cover

ཁྱབ་བདག་པདྨ་སྐལ་བཟང་གི་གསུང་འབུམ་གླེགས་བམ་བཞི་པ།

ཀུན་བཟང་བླ་མའི་ཞལ་ལུང་གི་ལྗགས་ཁྲིད་རིག་འཛིན་བརྒྱུད་པའི་ཐུགས་ཐིག ༼ཨེ༽

རྫོགས་ཆེན་པདྨ་སྐལ་བཟང་། སྤྲུལ་སྐུ་ཀུན་དགའ་བསྟན་གྱིས་ཡི་གེར་ཕབ།

པདྨའི་འོད་སྣང་ཚོགས་པ།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཐུགས་རྗེ་ཆེ་ཞུ།

༈ སྐྱེ་རྒུའི་བདེ་སྐྱིད་ཀྱི་འབྱུང་གནས་རྒྱལ་བ་མཉམ་མེད་དོན་ཀུན་གྲུབ་པ་ཆེན་པོའི་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ངོ་མཚར་ཆོས་སྐུའི་རིང་བསྲེལ་གྱི་གཟུགས་སུ་བལྟམས་པ་གསུང་རབ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཐུབ་པའི་དགོངས་པ་རང་སྟོབས་ཀྱི་བཀྲལ་ནུས་པའི་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་མཛད་པའི་བསྟན་འགྱུར་རིན་པོ་ཆེ་སྟེ་མདོ་སྔགས་གཉིས་ལྡན་གྱི་ཡོངས་རྫོགས་བསྟན་པ་རྒྱ་མཚོ་འདི་ཉིད། དེང་གི་ཆར་གངས་རིའི་ལྗོངས་ཀྱི་ཡེ་གེ་ཁོ་ནའི་གཟུགས་སུ་བཞུགས་པ་ནི་སྤྲུལ་པའི་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་ཉག་གཅིག་ལས་བྱུང་བ་དང་། དེ་དག་མི་ནུབ་བརྒྱུད་འཛིན་ཡུན་གནས་ཀྱི་ཆེད་དུ་གངས་ལྗོངས་ཆོས་བརྒྱུད་ཁག་ལས་བྱོན་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ཀྱིས་བཀའ་བསྟན་རིན་པོ་ཆེའི་དགོངས་སྙིང་ཅན་གྱི་གསང་རབ་གླེགས་བམ་སྟོང་ཕྲག་མང་པོ་མཛད་ཅིང་། དཀའ་སྤྱད་ཐུགས་བརྩོན་སྣ་ཚོགས་གྱིས་མ་ཕྱི་གསར་བསྐྲུན་དང་བསྐྱར་བསྐྲུན་སོགས་ཀྱིས་འཇིག་རྟེན་གྱི་ཁམས་སུ་བཞུགས་པ་མཛད་མུས་བཞིན། དེང་གི་ཆར་གློག་རྡུལ་འཕྲུལ་ཆ་དང་དྲྭ་རྒྱའི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྒྱལ་སྤྱིའི་རིག་གཞུང་སྤྱི་མཚུངས་ལྟར། རྒྱལ་བའི་གསུང་རབ་རིན་པོ་ཆེ་གཙོ་བོར་གྱུར་པའི་འཕགས་བོད་མཁས་པའི་གཞུང་ལུགས་རྣམས་དྲྭ་ཐོག་ནས་བཤེར་འཚོར་དང་འདྲ་བཤུས་སྒྲིག་གཟོ་སོགས་སྟབས་བདེའི་ལམ་ནས་བཀོལ་སྤྱོད་ཐུབ་པའི་གཞི་རྒྱ་ཆེ་བའི་འཆར་འགོད་དངོས་སུ་ལས་བཞིན་པར། མཆོག་སྤྲུལ་མུ་ར་རིན་པོ་ཆེའི་གཙོས་པདྨའི་འོད་སྣང་ཚོགས་པ་ནས་༧སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་གི་གསུང་འབུམ་མཚན་བཟང་སོ་གཉིས་ཀྱི་གྲངས་ལྡན་ཅན་འདིར་གནང་འབྱོར་བྱུང་བ་ལགས་ན། ཁོང་རྣམ་པའི་རྨད་དུ་བྱུང་བའི་མཛད་རྒྱས་ལ་སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་ཆབ་གཅིག་སླད་ནས་ཀྱང་གསུང་རབ་རིན་པོ་ཆེ་ཅི་རིགས་དཔེ་སྐྲུན་གནང་ན་འདི་གར་འདྲ་བཤུས་གནང་སྩོལ་ཡོང་བར་ཅི་ནས་ཀྱང་བཀའ་དྲིན་མི་ཆུང་བ་ཞུ།

ཞེས་དྲྭ་རྒྱའི་དཔེ་མཛོད་འགན་འཛིན་པ་རྫོགས་ཆེན་བསྟན་འཛིན་རྣམ་དག་ནས་ཕུལ།།

ཀུན་བཟང་བླ་མའི་ཞལ་ལུང་གི་ལྗགས་ཁྲིད་རིག་འཛིན་བརྒྱུད་པའི་ཐུགས་ཐིག ༼ཨེ༽

དཔལ་མགོན་བླ་མ་དམ་པ་ལ་ཕྱག་འཚལ་ལོ།།

རྨད་བྱུང་ཐུགས་བསྐྱེད་འོ་མའི་ཆུ་གཏེར་མཁྱེན་རབ་མར་གྱི་ཉིང་ཁུ་འབུམ།།

ལྔ་བདོའི་འགྲོ་བཀྲེན་ཕན་བདེའི་ལང་ཚོ་ཀུན་ནས་རྒྱས་ཕྱིར་ཐེག་གསུམ་ཆོས།།

བརྗོད་མེད་གསུང་གིས་འགག་མེད་ཆོས་སྟོན་རྒྱལ་བསྟན་ཞིང་འདིར་སྣང་བའི་མགོན།།

འདྲེན་པ་མཆོག་གྱུར་ཤཱཀྱ་སེངྒེས་བདག་དང་འགྲོ་ལ་ཤིས་པར་སྩོལ།།

རྒྱལ་དང་དེ་སྲས་ཡོངས་ཀྱི་གསང་བ་གསུམ།།

གཅིག་བསྡུས་རང་བྱུང་པད་སྡོང་ལས་འཁྲུངས་པའི།།

ཟུང་འཇུག་རྡོ་རྗེའི་རོལ་མོས་ནམ་མཁའི་ཁྱོན།།

ཁྱབ་མཛད་འཁོར་ལོའི་མགོན་དེས་བདག་བློ་སྐྱོངས།།

ཐེག་དགུའི་རྩེ་རྒྱལ་འོད་གསལ་རྫོགས་པ་ཆེའི།།

ཟབ་ལམ་མཐར་ཕྱིན་གྲུབ་པའི་གོ་འཕང་མཆོག།

ཚེ་གཅིག་སངས་རྒྱས་གསང་ཆེན་བསྟན་འགྲོའི་དཔལ།།

བརྒྱུད་གསུམ་ལྷ་དང་བླ་མ་འདིར་ཡང་དྲན།།

གྲུབ་སྤྱོད་མངོན་ཤེས་ཆེ་འགྱིངས་ཕྱོགས་རིས་ཀྱི་འཁྱལ་གཏམ།།

གྲགས་འུར་སྟོང་སྒྲ་ལ་སོགས་གང་ཉིད་ལ་མི་མཛའ།།

དམ་པས་ཐུགས་ཟིན་དུས་བབ་ལུང་བསྟན་གྱི་བདག་པོ།།

བཀའ་དྲིན་མཚུངས་མེད་ཁྱབ་བདག་བླ་མ་དེ་མཁྱེན་ནོ།།

ལེགས་བཤད་རིན་ཆེན་ནོར་གྱིས་མི་མཚོན་དོན་བཟང་གདམས་པའི་གསང་མཛོད་མཆོག།

སྐལ་བཟང་གདུལ་བྱའི་བློ་དང་འཚམ་པའི་ཁྲིད་ཚུལ་ཟླ་མེད་ཀེ་ལ་ཤ།།

ལུང་དང་རིགས་པ་མན་ངག་ཟབ་དགུ་ཉིན་བྱེད་འབུམ་གྱི་མདངས་གསལ་བ།།

སྔར་མེད་གཞུང་བཟང་ཞལ་གསུང་དྲོན་མོ་འདི་ན་སྤེལ་གྱི་དགའ་བས་ལོངས།།

དེ་ལྟར་ཤིས་པར་བརྗོད་པའི་ཚིག་གིས་སྔུན་བསུས་ནས་གང་གླེང་བར་བྱ་བ་ནི། ཕྱོགས་བཅུ་དུས་བཞིའི་རྒྱལ་དང་དེ་སྲས་ཀུན་ཀྱི་ཐུགས་རྗེའི་རང་གཟུགས། ཁྱད་པར་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བྱོན་པ་ཀུན་མཁྱེན་རྒྱལ་བ་གཉིས་པ་དང་རྣམ་དབྱེར་མ་མཆིས་པ། སྙིགས་དུས་བསྟན་པའི་སྒྲོན་མེ། མཆོག་གསུམ་རྒྱ་མཚོའི་སྤྱི་དཔལ། ཟབ་གསང་ཐེག་རྩེའི་མཛོད་འཛིན། གཞི་གསུམ་བསྟན་པའི་ཤིང་རྟ། བཤད་དང་སྒྲུབ་པའི་རྩ་ལག སྔ་འགྱུར་བསྟན་པའི་སྲོག་ཤིང་། མཚོ་འཁྲུངས་པདྨ་ཀ་ར་བསམ་བཞིན་སྲིད་པར་བཟུང་བའི་བདག་ཅག་གི་རིགས་ཀྱི་བདག་པོ་སྐྱབས་གཅིག་འཁོར་ལོའི་མགོན་པོ་མཆོག་གི་རྡོ་རྗེ་སློབ་དཔོན། མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། མཚུངས་བྲལ་སྨྲ་བའི་ཉི་མ། ༧ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནམ་སྐྱབས་རྗེ་པདྨ་སྐལ་བཟང་ངམ་ཁྱབ་བདག་བླ་མ་རིན་པོ་ཆེ་མཆོག་ཉིད། མཇལ་ན་ཐར་བའི་ས་བོན་སྐྲུན་པའི་སྐུ། ཐོས་ན་སྲིད་ཞིའི་རྒུད་པ་སེལ་བའི་གསུང་། དྲན་ན་སྒྲིབ་གཉིས་མུན་པ་འཇོམས་པའི་ཐུགས་མངའ་བ་མཆོག་གིས་རིས་སུ་མ་ཆད་པའི་ཐར་འདོད་ཀྱི་གདུལ་བྱ་སྤྱི་དང་བྱེ་བྲག་གི་འདུས་པ་ཡོངས་ལ། རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་ཡང་དབེན་ནས། རབ་བྱུང་བཅུ་བདུན་པའི་ཐམས་ཅད་འདུལ་གྱི་ལོའམ་མེ་མོ་ཕག་གི་ལོའི་སྟོན་མགོར། སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་གི་བཀའ་ཆོས་གནང་བའི་གདམས་ཟབ་བདུད་རྩིའི་ཡང་ཞུན་འདི་བཤུས་ཏེ་ཡིག་ཐོག་ཏུ་དགོད་པ་ལ་རྩ་གསུམ་དམ་ཅན་རྒྱ་མཚོས་གནང་བ་བསྩལ་དུ་གསོལ།།

