cover

ཁྱབ་བདག་པདྨ་སྐལ་བཟང་གི་གསུང་འབུམགླེགས་བམ་གསུམ་པ།

བློ་སྦྱོང་གནད་བསྡུས་ཐར་ལམ་གསལ་བའི་སྒྲོན་མེ།

རྫོགས་ཆེན་པདྨ་སྐལ་བཟང་། མཁན་འཇམ་དབྱངས་ཟླ་བ་ཡིས་ཡི་གེར་ཕབ།

པདྨའི་འོད་སྣང་ཚོགས་པ།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཐུགས་རྗེ་ཆེ་ཞུ།

༈ སྐྱེ་རྒུའི་བདེ་སྐྱིད་ཀྱི་འབྱུང་གནས་རྒྱལ་བ་མཉམ་མེད་དོན་ཀུན་གྲུབ་པ་ཆེན་པོའི་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ངོ་མཚར་ཆོས་སྐུའི་རིང་བསྲེལ་གྱི་གཟུགས་སུ་བལྟམས་པ་གསུང་རབ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཐུབ་པའི་དགོངས་པ་རང་སྟོབས་ཀྱི་བཀྲལ་ནུས་པའི་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་མཛད་པའི་བསྟན་འགྱུར་རིན་པོ་ཆེ་སྟེ་མདོ་སྔགས་གཉིས་ལྡན་གྱི་ཡོངས་རྫོགས་བསྟན་པ་རྒྱ་མཚོ་འདི་ཉིད། དེང་གི་ཆར་གངས་རིའི་ལྗོངས་ཀྱི་ཡེ་གེ་ཁོ་ནའི་གཟུགས་སུ་བཞུགས་པ་ནི་སྤྲུལ་པའི་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་ཉག་གཅིག་ལས་བྱུང་བ་དང་། དེ་དག་མི་ནུབ་བརྒྱུད་འཛིན་ཡུན་གནས་ཀྱི་ཆེད་དུ་གངས་ལྗོངས་ཆོས་བརྒྱུད་ཁག་ལས་བྱོན་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ཀྱིས་བཀའ་བསྟན་རིན་པོ་ཆེའི་དགོངས་སྙིང་ཅན་གྱི་གསང་རབ་གླེགས་བམ་སྟོང་ཕྲག་མང་པོ་མཛད་ཅིང་། དཀའ་སྤྱད་ཐུགས་བརྩོན་སྣ་ཚོགས་གྱིས་མ་ཕྱི་གསར་བསྐྲུན་དང་བསྐྱར་བསྐྲུན་སོགས་ཀྱིས་འཇིག་རྟེན་གྱི་ཁམས་སུ་བཞུགས་པ་མཛད་མུས་བཞིན། དེང་གི་ཆར་གློག་རྡུལ་འཕྲུལ་ཆ་དང་དྲྭ་རྒྱའི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྒྱལ་སྤྱིའི་རིག་གཞུང་སྤྱི་མཚུངས་ལྟར། རྒྱལ་བའི་གསུང་རབ་རིན་པོ་ཆེ་གཙོ་བོར་གྱུར་པའི་འཕགས་བོད་མཁས་པའི་གཞུང་ལུགས་རྣམས་དྲྭ་ཐོག་ནས་བཤེར་འཚོར་དང་འདྲ་བཤུས་སྒྲིག་གཟོ་སོགས་སྟབས་བདེའི་ལམ་ནས་བཀོལ་སྤྱོད་ཐུབ་པའི་གཞི་རྒྱ་ཆེ་བའི་འཆར་འགོད་དངོས་སུ་ལས་བཞིན་པར། མཆོག་སྤྲུལ་མུ་ར་རིན་པོ་ཆེའི་གཙོས་པདྨའི་འོད་སྣང་ཚོགས་པ་ནས་༧སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་གི་གསུང་འབུམ་མཚན་བཟང་སོ་གཉིས་ཀྱི་གྲངས་ལྡན་ཅན་འདིར་གནང་འབྱོར་བྱུང་བ་ལགས་ན། ཁོང་རྣམ་པའི་རྨད་དུ་བྱུང་བའི་མཛད་རྒྱས་ལ་སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་ཆབ་གཅིག་སླད་ནས་ཀྱང་གསུང་རབ་རིན་པོ་ཆེ་ཅི་རིགས་དཔེ་སྐྲུན་གནང་ན་འདི་གར་འདྲ་བཤུས་གནང་སྩོལ་ཡོང་བར་ཅི་ནས་ཀྱང་བཀའ་དྲིན་མི་ཆུང་བ་ཞུ།

ཞེས་དྲྭ་རྒྱའི་དཔེ་མཛོད་འགན་འཛིན་པ་རྫོགས་ཆེན་བསྟན་འཛིན་རྣམ་དག་ནས་ཕུལ།།

བློ་སྦྱོང་གནད་བསྡུས་ཐར་ལམ་གསལ་བའི་སྒྲོན་མེ།

སྐྱེ་མེད་ཆོས་སྐུ་ནམ་མཁའི་ཀློང་ཡངས་ནས།།

འགག་མེད་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས།།

གང་ལ་གང་འདུལ་སྣ་ཚོགས་སྤྲུལ་པའི་གར།།

སྐུ་གསུམ་དབྱེར་མེད་དཔལ་ལྡན་བླ་མར་འདུད།།

རྒྱལ་བ་ཀུན་གྱི་བྱིན་རླབས་གཅིག་ཏུ་བསྡུས།།

བསླབ་གསུམ་ཡོན་ཏན་རྒྱ་མཚོའི་ཕ་མཐར་ཕྱིན།།

བསྟན་དང་འགྲོ་བའི་དཔུང་གཉེན་སེམས་དཔའ་ཆེའི།།

གདམས་ཟབ་བདུད་རྩིའི་རོ་མཆོག་མྱོང་ལ་བྲེལ།།

རྒྱ་ཆེའི་ཐུགས་བརྩེ་ཆུ་འཛིན་ཀློང་ཡངས་ནས།།

རྨད་བྱུང་ཕན་བདེའི་དམ་ཆོས་བདུད་རྩིའི་ཆར།།

བདག་སོགས་སེམས་ཀྱི་མྱུ་གུ་སྨིན་སླད་དུ།།

བསྩལ་བའི་བཀའ་དྲིན་དྲན་བཞིན་འདིར་དགོད་བྱ།།

དེ་ཡང་རང་ཅག་ཁ་བའི་ལྗོངས་སུ་བསྟན་པ་ཡང་དར་གྱི་ཉི་གཞོན་སླར་ཡང་ཤར་ནས་གོ་ལའི་ཁྱོན་དུ་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཁྱབ་པའི་སྐབས་འདིར། སྤྱིར་མཁས་གྲུབ་རྣམས་ཀྱི་གསུང་ཆོས་ངོམ་རིན་ཆོག་པ་རྣམས་འགྲེམ་སྤེལ་ལ་ཀུན་གྱིས་རེ་འདོད་ཆེ་ཞིང་ཁྱད་པར་དུ་དེང་དུས་གདུལ་བྱ་རྣམས་ཀྱི་ངོ་སྐལ་དུ་ཕེབས་པའི་ཨོ་རྒྱན་སངས་རྒྱས་གཉིས་པའི་ཐུགས་སྤྲུལ། མཁས་གྲུབ་བྱེ་བ་འབུམ་གྱི་གཙུག་རྒྱན། རིགས་བདག་མཚུངས་པ་མེད་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཁྱབ་བདག་༧བླ་མ་རིན་པོ་ཆེ་པདྨ་སྐལ་བཟང་ངམ་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གི་ཞལ་གསུང་དྲི་མ་མེད་པ་འདི་ཉིད་བཤུས་སྤེལ་བྱེད་རྒྱུར་རེ་འདུན་དེ་བས་ཀྱང་མང་རྐྱེན་དང་། རང་རྒྱུད་ཀྱི་ཉོན་མོངས་ཞི་བའི་གཉེན་པོ་ཐར་པ་ཐོབ་པའི་མན་ངག་ཉག་གཅིག་ཏུ་སེམས་ཤིང་སྣོན་འཕྲིའི་དྲི་མ་ཡོངས་སུ་སྤངས་ནས་ཇི་བཞིན་དགོད་པར་བྱའོ། །

ཁྲིད་ཉན་ཚུལ་བཤད་པ།

ནམ་མཁའི་མཐའ་དང་མཉམ་པའི་མ་རྒན་འགྲོ་དྲུག་གི་སེམས་ཅན་དུས་རྟག་ཏུ་སྡུག་བསྔལ་གྱིས་མནར་བ་འདི་དག་ཐམས་ཅད། རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེར་དགོད་པར་བྱ། དེའི་ཆེད་དུ་བདག་གིས་ད་རེས་དམ་པའི་ཆོས་ཟབ་མོ་ཉན་ཅིང་། དེའི་དོན་ཚུལ་བཞིན་དུ་བསྒྲུབ་པར་བྱ་སྙམ་པའི་ཀུན་སློང་ངམ། དམིགས་ཡུལ་ཁྱད་པར་ཅན་དང་ལྡན་པའི་སྒོ་ནས་ཆོས་ཉན་དགོས་པ་རེད། རང་རེ་ནང་པ་སངས་རྒྱས་པའི་ཆོས་ལ་བློ་ཁ་ཕྱོགས། དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་བསྡད། ཐེག་པ་ཆེན་པོའི་ཆོས་སྒོར་ཞུགས་ནས་དམ་པའི་ཆོས་ཞུ་མཁན་ཐམས་ཅད་ཀྱིས། དང་པོ་ཆོས་ཉན་རྒྱུ་ལས་ཉན་ལུགས་ཤེས་པ་གལ་ཆེ་བ་རེད། ཆོས་ཉན་པའི་ཉན་ལུགས་དང་། ཉན་ཚུལ་ཤེས་དང་མི་ཤེས་དེ་ཡང་། ཀུན་སློང་དང་ཀུན་སྤྱོད་གཉིས་ལ་རག་ལས། དེའི་ནང་ནས་ཀྱང་དང་པོ་ཀུན་སློང་ཡང་དག་པ་བརྟན་ཅིང་འགྱུར་བ་མེད་པ་ཞིག་ཡོད་མེད་ལ་ཐུག་ཏེ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་གི་ནང་དུ། དང་པོ་རང་གི་སེམས་བརྟགས་ནས། །བརྟན་པས་རིགས་པ་ལྡན་པར་བྱ། །ཞེས་གསུངས་པ་ལྟར་སྤྱིར་ཐེག་པ་ཆེན་པོ། དེའི་ནང་ནས་གསང་སྔགས་ཀྱི་ཆོས་ཞུ་བའི་སྐབས་སུ། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་གཉིས་ཀ་དང་མ་བྲལ་བ་ཞིག་ཡོད་རྒྱུ་དེ་ཐོག་མ་ཉིད་དུ་གལ་ཆེ་བ་རེད། །

བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་བཤད་པ།

དེས་ན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཀུན་སློང་དེ་ཉིད་མེད་ཐབས་མེད་པ། སྔོན་དུ་མ་སོང་ཐབས་མེད་ཅིག་ཡིན་པ་དེ་ཤེས་དགོས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའམ་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དེའང་། དོན་གཉིས་སམ་ཟུར་གཉིས་དང་ལྡན་པ་ཞིག་ཡིན་པ་རེད། དེ་ཡང་སྙིང་རྗེས་སེམས་ཅན་ལ་དམིགས་པའི་ཟུར་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཟུར་གཉིས་རེད། ད་འོ་ན་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་བདག་ཅག་གི་མ་རྒན་ཡིན་པ་རེད་ཟེར་བ་འདིའི་ཡིན་ལུགས་ཇི་ལྟར་རེད་བསམ་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་པ་ལྟར་འུ་ཅག་ཆགས་སའི་འཇིག་རྟེན་འདིའི་ཕྱི་སྣོད་ས་གཞི་ཆེན་པོའི་རྡུལ་ཡོད་ཚད་འདི། རྒྱ་ཤུག་གི་ཚིག་གུ་ཙམ་གྱི་རིལ་བུ་འབའ་ཞིག་ཏུ་དྲིལ་བར་བྱས་ན། དེའི་གྲངས་ཀ་དེ་ཇི་འདྲའི་མང་ས་ཡོད་འདུག ད་དུང་དེ་ལས་ཀྱང་སེམས་ཅན་རེ་རེའི་ངོས་ནས་རང་རེའི་ཕ་མར་བྱས་པའི་ལན་གྲངས་ཀྱིས་མང་པ་རེད་ཅེས་གསུངས་པ་རེད། འུ་ཅག་རྣམས་ཀྱི་སྐྱེ་བའི་ཡར་མཐའ་ལ་བསམ་བློ་ཞིག་བཏང་བ་ཡིན་ན། སྐྱེ་བ་འདིའི་སྔོན་མ། དེའི་སྔོན་མ། དེའི་ཡང་སྔོན། དེ་ཡིའང་ཡང་སྔོན་ལ་སོགས་པ་དེད་ནས་སོང་ན། འུ་ཅག་རྣམས་ཀྱི་སྐྱེ་བའི་ཡར་མཐའ་དེ་འདི་ནས་མགོ་བརྩམས་པ་རེད་ཟེར་རྒྱུ་ཞིག་བསྟན་རྒྱུ་མེད་པས། འུ་ཅག་རྣམས་ཀྱི་སྐྱེ་བའི་ཡར་མཐའ་ལ་ཐུག་པ་མེད་པ་རེད། འཁོར་བའི་ཡར་མཐའ་ལ་ཡང་འདི་ནས་ཐུག་སོང་བ་རེད་ཟེར་རྒྱུ་ཞིག་ཡོད་པ་མ་རེད། རང་རེ་གང་ཟག་སྒེར་སོ་སོའི་སྐྱེ་བའི་ཡར་མཐའ་སྟོན་རྒྱུ་མེད་པའི་རྒྱུ་མཚན་གྱིས། འཁོར་བ་སྤྱིའི་ཡར་མཐའ་ཐོག་མེད་ཡིན་པ་ཤེས་ཐུབ་པ་རེད། དེ་ཡང་སེམས་ཅན་རེ་རེའི་ངོས་ནས་ཀྱང་བཤད་པ་ཡིན་ན། ཕར་བྱས་པ་གྲངས་ཀྱིས་མི་ལང་། མར་བྱས་པ་གྲངས་ཀྱིས་མི་ཆོད། དེ་བཞིན་དུ་གཅིག་གིས་གཅིག་ལ་བུ་དང་། ཆུང་མ། གཉེན་ཚན་དང་དགྲ་ཟླར་བྱས་པའི་གྲངས་ཀ་ཡང་བསམ་གྱིས་མི་ཁྱབ། བགྲངས་ཀྱིས་མི་ལང་པ་ཞིག་ཡིན་པ་རེད། དེ་ལྟ་བུའི་སེམས་ཅན་དེ་དག་ཐམས་ཅད་རང་རེའི་ཕ་མར་གྱུར་བའི་ཚེ་ན། ཚེ་ལུས་འདིའི་ཕ་མ་བཞིན་དུ། བྱམས་པའི་ལུས་ཀྱིས་བསྐྱེད། བརྩེ་བའི་སེམས་ཀྱིས་བསྐྱངས། ལུས་ཀྱི་དྲོད་ཀྱིས་གསོས། འཛུམ་པའི་མིག་གིས་བལྟས། སྙན་པའི་ངག་གིས་བོས་ནས། གོས་ཡག་ཤོས་ཀྱི་ནང་གི་རྩེས་གཡོག ཟས་ཞིམ་ཤོས་ཀྱི་ནང་གི་ཕུད་བྱིན་ཏེ། ཤིན་ཏུ་བྱམས་པས་སྐྱེད་བསྲིངས་ནས། བུ་ཐེངས་གཅིག་ཚབ་ཆེན་ཞིག་ན་བ་ལས། མ་རང་ཉིད་ཤི་རྒྱུར་གདམས་པའི་དེ་འདྲའི་དྲིན་ཆེན་པོའི་དྲིན་གྱིས་བསྐྱངས་པའི་དྲིན་མོ་ཆེ་ཤ་སྟག་ཡིན་པ་རེད། དེ་ཡིན་སོང་ན། ཚེ་འདིའི་ཕ་མ་དང་སྐྱེ་བ་སྔོན་མའི་ཕ་མ་གཉིས་ཀྱི་བར་ལ། ཕྱོགས་དང་རིས་སུ་བཅད་དེ། གཅེས་མི་གཅེས་དང་བརྩེ་དུང་ཡོད་མེད་ཀྱི་ཁྱད་པར་ཕྱེ་ཡོང་ས་ཞིག་ཡོད་པ་མ་རེད། དྲིན་གྱིས་བསྐྱངས་པའི་སྐྱོང་ལུགས་འདྲ་འདྲ་ཡིན་པ་རེད། ཡིན་ན་ཡང་། སྐྱེ་བ་བརྗེ་ལེན་བྱས་སོང་དུས། གཅིག་གིས་གཅིག་ལ་ཕར་ངོ་ཚུར་ངོ་གཉིས་ཀ་མ་ཤེས་པ་རེད། ངོ་མི་ཤེས་ལུགས་ལ་བསམ་བློ་ཞིག་བཏང་ན། མངོན་ཤེས་ཅན་ཞིག་གིས་བལྟས་ན་དགོད་ཤོར་བྱེད་ཅིག་ཡིན་པ་རེད། འཕགས་པ་ཀ་ཏྱ་ནས། ཕ་ཤ་ཟ་ཞིང་མ་ལ་རྡེག །གསོད་པའི་དགྲ་བོ་པང་དུ་ལེན། །ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་འཆོར། །ཞེས་གསུངས་པར་ལྟར། སྔོན་འཕགས་པ་ཀ་ཏྱ་ན་བསོད་སྙོམ་ལ་བྱོན་དུས། ཁྱིམ་ཚང་ཞིག་གི་ཁྱིམ་བདག་གིས་བུ་ཞིག་པང་དུ་བཟུང་ནས། སེམས་ཅན་བསད་པའི་ཤ་ཞིག་ཞིམ་ཞིམ་བྱས་ནས་ཟ་བཞིན་ཡོད་པའི་དུས་སུ། ཁྱི་མོ་ཞིག་ཤ་ཟ་ཤུལ་གྱི་རུས་པ་འཆའ་སར་ཡོང་བར་ཁྱིམ་བདག་དེ་ཉིད་ཁོང་ཁྲོ་ལངས་ནས་ཁྱི་མོར་རྡོས་བརྒྱབ་པར། འཕགས་པས་མངོན་ཤེས་ཀྱིས་གཟིགས་པའི་ཚེ། ཤ་ཟ་བཞིན་ཡོད་རྒྱུའི་སེམས་ཅན་དེ་ཉིད། སྐྱེ་བ་སྔོན་མ་ཁོ་རང་གི་ཕ་ཡི་སྐྱེ་བ་ཡིན་པ་དང་། ཁྱི་མོ་ལ་རུས་པ་འཆའ་མ་བཅུག་པར་རྡོས་བརྒྱབ་ས་དེ་སྐྱེ་བ་སྔོན་མར་ཁོ་རང་གི་མ་ཡི་སྐྱེ་བ་ཡིན་པ་དང་། སྐྱེ་བ་སྔོན་མར་རང་ཉིད་གསོད་མཁན་གྱི་དགྲ་བོ་ལག་དམར་ཞིག་ཡོད་པ་དེ། ལས་ཀྱི་ལན་ཆགས་ཀྱིས་ད་རེས་ཀྱི་བུ་རུ་སྐྱེས་ནས་པང་དུ་བཟུང་སྟེ་གཅེས་པར་སྐྱོང་གིན་ཡོད་པར་གཟིགས་ནས། འཕགས་པས་གོང་གི་ཚིག་བཅད་དེ་དག་གསུངས་པ་རེད། རང་ཅག་གིས་སྐྱེ་བ་སྔོན་མའི་ཕ་མས་ཅི་ལ་ཚད། མཚམས་མཚམས་ལ་ཚེ་འདིའི་ཕ་མ། དེ་མིན་ནའང་གཉེན་ཉེ་རིང་། ཤ་ཕུ་ནུ་རྩ་ཆེན་དམར་ཐང་ཅན། རང་གིས་ཕར་གཅེས་པ། རང་ལ་ཚུར་དགའ་མཁན་དེ་དག་ཤི་ནས། སྐྱེ་བ་ཚུར་ལ་བླངས་པའི་ཤའང་ཟོས་ཚར་ཡོད་སྲིད། དེ་ལྟ་བུའི་མ་རྒན་སེམས་ཅན་དེ་དག་ཐམས་ཅད་ཀྱིས་འདོད་པ་བདེ་བ་འདོད་པ་རེད། བདེ་བའི་ཆ་ཕྲ་མོ་ཙམ་ཞིག་ཡིན་རུང་མི་འདོད་མཁན་གཅིག་ཀྱང་མེད། ནམ་མཁའི་བྱ། ས་གསེང་གི་འབུ། ས་སྟེང་གི་མིའི་འགྲོ་བ་ནས་བཟུང་སྟེ་སྲོག་དང་ལྡན་པ་ཐམས་ཅད། ཉིན་མི་དལ་མཚན་མི་ཁོམ་པར་བྲེལ་བའི་ངང་ནས་རྒྱུག་བཞིན་པ་འདི། བདེ་བ་འབའ་ཞིག་དོན་གཉེར་གྱི་ཆེད་དུ་རྒྱུག་བཞིན་ཡོད་པ་རེད། མི་འདོད་པ་སྡུག་བསྔལ་འདོད་པ་མ་རེད། སྡུག་བསྔལ་གྱི་ཆ་ཕྲ་མོ་ཙམ་ཞིག་ཡིན་རུང་རང་ཐོག་ཏུ་མ་ཡོང་ན་དགའ་བ་ཡིན་མོད། སྡུག་བསྔལ་རང་ཐོག་ཏུ་མི་ཡོང་བའི་ཐབས་ལ་འབད་བརྩོན་ཡང་དེ་བཞིན་དུ་བྱེད་ཀྱིན་ཡོད་པ་རེད། འོན་ཀྱང་རྨོངས་པ་མ་རིག་པའི་གཞན་དབང་དུ་གྱུར་ནས། ཐབས་ལ་མི་མཁས་པའི་སྟབས་ཀྱིས་སྡུག་བསྔལ་གྱི་བདེན་པས་དངོས་སུ་གནོད། ཀུན་འབྱུང་གི་བདེན་པས་བརྒྱུད་ནས་གནོད་དེ། ཚེ་འདི་ཡི་སྡུག་བསྔལ་གྱིས་སྐྱེལ་མ་བྱས། ཚེ་ཕྱི་མའི་སྡུག་བསྔལ་གྱིས་བསུ་མ་བྱས། བར་དོའི་སྡུག་བསྔལ་གྱིས་མཚམས་སྦྱར་བའི་སྡུག་བསྔལ་རྒྱུ་འབྲས་གཉིས་དང་ལྡན་པ། རྟེན་འབྲེལ་བཅུ་གཉིས་དེ་ཉིད་ཤིང་རྟའི་འཕང་ལོ་ལྟར་འཁོར་བས། ཁམས་གསུམ་འཁོར་བ་ཐོག་མ་དང་མཐའ་མ་མེད་པའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར། སྐྱབས་མེད་མགོན་བྲལ། བཤེས་མེད་ཐང་སྟོང་དུ་འཁྱམ་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་ན། སྡུག་བསྔལ་ཅན་གྱི་འཁོར་བར་འཕྱན་པའི་སེམས་ཅན་འདི་དག་ཐམས་ཅད་སྙིང་རྗེའི་གནས་ཡིན་པ་རེད། སྙིང་རྗེའི་གནས་ཡིན་ས་ཨེ་ཡོད་འདུག ཁྱོད་ཀྱི་ཚེ་འདིའི་ཨ་མ་རྒན་མོ་དེ་ཁྱོད་ཀྱི་སྔུན་ནས། སྐེ་ལྕགས་ཐག ལུས་ལྕགས་སྒྲོག་བྱས་ནས། གསོན་པགས་བཤུ་འགྲོ་བཞིན་ཡོད་ན་ཤ་ཚ་སྙིང་རྗེ་སྐྱེ་ས་ཨེ་འདུག དེ་དང་གཅིག་མཚུངས་རེད། ཡིན་ན་ཡང་། སྙིང་རྗེ་བ་རྐྱང་པ་ཞིག་གིས་ཕན་ཐོགས་ཡོད་པ་མ་རེད། སྙིང་རྗེ་བ་གཅིག་པུ་ཞིག་གིས་དེ་དག་གི་སྡུག་བསྔལ་ཇེ་ཆུང་དུ་འགྲོ་ཐུབ་པ་མ་རེད། གལ་ཏེ་སེམས་ཅན་རེ་འགའ་གནས་སྐབས་ཙམ་ཞིག་ལ་ཅུང་ཟད་བདེ་བའི་གནས་སུ་བཀོད་ཐུབ་པར་གྱུར་ཀྱང་། ཡུན་རིང་པོར་ཕན་ཐོགས་ཆེན་པོ་ཡོད་པ་མ་རེད། ཁམས་གསུམ་འཁོར་བའི་གནས་ནས་ཐར་ཟིན་པ་མིན་ཚེ། ནམ་ཞིག་སྡུག་བསྔལ་དྲག་པོ་མྱོང་ངེས་ཡིན་པ་རེད། དེས་ན་མ་རྒན་སེམས་ཅན་དེ་དག་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་དུས་གཏན་དུ་ཐར་བའི་ཐབས་ཤིག་ལ་བསམ་བློ་གཏོང་དགོས་འདུག འོན་ཀྱང་། ཉམས་ཆུང་ཞིང་མཐུ་དང་ནུས་པ་མེད་པ། འདྲ་འདྲ་ཤ་སྟག་གིས། གཅིག་གིས་གཅིག་སྐྱབས་མི་ནུས་པ་དཔེར་ན། རྐྱལ་བྱང་མེད་པའི་མི་གཉིས་མཉམ་གཅིག་ཏུ་ཆུ་ནང་དུ་ལྷུང་སོང་ན། གཅིག་གིས་གཅིག་བསྐྱབ་འདོད་ཡོད་ཀྱང་། སྐྱོབ་པའི་ནུས་པ་མེད་པ་ལྟ་བུ་ཞིག་ཡིན་པ་རེད། ཡིན་ན་ཡང་། ད་རེས་བདག་གིས་དུས་ཡུན་རིང་བསྐལ་པ་མང་པོར་བསྒུགས་ཀྱང་འཐོབ་པར་དཀའ་བའི་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ལྟ་བུ་འདི་ཐོབ། རྟ་རྨིག་ལྕགས་ཀྱིས་བཏུམས་ནས་སོང་སྟེ་བཙལ་ཀྱང་མཇལ་བར་དཀའ་བའི་དམ་པའི་ཆོས་ཟབ་མོ། རང་ལ་བརྩོན་འགྲུས་ཡོད་ན་ཚེ་ལུས་གཅིག་གིས་འཚང་རྒྱ་ཐུབ་པའི་ཉོན་མོངས་དུག་ལྔའི་ནད་ལས་གྲོལ་བར་བྱེད་པའི། སྨན་འཆི་སོས་ཀྱི་བདུད་རྩི་དང་འདྲ་བ་འདི་ལྟ་བུ་ལ་ལོངས་སྤྱོད་པའི་སྐལ་བ་ཐོབ། ལམ་སྟོན་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་བླ་མ་དམ་པའི་ཞལ་མཇལ་བའི་གོ་སྐབས་བཟང་པོ་ཐོབ་པ་འདི་དག་མི་ཤོར་བ་ཞིག་གི་ཐོག་ནས། དལ་རྟེན་རྙེད་པར་དཀའ་ལུགས། རྙེད་ན་ཕན་པ་ཆེ་ལུགས། ཚེ་ལ་རྟག་པ་མེད་ལུགས། འཆི་བདག་ལ་ཟློག་ཐབས་བྲལ་ལུགས། ཤི་བའི་གནས་སྐབས་སུ་དམ་པའི་ཆོས་མ་གཏོགས་པར། ལོངས་སྤྱོད་དང་ཉེ་དུ་ཡིས་སྐྱོབ་མི་ནུས་ཤིང་། རང་ཉིད་གཅིག་པུར་ས་ཚུགས་མེད་པའི་ཕྱོགས་སུ་འགྲོ་དགོས་ཚུལ་སོགས་ལ་བསམ་བློ་བཏང་ནས། སེམས་ཅན་ཐམས་ཅད་མར་ཤེས། དྲིན་དྲན། དྲིན་ལན་བསབ་འདོད་སོགས་ཀྱིས། ཚད་མེད་བཞིའམ། ཡང་ན། རྒྱུ་འབྲས་མན་ངག་བདུན་ལྡན་གྱི་སྒོ་ནས། ད་རེས་ཀྱི་ལུས་རྟེན་འདིའི་སྟེང་ནས། བདག་གིས་ཕ་མར་གྱུར་བའི་སེམས་ཅན་རིགས་དྲུག་གི་སྡུག་བསྔལ་གྱིས་རྟག་ཏུ་གདུང་བ་འདི་དག་ཐམས་ཅད་གཅིག་ཀྱང་མ་ལུས་པར། རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ། སྲིད་དང་ཞི་བའི་མཐའ་གཉིས་ལ་མི་གནས་པའི་རྣམ་གྲོལ་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་སར་འགོད་ཐུབ་ན་ཅི་མ་རུང་། བདག་གིས་ད་ནས་བརྩམས་ཏེ་མཐའ་མེད་འཁོར་བ་ན་གནས་པའི་སེམས་ཅན་འདི་དག་གཅིག་ཀྱང་མ་ལུས་པར་གཏན་གྱི་བདེ་བའི་མཆོག་དམ་པ་ལ་འགོད་པར་བགྱིའོ་སྙམ་པའི་བློ་སྟོབས་ཆེན་པོ། ཤ་དང་རུས་པའི་རི་བོ་བསྙིལ་ཐུབ་པ། ཁྲག་དང་མཆི་མའི་རྒྱ་མཚོ་སྐམ་ནུས་པ་ཞིག་གི་ཐོག་ནས། བསམ་པ་རྒྱ་ཆེ་བ་བྱང་ཆུབ་ཀྱི་སེམས། སྐྱེས་བུ་ཆེན་པོའི་ཀུན་སློང་རྣམ་པར་དག་པ་དང་ལྡན་རྒྱུ་གལ་ཆེ་བ་རེད། དེ་ལྟར་མ་ཡིན་པར། གཞན་གྱིས་བཟང་ཁི་ཡག་ཁི། ཆོས་པ་ཟེར་རྒྱུ་དེ་རེད་འདུག་བསམ་པའི་ཆེད་དང་། ཆོས་ཟེར་རྒྱུ་དེས་བསྒྲུབས་ཐལ་ཟེར་བྱེད་ཙམ་གྱི་བསྟོད་བསྔགས་བྱེད་པའི་ཆེད་དུ། ཆོས་ཞུ་མདོག་དང་། ཆོས་སྒྲུབ་མདོག་བྱེད་རྒྱུའི་མིང་ལ་ལེགས་སྨོན་ཟེར་བ་རེད། དེ་ཀུན་སློང་ཡང་དག་ཡིན་པ་མ་རེད། གཞན་ཡང་རྒྱལ་པོའི་ཆད་པ་ལས་གཟུར་རྒྱུའི་ཆེད་དང་། ནད་གདོན་དང་། དགྲ་ཡི་འཇིགས་པ་ལ་སོགས་པ་ལས་སྐྱོབ་པའམ་ཐར་བའི་ཆེད་དུ་ཆོས་བྱེད་མདོག་དང་ཆོས་པ་ཡིན་མདོག་བྱེད་རྒྱུ་དེ་ཡང་། འཇིགས་སྐྱོབ་ཀྱི་ཀུན་སློང་ཡིན་པས། དེའང་ཀུན་སློང་ཡང་དག་མ་རེད། གཞན་ཡང་དམ་པའི་ཆོས་དང་འཇིག་རྟེན་གྱི་ཟས་གོས་སྙན་གྲགས་གཉིས་ཀ་དང་བརྗེ་རྒྱུའི་བསམ་པས། དཀོན་མཆོག་ལ་ཕག་གཡར་ནས་ལོག་འཚོའི་འཚོ་བ་སྒྲུབ་པ་སྟེ། ཆོས་ལ་ཁ་གཡར་ནས་འཇིག་རྟེན་གྱི་བྱ་བ་བསྒྲུབས་པ་ནི། ཤིན་ཏུ་ཐ་ཆད་པ་སྨད་པའི་གནས། གཞན་སྡེས་མཐོང་ན་བསྟན་པའི་བླ་བཙོང་། རང་སྡེས་མཐོང་ན་ལོག་པའི་ལམ་འགྲོ་ཞེས་པ་ངན་སོང་གི་རྒྱུ་དངོས་སུ་བསྒྲུབས་ཏེ། མིག་ཡོད་བཞིན་དུ་ཆུར་ལྕེབས་པ་དང་འདྲ་འདྲ་ཡིན་པ་རེད། མཉམ་མེད་དྭགས་པོ་རིན་པོ་ཆེས། ཆོས་ཆོས་བཞིན་དུ་མ་བསྒྲུབ་ན་ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད། ཅེས་གསུངས་ཡོད་པ་རེད། རྫོགས་ཆེན་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས་ཀྱང་། དེ་ལྟ་བུའི་གང་ཟག་དེ་ལ་མིང་བཏགས་ན། བསྟན་པའི་བླ་བཙོང་། དཀོན་མཆོག་གི་རྐང་འདྲེན། དགེ་འདུན་གྱི་འགབ་སྡུད་པ་པོ་ཡིན་པས། དེ་ལྟ་བུ་དེ་དག་དུག་བཞིན་དུ་སྤང་བར་བྱ་དགོས་ཞེས་གསུངས་ནས་གདམས་ཡོད་པ་རེད། གཞན་ཡང་། བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་གསུངས་པ་ལྟར། དགེ་མི་དགེ་བསམ་པའི་བྱེ་བྲག་ལ་ཐུག་ཡོད་པ་རེད། མདོར་ན། འཇིག་རྟེན་ཚེ་འདིའི་རྙེད་བདེ་གྲགས་བསྟོད་དོན་དུ་གཉེར་བའི་ཆོས་བརྒྱད་ཀྱི་ཀུན་སློང་གིས་ཆོས་ཅི་འདྲ་ཞིག་ཉན་མདོག་སྒྲུབ་མདོག་བྱས་ཀྱང་། ཆོས་ཀྱི་གཟུགས་བརྙན་ལྟར་སྣང་བ་ཙམ་ཞིག་ལས་ཡང་དག་པའི་ཆོས་སུ་འགྲོ་བ་མ་རེད། སོ་སོའི་སྐྱེ་བོ་ཟེར་བ་དེ་རྨོངས་པ་མ་རིག་པའི་གདོན་དང་ནད་ཀྱིས་བཏབ་པ་ཞིག་ཡིན་པས། མཁྲིས་ནད་ཅན་གྱི་མིག་སྔར། དུང་དཀར་པོ་ཡང་སེར་པོར་སྣང་བ་ལྟར། མཐོང་ཚད་སྐྱོན་དང་འགྲོགས་ཚད་དགྲ་རུ་སྣང་བ་རེད། འོན་ཀྱང་དེ་ཐམས་ཅད་མི་སྐྱོན་མ་རེད་རང་སྐྱོན་རེད། མེ་ལོང་ངོས་སུ་འཆར་རྒྱུའི་གཟུགས་བརྙན་དེ་བཙོག་རུང་རང་གི་ངོ་ཡི་གཟུགས་བརྙན་ཡིན་པ་རེད། དེས་ན་འདི་ཕྱི་གཉིས་ཕན་གྱི་ཆོས་ཤིག་བསྒྲུབས་ནས་ཆོས་པ་ངོ་མ་ཞིག་བྱེད་བསམ་ན། དང་པོ་ཉིད་ནས་ཀྱང་ཕྱི་གཞན་གྱི་སྐྱོན་ཡོན་རྟོག་དཔྱོད་བྱ་རྒྱུ་དེ་ཕར་བསྐྱུར་ནས། ཁ་ནང་དུ་འཁོར་ནས། རང་ཉིད་ཀྱི་ཀུན་སློང་བཅོས་རྒྱུ་འདི་གཙོ་ཆེ། དེས་ན་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས། ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་སྟེ། །ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་ཡིན། །ཞེས་གསུངས་པ་ལྟར། དགེ་བའི་རྩ་བ་རྒྱ་ཆེ་ཆུང་ཇི་འདྲ་ཞིག་བསྒྲུབས་ཀྱང་། དགེ་རྩ་ཐབས་ཀྱིས་ཟིན་པ་སྦྱོར་བ་སེམས་བསྐྱེད་དམ་པ། དགེ་རྩ་རྐྱེན་གྱིས་མི་བཤིག་པར་བྱེད་པ་དངོས་གཞི་དམིགས་མེད་དམ་པ། དགེ་བ་གོང་ནས་གོང་དུ་འཕེལ་བར་བྱེད་པ་བསྔོ་བའི་རྒྱས་ཡོངས་སུ་ཐེབས་པ་མཇུག་བསྔོ་བ་དམ་པ་སྟེ། དེ་ལྟ་བུའི་དམ་པ་གསུམ་གྱིས་རྩིས་ཟིན་པ་འདི་མེད་ཐབས་མེད་པ་ཞིག་རེད། །

དམ་པ་གསུམ་བཤད་པ།

སྦྱོར་བ་སེམས་བསྐྱེད་དམ་པ་དེ་ཇི་ལྟར་རེད་ཅེ་ན། དགེ་བ་ཆེ་ཆུང་གང་བསྒྲུབས་ཀྱང་། དེ་ལ་འཇུག་པའི་སྔོན་དུ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་འགོད་པའི་ཕྱིར་དུ། བདག་གིས་ད་རེས་དགེ་བའི་བྱ་བ་འདི་ལྟ་བུ་ལ་འཇུག་པར་བྱ་བསམ་རྒྱུ་དེ་རེད། སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་བསམ་ནས། བསམ་པ་ལྕགས་ཀྱུ་ལྟ་བུ་དེས་དགེ་བའི་རྩ་བ་རྩྭ་ཕོན་ལྟ་བུ་དེ་ཟིན་ངེས་བྱེད་རྒྱུ་དེ་ཡིན་ཞེས་གསུངས་ཡོད་པ་རེད། དགེ་རྩ་རྐྱེན་གྱིས་མི་བཤིག་པར་བྱེད་པ་དངོས་གཞི་དམིགས་མེད་དམ་པ་དེ་ཅི་འདྲ་ཞིག་རེད་ཟེར་ན། ཤེས་བྱའི་ཆོས་ཐམས་ཅད་རང་གི་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་ཡོད་པ་མ་རེད། ཡུལ་ལ་ལྟོས་ནས་ཡུལ་ཅན་གྱི་ཤེས་པ་ཟེར་རྒྱུ་ཞིག་ཚུར་ལ་བཏགས། ཡུལ་ཅན་ལ་བརྟེན་ནས་ཡུལ་ཟེར་རྒྱུ་ཞིག་ཕར་ལ་བཏགས་བཞག་པས། ཕར་བཏགས་ཚུར་བཏགས་ཙམ་ཞིག་ལས་མེད་པ་ཡིན་ན། གདགས་གཞི་དེ་ཉིད་ལ་དོན་དམ་དཔྱོད་བྱེད་ཀྱིས་བརྟགས་ཡོང་ན། རྙེད་རྒྱུ་ཕྲ་མོ་ཙམ་ཞིག་ཀྱང་མཐོང་རྒྱུ་མེད་པའི་སྐབས་དེར། སྣང་བ་ལམ་ལམ་འདི་སྨིག་རྒྱུ་དང་མིག་ཡོར་བཞིན་དུ་རྟེན་འབྱུང་གི་རང་བཞིན་དུ་ཐག་ཆོད་དུས། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་པ་ལྟར། རྟེན་འབྲེལ་གྱི་སྙིང་པོ་སྟོང་ཉིད། སྟོང་རྟེན་འབྱུང་དབྱེར་མེད་དུ་མཐོང་བ་དེ་ཉིད་ངེས་དོན་གྱི་སྙིང་པོ་ཡིན་ན། གཟུགས་སྒྲ་ཉིད་ཀྱང་སྤྲོས་བྲལ་ཏེ། །སྤྲོས་བྲལ་ཉིད་ཀྱང་གཟུགས་སྒྲ་ཕྱིར། །གཟུགས་སྒྲ་ཉིད་ལས་ལོགས་ཤིག་ཏུ། །སྤྲོས་བྲལ་ལ་སོགས་མི་དམིགས་སོ། །སྤྲོས་བྲལ་ཉིད་ལས་ལོགས་ཤིག་ཏུ། །གཟུགས་སྒྲ་ལ་སོགས་མི་དམིགས་སོ། །ཞེས་གསུངས་པ་ལྟར། དངོས་གཞི་དམིགས་མེད་དམ་པ་དེ་ཉིད། གཞི་དབུ་མ་ཆེན་པོ། ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་རྫོགས་པ་ཆེན་པོ་སྟེ། ཆེན་པོ་གསུམ་གྱི་ལྟ་བ་རྟོགས་པ་ཞིག་ལ་གསུངས་ཡོད་པ་རེད། དེ་ལྟར་འཁོར་གསུམ་བདེན་མེད་ཀྱི་རྒྱས་ཐེབས་པ་དེ་ཐུན་མོང་མ་ཡིན་པའི་དམིགས་མེད་རེད། འོན་ཀྱང་ལས་དང་པོ་པས་དང་པོ་ཉིད་ནས་དངོས་གཞི་དམིགས་མེད་ཁྱད་པར་བ་ཞིག་ཡོང་དཀའ་བ་ཡིན་ཡང་། རྗེས་མཐུན་ཙམ་དུ་འཁོར་གསུམ་པོ་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟ་བུའི་ངེས་པ་དྲངས་ནས། འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་མེད་སྒྱུ་མའི་དཔེ་བརྒྱད་དུ་བློ་སྦྱངས་ནས་དེའི་ངང་དུ་འཇོག་པ་འདི་དངོས་གཞི་དམིགས་མེད་ཐུན་མོང་པ་ཡིན་ན། དེ་ལྟ་བུའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གཞི་དམིགས་མེད་ཀྱི་ལྟ་བ་དེའི་ཐོག་ནས་དཔྱད་སྒོམ་དང་། འཇོག་སྒོམ་སྤེལ་མ་བྱེད་རྒྱུ་དེ་རེད། དགེ་རྩ་གོང་ནས་གོང་དུ་འཕེལ་བར་བྱེད་པ་མཇུག་བསྔོ་བ་དམ་པ་དེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེར་ལྷུང་བ། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་གསུངས་པ་བཞིན། རྒྱ་མཚོ་ཆེན་པོའི་ནང་དུ་ཆུ་ཐིགས་གཅིག་བཞག་པ་ཡིན་ན། དེ་ཉིད་བསྐལ་པ་ཆེན་པོའི་བར་དུ་རྒྱ་མཚོ་དང་མཉམ་དུ་ཆུ་ཐིགས་ཆུད་མི་ཟ་བ་ལྟར་ཡིན་ཞིང་། དགེ་འབྲས་ལན་གཅིག་མྱོང་བས་ཟད་པ་མ་ཡིན་པར་གོང་ནས་གོང་དུ་འཕེལ་བ་སྟེ། དེ་ལས་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བ་མཚན་ཉིད་པ་ཟེར་རྒྱུ་དེ། ལྟ་བ་འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་ངང་ནས་ཐབས་བྱང་ཆུབ་སེམས་ཀྱིས་འཕངས་པ་དེ་ཉིད། དགེ་རྩ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་རྫོགས་པའི་སངས་རྒྱས་ཀྱི་སར་བསྔོས་པས་དགེ་རྩ་མི་འཛད་ཅིང་། ཇེ་བཟང་ཇེ་འཕེལ་དུ་གྱུར་ནས། ཀུན་མཁྱེན་གྱི་རྒྱ་མཚོ་ཆེན་པོར་རོ་གཅིག་ཏུ་འདྲེས་པར་འགྱུར་བ་ཡིན་པ་རེད། གང་བསྔོ་བྱ་བསྔོ་བྱེད་བསྔོ་ཡུལ་གྱི་འཁོར་གསུམ་པོ་མི་དམིགས་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས། བསྔོ་བ་དང་སྨོན་ལམ་གྱི་རྣམ་པར་ཤར་བའི་ལྟ་བས་རྩིས་ཟིན་པ་འདི་ཡིན་གསུངས་ཡོད་པ་རེད། དེ་ལྟར་ཙམ་ཞིག་མ་ཐུབ་ཀྱང་། དེ་དང་ཕྱོགས་མཚུངས་པའི་བསྔོ་བ་རྗེས་མཐུན་པ་ནི། བདག་གཞན་གྱིས་དུས་གསུམ་དུ་བསགས་པའི་ཟག་བཅས་ཟག་མེད་ཀྱི་དགེ་བ་ཐམས་ཅད་བློས་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡམས་ནས། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་རྒྱལ་བ་སྲས་དང་བཅས་པས་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་ཇི་ལྟར་བསྔོས་པ་ལྟར་བསྔོ་བའི་འདུན་པ་བསྐྱེད་པ། ཚོགས་གཉིས་ཡིད་བཞིན་གྱི་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །མཇུག་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པ་དེ་རེད། །

ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་བཤད་པ།

དེའི་ཐོག་ནས་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ཟེར་རྒྱུ་དེ། སྤྱིར་ན་མདོ་སྔགས་གཉིས་ཀའི་ལུགས་ཀྱི་བསྒྲུབ་བྱ་མཐར་ཐུག་དེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡིན་པ་ལ་མི་འདྲ་བ་མེད་མོད། འོན་ཀྱང་སྒྲུབ་ཚུལ་གྱི་དབང་དུ་བྱས་ན། ཐེག་པ་གོང་འོག་དང་། མདོ་སྔགས་ཀྱི་ལམ་ལ་ཁྱད་པར་ཡོད་པ་རེད། ཁྱད་པར་ཇི་ལྟ་བུ་ཞིག་གིས་གང་ལས་གང་འཕགས་པ་རེད་ཅེ་ན། ཐེག་པ་ཆེན་པོ་དེ་ཉིད། དམིགས་པ་ཆེ་དང་སྒྲུབ་པ་ཆེ་བ་ལ་སོགས་པ་ཁྱད་པར་བདུན་གྱིས་ཐེག་དམན་ལས་འཕགས་ཞེས་གསུངས་ཡོད་པ་རེད། མདོ་ལམ་ལས་སྔགས་ལམ་དེ་གང་གིས་འཕགས་པ་ཡིན་ཞེ་ན། ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར། མ་རྨོངས་པ་དང་། ཐབས་མང་བ། དཀའ་བ་མེད་པ། དབང་པོ་རྣོན་པོའི་དབང་དུ་བྱས་པ་ཡིན་པ་སོགས་ཁྱད་པར་བཞིའམ་དྲུག་གིས་འཕགས་པ་ཡིན་པས་ན། སྐབས་སུ་བབས་པ་གསང་སྔགས་ཀྱི་ཆོས་འཆད་ཉན་སྒོམ་སྒྲུབ་ཀྱི་དབང་དུ་བཏང་དུས། གནས་དང་དུས་དང་སྟོན་པ། ཆོས་དང་འཁོར་ཏེ་ལྔ་བོ་དེ་ཉིད། ཐ་མལ་མ་དག་པའི་སྣང་བ་རུ་མི་འཛིན་པར། ཕུན་སུམ་ཚོགས་པ་ལྔ་རུ་གསལ་འདེབས་དགོས་པ་རེད། ཕུན་སུམ་ཚོགས་པ་ལྔ་རུ་གསལ་འདེབས་པ་དེ་ཡང་མ་ཡིན་པ་ལ་ཡིན་པར་བཙན་གྱིས་བསྒྱུར་ནས། མིན་པ་ཞིག་ལ་ཡིན་མདོག་བྱེད་དགོས་པ་མ་རེད། ཡིན་པ་ལ་ཡིན་པར་འདུ་ཤེས་པ་ཞིག་རེད། དེ་ཉིད་ཇི་ལྟ་བུ་ཞིག་ཡིན་པ་རེད་ཟེར་ན། གཞི་ཆོས་ཉིད་རང་མལ་ནས་གཡོས་མ་མྱོང་པའི་གནད་ཀྱིས། དེའི་རྩལ་སྣང་ཐམས་ཅད་སྣང་སྲིད་དག་པ་རབ་འབྱམས། ཕུང་ཁམས་གཤེགས་པ་གཤེགས་མ། དབང་ཡུལ་སེམས་དཔའ་སེམས་མ། ཡན་ལག་ཁྲོ་བོ་ཁྲོ་མོ་སྟེ། གདན་གསུམ་ཚང་པའི་དཀྱིལ་འཁོར་དུ་ཡེ་ནས་ཡིན་པ་ལ་ཡིན་པར་འདུ་ཤེས་པ་ཞིག་ཡིན་པ་རེད། དེས་ན་ཆོས་འཆད་པའི་གནས་དེ་ཉིད་གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། དུས་ཕུན་སུམ་ཚོགས་པ། དུས་གསུམ་དུས་མེད་ཀ་ནས་དག་པ་རྟག་པ་རྒྱུན་གྱི་འཁོར་ལོ། ཆོས་འཆད་པ་པོའི་སློབ་དཔོན་དེ། སྟོན་པ་ཕུན་སུམ་ཚོགས་པ་ཆོས་སྐུ་ཀུན་ཏུ་བཟང་པོའམ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། ཆོས་ཉན་པའི་འཁོར་ཐམས་ཅད་ཀྱང་། འཁོར་ཕུན་སུམ་ཚོགས་པ་ཉིད་ལས་མི་གཞན་པའི་འཁོར་ཚོགས་རྒྱལ་བ་དགོངས་བརྒྱུད་དང་། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད། གང་འཆད་བྱའི་ཆོས་དེའང་། ཆོས་ཕུན་སུམ་ཚོགས་པ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་མཛོད། གདུལ་བྱ་སོ་སོའི་བློ་དང་འཚམ་པ། ཆོས་ཉན་པའི་འཁོར་ཐམས་ཅད་ཀྱང་། གཞི་རྒྱུད་བདེ་གཤེགས་སྙིང་པོས་ཏིལ་ལ་མར་བཞིན་ཀུན་ལ་ཁྱབ་པ་སྟེ། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་རྒྱུད་བླ་མ་ལས་གསུངས་པ་ལྟར་དང་། ད་དུང་མདོ་སྡེ་རྒྱན་ལས་ཀྱང་། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཅིང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས་པ་ལྟར། ངོ་བོ་ཡེ་དག་ཡོན་ཏན་ལྷུན་གྲུབ་ཀྱི་སངས་རྒྱས་ཡིན་ཡང་། གློ་བུར་འབྲལ་རུང་གི་དྲི་མས་བསྒྲིབས་ནས་ཡོད་ན་དྲི་མ་དེ་ཉིད་བསལ་བས་སངས་རྒྱས་པར་འགྱུར་བ་དེ་དོན་གྱི་སངས་རྒྱས་སམ། ལམ་རྟོགས་པ་མངོན་འགྱུར་མ་འོངས་པའི་སངས་རྒྱས་ཡིན་པས་ན། འཁོར་ཕུན་སུམ་ཚོགས་པ་རིགས་གང་རུང་གི་དཔའ་བོ་དང་། མཁའ་འགྲོ་མར་གསལ་གདབ་ནས། སྣང་སྲིད་གཞིར་བཞུགས་ཡེ་ནས་ཡིན་པ་ལ། མོས་པ་ལམ་བྱེད་ཀྱི་ཐོག་ནས་གཞིར་བཞེངས་སུ་གསལ་འདེབས་དགོས་པ་རེད། དེ་ལྟ་བུའི་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་རྣམ་པར་དག་པ་དང་ལྡན་པའི་ཐོག་ལ། ཆོས་ཉན་པའི་སྐབས་སུ་ཀུན་སློང་འཆོས་དགོས་པས་མ་ཚད་པར་ཀུན་སྤྱོད་ཀྱང་འཆོས་དགོས་པ་རེད། །

ཀུན་སྤྱོད་བཤད་པ།

དེ་ཡང་ཀུན་སྤྱོད་དེ་ལ་དུག་ལྟར་སྤང་བྱའི་ཀུན་སྤྱོད་དང་། སྨན་ལྟར་བླང་བྱའི་ཀུན་སྤྱོད་དེ་གཉིས་སུ་མདོ་རྒྱུད་ཀུན་ནས་གསུངས་ཡོད་པ་རེད། དེའི་སྐོར་རགས་རིམ་ཙམ་ཞིག་བཤད་ན། །

དང་པོ་སྤང་བྱའི་ཀུན་སྤྱོད་བཤད་པ།

དང་པོ་སྤང་བྱའི་ཀུན་སྤྱོད་དེ་ལ་ཡང་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པ་ལྔ་དང་བཅས་གསུངས་ཡོད་པ་རེད། དེའི་ནང་གི་དང་པོ་སྣོད་ཀྱི་སྐྱོན་གསུམ་ནི། རྣ་བ་མི་གཏད་ཁ་སྦུབས་ལྟ་བུའི་སྐྱོན། །ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། །ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། །ཞེས་གསུངས་ཡོད་ན། སྣོད་ཁ་སྦུབས་ཤིག་གི་སྟེང་དུ་ཆུ་ཅི་ཙམ་བླུགས་ཀྱང་ནང་དུ་ཆགས་ཡོང་དུས་ཤིག་ཅི་ལ་ཡོད། དེ་ལྟར་དུ་ལུས་ཆོས་གྲལ་ན་བསྡད་ཡོད་མདོག་བྱས་ཀྱང་། སེམས་ཆོས་གྲལ་ནས་འགྲོ་ཚར་ཡོད་ན། བླ་མས་ཅི་གསུངས་མི་གོ་བའི་ཕྱིར་ན། ཆོས་ཞུ་དུས་རྣ་བའི་དབང་པོ་གཏད་ནས་ཉན་དགོས་པ་རེད། སྣོད་ཞབས་རྡོལ་ཟེར་བ་མཐིལ་རལ་སོང་བའི་སྣོད་ཅིག་གི་ནང་དུ་བཅུད་ཇི་ཙམ་ཞིག་བླུགས་པ་ཡིན་ཡང་། དེ་ཉིད་གང་ཡོང་རྒྱུ་མེད་པ་བཞིན་དུ། ཆོས་ཞུས་ཞུས་ཐོབ་ཐོབ་གོ་ལོ་ཐོས་ལོར་བྱས་ནས་ཡིད་ལ་མ་བཟུང་ན། ཆོས་ཅི་ཙམ་ཞིག་ཐོབ་ཀྱང་རྒྱུད་ཐོག་ཏུ་བཀོལ་ནས་ཉམས་སུ་ལེན་མི་ཤེས་པས་ན། ཆོས་ཐོས་པའི་ཚིག་དོན་ཡིད་ལ་བཟུང་དགོས་པ་རེད། སྣོད་དུག་ཅན་ཟེར་བ་ནི་དུག་བླུགས་ཤུལ་གྱི་སྣོད་ཅིག་གི་ནང་ལ། བཅུད་བཟང་པོ་ལེགས་པ་ཇི་ཙམ་ཞིག་བླུགས་པ་ཡིན་ཡང་། དུག་དང་འདྲེས་ནས་དུག་ཅན་དུ་འགྱུར་འགྲོ་བ་བཞིན་དུ། ཆགས་སྡང་རྨོངས་གསུམ་སོགས་དུག་ལྔའི་རྟོག་པ་སྐྱེ་བཞིན་དུ་ཆོས་ཉན་ན། ཆགས་སྡང་རྨོངས་གསུམ་དེ་དག་དང་འདྲེས་ཏེ། ཆོས་ཇི་ཙམ་ཉན་ཀྱང་ཉོན་མོངས་པའི་གཉེན་པོར་འགྲོ་བའི་དུས་མེད་པས་ན། ཆོས་དང་རང་རྒྱུད་འདྲེས་པའི་ཐབས་ལ་འབད་དགོས་པ་རེད། ཆོས་ཇི་ཙམ་ཞུས་ཀྱང་ཉོན་མོངས་ཇེ་རགས། དཔེ་ཆ་ག་ཚད་བལྟས་ཀྱང་དམུ་ཇེ་རྒོད་ལ་ལོག་འགྲོ་བ་དེ། ཆོས་དང་རང་རྒྱུད་འདྲེས་མ་ཐུབ་པའི་སྐྱོན་ཆ་ལྷང་ལ་བུད་པ་རེད། དེའི་ཐོག་ཏུ་སྤང་བར་བྱ་བའི་དྲི་མ་དྲུག་གསུངས་ན། དྲི་མ་དྲུག་པོ་དེ་གང་ཡིན་ན། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེངས་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་གསུངས་ཡོད་པ་རེད། རང་རྒྱུད་ལ་ང་རྒྱལ་ཡོད་ནས་བཟུང་སྟེ་རང་གི་སྐྱོན་མི་མཐོང་། གཞན་གྱི་ཡོན་ཏན་མི་མཐོང་བས། དེའི་གཉེན་པོར་རྟག་ཏུ་རང་སྐྱོན་ངོས་བཟུང་ནས་དམན་པའི་ས་བཟུང་། ཧྲུལ་པོའི་གོས་གྱོན་དགོས་པ་རེད། མ་དད་པ་ནི་ཆོས་དང་གང་ཟག་ལ་ཡིད་མི་ཆེས་པ་ཡིན་པ་རེད། ཡིད་མ་ཆེས་ཤིང་དད་པ་མེད་པ་ཡིན་ན། དེའི་གང་ཟག་དེའི་ཆོས་ཀྱི་འཇུག་སྒོ་འགག་འགྲོ་བ་ཡིན་པས། ཆོས་དང་གང་ཟག་ལ་མི་བསླུ་བའི་ཡིད་ཆེས་དང་། མི་ལྡོག་པའི་དད་པ་བྱ་དགོས་པ་རེད། དེའི་ཐོག་ཏུ་ཆོས་ལ་དོན་གཉེར་ཞིག་ཡོད་དགོས། དོན་གཉེར་མེད་པ་ཁྱི་སྔོན་དུ་རྩྭ་འཕངས་པ་འདྲ་བ་ཞིག་གིས་ཆོས་གཏན་ནས་འགྲུབ་མི་ཐུབ། དོན་གཉེར་རབ་འབྲིང་ཐ་གསུམ་ལྟར་དུ་ཆོས་པ་རབ་འབྲིང་ཐ་གསུམ་དུ་འགྱུར་འགྲོ་བ་རེད། དེས་ན་ཆོས་དང་དགེ་བའི་བཤེས་གཉེན་ལ་མཇལ་དཀའ་བའི་འདུ་ཤེས་བསྐྱེད། ཚིག་དོན་རེ་རེ་ལ་ཡང་དོན་གཉེར་གྱི་འདུན་པ་བསྐྱེད། ཕྱི་ཚོགས་དྲུག་གི་ཡུལ་ལ་རྣམ་ཤེས་གཡེང་འགྲོ་རྒྱུ་དེ་འཁོར་བའི་འཁྲུལ་སྣང་ཐམས་ཅད་ཀྱི་རྩ་བ། མི་བདེ་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས་ན། ཕྱི་རོལ་གྱི་རྣམ་གཡེང་དང་ནང་དུ་སྡུད་པའི་གཉེན་པོ་དྲན་ཤེས་དང་བག་ཡོད་ཡིན་པས། དྲན་ཤེས་དང་བག་ཡོད་བསྟེན་དགོས་པ་རེད། སྐྱོ་བས་ཉན་པ་ཞེས་གསུངས་པ་དེ་ནི། ཆོས་ཉན་དུས་སྒྲུབ་དུས་གང་གི་སྐབས་ཡིན་ཡང་དཀའ་བ་ཁྱད་བསད་བྱེད་མི་ཐུབ་པ་དེ་རེད། དེས་ན་ད་རེས་ཆོས་སྒྲ་རྣ་བས་ཐོས་རྒྱུ་འདི་ཚེ་སྔོན་བསོད་ནམས་བསགས་པའི་འབྲས་བུ། ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་ཡིན་པས་གཟབ་དགོས་བསམ་དགོས། དེའི་ཐོག་ལ་མི་འཛིན་པ་ལྔ་ཟེར་རྒྱུ་དེ་གང་ཡིན་ཞེ་ན། ཚིག་འཛིན་ལ་དོན་མི་འཛིན་པ། དོན་འཛིན་ལ་ཚིག་མི་འཛིན་པ། བརྡ་མ་འཕྲོད་པར་འཛིན་པ། ལོག་པར་འཛིན་པ། གོང་འོག་བསྣོལ་ནས་འཛིན་པ་དེ་ཚོ་རེད། །

གཉིས་པ་བླང་བྱའི་ཀུན་སྤྱོད་བཤད་པ།

བླང་བྱའི་ཀུན་སྤྱོད་ལ། འདུ་ཤེས་བཞི་བསྟེན་པ། ཕར་ཕྱིན་དྲུག་དང་ལྡན་པ། སྤྱོད་ལམ་གཞན་བསྟེན་པ་སྟེ་གསུམ་ཡོད་གསུངས་ཡོད་པ་རེད། དེ་ལས་འདུ་ཤེས་བཞི་བསྟེན་པ་ནི། མདོ་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ། ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པ་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས་པ་ལྟར། རང་རྒྱུད་ལ་ཡོད་པའི་རྒྱུ་དུག་གསུམ་ནད་ཀྱི་ས་བོན་འདྲ་བ་དེས། འབྲས་བུ་སྡུག་བསྔལ་གསུམ་གྱི་ཟུག་རྔུ་མྱོང་བཞིན་པ་ལ། སྨན་པ་མཁས་པ་ལྟ་བུའི་བླ་མ་མཚན་ཉིད་དང་ལྡན་པས་གནང་བའི་དམ་པའི་ཆོས། སྨན་འཆི་སོས་ཀྱི་བདུད་རྩི་ལྟ་བུ་དེ་བཏུང་ནས་སྡུག་བསྔལ་གྱི་ནད་ལས་གྲོལ་བ་བྱེད་དགོས་པ་ལ། སྨན་པ་མཁས་པའི་ཞལ་གསུང་གི་བསྒོ་བ་ལ་མ་ཉན་པ་ལྟ་བུ། དམ་པའི་ཆོས་རང་རྒྱུད་ལ་མ་སྦྱར། ཉམས་སུ་མ་བླངས་པ་ཡིན་ན། སྨན་དང་སྨན་ཡིག་ཅི་ཙམ་ཞིག་མང་ཡང་། སྨན་པ་མཁས་པའི་ངག་ལྟར་ནད་པ་རང་ཉིད་ཀྱིས་སྨན་མ་བཏུང་ན། ནད་དྲག་བྱེད་ལ་ཕན་མི་ཐོགས་པ་ལྟར་ཡིན་པས། གནད་རྒྱུ་མཚན་དེ་ཉིད་ཤེས་པའི་ཐོག་ནས། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །འཆི་མཐར་ཐུག་གི་བར་དུ་དམ་ཆོས་བསྒྲུབ། །ཅེས་གསུངས་པ་ལྟར་བརྩོན་པ་དྲག་པོ་བསྐྱེད་ནས། ད་རེས་ཀྱི་ལུས་རྟེན་འདིའི་ཐོག་ནས་གཏན་ལེགས་དང་གཏན་ཉེས་ཀྱི་སོ་མཚམས་མི་ནོར་རྒྱུ་གལ་ཆེ་བ་རེད། དེའི་སྟེང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཚང་བར་བྱས་ནས་ཉན་དགོས་པ་འདི་ལྟར་གསུངས་ཡོད་པ་རེད། མེ་ཏོག་སྟན་སོགས་རབ་འབུལ་ཞིང་། །ས་ཕྱོགས་སྤྱོད་ལམ་བསྡམས་པ་དང་། །སྲོག་ཆགས་ཀུན་ལ་འཚེ་མི་བྱ། །བླ་མ་ལ་ནི་ཡང་དག་དད། །མ་ཡེངས་བླ་མའི་གདམས་ངག་ཉན། །དོགས་སེལ་ཕྱིར་ན་སྐྱོན་ཚིག་འདྲི། །ཉན་པོ་ཡན་ལག་དྲུག་དང་ལྡན། །ཞེས་གསུངས་པ་ལྟར་རེད། སྤྱོད་ལམ་གཞན་བསྟེན་པ་ནི། འདུལ་བ་ལུང་ལས་འདི་ལྟར་གསུངས་པ་སྟེ། མ་གུས་པ་ལ་ཆོས་མི་བཤད། །མི་ན་བཞིན་དུ་མགོ་གཡོག་དང་། །གདུགས་དང་འཁར་བ་མཚོན་ཐོགས་དང་། །མགོ་བོ་དཀྲིས་པ་དག་ལ་མིན། །ཞེས་གསུངས་པ་ལ་སོགས་མདོ་རྒྱུད་བསྟན་བཅོས་ལས་གསུངས་པའི་སྤང་བྱའི་ཀུན་སྤྱོད་མཐའ་དག་སྤངས་ཏེ། བླང་བྱའི་ཀུན་སྤྱོད་མཐའ་དག་ཚུལ་བཞིན་དུ་བསྒྲུབས་ནས། དམ་པའི་ཆོས་ཉན་དགོས་པ་རེད། ཁྱད་པར་དུ་གསང་སྔགས་ཀྱི་ཆོས་ཟབ་མོ་ཞུ་བའི་དབང་དུ་བཏང་ན། གསང་སྔགས་ཟེར་རྒྱུ་དེ་སེང་གེའི་འོ་མ་ལྟ་བུ་ཞིག་ཡིན་ན། དེ་ཉིད་རིན་ཆེན་གསེར་སྣོད་མ་ཡིན་པའི་སྣོད་ཕལ་བར་བླུགས་ཀྱང་མི་ཆགས་པ་ཡིན་པས་ན། སྔོན་འགྲོ་སྔོན་དུ་སོང་ནས་རང་རྒྱུད་སྦྱངས་པ་གནད་དུ་མ་སོང་བར་དངོས་གཞིའི་ཉན་བཤད་ཇི་ལྟར་བྱས་ཀྱང་། རང་གཞན་བླ་སློབ་ཐམས་ཅད་ཕུང་བར་འགྱུར་བའི་རྒྱུ་ཡིན་པ་རེད། དེས་ན་ཐུན་མོང་ཕྱི་ཡི་སྔོན་འགྲོ་བློ་ལྡོག་རྣམ་བཞི་ལ་ཐོག་མར་བསླབས་ནས། འཁོར་བ་ལས་ངེས་པར་འབྱུང་བའི་བློ་བཅོས་མ་མ་ཡིན་པ་ཞིག་རང་རྒྱུད་ལ་སྐྱེས་པར་བྱས་ནས། རིམ་གྱིས་དངོས་གཞི་སྨིན་གྲོལ་གྱི་རིམ་པས་བརྩམས་ཏེ། སྙིང་པོའི་ལྷ་ཆོས་རྣམ་དག་ཆ་ཚང་བ་ཞིག་བསྒྲུབ་དགོས་པ་རེད། དེ་ཡང་ངེས་འབྱུང་གི་བློ་བཅོས་མ་མ་ཡིན་པ་ཟེར་རྒྱུ་དེ་ཇི་ལྟ་བུ་ཞིག་ཡིན་པ་རེད་ཟེར་ན། འཁོར་བའི་གནས་འདི་ཇི་ལྟར་བསམ། གང་ལྟར་བརྟགས་ཀྱང་། མེའི་འོབ། སྲིན་མོའི་གླིང་། རལ་གྲིའི་སོ། དུག་སྦྲུལ་གདུག་པ་ཅན་གྱི་ཚང་ལྟ་བུ། འཕྲལ་ཡུན་ཀུན་ཏུ་སྡུག་བསྔལ་བའི་རང་བཞིན་ཡིན་པར་ཤེས་ནས། སྐྱུག་ནད་ཅན་ལ་སྣུམ་ཟན་བྱིན་པ་ལྟར་ཞེས་གསུངས་པའི་དཔེར་བླངས་ཡོད་པ་ཇི་བཞིན་དེ། དེ་ཡང་སྐྱུག་ནད་ཅན་ཞེན་ཁ་ལོག་མཁན་ཞིག་ལ། ཟས་སྣུམ་པོ་མར་ཁུ་ལྟ་བུ་ཞིག་བླུད་ན་ཞེན་ཁ་ལོག་སྤྱད་ཡིན་པ་མ་རེད་དམ། འཁོར་བའི་ཆོས་ལ་ཞེན་པ་གཏིང་ནས་ལོག་པའི་ངེས་འབྱུང་དེ་ལྟ་བུ་ཞིག་མེད་ན། སོ་ཐར་བྱང་སེམས་སྔགས་གསུམ་གྱི་ཟབ་དང་རྒྱ་ཆེའི་ཆོས་ཅི་འདྲ་ཞིག་ཉན་ཁུལ་སྒྲུབ་ཁུལ་བྱས་ཀྱང་། སླར་ཡང་འཁོར་བར་འཁོར་བ་མ་གཏོགས་ཐར་པའི་རྒྱུར་འགྲོ་བ་མ་རེད། ཐར་པའི་རྒྱུ་རུ་མི་འགྲོ་པའི་རྒྱུ་མཚན་ཅི་ཡིན་ཟེར་ན། ངེས་འབྱུང་གི་བསམ་པས་མ་ཟིན་པས་རེད། དེས་ན་ད་རེས་ཐར་ལམ་ཡང་དག་པ་ཞིག་སྒྲུབ་པ་ལ། འཁོར་བར་ཞེན་ལོག་གི་ངེས་འབྱུང་དང་གཞན་ཕན་དོན་གཉེར་གྱི་བྱང་སེམས། བླ་མར་སངས་རྒྱས་དངོས་མཐོང་གི་དག་སྣང་སྟེ། གནད་གསུམ་པོ་དེ་ངེས་པར་ཚང་དགོས། འཁོར་བར་ཞེན་ལོག་གི་ངེས་འབྱུང་ཞིག་སྐྱེ་དགོས་ན་བློ་ལྡོག་རྣམ་པ་བཞི་ལ་ངེས་ཤེས་བརྟན་པོ་ཞིག་རྙེད་དགོས་པ་རེད། འོ་ན་བློ་ལྡོག་ཅེས་པ་དེ་ཅི་ཞིག་ལ་ཟེར་བ་རེད་ཅེ་ན། བློ་ལྡོག་ཅེས་པ་ཞེན་ལོག་གི་དོན་རེད། ཅི་ཞིག་ལ་ཞེན་པ་ལོག་དགོས་པ་རེད་ཟེར་ན། འཁོར་བའི་ཆོས་ལ་ཆགས་ཞེན་མེད་པར་ཞེན་ལོག་སྐྱེ་དགོས་པ་རེད། ས་སྐྱའི་ཞེན་པ་བཞི་བྲལ་གྱི་ནང་ལ། འཁོར་བ་ལ་ཞེན་ན་ངེས་འབྱུང་མིན་ཞེས་གསུངས་ཡོད་པ་རེད། །

བློ་ལྡོག་རྣམ་པ་བཞི་བཤད་པ།

བློ་ལྡོག་རྣམ་པ་བཞི་ནི། དལ་འབྱོར་རྙེད་དཀའ། ཚེ་མི་རྟག འཁོར་བའི་ཉེས་དམིགས། ལས་རྒྱུ་འབྲས་ཏེ་དེ་བཞི་རེད།

དལ་འབྱོར་རྙེད་དཀའ་བ།

དེས་ན་ཁ་ནང་དུ་ཚུར་ལ་འཁོར་ནས་རང་གིས་རང་ལ་བརྟགས་ཏེ། རང་ཉིད་ཀྱི་ལུས་རྟེན་འདིའི་ཐོག་ལ་བསམ་བློ་ཞིག་བཏང་ནས། དེ་ཡང་ལེགས་ན་ཐར་བའི་གྲུ་གཟིངས་ལུས་འདི་ཡིན་ཞེས་གསུངས་པས། ད་རེས་ཀྱི་ལུས་རྟེན་འདིའི་སྟེང་ནས། དམ་པའི་ཆོས་ཡང་དག་པ་ཞིག་སྒྲུབ་པའི་མཐུན་རྐྱེན་ཚོགས་ཏེ་སྒྲུབ་ཐུབ་ན། བདེ་ཞིང་སྐྱིད་པའི་ཆོས་འགོ་ཚུགས་པ་ཡིན་པས། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རང་གི་ལག་ཏུ་གནས་པ་ཇི་བཞིན་རང་དབང་རང་གིས་ཐོབ་ཐུབ་པ་རེད། སྡུག་གིས་འགོ་བཟུང་ནས། སྐྱིད་ཀྱིས་མཐའ་ཕུད་རྒྱུ་དེ་དམ་པའི་ཆོས་སྒྲུབ་རྒྱུ་འདི་ཡིན་པ་རེད། གཞན་ཡང་ཉེས་ན་འཁོར་བའི་གཏིང་རྡོ་ལུས་འདི་ཡིན། །ཞེས་གསུངས་ན། ལུས་རྟེན་འདིའི་སྟེང་ནས་འཇིག་རྟེན་ཚེ་འདིའི་བདེ་ཐབས་ཁོ་ན་བསྒྲུབས་ནས་མི་དགེ་སྡིག་པའི་ལས་ལམ་དང་འབག་ན། འཇིགས་སྐྲག་དང་སྡུག་བསྔལ་གྱི་སྣེ་ཟིན་པ་རེད། སྐྱིད་ཀྱིས་འགོ་བཟུང་སྟེ། སྡུག་གིས་མཐའ་ཕུད་རྒྱུ་དེ་འཇིག་རྟེན་འཁོར་བའི་བྱ་བཞག་རེད། དེས་ན་རང་གཞན་གྱི་ངོས་ནས་དེ་ལྟ་བུའི་འགལ་རྐྱེན་མེད་ཅིང་། མཐུན་རྐྱེན་ཚང་བ་དེ་ལ་དལ་འབྱོར་ལྡན་པའི་མི་ལུས་ཏེ། འགལ་རྐྱེན་མེད་པའི་ཆ་ནས་དལ་བ་དང་། མཐུན་རྐྱེན་ཚོགས་པའི་ཆ་ནས་འབྱོར་བ་ཞེས་ཟེར་ན་ཕལ་ཆེར་མི་ཆོག་རྒྱུ་ཡོད་པ་མ་རེད། དལ་འབྱོར་བཅོ་བརྒྱད་ཚང་མི་ཚང་འདིའི་ཐད་ནས་ཞིབ་ཀྱིས་བརྟགས་ཤིང་དཔྱད་པ་ཞིག་བྱས་ན། ངོ་བོ་དལ་བ་དང་ཁྱད་པར་གྱི་ཆོས་འབྱོར་བ་ལ་སོགས་པ་སྔོན་འགྲོ་ཚོའི་ནང་དུ་མང་པོ་གསུངས་ཡོད། དེ་ཡང་ངོ་བོ་དལ་བའི་ཕྱོགས་ནས་བསམ་བློ་བཏང་ན། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་གསུངས་ཏེ། དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་སོང་གསུམ་དུ་སྐྱེས་སོང་ན། རང་རང་གི་གནས་ཀྱི་སྡུག་བསྔལ་མྱངས་ནས་ཆོས་བྱེད་པའི་སྐལ་བ་མེད་པས། མི་ཁོམ་ཞེས་པའི་སྒྲ་སྦྱར་བ་རེད། ལོག་ལྟ་ཅན་དང་སངས་རྒྱས་མ་བྱོན་པའི་དམ་ཆོས་མི་དར་བའི་ས་ཆར་སྐྱེས་པ་ཀླ་ཀློའི་རིགས་དེ་ཚོ་ནི། དད་པ་མེད་ཅིང་དགེ་ངོ་སྡིག་ངོ་མི་ཤེས་པས་ན། དེ་བཞིན་དུ་ཆོས་བྱེད་དུ་མི་ཁོམ་པ་རེད། ལྷ་ཚེ་རིང་པོ་ཟེར་ན། ཁམས་གོང་མ་གཟུགས་ཁམས་ཀྱི་འདུ་ཤེས་མེད་པ་པ་དང་གཟུགས་མེད་ཁམས་ཀྱི་བྱིས་པར་སྐྱེས་སོང་ན་ཚེ་རིང་བ་ཡིན་ཡང་། ཚེ་རིང་ཡང་འདུ་ཤེས་མེད་པ་དང་སྙོམས་འཇུག་དེའི་ངང་དུ་དུས་གྲོན་ནས། ཚེ་ཇི་ལྟར་ཟད་པ་མི་ཤེས་པས་ན། ཡང་ཆོས་བྱེད་དུ་མི་ཁོམ་པ་རེད། ལྐུགས་པ་ཞིག་གི་ལུས་བླངས་ནས་ཞེ་ལྐུགས་པ་ལྟ་བུ་ཞིག་ཏུ་གྱུར་སོང་ན། རྣམ་ཤེས་ལས་སུ་མི་རུང་བས་ཆོས་འཆད་ཉན་སྒོམ་སྒྲུབ་ཀྱི་སྐལ་བ་མེད་པ་སྟེ། དེ་ལྟ་བུའི་མི་ཁོམ་པའི་གནས་བརྒྱད་དུ་མ་སྐྱེས་པའི་ཆ་ནས་དལ་བ་བརྒྱད་ཅེས་ཟེར་བ་རེད། ཁྱད་པར་གྱི་ཆོས་འབྱོར་བ་ལ། རང་འབྱོར་ལྔ་དང་གཞན་འབྱོར་ལྔ་སྟེ་བཅུར་བགྲངས་བས། རང་ངོས་ཀྱི་ཆ་རྐྱེན་ཚོགས་པའི་ཆ་ནས་རང་འབྱོར་དང་། གཞན་ངོས་ཀྱི་མཐུན་རྐྱེན་འཛོམས་པའི་ཆ་ནས་གཞན་འབྱོར་ཞེས་ཟེར་བ་རེད། དེ་ལས་རང་འབྱོར་ལྔ་གང་རེད་ཟེར་ན། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་གསུངས་ཡོད་པས། མིའི་ལུས་རྟེན་ཐོབ་ཡོད་པ། ཆོས་དར་བའི་ཆོས་ཚིགས་ཀྱི་ཡུལ་དབུས་སུ་སྐྱེས་ཡོད་པ། ཆོས་ཉན་ཆོག་སྒྲུབ་ཆོག་གི་དབང་པོ་ཚང་བ། དམ་པའི་ཆོས་ལ་རྒྱབ་ཀྱིས་ཕྱོགས། ཡང་དག་པའི་བཤེས་གཉེན་ལ་དགྲ་ལྟར་སྡང་བའི་ལས་མཐའ་ལོག་སོང་བ་མ་ཡིན་པ། དད་ཅིང་བཀུར་བའི་གནས་སངས་རྒྱས་ཀྱི་བསྟན་པ་དང་དེ་འཛིན་གྱི་སྐྱེས་བུ་ལ་དང་འདོད་ཡིད་ཆེས་ཀྱི་དད་པ་ཡོད་པ་སྟེ། ལྔ་པོ་དེ་རང་ངོས་ནས་ཚང་རྒྱུ་འདིའི་མིང་ལ་རང་འབྱོར་ལྔ་ཞེས་ཟེར་བ་དང། གཞན་འབྱོར་ལྔ་ ནི། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེའི་རྗེས་ཞུགས། །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་གསུངས་པས། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་བསྐལ་བ་ལ་སྐྱེས་པས་སྟོན་པ་ཁྱད་པར་ཅན་གྱི་འབྱོར་བ། སྟོན་པ་བྱོན་པས་མ་ཚད། སྟོན་པས་ཆོས་གསུངས་པའི་སྐབས་དང་ཁེལ་བས་ན་བསྟན་པ་དམ་པའི་ཆོས་ཀྱི་འབྱོར་བ། ཆོས་བསྟན་པས་མ་ཚད་བསྟན་པའི་གནས་ཚད་མ་རྫོགས་པའི་དུས་དང་ཁེལ་བས་དུས་ཀྱི་འབྱོར་བ། བསྟན་པ་གནས་པས་མ་ཚད་རང་ཉིད་བསྟན་པའི་ཆོས་སྒོར་ཞུགས་རྒྱུ་བྱུང་བ་རང་སྐལ་གྱི་འབྱོར་བ། བསྟན་པར་ཞུགས་པས་མ་ཚད་ལམ་སྟོན་གྱི་བཤེས་གཉེན་བཟང་པོ་དང་ཕྲད་པས་ལྷག་པའི་ཐུགས་རྗེའི་འབྱོར་བ་སྟེ། ལྔ་བོ་དེ་གཞན་རྐྱེན་ལ་ལྟོས་ནས་ཚང་དགོས་པ་ཡིན་པས་ན། དེ་དག་ཚང་ཡོད་པས་གཞན་འབྱོར་ལྔ་ཞེས་ཟེར་བ་རེད། དེ་ལྟ་བུའི་དལ་བ་བརྒྱད་དང་འབྱོར་བ་བཅུ་སྟེ་བཅོ་བརྒྱད་པོ་ཚང་བ་ལ། དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་ཞེས་ཟེར་བ་རེད། འོན་ཀྱང་དལ་འབྱོར་འདི་ཡང་ཐེངས་གཅིག་ཚང་བས་མི་ཕན། ཡང་དེར་འགྱུར་བ་བྱུང་ནས་མི་ཚང་བར་རེད་སླ་བ་ཡིན། འཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་བརྒྱད་དང་། རིས་ཆད་བློ་ཡི་མི་ཁོམ་པ་བརྒྱད་དེ་བརྒྱད་གཉིས་བཅུ་དྲུག་པོ་འདི་དག་གི་དབང་དུ་སོང་ན། དལ་འབྱོར་ཚང་བའི་ངེས་པ་ཡོད་པ་མ་རེད། དེ་ཇི་ལྟར་ཡིན་པ་རེད་ཅེ་ན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས། དུག་ལྔ་འཁྲུགས་དང་བླུན་རྨོངས་བདུད་ཀྱིས་ཟིན། །ལེ་ལོ་ཅན་དང་ལས་ངན་མཚོ་ཆེན་བརྡོལ། །གཞན་དབང་འཇིགས་སྐྱོབ་ཆོས་ལྟར་བཅོས་པ་སྟེ། །འཕྲལ་བྱུང་རྐྱེན་གྱི་མི་ཁོམ་རྣམ་པ་བརྒྱད། །ཅེས་གསུངས་པ་ལྟར་རེད། ཡང་ད་དུང་དེས་ཀྱང་མི་ཚད་པར། འཆིང་བ་དམ་ལྡན་ཀུན་སྤྱོད་ཤིན་ཏུ་ངན། །འཁོར་བར་མི་སྐྱོ་དད་པ་ཅུང་ཟད་མེད། །མི་དགེ་སྡིག་སྤྱོད་ཆོས་ལ་སེམས་པ་བྲལ། །སྡོམ་དང་དམ་ཚིག་འཆལ་བ་ཞེས་བྱ་བ། །རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད། །ཅེས་གསུངས་པ་ལྟར། དལ་འབྱོར་གྱི་ཆོས་སུམ་ཅུ་རྩ་བཞི་བོ་འདི་རང་རྒྱུད་དུ་ཚང་དང་མི་ཚང་བརྟག གལ་ཏེ་མ་ཚང་ན་ཚང་ཐབས་ལ་འབད་རྒྱུ་དང་། ཚང་ན་དགའ་བ་བསྒོམ་ཞིང་། རང་རྒྱུད་ཆུད་ཟོས་སུ་མི་འགྲོ་བ་ཞིག་ལ་འབད་རྒྱུ་དེ་གལ་ཆེ་བ་རེད། སྤྱིར་ན་མངོན་མཐོ་ལྷ་མིའི་ལུས། དེའི་ནང་ནས་མི་ལུས་ཁྱད་པར་ཅན་ཐོབ་བྱེད་ཀྱི་རྒྱུ་དེ་གང་རེད་ཅེ་ན་ཚུལ་ཁྲིམས་ཡིན་པ་རེད། དབུ་མ་འཇུག་པའི་ནང་དུ། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་གསུངས་པ་ལྟར་རེད། དེ་ལྟ་བུའི་དལ་འབྱོར་ཚང་བའི་མི་ལུས་ཁྱད་པར་ཅན་དེ་ཉིད་རྙེད་དཀའ་བའི་དཔེ་ལ་བསམ་བློ་བཏང་ན། མགོན་པོ་ཀླུ་སྒྲུབ་ཀྱིས། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་བུ་ག་དང་། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །ཅེས་གསུངས་པ་ལྟར། རྒྱ་མཚོ་ཆེན་པོ་མུ་མཐའ་མེད་པ། རླབས་ཆེན་པོ་ཤར་དང་ནུབ་ཏུ་འཕྱོ་བ་ཞིག་གི་ཁར། རོང་པ་རྣམས་ཀྱིས་ཞིང་རྨོ་དུས་མཛོ་གཉིས་སྐེ་སྦྲེལ་བྱེད་ཀྱི་གཉའ་ཤིང་ཟེར་རྒྱུའི་ཤིང་བུ་ག་ཅན་ཞིག་ཡོད་པ་དེ་འདྲ་ཞིག རྒྱ་མཚོ་ཆེན་པོའི་ཁ་ནས་རླུང་ཆེན་པོ་དང་རླབས་དྲག་པོས་གནས་གཅིག་ཏུ་ངེས་པ་མེད་པར་དེད་ནས་འགྲོ་བཞིན་པ་ཞིག་ཡོད་ན། རྒྱ་མཚོ་དེའི་གཏིང་ན། རུས་སྦལ་ལོང་བ། ལོ་བརྒྱ་རེའི་མཚམས་སུ་ཐེངས་རེར་མཚོ་ཁ་རུ་བུད་པ། ཐེངས་རེར་མཚོ་ཁར་བུད་དུས། སྐེ་ཐེངས་མ་རེ་བརྐྱངས་པ་དེ་ལྟ་བུ་ཞིག་ཡོད་པ་ཡིན་ན། རུས་སྦལ་དེའི་སྐེ་དེ་གཉའ་ཤིང་གི་བུ་གར་ཚུད་རྒྱུ་དེ་སྲིད་མཐའ་མ་བཀག་ཙམ་དང་། ཡོད་མི་སྲིད་པ་མིན་ཙམ་ཞིག་མ་ཡིན་ནམ། ད་དུང་དེ་བས་ཀྱང་དལ་འབྱོར་ཚང་བའི་མི་ལུས་འདི་རྙེད་དཀའ་བར་གསུངས་ཡོད་པ་རེད། གཞན་ཡང་གྲངས་ཀྱི་ཁྱད་པར་གྱི་ཐོག་ནས་བསམ་བློ་བཏང་ན། དམྱལ་བའི་སེམས་ཅན་དེ་མཚན་མོའི་སྐར་མ་ལྟར་གྲངས་མང་པོ་ཞིག་ཡིན་ན། ཡི་དྭགས་སུ་སྐྱེས་བའི་སེམས་ཅན་དེ་ཉིན་མོའི་སྐར་མ་ཙམ་གྲངས་ཉུང་ཉུང་ཞིག་ཡིན་པ་རེད། ཡི་དྭགས་ཀྱི་ལུས་རྟེན་དེ་མཚན་མོའི་སྐར་མ་འདྲ་ཞིག་ཡིན་ན། དུད་འགྲོར་སྐྱེས་པ་དེ་ཉིན་མོའི་སྐར་མ་ཙམ་ཞིག་དང་། དུད་འགྲོར་སྐྱེས་པ་དེ་མཚན་མོའི་སྐར་མ་ཙམ་ཞིག་ཡིན་ན། བདེ་འགྲོ་མཐོ་རིས་ཀྱི་ལུས་རྟེན་ཐོབ་པ་དེ་ཉིན་མོའི་སྐར་མ་འདྲ་ཞིག་ཡིན་ཞེས་གསུངས་ཡོད་པ་རེད། མིའི་ལུས་རྟེན་ལ་ཡང་མི་ལུས་ཙམ་པོ་བ་ཟེར་རྒྱུའི་མི་ལུས་ཙམ་ཞིག་བླངས་པ་མང་ཡང་། དེའི་ནང་ལ་དལ་འབྱོར་བཅོ་བརྒྱད་དམ་སོ་བཞི་ཚང་བ་དེ་བརྒྱ་ཆ་མ་དགོས་སྟོང་ཆ། སྟོང་ཆ་མ་དགོས་ཁྲི་ཆ་ཙམ་རེ་ཡོད་མེད་འཕྱང་མོ་ཉུག་གམ། ཐེ་ཚོམ་གྱི་གཞིར་གྱུར་པ་ཞིག་ཡིན་པ་རེད། དེས་ན། མི་ལུས་རིན་ཆེན་རྙེད་པ་འདི། །ནོར་བུ་རྙེད་པའི་དོ་མ་ཡིན། །སྐྱོ་ཤས་མེད་པའི་མི་རྣམས་ཀྱིས། །སྟོང་ཟད་བྱས་པ་མཐོང་ལགས་སམ། །ཞེས་དང་། རྒྱལ་སྲས་ཞི་བ་ལྷས་ཀྱང་། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་གསུངས་ཡོད་པ་རེད། དེ་ལྟ་བུའི་དལ་འབྱོར་རྙེད་པར་དཀའ་ཚུལ་གོ་ལོ་དང་ཐོས་ལོ་ཙམ་ཞིག་གིས་ཆོག་རྒྱུ་མི་བྱེད་པར། རང་ཐོག་ཏུ་ལེན་ནས་བསྒོམ་དགོས་ཏེ། ཆོས་སེམས་ཨ་མའི་མངལ་ནས་སྐྱེས། །སྐྱེས་མ་ཐག་ཏུ་འཆི་ཆོས་དྲན། །ཞེས་གསུངས་པ་ལྟར་རེད། །

ཚེ་མི་རྟག་པ་བཤད་པ།

ཚེ་མི་རྟག་པ་ནི། སློབ་དཔོན་རྟ་དབྱངས་ཀྱིས། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་གསུངས་པས། སྐྱེས་བུའི་ཚེ་སྲོག་ལ་རྟག་པ་མེད་པས་མ་ཚད། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པ་རེད། ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་སྟེ། མཐར་མེ་བདུན་དང་ཆུ་གཅིག་གིས་འཇིག་རྒྱུ་ཡིན་པ་རེད། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང་། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམས་ཆུང་མི་ལྟ་སྨྲོས་ཅི་འཚལ། །ཞེས་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་པ་ལྟར་དང་། ནང་བཅུད་ཀྱི་སེམས་ཅན་ཡང་དེ་བཞིན་དུ་རྟག་པ་མ་རེད། སྐྱེ་བའི་ལན་ལ་འཆི་བ་ཡོད་པ་རེད། སྐྱེས་པ་དེ་འཆི་བའི་དོན་དུ་ཆེད་གཏད་གྱིས་ཡོང་བ་འདྲ་ཞིག་ཡིན། མི་ཚེའི་དུས་ཚོད་དེ། ཉིན་མཚན་ཉི་མ་དཀར་ནག་གི་གོམ་པ་སྤོས་ནས་འཆི་བདག་ལ་གདོང་གཏད་དེ། དེའི་སྔོན་ལ་རྒྱུག་གིན་ཡོད་པ་དང་གཅིག་མཚུངས་རེད། སྲིད་གསུམ་མི་རྟག་སྟོན་ཁའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་རྦབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་གསུངས་པ་ལྟར་དང་། སྤྱོད་འཇུག་ལས་ཀྱང་། ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་གསུངས་པ་ལྟར། སྤྱིར་འཛམ་བུ་གླིང་པའི་ཚེ་ལ་རིང་ཐུང་གི་ངེས་པ་མེད། ཚེ་ཟད་ནས་ཇེ་ཐུང་དུ་འགྱུར་རྒྱུ་མ་གཏོགས། ཁ་སྣོན་ལྷག་མ་ཞིག་ཟུར་ནས་ཡོང་རྒྱུ་མེད་པས། དང་པོ་སྐྱེས་པའི་ཉི་མ་དེ་ནས་འགོ་བརྩམས་ཏེ། གཤིན་རྗེའི་སྐྱེས་བུ་ལ་གདོང་གཏད་ཡོད་ན། འཆི་བདག་གི་བསུ་མ་དང་ཉིན་རེ་སོང་ན་ཐག་ཇེ་ཉེ་ཡིན་པ་རེད། ཚེ་འདི་ཉི་མ་བཞིན་དུ་ཕར་ཕར་འགྲོ། །འཆི་བདག་གྲིབ་སོ་བཞིན་དུ་ཚུར་ཚུར་འོང་། །ཞེས་གསུངས་པ་ལྟར་རེད། རང་ཅག་རྣམས་ཀྱི་ཆུའི་ཆུ་བུར་ལྟ་བུའི་ལུས་འདི་མ་དགོས། སངས་རྒྱས་བཅོམ་ལྡན་འདས་ལྟ་བུ་རྡོ་རྗེའི་སྐུ་བརྙེས། ཟག་མེད་ཀྱི་ཡེ་ཤེས་ལ་མངའ་དབང་འབྱོར་བ་དེ་ཚོས་ཀྱང་། གདུལ་བྱ་རྟག་འཛིན་ཅན་ཆོས་ལ་བསྐུལ་བའི་ཕྱིར་དུ། སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་དང་། འཇིག་རྟེན་ན་ཆེ་བ་སྟོབས་དང་གཟི་བརྗིད་ཕུན་སུམ་ཚོགས་པ་དེ་ཚོ་ཡང་། མཐར་འཆི་བའི་ལམ་ལས་འགྲོ་ས་གཞན་ཡོད་པ་མ་རེད། ཚངས་དབང་བདེ་འབྱུང་འཁོར་ལོས་བསྒྱུར་རྣམས་ཀྱང་། །འཆི་བདག་བདུད་ལས་བཟུར་བའི་ཐབས་མི་བསམ། །ཞེས་དང་། མཐོན་པོའི་ཐོབ་དང་ཕྱུག་པོའི་ལོངས་སྤྱོད་དང་། །བཙན་པོའི་དཔུང་ཤེད་གཞོན་ནུའི་ལང་ཚོ་སོགས། །མཐའ་དག་སྤངས་ནས་ངེས་པར་འཆི་དགོས་ན། །ཚེ་འདི་ཁོ་ནར་སེམས་པ་ཤིན་ཏུ་བླུན། །ཞེས་གསུངས་པ་ལྟར། སྟོབས་འབྱོར་ཇི་ལྟར་ཆེ། མངའ་ཐང་ག་ཚད་རྒྱས་ཀྱང་། མཐར་གྲོགས་མེད་གཅིག་པུར་འཆི་བའི་ལམ་ལ་འགྲོ་རྒྱུ་མ་གཏོགས། མཐོ་རྒྱལ་པོ། དམའ་སྤྲང་པོ་སུ་ཡིན་ཡང་མི་འཆི་བར་འདུག་དབང་ཡོད་པ་མ་རེད། དཔེ་དོན་སྣ་ཚོགས་ཀྱི་ཐོག་ནས་བསམ་བློ་ཞིག་བཏང་ན། དབྱར་དགུན་སྟོན་དཔྱིད་ཀྱི་དུས་མི་རྟག་སྟེ། དབྱར་རྩི་ཤིང་མེ་ཏོག་བཀྲ། བྱ་ཁུ་བྱུག་གིས་གསུང་སྙན་སྒྲོག་སྐབས་སུ། གང་ན་བལྟས་ཀྱང་ལྷ་ཡུལ་འདྲ་ཞིག་ཡིན་རུང་། དགུན་གངས་འཁྱག་བ་མོས་བཟུང་། ས་སྐམ་རྡོ་འཁྱག་ཏུ་ལོག་དུས། འདྲེ་བཏགས་ན་ཕུར་བས་མི་བཟུང་གི་སྙམ་པའི་དུས་ཚོད་ཚེས་རྒྱུ་ཡོད་པ་རེད། གཞན་ཡང་འཇིག་རྟེན་མིའི་དར་རྒུད་མི་རྟག་སྟེ། མཐོན་པོའི་ཐོབ་མི་རྟག ཕྱུག་པོའི་འབྱོར་མི་རྟག ཁྱིམ་གཅིག་གི་བཟའ་ཚང་ལ་མཚོན་ན་དེ་བཞིན་དུ་རྟག་པ་མ་རེད། ན་ནིང་ཡོད་པ་ད་ལོར་མེད། ད་ལོར་ཡོད་པ་རྣམས་སང་ཕོད་ཡོད་མེད་སུས་ཤེས། དགྲ་གཉེན་ངེས་མེད་ཀྱི་ཐོག་ནས་བསམ་ནའང་རྟག་པ་མིན་ཏེ། སྔ་དྲོ་གཉེན་གྱི་རྩེ་མོ་ནང་གཏམ་སྙིང་གི་གསང་གྲོས་བཤད་ས་དེ། ཕྱི་དྲོ་དགྲ་ཡི་དྭངས་མ་སྲོག་དམར་པོ་ཡིན་རུང་ལག་ཅིག་འཇོག་ཨེ་ཡོང་བསམ་རྒྱུའི་ས་ཚོད་ལ་ཐོན་རྒྱུ་གང་མང་མང་ཡོད་ན། དགའ་དུས་སྙིང་གཏམ་བཤད་ཆེ་ན། །སྡུག་དུས་དགྲ་རུ་འགྱུར་བ་མང་། །ཞེས་གསུངས་པ། འཇིག་རྟེན་སྤྱིའི་ཆོས་ཉིད། སོ་སྐྱེ་བྱིས་པའི་རང་བཞིན་དང་རང་གཤིས་ཡིན་པ་རེད། དེ་ལ་རྟག་པ་བརྟན་པ་གཅིག་ཀྱང་མེད་དེ། ཉེ་བའི་ཐ་མ་འཁོན་གྱིས་བསྡུས་པ་དང་། འདྲིས་པའི་ཐ་མ་དབྱེན་གྱིས་ཕྱེས་ནི་གང་མང་མང་ཡིན་པ་རེད། ཚེ་མི་རྟག་པ་དེའང་མི་ཁོ་ན་མི་རྟག་པ་མ་རེད། ས་སྟེང་གི་སྲོག་ལྡན་ཐམས་ཅད་མི་རྟག་པ་རེད། དེ་ཡང་འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། ལོ་བརྒྱ་ཡི་སྔོན་དུ་ས་འདིའི་ཐོག་ལ་ཡོད་པའི་མི་ཐམས་ཅད་ད་ལྟ་ཕལ་ཆེར་གཅིག་ཀྱང་ལུས་མེད་པར། དུས་གསུམ་དུས་ཀྱི་འཁོར་ལོ་བར་མེད་དུ་འཁོར་བའི་འདས་པའི་ལོ་རྒྱུས་ཀྱི་ཕྱག་དར་གྱི་ཕུང་པོའི་ནང་དུ་སྤུངས་ཚར་སོང་བ་རེད། མ་འོངས་མདུན་ཕྱོགས་སུ་རྒྱང་བལྟས་ཤིག་བྱས་ན། འབྱུང་འགྱུར་མ་འོངས་ལོ་བརྒྱའི་མཚམས་སུ། ད་ལྟ་ས་སྟེང་ལ་གོམ་པ་སྤོ་མཁན་འདི་ཚོ་ཕལ་ཆེར་གཅིག་ཀྱང་ལྷག་མེད་པ་རེད། འུ་ཅག་རྣམས་ལ་མངོན་ཤེས་མེད་པས་ནམ་འཆི་མི་ཤེས། བླུན་ཞིང་རྨོངས་པས་འཆི་བའི་ཕྱོགས་ལ་འདང་མི་ཕོག་པར་འཆི་རྒྱུ་མེད་པའམ། ཡུན་རིང་མི་འཆི་བའི་འདང་ལོག་ཅིག་བརྒྱབ་སྟེ། ཞག་གཅིག་འདུག་པའི་ཚེ་མེད་རུང་། ལོ་བརྒྱར་འདུག་རྒྱུའི་ལས་ལས་ནས། འཁྲུལ་སྣང་འཁོར་བའི་ཆོས་ལ་གཡེངས་ཏེ། ལོ་ཉི་ཤུའི་ཉི་མ་སྟོང་ཟད། ཝ་དམར་པོའི་གྲ་ཁ་རླུང་ཟད་ཟེར་སྲོལ་ལྟར། མི་ཚེའི་ཉི་མ་གར་འགྲོ་མི་ཤེས་པར་བསྡད་ཡོད་པ་རེད་མ་གཏོགས། མི་ཁྱོད་ལོ་འདིའི་ཟླ་འདིའི་ཚེས་པ་འདིའི་ཆུ་ཚོད་འདིའི་སྟེང་ལ། རྐྱེན་འདི་ལྟ་བུས་ཤི་རྒྱུ་ཡིན་པ་དང་། དེ་ལ་བཟློག་རྒྱུ་མེད་པ་ཤེས་ན་དོ་ནུབ་ཀྱི་ཟ་མ་ཡི་གར་འོང་རྒྱུ་མ་རེད་ལ། མཚན་གཉིད་ཀྱང་ཁུག་རྒྱུ་མ་རེད། ཤི་ནས་ངན་སོང་གི་ལུས་ངན་འདི་དང་འདི་ལྟ་བུ་ལེན་རྒྱུ་ཡིན་པ་ཤེས་ན། དེ་བས་ཀྱང་དངངས་སྐྲག་བླ་ཆད་པ་ཙམ་ཞིག་ཡོང་རྒྱུ་ཡིན་པ་ཉག་ཅིག་རེད། འོན་ཀྱང་བླུན་ཞིང་རྨོངས་པའི་དབང་གིས་སྣང་མེད་དུ་བཞག་པ་འདི་ཅི་འདྲ་ཞིག་རེད་ཟེར་ན། སང་ཉིན་གསད་རྒྱུའི་བཤའ་ཟོག་གིས་དེ་རིང་རྩྭ་ཟོས་ནས་སྣང་མེད་དུ་འགྲོ་བཞིན་ཡོད་པ་དང་འུ་ཅག་ཚོ་གཅིག་མཚུངས་རེད། འཆི་རྐྱེན་ངེས་མེད་ཀྱི་ཕྱོགས་སུ་བསམ་བློ་བཏང་ན། སློབ་དཔོན་ཨརྱ་དྷེ་ཝས། འཆི་བའི་རྐྱེན་ནི་ཤིན་ཏུ་མང་། །འཚོ་བའི་རྐྱེན་ནི་ཤིན་ཏུ་ཉུང་། །དེ་ཡང་འཆི་བའི་རྐྱེན་དུ་འགྱུར། །ཞེས་གསུངས་པ་ལྟར། ཕྱི་རྐྱེན་མེ་ཆུ་དུག་མཚོན། གནོད་སྦྱིན་སྲིན་པོ། མི་དང་དུག་སྦྲུལ་འདྲེ་གདོན་ལ་སོགས་པའི་འཇིགས་པ་དང་། ནང་རྐྱེན་ནད་གདོན་བར་ཆད། ནད་རིགས་བཞི་བརྒྱ་རྩ་བཞི། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་དང་། ནད་ལ་མཚོན་ནའང་འདི་ཡོད་འདི་མེད་ཟེར་རྒྱུ་དང་། འཆི་རྐྱེན་འདིས་བྱེད་དང་འདིས་མི་བྱེད་ཟེར་རྒྱུ་ཞིག་ཡོད་པ་མ་རེད། འབྱུང་བཞི་འདུས་པའི་ཕུང་པོ་ཁྲག་གི་ཆུ་བུར་འདྲ་བ་འདི་བརྡོལ་རྒྱུ། དེ་ལས་སླ་བ་མེད། ཤི་གསོན་གཉིས་ཀྱི་བར་ལ་དབུགས་རྟ་རྔ་འདྲ་ཞིག་གི་འགྲོ་འོང་ལས་ཡོད་པ་མ་རེད། འཚོ་བའི་རྐྱེན་དུ་རེ་བ་བྱེད་སའི་ཟས་གོས་སྨན་ལ་སོགས་པ་ཡང་། ཕན་མ་དགོས་གནོད་ཀྱི་གཞི་མ། འཆི་རྐྱེན་དུ་འགྱུར་མི་འགྲོ་བའི་ངེས་པ་མེད། ཁྱད་པར་དུ་དུས་ངན་སྙིགས་མ་ལྔ་བདོ། ཚེའི་སྙིགས་མར་གྱུར་བའི་སེམས་ཅན་གྱི་ཚེ་སྲོག་དེ། རླུང་འཚུབ་བུ་ཡུག་ཁྲོད་ཀྱི་མར་མེ་ལྟ་བུ་གནོད་པ་མང་བ་ཡིན་པས་ནམ་འཆི་ངེས་པ་མེད། ཚེ་ཟད་ནས་འཆི་རན་པའི་ཉི་མ་ཤར་དུས། སངས་རྒྱས་སྨན་བླ་བྱོན་ནས་སྨན་བྱིན་ཡང་ཕན་ཐོགས་ཡོད་པ་མ་རེད། ཚེ་དཔག་མེད་པ་བྱོན་ནས་ཚེ་དབང་བསྐུར་ཀྱང་དེའི་ཚེ་སྣོན་མི་ཐུབ། ཕྱག་ན་རྡོ་རྗེས་བསྲུང་བ་མཛད་ཀྱང་འགོག་མི་ཐུབ་པར། ཤི་རན་པའི་དུས་ཚོད་ཚེས་དུས་བཟློག་ཐབས་མེད་པར་འཆི་འགྲོ་བ་རེད། རྒྱལ་སྲས་ཞི་བ་ལྷས། གཤིན་རྗེའི་སྐྱེས་བུས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །ཞེས་གསུངས་པ་ལྟར་དང་། ད་དུང་རྒྱལ་པོ་ལ་གདམས་པའི་མདོ་ལས་ཀྱང་། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲངས། །སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲངས། །ཞེས་གསུངས་པ་ལྟར། ཤི་བའི་ནང་མོར་དམ་པའི་ཆོས་ལས་རེ་ས་གཞན་མེད་པ་ཡིན་པས། ས་ཐག་རིང་ལ་འགྲོ་དགོས་ན། གྲོ་ཆས་བསྡུ་དགོས་པ་ལྟར། ཚེ་ཕྱི་མའི་ལམ་ཆེན་ལ་གཏན་འགྲོ་བྱེད་པར་ད་ནས་གྲ་སྒྲིག་ཅིག་མ་བྱས་ན། འཆི་ཁ་ཁྲིག་ཁྲིག་གཟེར་བརྩེག་ས་ལ་ཐུག གློ་བུར་འཆི་བདག་གི་ཞགས་ནག་སྐེ་ལ་ཐེབས་དུས། ད་དུང་རེ་ཞིག་སྒུག་རོགས་ཟེར་ས་མི་ལོན། འཆི་བ་གློ་བུར་དུ་ཐོག་ལ་བབས་པའི་དུས་དེར་སླེབས་དུས། སྐྱབས་རེ་ས་དམ་པའི་ལྷ་ཆོས་མ་གཏོགས་མེད། སྡེ་འབུམ་ཕྲག་མང་པོའི་མགོ་དཔོན་ཡིན་ཡང་། འཁོར་གཡོག་གཅིག་དང་། གྲྭ་སྟོང་ཕྲག་མང་པོའི་བླ་མ་ཡིན་ཡང་གྲྭ་བ་གཅིག་ཙམ་ཡང་ཁྲིད་ས་མེད། ལྷོ་འཛམ་བུ་གླིང་གི་རྒྱུ་ནོར་ལོངས་སྤྱོད་མི་གཅིག་ལ་ཡོད་ཀྱང་། ཁབ་སྐུད་པ་ཙམ་ཡང་ཁྱེར་དབང་ཡོད་པ་མ་རེད། ལྗོན་ཤིང་བརྡིབ་པར་གྱུར་པའི་ཚེ། །ཡལ་ག་ལོ་མས་ཅི་ཞིག་བྱེད། །དེ་བཞིན་སྐྱེས་བུ་འཆི་བའི་ཚེ། །ཡོངས་སུ་བཟུང་བས་ཅི་ཞིག་བྱེད། །ཅེས་གསུངས་པ་ལྟར་རེད། ཐ་ན་ང་ཞེས་བཏགས་སའི་གདག་གཞི། གཅེས་པར་བསྐྱངས་པའི་རང་ལུས་ཀྱང་བསྐྱུར་ནས་འགྲོ་དགོས་པས་མ་ཚད། ཤ་ཚལ་བ། ཁྲག་ཐིགས་པ། སྐྲ་ཉག ལུས་ཀྱི་བ་སྤུ་རེ་རེ་ནས་བཟུང་སྟེ་རྡུལ་ཕྲན་དུ་ཞིག་ནས་མཐར་མེད་པ་རེད་འགྲོ་བ་རེད། ཤི་རན་ཁ་ངོ་མ་ལ་ཐོན། མལ་གྱི་ཐ་མ་ན་ཉལ། ཟས་ཀྱི་ཐ་མ་ལ་སྤྱོད། གོས་ཀྱི་རྗེས་མ་དེ་གྱོན། གཏམ་གྱི་མཇུག་མ་དེ་བཤད་ནས། མིག་མཆི་མ་ཧྲིག་གེ། གཅེས་པའི་ཤུལ་ལུས་ཀྱི་མི་ལ་སེམས་འཕྲེང་བཞིན་དུ། གཅིག་པུར་རྒྱུས་མེད་ཕྱི་མའི་ལམ་ཆེན་དུ་འགྲོ་དུས། རང་བྱས་ཀྱི་སྡིག་པ་བསགས་ཚད་ཐམས་ཅད་རང་གིས་བགོས་ཁུར་བྱས་ནས་རྣམ་སྨིན་མྱོང་རྒྱུ་མ་གཏོགས། དེའི་དུས་སུ་ཁྱིམ་བཟའ་ཚང་། གཉེན་བཤེས་དགའ་མཛའ་ལ་སྡུག་བསྔལ་བགོ་ས་ཡོད་པ་མ་རེད། སྡུག་མཉམ་ཁུར་བྱེད་ཐབས་མེད་སོང་བ་རེད། དེས་ན་ནམ་ཞིག་ལོས་འཆི་བསམ་རྒྱུ་ཙམ་མ་ཡིན་པར་ད་ལྟ་གློ་བུར་དུ་ཤི་སོང་ན་ཅི་ཞིག་བྱེད་རྒྱུ་ཡིན་པ་འདང་བརྒྱབ་ནས། དུས་རྒྱུན་དུ་མ་ཡེངས་པའི་དྲན་པ་དང་བག་ཡོད་པའི་ཤེས་བཞིན་དང་མི་འབྲལ་བར་སྙིང་མེད་འཁོར་བའི་བྱ་བཞག་ལ། སྙིང་པོ་མེད་པའི་ངེས་ཤེས་གཏིང་ནས་འདྲོང་བར་བྱས་ཏེ། ད་ལྟ་ནས་སེམས་དྲན་པའི་གཞུ་མོ་ནང་དུ་བཀུག བློ་ཤེས་རིག་གི་མདའ་མོ་སྟོང་ལ་སྦྱར་ཏེ། ཡང་དག་པའི་ཆོས་ལ་བློ་ཁ་ཕྱོགས་པའི་འདུན་པ་ཆོས་ཕྱོགས་སུ་བསྒྱུར་དགོས། དེ་ལྟར་དམ་པའི་ཆོས་ལམ་ལ་ཞུགས་ན་འཆི་བ་ལ་སྐྲག་མི་དགོས་པའི་དུས་ཤར་རྒྱུ་ཡོད་པ་རེད། རྗེ་མི་ལས། ང་འཆི་བས་འཇིགས་ནས་རི་ལ་བྲོས། །ནམ་འཆི་ཆ་མེད་བསྒོམ་བསྒོམས་ནས། །འཆི་མེད་གཉུག་མའི་བཙན་ས་ཟིན། །ད་འཆི་བའི་འཇིགས་པ་བོར་ཏེ་ཐལ། །ཞེས་གསུངས་པ་ལྟར་ཡིན། ད་ལྟ་རང་དབང་རང་ལག་ལ་ཡོད་དུས་དོན་ཆུང་འཁོར་བའི་བྱ་བཞག་འདི་ཚོ་བསྐྱུར་དགོས་པ་རེད། བྱས་པའི་ལས་ལ་འགྲུབ་པའི་མཐའ་ཞིག་ཡོད་དགོས་པ་ཡིན་ན། གནོག་ཆུང་ཚེ་འདིའི་བྱ་བཞག་འདི་ལ་འགྲུབ་པའི་མཐའ་མེད་པ་ཡིན་པས། ཚར་སྒུག་བྱེད་རྒྱུ་ཡོད་པ་མ་རེད། བྱས་ན་མི་ཟིན་བསྐྱུར་ན་ཟིན་ཞེས་གསུངས་པས། ནམ་བསྐྱུར་ན་དེ་དུས་ཚར་བ་རེད། དེས་ན་ཚར་རྒྱུ་འགྲུབ་རྒྱུ་མེད་པའི་དོན་ཆུང་ལ་མགོ་མི་འཁོར་བར། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཟློག་སླད་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །དེ་ལས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་པ་དང་། ད་དུང་དེས་མི་ཚད་པར་ཕ་དམ་པས་ཀྱང་། བྲེལ་ལྡན་ཚར་ནས་ཆོས་ལ་ཕྱིན་པ་མེད། །དྲན་པའི་ཚེ་ན་སྦྱོར་ཅིག་དིང་རི་བ། །ཞེས་གསུངས་ཡོད་པ་རེད། ཆོས་སྒྲུབ་དུས་ད་ལྟ་ཉིད་ནས་སྒྲུབ་དགོས་པ་རེད། རང་ཐག་རང་གིས་བཅད། སྣ་ཐག་མགོར་དཀྲིས་དགོས་པ་རེད་མ་གཏོགས། སང་བྱ་གནངས་བྱས་མི་ཚེ་ཟད་འགྲོ་བ་རེད། སང་ལོ་གནངས་ལོ་ལ་ཟད་འགྲོ་རྒྱུ་ཞིག་ཡོད་པ་མ་རེད། དེས་ན་ཚེ་མི་རྟག་པ་རྒྱུན་དུ་བསྒོམས་ནས་ཆོས་ལ་འབད་དགོས། །

འཁོར་བའི་ཉེས་དམིགས་སྤྱིར་བཤད་པ།

ད་འཁོར་བའི་ཉེས་དམིགས་སམ། འཁོར་བའི་སྡུག་བསྔལ་གྱི་ཕྱོགས་ལ་བསམ་བློ་བཏང་ན། སྤྱིར་འཁོར་བ་ཟེར་རྒྱུ་དེ། ཟོ་ཆུན་གྱི་འཁྱུད་མོའམ། བུམ་ནང་གི་བུང་བ་ལྟར་གཅིག་ནས་གཅིག་ཏུ་བར་མེད་དུ་འཁོར་ཞིང་འཕྱན་པས་ན་འཁོར་བ་ཞེས་ཟེར་བ་རེད། རིགས་དྲུག་གང་དུ་འཁོར་ཀྱང་། སྡུག་བསྔལ་གསུམ་གྱིས་དམ་ལ་མ་བཞག་པའམ། དེའི་དབང་དུ་མ་གྱུར་པ་ཞིག་ཡོད་པ་མ་རེད། ཀུན་མཁྱེན་ཆོས་རྗེས། འདི་ལྟར་མི་རྟག་ཁམས་གསུམ་འཁོར་བའི་ཆོས། །རྣམ་པར་འགྱུར་བས་ཤིན་ཏུ་སྡུག་བསྔལ་ཏེ། །སྡུག་བསྔལ་འགྱུར་དང་སྡུག་བསྔལ་ཉིད་གསུམ་གྱིས། །གྲོང་ཁྱེར་དྲུག་གི་འགྲོ་ཀུན་ཉམ་རེ་ཐག །ཅེས་གསུངས་པ་ལྟར། འགྱུར་བའི་སྡུག་བསྔལ། སྡུག་བསྔལ་གྱི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་གྱིས་ཁམས་གསུམ་འཁོར་བ་ན་རྒྱུ་བའི་སེམས་ཅན་ཐམས་ཅད་མནར་གྱིན་ཡོད་པ་རེད། དེ་ལས་འགྱུར་བའི་སྡུག་བསྔལ་ཟེར་རྒྱུ་དེ་ཅི་འདྲ་ཞིག་ཡིན་པ་རེད་ཟེར་ན། ད་ལྟ་ཅུང་ཟད་བདེ་བ་ཙམ་ཡོད་ཀྱང་། དེ་ཉིད་མི་བརྟན་པར་འཕྲལ་དུ་སྡུག་བསྔལ་དུ་འགྱུར་བ། དཔེར་ན་རྨ་ཁར་དུག་བཏབ་པ་ལྟར། ཚ་གྲང་བཀྲེས་སྐོམ་གསོད་གཅོད་ལ་སོགས་པ་མྱོང་བ་དེ་རེད། སྡུག་བསྔལ་གྱི་སྡུག་བསྔལ་ནི། སྡུག་བསྔལ་སྔ་མའི་ཐོག་ཏུ་ཕྱི་མ་བསྣན་ནས་སྡུག་བསྔལ་བ། སྡུག་བསྔལ་མང་པོ་མཉམ་དུ་མྱོང་པ། ཕ་ཤི་བའི་ཐོག་ཏུ་མ་ཤི་བ་ལྟར་རེད། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཟེར་རྒྱུ་དེ། འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་ཙམ་འདི་ཡང་སྡུག་བསྔལ་ཐམས་ཅད་ཀྱི་སྐྱེད་གཞི། སྐོམ་ནད་ཅན་གྱིས་ལན་ཚྭའི་ཆུ་འཐུང་བ་ལྟ་བུ་ཡིན་ན། འདི་ལས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཐམས་ཅད་འབྱུང་བ་ཡིན་པས་མ་ཚད། ཚོར་བ་བཏང་སྙོམས་ཁོ་ན་དང་ལྡན་པའི་ཚེའང་། འདུ་བྱེད་ཀྱི་སྡུག་བསྔལ་འདིས་ཁྱབ་པ་དེ་ལྟ་བུ་ཡིན་པ་རེད། །

བྱེ་བྲག་རིགས་དྲུག་སོ་སོའི་སྡུག་བསྔལ་བཤད་པ།

བྱེ་བྲག་རིགས་དྲུག་སོ་སོའི་སྡུག་བསྔལ་གྱི་ཕྱོགས་ལ་བསམ་བློ་བཏང་ན། །

དམྱལ་བ་བཤད་པ།

དང་པོ་དམྱལ་བ་རེད། དམྱལ་བ་དེ་ལའང་ཚ་དམྱལ་དང་གྲང་དམྱལ་གྱི་རིགས་གཉིས་ཏེ། བརྒྱད་རེ་བརྒྱད་རེ་བརྒྱད་གཉིས་བཅུ་དྲུག དེའི་སྟེང་དུ་ཉི་ཚེ་བ་དང་ཉེ་འཁོར་བ་གཉིས་བསྣན་པས་དམྱལ་ཁམས་བཅོ་བརྒྱད་དོ། །དེའི་ནང་ནས་ཚ་དམྱལ་གྱི་ཐོག་མ་དང་པོ་ཡང་སོས་ཡིན་པ་རེད། ཡང་སོས་པ་རྣམས་ཀྱི་སྡུག་བསྔལ་ནི། ལས་ཀྱི་དབང་གིས་ལག་ཏུ་མཚོན་ཆ་སྣ་ཚོགས་བྱུང་ནས། ཕན་ཚུན་གཅིག་གིས་གཅིག་ལ་དགྲ་མི་ཤ་བོའི་འདུ་ཤེས་ཀྱིས་འཐབ་ཅིང་གསོད་རེས་བྱེད། ཤི་ཚར་མ་ཐག་ཏུ་ཡང་ནམ་མཁའ་ནས་སོས་པར་གྱུར་ཅིག་ཅེས་པའི་སྒྲ་གྲགས་པའམ། ཡང་ན་རླུང་གྲང་མོ་ལངས་པའི་རྐྱེན་ལྟ་བུ་ཞིག་གིས་སླར་ཡང་སོས་ཏེ་ཡང་སྔར་བཞིན་སྡུག་བསྔལ་མྱོང་དགོས་པ་རེད། དེའི་འོག་གི་ཐིག་ནག་པ་རྣམས་ལ་མཚོན་ན། དེ་ཡང་མདོ་ལྟར་ན་གཤིན་རྗེའི་སྐྱེས་བུ་ཞེས་ཟེར་ཞིང་། སྔགས་ལྟར་ན་དམྱལ་བའི་ལས་མཁན་ཞེས་ཟེར་བའི། མདོར་ན་དམྱལ་བའི་སྲུང་མ་རྣམས་ཀྱིས་དམྱལ་བའི་སེམས་ཅན་དེ་དག་གི་ལུས་ལ། ཐིག་ནག་པོ་བཞིའམ་བརྒྱད་དམ་བཅུ་དྲུག་ལ་སོགས་པ་བཏབ་སྟེ། དེའི་སྟེང་དུ་སོག་ལེས་དྲ་བ་དང་། སྟ་རེ་དང་གྲི་ལ་སོགས་པས་བཤག་ཅིང་གཅོད་པའི་སྡུག་བསྔལ་མྱོང་དགོས་པ་རེད། བསྡུས་འཇོམས་པ་རྣམས་ནི། ལྕགས་ཀྱི་རི་བོ་ར་ལུག་དང་གཅན་གཟན་སྟག་སེང་ལ་སོགས་པའི་གདོང་ཅན་མང་པོའི་བར་དུ་བཅུག་ནས་གཅུར་བ་དང་། ལྕགས་ཀྱི་ཐོ་ལུམ་ཆེན་པོས་ཏིལ་བཞིན་དུ་འཚིར་ཞིང་རྡུང་བ་ལ་སོགས་པའི་སྡུག་བསྔལ་མྱོང་གིན་ཡོད་པ་རེད། ངུ་འབོད་པ་རྣམས་ནི། ལྕགས་ཁང་སྒོ་མེད་ཀྱི་ནང་དུ་ཕྱི་ནང་ཀུན་ནས་མེ་འབར་བས་བསྲེག་ཅིང་ཤིན་ཏུ་བསྲེགས་པས། ངུ་ཞིང་འོ་དོད་འབོད་པ་དེ་འདྲ་ཡིན་པ་རེད། དེའི་འོག་གི་ངུ་འབོད་ཆེན་པོ་བ་རྣམས་ནི། ལྕགས་ཁང་ཉིས་རིམ་གྱི་ནང་དུ་བསྡུས་ནས། ཡང་སྔར་བཞིན་དམྱལ་བའི་མེ་ཡིས་བསྲེག་ཅིང་བསྲེགས་པའི་སྡུག་བསྔལ་དྲག་པོ་མྱོང་དགོས་པ་དང་། ཚ་བ་པ་རྣམས་ལྕགས་ཀྱི་སླ་ང་མེ་འབར་བཞིན་ཡོད་པའི་ནང་དུ་བསྲེག་པ་དང་། ལྕགས་ཀྱི་གསལ་ཤིང་ཟེར་བའི་མདུང་རྩེ་གསུམ་པ་མེ་འབར་བས་ལུས་ཐལ་མར་ཕུག་ནས། ནང་ཁྲོལ་ཡོད་ཚད་ཐམས་བཅད་ཚིག་སྟེ། བ་སྤུའི་བུ་ག་ཚུན་ཆད་ནས་མེ་འབར་བ་ལ་སོགས་པའི་སྡུག་བསྔལ་མྱོང་གིན་ཡོད་པ་རེད། ཡང་རབ་ཏུ་ཚ་བ་པ་རྣམས་ནི། སྔོན་མའི་སྡུག་བསྔལ་ཐམས་ཅད་ཀྱི་ཐོག་ཏུ་ལྕགས་ལེབ་དམར་ལམ་མེ་བ་མེ་འབར་བཞིན་ཡོད་པས་ལུས་དཀྲིས་པ། ཁྲོ་ཆུ་ཁོལ་མའི་ནང་དུ་བཙོས་ནས། ཤ་ཁྲག་ཞིག་སྟེ་རུས་པ་ཆ་ཚང་གི་ཀེང་རུས་ཙམ་ཞིག་ལུས་པ་དེ་དག ལྕགས་ཀྱི་ས་གཞིའི་ཐོག་ཏུ་བཀྲམ་མ་ཐག སླར་ཡང་ལས་ཀྱི་དབང་གིས་ཤ་ཁྲག་སྔར་བཞིན་དུ་ཡར་སྐྱེས་ནས། སྔར་བཞིན་དུ་བཙོ་བསྲེགས་ཀྱི་སྡུག་བསྔལ་རྒྱུན་མི་ཆད་པར་ཉམས་སུ་མྱོང་བ་དེ་འདྲ་ཡིན་པ་རེད། དེ་ནས་མནར་མེད་པ་ནི། ལྕགས་ཀྱི་ས་གཞི་ཕྱོགས་ཐམས་ཅད་ལས་མེ་འབར་བཞིན་པ་དེས་ཤ་པགས་རུས་པ་ཐམས་ཅད་བསྲེགས་ཏེ། ལུས་དང་མེ་སོ་སོར་དབྱེ་བ་འབྱེད་དུ་མེད་པ། དཔེར་ན། མར་མེ་འབར་བཞིན་པའི་སྡོང་བུ་ལྟ་བུར་འགྱུར་བ་དང་། ལྕགས་བསྲེགས་ཀྱི་རི་བོ་ཆེན་པོ་ལ་དབང་མེད་དུ་དེད་པ། ལྕེ་ཁ་ནས་ཕྱུང་སྟེ་ལྕགས་བསྲེགས་ཀྱི་ས་བཞིར་བརྒྱངས་པ། ཡང་པགས་པ་བཤུས་ནས་ལྕགས་བསྲེགས་ཀྱི་ས་བཞི་ལ་གན་རྐྱལ་དང་། ཁ་སྦུབ་ཏུ་འཇོག་པ་ལ་སོགས་པ། མདོར་ན་སྡུག་བསྔལ་བཟོད་ཐབས་མེད་པ་མྱོང་བ། དེའི་ཕན་མནར་རྒྱུ་མེད་པ་མྱོང་གིན་ཡོད་པས་མནར་མེད་ཅེས་ཟེར་བ་རེད། མནར་མེད་ཀྱི་དམྱལ་བ་དེའི་ཕྱོགས་བཞི་ལ་ཉེར་འཁོར་ལྷག་པ་བཅུ་དྲུག་ཟེར་བའི་མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། མཚོན་ཆའི་ཐང་། རལ་གྲི་ལོ་མའི་ནགས་ཚལ། དེ་བཞི་པོའི་ཕྱོགས་རེར་བཞི་བཞི་བཅུ་དྲུག་ཡོད་པ་དང་། མཚམས་བཞི་ན་ཡང་ལྕགས་ཀྱི་ཤལ་མ་རིའི་སྡོང་པོ་རེ་ཡོད། དེ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་སྡུག་བསྔལ་མྱོང་བཞིན་ཡོད་པ་རེད། དམྱལ་བའི་སེམས་ཅན་དེ་དག་གི་ཚེ་ཚད་རིང་ཐུང་ནི། མཛོད་ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །དེས་ན་ཚེ་ལོ་ལྔ་བརྒྱའོ། །གོང་མ་གཉིས་ཀ་ཉིས་འགྱུར་རོ། །ཞེས་དང་། དེའི་ཐོག་ལ་ད་དུང་། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་གསུངས་ཡོད་པ་རེད། རང་ཅག་རྣམས་ཀྱི་མི་ལོ་ཡི་ཐོག་ནས་བརྩིས་ན། མི་ལོ་ལྔ་བཅུ་ཐམ་པ་ལ། ལྷ་རྒྱལ་ཆེན་རིགས་བཞིའི་ཞག་གཅིག་ཡིན་པ་རེད། དེའི་ཞག་གྲངས་དེ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐམ་པ་དེ་རྒྱལ་ཆེན་རིགས་བཞིའི་ཚེ་ཚད་རེད། དེ་མི་ལོའི་ཐོག་ཏུ་ཕབ་ན་མི་ལོ་ཉིས་ཁྲི་ལྔ་སྟོང་ཡིན་པ་རེད། མི་ལོ་ཉིས་ཁྲི་ལྔ་སྟོང་དེ་ཞག་གཅིག་ཏུ་བརྩིས་པས་རང་ལོ་ལྔ་བརྒྱ་དེ་ཡང་སོས་པའི་ཚེ་ཚད་ཡིན་གསུངས་པ་རེད། དེ་བཞིན་དམྱལ་བ་འོག་མ་ཐམས་ཅད་ལོ་གྲངས་ཉིས་འགྱུར་ཉིས་འགྱུར་གྱིས་ད་དུང་ཇེ་མང་ཡིན་པ་རེད། དེའི་ཞག་གི་གྲངས་ཀ་དེ་ཞག་གྲངས་ཉིས་འགྱུར་ཉིས་འགྱུར་གྱིས་ཚེ་ཇེ་རིང་ཡིན་པ་རེད། དེས་ན་གོང་མའི་བཞི་འགྱུར་དེ་འོག་མའི་ཚེ་ཚད་ཡིན་གསུངས་པ་རེད། གྲང་དམྱལ་ནི། མུན་པའི་ཁྲོད། གངས་དང་འཁྱག་རོམ་གཅོང་རོང་ཡ་ང་བའི་གནས་ན་རླུང་དང་བུ་ཡུག་འཚུབས་པས་ཤིན་ཏུ་གྲང་བ། གོང་མ་ལས་འོག་མ་བདུན་འགྱུར་གྱིས་གྲང་ཞིང་འཁྱག་པ་སྡུག་བསྔལ་བ་ཡིན་པ། དེ་དག་སྡུག་བསྔལ་མྱོང་ཚོར་གྱི་ཁྱད་པར་གྱིས་མིང་ཐོགས་པ་ནི། འཁྱག་ཆེ་ནས་ལུས་ནས་ཆུ་བུར་ཐོལ་ཐོལ་དུ་བརྡོལ་བའི་མིང་ལ་ཆུ་བུར་ཅན། ཡང་དེ་ལས་ཀྱང་གྲང་ངར་ཆེ་ནས་ཆུ་བུར་བརྡོལ་ཏེ་ཁྲག་དང་ཆུ་སེར་ཟག་གིན་ཡོད་པ་དེའི་མིང་ལ་ཆུ་བུར་རྡོལ་བ། ཨ་ཆུ་ཟེར་ནས་ངུ་འབོད་འདོན་པ་རྒྱུན་མི་ཆད་པ་ལ་ཨ་ཆུ། ད་དུང་དེ་བས་ཀྱང་གྲང་ཞིང་འཁྱག་ནས་སྡུག་བསྔལ་གྱི་སྨྲེ་ངག་ཤུབ་བུའི་སྒྲ་ཙམ་མ་གཏོགས་འདོན་མི་ཐུབ་པ་དེ་ལ་ཀྱི་ཧུད། དེ་ལས་ཀྱང་གྲང་ཞིང་འཁྱག་པས་སྐད་ཀྱང་ཐོན་མི་ཐུབ་པར་སོ་འཁྲིགས་སོང་པ་ལ་སོ་ཐམ་པ། ད་དུང་དེ་ལས་ཀྱང་གྲང་བས་པགས་པ་ཁག་ལྔ་དྲུག་ཏུ་གས་པས་མ་ཚད། མདོག་སྔོན་པོར་གྱུར་སོང་བ་ལ་ཨུཏྤལ་ལྟར་གས་པ། ད་དུང་དེ་ལས་ཀྱང་འཁྱག་ནས་གྲང་ཆེ་བས། པགས་པ་ཁག་མང་པོར་གས་ནས་མདོག་དམར་པོར་གྱུར་སོང་བ་དེའི་མིང་ལ་པདྨ་ལྟར་གས་པ། དེ་ནས་གྲང་པའི་མཐར་ཐུག་སྟེ་པགས་པ་བཤུས་ནས། བརྒྱ་སྟོང་ལ་སོགས་པའི་ཆར་གས་པ་ལ་པདྨ་ལྟར་ཆེར་གས་པ་སྟེ། དེ་ལྟ་བུའི་སྡུག་བསྔལ་མྱོང་གིན་ཡོད་པ་རེད། གྲང་དམྱལ་བ་དེ་དག་གི་ཚེ་ཚད་ཇི་ལྟར་རེད་ཅེ་ན། ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། ཆུ་བུར་ཅན་གྱི་ཚེ་ཚད་དེ། །གཞན་གྱི་ཚེ་ནི་ཉི་ཤུ་འགྱུར། །ཞེས་གསུངས་པས། རྒྱ་གར་གྱི་གྲོང་ཁྱེར་ཡུལ་མ་ག་དྷ་ཡི། འབྲུ་རིགས་ཁལ་བརྒྱད་ཅུ་ཐམ་པ་ཤོང་སའི་སྣོད་གཞོང་བ་ཆེན་པོ་གཅིག་གི་ནང་ན། འབྲུ་ཆུང་ཆུང་ཏིལ་གྱིས་ཕྱུར་བུར་གང་བའི་ནང་ནས་ལོ་བརྒྱ་རེའི་མཚམས་ནས་ཏིལ་གྱི་འབྲུ་ཁེར་བུ་རེ་བླངས་ན། ཏིལ་ཐམས་ཅད་ཟད་པའི་དུས་སུ་གྲང་དམྱལ་གོང་མ་ཆུ་བུར་ཅན་གྱི་ཚེ་ཚད་ད་གཟོད་རྫོགས་པ་ཡིན་ཞེས་གསུངས། འོག་མ་ཐམས་ཅད་དེ་ལས་ཉི་ཤུ་འགྱུར་གྱིས་མང་པས། དེ་དག་གི་སྡུག་བསྔལ་ལ་ཟད་མཐའ་མེད་ཅེས་ཟེར་བ་དང་འདྲ་འདྲ་ཡིན་པ་རེད། ཉི་ཚེ་བ་ཟེར་རྒྱུ་དེ་ཅི་འདྲ་ཞིག་རེད་ཟེར་ན། དམྱལ་བ་ངོ་མའི་ཉེ་འཁོར་དང་། རྒྱ་མཚོའི་འགྲམ། ས་ཡི་འོག ས་སྟེང་གི་རི། ཐང་། ཤིང་། ཆུ་སོགས་ལ་གནས་ནས་བེམ་པོ་ཐམས་ཅད་རང་གི་ལུས་ཡིན་སྣང་ཤར་ཏེ། ལུས་མེ་ཡིས་འཚིག་བཞིན་ཡོད་པའི་སྣང་བ་དང་། འཁྱག་ནས་གས་པ། གཤེད་མས་གསོད་ཅིང་ཟ་བ་ལ་སོགས་པ་དང་། ཉིན་མོ་བདེ་ཞིང་། མཚན་མོར་སྡུག་བསྔལ་བ། ཡང་དེ་ལས་གོ་ལྡོག་པ་ལ་སོགས་པའི་སྡུག་བསྔལ་གྱི་སྣང་བ་ལ་བར་མེད་རྟག་ཏུ་སྤྱོད་ཅིང་། ཚེ་ཚད་ལ་ངེས་པ་མེད་པའོ། །དེ་ལྟ་བུའི་དམྱལ་བའི་སྡུག་བསྔལ་དངོས་སུ་མྱོང་ན་སྨྲོས་ཅི་དགོས། དེ་ཐོས་པ་ཙམ་ཞིག་གིས་ཀྱང་སྐྲག་པར་འགྱུར་བ་ཞིག་ཡིན་པ་རེད། བཤེས་སྤྲིང་ལས། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་བསྐྱེད་པར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་འཚལ། །ཞེས་དང་། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་འགྲོ་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་ལྟར་རེད། །

ཡི་དྭགས་བཤད་པ།

ད་ངན་སོང་གི་གནས་གཉིས་པ་ཡི་དྭགས་ལ་བསམ་ན། ཡི་དྭགས་དེ་ལ། ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། སྒོས་ཁུར་གྱི་སྒྲིབ་པ་ཅན་ལ་སོགས་པ་ཡོད་ན། ཕྱིའི་སྒྲིབ་པ་ཅན་ནི་བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་ལ་རྟག་ཏུ་སྤྱོད་པས་ལུས་སྐམ་ཞིང་རིད་པ། ལྟོ་བ་ཆེ་བ། མགྲིན་པ་དང་ཡན་ལག་ཕྲ་བ། སྐྲ་གྱེན་དུ་ཟིང་ཞིང་འཛིངས་པ། ཐག་རིང་གི་ས་ཆ་ན་ཟས་ཀྱི་ཕུང་པོ་དང་། ཆུ་ཀླུང་། ལྗོན་ཤིང་འབྲས་བུ་ཅན་སོགས་མཐོང་ནས་དེའི་ཟུར་དུ་སོང་དུས། ཟས་སྐོམ་དང་ལྗོན་ཤིང་ལ་སོགས་པ་མེད་པར་འགྱུར་འགྲོ་བའམ། ཡང་ན་དངོས་པོ་དེ་དག་ཡིད་དུ་མི་འོང་བ་གནོད་པ་ཅན་གྱི་དངོས་པོར་འགྱུར་འགྲོ་བ་དང་། གལ་ཏེ་དངོས་པོ་དེ་དག་ཏུ་གྱུར་མ་སོང་ནའང་། སྐྱེས་བུ་གོ་མཚོན་ཅན་མང་པོས་བསྲུངས་པས། ཟས་སྐོམ་ལ་སྤྱོད་དབང་མེད་པའི་སྡུག་བསྔལ་ཅན་དེ་འདྲ་ཡོད་པ་རེད། ནང་གི་སྒྲིབ་པ་ཅན་ཟེར་རྒྱུ་དེ་ཁ་ཁབ་མིག་ཙམ། ལྟོ་བ་ཡུལ་ལྗོངས་ཙམ། མགྲིན་པ་རྟ་རྔ་ཙམ། རྐང་ལག་རྩྭ་འཇག་ཙམ། བཏུང་བ་རྒྱ་མཚོ་ཆེན་པོའི་ཆུ་ཡོད་ཀྱང་། མགྲིན་པ་རྟ་རྔ་འདྲ་བའི་ནང་དུ་འགྲོ་ཐུབ་མིན་གྱི་ཚེ་ན། ཁའི་དུག་གིས་སྐམ་འགྲོ་བ། གལ་ཏེ་ཅུང་ཟད་ཙམ་རེ་མགྲིན་པའི་ནང་དུ་སོང་ན་ཡང་། ལྟོ་བ་ཡུལ་ལྗོངས་འདྲ་བ་མི་ཁེངས་པའི་སྡུག་བསྔལ་དང་། ལྟོ་བའི་ནང་དུ་ཅུང་ཟད་ཅིག་བབ་ནའང་། རྐང་ལག་རྩྭ་འཇག་འདྲ་བ་དེས་མི་ཁྱོག་པའི་སྡུག་བསྔལ་ཡོད་པ་རེད། ཁྱད་པར་དུ་ཟས་སྐོམ་གྱི་སྒྲིབ་པ་ཅན་དེ་ཚོའི་ཁ་ནང་དུ་བཟའ་ལྟུང་ཅུང་ཟད་རེ་སོང་ན་ཡང་། ཁོག་པའི་ནང་དུ་ཐོན་དུས། མེ་འབར་ནས་ནང་ཁྲོལ་ཐམས་ཅད་འཚིག་འགྲོ་བ་དང་། བཤང་གཅི་དང་མཆིལ་སྣབས། རྣག་ཁྲག་ལ་སོགས་པ་མི་གཙང་བ་ཟ་དགོས་ཐུག་པ་དེ་འདྲའི་ཉམས་ཐག་ཡིན་པ་རེད། སྒོས་ཁུར་གྱི་སྒྲིབ་པ་ཅན་ཟེར་རྒྱུ་དེ་ཡི་དྭགས་ཆེ་བ་རེ་རེའི་ལུས་ལ། ཡི་དྭགས་ཆུང་བ་མང་པོས་ཟོས་ནས་ཚང་བཅའ་བ་དང་། འགའ་ཤས་སྐྱིད་སྡུག་གི་ཚོར་བའི་རྣམ་གྲངས་འགྱུར་ཞིང་མ་ངེས་པ། གྲོ་བཞིན་སྐྱེས་དང་། དགེ་འདུན་སྲུང་གི་རྟོགས་བརྗོད་ལས་འབྱུང་བ་ལྟར་རོ། །དེ་ཐམས་ཅད་ཀྱང་བཀྲེས་སྐོམ་གྱི་སྡུག་བསྔལ་གྱིས་མནར་བ། ཚ་གྲང་ཆ་མི་སྙོམ་པ། སོས་ཀ་དྲོ་མི་དགོས་པའི་དུས་སུ་ཟླ་བས་ཀྱང་འཚིག་པ་དང་། དགུན་ཁ་འཁྱག་མི་ཉན་པའི་དུས་སུ། ཉི་མས་ཀྱང་གྲང་ཞིང་འཁྱག་པར་བྱེད་པ་ལ་སོགས་པའི་སྡུག་བསྔལ་རྫོགས་མཐའ་ཡོད་པ་མ་རེད། མཁའ་ལ་རྒྱུ་བའི་ཡི་དྭགས་ནི། སྡེ་བརྒྱད་འབྱུང་པོ། བཙན་རྒྱལ་པོ། ཐེའུ་རང་མ་མོའི་རིགས་དེ་ཚོ་རེད། དེ་ཐམས་ཅད་དུས་རྟག་ཏུ་འཇིགས་སྐྲག་གིས་མནར་ནས། བསམ་ངན་ཁོ་ནའི་ངང་ལ་གནས་པ་རེད། རང་གི་སྡུག་བསྔལ་གཞན་ལ་སྤོ་བསམ་པའི་གནོད་སེམས་གདུག་རྩུབ་དང་ལྡན་པའི་ཉེར་ལེན་གྱི་དབང་གིས། གར་སོང་གི་སར་ནད་གདོན་དང་སྨྱོ་འབོག་འབྱུང་བ། གཉེན་པོ་འདྲེ་འདུལ་མཁན་གྱི་སྔགས་པ་ནུས་ལྡན་ལ་སོགས་པས། མནན་བསྲེགས་བསྐྲད་གཟིར་ཨར་གཏད་ལ་སོགས་པའི་དྲག་ལས་ཉམས་སུ་མྱོང་བའི་སྡུག་བསྔལ་བ་དེ་ལྟར་ཡིན་པ་རེད། མདོར་ན་སྡུག་བསྔལ་མྱོང་བ་བསམ་གྱིས་ཁྱབ་པ་མ་རེད། ཡི་དྭགས་ཀྱི་རིགས་སུ་སྐྱེས་པའི་ཚེ་ཚད། མཛོད་ལས། ཟླ་བ་ཉིན་ཞག་གི་ལྔ་བརྒྱ། །ཞེས་གསུངས་ན། མིའི་ཟླ་བ་གཅིག་དེ་ཞག་གཅིག་ཏུ་རྩིས་པའི་རང་ལོ་ལྔ་བརྒྱ་ཡིན་ན། འགའ་རེ་ད་དུང་དེ་བས་ཀྱང་རིང་བ་ལོ་ཁྲི་རེ་ཙམ་གནས་པ་དང་། མཁར་རྒྱུའི་རིགས་འགའ་ཤས་ཚེ་ཚད་ངེས་མེད་ཅན་ཡང་ཡོད་རིགས་པ་དེ་ལྟར་རེད། །

དུད་འགྲོ་བཤད་པ།

ངན་སོང་གི་གནས་གསུམ་པ་དུད་འགྲོ་ནི། བྱིངས་གནས་དང་ཁ་འཐོར་གཉིས་ཡོད་པ་རེད། བྱིངས་གནས་ནི་རྒྱ་མཚོ་ཆེན་པོ་ན་ངེས་མེད་དུ་འཁྱམ་གྱིན་འདུག་པ། ཕན་ཚུན་གཅིག་གིས་གཅིག་བཟའ་བ། རྟག་ཏུ་འཇིགས་སྐྲག་གི་སྡུག་བསྔལ་གྱིས་བཟོད་ཐབས་མེད་པའོ། །ཁ་འཐོར་ནི་མི་དང་ལྷའི་ཡུལ་དུ་ཡོད་པ་དེ་ཚོ་ཡིན་ན། མི་ཡིས་བཀོལ་ཞིང་སྤྱོད་པའི་སྡུག་བསྔལ་བསམ་ཡུལ་ལས་འདས་པ་མྱོང་གིན་ཡོད་པས་མ་ཚད། ཤ་པགས་ཀྱི་ཆེད་དུ་སྲོག་ཤོར་བ་དང་། གཅིག་གིས་གཅིག་གསོད་པའི་སྡུག་བསྔལ། བླུན་ཞིང་གཏི་མུག་པ་ཡིན་པས་ན་དུས་དང་རྣམ་པ་ཀུན་ཏུ་སྡུག་བསྔལ་བ། གཞན་ཡང་བཀྲེས་སྐོམ། ཚ་གྲང་། ངལ་དུབ་ལ་སོགས་པའི་སྡུག་བསྔལ། དམྱལ་བ་ཡི་དྭགས་དང་ཕལ་ཆེར་ཆ་འདྲ་བ་ཙམ་མྱོང་བ་དེ་ལྟར་ཡིན་པ་རེད། དེ་དག་གི་ཚེ་ཡང་རིང་མཐར་བསྐལ་བར་ཐུབ་པ་ཡོད་པ་དང་། ཐུང་བ་ངེས་མེད་དུ་བཤད་ཡོད་པ་རེད། མདོར་ན་ངན་སོང་གསུམ་གྱི་གནས་དང་། ལུས་དང་། ཚེ་ཚད། སྡུག་བསྔལ་ལ་བསམ་ན། བློས་མི་བཟོད་པ་ལྟ་བུ་ཡིན་པ་རེད། །

