི་ཐིག་ལེ་དང་། དེ་ཉིད་ལ་ཆེ་བའི་ཡོན་ཏན་ཐམས་ཅད་མ་བཙལ་ལྷུན་གྱིས་གྲུབ་པས་ལྷུན་གྲུབ་ཀྱི་ཐིག་ལེ་སྟེ། དེ་གཉིས་ཀྱིས་དབྱིངས་ཡེ་གཉིས་སུ་མེད་པ་དེའི་ཡོན་ཏན་ཉིད་བསྟན་པར་གསུངས་ཏེ། དེ་ལས། མ་བཅོས་པ་ལས་ཡོན་ཏན་མཐའ་དག་རྫོགས། །ཤར་ཚད་དོན་དང་བཅས་ཏེ་ཡེ་ནས་དག །དེ་མཁྱེན་རང་གསལ་དེ་ལ་ཕྱོགས་རིས་གྲོལ། །མ་བཙལ་གདོད་ནས་རྫོགས་པའི་བླ་དྭགས་ཡིན། །གསུམ་གྱིས་གཤིས་བསྟན་གཅིག་གི་ངོ་བོ་བསྟན། །གཉིས་ཀྱིས་ཡོན་ཏན་ཁྱད་པར་དམ་པ་བསྟན། །ཞེས་སོ། །ཐིག་ལེ་ཕྱི་མ་འདི་གཞི་ལ་སྦྱར་བའི་སྐབས་སུ་ཀུན་གཞི་རྣམ་པ་གསུམ་དུ་བསྟན་ཏེ། གནས་པ་གཞི་ཡི་ཀུན་གཞི་དང་། སྦྱོར་བ་དོན་གྱི་ཀུན་གཞི་དང་། ལྡོག་པ་དུས་ཀྱི་ཀུན་གཞི་གསུམ་ལས། དང་པོ་ལ། དཀྱིལ་འཁོར་དགོད་དུ་མེད་པ། རིམ་པ་བསྒྱུར་དུ་མེད་པ། མཆོད་པ་བསྔོ་རུ་མེད་པ། ཚོགས་ལ་བསག་ཏུ་མེད་པ། སྨོན་ལམ་བསྔོ་རུ་མེད་པ། བདུད་རྩི་སྦྱང་དུ་མེད་པ། ལྷ་ལ་བསྒོམ་དུ་མེད་པ། སྡིག་པ་བཤགས་སུ་མེད་པ། ཐང་སྐུ་དགྲམ་དུ་མེད་པ། དངོས་གྲུབ་བསྒྲུབ་ཏུ་མེད་པ། ཐམས་ཅད་མཉམ་ཉིད་དུ་རྫོགས་ཚུལ་དང་། བཅུ་གཅིག་ཡོད་པ་ལས། སྔ་མ་གཉིས་ནི་ཐོག་མའི་ཚིག་རྐང་བཞི་བཞག་ནས་དེ་འོག་མཉམ་པས་རིམ་པར་བཀོད་པ་མེད་ཅེས་པའི་ཚིག་རྐང་གཅིག་ལ་དབྱེ་བར་གསུངས་ཤིང་། དེ་འོག་གཅིག་ནི་དེ་རྗེས་ཀྱི་ཚིག་རྐང་གཅིག་དང་། ཚོགས་ལ་བསགས་དུ་མེད་པ་ནི་དེ་ནས་རིམ་པར་ཚིག་རྐང་གཉིས་དང་། སྨོན་ལམ་བསྔོ་རུ་མེད་པ་དང་། བདུད་རྩི་སྦྱང་དུ་མེད་པ་གཉིས་ཚིག་རྐང་རེ་རེས་བསྟན་པ་དང་། ལྷ་ལ་བསྒོམ་དུ་མེད་པ་ཚིག་རྐང་གཉིས་དང་། གཞན་བཞི་ནི་ཚིག་རྐང་རེ་རེ་ལ་རིམ་བཞིན་སྦྱར་བ་དང་། དོན་གྱི་ཀུན་གཞི་ལ། དུས་གསུམ་ཆོས་ཉིད་དང་སྦྱོར་བ་དང་། །ཤེས་རབ་ཀྱི་དམ་ཚིག་སྦྱོར་བ་དང་། །ཐབས་ཀྱིས་གཉིས་མེད་དུ་སྦྱོར་བ་གསུམ་ལས། །དང་པོ་ནི་སྔར་གྱི་ཐོག་མའི་ཚིག་རྐང་བཞིའི་བསྟན་པ་དང་། ཕྱི་མ་གཉིས་ནི་བཅུ་གཅིག་པའི་འོག་གི་ཚིག་རྐང་གཉིས་རེར་རིམ་པར་སྦྱར་རོ། །ལྡོག་པའི་ཀུན་གཞི་ལ། གཏོར་མ་གཏང་དུ་མེད་པ། འཕྲིན་ལས་བཙལ་དུ་མེད་པ། །མཚམས་ལ་བཅད་དུ་མེད་པ། བཟླས་བརྗོད་བྱ་རྒྱུ་མེད་པ། ལྟ་བས་ཟིན་མ་ཟིན་གྱི་ཁྱད་པར། རྟོགས་པ་ལུང་གི་མན་ངག །ཆོས་ཉིད་འགྱུར་བ་མེད་པ་དང་བདུན་ལས། །དང་པོ་བཞིི་ནི་ཚིག་རྐང་བཞི་ལ་རིམ་པར་སྦྱར་ལ། དེ་ནས་ཚིག་རྐང་བཞིའི་འཕྲིན་ལས་བཙལ་དུ་མེད་པ་དང་། དེ་འོག་བཞིའི་རྟོགས་པ་ལུང་གི་མན་ངག་བསྟན་ལ། བཞི་ཚན་གཅིག་གིས་འགྱུར་བ་མེད་པའི་གཞི་བསྟན་པ་ནི་སྔར་ཐུགས་རྗེའི་སྐབས་སུ་བཞག་པ་དེ་འདིར་བླང་བར་གསུངས་སོ། །དེ་ཡང་སྔར་བཞིན་བཞག་ཐོག་མཐའ་བཞི་བཞི་ཡིན་གསུངས་ཀྱང་དོན་དུ་ཚིག་རྐང་བརྒྱད་ཡོད་པས་ཅུང་མི་འགྲིགས་ལ། སྐབས་འདིར་ཐུགས་རྗེ་གཞིར་བཞག་འདིར་རུ་བླང་། ཞེས་ཡོད་པས་དེ་ལྟར་ན་གཞི་སྟོན་བྱེད་ཀྱི་ཚིག་རྐང་བརྒྱད་པོ་དེ་འདི་རུ་བླང་ཞེས་པའི་དོན་དུ་གོ་ན་བདེ་ཡང་དཔྱད་པར་བྱའོ། །དེ་ལྟར་ཡང་དཀའ་འགྲེལ་ལས། ཀུན་གཞི་རྣམ་པ་གསུམ་དུ་བསྟན། །གནས་པ་གཞི་ཡི་ཀུན་གཞི་དང་། །སྦྱོར་བ་དོན་གྱི་ཀུན་གཞི་དང་། །ལྡོག་པ་དུས་ཀྱི་ཀུན་གཞིའོ། །གནས་པ་གཞི་ལ་བཅུ་གཅིག་སྟེ། །དཀྱིལ་འཁོར་དགོད་དུ་མེད་པ་དང་། །རིམ་པ་བསྒྱུར་དུ་མེད་པ་དང་། །མཆོད་པ་བསྔོ་རུ་མེད་པ་དང་། ཚོགས་ལ་བསགས་དུ་མེད་པ་དང་། །སྨོན་ལམ་བསྔོ་རུ་མེད་པ་དང་། །བདུད་རྩི་སྦྱང་དུ་མེད་པ་དང་། །ལྷ་ལ་བསྒོམ་དུ་མེད་པ་དང་། །སྡིག་པ་བཤག་ཏུ་མེད་པ་དང་། །ཐང་སྐུ་དགྲམ་དུ་མེད་པ་དང་། །དངོས་གྲུབ་བསྒྲུབ་དུ་མེད་པ་དང་། །ཐམས་ཅད་མཉམ་ཉིད་རྫོགས་པའོ། །འདིས་ནི་བཅུ་ལ་རྣམ་པར་བརྒྱན། །དང་པོ་གཉིས་ནི་གཅིག་ལ་དབྱེ། །དེ་འོག་གཅིག་ནི་དེ་ནས་གཉིས། །དེ་ནས་གཉིས་ཏེ་རེ་རེ་ལ། །ཡང་ནི་གཉིས་ཏེ་རེ་རེ་ལ། །རིམ་གྱིས་སྦྱར་ལ་བཤད་པར་བྱ། །སྦྱོར་བའི་གཞི་ལ་གསུམ་དུ་བཤད། །དུས་གསུམ་ཆོས་ཉིད་སྦྱོར་བ་དང་། །ཤེས་རབ་དམ་ཚིག་སྦྱོར་བ་དང་། །ཐབས་ཀྱིས་གཉིས་མེད་སྦྱོར་བའོ། །དུས་གསུམ་ཆོས་ཉིད་ཐོག་མའི་གཞི། །གནས་པ་གཞི་ཡི་གོང་ནས་བསླང་། །སྦྱོར་བ་གཉིས་པ་བཅུ་གཅིག་འོག །གཉིས་གཉིས་དག་ལ་སྦྱར་ཏེ་བཤད། །ལྡོག་པའི་ཀུན་གཞི་བདུན་དུ་བཤད། །གཏོར་མ་གཏང་དུ་མེད་པ་དང་། །འཕྲིན་ལས་བཙལ་དུ་མེད་པ་དང་། །མཚམས་ལ་བཅད་དུ་མེད་པ་དང་། །བཟླས་བརྗོད་བྱ་རུ་མེད་པ་དང་། །བལྟ་བས་ཟིན་མ་ཟིན་གྱི་ཁྱད། །རྟོགས་པ་ལུང་གི་མན་ངག་དང་། །ཆོས་ཉིད་འགྱུར་བ་མེད་པའི་གཞི། །གཞི་ལ་བཞིར་བསྟན་གཅིག་ལ་བཞི། །དེ་ནི་གཅིག་ལ་བཞི་བསྟན་གཅིག །ཐུགས་རྗེ་གཞིར་བཞག་འདི་རུ་བླང་། །ཞེས་པས་བསྟན་ཏོ། །དེ་ལྟར་མཆོག་གསང་རྨད་དུ་བྱུང་བའི་མདོ་ཆིང་ལྔ་བཅུ་རྩ་དྲུག་གིས་ཤིན་ཏུ་དཀའ་བའི་གནས་བསྟན་པ། མི་ནུབ་རྒྱལ་མཚན་གྱི་ལེའུ་མདོ་རྒྱུད་ཀུན་གྱི་རྩ་བ། ཐེག་པ་ཀུན་གྱི་ཡང་རྩེ། མན་ངག་ཀུན་གྱི་བདུད་རྩི་ཆེན་པོ་བསྟན་ཟིན་ཏོ། །ལེའུ་འདི་ནི་འཕགས་པའི་སྤྱོད་ཡུལ་ཤིན་ཏུ་རྟོགས་དཀའ་བའི་གནས་བསྟན་པའོ། །ཁོ་བོས་ནི་མཆོག་གསང་གོང་མ་ཨ་ཏི་སྙིང་པོའི་དོན་བླ་མ་དམ་པའི་དྲིན་གྱིས་མཐོང་ནས་ལེགས་པར་བཀོད་པ་ཡིན་ནོ། །དེ་ལྟར་རྒྱུ་འབྲས་ལས་འདས་པའི་མདོ་ལུང་བཅུ་དགོས་པ་དང་བཅས་པས། སེམས་ཉིད་འཕོ་འགྱུར་གྲུབ་བསལ་མེད་པ་ནམ་མཁའི་དབྱིངས་ཀྱི་རང་བཞིན་ལྟ་བུར་བཤད་པའོ། །ཞེས་པ་འདི་དག་ནི་ཀུན་མཁྱེན་བླ་མའི་བསྡུས་དོན་གྱི་ནང་གསལ་ལྟར་བཀོད་པའོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྡོ་རྗེ་སེམས་དཔའི་རང་བཞིན་མི་ནུབ་པའི་རྒྱལ་མཚན་གྱི་ལེའུ་སྟེ་སུམ་ཅུ་པའི་འགྲེལ་པའོ།། ༈ །།དོན་གསུམ་པ་མ་བཙལ་རྫོགས་པའི་ལེའུ་བཅུ་ལས། དང་པོ་སེམས་ཉིད་ཀུན་བྱེད་བྱར་མེད་ཡེ་ནས་དག་པའི་དབྱིངས་ལ་མ་བྱས་ལྷུན་གྱིས་གྲུབ་པའི་ལེའུ་སོ་གཅིག་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་སེམས་ཉིད་རྡོ་རྗེ་སེམས་དཔའི་རང་བཞིན་ནམ་མཁའ་ལྟ་བུར་ཡེ་ནས་འཕོ་འགྱུར་དང་བྲལ་བར་བཞུགས་པ་ལ་ཆེ་བའི་ཡོན་ཏན་ཐམས་ཅད་འཆར་ནུབ་མེད་པར་ལྷུན་གྱིས་གྲུབ་པས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་བྱ་རྩོལ་གང་ཡང་མེད་པར་ཡེ་སྟོང་འདུས་མ་བྱས་པའི་རང་བཞིན་ཡིན་ཞིང་། དེའི་རྩལ་ལས་ཤར་བའི་འཁོར་འདས་ཀྱི་ཆོས་སྣ་ཚོགས་སུ་སྣང་བ་འདི་དག་ཐམས་ཅད་ཀྱང་། འདི་ལྟར་སྣང་བའི་དུས་ཉིད་ནས་དོན་ལ་སྙིང་པོ་བྱང་ཆུབ་ཀྱི་སེམས་ལས་སྐད་ཅིག་ཀྱང་གཡོ་བ་མེད་པར་དེ་ཉིད་ཀྱི་ངང་དུ་ཡེ་ནས་རྫོགས་པ་ཡིན་ཕྱིར་ལྟ་སྒོམ་སྤྱོད་འབྲས་བཞི་ཡང་མ་བཙལ་ལྷུན་གྲུབ་པས་ད་གཟོད་འབད་རྩོལ་གང་ཡང་མི་དགོས་པ་ཡི་ཚུལ་འདི་གསུངས་སོ། །ཞེས་པའོ། །གཉིས་པ་ལ་བཞི་སྟེ། གཉིས་མེད་སྤྲོས་བྲལ་གྱི་ལྟ་བ། མ་བཅོས་བློ་འདས་ཀྱི་སྒོམ་པ། བླང་དོར་རྩོལ་མེད་ཀྱི་སྤྱོད་པ། མ་བཙལ་ལྷུན་གྲུབ་ཀྱི་འབྲས་བུའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འདི་ལྟར་འཁོར་འདས་ཀྱི་ཆོས་སྣ་ཚོགས་སུ་སྣང་བ་འདི་ཀུན་གྱི་རང་བཞིན་ཆོས་ཉིད་སྐྱེ་བ་མེད་པ་གནས་ལུགས་དེ་ཁོ་ན་ཉིད་ཀྱི་ངང་ན་ཐ་དད་དུ་གྲུབ་པ་མེད་པས་མི་གཉིས་ཞིང་དབྱེར་མེད་དུ་གྲུབ་ལ། འོན་ཀྱང་གང་ལས་སྣང་བའི་གཞི་ཆོས་ཀྱི་དབྱིངས་སམ་སྙིང་པོ་བྱང་ཆུབ་ཀྱི་སེམས་ཉིད་ནི་གྲུབ་པར་འགྱུར་རོ་སྙམ་ན། དེ་ཡང་བརྟགས་ཤིང་དཔྱད་ན་དམིགས་པའི་ཡུལ་དུ་ཆ་ཤས་ཕྲ་བ་ཉིད་དུའང་གྲུབ་པ་མེད་པས་ཡོད་མེད་རྟག་ཆད་ལ་སོགས་པའི་སྤྲོས་པ་ཐམས་ཅད་དང་བྲལ་བར་རྟོགས་པ་ནི་ཨ་ཏི་རྫོགས་པ་ཆེན་པོའི་དམིགས་བསམ་སྤྲོས་པ་ཀུན་ལས་འདས་པའི་ལྟ་བ་སྟེ། མདོ་བཅུ་ལས། སྣང་བའི་ཆོས་ནི་སྣ་ཚོགས་ཏེ། ཆོས་ཉིད་དག་ལ་མི་གཉིས་ཀྱང་། །སྙིང་པོ་བྱང་ཆུབ་ཆེས་གཞིག་པས། །མཚོན་དུ་མེད་དེ་སྤྲོས་དང་བྲལ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། གོང་དུ་ཇི་སྐད་བཤད་པ་དེ་ལྟ་བུའི་ལྟ་བ་ཡེ་གྲོལ་ཆེན་པོ་དམིགས་མཚན་སྤྲོས་པ་ཐམས་ཅད་དང་བྲལ་བའི་དོན་མངོན་དུ་མཐོང་བ་ན། མཚན་འཛིན་རྟོག་པའི་དྲྭ་བ་ཐམས་ཅད་ཡུལ་མེད་དུ་དེངས་ནས། དམིགས་གཏད་གང་ཡང་མེད་པས་ཚུལ་འདི་ནི་གནས་ལུགས་ཇི་བཞིན་པའོ། །ཞེས་ཆོས་ཉིད་མ་བཅོས་པའི་ངང་དུ་བསྒོམ་པར་བྱེད་པ་སོགས་རྣམ་པར་རྟོག་པའི་བློ་ཡིས་ཅིར་ཡང་མི་འཛིན་པས་གང་དུའང་རྣམ་པར་མི་རྟོག་ཀྱང་། དེ་ལྟ་བུའི་རྣལ་འབྱོར་བ་དེ་ལ་གང་སྣང་ཅི་སྤྱོད་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཤར་བས་མ་བཅོས་བློ་འདས་ཆེན་པོའི་སྒོམ་པ་ལ་ངང་གིས་གནས་པ་ཡིན་ཏེ། གཏིང་རྫོགས་ལས། ཡེ་ཤེས་ལྟ་བའི་ཤུགས་ལས་བྱུང་བས་ན། །རྣལ་འབྱོར་དམིགས་པའི་ཤེས་པས་མི་བསྒོམ་སྟེ། །རྟོག་པས་རང་སེམས་མ་སྐྱེས་ཡེ་ཤེས་ཕྱིར། །རྣམ་འབྱོར་ཆེད་དུ་བསྒོམ་པ་བརྟེན་མི་དགོས། །སེམས་དཔའ་འདུས་པའི་སྙིང་པོ་ང་ཡང་ཉོན། །ཡུལ་གྱི་སྣང་བ་སྤྱོད་ཡུལ་མ་གྲུབ་ཕྱིར། །ནམ་མཁའ་ལྟ་བུའི་ཡེ་ཤེས་རང་ཤར་བས། །རང་སེམས་ཆོས་སྐུའི་ངང་དུ་དོན་རྟོགས་པས། །རྣལ་འབྱོར་ཅི་ཡང་ཡིད་ལ་མི་བསྒོམ་ན། །ཡང་དག་ལྟ་བའི་དོན་དང་མཐུན་པ་འགྲུབ། །ཅེས་གསུངས་པ་ལྟར་རོ། །གསུམ་པ་ནི། ཕྱི་ནང་སྣོད་བཅུད་ཀྱི་རོལ་པ་སྣ་ཚོགས་སུ་སྣང་བའི་འདི་དག་ཐམས་ཅད་དོན་ལ་རང་བྱུང་ཡེ་ཤེས་ཆེན་པོ་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་ལས་རྩལ་སྣང་འགགས་མེད་ཀྱི་རྣམ་པར་འདི་ལྟར་སྣང་བར་མཛད་པ་ལས། ཆོས་འདི་དག་ཐམས་ཅད་བཟང་ངན་བླང་དོར་མེད་པར་ཡེ་ནས་རང བཞིན་གྱིས་རྣམ་པར་དག་པ་མཉམ་ཉིད་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངང་དུ་རྫོགས་ཟིན་པ་ཡིན་པས་ན་བླང་དོར་རྩོལ་སྒྲུབ་དང་བྲལ་བའི་དོན་ལ་རེ་དོགས་རྩོལ་བའི་ནད་སྤངས་ཏེ་གུ་ཡང་བློ་བདེའི་ངང་དུ་གནས་པ་འདི་ནི་རྫོགས་པ་ཆེན་པོའི་བྱར་མེད་ཤུགས་འབྱུང་གི་སྤྱོད་པ་ཡིན་ཏེ། བང་མཛོད་འཕྲུལ་ལྡེ་ལས། བཅོས་པའི་སྤྱོད་པ་མ་ཡིན་པ། །སྟོབས་ལྡན་ཤུགས་ལས་བྱུང་བ་ཡི། །དགག་བྱ་མེད་པའི་སྤྱོད་པ་སྤྱད། །རེ་དོགས་བཅས་པའི་སེམས་བྲལ་བས། །བླང་དོར་མེད་པར་ཀུན་སྤྱད་ན། །སྤྱོད་པ་གླང་ཆེན་ཆུར་ཞུགས་ཡིན། །ཅི་ལྟར་ནམ་མཁའི་མདུང་བསྐོར་བཞིན། །དཔེ་གསུམ་དོན་དང་མཐུན་སྤྱད་ན། །ཀུན་ཏུ་བཟང་པོའི་སྤྱོད་པ་ཡིན། །མཉམ་ཉིད་ངང་ནས་མི་གཡོ་ཞིང་། །ལུས་ངག་ཡིད་གསུམ་རྩོལ་སྤངས་པ། །ཤིན་ཏུ་རྣལ་འབྱོར་སྤྱོད་པ་ཡིན། །ཞེས་པ་ལྟར་རོ། །བཞི་པ་ནི། འདི་ལྟར་ཐེག་པ་འོག་མ་ལྟར་རྩོལ་སྒྲུབ་ཀྱི་སྒོ་ནས་འབྲས་བུ་ཞིག་གཟོད་ཐོབ་པར་བྱེད་དགོས་པ་ལྟ་བུ་མིན་པར་མ་བཙལ་ཡེ་གྲུབ་ཀྱི་འབྲས་བུ་ཆེན་པོ་ནི་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་རྒྱལ་བ་སྐུ་གསུམ་གྱི་ངོ་བོར་གདོད་ནས་སངས་རྒྱས་པའི་རང་བཞིན་དུ་ལྷུན་གྱིས་གྲུབ་ཅིང་བསལ་བཞག་དང་བྲལ་བར་གནས་པས་ན། ད་གསར་དུ་འབྲས་བུ་ཞིག་རེ་དོགས་རྩོལ་བསྒྲུབ་ཀྱིས་བཙལ་མི་དགོས་པ་དེས་ན་མ་བཅོས་གཉུག་མའི་ངང་དུ་བཅོས་བསྒྱུར་གང་ཡང་མི་བྱེད་པར་རང་བབས་སུ་བཞག་པ་ནི་ལྷུན་གྲུབ་རེ་དོགས་དང་བྲལ་བའི་འབྲས་བུ་ཡིན་ཏེ། བང་མཛོད་འཕྲུལ་ལྡེ་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ནི། །རྣལ་འབྱོར་དུས་ལ་མི་ལྟོས་ཏེ། །ཇིི་བཞིན་པ་ཡི་ཆོས་ཉིད་ལ། །མ་བཅོས་པ་ཡི་བློ་བཞག་སྟེ། །ཤེས་པ་སོ་མ་མ་བཅོས་པར། །འབྲས་བུ་རང་བཞག་སྐུ་གསུང་ཐུགས། །ཞེས་སོ། །ཚིག་ཕྱི་མ་བཞི་པོ་འདི་ཡི་དོན། །མདོ་བཅུ་ལས། མ་བཅོས་པ་ཡི་ཆོས་ཉིད་དུ། །ཇི་བཞིན་པ་ཞེས་མི་རྟོག་ཀྱང་། །སྣ་ཚོགས་རྣམ་པར་སྣང་མཛད་ལ། བླང་དོར་མེད་པས་ཀུན་དུ་བཟང་། །ཡེ་ནས་རྩོལ་བསྒྲུབ་འདས་པས་ན། །བྱས་ཟིན་རྩོལ་བའི་ནད་སྤངས་ཏེ། །ལྷུན་གྱིས་གནས་པས་བཞག་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་རྡོ་རྗེའི་ཚིག་དྲུག་པོ་འདི་ཉིད་མདོ་བཅུ་ལས་མན་ངག་བརྒྱད་ཀྱི་ནང་ཚན་སྤྱོད་པ་བླང་དོར་མེད་པའི་དོན་དུ་འགྲེལ་ལ། སྤྲུལ་སྐུ་དགའ་རབ་དཔའ་བོའི་སྤྱོད་པ་ཉི་ཟླ་དང་མཉམ་པའི་དཀའ་འགྲེལ་ལས། ཚིག་རྐང་དང་པོས་ལྟ་བ་གཉིས་པས་སྒོམ་པ། གསུམ་པས་སྤྱོད་པ། བཞི་པས་འབྲས་བུ། ལྔ་པས་ཐུགས་རྗེ། དྲུག་པས་གཞི་ལྷུན་གྱིས་གྲུབ་པའི་ཚུལ་རྣམས་གསུངས་པ་སོགས་འགྲེལ་ཚུལ་གཞན་དུ་ཡོད་མོད། འདིར་ཀུན་མཁྱེན་བླ་མའི་བསྡུས་དོན་ལྟར་བྱས་པ་སྟེ། འོན་ཀྱང་གང་ལྟར་འགྲེལ་ཀྱང་དགོངས་གནད་གཅིག་ཏུ་འབབ་པ་ལས་འགལ་བ་གང་ཡང་མེད་དེ་བརྗོད་བྱ་དོན་གྱི་ངོས་ནས་གཞལ་ན་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་གཅིག་གི་ངོ་བོ་ཡིན་པས་དེ་ལ་ལྡོག་ཆས་ཇི་ལྟར་བརྗོད་ཀྱང་མི་འགལ་ལ་བརྗོད་བྱེད་ཀྱི་ཚིག་གི་ཆ་ནས་རྒྱལ་བའི་བཀའ་ནི་གང་ཟག་ཕལ་པའི་ཚིག་དང་མི་འདྲ་བར་ཤིན་ཏུ་རྒྱ་ཆེ་ཞིང་དགོངས་པའི་གཏིང་ཟབ་པས་རྣམ་པ་དུ་མར་འདྲེན་དུ་ཡོད་པར་གསུངས་པའི་ཕྱིར་རོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྡོ་རྗེ་ཚིག་དྲུག་གི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའིིི་འགྲེལ་བའོ།། ༈ །།དོན་གཉིས་པ་གང་སྣང་སེམས་ཉིད་དུ་གཅིག་པས་སྤང་བླང་རྒྱུ་འབྲས་ཀྱིས་བྱ་མི་དགོས་པར་ཆོས་སྐུ་ད་ལྟར་ལྷུན་གྲུབ་ཏུ་གནས་པའི་ལེའུ་སོ་གཉིས་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། རྡོ་རྗེ་ཚིག་དྲུག་གི་ལེའུ་བྱ་རྩོལ་མེད་པར་ཡེ་རྫོགས་ལྷུན་གྲུབ་ཀྱི་ཚུལ་བསྟན་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས། རང་སྣང་འཁོར་གྱི་དང་པོ་བཀའ་ཡི་སྡུད་པ་པོར་སྣང་བས་སེམས་དཔའ་རྡོ་རྗེ་ཉིད་ལ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་བཞིན་ཆོས་ཉིད་དེ་བཞིན་ཉིད་ཀྱི་ཀློང་དུ་གདོད་ནས་ཡེ་གྲོལ་ཆེན་པོ་བློ་འདས་སྤྲོས་པ་དང་བྲལ་བ་དམིགས་མེད་མཉམ་པ་ཉིད་དུ་སངས་རྒྱས་ཟིན་པས། རྩོལ་སྒྲུབ་གང་ཡང་མ་བྱས་ཀྱང་དོན་དམ་སྐྱེ་བ་མེད་པའི་གནས་ལུགས་ཆོས་སྐུ་རང་གནས་ཀྱི་དགོངས་པ་ལ་ཉམས་པ་དང་བསྒྲིབ་པར་གྱུར་པ་སོགས་ཅི་ཡང་མེད་པར་ཡེ་ནས་ལྷུན་གྲུབ་བསལ་བཞག་དང་བྲལ་བའི་ཚུལ་དུ་གནས་པས། རྒྱུ་མཚན་དེས་ན་མ་བཅོས་མཉམ་པ་ཆེན་པོའི་ངང་ལ་རང་བབ་ཏུ་བཞག་པ་ལས་དགག་སྒྲུབ་ཀྱི་ངལ་བ་གང་ཡང་མི་དགོས་པར་སྟོན་པའི་ལུང་ངེས་དོན་བླ་ན་མེད་པ་བརྗོད་བྱེད་ཚིག་བཞིའི་རང་བཞིན་ཅན་གྱི་ལེའུ་འདི་གསུངས་སོོ། །གཉིས་པ་ལ་གསུམ་སྟེ། ཅིར་སྣང་ཆོས་ཉིད་ཀྱི་རང་བཞིན་དུ་བསྟན་པ། སྣང་དུས་འཛིན་མེད་གསལ་སྟོང་དུ་བཞག་པ། དེ་ཉིད་མི་རྟོག་ཆོས་སྐུར་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་འདི་ལྟར་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་དོན་དུ་སྣང་བ་འདི་རྣམས་ལ། ཡུལ་ཅན་སོ་སོར་རང་རིག་པའི་ཡེ་ཤེས་གང་གིས་བརྟགས་པར་བྱས་ན། ཇི་ལྟར་སྣང་བའི་དངོས་པོ་འདི་དག་ཐམས་ཅད་སྣང་བ་ལྟར་དོན་ལ་གྲུབ་པ་གང་ཡང་མེད་པར་ཆོས་ཉིད་དེ་བཞིན་ཉིད་ཀྱི་ཀློང་དུ་སྐྱེ་མེད་སྤྲོས་པ་དང་བྲལ་བ་ཆོས་སྐུའི་ཐིག་ལེ་ཉག་ཅིག་ཏུ་འུབ་ཆུབ་ཅིང་དགག་སྒྲུབ་སྤངས་བླང་དང་བྲལ་བ་ཡིན་ཏེ། །ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ན་ངོ་བོས་སྟོང་། །དེ་ཉིད་སྐྱེ་མེད་སྙིང་པོ་ཡིན། །གདོད་ནས་མ་སྐྱེས་ཚིག་ལས་འདས། །སྤྲོས་བྲལ་བརྗོད་མེད་ཁོ་ན་ཉིད། །མཐའ་བྲལ་གཉིས་མེད་དོན་དམ་ཀློང་། །དགག་བྱ་བསྒྲུབ་བྱ་རྣམ་པར་དག །ཅེས་གསུངས་སོ། །དེ་ལྟར་ན་ཆོས་ཐམས་ཅད་ནི་དེ་བཞིན་ཉིད་དུ་བསྟན་ཞིང་། དེ་བཞིན་ཉིད་ཞེས་པའི་དོན་ནི་སྔར་ལེའུ་བཅོ་ལྔ་བར་བསྟན་པ་ལྟར་གནས་ལུགས་ནོར་བ་མེད་པ་ཡེ་ནས་བཅོས་བསྒྱུར་བླང་དོར་དང་བྲལ་བའི་རང་བཞིན་བྱང་ཆུབ་སེམས་ཀྱི་ངོ་བོ་འདི་ཉིད་ཡིན་ལ། འདིའི་དོན་ཇི་བཞིན་པ་ནི་རྣམ་རྟོག་མཚན་མའི་སྤྱོད་ཡུལ་ཀུན་ལས་འདས་པའི་སྤྲོས་བྲལ་བློ་འདས་གཉུག་མའི་རང བཞིན་དུ་གསུངས་ཏེ། དེ་ཉིད་ལས། གདོད་ནས་སྙིང་པོ་བྱང་ཆུབ་ལ། བཙལ་བའི་བསམ་པས་དབྱིངས་མི་བསྐྱོད། །སྐུ་དང་ཡེ་ཤེས་ཚིག་ལས་གྲོལ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །སྙིང་པོ་ཀློང་ནས་གྲོལ་བ་ལ། །མངོན་སུམ་རྗེས་དཔག་ལོག་པར་རྟོགས། །རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ། །ཅི་སྟེ་བྱ་བཙལ་བྲལ་བའི་ཕྱིར། །སྐྱེས་པ་སྐྱེ་མེད་བློ་ལས་འདས། །སྒྲ་དང་ཚིག་གི་མཐའ་ལས་གྲོལ། །སྟོང་པ་ཡེ་ཤེས་སྙིང་པོར་ཤར། །ཞེས་གསུངས་པ་ལྟར་གནས་ལུགས་ཡེ་སངས་རྒྱས་པ་བཙལ་ཞིང་བསྒྲུབ་ཏུ་མེད་པའི་རང་བཞིན་སྨྲ་བསམ་བརྗོད་པ་དང་བྲལ་བར་རྟོགས་པ་འདི་ལས་གཞན་པའི་ལྟ་བ་ཞིག་མེད་པས་ཚིག་གཅིག་པོ་འདིས་ཀྱང་རྫོགས་པ་ཆེན་པོའི་ལྟ་བ་བསལ་བཞག་དག་བྲལ་བའི་དོན་བསྟན་པ་ཡིན་ནོ། །གཉིས་པ་ནི། གོང་དུ་བསྟན་པ་དེ་ལྟ་བུའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྟོང་ཆེན་དེ་བཞིན་ཉིད་ཀྱི་ཀློང་དུ་ཆོས་ཐམས་ཅད་གདོད་ནས་ཡེ་སངས་རྒྱས་པའི་ངོ་བོར་གྲོལ་ཟིན་པ་ཡིན་ཕྱིར། གསར་དུ་སྒོམ་སྒྲུབ་རྩོལ་བ་ལ་ཞེན་པས་བླང་དོར་བཅོས་བསྒྱུར་བྱེད་པ་ལ་དགོས་པ་གང་ཡང་མེད་པས་བྱར་མེད་ལྷུན་གྲུབ་ཆེན་པོའི་དོན་འདི་ལ། གང་ཟག་སུ་ཡང་རེ་དོགས་སྤང་བླང་དུ་ཞེན་པས་རྨིག་སྒྱུ་ལ་ཆུ་རག་བྱེད་པ་ལྟར་འཆོས་པར་མ་བྱེད་པར་འཛིན་མེད་གསལ་སྟོང་གྱི་ངང་དུ་ཞེན་མེད་རང་བབ་ལ་ཞོག་ཅིག་ཅེས་གདམས་ཏེ། དེ་ཅིའི་ཕྱིར་ན་བླང་དོར་དགག་སྒྲུབ་ཏུ་བལྟས་ནས་བཅོས་བསྒྱུར་བྱས་པས་ཅི་ཡང་མི་འགྲུབ་པར་མ་བཅོས་མཉམ་པ་ཉིད་ཀྱི་དགོངས་པས་འགྲུབ་པའི་ཕྱིར་ཏེ། བང་མཛོད་འཕྲུལ་ལྡེ་ལས། བྱར་མེད་བྱང་ཆུབ་ཆེན་པོ་དེ། །བཅོས་པས་འགྲུབ་པ་མ་ཡིན་ཏེ། །མ་བཅོས་རྣལ་དུ་བཞག་པས་གྲུབ། །སྔར་འདས་སངས་རྒྱས་ཐམས་ཅད་ཀྱིས། །ཇི་བཞིན་པ་ལ་བཅོས་མ་བྱས། །ད་ལྟའི་སངས་རྒྱས་ཐམས་ཅད་ཀྱང་། །ཇི་བཞིན་པ་ལ་བཅོས་མི་མཛད། །མ་འོང་སངས་རྒྱས་ཐམས་ཅད་ཀྱང་། །ཇི་བཞིན་པ་ལ་བཅོས་མི་འགྱུར། །གསང་བའི་བདག་པོ་ང་ཡིས་ཀྱང་། །ཇི་བཞིན་པ་ལ་བཅོས་མ་མྱོང་། །སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཀྱང་། །ཇི་བཞིན་པ་ལ་བཅོས་མ་བྱེད། །ཅེས་དང་། གཏིང་རྫོགས་ལས། མེད་པ་རྩོལ་བ་རྒྱ་མཚོའི་ཆུ་བོར་ནས། །སྨིག་རྒྱུ་རི་དྭགས་ཆུར་མཐོང་བསྙེགས་པ་བཞིན། །བསྒོམ་མེད་དོན་ཉིད་བོར་ནས་སུས་བསྒོམ་པ། །བྱང་ཆུབ་མེད་པར་རང་གི་སྡུག་བསྔལ་བསྣོན། །ཞེས་སོ། །འདིས་ནི་བསྒོམ་མེད་བསྒོམ་པ་ཆེན་པོའམ་རྫོགས་ཆེན་ཡེ་བབས་སོར་བཞག་གི་དགོངས་པ་བསྟན་པ་ཡིན་ཏེ། འདི་ལ་རྣམ་རྟོག་གི་མཚན་མ་རྡུལ་ཙམ་མི་དམིགས་པས་བསྒོམ་རྒྱུ་དང་བསྒྲུབ་རྒྱུ་སྤུ་ཙམ་མེད་ཀྱང་གང་ཤར་ཆོས་ཉིད་དུ་གྲོལ་ཏེ་རྣམ་རྟོག་བསྒོམ་དུ་ཤར་བ་ཡིན་པས་བསྒོམ་བྱ་སྒོམ་བྱེད་ཀྱི་བློ་དང་བྲལ་བ་ཡིན་པར་གསུངས་ཏེ། རྒྱ་མཚོ་རྙོག་པ་མེད་པའི་རྒྱུད་ལས། །ཀུན་གཞི་སྐྱེ་མེད་སྙིང་པོ་ལ། །བསྒོམ་དང་མི་བསྒོམ་རྟོག་ལས་འདས། །རྟོགས་འདས་དོན་གྱི་ཡེ་ཤེས་ལ། །བསྒོམ་བྱ་ཆོས་ཉིད་གུད་ནས་མེད། །བསྒོམ་པ་མིང་དུ་བཏགས་པས་ནོར །ཅི་ཕྱིར་བརྗོད་པ་ཀུན་དང་བྲལ། །རྣམ་རྟོག་གཉེན་པོར་མི་རྟོག་བསྒོམ། །དེ་ཀ་རྟོག་པ་ཆེན་པོ་ཡིན། །རྟོག་པའི་མཚན་མ་ཅི་སྐྱེས་ཀྱང་། །དེ་ཉིད་ཆོས་ཉིད་ཡིན་ཤེས་ན། །དུག་ལ་སྨན་དུ་ཤེས་པ་བཞིན། །ཆོས་ཉིད་གཞན་ནས་བཙལ་མི་དགོས། །གསལ་ལ་རྟོག་མེད་ཏིང་འཛིན་ལ། །བསྒོམ་བྱ་སྒོམ་བྱེད་གཉིས་མེད་ངང་། །ཞེས་གསུངས་སོ། །གསུམ་པ་ནི། དེ་ལྟར་དགག་སྒྲུབ་སྤང་བླང་གི་རྩོལ་བས་མ་བཅོས་པར་བཞག་ན། གང་སྣང་ཅི་ཤར་ཐམས་ཅད་བཟང་ངན་བླང་དོར་མེད་པར་ཆོས་ཉིད་མཉམ་པའི་དབྱིངས་སུ་རང་གྲོལ་ལ་སོང་སྟེ་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ཀྱི་ངང་ལས་སྐད་ཅིག་ཀྱང་འདའ་བ་མེད་པས། དེ་ལྟར་བཅོས་བསྒྱུར་སྤང་བླང་དང་བྲལ་བར་གནས་པའི་གང་ཟག་སྐལ་བ་དང་ལྡན་པ་དེ་ལ་ནི། འོད་གསལ་རྫོགས་པ་ཆེན་པོའི་བསྟན་བྱ་མཐར་ཐུག་པ་རེ་དོགས་འབད་རྩོལ་དང་བྲལ་བའི་གཤིས་ལུགས་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་དང་བྲལ་བས་མི་རྟོག་མཉམ་པ་ཉིད་ཀྱི་རང་བཞིན་ཀུན་བཟང་ཆོས་སྐུའི་དགོངས་པ་ཅི་བཞིན་པ་ཉིད་མ་བཙལ་ལྷུན་གྱིས་གྲུབ་པ་ཡིན་པས་དེ་ལྟ་བུའི་དགོངས་པ་ལ་ངང་གིས་གནས་པ་ཡིན་ནོ། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་ལས། མི་རྟོག་ཀློང་ཡངས་ཆོས་སྐུ་དེ། །བལྟས་པས་མི་མཐོང་བཞག་པས་གསལ། །ཐམས་ཅད་ཀུན་ལ་གསལ་བའི་ཕྱིར། །འཆར་ནུབ་མེད་པར་གདོད་ནས་གནས། །ཐམས་ཅད་ཀུན་ལ་ཁྱབ་པའི་ཕྱིར། །ལྷུན་གྱིས་གྲུབ་པར་ཡེ་ནས་གནས། །གང་ལ་རྟོག་པ་མེད་པའི་ཕྱིར། །མཚན་མའི་ཆོས་ལས་ཡེ་ནས་འདས། །ཞེས་གསུངས་ཞིང་། དེ་ལྟར་ཆོས་སྐུའི་དགོངས་པ་མངོན་དུ་གྱུར་པ་དེའི་ཚེ་ན་གཟུགས་སྐུ་གཉིས་ཀྱང་ཉི་མ་དང་ཟེར་བཞིན་དུ་མ་བཙལ་ལྷུན་གྱིས་གྲུབ་པ་ཡིན་པས་སྐུ་གསུམ་འདུ་འབྲལ་མེད་པའི་ས་ལ་ད་ལྟ་ཉིད་དུ་གནས་པ་ཡིན་ཏེ། དེ་ཉིད་ལས། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །མེད་ལས་ཅིར་ཡང་འབྱུང་བས་ན། །སྤྲུལ་པའི་སྐུ་ཞེས་གྲགས་པ་ཡིན། །ཉིད་ལ་ཉིད་ཀྱི་ལོངས་སྤྱོད་མཛད། །ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ། །དེ་ལས་དངོས་གཞི་མེད་པའི་ཕྱིར། །ཆོས་ཀྱི་སྐུ་ཞེས་བཏགས་པ་ཡིན། །འབྲས་བུ་སྐུ་གསུམ་ལྷུན་གྲུབ་པས། །དབྱེར་མེད་གཅིག་གི་ཀློང་དུ་བསྟན། །ཅེས་གསུངས་པ་བཞིན་ནོ། །ཚིག་རྐང་བཞི་པོ་འདིས་ནི་གདེང་ཆེན་པོ་གསུམ་ཡང་བསྟན་ཏེ། དེ་ཡང་གང་ཞེ་ན། ངང་དང་རང་བཞིན་དང་། བདག་ཉིད་ཆེན་པོ་གསུམ་སྟེ། ཚིག་དང་པོས་སྔ་མ་གཉིས་བསྟན་ཏེ་ཇི་ལྟར་སྣང་བ་ཞེས་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་བསྟན་ལ། དེ་བཞིན་ཉིད་དུ་གཅིག་ཅེས་པས་ཆོས་དེ་དག་ཐམས་ཅད་རྣམ་པ་བཟང་ངན་ཇི་ལྟར་སྣང་ཡང་རང་བཞིན་ཐ་དད་མེད་པར་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་ཚུལ་གཅིག་པར་གསུངས་པས་ངང་བསྟན་པ་དང་། དེ་ལྟ་བུའི་གནས་ལུགས་དེ་ལ་བཅོས་བསྒྱུར་ཅི་ཡང་མ་བྱས་པར་བཞག་པས་མ་བཅོས་མཉམ་པའི་རྒྱལ་པོ་རིག་པ་བྱང་ཆུབ་ཀྱི་སེམས་སུ་ཆོས་ཐམས་ཅད་མི་རྟོགས་ཆོས་སྐུའི་དགོངས་པ་གཅིག་ཏུ་ལྷུན་གྱིས་གྲུབ་པ་ཡིན་པས་ཚིག་རྐང་ཕྱི་མ་གསུམ་གྱིས་བདག་ཉིད་ཆེན་པོ་བསྟན་པའོ། །ཡང་ན་ཀུན་མཁྱེན་རོང་ཟོམ་ཆེན་པོས། གདེང་ཆེན་པོ་གསུམ་ནི། ཐིག་ལེ་ཆེན་པོ་དྲུག་མན་ངག་ཏུ་བསྡུས་པ་ཡིན་ཏེ། གསུམ་གང་ཞེ་ན། ངང་དང་། རང་བཞིན། བདག་ཉིད་ཆེན་པོའོ། །དེ་ལ་ངང་མ་བྱས་པ། རང་བཞིན་མ་བཅོས་པ། བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ་པའོ། །དེ་ལ་མ་བྱས་པ་ནི་སེམས་ཅན་གྱི་འཁྲུལ་པས་ཇི་ལྟར་བསླང་ཀྱང་། སེམས་ཀྱི་རང་བཞིན་གཞན་དུ་འགྱུར་བ་མེད་པའོ། །མ་བཅོས་པ་ནི་རྒྱལ་བ་རྣམས་ཀྱི་ཐབས་ཀྱིས་ཇི་ལྟར་བཅོས་ཀྱང་བྱང་ཆུབ་སེམས་ཀྱི་ཡོན་ཏན་བོགས་དབྱུང་དུ་མེད་པའོ། །ལྷུན་གྱིས་གྲུབ་པ་ནི་དེ་ལྟ་བས་ན་བགྲོད་ཅིང་སྦྱོང་བ་ལས་འདས་པའོ། །དོན་འདིས་ཀྱང་རྫོགས་པ་ཆེན་པོའི་དོན་མཐའ་དག་བསྡུས་སོ། །ཞེས་གསུངས་པ་ལྟར་ངེས་པ་ཚིག་བཞིའི་ལེའུ་འདིས་ཀྱང་ཚུལ་དེ་དག་ཇི་བཞིན་ཉིད་དུ་བསྟན་པའོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ངེས་པ་ཚིག་བཞིའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའི་འགྲེལ་བའོ།། ༈ །།དོན་གསུམ་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་མདོ་རྒྱུད་ཀུན་གྱི་རྩ་བ་ཡིན་པས་ལུང་གཞན་ནས་བཙལ་མི་དགོས་པར་ཡེ་ནས་རྫོགས་པའི་ལེའུ་སོ་གསུམ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་ཆོས་ཐམས་ཅད་རྟོག་མེད་མཉམ་པ་ཉིད་དུ་མ་བཅོས་རང་བབས་སུ་བཞག་པས་རྟོག་བྲལ་ཆོས་སྐུའི་དགོངས་པ་ལ་ངང་གིས་གནས་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས། ཉིད་ལས་བྱུང་བའི་ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་མ་ནོར་བར་རིག་ཅིང་མཁྱེན་པའི་ཡེ་ཤེས་ཀྱི་རྩལ་སྣང་བཀའ་ཡི་སྡུད་པ་པོར་སྣང་བ་སེམས་དཔའ་རྡོ་རྗེ་ཞེས་བྱ་བ། དེ་ཡང་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཇི་བཞིན་པ་རིག་པར་བྱེད་པའི་རྒྱལ་པོ་ཞེས་ཡུལ་སོ་སོ་པ་རིག་པར་བྱེད་པ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྟ་བུའི་ཉི་ཚེ་བ་མིན་པར། ཆོས་ཐམས་ཅད་ཡུལ་མེད་རང་གསལ་གྱི་ངོ་བོར་མཁྱེན་པས་རིག་པའི་ཡེ་ཤེས་ལ་རྒྱལ་པོའི་མིང་གི་སྨོས་པ་སྟེ། དེ་ལྟ་བུའི་རང་བྱུང་གི་ཡེ་ཤེས་ཀྱི་ངོ་བོ་སེམས་དཔའ་རྡོ་རྗེ་དེ་ལ་སྟོན་པ་ཀུན་བྱེད་ཉིད་ཀྱི་རང་བཞིན་བློའི་སྤྱོད་ཡུལ་དུ་མ་གྱུར་པས་ཤིན་ཏུ་རྟོགས་པར་དཀའ་བ་འདི་བསྟན་ཏོ། །གཉིས་པ་ལ་བཞི་སྟེ། སྟོན་པས་དྲིས་པ། འཁོར་གྱིས་ལན་ཞུས་པ། དགྱེས་ཏེ་མཚན་བཏགས་པས་སྒྲ་བཞིའི་དོན་ཇི་ལྟར་རིག་གི་དྲིལ་ལན་དང་། དོན་གྱི་སྒྲ་བཞི་རིག་པའི་རྟོགས་པ་ཕུལ་བ་དགྱེས་ཏེ་མཚན་བཏགས་པས་སྒྲ་དོན་ཤན་སྦྱར་བ། འཁོར་གྱིས་སྐུ་གསུམ་གྱིས་བསྟན་པའི་ཆོས་རྣམས་ཇི་ལྟར་རིག་དྲིས་པ། ལྡེམ་པོར་དང་། དྲང་ལུང་ཡིན་པར་ལན་ཞུས་པས་དྲང་དོན་གྱི་དྲིས་ལན་དང་། སེམས་ཉིད་ཇི་བཞིན་པ་བཅོས་བསླད་མེད་པ་ཉིད་ངེས་པའི་དོན་ཡིན་པས་ཡོན་ཏན་ལྷུན་གྱིས་གྲུབ་པ་དང་། རྣལ་དོན་སྒྲོ་སྐུར་བྲལ་བའི་དེ་བཞིན་ཉིད་ལས་གཞན་དུ་སྟོན་པ་དྲང་དོན་ཡིན་པར་གསུངས་པས་ངེས་དོན་སྙིང་པོའི་རང་བཞིན་བཤད་པའོ། །དང་པོ་ལ་གསུམ་ལས། དང་པོ་སྟོན་པས་དྲིས་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཡིད་ཀྱི་དབང་པོ་ལ་བརྟེན་ནས་སེམས་ཀྱིས་ཆོས་ཀྱི་དབྱིངས་ལ་སོགས་པ་འཆད་འགྱུར་གྱི་སྒྲ་ཚིག་བཞི་པོའི་དོན་ལ་རྟོགས་པར་གྱིས་ཤིག །དེ་ལྟར་བརྟགས་ནས་སྒྲ་ཚིག་བཞི་པོ་དེ་ཡིས་བརྗོད་བྱའི་དོན་དེ་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་། རིག་པར་བྱོས་ཤིག་ཅེས་ཚིག་སྔ་མས་བརྗོད་བྱེད་ཀྱི་ཚིག་ལ་བརྟགས་པ་དང་ཕྱི་མས་བརྗོད་བྱའི་དོན་རྟོགས་པར་གྱིས་ཤིག་པར་གདམས་པའོ། །དེ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་གྱི་གང་དུ་གནས་པའི་ཡུལ་དུ་གྱུར་པ་ནི་ཆོས་ཀྱི་དབྱིངས་ཉིད་ཡིན་ན། ཆོས་ཀྱི་དབྱིངས་ཞེས་པ་དེ་ཉིད་ཀྱི་སྒྲ་དོན་ནི་སེམས་དཔའ་རྡོ་རྗེ་ཉིད་ཀྱིས་ཇི་ལྟར་རིག་པར་བྱེད། སངས་རྒྱས་དང་སེམས་ཅན་ཀུན་གྱི་ལྟ་བའི་ཡུལ་ནི་ཕྱི་ནང་བར་མེད་ཆེན་པོ་སྒྲིབ་བྲལ་ཟང་མ་ཐལ་བྱུང་སྟོང་གསལ་འདུས་མ་བྱས་པའི་རང་བཞིན་ཅན་གྱི་ནམ་མཁའི་ཁམས་འདི་ཉིད་ཡིན་ན། དེ་ལ་ནམ་མཁའི་ཁམས་ཞེས་པའི་སྒྲ་ཡིས་བརྗོད་པའི་དོན་དེ་ཚུལ་ཇི་ལྟར་རིག་པར་བྱེད་པ་དང་། ཀུན་གྱི་དབང་པོ་ལ་མངོན་སུམ་ཉིད་དུ་གསལ་ཞིང་སྣང་བ་ནི་ས་ཆུ་ལ་སོགས་པ་འབྱུང་བ་ལྔ་པ་འདི་ཉིད་ཡིན་ན། འབྱུང་བ་ལྔ་པོ་མངོན་དུ་སྣང་བའི་དོན་ནི་ཇི་ལྟར་རིག་པར་བྱེད་པ་དང་། འབྱུང་བ་དེ་ལས་བྱུང་བའི་འབྱུང་འགྱུར་འབྲས་བུའི་ཆོས་ནི་ཁམས་གསུམ་གྱིས་བསྡུས་པའི་སེམས་ཅན་འདི་རྣམས་ཐམས་ཅད་ཡིན་ན། སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ནི་སེམས་ཅན་ཞེས་བྱ་བ་དེ་ཡི་སྒྲ་དོན་ནི་ཇི་ལྟར་ཡིན་པ་རིག་པར་བྱེད་པའི་ཚུལ་ཉིད་ཀྱིས་རྟོགས་སམ། འོན་ཏེ་ཇི་བཞིན་པར་རྟོགས་པ་མེད་ན་རིག་པའི་རྒྱལ་པོས་སེམས་དཔའ་ཉིད་ཀྱི་རང་བཞིན་ཇི་བཞིན་པ་རྟོགས་པར་བྱ་བའི་ཕྱིར་དུ་སྟོན་པ་ཀུན་བྱེད་ང་ཡིས་ལེགས་པར་བསྟན་གྱིས་སེམས་དཔའ་རྡོ་རྗེ་ཉིད་ཀྱིས་ཇི་ལྟར་བསྟན་པའི་དོན་དེ་ལ་ཉོན་ཅིག །ཞེས་གསུངས་སོ། །གཉིས་པ་འཁོར་གྱིས་ལན་ཞུས་པ་ནི། དེ་ནས་སེམས་དཔའ་རྡོ་རྗེ་ཉིད་ཀྱིས་གོང་དུ་བསྟན་པའི་སྒྲ་བཞིས་དོན་ཇི་ལྟར་རིག་པའི་ཚུལ་ཞུས་པ་ནི་ཇི་ལྟར་ན། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས་སྟོན་པ་ཁྱོད་ཀྱི་རང་བཞིན་གཅིག་ལ་ལྡོག་པས་དབྱེ་བ་བྱས་པ་ཤིན་ཏུ་རྟོགས་པར་དཀའ་བ་རྣམ་པ་བཞི་བསྟན་པའི་སྒྲ་དེ་རྣམས་ལ་བརྟེན་པ་ཡིས་སེམས་དཔའ་རྡོ་རྗེ་བདག་གིས་ཇི་ལྟར་རྟོགས་པའི་དོན་ནི་འདི་ལྟར། ཆོས་ཀྱི་དབྱིངས་སྤྲོས་བྲལ་སྟོང་པ་ཉིད་ཀྱི་སྒྲ་ཡིས་ནི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཆོས་དབྱིངས་སྤྲོས་མཐའ་ཐམས་ཅད་དང་བྲལ་བ་དེས། འཁོར་འདས་སྣང་སྲིད་ཀྱི་ཆོས་ཀུན་ལ་ཁྱབ་ཅིང་། དབྱིངས་སྐྱེ་བ་མེད་པ་གཅིག་གི་རང་བཞིན་དུ་དབྱེར་མེད་པས་འབྱེད་པ་མེད་པར་རྟོགས་ལ། ཀུན་གྱི་བལྟ་ཡུལ་ནམ་མཁའི་ཁམས་ཞེས་པའི་སྒྲ་ཡིས་ནི་འདི་ལྟར་དབང་པོ་དྲུག་གི་ཡུལ་དུ་སྣང་བའི་ཆོས་ཐམས་ཅད་ཀྱི་རང་བཞིན་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་པ་དང་། བྱང་ཆུབ་ཀྱི་སེམས་དེ་གཟུང་འཛིན་མཚན་མའི་ཆོས་ཀྱིས་ཡེ་ནས་མ་བསྒྲིབ་པར་སྟོང་གསལ་འཕོ་འགྱུར་དང་བྲལ་བར་གནས་པ་ཡིན་པས་འདི་ལྟར་སྣང་བའི་དངོས་པོ་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྟོང་གསལ་འདུས་མ་བྱས་པ་ནམ་མཁའ་ལྟ་བུའི་རང བཞིན་དུ་རྟོགས་ལ། འབྱུང་བའི་སྒྲ་ཡིས་ནི་ཐམས་ཅད་བསྐྱེད་པའི་འབྱུང་བ་ཆེན་པོ་ལྔ་ཡང་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་པས་རིག་པ་རང་བྱུང་གི་ཡེ་ཤེས་འདི་ཉིད་ཆོས་རྣམས་མ་ལུས་པ་ཀུན་གྱི་འབྱུང་གནས་སུ་གྱུར་པའི་སྙིང་པོ་ཡིན་པར་རྟོགས་པ་ཡིན་ཏེ། མདོ་བཅུ་ལས། སྣང་ཆོས་རྒྱུ་ནི་འབྱུང་ཆེན་ལྔ། །འབྱུང་ལྔ་རྒྱུ་ནི་བྱང་ཆུབ་སེམས། །སེམས་ཀྱིས་ཆོས་རྣམས་སྣང་བར་བྱེད། །སེམས་མི་སྣང་ལ་ཆོས་མི་སྣང་། །ཞེས་པ་ལྟར་ལ། ཁམས་གསུམ་གྱི་སེམས་ཅན་ཞེས་པའི་སྒྲ་ཡི་ནི་འགྲོ་བ་ཁམས་གསུམ་པོ་དེས་བསྡུས་པ་ཐམས་ཅད་སེམས་ཀྱིས་ཟིན་པའི་རང་བཞིན་ཅན་ཤ་སྟག་ཡིན་ལ། སེམས་ནི་ཇི་སྐད་དུ། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་གསུངས་པ་ལྟར་ཡེ་ནས་རང་བཞིན་གྱིས་འོད་གསལ་བ་རིག་པ་བྱང་ཆུབ་སེམས་ཀྱི་སྒྲ་དོན་དེ་ཡིན་པར་རིག་ཅིང་རྟོགས་པར་བྱེད་དོ། །དེ་ལྟར་སྒྲ་བཞིའི་དོན་དེ་ཡང་དག་པར་རིག་ཅིང་རྟོགས་པས་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ཡིན་ལུགས་ཤིན་ཏུ་རྟོགས་དཀའ་བ་ཡི་དོན་དེ་རིག་ཅིང་རྟོགས་པ་ཡིན་ཏེ། ཅིའི་ཕྱིར་ན་སྒྲ་བཞིའི་དོན་དེ་ཀུན་བྱེད་ཉིད་ལས་གཞན་པའི་ཆོས་ཞིག་ཡོད་དོ་ཞེས་བསྟན་པ་མེད་པའི་ཕྱིར་རོ། །ཅེས་གསུངས་སོ། །གསུམ་པ་དགྱེས་ཏེ་མཆན་བཏགས་པ་ནི། འཁོར་གྱིས་སྒྲ་བཞིའི་དོན་ཇི་ལྟར་རྟོགས་པའི་དོན་ཇི་ལྟར་ཞུས་པ་དེ་ནས་སྟོན་པ་ཀུན་བྱེད་རྒྱལ་པོས་རིག་པའི་རྒྱལ་པོ་སེམས་དཔའ་རྡོ་རྗེ་ལ་སླར་གསུངས་པ། དེ་ལྟར་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཀུན་བྱེད་ང་ཡི་རང་བཞིན་ཤིན་ཏུ་རྟོགས་པར་དཀའ་བ་སྒྲ་བཞིའི་དོན་འདི་རིག་ཅིང་རྟོགས་པར་གྱུར་ན་ཆོས་རྣམས་ཐམས་ཅད་ཀྱིས་མདོ་རྩ་གཅིག་ཏུ་འདུས་པ་བྱང་ཆུབ་ཀྱི་སེམས་དང་། ཆོས་ཉིད་དེ་ཡི་རྩལ་ལས་ཤར་བའི་ཡན་ལག་འཁོར་འདས་སུ་སྣང་བ་ཀུན་གྱི་རང་བཞིན་རིག་པ་ཡིན་པའི་ཕྱིར་ན། རྒྱུ་མཚན་དེ་དག་གིས་སེམས་དཔའ་རྡོ་རྗེ་ཁྱོད་ལ་ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་བཞིན་པ་རིག་པའི་རྒྱལ་པོ་ཞེས་སུ་དོན་དང་མཐུན་པའི་མཚན་ཡང་བཏགས་པ་ཡིན་ནོ་ཞེས་སོ། །གཉིས་པ་ལ་ཡང་གསུམ་ལས། དང་པོ་སྒྲ་བཞི་རིག་པའི་རྟོགས་པ་ཕུལ་བ་ལ་དགྱེས་ཏེ་མཚན་གྱི་སྒྲ་དོན་སྦྱར་བ་ནི། སླར་ཡང་སེམས་དཔའ་རྡོ་རྗེས་རྟོགས་པ་འདི་ལྟར་དུ་ཕུལ་ཏེ། ཀྱེ་ཆོས་རྣམས་མ་ལུས་པ་ཀུན་བྱེད་པའི་རྒྱལ་པོ་སྟོན་པ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཁྱོད་ཀྱི་རང་བཞིན་གང་ཞིག །འདི་ལྟར་སྣང་བའི་ཆོས་འཁོར་འདས་སུ་སྣང་བ་ཐམས་ཅད་ཀྱི་ཆོས་ཉིད་འདུས་མ་བྱས་པ་རིག་པ་རང་བྱུང་གི་ཡེ་ཤེས་འདི་ལ་མིང་གི་དབྱེ་བ་བཞི་རུ་གསུངས་པ། སེམས་ཉིད་གདོད་ནས་སྐྱེ་བ་མེད་པ་དང་། ཡེ་ཤེས་གསལ་ལ་འགགས་པ་མེད་པ་དང་། ཆོས་ཉིད་ཀུན་གྱི་འབྱུང་གནས་སུ་གྱུར་བ་དང་། རིག་པ་ཡུལ་ལ་སོ་སོར་རྟོགས་པ་སྟེ། རྣམ་པ་བཞི་རུ་གསུངས་པ་དེ་ཡིས་དོན་ནམ་རང་བཞིན་ནི་སེམས་དཔའ་རྡོ་རྗེ་བདག་གིས་འདི་ལྟར་དུ་མཐོང་སྟེ། དེ་ལས་སེམས་ཉིད་ཀུན་གྱི་འབྱུང་གནས་སུ་གྱུར་པ་དབྱིངས་སྤྲོས་པ་དང་བྲལ་བའི་སྒྲ་ནི་བྱང་ཆུབ་སེམས་ཀྱི་ཆོས་ཉིད་གདོད་ནས་སྐྱེ་བ་མེད་པ་མཚོན་པར་བྱེད་པའི་སྒྲ་དང་། སེམས་ཉིད་རང་བྱུང་གི་ཡེ་ཤེས་སྟོང་གསལ་བསྒྲིབ་གཡོག་དང་བྲལ་བས་མ་བསྒྲིབ་པར་གསལ་བའི་སྒྲ་ནི་ནམ་མཁའི་ཁམས་ཞེས་པའི་སྒྲ་དེས་མཚོན་པ་དང་། སེམས་ཀྱི་ཆོས་ཉིད་རང་བྱུང་འདུས་མ་བྱས་པའི་ངོོ་བོ་དེ་འཁོར་འདས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་ཀུན་གྱི་སྙིང་པོ་གྱུར་པ་ནི་འབྱུང་བའི་སྒྲ་ཡིས་བསྟན་ལ། རིག་པ་སོ་སོར་རྟོགས་པའི་ཡེ་ཤེས་མ་འགགས་པ་ནི་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་སེམས་ཞེས་པའི་སྒྲ་ཡིས་བསྟན་པ་སྟེ། དེས་ནི་སྒྲ་བཞི་བསྟན་པའི་དོན་དེ་ཐམས་ཅད་རང་གི་སེམས་ཀྱི་རང་བཞིན་སྙིང་པོ་བྱང་ཆུབ་ཀྱི་སེམས་འདི་ལས་ནི་གཞན་ཞིག་མེད་དེ། ཅིའི་ཕྱིར་ན་སྒྲ་བཞིའི་བསྟན་པའི་དོན་དེ་དག་སྟོན་པ་ཀུན་བྱེད་རྒྱལ་པོའི་རང་བཞིན་དུ་གསུངས་ལ། ཀུན་བྱེད་རྒྱལ་པོ་ནི་རང་གི་སེམས་ཉིད་ལས་གཞན་དུ་མེད་དོ། །ཅེས་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ཉིད་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ནས་སྟོན་པ་ཀུན་བྱེད་རྒྱལ་པོས་སླར་གསུངས་པ། ཀྱེེ་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཀུན་བྱེད་ང་ཡི་རང་བཞིན་སྒྲ་བཞིའི་དོན་དེ་དེ་ལྟར་རིག་པར་གྱུར་ན། ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་མ་ནོར་བ་རིག་ཅིང་རྟོགས་པ་ཡིན་ལ། དེ་ལྟར་ཀུན་བྱེད་ང་ཡི་རང་བཞིན་རིག་པ་དེ་ནི་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་རིག་པ་ཡིན་པ་དང་། ཆོས་ཉིད་དེའི་ངོ་བོ་ཕྱི་ནང་སྣང་སྲིད་ཀྱི་ཆོས་ཀུན་རིག་པ་ཡིན་པས། དེ་ལྟར་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རིག་པ་དེས་ན། སེམས་དཔའ་ཆེན་པོ་རྡོ་རྗེ་འཛིན་པ་ཁྱོད་ཀྱི་མཚན་ལ་ནི་རིག་པའི་རྒྱལ་པོ་ཞེས་སུ་མིང་བཏགས་སོ། །ཞེས་མིག་གིས་གཟུགས་རིག་པ་ལྟ་བུའི་རིས་ཆད་ཅན་མ་ཡིན་པར་ཆོས་ཐམས་ཅད་ཆོས་ཉིད་རང་གསལ་གྱི་ངོ་བོར་མ་འདྲེས་ཡོངས་རྫོགས་སུ་རིག་པ་ཡིན་པས་ན་རིག་པ་ཀུན་གྱི་ནང་ནས་མཆོག་གམ་རྒྱལ་པོར་བསྟན་པའོ། །གཉིས་པ་སྐུ་གསུམ་གྱི་བསྟན་པ་ཇི་ལྟར་རིག་དྲིས་པ་ནི། ཀྱེ་རིག་པའི་རྒྱལ་པོས་སྟོན་པ་ཀུན་བྱེད་ང་ཡི་རང་བཞིན་སྒྲ་བཞིའི་དོན་ནི་དེ་ལྟར་རིག་པར་གྱུར་པ་ཡིན་ན། འོ་ན་ཀུན་བྱེད་ང་ལས་བྱུང་བའི་འཁོར་གྱི་སྟོན་པ་སྐུ་གསུམ་གྱིས་རང་རང་གི་གདུལ་བྱར་གྱུར་པའི་འཁོར་རྣམས་ཀྱི་བློ་དང་འཚམས་པར་བསྟན་པའི་ཐེག་པ་རྣམ་པ་གསུམ་མངོན་དུ་བྱུང་ནས། རྒྱུ་ཚོགས་གཉིས་བསགས་པ་སོགས་ལས་འབྲས་བུ་སྐུ་གཉིས་འབྱུང་བར་འདོད་པའམ་རྒྱུ་སེམས་ཅན་གྱི་གནས་སྐབས་ལས་འབྲས་བུ་སངས་རྒྱས་ཉིད་འབྱུང་བར་འདོད་པ་ཡི་ཕྱི་ནང་གསང་བའི་ཐེག་པ་གསུམ་གྱིས་ནི་རང་རང་གིས་བསྒྲུབ་པར་བྱ་བའི་ལས་ནི་ཐེག་པ་སོ་སོའི་ལྟ་བ་དང་སྒོམས་པ་སྤྱོད་པ་ལ་སོགས་པ་སྣ་ཚོགས་ཀྱིས་བསྒྲུབ་པའི་འབྲས་བུ་གསུམ་ནི་གང་དང་གང་ཞིག་སྒྲུབ་པར་བྱེད་པ་རིག་པའི་རྒྱལ་པོས་ཆོས་དེ་ཇི་ལྟར་རིག་པར་གྱུར་ཅེས་གསུངས་སོ། །གསུམ་པ་དྲང་དོན་གྱི་དྲིས་ལན་ནི། དེ་ནས་རིག་པའི་རྒྱལ་པོས་སྐུ་གསུམ་སྟོན་པའི་དོན་ཉིད་ཀྱིས་ཇི་ལྟར་རིག་པའི་ཚུལ་སླར་གསུངས་པ། ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ལས་འཁོར་གྱི་ཚུལ་དུ་བྱུང་བ་ཡི་སྐུ་གསུམ་གྱི་སྟོན་པ་གང་ཞིག་ཀུན་བྱེད་ཁྱོད་ཀྱི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱིས་རོལ་བར་ཤར་བའི་སྟོན་པ་དེ་གསུམ་གྱི་བསྟན་པ་ཕྱི་ནང་གསང་བའི་ཐེག་པ་རྣམ་པ་གསུམ་ལས་རྩོལ་བཅས་ཀྱི་ཐེག་པ་བརྒྱད་པོ་ནི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཁྱོད་ཀྱི་རང་བཞིན་ཇི་བཞིན་དུ་མ་བསྟན་པར་དོན་གཞན་དུ་ལྡེམ་པོར་དགོངས་ཏེ། གདུལ་བྱའི་བློ་དང་རིག་པ་མི་འདྲ་བ་སྣ་ཚོགས་ཡོད་པ་དེ་དག་སོ་སོའི་སེམས་ལ་ཇི་ལྟར་འཐད་པ་དེ་ལྟར་གདུལ་བྱ་འདུལ་བའི་དགོས་དབང་གི་ཚིག་དོན་གཞན་དུ་བསྒྱུར་ཏེ་ལྡེམ་དགོངས་ཀྱི་ཚིག་ཏུ་བསྟན་པ་སྟེ། དེ་དག་གདུལ་བྱ་གང་དང་གང་ལ་དགོངས་ནས་ལྡེམ་པའམ་ལྡེམ་པོའི་ཚིག་ཏུ་བསྟན་པ་ཡིན་ན། འདི་ལྟར་ཉན་ཐོས་པས་བདེན་བཞིའི་དོན་བསྒོམ་པ་ནས་ནང་རྒྱུད་འོག་མ་གཉིས་ཀྱིས་མཚན་བཅས་བསྐྱེད་རྫོགས་བསྒོམ་པའི་བར་ཐམས་ཅད་སེམས་ཀྱི་རྟོག་པ་གཞན་དུ་མི་འཕྲོ་བར་རྩེ་གཅིག་ཏུ་གནས་པའི་ཞི་གནས་ཚོལ་བ་ལ་དགོངས་ཏེ་གསུངས་པ་ཡིན་པའི་ཕྱིར་ན། གདུལ་བྱ་རང་རེ་སྟེ་རང་རང་གང་ལ་གང་འཐད་པའི་འཇུག་ཡུལ་ཐེག་པ་སོ་སོའི་ལམ་ལ་ལྡེམ་དུ་བཞུགས་པ་ཡིན་ལ། དེ་ཡང་ཇི་ལྟར་ན་སྐུ་གསུམ་གྱི་སྟོན་པ་དྲང་དོན་གྱི་ཆོས་ལུང་སྟོན་པར་མཛད་པ་གསུམ་པོ་དེས། ལ་ལས་ཏེ་སྟོན་པ་སྤྲུལ་པའི་སྐུ་ཡིས་རྒྱུ་ཚོགས་གཉིས་བསགས་པ་ལ་བརྟེན་ནས་ས་བཅུ་དང་ལམ་ལྔ་རིམ་གྱིས་བགྲོད་དེ་མཐར་ཕྱིན་གྱི་འབྲས་བུ་བསྐལ་བ་མང་པོའི་མཐར་ཐོབ་པར་འདོད་པ་རྒྱུ་མཚན་ཉིད་ཀྱི་ཐེག་པ་བསྟན། ལ་ལས་ཏེ་སྟོན་པ་ལོངས་སྤྱོད་རྫོགས་པས་ཕྱི་ནང་སྣང་སྲིད་ཀྱི་ཆོས་འདི་དག་ཐམས་ཅད་དངོས་པོར་གྲུབ་པ་མིན་པའི་རང་བཞིན་དོན་དམ་མཚན་མ་མེད་པའི་སྣང་ཆ་ལྷ་སྐུ་ཕྱག་རྒྱའི་རོལ་པ་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་གཟུགས་ལྟ་བུའི་ཏིང་ངེ་འཛིན་བསྒོམས་པས་རང་རང་གི་འབྲས་བུ་མི་ཚེ་བདུན་སོགས་སུ་ཐོབ་པར་འདོད་པ་ཡི་སྔགས་ཕྱི་རྒྱུད་སྡེ་གསུམ་གྱི་ཐེག་པ་བསྟན་པ་དང་། ལ་ལས་ཏེ་སྟོན་པ་ཆོས་ཀྱི་སྐུ་ཡི་རང་ཉིད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཡེ་ནས་ལྷ་དང་དཀྱིལ་འཁོར་གྱི་ངོ་བོར་བཞུགས་པ་ལམ་བསྐྱེད་རྫོགས་འབད་རྩོལ་གྱིས་བསྒྲུབ་པར་གསུངས་པས་ཉིད་ཀྱིས་ཉིད་བསྒྲུབ་པའི་ཚུལ་གྱིས་འབྲས་བུ་ཐོབ་པར་འདོད་པ་ནང་རྒྱུད་འོག་མ་གཉིས་བསྟན་པ་སྟེ། དེ་ལྟར་སྐུ་གསུམ་གྱི་སྟོན་པའི་བསྟན་པ་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་གནས་ཚུལ་ཇི་བཞིན་པ་ལས་དོན་གཞན་དུ་ལྡེམ་དགོངས་ཀྱི་ཚིག་ཏུ་ལུང་བསྟན་པ་ཁོ་ན་ཡིན་ཏེ། དེས་ན་ངེས་པའི་ལུང་བྱ་རྩོལ་མེད་པར་ཡེ་སངས་རྒྱས་པའི་དོན་ཇི་བཞིན་པ་མ་བསྟན་པར་གདུལ་བྱ་དེ་དག་ལམ་ལ་རིམ་གྱིས་དཀྲི་བའི་དྲང་བའི་ལུང་ཙམ་ཞིག་བསྟན་པ་ཡིན་ཏེ། དེ་དག་གིས་རྣམ་རྟོག་གཞན་དུ་མི་འཕྲོ་བར་རང་རང་གི་བསྒོམ་བྱའི་དོན་ལ་དམིགས་པ་རྩེ་གཅིག་ཏུ་གཏོད་པས་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་ཞི་གནས་འཚོལ་བའི་ཏིང་ངེ་འཛིན་བསྒོམ་པ་ཡིན་པ་དེས་ན་རྒྱུ་འབྲས་ཀྱི་ཐེག་པ་དེ་དག་རྫོགས་པ་ཆེན་པོའི་དོན་ལ་རིམ་གྱིས་དྲང་བའི་ལུང་ཙམ་དུ་བསྟན་པ་ཡིན་ནོ། །ཅེས་གསུངས་སོ། །གསུམ་པ་སེམས་ཉིད་ཇི་བཞིན་བཅོས་བསླད་མེད་པ་ཉིད་ངེས་པའི་དོན་ཡིན་པས་ཡོན་ཏན་ལྷུན་གྱིས་གྲུབ་པ་ནི། དེ་ནས་སྟོན་པ་ཀུན་བྱེད་ཉིད་ཇི་བཞིན་བཅོས་བསླད་མེད་པ་ཉིད་ངེས་པའི་དོན་ཡིན་པས་ཡོན་ཏན་ལྷུན་གྱིས་གྲུབ་པ་ནི། དེ་ནས་སྟོན་པ་ཀུན་བྱེད་ཀྱིས་ངེས་པའི་དོན་ལུང་བསྟན་པ། ཀྱེ་རིག་པའི་རྒྱལ་པོ་སེམས་དཔའ་རྡོ་རྗེ་ཉོན་ཅིག །འདི་ལྟར་ཆོས་རྣམས་ཀྱི་གནས་ལུགས་དོན་དམ་བྱང་ཆུབ་སེམས་མ་བཅོས་ཇི་བཞིན་པ་སྟོན་པར་བྱེད་པས་ངེས་དོན་བླ་ན་མེད་པའི་ལུང་ཞེས་བསྟན་པ་དེ་ཇི་ལྟ་བུ་ཡིན་ཞེ་ན། དེ་ནི་རིག་པའི་རྒྱལ་པོས་ཏེ་རིག་པའི་རྒྱལ་པོ་སེམས་དཔའ་རྡོ་རྗེ་ཉིད་ཀྱིས་རང་གིས་རིག་གམ་སྟེ་རིག་ཀྱང་རྟོགས་པར་བྱེད་པ་དང་། གང་ཟག་གཞན་ལ་སྒྲ་ཚིག་གིས་བསྟན་དུ་མེད་དེ། འདི་ལྟར་སེམས་ཉིད་ཇི་བཞིན་པའི་དོན་དེ་ནི་ཡུལ་སྤྲོས་པའི་མཐའ་གང་ལའང་མི་གནས་ཤིང་ཡུལ་ཅན་བློ་ཡིས་གང་དུའང་དམིགས་པར་བྱ་བའི་ཡུལ་དུ་གྲུབ་པ་མ་ཡིན་པ་དང་། གཟུང་འཛིན་གྱི་སྤྲོས་པ་མེད་པས་ཆོས་ཉིད་རང་གི་ངོ་བོ་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་ཞིང་གཟུང་འཛིན་གྱིས་རྟོག་ཅིང་དཔྱོད་པའི་ཡུལ་ལས་ཀྱང་འདས་པའི་རང་བཞིན་ཡིན་པས་དེ་ལ་བཅོས་བསྒྱུར་གང་ཡང་མེད་པའི་ཚུལ། རྡོ་རྗེ་སེམས་དཔའ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བསམ་མེད་དམིགས་བྲལ་ཆོས་དབྱིངས་ལ། །ཡེ་ཤེས་རང་གསལ་རིག་པའི་ཀློང་། །ཡེངས་མེད་འོད་གསལ་རིག་པས་བཞག །བཅོས་མེད་དགོངས་པ་ཉིད་ཀྱི་ཀློང་། །ཞེས་གསུངས་པ་ལྟར་མ་བཅོས་ཡེ་གནས་ཀྱི་དགོངས་པ་ལ་ངང་གིས་གནས་པ་ལས་ཐེག་པ་འོག་མ་ལྟར་དམིགས་པ་ལ་རྩེ་གཅིིིག་ཏུ་གནས་པའི་ཏིང་ངེ་འཛིན་མི་བསྒོམ་སྟེ། ཅིའི་ཕྱིར་ན་བསྒོམ་བྱ་སྒོམ་བྱེད་ཀྱི་བསམ་པའི་ཡུལ་དང་བྲལ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་དམིགས་མཚན་སྤྲོས་པ་དང་བྲལ་བའི་རང་བཞིན་ཡིན་པ་དེས་ན་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་སེམས་ཀྱང་མེད་ལ། དེས་དང་དུ་བླང་བར་བྱ་བའི་འབྲས་བུའང་མེད་དེ། ཡེ་ནས་གཉུག་མ་རང་བྱུང་གི་སེམས་ཉིད་རྣམ་པར་མི་རྟོག་པ་ཇི་བཞིན་པ་རུ་གནས་པ་ངེས་པའི་དོན་ཡོན་ཏན་ལྷུན་གྱིས་གྲུབ་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་ཏེ། དེ་ཉིད་ལས། རིག་པ་རང་གསལ་ལྷུན་གྲུབ་ལ། །རྒྱུ་དང་རྐྱེན་ལས་མ་སྐྱེས་པས། །རང་བྱུང་འབྲས་བུ་ཡེ་ཤེས་ཀློང་། །ཞེས་གསུངས་པ་དེས་ན་ས་དང་ལམ་ལ་མ་བགྲོད་བཞིན་ཏུ་འབྲས་བུ་སངས་རྒྱས་ཀྱི་ས་རུ་ཡེ་ནས་ཕྱིན་ཟིན་པ་དང་། དེ་བཞིན་དུ་རིག་པ་རང་བྱུང་གི་ཡེ་ཤེས་ལ་བསྒྲིབ་པའི་དྲི་མ་ཞིག་གསར་དུ་མ་སྦྱངས་བཞིན་དུ་རང་བྱུང་གི་ཡེ་ཤེས་ཡེ་ནས་གནས་པའི་དོན་རྙེད་ཟིན་པ་ཡིན་པས་མཐར་ཕྱིན་མི་སློབ་པའི་ལམ་ལས་འདའ་བ་མེད་དེ། དེ་ལས་འཁོར་བ་ཡེ་ནས་སངས་རྒྱས་ལ། །གཞན་དུ་བགྲོད་པའི་ཡུལ་བྲལ་ནས། །ལམ་དང་ས་ལ་བགྲོད་མེད་དེ། །སེམས་ཉིད་མཐར་ཕྱིན་ལམ་གྱི་ཀློང་། །ཞེས་པ་ལྟར་དང་། ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམས་ཀྱང་མ་བཙལ་བཞིན་དུ་བྱང་ཆུབ་སེམས་ཀྱི་ངོ་བོར་རང་བཞིན་དུ་ལྷུན་གྱིས་གྲུབ་པ་དང་། དམ་ཚིག་བསྲུང་བའི་སེམས་ཀྱི་ཆེད་དུ་མི་སྡོམ་ཀྱང་གདོད་ནས་མེད་དང་གཅིག་པུ་ཕྱལ་བ་ལྷུན་གྲུབ་བཞིའི་བདག་ཉིད་དུ་འདའ་ཉམ་དང་བྲལ་བས་ཡེ་བསྲུང་ཆེན་པོའི་རང་བཞིན་དུ་རྣམ་པར་དག་པའི་ཚུལ་ཀྱང་། དེ་ཉིད་ལས། བྱ་བྲལ་འོད་གསལ་ཆོས་དབྱིངས་ལ། །ཕྲིན་ལས་རྩོལ་མེད་ལྷུན་གྲུབ་པས། །འོད་གསལ་ཡེ་ཤེས་ཕྱོགས་རིས་མེད། །རྩོལ་མེད་ཕྲིན་ལས་མཆོག་གི་ཀློང་། །ཞེས་དང་། བསྲུང་མེད་སེམས་ཀྱི་རང་བཞིན་ནི། །ལྷག་པའི་དམ་ཚིག་བཞི་ལ་གནས། །ཞེས་པ་ལ་སོགས་པ་གསུངས་སོ། །དེས་ན་གཟུང་འཛིན་གྱི་རྟོག་པས་མ་བསླད་པར་ཡུལ་དང་ཡུལ་ཅན་དབང་པོ་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་དུ་མ་བསྒྲིབ་ཡེ་ནས་གསལ་ཞིང་གནས་པ་ལ། སངས་རྒྱས་དང་སེམས་ཅན་བཟང་ངན་གཉིས་སུ་མ་མཐོང་སྟེ་ཆོས་ཉིད་དེ་བཞིན་ཉིད་དུ་ཆོས་ཐམས་ཅད་ཐ་དད་མེད་པར་གཅིག་པར་མཐོང་བ་ཡིན་ལ། ཆོས་ཉིད་དེ་བཞིན་ཉིད་ལ་གཅིག་དང་དུ་མ་གང་དུའང་གྲུབ་པ་མེད་ཅིང་། རང་བྱུང་འདུས་མ་བྱས་པའི་བདག་ཉིད་ཡིན་པས་ཡེ་ནས་རྒྱུ་ལས་མ་བྱུང་ཞིང་རྐྱེན་ལས་མ་སྐྱེས་པ་ཡི་རང་བཞིན་ཆོས་ཐམས་ཅད་ཀྱི་སྙིང་པོ་རང་བྱུང་གི་ཡེ་ཤེས་དེ་ལ་རྒྱ་ཆད་ཕྱོགས་ལྷུང་གང་ཡང་མེད་པས་སངས་རྒྱས་སུ་སྒྲོས་འདོགས་པ་དང་། སེམས་ཅན་གྱི་རང་བཞིན་དུ་སྐུར་བ་འདེབས་པ་སོགས་ཀྱིས་བཏགས་པའི་ཐ་སྙད་ཐམས་ཅད་ག་ལ་ཡོད་ཏེ་མེད་དོ་ཞེས་པའོ། །བཞི་པ་རྣལ་དོན་སྒྲོ་སྐུར་བྲལ་བའི་དེ་བཞིན་ཉིད་ལས་གཞན་དུ་སྟོན་པ་དྲང་དོན་དུ་གསུངས་པས་ངེས་དོན་སྙིང་པོའི་རང་བཞིན་བཤད་པ་ནི། ཀྱེ་སེམས་དཔའ་ཆེན་པོ་རིག་པའི་རྒྱལ་པོ་ཞེས་བོས་ཏེ། འདི་ལྟར་སངས་རྒྱས་དང་སེམས་ཅན་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་འདི་དག་ཐམས་ཅད་ཀུན་ཀྱང་། ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་ཡོད་པའི་སྒྲོས་འདོགས་པ་དང་མེད་པར་སྐུར་བ་གདབ་པ་གཉིས་དང་བྲལ་བའི་རང་བཞིན་ཡིན་པ་ལ། དེ་ལྟ་བུའི་སྟོན་པ་ཀུན་བྱེད་ང་ཡི་རང་བཞིན་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཐིག་ལེ་ཆེན་པོ་གཅིག་གི་རང་བཞིན་དུ་གནས་པ་དེ་ལ། རྒྱལ་བ་སྐུ་གསུམ་གྱི་སྟོན་པས་འཁོར་རྣམས་ལ་རང་རང་གི་བློ་དང་མཐུན་པར་སོ་སོར་བསྟན་པ་དེ་ཡང་ཆོས་ཉིད་དེ་བཞིན་ཉིད་དེའི་གཤིས་ལུགས་བྱ་རྩོལ་ཐམས་ཅད་དང་བྲལ་བའི་དོན་ཇི་བཞིན་པ་བསྟན་པ་མིན་ཏེ་ལམ་ལ་རིམ་གྱི་དྲང་བའི་ལུང་ཙམ་བསྟན་པ་ཡིན་པའི་ཕྱིར་ན་ངེས་དོན་སྙིང་པོའི་རང་བཞིན་ནི་བླང་དོར་རྩོལ་སྒྲུབ་ལ་སོགས་པ་ཐ་སྙད་བློ་ཡི་སྤྱོད་ཡུལ་ཐམས་ཅད་ལས་འདས་པའི་རང་བཞིན་དུ་ཤེས་པར་བྱའོ། །ཞེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ངེས་པའི་ལུང་དང་དྲང་བའི་ལུང་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་གསུམ་པའི་འགྲེལ་བའོ།། ༈ །།དོན་བཞི་པ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བྱ་བཙལ་གཉིས་སུ་མེད་པར་བསྟན་པའི་རང་བཞིན་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་འདུས་པའི་ལེའུ་སོ་བཞི་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པོ། དང་པོ་ནི། དེ་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་མ་བཙལ་ལྷུན་གྲུབ་ཏུ་གནས་པའི་དོན་ཇི་བཞིན་དུ་རྟོགས་པ་ངེས་པ་དོན་གྱི་ཐེག་པ་དང་སྟོན་པ་སྐུ་གསུམ་གྱི་བསྟན་པ་གཞན་རྣམས་དྲང་དོན་ཡིན་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སྐུ་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མ་ལུས་པ་དཔེ་དོན་རྟགས་གསུམ་གྱི་རང བཞིན་དུ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཉིད་ལ་ཡེ་ནས་དབྱེར་མེད་ལྷུན་གྲུབ་ཆེན་པོར་འདུས་པའི་མདོ་འདི་གསུངས་སོ་ཞེས་པའོ། །གཉིས་པ་ལ་གསུམ་སྟེ། ཀུན་བྱེད་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་རྒྱལ་བའི་དགོངས་པ་འདུས་ཚུལ་མདོར་བསྟན། དྲི་ལན་དང་དངངས་ཚུལ་དང་བཅས་པ་རྒྱས་པར་བཤད། བཟང་ངན་བླང་དོར་མེད་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་ཐམས་ཅད་འདུས་ཚུལ་གྱིས་དོན་བསྡུ་བའོ། །དང་པ་ནི། ཀྱེ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་གནས་ཚུལ་མ་ནོར་ཇི་བཞིན་དུ་རྟོགས་པའི་རྒྱལ་པོའམ་མཆོག་ཏུ་གྱུར་པ་ཐུགས་སྲས་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་སྐུ་གསུམ་རྒྱལ་བའི་དགོངས་པ་ཐམས་ཅད་སྟོན་པ་རང་བྱུང་གི་ཡེ་ཤེས་ཉིད་ལ། འདུས་པར་བསྟན་པའི་སྒྲ་ལ་ལེགས་པ་ཉོན་ཅིག་ཅེས་ཉན་པར་བསྐུལ་ཏེ། དེ་ཡང་ཇི་ལྟར་ཞེ་ན་སྟོན་པ་ཀུན་བྱེད་རྒྱལ་པོའི་ང་ཡིས་ནི་མངོན་དུ་ཕྱུང་བའི་དུས་གསུམ་དུ་གཤེགས་བྱོན་འབྱོན་གྱུར་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མཐར་ཐུག་པའི་དོན་རང་བྱུང་གི་ཡེ་ཤེས་སྐྱེ་འགགས་དང་བྲལ་བའི་རང་བཞིན་ནི་དཔེ་དོན་རྟགས་གསུམ་གྱི་སྒོ་ནས་སྟོན་པ་ཀུན་བྱེད་ང་ལ་འདུས་པ་ཡིན་ཏེ། དེ་ཡང་ང་ཡི་རང་བཞིན་རིག་པ་བྱང་ཆུབ་ཀྱི་སེམས་འདི་ལ་ནི། རྒྱལ་བ་སྐུ་གསུམ་གྱི་སངས་རྒྱས་དུས་གསུམ་དུ་བྱོན་པ་ཐམས་ཅད་ཀྱི་སྐྱེ་མེད་བསྒྲེས་རྒུད་དང་བྲལ་བའི་སྐུ་ཡང་འདུས་ལ། དེ་བཞིན་དུ་གྲགས་སྟོང་འགག་མེད་བརྗོད་བྲལ་གྱི་གསུང་ཡང་འདུ་པ་དང་། ཐུགས་ཟབ་གསལ་གཉིས་མེད་ཀྱི་དགོངས་པ་ཀུན་འདུས་ཚུལ་སྟོན་པ་ཀུན་བྱེད་ང་ཡིས་ཇི་ལྟར་བརྗོད་པ་ཡི་སྒྲ་ལ་རང་བྱུང་འགྱུར་མེད་བདེན་ཆེན་གྱི་སྙན་གྱིས་ཉོན་ལ་དུས་གསུམ་རྒྱལ་བའི་ཆོས་ཉིད་སྤྲོས་བྲལ་བློ་འདས་ཀྱི་དགོངས་པ་ཇི་ལྟར་འདུས་པའི་ཚུལ་འདི་མཁྱེན་པར་གྱིས་ཤིག་ཅེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། འདུས་ཚུལ་ཞུས་པ་དང་། དེའི་ལན་གསུངས་པ་དང་། དངངས་ནས་བརྒྱལ་བའོ། །དང་པོ་ནི། དེ་ནས་སེམས་དཔའ་རྡོ་རྗེས་སླར་ཞུས་པ། ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། འདི་ལྟར་སྟོན་པ་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པ་ཡི་ངོ་བོ་ཀུན་ཏུ་བཟང་པོ་དང་རྡོ་རྗེ་སེམས་དཔའ་ལ་སོགས་པ་དང་། སྤྲུལ་སྐུའི་སངས་རྒྱས་རྣམ་པར་གཟིགས་པ་དང་གཙུག་ཏོར་ཅན་ལ་སོགས་ཏེ་སངས་རྒྱས་རབ་བདུན་ནམ་དཔའ་བོ་བདུན་དུ་གྲགས་པ་སྔ་མ་གཉིས་ཀྱི་ཁར་ཐམས་ཅད་སྐྱོབས་དང་ལོག་པར་དད་སེལ་དང་འཁོར་བ་འཇིག་དང་འོད་སྲུང་དང་ཤཱཀྱ་ཐུབ་པ་རྣམས་དང་། དེས་མཚོན་པའི་གཞན་ཡང་སྤྲུལ་སྐུའི་སངས་རྒྱས་གང་ཞིག་ད་ལྟའི་བསྐལ་པ་བཟང་པོ་འདི་ལ་འབྱོན་པར་འགྱུར་བའི་རྣམ་འདྲེན་སྟོང་རྩ་གཉིས་ཀྱི་སངས་རྒྱས་རྣམས་དང་ཞེས་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་ཐམས་ཅད་དང་། །ཡེ་ནས་གཞི་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་རྒྱུད་ལ་གདོད་ནས་བསལ་བཞག་བྲལ་བར་བཞུགས་པ་དང་། མདོར་ན་གྲངས་ཀྱི་མཐའ་བརྗོད་དུ་མེད་པ་ཕྱོགས་བཅུའི་ཞིང་གི་རྡུལ་སྙེད་ཀྱི་སངས་རྒྱས་རྣམས་ཀྱི་དགོངས་པ་ཐམས་ཅད་ཀུན་བྱེད་སྙིང་པོ་བྱང་ཆུབ་ཀྱི་སེམས་ཁྱོད་གཅིག་པུ་ལ་དབྱེར་མེད་ངོ་བོ་གཅིག་ཏུ་འདུས་པ་ལགས་སམ་ཞེས་ཞུས་སོ། །གཉིས་པ་ལ་གསུམ་སྟེ། སྤྱི་འདུས་དཔེ་དོན་རྟགས་གསུམ་དང་། །སྔ་མའི་མདོར་བསྡུ་ཞིང་ཕྱི་མ་མདོར་བསྟན་ཚུལ་དང་། །སྒོས་འདུས་རྣམ་པ་ལྔའོ། །དང་པོ་སྤྱི་འདུས་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་སེམས་དཔའ་རྡོ་རྗེས་ཞུས་པའི་རྗེས་དེ་ནས་སྟོན་པ་ཀུན་བྱེད་རྒྱལ་པོས་འཁོར་གྱི་ཇི་སྐད་ཞུས་པའི་དོན་སྐུ་གསུམ་གྱི་སངས་རྒྱས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་དགོངས་པ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་གཅིག་གི་ཀློང་དུ་འདུས་ཤིང་འུབ་ཆུབ་པའི་ཚུལ་དེ་ལྟར་ཡིན་པའི་གསུང་གྲགས་སྟོང་སྐྱེ་མེད་ཀྱི་རང་སྒྲ་བརྗོད་པ་ནི། ཀྱེ་རྟོག་པའི་རྒྱལ་པོས་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ད་ལྟ་ཇི་ལྟར་ཞུས་པའི་དོན་བཤད་པར་བྱ་ཡི་ལེགས་པར་ཉོན་ཅིག་ཅེས་སྐབས་ཕྱེས་ནས། སྐྱེ་མེད་རང་བྱུང་གི་ཡེ་ཤེས་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་ཀློང་ན་སྐུ་གསུམ་རྒྱལ་བ་ཐམས་ཅད་དམ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དགོངས་ཀློང་དབྱེར་མེད་གཅིག་ཏུ་བཞུགས་པ་ལ་ཧོ་ཧོ་ཞེས་དགྱེས་ཤིང་ངོ་མཚར་བའི་བཞད་སྒྲ་དང་བཅས་པས། ཇི་ལྟར་ཞུས་པ་ལྟར་ཡིན་པའི་ལན་དུ་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་དབྱིངས་ཀྱི་སྒྲ་བརྗོད་དེ། དེ་ཡང་ཇི་ལྟར་ན་མཚོན་བྱེད་དཔེ་དང་མཚོན་བྱ་དོན་དང་རྟགས་སམ་གཏན་ཚིགས་གསུམ་གྱི་དུས་གསུམ་རྒྱལ་བའི་དགོངས་པ་མ་ལུས་པ་ཀུན་བྱེད་ཉིད་ལ་འདུས་པའི་དོན་ཇི་བཞིན་དུ་བསྟན་པ་ནི། འདི་ལྟར་དཔེ་ནི་ཀུན་བྱེད་ང་ཡི་རང་བཞིན་ཡེ་ནས་སྐྱེ་བ་མེད་པ་གསལ་སྟོང་རྣམ་པར་དག་པས་ནམ་མཁའ་དང་འདྲ་བ་དང་། ང་ཡི་དོན་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་སྟོང་སྤྲོས་པ་དང་བྲལ་བ་གྲུབ་བསལ་འཕོ་འགྱུར་མེད་པའི་དོན་ཡིན་པ་དང་། རྟགས་ནི་ཀུན་བྱེད་སྟོན་པ་ང་ཡི་ངོ་བོ་རང་རྩལ་འགགས་པ་མེད་པ་བྱང་ཆུབ་ཀྱི་སེམས་ཡིན་ལ། རྒྱུ་མཚན་དེས་ན་སྐུ་གསུམ་གྱི་རྒྱལ་བ་རྣམས་ཀྱི་དགོངས་པ་ཡང་དཔེ་དོན་རྟགས་གསུམ་པོ་དེ་ལས་གཞན་དུ་མེད་པས་ཀུན་བྱེད་ང་ཡི་དགོངས་པའི་ཀློང་དུ་མཉམ་རྫོགས་ལྷུན་གྲུབ་ཆེན་པོར་དུ་མ་རོ་གཅིག་ཉིད་དུ་འདུས་པ་ཡིན་ནོ་ཞེས་མདོར་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་དགོངས་པ་ནམ་མཁའི་རང་བཞིན་དུ་འདུས་པས་དཔེ་དང་། སྐུ་གསུམ་སྐྱེ་འགགས་མེད་པའི་ངོ་བོ་སེམས་ཉིད་དུ་འདུས་པས་དོན་དང་། རང་བཞིན་སྟོང་གསལ་ངོ་བོ་ཐུགས་རྗེའི་གདངས་སྣ་ཚོགས་སུ་འཆར་བ་རིག་པ་ཉིད་སྐུ་གསུམ་རང་ལ་ཚང་བའི་རྟགས་སོ། །དང་པོ་ནི། ཀྱེ་ཞེས་སེམས་དཔའ་རྡོ་རྗེ་ལ་འབོད་པའི་ཚིག་གིས་མགོ་དྲངས་ཏེ། འདི་ལྟར་ཆོས་ཐམས་ཅད་ཀུན་གྱི་བྱེད་པོ་སེམས་ཉིད་འདུས་མ་བྱས་པ་རང་བྱུང་རིག་པའི་ཡེ་ཤེས་ང་ལ་ནི་མ་རིག་པའི་མུན་པ་ཞིག་ཡེ་ནས་གཤིས་ལ་ཞུགས་མ་མྱོང་བས་སྒྲིབ་བྱེད་ཀྱི་དྲི་མ་གང་གིས་མ་བསྒྲིབས་ཤིང་འགྱུ་དྲན་སེམས་ཀྱི་རྟོག་པ་གང་ཡང་མེད་པས། དཔེ་རྟོག་མེད་ནམ་མཁའ་ལྟ་བུའི་རང་བཞིན་འདི་ནི་ཆོས་ཀྱི་སྐུ་བསམ་བརྗོད་ལས་འདས་པ་ཡིན་པས་ཆོས་སྐུའི་དགོངས་པ་འདུས་པ་དང་། ང་ནི་གཟུང་འཛིན་རྣམ་རྟོག་གི་བློ་དང་བྲལ་བའི་རྟོག་བྲལ་རིག་པའི་རང་བཞིན་མ་བཅོས་པ་ཡིན་པས་འཁོར་འདས་བཟང་ངན་བླང་དོར་སོགས་གང་དུའང་མི་རྟོག་ཅིང་གང་ལའང་བླང་དོར་དུ་ཞེན་པ་མེད་ལ། བླང་དོར་མེད་པ་དེ་ཡི་ཆ་ནས་ཀྱང་ནམ་མཁའ་ཡི་རང་བཞིན་དང་འདྲ་བ་སྟེ། དེས་ན་དཔེ་རྟོག་བྲལ་ནམ་མཁའ་ཉིད་ལ་བླང་དོར་མེད་པ་དེ་བཞིན་དུ་ཀུན་ཏུ་བཟང་པོའི་དགོངས་པ་ཆོས་ཉིད་མཉམ་པ་ཆེན་པོའི་དོན་ལ་བླང་དོར་མེད་པའི་དགོངས་པ་ཡང་ང་ལས་གཞན་དུ་མེད་པར་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཉིད་ལ་འདུས་པ་ཡིན་ལ། དེ་བཞིན་དུ་ཀྱེ་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་སྟོན་པ་ལོངས་སྐུ་དང་སྤྲུལ་སྐུའི་དགོངས་པ་ང་ལ་ཇི་ལྟར་འདུས་པའི་ཚུལ་ཡང་ཉོན་ཅིག་ཅེས་བསྐུལ་ཏེ། ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ནི་རང་བྱུང་འདུས་མ་བྱས་པའི་རང་བཞིན་ཡིན་པས་རྒྱུ་རྐྱེན་གང་ལས་ཀྱང་མ་སྐྱེས་པ་གདོད་ནས་ཡེ་སྟོང་ཆེན་པོ་ནམ་མཁའ་ལྟ་བུའི་རང་བཞིན་དང་འདྲ་བ་ཡིན་ཞིང་། མ་སྐྱེས་པ་ཡི་མཚན་ཉིད་ཅན། ནམ་མཁའ་ཡི་དཔེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་ཡེ་ནས་སྐྱེ་བ་མེད་པས་ལོངས་སྐུ་སྐྱེ་འགགས་མེད་པའི་དགོངས་པ་ཀུན་ཀྱང་ང་ལ་འདུས་པ་དང་། སྤྲུལ་སྐུའི་དགོངས་པ་འདུས་ཚུལ་ཡང་སངས་རྒྱས་རྣམ་པར་གཟིགས་དང་གཙུག་ཏོར་ཅན་ལ་སོགས་པ་ཐུགས་བསྐྱེད་དང་སྨོན་ལམ་ཕུལ་དུ་ཕྱིན་པས་སངས་རྒྱས་རབས་བདུན་ནམ་དཔའ་བོ་བདུན་དང་། སྟོན་མཆོག་མཉམ་མེད་ཤཱཀྱ་ཐུབ་པ་སོགས་བསྐལ་བཟང་གི་རྣམ་འདྲེན་སྟོང་རྩ་གཉིས་དང་གཞན་ཡང་ཕྱོགས་བཅུའི་རྡུལ་སྙེད་ཀྱི་ཞིང་གི་སངས་རྒྱས་གྲངས་ལས་འདས་པ་དང་། ཆོས་དབྱིངས་ཀུན་ཁྱབ་འདུས་མ་བྱས་པའི་ཀློང་དུ་གདོད་ནས་ཡེ་རྫོགས་སུ་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཐམས་ཅད་ཀྱང་དགོངས་པ་ནམ་མཁའི་རང་བཞིན་དང་མཚུངས་པ་ཡིན་ཏེ། ཇི་ལྟར་ན་གདོད་ནས་སྐྱེ་བ་མེད་ཅིང་གཟུང་འཛིན་སྤྲོས་པ་ཐམས་ཅད་དང་བྲལ་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་བཞུགས་པས་བླང་དོར་གང་ཡང་མེད་པ་དེས་ནམ་མཁའི་དཔེ་ཡིས་མཚོན་ནས་རྒྱལ་བ་སྐུ་གསུམ་གྱི་དགོངས་པ་ཐམས་ཅད་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ལ་འདུས་པར་བསྟན་པ་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀྱེ་གོང་དུ་བཤད་པའི་སྐུ་གསུམ་དང་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དོན་གྱིས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཉིད་ལ་འདུས་པ་ཡི་ཚུལ་ནི། འདི་ལྟར་ཀུན་བྱེད་རྒྱལ་པོའི་རང་བཞིན་ནི་གདོད་ནས་སྐྱེ་བ་མེད་པར་བསྟན་པ་བཞིན་དུ་སྐུ་གསུམ་གྱི་སངས་རྒྱས་ཀུན་ལ་སྐྱེ་བ་མེད་པས་དོན་སྐྱེ་བ་མེད་པའི་ཆོས་ཉིད་དུ་འདུས་པར་བསྟན་ཅིང་། ཀུན་བྱེད་རྒྱལ་པོའི་རང་བཞིན་ལ་ཆོས་ཉིད་སྐྱེ་བ་མེད་པའི་ངང་ནས་གདངས་འགག་པ་མེད་པའི་རོལ་པ་སྣ་ཚོགས་སུ་འཆར་དུ་ཡོད་པ་བཞིན་དུ་གོང་དུ་བཤད་པའི་སྐུ་གསུམ་གྱི་སངས་རྒྱས་དེ་ཐམས་ཅད་ཀྱི་ཆོས་ཉིད་སྐྱེ་མེད་སྤྲོས་པ་དང་བྲལ་བ་རྟོག་བྲལ་བློ་ལས་འདས་པ་དེ་ལ་ནི་རྩལ་སྣང་འགགས་པ་མེད་པ་ཐུགས་རྗེ་ཡེ་ཤེས་ཀྱི་སྣང་ཆ་ཅིར་ཡང་འཆར་དུ་ཡོད་པ་དེས་ན་འགགས་པ་མེད་པའི་ཆོས་ཉིད་འདུས་པར་བསྟན་པ་ཡིན་ནོ། །གསུམ་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་བྱེད་བྱང་ཆུབ་སེམས་ཀྱི་ཀློང་དུ་སྐུ་གསུམ་རྒྱལ་བ་ཐམས་ཅད་རྟགས་ཀྱི་སྒོ་ནས་འདུས་པར་བསྟན་པ་ནི། འདི་ལྟར་རྟགས་ཞེས་པ་ནི་སྐུ་གསུམ་གྱི་སངས་རྒྱས་ཐམས་ཅད་ཀུན་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་མ་བཙལ་ལྷུན་གྲུབ་ཏུ་ཚང་བའི་རྟགས་ཏེ། དེ་ཡང་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་དང་། ངོ་བོ་འགགས་པ་མེད་པ་ལོངས་སྤྱོད་རྫོགས་སྐུ་དང་། ཐུགས་རྗེ་ཅིར་ཡང་འཆར་དུ་རུང་བ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་ལྷུན་གྲུབ་ཏུ་གནས་པ་དེ་ཡི་རྩལ་འགགས་པ་མེད་པའི་གདངས་ལས་གདུལ་བྱ་གཞན་སྣང་གི་སྐུ་གསུམ་ཡང་འཆར་ཞིང་སྣང་བ་ཡིན་པའི་ཕྱིར་ན། དེ་ལྟ་བུའི་སངས་རྒྱས་སྐུ་གསུམ་པོ་ཐམས་ཅད་ཀུན་བྱེད་རྒྱལ་པོ་རིག་པ་བྱང་ཆུབ་སེམས་ཀྱིས་ནི། བྱས་པའམ་དེའི་གདངས་ལས་ཤར་བ་ཡིན་ལ། རྒྱུ་མཚན་དེས་ན་སངས་རྒྱས་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་རང་བཞིན་ཀུན་ཏུ་བཟང་པོ་དང་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡིི་ཞེས་པས་སྤྲུལ་སྐུའི་སངས་རྒྱས་རྣམས་ཀྱང་བསྡུས་པ་སྟེ། མདོར་ན་དུས་གསུམ་གྱིས་བསྡུས་པ་སངས་རྒྱས་མ་ལུས་པའི་འབྱུང་གནས་སུ་གྱུར་པས་སྙིང་པོའམ་རྟགས་ནི་བྱང་ཆུབ་སེམས་ཀྱི་ངོ་བོ་ཀུན་ཁྱབ་འཕོ་འགྱུར་མེད་པའི་དབྱིངས་སུ་སངས་རྒྱས་དེ་ཐམས་ཅད་དགོངས་ཀློང་དབྱེར་མེད་གཅིག་ཏུ་འདུས་པ་ཡིན་ནོ་ཞེས་པ་དེས་ནི་དུས་གསུམ་རྒྱལ་བ་ཐམས་ཅད་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ལ་དཔེ་དོན་རྟགས་གསུམ་དུ་འདུས་པར་བསྟན་པ་ཡིན་ནོ། །གཉིས་པ་ནི། ཀྱེ་སེམས་དཔའ་རྡོ་རྗེ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ལ་ནི་དཔེ་དོན་རྟགས་གསུམ་གྱི་སྒོ་ནས་སྐུ་གསུམ་གྱི་རྒྱལ་བ་མ་ལུས་པ་སྤྱི་དང་བྱེ་བྲག་ཏུ་ཆོས་སྐུ་ལ་སོགས་པ་རང་རང་སྒོས་སུ་འདུས་ཚུལ་ནི་རྣམ་པ་ལྔ་ཡི་སྒོ་ནས་འདུས་པ་དེས་ན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མ་ལུས་པ་ཀུན་འདུས་པ་སྟེ། དེ་ཡང་སྤྱི་འདུས་དཔེ་དོན་རྟགས་གསུམ་དུ་འདུས་ཚུལ་ནི་གོང་དུ་བསྟན་ཟིན་ལ། སྒོས་འདུས་ནི་རྣམ་པ་ལྔ་ཡི་ཚུལ་དུ་འདུས་ཏེ་ཞེས་ཚིག་ཕྱི་མ་འདྲེན་པའི་ཕྱིར་དུ་ལྷག་བཅས་ཀྱི་སྒྲ་སྦྱར་བའོ། །གསུམ་པ་སྒོས་འདུས་ལ་རྣམ་པ་ལྔ་ལས། དང་པོ་དབྱིངས་ཆོས་སྐུའི་ངོ་བོ་འདུས་ཚུལ་ནི། འདི་ལྟར་སྟོན་པ་ཆོས་ཀྱི་སྐུ་ཡི་དགོངས་པ་ཇི་ལྟར་འདུས་པ་ནི་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་དབྱིངས་ནང་གསལ་སྤྲོས་པ་དང་བྲལ་བ་མི་རྟོག་མཉམ་པ་ཉིད་དུ་གནས་པ་དེ་ལས་གཞན་དུ་ཆོས་སྐུའི་དགོངས་པ་ཞིག་མེད་པས་དེ་ཉིད་ཀྱི་ངང་དུ་དབྱེར་མེད་པར་འདུས་པ་ཉིད་ཡིན་ལ། དེ་ལྟ་བུའི་དབྱིངས་ནང་གསལ་སྤྲོས་པ་དང་བྲལ་བའི་ངང་ལས་མི་གཡོ་བཞིན་དུ་ཕྱི་གསལ་སྐུ་དང་ཡེ་ཤེས་ཀྱི་ཆོ་འཕྲུལ་འགགས་མེད་དུ་འབྱིན་པར་ནུས་པས་འདི་ལྟར་ཕྱི་ནང་སྣོད་བཅུད་དུ་སྣང་བའི་ཆོས་འདི་དག་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་འགགས་མེད་དུ་སྣང་བ་ཡིན་ཕྱིར། སེམས་ཅན་རྣམས་ཀྱིས་ངོ་མ་ཤེས་པ་ཙམ་ལས་དོན་ལ་སྣང་སྲིད་སྣོད་བཅུད་ཀྱི་རོལ་པར་ཤར་བ་འདི་ཐམས་ཅད་རྒྱལ་བ་ཀུན་དུ་བཟང་པོའི་གཟུགས་སྐུ་ཡེ་ཤེས་སྒྱུ་མའི་རང་བཞིན་ཡིན་པར་གསུངས་ཏེ། ཐིག་ལེ་ཀུན་འདུས་ལས། ཆོས་རྣམས་ཐམས་ཅད་རང་བཞིན་རྣམ་དག་ཀློང་། །མི་རྟོག་ཆོས་སྐུ་འགག་མེད་ཡེ་ཤེས་གསལ། །སྐུ་དང་ཡེ་ཤེས་རོལ་པ་མཛད་སྤྱོད་ལས། །ཕྱི་ནང་སྣོད་བཅུད་གཟུང་འཛིན་སྣང་བ་རྣམས། །སྤྲུལ་པའི་སྣང་བ་ཆོས་ཉིད་ངང་དུ་དག །རང་གི་ངོ་བོ་མ་བསྒྲིབ་ཀུན་ཏུ་གསལ། །སྐྱོན་དང་ཡོན་ཏན་རེ་དོགས་བཟང་ངན་རྣམས། །གཉིས་མེད་བདེ་ཆེན་རྟོག་པའི་མཐའ་ལས་འདས། །ཞེས་གསུངས་སོ། །གཉིས་པ་ལོངས་སྐུར་སྣང་བ་ཀུན་བཟང་འདུས་པ་ནི། དེ་ལ་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཡི་དགོངས་པ་ཚུལ་ཇི་ལྟར་འདུས་པ་ནི། འདི་ལྟར་ཤེས་པ་ཚོགས་དྲུག་གི་ཡུལ་ལ་མངོན་སུམ་དུ་ཆོས་ཉིད་ཀྱི་རང་བཞིན་མ་འགགས་པར་སྣང་བ་འབྱུང་བ་ཆེན་པོ་ལྔ་དང་འདོད་པའི་ཡོན་ཏན་མ་འགགས་པ་གཟུགས་སྒྲ་དྲི་རོ་ལ་སོགས་པ་ཐམས་ཅད་ཕུན་སུམ་ཚོགས་པ་ཐམས་ཅད་འགགས་མེད་དུ་སྣང་ཞིང་རང་སྣང་ལ་རང་གིས་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་ལ། དེ་ཉིད་ཀྱང་གཞན་དུ་མེད་པར་སྙིང་པོ་བྱང་ཆུབ་སེམས་ཀྱི་རྩལ་ལས་མངོན་དུ་འབྱིན་ཅིང་སྣང་བ་ཡིན་པར་གསུངས་པས་ན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཉིད་ལ་འདུས་པ་དང་ཀུན་དུ་བཟང་པོའི་དགོངས་པ་འདུས་པ་ནི་གོང དུ་བཤད་པ་དེ་ལྟ་བུའི་འདོད་པའི་ཡོན་ཏན་ཇི་ལྟར་སྣང་བ་ཡི་སྤྱོད་ཡུལ་ཐམས་ཅད་དག་པ་ཉག་གཅིག་ཀུན་དུ་བཟང་པོའི་རང་བཞིན་ལས་བཟང་ངན་བླང་དོར་གྱི་དབྱེ་བ་མེད་པར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་དབྱིངས་ལས་མངོན་དུ་ཕྱུང་བའི་རོལ་པར་ཤར་བ་ཡིན་པས་ན་དེ་ཉིད་ཀྱི་ངང་དུ་ཡེ་ནས་འདུས་པའོ། །ཀློང་ཆེན་རབ་འབྱམས་ལས། ཐམས་ཅད་ཀུན་ཏུ་བཟང་པོར་གཅིག །མི་བཟང་བ་ཡང་བཟང་པོར་གཅིག །མི་གཅིག་པ་ཡང་གཅིག་པར་གནས། །ཐམས་ཅད་ལྷུན་གྱིས་གྲུབ་པར་འདུས། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། སྟོན་པ་རྡོ་རྗེ་སེམས་དཔའི་དགོངས་པ་ཇི་ལྟར་འདུས་པ་ནི། རིག་པ་སྟོང་གསལ་རང་བྱུང་གི་ཡེ་ཤེས་རྒྱུ་རྐྱེན་ལས་མི་སྐྱེ་ཤིང་རང་བྱུང་འདུས་མ་བྱས་པའི་བདག་ཉིད་གཞོམ་གཞིག་བགྲེས་རྒུད་དང་བྲལ་བ་དེ་ཡི་གདངས་མི་འགགས་པ་འོད་གསལ་ཡེ་ཤེས་ཆེན་པོའི་སྣང་བ་ཕྱོགས་མེད་དུ་རྒྱས་པ་ནི་རྡོ་རྗེ་སེམས་དཔའི་དགོངས་པ་ཡིན་ལ། དེ་ཡང་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ཀློང་དུ་མ་བཙལ་ལྷུན་གྱི་གྲུབ་པར་འདུས་པ་ཡིན་ནོ། །བཞི་པ་སྤྲུལ་སྐུ་ཀུན་ཁྱབ་ཀྱི་རང་བཞིན་འདུས་པ་ནི། འདི་ལྟར་མཐའ་ཡས་པའི་གདུལ་བྱའི་ཁམས་ཀུན་ལ་ཁྱབ་པའི་སངས་རྒྱས་སྤྲུལ་པའི་སྐུ་ཐུགས་རྗེ་འགགས་མེད་ཀྱི་རོལ་པར་ཤར་བ་དཔའ་ཆེན་དུ་མའི་ནང་ནས་སྙིང་སྟོབས་ཕུལ་དུ་ཕྱིན་པས་ཐུགས་བསྐྱེད་དང་སྨོན་ལམ་རབ་ཏུ་གྱུར་པའི་སངས་རྒྱས་དཔའ་བོ་བདུན་དང་། དེ་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པས་པདྨ་དཀར་པོ་ལྟར་བསྔགས་ཤིང་མི་མཇེད་ཚེ་ལོ་བརྒྱ་བའི་འགྲོ་བ་རྣམས་ཀྱི་དཔལ་དུ་བྱོན་པ་སྟོན་མཆོག་མཚུངས་མེད་ཤཱཀྱ་ཐུབ་པ་དང་། དེ་ལ་སོགས་པའི་བསྐལ་བཟང་འདི་ཡི་སངས་རྒྱས་སྟོང་རྩ་གཉིས་དང་། གཞན་ཡང་ཕྱོགས་བཅུའི་ཞིང་གི་རྡུལ་སྙེད་ཀྱི་སངས་རྒྱས་ད་ལྟར་དངོས་སུ་བཞུགས་པ་དང་། དེ་དག་གིས་མཚོན་ཏེ་སྐུ་གསུང་ཐུགས་ཀྱིས་གདུལ་བྱའི་འགྲོ་བའི་དོན་མཛད་པའི་ཕྲིན་ལས་ཅན་སྔར་འདས་པ་དང་མ་འོངས་པ་ན་འབྱུང་བར་འགྱུར་བ་ཐམས་ཅད་བྱུང་ཡང་ཆོས་སྐུ་ཀུན་བྱེད་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་ལས་བྱུང་བ་དང་། གནས་ཀྱང་ཀུན་བྱེད་བྱང་ཆུབ་སེམས་ཀྱི་སྐུ་གསུང་ཐུགས་ཀྱི་ཆོས་ཉིད་ལས་གཞན་དུ་མེད་པས་དེ་ཉིད་ཀྱི་ངང་ལ་གནས་པ་ཡིན་ལ། སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཐུགས་ཀུན་དུ་བརྗོད་པའི་ཆོ་འཕྲུལ་སོགས་ཀྱིས་གདུལ་བྱའི་འགྲོ་བ་རྣམས་ཀྱི་དོན་མཛད་པའི་ཚུལ་དེ་ཡང་བྱང་ཆུབ་སེམས་ཀྱི་རོལ་རྩལ་ལས་གཞན་དུ་མེད་པས་ན་ཀུན་བྱེད་ཉིད་དུ་འདུས་ཤིང་ཡེ་ནས་དབྱེར་མེད་དུ་གནས་པ་ཡིན་པར་གསུངས་པ་སྟེ། ཀློང་ཆེན་རབ་འབྱམས་ལས། འདས་དང་མ་འདས་སངས་རྒྱས་དང་། །སླད་ཀྱིས་འབྱོན་པའི་རྒྱལ་བ་རྣམས། །ཀུན་བཟང་རྡོ་རྗེ་ལྷ་ཡི་ལྷ། །དབྱེར་མེད་གཅིག་ཏུ་གནས་པའི་ཕྱིར། །རང་བཞིན་དོན་ལས་གཡོས་པ་མེད། །སྣ་ཚོགས་ཆོས་སྐུ་སྣང་བ་ཀུན། །གཅིག་ལས་གྲངས་སུ་ཕྱེ་བས་ན། །ཆོས་རྣམས་ཐམས་ཅད་བྱེ་བྲག་མེད། །ཅེས་གསུངས་པ་ལྟར་རོ། །ལྔ་པ་རང་བྱུང་ཡེ་ཤེས་འདུས་པ་ནི། འདི་ལྟར་གཟུང་འཛིན་དམིགས་པའི་སྤྱོད་ཡུལ་ལས་འདས་པའི་སྤྲོས་བྲལ་ཆོས་ཀྱི་ཕོ་བྲང་ན་དུས་བཞི་མཉམ་པ་ཆེན་པོ་གཅིག་ཏུ་བཞུགས་པའི་སངས་རྒྱས་གང་ཇི་སྙེད་ཡོད་པ་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་ལས་སྣང་བ་མིན་པ་གཅིག་ཀྱང་མེད་པས་ན་སྟོན་པ་ཀུན་བྱེད་རྒྱལ་པོ་ང་རུ་མ་འདུས་པ་གཅིག་ཀྱང་མེད་ལ། དེ་བཞིན་དུ་ནམ་མཁའི་ཁམས་ཀྱི་ཀློང་ཆེན་པོ་བློས་གཞལ་དུ་མེད་ཅིང་མཐའ་ཡས་པ་ན་འཁོར་འདས་ཀྱི་སྣང་བ་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་གང་སྣང་བ་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རོལ་པ་ཉག་གཅིག་ཡིན་པས་ཀུན་བྱེད་རྒྱལ་པོ་ང་རུ་མ་འདུས་པ་གཅིག་ཀྱང་མེད་པར་ཆོས་དབྱིངས་བསམ་བརྗོད་དང་བྲལ་བའི་ཀློང་དུ་བཟང་ངན་བླང་དོར་མེད་པར་གཅིག་ཏུ་གནས་པ་ཡིན་ཏེ། མདོ་བཅུ་ལས། རང་ལས་བྱུང་བའི་ཆོས་རྣམས་ཀུན། །རང་བྱུང་ཡེ་ཤེས་སེམས་སུ་ཤེས། །རང་བྱུང་བྱང་ཆུབ་སེམས་འདི་ལས། །མ་ཡིན་པ་ཡི་ཆོས་མེད་པས། །སེམས་མ་ཡིན་གྱི་ཆོས་ཡིན་མིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། གོང་དུ་བཤད་པ་དེ་སྐད་ཅེས་གསུངས་པས་དུས་དེར་རང་བྱུང་ཡེ་ཤེས་ཆེན་པོ་རྒྱུ་འབྲས་བྱ་རྩོལ་ལས་འདས་པའི་རང་བཞིན་བློ་འདས་སྨྲ་བསམ་བརྗོད་མེད་ཀུན་བཟང་ཡངས་པ་ཆེན་པོ་ཀ་དག་གཞི་རྩ་དང་བྲལ་བའི་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་སྐུ་ཐིག་ལེ་ཉག་གཅིག་སྟོང་ཆེན་ཁྱབ་གདལ་ཆེན་པོ་གཅིག་ཏུ་འདུས་པར་བསྟན་པ་དེ་ལ། སེམས་དཔའ་རྡོ་རྗེ་ཉིད་སྔངས་ཏེ་བརྒྱལ་ལོ། །ཞེས་འདི་ལྟ་བུའི་སྲིད་གསུམ་ཀ་དག་གི་དགོངས་པ་འཁོར་འདས་མིང་མེད་ཆེན་པོ་རྒྱུ་འབྲས་བྱ་བཙལ་ལས་འདས་པའི་དོན་ཐད་དྲང་དུ་སྟོན་པར་བྱེད་པའི་རྫོགས་ཆེན་ཨ་ཏི་ཡོ་གའི་དགོངས་པ་ཤིན་ཏུ་ཟབ་ཅིང་གཏིང་དཔོག་དཀའ་བས་ཁོང་དུ་མི་ཆུད་པར་སྐྲགས་སྔངས་སྐྱེ་བའི་ཡུལ་དུ་བསྟན་པས་ན། སྤྱིར་ནང་རྒྱུད་སྡེ་གསུམ་དང་དགོས་ངེས་གསང་རྫོགས་པ་ཆེན་པོའི་དགོངས་པ་འགྲོ་ཀུན་ཡེ་སངས་རྒྱས་པ་དང་རྒྱུ་འབྲས་བླང་དོར་མེད་པ་ལ་སོགས་པའི་བརྗོད་བྱ་ཟབ་མོ་རྣམས་རང་རང་གི་ཁོང་དུ་མ་ཆུད་ཀྱང་། ཇི་སྐད་དུ་རྒྱལ་ཚབ་ཆེན་པོས། དམན་པར་མོས་ཤིང་ཁམས་ཀྱང་ཤིན་ཏུ་དམན། །གྲོགས་པོ་དམན་པ་དག་གིས་ཡོངས་བསྐོར་བས། །ཟབ་ཅིང་རྒྱ་ཆེ་ལེགས་པར་བཤད་པའི་ཆོས། །འདི་ལ་གལ་ཏེ་མོས་མེད་གྲུབ་པ་ཡིན། །ཞེས་དང་། རྒྱལ་སྲས་ཤནྟ་དེ་བས། ངག་གང་འོད་སྲུང་ཆེན་པོ་ལ་སོགས་པས་གཏིང་དཔོག་མ་གྱུར་པ། དེ་ནི་ཁྱོད་ཀྱིས་མ་རྟོགས་པས། །གཟུང་བྱ་མིན་པ་སུ་ཞིག་བྱེད། །ཅེས་གསུངས་པ་ལྟ་བུའི་དོན་ལ་བསམ་ཏེ་རང་གིས་མ་རྟོགས་པ་ཙམ་རྒྱུ་མཚན་དུ་བྱས་ནས་ཆོས་ཟབ་མོ་ལ་ལོག་ལྟ་དང་སྒྲོ་སྐུར་མི་བྱེད་པར་ཆོས་སྤང་གི་ལས་ལ་བག་ཟོན་རེ་བྱས་ན་ལེགས་པར་མངོན་ནོ། །གསུམ་པ་བཟང་ངན་བླང་དོར་མེད་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་འདུ་ཚུལ་གྱི་དོན་བསྡུ་བ་ལ་གཉིས་ཏེ། མ་བྱས་པའི་ཆོས་ཉིད་མི་འབྱུང་བ་དང་ཕྱིན་ཅི་ལོག་ཏུ་སྣང་བ་ཡང་འདུས་སམ་ཞེས་པ་གཉིས་ཀྱིས་དངངས་པའི་ཚུལ་དུ་ཞུས་པ་དང་། ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རོལ་བར་སྣང་བས་བཟང་ངན་བླང་དོར་མེད་པའི་དགོངས་པ་ཉིད་འདུས་པར་བསྟན་པའོ། །དང་པོ་ནི། དེར་སེམས་དཔའ་རྡོ་རྗེ་ཉིད་བརྒྱལ་བ་སངས་པ་དང་སླར་ཡང་འཁོར་འདས་བཟང་ངན་མེད་པར་སྲིད་ཞི་མཉམ་པ་ཉིད་ཀྱི་དོན་ཟབ་མོ་ཐུགས་སུ་མི་ཤོང་བའི་ཚུལ་དང་བཅས་ནས་སྟོན་པ་ཀུན་བྱེད་ཉིད་ལ་ཞུས་པ། ཀྱེ་འཁོར་འདས་ཐམས་ཅད་གང་གི་དགོངས་ཀློང་དུ་དབྱེར་མེད་གཅིག་ཏུ་འདུས་པའི་རྒྱལ་པོ་ཉིད་དེ་སྟོན་པ་ཀུན་བྱེད་ཁྱོད་ཀྱིས་ཇི་སྐད་གསུངས་པ་དེ་ལྟར་ན་ཤིན་ཏུ་མི་འཐད་པས་འགལ་བ་དང་བཅས་པའི་ཚུལ་འདི་ལ་ཉོན་ཅིག་ཅེས། ཇི་སྐད་དུ། དོགས་སེལ་ཕྱིར་ན་སྐྱོན་ཚིག་དྲི། །ཞེས་པ་ལྟར་བརྒལ་བརྟགས་དང་བཅས་པའི་ཚུལ་གྱི་དྲི་བ་མཛད་པ་སྟེ། དེ་ཡང་ཇི་ལྟར་ན་སྐུ་གསུམ་གྱི་རྒྱལ་བ་ཐམས་ཅད་ཀུན་བྱེད་ཉིད་ལ་འདུས་པར་མ་ཟད། རྒྱུ་རྐྱེན་གྱིས་འདུས་བྱས་པའི་རང་བཞིན་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པ་མ་དག་འཁོར་བའི་ཆོས་སུ་སྣང་བ་འདི་དང་བཅས་པ་ཀུན་སྟོན་པ་ཁྱོད་ལ་འདུས་པ་ཡིན་ན་ཕྱི་རོལ་མུ་སྟེགས་པ་རྣམས་ཀྱིས་ལེགས་པར་སྨྲས་པ་ལམ་སྦྱངས་བགྲོད་སོགས་ཀྱི་རྩོལ་བས་མ་བྱས་པ་རྟག་པ་རང་བྱུང་གི་ཚད་མར་འདོད་པ་དབང་ཕྱུག་དང་གཞན་ཡང་གཙོ་བདག་ལ་སོགས་པ་རྟག་པར་བརྟགས་པ་ཀུན་ཀྱང་ཁྱོད་ལ་འདུས་སམ། དེ་བཞིན་ཏུ་རྒྱུ་རྐྱེན་ལས་མ་བྱུང་བ་ནམ་མཁའ་ལ་སོགས་པ་ཡང་ཀུན་བྱེད་ཁྱོད་ལ་ཀུན་འདུས་སམ། དེ་ལྟར་ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས་ཀྱི་ཀློང་ན་གང་གནས་ཚད་ཀྱི་ཆོས་མུ་སྟེགས་ཕྱིན་ཅི་ལོག་ཏུ་ལྟ་བ་རྣམས་ཀྱིས་སྒྲོ་བཏགས་པའི་རྟག་ཆད་ཀྱི་མཐའ་གཉིས་སུ་ལྟ་྄བ་ཡི་གྲུབ་མཐའ་ངན་པ་དང་བཅས་པ་ཡང་སྟོན་པ་ཀུན་བྱེད་ཁྱོད་ཀྱི་ཐུགས་རིག་པ་རང་བྱུང་གི་ཡེ་ཤེས་ཇི་བཞིན་མ་ནོར་པ་ཡི་དགོངས་པ་རུ་གཉིས་སུ་མེད་པར་འདུས་པ་ཡིན་ན། འཁོར་འདས་ཐམས་ཅད་ཀྱི་དགོངས་པ་ལ་བཟང་ངན་དང་མཐོ་དམན་མེད་པར་རིལ་གཅིག་ཏུ་གྱུར་པའི་ཕྱིར་ན། སངས་རྒྱས་དང་སེམས་ཅན་ཞེས་སུ་ཐ་དད་པའི་རྒྱུ་མཚན་ཅི་ལ་བརྟེན་ནས་གདགས་ཏེ་གདགས་པར་བྱ་མི་རིགས་ལ། རྟག་ཆད་ཀྱི་ལམ་དུ་གོལ་བ་ཕྱི་པ་མུ་སྟེགས་པ་དང་རྟེན་འབྲེལ་ཟབ་མོའི་ལམ་ལ་གནས་པ་ནང་པ་སངས་རྒྱས་པ་ཞེས་ཀྱང་རྒྱུ་མཚན་ཅི་ལ་བརྟེན་ནས་བརྗོད་དེ་བརྗོད་བྱེད་ཀྱི་དབྱེ་བ་མེད་པའི་ཕྱིར་དང་། མ་རིག་པའི་མུན་པ་སངས་ཤིང་ཡེ་ཤེས་ཀྱི་སྣང་བ་རྒྱས་པའི་སྒོ་ནས་མངོན་པར་རྫོགས་པ་འཚངས་རྒྱ་བ་ཡང་མི་ལྟར་འཐད་དེ་མ་རིག་པ་དང་ཡེ་ཤེས་ཀྱི་དབྱེ་བ་དང་སེམས་ཅན་དང་སངས་རྒྱས་གཉིས་ཀྱི་དབྱེ་བའང་མེད་པའི་ཕྱིར་སེམས་ཅན་རྣམས་སངས་རྒྱ་བ་དེ་ཡང་མི་འཐད་དོ་ཅེས་གསུངས་སོ། །གཉིས་པ་ནི། དེ་ལྟར་འཁོར་གྱི་ཐེ་ཚོམ་གྱི་དོན་ཞུས་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཤེས་བྱའི་ཆོས་ཐམས་ཅད་སྤང་བླང་མེད་པར་མཉམ་ཉིད་གཅིག་ཏུ་འདུས་པས་འཁོར་འདས་ཀུན་ལ་དབང་བསྒྱུར་བར་བྱེད་པའི་རྒྱལ་པོ་དེས་སླར་ཡང་འཁོར་གྱི་ཐེ་ཚོམ་གྱི་དོགས་པ་སེལ་བའི་དོན་བཀའ་བཙལ་བ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འདི་ལྟར་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་ཆོས་དབྱིངས་སྤྲོས་པ་དང་བྲལ་བས་རྟག་ཆད་ཀྱི་མཐའ་ལ་མི་གནས་ཞིང་མཉམ་ཉིད་བླང་དོར་མེད་པའི་དོན་འདི་ཡང་དག་པར་རྟོགས་པར་གྱུར་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བཟང་ངན་དང་དབྱེ་བསལ་མེད་པར་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་ངང་དུ་ཀུན་ཀྱང་འདུས་པར་ཡིད་ཆེས་ཞིང་ཐེ་ཚོམ་དང་བྲལ་བར་འགྱུར་ན་ཡང་། སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ནི་སྟོན་པ་ང་ཡི་རང་བཞིན་དབྱིངས་སྤྲོས་པ་དང་བྲལ་བ་ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་ཏེ་རྟོགས་པ་མི་འདྲ་ཞིང་། དེ་ལྟར་རྟོགས་པ་མི་འདྲ་བའམ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་མ་རྟོགས་པའི་རྒྱུ་མཚན་དེ་བས་ན་ཆོས་ཐམས་ཅད་ང་ཡི་ཀློང་དུ་བཟང་ངན་སྤང་བླང་མེད་པར་ཐིག་ལེ་ཉག་ཅིག་ཏུ་འདུས་པའི་དོན་ལ་ཡིད་མི་ཆེས་པ་ཡིན་པ་དེས་ན། ཀུན་བྱེད་བྱང་ཆུབ་སེམས་ཀྱི་གནས་ཚུལ་ཇི་བཞིན་པ་འདི་རྟོགས་པར་གྱིས་ཤིག་དང་། ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡང་དག་པར་སྟོང་ན་མུ་སྟེགས་རྟག་ཆད་ཀྱི་ལྟ་བ་ཞིག་སྤང་དུ་མེད་པར་རང་བྱུང་རིག་པ་བྱང་ཆུབ་ཀྱི་སེམས་དེ་ཡིས་རྟག་ཆད་གཉིས་ཀྱི་མཐའ་ཐམས་ཅད་ངང་གིས་བསལ་བ་ཡིན་ཏེ། ཇི་ལྟར་ན་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་ནས་མ་སྐྱེས་པས་གཟུང་འཛིན་གཉིས་སྣང་གི་ཡུལ་ལས་འདས་ཤིང་ཡེ་སྟོང་སྤྲོས་པ་དང་བྲལ་བ་ཡིས་རྟག་པའི་དངོས་པོ་ཡི་མཐའ་བསལ་ལ། གདངས་འགག་པ་མེད་པ་འོད་གསལ་རང་བྱུང་གི་ཡེ་ཤེས་ལྷུན་གྲུབ་འགྱུར་བ་མེད་པའི་རང་བཞིན་དུ་གནས་པས་མེད་པ་ཆད་པའི་མཐའ་ཡང་བསལ་ཏེ་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རོལ་བར་སྣང་བས་བཟང་ངན་བླང་དོར་མེད་པའི་དགོངས་པ་ཉིད་དུ་འདུས་ལ། དེས་ན་མུ་སྟེགས་ཞེས་བྱ་བའི་དོན་ཡང་མུ་ཞེས་བྱ་བ་ནི་རྟོགས་བྱ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས་གཞན་དུ་མེད་དེ་རྟག་ཆད་གཉིས་ཀྱི་མུར་སྣང་བ་ཡང་ཆོས་ཀྱི་དབྱིངས་ལས་གཞན་དུ་མེད་པའི་ཕྱིར་དང་། སྟེགས་ཞེས་བྱ་བ་ནི་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་རང་བཞིན་དེ་ཇི་ལྟ་བ་བཞིན་དུ་རྟོགས་པའི་གནས་སུ་གྱུར་པའི་དོན་དེ་རྟོགས་ཚོགས་གང་ཤར་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལས་མ་འདས་ཤིང་རྟོགས་བྱའི་ཡུལ་དུ་གྱུར་པ་ཐམས་ཅད་ཆོས་ཀྱི་དབྱིངས་ལས་མ་འདས་པས་ན་རྣམ་པ་ལ་རྟག་ཆད་ལ་སོགས་པ་བཟང་ངན་ཇི་ལྟར་དུ་རྟོག་ཀྱང་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་ཀློང་ན་ཡེ་སྟོང་སྤྲོས་པ་དང་བྲལ་བ་མཐའ་གྲོལ་ཕྱོགས་ཡན་ཆེན་པོའི་རང་བཞིན་ལས་མ་འདས་པས་ན་ཨ་ཏི་རྫོགས་པ་ཆེན་པོའི་མ་སྤངས་རྒྱན་དུ་ཆེ་བ་ཡིན་ཏེ། ཀློང་ཆེན་རབ་འབྱམས་ལས། མི་སྐྱེ་མི་འགག་སྣ་ཚོགས་འཆར། །སུམ་བརྒྱ་དྲུག་ཅུ་རྫོགས་ཆེན་རྒྱན། །ཀློང་ཆེན་མ་སྤངས་རང་གྲོལ་དང་། །བདག་གཞན་གཉིས་སྣང་འཁོར་བ་དང་། །རིག་དྲུག་མུ་སྟེགས་རྟག་ཆད་རྣམས། །རྒྱུ་གཅིག་ང་ཡི་ཀློང་ན་འཕྱོ། །ཀུན་གྱི་བདག་ཉིད་རྫོགས་ཆེན་རྒྱན། །མ་སྤངས་ཡེ་གྲོལ་ཕྱམ་བརྡལ་དང་། །ཀློང་ན་གསལ་བས་གདགས་གཞི་མེད། །གཞི་ལ་མི་གནས་རང་ཤེས་པར། །མུ་སྟེགས་བདུད་ཆེན་ལྟ་བ་དེ། །གང་ཟག་ཉིད་ཀྱིས་ལོག་པར་བརྟགས། །དངོས་པོ་གཤིས་ཀྱི་གནས་ལུགས་དང་། །རྟག་ཆད་གཉིས་སུ་ང་མི་གནས། །མཐའ་བཞི་མུ་བཞི་རང་གྲོལ་དང་། །མ་སྤངས་ཡེ་གྲོལ་ཀློང་ན་ཆུབ། །ཞེས་དང་། ཇི་ལྟར་ལྟ་བ་ལོག་ཡང་ང་ཉིད་རང་། མུ་སྟེགས་རང་གྲོལ་རྫོགས་ཆེན་རྒྱན་དུ་ཆེ། ཞེས་གསུངས་པ་ལྟར་རོ། །དེ་བཞིན་དུ་སངས་རྒྱས་དང་སེམས་ཅན་སོགས་བཟང་ངན་གཉིས་ཆོས་ཀྱི་དབྱེ་བ་མེད་བཞིན་དུ་དེ་ལྟར་མཐོང་བ་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཡང་དག་པར་མ་མཐོང་བ་ཡིན་གྱི་ཀུན་བྱེད་རྒྱལ་པོའི་རང་བཞིན་མ་ནོར་བར་མཐོང་ན་འཁོར་འདས་དང་བཟང་ངན་ལ་སོགས་པ་གང་སྣང་ཐམས་ཅད་སྐྱེ་མེད་ཀྱི་ཀློང་ནས་འགགས་མེད་ཀྱི་རོལ་པར་ཤར་ཞིང་། ཤར་བའི་དུས་ཉིད་ནས་གཞི་མེད་ཡེ་སྟོང་ཆེན་པོ་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་ཡངས་བར་གྲོལ་ཟིན་པ་ཡིན་པས་བཟང་ངན་སྤང་བླང་གི་མཐའ་གང་ཡང་མི་དམིགས་པར་གསུངས་ཏེ། དེ་ཉིད་ལས། རང་སེམས་ཁྱབ་གདལ་ཇི་ལྟར་འདུག་གྱུར་ཀྱང་། །ཀུན་ཏུ་བཟང་པོ་མ་སྐྱེས་ཀློང་ན་ཡངས། །བཟང་མོ་མ་འགགས་རོལ་པར་ཤར་བས་ཡངས། །རང་རིག་ཡིན་ནོ་གཅིག་གི་ངོ་བོར་ཡངས། །རིག་པའི་དབྱིངས་ལ་གཉིས་སུ་མེད་པར་ཡངས། །ཡོད་མཐའ་འཁོར་བའི་ཆོས་སུ་ཤར་བ་དང་། །མེད་མཐའ་མྱ་ངན་འདས་པར་ཤར་བས་ཡངས། །བདེ་ཆེན་བྱང་ཆུབ་སེམས་ཀྱི་ཀློང་དུ་ཡངས། །མཐའ་གཉིས་མ་སྤངས་མཐའ་བཞི་འདུས་མ་བྱས། །སྤང་བླང་མེད་པས་བྱ་བྲལ་ཀློང་དུ་ཡངས། །མ་འདྲེས་ཡོངས་རྫོགས་གཅིག་རྫོགས་ཀུན་ལ་ཡངས། །མཉམ་པར་གྲོལ་བས་རིས་མེད་ཀློང་དུ་ཡངས། །གདོད་ནས་དག་པས་བཅིང་གྲོལ་གཉིས་དང་བྲལ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །ཞེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དགོངས་པ་འདུས་པའི་ལུང་གི་ལེའུ་སྟེ་སུམ་ཅུ་རྩ་བཞི་པའི་འགྲེལ་བའོ།། ༈ །།དོན་ལྔ་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་རྒྱུ་འབྲས་བྱ་བཙལ་ལས་འདས་པས་རང་བཞིན་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་ལེའུ་སོ་ལྔ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་ཆོས་ཐམས་ཅད་ཀུན་བྱེད་བྱང་ཆུབ་ཀྱི་སེམས་སུ་བཟང་ངན་བླང་དོར་་མེད་པར་དབྱེར་མེད་མཉམ་པ་ཉིད་དུ་འདུས་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ཀྱི་བསྟན་པ་འཇུག་སྒོ་དང་ལྟ་བ་ལ་སོགས་པ་བྱ་བཙལ་མེད་པའི་དོན་བརྒྱད་པོ་ཐེག་པ་གཞན་གྱི་སྤྱོད་ཡུལ་མ་ཡིན་པ་རང་བཞིན་རྫོགས་པ་ཆེན་པོའི་གཞུང་ཐུན་མོང་མ་ཡིན་པ་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་ཡི་ཚུལ་འདི་ལྟར་གབ་སྦས་མེད་པར་སྒྲ་ཇི་བཞིན་པ་བསྟན་པ་ནི་འདི་ལྟར་བསྟན་པ་ཡིན་ཏེ་ཞེས་འོག་ཏུ་འཆད་པར་འགྱུར་བའི་དོན་ལ་བསྙེགས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་སྤྱོད་ཡུལ་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་རང་བཞིན་ཅན་འདི་ནི་ཤིན་ཏུ་རྟོགས་པར་དཀའ་བ་སྟེ། གང་ཞེ་ན་འཇུག་སྒོ་དང་རྟོགས་བྱའི་ལྟ་བ་དང་ནི་བསྲུང་བྱའི་དམ་ཚིག་དང་བསྒྲུབ་བྱ་ཕྲིན་ལས་དང་ནི་བགྲོད་པའི་ལམ་དང་། གནས་པ་ཡི་ས་དང་རྟོགས་པའི་ཡེ་ཤེས་དང་གནས་ཚུལ་ཆོས་ཉིད་ཀྱི་དོན་དང་རྣམ་པ་བརྒྱད་པོ་འདི་ནི་སྟོན་པ་སྐུ་གསུམ་གྱིས་གསུངས་པའི་ངེས་པ་ཐོབ་པའི་ཐེག་པ་རྣམ་པ་དྲུག་ལས་ནང་པ་གཉིས་གཅིག་ཏུ་བརྩིས་པས་ལྔ་པོ་ཡི་ཐེག་པ་གཞན་པ་དེ་དང་དེ་ཡི་ནི་ལྟ་སྤྱོད་ལ་སོགས་པ་རྩོལ་སྒྲུབ་བླང་དོར་ཅན་དང་མི་མཐུན་ཏེ་དགོངས་པ་ལ་མཐོ་དམན་ཡོད་པའོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་བཞི་སྟེ། ཆོས་ཉིད་བྱ་བཙལ་ལས་འདས་པའི་དོན་བརྒྱད་ཀྱི་རང་བཞིན་བསྟན་པ་དང་། རྒྱུ་འབྲས་ཀྱི་ཐེག་པས་ཇི་བཞིན་པའི་དོན་མི་རྟོགས་པར་བསྟན། རྩོལ་སྒྲུབ་ཉིད་རྣལ་མའི་དོན་ལ་བསླུ་བར་སྡིག་ཆེ་བར་བརྗོད། འོན་ཀྱང་སྐལ་དམན་ཁྲིད་པའི་ཐབས་སུ་གསུངས་པས་གནས་ལུགས་རྫོགས་པ་ཆེན་པོ་ཀུན་གྱི་སྤྱོད་ཡུལ་མ་ཡིན་པར་བསྟན་པའོ། །དང་པོ་ནི། གོང་དུ་བསྟན་པ་དེ་ལྟ་བུའི་ཐེག་པ་གཞན་གྱི་སྤྱོད་ཡུལ་དུ་མ་གྱུར་པའི་དོན་བརྒྱད་པ་དེ་ཇི་ལྟར་ཞེ་ན། འདི་ལྟར་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཡེ་གྲོལ་བསྐྱར་གཞི་མེད་པའི་དོན་ལ་འཇུག་པའི་སྒོ་ནི་ཡེ་ནས་རྒྱུ་འབྲས་རྩོལ་སྒྲུབ་ལ་ལྟོས་པ་མེད་པས་བཙལ་དུ་མེད་པའི་སྒོ་ནས་འཇུག་པ་ཡིན་ལ། དེ་བཞིན་དུ་ཨ་ཏི་རྫོགས་པ་ཆེན་པོའི་ལྟ་བ་ནི་ཡེ་གྲོལ་བློ་ལས་འདས་པས་སྤང་བླང་བཅོས་བསྒྱུར་གྱིས་བསྒོམ་དུ་མེད་པར་བསྟན་པ་ཡིན་པ་དང་། དམ་ཚིག་ནི་ཡེ་ནས་འདའ་ཉམས་དང་བྲལ་བས་མེད་དང་གཅིག་པུ་ཕྱལ་བ་ལྷུན་གྲུབ་ཀྱི་རང་བཞིན་དུ་བསྲུང་དུ་མེད་པར་བསྟན་པ་ཡིན་ལ། ཕྲིན་ལས་ནི་བྱང་ཆུབ་སེམས་ཀྱི་ངོ་བོར་གདོད་ནས་མ་བཙལ་ལྷུན་གྱིས་གྲུབ་ཅིང་ཡེ་ནས་གྲུབ་ཟིན་པ་ཡིན་པས་འབད་རྩོལ་གྱིས་བཙལ་དུ་མེད་པར་བསྟན་པ་ཡིན་ནོ། །འགྲོ་བ་རྒྱུད་དྲུག་ཏུ་སྣང་བ་ཐམས་ཅད་གཉིས་མེད་བྱང་ཆུབ་སེམས་སུ་ཡེ་ནས་གནས་ཟིན་པས་ལམ་ལ་རིམ་པར་བསྒྲོད་དུ་མེད་པར་བསྟན་པ་ཡིན་ནོ། །མ་བཅོས་ཡེ་ཤེས་བླ་མའི་ས་ཉིད་མ་སྦྱངས་གདོད་ནས་ཐོབ་ཟིན་པ་ཡིན་པས་དེ་ལས་ལྷག་པར་གནས་པའི་ས་ལ་སྤྱད་དུ་མེད་པར་བསྟན་པ་ཡིན་པ་དང་། སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་གཟུང་འཛིན་གཉིས་སྣང་གི་སྤྲོས་པ་མེད་ཅིང་ཡུལ་གང་ལའང་རྣམ་པར་མི་རྟོག་པས་མཚན་འཛིན་རྟོག་པའི་བློ་ཡིས་བསྐྱོད་པ་མེད་ཕྱིར་ཐེག་པ་འོག་མའི་རྩོལ་སྒྲུབ་ཀྱི་ཡུལ་ལས་འདས་པ་ཡིན་ལ། ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་རང་བྱུང་འདུས་མ་བྱས་པ་ཡེ་ཇི་བཞིན་ཉིད་དུ་གནས་པ་ཡིན་པས་ལམ་སྦྱངས་བགྲོད་སོགས་ཀྱིས་བཅོས་སུ་མེད་པ་ཡིན་ནོ། །གཉིས་པ་ནི། ཀྱེ་སེམས་དཔའ་ཆེན་པོ་གོང་དུ་བསྟན་པའི་རང་བཞིན་བརྒྱད་པོ་དེ་རྩོལ་སྒྲུབ་མེད་པར་ཡེ་ནས་ལྷུན་གྱིས་གྲུབ་པར་བསྟན་པའི་དོན་ཟབ་མོ་འདི་ནི་རྒྱུ་འབྲས་བླང་དོར་གྱི་ཐེག་པ་ཅན་རྣམས་ལ་ཇི་བཞིན་དུ་བསྟན་པར་གྱུར་ན། འཇིག་རྟེན་ན་རྒྱུ་ས་བོན་དང་རྐྱེན་ཆུ་ལུད་དྲོད་གཤེར་སོགས་ལ་བརྟེན་ནས་འབྲས་བུའི་ཆོས་མྱུ་གུ་ལ་སོགས་པ་འབྱུང་བ་བཞིན་དུ་རྒྱུ་ལས་འབྲས་བུ་འབྱུང་བ་བྱ་བྱེད་ལྟོས་པའི་རིག་པས་བསླུ་མེད་དུ་གྲུབ་པ་དང་རྒྱལ་བའི་བཀའ་ལུང་རྣམས་ལས་ཀྱང་རྒྱུ་འབྲས་མི་བསླུ་བར་ཡོད་པར་གསུངས་པས། རྫོགས་པ་ཆེན་པོ་རྒྱུ་འབྲས་རྩོལ་བསྒྲུབ་ལས་འདས་པའི་དོན་འདི་མི་རིགས་སོ་ཟེར་ན་སྐུར་པ་འདེབས་ཤིང་། དེ་ཡང་མཚན་ཉིད་ཐེག་པ་བས་རྒྱུ་ནི་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་ལས་དགེ་སྡིག་ལ་བླང་དོར་བྱེད་པ་ལ་སོགས་པའི་སྒོ་ནས་ལམ་བསྒྲུབ་པ་ལ་བརྟེན་ནས། འབྲས་བུ་དུས་གསུམ་གྱི་སངས་རྒྱས་རྣམས་འབྱུང་བར་འདོད་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པ་བ་རྣམས་ཀྱིས་རྒྱུ་ནིི་སྣང་སྲིད་ཡེ་སངས་རྒྱས་པའི་རང་བཞིན་དུ་གཏན་ལ་ཕབ་པའི་ལྟ་བ་དེའི་དོན་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་བསྒོམ་པ་ལ་སོགས་པ་རྩོལ་གྲུབ་བྱས་པ་ཡིས། མཐར་ཐུག་ལྷ་གང་བསྒོམ་པ་དེ་དང་མཐུན་པའི་འབྲས་བུས་དེ་ཐོབ་པར་འདོད་པ་ནི། ཇི་ལྟར་བསྒོམ་པ་དེ་ཡིས་འབྲས་བུ་མཐར་ཐུག་པ་ཐོབ་པ་མེད་དེ་སེམས་ཉིད་བྱ་རྩོལ་བྲལ་བའི་དོན་ཇི་བཞིན་དུ་མ་རྟོགས་པས་དེ་དག་གི་ལྟ་བསྒོམ་ཐམས་ཅད་ཡ་བྲལ་དུ་སོང་སྟེ་གནས་ཚུལ་དང་མི་མཐུན་པའི་ཕྱིར་རོ། །གསུམ་པ་ནི། འདི་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་འདི་ཐམས་ཅད་ནི་བཅོས་བསྒྱུར་སྤང་བླང་མེད་པར་སེམས་ཉིད་ནམ་མཁའ་ལྟ་བུའི་ཀློང་དུ་ཡེ་ནས་རྫོགས་ཤིང་གཞི་མེད་རྩ་བྲལ་ཆེན་པོར་གྲོལ་ཟིན་པའི་ཡེ་ཇི་བཞིན་པ་ཡི་ཆོས་ཉིད་བཅོས་བསྒྱུར་དང་བྲལ་བ་ཡིན་པས་ན། དེ་ལྟ་བུའི་ཆོས་ཉིད་ཇི་བཞིན་པའམ་འགྱུར་བ་མེད་པའི་དོན་ལ་ལམ་སྦྱངས་བགྲོད་པ་ལ་སོགས་པ་རྩོལ་སྒྲུབ་ཀྱིས་སྔར་བས་ལྷག་པ་ཞིག་ཏུ་འཆོས་པར་བྱེད་པ་ནི་དངོས་པོའི་གནས་ཚུལ་དང་མི་མཐུན་པའི་རྫུན་གྱིས་ཆོས་ཉིད་ཇི་བཞིན་པའི་གནས་ལུགས་བསླུ་བ་མེད་པས་བདེན་པ་ངེས་དོན་བླ་ན་མེད་པའི་དགོངས་པ་གཞན་དུ་བསྒྱུར་ཞིང་བསླུས་པ་ཡིན་པས་ན་སྡིག་རེ་ཆེའོ་ཞེས་སོ། །བཞི་པ་ནི། འོན་ཀྱང་འོག་མའི་ཐེག་པ་སོ་སོའི་ལྟ་བ་དང་ཏིང་ངེ་འཛིན་སྒོམ་པ་དང་དམ་ཚིག་བསྲུང་བ་ལ་སོགས་པའི་རྩོལ་སྒྲུབ་བྱེད་པའི་ཐབས་ཀྱིས་དབང་པོ་ལྔ་ཡུལ་གཟུགས་སོགས་ལ་ཡེངས་པ་དེ་ལས་ཕྲལ་ནས་ནི། རྫོགས་པ་ཆེན་པོའི་དོན་ཇི་བཞིན་པ་རྟོགས་པར་མི་ནུས་པའི་སྐལ་དམན་གྱི་གདུལ་བྱ་རྣམས་འདུ་འཛི་རྣམ་གཡེང་ལས་དབེན་པའི་ཡུལ་ལ་ཐབས་ཀྱིས་ཁྲིད་པར་མཛད་ནས་ནི་རྟོག་མེད་མཉམ་པ་ཉིད་ཀྱི་དོན་སྟོན་པའི་གནས་ལུགས་རྫོགས་པ་ཆེན་པོ་ཀུན་གྱི་སྤྱོད་ཡུལ་མ་ཡིན་པའི་དོན་ཟབ་མོ་ལ་རིམ་གྱིས་དཀྲི་བའི་ཐབས་ཀྱིས་གདོད་བསྟན་པར་བྱེད་དགོས་པ་ཡིན་ནོ། །ཞེས་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྫོགས་པ་ཆེན་པོའི་ལུང་མ་ནོར་ངེས་པའི་དོན་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའི་འགྲེལ་བའོ།། ༈ །།དོན་དྲུག་པ་སེམས་ཀྱི་གནས་ལུགས་ཀུན་བྱེད་རྒྱལ་པོར་ཐམས་ཅད་འདུས་ཤིང་། ཇི་ལྟར་བྱས་པའི་ཚུལ་རང་བཞིན་ངོ་བོ་ཐུགས་རྗེ་གསུམ་སྐུ་གསུམ་དུ་བཀོད་པས་སྣང་བའི་དོན་ལ་བྱ་བཙལ་མེད་པར་ལྷུན་གྱིས་རྫོགས་པའི་ལེའུ་སོ་དྲུག་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་ལྟ་སྒོམ་དམ་ཚིག་ལ་སོགས་པ་མ་བཙལ་ལྷུན་གྱིས་གྲུབ་པར་བསྟན་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་འཁོར་འདས་གཉིས་སུ་སྣང་བའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཀུན་བྱེད་ཉིད་ཀྱི་སྐུ་གསུང་ཐུགས་ཀྱིས་བྱས་པ་ཡིན་པས་ཀུན་བྱེད་བྱང་ཆུབ་སེམས་ལས་གཞན་དུ་མེད་པར་དེ་ཉིད་ཀྱི་རང་བཞིན་དུ་འདུས་པར་བསྟན་པ་འདི་གསུངས་སོ། །གཉིས་པ་ལ་གསུམ་སྟེ། རང་བྱུང་ཡེ་ཤེས་སྟོང་གསལ་འགགས་མེད་ཀྱི་རྩལ་ལས་སྣང་སྲིད་འཁོར་འདས་སྣང་བའི་བྱས་ཚུལ་མདོར་བསྟན། སྐུ་གསུང་ཐུགས་སུ་བྱས་ཚུལ་དེ་ཉིད་རྒྱས་པར་བཤད་པ། དོན་བསྡུ་བ་ལ་གསུམ་ལས། དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཀུན་བྱེད་ང་ཡི་རང་བཞིན་སྙིང་པོ་བྱང་ཆུབ་ཀྱི་སེམས་འཁོར་འདས་ཀུན་གྱི་བྱེད་པ་པོ་ཡིན་པའི་ཚུལ་འདི་ཉིད་རྟོགས་པར་གྱིས་ཤིག །དེ་ཡང་ཚུལ་ཇི་ལྟར་ཞེན་ཀུན་བྱེད་ང་ནི་ཆོས་ཐམས་ཅད་ཀྱི་སྙིང་པོ་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་སྟོང་གསལ་འགག་མེད་ཀྱི་ཡེ་ཤེས་ཏེ། དེ་ལྟ་བུའི་རིག་པ་བྱང་ཆུབ་ཀྱི་སེམས་ནི་འཁོར་འདས་ཀྱི་ཆོས་ཀུན་མངོན་དུ་སྣང་བར་བྱེད་པའི་རྒྱལ་པོ་ཡིན་ལ། འོ་ན་ཀུན་བྱེད་རྒྱལ་པོའི་རང་བཞིན་ནམ་སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་ནི་ཇི་ལྟ་བུ་ཡིན་ཞེ་ན། དེ་ནི་སྐྱེ་མེད་སྐུ་རྡོ་རྗེ་འགག་མེད་གསུང་རྡོ་རྗེ་ཤེས་རིག་མ་འགག་པ་ཐུགས་རྡོ་རྗེ་སྟེ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ཡོན་ཏན་དང་ལྡན་པ་ཡིན་ལ། དེ་ལྟ་བུའི་སྐུ་གསུང་ཐུགས་ཀྱི་རང་བཞིན་སྟོང་གསལ་རིག་པ་གསུམ་གྱིས་མ་བྱས་པ་ཡི་འཁོར་འདས་ཀྱི་ཆོས་གཅིག་ཀྱང་མེད་པས་ན། དུས་གསུམ་དུ་གཤེགས་བཞུགས་འབྱོན་འགྱུར་གྱི་སངས་རྒྱས་ཐམས་ཅད་སྟོན་པ་ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་ཀྱིས་བྱས་པ་ཡིན་ལ། འདོད་གཟུགས་གཟུགས་མེད་ཀྱི་ཁམས་གསུམ་གྱིས་བསྡུས་པའི་སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་པོ་ཡང་ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་ཀྱིས་བྱས་པ་དང་། མདོར་ན་སྣང་ཞིང་སྲིད་པའི་ཆོས་སྣོད་བཅུད་གཉིས་ཀྱིས་བསྡུས་པ་མ་ལུས་པ་འདི་ཐམས་ཅད་ཀྱང་ཆོས་རྣམས་ཀྱི་གནས་ལུགས་ཇི་བཞིན་མ་བཅོས་པ་ཡི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་གྲོལ་སྤང་བླང་མེད་པའི་བདག་ཉིད་དུ་ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་ཀྱིས་བྱས་པ་ཡིན་ནོ། །ཞེས་གསུངས་པ་དང་། གཉིས་པ་རྒྱས་པར་བཤད་པ་ལ་ལྔ་སྟེ། སྐུ་གསུང་ཐུགས་ཀྱི་བྱས་ཚུལ་དྲི་བ་དང་། སྤྱིར་བསྟན་པ་དང་། སྣང་བ་སྐུ་ཡི་དཀྱིལ་འཁོར། གྲགས་པ་གསུང་གི་དཀྱིལ་འཁོར། དྲན་རིག་ཡུལ་ལྔར་སྣང་བའི་ངོ་བོ་མི་རྟོགས་མཉམ་པ་ཉིད་ཐུགས་ཀྱི་དཀྱིལ་འཁོར་བྱེ་བྲག་ཏུ་གསུངས་པའི་ལན་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་སེམས་དཔའ་རྡོ་རྗེ་སླར་ཡང་ཞུས་པ། ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་འཁོར་འདས་སྣང་སྲིད་ཀྱི་ཆོས་ཐམས་ཅད་བྱེད་པའི་བདག་ཉིད་ཆེན་པོ་ལགས། རང་བྱུང་རིག་པའི་ངོ་བོ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་གནས་ལུགས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་མ་རིག་ཅིང་ལུང་རིགས་མན་ངག་ལ་བརྟེན་ནས་མ་རྟོགས་པའི་དོན་འདི་སྟོན་པ་ཀུན་བྱེད་ཉིད་ཀྱིས་བདག་ལ་བཤད་དུ་གསོལ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་བྱེད་ཉིད་ཀྱི་སྐུ་གསུང་ཐུགས་ཀྱིས་ཇི་ལྟར་བྱས་པ་ཡིན་པའི་ཚུལ་དེ་ཡང་བདག་ལ་རྒྱས་པར་བཤད་དུ་གསོལ་ཞེས་ཞུས་པས་སྟོན་པ་ཉིད་ཀྱིས་དྲི་ལན་ཇི་ལྟར་གསུངས་པའི་ཚུལ་ནི་འདི་ལྟར་རོ་ཞེས་པའོ། །གཉིས་པ་སྤྱིར་བསྟན་པ་ནི། དེ་ནས་སྟོན་པ་ཀུན་བྱེད་ཉིད་ཀྱིས་སླར་ཡང་ལན་གསུངས་པ་ནི་འདི་ལྟར། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་ནི་གདོད་ནས་འགྱུར་བ་མེད་པ་འོད་གསལ་ཟང་ཐལ་བསྒྲིབ་གཡོགས་དང་བྲལ་བའི་ཡེ་ཤེས་སྐུ་གསུང་ཐུགས་དབྱེར་མེད་ཀྱི་རང་བཞིན་ཡིན་ཏེ། དེ་ཉིད་ཀྱི་སྐུ་ནི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་མངོན་དུ་ཕྱུང་ཞིང་སྣང་བ་ཡི་སྟོན་པ་ཀུན་བྱེད་རྒྱལ་པོ་དེས་ཀུན་དུ་བཟང་པོའི་རོལ་པ་འགགས་མེད་དུ་ཤར་བའི་སྣང་སྲིད་སྣོད་བཅུད་ཀྱི་རྣམ་པ་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཀླས་པས་ཚད་གཟུང་དང་བྲལ་བ་ཅིར་ཡང་སྣང་བས་ངོ་མཚར་རྨད་དུ་བྱུང་བ་འདི་ལྟ་བུ་སྤྲུལ་ཞིང་བྱས་པ་ཐམས་ཅད་ནི་ཀུན་བྱེད་རྒྱལ་པོའི་སྐུ་ཡི་རོལ་པ་ཡིན་པ་དང་། གསུང་གི་ངོ་བོ་བརྗོད་བྲལ་ཆེན་པོའི་དོན་བརྟན་གཡོའི་སྒྲ་ཚིག་སྣ་ཚོགས་པའི་རྣམ་པར་མངོན་དུ་བསྒྲགས་ནས་ནི་དོན་གྱི་ཆོས་ཉིད་སྟོང་གསལ་འགགས་པ་མེད་པའི་ཡེ་ཤེས་རྒྱ་ཡན་ཆེན་པོ་དེ་ཚིག་གིས་གོ་བར་བསྟན་པ་དང་། ཐུགས་ནི་ཟབ་གསལ་གཉིས་སུ་མེད་པ་རང་བྱུང་གི་ཡེ་ཤེས་འགགས་པ་མེད་པ་དེ་ཉིད་ཀྱིས་སྟོན་པ་ཡེ་ཤེས་ཀྱི་སྒྲོན་མ་ལྟ་བུར་བྱས་ནས་ནི་མི་རྟོག་མཉམ་པ་ཆེན་པོའི་ཚུལ་གྱིས་ཆོས་ཉིད་དོན་གྱི་ངོ་བོ་མ་ནོར་བར་སྟོད་པར་བྱེད་པ་ནི་འགྲོ་དྲུག་གི་སེམས་ཅན་རྣམས་ཀྱི་དྲན་རིག་འགགས་མེད་དུ་གསལ་བ་འདི་ལས་གཞན་དུ་མེད་དེ། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། རང་རིག་གསལ་བས་རང་ལ་སྟོན། །རང་གསལ་ལུང་ལ་རང་གིས་མཚོན། །རང་རིག་གཟེར་ཆེན་རང་ལ་འདེབས། །སློབ་དཔོན་ཀུན་གྱི་མཆོག་ཏུ་གསུངས། །ཞེས་གསུངས་པ་ལྟར་རོ། །གསུམ་པ་སྣང་བ་སྐུ་ཡི་དཀྱིལ་འཁོར་དུ་བསྟན་པ་ནི། ཀྱེ་སེམས་དཔའ་ཆེན་པོས་ཇི་ལྟར་སྣང་བ་ཐམས་ཅད་ཀུན་བྱེད་ང་ཡི་སྐུ་ཡི་དཀྱིལ་འཁོར་ཡིན་པའི་དོན་འཆད་འགྱུར་འདི་ལྟར་དུ་རྟོགས་པར་གྱིས་ཤིག །དེ་ཡང་གང་ཞེ་ན། འདི་ལྟར་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་འདི་དག་ཐམས་ཅད་འགྲོ་དྲུག་གི་སེམས་ཅན་རྣམས་ལ་སྐྱེ་མེད་ཀྱི་ཀློང་ལས་འགགས་མེད་ཀྱི་རོལ་བ་དེ་ལྟར་སྣང་བ་འདི་ལས་སྟོན་པ་ཀུན་བྱེད་ང་ལ་སྐུ་ཡི་ངོ་བོ་གཞན་ངོ་མཚར་བ་ལྟ་བུ་གང་ཡང་མེད་པས་ཕྱི་ནང་གི་དངོས་པོ་འདི་དག་རྒྱལ་བའི་སྐུ་ཡི་རང་བཞིན་དུ་ཤེས་པར་གྱིས་ཤིག་ཅེས་གདམས་པ་སྟེ། ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། སེམས་དཔའ་ཆེན་པོ། རྒྱལ་བ་རྣམས་ཀྱི་སྐུ་སྣ་ཚོགས་ཅིར་ཡང་སྣང་བ་ནི། ཀུན་དུ་རིན་ཆེན་ལྟ་བུ་སྟེ། ཞེས་གསུངས་པ་ཡིན་ནོ། །སྐུའི་ཁ་དོག་ཇི་ལྟར་སྣ་ཚོགས་ཅིར་ཡང་རོལ་བ་ནི་རིན་ཆེན་དང་འདྲ་སྟེ། རིན་པོ་ཆེ་དཀར་པོ་ཡང་རིན་པོ་ཆེའོ། །དམར་པོ་དང་སེར་པོ་དང་སྔོན་པོ་དང་། ལྗང་གུ་ལ་སོགས་པ་ནི་ཁ་དོག་ཅི་འདྲ་ཡང་རིན་པོ་ཆེ་ཉིད་དོ། །འདི་ནི་རིན་པོ་ཆེ་ཡིན་ལ། འདི་ནི་རིན་པོ་ཆེ་མིན་པ་ནི་མ་ཡིན་ནོ། །དེ་བཞིན་དུ་རྒྱལ་བ་རྣམས་ཀྱི་སྐུ་ཡང་ཁ་དོག་ཐམས་ཅད་དུ་སྣང་བ་དང་། དབྱིབས་ཐམས་ཅད་ཇི་ལྟ་བུར་འདུག་པ་དང་། དྲི་ཇི་ལྟར་མནམ་པ་དང་། རོ་ཇི་ལྟར་བྲོ་བ་དང་། གཟུགས་ཇི་ལྟར་སྣང་བ་དང་། སྒྲ་ཇི་ལྟར་ཐོས་པ་དང་། རེག་བྱ་ཇི་ལྟར་ཚོར་བ་ཐམས་ཅད་ཉིད་ཀྱི་སྐུ་ཡིན་ཏེ། རྒྱལ་བའི་རྒྱལ་བ་རྣམས་ཀྱི་སྐུ་ཡིན་གྱི་ཁ་དོག་དང་དབྱིབས་འདི་ནི་རྒྱལ་བའི་སྐུ་ཡིན། འདི་ནི་མ་ཡིན་པ་ལྟ་བུ་ནི་མ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། ཞེས་གསུངས་ལ། དེས་ན་སྣང་བའི་དངོས་པོ་འདི་དག་ཀྱིས་རང་གི་ངོ་བོས་སྣང་སྟོང་གཉིས་སུ་མེད་པ་སྐུ་ཡི་ཆོས་འཆད་ཅིང་སྟོན་པ་ཡིན་པས་ན་དེ་བཞིན་དུ་སེམས་དཔའ་རྡོ་རྗེ་ཆེན་པོ་ཁྱོད་ཀྱིས་ཀྱང་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་འདི་དག་སྣང་ཡང་རང་བཞིན་མེད་པ་གསལ་སྟོང་སྒྱུ་མ་ལྟ་བུའི་རང་བཞིན་རྒྱལ་བའི་སྐུ་ཡི་དཀྱིལ་འཁོར་དུ་མ་རྟོགས་པའི་འགྲོ་བ་གཞན་ལ་ཁྱོད་ཀྱིས་ཇི་ལྟར་རྟོགས་པ་བཞིན་དུ་ལུང་སྟོན་ཅིག་ཅེས་པའོ། །བཞི་པ་གྲགས་པ་གསུང་གི་དཀྱིལ་འཁོར། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འཇིག་རྟེན་གྱི་ཁམས་ན་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའི་སྒྲ་གྲགས་པ་དང་། འགྲོ་བ་རྒྱུད་དྲུག་གི་སེམས་ཅན་རྣམས་ཀྱི་སྒྲ་ཚིག་ཇི་སྙེད་གྲགས་པ་འདི་དག་སྟོན་པ་ཀུན་བྱེད་ང་ཡི་གསུང་གྲགས་སྟོང་སྐྱེ་བ་མེད་པ་ལས་གཞན་དུ་མེད་པས་བརྗོད་བྱེད་ཀྱི་ཚིག་གི་སྒྲ་རྣམས་བརྗོད་བྱའི་དོན་སོ་སོ་དང་སྦྱར་ཏེ་གོང་འོག་མ་འཁྲུགས་པའི་ཚུལ་གྱིས་སྡེབས་སྦྱོར་ལེགས་པས་བཤད་པ་ཞེས་བྱ་བ་དེ་ཡང་དོན་དེེ་ཉིད་ལ་བརྗོད་པར་བྱ་སྟེ། དེ་ཉིད་ལས། དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་ནི་སྐུ་གསུང་ཐུགས་སོ་སོར་དབྱེར་མེད་པའི་དོན་དང་། རང་བཞིན་ཀུན་ལ་སྣང་བར་བྱེད་ཅིང་སོ་སོའི་དོན་གོ་བ་ཉིད་དུ་སྟོན་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་ངོ་། །གསུང་ལས་གྱུར་པ་རྣམས་ནི་སྒྲ་སྐད་སྣ་ཚོགས་ཅིར་ཡང་འབྱུང་བ་དང་། མིང་དང་ཚིག་མང་པོ་རྣམས་ལ་སོགས་པ་དང་། སྒྲ་སྐད་མང་པོ་འབྱུང་བ་རྣམས་ལ་གསུང་དུ་མ་གྱུར་པ་གཅིག་ཀྱང་མེད་དོ། །སྐུ་དང་ཐུགས་ཉིད་གསུང་ངོ་། །གསུང་དང་ཐུགས་ཉིད་སྐུ་ཡིན་ཏེ། གསུང་སྤྲུལ་པའི་སྐུ། ཐུགས་སྙིང་པོ་བྱང་ཆུབ་མཆོག་གི་སྐུ། སྐུ་ལོངས་སྤྱོད་རྫོགས་པའི་སྐུའོ། །ཞེས་སྐུ་གསུང་ཐུགས་དབྱེར་མེད་པའི་རང་བཞིན་དུ་གསུངས་པས་ན་སྣང་གྲགས་རིག་པ་གསུམ་སོ་སོར་སྐུ་གསུང་ཐུགས་གསུམ་ཡིན་པར་མ་ཟད་རེ་རེ་ལ་ཡང་སྐུ་གསུམ་དང་གསང་གསུམ་དབྱེར་མེད་ལྷུན་གྱིས་གྲུབ་པ་སྟེ། ཇི་ལྟར་སྣང་བའི་དངོས་པོ་ཐམས་ཅད་རང་རང་གི་མཚན་ཉིད་མ་འགགས་པར་སྣང་བ་སྐུ་ལོངས་སྤྱོད་རྫོགས་པ། རང་བཞིན་སྐྱེ་མེད་སྤྲོས་པ་དང་བྲལ་བ་ཐུགས་ཆོས་ཀྱི་སྐུ། རང་རང་གི་ངོ་བོས་བརྡ་སྤྲོད་ཅིང་དོན་བྱེད་ནུས་པའི་ཆ་ནས་གསུང་སྤྲུལ་པའི་སྐུའི་རང་བཞིན་དུ་གནས་སོ། །རྒྱུ་མཚན་དེས་ན་ཀྱེ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁྱོད་ཀྱིས་ཀྱང་དེ་ལྟར་སྒྲ་གྲགས་ཐམས་ཅད་ཀུན་བྱེད་རྒྱལ་བའི་གསུང་གི་དཀྱིལ་འཁོར་དུ་མ་རྟོགས་པའི་འགྲོ་བ་གཞན་ལ་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ད་ལྟ་ཇི་ལྟར་ཐོས་ཤིང་རྟོགས་པའི་དོན་བཞིན་དུ་ལུང་སྟོན་པར་མཛོད་ཅིག་ཅེས་སོ། །ལྔ་བ་དྲན་རིག་ཐུགས་ཀྱི་དཀྱིལ་འཁོར་དུ་བསྟན་པ་ནི། ཀྱེ་སེམས་དཔའ་ཆེན་པོོ་ཉོན་ཅིག །འདི་ལྟར་སྲིད་པ་ཁམས་གསུམ་དང་འགྲོ་བ་རྒྱུད་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གཟུང་འཛིན་མཚན་མའི་རྣམ་པར་རྟོག་པ་ཇི་ཙམ་སྐྱེ་བཞིན་པ་ལྟར་སྣང་བའི་དུས་ན་ཡང་དོན་ལ་རྟོག་པ་སྐད་ཅིག་མ་ཙམ་ཡང་སྐྱེ་མ་མྱོང་བར་རྟོག་མེད་རང་བྱུང་གི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པ་དང་། འབྱུང་བ་ཆེན་པོ་ལྔ་ཡི་ངོ་བོ་ཡང་རྣམ་པར་མི་རྟོག་པས་རྟོག་མེད་མཉམ་པ་ཉིད་དུ་གནས་པ་དང་། ཆོས་ཉིད་བྱ་རྩོལ་བྲལ་བའི་རང་བཞིན་དམིགས་ཡུལ་གང་ལས་ཀྱང་མི་སྐྱེ་ཞིང་རྣམ་པ་ཅི་ལ་ཡང་མི་རྟོག་ལ་རྩལ་སྣང་ཅིར་ཡང་མི་འགག་པ་ཡི་རང་བཞིན་དུ་གནས་པ་སྟེ་རྟོག་མེད་སྤྲོས་པ་དང་བྲལ་བ་དེ་དག་ཐམས་ཅད་སྟོན་པ་ཀུན་བྱེད་ང་ཡི་ཐུགས་རིག་སྟོང་གཉིས་སུ་མེད་པར་གནས་པ་དེ་ལས་གཞན་དུ་མེད་དོ་ཅེས་པ་སྟེ། དེ་ལས། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ལས་བྱུང་ཞིང་། ཐུགས་ཉིད་ལས་མ་གྱུར་པ་མེད་དོ། །ཞེས་གསུངས་པ་ལྟར་རོ། །དེས་ན་སེམས་དཔའ་ཆེན་པོ་རྡོ་རྗེ་ཁྱོད་ཀྱིས་ནི་ཇི་སྐད་བསྟན་པའི་དོན་དྲན་རིག་ཐམས་ཅད་ཐུགས་ཀྱི་དཀྱིལ་འཁོར་དུ་མ་རྟོགས་པའི་འགྲོ་བ་གཞན་རྣམས་ལ་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཇི་ལྟར་རྟོགས་པ་བཞིན་དུ་མ་ནོར་བར་ལུང་སྟོན་པར་མཛོད་ཅིག་ཅེས་གསུངས་སོ། །གསུམ་པ་མཇུག་བསྡུ་བ་ལ། དེ་ཉིད་ལུང་མ་བསྟན་ན་ཀུན་བྱེད་དང་མི་འཕྲད་པའི་སྐྱོན་དང་། མ་འཕྲད་ན་རང་གི་རང་བཞིན་ཆོས་སྐུར་མི་མཐོང་ཞིང་ངལ་བ་དོན་མེད་དུ་འགྱུར་བས་ལུང་སྟོན་ཅིག་པར་གདམས་པས་མཇུག་བསྡུ་བ་གཉིས་ལས། དང་པོ་ནི་གོང་དུ་བསྟན་པ་དེ་ལྟར་སེམས་དཔའ་ཆེན་པོས་སྣང་གྲགས་རིག་གསུམ་ཐམས་ཅད་སྟོན་པ་ཀུན་བྱེད་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིན་པའི་ཚུལ་འདི་གཞན་ལ་ལུང་མ་བསྟན་ན། ཀུན་བྱེད་ང་ཡི་རང་བཞིན་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་སྤང་བླང་བྱ་རྩོལ་དང་བྲལ་བའི་རང་བཞིན་འདི་ཤིན་ཏུ་རྟོགས་པར་དཀའ་བས་རྗེས་འཇུག་གི་འགྲོ་བ་རྣམས་ཀྱིས་མི་རྟོགས་ཏེ། དེ་ལྟར་མ་རྟོགས་ན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་དང་ཚེ་རབས་དཔག་ཏུ་མེད་པར་འཕྲད་པར་མི་འགྱུར་བས་ན། དེ་ལྟར་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་རང་རང་གི་སེམས་ཉིད་ཆོས་ཉིད་མ་བཅོས་ཡེ་སངས་རྒྱས་པའི་དོན་ཇི་བཞིན་དུ་རྟོགས་པའི་སྒོ་ནས་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་གདུང་རྒྱུད་མི་འཆད་པར་བྱེད་དགོས་པས་དེ་ལྟ་བུའི་རྒྱལ་བའི་གདུང་འཚོབ་པ་པོ་ཁམས་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་དང་། ས་ལམ་གྱི་རིམ་པ་ལ་དགུ་ལུང་དགུ་ལྟ་བུ་རིམ་པར་སྒལ་བའི་ས་བཅུ་པ་ཡི་བྱང་ཆུབ་སེམས་དཔའ་རྣམས་དང་། ཟག་པ་གསུམ་དང་བྲལ་བས་ཚེ་ལ་དབང་བསྒྱུར་བ་དང་རང་ལུས་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་རྣམ་པར་སྣང་བ་དང་། སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་རྣམ་པ་ལ་དབང་བསྒྱུར་བས་ལྷུན་གྱིས་གྲུབ་པའི་རིག་པ་འཛིན་པ་དང་སྟེ་རིག་འཛིན་རྣམ་པ་གསུམ་ལ་སོགས་པའི་སྟོན་པ་ཀུན་བྱེད་རྒྱལ་པོའི་གདུང་འཚོམ་པར་བྱེད་པ་པོ་རྣམས་ཀྱིས་སྤང་བླང་བྱ་རྩོལ་གྱི་ལམ་ལས་བརྒལ་ཏེ་ཀུན་བྱེད་ང་ཡི་རང་བཞིན་རིག་པ་བྱང་ཆུབ་ཀྱི་སེམས་བྱ་རྩོལ་མེད་པའི་དོན་དང་ཡུན་རིང་དུ་འཕྲད་པར་མི་འགྱུར་བའི་ཉེས་པ་དེ་ལྟ་བུ་ཡོད་པས་ན་དོན་འདི་ཇི་བཞིན་མ་ནོར་བར་ལུང་སྟོན་པར་གྱིས་ཤིག་པའོ། །གཉིས་པ་ནི། ཁམས་གསུམ་གྱི་སེམས་ཅན་ལ་སོགས་པ་གོང་དུ་བསྟན་པ་དེ་དག་ཐམས་ཅད་སྙིང་པོ་རང་བྱུང་གི་ཡེ་ཤེས་སྟོན་པ་ཀུན་བྱེད་ང་དང་ཡུན་དུ་མ་འཕྲད་ན་ཅིར་འགྱུར་སྙམ་ན་ཁམས་གསུམ་རྒྱུད་དྲུག་ན་གནས་པའི་སེམས་ཅན་ཀུན་གྱིས་རང་གི་རང་བཞིན་སྙིང་པོ་བྱང་ཆུབ་ཀྱི་སེམས་ཆོས་སྐུ་བདེ་བ་ཆེན་པོའི་ཡེ་ཤེས་དེ་རང་གིས་ངོ་མི་ཤེས་པ་དང་། མཚན་ཉིད་ཐེག་པའི་ལམ་གྱི་ས་བཅུ་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིས་ཀྱང་གྲངས་མེད་པ་ཡི་བསྐལ་བའམ་བསྐལ་པ་གྲངས་མེད་པ་གསུམ་དུ་བགྲངས་བའི་བར་དུ་ལམ་སྦྱངས་བགྲོད་པ་བརྩོན་ཀྱང་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་དང་འཕྲད་པར་ཡང་མི་འགྱུར་ན་དངོས་སུ་རྟོགས་པ་ལྟ་ཅི། དེ་ལྟར་ཀུན་བྱེད་ཉིད་དང་ཕྲད་པར་མི་འགྱུར་བའི་རྒྱུ་མཚན་དེས་ཀྱང་རང་རང་གི་རང་བཞིན་ཆོས་སྐུ་ལྷུན་གྲུབ་བྱ་རྩོལ་དང་བྲལ་བའི་དོན་ཤེས་པར་མི་འགྱུར་བ་དང་། དེ་བཞིན་དུ་རྣམ་སྨིན་བག་ཆགས་ཀྱི་ལུས་ལྟ་བུ་མིན་པར་ལུས་དག་པ་ལྷའི་རྣམ་པ་ལ་དབང་བསྒྱུར་བར་མཛད་པ་གོང་དུ་གསལ་བའི་རིག་འཛིན་རྣམ་པ་གསུམ་པོ་དེ་ཀུན་གྱིས་ཀྱང་ལུས་ཀྱིས་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ཡི་ཆ་ལུགས་བཟུང་ནས་ཡིད་ཀྱི་དབང་པོ་ཡིས་རང་གི་སེམས་ཉིད་ཀུན་བྱེད་ཆོས་སྐུའི་རང་བཞིན་ཇི་ལྟ་བ་བཞིན་དུ་མཐོང་བ་མེད་པར་འོད་གསལ་སྤྲོས་པ་དང་བྲལ་བར་ལྟ་བའི་བློ་དང་མ་བྲལ་བ་དེ་དག་གིས་ཀྱང་གཞན་སྣང་ལོངས་སྐུའི་རྣམ་པ་ཙམ་ཞིག་མཐོང་ཀྱང་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ང་དང་ནིི་རང་གི་རིག་པ་འོད་གསལ་བྱང་ཆུབ་སེམས་ཀྱི་རང་བཞིན་གདོད་ནས་གཉིས་སུ་མེད་པ་རྒྱལ་བ་རང་སྣང་གི་སྟོན་པ་ཇི་བཞིན་པ་དེེ་མི་མཐོང་ཞིང་། དེ་ལྟར་རང་གི་རང་བཞིན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཇི་ལྟ་བ་བཞིན་དུ་མ་མཐོང་གི་བར་དུ་མཐར་ཐུག་གི་འབྲས་བུ་མི་ཐོབ་པར་ལམ་སྦྱངས་བགྲོད་ཀྱི་ས་ལ་གནས་པས་སྤང་བླང་རྩོལ་སྒྲུབ་ལ་སོགས་པས་ཚི་ཆད་ཀྱི་ནད་ཀྱིས་ཟིན་པ་ཡིན་པའི་རྒྱུ་མཚན་དེ་བས་ན་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་སྣང་གྲགས་དྲན་རིག་ཐམས་ཅད་གཟུང་འཛིན་གཉིས་ཆོས་སུ་གྲུབ་པ་གང་ཡང་མེད་པར་གཉིས་མེད་རང་བྱུང་གི་ཡེ་ཤེས་སྟོན་པ་ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་ཡེ་ནས་གནས་པའི་ཚུལ་འདི་གདུལ་བྱའི་འགྲོ་བ་རྣམས་ལ་ལུང་སྟོན་པར་མཛོད་ཅིག །ཅེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཐམས་ཅད་སྟོན་པ་ཀུན་བྱེད་ཉིད་ཀྱི་སྐུ་གསུང་ཐུགས་སུ་འདུས་པར་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་དྲུག་པའི་འགྲེལ་བའོ།། ༈ །།དོན་བདུན་པ་སེམས་ཉིད་རང་བཞིན་གྱིས་དག་པའི་དོན་ལ་ཡེ་ནས་བསྒོམ་མེད་ལྷུན་གྱིས་གྲུབ་པའི་ལེའུ་སོ་བདུན་པ་ལ་གཉིས་ཏེ་བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ངོ་བོ་ཐུགས་རྗེ་སྟེ་སྐུ་གསུང་ཐུགས་གསུམ་གྱི་རང་བཞིན་དུ་མ་བཙལ་ལྷུན་གྲུབ་ཀྱི་ཚུལ་དུ་བཀོད་པ་ཡིན་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས། རང་གི་ཆོས་ཉིད་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་དུ་འཁོར་འདས་ཐམས་ཅད་ཡེ་ནས་རྫོགས་ཞིང་ཆེ་བ་ལྔའི་ཚུལ་དུ་སངས་རྒྱས་ཟིན་པས་ན་རྫོགས་པ་ཆེན་པོའི་ཆོས་ཉིད་ཅེས་གསུངས་པ་དེ་ལ་ཐེག་པ་འོག་མ་ལྟར་འབད་རྩོལ་གྱིས་བསྒོམ་དུ་མེད་པར་ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་སུ་ཡེ་ནས་གྲོལ་ཟིན་པ་ཡིན་པས་རེ་དོགས་དང་འབད་རྩོལ་ཅིར་ཡང་མི་དགོས་པའི་ཚུལ་འདི་བསྟན་ཏོ། །ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། སེམས་ཉིད་བསྒོམ་དུ་མེད་པའི་ངོ་བོ་སྤྱིར་བསྟན། དེ་ལ་བསྒོམ་པས་གོལ་བའི་རང་བཞིན་བྱེ་བྲག་ཏུ་བཤད་པ། ཇི་བཞིན་པའི་སེམས་ཉིད་བཅོས་བསླད་དང་བྲལ་བའི་བཞག་ཐབས་ལེགས་པར་བསྟན། སེམས་ཉིད་ཇི་བཞིན་བཞག་པའི་ངོ་བོས་བྱང་ཆུབ་གྲུབ་ཚུལ་ལོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་རྡོ་རྗེ་ཞེས་འཁོར་གྱི་གཙོ་བོ་བཀའ་ཡི་སྡུད་པ་པོ་ཉིད་ཀྱིས་མཚོན་ནས། གཞན་ཡང་ལ་སོགས་ཏེ་ཞེས་པའི་སྒྲས་རྡོ་རྗེ་ཐེག་པའི་ལམ་ནས་རིག་འཛིན་གྱི་ནི་ས་རྣམ་སྨིན་ཚེ་དབང་ཕྱག་ཆེན་ལྷུན་གྲུབ་བཞི་ཡི་ས་ལ་གནས་པ་རྣམས་དང་། མཚན་ཉིད་ཐེག་པའི་ས་བཅུ་དང་ལམ་ལྔ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཁམས་གསུམ་གྱི་སེམས་ཅན་གང་ཞིག་བྱར་མེད་རྫོགས་པ་ཆེན་པོས་འདུལ་བའི་དུས་ལ་བབ་པ་ཡིན། གདུལ་བྱ་མ་ལུས་པ་ཀུན་གྱི་གཅིག་ཤེས་ཀུན་གྲོལ་གྱི་དོན་ཆེན་པོ་ནི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཉིད་ཡིན་གྱིས་དེ་ལས་གཞན་མེད་ལ་ཞེས་ཀུན་བྱེད་རྒྱལ་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ཉིད་རང་ངོ་ཤེས་ན་ཀུན་བཟང་ཆོས་སྐུའི་གཏན་སྲིད་ལ་རང་དབང་འབྱོར་བར་འགྱུར་ལ་དེ་ཉིད་ངོ་མ་ཤེས་ན་ཐེག་པ་འོག་མའི་ལམ་གྱིས་འབད་རྩོལ་ཇི་ཙམ་བྱས་ཀྱང་མི་གྲོལ་བར་གསུངས་པའོ། །འོ་ན་ཀུན་བྱེད་ཉིད་ཀྱི་རང་བཞིན་ནི་ཇི་ལྟར་ཡིན་སྙམ་ན་ང་ཡི་རང་བཞིན་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྙིང་པོ་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་ལ། ཆོས་ཉིད་བྱང་ཆུབ་ཀྱི་སེམས་དེ་ནི་ཡེ་སྟོང་འདུས་མ་བྱས་པའི་རང་བཞིན་བཅོས་བསྒྱུར་སྤང་བླང་ཐམས་ཅད་དང་བྲལ་བ་ཡིན་པས་དེ་ལ་བློ་རྣམ་པར་རྟོག་པ་གང་གིས་ཀྱང་བསམ་ཞིང་བསྒོམ་དུ་མེད་པ་ཡིན་པར་རྟོགས་པར་གྱིས་ཤིག་ཅེས་པ་སྟེ། ཁྱུང་ཆེན་ལས། དམིགས་པའི་ཡུལ་མེད་མི་རྟོག་ཆོས་ཀྱི་ལམ། །མི་གནས་ཐིག་ལེ་ཇི་བཞིན་ཉིད་ཀྱི་ངང་། །རང་བྱུང་ཡེ་ཤེས་ཀུན་ཏུ་ཇི་བཞིན་གནས། །ཡུལ་ལ་མི་གནས་གཉེན་པོས་བཅོས་སུ་མེད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་བསྒོམ་པས་གོལ་བའི་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། རྒྱུ་འབྲས་སྟོན་པས་རྩོལ་བསྒྲུབ་ཀྱི་བསྒོམ་པ་མདོར་བསྟན་པ། དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལ་རྒྱུ་བླང་དོར་འབད་རྩོལ་ལ་བརྟེན་ནས་ཐེག་པ་རང་རང་གི་ལམ་གྱི་འབྲས་བུ་ཐོབ་པའི་ཚུལ་སྟོན་པར་མཛད་པའི་རྒྱལ་བ་སྐུ་གསུམ་གྱི་སྟོན་པས་ནི། ཀུན་བྱེད་ང་ཡི་རང་བཞིན་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་གྲོལ་བློ་ལས་འདས་པས་བསམ་ཞིང་བསྒོམ་དུ་མེད་པའི་རང་བཞིན་ཡིན་པ་ལ། འཇིག་རྟེན་ན་རྒྱུ་ལས་འབྲས་བུ་སྐྱེ་བ་འདུས་བྱས་ཀྱི་ཆོས་རྣམས་དང་དོན་དམ་ཚུལ་མཐུན་པར་རྒྱུ་རྩོལ་བསྒྲུབ་ཀྱི་ལམ་ལས་འབྲས་བུ་སངས་རྒྱས་ཉིད་འབྱུང་བར་ལུང་བསྟན་ནས། བྱེ་བྲག་ཏུ་ཐེག་པ་སོ་སོའི་ལམ་ཇི་ལྟར་བསྒོམ་པའི་ལུང་ནི་འོག་ཏུ་འཆད་འགྱུར་འདི་ལྟར་སོ་སོར་བསྟན་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལྔ་སྟེ། ཉན་རང་གིས་སྤང་བའི་སྐྱོན། བྱང་སེམས་ཀྱིས་སྦྱང་བའི་སྐྱོན། ཀྲི་ཡོག་གིས་བྱིན་གྱིས་རླབས་ཤིང་སྒོམ་པའི་སྐྱོན། ནང་པ་གཉིས་ཀྱིས་བཙལ་ཞིང་སྒྲུབ་པའི་སྐྱོན། རྩོལ་སྒྲུབ་ཀྱི་སྒོམ་ཅི་བྱས་ཀྱིས་རང་སེམས་སྤངས་བའི་སྐྱོན་ནོ། །དང་པོ་ནི། དེ་ཡང་རྒྱུ་འབྲས་ཀྱི་ཐེག་པ་དེ་དག་གང་དང་གང་ཡིན་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་རང་བྱུང་གི་ཡེ་ཤེས་གཅིག་གི་ངོ་བོ་ཡིན་པ་ལ་ཉན་རང་རྣམས་ཀྱིས་སྡུག་བསྔལ་དང་ཀུན་འབྱུང་འགོགས་པ་ལམ་གྱི་བདེན་པ་རྣམ་པ་བཞིས་སམ་བཞི་ལས། འགོགས་ལམ་གྱི་བདེན་པ་གཉིས་ལ་བླང་བྱ་དང་སྡུག་ཀུན་གྱི་བདེན་པ་གཉིས་ལ་དོར་བྱར་བལྟས་ཏེ་བླང་དོར་ལ་བརྩོན་པ་སྟེ། དེ་ཡང་ཟག་བཅས་འབྲས་གྱུར་གྱི་ཕུང་པོ་ལྔ་སྡུག་བསྔལ་གྱི་བདེན་པ་དང་རྒྱུར་གྱུར་གྱི་ཆ་ཐམས་ཅད་ཀུན་འབྱུང་གི་བདེན་པ་གཉིས་ལ་འཁོར་བ་དང་ངན་སོང་གི་རྒྱུ་དང་འབྲས་བུའོ་ཟེར་ནས་དེའི་གཉེན་པོར་ལམ་གང་ཟག་གི་བདག་མེད་པ་བསྒོམ་པ་ལ་བརྟེན་ནས་སྡུག་བསྔལ་རྒྱུ་དང་བཅས་པ་འགོག་པའི་འབྲས་བུ་ཉན་རང་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱེད་པར་འདོད་པ་དེ་ཡང་དོན་ལ་སྡུག་ཀུན་གཉིས་སུ་སྣང་བ་དེ་ཉིད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་པ་ལ་དེ་ལྟར་མ་ཤེས་པར་སྤང་བར་བྱེད་པ་ཡིན་པའི་ཕྱིར་ན། དེ་འདྲའི་ལམ་ལ་གནས་པའི་གང་ཟག་དེ་ཡིས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སྤོང་ལེན་མེད་པའི་དོན་མི་མཐོང་ཞིང་སྙིང་པོ་རང་བྱུང་གི་ཡེ་ཤེས་སྤོངས་བར་བྱེད་པ་ཡིན་རྫོགས་པ་ཆེན་པོའི་ལམ་ལས་གཞན་དུ་གོལ་བ་ཡིན་ནོ། །གཉིས་པ་ནི། འདི་ལྟར་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ་ཀུན་རྫོབ་དང་དོན་དམ་གྱི་དབྱེ་བ་མེད་པར་བདེན་གཉིས་དབྱེར་མེད་ཆེན་པོ་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་རང་བཞིན་ཡིན་པ་ལ། མཚན་ཉིད་བྱང་ཆུབ་སེམས་དཔའི་ཐེག་པ་རྣམས་ཀྱིས་གནས་ཚུལ་སྟོང་པ་ཉིད་དོན་དམ་གྱི་བདེན་པ་དང་། དེའི་སྣང་ཚུལ་ཆོས་ཅན་གྱི་དངོས་པོ་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་རྣམ་པ་གཉིས་ཀྱི་ཚུལ་གྱིས་ལྟ་བ་གཏན་ལ་ཕབ་ཏེ། ལམ་བསྒྲུབ་པའི་ཚུལ་ཀྱང་དོན་དམ་དུ་འཁོར་གསུམ་རྣམ་པར་མི་རྟོག་པས་ཟིན་པ་དང་ཀུན་རྫོབ་ཏུ་ཆགས་བདུན་སྤོང་བ་དང་བསྒྲུབ་ཚུལ་ཡོན་ཏན་བཞི་ལྡན་སོགས་ཀྱི་སྒོ་ནས་སྦྱིན་པ་གཏོང་བ་དང་ཚུལ་ཁྲིིམས་བསྲུང་བ་ལ་སོགས་པ་ཕ་རོལ་དུ་ཕྱིན་པ་བཅུ་ལ་སྤྱད་པས། དང་པོ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་དང་ཚོགས་སྦྱོར་མཐོང་སྒོམ་མི་སློབ་པའི་ལམ་ལྔ་ལ་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་པོ་རིམ་པར་སྦྱངས་ཏེ་ས་ལམ་གོང་ནས་གོང་དུ་བགྲོད་པ་ཡིས། མཐར་འབྲས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པར་འདོད་པ་དེས་ཀྱང་སྤང་བྱའི་སྒྲིབ་པ་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་གཞི་བྲལ་ངོས་བཟུང་ལས་འདས་པས་སྤང་གཉེན་དབྱེར་མེད་ཆེན་པོའི་དོན་ཡིན་པར་མ་མཐོང་བར་གཉེན་པོ་བདག་མེད་རྣམ་གཉིས་བསྒོམ་པའི་སྒོ་ནས་ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་སྦྱོང་བའི་ས་ལ་གནས་པ་ཡིན་པས་ཀུན་བྱེད་བྱང་ཆུབ་སེམས་སྦྱང་བགྲོད་མེད་པའི་དོན་ལས་གོལ་བར་གསུངས་པའོ། །གསུམ་པ་ནི། དེ་བཞིན་དུ་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ་འཁོར་བ་དང་མྱང་འདས་བདག་དང་ལྷ་བླང་བྱ་དང་དོར་བྱ་ལ་སོགས་པ་བཟང་ངན་གཉིས་ཆོས་ཀྱི་དབྱེ་བ་གང་ཡང་མེད་པར་གཉིས་མེད་མཉམ་པ་ཆེན་པོའི་རང་བཞིན་ཡིན་པ་ལ། ཀྲི་ཡོག་སྡེ་གསུམ་གྱི་ཐེག་པ་བ་རྣམས་ཀྱིས་དེ་ལྟར་མ་རྟོགས་པར་གཟའ་དང་རྒྱུ་སྐར་དུས་ཚིག་ལ་སོགས་པ་ངན་པ་དོར་ཞིང་བཟང་པོ་དང་དུ་བླང་བའི་སྒོ་ནས། མངོན་པར་བྱང་ཆུབ་པ་ལྔ་དང་ཆོ་འཕྲུལ་ཆེན་པོ་རྣམ་པ་བཞིས་འདི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ལ་དག་པ་ལྷའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་བྱིན་གྱིས་རླབས་ནས་དམིགས་པ་གཞན་དུ་མ་ཡེང་བར་ཏིང་ངེ་འཛིན་རྩེ་གཅིག་པའི་སྒོ་ནས་ལྷ་ཡི་སྐུར་བསྒོམ་པས་མཐར་ཐུག་རང་ལམ་གྱི་འབྲས་བུ་ཐོབ་པར་འདོད་པ་དེ་ཡིས་ཀྱང་། རང་གི་སེམས་ཀྱི་ཆོས་ཉིད་དམིགས་མཚན་སྤྲོས་པའི་སྤྱོད་ཡུལ་ཀུན་ལས་འདས་པས་བསྒོམ་བྱ་སྒོམ་བྱེད་གཉིས་སུ་མེད་པའི་དོན་མཐོང་བ་མིན་པས་བྱར་མེད་རྫོགས་པ་ཆེན་པོ་ཡེ་བབ་སོར་བཞག་གི་དོན་དང་བྲལ་བའི་སྐྱོན་དང་བཅས་པར་བསྟན་པའོ། །བཞི་པ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ཆོས་སྐུ་ཐིག་ལེ་ཉག་གཅིག་རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་རྩོལ་བསྒྲུབ་དང་བཅོས་བ སླད་མེད་པར་བདག་ཉིད་ཆེན་པོར་ཡེ་ནས་སངས་རྒྱས་པའི་རང་བཞིན་ཡིན་པ་ལ། མ་ཧཱ་ཨ་ནུ་གཉིས་ཀྱིས་གནས་ཚུལ་ལ་དེ་ལྟར་དུ་རྟོགས་ཀྱང་སྣང་ཚུལ་ལ་ཚོགས་བརྒྱད་ཡུལ་དང་བཅས་པ་སྦྱང་བྱ་འཁོར་བའི་ཆོས་སུ་བལྟས་ནས་སྦྱངས་འབྲས་སྐུ་དང་ཡེ་ཤེས་མངོན་དུ་བྱེད་པའི་ཐབས་སུ་སྦྱོང་བྱེད་བསྐྱེད་རྫོགས་ཀྱི་ལམ་ལ་རྩོལ་ཞིང་འབྲས་བུའི་བཞུགས་ཚུལ་དང་མཐུན་པར་ལྷའི་དཀྱིལ་འཁོར་བསྒོམ་ཚུལ་ཀྱང་སྟོང་ཆེན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་པ་སོགས་པ་ཏིང་འཛིན་རྣམ་པ་གསུམ་གྱིས་ཁོག་ཕུབ་པ་དང་། བསྐྱེད་ཚུལ་རྡོ་རྗེའི་ཆོ་ག་རྣམ་པ་བཞིའམ་གསུམ་དང་མངོན་བྱང་བཞིའམ་ལྔས་ཞེས་ལྔ་པོ་དེས་མཚོན་པའི་སྐྱེ་གནས་བཞིའི་བག་ཆགས་སྦྱོང་བའི་བསྐྱེད་ཚུལ་སོ་སོར་གསུངས་པ་དེ་རྣམས་ཀྱི་སྒོ་ནས་སམ། ཡང་ན་འདིར་ཆོ་ག་ལྔ་ཞེས་གསུངས་པ། སྒྱུ་འཕྲུལ་ལས། ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །ཡན་ལག་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། །མ་ཉམས་འཇུག་ལ་རབ་བརྩོན་ན། །ཞེས་གསུངས་པ་དེ་ལྟ་བུའི་ཆོ་ག་ལྔ་ཡི་སྒོ་ནས་རང་རྒྱུད་ཀྱི་ཕུང་པོ་ལྔ་ཉིད་ཡེ་ནས་དག་པའི་རང་བཞིན་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་གནས་ཤིང་ལྷ་དང་ཕུང་པོ་དབྱེར་མི་ཕྱེད་པས་རྡོ་རྗེའི་ཕུང་པོ་ལ་བསྙེན་པ་དང་ཉེ་བསྙེན་སྒྲུབ་པ་དང་སྒྲུབ་ཆེན་རྣམ་པ་བཞི་ཡི་ཞེས། དེ་ཡང་དབང་ནོད་ཅིང་དམ་ཚིག་བཟུང་བ་དང་ལྷ་བསྒོམ་ཚུལ་གྱི་གདམས་ངག་བསླབ་པ་བསྙེན་པའི་ཡན་ལག །ལྷ་དངོས་སུ་བསྒོམ་པ་ཉེ་བར་བསྙེན་པའི་ཡན་ལག །ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པ་སྒྲུབ་པའི་ཡན་ལག །མཐར་ཕྱིན་པ་སྒྲུབ་ཆེན་གྱི་ཡན་ལག་ཏུ་གསུངས་པ་དེ་ལྟ་བུའི་སྒོ་ནས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷ་ཡི་དཀྱིལ་འཁོར་དུ་བསྒོམ་ནས། དེ་ཡང་རྫོགས་རིམ་གྱི་ཡེ་ཤེས་དང་ཟུང་དུ་འཇུག་པས་སྣང་ལ་རང་བཞིན་མེད་པ་གསལ་སྟོང་ཆུ་ཟླ་ལྟ་བུའི་ཚུལ་དུ་བསྒོམ་པར་བྱེད་པ་དེ་ཡང་ནི་བསྐྱེད་རྫོགས་ཏིང་ངེ་འཛིན་གྱིས་བཙལ་ཞིང་བསྒྲུབ་པའི་སྒོ་ནས་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་ལྷར་བཅོས་པར་བྱེད་པའི་ལམ་ཡིན་པས། དེ་ལྟ་བུའི་རྩོལ་སྒྲུབ་ཅན་གྱི་ལམ་དེས་རྩོལ་མེད་ཡེ་སངས་རྒྱས་པའི་དོན་དེ་སླར་ཡང་བསྒྲིབས་ནས་མི་མཐོང་བ་དེས་ན་ལམ་དེ་ལ་གནས་པའི་གང་ཟག་དེས་ཀྱང་རང་གི་སེམས་ཉིད་ཡེ་ནས་བྱ་རྩོལ་མེད་པའི་དོན་མི་མཐོང་བར་རྩོལ་སྒྲུབ་ཀྱི་ལམ་ལ་གནས་པ་མིན་པར་གསུངས་སོ། །ལྔ་པ་ནི། དེ་ལྟར་རྒྱུ་འབྲས་ཀྱི་ཐེག་པ་བ་རྣམས་ཀྱིས་རྩོལ་བསྒྲུབ་བྱས་པས་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ཆོས་བཙལ་དུ་མེད་པའི་དོན་ཏེ་མི་མཐོང་བ་དེས་ཕྱིར་ན་རང་གི་ཆོས་ཉིད་སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་ལ་ནི་ཀུན་བྱེད་རྒྱལ་པོ་རྒྱལ་བ་སྐུ་གསུམ་གྱི་སྟོན་པའི་སྟོན་པར་གྱུར་པས་ཀྱང་རང་སེམས་ཡེ་ནས་རྩོལ་མེད་ཡེ་སངས་རྒྱས་པ་ཆོས་ཉིད་སྤྲོས་མཐའ་དང་བྲལ་བའི་རང་བཞིན་དུ་གྲོལ་ཟིན་པས་སྤོང་འགོག་སྦྱོང་བསྒྱུར་ཐམས་ཅད་དང་བྲལ་བ་ལ་བསྒོམ་བསྒྲུབ་གང་ཡང་མི་དགོས་པའི་ཕྱིར་ན། འཁོར་གྱི་དང་པོ་སྐུ་གསུམ་གྱི་སྟོན་པ་གསུམ་ལ་བསྒོམ་ཞིང་བསྒྲུབ་པའི་ལུང་མ་བསྟན་ལ། གལ་ཏེ་བསྒོམ་བསྒྲུབ་ཀྱིས་བཙལ་བར་བྱས་ན་རང་སེམས་བཙལ་དུ་མེད་པའི་དོན་མ་རྟོགས་པར་སྤངས་པ་ཡིན་ནོ། །ཞེས་གསུངས་སོ། ཚུལ་དེ་ལྟར་སྙིང་པོ་དོན་གྱི་རྒྱུད་ལས་ཀྱང་། ཐིག་ལེ་གཅིག་ལ་གཉིས་འཛིན་རྟོག་པས་བཅིངས། །བདེན་པ་གཅིག་ལ་ནོར་བའི་ལུང་གིས་བརྟགས། །བསམ་མེད་གཅིག་ལ་ལོག་རྟོག་དྲན་པས་བསམ། །རང་བྱུང་དོན་ལ་རྒྱུ་དང་རྐྱེན་དུ་ཚོགས། །བལྟར་མེད་དོན་ལ་ལོག་མཐོང་སྟོབས་ཀྱི་བལྟས། །བགྲོད་མེད་ལམ་ལ་རྣམ་རྟོག་ཞེན་པས་བགྲོད། །གཟུང་མེད་མཉམ་ཉིད་ཕྱིན་ཅི་ལོག་ཏུ་བཟུང་། །མ་དག་དག་པར་བལྟས་པས་དག་པ་རྙོག་མར་ལངས། །རྣམ་རྟོག་ཕྱག་རྒྱ་བཅིངས་པས་ཡེ་ཤེས་ཕྱག་རྒྱ་བཤིག །མ་བརྗོད་ཡེ་ཤེས་གསུང་མཆོག་བརྗོད་པས་ཉམས། །མཚན་མའི་དཀྱིལ་འཁོར་བསྒོམས་པས་ཡེ་ཤེས་དཀྱིལ་འཁོར་སྤངས། །བཏང་སྙོམ་སྟོང་ཉིད་བསྒོམ་པས་བདེ་མཆོག་ཕྱག་རྒྱ་དྲལ། །མཚན་མ་ཚིག་ལ་ཞེན་པས་མཐའ་ཡི་ལྟ་བར་ལྷུང་། །ཞེས་རྣམ་རྟོག་བློ་ཡིས་བསྒོམ་བསྒྲུབ་རྩོལ་བ་གང་བྱས་ཐམས་ཅད་ཆོས་ཉིད་བྱ་རྩོལ་བྲལ་བའི་གོལ་ས་ཡིན་པར་གསུངས་སོ། །གསུམ་པ་ཇི་བཞིན་པའི་སེམས་ཉིད་བཅོས་བསླད་དང་བྲལ་བའི་བཞག་ཐབས་ལེགས་པར་བསྟན་པ་ནི། ཀྱེ་སེམས་དཔའ་ཆེན་པོ། གོང་དུ་ཇི་སྐད་བཤད་པའི་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་རང་གི་སེམས་ཉིད་གདོད་མའི་གཤིས་ལུགས་ཇི་བཞིན་པ་གྲུབ་པར་འདོད་ན། རེ་དོགས་འབད་རྩོལ་གྱི་འདོད་པ་མེད་པས་གྲུབ་པ་ཡིན་པའི་ཕྱིར་ན་རྣམ་པར་རྟོག་པ་ལ་སྐྱོན་དུ་བལྟས་ནས་རྟོག་མེད་མཉམ་པ་ཉིད་ཀྱི་རང་བཞིན་བསྒོམ་ན་ཡང་དེ་ཉིད་ཀྱང་བླང་དོར་ཕྲ་མོའི་ཡུལ་ལ་ཞེན་པའི་རྟོག་པ་ལས་མ་འདས་པས། ཚུལ་དེ་ཉིད་ལ་ཡང་གནས་པར་མི་བྱེད་དེ། ཅིའི་ཕྱིར་ན་མྱ་ངན་ལས་འདས་པའི་ཆོས་བླང་བར་བྱ་བ་དང་མ་དག་འཁོར་བའི་ཆོས་ཞིག་དོར་དུ་མེད་པའི་སྲིད་ཞི་མཉམ་པ་ཆེན་པོའི་ཡུལ་ལ་འགྲོ་བ་ཐམས་ཅད་ཡེ་ནས་རང་བཞིན་དུ་གནས་པ་དང་། གཟུང་འཛིན་རྣམ་རྟོག་གི་བློ་ཡིས་སྐད་ཅིག་ཀྱང་གཡོས་པ་མེད་པའི་རང་བྱུང་ཡེ་ཤེས་ཆེན་པོ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ངང་ལ་བསྒོམ་སྒྲུབ་ཀྱི་རྩོལ་བ་ལ་མི་ལྟོས་པར་རང་གི་ངང་གིས་གནས་ཟིན་པ་ཡིན་པའི་ཕྱིར་རོ། །དེས་ན་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་བཅོས་བསྒྱུར་སྤང་བླང་ཐམས་ཅད་དང་བྲལ་བ་ཡེ་ཇི་བཞིན་པ་ཡི་ངོ་བོ་ཉིད་དེ། དེ་བཞིན་དུ་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་དེ་དང་ངོ་བོ་གཅིག་གི་ངང་ནས་དེའི་རྩལ་ལས་ཤར་བ་མེད་སྣང་སྟོང་གཟུགས་ཀྱི་རོལ་པ་ཙམ་ལས་མེད་ཕྱིར་ཡེ་ནས་སེམས་ཉིད་དེ་བཞིན་དུ་གྲུབ་པ་ཡིན་པས། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ཇི་བཞིིན་པ་ཡི་དོན་དེ་ལ་ཐེག་པ་འོག་མ་ལྟར་བླང་དོར་རྩོལ་བསྒྲུབ་ཀྱིས་འཆོས་པ་མ་བྱེད་ཅིག །སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་སངས་རྒྱས་པའི་ངོ་བོ་འདི་ཉིད་ལས་གཞན་དུ་འབྲས་བུ་ཞིག་བསྒྲུབ་ཏུ་མེད་པས་ན་རེ་དོགས་འབད་རྩོལ་གྱིས་མ་བསྒྲུབ་ཤིག །ཀུན་བཟང་ཆོས་སྐུའི་སྟོན་པ་ཀུན་བཟང་གདོད་མའི་མགོན་པོ་ཞེས་པ་དེ་ཉིད་གཞན་ན་མེད་པར་རང་གི་སེམས་ཉིད་རིག་སྟོང་གཉིས་སུ་མེད་པ་འདི་ཉིད་ཡིན་གྱིས་དེ་ལས་གཞན་དུ་མ་ཚོལ་ཅིག །གལ་ཏེ་རང་ལས་གཞན་དུ་བཙལ་བར་བྱས་ན་རྣམ་མཁྱེན་ཡེ་ཤེས་མངའ་བའི་རྒྱལ་བས་ཀྱང་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་འབྲལ་མེད་ལྷུན་གྲུབ་ཏུ་བཞུགས་པ་འདི་ལས་གཞན་པའི་སངས་རྒྱས་ཞིག་ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་པ་ཀུན་ཏུ་བཙལ་ཀྱང་གང་ནས་ཀྱང་རྙེད་པར་མི་འགྱུར་ན་གཞན་གྱིས་ལྟ་ཅི་སྨོས་ཏེ། དེས་ན་ལམ་ཚོགས་གཉིས་ཀྱང་སྔར་ནས་ཏེ་ཡེ་གདོད་མ་ཉིད་ནས་རྫོགས་པར་བྱས་ཟིན་ཅིང་སྤང་བྱ་བསྒྲིབ་གཉིས་ཀྱང་གདོད་ནས་ཡེ་གྲོལ་གཞི་རྩ་བྲལ་བའི་ངང་དུ་བྱང་ཟིན་པ་ཡིན་པས་ད་གཟོད་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ལ་ནི་བྱ་བྱེད་ཀྱི་རྩོལ་བ་གང་ཡང་མི་བདོག་པའམ་མེད་ལ། དེ་བཞིན་དུ་སྙིང་པོ་བྱང་ཆུབ་ཀྱི་སེམས་འདི་སྔར་ནས་ལྷུན་གྲུབ་གདོད་མའི་སངས་རྒྱས་སུ་གྲུབ་ཟིན་པ་ཡིན་པས་ད་རེ་དོགས་འབད་རྩོལ་གྱིས་གསར་དུ་གྲུབ་པའི་ཐབས་ལ་རྩོལ་བར་མི་བྱེད་པར། བླང་དོར་རྩོལ་སྒྲུབ་གྱི་ཡུལ་གང་ལའང་མི་རྟོག་ཅིང་ཡུལ་ཅན་གྱི་བློས་ཅིར་ཡང་མི་དགོས་པའི་ངང་ལ་སྤང་བླང་ཐམས་ཅད་གདོད་ནས་མཉམ་པར་གནས་པ་དེ་ཇི་ལྟ་བ་བཞིན་དུ་མ་བཅོས་རང་བབ་ཀྱི་ངང་ལ་ཞོག་ཅིག་ཅེས་པ་སྟེ། དེ་ཉིད་ལས། ཡེ་ནས་ཟིན་པས་བྱ་བ་མེད། །ལྷུན་གྱིས་རྫོགས་པས་བསམ་པ་མེད། །རང་ལ་རྫོགས་པས་བསྒྲུབ་ཏུ་མེད། །དམིགས་མེད་དོན་ལ་བསྒོམ་དུ་མེད། །དུས་གཅིག་རྫོགས་པས་བགྲོད་དུ་མེད། །ཡེ་ཤེས་རིག་པའི་ཕྱག་རྒྱ་ལ། །རྣམ་གྲོལ་འབྲས་བུ་ཀུན་རྫོགས་ལྡན། །ཞེས་གསུངས་པ་ལྟར་རོ། །བཞི་པ་སེམས་ཉིད་ཇི་བཞིན་པའི་ངོ་བོས་བྱང་ཆུབ་གྲུབ་ཚུལ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འདི་ལྟར་སྔ་རབས་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་རང་གི་སེམས་ཉིད་ལས་གཞན་དུ་ཆོས་སྐུ་བདེ་བ་ཆ ེན་པོའི་འབྲས་བུ་ཞིག་བཙལ་བ་མེད་ལ། རང་གི་སེམས་ཉིད་ཡེ་ཇི་བཞིན་པ་རུ་གནས་པ་ལ་དེ་ལས་གཞན་དུ་རྒྱུ་འབྲས་བླང་དོར་གྱིས་འཆོས་པར་བྱེད་མ་མྱོང་ཞིང་། སེམས་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་ལ་བསྒོམ་བྱ་དང་བསྒོམ་བྱེད་ཀྱི་བློ་ཞིག་མི་གནས་པས་ཏིང་ངེ་འཛིན་རྣམ་པར་རྟོག་པ་ཡི་རང་བཞིན་ཅན་བསྒོམ་མ་མྱོང་སྟེ། རང་སེམས་གང་དུའང་རྣམ་པར་མི་རྟོག་པར་མ་བཅོས་ཇི་བཞིན་ཉིད་དུ་རྣལ་མར་བཞག་པ་ཡིས་ཡེ་ནས་ལྷུན་གྲུབ་བྱ་རྩོལ་བྲལ་བར་སངས་རྒྱས་པའི་དོན་དེ་མངོན་དུ་གྲུབ་པ་ཡིན་ལ། དེ་བཞིན་དུ་ད་ལྟར་ཕྱོགས་བཅུའི་ཞིང་ན་སྐུ་འཚོ་ཞིང་བཞུགས་པ་ཡི་སངས་རྒྱས་རྣམས་དང་། སླད་ཀྱིས་ཏེ་མ་འོང་པ་ན་འབྱོན་པར་འགྱུར་བ་ཡི་སངས་རྒྱས་མ་ལུས་པ་ཡང་བྱ་རྩོལ་གང་ལ་མི་ལྟོས་པར་རྟོག་མེད་མཉམ་པ་ཉིད་ཀྱི་ངང་དུ་མ་བཅོས་རང་བབ་དུ་གནས་པ་ཉིད་ཀྱིས་རང་བྱུང་ཡེ་ཤེས་ཆེན་པོ་སྐུ་གསུམ་ལྷུན་གྲུབ་ཀྱི་ངོ་བོ་མངོན་དུ་གྲུབ་པར་འགྱུར་བ་ཡིན་པས་ན། ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པ་བྱ་བྱེད་རྩོལ་སྒྲུབ་དང་བྲལ་བའི་རང་བཞིན་དུ་ཤེས་ནས་མ་བཅོས་རྣལ་བཞག་ཆེན་པོར་ལ་བཟླ་བར་བྱའོ། །ཞེས་གསུངས་སོ། །དེ་ལྟར་ཡང་ལ་ཟློ་གསང་བའི་འཁོར་ལོ་ལས། ཆོས་ཉིད་དབྱིངས་སུ་ཐམས་ཅད་སྐྱེ་བྱེད་པས། །འདས་དང་མ་འོངས་ད་ལྟར་སངས་རྒྱས་ཀྱིས། །སྔར་ཡང་མ་བཅོས་ད་ལྟར་འཆོས་པ་མེད། །ཕྱིས་ཀྱང་འཆོས་པར་མི་འགྱུར་བཅོས་མེད་དབྱིངས། །ཞེས་གསུངས་པ་ལྟར་འཁོར་འདས་བཟང་ངན་ལ་སོགས་པ་ཅི་སྣང་ཡང་རེ་དོགས་དང་སྤང་བླང་ཅི་ཡང་མི་བྱེད་པར་གང་ཤར་ཐམས་ཅད་རྗེས་མེད་རང་གྲོལ་དུ་གཏོང་ཞིང་མ་བཅོས་རྣལ་མར་འཇོག་པ་འདི་ནི་ཨ་ཏི་རྫོགས་པ་ཆེན་པོའི་ལམ་གྱི་ཁྱད་ཆོས་བླ་ན་མེད་པ་ཡིན་པར་ཤེས་པར་བྱའོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སེམས་ཉིད་བསྒོམ་དུ་མེད་པར་བསྟན་པའི་མདོ་ལུང་གིི་ལེའུ་སྟེ་སུམ་ཅུ་རྩ་བདུན་པའི་འགྲེལ་བའོ།། ༈ །།དོན་བརྒྱད་པ་གདོད་ནས་རྣམ་པར་དག་པའི་སེམས་ཉིད་ལ་ཐེག་པ་འོག་མས་ལྟ་བསྒོམ་སྤྱོད་པས་བཙལ་བས་གོལ་སྒྲིབ་ཏུ་གྱུར་པའི་ཚུལ་ཨ་ཏིས་རྟོགས་པར་བྱ་བའི་ལེའུ་སོ་བ རྒྱད་པ་ལ་གཉིས་བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་སེམས་ཉིད་གདོད་ནས་དག་པའི་རང་བཞིན་ལ་བསྒོམ་དུ་མེད་པས་མི་བསྒོམ་རྣལ་མར་འཇོག་པའི་ཚུལ་ལ་གདམས་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས། ཉིད་ཀྱི་འཁོར་གྱི་དང་པོ་ལ་སྐུ་གསུམ་གྱི་སྟོན་པའི་བསྟན་པ་རྒྱུ་འབྲས་ཀྱི་ཐེག་པ་འོག་མ་ཐམས་ཅད་ཨ་ཏི་རྫོགས་པ་ཆེན་པོའི་ལམ་གྱི་གོལ་ས་ཡིན་ཚུལ་དང་། ཐེག་པ་འོག་མ་དེ་དག་གིས་རྫོགས་པ་ཆེན་པོའི་ཆོས་ཉིད་བྱ་རྩོལ་དང་བྲལ་བའི་དོན་རྟོགས་པར་མི་ནུས་པས་དེ་ལ་སྒྲིབ་པར་གྱུར་པ་ཡི་ཚུལ་འདི་བསྟན་ཏོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། གོལ་སྒྲིབ་དངོས་བསྟན་པ་དང་། དེ་ཉིད་རྫོགས་པ་ཆེན་པོར་ལ་བཟླ་བའོ། །དང་པོ་ལ་གསུམ་སྟེ། གོལ་སྒྲིབ་ཀྱི་རང་བཞིན་མདོར་བསྟན་པ་དང་། གོལ་ས་གཙོ་ཆེར་བསྟན་པས་རྒྱས་པར་བཤད་པ་དང་། སྒྲིབ་པ་གཙོ་ཆེར་བསྟན་པས་དོན་བསྡུ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཐེག་པ་འོག་མ་རྣམས་རྫོགས་པ་ཆེན་པོའི་གོལ་སྒྲིབ་ཡིན་པའི་ཚུལ་འདི་ཉིད་སྟོན་པ་ཀུན་བྱེད་ང་ཡིས་བཤད་ཀྱིས་ལེགས་པར་ཉོན་ཅིག་ཅེས་ཚུལ་བཞིན་གསན་པར་བསྐུལ་ནས། འདི་ལྟར་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་འཁོར་གྱི་དང་པོ་སྐུ་གསུམ་གྱི་སྟོན་པ་རྣམ་པ་གསུམ་གྱི་བསྟན་པ་ཨ་ནུ་མན་ཆད་ཀྱི་ཕྱི་ནང་གསང་བ་གསུམ་ནི་རྫོགས་པ་ཆེན་པོའི་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་གནས་ལུགས་ཇི་བཞིན་པ་ལས་གཞན་དུ་གྱུར་པའི་ཕྱིར་ན་གོལ་ས་དང་སྒྲིབ་པར་བཞག་པ་སྟེ་ཞེས། རྫོགས་པ་ཆེན་པོ་བྱ་རྩོལ་ཐམས་ཅད་དང་བྲལ་བ་ལ་ལྟོས་ན་ད་དུང་ཐེག་པ་འོག་མ་དེ་དག་ལ་ཞེན་འཛིན་ཕྲ་བ་རེ་ཡོད་པས་སེམས་ལམ་བྱེད་ཡིན་པའི་ཕྱིར་ན་ཞེན་འཛིན་ཕྲ་བ་དེ་དག་དང་མ་བྲལ་བར་སེམས་ལས་འདས་པའི་ཡེ་ཤེས་ཇི་བཞིན་པ་མི་མཐོང་བར་གསུངས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཐེག་པ་དྲུག་གི་རང་བཞིན་སྤྱིར་བསྟན། དབྱེ་བ་རྒྱས་པར་བཤད་པ་དང་། འཇུག་བསྡུ་བའོ། །དང་པོ་ནི། དེ་ལ་སྐུ་གསུམ་གྱི་སྟོན་པའི་བསྟན་པ་དེ་དག་རྫོགས་པ་ཆེན་པོའི་གོལ་སྒྲིབ་ཡིན་པར་གསུངས་པ་དེ་ཡང་ཚུལ་ཇི་ལྟ་བུ་ཡི་སྒོ་ནས་གོལ་སྒྲིབ་ཏུ་འགྱུར་བ་ཡིན་ཞེེ་ན། འདི་ལྟར་རང་རང་གི་སྐབས་ནས་གསུངས་པའི་འབྲས་བུ་ངེས་པར་པ་རེ་ཐོབ་པར་འདོད་པའི་ཐེག་པ་འཆད་འགྱུར་དྲུག་པོ་འདི་ནི་རྫོགས་པ་ཆེན་པོའི་གོལ་སར་བསྟན་པ་ཡིན་ནོ་ཞེས་སྤྱིར་བསྟན་པའོ། །གཉིས་པ་ལ། མདོ་སྡེ། ཀྲི་ཡ། ཨུ་པ། ཡོ་ག །མ་ཧཱ་ཨ་ནུ་དྲུག་གི་དབྱེ་བ་རྒྱས་པར་བཤད་པ་ལས། དང་པོ་ནི། དེ་ལྟ་བུའི་ངེས་ཐོབ་ཀྱི་ཐེག་པ་དྲུག་པོ་དེ་རྫོགས་ཆེན་གྱི་གོལ་སར་འགྱུར་ཚུལ་དེ་ཡང་སོ་སོར་དབྱེ་ཞིང་བཤད་ན་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟར་སྟོན་པ་སྤྲུལ་པའི་སྐུའི་བསྟན་པ་བྱང་ཆུབ་སེམས་དཔའི་ཐེག་པ་མཚན་ཉིད་མདོ་སྡེ་བ་རྣམས་ནི། རང་ལམ་གྱི་འབྲས་བུ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པར་འདོད་ནས། དེ་ཉིད་བསྒྲུབ་ཅིང་མངོན་དུ་བྱེད་པ་ཡི་ཆེད་དུ་ཀུན་རྫོབ་དང་དོན་དམ་གྱི་བདེན་པ་གཉིས་ཀྱི་དོན་ལ་རྟོག་དཔྱོད་ཀྱིས་སོ་སོར་བརྟགས་ཤིང་དཔྱད་ནས་སྣང་ཚུལ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་སྣང་ཡང་རང་བཞིན་མེད་པ་སྒྱུ་མ་རྨི་ལམ་ལ་སོགས་པའི་ཚུལ་དུ་གཏན་ལ་ཕབ་ཞིང་། དེའི་གནས་ཚུལ་ཆོས་ཉིད་དོན་དམ་པའི་བདེན་པ་སྟོང་ཉིད་སྤྲོས་པ་དང་བྲལ་བས་ནམ་མཁར་ཏེ་ནམ་མཁའ་དང་འདྲ་བར་གཏན་ལ་དབབ་ཅིང་བསྒོམ་པར་འདོད་པ་ཡིན་ལ། ཨ་ཏི་ཡོ་གའི་བསྟན་བྱ་བདེ་ཆེན་བྱང་ཆུབ་སེམས་ཀྱི་གནས་ལུགས་ཇིི་བཞིན་པ་ནི་བདེན་གཉིས་ཀྱི་ཚུལ་ལ་མི་གནས་ཤིང་སེམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པས་རྟོག་དཔྱོད་གཉིས་ཀྱི་ཡུལ་ལས་འདས་པའི་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་པའི་ཕྱིར་ན། དེ་ལྟ་བུའི་རྟོག་དཔྱོད་ཐམས་ཅད་ལས་འདས་པའི་ཆོས་ཉིད་བྱ་རྩོལ་བྲལ་བའི་དོན་དེ་ལ་མདོ་སྡེས་ཏེ་མཚན་ཉིད་ཐེག་པ་བས་བདེན་གཉིས་ཀྱི་ཚུལ་ལ་སོ་སོར་རྟོག་ཅིང་དཔྱོད་པ་དེས་བསྒྲིབས་པ་ཡིན་པས་ན་རྫོགས་པ་ཆེན་པོའི་གནས་ལུགས་རྟོག་དཔྱོད་ལས་འདས་པའི་དོན་དེ་མ་རྟོགས་པར། གལ་ཏེ་ཆོས་ཉིད་བློ་ལས་འདས་པའི་དོན་རྟོག་གེའི་ཡུལ་དུ་ཁྲིད་དེ་ཚུར་མཐོང་ཚད་མའི་བློས་རྟོག་པ་དང་དཔྱོད་པར་བྱེད་པ་ནི་མཚན་ཉིད་མདོ་སྡེ་པ་དག་ཏུ་གོལ་བར་བཤད་དོ། །གཉིས་པ་ནི། དེ་བཞིན་དུ་སྟོན་པ་ལོངས་སྐུའི་བསྟན་པ་གསུམ་ལས་ཀྲི་ཡ་པ་རིག་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་པར་འདོད་པ་རྣམས་ཀྱིས་དག་པ་རྣམ་པ་གསུམ་གྱི་སྒོར་ཞུགས་ནས་ཀུན་རྫོབ་འཁྲུལ་པའི་སྣང་བ་གཟུང་འཛིན་གཉིས་ཀྱིས་བསྡུས་པ་ཐམས་ཅད་རྣམ་པར་དག་པའི་ཡུལ་དོན་དམ་སྤྲོས་པ་དང་བྲལ་བ་དང་། ཀུན་རྫོབ་ལྷའི་རང་བཞིན་དུ་གནས་པའི་ཏིང་ངེ་འཛིན་ལ་གནས་པར་བྱེད་ཀྱང་། ཨ་ཏི་ཡོ་གའི་སྤྲོས་བྲལ་བདེ་བ་ཆེན་པོའི་ཡེ་ཤེས་ནིི་ཡེ་ནས་གཟུང་འཛིན་མཚན་མའི་སྤྱོད་ཡུལ་ལས་འདས་པའི་བྱང་ཆུབ་སེམས་ཡིན་པས། དེ་ལྟ་བུའི་གཟུང་འཛིན་གཉིས་ལས་ཡེ་ནས་འདས་པའི་དོན་ལ་ཚུལ་དེ་ལྟར་མ་རྟོགས་པར་ཀྲི་ཡས་ཏེ་ཀྲི་ཡའི་ཐེག་པ་ལ་གནས་པ་རྣམས་ཀྱིས་གཟུང་འཛིན་གྱི་རྟོག་པ་ད་གཟོད་དག་པའི་ཐབས་ལ་བརྩོན་པར་བྱེད་པ་དེས་བསྒྲིབས་པར་བྱེད་ཅིང་། གལ་ཏེ་རྫོགས་ཆེན་གྱི་ལམ་ནས་གཟུང་བ་དང་འཛིན་པའི་ཆོས་ལ་རང་མཚན་པར་ཞེན་ཅིང་དེ་ཉིད་དག་པའི་ཐབས་ལ་བརྩོན་པར་བྱེད་ན་དེ་ཉིད་རྫོགས་པ་ཆེན་པོའི་ལམ་ལས་གཞན་དུ་གྱུར་པ་ཀྲི་ཡ་བདག་ཏུ་གོལ་བ་ཡིན་པས་བྱར་མེད་ཀྱི་དོན་དང་འགལ་བར་བཤད་པའོ། །གསུམ་པ་ནི། ཨུ་པ་ཡ་ཡི་ཐེག་པའི་ལྟ་སྤྱོད་ནི་སྤྱོད་པ་བཟང་ངན་སྤང་བླང་གི་རང་བཞིན་ཅན་ཀྲི་ཡ་བ་ལྟར་སྤྱོད་ཅིང་། ལྟ་བ་ནི་བདག་དང་ལྷ་ལ་བཟང་ངན་གཉིས་སུ་མེད་པ་ཡོ་ག་བ་ལྟར་སྒྲུབ་པར་བྱེད་པས་ལྟ་བ་མཉམ་པའི་དོན་དང་སྤྱོད་པ་མི་མཉམ་པ་གཉིས་དབྱེར་མེད་ཟུང་འཇུག་ཏུ་འབྲེལ་བའི་དོན་མེད་པར་འགལ་བ་ཡིན་པས་ན་གཉིས་སུ་མེད་པའི་དོན་ལ་ཨུ་པས་ལྟ་སྤྱོད་གཉིས་སུ་ལྟ་བས་བསྒྲིབ་པར་བྱེད་ཅིང་། རྫོགས་པ་ཆེན་པོའི་ལམ་ལ་ཞུགས་པའི་རྣལ་འབྱོར་བ་རྣམས་ཀྱིས་ལྟ་སྤྱོད་གཉིས་སུ་འབྱེད་ཅིང་དེ་འདྲའི་ལམ་ལ་གནས་ན་དེ་ལྟར་གཉིས་སུ་འཛིན་པ་དེ་ནི་ཨུ་པ་ཡ་ཡི་ཐེག་པ་རུ་གོལ་བར་བཤད་དོ། །བཞི་པ་ནི། ཕྱི་རྒྱུད་གོང་མ་ཡོ་ག་པའི་ལམ་དལ་ཞུགས་ནས་འབྲས་བུ་སྟུག་པོ་བཀོད་པའི་ས་ཐོབ་པར་འདོད་པ་རྣམས་ཀྱིས་ནི་འདི་ལྟར་སྣང་བའི་དངོས་པོ་ཐམས་ཅད་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བསྒོམ་པ་མཚན་བཅས་ལྷའི་རྣལ་འབྱོར་དང་། དོན་དམ་པར་ཆོས་ཐམས་ཅད་སྤྲོས་བྲལ་སྟོང་པ་ཉིད་དུ་བསྒོམ་པ་མཚན་མ་མེད་པའི་རྣལ་འབྱོར་སྟེ། དེ་ལྟ་བུའི་མཚན་མ་ཡོད་མེད་གཉིས་ཀྱི་སྒོར་ཞུགས་ནས་ཕྱག་རྒྱ་བཞི་ལྡན་གྱི་ལྷ་བསྒོམ་པ་ལ་གཙོ་བོར་བྱེད་པ་དེ་ནི་བླང་དོར་མེད་པའི་ཆོས་ཉིད་ཇི་བཞིན་པའི་དོན་ལ་འཇུག་པར་མི་ནུས་ལ། རྫོགས་ཆེན་ཨ་ཏི་ཡོ་གའི་གཉུག་མ་བདེ་བ་ཆེན་པོའི་ཡེ་ཤེས་ནི་བཟང་ངན་བླང་དོར་མེད་པའི་མཉམ་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཡིན་པས། དེ་ལྟ་བུའི་བཟང་ངན་བླང་དོར་གཉིས་སུ་མེད་པའི་དོན་ལ་ཡོ་གས་ཏེ་བླང་དོར་གྱི་ལམ་ལ་གནས་པའི་ཡོ་ག་བས་བསྒྲིབས་པར་བྱེད་ཅིང་། གལ་ཏེ་རྫོགས་པ་ཆེན་པོའི་ལམ་ནས་འཁོར་འདས་ལ་སོགས་པ་ལ་བླང་བྱ་དང་དོར་བྱ་སོ་སོར་ཞེན་ཅིང་གནས་པར་བྱེད་པ་དེ་ནི་བླང་དོར་མེད་པ་རྫོགས་པ་ཆེན་པོའི་དོན་མིན་པར་ཡོོ་ག་བླང་དོར་ཅན་གྱི་ལམ་དག་ཏུ་གོལ་བར་བཤད་དོ། །ལྔ་པ་ནི། སྟོན་པ་ཆོས་སྐུའི་བསྟན་པ་ནང་རྒྱུད་བླ་ན་མེད་པའི་ཐེག་པ་བསྐྱེད་པ་མ་ཧཱ་ཡོ་ག་བ་མཐར་འབྲས་རྡོ་རྗེ་འཆང་གི་ས་ཐོབ་པར་འདོད་པ་ཡིས། གདན་གསུམ་ལྷའི་དཀྱིལ་འཁོར་དུ་བསྒོམ་པ་ཐབས་བསྐྱེད་པའི་རིམ་པ་དང་། རང་ལུས་དང་གཞན་ལུས་ཕྱག་རྒྱ་ལ་བརྟེན་ནས་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱེད་པ་ཤེས་རབ་རྫོགས་པའི་རིམ་པ་གཉིས་ཀྱི་སྒོར་ཞུགས་ནས། རང་རྒྱུད་ཀྱི་ཕུང་ཁམས་སྐྱེ་མཆེད་རྣམས་ཀྱིས་མཚོན་པའི་སྣོད་བཅུད་རྒྱུད་རྣམས་ཐམས་ཅད་ཡེ་ནས་དག་པའི་ངོ་བོ་ལྷའི་དཀྱིལ་འཁོར་དུ་གནས་པ་ལ་བསྐྱེད་རྫོགས་རེ་རེ་བཞིན་དུ་བསྙེན་སྒྲུབ་ཡན་ལག་རྣམ་པ་བཞིའི་སྒོ་ནས་གྲུབ་པའི་ཐབས་ལ་བརྩོན་པར་བྱེད་ཀྱང་། ཨ་ཏི་ཡོ་གའི་བདེ་ཆེན་ལྷན་གཅིག་སྐྱེས་པའི་ཡེ་ཤེས་ནི་དེ་ལྟ་བུའི་བསྐྱེད་རྫོགས་རྩོལ་སྒྲུབ་ཀྱི་ཡུལ་ལས་འདས་པའི་བྱང་ཆུབ་ཀྱི་སེམས་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་ཏེ། དེས་ན་དེ་ལྟ་བུའི་རྩོལ་སྒྲུབ་ཀུན་ལས་འདས་པའི་དོན་དེ་ལ་རྩོལ་སྒྲུབ་ཅན་གྱི་ཐེག་པ་མ་ཧཱས་བསྒྲིབས་པར་བྱེད་ཅིང་། རྫོགས་པ་ཆེན་པོའི་ལམ་ས་དག་གིས་རྩོལ་སྒྲུབ་བྱེད་པ་ནི་ཨ་ཏིའི་དགོངས་དོན་ཟབ་མོ་རྩོལ་བསྒྲུབ་འདས་པའི་ལམ་ལས་ཉམས་ཏེ་མ་ཧཱ་ཡོ་གར་གོལ་བར་བཤད་དོ། །དྲུག་པ་ནི། རྫོགས་པ་ཨ་ནུ་ཡོ་གའི་ཐེག་པ་དབྱིངས་དང་ཡེ་ཤེས་དབྱེར་མེད་པའམ་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ཐོབ་པར་འདོད་པ་རྣམས་ཀྱིས་ནི། རྒྱུ་དག་པ་ཆོས་ཀྱི་དབྱིངས་དང་འབྲས་བུ་དག་པ་རང་བྱུང་གི་ཡེ་ཤེས་གཉིས་དབྱེར་མེད་པར་བསྒོམ་པའི་སྒོར་ཞུགས་ནས། འདི་ལྟར་ཕྱི་ནང་སྣོད་བཅུད་དུ་སྣང་བའི་ཆོས་རྣམས་ལ་གང་ལས་སྣང་བའི་རྒྱུ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཆོས་ཉིད་སྤྲོས་པ་དང་བྲལ་བ་དག་པའི་དབྱིངས་སུ་ལྟ་བ་དང་། དེའི་རྩལ་སྣང་འགག་པ་མེད་པའི་འབྲས་བུ་དག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ལྟ་བ་ཡིན་ཀྱང་། རྫོགས་ཆེན་ཨ་ཏི་ཡོ་གའི་གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་ནི་རྒྱུ་འབྲས་གཉིས་ལས་འདས་པའི་བྱང་ཆུབ་ཀྱི་སེམས་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་ཡིན་པའི་ཕྱིར་ན། དེ་ལྟ་བུའི་ཡེ་ནས་རྒྱུ་འབྲས་གཉིས་ལས་འདས་པའི་དོན་ལ་ཨ་ནུས་རྒྱུ་འབྲས་གཉིས་སུ་ལྟ་ཞིང་རྩོལ་བར་བྱེད་པས་བསྒྲིབས་པར་བྱེད་ཅིང་། གལ་ཏེ་རྫོགས་ཆེན་གྱི་ལམ་དུ་རྒྱུ་འབྲས་གཉིས་སུ་ལྟ་ཞིང་རྩོལ་བསྒྲུབ་ཀྱིས་བསྒོམ་པར་བྱེད་ན་གཉིས་མེད་ཨ་ཏིའི་དགོངས་དོན་ཟབ་མོ་ལས་གཞན་ཨ་ནུ་ཡོ་གར་གོལ་བར་བཤད་པ་སྟེ། མདོར་ན་ཐེག་པ་འོག་མ་པ་རྣམས་ཀྱིས་ཨ་ཏི་རྫོགས་པ་ཆེན་པོའི་རྒྱུ་འབྲས་རྩོལ་བསྒྲུབ་ལ་སོགས་པའི་སྤྱོད་ཡུལ་ཀུན་ལས་འདས་པའི་ཡེ་ཤེས་ཇི་བཞིན་པ་མ་རྟོགས་པས་རྫོགས་ཆེན་གྱི་ལམ་ལས་གཞན་དུ་གོལ་བར་བསྟན་པ་སྟེ། མདོ་བཅུ་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། །དོན་དམ་ཀུན་རྫོབ་ཤེས་པ་སྟེ། །དེས་ཀྱང་སྦྱངས་ཤིང་བགྲོད་དགོས་པས། །སྦྱངས་བགྲོད་མེད་པའི་ཡེ་ཤེས་མིན། །དག་པ་གསུམ་གྱི་ཡེ་ཤེས་ཀྱིས། །དྲི་རོ་སྤངས་ཤིང་རིགས་གསུམ་རྟོག །དེས་ཀྱང་གཟུང་འཛིན་སྤང་ནས་ཀྱང་། །གཟུང་འཛིན་འདས་པའི་ཡེ་ཤེས་མིན། །ཕྱག་རྒྱ་བཞིས་འཛིན་རིག་པ་ཡིས། །རང་རྒྱུད་དག་པའི་ཆོས་ལྔ་ལ། །རྟོགས་པས་བླང་ཞིང་དོར་བྱས་པས། །བླང་དོར་མེད་པའི་ཡེ་ཤེས་མིན། །ཐབས་དང་ཤེས་རབ་ཆོས་ཉིད་ལ། །སྐུ་གསུམ་རིགས་དང་ཁ་དོག་གསལ། །རང་རྒྱུད་དག་པར་བསྒྲུབ་བྱེད་པས། །རྩོལ་བསྒྲུབ་འདས་པའི་ཡེ་ཤེས་མིན། །དབྱིངས་དང་ཡེ་ཤེས་ཆོས་ཉིད་ལ། །རྒྱུ་འབྲས་དག་པའི་རིག་པ་ཡིས། །དེ་ཡིས་བཙལ་ཞིང་སྒྲུབ་བྱེད་པས། །རྒྱུ་འབྲས་འདས་པའི་ཡེ་ཤེས་མིན། །རང་བྱུང་ཡེ་ཤེས་སྐུ་གཅིག་ལ། །ཐེག་པ་གྲངས་ཀྱིས་ཡེ་ཤེས་ཀྱིས། །གསལ་བར་བསྐྱེད་པར་མི་ནུས་སོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། མདོར་ན་གོང་དུ་བཤད་པའི་ངེས་ཐོབ་ཀྱི་ཐེག་པ་དྲུག་གི་ལྟ་སྤྱོད་རྩོལ་སྒྲུབ་བླང་དོར་ཅན་དུ་བསྟན་པ་དེ་དག་ནི་རྫོགས་པ་ཆེན་པོའི་ལྟ་བ་ཞེན་འཛིན་དང་མེད་པ་དང་སྤྱོད་པ་སྤང་བླང་མེད་པ་གཉིས་ཀྱ྄ི་གོལ་ས་དང་བསྒྲིབ་པ་བསྟན་པ་ཡིན་ནོ་ཞེས་སྔར་ལེའུ་དགུ་པའི་སྐབས་སུ་རང་བཞིན་བཅུའི་གོལ་བསྒྲིབ་གཙོ་བོར་བསྟན་པ་དང་། འདི་ལྟ་སྤྱོད་གཉིས་ཀྱི་གོལ་བསྒྲིབ་གཙོ་ཆེར་བསྟན་པའོ། །གསུམ་པ་སྒྲིབ་པ་གཙོ་ཆེར་བསྟན་པས་འཇུག་བསྡུ་བ་ལ་དྲུག་སྟེ། མདོ་སྡེ། ཀྲི་ཡ། ཨུ་པ། ཡོ་ག །མ་ཧཱ། ཨ་ནུས་རྣལ་དོན་བླང་དོར་མེད་པ་ལ་བསྒྲིབ་ཚུལ་ལོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ། འདི་ལྟར་ཨ་ཏི་རྫོགས་པ་ཆེན་པོའི་ལྟ་སྤྱོད་གཉིས་ནི་ཐེག་པ་འོག་མ་པས་བླང་དོར་རྩོལ་བསྒྲུབ་ཀྱི་སྒོ་ནས་རྒྱུ་འབྲས་སྒྲུབ་པ་དང་མི་འདྲ་སྟེ། ཇི་ལྟར་ན་རིག་པ་རང་བྱུང་གི་ཡེ་ཤེས་ཡེ་གྲོལ་བསྐྱར་གཞི་དང་བྲལ་བ་རྒྱུ་འབྲས་སྤང་བླང་ཐམས་ཅད་ལས་འདས་པར་རྟོགས་པ་ནི་ལྟ་བ་དང་ལྟ་བ་དེ་དང་རྗེས་སུ་མཐུན་པར་རེ་དོགས་རྩོལ་སྒྲུབ་དང་བྲལ་ཏེ་མ་བཅོས་རང་བབ་ལ་གནས་པ་སྤྱོད་པ་ཡིན་པས་ལྟ་སྤྱོད་གཉིས་ཀ་ཡེ་ནས་རིག་པ་བྱང་ཆུབ་ཀྱི་སེམས་སུ་མ་བཙལ་ལྷུན་གྱི་གྲུབ་པ་ཡིན་ལ། དེ་ལྟ་བུའི་རིག་པ་བྱང་ཆུབ་ཀྱི་སེམས་དེ་ནི་དཔེ་ནམ་མཁའ་ལྟ་བུའི་རང་བཞིན་ཡིན་ཏེ་ཇི་ལྟར་ནམ་མཁའ་ལ་ནི་དངོས་དང་དངོས་མེད་སྣང་བ་དང་སྟོང་པ་བདག་དང་གཞན་འཁོར་བ་དང་མྱང་འདས་ལ་སོགས་པ་གང་དུའང་གྲུབ་པ་མེད་པས་རྟོག་དཔྱོད་དང་དགག་བསྒྲུབ་ལ་སོགས་པའི་ཡུལ་ལས་འདས་པ་བཞིན་དུ་བྱང་ཆུབ་སེམས་ཀྱི་རང་བཞིན་ཡང་ཚུལ་དེ་དང་འདྲ་བར་རྟོག་དཔྱོད་བློ་ཡི་སྤྱོད་ཡུལ་ལས་འདས་པ་ལ་གང་ཟག་གང་ཞིག་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལྟར་དུ་དཔེ་དང་གཏན་ཚིགས་སོགས་ཀྱིས་རྟོག་ཅིང་དཔྱོད་པར་བྱེད་པ་དེས་ནི་སྙིང་པོ་བྱང་ཆུབ་ཀྱི་སེམས་ནམ་མཁའ་བཞིན་དུ་ཡེ་སྟོང་འདུས་མ་བྱས་པའི་ངོ་བོར་གནས་པ་དེ་མི་འགྲུབ་པར་མ་ཟད་རྟོག་དཔྱོད་གཉིས་སུ་བྱུང་བའི་བློ་དེས་རྟོག་དཔྱོད་ལས་འདས་པའི་དོན་ལས་གཞན་དུ་གོལ་ཞིང་སྒྲིབ་བོ་ཞེས་རྫོགས་ཆེན་བྱ་རྩོལ་བྲལ་བའི་དོན་མི་མཐོང་བར་གསུངས་སོ། །གཉིས་པ་ནི། རྫོགས་པ་ཆེན་པོའི་ལྟ་སྤྱོད་གཉིས་ནི་གོང་དུ་བཤད་པ་དེ་ལྟར་བྱང་ཆུབ་ཀྱི་སེམས་ནམ་མཁའི་རང་བཞིན་དང་མཚུངས་པས་གཟུང་འཛིན་གཉིས་དང་བྲལ་བ་ཞིག་ཡིན་པ་ལ། ཀྲི་ཡ་པ་གང་ཞིག་ཆོས་འདི་དག་གཟུང་བ་དང་འཛིན་པ་གཉིས་ཀྱི་རང་བཞིན་ཅན་དུ་རྟོག་ཅིང་དེ་ཉིད་དག་པར་བྱེད་པའི་ཐབས་ལ་བརྩོན་པར་བྱེད་པས་བྱང་ཆུབ་ཀྱི་སེམས་ནམ་མཁའ་ལྟ་བུ་དེ་མི་འགྲུབ་པར་མ་ཟད་དཔེར་ན་ནམ་མཁའ་ཡེ་ནས་དག་པ་ལ་སྤྲིན་གྱིས་བསྒྲིབ་པ་ལྟར་གཟུང་འཛིན་གཉིས་སུ་རྟོག་པའི་བློ་བྱུང་བ་དེས་ཇི་བཞིན་པའི་དོན་རྟོགས་པར་མི་ནུས་པས་དེ་ལས་གཞན་དུ་གོལ་ཞིང་སྒྲིབ་བོ་ཞེས་དོན་ལ་གོལ་སྒྲིབ་མེད་ཀྱང་གང་ཟག་དེའི་བློ་ལ་གོལ་སྒྲིབ་ལྟར་སྣང་བར་གསུངས་པའོ། །གསུམ་པ་ནི། འདི་ལྟར་གནས་ལུགས་རང་གི་ངོ་བོ་ལྟ་སྤྱོད་གཉིས་སུ་མེད་པའི་རང་བཞིན་ཡིན་པ་ལ་དེ་ལྟར་མ་རྟོགས་པར་ལྟ་བ་དང་སྤྱོད་པ་རྣམ་པ་གཉིས་སུ་འཛིན་པའི་རྟོག་པ་བྱུང་ནས་རྩོལ་ཞིང་བསྒྲུབ་པར་བྱེད་པ་དེས་ནི་བྱང་ཆུབ་སེམས་ཀྱི་གནས་ལུགས་ཇི་བཞིན་པ་མི་འགྲུབ་སྟེ། ཅིའི་ཕྱིར་ཞེ་ན་དཔེར་ན་ནམ་མཁའ་ཡི་ཁམས་ལ་གཉིས་ཆོས་སུ་དབྱེ་བ་གང་ཡང་མེད་པ་བཞིན་དུ་དོན་དམ་བྱང་ཆུབ་ཀྱི་སེམས་ལ་ཡང་ནི་ལྟ་སྤྱོད་གཉིས་སུ་གྲུབ་པ་མེད་པ་དེ་ལ། གང་ཟག་གང་ཞིག་གིས་ཨུ་པ་བ་ལྟར་ལྟ་སྤྱོད་རྣམ་པ་གཉིས་སུ་སོ་སོར་རྟོག་ཅིང་བསྒྲུབ་པར་བྱེད་པ་དེས་ནི་གཉིས་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་མཐའ་བྲལ་ནམ་མཁའ་ལྟ་བུ་དེ་མི་འགྲུབ་ཅིང་གེགས་སུ་འགྱུར་བའི་ཕྱིར་ན་ལྟ་སྤྱོད་གཉིས་སུ་ལྟ་བའི་བློ་བྱུང་བ་དེ་ནི་རྫོགས་པ་ཆེན་པོའི་གོལ་སྒྲིབ་པོ་ཞེས་སོ། །བཞི་པ་ནི། རྫོགས་པ་ཆེན་པོའི་གནས་ལུགས་རིགས་པ་བྱང་ཆུབ་ཀྱི་སེམས་ནི་ནམ་མཁའི་རང་བཞིན་དང་འདྲ་བ་ཡིན་ཏེ་ཇི་ལྟར་ན་ནམ་མཁའ་ཞེས་པ་སྒྲ་བློས་སྒྲོ་བཏགས་པ་ཙམ་ལས་ངོ་བོ་ཅིར་ཡང་གྲུབ་པ་མེད་ཕྱིར་གཉིས་སུ་དབྱེ་བ་མེད་པ་ལྟར་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་རང་བཞིན་ལ་ནི་ཡོད་མེད་དང་སྣང་སྟོང་ལ་སོགས་པའི་སྤྲོས་པའི་མཐའ་གང་དུའང་གྲུབ་པ་མེད་པས་བཟང་ངན་དང་བླང་དོར་གཉིས་དབྱེ་བ་མེད་པའི་ཕྱིར་རོ། །དེས་ན་གང་ཟག་གང་ཞིག་ཡོ་ག་ཕྱི་རྒྱུད་པ་ལྟར་དུ་གཙང་རྨེ་དང་བླང་དོར་གཉིས་སུ་བྱེད་པ་དེས་ནི་སྙིང་པོ་བྱང་ཆུབ་སེམས་ནམ་མཁའ་ལྟ་བུའི་རང་བཞིན་དེ་མི་འགྲུབ་པར་བླང་ཞིང་དོར་བར་ལྟ་བ་དེ་ཉིད་རྫོགས་པ་ཆེན་པོའི་མཉམ་ཉིད་བླང་དོར་མེད་པའི་ལམ་གྱི་གོལ་སྒྲིབ་རྔམ་པོ་ཆེ་ཡིན་པར་གསུངས་སོ། །ལྔ་པ་ནི། ཀུན་བྱེད་རྒྱལ་པོ་རིག་པ་བྱང་ཆུབ་སེམས་ཀྱི་མཚན་ཉིད་ནི་ནམ་མཁའི་རང་བཞིན་དང་མཚུངས་པར་ཡིན་ཏེ། འདི་ལྟར་ནམ་མཁའ་ནི་ཡེ་སྟོང་འདུས་མ་བྱས་པའི་རང་བཞིན་ཡིན་པས་བྱ་བྱེད་ཀྱི་ཡུལ་དུ་མ་གྲུབ་པ་དེ་ལ་ནི་རྩོལ་སྒྲུབ་གང་ཡང་མེད་པ་ལྟར། སྐྱེ་མེད་ནམ་མཁའ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་ཡང་རྩོལ་ཞིང་སྒྲུབ་པ་ལ་བརྟེན་ནས་སྔར་བས་བོག་དབྱུང་དུ་མེད་བཞིན་དུ་གང་ཟག་གང་ཞིག་མ་ཧཱ་ཡོ་ག་ལྟར་དུ་རྩོལ་ཞིང་སྒྲུབ་པར་བྱེད་པ་དེས་ནི་གདོད་ནས་ཡེ་སངས་རྒྱས་པ་རིག་པ་བྱང་ཆུབ་ཀྱི་སེམས་ནམ་མཁའ་ལྟ་བུ་དེ་མི་འགྲུབ་པར། རྩོལ་ཞིང་སྒྲུབ་པ་ཐམས་ཅད་རྫོགས་པ་ཆེན་པོའི་ལམ་གྱི་གོལ་ས་དང་སྒྲིབ་པ་ཆེན་པོ་ཡིན་པར་གསུངས་པའོ། །དྲུག་པ་ནི། རྫོགས་པ་ཆེན་པོའི་བརྗོད་བྱའི་སྙིང་པོ་རིག་པ་བྱང་ཆུབ་སེམས་ཀྱི་མཚན་ཉིད་ནི་ནམ་མཁའི་རང་བཞིན་དེ་ནམ་མཁའ་ལ་ནི་རྒྱུ་འབྲས་གཉིས་སུ་མེད་པ་དེ་དང་འདྲ་བར་བྱང་ཆུབ་ཀྱི་སེམས་ཀྱང་རྒྱུ་འབྲས་གཉིས་སུ་མེད་པའི་ངོ་བོ་ཡིན་པ་ལ་གང་ཟག་གང་ཞིག་ཨ་ནུ་ཡོ་ག་ལྟར་རྒྱུ་འབྲས་གཉིས་སུ་ལྟ་བས་གཉིས་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་ནམ་མཁའ་ལྟ་བུ་དེ་མི་འགྲུབ་པས་ན་དེ་ལྟར་རྒྱུ་འབྲས་གཉིས་སུ་ལྟ་བ་དེ་གོལ་སྒྲིབ་བོ་ཞེས་མདོར་ན་ངེས་ཐོབ་ཀྱི་ཐེག་པ་དྲུག་གམ་རྩོལ་བཅས་ཀྱི་ཐེག་པ་བརྒྱད་པོས་ཨ་ཏི་རྫོགས་པ་ཆེན་པོའི་དགོངས་པ་ཇི་བཞིན་དུ་རྟོགས་པར་མི་ནུས་པས་ནི། དེ་ལྟ་བུའི་རྒྱུ་འབྲས་དང་བླང་དོར་རྩོལ་སྒྲུབ་གང་ཡང་མི་བྱེད་པར་མ་བཅོས་རང་བབས་ཉིད་དུ་འཇོག་པར་གསུངས་ཏེ། ཡེ་ཤེས་གསང་བའི་རྒྱུད་ལས། བརྒྱད་ཀྱིས་རང་འདོད་དབྱིངས་ལ་བལྟས། །ཕྱི་ནང་མེད་ལ་སྤྲོ་བསྡུ་བྱས། །ངོ་བོ་མེད་ལ་དམིགས་འཛིན་བྱས། །རང་བྱུང་ཉིད་ལ་རྒྱུ་ཡིས་བཙལ། །མ་བཅོས་ཅི་ཡང་མ་ཡིན་ལ། །ཅིར་ཡང་འཛིན་པའི་བསམ་པས་བརྟགས། །བགྲོད་མེད་འབྲས་བུ་ལྷུན་གྲུབ་ལ། །ལམ་བརྒྱད་བགྲོད་པས་བསྒྲོད་མེད་བསླད། །དེས་ན་མ་བཅོས་དངོས་པོ་ལ། །ལོག་རྟོག་འཛིན་པའི་བློ་ཡིས་ནི། །ཇི་ལྟར་དཔྱད་ཀྱང་མ་ཡིན་པས། །མ་དཔྱད་རང་བཞིན་བཞག་པ་གོ །དཔྱད་མེད་སེམས་ལ་དཔྱད་པས་ན། །མ་ཡིན་ལོག་སྟེ་གཞན་ལྟ་བཞིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་བཟླ་བ་ལ་གསུམ་སྟེ། སེམས་ཉིད་ནམ་མཁའ་ལྟ་བུའི་དོན་མདོར་བསྟན། མེད་པ་ལྔས་རྒྱས་པར་བཤད། ཡེ་ཤེས་ཆེན་པོས་མཇུག་བསྡུ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་འདི་ལྟར་བྱང་ཆུབ་སེམས་ཀྱི་རྩལ་ལས་རང་སྣང་བའི་འཁོར་འདས་ཀྱི་ཆོས་ཀུན་ནི། གདོད་ནས་སྐྱེ་བ་མེད་པས་ནམ་མཁའི་རང་བཞིན་དང་མཚུངས་པ་ཁོ་ན་ཡིན་ཏེ། མཚན་ཉིད་གཉིས་སུ་དབྱེར་མེད་པ་ཡིན་ལ། འོ་ན་ནམ་མཁའ་ཞེས་པ་དེ་ཅི་ལྟ་བུ་ཡིན་སྙམ་ན་ནམ་མཁའ་ལ་ནི་དངོས་དང་དངོས་མེད་ལ་སོགས་ངོ་བོ་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་དེ། དཔལ་གྲུབ་དབང་ས་ར་ཧ་པས། རྒྱུ་དང་མི་རྒྱུ་གཡོ་དང་མི་གཡོ་བ། །ཇི་ལྟར་དངོས་དང་དངོས་མེད་སྣང་སྟོང་དང་། །ཐམས་ཅད་མ་ལུས་ནམ་མཁའི་རང་བཞིན་ལས། །དུས་རྣམས་ཀུན་ཏུ་ནམ་ཡང་གཡོ་བ་མེད། །ནམ་མཁའ་ནམ་མཁའ་ཞེས་ནི་རབ་བརྗོད་ཀྱང་། །ནམ་མཁའི་ངོ་བོ་ཅིར་ཡང་གྲུབ་པ་མེད། །ཡོད་དང་མེད་དང་ཡོད་མིན་མེད་མིན་དང་། །དེ་ལས་གཞན་དུའང་མཚོན་པའི་ཡུལ་ལས་འདས། །དེ་ལྟར་ནམ་མཁའ་སེམས་དང་ཆོས་ཉིད་ལ། །ཐ་དད་ཅུང་ཟད་ཡོད་པ་མ་ཡིན་ཏེ། །ཐ་དད་མིང་ནི་གློ་བུར་བཏགས་པ་ཙམ། །དེ་ནི་དོན་མེད་རྫུན་གྱི་ཚིག་ཏུ་ཟད། །ཆོས་རྣམས་ཐམས་ཅད་རང་གི་སེམས་ཡིན་ཏེ། །སེམས་ལས་མ་གཏོགས་ཆོས་གཞན་རྡུལ་ཙམ་མེད། །གང་གིས་གདོད་ནས་སེམས་མེད་རྟོགས་པ་ཡིས། །དུས་གསུམ་རྒྱལ་བའི་དགོངས་པ་དམ་པ་རྙེད། །ཅེས་གསུངས་པ་བཞིན་ནོ། །དེ་ལྟར་རང་གི་ངོ་བོ་གང་དུ་གྲུབ་པ་མེད་པའི་ཕྱིར་ན་ནམ་མཁའ་དེ་ལ་ནི་མཚོན་བྱེད་ཀྱི་དཔེ་ཡང་མེད་པ་དང་། དེ་ལྟར་མཚོན་བྱེད་ཀྱི་དཔེ་དང་མཚོན་བྱའི་དོན་གཉིས་ཀ་དང་བྲལ་བའི་ནམ་མཁའ་དེ་ལ་ནི་འདི་ཙམ་མོ་ཞེས་ཚད་ཀྱང་བཟུང་དུ་མེད་པ་དེ་བཞིན་ཏུ། ཤེས་བྱར་གྱུར་ཏོ་ཅོག་གི་ཆོས་རྣམས་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པའི་དོན་དམ་རང་བཞིན་ནི་ནམ་མཁའ་འདི་ཉིད་ཇི་ལྟར་ཡིན་པ་དེ་བཞིན་དུ་སྨྲ་བསམ་བརྗོད་པ་ཐམས་ཅད་དང་བྲལ་བའི་རང་བཞིན་འདི་ལྟར་དུ་ཤེས་པར་བྱས་ནས་སྤང་བླང་བྱ་བཙལ་གང་ཡང་མི་བྱེད་པ་མ་བཅོས་རང་བབ་ཀྱི་ངང་དུ་རྣལ་མར་གནས་པར་བྱའོ་ཞེས་གདམས་པའོ། །གཉིས་པ་ལ་ལྔ་སྟེ། ལྟ་བ་ཞེན་འཛིན་མེད་པ། དམ་ཚིག་བསྲུང་མཚམས་མེད་པ། ཕྲིན་ལས་བཙལ་དུ་མེད་པ། ས་ལ་སྦྱང་དུ་མེད་པ། །ཆོས་ཉིད་བསྒོམ་དུ་མེད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་དེ་ལྟར་བྱང་ཆུབ་ཀྱི་སེམས་ནམ་མཁའ་ལྟ་བུའི་རང་བཞིན་དེ་ལ་བྱ་བཙལ་གང་ཡང་མེད་པའི་ཚུལ་འདི་ལྟར་དུ་རྟོགས་པར་གྱིས་ཤིག །དེ་ཡང་ཇི་ལྟར་ཞེ་ན་གོང་དུ་བསྟན་པའི་ངེས་ཐོབ་ཀྱི་ཐེག་པ་དྲུག་པོ་རེ་རེ་བཞིན་དུ་སོ་སོའི་གཞུང་ནས་གཏན་ལ་ཕབ་པའི་ལྟ་བ་མི་འདྲ་བ་རེ་རེ་ཡོད་མོད། འོན་ཀྱང་དེ་དག་ཐམས་ཅད་གྱིས་ཡུལ་ཅན་བློ་ཡིས་རྟོགས་ཚུལ་མི་འདྲ་བ་ཐ་དད་དུ་བཟུང་བ་ཙམ་ལས། དོན་ལ་ཐེག་པ་དེ་དག་ཀུན་གྱིས་ལྟ་བའི་ཡུལ་ནི་གཞན་དང་གཞན་དུ་ཐ་དད་པ་གང་ཡང་མེད་དེ་ཆོས་ཐམས་ཅད་ཀྱི་རང་བཞིན་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཉག་མ་གཅིག་པོ་འདི་ལ་འདུས་ཤིང་དེ་ལས་གཞན་དུ་མེད་ལ། བྱང་ཆུབ་ཀྱི་སེམས་དེ་ལ་ལྟ་བར་བྱ་བའི་ཡུལ་དང་ལྟ་བྱེད་བློ་ཡི་ཆོས་སུ་གྲུབ་པ་གང་ཡང་མེད་པས་དེ་ལྟར་ལྟ་བ་ཞེས་བརྗོད་པ་དེ་ནི་དོན་ལ་མེད་བཞིན་དུ་ལྟ་བ་ཞེས་ཡོད་པར་བཟུང་ཞིང་ཞེན་པ་ཡིན་པས་ན་ནོར་བར་བཤད་པ་སྟེ། དཔེར་ན་ནམ་མཁའ་ལ་གཟུགས་སུ་གྲུབ་པར་ལྟ་བ་བཞིན་དུ་དངོས་པོའི་གནས་ཚུལ་དང་མི་མཐུན་པའི་ཕྱིར་ན་བལྟ་བྱ་ལྟ་བྱེད་ཀྱི་བློ་དང་བྲལ་བར་གྱིས་ཤིག་པའོ། །གཉིས་པ་ནི། དེ་བཞིན་དུ་ཐེག་པ་རེ་ལ་རང་རང་སོ་སོའི་བསྲུང་བྱའི་དམ་ཚིག་མི་འདྲ་བ་རེ་རེ་ཡོད་པ་དེ་དག་ཐམས་ཅད་འབྲས་བུ་བྱང་ཆུབ་ཀྱི་གོ་འཕང་བགྲོད་པའི་ལམ་གྱི་མི་མཐུན་པའི་ཕྱོགས་ལས་སྲུང་བར་བྱེད་པའི་སྐྱེལ་མ་བྱེད་པའི་ཆེད་དུ་བསྲུང་བར་བྱེད་ན་ཡང་། བྱང་ཆུབ་ཀྱི་སེམས་ལ་ནི་བསྲུང་བྱའི་དམ་ཚིག་དང་ཡུལ་ཅན་སྲུང་བྱེད་ཀྱི་བློ་ལ་སོགས་པ་གཟུང་འཛིན་གཉིས་སུ་གྲུབ་པ་གང་ཡང་མེད་པའི་ཕྱིར་ན་ཅི་ཡང་བསྲུང་དུ་མེད་ལ། བྱང་ཆུབ་ཀྱི་སེམས་དེ་ལས་གཞན་དུ་ཡང་དམ་ཚིག་ཞིག་སྲུང་དུ་མེད་པའི་ཕྱིར་ན་ཨ་ཏི་རྫོགས་པ་ཆེན་པོའི་ལམ་དུ་དམ་ཚིག་ལ་ཡང་སྲུང་དུ་མེད་མེད་པར་ལ་བཟླ་བར་བྱའོ། །གསུམ་པ་ནི། དེས་ཐོབ་ཀྱི་ཐེག་པ་དྲུག་པོ་དེ་དག་རེ་རེ་ལ་གདུལ་བྱའི་འགྲོ་དོན་མཛད་པའི་ཕྲིན་ལས་རེ་ཡོད་པས་སོ་སོའི་བྱང་ཆུབ་ཀྱི་གོ་འཕང་བསྒྲུབ་པའི་ལམ་གྱི་མཐུན་རྐྱེན་དུ་གྱུར་པའི་སྟོང་གྲོགས་བྱེད་པ་ཡིན་མོད། འོན་ཀྱང་བྱང་ཆུབ་ཀྱི་སེམས་ལ་ནི་ཕྲིན་ལས་རྣམ་པ་བཞི་མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པའི་རང་བཞིན་དུ་རྫོགས་པར་གསུངས་ཏེ། ཀུན་་གསལ་ལས། རྩོལ་མེད་ཕྲིན་ལས་རྣམ་པ་བཞི། །ཆོས་སྐུ་དངོས་མེད་སྤྲོས་དང་བྲལ། །རྟོགས་པས་སྤྲོས་པ་ཐམས་ཅད་ཞི། །ཞི་བའི་ཕྲིན་ལས་ཞེས་སུ་བྱ། །ཡོན་ཏན་ནོར་བུ་བཞིན་དུ་འབྱུང་། །རྒྱས་པའི་ཕྲིན་ལས་ཞེས་སུ་བྱ། །ཐམས་ཅད་འབྱུང་ཡང་དེ་ལས་འབྱུང་། །ཐམས་ཅད་གནས་ཀྱང་དེ་ལ་གནས། །ཐམས་ཅད་ཐིམ་ཡང་དེ་ལ་ཐིམ། །ཐམས་ཅད་མངའ་མཛད་དབང་བསྒྱུར་བས། །དབང་གི་ཕྲིན་ལས་ཞེས་སུ་བྱ། །ཕྱོགས་མེད་གང་ལའང་ཐོགས་པ་མེད་པར་འཆར། །ཐུགས་རྗེའི་སྟོབས་ཀྱིས་སྣང་ཞིང་བསྡུས་པས་ན། །དྲག་པོའི་ཕྲིན་ལས་ཞེས་སུ་གསུངས་པ་ཡིན། །བྱ་བཙལ་མེད་པར་ཉི་མའི་འོད་ཟེར་གྱིས། །ཁམས་གསུམ་མཚན་མོའི་མུན་པ་སེལ་བ་ལྟར། །ཐོགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ཡིས། །བྱ་རྩོལ་མེད་པའི་ཕྲིན་ལས་ཆེན་པོར་གྲུབ། །ཅེས་གསུངས་པ་ལྟར་མ་བཙལ་ལྷུན་གྱིས་གྲུབ་པ་དེ་ཡི་ཕྱིར་ན་ཐེག་པ་འོག་མ་པ་དེ་དག་གི་ལྟར་དུ་ཕྲིན་ལས་འབད་རྩོལ་གྱིས་བཙལ་དུ་མེད་པ་ཡིིན་ལ་དེ་ལྟར་བཙལ་དུ་མེད་པ་ཡིན་བཞིན་དུ་དེ་ལྟར་མ་རྟོགས་པར་ཞི་རྒྱས་ལ་སོགས་པའི་ལས་ཀྱིས་གདོད་ནས་ལྷུན་གྱིས་གྲུབ་པའི་དོན་དེ་བཙལ་བར་བྱས་ན་སྔར་བས་འགྲུབ་པར་འགྱུར་བ་ཅི་ཡང་མེད་པས་ཕྲིན་ལས་བཙལ་དུ་མེད་པར་ལ་བཟླ་བར་གསུངས་སོ། །བཞི་པ་ནི། ཐེག་པ་རེ་ལ་སྤང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་གང་ལས་འབྱུང་བའི་གནས་སུ་གྱུར་པའི་ས་རེ་ཡོད་པས་སོ་སོའི་བྱང་ཆུབ་ལམ་གྱི་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་བྱེད་པར་འདོད་ན་ཡང་། །རྫོགས་པ་ཆེན་པོ་གཞི་དབྱིངས་འདུས་མ་བྱས་པ་རིག་པ་བྱང་ཆུབ་སེམས་ཀྱི་ས་གཅིག་ལ་དུས་གསུམ་དུ་གཤེགས་བྱོན་འབྱོན་འགྱུར་གྱི་སངས་རྒྱས་ཐམས་ཅད་དང་། རྒྱལ་བ་སྐུ་གསུམ་གྱི་སྟོན་པ་ཐམས་ཅད་དགོངས་ཀློང་དབྱེར་མེད་གཅིག་གི་ངང་དུ་བཞུགས་པ་དང་། ཁམས་གསུམ་དང་རྒྱུད་དྲུག་གི་སེམས་ཅན་མ་ལུས་པ་དང་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་སོ་ཅོག་ཐམས་ཅད་དབྱེར་མེད་མཉམ་རྫོགས་ཆེན་པོ་གཅིག་ཏུ་གནས་པའི་ཕྱིར་ན་ས་ལ་སྦྱངས་ཤིང་བགྲོད་དུ་མེད་པར་གསུངས་སོ། །ལྔ་པ་ནི། གཞན་ཡང་ངེས་ཐོབ་ཀྱི་ཐེག་པ་རེ་ལ་ཆོས་རྣམས་ཀྱི་གནས་ལུགས་རང་རང་གིས་གཏན་ལ་འབེབ་ཚུལ་གྱི་རྟོགས་ཤིང་བསྒོམ་པར་བྱ་བའི་ཆོས་ཉིད་ཀྱི་དོན་ལ་བཞེད་ཚུལ་མི་འདྲ་བ་ཐ་དད་པ་རེ་ཡོད་ཀྱང་། རྫོགས་པ་ཆེན་པོ་ཆོས་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རྩལ་སྣང་འགག་མེད་ཀྱི་རོལ་པ་ཙམ་ཡིན་པའི་ཕྱིར་ན་སྙིང་པོ་བྱང་ཆུབ་ཀྱི་སེམས་ལས་མ་གཏོགས་པ་ཡི་འཁོར་འདས་ཀྱི་ཆོས་གང་ཡང་མེད་པས་ཐེག་པའི་འདོད་ཚུལ་མི་འདྲ་བའི་ཆོས་ཉིད་ཀྱི་དོན་གསུངས་པ་ཀུན་ཀྱང་བྱང་ཆུབ་ཀྱི་སེམས་ལས་གཞན་དུ་མེད་ལ་བྱང་ཆུབ་ཀྱི་སེམས་ནི་ཏིང འཛིན་དམིགས་པའི་སྤྱོད་ཡུལ་ཀུན་ལས་འདས་པ་ཡིན་པས་ན་ཆོས་ཉིད་བསྒོམ་དུ་མེད་པར་གསུངས་པ་ཡིན་ནོ། །གསུམ་པ་ནི། གོང་དུ་བཤད་པའི་རྒྱུ་མཚན་དེ་ལྟ་བུའི་ཕྱིར་ན་རྫོགས་པ་ཆེན་པོའི་གཞུང་ལས་བསྟན་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཉིད་རང་བྱུང་གི་ཡེཤེས་ནི་ལྟ་བ་བསྒོམ་པ་དང་དམ་ཚིག་བསྲུང་བ་དང་ཕྲིན་ལས་བསྒྲུབ་པ་ལ་སོགས་པའི་གཟུང་བའི་ཡུལ་གང་ལའང་རྟོག་པར་མི་བྱེད་དེ། ཅིའི་ཕྱིར་ན་ནང་འཛིན་པའི་སེམས་ཀྱི་སྤྲོས་པ་ཐམས་ཅད་ངང་གིས་ཞི་བའི་མི་རྟོག་མཉམ་པ་ཆེན་པོ་གཟུང་འཛིན་རྒྱུ་ལས་རླུང་གི་གཡོ་བས་མི་བསྐྱོད་པའི་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་ཡིན་པས་ཐེག་པ་འོག་མའི་ས་ལམ་སྦྱངས་བགྲོད་སོགས་ལ་ལྟོས་པའི་གནས་འགྱུར་གྱི་ཡེ་ཤེས་ལས་ཁྱད་པར་དུ་འཕགས་པ་ཡིན་པས་སོ། །ཞེས་གསུངས་སོ། །བང་མཛོད་འཕྲུལ་ལྡེ་ལས། རྫོགས་ཆེན་རང་བྱུང་ཡེ་ཤེས་དང་། །ཐེག་དམན་གནས་འགྱུར་ཡེ་ཤེས་གཉིས། །མི་མཐུན་ཁྱད་པར་ཤིན་ཏུ་ཆེ། །ཞེས་གསུངས་པ་ལྟར་རོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལྟ་སྤྱོད་ཀྱི་གོལ་སྒྲིབ་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའི་འགྲེལ་པའོ།། ༈ །།དོན་དགུ་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་དག་པའི་སྙིང་པོ་མ་བྱས་ལྷུན་གྱིས་གྲུབ་པའི་ལེའུ་སོ་དགུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་ཐེག་པ་འོག་མའི་ལྟ་སྤྱོད་ཐམས་ཅད་ཨ་ཏིའི་གོལ་སྒྲུབ་ཏུ་བསྟན་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ཀྱི་རང་བཞིན་རིག་པ་བྱང་ཆུབ་སེམས་ཀྱི་སངས་རྒྱས་ནས་སེམས་ཅན་གྱི་བར་ཐམས་ཅད་ལ་ཏིལ་ལ་མར་ལྟར་ཁྱབ་ཅིང་གོལ་ས་དང་སྒྲིབ་པ་མེད་པ་དུས་གསུམ་རྒྱལ་བའི་སྙིང་པོ་ཡིན་པ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སྙིང་པོའི་རང་བཞིན་བསྟན་པ་དང་། རྒྱལ་བའི་རྒྱུ་མཚན་དགོད་པ་དང་། དེ་གཉིས་ཀའི་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཀུན་གྱི་སྙིང་པོ་ཡིན་ཚུལ་མདོར་བསྟན་པ་དང་། །རྒྱས་པར་བཤད་པའོ། །དང་པོ་ནི། ཀྱེེ་སེམས་དཔའ་ཆེན་པོ་ཉོན་ཅིག །འདི་ལྟར་ཀུན་བྱེད་རྒྱལ་པོ་ང་ནི་འཁོར་འདས་ཀྱི་ཆོས་ཀུན་གྱི་གནས་ལུགས་གདོད་མའི་གཞི་དབྱིངས་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་པ་དེས་ན་ཆོས་རྣམས་ཀུན་གྱི་འབྱུང་གནས་སུ་གྱུར་པའི་སྙིང་པོར་བཤད་པ་ཡིན་ཏེ། དེ་ཡང་གང་གི་སྙིང་པོ་ཡིན་ཞེ་ན་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་རྣམ་པ་གསུམ་དང་། དུས་གསུམ་གྱི་སངས་རྒྱས་གང་ཞིག་དབྱིངས་དང་མཉམ་ཉིད་བདེ་བ་ཆེན་པོ་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་ཀློང་ན་དགོངས་ཀློང་དབྱེར་མེད་ཆེན་པོར་བཞུགས་པ་རྣམས་དང་། འདོད་གཟུགས་གཟུགས་མེད་ཀྱི་ཁམས་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་དང་། སྣང་ཞིང་སྲིད་པས་བསྡུས་པའི་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ལ་གང་ལས་འབྱུང་བའི་སྙིང་པོ་ནི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ལས་གཞན་དུ་མེད་དོ་ཞེས་སོ། །གཉིས་པ་ལ་ལྔ་སྟེ། སྐུ་གསུམ་སྟོན་པ། དུས་གསུམ་སངས་རྒྱས། རིག་པ་འཛིན་པ། ཁམས་གསུམ་སེམས་ཅན། སྣང་སྲིད་སྣོད་བཅུད་ཀུན་གྱི་སྙིང་པོ་ཡིན་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཀུན་འབྱུང་བའི་སྙིང་པོ་ཡིན་ཚུལ་དེ་ཡང་ཇི་ལྟ་བུ་ཞེ་ན། འདི་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཀ་དག་སྤྲོས་པ་དང་བྲལ་བའི་མི་རྟོག་མཉམ་པ་ཆེན་པོ་དེ་ཉིད་ལས་གདོད་ནས་སྐྱེ་བ་མེད་པའི་རང་མདངས་ཀུན་བཟང་ཆོས་ཀྱི་སྐུ་ཉིད་མངོན་དུ་བྱུང་ཞིང་སྣང་བ་དང་། རིག་པ་བྱང་ཆུབ་ཀྱི་སེམས་རང་གི་ངོ་བོ་འོད་གསལ་ལྷུན་གྲུབ་འགགས་པ་མེད་པ་དེ་ཉིད་ལས་འདོད་པའི་ཡོན་ཏན་རྣམ་པ་ལྔ་ལ་མ་སྤང་རྒྱན་གྱི་རོལ་པར་ལོངས་སྤྱོད་པའི་བདག་ཉིད་ཅན་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་བྱུང་ལ། གསལ་སྟོང་གཉིས་སུ་མེད་པ་ཐུགས་རྗེ་འགག་པ་མེད་པའི་བྱང་ཆུབ་ཆེན་པོ་ཡི་རྩལ་ལས་གདུལ་བྱ་གང་ལ་མཚན་དང་སྐུ་ཡི་རྣམ་འགྱུར་སོགས་ཚུལ་ཅི་ལྟ་བུའི་འདུལ་བའི་རྣམ་པར་སྤྲུལ་པས་འགྲོ་བའི་དོན་རྣམས་འབད་མེད་ལྷུན་གྲུབ་ཏུ་མཛད་པ་སྤྲུལ་པའི་སྐུ་རྣམས་བྱུང་བ་སྟེ་མདོར་ན་རྒྱལ་བ་སྐུ་གསུམ་པོ་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་འདི་ལས་བྱུང་བ་ཡིན་ནོ། །གཉིས་པ་ནི། དེ་བཞིན་ཏུ་དུས་གསུམ་དུ་བྱོན་པའི་སངས་རྒྱས་སྤང་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པའི་བདག་ཉིད་ཅན་དེ་ཐམས་ཅད་ཀྱང་སེམས་ཉིད་རང་བྱུང་གི་ཡེ་ཤེས་གཟུང་འཛིན་གྱི་སྤྲོས་པ་ཀུན་དང་བྲལ་བའི་རང་བཞིན་དེ་ཇི་ལྟ་བ་བཞིན་དུ་རྟོགས་པ་ལས་བྱུང་བ་དང་ཞེས་སྤྱིར་བསྟན་ནས། བྱེ་བྲག་ཏུ་སྔར་འདས་པ་ཡི་དུས་སུ་བྱོན་པའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རིག་པ་རང་བྱུང་གི་ཡེ་ཤེས་སེམས་ཉིད་བདེ་བ་ཆེན་པོ་དེ་ཉིད་ཡེ་ནས་མི་རྟོག་མཉམ་པ་ཉིད་ཀྱི་རང་བཞིན་ཡིན་པ་དེ་ཉིད་ཇི་ལྟ་བར་རྟོགས་ནས་སྔར་འདས་པའི་དུས་སུ་སངས་རྒྱས་ཤིང་ད་ལྟར་མི་རྟོགས་སྤྲོས་པ་དང་བྲལ་བའི་ངང་ལ་བཞུགས་པ་ཡིན་ལ། དེ་བཞིན་དུ་ད་ལྟར་ཕྱོགས་བཅུའི་ཞིང་ན་སྐུ་འཚོ་ཞིང་གཞེས་ཏེ་མངོན་སུམ་དུ་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པའི་སངས་རྒྱས་རྣམས་ཀྱང་རང་བྱུང་ཡེ་ཤེས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དེ་ཉིད་དེ་ལྟར་རྟོགས་པས་གཟུང་འཛིན་གྱི་སྤྲོས་པ་དབྱིངས་སུ་ནུབ་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ་གང་དུའང་རྣམ་པར་མི་རྟོག་པས་ནི་ཞེས་རྟོག་མེད་ལྷུན་གྲུབ་ཡིད་བཞིན་ནོར་བུའི་ཚུལ་གྱིས་འགྲོ་བའི་དོན་མཛད་པ་དང་། སླད་ནས་ཏེ་མ་འོང་པ་ན་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པའི་སངས་རྒྱས་རྣམས་ཀྱང་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ངོ་བོ་རིག་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་རྣམ་པར་མི་རྟོག་པ་ཡི་ངོ་བོ་ཡིན་པས་མ་བཅོས་རྣལ་དུ་འཇོག་པར་ལུང་བསྟན་པ་བཞིན་ཏུ་མངོན་དུ་རྟོགས་ནས་འགྲོ་བའི་དོན་ལ་འབྱུང་བར་ངེས་པས་ན་དུས་གསུམ་དུ་བྱོན་པའི་སངས་རྒྱས་རྣམས་གང་ལ ས་འབྱུང་བའི་གནས་སུ་གྱུར་པ་ཡང་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་པར་གསུངས་ཏེ། རིན་ཆེན་འཁོར་ལོ་བརྩེགས་པའི་རྒྱུད་ལས། འཇིག་རྟེན་གྱི་ཁམས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འདས་པ་དང་མ་བྱུང་བ་དང་ད་ལྟར་བཞུགས་པ་ཐམས་ཅད་རིག་པའི་རྩལ་ལས་མ་བྱུང་བའི་ཆོས་སྐད་ཅིག་ཙམ་ཡང་མེད་པས། རིག་པ་གཅིག་པུར་འདུས་པ་ནི་ཉི་མའི་ཟེར་བཞིན་ནོ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ནི། གཞན་ཡང་རྡོ་རྗེ་ཐེག་པའི་ལམ་ལ་བརྟེན་ནས་རང་བྱུང་རིག་པའི་ཡེ་ཤེས་མི་འབྲལ་བར་འཛིན་པའི་རིག་པ་འཛིན་པ་རྣམས་དང་ནི། དང་པོ་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་ལ་གནས་པ་ཡི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་རིག་པ་རང་བྱུང་གི་ཡེ་ཤེས་སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་ལ་ནི་བལྟས་ཤིང་བརྟགས་པས་ཡོད་མེད་རྟག་ཆད་ལ་སོགས་པ་མཐའ་གང་དུའང་མཐོང་བ་མ་ཡིན་པར་མི་རྟོག་མཉམ་པ་ཉིད་ལ་གནས་པར་གྱུར་ན་རང་གི་སེམས་ཉིད་སྙིང་པོ་རང་བྱུང་གི་ཡེ་ཤེས་དེ་རུ་འཕྲད་པ་ཡིན་ལ་དེ་ལས་གཞན་ན་ཆོས་ཉིད་སྙིང་པོའི་ཡེ་ཤེས་ཞིག་བཙལ་དུ་མེད་ཅིང་དེ་ཉིད་ཅི་རིགས་པར་རྟོགས་པ་ལས་རིག་འཛིན་དང་བྱང་ཆུབ་སེམས་དཔའ་རྣམས་འབྱུང་བར་གསུངས་པའོ། །བཞི་པ་ནི། དེ་ལྟར་སྙིང་པོ་བྱང་ཆུབ་ཀྱི་སེམས་འདི་ཉིད་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་འབྱུང་གནས་ཡིན་པར་མ་ཟད། འདི་ལྟར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡང་རང་བྱུང་གི་ཡེ་ཤེས་འདི་ཉིད་བཀག་པ་མེད་པར་ཡེ་ནས་གནས་པས། ནང་གི་དབང་པོ་ལྔ་དང་ཕྱིའི་ཡུལ་ལྔ་ལ་བརྟེན་ནས་སྐྱེས་པ་ལྟར་སྣང་བའི་ཤེས་པ་ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་རིག་ཤིང་གསལ་བ་ཡི་ངོ་བོ་དགག་སྒྲུབ་བླང་དོར་གང་གིས་ཀྱང་མ་བཅོས་པ་ཡི་རང་བཞིན་འདི་ཉིད་ཀུན་བྱེད་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་ཆོས་རྣམས་ཀྱི་སྙིང་པོ་ཡང་དག་པ་ཡིན་པར་བཤད་པ་སྟེ། དེ་ཉིད་ལས། སྣང་བ་རྒྱ་ཡན་ལ་སེམས་ཀྱི་མེ་ལོང་རང་གསལ་ཡང་སེམས་ཉིད་རིན་པོ་ཆེའི་སྒྲོན་མ་གསལ་བས་རང་ལ་ངོ་བོ་ཉིད་ཀྱི་རྒྱུར་རྫོགས་ཤིང་ཡེ་ཤེས་ཀྱི་སྣང་བར་ལྷག་གེར་འདུག་པའོ། །སེམས་ཉིད་རིན་པོ་ཆེ་ལྟ་བུའི་དོན་རྟོགས་ན་མེ་ལོང་གསལ་བ་བྱི་དོར་བྱས་ཏེ་གཡའ་དག་པའི་རང་བཞིན་དུ་སྣང་བ་ལྟར་རང་བཞིན་གྱིས་རྣམ་པར་དག་པ་ལ་སྣང་བ་ཀུན་མཁྱེན་དུ་རང་ཤར་བས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ནའོ། །ཞེས་པ་ལྟར་རོ། །ལྔ་པ་ནི། མདོར་ན་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་འདི་དག་ཐམས་ཅད་ཀུན་ཀྱང་སྟོན་པ་ཀུན་བྱེད་རྒྱལ་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ང་ཡིས་སྐྱེ་མེད་ཀྱི་ཀློང་ནས་འགག་མེད་ཀྱི་རོལ་རྩལ་དུ་མ་བསྐྱེད་པ་གཅིག་ཀྱང་མེད་ལ། འཁོར་འདས་དང་སྣང་སྲིད་ཀྱི་ཆོས་རྣམས་མ་ལུས་པ་ཀུན་རྒྱུ་སྙིང་པོ་རང་བྱུང་གི་ཡེ་ཤེས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ལས་མ་བྱུང་བའང་གཅིག་ཀྱང་མེད་པ་དེས་ན་ཀུན་བྱེད་རྒྱལ་པོ་ང་ནི་ཆོས་རྣམས་མ་ལུས་པ་ཀུན་གྱི་སྙིང་པོར་བཤད་པ་ཡིན་ནོ། །དེ་ཉིད་ལས། སྣང་བ་དང་མི་སྣང་བའི་ཆོས་ཐམས་ཅད་ཀྱང་རིག་པའི་ཀློང་ཆེན་པོར་ཕེབས་ན། མཉམ་པ་ཉིད་རང་རིག་པའི་ཀློང་ལམ་ཆེན་པོ་ལས་མ་བྱུང་བའི་ཆོས་ནི་གང་ཡང་མེད་པ་ལ། སེམས་ཀྱི་སྣང་ཚུལ་བསམ་གྱིས་མི་ཁྱབ་པ་ཡང་། །རིག་པ་ཉིད་ཀྱི་རྩལ་ལས་བྱུང་ཞིང་གཞན་མེད་དེ། བདེ་བར་གཤེགས་པའི་རིགས་ཐམས་ཅད་དང་། རིགས་ལྔར་གྱུར་པའི་སངས་རྒྱས་དང་། ཡབ་ཡུམ་སྲས་དང་བཅས་པའི་འཁོར་ཕུན་སུམ་ཚོགས་པ་ཡང་། རང་གི་རིག་པའི་རྩལ་དང་དེ་རུ་བྱུང་བ་ལས་གཞན་མེད་དོ། ཞེས་གསུངས་པ་བཞིན་ནོ། །གཉིས་པ་རྒྱལ་བའི་རྒྱུ་མཚན་དགོད་པ་ལ་གཉིས་ཏེ། དམ་བཅའ་བཞག་པ་དང་། གཏན་ཚིགས་དགོད་པའོ། །དང་པོ་ནི། འདི་ལྟར་སྟོན་པ་ཀུན་བྱེད་རྒྱལ་པོ་རིག་པ་བྱང་ཆུབ་ཀྱི་སེམས་མ་བཅོས་ལྷུན་གྲུབ་ཆེན་པོའི་རང་བཞིན་དུ་གནས་པ་ང་ནི་སྐུ་གསུམ་གྱི་སྟོན་པ་ལ་སོགས་པ་ཆོས་རྣམས་ཀུན་ལས་ཁྱད་པར་དུ་འཕགས་པས་རྒྱལ་བར་གྱུར་བ་སྟེ། དེ་ཡང་གང་ལས་རྒྱལ་ན་སྤྱིར་སྲིད་ཞི་གཉིས་ཀྱི་ཁམས་ན་སྐུ་གསུམ་གྱི་སྟོན་པ་རྣམས་ལས་ལྷག་པ་མེད་མོད། འོན་ཀྱང་དེ་དག་རྣམས་ལས་ཀྱང་སྟོན་པའི་སྟོན་པར་རང་བྱུང་གཞི་ཡི་སངས་རྒྱས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ནི་ཆེས་ཁྱད་པར་དུ་འཕགས་པས་རྒྱལ་བར་གྱུར་པ་ཡིན་ལ། དེ་བཞིན་དུ་ཁམས་གསུམ་གྱི་འགྲོ་བ་ཡོངས་ཀྱི་དཔལ་དུ་གྱུར་པའི་སངས་རྒྱས་དུས་གསུམ་དུ་བྱོན་པ་རྣམས་ལས་ཀྱང་སྟོན་པ་ཀུན་བྱེད་ང་ཉིད་རྒྱལ་ལོ། །གཞན་ཡང་སར་ཆུད་པ་དང་ས་ལ་གནས་པ་དང་སར་སྨིན་པའི་རིག་པ་འཛིན་པ་རྣམས་དང་། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པ་དབང་བསྒྱུར་བའི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཁམས་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་དང་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད་ཀུན་གྱི་བྱེད་པ་པོ་ཀུན་བྱེད་རྒྱལ་པོ་ང་ཉིད་ཡིན་པས་དེ་དག་ཀུན་ལས་རྒྱལ་བའང་ཡིན་ནོ་ཞེས་སོ། །གཉིས་པ་གཏན་ཚིགས་དགོད་པ་ལ་གཉིས་ཏེ། བྱང་ཆུབ་སེམས་ཀྱི་བསྟན་པ་བཀོད་ཚུལ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལ་སྟོན་པ་ཀུན་བྱེད་ང་ཉིད་གོང་དུ་བཤད་པའི་སྐུ་གསུམ་གྱི་སྟོན་པ་ལ་སོགས་པ་དེ་དག་ལས་རྒྱལ་བ་ཡིན་པའི་རྒྱུ་མཚན་ཅིས་ཕྱིར་ཞེ་ན། སྟོན་པ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡིས་ནི་སྐུ་གསུམ་གྱི་སྟོན་པའི་བསྟན་པ་ཀུན་གྱིས་སྔོན་རོལ་དུ་སྐུ་གསུམ་གྱི་སྟོན་པ་གང་གིས་ཀྱང་འགོད་པར་མ་ནུས་པའི་བྱང་ཆུབ་སེམས་ཀྱི་ངོ་བོ་མ་བཅོས་ལྷུན་གྲུབ་ཆེན་པོའི་བསྟན་པ་བཀོད་པའི་ཕྱིར་ཏེ། དེ་ལྟ་བུའི་བསྟན་པ་ཐམས་ཅད་ཀྱི་འཕྲོ་གཞིར་གྱུར་པའི་སྙིང་པོ་བྱང་ཆུབ་སེམས་ཀྱི་བསྟན་པ་མ་བཅོས་ལྷུན་གྱིས་གྲུབ་པའི་རང་བཞིན་ཅན་འདི་ནི་སྐུ་གསུམ་གྱི་སྟོན་པ་ཀུན་གྱིས་དགོད་པར་མི་ནུས་ཏེ། བླང་དོར་རྩོལ་སྒྲུབ་ཅན་གྱི་བསྟན་པ་ཁོ་ན་ལས་མེད་པ་དེ་ཉིད་ཀྱི་ཕྱིར་ན་དེ་དག་ཀུན་ལས་ཀུན་བྱེད་ང་ཉིད་རྒྱལ་ཞིང་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་བདུན་ཏེ། ཆོས་ལ་བྱར་མེད་པ། ལྟ་བ་བསྒོམ་དུ་མེད་པ། དམ་ཚིག་བསྲུང་དུ་མེད་པ། ཕྲིན་ལས་བཙལ་དུ་མེད་པ། ས་ལ་སྤྱད་དུ་མེད་པ། ལམ་ལ་བགྲོད་དུ་མེད་པ་ཆོས་ཉིད་བལྟར་མེད་པའི་བཀོད་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལ་སྟོན་པ་ཀུན་བྱེད་ཉིད་ཀྱིས་སྙིང་པོ་བྱང་ཆུབ་ཀྱི་སེམས་ཀྱི་བསྟན་པ་མ་བཙལ་ལྷུན་གྱིས་གྲུབ་པའི་ཚུལ་དེ་ཡང་ཇི་ལྟར་དགོད་པ་ཡིན་ཅེ་ན། དང་པོ་འཇུག་པའི་སྒོ་ནི་ཉན་ཐོས་པ་བདེན་པ་བཞིའི་སྒོ་ནས་འཇུག་པ་དང་། དེ་བཞིན་དུ་རང་རྒྱལ་རྟེན་འབྲེལ་གྱི་སྒོ་ནས་འཇུག་པ་དང་། བྱང་ཆུབ་སེམས་དཔའ་བདེན་གཉིས་ཀྱི་སྒོ་ནས་དང་། བྱ་སྤྱོད་གཉིས་དག་པ་གསུམ་དང་། རྣལ་འབྱོར་གྱི་རྒྱུད་དུ་མངོན་བྱང་ལྔའམ་མཚན་བཅས་དང་མཚན་མེད་ཀྱི་སྒོ་ནས་དང་། མ་ཧཱ་ཡོ་ག་ཏིང་འཛིན་རྣམ་པ་གསུམ་དང་། ཨ་ནུ་ཡོ་ག་དབྱིངས་དང་རིག་པ་དབྱེར་མེད་པའི་སྒོ་ནས་འཇུག་པ་ཡིན་ཀྱང་། ཨ་ཏི་ཡོ་ག་དེ་ལྟ་བུའི་རྩོལ་སྒྲུབ་གང་ལའང་མི་ལྟོས་པར་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་བཙལ་ལྷུན་གྲུབ་ཀྱི་ཚུལ་དུ་རྫོགས་ཤིང་ཡེ་ནས་སངས་རྒྱས་པ་ཡིན་པས་ཆོས་རྣམས་ལ་རྩོལ་སྒྲིབ་ཀྱིས་བྱ་རུ་མེད་པར་རྟོགས་པའི་ཕྱིར་ན་བླང་དོར་འབད་རྩོལ་གྱིས་བཙལ་བ་མེད་པའི་སྒོ་ནས་འཇུག་པ་ཡིན་ཏེ། ཅིའི་ཕྱིར་ན་བྱང་ཆུབ་ཀྱི་སེམས་ལས་གཞན་པའི་བྱ་རྩོལ་གྱིས་བསྒྲུབ་པར་བྱ་བའི་ཆོས་གང་ཡང་མེད་པའི་ཕྱིར་རོ། །གཉིས་པ་ནི། ཐེག་པ་གཞན་རྣམས་ཉན་ཐོས་པས་གང་ཟག་གི་བདག་མེད་པ་སྒོམ་པ་ལ་སོགས་པ་ཐེག་པ་རང་རང་གིས་ཇི་ལྟར་གཏན་ལ་ཕབས་པའི་དོན་དེ་བསྒོམ་པར་བྱེད་ཀྱང་། རྫོགས་པ་ཆེན་པོའི་སྐབས་སུ་རིག་པ་བྱང་ཆུབ་སེམས་ཀྱི་ཆོས་ཉིད་སྨྲ་བསམ་བརྗོད་པ་དང་བྲལ་བས་བློའི་སྤྱོད་ཡུལ་ལས་འདས་པ་ལ་སེམས་ཀྱིས་དམིགས་ཤིང་བསྒོམ་པའི་ཡུལ་དུ་གྱུར་པ་མེད་པའི་ཕྱིར་ན་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ལྟ་བ་བསྒོམ་དུ་མེད་པ་རུ་བཀོད་པ་ཡིན་ནོ། །གསུམ་པ་ནི། ཉན་ཐོས་པས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་འདུལ་ཁྲིམས་བསྲུང་བ་སོགས་ཐེག་པ་རང་རང་གི་སྐབས་ནས་བླང་དོར་འཇུག་ལྡོག་གི་གནས་ཇི་ལྟར་བསྟན་པ་ལས་མི་འདའ་བར་བསྲུང་བར་བྱེད་པ་ཡིན་ཀྱང་། རྫོགས་པ་ཆེན་པོའི་སྐབས་སུ་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ལ་བསྲུང་དང་མི་བསྲུང་གི་དབྱེ་བ་མེད་པས་དམ་ཚིག་བསྲུང་དུ་མེད་པས་ཡེ་བསྲུང་འདའ་བ་མེད་པ་རུ་དགོད་པ་ཡིན་ནོ། །བཞི་པ་ནི། ཉན་ཐོས་པས་དགེ་བཅུ་རང་གི་དོན་དུ་སྤྱོད་པ་དང་རང་རྒྱལ་གྱིས་དེའི་སྟེང་དུ་རྫུ་འཕྲུལ་ཡ་མ་ཟུང་གིས་གཞན་དོན་ཤས་ཙམ་མཛད་པ་སོགས་ཐེག་པ་རང་རང་གི་བྱ་བའི་ཕྲིན་ལས་ལ་རྩོལ་བསྒྲུབ་ཀྱི་སྒོ་ནས་འཇུག་ན་ཡང་། རྫོགས་ཆེན་གྱིས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་མ་མཛད་པའི་ཕྲིན་ལས་ཐམས་ཅད་ཡེ་ནས་མ་བཙལ་ལྷུན་གྱི་གྲུབ་པ་ཡིན་པས་ན། ཕྲིན་ལས་བཙལ་དུ་མེད་པ་རུ་བཀོད་པ་ཡང་ཡིན་ནོ། །ལྔ་པ་ནི། ཐེག་པ་འོག་མ་རྣམས་རང་རང་གི་གཞུང་ནས་བསྟན་པའི་དམན་ལམ་ས་བརྒྱད་ལ་སོགས་པ་ལྟ་བུ་རིམ་གྱིས་སྦྱོང་ཞིང་བགྲོད་པར་བྱེད་པ་ལ། རྫོགས་པ་ཆེན་པོའི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ས་གཅིག་ལ་འགྲོ་བ་ཐམས་ཅད་ཀུན་ཡེ་ནས་གནས་ཟིན་པ་ཡིན་པས་དེ་ལས་གཞན་དུ་ས་ལ་སྦྱང་དུ་མེད་པ་རུ་བཀོད་པ་ཡིན་ནོ། །དྲུག་པ་ནི། ཐེག་པ་འོག་མ་རྣམས་ཀྱི་རང་རང་གི་སྐབས་ནས་བསྟན་པའི་ལམ་ལྔ་རིམ་གྱིས་བགྲོད་པར་བྱེད་པ་ཡིན་ན་ཡང་། ཀུན་བྱེད་བྱང་ཆུབ་ཀྱི་སེམས་ནི་ལམ་ཐམས་ཅད་ཀྱིས་གང་དུ་བགྲོད་པར་བྱེད་པའི་གནས་མཐར་ཐུག་པ་ཡིན་ཞིང་། དེ་ལྟ་བུའི་སེམས་ཉིད་ཀྱི་གནས་ལུགས་གདོད་ནས་འགྱུར་བ་མེད་པ་མ་བཅོས་ཡེ་ཤེས་བླ་མའི་ས་ལ་གསར་དུ་བགྲོད་པ་མེད་པར་ཡེ་ནས་གནས་ཟིན་པ་ཡིན་པས་རྫོགས་པ་ཆེན་པོའི་ལམ་ལ་བགྲོད་དུ་མེད་པ་རུ་བསྟན་པ་ཡིན་ནོ། །བདུན་པ་ནི། འོག་མའི་ཐེག་པ་གཞན་རྣམས་ཀྱིས་རང་རང་གི་ལུང་དང་རིག་པས་གཏན་ལ་ཕབས་པའི་སོ་སོའི་བློ་ནུས་དང་མཐུན་པའི་ཆོས་ཉིད་ཀྱི་ལྟ་བའི་འདོད་ཚུལ་མི་འདྲ་བ་རེ་ཡོད་པ་ཡིན་ན་ཡང་། རྫོགས་པ་ཆེན་པོས་ཆོས་རྣམས་ཀྱི་ཆོས་ཉིད་མ་བཅོས་པ་རང་བྱུང་སྙིང་པོའི་ཡེ་ཤེས་ནི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཉིད་ཡིན་པ་ལས་གཞན་དུ་མེད་པས་ཆོས་ཉིད་འདི་ལས་གཞན་དུ་ལྟ་བ་ཞིག་ཚོལ་བར་མི་བྱེད་པས་མ་བཙལ་ལྷུན་གྱིས་གྲུབ་པར་བཀོད་པ་ཡིན་ནོ་ཞེས་མདོར་ན་ཐེག་པ་འོག་མ་ཐམས་ཅད་ཀྱི་འཇུག་སྒོ་དང་ལྟ་སྒོམ་སྤྱོད་པ་འབྲས་བུ་ཐམས་ཅད་ཀྱི་མཐར་ཐུག་རྫོགས་པ་ཆེན་པོའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་འདི་ཡིན་པས། བསྟན་པ་ཐམས་ཅད་ཀྱི་ནང་ནས་ཀུན་བྱེད་བྱང་ཆུབ་སེམས་ཀྱི་བསྟན་པ་འདི་ཉིད་ཁྱད་དུ་འཕགས་པར་བསྟན་པ་སྟེ། གཏིང་རྫོགས་ལས། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བསམ་ཡས་དག །ཡོངས་བསྡུས་ཐེག་དགུའི་ཆོས་སུ་བསྟན་པ་ཡང་། །རྫོགས་པ་ཆེན་པོའི་ཆོས་ཀྱི་མཐའ་རུ་ཐུག །དེ་ཕྱིར་ངེས་པ་ཀུན་གྱི་རྩ་བ་ཡིན། །ཡེ་ཤེས་རྣམ་ལྔ་ལ་སོགས་མདོར་བསྡུས་པས། །རང་བྱུང་ཡེ་ཤེས་ཆེན་པོར་འདུས་པའི་ཕྱིར། །རིག་པར་འདུས་པ་ཆོས་ཀུན་རྩ་བ་སྟེ། །རང་རིག་ཡེ་ཤེས་མི་ཟད་ཆོས་སྐུར་ཐུག །ཡུལ་གྱི་བསྡུས་པའི་ཆོས་རྣམས་མ་ལུས་པ། །ཡིན་མིན་བློ་ཡིས་བྱས་པའི་ཞེན་པ་ལ། །བདག་ལ་མཐར་ཐུག་ཡོད་པ་མཐའ་ཡིན་ཀྱང་། །ངེས་དོན་ཆོས་ཉིད་ཟབ་མོ་མཐར་ཐུག་མཆོག །ཅེས་གསུངས་པ་བཞིན་ནོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། གཞི་གནས་ཀྱི་ཡེ་ཤེས་ངོས་བཟུང་བ་དང་། དེ་ཉིད་རྒྱལ་བའི་སྙིང་པོ་ཡིན་པར་བསྟན་པའོ། །དང་པོ་ནི། དེ་ལྟར་ཆོས་རྣམས་ཀུན་གྱི་སྙིང་པོར་གྱུར་པའི་ཡེེ་ཤེས་བྱ་རྩོལ་ཐམས་ཅད་དང་བྲལ་བ་དེ་གང་ཞེ་ན། དེ་ནི་རྒྱུ་རྐྱེན་གང་ལ་མ་ལྟོས་པའི་རང་བྱུང་གི་ཡེ་ཤེས་ཡེ་ནས་འོད་གསལ་བ་རྟོག་མེད་ལྷུན་གྱིས་གྲུབ་པའི་ངོ་བོ་གཞི་གནས་ཡེ་ཤེས་དངོས་ཡིན་ཏེ། དེའི་ངང་ལས་འཕྲོས་པའི་ཡུལ་ལ་རྟོག་ཅིང་དཔྱོད་པའི་རང་བཞིན་ཅན་རྩལ་ཤར་རོལ་པའི་ཡེ་ཤེས་དེ་ཉིད་མིན་པར་གསུངས་ལ། དེས་ན་འདི་གཉིས་ཀྱི་ཁྱད་པར་ཀྱང་། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། །འདི་ནི་གདོད་ནས་དག་པའི་བྱང་ཆུབ་སེམས། །དོན་དམ་དབྱིངས་ཀྱི་ཆོས་ཉིད་བདེན་པ་ནི། །སྨྲ་བསམ་འདས་པས་ཤེས་རབ་ཕ་རོལ་ཕྱིན། །ངང་གིས་མི་གཡོ་རང་བཞིན་འོད་གསལ་ཞིང་། །འགྱུ་འཕྲོའི་སྤྲོས་དང་ཡེ་ནས་བྲལ་བ་ལ། །ངོ་བོ་ཞེས་བརྗོད་ཉི་མའི་སྙིང་པོ་འདྲ། །དེ་ཡི་རྩལ་ནི་འཆར་ཚུལ་མ་འགགས་པའི། །རིག་པ་ཟང་ཐལ་རྟོག་དཔྱོད་གཉིས་དང་བྲལ། །གསལ་གྱིས་གསལ་ཡང་གཟུང་འཛིན་མེད་པ་ཡིན། །ཞེས་དང་། དེ་ཉིད་ཀྱི་འགྲེལ་བར། རང་བྱུང་གི་ཡེ་ཤེས་ནི་རིག་པ་སྟོང་གསལ་སྤྲོས་པ་དང་བྲལ་བ་ཤེལ་གོང་དག་པ་ལྟ་བུ་ཡུལ་ལ་མི་དཔྱོད་པའི་ངོ་བོར་སྐྱེས་པ་དེ་ཡིན་ལ། འཆར་གཞིའི་ཆར་གནས་ཀྱང་། །རང་ངོ་ལ་ཤར་དང་མ་ཤར་མེད་པས་རང་གསལ་དུ་ལྷག་གེ །སྟོང་པར་ཟང་ངེ་། ཀ་དག་ཏུ་སངས་སེ་བ་འདི་ཡིན་ནོ། །དེའི་ངང་ལས་སྣ་ཚོགས་སུ་ཤར་བའི་ཆ་དེ་གཟུང་འཛིན་གྱི་སྤྲོས་པ་སྟེ། ཤར་བ་དེའི་རང་ངོ་རྗེན་སངས་སེ་བ་དེ་རིག་ཆ་ཡེ་ཤེས་སུ་གནས་པས། ཡུལ་ལ་རྟོག་པ་མ་ཡིན་པས་རང་བྱུང་ཡེ་ཤེས་ཞེས་བྱའོ། །ཞེས་དང་། འདི་ལྟར་རང་བྱུང་གི་ཡེ་ཤེས་ལས་ཐུགས་རྗེའི་རྩལ་གཡོས་ཏེ། ཡུལ་ལ་ཤར་བའི་ཤེས་པ་དེ་ཉིད་ལ་རྩལ་ལས་ཤར་བའི་རོལ་བ་ཞེས་བཤད་ཀྱི། རང་བྱུང་གི་ཡེ་ཤེས་མ་ཡིན་ཏེ། ཡུལ་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་དང་། ཐབས་ཀྱི་མ་ཟིན་ན་སྲིད་པར་འཇུག་པའི་ལས་དང་ཉོན་མོངས་པ་འདུ་བྱེད་པའི་ཕྱིར་དང་། རྟོག་པ་དང་དཔྱོད་པའི་རང་བཞིན་འཁོར་བའི་རང་ངོ་ལས་མ་འདས་པའི་ཕྱིར་རོ། །ཞེས་གསུངས་ལ། དེ་བཞིན་དུ་ཐུགས་རྗེའི་འཆར་གཞི་མ་འགག་པའི་རྩལ་དང་། གཟུང་འཛིན་གྱི་རྟོག་པ་གཉིས་ཀྱི་ཁྱད་པར་ཡང་དེ་ཉིད་ལས། མེ་ལོང་དུ་གཟུགས་བརྙན་ཚུར་སྣང་བ་ལྟར་ཡུལ་སྣང་རིག་པ་ལ་སྣང་དུས་ཤེས་པ་རྗེན་སང་ངེ་བ་རྟོག་པར་མ་འཕྲོས་པ་དེ་ཐུགས་རྗེའི་འཆར་གཞི་རྩལ་ཞེས་བྱའོ། །དེ་ངོ་མ་ཤེས་པ་ལས། ཡུལ་ཐོག་ཏུ་ཤེས་པ་ཕར་འཕྲོ་བ་ནི་གཟུང་འཛིན་གྱི་རྣམ་རྟོག་ཅེས་བྱ་སྟེ་ཞེས་སོགས་གསུངས་པ་ལྟར་ཤན་ཕྱེད་པར་བྱ་དགོས་ཀྱི་གཟུང་འཛིན་གྱི་རྟོག་པ་ཙམ་ལ་སྟོང་བ་དང་སྣང་བ་དང་ཅིར་ཡང་འཆར་བ་གསུམ་ཕྱེས་ནས་དེ་ཉིད་རིག་པ་སྐུ་གསུམ་གྱི་ངོ་བོར་རློམ་ནས་གཞན་ལ་དེ་ཉིད་ངོ་སྤྲོད་པ་དང་། རང་གི་ཉམས་བཞེས་ཀྱང་དེ་ལ་མཛད་པ་ནི་ཅུང་ཟད་ནོར་བ་ཡིན་པ་འདྲའོ། །གཉིས་པ་ནི། གོང་དུ་བསྟན་པའི་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་གཞི་གནས་རང་བྱུང་གི་ཡེ་ཤེས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ནི། ཐེག་པ་འོག་མའི་ལྟ་སྤྱོད་དང་དམ་ཚིག་ཕྲིན་ལས་ས་ལམ་ལ་སོགས་པ་ཀུན་ལས་ཁྱད་པར་དུ་འཕགས་ཤིང་རྒྱལ་བ་དང་། ཆོས་རྣམས་མ་ལུས་པ་ཀུན་བྱེད་པའི་སྙིང་པོ་ཡིན་པའི་ཕྱིར་ན་རྒྱལ་བའི་སྙིང་པོ་རང་བྱུང་ཡེ་ཤེས་ཞེས་སུ་བཤད་པ་ཡིན་ནོ། །ཞེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྒྱལ་བའི་སྙིང་པོའི་ལེའུ་སྟེ་སུམ་ཅུ་རྩ་དགུ་པའི་འགྲེལ་བའོ།། ༈ །།དོན་བཅུ་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་སངས་རྒྱས་པས་འཁོར་འདས་བྱ་བཙལ་ལས་འདས་པའི་ལེའུ་བཞི་བཅུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་ཆོས་རྣམས་ཐམས་ཅད་ཀུན་ལས་རྒྱལ་བའི་སྙིང་པོ་ཡིན་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་བྱང་ཆུབ་ཀྱི་སེམས་མ་བཅོས་དེ་བཞིན་ཉིད་ཀྱི་རང་བཞིན་དུ་གནས་པ་འདི་ཉིད་ཡེ་ནས་སངས་རྒྱས་པ་ཡིན་པས་བྱ་བཙལ་ཐམས་ཅད་ལས་འདས་པ་ལ། ཐེག་པ་འོག་མ་པ་རྣམས་ཀྱིས་སྤོང་འགོགས་སྦྱོངས་བ་ལ་སོགས་པ་བྱས་པས་འཁོར་བ་ཡིན་པའི་ཕྱིར་ན། ཆོས་ཉིད་རང་བྱུང་གི་ཡེ་ཤེས་ལ་སྤང་བླང་གང་ཡང་མི་བྱེད་པར་མ་བཅོས་རྣལ་མ་ཉིད་དུ་བཞག་པར་བསྟན་པ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་སངས་རྒྱས་པས་འཁོར་བ་དང་འཁོར་མཁན་གཉིས་སུ་མ་གྲུབ་པའི་ངོ་བོ་མདོར་བསྟན། བརྒལ་ལན་གྱི་ཚུལ་གྱིས་རང་བཞིན་རྒྱས་པར་བཤད། དེ་བཞིན་ཉིད་ཀྱི་སེམས་ཉིད་ད་ལྟའི་རིག་པ་ལས་གཞན་པ་མ་ཡིན་པས་དོན་བསྡུ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྩོལ་སྒྲུབ་ལ་ལྟོས་པ་མེད་པར་སེམས་ཉིད་རང་བྱུང་གི་ཡེ་ཤེས་གཅིག་གི་བདག་ཉིད་དུ་ཡེ་ནས་སངས་རྒྱས་པར་བསྟན་པའི་ཚུལ་འདི་ལེགས་པར་ཉོན་ཅིག །དེ་ཡང་ཇི་ལྟར་ཞེ་ན་སྟོན་པ་ཀུན་བྱེད་བདག་གི་བསྟན་པ་རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་ཡེ་ནས་བྱ་རྩོལ་བྲལ་བའི་རང་བཞིན་འདི་ལྟར་བཀོད་པས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་། གསང་སྔགས་ཀྱི་རིག་པ་འཛིན་པ་དང་། སར་གནས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་དང་། ཁམས་གསུམ་གྱི་སེམས་ཅན་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀུན་ལམ་ལ་རྩོལ་བ་དང་འབྲས་བུ་སྒྲུབ་པར་བྱེད་པའི་འབད་པ་གང་ཡང་མ་བྱས་པར་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་ལུང་བསྟན་པས། ཀུན་བྱེད་ཉིད་ཀྱི་འཁོར་གྱི་དང་པོ་སྟོན་པ་རྣམ་པ་གསུམ་གྱི་རྩོལ་ཤིང་སྒྲུབ་པར་བྱེད་པའི་རང་བཞིན་ཅན་གྱི་ཕྱི་ནང་གསང་བའི་བསྟན་པ་གསུམ་མམ་རྩོལ་བཅས་ཀྱི་ཐེག་པ་བརྒྱད་པོ་ཐམས་ཅད་རྫོགས་པ་ཆེན་པོའི་་གོལ་ས་དང་སྒྲིབ་པ་ཡིན་པས་ཞེ་འདོད་ཀྱི་བཞག་པའི་གྲུབ་མཐའ་དེ་ཀུན་རང་ཚུག་མི་ཐུབ་པར་ཞིག་པར་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། སེམས་ཉིད་ཡེ་ནས་སངས་རྒྱས་སུ་གྲུབ་ན་འཁོར་བར་སེམས་ཅན་འཁོར་མི་རིག་པའི་རྒོལ་བ། དེ་ཉིད་མ་རྟོགས་པར་བྱ་བཙལ་གྱི་དོན་ལ་ཅི་ཙམ་འབད་པ་དེ་ཙམ་དུ་འཁོར་བ་ལས་མ་འདས་པར་བསྟན་པའི་ལན་ནོ། །དང་པོ་ནི། དེ་ལྟར་རྩོལ་སྒྲུབ་གང་ལ་ཡང་མ་ལྟོས་པར་སེམས་ཉིད་ཡེ་སངས་རྒྱས་པར་བསྟན་པ་དེ་ནས་འཁོར་གྱི་གཙོ་བོ་སེམས་དཔའ་རྡོ་རྗེས་སླར་ཡང་ཐེ་ཚོམ་གྱི་དོན་ཞུས་པ་ནི་འདི་ལྟར། ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། ཁྱོད་ཀྱིས་བསྟན་པ་ནི་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་ཞིང་། བྱང་ཆུབ་ཀྱི་སེམས་འདི་ནི་ཡེ་ནས་ལྷུན་གྱིས་གྲུབ་པའི་སངས་རྒྱས་སུ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་ཆས་ཉིད་དུ་ཡོད་པ་དེ་ལྟར་ན། ཁམས་གསུམ་རྒྱུད་དྲུག་གི་གནས་ན་འཁོར་བའི་སེམས་ཅན་འདི་ཀུན་འབད་རྩོལ་ཅི་ལ་ཡང་མི་ལྟོས་པར་ཡེ་ནས་མངོན་པར་སངས་རྒྱས་པ་ལགས་སམ། གལ་ཏེ་དེ་ལྟར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ན་སྲིད་པ་ཁམས་གསུམ་འཁོར་བའི་གནས་སུ་ཅི་སྟེ་འཁོར་བར་འགྱུར་ཏེ་འཁོར་མི་རིགས་ལ། གལ་ཏེ་འཁོར་ན་སེམས་ཅན་དེ་དག་སངས་རྒྱས་པའམ། ཡང་ན་སངས་རྒྱས་སླར་ཡང་འཁོར་བར་ལྟུང་བའི་སྐྱོན་དུ་མི་འགྱུར་རམ་ཞེས་ཞུས་སོ། །གཉིས་པ་ལན་ལ་དྲུག་སྟེ། ཉན་ཐོས་ཀྱིས་སྤངས་བས་འཁོར་བར་བསྟན་པ། །རང་རྒྱལ་གྱིས་བཀག་པས་འཁོར་བར་བསྟན་པ། །སེམས་དཔས་སྦྱང་བས་འཁོར་བར་བསྟན་པ། །ཀྲི་ཡས་དག་པར་བལྟས་པས་འཁོར་བར་བསྟན་པ། །ཡོ་ག་བས་བླང་དོར་བྱས་པས་འཁོར་བར་བསྟན་པ། །ནང་པས་ཆེད་དུ་བསྒྲུབ་པས་འཁོར་བར་བསྟན་པའོ། །དང་པོ་ནི། དེ་ལྟར་སེམས་དཔའ་རྡོ་རྗེས་མི་འཐད་པར་བརྒལ་བའི་ཚིག་ཞུས་པ་དེེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སེམས་དཔའ་རྡོ་རྗེ་ལ་སླར་ཡང་བརྒལ་བའི་ལན་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངོ་བོར་ཡེ་ནས་སངས་རྒྱས་པ་ཡིན་ན་ཡང་ངོ་མ་ཤེས་པའི་དབང་གིས་འཁོར་བ་ཡིན་པའི་ཚུལ་འདི་ཉོན་ཅིག །དེ་ཡང་ཇི་ལྟར་ན་སྙིང་པོ་བྱང་ཆུབ་སེམས་ཀྱི་དབྱིངས་ལས་བྱུང་བ་ཡི་ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་ཆོས་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་ལས་རྩལ་སྣང་འགག་མེད་ཀྱི་ངོ་བོར་མངོན་དུ་བྱུང་བ་སྟེ། དེས་ན་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་དུ་གཅིག་པ་ཡི་རང་བཞིན་ཡིན་ཀྱང་ཆོས་ཉིད་ཀྱི་རྩལ་ལས་སྣང་ཚུལ་ལ་གཟུགས་སྒྲ་ལ་སོགས་པ་ཡུལ་ནི་རྣམ་པ་ལྔ་རུ་སྣང་ཞིང་། དེ་རེ་རེ་ལ་གཟུགས་མཛེས་པ་ལ་སོགས་པ་འདོགས་ཅིང་ཡིད་དུ་འོང་བ་ལྔ་དང་། གཟིགས་མི་སྡུག་པ་ལ་སོགས་པ་ལྟ་བུའི་མི་འདོད་ཅིང་ཡིད་དུ་མི་འོང་བ་ལྔ་དང་ནི། དེ་གཉིས་ཀ་མ་ཡིན་པའི་བར་མ་ལུང་མ་བསྟན་ལྔ་སྟེ་ལྔ་ལྔ་ཡོད་པ་ཡུལ་དུ་བྱས་པ་ལས་རྒྱུ་ཆགས་སྡང་གཏི་མུག་ལ་སོགས་པའི་ཉོན་མོངས་པ་རྣམས་སྐྱེ་ཞིང་དེས་དབང་གིས་སྲོག་གཅོད་པ་ལ་སོགས་པའི་ལས་བསགས་པའི་དབང་གིས། །འབྲས་བུ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་སྐྱེའོ་ཟེར་ནས་ཉན་ཐོས་པ་རྣམས་ཀྱིས་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ཡུལ་ལྔ་པོ་དེ་རང་སྣང་དུ་ངོ་མ་ཤེས་པའི་དབང་གིས་སྤོང་བར་བྱེད་པ་ལ་བརྩོན་པས་རང་བྱུང་ཡེ་ཤེས་ཀྱི་སྣང་བ་དེ་བསྐལ་པ་གསུམ་གྱི་བར་དུ་མི་སྤོང་བས་སམ་ཉན་ཐོས་རང་ལམ་གྱི་འབྲས་བུ་མི་ཐོབ་པས་ཁམས་གསུམ་གྱི་གནས་སུ་འཁོར་བ་ཡིན་ནོ་ཞེས་གསུངས་པ་སྟེ། འདིར་མཉམ་མེད་ཀཿཐོག་པ་ཆེན་པོའི་ཐེག་སྤྱིའི་འགྲེལ་པར། དང་པོ་བདེན་པ་བཞིའི་སྒོ་ནས་འཇུག་པ་ནས་མཐར་སྲིད་པ་མ་ཟད་ཀྱི་བར་དུ་ཡུན་ཅི་ཙམ་ཐོག་ཞེ་ན། འཇིག་ཆགས་སྟོང་གནས་ཀྱི་བསྐལ་ཕྲན་བརྒྱད་ཅུ་གཅིག་ཏུ་སྡོམ་པ་ལ་བསྐལ་པ་ཆེན་པོ་གཅིག་ཟེར་རོ། །དབང་པོ་རབ་ལ་དེ་འདྲ་བརྒྱ་དགོས་སོ། །སོགས་ཀྱི་སྒྲས་འབྲིང་ཉིས་བརྒྱ། དབང་པོ་ཐ་མ་ལ་སུམ་བརྒྱའི་ཡུན་དུ་ཐོགས་པ་ཡིན་ནོ། །ཞེས་གསུངས་པ་སོགས་མདོ་དང་རྒྱུད་སྡེའི་དགོངས་པ་མི་འདྲ་བ་ཡོད་ཀྱང་རྒྱུད་འདི་ལས་དེ་ལྟར་བསྐལ་པ་གསུམ་གྱི་ཡུན་དུ་ཐོགས་པར་གསུངས་པའོ། །གཉིས་པ་ནི། ངོ་བོ་ཡེ་ནས་ཐ་དད་མེད་པར་ཆོས་ཉིད་དེ་བཞིན་ཉིད་དུ་གཅིག་པ་ཡི་རང་བཞིན་དུ་གནས་པའི་ཆོས་ཉིད་ཀྱི་རྩལ་སྣང་ཡུལ་ནི་རྣམ་པ་ལྔ་རུ་སྣང་བ་ལ་བློས་བརྟགས་ཚུལ་གྱི་དབང་གིས་འདོད་པ་དང་མི་འདོད་པའི་དབྱེ་བས་ལྔ་ལྔར་སྣང་བ་ལ། ང་དང་ང་ཡིར་འཛིན་པའི་མ་རིག་པའི་སྒོ་ནས་ལས་མངོན་པར་འདུ་བྱེད་པ་ལ་སོགས་པ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་གི་སྒོ་ནས་ཁམས་གསུམ་འཁོར་བའི་གནས་སུ་སྐྱེ་བའི་རྒྱུ་ནི་འདི་རྣམས་ཀྱིིས་བྱེད་པ་ཡིན་ནོ་ཟེར་ནས། རང་རྒྱལ་གྱི་ཆོས་ཉིད་ཀྱི་ཡུལ་ལྔ་པོ་དེ་འགེག་པར་བྱེད་པའི་ཐབས་ལ་བརྩོན་པས། རང་བྱུང་གི་ཡེ་ཤེས་ཀྱི་རང་རྩལ་འགགས་པ་མེད་པའི་སྣང་བ་དེ་བསྐལ་པ་དུ་མར་བསྒོམས་ཀྱང་མི་ཁེགས་པས་ཁམས་གསུམ་ཀྱི་གནས་སུ་འཁོར་བ་ཡིན་པར་གསུངས་སོ། །གསུམ་པ་ནི། འདི་ལྟར་ཆོས་ཉིད་དེ་བཞིན་ཉིད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གཅིག་པ་ཡི་ཆོས་ཉིད་ཀྱི་རྩལ་ཡུལ་ནི་རྣམ་པ་ལྔ་རུ་སྣང་བ་ལ། སེམས་ལ་འདོད་པ་དང་མི་འདོད་པ་རྣམས་ལྔ་རེ་ཡི་ཡུལ་དུ་བྱུང་བ་དེ་ཆགས་སོགས་ཉོན་མོངས་པའི་འབྱུང་གནས་སུ་གྱུར་པ་ནི་འདོད་པའི་ཡུལ་ལྔ་པོ་འདི་ཉིད་ཡིན་ནོ་ཟེར་ནས། མཚན་ཉིད་ཐེག་པ་ཆེན་པོ་པ་རྣམས་ཀྱིས་ཆོས་ཉིད་ཀྱི་རང་མདངས་སུ་ཤར་བའི་ཡུལ་ལྔ་པོ་དེ་དབུ་མའི་གཏན་ཚིགས་ཆེན་པོ་རྣམས་ཀྱིས་སྐྱེ་མེད་དུ་གཏན་ལ་ཕབ་ནས་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་དུ་སྦྱོང་བར་བྱེད་པས། དེ་ལྟ་བུའི་ལམ་གྱིས་རང་གི་སེམས་ཉིད་རང་བྱུང་ཡེ་ཤེས་ཀྱི་སྣང་བ་དེ་བསྐལ་པ་གྲངས་མེད་གསུམ་ལ་སོགས་པ་ཡུན་རིང་པོའི་བར་དུ་མི་སྤྱོད་པའམ་སྦྱོང་བར་མི་ནུས་པས་དེ་བར་དུ་སྲིད་པ་ཁམས་གསུམ་གྱི་གནས་སུ་འཁོར་བར་གསུངས་པ་ཡིན་ནོ། །བཞི་པ་ནི། སྙིང་པོ་བྱང་ཆུབ་ཀྱི་ཆོས་ཉིད་གདོད་ནས་སྐྱེ་བ་མེད་པའི་ངང་ལས་རྩལ་སྣང་འགགས་མེད་ཀྱི་རོལ་པར་མངོན་དུ་བྱུང་བ་ཡི་ཕྱི་ནང་སྣང་སྲིད་ཀྱི་ཆོས་ཐམས་ཅད་ལ་བཟང་ངན་དང་བླང་དོར་དག་དང་མ་དག་ལ་སོགས་པའི་དབྱེ་བ་མེད་པར། དབྱིངས་སྐྱེ་བ་མེད་པ་ཆོས་ཉིད་དེ་བཞིན་ཉིད་དུ་གཅིག་པ་ཡིན་ཀྱང་། འཆར་ཚུལ་མ་འགག་པ་ཡི་རོལ་པ་རུ་ཆོས་ཉིད་ཀྱི་ཡུལ་ནི་སྣང་ཚུལ་རྣམ་པ་ལྔ་རུ་སྣང་བ་ལ་སེམས་ཅན་རྣམས་ཀྱིས་བློས་བརྟགས་ཚུལ་གྱི་དབང་གིས་འདོད་པ་དང་མི་འདོད་པ་རྣམ་པ་ལྔ་ལྔ་བྱུང་བ་ལ། ཕྱི་རྒྱུད་འོག་མ་ཀྲི་ཡ་བས་འདི་དག་རང་མཚན་པར་སྤྱད་ན་འཆིང་བར་འགྱུར་བས་དག་པ་ལྷའི་རང་བཞིན་དུ་བྱིན་གྱིས་བརླབ་པའི་གནས་ཡིན་ཏེ། དེ་ལྟར་བྱིན་གྱི་བརླབ་པར་བྱས་ན་ནི་ནམ་ཞིག་ལྷའི་རང་བཞིན་དུ་འགྱུར་དུ་རུང་བ་ཡིན་པའི་ཕྱིར་རོ་ཟེར་ནས། ཕྱི་ནང་གི་ཆོས་ཐམས་ཅད་སྔགས་དང་ཏིང་ངེ་འཛིན་གྱིས་དག་པར་བྱིན་གྱིས་རློབ་པའི་ཐབས་ཀྱིས་ཆོས་ཉིད་ཀྱི་ཡུལ་ལྔ་པོ་དག་པར་བྱེད་པའི་རྩོལ་སྒྲུབ་ལ་ཞེན་པས། སེམས་ཉིད་རང་བྱུང་ཡེ་ཤེས་སྣང་བ་དེ་མི་ཚེ་བདུན་གྱི་བར་དུ་བྱིན་གྱི་མི་རློབས་པས་ཁམས་གསུམ་འཁོར་བའི་གནས་སུ་འཁོར་བ་ཡིན་ནོ། །ལྔ་པ་ནི། རིག་པ་བྱང་ཆུབ་སེམས་ཀྱི་རྩལ་ལས་བྱུང་བ་ཡི་སྣང་སྲིད་སྣོད་བཅུད་ཀྱི་ཆོས་ཐམས་ཅད་དོན་ལ་ཆོས་ཉིད་ཀྱི་རང་མདངས་མངོན་དུ་ཕྱུང་བ་ཡི་རང་བཞིན་ཡིན་པའི་ཕྱིར་ན། ཆོས་ཉིད་དེ་བཞིན་ཉིད་དུ་དབྱེར་མེད་པར་ཡེ་ཤེས་གཅིག་གི་ངོ་བོར་གནས་པ་ཡིན་ཀྱང་དེ་ལས། འཆར་ཚུལ་ཅི་ཡང་མི་འགག་པའི་ཕྱིར་ན་ཆོས་ཉིད་ཀྱི་རང་མདངས་སུ་ཤར་བའི་ཡུལ་དེ་སྣང་ཚུལ་ནི་རྣམ་པ་ལྔ་ལྔ་ཡི་ཚུལ་དུ་འབྱུང་ཞིང་སྣང་བ་སྟེ་དོན་ལ་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ལས་བཟང་ངན་བླང་དོར་གྱི་ཡུལ་ཐ་དད་དུ་གྲུབ་པ་མེད་ཀྱང་། ཡོ་ག་བས་ཡུལ་དེ་དག་ལ་རྣམ་རྟོག་རང་མཚན་པས་སྤྱད་ན་ལས་དགེ་སྡིག་གི་རྒྱུ་དང་མཐུན་པར་འཁོར་བའི་གནས་སུ་མཐོ་རིས་དང་ངན་སོང་དུ་སྐྱེ་བའི་རྒྱུ་བྱེད་པས་མ་དག་པ་དང་མི་གཙང་བའི་དངོས་པོ་རྣམས་དོར་ཞིང་དག་པ་དང་གཙང་བའི་དངོས་པོ་རྣམས་ནི་བླང་བྱའོ་ཟེར་ནས། ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་གཅིག་ལ་བླང་དོར་གྱི་ཡུལ་གཉིས་སུ་ལྟ་ཞིང་རྩོལ་བར་བྱེད་པ་ནི། སྤང་གཉེན་གཉིས་ཀ་རང་བྱུང་གི་ཡེ་ཤེས་གཅིག་གི་སྣང་བ་ཡིན་ཕྱིར། དཔེར་ན་མེ་ཡི་མེ་གསོད་པར་མི་ནུས་པའམ་ཆུ་ཡི་ཆུ་བཀྲུ་བར་མི་ནུས་པ་ལྟར་དུ་རང་བྱུང་གི་ཡེ་ཤེས་དེ་ཉིད་རང་གི་སྐྱོན་གྱིས་རང་ཉིད་དོར་ཞིང་སྤང་བར་བྱེད་མི་བཏུབ་ལ། དེ་ལྟར་མི་བཏུབ་བཞིན་དུ་དག་པ་ལྷའི་ཏིང་ངེ་འཛིན་བསྒོམ་པ་ལ་སོགས་པའི་སྒོ་ནས། མ་དག་པའི་འཁོར་བའི་ཆོས་ཞིག་དོར་བར་རློམ་ནས་རྩོལ་བར་བྱེད་པ་དེ་ཡིས་སེམས་ཉིད་བླང་དོར་མེད་པའི་གནས་ལུགས་མི་མཐོང་བར་སྒྲིབ་པར་བྱེད་པས་སྲིད་པ་ཁམས་གསུམ་གྱི་གནས་སུ་འཁོར་བར་ཡིན་ནོ། །ཞེས་སོ། །དྲུག་པ་ནི། སྙིང་པོ་བྱང་ཆུབ་སེམས་ཀྱི་རྩལ་སྣང་འགགས་མེད་ལས་བྱུང་བ་ཡི་སྣང་སྲིད་སྣོད་བཅུད་རོལ་པ་མངོན་དུ་བྱུང་བའི་ཆོས་ཉིད་དེ་ཐམས་ཅད། མ་བཅོས་དེ་བཞིན་ཉིད་དུ་ཐ་དད་མེད་པར་གཅིག་གི་རང་བཞིན་ཡིན་པ་ལས། ཆོས་ཉིད་ཡུལ་གྱི་རྣམ་པ་ནི་གཟུགས་སྒྲ་དྲི་རོ་ལ་སོགས་པ་སྣང་ཚུལ་རྣམ་པ་ལྔ་རུ་སྣང་བ་སྟེ་མངོན་དུ་གསལ་བ་དེ་ལ་ཡང་ནང་གསེས་སུ་འདོད་པ་དང་མི་འདོད་པ་ལ་སོགས་པ་ཡུལ་ལྔ་རེར་སྣང་བ་སྟེ་དེ་ཐམས་ཅད། མ་ཧཱ་དང་ཨ་ནུ་གཉིས་ཀྱིས་ཡེ་ནས་རྒྱལ་བའི་སྐུ་གསུང་ཐུགས་སུ་མངོན་པར་སངས་རྒྱས་པའི་བདག་ཉིད་དུ་ལྟ་བས་གཏན་ལ་ཕབ་ཅིང་ཤེས་པར་བྱས་ནས། འོན་ཀྱང་གནས་ཚུལ་ལ་དེ་ལྟར་གྲུབ་ཀྱང་སྣང་ཚུལ་ལ་གཟུང་འཛིན་རྣམ་རྟོག་གི་འཁྲུལ་བས་བསླད་ནས་དེ་ལྟར་སྣང་མ་ནུས་པ་དེ་བསྐྱེད་རྫོགས་ཀྱི་ཐབས་ཟབ་མོ་ལ་བརྟེན་ནས་ཆོས་ཐམས་ཅད་ཡེ་ནས་སྐུ་གསུམ་ཐུགས་སུ་གནས་པ་དེ་ད་གདོད་མངོན་དུ་བསྒྲུབ་པར་བྱེད་དགོས་སོ་ཞེས། དེ་ལྟ་བུའི་རྩོལ་སྒྲུབ་ལ་གནས་པར་བྱེད་པ་དེ་ཡང་། འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྤུ་མ་བརྗེས་མདོག་མ་བསྒྱུར་བར་ཡེ་ནས་སེམས་ཉིད་རང་བྱུང་གི་ཡེ་ཤེས་འགྱུར་བ་མེད་པ་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་བཞིན་དུ་སངས་རྒྱས་པ་ཡིན་པས་རྩོལ་བསྒྲུབ་གང་ཡང་མི་དགོས་པ་ལ། དེ་ལྟར་འབད་རྩོལ་ཀྱིས་བསྒྲུབ་པར་བྱེད་པས་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་མངོན་དུ་མི་འགྱུར་བར་མ་ཟད། རྩོལ་ཞིང་སྒྲུབ་པ་བྱས་པ་དེ་ཉིད་ཀྱིས་རང་ཞལ་སྒྲིབ་ནས་འཁོར་བ་ཡིན་པས་ན། དེ་ལྟ་བུའི་རེ་དོགས་དང་འབད་རྩོལ་ཅི་ཡང་མི་བྱེད་པར་མ་བཅོས་རང་བབ་ཀྱི་ངང་ལ་འཇོག་པ ར་གདམས་པའོ། །གསུམ་པ་དེ་ཉིད་ད་ལྟའི་སེམས་ལས་གཞན་མ་ཡིན་པར་དོན་བསྡུ་བ་ལ་བཞི་སྟེ། ད་ལྟའི་སེམས་མ་དག་པར་རློམ་པའི་ཆོས་ཅན་འདི་ཉིད་སྤང་བའི་ཕ་རོལ་ན་ཆོས་ཉིད་རང་བྱུང་གི་ཡེ་ཤེས་མྱ་ངན་ལས་འདས་པ་མེད་པར་བསྟན་པ་དང་། དེ་བཞིན་ཉིད་ཀྱི་ངེས་ཚིག་བསྟན་པ་དང་། དེའི་རང་བཞིན་རྣལ་བཞག་གཅིག་དུ་བསྟན་པ་དང་། བཅོས་བསླད་བྱས་ན་འཁོར་བ་བསྒྲུབ་པར་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ། །དེ་ལྟར་སེམས་ཉིད་རང་བྱུང་གི་ཡེ་ཤེས་རང་ལ་གསལ་བ་ལ་སྦྱོང་འགོག་སྤྱོད་པ་ལ་སོགས་པ་བྱས་པས་འཁོར་བར་འགྱུར་བ་དེ་བས་ན། འདི་ལྟར་འདོད་པའི་ཡོན་ཏན་ལྔར་སྣང་བ་ལ་སོགས་པ་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་མ་དག་པར་རློམ་པ་འདི་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས་གཞན་དུ་མེད་པས་དེ་ལྟ་བུའི་ཆོས་ཅན་གྱི་སྣང་བ་འདི་དག་སྤངས་བའི་ཕ་རོལ་ན་རང་བྱུང་གི་ཡེ་ཤེས་མྱ་ངན་ལས་འདས་པ་ཞིག་ཡེ་ནས་མེད་པ་སྟེ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལོངས་སྐུའི་འཁོར་གྱི་ཆེ་བ་ནི། །ཀུན་བཟང་རོལ་པར་དག་པའི་ཕྱིར། །སྡུག་བསྔལ་སྣ་ཚོགས་བསྐྱེད་པའི་ཕྱིར། །ཡེ་ཤེས་ཆེན་པོ་བདེ་བའི་ངང་། །ཕྱི་ནང་སྒྲ་སྐད་སྣ་ཚོགས་པ། །གསང་སྔགས་གསུང་གི་འཁོར་ལོ་ཡིན། །རྐྱེན་གྱིས་ཆགས་སྡང་སྐྱེས་པའི་ཕྱིར། །རང་བྱུང་ཡེ་ཤེས་ཤར་བ་ཡིན། །ཤྭ་དང་སེར་བ་ལ་སོགས་པ། །ཀུན་བཟང་ཐུགས་རྗེའི་རོལ་པ་ཡིན། །ངམ་གྲོགས་ཚོར་དོང་གཡང་ས་ཡང་། །རྣམ་པར་དག་པའི་ཞིང་ཁམས་ཡིན། །ད་ཡང་འདུས་པའི་སྙིང་པོ་ཉོན། །མཚན་མ་སྤངས་པའི་ཕ་རོལ་ན། །བསྒོམ་པ་བྱ་བ་ལོག་ན་མེད། །སྡུག་བསྔལ་སྤང་བའི་ཕ་རོལ་ན། །བདེ་བ་བྱ་བ་ལོག་ན་མེད། །མ་རིག་སྤངས་པའི་ཕ་རོལ་ན། །རང་རིག་ཡེ་ཤེས་ལོག་ན་མེད། །གཏི་མུག་སྤངས་པའི་ཕ་རོལ་ན། །ཆོས་ཉིད་ཡེ་ཤེས་ལོག་ན་མེད། །འདོད་ཆགས་སྤངས་པའི་ཕ་རོལ་ན། །བདེ་ཞིང་སྐྱིད་པ་ལོག་ན་མེད། །ཞེ་སྡང་སྤངས་པའི་ཕ་རོལ་ན། །སྙིང་རྗེ་བྱ་བ་ལོག་ན་མེད། །འཁོར་བ་སྤངས་པའི་ཕ་རོལ་ན། །མྱང་འདས་བྱ་བ་ལོག་ན་མེད། །ཅེས་གསུངས་པ་དེས་ན་མ་དག་འཁོར་བའི་སྣང་བ་སྣོད་བཅུད་གཉིས་ཀྱིས་བསྡུས་པའི་རང་བཞིན་ཅན་འདི་ཉིད་སྤངས་བའི་ཕ་རོལ་ན་དག་པ་མྱ་ངན་ལས་འདས་པ་ཞེས་བྱ་བ་ཞིག་མེད་པར་འཁོར་བའི་སྣང་བ་འདི་ཉིད་ཡེ་ནས་དག་པ་མྱ་ངན་ལས་འདས་པ་ཡིན་པར་གསུངས་ལ། དེ་བཞིན་དུ་ཆོས་ཅན་ཀུན་རྫོབ་ཀྱི་སྣང་བ་འདི་སྤངས་པའི་ཕ་རོལ་ན་ཆོས་ཉིད་དོན་དམ་པའི་བདེན་པ་ཞེས་བྱ་བ་ཞིག་ཡེ་ནས་མེད་པའི་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན། ཇི་ལྟར་སྣང་བའི་ཆོས་འདི་རྣམས་ཐམས་ཅད་ལ་བཟང་ངན་བླང་དོར་མེད་པར་ཆོས་ཉིད་དེ་བཞིན་ཉིད་དུ་གཅིག་པ་ཡིན་ཞིང་། དེ་ལྟར་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་དུ་དབྱེ་བསལ་མེད་པར་གཅིག་པ་ལ། གལ་ཏེ་ཚུལ་དེ་ལྟར་མ་ཤེས་པར་བླང་དོར་དགག་སྒྲུབ་ཀྱི་ཡུལ་དུ་མཐོང་ནས་ཆོས་ཉིད་དེ་བཞིན་ཉིད་ལ་བཅོས་བསྒྱུར་བྱས་པས་ལམ་ནོར་ཞིང་གོལ་བར་གྱུར་པ་ཡིན་པར་གསུངས་པའོ། །གཉིས་པ་ནི། དེ་ལ་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པས་བཅོས་བསྒྱུར་སྤང་བླང་མི་དགོས་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། དེ་བཞིན་ཉིད་ཅེས་པའི་དོན་ནི་འདི་ལྟར་ཡིན་ཏེ། དེ་ཞེས་པ་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡང་དག་པ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་མ་ནོར་བ་ཡི་མིང་ཡིན་ལ། བཞིན་ཞེས་པ་ནི་འཁོར་འདས་སུ་སྣང་བའི་ཆོས་ཐམས་ཅད་གནས་ལུགས་དེ་ཇི་ལྟ་བ་བཞིན་ལས་དགག་སྒྲུབ་སྤང་བླང་ལ་སོགས་པས་བཅོས་སུ་མེད་པའི་དོན་དང་། ཉིད་ཅེས་པས་ནི་དེ་ལྟར་ཆོས་ཐམས་ཅད་ཀྱི་གནས་ལུགས་མ་བཅོས་པ་རང་གི་མཚན་ཉིད་ཇི་བཞིན་པ་ནི་ཡེ་ནས་སངས་རྒྱས་པ་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་སུ་བསྟན་པ་སྟེ། མདོར་ན་གནས་ལུགས་རང་བྱུང་གི་ཡེ་ཤེས་མ་ནོར་བ་དེ་ཇི་ལྟ་བ་བཞིན་དུ་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་མཚན་ཉིད་ཅན་དུ་གྲུབ་པར་བསྟན་པས། དེས་ན་སྤང་བླང་བཅོས་བསྒྱུར་ལ་སོགས་པའི་རྩོལ་བ་གང་ཡང་མི་དགོས་པ་ཡིན་ནོ། །གསུམ་པ་ནི། དེ་ལྟར་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་པ་ཡིན་པའི་རྒྱུ་མཚན་དེས་ན་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངོ་བོ་མངོན་དུ་ཕྱུང་བའི་རོལ་པ་ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་འདི་རྣམས་ལ་ཐེག་པ་འོག་མ་པ་ལྟར་རེ་དོགས་དང་རྩོལ་སྒྲུབ་ཀྱིས་འཆོས་པར་མ་བྱེད་པར་མ་བཅོས་ཇི་བཞིན་པའི་ངང་དུ་རྣལ་མར་ཞོག་ཅིག་ཅེས་པ་སྟེ། ཚུལ་འདི་དང་མཚུངས་པར་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས་ཀྱང་། རང་བྱུང་ཆོས་སྐུ་དེ་ཉིད་ནི། །ཇི་བཞིན་མ་བཅོས་མ་བསླད་པར། །དེ་བཞིན་ཉིད་དུ་བློ་བཞག་པས། །ཡེ་ཤེས་དེ་ཉིད་མ་ཡིན་པ། །བསྒྲུབ་དང་སྒྲུབ་པ་ག་ལ་ཡོད། །ཅེས་གསུངས་སོ། །བཞི་པ་ནི། གལ་ཏེ་ཡུལ་ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་འདོད་པའི་ཡོན་ཏན་ལྔ་ལ་སོགས་པའི་ཆོས་རྣམས་ལ་ཐེག་པ་འོག་མ་པ་ལྟར་དུ་སྤོང་འགོག་སྦྱོང་བསྒྱུར་རྩོལ་བསྒྲུབ་ཀྱི་སྒོ་ནས་འཆོས་པར་བྱེད་པ་དང་། དེ་བཞིན་དུ་ཡུལ་ཅན་གཟུང་འཛིན་གྱི་རྟོག་པ་ཉོན་མོངས་པ་དུག་ལྔ་ལ་སོགས་པ་གང་ཤར་ཐམས་ཅད་རང་བྱུང་གི་ཡེ་ཤེས་ལས་མ་འདས་པའི་ཚུལ། ཀུན་མཁྱེན་བླ་མས། དེའི་ངང་ལས་སྣ་ཚོགས་སུ་ཤར་བའི་ཆ་དེ་གཟུང་འཛིན་གྱི་སྤྲོས་པ་སྟེ། ཤར་བ་དེའི་རང་ངོ་རྗེན་སངས་སེ་བ་དེ་རིག་ཆ་ཡེ་ཤེས་སུ་གནས་པས། ཡུལ་ལ་རྟོག་པ་མ་ཡིན་པས་རང་བྱུང་ཡེ་ཤེས་སོ། །ཞེས་གོང་དུ་དྲང་པ་ལྟར་ཡིན་པས་དེ་ལྟ་བུའི་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ལ་སྤང་བྱར་བལྟས་ཏེ་གང་ཟག་སུ་ཡིས་འཆོས་པར་བྱེད་པ་དེས་ནི་བཅོས་བསྒྱུར་སྤང་བླང་ལས་འདས་པའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་མངོན་སངས་རྒྱས་པའི་དོན་དེ་བསྒྲིབས་ཤིང་རྟོགས་པར་མི་ནུས་པས་ན་མྱ་ངན་ལས་འདས་པའི་གོ་འཕང་མི་ཐོབ་པར་ཁམས་གསུམ་འཁོར་བའི་སྙིང་པོ་ཞེན་འཛིན་རེ་དོག་གི་བྱ་བ་ཁོ་ན་བསྒྲུབ་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་བྱར་མེད་རྫོགས་པའི་མདོ་ལུང་བཅུ་དགོས་པ་དང་བཅས་པས། སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་ཡོན་ཏན་བཙལ་མི་དགོས་པར་ཡེ་ནས་རང་ཆས་སུ་ལྷུན་གྱིས་གྲུབ་པས། འབད་མེད་རྣལ་བཞག་ཆེན་པོར་བཅོས་བསླད་དང་བྲལ་བའི་དགོངས་པ་གཅིག་པུར་བཞག་པས་འགྲུབ་པའི་ཆེ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་བཤད་པ་ཡིན་ནོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པའི་ལེའུ་སྟེ་བཞི་བཅུ་པའི་འགྲེལ་བའོ།། ༈ །།དོན་གསུམ་པར་བྱ་བཙལ་མཚན་མའི་ཡུལ་ལས་གྲོལ་བ། ལྷུན་གྲུབ་རིན་པོ་ཆེའི་ལེའུ་བཅུ་གསུམ་གྱིས་བསྟན་པ་ལ་གཉིས་ཏེ། ངེས་པར་གཏན་འབེབས་ཀྱི་ལེའུ་བཅུ་དང་། །དགོངས་པ་ཀུན་འདུས་ཀྱི་ལེའུ་གསུམ་མོ། །དང་པོ་ལ་བཅུ་ལས། དང་པོ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སེམས་ཉིད་ཀུན་བྱེད་ཉིད་དུ་འདུས་ཤིང་ངོ་བོ་གཅིག་པའི་ཚུལ་གཏན་ལ་འབེབས་པའི་ལེའུ་ཞེ་གཅིག་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་ཆོས་ཐམས་ཅད་རྩོལ་སྒྲུབ་ལ་མ་ལྟོས་པར་ཡེ་ནས་སངས་རྒྱས་པ་ཡིན་པས་མ་བཅོས་རྣལ་བཞག་གཅིག་ཏུ་བསྟན་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་དང་ཁམས་གསུམ་གྱི་སེམས་ཅན་མ་ལུས་པའི་ཕ་མ། ཕྱི་ནང་གི་ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་སྟོན་པའི་སྒྲོན་མ་ཆེན་པོ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཉིད་ཡིན་པར་སྟོན་པ་ཡི་ལེའུ་འདི་བསྟན་ཏོ། །གཉིས་པ་ལ་གསུམ་སྟེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་འདུས་ཚུལ་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད་པ་ཆོས་ཐམས་ཅད་གཉིས་མེད་གཅིག་ཏུ་དོན་བསྡུ་བའོ། །དང་པོ་ནི། ཀྱེ་ཞེས་འབོད་པའི་ཚིག་གིས་མགོ་དྲངས་ཏེ་སྟོན་པ་ཀུན་བྱེད་རྒྱལ་པོ་ཉིད་ཀྱི་ཐུགས་སྲས་སེམས་དཔའ་ཐམས་ཅད་ཀྱི་ནང་ནས་ཐུགས་ཀྱི་གསང་བ་མ་ལུས་པའི་བདག་པོར་གྱུར་པས་དམ་པ་མཆོག་ཏུ་གྱུར་པ་རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་སྟོན་པ་ང་ཡི་རང་བཞིན་འཆད་འགྱུར་འདི་ལྟར་དུ་ཤེས་པར་གྱིས་ཤིག །དེ་ལ་སྟོན་པ་ཀུན་བྱེད་ང་ཡི་རང་བཞིན་ནི་གང་ཡིན་ཞེ་ན། འདི་ལྟར་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཨ་ཏི་ཡེ་བབས་སོར་བཞག་གི་དོན་མ་ནོར་བ་ཇི་བཞིན་དུ་སྟོན་པའི་སྒོ་ནས་འགྲོ་བ་རྣམས་ཀྱི་རྒྱུད་ལ་གནས་པའི་ལྷན་སྐྱེས་དང་ཀུན་བརྟགས་ཀྱི་མ་རིག་པའི་མུན་པ་ཐམས་ཅད་དྲུང་ནས་འབྱིན་ཅིང་། རང་བྱུང་ཡེ་ཤེས་ཆེན་པོའི་སྣང་བ་མཆེད་པར་བྱེད་པའི་སྒྲོན་མ་རུ་གྱུར་པ་སྙིང་པོ་བྱང་ཆུབ་ཀྱི་སེམས་ཡིན་ལ། དེས་ན་དེ་ལྟ་བུའི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་མ་ནོར་བར་རྟོགས་པ་ལ་བརྟེན་ནས་སྤང་རྟོགས་མཐར་ཕྱིན་ཅིང་དོན་གཉིས་ལྷུན་གྲུབ་ཀྱི་ས་ལ་གཤེགས་པ་ཡིན་པས་ན། དུས་གསུམ་གྱི་སངས་རྒྱས་ཀུན་གྱི་སྙིང་པོོ་ནི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཉིད་ཡིན་ཞིང་། ཁམས་གསུམ་གྱི་སེམས་ཅན་མ་ལུས་པ་ཀུན་ཀྱང་རྒྱུ་རིག་པ་ཀུན་ཏུ་བཟང་པོའི་གདངས་འགགས་མེད་ཀྱི་རྩལ་ལས་སྣང་བ་དང་། རྐྱེན་དབྱིངས་སྐྱེ་བ་མེད་པ་ཆོས་དབྱིངས་ཀུན་ཏུ་བཟང་མོའི་མཁའ་དབྱིངས་ལས་ཤར་བ་ཡིན་པས་ན་སེམས་ཅན་དེ་དག་ཀུན་གྱི་ཕ་དང་མ་ཡང་དབྱིངས་རིག་གཉིས་སུ་མེད་པ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཉིད་ཡིན་པ་དང་། དེ་བཞིན་དུ་གཞི་དབྱིངས་འདུས་མ་བྱས་པ་རིག་པ་བྱང་ཆུབ་སེམས་ཀྱི་རྩལ་ལས་ཤར་བའི་གཞི་སྣང་ལྷུན་གྲུབ་ཀྱི་རོལ་པ་ལས་གཞན་དུ་མེད་པས་ན་སྣང་སྲིད་སྣོད་བཅུད་ཀྱི་ཆོས་ཀུན་གྱི་རྒྱུ་ཡང་ཀུན་བྱེད་ཉིད་ཡིན་པས་ན། སྙིང་པོ་རང་བྱུང་གི་ཡེ་ཤེས་སྟོན་པ་ཀུན་བྱེད་ང་ཡི་རྩལ་ལས་མ་བྱུང་བ་ཡི་སྣང་སྲིད་འཁོར་འདས་ཀྱི་ཆོས་དེ་ནི་གཅིག་ཀྱང་མེད་དེ་ཞེས་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སྤྱིར་བསྟན་པ་དང་བྱེ་བྲག་ཏུ་བཤད་པས་དུས་གསུམ་སངས་རྒྱས་ཀྱི་སྙིང་པོར་བསྟན་པ་དང་། བརྟེན་པ་སེམས་ཅན་གྱི་ཁམས་ལ་ཁྱབ་ཅིང་དེ་ཉིད་རང་བྱུང་གི་ཡེ་ཤེས་སུ་གཅིག་ཚུལ་དང་། སྣང་སྲིད་ཐམས་ཅད་རང་བྱུང་གི་ཡེ་ཤེས་ལས་མ་འདས་པར་བསྟན་པའོ། །དང་པོ་ནི། དེ་ལ་ཀུན་བྱེད་ང་ནི་མཐའ་གང་ལ་ཡང་མི་གནས་ཤིང་རང་བྱུང་འདུས་མ་བྱས་པའི་ངོ་བོ་ཡིན་པས་ཕྱོགས་དུས་ཀུན་དུ་ཁྱབ་ཅིང་རྟག་ཏུ་འཕོ་འགྱུར་མེད་པ་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་སུ་བཞུགས་པ་ཡིན་ལ། །དེ་ལྟ་བུའི་སྙིང་པོ་རང་བྱུང་གི་ཡེ་ཤེས་ཏེ་ཇི་བཞིན་དུ་རྟོགས་པའི་སྒོ་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འབྱུང་བ་ཡིན་པའི་ཕྱིར་ན། ང་ནི་་ཡེ་ནས་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་སྙིང་པོ་ཐུགས་ཟག་མེད་རང་བྱུང་གི་ཡེ་ཤེས་ཉིད་ཡིན་ནོ་ཞེས་སྤྱིར་བསྟན་ནས། བྱེ་བྲག་ཏུ་ཀུན་བྱེད་རྒྱལ་པོ་རིག་པ་རང་བྱུང་གི་ཡེ་ཤེས་ང་ནི་གཟུང་འཛིན་སྤྲོས་པའི་སྤྱོད་ཡུལ་ཐམས་ཅད་ལས་འདས་པས་ཡུལ་གང་ལའང་རྣམ་པར་མི་རྟོག་པར་ཆོས་ཐམས་ཅད་ལ་ཆོས་ཉིད་ཀྱི་ཚུལ་དུ་མཉམ་པར་གནས་པའི་ཕྱིར་ན་རྟོག་མེད་མཉམ་པ་ཉིད་ཀྱི་ངོ་བོ་ཆོས་སྐུ་སྤྲོས་པ་དང་བྲལ་བའི་རང་བཞིན་དུ་ཡེ་ནས་སངས་རྒྱས་པ་ཡིན་ལ། ང་ཡི་ངོ་བོ་རང་བྱུང་ཡེ་ཤེས་ཀྱི་རང་མདངས་གཟུགས་སོགས་འདོད་ཡོན་རྣམ་པ་ལྔའི་རྣམ་པར་སྣང་བ་སེམས་ཉིད་རང་རིག་པའི་ཡེ་ཤེས་གཉིས་མེད་རང་གསལ་གྱི་ངོ་བོར་དུས་རྣམ་ཀུན་ཏུ་ལོངས་སྤྱོད་ཅིང་མ་སྤང་རྒྱན་དུ་ཤར་བའི་ཕྱིར་ན་རིག་པ་རང་བྱུང་གི་ཡེ་ཤེས་སམ་སེམས་ཉིད་ཀུན་བྱེད་རྒྱལ་པོ་ང་ཉིད་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུར་ཡེ་ནས་སངས་རྒྱས་པ་དང་། འཁོར་འདས་སྣོད་བཅུད་ཀྱི་རོལ་པ་གང་ཤར་ཐམས་ཅད་གཞན་དུ་མེད་པར་ང་ཉིད་རང་བྱུང་ཡེ་ཤེས་ཀྱི་རྩལ་སྣང་འགགས་པ་མེད་པ་གཟུགས་སྐུའི་རྣམ་པར་སྣང་བའི་རང་བཞིན་ཡིན་པའི་ཕྱིར་ན། ང་ཡི་རང་བཞིན་རིག་པ་བྱང་ཆུབ་ཀྱི་སེམས་ཉིད་ནི་ཐུགས་རྗེ་འགགས་པ་མེད་པ་གང་འདུལ་སྤྲུལ་པའི་སྐུར་མངོན་པར་སངས་རྒྱས་པ་སྟེ། དེས་ན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཉིད་ནི་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་སྙིང་པོའམ་རང་བཞིན་ཡིན་པར་བཤད་དོ། །ཀློང་གསལ་འབར་མའི་རྒྱུད་ལས། རིག་པ་འབྱུང་ས་མེད་པའི་ཕྱིར། །མར་མེ་མཛད་དུ་ངས་བཤད་དོ། །རིག་པ་གནས་ཡུལ་བྲལ་བའི་ཕྱིར། །ཤཱཀྱ་ཐུབ་པར་ངས་བཤད་དོ། །རིག་པ་འགྲོ་ཁུངས་མེད་པའི་ཕྱིར། །བྱམས་པ་མགོན་པོ་ངས་བཤད་དོ། །ཞེས་གསུངས་པ་ལྟ་བུས་མཚན་ཏེ་དུས་གསུམ་གྱི་རྒྱལ་བ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྐྱེ་འགག་གནས་གསུམ་ལས་གྲོལ་བའི་རང་བཞིན་ཅན་འདི་ལས་གཞན་དུ་མེད་པར་བསྟན་པའོ། །གཉིས་པ་ནི། ཀུན་བྱེད་ང་ཡི་རང་བཞིན་སྙིང་པོ་རང་བྱུང་གི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་དེ་ཉིད་ཀྱི་རང་རྩལ་མ་འགགས་པ་ལས་འདོད་ཆགས་ཞེ་སྡང་ལ་སོགས་པའི་རང་བྱུང་གི་ཡེ་ཤེས་ལྔ་ཡི་རྣམ་པར་སྣང་བ་དང་། དེ་ལྟ་བས་རང་བྱུང་གི་ཡེ་ཤེས་ལྔ་པོ་དེ་ལས་ཁམས་གསུམ་དང་རྒྱུད་དྲུག་གི་སེམས་ཅན་རྣམས་བྱུང་བ་ཡིན་པའི་རྒྱུ་མཚན་དེས་ན། ཁམས་གསུམ་གྱི་སེམས་ཅན་རྣམས་བསྐྱེད་པར་བྱེད་པའི་ཕ་དང་མ་ཡང་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ཉིད་ཡིན་པར་གསུངས་པ་སྟེ། འཁོར་ལོ་བརྩེགས་པའི་རྒྱུད་ལས། འབྱུང་བ་དང་འབྱུང་བ་ལས་བསྐྱེད་པའི་སྐུ་གསུང་ཐུགས་རྣམ་པར་དག་པ་ཐམས་ཅད་དང་རྒྱུད་ལྔ་འཁོར་ཤིང་སེམས་ཅན་ཐམས་ཅད་ཀྱང་ཤེས་རིག་ཡུལ་དུ་སྣང་བས་བྱུང་བའོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ལ་གཉིས་ཏེ། འབྱུང་ལྔའི་ངོ་བོ་ཡེ་ནས་སངས་རྒྱས་པར་བསྟན་པ་དང་། དེའི་རང་བཞིན་ཉི་ཤུ་རྩ་ལྔར་དབྱེ་བས་རྟེན་སྣང་སྲིད་ཀྱི་འཇིག་རྟེན་རང་བྱུང་གི་ཡེ་ཤེས་ལས་མ་འདའ་བར་བསྟན་པའོ། །དང་པོ་ནི། འདི་ལྟར་སྣང་སྲིད་སྣོད་བཅུད་ཀུན་གྱི་ངོ་བོ་འབྱུང་བ་ལྔ་ཡང་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ངོ་བོར་ཡེ་ནས་སངས་རྒྱས་པ་ཡིན་ཏེ། དེ་ཡང་ཇི་ལྟར་ན་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ང་ཡི་ངོ་བོར་བྱུང་བ་ཡིན་ཞིང་། དེ་ཉིད་འབྱུང་བ་ལྔའི་ངོ་བོར་སངས་རྒྱས་པའི་ཚུལ་ཀྱང་སྣོད་བཅུད་ཐམས་ཅད་རང་བྱུང་གི་ཡེ་ཤེས་ལ་བརྟེན་ནས་རྩལ་མ་འགགས་པར་རང་ལ་སྣང་བ་ཡི་ཆ་ནས་འབྱུང་བ་ཡི་རང་བཞིན་སྟེ། དེ་ལྟ་བུའི་ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་ཀུན་བྱེད་ང་ཉིད་ཡེ་ནས་དེ་ལྟར་སྣང་བ་ཡིན་པའི་ཕྱིར་སྐྱེ་འགགས་འཕོ་འགྱུར་དང་བྲལ་བ་རྡོ་རྗེའི་རིགས་དང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོར་སངས་རྒྱས་པ་ཡིན་ལ། བྱང་ཆུབ་ཀྱི་སེམས་ང་ལ་འཁོར་འདས་ཐམས་ཅད་གཉིས་མེད་མཉམ་པ་ཆེན་པོ་གཅིག་ཏུ་འདུས་པ་ཡི་ཆ་ནས་འབྱུང་བ་ཆུ་རུ་སྣང་ཞིང་། རང་རྩལ་འགགས་མེད་ཀྱི་ཡོན་ཏན་ཐམས་ཅད་མ་བཙལ་ལྷུན་གྲུབ་ཀྱི་ཚུལ་དུ་སྡུད་ཅིང་འཛིན་པར་བྱེད་པས་བྱང་ཆུབ་ཀྱི་སེམས་ཉིད་ཆུ་རུ་སྣང་བ་འདི་དག་ཡོན་ཏན་རིན་པོ་ཆེའི་རིགས་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་དུ་སངས་རྒྱས་པ་ཡིན་ནོ། །ཀུན་བྱེད་ང་ཉིད་ནི་གཟུང་འཛིན་གཉིས་སུ་སྣང་བའི་ཆོས་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་ཀྱི་ངང་དུ་བསྙེགས་པར་བྱེད་པའི་དྲོད་དང་ལྡན་པས་འཁོར་འདས་ཐམས་ཅད་བཟང་ངན་མེད་པར་སྙོམས་པར་བྱེད་པ་མེ་ཡི་རང་བཞིན་ཡིན་ལ། དེ་ལྟ་བུའི་ཆོས་ཉིད་དག་པའི་དབྱིངས་སུ་ཆོས་ཐམས་ཅད་ཀུན་སྣང་ཆ་མ་འདྲེས་ལ་རང་བཞིན་མཉམ་པར་གནས་ཤིང་གཟུང་འཛིན་མཚན་མའི་སྐྱོན་གྱིས་གོས་པ་མེད་པས་མེ་དེ་ཉིད་པདྨའི་རིགས་སོར་རྟོག་ཡེ་ཤེས་ཀྱི་ངོ་བོར་སངས་རྒྱས་པའོ། །ང་ཉིད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་ཆོས་གང་ལ་ཡང་ཐོགས་པ་མེད་པས་ཡང་ཞིང་རྩལ་སྣང་མ་འགགས་ཅིར་ཡང་འཆར་བས་གཡོ་བར་རླུང་གི་རང་བཞིན་ཡིན་ལ། དེ་ལྟར་ཐོགས་པ་མེད་པར་ཡང་ཞིང་གཡོ་བས་རླུང་དུ་སྣང་བ་དེ་ཉིད་ཕྲིན་ལས་བྱ་བ་གྲུབ་པའི་ཡེ་ཤེས་སུ་མངོན་པར་སངས་རྒྱས་པའོ། །སྟོན་པ་ཀུན་བྱེད་ང་ཡི་ངོ་བོ་ནི་ཡེ་སྟོང་འདུས་མ་བྱས་པས་མ་བསྒྲིབས་ཞིང་ཀུན་ལ་ཁྱབ་པ་དང་མི་འགག་པ་གསལ་བའི་བདག་ཉིད་ཡིན་པའི་ཕྱིར་ན་ནམ་མཁའ་ཞེས་སུ་ནི་མིང་བཏགས་པ་དེ་ཉིད་བདེ་གཤེགས་སངས་རྒྱས་རིགས་ཀྱི་ངོ་བོ་སྟོང་ཆེན་ཆོས་དབྱིངས་ཡེ་ཤེས་སུ་སངས་རྒྱས་པ་ཡིན་པ་དེས་ན། ཀུན་བྱེད་ང་ལས་མ་བྱས་པའམ་མ་བྱུང་བ་ཡི་ཕྱི་ནང་སྣོད་བཅུད་ཀྱི་ཆོས་དེ་ནི་གཅིག་ཀྱང་མེད་པའི་ཕྱིར་ན། ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་སངས་རྒྱས་པ་ཞིག་ཀྱང་ནི། འབྱུང་བ་ཆེན་པོ་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་རྣམས་ལ་གཅིག་ཀྱང་མེད་དོ། །དེ་ཡང་བང་མཛོད་འཕྲུལ་ལྡེ་ལས། བྱང་ཆུབ་སེམས་ལ་ཀུན་བརྟེན་པས། །བྱང་ཆུབ་སེམས་ནི་ས་ལྟར་སྣང་། །བྱང་ཆུབ་སེམས་ཀྱིས་ཀུན་སྡུད་པས། །བྱང་ཆུབ་སེམས་ནི་ཆུ་ལྟར་སྣང་། །ཀུན་ལ་སྙོམས་ཤིང་སྨིན་བྱེད་པས། །བྱང་ཆུབ་སེམས་ནི་མེ་ལྟར་སྣང་། །གཟུགས་མེད་མཁའ་ལ་རྒྱུ་བའི་ཕྱིར། །བྱང་ཆུབ་སེམས་ནི་རླུང་ལྟར་སྣང་། །སྣང་མེད་ཀུན་ལ་ཁྱབ་པའི་ཕྱིར། །བྱང་ཆུབ་མཁའ་ལྟར་སྣང་ཞེས་གསུངས། །ཞེས་གསུངས་པ་ལྟར་སྙིང་པོ་བྱང་ཆུབ་ཀྱི་སེམས་ལ་ཡོན་ཏན་འདི་དག་མ་འགགས་པར་རང་ཆས་སུ་ལྷུན་གྲུབ་ཏུ་ཡོད་པའི་རྩལ་ལས་འབྱུང་བ་ལྔ་སྣང་བ་ཡིན་པའི་ཕྱིར་ན་ཡེ་ནས་སངས་རྒྱས་ལོངས་སྤྱོད་རྫོགས་པའི་རང་བཞིན་ཡིན་པར་གསུངས་ཏེ། ཀློང་ཆེན་ལས། ས་ཆུ་མེ་རླུང་འབྱུང་བ་བཞི། །འགྲོ་དོན་མཛད་ཕྱིར་བཅོམ་ལྡན་འདས། །མངོན་དུ་ཕྱུང་བ་ལོངས་སྤྱོད་རྫོགས། །བྱང་ཆུབ་སེམས་ལ་དགག་ཏུ་མེད། །ཅེས་གསུངས་སོ། །གཉིས་པ་ནི། དེ་ལྟར་འབྱུང་བ་ལྔ་ཡི་ངོ་བོར་སྣང་བ་ཐམས་ཅད་སྟོན་པ་ཀུན་བྱེད་ང་ཡི་རང་བཞིན་དེ་ལྟར་དུ་སྣང་ཞིང་བསྟན་པ་ཡིན་ལ། དེས་ན་འབྱུང་བ་ལྔ་པོ་དེ་དག་ནི་དོན་ལ་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་འབྱུང་བ་ལྔ་རུ་སྣང་བ་ཡིན་ཞིང་། དེ་དག་རེ་རེ་ལ་ནང་གསེས་ལྔ་ལྔར་ཕྱེ་ནས་ཉི་ཤུ་རྩ་ལྔའི་རང་བཞིན་ཚང་བ་སྟེ། དེ་ཡང་འབྱུང་བ་ས་ལྟ་བུ་གཅིག་ལའང་ངོ་བོ་མ་འགག་པར་སྣང་བ་ས་ཡི་རང་བཞིན་ཡིན་ལ་གཞན་དང་གཞན་དུ་གྱེས་སུ་མི་འཇུག་པར་སྡུད་པར་བྱེད་པ་ཡི་ཆ་ནས་ཆུ་ཡི་རང་བཞིན་ཡིན་ཏེ། དེ་བཞིན་དུ་ཀུན་ལ་མཉམ་ཞིང་སྙོམས་པ་ཡི་ཆ་ནས་མེ་ཡི་རང་བཞིན་ལ། གཡོ་ཞིང་བསྐྱོད་པར་སྣང་བ་རླུང་གི་རང་བཞིན་དུ་གསལ་བ་དང་། ངོ་བོ་མ་བསྒྲིབ་པར་གསལ་བས་ནམ་མཁའི་རང་བཞིན་དུ་བསྟན་ཏེ། དེ་བཞིན་དུ་གཞན་བཞི་ལ་ཡང་ལྔ་ལྔར་ཕྱེ་བས་ཉི་ཤུ་རྩ་ལྔ་ཡོད་པ་དེ་དག་ཐམས་ཅད་དོན་ལ་སེམས་ཉིད་གཅིག་གི་རང་བཞིན་ལ་ཉི་ཤུ་རྩ་ལྔ་ཚང་བ་ཡིན་པ་དང་། དེ་དག་ཀྱང་འབྲས་ཆོས་ཉེར་ལྔ་དང་ཡེ་ཤེས་ཉི་ཤུ་རྩ་ལྔའི་རང་བཞིན་དུ་གནས་པ་ནི་རིག་པ་བྱང་ཆུབ་སེམས་ཀྱི་ཆེ་བའི་ཡོན་ཏན་དུ་བསྟན་པ་ཡིན་ནོ། དེས་ན་ཆོས་རྣམས་ལ་འཁོར་འདས་དང་བདག་གཞན་ལ་སོགས་པ་གཉིས་ཆོས་སུ་གྲུབ་པ་རྡུལ་ཙམ་མེད་པར་གཉིས་མེད་རིག་པ་བྱང་ཆུབ་སེམས་སུ་གཅིག་ཅིང་། བྱང་ཆུབ་ཀྱི་སེམས་གཅིག་གིས་འཁོར་འདས་ཀྱི་ཆོས་ཀུན་བྱས་པ་དེ་ཡི་ཕྱིར་ན་ཆོས་རྣམས་ཐམས་ཅད་ཆོས་སྐུ་ཀུན་བྱེད་རྒྱལ་པོས་བྱས་པ་ཡིན་ནོ། །ཞེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་འཁོར་འདས་དང་སྣང་སྲིད་ཐམས་ཅད་ཀྱི་ངོ་བོ་ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་དུ་བསྟན་པའི་ལེའུ་སྟེ་བཞི་བཅུ་ཞེ་གཅིག་པའི་འགྲེལ་བའོ།། ༈ །།དོན་གཉིས་པ་རང་སེམས་གཞི་ནས་དག་པའི་སངས་རྒྱས་བཅོས་བསྒྱུར་སྤང་གཉེན་ལས་འདས་པའི་ངོ་བོར་གཏན་ལ་འབེབས་པའི་ལེའུ་ཞེ་གཉིས་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་འཁོར་འདས་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་ངོ་བོར་འདུས་ཤིང་དབྱེར་མེད་གཅིག་ཏུ་བསྟན་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་ཁོ་ནར་ཏེ་དེ་ཁོ་ནའི་རང་བཞིན་དུ་གཉིས་སུ་མེད་པར་སངས་རྒྱས་པ་ཡིན་པས། དེ་ལས་གཞན་དུ་སུས་ཀྱང་འཆོས་ཤིང་བསྒྱུར་བར་བྱེད་མི་དགོས་པའི་ཚུལ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྐུ་གསུམ་སེམས་ལས་གཞན་ན་མེད་པ་དང་། དུས་གསུམ་གྱི་སངས་རྒྱས་སེམས་ལས་གཞན་ན་མེད་པ་དང་། ད་ལྟར་གྱི་སེམས་ཉིད་བཅོས་བསླད་མེད་པ་གསུམ་སྙིང་པོ་བྱང་ཆུབ་ཏུ་བསྟན་པ་དང་། བཅོས་པས་མི་འགྲུབ་པ་དངོས་དང་། དེའི་ཉེས་པ་བསྟན་པ་དང་། འཆོས་པར་བྱེད་པའི་ཆོས་ཚུལ་ཐམས་ཅད་དྲང་དོན་ཡིན་པར་བསྟན་པ་གསུམ་གྱིས་སེམས་ཉིད་བཅོས་སུ་མེད་པའི་འཐད་པ་དགོད་པའོ། །དང་པོ་ལ་གསུམ་ལས། དང་པོ་སྐུ་གསུམ་སེམས་ལས་གཞན་ན་མེད་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀྱེ་སངས་རྒྱས་ཆོས་ཀྱི་སྐུ་ཞེས་བྱ་བ་ནི་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་དངོས་པོ་དང་མཚན་མ་ཅིར་ཡང་མ་གྲུབ་པའི་སྐྱེ་མེད་སྤྲོས་པ་དང་བྲལ་བ་འདི་ཉིད་ཡིན་ཏེ། སྙིང་པོ་བྱང་ཆུབ་ཀྱི་སེམས་འདི་ལས་གཞན་དུ་ཆོས་ཀྱི་སྐུ་ཞེས་པ་རྡུལ་ཙམ་ཡང་གང་ཟག་སུས་ཀྱང་བཅོས་ཤིང་བསྒྲུབ་པ་མེད་པ་དེས་ན་སངས་རྒྱས་ཆོས་ཀྱི་སྐུ་དེ་རང་གི་སེམས་ལས་གཞན་དུ་མེད་དོ། །དེ་བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་ཡང་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་ཏེ། བྱང་ཆུབ་སེམས་ཀྱི་རང་རྩལ་འདོད་ཡོན་རྣམ་པ་ལྔར་སྣང་བ་ལ་རིག་པ་རང་ཉིད་གཉིས་སུ་མེད་པར་ལོངས་སྤྱོད་པ་དེ་ལ་ལོངས་སྐུ་ཞེས་གསུངས་པ་ཡིན་ལ། དེ་ལྟར་རང་རིག་བྱང་ཆུབ་སེམས་ལས་བྱུང་བའི་གཟུང་སོགས་ཡོན་ཏན་རྣམ་པ་ལྔ་ལ་ལོངས་སྤྱོད་པའི་ཆ་ལས་ལོངས་སྤྱོད་རྫོགས་པའི་སྐུར་བཞག་པ་དེ་ལས་ལོངས་སྐུ་ཞིག་གཞན་ནས་བསྒྲུབ་ཏུ་མེད་དོ། །དེ་ལྟ་བུའི་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུའི་རྩལ་ལས་འཕྲོས་པའི་སངས་རྒྱས་སྤྲུལ་པའི་སྐུ་ཡང་ནི་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་ཏེ། ཅིའི་ཕྱིར་ན་རང་བཞིན་ངང་འགྲོ་འདུལ་སྣ་ཚོགས་སྤྲུལ་པ་ཐམས་ཅད་བྱང་ཆུབ་སེམས་ཀྱི་རྩལ་ལས་ཤར་བ་མིན་པ་གཅིག་ཀྱང་མེད་པས་སྙིང་པོ་བྱང་ཆུབ་སེམས་ཀྱི་སྤྲུལ་པ་ལས་ཁམས་གསུམ་འགྲོ་བའི་དོན་མཛད་པ་ཞིག་གཞན་ན་མེད་པའི་ཕྱིར་ཏེ། ཀུན་མཁྱེན་བླ་མས། མེད་ལ་ཅིར་ཡང་འབྱུང་བ་སྤྲུལ་པའི་སྐུ། །ཉིད་ལ་ཉིད་ལོངས་སྤྱོད་པ་ལོངས་སྤྱོད་རྫོགས། །དེ་ལ་དངོས་གཞི་མེད་པས་ཆོས་སྐུ་སྟེ། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཀློང་། །ཞེས་གསུངས་པ་ལྟར་སངས་རྒྱས་སྐུ་གསུམ་པོ་ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་དུ་མ་བཙལ་ལྷུན་གྱིས་གྲུབ་པར་རྫོགས་པའོ། །གཉིས་པ་དུས་གསུམ་གྱི་སངས་རྒྱས་སེམས་ལས་གཞན་ན་མེད་པར་བསྟན་པ་ནི། དེ་ལྟར་རྒྱལ་བ་སྐུ་གསུམ་པོ་དེ་སེམས་ལས་གཞན་ན་མེད་པ་བཞིན་དུ། དུས་གསུམ་དུ་གཤེགས་ཤིང་བྱོན་པའི་སངས་རྒྱས་ཐམས་ཅད་ཀྱང་རིག་པ་བྱང་ཆུབ་ཀྱི་སེམས་འདི་ལས་གཞན་དུ་མེད་དེ། ཇི་ལྟར་ན་སྔ་རབས་འདས་པའི་སངས་རྒྱས་རྣམས་ཀྱིས་རང་གི་སེམས་ཉིད་མ་བཅོས་པ་འདི་ཉིད་སྔར་ནས་མཐོང་ཞིང་རྟོགས་པས་སྔར་འདས་པའི་དུས་ནས་ཀྱང་སངས་རྒྱས་ཟིན་པ་ཡིན་ལ། དེ་བཞིན་དུ་ད་ལྟར་ཕྱོགས་བཅུའི་ཞིང་ན་བཞུགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གནས་ལུགས་ཡེ་ནས་མ་བཅོས་པ་ཡི་ངོ་བོ་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་སམ། གཞན་ནས་ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བརྗོད་པ་དེས། རིག་པར་རང་གི་ངོ་བོ་མ་བཅོས་ཇི་བཞིན་པ་རྒྱུ་རྟོགས་པར་གྱུར་ནས་མངོན་པར་རྫོགས་པ་སངས་རྒྱས་ཏེ་ད་ལྟར་འགྲོ་བའི་དོན་ཡང་དངོས་སུ་མཛད་པ་ཡིན་ལ། སླད་ནས་སམ་མ་འོང་པ་ན་བྱོན་པར་འགྱུར་བའི་སངས་རྒྱས་རྣམས་ལ་ཡང་། སྟོན་པ་ཀུན་བྱེད་རྒྱལ་པོས་རིག་པ་རང་བྱུང་གི་ཡེ་ཤེས་སྙིང་པོ་བྱང་ཆུབ་ཀྱི་སེམས་ཉིད་འདི་ལ་ནི་ཡེ་ནས་བཅོས་བསྒྱུར་སྤང་བླང་ཅི་ཡང་མ་བྱས་པར་སངས་རྒྱས་པ་ཡིན་པར་བསྟན་པ་ལས། སྔ་བར་ཏེ་སངས་མ་རྒྱས་པའི་སྔ་རོལ་དུ་འཆོས་ཤིང་བསྒྲུབ་པའི་སྒོ་ནས་སངས་རྒྱས་དགོས་པར་ལུང་མ་བསྟན་ཏོ་ཞེས་དང་པོར་བཅོས་བསྒྱུར་གྱི་སྒོ་ནས་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་ནས་གཟོད་སངས་རྒྱས་ཟིན་ནས་བཅོས་བསྒྱུར་མི་དགོས་པ་ལྟ་བུ་མ་ཡིན་པར། དང་པོ་ཉིད་ནས་བཅོས་བསྒྱུར་སྤང་བླང་ཅི་ཡང་མི་དགོས་པར་སངས་རྒྱས་པའི་རང་བཞིན་དུ་བསྟན་པའོ། །དེས་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་རང་གི་སེམས་ཉིད་སྐྱེ་འགགས་དང་བྲལ་བའི་རང་བཞིན་འདི་ལས་གཞན་དུ་མེད་པར་གསུངས་ཏེ། ཀློང་ཆེན་ལས། །འདས་པའི་སངས་རྒྱས་གྲངས་མེད་ཀྱང་། །སྐྱེ་མེད་དེ་རྒྱུ་མངོན་སངས་རྒྱས། །མ་བྱོན་སངས་རྒྱས་གྲངས་མེད་ཀྱང་། །འགག་པ་མེད་པར་ཡེ་སངས་རྒྱས། །ད་ལྟར་སངས་རྒྱས་གྲངས་མེད་ཀྱང་། །སྐྱེ་འགག་མེད་པའི་ཀློང་ན་བཞུགས། །ཞེས་སོ། །གསུམ་པ་ད་ལྟར་གྱི་སེམས་ཉིད་བཅོས་བསླད་མེད་པ་སྙིང་པོ་བྱང་ཆུབ་ཏུ་བསྟན་པ་ནི། དེ་ལྟར་དུས་གསུམ་གྱི་རྒྱལ་བ་ཀུན་གྱིི་རང་གི་སེམས་ཉིད་བཅོས་བསྒྱུར་སྤང་བླང་དང་བྲལ་བ་ཇི་བཞིན་པ་རྟོགས་ནས་སངས་རྒྱས་པ་ཡིན་པའི་རྒྱུ་མཚན་དེ་བས་ན། ད་ལྟར་གྱི་རྣལ་འབྱོར་བ་རྣམས་ཀྱིས་ཀྱང་ཏིང་ངེ་འཛིན་བསྒོམ་པ་སོགས་ཀྱིས་རང གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ཉིད་གཞན་དུ་མི་འཆོས་པར་མ་བཅོས་རྣལ་མའི་ལམ་དུ་ཞུགས་ནས་སྙིང་པོ་བྱང་ཆུབ་ཀྱི་ས་རུ་བྱོན་པར་མཛོད་ཅིག་ཅེས་གདམས་པའོ། །དེ་ལྟར་སེམས་ཉིད་མ་བཅོས་པར་བཞག་པས་འགྲུབ་པའི་རྒྱུ་མཚན་ཡང་ཡེ་གྲོལ་ཀུན་ཏུ་བཟང་པོའི་དགོངས་པ་མ་བཅོས་ལྷུན་གྱིས་གྲུབ་པའི་སངས་རྒྱས་དེ་ཉིད་རང་གི་སེམས་ཉིད་ཤེས་རིག་འགགས་མེད་འདི་ལས་གཞན་ན་མེད་པས་དེ་ཉིད་རང་ངོ་ཤེས་པ་ཙམ་གྱིས་ཆོག་པའི་ཕྱིར་རོ། །རྨད་བྱུང་ལས། རང་རིག་བྱང་ཆུབ་སེམས་ལས་མ་གཏོགས་པའི་ཀུན་བཟང་གཞན་ནས་རྙེད་པར་མི་འགྱུར་བས། སྔོན་ཆད་མ་རིག་མ་མཐོང་ངོ་མཚར་ཆེ། ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་ཡང་གསུམ་ལས། དང་པོ་བཅོས་པས་མི་འགྲུབ་པའི་ཚུལ་ནི། འདི་ལྟར་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཡེ་ནས་གཞི་མེད་རྩལ་བྲལ་ཆེན་པོ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ཀློང་ནས་མེད་སྣང་སྟོང གཟུགས་ཀྱི་རོལ་པར་ཤར་བ་ཙམ་ཡིན་པས་དེ་ལ་དགག་བསྒྲུབ་སྤང་བླང་གང་ཡང མི་དགོས་པར་ཆོས་དབྱིངས་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་གྲོལ་ཟིན་པ་ལ། དེ་ལྟར་མ་རྟོགས་ཏེ་སྤོང་འགོག་སྦྱོང་བསྒྱུར་དང་བསྒོམ་བསྒྲུབ་རྩོལ་བའི་སྒོ་ནས་བཅོས་ཤིང་བསྒྲུབ་པར་བྱས་པས་སེམས་ཉིད་ཇི་བཞིན་པའི་དོན་འགྲུབ་པར་མི་འགྱུར་བས་ན་བསྒོམ་བསྒྲུབ་དང་རྩོལ་བ་ཅི་ཡང་མི་བྱེད་པར་གདམས་པ་སྟེ། ཀློང་ཆེན་ལས། འདི་ལས་གཞན་དུ་མ་བལྟ་ཞིག །བལྟས་ཤིང་བལྟས་ཤིང་རྟོག་པ་སྐྱེ། །འདི་ལས་གཞན་ལ་མ་བལྟས་ན། །མི་རྟོག་གཞན་དུ་བསྒོམ་མི་དགོས། །འདི་ལས་གཞན་དུ་མ་སྤྱད་ཅིག །སྤྱད་ཅིང་སྤྱད་ཅིང་ལོག་ལྟ་སྐྱེ། །འདི་ལས་གཞན་དུ་མི་སྤྱོད་ན། །རྟོག་དཔྱོད་གཞན་དུ་བྱ་མི་དགོས། །འདི་ལས་གཞན་དུ་མ་རྩོལ་ཅིག །རྩོལ་ཞིང་རྩོལ་ཞིང་གཟུང་འཛིན་མཆེད། །འདི་ལས་གཞན་དུ་མ་རྩོལ་ན། །འཇུག་སྒོ་ཐ་དད་མེད་པའི་ཕྱིར། །ས་དང་ལམ་ལ་སྦྱང་མི་དགོས། །འདི་ལས་གཞན་དུ་མ་བསྒྲུབ་ཤིག །བསྒྲུབ་ཤིང་བསྒྲུབ་ཤིང་མཐར་ཐུག་མེད། །འདི་ལས་གཞན་དུ་མི་བསྒྲུབ་ན། །སངས་རྒྱས་གོ་འཕང་ཐོབ་མི་དགོས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དེའི་ཉེས་པ་ནི། དེ་ལྟར་ཆོས་ཐམས་ཅད་ཀྱི་གནས་ལུགས་རིག་པ་བྱང་ཆུབ་ཀྱི་སེམས་ཡེ་ནས་བྱར་མེད་ཡེ་གྲོལ་ཀྱི་ངོ་བོར་སངས་རྒྱས་ཟིན་པས་མ་བཅོས་ལྷུན་གྲུབ་ཆེན་པོའི་རང་བཞིན་དུ་གནས་པ་དེ་མ་རྟོགས་པར་རྒྱུ་འབྲས་དང་བསྒོམ་བསྒྲུབ་ལ་སོགས་པ་བླང་དོར་འབད་རྩོལ་གྱིས་བཅོས་ཤིང་བསྒྲུབ་པར་བྱས་པས་གདོད་སངས་རྒྱས་ཀྱི་གོ་འཕང་གྲུབ་པར་བྱེད་པ་དེ་ནི་བསྐལ་པ་དུ་མའི་གྲངས་བགྲངས་ནས་འབད་པར་བྱས་ཀྱང་ཡེ་གནས་ཆོས་སྐུའི་དགོངས་པ་མིི་རྩོལ་བདེ་བ་ཆེན་པོའི་རང་བཞིན་དང་ཕྲད་པར་མི་འགྱུར་ཏེ། དཔེར་ན་ཤར་དུ་དོན་གཉེར་ནུབ་ལམ་དུ་ཕྱིན་པས་མི་འགྲུབ་པ་ལྟར་རྩོལ་མེད་ཀྱི་དོན་རྩོལ་བསྒྲུབ་ཀྱི་ལམ་ནས་མི་འགྲུབ་པའི་ཕྱིར་ཏེ། ནམ་མཁའ་ཆེ་རྒྱས་པ་ལས། སེམས་ཉིད་རྟོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །སངས་རྒྱས་གཞན་ནས་བཙལ་བ་ནི། །མར་འདོད་ཆུ་ལ་བསྲུབ་པ་འདྲ། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་དམ་པ་འདི་མེད་པར། །གང་ཞིག་ལམ་གཞན་འཇུག་པ་དེ། །བསྐལ་པ་དག་ནི་སྟོང་དུ་ཡང་། །སྔགས་ཀྱི་འབྲས་བུ་མི་ཐོབ་བོ། །ཞེས་དང་། རྨད་བྱུང་ལས། དམིགས་པས་དོན་ལ་འཇུག་པས་དགོས་པ་གོལ། །དམིགས་པས་གཟའ་གཏད་འཆའ་བས་གཏན་ནས་ཉམས། །སྟོང་ཉིད་དེ་བཞིན་ཉིད་བལྟ་ལྟ་བ་ལྐུགས། །བདེ་བའི་ཤུལ་ལམ་འདོད་པས་ལམ་ཐག་རིང་། །བསྲུང་དང་མི་བསྲུང་གཉིས་ཀྱི་དམ་ཚིག་ཉམས། །སྤྱད་དང་མི་སྤྱད་འཛིན་པས་ཐར་ལམ་འགགས། །བལྟ་དང་མི་བལྟར་མཐོང་བའི་དམ་པ་བརླག །བསྒོམ་དང་མི་བསྒོམ་གཉིས་ཀྱི་རྟོག་མཐའ་མེད། །རྨད་བྱུང་ཉིད་ལ་འདི་རྣམས་ཕྱིར་གྱུར་པས། །རྨད་བྱུང་མཛོད་ཆེན་ངོ་བོ་ཉིད་ལས་ཉམས། །ཞེས་གསུངས་པ་ལྟར་རོ། །གསུམ་པ་འཆོས་པར་བྱེད་པའི་ཆོས་ཚུལ་ཐམས་ཅད་དྲང་དོན་ཡིན་པར་བསྟན་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ལ་སོགས་པའི་འཁོར་རྣམས་གསོན་ཅིག་ཅེས་པའི་དོན་དུ་འབོད་པའི་ཚིག་སྦྱར་ཏེ་འདི་ལྟར་སངས་རྒྱ་སྐུ་གསུམ་པོ་ཐམས་ཅད་རང་གི་སེམས་ཉིད་རིག་པ་རང་བྱུང་གི་ཡེ་ཤེས་འདི་ལས་གཞན་དུ་མེད་པས། རང་གི་སེམས་འདི་ཉིད་མ་བཅོས་པར་རང་བབ་རང་གཤིས་སུ་བཞག་པ་ལས་གཞན་པའི་རྩོལ་བསྒྲུབ་གང་ཡང་མི་དགོས་པའི་ཕྱིར་ན། རྒྱལ་བ་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་བསྟན་པའི་ཐེག་བརྒྱད་ཀྱི་མདོ་ལུང་རྣམས་ལས་ས་ལམ་སྦྱང་བགྲོད་ལ་སོགས་པའི་རྩོལ་སྒྲུབ་ཀྱིས་འཆོས་པར་བྱེད་པའི་དོན་འབྱུང་བ་དེ་ནི་དྲང་དོན་ཙམ་ལས་རྩོལ་བྲལ་ཡེ་གྲོལ་གྱི་དགོངས་པ་སྟོན་པར་བྱེད་པའི་ངེས་པའི་དོན་མིན་ཏེ། ཅིའི་ཕྱིར་ན་སྟོན་པ་སྐུ་གསུམ་པོ་ཡང་ཉིད་ཀྱི་སྟོན་པ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་བཅོས་བསྒྱུར་དང་བྲལ་བའི་དོན་ཇི་བཞིན་པ་སྟོན་པར་མཛད་པ་པོ་མིན་པའི་ཕྱིར་ཏེ། དེས་ན་འོག་མའི་ཐེག་པ་བརྒྱད་པོའི་དོན་དེ་ཇི་ལྟ་བ་བཞིན་དུ་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ལ་སྤོང་འགོག་སྦྱོང་བསྒྱུར་ལ་སོགས་པས་འཆོས་པར་བྱེད་པ་ཡི་ལམ་སྟོན་པར་མཛད་པའི་རྒྱལ་བ་སྐུ་གསུམ་གྱི་སྟོན་པས་རྒྱུ་འབྲས་དང་ས་ལམ་ལ་སོགས་པ་གནས་སྐབས་སུ་ལུང་རིག་དང་མི་འགལ་བའི་བདེན་པའི་ཆོས་ཚུལ་ཇི་ལྟར་བསྟན་ཡང་གནས་ལུགས་མཐར་ཐུག་པ་དྲང་ཐད་དུ་སྟོན་པར་བྱེད་པའི་ངེས་པའི་ལུང་ནི་མ་ཡིན་པར་གདུལ་བྱ་རྣམས་ལམ་ལ་རིམ་གྱིས་དྲང་བའི་ལུང་ཙམ་དུ་བསྟན་པ་ཡིན་ནོ། །ཞེས་གསུངས་སོ། །གཏིང་རྫོགས་ལས། བདེ་གཤེགས་མྱ་ངན་འདས་པ་ངེས་པའི་དོན། །ས་ལམ་ཡང་དག་ཆོས་སྐུ་གཅིག་ལས་མེད། །གོང་འོག་ཉེ་རིང་ཡོད་པར་གསུངས་པ་ཡང་། །བློ་དམན་དྲང་བའི་དོན་དུ་བཤད་པ་ཡིན། །ཅེས་པ་ལྟར་རོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སེམས་ཉིད་བཅོས་སུ་མེད་པར་སྟོན་པའི་ལེའུ་སྟེ་ཞེ་གཉིས་པའི་འགྲེལ་བའོ།། ༈ །།དོན་གསུམ་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀུན་གྱི་སྔ་རོལ་ནས། དག་པ་ཡེ་ཤེས་ཆེན་པོར་གནས་པས་དང་པོའི་སངས་རྒྱས་ཡིན་ལ། དེ་ཉིད་རྟོགས་པས་བློ་བུར་དྲི་བྲལ་གྱི་སངས་རྒྱས་ཕུན་སུམ་ཚོགས་པ་ཀུན་གྱི་བདག་ཉིད་ཆེན་པོར་སྣང བ་ཡང་གཞི་རང་བཞིན་རྣམ་དག་གི་སངས་རྒྱས་ཀྱི་ཆོས་ལ་ལྟོས་པས་དེའི་རང བཞིན་གཏན་ལ་འབེབས་པའི་ལེའུ་ཞེ་གསུམ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་ཆོས་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་སངས་རྒྱས་པའི་དོན་ལ་འཆོས་པར་བྱེད་མི་དགོས་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཕུན་སུམ་ཚོགས་པ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་སྟོན་པ་ཀུན་བྱེད་ཉིད་ཡིན་ཞིང་། ཉིད་ཀྱི་རང་བཞིན་བཅོས་བསྒྱུར་སྤང་བླང་ལས་འདས་པ་དང་སྐུ་གསུམ་པོ་ཀུན་གྱི་སྟོན་པ་ཡིན་པར་ཞལ་གྱིས་བཞེས་པ་འདི་གསུངས་སོ། །གཉིས་པ་རྒྱས་པར་བ ཤད་པ་ལ་གསུམ་སྟེ། ཕུན་སུམ་ཚོགས་པ་གསུམ་གྱི་རང་བཞིན་མདོར་བསྟན་པ། དེའི་ངོ་བོ་རྒྱས་པར་བཤད་པ། ཐམས་ཅད་རང་བྱུང་ཡེ་ཤེས་སུ་དོན་བསྡུ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྟོན་པ་ཀུན་བྱེད་རྒྱལ་པོ་ང་ནི་འཁོར་འདས་ཀྱི་ཆོས་རྣམས་ཀུན་གྱི་སྟོན་པ་རང་བྱུང་ཡེ་ཤེས་ཆེན་པོའི་ངོ་བོ་སྟེ། ཀུན་བྱེད་ང་ཡི་རང་བཞིན་རྣམ་པ་གསུམ་ལས་ནི་སྐུ་གསུམ་གྱི་སྟོན་པ་ཡང་ནི་རྣམ་པ་གསུམ་དུ་བསྟན་པ་དང་། སྟོན་པ་གསུམ་པོ་དེ་ཡི་ཕྱི་ནང་གསང་བའི་བསྟན་པ་ཡང་ནིི་རྣམ་པ་གསུམ་དུ་བཀོད་པ་ཐམས་ཅད་ཀུན་བྱེད་རྒྱལ་པོ་ང་ཡིས་བྱས་ཤིང་བསྟན་པ་ཡིན་ལ། བསྟན་པ་དེ་དག་འཛིན་པར་བྱེད་པའི་འཁོར་གྱི་ཚོགས་རྣམ་པ་གསུམ་པོ་ཡང་ནི་སྟོན་པ་རང་བྱུང་གི་ཡེ་ཤེས་ང་ཡིས་རང་བཞིན་རྣམ་པ་གསུམ་ལས་འཕྲོས་ཤིང་བསྟན་པ་ཡིན་ནོ་ཞེས་སོ། །གཉིས་པ་ལ་གསུམ་སྟེ། སྟོན་པའི་ངོ་བོ་རྒྱས་པར་བཤད་པ། འཁོར་གྱི་ངོ་བོ་རྒྱས་པར་བཤད་པ། བསྟན་པའི་ངོ་བོ་རྒྱས་པར་བཤད་པ་གསུམ་ལས། དང་པོ་ལ། སྐུ་གསུམ་གྱི་སྟོན་པ་སྤྱིར་བསྟན་པ་དང་། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་སྟོན་པ་བྱེ་བྲག་ཏུ་བཤད་པ་དང་། མཇུག་བསྡུ་བ་གསུམ་ལས། དང་པོ་ནི། དེ་ལ་ཀུན་བྱེད་ཉིད་ཀྱི་རང་བཞིན་ལས་སྟོན་པ་གསུམ་དུ་སྣང་བ་དེ་ཡང་གང་དང་གང་ཡིན་ཞེ་ན། འདི་ལྟར་ཆོས་རྣམས་ཀྱི་རང་བཞིན་ཆོས་ཉིད་སྟོང་པ་ཆེན་པོ་སྤྲོས་བྲལ་དེ་བཞིན་ཉིད་དུ་སྟོན་པའི་སྟོན་པ་ཆོས་ཀྱི་སྐུ་དང་། དེ་བཞིན་དུ་ཆོས་རྣམས་ཀྱི་ངོ་བོ་ཇི་ལྟར་སྣང་བའི་དངོས་པོ་གཟུགས་སྒྲ་དྲི་རོ་ལ་སོགས་པ་ཐམས་ཅད་གཉིས་མེད་བདེ་བ་ཆེན་པོའི་ལོངས་སྤྱོད་དུ་རང་ཤར་བ་ཡིན་པས་ཉིད་ལས་གཞན་དུ་མེད་པར་སྟོན་པའི་སྟོན་པ་ལོངས་སྤྱོད་རྫོགས་སྐུ་དང་། གདུལ་བྱ་རང་རང་གི་ཁམས་དབང་མོས་པ་དང་འཚམས་པར་སྡེ་སྣོད་གསུམ་གྱི་དོན་སྟོན་པར་བྱེད་པའི་དོན་གྱི་བརྗོད་བྱ་ཟབ་མོ་རྣམས་མཚོན་བྱེད་གསུང་རབ་ཀྱི་ཚིག་ཐམས་ཅད་སྒྲ་ཚིག་གི་སྡེབས་སྦྱོར་ལ་སོགས་པའི་སྒོ་ནས་སྟོན་པའི་སྟོན་པ་སྤྲུལ་པའི་སྐུ་དང་རྣམ་པ་གསུམ་དུ་ཤེས་པར་བྱའོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལས། དང་པོ་ནི། འདི་ལྟར་ཆོས་རྣམས་ཀྱི་རང་བཞིན་ཡེ་སྟོང་སྤྲོས་པ་ལས་འདས་པའི་རང་བཞིན་སྟོན་པར་མཛད་པའི་སྟོན་པ་ཆོས་ཀྱི་སྐུས་ནི། རང་བཞིན་སྐྱེ་བ་མེད་པའི་དབྱིངས་ལས་རོལ་པ་འགགས་མེད་དུ་ཤར་བའི་ཆོས་ཐམས་ཅད་སྣང་བའི་དུས་ཉིད་ནས་སྐྱེ་མེད་བྱང་ཆུབ་སེམས་ཀྱི་ངང་ལས་སྐད་ཅིག་ཀྱང་གཡོ་བ་མེད་པར་སྟོན་པ་བྱིན་གྱིས་རླབས་ཀྱི་གསུང་དམ་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་ཉིད་ཕྱུང་སྟེ། ཇི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་ཀུན་ཡེ་སྟོང་འཛིན་མེད་ཆེན་པོ་ཆོས་རྣམས་ཀྱི་གནས་ལུགས་སྐྱེ་བ་མེད་པ་མ་བཅོས་དེ་བཞིན་ཉིད་ཀྱི་རང་བཞིན་དུ་སྟོན་པར་བྱེད་སྟེ། །ཀློང་ཆེན་ལས། སྐྱེ་བ་མེད་པའི་ཆོས་ཉིད་དེ། །འབྱུང་ལྔ་སྣོད་བཅུད་སྐྱེ་བའི་སྒོ། །འབྱུང་ལྔ་སྣོད་བཅུད་ཤར་ཙམ་ན། །སྐྱེ་མེད་རང་ཡིན་གཞན་མ་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །མ་སྐྱེས་པ་ཡི་ཆོས་ཉིད་དེ། །ཕོ་མོ་མ་ནིང་སྐྱེ་བའི་རྒྱུ། །ཕོ་མོ་མ་ནིང་ལུས་བླངས་ཀྱང་། །སྐྱེ་མེད་རང་ཡིན་གཞན་མ་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །མ་སྐྱེས་པ་ཡི་ཆོས་ཉིད་དེ། །དུག་ལྔ་དུག་གསུམ་སྐྱེ་བའི་རྒྱུ། །ཉོན་མོངས་ལྔ་རུ་ཤར་ཙམ་ན། །སྐྱེ་མེད་རང་ཡིན་གཞན་མ་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །མ་སྐྱེས་པ་ཡི་ཆོས་ཉིད་དེ། །རང་བྱུང་ཡེ་ཤེས་སྐྱེ་བའི་རྒྱུ། །ཕྱོགས་མེད་རིག་པར་ཤར་ཙམ་ན། །སྐྱེ་མེད་རང་ཡིན་གཞན་མ་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །ཅེས་གསུངས་པ་ལྟར་ཆོས་འདི་དག་ཐམས་ཅད་གང་ལས་སྣང་བའི་རྒྱུ་སྐྱེ་བ་མེད་པའི་དབྱིངས་ལས་ཤར་བ་ཡིན་པའི་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་ད་ལྟར་སྣང་བཞིན་པའི་དུས་ནས་ཀྱང་། སྐྱེ་མེད་ཀྱི་རང་བཞིན་ལས་མ་འདས་པས་དེའི་རང་བཞིན་དུ་ཡེ་ནས་བྱིན་གྱིས་བརླབས་པར་སྟོན་པ་སྟེ། དཔེར་ན་སྨིག་རྒྱུ་ལ་ཆུར་འཁྲུལ་བའི་ཚེ་ན་ཡང་སྨིག་རྒྱུ་དེ་ཉིད་ལས་གཞན་པའི་ཆུ་ཞིག་ཡེ་ནས་སྐྱེ་མ་མྱོང་བའི་ཕྱིར་ན། དེ་ལྟར་ཆུའི་རང་བཞིན་དུ་སྣང་བཞིན་པའི་དུས་ནས་ཀྱང་སྐྱེ་མེད་ཀྱི་རང་བཞིན་ལས་མ་གཡོས་པ་བཞིན་ནོ། །གཉིས་པ་ནི། ཆོས་རྣམས་ཀྱི་ངོ་བོ་རང གསལ་ལྷུན་གྲུབ་ཀྱི་སྣང་ཆ་སྟོན་པར་མཛད་པའི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུས་ནི། འདོད་པའི་ཡོན་ཏན་རྣམ་པ་ལྔའི་རང་བཞིན་དུ་ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་སྟོན་པ་ཉིད་ཀྱི་སྐུ་ཡི་ངོ་བོ་རུ་མངོན་དུ་ཕྱུང་ནས་ནི་ཆོས་རྣམས་ཀྱི་ངོ་བོར་ཏེ་ངོ་བོ་ཇི་ལྟར་སྣང་བར་གྱུར་པ་དེ་ལས་གཞན་དུ་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ཞིག་མེད་པར་རང་བཞིན་སྟོན་པར་མཛད་པའོ། །གསུམ་པ་ནི། ཐུན་མོང་གི་གདུལ་བྱ་རྣམས་ལ་ཆོས་ཀྱི་དོན་རྣམས་སྒྲ་ཚིག་ལ་སོགས་པའི་སྒོ་ནས་སྟོན་པར་མཛད་པའི་སྟོན་པས་ཏེ་སྟོན་པ་སྤྲུལ་པའི་སྐུས་ནི། སྡེ་སྣོད་གསུམ་གྱིས་བསྡུས་པའི་ཆོས་རྣམས་ཀུན་གྱི་དོན་ནི་ངག་ཚིག་གི་སྒྲ་རུ་བསྡུས་ནས་དོན་དམ་གྱི་གནས་ཚུལ་མ་རིག་པ་དང་། ཐ་སྙད་ཀུན་རྫོབ་ཀྱི་སྣང་ཚུལ་མི་ཤེས་པའི་ཁམས་གསུམ་གྱི་སེམས་ཅན་རྣམས་ལ་དེ་ལྟ་བུའི་བདེན་པ་གཉིས་ཀྱི་དོན་དེ་ཉིད་མ་ནོར་བར་བརྗོད་བྱེད་སྒྲ་དང་ཚིག་གིས་བསྡེབས་སྦྱོར་ལ་ལེགས་པའི་སྒོ་ནས་སྟོན་པར་མཛད་པ་ཡིན་ནོ། །གསུམ་པ་མཇུག་བསྡུ་བ་ནི། རྒྱུ་མཚན་དེས་ན་རྒྱལ་བ་སྐུ་གསུམ་གྱི་སྟོན་པའི་རང་བཞིན་དེ་དག་ཐམས་ཅད་སྟོན་པ་ཀུན་བྱེད་རྒྱལ་པོ་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་མངོན་དུ་ཕྱུང་ནས་བསྟན་པ་ཡིན་པར་བཤད་པའོ། །གཉིས་པ་འཁོར་གྱི་ངོ་བོ་རྒྱས་པར་བཤད་པ་ལ་བསྟན་བཤད་དོན་བསྡུ་གསུམ་ལས། དང་པོ་མདོར་བསྟན་པ་ནི། དེ་ལྟ་བུའི་སྟོན་པ་སྐུ་གསུམ་གྱིས་ཇི་སྙེད་གསུངས་པའི་བསྟན་པ་དེ་རྣམས་དང་པོ་སྟོན་པའི་ཡུལ་དང་མཐར་མི་ཉམས་པར་འཛིན་པར་བྱེད་པའི་འཁོར་གྱི་ཚོགས་ཀྱང་ནི་རྣམ་པ་གསུམ་གསུམ་གྱི་རང་བཞིན་དུ་བསྟན་ཏེ་ཞེས་རྒྱས་བཤད་འོག་ནས་བཤད་པ་འདྲེན་པའི་ཕྱིར་དུ་ལྷག་བཅས་ཀྱི་ཚིག་སྦྱར་བའོ། །གཉིས་པ་རྒྱས་པར་བཤད་པ་ནི། དེ་ལ་སྟོན་པ་ཆོས་ཀྱི་སྐུ་ཡིས་ཤིན་ཏུ་རྣལ་འབྱོར་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་དོན་བསྟན་པར་མཛད་པའི་འཁོར་ནི་རིག་པ་བྱང་ཆུབ་སེམས་ཀྱི་དོན་ཇི་བཞིན་པ་སྟོན་པར་བྱེད་པ་ཨ་ཏི་ཡེ་གྲོལ་ཆེན་པོ་མ་བཅོས་ལྷུན་གྱིས་གྲུབ་པའི་སྒོར་ཞུགས་ཤིང་དེ་ལ་ཡིད་ཆེས་པས་རང་གནས་སྙིང་པོའི་ཡེ་ཤེས་མ་ནོར་བར་རྟོགས་ཏེ་མངོན་པར་རྫོགས་པ་སངས་རྒྱས་པའི་ས་ལ་གནས་པའི་དུས་གསུམ་རྒྱལ་བ་རྣམས་དང་། གཞན་ཡང་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱང་སྡུད་དེ། མདོ་བཅུ་ལས། སྟོན་པ་ཆོས་ཀྱི་སྐུའི་འཁོར་ནི། དུས་གསུམ་སངས་རྒྱས་བཞུགས་པ་དང་། །ཁམས་གསུམ་རྒྱུད་དྲུག་སེམས་ཅན་དེ། །འཕགས་པའི་ཐུགས་རྗེས་སེམས་ཅན་ལ། །འབྲེལ་བ་ཕུན་སུམ་ཚོགས་པར་བཤད། །ཅེས་སྔར་དྲང་བ་བཞིན་ནོ། །ལོངས་སྐུའི་འཁོར་ནི་ལྷུན་གྱིས་གྲུབ་པ་དང་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རིག་པ་འཛིན་པའི་ས་ལ་གནས་པ་རྣམས་དང་། གཞན་ཡངས་ས་དང་པོ་རབ་ཏུ་དགའ་བ་ནས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱ་བའི་བར་དུ་གནས་པའི་འཁོར་གང་ཞིག་སངས་རྒྱས་ཀྱི་ས་དངོས་སུ་མ་ཐོབ་ཀྱང་དེ་ལ་ཉེ་མ་རེག་པའི་ལམ་བསྒོམ་པའི་ས་ལ་གནས་པ་རྣམས་དང་། སངས་རྒྱས་སྤྲུལ་སྐུའི་འཁོར་ནི་ཐེག་པ་རང་རང་གི་སར་སེམས་བསྐྱེད་ཅིང་མོས་པ་ཙམ་གྱིས་ལམ་ལ་སྤྱོད་པའི་འཁོར་རྣམས་ཏེ། དེ་དག་ནི་རྒྱུ་དགེ་བ་ལ་སྤྱད་པའི་འབྲས་བུ་བདེ་བ་བསྒྲུབས་ཤིང་མི་དགེ་བ་དང་དུག་ལྔ་འཇོམས་པར་བྱེད་པའི་ས་ལ་གནས་པ་ཡིན་ནོ། །ཞེས་པའོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟ་བུའི་འཁོར་གྱི་དབྱེ་བ་རྣམ་པ་གསུམ་པོ་དེ་ནི་གོང་གི་གོ་རིམ་བཞིན་དུ་སྐུ་གསུམ་གྱི་སྟོན་པ་གསུམ་གྱི་འཁོར་དུ་བསྟན་པ་ཡིན་ནོ་ཞེས་སོ། །གསུམ་པ་བསྟན་པའི་ངོ་བོ་རྒྱས་པར་བཤད་པ་ལ་གཉིས་ཏེ། འཁོར་གྱིས་ཞུས་པ་དང ། སྟོན་པས་ལན་གསུངས་པའི་ཚུལ་གྱིས་བསྟན་པའི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་སྟོན་འཁོར་གཉིས་པོ་བསྟན་པ་དེ་ནས་སེམས་དཔའ་རྡོ་རྗེས་སླར་ཞུས་པ། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། རྒྱལ་བ་སྐུ་གསུམ་གྱི་སྟོན་པ་གསུམ་དང་དེ་རྣམས་ཀྱི་འཁོར་གྱི་ཚོགས་རྣམས་ནི་གོང་དུ་གསུངས་པ་དེ་ལྟར་ལགས་ན། དེ་དག་གི་བསྟན་པ་རྣམ་པ་གསུམ་ནི་ཚུལ་ཇི་ལྟར་བསྟན་པར་བགྱི་བ་ལགས་ཞེས་ཞུས་པས་ཞེས་གོང་འོག་མཚམས་སྦྱར་བའོ། །གཉིས་པ་དེའི་ལན་ལ་གསུམ་སྟེ། སེམས་ཉིད་དེ་བཞིན་ཉིད་ཀྱི་ངོ་བོར་བསྟན་པ། དེ་ལ་བཅོས་བསླད་བསྒོམ་པས་མི་རྟོགས་པ། སྣང་སྲིད་ཐམས་ཅད་དབྱིངས་གཅིག་སེམས་ཉིད་དེ་བཞིན་ཉིད་ལས་གཞན་མི་རྙེད་པ་གསུམ་གྱིས་ཆོས་སྐུའི་ལན་བཤད་པ། ཡུལ་ལྔ་དབང་ཤེས་ལ་སྣང་བ་རྟོག་བྲལ་དེ་བཞིན་ཉིད་ཀྱི་ངོ་བོར་བསྟན་པ་དང་། དེའི་ཐོག་ཏུ་བཅོས་བསླད་གཉིས་འཛིན་མེད་པར་བཞག་པས་ཡུལ་ལྔ་འཛིན་ཞེན་གྱི་ཚུལ་གྱིས་སྤྱོད་བྱ་སྤྱོད་བྱེད་དུ་མ་གྲུབ་པར་བསྟན་པས་ལོངས་སྐུའི་ལན་བཤད་པ། རྗེས་སྣང་རྣམ་རྟོག་ཡུལ་ལ་དཔྱོད་པ་ཐ་དད་ལ་སེམས་ཅན་གྱིས་བསམ་པར་བརྗོད་པ་དང་། དེ་ཉིད་སྣང་སྟོང་གྲགས་སྟོང་རིག་སྟོང་ལ་སོགས་དྲུག་ཏུ་ལ་བཟླ་བ། དཔེ་དོན་རྟགས་གསུམ་རྒྱལ་བའི་སྐུ་གསུང་ཐུགས་སུ་བརྗོད་པས་སྤྲུལ་སྐུའི་བསྟན་པའི་ལན་རྒྱ་ཆེར་བཤད་པའོ། །དང་པོ་ནི། སེམས་དཔའ་རྡོ་རྗེས་དེ་ལྟར་ཞུས་པའི་དོན་སྟོན་པ་ཉིད་ཀྱིས་གསུངས་བ་ནི། ཀྱེ་སེམས་དཔའ་ཆེན་པོ་སྐུ་གསུམ་གྱི་བསྟན་པ་གསུམ་ཇི་ལྟར་ཡིན་པ་བསྟན་པའི་ཚུལ་འདི་ཉོན་ཅིག །དེ་ལ་ཆོས་ཀྱི་སྐུ་ཡི་བསྟན་པ་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་སུ་བསྟན་ཏེ། ཆོས་ཉིད་དེ་ཉིད་དེ་ནི་ཇི་ལྟར་ཡིན་སྙམ་ན། ཆོས་ཉིད་དེ་བཞིན་ཉིད་ཀྱི་ངོ་བོ་དེ་ལ་ནི་འཁོར་འདས་དང་ཕྱི་ནང་ཡུལ་དང་ཡུལ་ཅན་ལ་སོགས་པའི་རྣམ་པ་གཉིས་སུ་དབྱེ་རུ་མེད་པར་ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་སྙིང་པོ་རང་བྱུང་གི་ཡེ་ཤེས་རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་མངོན་དུ་སྣང་བ་ཡིན་པས་བཅོས་བསྒྱུར་དང་སྤང་བླང་གང་ཡང་མེད་པའི་ཕྱིར་ན་དོན་ལ་ཆོས་ཉིད་དེ་བཞིན་ཉིད་ཅེས་སུ་བཤད་པ་ཡིན་ལ། དེ་ལྟར་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ངོ་བོར་གནས་པ་དེ་ལ་གང་ཟག་གང་སུ་ཞིག་སྒོམ་ཞིང་སྒྲུབ་པ་ལ་སོགས་པས་འཆོས་པར་བྱེད་པ་དེ་ཡིས་ནི་སྤང་བླང་བྱ་རྩོལ་དང་བྲལ་བའི་ཆོས་ཀྱི་སྐུ་ཡི་བསྟན་པ་ཉིད་རྟོགས་པ་མེད་དེ། འདི་ལྟར་གཟུང་འཛིན་མཚན་མའི་སྣང་བ་གང་ཡང་མེད་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡེ་ནས་བཅོས་བསྒྱུར་ཐམས་ཅད་དང་བྲལ་བ་མ་ནོར་དེ་བཞིན་ཉིད་དུ་མ་རྟོགས་ཏེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ལ་གང་ཟག་སུ་ཞིག་འཆོས་ཤིང་བསྒོམ་པར་བྱེད་པ་དེ་ཡིས་རང་གི་སེམས་ཉིད་བཅོས་སུ་མེད་པའི་དོན་དེ་མི་རིག་པར་སྤང་བླང་རེ་དོགས་ཀྱི་གནས་སུ་འཁྱམས་པའི་ཕྱིར་རོ། །དེས་ན་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་འཁོར་འདས་ཀྱི་ཆོས་རྣམས་དང་གཟུང་འཛིན་གཉིས་སྣང་གི་སྤྱོད་ཡུལ་དུ་གྲུབ་པ་མེད་པ་སྙིང་པོ་བྱང་ཆུབ་ཀྱི་སེམས་དང་བཅས་པ་ཐམས་ཅད་དབྱིངས་གཅིག་དེ་བཞིན་ཉིད་ཀྱི་རང་བཞིན་ལས་ཐ་དད་དུ་མེད་པར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་པས་ན། ནང་སེམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་དེ་ཕྱི་འབྱུང་བ་ལྔས་བསྡུས་པའི་སྣང་བའི་ཆོས་ཅད་ཐམས་ཀྱི་དེ་བཞིན་ཉིད་ཀྱང་ཡིན་པ་ལ། དེ་ལྟར་ཆོས་ཉིད་དེ་བཞིན་ཉིད་གཅིག་གི་རང་བཞིན་དུ་བཟང་ངན་སྤང་བླང་མེད་པ་ཡིན་པར་མ་རྟོགས་པར་སེམས་དང་འབྱུང་བ་ལ་སོགས་པ་ཆོས་ཐམས་ཅད་སོ་སོར་མཐོང་ཞིང་། དེ་བཞིན་ཉིད་ཞེས་པ་ནི་ཆོས་ཅན་གྱི་སྣང་བ་དེ་དག་ལས་གཞན་དུ་དབྱིངས་སྟོང་པ་ཉིད་ཀྱི་ཀློང་གསར་ཐོབ་ཞིག་འོང་སུ་ཡོད་པར་རེ་ནས་ཚོལ་བར་བྱེད་པ་དེ་ནི། དུས་གསུམ་རྒྱལ་བས་བཙལ་ཡང་མི་བརྙེས་ན་གཞན་གྱིས་སྨོས་ཀྱང་ཅི་དགོས་སོ། །གལ་ཏེ་བཙལ་བས་རྙེད་པའི་ཆོས་ཞིག་ཡོད་ན་དེ་ཉིད་འདུས་བྱས་གསར་བྱུང་གི་ཆོས་ཞིག་ཏུ་འགྱུར་བ་ལས། རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་ཀྱང་མིན་པར་གསུངས་ཏེ། བདུད་རྩི་བཅུད་ཐིག་ལས། ཆོས་སྐུ་གཞན་ནས་མ་བཙལ་ཅིག །བཙལ་བས་བསྐལ་པ་འབུམ་ཕྲག་དུ་ཡང་མི་རྙེད་དོ། །འདས་པའི་སངས་རྒྱས་རྣམས་ཀྱིས་མ་བཙལ་ཏོ། །ཕྱིས་འབྱུང་སངས་རྒྱས་རྣམས་ཀྱིས་མི་འཚོལ་ལོ། །ད་ལྟའི་རྒྱལ་བ་རྣམས་ཀྱིས་བཙལ་བས་མི་རྙེད་དོ། །བཙལ་བས་རྙེད་པའི་སངས་རྒྱས་སམ། །བསྒྲུབ་པས་འགྲུབ་པའི་སྐུ་གསུམ་མམ། །ལྟ་སྒོམ་སྤྱོད་འབྲས་བཙལ་བའི་བྱང་ཆུབ་བམ། །དེ་རྣམས་བརྒྱ་ལ་རྙེད་ཀྱང་རྣམ་རྟོག་གམ། །སྐྱེ་བའི་འཇིག་རྟེན་རྡོས་པའི་ཆོས་སུ་འགྱུར། །ཞེས་གསུངས་སོ། །གཉིས་པ་ལོངས་སྐུའི་བསྟན་པའི་ལན་ནི། ཀྱེ་སེམས་དཔའ་ཆེན་པོོ་ཉོན་ཅིག །འདི་ལྟར་རྒྱལ་བ་ལོངས་སྤྱོད་རྫོགས་པ་ཡི་བསྟན་པ་ནི། ཇི་ལྟར་འདོད་པའི་ལོངས་སྤྱོད་རྣམ་པ་ལྔ་པོ་ཉིད་དེ། དེ་ཡང་འདོད་པའི་ཡོན་ཏན་ལོངས་སྤྱོད་རྣམ་པ་ལྔ་ནི་དོན་ལ་ཆོས་ཉིད་དེ་བཞིན་ཉིད་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས་གཞན་དུ་མེད་པས་ལོངས་སྤྱོད་རྣམ་པ་ལྔ་པོ་སེམས་ཉིད་གཅིག་གི་རང་བཞིན་ཡིན་ཏེ། འཕྲུལ་ལྡེ་ལས། སྣང་བ་ཐམས་ཅད་སེམས་ལ་སྣང་། །དེས་ན་སེམས་ཉིད་གཟུགས་ཀྱང་ཡིན། །གྲགས་པ་སརྦ་སེམས་ལ་གྲགས། །དེས་ན་སེམས་ཉིད་སྒྲ་ཡང་ཡིན། །དྲི་མཆོག་སརྦ་སེམས་ལ་མནམ། །དེས་ན་སེམས་ཉིད་དྲི་ཡང་ཡིན། །རོ་མཆོག་སརྦ་སེམས་ལ་བྲོ། །དེ་ན་སེམས་ཉིད་རོ་ཡང་ཡིན། །རེག་བྱ་སརྦ་སེམས་ལ་ཚོར། །དེས་ན་སེམས་ཉིད་རེག་ཀྱང་ཡིན། །ཞེས་གསུངས་སོ། །དེ་ལྟར་ན་ཡང་སྣང་ཚུལ་གྱི་ངོས་ནས་དབྱེ་ན་གཟུགས་ལ་སོགས་པའི་ལོངས་སྤྱོད་རྣམ་པ་ལྔ་རུ་དབྱེ་ཞིང་། དེ་ལྔ་པོ་ལ་ནི་ནང་གསེས་སུ་གཟུགས་ལྟ་བུ་གཅིག་ལའང་ཆེ་ཆུང་བོང་ཚོད་སོགས་སུ་སྣང་བའི་ཆ་ནས་གཟུགས་དང་། སོ་སོ་མ་འདྲེས་པར་བརྡ་སྤྲོད་པའི་ཆ་ནས་སྒྲ་དང་། ཚོར་བ་མ་འགག་པའི་ཆ་ནས་དྲི་དང་། ཉམས་སུ་མྱོང་བའི་ཆ་ནས་རོ་དང་། ཡུལ་ཤེས་འཕྲད་པའི་ཆ་ནས་རེག་བྱ་སྟེ་ལྔ་རེ་ཚང་བས་ལྔ་ལྔ་ཉི་ཤུ་རྩ་ལྔ་ཡི་ལོངས་སྤྱོད་དུ་སྣང་བ་ཡིན་ལ། དེ་ལྟར་འདོད་པའི་ཡོན་ཏན་ཉི་ཤུ་རྩ་ལྔ་ལ་ལོངས་སྤྱོད་པར་སྣང་བ་དེ་ནི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རོལ་རྩལ་རང་ཤར་བ་ཡིན་པས་རྒྱལ་བ་ལོངས་སྤྱོད་རྫོགས་པ་སངས་རྒྱས་སྐུ་ལྔའི་ཚུལ་དུ་སྣང་བ་ཡིན་ཏེ། ཡི་གེ་མེད་པའི་རྒྱུད་ལས། མཐོང་བ་མ་འགགས་ང་ཡི་གཟུགས་ལྟར་སྣང་། །ཐོས་པ་མ་འགགས་ང་ཡི་སྒྲ་ལྟར་གྲགས། །སྣོམ་བྱེད་མ་འགགས་ང་ཡི་དྲི་ལྟར་ཚོར། །མྱོང་བྱེད་མ་འགག་ང་ཡི་རོ་ལྟར་བདའ། །ཚོར་བྱེད་མ་འགགས་ང་ཡི་ཡིད་ལྟར་མགྱོགས། །ཞེས་སོ། །དེས་ན་རྒྱལ་བ་སྐུ་ལྔའི་ཚུལ་དུ་སྣང་བའི་འདོད་པའི་ཡུལ་ལྔ་པོ་དེ་དག་ལ་དགག་བསྒྲུབ་སྤང་བླང་ཅི་ཡང་མི་བྱེད་པར་བཅོས་བསླད་དང་གཉིས་འཛིན་མེད་པར་བཞག་ན་ཡུལ་ལྔ་པོ་དེ་ལ་རྣམ་རྟོག་འཛིན་ཞེན་གྱིས་སྤྱོད་བྱ་སྤྱོད་བྱེད་དུ་མ་གྲུབ་པ་ནི་ཆོས་ཉིད་དོན་གྱི་ངོ་བོ་ཇི་བཞིན་པ་ཉིད་དུ་བཤད་དོ། །དེ་ལྟ་བུའི་འདོད་པའི་ཡོན་ཏན་རྣམ་པ་ལྔ་པོ་དེ་ནི་རིག་པའི་རང་མདངས་འགགས་མེད་ཀྱི་སྣང་བ་ཡིན་པས་སངས་རྒྱས་དང་སེམས་ཅན་ཀུན་གྱི་ལོངས་སྤྱོད་དུ་སྣང་བ་ཡིན་ཡང་། །དངོས་སུ་ན་ལོངས་སྤྱོད་རྫོགས་པའི་སྐུ་གང་ཞིག་སྟོན་པ་ཀུན་བྱེད་ང་ཡི་ངོ་བོར་གྱུར་པ་དེ་ཉིད་གཟུགས་སྒྲ་ལ་སོགས་པར་སྣང་བ་ལས་གཞན་དུ་མེད་པའི་ཕྱིར་ན། དེ་ལ་ཡུལ་དང་ཡུལ་ཅན་ཐ་དད་ཀྱི་ཚུལ་དུ་ལོངས་སྤྱད་དུ་མེད་པར་རང་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་གཉིས་མེད་མཉམ་པ་ཉིད་ཀྱི་ངོ་བོར། འཁོར་ཀྱི་རིག་པ་འཛིན་པ་རྣམས་དང་ས་བཅུ་པ་ཡི་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པ་ཀུན་བྱེད་ང་ཡིས་བསྟན་པ་ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་སྤྲུལ་སྐུའི་དྲི་ལན་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འདི་ལྟར་སངས་རྒྱས་སྤྲུལ་པའི་སྐུ་ཡི་བསྟན་པ་ནི་རང་བྱུང་དམིགས་པ་མེད་པའི་ཐུགས་རྗེས་གདུལ་བྱའི་སེམས་ཅན་རྣམས་ཀྱི་དོན་གང་དང་ཅི་ལྟ་བུའི་འགྲུབ་པར་འགྱུར་བ་དེ་དང་མཚུངས་པར་སྟོན་པ་སྟེ། དེ་ཡང་ཇི་སྐད་དུ། སེམས་དང་སེམས་བྱུང་ཁམས་གསུམ་པའི། སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། ཞེས་པ་ལྟར་རྗེས་སྣང་ཚོགས་དྲུག་གི་ཤེས་པ་ཡུལ་ལ་འཕྲོ་ཞིང་མཆེད་པ་ཡི་ཆ་ནི་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་བློ་རྣམ་པར་རྟོག་པའམ་བསམ་པ་ཐ་དད་པ་སྣ་ཚོགས་སུ་སྣང་བ་སྟེ། རང་བྱུང་གི་ཡེ་ཤེས་དངོས་མིན་པར་བྱང་ཆུབ་སེམས་ཀྱི་རྩལ་ལས་ཤར་བའི་རོལ་པ་ཡིན་པར་གསུངས་ལ། དེ་ལྟ་བུའི་ཚོགས་དྲུག་གི་ཤེས་པ་ཡུལ་དང་བཅས་པ་དེ་དག་ཐམས་ཅད་སྣང་དུས་ཉིད་ནས་དོན་ལ་གང་དུའང་གྲུབ་པ་མེད་པའི་ཚུལ་ནི། ཆོས་དབྱིངས་རིན་པོ་ཆེའི་མཛོད་འགྲེལ་ལས། ཡུལ་དྲུག་གི་སྣང་བ་ནི་སྟོང་གཟུགས་མེད་པ་གསལ་སྣང་སྟེ་རང་བཞིན་མེད་པའི་ངང་དུ་ཡེ་ནས་གྲོལ་ལ། དབང་པོ་དྲུག་ཤེས་པ་དང་བཅས་པ་ནི་རང་རང་གི་ངོ་བོས་སྟོང་པས་ཡོད་མ་མྱོང་པ་སྟོང་པའི་དབྱིངས་སུ་གྲོལ་ལ། ནང་སེམས་རྟེན་མེད་ནམ་མཁའི་ངོ་བོ་ཉིད་དུ་ཡེ་ནས་གྲོལ་བས་ངོ་བོ་ངོས་བཟུང་གི་ཆོས་སུ་བདེན་པར་གྲུབ་པ་ནི་རྡུལ་ཙམ་ཡང་མེད་ལ། རྫུན་པར་སྣང་བ་ཙམ་ལས་རྫུན་པར་གྲུབ་པ་ཡང་མེད་པའི་ཕྱིར། མཐའ་གྲོལ་སྟོང་པ་ཆེན་པོའི་དབྱིངས་རུམ་ན་མེད་པ་གསལ་སྣང་གི་སྟོང་གཟུགས་ཆུའི་ཟླ་བ་ལྟར་སྣང་དུས་ཉིད་ནས་རང་བཞིན་མེད་པར་ཤར་བས། འདི་ལ་སྤང་བླང་དང་རེ་དོགས་གང་ཡང་མི་དགོས་ཏེ། ཞེས་སོགས་གསུངས་པ་ལྟར་ཚོགས་དྲུག་ཡུལ་དང་བཅས་པ་འདི་ཐམས་ཅད་སྣང་དུས་ཉིད་ནས་གཞི་མེད་སྟོང་གཟུགས་ཀྱི་རོལ་པ་ཙམ་ལས་དོན་ལ་གྲུབ་པ་མེད་ཕྱིར། གཟུགས་སུ་སྣང་བ་ཐམས་ཅད་སྣང་སྟོང་སྐུ་ཡི་རང་བཞིན་དང་སྒྲ་རུ་གྲགས་པ་ཐམས་ཅད་གྲགས་སྟོང་གསུང་གི་རང་བཞིན་དང་། དྲན་རྟོག་ཐམས་ཅད་རིག་སྟོང་ཐུགས་ཀྱི་རང་བཞིན་དང་ནི་རྣམ་པ་གསུམ་གྱིས་མཚོན་ཏེ་དྲི་རོ་རེག་བྱ་རྣམས་ཀྱང་སྣང་དུས་ཉིད་ནས་རང་བཞིན་མ་གྲུབ་པས་ཚོར་སྟོང་མྱོང་སྟོང་ལ་སོགས་པའི་ངོ་བོར་གྲོལ་བའི་ཕྱིར་བསམ་པ་ཐ་དད་དུ་སྣང་བ་ཐམས་ཅད་ཡེ་ནས་གྲོལ་ཟིན་པ་ཡིན་པས་གདོད་ནས་སྐྱེ་བ་མེད་པའི་རང་བཞིན་དུ་ལ་བཟླ་བར་བྱེད་པ་སྟེ། དེ་ལྟར་ཚོགས་དྲུག་ཡུལ་གྱི་སྣང་བ་ཐམས་ཅད་གདོད་ནས་སྐྱེ་བ་མེད་པའི་རང་བཞིན་དུ་སྟོན་པར་བྱེད་པའི་དཔེ་དོན་རྟགས་གསུམ་ལས། དཔེ་ནི་སྣང་ལ་རང་བཞིན་མེད་པ་མཚོན་པར་བྱེད་པ་སྐུ་རྡོ་རྗེའི་ངོ་བོ་དང་། དོན་གདོད་ནས་སྐྱེ་བ་མེད་པ་ནི་གྲགས་སྟོང་སྐྱེ་མེད་གསུང་རྡོ་རྗེའི་རང་བཞིན་དང་། རྟགས་ནི་སྐྱེ་མེད་ཀྱི་ཀློང་ནས་འགགས་མེད་ཀྱི་རོལ་པར་ཤར་བ་ཐུགས་རྗེའི་རྩལ་སྣང་འགགས་མེད་དུ་ཤར་བ་ཐུགས་རྡོ་རྗེས་མཚོན་ཏེ་བསྟན་པ་སྟེ་མདོར་ན་དཔེ་དོན་རྟགས་གསུམ་གྱིས་གདུལ་བྱའི་འགྲོ་བ་རྣམས་ཀྱི་རྒྱུད་ཀྱི་གཟུང་འཛིན་གྱི་ཞེན་པ་ཐམས་ཅད་བཟློག་པར་བྱེད་དེ། དེ་ཡང་དབང་པོ་དྲུག་ལ་བརྟེན་པའི་ཚོགས་དྲུག་གི་ཤེས་པ་ཡུལ་ལ་ཞེན་པ་དེ་དག་ཀུན་གདོད་ནས་སྐྱེ་བ་མེད་པ་ཆོས་དབྱིངས་ཡེ་སྟོང་ཆེན་པོའི་ཀློང་དུ་བཟློག་ཅིང་གྲོལ་བར་མཛད་ནས། གཟུང་འཛིན་རྣམ་རྟོག་གི་སྤྲོས་པས་དབེན་པའི་ཡུལ་ལམ་གནས་ཟབ་མོ་ནི་གདུལ་བྱ་རང་རང་གི་བློ་ལ་གང་འཐད་པ་དེ་ལྟར་བསྟན་ནས་ཚོགས་དྲུག་གི་ཡུལ་ལ་ཞེན་པའི་འགྲོ་བ་རྣམས་ཐར་པའི་གླིང་དུ་འདྲེན་པར་མཛད་པས་ན། སངས་རྒྱས་སྤྲུལ་པའི་སྐུ་དེས་ནི་སྟོན་པ་ཀུན་བྱེད་ང་ཡི་ཐུགས་རྗེ་ཡི་རྩལ་སྣང་དུ་ཤར་བ་རང་ངོ་མ་ཤེས་པས་གཟུང་འཛིན་ཉོན་མོངས་པའི་རྣམ་པར་སྣང་བའི་རྟོགས་ཚོགས་ཐམས་ཅད་ཆོས་ཉིད་དུ་གྲོལ་བར་བྱེད་པའི་སྒོ་ནས་བྱང་ཆུབ་ཀྱི་ལམ་ལ་འདྲེན་པའི་ཐབས་ལུང་སྟོན་པར་བྱེད་པ་ཡིན་ནོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། ཐམས་ཅད་ཀྱི་ངོ་བོ་རྟོག་བྲལ་རང་བྱུང་ཡེ་ཤེས་སུ་བསྟན་པ་དང་། མདོ་དང་རྒྱས་པས་དེའི་རང་བཞིན་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །གོང་དུ་བསྟན་པ་དེ་ལྟ་བུའི་སྟོན་པ་སྐུ་གསུམ་གྱི་སྤྲུལ་གཞི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ནི་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་ཀུན་གྱི་ངོ་བོ་སྟོན་པར་མཛད་པ་པོ་རྟོག་བྲལ་རང་བྱུང་གི་ཡེ་ཤེས་ཡིན་པའི་ཕྱིར། སྐུ་གསུམ་དང་དུས་གསུམ་གྱིས་སངས་རྒྱས་རྣམས་ཀྱི་ཐུགས་རིག་པ་རང་བྱུང་གི་ཡེ་ཤེས་དེ་ལས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཞིག་མེད་ལ། རྒྱུ་མཚན་དེས་ན་སངས་རྒྱས་དེ་དག་རྣམས་ལ་ཡང་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་བསྟན་པ་ཡིན་ཞིང་། དེ་བཞིན་དུ་ཁམས་གསུམ་གྱི་སེམས་ཅན་རྣམས་ལ་ཡང་སྟོན་པ་ང་ཡི་རང་བཞིན་བསྟན་པ་ཡིན་ནོ། །ཞེས་སེམས་ཅན་རྣམས་ཀྱི་རང་རང་གི་རྒྱུད་ཀྱི་ཤེས་པ་སྟོ ང་གསལ་བརྗོད་བྲལ་ཟང་ཐལ་རྗེན་པར་གནས་པ་འདི་ཀ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་དངོས་ཡིན་ཞིང་། དེ་ཉིད་རྟག་ཏུ་བསྒྲིབ་མེད་མངོན་སུམ་དུ་གསལ་བ་འདི་ནི་ཀུན་བྱེད་ཉིད་ཀྱི་རང་བཞིན་བསྟན་པ་ཡིན་པར་གསུངས་པ་སྟེ། དེ་ལྟར་ཀུན་བྱེད་ཉིད་ཀྱི་རང་བཞིན་བསྟན་པས་ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ཀྱང་དེ་ལས་གཞན་དུ་མེད་པས་ན་ཆོས་རྣམས་ཀུན་གྱི་སྟོན་པར་ཞལ་གྱིས་བཞེས་པ་ཡིན་ནོ། །གཉིས་པ་ནི། འོ་ན་སྐུ་གསུམ་ལ་སོགས་པའི་སངས་རྒྱས་རྣམས་དང་སེམས་ཅན་རྣམས་ལ་རང་རང་གི་རང་བཞིན་བསྟན་པ་ཡིན་ན་དེ་ཉིད་ཀུན་བྱེད་རྒྱལ་པོའི་རང་བཞིན་བསྟན་པ་ཇི་ལྟར་ཡིན་སྙམ་ན། ཀུན་བྱེད་ང་ཡི་རང་བཞིན་ནི་གཞན་དུ་ཅི་ཡང་མེད་པར་འདི་ལྟར་དུ་རིག་པར་གྱིས་ཤིག །དེ་ཡང་ཇི་ལྟར་ཞེ་ན་གོང་དུ་བཤད་པའི་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་དང་ནི་དེ་དག་གི་བསྟན་པ་དང་དེ་འཛིན་པའི་འཁོར་རྣམས་ནི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་སྟོང་གསལ་ཐུགས་རྗེ་གསུམ་ལས་གཞན་དུ་མེད་དེ། སྐུ་གསུམ་གྱི་སྟོན་འཁོར་བསྟན་པ་གསུམ་པོ་དེའི་རང་བཞིན་ཡིན་པར་ཤེས་པར་གྱིས་ཤིག་ཅེས་པ་སྟེ། དེས་ན་འཁོར་འདས་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྐུ་གསུམ་གྱི་ཕུན་སུམ་ཚོགས་པ་གསུམ་པོ་དེར་མ་འདུས་པ་གང་ཡང་མེད་པས་ཆོས་ཐམས་ཅད་ཀུན་བྱེད་ཉིད་ཀྱི་རང་བཞིན་དུ་བསྟན་པའོ། །རྩ་བའི་གསུམ་པ་ཐམས་ཅད་རང་བྱུང་ཡེ་ཤེས་སུ་དོན་བསྡུ་བ་ནི། གོང་དུ་བསྟན་པའི་རྒྱུ་མཚན་དེས་ན་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཉིད་ནི་སྐུ་གསུམ་གྱི་སྟོན་པ་གཞན་ཀུན་ལས་ཁྱད་པར་དུ་འཕགས་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་འགྱུར་བ་མེད་པ་བདེ་བ་ཆེན་པོའི་རང་བཞིན་འགག་མེད་རང་གསལ་དུ་གནས་པ་འདི་ཉིད་ཡིན་ལ། དེ་བཞིན་དུ་བསྟན་པ་ཡང་ནི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་མ་བཅོས་བརྗོད་བྲལ་བྱར་མེད་ཆེན་པོ་ལས་གཞན་དུ་ཡོད་པ་མ་ཡིན་ཞིང་། བསྟན་པ་དེ་ཉིད་འཛིན་པའི་རྣམ་པར་སྣང་བའི་འཁོར་གྱི་རང་བཞིན་ཡང་ནི་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་པས་ན་སྐུ་གསུམ་གྱི་བསྟན་པ་དེ་ཉིད་ང་ཡི་ངོ་བོ་སྟོང་གསལ་རང་ཡན་བློ་འདས་ཆེན་པོས་འཛིན་པར་བྱེད་པ་ཡིན་ནོ། །ཅེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཐམས་ཅད་ཀྱི་སྟོན་པ་ཀུན་བྱེད་ཉིད་ཡིན་པར་ཞལ་གྱིས་བཞེས་པའི་ལེའུ་སྟེ་ཞེ་གསུམ་པའི་འགྲེལ་བའོ།། ༈ །།དོན་བཞི་པ་རང་བྱུང་གི་སེམས་ཉིད་བྱ་བཙལ་ལས་འདས་པས་བྱ་རྩོལ་རྒྱུ་འབྲས་ཀྱིས་འབད་མི་དགོས་པའི་རང་བཞིན་གཏན་ལ་འབེབ་པའི་ལེའུ་ཞེ་བཞི་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་གཞི་གནས་རང་བྱུང་གི་ཡེ་ཤེས་སྐུ་གསུམ་དབྱེར་མེད་ཆེན་པོ་ཡེ་ནས་རང་བཞིན་རྣམ་དག་གི་སངས་རྒྱས་དེ་ཉིད་ཆོས་རྣམས་ཀུན་གྱི་སྟོན་པ་མཐར་ཐུག་པ་ཡིན་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ཀྱི་རང་བཞིན་ཡེ་ནས་བཅོས་བསྒྱུར་སྤང་བླང་མེད་པར་བྱས་ཟིན་པ་ཡིན་པས་དེ་ལ་ལྟ་སྒོམ་དང་ས་ལམ་སྦྱང་བགྲོད་ལ་སོགས་པའི་བྱ་བ་གང་ཡང་མེད་པའི་དོན་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ་སྟེ། ཡེ་ནས་ཆོས་ལ་བྱར་མེད་པ། བྱས་ན་བློས་བྱས་འཆིང་བར་འགྱུར་བ། ཇི་བཞིན་པ་ལ་བཅོས་སུ་མེད་པ། ཡེ་བཞིན་མ་བཅོས་ཡོན་ཏན་བཤད་པ། སྐལ་མེད་གཞན་ལ་གདམས་ཚུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། བྱར་མེད་བྱས་ཟིན་ལྷུན་གྱིས་གྲུབ་པ། དེ་ཉིད་མ་བཅོས་རྣལ་དུ་བཞག་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ། དགག་སྒྲུབ་སྤང་བླང་ལ་སོགས་པའི་བྱ་བ་གང་ཡང་མེད་པར་མ་བཅོས་ལྷུན་གྱིས་གྲུབ་པའི་དོན་འདི་ནི་ཀུན་བྱེད་ང་ཡི་རང་བཞིན་འགྱུར་བ་མེད་པའི་གཤིས་ལུགས་ཏེ། དེ་ཡང་ང་ལ་རྩོལ་བསྒྲུབ་ཀྱི་བྱ་བ་གང་ཡང་མེད་པ་ནི། རྒྱུ་མཚན་ཅིའི་ཕྱིར་ཞེ་ན་ང་ནི་ཡེ་ནས་བྱ་བ་ཐམས་ཅད་བྱས་ཟིན་ལྷུན་གྱིས་གྲུབ་པ་ཡིན་པས་ད་གསར་དུ་བསྒོམ་བསྒྲུབ་དང་སྦྱང་བགྲོད་ལ་སོགས་པའི་བྱ་བ་གང་ཡང་མེད་པའི་ཆོས་ཉིད་ཡིན་པའི་ཕྱིར་རོ་ཞེས་སོ། །གཉིས་པ་ནི། དེས་ན་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་ཡེ་ཇི་བཞིན་པ་ལས་རང་བཞིན་དེ་ལ་རྩོལ་སྒྲུབ་ཀྱིས་བཅོས་བསྒྱུར་གང་ཡང་བྱ་རུང་མེད་ལ། ཅིའི་ཕྱིར་ན་རང་བཞིན་རང་བཞིན་ཅེས་བྱ་བ་དེ་ནི་བྱ་རྩོལ་གྱིས་བཅོས་སུ་མེད་པའི་རང་བཞིན་ཡིན་པའི་ཕྱིར་ཏེ་མེའི་རང་བཞིན་ཚ་བ་ལས་གཞན་དུ་བཅོས་སུ་མེད་པ་བཞིན་ནོ། །དེས་ན་བཅོས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་དེ་ལ་ནི་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་མ་འཆོས་ཤིག །སེམས་དཔའ་རྡོ་རྗེས་གལ་ཏེ་རང་བཞིན་བསྒྱུར་དུ་མེད་པའི་ཆོས་ཉིད་དེ་ལ་རྒྱུ་འབྲས་བྱ་རྩོལ་གྱིས་འཆོས་པར་བྱས་ན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ལ་བཅོས་པ་ཡིན་ལ། དེ་ལྟར་ཀུན་བྱེད་ང་ལ་བཅོས་བསྒྱུར་བྱས་ན་ཆོས་ཐམས་ཅད་བཅོས་པ་ཡིན་ཏེ། ཅིའི་ཕྱིར་ན་ཇིི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་ཀྱང་ཀུན་བྱེད་ང་ཡི་རང་བཞིན་ཡིན་པའི་ཕྱིར་རོ། །གཉིས་པ་ལ་ལྔ་སྟེ། བསྒོམ་བསྒྲུབ་བཅོས་བསྒྱུར་འཆིང་བར་བསྟན་པ། འཛིན་ཞེན་དམིགས་པའི་ཡུལ་ལས་འདས་པ། ཐམས་ཅད་ཀུན་བྱེད་ཆོས་ཉིད་ཡིན་པ། དེ་ལ་སྤང་བླང་འབྲས་བུ་མེད་པ། སྤང་བླང་དེ་ཉིད་ཆོས་སྐུར་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་རང་བྱུང་གི་ཡེ་ཤེས་ཉིད་ལ་བཅོས་པས་མི་འགྲུབ་པའི་ཚུལ་འདི་ཉོན་ཅིག་དང་། འདི་ལྟར་སྟོན་པ་ང་ཡི་རང་བཞིན་ནི་རྒྱུ་རྐྱེན་རྩོལ་སྒྲུབ་ལ་ལྟོས་པ་མེད་པ་ཡེ་སྟོང་འདུས་མ་བྱས་པ་བྱ་རྩོལ་གང་གིས་ཀྱང་འགྱུར་བ་མེད་པའི་ཆོས་ཉིད་ཡིན་པ་ལ། དེ་ལ་གལ་ཏེ་བློ་རྣམ་པར་རྟོག་པས་བསྒོམ་པར་བྱས་ན་ང་ཡི་རང་བཞིན་འཆོས་ཤིང་བསྒྱུར་བ་ཡིན་ལ། དེ་བཞིན་དུ་ང་ནི་ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་སུ་གྲུབ་ཟིན་པ་ལ་སླར་ཡང་རེ་དོགས་སྤང་བླང་གིས་བསྒྲུབ་པར་བྱས་ན་ང་ལ་བཅོས་བསྒྱུར་བྱས་པ་ཡིན་ཞིང་། དེ་ལྟར་བསྒོམ་བསྒྲུབ་ཀྱིས་བཅོས་སུ་མེད་པ་ལ་བཅོས་བསྒྱུར་བྱེད་པ་དེ་ནི་འབྲས་བུ་གྲུབ་པ་མེད་པར་མ་ཟད་རེ་དོགས་རྩོལ་བའི་ནད་ཀྱི་རང་གི་རྒྱུད་གདུང་ཞིང་སླར་ཡང་འཆིང་བར་འགྱུར་བ་ལས་མེད་པར་གསུངས་སོ། །གཉིས་པ་ནི། འདི་ལྟར་ཆོས་ཐམས་ཅད་ཡེ་ནས་སྙིང་པོ་བྱང་ཆུབ་སེམས་ཀྱི་ཀློང་དུ་གནས་པ་ཡིན་པས་དེ་ལས་གཞན་དུ་ང་ལ་བགྲོད་པས་ཕྱིན་པ་ཡི་གནས་ཞིག་མེད་ལ། དེ་བཞིན་དུ་ང་ཡི་རང་བཞིན་ཡེ་ནས་སངས་རྒྱས་པའི་བདག་ཉིད་ཡིན་པས་དེེ་ལ་བཙལ་ཞིང་བསྒྲུབ་པས་སྔར་བས་ལྷག་པའི་འབྲས་བུ་ཞིག་གྲུབ་པ་མེད་པ་དང་། གདོད་ནས་འོད་གསལ་འདུས་མ་བྱས་པ་དྲི་བྲལ་ཆོས་སྐུའི་ངོ་བོར་གནས་པ་ང་ལ་བསྒྲིབ་པའི་དྲི་མ་སྦྱངས་བས་བྱང་བ་མེད་དེ་སྦྱངས་བྱའི་དྲི་མ་ཞིག་གདོད་ནས་མེད་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་མཚན་རྟོག་བློ་ཡི་སྤྱོད་ཡུལ་ཐམས་ཅད་ལས་འདས་པ་ང་ལ་ཡོད་མེད་དང་སྣང་སྟོང་རྟག་ཆད་ལ་སོགས་པ་ལྟ་ཅི་སྤྲོས་བྲལ་དང་དམིགས་མེད་བརྗོད་བྲལ་ལ་སོགས་པ་གང་དུའང་མ་བལྟ་བར་བྱ་བའི་ཡུལ་གང་ཡང་མེད་པར་སེམས་དཔའ་ཉིད་ཀྱིས་ཤེས་པར་གྱིས་ཤིག་ཅེས་དང་། ང་ཡི་རང་བཞིན་བྱང་ཆུབ་ཀྱི་སེམས་ལས་གཞན་དུ་ལམ་ལ་མ་བགྲོད་པར་བགྲོད་པར་བྱ་བའི་ལམ་རྣམས་གྲུབ་པ་མེད་པར་ཤེས་ཀྱིས་སམ་ཤེས་པར་གྱིས་ཤིག །ང་ཡི་རང བཞིན་ལ་རྩོལ་སྒྲུབ་ཀྱིས་སྦྱང་བྱའི་དྲི་མ་མ་སྦྱངས་པར་སྒྲིབ་པའི་དྲི་མ་མེད་ཀྱིས་སམ་མེད་པར་ཤེས་པར་གྱིས་ལ་དགག་སྒྲུབ་བླང་དོར་གྱི་མཐའ་གང་ལའང་མི་གནས་ཤིང་དམིགས་པའི་ཡུལ་ཀུན་དང་བྲལ་བར་གནས་པ་བྱ་སྟེ། བྱང་ཆུབ་ཀྱི་སེམས་ནི་སྤྲོས་པའི་མཐའ་མེད་ཅིང་བསམ་པའི་ཡུལ་ཀུན་ལས་ཡེ་ནས་འདས་པའི་ཕྱིར་རོ། །གསུམ་པ་ནི། འདི་ལྟར་བྱང་ཆུབ་སེམས་ཀྱི་ངོ་བོ་ལ་བཅོས་བསྒྱུར་དང་སྤང་བླང་མེད་པ་དེ་ལྟར་ཡིན་དུ་ཆུག་ཀྱང་འཁྲུལ་བའི་ཞེན་རྟོག་ཐམས་ཅད་སྦྱོང་བར་ཅིའི་མི་བྱེད་སྙམ་ན། སེམས་ཅན་རྣམས་ཀྱི་གཟུང་འཛིན་གྱི་ཞེན་པས་བརྟགས་པའི་སྣང་སྲིད་སྣོད་བཅུད་ཀྱི་ཆོས་རྣམས་ཐམས་ཅད་ནི་ཀུན་བྱེད་ང་ཡི་ངོ་བོ་རིག་པ་བྱང་ཆུབ་སེམས་ཀྱི་རྩལ་སྣང་མངོན་དུ་བསྟན་པ་ཡིན་པའི་ཕྱིར་ན་མ་བཅོས་མཉམ་པ་ཉིད་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པས་བླང་དོར་ཅི་ཡང་མེད་པར་གསུངས་ཏེ། གཏིང་རྫོགས་ལས། འཇིག་རྟེན་པ་དང་འདས་པའི་ཆོས་རྣམས་ཀུན། །གཉིས་ཀའི་གཞི་ནི་ངོ་བོ་ཆོས་སྐུར་ངེས། །ཡུལ་གྱི་སྣང་བ་མ་ངེས་སྣ་ཚོགས་པ། །བླང་དོར་མེད་ཕྱིར་ཆོས་རྣམས་ལྷུན་གྱིས་གྲུབ། །ཅེས་གསུངས་པ་བཞིན་ནོ། །བཞི་པ་ནི། དེ་ལྟར་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངོ་བོ་ཡིན་པ་དེ་ལ་དེ་ལྟར་མ་རྟོགས་པར་གཟུང་འཛིན་མ་དག་པའི་ཆོས་སུ་བཟུང་ནས་སྤོང་བ་དང་འགོགས་པའི་ཐབས་ལ་སུ་ཞིག་རྩོལ་བར་བྱེད་པ་དེས་ནི་བསྐལ་པ་གསུམ་གྱི་བར་དུ་ནི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་སྤང་བླང་རྩོལ་བསྒྲུབ་ལས་འདས་པ་ང་དང་འཕྲད་པར་མི་འགྱུར་རོ་ཞེས། དོན་དུ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་སྤངས་བ་ཡིན་པར་བསྟན་ཏེ། བདུད་རྩི་བཅུད་ཐིག་ལས། དུས་གསུམ་སྤངས་ཀྱང་ང་སྤངས་སོ། །སྐུ་ལྔ་བསྒྲུབ་ཀྱང་ང་སྤངས་སོ། །དུག་ལྔ་སྤངས་ཀྱང་ང་སྤངས་སོ། །མ་རིག་སྤངས་ཀྱང་ང་སྤངས་སོ། །ཡེ་ཤེས་བསྒྲུབས་པས་ང་སྤངས་སོ། །རྣམ་རྟོག་སྤངས་པས་ང་སྤངས་སོ། །ཆོས་ཉིད་བསྒྲུབས་པས་ང་སྤངས་སོ། །འཁོར་བ་སྤངས་ཀྱང་ང་སྤངས་སོ། །མྱང་འདས་བསྒྲུབས་ཀྱང་ང་སྤངས་སོ། །སེམས་ཅན་སྤངས་ཀྱང་ང་སྤངས་སོ། །སངས་རྒྱས་བསྒྲུབ་ཀྱང་ང་སྤངས་སོ། །ཞེས་གསུངས་པ་ལྟར་རོ། །ལྔ་པ་ནི། དེ་ལྟར་སྤང་བྱའི་དྲི་མ་སྤངས་བས་བྱང་ཆུབ་ཀྱི་སེམས་ཅིའི་ཕྱིར་སྤངས་བ་ཡིན་ཏེ་དེ་ཉིད་དག་པར་བྱས་པ་མ་ཡིན་ནམ་སྙམ་ན། འདི་ལྟར་སྤང་བར་བྱ་བའི་རང་བཞིན་གཟུང་འཛིན་ཉོན་མོངས་པའི་ཆོས་སུ་སྣང་བ་དེ་དག་ནི་དོན་ལ་སྤང་བྱའི་ཆོས་སུ་གྲུབ་པ་མེད་པར་རིག་པ་རང་གི་ངོ་བོ་འོད་གསལ་བྱང་ཆུབ་སེམས་ཀྱི་རྩལ་སྣང་འགགས་མེད་དུ་ཤར་བ་ཡིན་པར་བཤད་པས་ན་དེ་དག་སྤངས་ཀྱང་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་སྤངས་བ་ཡིན་པར་གསུངས་སོ། །གསུམ་པ་ཇི་བཞིན་པ་ལ་བཅོས་སུ་མེད་པ་ལ་ལྔ་སྟེ། ཆོས་རྣམས་དངོས་པོ་མཚན་མར་མེད་པ། ཡེ་ནས་མ་ནོར་རྩོལ་སྒྲུབ་འདས་པ། བྱ་རྩོལ་བྱང་ཆུབ་གེགས་སུ་ཆེ་བ། །རྣལ་བཞག་ཆོས་ཀྱི་སྙིང་པོར་བསྟན་པ། ཀུན་འདུས་གསང་བའི་མཆོག་ཏུ་གྱུར་བའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ། འདི་ལྟར་སྙིང་པོ་བྱང་ཆུབ་ཀྱི་སེམས་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ་ཀུན་བྱེད་པའི་རྒྱལ་པོ་སྟེ། དེ་ལྟ་བུའི་ཀུན་བྱེད་བྱང་ཆུབ་སེམས་ཀྱིས་བྱས་པ་ཡི་ཆོས་རྣམས་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ཡེ་གྲོལ་འདུས་མ་བྱས་པའི་རང་བཞིན་ལས་གཞན་དུ་དངོས་པོ་མཚན་མའི་ཆོས་སུ་བྱས་པ་ནི་གང་ཡང་མེད་ལ། བྱང་ཆུབ་ཀྱི་སེམས་ནི་ཡེ་གདོད་མ་ཉིད་ནས་མ་ནོར་དེ་བཞིན་ཉིད་ཀྱི་ངོ་བོ་མ་བཅོས་ལྷུན་གྱིས་གྲུབ་པའི་བདག་ཉིད་ཡིན་པའི་ཕྱིར་ན་དམིགས་མཚན་བློ་ཡི་སྤྱོད་ཡུལ་ཀུན་ལས་འདས་པ་སྟེ། ཡང་འབྱེད་ལས། ཅིར་སྣང་ཅི་སྲིད་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཀྱི་སྣང་བ་སྟེ། །སེམས་ལས་མ་གཏོགས་ཆོས་གཞན་མེད། །ཅི་ལྟར་སྣང་བའི་ཆོས་རྣམས་ཀུན། །བྱུང་ཡང་བྱང་ཆུབ་སེམས་ལས་བྱུང ། །བྱས་ཀྱང་བྱང་ཆུབ་སེམས་ཀྱིས་བྱས། །སྣང་ཡང་བྱང་ཆུབ་སེམས་ལ་སྣང་། །འདུས་ཀྱང་བྱང་ཆུབ་སེམས་སུ་འདུས། །རྫོགས་ཀྱང་བྱང་ཆུབ་སེམས་སུ་རྫོགས། །ཡིན་ཀྱང་བྱང་ཆུབ་སེམས་ཉིད་ཡིན། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །སྣང་བ་མེད་པར་ཀུན་ལ་ཁྱབ། །བཙལ་བ་མེད་པར་ལྷུན་གྱིས་གྲུབ། །བགྲོད་པ་མེད་པར་ས་རྣམས་ནོན། ། བྱས་པ་མེད་པ ར་ལས་རྣམས་ཟིན། །ཞེས་པ་ལྟར་རོ། །གཉིས་པ་ནི། དེ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཡིན་ཞིང་བྱང་ཆུབ་ཀྱི་སེམས་ནི་ཡེ་ནས་སྤྲོས་མེད་བརྗོད་བྲལ་གྱི་ངོ་བོ་ལྷུན་གྲུབ་གཞི་ཡི་སངས་རྒྱས་འཁྲུལ་མེད་ཡེ་ཡིན་ཆེན་པོའི་བདག་ཉིད་ཡིན་པས་ན་རང་གི་ངོ་བོ་ཡེ་ནས་ནོར་བ་མེད་པའམ་འཁྲུལ་བ་མེད་པ་ཡིན་ལ། དེ་ལྟར་ནོར་བ་མེད་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་དེ་ནི་དབྱེར་མེད་བདེ་བ་ཆེན་པོ་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་རང་བཞིན་ཡིན་ཞིང་། ཐིག་ལེ་ཉག་གཅིག་ཞེས་པ་དེ་ཡང་ཚིག་གི་མཚོན་པ་ཙམ་ལས་དོན་ལ་མིང་ཙམ་ཡང་མ་གྲུབ་པའི་ཕྱིར་ན། དེ་ལ་བདེན་པ་མྱ་ངན་ལས་འདས་པ་དང་བརྫུན་པ་འཁོར་བའི་ཆོས་སོགས་སུ་སྒྲོས་མི་འདོགས་ཞིང་། དེ་ལྟར་བདེན་རྫུན་ལ་སོགས་པ་གང་དུའང་མེད་པ་དེས་ན་རྒྱུ་བདེན་པ་མ་ནོར་བའི་ལམ་ཞིག་ལ་བརྟེན་ནས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པ་ལ་སོགས་པའི་རྩོལ་སྒྲུབ་ཀུན་ལས་འདས་པ་བྱར་མེད་བློ་འདས་ཆེན་པོའི་རང་བཞིན་དུ་ལ་བཟླ་བར་གསུངས་ཏེ། སྔ་མ་ལས། ཆོས་གཅིག་བྱ་བའི་མཚན་ཉིད་ནི། །ལ་ཆེན་བཟླ་བའི་གདམས་ངག་ཡིན། །དེ་ཡང་འདི་ལྟར་ཤེས་པར་བྱ། །ཆོས་གཅིག་བྱ་བའི་མིང་ཡང་མེད། །གཅིག་པོ་ཉིད་ཀྱང་གཅིག་ལས་འདས། །འདས་པའི་དོན་ལ་བརྗོད་དུ་མེད། །འདས་པའི་དོན་ལ་མཚོན་དུ་མེད། །འདས་པའི་དོན་ལ་བདེ་རུ་མེད། ། འདས་པའི་དོན་ལ་གཟུང་དུ་མེད། །འདས་པའི་དོན་ལ་འདོད་དུ་མེད། །འདས་པའི་དོན་ལ་བྱ་རུ་མེད། །འདས་པའི་དོན་ལ་བཙལ་དུ་མེད། །འདས་པའི་དོན་ལ་དགག་ཏུ་མེད། །འདས་པའི་དོན་ལ་བསྒྲུབ་ཏུ་མེད། །འདས་པའི་དོན་ལ་བླང་བྱ་མེད། །འདས་པའི་དོན་ལ་དོར་བྱ་མེད། །འདས་པའི་དོན་ལ་སྤང་བྱར་མེད། །འདས་པའི་དོན་ལ་བསྒོམ་དུ་མེད། །འདས་པའི་དོན་ལ་སྤྱད་དུ་མེད། །འདས་པའི་དོན་ལ་བསྲུང་དུ་མེད། །འདས་པའི་དོན་ལ་བྱ་བཙལ་མེད། །འདས་པའི་དོན་ལ་བགྲོད་དུ་མེད། །འདས་པའི་དོན་ལ་ཐོབ་ཏུ་མེད། །མེད་པ་ཉིད་ཀྱང་དེ་ལས་འདས། །དེ་ལ་ཡིད་ལ་བྱ་རྒྱུ་མེད། །དེ་ལ་སེམས་ཀྱིས་གཟུང་དུ་མེད། །དེ་ལ་བློ་ཡིས་བཅོས་སུ་མེད། །དེ་ལ་འཕྲོས་དང་མ་འཕྲོས་མེད། །ཅེས་པ་ལ་སོགས་པ་གསུངས་པ་ལྟར་ཞེན་འཛིན་དང་སྤང་བླང་རེ་དོགས་དང་རྩོལ་བསྒྲུབ་གང་ཡང་མེད་པར་ལ་བཟླ་བར་བྱའོ། །གསུམ་པ་ནི། གལ་ཏེ་རྒྱུ་རྐྱེན་རྩོལ་སྒྲུབ་ལ་མ་ལྟོས་པར་ཆོས་ཐམས་ཅད་ཡེ་ནས་མངོན་པར་རྫོགས་པ་སངས་རྒྱས་པའི་རང་བཞིན་དུ་གཞི་རྫོགས་ལྷུན་གྱིས་གྲུབ་པར་བྱས་ཟིན་པ་ཡིན་པས་བླང་དོར་རྩོལ་སྒྲུབ་ཀུན་ལས་འདས་པ་ཡིན་པའི་དོན་ཏེ་མ་རིག་ནས། སྤོང་འགོག་སྦྱོང་བསྒྱུར་ལ་སོགས་པའི་རྩོལ་སྒྲུབ་བྱ་བྱེད་ཀྱིས་ལམ་བསྒོམས་པ་ལ་བརྟེན་ནས་འབྲས་བུ་སྔར་མེད་གསར་བྱུང་ཞིག་གྲུབ་ཏུ་ཡོད་པར་བལྟ་ན་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལྷུན་གྲུབ་གདོད་མའི་སངས་རྒྱས་སུ་བཞུགས་པ་རང་གི་གམ་དུ་བཞག་སྟེ། དེ་ལས་གཞན་དུ་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་བཙལ་བས་བསྐལ་པའི་བར་དུ་བཙལ་ཀྱང་རྙེད་པ་མེད་པས་ན་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་ཞལ་མངོན་དུ་མཐོང་བའི་གེགས་སུ་དེ་ལས་ཆེ་བ་མེད་པར་གསུངས་སོ། །བཞི་པ་ནི། དེ་ལྟར་རྩོལ་སྒྲུབ་ཐམས་ཅད་བྱང་ཆུབ་ཀྱི་གེགས་སུ་འགྱུར་བ་ཡིན་པ་དེས་ན་རེ་དོགས་དང་བྱ་རྩོལ་ཅི་ཡང་མི་བྱེད་པར་མ་བཅོས་རྣལ་མར་བཞག་པར་བྱ་སྟེ། དེ་ཡང་སེམས་ཉིད་རང་བྱུང་གི་ཡེ་ཤེས་ནི་སྤྲོས་པའི་མཐའ་གང་ལའང་མི་གནས་ཤིང་དམིགས་པའི་ཡུལ་གང་ལ་མི་རྟོག་པ་དང་རྣམ་པ་ཅིར་ཡང་དགོངས་པ་མེད་པས། གདོད་ནས་བསམ་ཡུལ་ལས་འདས་ཤིང་མི་རྟོག་མཉམ་པའི་རང་བཞིན་ཆོས་ཉིད་ཡངས་པ་ཆེན་པོའི་ཡུལ་ལ་རང་བཞིན་གྱིས་གནས་པ་ཡིན་ལ། དེ་ལྟར་སེམས་ཉིད་ཡེ་ནས་རྟོག་མེད་ཆོས་སྐུའི་རང་བཞིན་དུ་བྱས་ཟིན་པ་ཡིན་པས་ད་གཟོད་རྩོལ་སྒྲུབ་བྱ་བའི་སེམས་མི་འབྱུང་བར་རྩོལ་མེད་བདེ་བ་ཆེན་པོའི་དོན་དེ་ལ་གང་ཟག་སུ་ཞིག་གནས་པ་དེ་ནི། ཆོས་རྣམས་ཀུན་གྱི་སྙིང་པོ་སྟོན་པ་ཀུན་བྱེད་ང་དང་དབྱེར་མེད་པར་གང་ཟག་དེ་ཉིད་མངོན་སངས་རྒྱས་པར་འགྱུར་རོ་ཞེས་པའོ། །ལྔ་པ་ནི། དེ་ལྟ་བུའི་ཆོས་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཡིས་བདག་གཞན་ཀུན་གྱི་དོན་ནི་གང་ཡང་མི་བྱེད་ཅེས་བྱ་བྱེད་རྩོལ་བསྒྲུབ་ཀྱི་རྟོག་པ་ཀུན་དང་བྲལ་བར་བསྟན་ལ། ཆོས་ཐམས་ཅད་གཅིག་ཏུ་འདུས་པའི་བདག་ཉིད་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་འཁོར་འདས་ཐམས་ཅད་ཀུན་འདུས་པའི་སྙིང་པོ་དེས། འཁོར་འདས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་བཞིན་ལས་གཞན་དུ་མེད་པས་ཡུལ་དང་ཡུལ་ཅན་བལྟ་བྱ་ལྟ་བྱེད་གཉིས་ཀྱི་ཚུལ་ལ་མ་བལྟས་ཀྱང་། དུས་གསུམ་གྱི་སངས་རྒྱས་ཀུན་གྱི་ཐུགས་ཀྱང་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་ན་བསྒྲིབ་མེད་མངོན་སུམ་གྱི་ཚུལ་དུ་གསལ་ཞིང་འཕོ་འགྱུར་མེད་པར་གནས་ལ། དེ་བཞིན་དུ་ཉོན་མོངས་པ་ལ་སོགས་པ་གང་གིས་ཀྱང་མ་བསྒྲིབས་པར་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་ཀློང་ཡངས་པ་སྟོང་གསལ་ཟང་མ་ཐལ་བྱུང་གི་ངང་དུ་སེམས་ཅན་ཀུན་གྱི་སེམས་ཀྱང་སྣང་ཞིང་གསལ་ན་ཡང་། བྱང་ཆུབ་ཀྱི་སེམས་རང་གི་རང་བཞིན་ནི་དམིགས་མཚན་སྤྲོས་པ་དང་བྲལ་བ་ཁྱབ་གདལ་ནམ་མཁའ་ལྟ་བུར་ངོ་བོ་ངོས་བཟུང་དང་བྲལ་བས་སུ་ལའང་སྣང་བ་མེད་པས་མཆོག་ཏུ་གསང་བའི་ཆོས་ཉིད་དུ་གསུངས་པས་ན། དེ་ཉིད་བྱ་བྱེད་སྒོམ་སྒྲུབ་ལ་སོགས་པས་མཐོང་བ་དང་རྟོགས་པའི་རེ་སྨོན་མི་བྱ་བར་མ་མཐོང་བ་ཉིད་མཐོང་བའི་དམ་པར་ཤེས་ནས་བྱར་མེད་རང་བབས་ཀྱི་ངང་དུ་འཇོག་པར་བྱ་སྟེ། བདུད་རྩི་བཅུད་ཐིག་ལས། ང་ནི་སྣང་སྲིད་ཀུན་ལ་སྣང་། །ཀུན་ལ་སྣང་སྟེ་ང་མི་མཐོང ། །མ་མཐོང་བ་ཡི་ངང་ལ་ཞོག །ང་ནི་སྣོད་བཅུད་ཀུན་ལ་ཁྱབ། །ཀུན་ལ་ཁྱབ་པས་ངོས་བཟུང་མེད། །ངོས་བཟུང་མེད་པའི་ངང་ལ་ཞོག །ང་ནི་ཀུན་གྱི་དངོས་གཞི་སྟེ། །དངོས་གཞི་མེད་པས་གྲུབ་པ་མེད། །གྲུབ་པ་མེད་པའི་ངང་ལ་ཞོག །ང་ཡིས་ཐམས་ཅད་ཕྱེ་བ་སྟེ། །ཕྱེ་མཁན་རྟོག་པ་གཅིག་ཀྱང་མེད། །མ་ཕྱེ་བ་ཡི་ངང་ལ་ཞོག །ང་ནི་ཀུན་ལ་སྣང་བ་སྟེ། །ཀུན་གྱིས་ང་ནི་སྣང་མི་འགྱུར། །མི་སྣང་བ་ཡི་ངང་ལ་ཞོག །ཅེས་པ་ལ་སོགས་པས་བསྟན་པ་ལྟར་རོ། །བཞི་པ་ཡེ་བཞིན་མ་བཅོས་ཡོན་ཏན་བཤད་པ་ལ་གསུམ་སྟེ། མཆོག་དོན་སྐྱེ་མེད་དུ་ཡེ་ནས་གནས་པས་སངས་རྒྱས་གདོད་ཀྱིས་བསྒྲུབ་མི་དགོས་པའི་ཡོན་ཏན། དོན་ལྔ་ཡེ་ནས་ལྷུན་གྱིས་རྫོགས་པས་ད་གདོད་འབད་པས་བསྒྲུབ་མི་དགོས་པའི་ཕན་ཡོན། ཡེ་ནས་ཕུན་སུམ་ཚོགས་པར་གྲུབ་པས་ད་གཟོད་བཙལ་བས་སྒྲུབ་མི་དགོས་པའི་ཕན་ཡོན་ནོ། །དང་པོ་ནི། ཀྱེེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཐམས་ཅད་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་ཀློང་དུ་ཡེ་གྲོལ་བསྐྱར་གཞི་མེད་པར་གྲོལ་ཟིན་པ་ཡིན་པས་ཀུན་བྱེད་རྒྱལ་པོ་ང་ཡིས་སེམས་ཅན་ཐམས་ཅད་ཀྱི་དོན་ཡེ་གདོད་མ་ཉིད་ནས་བྱས་ཟིན་པ་ཡིན་ལ། དེ་ལྟར་ཀུན་བྱེད་ང་ཡིས་ཁམས་གསུམ་རྒྱུད་དྲུག་གི་འགྲོ་བ་ཐམས་ཅད་ཀྱི་གཏན་བདེ་འགྱུར་བ་མེད་པའི་དོན་ཀ་དག་ཀུན་ཏུ་བཟང་པོའི་ས་ལ་མ་སྦྱངས་ཡེ་བགྲོད་ཀྱི་ཚུལ་དུ་བཀོད་དེ། འཁོར་བ་མ་སྤང་བར་ཀ་ནས་དག་ཅིང་མྱང་འདས་མ་བསྒྲུབ་པར་ལྷུན་གྱིས་གྲུབ་པའི་བྱ་བ་བྱས་ཟིན་པ་དེས་ན་ད་སེམས་ཅན་གཞན་གྱིས་རྒྱུ་འབྲས་བླང་དོར་སོགས་ཀྱི་བྱ་བ་ཅི་ཡང་བྱེད་མི་དགོས་ཏེ། རང་གི་ངོ་བོ་ཡེ་ནས་བྱས་ཟིན་པ་ལས་རྒྱུ་རྐྱེན་གཞན་ལ་ལྟོས་པར་སྟོན་པའི་ཆོས་དེ་ནི་ཀུན་བྱེད་ང་ཡི་ངེས་པའི་ལུང་མིན་ཏེ། ཅིའི་ཕྱིར་ན་ང་ལ་ཆོས་ཐམས་ཅད་ཀུན་མ་བཙལ་ལྷུན་གྱིས་རྫོགས་ཤིང་དེ་ཡང་ས་ལམ་སྦྱངས་བགྲོད་ལ་སོགས་པའི་བྱ་བ་ཐམས་ཅད་ཡེ་ནས་བྱས་ཟིན་པར་རྫོགས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་ཆོས་ཐམས་ཅད་ཡེ་ནས་གཞི་གྲོལ་རྫོགས་པ་ཆེན་པོའི་རང་བཞིན་དུ་བྱས་ཟིན་པའི་རྒྱུ་མཚན་དེས་ན། ད་གཟོད་རྫོགས་ཆེན་ཨ་ཏིའི་ལྟ་བ་ཞིག་བསྒོམ་མི་དགོས་ལ། དེ་བཞིན་དུ་ཆོས་ཉིད་ཡེ་ནས་རྣམ་པར་དག་ཅིང་འདའ་ཉམས་ལས་འདས་པས་དམ་ཚིག་བསྲུང་མི་དགོས་ཤིང་། ཡེ་ནས་གཞི་དབྱིངས་ཀ་དག་ཆེན་པོ་རིག་པ་བྱང་ཆུབ་སེམས་ཀྱི་ས་ལ་ཁམས་གསུམ་གྱི་སེམས་ཅན་ཀུན་ཀྱང་གནས་ཟིན་པ་ཡིན་པས་རིག་འཛིན་རྣམ་པ་བཞིའི་ས་དང་པོ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་སྦྱངས་བ་དང་ལམ་ལྔ་བགྲོད་མི་དགོས་ཞིང་། དགའ་རབ་རྡོ་རྗེས། དོན་གྱི་ལས་བཞི་ལྷུན་གྱིས་གྲུབ། །ཞེས་གསུངས་པ་ལྟར་གདུལ་བྱ་འདུལ་བའི་ཕྲིན་ལས་ཐམས་ཅད་མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར་ན་བྱ་བཙལ་རྩོལ་བའི་ཕྲིན་ལས་ཞིག་ཡེ་ནས་བྱ་མི་དགོས་པ་དང་། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡུལ་ལ་འཇུག་ཅིང་མི་རྟོག་པར་ཡེ་ནས་རྟོག་མེད་མཉམ་པ་ཆེན་པོའི་ངོ་བོར་གནས་པ་ཡིན་པས། དེ་ལྟ་བུའི་རིག་པའི་ཡེ་ཤེས་དེ་ལ་ཡུལ་གཟུང་འཛིན་དུ་རྟོག་པའི་སྐྱོན་གྱིས་ཡེ་ནས་གོས་མ་མྱོང་བའི་ཕྱིར་ན་ཆགས་སྡང་གཟུང་འཛིན་ཀྱི་རྟོག་པ་བསལ་མི་དགོས་ཞིང་། དེ་ལྟར་ལྟ་བ་དང་དམ་ཚིག་ལ་སོགས་པ་དོན་དམ་རང་བཞིན་ལྔ་པོ་དེ་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར་བྱ་བྱེད་རྩོལ་བའི་ནད་དང་བྲལ་བས་བདེ་བ་ཆེན་པོའི་རང་བཞིན་དུ་གནས་པའི་ཆོས་སྐུ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱིས་དུས་གསུམ་གྱིས་བསྡུས་པའི་འཁོར་འདས་ཀྱི་རྣམ་པར་སྣང་བའི་ཆོས་ཀུན་ལ་ཁྱབ་ཅིང་དབྱེར་མེད་གཅིག་གི་ཚུལ་དུ་གནས་པའི་ཕྱིར་ན། སྣང་སྲིད་ཀྱི་ཆོས་ཀུན་ལ་སྔ་ཕྱི་དུས་གསུམ་གྱི་དབྱེ་བ་མེད་དེ། འདི་ལྟར་བདག་གཞན་དང་བདེ་སྡུག་དགེ་སྡིག་འཁོར་འདས་ལ་སོགས་པ་ཆོས་ཅན་གྱི་ཁྱད་པར་མི་འདྲ་བ་ཇི་ལྟར་སྣང་བ་ཐམས་ཅད་དོན་ལ་འགྱུར་མེད་བདེ་བ་ཆེན་པོ་རིག་པ་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་དུ་གནས་པས་བཟང་ངན་བླང་དོར་ཐམས་ཅད་དང་བྲལ་བར་གསུངས་སོ། །གསུམ་པ་ནི། སྐུ་གསུམ་གྱི་སྟོན་པ་ལ་སོགས་པའི་ཕུན་སུམ་ཚོགས་པ་གསུམ་དང་དེ་དག་ལྷན་དུ་ཚོགས་པའི་དུས་དང་གནས་ཏེ་ཕུན་སུམ་ཚོགས་པ་ལྔ་པོ་ཐམས་ཅད་ཀུན་གཞན་དུ་མེད་པར་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དབྱིངས་སུ་གཅིག་པ་དང་། དེ་ལྟར་ཆོས་ཉིད་ཀྱི་ཀློང་དུ་ཕུན་སུམ་ཚོགས་པ་ཐམས་ཅད་གཅིག་གི་རང་བཞིན་ཡིན་པའི་ཕྱིར་ན་ཀུན་བྱེད་ང་ལ་ཆོས་དེ་དག་ཐམས་ཅད་ཀུན་རྫོགས་པ་ཡང་ཡིན་ཏེ། དཔེར་ན་རྒྱ་མཚོའི་ཀློང་དུ་བཀྲ་བའི་གཟའ་སྐར་གྱི་སྣང་བ་ཐམས་ཅད་གཟུགས་བརྙན་དུ་གཅིག་པའི་ཕྱིར་ན་རྒྱ་མཚོའི་ཀློང་དུ་མ་རྫོགས་པ་མེད་པ་བཞིན་ནོ། །དེ་ལྟར་ལྷུན་གྲུབ་རྫོགས་པ་ཆེན་པོ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ལ་ཇི་ལྟར་་བསྣང་བའི་ཆོས་ཐམས་ཅད་ཀུན་མ་རྫོགས་པ་མེད་པས་ལྟ་སྤྱོད་དང་ཕྲིན་ལས་དམ་ཚིག་ལམ་ལ་སོགས་པ་དེ་དག་ནི་གོང་དུ་བཤད་པ་བཞིན་དུ་གཞན་ནས་བཙལ་ཞིང་བསྒྲུབས་པར་བྱ་མི་དགོས་པའི་ཡོན་ཏན་དང་ལྡན་པར་གསུངས་པའོ། །ལྔ་པ་སྐལ་མེད་གཞན་ལ་གདམས་ཚུལ་བསྟན་པ་ལ་གཉིས་ཏེ། སྐལ་བ་མེད་པའི་རྒྱུ་མཚན་དང་། དེ་ལ་རྒྱུ་འབྲས་ཀྱི་དོན་སྤྱོད་ཕ་ཆོས་སྐུ་སྙིང་པོའི་དོན་ལ་དར་ཅིག་མ་རེ་ཅིག་པར་གདམས་པའོ། །དང་པོ་ནི། གོང་དུ་བསྟན་པ་དེ་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་མ་བྱས་ཡེ་ཟིན་དུ་གནས་པས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་ཡིན་པར་མ་རིག་པའི་དབང་གིས། གལ་ཏེ་ཐེག་པ་འོག་མ་ལྟར་རྩོལ་སྒྲུབ་བྱས་པར་གྱུར་ན་རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པའི་དོན་དང་འགལ་བར་འགྱུར་བས་ཡེ་ནས་བྱ་རྩོལ་མེད་པའི་གནས་ལུགས་འགྱུར་མེད་བདེ་བ་ཆེན་པོ་འོད་གསལ་རང་བྱུང་གི་ཡེ་ཤེས་དེ་དང་མི་འཕྲད་དེ། རྩོལ་སྒྲུབ་རེ་དོགས་ཀྱི་ནད་ཀྱིས་རྩོལ་མེད་ཡེ་སངས་རྒྱས་པའི་དོན་མ་རིག་པའི་སྐྱེ་བོ་རྨོངས་པ་དེ་ལ་ཟིན་པར་འགྱུར་རོ་ཞེས་སོ། །གཉིས་པ་ནི། དེ་ལྟར་ཨ་ཏི་རྫོགས་པ་ཆེན་པོའི་ཆོས་ལ་ལས་འབྲེལ་མེད་པའི་གང་ཟག་དེ་དག་རྒྱུ་འབྲས་རྩོལ་སྒྲུབ་ཀྱི་ནད་ཀྱིས་ཟིན་པ་ཡིན་པའི་རྒྱུ་མཚན་དེ་བས་ན། སྐལ་བ་དམན་པའི་གང་ཟག་དེ་དག་གིས་རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པའི་ཆོས་ཉིད་རྫོགས་པ་ཆེན་པོའི་དོན་ལ་རེ་ཞིག་ན། རྟོགས་པའི་སྐལ་བ་མེད་པས་མ་རེ་ཞིག་ཅེས་གསུངས་ཏེ། ཅིའི་ཕྱིར་ན་བྱར་མེད་རྫོགས་པ་ཆེན་པོ་ཡེ་བབས་སོར་བཞག་གི་དགོངས་པ་ཟབ་མོ་དེ་གོང་དུ་བསྟན་པའི་གང་ཟག་སྐལ་བ་དམན་པ་དེ་རྣམས་ཀྱིས་སྤྱོད་ཡུལ་མ་ཡིན་པས་རེ་འདོད་བྱས་ཀྱང་དོན་མེད་པའི་ཕྱིར་རོ། །དེས་ན་ཐེག་པ་འོག་མའི་རིགས་ཅན་གྱི་གང་ཟག་དེ་དག་གིས་རེ་ཞིག་རྫོགས་པ་ཆེན་པོའི་ལམ་སྟེགས་སུ་གསུངས་པའི་རྒྱུ་དང་འབྲས་བུའི་ཆོས་ཐེག་པ་ཐུན་མོང་གི་ལམ་ལ་སྤང་བླང་དུ་སྤྱད་པར་བྱའོ་ཞེས་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྫོགས་པ་ཆེན་པོ་གང་ཟག་སྐལ་མེད་རྣམས་ལ་བསྟན་ཀྱང་དོན་མེད་པས་ཤིན་ཏུ་རྣལ་འབྱོར་ཡང་རབ་རྣམས་ཀྱི་སྤྱོད་ཡུལ་དུ་བསྟན་པའི་ལེའུ་སྟེ་ཞེ་བཞི་པའི་འགྲེལ་བའོ།། ༈ །།དོན་ལྔ་པ་སེམས་ཉིད་ཇི་བཞིན་པ་བསྒོམ་བྱ་སྒོམ་བྱེད་ལས་འདས་པར་གཏན་ལ་འབེབས་པའི་ལེའུ་ཞེ་ལྔ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་ཆོས་ཐམས་ཅད་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་གདོད་ནས་ཡེ་གྲོལ་ཆེན་པོའི་རང་བཞིན་དུ་བྱས་ཟིན་པའི་དོན་ལ། ད་གསར་དུ་བྱ་རྩོལ་གང་ཡང་མི་དགོས་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་སྟོན་པ་ཀུན་བྱེད་རྒྱལ་པོས་རྩོལ་བྲལ་རྫོགས་པ་ཆེན་པོ་བློའི་སྤྱོད་ཡུལ་ལས་འདས་པ་ཡིན་པས། དེ་ལ་རེ་འདོད་རྩོལ་སྒྲུབ་ཀྱི་སྒོ་ནས་ལྟ་བ་བསྒོམ་དུ་མེད་པར་བྱར་མེད་རང་བབ་ཀྱི་ཚུལ་དུ་གནས་པར་གདམས་པའི་མདོ་ལུང་འདི་བསྟན་ཏོ། །གཉིས་པ་རྒྱས་བཤད་ལ་ལྔ་སྟེ། ལོ་རྒྱུས་དོན་གྱིས་བཤད་པ། ཡོ་གའི་དོན་གྱིས་བཤད་པ། དགོས་ཆེད་དོན་གྱིས་བཤད་པ། རྩ་བའི་དོན་གྱིས་བཤད་པ། ཚིག་གི་དོན་གྱིས་བཤད་པའོ། །དང་པོ་ལ་གཉིས་ཏེ། དབྱིངས་རང་བཞིན་བསྒོམ་དུ་མེད་པའི་གནས་ལུགས་བསྟན་པ་དང་། སྟོན་པ་སྐུ་གསུམ་གྱིས་འཁོར་ལ་བདེ་སྡུག་བླང་དོར་དུ་ཇི་ལྟར་བསྟན་པའི་ཚུལ་ལོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ། རྫོགས་པ་ཆེན་པོའི་རང་གཞུང་གི་ལྟ་བ་བསྒོམ་དུ་མེད་པར་གཏན་ལ་འབེབས་པ་ནི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཉིད་ཡིན་པའི་ཕྱིར་ན་ང་ལ་བསྒོམ་དུ་རྡུལ་ཙམ་མེད་པར་བསྟན་པ་ཡིན་ལ། དེ་ཡང་ཀུན་བྱེད་ང་ནི་བློའི་སྤྱོད་ཡུལ་ཀུན་ལས་འདས་པས་བསྒོམ་ཞིང་དམིགས་པའི་ཡུལ་དུ་གྱུར་པ་མ་ཡིན་ཏེ། ང་ནི་ཡེ་ནས་སྒོམ་སྒྲུབ་རྩོལ་བས་མ་བཅོས་པར་འཁོར་འདས་ཀྱི་ཆོས་ཀུན་ལ་ཆོས་ཉིད་འགྱུར་བ་མེད་པ་རང་བཞིན་དུ་གནས་པའི་ཕྱིར་རོ་ཞེས་རྫོགས་ཆེན་ལྟ་བ་བསྒོམ་དུ་མེད་པའི་དོན་ལ་ཡིད་ཆེས་བསྐྱེད་པའི་ཆེད་དུ་གང་ལས་འབྱུང་བའི་ཁུངས་སྟོན་པ་ཀུན་བྱེད་ཉིད་ཀྱི་རང་བཞིན་རྩོལ་སྒྲུབ་སྒོམ་པ་ལས་འདས་པར་བསྟན་པས་ལོ་རྒྱུས་དོན་བཤད་པའོ། །གཉིས་པ་ནི། དེ་ལྟར་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རང་གི་རང་བཞིན་ཡེ་ནས་མ་བཅོས་དེ་བཞིན་ཉིད་དུ་གནས་པའི་ཕྱིར་བསྒོམ་དུ་མེད་པ་དེ་ལ། སྟོན་པ་ཀུན་བྱེད་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། ཕྱི་སྣང་སྣོད་བཅུད་ཐམས་ཅད་ང་ཡི་རྩལ་ལས་མངོན་དུ་ཕྱུང་བའི་ཆོས་དོན་ལ་རང་བྱུང་ཡེ་ཤེས་ཆེན་པོའི་ངོ་བོ་ཉིད་ཡིན་པ་ལ། དེ་ལྟར་དུ་མ་བསྟན་པར་འདོད་པའི་ཡུལ་ལྔ་ལ་བསྐམ་ཞིང་ཆགས་པ་ལྔ་ཡི་དབང་གིས་འཁོར་བའི་སྡུག་བསྔལ་ཐམས་ཅད་འབྱུང་བ་ཡིན་ནོ་ཟེར་ནས། ཆོས་ཉིད་མ་བཅོས་པའི་ངང་དུ་རང་བབ་ལ་མི་འཇོག་པར། དགེ་སྦྱོང་གི་བརྟུལ་ཞུགས་ལ་གནས་པ་དང་ཉོན་མོངས་པ་རྣམས་སྤོང་བ་དང་འགེག་པར་བྱེད་པ་ལ་སོགས་པའི་ཐབས་བསྒོམ་པར་བྱེད་པའི་ལམ་དེ་ཉིད་ལུང་བསྟན་པས་རང་བྱུང་གི་ཡེ་ཤེས་མ་བཅོས་ཇི་བཞིན་པའི་དོན་དང་འགལ་བར་གྱུར་པ་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ཡོ་ག་ལ་ལྔ་སྟེ། ཉན་རང་། སེམས་དཔའ། ཀྲི་ཡ། ཡོ་ག །ནང་པ་གཉིས་ཀྱིས་བསྒོམ་པའི་སྐྱོན་ནོ། །དང་པོ་ནི། འདི་ལྟར་ལམ་ཕྱིན་ཅི་ལོག་ཏུ་གོལ་བ་མུ་སྟེགས་མུར་ཐུག་ཕྱལ་བ་རྒྱང་འཕེན་ཏེ་སྡེ་བཞི་པོ་དེ་ཉིད་སྟོན་པ་སྤྲུལ་པའི་སྐུའི་ཐུགས་རྗེ་ཡིས་བློ་དང་མོས་པ་བསྒྱུར་ནས་བྱིན་གྱིས་བརླབས་པའི་སྒོ་ནས་འཁོར་དུ་བཀོད་ནས། ཉན་རང་གི་ལམ་བདེན་བཞིའི་བླང་དོར་དང་རྟེན་འབྲེལ་གྱི་ལམ་བསྒོམ་པའི་སྒོ་ནས་སྡུག་བསྔལ་རྒྱུ་འབྲས་ཐམས་ཅད་སྤོང་ཞིང་འགོག་པར་བྱེད་པའི་ཚུལ་ལུང་བསྟན་པས། དེ་ལྟ་བུའི་ཉན་རང་གི་ལམ་ལ་གནས་པ་རྣམས་ཀྱིས་རྫོགས་ཆེན་བྱ་རྩོལ་བྲལ་བའི་དོན་མི་རྟོགས་པས་རྩོལ་སྒྲུབ་ཀྱིས་གདུང་བ་དང་བྲལ་བའི་བྱར་མེད་བདེ་བ་ཆེན་པོ་དེ་ཉིད་ཐོབ་པར་མི་འགྱུར་བར་སྤོང་ཞིང་འགོག་པའི་རྩོལ་བས་ཡུན་རིང་པོར་གདུང་བའི་སྐྱོན་དང་བཅས་པ་ཡིན་པར་གསུངས་སོ། །གཉིས་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འདི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ནི་ཀུན་བྱེད་ང་ལས་མངོན་དུ་ཕྱུང་བའི་ཆོས་ཉིད་རང་བཞིན་གྱིས་སྟོང་པའི་གཟུགས་བརྙན་ཙམ་ལས་མེད་ཀྱང་། ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་རྣམས་ལ་ཞེན་ཅིང་ཆགས་ན་སྐམ་ཆགས་ལྔ་ཡི་དབང་གིས་འཁོར་བའི་སྡུག་བསྔལ་ཐམས་ཅད་སྐྱེའོ་ཟེར་ནས། དང་པོ་རབ་ཏུ་དགའ་བའི་ས་ནས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བདེན་པ་རྣམ་པ་གཉིས་ཀྱི་དོན་ལ་སོ་སོར་རྟོག་ཅིང་ཐ་སྙད་དང་དོན་དམ་དཔྱོད་བྱེད་ཀྱི་རིག་པ་རྣམས་ཀྱིས། ཕྱི་ནང་སྣོད་བཅུད་ཀྱི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མེད་པ་ནམ་མཁའ་ལྟ་བུ་ལ། ཀུན་རྫོབ་ཏུ་དངོས་པོའི་ཆོས་འདི་དག་བསླུ་མེད་བསྙོན་མེད་དུ་ཡོད་པ་རུ་སངས་རྒྱས་སྤྲུལ་པའི་སྐུ་རུ་སྣང་བས་ལུང་བསྟན་པ་བཞིན། འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལྟར་བདེན་པ་གཉིས་ཀྱི་ཚུལ་ལ་སེམས་ཀྱིས་རྟོག་ཅིང་དཔྱོད་པས་གཞི་དབུ་མ་བདེན་གཉིས་ཟུང་འཇུག་ཏུ་གཏན་ལ་དབབས་ཤིང་། ལམ་དབུ་མ་ཚོགས་གཉིས་ཟུང་འཇུག་ཏུ་ཉམས་སུ་ལེན་ཅིང་བསྒོམ་པ་ལ་བརྟེན་ནས། མཐར་ཐུག་འབྲས་བུའི་དབུ་མ་སྐུ་གཉིས་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པའི་ཐབས་ལ་རྩོལ་ཞིང་དེ་ལྟ་བུའི་རེ་སྨོན་དང་བཅས་པ་ཡིན་པས་ན། ལམ་དེ་མ་བཅོས་ཇི་བཞིན་པ་ཡི་རང་བཞིན་ཀུན་བྱེད་ང་ཡི་དོན་དང་འགལ་བ་ཡིན་པས་ཨ་ཏི་རྫོགས་པ་ཆེན་པོའི་དོན་འདི་བསྐལ་པ་དུ་མར་མི་རྟོགས་པའི་སྐྱོན་ཡོད་པར་བསྟན་པའོ། །གསུམ་པ་ནི། ཀྱེེེ་སེམས་དཔའ་ཆེན་པོོོ། འདི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་གཞན་དུ་གྲུབ་པ་ཅི་ཡང་མེད་པར་ཀུན་བྱེད་ང་ལས་མངོན་དུ་ཕྱུང་བའི་ཆོས་ཉིད་དེ། དེ་ཡང་དོན་ལ་མ་བཅོས་ཇི་བཞིན་པ་ཡི་ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པས་བླང་དོར་འབད་རྩོལ་ཅི་ཡང་མེད་པ་ལ། སྟོན་པ་ལོངས་སྤྱོད་རྫོགས་པས་རང་གི་འཁོར་རྣམས་ལ་ལུང་བསྟན་པ་ཕྱི་རྒྱུད་ཀྱི་ཐེག་པ་རྣམས་ཀྱི་ནང་ནས། ཀྲི་ཡ་བས་ཆོས་རྣམས་ཀྱི་ངོ་བོ་ཇིི་བཞིན་བཅོས་པ་མེད་པར་ཡེ་གྲོལ་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པ་མ་རྟོགས་ཏེ། ཕྱི་ནང་སྣོད་བཅུད་ཀྱི་ཆོས་ཐམས་ཅད་སྔགས་དང་ཕྱག་རྒྱ་ལ་སོགས་པས་དག་པར་བྱིན་གྱིས་བརླབས་ཏེ། མངོན་པར་བྱང་ཆུབ་པ་ལྔ་སོགས་ཡན་ལག་གི་ཆོ་གའམ་ཆོ་གའི་ཡན་ལག་ཀུན་གྱི་སྒོ་ནས་བསྒོམ་པའི་ཡེ་ཤེས་ཀྱི་ལྷ་ནི་བདག་དམ་ཚིག་པའི་མདུན་དུ་གསལ་ཞིང་སྣང་བར་བྱེད་ཅིང་། དེ་ལ་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་གྱིས་བྱ་རྫོགས་ཀྱི་སྐད་ཅིག་མའམ་སྐད་ཅིག་ཡུད་ཙམ་ལ་མཆ ོད་བསྟོད་དང་བསྙེན་པ་ལ་སོགས་པ་བྱས་ནས། རྗེས་སུ་ལྷ་གཤེགས་གསོལ་བྱས་ཏེ་ཏིང་ངེ་འཛིན་མི་དམིགས་པའི་ངང་དུ་བཤིག་ཅིང་བསྡུ་བར་བྱེད་པ་སྟེ། དེ་ལྟར་ཡང་བསྒོམ་ཡང་བཤིག་རེས་མོས་སུ་བྱེད་པ་དེ་ནི། དཔེར་ན་བྱིས་པའི་ཚོགས་ཀྱིས་རྩེད་མོའི་ཆེད་དུ་འདག་ཁང་ཡང་ཡང་བརྩིག་ཤིང་ཡང་ཡང་བཤིག་པར་བྱེད་ཀྱང་ཟིན་པའི་དུས་དང་གྲུབ་པའི་འབྲས་བུ་མེད་པ་དང་འདྲ་བས་ཇི་བཞིན་མ་བཅོས་པ་ཡི་ཆོས་ཉིད་ཀུན་བྱེད་ང་ཡི་དོན་དང་འགལ་བ་ཡིན་པར་གསུངས་སོ། །བཞི་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག ། ཀུན་བྱེད་ང་ལས་བྱུང་བའི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུའི་ཡོ་ག་བླང་དོར་ཅན་གྱི་ལམ་ལུང་སྟོན་པར་མཛད་པ་དེ་བཞིན་དུ་འཁོར་གྱིས། ང་ཡིས་བྱས་པའམ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་རྩལ་ལས་བྱུང་བའི་ཆོས་ཐམས་ཅད་བཟང་ངན་བླང་དོར་མེད་པར་ཆོས་ཉིད་ཇི་བཞིན་པ་མངོན་དུ་ཕྱུང་བ་ཡིན་པ་ལ། ཏིང་ངེ་འཛིན་མཚན་མའི་རྣལ་འབྱོར་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བསྒོམ་པ་དང་། དེ་ཉིད་མི་དམིགས་པར་བསྡུས་ནས་མཚན་མེད་ཀྱི་རྣལ་འབྱོར་དོན་དམ་མཐའ་བྲལ་སྟོང་པ་ཉིད་དུ་བསྒོམ་པ་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་མཚན་མ་ཡོད་མེད་དུ་བསྒོམ་པའི་སྒོར་ཞུགས་ནས་རང་བྱུང་ཡེ་ཤེས་ཆེན་པོ་ཆོས་ཉིད་ཐིག་ལེ་ཉག་ཅིག་གི་རང་བཞིན་ལ་དག་པ་ལྷའི་རང་བཞིན་དུ་སྣང་བ་དང་གཙང་བའི་རྗས་རྣམས་བླང་བྱ་དང་། མ་དག་འཁོར་བའི་འཁྲུལ་སྣང་གི་ཆ་ཐམས་ཅད་དང་ཁྱད་པར་བདུད་རྩི་ལྔ་སོགས་རྨེ་བར་བལྟས་ཏེ་དོར་བྱར་བྱས་ནས་ནི། ལྷ་ཡེ་ཤེས་པ་དང་བདག་དམ་ཚིག་པ་གཉིས་སྤུན་གྲོགས་ཀྱི་ཚུལ་དུ་སོ་སོར་བལྟས་ཏེ་བསྒོམ་པར་བྱས་ནས་ནི། ལྷ་ཡེ་ཤེས་པ་གྲོགས་པོ་ལྟ་བུ་དག་གིས་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་སྟེར་དུ་རེ་བ་བྱེད་པ་དེ་ནི། བྱང་ཆུབ་ཀྱི་སེམས་གཅིག་ལ་བླང་དོར་དང་བཟང་ངན་གཉིས་སུ་བལྟས་པའི་བསྒོམ་པ་གནས་ཚུལ་དང་མི་མཐུན་པ་ཡིན་པའི་ཕྱིར་ན་ལམ་ནོར་བ་ཡིན་ཏེ། ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་གཅིག་ལ་བླང་དོར་གཉིས་སུ་འཛིན་པའི་ལམ་དེ་ཉིད་ཀྱིས་ཆོས་ཉིད་བླང་དོར་མེད་པའི་དོན་དེ་ཐོབ་པ་མེད་པའི་ཕྱིར་རོ། །ལྔ་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ལ་བཟང་ངན་དང་རྩོལ་སྒྲུབ་ཅི་ཡང་མེད་པར་ཀུན་བྱེད་ང་ཡི་རང་བཞིན་ཆོས་ཉིད་ཇི་བཞིན་པ་མངོན་དུ་ཕྱུང་བ་ཡིན་པ་ལ། སྔགས་ནང་པ་མ་ཧཱ་ཨ་ནུ་གཉིས་ཀྱི་ཕུང་པོ་ལྔ་ཡབ་ལྔ། འབྱུང་བ་ལྔ་ཡུམ་ལྔ། རྣམ་ཤེས་དང་དབང་པོ་ཡུལ་དུས་རྣམས་རྒྱལ་སྲས་སེམས་དཔའ་ཡབ་ཡུམ་དང་། ལུས་ཀྱི་ཆོས་བཞི་རྟག་ཆད་བདག་མཚན་དང་བཅས་པ་འཇོམ་བྱེད་ཁྲོ་བོ་ཡབ་ཡུམ་ཀྱི་རང་བཞིན་དུ་རང་རྒྱུད་རྣམ་པར་དག་པར་གནས་ཤིང་། དེ་ཡང་ལྷ་རྟོག་དབྱེར་མི་ཕྱེད་པས་རྡོོ་རྗེ་ལྟར་གཏན་ལ་དབབ་པར་བྱས་ཏེ། ཏིང་འཛིན་རྣམ་པ་གསུམ་བསྒོམ་པ་ཡན་ཆད་བསྙེན་པ་དང་། རང་ཉིད་ལྷ་གཙོ་བོའི་རྣམ་པར་བསྒོམ་པ་ཉེ་བསྙེན་དང་། ཡུམ་བསྒོམས་ཏེ་མཁའ་གསང་བྱིན་གྱིས་བརླབས་པ་དང་འཁོར་གྱི་ལྷ་ཚོགས་སྤྲོ་བ་སྒྲུབ་པ་དང་། དབང་བསྐུར་རྒྱས་གདབ་སྤྱན་འདྲེན་ལ་སོགས་པ་ཆོ་གའི་ཡན་ལག་གཞན་རྣམས་སྒྲུབ་པ་ཆེན་པོ་སྟེ། དེ་ལྟ་བུའི་བསྙེན་བསྒྲུབ་རྣམ་པ་བཞི་ཡི་ཆོ་ག་ཡིས་ལྷ་བསྒོམ་པར་བྱས་ནས། ཡེ་ཤེས་སེམས་དཔའི་ཐུགས་ཀར་སྲོག་མི་ཤིག་པའི་ཐིག་ལེ་སེམས་ཀྱི་ངོ་བོ་ཡི་གེ་ཧཱུཾ་ལ་སོགས་པའི་རྣམ་པར་གནས་པ་ལ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོ་འདུས་བྱས་པས་འཕགས་པ་མཆོད་ཅིང་འགྲོ་བའི་དོན་བྱེད་པའི་དམིགས་པ་དང་། དེ་ལྟར་བསྒོམ་བཞིན་པའི་གནས་སྐབས་ན་ཡང་ལྷ་དང་དཀྱིལ་འཁོར་ཐམས་ཅད་སྟོང་ཆེན་དེ་བཞིན་ཉིད་ཀྱི་ངང་ལས་ཤར་བ་ཡིན་པས་སྣང་ཡང་རང་བཞིན་མེད་པ་ཆུ་ནང་གི་ཟླ་གཟུགས་ལྟར་ཤེས་པ་དང་། མཐར་འོད་ཟེར་འཕྲོ་འདུ་ལ་སོགས་པའི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ཐམས་ཅད་མི་དམིགས་པའི་ངང་ལ་བསྡུས་ནས་འཇོག་པ་སོགས་རྫོགས་རིམ་གྱི་ལམ་སྟེ། དེ་ལྟར་བསྐྱེད་རྫོགས་གཉིས་ཀྱི་སྒོ་ནས་གནས་སྐབས་དང་མཐར་ཐུག་གི་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་ཐོབ་པར་འཚལ་བའམ་ཐོབ་པར་རེ་བས། དངོས་གྲུབ་ལེན་པ་པོ། རང་གིས་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་ལྷའི་ངོ་བོར་གནས་པ་ལ་དངོས་གྲུབ་རྩལ་དང་རྩོལ་པ་པོ་གཉིས་སུ་མེད་པ་ལ། དེ་ལས་དངོས་གྲུབ་ཐོབ་པར་རེ་ནས་བསྒོམ་པར་བྱེད་པ་དེ་ཡང་སེམས་ལས་འདས་པའི་ཡེ་ཤེས་མ་མཐོང་བར། སེམས་ཀྱི་རང་བཞིན་བློ་རྣམ་པར་རྟོག་པ་དང་བཅས་པའི་ཏིང་ངེ་འཛིན་བསྒོམ་པ་དེས་ནི་རེ་དོགས་རྩོལ་སྒྲུབ་ཀྱི་ཚི་ཆད་པར་འགྱུར་བ་ལས། སྙིང་པོ་བྱང་ཆུབ་ཀྱི་སེམས་སྟོན་པ་ཀུན་བྱེད་རྒྱལ་པོ་ང་དང་འཕྲད་པར་མི་འགྱུར་རོ་ཞེས་སོ། །གསུམ་པ་དགོས་ཆེད་ལ་དྲུག་སྟེ། ཇི་བཞིན་པའི་སེམས་ཉིད་ཡེ་བཞིན་མ་བཅོས་པར་བཞག་པས་རྒྱུ་རྐྱེན་བྱ་བཙལ་མི་དགོས་པ། སྒོམ་བྱེད་གཉེན་པོ་མི་དགོས་པའི་དགོས་པ། སྤང་བླང་སྦྱང་བགྲོད་མི་དགོས་པའི་དགོས་པ། ཐམས་ཅད་གཞི་ནས་དག་པས་རྩོལ་སྒྲུབ་ཅན་གྱི་མི་འགྲུབ་པའི་དགོས་པ། སྤྱོད་ཡུལ་ཀུན་ལས་འདས་པས་སྣ་ཚོགས་རོ་གཅིག་ཏུ་མཐོང་བའི་དགོས་པ། གཉིས་མེད་རྫོགས་པ་ཆེན་པོ་རྟོགས་པའི་སྐལ་མེད་ལ་དྲན་ལུང་བསྟན་པས་ཆོས་སྤོང་གི་ལས་མི་གསོགས་ཅིང་སྒྲོ་སྐུར་མི་འབྱུང་བའི་དགོས་པའོ། །དང་པོ་ནི། འོ་ན་ཨ་ཏི་ཡོ་གའི་ལམ་དུ་རྒྱུ་འབྲས་རྩོལ་སྒྲུབ་གང་ཡང་མི་དགོས་པར་གསུངས་པ་ལ་དགོས་པ་ཅི་ཡོད་ཞེ་ན། འདི་ལྟར་རྫོགས་པ་ཆེན་པོའི་ལམ་དུ་ལྟ་བ་བསྒོམས་དུ་མེད་པ་ནི་ཀུན་བྱེད་ང་ཡི་སེམས་ཀྱི་གཤིས་ལུགས་ཡེ་ནས་སྤང་བླང་བཅོས་བསྒྱུར་དང་བྲལ་བའི་ཡོན་ཏན་ཏེ། དེ་ལྟ་བུའི་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་རྩོལ་སྒྲུབ་རྒྱུ་འབྲས་ལ་མི་ལྟོས་པར་ཡེ་ནས་མངོན་པར་སངས་རྒྱས་པའི་ཆེ་བའི་ཡོན་ཏན་གྱིས་ད་འབྲས་བུ་སངས་རྒྱས་ཞིག་གཞན་ནས་བཙལ་ཞིང་སྒྲུབ་པའི་དཀའ་བ་སྤྱད་མི་དགོས་ཤིང་། རྒྱུ་རྐྱེན་ལ་ལྟོས་པ་མེད་པར་ཡེ་ནས་རང་བྱུང་ཡེ་ཤེས་ཆེན་པོ་འཁོར་འདས་ཀུན་ཁྱབ་ཀྱི་བདག་ཉིད་དུ་བཞུགས་པ་ཡིན་པས་སྤང་བླང་སྒོམ་སྒྲུབ་ལ་སོགས་པའི་བཙལ་པའི་ལས་ཅི་ཡང་མི་དགོས་ཤིང་། སེམས་ཉིད་རང་བྱུང་གི་ཡེ་ཤེས་གདོད་ནས་ཡེ་སངས་རྒྱས་པ་འདི་ལས་འབྲས་བུའི་རང་བཞིན་གཞན་ནས་སྒྲུབ་ཏུ་མེད་པའམ་བསྒྲུབ་མི་དགོས་པས་ན་དེའི་ཆེད་དུ་རྩོལ་བས་མི་གདུང་བའི་དགོས་པ་ཡོད་པར་བསྟན་ཏོ། །གཉིས་པ་ནི། དེ་ལ་ཐེག་པ་འོག་མ་པ་རྣམས་ཀྱིས་ཆོས་ཉིད་ཀྱི་དོན་བསྒོམ་པ་ལ་བརྟེན་ནས་ད་གཟོད་འབྲས་བུ་ཐོབ་པར་འདོད་ཀྱང་། རྫོགས་པ་ཆེན་པོའི་ལམ་དུ་གང་སྣང་ཅི་ཤར་ཐམས་ཅད་ཆོས་ཉིད་ཀྱི་རང་བཞིན་ཡིན་པས། དེ་ལས་ལྷག་པའི་བསྒོམ་པ་གཞན་བྱ་མི་དགོས་ལ། ཆོས་ཉིད་རང་བྱུང་གི་ཡེ་ཤེས་གདོད་ནས་མ་སྐྱེས་པས་ན་མཚན་འཛིན་འཁྲུལ་བའི་རྟོག་པ་སོགས་རང་བྱུང་གི་ཡེ་ཤེས་དེ་ཉིད་འཇིག་ཅིང་གཞོམ་པར་བྱེད་པའི་གཉེན་པོ་གང་ཡང་མེད་པས་འཁོར་བར་འཁྱམས་ཀྱང་ངན་དུ་མ་སོང་ལ། དེ་བཞིན་དུ་སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་རྒྱུ་རྐྱེན་གཞན་ལ་མ་ལྟོས་པར་རང་བྱུང་འདུས་མ་བྱས་པའི་བདག་ཉིད་ཡིན་པས་བསྒོམ་བསྒྲུབ་ཀྱི་རྩོལ་བས་བཟང་དུ་འགྲོ་བ་མེད་པའི་ཕྱིར། ཐེག་པ་འོག་མ་བ་ལྟར་བསྒོམ་པ་སེམས་གནས་ཀྱང་ཚོལ་བར་མི་བྱེད་པའི་དགོས་པ་ཡོད་དོ། །དེས་ན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ལ་གང་ཟག་གང་ཞིག་བསྒོམ་པར་བྱེད་པ་དེས་ནི་བསྒོམ་བསྒྲུབ་དང་རྩོལ་བ་བྱས་པ་དེ་ཉིད་ཀྱིས་ཀུན་བྱེད་ང་ཡི་རང་བཞིན་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་དོན་དང་འཕྲད་པར་མི་འགྱུར་རོ་ཞེས། དཔེར་ན་སྤྲིན་དཀར་ནག་གཉིས་ཀ་ཉི་མའི་སྒྲིབ་བྱེད་དུ་མཉམ་པ་ལྟར་དགེ་སྡིག་བླང་དོར་ཐམས་ཅད་རིག་པའི་སྒྲིབ་བྱེད་དུ་གསུངས་པ་སྟེ། གནས་ལུགས་རིན་པོ་ཆེའི་མཛོད་ལས། ཀྱེ་མ་ཉམ་ཐག་འགྲོ་ཀུན་སྙིང་རེ་རྗེ། །མཐར་ཐུག་དོན་གྱི་ངེས་པའི་སྙིང་པོ་ལ། །གསེར་སྒྲོག་ཐག་སྒྲོག་འཆིང་བར་མཉམ་པ་ལྟར། །ཆོས་དང་ཆོས་མིན་སེམས་ཀྱི་ཆིང་བར་མཉམ། །དཀར་ནག་སྤྲིན་ཚོགས་སྒྲིབ་པར་མཉམ་པ་ལྟར། །དགེ་སྡིག་གཉིས་ཀ་རིག་པའི་སྒྲིབ་པར་མཉམ། །དེ་བས་དེ་ཉིད་རྟོགས་པའི་རྣལ་འབྱོར་བས། །དགེ་སྡིག་རྒྱུ་འབྲས་ཀུན་ལས་འདས་པ་གཅེས། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། གཞན་ཡང་འཁོར་བའི་ཆོས་ཕྱི་ནང་སྣོད་བཅུད་ལྟར་སྣང་བ་འདི་ཐམས་ཅད་ཆོས་ཉིད་ཡེ་སྟོང་ཆེན་པོའི་རང་མདངས་ལྷུན་གྲུབ་རིག་པའི་རང་རྩལ་མངོན་དུ་ཕྱུང་བ་སྟོན་པ་ཀུན་བྱེད་ང་ཡི་རང་བཞིན་ལས། གཞན་དུ་མ་དག་མཚན་མའི་ཆོས་སུ་གྲུབ་པ་རྡུལ་ཙམ་ཡང་ཡོད་པ་མ་ཡིན་པས་ན། རྒྱུ་ཀུན་འབྱུང་ལས་འབྲས་བུ་སྡུག་བསྔལ་མི་སྐྱེ་ལ། དེས་ན་ཉན་ཐོས་ལྟར་སྡུག་བསྔལ་རྒྱུ་འབྲས་ཀྱི་ཆོས་ཞིག་རྣམ་པར་སྤང་མི་དགོས་ཞིང་། རྒྱུ་རྐྱེན་ལ་མ་ལྟོས་པར་རང་བྱུང་འདུས་མ་བྱས་པའི་རང་བཞིན་ཡིན་པས་དང་པོ་སྐྱེ་བ་དང་མཐར་འཇིག་པ་མེད་པའི་ཕྱིར་ན། རང་སངས་རྒྱས་ལྟར་དུ་རྩ་བ་མ་རིག་པ་ལ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མ་ཡིན་པས་དབང་པོ་རྣམས་ཡུལ་ལ་མི་གཡེང་བར་ཏིང་ངེ་འཛིན་རྩེ་གཅིག་པའི་སྒོ་ནས་དགག་ཀྱང་མི་དགོས་སོ། །རིག་པ་རང་བྱུང་གི་ཡེ་ཤེས་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ལས་གཡོ་བ་མེད་པས་བྱང་ཆུབ་སེམས་དཔའ་ལྟར་དུ་སྟོང་པ་ཉིད་དུ་སྦྱངས་ཀྱང་མི་དགོས་ལ། གཟུང་འཛིན་མཚན་མའི་ཆོས་ཀྱི་སེམས་ཉིད་ལ་ཡེེ་ནས་གོས་པ་མེད་པར་རྣམ་པར་དག་པས་ཀྲི་ཡོག་སྡེ་གསུམ་ལྟར་ཁྲུས་དང་གཙང་སྦྲ་ལ་སོགས་པས་དག་པར་བྱ་མི་དགོས་ཤིང་། སྐུ་དང་ཡེ་ཤེས་ཐམས་ཅད་རིག་པའི་ངོ་བོར་ཡེ་ནས་མ་བཙལ་ལྷུན་གྱིས་གྲུབ་པས་སྔགས་ནང་བ་གཉིས་པོ་ལྟར་དུ་བསྐྱེད་རྫོགས་ཀྱིས་རྩོལ་ཞིང་བསྒྲུབ་པར་བྱ་མི་དགོས་པའི་དགོས་པ་ཡོད་དོ། །བཞི་པ་ནི། རིག་པ་བྱང་ཆུབ་སེམས་ཀྱི་རྩལ་ལས་རང་ཤར་བའི་ཕྱི་ནང་སྣོད་བཅུད་ཀྱི་ཆོས་རྣམས་ལ་བལྟས་ཤིང་བརྟགས་པར་བྱས་ན། ཇི་སྐད་དུ་ཀུན་མཁྱེན་བླ་མས། བརྟགས་ན་མེད་ཀྱང་མ་བརྟགས་དེ་བས་མེད། །ཅེས་གསུངས་པ་ལྟར་གདོད་ནས་རང་བཞིན་མེད་པ་ཡེ་སྟོང་སྤྲོས་བྲལ་ཆེན་པོའི་རང་བཞིན་ཡིན་པས་མ་དག་པ་ཡི་ཆོས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་དེ། སྟོང་ཆེ་དེ་བཞིན་ཉིད་ཆོས་ཀྱི་སྐུ་དང་། རང་གསལ་འགགས་པ་མེད་པར་རྣམ་པ་སྣ་ཚོགས་སུ་འཆར་ཞིང་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་ཀུན་ཏུ་བཟང་པོའི་རོལ་པ་འགགས་མེད་སྣ་ཚོགས་སུ་སྣང་བ་སྤྲུལ་པའི་སྐུ་སྟེ། སྐུ་གསུམ་ལྷུན་གྲུབ་ཆེན་པོ་རིག་པ་རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་གནས་པ་དེའི་རོལ་རྩལ་དབང་པོ་དྲུག་ལ་བརྟེན་པའི་ཚོགས་དྲུག་ཡུལ་དུ་སྣང་བའི་ཆོས་རྣམས་ཀུན་ཀྱང་ཡེ་གདོད་མ་ཉིད་ནས་སྙིང་པོ་བྱང་ཆུབ་ཀྱི་སེམས་ལས་འདས་མ་མྱོང་བས་རང་བྱུང་ཡེ་ཤེས་དེ་ཡི་རང་བཞིན་ཡིན་ཏེ་དེ་ལས་གཞན་དུ་མ་དག་འཁོར་བའི་ཆོས་ཞེས་བྱ་བ་གང་ཡང་མེད་དོ། །དེ་ལྟར་ཆོས་ཐམས་ཅད་ཡེ་ནས་དག་པའི་རང་བཞིན་ཡིན་པ་ལ་དག་པར་མ་ཤེས་པར་གང་ཞིག་བསྒོམ་པ་དང་བསྒྲུབ་པར་བྱེད་པ་ཡི་འབད་རྩོལ་ལ་བརྟེན་ནས་མ་དག་འཁོར་བའི་སྣང་བ་སྦྱངས་ནས་གཟོད་དག་པའི་འབྲས་བུ་ཐོབ་པར་འདོད་པ་དེ་ཡིས་ནི། ཡེ་ནས་དག་པའི་དོན་མ་མཐོང་བར་དག་པ་གཞན་ནས་ཐོབ་པར་འདོད་པས་དཔེར་ན་མིག་མདོངས་བས་ནམ་མཁའ་བསྙེགས་པ་དང་འདྲ་བར་ད་ལྟའི་སྣང་བ་འདི་སྤངས་པའི་ཕ་རོལ་ན་དག་པའི་འབྲས་བུ་ཞིག་ཐོབ་ཏུ་མེད་པར་གསུངས་པའོ། །ལྔ་པ་ནི། འདི་ལྟར་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་ནི་སྤྲོས་པའི་མཚན་མ་གང་ཡང་མེད་པས་བློའི་སྤྱོད་ཡུལ་ཀུན་ལས་འདས་པ་ཡིན་པའི་ཕྱིར་ན། དེ་ཇི་བཞིན་དུ་སུས་ཀྱང་མཐོང་བར་མི་ནུས་པས་ཀུན་བྱེད་ང་ཡིས་མངོན་དུ་བྱུང་བའི་ཆོས་སྣང་སྲིད་ཀྱིས་བསྡུས་པ་རྣམས་ནི་ང་ཡི་ངོ་བོ་ཀུན་གྱིས་མཐོང་བར་བྱ་བའི་ཕྱིར་དུ་ཆོས་ཅན་སྣ་ཚོགས་པའི་རྣམ་པར་འགྲོ་བ་རྣམས་ཀྱི་དབང་པོ་ཡི་ངོ་ལ་མངོན་སུམ་དུ་བསྟན་པ་ཡིན་པས་ཚོགས་དྲུག་ཡུལ་དུ་སྣང་བའི་ཆོས་དེ་དག་ལ་ཀུན་བྱེད་ང་ཡི་རང་བཞིན་དུ་ཀུན་གྱིས་རྟོགས་པར་གྱིས་ཤིག་དང་། སྣ་ཚོགས་སུ་སྣང་བའི་ཕྱི་ནང་སྣང་སྲིད་ཀྱི་ཆོས་འདི་དག་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སེམས་སུ་དབྱེར་མེད་རོ་གཅིག་ཏུ་མཐོང་བས་སྤང་བླང་ཐམས་ཅད་དང་བྲལ་བར་འགྱུར་རོ་ཞེས་སོ། །དྲུག་པ་ནི། དེ་ལྟར་ཕྱི་ནང་སྣོད་བཅུད་ཀྱི་ཆོས་དེ་རྣམས་ལ་བཟང་ངན་བླང་དོར་མེད་པར་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་ཡིན་པར་མ་མཐོང་ན། དེ་འདྲའི་གང་ཟག་དེ་ལ་སྟོན་པ་ཀུན་བྱེད་ང་ཡི་ཐེག་པ་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་རང་བཞིན་ཅན་འདི་བསྟན་པར་མི་བྱ་སྟེ། ཅིས་ཕྱིར་ན་དེ་ཉིད་བྱར་མེད་རྫོགས་པ་ཆེན་པོའི་དོན་དང་འཕྲད་པའི་སྐལ་བ་མེད་པས་དེ་ལྟ་བུའི་གང་ཟག་དེ་རྒྱུ་འབྲས་ཀྱི་ཐེག་པ་འོག་མ་གདུལ་བྱ་རྣམས་ལམ་ལ་རིམ་གྱིས་དྲང་བའི་ཆེད་དུ་བསྟན་པའི་ལུང་རྣམས་ལ་གཟུང་བར་བྱ་བ་ལས། ང་ཡི་རང་བཞིན་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ནི་ཡེ་ནས་རྒྱུ་འབྲས་སྤང་བླང་ལ་སོགས་པའི་སྤྱོད་ཡུལ་ཀུན་ལས་འདས་པ་ཡིན་པས་ན། འདི་ལྟ་བུའི་ཚུལ་ཟབ་མོ་འདི་ནི་རྒྱུ་འབྲས་རྩོལ་སྒྲུབ་ལ་དགའ་བའི་གང་ཟག་ཨ་ཏི་རྫོགས་པ་ཆེན་པོའི་དགོངས་དོན་ཇི་བཞིན་དུ་རྟོགས་པའི་སྐལ་བ་མེད་པ་རྣམས་ལ་ཐད་དྲང་དུ་བསྟན་པར་བྱས་ན་རྫོགས་པ་ཆེན་པོ་རྒྱུ་འབྲས་བྱ་རྩོལ་དང་བྲལ་བའོ་དོན་ལ་སྒྲོ་འདོག་དང་སྐུར་བ་འདེགས་པ་གཉིས་ཀ་འོང་བའི་ཕྱིར་ན་མི་བསྟན་པར་གསང་བར་བྱ་དགོས་ཀྱི་གལ་ཏེ་དྲང་ལུང་མ་བསྟན་པར་ཀུན་བྱེད་ཀྱི་དོན་ཇི་བཞིན་དུ་བསྟན་པར་བྱས་ན། རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་དེ་འདྲ་མི་སྲིད་པའི་སྐུར་པ་བཏབ་པས་འགྲོ་བ་རིགས་དྲུག་ཏུ་སྐྱེ་ཞིང་གཏན་དུ་འཁོར་བར་འཁྱམས་པ་དེ་ལྟ་བུའི་ཉེས་པ་ཡོད་པའི་ཕྱིར་ན་ཉེས་ལྟུང་དེ་ལས་ལྡོག་པའི་ཆེད་དུ་རེ་ཞིག་དྲང་བའི་ལུང་ཙམ་ལ་གཟུད་པར་བསྟན་ཏོ། །བཞི་པ་རྩ་བའི་དོན་ལ་བཞི་སྟེ། སེམས་ཉིད་གདོད་ནས་དག་པ་ཐིག་ལེ་ཉག་གཅིག་ཏུ་བསྟན་པ། ཇི་བཞིན་བཞག་པས་རྩོལ་སྒྲུབ་ལྟ་བསྒོམ་ལས་འདས་པར་བསྟན་པ། སེམས་ཉིད་བདེ་ཆེན་གདལ་བ་ཆེན་པོའི་ཀློང དུ་དྲན་རིག་རྣམ་རྟོག་བསམ་ཡུལ་ལས་འདས་པར་བཞག་པས་ཐམས་ཅད་ཆོས་ཉིད་བདེ་བ་ཆེན་པོར་འདུས་པར་བསྟན་པ། སྒོམ་སྒྲུབ་འབད་རྩོལ་ནད་དུ་ཆེ་བས་གནས་ལུགས་གཉུག་མ་བསྒོམ་མེད་ཆེན་པོར་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་སྟོན་པ་ཀུན་བྱེད་ང་ཡི་དོན་འདི་ཡང་དག་པར་རྟོགས་པར་གྱིས་ཤིག །དེ་ཡང་ཅི་ལྟ་བུ་ཞེ་ན་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་སྤྲོས་པའི་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར་ན། བརྗོད་བྱེད་ངག་ཚིག་གིས་གཏན་ལ་མི་ཕེབས་ཤིང་། གཟུང་འཛིན་གཉིས་སྣང་གི་མཐའ་ལ་མི་གནས་པས་དབང་པོ་ལྔའི་སྤྱོད་ཡུལ་ལས་ཀྱང་འདས་པ་སྟེ། དེས་ན་ཀུན་བྱེད་ང་ཡི་རང་བཞིན་ནི་ཆོས་ཅན་ཤེས་བྱའི་སྣང་བ་ཐམས་ཅད་ཆོས་ཉིད་གཅིག་ཏུ་བསྡུས་ཏེ་ཐིག་ལེར་སྟེ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་གནས་པ་ལས་གཞན་པའི་སྤྲོས་པ་གང་ཡང་མེད་པས་མ་སྤྲོས་པར་ཆོས་ཐམས་ཅད་གཉིས་མེད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་དབྱེར་མེད་གཅིག་ཏུ་བསྟན་པ་ཡིན་པས་ཚུལ་དེ་ལྟར་དུ་ཤེས་པར་གྱིས་ཤིག་ཅེས་གདམས་སོ། །གཉིས་པ་ནི། དེ་ལྟར་ཆོས་ཐམས་ཅད་སྤྲོས་མེད་མཉམ་པ་ཆེན་པོ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་གནས་པ་དེས་ན། དེ་ལ་དགག་བསྒྲུབ་དང་སྤང་བླང་རེ་དོགས་དང་རྩོལ་བསྒྲུབ་གང་ཡང་མི་བྱེད་པར་ཇི་བཞིན་མ་བཅོས་པའི་ངང་ལ་རང་བབ་དུ་བཞག་པས་དམ་ཚིག་དང་ཕྲིན་ལས་ས་ལམ་ལ་སོགས་པ་ཐམས་ཅད་མ་བཙལ་ཡེ་ནས་རྫོགས་ཤིང་ལྷུན་གྱིས་གྲུབ་པ་ཡིན་པས། དེ་ལས་གཞན་དུ་དམ་ཚིག་བསྲུང་བའི་ཆེད་དུ་ལྷ་སྐུ་ཕྱག་རྒྱ་བསྒོམ་པ་དང་སྔགས་རྒྱ་རྒྱུན་མི་བཅད་པ་ལ་སོགས་པའི་རྩོལ་བ་བྱ་མི་དགོས་ཤིང་། ཕྲིན་ལས་བཙལ་བའི་ཕྱིར་རམ་བསྒྲུབ་པའི་ཆེད་དུ་ལས་བཞི་སོ་སོའི་རིགས་དང་མཐུན་པའི་ལྷའི་ཏིང་ངེ་འཛིན་བསྒོམ་པ་དང་འོད་ཟེར་སྤྲོ་བསྡུ་སོགས་བྱ་མི་དགོས་པ་དང་། ཡེ་ཤེས་བླ་མའི་ས་ལ་ཡེ་ནས་གནས་པས་ལམ་ལ་མི་བགྲོད་ཅིང་ས་བཅུ་རང་རང་གི་ངོ་སྐལ་ལ་ལྟོས་པའི་སྒྲིབ་པ་མིི་སྦྱོང་སྟེ་སྦྱང་བྱའི་དྲི་མ་ཡེ་ནས་མི་གནས་པའི་ཕྱིར་དང་། རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལས་གཞན་དུ་ཆོས་ཉིད་མ་ནོར་བའི་གནས་ལུགས་ཞིག་མེད་པས་དེ་ཚོལ་བར་མི་བྱེད་པར་རང་བབ་ཏུ་འཇོག་པ་དང་། རིག་པ་རང་བྱུང་གི་ཡེ་ཤེས་ཡེ་ནས་གཟུང་འཛིན་མཚན་མའི་ཡུལ་ལ་རྣམ་པར་མི་རྟོག་ཅིང་ལས་ཉོན་ཀྱིས་གཡོས་པ་མེད་པས་རྣམ་པར་མི་རྟོག་པའི་དོན་བསྒོམ་མི་དགོས་པ་སྟེ། དེས་ན་ལྟ་བསྒོམ་དམ་ཚིག་ལ་སོགས་པའི་རྩོལ་སྒྲུབ་གང་ཡང་མི་དགོས་པར་བསྟན་པ་དེ་ནི་སྐུ་གསུམ་གྱི་སྟོན་པ་གཞན་གྱིས་བསྟན་པའི་དྲང་བའི་ལུང་ཙམ་མིན་པར་ཀུན་བྱེད་ང་ཡི་ངེས་པའི་ལུང་མ་བཅོས་དེ་བཞིན་ཉིད་ཀྱི་དོན་ཇི་བཞིན་དུ་བསྟན་པ་ཡིན་ལ། དེས་ན་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཡེ་ནས་རྒྱུ་འབྲས་རྩོལ་སྒྲུབ་ཀྱི་ཡུལ་ལས་འདས་པ་ཡིན་པས་རྩོལ་བ་དང་སྒྲུབ་པར་མི་བྱེད་ཅིང་ངོ་བོ་སྤྲོས་པ་དང་བྲལ་ཞིང་རྒྱུ་རྐྱེན་ལས་མ་བྱུང་བས་ན་རྒྱུ་འབྲས་དངོས་པོ་ཡི་ཆོས་སུ་བསྒོམ་པར་མི་བྱེད་ལ། རྒྱུ་ལས་མ་སྐྱེས་པས་ན་དམྱལ་བའི་མེ་ནང་དུ་བསྲེགས་ཀྱང་སྐྱོན་གྱིས་འཇིག་པའི་དོགས་པ་མེད་པ་སྟེ་འདུས་བྱས་ཀྱི་མཚན་ཉིད་ཀུན་དང་བྲལ་བ་ཡིན་པ་དེས་ན་ང་ཡི་ངོ་བོ་ནི་གང་དུའང་མི་སྣང་བས་དམིགས་པ་མེད་ཀྱང་བསྒོམ་པ་དང་བྲལ་བ་ཡིན་ནོ། །ཞེས་སོ། །གསུམ་པ་ནི། འདི་ལྟར་སེམས་ཉིད་བདེ་བ་ཆེན་པོ་ཆོས་ཉིད་སྤྲོས་པ་དང་བྲལ་བ་ཁྱབ་གདལ་ནམ་མཁའ་དང་འདྲ་བའི་ཀློང་དཀྱིལ་ན་གཟུང་འཛིན་རྣམ་རྟོག་གི་སྤྲོས་པ་ཞིག་ཡེ་ནས་ཡོད་མ་མྱོང་བས་མི་རྟོག་ཉམ་པའི་དགོངས་པ་རང་བཞིན་བབས་ཀྱི་བསམ་གཏན་ཆུ་བོ་རྒྱུན་གྱི་ཏིང་ངེ་འཛིན་དེ་སེམས་ཉིད་བདེ་བ་ཆེན་པོའི་ཀློང་དེ་ན་གནས་པ་ཡིན་པས། དེ་ལས་གཞན་ཏུ་ཆོས་ཉིད་སྤྲོས་བྲལ་སྣང་བ་མེད་པའི་རང་བཞིན་ལ་རིག་པ་རྩེ་གཅིག་པས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པར་མ་བྱེད་ཅིག་ཅེས་གདམས་སོ། །བཞི་པ་ནི། ཀྱེ་སེམས་དཔའ་ཆེན་པོ། གོང་དུ་བཤད་པ་དེ་ལྟར་ཡེ་ནས་མི་རྟོག་མཉམ་པ་ཉིད་ཀྱི་རང་བཞིན་དུ་གནས་པར་མ་རྟོགས་པར་གལ་ཏེ་ཆོས་ཉིད་ཡེ་སྟོང་ཆེན་པོའི་དོན་ལ་སླར་ཡང་བསྒོམ་པར་བྱེད་ན་སྣང་བ་དང་སྟོང་པ་ཟུང་འཇུག་སྤྲོས་བྲལ་ལ་སོགས་པ་གང་ལྟར་བསྒོམ་ཀྱང་། ཀུན་བྱེད་ང་ཡི་རང་བཞིན་ཆོས་ཉིད་ཇི་བཞིན་པའི་དོན་ལ་རེག་པ་མེད་པར་རྩོལ་བའི་ནད་གྱིས་ཟིན་པར་འགྱུར་བ་ཡིན་གྱིས། དེ་ལས་གཞན་དུ་དོན་འབྲས་ཐོབ་པ་ཅི་ཡང་མེད་པས་བསྒོམ་པར་མ་བྱེད་ཅིག །དེ་ལྟར་བསྒོམ་མི་དགོས་པའི་རྒྱུ་མཚན་ཅིས་ཕྱིར་ཞེ་ན་འདི་ལྟར་འཁོར་འདས་ཀྱི་ཆོས་རྣམས་ཀུན་གྱི་སྙིང་པོ་ནི་རིག་པ་བྱང་ཆུབ་ཀྱི་སེམས་འདི་ཉིད་ཁོ་ན་ཡིན་གྱིས་དེ་ལས་གཞན་དུ་ཡོད་པ་མིན་ན། བྱང་ཆུབ་ཀྱི་སེམས་ནི་གཟུང་འཛིན་རྣམ་རྟོག་གི་སྤྱོད་ཡུལ་ཀུན་དང་བྲལ་བ་ཡིན་པའི་ཕྱིར་བསྒོམ་པར་བྱ་བ་རྡུལ་ཙམ་ཡང་ཡོད་པ་མ་ཡིན་པས། གོང་དུ་བཤད་པའི་ཐེག་པ་འོག་མ་རྣམས་ཀྱིས་སོ་སོའི་ལམ་བསྒོམས་པས་འབྲས་བུ་མ་ཐོབ་པའམ་ཐོབ་པར་མི་ནུས་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ང་ཡང་བསྒོམས་ཤིང་བསྒྲུབ་པས་འབྲས་བུ་ཐོབ་པར་ལུང་མི་སྟོན་ཏེ་ཞེས་པ་སྟེ། ཀློང་ཆེན་ལས། མི་རྟོག་འདོད་པ་རྟོག་པའི་ནད། །འཁོར་བའི་བཙོན་ར་དམ་པར་འཁྱམས། །བཅོས་པར་དཀའ་བ་ལྟུང་ཚབ་ཆེ། །དེས་ན་ཅིར་ཡང་བསྒོམ་མི་བྱ། །ཞེས་གསུངས་པ་ལྟར་རོ། །ལྔ་པ་ཚིག་གི་དོན་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ། སྟོན་པ་ཀུན་བྱེད་ང་ཡི་དོན་ལ་ལྟོས་ཤིག་རྟོགས་པར་གྱིས་ཤིག །དེ་ལ་ང་ཡི་རང་བཞིན་རིག་པ་རང་བྱུང་གི་ཡེ་ཤེས་ནི་ཆོས་རྣམས་ཐམས་ཅད་ཀུན་བྱེད་པའི་སྙིང་པོ་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེ་ཡང་ཀུན་བྱེད་བྱང་ཆུབ་ཀྱི་སེམས་གཅིག་གིས་བྱས་པ་ཡིན་པས་ན་ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ཡང་ཀུན་བྱས་བྱང་ཆུབ་ཀྱི་སེམས་ཉིད་ཀྱི་རང་བཞིན་དུ་བྱས་པ་ཡིན་ནོ། །གཉིས་པ་ནི། དེ་ལ་ཆོས་ཐམས་ཅད་ཀྱི་བྱེད་པ་པོ་དེ་ལ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་པའི་དོན་ནི་ཇི་ལྟར་ཡིན་ན། འདི་ལྟར་ཀུན་ཞེས་པ་ནི་སྐུ་གསུམ་གྱི་སྟོན་པ་དང་དུས་གསུམ་གྱི་སངས་རྒྱས་དང་ཁམས་གསུམ་གྱི་སེམས་ཅན་གྱིས་བསྡུས་པའི་ཆོས་རྣམས་མ་ལུས་པ་ཡི་སྒྲར་བཤད་དེ་གང་ཞིག་བྱས་པའི་ཆོས་རྣམས་སོ། །བྱེད་ཅེས་པའི་དོན་ནི་སྙིང་པོ་རང་བྱུང་གི་ཡེ་ཤེས་དེ་ཡིས་གོང་དུ་བསྟན་པའི་ཆོས་དེ་རྣམས་ཐམས་ཅད་བྱས་པ་ཡིན་པས་ན་གང་གིས་བྱེད་པ་པོ་བསྟན་པ་དང་། བྱང་བ་ཞེས་པའི་དོན་ནི་རང་བྱུང་གི་ཡེ་ཤེས་དེ་ཡི་རང་བཞིན་གདོད་ནས་སྐྱེ་བ་མེད་པ་ཀ་དག་སྤྲོས་པ་དང་བྲལ་བས་མཐའ་གང་དུའང་གཟུང་དུ་ཡོད་པ་མ་ཡིན་པའི་དོན་ཡིན་ལ། ཆུབ་པ་ཞེས་སུ་བརྗོད་པའི་དོན་ནི་ལྷུན་གྲུབ་འོད་གསལ་བའི་ཡེ་ཤེས་དེ་ཉིད་ཆོས་རྣམས་ཀུན་གྱིི་སྙིང་པོས་ཏེ་འཕྲོ་གཞི་ཡིན་པས་སྙིང་པོར་གྱུར་པ་ཡིན་ལ་དེའི་ཀློང་དུ་ཆོས་ཐམས་ཅད་འདུས་ཤིང་འུབ་ཆུབ་པས་ཀྱང་དེ་སྐད་ཅེས་བྱའོ། །སེམས་ཞེས་པ་ནི་རིག་པ་རང་བྱུང་གི་ཡེེ་ཤེས་དེ་ཉིད་དུས་རྣམས་ཀུན་ཏུ་སེམས་ཉིད་འོད་གསལ་བའི་ངོ་བོར་གནས་པ་ལས་རྩལ་འགགས་མེད་ཅིར་ཡང་འཆར་བ་ཡིན་ནོ། །ཞེས་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྫོགས་པ་ཆེན་པོའི་ལྟ་བ་བསྒོམ་དུ་མེད་ཀྱི་རང་བཞིན་དུ་བསྟན་པའི་ལེའུ་སྟེ་ཞེ་ལྔ་པའི་འགྲེལ་བའོ།། ༈ །།དོན་དྲུག་པ་སེམས་ཉིད་གདོད་མ་ནས་ངོ་བོ་ཉིད་མེད་པའི་དོན་ལ་བསྲུང་བྱ་སྲུང་བྱེད་གཉིས་སུ་མེད་པའི་དོན་གཏན་ལ་འབེབས་པའི་ལེའུ་ཞེ་དྲུག་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་ཨ་ཏི་རྫོགས་པ་ཆེན་པོའི་ལྟ་བ་བསྒོམ་དུ་མེད་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་རྫོགས་པ་ཆེན་པོའི་གནས་ལུགས་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ལ་བསྲུང་བྱ་བ་སྲུང་བྱེད་གཉིས་སུ་མ་གྲུབ་པས་དམ་ཚིག་བསྲུང་དུ་མེད་པ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཇི་བཞིན་པའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་བསྲུངས་མཚམས་ལས་འདས་པའི་ངོ་བོ་བསྟན་པ། ཐེག་པ་འོག་མའི་བསྲུང་མཚམས་ཅན་དགག་པ། ཨ་ཏི་ཡོ་ག་ལྷུན་གྱིས་གྲུབ་པའི་དགོངས་པ་བསྟན་པའོ། །དང་པོ་ལ་གཉིས་ཏེ། དོན་གྱི་ངོ་བོ་དང་མིང་གི་རྣམ་གྲངས་སོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འདི་ལྟར་རྫོགས་པ་ཆེན་པོའི་དམ་ཚིག་བསྲུང་དུ་མེད་པར་བསྟན་པ་ནི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཉིད་ཡིན་ཏེ། དེ་ནི་ཡེ་གདོད་མ་ཉིད་ནས་རྒྱུ་རྐྱེན་གང་ལས་ཀྱང་མ་སྐྱེས་པའི་གནས་ལུགས་རང་བྱུང་གི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་བཞིན་ཡིན་པའི་རྒྱུ་མཚན་གྱིས། སྐྱེ་འགགས་མེད་པའི་རྩལ་ལས་སྐྱེ་བའི་ཆོ་འཕྲུལ་དུ་སྣང་སྲིད་སྣོད་བཅུད་ཀྱི་ཆོས་སྣ་ཚོགས་སུ་སྣང་བ་འདི་རྣམས་ཡུལ་གྱི་རྣམ་པར་བྱུང་ནས་སྣང་བ་ཡིན་ནའང་དོན་ལ་ཡུལ་གྱི་རྣམ་པ་དེ་དག་ཀུན་བྱེད་བྱང་ཆུབ་ཀྱི་སེམས་རང་གི་རང་བཞིན་འདི་ལྟར་སྣང་ཡང་རང་བཞིན་མེད་པ་སྤྲོས་བྲལ་མཉམ་པ་ཉིད་ཡིན་ནོ་ཞེས་བསྟན་པར་བྱས་པ་ཙམ་ལས་གཟུང་འཛིན་མཚན་མའི་ཆོས་སུ་གྲུབ་པ་རྡུལ་ཙམ་ཡང་ཡོད་པ་མིན་པས་ན། དེ་ལྟ་བུའི་ཆོས་རྣམས་ལ་བཟང་ངན་བླང་དོར་སོགས་སུ་མི་རྟོག་པར་དགག་བསྒྲུབ་སྤང་བླང་མེད་པར་འཇོག་པར་བྱ་སྟེ། ཅིའི་ཕྱིར་ན་ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་བཞིན་རྟོག་པའི་ཡུལ་ལས་འདས་པ་ཡིན་པའི་ཕྱིར་དམ་ཚིག་བསྲུང་མཚམས་དང་བྲལ་བ་ཡིན་ནོ། །གཉིས་པ་ནི། དེ་ལྟར་རྫོགས་པ་ཆེན་པོའི་དམ་ཚིག་བསྲུང་དུ་མེད་པའི་དོན་དེ་ཉིད་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་ཡིན་པས་དོན་ལ་དབྱེ་བ་མེད་ཀྱང་། མིང་གི་རྣམ་གྲངས་ཙམ་གྱི་ལྡོག་པས་དབྱེ་ན་རྣམ་པ་བཞིར་གསུངས་ཏེ། ཡུལ་གང་ལའང་དངོས་པོ་དང་མཚན་མར་མི་འཛིན་ཞིང་ཆོས་ལ་ངན་དུ་བལྟས་ཏེ་སྤོང་བ་དང་། ལ་ལ་བཟང་དུ་བལྟས་ཏེ་དང་དུ་ལེན་པ་ལྟ་བུའི་སྤང་བླང་གི་ཕྱོགས་དང་བསྲུང་བྱའི་གྲངས་སོགས་མེད་པས་མེད་པ་ཡི་དམ་ཚིག་དང་། ཆོས་ཉིད་ཕྱོགས་བྲལ་གྱི་རང་བཞིན་ལ་ཡོད་མེད་ཡིན་མིན་བདེན་རྫུན་སྤང་བླང་ལ་སོགས་པའི་འཛིན་པ་ཐམས་ཅད་དང་བྲལ་བས་བླང་དོར་ཐམས་ཅད་མཉམ་བརྡལ་དུ་སོང་བ་ནི་ཕྱལ་བ་ཡི་དམ་ཚིག་དང་། འཁོར་འདས་དང་བདག་གཞན་བཟང་ངན་ལ་སོགས་པ་ཐམས་ཅད་སྤང་བླང་མེད་པར་བྱང་ཆུབ་ཀྱི་སེམས་གཅིག་གི་ངོ་བོར་དབྱེར་མེད་པས་གཅིག་པུ་ཡི་དམ་ཚིག་དང་། ཆོས་ཉིད་ཀྱི་དོན་རྟོགས་པས་དམ་ཚིག་ཉམས་སུ་མེད་པའམ་མ་ཉམས་པ་ལས་གྲོལ་ཞིང་ཡོན་ཏན་ཐམས་ཅད་མ་བཙལ་ལྷུན་གྱིས་རྫོགས་པས་ལྷུན་གྱིས་གྲུབ་པའི་དམ་ཚིག་ཅེས་བཤད་པ་སྟེ་དེ་དག་ནི་རིག་པའི་ངོ་བོ་དེ་ལྟར་གནས་པ་ལས་བླང་དོར་འབད་རྩོལ་གྱིས་བསྲུང་བར་བྱ་བའི་སྡོམ་ཁྲིམས་ཀུན་དང་ངང་གིས་བྲལ་བ་སྟེ། དགའ་རབ་རྡོ་རྗེས། ཕྱོགས་དང་གང་གི་བསྲུང་བྱ་དང་། །བྲལ་བས་མེད་པའི་དམ་ཚིག་ཡིན། །ཡིན་མིན་ཡོད་མེད་བདེན་རྫུན་གྱི། །འཛིན་པ་བྲལ་བས་ཕྱལ་བ་ཡིན། །འཁོར་འདས་བདག་གཞན་བཟང་ངན་དུ། །དབྱེར་མེད་གཅིག་པུའི་དམ་ཚིག་ཡིན། །ངང་གནས་ཉམས་པ་ལས་གྲོལ་བས། །བཙལ་མེད་ལྷུན་རྫོགས་ཡེ་གྲུབ་པའོ། །ཞེས་སོ། །གཉིས་པ་ལ་བཞི་སྟེ། ཉན་རང་དང་། བྱང་སེམསས་དང་། སྔགས་ཕྱི་པ་གསུམ་དང་། ནང་པ་གཉིས་ཀྱི་བསྲུང་མཚམས་ཅན་དགག་པའོ། །དང་པོ་ལ་གཉིས་ཏེ། བསྟན་པ་དང་བཤད་པས་ལུང་དགོད་པ་དང་། དེ་དགག་པའོ། །དང་པོ་ནི། དེ་ལྟ་བུའི་བསྲུང་དུ་མེད་པའི་དམ་ཚིག་རྣམ་པ་བཞིའི་རང་བཞིན་དུ་གནས་པའི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱི་རང་རང་གི་འཁོར་རྣམས་ལ་བླང་དོར་གྱི་སྒོ་ནས་བསྲུང་བྱའི་རྣམ་གྲངས་ལུང་བསྟན་པ་ལས། དང་པོ་སྟོན་པ་སྤྲུལ་པའི་སྐུ་ཡིས་ནི་མུ་སྟེག་མུར་ཐུག་ཕྱལ་བ་རྒྱང་འཕེན་གྱི་སྡེ་བཞི་པོ་ཐུགས་རྗེས་བྱིན་གྱིས་བརླབས་ནས་འདུལ་བ་སོ་ཐར་གྱི་ཁྲིམས་ཕོག་པའི་འཁོར་ནི། ཁྱིམ་པའི་ཕྱོགས་ལ་བརྟེན་པ་དགེ་བསྙེན་ཕ་མ་གཉིས་དང་། རབ་བྱུང་གི་ཕྱོགས་ལ་བརྟེན་པ་དགེ་སློང་ཕ་མ་གཉིས་ཏེ་སྡེ་བཞི་པོ་ལ་ནང་གསེས་ཀྱིས་དབྱེ་ན་སོ་ཐར་རིགས་བདུན་ནམ། བསྙེན་གནས་ཡན་ལག་བརྒྱད་པ་བསྣན་ན་བརྒྱད་དུ་ཡོད་པ་དེ་རྣམས་ཀྱིས་བསྲུང་བར་བྱ་བའི་ཁྲིམས་ནི་འདི་ལྟ་སྟེ་ཞེས་མདོར་བསྟན་ནས། བྱེ་བྲག་རྒྱས་པར་ན་རྩ་བ་དང་ནིི་ཡན་ལག་གི་དབྱེ་བས་བསྲུང་བར་བྱ་བའི་རྣམ་གྲངས་ལ། ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང་རབ་བྱུང་གི་བསླབ་བྱ་གཉིས་ལས། དང་པོ་ཁྱིམ་པའི་ཕྱོགས་ལ་བརྟེན་པའི་བསླབ་བྱ་ལས། དང་པོ་དུས་ཁྲིམས་བསྙེན་གནས་ཀྱི་བསླབ་བྱ་ནི། རྩ་བཞི་སྤོང་བ་ཚུལ་ཁྲིམས་ཀྱི་ཡན་ལག་དང་། ཆང་སྤོང་བ་བག་ཡོད་ཀྱི་ཡན་ལག་དང་། མལ་ཆེ་མཐོ་དང་། གལ་འཕྲེང་དང་། ཕྱི་དྲོའི་ཁ་ཟས་སྤོང་བ་གསུམ་བརྟུལ་ཞུགས་ཀྱི་ཡན་ལག་སྟེ་བརྒྱད་དོ། །འོན་ཀྱང་འདི་ཉིད་གཏན་ཁྲིམས་མིན་པས་སྡོམ་པ་གོང་མའི་ཡོན་ཏན་གྱི་རྟེན་དུ་མི་རུང་ཞིང་སོ་ཐར་མཚན་ཉིད་པའང་མིན་པར་གསུངས་སོ། །དེ་ལྟ་བུའི་ཡན་ལག་བརྒྱད་པ་འདི་ཇི་སྲིད་འཚོའི་བར་དུ་བསྲུང་ན་གོ་མའི་དགེ་བསྙེན་ཞེས་བྱ་བ་ཡིན་པར་འཕགས་པ་གནས་བརྟན་སྡེ་བའི་ལུང་དུ་དཔོན་སློབ་ཆེན་པོ་དབྱིག་གཉེན་གྱིས་བཞེད་པའོ། །དགེ་བསྙེན་གྱི་བསླབ་བྱ་ནི། སྲོག་གཅོད་པ། མ་བྱིན་ལེན་པ། འདོད་པས་ལོག་པར་གཡེམ་པ། རྫུན་དུ་སྨྲ་བ། མྱོས་འགྱུར་སྤོང་བ་རྣམས་ཏེ། དེ་ལ་ནང་གསེས་སུ་སྣ་གཅིག་བསྲུང་བ་ལ་སོགས་པའི་དབྱེ་བ་ཡོད་ལ། བསྲུང་བྱ་དེ་དག་གི་སྟེང་དུ་མི་ཚངས་སྤྱོད་པ་དང་བཅས་སྤོང་བ་ནི་ཚངས་སྤྱོད་དགེ་བསྙེན་ནོ། །གཉིས་པ་རབ་བྱུང་ཕྱོགས་ཀྱི་བསླབ་བྱ་ལས། དང་པོ་དགེ་ཚུལ་གྱི་བསླབ་བྱ་ནི། རྩ་བ་བཞི་དང་། མྱོས་འགྱུར་སྤོང་བ། གར་སོགས་གསུམ། འཕྲེང་སོགས་གསུམ། མལ་ཆེ་མཐོ། ཕྱི་དྲོའི་ཁ་ཟས་ཟ་བ། གསེར་དངུལ་ལེན་པ་སྤང་བ་སྟེ་རགས་པ་བཅུ་དང་། དེ་ལས་ཕྱེ་བས་བླང་འདས་སུམ་ཅུ་རྩ་གསུམ་རྣམས་བསྲུང་བ་དང་། དེའི་སྟེང་དུ་རྩ་བའི་ཆོས་དྲུག་དང་། རྗེས་མཐུན་གྱི་ཆོས་དྲུག་སྟེ་བཅུ་གཉིས་པོ་བསྣན པ་ནི་དགེ་སློབ་མའི་བསླབ་བྱ་དང་། དགེ་སློང་ལ ། ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་སོར་བཤགས་སྡེ་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་སྡོམ་པས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་གྱི་བསྲུང་བྱ་རྣམས་སྤྱིར་བཏང་སུ་དེ་ལྟར་ཡིན་ཀྱང ། རྒྱུད་འདི་ཉིད་ཀྱི་དགོངས་པ་ལ་དགེ་ཚུལ་གྱི་བསྲུང་བྱ་ཉིས་བརྒྱ་ལྔ་བཅུ་ཞེས་གསུངས་ལ། ཇི་སྐད་དུ། གནང་བས་ཉེས་མེད་བཅུ་གསུམ་མ་གཏོགས་པ། དགེ་སློང་ཇི་བཞིན་སྤང་བླང་མཐའ་དག་གཅིག །ཅེས་གསུངས་པ་ལྟར་དེ་དག་ཕྲི་ཞིང་དགེ་སློབ་མའི་བསླབ་བྱ་བཅུ་གཉིས་བསྣན་པར་བྱས་ན་ཕྱོགས་འགྲིགས་ལ། དགེ་སློང་ལ་ལྔ་བརྒྱ་དང་ལྔ་བཅུ་ཡིས་ཁྲིམས་ཞེས་གསུངས་པ་དགེ་སློང་ཕ་མ་གཉིས་ཀའི་ཐུན་མོང་གི་བསླབ་བྱ་རྣམས་གཅིག་ཏུ་བགྲངས་ཤིང་ཐུན་མིན་རྣམས་སོ་སོར་བགྲངས་བས་སུམ་བརྒྱ་དང་གོ་དགུ་ཡོད་པ་རྣམས་ཀྱི་ཁར་ཕམ་ལྷག་གི་སྦོམ་པོ་རྣམས་དང་། ལྟུང་བ་སྡེ་ལྔའི་ནང་ཚན་དུ་མི་གཏོགས་པའི་ཉེས་བྱས་ཀྱི་རྣམ་གྲངས་མང་དུ་གསུངས་པ་རྣམས་ཀྱང་བསྡུས་པ་ཨི་ཡིན་སྙམ་ཀྱང་གཞུང་རྣམས་ལས་མ་མཐོང་ཞིང་བླ་མའི་ཞལ་རྒྱུན་ཀྱང་མེད་པས་ཇི་བཞིན་བྲི་མ་ནུས་ལ། དགེ་སློང་མའི་བསླབ་བྱ་ཡང་སྤྱིར། ཕམ་པ་བརྒྱད་དང་། ལྷག་མ་ཉི་ཤུ། སྤང་ལྟུང་སོ་གསུམ། ལྟུང་བྱེད་བརྒྱ་དང་བརྒྱད་ཅུ། སོར་བཤགས་བཅུ་གཅིག །ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་སྡོམ་པས་སུམ་བརྒྱ་དང་དྲུག་ཅུ་རྩ་བཞིར་གསུངས་པ་ཡིན་མོད། སྨན་མདོ་ལས། ཁྱིམ་གྱི་གནས་ནས་བྱུང་བའི་དགེ་སློང་གང་དག་བསླབ་པའི་གཞི་ཉིས་བརྒྱ་ལྔ་བཅུ་པོ་དག་འཛིན་པ་དང་། དགེ་སློང་མ་གང་དག་བསླབ་པའི་གཞི་ལྔ་བརྒྱ་པོ་དག་འཛིན་པ་དང་། ཞེས་གསུངས་པ་སོགས་མདོ་རྣམས་ལས་དགེ་སློང་མའི་བསླབ་པའི་གྲངས་མང་ཉུང་སྣ་ཚོགས་འབྱུང་བར་གསུངས་པས་རྣམ་པ་གཅིག་ཏུ་ཡང་མི་ངེས་སོ། །གཉིས་པ་ནི། དེ་ལྟར་ཉན་ཐོས་ཀྱི་བསྲུང་བྱ་དེ་དག་བསྲུང་བའི་དུས་ན་བསྲུང་བྱའི་རྣམས་གྲངས་དང་གནང་འགལ་གྱི་དོན་སོགས་ཕྲ་ཞིབ་ནས་རྒྱལ་བའི་བཀའ་ཁོ་ན་ལ་བརྟེན་པ་ལས། རིག་པས་བརྟགས་དཀའ་ཞིང་མི་ཤེས་པ་དེས་ན་སོ་ཐར་གྱི་སྡོམ་པ་དེ་ཉེས་བྱས་ཕྲ་མོས་ཀྱང་མ་གོས་པ་ཞིག་བསྲུང་མི་ཐུབ་ལ། རྫོགས་ཆེན་གྱི་སྐབས་ནས་གསུངས་པ་ལྟ་བུའི་འདའ་ཉམས་མེད་པའི་དོན་ལ་གནས་པའི་མན་ངག་སོགས་ཉེས་བྱས་ཙམ་ཀྱིས་ཀྱང་མི་གོས་པར་བསྲུང་པར་ནུས་པའི་ཐབས་མཁས་ཀྱང་ཅི་ཡང་མེད་པས་མི་ཉམས་པར་བསྲུང་དཀའ་ཞིང་། ཉམས་ན་ཡང་སླར་གསོ་བའི་ཐབས་མེད་པ་དང་། རྫོགས་པ་ཆེན་པོའི་ལམ་དུ་ཅི་སྤྱོད་ཐམས་ཅད་རྣམ་པར་རྟོག་པར་ཀུན་ལས་འདས་པ་རང་བྱུང་ཡེ་ཤེས་ཀྱི་རོལ་པ་ཉག་གཅིག་ཏུ་གསུངས་པ་དེ་ལྟ་བུའི་དོན་ཡང་རྟོགས་པ་མིན་པས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་སྤང་བླང་བྱ་རྩོལ་དང་བྲལ་བའི་དོན་དང་འགལ་བར་གསུངས་པ་སྟེ། ཚུལ་འདི་དང་མཐུན་པར་ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས་ཀྱང་། དགེ་ཚུལ་ཉིས་བརྒྱ་ལྔ་བཅུ་དང་། །དགེ་སློང་ལྔ་བརྒྱ་ལྔ་བཅུ་སོགས། །བསྲུང་དུས་གྲངས་དང་དོན་མི་ཤེས། །སྡོམ་པ་མི་ཐུབ་བསྲུང་ཐབས་མེད། །རྟོག་པའི་སྟེང་དུ་ཡང་རྟོག་བསྣན། །འཁྲུལ་པའི་སྟེང་དུ་ཡང་འཁྲུལ་བསྣན། །ཞགས་ཐག་སྟེང་དུ་འབྲེང་ཞགས་བསྡམ། །རྫོགས་ཆེན་བསྲུང་བྱ་ཀུན་ལས་འདས། །ཞེས་གསུངས་སོ། །གཉིས་པ་བྱང་སེམས་ཀྱི་བསྲུང་བྱ་ལ་གཉིས་ཏེ། ལུང་དགོད་པ་དང་། །དེ་དགག་པའོ། །དང་པོ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ལ། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་གྱི་ཚུལ་ཁྲིམས་རྣམ་པ་གསུམ་ལས། དང་པོ་ལ། ཟབ་མོ་ལྟ་བའི་སྲོལ་འབྱེད་པ་པོ་མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་ལ་བརྟེན་ནས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་བསླབ་བཏུས་སུ་བསྡུས་པ་ནི། ནམ་མཁའི་སྙིང་པོའི་མདོ་ལས་གསུངས་པའི་རྒྱལ་བློན་གྱི་རྩ་ལྟུང་བཅོ་བརྒྱད་དང་། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས་གསུངས་པའི་སྨོན་སེམས་གཏོང་བ་དང་། དཀོན་མཆོག་བརྩེགས་པ་ལས་གསུང་བའི་འཇུག་སེམས་གཏོང་བ་གཉིས་བསྣན་ཏེ་རྩ་ལྟུང་ཉི་ཤུ་དང་། ཉེས་བྱས་ཕྲ་བ་བརྒྱད་བཅུ་གསུངས་པ་དང་། རྒྱ་ཆེན་སྤྱོད་པའི་སྲོལ་འབྱེད་པ་པོ་འཕགས་པ་ཐོགས་མེད་ཀྱི་གཞུང་ལ་བརྟེན་ནས། སློབ་དཔོན་ཙན་ཌ་གོ་མིས་སྡོམ་པ་ཉི་ཤུ་པར་བསྡུས་པ། སྨོན་པའི་བསླབ་བྱ་སེམས་ཅན་བློས་མི་གཏོང་བ་དང་། བྱང་ཆུབ་སེམས་ཀྱི་ཕན་ཡོན་དྲན་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པ་དང་། བྱང་ཆུབ་ཀྱི་སེམས་སྦྱངས་ཤིང་དཀར་ནག་ཆོས་བརྒྱད་ལ་བླང་དོར་བྱེད་པ་རྣམས་དང་། འཇུག་པའི་བསླབ་བྱ་བསྙེན་བཀུར་ལྷག་ཞེན་བདག་བསྟོད་གཞན་སྨོད་ལ་སོགས་པ་བཞི་དང་། ཉེས་བྱས་ཕྲ་བ་ཞེ་དྲུག་ཏུ་གསུངས་སོ། །གཉིས་པ་བསྒྲུབ་པའི་བསླབ་བྱ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་དགེ་བའི་ཆོས་རྣམས་སྒྲུབ་པར་བྱེད་པ་དང་། གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི་བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས་སེམས་ཅན་རྣམས་ཀྱི་དོན་བྱེད་པ་སྟེ། དེ་ལ་སོགས་པ་གཞན་ཡང་བྱང་ཆུབ་སེམས་དཔའི་བླང་དོར་གྱི་གནས་ཤིན་ཏུ་གྲངས་མང་ཞིང་རྒྱ་མཚོ་ལྟ་བུར་མཐའ་ཡས་ཤིང་གྲངས་མང་བ་དེ་རྣམས། ཚུར་བསྡུ་ན་ལུས་ངག་ཡིད་གསུམ་གྱི་ལས་གསུམ་ལ་བསྡུས་པ་སྟེ། སྒོ་གསུམ་པོ་དྲན་ཤེས་བག་ཡོད་ཀྱིས་བསྡམ་ཞིང་བསྲུང་བར་བྱ་བ་རྣམ་པ་གསུམ་དུ་བསྟན་པ་ཡིན་ནོ། །གཉིས་པ་ནི། དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ལམ་དུ་དབང་པོ་ལྔ་འདོད་པའི་ཡུལ་ལ་ཞེན་པ་ལས་འཕྲལ་དང་ཡུན་གྱི་སྡུག་བསྔལ་ཐམས་ཅད་སྔར་ཡང་བྱུང་ཞིང་མ་འོང་པ་ན་ཡང་འབྱུང་བར་འགྱུར་བའི་རྒྱུ་྄ཡིན་པར་བལྟས་ནས་ནི། ཇི་སྐད་དུ། མཁས་པས་དུས་རྣམས་རྟག་ཏུ་ངན་སོང་གསུམ་པོ་སྤང་། །དེ་དག་དགེ་བཅུའི་ལས་ཀྱི་ལམ་ལ་མངོན་པར་བརྩོན། །ཟང་ཟིང་མེད་པར་འགྲོ་ལ་ཆོས་ནི་རྗེས་སུ་སྟོན། །ཆོས་ལ་གཅིག་ཏུ་དགའ་ཞིང་རྟག་ཏུ་ཚིག་འཇམ་ལྡན། །འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན། །གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། །གཙང་བྱས་གཙང་མའི་གོས་འཆང་གསུམ་པོ་དབེན་ཞིང་དག །ཞེས་གསུངས་པ་ལྟར་དྲན་ཤེས་ཀྱི་ཤིན་ཏུ་བསྡམས་པས་ལུས་ཀྱི་འགྲོ་འདུག་དང་གོམ་པ་བོར་ས་མེད་པ་ལྟར་གནས་དགོས་པ་དང་། ངག་གིས་མི་དགེ་བ་ཐམས་ཅད་སྤང་ནས་བདེན་པའི་ཚིག་ཁོ་ན་བརྗོད་པར་འདོད་ན་ཡང་། རྫུན་གྱི་རྒྱུ་བཞི་མ་སྤང་བར་དུ་དོན་གྱིས་གོང་ཏེ་བརྗོད་པའི་དོན་ཐམས་ཅད་ཀྱིས་མི་བསླུ་བའི་བདེན་པ་ཉག་གཅིག་ཏུ་སྨྲ་བར་དཀའ་བ་དང་། ཡིད་ཀྱིས་ཀྱང་འདོད་པའི་ཡུལ་ལ་མི་ཞེན་ཅིང་ཉོན་མོངས་པའི་དབང་དུ་མི་གཏོང་བར་ཡང དག་པའི་ལམ་ཁོ་ན་ལ་བརྩོན་ན་ཡང་། བསམ་པ་ཐམས་ཅད་བློ་ཡིན་ལ་གནས་ལུགས་དོན་དམ་པའི་བདེན་པ་བློའི་སྤྱོད་ཡུལ་ཀུན་ལས་འདས་ཤིང་དེ་དང་འགལ་བ་ཡིན་པས་ན། མ་ནོར་བའི་དོན་དང་མཐུན་པའི་བསམ་པ་ཞིག་དུས་རྣམ་ཀུན་ཏུ་མི་སྲིད་པ་དང་། གལ་ཏེ་ཡོད་དུ་ཆུག་ཀྱང་དེ་ཉིད་འདུས་བྱས་སྐྱེ་འགག་གི་མཚན་མ་དང་བྲལ་བ་ཞིག་ཡིན་དགོས་པས་འབད་རྩོལ་གྱིས་བསྒྲུབ་ཏུ་མེད་ལ། དེས་ན་ལུས་ངག་ཡིད་ཀྱི་སྡོམ་པ་ལས་འདའ་བར་མི་བྱེད་པའི་རྒྱ་མདུད་ཤིན་ཏུ་དམ་པོ་དེས་རྟག་ཏུ་བསྡམ་པར་བྱས་ཀྱང་། ཆོས་ཉིད་དོན་དམ་པའི་བདེན་པ་རིག་པ་བྱང་ཆུབ་ཀྱི་སེམས་ཉིད་ཀྱི་དོན་དང་འཕྲད་པ་ཤིན་དུ་དཀའ་ཞིང་། དེ་བཞིན་དུ་རྫོགས་པ་ཆེན་པོའི་ལམ་ནས་གསུངས་པའི་སྡོམ་པ་བསྲུང་བྱ་བསྲུང་བྱེད་ལས་འདས་པས་བསྲུང་དུ་མེད་ཅིང་ཉམས་པ་ཡང་མེད་པའི་དོན་དང་འཕྲད་པར་མི་འགྱུར་ཏེ། ཅིའི་ཕྱིར་ན་བསྲུང་དུ་མེད་ཅིང་ཉམས་པ་མེད་པའི་གནས་ལུགས་ཇི་བཞིན་པ་བྱང་ཆུབ་སེམས་ཀྱི་རང་བཞིན་མ་ནོར་བསྟོན་པ་ནི། ཀུན་བྱེད་རྒྱལ་པོ་ཉིད་ཀྱི་ངེས་དོན་གྱི་ལུང་ཟབ་མོ་འདི་ཉིད་ཡིན་ན། དེ་ཇི་བཞིན་པ་བྱང་ཆུབ་སེམས་དཔའི་ཐེག་པ་ལས་མ་བསྟན་པའི་ཕྱིར་རོ། །གསུམ་པ་སྔགས་ཕྱི་བ་བསྲུང་མཚམས་བཤད་པ་ལ་གཉིས་ཏེ། ལུང་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་བྱེད་ང་ལས་བྱུང་བའི་སྟོན་པ་ལོངས་སྤྱོད་རྫོགས་པས་རང་གི་འཁོར་རྣམས་ལ་བསྲུང་བྱའི་དམ་ཚིག་ལུང་ཕོག་པ་ནི། ཀྲི་ཡོག་སྡེ་གསུམ་གྱི་བསྲུང་བྱ་རྣམས་ཏེ། དེ་ལ་སྤྱིར་དམ་ཚིག་ཞེས་པ་ནི་བདག་ཉིད་ཆེན་པོ་རྣམས་ཀྱི་བཀའ་བཞིན་དུ་བྱ་བ་དང་བྱ་བ་མ་ཡིན་པ་ལ་འཇུག་ལྡོག་བྱེད་པའི་མཚན་ཉིད་ཅན་ཏེ། དེ་ཡང་རྒྱལ་བ་རྣམས་ཀྱི་བཀས་བཅད་པ་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱི་བསླབ་བྱར་གྱུར་པ་དང་། འདའ་མི་རུང་བའི་མཚན་ཉིད་གསུམ་ལྡན་དུ་གསུངས་ལ། དེ་ལ་བྱེ་བྲག་ཏུ་ཕྱི་རྒྱུད་དང་བླ་མེད་ཀྱི་དམ་ཚིག་གཉིས་ལས། དང་པོ་ཕྱི་རྒྱུད་ལའང་བྱ་སྤྱོད་རྣལ་འབྱོར་གསུམ་དུ་ཡོད་པ་ལས། དང་པོ་བྱ་རྒྱུད་པས་ནི་གཟའ་དང་རྒྱུ་སྐར་ལ་སོགས་པ་དུས་ཚོད་བཟང་པོའི་སྒོ་ནས་འཇིག་ཅིང་། ཕྱི་ནང་གསང་བའི་གོས་གསུམ་བརྗེ་བ་དང་གཙང་མའི་ཁྲུས་ཀྱིས་ཏེ་ཁྲུས་གསུམ་གྱིས་རང་རྒྱུད་དག་པར་བྱས་ཏེ་སྡོམ་པ་མནོས་ནས་ཚུལ་ཁྲིམས་ཇི་ལྟར་བསྲུང་བ་ནི། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་གསུམ་ལས། དང་པོ་ནི་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་པ་སྤྱི་ཡི་བསྲུང་བྱ་སོ་བྱང་གི་སྡོམ་པ་རྣམས་བསྲུང་བ་དང་། གཉིས་པ་ཁྱད་པར་གྱི་དམ་ཚིག་ནི་མཆོག་གསུམ་ལ་དང་པ་བརྟན་པ་དང་། ཡི་དམ་གྱི་ལྷ་ལ་དད་པར་བྱ་བ་དང་། བླ་མ་རྡོ་རྗེའི་སློབ་དཔོན་ལ་གཙུག་གི་ནོར་བུ་ལྟར་བཀུར་ཞིང་གུས་པར་བྱ་བ་དང་། བསྟན་པའི་སྒོར་ཞུགས་པའི་གྲོགས་མཛའ་བོ་རྣམས་ལ་གུས་པ་དང་། བྱ་རྒྱུད་ཀྱི་སྒོར་ཞུགས་པའི་དམ་ཚིག་ཅན་གུས་ཤིང་བྱམས་པར་བྱེད་པ་དང་། ལྷ་རྣམས་ལ་ལས་མ་འགྲུབ་པ་སོགས་ཀྱི་མི་སྣང་བ་དང་། ལྷ་ཡེ་ཤེས་པ་ལ་ཚེས་བརྒྱད་ལ་སོགས་པའི་དུས་མཚམས་སུ་འབག་རྩོག་མེད་པར་གཙང་མས་མཆོད་པ་དང་། མུ་སྟེགས་ཀྱི་སྟོན་པ་གཞན་གྱི་གཞུང་མི་བརྟེན་པ་དང་། སྲོག་ཆགས་རྣམས་ལ་སྙིང་རྗེ་རྒྱུན་མི་བཅད་པ་དང་། དུས་དང་གཙང་སྒྲ་དང་གོས་དང་བཟའ་བ་དང་དམིགས་རྟེན་དང་སྔགས་ཀྱི་བྱ་བ་དྲུག་གི་སྒོ་ནས་བསོད་ནམས་ལ་ནན་ཏན་བསྐྱེད་པ་དང་། གསང་སྔགས་ཀྱི་བཟླས་བརྗོད་ལ་བརྩོན་པ་དང་། དམ་ཉམས་པ་དང་དམ་ཚིག་མེད་པ་རྣམས་ལ་སྔགས་རྒྱ་མི་སྦྱིན་ཅིང་རྒྱུད་དང་མན་ངག་གསང་བ་དང་། བཀའ་རྒྱུད་ཀྱི་དོན་བཟུང་ཞིང་རྟོགས་པར་བྱ་བ་དང་བཅུ་གསུམ་དུ་གསུངས་ལ། གསུམ་པ་ལྷག་པའི་དམ་ཚིག་ནི། རྡོ་རྗེ་དྲིལ་བུ་མི་འབྲལ་བ་དང་། རྡོ་རྗེའི་བླ་མ་མི་སྤང་བ་ཐུགས་རྡོ་རྗེའི་རིགས་ཀྱི་དམ་ཚིག་དང་། ཕྱི་ནང་གསང་བའི་ཐེག་པ་གསུམ་གྱི་ཆོས་བསྒྲགས་པ་གསུང་པདྨའི་རིགས་ཀྱི་དམ་ཚིག་དང་། མཆོག་གསུམ་སྐྱབས་སུ་བཟུང་ཞིང་སྡོམ་པ་གསུམ་ལ་གནས་པ་སྐུ་བདེ་གཤེགས་རིགས་ཀྱི་དམ་ཚིག་སྟེ། དེ་ལྟར་རིགས་གསུམ་གྱི་དམ་ཚིག་ལ་གནས་ནས་སྤྱིའི་དངོས་པོ་མཐོ་འཇམ་རྩུབ་པ་གསུམ་དང་ནང་ལུས་ངག་ཡིད་གསུམ་དང་གསང་བ་དུག་གསུམ་ཐམས་ཅད་སྐུ་གསུང་ཐུགས་སུ་ཤེས་པར་བྱ་བའོ། །གཉིས་པ་སྤྱོད་རྒྱུད་ལ་ཡང་དེ་ལྟར་གསུམ་ལས། སྤྱི་དང་ཁྱད་པར་གྱི་དམ་ཚིག་ནི་བྱ་བ་དང་མཐུན་ལ། ལྷག་པའི་དམ་ཚིག་ནི། དངོས་པོའི་ཆོས་རྣམས་ལྷ་རིགས་བཞིར་ཤེས་པར་བྱ་བ་སྟེ། དེ་ཡང་ཡུལ་ནི་སྐུ་ཡི་རིགས་དང་། ཡུལ་ཅན་ཐུགས་ཀྱི་རིགས་དང་། བྱ་བ་ཐམས་ཅད་ཡོན་ཏན་གྱི་རིགས་དང་། བྱེད་པ་ཐམས་ཅད་ཕྲིན་ལས་ཀྱི་རིགས་སམ་རིག་གང་རུང་དུ་བསྡུས་ནས་རིགས་བཞི་བསྒྲུབ་པའི་དོན་ལ་གནས་པའོ། །གསུམ་པ་རྣལ་འབྱོར་གྱི་རྒྱུ་ལ་ཡང་དེ་ལྟར་གསུམ་ལས། ཕྱི་ཡི་དམ་ཚིག་ནི་གོང་དང་མཐུན་ལ། ཁྱད་པར་ཀྱི་དམ་ཚིག་ནི་རྣམ་པ་བདུན་དུ་གསུངས་ཏེ། དཀོན་མཆོག་གསུམ་མི་སྤང་བ་དང་། བྱང་ཆུབ་ཀྱི་སེམས་མི་སྤང་བ་དང་། སྔགས་དང་ཕྱག་རྒྱ་མི་སྤང་བ་དང་། ཡི་དམ་གྱི་ལྷ་མི་སྤང་བ་དང་། བླ་མ་གཙུག་ཏུ་ཁུར་བ་དང་། རྡོ་རྗེའི་མཆེད་ལ་གུས་ཤིང་གདུང་བ་དང་། གསང་དོན་གཞན་པ་མི་བསྒྲགས་པ་རྣམས་སོ། །གསུམ་པ་ལྷག་པའི་དམ་ཚིག་ནི་རིགས་ལྔའི་དམ་ཚིག་སྟེ། དེ་ཡང་སྐུ་གསུང་ཐུགས་གསུམ་གྱི་དམ་ཚིག་གོང་གི་བྱ་རྒྱུད་ཀྱི་སྐབས་ལྟར་ལ། རིན་ཆེན་རིགས་ལ་ཆོས་དང་ཟང་ཟིང་མི་འཇིགས་བྱམས་པ་བཞི་སྦྱིན་པ་དང་། ལས་ཀྱི་རིགས་ལ་སྡོམ་པ་ཀུན་དང་ལྡན་པ་དང་། མཆོད་པའི་ལས་རྣམས་ཅི་ནུས་སུ་བརྟེན་པ་རྣམས་ཏེ། དེ་ལྟ་བུའི་དམ་ཚིག་ལ་གནས་པས་ཕུང་ལྔ་འབྱུང་ལྔ་དུག་ལྔ་ཡུལ་ལྔ་དབང་ལྔ་ཁ་དོག་ལྔ་དང་ཕྱོགས་ལྔ་ཐམས་ཅད་རིགས་ལྔའི་རང་བཞིན་དུ་ཤེས་པར་བྱ་བ་སྟེ། འདི་དག་ནི་སློབ་དཔོན་དགའ་རབ་དཔའ་བོའི་དམ་ཚིག་གི་ཀློང་ལས་གསུངས་པ་ལྟར་བྲིས་པ་ཡིན་ལ། གཞན་ནས་ཕྱི་རྒྱུད་སྡེ་གསུམ་རེ་རེ་བཞིན་རྩ་ལྟུང་བཅུ་བཞིའི་དབྱེ་བ་གསུངས་པ་སོགས་རྒྱུད་སྡེ་རྣམས་ནས་དབྱེ་བསྡུ་སྣ་ཚོགས་སུ་གསུངས་པ་ཡོད་དོ། །དེ་ལྟ་བུའི་དམ་ཚིག་དང་ལྡན་པའི་སྒོ་ནས་ཕྱི་རྒྱུད་གསུམ་པོ་རང་རང་གི་ལམ་གྱིས་བྱང་ཆུབ་བསྒྲུབས་ནས་འགྲོ་བའི་དོན་འགྲུབ་པར་ཞལ་གྱིས་འཆེས་པ་ཡིན་ནོ་ཞེས་སོ། །གཉིས་པ་ནི། དེ་ལྟར་ཕྱི་རྒྱུད་སྡེ་གསུམ་གྱི་དམ་ཚིག་དེ་དག་མི་ཉམས་པར་ཞལ་གྱིས་འཆེས་པ་ཡིན་ན་ཡང་། དམ་ཚིག་གི་རྣམ་གྲངས་གང་ཡང་ཇི་ལྟར་དམ་བཅའ་པ་ལྟར་ཚུལ་བཞིན་དུ་ཉེས་པ་ཕྲ་མོས་ཀྱང་མི་གོས་པས་ཞིག་མི་འགྲུབ་སྟེ། ཅི་སྤྱོད་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་ཤར་ཏེ་འདའ་ཉམས་མེད་པའི་དོན་མ་རྟོགས་པར། རྣམ་པར་རྟོག་པའི་ཡུལ་དུ་ཉེས་པ་ཕྲ་མོ་ཙམ་ཡང་མི་འབྱུང་བ་ཞིག་དཀའ་བའི་ཕྱིར་རོ། །དེ་ལྟར་དམ་བཅས་པ་བཞིན་དུ་མ་གྲུབ་ན། སླར་ཡང་བཤགས་པ་བྱས་པས་ཀྱང་ཇི་བཞིན་འདག་པར་མི་ནུས་ཏེ། གཏིང་རྫོགས་ལས། བསྐང་བཤགས་ཕྲིན་ལས་གཞུང་བཞིན་བྱས་གྱུར་ཀྱང་། །རྣལ་འབྱོར་ལྟ་བ་ཉམས་པ་བསྐང་མི་འགྱུར། །ཞེས་གསུངས་པ་ལྟ་བུ་ཡིན་པ་དེས་ན་རྣམ་སྨིན་མྱོང་མི་དགོས་པ་ཙམ་ལས་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཇི་བཞིན་རྟོགས་པ་ལ་སྒྲིབ་པར་བྱེད་པའི་ཉེས་པ་མི་འདག་པས་འབྲས་བུ་ཐོབ་པ་ལ་ཡུན་རིང་དུ་ཐོག་པ་གྲུབ་ཆེན་ཏེ་ལོ་བའི་རྣམ་ཐར་བཞིན་ཡིན་པ་དེས་ན། དམ་ཚིག་བསྲུང་དུ་མེད་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ང་དང་ཡུན་རིང་དུ་འཕྲད་པའི་སྐལ་བ་མེད་པས་ཐག་རིང་ཞིང་། ཡང་དག་པའི་དོན་ལས་ཉམས་པར་འགྱུར་བའི་སྐྱོན་དང་བཅས་པར་གསུངས་སོ། །བཞི་པ་ནང་པ་གཉིས་ཀྱི་བསྲུང་མཚམས་ཅན་དགག་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཀྱེ་ཞེས་སེམས་དཔའ་རྡོ་རྗེ་ལ་སོགས་པའི་འཁོར་རྣམས་ལ་འབོད་པའི་ཚིག་དང་བཅས་པས་སྟོན་པ་ཆོས་ཀྱི་སྐུ་ཡིས་རང་གི་འཁོར་ལ་དམ་ཚིག་གི་རྣམ་གྲངས་ལུང་བསྟན་པ་ནི། རང་གི་སྒོ་གསུམ་རྒྱལ་བའི་སྐུ་གསུང་ཐུགས་རྡོོ་རྗེ་གསང་བ་གསུམ་གྱི་ངོ་བོར་དབྱེར་མེད་དུ་བསྒྲུབ་པར་བྱེད་པ་མ་ཧཱ་དང་ཨ་ནུ་གཉིས་ཀྱི་དམ་ཚིག་ནི་མདོར་བསྡུ་ན་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་དང་། ཡན་ལག་གི་དམ་ཚིག་ལྔ་ལྔ་ཉི་ཤུ་རྩ་ལྔ་རྣམས་ཏེ། ཞེས་ནང་པ་གཉིས་ཀྱི་དམ་ཚིག་སྤྱིར་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། རྩ་བ་དང་། ཡན་ལག་གི་དམ་ཚིག་གོ །དང་པོ་ལ་གཉིས་ཏེ། ལུང་དགོད་པ་དང་། དེ་ཉིད་དགག་པའོ། །དང་པོ་ནི། དེ་ལ་སྔགས་ནང་པ་གཉིས་ཀྱི་དམ་ཚིག་ལ་སྤྱི་དང་། ཁྱད་པར་ལྷག་པའི་དམ་ཚིག་གསུམ་ལས། དང་པོ་ནི་ཕྱི་རྒྱུད་མན་ཆད་ཀྱིས་ཐུན་མོང་གི་བསྲུང་བྱ་རྣམས་ཡིན་ལ། ཁྱད་པར་གྱི་དམ་ཚིག་ལ་རྩ་བ་དང་ཡན་ལག་གི་དམ་ཚིག་གཉིས་ལས། དང་པོ་རྩ་བ་ཡི་དམ་ཚིག་གསུམ་ནི་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་དུ་འདུས་ཏེ། ཡང་འབྱེད་ལས། རྣལ་འབྱོར་ཆེན་པོའི་བསྲུང་མཚམས་ནི། རྩ་བའི་དམ་ཚིག་གསུམ་པོ་དང་། །ཡན་ལག་ཉི་ཤུ་རྩ་ལྔ་བསྲུང་། །ཞེས་གསུངས་པ་ལྟར་ལུས་ལྷ་སྐུར་གསལ་བ་སྐུ་ཡི་དམ་ཚིག །ངག་སྙིང་པོ་བཟླ་བ་གསུང་གི་དམ་ཚིག ། ཡིད་ཏིང་ངེ་འཛིན་ལ་གནས་པ་ཐུགས་ཀྱི་དམ་ཚིག་གསུམ་སྟེ་རྣམ་པ་གསུམ་ཡིན། དེ་ལས་བྱེ་བྲག་མ་ཧཱ་ཡོ་ག་ལྟར་ན་སྒྱུ་འཕྲུལ་ལས་རྩ་བའི་དམ་ཚིག་ལྔར་གསུངས་པ་ཡང་བླ་མ་དང་མཆེད་ལ་གུས་པ་སྐུ། སྔགས་རྒྱ་རྒྱུན་མི་བཅད་པ་གསུང་། བླ་མེད་མི་སྤོང་བ་དང་གསང་བ་བསྲུང་བ་ཐུགས་ཀྱི་དམ་ཚིག་སམ་ཡང་ན་ཀུན་མཁྱེན་ཆེན་པོས། བླ་མ་མི་སྤོང་བ་ལ་ཡང་ལུས་ཀྱིས་བཀུར། ངག་གི་བསྟོད། སེམས་ཀྱིས་གུས་པར་བྱ་བ་གསུམ་ཡོད་པ་བཞིན་དུ་གཞན་རྣམས་ལ་ཡང་སྐུ་གསུང་ཐུགས་ཀྱི་ཆ་ཡོད་པར་གསུངས་པ་གང་ལྟར་ཡང་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་དུ་འདུས་ལ་ཨ་ནུ་ཡོ་ག་ལ་ཕར་དབྱེ་ན། གལ་མདོ་ངེས་པའི་དམ་ཚིག་བཞི། ཐུན་མོང་གི་ཉེར་བརྒྱད། ལྷག་པའི་བཞི། བརྟུལ་ཞུགས་ཀྱི་ཉེར་གསུམ། སྒྲུབ་པའི་ཉི་ཤུ། སྤྱོད་ལམ་རྒྱུན་གྱི་བཞི། བདུད་ལྔ་སྤང་བ། དགྲ་བཞི་གཞོམ་པ། རང་བཞིན་ལྟ་བའི་དམ་ཚིག་སྟེ་རྣམ་གྲངས་དགུར་གསུངས་ཀྱང་། འདིར་ཐུན་མོང་གི་དམ་ཚིག་ཉེར་བརྒྱད་དུ་བསྡུས་པས་རྩ་བའི་དམ་ཚིག་ནི། མ་ཧཱ་ཡོ་ག་དང་ལྷན་དུ་སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་གསུམ་པོ་དེ་ཉིད་དུ་བསྟན་ཏོ། །ལྷག་པའི་དམ་ཚིག་ནི་རྟོགས་པའི་དོན་ལ་རྒྱུན་ཏུ་གནས་པ་ལ་གསུངས་ཏེ། དམ་ཚིག་གི་ཀློང་ལས་ལྷག་པའི་དོན་ལ་རྒྱུན་ཏུ་གནས། ཞེས་དང་། གཞན་ཡང་གཅན་གཟན་རྒྱལ་པོའི་ཁྲི་མི་བཤིགས་པ་ལ་སོགས་པ་ཉི་ཤུ་གསུངས་པ་རྣམས་སོ། །གཉིས་པ་ནི། དེ་ལྟ་བུའི་ནང་རྒྱུད་འོག་མ་གཉིས་ཀྱི་རྩ་བའི་དམ་ཚིག་དེ་ཡང་བྱར་མེད་རྫོགས་པ་ཆེན་པོའི་དོན་ལས་གཞན་དུ་གྱུར་བ་ཡིན་ཏེ། འདི་ལྟར་སྐུ་ཡི་དམ་ཚིག་ཏུ་ལུས་ནི་ཡི་དམ་ལྷ་ཡི་སྐུར་བསྒོམས་པར་བྱས་པས་ལུས་ཀྱང་ཞེན་འཛིན་གྱི་རྟོག་པས་འཆིང་བར་འགྱུར་བ་དང་། ངག་གིས་ནི་འཛབ་བཟླ་བ་དང་ཏིང་ངེ་འཛིན་གསལ་འདེབས་ཀྱི་ཚིག་བརྗོད་པས་སྒྲ་བརྗོད་ཀྱི་སྤྲོས་པ་ཉེ་བར་ཞི་བ་མིན་པ་དང་། ཡིད་ཀྱི་སྒོ་ནས་ལྷའི་་ཏིང་ངེ་འཛིན་དང་འོད་ཟེར་འཕྲོ་འདུས་དོན་གཉིས་བསྒྲུབ་པའི་དམིགས་པ་ལ་སོགས་པ་རྣམ་རྟོག་གི་མཚན་མ་ཉེ་བར་བཟུང་ནས་ནི་རྩོལ་སྒྲུབ་ཀྱི་ལམ་ལ་གནས་པའི་ཕྱིར་ན། དམ་ཚིག་ཐམས་ཅད་ཀྱི་རྩ་བ་བླང་དོར་གང་ལའང་རྣམ་པར་མི་རྟོག་པས་བསྲུང་དུ་མེད་པའི་དམ་ཚིག་ཡེ་བསྲུང་ཆེན་པོའི་གདེང་དང་ལྡན་པའི་བྱར་མེད་གུ་ཡངས་ཀྱི་བདེ་བ་དང་བྲལ་ནས་མི་ཐོབ་པར་གསུངས་སོ། །གཉིས་པ་ཡན་ལག་གི་དམ་ཚིག་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། གོང་དུ་བཤད་པའི་རྩ་བའི་དམ་ཚིག་དེ་དག་བསྲུང་བའི་ཐབས་སམ་གྲོགས་སུ་འགྱུར་བའི་ཡན་ལག་གི་དམ་ཚིག་རྣམ་པ་ལྔ་ལྔར་དབྱེ་བས་ཉེར་ལྔར་བཞག་པ་ནི་འདི་ལྟར་སྟེ་ཞེས་པའོ། །གཉིས་པ་ལ་ལྔ་སྟེ། ལུང་བརྗོད་དེ་དགག་པས་ཤེས་པར་བྱ་བ་དང་། འདོད་པ་དགོད་དེ་དགག་པས་སྤྱད་པར་བྱ་བ་དང་། ཁས་བླང་བརྗོད་དེ་དགག་པས་དང་དུ་བླང་བ་དང་། འདོད་པ་བརྗོད་དེ་དགག་པས་མི་སྤང་བ་དང་། རྣམ་གྲངས་བཤད་དེ་དགག་པས་བསྒྲུབ་པར་བྱ་བའི་དམ་ཚིག་རྣམ་པ་ལྔ་བསྟན་པའོ། །དང་པོ་ནི། དེ་ལ་དང་པོར་ཤེས་རབ་ཟབ་མོས་ལྷའི་རང་བཞིན་དུ་ཤེས་པར་བྱ་བའི་དམ་ཚིག་རྣམ་པ་ལྔ་ནི། གཟུགས་སོགས་ཕུང་པོ་ལྔ་དང་ས་སོགས་འབྱུང་བ་རྣམ་པ་ལྔ་དང་མིག་རྣ་ལ་སོགས་པའི་རྣམ་ཤེས་ལྔ་དང་དེ་དག་གི་རྟེན་དབང་པོ་ལྔ་དང་གཟུགས་སྒྲ་ལ་སོགས་པའི་ཡུལ་ལྔ་དང་ལ་སོགས་པའི་ཁུང་ནས་ཁ་དོག་རྣམ་པ་ལྔ་པོ་རྣམས་ནི་ཡེ་ནས་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོ་ཡིན་པས་ལྷ་དང་དཀྱིལ་འཁོར་ཀྱི་རང་བཞིན་དུ་ཤེས་པར་བྱའོ་ཞེས་ནང་རྒྱུད་འོག་མ་གཉིས་ཀྱིས་འདོད་ཀྱང་། དོན་ལ་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་ཡིན་པས་ཤེས་བྱ་དང་ཤེས་བྱེད་ཐ་དད་དུ་མེད་པ་ཡི་གནས་ལུགས་ཟབ་མོ་ནི་ལམ་དེས་ཀྱང་མ་མཐོང་བར་གསུངས་པའོ། །གཉིས་པ་ནི། ཐབས་མཁས་ཟབ་མོས་སྤྱད་པར་བྱ་བ འི་དམ་་ཚིག་རྣམ་པ་ལྔ་ནི་ཏ་ན་སྒྲོལ་བ་དང་ག་ན་སྦྱོར་བ་དང་གཞན་ནོར་མ་བྱིན་པར་བླང་བ་དང་མི་ཚངས་སྤྱོད་དང་རྫུན་དུ་སྨྲ་བ་དང་རྣམ་པ་ལྔ་པོ་ནི་ཐབས་ལ་མཁས་པས་སྤྱོད་པར་བྱེད་པའོ། །ཞེས་འདོད་པ་བཀོད་པ་སྟེ། འདིར་དམ་ཚིག་གི་ཀློང་ལས། ཏན་གན་མ་བྱིན་ལེན་དང་རྫུན། །བརླང་ཚིག་དོན་འགྱུར་གཞུང་བཞིན་སྤྱོད། །ཅེས་པ་ལྟར་ཚིག་རྩུབ་སྨྲ་བའམ་གཞུང་ཁ་ཅིག་ལས་ངག་འཁྱལ་སྨྲ་བར་གསུངས་པ་གང་རུང་ལས་འདིར་མི་ཚངས་སྤྱོད་ཅེས་གསུངས་པ་ཡི་གེ་ནོར་བ་འདྲ་ཡང་དཔྱད་པར་བྱའོ། །དེ་ཉིད་དགག་པ་ནི་ནང་རྒྱུད་འོག་མ་གཉིས་ཀྱིས་སྤྱད་བྱ་ལྔ་པོ་དེ་ཉིད་གལ་ཏེ་གཞུང་བཞིན་མ་སྤྱད་ན་དམ་ཚིག་ཉམས་པར་མཐོང་ནས་བླང་དོར་རྩོལ་སྒྲུབ་ཀྱི་རྟོག་པ་དང་བཅས་ནས་སྤྱོད་པ་དེ་ཡང་མི་རྟོག་མཉམ་པ་ཉིད་ཀྱི་རང་བཞིན་དང་བྲལ་བ་ཡིན་པས་ན་གནས་ལུགས་ཇི་བཞིན་པའི་དོན་དང་མི་མཐུན་པར་གསུངས་པའོ། །གསུམ་པ་ནི། གྲུབ་པ་བཞི་དང་ཡིན་པ་གསུམ་གྱི་རང་བཞིན་དུ་མི་སྤང་དང་དུ་བླང་བའི་དམ་ཚིག་རྣམ་པ་ལྔ་ནི། དྲི་ཆེན་བུདྡྷའི་རིགས་ཆོས་དབྱིངས་ཡེ་ཤེས། དྲི་ཆུ་ལས་ཀྱི་རིགས་བྱ་གྲུབ་ཡེ་ཤེས། ལ་སོགས་པའི་ཁུངས་ནས་མང་ས་རིན་པོ་ཆེའི་རིགས་མཉམ་ཉིད་ཡེ་ཤེས། རཀྟ་པདྨའི་རིགས་སོར་རྟོག་ཡེ་ཤེས། བྱང་སེམས་དཀར་པོ་རྡོ་རྗེའི་རིགས་མེ་ལོང་ཡེ་ཤེས་ཏེ་དམ་རྫས་རྣམ་པ་ལྔས་རྒྱལ་བའི་སྐུ་རིགས་རྣམ་པ་ལྔ་དང་ཡེ་ཤེས་རྣམ་པ་ལྔ་ཡང་བདུད་རྩི་རྣམ་པ་ལྔ་པོ་འདི་ལས་འགྲུབ་པར་འགྱུར་རོ་ཟེར་ནས། དཔའ་བོ་རིགས་ལྔའི་ས་བོན་ཡི་གེ་འབྲུ་ལྔས་འཕྲོ་འདུ་བྱས་པས་བྱིན་གྱིས་བརླབས་ནས་ནི། རྒྱལ་བའི་སྐུ་ལྔ་ཡི་རང་བཞིན་དུ་དང་དུ་ལེན་པར་བྱེད་པའོ་ཞེས་ཁས་བླང་བརྗོད་དེ། དེ་ལྟར་བདུད་རྩི་ལྔ་པོ་དང་དུ་མ་བླང་ན་སྐུ་ལྔ་ཡེ་ཤེས་ལྔ་མི་འགྲུབ་པར་བལྟས་ཏེ་བླང་དོར་རེ་དོགས་ཀྱི་རྟོག་པ་དང་བཅས་པ་ཡིན་པས། བླང་དོར་གཉིས་དང་བྲལ་བའི་ཆོས་ཉིད་རྟོག་པའི་ཡུལ་ལས་འདས་པ་དེ་མ་གྲུབ་པས་མ་བཅོས་རྣལ་མའི་དོན་དང་འགལ་བར་བསྟན་པའོ། །བཞི་པ་ནི། ཡེ་ནས་ཡེ་ཤེས་ལྔའི་རང་བཞིན་ཡིན་པས་མི་སྤོང་པ་ཡི་དམ་ཚིག་རྣམ་པ་ལྔ་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པའི་དུག་ལྔ་པོ་འདི། གསང་བ་རྡོ་རྗེའི་ཐེག་པའི་མི་སྤང་བའི་དམ་ཚིག་ཆེན་པོ་རུ་ཉོན་མོངས་པ་ལྔ་པོ་དེ་རང་མཚན་པ་ལས་གཞན་དུ་བསྒྱུར་བའི་ངོ་བོ་ཡེ་ཤེས་རྣམ་པ་ལྔར་བལྟས་ནས་དུག་ལྔ་མི་སྤོང་བར་ཡེ་ཤེས་རྣམ་པ་ལྔ་ཡི་ངོ་བོར་དང་དུ་ལེན་པར་བྱེད་དོ་ཞེས་པ་ནི་འདོད་པ་བརྗོད་པ་ཡིན་ལ། དེ་ཉིད་དགག་པ་ནི་དེ་ལྟར་མི་སྤོང་བའི་དམ་ཚིག་རྣམ་པ་ལྔ་བསྲུང་བ་དེ་ཡང་ནི། ཉོན་མོངས་ཡེ་ཤེས་ཀྱི་ངོ་བོར་བླང་བ་དང་རང་མཚན་པ་དོར་བར་བྱེད་པས་གཟུང་འཛིན་རྣམ་རྟོག་གི་མཐའ་ལ་གནས་པ་ལས། རྫོགས་པ་ཆེན་པོའི་སྐབས་ནས་གང ཤར་ཐམས་ཅད་ཡེ་ཤེས་ཉག་གཅིག་གི་རོལ་པར་རྟོགས་པས་བླང་དོར་གྱི་རྣམ་རྟོག་གང་ཡང་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཇི་བཞིན་པ་ནི་དེས་ཀྱང་མ་གྲུབ་པས་ན་ངེས་པའི་ལུང་མཐར་ཐུག་པ་ནི་མ་ཡིན་པར་བསྟན་ཏོ། །ལྔ་པ་ནི། རྟོགས་གོམས་ཁྱད་པར་ཅན་གྱིས་བསྒྲུབ་པའི་སྒོ་ནས་འབྲས་བུ་རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་གྲུབ་པར་བྱ་བའི་དམ་ཚིག་རྣམ་པ་ལྔ་ནི། ཕུང་པོ་ལྔ་རིགས་ཀྱི་ཡབ་ལྔ་དང་འབྱུང་བ་ཡུམ་རྣམས་དང་རྣམ་ཤེས་དང་དབང་ཡུལ་ལ་སོགས་པ་རྣམས་ཀྱང་སངས་རྒྱས་རིགས་ལྔའི་དཀྱིལ་འཁོར་དུ་གྲུབ་པར་བྱེད་པ་ལ། སྒྱུ་འཕྲུལ་ལས། ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་ལྔར་རྫོགས་པས། །མ་ཉམས་འཇུག་ལ་རབ་བརྩོན་ན། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་གསུངས་པ་ལྟར་ཏིང་ངེ་འཛིན་རྣམ་པ་གསུམ་དང་ཆོ་ག་ཡི་ཡན་ལག་ལྔ་སོགས་རྫོགས་པར་བྱེད་པའི་སྒོ་ནས་ནི། རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བྱེད་དུ་གྱུར་པ་རིགས་ལྔའི་དཀྱིལ་འཁོར་ཉིད་དུ་གྲུབ་པར་བྱེད་པའོ་ཞེས་རྣམ་གྲངས་བཤད་དེ། དེ་ལྟར་བསྒྲུབ་པར་འདོད་པ་དེ་ཡང་ཏིང་ངེ་འཛིན་གསུམ་དང་ཆོ་ག་ལྔ་ལ་སོགས་པ་ཡིས་རང་གི་སེམས་ཉིད་རྩོལ་སྒྲུབ་ཀྱིས་གཡེངས་པར་བྱེད་པས་ན། བླང་དོར་རྩོལ་སྒྲུབ་ཀྱི་ཡུལ་གང་དུའང་རྣམ་པར་མི་རྟོག་ཅིང་། སྐུ་དང་ཡེ་ཤེས་ཐམས་ཅད་མ་བཙལ་ལྷུན་གྱིས་གྲུབ་པའི་དོན་དང་འགལ་བ་ཡིན་པས་སྙིང་པོ་མེད་པ་སྟེ། དེ་ཡང་སེམས་རྣམ་རྟོག་གི་འདུ་འཕྲོ་ལ་བརྟེན་ནས་བསྐྱེད་ཅིང་བསྒོམ་པའི་ལྷ་སྐུ་ནི་མི་རྟོག་བེམ་པོའི་རང་བཞིན་ནམ་མཁའི་འཇའ་ཚོན་དང་འདྲ་པར་རྐྱེན་ལས་སྐྱེས་ཤིང་འཇིག་པའི་རང་བཞིན་ཅན་དུ་གནས་པ་དང་། ངག་གིས་ཆོ་ག་ཡི་ཚིག་དང་བཟླས་བརྗོད་ཀྱི་འཛབ་བསྒྲངས་པ་རྣམས་ཀྱང་རྣམ་རྟོག་ལས་རླུང་གི་གཡོ་བ་དང བཅས་པས་རྩི་སྐྱ་རླུང་གིས་བརྡབས་པ་དང་འདྲ་བར་སྙིང་པོ་མེད་པ་དེ་བས་ན། ལུས་ངག་ཡིད་ཀྱི་རྩོལ་བསྒྲུབ་ཀྱི་སྤྱོད་པས་ཡེ་ནས་མ་བཙལ་ལྷུན་གྱིས་གྲུབ་པའི་གནས་ལུགས་ཇི་བཞིན་པ་འགྲུབ་པར་མི་འགྱུར་ཏེ། འདི་ལྟར་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན་ན་རྩོལ་བས་བསྒྲུབ་མི་དགོས་ལ། གལ་ཏེ་གཞི་ལ་གྲུབ་པ་མེད་པར་གྱུར་ན་འབད་རྩོལ་གྱིས་བསྒྲུབ་པས་ཤིན་ཏུ་གྲུབ་པ་མེད་དེ་སྨིག་རྒྱུ་ལ་ཆུ་རུ་འདུ་ཤེས་ནས་བསྙེགས་པ་དང་མཚུངས་པ་ཉིད་དེ། གཏིང་རྫོགས་ལས། གནས་འགྱུར་ལྷ་བསྒོམ་གྲོལ་འདོད་ཀུན་བརྟགས་ཏེ། མེད་ལས་ཡོད་ཚོལ་སྨིག་རྒྱུ་བསྙེགས་པ་འདྲ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ཨ་ཏི་ཡོ་ག་ལྷུན་གྱིས་གྲུབ་པའི་དགོས་པ་བསྟན་པ་ལ་ལྔ་སྟེ། ངོ་བོ་མཚན་མ་མེད་པས་བསྲུང་མཚམས་ལས་འདས་པ་དང་། མིང་གི་ངེས་ཚིག་བཤད་པ་དང་། ལས་ཀྱི་ཕན་གནོད་མེད་པ་དང་། རྩོལ་སྒྲུབ་རྒྱུ་འབྲས་ཀྱིས་མི་འགྲུབ་པར་བསྟན་པ་དང་བདེན་པ་གཉིས་ཀྱིས་ཡུལ་ལས་འདས་པའོ། །དང་པོ་ནི། དེ་ལྟར་ཐེག་པ་འོག་མའི་བསྲུང་མཚམས་ཅན་གྱི་དམ་ཚིག་ཐམས་ཅད་དགག་པར་བྱེད་ན། འོ་ན་ཀུན་བྱེད་ཉིད་ཀྱི་དམ་ཚིག་ཇི་ལྟར་ཡིན་སྙམ་ན། འདི་ལྟར་ཀུན་བྱེད་ང་ནི་ཡེ་ནས་རྣམ་རྟོག་མཚན་མའི་སྤྱོད་ཡུལ་ཀུན་ལས་འདས་པ་ཡིན་པའི་ཕྱིར་ན། དེ་ལ་བསྲུང་བར་བྱ་བའི་དམ་ཚིག་གང་ཡང་མེད་པས་བསྲུང་བྱ་ལས་འདས་པ་དང་། རྒྱུ་རྐྱེན་གང་ཡང་མེད་པ་རང་བྱུང་འདུས་མ་བྱས་པའི་བདག་ཉིད་ཡིན་པས་རྩོལ་ཞིང་བསྒྲུབ་པ་ལ་ལྟོས་མི་དགོས་ལ། མཛད་སྤྱོད་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན་པས་ཏན་གན་ལ་སོགས་པ་སྤྱད་བྱ་ལྔ་ལྟ་བུ་སྤྱད་པར་བྱ་མི་དགོས་པ་དང་། ཕུང་པོ་ལྔ་དང་འབྱུང་ཡུལ་ལ་སོགས་པ་ཐམས་ཅད་ཡེ་ནས་ཡེ་ཤེས་ཡིན་པས་གསར་དུ་ཤེས་པར་བྱ་མི་དགོས་ཏེ། ཡེ་ཤེས་ཡིན་ན་འདུས་མ་བྱས་ཡིན་དགོས་ལ། དེ་ཡིན་ན་གསར་དུ་ཤེས་ཤིང་བོག་དབྱུང་དུ་མེད་པའི་ཕྱིར་རོ། །བདུད་རྩི་ལྔ་ལ་སོགས་པ་ཡང་རང་བྱུང་འདུས་མ་བྱས་པ་ཡིན་ཏེ། ཅིའི་ཕྱིར་ན་རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡིན་པར་འདོད་ན་དེ་རྣམས་ནི་རང་བྱུང་འདུས་མ་བྱས་པ་ཡིན་པས་སོ། །དེ་ལྟར་ན་དཔའ་བོ་འབྲུ་ལྔའི་འཕྲོ་འདུ་ལ་བརྟེན་ནས་བྱིན་གྱིས་བརླབས་པ་སོགས་ཀྱི་རྒྱུ་དང་རྐྱེན་ལ་ལྟོས་མི་དགོས་ཤིང་དང་དུ་བླང་བ་དང་དོར་བའི་རྩོལ་བ་ཡང་མི་དགོས་ཏེ། དེ་ཉིད་ལས། ཆོས་སྐུ་མི་གཡོ་ཐུགས་ཀྱི་དམ་ཚིག་སྟེ། བླང་དོར་མེད་པར་སྤྱོད་པ་དམ་ཚིག་ཆེན་པོ་ཡིན། །ཞེས་པ་ལྟར་རོ། །རིག་པ་བྱང་ཆུབ་ཀྱི་སེམས་གཅིག་གི་རྩལ་སྣང་ཡིན་ཕྱིར་ཉོན་མོངས་པ་དང་ཡེ་ཤེས་ལ་བཟང་ངན་གྱི་དབྱེ་བ་ཡེ་ནས་མེད་པས་ཉོན་མོངས་པ་རྣམས་ཡེ་ཤེས་ཀྱི་རང་བཞིན་དུ་བལྟས་ཏེ་དང་དུ་བླང་བར་བྱ་བ་དང་ཉོན་མོངས་རང་མཚན་པ་ལ་སྐྱོན་དུ་བལྟས་ཏེ་དོར་བར་བྱ་བ་གང་ཡང་མི་དགོས་སོ། །དེས་ན་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་། སྤང་བླང་མེད་པའི་དོན་མཐོང་ནས། ཉོན་མོངས་བྱང་ཆུབ་བླང་དོར་མེད། །ཉོན་མོངས་རང་བཞིན་གང་ཡིན་པ། །གཞི་རྩ་མེད་ལས་བྱུང་བའི་ཕྱིར། །རང་བྱུང་ཡེ་ཤེས་རང་ཤར་བས། །དེ་ཡང་གཉེན་པོ་མེད་པ་ཡིན། །ཞེས་གསུངས་པ་ལྟར་ཉོན་མོངས་པ་ལ་སོགས་པ་ཆེད་དུ་བླང་བ་དང་དོར་བར་བྱ་བ་གཉིས་ཀ་མེད་པར་བསྟན་ཏོ། །གཉིས་པ་ནི། དེ་ལྟ་བུའི་རྫོགས་པ་ཆེན་པོའི་བསྲུང་དུ་མེད་པའི་དམ་ཚིག་གི་ངེས་ཚིག་ནི། ཐེག་པ་འོག་མ་ལྟར་བསྲུང་བྱའི་དངོས་པོ་གང་ཡང་གྲུབ་པ་མེད་པར་རྟོགས་པས་བླང་དོར་རྩོལ་སྒྲུབ་ཀྱི་སྒོ་ནས་ཅི་ཡང་མི་བསྲུང་བས་ན་མེད་པའི་དམ་ཚིག་ཞེས་སུ་བཤད་པ་དང་། སྤང་བླང་རེ་དོགས་ཀྱི་འཆིང་བ་ལས་གྲོལ་ཏེ་དངོས་སུ་བླང་དོར་ཅི་ཡང་མི་སྤྱོད་ཀྱང་། ཡེ་ཤེས་ཀྱི་རོལ་པ་མ་འགགས་པར་གང་ཤར་ཆོས་ཉིད་ཀྱི་རོལ་པར་སྤྱོད་པས་སྒོ་གསུམ་བག་ཡངས་བས་ན་དེ་ལ་ཕྱལ་བ་ཞེས་སུ་བཏགས་པ་ཡིན་ལ། བྱང་ཆུབ་སེམས་ཀྱི་དབྱིངས་སུ་ཆོས་ཐམས་ཅད་ཀུན་བཟང་ངན་དང་བླང་དོར་མེད་པར་གཅིག་ཏུ་གནས་པ་ཡིན་ཞིང་། དེ་ལ་བསྲུང་བྱ་བསྲུང་བྱེད་ཅི་ཡང་མེད་པར་ཇི་ལྟར་བྱས་ཀྱང་བྱང་ཆུབ་སེམས་ཀྱི་རང་བཞིན་ལས་འདའ་བ་མེད་པས་ན་གཅིག་པུར་བཏགས་པ་ཡིན་ཞིང་། ཇི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་ཀུན་མི་བསླུ་བའི་རང་བཞིན་ཡིན་པས་ཡིད་ཆེས་པའི་གནས་སུ་གྱུར་པ་སྙིང་པོ་བྱང་ཆུབ་ཀྱི་སེམས་སུ་རྫོགས་པའི་ཕྱིར་ན་དམ་ཚིག་འདའ་བ་མེད་པ་ཡེ་བསྲུང་ཆེན་པོའི་ངོ་བོར་གནས་པ་སྟེ། དེས་ན་མ་བཙལ་ལྷུན་གྱི་རྫོགས་པ་ཡི་དམ་ཚིག་ཞེས་སུ་ང་ཡིས་བཤད་དོ་ཞེས་པ་སྟེ། ཀུན་གསལ་ལས། དམ་ཚིག་དབང་ལས་སྐྱེ་བས་ན། མ་བསྐུར་བ་ཡི་དབང་ཆེན་ལ། །བསྲུང་དུ་མེད་པའི་དམ་ཚིག་བཞི། །མ་ཉམས་ཡེ་བསྲུང་གདེང་དང་ལྡན། །ང་ཡི་དམ་ཚིག་གསང་བ་ནི། །རང་རིག་ཡེ་ཤེས་ཆེན་པོ་ལ། །བསྲུང་བྱ་སྲུང་བྱེད་གཉིས་མེད་པས། །ཉམས་དང་མ་ཉམས་གཉིས་སུ་མེད་། །ཐེག་བརྒྱད་བཅོས་མའི་དམ་ཚིག་གྲངས། །མི་བསྲུང་བས་ན་མེད་ཅེས་བྱ། །འོག་མའི་དམ་ཚིག་ལས་གྲོལ་ཅིང་། །རང་གི་སྒོ་གསུམ་ཡངས་བས་ན། །ཕྱལ་བ་ཞེས་སུ་བཏགས་པ་ཡིན། །བསྲུང་དུ་མེད་པའི་དམ་ཚིག་ལ། །འདའ་མི་སྲིད་པའི་བསྲུང་ཐབས་ནི། །རང་རིག་ཡེ་ཤེས་གཅིག་པུ་བས། །གཅིག་པུ་ཞེས་སུ་བསྟན་པ་ཡིན། །བྱ་བཙལ་མེད་པར་ཡེ་བསྲུངས་བས། །ལྷུན་གྲུབ་ཞེས་སུ་བཏགས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། འོ་ན་དམ་ཚིག་མ་བསྲུང་ན་ཕྱི་མར་ངན་སོང་དུ་ལྟུང་ནས་ཚ་གྲངས་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་བཟོད་ཐབས་མེད་པ་བསྐལ་པའི་བར་དུ་མྱོང་དགོས་ན་དེ་ལ་མི་འཇིགས་སམ་ཞེ་ན། འདི་ལྟར་རྫོགས་པ་ཆེན་པོའི་ལམ་དུ་དམ་ཚིག་བསྲུང་དུ་མེད་པར་གསུངས་པ་དེ་ཡེ་བསྲུང་ཆེན་པོའི་རང་བཞིན་ཡིན་པས་ཉམས་པའང་མེད་མོད། གལ་ཏེ་ཡོད་དུ་ཆུག་ཀྱང་ངན་སོང་གི་སྡུག་བསྔལ་ཚ་གྲང་དང་བཀྲེས་སྐོམ་བླུན་ལྐུགས་ལ་སོགས་པ་ཐམས་ཅད་རང་གི་བློ་རྣམ་པར་རྟོག་པས་བཏགས་པ་ཙམ་ལས་དོན་ལ་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ལས་གཞན་དུ་མེད་པས་དེ་ལ་འཇིགས་པའི་ཡུལ་གང་ཡང་མེད་ཏེ། ཇི་སྐད་དུ། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་སོང་གནས་ཀྱང་འོག་མིན་དགའ་ལྡན་གནས། །ཞེས་དང་། ཡང་ཏི་ཉི་ཟླའི་སྙིང་པོ་ལས། དམྱལ་བའི་གནས་མེད་ཀ་དག་ཀློང་། །དངོས་ལ་དམྱལ་བའི་རྒྱུ་མེད་པས། །དམྱལ་བ་མེ་ལྕེའི་འཕྲེང་བ་ཡང་། །བྱང་ཆུབ་སེམས་ཀྱི་ཞིང་ཁམས་ཡིན། །ཞེས་གསུངས་པ་ལྟ་བུ་ཡིན་ལ། དེས་ན་ཚུལ་དེ་ལྟར་མ་རྟོགས་པར་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་རང་རང་གི་འཁོར་རྣམས་ངན་སོང་གི་སྡུག་བསྔལ་ལ་སྔངས་ཞིང་སྐྲགས་པ་རྣམས་ལ། དེ་ལས་བྲོས་པའི་ཕྱིར་དུ་ལམ་བསྒྲུབ་པའི་ཆོ་གའམ་ཐབས་བསྟན་པ་ངེས་ཐོབ་ཀྱི་ཐེག་པ་དྲུག་ལ་བརྟེན་ནས་འཁོར་བའི་སྡུག་བསྔལ་ལས་གྲོལ་བའི་འབྲས་བུ་ཚོལ་ཞིང་བསྒྲུབ་པར་བྱེད་ན་ཡང་། གོང་དུ་ཇི་སྐད་བཤད་པ་བཞིན་དུ་དེ་ལྟ་བུའི་འབྲས་བུ་བྱང་ཆུབ་ཀྱི་གོ་འཕང་ཉིད་ནི་རྩོལ་བས་བཙལ་ཞིང་བསྒྲུབ་མི་དགོས་ཏེ། འཁོར་འདས་ཐམས་ཅད་གང་ལས་སྣང་བའི་རྒྱུ་སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་ཉིད་ཀྱི་རང་གི་ངོ་བོ་རང་བྱུང་གི་ཡེ་ཤེས་ཡིན་པའི་པའི་ཕྱིར་ན་ལས་དགེ་སྡིག་སོགས་ཀྱི་རྐྱེན་གྱི་དབང་དུ་རིག་པ་རང་བྱུང་གི་ཡེ་ཤེས་དེ་མི་འགྱུར་ལ། དེས་ན་དམ་ཚིག་བསྲུང་བ་ལ་སོགས་པའི་བླང་དོར་རྩོལ་སྒྲུབ་གང་ཡང་མི་དགོས་པར་བསྟན་པ་ཡིན་ནོ། །བཞི་པ་ནི། དེ་ལྟར་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་རང་བྱུང་འདུས་མ་བྱས་པའི་བདག་ཉིད་ཡིན་པའི་ཕྱིར་ན་དུས་ནམ་དུ་ཡང་རང་གི་བདག་ཉིད་ལ་བཟང་ངན་ཅིར་ཡང་འགྱུར་བ་མེད་པས། ཐེག་པ་འོག་མའི་ལུང་ལྟར་འཁོར་འདས་ལ་སྤང་བླང་གི་ཚུལ་དུ་བཙལ་བས་འགྲུབ་པར་འགྱུར་བའི་འབྲས་བུ་ཞིག་ཡོད་པར་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་ལུང་མ་བསྟན་ཏེ། རང་བྱུང་གི་ཡེེ་ཤེས་དེ་ཉིད་འཁོར་འདས་ཀྱི་ཆོས་ཀུན་གྱི་ཆོས་ཉིད་སྙིང་པོ་འགྱུར་བ་མེད་པའི་བདག་ཉིད་ཡིན་ཕྱིར་ཆོས་ཅན་འདུས་བྱས་ཀྱི་དངོས་པོ་གང་དང་ཡང་མཚུངས་པ་མེད་པས་འདུས་བྱས་རྒྱུ་རྐྱེན་དུ་གྱུར་པའི་ལས་ཀྱིས་རང་བྱུང་འདུས་མ་བྱས་པ་དེ་ཉིད་མི་འགྲུབ་པར་གསུངས་སོ། །ལྔ་པ་ལ་བཞི་སྟེ། བདེན་པ་གཉིས་ཀྱི་གཞལ་བྱ་ལས་འདས་པ། བདེན་གཉིས་ཐེ་ཚོམ་ཅན་གྱི་ལུང་དུ་བསྟན་པ། བདེན་གཉིས་ཀྱི་ཚད་མ་ཉིད་ཀྱང་འཇལ་བྱེད་མངོན་སུམ་རྗེས་དཔག་གི་ཚད་མས་འཇལ་དགོས་པས་རྟོག་གེའི་རླུང་གིས་དཀྲུགས་ཤིང་སྙིང་པོའི་དེ་ཉིད་མི་མཐོང་བ། སེམས་ཉིད་ཀུན་བྱེད་བསམ་བརྗོད་ལས་འདས་པས་བདེན་གཉིས་རྣམ་འབྱེད་བློ་ཡིས་བཏགས་པ་ལས་འདས་པར་བསྟན་པའོ། །དང་པོ་ནི། འདི་ལྟར་གནས་ཚུལ་དོན་དམ་པའི་ངོས་ནས་གཞལ་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཉིད་འདུས་མ་བྱས་པ་ཡིན་པས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་དེ་ལྟར་ཡིན་མོད། འོན་ཀྱང་ཀུན་རྫོབ་ཐ་སྙད་ཙམ་དུ་རྒྱུ་འབྲས་རྩོལ་སྒྲུབ་ལ་བརྟེན་ནས་འབྲས་བུ་མངོན་དུ་བྱེད་པ་ཅིས་ཕྱིར་མེད་སྙམས་ན། དེ་ལྟ་བུའི་བདེན་པ་གཉིས་སུ་བཞག་པ་ནི་བློ་རྣམ་པར་རྟོག་པས་སོ་སོར་ཕྱེ་བ་ཡིན་པས། བློ་ལས་འདས་པའི་ཡེ་ཤེས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ནི་དེ་འདྲའི་བདེན་པ་གཉིས་ཀྱི་རང་བཞིན་དུ་ཐ་སྙད་དང་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་གཉིས་ཀྱིས་བརྟགས་ཤིང་གཏན་ལ་དབབ་ཏུ་མེད་པ་ཡིན་ནོ་ཞེས། འདི་ལྟར་དཔྱོད་བྱེད་ཚད་མ་ནི་བློ་ཡིན་ཞིང་བྱང་ཆུབ་ཀྱི་སེམས་ནི་བློ་ལས་འདས་པའི་ཡེ་ཤེས་ཡིན་པས་དེའི་ཡུལ་དུ་མ་གྱུར་པའི་ཕྱིར་ན་བདེན་པ་གཉིས་སུ་ཕྱེ་བ་མེད་པར་བསྟན་པའོ། །གཉིས་པ་ནི། རྒྱུ་མཚན་དེས་ན་བྱང་ཆུབ་ཀྱི་སེམས་ལ་ངེས་པ་དོན་གྱི་བདེན་པ་གཅིག་ལས་མེད་པ་ལ། ཐེག་པ་འོག་མ་རྣམས་ཀྱིས་བདེན་པ་རྣམ་པ་གཉིས་སུ་དབྱེ་ཞིང་དོན་དམ་གྱི་ངོས་ནས་གཞལ་ཚེ་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་མྱ་ངན་ལས་འདས་པ་དང་། འཁོར་བའི་ཆོས་ཐམས་ཅད་གདོད་ནས་གྲུབ་པ་མེད་པ་དང་། བྱ་བྱེད་རྩོལ་སྒྲུབ་ལ་ལྟོས་པ་མེད་པ་དང་། འཁོར་འདས་མཉམ་པ་ཉིད་དུ་གནས་པས་སྤང་བླང་མེད་པ་ལ་སོགས་པ་གྲུབ་ཀྱང་། ཀུན་རྫོབ་ཀྱི་ངོས་ནས་གཞལ་ན་ཆོས་ཐམས་ཅད་ལ་སྐྱེ་འགགས་དང་འཁོར་འདས་རྒྱུ་འབྲས་དང་སྤང་བླང་ལ་སོགས་པ་བསླུ་མེད་བསྙོན་མེད་དུ་གྲུབ་པས་མཐའ་གཅིག་ཏུ་མ་ངེས་ཤིང་། བདེན་གཉིས་དབྱེར་མེད་དུ་གཞལ་ཀྱང་བློ་ལས་འདས་པའི་ཡེ་ཤེས་རྗེན་ཅེར་དུ་མ་མཐོང་བར་ཡིད་དཔྱོད་ཙམ་གྱི་ཡུལ་དུ་ལུས་པས་ཐེ་ཚོམ་ཅན་དུ་གྱུར་པའི་དྲང་དོན་གྱི་ལུང་དེ་ལ་ངེས་པ་དོན་གྱི་སྙིང་པོ་ཆོས་སྐུ་ཐིག་ལེ་ཉག་གཅིག་རྟོག་དཔྱོད་བློ་ཡི་ཡུལ་ལས་འདས་པའམ་བདེན་གཉིས་དབྱེར་མེད་ཆེན་པོ་གཅིག་ཏུ་བསྟན་པ་ག་ལ་ཡོད་དེ་མེད་དོ། །རྡོ་རྗེ་འོད་འཕྲོའི་རྒྱུད་ལས། བཤད་དུ་མེད་པའི་དོན་འདི་ནི། །རྒྱལ་བ་རྣམས་ཀྱིས་མ་བཤད་དོ། །རྒྱལ་བས་ཕྱིས་ཀྱང་གསུངས་མི་འགྱུར། །ད་ལྟ་ཉིད་ཀྱང་མ་བཤད་དོ། །ཞེས་གསུངས་པ་ལྟར་སྟོན་པ་ཀུན་བྱེད་རྒྱལ་པོ་ཉིད་ལས་གཞན་པའི་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་དེ་ལྟ་བུའི་སེམས་ལས་འདས་པའི་ཡེ་ཤེས་ཇི་བཞིན་པ་བསྟན་པ་མེད་པར་གསུངས་སོ། །གསུམ་པ་ནི། དེས་ན་ཐེག་པ་འོག་མའི་ལམ་ལ་ཞུགས་པའི་རྣལ་འབྱོར་པ་གང་ཞིག་གང་ཟག་དང་ཆོས་ཀྱི་བདག་གཉིས་ཡོད་མེད་ཀྱི་དོན་ལ་རློམ་ཞིང་སོ་སོར་རྟོག་ཅིང་དཔྱོད་པར་བྱེད་པ་དེ་ནི། སྟོན་པ་སྐུ་གསུམ་གྱིས་བསྟན་པའི་རྒྱུ་འབྲས་ཀྱི་ཐེག་པ་འོག་མའི་ལུགས་ལ་བརྟེན་ནས་རྒྱུ་འབྲས་བླང་དོར་ལ་སོགས་པ་ཡོད་པར་རྟོག་ཅིང་སྨྲ་བ་ཡིན་པས། །དེ་ལ་གཞལ་བྱ་བདེན་པ་གཉིས་ལ་འཇལ་བྱེད་ཚད་མ་མངོན་རྗེས་གཉིས་སམ་ཐ་སྙད་དང་དོན་དམ་དཔྱོད་བྱེད་གཉིས་དང་། དེ་རེ་རེ་ལ་ཡང་ཀུན་རྫོབ་ལ་རྒྱུ་བྱ་བ་བྱེད་པའི་རིག་པ། འབྲས་བུ་ལྟོས་པའི་རིག་པ། ངོ་བོ་ཆོས་ཉིད་ཀྱི་རིག་པ། འཐད་པ་སྒྲུབ་པའི་རིག་པ་བཞི་དང་། དོན་སྤྱོད་ལའང་རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག །ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ། ཐམས་ཅད་ལ་དཔྱོད་པ་རྟེན་འབྲེལ་ཆེན་པོའི་གཏན་ཚིགས་སྟེ་བཞི་བཞི་ཡང་དགོས་པས། དེ་ལྟ་བུའི་རྟོག་དཔྱོད་ཀྱི་རྗེས་སུ་འབྲང་ཏེ་རྣམ་རྟོག་ལུ་གུ་རྒྱུད་དུ་སྤེལ་བ་ལས་རྟོག་དཔྱོད་ལས་འདས་པའི་ཡེ་ཤེས་ཇི་བཞིན་པ་མཐོང་བ་མེད་དེ། འཇམ་མགོན་མི་ཕམ་པས། ཚིག་ལ་འཆེལ་ནས་ཚིག་སྤྲོས་ན། །རྣམ་རྟོག་མ་ཟད་བར་དུ་འཕེལ། །ཞེས་གསུངས་པ་ལྟར་རྟོག་གེའི་དཔྱོད་རིག་ཇི་ལྟར་སྤྲོས་ཀྱང་རྣམ་རྟོག་ཟད་པ་མེད་པར་ཕྱིར་ཕྱིར་འཕེལ་བའི་ཕྱིར་རོ། །ཚུལ་དེ་ལྟ་བུ་ལ་དགོངས་ཏེ། ཀུན་མཁྱེན་བླ་མས་ཀྱང་། ཐམས་ཅད་ཡེ་ནས་དབྱིངས་སུ་གྲོལ་ཟིན་པས། །ད་གཟོད་འབད་པས་སུས་ཀྱང་གྲོལ་མི་དགོས། །དེ་ལ་འབད་རྩོལ་བྱས་ཀྱང་དོན་མེད་པས། །མ་བྱེད་མ་བྱེད་རྩོལ་ཞིང་སྒྲུབ་མ་བྱེད། །མ་ལྟ་མ་ལྟ་ཡིད་ཀྱི་ཆོས་མ་ལྟ། །མ་བསྒོམ་མ་བསྒོམ་བློ་ཡི་ཆོས་མ་བསྒོམ། །མ་དཔྱད་མ་དཔྱད་ཡུལ་སེམས་རྗེས་མ་དཔྱད་། །མ་བསྒྲུབ་མ་བསྒྲུབ་རེ་དོགས་འབྲས་མ་བསྒྲུབ། །མ་སྤང་མ་སྤང་ཉོན་མོངས་ལས་མ་སྤང་། །མ་ལེན་མ་ལེན་ཡང་དག་ཆོས་མ་ལེན། །མ་འཆིང་མ་འཆིང་རང་གི་རྒྱུད་མ་འཆིང་། །ཞེས་གསུངས་སོ། །བཞི་པ་ནི། དེ་ལ་སྙིང་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་རང་བཞིན་བློའི་སྤྱོད་ཡུལ་དུ་མ་གྱུར་པས་བདེན་པ་གཉིས་སུ་དབྱེ་རུ་མེད་ན་ཡང་། གཉིས་སྣང་གི་སྤྱོད་ཡུལ་དུ་གྱུར་པའི་ཆོས་འདི་ལྟར་སྣང་བའི་དངོས་པོ་རྣམས་ལ་བདེན་གཉིས་དཔྱོད་པའི་ཚད་མས་གཞལ་དུ་ཅིའི་ཕྱིར་མེད་སྙམ་ན། འདི་ལྟར་བློ་འདས་གཉུག་མའི་ཡེ་ཤེས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡིས་འཁོར་འདས་ཀྱི་ཆོས་འདི་རྣམས་ཐམས་ཅད་ཀུན་བྱས་པ་ཡིན་པའི་ཕྱིར་ན། ཀུན་བྱེད་ངས་བྱས་པའི་ཆོས་རྣམས་ལ་བདེན་པ་གཉིས་ཀྱི་དབྱེ་བ་མི་དགོས་ཏེ་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་ལས་སྐད་ཅིག་ཀྱང་མ་གཡོས་པར་བདེན་གཉིས་མཉམ་པ་ཆེན་པོ་ཆོས་སྐུ་ཐིག་ལེ་ཉག་ཅིག་ཏུ་ཡེ་ནས་གནས་པའི་ཕྱིར་རོ། །དེས་ན་ཀུན་བྱེད་ངས་བྱས་པའི་ཆོས་རྣམས་ལ་བདེན་པ་གཉིས་སུ་དབྱེ་དགོས་པར་གང་ཟག་སུ་ཞིག་སྨྲ་བར་བྱེད་པ་དེས་ཆོས་ཉིད་སྙིང་པོའི་དོན་ཇི་བཞིན་དུ་རྟོགས་པ་མིན་ཏེ། ཅིའི་ཕྱིར་ན་སྟོན་པ་ཀུན་བྱེད་ངས་བྱས་པའི་ཆོས་རྣམས་ཐམས་ཅད་སྙིང་པོ་བྱང་ཆུབ་ཀྱི་སེམས་སུ་དབྱེར་མེད་པར་བྱས་པ་ཡིན་ལ། བྱང་ཆུབ་ཀྱི་སེམས་ལ་དོན་དམ་དང་ཀུན་རྫོབ་ཀྱི་དབྱེ་བ་ཡེ་ནས་མེད་པའི་ཕྱིར་ན་ཆོས་ཐམས་ཅད་ལ་ཡང་དེ་ལྟར་བདེན་གཉིས་སུ་དབྱེ་བ་མེད་དོ། །ཞེས་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དམ་ཚིག་བསྲུང་དུ་མེད་པར་བསྟན་པའི་ལེའུ་སྟེ་ཞེ་དྲུག་པའི་འགྲེལ་བའོ།། ༈ །།དོན་བདུན་པ་ཇི་བཞིན་གདོད་ནས་ཡོན་ཏན་རྫོགས་པའི་སེམས་ཉིད་ལ་རྩོལ་བའི་ཆོས་ཀྱིས་ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་མེད་པའི་ཆོས་ཉིད་གཏན་ལ་འབེབ་པའི་ལེའུ་ཞེ་བདུན་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ངོ་བོ་གདོད་ནས་དག་པའི་ཆོས་ཉིད་ལ་བསྲུང་བྱ་བསྲུང་བྱེད་གཉིས་སུ་མེད་པས་ཡེ་ནས་བསྲུང་མཚམས་ལས་འདས་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས། སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་དོན་གཉིས་མཐར་ཕྱིན་གྱི་ཡོན་ཏན་ཐམས་ཅད་མ་བཙལ་ཡེ་ནས་རྫོགས་པ་ཡིན་པས་བྱ་བྱེད་སྤྲོས་པ་དང་བྲལ་བའི་སེམས་ཉིད་རང་བྱུང་ལྷུན་གྲུབ་ཆེན་པོ་ལ་བླང་དོར་འབད་རྩོལ་གྱི་སྒོ་ནས་ཕྲིན་ལས་རྣམ་པ་བཞི་བཙལ་དུ་སྟེ་བཙལ་ཞིང་བསྒྲུབ་ཏུ་མེད་པ་འདི་གསུངས་སོ། །གཉིས་པ་ལ་བཞི་སྟེ་རང་བྱུང་ཡེ་ཤེས་ལ་ཡེ་ནས་ལྷུན་གྱིས་གྲུབ་པས་ཕྲིན་ལས་བཙལ་དུ་མེད་པར་བསྟན་ལ། རྒྱུ་འབྲས་ཅན་ལ་སྐུ་གསུམ་སྟོན་པས་བསྟན་པ་ཉིད་རྣལ་མའི་དོན་དང་འགལ་བ། དེས་འགལ་བ་ཕྱིན་ཅི་ལོག་ལ་དཔག་ནས་བསྒྲུབས་ཀྱང་བསྐལ་བར་བྱང་ཆུབ་མི་འགྲུབ་པ། རང་བཞིན་རྫོགས་པ་ཆེན་པོའི་དོན་ངེས་ཚིག་དང་བཅས་པ་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་རྫོགས་པ་ཆེན་པོའི་ཕྲིན་ལས་བཙལ་དུ་མེད་པ་འདི་ཉོན་ཅིག །འདི་ལྟར་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ལ་ནི་ཆོས་ཐམས་ཅད་མ་བཙལ་ལྷུན་གྱིས་རྫོགས་པས་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། དེ་ལྟ་བུའི་ཆོས་ཉིད་རྫོགས་པ་ཆེན་པོ་སྙིང་པོ་རང་བྱུང་གི་ཡེ་ཤེས་ལ་ཆོས་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར་ན་ཕྲིན་ལས་རྣམ་པ་བཞི་པོ་ཡེ་ནས་བཙལ་དུ་མེད་པར་ལྷུན་གྱིས་གྲུབ་པར་བསྟན་པ་ཡིན་ཏེ། དགའ་རབ་རྡོ་རྗེས། མཛད་པ་རྩོལ་བ་ལས་གྲོལ་བར། །དོན་གྱི་ལས་བཞིར་ལྷུན་གྱིས་གྲུབ། །ཅེས་གསུངས་པ་ལྟར་རོ། །གཉིས་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། གང་ཞིག་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམ་པ་བཞི་པོ་བྱ་བྱེད་ཀྱི་བཙལ་དུ་ཡོད་པར་ལུང་སྟོན་པར་བྱེད་པ་པོ་ཀུན་བྱེད་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས་རང་རེ་རྣམས་ཀྱི་འཁོར་ཚོགས་རྣམས་ལ་ཕྲིན་ལས་བཙལ་བར་བྱ་བའི་ལས་ཇི་ལྟར་བསྒྲུབ་པའི་ཚུལ་ལུང་ཕོག་པ་ནི། ཇི་ལྟར་ན་བཙལ་བའི་ལས་ནི་སྟོན་པ་སྐུ་གསུམ་པོ་རང་རེས་ཏེ་རང་རང་སོ་སོས་གདུལ་བྱའི་སྐལ་བ་དང་མཐུན་པར་མི་འདྲ་བ་སོ་སོར་ཕོག་པའམ་བསྟན་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུས་བསྟན་པའི་ཕྲིན་ལས་རྣམས་དོན་དང་འགལ་བའོ། །དང་པོ་ནི། དེ་ལ་སྤྲུལ་པས་ཏེ་སྟོན་པ་སྤྲུལ་པའི་སྐུ་ཡིས་རང་གི་འཁོར་བྱང་ཆུབ་སེམས་དཔའི་ཐེག་པ་རྣམས་ལ་རྩོལ་སྒྲུབ་ཀྱིས་བཙལ་བའི་རྒྱུ་ལ་བརྟེན་ནས་མཛད་པའི་ཕྲིན་ལས་བསྒྲུབ་པར་ལུང་ཕོག་པ་ནི། འདི་ལྟར་ལུས་ངག་ཡིད་གསུམ་མི་འཛོལ་བའི་སྒོ་ནས་མཐའ་ཡས་པའི་སེམས་ཅན་རྣམས་ལ་བདེ་བ་དང་ལྡན་འདོད་གྱི་བྱམས་པ་ལ་སོགས་པའི་ཚད་མེད་པ་རྣམ་པ་བཞིའི་སྐོར་ཞུགས་ནས། ལུས་ཀྱི་སྡོམ་པ་ནི་སེམས་ཅན་རྣམས་ཀྱི་སྲོག་གཅོད་པ་དང་། གཞན་གྱི་བདག་ཏུ་བཟུང་བའི་ནོར་འཇབ་བུས་རྐུ་བ་སོགས་ཀྱིས་མ་བྱིན་པ་ལེན་པ་དང་། ཁྱིམ་པ་རྣམས་ཀྱི་འདོད་པས་ལོག་པར་གཡེམ་པ་དང་རབ་བྱུང་རྣམས་ཀྱིས་མི་གཙང་སྤྱོད་པ་ཆ་དང་བཅས་ཏེ་སྤང་བ་དང་། ངག་གི་སྡོམ་པ་གླུ་སྒྲུང་ལ་སོགས་པའི་ངག་འཁྱལ་འབྲེལ་མེད་ཀྱི་གཏམ་དང་། སེམས་ཅན་གཞན་ལ་གཤེ་ཞིང་ཚིག་རྩུབ་སྨྲ་བ་དང་། གཞན་བསླུ་འདོད་ཀྱི་བསམ་པས་འདུ་ཤེས་གཞན་དུ་བསྒྱུར་བའི་རྫུན་དུ་སྨྲ་བ་དང་གཞན་དག་དབྱེ་བར་བྱེད་པའི་ཕྲ་མ་ལ་སོགས་པ་སྟེ་དེ་དག་གི་ཡན་ལག་ཕྲ་བ་དང་བཅས་པ་ངག་གིས་སྤང་བར་བྱ་བ་དང་། ཡིད་ཀྱིས་གཞན་གྱི་ནོར་ལ་ཆགས་ཤིང་བདག་གིར་བྱེད་པའི་བརྣབ་སེམས་དང་། འགྲོ་ལ་འཚེ་བར་འདོད་པ་སོགས་གནོད་སེམས་དང་། རྒྱུ་འབྲས་མེད་པར་ལྟ་བ་ལ་སོགས་པ་ལོག་པར་ལྟ་བ་རྣམས་སྤང་ནས་གཞན་སྲོག་བསྐྱབས་པ་ལ་སོགས་པའི་དགེ་བཅུ་སྤྱོད་པའི་ལས་ཏེ་རྒྱུར་བཀོད་པའམ་གཞིར་བཟུང་ནས། དེའི་སྟེང་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་བསྲུང་བ་ལ་སོགས་པ་ནས་ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པའི་བར་གྱི་ཕ་རོལ་དུ་ཕྱིན་པ་བཅུ་ཡི་ལས་ལ་སྤྱོད་པ་ལ་སོགས་པ་བརྟེན་ནས་གནས་སྐབས་ཀྱི་འབྲས་བུ་ས་བཅུ་དང་། མཐར་ཐུག་གི་འབྲས་བུ་བཅུ་་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པར་འདོད་པ་ཡིས་ལམ་སྦྱངས་དཀའ་ཐུབ་ཀྱིས་ངལ་ཞིང་ཚི་ཆད་པའི་ལས་ནི་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་གྱི་བར་དུ་སྤྱོད་པ་དེ་ཡང་ནི་ཀུན་བྱེད་ང་ཡིས་བྱ་རྩོལ་བྲལ་བའི་དོན་ལུང་ཕོག་པ་མིན་པར་སྟོན་པ་སྤྲུལ་པའི་སྐུ་ཡིས་དྲང་བའི་ལུང་དུ་བསྟན་པ་ཡིན་ནོ་ཞེས་སོ། །འདིར་བྱང་ཆུབ་སེམས་དཔའ་ལས་ཉན་རང་གཉིས་མ་བསྟན་པ་ནི་དེ་དག་གི་ལམ་དུ་ཕྲིན་ལས་ལ་སོགས་པའི་རང་བཞིན་བཅུ་པོ་མཚན་ཉིད་པ་བསྟན་པ་མེད་པའི་ཕྱིར་ཏེ། མདོ་བཅུ་ལས། སྤང་ཞིང་འགོག་པ་རྣམ་གཉིས་ལ། །རང་བཞིན་འདི་བཅུའི་མིང་མ་བསྟན། །ཅེས་གསུངས་སོ། །གཉིས་པ་ནི། སྟོན་པ་ལོངས་སྤྱོད་རྫོགས་པས་རང་གི་འཁོར་གྱི་ཚོགས་ལ་མཛད་སྤྱོད་ཕྲིན་ལས་ཀྱི་བྱ་བ་ཇི་ལྟར་བསྒྲུབ་པའི་ཚུལ་གྱི་བཀའ་ལུང་ཕོག་པ་ནི། རྒྱུ་བླང་དོར་རྩོལ་སྒྲུབ་དང་བཅས་པའི་ལམ་ལ་བརྟེན་ནས་མཐར་ཐུག་ཕྱི་རྒྱུད་སྡེ་གསུམ་པོ་རང་རང་གི་ལམ་གྱི་འབྲས་བུའི་གོ་འཕང་མངོན་དུ་བྱེད་པོའི་སྒོ་ནས་ཕྲིན་ལས་ཇི་ལྟར་བསྒྲུབ་པར་ལུང་ཕོག་པ་སྟེ། དེ་ཡང་རྣལ་འབྱོར་བཞི་ལས་སེམས་དཔའི་རྣལ་འབྱོར་གྱི་རིགས་ཅན་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཏིང་ངེ་འཛིན་བསྒོམ་པའི་ལས་ནི་འདི་ལྟར་སྟེ་ཁྲུས་དང་གཙང་སྦྲར་བརྟེན་ནས་རྫས་དང་ཡོ་བྱད་ལ་སོགས་པ་ཕྱི་ནང་ཐམས་ཅད་དག་པར་བྱས་ཏེ། ཆོ་འཕྲུལ་རྣམ་པ་བཞིའི་ལས་ཀྱིས་བདག་གནས་ཡོ་བྱད་ཐམས་ཅད་ལྷའི་རང་བཞིན་དུ་བྱིན་གྱིས་བརླབས་ནས་ནི། ལྷ་ཡེ་ཤེས་སེམས་དཔའ་དང་བདག་དམ་ཚིག་སེམས་དཔའ་གཉིས་སྤུན་གྲོགས་ཀྱི་ཚུལ་དུ་བལྟས་ནས་ཏིང་ངེ་འཛིན་དང་སྔགས་རྒྱ་ལ་སོགས་པའི་ལས་ཀྱིས་མཆོད་ཅིང་བསྟོད་པ་དང་བཟླས་བརྗོད་རྣམས་བྱས་མཐར་གཤེགས་གསོལ་བྱེད་པ་ལ་སོགས་པའི་བླང་དོར་རྩོལ་སྒྲུབ་ལ་ཞེན་པའི་ལས་དེས་ཀྱང་མི་ཚེ་བདུན་ནམ་བསྐལ་ཆེན་བརྒྱད་ཀྱི་བར་དུ་རང་འབྲས་ཐོབ་པར་མི་ནུས་པས་ངལ་ཞིང་ཚིག་ཆེད་པར་འགྱུར་བས་ན་རྫོགས་པ་ཆེན་པོ་བྱ་རྩོལ་དང་བྲལ་བའི་ལུང་དང་འགལ་བར་གསུངས་སོ། །གསུམ་པ་ནི། སྟོན་པ་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་རྣམ་པ་ལོངས་སྤྱོད་རྫོགས་པའི་ཚུལ་ཅན་རྒྱལ་བ་རྡོ་རྗེ་འཆང་གི་སྐུར་བཞེངས་ནས་རྣལ་འབྱོར་ཆེན་པོའི་འཁོར་མ་ཧཱ་དང་ཨ་ནུ་ཡོ་གའི་ཐེག་པ་བ་རྣམས་ལ་ཕྲིན་ལས་རྣམ་པ་བཞི་ཇི་ལྟར་བསྒྲུབ་པའི་ཚུལ་ལུང་ཕོག་པ་ནི། འཁོར་འདས་སུ་སྣང་བའི་ཆོས་ཐམས་ཅད་བདག་ཉིད་ཆེན་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་པ་ཡིན་པར་ལུང་བསྟན་ནས། རང་གི་རྒྱུད་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡེ་ནས་རྣམ་པར་དག་པ་གདན་གསུམ་ཚངས་པའི་ལྷའི་རང་བཞིན་དུ་བཞུགས་པའི་དཀྱིལ་འཁོར་དེ་རྣམས་ལ་ལས་བཞི་སོ་སོ་དང་མཐུན་པའི་ལྷའི་ཁ་དོག་དང་རིགས་དང་རྣམ་འགྱུར་རྣམས་སོ་སོར་སྦྱར་བའི་ལྷ་བསྒོམས་ནས་ཞེས། ཞི་བ་ལ་སྐུ་མདོག་དཀར་པོ་རྡོ་རྗེའི་རིགས་ཞི་ཞིང་དྭངས་པ་དང་། རྒྱས་པ་ལ་སེར་པོ་རིན་པོ་ཆེའི་རིགས་དགའ་ཞིང་སྤྲོ་བ་དང་། དབང་ལ་དམར་པོ་པདྨའི་རིགས་སྒེགས་ཅིང་ཆགས་པ་དང་། དྲག་པོ་ལ་ལྗང་གུའམ་མཐིང་ནག་ལས་ཀྱི་རིགས་ཁྲོ་ཞིང་རྔམ་པའི་རྣམ་འགྱུར་དང་ལྡན་པ་སོ་སོར་བསྒོམ་ཏེ། དེ་ཡང་ཞི་བའི་རིགས་ཀྱི་ལྷས་ནད་གདོན་ལ་སོགས་འཇིགས་བརྒྱད་ཞི་བར་བྱེད་པའི་ཕྲིན་ལས་བསྒྲུབ་པར་བྱེད་པ་དང་། རྒྱས་པའི་ལྷས་འབྱོར་དྲུག་རྒྱས་པར་བྱེད་པའི་ལས་བྱེད་པ་དང་། དབང་གི་ལྷས་མོས་པ་རྣམ་བཞིའི་ཚུལ་གྱིས་ཐམས་ཅད་དབང་དུ་སྡུས་པའི་ལས་ཀྱང་བསྒྲུབ་པར་བྱེད་པ་དང་། དྲག་པོའི་རིགས་ཀྱི་ལྷས་དགྲ་བགེགས་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་ཤིང་སྟོང་པར་བྱེད་པའི་ལས་ཀྱང་ཐོགས་མེད་དུ་བསྒྲུབ་པར་བྱེད་པའི་ཕྲིན་ལས་རྣམ་པ་བཞིའི་སྒོ་ནས། མཐོང་ལམ་ཚེ་ལ་དབང་བསྒྱུར་ནས་བསྐལ་པ་མང་པོར་གནས་པ་དང་སྒོམ་ལམ་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་རྣམ་པར་བཞུགས་པས་ཕྱག་རྒྱའི་རིག་འཛིན་གཉིས་ཀྱིས་མཚོན་པའི་རིགས་འཛིན་རྣམ་པ་བཞི་རིམ་གྱིས་འགྲུབ་ནས་ཕྲིན་ལས་རྣམ་པ་བཞིས་གཞན་དོན་ལ་རྩོལ་བས་ངལ་ཞིང་ཚི་ཆད་པར་གནས་ན་ཡང་། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་རྒྱུ་རྐྱེན་རྩོལ་བ་ལ་མི་ལྟོས་ཤིང་ཕྲིན་ལས་རྣམ་པ་བཞི་ལ་སོགས་པའི་ཡོན་ཏན་ཐམས་ཅད་མ་བཙལ་ལྷུན་གྱིས་གྲུབ་པ་ཡིན་པའི་ཕྱིར་ན། དེ་ནི་གོང་དུ་བསྟན་པ་དེ་ལྟ་བུའི་རྩོལ་བའི་ལམ་གྱིས་གྲུབ་པ་མེད་པས་མི་རྩོལ་བྱ་བ་མེད་པའི་ཕྲིན་ལས་མ་བཙལ་ལྷུན་གྱིས་གྲུབ་པའི་རང་བཞིན་ཅན་དེ་ནི་ནང་རྒྱུད་བླ་ན་མེད་པའི་ལམ་ལ་གནས་པ་དེ་ཡིས་ཀྱང་མ་གྲུབ་པར་གསུངས་སོ། །གསུམ་པ་དཔེ་འགལ་བ་ལ་བདུན་ཏེ། རྫོགས་ཆེན་ནམ་མཁའ་བཞིན་དུ་མཚན་མ་ལས་འདས་པས་རྒྱུ་འབྲས་ཀྱིས་མི་འགྲུབ་པར་བསྟན་པ། དོན་དེ་ལ་མི་སྤྱོད་པར་དྲང་དོན་ཙམ་བསྟན་པའི་ལུགས་ལ་བདེན་པར་ཞེན་པས་རྩོལ་སྒྲུབ་བྱེད་པར་བསྟན་པ། རྒྱུ་རྐྱེན་ལ་བརྟེན་ནས་ཨུཏྤལ་སྐྱེ་འཇིག་རྩོལ་བས་གྲུབ་པའི་དཔེས། ནམ་མཁའ་སྐྱེ་འཇིག་རྩོལ་བས་གྲུབ་པར་དཔོག་པར་ཉིད་དཔེ་འཁྲུལ་བར་བསྟན་པ། དེ་ཉིད་དྲང་དོན་ཡིན་པར་བསྟན་པ་རང་བྱུང་ཡེ་ཤེས་བཅོས་བསླད་མེད་པ་གོམས་ནས་ཕུན་སུམ་ཚོགས་པ་ཇི་སྙེད་མངོན་དུ་སྣང་གིས་མཚན་མའི་ཆོས་ཀྱིས་རང་བྱུང་ཡེ་ཤེས་བསྒྱུར་དུ་མེད་པར་བསྟན་པ། སེམས་ཉིད་དངོས་པོ་མེད་པར་རང་གདངས་ཇི་བཞིན་པར་བཞག་པས་ཡོན་ཏན་རང་ལ་འཆར་བ་ཆུ་དང་རྙོག་པ་ལྟ་བུ་འཇིག་རྟེན་སྐྱེ་འགག་གི་དངོས་པོའི་དཔེ་མ་ལེན་ཤིག་པར་གདམས་པ། ད་ལྟ་མ་དག་པའི་སེམས་དག་པར་བྱ་བའི་ཕྱིར་རྩོལ་སྒྲུབ་བཅོས་བསླད་ཀྱིས་སྦྱངས་བའི་རྗེས་ལ་རྣམ་དག་སངས་རྒྱས་ཀྱི་འབྲས་བུ་མཐར་ཐུག་པར་འདོད་པས་ནམ་ཡང་མི་འགྲུབ་པར་བསྟན་པའོ། །དང་པོ་ནི། འདིར་རང་བཞིན་རྫོགས་པ་ཆེན་པོ་ནི་རྒྱུ་འབྲས་རྩོལ་སྒྲུབ་ལས་ཡེ་ནས་འདས་པའི་ཕྱིར་ན་འབད་རྩོལ་བླང་དོར་གྱི་སྒོ་ནས་བཙལ་ཞིང་བསྒྲུབ་པས་བྱ་མེད་ནམ་མཁའ་ལྟ་བུའི་དོན་གྲུབ་པ་མེད་ལ། དེས་ན་རང་བཞིན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་རིག་པ་རང་བྱུང་གི་ཡེ་ཤེས་ཇི་བཞིན་ཏུ་རྟོག་པའི་ངང་དུ་ཕྲིན་ལས་རྣམ་པ་བཞི་ཡང་མ་བཙལ་ལྷུན་གྲུབ་ཀྱི་ཚུལ་དུ་རྫོགས་པ་ཡིན་ཏེ། འདི་ལྟར་ཕྱི་ནང་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་ངང་གིས་ཞི་བ་དང་ཡེ་ཤེས་ཀྱི་སྣང་བ་མཐར་དབུས་མེད་པར་ཁྱབ་ཅིང་རྒྱས་པ་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་དུ་དབང་དུ་འདུས་ཤིང་འུབ་ཆུབ་པ་དང་། གཟུང་འཛིན་ཉོན་མོངས་པའི་རྟོག་པ་ཐམས་ཅད་གདོད་ནས་ཆོས་དབྱིངས་སྐྱེ་བ་མེད་པའི་ངང་དུ་བསྒྲལ་ཞིང་ཚར་བཅད་པ་ཡིན་པས་ན་དེ་ལྟ་བུའི་ཕྲིན་ལས་རྣམ་པ་བཞི་པོ་ཡང་མ་བཅོས་ལྷུན་གྱིས་གྲུབ་པར་གསུངས་དེ། རིན་པོ་ཆེའི་རྒྱན་ལས། རང་བཞིན་ལྷུན་གྲུབ་ཕྲིན་ལས་ནི། །ཡེ་ཤེས་རང་སྣང་ངང་གནས་པས། །ཕྱི་ནང་རྣམ་རྟོག་ངང་གིས་ཞི། །ཡེ་ཤེས་མཐའ་དབུས་མེད་པར་རྒྱས། །འཁོར་འདས་བྱང་སེམས་དབང་དུ་འདུས། །ཕྱི་ནང་རྣམ་རྟོག་ཚར་བཅད་བསྒྲལ། །རང་བཞིན་ཡེ་ཤེས་མ་བཅོས་པའོ། །ཞེས་གསུངས་སོ། །འོན་ཀྱང་དེ་ལྟ་བུའི་ལྟ་བའི་གདེང་དང་ལྡན་པའི་ངང་ནས་འགྲོ་འདུལ་ཐུགས་རྗེའི་ཕྲིན་ལས་སྣ་ཚོགས་པ་བསྒྲུབ་ཀྱང་མི་འགལ་ལ། མ་བསྒྲུབ་ཀྱང་མ་བཙལ་ལྷུན་གྱིས་གྲུབ་པའི་ཐབས་ཆེན་གཅིག་གིས་དོན་ཀུན་རྫོགས་པར་གྲུབ་པའི་ཕྱིར་ན་མི་འགལ་བར་གསུངས་ཏེ། དེ་ཉིད་ལས། འགྲོ་འདུལ་ཐུགས་རྗེའི་ཕྲིན་ལས་ནི། །གདེང་ཆེན་ལྡན་པས་ལས་བཞི་བཙལ། །ཞེས་དང་། དོན་འདིར་གདེང་རྙེད་རྣལ་འབྱོར་པས། །མེ་དང་མཆོད་རྟེན་ལུ་གུ་རྒྱུད། །ཏིང་འཛིན་སྔགས་རྒྱས་མཐུན་སྦྱར་ནས། །བྱའམ་ཡང་ན་མི་བྱ་བར། །ཐབས་ཆེན་གཅིག་གིས་རྫོགས་པར་བྱ། །ཞེས་གསུངས་སོ། །གཉིས་པ་ནི། ཨ་ཏི་རྫོགས་པ་ཆེན་པོ་རྒྱུ་འབྲས་བྱ་རྩོལ་ལས་འདས་པའི་དགོངས་དོན་རྟོགས་པར་མི་ནུས་པ་རྣམས་ལ་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བར་ལྟ་བའི་འོག་མའི་ཐེག་པ་གང་ཞིག །སྐུ་གསུམ་གྱི་སྟོན་པས་ལུང་བསྟན་པ་ནི་འཇིག་རྟེན་འཁྲུལ་པའི་སྣང་བ་རྒྱུ་འབྲས་མཚན་མའི་ཆོས་རྣམས་ལ་ཚོད་བཙུགས་པའམ་དཔེར་བཟུང་ནས་ནི་རྒྱུ་སེམས་ཅན་གྱིི་གནས་སྐབས་དེ་ལས་ནམ་ཞིག་འབྲས་བུ་སངས་རྒྱས་ཉིད་འབྱུང་བར་གསུངས་པ་བཞིན། རྒྱུ་འབྲས་འབད་རྩོལ་གྱི་སྒོ་ནས་བཙལ་ཞིང་བསྒྲུབ་པར་བྱས་ནས་འབྲས་བུས་སངས་རྒྱས་གདོད་གྲུབ་པར་བྱེད་པ་དེ་ནི་དོན་ཇི་བཞིན་དུ་རྟོགས་པ་མ་ཡིན་ཏེ། ཅིའི་ཕྱིར་ན་སེམས་ཉིད་གདོད་ནས་སྐྱེ་བ་མེད་པ་ནམ་མཁའ་ལྟ་བུའི་རང་བཞིན་ལ་རྒྱུ་སེམས་ཅན་ཞེས་བྱ་བ་ཡང་གྲུབ་པ་མེད་ཅིང་། ཆོས་ཐམས་ཅད་ཡེ་ནས་མངོན་པར་སངས་རྒྱས་པའི་རང་བཞིན་ལས་གཞན་པའི་འབྲས་བུ་སངས་རྒྱས་ཞིག་ཀྱང་གྲུབ་པ་མེད་དེ། བྲམ་ཟེ་རྒྱས་པའི་རྒྱུད་ལས། རྫོགས་ཆེན་ལྟ་བ་བསྒོམ་དུ་མེད་པ་ནི། །ཀུན་ཏུ་བཟང་པོའི་སེམས་ཀྱི་ཡོན་ཏན་ཏེ། །བྱང་ཆུབ་སེམས་ཀྱི་ཆེ་བའི་ཡོན་ཏན་གྱིས། །བཙལ་ཞིང་བསྒྲུབ་པའི་དཀའ་བ་སྤྱོད་མི་དགོས། །རྒྱུ་རྐྱེན་མེད་པས་བཙལ་བའི་ལས་མི་དགོས། །འབྲས་བུ་རང་བཞིན་གཞན་ནས་བསྒྲུབ་མི་དགོས། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། འདི་ལྟར་སྙིང་པོ་བྱང་ཆུབ་ཀྱི་སེམས་ནི་རང་བྱུང་གི་ཡེ་ཤེས་འདུས་མ་བྱས་པ་ཡིན་པས་དེ་ལ་དང་པོ་སྐྱེ་བ་མེད་ཅིང་མཐར་འགགས་པ་མེད་པའི་ཕྱིར་ན་འཇིག་རྟེན་ན་རྒྱུ་ས་བོན་ལ་སོགས་པ་ལ་བརྟེན་ནས་སྐྱེ་བའི་ཆོས་ཅན་མྱུ་གུ་ལ་སོགས་པ་ལ་དཔེ་བླང་ནས་རྒྱུ་ལས་སྐྱེ་བ་དང་རྐྱེན་ལས་འཇིག་པ་འབྱུང་བའི་རང་བཞིན་ཅན་དུ་བལྟས་ནས་རྒྱུ་འབྲས་བླང་དོར་གྱི་སྒོ་ནས་རྩོལ་བར་བྱེད་པ་ནི་ཨུཏྤལ་སྐྱེ་འཇིག་གི་རང་བཞིན་ཅན་རྒྱུ་རྐྱེན་རྩོལ་བས་གྲུབ་པའི་དཔེས་སྐྱེས་འཇིག་མེད་པའི་ནམ་མཁའ་ཉིད་རྩོལ་བས་བསྒྲུབ་པར་བྱེད་པ་ལྟར་ཤིན་ཏུ་འཁྲུལ་ཞིང་འགལ་བ་ཡིན་པར་གསུངས་ཏེ། ཀློང་ཆེན་ལས། བྱང་ཆུབ་བདེ་བའི་ཀློང་ཆེན་ན། །ལོག་རྟོག་འཁྲུལ་པས་བརྟགས་ནས་ནི། །རྒྱུ་དང་འབྲས་བུའི་དོན་རྟོགས་པ། །ཡང་དག་གནས་སུ་དེ་མི་སྐྱོལ། །དོན་མཐོང་ལམ་ནས་ལོག་པ་བཞིན། །རང་གི་སྣང་ཚུལ་མ་ཤེས་པས། །རྒྱུ་རྐྱེན་མེད་ལ་དེ་ཡང་བསྒྲིབ། །ཅེས་གསུངས་པ་ལྟ་བུ་ཡིན་པས་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་འདུས་བྱས་སྐྱེ་འགག་ཅན་གྱི་ཆོས་སུ་སྒྲོས་མི་གདགས་པར་གསུངས་སོ། །བཞི་པ་ནི། དེས་ན་རྫོགས་པ་ཆེན་པོའི་གཞུང་ནས་རིག་པ་རང་བྱུང་གི་ཡེ་ཤེས་ཡེ་ནས་སྐྱེ་འཇིག་འཕོ་འགྱུར་དང་བྲལ་བ་ཡིན་པས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་ཡིན་པར་གསུངས་པ་ལྟར་མ་བཏགས་པའམ་མ་རྟོགས་པར་འཇིག་རྟེན་བྱིས་པའི་སྤྱོད་ཡུལ་རྒྱུ་འབྲས་མཚན་མའི་ཆོས་འདུས་བྱས་སྐྱེ་འགག་ཅན་ལ་ཚོད་བཙུགས་ནས། རྒྱུ་ལ་རྩོལ་ཞིང་བསྒྲུབ་པའི་ལས་ཀྱིས་བཙལ་བས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཉིད་གཟོད་འབྱུང་བར་འགྱུར་རོ་ཟེར་ནས་རྩོལ་བ་ཡི་ལམ་ལ་གནས་པ་དེ་ནི་རྒྱུ་འབྲས་རྩོལ་སྒྲུབ་ཅན་གྱི་ཐེག་པ་དྲང་དོན་དགོངས་པ་ཅན་གྱི་ལུང་ཡིན་པར་གསུངས་ཏེ། ལ་ཟློ་གསང་བའི་འཁོར་ལོ་ལས། སངས་རྒྱས་ཞེས་ནི་མིང་དུ་བཏགས་པ་ནི། །སྐུ་གསུམ་སྟོན་པས་དྲང་བའི་ལུང་བསྟན་ཡིན། །མི་ཤེས་བྱིས་པ་ལྟ་བུའི་འབྲི་བསྐོལ་ཡིན། །སེམས་ཉིད་སྐྱེ་མེད་དབྱིངས་ལ་ཆོས་སྐུ་གནས། །བསྒྲུབ་པས་ནམ་ཞིག་ཐོབ་པར་བྲོད་པ་སྐྱེད། །སེམས་ཀྱི་རང་བཞིན་ཅིར་ཡང་སྣང་བ་ལ། །རྣམ་པར་སྣང་མཛད་ཅེས་བྱ་བསམ་བསྒོམ་པས། །ལོངས་སྤྱོད་རྫོགས་པའི་སྐུ་རུ་བསྟན་པ་ཡང་། །དེ་བཞིན་ཉིད་དུ་ནམ་ཞིག་འགྱུར་རོ་ཞེས། །དེ་བསྟན་དེ་ཡང་དྲང་བའི་ལུང་བསྟན་ཡིན། །ངེས་པར་འབྱུང་བ་སྨིན་པའི་ཤཱཀ་ཐུབ་ལ། །སྤྲུལ་པའི་སྐུ་ཡིན་ཚོགས་རྫོགས་ལས་བྱུང་ཞེས། །དེ་བཞིན་ཉིད་དུ་ཚོགས་ལ་འགོད་པ་ཡང་། །མ་རྟོགས་བྱས་པ་ལྟ་བུའི་དྲང་ལུང་ཡིན། །སེམས་དཔའ་དེ་ལྟར་དགོངས་པར་མ་བྱེད་ཅིག །ཆོས་སྐུ་ཐིག་ལེ་སེམས་ལས་འདས་པ་ཡིན། །རེ་ཞིག་ཙམ་དུ་མཚོན་པར་གསུངས་པ་ལ། །བསྒྲུབ་པར་བྱ་བའི་དངོས་པོ་ཡེ་ནས་མེད། །ཀུན་གྱི་གཞི་ཡིན་གྲུབ་པ་རྡུལ་ཙམ་མེད། །མིང་དུ་བཏགས་པ་ཙམ་ཀྱང་ནོར་བ་ལ། །ཞེ་འདོད་དམིགས་པ་བཅུག་ན་ཤིན་ཏུ་ནོར། །ཆོས་སྐུ་གཏི་མུག་ཆེན་པོར་ལ་ཟློས་ཤིག །འཇིག་རྟེན་ཆགས་འཇིག་འབྱུང་བའི་ལོངས་སྤྱོད་རང་བཞིན་ལས། རྣམ་སྣང་ལྷག་པར་བསྒྲུབ་པས་འགྲུབ་པ་མེད། །ཀུན་ཀྱང་རྣམ་སྣང་ལོངས་སྤྱོད་རང་བཞིན་ཡིན། །སེམས་དཔའ་དེ་ལ་བསྒྲུབ་པར་མ་སེམས་ཅིག །རྣམ་སྣང་མིང་དུ་བཏགས་པའང་ངེས་ནོར་ན། །ངེས་པར་གཞན་དུ བསྒྲུབས་པ་ཤིན་ཏུ་ནོར། །སྣང་སྲིད་སྤྲུལ་པར་མ་གྱུར་ཡེ་ནས་མེད། །གཞི་མེད་གཅིག་ལས་སྣང་ཞིང་སྲིད་པས་ན། །སྤྲུལ་པ་ཡིན་པར་སེམས་དཔས་རྟོགས་པར་རིགས། །ཀུན་ཀྱང་སྤྲུལ་པའི་རང་བཞིན་མ་ཡིན་ནོ། །ཤཱཀ་ཐུབ་མི་བཞུགས་འགྲོ་དོན་སུ་ཡི་བྱེད། །དེ་བས་སྤྲུལ་པར་མ་གྱུར་གཅིག་ཀྱང་མེད། །སྤྲུལ་པ་ཤཱཀ་ཐུབ་ངེས་པར་བརྗོད་པས་ནོར། །ཞེས་འབྲས་བུ་སྐུ་གསུམ་གྱི་སངས་རྒྱས་ཐམས་ཅད་གཞན་ནས་བཙལ་དུ་མེད་པས་རྒྱུ་འབྲས་རྩོལ་སྒྲུབ་ཅན་གྱི་ལུང་ཐམས་ཅད་དྲང་དོན་དུ་གསུངས་སོ། །ལྔ་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འདིར་རྫོགས་པ་ཆེན་པོའི་གཞུང་ལས་ཆོས་ཐམས་ཅད་ཡེ་ཤེས་ཉག་གཅིག་གི་རོལ་པར་གསུངས་པ་ཡིན་ན། །དེ་ལ་ཡེ་ཤེས་ཞེས་སུ་བསྟན་པ་ནི་ཇི་ལྟར་ཡིན་ཞེ་ན། འདིར་སེམས་ཉིད་རང་བྱུང་གི་ཡེ་ཤེས་ནི་རྣམ་པ་ཅིར་ཡང་མ་འགགས་པའི་རྩལ་ལས་རོལ་པ་སྣ་ཚོགས་སུ་སྣང་བའི་ཆ་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་དང་མཚུངས་པའམ་དེ་དག་གི་ངོ་བོར་སྣང་བ་ཡིན་ལ། ངོ་བོ་རྒྱུ་རྐྱེན་གང་ལས་ཀྱང་མ་བྱུང་བར་རང་བྱུང་འདུས་མ་བྱས་པའི་བདག་ཉིད་ཡིན་པས་འདུས་བྱས་སྐྱེ་འཇིག་ཅན་གྱི་ཆོས་གང་དང་ཡང་མཚུངས་པ་མེད་པ་རང་བྱུང་འོད་གསལ་འདུས་མ་བྱས་པའི་རང་བཞིན་ཏེ། དེས་ན་དེ་ལྟ་བུའི་རིག་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་སྤང་བླང་བཅོས་བསྒྱུར་མེད་པར་མ་བཅོས་རང་བབ་ཀྱི་ངང་ལ་ཅི་ཡང་བསྒོམ་དུ་མེད་པའི་ཚུལ་གྱིས་གོམས་པར་བྱ་སྟེ། རྡོ་རྗེ་འོད་འཕྲོའི་རྒྱུ་ལས། ཀྱེ་སེམས་དཔའ་ཆེན་པོ་ཉམས་སུ་བླང་དུ་མེད་པས་ན། བླང་དུ་མེད་པའི་ཚུལ་གྱིས་བླང་། །སྣང་བ་མི་སྤང་རྟོག་པ་མེད། །རྟོག་པ་མེད་ལ་གནས་མི་བྱ། །རྣམ་པར་མི་རྟོགས་ས་ལེ་བ། །ས་ལེ་བར་ཡང་རྟོག་པ་མེད། །མ་རྟོག་ངོ་བོ་ཉིད་ཀྱི་གཞི། །རིག་པ་ཇི་བཞིན་ཀློང་དུ་བཞུགས། །འོད་གསལ་རྟོག་བྲལ་རིག་པའི་ཀློང་། །ཇི་བཞིན་ཉིད་དུ་ཡེ་གསལ་ཁྱབ། །བསམ་མེད་དྲན་མེད་མི་གཡོ་བ། །ཡོན་ཏན་ཆེན་པོ་བསམ་གཏན་ནི། །བསམ་གཏན་ཉིད་པས་བསམ་དུ་མེད། །མེད་པ་ཉིད་ལ་མི་གནས་ཤིང་། །རྟོག་པ་མེད་ལས་མི་འགོག་པ། །འདི་ནི་རྟོགས་པའི་རྒྱལ་པོ་ཞེས། །རྒྱལ་བ་རྣམས་ཀྱི་ཡང་དག་བཤད། །མི་བསམ་མི་དཔྱད་དེ་བཞིན་ཉིད། །ཆུ་ལ་ཆུ་ལྟར་ཤེས་པར་བྱ། །མི་གནས་པ་ལ་གནས་པ་ནི། །འདི་ནི་གནས་པ་ཆེན་པོ་ཞེས། །ཀུན་བཟང་སེམས་དཔས་ཡང་དག་བཤད། །ཅེས་གསུངས་པ་ལྟར་མ་བཅོས་རང་བབས་གཉུག་མའི་བསམ་གཏན་ལ་གོམས་པར་བྱས་པས་གནས་ལུགས་རང་བྱུང་གི་ཡེ་ཤེས་ཇི་བཞིན་མངོན་དུ་གྱུར་པ་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་རང་བྱུང་གི་ཡེ་ཤེས་དེའི་སྐྱེ་མེད་ཀྱི་གདངས་ལས་འགགས་མེད་ཀྱི་རོལ་པར་ཤར་ཞིང་བསྐྱེད་པ་ཡིན་པས་ཐམས་ཅད་དག་པ་ཉག་གཅིག་གི་རང་བཞིན་ཕུན་སུམ་ཚོགས་པའི་ངོ་བོ་མངོན་དུ་སྣང་གིས། དེ་ལས་གཞན་དུ་རྒྱུ་འབྲས་རྩོལ་སྒྲུབ་ཀྱི་ལམ་ནས་ཆོས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་བཅོས་ཤིང་བསྒྱུར་བས་སྔར་བས་ལྷག་པའི་འབྲས་བུ་ཅིར་ཡང་འབྱུང་བ་མེད་པར་གསུངས་སོ། །དྲུག་པ་ནི། དེ་ལྟར་མ་བཅོས་རང་བབས་ཀྱི་ངང་དུ་བཞག་པས། དཔེར་ན་ཆུ་མ་བརྒུལ་བར་བཞག་པས་རྙོག་པ་ངང་གིས་དངས་ཏེ་གཟུགས་བརྙན་རྣམས་ཀྱང་མི་འགགས་པར་འཆར་བ་བཞིན་དུ་རྣམ་རྟོག་ལས་རླུང་གི་རྙོག་པ་ཐམས་ཅད་ངང་གི་དངས་པའི་རིག་པ་བྱང་ཆུབ་ཀྱི་སེམས་ཇི་བཞིན་པ་མངོན་དུ་གྱུར་པའི་རྩལ་ལས་ས་ལམ་གྱི་ཡོན་ཏན་ཐམས་ཅད་འགགས་མེད་འཆར་བ་ཡིན་པ་ལ། གལ་ཏེ་ཆུ་དངས་བར་རེ་ནས་དཀྲུགས་པར་བྱས་ན་སླར་ཡང་རྙོག་པར་འགྱུར་བ་ལས་མེད་པ་བཞིན་འཇིག་རྟེན་རྒྱུ་འབྲས་སྐྱེ་འགག་ཅན་གྱི་ཆོས་འདུས་བྱས་ཀྱི་དངོས་པོ་རྣམས་ལ་ཚོད་བཙུགས་ནས། ཐེག་པ་འོག་མ་པ་རྣམས་ཀྱི་ལམ་ལྟར་བླང་དོར་རྩོལ་བསྒྲུབ་ཀྱིས་བཙལ་བར་བྱས་ཀྱང་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བཙལ་བ་མེད་པའི་རང་བཞིན་ཡིན་པས་དེ་ལྟར་བཙལ་ཞིང་བསྒྲུབ་པའི་འབྲས་བུ་འབྱུང་བར་མི་འགྱུར་བར་མ་ཟད་རེ་དོགས་རྩོལ་སྒྲུབ་ཀྱིས་སླར་ཡང་སྒྲིབ་པར་བྱེད་པ་ལས་མེད་པའི་ཕྱིར་ན། ལྟ་སྒོམ་སྤྱོད་པ་ལ་སོགས་པས་རྩོལ་བར་མི་བྱེད་པར་མ་བཅོས་དེ་བཞིན་ཉིད་ཀྱི་ངང་དུ་འཇོག་པར་གསུངས་ཏེ། བདུད་རྩི་བཅུད་ཐིག་ལས། ང་ལ་ལྟ་བར་འདོད་པ་རྣམས། །བལྟ་བར་མ་བྱེད་དེ་བཞིན་ཉིད་དུ་ཞོག །བལྟས་པས་མཐོང་བའི་ཡུལ་མེད་ཀྱིས། །མ་བལྟས་བཞག་པས་ལྟ་བ་ཉིད་དུ་མཇལ། །ང་ལ་བསྒོམ་པར་འདོད་པ་རྣམས། །བསྒོམ་པར་མ་བྱེད་གཡོ་མེད་ངང་ལ་ཞོག །འགྱུར་མེད་ངང་ལ་བཞག་པས་སྤྱོད་པ་ཉིད་དང་མཇལ། །ང་ལ་སྤྱོད་པར་འདོད་པ་རྣམས། །སྤྱོད་པར་མ་བྱེད་བྱར་མེད་ངང་ལ་ཞོག །བྱར་མེད་ངང་ལ་བཞག་པས་སྤྱོད་པ་ཉིད་དང་མཇལ། །ང་ལ་བསྲུང་བར་འདོད་པ་རྣམས། །བསྲུང་བར་མ་བྱེད་མི་འདའི་ངང་ལ་ཞོག །འདའ་མེད་ངང་ལ་བཞག་པས་དམ་ཚིག་ཉིད་དང་མཇལ། །ང་ལ་བཙལ་བར་འདོད་པ་རྣམས། །བཙལ་བར་མ་བྱེད་རྩོལ་མེད་ངང་ལ་ཞོག །རྩོལ་མེད་གདེངས་ལ་བཞག་པས་ཕྲིན་ལས་ཉིད་དང་མཇལ། །ཞེས་སོགས་གསུངས་པ་ལྟར་ལ། དེ་ལ་བྱང་ཆུབ་ཀྱི་སེམས་ནི་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེས་པ་མེད་པའི་ཕྱིར་ན་འཇིག་རྟེན་སྐྱེ་འགག་ཅན་གྱི་ཆོས་ལ་མཚོན་མི་གཟུངས་ལ། བྱང་ཆུབ་ཀྱི་སེམས་ནི་རྐྱེན་གྱིས་མ་བསྐྱེད་པ་རང་བྱུང་འདུས་མ་བྱས་པའི་རང་བཞིན་ཡིན་པས་འཇིག་རྟེན་གྱི་ཆོས་རྐྱེན་གྱིས་བསྐྱེད་པའི་དངོས་པོ་མཚན་མའི་ཆོས་རྣམས་ལ་དཔེ་མ་ལེན་ཅིག་ཅེས་གདམས་པའོ། །བདུན་པ་ནི། ཀྱེ་སེམས་དཔའ་ཆེན་པོ་གང་ཞིག་ཡོན་ཏན་གྱི་ཆེ་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་སངས་རྒྱས་ཉིད་ཐོབ་པར་འདོད་ནས་བསྒོམ་བསྒྲུབ་ལ་རྩོལ་བར་བྱེད་པ་རྣམས་ནི་བསྒོམ་བསྒྲུབ་བླང་དོར་ལ་སོགས་པའི་རྩོལ་སྒྲུབ་ཀྱིས་བཙལ་བས་ཡོན་ཏན་གྱི་ཆེ་བ་དེ་མི་འགྲུབ་ཏེ། ཅིའི་ཕྱིར་ན་སྔར་བཤད་པ་ལྟར་མངོན་པར་སངས་རྒྱས་པ་ལ་སོགས་པའི་ཆེ་བ་ལྔ་པོ་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཉིད་ལ་ཡེ་ནས་མ་བཙལ་ལྷུན་གྱིས་གྲུབ་པའི་ཆེ་བ་ཡིན་པ་དེ་ལས་གཞན་པའི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཞིག་བཙལ་དུ་མེད་ཀྱང་། དེ་ལྟར་མ་རྟོགས་པར་ཆེ་བའི་ཡོན་ཏན་ཞིག་གཏན་ནས་ཐོབ་པར་རེ་ནས་བསྒོམས་ཤིང་བསྒྲུབ་པར་བྱས་ན་གདོད་ནས་ཡེ་སངས་རྒྱས་པའི་དགོངས་པ་དེ་འཆོས་ཤིང་བཅོས་པ་ཡིན་ཞིང་། དེ་ལྟར་ཡེ་ནས་སངས་རྒྱས་པའི་དགོངས་པ་མ་རྟོགས་པར་གང་ཟག་གང་ཞིག་གིས་རང་བྱུང་ཡེ་ཤེས་ཀྱི་དོན་ལ་བསྒོམ་ཞིང་འཆོས་པར་བྱེད་པ་དེ་ཡིས་སངས་རྒྱས་ཐམས་ཅད་སྤང་བ་ཡིན་ཏེ། ཅིའི་ཕྱིར་ན་བྱང་ཆུབ་ཀྱིས་སེམས་ལས་གཞན་པའི་སྐུ་གསུམ་དང་དུས་གསུམ་གྱི་སངས་རྒྱས་ཞིག་མེད་པར་གསུངས་ཏེ། ནམ་མཁའ་ཆེ་ལས་ཆོས་ཀྱི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ཆོས་ཀྱི་སྐུ། །རྡུལ་ཙམ་སུས་ཀྱང་བཅོས་པ་མེད། །དེས་ན་སེམས་ལས་སངས་རྒྱས་མེད། །ལོངས་སྤྱོད་རྫོགས་སྐུ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ལོངས་སྤྱོད་སྐུ། །སེམས་ལས་བྱུང་བའི་གཟུགས་རྣམས་ལ། །ལོངས་སྤྱོད་རྫོགས་པས་སྐུ་གཞན་མེད། །སྤྲུལ་པའི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་སྤྲུལ་པའི་ལས། །སྤྲུལ་པའི་དོན་མཛད་གཞན་ན་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་ལས་གཞན་མེད་དོ། །ཞེས་གསུངས་པ་ལྟར་ཡིན་པ་དེས་ན་བྱང་ཆུབ་ཀྱི་སེམས་དང་སངས་རྒྱས་རྣམས་ལ་ཐ་དད་ཀྱི་དབྱེ་བ་མེད་ལ། དེས་ན་བྱང་ཆུབ་ཀྱི་སེམས་ལ་བསྒོམ་ཞིང་འཆོས་པར་བྱེད་པ་དེ་ཡི་ས་སངས་རྒྱས་རྣམས་དངོས་སུ་སྐྱབས་སུ་མི་འཛིན་པར་ལོག་པར་བལྟས་ནས་སྤངས་བ་མ་ཡིན་ཏེ་བྱང་ཆུབ་ཀྱི་སེམས་དེ་ཚུར་བསྒྲུབ་ཅིང་བསྒོམ་པར་འདོད་པ་ཡིན་མོད། འོ་ན་ཇི་ལྟར་ཡིན་ཞེ་ན་གང་ཟག་དེ་ཡིས་རང་གི་རིག་པ་བྱང་ཆུབ་སེམས་ཀྱི་གཤིས་ལུགས་རང་བྱུང་འདུས་མ་བྱས་པ་རྒྱུ་རྐྱེན་རྩོལ་སྒྲུབ་ཀྱི་ཡུལ་ལས་འདས་པ་ཞིག་ཡིན་པས་ན་བཅོས་བསྒྱུར་གང་ཡང་བྱེད་མི་དགོས་པ་ལ། དེ་ལྟ་བུའི་ཆོས་ཉི་འདུས་མ་བྱས་པའི་རང་བཞིན་དུ་ཡེ་ནས་སངས་རྒྱས་པའི་གནས་ལུགས་མ་བཅོས་པ་དེ་ལ་ཡིད་མ་ཆེས་པར་སྤངས་ཞིང་དོར་བར་བྱས་ནས། རྒྱུ་འབྲས་རྩོལ་བ་ཅན་གྱི་འབྲས་བུ་ཞིག་ཐོབ་པར་རེ་ནས་བསྒོམས་ཤིང་འཆོས་པར་བྱས་པས་རང་གནས་སྙིང་པོའི་ཡེ་ཤེས་དེ་སླར་ཡང་བསྒྲིབ་ནས་མི་མཐོང་བར་སྤངས་བ་ཡིན་ལ། དེ་ལྟར་རིག་པ་རང་གནས་ཀྱི་རང་ཞལ་དེ་མ་མཐོང་བར་སྤངས་པས་རང་གི་རང་བཞིན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་དེ་དང་བསྐལ་བ་མང་པོའི་བར་དུ་འཕྲད་པར་མི་འགྱུར་བར་གསུངས་པ་དེས་ན་བྱང་ཆུབ་ཀྱི་སེམས་དེ་དང་གཉིས་སུ་མེད་པའི་སངས་རྒྱས་ཐམས་ཅད་དང་ཡང་དེའི་བར་དུ་འཕྲད་པ་མེད་པས་སྤངས་པ་ཡིན་པར་གསུངས་པའོ། །བཞི་པ་རང་བཞིན་རྫོགས་པ་ཆེན་པོའི་དོན་ངེས་ཚིག་དང་བཅས་པ་བཤད་པ་ལ་གསུམ་སྟེ། ཆོས་ཐམས་ཅད་བཞག་ན་ཟིན་པས་སྒོ་གསུམ་རྩོལ་བསྒྲུབ་དང་བཅས་བཅོས་མ་བྱེད། སེམས་ཇི་བཞིན་དུ་བཞག་པའི་ངང་དྭངས་ཆོས་སྐུ་འགྱུར་མེད་ཀྱི་དགོངས་པ་ཡིན་པས་མ་བཅོས་རྣལ་བཞག་ཆེན་པོའི་ངང་ལ་ཞོག །དེ་ཉིད་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཡིན་པས་དེའི་ངེས་ཚིག་ལས་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ། །འདི་ལྟར་རེ་དོགས་རྩོལ་སྒྲུབ་དང་བཅས་པའི་སེམས་ཀྱིས་བསྐྱེད་རྫོགས་སོགས་ཀྱིས་དོན་ལ་མཉམ་པར་འཇོག་པའི་སྒོ་ནས་སེམས་ནང་དུ་བསྡུས་ནས་ཏིང་ངེ་འཛིན་བསྒོམ་པ་དེ་ཡང་གནས་ལུགས་མ་བཅོས་པའི་དོན་དང་འགལ་བ་ཡིན་པས་ན་དེ་ལྟར་བསྒོམ་པར་མ་བྱེད་པར་མ་བཅོས་རང་བབས་ཀྱི་ངང་ལ་ཞོག་ཅིག །དེ་བཞིན་ཏུ་ཆོས་ཐམས་ཅད་ཡེ་ནས་རིག་པ་བྱང་ཆུབ་སེམས་ཀྱི་ངང་ལས་ཤར་ཞིང་ངང་དུ་གྲོལ་ཟིན་པ་ཡིན་པས། ད་བླང་དོར་དང་རྟོག་དཔྱོད་གང་ཡང་མི་དགོས་པའི་ཕྱིར་ན་རྩལ་འགགས་མེད་དུ་ཤར་བའི་ཡེ་ཤེས་ཀྱི་ཡུལ་རྣམས་ལ་སོ་སོར་རྟོག་ཅིང་དཔྱོད་པར་མ་བྱེད་ཅིག་ཅེས་དཔྱད་བསྒོམ་གཉིས་ག་མི་དགོས་པར་བསྟན་ཏེ། །དེ་ལྟར་རྟོག་དཔྱོད་དང་བསྒོམ་བསྒྲུབ་གང་ཡང་མི་དགོས་པ་དེས་ན། ངག་གི་སྒོ་ནས་ལྷ་ཚོགས་ཡོངས་སུ་རྫོགས་པའི་འཛབ་དང་གཙོ་བོ་གཅིག་པུའི་སྙིང་པོ་ལྟ་བུ་གང་ཡང་བཟླ་མི་དགོས་ལ། ལུས་ཀྱི་སྒོ་ནས་ལག་གིས་འདུ་བྱེད་པའི་ཕྱག་རྒྱ་བཅའ་བ་དང་རྐང་པའི་བྲོ་གར་དང་འདུག་སྟངས་ལ་སོགས་པའི་རྩོལ་བ་མི་དགོས་པ་དང་། སེམས་ཀྱིས་ལྷའི་ཏིང་འཛིན་བསྒོམ་པ་དང་འོད་ཟེར་འཕྲོ་འདུ་ཡི་ལས་ལ་བརྟེན་ནས་དོན་གཉིས་བསྒྲུབ་པའི་དམིགས་པ་ཅི་ཡང་མ་བྱེད་ཅིག་ཅེས་སྒོ་གསུམ་གྱི་བྱ་བ་ཐམས་ཅད་རྩོལ་མེད་རང་བབ་ཀྱི་ངང་དུ་ལ་བཟླ་བར་གསུངས་ཏེ། ལ་ཟློ་ལས། ཆོས་ཀྱི་དབྱིངས་ལ་སྔ་ཕྱི་འགྱུར་བ་མེད། །གང་ཟག་བློ་ཡིས་དེ་ལ་བཅོས་སུ་མེད། །འཁོར་བས་ལུས་ངག་ཡིད་ནི་བཅོས་པ་ལ། །ལ་བཟླ་བ་ནི་རང་བྱུང་ཤར་བས་བཟླས། །ལུས་ལ་མ་བཅོས་སྐུ་ཡི་ལ་བཟླ་ཡིན། །ངག་ལ་མ་བཅོས་གསུང་གི་ལ་བཟླ་ཡིན། །དྲན་པ་མ་བཅོས་ཐུགས་ཀྱི་ལ་བཟླ་ཡིན། །ཞེས་གསུངས་སོ། །གཉིས་པ་ནི། རྒྱུ་མཚན་དེས་ན་རིག་པ་བྱང་ཆུབ་ཀྱི་སེམས་ཇི་བཞིན་རྟོགས་པའི་ངང་ལ་བཅོས་བསྒྱུར་སྤང་བླང་མེད་པར་མ་བཅོས་རང་བབས་སུ་གནས་པས་ལས་རླུང་རྣམ་རྟོག་གིས་ཡེ་ནས་གཡོས་པ་མེད་པའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་མ་བཅོས་ལྷུན་གྱིས་གྲུབ་པའི་གནས་ལུགས་ཇི་བཞིན་པར་མངོན་དུ་འགྱུར་ལ། དེ་ལྟར་རིག་པ་ཇི་བཞིན་པ་མངོན་དུ་མཐོང་བའིི་རྣལ་འབྱོར་པ་དེ་ཉིད་རང་བཞིན་བབས་ཀྱི་བསམ་གཏན་ཆུ་བོ་རྒྱུན་གྱི་ཏིང་འཛིན་ནམ། ཆོས་སྐུ་འགྱུར་མེད་ཀྱི་དགོངས་པ་ལ་ངང་གིས་གནས་པ་ཡིན་པས་དེ་ལས་གཞན་དུ་གང་ཟག་སུས་ཀྱང་བཅོས་སུ་མེད་ལ། དེ་ལྟར་སྤང་བླང་རྩོལ་སྒྲུབ་ཀྱིས་མ་བཙལ་བར་སེམས་ཉིད་རང་བྱུང་གི་ཡེ་ཤེས་རང་གི་ངོ་བོ་ཇི་བཞིན་པ་རུ་གནས་པ་དེ་བཞིན་དུ་གནས་པའི་རྣལ་འབྱོར་པ་དེས་ནི། དུས་གསུམ་རྒྱལ་བའི་དགོངས་པ་མ་བཅོས་ལྷུན་གྱིས་གྲུབ་པའི་དོན་དེ་ཉིད་ཀྱང་གྲུབ་པ་ཡིན་ཏེ། གོང་དུ་བསྟན་པ་བཞིན་སྐུ་གསུམ་དང་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལས་གཞན་དུ་མེད་པའི་ཕྱིར། རིག་པ་བྱང་ཆུབ་ཀྱི་སེམས་མངོན་དུ་གྱུར་པའི་ཚེ་ན་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཡང་མངོན་དུ་གྲུབ་པ་ཡིན་ནོ། །དེས་ན་ལྷ་བསྒོམས་པ་དང་སྔགས་བཟླ་བ་ལ་སོགས་པའི་སྒོ་གསུམ་གྱི་བྱ་བ་གང་ཡང་བསྒྲུབ་ཏུ་མེད་པར་གནས་པ་དེ་ལ་རྒྱལ་བའི་ཕྲིན་ལས་ཐམས་ཅད་མ་བཙལ་ལྷུན་གྱིས་གྲུབ་པ་ཡིན་པས། མཛད་པ་ཕྲིན་ལས་ཐམས་ཅད་ཀྱིས་མཆོག་ཏུ་བསྟན་པའི་དོན་དེ་རྟོགས་པས་ཕྲིན་ལས་རྣམ་པ་བཞི་གང་ཡང་ཆེད་དུ་བསྒྲུབ་པར་མི་བྱེད་དེ་ལས་རྣམས་ཐམས་ཅད་ཡེ་ནས་གྲུབ་ཟིན་པ་ཡིན་ལ། དེ་ལྟར་ལས་གང་ཡང་བྱས་པ་མེད་པར་མ་བྱས་ཇི་བཞིན་པའི་ངང་ལ་བཞག་པས་ཀུན་བྱེད་ཆོས་སྐུའི་དགོངས་པ་མ་བཅོས་དེ་བཞིན་ཉིད་དུ་ངང་གིས་གནས་པ་ཡིན་ནོ། །གསུམ་པ་ནི། དེ་ལྟར་ཆོས་ཉིད་དེ་བཞིན་ཉིད་ཀུན་བྱེད་ཆོས་སྐུའི་དགོངས་པ་ཇི་བཞིན་པ་ལ་གང་ཟག་སུ་ཞིག་བཅོས་བསྒྱུར་སྤང་བླང་མི་བྱེད་པར་མ་བཅོས་རང་བབ་རང་གནས་སུ་གནས་པ་དེ་ཡིས། ཆོས་ཐམས་ཅད་ཀྱི་གནས་ལུགས་མ་ནོར་མ་བཅོས་པའི་རང་བཞིན་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་བཞིན་ཉིད་ཇིབཞིན་པ་དེ་འགྲུབ་པར་འགྱུར་རོ། །དེ་ལ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་དེ་བཞིན་ཉིད་དུ་ཅིས་ཕྱིར་བརྗོད་ཅེ་ན། འདི་ལྟར་དེ་ཞེས་པ་ནི་ཆོས་རྣམས་ཀྱིས་གནས་ལུགས་མ་ནོར་བ་དེ་ལ་བརྗོད་པ་ཡིན་ལ། བཞིན་ཞེས་པ་ནི་དེ་ལྟ་བུའི་གནས་ལུགས་དེ་རང་གི་རང་བཞིན་ཇི་བཞིན་དུ་གནས་པ་ལས་གཞན་དུ་མ་བཅོས་པར་ཇི་ལྟ་བ་བཞིན་དུ་གནས་པའི་དོན་ཡིན་ཞིང་། ཉིད་ཅེས་པ་ནི་དེ་ལྟ་བུའི་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་མ་ནོར་མ་བཅོས་པ་ཡི་ངོོ་བོ་དེ་གང་ཡིན་སྙམ་ན། དེ་ནི་རྒྱུ་རྐྱེན་རྩོལ་སྒྲུབ་གང་ལས་ཀྱང་མ་བྱུང་བའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ཉིད་ཡིན་ནོ་ཞེས། དེ་ལ་ངེས་བཟུང་གི་ཚིག་གིས་མཚོན་པར་བྱ་བའི་ཆེད་དུ་བརྡ་དེ་ལྟར་སྦྱར་བ་ཡིན་ཏེ། དེས་ན་དེ་ལྟ་བུའི་ཆོས་ཉིད་དེ་བཞིན་ཉིད་རིག་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་ཆོ་སྐུ་ཀུན་བྱེད་རྒྱལ་པོ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་ན་དེ་ལས་གཞན་དུ་སངས་རྒྱས་ཀྱི་ཆོས་ཞིག་བཙལ་དུ་མེད་དོ། །ཞེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཕྲིན་ལས་བཙལ་དུ་མེད་པའི་ལེའུ་སྟེ་ཞེ་བདུན་པའི་འགྲེལ་པའོ།། ༈ །།དོན་བརྒྱད་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་དབྱིངས་སམ་གཞི་ཡིན་པར་གཏན་ལ་འབེབ་པའི་ལེའུ་ཞེ་བརྒྱད་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་རྫོགས་པ་ཆེན་པོའི་ཕྲིན་ལས་བསྒྲུབ་ཏུ་མེད་པར་བསྟན་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས། འཁོར་འདས་ཀྱི་ཆོས་ཐམས་ཅད་གང་ལས་འཕྲོ་ཞིང་སྣང་བའི་གཞི་མ་སྟོན་པ་ཀུན་བྱེད་ཉིད་ཡིན་པར་ཞལ་གྱིས་བཞེས་པ་འདི་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ཀུན་བྱེད་ཆོས་ཐམས་ཅད་ཀྱི་གཞིར་བསྟན་པ། རྩོལ་སྒྲུབ་བཅོས་མའི་གཞི་དྲུག་གིས་དེ་ཉིད་མི་མཐོང་བར་བསྟན་པ། མ་བཅོས་རྣལ་མའི་གཞི་དྲུག་གིས་དེ་བཞིན་ཉིད་ལྷུན་གྲུབ་ཏུ་བསྟན་པའོ། །དང་པོ་ལ་གཉིས་ཏེ། རང་བཞིན་གསུམ་གྱི་ངོ་བོ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་སྟོན་པ་ཀུན་བྱེད་ཉིད་ཆོས་རྣམས་ཀུན་གྱི་གཞི་མ་ཡིན་པའི་ཚུལ་འདི་ཉོན་ཅིག །དེ་ལ་ཀུན་བྱེད་ང་ནི་ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་གྱི་གནས་ལུགས་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་ལ། སྙིང་པོ་བྱང་ཆུབ་ཀྱི་སེམས་ནི་ཆོས་རྣམས་མ་ལུས་པ་ཀུན་གྱི་གཞི་མ་སྟེ། དེ་ཡང་ཚུལ་ཇི་ལྟར་ན་ཀུན་བྱེད་ང་ཡི་རང་བཞིན་སྟོང་གསལ་ཐུགས་རྗེ་རྣམ་པ་གསུམ་ལས་རྒྱལ་བ་སྐུ་གསུམ་སྟོན་འཁོར་བསྟན་པ་ཕུན་སུམ་ཚོགས་པའི་ཆོས་ཐམས་ཅད་འབྱུང་བ་ཡིན་པས་ན། བྱང་ཆུབ་ཀྱི་སེམས་ལ་ཕུན་སུམ་ཚོགས་པའི་དགོས་པ་མ་ལུས་པ་ཀུན་ཀྱང་ཚད་ཞིང་ཚོགས་པ་ཡིན་ནོ། །ཞེས་པའོ། །གཉིས་པ་ནི། དེ་ལ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་རྣམ་པ་གསུམ་པོ་དེ་ནི་གང་ཞེ་ན། རང་བཞིན་རྣམ་པ་གསུམ་ནི་འདི་ལྟར་ཤེས་པར་བྱ་སྟེ། སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་གདོད་ནས་སྐྱེ་བ་མེད་ཅིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་དཔེར་ན་མེ་ལོང་གི་ངོས་ནག་ངམ་མེ་བ་ལྟ་བུ་དང་། དེའི་ངོ་བོ་རང་བྱུང་ཡེ་ཤེས་ཀྱི་གདངས་འགགས་པ་མེད་པ་ལས་རྩལ་སྣང་ཐམས་ཅད་འཆར་རུང་གི་ཆ་འོད་གསལ་བའི་ཡེ་ཤེས་མེ་ལོང་གི་གདངས་ལྟ་བུ་དང་། དེ་ལྟ་བུའི་འཆར་བའི་གདངས་མི་འགག་པའི་རྩལ་ལས་རོལ་པ་སྐྱེ་བའི་ཆོ་འཕྲུལ་དུ་ཚོགས་དྲུག་ཡུལ་གྱི་སྣང་ཆ་ངེས་མེད་སྣ་ཚོགས་སུ་འབྱུང་བ་གཟུགས་བརྙན་དངོས་སུ་ཤར་བ་ལྟ་བུ་དང་གསུམ་སྟེ། དེ་ལྟ་བུའི་རང་བཞིན་གསུམ་པོ་དེ་ནི་སྐུ་གསུམ་གྱིས་བསྟན་པ་དང་སྟོན་པ་དང་། འཁོར་ཕུན་སུམ་ཚོགས་པ་གསུམ་གྱི་གཞི་མ་ཡིན་པར་བསྟན་པ་ཡིན་ཏེ། དེ་ཇི་ལྟར་ཞེ་ན་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་རྒྱུ་རྐྱེན་གང་ལས་ཀྱང་མ་སྐྱེས་པས་གདོད་ནས་སྐྱེ་བ་མེད་པའི་གཤིས་ལུགས་སྟོང་ཆེན་དེ་བཞིན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་བཞིན་ལས་ནི། སྐུ་གསུམ་གྱི་སྟོན་པ་གསུམ་གྱིས་གདུལ་བྱའི་བློ་དང་འཚམས་པར་གསུངས་པའི་ཆོས་ཀྱི་གཞི་མ་བསྟན་པ་ཕུན་སུམ་ཚོགས་པ་བྱུང་བ་ཡིན་ཏེ། བསྟན་པ་དམ་པའི་ཆོས་ཐམས་ཅད་ཀྱི་བརྗོད་བྱའི་དམ་པ་ནི་ཆོས་རྣམས་ཀྱི་རང་བཞིན་གདོད་ནས་སྐྱེ་བ་མེད་པ་ཆོས་ཉིད་དེ་བཞིན་ཉིད་ཡིན་པའི་ཕྱིར་དང་། ངོ་བོ་རང་བྱུང་གི་ཡེ་ཤེས་གཟུང་འཛིན་རྣམ་རྟོག་གིས་མ་བསྒྲིབས་ཤིང་རྩལ་སྣང་ཐམས་ཅད་མ་འགགས་འཆར་རུང་གི་ཆ་གསལ་བའི་ཡེ་ཤེས་དེ་ཡི་རང་བཞིན་ལས་ནི་སྟོན་པ་གསུམ་གྱི་རང་བཞིན་ཕུན་སུམ་ཚོགས་པ་སྣང་བ་ཡིན་ཏེ། ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ནི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་སྣང་ཆ་མ་འགག་པར་གསལ་བའི་གདངས་ལས་འཆར་ཞིང་སྟོན་དགོས་པའི་ཕྱིར་དང་། སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་གདོད་ནས་མ་སྐྱེས་པའི་ངང་ལས་སྐྱེ་བའི་ཆོ་འཕྲུལ་དུ་ཤར་བའི་རྩལ་སྣང་སྣ་ཚོགས་སུ་སྣང་བའི་ངོ་བོ་ལས་ནི། སྐུ་གསུམ་གྱི་སྟོན་པ་གསུམ་གྱི་འཁོར་གྱི་རང་བཞིན་རྣམ་པ་གསུམ་པོ་ཕུན་སུམ་ཚོགས་པར་སྣང་བ་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་དང་ས་བཅུ་ཡི་སེམས་དཔའ་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་ཀྱི་རྩལ་སྣང་འགག་མེད་དེའི་རོལ་པར་ཤར་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་རྩོལ་སྒྲུབ་ཅན་གྱི་གཞི་དྲུག་ཇི་ལྟར་བསྟན་པའི་ཚུལ་འདི་བཤད་ཀྱིས་ཉོན་ཅིག །དེ་ཡང་སྟོན་པ་ཀུན་བྱེད་ང་ཡི་རང་བཞིན་ནི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་གཅིག་པུ་ཡི་རང་བཞིན་ཡིན་པ་ལ་སྙིང་པོ་བྱང་ཆུབ་ཀྱི་སེམས་ང་ཉིད་ཀྱི་རྩལ་སྣང་མ་འགགས་པའི་ཆ་ལས་སྣང་བའི་སྐུ་གསུམ་གྱི་སྟོན་པ་རྣམ་པ་གསུམ་གྱིས། ཆོས་ཉིད་སྐྱེ་བ་མེད་པའི་རྩལ་ལས་སྐྱེ་བའི་ཆོ་འཕྲུལ་དུ་འབྱུང་བའི་སྐུ་གསུམ་སོ་སོའི་འཁོར་གྱི་ཚོགས་རྣམ་པ་གསུམ་ལ། རང་རང་གི་ལས་དང་སྐལ་བ་སོགས་དང་མཐུན་པར་ཀུན་བྱེད་ང་ཡི་ཆོས་ཉིད་དེ་བཞིན་ཉིད་གཅིག་པུ་འདི་ལ། རྟོགས་པར་བྱ་བའི་ཐབས་ཀྱི་རིམ་པ་ལྟ་བ་དང་དམ་ཚིག་ལ་སོགས་པའི་གཞི་མ་དྲུག་པོ་ཐ་དད་རྩོལ་སྒྲུབ་ཅན་གྱི་རང་བཞིན་དུ་བསྟན་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་དྲུག་སྟེ། ལྟ་བ་ཡུལ་དུ་བལྟས་པས་དེ་བཞིན་ཉིད་མ་མཐོང་བ། དམ་ཚིག་རིས་ཅན་དུ་བསྲུང་བས་དེ་བཞིན་ཉིད་ལས་ཉམས་པ། ཕྲིན་ལས་གཟའ་གཏད་ཀྱིས་བཙལ་བས་དེ་བཞིན་ཉིད་མི་འགྲུབ་པ། ལམ་གོང་འོག་ཏུ་བགྲོད་པས་དེ་བཞིན་ཉིད་དུ་མི་ཕྱིན་པ། ས་གོང་འོག་ཏུ་སྦྱངས་བས་དེ་བཞིན་ཉིད་དུ་མི་འབྱོང་བ། ཡེ་ཤེས་ཡུལ་དུ་བལྟས་པས་དེ་བཞིན་ཉིད་དུ་མི་མཐོང་བའོ། །དང་པོ་ནི། དེ་ལ་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་བསྟན་པའི་རྩོལ་བཅས་ཀྱི་གཞི་མ་དྲུག་པོ་དེ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟར་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱི་བསྟན་པ་ནི་མདོར་བསྡུ་ན་ངེས་ཐོབ་ཀྱི་ཐེག་པ་དྲུག་པོ་ཡིན་ལ། དེ་ལྟ་བུའི་རྩོལ་བཅས་ཀྱི་ཐེག་པ་དྲུག་པོ་དེས་ཀུན་བྱེད་རྒྱལ་པོའི་རང་བཞིན་ཆོས་ཉིད་དེ་བཞིན་ཉིད་དེ་རང་རང་གིས་གཏན་ལ་ཕབ་པའི་ལྟ་བ་ཆོས་ཉིད་ཀྱི་དོན་མཐོང་བར་བྱ་བའི་གཞི་མ་བྱེད་པ་ཡིན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔས་བདག་མེད་གཉིས་སུ་གཏན་ལ་འབེབ་པ་ནས་ཨ་ནུ་ཡོ་ག་བས་དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་གཏན་ལ་འབེབ་པའི་བར་གྱི་ངེས་ཐོབ་ཀྱི་ཐེག་པ་དྲུག་པོས་གཏན་ལ་དབབ་བྱའི་གཞིའམ་དམིགས་ཡུལ་དེ་ཆོས་ཉིད་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། །འོན་ཀྱང་ཐེག་པ་འོག་མ་པ་དེ་དག་གིས་ཆོས་ཉིད་བལྟ་བྱ་ལྟ་བྱེད་གཉིས་སུ་མེད་པར་མ་རྟོགས་པར་དེ་བཞིན་ཉིད་གཏན་ལ་དབབ་བྱའི་ཡུལ་དུ་བལྟས་ནས། དེ་ལ་ཡུལ་ཅན་གྱི་བློས་སོ་སོར་རྟོག་ཅིང་དཔྱོད་པར་བྱེད་པ་དེས་ནི་གནས་སྐབས་རང་རང་གིས་ཇི་ལྟར་གཏན་ལ་ཕབ་པའི་དོན་དེ་མཐོང་བར་བྱ་བའི་ཐབས་ཙམ་ཁོ་ན་བྱེད་པ་ཡིན་ཏེ། དེ་ལས་གཞན་དུ་ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་ཇི་ལྟ་བ་ཉིད་རྟོགས་པར་མི་ནུས་ཏེ། ཅིའི་ཕྱིར་ན་དེ་བཞིན་ཉིད་ཀྱི་རང་བཞིན་ནི་གདོད་ནས་མ་སྐྱེས་ཤིང་ངོ་བོ་མཚན་མ་མེད་པའི་ཕྱིར་རྟོག་དཔྱོད་ཀྱི་བློས་དམིགས་པར་བྱ་བའི་ཡུལ་གང་ཡང་གྲུབ་པ་མེད་པས། འོག་མའི་ཐེག་པ་དེ་དག་གི་རྟོག་དཔྱོད་ཀྱི་ངོ་བོར་གྱུར་པའི་བློ་ཡིས་བལྟས་ཤིང་བརྟགས་པས་བློ་ལས་འདས་པའི་ཡེ་ཤེས་ཆོས་ཉིད་དེ་བཞིན་ཉིད་ལས་སེམས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་མཐོང་བར་བྱ་བ་རྡུལ་ཙམ་མེད་པས་མི་མཐོང་བར་གསུངས་སོ། །ཚུལ་དེ་ལྟར་ཀློང་ཆེན་ལས། ཡོད་མེད་མིང་དང་བྲལ་བས་ན། །མཚོན་དུ་མེད་པ་ཆོས་ཀྱི་སྐུ། །ཆེ་ཆུང་བོངས་ཚོད་བཟུང་མེད་པས། །དངོས་གཞི་མེད་པ་ཆོས་ཀྱི་སྐུ། །མཚན་མའི་ཡུལ་དང་བྲལ་བའི་ཕྱིར། །ཐ་སྙད་མེད་པ་ཆོས་ཀྱི་སྐུ། །ཡུལ་དང་ཡུལ་ཅན་མ་གྲུབ་པས། །བལྟ་རུ་མེད་པ་ཆོས་ཀྱི་སྐུ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དེ་བཞིན་དུ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཆོས་ཉིད་དེ་བཞིན་ཉིད་དེ། ངེས་ཐོབ་ཀྱི་ཐེག་པ་དྲུག་པོས་རང་རང་གི་གཞུང་ནས་བསྟན་པའི་དམ་ཚིག་རྣམས་མི་ཉམས་པར་བསྲུང་བས་རང་རྒྱུད་ལ་ལྟུང་བས་མི་གོས་པར་ཉེས་སྐྱོན་ཐམས་ཅད་སེལ་བར་བྱེད་པའི་གཞི་མ་བྱེད་པ་ཡིན་ཏེ། ཐེག་པ་སོ་སོས་དེ་བཞིན་ཉིད་ཀྱི་གནས་ལུགས་ཇི་ཙམ་རྟོགས་པའི་ལྟ་བ་དང་མཐུན་པར་སྤང་བླང་མ་འཆོལ་བར་བྱེད་དགོས་པའི་ཕྱིར་རོ། །དེ་ལྟ་ན་ཡང་དེ་ལྟར་སྤང་བླང་རྩོལ་བསྒྲུབ་དང་བཅས་པའི་དམ་ཚིག་དེས་ནི་ཐེག་པ་རང་རང་གི་ལམ་བསྒྲུབ་པ་ལ་སྒྲིབ་པའི་བར་ཆད་མེད་པའི་ཐབས་ཙམ་བྱེད་པ་ཡིན་ཏེ། འོན་ཀྱང་གནས་ལུགས་དེ་བཞིན་ཉིད་ལ་བསྲུང་བའི་ཡུལ་དུ་གྲུབ་པ་གང་ཡང་མེད་པས་ཐེག་པ་འོག་མ་པ་དེ་དག་གིས་རེ་དོགས་འབད་རྩོལ་གྱིས་བླང་དོར་ཅན་གྱི་དམ་ཚིག་དེ་བསྲུང་བས། དེ་བཞིན་ཉིད་ལ་དམ་ཚིག་མི་ཉམས་ཤིང་ཐུབ་པ་མེད་པར་མ་ཟད་ཡེ་བསྲུང་འདའ་བ་མེད་པའི་དོན་མ་རྟོགས་པས་དེ་ལས་ཉམས་པ་ཡིན་པར་གསུངས་སོ། །གསུམ་པ་ནི། ཆོས་ཉིད་དེ་བཞིན་ཉིད་དེ་ཐེག་པ་རང་རང་གིས་ཕྲིན་ལས་རྣམ་པ་བཞི་ནི་གང་བསྒྲུབ་པ་ཐམས་ཅད་གྲུབ་པར་བྱེད་པའི་གཞི་མ་བྱེད་པ་ཡིན་ཏེ་སོ་སོའི་ལྟ་དགོངས་དང་ལྡན་པའི་སྒོ་ནས་ལས་རྣམས་བསྒྲུབ་དགོས་པའི་ཕྱིར་རོ། །འོན་ཀྱང་ཐེག་པ་དེ་དག་གིས་ཕྲིན་ལས་བསྒྲུབ་པ་ཐམས་ཅད་རྩོལ་སྒྲུབ་ཀྱིས་བཙལ་བས་གྲུབ་པར་བྱེད་པའི་ཐབས་ཙམ་ཁོ་ན་བསྟན་པ་ཡིན་ཏེ་རྫོགས་པ་ཆེན་པོའི་རྩོལ་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དེ་དག་ལ་མེད་པའི་ཕྱིར་རོ། །དེས་ན་དེ་བཞིན་ཉིད་ལ་བཙལ་བའི་ཡུལ་དུ་གྲུབ་པ་མེད་པར་སྤྱོད་ཡུལ་ཐམས་ཅད་ལས་འདས་པ་ཡིན་པས་རྩོལ་སྒྲུབ་ཅན་གྱི་ཕྲིན་ལས་དེ་དག་གིས་དེ་བཞིན་ཉིད་དེ་ལ་ལས་ཀྱི་འབྲས་བུ་གང་ཡང་གྲུབ་པ་མེད་དོ་ཞེས་སོ། །བཞི་པ་ནི། ཐེག་པ་འོག་མ་པ་དེ་དག་གིས་ཆོས་ཉིད་དེ་བཞིན་ཉིད་དེ་ལམ་གྱིས་གོང་ནས་གོང་དུ་བགྲོད་པས་འབྲས་བུའི་སར་ཕྱིན་པར་བྱེད་པའི་གཞི་མ་བྱེད་པ་ཡིན་ཏེ། ཆོས་ཉིད་ཀྱི་ལྟ་བ་གོང་ནས་གོང་དུ་འཕེལ་བའི་སྒོ་ནས་ལམ་ལ་བགྲོད་དགོས་པའི་ཕྱིར་རོ། །དེ་ལྟར་ལམ་ལ་རིམ་བཞིན་རྩོལ་བའི་ཐབས་ཀྱིས་བགྲོད་པར་བྱེད་པ་དེས་ནི་རང་རང་གི་འབྲས་བུའི་གནས་སུ་ཕྱིན་པར་བྱེད་པའི་ཐབས་ཙམ་ཁོ་ན་བྱེད་པ་ཡིན་ཏེེ། དེ་ལས་གཞན་དུ་ཆོས་ཉིད་དེ་བཞིན་ཉིད་ལ་ལམ་གྱིས་གོང་ནས་གོང་དུ་བགྲོད་པ་མེད་པའི་ཕྱིར་ན། ཐེག་པ་འོག་མའི་འགྲོས་པས་ཕྱིན་པའི་རང་བཞིན་ཅན་དེས་ནི་དེ་བཞིན་ཉིད་ཀྱི་གནས་ལུགས་ཇི་བཞིན་པའི་ཐོག་ཏུ་ཕྱིན་པ་མ་ཡིན་ཏེ་ཅིས་ཕྱིར་ན་དེ་བཞིན་ཉིད་ནི་ཆོས་ཐམས་ཅད་ལ་ཆོས་ཉིད་སྙིང་པོའི་ཚུལ་དུ་ཡེ་ནས་ཁྱབ་ཅིང་གནས་པ་ཡིན་པས་དེ་ལས་གཞན་དུ་བགྲོད་པ་མེད་པའི་ཕྱིར་རོ། ལྔ་པ་ནི། གཞན་ཡང་དེ་བཞིན་ཉིད་ནི་ཐེག་པ་འོག་མ་དེ་དག་གིས་རང་རང་གི་གནས་སྐབས་དང་མཐར་ཐུག་གི་ས་ནི་སྦྱངས་པར་བྱེད་པའི་སྒོ་ནས་ས་དེ་དང་དེར་གནས་པར་བྱེད་པའི་གཞི་མ་བྱེད་པ་ཡིན་ཏེ། ཆོས་ཉིད་དེ་བཞིན་ཉིད་ཅི་ཙམ་རྟོགས་པའི་ལྟ་བའི་སྒོ་ནས་སའི་མཐོ་དམན་འབྱེད་དགོས་པའི་ཕྱིར་རོ། །འོན་ཀྱང་ཐེག་པ་དེ་དག་གིས་ས་ལ་སྦྱངས་བགྲོད་བྱེད་པ་དེས་ནི་རང་རང་གི་མཐར་ཐུག་གི་འབྲས་བུ་དེ་ལས་གོང་དུ་སྦྱང་བགྲོད་མི་དགོས་པའི་སར་ཕྱིན་པར་བྱེད་པའི་ཐབས་ཙམ་ཁོ་ན་བྱེད་པ་ལས་ཆོས་ཉིད་བགྲོད་དུ་མེད་པའི་ཇི་བཞིན་པ་ཐོབ་པ་མ་ཡིན་ཏེ། ཆོས་ཉིད་དེ་བཞིན་ཉིད་ཀྱི་ས་ལ་ཆོས་ཐམས་ཅད་ཀུན་མ་སྦྱང་མ་བགྲོད་བཞིན་དུ་ཡེ་ནས་དབྱེར་མེད་མཉམ་པ་ཉིད་དུ་གནས་པ་ཡིན་པས་དེ་ལས་གཞན་དུ་གནས་པར་བྱ་བའི་ས་ལ་གསར་དུ་སྒྲིབ་པ་སྦྱང་དུ་མེད་པས་སྦྱང་བགྲོད་ཀྱི་རྩོལ་བས་དེ་བཞིན་ཉིད་དེ་སླར་ཡང་སྒྲིབས་པའི་ཕྱིར་རོ། །དྲུག་པ་ནི། ཆོས་ཉིད་དེ་བཞིན་ཉིད་དེ་ཐེག་པ་སོ་སོའི་རྟོགས་བྱའི་ཡེ་ཤེས་དེ་དག་རྟོགས་པ་བྱེད་པའི་གཞི་མ་བྱེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ལམ་གྱི་བདག་མེད་གཉིས་རྟོགས་ཀྱི་ཡེ་ཤེས་ལ་སོགས་པ་ཐེག་པ་གང་ཡིན་ཀྱང་སོ་སོའི་རྟོགས་པའི་ཡེ་ཤེས་དེ་ཉིད་དེ་བཞིན་ཉིད་ལ་དམིགས་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་ཐེག་པ་འོག་མ་རྣམས་ཀྱིས་རྟོགས་པའི་ཡེ་ཤེས་དེས་ནི་རང་རང་གི་སྐབས་ནས་བསྟན་པའི་ཆོས་ཉིད་ཙམ་རིག་ཅིང་རྟོགས་པར་བྱེད་པའི་ཐབས་ཡིན་གྱི་བྱང་ཆུབ་སེམས་ཀྱི་གནས་ལུགས་ཇི་བཞིན་པ་ནི་རྟོགས་ནུས་པ་མ་ཡིན་ཏེ། འདི་ལྟར་གནས་ལུགས་མཐར་ཐུགས་པ་ཆོས་ཉིད་དེ་བཞིན་ཉིད་ལ་རྟོགས་པའིི་ཡུལ་དུ་གྲུབ་པ་མེད་པས་རྟོགས་བྱའི་ཡུལ་མེད་པ་དང་། སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་ཡུལ་ལ་དམིགས་པའི་རྟོགས་པ་མེད་པས་རྟོགས་བྱེད་ཀྱི་བློ་མ་གྲུབ་པས་ཡེ་ནས་རྟོགས་བྱ་རྟོགས་བྱེད་ཐམས་ཅད་ལས་འདས་པ་ཡིན་པའི་ཕྱིར་རོ། གསུམ་པ་དོན་བསྡུ་བ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འདི་ལྟར་བྱང་ཆུབ་ཀྱི་སེམས་ནིི་ཆོས་ཐམས་ཅད་ཀྱི་གཞི་མ་ཡིན་པས། སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་ངེས་ཐོབ་ཀྱི་ཐེག་པ་དྲུག་པོ་སོོ་སོ་ཡི་ལྟ་སྤྱོད་གཉིས་ལ་ནང་གསེས་སུ་གོང་དུ་བསྟན་པ་ལྟར་ལྟ་བ་དང་དམ་ཚིག་ལ་སོགས་པ་དྲུག་དྲུག་ཏུ་བསྟན་པ་དེ་དག་གིས་བཙལ་ཞིང་བསྒྲུབ་པར་བྱེད་པའི་ཐབས་རྒྱུ་འབྲས་རྩོལ་སྒྲུབ་ཅན་གྱི་ལམ་ལ་ལྟོས་དགོས་པའི་འཁོར་རྣམས་ལ་དེ་ལྟར་བསྟན་པས། དེ་དག་རེ་རེ་བཞིན་དུ་གདུལ་བྱ་རང་རང་གི་བློ་ལ་ཐེག་པ་གང་འཐད་པའམ་བློ་དང་འཚམས་པའི་དོན་ལ་རྟོགས་ཅིང་བསམ་པ་རེ་རེ་ཡིས་གོང་དུ་བསྟན་པའི་ལྟ་སྤྱོད་ཀྱི་གཞི་མ་དྲུག་ལ་འབད་རྩོལ་གྱིས་བཙལ་བར་བྱས་ཀྱང་། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆོས་ཉིད་དེ་བཞིན་ཉིད་ལ་བསྒྲུབ་ཅིང་བཙལ་བར་བྱ་བའི་ཡུལ་དུ་གྲུབ་པ་མེད་པས་ན། དེ་ལྟར་འབད་རྩོལ་གྱིས་བཙལ་བས་མ་བཅོས་དེ་བཞིན་ཉིད་ཀྱི་རང་བཞིན་ལ་བཅོས་ཤིང་བསྒྱུར་བར་བྱས་པའི་ཕྱིར་ན། རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་གཞི་མ་འགྱུར་མེད་བདེ་བ་ཆེན་པོའི་རང་བཞིན་ནམ་མཁའ་ལྟར་བཅོས་སུ་མེད་པ་དེ་དང་མི་འཕྲད་པར་དེ་ལ་སྒྲིབ་ཅིང་གོལ་བ་ཡིན་ཏེ། ཡེ་ཤེས་བདུན་འབྱུང་གི་རྒྱུད་ལས། ཞེན་དྲུག་ལོག་པའི་རྩོལ་བརྒྱད་ཀྱིས། །མ་བཅོས་གསང་བའི་དགོངས་པ་བསླད། །འཛིན་སེམས་ལོག་པའི་ལྕགས་ཀྱིས་བཅིངས། །མཚན་མ་འཁོར་བའི་འདམ་དུ་བཟུང་། །ཞེན་ཆགས་ལོགས་པའི་མདུད་པས་བཅིངས། །ཕྱོགས་བྲལ་ཕྱོགས་སུ་བསླབ་པས་འཁོར། །ལོག་པའི་རི་བོས་མངོན་དུ་བཀག །ཞེས་གསུངས་པ་ལྟར་རོ། །གསུམ་པ་མ་བཅོས་རྣལ་མའི་གཞི་དྲུག་གིས་དེ་བཞིན་ཉིད་ལྷུན་གྲུབ་ཏུ་བསྟན་པ་དྲུག་སྟེ། ཆོས་ཉིད་རང་ལས་མེད་པས་ལྟ་བ་ལ་བསྒོམ་དུ་མེད་པ། སེམས་ཉིད་བསྲུང་མཚམས་ལས་འདས་པས་དམ་ཚིག་བསྲུང་དུ་མེད་པ། ཡོན་ཏན་ལྷུན་གྱིས་གྲུབ་པས་ཕྲིན་ལས་བཙལ་དུ་མེད་པ། རང་བཞིན་གདོད་ནས་དག་པས་ལམ་ལ་བགྲོད་དུ་མེད་པ། དྲི་མ་ཡེ་ནས་མེད་པས་ས་ལ་སྦྱང་དུ་མེད་པ། སེམས་ལས་གཞན་དུ་མེད་པས་ཡེ་ཤེས་ཡུལ་ལས་འདས་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་རྫོགས་པ་ཆེན་པོའི་མ་བཅོས་རྣལ་མའི་གཞི་དྲུག་ཡེ་ནས་ལྷུན་གྱིས་གྲུབ་པས་བྱ་རྩོལ་ཐམས་ཅད་དང་བྲལ་བའི་ཚུལ་འདི་ཉོན་ཅིག །དེ་ལ་ཀུན་བྱེད་རྒྱལ་པོའི་ལྟ་བས་བསྒོམ་དུ་མེད་དོ་ཅེས་བསྟན་པ་ནི། ཇི་ལྟར་ཡིན་ཞེ་ན་ཆོས་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་ཉིད་ལས་གཞན་དུ་མེད་པའི་ཕྱིར་ན་བལྟ་ཞིང་བསྒོམ་པར་བྱ་བའི་ཆོས་གང་ཡང་མེད་ལ། འོ་ན་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ཉིད་བསྒོམ་པར་བྱའོ་སྙམ་ན། རང་གིས་རང་ཉིད་ཡུལ་དུ་བྱས་ཏེ་དེ་ལ་བརྟགས་ཤིང་བལྟ་བར་བྱ་བ་དང་དམིགས་ཤིང་བསྒོམ་བྱ་རུ་གྲུབ་པ་གང་ཡང་མེད་དེ་བལྟ་བྱ་ལྟ་བྱེད་ཐ་དད་དུ་མེད་པ་དང་རང་གིས་རང་ལ་བྱེད་པ་འགལ་བ་ཡིན་པའི་ཕྱིར་ན་རང་གི་སེམས་ཉིད་ཀྱང་བསྒོམ་དུ་མེད་ལ། དེས་ན་བསྒོམ་པར་བྱ་བའི་ཡུལ་ནིི་སེམས་ལས་གཞན་པའི་ཆོས་གང་ཡང་སྟོན་པ་ཀུན་བྱེད་ང་ཡིས་བསྟན་པར་བྱས་པ་རྡུལ་ཙམ་མེད་པ་ངེས་ན་རྫོགས་པ་ཆེན་པོའི་ལྟ་བ་ལ་དཔེ་དོན་རྟགས་གསུམ་གྱི་སྒོ་ནས་སྒོམ་དུ་མེད་པར་ཅེས་བསྟན་པ་ཡིན་ཏེ། དེ་ཡང་རིག་པ་བྱང་ཆུབ་སེམས་ཀྱི་དཔེ་ནམ་མཁའ་ལ་བསམ་ཀྱང་བསྒོམ་དུ་མེད་པ་དང་། དོན་ཆོས་ཉིད་སྐྱེ་བ་མེད་པ་ལ་བསྒོམ་དུ་མེད་པ་དང་། རྟགས་ཡེ་ཤེས་རང་གསལ་གྱི་ངོ་བོ་ཡང་མཚན་འཛིན་བློ་ཡི་སྤྱོད་ཡུལ་ལས་འདས་པས་བསྒོམ་དུ་མེད་པར་གསུངས་ཏེ། མདོ་བཅུ་ལས། དཔེ་ཡིས་བསྒོམ་དུ་མེད་པ་ནི། ཆོས་ཀུན་དཔེ་ནི་ནམ་མཁའ་སྟེ། །ནམ་མཁའ་སྟོང་ཞིང་བདག་མེད་པས། །དེ་བཞིན་དཔེ་ལ་བསྒོམ་དུ་མེད། །དོན་གྱིས་བསྒོམ་དུ་མེད་པ་ནི། །ཆོས་ཀུན་དོན་ནི་སྐྱེ་བ་མེད། །སྐྱེ་བ་མེད་པའི་ཆོས་ཉིད་ནི། །བསྒོམ་དུ་ཡོད་པར་མ་གསུངས་སོ། །རྟགས་ཀྱིས་བསྒོམ་དུ་མེད་པ་ནི། །རང་བྱུང་ཡེ་ཤེས་འགག་མེད་དེ། །ཡེ་ནས་ཡེ་ཤེས་རང་གསལ་བས། །མཚན་མའི་ཡུལ་ལ་མི་གནས་པས། །བསྒོམ་དུ་ཡོད་པར་མ་གསུངས་སོ། །ཞེས་གསུངས་སོ། །གཉིས་པ་ནི། དེ་བཞིན་དུ་རྫོགས་པ་ཆེན་པོའི་དམ་ཚིག་བསྲུང་དུ་མེད་དོ་ཞེས་བསྟན་པ་ནི། འདི་ལྟར་རྟོག་ཚོགས་གང་ཤར་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་གཅིག་གི་རྩལ་ལས་ཤར་བ་ཡིན་པར་འདྲ་བ་ལ། ལ་ལ་བཟང་པོར་བལྟས་ནས་དང་དུ་ལེན་པ་དང་། ལ་ལ་ངན་པར་བལྟས་ནས་སྤང་བར་བྱེད་པའི་སྒོ་ནས་དམ་ཚིག་མི་ཉམས་པར་བསྲུང་བར་བྱེད་པའི་རྩོལ་བས་ཅི་ཙམ་འབད་པར་བྱས་ཀྱང་བསྲུང་མི་ཐུབ་སྟེ། ཅིས་ཕྱིར་ན་སེམས་ཉིད་རང་གི་རྩལ་སྣང་འགག་མེད་དུ་འཆར་བ་རང་གི་སེམས་ཀྱི་ཆོས་ཉིད་ཡིན་པས་བཀག་ཀྱང་མི་ཁེགས་ཤིང་། དོན་ལ་རང་བྱུང་ཡེ་ཤེས་ཀྱི་རང་རྩལ་འགག་མེད་དུ་ཤར་བ་ཡིན་ཕྱིར་རྣམ་རྟོག་དང་ཉོན་མོངས་རང་མཚན་པའི་ཆོས་སུ་གྲུབ་པའི་ཆོས་སུ་གྲུབ་པ་མེད་པས་བཟང་ངན་བླང་དོར་བྱེད་པའི་སྒོ་ནས་བསྲུང་དུ་མེད་པའི་ཕྱིར་ཏེ། མདོ་བཅུ་ལས། སྤྱོད་པ་བླང་དོར་མེད་པ་ནི། །སེམས་ཉིད་རྫོགས་པ་ཆེན་པོ་ལ། །སྣང་བ་ཆོས་དང་སྲིད་པའི་ཆོས། །ཐམས་ཅད་བྱང་ཆུབ་སེམས་ཡིན་པས། །སེམས་ཉིད་ཡེ་ཤེས་སྤྱོད་པ་ལ། །འདི་བླང་འདི་དོར་ཡོངས་མ་མཆིས། །ཞེས་སོ། །གསུམ་པ་ནི། ཀྱེ་རྫོགས་པ་ཆེན་པོའི་ཕྲིན་ལས་བཙལ་དུ་མེད་ཅེས་བསྟན་པ་ནི་ཇི་ལྟར་ཞེ་ན། རྫོགས་པ་ཆེན་པོའི་ལམ་དུ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་སྟོང་འདུས་མ་བྱས་པའི་རང་བཞིན་ཅན་ཏེ་རྒྱུ་འབྲས་རྩོལ་སྒྲུབ་ཀྱི་ཡུལ་ལས་ཡེ་ནས་འདས་པའི་ཕྱིར་ན་ཕྲིན་ལས་གང་ཞིག །རྒྱུ་མེ་དང་མཆོད་རྟེན་སྔགས་དང་ཏིང་འཛིན་ལ་སོགས་པའི་ལས་བསྒྲུབ་པ་ལ་བརྟེན་ནས་གནས་སྐབས་དང་མཐར་ཐུག་གི་འབྲས་བུར་གྱུར་པའི་འདོད་པའི་དངོས་གྲུབ་ཐམས་ཅད་ཐོབ་པར་འདོད་པ་འོག་མའི་ཐེག་པ་ལྟ་བུ་མ་ཡིན་པར། རྫོགས་པ་ཆེན་པོས་རྒྱུའི་རྩོལ་བ་ལ་བརྟེན་ནས་འབྲས་བུ་ལ་ཐོབ་ཏུ་རེ་བའི་འདོད་པ་མེད་པ་ནི། སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་ཕྲིན་ལས་ཐམས་ཅད་བཙལ་བ་མེད་པར་ཡེ་ནས་ལྷུན་གྱི་གྲུབ་པའི་ཕྱིར་ན་ཀུན་བྱེད་རྒྱལ་པོའི་ཕྲིན་ལས་ལ་བཙལ་དུ་མེད་ཅེས་བསྟན་པ་ཡིན་ཏེ། ནམ་མཁའ་ཆེ་ལས། ཆོས་རྣམས་ཐམས་ཅད་གྲུབ་འདོད་ན། །འདོད་པའི་སེམས་ནི་མ་བསྒྲུབ་ཤིག །འདོད་པར་བྱེད་པའི་སེམས་དེ་ནི། །མི་ལེན་ཐམས་ཅད་སྤོང་བ་ཡིན། །འདི་ནི་རྒྱུ་འབྲས་འདས་པའི་ཕྱིར། །འབྲས་བུ་འདོད་པ་རྒྱུ་མི་བསྒྲུབ། །མི་རྟོག་རང་བཞིན་གནས་པས་འགྲུབ། །འདོད་པའི་ཏིང་འཛིན་ཐམས་ཅད་སྤོངས། །ཏིང་ངེ་འཛིན་ལས་འདོད་པ་འཛིན། །འདོད་པ་དེ་ནི་ཡང་དག་མིན། །ཡང་དག་བཟུང་དུ་ཡོད་མ་ཡིན། །བྱས་པའི་ལས་ནི་ཐམས་ཅད་ཀུན། །མ་བཙལ་ལྷུན་གྱིས་གྲུབ་པས་བསྒྲུབ། །མ་བཙལ་ལྷུན་གྱིས་གྲུབ་པ་དེ། །བྱས་པས་གྲུབ་པ་མ་ཡིན་ཏེ། །མ་བྱས་ཡེ་ནས་ལྷུན་གྱིས་གྲུབ། །ཅེས་གསུངས་པ་ལྟར་རོ། །བཞི་པ་ནི། རྫོགས་པ་ཆེན་པོས་བྱང་ཆུབ་སེམས་ཀྱི་ལམ་ལ་བགྲོད་དུ་མེད་ཅེས་བསྟན་པ་ནི་ཇི་ལྟར་ཡིན་ཞེ་ན། ཀྱེ་དུས་གསུམ་གྱི་སངས་རྒྱས་རྣམས་དང་ཁམས་གསུམ་གྱི་སེམས་ཅན་ཀུན་ལ་གང་དུ་བགྲོད་ཅིང་ཕྱིན་པ་ཡི་གནས་སུ་གྱུར་པ་ནི་སྙིང་པོ་བྱང་ཆུབ་སེམས་ཀྱི་ལམ་ལ་བགྲོད་པ་ལས་གཞན་དུ་བགྲོད་པར་བྱ་བའི་གནས་གང་ཡང་མེད་པ་དེས་ན། བྱང་ཆུབ་ཀྱི་སེམས་སུ་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཡེ་ནས་གཉིས་སུ་མེད་པར་གནས་ཟིན་པ་ཡིན་པའི་རྒྱུ་མཚན་དེས་ན། རང་གི་རིག་པ་བྱང་ཆུབ་སེམས་ཀྱིས་རང་གི་སེམས་ཉིད་ལ་ལམ་བགྲོད་པས་ཕྱིན་པ་མེད་པར་གསུངས་དེ་བགྲོད་བྱ་དང་བགྲོད་བྱེད་གཉིས་སུ་མ་གྲུབ་པ་དང་རིག་པ་བྱང་ཆུབ་སེམས་ཀྱི་ས་ལ་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཡེ་ནས་གནས་པའི་ཕྱིར་ཏེ། དེ་ཉིད་ལས། བྱང་ཆུབ་སེམས་ནི་ཀུན་གྱི་ལམ་ཆེན་ཏེ། །གཞན་ན་མེད་དེ་འདི་ནི་རང་བཞིན་གནས། །ཞེས་དང་། སངས་རྒྱས་དངོས་དང་ཡུལ་ནི་བྱང་ཆུབ་སེམས། །གཞན་དུ་བགྲོད་པའི་ལམ་དང་གནས་མེད་དེ། །བགྲོད་པས་ནམ་མཁའི་ལམ་ལ་ཕྱིན་པ་མེད། །རང་སེམས་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཡིན་པས། །སྤྲོས་བྲལ་དེ་ན་སངས་རྒྱས་ཐམས་ཅད་བཞུགས། །དེ་བས་ལམ་ལ་བགྲོད་པར་མི་བྱེད་ཅིག །རང་སེམས་མ་བསྒྲིབས་ནམ་མཁའི་རང་བཞིན་གསལ། །དེ་ན་དུས་གསུམ་སངས་རྒྱས་ཐམས་ཅད་བཞུགས། །དེ་བས་ལམ་ལ་བགྲོད་པར་མ་བྱེད་ཅིག །ཅེས་པ་ལ་སོགས་པས་བསྟན་པ་བཞིན་ནོ། །ལྔ་པ་ནི། ཀུན་བྱེད་བྱང་ཆུབ་སེམས་ཀྱི་ས་ལ་སྦྱང་དུ་མེད་དོ་ཅེས་སྟོན་པ་ཀུན་ཏུ་བཟང་པོས་ཨ་ཏི་རྫོགས་པ་ཆེན་པོའི་གདུལ་བྱར་གྱུར་པ་རྣམས་ལ་བསྟན་པ་ནི་ཇི་ལྟར་ཡིན་ན། འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གང་ལས་འབྱུང་བའི་དབྱིངས་སུ་གྱུར་པའི་སྙིང་པོ་བྱང་ཆུབ་སེམས་ཀྱི་ས་འདི་ལ། དུས་གསུམ་གྱི་སངས་རྒྱས་རྣམས་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཡེ་ནས་གནས་ཤིང་དེ་ལས་གཡོ་བ་མེད་པས། ད་གསར་དུ་ས་ལ་སྦྱངས་པས་ཐོབ་པར་འདོད་པ་རྒྱུ་འབྲས་རྩོལ་སྒྲུབ་ཅན་གྱི་ཐེག་པ་བ་རྣམས་ཀྱི་ས་རང་གི་སེམས་ལ་སྦྱངས་ཤིང་བགྲོད་པས་འཆོས་པར་བྱས་པས་འབྱོང་བར་མི་འགྱུར་ཏེ། དེ་ཉིད་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །ཀློང་ཆེན་སེམས་ཀྱི་གནས་དེ་ན། །མི་གནས་བ་ནི་གང་ཡང་མེད། །ཀུན་གྱི་ས་དང་གནས་ཡིན་ཏེ། །འདུ་འབྲལ་མེད་པར་དེ་ན་བཞུགས། །དེ་ལ་སྦྱངས་ཤིང་བགྲོད་མི་དགོས། །དེ་ལ་སྦྱངས་ཞིང་བགྲོད་གྱུར་ན། །རང་སེམས་དེ་ལ་འཆོས་པ་སྟེ། །བཅོས་པས་རང་སེམས་འབྱོང་མི་འགྱུར། །ཞེས་གསུངས་པ་ལྟར་ཡིན་པ་དེས་ན། མ་བགྲོད་ཡེ་ནས་ནོན་པའི་ཆོས་ཉིད་བྱང་ཆུབ་སེམས་ཀྱིས་འདི་ལ་སྒྲིབ་པ་སྦྱངས་བ་ལ་སོགས་པའི་བཅོས་བསྒྱུར་བྱས་པས་གྲུབ་པའི་ལུང་ནི་ཀུན་བྱེད་རྒྱལ་པོ་ངས་མ་བསྟན་ཏོ། །ཞེས་སོ། །དྲུག་པ་ནི། གཞན་ཡང་རྫོགས་པ་ཆེན་པོའི་ལམ་དུ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡུལ་གང་ལ་ཡང་མི་རྟོག་པར་རྟོག་དཔྱོད་ཐམས་ཅད་དང་བྲལ་བས་རྟོག་མེད་མཉམ་པ་ཉིད་དུ་གནས་སོ་ཞེས་སུ་བསྟན་པ་ནི་ཇི་ལྟར་ཡིན་སྙམ་ན། འདི་ལྟར་ཚོགས་དྲུག་ཡུལ་གྱི་རྣམ་པ་གང་དང་ཅི་ཤར་བ་དེ་ཡང་གཞན་དུ་གྲུབ་པ་ཅི་ཡང་མེད་པར་ཡེ་ནས་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་ལས་རང་ཤར་བ་ཉིད་ཡིན་ཏེ། རྗེ་བཙུན་དམ་པ་རྡོ་རྗེ་འོད་འཕྲོ་བའི་རྒྱུད་ལས། འབྱུང་ཆེན་བཞི་དང་ལྔ་པོ་ཡང་། །བྱང་ཆུབ་སེམས་ཉིད་ཡིན་པར་བཤད། །ཕྱི་དང་ནང་དང་ཕྱོགས་དང་རིས། །འཁོར་བ་མྱ་ངན་འདས་པ་དང་། །རྒྱུ་དང་འབྲས་བུར་སྣང་བ་དང་། །སངས་རྒྱས་སེམས་ཅན་ཕོ་མོ་དང་། །ཁ་དོག་དབྱིབས་དང་གནས་དང་རིགས། །རྒྱུ་དང་མ་ནིང་མཚན་ཉིད་དང་། །མཚན་མར་ཅིར་སྣང་ཅི་འདུག་པ། །དེ་ཉིད་བྱང་ཆུབ་སེམས་ཉིད་དེ། །གཞན་ནས་འོང་དང་བཙལ་བ་མེད། །ཅེས་གསུངས་པ་ལྟར་ཡིན་ལ། དེས་ན་རང་བྱུང་གི་ཡེ་ཤེས་དེ་ཉིད་ལ་ནི་ཡེེ་ཤེས་དེ་ལས་གཞན་པ་ཤེས་ཤིང་རྟོག་པར་བྱ་བའི་ཡུལ་ཞིག་མ་མཆིས་ཤིང་རང་བྱུང་གི་ཡེ་ཤེས་དེ་ཡིས་རང་གིས་རང་ལ་ཡང་རྟོག་པར་བྱར་མེད་དེ་རྟོག་བྱ་རྟོག་བྱེད་ཐ་དད་དུ་མ་གྲུབ་པ་དེས་ན་ཡེ་ཤེས་ཡུལ་ལ་མི་རྟོག་པར་བཤད་པ་ཡིན་ནོ། །ཞེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཐམས་ཅད་ཀྱི་གཞི་མ་ཀུན་བྱེད་ཉིད་ཡིན་པར་བསྟན་པའི་ལེའུ་སྟེ་ཞེ་བརྒྱད་པའི་འགྲེལ་བའོ།། ༈ །།དོན་དགུ་པ་སེམས་ཉིད་ཀུན་གྱི་ཆོས་དབྱིངས་ལྷུན་གྲུབ་རིན་པོ་ཆེའི་སར་གཏན་ལ་འབེབ་པའི་ལེའུ་ཞེ་དགུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཆོས་ཐམས་ཅད་ཀྱི་གཞི་མ་ཡིན་པའི་ཕྱིར་ན། ལྟ་སྒོམ་ཕྲིན་ལས་ལ་སོགས་པ་འབད་རྩོལ་གྱིས་བསྒྲུབ་མི་དགོས་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས། འཁོར་འདས་ཐམས་ཅད་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ལ་གནས་པ་ཡིན་པའི་ཕྱིར་ན་ཀུན་བྱེད་ཉིད་འཁོར་འདས་ཀུན་གྱི་སྦྱངས་བགྲོད་མེད་པའི་སྤྱི་ས་གཅིག་པུ་བ་ཡིན་པའི་ཚུལ་འདི་བསྟན་ཏོ། །གཉིས་པ་རྒྱས་བཤད་ལ་བཞི་སྟེ། སེམས་ཉིད་དབྱིངས་ཀྱི་ས་ལ་ཐམས་ཅད་གནས་ཚུལ་དང་། དེ་ལ་བཅོས་པས་མི་འབྱོང་བའི་ཚུལ་གཉིས་ཀྱིས་ཀློང་ཆེན་སེམས་ཀྱི་སྤྱིས་བསྟན་པ། ས་མདོ་སྤྱིར་བསྟན་པ་དང་། སྐྱེད་པ་སྤྱོད་པ་སྒྲུབ་པའི་ས་མདོ་བྱེ་བྲག་ཏུ་བཤད་པས་ས་ལ་སྦྱངས་བགྲོད་བྱས་པའི་སྐྱོན་བསྟན་པ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པས་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་ས་རྣམས་ཀྱི་དགོངས་པ་ལྷུན་གྱིས་གྲུབ་ཚུལ་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ། སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཉིད་ནི་འཁོར་འདས་ཀྱི་ཆོས་མ་ལུས་པ་ཀུན་གྱི་དང་པོ་གང་ལས་འབྱུང་བའི་གནས་སུ་གྱུར་པ་དང་ད་ལྟ་སྣང་བའི་ངོ་བོར་གྱུར་པ་ཡིན་པས་ན་བྱང་ཆུབ་སེམས་ཀྱི་རང་བཞིན་ཆོས་རྣམས་ཀུན་གྱི་སྙིང་པོར་གནས་པ་ཡིན་ནོ་ཞེས་པ་སྟེ། མདོ་བཅུ་ལས། སྣང་དང་སྲིད་པར་སྨོས་པའི་ཆོས། །ཐམས་ཅད་མངོན་དུ་སྣང་བ་ཡང་། །ཐམས་ཅད་འབྱུང་བ་འདི་ལ་འདུས། །འདི་ནི་སྣང་སྲིད་སྙིང་པོ་ཡིན། །སྙིང་པོ་བྱང་ཆུབ་སེམས་འདི་ལ། །ཐམས་ཅད་འདུས་ཤིང་འབྱུང་བས་ན། །དེ་ཕྱིར་སྙིང་པོ་བྱང་ཆུབ་སེམས། །ཞེས་གསུངས་པ་ལྟར་ལ། བྱང་ཆུབ་སེམས་ཀྱི་རང་བཞིན་ནི་རྒྱ་ཡན་ཕྱོགས་བྲལ་ཆེན་པོའི་ཡེ་ཤེས་སམ་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། དེས་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀུན་གཞི་དབྱིངས་འདུས་མ་བྱས་པ་ཁྱབ་གདལ་ནམ་མཁའ་ལྟ་བུའི་ཀློང་ཆེན་པོ་སྙིང་པོ་བྱང་ཆུབ་སེམས་ཀྱི་གནས་དེ་ན་མི་གནས་པ་ནི་གཅིག་ཀྱང་མེད་པས། འཁོར་འདས་ཀུན་གྱི་གནས་པའི་ཡུལ་དང་བརྟེན་པའི་ས་ནི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་ཏེ། འཁོར་འདས་ཐམས་ཅད་ཡེ་ནས་འདུ་འབྲལ་མེད་པར་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཀློང་ཀུན་གཞི་ཡངས་པ་ཆེན་པོ་དེ་ནི་དུས་གསུམ་འཕོ་འགྱུར་མེད་པར་བཞུགས་པ་ཡིན་པའི་ཕྱིར་རོ། །དེས་ན་སྙིང་པོ་བྱང་ཆུབ་སེམས་ཀྱི་ས་དེ་ལ་འཁོར་འདས་ཐམས་ཅད་ཡེ་ནས་གནས་ཟིན་པའི་ཕྱིར་ན་ད་གདོད་སྤྱངས་ཞིང་བགྲོད་པའི་རྩོལ་བ་མི་དགོས་ལ། གལ་ཏེ་སྙིང་པོ་བྱང་ཆུབ་སེམས་ཀྱི་ས་དེ་ལ་སྒྲིབས་པ་རིམ་གྱི་ས་སྦྱངས་ཏེ་གོང་ནས་གོང་དུ་བགྲོད་པའི་རྩོལ་སྒྲུབ་བྱས་པར་གྱུར་ན། རང་གི་སེམས་ཉིད་ཡེ་ནས་བཅོས་བསྒྱུར་ལས་འདས་པའི་དོན་དེ་མ་རྟོགས་པར་བླང་དོར་གྱི་ས་འཆོས་པར་བྱས་པ་སྟེ། དེ་ལྟར་བླང་དོར་འབད་རྩོལ་གྱིས་བཅོས་བསྒྱུར་བྱས་པས་ཡེ་ནས་བཅོས་སུ་མེད་པའི་རང་བཞིན་ཡིན་པའི་ཕྱིར་ན་རང་གི་སེམས་ཉིད་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་དེ་ཅི་ཙམ་སྦྱངས་ཤིང་བཅོས་པར་བྱས་ཀྱང་འབྱོང་བར་མི་འགྱུར་ཏེ་ནམ་མཁའ་སྦྱངས་ཤིང་བསྒྱུར་དུ་མེད་པ་བཞིན་ནོ། །དེས་ན་དེ་ལྟ་བུའི་སྦྱང་ཞིང་བགྲོད་དུ་མེད་པའི་སེམས་དེ་ནི་འཁོར་འདས་ཐམས་ཅད་ཀྱི་སྤྱི་ས་དང་། ཀུན་གྱི་གནས་སུ་གྱུར་པ་ཡིན་ཏེ། དེ་ཡང་བྱང་ཆུབ་ཀྱི་སེམས་དེ་ཉིད་གཞི་གནས་ཀྱི་ཡོན་ཏན་ཀུན་གྱི་རྟེན་དུ་གྱུར་པས་ས་དང་། དེ་ལ་གནས་པས་འབྲས་བུ་མཐར་ཕྱིན་པའི་ས་ལ་འཇུག་ཅིང་སྙིང་པོ་བྱང་ཆུབ་ཉིད་རྩོལ་མེད་དུ་ཐོབ་པར་བྱེད་པའི་དོན་དང་ལྡན་པ་ཡིན་པས་ལམ་ཞེས་གསུངས་ཏེ། །དགའ་རབ་རྡོ་རྗེས། བྱང་ཆུབ་སེམས་ཉིད་གནས་རྟེན་དེ། །ཕྱིན་པར་འཇུག་ཅིང་དོན་ལྡན་པས། །ས་ལམ་ངོ་བོ་སེམས་ཉིད་དུ། །ཕྱིན་པས་ཡོན་ཏན་གཞི་རྟེན་རྫོགས། །ཞེས་གསུངས་སོ། །གཉིས་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ས་ལ་སྦྱངས་བགྲོད་བྱས་པས་ཡང་དག་ངེས་པའི་ལུང་ལས་ཉམས་པ་ཡིན་པའི་ཚུལ་འདི་ཉོན་ཅིག །དེ་ཡང་ཇི་ལྟར་ཞེ་ན་ཀུན་བྱེད་རྒྱལ་པོ་ང་ལས་འཁོར་གྱི་ཚུལ་དུ་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །རྒྱུ་འབྲས་རྩོལ་སྒྲུབ་ལ་དགའ་བའི་འཁོར་རྣམས་ལ་ས་ཡི་དབྱེ་བ་ཐམས་ཅད་མདོ་རྣམ་པ་གསུམ་དུ་བསྡུས་ནས་བསྟན་པ་ཡིན་ཏེ། དེ་ཡང་གང་ཞེ་ན་དང་པོར་ལམ་ལ་འཇུག་པའི་ཐོག་མར་བྱང་ཆུབ་ཀྱི་གོ་འཕང་བསྒྲུབ་པར་སེམས་བསྐྱེད་པའི་ས་དང་། དེ་ནས་བྱང་ཆུབ་ཀྱི་སྤྱོད་པ་རྣམས་ལ་ཚུལ་བཞིན་དུ་འཇུག་ཅིང་སྤྱོད་པའི་ས་དང་མཐར་ཐུག་བསྒྲུབ་པའི་འབྲས་བུ་དོན་གཉིས་ལྷུན་གྱིས་གྲུབ་པའི་གོ་འཕང་མངོན་དུ་གྲུབ་པའི་ས་དང་དབྱེ་བ་རྣམ་པ་གསུམ་དུ་བསྟན་ཏེ། དེ་ཡང་བསྐྱེད་པའི་ས་རུ་མཚན་ཉིད་ཐེག་པར་གཙོ་བོར་སྨོན་པ་དང་འཇུག་པའི་སེམས་རྣམ་པ་གཉིས་དང་སྔགས་ཀྱི་ཐེག་པ་གཙོ་བོར་ཀུན་རྫོབ་དང་དོན་དམ་གྱི་སེམས་རྣམ་པ་གཉིས་བསྐྱེད་པར་གསུངས་པ་ལྟ་བུའི་སེམས་རྣམ་པ་བཞི་བསྐྱེད་པའམ། ཡང་ན་འདིར་སེམས་བཞི་ཞེས་པ་དང་པོ་མོས་སྤྱོད་ཀྱི་ལམ་དུ་འདུན་པ་ས་ལྟ་བུ་ལ་སོགས་པའི་སེམས་རྣམས་བཞི་བསྐྱེད་པ་ལ་བཤད་ཀྱང་འདྲ་སྟེ། དོན་དུ་བསྐྱེད་པའི་ས་མོས་སྤྱོད་ཀྱི་ས་དང་། སྤྱོད་པའི་ས་འཕགས་ལམ་གྱི་ས་བཅུ་དང་། གྲུབ་པའི་ས་བཅུ་གཅིག་ཀུན་ཏུ་འོད་སོགས་ཐེག་པ་སོ་སོའི་འབྲས་བུའི་སྐབས་ལ་བཞག་པའི་ཕྱིར་རོ། །དེ་བཞིན་དུ་སྤྱོད་པའི་ས་རྣམ་པ་བཅུ་རུ་བྱང་ཆུབ་སེམས་ཀྱི་སྤྱོད་པ་ཕ་རོལ་དུ་ཕྱིན་པ་བཅུས་རིམ་པར་བགྲོད་པས། མཐར་ཐུག་བསྒྲུབ་པ་མཐར་ཕྱིན་པའི་ས་རུ་ཐེག་པ་རང་རང་གི་འབྲས་བུ་གྲུབ་པར་རེ་བའི་འདོད་པ་དང་བཅས་པ་ཡིན་པས་ན། དེ་ལྟ་བུའི་སྟོན་པ་སྐུ་གསུམ་གྱིས་བསྟན་པའི་ལུང་དེ་ནི་གདུལ་བྱ་རིམ་གྱིས་དྲང་བའི་ལུང་ཙམ་དུ་བསྟན་པ་ཡིན་པའི་ཕྱིར་ན་གནས་ལུགས་ཡང་དག་པའི་དོན་ལ་དེ་ལྟ་བུའི་རྒྱུ་འབྲས་དང་རྩོལ་སྒྲུབ་ཀྱི་ཡུལ་དུ་གྱུར་པ་ཞིང་ངེས་པར་ཡོད་དོ་ཅེས་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་ཨ་ཏི་རྫོགས་པ་ཆེན་པོའི་ངེས་དོན་བླ་ན་མེད་པའི་ཐེག་པར་ལུང་མ་བསྟན་ཏོ་ཞེས་སོ། །གསུམ་པ་བྱེ་བྲག་ཏུ་བཤད་པ་ལ་བསྐྱེད་པ། སྤྱོད་པ། སྒྲུབ་པའི་ས་མདོ་བྱེ་བྲག་ཏུ་བཤད་པ་གསུམ་ལས། དང་པོ་ནི། འོ་ན་ཀུན་བྱེད་ཉིད་ཀྱིས་ཇི་ལྟར་བསྟན་པ་ཡིན་ཞེ་ན། དེ་ལ་ཡང་དག་པའི་དོན་ཇི་བཞིན་པ་ངེས་པར་བསྟན་པ་ཀུན་བྱེད་ང་ཡི་ལུང་ནི་འདི་ལྟར་ཡིན་གྱི་ཉོན་ཅིག་ཅེས་ན་གསན་པར་བསྐུལ་ནས། དེ་ཡང་སྙིང་པོ་བྱང་ཆུབ་ཀྱི་སེམས་ལ་སྐྱེ་བའི་རྒྱུ་དང་འཇིག་པའི་རྐྱེན་མེད་པར་རང་བྱུང་འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར་ན་བྱང་ཆུབ་ཏུ་སེམས་པ་བསྐྱེད་པའི་སའམ་མོས་པས་སྤྱོད་པའི་ས་རུ་བྱང་ཆུབ་ཀྱི་སེམས་མི་བསྐྱེད་དེ་གར་ཏེ་བསྐྱེད་པའི་ས་རུ་བྱང་ཆུབ་ཀྱི་སེམས་བསྐྱེད་ན་ཆོས་ཀྱི་དབྱིངས་ཀྱི་ནམ་མཁའ་ལ་བྱང་ཆུབ་ཀྱི་སེམས་མི་ཤོང་བའི་སྐྱོན་དུ་འགྱུར་ཏེ། ཅིའི་ཕྱིར་ན་ཆོས་ཉིད་སྤྲོས་པ་དང་བྲལ་བ་ཀ་དག་སྟོང་པ་ཉིད་ཀྱི་ཆ་ནས་ཆོས་ཀྱི་དབྱིངས་དང་། དེའི་སྣང་ཆ་འགག་པ་མེད་པ་ལྷུན་གྲུབ་འོད་གསལ་བའི་ཆ་ནས་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་ཀྱང་། དོན་ལ་ཡེ་ནས་དབྱེར་མེད་པ་རང་བྱུང་འདུས་མ་བྱས་པ་ནམ་མཁའི་དབྱིངས་ལྟར་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་རང་བཞིན་ཡིན་པས། ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་པར་འོད་གསལ་བྱང་ཆུབ་སེམས་ཀྱིས་ཡེ་ནས་ཁྱབ་ཟིན་པ་ལ། བྱང་ཆུབ་ཀྱི་སེམས་ད་དུང་དེ་བས་ཀྱང་ལྷག་པར་བསྐྱེད་དུ་ཡོད་ན་ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས་སུ་མི་ཤོང་བར་དེ་ལས་ཀྱང་འདའ་བར་བྱེད་དགོས་ན་ཡང་། དེ་ནི་མི་སྲིད་དེ་ཆོས་ཀྱི་དབྱིངས་ཀྱིས་མ་ཁྱབ་པ་དེ་ནི་གང་ཡང་མེད་དེ། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། རྒྱ་མཚོ་གཟེང་གྱི་བྱ་རོག་ལྟར། །བསྐོར་ཞིང་རང་གི་དབྱིངས་ལ་ཐུག །ཞེས་གསུངས་པ་ལྟར་གང་དུ་ཕྱིན་ཡང་ཆོས་ཀྱི་དབྱིངས་ཀྱིས་མ་ཁྱབ་པ་མེད་ཅིང་དེ་ལས་གཞན་དུ་འདའ་བའི་ཡུལ་ཞིག་མེད་པའི་ཕྱིར་ན་མི་འཐད་ལ་དེ་བཞིན་དུ་དགེ་སྡིག་གི་ལས་ལ་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་དང་ཤེས་བཞིན་གྱིས་དབང་བསྒྱུར་བས་ཕྱི་ཡུལ་ལྔའི་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་རང་བཞིན་ཡིན་པ་ལ། དེ་ལྟར་མ་ཤེས་པར་ཞེན་ཀྱང་འཆིང་བའི་ཡུལ་དུ་བལྟས་ཏེ་སྤང་བར་རྩོལ་ན་ཡང་རིག་པའི་རང་རྩལ་ཉི་མ་དང་ཟེར་ལྟར་འདུ་འབྲལ་མེད་པ་ལ། གལ་ཏེ་ཉི་མ་ལས་ཟེར་གཞན་དུ་སྤོངས་བར་རྩོལ་ན་སྤང་དུ་མེད་པ་ལྟར་སྤང་བས་མི་སྤོང་སྟེ། ཀློང་ཆེན་ལས། ཤེས་པ་ཡུལ་ལ་སྣང་བའི་ཚེ། །སྣང་བ་དེ་ཉིད་རང་སྣང་སྟེ། །ཤེས་པ་མི་བསྒྲིབ་ཁ་ཡན་དུ། །ཆོས་ཉིད་ཀློང་དུ་ཡན་པར་བཞག །ཞེས་གསུངས་པ་ལྟར་ཡུལ་དུ་སྣང་བ་ཐམས་ཅད་ཆོས་ཉིད་རང་སྣང་ཡིན་པའི་ཕྱིར་དང་། ནང་ཚོགས་དྲུག་གི་ཤེས་པ་དང་ཉོན་མོངས་པའི་རྟོག་པ་རྣམས་ཀྱང་དོན་ལ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་ཡེ་ཤེས་རྣམ་པ་ལྔ་ཡི་ངོ་བོ་ཡིན་པས་སྤང་བྱ་རང་མཚན་བར་བལྟས་ནས་བཀག་མི་དགོས་ལ། གལ་ཏེ་བཀག་པར་བྱས་ཀྱང་རང་རྩལ་ཡིན་པས་མི་ཁེག་ཏེ། སྔ་མ་ལས། ཆགས་སྡང་གཏི་མུག་ང་རྒྱལ་དང་། །གང་ཕྱིར་ཕྲག་དོག་ཆེན་པོ་ནི། །བཙལ་མེད་ཡེ་ཤེས་ལྔར་གསལ་བས། །ཡེ་ཤེས་ཉི་ལྟར་ཀུན་ལ་བརྣལ། །འདོད་ལྔ་ཡུལ་ལྔ་ཀུན་གྱི་གསོས། །རང་བྱུང་ཐུགས་རྗེ་ཡོངས་ཀྱི་གསོས། །རང་གི་རོལ་པར་རང་ལ་སྣང་། །རང་གི་ལོངས་སྤྱོད་རང་ལ་མཛད། །ཞེས་དང་། ཀློང་ཆེན་ལས། དུག་ལྔའི་རྟོག་པ་ཅི་སྐྱེས་ཀྱང་། །ང་ཡི་རིག་པ་རྟོག་མེད་ཡིན། །རང་རིག་རྟོག་པ་ཀུན་དང་བྲལ། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །ཅེས་གསུངས་པ་བཞིན་དུ་ཡེ་ནས་སྤང་དུ་མེད་པར་ཆོས་ཉིད་བྱང་ཆུབ་སེམས་སུ་གྲོལ་ཟིན་པ་ལ་སྤང་ཞིང་འགེགས་པར་བྱེད་པའི་ལས་ལ་རྩོལ་བར་བྱེད་པ་ནི་དོན་མེད་པའི་ངལ་བ་དང་དུ་ལེན་པ་ཡིན་ནོ། །དེས་ན་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡུལ་གང་ལ་ཡང་མི་རྟོག་པས་གཟུང་འཛིན་གྱི་སྤྲོས་པ་ཞིག་གདོད་ནས་ཡོད་མ་མྱོང་བཞིན་ཏུ། ཕྱི་བཟུང་བའི་ཡུལ་དང་ནང་འཛིན་པར་བྱེད་པ་པོའི་སེམས་ཉིད་ཀ་ཡོད་དོ་ཅེས་ཞེན་ཅིང་། དེ་ཉིད་སྤོང་ཞིང་འཇོམ་པར་བྱེད་པ་དེས་ན་དེ་ལྟ་བུའི་ལམ་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཐབས་ལ་བརྩོན་ཀྱང་སྐྱེས་པ་མེད་པར་མ་ཟད་འགེགས་ཀྱང་སྤོངས་པའི་ཉེས་སྐྱོན་དང་བཅས་པ་ཡིན་པར་གསུངས་པའོ། །གཉིས་པ་ནི། དེ་བཞིན་དུ་བྱང་ཆུབ་ཀྱི་ལམ་ལ་སྤྱོད་པའི་ས་དང་པོ་རབ་ཏུ་དགའ་བ་ལ་སོགས་ས་བཅུ་རུ་བྱང་ཆུབ་ཀྱི་སྤྱོད་པ་ཕ་རོལ་དུ་ཕྱིན་པ་བཅུ་ལ་སྤྱད་པས། ས་གོང་ནས་གོང་དུ་བསྐྱོད་དེ་བགྲོད་པར་འདོད་ཀྱང་། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་རིག་པ་བྱང་ཆུབ་སེམས་ཀྱི་རྩལ་ལ་མེད་སྣང་སྟོང་གཟུགས་ཀྱི་རོལ་པ་ཙམ་དུ་གནས་ཞིང་དེ་ལས་སྐད་ཅིག་ཀྱང་གཡོས་པ་མེད་པ་དེས་ན། འཁོར་འདས་གཉིས་སུ་སྣང་བའི་ཆོས་འདི་དག་ཐམས་ཅད་ནི་དཔེ་ནམ་མཁའ་ལྟ་བུའི་ཆོས་ཉིད་སྐྱེ་བ་མེད་པའི་རང་རྩལ་རང་ལ་སྣང་བར་ཟད་ཀྱི། དོན་ལ་ནམ་མཁའ་ལ་ནི་སྣོད་བཅུད་ཆགས་འཇིག་ལ་སོགས་པ་གང་གིས་ཀྱང་གཡོས་པ་རྡུལ་ཙམ་མེད་པ་དེ་བཞིན་ཏུ་སྙིང་པོ་བྱང་ཆུབ་ཀྱི་སེམས་ལ་ཡང་གཟུང་འཛིན་རྣམ་རྟོག་གིས་གཡོས་པ་མེད་ཅིང་བྱང་ཆུབ་ཀྱི་ལམ་ལ་སྤྱོད་པས་ས་ནས་སར་བསྐྱོད་པ་ཡང་མེད་པར་ཤེས་པར་བྱའོ། །གསུམ་པ་ནི། ངེས་ཐོབ་ཀྱི་ཐེག་པ་འོག་མ་རྣམས་ཀྱིས་འབྲས་བུ་གྲུབ་པའི་ས་རུ་སྙིང་པོ་བྱང་ཆུབ་ཀྱི་གོ་འཕང་མངོན་དུ་གྲུབ་པར་འདོད་པ་ནི། ཕར་ཕྱིན་ཐེག་པས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པར་འདོད་པ་དང་། དེ་བཞིན་དུ་སྔགས་ཀྱི་ཐེག་པར་བཅུ་གཉིས་པ་མ་ཆགས་པདྨའི་སྤྱན་དང་། བཅུ་གསུམ་རྡོ་རྗེ་འཛིན་པའི་ས་དང་། བཅུ་བཞི་པ་སྟུག་པོ་བཀོད་པ་དང་། བཅོ་ལྔ་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སའམ་རྡོ་རྗེ་འཆང་བ་ཡི་ས་དང་། བཅུ་དྲུག་གི་ས་རྒྱུ་འབྲས་གཉིས་སུ་མེད་པ་ཀུན་བཟང་དབྱེ་བ་མེད་པའི་ས་སྟེ་དྲུག་པོ་དེ་ལ། བྱང་ཆུབ་བསྒྲུབ་པའི་འབྲས་བུ་མཐར་ཐུག་པའི་ས་རུ་མིང་བཏགས་ནས་བགྲོ་པར་འདོད་པ་དེ་ཡང་། དོན་ལ་སེམས་ཉིད་རང་བྱུང་གི་ཡེ་ཤེས་གཅིག་གི་ཡོན་ཏན་གྱི་ལྡོག་ཆ་ལ་སོ་སོར་བཏགས་པ་ཙམ་ལས་གཞན་དུ་མེད་ཅིང་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་གདོད་ནས་རྒྱུ་རྐྱེན་དང་བྲལ་བའི་རང་བྱུང་འདུས་མ་བྱས་པ་ཡིན་པའི་ཕྱིར་ན། དེ་ལྟར་རྩོལ་སྒྲུབ་ཀྱིས་བཙལ་ཞིང་བསྒྲུབ་པས་སྔོན་མེད་གསར་དུ་གྲུབ་པའི་འབྲས་བུ་ཞིག་ཡོད་པར་སྟོན་པ་ཀུན་བྱེད་ངས་ལུང་མ་བསྟན་ཏོ་ཞེས་པ་སྟེ། ཡེ་ཤེས་གསང་བའི་རྒྱུད་ལས། རང་བྱུང་ཡེ་ཤེས་སེམས་ཀྱི་ས། །བརྗོད་པའི་ཐ་སྙད་ཀུན་བྲལ་ཡང་། །དམན་པའི་བློ་ཡིས་རྟོགས་བྱའི་ཕྱིར། །རིག་པ་གསུང་གི་སྒོ་ནས་བསྟན། །མ་བཅོས་རང་སྣང་བླ་མའི་ས། །སྦྱངས་པས་མ་ཡིན་ཡེ་ནས་གྲུབ། །རང་བྱུང་རྣམ་དག་ཀུན་བཟང་ས། །དབྱེར་མེད་ཆེ་མཆོག་ཆོས་ཀྱི་སྐུ། །རྒྱུད་དང་མདོ་སྡེ་བླ་མེད་ས། །ཀུན་ཏུ་འོད་དང་རྡོ་རྗེ་འཛིན། །མ་ཆགས་པད་མ་སྟུག་པོ་བཀོད། །ཚོགས་ཆེན་ཡི་གེ་འཁོར་ལོ་དང་། །ཀུན་ཏུ་དབྱེ་བ་མེད་པའི་ས། །ས་དྲུག་སེམས་ལ་བགྲངས་བ་ཡང་། །མ་བཅོས་རྫོགས་པ་ཆེན་པོའི་ས། །རྟོགས་པའི་ཡོན་ཏན་དྲུག་ཏུ་བསྟན། །མ་བཅོས་ས་ལ་སྦྱངས་བ་མེད། །འོད་གསལ་ལྷུན་གྲུབ་ཆེན་པོ་ལ། །ས་ཡི་རིམ་པ་གང་ཡང་མེད། །ཅེས་གསུངས་པ་ལྟར་རོ། །བཞི་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། འོ་ན་གོང་དུ་བསྟན་པའི་སའི་དབྱེ་བ་དྲུག་པོ་དེ་སེམས་ཉིད་རང་བྱུང་གི་ཡེ་ཤེས་གཅིག་གི་ཡོན་ཏན་གྱི་ལྡོག་ཆ་ལ་ཇི་ལྟར་བཏགས་པ་ཡིན་ཞེ་ན། སེམས་ཀྱི་རང་བཞིན་ལ་ཡོན་ཏན་གྱི་དབྱེ་བ་རྣམ་པ་དྲུག་ཏུ་སྣང་བ་ལས་རྣམ་པ་དྲུག་ཏུ་བསྟན་པ་ནི་འདི་ལྟར་ཡིན་ནོ་ཞེས་སྤྱིར་བསྟན་པའོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཀུན་ཏུ་འོད། པད་མ་ཅན། རྡོ་རྗེ་འཛིན་པ། སྟུག་པོ་བཀོད་པ། འཁོར་ལོ་ཚོགས་ཆེན་རྡོ་རྗེ་འཆང་། དབྱེ་བ་མེད་པ་དྲུག་གིས་གྲུབ་པའི་ས་དང་། སྤྱོད་པ་དང་། བསྒྲུབ་པའི་སའམ་བསྐྱེད་པའི་ས་བཤད་པའོ། །དང་པོ་ལ་དྲུག་ལས། དང་པོ་ནི། དེ་ལ་སེམས་ཀྱི་རང་བཞིན་དྲུག་ནི་གང་དང་གང་ཞེ་ན། འདི་ལྟ་སྟེ་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་ཀྱི་རང་རྩལ་མ་འགགས་པ་ཡི་རྟགས་སུ་མིག་གི་དབང་པོ་ལ་སོགས་པ་དབང་པོ་སྒོ་ལྔ་ལ་བརྟེན་པའི་ཤེས་པ་ཐམས་ཅད་ཕྱི་ནང་སྒྲིབ་གཡོགས་དང་བྲལ་བས་ཀུན་ཏུ་གསལ་ཞིང་ལྷང་ངེར་སྣང་བ་ལ་ཀུན་ཏུ་འོད་ཀྱི་ས་ཞེས་བཏགས་པ་ཡིན་ལ། དེས་ན་བྱང་ཆུབ་སེམས་དཔའི་ཐེག་པའི་སྒོར་ཞུགས་ནས་བསྐལ་པ་གྲངས་མེད་མང་པོར་སྦྱངས་བགྲོད་བྱས་པའི་མཐར་ཐོབ་པར་འདོད་པའི་ས་དེ་ཡང་རྫོགས་པ་ཆེན་པོས་མ་བསྒྲུབས་ལྷུན་གྱིས་གྲུབ་པའི་རང་བཞིན་དུ་གསུངས་ཏེ། ཀློང་ཆེན་རབ་འབྱམས་ལས། བྱང་ཆུབ་སེམས་དཔའི་སྒོར་ཞུགས་ནས། །བསྐལ་པ་བྱེ་བར་སྦྱངས་བ་ཡི། །ཀུན་ཏུ་འོད་ཀྱང་དེ་ལ་འགྲུབ། །ཕྱི་ནང་སྒྲིབ་གཡོགས་མི་མངའ་བས། །དེ་ཡི་ཡོན་ཏན་ཀུན་ཏུ་འོད། །མ་བསྒྲུབ་ལྷུན་གྲུབ་འབྲས་བུར་གནས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དེ་ལྟར་སྒོ་ལྔའི་ཤེས་པ་ཐམས་ཅད་མི་འགགས་པར་གསལ་བཞིན་པའི་སྐབས་ན་ཡང་ངོ་བོ་རྟོག་མེད་མཉམ་པ་ཉིད་ཀྱི་རང་བཞིན་ཡིན་པས། ཡུལ་སྣང་གང་ལ་ཡང་མི་རྟོག་ཅིང་ཆགས་པ་མེད་པས་གཟུང་འཛིན་མཚན་མའི་བློ་ཡིས་མ་གོས་བཞིན་ཏུ་ཡུལ་སྣང་ཐམས་ཅད་རང་གསལ་རྟོག་མེད་ཀྱི་ངོ་བོར་མཁྱེན་པ་ལ་མ་ཆགས་པདྨའི་སྤྱན་ཅན་དུ་གཏགས་པ་ཡིན་པས། མ་ཧཱ་ཡོ་གས་མི་ཚེ་གསུམ་སོགས་སུ་བསྒྲུབས་པས་ཐོབ་པར་འདོད་པའི་ས་དེ་ཡང་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ལ་མ་བཙལ་ལྷུན་གྱིས་གྲུབ་པ་ཡིན་ཏེ། དེ་ཉིད་ལས་རྣལ་འབྱོར་ཆེན་པོའི་སྒོར་ཞུགས་ནས། མི་ཚེ་གསུམ་མམ་གཉིས་བསྒྲུབ་པ། །པདྨ་ཅན་ཡང་དེ་ལ་འགྲུབ། །སྐྱོན་བྲལ་ཡེ་ཤེས་ཕྱོགས་མེད་གཟིགས། །དེ་ཡི་ཡོན་ཏན་པདྨའི་སྤྱན། །མ་བསྒྲུབས་ལྷུན་གྲུབ་འབྲས་བུ་གནས། །ཞེས་གསུངས་སོ། །གསུམ་པ་ནི། འདི་ལྟར་དང་པོ་རྒྱུ་ལས་སྐྱེ་བ་དང་ཐ་མ་རྐྱེན་གྱིས་འཇིག་པ་གང་ཡང་མེད་པས་རང་བྱུང་འདུས་མ་བྱས་པའི་ངོ་བོར་གནས་པའི་རིག་པ་བྱང་ཆུབ་ཀྱི་སེམས་དེ་ནི་མི་འཇིག་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པའི་ཕྱིར་ན་དེ་ལ་རྡོ་རྗེ་འཛིན་པ་ཞེས་སུ་ང་ཡིས་བཏགས་ཤིང་བརྗོད་པ་ཡིན་ཏེ། རྡོ་རྗོ་མོ་ལས། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། གཅད་དང་གཞིག་པར་བྱ་བ་མེད། བསྲེགས་པར་བྱར་མེད་འཇིག་མེད་པས། སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་གསུངས་པ་ལྟར་ལ། དེ་ལྟ་བུའི་གནས་ལུགས་རང་བྱུང་གི་ཡེ་ཤེས་དེ་དང་རྟག་ཏུ་འདུ་འབྲལ་མེད་པ་ལ་རྡོ་རྗེ་འཛིན་པ་ཡིས་ཞེས་སུ་ཀུན་བྱེད་ང་ཡིས་བཏགས་པ་ཡིན་པས། སྤྱོད་རྒྱུད་པས་མི་ཚེ་བདུན་ནམ་ལྔ་རུ་བསྒྲུབས་པས་ཐོབ་པར་འདོད་པའི་ས་དེ་ཡང་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ལ་ཡེ་ནས་རྫོགས་པར་གསུངས་ཏེ། སྔ་མ་ལས། གཉིས་ཀ་རྒྱུད་ཀྱི་སྒོར་ཞུགས་ནས། །ལྟ་སྤྱོད་གོང་འོག་འབྲེལ་བ་ཡིས། །རྡོ་རྗེ་འཛིན་པ་བསྒྲུབ་པ་ཡང་། །མི་གཏོང་འཛིན་གོམས་འབྲལ་མེད་པས། །དེ་ཡི་ཡོན་ཏན་རྡོ་རྗེ་འཛིན། །མ་བསྒྲུབས་ལྷུན་གྲུབ་འབྲས་བུར་གནས། །ཞེས་སོ། །བཞི་པ་ནི། སྙིང་པོ་བྱང་ཆུབ་སེམས་རང་གི་རང་བཞིན་ཆོས་ཉིད་ཡེ་སྟོང་ཆེན་པོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་བློས་དཔག་ཏུ་མེད་པའི་དབྱིངས་སྐྱེ་བ་མེད་པའི་ངང་ལ། རང་བྱུང་ཡེ་ཤེས་ཀྱི་སྣང་ཆ་འོད་གསལ་ལྷུན་གྲུབ་ཀྱི་རོལ་པ་ཚད་མེད་པ་མི་རྟོག་མཉམ་པ་ཉིད་ཀྱི་ངང་ལ་འདྲེས་ཤིང་ཡོངས་སུ་རྫོགས་པར་བཀོད་ཅིང་གནས་པ་ལ་སྟུག་པོ་བཀོད་པའི་ས་ཞེས་སུ་བཏགས་པ་ཡིན་ལ། དེས་ན་རྣལ་འབྱོར་རྒྱུད་ཀྱི་སྒོར་ཞུགས་ནས་མི་ཚེ་ལྔ་ཡི་ཡུན་ཏུ་བསྒྲུབས་པས་ཐོབ་པར་འདོད་པའི་ས་དེ་ཡང་བྱང་ཆུབ་སེམས་ཀྱི་ཡོན་ཏན་མ་འགགས་པའི་རང་བཞིན་ཡིན་པས་བཙལ་མི་དགོས་པར་གསུངས་ཏེ། །ཀློང་ཆེན་ལས། རྣལ་འབྱོར་རྒྱུད་ཀྱི་སྒོར་ཞུགས་ནས། །མི་ཚེ་ལྔ་རུ་བསྒྲུབས་པ་ཡི། །སྟུག་པོ་བཀོད་པ་དེ་ལ་འགྲུབ། །མ་འདྲེས་ཡོངས་སུ་རྫོགས་པ་ཡིས། །དེ་ཡིས་ནན་ཏན་སྟུག་པོ་བཀོད། །མ་བསྒྲུབས་ལྷུན་གྲུབ་འབྲས་བུར་གནས། །ཞེས་གསུངས་པ་ལྟར་རོ། །ལྔ་པ་ནི། འདི་ལྟར་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་རིག་རྩལ་འགགས་པ་མེད་པའི་འཁོར་གྱིས་བསྐོར་བས་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་ཡེ་ནས་དཀྱིལ་འཁོར་གྱི་ངོ་བོ་ཡིན་པར་གསུངས་ཏེ། བང་མཛོད་འཕྲུལ་ལྡེ་ལས། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པར་ཐུགས་ཆུབ་པ། །དེ་ནི་དཀྱིལ་འཁོར་ཆེན་པོར་གསུངས། །ཆོས་ཉིད་བྱང་ཆུབ་སེམས་དཀྱིལ་ན། །རང་རིག་ཡེ་ཤེས་འཁོར་གྱིས་བསྐོར། །རྡོ་རྗེ་རང་འཁྲུངས་དཀྱིལ་འཁོར་ཡིན། །ཞེས་གསུངས་པ་ལྟ་བུ་ཡིན་པ་དེས་ན། འདི་ལྟར་ཕྱི་ནང་སྣོད་བཅུད་དུ་སྣང་བའི་ཆོས་འདི་དག་ཀྱང་བྱང་ཆུབ་ཀྱི་སེམས་དེ་ཡི་རོལ་རྩལ་ཡིན་པས་གཟུགས་སུ་སྣང་བ་ཐམས་ཅད་སྐུ་ཡི་དཀྱིལ་འཁོར། སྒྲ་རུ་གྲགས་པ་ཐམས་ཅད་གསུང་གི་དཀྱིལ་འཁོར། རྟོག་ཚོགས་འགྱུ་དྲན་ཐམས་ཅད་ཐུགས་ཀྱི་དཀྱིལ་འཁོར་དུ་རྟག་པ་རྒྱུན་གྱི་འཁོར་ལོར་གནས་ཤིང་ཚོགས་ཆེན་ཡེ་རྫོགས་སུ་ལྷུན་གྱིས་གྲུབ་པའི་ཕྱིར། རིག་པའི་རང་རྩལ་ལ་ཤར་བའི་སྣང་གྲགས་དྲན་རིག་གི་ངོ་བོར་གནས་པའི་ཆོས་རྣམས་ཐམས་ཅད་ལ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་རྣམས་ཀྱི་མིང་གི་བརྗོད་པ་ཡིན་ཏེ། དེ་ཡང་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་བཞིན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་དུ་གནས་པ་དེ་ལ་སྐྱེེ་བ་དང་འཇིག་པ་མེད་པས་འདུ་འབྲལ་སྤངས་བའི་ཆ་ནས་དེ་ལ་རྡོ་རྗེ་འཆང་གི་ས་ཞེས་ཀྱང་བཤད་པ་ཡིན་པས། ཨ་ནུ་ཡོ་ག་བས་མི་ཚེ་གཅིག་ཏུ་བསྒྲུབས་པས་ཐོབ་པར་འདོད་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དང་། བྱ་བ་རྒྱུད་ཀྱིས་མི་ཚེ་བདུན་ནས་བཅུ་དྲུག་ཏུ་བསྒྲུབས་པས་ཐོབ་པར་འདོད་པ་རིགས་གསུམ་རྡོ་རྗེ་འཆང་གི་ས་དེ་ཡང་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་པར་གསུངས་ཏེ། ཀློང་ཆེན་ལས། ཡོངས་སུ་རྣལ་འབྱོར་སྒོར་ཞུགས་ནས། །མི་ཚེ་གཅིག་ཏུ་བསྒྲུབས་པ་ཡི། །ཡི་གེ་འཁོར་ལོ་ཚོགས་ཆེན་ཡང་། །རང་བྱུང་ཡེ་ཤེས་དེ་ལ་འགྲུབ། །མ་སྐྱེས་ཆོས་ཀྱི་འཁོར་ལོ་དེ། །རྒྱུན་ཆད་མེད་པར་བསྐོར་བ་དང་། །དེ་ལ་ཡོན་ཏན་ཚོགས་གཉིས་ཀྱང་། །ཡི་གེ་འཁོར་ལོ་ཚོགས་ཆེན་ཡིན། །མ་བསྒྲུབ་ལྷུན་གྲུབ་འབྲས་བུར་གནས། །ཞེས་དང་། བྱ་བ་རྒྱུད་ཀྱི་སྒོར་ཞུགས་ནས། མི་ཚེ་བདུན་དུ་བསྒྲུབ་པ་ཡི། །རྡོ་རྗེ་འཆང་ཡང་དེ་ལ་འགྲུབ། །འདུ་འབྲལ་མེད་ཅིང་མི་ཤེས་པས། ། དེ་ཡི་ཡོན་ཏན་རྡོ་རྗེ་འཆང་། །མ་བསྒྲུབ་ལྷུན་གྲུབ་འབྲས་བུར་གནས། །ཞེས་གསུངས་ལ། གཞུང་གཞན་ལས་རིགས་བཞི་རྡོ་རྗེ་འཆང་གི་ས་སྤྱོད་རྒྱུད་དང་། བྱ་རྒྱུད་ལ་རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཞེས་གསུངས་པའང་ཡོད་ལ། འཁོར་ལོ་ཚོགས་ཆེན་དང་རྡོ་རྗེ་འཆང་གི་ས་གཞན་ནས་ཐ་དད་དུ་བགྲངས་ཀྱང་འདི་ལྷན་དུ་བསྟན་ཏོ། །དྲུག་པ་ནི། རིག་པ་བྱང་ཆུབ་ཀྱི་སེམས་ལ་རྒྱུ་སེམས་ཅན་གྱི་གནས་སྐབས་དང་འབྲས་བུ་སངས་རྒྱས་ཀྱི་གནས་སྐབས་གཉིས་ཀྱི་དབྱེ་བ་མེད་དེ་སེམས་ཉིད་ལས་བྱུང་བའི་ཆོས་རྣམས་ཐམས་ཅད་ལ། འཁོར་འདས་དང་བཟང་ངན་བླང་དོར་ལ་སོགས་པའི་གཉིས་ཆོས་ཐམས་ཅད་ཡེ་ནས་གཉིས་སུ་མེད་པར་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་དབྱེར་མེད་པར་གནས་པའི་ཕྱིར་རམ་གོང་དུ་བསྟན་པའི་སའི་དབྱེ་བ་དེ་དག་ཐམས་ཅད་ཡེ་ནས་དབྱེར་མེད་པར་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོའི་རང་བཞིན་དུ་གཅིག་པའི་ཕྱིར་ན་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ཞེས་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་བཤད་དོ་ཞེས་པ་སྟེ། དེ་ལྟ་བུའི་ཀུན་བཟང་དབྱེ་བ་མེད་པའི་ས་དེ་ཡང་གཞན་ནས་བཙལ་དུ་མེད་པར་རང་ལ་ཡེ་ནས་གནས་པ་ཡིན་པར་གསུངས་ཏེ། ཀློང་ཆེན་ལས། དེ་དག་ཐམས་ཅད་དབྱེར་མེད་པས། །ཀུན་ཏུ་བཟང་པོར་གཅིག་པའི་ཕྱིར། །དབྱེ་བ་མེད་པའི་ས་ཡང་ཡིན། །ཡེ་ནས་རང་ལ་གནས་པ་དང་། །ད་ལྟ་ཉིད་ལ་ནོན་པའི་ཕྱིར། །བསྒྲུབས་པ་ཆེན་པོ་ཀུན་ཏུ་བཟང་། །རང་བྱུང་དོན་གྱི་བསྒྲུབ་པ་ཡིན། །ཞེས་པ་དེ་དག་བསྙེན་བསྒྲུབས་རྣམ་པ་བཞི་ལས་བསྒྲུབས་པ་ཆེན་པོ་ལ་སྦྱར་ཏེ་གསུངས་སོ། །གཉིས་པ་སྤྱོད་པའི་ས་ནི། གོང་དུ་བཤད་པའི་རྒྱུ་མཚན་དེས་ན་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ཆོས་དབྱིངས་ཡངས་པ་ཆེན་པོ་དེ་ལ་ཆོས་ཐམས་ཅད་མ་བཙལ་ལྷུན་གྲུབ་ཚུལ་དུ་རྫོགས་པས། དུས་གསུམ་གྱི་སངས་རྒྱས་རྣམས་དང་ཁམས་གསུམ་གྱི་སེམས་ཅན་མ་ལུས་པ་ཀུན་ཀྱང་དང་པོ་བྱུང་ཡང་དེ་ནས་བྱུང་ཞིང་། ད་ལྟ་གནས་ཀྱང་དེ་རུ་མཉམ་རྫོགས་གཅིག་ཏུ་གནས་པ་ཡིན་པའི་ཕྱིར་ན་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་ས་དེ་ལ་སངས་རྒྱས་དང་ནི་སེམས་ཅན་མ་ལུས་པ་ཀུན་རྟག་ཏུ་གནས་ཤིང་སྤྱོད་པའི་ས་ཡིན་པས་དེ་ལས་གཞན་དུ་སྤྱོད་པའི་ས་ཡིན་པས་དེ་ལས་གཞན་དུ་སྤྱོད་པའི་ས་གང་ཡང་མེད་དོ་ཞེས་གསུངས་སོ། །གསུམ་པ་བསྒྲུབ་པའམ་བསྐྱེད་པའི་ས་ནི། དེ་ལྟར་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པས་ཐོབ་པའི་ས་ནི་འདི་དང་འདིའོ་ཞེས་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་བཏགས་ཤིང་བསྟན་པ་དེ་དག་ཐམས་ཅད་ནི་དོན་ལ་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ལས་ནི་གཞན་ན་མེད་པར་གོང་དུ་བཤད་པ་བཞིན་དུ་ཡིན་པ་དེས་ན། རྒྱུ་འབྲས་ཀྱི་ཐེག་པ་བ་རྣམས་ཀྱིས་བཤད་པའི་ས་དེ་དག་ཐམས་ཅད། གཞན་ནས་བཙལ་དུ་མེད་པར་སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་ལ་མ་བགྲོད་ཡེ་ནས་ནོན་པའི་ཚུལ་གྱིས་གནས་སོ། །ཞེས་ཆོས་ཉིད་རང་བྱུང་གི་ཡེ་ཤེས་དེ་བསྐྱེད་ཅིང་བསྒྲུབ་པས་སྦྱང་དུ་མེད་པའི་ས་ཡིན་པར་བསྟན་ཏོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། ཆོས་ཉིད་རྫོགས་པ་ཆེན་པོའི་ས་ལ་སྦྱངས་དུ་མེད་པར་བསྟན་པའི་ལེའུ་སྟེ་ཞེ་དགུ་པའི་འགྲེལ་བའོ།། ༈ །།དོན་བཅུ་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྒྲིབ་པ་མེད་པའི་ངོ་བོ་ལ། ཅི་སྣང་གདོད་ནས་དག་པའི་རང་བཞིན་དུ་གཏན་ལ་འབེབ་པ་ལེའུ་ལྔ་བཅུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ས་ལ་སྦྱང་དུ་མེད་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས། ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་འགག་པ་མེད་པའི་རྩལ་སྣང་རང་བྱུང་བའི་ཡེ་ཤེས་ཡིན་པས། དེ་ལ་གཟུང་འཛིན་གྱི་སྒྲིབ་པ་མེད་པར་ཆོས་ཉིད་རང་གསལ་གྱི་ངོ་བོ་ཡིན་པར་གཏན་ལ་དབབས་པ་འདི་གསུངས་སོ། །གཉིས་པ་ལ་གསུམ་སྟེ། རང་བྱུང་གི་ཡེ་ཤེས་དངོས་བཤད་པ་དང་། ཡུལ་དྲུག་ལ་འཕྲོས་པའི་ཤེས་པ་ཕྱིར་བལྟས་དྲུག་དྲན་པས་མ་ཡེངས་བར་གཟུང་བའི་རྟོག་པ་ལུ་གུ་རྒྱུད་རང་གི་ཡེ་ཤེས་སུ་འདོད་པ་འཁྲུལ་བར་བཤད་པ་དང་། རང་བྱུང་གི་ཡེ་ཤེས་གཅིག་ལ་མིང་དུ་མར་བཏགས་པའོ། །དང་པོ་ལ་དགུ་སྟེ། ཨ་ཏི་སྙིང་པོའི་དོན་ཆོས་ཉིད་རང་བྱུང་གི་ཡེ་ཤེས་གཞི་བཞུགས་ཆེན་པོ་ཡུལ་ལ་མི་ལྟོས་པར་ཡེ་ནས་ནང་བཞུགས་གཅིག་ཏུ་བསྟན་པ། དེས་ངང་ལས་ཤར་བའི་དབང་ཤེས་ཡུལ་ལ་འཇུག་པ་སྐུ་གསུམ་འཁོར་གྱི་ཡེ་ཤེས་རིག་བྱེད་ཕྱིར་གནས་ཀྱི་རྣམ་པར་བཤད་པ། དེ་གཉིས་ཀྱི་ཁྱད་པར་བསྟན་པ། ངོ་བོ་གཞི་གནས་ཀྱི་ཡེ་ཤེས་རྒྱལ་བའི་དགོངས་པ་ལས་དང་བག་ཆགས་ལས་འདས་ཚུལ་བཤད་པ། རང་བྱུང་ཡེ་ཤེས་དྲན་བསམ་ལས་འདས་ཚུལ་བསྟན་པ། དེ་ཉིད་རྩེ་གཅིག་ཏུ་འཛིན་པའི་བློ་ལས་འདས་པས་ཁམས་གོང་མར་སྐྱེ་བའི་བག་ཆགས་མི་སོགས་པར་བསྟན་པ། གདངས་ཀྱི་ཡེ་ཤེས་ཤར་བ་ལ་དགག་སྒྲུབ་མེད་པའི་རིག་པ་རང་བབ་བཅོས་བསླད་མེད་པ་ཉིད་རང་བྱུང་ཡེ་ཤེས་ལ་ལྷུན་གྲུབ་ཏུ་འབྲལ་མ་མྱོང་བས་ཏིང་ངེ་འཛིན་ཞིག་ནས་ཕྱམ་གཅིག་པའི་བག་ཆགས་མི་སོགས་པར་བསྟན་པ། དེ་ལྟ་བུའི་གནས་ལུགས་རྒྱལ་བའི་དགོངས་པར་བསྟན་པ། སྒོ་ལྔའི་སྣང་ཡུལ་རྟོག་བྲལ་མ་འཁྲུལ་བའི་རང་དུས་གཉིས་འཛིན་ཞེན་པའི་བློ་མེད་པས་སྣང་སེམས་དེ་ཉིད་གཉིས་མེད་ཀྱི་ཡེ་ཤེས་སུ་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཆོས་ཉིད་རྫོགས་པ་ཆེན་པོའི་བརྗོད་བྱའི་སྙིང་པོ་མཐར་ཐུག་པ་སེམས་ཉིད་རང་བྱུང་ཡེ་ཤེས་ཀྱི་གནས་ཚུལ་ཇི་ལྟར་ཡིན་པ་བཤད་པ་བྱ་ཡི་ཉོན་ཅིག་ཅེས་ཉན་པར་བསྐུལ་ཏེ། དེ་ལ་གཞུང་གོང་འོག་གི་སྐབས་ཀུན་ཏུ་ཡེ་ཤེས་ཡེ་ཤེས་ཞེས་སུ་ལན་གཅིག་མ་ཡིན་པར་ཡང་ཡང་བརྗོད་པར་བྱ་བ་ཡི་ཡུལ་དངོས་ནི་གང་ཡིན་སྙམ་ན། འདི་ལྟར་ཡེེ་ཤེས་ཞེས་པའི་འདོག་ཡུལ་དངོས་ནི་ཡེ་ནས་དམིགས་བྱའི་ཡུལ་ལ་མི་ལྟོས་པར་རང་གསལ་འགག་མེད་ཀྱི་ངོ་བོ་ཤེས་བྱ་ཤེས་བྱེད་དང་བྲལ་བའི་རང་ཤེས་རིག་པའི་བདག་ཉིད་འོད་གསལ་འདུས་མ་བྱས་པ་ཡིན་པས་རྒྱུ་རྐྱེན་གང་ལ་ཡང་མ་ལྟོས་པའི་རང་བྱུང་གི་ཡེ་ཤེས་ཏེ། དེ་ནི་ཡེ་ནས་མ་རིག་པས་སྒྲིབ་པ་མེད་པར་རང་ངོ་རང་གིས་ཤེས་ཟིན་པ་ཡིན་ཀྱང་། འགྱུ་འཕྲོའི་རྟོག་པ་དང་ངང་གིས་བྲལ་བས་ནང་རང་གནས་ལྷུན་གྲུབ་ཀྱི་ཡེ་ཤེས་དུས་ཐམས་ཅད་པ་རང་གསལ་ཉི་མའི་འོད་ལྟར་གནས་པ་ཡིན་པས་རྩོལ་སྒྲུབ་དང་བྲལ་བར་བསྟན་ཏེ། ནམ་མཁའི་མཐའ་དང་མཉམ་པ་ལས། བཙལ་བྲལ་རིག་པ་ཡེ་ནས་གསལ། །མ་སྐྱེས་ཡེ་ནས་གདོད་ནས་བྱུང་། །རང་ལས་བྱུང་བས་གཞན་བྱུང་མིན། །ལྷུན་གྱིས་གྲུབ་པས་ཕྱོགས་རིས་མེད། །རང་གསལ་རིག་པའི་ཡེ་ཤེས་ལ། །གཞན་གྱིས་རིག་པ་གདོད་ནས་སྟོང་། །ལྷུན་གྲུབ་ཉིད་ལ་ཕྱོགས་མེད་པས། །གསལ་དང་མི་གསལ་ཕྱོགས་དང་བྲལ། །རང་བྱུང་ཉིད་ལ་རྒྱུ་མེད་པས། །བསྐྱེད་བྱ་བསྐྱེད་བྱེད་གདོད་ནས་མེད། །རྩོལ་བྲལ་ཡེ་ཤེས་ཆེན་པོ་ལ། །རྩོལ་བའི་ཆུ་བོ་ཀུན་ལས་འདས། །བདག་གཞན་མི་གསལ་ནམ་མཁའི་ངང་། །ཡུལ་དང་ཡུལ་ཅན་དམིགས་ཡུལ་བྲལ། །གང་ཡང་མ་ཡིན་གདོད་ནས་སྟོང་། །སྒྲིབ་པ་མེད་པའི་ངོ་བོ་ནི། །བལྟས་པ་མེད་པར་ཀུན་ལ་གསལ། །ཞེས་དང་། མ་བཅོས་ཡེ་ནས་རང་གསལ་ལུང་། །ཡེ་ནས་ཤེས་པས་ཡེ་ཤེས་ཡིན། །ཡེ་ནས་རིག་པ་ཆེན་པོ་བས། །རིག་པ་ཡེ་ཤེས་ཆེན་པོ་ཡིན། །མ་བཅོས་ཇི་བཞིན་རིག་པའི་དོན། །གཏན་ལ་འབེབ་པས་ཡེ་ཤེས་ཡིན། །ཞེས་པ་ལ་སོགས་པས་བསྟན་པ་བཞིན་ནོ། །གཉིས་པ་ནི། དེ་ལྟ་བུའི་རང་བྱུང་གི་ཡེ་ཤེས་དེའི་རྩལ་ལས་ཕྱི་གསལ་དུ་ཡུལ་ལ་རྟོག་ཅིང་དཔྱོད་པའི་ཡེ་ཤེས་རོལ་པའི་ངོ་བོར་ཤར་བ་ཡུལ་རིག་པར་བྱེད་པའི་བདག་ཉིད་ཅན་དེ་ནི། དམིགས་ཡུལ་སོ་སོ་ལས་བྱུང་བས་རྒྱུ་རྐྱེན་ལ་མ་ལྟོས་པའི་རང་བྱུང་མིན་ཏེ། ཡུལ་གྱི་རྗེས་སུ་འགྲོ་ལྡོག་བྱེད་ཅིང་དམིགས་ཡུལ་མེད་པ་ཙམ་ན་ཤེས་པ་དེ་ཡང་གསལ་བར་མི་བྱེད་པའམ་མི་སྐྱེ་བའི་ཕྱིར་ན་རེས་འགའ་བ་ཡིན་ནོ། །གསུམ་པ་ནི། རྒྱུ་མཚན་དེས་ན་རྒྱུ་རྐྱེན་ལས་མ་བྱུང་བའི་རང་བྱུང་གི་ཡེ་ཤེས་དེ་ལ་ནི། ལྷན་སྐྱེས་དང་ཀུན་བརྟགས་ཀྱི་མ་རིག་པ་གཉིས་ཀྱིས་ཡེ་ནས་སྒྲིབ་མ་མྱོང་བས། ཡེ་ནས་རང་ངོ་རང་གིས་ཤེས་ཟིན་པའི་ཡེ་ཤེས་འཁྲུལ་མ་མྱོང་བའི་སངས་རྒྱས་ཡིན་ལ། དེས་ན་རང་བྱུང་གི་ཡེ་ཤེས་ཞེས་བྱ་བའི་འདོགས་ཡུལ་དངོས་ནི་དེ་ལ་བྱ་སྟེ། ཀུན་གསལ་ལས། ཡེ་ཤེས་ཀྱི་ངེས་ཚིག་ནི་ཡེ་ནས་ཡིན་པའི་དོན་མ་ནོར་བར་ཤེས་པས་ན་ཡེ་ཤེས་སོ་ཞེས་དང་། རང་གི་རང་རིག་པས་རིག་པའི་ཡེ་ཤེས་སོ། །དེ་ལ་བྱེད་པ་པོ་མེད་པས་རང་བྱུང་གི་ཡེ་ཤེས་སོ། །དེའི་དོན་ལས་མི་འདའ་བས་འདའ་དཀའ་ཐུགས་ཀྱི་ཡེ་ཤེས་སོ། །ཞེས་གསུངས་པ་ལྟར་རོ། །རང་བྱུང་གི་ཡེ་ཤེས་དེའི་ངང་ལས་རྩལ་འགགས་མེད་དུ་ཤར་བ་འཁོར་གྱི་སྟོན་པའི་ཡེ་ཤེས་ཕྱི་གསལ་གྱི་ངོ་བོ་ནི། ཕྱི་སྒོ་ལྔའི་ཡུལ་ལ་སོ་སོར་བརྟགས་ཅིང་དཔྱོད་པར་བྱེད་པའིི་རིག་བྱེད་རྩལ་གྱི་ཡེ་ཤེས་ཏེ། གང་སུ་ཞིག་ཡུལ་ལ་རྟོག་སྟེ་བརྟགས་པར་བྱེད་པ་ཡི་ཡེ་ཤེས་དེ་ནི་རིག་བྱེད་རྩལ་གྱི་ཡེ་ཤེས་ཡིན་ནོ་ཞེས། གདུལ་བྱའི་བསམ་ངོ་ལ་ལྟོས་ཏེ་དེ་ལྟར་ཤན་ཕྱེས་ནས་ཐ་དད་དུ་བསྟན་ཀྱང་། དོན་ལ་རྩལ་གྱི་ཡེ་ཤེས་ཕྱི་གསལ་གྱི་ཤེས་པ་འཆར་བཞིན་པའི་སྐབས་ན་འཆར་གཞིའི་རིག་པ་ཟང་མ་དེ་རང་བྱུང་གི་ཡེ་ཤེས་སུ་གནས་པ་ཡིན་ལ། དེའི་ངང་ལས་ཡུལ་སྣང་མི་འགགས་པར་གསལ་བའི་ཆ་དེ་རྩལ་གྱི་ཡེ་ཤེས་ཡིན་པས། དེ་གཉིས་མེ་ལོང་དང་གཟུགས་བརྙན་བཞིན་དུ་སྣང་ཚུལ་ཐ་དད་དུ་སྣང་ཡང་ངོ་བོ་དབྱེར་མེད་རང་བྱུང་གི་རང་བཞིན་ཡིན་པར་གསུངས་ཏེ། ཀུན་མཁྱེན་བླ་མས། འདིར་རང་ངོ་དང་རྩལ་ཐ་དད་པར་བརྗོད་ཀྱང་། རང་ངོ་ལ་ཡུལ་སྣང་བ་མེ་ལོང་དུ་གཟུགས་བརྙན་ཤར་བ་འདྲ་བས་རྫས་གཅིག་ངོ་བོ་གཅིག་པའི་རིག་པ་རྗེན་པ་དེ་ཀ་ལས་གཞན་མེད་པའི་ཕྱིར། འཆར་བ་ལ་བསྐྱངས་དུས་རང་ངོ་རྗེན་པའི་གཞི་ལ་རང་གནས། གནས་པ་འདྲ་བ་དེ་ལ་བསྐྱངས་ཀྱང་རིག་གདངས་མ་འགགས་པའི་འཆར་ཚུལ་རང་གསལ་ཏེ། གཟུགས་བརྙན་དང་འདྲ་བའི། འཆར་བའི་ཤེས་པ་རྗེན་པ་དང་། མེ་ལོང་གི་ངོས་དང་འདྲ་བ་རང་མལ་གྱི་ཤེས་པ་རང་བྱུང་གི་ཡེ་ཤེས་གཉིས། སོ་སོ་མ་ཡིན་ཐ་མི་དད་པར་རྗེན་སངས། སྤྲོས་བྲལ་ཀ་དག་གི་རང་ངོ་ཆོས་ཟད་པའི་ངོ་བོ་ལ། རང་བྱུང་གི་ཡེ་ཤེས་ཞེས་མིང་དུ་བརྗོད་པ་སྟེ། འོད་གསལ་གྱི་ཡེ་ཤེས། དོན་དམ་པའི་བདེན་པ། ཡེ་གྲོལ་གྱི་ཆོས་སྐུ། རིག་པ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཅིར་མིང་བཏགས་ཀྱང་། ངོ་བོ་ཟང་མ་རྗེན་པ་ཀ་ནས་དག་པའི་རང་གསལ་འདི་ངོ་ཤེས་པ་བྱའོ། །རྫོགས་པ་ཆེན་པོ་འདིའི་བརྗོད་བྱའི་ངོ་ཏི་ཟང་མ་ནི་གནས་ལུགས་དེ་ཡིན་པས། ཁྲེག་གཅོད་ཅེས་བྱ། རྗེན་པ་ཞེས་བྱ། ཟང་ཐལ་ཞེས་བྱ། ཡེ་གྲོལ་ཞེས་བྱ། ཀ་དག་ཅེས་བྱ། ལྷུན་གྲུབ་ཅེས་བྱ་ཡང་མིང་སོ་སོ་ལས་དོན་ཐིག་ལེ་ཉག་གཅིག་ཟང་མ་རྗེན་པ་འདི་ཀ་ཡིན་པས་གནད་འདི་ཤིན་ཏུ་གསལ་བར་བཤད་དེ། སྙིང་ཐིག་གི་དགོངས་བའི་མཐར་ཐུག་ནི་འདི་ཁོ་ན་ཡིན་པས་གནད་འདི་རྟོགས་དུས་ཆེད་དུ་བྱ་བ་དང་རྩོལ་བ་མེད་པས། དབང་པོ་ཡང་རབ་མ་བསྒོམས་པར་སངས་རྒྱས་པའི་ཆོས་ཞེས་བྱ་སྟེ། བསྒོམ་བྱ་དང་སྒོམ་བྱེད། བསྐྱེད་བྱ་དང་སྐྱོང་བྱེད་ལ་སོགས་པ་གང་ཡང་མེད་དོ། །ཞེས་གསུངས་པ་ལྟར་འདིར་རྩལ་དང་ངོ་བོ་གཉིས་ཐ་དད་དུ་གསུངས་པ་དང་། འོག་ཏུ། མི་རྟོག་པ་ཡི་རང་བྱུང་ཡེ་ཤེས་ལྔ། །སེམས་ཀྱི་རང་བཞིན་དབང་པོ་སྒོ་ལྔར་གསལ། །ཞེས་གསུངས་པ་ལ་སོགས་པ་སྐབས་སྐབས་སུ་རྟོག་ཚོགས་གང་ཤར་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཡིན་པར་གསུངས་པ་གཉིས་དོན་མི་འགལ་བར་ཤེས་པར་བྱའོ། །བཞི་པ་ནི། དེ་ལྟ་བུའི་གཞི་གནས་རང་བྱུང་གི་ཡེ་ཤེས་དེ་ལ་ཡུལ་མེད་པ་རྒྱུ་མཚན་ཅིའི་ཕྱིར་ཡིན་སྙམ་ན་འདི་ལྟར་གང་ཞིག་རིག་པར་བྱ་བའི་ཡུལ་གྱི་རྣམ་པར་གང་སྣང་བ་དེ་ནི་འཆར་གཞིའི་རིག་པ་བྱང་ཆུབ་ཀྱི་སེམས་ཀྱི་རྩལ་ལས་བྱུང་བའི་སྣང་བ་མེད་པ་གསལ་སྣང་ཙམ་ལས་གཞན་ཡུལ་གྱི་ཆོས་སུ་གྲུབ་པ་ཅི་ཡང་མེད་པའི་ཕྱིར་ན། ཡེ་ཤེས་དེེ་ནིི་ཡུལ་ལ་རྟོག་པ་མེད་པའི་རིག་པ་བྱང་ཆུབ་ཀྱི་སེམས་ཉིད་དེ། དེ་ལྟ་བུའི་ཡེ་ཤེས་དེ་ཉིད་རྒྱུ་རྐྱེན་རྩོལ་སྒྲུབ་ལ་མི་ལྟོས་པར་རང་ལས་བྱུང་བའི་ཏིང་འཛིན་ནམ་རིག་པ་རང་གནས་ཀྱི་བསམ་གཏན་དང་ཆུ་ལ་རླན་ལྟར་ཡེ་ནས་འདུ་འབྲལ་མེད་པར་གནས་པའི་ཕྱིར་ན། དེ་ལ་གཞན་དུ་རྩེ་གཅིག་ཏུ་གནས་པའི་ཐུན་མོང་སེམས་འཛིན་གྱི་ཞིི་གནས་སམ་ཏིང་ངེ་འཛིན་སྒོམ་པར་མི་བྱེད་པའམ་བསྒོམ་མི་དགོས་ལ་དེ་ལྟར་ཏིང་ངེ་འཛིན་སྒོམ་པ་ཡི་ཞེན་འཛིན་གྱི་འཆིང་བར་མི་བྱེད་པས་ན། །ཁམས་གོང་མར་འཕེན་པའི་ལས་ཏིང་ངེ་འཛིན་གྱི་བག་ཆགས་སོག་པར་མི་འགྱུར་ཞིང་། དེས་ན་དེ་ལྟ་བུའི་བག་ཆགས་མེད་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་རང་གསལ་རྗེན་པའི་ངོ་བོ་དེ་ནི། དུས་གསུམ་གྱི་སངས་རྒྱས་ཀུན་གྱི་དགོངས་པ་མ་བཅོས་པ་ཡིན་པར་བཤད་དེ། ཅིས་ཕྱིར་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ནི་ཡེེ་ནས་མ་བཅོས་པའི་གཤིས་ལུགས་ཡུལ་གང་ལའང་མི་རྟོག་པ་སྟེ། མ་བཅོས་མཉམ་པ་ཉིད་ཀྱི་རང་བཞིན་དུ་གནས་པ་ཡིན་པའི་ཕྱིར་རོ། །ལྔ་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་རིག་པ་རང་བྱུང་གི་ཡེ་ཤེས་འོད་གསལ་སྤྲོས་པ་དང་བྲལ་བའི་ཐུགས་དེ་ལ། ཡེ་ནས་རྣམ་པར་རྟོག་པ་མེད་པའི་ཕྱིར་ན། ཡུལ་གང་ལའང་སངས་རྒྱས་རྣམས་ཀྱིས་དགོངས་པར་རང་བྱུང་གི་ཡེ་ཤེས་དེས་རྟོག་ཅིང་དཔྱོད་པར་མི་མཛད་དེ། འདི་ལྟར་རྟོག་ཅིང་དཔྱོད་པའི་ཡུལ་ནིི་གཟུང་བ་དང་འཛིན་པའི་མཚན་ཉིད་ཅན་ཡིན་ན། སངས་རྒྱས་རྣམས་ནི་གཟུང་འཛིན་གྱི་སྤྲོས་པ་ཀུན་དང་བྲལ་བ་ཡིན་པའི་ཕྱིར་རོ། །དེས་ན་ཤིན་ཏུ་རྣལ་འབྱོར་ཨ་ཏི་རྫོགས་པ་ཆེན་པོའི་དོན་ལ་གཞོལ་བའི་གང་ཟག་སྐལ་བ་དང་ལྡན་པ་གང་སུ་རུང་བ་དེ་ཡིས་ནི། ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་རྣམ་པར་རྟོག་པ་མེད་པའི་དོན་ལ་གནས་བྱ་གནས་བྱེད་མེད་པར་དགག་སྒྲུབ་སྤང་བླང་དང་བྲལ་བའི་ཚུལ་གྱིས་གནས་པར་གྱུར་ན། དེ་ནི་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་དགོངས་པ་ཆོས་སྐུ་མཉམ་པ་ཆེན་པོ་མངོན་དུ་མཛད་པ་ཡིན་ནོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་སེམས་ཀྱི་ཀློང་ཆེན་ངང་ཉིད་ལས། །དྲན་པའི་རྣམ་པར་རྟོག་པ་མི་འབྱུང་སྟེ། །ཤེས་པའི་མཚན་མ་ཡིད་ལ་མི་གཡོ་ན། །དེ་ཉིད་སངས་རྒྱས་ཉག་གཅིག་དགོངས་པ་ཡིན། །ཞེས་པ་ལྟར་རོ། །དྲུག་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རིག་པ་རང་བྱུང་གི་ཡེེ་ཤེས་ཀྱི་ངོ་བོ་ལ་རང་བཞིན་བབས་ཀྱི་བསམ་གཏན་ངང་གིས་གནས་པ་དེས་རྒྱལ་བ་སངས་རྒྱས་ཀྱི་དགོངས་པ་མངོན་སུམ་དུ་མཛད་པ་དེས་ན་རིག་པ་རང་གནས་ཀྱི་བསམ་གཏན་གང་ཞིག་ཏིང་ངེ་འཛིན་རྩེ་གཅིག་ཏུ་གནས་པའི་བློ་དང་བྲལ་བ་དེས། ལས་དང་ཉོན་མོངས་པའི་བག་ཆགས་མི་བསོགས་ཏེ་འདི་ལྟར་རང་བྱུང་གི་ཡེ་ཤེས་རྟོག་མེད་མཉམ་པ་ཉིད་དུ་གནས་པ་དེ་གཟུང་བའི་ཡུལ་ལ་ཞེན་ཅིང་མི་རྟོག་པས་ན། གཟུང་འཛིན་ཉོན་མོངས་པའི་རང་བཞིན་ཅན་གྱི་རྣམ་པར་རྟོག་པའི་བག་ཆགས་ཀྱིས་གོས་པར་མི་འགྱུར་ལ། ཁམས་གོང་མ་གཉིས་སུ་སྐྱེ་འགྱུར་གྱི་ལས་ནི་འཇིག་རྟེན་པའི་ཞི་གནས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་བརྟགས་ཤིང་བསྒོམ་པའི་བག་ཆགས་བསོགས་པ་ཡིན་ན། དེ་ལྟ་བུའི་ཏིང་ངེ་འཛིན་རྣམ་པར་མི་རྟོག་པ་ཡི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ལ་བག་ཆགས་ཡོད་པར་སྟོན་པ་ཀུན་བྱེད་ཉིད་ཀྱིས་མ་གསུངས་སོ། །ཞེས་པའོ། །བདུན་པ་ནི། དེ་ལྟ་བུའི་གཞི་གནས་རང་བྱུང་གི་ཡེ་ཤེས་གདངས་འགག་པ་མེད་པའི་རྩལ་ལས་ཤར་བའི་རྣམ་པར་མི་རྟོག་པ་ཡི་རང་བྱུང་གི་ཡེ་ཤེས་ལྔ་ནི། ད་ལྟ་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་དབང་པོ་སྒོ་ལྔ་ཡི་ཤེས་པ་འདི་ཉིད་ཡིན་པར་བཤད་དེ། འདི་ལྟར་རང་བྱུང་གི་ཡེ་ཤེས་དེེ་ལ་གདངས་འགགས་པ་མེད་པའི་རྩལ་ལས་བྱང་ཆུབ་སེམས་ཀྱི་ངོ་བོ་ཡུལ་ལྔའི་རྣམ་པར་མངོན་དུ་སྣང་བ་ལ་རང་བྱུང་ཡེ་ཤེས་མི་འགག་པར་སྒོ་ལྔའི་ཤེས་པ་སོ་སོར་གསལ་བ་ནི། གཞི་རང་བྱུང་གི་ཡེ་ཤེས་རང་བྱུང་གི་རྐྱེན་གྱིས་སྣང་བའམ་རྩལ་ལས་སྣང་བ་ཁོ་ན་ཡིན་པའི་རྒྱུ་མཚན་དེ་བས་ན། དེ་ལ་རྟོག་པ་རང་མཚན་པར་བལྟས་ནས་སྤང་ཞིང་དོར་བར་བྱེད་པའི་ཐབས་སུ་ཤེས་པ་ཡུལ་ལ་འཇུག་པ་བཀག་ཏེ་མི་རྟོག་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་བསྒོམ་པར་མི་བྱེད་པར་འཆར་གཞིའི་རིག་པ་ཟང་ཐལ་རྗེན་པའི་ཤེས་པ་དེ་ཀའི་ངང་ལ་དགག་སྒྲུབ་སྤང་བླང་མེད་པར་བཞག་པར་བྱ་ལ། དེ་ལྟར་ཡུལ་ཅན་སྒོ་ལྔའི་ཤེས་པ་འཕྲོར་མི་འཇུག་པས་ཏིང་ངེ་འཛིན་རྩེ་གཅིག་པ་ལ་མི་རྟོག་པར། རང་བྱུང་ཡེ་ཤེས་ངང་ལ་མ་བཅོས་པར་བཞག་པས་ཆུ་ལ་ཆུ་བཞག་པ་ལྟར་ངོ་བོ་རང་བྱུང་གི་ཡེ་ཤེས་སུ་རང་གྲོལ་བས་ཏིང་ངེ་འཛིན་རྩེ་གཅིག་པའི་བག་ཆགས་ཀྱང་སོགས་པར་མི་འགྱུར་བས་གཟུང་འཛིན་གཉིས་ལས་གྲོལ་བས་རིག་པ་རང་གནས་ཆེན་པོའི་ཏིང་འཛིན་ལས་ཀྱང་ཉམས་པ་མེད་དེ། ཀློང་དྲུག་ལས། གཟུང་བ་མེད་པའི་སེམས་ཉིད་ལ། །མ་འགགས་རིག་པ་སྣང་བ་ནི། །རོལ་པ་ཆེན་པོའི་ཏིང་འཛིན་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །འཛིན་པ་མེད་པའི་སེམས་ཉིད་ལ། །རང་ཤར་ཆེན་པོའི་སྣང་བ་ནི། མ་འགགས་མི་རྟོག་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཞེས་གསུངས་པ་ལྟར་རོ། །བརྒྱད་པ་ནི། དེ་ལྟར་སྒོ་ལྔའི་ཡུལ་སྣང་གང་ཤར་ཐམས་ཅད་ལ་དགག་བསྒྲུབ་བླང་དོར་ཅི་ཡང་མི་བྱེད་པར་འཆར་གཞིའི་རིག་པ་མ་བཅོས་ཟང་ཐལ་གྱི་ངང་དུ་འཇོག་པ་འདི་ཡང་དུས་གསུམ་སངས་རྒྱས་རྣམས་ཀྱིས་དགོངས་པ་ལ་གནས་པ་སྟེ། དེས་ན་ཡུལ་གང་དུའང་མི་རྟོག་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་འདི་ལ་གང་ཟག་སུ་ཞིག་གནས་པ་དེ་ལ་རྣམ་པར་རྟོག་པ་གང་ཡང་མེད་པས་ཀུན་བྱེད་ང་ཡི་དོན་ལ་ཡང་རེ་དོགས་འབད་རྩོལ་གྱིས་མི་གནས་ཤིང་། དེ་བཞིན་དུ་འགྲོ་བའི་དོན་བསྒྲུབ་པ་ལ་ཡང་ཆེད་དུ་མི་གནས་ཏེ་གཟུང་འཛིན་དམིགས་པའི་གཏད་སོ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དེ་ལྟར་དམིགས་གཏད་དང་རྩོལ་སྒྲུབ་ཀྱི་མཐའ་གང་ལའང་མི་གནས་པ་དེས་ན་ཆོས་སྐུ་བྱང་ཆུབ་སེམས་ཀྱི་ངོ་བོ་རྟོག་མེད་མཉམ་པ་ཉིད་ལ་གང་ཟག་སྐལ་པ་དང་ལྡན་པ་འདི་ཉིད་གནས་པ་ཡིན་ཏེ་གནས་བྱ་གནས་བྱེད་ལ་སོགས་པའི་དམིགས་འཛིན་གྱི་བློ་ཐམས་ཅད་དང་བྲལ་བ་དེ་ནི་རྟོག་བྲལ་མཉམ་པ་ཉིད་ཀྱི་དགོངས་པ་ཡིན་གྱི་དེ་ལས་གཞན་དུ་གནས་བྱ་གནས་བྱེད་ལ་སོགས་པའི་བློ་ཡོད་ན་ཆོས་སྐུ་མཉམ་པ་ཉིད་ཀྱི་དོན་དང་འགལ་བའི་ཕྱིར་ཏེ། ཀློང་ཆེན་ལས། བལྟ་བྱ་ལྟ་བྱེད་གཉིས་སུ་མེད། །གཉིས་མེད་མཉམ་པའི་ཀློང་དུ་གྲོལ། །མཉམ་པ་ཉིད་ལ་ལྟ་བྱེད་ན། །མི་མཉམ་སྤང་པས་ལོག་རྟོག་སྟེ། །དེ་ཡང་གཉིས་སྣང་འཁྲུལ་པའི་བློ། །ཞེས་གསུངས་པ་ལྟར་རོ། །དེས་ན་གང་དུའང་རྣམ་པར་མི་རྟོག་པ་དེ་ལ་དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་ཡང་ངམ་ངམ་ཤུགས་ཀྱིས་འདུས་པ་ཡིན་ཏེ། དེ་ཉིད་ལས། ཅིར་ཡང་མི་སྣང་མི་དམིགས་དང་། །གང་ཡང་མ་མཐོང་ཅིར་མ་སྒོམས། །ངེས་པའི་དོན་ལ་བལྟས་པས་གསལ། །སངས་རྒྱས་རྣམས་ཀྱི་གྲུབ་པའི་མཐའ། །སྐྱེ་འགགས་མེད་པའི་དོན་འདི་ཉིད། །རྒྱལ་བ་ཀུན་གྱི་ལམ་པོ་ཆེ། །འདི་ལས་གཞན་པའི་དགོངས་པ་ནི། །སངས་རྒྱས་རྣམས་ལ་ཡོངས་མི་མངའ། །ཞེས་སོ། །དགུ་པ་ནི། ཀྱེ་སེམས་དཔའ་ཆེན་པོ་གོང་དུ་བཤད་པའི་དབང་པོ་སྒོ་ལྔའི་སྣང་ཡུལ་ཐམས་ཅད་མ་འགག་པར་རྟོག་བྲལ་མངོན་སུམ་གྱི་ཤེས་པ་དེ་རང་བྱུང་ཡེ་ཤེས་སུ་བསྟན་པའི་ཚིག་དོན་འདི་ཡིས་རང་གི་རིག་པ་རྟོག་བྲལ་རང་བྱུང་གི་ཡེ་ཤེས་ཉིད་ཉམས་སུ་མྱོང་བའམ་མངོན་སུམ་ཉིད་དུ་རྟོགས་པར་གྱིས་ཤིག །དེ་ཡང་ཇི་ལྟར་ན་རང་བྱུང་གི་ཡེ་ཤེས་ཉིད་གསལ་ལ་འགག་པ་མེད་པས་ཡུལ་གྱི་སྣང་ཚུལ་ལ་ལྟོས་ནས་རྣམ་པ་ལྔར་གནས་པའམ་སྣང་བའི་རྟོག་བྲལ་མངོན་སུམ་གྱི་ཡེ་ཤེས་རྣམ་པ་ལྔ་ནིི། ཡུལ་གཟུགས་སྒྲ་ལ་སོགས་པའི་རྣམ་པ་ལྔ་ལ་གཉིས་འཛིན་ཞེན་པའི་བློ་ཡིས་འདོད་ཅིང་ཆགས་པའི་རྟོག་པ་དང་བཅས་པ་མ་ཡིན་པར། ཡུལ་འདོད་ཡོན་ལྔ་ནི་རྟོག་བྲལ་གྱི་ཡེ་ཤེས་ལྔ་ལ་མེ་ལོང་དུ་གཟུགས་བརྙན་ལྟར་སྣང་བ་ཡིན་པས། དཔེར་ན་གཟུགས་བརྙན་དེ་མེ་ལོང་ལས་གཞན་དུ་མེད་པ་ལྟར་ཡུལ་ལྔའི་རྣམ་པར་སྣང་བ་དེ་ཐམས་ཅད་ཐ་དད་དུ་གྲུབ་པ་ཅི་ཡང་མེད་པར་ཡེ་ནས་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར། ཡུལ་དང་ཡེ་ཤེས་གཉིས་སུ་ཡོད་པར་ཀུན་བྱེད་ངས་མ་བསྟན་པ་དེས་ན་ཡུལ་གྱི་རྣམ་པར་སྣང་བ་ཡང་རང་བྱུང་གི་ཡེ་ཤེས་ཡིན་པས་སྣང་སེམས་ཐམས་ཅད་གཉིས་མེད་རང་བྱུང་གི་ཡེ་ཤེས་སུ་ཤེས་པར་གྱིས་ཤིག་ཅེས་པ་སྟེ། ཀློང་ཆེན་རབ་འབྱམས་ལས། སྣང་གྲགས་མཐོང་ཐོས་སྒོ་ལྔ་རང་སར་གྲོལ། །རང་ཞལ་རང་གིས་མཐོང་བས་ཡུལ་གཞན་མེད། །ཞེས་དང་། ཀློང་དྲུག་ལས། མཉམ་པ་ཆེན་པོའི་སེམས་ཉིད་ལ། །ཁྱབ་གདལ་ཆེན་པོའི་སྤྲུལ་སྣང་བས། །གཉིས་མེད་སྣང་བ་ཡེ་གྲོལ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །མཚན་མ་མེད་པའི་སེམས་ཉིད་ལ། །ཆོས་རྣམས་གྲངས་སུ་སྣང་བ་ནི། །རང་གྲོལ་གཉིས་མེད་ཅེས་བྱ་བར། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། འདི་ལྟར་ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཉིད་རང་བྱུང་གི་ཡེ་ཤེས་གཅིག་ལས་མེད་པ་ལ་རྣམ་པ་གྲངས་ཀྱི་དབྱེ་བ་དུ་མར་བསྟན་པ་ནི། ཀུན་བྱེད་ང་ལས་བྱུང་བའི་འཁོར་གྱི་སྟོན་པ་སྐུ་གསུམ་པོ་དེ་ཡིས་དྲང་བའི་དོན་དུ་བསྟན་པ་ཡིན་ལ། དེས་ན་རང་བྱུང་གི་ཡེ་ཤེས་རང་གསལ་དུ་ཤར་བ་ལས་གཞན་དུ་ཡུལ་ཡུལ་ཅན་གཟུང་འཛིན་གྱི་རྣམ་པ་ཅན་གང་ཡང་མེད་པ་ལ། དེ་ལྟར་མ་ཤེས་པའི་དབང་གིས་ཡུལ་ལ་བརྟེན་ནས་སྐྱེས་པའི་ཤེས་པ་ཕྱིར་བལྟས་དྲུག་ལ་དྲན་པས་མ་ཡེངས་བར་བཟུང་བ་ཡེ་ཤེས་དང་། ཡེངས་ན་གཟུང་འཛིན་གྱི་རྣམ་རྟོག་ཡིན་པར་བལྟས་ནས་དྲན་འཛིན་གྱི་རྟོག་པ་རྒྱུན་སྤེལ་བ་ལ་རང་བྱུང་གི་ཡེ་ཤེས་སུ་མིང་བཏགས་པ་ཡི་རྣམ་པ་གྲངས་ཀྱི་ཡེ་ཤེས་སམ་ཡེ་ཤེས་རྣམ་གྲངས་པ་ཙམ་བྱུང་བ་ཡིན་ཏེ། དེ་ནི་རྣམ་པར་རྟོགས་ཤིང་དཔྱོད་པར་བྱེད་པ་ཡི་བློ་འམ་ཡེེ་ཤེས་གཅིག་གིས་ནི་ཡུལ་ལྔའི་སྣང་བ་ཐམས་ཅད་དོན་ལ་རང་བྱུང་གི་ཡེ་ཤེས་གཅིག་གི་རང་བཞིན་ཡུལ་ལྔའི་རྣམ་པ་སོ་སོར་སྣང་བ་ཡིན་པ་ལ། དེ་ལྟར་མ་རྟོགས་པར་ཡུལ་ཅན་རང་བྱུང་གི་ཡེ་ཤེས་དེ་ལ་ནི་ཡུལ་གཟུགས་སྒྲ་ལ་སོགས་པ་གཟུང་བའི་མཚན་ཉིད་ཅན་གྱི་མིང་བཏགས་ཏེ་ཡུལ་ཡུལ་ཅན་གཟུང་འཛིན་གྱི་རྣམ་པ་ཐ་དད་པར་བལྟས་ཏེ་དགག་བསྒྲུབ་སྤང་བླང་བྱེད་པ་ཡིན་པས་དེ་ནི་བྱང་ཆུབ་སེམས་ཀྱི་གནས་ཚུལ་ཇི་བཞིན་དུ་གཏན་ལ་ཕེབ་པའི་ངེས་པ་དོན་གྱི་ལུང་མ་ཡིན་པར་གཉིས་སྣང་འཁྲུལ་པས་བརྟགས་པ་ཡིན་པས་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་གནས་ལུགས་རང་བྱུང་གི་ཡེ་ཤེས་ཇི་བཞིན་དུ་རྟོག་པ་མིན་པར་གསུངས་སོ། །གསུམ་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པ་ནི། གོང་དུ་ཇི་སྐད་བསྟན་པ་དེ་ལྟ་བུའི་ཕྱིར་ན་འདི་ལྟར་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་ཀུན་བྱེད་ང་ཡི་རང་བཞིན་གཅིག་བུ་དེ་ལྟར་སྣང་བ་ཡིན་པ་ལ། རྒྱལ་བ་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་རང་རང་ལ་འདུས་པའི་འཁོར་གྱི་འདོད་པ་མི་འདྲ་བ་སྣ་ཚོགས་ཡོད་པ་ལ། དེ་རྣམས་ཀྱིས་ཇི་ལྟར་འདོད་པའམ་ཁམས་དབང་མོས་པ་དང་འཚམས་པར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་གཅིག་པུ་དེ་ལ་མིང་མི་འདྲ་བ་སོ་སོར་བཏགས་ཤིང་བསྟན་པ་ནི་འདི་ལྟ་སྟེ་ཞེས་མདོར་བསྟན་པའོ། །གཉིས་པ་ནི། དེ་ཡང་གང་དང་གང་ཞེ་ན་འདི་ལྟར་ཀུན་བྱེད་ཉིད་ཀྱི་རང་བཞིན་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ལ་མཚན་མའི་སྐྱོན་གྱིས་ཡེ་ནས་མ་གོས་པར་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཚུལ་དུ་ཆོས་ཀུན་གྱི་སྙིང་པོར་བཞུགས་པའི་ཆ་ནས་ལ་ལས་བྱང་ཆུབ་ཀྱི་སེམས་སུ་མིང་བཏགས་ལ། ལ་ལས་གནས་ལུགས་རང་བྱུང་གི་ཡེ་ཤེས་དེ་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་ཆ་ནས་ཆོས་ཀྱི་དབྱིངས་ཞེས་སུ་མིང་ཡང་བཏགས་ལ། ལ་ལས་གདོད་ནས་སྐྱེ་བ་མེད་པ་ཡེ་སྟོང་འདུས་མ་བྱས་པ་ཡིན་པའི་ཆ་ནས་ནམ་མཁའི་ཁམས་སུ་མིང་ཡང་བཏགས་པ་དང་། ལ་ལས་རྒྱུ་རྐྱེན་གཞན་གྱི་མ་བསྐྱེད་པར་རང་བྱུང་ལྷུན་གྱིས་གྲུབ་པའི་ངོ་བོ་ཡིན་པའི་ཆ་ནས་རང་བྱུང་གི་ཡེ་ཤེས་ཞེས་སུ་མིང་ཡང་བཏགས་པ་དང་། ལ་ལས་ཆོས་དབྱིངས་འདུས་མ་བྱས་པའི་ཡེ་ཤེས་གང་ཞིག་གཞི་གནས་ཀྱི་ཡོན་ཏན་ཀུན་གྱི་རྟེན་དུ་གྱུར་པའི་ཆ་ནས་ཆོས་ཀྱི་སྐུ་རུ་མིང་ཡང་བཏགས་པ་ཡིན་ལ། ལ་ལས་འདོད་པའི་ཡོན་ཏན་ཐམས་ཅད་མ་འགགས་རྒྱན་དུ་ཤར་ཞིང་རང་སྣང་ལ་རང་གི་སྤྱོད་པའི་ཆ་ནས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་པར་མིང་ཡང་བཏགས་པ་དང་། ལ་ལས་ཐུགས་རྗེའི་གདངས་འགགས་པ་མེད་པའི་རྩལ་སྣང་རྣམ་པ་ཐམས་ཅད་པ་ཅིར་ཡང་ཤར་བའི་ཆ་ནས་གང་འདུལ་སྤྲུལ་པའི་སྐུ་རུ་མིང་ཡང་བཏགས་པ་དང་། ལ་ལས་རང་བཞིན་ངོ་བོ་ཐུགས་རྗེ་གསུམ་གྱི་རྩལ་ལས་གསང་གསུམ་གྱི་རོལ་པ་མི་ཟད་རྒྱན་གྱི་འཁོར་ལོར་སྣང་བའི་ཆ་ནས་རྒྱལ་བའི་སྐུ་གསུང་ཐུགས་སུ་མིང་ཡང་བཏགས་པ་དང་། ལ་ལས་སེམས་ཉིད་རང་བྱུང་གི་ཀློང་དུ་ཤེས་བྱའི་རྣམ་པ་ཐམས་ཅད་མཚོ་ལ་གཟའ་སྐར་བཀྲ་བ་བཞིན་དུ་མ་འདྲེས་ལ་སོ་སོར་གསལ་བའི་ཆ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་པར་མིང་ཡང་བཏགས་པ་དང་། ལ་ལས་སྟོང་པ་ཁོ་ནའི་ཕྱོགས་སུ་མ་ལྷུང་བར་འོད་གསལ་ལྷུན་གྲུབ་ཀྱི་སྣང་ཆ་དང་འདུ་འབྲལ་མེད་པར་སྲིད་ཞི་ཡོངས་ཀྱི་སྤྱི་དཔལ་ཆེན་པོར་བཞུགས་པའི་ཆ་ནས་རྣམ་པ་ཐམས་ཅད་པ་ཞེས་སུ་མིང་ཡང་བཏགས་པ་དང་། ལ་ལས་འཆར་གཞི་རང་བྱུང་གི་ངོ་བོ་ཆོས་དབྱིངས་འདུས་མ་བྱས་པའི་ཡེ་ཤེས་དེ་ཉིད་ཀྱི་ངང་ལས་མེ་ལོང་མཉམ་ཉིད་སོར་རྟོག་བྱ་གྲུབ་ཡེ་ཤེས་བཞི་མ་འདྲེས་པར་འཆར་བའི་ཆ་ནས་ཡེ་ཤེས་བཞི་རུ་བཏགས་པ་དང་། ལ་ལས་དབྱིངས་ནང་གསལ་གྱི་ཡེ་ཤེས་གསུམ་དང་འདུ་འབྲལ་མེད་པའི་ཆ་ནས་ཡེ་ཤེས་རྣམ་པ་གསུམ་དུ་ཡང་བཏགས་པ་ཡིན་ལ། ལ་ལས་རིག་པའི་རང་བཞིན་གདོད་ནས་སྐྱེ་བ་མེད་པ་དང་། རྣམ་པ་གསལ་ལ་རྟོག་པ་མེད་པ་དང་། མཚན་ཉིད་བཟང་ངན་དབྱེ་བ་མེད་པ་དང་། སྣང་ཚུལ་མ་འདྲེས་སོ་སོར་སྣང་བ་དང་། ཀུན་ལ་ཐོག་མེད་མངའ་དབང་བསྒྱུར་བ་སྟེ་མཚན་ཉིད་ལྔ་དང་ལྡན་པའི་ཆ་ནས་ཆོས་ཀྱི་དབྱིངས་ཡེ་ཤེས་ལ་སོགས་པའི་ཡེ་ཤེས་རྣམ་པ་ལྔ་རུ་མིང་ཡང་བཏགས་པ་སྟེ། བང་མཛོད་འཕྲུལ་ལྡེ་ལས། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །མ་བཅོས་རྣལ་དུ་བཞག་པ་ནི། །དེ་ནི་ཆོས་དབྱིངས་ཡེ་ཤེས་ཡིན། །གསལ་ལ་རྟོག་པ་མེད་པ་ནི། །དེ་ནི་མེ་ལོང་ཡེ་ཤེས་ཡིན། །སེམས་ལ་དབྱེ་བ་མེད་པ་ནི། །དེ་ནི་མཉམ་ཉིད་ཡེ་ཤེས་ཡིན། །སྣང་ཚུལ་ཅིར་ཡང་སྣང་བ་ནི། །དེ་ནི་ཀུན་རྟོག་ཡེ་ཤེས་ཡིན། །སེམས་ཀྱིས་ཀུན་ལ་དབང་བསྒྱུར་བས། །དེ་ནི་བྱ་གྲུབ་ཡེ་ཤེས་ཡིན། །ཞེས་པ་ལྟར་ལ། ལ་ལས་རང་བཞིན་སྐྱེ་མེད་སྤྲོས་པ་དང་བྲལ་བ་དང་། ངོ་བོ་རང་གསལ་འགག་པ་མེད་པ་གཉིས་ཀྱི་ཆ་ནས་དབྱིངས་དང་ཡེ་ཤེས་གཉིས་སུ་ཡང་མིང་བཏགས་པ་དེ་དག་ཐམས་ཅད་དོན་ལ་ཀུན་བྱེད་རྒྱལ་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ཉིད་གཅིག་པུ་ལ་བཏགས་པ་ཡིན་པར་གསུངས་སོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་འཁོར་གྱི་གདུལ་བྱ་རྣམས་ཀྱི་བློ་དང་འཚམས་པར་མིང་སོ་སོར་བཏགས་པ་དེ་ཐམས་ཅད་དོན་ལ་རང་བྱུང་གི་ཡེ་ཤེས་རིག་པ་བྱང་ཆུབ་ཀྱི་སེམས་ནི་གཅིག་ལ་བཏགས་པ་ཡིན་པས། འདོག་ཡུལ་ཐ་དད་དུ་མེད་པར་རང་བྱུང་སྙིང་པོའི་ཡེ་ཤེས་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ང་ལ་གདུལ་བྱ་སོ་སོའི་མཐོང་ཚད་སྨྲས་པ་ཡིན་པ་དེས་ན། མིང་གིས་བརྗོད་ཚུལ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱི་བརྗོད་བྱའི་དོན་ནི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་འདི་ཉིད་གཅིག་པུ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་སོ། །དེ་ལྟར་གཏན་ལ་འབེབ་པའི་མདོ་ལུང་བཅུ་དགོངས་པ་དང་བཅས་པས་ཐེག་པ་འོག་མའི་གྲུབ་མཐའ་ངན་པའི་བྲག་རི་མཐོན་པོར་གྱུར་པ་རྣམས་འཇིག་ཅིང་རང་གི་གནས་ལུགས་ཕྱིན་ཅི་མ་ལོག་པའི་དགོངས་དོན་གསལ་བར་བྱེད་པས་རྡོ་རྗེ་ཕ་ལམ་དང་། གཟི་ལྡན་ཉི་མའི་སྙིང་པོ་ལྟར་བཤད་པ་ཡིན་ནོ། །ལེའུའི་མཚན་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རང་བྱུང་གི་ཡེ་ཤེས་བསྟན་པའི་ལེའུ་སྟེ་ལྔ་བཅུ་པའི་འགྲེལ་བའོ།། ༈ །།དོན་གཉིས་པ་དགོངས་པ་ཀུན་འདུས་ཀྱི་ལེའུ་གསུམ་ལས། དང་པོ་སེམས་ཉིད་དོན་གྱི་སངས་རྒྱས་མ་བཙལ་ལྷུན་གྱིས་གྲུབ་པ། ད་ལྟ་ཉིད་ནས་རང་ཆས་སུ་རང་ལ་གྲུབ་པ་ལམ་ལ་བགྲོད་དུ་མེད་པར་བསྟན་པའི་ལེའུ་ང་གཅིག་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་རང་བྱུང་ཡེ་ཤེས་ཀྱི་ངོ་བོ་ལ་ཅི་སྣང་ཐམས་ཅད་གདོད་ནས་དག་པས་གང་གིས་ཀྱང་བསྒྲིབས་པ་མེད་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས། འདི་ལྟར་སྣང་བའི་ཆོས་ཐམས་ཅད་སེམས་ཉིད་རྫོགས་པ་ཆེན་པོའི་ངོ་བོར་མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པར་སངས་རྒྱས་ཟིན་པས་དེ་ལས་གཞན་དུ་ལམ་ལ་བགྲོད་དུ་མེད་པ་འདི་གསུངས་སོ། །གཉིས་པ་རྒྱས་པ་བཤད་པ་ལ་དྲུག་སྟེ། ནམ་མཁའ་ལྟ་བུའི་སེམས་ཉིད་ལ་ཡོན་ཏན་ལྷུན་གྱིས་རྫོགས་པས་ལམ་ལ་བགྲོད་མི་དགོས་པར་བསྟན་པ། བགྲོད་པས་མི་ཕྱིན་པའི་རྒྱུ་མཚན་དགོད་པ། མ་བགྲོད་ལྷུན་གྱིས་གྲུབ་པའི་དོན་ལ་གདམས་པ། བགྲོད་དུ་མེད་པའི་ལམ་ལ་བགྲོད་པའི་སྐྱོན་བཤད་པ། འབྲས་བུ་བསྒྲུབ་ཏུ་མེད་པས་སྙིང་པོའི་ཆོས་ཉིད་དུ་ལ་བཟླ་བ། རྩོལ་སྒྲུབ་ཅན་དྲང་བའི་ལུང་གིས་གཉིས་མེད་དོན་གྱི་དགོངས་པ་མི་རྟོགས་པའོ། །དང་པོ་ལ་གཉིས་ཏེ། སྐུ་གསུམ་སེམས་ཉིད་ཀྱི་ངང་ལ་ལྷུན་གྱིས་གྲུབ་ཚུལ་དང་། མཐར་ཐུག་གི་བགྲོད་པ་དེ་ཉིད་ལས་གཞན་ན་མེད་པར་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་སྙིང་པོ་བྱང་ཆུབ་སེམས་ཀྱི་ལམ་ལ་བགྲོད་དུ་མེད་པའི་ཚུལ་འདི་ཉོན་ཅིག །དེ་ལ་ཆོས་ཐམས་ཅད་ཀྱི་སྙིང་པོ་ཀུན་བྱེད་རྒྱལ་པོ་ཞེས་སུ་གྲགས་པ་ང་ནི་འགྲོ་བ་ཀུན་གྱི་སེམས་ཀྱི་ཆོས་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་ལ། སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀུན་གྱི་མ་བགྲོད་ཡེ་ནས་ཕྱིན་པའི་ལམ་ཆེན་པོ་ཡིན་ཏེ། འདི་ལྟར་སྐུ་གསུམ་གྱིས་བསྡུས་པའི་སངས་རྒྱས་ཐམས་ཅད་གང་ལས་བྱུང་བའི་གནས་དང་བཞུགས་པའི་ཡུལ་དང་། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་བརྟེན་པའི་གཞིར་གྱུར་པའི་ས་དང་གསུམ་ནི་གཞན་ན་ཅི་ཡང་མེད་དེ་སེམས་ཉིད་རང་བྱུང་གི་ཡེ་ཤེས་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་འདི་ནི་ཡེ་ནས་མ་བཙལ་རང་བཞིན་གྱི་ཚུལ་དུ་གནས་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཚུལ་ཇི་ལྟ་བུ་ཞེས་ན་འདི་ལྟར་ཆོས་སྐུའི་གནས་འོག་མིན་ཀྱི་དབྱིངས་ཡི་ཞིང་ཁམས་དང་། ལོངས་སྐུའི་གནས་ཆོས་ཉིད་སྐྱེ་བ་མེད་པའི་རང་མདངས་ལྷུན་སྟུག་པོ་བཀོད་པའི་ཞིང་ཡང་སྙིང་པོ་བྱང་ཆུབ་སེམས་ཀྱི་ཀློང་འདི་ན་གནས་པའམ་འདི་ལས་གཞན་དུ་མེད་པ་ཡིན་ལ། སྤྲུལ་སྐུའི་གནས་ནམ་མཁའི་ཁམས་གྱིས་གར་ཁྱབ་ཐམས་ཅད་རྒྱལ་བའི་ཞིང་གིས་ཁྱབ་པར་སྣང་བ་རྣམས་དང་སྐུ་གསུམ་པོ་དེ་ཡི་གཞལ་ཡས་ཁང་བཀོད་པ་ལྷུན་གྱིས་གྲུབ་པའི་རང་བཞིན་ཅན་དུ་སྣང་བ་དེ་དང་བཅས་པ་ཐམས་ཅད་སེམས་ཉིད་རང་བྱུང་ཡེ་ཤེས་སྲིད་ཞི་ཀུན་ཁྱབ་ཆེན་པོའི་ཀློང་འདི་ན་གནས་པ་ཡིན་པས་དེ་ལས་གཞན་ན་སངས་རྒྱས་ཀྱི་ས་རུ་བགྲོད་དུ་ཡོད་པ་མ་ཡིན་ནོ་ཞེས་པའོ། །གཉིས་པ་ནི། དེ་ལྟར་སངས་རྒྱས་ཀྱི་ས་དང་ཡུལ་ནི་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་པས་ན། གཞན་དུ་བགྲོད་པས་ཕྱིན་པའི་ལམ་དང་གནས་པའི་ས་ནི་གང་ཡང་མེད་དེ། ཅིའི་ཕྱིར་ན་ཆོས་དབྱིངས་ཀུན་ཁྱབ་ཆེན་པོ་རིག་པ་བྱང་ཆུབ་ཀྱི་སེམས་ནི་དཔེ་ནམ་མཁའི་ཁམས་དང་མཚུངས་པ་ཡིན་པར་གསུངས་ཏེ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ནམ་མཁའི་ངོ་བོ་གཟུང་དུ་མེད། །ཆོས་ཉིད་ངོ་བོ་དེ་བཞིན་ནོ། །ནམ་མཁའི་མཚན་ཉིད་འགྲོ་འོང་མེད། །ཆོས་ཉིད་ངོ་བོ་དེ་བཞིན་ནོ། །ནམ་མཁའི་མཚན་ཉིད་འདུ་འབྲལ་མེད། །ཆོས་ཉིད་ངོ་བོ་དེ་བཞིན་ནོ། །ནམ་མཁའི་མཚན་ཉིད་བྱ་བཙལ་མེད། །ཆོས་ཉིད་ངོ་བོ་དེ་བཞིན་ནོ། །ནམ་མཁའི་མཚན་ཉིད་མཐའ་དབུས་མེད། །ཆོས་ཉིད་ངོ་བོ་དེ་བཞིན་ནོ། །ནམ་མཁའི་མཚན་ཉིད་སྟེང་འོག་མེད། །ཆོས་ཉིད་ངོ་བོ་དེ་བཞིན་ནོ། །ཞེས་པ་ལ་སོགས་པས་བསྟན་པ་བཞིན་ཡིན་པ་དེས་ན་སེམས་ཉིད་རང་བྱུང་གི་ཡེ་ཤེས་ནམ་མཁའ་ལྟ་བུ་འདི་ཉིད་ཀྱི་ཀློང་ལས་གཞན་དུ་བགྲོད་པས་ཕྱིན་པ་མེད་དེ་དཔེ་ནམ་མཁའི་ཀློང་ལས་གཞན་དུ་འགྲོ་བར་འདོད་ནས་ལམ་ལ་བགྲོད་ཀྱང་ནམ་མཁའ་མེད་པའི་གནས་གཞན་དུ་ཕྱིན་པ་མེད་པ་དང་འདྲ་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག་དང་། དེ་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ལམ་ལ་བགྲོད་མི་དགོས་པའི་རྒྱུ་མཚན་ནི། འདི་ལྟར་ལམ་ལ་བགྲོད་པས་གདོད་འབྲས་བུ་སངས་རྒྱས་ཀྱི་སར་ཕྱིན་པ་ཡོད་པར་ལུང་བསྟན་པ་ནི། ཀུན་བྱེད་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས་རང་རང་གི་འཁོར་ལ་གོང་འོག་རིམ་གྱིས་བགྲོད་པར་བྱེད་པའི་ལམ་ནི། མཚན་ཉིད་ཐེག་པའི་ལམ་ལྔ་དང་གསང་སྔགས་ཀྱི་སྐབས་ནས་གསུངས་པའི་ལམ་གསུམ་བསྟན་པ་ཡིན་ཏེ། དེ་ལྟ་བུས་གོང་འོག་རིམ་པ་ཅན་གྱི་ལམ་དེ་ལ་བགྲོད་པས་འབྲས་བུ་སངས་རྒྱས་ཀྱི་སར་ཕྱིན་པར་འདོད་པ་ནི་རྒྱུ་དང་འབྲས་བུ་ཡིན་ཐེག་པ་ཅན་རྣམས་ཀྱིས་འབྲས་བུ་སྔོན་མེད་གསར་དུ་ཐོབ་པར་འདོད་པའི་ལུགས་ཡིན་པའི་ཕྱིར་ན་རྫོགས་པ་ཆེན་པོའི་ཆོས་ཉིད་བགྲོད་དུ་མེད་པའི་དོན་དང་མི་མཐུན་ཏེ་འགལ་བར་གྱུར་པ་ཡིན་པའི་ཕྱིར་ན་རྫོགས་པ་ཆེན་པོའི་ལམ་ལ་བགྲོད་མི་དགོས་ལ། གལ་ཏེ་བགྲོད་པར་བྱས་ཀྱང་ཕྱིན་དུ་མེད་པར་གསུངས་ཏེ། །ཀློང་ཆེན་རབ་འབྱམས་ལས། ཨ་ཏི་ཀུན་སྤང་སྤྱི་ཕུད་ཡང་རྩེ་དང་། །རྩོལ་སྒྲུབ་མེད་པས་ཆོས་ཉིད་བདེ་བརྡལ་པས། །འབད་པས་གྲུབ་ཏུ་རེ་བ་ལམ་སྟེགས་ཙམ། །བོང་འཐེང་ཞོན་ནས་མཚོ་མཐའ་བསྐོར་དང་མཚུངས། །ཀ་དག་ང་ཉིད་མཐོང་བའི་དུས་མེད་པས། །རེ་བ་བྱས་ཀྱང་རང་བློ་ཚི་ཆད་དེ། །སོལ་བའི་མདུང་ཤིང་དཀར་པོར་ག་ལ་འགྱུར། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། མཚན་ཉིད་ཀྱིས་ལམ་ལྔ་བགྲོད་པས་གོལ་བ་དང་། སྔགས་ཀྱིས་ལམ་གསུམ་བགྲོད་པས་གོལ་བ་དང་། དང་པོ་ནི། དེ་ལ་རྒྱུ་འབྲས་ཀྱི་ཐེག་པ་རྣམས་རྫོགས་ཆེན་བགྲོད་དུ་མེད་པའི་ལམ་དང་འགལ་བའི་ཚུལ་དེ་ཇི་ལྟ་བུ་ཡིན་ཞེ་ན་འདི་ལྟར་མཚན་ཉིད་ཐེག་པ་རྣམས་ཀྱིས། དྲན་པ་ཉེ་བར་བཞག་པ་བཞི་དང་། ཡང་དག་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་སྐང་པ་བཞི་རྣམས་དང་ལྡན་པའི་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་དང་། དབང་པོ་ལྔ་དང་སྟོབས་ལྔའི་ངོ་བོར་གྱུར་པ་སྦྱོར་བ་ཡི་ལམ་བཞི་དང་། འཕགས་ལམ་བརྒྱད་ཀྱི་ངོ་བོར་གྱུར་པ་སྒོམ་པའི་ལམ་དང་། བྱང་ཆུབ་ཡན་ལག་བདུན་གྱི་ངོ་བོར་གྱུར་པ་མཐོང་བའི་ལམ་དང་། མཐར་ཐུག་གི་འབྲས་བུ་མངོན་དུ་ཐོབ་པ་མི་སློབ་པའི་ལམ་ལྔར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པ་ལ་བརྟེན་ནས་གཟུང་འཛིན་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་པོ། བག་ཆགས་དང་བཅས་པ་ཆོམས་ཏེ་བསྒོམས་པ་མཐར་ཕྱིན་པས། ཆོས་རྣམས་མངོན་སུམ་དུ་མཐོང་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པའི་ལམ་དེ་ཉིད་ཀྱིས། ཨ་ཏི་རྫོགས་པ་ཆེན་པོས་དེ་ལྟ་བུའི་འབྲས་བུ་སངས་རྒྱས་ཀྱི་གོང་འཕང་དེ་ཡེ་ནས་ཐོབ་ཟིན་པས་ད་གཟོད་བགྲོད་དུ་མེད་པར་ཡེ་ནས་ཕྱིན་པའི་ལམ་ཟབ་མོ་དེ་དང་མ་འཕྲད་པས་ན། བླང་དོར་འབད་རྩོལ་གྱིས་གདུང་བ་མེད་པས་བདེ་ཆེན་རྩོལ་སྒྲུབ་ལས་འདས་པའི་དོན་དེ་མངོན་སུམ་དུ་མཐོང་ཞིང་རྟོགས་པ་ལྟ་ཅི་མིང་ཙམ་ཡང་མི་གྲགས་པས་ན་རྫོགས་ཆེན་གྱི་ལམ་ལས་གཞན་དུ་གོལ་བ་ཡིན་པར་གསུངས་སོ། །གཉིས་པ་ནི། དེ་བཞིན་དུ་འབྲས་བུ་ལམ་བྱེད་ཀྱི་ཐེག་པ་གང་ཞིག་དབང་པོ་བརྟུལ་པོ་རྣམས་ཀྱིས་སྤྱོད་ཡུལ་དུ་མ་གྱུར་བས་ཤིན་ཏུ་གསང་བར་བསྟན་པས་ངེས་གསང་རྡོ་རྗེའི་ཐེག་པ་ཡི་ལམ་ནས་བསྟན་པའི་ལམ་གསུམ་ནི། ཆོས་སྐུ་མངོན་བྱེད་ཀྱི་ལམ་སྟོང་ཆེན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ལོངས་སྐུ་མངོན་བྱེད་ཀྱི་ལམ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང་། ལ་སོགས་པའི་ཁོང་ནས་སྤྲུལ་སྐུ་མངོན་བྱེད་ཀྱི་ལམ་རྒྱུ་ཡི་ཏིང་ངེ་འཛིན་ཏེ། སྐུ་གསུམ་གྱི་ལམ་ཞེས་ཡོངས་སུ་གྲགས་པ་ལ་ཡང་ཡང་གོམས་པར་བྱེད་པའི་སྒོ་ནས་བསྒོམས་པ་དེས་ཀྱང་སྙིང་པོ་རང་བྱུང་གི་ཡེ་ཤེས་ཆོས་ཉིད་སྤྲོས་པ་དང་བྲལ་བའི་དོན་ལ། བསྙེན་བསྒྲུབ་གཉིས་ལ་ནང་གསེས་སུ་རྒྱུ་འབྲས་གཉིས་རེར་ཕྱེ་བའི་བསྙེན་སྒྲུབ་ཡན་ལག་བཞིའི་བགྲོད་པར་འདོད་པའི་རྩོལ་བ་ལ་གནས་པ་ཡིན་པས་རྩོལ་སྒྲུབ་ལས་འདས་པའི་སར་མི་ཕྱིན་པའི་ཕྱིར་ན་རྫོགས་པ་ཆེན་པོའི་ལམ་གྱིས་གོལ་སར་བསྟན་པ་ཡིན་ནོ། །གསུམ་པ་མ་བགྲོད་ལྷུན་གྱིས་གྲུབ་པའི་དོན་ལ་གདམས་པ་ལ་གསུམ་སྟེ། སེམས་ཉིད་སྤྲོས་བྲལ་གྱི་ངང་ན་སྐུ་གསུམ་ལྷུན་གྲུབ་ཏུ་བཞུགས་ཚུལ། དུས་གསུམ་སངས་རྒྱས་ཀྱི་བཞུགས་ཚུལ། དེ་ཉིད་དུས་གསུམ་སངས་རྒྱས་ཡིན་ཚུལ་ལོ། །དང་པོ་ནི། དེ་ལྟར་རྒྱུ་འབྲས་ཀྱི་ཐེག་པ་འོག་མ་པ་རྣམས་ཀྱིས་ལམ་ལ་རྩོལ་སྒྲུབ་ཀྱིས་བགྲོད་པ་ཐམས་ཅད་གོལ་སར་བསྟན་པ་དེ་ལྟར་ན་རྫོགས་པ་ཆེན་པོ་རང་གི་ལམ་དེ་ཇི་ལྟར་ཡིན་སྙམ་ན། འདི་ལྟར་རང་གི་སེམས་ཉིད་རྟག་ཆད་དང་ཡོད་མེད་ལ་སོགས་པའི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་འདི་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཡིན་པས། དེ་ལྟ་བུའི་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཀློང་དེ་ན་སྐུ་གསུམ་གྱི་སངས་རྒྱས་ཐམས་ཅད་ཡེ་ནས་མ་བཙལ་ལྷུན་གྱིས་གྲུབ་པར་བཞུགས་པ་ཡིན་པའི་ཕྱིར། དེ་ལས་གཞན་པའི་འབྲས་བུ་སངས་རྒྱས་ཀྱི་སར་བགྲོད་དུ་མེད་པ་དེ་བས་ན་ལམ་པ་བགྲོད་པར་མ་བྱེད་ཅིག་ཅེས་གདམས་པ་སྟེ། སྐུ་གསུམ་སེམས་ལ་གནས་པའི་ཚུལ། བང་མཛོད་འཕྲུལ་ལྡེ་ལས། མི་གཡོ་རང་བཞིན་གནས་པས་ཆོས་སྐུ་ཡིན། གསལ་ལ་རྟོག་པ་མེད་པས་ལོངས་སྐུ་ཡིན། སེམས་ལ་དབང་ཐོབ་ཅིར་ཡང་བསྒྱུར་ནུས་པས། དེ་ནི་ཐུགས་རྗེ་སྤྲུལ་པའི་སྐུ། །ཞེས་གསུངས་སོ། །གཉིས་པ་ནི། གུ་རུ་རིན་པོ་ཆེའི་ཞལ་ནས། །ད་ལྟའི་ཤེས་རིག་འདི་ཀ་ཡིན་པ་ལ། །འདི་ལ་མི་ཤེས་བྱ་བ་ཅི་ཞིག་ཡོད། །ཅེས་གསུངས་པ་ལྟར་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ཉིད་འགྲོ་བ་ཀུན་ལ་ཡེ་ནས་མ་བསྒྲུབས་པར་ཀུན་ལ་ཁྱབ་ཅིང་ནམ་མཁའ་བཞིན་དུ་གསལ་བ་དེ་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དགོངས་ཀློང་དབྱེར་མེད་གཅིག་གི་ངོ་བོར་བཞུགས་པ་ཡིན་པ་དེ་བས་ན། སངས་རྒྱས་ཞིག་གཞན་ནས་ཐོབ་ཏུ་མེད་པའི་ཕྱིར་ལམ་ལ་བགྲོད་པར་མ་བྱེད་ཅིག་ཅེས་པ་སྟེ། དེ་ཡང་གདུལ་བྱ་རྣམས་ཀྱི་ངོར་སྣང་ཚུལ་གྱི་སྒོ་ནས་དུས་གསུམ་སངས་རྒྱས་ཞེས་བཞག་པ་ཙམ་ལས། དོན་ལ་སངས་རྒྱས་ཐམས་ཅད་འདུས་མ་བྱས་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་ན་དུས་གསུམ་གྱི་དབྱེ་བ་བཞག་ཏུ་མེད་པར་བྱང་ཆུབ་མེད་པར་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་དུ་བཞུགས་པ་ཡིན་ཞིང་། བྱང་ཆུབ་ཀྱི་སེམས་དེ་ནི་དུས་བཞི་མཉམ་པ་ཆེན་པོར་རྟག་ཁྱབ་འཕོ་འགྱུར་དང་བྲལ་བར་གནས་པ་ཡིན་པར་བསྟན་པ་སྟེ། སྔ་མ་ལས། འདས་དང་མ་བྱོན་ད་ལྟར་གྱིས། །དུས་གསུམ་དབྱེ་བ་མེད་པ་རུ། །བྱང་ཆུབ་སེམས་ནི་གནས་པའི་ཕྱིར། །སེམས་ཉིད་དུས་གསུམ་ཁྱབ་པར་རྟོགས། །ཞེས་པ་ལྟར་རོ། །གསུམ་པ་ནི། དེ་ནས་སེམས་ཉིད་ནམ་མཁའ་ལྟ་བུའི་ཀློང་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བཞུགས་ཤིང་གནས་པར་གསུངས་པ་དེ་ཡང་གནས་བྱ་གནས་བྱེད་ཐ་དད་དུ་མེད་པར་རང་གི་སེམས་ཉིད་རང་བྱུང་འོད་གསལ་བའི་ཡེ་ཤེས་སྤང་བླང་དགག་བསྒྲུབ་ཐམས་ཅད་དང་བྲལ་བས་མ་བཅོས་པར་ཆོས་ཉིད་ཡེ་ཇི་བཞིན་པ་ཉིད་དུ་གནས་པ་དེ་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གཉིས་མེད་ཡེ་རྫོགས་ཀྱི་ཚུལ་དུ་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན་ཏེ། མུ་ཏིག་འཕྲེང་བ་ལས། སེམས་ཅན་ཉིད་ཀྱི་དོན་ཤེས་ན། །སངས་རྒྱས་ཉིད་ཀྱང་མ་བཙལ་སྙེད། །ཅེས་གསུངས་པ་བཞིན་ཡིན་པ་དེ་བས་ན་ལམ་ལ་བགྲོད་པའི་རྩོལ་བ་གང་ཡང་མི་དགོས་པས་ན་བགྲོད་པར་མ་བྱེད་ཅིག་ཅེས་གདམས་པའོ། །བཞི་པ་བགྲོད་མེད་ཀྱི་དོན་ལ་བགྲོད་པའི་སྐྱོན་ལ་གཉིས་ཏེ། སེམས་ཉིད་སྤྲོས་པ་དང་བྲལ་བས་བགྲོད་པས་མི་ཕྱིན་པའི་སྐྱོན། བཙལ་དུ་ཡོད་པའི་གཞི་དྲུག་གིས་འབད་ཅིང་བཙལ་བའི་སྐྱོན་ནོ། །དང་པོ་ནི། གལ་ཏེ་གོང་དུ་བཤད་པ་དེ་ལྟར་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་གདོད་ནས་སངས་རྒྱས་པ་ལྷུན་གྲུབ་གཞི་ཡི་སངས་རྒྱས་འདི་ལས་གཞན་པའི། སྐུ་གསུམ་དང་དུས་གསུམ་གྱི་སངས་རྒྱས་གང་ཡང་བཙལ་དུ་མེད་པ་དེ་ལྟར་རིག་པའམ་མ་རྟོགས་པའི་དབང་གིས་བྱ་བྱེད་རྩོལ་སྒྲུབ་ལ་བརྟེན་ནས་ལམ་ལ་བགྲོད་པར་གྱུར་ན། འབྲས་བུ་སངས་རྒྱས་ཀྱི་ས་ཞིག་ལ་ཕྱིན་པའི་དུས་མེད་ལ། དེ་བཞིན་དུ་རྟོག་བྲལ་རང་བྱུང་གི་ཡེ་ཤེས་མ་བསྒྲིབ་མངོན་དུ་གསལ་བ་འདི་ལས་ལྷག་པའི་རྟོགས་པའི་ཡེ་ཤེས་ཁྱད་པར་བ་ཞིག་ཐོབ་པའི་དུས་ཀྱང་མེད་དེ་སེམས་ཉིད་རང་རིག་པའི་ཡེ་ཤེས་འདི་ལས་ལྷག་པ་ཞིག་དུས་གསུམ་རྒྱལ་བ་རྣམས་ཀྱིས་ཀྱང་རྙེད་པར་མ་གསུངས་པའི་ཕྱིར་རོ། །དེས་ན་ལམ་ལ་བགྲོད་པས་སངས་རྒྱས་ཀྱི་ས་རུ་ཕྱིན་པ་མེད་པར་སངས་རྒྱས་ཞེས་པ་རང་གིས་སེམས་ཉིད་རྟོག་པ་དང་བྲལ་བ་འདི་ཉིད་ལས་གཞན་དུ་ཡོད་པ་མ་ཡིན་པའི་ཕྱིར་ན། རེ་དོགས་རྩོལ་སྒྲུབ་ཀྱིས་བགྲོད་པར་བྱས་པས་སླར་ཡང་རྣམ་རྟོག་ཇེ་འཕེལ་ལ་འགྲོ་བས་རང་སེམས་རྟོག་པ་དང་བྲལ་བའི་ས་དེར་མི་ཕྱིན་པར་གསུངས་པ་སྟེ། བྲམ་ཟེ་རྒྱས་པའི་རྒྱུད་ལས། བྱང་ཆུབ་སེམས་ལས་མ་གཏོགས་པའི། །སངས་རྒྱས་སེམས་ཅན་གཉིས་ཀ་མེད། །སངས་རྒྱས་ཀུན་ལས་སེམས་ཉིད་བསྔགས། །སེམས་ཉིད་མ་བཅོས་རྩོལ་དང་བྲལ། །རྩོལ་བྲལ་དེ་ལ་བཅོས་སུ་མེད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་ནི། དེ་ལྟར་སེམས་ཉིད་རང་བྱུང་གི་ཡེ་ཤེས་བཅོས་བསྒྱུར་ཐམས་ཅད་དང་བྲལ་བ་ལ། གལ་ཏེ་ཐེག་པ་འོག་མ་པ་ལྟར་ལྟ་བ་གཏན་ལ་ཕབས་པའི་དོན་ལ་མ་ཡེངས་རྩེ་གཅིག་ཏུ་མཉམ་པར་འཇོག་པའི་བསྒོམས་པས། སེམས་དམིགས་པའི་གཏད་སོ་དང་མ་བྲལ་བས་ཏིང་ངེ་འཛིན་གྱི་ཡུལ་དང་འཕྲད་པ་ཞེས་ཐུན་མོངས་སེམས་འཛིན་གྱི་ཏིང་ངེ་འཛིན་བསྒོམ་པའི་ཡུལ་ལ་གནས་ཤིང་། རེ་དོགས་རྩོལ་སྒྲུབ་ཀྱི་བློ་དང་བཅས་པ་ཡིན་པའི་ཕྱིར་ན། དེ་ལྟ་བུའི་ཏིང་ངེ་འཛིན་དེ་ཡིས་རེ་དོགས་དམིགས་གཏད་ཀྱི་རྟོག་པ་ཀུན་དང་བྲལ་བའི་མཉམ་ཉིད་བདེ་བ་ཆེན་པོ་མི་རྟོག་ཆོས་སྐུའི་དགོངས་པ་དང་མི་འཕྲད་པར་བྲལ་བ་ཡིན་པར་གསུངས་པ་དང་། དེ་བཞིན་དུ་སེམས་ཉིད་བསྲུང་འཚམས་ལས་འདས་པ་མ་རྟོགས་པར་སྤང་བླང་ལ་མཚན་མར་ཞེན་པས་དམ་ཚིག་བསྲུང་བའི་རྩོལ་བས་མ་ཉམས་པར་རང་གི་སྲོག་ལྟར་འཛིན་པ་ལ་གནས་པ་ཡིན་ན་ཡང་། མ་ཉམས་པར་འཛིན་པའི་རྟོག་པ་དང་བཅས་པས་བླང་དོར་གྱི་རྟོག་པ་མེད་པའི་ཆོས་ཉིད་མཉམ་པ་ཆེན་པོ་དང་བྲལ་བ་ཡིན་ལ། ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ་ཕྲིན་ལས་ཐམས་ཅད་ཡེ་ནས་མ་བཙལ་ལྷུན་གྱིས་གྲུབ་པ་ཡིན་པར་མ་རྟོགས་པར། བྱ་བྱེད་རྩོལ་སྒྲུབ་ཀྱིས་ཕྲིན་ལས་བཙལ་བས་གྲུབ་པར་བྱེད་པའི་ཆེད་དུ་ཏིང་ངེ་འཛིན་སྒོམ་པར་བྱེད་པ་དེ་ཡང་ཕྲིན་ལས་གྲུབ་པར་རེ་བ་ལ་སོགས་པའི་རྟོག་པ་དང་བཅས་པའི་ཕྱིར་ན། དེ་ལྟ་བུའི་ཏིང་འཛིན་དེ་ཉ ིད་མི་རྟོག་མཉམ་པ་ཉིད་ཀྱི་དོན་དང་བྲལ་བ་ཡིན་པ་དང་། སྙིང་པོ་བྱང་ཆུབ་སེམས་ཀྱི་ས་ལ་སྤྱད་དུ་མེད་པར་མ་རྟོགས་པར་ས་ལ་སྦྱང་བགྲོད་བྱེད་པའི་རྩོལ་བས་འབྲས་བུ་སངས་རྒྱས་ཀྱི་སར་གནས་པའི་ཆེད་དུ་ཏིང་ངེ་འཛིན་རྩེ་གཅིག་ཏུ་བསྒོམ་པར་བྱེད་པ་ཡང་། སྦྱང་བགྲོད་ཀྱི་རྩོལ་བ་ལ་ཞེན་པའི་རྟོགས་པ་དང་བཅས་པའི་ཕྱིར་ན་ས་ལ་སྦྱངས་བས་ཇི་བཞིན་དུ་འབྱོངས་བའི་ཆེད་དུ་ཏིང་ངེ་འཛིན་སྒོམས་པ་དེ་ཡང་རྟོགས་མེད་མཉམ་པ་ཉིད་ཀྱི་དོན་དང་བྲལ་བ་ཡིན་ཞིང་། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཡེ་ནས་སྤྲོས་པ་དང་བྲལ་བས་རྟོག་པའི་ཡུལ་ལས་འདས་པ་ལ། བརྟགས་ཤིང་དཔྱད་པས་ཡུལ་ཅན་བློ་ཡི་ཡུལ་དུ་ཆོས་ཉིད་དེ་མངོན་དུ་གསལ་བའི་ཆེད་དུ། རྟོག་དཔྱོད་དང་བཅས་པའི་ཏིང་ངེ་འཛིན་བསྒོམ་པར་བྱེད་པ་དེ་ཡང་། ཏིང་ངེ་འཛིན་གྱི་ཡུལ་དུ་ཆོས་ཉིད་གསལ་བར་རེ་བ་ལ་སོགས་པའི་རྟོག་པ་དང་མ་བྲལ་བས་རྟོག་མེད་མཉམ་པ་ཉིད་ཀྱི་དོན་དང་བྲལ་བའི་སྐྱོན་དང་བཅས་པར་གསུངས་ལ། ཆོས་ཉིད་དེ་རྟོགས་པར་བྱེད་པའི་ཡུལ་ཅན་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱང་ཡེ་ནས་བསྒྲིབ་མེད་མངོན་སུམ་དུ་གསལ་བའི་རང་བྱུང་འདུས་མ་བྱས་པ་ཡིན་ཏེ། བྲམ་ཟེ་རྒྱས་པའི་རྒྱུད་ལས། ཉོན་ཅིག་ང་ལ་འདུས་པའི་འཁོར། །རིག་པ་བསམ་བརྗོད་མེད་པར་གསལ། །མི་རྟོག་བསམ་མེད་ངང་ལ་གསལ། །རིག་པ་རྟོག་འཛིན་མེད་པར་གསལ། །བསམ་པ་མ་ཞུགས་དྲང་པོར་གསལ། །རིག་པ་དམིགས་གཏད་མེད་པར་གསལ། །མི་རྟོག་མཉམ་པའི་ངང་དུ་གསལ། །རིག་པ་བྱ་བཙལ་མེད་པར་པར་གསལ། །ཞེས་པ་ལ་སོགས་པས་བསྟན་པ་ལྟར་ཡེ་ནས་གསལ་འགྲིབ་འཕོ་འགྱུར་མེད་པར་རང་གསལ་བྱར་མེད་ཆེན་པོར་གནས་པ་དེ་ལས་བོག་དབྱུང་དུ་མེད་པ་ལ། དེ་ལྟར་མ་རྟོགས་པར་རྒྱུ་འབྲས་རྩོལ་སྒྲུབ་ཀྱི་སྒོ་ནས་རང་བྱུང་རིག་པའི་ཡེ་ཤེས་དེ་ཉིད་མངོན་དུ་གསལ་བར་ཆེད་དུ་དམིགས་པ་ལ་རྩེ་བའི་ཏིང་ངེ་འཛིན་བསྒོམ་པར་བྱེད་པའི་སྒོ་ནས་རང་བྱུང་གི་ཡེ་ཤེས་དེ་ཇི་ཙམ་གསལ་བར་རྟོགས་པ་ལྟར་སྣང་ན་ཡང་། །དོན་དུ་གསལ་མི་གསལ་དུ་འཛིན་པ་དེ་ཡོད་པའི་རིང་ལ་བློ་རྣམ་པར་རྟོག་པ་ལས་མ་འདས་པའི་ཕྱིར་ན། དེ་ལྟ་བུའི་ཏིང་འཛིན་དེ་རྣམ་པར་མི་རྟོགས་པའི་རང་བཞིན་རིག་པ་རང་བྱུང་གི་ཡེ་ཤེས་རྒྱུ་རྐྱེན་རྩོལ་བ་ལ་མ་ལྟོས་པར་ཡེ་ནས་རང་བཞིན་གྱིས་འོད་གསལ་བ་སྤྲོས་པའི་སྤྱོད་ཡུལ་དུ་མ་གྱུར་པས་བརྗོད་མེད་བློ་ལས་འདས་པའི་དོན་དེ་དང་བྲལ་བ་ཡིན་པར་གསུངས་སོ། །ལྔ་པ་ལ་བཟླ་བ་ལ་གསུམ་སྟེ། གསལ་བ་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་གཉིས་མེད་ཀྱི་དོན་མི་མཐོང་སྟེ་དེ་ཉིད་བློས་བཟུང་བས་གཟུགས་ཁམས་སུ་སྐྱེ་བའི་ལས་སུ་བསྟན་པ། གཉིས་མེད་རང་གནས་ཀྱི་དགོངས་པ་ལས་དང་བག་ཆགས་ལས་འདས་པས་བསྒྲུབ་བྱ་སྒྲུབ་བྱེད་དང་བྲལ་བར་བསྟན་པ། འབྲས་བུ་ཐོབ་བྱར་མེད་པས་སངས་རྒྱས་མིང་ཙམ་དུ་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །གོང་དུ་བཤད་པ་དེ་ལྟ་བུས་རྒྱུ་འབྲས་རྩོལ་སྒྲུབ་ལ་བརྟེན་ནས་འབྲས་བུ་བདེ་བ་ཐོབ་པར་འདོད་པའི་བློས་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་ཐུན་མོང་སེམས་གནས་ཙམ་གྱི་ཏིང་ངེ་འཛིན་བསྒོམ་པ་དེ་ཇི་ལྟར་གསལ་བ་དང་བརྟན་པར་གྱུར་ཀྱང་། རེ་འདོད་རྩོལ་སྒྲུབ་དང་བཅས་པའི་ཏིང་ངེ་འཛིན་དེས་འདོད་ཅིང་ཐོབ་པར་རེ་བ་རང་བྱུང་ཟག་མེད་ཀྱི་བདེ་བ་མི་འགྲུབ་པར་རྣམ་རྟོག་གི་རྒྱུ་བ་བཀག་ནས་ཅི་ཡང་མི་རྟོག་པ་ཙམ་གྱི་ཏིང་འཛིན་དེའི་བག་ཆགས་གོམས་པས་འདོད་པ་མེད་པ་སྲིད་པའི་བདེ་བ་གཟུགས་ཁམས་སུ་སྐྱེ་བའི་ལས་ཙམ་གྲུབ་པར་བྱེད་པ་ཡིན་པས་ན། རྫོགས་པ་ཆེན་པོའི་གོལ་སར་འགྱུར་བ་ཡིན་པས་དེ་ལྟ་བུའི་རེ་འདོད་ཀྱི་བློ་ཡིས་ཏིང་ངེ་འཛིན་བསྒོམ་པར་བྱེད་པ་སོགས་སྒོམ་སྒྲུབ་བཅས་གང་ཡང་མི་བྱེད་པར་གསུངས་པ་སྟེ། དེ་ཉིད་ལས། འདོད་པའི་ཏིང་འཛིན་བག་ཆགས་དེས། །བག་ཆགས་དེ་ནི་སེམས་འཛིན་ཡིན། །འཛིན་པས་བདེ་བ་དེ་སྤང་བྱེད། །མི་འཛིན་བདེ་བ་ཀུན་ལེན་པ། །ཇི་བཞིན་པ་ཡི་རང་བཞིན་ནོ། །མི་གནས་པ་ལ་དམིགས་པ་མེད། །མི་རྟོག་པ་ལ་ཏིང་འཛིན་མེད། །མེད་པ་དོན་གྱི་སྙིང་པོ་དེ། །འདོད་པ་མེད་པར་ཐོབ་པར་འགྱུར། །ཇི་བཞིན་བཅོས་པ་མེད་པ་སྟེ། །སངས་རྒྱས་ཀུན་གྱི་དགོངས་པ་གཅིག །བདེ་བ་ཆེ་ལས་མ་གཏོགས་པ། །འདོད་དང་འཛིན་པ་ག་ལ་ཡོད། །གང་ལ་འཛིན་ཆགས་མེད་པ་དེས། །ཏིང་ངེ་འཛིན་དེ་འཛིན་པའི་མཆོག །ཀུན་འཛིན་ཡེ་ནས་གྲུབ་ཟིན་པས། །བཏང་བཞག་མི་རྟོག་གྲུབ་པའི་རྒྱལ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། འོ་ན་དུས་གསུམ་རྒྱལ་བའི་དགོངས་པ་རང་བྱུང་ཟག་མེད་ཀྱི་བདེ་བ་ཆེན་པོ་དེ་ཚུལ་ཇི་ལྟ་བུས་ཐོབ་པར་འགྱུར་བ་ཡིན་ཞེ་ན། འདི་ལྟར་གདོད་ནས་བྱ་རྩོལ་ཐམས་ཅད་དང་བྲལ་བཞིན་དུ་འཁོར་བ་མ་སྤང་བར་ཀ་ནས་དག་ཅིང་མྱང་འདས་མ་བསྒྲུབ་པར་ལྷུན་གྱིས་གྲུབ་ཟིན་པའི་ཆོས་སྐུ་བདེ་བ་ཆེན་པོ་དེ་ནི་རེ་དོགས་སྤང་བླང་ལ་སོགས་པ་གང་ལའང་མི་རྟོགས་ཅིང་། ཅི་ཡང་འདོད་པ་མེད་པ་མ་བཅོས་མཉམ་པ་ཉིད་ཀྱི་ངང་ལ་གནས་པ་དེ་ཡིས་བླང་ཞིང་ཐོབ་པར་བྱེད་པ་ཡིན་པས་ན། ད་གཟོད་སེམས་གནས་རྩེ་གཅིག་པའི་ཏིང་ངེ་འཛིན་བསྒོམ་པར་མི་བྱེད་པར་རེ་དོགས་སྤང་བླང་དང་བྲལ་བའི་ངང་དུ་གནས་པར་བྱ་སྟེ། དེ་ལྟར་བྱས་ན་གཟུགས་ཁམས་སོགས་སུ་སྐྱེ་བའི་རྒྱུ་ཏིང་ངེ་འཛིན་གྱི་བག་ཆགས་ཀྱང་མི་སོགས་པས་ཁམས་གོང་མར་སྐྱེ་བའི་རྒྱུ་སྟོང་ལ། རང་བྱུང་གི་ཡེ་ཤེས་མ་བཅོས་རང་བབས་ཀྱི་དགོངས་པ་མངོན་དུ་གྱུར་པས་སྡིག་པའི་ལས་ཀྱིས་དབང་དུ་མི་འགྱུར་བས་ཁམས་གསུམ་འཁོར་བར་སྐྱེ་བའི་རྒྱུ་དང་ཡང་བྲལ་བ་ཡིན་ནོ། །གསུམ་པ་ནི། གཏིང་རྫོགས་ལས། ཆོས་སྐུ་འདི་ཞེས་གཞན་ནས་མི་སྙེད་པས། །རྟོགས་པར་འདོད་ན་རང་གི་སེམས་ལ་ཚོལ། །ཞེས་གསུངས་པ་ལྟར་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ཉིད་ཡེ་ནས་ཆོས་ཀྱི་སྐུའི་སྙིང་པོའམ་ཆོས་ཐམས་ཅད་ཀྱི་སྙིང་པོ་ཆོས་སྐུ་འདུས་མ་བྱས་པ་ཡིན་པས་སྙིང་པོ་དེ་ཉིད་གཞན་ནས་བཙལ་བས་མི་འགྲུབ་ཏེ། ཡེ་ནས་རང་གི་རང་བཞིན་དུ་གནས་པས་འགྲུབ་པར་འགྱུར་ཏེ་ཡེ་ནས་དེ་ལྟར་གྲུབ་ཟིན་པའི་ཕྱིར་རོ། །དེས་ན་རེ་དོགས་འབད་རྩོལ་གྱི་འགྲུབ་ཅིང་ཐོབ་པར་བྱ་བའི་དོན་རྣམས་ཀུན་དང་བྲལ་བ་ཡིན་པས་ན། གང་ཞིག་བསྒྲུབ་པར་བྱ་བའི་དོན་སངས་རྒྱས་ཞེས་བྱ་བའི་མིང་ཙམ་དེ་ཡང་བཏགས་པ་ཙམ་ལས་དོན་ལ་ཡོད་པ་མ་ཡིན་ནོ་ཞེས་སོ། །དྲུག་པ་དྲང་ལུང་གིས་དོན་གྱིས་དགོངས་པ་མི་རྟོགས་པ་ལ་གཉིས་ཏེ། འབྲས་བུས་ཐོབ་བྱར་བསྟན་པ་དྲང་ལུང་དུ་བསྟན་པ་དང་། སྐུ་གསུམ་སྟོན་པས་དཀོན་མཆོག་གསུམ་དང་འཁོར་བ་བླང་དོར་རང་མཚན་དུ་བསྟན་པ་དྲང་ལུང་སྤྱད་པས་ཀུན་བྱེད་ཀྱི་དོན་ལས་རིང་བའོ། །དང་པོ་ནི། འདི་ལྟར་གནས་ལུགས་ཡང་དག་པའི་དོན་ནམ་དེ་ཁོ་ན་ཉིད་དུ་ན་སངས་རྒྱས་ཞེས་བྱ་བ་དེ་ཡང་མིང་ཙམ་ལས་གྲུབ་པ་མེད་དེ། ཅིས་ཕྱིར་ན་མ་རིག་པ་ཞེས་པ་ཞིག་གཞི་ལ་ཡེ་ནས་ཡོད་མ་མྱོང་བས་མ་རིག་པའི་གཉིད་ལས་སངས་བ་མེད་ལ། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་སྤྲོ་བསྡུ་དང་བྲལ་བ་རང་བྱུང་འདུས་མ་བྱས་པ་ཡིན་པས་ད་གདོད་ཡེ་ཤེས་རྒྱས་སུ་མེད་པའི་ཕྱིར་ན་མིང་དུ་བཏགས་པ་ཙམ་ཡིན་ལ། དེས་ན་སངས་རྒྱས་ཞེས་དེ་ལྟར་མིང་དུ་འདོགས་པར་བྱེད་པ་དེ་ཡང་ནི་རྫོགས་པ་ཆེན་པོའི་གནས་ལུགས་བྱ་རྩོལ་དང་བྲལ་བ་ཇི་བཞིན་དུ་སྟོན་པར་བྱེད་པ་ངེས་པའི་ལུང་མིན་པར། འདི་ནི་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་ཨ་ཏི་རྫོགས་པ་ཆེན་པོ་ཇི་བཞིན་དུ་རྟོགས་པའི་སྐལ་བ་མེད་པའི་གདུལ་བྱ་རྣམས་ལམ་ལ་རིམ་གྱིས་དྲང་བའི་ལུང་དུ་བསྟན་པ་ཡིན་ནོ། །གཉིས་པ་ནི། གཞན་ཡང་ཀུན་བྱེད་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས་འཁོར་གྱི་གདུལ་བྱ་རྣམས་ལ་དྲང་བའི་དོན་ལུང་བསྟན་པ་ནི། འདི་ལྟར། ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་ཆོས་དང་དོན་གཉིས་ལྷུན་གྱིས་གྲུབ་པའི་སངས་རྒྱས་དང་། རིགས་གྲོལ་གཉིས་དང་ལྡན་པའི་དགེ་འདུན་དཀོན་མཆོག་གསུམ་རང་གི་སེམས་ཉིད་ལས་གཞན་ན་ཡོད་པར་སྟོན་ཅིང་མིང་དུ་བཏགས་པ་དང་། དེ་དག་སྲིད་པ་གསུམ་གྱི་བླ་ན་འཕགས་ཤིང་ཡུལ་ཀྱང་ཤིན་ཏུ་གཉན་པ་ཡིན་པར་སྟོན་ཅིང་། དེ་ཡི་གོ་འཕང་བསྒྲུབ་པར་བྱེད་པ་ཡི་རྒྱུ་རུ། ཀུན་བྱེད་ང་ཡི་རྩལ་ལས་བྱུང་བའི་འཁོར་ནི་སེམས་ཅན་རྣམས་ལ་རྒྱུ་འབྲས་ཀྱི་ཐེག་པ་རྣམས་བསྟན་ནས། དེ་དག་ཚུལ་བཞིན་བསྒྲུབ་པར་བྱས་ན་འབྲས་བུ་མཆོག་གསུམ་གྱི་གོ་འཕང་དེ་ཐོབ་ནས་བདེ་ཡོ་སྐྱིད་དོ་འམ་བདེ་ཞིང་སྐྱིད་པའི་གནས་སུ་ཕྱིན་པར་འགྱུར་རོ། །ཞེས་དོན་སྤང་བླང་རྩོལ་སྒྲུབ་གྱི་སྡུག་བསྔལ་དེ་དང་དུ་བླང་བྱར་བ་བསྟན་ནས་ནི། ཐེག་པ་རང་རང་གི་ལམ་གྱིས་འབྲས་བུ་བསྒྲུབ་པ་འདི་ལས་མ་གཏོགས་པ་ཡི་བདེ་བ་བླ་ན་མེད་པ་ནི་གཞན་ན་མེད་དོ་ཟེར་ནས། དོན་ལ། སངས་རྒྱས་ཆོས་དང་དགེ་འདུན་ཀྱང་། །ཡེ་རྫོགས་རང་གི་སེམས་ལ་གནས། །ཞེས་གསུངས་པ་ལྟར་རང་གི་སེམས་ཉིད་ལས་གཞན་པའི་མཆོག་གསུམ་ཞིག་མེད་པས་འབད་རྩོལ་ཅི་ཡང་མི་དགོས་པ་ལ། དེ་ལྟར་མ་བསྟན་པར་ལྟ་སྤྱོད་ལ་སོགས་པའི་ཐབས་སྣ་ཚོགས་པ་ལ་སྤྱད་ཅིང་ཉམས་སུ་བླང་བར་བྱས་པས་གདོད་གྲུབ་པར་བྱེད་པའི་མཆོག་གསུམ་ཞིག་ཡོད་པར་སྟོན་པའི་ལུང་འདི་ཉིད་ནི་དྲང་དོན་ཙམ་བསྟན་པ་ཡིན་གྱི་བྱ་བྱེད་ཀྱི་རྩོལ་བ་གང་ཡང་མེད་པ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་ངེས་པའི་ལུང་ནི་མ་ཡིན་ནོ། །ཞེས་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལམ་ལ་བགྲོད་དུ་མེད་པའི་ལེའུ་སྟེ་ང་གཅིག་པའི་འགྲེལ་པའོ།། ༈ །།དོན་གཉིས་པ་གཞི་གདོད་ནས་དག་པའི་སངས་རྒྱས་རང་ལ་ལྷུན་གྱིས་གྲུབ་པ་ཉིད་བཏང་བཞག་རྩོལ་སྒྲུབ་ལས་འདས་པས། བསྒྲུབ་འདོད་བྱ་རྩོལ་ཀྱིས་མི་འགྲུབ་པའི་རང་བཞིན་ཡེ་རྫོགས་ལྷུན་གྱིས་གྲུབ་པའི་ལེའུ་ང་གཉིས་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་སེམས་ཉིད་གདོད་ནས་དག་པ་སྐུ་གསུམ་ལྷུན་གྲུབ་ཀྱི་ངོ་བོར་བཞུགས་པ་འདི་ལས་གཞན་པའི་བགྲོད་བྱ་མཐར་ཐུག་པ་ཞིག་མེད་པས་ལམ་ལ་བགྲོད་དུ་མེད་པར་བསྟན་པའི་རྗེས་དེ་ནས། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་བྱ་བྱེད་རྩོལ་བ་ལ་ལྟོས་པ་མེད་པར། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆོས་སྐུ་འདུས་མ་བྱས་པ་ནམ་མཁའ་ལྟ་བུའི་ཀློང་དུ་ཆོས་ཐམས་ཅད་གདོད་ནས་མངོན་སངས་རྒྱས་པའི་བདག་ཉིད་དུ་རྫོགས་པ་ཡིན་པས། མི་འདོད་པ་སྤང་བར་བྱེད་པ་དང་འདོད་པ་དང་དུ་ལེན་པ་སོགས་དགག་སྒྲུབ་དང་རེ་དོགས་གང་ཡང་མེད་པ་མ་བཅོས་མཉམ་པ་ཉིད་ཀྱི་ཚུལ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ་སྟེ། ཆོས་ལ་བྱར་མེད་པས་ཞེན་འཛིན་དང་སྒྲུབ་བློ་སྤང་བ། གཉིས་སུ་བཟུང་བའི་སྐྱོན། གཉིས་མེད་ཀྱི་འཐད་པ། ཡེ་ཤེས་ཀྱི་ཁྱད་པར་བསྟན་པ། ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་བསྟན་པའོ། །དང་པོ་ལ་བཅུ་གཅིག་སྟེ། ཞེན་འཛིན་སྤང་བ། ཞེན་འཛིན་བྱས་པའི་ཉེས་པ། རྒྱུ་འབྲས་འདས་ཚུལ། ཞེ་འདོད་ཡོད་མེད་ཀྱི་སྐྱོན་ཡོན། བསྒོམ་པ་སེམས་ཆགས་སུ་བསྟན་པ། སངས་རྒྱས་བྱས་པས་མི་འགྲུབ་པར་བསྟན་ཚུལ། བསྒྲུབ་འདོད་ཐར་པའི་གེགས་སུ་བཤད་པ། མ་བཅོས་སངས་རྒྱས་ཀྱི་དགོངས་པར་བསྟན་པ། དགོངས་པ་ཐུན་མཚམས་ལས་འདས་པའི་རང་བཞིན་བཤད་པ། དེ་ཉིད་གང་གིས་འགྲུབ་པའི་རང་བཞིན་བསྟན་པ། འཛིན་མེད་བཏང་བཞག་བྲལ་བའི་ཆོས་སྐུ་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ། འདི་ལྟར་ལྟ་སྒོམས་སྤྱོད་པ་ལ་སོགས་པའི་ལམ་དང་སྐུ་དང་ཡེ་ཤེས་ལ་སོགས་པའི་འབྲས་བུའི་ཆོས་རྣམས་ཐམས་ཅད་མངོན་དུ་གྲུབ་པར་འདོད་ན། ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་ཀློང་ན་ལམ་དང་འབྲས་བུའི་ཡོན་ཏན་དེ་དག་ཐམས་ཅད་མཁའ་དང་ཉི་མ་ལྟར་ཡེ་ནས་འདུ་འབྲལ་མེད་པར་གནས་པ་དེ། རེ་འདོད་རྩོལ་སྒྲུབ་ཀྱི་བློ་སྤྲིན་ཚོགས་ལྟ་བུས་སླར་ཡང་བསྒྲིབ་པར་བྱེད་པ་ལས་མེད་པའི་ཕྱིར་ན་དེ་ལྟ་བུའི་འདོད་པའི་ས་ནི་མ་བསྒྲུབ་ཅིག་ཅེས་པ་སྟེ། ཚུལ་དེ་དང་མཐུན་པར། ཀུན་མཁྱེན་དགའ་རབ་གཉིས་པས་ཀྱང་། རང་བྱུང་རིག་པ་དོན་དམ་ཉི་མ་ལ། །དགེ་སྡིག་དཀར་ནག་གཉིས་ཀའི་སྤྲིན་ཀྱིས་བསྒྲིབ། ། བླང་དོར་འབད་རྩོལ་ཞེན་པའི་ཀློག་གིས་གདུང་། །བདེ་སྡུག་འཁྲུལ་སྣང་ཆར་གྱི་རྒྱུན་བབས་སས། །འཁོར་བའི་ས་བོན་འགྲོ་དྲུག་ལོ་ཏོག་རྒྱས། །ཞེས་གསུངས་པ་ལྟར་ཡིན་པ་དེ་བས་ན་རེ་དོགས་སྤང་བླང་མེད་པར་མ་བཅོས་མཉམ་པ་ཉིད་དུ་གནས་པར་བྱ་སྟེ། བདུད་རྩི་བཅུད་ཐིག་ལས། རང་ལ་ཡེ་ནས་ཡོད་པ་ལ། །རྩོལ་སྒྲུབ་བྱ་བཙལ་མི་འཚལ་ཏེ། །ང་ཡིས་རེ་མེད་རང་གནས་བཤད། །རྡོ་རྗེ་སེམས་དཔས་ཡིད་ལ་ཟུང་། །ངང་དངས་ལྟ་བ་ཡིན་ཤེས་ལ། །ཁྱོད་ཀྱིས་བལྟ་བ་མ་ལྟ་ཞིག །ངང་དངས་སྒོམས་པ་ཡིན་ཤེས་ལ། །ཁྱོད་ཀྱིས་བསྒོམ་པ་མ་སྒོམ་ཤིག །ངང་དངས་སྤྱོད་པ་ཡིན་ཤེས་ལ། །ཁྱོད་ཀྱིས་སྤྱོད་པ་མ་སྤྱད་ཅིག །ངང་དངས་འབྲས་བུ་ཡིན་ཤེས་ལ། །ཁྱོད་ཀྱིས་འབྲས་བུ་མ་བསྒྲུབ་ཤིག །ང་ཉིད་སྐུ་གསུམ་ཡིན་ཤེས་ལ། །ཁྱོད་ཀྱིས་སྐུ་གསུམ་མ་བསྒྲུབ་ཤིག །ཅེས་གསུངས་པ་ལྟར་རོ། །གཉིས་པ་ནི། འོ་ན་ཞེན་འཛིན་གྱིས་འདོད་ཅིང་ཆགས་པའི་ས་དེ་བསྒྲུབ་པར་བྱས་ན་ཇི་ལྟར་འགྱུར་སྙམ་ན། དེ་ལྟར་རྒྱུ་འབྲས་ཀྱི་ཐེག་པ་འོག་མ་པ་ལྟར་དུ་ལྟ་སྒོམ་སྤྱོད་པ་ལ་སོགས་པ་རེ་དོགས་དང་རྩོལ་བའི་སྒོ་ནས་འདོད་པ་སྒྲུབ་པར་བྱེད་པའི་སེམས་དེ་ནི་ལམ་དང་འབྲས་བུའི་ཡོན་ཏན་གང་ཡང་རང་རྒྱུད་ལ་མི་ལེན་པའམ་མི་འགྲུབ་པར་ཐམས་ཅད་སྤོང་བ་ཡིན་ནོ་ཞེས་པ་སྟེ། དེ་ཉིད་ལས། དུག་གསུམ་སྤངས་ཀྱང་ང་སྤངས་སོ། །སྐུ་ལྔ་བསྒྲུབས་ཀྱང་ང་སྤངས་སོ། །དུག་ལྔ་སྤངས་ཀྱང་ང་སྤངས་སོ། །མ་རིག་སྤང་ཀྱང་ང་སྤངས་སོ། །ཡེ་ཤེས་བསྒྲུབས་པས་ང་སྤངས་སོ། །རྣམ་རྟོག་སྤངས་པས་ང་སྤངས་སོ། །ཆོས་ཉིད་བསྒྲུབས་པས་ང་སྤངས་སོ། །འཁོར་བ་སྤངས་ཀྱང་ང་སྤངས་སོ། །མྱང་འདས་སྒྲུབས་ཀྱང་ང་སྤངས་སོ། །སེམས་ཅན་སྤངས་ཀྱང་ང་སྤངས་སོ། །སངས་རྒྱས་བསྒྲུབས་ཀྱང་ང་སྤངས་སོ། །བདག་གཞན་སྤངས་ཀྱང་ང་སྤངས་སོ། །བདག་མེད་བསྒྲུབས་ཀྱང་ང་སྤངས་སོ། །ཕྱོགས་མེད་བསྒྲུབས་ཀྱང་ང་སྤངས་སོ། །དགྲ་གཉེན་སྤངས་ཀྱང་ང་སྤངས་སོ། །གཉིས་མེད་བསྒྲུབས་ཀྱང་ང་སྤངས་སོ། །གསལ་བ་བསྒྲུབས་ཀྱང་ང་སྤངས་སོ། །ལྟ་བ་བལྟས་པས་ཆོས་ཉིད་སྤངས། །སྒོམ་པ་བསྒོམས་པ་ཆོས་ཉིད་སྤངས། །སྤྱོད་པ་སྤྱད་པས་ཆོས་ཉིད་སྤངས། །དམ་ཚིག་བསྲུང་བས་ཆོས་ཉིད་སྤངས། །ཕྲིན་ལས་བཙལ་བས་ཆོས་ཉིད་སྤངས། །ས་ལམ་བགྲོད་པས་ཆོས་ཉིད་སྤངས། །འབྲས་བུ་བསྒྲུབས་པས་ཆོས་ཉིད་སྤངས། །ཞེས་གསུངས་པ་ལྟར་བྱང་ཆུབ་ཀྱི་སེམས་སྤངས་བླང་དགག་བསྒྲུབ་གང་ཡང་མེད་པ་ཡིན་པས་སྤང་བླང་དགག་སྒྲུབ་ཅི་བྱས་ཀྱང་སྤང་བླང་མེད་པའི་དོན་དང་འགལ་བ་ཡིན་པས་ན་དེ་ཉིད་སྤངས་པ་ཡིན་པར་གསུངས་སོ། །གསུམ་པ་ནི། སྙིང་པོ་བྱང་ཆུབ་ཀྱི་སེམས་འདི་ནི་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་རང་བཞིན་ཆོས་སྐུ་ལྷུན་གྲུབ་ཆེན་པོའི་ངོ་བོར་གནས་ཤིང་རང་བྱུང་འདུས་མ་བྱས་པ་ཡིིན་པས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་ཡིན་པའི་ཕྱིར་ན། རང་སེམས་ཡེ་སངས་རྒྱས་པའི་དོན་དེ་ལས་གཞན་པའི་འབྲས་བུས་སངས་རྒྱས་ཀྱི་གོ་འཕང་ཞིག་ཐོབ་པར་འདོད་ནས་རྒྱུ་དགེ་སྡིག་བླང་དོར་ལ་སོགས་པ་རེ་འདོད་འབད་རྩོལ་གྱིས་མི་སྒྲུབ་ཏེ། རང་སེམས་གདོད་ནས་སངས་རྒྱས་པ་དེ་རང་ངོ་མ་ཤེས་པར་འབྲས་བུ་གཞན་དུ་ཚོལ་བས་རྙེད་དུ་མེད་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་རང་སེམས་གདོད་མའི་སངས་རྒྱས་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ཉིད་ཡིན་པར་ཤེས་ཤིང་ཐག་ཆོད་པའི་ངང་དུ་རེ་དོགས་འབད་རྩོལ་གྱི་བློ་གང་ཡང་མི་བསྐྱེད་པར་མི་རྟོག་མཉམ་པ་ཉིད་ཀྱི་རང་བཞིན་དུ་གནས་པས་ཡེ་ནས་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་ཆོས་སྐུ་ཀུན་བྱེད་རྒྱལ་པོའི་ངོ་བོར་སངས་རྒྱས་པའི་དོན་མངོན་དུ་འགྲུབ་པར་གསུངས་པ་སྟེ། ཆོས་དབྱིངས་མཛོད་ལས། དེ་ལྟར་གདོད་ནས་དག་པའི་ཆོས་སྐུ་ལ། །འབད་རྩོལ་མེད་པའི་གནད་ཀྱིས་གོམས་བྱས་པས། །ཡེ་སངས་རྒྱས་ལ་ཡང་སངས་རྒྱས་འབྱུང་སྟེ། །འདི་ནི་བླ་མེད་རྡོ་རྗེ་སྙིང་པོའི་ལུང་། །ཞེས་གསུངས་པ་ལྟར་རོ། །བཞི་པ་ནི། རྒྱུ་མཚན་དེས་ན་རེ་འདོད་རྩོལ་སྒྲུབ་དང་བཅས་པའི་ཏིང་ངེ་འཛིན་བསྒོམ་པ་དང་། དམ་ཚིག་བསྲུང་བ་དང་། ཕྲིན་ལས་བསྒྲུབ་པ་དང་། ས་ལམ་སྦྱངས་བགྲོད་བྱེད་པ་ལ་སོགས་པ་ཇི་ལྟར་འབད་ཀྱང་རྣམ་རྟོག་རྩོལ་བའི་ནད་ཀྱིས་ཚི་ཆད་པར་འགྱུར་བ་ཙམ་ལས་ཆོས་ཉིད་སྙིང་པོའི་ཀློང་དུ་ཡེ་ནས་རྫོགས་པའི་ཡོན་ཏན་ཐམས་ཅད་ནི་སྔར་བས་བོག་དབྱུང་དུ་མེད་པས་མི་ཐོབ་པར་མ་ཟད་ཉི་མ་སྤྲིན་གྱིས་བསྒྲིབ་པ་ལྟར་རྒྱུ་འབྲས་སྤང་བླང་དུ་ཞེན་པའི་བློ་དེས་བསྒྲིབ་ཀྱང་སྤོངས་བར་བྱེད་པ་ཡིན་ལ། འཁོར་བ་སྤོངས་བར་འདོད་པ་དང་མྱང་འདས་བསྒྲུབ་པར་འདོད་པ་ལ་སོགས་པའི་རེ་འདོད་ཀྱི་བློ་ཅི་ཡང་མེད་པར་མ་བཅོས་རང་བབས་ཀྱི་ངང་ལ་བྱར་མེད་བག་ཡངས་སུ་གནས་པར་བྱས་ན་སྔར་བཤད་པ་ལྟར་རེ་དོགས་རྩོལ་སྒྲུབ་ཀྱིི་སྤྲིན་དང་བྲལ་བས་རང་གནས་སྙིང་པོའི་ཡོན་ཏན་ཐམས་ཅད་ངང་གིས་ལེན་ཅིང་ཐོབ་པར་བྱེད་པ་ཡིན་ཏེ། ལ་ཟློ་གསང་བའི་འཁོར་ལོ་ལས། བསམ་པ་ཅི་སྐྱེས་རང་བྱུང་ཡེ་ཤེས་ལ། །དེ་ལས་ལྷག་པར་འདོད་ན་རྩོལ་བའི་ནད། །རང་ཤར་འདོད་མེད་ཆོས་ཀྱི་ལ་བཟླས་ན། །འདི་ལ་འདོད་པར་མི་བྱ་དོར་མི་བྱ། །ཕྱི་མར་འདོད་པར་མི་བྱ་དུས་གསུམ་འདོད་དང་བྲལ། །འདོད་དང་བྲལ་ན་རྩོལ་མེད་དབྱིངས་ན་གནས། །ཞེས་གསུངས་པ་ལྟར་རོ། །ལྔ་པ་ནི། འདི་ལྟར་རྫོགས་པ་ཆེན་པོའི་གནས་ལུགས་ཡེངས་སྒོམ་དང་བྲལ་བའི་དོན་མ་རྟོགས་པར་བསམ་གཟུགས་ལ་སོགས་པའི་ཏིང་ངེ་འཛིན་བསྒོམས་པར་བྱས་པས་ཇི་ལྟར་སྒོམ་པའི་འབྲས་བུ་ཐོབ་པར་འདོད་པའི་བློ་མི་གཏོགས་པར་འཛིན་པ་ཡིན་ཞིང་། དེ་ལྟ་བུའི་འདོད་པ་དང་བཅས་པའི་་བློ་དེ་ནི་འཁོར་འདས་ལ་བཟང་ངན་བླང་དོར་དུ་ལྟ་བའི་རང་བཞིན་ཅན་ཡིན་པས། ཆོས་ཉིད་མཉམ་པ་ཆེན་པོའི་གནས་ལུགས་ཡང་དག་པའི་དོན་མིན་ལ། འོ་ན་གནས་ལུགས་ཡང་དག་པའི་དོན་དེ་ཇི་ལྟ་བུ་ཡིན་ཞེ་ན། དེ་ནི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང་དམིགས་པའི་ཡུལ་ལས་འདས་པའི་ཕྱིར་ན་འདི་ལྟ་བུའོ་ཞེས་རྣམ་པར་རྟོག་པའི་ཡུལ་དུ་བསྟན་ཅིང་གཟུང་དུ་ཡོད་པ་མ་ཡིན་ཏེ། རུས་སྦལ་རྩ་རྒྱུད་ལས། དེ་བཞིན་ཉིད་ལ་དབྱིབས་དང་ཁ་དོག་མེད། །མེད་པའི་དོན་ལ་ཡེ་ནས་བསྟན་མེད་འདི་ཞེས་མཐའ་ལས་འདས། བསམ་འདས་དོན་དེ་སངས་རྒྱས་ཉིད་ཀྱི་ཐུགས། །འདི་འདྲ་བསྟན་དུ་སངས་རྒྱས་ཉིད་ཀྱིས་མེད། །དེ་བཞིན་དེ་ལ་བཤད་བརྗོད་མཐའ་དང་བྲལ། །ཅེས་གསུངས་པ་བཞིན་ནོ། །དྲུག་པ་ནི། འདི་ལྟར་ཐེག་པ་འོག་མ་པ་རྣམས་ཀྱིས་ཏིང་འཛིན་བསྒོམ་པ་ལ་སོགས་པའི་རྩོལ་སྒྲུབ་བྱས་པའི་ལས་ནི་ཐམས་ཅད་ཀྱིས། སེམས་ཉིད་ཡེ་ནས་སངས་རྒྱས་པས་རྒྱུ་འབྲས་བླང་དོར་གྱིས་མ་བཙལ་བར་ཡེ་ནས་ལྷུན་གྱི་གྲུབ་པ་ཡི་དོན་དེ་གདོད་བསྒྲུབ་པར་འདོད་པ་ཡིན་ཡང་། མ་བཙལ་ལྷུན་གྱིས་གྲུབ་པ་ཡི་རང་བཞིན་ཅན་གྱི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ནི། བྱ་རྩོལ་བྱས་པ་མ་ཡིན་ཏེ། ཅིས་ཕྱིར་ན་མ་བྱས་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན་པའི་ཕྱིར་ཏེ། སྙིང་པོ་དོན་གྱི་རྒྱུད་ལས། དུས་གསུམ་འདུ་འབྲལ་མེད་པ་རིག་པའི་གཏེར། །མ་བཅོས་ལྷུན་གྱིས་གྲུབ་པས་བཙལ་དུ་མེད། །དམིགས་པའི་འདུ་ཤེས་ཆད་པས་ཡེངས་སུ་མེད། །རང་བྱུང་གཅིག་ལ་རྣམ་པ་བགྲང་དུ་མེད། །གཉིས་མེད་ཐིག་ལེར་གནས་པས་བགྲོད་དུ་མེད། །འགྲོ་དོན་སེམས་སུ་གསལ་བས་བྱས་པ་ཟིན། །མ་ལུས་ལྷུན་གྱིས་གྲུབ་པས་འབྲས་མི་བསྒྲུབ། །མ་སྐྱེས་རྣམ་པར་དག་པས་སྒྲིབ་མི་སྦྱང་། །མ་བྱས་རང་བཞིན་རྫོགས་པའི་ཕྲིན་ལས་ལ། །འདི་ཉིད་རྟོགས་པས་ཀུན་འགྲུབ་ཀུན་རྫོགས་པས། །རྫོགས་ཆེན་ཐིག་ལེ་གཅིག་ཏུ་གནས་པར་བཤད། །ཅེས་གསུངས་པ་བཞིན་མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན་པའི་ཕྱིར་ན་བྱ་རྩོལ་ཐམས་ཅད་དང་བྲལ་བར་གྲུབ་པའོ། །བདུན་པ་ནི། དེ་ལྟར་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་མ་བཙལ་ལྷུན་གྲུབ་ཚུལ་དུ་ཡོད་པ་དེ་ལས་གཞན་པའི་འབྲས་བུ་ཞིག་ཐོབ་པར་འདོད་དེ་རྩོལ་སྒྲུབ་བྱས་པས་རང་གནས་སྙིང་པོའི་ཡོན་ཏན་ཐམས་ཅད་ཀུན་སྤངས་བར་འགྱུར་བ་ལས་མེད་པ་དེ་བས་ན། ཆོས་ཉིད་རྫོགས་པ་ཆེན་པོའི་དོན་ཇི་བཞིན་དུ་གྲུབ་པར་བྱེད་པའི་གེགས་སུ་ཆེ་བ་དང་། རེ་འདོད་དགག་སྒྲུབ་དང་བཅས་པའི་ཏིང་ངེ་འཛིན་བསྒོམ་པའི་བག་ཆགས་བསགས་པ་དེས་ཁམས་གོང་མར་འཕེན་པ་ལས་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་ཞལ་མཐོང་བ་མེད་དེ། ཇི་ལྟར་ན་མི་རྟོགས་རྩེ་གཅིག་པའི་ཏིང་ངེ་འཛིན་བསྒོམ་པའི་བག་ཆགས་དེ་ནི། རིག་པ་རང་གནས་ཀྱི་ཏིང་ངེ་འཛིན་མིན་པར་འགྱུ་འཕྲོའི་རྟོག་པ་བཀག་ཏེ་སེམས་རྩེ་གཅིག་ཏུ་འཛིན་པ་ཙམ་ཡིན་ལ། དེ་ལྟར་སེམས་རྩེ་གཅིག་ཏུ་འཛིན་པར་བྱེད་པས་རྩོལ་མེད་བདེ་བ་ཆེན་པོའི་དོན་དེ་རྩ་བ་ནས་སྤོངས་བར་བྱེད་པ་ཡིན་པ་དང་། རེ་དོགས་སྤང་བླང་ལ་སོགས་པ་གང་ཡང་མི་བྱེད་ཅིང་སེམས་དམིགས་པ་ལ་རྩེ་གཅིག་ཏུ་མི་འཛིན་པར་རང་བབས་རང་འགྲོས་སུ་བཏང་དེ་ཆེད་དུ་དགག་པ་དང་ངོ་ལ་ལྟ་བ་དང་རྗེས་སུ་འབྲང་བ་ལ་སོགས་པ་ཅི་ཡང་མ་བྱས་ན་རྩོལ་བའི་ནད་ཐམས་ཅད་དང་བྲལ་བའི་ཆོས་སྐུ་བདེ་བ་ཀུན་གྱི་འབྱུང་གནས་དེ་ངང་གིས་ལེན་ཞིང་འགྲུབ་པ་ཡིན་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་དགག་སྒྲུབ་དང་འབད་རྩོལ་ཅི་ཡང་མེད་པར་མ་བཅོས་ཇི་བཞིན་པ་ཡི་རང་བཞིན་དུ་གནས་པར་གསུངས་པ་ཡིན་ནོ། མདོ་བཅུ་ལས། བསམ་པའི་ཡེ་ཤེས་ཐམས་ཅད་ཀུན། །རྩོལ་བསྒྲུབ་མ་འདས་བདེ་ཆེན་སྤངས། །རྩོལ་སྒྲུབ་འདས་པའི་ས་འདི་ལ། །མ་ནོར་ཚུལ་ལམ་ཞུགས་ནས་ཀྱང་། །ཡིད་ཆེས་མངོན་དུ་གྱུར་པ་རུ། །ལྟོས་པའི་ཆོས་ལ་གནས་ཤིང་རྩོལ། །དེས་ན་བདེ་ཆེན་སྤང་ཞེས་བྱ། །རྫོགས་པ་ཆེན་པོའི་བསམ་གཏན་ནི། །རྩོལ་སྒྲུབ་འདས་པའི་བདེ་བ་ཆེ། །ཞེས་པ་ལྟར་རོ། །བརྒྱད་པ་ནི། དེས་ན་ཆོས་ཉིད་སྙིང་པོའི་ཡེ་ཤེས་དེ་ཉིད་རང་གི་གཤིས་ལུགས་ཇི་ལྟ་བ་བཞིན་དུ་རང་བབས་སུ་འཇོག་པ་ལས་རྣམ་རྟོག་བློ་ཡིས་ཅིར་ཡང་བཅོས་པ་མེད་པ་དེ་ནི་སངས་རྒྱས་ཀུན་གྱི་ཡིན་ལུགས་འགྱུར་མེད་རང་བྱུང་གི་དགོངས་པ་གཅིག་ཏུ་གྱུར་པ་ཡིན་ཏེ། ནམ་མཁའི་མཐའ་དང་མཉམ་པ་ལས། སངས་རྒྱས་རྣམས་ལ་བཅོས་མེད་དེ། །གང་ཞིག་བཅོས་པ་དྲང་བའི་ལུང་། །བཅོས་མེད་ཡེ་ཤེས་སྙིང་པོ་ནི། །ངེས་པ་མཆོག་གི་ལུང་དུ་འདོད། །ཅེས་གསུངས་སོ། །དགུ་པ་ནི། དེ་ལ་ཆོས་ཉིད་མ་བཅོས་པའི་གནས་ལུགས་རིག་པ་རང་བྱུང་གི་ཡེ་ཤེས་དེ་ལ་ཟུག་ངུའི་ཚོར་པ་གང་ཡང་མེད་པས་བདེ་བ་ཆེ་བའམ་ཆེན་པོའི་རང་བཞིན་དུ་གནས་པ་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་དེ་ལས་མ་གཏོགས་པ། སེམས་ཀྱིས་འདོད་ཀྱང་དང་དུ་ལེན་པར་བྱ་བའི་ཡུལ་དང་། ཡུལ་དེ་ལ་རྟོག་ཅིང་འཛིན་པར་བྱེད་པ་ཡུལ་ཅན་གྱི་བློ་གཉིས་སུ་ག་ལ་ཡོད་དེ་ཆོས་ཐམས་ཅད་གདོད་ནས་སྐྱེ་བ་དང་བྲལ་བའི་ཕྱིར་རོ། །དེས་ན་ཡུལ་དུ་སྣང་བ་ཐམས་ཅད་གདོད་ནས་ཡེ་སྟོང་ཆེན་པོ་སྤྲོས་པའི་མཐའ་གང་དུའང་མི་གནས་པ་དེ་ལ། ཡུལ་ཅན་གཟུང་འཛིན་གྱི་རྣམ་པར་རྟོག་པས་དམིགས་པ་ཡང་ཅི་ཡང་མེད་ལ། དེ་ལྟར་ཡུལ་ཅན་གྱིས་བློས་གང་དུའང་རྣམ་པར་མི་རྟོགས་པ་དེ་ལ་སེམས་རྩེ་གཅིག་ཏུ་འཛིན་ཅིང་ཏིང་ངེ་འཛིན་བསྒོམ་པ་ལ་སོགས་པའི་རེ་དོགས་སྤང་བླང་གི་འཛིན་པ་གང་མེད་པ་སྟེ་ཡུལ་སེམས་གཉིས་དང་བྲལ་བ་ཆོས་ཉིད་དེ་བཞིན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཙམ་ཡིན་པ། དེ་ལྟར་རྟོགས་པའི་རྣལ་འབྱོར་བདེ་ལ་གང་ཤར་གང་སྣང་ཐམས་ཅད་ཆོས་ཉིད་ཀྱི་ཡོ་ལངས་སུ་ཤར་བས་ཐུན་དང་ཐུན་མཚམ་མམ་མཉམ་བཞག་དང་རྗེས་ཐོབ་ཀྱི་དབྱེ་བ་མེད་པར་ཆོས་ཉིད་མཉམ་གདལ་ཆེན་པོ་གཅིག་གི་ངང་དུ་ཉིན་མཚན་ཕྱེད་པར་འགྲོ་བ་ཡིན་པར་གསུངས་པའོ། །བཅུ་པ་ནི། དེ་ལྟ་བུའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡུལ་དང་ཡུལ་ཅན་ཅིར་ཡང་གྲུབ་པ་མེད་པ་ཆོས་ཉིད་དོན་གྱི་གནས་ལུགས་སྙིང་པོ་རང་བྱུང་གི་ཡེ་ཤེས་ཡེ་ནས་སངས་རྒྱས་པའི་རང་བཞིན་ཅན་དེ་ནི། ཚུལ་ཅི་ལྟ་བུས་འགྲུབ་པར་འགྱུར་བ་ཡིན་ཞེ་ན། ཐེག་པ་འོག་མའི་སྤོང་འགོག་སྦྱོང་བསྒྱུར་ལ་སོགས་པ་གང་གིས་ཀྱང་འགྲུབ་པ་མ་ཡིན་པར་རེ་དོགས་དང་འདོད་པ་རྡུལ་ཙམ་མེད་པས་ཐོབ་པར་འགྱུར་བ་ཡིན་པས་ན་རེ་དོགས་དང་རྩོལ་སྒྲུབ་ཅི་ཡང་མི་བྱེད་པར་གདམས་པ་སྟེ། ཀློང་ཆེན་རབ་འབྱམས་ལས། སྐྱེ་འགག་མེད་པའི་རིག་པ་དེ། །ཅིར་ཡང་འཆར་བས་གདལ་ཁྱབ་ཡིན། །གདལ་ཁྱབ་ཡིན་པས་རྒྱ་མ་ཆད། །ཕྱོགས་སུ་ལྟུང་བ་མེད་པས་ན། །གང་གིས་གང་ལ་ཕན་གདགས་སམ། །གནོད་པ་སུ་ལ་སུ་ཡིས་སྐྱེལ། །རྒྱུ་དང་འབྲས་བུ་གང་གིས་བྱེད། །སྔ་ཕྱི་མེད་པས་རྒྱུ་འབྲས་མེད། །རྒྱུ་འབྲས་མེད་པས་འཁོར་འདས་མེད། །འཁོར་འདས་མེད་པས་བྱང་ཆུབ་མེད། །དེ་ལ་འབྲས་བུ་གང་འདོད་པ། །ཡང་དག་དོན་ལ་རྒྱབ་ཀྱིས་ཕྱོགས། །ཞེས་གསུངས་པ་ལྟར་རོ། །བཅུ་གཅིག་པ་ནི། དེ་ལྟར་ཡུལ་དང་ཡུལ་ཅན་བཟང་ངན་བླང་དོར་ལ་སོགས་པ་གང་ལ་ཡང་འཛིན་ཆགས་ཐམས་ཅད་དང་བྲལ་ནས་མེད་པ་དེས། ཡེངས་སྒོམ་གཉིས་དང་བྲལ་བའི་མ་བཅོས་རང་བབས་ཆེན་པོའི་ཏིང་ངེ་འཛིན་གང་ཞིག་ཡེ་ནས་ཆུ་ལ་རླན་ལྟར་སེམས་ཉིད་དང་འདུ་འབྲལ་མེད་པའི་རང་བཞིན་ཅན་མངོན་སུམ་དུ་འགྲུབ་པར་འགྱུར་ལ། དེ་ལྟ་བུའི་ཏིང་ངེ་འཛིན་དེ་ནི་བློ་རྣམ་པར་རྟོགས་པའི་འཛིན་པ་མེད་པ་བཞིན་དུ། ཆོས་ཉིད་སྙིང་པོའི་དོན་དང་འབྲལ་བ་མེད་པས་གནས་ལུགས་ཡང་དག་པའི་དོན་མི་གཏོང་བར་འཛིན་པས་འཛིན་པ་མེད་པའི་འཛིན་པ་སྟེ་འཛིན་པ་ཀུན་གྱི་མཆོག་ཏུ་གསུངས་ལ། འོན་ཀྱང་གཟུང་འཛིན་འཁོར་བའི་ཆོས་ཐམས་ཅད་ཀུན་རིག་སྟོང་སྐྱེ་བ་མེད་པའི་ཀློང་དུ་ཡེ་ནས་གྲོལ་ཟིན་པ་དང་། སྐུ་དང་ཡེ་ཤེས་ལ་སོགས་པ་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་ཟིན་པ་ཡིན་པས། རེ་དོགས་འབད་རྩོལ་གྱི་སྒོ་ནས་ཏིང་ངེ་འཛིན་དེ་དམིགས་པའི་ཡུལ་ལ་བཏང་བ་དང་། རྩེ་གཅིག་ཏུ་བཞག་པ་ལ་སོགས་པའི་ཚུལ་ལ་མི་རྟོག་ཅིང་བསྒོམ་བྱ་སྒོམ་བྱེད་ཀྱི་བློ་དང་བྲལ་བཞིན་དུ་ཆོས་ཉིད་རྟོགས་པའི་ངང་ལས་ཉམས་པ་མེད་པ་དེ་ནི། ཏིང་ངེ་འཛིན་གྲུབ་པའི་རྒྱལ་པོའམ་མཆོག་ཏུ་གསུངས་པ་སྟེ། ཀློང་ཆེན་ལས། མི་དམིགས་མི་བཙལ་དེ་བཞིན་ཉིད། །དེ་ལས་གཞན་དུ་མི་འགྱུར་ན། །འཛིན་ཆགས་སྐྱོན་གྱི་དེ་མི་གོས། །རང་གི་ཤེས་རིག་དམ་པ་ལ། །གཟའ་གཏད་བཅའ་བའི་ཡུལ་མེད་པས། །ཆགས་སྡང་གཉིས་ཀྱི་བློ་མི་སྐྱེ། །བསམ་པའི་ཡུལ་དང་བྲལ་བ་ལ། །བསྒོམ་དང་མི་བསྒོམ་མེད་པའི་ཕྱིར། །རྟོགས་པའི་ཀློང་ལས་ཉམས་པ་མེད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་གཉིས་སུ་བཟུང་བའི་སྐྱོན་ལ་གསུམ་སྟེ། ཐབས་ཚུལ་དུ་མར་བསྒོམ་པ་ཉིད་ཀྱིས་གནས་ལུགས་མི་རྟོགས་པའི་སྐྱོན། འཁོར་འདས་བླང་དོར་དུ་བཟུང་བས་རྣལ་དོན་མི་རྟོགས་པའི་སྐྱོན། བདེ་སྡུག་བླང་དོར་དུ་ཤེས་པས་སེམས་ཉིད་མི་རྟོགས་པའི་སྐྱོན་ནོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ། །ལྟ་སྒོམ་དང་དམ་ཚིགས་ལ་སོགས་པ་ལམ་ལ་སློབ་པའི་ཐབས་སྣ་ཚོགས་བསྒོམ་པར་བྱས་པས་ནི་ཆོས་ཉིད་རྫོགས་པ་ཆེན་པོའི་གནས་ལུགས་རང་བྱུང་གི་ཡེ་ཤེས་ཉག་གཅིག་སྤྲོས་པ་བྲལ་བའི་དོན་ནི་མི་གསལ་ཞིང་སླར་ཡང་བསྒྲིབ་པར་བྱེད་པ་ཡིན་པས་ན། མཚན་བཅས་དང་མཚན་མེད་ཀྱི་དོན་གསལ་ཞིང་བརྟན་པར་གྱུར་པ་ཡི་ཏིང་ངེ་འཛིན་གང་ཞིག་བསྒོམ་པར་བྱེད་པ་དེ་ལའང་རྫོགས་པ་ཆེན་པོའི་བྱ་རྩོལ་ལ་མི་ལྟོས་པའི་རང་གནས་ཆེན་པོའི་ཏིང་ངེ་འཛིན་ནི་ཡོད་པ་མ་ཡིན་ནོ་ཞེས་སོ། །གཉིས་པ་ནི། འདི་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་དུ་ཐ་དད་མེད་པར་གཅིག་གི་རང་བཞིན་ཡིན་པ་ལ་སངས་རྒྱས་དང་སེམས་ཅན་བཟང་ངན་གཉིས་སུ་ཕྱེ་ཞིང་། སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ལས་ལོགས་སུ་གྱུར་པའི་སངས་རྒྱས་ཞིག་ཐོབ་པར་འདོད་པ་དེས་ཀྱང་འཁོར་འདས་མཉམ་པ་ཉིད་གྱི་རང་བཞིན་ཆོས་ཉིད་རྣལ་མའི་དོན་མི་རྟོགས་པས་ན་རྫོགས་པ་ཆེན་པོའི་ལམ་ལ་སྒྲིབ་པའི་སྐྱོན་དང་བཅས་པར་གསུངས་སོ། །གསུམ་པ་ནི། འདི་ལྟར་ཆོས་ཉིད་དེ་བཞིན་ཉིད་ཀྱི་ཀློང་ན་བདེ་སྡུག་ཏུ་སྣང་བ་ཐམས་ཅད་སེམས་ཉིད་གཅིག་གི་རྩལ་སྣང་ཡིན་པས་བཟང་ངན་བླང་དོར་ལས་འདས་པ་ཡིན་པ་ལ། འོག་མའི་ཐེག་པ་རྣམས་སུ་དེ་ལྟར་མ་རྟོགས་པར་བདེ་བ་དང་སྡུག་བསྔལ་ཞེས་བཟང་ངན་གཉིས་སུ་ཕྱེ་བར་བྱས་ནས། བདེ་བ་རྒྱུ་འབྲས་ཐམས་ཅད་དང་དུ་བླང་བར་ལུང་བསྟན་པ་དང་། སྡུག་བསྔལ་དང་དེའི་རྒྱུ་སྡིག་པ་དང་བཅས་པ་རྒྱབ་ཏུ་བོར་བར་ལུང་བསྟན་པ་དེ་ནིི། ཆོས་ཐམས་ཅད་ཀུན་བྱེད་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་དུ་སྤང་བླང་དབྱེ་བསལ་མེད་པར་སྟོན་པ་ངེས་པའི་ལུང་དང་འགལ་བ་ཡིན་པས་ན། སེམས་ཉིད་བཅོས་བསྒྱུར་སྤང་བླང་དང་བྲལ་བའི་དོན་ཇི་བཞིན་པ་མི་རྟོགས་པར་གསུངས་ཏེ། མདོ་བཅུ་ལས། རྣམ་པར་དག་པའི་ཆོས་ཉིད་ལ། །སྣང་དང་སྲིད་པ་གཉིས་སུ་མེད། །སྣོད་དང་བཅུད་ཀྱང་གཉིས་སུ་མེད། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །ཕྱི་ནང་སྨོས་པའི་ཆོས་ཀྱང་མེད། །མེད་པའི་ཆོས་ཀྱི་སྙིང་པོ་ལ། །ཡོད་པའི་སྒྲོ་སྐུར་གདབ་མི་བྱ། །གང་ཞིག་མེད་པའི་དོན་མ་མཐོང་། །འདི་ལ་ཡོད་པའི་སྒྲོ་འདོགས་པ། །དོན་གྱི་སྙིང་པོ་མི་ཤེས་པས། །མེད་པའི་བདེ་བ་ཡུལ་མ་མཐོང་། །དེ་ནི་མ་སྐྱེས་ཆོས་མ་རྟོགས། །དེ་ཡིས་དབྱིངས་ཀྱི་ལམ་མ་མཐོང་། །དེ་ནི་གཅིག་པུ་མུན་འཐོམ་ནས། །སྤྲོས་མེད་གནས་ནི་མཐོང་མི་འགྱུར། །ཅེས་གསུངས་པ་ལྟར་རོ། །གསུམ་པ་གཉིས་སུ་མེད་པའི་འཐད་པ་ལ་ལྔ་སྟེ། བདེ་སྡུག་གཉིས་ཀ་གདོད་ནས་དག་པའི་བྱང་ཆུབ་ཏུ་གཅིག་པ། འཁོར་འདས་སེམས་ཀྱི་རང་བཞིན་དུ་གཅིག་པ་སྣང་སྲིད་ཆོས་ཀྱི་ངོ་བོར་གཅིག་པ་བདེན་རྫུན་བློ་ཡི་རོལ་བར་གཅིག་པ་གཉིས་འཛིན་སྡུག་བསྔལ་གྱི་རྩ་བར་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ། ཇི་ལྟར་སྣང་བའི་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གདོད་ནས་རྣམ་པར་དག་པ་ཀུན་བཟང་བདེ་བ་ཆེན་པོ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ཀློང་ན་རང་བཞིན་གཅིག་ཏུ་གནས་པ་ཡིན་པས་དེ་ལ་བཟང་ངན་དང་བླང་དོར་ལ་སོགས་པ་གཉིས་སུ་མ་འབྱེད་ཅིག་ཅེས་སྤྱིར་བསྟན་ནས། བྱེ་བྲག་ཏུ་མཐོ་རིས་ལྷའི་བདེ་བ་དང་། ངན་སོང་དམྱལ་བའི་སྡུག་བསྔལ་ལ་སོགས་པ་བདེ་སྡུག་ཏུ་སྣང་བ་ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཐ་དད་དུ་མེད་པར་གཅིག་པའི་ཕྱིར་ན་བླང་དོར་གང་ཡང་མི་དགོས་སོ་ཞེས་བདེ་སྡུག་ཐམས་ཅད་སེམས་ཅན་རྣམས་ཀྱི་བློས་འཛིན་ཚུལ་གྱིས་དབང་གིས་སོ་སོར་བཏགས་པ་ཙམ་ལས་མེད་པར་བསྟན་པ་སྟེ། ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། བྱ་བྲལ་ཀུན་ཏུ་བཟང་པོའི་ས་ཉིད་ལ། །འཁོར་བ་ཀུན་བཟང་མྱ་ངན་འདས་པ་བཟང་། །ཀུན་བཟང་ཀློང་ན་འཁོར་འདས་ཡེ་ནས་མེད། །སྣང་བ་ཀུན་བཟང་སྟོང་པ་ཀུན་ཏུ་བཟང་། ། ཀུན་བཟང་ཀློང་ན་སྣང་སྟོང་ཡེ་ནས་མེད། །སྐྱེ་ཤི་ཀུན་བཟང་བདེ་སྡུག་ཀུན་ཏུ་བཟང་། །ཀུན་བཟང་ཀློང་ན་བདེ་སྡུག་སྐྱེ་ཤི་མེད། །བདག་གཞན་ཀུན་བཟང་རྟག་ཆད་ཀུན་ཏུ་བཟང་། །ཀུན་བཟང་ཀློང་ན་བདག་གཞན་རྟག་ཆད་མེད། །འཆིང་གྲོལ་མེད་པས་དགག་སྒྲུབ་ཡེ་ནས་བྲལ། །ཞེས་པ་ལྟར་རོ། །གཉིས་པ་ནི། གཏིང་རྫོགས་ལས། སངས་རྒྱས་སེམས་ཅན་རྒྱུ་འབྲས་རོ་གཅིག་ཕྱིར། །ལྟོས་པའི་གཅིག་ལ་གཅིག་བྱུང་མ་ཡིན་ཏེ། །གཉིས་ཀའི་ངོ་བོ་རང་སེམས་ཆོས་སྐུར་གཅིག །ཅེས་གསུངས་པ་ལྟར་སེམས་ཅན་རྣམས་ཀྱིས་ལམ་བསྒྲུབ་ནས་གཟོད་སངས་རྒྱས་སུ་འབྱུང་བ་ལྟ་བུའི་རྒྱུ་འབྲས་ཅན་མ་ཡིན་པར་ད་ལྟའི་སེམས་ཅན་གྱི་རྒྱུད་གྱི་སེམས་ཉིད་འོད་གསལ་བའི་ཡེ་ཤེས་འདི་ལས་གཞན་པའི་སངས་རྒྱས་ཞིག་མེད་ལ། འོན་ཀྱང་དེ་ཉིད་རང་ངོ་མ་ཤེས་པར་རིག་རྩལ་ལས་རླུང་གིས་བསྐྱོད་པ་ལས་སེམས་ཅན་ལྟར་སྣང་བ་ཙམ་ལས། དོན་ལ་འཁོར་འདས་གཉིས་ཀ་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་རང་བཞིན་ལས་གཞན་དུ་མེད་པས་རང་གི་སེམས་སུ་གཅིག་པར་གསུངས་པ་སྟེ། དེས་ན་འཁོར་འདས་ལ་བླང་དོར་དུ་མི་རྟོག་པར་སྲིད་ཞི་མཉམ་པ་ཉིད་ཀྱི་རང་བཞིན་ཤེས་པར་བྱའོ། །ཞེས་གདམས་པའོ། །གསུམ་པ་ནི། དེ་བཞིན་དུ་ཕྱི་འབྱུང་བ་ལྔའི་ངོ་བོར་སྣང་བ་སྣོད་ཀྱི་འཇིག་རྟེན་དང་ནང་སྲིད་པ་ཕུང་པོ་ལྔའི་ངོ་བོར་སྣང་བ་བཅུད་ཀྱི་སེམས་ཅན་སྟེ། དེ་ལྟར་སྣོད་བཅུད་གཉིས་ཀྱིས་བསྡུས་པའི་ཆོས་འདི་ཐམས་ཅད་ཆོས་ཉིད་བྱང་ཆུབ་ཀྱི་སེམས་གཅིག་གི་རྩལ་ལས་ཤར་བ་ཡིན་པས་ཐ་དད་དུ་མེད་དེ། སྔ་མ་ལས། རང་གི་སེམས་ལས་མ་གཏོགས་པའི་ཆོས་གཞན་ལོགས་ན་ཡེ་ནས་མེད། །ཅེས་གསུངས་པ་ལྟ་བུ་ཡིན་པའི་ཕྱིར་ན་ཇི་ལྟར་སྣང་བའི་ཕྱི་ནང་གི་དངོས་པོ་འདི་དག་ཐམས་ཅད་དག་ཅིང་གཟུང་འཛིན་མཚན་མའི་ཆོས་སུ་གྲུབ་པ་རྡུལ་ཙམ་མེད་པར་སྣོད་བཅུད་དག་པ་ཆེན་པོའི་རང་བཞིན་དུ་བསྟན་པའོ། །བཞི་པ་ནི། གཞན་ཡང་གནས་ལུགས་ཡང་དག་པའི་དོན་བདེན་པ་ལྟར་སྣང་བ་དང་། ཀུན་རྫོབ་འཁྲུལ་བའི་སྣང་བ་རྫུན་པ་ལྟར་སྣང་བའི་ཆོས་གཉིས་ཀྱང་བློས་བཏགས་པ་ཙམ་ལས་དོན་ལ་ཆོས་ཉིད་མཉམ་པ་ཉིད་ཀྱི་ངང་ན་བདེན་ན་བདེན་མཉམ་རྫུན་ན་རྫུན་མཉམ་གཅིག་གི་རང་བཞིན་ཡིན་ཏེ་གཉིས་ཀ་བློ་ཡི་རོལ་པ་ཙམ་ཡིན་པའི་ཕྱིར་རོ། །ཚུལ་དེ་ལྟར་ཀློང་ཆེན་ལས་ཀྱང་། །ཡོད་མེད་མཐའ་གཉིས་རང་ཆོད་ཀློང་། །རང་དང་གཞན་ཡི་ཕྱོགས་འཛིན་མེད། །རྫུན་དང་བདེན་པར་གདོད་ནས་མཉམ། །ཅི་ཕྱིར་རིག་པ་དྲི་མེད་འདི། །ངོ་བོ་ཕྱོགས་ལྷུང་གང་ཡང་མེད། །ཅེས་གསུངས་སོ། །ལྔ་པ་ནི། གོང་དུ་བཤད་པ་དེ་ལྟར་བདེ་སྡུག་ལ་སོགས་པའི་གཉིས་ཆོས་ཐམས་ཅད་གཉིས་མེད་མཉམ་པ་ཆེན་པོ་གཅིག་གི་རང་བཞིན་ཡིན་པའི་རྒྱུ་མཚན་དེས་ན། བདེ་བ་ལ་འདོད་ཅིང་ཞེན་པས་དང་དུ་མ་ལེན་ལ། སྡུག་བསྔལ་ལ་མི་འདོད་ཅིང་འདོར་འདོད་ཀྱི་བློས་མ་སྤོང་བར་མཉམ་ཉིད་སྤང་བླང་དང་བྲལ་བའི་ངང་ལ་རང་བཞིན་དུ་གནས་པས། སྤང་བླང་དགག་བསྒྲུབ་ཀྱི་དོན་ཐམས་ཅད་ཀུན་ཀྱང་མ་བྱས་ཡེ་ཟིན་དུ་འགྲུབ་པ་ཡིན་ལ། དེ་ལྟར་མ་ཤེས་པར་གལ་ཏེ་བདེ་སྡུག་ཐ་དད་དུ་བཟུང་ནས་བདེ་བ་ལ་ཆགས་ཤིང་ཞེན་ནས། སྒོམ་བསྒྲུབ་འབད་རྩོལ་ལ་བརྟེན་ནས་བསྒྲུབ་ཅིང་དང་དུ་ལེན་པར་བྱས་ན་སེམས་ཉིད་བདེ་བ་ཆེན་པོ་མ་བསྒྲུབས་ཡེ་ནས་ལྷུན་གྱིས་གྲུབ་པ་དེ་གཉིས་འཛིན་རེ་དོགས་ཀྱི་བློ་དེས་བསྒྲིབས་ནས་རྟོགས་པར་མི་འགྱུར་བར་སླར་ཡང་རྩོལ་བའི་ནད་དང་སྡུག་བསྔལ་གྱིས་གདུང་བར་གསུངས་པ་ཡིན་ནོ། །གཏིང་རྫོགས་ལས། རང་སེམས་རྟོགས་པའི་དོན་ལས་མ་གཏོགས་པ། །བདེ་ཞིང་སྐྱིད་པའི་སངས་རྒྱས་ལོགས་ན་མེད། །དེ་ཕྱིར་རྒྱུ་ལ་མི་རྟོག་འབྲས་བུ་མེད། །མེད་ལ་རྩོལ་བ་རྒྱ་མཚོའི་ཆུ་བོར་ནས། །སྨིག་རྒྱུ་རི་དྭགས་ཆུར་མཐོང་བསྙེགས་པ་བཞིིན། །བསྒོམ་མེད་དོན་ཉིད་བོར་ནས་སུ་བསྒོམ་པ། །བྱང་ཆུབ་མེད་པར་རང་གི་སྡུག་བསྔལ་བསྣོན། །ཅེས་གསུངས་པ་ལྟར་སེམས་ཉིད་ཇི་བཞིན་དུ་རྟོགས་པའི་ངང་ལ་དགག་སྒྲུབ་དང་རེ་དོགས་ཅི་ཡང་མི་བྱེད་པར་མ་བཅོས་རང་བབ་ཉིད་དུ་གནས་པར་བྱའོ། །བཞི་པ་ཡེ་ཤེས་ཀྱི་ཁྱད་པར་ལ་གཉིས་ཏེ། རང་བྱུང་རྟོག་མེད་ཀྱི་ཡེ་ཤེས་ལས་དང་བག་ཆགས་ཀྱིས་མི་གོས་པ་དང་། རྐྱེན་བྱུང་ཚོགས་དྲུག་གི་རྟོག་པ་ལས་དང་བག་ཆགས་ཀྱི་བསོགས་བྱེད་དུ་བསྟན་པའོ། །དང་པོ་ནི། དེ་ལྟར་འཁོར་འདས་དང་བདེ་སྡུག་ལ་སོགས་པའི་སྣང་བ་ཐམས་ཅད་སེམས་ཉིད་གཅིག་གི་རོལ་པར་བསྟན་པ་ཡིན་ན། སེམས་ཉིད་རང་བྱུང་གི་ཡེ་ཤེས་དགག་སྒྲུབ་སྤང་བླང་ལས་འདས་པའི་རང་བཞིན་དེ་གང་ཡིན་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་རིག་པ་རང་བྱུང་གི་ཡེ་ཤེས་ནི་སྨྲ་བསམ་བརྗོད་པ་ཐམས་ཅད་དང་བྲལ་བས་རང་བཞིན་འཕོ་འགྱུར་མེད་པ་འདུས་མ་བྱས་པའི་བདག་ཉིད་ཡིན་པས། ནམ་མཁའ་ལྟར་ཀུན་ལ་ཁྱབ་ཅིང་ལས་ཉོན་གཟུང་འཛིན་གྱི་སྒྲིབ་གཡོག་མེད་པས་གསལ་འགྲིབ་ཀྱི་ཁྱད་པར་མེད་པར་རྟག་ཏུ་རང་བཞིན་གྱིས་འོད་གསལ་བ་ཡིན་ཞིང་། དེ་ལ་རྣམ་པར་རྟོག་པ་ངང་གིས་མེད་པས་འཁོར་འདས་ཀྱི་སྐྱོན་ཡོན་གང་གིས་ཀྱང་གོས་པ་མེད་པ་དེ་ནི་རྒྱུ་རྐྱེན་ཐམས་ཅད་དང་བྲལ་བས་རང་བྱུང་གི་ཡེ་ཤེས་སམ་ཆོས་ཉིད་ཡེ་ཇི་བཞིན་པའི་གནས་ལུགས། ཡེ་ནས་འཁྲུལ་མ་མྱོང་བའི་སངས་རྒྱས་རྒྱལ་བ་འོད་མི་འགྱུར་བའམ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་དངོས་ཡིན་ཏེ། མན་ངག་སྙིང་གི་དགོངས་པ་ལས། རང་གི་ཤེས་རིག་གི་ངོ་བོ་སྟོང་སང་ངེ་བ་འདི་དངོས་པོ་དང་མཚན་མ་ཅིའི་ངོ་བོར་ཡང་མ་གྲུབ་པར་སྟོང་སང་ངེ་འདུག་པ་འདི་ཀ་ཆོས་ཉིད་ཀུན་ཏུ་བཟང་མོ་ཡིན་ནོ། །རང་གི་རིག་པ་འདི་སྟོང་བདོ་ཙ་ན་སྟོང་པ་ཕྱང་ཆད་དུ་མ་སོང་བར་རང་གི་ཤེས་པ་སང་ངེ་སལ་ལེ་བ་འདི་རིག་པ་ཀུན་ཏུ་བཟང་པོ་ཡིན་ནོ། །རང་གི་རིག་པའི་ངོ་བོ་སྟོང་པ་དང་། རང་གི་ཤེས་པ་ཝལ་ལེ་བ་དབྱེར་མི་ཕྱེད་པར་འདུག་པ་འདི་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ། །ཞེས་གསུངས་པ་ལྟར་ལ། དེ་ལྟ་བུའི་རིག་པ་རང་བྱུང་གི་ཡེ་ཤེས་དེ་ལ་རང་བབ་གཉུག་མའི་བསམ་གཏན་ཆུ་དང་རླན་ནམ་མེ་དང་ཚ་བ་ལྟར་ཡེ་ནས་འབྲལ་མེད་དུ་གནས་པ་ལ། ཐུན་མོང་སེམས་འཛིན་གྱི་ཞི་གནས་ལ་ལྟོས་པ་མེད་ཅིང་རྣམ་པར་རྟོག་པའི་གཡོ་བ་དང་ཡང་བྲལ་བ་ཡིན་པས་ཁམས་གསུམ་དུ་སྐྱེ་བའི་བག་ཆགས་མི་སོགས་པས་ན། དཀར་ནག་དགེ་སྡིག་གི་ལས་ཀྱིས་ཀྱང་གོས་པར་ག་ལ་འགྱུར་ཏེ་མི་འགྱུར་བར་གསུངས་པའོ། །གཉིས་པ་ནི། དེ་ལྟ་བུའི་རིག་པ་བྱང་ཆུབ་ཀྱི་སེམས་རྒྱ་མཚོ་ཆེན་པོ་ལྟར་གཡོ་འགུལ་དང་བྲལ་བ་ལས། རྒྱ་མཚོ་ལས་རླབ་ལྟར་རྩལ་ལས་ཤར་བའི་ཡེ་ཤེས་ཕྱི་ཚོགས་དྲུག་གིས་ཤེས་པ་ཡུལ་ལ་ལྟོས་པ་ཅན་རྣམས་དང་། དེ་ལས་ཀྱང་ཁྱད་པར་ཡིད་ཤེས་རྟོག་བཅས་ཀྱི་སྒོ་ནས་དགེ་སྡིག་རྒྱུ་འབྲས་ཀྱི་འདོར་ལེན་དང་རྣམ་རྟོག་དང་ཡེ་ཤེས་ཀྱི་བཟང་ངན་འབྱེད་པ་དང་ཏིང་ངེ་འཛིན་བསྒོམ་པ་ལ་སོགས་པ་ཕྱི་ནང་ཡུལ་རྣམས་ལ་རྟོག་ཅིང་དཔྱོད་པའི་ཤེས་པ་རྣམས་ནི། ངོ་ཤེས་ཤིང་ལམ་དུ་སློང་ན་ཡེ་ཤེས་ཡིན་ཀྱང་རང་ངོ་མ་ཤེས་ཤིང་ལམ་དུ་མ་སློང་ན་རྣམ་པར་རྟོག་པའི་རང་བཞིན་ཅན་དེ་ལ། ངོ་བོའི་ཆ་ནས་རང་བྱུང་གི་ཡེ་ཤེས་ལས་མ་འདས་པ་ཡིན་པས་རྩལ་ཤར་རོལ་བའི་ཡེ་ཤེས་ཞེས་གསུངས་ན་ཡང་། ངོ་མ་ཤེས་པས་རྣམ་པར་རྟོག་པ་རང་ཀ་མས་དགེ་མི་དགེ་མི་གཡོ་བའི་ལས་སྣ་ཚོགས་བསགས་ནས། ཁམས་གསུམ་དུ་སྐྱེ་བའི་བག་ཆགས་སྣ་ཚོགས་པ་ཀུན་གཞིའི་ཁམས་ལ་བགོས་པས་སླར་ཡང་རྟོག་པའི་རྒྱུན་རིགས་འདྲ་བར་མ་ཆད་དུ་སྐྱེ་ཞིང་མཆེད་པའི་རང་བཞིན་ཅན་དེ། ལ་ཟློ་ལས། བྱང་ཆུབ་སེམས་ནི་བློ་ཡིས་བསམ་པ་མིན། །བསམ་ཞིང་བརྟགས་པའི་ཆོས་ནི་རིག་བྱེད་ཡེ་ཤེས་ཡིན། །རང་བྱུང་ཡེ་ཤེས་རང་ཤར་དེ་ལ་མེད་པས་ན། །བློ་ཡིས་བསམ་ཞིང་བརྟགས་པའི་ཆོས་ལ་རེ་མ་འཇོག །ཅེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་རྩལ་ལས་ཤར་བའི་ཡེ་ཤེས་དེ་ཉིད་ལ་བག་ཆགས་ཀྱིས་དབང་སྒྱུར་བ་ཡིན་པའི་རྒྱུ་མཚན་དེ་བས་ན། རྣམ་པར་རྟོག་པའི་རྐྱེན་ཁར་གནས་པའི་ཡེེ་ཤེས་དེ་ལ་རང་བྱུང་གི་ཡེ་ཤེས་དངོས་ཡིན་པར་བཟུང་ནས་བསྒོམ་པར་མི་བྱ་སྟེ། རྣམ་པར་རྟོག་པའི་རང་བཞིན་ཅན་གྱི་ཡེ་ཤེས་དེ་མ་ཡེངས་བར་རྩེ་གཅིག་པའི་ངང་ལ་བསྒོམ་པར་བྱས་པས། རང་བྱུང་གི་ཡེ་ཤེས་ཡེ་ནས་མི་རྟོག་མཉམ་པ་ཉིད་ཀྱི་རང་བཞིན་དུ་གནས་པའི་དོན་དང་བྲལ་བར་འགྱུར་ལ། རྣམ་རྟོག་འགྱུ་དྲན་ལ་རྩིས་གདབ་བྱེད་ཅིང་ཏིང་འཛིན་རྩོལ་བའི་ནད་ཀྱིས་ཟིན་པར་འགྱུར་བ་ཡིན་པས་ན། རྩ་བ་རང་བྱུང་གི་ཡེ་ཤེས་ཉིད་ངོས་ཟིན་པར་བྱ་བ་ཉིད་གལ་ཆེ་བར་གསུངས་སོ། །ལྔ་པ་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ལ་ལྔ་སྟེ། ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་བསྟན་པ། སྣང་སྲིད་སྣ་ཚོགས་སུ་སྣང་བ་གནས་ལུགས་གཅིག་གི་རོལ་པར་བསྟན་པ། འཁོར་འདས་ཆོས་ཉིད་དུ་གཅིག་པ་སངས་རྒྱས་ཀྱི་དགོངས་པར་བསྟན་པ། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀུན་གྱི་སྔ་རོལ་ནས་ལྷུན་གྱིས་གྲུབ་པ་རྒྱལ་བས་བསྟོད་ཚུལ་བསྟན་པ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་རྩ་བ་བྱང་ཆུབ་ཀྱི་སེམས་སུ་འདུས་པར་བསྟན་པའོ། །དང་པོ་ནི། ཀྱེ་སེམསས་དཔའ་ཆེན་པོ། འདི་ལྟར་རྒྱལ་བ་སྐུ་གསུམ་པོ་ཐམས་ཅད་ཀྱི་སྟོན་པར་གྱུར་པ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ཞེས་ཡོངས་སུ་གྲགས་པ་ང་ནི། གཞན་དུ་ཡོད་པ་མ་ཡིན་པར་སེམས་ཅན་རྣམས་ཀྱི་རིག་པ་བྱང་ཆུབ་ཀྱི་སེམས་འདི་ཉིད་ཀྱི་རང་བཞིན་ཀུན་ཁྱབ་འཕོ་འགྱུར་དང་བྲལ་བ་འདི་ཉིད་ཡིན་ལ། །དེ་ལྟ་བུའི་རིག་པ་བྱང་ཆུབ་ཀྱི་སེམས་དེ་ལ་ངོ་བོ་དང་རྩལ་དང་རོལ་པ་ཞེས་རྣམ་པའི་ཆ་ནས་གོང་དུ་བཤད་པ་དེ་ལྟར་དབྱེ་བ་ཕྱེ་ནའང་། དོན་ལ་རླབས་ཐམས་ཅད་རྒྱ་མཚོ་ལས་མ་འདས་པ་ལྟར་དུ་སྙིང་པོ་བྱང་ཆུབ་སེམས་ཀྱི་རྩལ་ལས་ཤར་བའི་རོལ་པ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་བཞིན་ཁོ་ན་ཡིན་ལ་སྙིང་པོ་བྱང་ཆུབ་ཀྱི་སེམས་ལས་གཞན་དུ་གྱུར་པ་དེ་ནི་ཆོས་ཐམས་ཅད་ཀྱི་ནང་ན་གཅིག་ཀྱང་མེད་པ་དེ་ན་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཤེས་པར་བྱས་སྟེ། དེ་ཉིད་ལས། ཆོས་རྣམས་ཀུན་གྱི་ཐག་ནི་བྱང་ཆུབ་སེམས་སུ་བཅད། མ་བལྟས་མ་བསྒོམས་བསམ་པ་མེད་པས་ཐག་བཅད་ན། དེ་ལ་རང་བྱུང་ཡེ་ཤེས་ཤར་བས་ཐག་དེར་བཅད། ཅེས་གསུངས་པ་ལྟར་ཆོས་ཐ མས་ཅད་ལ་སྤང་བླང་དང་དགག་བསྒྲུབ་མེད་པར་རང་བྱུང་ཡེ་ཤེས་གཅིག་གི་རང་བཞིན་དུ་ལ་བཟླ་བར་བྱའོ། །གཉིས་པ་ནི། དེ་ལྟར་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་གཅིག་གི་རྩལ་ལས་སྤྲུལ་པའི་རོལ་པ་ཡིན་པའི་ཕྱིར་ན། སྣང་སྲིད་ཀྱིས་བསྡུས་པའི་ཆོས་ནི་སྣ་ཚོགས་སུ་སྣང་བ་ཐམས་ཅད་ཆོས་སྐུ་ཀུན་བྱེད་རྒྱལ་པོའི་ཐུགས་ཀྱི་ཀློང་ནས་གང་འདུལ་སྤྲུལ་པའི་རོལ་བར་ཤར་བ་ཡིན་ཏེ། འདི་ལྟར་སྣང་སྲིད་སྣ་ཚོགས་སུ་སྤྲུལ་པ་ཅིར་ཡང་སྣང་བ་ཡི་ཚུལ་ནི། །ཕྱི་རོལ་སྣོད་ཀྱིས་བསྡུས་པ་བེམ་པོའི་རྣམ་པ་དང་། །ནང་སེམས་ཅན་གྱི་གཟུགས་མི་འདྲ་བ་སྣ་ཚོགས་སུ་སྣང་བ་དང་། དེ་བཞིན་དུ་དབྱིབས་གྲུ་བཞི་དང་ཟླ་གམ་སོགས་དང་ཁ་དོག་སྔོ་སེར་དཀར་དམར་སོགས་དང་། གཞན་ཡང་ཆེ་ཆུང་དང་བཟང་ངན་ལ་སོགས་པ་ཇི་ལྟར་སྣང་བ་དེ་ལ་དད་ཅིང་མོས་པ་རེ་ཡོད་ལ། དད་པ་དེ་ཡིས་ཏེ་དེ་ཡི་དབང་གིས་གདུལ་བྱ་རང་རང་གི་ཁམས་དབང་མོས་པ་དང་འཐད་པའི་ཆོས་སྟོན་པར་བྱེད་པ་སྟེ། དེ་ཡང་དད་པའི་སྟོབས་དང་ལྡན་ན་བྱ་དང་རི་དྭགས་ལ་སོགས་པ་སེམས་ཅན་དུ་གཏོགས་པ་དང་། སེམས་མེད་ཤིང་དང་ཆུ་ཀླུང་ནམ་མཁའ་སོགས་ལས་ཀྱང་ཆོས་ཀྱི་སྒྲ་འབྱུང་བར་གསུངས་པ་དང་། སྔར་བཤད་པ་ལྟར་འབྱུང་བ་ལ་སོགས་པས་མི་རྟོག་མཉམ་པ་ཉིད་ཀྱི་དོན་བརྡའི་སྒོ་ནས་སྟོན་པར་གསུངས་པ་དེ་ན་སྣ་ཚོགས་སྣང་བའི་ཆོས་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་དེ་ཐམས་ཅད་ནི་རང་བྱུང་ཡེེ་ཤེས་ཆེན་པོའི་ཐུགས་རྗེ་ཡི་རྩལ་ལས་སྤྲུལ་པར་བཤད་པ་ཡིན་ལ། དེ་ལྟར་སྤྲུལ་པའི་རྣམ་པར་རོལ་པ་སྣ་ཚོགས་སུ་སྣང་བ་དེ་ཡང་སྣང་བའི་དུས་ཉིད་ནས་རང་གི་རང་བཞིན་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངང་ལ་ཡེ་ནས་གནས་པ་ལས་སྐད་ཅིག་ཀྱང་གཡོས་པ་མེད་པར་ཆོས་ཉིད་གཅིག་གི་རང་བཞིན་ཡིན་པར་གསུངས་སོ། །དེ་ལྟར་སྣང་སྲིད་ཐམས་ཅད་སྤྲུལ་པའི་རང་བཞིན་ཡིན་པར་གསུངས་པ་བཞིན་དུ་སྐུ་གསུམ་ཡེ་ནས་འདུ་འབྲལ་མེད་པའི་ཕྱིར་ན་ཆོས་སྐུ་དང་ལོངས་སྐུའི་རང་བཞིན་ཀྱང་ཡིན་ཏེ། ཀློང་ཆེན་ལས། འགྲོ་བ་རིགས་དྲུག་སྐྱེ་གནས་བཞི། །སྤྲུལ་པའི་སངས་རྒྱས་ཡིན་པས་ན། །བྱང་ཆུབ་སེམས་ལ་དགག་ཏུ་མེད། །ས་ཆུ་མེ་རླུང་འབྱུང་བ་བཞི། །འགྲོ་དོན་མཛད་ཕྱིར་བཅོམ་ལྡན་འདས། །མངོན་དུ་ཕྱུང་བ་ལོངས་སྤྱོད་རྫོགས། །བྱང་ཆུབ་སེམས་ལ་དགག་ཏུ་མེད། །ནམ་མཁའི་ཀློང་ན་མཚན་མི་གནས། །དམིགས་སུ་མེད་པས་ཆོས་ཀྱི་སྐུ། །བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན། །ཅེས་གསུངས་པ་ལྟར་རོ། །གསུམ་པ་ནི། འདི་ལྟར་དུས་གསུམ་དུ་གཤེགས་ཤིང་བྱོན་པའི་སངས་རྒྱས་རྣམས་ཀྱི་རང་བཞིན་ཡང་ཆོས་ཉིད་འདུས་མ་བྱས་པ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་དེའི་རང་བཞིན་ཡིན་ཞིང་དེ་ལ་འདུ་འབྲལ་མེད་པར་གནས་པས་ན། ཆོས་ཉིད་དེའི་ངང་ལས་ཡེ་གདོད་མ་ཉིད་ནས་གཡོས་བ་མེད་པས་བྱང་ཆུབ་ཀྱི་སེམས་འདི་ནི་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ཀྱང་ཡིན་ཏེ། ཆོས་ཉིད་རང་བྱུང་གི་ཡེ་ཤེས་འདི་ལས་གཞན་ན་ནི་སངས་རྒྱས་ཞེས་བྱ་བ་ཞིག་གུད་ན་མེད་དོ། །དེ་བཞིན་དུ་སངས་རྒྱས་རྣམས་ལས་གཞན་ན་ནི་སེམས་ཅན་ཞེས་བྱ་བ་གུད་ན་མེད་དེ། འདི་ལྟར་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་སེམས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ནི་སངས་རྒྱས་རྣམས་ཀྱི་དགོངས་པ་མཐར་ཐུག་པ་ཡིན་པའི་ཕྱིར་རོ་ཞེས་སོ། །བཞི་པ་ནི། འཁོར་འདས་ཀུན་གྱི་རང་བཞིན་ཆོས་ཉིད་བྱང་ཆུབ་སེམས་ཡིན་པའི་རྒྱུ་མཚན་དེས་ན་འཁོར་འདས་ཀུན་གྱི་སྤྱི་གཞི་གདོད་མའི་གཞི་དབྱིངས་ཆེན་པོ་འོད་གསལ་བྱང་ཆུབ་ཀྱི་སེམས་དེ་ནི། འཁོར་འདས་ཀུན་གྱི་སྔོན་རོལ་ན་ཡེ་གདོད་མ་ཉིད་ནས་ལྷུན་གྲུབ་འགྱུར་བ་མེད་པའི་རང་བཞིན་དུ་གནས་པ་ཡིན་ལ། བྱང་ཆུབ་ཀྱི་སེམས་དེ་ཉིད་ཀྱི་ཀློང་ནས་རྩལ་འགག་པ་མེད་པའི་རོལ་པ་མ་བྱུང་གི་བར་དུ་ནི་སངས་རྒྱས་དང་ནི་སེམས་ཅན་ཞེས་བྱ་བ་གཉིས་ཀ་མེད་དེ། གཞི་ཐོག་མའི་འོད་གསལ་ཆེན་པོ་དེ་ལས་གདངས་འགག་པ་མེད་པའི་རྩལ་གཞི་སྣང་གི་རོལ་པར་ཤར་བ་ཉིད། ངོ་ཤེས་པ་དང་མ་ཤེས་པའི་དབང་གིས་འཁོར་འདས་གཉིས་སུ་སྣང་བ་ལས་འཁོར་འདས་ཞེས་བྱ་བ་གཞན་ན་མེད་པའི་ཕྱིར་རོ། །རྒྱུ་མཚན་དེ་བས་ན་དུས་གསུམ་གྱི་སངས་རྒྱས་མ་ལུས་པ་ཀུན་བས་ཀྱང་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ལ་རྒྱལ་བ་རྣམས་ཀྱིས་བསྟོད་ཅིང་བསྔགས་པར་མཛད་པ་ཡིན་ཏེ། གཏིང་རྫོགས་ལས། སེམས་ཅན་མ་གྲུབ་སངས་རྒྱས་མེད་པའི་གོང་། །ངོ་བོ་ཉིད་ཀྱི་སྐུ་ལ་རང་བྱུང་སེམས། །དེ་ཉིད་ཡེ་ནས་གནས་ལུགས་ཡིན་པའི་ཕྱིར། །དེ་ལྟར་ཆོས་སྐུ་མྱ་ངན་འདས་པའི་ཆོས། །ཀུན་ཏུ་བཟང་པོ་རང་བྱུང་ཡེ་ཤེས་ཐུགས། །ཞེས་དང་། ཀློང་ཆེན་ལས། རང་བྱུང་ཡེ་ཤེས་རྒྱལ་བའི་མེས། །ཁམས་གསུམ་སེམས་ཅན་ཀུན་གྱི་ཡབ། །དུས་གསུམ་རྒྱལ་བ་རྣམས་ཀྱི་ཡུམ། །རྣལ་འབྱོར་ལམ་མཆོག་འབྱུང་བའི་གཏེར། །ཐེག་ཆེན་ས་ལམ་བགྲོད་པའི་གཞི། །འཆིང་བའི་ཞགས་པ་གཅོད་པའི་མཚོན། །ཉོན་མོངས་ཕྲེང་ཐག་གཅོད་པའི་གྲི། །འཇིགས་ཚོགས་དགྲ་ལ་འབྲོས་པའི་མཁར། །སོ་མཚམས་བདུད་བཞི་བསྲུང་བའི་མི། །འགྲོ་དྲུག་གྲོང་ཁྱེར་འཇོམས་པའི་དམག །གསང་བའི་དགྲ་གསུམ་གསོད་པའི་གྲི། །རང་སེམས་བྱ་བྲལ་ཀུན་བཟང་དེ། །ཀུན་གྱི་སྤྱི་མེས་འཕོ་འགྱུར་མེད། །ཁམས་གསུམ་སེམས་ཅན་དེ་ལས་བསྐྱེད། །སྐྱེ་མེད་ཀུན་ཏུ་བཟང་མོའི་དབྱིངས། །དུས་གསུམ་སངས་རྒྱས་དེ་ལས་བྱུང་། །ཞེས་པ་ལ་སོགས་པས་བསྔགས་པ་ལྟར་རོ། །ལྔ་པ་ནི། དེ་ལྟ་བུའི་འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ནི་རྒྱུ་རྐྱེན་གང་གིས་ཀྱང་མི་འགྱུར་ཏེ་སེམས་ཉིད་རང གི་ངོ་བོ་རང་བྱུང་འདུས་མ་བྱས་པ་ཡིན་པས་འགྱུར་བ་ཡེ་ནས་མེད་པའི་ཕྱིར་རོ། །དེས་ན་སེམས་ཀྱི་ཆོས་ཉིད་རིག་པ་རང་བྱུང་གི་ཡེ་ཤེས་དེ་ལམ་སྦྱང་བགྲོད་ལ་སོགས་པས་བཅོས་ཤིང་བསྒྱུར་བས་གཡོས་པ་རྡུལ་ཙམ་མེད་པར་ཆོས་ཉིད་ནམ་མཁའ་ལྟ་བུའི་ངོ་བོར་གནས་པ་ཡིན་པས་བསྒྱུར་བཀོད་དང་དབྱེ་བ་ལ་སོགས་པ་མེད་པའི་སེམས་ཉིད་གཅིག་པོ་དེ་ལ་སྣང་ཚུལ་གྱི་དབྱེ་བ་གདུལ་བྱའི་ཁམས་དབང་དང་མཚམས་པར་བསྟན་པའི་ཐེག་པ་རིམ་པ་དགུ་དང་། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་སོ་སོར་འབྱེད་ཅིང་གསུངས་བར་མཛད་པའི་རྒྱལ་བ་སྐུ་གསུམ་གྱི་སྟོན་པས། གདུལ་བྱ་རྣམས་ལ་ཐེག་རིམ་དང་ཆོས་སྒོ་དེ་དག་གི་ལམ་རིམ་རྒྱུ་འབྲས་སྤང་བླང་ཅན་དུ་སོ་སོར་བསྟན་པ་དེས། རྩོལ་མེད་ཨ་ཏིའི་དགོངས་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་དོན་ནི་མི་རྟོགས་ཏེ་སྤང་བླང་བྱ་རྩོལ་བྲལ་བའི་ཡེ་ཤེས་དེ་རྒྱུ་འབྲས་རྩོལ་བསྒྲུབ་ཅན་གྱི་སྤྱོད་ཡུལ་མིན་པའི་ཕྱིར་རོ། །དེ་ལྟར་ཉག་གཅིག་ཐིག་ལེ་ཆེན་པོ་རྩོལ་མེད་ཡེ་སངས་རྒྱས་པའི་དོན་དེ་མ་རྟོགས་པས་ཆོས་སྒོ་ཐམས་ཅད་ཀུན་གྱི་དོན་ཀྱང་རྟོགས་པར་མི་འགྱུར་བ་དེས་ན། ཆོས་སྒོ་དང་ཐེག་པའི་རྣམ་གྲངས་དེ་དག་ཐམས་ཅད་རྩ་བ་བྱང་ཆུབ་ཀྱི་སེམས་གཅིག་གི་དོན་དུ་འདུས་པའི་ཕྱིར་བྱང་ཆུབ་ཀྱི་སེམས་དེ་རབ་ཏུ་རྟོགས་པར་བྱའོ་ཞེས་གསུངས་སོ། །ལ་ཟློ་ལས། ཕྱོགས་བཞི་མཚམས་བརྒྱད་ཆུ་བྲན་ཐམས་ཅད་བྱུང་བ་ཡང་། །རྒྱ་མཚོ་ཉིད་ལས་བྱུང་ཞིང་རྒྱ་མཚོ་ཉིད་དུ་འདུ་བ་ལྟར། །བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་ཐམས་ཅད་བྱུང་བ་ཡང་། །ཆོས་ཉིད་དབྱིངས་ལ་བྱུང་ཞིང་ཆོས་ཉིད་དབྱིངས་སུ་གཅིག །རྒྱ་མཚོའི་འཇིང་ལ་གཡོ་འགུལ་ཡེ་ནས་མེད་པ་བཞིན། །སྐྱེ་མེད་དོན་ལ་དུས་གསུམ་འཕོ་དང་འགྱུར་བ་མེད། རྦ་དང་རླབས་ལ་འགག་པ་མེད་པ་བཞིན། །སྐྱོན་དང་ཡོན་ཏན་མི་འགག་ཅིར་ཡང་འཆར་བར་ངེས། །ཤར་ཡང་སྐྱེ་མེད་དབྱིངས་ལས་མ་འདས་དགོངས་མཛོད་ལ། །མ་རྟོགས་སེམས་ཅན་གཞན་ལ་ལེགས་པར་ལུང་སྟོན་ཅིག །ཅེས་གསུངས་པ་ལྟར་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ཀྱི་འཕྲོ་གཞི་བྱང་ཆུབ་ཀྱི་སེམས་འདི་ཡིན་པས་ཀྱང་ཆོས་རྣམས་ཀུན་གྱི་རྩ་བར་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ཀློང་ལས་མ་གཡོས་པས་སངས་རྒྱས་གཞན་དུ་བཙལ་བའི་འདོད་པ་མེད་པར་བསྟན་པའི་ལེའུ་སྟེ་ང་གཉིས་པའི་འགྲེལ་བའོ།། ༈ །།དོན་གསུམ་པ་ཆོས་ཉིད་དེ་བཞིན་ཉིད་ལས་མ་གཡོས་པའི་རང་བཞིན་གཞི་གདོད་ནས་དག་པའི་ལེའུ་ང་གསུམ་པ་ལ་གཉིས་ཏེ། བསྟན་པ་དང་བཤད་པའོ། །དང་པོ་ནི། དེ་ལྟར་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་གདོད་ནས་ཡེ་སངས་རྒྱས་པའི་ངོ་བོར་ལྷུན་གྱིས་གྲུབ་པ་ཡིན་པས། བསྒྲུབ་འདོད་དང་བྱ་རྩོལ་ལ་མི་ལྟོས་པར་བསྟན་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས། ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་ལས་ཡེ་ནས་གཡོས་པ་མེད་པས་གྲུབ་བསལ་འཕོ་འགྱུར་དང་བྲལ་བའི་ཕྱིར་བྱ་བྲལ་ལྷུན་རྫོགས་ཆེན་པོའི་དགོངས་པ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་དམ་པ་སྤྱིར་བསྟན། དེའི་རང་བཞིན་གཉིས་མེད་བཅོས་བསླད་དང་བྲལ་བས་རྒྱས་པར་བཤད། ཐམས་ཅད་སེམས་ཉིད་དུ་དག་པས་འཁོར་འདས་བཟང་ངན་མེད་པས་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཆོས་ཐམས་ཅད་བྱང་ཆུབ་སེམས་ལས་གཡོས་པ་མེད་པ་ཉིད་བསྟན་པ་དང་། དེ་ཉིད་རྒྱལ་བའི་རང་བཞིན་ཡིན་པས་ཡིད་ཆེས་གསང་བར་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ། ད་སྔོན་འཁོར་འདས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མ་རྟོགས་པར་བཟང་ངན་དང་བླང་དོར་ལ་སོགས་པ་ཐ་དད་དུ་བཟུང་བས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འདི་ལྟར་འཁྲུལ་སྣང་སྣ་ཚོགས་ལ་སྤྱོད་པ་ཡིན་པས། ང་ནི་འདི་ལྟར་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གཉིས་མེད་མཉམ་པ་ཉིད་དུ་རྟོགས་པར་མཛོད་ལ། ཁམས་གསུམ་གྱི་སེམས་ཅན་རྣམས་ལ་ཡང་དེ་བཞིན་དུ་ལུང་སྟོན་པར་གྱིས་ཤིག །དེ་ཡང་ཚུལ་ཇི་ལྟར་རྟོགས་པར་བྱ་ཞེ་ན། སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ཀུན་བྱེད་རྒྱལ་པོ་ང་ཉིད་ཇི་བཞིན་དུ་རྟོགས་པར་གྱིས་དང་འཁོར་འདས་ཀྱི་ཆོས་ཀུན་གྱི་རང་བཞིན་ཡང་རྟོགས་པར་འགྱུར་རོ་ཞེས་གསུངས་ཏེ། དེ་ཅིའི་ཕྱིར་ན་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་ལས་གཡོས་པ་རྡུལ་ཙམ་མེད་པར་དེའི་རང་བཞིན་དུ་ཡེ་ནས་གནས་པའི་ཕྱིར་ཏེ། དེ་ཡང་འདི་ལྟར་ཀུན་བྱེད་རྒྱལ་པོ་སྐུ་གསུམ་གྱི་ཡང་སྟོན་པར་གྱུར་པ་དེ་ཉིད་ནི་གཞན་ན་མེད་པར་རང་གི་རིག་པས་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་ལ་བྱང་ཆུབ་ཀྱི་སེམས་འདི་ནི་ཡེ་ནས་ཡེ་སྟོང་འདུས་མ་བྱས་པ་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པ་ལས་གཞན་དུ་གཡོས་པ་མེད་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་བྱང་ཆུབ་སེམས་ཀྱི་ཀློང་ལས་གཡོས་པ་རྡུལ་ཙམ་མེད་ཅིང་ཡེ་སྟོང་སྤྲོས་པ་དང་བྲལ་བ་ཉིད་དུ་གནས་པ་ཡིན་ནོ། །ཞེས་སོ། །གཉིས་པ་ལ་དྲུག་སྟེ། ངོ་བོ་རྒྱུ་འབྲས་ལས་འདས་པ་གསང་བ་སྐྱེ་མེད་བསམ་ཡུལ་ལས་འདས་པས་གསང་བ། མ་འགགས་ཀུན་གསལ་དུ་གནས་པས་གསང་བ། མ་བྱས་ཆོས་ཉིད་དུ་གྲོལ་བས་གསང་བ། འབྱུང་ལྔ་ཡེ་ཤེས་སུ་སྣང་བས་གསང་བ། དུག་གསུམ་སྐུ་གསུམ་དུ་གནས་པས་གསང་བའོ། །དང་པོ་ནི། དེ་ལྟར་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་ལས་སྐད་ཅིག་ཀྱང་གཡོས་པ་མེད་པར་དེའི་རང་བཞིན་ཡིན་ཞིང་། བྱང་ཆུབ་ཀྱི་སེམས་རིག་པ་རང་བྱུང་གི་ཡེ་ཤེས་དེ་ནི་རང་བྱུང་ཡིན་པས་རྒྱུ་ལས་སྐྱེ་བ་མེད་པ་དང་ཡེ་སྟོང་ཡིན་པས་རྐྱེན་གྱིས་འཇིགས་པ་མེད་པ་སྟེ་ཆོས་ཉིད་འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར་ན། དེ་ཉིད་རྒྱུ་དང་འབྲས་བུ་ཡི་ཆོས་ཀུན་ལས་ཤིན་ཏུ་འདས་ཤིང་ཁྱད་པར་དུ་འཕགས་པས་འདུས་བྱས་རྒྱུ་འབྲས་ཀྱི་མཚན་ཉིད་ཅན་ཀུན་ལས་རྒྱལ་བའི་སྙིང་པོ་སྤང་བླང་རྩོལ་སྒྲུབ་ཀུན་དང་བྲལ་བ་ཡིན་ཀྱང་། དེ་ཉིད་རྒྱུ་དང་འབྲས་བུའི་ཐེག་པ་ཅན་རྣམས་ལ་བསྟན་ན་ཁོང་དུ་མི་ཆུད་པར་སྒྲོ་སྐུར་སྣ་ཚོགས་བྱེད་ཅིང་སྤོང་བར་འགྱུར་བས་ནས་དེ་དག་ལ་མི་སྨྲ་བར་ཤིན་ཏུ་གསང་བར་གསུངས་སོ། །གཉིས་པ་ནི། དེ་བཞིན་དུ་རིག་པ་རང་བྱུང་གི་ཡེ་ཤེས་ཀ་དག་སྤྲོས་པ་དང་བྲལ་བའི་རང་བཞིན་ཅན་དེ་ཉིད་ཡེ་ནས་མ་སྐྱེས་པས་ན་སྐྱེ་འགག་གཞོམ་གཞིག་དང་བྲལ་བ་སྟོང་ཆེན་དེ་བཞིན་ཉིད་རྡོ་རྗེ་ཡི་ཆོས་བདུན་དང་ལྡན་པའི་རང་བཞིན་ཡིན་པས་སྐྱེ་མེད་ཆོས་ཀྱི་དབྱིངས་ཀྱི་ངང་ན་རྒྱུ་འབྲས་སྐྱེ་འགག་ཅན་གྱི་ཆོས་ཀུན་ལས་རྒྱལ་བར་བཞུགས་པ་ཡིན་ཕྱིར་དགེ་སྡིག་གི་ཕན་གནོད་དང་བྲལ་བ་ཡིན་ཀྱང་། དགེ་སྡིག་རྒྱུ་འབྲས་ལ་ཞེན་པའི་རིགས་ཅན་རྣམས་ལ་མི་སྨྲ་བར་ཤིན་ཏུ་གསང་བར་བྱ་སྟེ་དེ་དག་གིས་རྟོགས་པར་མི་ནུས་པས་སོ། །གསུམ་པ་ནི། དེ་ལྟར་གདོད་ནས་ཡེ་སྟོང་ཆེན་པོ་སྐྱེ་མེད་བསམ་ཡུལ་ལས་འདས་པ་ཡིན་ཀྱང་། འོན་ཏེ་སྟོང་པ་ཕྱང་ཆད་པ་ལྟ་བུ་ཡང་མ་ཡིན་པར་སེམས་ཉིད་སྐྱེ་བ་མེད་པ་ལས་གདངས་མ་འགགས་པའི་སྣང་ཆ་འོད་གསལ་རིག་པའི་ཉི་མ་འཆར་ནུབ་དང་བྲལ་བ་དེ་ཉིད། ཆོས་ཉིད་ཡེ་སྟོང་ཆེན་པོ། ནམ་མཁའི་དཀྱིལ་འཁོར་ལྟ་བུའི་དབྱིངས་ན་བློ་བུར་གཟུང་འཛིན་གྱི་སྤྲིན་གྱིས་བསྒྲིབ་པ་མེད་པས་རྒྱལ་བར་བཞུགས་པ་ཡིན་ན་ཡང་། རྒྱུ་འབྲས་བླང་དོར་ཐེག་པ་ཅན་རྣམས་ལ་བསྟན་ན་རྒྱུ་འབྲས་རྩོལ་བསྒྲུབ་ལས་འདས་པའི་ཆོས་དེ་འདྲ་མི་སྲིད་ཅེས་སྐུར་པ་འདེབས་ཤིང་ཆོས་སྤོང་གི་ལས་བསགས་པར་བྱ་བ་ཡིན་པས་ན་དེ་དག་ལ་མིི་སྨྲ་གསང་ཞིང་སྦ་བར་བྱའོ་ཞེས་པ་སྟེ། ས་བཅད་སྔ་མ་གཉིས་ཀ་དག་སྐྱེ་མེད་ཀྱི་ཆ་དང་། འདིར་ལྷུན་གྲུབ་འགག་མེད་ཀྱི་ཆ་ནས་བསྟན་པའོ། །བཞི་པ་ནི། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དེའི་རྩལ་ལས་རང་སྣང་བའི་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱང་། ཇི་ལྟར་སྣང་ཙམ་པ་དེ་ལས་གཞན་དུ་རྒྱུ་རྐྱེན་གང་གིས་ཀྱང་མ་བཅོས་མ་བསྒྱུར་བཞིན་དུ་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཀློང་ན་མ་དག་མཚན་མའི་ཆོས་ལས་ཡེ་ནས་གྲོལ་ཞིང་རྒྱལ་བའི་རང་བཞིན་དུ་བཞུགས་པ་ཡིན་ཀྱང་རྒྱུ་འབྲས་ཀྱི་ཐེག་པ་ཅན་ལ་རླུང་ཕྱོགས་ཙམ་ཡང་མི་སྨྲ་བར་ཤིན་ཏུ་གསང་དགོས་པར་གསུངས་སོ། །དེ་ལྟར་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་སྤྲོས་པའི་མཚན་མ་ཀུན་ལས་རྒྱལ་བ་ཡིན་པའི་ཕྱིར་ན། གདོད་ནས་ཡེ་སངས་རྒྱས་པ་རྒྱལ་བའི་སྐུ་ཡི་ངོ་བོ་སྐྱེ་ཤི་འཕོ་འགྱུར་དང་བྲལ་བ་ཡིན་པར་གསུངས་ཏེ། ཀློང་ཆེན་ལས། སྐྱེ་འགག་མེད་པའི་རེག་པ་སྟེ། །ཆོ་འཕྲུལ་ཅིར་ཡང་མ་ངེས་པས། །རང་བྱུང་ཡེ་ཤེས་མཐའ་ལས་རྒྱལ། །རྒྱལ་བའི་སྐུ་སྟེ་སྐྱེ་ཤི་མེད། །འཁོར་བའི་གཡུལ་ངོ་ཀུན་ལས་རྒྱལ། །རྒྱལ་བའི་སྐུ་སྟེ་མཐོ་དམན་མེད། །འཁོར་འདས་སྐྱོན་ཡོན་ཀུན་ལས་རྒྱལ། །རྒྱལ་བའི་སྐུ་སྟེ་མཉམ་པ་ཉིད། །ཅེས་གསུངས་སོ། །ལྔ་པ་ནི། དངོས་པོའི་ཆོས་ཐམས་ཅད་ཀྱི་གོ་འབྱེད་པའི་རང་བཞིན་འབྱུང་བ་ནམ་མཁའ་དང་ཡང་ཞིང་གཡོ་བའི་མཚན་ཉིད་ཅན་རླུང་དང་། དེ་བཞིན་དུ་རླན་ཞིང་སྡུད་པ་ཆུ་དང་། སྲ་ཞིང་བརྟན་པ་ས་དང་། དྲོ་ཞིང་སྨིན་པར་བྱེད་པ་མེ་ཡི་རང་བཞིན་དུ སྣང་བའི་འབྱུང་བ་ལྔ་ཡང་མ་དག་མཚན་མའི་ཆོས་སུ་གྲུབ་པ་ཅི་ཡང་མེད་པར། སྙིང་པོ་བྱང་ཆུབ་སེམས་ཀྱི་ངོ་བོར་ཤིན་ཏུ་སྟེ་བྱང་ཆུབ་ཀྱི་སེམས་མ་ཡིན་པར་ཅུང་ཟད་ཙམ་ཡང་མེད་པར་རྒྱལ་བའི་སྙིང་པོ་རང་བྱུང་ཡེ་ཤེས་ཀྱི་བདག་ཉིད་དུ་སངས་རྒྱས་པ་ཡིན་ཀྱང་། དམན་པའི་བློ་ཅན་རྒྱུ་འབྲས་ཀྱི་ཐེག་པ་ཅན་རྣམས་ལ་མི་སྨྲ་བར་ཤིན་ཏུ་གསང་བར་གདམས་པའོ། །དྲུག་པ་ནི། ཁམས་གསུམ་དུ་སྣང་བ་འདི་དག་ཐམས་ཅད་ཀྱང་ཡེ་ནས་སྐུ་གསུམ་གྱི་ངོ་བོར་གནས་པ་ཡིན་ཏེ། འདི་ལྟར་གཟུགས་མེད་ཀྱི་ཁམས་སྟོང་པ་ཆོས་ཀྱི་སྐུ་དང་། གཟུགས་ཁམས་གསལ་བ་ལོངས་སྐུ་དང་། འདོད་ཁམས་ཐུགས་རྗེ་སྤྲུལ་པའི་སྐུར་གནས་པ་དང་། དེ་བཞིན་དུ་འདིར་རྩ་བ་ན་དུས་གསུམ་ཞེས་གསུངས་ཀྱང་། །ས་བཅད་ཀྱི་ཚིག་གིས་དུག་གསུམ་སྐུ་གསུམ་དུ་གནས་པ་ཞེས་གསུང་པས་དུག་གསུམ་ཡིན་པར་མངོན་ལ། དེ་ལྟར་ན་གཏི་མུག་ཆོས་ཀྱི་སྐུ་དང་། འདོད་ཆགས་ལོངས་སྤྱོད་རྫོགས་སྐུ་དང་། ཞེ་སྡང་སྤྲུལ་པའི་སྐུ་སྟེ། དུག་གསུམ་པོ་དེ་ཉིད་ཡེ་ནས་སྐུ་གསུམ་གྱི་རང་བཞིན་ཡིན་ཏེ། སྤྱི་གཅོད་སེམས་ཏིག་གི་ལེའུ་ལས། འཁོར་བ་ཀུན་རྒྱལ་བྱང་སེམས་མཆོག །དུག་གསུམ་གནས་ཚོལ་སྐུ་གསུམ་ཏིག །དུག་ལྔ་མ་བསྒྲིབས་མྱ་ངན་འདས། །ཡེ་ཤེས་ལྔ་རུ་གསལ་བའི་ཏིག །ཅེས་གསུངས་པ་ལྟར་ཁམས་གསུམ་དང་དུག་གསུམ་དུ་སྣང་བ་ཐམས་ཅད་རིག་པ་སྐུ་གསུམ་གྱི་ཀློང་ནས་ཐུགས་རྗེ་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་སྐུ་གསུམ་གྱི་རོལ་བར་ཤར་བ་ཡིན་པས་རྒྱལ་བའི་རང་བཞིན་དུ་གནས་པ་ཡིན་མོད། དེ་ཉིད་རྒྱུ་འབྲས་ཀྱི་ཐེག་པ་ཅན་རྣམས་ལ་མི་སྨྲ་བར་ཤིན་ཏུ་གསང་བར་མ་བྱས་ན། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཡིན་པས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པར་སྟོན་པ་ཨ་ཏི་རྫོགས་པ་ཆེན་པོའི་དགོངས་དོན་ཁོང་དུ་མི་ཆུད་པར་ལོག་པར་བལྟ་ཞིང་སྐུར་པ་འདེབས་ཤིང་དེས་དབང་གིས་ངན་སོང་གི་གནས་སུ་ལྟུང་བར་འགྱུར་བས་ན་གསང་བར་གདམས་པ་སྟེ། ནམ་མཁའི་མཐའ་དང་མཉམ་པ་ལས། གང་ཞིག་གསང་བའི་གསུང་མཆོག་ལ། །གང་ཞིག་སྤོང་ཞིང་སྐུར་བཏབ་པ། །རྒྱལ་བའི་གསུང་མཆོག་སྤང་བ་ཡིས། །ཐར་པའི་སེམས་དང་གཏན་དུ་བྲལ། ཞེས་དང་། གཏིང་རྫོགས་ལས། དེ་དོན་རྫོགས་ཆེན་སྙིང་པོའི་དོན་བཤད་དུ། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་སྐྲག །རྒྱུད་ལུང་རྣལ་འབྱོར་སྒྲོ་སྐུར་འདེབས་ཤིང་འཕྱ། །ཚུལ་འཆོས་སྡེ་བ་ཞེ་སྡང་དབང་གིས་ཕྲག་དོག་བྱེད། །ངེས་དོན་འདི་ལ་འགལ་སེམས་སྡིག་ཅན་རྣམས། །དམྱལ་བར་ངེས་འགྲོ་གཏན་དུ་སྙིང་རེ་རྗེ། །ཞེས་པ་ལ་སོགས་པ་ངེས་དོན་ཟབ་མོའི་ཆོས་ལ་སྒྲོ་སྐུར་བཏབ་པའི་ཉེས་དམིགས་དཔག་ཏུ་མེད་པ་མདོ་རྒྱུད་ཀུན་ནས་གསུངས་པ་བཞིན་ནོ། །གཉིས་པ་དེའི་རང་བཞིན་གཉིས་མེད་བཅོས་བསླད་དང་བྲལ་བ་རྒྱས་པར་བཤད་པ་ལ་གཉིས་ཏེ། རང་གསལ་གདོད་ནས་དག་པའི་སེམས་ཉིད་ཇི་བཞིན་པ་ལས་གཡོས་པ་མེད་པའི་ངོ་བོ་སྤྱིར་བསྟན། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་ལྟར་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྒྱལ་བའི་སྙིང་པོ་ཆོས་ཉིད་སྤྲོས་པ་དང་བྲལ་བའི་རང་བཞིན་དུ་བཞུགས་པ་དེ་ཡང་། རྒྱུ་འབྲས་རྩོལ་སྒྲུབ་ཀྱིས་གསར་དུ་བྱས་པ་མིན་པར་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ཀུན་བྱེད་ཉིད་ཀྱི་དབྱིངས་ལ་ཡུལ་མ་དག་མཚན་མའི་ཆོས་ལྔར་ཡོད་ཞིག་མཁའ་ལ་འཇའ་ཚོན་ལྟར་མ་ཡལ་ཞིང་། ཡུལ་ཅན་རྣམ་རྟོག་གི་གཡོ་བ་ཞིག་མ་ཞི་བཞིན་དུ་ཆོས་ཐམས་ཅད་རང་བཞིན་གྱིས་སྤྲོས་པ་ཀུན་དང་བྲལ་བའི་བྱང་ཆུབ་སེམས་ཀྱི་ངོ་བོར་གནས་པ་ལ་བཅོས་བསྒྱུར་བླང་དོར་ལ་བརྟེན་ནས་ད་གཟོད་གཟུང་འཛིན་གྱི་སྤྲོས་པ་ཞིག་ཞི་བར་བྱ་བ་ཅི་ཡང་མེད་དོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སྤྲོས་པ་གང་ཡང་མེད་ཅིང་རྟོག་པ་དང་བྲལ་བའི་ཞི་བ་དེ་ཡང་། རྒྱུ་རྐྱེན་རྩོལ་སྒྲུབ་ཀྱི་སྒོ་ནས་སྤྲོས་པ་སྔར་ཡོད་ཞིག་མ་ཡལ་ཞིང་མ་ཞི་བཞིན་དུ་རང་བཞིན་གྱིས་སྤྲོས་པ་མེད་པ་དེ་ལྟར་དུ་ཡེ་ནས་གནས་པ་དང་། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་རང་གདངས་འགག་པ་མེད་པ་འོད་གསལ་ཡེ་ཤེས་ཀྱི་སྣང་བ་མ་བསྒྲིབ་པར་གསལ་བ་དེ་ཡང་། ཡེ་ནས་དེ་ལྟར་དུ་གནས་པ་ཡིན་གྱི་བྱ་བྱེད་རྩོལ་བ་ལ་བརྟེན་ནས་སྒྲིབ་བྱེད་ཀྱི་དྲི་མ་ཞིག་བསལ་ནས་གཟོད་མངོན་དུ་གསལ་བ་མ་ཡིན་ཏེ། རང་བྱུང་ཡེ་ཤེས་དེ་ལ་སྒྲིབ་པའི་དྲི་མ་ཞིག་སྟོང་ཆེན་ཆོས་ཀྱི་དབྱིངས་ཀྱི་མཁའ་ལ་མ་ཡལ་ཞིང་། རང་སར་མ་ཞི་བཞིན་དུ་ཞི་བར་བྱ་བ་ཡི་སྒྲིབ་པ་ཞིག་ཡེ་ནས་མེད་པའི་ཕྱིར་རོ། །སྣང་སྲིད་སྣོད་བཅུད་ཀྱི་དངོས་པོ་འདི་ལྟར་སྣང་བ་ཐམས་ཅད་ཀྱང་ཆོས་ཉིད་སྐྱེ་བ་མེད་པ་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་རང་བཞིན་ཡིིན་ཏེ། ཀུན་བྱེད་བྱང་ཆུབ་སེམས་ཀྱི་ཀློང་ན་ཆོས་ཉིད་མཉམ་པ་ཉིད་དུ་གནས་པ་དེ་ཡང་སྣོད་བཅུད་ཀྱི་དངོས་པོ་སྔར་ཡོད་ཞིག་དབྱིངས་ལ་མ་ཡལ་ཞིང་གཉེན་པོས་མ་ཞི་བར། གཟོད་ནས་རང་བཞིན་གྱིས་གྲུབ་པ་མེད་པས་ད་གདོད་ཞི་བར་བྱ་བ་ཅི་ཡང་མེད་པར་གནས་པ་སྟེ། མདོར་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་དབྱིངས་སུ་མ་ཡལ་ཞིང་རང་གི་རང་བཞིན་གྱིས་ངང་གཉེན་པོ་གཞན་ལ་བརྟེན་ནས་མ་ཞི་བར་གདོད་ནས་གཟུང་འཛིན་མཚན་མའི་སྤྲོས་པ་ཞིག་ཡོད་མ་མྱོང་བས། འདི་ལྟར་སྣང་བ་ཐམས་ཅད་འོད་གསལ་ཡེ་ཤེས་ཆེན་པོའི་རང་བཞིན་རྒྱལ་བའི་སྙིང་པོ་ཉིད་དུ་གནས་པ་མངོན་དུ་གསལ་བ་ཡིན་ཏེ་དེ་ལས་གཞན་དུ་གྲུབ་པ་གང་ཡང་མེད་པ་དེས་ན་གདོད་ནས་བྱང་ཆུབ་སེམས་ཀྱི་ངོ་བོ་ལས་སྐད་ཅིག་ཀྱང་གཡོས་པ་མེད་པར་ཤེས་པར་བྱའོ། །གཉིས་པ་བྱེ་བྲག་དུ་བཤད་པ་ལ་གསུམ་སྟེ། རྒྱུ་འབྲས་སྒྲོ་སྐུར་ལས་འདས་པ། མ་བཙལ་ལྷུན་གྲུབ་ཆེན་པོ་གྲུབ་བསལ་སྤྲོས་པ་ལས་འདས་པས་ཚིག་ཙམ་དུ་བཏགས་པ་མཐའ་བྲལ་མཉམ་པའི་སེམས་ཉིད་དག་པ་སྒྲོ་སྐུར་འཛིན་པའི་ཡུལ་ལས་འདས་པས་ཇི་བཞིན་མ་བཅོས་རྣལ་བཞག་བསྟན་པ། གནས་ལུགས་སྨྲ་བསམ་བརྗོད་པ་ལས་འདས་པས་མཐོང་ཐོས་རྙེད་པའི་ཡུལ་ལས་འདས་པའོ། །དང་པོ་རྒྱུ་འབྲས་སྒྲུབ་པ་ལས་འདས་པའི་དོན་ལ་གསུམ་སྟེ། རྩོལ་སྒྲུབ་ཀྱི་ཆོས་དྲང་དོན་དུ་བསྟན་པ། འདོད་མེད་རྣལ་བཞག་ཆེན་པོའི་རང་བཞིན་འགྲུབ་པ། གྲུབ་པའི་ཚིག་ཀྱང་དོན་ལ་མེད་པས་ཐ་སྙད་དུ་བསྟན་པའོ། །དང་པོ་ནི། དེ་ལྟར་ཆོས་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོར་ཡེ་ནས་སངས་རྒྱས་པས་རྒྱལ་བའི་རང་བཞིན་དུ་གནས་པའི་རྒྱུ་མཚན་དེས་ན། ཀུན་བྱེད་བྱང་ཆུབ་སེམས་ཀྱི་ངང་ལས་སྐད་ཅིག་ཀྱང་གཡོས་པ་མེད་པའི་རང་བཞིན་གྱི་ཆོས་འདི་རྣམས་ལ། དག་དང་མ་དག་པ་སྣ་ཚོགས་སུ་བཟུང་ནས་རྒྱུ་འབྲས་བླང་དོར་ལ་བརྟེན་ཏེ་སངས་རྒྱས་ཀྱི་གོ་འཕང་གདོད་སྒྲུབ་པར་བྱེད་པ་ཡི་རྩོལ་བཅས་ཀྱི་ཐེག་པ་འོག་མ་པ་དེ་ནི་སྟོན་པ་ཀུན་བྱེད་ང་ཡི་དགོངས་དོན། ཆོས་ཐམས་ཅད་རྩོལ་མེད་ཡེ་སངས་རྒྱས་པའི་གནས་ལུགས་ཐད་དྲང་དུ་སྟོན་པར་བྱེད་པའི་ངེས་དོན་བླ་ན་མེད་པའི་ལུང་མིན་པར། འབྲས་བུ་ལ་རེ་འདོད་དང་རྩོལ་སྒྲུབ་ཅན་གྱི་གདུལ་བྱ་རྣམས་ལ་བསྟན་པའི་དྲང་བའི་ལུང་ཙམ་ཡིན་ནོ་ཞེས་པའོ། །གཉིས་པ་ནི། འོ་ན་ཀུན་བྱེད་ཉིད་ཀྱི་ངེས་པ་དོན་གྱི་ལུང་དེ་ཇི་ལྟ་བུ་ཡིན་ཞེ་ན། ཀུན་བྱེད་ང་ཡི་ལུང་ནི་རྒྱུ་ལ་རྩོལ་སྒྲུབ་བྱེད་པ་ལ་བརྟེན་ནས་འབྲས་བུ་ཐོབ་པར་འདོད་པ་མེད་པར་དགག་སྒྲུབ་སྤང་བླང་དང་བྲལ་བར་མ་བཅོས་རང་བབ་ལ་བཞག་པས། ཆོས་ཀུན་ཡེ་ནས་སངས་རྒྱས་སུ་གྲུབ་ཟིན་པ་ཡིན་པར་སྟོན་པ་སྟེ། འཁོར་བའི་ཆོས་རྣམས་མི་འདོད་ཅིང་སྤོང་བར་བྱེད་པ་དང་། མྱ་ངན་ལས་འདས་པའི་ཆོས་རྣམས་འདོད་ཅིང་དང་དུ་ལེན་པ་མེད་པར་ཆོས་ཐམས་ཅད་མ་བཅོས་མཉམ་པ་ཉིད་ཀྱི་རང་བཞིན་དུ་འགྲུབ་པར་གསུངས་པའོ། །གསུམ་པ་ནི། འོན་ཀྱང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་གྲུབ་ཅེས་པ་དེ་ཡང་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་དོན་མཚོན་པའི་ཚིག་ཏུ་ཐ་སྙད་བརྗོད་པ་ཙམ་ལས། དོན་ལ་གྲུབ་བྱ་གྲུབ་བྱེད་གང་ཡང་མེད་པས་གྲུབ་ཅེས་བྱ་བ་དེ་ཡང་ཀུན་བྱེད་ང་ཡིས་དོན་ལ་སྨྲས་པ་མེད་པས་ན། དེ་ལྟར་སྨྲ་བ་དེ་ནི་རྒྱུ་ལ་བརྟེན་ནས་འབྲས་བུ་གྲུབ་པར་འདོད་པའི་ཐེག་པ་འོག་མ་པ་རྣམས་ཀྱི་ཚིག་ཏུ་ཤེས་པར་བྱ་སྟེ། ལ་ཟློ་ལས། ཆོས་སྐུ་ཐིག་ལེ་སེམས་ལས་འདས་པ་ཡིན། །རེ་ཞིག་ཙམ་ཏུ་མཚོན་པར་གསུངས་པ་ལ། །བསྒྲུབ་པར་བྱ་བའི་དངོས་པོ་ཡེ་ན་མེད། །ཀུན་གྱི་གཞི་ཡིན་གྲུབ་པ་རྡུལ་ཙམ་མེད། །མིང་དུ་བཏགས་པ་ཙམ་ཀྱང་ནོར་བ་ལ། །ཞེ་འདོད་དམིགས་པ་བཅུག་ན་ཤིན་ཏུ་ནོར། །ཞེས་གསུངས་པ་ལྟར་མིང་གི་ཐ་སྙད་ཙམ་ལ་ཡང་མི་གནས་པར་སྨྲ་བསམ་བརྗོད་པ་ཐམས་ཅད་དང་བྲལ་བར་བསྟན་པའོ། །གཉིས་པ་མཐའ་བྲལ་མཉམ་པའི་སེམས་ཉིད་དག་པ་ལ་བཞི་སྟེ། མཉམ་ཉིད་ཀྱི་དགོངས་པ་རྟོགས་པས་མཐར་འཛིན་གྱི་སྒྲོ་སྐུར་འཇིག་པ། དགོངས་པ་དེ་ལས་ལྷག་པ་དུས་གསུམ་སངས་རྒྱས་ཀྱིས་མ་གསུངས་པ། ཆོས་སོ་ཅོག་གསུངས་ཚད་མཉམ་པ་ཉིད་ཀྱི་དོན་ལས་མི་འདའ་བ། མཉམ་པ་ཉིད་ཀྱི་རང་བཞིན་བཤད་པའོ། །དང་པོ་ནི་དེ་ལ་ཀུན་བྱེད་ཉིད་ལ་ཆོས་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་སུ་གྲུབ་ཅེས་ཚིག་ཙམ་ཡང་བརྗོད་དུ་མེད་པ་དེ་རྒྱུ་མཚན་ཅེས་ཕྱིར་ན། སྙིང་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་ང་ཡི་རང་བཞིན་ནི་སྤྲོས་བྲལ་བློ་ལས་འདས་པ་སྨྲ་བསམ་བརྗོད་པ་དང་བྲལ་བ་ཡིན་པས་དེ་ཉིད་ཇི་བཞིན་དུ་རྟོགས་པའི་ཚེ་ན་ཆོས་ཐམས་ཅད་སངས་རྒྱས་སུ་གྲུབ་པར་སྒྲོ་འདོགས་པ་དང་མ་གྲུབ་པར་སྐུར་བ་འདེབས་པ་ལ་སོགས་པའི་ཡུལ་ལས་འདས་པར་མ་ཟད་སྒྲོ་སྐུར་སྨྲ་བའི་གྲུབ་མཐའ་ཐམས་ཅད་ཀྱི་གཉེན་པོའམ་དགྲ་རུ་ཆེ་བ་ཡིན་ཏེ་མཐར་འཛིན་གྱི་སྤྲོས་པ་དང་གྲུབ་མཐའི་ཕྱོགས་ཞེན་ཐམས་ཅད་ཉི་མས་མུན་པ་ལྟར་དུ་རྫོགས་པ་ཆེན་པོས་དྲུང་ནས་འབྱིན་པར་བྱེད་པའི་ཕྱིར་རོ། དེས་ན་རྫོགས་པ་ཆེན་པོའི་གནས་ལུགས་སེམས་ཉིད་རང་བྱུང་གི་ཡེ་ཤེས་སམ་ཀུན་བྱེད་བྱང་ཆུབ་སེམས་ཀྱིས། ཆོས་རྣམས་ལ་ཡོད་པ་རྟག་པའི་མཐའ་དང་། མེད་པ་ཆད་པའི་མཐའ་དང་། ཐ་སྙད་དུ་གྲུབ་པ་དང་དོན་དམ་དུ་མ་གྲུབ་པ་དང་། དག་པ་སངས་རྒྱས་སུ་སྒྲོ་འདོགས་པ་དང་མ་དག་པ་འཁོར་བའི་ཆོས་སུ་སྐུར་པ་བཏབ་པ་ལ་སོགས་པའི་སྤྲོས་པ་མཐའ་ཐམས་ཅད་ཀུན་ལ། ཅི་ཡང་མི་རྟོག་པས་ན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ནི་རྟོག་མེད་མཉམ་པ་ཉིད་ཀྱི་རང་བཞིན་དུ་གནས་པ་ཡིན་ནོ་ཞེས་གསུངས་པའོ། །གཉིས་པ་ནི། དེ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ཉིད་ཡིན་ཞིང་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་ཡེ་ནས་མི་རྟོག་མཉམ་པ་ཉིད་ཀྱི་རང་བཞིན་དུ་གནས་པའི་རྒྱུ་མཚན་དེས་ན། བྱ་བྱེད་རྩོལ་བ་དང་བྲལ་བའི་ཆོས་ཉིད་མཉམ་པ་ཉིད་ཀྱི་དགོངས་པ་འདི་ལས་མ་གཏོགས་པར་དེ་ལས་ལྷག་པའི་དགོངས་པ་ཟབ་མོ་གཞན་པ་ནི་སངས་རྒྱས་ཐམས་ཅད་ཀུན་གྱི་མེས་པོ་སྟོན་པ་ཀུན་བྱེད་ངས་ཅི་ཡང་མ་གསུངས་སོ། །དེ་ལྟར་སྟོན་པ་ཀུན་བྱེད་ཉིད་ཀྱིས་མ་གསུངས་པ་ཡི་དགོངས་པ་ཟབ་མོ་ཁྱད་པར་འཕགས་པ་ཞིག་ནི་སྐུ་གསུམ་གྱི་སྟོན་པ་དང་དུས་གསུམ་གྱི་སངས་རྒྱས་ཀུན་གྱིས་ཀྱང་མི་སྟོན་ཏེ་དེ་དག་གིས་བསྟན་པ་ཐམས་ཅད་བསྡུ་ན་ཐེག་པ་བརྒྱད་དུ་འདུ་ལ། དེ་དག་ཐམས་ཅད་རྒྱུ་འབྲས་རྩོལ་སྒྲུབ་ཅན་གྱི་ལམ་ཁོ་ན་ཡིན་པས་མི་རྟོག་མཉམ་པ་ཉིད་ཀྱི་གོལ་སར་གྱུར་པ་ལས་མེད་པའི་ཕྱིར་ཏེ། ཀློང་ཆེན་ལས། རིམ་པ་བརྒྱད་ཀྱི་ལྟ་སྒོམ་ཡང་། །འབད་རྩོལ་བྱས་ནས་སངས་རྒྱས་འདོད། །སངས་རྒྱས་དགོངས་པ་མཉམ་ཉིད་ལ། །མི་རྟོག་རྟོག་པ་དགྲར་ལངས་པས། །མཉམ་ཉིད་མཐའ་རུ་ལྟུང་བའི་ཕྱིར། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། འོན་ཀྱང་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་ཀྱི་ཀློང་ནས་གསུངས་དབྱངས་བརྗོད་མེད་དུ་ཆོས་སྒོ་ཇི་སྙེད་གསུངས་པ་ཐམས་ཅད་ཀྱི་དགོངས་པའི་མཐར་ཐུག་ནི་ཀུན་བྱེད་ང་ཡི་ངོ་བོ་གསུངས་པ་ཡིན་ནོ་ཞེས་བྱང་ཆུབ་སེམས་ཀྱིི་གནས་ལུགས་ཆོས་ཉིད་མཉམ་པ་ཉིད་ལ་གཞོལ་ཞིང་འབབ་པ་ཡིན་ཏེ། དེ་ཉིད་ལས། ཐེག་པའི་ཁྱད་པར་ཇི་སྙེད་དུ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། །ཀློང་ཆེན་གཅིག་གི་ཡོན་ཏན་སྟེ། །གདུལ་བྱ་རྣམས་ལ་བསྟན་པར་ཟད། །ཅེས་དང་། གཉེན་པོ་ཡེ་ཤེས་ཕྲ་རགས་ཀྱིས། །བརྒྱད་ཁྲི་བཞི་སྟོང་ཐེག་པའི་གྲངས། །མཉམ་པའི་ཀློང་ལས་མ་གཡོས་ཏེ། །ཐ་དད་མེད་པར་དབྱིངས་སུ་གཅིག །ཞེས་གསུངས་པ་ལྟར་ལ། དེས་ན་བརྗོད་བྱ་བརྗོད་བྱེད་ཀྱིས་བསྡུས་པའི་ཆོས་རྣམས་ཐམས་ཅད་ཀྱི་ངོ་བོ་ནི་ཀུན་བྱེད་ཉིད་ཀྱི་རང་བཞིན་ལས་གཞན་དུ་མེད་པའི་ཕྱིར་ན། ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས་ཀྱི་གནས་ལུགས་ཆོས་ཉིད་མཉམ་པ་ཉིད་ལས་མི་འདའ་བ་ཡིན་ནོ། །བཞི་པ་ནི། དེ་ལྟར་རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་ཆོས་ཉ ིད་མཉམ་པ་ཉིད་ཀྱི་རང་བཞིན་དུ་བསྟན་པ་ཡིན་ན། འོ་ན་མཉམ་པ་ཉིད་ཀྱི་དགོངས་པ་དེ་ཅི་ལྟ་བུ་ཡིན་སྙམ་ན། འདི་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བཟང་ངན་བླང་དོར་མེད་པར་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པ་ཆོས་ཉིད་མཉམ་པའི་རྒྱལ་པོ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་དེ་ནི། རང་བྱུང་ཟག་པ་མེད་པ་ཆོས་ཉིད་ཡེ་སྟོང་ཆེན་པོའི་རང་བཞིན་ཡིན་པས། རྒྱུ་འབྲས་རྩོལ་སྒྲུབ་ཀྱིས་མི་འགྱུར་ཞིང་འབྲས་བུ་ཐོབ་འདོད་ཀྱི་རེ་སྨོན་སོགས་ངང་གིས་མེད་པས་རང་གི་རང་བཞིན་གྱིས་ཡུལ་ལ་ཆགས་ཤིང་ཞེན་པ་ཀུན་དང་བྲལ་བ་ཡིན་པས། དེ་ལྟར་རྟོགས་པའི་རྣལ་འབྱོར་བ་རྣམས་རེ་དོགས་རྩོལ་སྒྲུབ་ཀུན་དང་བྲལ་བ་ཡིན་པར་གསུངས་དེ། རྡོ་རྗེ་འོད་འཕྲོའི་རྒྱུད་ལས། འདི་ཡི་དོན་རྟོགས་སྐྱེས་བུ་ནི། །བཀུར་བ་མེད་ཅིང་བཟླས་བརྗོད་མེད། །མཆོད་པ་མེད་ཅིང་བསྒོམ་པ་མེད། །བསྲུང་བ་མེད་ཅིང་རྟོག་པ་མེད། །སྤང་མེད་བླང་མེད་བྱང་ཆུབ་སེམས། །ཆེད་དུ་བྱ་མེད་ཐམས་ཅད་རྫོགས། །འདི་ནི་རང་བྱུང་རྒྱལ་པོ་ཡིན། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །འབྲས་བུ་ཀུན་གྱི་བཅུད་བསྡུས་ཡིན། །ཅེས་གསུངས་སོ། །གསུམ་པ་གནས་ལུགས་མཐོང་ཐོབ་མེད་པ་ལ་བརྒྱད་དེ། ད་ལྟའི་སེམས་ཉིད་བསྒོམ་པའི་འོག་ཏུ་དེ་བས་ལྷག་པའི་ཆོས་ཉིད་མངོན་སུམ་ཐོབ་པར་འདོད་པས་མི་འགྲུབ་པར་བསྟན་པ། བཙལ་ཞིང་བསྒྲུབ་པས་སེམས་ཀྱིས་སེམས་ཚོལ་ནས་མི་རྙེད་པར་བསྟན་པ་བཙལ་ན་ཕྱི་ནང་གང་ནས་ཀྱང མི་རྙེད་པར་བསྟན་པ། ནམ་མཁའ་ལྟ་བུའི་སེམས་ཉིད་གང་དུ་མ་གྲུབ་པས་མི་རྙེད་པའི་འཐད་པ་འགོད་པ། སེམས་ཉིད་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་རང་བཞིན་མི་རྙེད་པས་ཅིར་སྣང་འཛིན་མེད་དུ་ལ་བཟླ་བ། བསྐྱེད་རྫོགས་སེམས་འཛིན་གྱི་དོན་ལ་ཇི་ལྟར་བསྒོམས་ཀྱང་གཤིས་ཀྱི་གནས་ལུགས་ཇི་ལྟར་ཡིན་པ་དེ་ཉིད་ལས་དུས་གསུམ་འཕོ་འགྱུར་མེད་པས་བསྒོམ་མཁན་ངལ་བ་དོན་མེད་དུ་བསྟན་པ། བསྒོམ་པས་མ་དག་པ་དག་པར་བསྒྱུར་ནུས་ན་རྟོག་མེད་གཅིག་གམ་སངས་རྒྱས་ཀྱི་ཏིང་འཛིན་ཐུན་རེས་འཁོར་བ་ཡུལ་སྟོང་བར་ཐལ་བ། ཆོས་ཐམས་ཅད་བཅོས་བསླད་མེད་པའི་རང་བཞིན་ཆེན་པོར་དོན་བསྡུ་བའོ། །དང་པོ་ནི། འདི་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་སྤྲོས་མེད་ཐིག་ལེ་ཉག་གཅིག་གི་བདག་ཉིད་ཡིན་ཕྱིར་དེ་ལ་ཕྱི་གཟུང་བའི་ཡུལ་གྱི་ཆོས་སུ་གྲུབ་པ་མེད་ལ། དེ་མེད་པས་དེ་ལ་ལྟོས་པའི་ནང་འཛིན་པའི་སེམས་ཀྱི་གནས་སུ་གྱུར་པ་ཉིད་ཀྱང་མེད་པ་སྟེ། དེ་ལྟར་གཟུང་འཛིན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་ཡོད་མ་མྱོང་བར་གཉིས་མེད་མཉམ་པ་ཆེན་པོ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་ད་ལྟ་ཉིད་ནས་གནས་པ་དེ་ལ་བསྒོམ་བསྒྲུབ་རྩོལ་བ་ལ་བརྟེན་ནས། དེ་ལས་ལྷག་པའི་ཆོས་ཉིད་ཀྱི་དོན་ཞིག་ཐོབ་པ་མེད་དེ། གཏིང་རྫོང་ལས། རང་སེམས་སྙིང་པོའི་དོན་རྟོགས་ཆོས་སྐུ་ལས། །བསྒོམ་བྱའི་ཡེ་ཤེས་ཆོས་སྐུ་གུད་ན་མེད། །སྔ་ཕྱི་སེམས་ཀྱི་ཡེ་ཤེས་མཐའ་བྲལ་བ། །མ་ནོར་སྒོམ་པ་པོ་ཡང་ག་ལ་ཡོད། །དེ་ལ་སྒོམ་མཁན་སེམས་ལ་དངོས་མེད་ན། །མི་གནས་མི་རྟོག་འཇོག་བ་རྣལ་འབྱོར་མིན། །ཞེས་གསུངས་པ་ལྟར་ཡིན་པས་ན། གལ་ཏེ་སྒོམ་སྒྲུབ་ལ་བརྟེན་ནས་སྔར་བས་ལྷག་པའི་ཆོས་ཉིད་མངོན་སུམ་དུ་ཐོབ་པར་སུ་ཞིག་གིས་འདོད་པ་དེ་ནི། རེ་ཞིང་འདོད་པ་དེ་ནི་ཆགས་པའི་གནས་སུ་གོལ་བ་ཡིན་ཏེ། ལ་ཟློ་ལས། བསམ་པ་ཅི་སྐྱེས་རང་བྱུང་ཡེ་ཤེས་ལ། །དེ་ལས་ལྷག་པར་འདོད་ན་རྩོལ་བའི་ནད། །ཅེས་གསུངས་པ་ལྟར་རེ་འདོད་དང་རྩོལ་བའི་ནད་ཀྱིས་ཟིན་པ་ལས། གང་ཟག་དེ་ལ་མི་རྟོག་མཉམ་པའི་དགོངས་པ་ནི་སྔར་བས་ལྷག་པ་ཅི་ཡང་གྲུབ་པ་མེད་དེ། རང་བྱུང་གི་ཡེ་ཤེས་ཡེ་ནས་བཅོས་བསྒྱུར་དང་བྲལ་བ་ཡིན་པ་དང་བཅོས་བསྒྱུར་བླང་དོར་ཅན་གྱི་ལམ་དེ་མ་བཅོས་ལྷུན་གྱིས་གྲུབ་པའི་དོན་དང་འགལ་བའི་ཕྱིར་རོ། །གཉིས་པ་ནི། ཆོས་ཉིད་འདུས་མ་བྱས་པ་རིག་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་ཡེ་ནས་མ་བསྒྲུབ་རང་བཞིན་དུ་གནས་པ་ཡིན་པ་ལ། གལ་ཏེ་དེ་ལས་གཞན་དུ་བཙལ་བའི་བསམ་པས་རེ་འདོད་དང་བཅས་པའི་སྒོ་ནས་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ལ་རྩོལ་ཞིང་བསྒྲུབ་པར་བྱེད་པ་ནི། རང་སེམས་གཞན་དུ་ཚོལ་བར་བྱེད་པ་ཡིན་པས་དཔེར་ན་རང་ཉིད་གླང་པོ་ལ་ཞོན་བཞིན་དུ་གླང་པོ་གཞན་དུ་ཚོལ་བ་ལྟར་རྙེད་དུ་མེད་དེ། དེ་ཉིད་ལས། ཆོས་ཉིད་དོན་གྱི་གནས་ལུགས་སྐྱེ་མེད་བདེ་ཆེན་དེ། །ཡོངས་ལ་རྫོགས་པར་ཤེས་ནས་སྨོན་པ་སུ་ལ་འབུལ། །རྒྱ་མཚོ་ཆུ་ཡིས་ཆུ་ལ་སྨོན་པ་མེད་པ་བཞིན། །བྱང་ཆུབ་སེམས་ཀྱིས་སེམས་ལ་སྨོན་དུ་མེད་པ་ཡིན། །སྨོན་པ་གཞན་དུ་འབུལ་ན་རང་གི་དོན་མི་རྟོགས། །ཞེས་པ་བཞིན་ནོ། །གསུམ་པ་ནི། དེ་ལྟར་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་རང་དང་འདུ་འབྲལ་མེད་པ་རང་ཆས་སུ་ལྷུན་གྲུབ་ཉིད་དུ་ཡོད་པ་དེ་ཉིད་གཞན་དུ་བཙལ་ཞིང་བསྒྲུབས་པ་དེ་ཡིས་ནི། ཆོས་ཀྱིི་དབྱིངས་དང་ནམ་མཁའི་ཁམས་ཐམས་ཅད་དུ་ཉུལ་ཞིང་ཁམས་གསུམ་གྱི་གནས་དང་སྲིད་པའི་ཆོས་ཐམས་ཅད་བཤིགས་ནས་དེ་དང་དེར་བཙལ་བར་བྱས་ཀྱང་། རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་རང་བཞིན་གྱིས་སྤྲོས་པའི་མཐའ་གང་ལའང་མི་གནས་ཤིང་ངོ་བོ་ངོས་བཟུང་དང་བྲལ་བར་ཀུན་ཁྱབ་སྐྱེ་འགག་མེད་པར་གནས་པ་དེ་ཉིད་ཕྱི་ནང་གང་ནས་ཀྱང་མི་རྙེད་པར་གསུངས་སྟེ། ཁྱུང་ཆེན་ལས། དཀའ་ཐུབ་སྤྱོད་པ་ཡིས་ནི་དོན་ཚོལ་བ། །གླང་པོ་ཞོན་ནས་གླང་རྗེས་གཅོད་དང་འདྲ། །ནང་ནས་མི་བཙལ་ནང་གི་རང་བཞིན་ཉིད། །ཕྱི་ནས་མི་བཙལ་ཕྱི་ཡི་རང་བཞིན་ཉིད། །གཉིས་གར་མི་གནས་གནས་མེད་གནས་ལ་གནས། །གནས་མཆོག་རྒྱལ་བའི་དཀྱིལ་འཁོར་དེ་ཉིད་ནི། །བྱང་ཆུབ་སྙིང་པོའི་ངོ་བོར་ཐམས་ཅད་གཅིག །གང་དུའང་མ་སོང་གར་ཡང་མི་འགྲོ་ཞིང་། །ཡུལ་ན་མི་གནས་ཕྱོགས་ན་གནས་མིན་ཏེ། །འདི་ལྟར་བསྟན་དུ་མེད་པའི་རང་རིག་དེ། །བྱང་ཆུབ་སྙིང་པོ་ཉིད་ན་དེ་བཞིན་ཉིད། །གང་དུའང་མ་སོང་རང་ལ་རབ་ཏུ་གནས། །ཞེས་གསུངས་སོ། །བཞི་པ་ནི། འདི་ལྟར་རང་གི་སེམས་ཉིད་ནི་དངོས་པོ་མཚན་མའི་ཆོས་སུ་གྲུབ་པ་མེད་པ་རང་བྱུང་འདུས་མ་བྱས་པའི་རང་བཞིན་ཡིན་པས་དབང་པོས་མངོན་སུམ་དུ་བལྟར་མེད་ཅིང་འཁོར་འདས་ཐམས་ཅད་ལ་ཁྱབ་པས་ནམ་མཁའི་རང་བཞིན་དང་མཚུངས་པ་ཉིད་ཡིན་ཏེ་དེ་ཡང་རང་ཉིད་ནམ་མཁའི་ཀློང་ན་གནས་བཞིན་དུ་ནམ་མཁའ་ཚོལ་བར་འདོད་དེ་ཕྱིན་ན་གང་དུ་སོང་ཀྱང་འདི་ལས་ལྷག་པའི་ནམ་མཁའ་ཞིག་རྙེད་དུ་མེད་པ་ལྟར། སེམས་ཉིད་དམིགས་སུ་མེད་པ་ནམ་མཁའ་ལྟ་བུའི་ཀློང་ན་རང་ཉིད་གནས་བཞིན་དུ། དེ་བས་ལྷག་པའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཞིག་རྙེད་པར་རེ་ནས་ལམ་གྱི་རིམ་པ་ཇི་ལྟར་བསྒྲོད་ནས་སོང་ཀྱང་། ད་ལྟའི་སེམས་ཉིད་དམིགས་མེད་ཁྱབ་གདལ་ཆེན་པོ་སྟོང་གསལ་འདུས་མ་བྱས་པ་འདི་ཡི་མཐའ་ལ་ཟད་ཅིང་ཐུག་པ་མེད་པས་དེ་ལས་བསྒལ་དེ་གཞན་དུ་ཕྱིན་པ་མེད་ལ། དེ་བཞིན་དུ་ཆོས་དབྱིངས་སྤྲོས་པ་དང་བྲལ་བ་རིག་པ་བྱང་ཆུབ་ཀྱི་སེམས་འདི་ལ་བྲི་ཞིང་ཟད་པ་དང་འཕེལ་ཞིང་གང་བ་མེད་པ་ད་ལྟའི་སེམས་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་དེ་ལས་ལྷག་པའི་སེམས་ཞིག་མི་རིག་པའམ་མཐོང་དུ་མེད་དེ་དམིགས་པ་ཐམས་ཅད་ཉེ་བར་ཞི་བའི་རང་བཞིན་ཡིན་པའི་ཕྱིར་རོ། །ལྔ་པ་ནི། དེར་མ་ཟད་ཕྱི་ནང་སྣོད་བཅུད་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཀྱང་བདག་གཞན་དང་རྟག་ཆད་བཟང་ངན་དང་འགྲོ་འོང་ལ་སོགས་པ་གང་ཡང་མ་གྲུབ་པར་ཡེ་སྟོང་འདུས་མ་བྱས་པ་ནམ་མཁའ་ལྟ་བུའི་རང་བཞིན་ཡིན་པས། ཆོས་རྣམས་ཀུན་ཀྱང་སེམས་ཉིད་ཀྱི་རང་བཞིན་དེ་ལྟ་བུ་དང་མཚུངས་ཤིང་འདྲ་བ་ཁོ་ན་སྟེ། ཆོས་ཉིད་ཇི་བཞིན་པ་ཡི་ངང་ལ་ཡེ་ནས་གནས་པ་ཡིན་པས་དེ་ལ་སངས་རྒྱས་དང་སེམས་ཅན་སུ་ཀུན་གྱིས་ཀྱང་བཅོས་ཤིང་བསྒྱུར་བར་བྱེད་པ་རྡུལ་ཙམ་མེད་པས་ན་ཅི་སྣང་གང་ཤར་ཐམས་ཅད་ལ་རེ་དོགས་དང་དགག་བསྒྲུབ་ཅི་ཡང་མི་བྱེད་པར་འཛིན་མེད་རང་གྲོལ་གྱི་ཀློང་དུ་ལ་བཟླ་བར་བྱའོ། །དེ་ལྟར་སེམས་ཉིད་ནམ་མཁའ་ལྟ་བུའི་ཀློང་དུ་ཆོས་ཐམས་ཅད་ལ་རེ་དོགས་དང་སྤང་བླང་དགག་བསྒྲུབ་དང་བཅོས་བསྒྱུར་ཅི་ཡང་མི་བྱེད་པར་བཞག་པ་ལ་ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་རྫོགས་པར་ལ་བཟླས་པ་ཡིན་ཏེ། ལ་ཟློ་ལས། ཆོས་ཉིད་ཡུལ་ལས་འདས་པ་ལྟ་བའི་ལ་ཟློ་ཡིན། །དམིགས་སུ་རྡུལ་ཙམ་མེད་པས་བསྒོམ་པའི་ལ་བཟླ་ཡིན། །ལུས་ངག་རྩོལ་བ་མེད་པས་སྤྱོད་པའི་ལ་བཟླས་ཡིན། །སངས་ལ་རྒྱ་བ་མེད་པས་འབྲས་བུ་ལ་བཟླ་ཡིན། །གཞན་དུ་བཙལ་བ་མེད་པས་ལམ་གྱི་ལ་བཟླ་ཡིན། །བཅོས་སུ་མེད་པར་སེམས་དཔས་དགོངས་པར་གྱིས། །ཞེས་གསུངས་སོ། །དྲུག་པ་ནི། འོན་ཀྱང་དེ་ལྟ་བུའི་མ་བཅོས་མཉམ་པའི་དོན་ལ་འཆོས་པར་སེམས་པ་ཡིས་ཆོས་ཉིད་རང་བྱུང་གི་ཡེ་ཤེས་དེ་ལ་རོལ་པའི་ཏིང་ངེ་འཛིན་བསྐྱེད་རྫོགས་གྱི་ལམ་གང་དང་ཅི་བསྒོམ་པར་བྱས་ཀྱང་། ཆོས་ཉིད་འདུས་མ་བྱས་པ་ཡེ་ཇི་བཞིན་པ་ལ་སྦྱོང་བསྒྱུར་ལ་སོགས་པའི་ཐབས་ཚུལ་གང་གིས་ཀྱང་ངོ་བོ་གཞན་དུ་འགྱུར་བ་མེད་པས་རང་ཉིད་མཚན་མའི་རྟོག་པས་ཟིན་པ་ཙམ་ལས་ངལ་བ་དོན་མེད་པར་གསུངས་པ་སྟེ། ཁྱུང་ཆེན་ལས། མེད་ལ་ཡོད་པར་བརྟགས་པའི་རྟོག་པའི་རྒྱུན། །བསྐལ་བར་བྱང་ཆུབ་ཐོབ་དཀའ་འཁྲུལ་བའི་ལམ། །བྱས་པའི་ལམ་བཞིན་འབྲས་བུར་འགྱུར་བར་དཀའ། །མཚན་མའི་ཡུལ་ལ་ཆགས་པས་ཡང་དག་དོན། །རྙེད་པའི་ཡུལ་མེད་ཆགས་ཕྱིར་ཆགས་ལ་གནས། །ཞེས་པ་བཞིན་ནོ། །བདུན་པ་ནི། གལ་ཏེ་བསྐྱེད་རྫོགས་ལ་སོགས་པའི་ཏིང་ངེ་འཛིན་བསྒོམ་པས་གནས་ལུགས་འདུས་མ་བྱས་པ་ཆོས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་གཞན་དུ་འགྱུར་ཏེ་སྔར་བས་ལྷག་པའི་སྟོབས་གཅིག་འཕེལ་ཞིང་ཆེ་བའི་ཡོན་ཏན་ཁྱད་པར་དུ་འགྱུར་པ་ཞིག་ཡིན་ན། གཟུགས་མེད་པའི་ཏིང་ངེ་འཛིན་གྲུབ་པས་བསྐལ་ཆེན་བརྒྱད་ཁྲི་རེའི་ཡུན་དུ་རྟོག་མེད་རེ་རེའི་ངང་དུ་གནས་ཐུབ་པ་ལྟ་བུའམ། ཁྱད་པར་སངས་རྒྱས་རྣམས་ཀྱིས་ཏིང་ངེ་འཛིན་ཐུན་གཅིག་གིས་ཀྱང་འཁོར་བ་ལྷག་མ་མེད་པར་སྟོང་ཞིང་ཟད་པར་བྱེད་རིག་ནའང་དེ་ནི་མི་སྲིད་པའི་ཕྱིར་ན་ཏིང་ངེ་འཛིན་བསྒོམས་པས་ཆོས་ཉིད་ལ་སྔར་བས་ལྷག་པར་བསྒྱུར་དུ་མེད་དོ། །སངས་རྒྱས་རྣམས་ཀྱིས་ཏིང་ངེ་འཛིན་བསྒོམས་པས་དེ་ལས་རྒྱུད་གཞན་དུ་གྱུར་པའི་སེམས་ཅན་རྣམས་ཀྱི་འཁོར་བའི་འཁྲུལ་སྣང་ཇི་ལྟར་ན་ཟད་པར་འགྱུར་ཏེ་ཤེས་རྒྱུད་ཐ་དད་པས་སོ་ཞེ་ན། དེ་ལྟར་ཟད་པར་རིགས་ཏེ་སངས་རྒྱས་དང་སེམས་ཅན་རྒྱུད་ཐ་དད་པར་འཛིན་པ་ནི་བློས་བཏགས་པ་ཙམ་ལས། དོན་ལ་འཁོར་འདས་གཉིས་པོ་ཆོས་ཉིད་གཅིག་གི་རང་བཞིན་ཡིན་པ་དང་། སངས་རྒྱས་རྣམས་ཀྱི་ཐུགས་རྣམ་པར་མི་རྟོག་པ་ལས་ལྷག་པའི་སྟོབས་ཆེ་བ་ཡང་མེད་པའི་ཕྱིར་རོ། །བརྒྱད་པ་ནི། དེ་ལྟར་བསྒོམ་བསྒྲུབ་ཀྱིས་བསྒྱུར་དུ་མེད་པ་བཞིན་དུ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དམིགས་བསམ་སྤྲོས་པ་དང་བྲལ་བའི་དོན་ཇི་བཞིན་དུ་མ་རྟོགས་པར་ཡོད་མེད་དང་སྣང་སྟོང་ལ་སོགས་པ་ཇི་ལྟར་བརྗོད་ཅིང་སྨྲ་ན་ཡང་ཆོས་ཉིད་ཇི་བཞིན་པ་ལ་སྨྲ་བརྗོད་ཀྱི་ཡུལ་དུ་གྲུབ་པ་མེད་པས་གནས་ལུགས་ཀྱི་དོན་རྟོགས་པར་འགྱུར་བ་མེད་པར་གསུངས་ཏེ། ཁྱུང་ཆེན་ལས། བྱང་ཆུབ་སེམས་ལུང་ཡང་དག་དམ་པའི་ལུང་། །ལུང་གི་རྒྱལ་པོས་གཏན་ལ་མ་ཕབ་ན། །ཚིག་འཆལ་མུ་ཅོར་སྨྲ་བས་དོན་མི་རྙེད། །གང་ལའང་མི་གནས་ཉིད་ཀྱང་འདུས། །སྨིག་རྒྱུའི་ཆུ་རུ་སྙེགས་པས་ཆུ་མི་རྙེད། །བདེན་པ་གཉིས་འཛིན་ཡི་གེས་དོན་མི་རྙེད། །ཅེས་དང་། ཚིག་གིས་མི་ཕེབ་དབྱིབས་དང་ཁ་དོག་དབང་པོའི་སྤྱོད་ཡུལ་མིན། །བསྟན་ཅིང་བརྟགས་པར་དཀའ་ལ་བརྗོད་དུ་རྡུལ་ཙམ་མེད། །ཅེས་དང་། རྩལ་ཆེན་ལས། རྟོག་དཔྱོད་བྱས་པའི་ཆོས་ལས་འཛིན་པ་དེ། །འཁྲུལ་ཏེ་བྱང་ཆུབ་རྟོག་པས་ཐོབ་པ་མེད། །སངས་རྒྱས་སྟོན་པས་ཆོས་རྣམས་བཤད་པ་ནི། །སོ་སོའི་དོན་རྣམས་ཇི་ལྟར་འཛིན་གྱུར་ཀྱང་། །དེ་ཉིད་མི་ཐོབ་དོན་ཆེན་ཉིད་ལ་དག །དེ་ཕྱིར་དོན་འདི་རྙེད་པ་མ་གྱུར་ན། །སྟོན་པས་བཤད་པས་འདི་ཡི་གཏིང་མི་རྙེད། །ཅེས་གསུངས་པ་དེ་ལྟར་སྨྲ་བརྗོད་ཀྱི་ཡུལ་དུ་མ་གྱུར་པ་དེ་བཞིན་དུ་རྒྱུ་འབྲས་རྩོལ་སྒྲུབ་གང་གིས་ཀྱང་འགྱུར་བ་མེད་པར་འདི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ནི། གདོད་ནས་སྤང་བླང་བཅོས་བསྒྱུར་ཐམས་ཅད་དང་བྲལ་བས་རྒྱུ་འབྲས་སྐྱེ་འགག་ཅན་གྱི་རང་བཞིན་ལས་ཁྱད་པར་འཕགས་ཤིང་ཆེ་བའི་ཡུལ་ལ་རང་བཞིན་གྱིས་གནས་པ་ཡིན་ཏེ། དེ་ལ་རང་བཞིན་ཆེ་བའི་ཡུལ་ཞེས་བརྗོད་པའི་དོན་ནི་ཇི་ལྟར་ཞེ་ན་རང་བཞིན་ཞེས་པ་ནི་ཆོས་ཉིད་མ་བཅོས་པ་ཡི་མིང་ཡིན་ལ། ཆེ་བ་ཞེས་བྱ་བ་ནི་རང་བཞིན་མ་བཅོས་པ་དེ་དུས་གསུམ་རྒྱལ་བ་རྣམས་ཀྱི་གཤེགས་ཤུལ་ཡིན་པ་ལ་དེ་ལ་ལམ་ཞེས་བརྗོད་ཅིང་། དེ་ཉིད་རྒྱུ་འབྲས་རྩོལ་སྒྲུབ་ཅན་གྱི་ལམ་ཀུན་ལས་ཁྱད་པར་དུ་འཕགས་པའི་དོན་ཏེ། ཅིས་ཕྱིར་ན་གནས་ལུགས་ནོར་བ་མེད་པའི་ལམ་ཡིན་པའི་ཕྱིར་རོ། །ཀློང་ཆེན་ལས། སྐྱེ་འགག་མེད་པའི་རིག་པ་དེ། །དེ་བཞིན་ཉིད་དེ་མ་བཅོས་པ། །མ་ནོར་ལམ་མོ་མ་བསླད་པ། །ཆོས་ཀྱི་དབྱིངས་སོ་བསམ་མི་ཁྱབ། །ཅེས་པ་ལྟར་རོ། །གསུམ་པ་ཐམས་ཅད་སེམས་ཉིད་དུ་དག་པས་འཁོར་འདས་བཟང་ངན་མེད་པས་དོན་བསྡུ་བ་ནི། དེ་ལྟར་ཆོས་ཐམས་ཅད་གདོད་ནས་སྤང་བླང་དགག་བསྒྲུབ་ལ་སོགས་པ་བཅོས་བསྒྱུར་ཐམས་ཅད་དང་བྲལ་བའི་རྒྱུ་མཚན་ནི་འདི་ལྟར་རྒྱལ་བ་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་དང་ནི། །སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་བཟང་ངན་དང་ཆེ་ཆུང་ལ་སོགས་པ་ཁྱད་པར་རྡུལ་ཙམ་ཡོད་པར་མ་གསུངས་ཏེ། མི་རྟོག་སྤྲོས་པ་དང་བྲལ་བ་ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་ན་འཁོར་འདས་ཐམས་ཅད་གདོད་ནས་འདུ་འབྲལ་མེད་པར་མཉམ་པ་ཉིད་དུ་གནས་པའི་ཕྱིར་ཏེ། དེ་ཉིད་ལས། དབྱིངས་ལ་སྟོར་བྲལ་མེད་པ་དང་། །ཁམས་གསུམ་གནས་པའི་སེམས་ཅན་དང་། །དུས་གསུམ་བཞུགས་པའི་སངས་རྒྱས་ཀྱང་། །སྟོར་བྲལ་མེད་པ་དེ་ཡི་ངང་། །འདུ་བྲལ་མེད་པར་དེ་ན་བཞུགས། །ཞེསས་གསུང་པ་ལྟར་རོ། །དེ་ལྟར་འཁོར་འདས་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་དུ་གནས་པས་ཆོས་དང་ཆོས་མིན་སོགས་ཀྱི་དབྱེ་བ་གཅིག་ཀྱང་མེད་པར། ཆོས་ཐམས་ཅད་སྤྲོས་བྲལ་ཐིག་ལེ་ཉག་གཅིག་གི་ཀློང་དུ་ཟླུམ་པ་སྟེ། དེས་ན་སེམས་ཅན་གྱི་གནས་སྐབས་ལྟ་བུའི་རྒྱུ་ཡང་མེད་ལ་སངས་རྒྱས་ཀྱི་གནས་སྐབས་ལྟ་བུའི་འབྲས་བུ་ཡི་དབྱེ་བ་ཡང་མེད་པའི་ཕྱིར་ན་རྒྱུ་འབྲས་གཉིས་སུ་སྟོན་པར་བྱེད་པ་ཡི། རྒྱལ་བ་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱི་དྲང་དོན་དགོངས་པ་ཅན་གྱི་ལུང་རྩོལ་བཅས་ཀྱི་ཐེག་པ་རྣམས་ནི་གནས་ལུགས་ཇི་བཞིན་པའི་དོན་དང་མི་མཐུན་པས་ནོར་བ་ཡིན་ལ། རྒྱུ་མཚན་དེ་བས་ན་སྟོན་པ་ཀུན་བྱེད་ང་ཡི་རྩལ་ལས་བྱུང་བའི་ཆོས་རྣམས་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཀློང་དུ་ཡེ་ནས་དབྱེར་མེད་མཉམ་པ་ཉིད་ཀྱི་རང་བཞིན་ཡིན་པས། ང་ལས་བྱུང་བ་ཡི་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བཟང་ངན་དང་སྤང་བླང་མེད་པར་མཉམ་པ་གཅིག་གི་རང་བཞིན་དུ་ཤེས་པར་གྱིས་ཤིག་ཅེས་གསུངས་སོ། །དེ་ལྟར་ངེས་པར་བསྟན་པའི་ལེའུ་གསུམ་གྱིས། སྙིང་པོའི་དོན་སེམས་ཉིད་གཅིག་ཏུ་བསྡུ་བ། བདུད་རྩི་ལྟ་བུར་བསྟན་པ་ཡིན་ནོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཐམས་ཅད་ཀྱི་རང་བཞིན་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ལས་གཡོས་པ་མེད་པར་བསྟན་པའི་ལེའུ་སྟེ་ང་གསུམ་པའི་འགྲེལ་བའོ།། ༈ །།དོན་གསུམ་པ་ཚིག་དོན་བསྡུས་ཏེ་འགྲེལ་བ་ལ་གཉིས་ཏེ། བརྗོད་བྱེད་ལེའུའི་གཞུང་འགྲེལ་པ་དང་། བརྗོད་བྱ་དོན་གྱི་སྙིང་པོའི་འགྲེལ་བའོ། །དང་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀུན་བྱེད་རྒྱལ་པོའི་རང་བཞིན་ཇི་བཞིན་པའི་གནས་ལུགས་དེ་བཞིན་ཉིད་དུ་སྟོན་པའི་བརྗོད་བྱེད་ཚིག་གི་རིམ་པ་རྣམས་ཀྱི་དོན་རྒྱ་ཆེར་བསྟན་པའི་ལེའུ་ང་བཞི་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ལས་གཡོ་མ་མྱོང་བར་གདོད་ནས་རྣམ་པར་དག་པའི་རང་བཞིན་དུ་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས ། ཀུན་བྱེད་ཉིད་ཀྱི་རང་བཞིན་ནི་རིག་པ་རང་བྱུང་གི་ཡེ་ཤེས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཡིན་ལ། རང་བྱུང་གི་ཡེ་ཤེས་དེ་ནི་འཆད་འགྱུར་ལྟར་དོན་གྱི་ངོ་བོ་རྣམ་པ་ལྔ་དང་ལྡན་པ་ཡིན་ཏེ། གང་ཞེ་ན་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་དོན་ནམ་རང་བཞིན་གང་ཡིན་པ་དེ། འཁོར་འདས་ཀྱི་ཆོས་ཐམས་ཅད་གང་ལས་འབྱུང་བའི་སྙིང་པོ་ཡིན་པ་དང་། རང་བྱུང་གི་ཡེ་ཤེས་དེ་ཉིད་ལ་ཀུན་རྫོབ་དང་དོན་དམ་བདེན་རྫུན་དང་བཟང་ངན་ལ་སོགས་པའི་གཉིས་ཆོས་ཐམས་ཅད་གཉིས་སུ་མེད་པར་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་རྟོགས་པ་དེ་དོན་མ་ནོར་ངེས་པའི་ངོ་བོ་ཡིིན་པ་དང་། །རང་བྱུང་ཡེ་ཤེས་ཀྱི་དོན་གདོད་ནས་འཕོ་འགྱུར་དང་བྲལ་བ་ནམ་མཁའ་ལྟ་བུའི་ཆོས་ཉིད་དུ་ཡེ་ནས་སངས་རྒྱས་པས་རྒྱུ་འབྲས་གཉིས་ལས་འདས་པའི་ངོ་བོ་ཡིན་པ་དང་། ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རང་བཞིན་དུ་ཡེ་ནས་མ་བཙལ་ལྷུན་གྱིས་གྲུབ་པས་རང་བཞིན་བཅུ་ཡི་སྒོ་ནས་དོན་བྱར་མེད་པའི་ངོ་བོ་ཡིན་པ་དང་། རང་བྱུང་གི་ཡེ་ཤེས་ཀྱི་དོན་དེ་ལ་ཆོས་རྣམས་ཐམས་ཅད་ལྷུན་གྱིས་རྫོགས་ཤིང་བསྒྲིབ་པ་མེད་པར་རང་གི་ངོ་བོ་རང་གསལ་བས་དོན་ཆོས་རྣམས་ཐམས་ཅད་གཏན་ལ་འབེབས་པའི་ངོ་བོ་ཡིན་པ་དང་ལྔའོ། །དེ་ལྟར་མདོ་ལུང་ཆེན་པོ་རྣམ་པ་ལྔར་བསྟན་པ་དེ་ལ་ནང་གི་དབྱེ་བ་ཅི་ཡོད་སྙམ་ན། དོན་རང་བྱུང་གི་ཡེ་ཤེས་དེ་ལ་མདོར་བསྡུས་ཤིང་བསྟན་པའི་མདོ་ལུང་ནི་ལྔ་པོ་དེ་ལ། ནང་གསེས་སུ་རྒྱས་པར་ཕྱེ་བའི་སྒོ་ནས་མདོ་ལུང་ནི་ལྔ་བཅུ་རྩ་བདུན་པོ་འདི་གསུངས་སོ། །ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ། །དེ་ལྟར་སེམས་ཉིད་རང་བྱུང་ཡེ་ཤེས་གཅིག་གི་ངོ་བོ་ལ་མདོར་བསྡུས་ཏེ་བསྟན་པའི་མདོ་ལུང་ལྔ་ལ་རྒྱས་པར་ཕྱེ་བའི་མདོ་ལུང་ལྔ་བཅུ་རྩ་བདུན་དུ་བསྟན་པའི་དོན་འདི་ཉོན་ཅིག །དེ་ཡང་ཇི་ལྟར་ཞེ་ན་ཀུན་བྱེད་རྒྱལ་པོ་རིག་པ་བྱང་ཆུབ་ཀྱི་སེམས་ང་ལ་ནི་ཐ་དད་ཀྱི་ཆོས་སུ་གྲུབ་པ་གང་ཡང་མེད་པར་དོན་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་གི་རང་བཞིན་ཡིན་པ་ལ། སྟོན་ཚུལ་གྱི་སྒོ་ནས་ནི་ཡེ་ཤེས་ཀྱི་ངོ་བོ་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་པ་ལ་སོགས་པའི་རང་བྱུང་ཡེ་ཤེས་ཀྱི་མདོ་ལུང་བསྡུས་པ་ལྔ་པོ་དེ་ལས་ནི། ནང་གསེས་སུ་ཕྱེ་བའི་མདོ་ལུང་ལྔ་བཅུ་རྩ་བདུན་དུ་བསྟན་ཏེ། དེ་ཡང་བྱང་ཆུབ་ཀྱི་སེམས་ཀུན་བྱེད་ང་ཡི་ངོ་བོ་གཅིག་ལ་སྟོན་ཚུལ་གྱི་དབྱེ་བ་དེ་ལྟར་ལྔ་བཅུ་རྩ་བདུན་དུ་བསྟན་པ་ཙམ་ལས་དོན་ཐ་དད་དུ་གྲུབ་པ་ནི་ཅི་ཡང་ཡོད་པ་མ་ཡིན་ནོ་ཞེས་སོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། གྲངས་ངེས་པའི་ངོ་བོ། །གོ་རིམ་ངེས་པའི་བྱེ་བྲག །དགོས་ཆེད་ངེས་པའི་རྒྱུ་མཚན་ནོ། །དང་པོ་ལ་གསུམ་སྟེ། ལྔ་ཚན་ལྔ་པོ་སོ་སོར་དབྱེ་བའི་གྲངས་ངེས། གཅིག་ཏུ་བསྡུ་བའི་གྲངས་ངེས། ལྷག་མ་བདུན་གྱི་གྲངས་ངེས་སོ། །དང་པོ་ལ་ལྔ་སྟེ། མངོན་དུ་ཕྱུང་བ་དང་། མ་ནོར་ངེས་པ་དང་། རྒྱུ་འབྲས་འདས་པ་དང་། བྱར་མེད་རྫོགས་པ། གཏན་ལ་འབེབས་པའི་མདོ་ལུང་བཅུའི་གྲངས་ངེས་པའོ། །དང་པོ་ནི། གོང་དུ་བཤད་པའི་མདོ་ལུང་ལྔ་པོ་དེ་ལས་ཕྱེ་བའི་མདོ་ལུང་ལྔ་བཅུ་རྩ་བདུན་པོ་དེ་ཡི་ངོ་བོ་ཇི་ལྟར་ཡིན་ཞེ་ན་རང་བྱུང་གི་ཡེ་ཤེས་དེ་ཡི་ངོ་བོ་ཕུན་སུམ་ཚོགས་པས་བསྡུས་པའོ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སམ་སྙིང་པོ་ཡིན་པར་བསྟན་པ་ལས་འཕྲོས་པའི་མངོན་དུ་ཕྱུང་བའི་མདོ་ལུང་བཅུ་ཡང་བསྟན་པ་ནི་ལེའུ་དང་པོ་ལ་སོགས་པ་སྟེ་འོག་ཏུ་ལེའུ་བརྒྱད་ཅུ་རྩ་གཅིག་པ་ལས་བསྟན་པ་ལྟར་རོ། །གཉིས་པ་ནི། རང་བྱུང་གི་ཡེ་ཤེས་དེ་ཉིད་ཆོས་ཐམས་ཅད་ཀྱི་ཆོས་ཉིད་མ་ནོར་བར་ངེས་པའི་ངོ་བོ་ཡིན་ཚུལ་བསྟན་པ་ལས་འཕྲོས་ནས་མ་ནོར་ངེས་པའི་མདོ་ལུང་བཅུ་ཡང་བསྟན་པ་ནི་ལེའུ་བཞི་པ་ལ་སོགས་པའོ། །གསུམ་པ་ནི། རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་དེ་ཉིད་རྒྱུ་འབྲས་གཉིས་ལས་འདས་པར་བསྟན་པའི་ངོ་བོ་ལས་འཕྲོས་ཏེ་རྒྱུ་འབྲས་འདས་པའི་མདོ་ལུང་བཅུ་ཡང་འབྱུང་བ་ནི་ལེའུ་ཞེ་གཅིག་པ་ལ་སོགས་པའོ། །བཞི་པ་ནི། མ་བཙལ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ལ་བྱ་བྱེད་རྩོལ་བ་མེད་པར་བསྟན་པའི་ངོ་བོ་ལས་འཕྲོས་ཏེ་བྱ་རྩོལ་མེད་པར་ལྷུན་རྫོགས་བདེ་བ་ཆེན་པོའི་རང་བཞིན་དུ་སྟོན་པའི་མདོ་ལུང་བཅུ་ཡང་འབྱུང་བ་ནི་ལེའུ་ཉེར་གཉིས་པ་ལ་སོགས་པའོ། །ལྔ་པ་ནི། ཇི་ལྟར་སྣང་བའི་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྲིད་ཞི་ཀུན་ཁྱབ་ཆེན་པོ་གཞི་མེད་རྩ་བ་དང་བྲལ་བའི་རང་བཞིན་དུ་གཏན་ལ་འབེབས་པའི་ངོ་བོ་ལས་འཕྲོས་ཏེ། གཏན་ལ་འབེབས་པར་བྱེད་པའི་མདོ་ལུང་བཅུ་ཡང་འབྱུང་བ་ནི་ལེའུ་ཞེ་བརྒྱད་པ་སོགས་ཏེ་དེ་དག་ཐམས་ཅད་ནི། ལེའུ་གྱ་གཅིག་པ་ལས་གསལ་བར་བསྟན་ཏོ། །གཉིས་པ་གཅིག་ཏུ་བསྡུས་པའི་གྲངས་ངེས་ནི། དེ་ལྟར་སེམས་ཉིད་འགྱུར་བ་མེད་པར་རང་བྱུང་ཡེ་ཤེས་ཀྱི་ངོ་བོ་གོང་བཤད་ལྟ་བུ་རྣམ་པ་ལྔ་ལས་ཕྱེ་བའི་མདོ་ལུང་བཅུ་ཚན་རྣམ་པ་ལྔ་སྟེ་ལྔ་བཅུ་རུ་བྱུང་བ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་རང་བྱུང་གི་ཡེ་ཤེས་གཅིག་གི་ངོ་བོ་ཡིན་པ་ལ། གདུལ་བྱ་རྣམས་རང་བྱུང་གི་ཡེ་ཤེས་དེ་ལ་ཆོས་ཀྱི་སྙིང་པོ་ཡིན་པར་ཡིད་ཆེས་པ་ལ་སོགས་པ་ཡིད་ཆེས་རྣམ་པ་ལྔ་སྐྱེ་བའི་ཕྱིར་དུ་མདོ་ལུང་ལྔ་རུ་བསྡུས་ཏེ་བསྟན་པ་ཡིན་གྱིས་དོན་ལ་རང་བྱུང་གི་ཡེ་ཤེས་གཅིག་གི་རང་བཞིན་ལས་གཞན་དུ་ཡོད་པ་མ་ཡིན་ནོ། །གསུམ་པ་ནི། གོང་དུ་བསྟན་པའི་མདོ་ལུང་ལྔ་བཅུ་ལས་ལྷག་མ་བདུན་ནི་མདོ་ལུང་དེ་དག་གི་དོན་ངེས་པར་བསྟན་པའི་ལེའུ་བདུན་གྱིས་སྟོན་ཏེ། དེ་རྣམས་ཀྱིས་ཇི་ལྟར་ངེས་པར་བསྟན་ན་ལེའུ་གཅིག་གིས་སྟེ་ལྔ་བཅུ་རྩ་བཞི་པ་འདི་ཉིད་ཀྱིས་རྩ་རྒྱུད་ལེའུ་ང་བདུན་པོ་ཇི་ལྟར་དབྱེ་བའི་གཞི་བསྟན་ལ། ལེའུ་གཅིག་གིས་ཏེ་ལྔ་བཅུ་རྩ་བདུན་པས་འཁོར་ལ་གདམས་ཤིང་བསྟན་པ་གཏད་པར་བསྟན་པ་དང་། ལྔ་ཡིས་མདོ་ལུང་ལྔ་པོ་སོ་སོ་ཡི་དགོས་པ་ལྔ་ཡང་བསྟན་པ་ཡིན་ཏེ། དེ་ཡང་ལེའུ་བཅུ་དྲུག་པས་མངོན་དུ་ཕྱུང་བའི་དགོས་པ་དང་། ང་ལྔ་པས་ངེས་པར་བསྟན་པའི་དགོས་པ་དང་། བདུན་པས་རྒྱུ་འབྲས་འདས་པའི་དགོངས་པ་དང་། ཞེ་གསུམ་པས་བྱ་མེད་རྫོགས་པའི་དགོས་པ་དང ། ཞེ་གཉིས་པས་གཏན་ལ་འབེབས་པའི་དགོས་པ་རྣམས་བསྟན་པ་སྟེ། དེ་ལྟར་མདོར་ན་རྩ་རྒྱུད་ལེའུ་ལྔ་བཅུ་རྩ་བདུན་དུ་གསུངས་པ་དེ་ནི་དབང་པོ་ཡང་རབ་རྣམས་ཐོས་པ་ཙམ་གྱིས་གྲོལ་བའི་ཆེད་དུ་རང་བྱུང་གི་ཡེ་ཤེས་གཅིག་གི་ངོ་བོ་ཚིག་གིས་མཚོན་ནས་བསྟན་པ་ཡིན་པར་གསུངས་ཏེ། ལ་ཟློ་གསང་བའི་འཁོར་ལོ་ལས། ཀྱེ་སེམས་དཔའ་ཆེན་པོ་དགོངས་ཤིག །རྩ་རྒྱུད་ལེའུ་ལྔ་བཅུ་རྩ་བདུན་གསུངས་པ་ཡང་། །རང་བྱུང་ཡེ་ཤེས་ཚིག་ཏུ་བསྟན་པའི་མདོ་ལུང་ཡིིན། །སེམས་དཔས་རང་བྱུང་ཡེ་ཤེས་གཅིག་ཏུ་ལ་ཟློས་ཤིག །ཅེས་པས་བསྟན་ཏོ། །གཉིས་པ་གོ་རིམ་ངེས་པའི་བྱེ་བྲག་ལ་ལྔ་སྟེ། མངོན་དུ་ཕྱུང་བ། མ་ནོར་ངེས་པ། རྒྱུ་འབྲས་འདས་པ། བྱ་མེད་རྫོགས་པ། གཏན་ལ་འབེབས་པའི་མདོ་ལུང་བཅུའི་གོ་རིམ་ངེས་པའི་བྱེ་བྲག་གོ །དང་པོ་ནི། དེ་ལྟ་བུའི་མདོ་ལུང་ལྔ་བཅུ་པོ་དེ་ཡི་དོན་གྱི་གོ་རིམ་ཇི་ལྟར་ཡིན་པའི་བྱེ་བྲག་བསྟན་པ་ནི་འདི་ལྟར་ཨ་ཏི་རྫོགས་པ་ཆེན་པོའི་གདུལ་བྱར་གྱུར་པའི་གང་ཟག་དབང་པོ་ཡང་རབ་རྣམས་ཀྱིས། དང་པོ་ཆོས་ཉིད་རྣལ་མའི་དོན་མངོན་དུ་མཐོང་བར་བྱ་བའི་ཕྱིར་དུ་ཆོས་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་མངོན་དུ་ཕྱུང་བའི་མདོ་ལུང་བཅུ་ཡང་བསྟན་པ་ཡིན་ལ། གཉིས་པ་ནི། དེ་ལྟར་བསྟན་པ་ལ་ཡིན་ནམ་མིན་སྙམ་ནས་ཡིད་ཆེས་ངེས་པའི་དོན་ལ་དོན་འགྱུར་དང་དོན་མི་འགྱུར་བའི་ཐེ་ཚོམ་གྱི་རྟོག་པས་བསྒྲིབས་པ་བསལ་བའི་ཕྱིར་དུ་མ་ནོར་ངེས་པའི་མདོ་ལུང་བཅུ་ཡང་བསྟན་པའོ། །གསུམ་པ་ནི། དེ་ལྟར་ཆོས་ཐམས་ཅད་ཀུན་བྱེད་རྒྱལ་པོའི་རང་བཞིན་སེམས་ཉིད་རང་བྱུང་གིས་ཡེ་ཤེས་ཉིད་དུ་རྟོགས་པའི་ཚེ་ན་རང་བྱུང་གི་ཡེ་ཤེས་དེ་ཉིད་རྒྱུ་རྐྱེན་རྩོལ་སྒྲུབ་དག་ལ་རག་མ་ལུས་པས་རྒྱུ་འབྲས་བླང་དོར་མི་དགོས་པར་སྟོན་པའི་ཕྱིར་དུ་རྒྱུ་འབྲས་འདས་པའི་མདོ་ལུང་བཅུ་ཡང་བསྟན་ཏོ། །བཞི་པ་ནི། དེ་ལྟར་ཀུན་བྱེད་རྒྱལ་པོའི་རང་བཞིན་རྒྱུ་འབྲས་ཀུན་ལས་འདས་པའི་རང་བྱུང་གི་ཡེ་ཤེས་དེ་ཉིད་ངོ་བོ་ནམ་མཁའ་ལྟར་སྤྱོད་ཡུལ་ཀུན་ལས་འདས་ཤིང་ཡོན་ཏན་ཐམས་ཅད་མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན་པའི་རྒྱུ་མཚན་དེས་ན། བྱ་བྱེད་རྩོལ་སྒྲུབ་གང་ཡང་བྱ་མི་དགོས་པར་བསྟན་པའི་ཕྱིར་དུ་བྱ་མེད་རྫོགས་པའི་མདོ་ལུང་བཅུ་ཡང་བསྟན་ཏོ། །ལྔ་པ་ནི། དེ་ལྟ་བུའི་བྱ་བྱེད་རྩོལ་སྒྲུབ་ལས་འདས་པའི་ཀུན་བྱེད་རྒྱལ་པོའི་རང་བཞིན་སྙིང་པོ་རང་བྱུང་གི་ཡེ་ཤེས་དེས་ཉིད་ཀྱི་རང་བཞིན་དུ་གྱུར་པའི་ཆོས་རྣམས་ཐམས་ཅད་བསྒྲིབ་མེད་མངོན་སུམ་དུ་གསལ་བར་སྟོན་ཅིང་གཉིས་སུ་མེད་པའི་ངོ་བོར་ངོ་སྤྲད་ཏེ་གཏན་ལ་འབེབས་པའི་ཕྱིར་དུ་གཏན་ལ་འབེབས་པའི་མདོ་ལུང་བཅུ་ཡང་བསྟན་པ་ཡིན་ནོ། །གསུམ་པ་དགོས་ཆེད་ངེས་པའི་ཚུལ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་མདོ་ལུང་ལྔ་ཚན་ལྔ་ཡི་གྲངས་སུ་བསྟན་པ་དེ་ལ་དོན་གྱི་དགོས་ཆེད་ནི་རྣམ་པ་ལྔ་ཡོད་དེ་ཞེས་མདོར་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ་སྟེ། དགོས་པ་དང་ཉིང་དགོས་གཉིས་ཀྱིས་མངོན་དུ་ཕྱུང་བའི་མདོ་ལུང་། དགོས་པ་དང་ཉིང་དགོས་གཉིས་ཀྱིས་མ་ནོར་ངེས་པ། དགོས་པ་དང་ཉིང་དགོས་གཉིས་ཀྱིས་རྒྱུ་འབྲས་འདས་པ། དགོས་པ་དང་ཉིང་དགོས་གཉིས་ཀྱིས་བྱར་མེད་རྫོགས་པ། དེ་དག་གི་གནས་ལུགས་ཇི་ལྟ་བ་ཉིད་གཏན་ལ་འབེབས་པའི་མདོ་ལུང་བཅུ་རྒྱུ་མཚན་དང་བཅས་པ་བསྟན་པའོ། །དང་པོ་ནི། དེ་ལ་དོན་གྱི་དགོས་པ་ལྔ་པོ་དེ་གང་ཞེ་ན། འདི་ལྟར་སྙིང་པོ་རང་བྱུང་གི་ཡེ་ཤེས་ཀྱི་ཆོས་ཉིད་མངོན་དུ་བྱུང་བའི་མདོ་ལུང་བཅུ་བསྟན་པ་ལ་དགོས་པ་ཅི་ཡོད་ན། དེ་ལྟར་བསྟན་པས་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོར་མངོན་སུམ་དུ་མཐོང་བའི་དགོས་པ་ཡོད་ལ། དེ་ལྟར་ཆོས་ཉིད་ཀྱི་དོན་མ་ནོར་བར་མངོན་སུམ་དུ་མཐོང་ན་དེ་ལྟར་མཐོང་བའི་གང་ཟག་སྐལ་བ་ཅན་དེས། ལྟ་བ་བསྒོམ་པར་བྱ་བ་དང་སྤྱོད་པ་བླང་དོར་བྱ་བ་དམ་ཚིག་བསྲུང་བར་བྱ་བ་ལམ་ལ་བགྲོད་པར་བྱ་བ་ལ་སོགས་པ་རང་བཞིན་བཅུ་ཡིས་ལམ་ལ་རྩོལ་བསྒྲུབ་མི་དགོས་པའི་ཉིང་དགོས་ཀྱང་ཡོད་པ་ཡིན་ནོ། །གཉིས་པ་ནི། ཆོས་ཉིད་ཀྱི་དོན་མ་ནོར་ངེས་པར་བསྟན་པའི་མདོ་ལུང་བཅུ་གསུམ་གསུངས་པ་ལ། མ་ནོར་བའི་དོན་ལ་ཐེ་ཚོམ་གྱི་རྟོག་པ་སེལ་ཏེ་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང བཞིན་དུ་ཡིད་ཆེས་ཀྱི་ངེས་པ་སྐྱེ་བའི་དགོས་པ་ཡོད་པ་དང་། དེ་ལྟར་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་པའི་དོན་མ་ནོར་བ་ཡིད་ཆེས་མངོན་སུམ་དུ་ཐོབ་པ་དེས། ད་འབད་རྩོལ་གྱིས་འབྲས་བུས་སངས་རྒྱས་གསར་དུ་བསྒྲུབ་མི་དགོས་པའི་ཉིང་དགོས་དང་བཅས་པ་ཡོད་པའོ། །གསུམ་པ་ནི། ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་གཅིག་གི་རང་བཞིན་ཡིན་པ་ལ་རྒྱུ་འབྲས་གཉིས་སུ་མ་གྲུབ་པས་རྒྱུ་རྐྱེན་གང་ལའང་རག་མ་ལུས་པར་སྟོན་པའི་མདོ་ལུང་བཅུ་ལ་རྒྱུ་འབྲས་སྤང་བླང་གི་ཚུལ་ལ་རྩོལ་བསྒྲུབ་བྱ་མི་དགོས་པའི་ཡོན་ཏན་ནམ་དགོས་པ་ཡོད་ལ། དེ་ལྟར་རྩོལ་ཞིང་སྒྲུབ་པ་བྱ་མི་དགོས་པའི་གང་ཟག་དེས་བྱ་མེད་དོན་ལ་མི་རྩོལ་བར་བྱ་བྲལ་བདེ་བའི་ས་ལ་གནས་པའི་ཉིང་དགོས་མཆོག་དང་ལྡན་པ་ཡོད་པ་ཡིན་ནོ། །བཞི་པ་ནི། སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་ཡོན་ཏན་ཐམས་ཅད་བྱ་བྱེད་རྩོལ་བ་ལ་ལྟོས་པ་མེད་པར་མ་བཙལ་ལྷུན་གྱིས་རྫོགས་པའི་མདོ་ལུང་བཅུ་བསྟན་པ་ལ་རྩོལ་སྒྲུབ་ཅི་ཡང་མ་བྱས་བཞིན་དུ་རང་བཞིན་ལྷུན་གྱིས་གྲུབ་པའི་ཡོན་ཏན་ཡེ་ལྡན་དུ་རྫོགས་པར་རྟོགས་པའི་དགོས་པ་ཡོད་ལ། དེ་ལྟར་བྱ་བྱེད་རྩོལ་བ་ལ་ལྟོས་པ་མེད་པར་ཡོན་ཏན་ཐམས་ཅད་རང་བཞིན་དུ་རྫོགས་པར་རྟོགས་པའི་དགོས་པ་དེས། ཡང་རབ་སྐལ་བ་དང་ལྡན་པའི་གང་ཟག་དེས་རང་བྱུང་ཡེ་ཤེས་ཀྱི་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་བརྡལ་ཕྱོགས་ལྷུང་དང་བྲལ་བར་གནས་པས་དོན་གཉིས་བསྒྲུབ་པའི་ཕྲིན་ལས་ཐམས་ཅད་ཡེ་ནས་ལྷུན་གྱིས་རྫོགས་པར་རྟོགས་པའི་དགོས་པ་ཉིང་དགོས་ཀྱང་ཡོད་པར་གསུངས་སོ། །ལྔ་པ་ལ་གཉིས་ཏེ་གཏན་ལ་འབེབས་པའི་མདོ་ལུང་སྤྱིར་བསྟན་པ། མདོ་རྩ་རྒྱས་པར་བཤད་པའོ། །དང་པོ་ནི། འདི་ལྟར་ཆོས་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གཏན་ལ་འབེབས་པའི་མདོ་ལུང་བཅུ་བསྟན་པ་ལས་ནི། དུས་གསུམ་གྱི་སངས་རྒྱས་རྣམས་དང་ཁམས་གསུམ་གྱི་སེམས་ཅན་རྣམས་དང་། སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད་ཀུན་རྒྱུ་རྐྱེན་གཞན་ལ་རག་ལུས་པ་མེད་པར་ཀུན་བྱེད་ཉིད་ཀྱི་རང བཞིན་མངོན་དུ་ཕྱུང་བ་ཡིན་པར་སྟོན་པའི་མདོ་ལུང་དང་། དེ་ཉིད་མ་ནོར་ངེས་པའི་དོན་ཇི་བཞིན་པ་ཡིན་པར་སྟོན་པའི་མདོ་ལུང་དང་། དེ་ཡང་རྒྱུ་འབྲས་འབད་རྩོལ་ལ་ལྟོས་པ་མེད་པར་རང་བྱུང་གི་ཡེ་ཤེས་གནས་ལུགས་འདུས་མ་བྱས་པའི་རང་བཞིན་དུ་སྟོན་པའི་མདོ་ལུང་དང་། དེ་ལ་ཡོན་ཏན་ཐམས་ཅད་མ་བཙལ་ལྷུན་རྫོགས་སུ་གནས་པས་བྱ་རྩོལ་སྤང་བླང་མེད་པར་སྟོན་པའི་མདོ་ལུང་དང་། ཚུལ་དེ་ལྟར་ཆོས་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གཉིས་སུ་མེད་པར་གཏན་ལ་འབེབས་པའི་མདོ་ལུང་ལྔ་དང་མཐུན་པར་གཏན་ལ་འབེབས་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། དུས་གསུམ་སངས་རྒྱས། ཁམས་གསུམ་སེམས་ཅན། སྣང་སྲིད་སྣོད་བཅུད་ཀྱི་དོན་བཤད་པ་གསུམ་གྱིས་གཏན་ལ་དབབ་བྱ་དང་། ཀུན་བྱེད་རྒྱལ་པོའི་རང་བཞིན་ལྔས་འབེབས་བྱེད་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་ལས། དང་པོ་གསུམ་སངས་རྒྱས་ཀྱི་དོན་བཤད་པ་ནི། དེ་ལ་ཆོས་གང་ཞིག་གཏན་ལ་འབེབས་པར་བྱེད་པའི་མདོ་རྩ་དེ་ཡིས་གང་ཞིག་གཏན་ལ་དབབ་བྱ་བསྟན་པ་ནི་གང་ཞེ་ན་སངས་རྒྱས་དང་སེམས་ཅན་སྣང་སྲིད་སྣོད་བཅུད་རྣམས་ལས། དུས་གསུམ་སངས་རྒྱས་ཀྱི་ཚུལ་དང་པོར་ལུང་བསྟན་པ་ནི་འདི་ལྟར། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆོས་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་སྤྲོས་པའི་གྲྭ་ཟུར་ཀུན་དང་བྲལ་བ་ལ། སྔ་ཕྱི་ད་ལྟ་ཡི་དུས་གསུམ་གྱིས་བསྡུས་པའི་ཆོས་སོ་སོར་འདུས་བྱས་སྐྱེ་འགག་ཅན་གྱི་རང་བཞིན་དུ་ལྟ་བའི་སེམས་ཅན་རྣམས་ཀྱིས་མེད་པ་ལ་ཡོད་པར་བཟུང་བའི་ཆོས་རྣམས་ལ། ཕྱི་བ་སྟེ་མ་འོང་པ་ཡི་དུས་ལ་དྲན་ཅིང་རྟོག་པ་མེད་ཅིང་། སྔ་བ་སྟེ་འདས་པ་ཡི་བག་ཆགས་ཐམས་ཅད་དབྱིངས་སུ་འགགས་ཏེ། ད་ལྟར་སེམས་ཅན་རྣམས་ཀྱི་རང་བཞིན་ནམ་མཁའི་མཚན་ཉིད་དང་མཐུན་པར་ཆོས་ཉིད་སྐྱེ་བ་མེད་པ་སྤྲོས་བྲལ་བློ་འདས་ཀྱི་རང་བཞིན་བྱར་མེད་རྫོགས་པ་ཆེན་པོའི་དོན་ལྔར་མི་ཤེས་པའམ་མ་རྟོགས་པ་ཡི་དོན་ཕྱིས་སུ་མཐོང་ཞིང་མངོན་སུམ་དུ་རྟོགས་པ་ལ་སངས་རྒྱས་ཞེས་བཏགས་པ་སྟེ། དེ་ལྟར་སངས་རྒྱས་སངས་རྒྱས་ཞེས་ཀུན་གྱིས་སྨྲ་ཞིང་བརྗོད་པར་བྱ་བའི་ངེས་ཚིག་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ་རྟག་ཆད་དང་ཡོད་མེད་ལ་སོགས་པའི་སྤྲོས་པ་གང་ཡང་མེད་ཅིང་དབྱིབས་དང་ཁ་དོག་སོགས་དབང་པོའི་སྤྱོད་ཡུལ་ཐམས་ཅད་ཡུལ་མེད་ཟང་ཐལ་ཆེན་པོར་རང་སངས་ལ་སོང་བས་སངས་བ་དང་། དེ་ལྟ་བུའི་ཆོས་ཉིད་འགྱུར་བ་མེད་པའི་ཡེ་ཤེས་དེས་ནམ་མཁའ་བཞིན་དུ་འཁོར་འདས་ཀུན་ལ་ཁྱབ་ཅིང་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པ་སངས་རྒྱས་ཞེས་མིང་དུ་བཏགས་ཙམ་ལས་གཞན་དུ་སྟོན་པ་ཀུན་བྱེད་ང་ཡིས་སངས་རྒྱས་ཞེས་སུ་བསྟན་པ་གང་ཡང་མེད་པས་སྙིང་པོ་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ཡིན་ནོ། །གཉིས་པ་ཁམས་གསུམ་སེམས་ཅན་གྱི་དོན་ནི་དེ་ལ་ཁམས་ཞེས་བྱ་བའི་གཏན་ཚིགས་སམ་ངེས་ཚིག་བསྟན་པ་ནི། མང་ཞིང་རྒྱ་ཆེ་བ་ཡི་མཚན་ཉིད་ཅན་དུ་སྟོན་པར་བྱེད་པའི་མིང་ཡིན་དེ། འདི་ལྟར་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་གྲངས་ཚད་ནི། གང་ཟག་གཅིག་གི་དབང་པོ་ཡིས་དཔག་གིས་མི་ལང་ཞིང་བརྗོད་དུ་མི་ནུས་པས་ཁམས་ཞེས་བཏགས་པ་ཙམ་ལས། ཡང་དག་པ་ངེས་པའི་དོན་ཉིད་དུ་ན་ཁམས་ཞེས་བྱ་བ་དོན་ལ་གྲུབ་པ་མེད་པར་མ་ཟད་མིང་དུ་བཏགས་པ་ཙམ་ཡང་མེད་ལ། དེ་བཞིན་དུ་སེམས་ཞེས་བྱ་བའི་ངེས་ཚིག་བསྟན་པ་ནི། རྒྱུ་རྐྱེན་གྱིས་བསྐྱེད་པ་མེད་པའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་འོད་གསལ་བའི་མིང་ཡིིན་ཏེ། དེས་ན་སེམས་ཉིད་འོད་གསལ་བའི་ངོ་བོ་མ་འགགས་པ་ཡི་རང་བཞིན་འགྲོ་བ་ཀུན་ལ་དབང་པོ་སྒོ་ལྔར་འཆར་ཞིང་གསལ་བ་དེ་ལ་སེམས་ཞེས་བྱ་བར་གསལ་བར་བཤད་པ་ཡིན་ཞིང་། དེ་ཉིད་གང་ལ་ལྡན་པ་དེ་ལ་སེམས་ཅན་ཞེས་སུ་བརྗོད་པ་ཡིན་པས་དེ་ཡང་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལས་གཞན་དུ་མེད་པར་བསྟན་པའོ། །གསུམ་པ་སྣང་སྲིད་སྣོད་བཅུད་ཀྱི་དོན་བཤད་པ་ནི། གཞན་ཡང་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པ་ཡི་ཆོས་རྣམས་ཐམས་ཅད་ཀུན་ལ་དེ་ལྟར་དུ་བཏགས་པའི་ངེས་ཚིག་ནི། གང་ཞིག་སྐྱེ་བ་མེད་པའི་དབྱིངས་ལས་འགག་པ་མེད་པའི་ཆོ་འཕྲུལ་དུ་སྣང་བ་དེ་ལ། འགྲོ་བའི་གནས་རིས་དང་དབྱིབས་དང་བཀོད་པ་ལ་སོགས་མི་འདྲ་བའི་ཆོས་སྣ་ཚོགས་ཞིག་སྲིད་པས་ན་སྣང་སྲིད་ཅེས་སུ་བཏགས་པ་ཡིན་ལ། ཡང་དེ་ལ་སྣོད་དང་བཅུད་ཅེས་བྱ་བར་བརྗོད་ཅིང་བསྟན་པ་ཡི་ངེས་ཚིག་ནི། འབྱུང་བ་ལྔ་པོ་ཕྱི་སྣོད་ཀྱི་རྣམ་པར་སྣང་བའི་ནང་ན་ཁམས་གསུམ་རྒྱུད་དྲུག་གི་སེམས་ཅན་རྣམས་བཅུད་ཀྱི་ཚུལ་དུ་གནས་པས་སྣོད་བཅུད་ཅེས་སུ་བཏགས་པ་ཡིན་པས་དེ་ཡང་སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་བསྟན་པ་ཡིན་ནོ། །གཉིས་པ་ཀུན་བྱེད་རྒྱལ་པོའི་རང་བཞིན་ལྔས་འབེབས་བྱེད་རྒྱས་པར་བཤད་པ་ནི། དེ་ལ་སྤྱིར་ཀུན་བྱེད་རྒྱལ་པོ་ཞེས་བྱ་བ་ནི་མདོ་ལུང་ལྔ་བཅུ་རྩ་བདུན་པོ་ལྷག་མ་མ་ལུས་པ་ཉིད་ལ་བརྗོད་པ་ཡིན་ལ། དེ་ཉིད་ཚུར་བསྡུས་པས་ཀུན་བྱེད་རྒྱལ་པོའི་རང་བཞིན་རྣམ་པ་ལྔར་བསྡུས་པ་ནི། མདོ་ལུང་ལྔ་བཅུ་རྩ་བདུན་དུ་བྱུང་བ་དེ་དག་ཐམས་ཅད་སྤྱི་རིགས་ནས་བསྡུས་པ་སྟེ། དེ་ཡང་ཀུན་བྱེད་ཉིད་ཀྱི་རང་བཞིན་རྣམ་པ་ལྔརུ་འདུས་པར་བསྟན་པ་ནི་གང་ཞེ་ན། འདི་ལྟར་ཆོས་རྣམས་ཀྱི་སྙིང་པོ་རིག་པ་བྱང་ཆུབ་ཀྱི་སེམས་ལས་འཁོར་འདས་སྣང་སྲིད་ཀྱི་ཆོས་ཀུན་མངོན་དུ་འབྱིན་པའི་རང་བཞིན་བསྟན་པ་དང་། སེམས་ཉིད་ཇི་བཞིིན་པའི་ངོ་བོ་མ་ནོར་ངེས་པའི་དོན་ཡིན་པར་སྟོན་པའི་རང་བཞིན་དང་། རང་བྱུང་གི་ཡེ་ཤེས་རྒྱུ་འབྲས་ལས་འདས་པར་སྟོན་པའི་རང་བཞིན་དང་། ཡེ་ཇི་བཞིན་པའི་ཆོས་ཉིད་བྱ་བྱེད་རྩོལ་སྒྲུབ་ཀུན་ལས་འདས་པ་ཡིན་པར་སྟོན་པའི་རང་བཞིན་དང་། མདོ་ལུང་ལྔ་པོ་དང་མཐུན་པར་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་གཏན་ལ་འབེབས་པའི་རང་བཞིན་དང་ལྔའོ་ཞེས་གསུངས་སོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། མདོ་ལུང་ལྔ་སེམས་དཔའ་རྡོ་རྗེས་རྟོགས་ཚུལ་མདོར་བསྟན་པས་ཡིད་ཆེས་པའི་ཚུལ་གྱིས་རྟོགས་པ་ཕུལ་བ་དང་། རྒྱས་པའི་ཚུལ་གྱིས་རྟོགས་པ་ཕུལ་བའོ། །དང་པོ་ནི། དེ་ནས་བཀའ་ཡི་སྡུད་པོ་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་ཏེ། ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། སེམས་དཔའ་རྡོ་རྗེ་བདག་གི་སོ་སོ་རང་གི་རིག་པ་ཡིས། སྟོན་པ་ཀུན་བྱེད་རྒྱལ་པོའི་རང་བཞིན་ཇི་ལྟར་རྟོགས་པའི་དོན་འདི་ཞུ་ན། སྟོན་པ་ཀུན་བྱེད་རྒྱལ་པོ་རང་བྱུང་གི་ཡེ་ཤེས་གཅིག་གི་ངོ་བོ་ལ་ཆོས་ཉིད་མངོན་དུ་ཕྱུང་བ་ལ་སོགས་པ་དགོས་པ་ཁྱད་པར་དུ་འཕགས་པ་དང་ལྡན་པའི་བརྗོད་བྱ་ཕུན་སུམ་ཚོགས་པ་ལྔ་བྱུང་བ་ནི་འདི་ལྟ་སྟེ་ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ་སྟེ། ཆོས་ཉིད་སྙིང་པོ་ཡིན་པར་ཡིད་ཆེས་ནས་རྟོགས་པ་ཕུལ་བ་དང་། ཐེ་ཚོམ་སོམ་ཉི་མེད་པར་ཡིད་ཆེས་ནས་རྟོགས་པ་ཕུལ་བ་དང་། རང་བྱུང་ཡེ་ཤེས་ཡིན་པར་ཡིད་ཆེས་ནས་རྟོགས་པ་ཕུལ་བ་དང་། མ་བཙལ་ལྷུན་གྲུབ་ཡིན་པར་ཡིད་ཆེས་ནས་རྟོགས་པ་ཕུལ་བ་དང་། བསྟན་པའི་སྒྲོན་མེ་ཡིན་པར་ཡིད་ཆེས་ནས་རྟོགས་པ་ཕུལ་བའོ། །དང་པོ་ནི། དེ་ལ་དགོས་པ་ཕུན་སུམ་ཚོགས་པ་ལྔ་པོ་དེ་གང་ཞེ་ན། གནས་ལུགས་རང་བྱུང་གི་ཡེ་ཤེས་ཆོས་རྣམས་ཀྱི་སྙིང་པོ་མཐའ་ཐུག་ཏུ་གྱུར་པ་དེ་ལས། སྣང་ཞིང་སྲིད་པས་བསྡུས་པའི་ཆོས་རྣམས་ཐམས་ཅད་ཀུན་རང་བྱུང་ཡེ་ཤེས་ཀྱི་ངོ་བོར་མི་སྣང་ཞིང་མངོན་དུ་མ་གྱུར་པ་ལ་མངོན་སུམ་དུ་འབྱིན་ཅིང་སྟོན་པར་ནུས་པས། ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་པའམ་འབྱུང་གནས་ཡིན་པར་སེམས་དཔའ་རྡོ་རྗེ་བདག་ཉིད་ཡིད་ཀྱང་ཆེས་སོ་ཞེས་པ་སྟེ། གཏིང་རྫོགས་ལས། ཇི་ལྟར་སྣང་བའི་ཆོས་ཅན་ཆོས་ཉིད་ཀུན། །རྩོལ་བ་མ་བྱས་བྱང་ཆུབ་མི་འགྱུར་དབྱིངས། །མི་སྣང་པ་ལ་མངོན་དུ་འབྱིན་ནུས་པས། །ཆོས་ཀྱི་སྙིང་པོ་ཡིན་པར་ཡིད་ཀྱང་ཆེས། །ཅེས་གསུངས་པ་ལྟར་རོ། །གཉིས་པ་ནི། རང་བྱུང་གི་ཡེ་ཤེས་ཉག་གཅིག་སྤྲོས་པ་དང་བྲལ་བ་རང་གི་ངོ་བོ་དེ་ལ་མ་འཁྲུལ་བ་དོན་དམ་དང་འཁྲུལ་བ་ཀུན་རྫོབ་ཅེས་པ་དང་། གཞན་ཡང་སངས་རྒྱས་དང་སེམས་ཅན་ལ་སོགས་པ་བཟང་ངན་དང་བདེན་རྫུན་གཉིས་སུ་ཕྱེ་བ་མེད་པར་ཆོས་ཐམས་ཅད་མ་ནོར་ངེས་པའི་རང་བཞིན་སྙིང་པོ་བྱང་ཆུབ་ཀྱི་སེམས་སྤྲོས་མེད་ཐིག་ལེ་ཉག་གཅིག་གི་རང་བཞིན་དུ་སྟོན་པར་མཛད་པས། ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་ངོ་བོར་སངས་རྒྱས་པའི་དོན་ལ་ཐེ་ཚོམ་སོམ་ཉི་མེད་པར་ཡིད་ཀྱང་ཆེས་སོ་ཞེས་པ་སྟེ། དེ་ཉིད་ལས། སེམས་ཅན་ཀུན་ལ་ཁྱབ་པའི་སྙིང་པོ་འདི། །ཐམས་ཅད་རང་ལས་བྱུང་བའི་ཡེ་ཤེས་ཏེ། །ལུང་ལྡན་བསྟན་པས་ཤེས་ཕྱིར་ངེས་པའི་དོན། །ངེས་པའི་སངས་རྒྱས་ཡིན་པར་ཡིད་ཀྱང་ཆེས། །ཞེས་གསུངས་སོ། །གསུམ་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་གཅིག་གི་ངོ་བོ་རུ་གྱུར་པ་ཡིན་པས། དེ་དག་རྒྱུ་གང་ལ་མི་བརྟེན་པ་དང་རྐྱེན་ལ་ལྟོས་ཏེ་མི་འགྲུབ་ཅིང་རྒྱུ་འབྲས་གཉིས་སུ་མེད་པས་གཞན་ལ་རག་མ་ལུས་པའི་རང་བཞིན་ཡིན་པར་བསྟན་པ་དེ་ཉིད་ཀྱི་ཕྱིར་ན། ཡེ་ནས་རང་བཞིན་གྱིས་མངོན་པར་རྫོགས་པ་སངས་རྒྱས་པའི་ཆོས་སྐུ་ལྷུན་གྲུབ་ཆེན་པོ་འདི་ཉིད་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་ཡིན་པ་ཡིད་ཀྱང་ཆེས་སོ། །དེ་ལས། ཡེ་ནས་གནས་པའི་རང་བྱུང་སྙིང་པོ་འདི། །རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད་པས། །རྒྱུ་འབྲས་གཉིས་མེད་ཡེ་ནས་ཆོས་སྐུ་འདི། །རང་བྱུང་ཡེ་ཤེས་ཡིན་པར་ཡིད་ཀྱང་ཆེས། །ཞེས་གསུངས་པ་ལྟར་རོ། །བཞི་པ་ནི། ཆོས་ཐམས་ཅད་ཆོས་ཉིད་རང་བྱུང་གི་ཡེ་ཤེས་གཅིག་གི་ངོ་བོ་དེ། རྒྱུ་རྐྱེན་གང་ལའང་ལྟོས་པ་མེད་པར་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན་པའི་ཕྱིར་ན། དོན་གཉིས་བསྒྲུབ་པ་ཕྲིན་ལས་བཙལ་ཞིང་འབད་པའི་སྒོ་ནས་བྱ་བྱེད་གང་ཡང་བྱ་མི་དགོས་པ་སྟེ། དེས་ན་མ་བཙལ་ལྷུན་གྱིས་གྲུབ་པ་ཡིན་པར་ཡིད་ཀྱང་ཆེས་སོ་ཞེས་པ་སྟེ། དེ་ལས། གཞན་ནས་མ་བཙལ་རང་ལས་རྙེད་པའི་ཕྱིར། གཉེན་པོས་མ་བསྐྱེད་རང་བཞིན་ཡིན་པས་ན། །ལུས་ངག་ཆེད་དུ་བཙལ་དུ་མེད་པའི་ཕྱིར། །མ་བཙལ་ལྷུན་གྱིས་གྲུབ་པར་ཡིད་ཀྱང་ཆེས། །ཞེས་པ་ལྟར་རོ། །ལྔ་པ་ནི། གང་ཞིག་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་རྣམས་ཐམས་ཅད་རང་བྱུང་ཡེ་ཤེས་གཅིག་གི་ངོ་བོ་ཡིན་པ་དེ་ཕྱིར་ན། རང་བྱུང་གི་ཡེ་ཤེས་ཡེ་ནས་གཟུང་འཛིན་གྱི་སྤྲོས་པ་གང་གིས་ཀྱང་མ་བསྒྲིབས་པར་མ་འགགས་རང་གསལ་གྱི་ངོ་བོར་གནས་པ་ཡིན་པས། དེ་ཡི་ངོ་བོར་གྱུར་པའི་ཇི་ལྟར་སྣང་བའི་སྣང་སྲིད་ཀྱི་ཆོས་རྣམས་ཐམས་ཅད་ཀྱང་མ་བསྒྲིབས་པར་གསལ་བར་སྣང་ཞིང་། ཆོས་རྣམས་ཐམས་ཅད་གཉིས་མེད་ཆོས་སྐུ་ཆེན་པོར་ངོ་སྤྲད་ཅིང་གཏན་ལ་འབེབས་པའི་ཕྱིར་ན། བསྟན་པ་ཐམས་ཅད་ཀྱི་བརྗོད་བྱའི་སྙིང་པོ་མཐར་ཐུག་པ་སྟོན་པར་མཛད་པ་དང་དེ་དག་གི་འབྱུང་གནས་ཀྱང་ཡིན་པས། སྟོན་པའི་སྒྲོན་མ་ཡིན་པར་ཡིད་ཀྱང་ཆེས་སོ་ཞེས་གསུངས་སོ། །དེ་ལྟར་ཡང་གཏིང་རྫོགས་ལས། སྡེ་སྣོད་ཆོས་རྣམས་མན་ངག་ཀུན་གྱི་ནི། །འབྱུང་གནས་གཏན་ལ་འབེབས་པའི་ཆོས་ཡིན་པས། །བསྟན་པས་གོ་ཞིང་རྟོགས་པ་འབྱུང་བའི་ཕྱིར། །ཀུན་གྱི་སྤྱི་འགྲེལ་ཡིན་པར་ཡིད་ཀྱང་ཆེས། །ཞེས་དང་། གཞན་ཡང་རང་བཞིན་ལྔ་པོ་དེ་དག་གི་དོན་བང་མཛོད་འཕྲུལ་ལྡེ་ལས་ཀྱང་བསྟན་ཏེ། དེ་ཉིད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་ཡིན། །མི་སྣང་མངོན་དུ་འབྱིན་ནུས་པས། །ཆོས་ཀྱི་སྙིང་པོ་ཡིན་པར་ཡིད་ཀྱང་ཆེས། །རྒྱུ་ལས་མ་བྱུང་རྐྱེན་གྱི་མ་བསྐྱེད་པས། །རང་བྱུང་ཡེ་ཤེས་ཡིན་པར་ཡིད་ཀྱང་ཆེས། །རང་བཞིན་བཅུ་ཡིས་བཙལ་དུ་མེད་པའི་ཕྱིར། །མ་བཙལ་ལྷུན་གྲུབ་ཡིིན་པར་ཡིད་ཀྱང་ཆེས། །ཆོས་རྣམས་ཐམས་ཅད་གཏན་ལ་འབེབས་པའི་ཕྱིར། །སྟོན་པའི་སྒྲོན་མ་ཡིན་པར་ཡིད་ཀྱང་ཆེས། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་འབེབ་པའི་ཕྱིར། །ཀུན་གྱི་སྤྱི་འགྲེལ་ཡིན་པར་ཡིད་ཀྱང་ཆེས། །ཞེས་གསུངས་སོ། །འདི་དག་ཐམས་ཅད་ཡིན་པ་ལ་ཡིན་པར་ཡིད་ཆེས་པ་ཡིན་པས་ན་དེ་ལྟར་མཐུན་པའི་རྒྱན་སྦྱར་བ་ཡིན་ནོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་མདོ་ལུང་ཐམས་ཅད་ཀུན་བྱེད་ཉིད་ཀྱི་རང་བཞིན་དུ་བསྡུས་ནས་བསྟན་ནས་བསྟན་པའི་ལེའུ་སྟེ་ང་བཞི་པའི་འགྲེལ་བའོ།། ༈ །།གཉིས་པ་བརྗོད་བྱ་དོན་གྱི་སྙིང་པོའི་འགྲེལ་བ་ནི། ཆོས་ཐམས་ཅད་མ་བཙལ་ལྷུན་གྱིས་གྲུབ་པའི་བྱང་ཆུབ་ཀྱི་སེམས་སུ་འདུ་བས་མདོ་ལུང་ཀུན་གྱི་སྙིང་པོ་གཅིག་ཏུ་བསྡུས་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་སྤང་བླང་དང་བཅོས་བསླད་མི་བྱེད་པར་ཇི་བཞིན་པའི་སེམས་ཉིད་ཡེ་བཞིན་པར་བཞག་པས། མ་བཙལ་ལྷུན་གྱིས་གྲུབ་པའི་ཡོན་ཏན་དང་། ད་ལྟ་ཉིད་ནས་རང་ལ་གནས་པའི་དགོངས་པ་ནང་ནས་འཆར་བའི་ལེའུ་ང་ལྔ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་རང་བྱུང་ཡེ་ཤེས་གཅིག་གི་ངོ་བོ་ལ་དོན་གྱི་རང་བཞིན་རྣམ་པ་ལྔ་དང་ལྡན་པ་སྟོན་པར་བྱེད་པའི་བརྗོད་བྱེད་མདོ་ལུང་ལྔ་བཅུ་རྩ་བདུན་གྱིས་ཇི་ལྟར་བསྟན་ཚུལ་བཤད་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས། ཁམས་གསུམ་གྱི་སེམས་ཅན་དང་སྐུ་གསུམ་གྱི་སྟོན་པ་ལ་སོགས་པའི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་གཞན་དུ་མེད་པར་རང་བྱུང་ཡེ་ཤེས་ཀྱི་ངོ་བོར་སངས་རྒྱས་པ་ཡིན་པས། ཐེག་པ་འོག་མ་ལྟར་སྤོང་འགོགས་སྦྱོང་བསྒྱུར་གང་ལ་ཡང་མི་བྱེད་པར་མ་བཅོས་ཇི་བཞིན་ཉིད་དུ་གནས་པས། མི་རྩོལ་བདེ་བ་ཆེན་པོའི་ས་ལ་ད་ལྟ་ཉིད་ནས་ཕྱིན་པར་སྟོན་པའི་མདོ་ལུང་འདི་གསུངས་སོ། །གཉིས་པ་ལ་གསུམ་སྟེ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་བསྟན་པ། ཐེག་པ་འོག་མ་བས་མ་རྟོགས་པའི་སྐྱོན་བཤད་པ། དེ་ཉིད་ལུང་བསྟན་པར་གདམས་པའོ། །དང་པོ་ལ་གསུམ་སྟེ། ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་བསྟན་པ། དེ་ཉིད་རྟོགས་པས་འཁོར་བ་མྱ་འདས་སུ་མཉམ་པར་གྲོལ་བ། རང་བྱུང་ཡེ་ཤེས་དངོས་བསྟན་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། །ཀྱེ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་གཅིག་གི་རང་བཞིན་ལས་གཞན་དུ་མེད་པའི་ཚུལ་འདི་བཤད་ཀྱིས་ཉོན་ཅིག །དེ་ཡང་ཇི་ལྟར་ཞེ་ན་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པ་ཡི་ཆོས་རྣམས་ཐམས་ཅད་དང་། སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་བསྟན་པའི་གསུང་རབ་སྡེ་སྣོད་ཐམས་ཅད་ཀྱི་བརྗོད་བྱའི་དོན་དང་བརྗོད་བྱེད་ཚིག་ཏུ་བསྡེབས་ནས་བརྗོད་པ་ཐམས་ཅད་ཀུན་གཞན་དུ་མེད་པར། རྩ་བ་བྱང་ཆུབ་ཀྱི་སེམས་ལས་བྱུང་ཞིང་བྱང་ཆུབ་སེམས་ཀྱི་ངོ་བོ་ཡིན་པ་ཡི་ཚུལ་ནི་འདི་ལྟ་སྟེ། ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཀུན་གྱི་འབྱུང་གནས་ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས་སུ་བསྟན་པ། དེ་ལས་སྣང་བའི་འབྱུང་ལྔ་ནམ་མཁའ་སེམས་སུ་བསྟན་པ། ཁམས་གསུམ་དང་སྐུ་གསུམ་སེམས་སུ་བསྟན་པའོ། །དང་པོ་ནི། འདི་ལྟར་ཆོས་ཐམས་ཅད་ཀུན་གྱི་འབྱུང་གནས་ནི་ཆོས་དབྱིངས་སྐྱེ་བ་མེད་པ་སྤྲོས་བྲལ་ནམ་མཁའི་ཁམས་འདི་ལས་གཞན་དུ་མེད་དོ། །སྣང་སྲིད་སྣོད་བཅུད་ཀྱི་ཆོས་གང་སྣང་ཐམས་ཅད་རྒྱུ་རྐྱེན་གཞན་མེད་པར་སྐྱེ་མེད་ཀྱི་རྩལ་ལས་འགག་མེད་ཀྱི་རོལ་པར་ཤར་བ་ཙམ་ཡིན་པའི་ཕྱིར་ཏེ། དཔལ་ལྡན་ན་གཱ་རྫུ་ནས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་ཏེ་སྟོང་པ་ཉིད། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཅེས་གསུངས་པ་ལྟ་བུའི་ཕྱིར་རོ། །དེ་ལྟ་བུའི་སྐྱེ་མེད་སྤྲོས་པ་དང་བྲལ་བ་ཆོས་ཀྱི་དབྱིངས་དང་སྣང་སྲིད་སྣོད་བཅུད་ཐམས་ཅད་གང་དུ་སྣང་བའི་གནས་ནམ་མཁའི་ཁམས་ཀྱི་རང་བཞིན་རང་བྱུང་འདུས་མ་བྱས་པས་སྤྲོ་བསྡུ་དང་གསལ་འགྲིབ་སོགས་ཀྱི་མཚན་མ་ཐམས་ཅད་དང་བྲལ་བའི་བདག་ཉིད་ཅན་འདི་ཡང་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་ཏེ། དེ་ཡང་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་ལས་འཁོར་འདས་ཀྱི་སྣང་བ་མུ་མེད་པ་སྤྲོས་པ་ལྟར་སྣང་ཡང་། སྣང་བའི་དུས་ཉིད་ནས་དོན་ལ་འཁོར་འདས་གང་ཡང་ཡོད་མ་མྱོང་བས་མ་སྤྲོས་ཤིང་གཟུང་འཛིན་གྱི་རྟོག་པ་གང་གིས་མ་བསྒྲིབས་པ་ཡི་སྙིང་པོ་བྱང་ཆུབ་ཀྱི་སེམས་འདི་ལས་གཞན་ཞིག་ཡིན་པར། སྟོན་པ་ཀུན་བྱེད་རྒྱལ་པོ་བདག་གིས་གསུངས་པ་མེད་དོ། ཞེས་པ་སྟེ། ཀློང་ཆེན་ལས། འབྱུང་བ་ལྔ་ཡང་ནམ་མཁའི་དབྱིངས། །ཕྱི་ནང་སྣོད་བཅུད་ནམ་མཁའི་དབྱིངས། །འདོད་ཡོན་རྣམ་ལྔ་ནམ་མཁའི་དབྱིངས། །ནམ་མཁའི་དབྱིངས་ཀྱང་སེམས་ཀྱི་ཀློང་། །ཞེས་པ་བཞིན་ནོ། །གཉིས་པ་ནི། དེ་བཞིན་དུ་སྣོད་ཀྱི་འཇིག་རྟེན་ལྟར་སྣང་བའི་འབྱུང་བ་ཆེན་པོ་ནམ་མཁའ་དང་རླུང་དང་ཆུ་དང་ས་དང་མེ་ཡི་རྣམ་པར་སྣང་བ་འདི་ཡང་བྱང་ཆུབ་སེམས་ཀྱི་ངོ་བོར་ཡེ་ནས་ལྷུན་གྱིས་གྲུབ་པའི་རྩལ་ལས་ཕྱི་རོལ་དུ་འབྱུང་ལྔའི་ངོ་བོོ་ལྟར་དུ་སྣང་བ་བཙལ་ལས་གཞན་དུ་མེད་པར་བསྟན་པ་ཡིན་ཏེ། དྲི་མེད་ཀ་དག་གི་རྒྱུད་ལས། མི་འགྱུར་བ་ནི་ས་ཡི་བདག་ཉིད་ཆེ། །དྲི་མེད་ཀུན་འདུས་ཆུ་ཡི་བདག་ཉིད་ཆེ། གཟུང་འཛིན་རྟོག་མེད་མེ་ཡི་བདག་ཉིད་ཆེ། །དབྱིངས་ལ་ཐོགས་མེད་རླུང་གི་བདག་ཉིད་ཆེ། །རང་གསལ་མི་འགག་ནམ་མཁའི་བདག་ཉིད་ཆེ། །འབྱུང་བ་ལྔ་ཡི་བདག་ཉིད་ཆོས་ཀྱི་སྐུ། །རིག་པ་ཉག་ཅིག་འགྱུར་མེད་ལྷུན་གྱིས་གྲུབ། །ཅེས་དང་། བང་མཛོད་འཕྲུལ་ལྡེ་ལས། བྱང་ཆུབ་སེམས་ལ་ཀུན་བརྟེན་པས། །བྱང་ཆུབ་སེམས་ནི་ས་ལྟར་སྣང་། །བྱང་ཆུབ་སེམས་ཀྱིས་ཀུན་སྡུད་པས། །བྱང་ཆུབ་སེམས་ནི་ཆུ་ལྟར་སྣང་། །ཀུན་ལ་སྙོམས་ཤིང་སྨིན་བྱེད་པས། །བྱང་ཆུབ་སེམས་ནི་མེ་ལྟར་སྣང ། །གཟུགས་མེད་མཁའ་ལ་རྒྱུ་བའི་ཕྱིར། །བྱང་ཆུབ་སེམས་ནི་རླུང་ལྟར་སྣང་། །སྣང་མེད་ཀུན་ལ་ཁྱབ་པའི་ཕྱིར། །བྱང་ཆུབ་མཁའ་ལྟར་སྣང་བ་ཡིན། །ཞེས་སོ། །གསུམ་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། ཁམས་གསུམ་སྐུ་གསུམ་རིགས་དྲུག་གསུམ་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། འདི་ལྟར་འདོད་པའི་ཁམས་དང་གཟུགས་ཁམས་གཟུགས་མེད་ཀྱི་ཁམས་གསུམ་པོ་འདི་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་སྟོང་གསལ་རིགས་པ་གསུམ་གྱི་རང་རྩ་མངོན་དུ་སྣང་བ་ཡིན་ཞིང་། ཁམས་གསུམ་གྱིས་སེམས་ཅན་དེ་རྣམས་ལ་ལམ་སྟོན་པར་མཛད་པ་ཡི་སྟོན་པ་སྐུ་གསུམ་དུ་སྣང་བ་ཡང་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་རྣམ་པ་གསུམ་གྱི་ངང་ལས་སྣང་བ་ཡིན་ནོ། །ཀློང་ཆེན་ལས། རང་བཞིན་དབྱིངས་ཀྱི་རོལ་པ་ནི། །འཁོར་འདས་གཉིས་སུ་ཡེ་ནས་བྱུང་། །ཐུགས་རྗེ་ཤུགས་ཀྱི་རོལ་པ་ནི། །གདུལ་བྱའི་དོན་ལ་མ་འགགས་སྟེ། །འགྲོ་དོན་ཕྱོགས་མེད་མཛད་པ་ཡི། །ལས་ལས་གྲུབ་པའི་སེམས་ཅན་ལ། །ཐུགས་རྗེ་ལས་གྲུབ་སངས་རྒྱས་ཏེ། །སྤྲུལ་པ་གསུམ་གྱི་ངོ་བོར་སྣང་། །ཞེས་པ་ལྟར་རོ། །གཉིས་པ་ནི། དེ་ལྟར་ཁམས་གསུམ་དང་སྐུ་གསུམ་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་ཚུལ་དེ་ཇི་ལྟར་ན། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་ཐུགས་རྗེ་རིག་པའི་རོལ་པ་མ་འགགས་པར་ཤར་བ་འདོད་པའི་ཁམས་སུ་སྣང་བ་དང་། སེམས་ཉིད་བསྒྲིབ་མེད་འོད་གསལ་བའི་ངོ་བོ་གསལ་བའི་ཆར་སྣང་བ་གཟུགས་ཀྱི་ཁམས་དང་། སེམས་ཀྱི་རང་བཞིན་མ་སྐྱེས་གདོད་ནས་དག་པའི་ཆ་ལས་གཟུགས་མེད་པའི་ཁམས་སུ་སྣང་བ་ཡིན་ནོ། །དེ་བཞིན་དུ་སེམས་ཉིད་ཀྱི་རང་བཞིན་ཡེ་ནས་མ་སྐྱེས་ཤིང་སྤྲོས་པ་དང་བྲལ་བ་ཆོས་ཀྱི་སྐུ་དང་། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཉིད་ཀྱི་རོལ་པ་ལ་ཉིད་ཀྱིས་ལོངས་སྤྱོད་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སེམས་ཉིད་འཕོ་འགྱུར་དང་བྲལ་བ་ལས་སེམས་ཀྱི་རོལ་པ་ཐུགས་རྗེ་སྤྲུལ་པའི་སྐུ་སེམས་ཅན་གྱི་དོན་མཛད་པར་སྤྲུལ་པ་སྤྲུལ་པའི་སྐུ་ཡིན་པས། སྟོན་པ་སྐུ་གསུམ་ཀྱང་བྱང་ཆུབ་སེམས་ལས་གཞན་དུ་མེད་པས་གདུལ་བྱ་འདུལ་བྱེད་རྣམས་ཀྱང་ཐ་དད་དུ་མེད་པར་བྱང་ཆུབ་སེམས་ཀྱི་ངོ་བོ་དབྱེར་མེད་གཅིག་ཏུ་བསྟན་ཏེ། ལ་ཟློ་ལས། འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་བསྟན་པ་ཡང་། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོར་བྱུང་བ་ཡིན། །གཟུགས་མེད་ཁམས་ལ་གཟུགས་དུ་མེད་པར་ངོ་བོས་སྟོང་། །འཛིན་མེད་ཆོས་ཀྱི་སྐུ་རུ་ཡེ་ནས་བཞུགས་པ་ཡིན། །འདོད་པའི་ཁམས་ནི་ལོངས་སྤྱོད་སྐུ་རུ་བཞུགས་པ་ཡིན། །ཉིད་ཀྱིས་ཉིད་ལ་ལོངས་སྤྱོད་སེམས་དཔས་དགོངས་ལགས་སམ། །སེམས་ཀྱི་ལོངས་སྤྱོད་མིན་པ་ཡེ་ནས་ཡོད་མི་སྲིད། །སྔ་མི་རྒྱག་ཟད་ཕྱི་མའི་རྒྱག་ལ་ལོངས་སྤྱོད་བཞིན། །སྔ་མ་གྲོལ་ཞིང་ཕྱི་མའི་འདོད་ཡོན་ལོངས་སྤྱོད་ཡིན། །དེས་ན་འདོད་ཁམས་ལོངས་སྤྱོད་སྐུ་རུ་བསྟན་པ་ཡིན། །སྣང་སྲིད་གཟུགས་སུ་ཤར་བ་བྱང་ཆུབ་སེམས་ཀྱི་གཟུགས། །གཟུགས་ལ་ངེས་པ་མེད་པ་སྣ་ཚོགས་སྤྲུལ་པའི་སྐུ། །སེམས་ཉིད་སྐྱེ་མེད་གཅིག་ལས་སྣ་ཚོགས་འབྱུང་བས་ན། །མེད་བཞིན་སྣ་ཚོགས་འབྱུང་བ་སྤྲུལ་སྐུ་ཡིན་པར་གསུངས། །ཞེས་སོ། །དེ་ལྟར་ཁམས་གསུམ་པོ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཡིན་པ་དེ་བས་ན་དམྱལ་བ་དང་ཡི་དྭགས་ལ་སོགས་པའི་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་ཚ་གྲང་དང་བཀྲེས་སྐོམ་བླུན་ལྐུག་ལ་སོགས་པ་ནས། ལྷ་རྣམས་རང་གནས་ལས་འཕོ་ཞིང་གནས་རིས་འོག་མར་ལྷུང་བར་འགྱུར་བའི་བར་གྱི་སྡུག་བསྔལ་དུ་སྣང་བ་རྣམས་ཀྱང་བྱང་ཆུབ་སེམས་ཀྱི་རང་བཞིན་རང་བཞིན་ཡིན་པས་སེམས་ཅན་རྣམས་ཀྱིས་ངོ་མ་ཤེས་པའི་དབང་གིས་སྡུག་བསྔལ་ལྟར་སྣང་བ་ཙམ་ལས། དོན་ལ་སངས་རྒྱས་རྣམས་ཀྱི་ཟག་མེད་རང་བྱུང གི་བདེ་བ་ཉིད་ཡིན་ཏེ། སངས་རྒྱས་དང་སེམས་ཅན་གཉིས་ཡེ་ནས་དབྱེར་མེད་ཡིན་པས་སངས་རྒྱས་རྣམས་ཀྱི་ཟག་མེད་ཀྱི་བདེ་བ་དེ་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཡོད་དགོས་པའི་ཕྱིར་དང་། སྡུག་བསྡལ་ཞེས་བྱ་བ་དུང་ལ་སེར་འཛིན་ལྟར་དུ་འཁྲུལ་པས་བརྟགས་པ་ཙམ་ལས་མེད་པའི་ཕྱིར་ཏེ། མུ་ཏིག་ཕྲེང་བ་ལས། འགྲོ་བའི་སྡུག་བསྔལ་མྱོང་བའི་ཚེ། །ང་ཡི་བདེ་བར་རང་བཞིན་ཡིན། །དེ་དུས་བདེ་སྡུག་དབྱེར་མེད་ན། །ང་ཡི་ཡོན་ཏན་འདི་ལ་རྫོགས། །ཞེས་དང་། སྔ་མ་ལས། དུས་གསུམ་སངས་རྒྱས་ན་རག་གནས་ན་འཁྱམས། །དམྱལ་ཁམས་བཅོ་བརྒྱད་སྐྱེ་མེད་བཙན་ས་ཟིན། །ཡི་དྭགས་བཀྲེས་སྐོམ་བདུད་རྩིའི་ཀློང་ན་བྱེད། །ངན་སྐྱུགས་མཐོང་ན་ལྷ་རྣམས་བདུད་རྩི་གསོལ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དེ་ལྟར་བྱང་ཆུབ་སེམས་ལས་ཤར་བའི་ཆོས་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་ཀྱི་ངང་ལས་གཡོ་བ་མེད་པའི་ཚུལ་དེ་རྟོགས་ནས་བཟང་ངན་བླང་དོར་སོགས་སུ་མི་རྟོག་པར། མ་བཅོས་མཉམ་པ་ཉིད་དུ་བཞག་པས་གནས་ལུགས་ཇི་བཞིན་པ་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ངང་དུ་རང་སར་གྲོལ་བར་གསུངས་པའོ། །གསུམ་པ་རང་བྱུང་ཡེ་ཤེས་དངོས་བསྟན་པ་ལ་གསུམ་སྟེ། ཡུལ་ལ་མི་རྟོག་པས་ལས་དང་བག་ཆགས་བཟང་ངན་གང་ཡང་མི་སོགས་པར་བསྟན་པ། ངོ་བོ་དབྱིངས་ལས་མ་གཡོས་པས་སྤང་བླང་འཕོ་འགྱུར་མེད་པར་བསྟན་པ། རང་བྱུང་གི་ཡེ་ཤེས་ཉིད་རིག་མ་རིག་གིས་འཁོར་འདས་ཀུན་གྱི་གོ་འབྱེད་པ་དོན་གྱི་ནམ་མཁའ་ཆེན་པོར་བསྟན་པའོ། །དང་པོ་ནི། དེ་ལྟར་ཆོས་ཐམས་ཅད་བཟང་ངན་བླང་དོར་མེད་པར་གདོད་ནས་རང་བྱུང་གི་ཡེ་ཤེས་གཅིག་གི་རང་བཞིན་ཡིན་ལ། རང་བྱུང་གི་ཡེ་ཤེས་རང་གི་ངོ་བོ་ནི་གཟུང་འཛིན་མཚན་མའི་རྟོག་པ་ཐམས་ཅད་དང་བྲལ་བས། ཡུལ་ཅི་ལའང་མི་རྟོག་ཅིང་རྐྱེན་གང་གིས་ཀྱང་བསྒྱུར་དུ་མེད་པ་ནམ་མཁའ་ལྟ་བུའི་ཆོས་ཉིད་ཡིན་པས་ན། ལས་དགེ་སྡིག་སོགས་ཀྱི་བག་ཆགས་བཟང་ངན་གྱི་སྐྱོན་ཡོན་ཀུན་དང་བྲལ་བ་ཡིན་པས་ཆོས་འདི་དག་ཐམས་ཅད་སྤང་བླང་བཅོས་བསྒྱུར་ལ་མ་ལྟོས་པར་ཆོས་སྐུ་དྲི་བྲལ་ཉིད་དུ་གནས་པར་བསྟན་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་བག་ཆགས་བཟང་ངན་ལ་སོགས་པས་གོས་པ་མེད་པ་རང་བྱུང་འདུས་མ་བྱས་པའི་ངོ་བོ་རྣམ་རྟོག་གིས་གཡོ་བ་མེད་པ་དེ་ཉིད་ལ། སྙིང་པོའི་ཡོན་ཏན་ཐམས་ཅད་ཉི་མ་དང་འོད་ཟེར་ལྟར་འདུ་འབྲལ་མེད་པར་ཡོད་ཀྱང་དེ་ཉིད་འདོད་ཅིང་ངང་དུ་མི་ལེན་ཞིང་། སྐྱོན་རྣམས་མི་འདོར་པའམ་འདོར་འདོད་ཀྱི་རྟོག་པ་བྲལ་བས་ཆེད་དུ་མི་སྤོང་ཡང་ཡེ་ནས་ཆོས་སྐུ་དྲི་བྲལ་གྱི་ངོ་བོར་གནས་པས་སྐྱོན་གྱི་གོས་པ་ཡང་མེད་ལ། དེ་ལྟར་སྐྱོན་ཡོན་ལ་སྤང་བླང་དུ་ལྟ་བ་ལ་སོགས་པ་རེ་དོགས་དགག་སྒྲུབ་ཀྱི་རྣམ་པར་རྟོག་པ་ཀུན་དང་བྲལ་བ་དེ་བས་ན་བདེ་བ་མི་བསྒྲུབ་ལ། སྡུག་བསྔལ་སྤང་དུ་མེད་པར་བདེ་སྡུག་བླང་དོར་དང་བྲལ་བའི་ཆོས་ཉིད་ཇི་བཞིན་པ་ལ་གནས་པ་དེ་ལས་ཡེ་ནས་གཡོས་པ་མེད་པར་གསུངས་སོ། །དེ་བཞིན་དུ་རང་བྱུང་གི་ཡེ་ཤེས་དེ་ལ་ལམ་སྦྱང་བགྲོད་ལ་སོགས་པའི་རྐྱེན་གྱིས་བསྒྱུར་བས་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བའི་ཆོས་ཀྱང་གང་ཡང་མེད་ལ། རེ་འདོད་ཀྱི་བློས་བསྒྲུབ་བྱ་གང་ཞིག་སྒྲུབ་པས་ལེན་པར་བྱས་པས་ཐོབ་པར་བྱེད་པའི་ཆོས་ཀྱང་མེད་པ་ཡིན་ནོ། །གསུམ་པ་ནི། འདི་ལྟར་ཕྱི་ནང་སྣང་སྲིད་ཀྱི་ཆོས་རྣམས་ཀྱི་རང་བཞིན་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་ནམ་མཁའ་ལས་ཇི་ལྟར་འབྱུང་བའི་མཚན་ཉིད་དམ་ཚུལ་ནི། དཔེར་ན་ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ལས་རང་བྱུང་གི་ཡེ་ཤེས་འོད་གསལ་བའི་སྣང་བ་འགགས་མེད་དུ་འབྱུང་བ་དང་འདྲ་བ་ཡིན་ནོ་ཞེས། གཞི་དབྱིིངས་ཡེ་སྟོང་ཆེན་པོ་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ལས། རང་གདངས་འགག་པ་མེད་པ་འོད་གསལ་ཡེ་ཤེས་ཀྱི་སྣང་ཆ་རྩོལ་མེད་དུ་འཆར་བའི་དཔེས་མཚོན་ཏེ་བསྟན་པ་ཡིན་ན་ཡང་། དོན་ལ་འདྲ་ཞེས་བརྗོད་པ་ཡང་མིང་དུ་བཏགས་པ་ཙམ་ལས་སྣང་སྲིད་འཁོར་འདས་སུ་སྣང་བའི་ཆོས་རྣམས་ཀྱི་ངོ་བོ་འདི་ཉིད་རང་བྱུང་ཡེ་ཤེས་ཀྱི་རོལ་པ་འོད་གསལ་མ་འགགས་པའི་སྣང་ཆ་ཡིན་ཕྱིར་དཔེ་དོན་ཐ་དད་དུ་ཡོད་པ་ཡིན་པར་གསུངས་སོ། །གཉིས་པ་ཐེག་པ་འོག་མས་མ་རྟོགས་པའི་སྐྱོན་བཤད་པ་ལ་བཞི་སྟེ། ཉན་རང་གིས་སྤོང་འགོགས་བྱས་པས་མི་རྟོགས་པའི་སྐྱོན། བྱང་སེམས་ཀྱི་བདེན་གཉིས་སོ་སོས་སྦྱངས་པས་མ་རྟོགས་པའི་སྐྱོན། ཕྱི་ཐུབ་པ་རྒྱུད་གསུམ་གྱིས་ཏིང་འཛིན་ཆོ་གའི་རིམ་པས་བསྒོམ་པས་མ་རྟོགས་པའི་སྐྱོན། ནང་པ་སྔགས་ཀྱི་རྒྱུད་སྡེ་གཉིས་ཀྱིས་ཐབས་ཤེས་བསྐྱེད་རྫོགས་ཀྱི་རྩོལ་བས་མ་རྟོགས་པའི་སྐྱོན་ནོ། །དང་པོ་ནི། དེ་ལྟར་སྣང་སྲིད་འཁོར་འདས་སུ་སྣང་བའི་ཆོས་ཐམས་ཅད་ཇི་ལྟར་སྣང་བ་ལྟར་སོ་སོ་རིས་ཆད་དུ་གྲུབ་པ་ཅི་ཡང་མེད་པར། ཆོས་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་རང་བྱུང་གི་ཡེ་ཤེས་གཅིག་གི་རང་བཞིན་ཡིན་པས་སྤང་བླང་དུ་བྱ་བ་ཅི་ཡང་མེད་པ་ལ། ཉན་རང་གི་ཐེག་པ་བ་རྣམས་ཀྱིས་རང་བྱུང་གི་ཡེ་ཤེས་ཆོས་ཉིད་མཉམ་པ་ཆེན་པོའི་ཡུལ་གཅིག་པུ་དེ་ལ ། གཟུང་འཛིན་དང་སྤང་བླང་དུ་བྱ་བའི་ཆོས་གཞན་ཐ་དད་དུ་མཐོང་ནས་རང་བྱུང་གི་ཡེ་ཤེས་དེ་ཡི་ངོ་བོ་ཡིན་པར་མ་ཤེས་པར། ཕྱི་ནང་སྣང་སྲིད་ཀྱི་ཆོས་འདི་རྣམས་ལ་སྡུག་ཀུན་གྱི་ངོ་བོར་གཟུང་ནས། ཆོས་ཉིད་བྱང་ཆུབ་ཀྱི་སེམས་དེ་སྤོང་ཞིང་འགོག་པར་བྱེད་པ་ཡིན་ཕྱིར། རང་བྱུང་གི་ཡེ་ཤེས་དེ་དང་འཕྲད་པར་མི་འགྱུར་བས་རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་ལ་སྤོང་འགོགས་ཀྱི་ཡུལ་དུ་ལྟ་བའི་བློ་ཅན་དེ་དག་ལ་རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་རྟོགས་པ་ལྟ་ཅི་མིང་ཙམ་ཡང་མི་གྲགས་པར་གསུངས་སོ། །གཉིས་པ་ནི། དེ་བཞིན་དུ་མཚན་ཉིད་བྱང་སེམས་ཀྱི་ཐེག་པ་བ་རྣམས་ཀྱིས་བྱང་ཆུབ་སེམས་ཀྱི་ངོ་བོ་སྣང་སྲིད་ཀྱི་རྣམ་པར་སྣང་བ་འདི་དག་ལ་མ་དག་འཁོར་བའི་ཆོས་སུ་བལྟས་ནས་དོན་དམ་དང་ཀུན་རྫོབ་ཀྱི་བདེན་པ་རྣམ་པ་གཉིས་སུ་གཏན་ལ་དབབ་ཤིང་། དེ་ཡང་དོན་དམ་སྐྱེ་བ་མེད་པ་དང་ཀུན་རྫོབ་སྒྱུ་མ་ལྟ་བུའི་ཚུལ་རྣམ་པ་གཉིས་ཀྱིས་རང་བྱུང་ཡེ་ཤེས་ཀྱི་སྣང་བ་དེ་ཉིད་སྦྱངས་བ་ལ་བརྩོན་པར་བྱེད་པ་དེས་ཀྱང་བསྐལ་པ་གྲངས་མེད་གསུམ་གྱི་བར་དུ། ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་སྦྱང་དུ་མེད་པའི་གནས་ལུགས་མཐོང་བ་ལ་ཐོགས་ཅིང་མི་རྟོགས་པར་གསུངས་པའོ། །གསུམ་པ་ནི། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཀྲི་ཡོག་སྡེ་གསུམ་གྱིས་སྣང་སྲིད་ཀྱི་ཆོས་འདི་དག་དོན་དམ་དུ་དག་པ་ལྷའི་རང་བཞིན་དུ་གནས་ཀྱང་ཀུན་རྫོབ་ཏུ་དག་པ་དང་མ་དག་པའི་ཆོས་སོ་སོ་རུ་ཡོད་པར་བལྟས་ནས། ཏིང་ངེ་འཛིན་དང་ཆོ་གའི་རིམ་པ་དག་པ་གསུམ་གྱི་སྤྱོད་པ་ལ་བརྟེན་ལྷའི་རྣལ་འབྱོར་བསྒོམ་པ་མཚན་བཅས་དང་། མཐར་ཐུག་ལྷ་སྣང་མི་དམིགས་པར་བསྡུས་ནས་འོད་གསལ་སྟོང་པ་ཉིད་དུ་བསྒོམ་པ་མཚན་མེད་ཀྱི་ཏིང་ངེ་འཛིན་བསྒོམ་པའི་སྒོར་ཞུགས་ནས། བྱང་ཆུབ་བསྒྲུབ་པའི་ཡན་ལག་མངོན་བྱང་ལྔ་དང་ཆོ་འཕྲུལ་བཞི་སྟེ། དགུ་པོ་ཀུན་གྱི་སྒོར་ཞུགས་ནས་བསྒོམ་པ་སོགས་རྒྱུད་སྡེ་རང་རང་གི་སྐབས་ནས་བསྟན་པའི་ཆོ་ག་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་གྱི་རིམ་པ་ཡིས་ལམ་བསྒྲུབ་པའི་བླང་དོར་ལ་གནས་པ་དེས་ཀྱང་། ཀུན་བྱེད་རྒྱལ་པོ་རང་བྱུང་གི་ཡེ་ཤེས་དེ་ཉིད་མི་ཚེ་བདུན་སོགས་རང་རང་གི་སྐབས་སུ་འབྲས་བུ་ལ་སྦྱོར་བའི་ཡུན་རིང་ཐུང་ཇི་ལྟར་གསུངས་པ་དེ་དང་དེའི་བར་དུ་བླང་དོར་གྱི་རྩོལ་བ་ལ་གནས་པ་ལས་རྟོགས་པར་མི་ནུས་པར་སྤང་བར་གསུངས་སོ། །བཞི་པ་ནི། ནང་པ་སྔགས་ཀྱི་རྒྱུད་སྡེ་མ་ཧཱ་དང་ཨ་ནུ་གཉིས་ཀྱིས་སྣང་སྲིད་སྣོད་བཅུད་ཐམས་ཅད་དག་མཉམ་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོའི་རང་བཞིན་དུ་གནས་པ་ཡིན་ཀྱང་། གཟུང་འཛིན་ཉེར་ལེན་གྱི་སྒྲིབ་པ་སྤྲིན་ཚོགས་ལྟ་བུས་བསྒྲིབས་ནས་མངོན་སུམ་དུ་མི་སྣང་བར་བལྟས་ཏེ། བསྒྲིབ་པ་དེ་ཉིད་བསལ་བའི་ཆེད་དུ་ཐབས་བསྐྱེད་པའི་རིམ་པ་དང་། ཤེས་རབ་རྫོགས་པའི་རིམ་པ་གཉིས་སུ་མེད་པའི་སྒོར་ཞུགས་ནས། དེ་ཡང་ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པ་དོན་དམ་དང་དེས་སྣང་ཆ་ཀུན་རྫོབ་ལྷའི་རང་བཞིན་དུ་རྟོགས་པའི་ཤེས་རབ་ཟབ་མོའི་ལྟ་བ་དང་། ཐབས་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་བསྒོམ་པ་གཉིས་ཀྱིས་གོང་ནས་གོང་དུ་བསྐྱོད་པར་གྱུར་ནས་མཐར་འབྲས་མངོན་དུ་བྱེད་པར་འདོད་པ་དེ་དག་གིས། སྣང་ལ་རང་བཞིན་མེད་པར་བསྐྱེད་རྫོགས་ཟུང་དུ་འཇུག་པའི་སྒོ་ནས། རང་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བསྒོམས་ནས་ཏེ། དེ་ཡང་སྟོང་པ་ཆེན་པོ། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ་ཕྲ་བ་དང་རགས་པ་གཉིས་ཕྱག་རྒྱ་སྤྲོས་བཅས་ཏེ་ཆོ་ག་ལྔ་དང་། ལམ་རིམ་ལས། དམ་ཚིག་ལྟ་བ་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་སྙིང་རྗེ་སྟེ། །ལྷག་པའི་ཡོ་བྱད་ལྔ་རྫོགས་བྱ། །ཞེས་གསུངས་པ་ལྟ་བུའི་ཡོ་བྱད་ལྔ་དང་། འགྲེལ་ཆུང་ལས། སྙིང་གར་ཡེ་ཤེས་སེམས་བསྒོམ་སྙིང་གར་ཉི་ཟླའི་དཀྱིལ། །དམ་ཚིག་ཕྱག་རྒྱ་བཞག་སྟེ་དེ་སྟེང་ཡིག་འབྲུ་བཞག །ཟློས་ཚེ་སྤྲོ་བསྡུས་བཟླས་པ་སྔགས་ཀྱི་ཡན་ལག་ཡིན། །ཞེས་པ་ལྟ་བུའི་སྔགས་ཀྱི་ཡན་ལག་ལྔ་དང་། རྩ་བ་དང་ཡན་ལག་གི་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་བསྲུང་བར་བྱེད་པ་དང་བཅས་པས། ལམ་ལ་རབ་ཏུ་བརྩོན་པ་དང་ལྡན་པར་གྱུར་ན་རིག་འཛིན་རྣམ་པ་བཞི་ཡི་ས་ལ་གནས་པ་སྟེ་གནས་པའི་སྒོ་ནས། ལོ་སྟོང་དང་དྲུག་བརྒྱ་རུ་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་རྣམ་པར་བཞུགས་པ་ལོངས་སྐུ་ཉིད་ཐོབ་པར་འདོད་པའི་ཏིང་ངེ་འཛིན་ཡེངས་མེད་དུ་བསྒོམ་པར་བྱེད་ཅིང་། དེ་ནས་ལོངས་སྐུ་ཐོབ་པར་གྱུར་ནས་ཀྱང་། ད་དུང་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་གཟོད་ཚོལ་ཞིང་ལྟ་བར་བྱས་པས་ལོ་སྟོང་ཕྲག་གཅིག་ན་ཆོས་ཉིད་རྣམ་པར་མི་རྟོག་པ་ཆོས་སྐུ་མཉམ་པ་ཆེན་པོའི་དོན་ཇི་བཞིིན་པ་རྙེད་ཅིང་རྟོགས་པར་འགྱུར་བ་དེའི་བར་དུ་རྩོལ་སྒྲུབ་ཀྱི་ལམ་ལ་གནས་པ་ལས་སེམས་ཉ ིད་ཇི་བཞིན་དུ་རྟོགས་པ་མེད་པར་གསུངས་སོ། །འདི་ཨ་ནུ་ཡོ་ག་ཡང་བསྐྱེད་རྫོགས་རྩོལ་སྒྲུབ་ཀྱི་ལམ་ལ་གནས་པ་ཡིན་པས་ཤུགས་ལ་བསྟན་པ་ལས་དངོས་བསྟན་དུ་མ་ཧཱ་ཡོ་ག་གཙོ་བོར་བསྟན་པ་ཡིན་ནོ། །གསུམ་པ་དེ་ཉིད་ལུང་སྟོན་ཅིག་པར་གདམས་པ་ལ་གསུམ་སྟེ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་རྡོ་རྗེ། དེ་ལྟར་འོག་མའི་ཐེག་པ་རྣམས་ཀྱིས་སེམས་ཉིད་རང་བྱུང་གི་ཡེ་ཤེས་རྟོགས་པར་མི་ནུས་པ་དེས་ན། ཁྱེད་ཉིད་ཀྱིས་ཀུན་བྱེད་ང་ཡི་ངེས་པའི་ལུང་སེམས་ཉིད་ཇི་བཞིན་མ་ནོར་བར་སྟོན་པ་འདི་རྟོགས་པར་གྱིས་ཤིག །ཁྱོད་ཀྱིས་རང་གིས་ཇི་ལྟར་རྟོགས་པ་ལྟར་དུ་ད་གདུལ་བྱ་གཞན་ལ་ཡང་ལུང་སྟོན་པར་མཛོད་ཅིག་ཅེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། རྒྱུ་འབྲས་ཀྱི་ལམ་ངལ་བ་དོན་མེད་ལ་འབད་པས། བསྐལ་བར་རང་བྱུང་གི་ཡེ་ཤེས་དང་རིང་བའི་སྐྱོན་བསལ་བའི་ཕྱིར་གདམས་པ་དང་། རྩོལ་མེད་དུ་བསྟན་པས་ཡོན་ཏན་ལྷུན་གྱིས་གྲུབ་པའི་སྒོ་ནས་གདམས་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ། །འཇིག་རྟེན་སེམས་ཅན་ལྷ་མི་ལ་སོགས་པའི་འགྲོ་བ་རྣམས་ནི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རྟོགས་པར་མི་ནུས་པས་བློའམ་ཤེས་པར་ཤིན་ཏུ་གཙང་ཞིང་རགས་པ་དང་དབང་པོ་ཡི་ཤེས་པ་ཚོགས་དྲུག་གི་ཡུལ་ལ་གཡེངས་པའི་རང་བཞིན་ཅན་ཡིན་པའི་རྒྱུ་མཚན་གྱིས་ན། རྨོངས་པའི་གཞན་དབང་དུ་གྱུར་པའི་སེམས་ཅན་དྲང་ངེས་ཀྱི་ཁྱད་པར་དང་ལམ་དང་ལམ་མིན་གྱི་དབྱེ་བ་མི་ཤེས་པས། མུ་སྟེགས་ཀྱི་གྲུབ་མཐའ་དང་ཐེག་དམན་དྲང་དོན་གྱི་ལམ་སོགས་གང་བསྟན་པས་ཚིམ་པ་རྣམས་ལ། སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་རྩོལ་སྒྲུབ་མེད་པའི་དོན་མ་ནོར་བ་ངེས་གསང་བླ་ན་མེད་པའི་ལུང་ཆེན་པོ་འདི་ཉིད་མ་བསྟན་པར། རྒྱུ་འབྲས་ཀྱི་ཐེག་པ་དྲང་བའི་ལུང་གང་ཞིག་དོན་དམ་བདེན་པ་མ་འཁྲུལ་ཞིང་བསླུ་བ་མེད་པ་དང་། ཀུན་རྫོབ་བདེན་པ་འཁྲུལ་བ་བསླུ་བའི་རང་བཞིན་ཅན་ནོ་ཞེས་ཐ་དད་སྤང་བླང་གི་རང་བཞིན་ཅན་དུ་བསྟན་པས། བདེན་རྫུན་གཉིས་སམ་བདེན་པ་གཉིས་ལ་བླང་དོར་གྱི་སྒོ་ནས་འཇུག་པར་བསྟན་པ་དེ་ཉིད་ཀྱིས་འགྲོ་བ་རྣམས་ཀྱི་ཤེས་པ་དེ་ཚིམ་པར་གྱུར་ནས། བསྐལ་བ་མང་པོ་ཡུན་རིང་པོའི་བར་དུ་བདེན་རྫུན་གཉིས་ལ་བླང་དོར་དང་དགག་སྒྲུབ་བྱེད་པའི་ལམ་ལ་གནས་པས། བླང་དོར་རྩོལ་སྒྲུབ་མེད་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རྟོགས་པར་མི་ནུས་པ་དེ་ལྟ་བུའི་སྐྱོན་རྣམས་བསལ་བའི་ཕྱིར་དུ། ཀུན་བྱེད་ང་ཡི་ངེས་པའི་ལུང་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་རང་བཞིན་ཅན་འདི་ཉིད་གདུལ་བྱ་གཞན་ལ་སྟོན་ཅིང་གདམས་པར་མཛོད་ཅིག་ཅེས་པའོ། །གཉིས་པ་ལ་གསུམ་སྟེ། རྩོལ་མེད་སྙིང་པོའི་ལམ་དང་འཕྲད་པས་བགྲོད་མི་དགོས་པའི་ཡོན་ཏན། བསྒོམ་མེད་ཆོས་སྐུའི་རང་བཞིན་མཐོང་བས་བསྐྱེད་རྫོགས་སེམས་འཛིན་གྱི་ནད་ལས་གྲོལ་བའི་ཡོན་ཏན། མ་བཙལ་ལྷུན་གྲུབ་ཀྱི་དགོངས་པ་རྙེད་པས་སེམས་བསྐྱེད་སྦྱངས་བགྲོད་ཀྱི་བསྲུང་མཚམས་ལས་འདས་པའི་ཡོན་ཏན་ནོ། །དང་པོ་ནི། གོང་དུ་བཤད་པ་དེ་ལྟར་རྒྱུ་འབྲས་དྲང་དོན་གྱི་ལམ་ལ་ཞུགས་པས་བསྐལ་པ་མང་པོར་སྙིང་པོའི་དོན་དང་མི་འཕྲད་པའི་རྒྱུ་མཚན་དེ་བས་ན། དང་པོར་རང་གི་སེམས་ཉིད་གནས་ལུགས་རང་བྱུང་གི་ཡེ་ཤེས་འདི་ཉིད་མ་ནོར་བར་བསྟན་པར་བྱ་སྟེ། དེ་ལྟར་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཇི་བཞིན་དུ་བསྟན་པས་གནས་ལུགས་མ་ནོར་བ་ཆོས་ཉིད་བྱ་བཙལ་མེད་པའི་ལམ་དང་འཕྲད་པར་གྱུར་ནས། ས་ལམ་སྦྱང་བགྲོད་ལ་ལྟོས་པ་མེད་པར་ད་ལྟ་ཉིད་ནས་མི་རྩོལ་བའི་སའམ་རྩོལ་སྒྲུབ་ཐམས་ཅད་དང་བྲལ་བ་ཀུན་བཟང་དབྱེ་བ་མེད་པའི་ས་ལ་གནས་པར་འགྱུར་བ་ཡིན་པས། དེ་ལས་གཞན་པའི་འབྲས་བུ་སངས་རྒྱས་ཞིག་བཙལ་དུ་མེད་པའི་ཉེ་ལམ་ཟབ་མོ་དང་གང་ཟག་སྐལ་པ་དང་ལྡན་པ་དེ་འཕྲད་པར་འགྱུར་རོ་ཞེས་གསུངས་སོ། །གཉིས་པ་ནི། དེ་བཞིན་དུ་རྫོགས་པ་ཆེན་པོའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་རྟོགས་ནས། ཐེག་པ་འོག་མ་ལྟར་དུ་བསྐྱེད་རྫོགས་ལ་སོགས་པ་རྩེ་གཅིག་པའི་ཏིང་ངེ་འཛིན་ཡེངས་མེད་དུ་བསྒོམ་མི་དགོས་པས་སེམས་འཛིན་གྱི་ནད་ལས་གྲོལ་ཏེ། མ་བཅོས་མཉམ་པ་ཉིད་ཀྱི་ལམ་དང་ལས་དང་སྐལ་བར་ལྡན་པ་དེ་ཉིད་འཕྲད་པར་འགྱུར་ཞིང་། ལྟ་སྒོམ་དང་དམ་ཚིག་ལ་སོགས་པ་གང་ལའང་མི་རྩོལ་བས་རྩོལ་མེད་བདེ་བ་ཆེན་པོའི་ས་ལ་གནས་པ་ཡང་གང་ཟག་དེ་ཡིས་ཐོབ་པར་འགྱུར་བ་ཡིན་ནོ། །གསུམ་པ་ནི། གཞན་ཡང་གནས་ལུགས་མ་ནོར་བར་ངེས་པར་བསྟན་པའི་དོན་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆོས་སྐུ་ཡེ་སངས་རྒྱས་པ་དེ་བྱ་བྱེད་རྩོལ་བ་ལ་མི་ལྟོས་པར་མངོན་སུམ་ཐད་ཀར་དུ་རྟོགས་ཤིང་ཐོབ་པས། ལྟ་སྒོམ་དང་ས་ལམ་ལ་སོགས་པ་མ་བཙལ་ལྷུན་གྱིས་གྲུབ་པའི་ཡོན་ཏན་ནི། འདི་ལྟར་སེམས་ཅན་ཐམས་ཅད་གདོད་ནས་ཡེ་སངས་རྒྱས་པའི་རང་བཞིན་དུ་རྟོགས་པས་སྙིང་རྗེས་གཞན་དོན་ལ་དམིགས་མི་དགོས་ཤིང་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ལས་གཞན་པའི་སངས་རྒྱས་ཞིང་ཐོབ་ཏུ་མེད་པར་རྟོགས་པས་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་སུ་མེད་པ་དེས་ཕྱིར་ན། ཟུར་གཉིས་ལྡན་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་མི་དགོས་ཤིང་། སྙིང་པོ་བྱང་ཆུབ་སེམས་ཀྱི་ས་ལ་འགྲོ་བ་ཐམས་ཅད་ཡེ་ནས་མ་བཙལ་ལྷུན་གྲུབ་ཀྱི་ཚུལ་དུ་གནས་པར་རྟོགས་པས་ལམ་ལ་བགྲོད་མི་དགོས་ཤིང་། ས་ལ་སྒྲུབ་པའི་དྲི་མ་མི་སྦྱོང་བའམ་སྦྱོང་མི་དགོས་ལ་སེམས་ཉིད་ཐིག་ལེ་ཉག་གཅིག་བལྟ་བྱ་ལྟ་བྱེད་དང་བྲལ་ཞིང་བློའི་སྤྱོད་ཡུལ་ལས་འདས་པར་རྟོགས་པས་ལྟ་བ་བསྒོམ་མི་དགོས་ཤིང་། གང་ཤར་ཡེ་ཤེས་ཀྱི་རོལ་བར་རྟོགས་པས་སྤང་བླང་དང་བསྲུང་མཚམས་ཀྱི་དབྱེ་བ་མེད་པས་སོ་ཐར་གྱི་སྡོམ་པ་དང་བྱང་སེམས་ཀྱི་ཚུལ་ཁྲིམས་དང་གསང་སྔགས་ཀྱི་དམ་ཚིག་རྣམས་བླང་ཞིང་དོན་དུ་གཉེར་མི་དགོས་པར་རྩོལ་མེད་བདེ་བ་ཆེན་པོའི་ས་ལ་ད་ལྟ་ནས་གནས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །གསུམ་པ་དོན་བསྡུ་བ་ནི། ཀྱེ་སེམས་དཔའ་ཆེན་པོ་རང་སེམས་མ་ནོར་པ་ཡི་དོན་བསྟན་པ་ལ་གོང་དུ་བསྟན་པའི་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་རྒྱུ་མཚན་དེས་ན། སྟོན་པ་ཀུན་བྱེད་ང་ཡི་ངེས་པའི་ལུང་འདི་ཁྱོད་ཀྱིས་གཞན་རྣམས་ལ་ལུང་སྟོན་ཅིག །དེ་ཡང་ཇི་ལྟར་ན་ཆོས་ཐམས་ཅད་ཡེ་ནས་རང་བྱུང་གི་ཡེ་ཤེས་གཅིག་གི་ངོ་བོ་བྱ་བྱེད་རྩོལ་བ་ལ་མི་ལྟོས་པར་སངས་རྒྱས་ཟིན་པས། འཇིག་རྟེན་པ་རྣམས་འཁོར་བའི་ཆོས་ལ་བདེན་འཛིན་གྱི་དབང་གིས་ཞེན་ཅིང་ཆགས་པས་འདུས་བྱས་མཚན་མའི་ཆོས་འདི་རྣམས་འབད་རྩོལ་དྲག་པོས་བསྒྲུབ་པ་བཞིན་དུ་འབད་རྩོལ་དང་དགག་སྒྲུབ་ཅི་ཡང་མི་དགོས་པའི་ཕྱིར་ན། ལུས་ཀྱི་ལས་སུ་ཕྱག་རྒྱ་དང་བྲོ་གར་ལ་སོགས་པའི་བྱ་བྱེད་དང་ལུས་ལྷ་ཡིི་རྣམ་པར་མི་སྒོམ་ལ། ངག་གི་ལས་སུ་སྔགས་བཟླས་པ་དང་བསྐྱེད་རྫོགས་གསལ་འདེབས་བྱེད་པ་ལ་སོགས་པའི་ཚིག་མི་བརྗོད་ཅིང་། ཡིད་ཀྱི་ལས་སུ་མཚན་བཅས་དང་མཚན་མེད་ཀྱི་ཏིང་ངེ་འཛིན་གསལ་འདེབས་པ་ལ་སོགས་པ་དགེ་བའི་དམིགས་པ་གང་ཡང་མི་སྒོམ་པར་སྒོ་གསུམ་གྱི་བྱ་བ་ཐམས་ཅད་ལ་སྤང་བླང་དང་བཅོས་བསྒྱུར་ཅི་ཡང་མི་བྱེད་པར་མ་བཅོས་རང་བབས་ཉིད་དུ་ལ་བཟླ་བའི་ཚུལ་དུ་ལུང་སྟོན་པར་བྱའོ། །ཞེས་གསུངས་སོ། །དེ་ལྟར་ཡང་ལ་ཟློ་ལས། འཁོར་བས་ལུས་ངག་ཡིད་ནི་བཅོས་པ་ལ། །ལ་བཟླ་བ་ནི་རང་བྱུང་ཤར་བས་བཟླས། །ལུས་ལ་མ་བཅོས་སྐུ་ཡི་ལ་བཟླ་ཡིན། །ངག་མ་འཆོས་པ་གསུང་གི་ལ་བཟླ་ཡིན། །དྲན་པ་མ་བཅོས་ཐུགས་ཀྱི་ལ་བཟླ་ཡིན། །སངས་རྒྱས་འདོད་བྲལ་སངས་རྒྱས་ལ་བཟླ་ཡིན། །དངོས་པོ་སྤང་མེད་སྟོང་པའི་ལ་བཟླ་ཡིན། །སྡུག་བསྔལ་འདོར་མེད་བདེ་བའི་ལ་བཟླ་ཡིན། །ཆོས་ཉིད་ཡུལ་ལས་འདས་པ་ལྟ་བའི་ལ་བཟླ་ཡིན། །དམིགས་སུ་རྡུལ་ཙམ་མེད་པས་སྒོམ་པའི་ལ་བཟླ་ཡིན། །ལུས་ངག་རྩོལ་བ་མེད་པས་སྤྱོད་པའི་ལ་བཟླ་ཡིན། །སངས་ལ་རྒྱ་བ་མེད་པས་འབྲས་བུའི་ལ་བཟླ་ཡིན། །ཞེས་པ་ལ་སོགས་པས་བསྟན་པ་ལྟར་རོ། །དེ་ལྟར་ཚིག་དོན་འགྲེལ་བའི་ལེའུ་གཉིས་ཀྱིས་རྩ་རྒྱུད་སྙིང་པོའི་དོན་རབ་ཏུ་བསྡུས་ཏེ་གསུངས་པ་ཡིན་ནོ། །ལེའུའི་མཚན། བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་མེད་པར་བསྟན་པའི་ལེའུ་སྟེ་ང་ལྔ་པའི་འགྲེལ་བའོ།། ༈ །།དོན་གསུམ་པ་སྙིང་པོ་ཕུན་སུམ་ཚོགས་པའི་ཚུལ་གྱིས་དོན་བསྡུ་བ་ལ་གཉིས་ཏེ། འཁོར་གྱིས་ཇི་ལྟར་རྟོགས་པའི་དོན་བསྒྲགས་པ་དང་། སྟོན་པས་ལེགས་སོ་བརྗོད་པས་བསྟན་པ་གཏད་པའོ། །དང་པོ་ནི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཉིད་ཆོས་ཐམས་ཅད་ཀྱི་རང་བཞིན་ཀུན་བྱེད་དུ་བསྟན་པའི་ལེའུ་ང་དྲུག་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་བརྗོད་བྱ་དོན་གྱི་སྙིང་པོའི་གནད་ཐམས་ཅད་གཅིག་ཏུ་བསྡུས་ནས་བསྟན་པ་དེ་ནས་འཁོར་གྱི་གཙོ་བོ་ཐུགས་སྲས་སེམས་དཔའ་རྡོ་རྗེ་བཀའ་ཡི་སྡུད་པ་པོར་གྱུར་པ་དེས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་རིག་པ་རང་བྱུང་གི་ཡེ་ཤེས་དེ་ཆོས་ཐམས་ཅད་ཀྱི་ངོ་བོ་དང་ཕུམ་སུམ་ཚོགས་པ་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པར། སེམས་དཔའ་རྡོ་རྗེ་ཉིད་ཀྱི་འཁོར་ཐམས་ཅད་ལ་ཚིག་ཏུ་བསྒྲགས་ཏེ་བསྟན་པ་དང་། སྟོན་པ་ཀུན་བྱེད་རྒྱལ་པོ་ལ་ཉིད་ཀྱིས་ཇི་ལྟར་རྟོགས་པའི་དོན་ཞུ་བའི་སྒོ་ནས་རྟོག་པ་ཕུལ་བ་འདི་བསྒྲགས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པ། དོན་བསྡུ་བའོ། །དང་པོ་ནི། ཀྱེ་རྒྱལ་བ་སྐུ་གསུམ་གྱི་སྟོན་པའི་ཡང་སྟོན་པར་གྱུར་པ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ལགས། སེམས་དཔའ་རྡོ་རྗེ་བདག་གིས་སྟོན་པ་ཀུན་བྱེད་ཁྱོད་ཀྱི་རང་བཞིན་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་དོན་མ་ནོར་བ་ཇི་ལྟར་རྟོགས་པ་ཡི་ཚུལ་ནི། འདི་ལྟར་སྲིད་ཞིའི་ཆོས་རྣམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀུན་བྱེད་ཁྱོད་ཀྱི་རང་བཞིན་སྙིང་པོ་བྱང་ཆུབ་ཀྱི་སེམས་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་རྟོགས་པ་ཡིན་ནོ་ཞེས་སོ། །གཉིས་པ་ལ་དྲུག་སྟེ། ཆོས་སྐུ་ལོངས་སྐུའི་བཞུགས་གནས་ཀུན་བྱེད་དུ་བསྟན་པ། སྐུ་གསུམ་ཀུན་བྱེད་ཉིད་དུ་བསྟན་པ། ཁམས་གསུམ་སེམས་ཅན་ཀུན་བྱེད་རྒྱལ་པོར་བསྟན་པ། དུས་གསུམ་སངས་རྒྱས་ཀུན་བྱེད་དུ་བསྟན་པ། རྣལ་འབྱོར་རྣམ་བཞི་ཀུན་བྱེད་རྒྱལ་པོར་བསྟན་པ། སྣང་སྲིད་སྣོད་བཅུད་ཀུན་བྱེད་རྒྱལ་པོར་བསྟན་པའོ། །དང་པོ་ནི། གོང་དུ་བསྟན་པ་དེ་ཡང་ཚུལ་ཇི་ལྟར་རྟོགས་པ་ཡིན་ཞེ་ན། སྟོན་པ་ཆོས་སྐུའི་བཞུགས་གནས་ཆོས་ཉིད་འགྱུར་བ་མེད་པ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གཉིས་སྣང་གི་འོག་ཏུ་མ་གྱུར་པས་ཡང་དག་དོན་གྱི་འོག་མིན་ཆེན་པོ་དེ་ཡང་གཞན་དུ་མེད་པར། ཀུན་བྱེད་རྒྱལ་པོོ་རང་བྱུང་གི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་སྐྱེ་མེད་སྤྲོས་བྲལ་ཆེན་པོ་འདི་ཉིད་ཡིན་པར་རབ་ཏུ་གྲགས་ལ། དེ་བཞིན་དུ་ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་པ་ལོངས་སྐུའི་རྒྱལ་བ་རྣམས་ཀྱི་བཞུགས་གནས་སུ་གྱུར་པ། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བས་ནམ་མཁའི་ཁམས་ཀྱི་མཐའི་གཏུག་པར་ཁྱབ་པའི་གཞལ་ཡས་ཁང་ཆེན་པོ་ཟང་ཐལ་སྒྲིབ་གཡོག་དང་བྲལ་བའི་རང་བཞིན་བཀོད་པ་ཚད་མེད་པས་བ རྒྱན་པ་དང་བཅས་པ་འདི་ཡང་། སེམས་ཉིད་རང་བྱུང་གི་ཡེ་ཤེས་གཅིག་ལ་ཡེ་ཤེས་རྣམ་པ་ལྔའི་གདངས་མ་འགགས་པའི་རྩལ་ལས་རང་ཤར་བ་ཡིན་པས་ན་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ཉིད་ཡིན་པར་རབ་ཏུ་གྲགས་པ་ལྟར་སེམས་དཔའ་རྡོ་རྗེ་ཉིད་ཀྱིས་ཡང་དག་པར་རྟོགས་པར་གསུངས་པའོ། །གཉིས་པ་ནི། དེ་བཞིན་དུ་གདོད་ནས་སྐྱེ་བ་མེད་པ་སྤྲོས་བྲལ་ཆོས་ཀྱི་སྐུ་ཡི་སྟོན་པ་ཡང་། ཀུན་བྱེད་རྒྱལ་པོ་རང་བྱུང་གི་ཡེ་ཤེས་ཉིད་ཀྱི་རང་བཞིན་སྐྱེ་བ་མེད་པ་ཡེ་སྟོང་སྤྲོས་བྲལ་ཆེན་པོ་འདི་ཉིད་ཡིན་པར་རབ་ཏུ་གྲགས་ལ། འདོད་པའི་ཡོན་ཏན་རྣམ་པ་ལྔ་མ་འགགས་པ་ལ་གཉིས་མེད་འཛིན་བྲལ་གྱི་ངོ་བོར་ལོངས་སྤྱོད་པའི་ལོངས་སྤྱོད་རྫོགས་པའི་སྐུ་རུ་སྣང་བ་འདི་ཡང་། ཀུན་བྱེད་རྒྱལ་པོ་ཉིད་ཀྱི་ངོ་བོ་གསལ་བའི་ཡེ་ཤེས་རང་བྱུང་ལྷུན་གྲུབ་ཀྱི་སྣང་བ་མ་འགགས་པར་ཤར་བ་ཡིན་པར་རབ་ཏུ་གྲགས་པ་དང་། ཐུགས་རྗེ་ཡེ་ཤེས་ཀྱི་རྩལ་ལས་ཤར་བའི་རོལ་པ་གདུལ་བྱ་སོ་སོའི་ལས་དང་སྐལ་བ་དང་འཚམས་པར་སྤྲུལ་པའི་སྐུ་འདི་ཡང་། ཀུན་བྱེད་རྒྱལ་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཉིད་ཀྱི་ཐུགས་རྗེ་འགག་པ་མེད་པའི་རྩལ་སྣང་ཡིན་པར་རབ་ཏུ་གྲགས་སོ་ཞེས་པ་སྟེ། གཏིང་རྫོགས་ལས། ཡང་དོག་སྔ་ཕྱི་མེད་པའི་ཡེ་ཤེས་ཏེ། །སྐྱེ་འགག་མཐའ་དབུས་མེད་པའི་འོག་མིན་གྱི། །རང་བྱུང་ཀུན་ཁྱབ་ཆོས་དབྱིངས་གནས་ཀྱི་མཆ ོག །དེར་འདུས་ཆོས་སྐུ་ལྔ་ཡི་བྱིན་རླབས་ཀྱིས། །བདེ་གཤེགས་རྒྱལ་བ་རིག་ལྔ་ལ་སོགས་པ། །རིག་འཛིན་སྤྲུལ་པ་དང་ལྡན་འཁོར་རྣམས་ནི། །མ་ལུས་ཡེ་ནས་འདུས་པའི་འཁོར་གྱི་མཆོག །དུས་གསུམ་གང་ཡང་མི་སེམས་ངོ་བོ་ལ། །སྔར་མེད་ཕྱིས་མིན་ཡེ་ནས་ད་ལྟ་ཉིད། །ཞེས་པ་ལ་སོགས་པས་བསྟན་པ་ལྟར་སྐུ་གསུམ་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་དུས་གསུམ་སྔ་ཕྱི་མེད་པར་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཉིད་ལ་ད་ལྟ་ཉིད་ནས་རྫོགས་པར་གསུངས་པ་ལྟར་རོ། །གསུམ་པ་ནི། གཞན་ཡང་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱང་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་རྟོགས་ཏེ། འདི་ལྟར་འདོད་པའི་ཁམས་ཀྱི་ཁམ་གྱི་ཟས་སོགས་འདོད་པའི་ཡུལ་རྣམས་ལ་ཆགས་ཤིང་སྤྱོད་པའི་སེམས་ཅན་ཀྱི་ཁམས་འདི་ཡང་སྔར་བཤད་པ་ལྟར་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་འདོད་ཡོན་ལྔ་རུ་སྣང་བ་ལ་རང་གིས་ལོངས་སྤྱོད་པ་ཡིན་པས་ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས་ལ། གཟུགས་ཀྱི་ཁམས་ཀྱི་གནས་དང་གཟུགས་དབྱིབས་ཁ་དོག་ལ་སོགས་པ་ཁྱད་པར་དུ་འཕགས་པས་ང་རྒྱལ་དང་ལྡན་པའམ་མངོན་པའི་ང་རྒྱལ་དང་ལྡན་པ་ཚངས་པ་ཆེན་པོས་གནས་སུ་བཟུང་བའི་ཡུལ་གྱི་སེམས་ཅན་གྱི་ཁམས་འདི་ཡང་། ཇི་སྐད་དུ། སྣང་སྲིད་གཟུགས་སུ་ཤར་བ་བྱང་ཆུབ་སེམས་ཀྱི་གཟུགས། །ཞེས་གསུངས་པ་ལྟར་ཀུན་བྱེད་རྒྱལ་པོ་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་སྣང་ཡིན་པར་རབ་ཏུ་གྲགས་པ་དང་། གཟུགས་མེད་པའི་ཁམས་ཀྱི་ཡིད་ཀྱི་རང་བཞིན་སྟོང་རིག་ཏིང་ངེ་འཛིན་གྱི་ལུས་འདི་ཡང་བྱང་ཆུབ་སེམས་ཀྱི་རྩལ་ལས་གཞན་དུ་མེད་པའི་ཕྱིར་ན་ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས་ཤིང་གྲུབ་བོ་ཞེས་པའོ། །བཞི་པ་ནི། སྔ་རབས་འདས་པའི་སངས་རྒྱས་སྟོན་པ་ཀུན་བྱེད་ཉིད་ཀྱི་ཐུགས་ཀློང་མི་གནས་བརྗོད་པ་དང་བྲལ་བའི་དབྱིངས་ལ་གནས་པ་ཡང་གཞན་དུ་མེད་པར་ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲག ས་པ་དང་། ད་ལྟར་ཕྱོགས་བཅུའི་ཞིང་ན་མངོན་སུམ་དུ་བཞུགས་པའི་སངས་རྒྱས་སེམས་ཅན་གྱི་དོན་མཛད་བཞིན་པ་རྣམས་ཀྱང་ཀུན་བྱེད་རྒྱལ་པོ་ཡིན་པར་སྟོན་པ་ཀུན་བྱེད་ཉིད་ཀྱི་ལུང་ལས་རབ་ཏུ་གྲགས་ལ་སླད་ཀྱིས་ཏེ་མ་འོང་པ་ན་འབྱོན་འགྱུར་གྱིས་སངས་རྒྱས་དོན་གཉིས་ལྷུན་གྱིས་གྲུབ་པའི་བདག་ཉིད་ཅན་གང་ཞིག །ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཉིད་མངོན་སུམ་དུ་རྟོགས་པ་ལས་འབྱུང་བར་འགྱུར་བ་ཡང་ཀུན་བྱེད་རྒྱལ་པོ་ཉིད་ཀྱི་རང་བཞིན་ཡིན་པར་རབ་ཏུ་གྲགས་སོ། །ལྔ་པ་ནི། སེམས་དཔའི་རྣལ་འབྱོར་སྔགས་ཕྱི་རྒྱུད་སྡེ་གསུམ་ལ་སོགས་པའི་རྣལ་འབྱོར་རྣམ་པ་བཞི་ཞེས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཉིད་ཀྱི་རང་བཞིན་ལ་བླང་དོར་གཉིས་སུ་ལྟ་བ་ལ་སོགས་པ་རང་རང་གི་སྐབས་ནས་ཇི་ལྟར་བསྟན་པ་ལྟར་ལྟ་ཞིང་བསྒོམ་པར་བྱེད་པ་དེ་ཡང་ཀུན་བྱེད་རྒྱལ་པོ་ཉིད་ཀྱི་རང་བཞིན་རིག་པ་བྱང་ཆུབ་ཀྱི་སེམས་ལ་རྣལ་འབྱོར་དུ་བྱེད་པ་ཡིན་པས་ཀུན་བྱེད་ཉིད་ཀྱི་རང་བཞིན་ཡིན་པར་རབ་ཏུ་གྲགས་སོ། །ཞེས་མདོར་ན་དེ་ལྟར་འཁོར་འདས་ལམ་གསུམ་པོ་ཐམས་ཅད་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཡིན་པར་བསྟན་པ་སྟེ། ཀློང་ཆེན་ལས། རང་སེམས་བྱ་བྲལ་ཀུན་བཟང་དེ། །ཀུན་གྱི་སྤྱི་མེས་འཕོ་འགྱུར་མེད། །ཁམས་གསུམ་སེམས་ཅན་དེ་ལས་བསྐྱེད། །སྐྱེ་མེད་ཀུན་ཏུ་བཟང་མོའི་དབྱིངས། །དུས་གསུམ་རྒྱལ་བ་དེ་ལས་འབྱུང་། །རྣལ་འབྱོར་རྣམ་ལྔའི་དགོངས་པ་ཡང་། ཉག་གཅིག་དེ་ཡི་ཀློང་ལས་ཤར། །ཞེས་དང་། །འཁོར་འདས་ལམ་པས་བསྡུས་པའི་ཆོས། །རང་ལས་ཤར་ཞིང་རང་ལ་འདུས། །ཞེས་པ་ལྟར་རོ། །དྲུག་པ་ནི། མདོར་ན་སྣང་སྲིད་སྣོད་བཅུད་དང་འབྱུང་བ་ལྔ་ཡིས་བསྡུས་པ་ཡིས་ཕྱི་ནང་གི་ཆོས་སུ་སྣང་བ་ཐམས་ཅད་ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་འདི་ལས་གཞན་དུ་མེད་པར་འདི་ཉིད་ཁོ་ན་ཡིན་པར་སྟོན་པ་ཀུན་བྱེད་ཉིད་ཀྱི་ངེས་དོན་ཟབ་མོའི་ལུང་འདི་ལས་རབ་ཏུ་གྲགས་ཤིང་། ཇི་ལྟར་གྲགས་པ་ལྟར་སེམས་དཔའ་རྡོ་རྗེ་ཉིད་ཀྱིས་དེ་བཞིན་དུ་མ་ནོར་བར་རྟོགས་པར་ཕུལ་བའོ། །གསུམ་པ་དོན་བསྡུ་བ་ནི། གོང་དུ་ཇི་སྐད་བཤད་པའི་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་སྙིང་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ནི་མ་གཏོགས་པ་ཡི་འཁོར་འདས་ལམ་གྱི་ཆོས་གང་ཡང་མེད་པའི་ཕྱིར་ན། སེམས་དཔའ་རྡོ་རྗེ་བདག་ལ་དུས་གསུམ་གྱི་སངས་རྒྱས་དང་ཁམས་གསུམ་གྱི་སེམས་ཅན་དང་སྣང་སྲིད་སྣོད་བཅུད་དང་། གཞན་ཡང་དངོས་དང་དངོས་མེད་ལ་སོགས་པ་ཤེས་བྱའི་ཆོས་སུ་གྲགས་པས་བསྡུས་པ་ཐམས་ཅད་ལ་རིག་པ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ཉིད་ཀྱི་རང་བཞིན་མ་སྐྱེས་ཡེ་གྲོལ་ཆེན་པོ་གཞི་མེད་རྩ་བ་དང་བྲལ་བ་སྤང་བླང་རྩོལ་སྒྲུབ་ལས་འདས་པའི་རང་བཞིན་ཅན་འདི་ལས་གཞན་དུ་མ་དག་མཚན་མའི་ཆོས་སྤོང་འགོག་སྦྱོང་བསྒྱུར་གྱི་ཡུལ་དུ་གྲུབ་པ་ཅུང་ཟད་ཙམ་ཡང་མི་སྣང་བས་ན་ཐམས་ཅད་ཀུན་བྱེད་ཉིད་ཀྱི་རང་བཞིན་དུ་རྟོགས་སོ་ཞེས་སེམས་དཔའ་རྡོ་རྗེས་རབ་ཏུ་བསྒྲགས་སོ། །ལེའུ་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སེམས་དཔའ་རྡོ་རྗེས་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཇི་ལྟར་རྟོགས་པའི་དོན་སྟོན་པ་ཀུན་བྱེད་ཉིད་ལ་ཞུ་བའི་སྒོ་ནས་འཁོར་གྱི་ཚོགས་ལ་རབ་ཏུ་བསྒྲགས་པའི་ལེའུ་སྟེ་ང་དྲུག་པའི་འགྲེལ་པའོ།། ༈ །།གཉིས་པ་སྟོན་པས་ལེགས་སོ་བརྗོད་ཅིང་བསྟན་པ་གཏད་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་སེམས་དཔའ་རྡོ་རྗེས་ཀུན་བྱེད་རྒྱལ་པོའི་རང་བཞིན་ཇི་ལྟར་རྟོགས་པ་ཕུལ་བའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ཉིད་ལས་མི་གཞན་པའི་འཁོར་སེམས་དཔའ་རྡོ་རྗེ་ལ་བསྟན་པ་མི་ཉམས་པར་གཏད་པའི་ལེའུ་འདི་གསུངས་སོ། །གཉིས་པ་ལ་གསུམ་སྟེ། གདམས་ཤིང་གཏད་པའི་ཚུལ། དེ་ཉིད་གཞན་ལ་ཇི་ལྟར་བཤད་པའི་ཚུལ། བསྟན་པ་གཉིས་ཀྱི་ཁྱད་པར་ངོས་བཟུང་བའོ། །དང་པོ་ལ་གཉིས་ཏེ། ཟུང་ཞིག་པར་གཏད་པ་དང་། གྱིས་ཤིག་པར་གདམས་པའོ། །དང་པོ་ལ་གསུམ་སྟེ། ངའི་རང་བཞིན་ལྔ་བཅུ་རྩ་བདུན། དེ་ལས་བྱུང་བའི་སྐུ་གསུམ་སྟོན་པ། །བྱང་ཆུབ་ཀྱི་སེམས་རྒྱུ་འབྲས་ལས་འདས་པའི་རང་བཞིན་ཟུང་ཅིག་པར་གཏད་པའོ། །དང་པོ་ནི། དེ་ནས་སྟོན་པ་ཀུན་བྱེད་རྒྱལ་པོས་སླར་ཡང་སེམས་དཔའ་རྡོ་རྗེ་ཉིད་ལ་འདི་སྐད་ཅེས་གསུངས་ཏེ། ཀྱེ་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་འདི་ཉིད་མི་ཉམས་པར་ཟུངས་ཤིག །སེམས་དཔའ་ཆེན་པོ་ཁྱོད་ནི་ཆོས་ཉིད་དེ་བཞིན་ཉིད་མ་ནོར་པར་རྟོགས་པར་བྱེད་པའི་སེམས་ཉིད་རང་བྱུང་རིག་པའི་ཡེ་ཤེས་ཡིན་ཏེ། ཁྱོད་ནི་སྟོན་པ་ཀུན་བྱེད་ང་ཡི་སྐྱེ་མེད་དབྱིངས་ཀྱི་ཀློང་ནས་འགག་མེད་གསལ་བའི་སྙིང་པོ་མངོན་དུ་ཕྱུང་ཞིང་བསྟན་པ་ཡིན་པས། སྟོན་པ་ང་ཡི་རང་བཞིན་རྒྱུད་དོན་ལེའུ་ལྔ་བཅུ་རྩ་བདུན་པའི་རང་བཞིན་ཅན་འདི་ཁྱོད་ལ་གཏད་པ་ཡིན་པས་མི་ནུབ་པར་ཟུང་ཤིག་ཅེས་སྟོན་པ་ཀུན་བྱེད་རྒྱལ་པོ་ཉིད་དང་བསྟན་པ་གསང་བའི་རྒྱུད་ཆེན་ཡེ་ནས་ཐ་དད་མེད་པར་དབྱེར་མེད་གཅིག་གི་རང་བཞིན་དུ་བསྟན་པ་སྟེ། །མདོ་བཅུ་ལས། བྱང་ཆུབ་སེམས་ཀྱི་མདོ་བཅུ་ནི། །སྣང་སྲིད་སྣོད་བཅུད་ཐམས་ཅད་དང་། །འཁོར་འདས་སངས་རྒྱས་སེམས་ཅན་དང་། །སྟོན་པ་ཀུན་བཟང་བྱང་ཆུབ་དང་། །བསྟན་པ་སེམས་ཉིད་རྫོགས་ཆེན་རྣམས། །ཡེ་ནས་གཉིས་མེད་གཅིག་པའི་ཕྱིར། །གཅིག་ལ་གཉིས་སུ་བགྲང་དུ་མེད། །ཅེས་གསུངས་པ་དང་། འདི་ཉིད་ལས། ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །ཐེག་པའི་རྩ་བ་ཆོས་ཀྱི་སྙིང་པོའི་ལུང་། །སྐུ་གསུམ་སྟོན་པས་མ་གསུངས་རྒྱ་ཆེ་བ། །སྐྱེ་བ་མེད་པར་སྟོན་པའི་སེམས་རྒྱུད་འདི། །ཞེས་གསུངས་པ་ལྟར་རོ། །དེ་བཞིན་དུ་སེམས་དཔའ་རྡོ་རྗེ་ཡང་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ཉིད་ཡིན་པར་གསུངས་པ་བཞིན། དོན་ལ་ཆོས་ཐམས་ཅད་ཀྱི་གནས་ལུགས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་དེ་ཉིད། རང་ལས་གཞན་དུ་མེད་པའི་ཡུལ་ཅན་སོ་སོ་རང་རིག་པའི་ཡེ་ཤེས་སམ་རང་བྱུང་གི་ཡེ་ཤེས་ཉིད་ཀྱིས་རྟོགས་པར་གྱིས་ཤིག །ཅེས་གཏད་པའོ། །གཉིས་པ་ནི། སྟོན་པ་ཀུན་བྱེད་ང་ཡི་རང་བཞིན་སྟོང་གསལ་ཐུགས་རྗེ་སྟེ་རྣམ་པ་གསུམ་ལས་སྐུ་གསུམ་གྱི་སྟོན་པ་གསུམ་བྱུང་བ་ཡང་ཞེས་ཚིག་འོག་མ་དང་མཚམས་སྦྱར་བའོ། །གསུམ་པ་ནི་དེ་ལྟ་བུའི་སྟོན་པ་སྐུ་གསུམ་པོ་དེ་ཡི་རང་བཞིན་ཡང་སྟོན་པ་ཀུན་བྱེད་རྒྱལ་པོ་རིགས་པ་བྱང་ཆུབ་ཀྱི་སེམས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་འདི་ཉིད་ཡིན་པས་ན་རིག་པ་བྱང་ཆུབ་སེམས་འདི་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཟུང་ཤིག་ཅེས་གཏད་པའོ། །གཉིས་པ་ལ་གཉིས་ཏེ། སྨྲ་བའི་སེང་གེ་གྱིས་ལ་ཕུམ་སུམ་ཚོགས་པས་བསྡུས་པའི་ཆོས་ཐམས་ཅད་ཀུན་བྱེད་རྒྱལ་པོས་བྱས་པར་ལུང་སྟོན་ཅིག་པར་གདམས་པ་དང་། ང་བཞིན་ཀུན་གྱི་མེས་པོ་གྱིས་ལ་ཐམས་ཅད་ཤར་ནས་སེམས་དཔལ་རྡོ་རྗེ་དང་ཀུན་བྱེད་ཉིད་ལས་གཞན་ཡིན་དུ་ལུང་མ་སྟོན་ཅིག་པར་གདམས་པའོ། །དང་པོ་ནི། སྐུ་གསུམ་གྱི་སྟོན་པ་དེ་ཡི་བསྟན་པ་རྣམ་པ་གསུམ་ཡང་གདུལ་བྱ་གཞན་ལ་བསྟན་པར་བྱེད་པ་ཡི་སྨྲ་བའི་སེང་གེ་ལྟ་བུའང་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་གྱིས་ལ་སྐུ་གསུམ་པོ་དེ་དག་གི་དུས་དང་གནས་དང་འཁོར་ཕུན་སུམ་ཚོགས་པ་དང་ལ་སོགས་པའི་སྒྲས་སྟོན་པ་བསྟན་པ་ཕུན་སུམ་ཚོགས་པས་བསྡུས་པའི་ཆོས་རྣམས་མ་ལུས་པ་ཡང་། ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ཉིད་ཀྱིས་བྱས་པ་ཡིན་པ་དང་ཉིད་ལས་གཞན་དུ་མེད་པར་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་དུ་ཡེ་ནས་སངས་རྒྱས་པ་ཡིན་པར་ལུང་སྟོན་ཅིག །ཅེས་སོ། །གཉིས་པ་ནི། གཞན་ཡང་སྟོན་པ་ཀུན་བྱེད་ང་ཡི་རང་བཞིན་ནམ་ཀུན་བྱེད་ང་ཡི་མཚན་ཉིད་ཆོས་རྣམས་ཀུན་གྱི་རང་བཞིན་ཡིན་པ་དང་སངས་རྒྱས་ཀུན་གྱི་མེས་པོ་ཡིན་པ་ལ་སོགས་ཇི་ལྟར་བཤད་པ་འདི་ཉིད་བཞིན་དུ། སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཀྱང་ང་ཡི་རང་བཞིན་འདི་ཟུངས་ཤིག །དེ་ཡང་ཇི་ལྟར་ན་སྟོན་པ་ང་ནི་ཆོས་རྣམས་ཀུན་གྱི་རང་བཞིན་ཡིན་པའི་ཕྱིར་ན། དུས་གསུམ་གྱི་སངས་རྒྱས་ཀུན་གྱི་མེས་པོ་ཡང་ཀུན་བྱེད་ང་ཉིད་ཡིན་ནོ་ཞེས། འདི་ལྟར་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ལས་སྐུ་གསུམ་སྟོན་པ་རྣམས་བྱུང་ཞིང་། སྐུ་གསུམ་གྱིས་སྟོན་པ་རྣམས་ཀྱིས་གདུལ་བྱའི་སྐལ་བ་དང་འཚམས་པའི་ལམ་བསྟན་པ་ལས་དུས་གསུམ་གྱི་སངས་རྒྱས་རྣམས་འབྱུང་བ་ཡིན་པས་སངས་རྒྱས་དེ་དག་གི་མེས་པོ་ཡིན་པར་ཤེས་པར་གྱིས་ལ། དེ་བཞིན་དུ་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཀྱང་གསུ མ་དུས་གྱི་སངས་རྒྱས་ཀུན་གྱི་མེས་པོ་གྱིས་ཤིག །ཀུན་བྱེད་རྒྱལ་པོ་ང་ཉིད་ནི་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་མ་ལུས་པ་བསྐྱེད་པར་བྱེད་པའི་ཕ་མ་ཡིན་པར་ཤེས་པར་གྱིས་ལ། སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱི་ཕ་མ་གྱིས་ཤིག །དེ་ལྟར་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་མེས་པོ་གྱིས་ལ། སངས་རྒྱས་དེ་དག་གིས་ལམ་བསྟན་པ་ལ་བརྟེན་ནས་མ་འོང་པ་ན་མངོན་པར་རྫོགས་པ་འཚང་རྒྱ་འགྱུར་གྱི་སེམས་ཅན་ཀུན་གྱི་ཡང་མེས་སུ་འགྱུར་བར་མཛོད་ཅིག །དེས་ན་འགྲོ་བ་སེམས་ཅན་ཀུན་གྱི་ཡང་མེས་སུ་གྱུར་པ་པོ་སྨྲ་བའི་སེང་གེ་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་གདུལ་བྱ་གཞན་ལ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་རང་བཞིན་ཅན་གྱི་ཆོས་ཟབ་མོ་འདི་གཞན་ལ་སྨྲ་བའི་ཚེ་ན། འཁོར་འདས་ལ་སོགས་པ་ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་རྩལ་མ་འགགས་པར་ཤར་བའི་ངོ་བོ་སེམས་དཔའ་ཆེན་པོ་རྡོ་རྗེ་ཉིད་དང་ནི། གཞི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ཆོས་སྐུ་རྟོག་བྲལ་གྱི་ངང་ལ་གནས་པ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཉིད་ལས་ནི་གཞན་ཞིག་ཡིན་པར་སྨྲ་བར་མ་བྱེད་པར་སྟོན་འཁོར་གཉིས་སུ་མེད་པ་བྱང་ཆུབ་ཀྱི་སེམས་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་རང་བཞིན་དུ་དབྱེར་མེད་པར་སྟོན་པར་མཛོད་ཅིག་ཅེས་གདམས་སོ། །དོན་གསུམ་པ་བསྟན་པ་གཉིས་ཀྱི་ཁྱད་པར་ངོས་བ ཟུང་གཅིག་པ་ལ་གཉིས་ཏེ། སངས་རྒྱས་དང་སེམས་ཅན་གཉིས་སུ་ཕྱེ་ནས་སེམས་ཅན་གྱི་སེམས་མ་དག་པ་སྦྱངས་བགྲོད་དག་པར་བྱས་པས་སངས་རྒྱས་གཟོད་འགྲུབ་པ་འདོད་པ་རྒྱུ་འབྲས་སྐལ་དོན་གྱི་ཐེག་པར་བཞགས་པས་གོལ་སར་བསྟན་པ་དང་། ད་ལྟར་གྱི་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྐུ་གསུམ་ལྷུན་གྲུབ་ཀྱི་སངས་རྒྱས་ཡེ་ནས་གྲུབ་ཟིན་པ། ད་གདོད་རྒྱུ་འབྲས་འབད་རྩོལ་ལ་མི་ལྟོས་པར་རང་སེམས་ཆོས་སྐུ་འགྱུར་མེད་ཀྱི་དོན་དུ་བསྟན་པའོ། །དང་པོ་ནི། དེ་ལྟར་འཁོར་འདས་ཀྱི་ཆོས་ཇི་ལྟར་སྣང་བ་ཐམས་ཅད་ཀུན་བྱེད་ཉིད་ལས་གཞན་ཡིན་པར་སྨྲ་མི་རུང་བའི་རྒྱུ་མཚན་ཅིའི་ཕྱིར་ན། འདི་ལྟར་སྐུ་གསུམ་གྱི་སྟོན་པ་གསུམ་གྱི་བསྟན་པའི་ནང་ནས་ཆོས་ཐམས་ཅད་ནི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མི་སྟོན་པར་རྒྱུ་སེམས་ཅན་དང་འབྲས་བུ་སངས་རྒྱས་རྣམ་པ་གཉིས་སུ་ཕྱེ་བ་ལས། རྒྱུ་སེམས་ཅན་རྣམས་ཀྱི་སེམས་རྒྱུད་མ་དག་པ་སྦྱངས་ཤིང་དགག་པར་བྱ་བའི་ཆེད་དུ། ལྟ་སྒོམ་སྤྱོད་པ་ལ་སོགས་པའི་ལམ་ལ་རྩོལ་བསྒྲུབ་བྱེད་པ་ལ་རྟེན་ནས་འབྲས་བུར་ཏེ་འབྲས་བུའི་སངས་རྒྱས་ཉིད་གཟོད་ཐོབ་པར་འདོད་ཅིང་རེ་བ་བྱེད་པ་དང་། སེམས་ཅན་དང་སངས་རྒྱས་ཞེས་བྱ་བའི་མིང་ཐ་དད་དུ་བཏགས་པ་ཙམ་ལ་དོན་དུ་ཞེན་ནས། སེམས་ཅན་རྣམས་ཀྱི་ལམ་ལ་བསླབས་པ་ཉིད་ཀྱིས་སངས་རྒྱས་ཞེས་བྱ་བའི་འབྲས་བུར་གྱུར་པ་ཞིག་བསྒྲུབ་པར་འདོད་པ་འདི་ནི། ཀུན་བྱེད་ང་ཡི་བསྟན་པ་མིན་པར་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་ལམ་གྱི་གོལ་སར་གྱུར་པ་ཡིན་པའི་ཕྱིར། གཉིས་པ་ནི། དེས་ན་ཀུན་བྱེད་ང་ཡི་རང་བཞིན་ནི་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་རྒྱུད་ན་ད་ལྟ་ནས་རང་ཆས་ལྷུན་གྲུབ་ཀྱི་ཚུལ་དུ་གནས་པའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་རིག་པ་སྐུ་གསུམ་གྱི་བདག་ཉིད་ཅན་དུ་གནས་པ་འདི་ཉིད་ཡིན་པས་ན། དེ་ལྟ་བུའི་གནས་ལུགས་རང་བྱུང་གི་ཡེ་ཤེས་དེ་ནི་རྒྱུ་དང་འབྲས་བུ་གཉིས་ཀྱི་ཡུལ་ལས་འདས་ཤིང་སེམས་ཅན་དང་སངས་རྒྱས་ཞེས་པ་བཟང་ངན་གཉིས་སུ་གྲུབ་པ་མེད་པས་ན། ད་གདོད་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་དག་པ་ཞིག་རྒྱུ་མ་དག་པའི་སེམས་ཀྱིས་སྒྲུབ་པར་མ་བྱེད་ཅིག་ཅེས་འཁོར་འདས་གཉིས་པོ་བཟང་ངན་བླང་དོར་མེད་པར་ཀུན་བྱེད་རྒྱལ་པོ་གཅིག་པུའི་རང་བཞིན་ཡིན་པར་བསྟན་པ་སྟེ། བང་མཛོད་འཕྲུལ་ལྡེ་ལས། སངས་རྒྱས་ཀུན་གྱི་མེས་ཆེན་པོ། །མཚོན་ཅིང་ངོས་བཟུང་མེད་པ་གཅིག །དུས་གསུམ་འདུས་མ་བྱས་པ་རུ། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པར། །ཆོས་རྣམས་ཀུན་གྱི་སྙིང་པོ་རུ། །རང་བཞིན་ལྷུན་གྱིས་གྲུབ་ནས་བཞུགས། །ཞེས་གསུངས་པ་ལྟར་ལ། དེ་ལྟར་ཆོས་ཐམས་ཅད་ཀུན་བྱེད་རྒྱལ་པོའི་རང་བཞིན་ཡིན་ཞིང་ཀུན་བྱེད་རྒྱལ་པོ་ང་ཉིད་ནི་སེམས་ཉིད་རང་བྱུང་གི་ཡེ་ཤེས་གདོད་ནས་ཡེ་སངས་རྒྱས་པ་ཆོས་སྐུ་འགྱུར་མེད་བདེ་བ་ཆེན་པོའི་ངོ་བོར་གནས་པ་ཡིན་པས་ད་རྒྱུ་འབྲས་འབད་རྩོལ་ལ་བརྟེན་ནས་བསྒྲུབ་མི་དགོས་སོ། །ཞེས་གསུངས་སོ། །དེ་ལྟར་སྙིང་པོའི་ལེའུ་གཉིས་ཀྱིས་ཆོས་ཀུན་རང་བྱུང་གི་ཡེ་ཤེས་གཅིག་གི་རོལ་པ་ལས་གཞན་མ་ཡིན་པར་བསྟན་པ་ཡིན་ནོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་མདོ་ལས་བསྟན་པ་གཏད་པའི་ལེའུ་སྟེ་ལྔ་བཅུ་རྩ་བདུན་པའི་འགྲེལ་བའོ། །དེ་དག་གིས་ཀུན་བྱེད་རྩ་བའི་རྒྱུད། དབང་པོ་ཡང་རབ་འབད་མེད་དུ་གྲོལ་བ་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱི་དོན་གཏན་ལ་ཕབ་པ་རྫོགས་པར་བསྟན་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་རྫོགས་སོ་ཞེས་པ་ནི་རྩ་རྒྱུད་སྔ་མ་ཐོས་པའི་དོན་ལ་གདམས་པ་ཡོངས་སུ་རྫོགས་པའི་ཚིག་གོ །བསྒྱུར་བྱང་ནི། རྒྱ་གར་གྱི་མཁས་ཤིང་གྲུབ་པ་ཡོངས་ཀྱི་ཁྱུ་མཆོག་ཤྲཱི་སིང་ཧཱ་པྲ་བྷ་སྟེ་དཔལ་གྱི་སེང་གེའི་འོད་དང་། བོད་ཀྱི་ལོ་ཙ་བ་པ་གོར་གྱི་རིགས་སུ་འཁྲུངས་པ་དགེ་སློང་བཻ་རོ་ཙཱ་ནས་སྟེ་རྣམ་པར་སྣང་མཛད་ཀྱིས་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་ཅིང་། བོད་དཔེ་ལས་རྒྱ་དཔེ་ལ་བསྡུར་ནས་ཞུས་ཏེ་འཆད་ཉན་གྱིས་དོན་མ་ནོར་བར་གཏན་ལ་ཕབ་པའོ།། །།