ཀ༽ ཉིན་དང་པོར་བསྟན་བཅོས་ལ་འཇུག་པའི་ཆོས་ཁྲིད།

༼ཨོཾ༽ ཐོག་མར་དགེ་བ་ཀླད་ཀྱི་དོན།

གང་བློ་མ་དང་བརྩེ་ལྡན་ཁྱེད་ཀྱི་སོགས་ཚར་གཅིག་སྔོན་ལ་གསུངས་ནས། བརྩེ་ཆེན་ཡེ་ཤེས་ཀྱི་བརྡ་རྟགས་ཞལ་མདངས་བཞད་འཛུམ་གྱི་ཉམས་རྒྱས་ཤིང་། ཆོས་ཉིད་མཉམ་པའི་ཀློང་ནས་མ་གཡོས་བཞིན་དུ། སྤྲོ་ཉམས་དང་སྤོབས་ཉམས་ཚད་མེད་པའི་ངང་ནས་སྤྱན་ལོངས་སྐུའི་གཟིགས་སྟངས་ཀྱིས་ཐད་ལ་གཟིགས་ཤིང་། ཕྱག་གཉིས་པདྨ་ཁ་འབུས་ཐལ་མོ་ཐུགས་ཀར་སྦྱར་ཅིང་བསྟན་དང་འགྲོ་ལ་སྨན་པའི་ཐུགས་བསྐྱེད་བླ་ན་མེད་པས། གསུང་དལ་ལ་བརྗིད་ཆགས་པའི་ཚངས་དབྱངས་སྙན་མོས་འཁོར་གྱི་གདུལ་བྱའི་ཡིད་དབང་ཆོས་ལ་སྒྱུར་ནུས་པའི་མཆོད་བརྗོད་ཀྱི་གདུང་དབྱངས་ཟབ་མོ། སྔར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་དམ་པ་གོང་མ་རྣམས་ཀྱི་སྲོལ་རྒྱུན་བཞིན་གསུངས་པ་འདི་ལྟར།།

དྷཱི༽ ནར་མའི་མཆོད་བརྗོད།

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག བཀའ་དྲིན་མཚུངས་ཟླ་མ་མཆིས་པར་དཔལ་མགོན་བླ་མ་དམ་པའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་བཏུད་དེ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་འཆིའོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ།

གང་གི་ཞལ་བཟང་ལྟ་བས་མི་ངོམས་གེ་སར་འཛུམ་པའི་མདངས་བཀྲ་ཞིང་།།

མཚན་དཔེའི་གཟི་འོད་ཟེའུ་འབྲུ་གསལ་བས་འགྲོ་ཀུན་མིག་གི་བདུད་རྩིར་གྱུར།།

ཐུགས་རྗེའི་འདབ་མ་ཀུན་ནས་དཀྱུས་རིང་འཇིག་རྟེན་གསུམ་གྱི་ཁོངས་ཁྱབ་ པའི།།

ཐུབ་དབང་པདྨ་དཀར་པོའི་ཞབས་པད་དེ་རིང་བདག་བློའི་ཡིད་མཚོར་སྐྱོངས།།

བདེ་བ་ཅན་ན་འོད་དཔག་མེད་དེ་རི་བོ་ཏ་ལར་སྤྱན་རས་གཟིགས།།

འཛམ་བུའི་གླིང་དུ་པདྨ་རྒྱལ་པོ་འགྲོ་ལ་ཐ་དད་སྣང་གྱུར་ཀྱང་།།

སྐུ་གསུམ་མཛད་པའི་ངོ་བོ་གཅིག་བསྡུས་དཔལ་ལྡན་སངས་རྒྱས་པདྨ་སྐྱེས།།

གངས་ལྗོངས་འགྲོ་ལ་ལྷག་པར་བརྩེ་བའི་ཐུགས་བརྩེའི་འོད་ཟེར་ཅན་ལ་འདུད།།

འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་།།

ཐུགས་རྗེ་ལུང་རྟོགས་མཉམ་པའི་མཐུ་མངའ་ཡང་།།

ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་ཀྱིས།།

འཁོར་འདས་ཆོས་སྐུར་རྟོགས་པའི་ཀློང་ཆེན་པ།།

དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས།།

ཤེས་བྱ་ཀུན་མཁྱེན་འགྲོ་ལ་རྗེས་བརྩེའི་གཏེར།།

དྲི་མེད་འོད་ཟེར་ཡང་སྤྲུལ་ཐུགས་གཏེར་མཛོད།།

འོད་གསལ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་བ།།

འཇིགས་མེད་གླིང་བའི་ཞབས་ལ་གསོལ་བ་འདེབས།།

འཕགས་པ་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་འཕྲུལ།།

འགྲོ་བ་ཐར་གླིང་བགྲོད་པའི་དེད་དཔོན་མཆོག།

འབྲེལ་ཚད་དོན་ལྡན་ཀློང་ཆེན་རྣལ་འབྱོར་པ།།

འཇིགས་མེད་རྒྱལ་བའི་མྱུ་གུར་གསོལ་བ་འདེབས།།

ཕྱི་ལྟར་རྒྱལ་བའི་སྲས་པོ་ཞི་བ་ལྷ།།

ནང་ལྟར་གྲུབ་པའི་དབང་ཕྱུག་ཤ་བཱ་རི།།

གསང་བ་འཕགས་མཆོག་སྡུག་བསྔལ་རང་གྲོལ་དངོས།།

འཇིགས་མེད་ཆོས་ཀྱི་དབང་པོར་གསོལ་བ་འདེབས།།

ཨོ་རྒྱན་རིག་འཛིན་ཆེན་པོའི་རིང་ལུགས་ཀྱི།།

བཤད་སྒྲུབ་བསྟན་པའི་རྒྱལ་མཚན་འཛིན་མཛད་ཅིང་།།

ཡོན་ཏན་ནོར་བུའི་མཛོད་མངའ་ཆོས་ཀྱི་རྗེ།།

དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།

འཕགས་ཡུལ་མཁས་པའི་དབང་ཕྱུག་ཟླ་བ་གྲགས།།

གངས་ལྗོངས་འཇམ་པའི་དབྱངས་དངོས་ཀུན་མཁྱེན་རྗེ།།

དབྱེར་མེད་ཐུགས་རྗེ་ཡས་སྤྲུལ་དགེ་བའི་བཤེས།།

གཞན་ཕན་ཆོས་ཀྱི་སྣང་བར་གསོལ་བ་འདེབས།།

བརྒྱུད་གསུམ་བྱིན་ཐོབ་དགོངས་པའི་རྩལ་ཆེན་རྫོགས།།

སྣང་བཞི་མཐར་ཕྱིན་ཆོས་སྐུའི་རྒྱལ་སྲིད་བརྙེས།།

གདོད་མའི་མགོན་པོ་མི་ཡི་རྫུར་ཞུགས་པ།།

འཇིགས་མེད་ཡོན་ཏན་མགོན་པོར་གསོལ་བ་འདེབས།།

དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས།།

ཧྲཱིཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས།།

དུས་གསུམ་སངས་རྒྱས་ཀུན་ཀྱི་ངོ་བོ་ཉིད།།

རང་སེམས་ཆོས་སྐུ་མངོན་སུམ་སྟོན་མཛད་པའི།།

རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས།།

བདག་གཞན་འགྲོ་བའི་བློ་སྣ་ཆོས་ལ་སྒྱུར།།

གང་ཞིག་གསེར་མཆོག་རང་བཞིན་རི་རབ་ལ་གནས་མནྡཱ་ར་དང་ལྷར་བཅས་གནོད་སྦྱིན་དང་།།

ལྡེང་ཀ་ནོར་བུའི་འོད་ཀྱིས་མུན་པ་སེལ་མཛད་ས་འོག་གནས་པའི་ཀླུ་རྣམས་གང་ཡིན་དང་།།

གངས་ཅན་རིར་ནི་དཔལ་གྱིས་རོལ་ཞིང་རབ་ཏུ་དགའ་བའི་རིག་པ་འཛིན་པ་གང་ཡིན་པ།།

དེ་དག་ཐམས་ཅད་ཐར་བ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་ཉན་ཕྱིར་ན་འདིར་གཤེགས་ཤིག།