མི་བཤད་པ།

མཐོ་རིས་རྣམ་གསུམ་གྱི་མི་དང་། ལྷ་མིན། ལྷ་གསུམ་པོ་ངན་སོང་གསུམ་ལ་ལྟོས་ན་ཅུང་ཟད་བདེ་བའི་ཁུལ་ཡིན་ཡང་། དོན་གྱིས་དེ་དག་ཀྱང་སྡུག་བསྔལ་ཁོ་ན་ལས་མ་འདས་པ་རེད། དེ་ཡང་མིའི་སྡུག་བསྔལ་ལ་བསམ་བློ་ཞིག་བཏང་ན། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཆེན་པོ་བཞི་སྟེ། དང་པོ་མ་ཡི་མངལ་དུ་མུན་ནག་ཚ་གྲང་གུད་དོག་པོའི་སྡུག་བསྔལ་མྱངས་ཏེ། བར་དུ་སྐྱེ་བའི་ན་ཚ་དང་དངངས་སྐྲག མ་བུ་གཉིས་ཀ་ཤི་བར་དོའི་ཡུལ་ལ་གོམ་ཕྱེད་བོར་བའི་སྡུག་བསྔལ། མཐར་སྐྱེས་མ་ཐག་པའི་བྱིས་པ་ལག་ཏུ་བླངས་པའི་ཚེ། བྱེའུ་ཕྲུག་ཁྲ་ཡིས་ཁྱེར་བ་ལྟ་བུའི་སྐྲག་དངངས་དང་། གོས་བསྐོན་ཚེ་ཚེར་མའི་ལྕགས་ཀྱིས་བྲབ་ཀྱིན་ཡོད་པ་ལྟ་བུའི་ཚོར་བ་མྱོང་བའི་སྡུག་བསྔལ་ཡོད་རབས་གསུངས་ཡོད་པ་རེད། དེ་སྐྱེ་བའི་སྡུག་བསྔལ་རེད། རྒས་བའི་སྡུག་བསྔལ་ནི། གཟུགས་དང་ལང་ཚོ་ཉམས་པའི་དབང་གིས་སྔར་གྱི་བཀྲག་དང་མཛེས་མདངས་ཐམས་ཅད་ཤོར། ལུས་ཀྱི་སྟོབས་ཉམས། དབང་པོའི་ནུས་པ་ཉམས། ཁའི་སོ་བུད། མགོའི་སྐྲ་སེ། སྔར་མཐོང་ན་དགའ་བའི་གཞོན་ཆུང་ཞིག་ཡོད་ཀྱང་། ད་བྱ་རྒོད་ཤི་བའི་རོ་འདྲ། བལྟ་ན་མི་འདོད་པ་ཞིག རྗེ་མི་ལ་ཚང་གིས་གསུངས་པ་ཇི་བཞིན་ཏེ། རྟོད་ཕུར་འདོན་པའི་ལྡང་ལུགས་དང་གཅིག །བྱ་ལ་འཇབ་པའི་འགྲོ་ལུགས་དང་གཉིས། །ས་དོ་ཆད་པའི་སྡོད་ལུགས་དང་གསུམ། །གསུམ་འདི་གསུམ་འཛོམས་པའི་དུས་ཚོད་ན། །ཨ་ཕྱི་སྒྱུ་ལུས་རྒུད་པའི་ཡིད་ཕམ་མ། །ཕྱི་པགས་པ་འདུས་པའི་གཉེར་མ་དང་གཅིག །ནང་ཤ་ཁྲག་ཟད་པའི་འབུར་གོབ་དང་གཉིས། །བར་གླེན་ལྐུག་འོན་ལོང་འཐོམ་ཡོལ་དང་གསུམ། །གསུམ་འདི་གསུམ་འཛོམས་པའི་དུས་ཚོད་ན། །ཨ་ཕྱི་མི་སྡུག་སྟོན་པའི་ཁྲོ་གཉེར་ཅན། །ཞེས་གསུངས་པས། རྒས་ཟེར་རྒྱུའི་ཐོག་ཏུ་ཐོན་ཚེ། ལུས་རྒུར། ཡན་ལག་འཁྱོག ཤ་སྐམ། པགས་པ་ལྷོད། ངོ་གདོང་གཉེར་མས་གང་ནས། བསྡད་ན་ལང་དཀའ་བ། སོང་ན་གོམ་པ་འཆོལ་བ། བཤད་ན་ལྡབ་བེ་ལྡིབ་བེ། ལྟས་ན་རབ་བེ་རིབ་བེ། མིག་གིས་རི་འགུལ་ན་མི་རིག རྣ་བས་དུང་བུས་ན་མི་གོ། དེའི་དུས་སུ་ཀུན་གྱིས་ཡིད་དུ་མི་འོང་བར། སྐྱོས་རྒན་གྱིས་ཅི་མི་ཟེར། ཟེར་སའི་ཐོག་ཏུ་ཐོན་དུས། སྔོན་མ་ང་ལོ་ཉུང་དུས་འདི་འདྲ་ཞིག་མིན་ཞེས་ཟེར་མདོག་བྱས་ཀྱང་། གནའ་ཤུལ་ན་ད་མེད། གནའ་ཤྭ་བ་ཉལ་ཤུལ་དུ་ད་ལྟ་རིལ་མ་མ་གཏོགས་མ་ལྷག་དུས། ལོ་ཉུང་ཚོས་ཁྲེལ་རྒོད་བྱེད་ཡུལ་དུ་གྱུར་སོང་པ་རེད། རྒས་པའི་སྡུག་བསྔལ་འདི་མ་ཤི་ངན་སོང་ལ་སྐྱེས་པ་འདྲ་ཞིག་ཡིན་པ་རེད། ན་བ་ཟེར་རྒྱུ་དེ་ལུས་འབྱུང་བཞི་འདུས་པའི་སྒྱུ་ལུས་ཤ་ཁྲག་གི་ཕུང་པོ་འདི། འབྱུང་བ་གཅིག་དགྲ་གཅིག་ལ་ལོག རང་དགྲ་རང་གཤེད་དུ་གྱུར་ནས་འདུ་བ་འཁྲུགས། རྩ་བ་ཉོན་མོངས་པ་དུག་གསུམ་གྱིས་བསྐྱེད་པའི་རླུང་མཁྲིས་བད་ཀན། དེ་ལས་གྱེས་པའི་ནད་རིགས་བཞི་བརྒྱ་རྩ་བཞི་ལ་སོགས་པ། མདོར་ན་ནད་ཀྱི་རྣམ་གྲངས་འདི་ཡོད་དང་འདི་མེད་ཟེར་རྒྱུ་ཞིག་ཡོད་པ་མ་རེད། ཅི་འདྲའི་སྟོབས་གཟི་མདངས་ཅན་གྱི་ཕོ་རྒོད་སྟག་འདྲ་བ་ཞིག་ཡིན་ཡང་། ཤི་ནད་ཟུག་གཟེར་དྲག་པོས་ཐེབས་ཚར་དུས། བྱེའུ་ཕྲུག་ལ་རྡོ་ཕོག་པ་ལྟ་བུར་གྱུར་ནས། ལུས་མལ་སའི་ནང་དུ་ལྷུང་། ཟས་སྐོམ་གྱི་ཡི་ག་ཆད། ཉིན་མོའི་ཉིན་ཆོད་ན། མཚན་མོའི་མཚན་མི་ཆོད། ཨེ་ཕན་དུ་རེ་ནས་བཅད་གཏུབ་བཤག་གསུམ། གཏར་བསྲེག་ལ་སོགས་པའི་སྨན་དཔྱད་ཀྱི་སྡུག་བསྔལ་བཟོད་ཨེ་ཐུབ་ལྟ་མདོག་བྱས་ནས། མི་ཤི་གསོན་ཐབས་ཀྱི་རེ་བ་ཞིག་བྱས་ཀྱང་། ཚེ་ཟད་པའི་ཉིན་མོར་ཅི་ཞིག་བྱས་ཀྱང་ཕན་ཐོགས་ཡོད་པ་མ་རེད། དེའི་དུས་སུ། གཏོ་སྐུ་རིམ་བྱས་ཀྱང་ཕན་མི་ཐོགས། སྨན་དཔྱད་དུག་ཏུ་ལོག རྒྱབ་རྟེན་འདྲེ་རུ་གོལ། སྲུང་མ་གཤེད་དུ་བབས་ནས། ད་གསོན་པ་ཉིད་ཀྱང་ཤི་བ་དང་འདྲ་ཞེས་པའི་མ་ཤི་སྔོན་ནས་མིའི་ཁྱུ་ནས་བུད་པའི་སྡུག་བསྔལ་དེ་འདྲ་མྱོང་དགོས་པ་རེད། འཆི་བའི་སྡུག་བསྔལ་ལ་ནི། རིང་བའི་འཆི་ལྟས་དང་ཉེ་བའི་འཆི་ལྟས་ལ་སོགས་པ་འཆི་ལྟས་ཀྱི་རིགས་མང་པོ་ཡོད་ན། སྐབས་ཞིག་ན་ནད་པ་རང་ཉིད་ཀྱིས་ཀྱང་ཤི་རྒྱུ་མ་གཏོགས་གསོན་གྱི་རེ་བ་ཞིག་ཡོད་མ་ཐལ་བསམ་ནས་རེ་ཐག་གཏིང་ནས་ཆད། ཤི་རྒྱུ་ཡིན་པ་ཤེས་ཏེ་སྙིང་མི་དགའ། འཁྲུལ་སྣང་གི་བསུ་མ་སྔོན་མ་དེ་མིག་སྔར་ཤར། གཉེན་ཉེ་རིང་། ཁྱིམ་བཟའ་ཚང་གིས་མཐར་བསྐོར་ཡང་། འཆི་ཁའི་མནར་གཅོད་ཀྱི་སྡུག་བསྔལ་རང་ཉིད་གཅིག་པུས་མྱོང་། རྒྱུ་ནོར་ལོངས་སྤྱོད་ཅི་འདྲ་ཞིག་ཡོད་ཀྱང་ཁྱེར་དབང་ནི་མེད། བློས་ནི་མི་ཐོང་། སྔར་བྱས་ཀྱི་སྡིག་པ་དྲན་ནས་འགྱོད་པ་སྐྱེས། ངན་སོང་གི་སྡུག་བསྔལ་དྲན་ནས་འཇིགས་ཤིང་སྐྲག་ཀྱང་། དུས་ཚོད་དེར་ཐོན་དུས་དྲན་འཕྱིས་སོང་བ་རེད། དེ་ཡང་ཀུན་མཁྱེན་ཆེན་པོས་འདི་ལྟར་གསུངས་ཏེ། བཟའ་ཚང་ཉེ་འབྲེལ་འདི་དང་དུས་རྟག་ཏུ། །མི་འབྲལ་འགྲོགས་པར་འདོད་ཀྱང་འབྲལ་བར་ངེས། །བཟང་པོའི་གནས་མལ་འདི་དང་དུས་རྟག་ཏུ། །མི་འབྲལ་འདུག་པར་འདོད་ཀྱང་འགྲོ་བར་ངེས། །བདེ་སྐྱིད་ལོངས་སྤྱོད་འདི་དང་དུས་རྟག་ཏུ། །མི་འབྲལ་སྤྱོད་པར་འདོད་ཀྱང་འདོར་བར་ངེས། །དལ་འབྱོར་མི་ལུས་མཆོག་འདི་དུས་རྟག་ཏུ། །མི་འབྲལ་རྟག་པར་འདོད་ཀྱང་འཆི་བར་ངེས། །ལ་སོགས་པ་གསུངས་པ་ལྟར། འཆི་བ་ཟེར་རྒྱུ་དེ་གློ་བུར་མགོ་ཐོག་ཏུ་ཐོན་དུས་ཉམས་ང་བ། གསོན་པོའི་སྣང་བ་ད་ལྟ་ནུབ་རན་དུས་བག་གྲང་མོ་ཞིག་ཡིན་པ་རེད། ངའི་ཧ་བོ། དེའི་སྔོན་ཞིག་ནས་ཆོས་ཤིག་མ་འགྲུབ་བསམ་ནས་སྡུག་བསྔལ་འཇིགས་སྐྲག་གཉིས་ཀ་མཉམ་དུ་སྐྱེས་ནས་ལག་པའི་སྦར་མོ་བྲང་ལ་བཏབ། བྲང་སེན་རྗེས་ཀྱིས་གང་ནས་བྲང་ལག་འཐབ་སྟེ་ཤི་བ་རེད། མི་སྡིག་ཅན་ཤི་བ་མཐོང་ཙ་ན། །ལས་རྒྱུ་འབྲས་སྟོན་པའི་སློབ་དཔོན་ཡིན། །ཞེས་གསུངས་པ་ལྟར་དབུགས་མ་ཆད་གོང་ཞིག་ནས་ངན་སོང་གི་སྣང་བ་ཤར་ཏེ། སྣང་བ་ཐམས་ཅད་འཇིགས་སྐྲག ཚོར་བ་ཐམས་ཅད་སྡུག་བསྔལ་དུ་གྱུར་ནས། ཕྱི་མའི་གྲོ་ཆས་ཆོས་ཡིན་ན་ཡང་། ཆོས་མེད་གཅེར་བུ་ལག་སྟོང་དུ་དབུགས་གཅིག་ཕར་འཕངས་ཏེ། དབུགས་གཅིག་ཚུར་ལ་རྔུབ་མ་ཐུབ་ཚེ། ཤི་ཟེར་རྒྱུའི་སྐྲག་དངངས་ཆེན་པོའི་ཐོག་ཏུ་ཐོན་སོང་བ་རེད། དེ་ལྟ་བུའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ། འཇིག་རྟེན་མིའི་ལུས་རྟེན་གྱི་ཐོག་ཏུ་ཡོང་རྒྱུའི་སྤྱི་མཐུན་གྱི་སྡུག་བསྔལ་བཞི་པོ་དེས་མི་ཚད་པར། ད་དུང་དེའི་ཐོག་ཏུ་སྡུག་བསྔལ་བཞི་པོ་དེ་ཅུང་ཟད་ཤས་ཆུང་བའི་བར་སྐབས་རྣམས་སུ། དགྲ་སྡང་བ་དང་འཕྲད་པའི་སྡུག་བསྔལ། གཉེན་བྱམས་པ་དང་བྲལ་བའི་སྡུག་བསྔལ། འདོད་པ་ཐོག་ཏུ་མི་ཁེལ་བའི་སྡུག་བསྔལ། མི་འདོད་པ་ཐོག་ཏུ་བབས་པའི་སྡུག་བསྔལ། འབྱོར་ལྡན་ཞིག་ཡིན་པའི་དབང་དུ་བཏང་ན་འབྱོར་ལྡན་རྣམས་འཁོར་འབངས་ལོངས་སྤྱོད་སྐྱོང་བའི་སྡུག་བསྔལ་ཡོད་པ་རེད། འཁོས་དམན་ཞིག་ཡིན་པའི་དབང་དུ་བཏང་ན། འཁོས་དམན་ནི་དབུལ་ཞིང་ཕོངས་བའི་སྡུག་བསྔལ་མྱོང་བ་རེད། ཁས་དྲག་ན་ཕྲག་དོག་གི་སྡུག་བསྔལ་ཡོད་པ་རེད། ཉམ་ཆུང་ན་བརྙས་བཅོས་ཀྱི་སྡུག་བསྔལ་མྱོང་དགོས་ཐུག་པ་རེད། མཆོག་ལ་ཡིད་ཀྱི་སྡུག་བསྔལ། དམན་ལ་ལུས་ཀྱི་སྡུག་བསྔལ་ལ་སོགས་པ། སྡུག་བསྔལ་གྱི་རྣམ་གྲངས་བཤད་ན་བགྲང་ལས་འདས་པ། བཤད་པས་མི་ཚར་རྒྱུ་ཞིག་ཡོད་པ་འདི་དག་ག་ལེར་ཞིབ་ཀྱིས་བལྟས་ན་ཤེས་རྒྱུ་ཅན་ཞིག་རེད། །

ལྷ་མིན་བཤད་པ།

མཐོ་རིས་ཀྱི་གནས་གཉིས་པ་ལྷ་མ་ཡིན་ལ་མཚོན་ན། ལྷ་མ་ཡིན་གྱི་གནས་དེར་སྐྱེས་པ་ཙམ་ནས། སྔོན་གྱི་མི་དགེ་ཕྲག་དོག་དང་འཐབ་རྩོད་ཀྱི་ལས་ཀྱིས་འཕངས་པའི་དབང་གིས། རང་བཞིན་གྱིས་ཕྲག་དོག་ཆེ་བའི་སྟབས་ཀྱིས་ལྷའི་ཕུན་སུམ་ཚོགས་པའི་དཔལ་མཐོང་བའི་ཚེ་ན། དེར་ཕྲག་དོག་གིས་ཀུན་ནས་བསླངས་སྟེ་དུས་དང་དུས་སུ་ལྷ་དང་འཐབ་འཁྲུགས་བྱེད་པའི་སྐབས་སུ། ཤི་རྨས་གསོད་གཅོད་ཀྱི་སྡུག་བསྔལ་དུས་རྟག་ཏུ་མྱོང་གིན་ཡོད་པ་རེད། །

ལྷ་བཤད་པ།

མཐོ་རིས་ཀྱི་གནས་གསུམ་པ་ལྷའི་ཡུལ་ལ་མཚོན་ན། ལྷ་གནས་ཟེར་རྒྱུ་དེ། འདོད་པའི་ལྷ་དང་། ཁམས་གོང་མ་སྟེ། རིགས་གཉིས་སུ་དབྱེ་རུ་ཡོད་ན། འདོད་ལྷ་རིགས་དྲུག་པོ་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ་དངོས་སུ་མྱོང་རྒྱུ་ཡོད་པ་རེད། སྤྱིར་ན་ལྷའི་ཚེ་དེ་ཉིད་བསྐལ་བར་ཐུབ་པ་ཡིན་ཡང་། ལྷའི་ཕུན་ཚོགས་འདོད་ཡོན་ལ་གཡེངས་བས་སྐད་ཅིག་གི་སྣང་བ་ཙམ་ལས་མེད་པར། སྔོན་གྱི་ལས་དེ་ཟད་ནས་འཕོ་ལྟུང་གི་སྡུག་བསྔལ་མྱོང་དགོས་པ་རེད། ཕྱི་མར་གང་དུ་སྐྱེ་རྒྱུ་ཡིན་པ་ལྷའི་མིག་གིས་མཐོང་ཐུབ་པ་ཡིན་པས། སྡུག་བསྔལ་ཅན་གྱི་གནས་སུ་སྐྱེ་རྒྱུ་ཡིན་ན། འཆི་འཕོ་བའི་སྡུག་བསྔལ་མ་ཡལ་སྔོན་ཞིག་ནས། གནས་ངན་པར་ལྟུང་བའི་སྡུག་བསྔལ་གྱིས་ནོན་པ་ནི། ལྷའི་ཞག་བདུན་གྱི་བར་ལ་མྱོང་དགོས་པ་རེད། ལྷའི་ཞག་བདུན་དེ་སུམ་ཅུ་རྩ་གསུམ་པའི་དབང་དུ་བྱས་ན། འུ་ཅག་རྣམས་ཀྱི་མི་ལོ་བདུན་བརྒྱ་ཡིན་པ་རེད། ལྷ་ཡི་གནས་ནས་ལྟུང་བ་ན། །སྡུག་བསྔལ་རབ་ཏུ་སྐྱེ་བ་གང་། །དེ་ལ་སེམས་ཅན་དམྱལ་བ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་ལྟར། ལྷ་ཡུལ་ནས་ཤི་འཕོས་ནས་སླར་ཡང་ལྷ་ཡུལ་དུ་སྐྱེ་བ་སྲིད་མཐའ་མ་བཀག་ཙམ་ཡིན་ཞིང་། མིའི་ལུས་རྟེན་དུ་སྐྱེ་རྒྱུའང་ཉུང་བ་རེད། ཕལ་ཆེར་ངན་སོང་དུ་སྐྱེ་རྒྱུ་ཡིན་པ་རེད། དེ་འདྲའི་ཡུན་རིང་པོ་ཞིག་ཏུ་འཕོ་ལྟུང་གི་སྡུག་བསྔལ་གྱིས་ནོན་པ་དེ་དམྱལ་བ་ལས་ཀྱང་ཐུ་ཞེས་གསུངས། ཁམས་གོང་མ་གཟུགས་ཁམས་དང་གཟུགས་མེད་ཁམས་གཉིས་ལ་འཆི་འཕོའི་སྡུག་བསྔལ་མངོན་གྱུར་པ་མེད་ཀྱང་། འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་རང་བཞིན་ལས་མ་འདས་པ་དང་། ཏིང་ངེ་འཛིན་གྱིས་སྨྱོས་ནས་ཆང་གིས་བཟི་བ་ལྟར་ཡིན་པ་རེད། སོ་སྐྱེས་ཀྱི་ཡོན་ཏན་ཡིན་པའི་སྟབས་ཀྱིས། གོང་འཕེལ་དུ་འགྲོ་རྒྱུ་ཡོད་པ་མ་རེད། དེའང་སྔོན་གྱི་ཟག་བཅས་ཀྱི་དགེ་བའི་འཕེན་བྱེད་ཀྱི་ལས་ཀྱི་ཤུགས་ཟད་སོང་ཚེ། མདའ་ནམ་མཁར་འཕངས་ན་ནམ་ཞིག་ཤུགས་ཟད་མཐར་ས་ཐོག་ཏུ་ལྷུང་བ་ཇི་བཞིན། གཉིད་སད་པ་ལྟར་ནམ་ཞིག་གནས་རིས་འོག་མར་ལྟུང་ནས་སྡུག་བསྔལ་བ་ཡིན་ཚུལ་གསུངས་ཡོད་པ་རེད། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པ་བསྟེན་འཚལ་ལོ། །ཞེས་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་ཡོད་པ་ལྟར་རེད། དེས་ན་མེ་ཆེ་ཆུང་གང་ཡིན་ཡང་ཚ་བ་ལས་མ་འདས་པ་དང་། ཆུ་མང་ཉུང་གང་ཡིན་ཡང་བརླན་གཤེར་ལས་མ་འདས་པ་བཞིན་དུ། ཁམས་གསུམ་འཁོར་བའི་གནས་འདིའི་འགྲོ་བ་རིགས་དྲུག་གི་མཐོ་དམན་གང་དུ་སྐྱེས་ཀྱང་། སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ཡོ་ལང་། སྡུག་བསྔལ་གྱི་འཕྲུལ་འཁོར། གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་གནས། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ལོངས་གང་ལ་སྤྱད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་ལས་མ་འདས་པ་སྟེ། མི་གཙང་ཁང་ལ་དྲི་ཞིམ་མེད། །འགྲོ་ལྔ་དག་ལ་བདེ་བ་མེད། །ཅེས་དང་། འཁོར་བ་འདི་ལ་ཁབ་ཀྱི་རྩེ་ཙམ་ཡང་། །བདེ་བ་ནམ་ཡང་ཡོད་མ་ཡིན་ཞེས་གསུངས། །ཞེས་གསུངས་པ་སོགས་དང་། ད་དུང་། ཅུང་ཟད་བདེ་ཡང་འགྱུར་བའི་སྡུག་བསྔལ་ཡོད། །ཅེས་གསུངས་པ་ལྟར་རོ། །འཁོར་བའི་སྡུག་བསྔལ་དེ་ཚོ་རང་ཐོག་ཏུ་བླངས་ན། རང་རྒྱུད་ལ་ཕན་ཐོགས་ཡོད་པ་རེད། ཀློང་ཆེན་པས། སྐབས་སུ་རང་སྣང་མཐུན་པའི་རྐྱེན་གྲོགས་ལྟོས། །རང་སྣང་ཤེས་པས་ཉམས་མྱོང་གྲོགས་སུ་འཆར། །སྐབས་སུ་མི་མཐུན་གནོད་པའི་རྐྱེན་སྣང་ལྟོས། །འཁྲུལ་པ་ཞེན་ལོག་གནད་དུ་ཆེ་བ་ཡིན། །ཞེས་གསུངས་པ་ལྟར་ཡིན་པ་རེད། དལ་འབྱོར་རྙེད་དཀའ། ཚེ་མི་རྟག འཁོར་བའི་ཉེས་དམིགས་དེ་དག་ཐམས་ཅད་གོ་ལོ་ཐོས་ལོ་ཙམ་དུ་མི་བསྐྱུར་བར། རང་གི་རྒྱུད་ཐོག་ཏུ་བླངས་ཏེ། སྨིན་ཁྲིད་ཀྱི་སྒོ་ནས་ཉམས་སུ་བླངས་ན། རང་རྒྱུད་ལ་ཕན་ཐོགས་ཆེན་པོ་ཡོད། དེ་རིང་གི་ཆོས་མཚམས་འདི་ནས་འཇོག སང་ཉིན་ཡང་མུ་མཐུད་ནས་བཤད་རྒྱུ་བྱེད། །

ལས་རྒྱུ་འབྲས་བཤད་པ།

དེ་རིང་ལས་རྒྱུ་འབྲས་ཀྱི་ཐད་ནས་གླེང་ན། འཇིག་རྟེན་ཁམས་འདིའི་བདེ་སྡུག་མཐོ་དམན་བཟང་ངན་དུ་གྱུར་བ་ཐམས་ཅད། རང་གར་སྟབས་ལེགས་སྟེས་དབང་གིས་བྱུང་བ་ཞིག་མ་རེད། ལས་ལས་བྱུང་བ་ཤ་སྟག་ཡིན་པ་རེད། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་གསུངས་ཡོད་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཞིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་ཏེ། དགེ་བའི་ལས་ཀྱིས་འབྲས་བུ་བདེ་བ་མྱོང་རྒྱུ་དང་། མི་དགེ་བའི་ལས་ཀྱིས་འབྲས་བུ་སྡུག་བསྔལ་མྱོང་རྒྱུ། ལས་དཀར་ནག་གི་འབྲས་བུ་སོ་སོར་སྨིན་ཚུལ་བསམ་གྱིས་མི་ཁྱབ་པ་ཡིན་པར་གསུངས། ལས་དགེ་སྡིག་གཉིས་ཀ་གང་ཞིག་ཡིན་རུང་། རྒྱུ་ལས་ཀྱི་དུས་སུ་ཆུང་ཆུང་ཞིག་ལས་མེད་ཀྱང་། འབྲས་བུ་རྣམ་སྨིན་གྱི་དུས་ན་འཕེལ་ཆེ་བ་དང་། ལས་བྱས་པ་དེ་ཆུད་མི་ཟ་བ་ཡིན་པ་རེད། ཡོན་ཏན་རིན་པོ་ཆེའི་མཛོད་ལས། ས་བླ་མཐོན་པོར་གཤེགས་པའི་མཁའ་ལྡིང་གི། །གྲིབ་མ་རེ་ཞིག་བལྟ་བར་མི་མངོན་ཡང་། །ལུས་ཅན་དག་དང་འདུ་འབྲལ་སྤངས་པ་བཞིན། །ཚོགས་ཤིང་དུས་ལ་བབ་ཚེ་ལྷག་པར་མངོན། །ཞེས་གསུངས་པ་ལྟར་རེད། དེ་ཡང་ལས་ཟེར་རྒྱུ་འདིའི་དབྱེ་བའི་ཐོག་ནས་བཤད་ན། དགེ་མི་དགེ་ལུང་མ་བསྟན་གྱི་ལས་གསུམ་ཡོད་པ་ལས། མི་དགེ་བ་དེ་སྤང་བྱར་བྱས་ནས་དགེ་བ་དེ་བསྒྲུབ་བྱར་བྱས་ཏེ་ལུང་མ་བསྟན་དེ་དགེ་བར་བསྒྱུར་དགོས་པ་རེད། དེའི་ནང་གི་མི་དགེ་བ་ལ་མཚོན་ན། རང་བཞིན་གྱིས་ཁ་ན་མ་ཐོའི་སྡིག་པ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སུས་བྱས་ཀྱང་སྡིག་པར་འགྱུར་བ། འདོད་ཆགས་ཞེ་སྡང་གཏི་མུག་སྟེ་དུག་གསུམ་དང་། ཕྲག་དོག་སེར་སྣ་ལ་སོགས་པ་རྩ་ཉོན་དང་། ཉེ་ཉོན་གྱིས་ཀུན་ནས་བསླང་པའི་ལུས་ངག་ཡིད་གསུམ་སྒོ་གསུམ་གྱི་ལས་ཐམས་ཅད་མི་དགེ་བ་རེད། དེས་ན་འཁོར་བའི་སྡུག་བསྔལ་ཐམས་ཅད་རྒྱུ་མི་དགེ་བ་ལས་བྱུང་བ་རེད། མི་དགེ་བ་ཐམས་ཅད་ཆེ་ལོང་གིས་ཚུར་ལ་བསྡུས་ན། མི་དགེ་བ་བཅུའི་ནང་ལ་འདུས་པ་རེད། དེ་དག་གང་ཡིན་པ་རེད་ཅེ་ན། ལུས་ཀྱི་ལས་གསུམ་སྟེ། སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད་དམ་འདོད་ལོག་བརྩིས་པས་གསུམ། ངག་གི་ལས་བཞི་སྟེ་རྫུན་དང་ཕྲ་མ་ཚིག་རྩུབ། ངག་འཁྱལ་དང་བཞི། ཡིད་ཀྱི་ལས་གསུམ་སྟེ་བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་གསུམ་གྱིས་བཅུ་རེད། མི་དགེ་བ་བཅུ་པོ་དེའི་ལས་ལམ་ཐམས་ཅད་རྫོགས་མེད་ཀྱང་། དེའི་ཕྱོགས་མཐུན་ཙམ་དུ་གྱུར་བ་ཐམས་ཅད་ཀྱང་སྤང་བྱ་ཡིན་པ་རེད། རྒྱུ་མི་དགེ་བ་དེ་དག་གི་འབྲས་བུ་རྣམ་པར་སྨིན་པའི་ཐོག་ནས་བཤད་ན། རྣམ་སྨིན་གྱི་འབྲས་བུ་དང་། རྒྱུ་མཐུན་གྱི་འབྲས་བུ། བདག་པོའི་འབྲས་བུ་སྟེ་གསུམ་གྱི་ཐོག་ནས་བཤད་ཀྱིན་ཡོད་པ་རེད། དེ་ལས་རྣམ་སྨིན་གྱི་འབྲས་བུ་ནི། མི་དགེ་བ་དེ་དག་གི་ཀུན་སློང་དྲག་ཞན་གྱི་དབང་གིས་ཆེ་འབྲིང་ཆུང་གསུམ་དུ་དབྱེ་བས། ཆེ་བས་དམྱལ་བ། འབྲིང་གིས་ཡི་དྭགས། ཆུང་བས་དུད་འགྲོར་སྐྱེ་རྒྱུ་དང་། མི་དགེ་བ་བཅུ་བོ་དེ་དག་གང་ཡང་རུང་བ། ཀུན་སློང་ཞེ་སྡང་གི་དབང་གིས་བྱས་ན་དམྱལ་བར་སྐྱེ་རྒྱུ། འདོད་ཆགས་ཀྱི་དབང་གིས་བྱས་ན་ཡི་དྭགས་སུ་སྐྱེ་རྒྱུ། གཏི་མུག་གི་དབང་གིས་བྱས་ན་དུད་འགྲོར་སྐྱེ་བའི་རྣམ་སྨིན་གྱི་འབྲས་བུ་སྨིན་ནས། གོང་དུ་བཤད་པའི་གནས་རིས་སོ་སོའི་སྡུག་བསྔལ་མྱོང་དགོས་པ་རེད། རྒྱུ་མཐུན་གྱི་འབྲས་བུ་ལ། མྱོང་བ་རྒྱུ་མཐུན་དང་། བྱེད་པ་རྒྱུ་མཐུན་གཉིས་ཀྱི་དབྱེ་བ་ཡོད་ཅིང་། དེའི་ནང་གི་མྱོང་བ་རྒྱུ་མཐུན་ནི། སྲོག་བཅད་པའི་ལས་ཀྱིས་ཚེ་ཐུང་། རྐུ་བྱས་པས་ལོངས་སྤྱོད་ཆུང་། ལོག་གཡེམ་གྱིས་དགྲ་མང་བའི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་མྱོང་དགོས་པ་རེད། དེ་བཞིན་དུ། རྫུན་གྱིས་བསྐུར་བ་འདེབས་མཁན་མང་བ། ཕྲ་མ་བྱས་པའི་རྣམ་སྨིན་གྱིས་གྲོགས་དང་འཁོན་དགོས་པར་འགྱུར་བ། ཚིག་རྩུབ་ཀྱིས་རྟག་ཏུ་མི་སྙན་པ་འབའ་ཞིག་ཐོས་པ། ངག་འཁྱལ་གྱིས་གཞན་ལ་གཏམ་བཤད་ན་ངག་ཚིག་མི་བཙུན་པ། བརྣབ་སེམས་ཀྱིས་ཡིད་ལ་རེ་བའི་དོན་མི་འགྲུབ་པ། གནོད་སེམས་ཀྱིས་དུས་ནམ་དུ་ཡང་འཇིགས་སྐྲག་འབྱུང་བ། ལོག་ལྟ་བྱས་པའི་མྱོང་བ་རྒྱུ་མཐུན་ནི་གླེན་ཞིང་གཏི་མུག་པར་སྐྱེས་པ་དེ་ཚོ་ཡིན་པ་རེད། བྱེད་པ་རྒྱུ་མཐུན་ནི་སྔར་སྐྱེ་བ་སྔོན་མར་ལས་གང་དང་གང་བྱེད་མཁན་ཞིག་ཡིན་ན། ད་ལྟ་སྐྱེ་བ་རྗེས་མ་འདིར་ཡང་། ལས་དེ་དང་དེ་ལྟ་བུ་བྱེད་པ་ལ་དགའ་བ་ཡིན་པ་རེད། བྱེད་པ་རྒྱུ་མཐུན་བྱེད་ལས་མཐུན་པར་སྐྱེ། །ཞེས་གསུངས་ཡོད་པ་རེད། དེ་ཡང་བདག་པོའི་འབྲས་བུ་བདག་འབྲས་ཡུལ་ལ་སྨིན་པ་ཞེས་པ། རང་ཉིད་ཀྱི་འཁོར་ཡུག་གི་ཕྱི་རོལ་གྱི་ཡུལ་ཁམས་ལ་སྨིན་པ། དཔེར་ན། སྲོག་གཅོད་ཀྱིས་སྲོག་སྐྱོབ་ཀྱི་སྨན་ལ་ནུས་པ་མེད་པ། སྲོག་འཚོ་བའི་འབྲུ་རིགས་སོགས་ཀྱི་ཟས་བཅུད་ཞན་པ། རྐུས་པས་ལོ་ཉེས། ཕྱུགས་གོད། རྒྱུ་ནོར་མི་འཁྲི། ལོག་གཡེམ་གྱིས་ས་ཕྱོགས་ཡིད་དུ་མི་འོང་པར་སྐྱེ་བ་དང་། ཁྱིམ་པ་ཡིན་ན་བཟའ་ཟླ་མི་མཛེས་པ་དང་ལས་ཀྱིས་སྦྲེལ་རྒྱུ་དང་། བཟའ་འཛིང་འཐབ་མོ་ཅན་དུ་འགྱུར་ཚུལ་གསུངས་ཡོད་པ་རེད། དེ་ཚོ་སྔོན་གྱི་ལས་ཀྱི་དབང་གིས་ཡིན་པ་རེད། བཟའ་ཚང་མི་རྟག་ཚོང་དུས་མགྲོན་པོ་འདྲ། །ངན་ཤག་འཐབ་མོ་མ་བྱེད་དིང་རི་བ། །ཞེས་གསུངས་པ་ལྟ་བུ་རེད། གསོན་འདི་གང་གི་མི་ཚེ་ཐུང་ཐུང་། སྡིགས་སྡུག་གཏམ་ངན་གྱིས་བསྐྱལ་ན་རྗེས་སུ་འགྱོད་པ་སྐྱེ་བྱེད་ཡིན་པ་རེད། རྫུན་གྱིས་ས་ཕྱོགས་མི་གཙང་ཞིང་། ངམ་གྲོག་ཅན་དུ་སྐྱེ་བ་ལ་སོགས་པ་ཡུལ་ལ་སྨིན་པ་རེད། དེ་ལྟ་བུའི་སྡིག་པ་མི་དགེ་བའི་ལས་ལམ་གྱི་ལྡོག་ཕྱོགས་དེ་གང་ཡིན་པ་རེད་ཅེ་ན་དགེ་བ་རེད། མི་དགེ་བ་བཅུ་སྤངས་པའི་སེམས་པ་ས་བོན་དང་བཅས་པ་དགེ་བ་བཅུ་ཡིན་ཞིང་། ལུས་ངག་གི་མི་དགེ་བ་བདུན་པོ་ཡིད་ཀྱིས་སྤངས་ཤིང་ལུས་ངག་གིས་སླར་ལོག་པ་དང་། ཡིད་ཀྱི་གསུམ་པོ་དེ་ཡིད་ཀྱིས་སྤངས་ཏེ། ཀུན་རྫོབ་ཤེས་པ་མ་འཁྲུལ་བའི་སྤང་སེམས་དེ་གཉེན་པོའི་ངོས་ནས་ཚུལ་ཁྲིམས་ཡིན་པ་རེད། སྤང་སེམས་འཕེན་ཤུགས་ཆེ་བ་རྒྱུན་ཆགས་པའི་དབང་གིས་སྡོམ་པར་ཡང་འགྱུར་བ་རེད། མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་སྟེ། །ཞེས་གསུངས། དགེ་བ་དེ་དག་གི་འབྲས་བུ་རྣམ་པ་གསུམ་གྱི་ཐོག་ནས་བཤད་ན་ཆོག དེ་དག་གང་རེད་ཅེ་ན། རྣམ་སྨིན་གྱི་འབྲས་བུ་དང་། རྒྱུ་མཐུན་གྱི་འབྲས་བུ། བདག་པོའི་འབྲས་བུ་གསུམ་རེད། རྣམ་སྨིན་གྱི་འབྲས་བུའི་དབང་དུ་བྱས་ནས་བཤད་ན། དགེ་བ་དེ་དག་གི་སྦྱོར་དངོས་རྗེས་གསུམ་པོ་ཐམས་ཅད་དགེ་སེམས་རྣམ་དག་གིས་ཟིན་དང་མ་ཟིན། ཟིན་སྟོབས་ཆེ་ཆུང་གི་དབང་གིས། དགེ་བའི་སྟོབས་ཀྱང་ཆེ་འབྲིང་ཆུང་གསུམ་དུ་འགྱུར་བ་རེད། ཆེན་པོས་ཁམས་གོང་མར་སྐྱེ་བ་དང་། འབྲིང་གིས་འདོད་ལྷའི་གནས་སུ་སྐྱེ་བ། དགེ་བ་ཆུང་ངུས་མིའི་ཡུལ་དུ་སྐྱེ་བ་ཡིན་པ་རེད། དེ་ཡང་དགེ་བ་ཡིན་ཡང་། བསམ་པ་མ་དག་པ་སོགས་ཀྱི་སྟོབས་ཀྱིས། འཕེན་བྱེད་དགེ་བས་འཕངས་ཀྱང་། རྫོགས་བྱེད་མི་དགེ་བས་རྫོགས་པ་ལྟ་བུ་ལ་སོགས་པས་ལྷ་མ་ཡིན་གྱི་གནས་སུ་སྐྱེ་བ་སོགས་གསུངས་ཡོད་པ་རེད། རྒྱུ་མཐུན་གྱི་འབྲས་བུ་ནི། སྲོག་གཅོད་སྤངས་པས་ཚེ་རིང་། ནད་ཉུང་། མ་བྱིན་ལེན་སྤངས་པས་རྒྱུ་ནོར་གྱིས་ཕྱུག དགྲ་རྐུན་གྱིས་མི་སྡང་། རྫུན་སྤངས་པས་ཀུན་གྱིས་བསྟོད་པའི་ཡུལ་དུ་འགྱུར་བ་ལ་སོགས་པ་དང་། བདག་འབྲས་ཡུལ་ལ་སྨིན་པ་བདེ་སྐྱིད་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་ཀྱིས་འབྱོར་ཞིང་ཅི་བསམ་ངང་གིས་འགྲུབ་པ་ཞིག་ཡིན་ནོ། །ལུང་མ་བསྟན་གྱི་ལས་ནི། ཀུན་སློང་དགེ་མི་དགེ་གཉིས་ཀ་གང་གིས་ཀྱང་མ་ཟིན་པས། དེའི་འབྲས་བུ་དེ་ཉིད་བདེ་སྡུག་འདི་རེད་ཟེར་ནས་ལུང་བསྟན་དུ་མེད་པས་ན་ལུང་མ་བསྟན་གྱི་ལས་ཞེས་ཟེར། དཔེར་ན་ཟས་ཟ་བ། གོས་གྱོན་པ། འགྲོ་འདུག་ཉལ་འཆག་ལ་སོགས་པ་རྣམས་ཡིན་པ་རེད། དེ་དག་གིས་ཀྱང་དུས་ཚོད་མང་པོ་ཞིག་ཆུད་ཟོས་རེད་འགྲོ་བ་ཡིན་པས། བྱང་ཆུབ་སེམས་སོགས་ཀྱིས་རྩིས་ཟིན་ན་དེ་དག་ཀྱང་དགེ་བར་བསྒྱུར་ཐུབ་རྒྱུ་ཅན་ཞིག་ཡིན་ཏེ། བསམ་པ་བྱང་ཆུབ་སེམས་དཔའ་ཡི། །དགེ་འམ་ཡང་ན་མི་དགེ་བ། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་སེམས་དེ་གཙོ་བོའི་ཕྱིར། །ཞེས་བཞི་བརྒྱ་པ་ལས་གསུངས་པ་ལྟར་རེད། སྤྱོད་འཇུག་ལས་ཀྱང་དེ་བཞིན་དུ། དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་གསུངས་པ་ལྟར་རོ། །མདོར་ན་མཐོ་སྲིད་པའི་རྩེ་མོ་མན་ཆད་དང་། དམའ་དམྱལ་ཁམས་ཡན་ཆད་ཀྱི་སེམས་ཅན་རང་རང་སོ་སོས། བདེ་སྡུག་གི་རྣམ་གྲངས་འདྲ་མི་འདྲ་མང་པོ་ཞིག་མྱོང་གིན་ཡོད་པ་འདི། རྒྱུ་མེད་རྐྱེན་མེད་ལས་བྱུང་བ་ཞིག་མ་རེད། རྒྱུ་མེད་ཀྱི་འབྲས་བུ་ཞིག་མི་སྲིད། རང་རང་སོ་སོའི་སྐྱེ་བ་འདི་དང་། སྔོན་མར་བསགས་པའི་དགེ་སྡིག་གི་ལས་འབའ་ཞིག་ལས། འབྲས་བུ་བདེ་སྡུག་འདི་དག་བྱུང་བ་རེད། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ཐུབ་པས་གསུངས། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །ཞེས་གསུངས་པ་ལྟར་ཡིན། སྐྱེ་བ་རྗེས་མའང་ད་ལྟའི་སྐྱེ་བ་འདིའི་ཐོག་ནས་བསགས་པའི་ལས་དགེ་སྡིག་གི་རྗེས་སུ་འབྲངས་ཏེ། བདེ་སྡུག་གི་རྣམ་སྨིན་མྱོང་དགོས་པ་རེད། ཤི་རན་པའི་གནས་སྐབས་ན་ཚེ་འདིའི་རྒྱུ་ནོར་ལོངས་སྤྱོད། སྟོབས་འབྱོར་མངའ་ཐང་གཅིག་ཀྱང་རྗེས་སུ་མི་འབྲང་ཡང་། ལས་དགེ་སྡིག་བསགས་པ་ཅུང་ཟད་ཙམ་ཡང་ཆུད་ཟོས་སུ་མི་འགྲོ་བར། བྱེད་པ་པོ་རང་ཉིད་ཀྱི་རྗེས་སུ་འབྲངས་ཤིང་། རང་ཉིད་ཀྱི་ཤེས་རྒྱུད་ཀྱིས་ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས། ད་དུང་གོང་དུ་དྲངས་པ་ལྟར། ས་བླ་མཐོན་པོར་གཤེགས་པའི་མཁའ་ལྡིང་གི། །གྲིབ་མ་རེ་ཞིག་བལྟ་བར་མི་མངོན་ཡང་། །ལུས་ཅན་དག་དང་འདུ་འབྲལ་སྤངས་པ་བཞིན། །ཚོགས་ཤིང་དུས་ལ་བབ་ཚེ་ལྷག་པར་མངོན། །ཞེས་གསུངས་ཏེ། དཔེ་བླངས་ན་འདབ་ཆགས་བྱ་ཞིག་ནམ་མཁར་འཕུར་ནས། མཁའ་དབྱིངས་མཐོ་སར་ཐོན་སོང་ཚེ། བྱའི་གྲིབ་མ་འདི་རེད་ཟེར་བ་ཞིག་མཐོང་དུ་མེད་ཀྱང་། གྲིབ་མ་མེད་སོང་བ་མ་རེད། ནམ་ཞིག་ས་ཐོག་ཏུ་བབས་ཡོང་ཚེ། གྲིབ་མ་ནག་རིལ་ལེ་མཉམ་དུ་ཐོན་ངེས་ལ། དེ་དང་འབྲལ་བ་མེད་པ་རེད། དེ་ལྟར་དུ་དགེ་སྡིག་གི་ལས་དེ་ད་ལྟ་འཕྲལ་དུ་འདི་རེད་ཟེར་རྒྱུ་ཞིག་མཐོང་རྒྱུ་མེད་ཀྱང་། མཐར་རང་ཐོག་ཏུ་མི་ཡོང་བའི་ཐབས་ཡོད་པ་མ་རེད། ལས་ཀྱི་རྣམ་པར་སྨིན་པ་དེ་རང་ཅག་སོ་སོའི་སྐྱེ་བོ་མ་དགོས། སངས་རྒྱས་བྱང་སེམས་ཀྱིས་ཀྱང་ལས་ཀྱི་ལྷག་མ་སྦྱང་བའི་ཚུལ་བསྟན་པ་མང་པོ་ཡོད་པ་རེད། བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་ན། མི་ནག་མདུང་ཐུང་ཅན་བསད་པའི་ལས་འབྲས་ཀྱི་ལྷག་མ་ཞབས་ལ་སེང་ལྡེང་གི་ཚེར་མ་ཟུག་པ་དང་། རྫུ་འཕྲུལ་ཅན་གྱི་མཆོག་མོའུ་འགལ་གྱི་བུའི་སྐུ་ལུས་མུ་སྟེགས་པས་འདམ་བུ་བཞིན་དུ་བཅོམ་ནས། དེའི་རྐྱེན་གྱིས་སྐུ་མྱ་ངན་ལས་འདས་རབས་དང་། ད་དུང་རྒྱལ་པོ་བདེ་སྤྱོད་ཀྱི་བུས་སློབ་དཔོན་ཀླུ་སྒྲུབ་ལ་དབུ་སློང་བའི་སྐབས་སུ། སློབ་དཔོན་གྱིས་དབུ་ཆོད་ལ་ཁྱེར་སོང་ཞེས་གསུངས་ཀྱང་། རྒྱལ་པོའི་བུས་རལ་གྲིས་ཅི་འདྲ་བརྒྱབ་ཀྱང་མ་ཆོད་ཚེ། སློབ་དཔོན་གྱི་ཞལ་ནས། ངས་མཚོན་བརྒྱབ་པའི་རྣམ་སྨིན་ཚེ་རབས་ལྔ་བརྒྱའི་སྔོན་ནས་དག་ཚར་བ་ཡིན་པས། ང་ལ་མཚོན་གྱིས་བརྒྱབ་ནས་ཆོད་པ་མ་རེད། སྐྱེ་བ་ཡར་སྔོན་ཞིག་ལ། རྩྭ་ཀུ་ཤ་བཏུས་པའི་གནས་སྐབས་སུ་ཞོར་དུ་འབུ་བསད་པའི་རྣམ་སྨིན་ཆ་ཕྲ་བ་ཞིག་ད་དུང་ལུས་ཡོད་པས་ཀུ་ཤས་གཅོད་དང་ཆོད་གསུངས་བས། དེས་རྩྭ་ཀུ་ཤ་བཏུས་ནས་བརྒྱབ་པས་དབུ་ས་ལ་ལྷུང་པའི་ལོ་རྒྱུས་ཡོད་པ་ལ་སོགས་པ་ལྟར་རེད། དེ་ལྟར་ལས་ཀྱི་རྣམ་སྨིན་དེ་ཆུད་མི་ཟ་བར་སྐྱེས་བུ་དམ་པ་དེ་དག་གིས་ཀྱང་མྱོང་ཚུལ་བསྟན་དགོས་པ་ཡིན་ན། རང་རེས་ཅི་ལ་མྱོང་མི་དགོས། རྒྱལ་སྲས་ཞི་བ་ལྷས། སྐད་ཅིག་གཅིག་བྱས་སྡིག་པས་ཀྱང་། །བསྐལ་བར་མནར་མེད་གནས་འགྱུར་ན། །ཐོག་མེད་འཁོར་བར་བསགས་སྡིག་གིས། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར། རང་ཅག་རྣམས་ཀྱིས་ཐོག་མེད་ནས་བསགས་པའི་ལས་ཀྱིས་ཐར་མེད་ཀྱི་འཁོར་བ་འདིར་འཁྱམས་པ་ཡིན་ན། ད་དུང་ཡང་མི་དགེ་སྡིག་པའི་ལས་འབའ་ཞིག་བསགས་བཞིན་པ་འདིས། འཁོར་བ་ནས་མི་ཐར་པ་མ་ཟད་ངན་སོང་ལས་ཐར་བའི་དུས་ཙམ་ཡང་ཡོད་དཀའ་ས་ཨེ་ཡོད་བསམ་རྒྱུ་ཅན་ཞིག་ཡིན་པ་རེད། རྒྱུ་སྡིག་པ་ཆུང་ཆུང་གིས། འབྲས་བུ་སྡུག་བསྔལ་ཆེན་པོར་མྱོང་བ་དང་འདྲ་བར། རྒྱུ་དགེ་བ་ཕྲ་མོ་ཡིན་ཡང་། འབྲས་བུ་བདེ་བ་ཆེན་པོ་རྙེད་རྒྱུ་ཡོད་པ་རེད། སྡིག་པ་ཆུང་ངུ་དག་ལ་ཡང་། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་སྟག་ཆུང་ངུ་དག་གིས་ཀྱང་། །རྩྭ་ཕུང་རི་ཙམ་སྲེག་པར་བྱེད། །དགེ་བ་ཆུང་ངུ་དག་ལ་ཡང་། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་བསགས་པ་ཡིས། །སྣོད་ཆེན་རིམ་གྱིས་གང་བར་འགྱུར། །ཞེས་གསུངས་པས། རྒྱུ་སྡིག་པ་ཆུང་ཆུང་གིས། འབྲས་བུ་སྡུག་བསྔལ་ཆེན་པོ་མྱོང་བ་དང་འདྲ་བར། རྒྱུ་དགེ་བ་ཕྲ་མོ་ཡིན་ཡང་འབྲས་བུ་བདེ་བ་ཆེན་པོ་རྙེད་རྒྱུ་ཡོད་པ་དེས་ན། སྡིག་པ་ཆུང་ངུ་ཡིན་ཡང་འཛེམ་དགོས་པ་རེད། དགེ་བ་ཕྲ་མོ་ཡིན་ཡང་བསག་དགོས། ཆོས་ཐོས་པ་དེ་ཁ་ཕྱིར་བལྟས་སུ་མ་སོང་པར། བློ་རྩེ་ནང་དུ་བཀུག་ནས། ཅི་བྱས་དགེ་བའི་ལས་ལམ་དོན་ཡོད་པས་མཐའ་སྐྱོང་། དུས་དང་རྣམ་པ་རྒྱུན་དྲུག་ཏུ་དྲན་ཤེས་བཞིན་དང་མ་བྲལ་བའི་སྒོ་ནས། ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་འདི་ཐམས་ཅད་ལ་བདེན་ཞེན་མེད་པ། སྒྱུ་མ་དང་རྨི་ལམ་ལྟ་བུར་བློ་སྦྱོངས། དུས་རྟག་ཏུ་རང་གི་རྒྱུད་མི་དགེ་བ་ལས་ལྡོག་རྒྱུ་དང་། དྲང་པོའི་ལམ་དུ་བཞག་ཅི་ཐུབ་བྱས་ནས། བློ་ལས་སུ་རུང་བར་བྱ་རྒྱུ་དེ་བློ་ལྡོག་རྣམ་བཞིའི་ཁྲིད་ཀྱི་གནད་དང་། ཉམས་སུ་བླངས་པའི་དོན་འབྲས་རེད། དེའི་ཐོག་ལ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་ནས། ཉན་ཐོས་རང་རྒྱལ་རྫོགས་པའི་བྱང་ཆུབ་གསུམ་པོ་ཐོབ་པ་དེ། འཁོར་བ་ལས་ཐར་བའི་ཐར་པ་ཞེས་ཟེར་བ་རེད། ཐར་བ་ལ་ཕན་ཡོན་ཅི་ཞིག་ཡོད་པ་རེད་ཅེ་ན། སྡུག་བསྔལ་རྒྱུ་འབྲས་ལས་ཐར་བའི་གཏན་གྱི་བདེ་བ་ཐོབ་པ་ཐར་པའི་ཕན་ཡོན་རེད། དེའི་ནང་ནས་ད་རེས་ཐེག་པ་ཆེན་པོའི་ཆོས་དང་མཇལ་བས། ང་གཅིག་པུར་བདེ་བ་ཐོབ་པས་ཕན་པ་མི་འདུག ཕ་མར་གྱུར་བའི་སེམས་ཅན་ཐམས་ཅད་སྐྱོབ་དགོས་སྙམ་པའི་སྙིང་རྗེས་ཀུན་ནས་བསླངས་ཏེ། བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་བསྒྲུབ་དགོས་བསམ་པའི་ཐོག་ནས། གོང་དུ་བཤད་པ་ལྟར་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། རྗེས་བསྔོ་བས་ཟིན་པར་བྱས་ཏེ། ཉམས་སུ་ལེན་དགོས་པ་རེད། །

བདེན་བཞི་བཤད་པ།

ད་དེ་དག་ཐམས་ཅད་ཀྱི་འགག་འཕགས་པའི་བདེན་པ་བཞི་ཡིས་བསྡུས་ན། བདེན་པ་བཞི་ནི། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་བཞི་པོ་རེད། བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱིས། ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བའི་ཚེ་ན། ཐོག་མར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བ་རེད། དེ་བཞི་པོ་ལ་བདེན་པ་ཞེས་པའི་སྒྲ་སྦྱར་དགོས་དོན་ཇི་ལྟར་རེད་ཟེར་ན། མི་བསླུ་བའི་དོན་ཡིན་པས་ན་བདེན་པ་ཞེས་ཟེར། ཇི་ལྟར་བྱས་ནས་མི་བསླུ་བ་རེད་ཟེར་ན། རྒྱུ་ལས་ཉོན་གྱིས་འབྲས་བུ་ཁམས་གསུམ་དུ་སྣང་བ་རྒྱུ་འབྲས་བསླུ་བ་མེད་པའི་ཆ་ནས་ཀུན་འབྱུང་དང་སྡུག་བདེན་གཉིས་ཀ རྒྱུ་བྱང་ཆུབ་ཀྱི་ཕྱོགས་ལ་འབད་པས། འབྲས་བུ་རྣམ་གྲོལ་ཐོབ་པ་མི་བསླུ་པས། ལམ་དང་འགོག་པའི་བདེན་པ་གཉིས་ཀ དེ་ལྟ་བུའི་སྡུག་ཀུན་འགོག་ལམ་གྱི་བདེན་པ་བཞིའི་ནང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདུས་པ་ཡོད་པ་མ་རེད། དེའི་ནང་གི་དང་པོ་ཀུན་འབྱུང་གི་བདེན་པ་ལ་མཚོན་ན། རྫོགས་པ་ཆེན་པོའི་རང་ལུགས་དང་སྦྲགས་ནས་བཤད་ན། གདོད་མ་གཞི་ཡི་གནས་ལུགས་སྨྲ་བསམ་བརྗོད་པ་དང་བྲལ་བའི་སྟོང་བ་ཉིད་དུ་གནས་པ་དེ་ལས། གཞི་ལས་གཞི་སྣང་གི་སྣང་བ་ཤར་བའི་དུས་སུ། རྒྱུ་བདག་ཉིད་གཅིག་པུའི་མ་རིག་པས་གཞི་བྱས་ནས། ལྷན་ཅིག་སྐྱེས་པའི་མ་རིག་པས་ངོ་མ་ཤེས། ཀུན་ཏུ་བརྟགས་པའི་མ་རིག་པས་གཟུང་འཛིན་རྒྱང་ཆད་དུ་སོང་བས་འཁྲུལ་ཏེ། ཕུང་པོ་ལ་བདག་ཏུ་འཛིན་པ་ཞུགས་ནས། ཡུལ་མཐུན་པ་ལ་བརྟེན་ནས་འདོད་ཆགས་སྐྱེས། མི་མཐུན་པར་བརྟེན་ནས་ཞེ་སྡང་སྐྱེས། བར་མར་བརྟེན་ནས་གཏི་མུག་སྐྱེས། དུག་གསུམ་ལ་བརྟེན་ནས་དུག་ལྔ་སྐྱེས་ནས། ཉོན་མོངས་པའི་རྟེན་ཅན་གྱི་རྟོག་པས་ལས་བསགས་པ་ཡིན་པས་ན། ཀུན་འབྱུང་སྤང་བར་བྱས་ནས། འཁོར་བའི་རྩ་བ་ཉོན་མོངས་པ་དེ་ལྡོག་པར་བྱ་བ་གལ་ཆེན་པོ་རེད། ཕ་དམ་པས། ཉོན་མོངས་སྐྱེས་ཚེ་གཉེན་པོས་མ་སླེབས་ན། །ཆོས་ཀྱི་དགོས་པ་སྟོར་རོ་དིང་རི་བ། །ཞེས་གསུངས་པ་ལྟ་བུ་རེད། ཉོན་མོངས་པ་དེའང་སྤོང་བསྒྱུར་ལམ་བྱེད་ལ་སོགས་པའི་ཚུལ་མང་པོ་ཡོད་པ་སོ་སོའི་རང་གཞུང་ལས་ཇི་ལྟར་འབྱུང་བ་བཞིན་དུ་ཤེས་པར་བྱ་དགོས། སྡུག་བསྔལ་བདེན་པ་ཟེར་རྒྱུ་དེ། རྒྱུ་ཀུན་འབྱུང་ཉོན་མོངས་དུག་གསུམ་དང་དུག་ལྔའི་དབང་གིས་འབྲས་བུ་ཁམས་གསུམ་འཁོར་བའི་གནས་སུ་འཁྱམས་ནས། བུམ་པར་ཆུད་བའི་བུང་བ་ལྟར། འགྲོ་བ་རིགས་དྲུག་གི་ལས་དང་སྡུག་བསྔལ་ལ་བར་མེད་དུ་སྤྱོད་པས་རྟག་ཏུ་མནར་ཞིང་ཉམས་ཐག་ཡིན་པ་རེད། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་བ། སེམས་ཅན་ཐམས་ཅད་ལ་བདེ་གཤེགས་སྙིང་པོས་ཏིལ་ལ་མར་བཞིན་ཁྱབ་པ་ཞིག་ཡིན་ནའང་། གློ་བུར་གྱི་དྲི་མས་བསྒྲིབས་ནས་ཡོད་པ་རེད། ཅི་འདྲ་བྱས་ནས་བསྒྲིབས་ཡོད་པ་རེད་ཟེར་ན། རྒྱུད་བརྟགས་གཉིས་ཀྱི་ནང་ན། སེམས་ཅན་ཐམས་ཅད་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཅེས་གསུངས་པ་ལྟར། ཚུལ་མིན་ཡིད་བྱེད་ཀྱི་རྣམ་པར་རྟོག་པས་ཉོན་མོངས་པར་གྱུར། དེས་ཀུན་ནས་བསླངས་ཏེ་ཟག་བཅས་ཀྱི་ལས་ལ་སྤྱད་པས། འཁོར་བའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གྲུབ་སོང་བ་རེད། དེས་ན་སྡུག་བསྔལ་ཤེས་པར་བྱ་བ་ཡིན་ན། སྡུག་བསྔལ་ཅན་གྱི་འཁོར་བ་ལས་ཐར་བའི་ཐབས་ལ་འབད་རྒྱུ་དེ་གལ་ཆེ། གསུམ་པ་དེ་ལམ་གྱི་བདེན་པ་རེད། ལམ་གྱི་བདེན་པ་ནི། ལམ་ཉམས་སུ་ལེན་པར་བྱ་བ་ཞིག་རེད། གང་ཉམས་སུ་བླང་བྱའི་ལམ་དེ་ཇི་ལྟ་བུ་ཞིག་ཡིན་ཟེར་ན། ཐབས་ཤེས་ཟུང་དུ་འབྲེལ་བའི་དགེ་བ་གང་ཞིག་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་བ་ལ་ལམ་ཞེས་ཟེར་བ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཐབས་དང་བཅས་པའི་ཤེས་རབ་ནི་ལམ་མོ། །ཤེས་རབ་དང་བཅས་པའི་ཐབས་ནི་ལམ་མོ་ཞེས་གསུངས་པས། རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་གི་ལམ་གྱི་རིམ་པ་རྣམས་ལ། གདུལ་བྱ་རང་ཉིད་ཀྱི་དབང་པོའི་རིམ་པ་དང་སྦྱར་ནས། ལམ་དེ་ལ་བསླབ་པའི་དབང་གིས། ཚོགས་སྦྱོར་མཐོང་སྒོམ་མཐར་ཕྱིན་པའི་ལམ་རྣམས་སུ་བགྲོད་ནུས་པ་རེད། དེ་ལྟ་བུའི་འབྲས་བུ་ལག་ཏུ་ལེན་པ་ལ། ལམ་ཉམས་སུ་ལེན་ཚུལ་ལ་རག་ལས་པ་རེད། བཞི་བ་དེ་འགོག་པའི་བདེན་པ་རེད། འགོག་པ་མངོན་དུ་བྱ་དགོས་པ་ཡིན་ན། ཅི་ཞིག་གང་དུ་འགོག་ནས་གང་མངོན་དུ་བྱ་དགོས་པ་རེད་ཟེར་ན། འཁོར་བའི་ཆོས་ཐམས་ཅད་གང་དུ་འགོག་པའི་གཞི་དེ་སྟོང་པ་ཉིད་ཡིན་པ་རེད། ཆོས་ཐམས་ཅད་ཀྱི་གནས་ལུགས་སམ་ཡིན་ལུགས་དེ་ཆོས་ཉིད་དེ་བཞིན་ཉིད། ཡོད་མེད་ཡིན་མིན་སོགས་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པའམ་སྤྲོས་པའི་མཐའ་ཐམས་ཅད་ལས་རྣམ་པར་གྲོལ་བ་ཞིག་ཡིན་པ་རེད། དེ་ལྟ་བུའི་ཆོས་ཉིད་སྟོང་པ་ཉིད་ཀྱིས་ཆོས་ཅན་ཐམས་ཅད་ལ་ཁྱབ་ཅིང་གཉིས་སུ་མེད་པས་སོ་སོ་ཐ་དད་པ་ཞིག་མ་ཡིན། ཆོས་ཉིད་འདུས་མ་བྱས་དང་། ཆོས་ཅན་འདུས་བྱས་གཉིས་ཀ་མཚན་ཉིད་མི་མཐུན་པས་གཅིག་པ་ཡང་མ་ཡིན། དེས་ན་ཐ་དད་དོན་མིན་དོན་གཅིག་མིན་ཞེས་སོགས་གསུངས་པ་ལྟར། རྟག་ཆད་སོགས་ཀྱི་མཐའ་ལས་འདས་པས། དབྱིངས་འགྱུར་བ་མེད་པ་གང་ཡིན་པ་དེ་སྟོང་བ་ཉིད་རེད། དཔལ་ལྡན་ཟླ་བས། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །ཞེས་གསུངས་པ་ལྟར། ཡུལ་སྐྱེ་མེད་ཀྱི་རྣམ་པ་བློ་སྐྱེ་མེད་དུ་ཤར་བའམ་ཡུལ་སྤྲོས་བྲལ་གྱི་རྣམ་པ་བློ་སྤྲོས་བྲལ་དུ་ཤར་བ་ལ། ཆོས་ཉིད་མཐོང་ཞེས་བརྗོད་པ་སྟེ། ཡུལ་དང་ཡུལ་ཅན་གྱི་རྣམ་པ་ལྟར་མཐོང་བ་སྒྲུབ་ཕྱོགས་ནས་བསྟན་པ་ཞིག་དང་། ཡུལ་དང་ཡུལ་ཅན་ཐ་དད་དུ་མཐོང་བ་མེད་པའི་མ་མཐོང་བ་དགག་ཕྱོགས་ནས་བསྟན་པ་ཞིག་གི་ཚུལ་གྱིས་བཤད་ཀྱང་། དོན་ལ་འཕགས་པ་རྣམས་ཀྱིས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པའི་ཚུལ་གྱིས་ཅི་ཡང་མ་མཐོང་པའི་མཐོང་བ་ཆེན་པོའི་ཚུལ་གྱིས་གཟིགས་པ་རེད། སྐབས་འདིར་འགོག་བདེན་བཤད་པའི་སྐབས་ཡིན་ན། དེ་ལྟ་བུའི་སྟོང་པ་ཉིད་དེ་ཉིད། རྟོགས་བྱེད་ཀྱི་ལམ་ཉམས་སུ་བླངས་པས། ཀུན་འབྱུང་གི་བདེན་པ་ཉོན་མོངས་དུག་གསུམ་དང་དུག་ལྔ། དེས་ཀུན་ནས་བསླངས་པའི་ལས་ལམ་ཐམས་ཅད་འགོག་པ་དང་ཆབ་གཅིག་ཏུ་འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་དང་དེ་ལ་བརྟེན་པའི་སྡུག་བསྔལ་འགོག་པ་རེད། མདོ་ཚུར་བསྡུས་ཏེ། རྫོགས་པ་ཆེན་པོའི་མན་ངག་སྡེའི་ཆོས་སྐད་དང་ཕྱོགས་འདྲ་བའི་ཐོག་ནས་གོ་བརྡ་སྤྲད་ན། རང་གི་རིག་པའི་ཡེ་ཤེས་སྒྲིབ་བྱེད་གློ་བུར་འཕྲལ་བྱུང་གི་ཉོན་མོངས་པ་རྣམས་ས་བོན་དང་བཅས་པ་དབྱིངས་སུ་ཡལ། དབྱིངས་སུ་ནུབ་པ་དེ་འགོག་གཞི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན་པ་རེད། འགོག་བདེན་ཁྱད་པར་ཅན་དེ་ཉིད་མངོན་དུ་བྱས་པ་ལ། ཐར་པ་དང་མྱང་འདས་ཐོབ་ཅེས་ཟེར་གྱིན་ཡོད་པ་རེད། ད་སླ་མོ་བྱེད་ནས་གོ་བརྡ་སྤྲད་ན། དཔེར་ན། ནད་སྐྱེད་བྱེད་ཀྱི་ཟས་དང་སྤྱོད་ལམ་བསྟེན་པ་དེ་ཀུན་འབྱུང་རེད། དེའི་དབང་གིས་ནད་ཀྱི་ཟུག་རྔུས་མནར་བ་སྡུག་བསྔལ་རེད། ནད་དེ་ལ་སྨན་དཔྱད་ཀྱིས་བཅོས་པ་དང་། ཟས་སྤྱོད་མཐུན་རྐྱེན་བསྟེན་པ་ལམ་རེད། ནད་མེད་སོར་ཆུད་དུ་གྱུར་པ་འགོག་པའི་བདེན་པ་རེད། དཔེ་དེས་མཚོན་ནས། སེར་སྣའི་དབང་གིས་འཇུར་གེགས་བྱེད་པ་ཀུན་འབྱུང་། དེས་བསྐྱེད་པའི་དབུལ་ཞིང་ཕོངས་པར་གྱུར་པ་སྡུག་བསྔལ་རེད། དེ་ལས་ལྡོག་པའི་ཕྱིར་དུ་སྦྱིན་པ་གཏོང་བ་ལམ་རེད། དེ་ནས་སྦྱིན་པ་བཏང་བ་དེས་མ་འོངས་པ་ན་དབུལ་བའི་སྡུག་བསྔལ་སེལ་བ་དེ་འགོག་པའི་བདེན་པ་རེད། དེ་ལྟ་བུའི་སྔོན་འགྲོ་བློ་ལྡོག་རྣམ་བཞིས་འཁོར་བ་ལས་བློ་ལོག རྟེན་འབྲེལ་རྒྱུ་འབྲས་བསླུ་མེད་བདེན་བཞི་རྒྱུ་འབྲས་འཇུག་ལྡོག་གི་བསླབ་བྱ་ལ་གོ་བ་རགས་ཙམ་ཞིག་ཆགས་པའི་རྨང་གཞིའི་སྟེང་ནས། བྱང་ཆུབ་གསུམ་གྱི་གོ་འཕང་གཏན་གྱི་བདེ་བ་དམ་པ་ཞི་བ་བསིལ་བ་དེ་ཉིད་མངོན་དུ་བྱེད་པ་ལ་བློ་ཁ་ཕྱོགས་དུས། ཐར་པ་ཟེར་རྒྱུ་དེའི་ཕན་ཡོན་དང་ལམ་གྱི་རྣམ་བཞག ཐེག་པའི་འཇུག་སྒོ་དེ་རང་ཤུགས་ཀྱིས་མ་ཤེས་ཐབས་མེད་དུ་ཁེལ་བ་རེད། དེ་ཡང་གང་ཟག་གི་བློའི་རིམ་པ་དང་མཐུན་པར་བྱང་ཆུབ་གསུམ་གྱི་གོ་འཕང་སྒྲུབ་པར་བྱེད་པ་ལ་ལམ་གྱི་ལུས་རྟེན་ཁྱད་པར་ཅན་ཞིག་ལ་བརྟེན་དགོས་པ་ཡིན་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐེག་པ་གཉིས་ཟེར་བའམ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ཐོག་ནས་བསྟན་ཡོད་པ་རེད། འཇིག་རྟེན་པའི་ཐེག་པ་ཟེར་རྒྱུ་དེ་ཀུན་སློང་མངོན་མཐོ་དོན་གཉེར་གྱིས་འཇིག་རྟེན་ཡང་དག་གི་ལྟ་བ་དང་ལྡན་པས་དགེ་བཅུ་སྒྲུབ་ཅིང་། བསམ་གཟུགས་བརྒྱད་ཀྱི་ཏིང་ངེ་འཛིན་བསྒོམ་སྟེ། དགེ་རྩ་བསོད་ནམས་ཆ་མཐུན་དང་མི་གཡོ་བའི་ལས། སྲིད་པ་སྒྲུབ་པའི་ལས་བསགས་པས་ན། འབྲས་བུ་ལྷ་མིའི་གོ་འཕང་ཐོབ་པ་རེད། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་ལ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེག་ན་ཐར་པ་གམ་ན་གནས། །ཞེས་གསུངས་པ་ལྟར། ལྷ་མིའི་གོ་འཕང་དེ་ཐར་པའི་ལམ་སྟེགས་ཡིན་པ་རེད། འོན་ཀྱང་ངེས་འབྱུང་གི་བསམ་པས་མ་ཟིན། སྟོང་བ་ཉིད་ཀྱི་ལྟ་བས་མ་ཟིན་པའི་དགེ་རྩ་ཆེ་ཆུང་གང་སྒྲུབ་ཀྱང་སྐྱེས་བུ་ཆུང་ངུའི་ལམ་ཡིན་པ་རེད། སྐྱེས་བུ་འབྲིང་དང་ཆེན་པོའི་ལམ་གྱི་རིམ་པ་དེ་འཇིག་རྟེན་ལས་འདས་པའི་ཐེག་པ་ཡིན་ཞིང་། དེའི་ནང་ནས་སྐྱེས་བུ་འབྲིང་གིས་འཁོར་བ་ལས་ངེས་པར་འབྱུང་། ཀུན་སློང་རང་འདོད་ཡིད་བྱེད། དགེ་རྩ་ཐར་པ་ཆ་མཐུན། རང་ལམ་གྱི་བསླབ་གསུམ་ཉམས་ལེན་གྱིས་གང་ཟག་གི་བདག་མེད་རྟོགས་ཤིང་། དེ་འགའ་ཞིག་གིས་ཆོས་བདག་རགས་པ་མེད་པར་རྟོགས་པའམ། གཟུང་བ་རང་བཞིན་མེད་པར་རྟོགས་པ། མཐར་འབྲས་ཉན་རང་དགྲ་བཅོམ་མངོན་དུ་བྱེད་པ་དེ་སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་རེད། ངེས་འབྱུང་གི་བསམ་པས་ཟིན། སྟོང་ཉིད་ཉི་ཚེ་བ་ཙམ་རྟོགས་ཀྱང་། བྱང་ཆུབ་སེམས་ཀྱིས་མ་ཟིན་པའམ་ཐབས་ཀྱིས་མ་ཟིན་པའི་དགེ་རྩ་དེ་རྒྱ་ཆེ་ཆུང་གང་བསྒྲུབ་ཀྱང་ཐེག་དམན་ཐར་བ་ཆ་མཐུན་གྱི་དགེ་རྩ་ལས་འཕགས་པ་མ་རེད། སྐྱེས་བུ་ཆེན་པོའི་དགེ་རྩ་ཐེག་ཆེན་ཐར་བ་ཆ་མཐུན་གྱི་དགེ་རྩ་དེ་ངེས་འབྱུང་གི་བསམ་པས་ཟིན་པ་མ་ཟད། བདག་མེད་གཉིས་རྟོགས་ཀྱི་ཤེས་རབ་ཀྱིས་ཟིན། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ནས། མདོ་ལུགས་ལ་སངས་རྒྱས་དང་སྔགས་ལུགས་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་དེ་འབྲས་བུ་ཡིན་པ་རེད། ལམ་གྱི་བགྲོད་ཚུལ་གྱི་ཐོག་ནས་བཤད་ན་རང་ལམ་མཚན་ཉིད་ཐེག་པས་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་ནས། སེམས་ཅན་རྒྱ་མཚོ་ལྟ་བུ་སྨིན་པར་བྱེད་པ་དང་། ཞིང་ཁམས་རྒྱ་མཚོ་ལྟ་བུ་སྦྱང་བ། སངས་རྒྱས་རྒྱ་མཚོ་ལྟ་བུ་མཆོད། ཚོགས་བསགས་སྨོན་ལམ་རྫོགས་པ་སྟེ། རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས། ཉེ་ལམ་རྡོ་རྗེའི་ཐེག་པ་ལའང་སྔགས་ཕྱི་པ་ཀྲི་ཡོག་སྡེ་གསུམ་སྟེ། ཀྲི་ཡ་ཨུ་པ་ཡོ་ག་གསུམ། ནང་པ་ཡོ་ག་རྣམ་གསུམ་སྟེ། བསྐྱེད་རྫོགས་རྫོགས་ཆེན་གསུམ་ཞེས་ཟེར་བ། མ་ཧཱ་ཨ་ནུ་ཨ་ཏི་ཡོ་ག་གསུམ་ཡིན་ན། བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་རྒྱུད་གསུམ་གྱི་རང་ལམ་གྱི་དབང་གིས་སྨིན། དམ་ཚིག་གིས་རྒྱུད་བསྡམས། མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་བསྒོམ་སྟེ་མི་ཚེ་བཅུ་དྲུག་དང་བདུན་ནམ་ལྔ་ཡིས་རིགས་གསུམ་རིགས་བཞི་རིགས་ལྔ་རྡོ་རྗེ་སེམས་དཔའི་གོ་འཕང་བསྒྲུབ་པ་རེད། མ་ཧཱ་དང་ཨ་ནུ་གཉིས་ཀས་རང་ལམ་གྱི་སྨིན་པར་བྱེད་པའི་དབང་ཐོབ་པ་གཞིར་བཞག་གི་སྟེང་ནས། དམ་ཚིག་རྣམ་པར་དག་པ་བསྲུངས་ཏེ་ཐབས་བསྐྱེད་པའི་རིམ་པ་དང་། ཤེས་རབ་རྫོགས་པའི་རིམ་པ་གཉིས་ཀྱི་སྒོ་ནས་མི་ཚེ་གཅིག་གིས་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་ཐུབ་པ་རེད། མྱུར་ལམ་ཐེག་དགུའི་རྩེ་མོ་འོད་གསལ་རྫོགས་པ་ཆེན་པོའི་ལམ་ནས། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་སོགས་ཀྱི་དབང་ཐོབ། དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམས། ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ལམ་ཉམས་སུ་བླངས་པས། ལོ་དང་ཟླ་བས་འཕོ་བ་ཆེན་པོའི་སྐུ་འགྲུབ་པ་རེད། །

བཤེས་གཉེན་བསྟེན་པ།

དེ་ལྟ་བུའི་སྐྱེས་བུ་གསུམ་གྱི་ལམ་གང་ལ་ཞུགས་ཀྱང་། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་ཁྲིད་པ་ལ། རང་ལམ་གྱི་དགེ་བའི་བཤེས་གཉེན། ལམ་སྟོན་གྱི་བླ་མ་མཚན་ཉིད་དང་ལྡན་པ་ཞིག་ལ་མ་བསྟེན་པར་ཐབས་མེད་དེ། དམུས་ལོང་ཐང་དཀྱིལ་དུ་འཁྱམས་ཚེ་ལོང་ཁྲིད་དང་། མུན་ནག་སྨག་རིམ་དུ་འཁྱམས་དུས་མུན་སེལ་གྱི་སྒྲོན་མེ་ཞིག་མེད་ན། ལམ་འགོ་མི་ཆོད་པ་ལྟར། དགེ་བའི་བཤེས་གཉེན་ཡང་དག་པ་ཞིག་གི་ལམ་སྟོན་མེད་ན། ཐར་ལམ་གཏན་བདེའི་གོ་འཕང་དུ་བསྐྱོད་མི་ཐུབ། བླ་མ་དེའང་ཅི་བྱུང་བྱུང་། གང་བབ་བབ། ཐོབ་སུའི་མཐོ། མིང་གྲགས་སུ་ཆེ་ལྟ་རྒྱུ་ཞིག་མ་རེད། དང་པོ་བླ་མ་བརྟག་ལ་མཁས་པ་དང་། །བར་དུ་བླ་མ་བསྟེན་ལ་མཁས་པ་དང་། །ཐ་མར་དགོངས་སྤྱོད་བསླབ་ལ་མཁས་པ་ཡི། །སྐྱེས་བུ་དེ་ནི་ཡང་དག་ལམ་ལ་འགྲོ། །ཞེས་གསུངས་པ་ལྟར། ཕྱི་སོ་ཐར་གྱི་མཁན་པོ་ལྟ་བུ་ཞིག་ཡིན་ན། ལྔ་ཕྲུག་ཉེར་གཅིག་དང་ལྡན་པའི་བརྟན་མཁས་བཙུན་པའི་ཡོན་ཏན་དང་ལྡན་པ་ཞིག་ཡིན་དགོས་པ་རེད། ནང་བྱང་སེམས་ཀྱི་བཤེས་གཉེན་དེ། བཤེས་གཉེན་ཞི་བ་དུལ་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག །ཞེས་གསུངས་པ་ལ་སོགས་པ་དང་མཐུན་པ་ཞིག་དང་། སྔགས་རྡོ་རྗེ་ཐེག་པའི་བླ་མ་དེ། རྒྱུད་སྡེ་རང་གཞུང་ནས་བཤད་པའི་ཡོན་ཏན་དང་ལྡན་པ། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །ཞེས་གསུངས་པ་ལ་སོགས་པ། དེ་ཉིད་བཅུ་དང་རང་བཞིན་བརྒྱད་དང་ལྡན་པ་ཞིག་ཡིན་དགོས། ཁྱད་པར་དུ་ཤིན་ཏུ་མྱུར་ལམ་རྫོགས་ཆེན་མན་ངག་སྟོན་པའི་བླ་མ་དེ། ཀུན་མཁྱེན་འཇིགས་མེད་གླིང་པས་ཆ་ཚད་འདི་ལྟ་བུ་དང་ལྡན་པ་ཞིག་ཡིན་དགོས་གསུངས་ཡོད་པ་རེད། ཁྱད་པར་མན་ངག་སྟོན་པའི་བླ་མ་ནི། །དབང་ཐོབ་དམ་ཚིག་ལ་གནས་ཤིན་ཏུ་ཞི། །གཞི་ལམ་འབྲས་བུའི་རྒྱུད་དོན་ཁོང་དུ་ཆུད། །བསྙེན་སྒྲུབ་རྟགས་རྫོགས་རྟོགས་པས་རང་རྒྱུད་གྲོལ། །སྙིང་རྗེ་ཚད་མེད་གཞན་དོན་འབའ་ཞིག་གཉེར། །ཞེས་གསུངས་པ་ལ་སོགས་པ་དང་། དྲང་བའི་དོན་དུ་ཀུན་དང་ཕྱོགས་མཐུན་ལ། །ངེས་པའི་དོན་དུ་ཀུན་དང་རྣམ་བཞག་འགལ། །དགོངས་པ་ཅན་ཕྱིར་ཀུན་ལས་ཁྱད་པར་འཕགས། །ཐེ་ཚོམ་གཅོད་མཁས་ལོག་སྒྲུབ་སྐྱོ་ངལ་བཟོད། །ཅེས་གསུངས་པ་ལྟར། ཕྱི་སོ་ཐར། ནང་བྱང་སེམས། གསང་བ་སྔགས་ཏེ་སྡོམ་པ་གསུམ་གྱི་གནས་ལ་གནང་བཀག་གི་འགལ་བ་མ་སོང་བ། མདོ་རྒྱུད་བསྟན་བཅོས་ལ་མཁས་པ། སྙིང་རྗེས་ཐུགས་རྒྱུད་བརླན་པ། རྫོགས་ཆེན་རང་ལམ་གྱི་དབང་གིས་རྒྱུད་ཡོངས་སུ་སྨིན་པ། སྡོམ་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམས་པ། ལམ་སྣང་བཞིའི་ས་མཚམས་ཀྱི་གོ་མྱོང་རྟོགས་གསུམ་ཅི་རིགས་དང་ལྡན་པ། རྟོགས་པས་རང་རྒྱུད་གྲོལ་བས་ཐུགས་རྗེས་གཞན་རྒྱུད་སྒྲོལ་ནུས་པ་ཞིག་ཡིན་དགོས་པས། དང་པོ་བླ་མ་བརྟགས་ནས་བསྟེན་དགོས་པ་རེད། བར་དུ་བླ་མར་བསྟེན་པའི་ཚེ་ན་མཉེས་པ་གསུམ་གྱི་ཞབས་ཏོག་དང་བཅས་ཏེ། ནད་པས་སྨན་པ་མགྲོན་པོས་སྐྱེལ་མ་དང་། །འཇིགས་པས་རམ་ཟླ་ཚོང་པས་དེད་དཔོན་དང་། །གྲུ་བས་མཉན་པ་བཞིན་དུ་སྐྱེ་ཤི་དང་། །ཉོན་མོངས་དགྲ་ཡི་འཇིགས་པས་བསྟེན་པར་བྱ། །ཞེས་པ་དང་། འགྲོགས་པར་བདེ་བ་སྐ་རགས་ལྟ་བུ་དང་། །འཇུག་པར་བདེ་བ་ལན་ཚྭ་ལྟ་བུ་དང་། །བཟོད་བསྲན་ཆེ་བ་ཀ་བ་ལྟ་བུ་ཡིས། །བླ་མའི་འཁོར་དང་རྡོ་རྗེའི་སྤུན་ལ་བསྙེན། །ཞེས་གསུངས་པ་ལྟར། བླ་མའི་བཀའ་བཞིན་སྒྲུབ་པའི་སྙིང་སྟོབས་དང་། སྲོག་ལ་བབ་ཀྱང་ཐུགས་འགལ་མི་བྱེད་པའི་དམ་བཅའ་དང་བཅས་ཏེ། ཐོས་བསམ་གཙོ་བོར་བྱས་ནས་བརྩོན་པ་ལྷུར་ལེན་དགོས་པ་རེད། ཐ་མར་དགོངས་སྤྱོད་བསླབ་པའི་ཚེ་ཅི་འདྲ་ཞིག་དགོས་ཟེར་ན། འབྲི་གུང་སྐྱོབ་པ་རིན་པོ་ཆེས། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབེབས་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་གསུངས་བ་ལྟར། བཅོས་མ་མ་ཡིན་པའི་དད་པ་དང་མོས་གུས་ཀྱིས། རྫིང་བུ་མཆོག་ལ་བསྟེན་པའི་ངང་པ་དང་། །བུང་བས་མེ་ཏོག་བཅུད་ལ་རོ་མྱོང་བཞིན། །རྟག་ཏུ་འགྲོགས་པའི་སྤྱོད་པ་ངོ་མཚར་ཅན། །སྐྱོ་ངལ་མེད་པས་བླ་མའི་ཐུགས་བཟུང་ནས། །དད་པས་ཉེ་བར་ལེན་པས་ཡོན་ཏན་མྱངས། །ཞེས་གསུངས་པ་ལྟར་བླ་མའི་ཐུགས་རྒྱུད་ན་བཞུགས་པའི་ཉམས་རྟོགས་ཀྱི་ཡོན་ཏན་དེ་བུམ་པ་གང་བྱོའི་ཚུལ་དུ་དང་སཙྪྭ་སྐོས་ཕོར་ནས་བཏོན་པ་ལྟ་བུའི་གདུང་འཛིན་ཐུབ་པ་ཞིག་དགོས་སོ། །དེ་ལྟ་བུའི་སྔོན་འགྲོ་སྔོན་དུ་སོང་བའི་ཐོག་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཚེ་ལུས་འདིར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་བྱེད་པ་ལ། ཐོག་མར་སྐྱབས་ཁྱད་པ་ཅན་ཞིག་འཚོལ་དགོས། སྤྱིར་ན་ལམ་བདེན་བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་མ་བསྟེན་གྱི་བར་དུ། ཐར་ལམ་རྣམ་དག་ཅིག་ཐོབ་མི་ཐུབ་པ་རེད། ལམ་བདེན་བདག་མེད་རྟོགས་པའི་ཤེས་རབ་དེ་རྒྱུད་ལ་བསྟེན་པར་བྱེད་པ་ལ། ཏིང་ངེ་འཛིན་བསྒོམ་དགོས་པ་རེད། ཏིང་ངེ་འཛིན་དེའང་ཞི་ལྷག་ཟུང་དུ་འབྲེལ་བའི་བསྒོམ་པ་ཞིག་གི་ཐོག་ནས་ཉོན་མོངས་པ་སྤོང་བསྒྱུར་ལམ་བྱེད་ལ་སོགས་པ་རང་ལམ་ལྟར་གོམས་པའི་མཐུས། མཐར་བྲལ་སྨིན་གྱི་ཡོན་ཏན་དང་ལྡན་པའི་འབྲས་ཆོས་མངོན་དུ་འགྱུར་དགོས་པ་རེད། དེ་ཅི་འདྲ་རེད་ཟེར་ན། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པ་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་གསུངས་པ་ལྟར། ཏིང་ངེ་འཛིན་བསྒོམ་པ་ལ། དེའི་རྟེན་ཚུལ་ཁྲིམས་རྣམ་པར་དག་པ་ཞིག་སྲུང་དགོས། རྟེན་མེད་ན་བརྟེན་པ་གནས་ཐབས་ཡོད་པ་མ་རེད། ཚུལ་ཁྲིམས་ཡང་དག་པ་ཞིག་ལེན་དགོས་ན། སྐྱབས་འགྲོ་དེ་རྩོམ་བྱེད་མ་བྱས་པར་སྡོམ་པ་ཞུ་བའི་ཐབས་མེད་པ་སྟེ། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་པ་ལ་མེད། །ཅེས་གསུངས་པ་ལྟར་རོ། །

སྐྱབས་འགྲོ།

དེས་ན་སྐྱབས་འགྲོ་ཟེར་རྒྱུ་དེ་ཅི་འདྲ་ཞིག་རེད་ཟེར་ན། རང་གཞན་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་ཡུལ་ཁྱད་པར་ཅན་ལ་སྐྱབས་སུ་འཛིན་པར་ཁས་བླངས་ནས་དམ་བཅའ་བ་དེ་སྐྱབས་འགྲོའི་མཚན་ཉིད་རེད། ཁྱད་པར་དུ་ཐེག་པ་ཆེན་པོའི་ལུགས་ལ། སྲིད་ཞི་གཉིས་ཀའི་མཐའ་ལ་འཇིགས་ནས་སྐྱབས་སུ་འགྲོ་བ་རེད། དེ་ཡང་སྐྱབས་འགྲོའི་སྒོ་འབྱེད་བྱེད་དད་པ་རེད། ཨོ་རྒྱན་ཆེན་པོས། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ། །ཅེས་གསུངས་པ་རེད། ད་དུང་མདོ་ལས་ཀྱང་། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས་ཡོད་པ་རེད། དད་པ་དེ་ལ་ཡང་། དང་འདོད་ཡིད་ཆེས་ཀྱི་དད་པ་གསུམ་གྱི་དབྱེ་བ་ཡོད། དེའི་ནང་ནས་ཡིད་ཆེས་ཀྱི་དད་པའམ་ཕྱིར་མི་ལྡོག་པའི་དད་པས་གཞི་བཟུང་དགོས། རང་ངོས་ནས་དད་པ་ཡོད་ན་ཡུལ་ལ་བཟང་ངན་མེད་པར་བྱིན་རླབས་འཇུག་པ་རྒན་མོ་ཁྱི་སོས་སངས་རྒྱས་པའི་དཔེ་ལྟར་ཡིན། དེ་ཡང་སངས་རྒྱས་ཀྱི་ཐུགས་རྗེ་དང་འཕྲིན་ལས་གདུལ་བྱའི་ཡུལ་ལ་འཇུག་པ་ཟེར་རྒྱུ་དེ་རེད། སྐྱབས་འགྲོ་བཤད་པའི་སྐབས་སུ་དང་པོ་སྐྱབས་སུ་འགྲོ་ཚུལ་གྱི་དབྱེ་བ་ཡོད་པ་རེད། སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་སྐྱབས་འགྲོ་ལ་ཁྱད་པར་ཡོད། ཁྱད་པར་དེ་གང་ཡིན་ཞེ་ན། བསམ་པ་དང་གཅིག དུས་དང་གཉིས། ཡུལ་དང་གསུམ་གྱི་སྟེང་ནས་ཁྱད་པར་ཕྱེས་ཡོད་པ་རེད། དེ་ཡང་སྐྱེས་བུ་ཆུང་ངུ་ལྟ་བུ་ནི། རང་ཉིད་ངན་སོང་གསུམ་གྱི་སྡུག་བསྔལ་ལས་ཐར་ནས་མཐོ་རིས་ལྷ་མིའི་གོ་འཕང་ཐོབ་པའི་ཆེད་དུ་དམིགས་ཏེ་སྐྱབས་སུ་སོང་བ། དུས་གནས་སྐབས་ཇི་སྲིད་འཚོའི་བར་དང་། མཐར་ཐུག་ལྷ་མིའི་གོ་འཕང་མ་ཐོབ་ཀྱི་བར་དུ། ཡུལ་དཀོན་མཆོག་གསུམ་གྱི་རྟེན། སྐུ་གཟུགས་དང་གསུང་རབ་ཀྱི་དཔེ་ཆ་ལ་སོགས་པ་རྟེན་ཙམ་གྱིས་ཆོག་པ་དང་། སྐྱེས་བུ་འབྲིང་ནི། འཁོར་བ་ལས་ངེས་པར་འབྱུང་བའི་བློ་ཡིས། རང་ཉིད་ཐར་བ་ཐོབ་འདོད་ཀྱིས། དུས་གནས་སྐབས་ཇི་སྲིད་འཚོ་དང་། མཐར་ཐུག་ཉན་རང་དགྲ་བཅོམ་གྱི་གོ་འཕང་མ་ཐོབ་ཀྱི་བར་དུ། ཡུལ་གང་ཡིན་ན། བསོད་ནམས་དཔག་མེད་ཀྱིས་བརྒྱན་པའི་སངས་རྒྱས་ཀྱི་ཐུགས་འགོག་པ་དམ་པ་དེ་སྐྱབས་ཡུལ་དུ་འཛིན་པ་རེད། ཆོས་སྡེ་སྣོད་གསུམ་དང་། བསླབ་པ་གསུམ་ཡིན་ན། རྟོགས་པའི་ཆོས་འགོག་བདེན་གྱི་ངོ་བོར་གྱུར་པ་དེ་དང་། དགེ་འདུན་རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་བཞི་བོ་དེ་ལ་ཞུགས་གནས་གཉིས་རེ་བརྩིས་པའི་ཟུང་བཞི་ཡ་བརྒྱད་ཀྱི་འཕགས་པའི་དགེ་འདུན་གྱི་ཐུགས་འགོག་པ་དམ་པ་དེ་ལ་སྐྱབས་སུ་འགྲོ་བ་རེད། སྐྱེས་བུ་ཆེན་པོའི་བསམ་པའི་ཁྱད་པར་ནི་གཞན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ། དུས་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ། ཡུལ་གང་ཡིན་ན། སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་རྫོགས་པའི་སངས་རྒྱས་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་དང་། དེ་དག་གི་ཐུགས་རྒྱུད་ན་བཞུགས་པའི་ཆོས། དགེ་འདུན་ས་དང་པོ་ནས་ས་བཅུའི་རྒྱུན་མཐའི་བར་དུ་བཞུགས་པའི་བྱང་སེམས་འཕགས་པའི་དགེ་འདུན་ཡིན་པ་རེད། དེ་ཐུན་མོང་ཕྱི་ཡི་སྐྱབས་གནས་དཀོན་མཆོག་གསུམ་རེད། མཐར་གཏུགས་ནས་བཤད་ཡོང་ན། ཆོས་དང་དགེ་འདུན་གཉིས་ཀྱང་གནས་སྐབས་ཀྱི་སྐྱབས་ཙམ་མ་གཏོགས་སྐྱབས་ཡུལ་མཐར་ཐུག་ཏུ་འཛིན་གྱིན་ཡོད་པ་མ་རེད། དེ་ཅི་ལྟར་ཡིན་ཟེར་ན། མགོན་པོ་བྱམས་པས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་གསུངས་པ་ལྟར། ལུང་གི་ཆོས་ཀྱི་དོན་རྟོགས་ཚར་དུས་ཚིག་ལ་རེ་ལྟོས་མི་འཆའ་བར། དཔེ་བཞག་ན་ཆུའི་ཕ་རོལ་དུ་བུད་ཚར་དུས་གྲུ་མི་དགོས་པ་བཞིན་དུ་སྤང་བའི་ཕྱིར་དང་། རྟོགས་པའི་ཆོས་ལམ་གོང་མ་གོང་མ་ཐོབ་དུས་སྔ་མ་སྔ་མ་མི་རྟག་པ་དང་ཐེག་པ་གསུམ་གྱི་དགེ་འདུན་རྣམས་རང་ཉིད་འཇིགས་པ་དང་བཅས་པའི་ཕྱིར་ན་ཆོས་རྣམ་གཉིས་དང་དགེ་འདུན་གཏན་གྱི་སྐྱབས་མིན། མཐར་ཐུག་གི་སྐྱབས་སངས་རྒྱས་ཉག་ཅིག་དཀོན་མཆོག་གསུམ་གྱི་བདག་ཉིད་ཡིན་ཞེས་གསུངས་པ་རེད། དེ་ཅི་འདྲ་ཡིན་ཞེ་ན། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་གསུངས། ཐུབ་པ་གསུངས་རྒྱུ་དེ། སྟོན་པ་སངས་རྒྱས་དཀོན་མཆོག་དང་། ཆོས་ཀྱི་སྐུ་ཅན་གསུངས་ན། རྟོགས་པ་ཆོས་སྐུ་དང་། བསྟན་པ་ཆོས་སྐུ་གཉིས། ཐུགས་རྒྱུད་ཡོན་ཏན་གྱི་ཆོས་དང་དབྱེར་མི་ཕྱེད་པ་དེ་དགེ་འདུན་ཡིན་པ་རེད། མཐར་ཐུག་གི་སྐྱབས་གང་ཡིན་ཞེ་ན། སངས་རྒྱས་ཁོ་ན་རེད། དེས་ན་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་གྱི་ཐུན་མིན་ནང་གི་སྔོན་འགྲོའི་སྐྱབས་འགྲོའི་སྐབས་སུ། དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་བ་གསུམ། །རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས་ལ་སོགས་པའི་སྐབས་སུ། དཀོན་མཆོག་གསུམ་དངོས་བདེ་གཤེགས་ཞེས་པའི་ཚིག་དེས། མཆོག་གསུམ་བདེ་གཤེགས་གཅིག་ལ་འདུས་པའི་དོན་བསྟན་ཡོད་པ་རེད། དེ་ཡན་ཆོད་ཀྱིས་ཐུན་མོང་ཕྱི་ཡི་སྐྱབས་ཡུལ་གྱི་དཀོན་མཆོག་གསུམ་བཤད་པ་རེད། ད་ཐུན་མིན་ནང་གི་སྐྱབས་ཡུལ་ནི། གོང་གི་སྔོན་འགྲོའི་ངག་འདོན་གྱི་སྐབས་སུ། དཀོན་མཆོག་གསུམ་དངོས་བདེ་གཤེགས་ཞེས་ཡར་བཅད་ཤུལ་དུ། རྩ་བ་གསུམ། རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས། །ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །ཞེས་པས་བསྟན། རྩ་བ་གསུམ་ནི། བླ་མ། ཡི་དམ། མཁའ་འགྲོ་གསུམ་སྟེ། བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། འཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་རེད། ཁྱད་པར་དུ་གསང་བ་སྔགས་ཀྱི་ཐབས་མཆོག་རྡོ་རྗེ་སྙིང་པོའི་ལུགས་ཀྱི་སྐྱབས་ཡུལ་ནི། རྟེན་རྩ་ཐིག་རླུང་གསུམ་ལ་བརྟེན་པའི་བརྟེན་པ་རང་བཞིན་བྱང་ཆུབ་ཀྱི་སེམས་འོད་གསལ་བའི་ཡེ་ཤེས་ཡིན་པ་རེད། རྩ་རླུང་ཐིག་ལེ་གསུམ་པོ་ནི་གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་བཅས་རེད། གནས་པ་རྩ་ནི་རྩ་གསུམ་འཁོར་ལོ་ལྔ་ལ་སོགས་པ་དང་། གཡོ་བ་རླུང་ནི་རྩ་བ་དང་ཡན་ལག་གི་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་ནི་རང་བཞིན་གཞི་ཡི་ཐིག་ལེ། ཀུན་རྫོབ་སྒྱུ་ཡི་ཐིག་ལེ་ལ་སོགས་པ་ཡིན་ན། རྟེན་རྩ་ཐིག་རླུང་གསུམ་ལ་བརྟེན་རྒྱུ་གང་ཞིག་བརྟེན་པ་རེད་ཅེ་ན། རང་བཞིན་བྱང་ཆུབ་ཀྱི་སེམས་འོད་གསལ་བའི་ཡེ་ཤེས། གཅིག་ཏུ་བསྡུས་ན། རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག གཉིས་སུ་དབྱེ་ན། ཀ་དག་སྟོང་པའི་ཡེ་ཤེས་དང་། ལྷུན་གྲུབ་སྣང་བའི་ཡེ་ཤེས་གཉིས། གསུམ་དུ་བྱས་ན། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ། དེ་ལྟ་བུའི་ཡེ་ཤེས་གསུམ་པོ་དེ་སྐྱབས་ཡུལ་མཐར་ཐུག་རེད། དེས་ན་རྩ་དག་པ་དགེ་འདུན་དཀོན་མཆོག་དང་སྤྲུལ་སྐུ། རླུང་དག་པ་ཆོས་དཀོན་མཆོག་དང་ལོངས་སྐུ། ཐིག་ལེ་དག་པ་སངས་རྒྱས་དཀོན་མཆོག་དང་ཆོས་སྐུ། ངོ་བོ་སྟོང་པ་སངས་རྒྱས། རང་བཞིན་གསལ་བ་ཆོས། ཐུགས་རྗེ་ཀུན་ཁྱབ་སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་དབྱེར་མི་ཕྱེད་པ་དགེ་འདུན་རེད། སྐྱེས་བུ་ཆེན་པོའི་སྐྱབས་འགྲོ་དུས་ཀྱི་ཁྱད་པར་གྱི་ཐོག་ནས་བཤད་ན། དེ་ཡང་རྒྱུ་མཚན་ཉིད་ཐེག་པ་ལྟར་ན། ཕྱི་བྱང་ཆུབ་ཤིང་དྲུང་དུ་བཞུགས་ནས། ནང་བྱང་ཆུབ་སྙིང་པོ་མངོན་དུ་མ་གྱུར་གྱི་བར་དུ་འཇོག་པ་རེད། འབྲས་བུ་གསང་སྔགས་ཀྱི་ཐེག་པ་ལྟར་ན། ནམ་མཁའ་ལྷ་ཡི་འཁོར་ལོར་མ་སད་པ་དེ་སྲིད་དུ་སྐྱབས་སུ་འགྲོ་བ་ཡིན་ཚུལ་གསུངས་ཡོད་པ་རེད། དེ་ལྟ་བུའི་ཁྱད་པར་གསུམ་ལྡན་གྱི་སྐྱབས་སུ་འགྲོ་བ་དེ་ལ་ཡང་། རྒྱུའི་སྐྱབས་འགྲོ་དང་། འབྲས་བུའི་སྐྱབས་འགྲོ་གཉིས་ཡོད་ལ། རྒྱུའི་སྐྱབས་འགྲོ་དེ་ལ་ཡང་བཏགས་པ་བ་ཁས་ལེན་གྱི་སྐྱབས་འགྲོ་དང་། མཚན་ཉིད་པ་ལམ་རྗེས་སུ་སྒྲུབ་པའི་སྐྱབས་འགྲོ་སྟེ་གཉིས་ཡོད། བཏགས་པ་བ་ཁས་ལེན་གྱི་སྐྱབས་འགྲོ་ནི། ཁྱད་པར་གསུམ་ལྡན་གྱིས་སྐྱབས་སུ་འགྲོ་བའི་ཚེ། སྐྱབས་འགྲོའི་ངག་འདོན་འབུམ་ཕྲག་ལ་སོགས་པ་ངག་ནས་འདོན་རྒྱུ་དེ་རེད། མཚན་ཉིད་པ་ལམ་རྗེས་སུ་སྒྲུབ་པའི་སྐྱབས་འགྲོ་ནི། ཁས་བླངས་པ་དེ་ལྟར་དུ་སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་སུ། སྦྱོར་བ་ཉམས་ལེན་གྱི་ཐོག་ནས་བསྒྲུབ་པ། དཀོན་མཆོག་གསུམ་ལ་དམིགས་ནས་ཚོགས་གཉིས་བསགས་པའི་སྒོ་ཇི་སྙེད་ལ་འཇུག་པ་དེ་རེད། འབྲས་བུའི་སྐྱབས་འགྲོ་མཚན་ཉིད་ཐེག་པ་ལྟར་ན། གཞན་རྒྱུད་དུ་བྱོན་ཟིན་པའི་དཀོན་མཆོག་གསུམ་ལ་དམིགས་ནས། དེ་རང་རྒྱུད་ལ་ཐོབ་འདོད་ཀྱི་དམ་བཅའ་དང་། སྔགས་ཀྱི་སྐབས་སུ་འབྲས་བུའི་ཆོས་གཟུགས་ཀྱི་སྐུ་གཉིས་ཀྱི་ནང་ཚན། གཟུགས་སྐུ་ལམ་བྱེད་ཐབས་བསྐྱེད་པའི་རིམ་པ་དང་། ཆོས་སྐུ་ལམ་བྱེད་ཤེས་རབ་རྫོགས་པའི་རིམ་པ་གཉིས་ཀྱི་སྒོ་ནས། འབྲས་བུ་སྐུ་གསུམ་གྱི་ཡོན་ཏན་དང་མཛད་པ་ལམ་དུ་བྱེད་པས་ན། འབྲས་སྐྱབས་ཞེས་གསུངས་པ་རེད། དེ་ཡང་སངས་རྒྱས་སྒྲུབ་པའི་ཉེར་ལེན་གྱི་རྒྱུ་དེ་གང་ཡིན་ཞེ་ན། རིགས་ཁམས་བདེ་བར་གཤེགས་པའི་སྙིང་པོའམ། སངས་རྒྱས་ཀྱི་ས་བོན་རང་ལ་ཡོད་པ་གཞིར་གནས་ཀྱི་རིག་པ་དེ་ཡིན་པ་རེད། འོན་ཀྱང་དེ་ཡོད་པ་ཙམ་གྱིས་སངས་རྒྱས་ཀྱི་གོ་ཆོད་པ་མ་རེད། སངས་རྒྱས་ཀྱི་གོ་མི་ཆོད་པའི་རྒྱུ་མཚན་ཅི་རེད་ཅེ་ན། འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་གསུངས་ན། རང་ཅག་འཁྲུལ་ནས་སེམས་ཅན་དུ་གྱུར་ཡོད་ན། སེམས་ཅན་སངས་རྒྱས་སུ་འགྱུར་བའི་ལྷན་ཅིག་བྱེད་རྐྱེན་དེ། སངས་རྒྱས་ཀྱི་བྱིན་རླབས་ཡིན་པ་རེད། སངས་རྒྱས་ཀྱི་བྱིན་རླབས་དེ་སེམས་ཅན་གྱི་རང་རྒྱུད་ལ་འཇུག་པའི་ཉེར་ལེན་ནམ། མཚམས་སྦྱོར་བྱེད་ངོ་མ་དེ་མོས་གུས་ཁོ་ན་ལ་རག་ལས་པ་ཞིག་ཡིན། དཔེར་ན། མེ་ཆ་མེ་རྡོ་སྤྲ་བ་གསུམ་མཉམ་དུ་འཛོམས་པས་མེ་སྦར་བ་ལྟར་རེད། འོ་ན་འུ་ཅག་རྣམས་ཀྱི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་མི་ལོ་ཉིས་སྟོང་གི་སྔོན་ཞིག་ལ་བྱོན་ནས། སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ནས་རང་རེས་མཇལ་ས་ཞིག་ལ་ད་ལྟ་བཞུགས་མེད་པས། ལྷན་ཅིག་བྱེད་རྐྱེན་སངས་རྒྱས་ཀྱི་བྱིན་རླབས་དེ་ཇི་ལྟར་འཇུག་པ་རེད་ཟེར་ན། དུས་ཀྱི་ཐ་མར་རང་ཉིད་ལ་དངོས་སུ་སྣང་བའི་སངས་རྒྱས་ནི། བླ་མ་མཚན་ཉིད་དང་ལྡན་པ། མཚན་ལྡན་དགེ་བའི་བཤེས་གཉེན་ཡིན་པ་རེད། རྒྱལ་བའི་ཡུམ་གྱི་ནང་དུ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ཆོས་བརྗོད་པ་ངག་ལས་དཔོག་པར་གསུངས་པ་ལྟར། བླ་མ་དེའི་ཞལ་ནས་འོང་བའི་ཆོས་ཀྱི་རྣམ་པར་རིག་བྱེད་དེ། སློབ་མའི་རྒྱུད་ལ་འཕོ་བ་དེའི་མིང་ལ་སངས་རྒྱས་ཀྱི་བསྟན་པ་ཟེར་བ་རེད། དེ་སངས་རྒྱས་ཀྱི་བསྟན་པ་མིན་ན་སྟོན་པ་སྐུ་མྱ་ངན་ལས་འདས་པའི་སྐད་ཅིག་དེའི་རྗེས་ཐོག་ནས་བསྟན་པ་རྒྱུན་ཆད་སོང་ཡོད་དགོས་པ་རེད། དེ་ལྟར་འདོད་མཁན་སུ་གཅིག་ཀྱང་ཡོད་པ་མ་རེད། དེས་ན་བསྟན་པ་ནི་ཐར་ལམ་གྱི་མིག་ཡིན་ན། སངས་རྒྱས་ཀྱི་ཡེ་ཤེས་བདག་པོར་སོང་བའི་ཆོས་ཀྱི་རྣམ་པར་རིག་བྱེད། བླ་མའི་ཞལ་ནས་སློབ་མའི་རྒྱུད་ལ་འཕོ་བར་ནུས་པ་ཡིན་པ་མ་གཏོགས། དེ་སངས་རྒྱས་ཀྱི་ཡེ་ཤེས་བདག་པོར་མ་སོང་ན། ཆོས་ཚིག་གཅིག་ཀྱང་སྨྲ་བར་ནུས་པ་མ་རེད། དེས་ན་བླ་མའི་གསུང་སངས་རྒྱས་ཀྱི་གསུང་ཡིན་པའི་ཆ་ནས་སྐུ་དང་། ཐུགས་ཀྱང་དེ་བཞིན་དུ་ཡིན་པ་རེད། འོན་ཀྱང་། མཁྲིས་ནད་ཅན་ལ་དུང་དཀར་པོ་སེར་པོར་སྣང་བ་ལྟར་བླ་མ་ཐ་མལ་བར་མཐོང་བ། རང་རྒྱུད་ཉོན་མོངས་ཀྱིས་གང་བའི་དབང་གིས་བླ་མ་ཡང་དེ་དང་མཐུན་པར་སྣང་པ་རེད། དེས་ན་བླ་མ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་ཡིན་པའི་ངེས་ཤེས་ཀྱིས་དྲངས་པའི་ཡིད་ཆེས་ཡོད་དགོས་པ་རེད། དེ་ལྟ་བུའི་ཡིད་ཆེས་དེ་མེད་ན། དང་པོ་ཡིད་ཆེས་ཀྱི་དད་པ་རྣལ་མ་ཞིག་མ་སྐྱེས། དེ་མ་སྐྱེས་པས་དང་བའི་དད་པ་དང་། འདོད་པའི་དད་པ་གཉིས་ཀྱང་མི་སྐྱེ། དེ་མ་སྐྱེས་ན། མི་ཕྱེད་པའི་དད་པ་མི་འབྱུང་བ་ཡིན་པས། དད་པ་དེ་རྣམས་མེད་ན་ཟབ་ལམ་གྱི་རྟེན་འབྲེལ་ཐམས་ཅད་མོས་གུས་ཀྱི་གནད་ལ་བརྟེན་ནས་སྒྲིག་དགོས་པ་ཡིན་པའི་ཕྱིར་ན། རྟེན་འབྲེལ་འགོ་ནས་ལོག་སོང་བ་ཡིན་དུས། གནད་དེ་དག་ཐམས་ཅད་ངེས་པར་བྱས་ནས་སྐྱབས་གནས་ཀུན་འདུས་ཀྱི་རྩ་བ་བླ་མ་ཡིན་པ་ཤེས་རྒྱུ་དང་། བླ་མའི་ཐུགས་ནང་གསལ་ཕྲ་བའི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པ་དེ་སྐྱབས་ཡུལ་མཐར་ཐུག་ཡིན་པ་ཤེས་རྒྱུ་དེ་སྐྱབས་འགྲོའི་སྙིང་པོ་རེད། ནང་པ་སངས་རྒྱས་པ་ཞིག་ཡིན། དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་བསྡད་པ་ཞིག་ཡིན་ཕྱིན། སྐྱབས་འགྲོའི་གོ་བ་ཙམ་ཞིག་དང་དཀོན་མཆོག་གསུམ་པོ་གང་ཡིན་ཙམ་གྱི་ངོས་ཟིན་ཞིག་ཅི་ལྟར་སྡུག་ཀྱང་ཡོད་དགོས་པ་རེད། སངས་རྒྱས་ཆོས་དང་དགེ་འདུན་གསུམ་རེད་ཟེར་བ་ཙམ་ཞིག་གིས་ཡོང་བ་མ་རེད། དཀོན་མཆོག་གསུམ་པོ་དེའི་ངོ་བོ། དབྱེ་བ། ཡོན་ཏན་གསུམ་གྱི་ཐོག་ནས་གསལ་པོར་ཤེས་དགོས། དེ་ཡང་སངས་རྒྱས་དཀོན་མཆོག་གི་ངོ་བོ་དེ་གང་ཡིན་པ་རེད་ཟེར་ན། སྤང་རྟོགས་མཐར་ཕྱིན་པ་སངས་རྒྱས་ཀྱི་ངོ་བོ་ཡིན། སྤང་རྟོགས་ཇི་ལྟར་མཐར་ཕྱིན་པ་རེད་ཅེ་ན། ཚོགས་སྦྱོར་གྱི་ལམ་བརྒྱུད་དེ་ས་དང་པོ་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་རྟོགས་ནས། མ་དག་ས་བདུན་དང་དག་ས་གསུམ་གྱི་སྒྲིབ་གཉིས་ཕྲ་རགས་ཐམས་ཅད་སྤངས་ཏེ། ས་བཅུའི་རྒྱུན་གྱི་ཐ་མ་ལ་བག་ཆགས་ཀྱི་སྒྲིབ་པ་ཕྲ་མོ་དེ་ཡང་གཉེན་པོ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། སྤང་བྱ་ལྷག་མ་མ་ལུས་པར་བཅོམ་ནས་རྟོགས་བྱའི་ཡེ་ཤེས་མ་ལུས་པ་མངོན་དུ་བྱས་ཏེ། སྤང་རྟོགས་མཐར་ཕྱིན་པ་དེ་ནི་སངས་རྒྱས་ཀྱི་ངོ་བོ་རེད། སངས་རྒྱས་ལ་དབྱེ་བ་ཕྱེས་ན། རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་ཀྱི་སྟེང་ནས་བཤད་དགོས་པ་ཡིན། དེ་ལས་དང་པོ་རྟེན་སྐུ་ལ་ཡང་ནང་གསེས་ཀྱི་དབྱེ་བ་ཕྱེས་ན་སྐུ་བཞི་ཡོད། སངས་རྒྱས་རང་ངོས་ཀྱི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཆ་ནས་བཞག་པ་ངོ་བོ་ཉིད་སྐུ་དང་ཆོས་སྐུ་གཉིས་རེད། དེ་ཇི་ལྟར་ཡིན་པ་རེད་ཅེ་ན། དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པ་སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་དེ་དང་། དེའི་རང་བཞིན་གསལ་བའི་ཆ་དེར་ངོ་བོ་ཉིད་སྐུ་དང་། ཆོས་སྐུ་རྣམ་གཉིས་སུ་འཇོག་པ་རེད། གདུལ་བྱ་གཞན་ངོས་སུ་སྣང་བའི་ཆ་ནས་བཞག་པ་ལོངས་སྐུ་དང་སྤྲུལ་སྐུ་གཉིས་རེད། དེ་ཅི་འདྲ་ཞིག་རེད་ཟེར་ན། ལས་དག་པ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོར་སྣང་བའི་ལོངས་སྐུ་ངེས་པ་ལྔ་ལྡན་དང་། དག་མ་དག་སྣ་ཚོགས་པའི་གདུལ་བྱའི་སྣང་ངོར་བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་བའི་སྐུར་སྣང་བ་དེ་སྤྲུལ་སྐུ་ཡིན་པ་རེད། བརྟེན་པ་ཡེ་ཤེས་ཀྱི་ཐོག་ནས་བཤད་ན། གཞིར་གནས་ཀྱི་ཡེ་ཤེས་དང་། མཚན་ཉིད་འཛིན་པའི་ཡེ་ཤེས། ཡུལ་ལ་ཁྱབ་པའི་ཡེ་ཤེས་གསུམ་གྱི་དབྱེ་བའི་ཐོག་ནས་བཤད་ན། གཞིར་གནས་ཀྱི་ཡེ་ཤེས་དེ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གོང་དུ་བཤད་པར་ལྟར་རེད། མཚན་ཉིད་འཛིན་པའི་ཡེ་ཤེས་ནི། ཆོས་དབྱིངས་ཡེ་ཤེས། མེ་ལོང་ཡེ་ཤེས། མཉམ་ཉིད་ཡེ་ཤེས། སོར་རྟོགས་ཡེ་ཤེས། བྱ་གྲུབ་ཡེ་ཤེས་ཏེ་དེ་དག་ལྔ་རེད། ཡུལ་ལ་ཁྱབ་པའི་ཡེ་ཤེས་ཟེར་རྒྱུ་དེ། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་ཇི་སྙེད་པ་གཟིགས་པའི་ཡེ་ཤེས་གཉིས་ཡིན་ན། གོང་གི་ཡེ་ཤེས་ལྔ་བསྡུས་ན་འདི་གཉིས་ཀྱི་ཁོངས་སུ་འདུས་པ་རེད། དེ་ཇི་ལྟར་འདུས་པ་རེད་ཅེ་ན། ཆོས་དབྱིངས་མེ་ལོང་མཉམ་ཉིད་གསུམ་པོ་ཇི་ལྟ་མཁྱེན་པའི་ཡེ་ཤེས་ཀྱི་ནང་དུ་འདུས་པ་དང་། སོར་རྟོགས་བྱ་གྲུབ་གཉིས་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་ཁོངས་སུ་འདུས་པས་མི་ཚད། དེ་ཐམས་ཅད་ཀྱང་ཚུར་བསྡུས་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཅིག་གི་ཁོངས་སུ་འདུས་པ་རེད། མཛད་པ་ཕྲིན་ལས་ཀྱི་ཐོག་ནས་བཤད་ན་རྟག་ཁྱབ་ལྷུན་གྲུབ་ཀྱི་མཛད་པ། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱིས་སྔར་གདུལ་བྱའི་དོན་མཛད་ལ། ད་ལྟ་མི་མཛད་པ་ལྟ་བུ་མ་ཡིན་པས་ན་རྟག་པ། ཕྱོགས་གཅིག་ལ་མཛད་ཀྱང་ཕྱོགས་གཞན་གཅིག་ལ་མི་མཛད་པ་མ་ཡིན་པས་ན་ཕྱོགས་དུས་ཀུན་ལ་ཁྱབ་པས་ན་ཁྱབ་པ། འབད་དང་རྩོལ་བའི་ངལ་བ་ལ་མ་ལྟོས་པར་ལྷུན་གྱིས་གྲུབ་པ་སྟེ། རྟག་ཁྱབ་ལྷུན་གྲུབ་ཀྱི་མཛད་པ་གསུམ་རེད། ཡོན་ཏན་ཅི་འདྲ་ཞིག་ཡིན་ཟེར་ན། ཆོས་སྐུའི་ཡོན་ཏན་སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད་སོགས་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་གི་རང་བཞིན་ཅན། གཟུགས་སྐུའི་ཡོན་ཏན་ནི། སྐུ་མཚན་བཟང་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། གསུང་ཚངས་དབྱངས་ཡན་ལག་དྲུག་བཅུ་དང་ལྡན་པ། ཐུགས་མཁྱེན་བརྩེ་ནུས་གསུམ་གྱི་མངའ་བདག་ཡིན་པ་རེད། ཐུགས་མཁྱེན་བརྩེ་ནུས་གསུམ་གྱི་མངའ་བདག་ཡིན་ཚུལ་དེ་ཇི་ལྟར་རེད་ཅེ་ན། མཁྱེན་པའི་ཡོན་ཏན། བརྩེ་བའི་ཐུགས་རྗེ། སྐྱོབ་པའི་ནུས་མཐུ་ཡི་ཐོག་ནས་བཤད་ན། མཁྱེན་པའི་ཡོན་ཏན་ནི། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོའི་ཆོས་ཉིད་དེ་སྟོང་པ་ཀ་དག་གི་གནས་ལུགས་ཡིན་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དོན་དམ་པའི་གནས་ལུགས་མངོན་སུམ་དུ་གཟིགས་པ་དེ་ཇི་ལྟ་མཁྱེན་པ། མཁྱེན་ཆ་མ་འགག་པའི་ཡེ་ཤེས་ཀྱིས་ཆོས་ཅན་ཀུན་རྫོབ་ཀྱི་དངོས་ཀུན་མ་འདྲེས་པར་མཁྱེན་པ་དེ། ཇི་སྙེད་མཁྱེན་པའི་ཡེ་ཤེས་ཏེ་མཁྱེན་པའི་ཡེ་ཤེས་རེད། བརྩེ་བའི་ཐུགས་རྗེ་ནི་གདུལ་བྱའི་སེམས་ཅན་ལ་མ་གཅིག་པུའི་བུ་ལྟར་ཉེ་རིང་དང་ཕྱོགས་ཆ་མེད་པར་དུས་རྟག་ཏུ་གཟིགས་པ་དེ་རེད། དེ་ཡང་སྐྱོབ་པའི་ནུས་མཐུ་ནི། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱང་། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་སྲིད། །ཅེས་གསུངས་པ་ལྟར། དེ་བཞིན་གཤེགས་པའི་མཚན་ཙམ་ཐོས་པས་ཀྱང་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྐྱོབ་པས། སངས་རྒྱས་དཀོན་མཆོག་ནི་དེ་ལྟ་བུའི་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཅན་ཞིག་ཡིན། ཆོས་དཀོན་མཆོག་ལའང་དེ་བཞིན་དུ་ངོ་བོ་དབྱེ་བ་ཡོན་ཏན་གསུམ་ཡོད་པ་སྟེ། སྒྲིབ་གཉིས་ཆ་དང་བཅས་པ་སྤོང་བའམ་སྤོང་བྱེད་ཀྱི་ཐབས་སུ་གྱུར་བ་གང་ཡིན་པ་དེ་དམ་པའི་ཆོས་ཀྱི་ངོ་བོ་རེད། དེ་ལ་དབྱེ་བ་ཕྱེས་ན། ལུང་དང་རྟོགས་པའི་ཆོས་གཉིས་ཡོད་པ་ལས། ལུང་གི་ཆོས་དེ་གང་ཡིན་པ་རེད་ཅེ་ན། སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དང་། དེ་ཉིད་རྗོད་བྱེད་དུ་བྱས་པའི་རྟོགས་པའི་ཆོས་དེ་བརྗོད་བྱ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ཡིན་པ་རེད། སྲིད་ཞིའི་རྒུད་པ་ཐམས་ཅད་སེལ་བ་དང་། སྲིད་ཞིའི་ཕུན་ཚོགས་ཐམས་ཅད་འབྱུང་བ་དམ་པའི་ཆོས་ཀྱི་ཡོན་ཏན་རེད། དགེ་འདུན་གྱི་ངོ་བོ་དེ་གང་རེད་ཟེར་ན། རིག་གྲོལ་ཡོན་ཏན་གཉིས་ལྡན་དགེ་འདུན་གྱི་ངོ་བོ་རེད། དེ་ལ་དབྱེ་བ་ཕྱེས་ན། ཐེག་དམན་ཉན་རང་གི་དགེ་འདུན་དང་། ཐེག་ཆེན་འཕགས་པའི་དགེ་འདུན་གཉིས་ཡོད། ཐུན་མོང་དང་ཐུན་མིན་གྱི་ཐོག་ནས་དབྱེ་བ་ཕྱེས་ན། ཐུན་མོང་གི་དགེ་འདུན། ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། ཐུན་མོང་མ་ཡིན་པའི་དགེ་འདུན་རིག་འཛིན་ནང་གི་དགེ་འདུན་ཞེས་གསུངས་པ་ཡིན། དེ་ལས་ཐུན་མོང་གི་དགེ་འདུན་ལ་ཡང་། སོ་སྐྱེ་དང་འཕགས་པའི་དགེ་འདུན་གཉིས། ཐུན་མོང་མ་ཡིན་པའི་དགེ་འདུན་ལ་ཡང་། སྔགས་ཕྱི་ནང་གི་རིམ་པས་རང་ལམ་ལ་ཞུགས་པའི་རིག་འཛིན་གྱི་དགེ་འདུན་རྣམས་རེད། དགེ་འདུན་གྱི་ཡོན་ཏན་དེ་གང་ཡིན་པ་རེད་ཅེ་ན། མངོན་རྟོགས་བསླབ་པ་གསུམ་དང་། གཟུངས་དང་སྤོབས་པ་མཐའ་ཡས་པ་སོགས་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་གྱི་ཚོགས་རྒྱ་མཚོ་ལྟ་བུ་དང་ལྡན་པ་དེ་དག་རེད། དེ་ལྟ་བུའི་འཇིག་རྟེན་ན་དཀོན་པའི་ནང་ནས་དཀོན་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའམ་ཕུལ་དུ་ཕྱིན་པ་ཡིན་པས་ན་དཀོན་མཆོག་ཅེས་ཟེར། དེ་ལྟར་དཀོན་མཆོག་གསུམ་གྱི་ངོ་བོ་དང་དབྱེ་བ་ཡོན་ཏན་ཐམས་ཅད་ཤེས་པའི་ཐོག་ནས། སྲིད་ཞིའི་རྒུད་པ་མཐའ་དག་སེལ་བའི་ཆེད་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྐྱབས་འགྲོ་ཡིན་པ་རེད། སྐྱབས་འགྲོ་དེ་ལ་ཡང་རྒྱུའི་སྐྱབས་འགྲོ་དང་འབྲས་བུའི་སྐྱབས་འགྲོའི་རྣམ་བཞག་ཡོད་པ་གོང་དུ་བཤད་པ་ལྟར། རྒྱུའི་སྐྱབས་འགྲོ་དེས་རྒྱུ་བྱས་ནས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དེ་འབྲས་བུའི་སྐྱབས་འགྲོར་གསུངས། བརྡ་ལས་ཐོབ་པ་ཀུན་རྫོབ་དམིགས་བཅས་རྒྱུའི་སྐྱབས་འགྲོ་དང་། ཆོས་ཉིད་ལས་ཐོབ་པ་དོན་དམ་དམིགས་མེད་འབྲས་བུའི་སྐྱབས་འགྲོ་ཡིན་པར་གསུངས་ཡོད་མོད། འོན་ཀྱང་དོན་དུ་ཞིབ་མོར་དཔྱད་ན། དེ་ཡང་བཀའ་ཐ་མའི་གཤེགས་སྙིང་བསྟན་པའི་མདོ་བཅུ་ཡན་ཆོད་ཀྱི་དགོངས་པ་ལྟར་ན། རྒྱུ་འབྲས་བཏགས་པ་བ་ཙམ་ལས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་མཚན་ཉིད་པར་འདོད་པ་མ་རེད། དེ་ཇི་ལྟ་བུ་རེད་ཟེར་ན། གཞིར་གནས་རང་བྱུང་གི་ཡེ་ཤེས་འགྱུར་མེད་ངོ་བོའི་དྭངས་མ་གང་ཡིན་པ་དེ་ལ། རྒྱལ་བ་སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་མ་བཅོས་ལྷུན་གྲུབ་ཀྱི་ཚུལ་དུ་ཡོད་དགོས་ན། སྐྱབས་གནས་གསུམ་པོ་དེའི་ནང་དུ་ཚང་ན་ཡང་། སྒྲིབ་བྱེད་གློ་བུར་གྱི་དྲི་མ་བསལ་བའི་ཆེད་དུ་རྐྱེན་ཚོགས་གཉིས་བསགས་པ་མངོན་འགྱུར་གྱི་རྐྱེན་དུ་འདོད་པ་དེ་ལ། རྐྱེན་ལ་རྒྱུ་ཡི་མིང་གིས་བཏགས་ཏེ། རྒྱུ་འབྲས་ཀྱི་མིང་གིས་བསྙད་པ་དེ་ལྟ་བུ་རེད། དེ་ཡང་སྐྱབས་སུ་སོང་བ་ཙམ་གྱི་ཕན་ཡོན་ནི། ཕར་ཕྱིན་བསྡུས་པ་ལས། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །ཁམས་གསུམ་འདི་ཡང་སྣོད་དུ་ཆུང་། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་གྱིས་གཞལ་བར་ག་ལ་ནུས། །ཞེས་གསུངས་ཏེ། སྐྱབས་འགྲོའི་ཕན་ཡོན་བརྗོད་ཀྱིས་ལང་པ་མ་རེད། དཀོན་མཆོག་གསུམ་ཙམ་ཞིག་མ་ཤེས་ན། ཆོས་ཞུས་ནས་མི་ལོ་བཅོ་བརྒྱད་མ་དགོས་མི་ཚེ་ཕྱེད་ཀ་སོང་། ཆོ་ག་ཕྱག་ལེན། སྒྲུབ་པ་ཉམས་ལེན་གྱི་གཟུགས་བརྙན་ཇི་ལྟ་བུ་ཞིག་བྱས་ནས་མི་ཚེ་སོང་ཡོད་མེད་ལ་མ་ལྟོས་པར། ཐ་ན་ཚོགས་པའི་དབུར་བཞུགས། ཤི་གསོན་གཉིས་ཀ་ཅི་འདྲ་ཞིག་ཡར་འདྲེན་བྱེད་མཁན་གྱི་མིང་ཡོད་རུང་། སྐྱབས་གསུམ་འཛིན་པའི་སྡོམ་པ་མཚན་ཉིད་པ་ཞིག་རྒྱུད་ལ་མེད་ན། ནང་པ་སངས་རྒྱས་པའི་ཁྱུ་རུ་ཚུད་ཡོད་མེད་ཐེ་ཚོམ་གྱི་འདྲི་རྟགས་རྒྱག་ས་ཅན་པོར་ཁེལ་བ་རེད། དེས་ན་རང་ལེགས་སུ་འདོད་མཁན་ཞིག་ཡིན་ན། ཁ་ཕྱིར་ཕྱོགས་པའི་གཞན་སྐྱོན་འཚོལ་བའི་ཐུར་མ་དེ་བསྐྱུར་ནས། ཁ་ནང་དུ་འཁོར་བའི་རང་སྐྱོན་ལྟ་བའི་མེ་ལོང་གིས་རང་རྒྱུད་བརྟགས་ཏེ། རྒྱ་མཚོའི་འགྲམ་ནས་ཁ་སྐོམ་སྟེ་ཤི་བའི་དཔེ་རུ་མི་འགྲོ་བར་བྱས་ནས། རང་ཉིད་དང་པོ་ནང་པ་སངས་རྒྱས་པའི་ཁྱུ་རུ་ཚུད་ཐབས་བྱེད་རྒྱུ་གལ་ཆེན་རེད། །