གང་དག་ཕྱོགས་བཅུའི་སྟོང་གི་འཇིག་རྟེན་ན།།

བདེ་གཤེགས་སློབ་མར་གྱུར་བར་གང་སུ་དག།

དེང་འདིར་དམ་པའི་ཆོས་ཀྱི་ཆར་འབེབས་ཀྱིས།།

གསན་པ་འདོད་པར་ཐམས་ཅད་འདིར་གཤེགས་ཤིག།

ནམ་མཁའི་མཐས་གཏུགས་འཇིག་རྟེན་ཐམས་ཅད་ན།།

ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལྷ་མ་ཡིན།།

གྲུལ་བུམ་མིའམ་ཅི་དང་ལྟོ་འཕྱེ་སོགས།།

རྫུ་འཕྲུལ་ཡིད་ལྡན་ཐམས་ཅད་འདིར་ཤོག་ཅིག།

བསྐལ་བ་སྟོང་དུ་ཐོས་པ་རབ་དཀའ་ཞིང་།།

གང་ཞིག་ཐོས་ན་གཏན་དུ་བདེ་བྱེད་པ།།

བདེ་གཤེགས་གསུང་སྙན་བདུད་རྩི་ཆོས་ཀྱི་སྒྲ།།

བདག་གིས་སྦྱིན་གྱིས་དད་ཅིང་གུས་པས་ཉོན།།

གང་ཞིག་གཏན་གྱི་སྐྱབས་གནས་མཆོག་གྱུར་པ།།

དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་མི་ཁྱབ།།

དེ་ལ་དེར་ཤེས་རྣམ་སྨིན་ཡང་དེ་བཞིན་ཏེ།

བསྐལ་བ་བྱེ་བ་ཁྲག་ཁྲིག་བགྲང་ན་ཡང་།།

དཀོན་མཆོག་མཚན་ཐོས་ཙམ་ཡང་རྙེད་དཀའ་ཞིང་།།

རྣམ་པར་གྲོལ་བ་རིན་ཆེན་སྣ་ཚོགས་དང་།།

ཟབ་མོ་རྒྱལ་བའི་བཀའ་འདི་གུས་པས་ཉོན།།

ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།།

གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་།།

འགྲོ་བ་ཀུན་ཀྱི་སྒྲ་རྣམས་ཇི་ཙམ་པ།།

ཐམས་ཅད་སྐད་དུ་ཆོས་འདི་འགྱུར་བར་ཤོག།

ཨ༽ མཚམས་སྦྱོར་གྱི་གདམས་ངག

ད་ལམ་རང་རེ་ཁམས་གསུམ་འཁོར་བའི་གནས་སུ་འཁྱམས་ཤིང་སྡུག་བསྔལ་བའི་སེམས་ཅན་འདི་ཐམས་ཅད། འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁྲུལ་ནས་འགྲོ་བ་རིགས་དྲུག་གི་གནས་མང་པོ་ཞིག་ཏུ་ཁ་བརྒྱུད། སྐབས་རེར་དམྱལ་བ་ཡི་དྭགས་ལ་སོགས་ངན་སོང་གི་གནས་སུ་ལྷུངས་ནས་སྡུག་བསྔལ་བཟོད་དཀའ་བ་མང་པོ་ཞིག་མྱོང་། ཡང་སྐབས་རེར་ལྷ་དང་མི་ཡི་གནས་སུ་སྐྱེས་ནས་འཕྲལ་ལྟར་སྣང་ཉམས་དགའ་བ་ཙམ་ཡིན་ཡང་ཕུགས་སྡུག་བསྔལ་བའི་ལུས་རྟེན་མང་པོ་ཞིག་བླངས། ཁྱད་པར་ད་ལྟ་རང་རེས་ཐོབ་པའི་མི་ལུས་འདི་ལ་མཚོན་ན་སྐྱིད་མ་སྡུག་གི་འཇིག་རྟེན་མི་ཡུལ་ཟེར་བ་ལྟར། སྐྱིད་སྡུག་འདྲེས་མར་མཚམས་རེ་ཁ་ཟ་རྒྱུས་འདངས། རྒྱབ་གྱོན་རྒྱུས་དྲོས། ཕོ་ལུ་བརྒྱགས་སྣང་ལུ་མཐོ་བས་ལུས་ལ་ན་ཚ་དང་སེམས་ལ་སྡུག་བསྔལ་མེད་པའི་སྐབས་སུ། གསོན་འདི་གང་གི་སྣང་བ་འདི་སྐྱིད་ཁི་ཆོག་ཁི་བསམ་པ་རེད། འོན་ཀྱང་འདི་ལ་རྟག་བརྟན་ཞིག་གཏན་ནས་ཡོད་པ་མ་ཡིན། སྐྱིད་མཐའ་སྡུག་གིས་བཟུང་ནས་སྐྱིད་སྡུག་མི་རྟག་ཁྲ་མ་ཁྲས་རྒ་ན་འཆི་བའི་སྡུག་བསྔལ་དང་། དེ་མིན་ནད་གདོན་བར་ཆད་ལ་སོགས་པའི་སྡུག་བསྔལ་མང་པོ་ཡོད་པས་མ་ཚད། བསམ་པའི་མཐར། མ་བསམ་པས་བསྐོར་བའི་སྡུག་བསྔལ་དྲག་པོ་རེ་ཐོག་ལ་བབ་དུས་རང་སྲོག་རང་གིས་གཅོད་ལ་ཁད་ཐུག་རྒྱུའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པར་འོང་རྒྱུ་ཡོད། རང་ཅག་འཁོར་བའི་སེམས་ཅན་འདི་རྣམས་ད་སྔོན་སྡུག་བསྔལ་མྱོང་ལོབས་མ་ཡིན་ཞིང་སྡུག་བསྔལ་མ་གཏོགས་བདེ་བ་མཐོང་མ་མྱོང་བའི་སྟབས་ཀྱིས་མཐོ་རིས་ལྷ་མིའི་ཟག་བཅས་ཀྱི་བདེ་བ་ཆུང་ཆུང་འདི་ལ་བདེ་བ་ཡིན་སྣང་ཤར་བ་རེད་མ་གཏོགས་དོན་ལ་བདེ་བ་ཅུང་ཡིན་པ་མ་ཡིན། དཔེར་ན་རྔོ་ནད་ཅན་གྱི་ཟ་འཕྲུག་དེ་ཕྲུག་ན་བདེ་སྣང་ཤར་ཡང་དོན་ལ་ཟ་འཕྲུག་མེད་ན་བདེ་བ་ལྟར་ཡིན། དེས་ན་ཁམས་གསུམ་འཁོར་བའི་གནས་འདི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་འབའ་ཞིག་མ་གཏོགས་བདེ་བའི་གོ་སྐབས་མེད་དེ། དཔེར་ན་མེ་ཡི་འོབས། སྲིན་མོའི་གླིང་། དུག་སྦྲུལ་གདུག་པ་ཅན་གྱི་ཚང་། རལ་གྲིའི་སོ་དང་འདྲ་བའི་དཔེ་གསུངས་པ་ལྟར་ཡིན་ཏེ། མེ་མ་མུར་གྱི་འོབས་དོང་ཆེན་པོ་ཞིག་གི་ནང་མི་གསོན་པོ་ཞིག་འཕངས་ན། དེར་མྱེས་ཚིག་ནས་ན་ཚ་དང་སྡུག་བསྔལ་བཟོད་དུ་མེད་པར་མ་ཤི་དམྱལ་ཁམས་འདྲ་བ་ཞིག་གིས་ལུས་སེམས་གཉིས་མནར་བ་དང་འཁོར་བ་ཆོས་མཚུངས། སྲིན་མོའི་གླིང་ནི་སྔོན་ཆད་རྒྱ་མཚོའི་ནང་ནོར་བུ་ལེན་དུ་ཚོང་ལ་འགྲོ་སྐབས་གྲུ་ནང་བསྡད་ནས་འགྲོ་དགོས་ལ། སོང་ནས་ལམ་ལ་མ་སོང་ན་མི་མཐུན་པའི་རླུང་གིས་ཕྱིན་ཅི་ལོག་ཏུ་དེད་ནས་སྲིན་མོའི་གླིང་དུ་ཕྱིན་འགྲོ། དེར་སྲིན་མོ་ཐམས་ཅད་བསླུ་ཐབས་མཁས་པས་དང་པོ་ཁྱིམ་ཐབ་བཟུང་། མཐའ་མར་ཤ་ཚལ་བ་དང་ཁྲག་ཐིགས་པ་བྱས་ནས་ཟོས་འགྲོ་བ་ཡིན། དེ་བཞིན་དུ་འཁོར་བའི་གནས་འདིར་འཕྲལ་ལྟར་སྣང་ཉམས་དགའ་བ་ལྟ་བུ་ཞིག་ཡོད་ཀྱང་། འདོད་ཡོན་གྱི་བསླུ་ཁྲིད་དེས་ཕུགས་སྡུག་བསྔལ་སྣ་ཚོགས་མྱོང་བའི་དཔེ་སྲིན་མོའི་གླིང་ལྟ་བུ་ཞིག་ཡིན། དུག་སྦྲུལ་གདུག་པ་ཅན་གྱི་ཚང་ནང་མི་ཞིག་ལྷུང་སོང་ན་དུག་གི་ཁ་རླངས་ཕོག་ནས། གསོན་པོའི་སྲོག་ད་ལྟ་ཉིད་དུ་གཞོམ་འགྲོ་བ་བཞིན་དུ་ཉོན་མོངས་པ་དུག་ལྔའི་མཆེ་བ་རྣོན་པོ་དང་ལྡན་ཞིང་གཏི་མུག་མ་རིག་པའི་ཁ་རླངས་གདུག་པ་ཅན་གྱིས་འཁོར་བའི་གནས་འདི་ནས་ཐར་བའི་སྲོག་རྩ་ཕྲ་མོ་བྱས་ཏེ་དྲུངས་ནས་འབྱིན་འགྲོ་བ་ཡིན་པས་དཔེ་དུག་སྦྲུལ་གདུག་པའི་ཚང་བྱས་པ་དང་། གཞན་ཡང་རལ་གྲི་རྣོན་པོ་ཞིག་གི་སོ་ཁར་ལུས་ཀྱིས་རེག་ཉེས་ཤོར་ན་ལུས་ལ་རྨ་ཆེན་པོ་ཞིག་ངེས་པར་འབྱུང་བ་བཞིན་དུ་འཁོར་བའི་ལས་ལམ་འདི་དག་དང་འབྲེལ་ན། སྡུག་བསྔལ་གྱི་ཟུག་རྔུ་བཟོད་ཐབས་མེད་པ་ཞིག་མྱོང་ངེས་ཅན་ཡིན། དེའི་ཐོག་ལ་འཁོར་བ་ཐོག་མེད་ནས་མཐའ་མེད་ལ་རང་རེ་འཁྱམས་ཁི་འདུག་རྒྱུ་འདི། རྒྱ་མཚོ་ཆེན་པོ་ཞིག་ལ་རླུང་དང་རླབས་དྲག་པོ་མུ་མེད་པར་འཕྱོ་ཞིང་མཐའ་དང་དབུས་དང་ཕྱོགས་གང་ཡིན་དང་གར་འགྲོ་ངོ་མི་ཤེས་པར་ཞིག་གི་ནང་ལྷུངས་ཡོད་ཅིང་། རྒྱ་མཚོ་དེའི་ནང་ད་དུང་གསོན་པོ་ཟ་བར་བྱེད་པའི་ཆུ་སྲིན་གདུག་པ་ཅན་ལ་སོགས་པའི་སྲོག་ཆགས་མ་རུངས་པ་གནོད་པ་ཅན་མང་པོས་བསྐོར་ནས་ཡོད་ན་དེ་ཅི་འདྲ་ཞིག་ཡོད། དཔེ་དེ་བཞིན་དུ་རང་རེ་ལྷུངས་སའི་འཁོར་བ་འདིར་གནོད་པ་ནི་མང་། ཐར་བར་ནི་བཀའ་བས་འོ་ཅག་ད་རེས་ནག་ཅན་བཙོན་དོང་ནས་ཐར་ཏེ་བྲོས་པ་བཞིན་འཁོར་བའི་གནས་ནས་བྲོས་ཏེ་ཐར་བའི་ཐབས་ཤིག་ལ་བསམ་བློ་གཏོང་དགོས། དེ་ཡང་འདི་ནས་ཐར་སོང་ན་འདི་ན་ཐར་དགོས་བསམ་སའི་དམིགས་ཡུལ་སྡུག་བསྔལ་ཐམས་ཅད་དང་བྲལ་ཏེ་བདེ་བ་ཐམས་ཅད་དང་ལྡན་པའི་གནས་དང་། ཐར་སོང་བ་པོ་དེ་སུ་རེད་ཡོད་ཁི་འདེང་རྒྱག་དགོས། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ནས་ཐར་བའི་སྟོབས་ཤུགས་རང་ལ་མེད་ངེས། དེ་མེད་ན་རོགས་ཤིག་གམ། མགོན་སྐྱབས་ཤིག་གམ། མགོ་བཏགས་ས་ཞིག་ངེས་པར་བཙལ་དགོས་བསམས་ནས་འདེང་ཞིག་བརྒྱབ་ན་གཟོད་ཤེས་རྒྱུ་ཞིག་ཡོད་ངེས་རེད། ང་རང་ཚོས་སང་ཉིན་གྱི་ཟ་རྒྱུ། གནངས་ཉིན་གྱི་འདུག་ཐབས། ད་ལོ་དགུན་ཁའི་གྲོ་ཆས། སང་ཕོད་ཀྱི་སྔོན་འཆར། དབྱར་དགུན་གཉིས་ཀྱི་ཟ་གྱོན། ཁ་གསོ་རྒྱབ་འགེབས་ཀྱི་དོན་སོགས་འཇིག་རྟེན་གྱི་བྱ་བཞག་ཕྲན་ཚེགས་དེ་ཚོ་ལའང་འདེང་རྒྱག་དགོས་ན། ནམ་ཞག་གཏན་གྱི་འདུན་མ་སྡུག་བསྔལ་གཏན་ནས་མྱོང་མི་དགོས་པའི་ཐབས་ཀྱི་མཐར་ཐུག་པ། ཚེ་འདི་ཕྱི་གཉིས་ཀ་བདེ་ནས་བདེ་བའི་ལམ་ལ་འགྲོ་རྒྱུའི་ཆེད་དུ་འདེང་ཞིག་ཅིའི་ཕྱིར་མི་རྒྱག དེ་ལ་འདེང་ཞིག་མ་བརྒྱབ་ན། ཞ་ཞི་བསམ་མེད། སྨྱོན་པ་སྨྱོ་ནག་ཅིག་དང་འདྲ་ངེས་རེད། དེ་འདྲའི་བསམ་བློ་ལེགས་པོ་ཞིག་བཏང་ནས་དམ་པའི་གཞུང་ལུགས་དང་། མཁས་པའི་ལེགས་བཤད་ལ་ཞིབ་མོར་ལྟོས་དང་། ད་སྔ་རང་གཞན་བདེ་ལ་འགོད་ཕྱིར་འཇིག་རྟེན་གྱི་ཁམས་ན་བྱོན་མྱོང་བའི་དམ་པའི་སྐྱེས་ཆེན་ཐམས་ཅད་ཀྱི་རྣམ་ཐར་ཞིག་མཇལ་ན། འཁོར་བ་ལས་ཐར་བའི་ཐབས་དེ་ཅི་འདྲས་ཐོབ་དགོས། ད་སྔ་འོ་ཅག་གིས་གོ་མ་མྱོང་བ་དང་། ཤེས་མ་མྱོང་བའི་ཤེས་རབ་ཀྱི་མིག་གསར་བ་ཞིག་ཅི་འདྲས་ཐོབ་དགོས་པ་དང་། དེ་ཐབས་གང་ལ་བརྟེན་ནས་ཐོབ། སྐྱབས་སུ་འདྲ་ཞིག་ལ་བསྟེན་དགོས་སོགས་ཤེས་འོང་རྒྱུ་ཡོད། དཔེར་ན་བྲག་རི་གཡང་ས་གཟར་མོ་ཞིག་གི་ངོས་ནས་མི་ཞིག་ལྷུང་བཞིན་ཡོད་ན། ཀླད་ནས་མར་ལག་པ་ཡར་རྐྱོངས་དང་ངས་ཁྱོད་ཡར་འཐེན་འོང་ཟེར་བའི་མི་ཞིག་བྱུང་ན་དེ་ལ་ལག་པ་མི་རྐྱོང་པ་ཞིག་ག་ལ་སྲིད། དེས་ན་སྐྱབས་ཀྱི་མཐར་ཐུག་བསླུ་བ་མེད་པ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་པོ་ཡིན། དེ་ཡན་གྱི་སྐྱབས་ཤིག་གང་ནའང་མེད་པས་དེ་ལ་སྐྱབས་སུ་སོང་ནས་འཁོར་བ་ལས་ཐར་ཐབས་བྱེད་དགོས། དེ་ལས་སུ་ཐར་དགོས་ན་ཁྱོད་གཅིག་པུ་ཐར་སོང་ན་ཨེ་ཆོག་གི་ཆོག་ནི་ཨེ་རེད། ཁྱོད་ཀྱི་ཚེ་འདིའི་ཕ་མ་མིང་སྲིང་དང་ཁྱིམ་བཟའ་ཚང་ཐམས་ཅད་མ་ཐར་ན་ཁྱོད་བློ་ཨེ་བདེ། དེ་འདྲའི་འདེང་ཞིག་བརྒྱབ་ན་ཚེ་འདིའི་ཕ་མ་གཉེན་ཉེ་ཀུན་སྙིང་ཉེ་ཞིང་འདང་རྩིས་ཆེ་བ་ལྟར་སྐྱེ་བ་སྔོན་མའི་ཕ་མས་ཀྱང་ལུས་ཀྱི་དྲོད་ཀྱིས་བསྲོས། བརྩེ་བའི་སེམས་ཀྱིས་བསྐྱངས། འཛུམ་པའི་མདངས་ཀྱིས་བསུས། བྱམས་པས་བསྐྱེད་བསྲིངས། ཤེས་བྱའི་ཡོན་ཏན་བསླབས། བདེ་སྐྱིད་ལོངས་སྤྱོད་ཅི་ཡོད་ཐམས་ཅད་བུ་ལ་སྤྲད། སྡུག་བསྔལ་དང་དཀའ་ལས་ཅི་ཡོད་ཐམས་ཅད་མ་རང་གིས་མྱོང་ནི་ཡིན་ན། ཚེ་འདིའི་ཕ་མ་དང་ཁྱད་པར་ཅི་ཞིག་ཡོད། དེ་བཞིན་དུ་འཁོར་བ་ཐོག་མེད་ནས་ད་ལྟའི་བར་དུ་ལུས་འདི་མ་བླངས་བསམ་པ་མེད་པས་སེམས་ཅན་ཐམས་ཅད་ཕ་མར་བྱེད་མ་མྱོང་བ་ཁེ་རུ་མ་ཞིག་མེད་ལ། མ་ཚད་སེམས་ཅན་རེ་རེའི་ངོས་ནས་བསམ་ན་ཡང་ལན་གྲངས་མང་པོ་བགྲང་གིས་མི་ལངས་པ་ཞིག་ལ་ཕ་མ་བྱེད་མྱོང་ཡོད། དེས་ན་རང་ཅག་རྣམས་ཐེག་པ་ཆེན་པོའི་ཆོས་སྒོར་ཞུགས་ནས་དམ་ཆོས་རྫོགས་པ་ཆེན་པོ་དང་མཇལ་བའི་སྐབས་འདིར། ངས་ཕ་མར་གྱུར་བའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམ་པའི་ཆོས་བསྒྲུབ་དགོས་བསམ་རྒྱུའི་བསམ་པ་དེ་ཐོག་མ་ཞིག་ནས་ཡོད་དགོས་ནི་རེད། རང་ཅག་རྣམས་ཀྱིས་ཆོས་བསྒྲུབ། ཆོས་བྱེད། ཆོས་འདོན་ཟེར་རྒྱུའི་ཆོས་ཀྱི་སྒྲའི་ཐོག་ནས་བཤད་ན། ཆོས་འདི་ལ་འཇུག་ཡུལ་མང་པོ་ཞིག་ཡོད་དེ། རྣམ་བཤད་རིག་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་དོན་བཅུ་ལ་འཇུག་པར་གསུངས། དེ་ལས་ད་རེས་སྐབས་འདིར་རང་ཅག་རྣམས་ཀྱིས་ཆོས་བསྒྲུབ་རྒྱུ་བོ་གང་ཡིན་ཞེ་ན། ནད་སྨན་གྱིས་བཅོས་དགོས་པ་བཞིན་དུ་སེམས་མི་དགེ་བ་ལོག་པའི་ལམ་ནས་འཆོས་པའི་དོན་གྱིས། ཆོས་ཞེས་པ་དང་། བཅོས་ཞེས་པ་དང་། འཆོས་ཞེས་པ་རྣམས་དོན་གཅིག་ཡིན། འཆོས་བྱེད་ཀྱི་ཆོས་དེ་ལ་རྒྱ་གར་སྐད་དུ་དྷརྨ་ཞེས་པའི་སྒྲ་ལས་དྲངས་ན་ཆོས་ལ་འཇུག་པས་སྐབས་འདིར་དམ་པའི་ཆོས་ཞེས་དམ་སྒྲ་སྦྱར་ས་དེ་ལ་གོ་དགོས། དེ་ལྟ་བུའི་དམ་པའི་ཆོས་དེ་སྒྲུབ་པ་ལ་ཕྱི་ལུས་ངག་གི་ཐོག་ནས་ཚུགས་ཉམས་ཤིག་གཏོད་ནས། ཆས་ཆ་ལུགས་ཀྱི་ཐོག་དང་བྱ་བ་སྤྱོད་པའི་ཐོག་སོགས་གང་ཅིའི་ཐད་ནས་འདི་ཆོས་པ་ཞིག་རེད་ཟེར་བྱེད་ཙམ་གྱིས་ཆོས་པ་རུ་འགྲོ་བའི་ངེས་པ་ག་ལ་ཡོད། ཆོས་པ་ངོ་མ་ཞིག་འགྱུར་དགོས་ན་བསྟན་པ་དམ་པའི་ཆོས་དངོས་སུ་སྒྲུབ་པ་ལ་ཞུགས་དགོས། དེ་ཡང་རྒྱ་ཆེ་ས་ནས་བཤད་ན་བཀའ་བསྟན་བཅོས་ལུང་མན་ངག་མང་པོ་ཡོད་ཀྱང་མདོར་བསྡུས་ནས་བཤད་ན། རང་གི་སེམས་རྒྱུད་འདི་རང་གིས་འདུལ་དགོས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས། རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པས་འདི་ནི་སངས་རྒྱས་བསྟན་པའང་ཡིན་ལ་དམ་པའི་ཆོས་ཀྱང་ཡིན་ནོ། །གཞན་ཡང་དེ་ཉིད་ཀྱིས། སེམས་དག་པས་ནི་ལུས་དག་པར་འགྱུར་གྱི། །ལུས་དག་པས་ནི་སེམས་དག་པ་མ་ཡིན་ནོ། །ཞེས་གསུངས། འོ་ན་རང་གི་སེམས་རྒྱུད་ཇི་ལྟར་འདུལ་དགོས་ཤེ་ན། རང་སེམས་འདི་རང་གིས་ཆོས་ལམ་ལ་འཇོག་དགོས། དེ་འཇོག་པ་ལ་ད་སྔ་ཉི་མ་ཡན་ཆད་ལ་སེམས་ཟེར་རྒྱུ་འདི་རྟ་རྒོད་རི་ཤན་བརྒྱབ་འདྲ་ཁ་ལོ་དང་སྣ་ལོ་ལོབས་མི་དགོས། སྔར་བསམ་ཕྱི་འདེང་ཙམ་ཡང་རྒྱག་མ་མྱོང་བར་མ་ཟད་ངན་པ་ལང་ཤོར་དུ་མངགས་པའི་རི་ཤོར་མ་ཞིག་རེད། ད་ནི་སེམས་རྟ་རྒོད་འདྲ་བོའི་སྔུན་ཚུར་ལ་བསྐོར་ཏེ་འདེང་ཞིག་རྒྱག་མགོ་བརྩམས་ནས། རང་གིས་རང་རྒྱུད་ལ་བརྟག་དཔྱད་ཅིག་གཏོང་སར་ཐུག་ཡོད། མྱི་ཞིག་ཡིན་ཕྱིན་དེ་ལ་སེམས་ཤིག་ཡོད། སེམས་ཤིག་ཡོད་ཕྱིན་དེར་བརྟགས་ཤིང་དཔྱད་པ་ཞིག་བཏང་ན། སེམས་འདི་མི་དྲན་དགུ་དྲན་སྣ་ཚོགས་དྲན་ནི་རླུང་འཚུབ་འདྲ་མོ་ཞིག་ཡིན། དྲན་རྟོག་སྣ་ཚོགས་འཆར་བའི་བློ་སྣ་ཐམས་ཅད་རིགས་འདྲ་སྡེ་ཚན་དུ་ཕྱེས་ན། ཡང་ན་མི་དགེ་བའི་རྣམ་རྟོག་ཆགས་སྡང་རྨོངས་གསུམ་ཞིག་གམ། ཡང་ན་དགེ་བའི་རྣམ་རྟོག་དད་པ་དང་ངེས་འབྱུང་བྱང་སེམས་ཤིག་ཨེ་ཡིན། དེ་གཉིས་ཀ་མིན་ན་དགེ་མི་དགེ་གཉིས་ཀའི་ནང་མ་འདུས་པ། དེ་གཉིས་གང་ཡང་མིང་བཏགས་ནས་ལུང་བསྟན་རྒྱུ་མེད་པའི་ལུང་མ་བསྟན་གྱི་རྣམ་རྟོག་ཅིག་དང་གསུམ་པོ་གང་རུང་ནང་མ་འདུས་པ་མེད་དེ། རྣམ་རྟོག་ཇི་ཙམ་མང་ཡང་དེ་གསུམ་པོའི་ཕན་ལ་འགྲོ་ས་མེད་དོ། །དེས་ན་ད་སྔོན་ཉི་མ་ཡན་ཆད་མ་རིག་རྨོངས་པའི་དབང་གིས་ཆགས་སྡང་གི་རྟོག་པ་སྐྱེས། ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་སྟེ་དུག་གསུམ་དང་དེའི་སྟེང་ང་རྒྱལ་དང་ཕྲག་དོག་གཉིས་བསྣན་པས་དུག་ལྔས་ལས་བསགས་ནས། ཁམས་གསུམ་འཁོར་བའི་སྡུག་བསྔལ་མཐའ་མེད་དུ་མྱོང་བ་ཡིན་ན། ད་ཕྱིན་ཆད་འཁོར་བའི་སྡུག་བསྔལ་གཏན་ནས་མྱོང་མི་དགོས་པའི་ཐབས་ཆོས་ཤིག་སྒྲུབ་པ་ཡིན་པས་ཆོས་ཨེ་འགྲུབ་མི་འགྲུབ་ནང་རང་གི་ཀུན་སློང་ངམ་བསམ་བློ་གཏོང་ལུགས་ལ་ཐུག་ཡོད། དེས་ན་ད་ནི་ཁ་ཕྱི་རུ་བསྐོར་ནས་གཞན་སྐྱོན་འབའ་ཞིག་བཤད་བསྡད་པས་མི་ཕན་པ་མ་ཟད། རང་སྐྱོན་ངོས་བཟུང་ནས་བློ་སྣ་དགེ་བའི་ཕྱོགས་ལ་སྒྱུར་རྒྱུ་འདི་ཆོས་འགྲུབ་དང་མི་འགྲུབ་ཀྱི་རྩ་བ་ཡིན། འོན་ཀྱང་འཁོར་བ་ཐོག་མེད་ནས་ད་ལྟའི་བར་དུ་གོམས་གཤིས་ངན་པའི་དབང་གིས་ཤོག་གུ་དྲིལ་ལམ་ལ་རྒྱུག་འདྲའི་བློ་ངན་འདི། འཕྲལ་དང་འཕྲལ་དུ་བཅོས་མི་ཐུབ་ཀྱང་། རིམ་གྱིས་རིམ་གྱིས་ཆོས་ལམ་ལ་བཞག་ནས་དམ་པ་གོང་མའི་རྣམ་ཐར་རྗེས་འཇུག་སློབ་མའི་ཉམས་ལེན་དུ་བཟུང་ནས་ཉིན་རེ་བཞིན་མི་དགེ་བའི་རྟོག་པ་ཇེ་ཉུང་དུ་གཏོང་དགོས། དེའི་ཚེ་མི་དགེ་བའི་རྟོག་པ་རེ་སྐྱེས་ན་རང་གིས་རང་ལ་ཞེ་ཁྲེལ་བདས་ནས་དགེ་བའི་རྟོག་པ་ཇེ་མང་དུ་ཐོངས། ལུང་མ་བསྟན་གྱི་རྟོག་པའང་དགེ་བའི་ཕྱོགས་སུ་སྒྱུར་དགོས། དམ་པའི་ཆོས་ནི་འཁོར་བ་དང་ངན་སོང་མཐའ་དག་གི་སྡུག་བསྔལ་ལས་སྐྱོབ་པ་དང་། ཚེ་འདི་ཕྱི་གཉིས་ཀྱི་ཕན་བདེ་མཐའ་དག་གི་འབྱུང་ཁུངས་ཡིན་པས་ཡིད་ཆེས་བརྟན་པོར་ཡོད་དགོས། དམ་པའི་ཆོས་དེ་ཉིད་སྒྲུབ་པ་ལ་ཨེ་འགྲུབ་མི་འགྲུབ་གཙོ་ཆེར་ཡིད་ཆེས་ཀྱི་དད་པ་ཡོད་མེད་འདི་ལ་ཐུག་ཡོད། ཇི་སྐད་དུ། དད་པ་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལས་ལ་སྦྱོར། །ཞེས་དང་། གཞན་ཡང་། དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ། །ཆོས་རྣམས་ཀུན་ཀྱི་རྩ་བ་དད་པའོ། །ཞེས་གསུངས་པ་ལྟར་ཡིན་ནོ། །ད་ལྟ་རང་ཅག་རྣམས་ཀྱིས་འདེང་ཞིག་བརྒྱབ་ན་ང་ཚོ་ཆགས་སའི་འཇིག་རྟེན་ནམ་འཛམ་གླིང་ལས་ཀྱི་ས་ཆ། མདོར་ན་ས་སྒང་གོ་ལ་འདིའི་ཐོག་ལ། ཆོས་ལུགས་འདྲ་མི་འདྲ་མང་པོ་ཞིག་དར་མྱོང་ལ། ད་ལྟའི་གནས་སྐབས་ཡིན་ནའང་འཛམ་གླིང་གི་མི་གྲངས་ནང་ནས་བརྒྱ་ཆ་མང་ཆེ་བ་ཆོས་ལུགས་འདྲ་མི་འདྲ་སྒྲུབ་མཁན་རེད། ཆོས་ལུགས་དེ་དག་རེ་རེ་ལའང་ཆོས་དེ་སྟོན་མཁན་གྱི་སྟོན་པ་རེ་དང་། ཆོས་དེ་ལ་ཁུངས་ལུང་རྒྱུ་མཚན་རེ་རེ་བཤད་རྒྱུ་ཡོད་པ་ཤ་སྟག་ཡིན། འོན་ཀྱང་དེ་དག་གི་ནང་ནས་ནང་པ་སངས་རྒྱས་པའི་ཆོས་འདི་ནི་འདྲ་འདྲའི་ནང་གི་མི་འདྲ་བ་ཞིག་ཡིན་ཏེ། སྤྱིར་ན་ཐེག་པའི་རིམ་པ། སྒོས་སུ་མདོ་སྔགས་ཀྱི་གཞུང་ལུགས། རྒྱུད་སྡེ་དང་སྒྲུབ་སྡེ། ལྟ་སྒོམ་སྤྱོད་འབྲས་གང་གི་ཐད་ནས་ཡིན་ན་གཞན་དང་མི་འདྲ་བ་ཁྱད་པར་དུ་མས་འཕགས་པའི་ཁྱད་ཆོས་དང་ལྡན་པ་ཞིག་ཡིན། དེ་ཡིན་པས་ནང་པ་སངས་རྒྱས་པའི་བསྟན་པ་འདི་ས་ཆ་ཡུལ་གྲུ་མང་པོ་ཞིག་ལ་སྔར་དར་བས་མ་ཚད། ད་ལྟ་ཡང་བསྟན་པ་མ་ནུབ་ཙམ་རེ་ཡོད་སའི་ས་ཆ་ཡང་མང་པོ་རེད། ད་སྐབས་འཛམ་གླིང་གི་ཆོས་ལུགས་མང་པོའི་ཁྲོད་ནས་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་ནི་བླ་ན་མེད་པའི་ཆོས་ལུགས་ཁྱད་ཆོས་དང་ལྡན་པ་ཞིག་ལ་ཕྱི་ནང་གི་མཁས་པ་མང་པོས་ཁས་ལེན་བཞིན་ཡོད། ཡིན་ན་ཡང་ཐུབ་བསྟན་ལུང་རྟོགས་ཀྱི་བདག་ཉིད་ཅན་མདོ་སྔགས་ཟུང་དུ་འབྲེལ་བ། ཁྲིད་རྒྱུན་དང་ཉམས་མྱོང་ལག་ལེན་དང་བཅས་པ་ཆ་ཚང་ཡོད་པའི་ས་ཆ་ནི་ད་ལྟ་བོད་གངས་ཅན་གྱི་ལྗོངས་འདི་ཉིད་ཁོ་ན་ཡིན་ལ། དེ་ཡིན་པས་མ་ཚད་ད་ལྟ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་སྤྱིར་བོད་མིའི་ལག་ན་ཡོད་པ་དང་། ཡང་སྒོས་བོད་ཀྱི་ཆོས་པ་དགེ་འདུན་པ་རྣམས་ཀྱི་ལག་ན་གཙོ་བོ་ཡོད། འོན་ཀྱང་འདི་ལ་བྱི་དོར་བཟང་པོ་ཞིག་མ་ཐུབ་ན་ནོར་བུ་འདམ་རྙོག་གི་ཁྲོད་དུ་གཡུག་འདྲ་ཞིག་འོང་མི་སྲིད་པ་ཡང་མ་རེད། དམ་པའི་ཆོས་སྒྲུབ་པ་དེ་འགའ་རེས་ཟེར་ན་རྨོངས་དད་རེད་ཟེར་གི་ཡོད། དེ་ནི་ངེས་པར་བརྟག་དཔྱད་ཞིབ་འཇུག་གཏན་ནས་མེད་པའི་སྐད་ཆ་ཞིག་རེད། ཟབ་ཅིང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ནང་དོན་ཆ་ཚང་བ་ཞིག་འགོ་མཇུག་མེད་པར་ཞིབ་འཇུག་དབྱེ་ཞིབ་རབ་གཅིག་བྱས་ནས་དོན་ཡང་དག་པ་ཞིག་གོ་ཐུབ་ན། ད་གཟོད་མཇུག་སྡོམ་བྱེད་རྒྱུའི་དབང་ཆ་དེ་ཡོད་པ་རེད་མ་གཏོགས་གནས་སྐབས་ཀྱི་དགོས་མཁོ་ཕྱོགས་རེ་བ་ཞིག་དང་བསྟུན་ནས་རང་སྣང་གང་ཤར་གྱིས་འདི་རེད་དེ་མ་རེད་ཟེར་ན། བདེན་དོན་དངོས་རྗེས་ནས་ར་སྤྲོད་བྱེད་འོང་བས་དམ་པའི་ཆོས་ཀྱི་ནང་དོན་རྣམས་སླ་མོ་ཞིག་གིས་ཤེས་ག་ལ་ནུས། ཡིན་ན་ཡང་རྨོངས་དད་ཅེས་པའི་ཐ་སྙད་དེ་བེད་སྤྱོད་གཏན་ནས་མེད་པ་ཞིག་ཀྱང་མ་རེད། རྒྱུ་མཚན་བསམ་བློ་ཞིབ་ཏུ་མ་བཏང་བས་བླ་མར་བསྟེན་ཁུལ། དམ་ཆོས་སྒྲུབ་ཁུལ་བྱས་ཀྱང་དོན་ངོ་མའི་ཐོག་ནས་ཅི་ཡིན་འདི་ཡིན་མ་ཤེས་པ་དེ་ཚོ་ལ་རྨོངས་དད་ཟེར་བ་རེད། དེས་ན་རང་རེ་རྣམས་ཆོས་སྒོར་ཞུགས་དུས་རྨོངས་དད་ཀྱིས་འུར་ཞོགས་དང་འུར་འགྲོག་གཏན་ནས་བྱེད་མི་ཉན། འུར་ཞོགས་ནི་དཔེར་ན་བྱེའུ་ཁྱུ་མ་རྣམས་གཅིག་ཕར་འཕུར་ན་ཚང་མ་ཕར་འཕུར་བ་དང་། གཅིག་ཚུར་འཕུར་ན་ཚང་མ་ཚུར་རྗེས་དེད་འགྲོ་བ་དེ་འདྲ་དེ་ལ་ཟེར་བས་དེ་ནི་དུད་འགྲོའི་སྤྱོད་པ་ཡིན། འུར་འགྲོག་ཀྱང་གཏམ་དཔེ་ལ། ཤྭ་འདྲོག་རྒོ་འདྲོག་རྐྱང་ལ་འདྲོག །རྒོ་ཞར་མ་ནི་རྒེའུ་ལ་འདྲོགས། །ཞེས་པ་ལྟར་ཡིན་པས་སྤོང་དགོས། དེས་ན་བླ་མ་བསྟེན་ཚུལ་གྱི་ཐད་ལ་བསམ་ན་འོག་ནས་འཆད་འགྱུར་ལྟར། དང་པོ་བླ་མ་བརྟག་ལ་མཁས་པ་དང་། །བར་དུ་བླ་མ་བསྟེན་ལ་མཁས་པ་དང་། །ཐ་མར་དགོངས་སྤྱོད་བསླབ་ལ་མཁས་པ་ཡི། །སྐྱེས་བུ་དེ་ནི་ཡང་དག་ལམ་ལ་འགྲོ། །ཞེས་གསུངས་པ་ལྟར་བྱེད་པ་མ་གཏོགས་དང་པོ་ནས་ཁྱི་དང་གློ་བ་འཕྲད་པ་ལྟར་བསྟེན་ན་དེ་ལ་འུར་ཞོགས་ཟེར། རྗེས་ནས་བླ་མ་ལ་བརྟག་དཔྱད་བཏང་ནས་བློ་ལོག་ན་དེ་ལ་འུར་འདྲོག་ཟེར་བས་དེ་དག་ལས་ཀའི་འགོ་མཇུག་ནོར་བ་ཡིན། ཆོས་ལ་ཡང་བརྟགས་ཤིང་དཔྱད་པ་སྔོན་ལ་གཏོང་དགོས། དེ་གཏོང་བའི་སྐབས་སུ་དང་པོ་ཐེ་ཚོམ་ཞིག་འོང་སྲིད། དེའི་མིང་ལ་ལོག་ལྟ་ཟེར་ནི་མ་རེད། ཐེ་ཚོམ་དེ་ཡོད་དུས་དྲི་བ་ཞིག་འོང་བས་དྲི་བ་དེ་ལ་ལན་ཞིག་རང་ཤུགས་ཀྱིས་ཐོན་ནས་འོང་། ལན་དེས་བདེན་རྫུན་གཉིས་ཀྱི་ཤན་མཐོང་ཕྱེས་ནས་རང་ལ་རྒྱུ་མཚན་ཤེས་པའི་ངེས་ཤེས་གསར་བ་ཞིག་ཀྱང་འཁྲུངས་སྲིད། རྒྱུ་མཚན་ཤེས་ནས་དད་པ་འཇོག་རྒྱུ་འདི་ཤིན་ཏུ་གལ་ཆེ། རྒྱུ་མཚན་ཤེས་པ་ལ་དང་པོ་ཐོས་པ་འཚོལ་དགོས། དེ་ཡང་དམ་པའི་གཞུང་ལུགས་དྲི་མ་མེད་པ་རྣམས་ལ་བལྟ་དགོས་ལ། དེར་ལྟ་བ་ལ་རང་སྟོབས་ཀྱིས་ལྟ་མ་ཤེས་ན་གཞན་དགེ་བའི་བཤེས་གཉེན་གྱིས་བཤད་པ་ལ་ཉན་དགོས་པ་ཡིན། མ་ཐོས་ན་གོ་འོང་རྒྱུ་མེད་པས། དབང་དང་ཕྱག་དབང་ལ་སོགས་པ་ཡང་ཐོབ་ན་བྱིན་རླབས་ཆེ་བ་ཡིན་ཡང་། དོན་མ་གོ་རྒྱུ་མཚན་མ་ཤེས་ན་རྡོ་ལ་དབང་བསྐུར་ལྟ་བུ་རེད་འགྲོ་བ་ཡིན། བར་དུ་ཐོས་དོན་བསམ་དགོས། མ་བསམས་ན་རྒྱུད་ལ་སྦྱར་འོང་རྒྱུ་ཞིག་ཡོད་མ་རེད། ཐ་མར་བསམ་དོན་བསྒོམ་དགོས། མ་བསྒོམས་ན་གྲོལ་འོང་རྒྱུ་ཞིག་དང་འཁོར་བ་ནས་ཐར་བའི་ཐབས་ཤིག་ལག་ལ་འོང་རྒྱུ་ཡོད་མ་རེད། དེས་ན་གདན་ས་ཆོས་འཁོར་ཆེན་པོའི་འདབ། རྔ་བརྡ་དུང་སྐད་གོ་སར་སྐྱེས་ན་ཡང་ཆོས་རང་གིས་གོ་རང་གིས་ཉམས་སུ་བླངས་ནས་འཁོར་བ་ལས་ཐར་དགོས་ནི་རེད་མ་གཏོགས། བླ་མ་གཞན་ལྟ་ཅི་སངས་རྒྱས་དངོས་སུ་བྱོན་ཀྱང་ཐར་བའི་ལམ་ལ་རྡོ་འཕེན་འཕེན་བྱས་ནས་འཕེན་གཏོང་རྒྱུ་མེད། ཇི་སྐད་དུ། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུད་ཅིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་སེལ་མིན་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཡང་། །ཆོས་ཉིད་ཞི་བ་བསྟན་པས་གྲོལ་བར་འགྱུར། །ཞེས་གསུངས་པས་སེམས་ཅན་གྱི་སྡུག་བསྔལ་རྣམས་སངས་རྒྱས་ཀྱིས་ཆུ་ཁྱེར་ནས་བཀྲུ་གཏོང་བ་དང་། འགྲོ་བའི་སྡུག་བསྔལ་ཕྱག་གིས་སེལ་བའམ་བསལ་རྒྱུ་ཞིག་ཡོད་པ་མ་རེད། ཉིད་ཀྱི་རྟོགས་པ་ཐད་ཀ་ཐད་སྤོ་གཏོང་ཐབས་ཤིག་ཀྱང་དཀའ་ནི་རེད། དེས་ན་ཅི་འདྲས་ཕན་གདགས་དགོས་སྙམ་ན་ཆོས་ཉིད་ཞི་བ་འདུས་མ་བྱས་བདུད་རྩི་ལྟ་བུའི་ཆོས་སེམས་ཅན་ལ་བསྟན། སེམས་ཅན་གྱིས་ཀྱང་དེ་བཞིན་བསྒྲུབས་ནས་འབྲས་བུ་ཐོབ་དགོས་ཏེ། སངས་རྒྱས་ཉིད་ཀྱིས། ངས་ནི་ཁྱོད་ལ་ཐར་བའི་ཐབས་སྟོན་གྱིས། །ཐར་བ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་གསུངས། དད་པའི་ཨ་ལོང་མེད་ན་ཐུགས་རྗེ་ལྕགས་ཀྱུས་བཟུང་ཐབས་མེད་ཅེས་པའི་དོན་རེད། དེས་ན་སངས་རྒྱས་ཀྱི་བསྟན་པའི་ཆོས་སྒོར་ཞུགས་ནས་ཐར་ལམ་ཐོབ་ཐབས་རང་ཉིད་ཀྱི་བརྩོན་པ་ལ་རག་ལས་ཡོད་པ་ཡིན། ཆོས་ཞུ་ཟེར་རྒྱུ་དེ་ཆོས་ཚིག་རྣ་བས་གོ་ཙམ་གྱིས་མི་ཆོག་པར་དོན་རང་གི་རྒྱུད་ཐོག་ཏུ་སྦྱར་ཤེས་དགོས། དམ་པའི་ཆོས་དེ་སྨན་དང་། འཁོར་བའི་སྡུག་བསྔལ་དེ་ནད་ཆེན་ཞིག་ཡིན་ལ། སྨན་ཡོད་པ་རྐྱང་བས་མི་ཆོག་གི་སྨན་དེ་ནད་པའི་ཁོག་ལ་མ་སོང་ན་ནད་དྲགས་ཐབས་ལ་ཕན་མི་ཐོགས་པ་ལྟར། དམ་པའི་ཆོས་ཀྱི་སྨན་རང་རྒྱུད་ལ་བསྟེན་ནས་ནད་ཀྱི་རྩ་བ་ཉོན་མོངས་པ་དེ་དུག་ལྟ་བུ་ཡིན་ན་དུག་དེ་སེལ་ཐབས་བྱས་ནས་སྡུག་བསྔལ་གྱི་ཟུག་རྔུ་ཐམས་ཅད་ཞི་བར་བྱེད་དགོས། དམ་པའི་ཆོས་ཀྱི་སྒོར་ཞུགས་པ་ལ་ཡང་བསྟན་པའི་རྣམ་བཞག་དང་ཐེག་པའི་འཇུག་སྒོ་མང་དུ་ཡོད་དེ། བསྟན་པའི་རྣམ་བཞག་ཀྱང་ལུང་དང་རྟོགས་པའི་བདག་ཉིད་ཅན་ཞིག་ལ་བསྟན་པ་ཟེར་བ་ཡིན། དེ་ནི་བཤད་དང་སྒྲུབ་པས་འཛིན་དགོས་པས་ཐོས་བསམ་སྒོམ་གསུམ་གོ་མ་ལོག་པ་ཞིག་གི་ཐོག་ནས་ཉམས་སུ་ལེན་དགོས། ཉམས་སུ་ལེན་པ་དེ་ཡང་རྒྱ་གང་ཆེ་གང་ཟབ་འབའ་ཞིག་བཤད་ནས་འགྲུབ་རྒྱུ་དང་ལག་ཏུ་ལོན་རྒྱུ་མེད་པ་ཞིག་གི་མི་ཕན་ལ། དེས་ན་དཔལ་སྤྲུལ་རིན་པོ་ཆེས། ཐུབ་པའི་སྲས་ཀྱི་སྡེ་སྣོད་གསུམ། །ཐམས་ཅད་ཤེས་པ་ཡོད་མིན་ཡང་། །ཚིག་འབྲུ་གཅིག་གི་དོན་ཤེས་ན། །དེ་ཡང་ལུང་གི་བསྟན་པ་ཡིན། །རྒྱལ་བའི་སྲས་ཀྱི་བསླབ་པ་གསུམ། །ཐམས་ཅད་སྒྲུབ་པ་དཀའ་ན་ཡང་། །དགེ་སེམས་སྐད་ཅིག་གཅིག་སྐྱེས་ཀྱང་། །དེ་ཡང་རྟོགས་པའི་བསྟན་པ་ཡིན། །ཞེས་གསུངས་པ་ལྟར་ཆོས་རྒྱ་ཆེར་རྒྱང་རིང་མ་ཤེས་མ་གོ་ཡང་ཚིག་འབྲུ་གཅིག་གི་དོན་ཤེས་ན་དེ་ཡང་ལུང་གི་བསྟན་པ་ཡིན། དགེ་སེམས་སྐད་ཅིག་མ་ཙམ་ཞིག་སྐྱེས་ཀྱང་དེ་ཡང་རྟོགས་པའི་བསྟན་པ་ཡིན་གསུངས་སོ། །ཐེག་པའི་འཇུག་སྒོ་ཡང་ཐུན་མོང་གི་ཐེག་པ་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་གྱི་རིམ་པ་དང་། ཐུན་མིན་གསང་ཆེན་སྔ་འགྱུར་བའི་ལུགས་ལ་ཐེག་པ་རིམ་པ་དགུར་ཕྱེས་ཡོད་དེ། ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ། ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ཀྲི་ཡ་ཨུ་པ་ཡོ་ག་རྣམ་པ་གསུམ། གསང་བ་དབང་སྒྱུར་ཐབས་ཀྱི་ཐེག་པ་མ་ཧཱ་ཨ་ནུ་ཨ་ཏི་གསུམ་སྟེ་མདོ་སྔགས་ཀྱི་ཐེག་རིམ་དགུ་ཡི་རྣམ་བཞག་ཡོད་པ་དང་། གང་ཟག་གཅིག་གི་དབང་དུ་བྱས་ན་ཐེག་པ་རིམ་རྫོགས་སྐས་ཀྱི་བང་རིམ་ལྟ་བུར་སྐས་ཐེམ་དང་པོ་ནས་གཉིས་པ་སོགས་རིམ་གྱིས་བརྒྱུད་དེ་ཁང་ཐོག་ཕྱིན་དགོས་པ་ལྟར། སོར་བྱང་སྔགས་གསུམ་གྱི་སྡོམ་དང་བསླབ་བྱ་དམ་ཚིག་ལ་གནས་པའི་ཐོག་ནས་ཡོན་ཏན་ཡར་ལྡན་དུ་བསླབ་དགོས་པ་ཡིན། དེས་ན་རང་རེ་འདི་ན་ཡོད་པའི་ནང་ནས་མང་ཆེ་བ་ཞིག་ནི། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་པ་ལ་མེད། །ཅེས་གསུངས་པ་ལྟར་སྡོམ་པ་ཀུན་ཀྱི་གཞི་རྟེན་སྐྱབས་གསུམ་འཛིན་པའི་སྡོམ་པ་བླངས་པ་ནས་བཟུང་། སོ་ཐར་རིགས་བདུན་ལས་དགེ་ཚུལ་སློང་གི་བར་དུ་སྡོམ་པ་བླངས་ཤིང་། དེའི་སྟེང་ཟབ་མོ་ལྟ་ལུགས་ཀྱི་བྱང་སྡོམ་ཡང་མང་ཆེ་བས་བླངས། ད་དེ་རིང་ནས་གསང་སྔགས་རྫོགས་པ་ཆེན་པོའི་ཆོས་སྒོ་ལ་ཞུགས་ཏེ་སྔོན་འགྲོའི་ཁྲིད་ཞུ་བའི་སྐབས་ཡིན།