སེམས་བསྐྱེད་བཤད་པ།

དེའི་སྟེང་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས། དམིགས་པའི་ཡུལ་སེམས་ཅན་ཐམས་ཅད་བྱས་ནས། སྙིང་རྗེ། བྱམས་པ། དགའ་བ། བཏང་སྙོམས་ཏེ། ཚད་མེད་པ་བཞི་བསྒོམ་པ་དེ་ཉིད་རྟེན་བྱས་ཏེ། བརྟེན་པ་གཞན་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བྱང་ཆུབ་སྨོན་པ་སེམས་བསྐྱེད་དང་། དེ་ཉིད་མངོན་དུ་བྱེད་པའི་ལམ་ལ་འཇུག་པ་བྱང་ཆུབ་འཇུག་པའི་སེམས་བསྐྱེད་དེ། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་པར་བྱ་དགོས་པ་རེད། ཉིན་མཚན་མེད་པར་དགེ་སྦྱོར་ལ་འབད་ཀྱང་། བྱང་ཆུབ་སེམས་ཀྱིས་མ་ཟིན་ན་ཕན་པ་ཆེན་པོ་ཡོད་པ་མ་རེད། སྨོན་པ་དང་འཇུག་པའི་བློའི་རྣམ་པ་ལ་བྱང་ཆུབ་ཀྱི་སེམས་ཟེར་བ་རེད། འབྲས་བུ་ལ་དམ་བཅའ་བ་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། དེའི་རྒྱུ་ཕར་ཕྱིན་དྲུག་བསྒྲུབ་པ་རྒྱུ་ལ་དམ་བཅའ་བ་འཇུག་པ་བྱང་ཆུབ་ཀྱི་སེམས་རེད། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་ཉིད། དགོངས་སུ་གསོལ་བ་གསུམ་གྱིས་སད་བྱས། སྐྱབས་སུ་འགྲོ་བ་གསུམ་གྱིས་གཞི་བཟུང་། དངོས་གཞི་དམ་བཅའ་བ་གསུམ་དང་བཅས་པའི་ཆོ་གས་ཐོབ་པ་ལ་བསྐྱེད་པའི་ཐ་སྙད་སྦྱར་བ་རེད། དེ་ཉིད་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རེད། དེ་ཡང་སེམས་མཆོག་བསྐྱེད་པ་མི་གཙོ་སྐྱེས་པ་གཙོ་ཞེས་གསུངས་པས། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་གཉིས་པོ་དེ་རང་ཉིད་ཀྱི་བློ་དང་འདྲེས་ངེས་སུ་བསྒོམ་པའི་མཐར། སེམས་གཞི་མེད་རྩ་བྲལ་གྱི་ངང་དུ་འཇོག་པ་དེས་དོན་དམ་བྱང་ཆུབ་ཀྱི་སེམས་སྒྲུབ་པ་ཡིན་ན། རྣམ་པར་རྟོག་པའི་རྒྱུ་བ་དབྱིངས་སུ་ནུབ་པ་འོད་གསལ་བའི་ཡེ་ཤེས་དེ་ཉིད། དོན་དམ་བྱང་ཆུབ་ཀྱི་སེམས་ཡིན་པ་རེད། གསང་སྔགས་ཀྱི་ལུགས་ལ་དོན་དམ་སེམས་བསྐྱེད་ཆོ་ག་ལ་བརྟེན་ནས་སྐྱེ་བར་གསུངས་རྒྱུ་དེ། མོས་པས་སྤྱོད་པ་ཙམ་ཞིག་ལ་དགོངས་པ་མ་གཏོགས། མཚན་ཉིད་པ་ཡིན་པའི་གོ་བ་ལེན་རྒྱུ་ཡོད་པ་མ་རེད། དོན་དམ་སེམས་བསྐྱེད་མཚན་ཉིད་པ་དེ་དམ་པ་གསུམ་ལ་བརྟེན་ནས་བསྒོམ་པའི་སྟོབས་ཀྱིས་སྐྱེ་དགོས་པ་རེད། དམ་པ་གསུམ་པོ་དེ་གང་རེད་ཟེར་ན། ཡོངས་འཛིན་དམ་པ། རྗེས་སྒྲུབ་དམ་པ། རྟོགས་པ་དམ་པ་སྟེ། དམ་པ་གསུམ་ལ་བརྟེན་ནས་བསྒོམ་པའི་སྟོབས་ཀྱིས་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་དོན་དམ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བ་རེད། གོང་དུ་བཤད་པའི་ཚོགས་སྦྱོར་གྱི་ལམ་དུ་དེ་ལྟ་བུའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་བརྟེན་ནས། ཡུན་རིང་པོར་བློ་སྦྱོང་བའི་མཐུ་ལས། མཐར་མཐོང་ལམ་དུ་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་བ་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པ་ལ་སོགས་པའི་ཚུལ། སྐབས་ཐོབ་ཏུ་ཤེས་པར་བྱ་བ་ལས་ཐེངས་འདིར་ཉུང་ངུའི་ཚིག་གིས་མཚོན་ཐུབ་པ་མ་རེད། མདོར་བསྡུས་ན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་འདྲེན་པའི་དངོས་རྒྱུ་ཐུན་མོང་མ་ཡིན་པ་དེ་སྙིང་རྗེ་ཡིན་ན། སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་ཉག་མ་རེ་ཡིན་ཡང་རང་རྒྱུད་ལ་ཨེ་སྐྱེ་ལྟ་རྒྱུ་མ་འཆུག དེས་ན་གོང་དུ་བཤད་པ་ལྟར་ལམ་ལོག་པ་ལས་ལྡོག་པར་བྱེད་པ་སྐྱབས་འགྲོ། ལམ་དམན་པ་ལས་ལྡོག་པར་བྱེད་པ་སེམས་བསྐྱེད་པ། དེའི་ཐོག་ཏུ་སྡིག་སྒྲིབ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས། ཚོགས་བསགས་པ་མཎྜལ། རྟོགས་པའི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་སྐྱེད་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་རིམ་པ་ལ་སོགས་པ་སྔོན་དུ་སོང་ནས། དངོས་གཞི་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ཁྲིད་ལ་ཞུགས་ནས། བསྒོམ་པས་ཉམས་སུ་བླངས་ཏེ། གོ་བ་དཔེ་ཐོག་དང་། གདམས་པ་ཡིག་ཐོག་ཏུ་མ་ལུས་པར། བསྒྲུབ་པའི་འབྲས་བུ་མཐར་ཕྱིན་དགོས་པ་རེད། དེ་ཡང་ཐུབ་པའི་བསྟན་པ་བྱང་ནས་བྱང་དུ་དར་བའི། སྔ་འགྱུར་རྙིང་མ་པ། དཔལ་ལྡན་ས་སྐྱ་བ། འགྲོ་མགོན་བཀའ་བརྒྱུད་པ། རི་བོ་དགེ་ལྡན་པ། བཤད་ཚུལ་གཞན་ཞིག་གི་ཐོག་ནས་བཤད་ན། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བཀའ་སྲོལ་ཚང་མ་གང་དང་གང་ཡིན་ཡང་། ཐེག་ཆེན་མདོ་སྔགས་གཉིས་ལྡན་གྱི་རིང་ལུགས། སྒྲུབ་ཐུབ་ན་ཚེ་གཅིག་ལ་འཚང་རྒྱ་བའི་ཆོས་འབའ་ཞིག་ཡིན་པ་རེད། དེས་ན་ངའི་ཆོས་བརྒྱུད་དང་། ཁྱོད་ཀྱི་ཆོས་བརྒྱུད། ངའི་དགོན་པ་དང་། ཁོའི་དགོན་པ་ཟེར་ནས། ཕྱོགས་རིས་ཆགས་སྡང་བྱེད་དགོས་པ་མ་རེད། རྒྱ་ཟངས་འོ་མ་ལ་ཁ་རྐུབ། བུ་རམ་སྒོར་མ་ལ་དཀྱིལ་ཟུར་ཞིག་ཡོད་པ་མ་རེད། སྟོན་པ་གཅིག་གི་བསྟན་པ་དེ་གྲུ་བཞི་ལམ་མེར་ཁྱེར་ཤེས་ན། བསྟན་འཛིན་གྱི་སྐྱེས་བུ་ཞེས་པ་དེ་ལ་ཟེར་བ་རེད། ཕྱོགས་རིས་ཆགས་སྡང་བྱེད་ཉན་པ་མ་རེད། ཕྱོགས་རིས་ཆགས་སྡང་བྱེད་མདོག་བྱས་ནས། གནད་མི་ཤེས་པར་བསྟོད་སྨད་བྱེད་ས་ནས། ཆོས་ཀྱི་ཐོག་ནས་ཆོས་སྤང་གི་ལས་ངན་བསགས་ན། རང་ཉིད་དམྱལ་བ་མནར་མེད་ནས་ཡར་ཐར་མེད་པའི་རྒྱུ་བསྒྲུབ་འགྲོ་བ་རེད། དེ་བཞིན་དུ་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་སུ་ཡིན། གང་ན་ཡོད། མངོན་ཤེས་མེད་ན་ཤེས་རྒྱུ་ཅན་ཞིག་ཡིན་པ་མ་རེད། གང་ཟག་གི་ཚོད་གང་ཟག་གིས་མི་ཟིན་པ་སྟོན་པ་སངས་རྒྱས་ཀྱིས་གསུངས་ཡོད་ན། སྤྱིར་ན་བདག་བསྟོད་གཞན་སྨོད། དེའི་ནང་ནས་དམ་པའི་སྐྱེས་བུ་ཡུལ་གཉན་པོ་རེ་ལ་སྐུར་བ་བཏབ་ན། རྣམ་སྨིན་ཡིད་དུ་མི་འོང་བ་ཚེ་འདི་དང་ཕྱི་མར་མྱོང་ངེས་རེད། མ་གཞི་གཞན་ངན་རུང་རང་ལ་གནོད་པ་མ་རེད། རྩ་བ་ཚིག་གཅིག་ཏུ་བསྡུས་ན། རང་བློ་རང་ལ་མི་དཀར་བ་མི་སྲིད་པས། རང་དྲིན་རང་ལ་ཆེ་བའི་དམ་པའི་ལྷ་ཆོས་རང་གིས་མ་སྒྲུབ་ན། ན་སོ་བརྒྱད་པའི་རྟ་རྒན་ལ་ཁ་ལོ་བསླབ་མཁན་ཞིག་ཟུར་ནས་ཡོང་རྒྱུ་ཡོད་དཀའ། ཆོས་ད་ལྟ་སྒྲུབ་ན་ཚིག་རེ་ཡིན་ཡང་ཤེས་རྒྱུ་དང་ལོབས་རྒྱུ་ཡོད། ཕྱི་འགྱང་ལེ་ལོ་བྱས་ན་ལོ་བརྒྱ་སོང་ཡང་སྐྱེད་ཐོན་རྒྱུ་ཡོད་པ་མ་རེད། ད་ཡང་རྗེས་མ་གོ་སྐབས་ཡོད་ན་ད་དུང་མུ་མཐུད་ནས་ཁྱེད་ཅག་རྣམས་ཀྱི་ཁམས་དབང་མོས་པ་དང་བསྟུན་པའི་ཆོས་ཕྱོགས་ཀྱི་ཁ་བརྡ་རེ་བྱེད་འདོད་ཡོད། འོན་ཀྱང་གོང་དུ་བཤད་པ་ལྟར་གྱི་རགས་པ་རྒྱུན་གྱི་མི་རྟག་པ་དང་། ཕྲ་བ་སྐད་ཅིག་གི་མི་རྟག་པའི་འགྱུར་བ་དེར་བསམ་བློ་ཞིག་བཏང་ན། རྗེས་མ་ད་དུང་གཅིག་བྱེད་གཉིས་བྱེད་བསམ་རྒྱུ་དེ་རྟག་འཛིན་ཆེ་བའི་སྐྱོན་ཆ་རེད། སང་ཉིན་ཨེ་ཡོད་དེ་རིང་སུས་ཤེས། དེས་ན་མ་ཤི་ཚེ་རིང་བྱུང་ན་སླར་ཡང་རང་རེ་མཉམ་འཛོམས་ཡོང་ནས། དུས་ཀྱི་ཐ་མར་ཆོས་ཀྱི་གྲུ་ཆེན་པོ་ལ་མཉམ་དུ་ཞུགས་རྒྱུའི་སྨོན་ལམ་དང་། ཚེ་འདིར་འདི་བཞིན་དུ་དཀྱིལ་འཁོར་གཅིག་ཏུ་འཚོགས། མར་མེ་གཅིག་ལ་བལྟས་ནས་སྨོན་ལམ་བཏབ་པ་ལྟར་དུ། ཕྱི་མ་དག་པའི་ཞིང་ཁམས་སུ་ཚོམ་བུ་གཅིག་ཏུ་དྲིལ་བའི་སྨོན་ལམ་འདེབས་ཡོང་། །

དེ་ལྟར་ན་བདག་གི་གཟུགས་མཐོང་བ་དང་སྐད་ཐོས་པ། ཐ་ན་བདག་གི་གཟུགས་བརྙན་དང་མིང་ཙམ་མཐོང་ཐོས་བྱུང་བ་དང་། བདག་གི་ལུས་བརྒྱུད་ནས་རླུང་གི་རྫི་ཕྱོགས་ཕོག་པ་ལ་སོགས་པ། བདག་ལ་བཟང་ངན་ལས་ཀྱིས་འབྲེལ་གྱུར་ཐམས་ཅད་གནས་སྐབས་དང་མཐར་ཐུག་བདེ་ནས་བདེ་བའི་ལམ་དུ་འགོད་པར་སྨོན་པ་དང་ཆབ་ཅིག་ཏུ། ཆོས་འཆད་ཉན་བགྱིས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ། རང་གཞན་གྱིས་དུས་གསུམ་དུ་བསགས་པ་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད། བློས་གཅིག་ཏུ་བསྡུས་ཤིང་བཟླུམ་སྟེ་བསྡམས་པའི་མཐུས། སྤྱིར་སྐྱེ་དགུའི་བདེ་སྐྱིད་ཀྱི་གཞི་རྩ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཤིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་སྔར་བཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ཁྱད་པར་དུ་ད་ལྟ་འཇིག་རྟེན་གྱི་ཁམས་གང་ན་སྐུ་འཚོ་ཞིང་གཞེས་པའི་རྒྱལ་བའི་རྒྱལ་ཚབ། བསྟན་པའི་སྒྲོན་མེ། འཇིག་རྟེན་གྱི་མིག་ཏུ་གྱུར་བའི་བསྟན་འཛིན་གྱི་སྐྱེས་ཆེན་དག་གི་སྐུ་ཚེའི་ཞབས་པད་མི་འགྱུར་བསྐལ་བ་རྒྱ་མཚོར་བརྟན་ཅིང་། རྨད་བྱུང་ཐུགས་ཀྱི་བཞེད་དོན་མཐའ་དག་མ་ལུས་ལྷག་མེད་གེགས་བྲལ་ལྷུན་གྱིས་གྲུབ་པ་དང་། འཇིག་རྟེན་གྱི་ཁམས་ཀུན་ཏུ་བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས། འགྲོ་བ་སེམས་ཅན་གྱི་རིགས་སུ་གྱུར་པ་ཐམས་ཅད་གནོད་འཚེ་གདུག་པའི་བསམ་སྦྱོར་དང་བྲལ་ཞིང་། ཕན་ཚུན་ཕ་མ་དང་སྤུན་སྲིང་གི་འདུ་ཤེས་ནམ་ཡང་མི་ལྷོད་པར་ཞི་བ་དང་བདེ་བའི་དཔལ་གྱིས་འབྱོར་ཞིང་། བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཏེ། གནས་སྐབས་ལྷ་མིའི་བདེ་བ་དང་མི་འབྲལ་ཞིང་། མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་བསྔོ་བ་དང་སྨོན་ལམ་གྱི་ཚིགས་སུ་བཅད་པར་མཐུན་འགྱུར་གྱི་ཐུགས་འདུན་གནང་བར་ཞུ། །

སླར་སྨྲས་པ།

དམ་པའི་ལེགས་བཤད་རྨད་བྱུང་རྒྱ་མཚོའི་གཏེར།།

ཆ་ཤས་ཐིགས་པའི་བདུད་རྩིའི་སྨན་མཆོག་འདིས།།

དུག་ལྔའི་ནད་ཀྱིས་མནར་བའི་འགྲོ་ཚོགས་ལ།།

ཕན་བདེའི་རྒྱུར་གྱུར་བདེ་བའི་དཔལ་ཐོབ་ཤོག།

དད་དང་ལྷག་བསམ་གྲོགས་ཀྱིས་སྐུལ་བའི་མཐུས།།

འདུ་བྱེད་སོར་མོས་འབད་པའི་དགེ་འབྲས་འདིས།།

མར་གྱུར་མཐའ་ཡས་མཁའ་ཁྱབ་སེམས་ཅན་ཀུན།།

བླ་མེད་བྱང་ཆུབ་འཐོབ་པའི་རྒྱུ་རུ་བསྔོ།།

ཞེས་ཆོས་རྗེ་པདྨའི་ཞལ་ལུང་བློ་སྦྱོང་ཐར་ལམ་གསལ་བའི་སྒྲོན་མེ་འདི་ཉིད་ཁྱབ་བདག་བླ་མ་རིན་པོ་ཆེའི་ཞབས་རྡུལ་སྤྱི་བོར་ལེན་པའི་སློབ་འབངས་ཡོངས་ཀྱི་ཐ་ཤལ་བ་འཇམ་དབྱངས་ཟླ་བར་འབོད་པས་བོད་རབ་བྱུང་བཅུ་བདུན་པའི་ཆུ་ཕོ་འབྲུག་གི་ལོའི་ཧོར་ཟླ་དང་པོའི་ཡར་ཚེས་བརྒྱད་ཀྱི་ཉིན་ཁམས་རི་བོ་ཆེ་རྡོ་ཤུལ་རྒྱང་དགོན་ཆོས་གྲྭའི་བྱང་ཤེས་རབ་རྣམ་རྒྱལ་གླིང་གི་རང་སྤྱིལ་དུ་སྒྲ་བཤུས་ཀྱིས་མཇུག་ཡོངས་སུ་གྲུབ་པར་བགྱིས་པའོ། །དགེའོ། །དགེའོ། །དགེའོ། །