༡༽ རྩིས་འགོ་ཡན་ལག་ལྔ།

ད་རེས་འཆད་བྱའི་ཆོས་ཀྱི་རིམ་པ་འདི་གང་ཡིན་སྙམ་ན། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་ཞེས་བྱ་བ་འདི་ཉིད་འཆད་པ་ལ། ཐོག་མར་རྩིས་འགོ་ཡན་ལག་ལྔས་འཆད་དགོས། དེ་ཡང་དང་པོ་གཞུང་འདི་ཉིད་མཛད་པ་པོ་སུ་ཡིན་ཤེས་དགོས་པས་དེ་བཤད་པར་བྱ་སྟེ། མཛད་པ་པོ་ནི། བདག་ཅག་གི་སྟོན་མཆོག་མཉམ་མེད་ཤཱཀྱ་སེངྒེའི་བསྟན་པ་འཛིན་སྲུང་སྤེལ་བའི་བྱེད་པོ། འཕགས་པའི་ཡུལ་གྱི་རྒྱན་དྲུག་མཆོག་གཉིས། རྨད་དུ་བྱུང་བའི་སློབ་དཔོན་རྣམ་གཉིས་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་རྨད་བྱུང་གི་སློབ་དཔོན་ཆེན་པོ་རྣམ་གཉིས་ཀྱི་ནང་ཚན་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་དེ་ཉིད། སྙིགས་དུས་དགེ་བའི་བཤེས་གཉེན་གྱི་རྣམ་པར་བྱོན་པ་རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའམ་རྫོགས་ཆེན་དཔལ་དགེ་སྤྲུལ་སྐུ་རིན་པོ་ཆེ་ཁོང་གིས་མཛད་པ་ཡིན། ཁོང་གི་འཁྲུངས་ཡུལ་རྫ་ཆུ་ཁ་ཡིན་པས་རྫ་དཔལ་སྤྲུལ་དང་། ཁོང་གིས་ཐོས་བསམ་སྒྲུབ་པ་ཉམས་ལེན་དང་གཞན་དོན་བསྟན་པའི་ཁུར་བཞེས་གཙོ་བོར་མཛད་གནས་གྲུབ་དབང་རྫོགས་ཆེན་པའི་གདན་ས་འདི་ཉིད་ཡིན་པས་རྫོགས་ཆེན་དཔལ་སྤྲུལ་ཡང་ཞུ་བ་རེད། རྫ་དཔལ་དགེ་བླ་མ་བསམ་གཏན་ཕུན་ཚོགས་ཀྱི་སྤྲུལ་སྐུ་ཡིན་པས་ན་དཔལ་དགེ་སྤྲུལ་སྐུ་ཞེས་ཡོངས་སུ་གྲགས། དཔལ་དགེ་བསམ་གཏན་ཕུན་ཚོགས་ནི། དམ་པ་མང་པོས་སྔར་གྱི་ལུང་བསྟན་ནང་བསྟན་པ་ལྟར་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡུལ་རྫ་སྟོད་དུ་འཁྲུངས་ནས་རྫ་མ་མོའི་མཁར་མདོ་རུ་རྡོ་མཁར་རིང་མོ་བཞེངས་རྒྱུའི་དབུ་བརྩམས། འཕགས་པ་འཇམ་དཔལ་དབྱངས་ཐུགས་དམ་གྱི་ལྷ་བསྙེན་པ་སོགས་སྔོན་གྱི་ལུང་བསྟན་དང་མཐུན་པའི་རྣམ་དཀར་གྱི་མཛད་པ་ཅན་སྐྱེས་ཆེན་དམ་པ་ཞིག་བྱོན། དེ་ཉིད་དགོངས་པ་ཆོས་ཉིད་དུ་ཐིམས་ནས་དེའི་ཡང་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ནི། དགེ་རྩེ་རྫ་ཆུ་ཁའི་སྡེར་གཏོགས་རྒྱལ་ཐོག་ཅེས་པའི་རིགས་རྒྱུད་དུ་སྐུ་འཁྲུངས། འཁྲུངས་མ་ཐག་ཡིག་དྲུག་མ་ཎི་ཞལ་འདོན་མཛད་པ་དང་། ཕྱག་ལ་མ་ཎིའི་རང་བྱོན་དང་། ལྗགས་ལ་དྷཱི་ཡིག་རང་འཁྲུངས་སོགས་ངོ་མཚར་བའི་མཚན་ལྟས་མང་པོ་དང་བཅས་པ་ཞིག་ཡིན། དེང་སང་གི་མ་ཁ་མཁས་དང་ཕ་ཁ་མཁས་ཀྱིས་བུ་སྤྲུལ་སྐུ་འདྲ་བོ་མ་ཡིན། འཁྲུངས་དུས་ཡ་མཚན་གྱི་རྟགས་མ་འདྲ་བ་ཡོད་ནི། འཁྲུངས་ཚར་ནས་མ་རབས་ཀྱི་ཆ་ཚད་ཐམས་ཅད་རྫོགས་སོང་ནི་དེ་འདྲ་ཡང་མ་རེད། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་དཔལ་དགེ་བླ་མའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་། སྙིང་རྗེ་དང་མཁྱེན་རབ་གཞན་ལས་ཁྱད་པར་དུ་འཕགས་པ་ཤིན་ཏུ་ངོ་མཚར་ཅན་ཞིག་ཡིན། ཀུན་མཁྱེན་འཇིགས་མེད་གླིང་པའི་དངོས་སློབ་འཇིགས་མེད་ཕྲིན་ལས་འོད་ཟེར་དང་། འཇིགས་མེད་ངོ་མཚར་རྒྱ་མཚོ་གཉིས་དང་། རྫོགས་ཆེན་མི་འགྱུར་ནམ་མཁའི་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས། རྡོ་བླ་འཇིགས་མེད་སྐལ་བཟང་། སེང་ཕྲུག་པདྨ་བཀྲ་ཤིས་ལ་སོགས་བླ་མ་མང་པོར་བསྟེན་ནས་ཐོས་བསམ་ཕྱོགས་མེད་མཛད་པས་མཁས་པའི་དབང་པོ་ཆེན་པོར་གྱུར། ཁྱད་པར་དུ་འཇིགས་མེད་རྒྱལ་བའི་མྱུ་གུའི་མདུན་ནས་སྙིང་ཐིག་གོང་འོག་གི་ཆོས་སྐལ་གདམས་ཟབ་བདུད་རྩིའི་ཉིང་ཁུ་བུམ་པ་གང་བྱོས་ཚུལ་དུ་གསན་ནས་ཁོང་གི་དོན་བརྒྱུད་ཀྱི་བསྟན་པ་འཛིན་པའི་རྒྱལ་ཚབ་ཏུ་དབང་བསྐུར། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེས་རིག་པ་བཅར་ཕོག་ཏུ་ངོ་སྤྲད་པས་གྲུབ་པའི་རྒྱལ་སར་གཤེགས་པའི་དམ་པའི་སྐྱེས་ཆེན་ཞིག་ཡིན། ཁོང་གིས་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་འདི་རྫོགས་ཆེན་གཤིན་རྗེའི་སྒྲུབ་ཕུག་འདི་ནས་བརྩམས་མཛད་པ་རེད། དེ་བརྩམ་གཞིའི་ཕྱག་བྲིས་ཕྱག་བསྟར་མ་ད་ལྟ་པདྨ་ཐང་གི་ནང་རྟེན་ནང་ཡོད་པར་ད་ཞག་སྔོན་མ་རྟེན་དབང་བསྐུར་ནས་མཇལ་ཁ་ཞུས་མ་ཐག་པ་དེ་རེད། དེའི་མཛད་བྱང་གི་ནང་དུ། རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཡང་དབེན་འཇིགས་བྱེད་དུས་དགྲའི་དབང་པོའི་ཕོ་བྲང་ནས་སོགས་ཁོང་གིས་བརྩམས་ཚུལ་གསུངས་པ་སྟེ། འཇིགས་བྱེད་དུས་དགྲའི་དབང་པོའི་ཕོ་བྲང་ཞེས་པ་ནི་འཇམ་དཔལ་དབྱངས་དྲག་ཏུ་ཁྲོས་པ་འཇམ་དཔལ་ཡ་མནྟ་ཀ་གཤིན་རྗེ་གཤེད་པོ་ལ་གོ། ཡང་དབེན་པའི་ཡོན་ཏན་མ་ཚང་བ་མེད་པའི་རྒྱན་གྱིས་བརྗིད་ཆགས་པར་སྤྲས་ཤིང་། དྲོད་བཅུད་ཉི་ཟེར་གྱི་འོད་སྣང་སྤྱི་བོས་ལེན་ལ། བསིལ་བཅུད་བདུད་རྩིའི་ཐིགས་པ་རྐང་པས་འཐུངས་པའི་ལྗོན་ཤིང་དང་འཁྲི་ཤིང་དང་ལྕུག་མ་དང་ཞེས་སོགས་ནས་ དྲ་བ་དང་དྲ་བ་ཕྱེད་པར་བྲེས་པའི་ཁོང་སེང་ནས་སྔོ་བསངས་ནམ་མཁའི་བུ་མོའི་འཛུམ་ཟེར་གྱི་བདུད་རྩིས་སྙིང་ལ་སིམ་པ་ཅིར་ཡང་སྦྱིན་པའི་གནས་སུ་སོགས་སྙན་ངག་གི་རྒྱན་གྱིས་སྤྲས་ནས་མཇུག་བྱང་ནང་གསུངས་པ་ལྟར་གཤིན་རྗེའི་སྒྲུབ་ཕུག་འདི་ནས་བརྩམས་སོ། །ཁོང་གིས་གདན་ས་ཆོས་འཁོར་འདིའི་ཕྱོགས་ནས་སྒྲུབ་པ་ཉམས་ལེན་ཡང་ལོ་མང་པོར་མཛད་པ་ཡིན་ཏེ། ཚེ་རིང་ལྗོངས་ཀྱི་དཔལ་སྤྲུལ་སྒྲུབ་ཕུག་དང་། ཚེ་རིང་སྒྲུབ་ཕུག་དང་། ཤྲཱི་སེང་གི་རི་ངོས་དཔལ་སྤྲུལ་ཕུག་པ་སོགས་ལ་ཡུན་རིང་བཞུགས། ཤྲཱི་སེང་ཆོས་གྲྭ་སོགས་སུ་འཆད་ཁྲིད་མཛད་ནས་ཡུན་དུ་བཞུགས་པ་སོགས་སྔོན་རྗེས་ཚང་མ་བསྡོམས་ན་རྫོགས་ཆེན་གདན་ས་རང་ལ་ཡང་ལོ་ཉི་ཤུ་ལྷག་བཞུགས་མྱོང་རབས་ཡོད། སྤྱོད་འཇུག་རྐྱང་བ་ཚར་གྲངས་ཉི་ཤུ་ལྷག་གསུངས་པའི་ལོ་རྒྱུས་སྣང་བ་མ་ཟད་སྤྱོད་འཇུག་གི་སེམས་བསྐྱེད་མཆོད་པའི་སྐབས། སྤྱོད་འཇུག་མེ་ཏོག་ཟེར་བའི་སེར་ཆེན་འདབ་མ་མང་པོ་ཅན་ཞིག་ཡོད་པ་དེ་དུས་དེ་ནས་བཟུང་ས་ཆ་འདི་ན་འཁྲུངས་དར་ནི་རེད། གཞན་ཡང་སྒྲུབ་པ་ཉམས་ལེན་མཛད་སྐབས་དཀའ་ཐུབ་བསྟེན་པའི་ལོ་རྒྱུས་ཀྱང་མང་སྟེ། དབྱར་གའི་དུས་འབུ་སྦྲང་ལ་སྐུ་ལུས་སྦྱིན་པ་གཏོང་མཛད་དར་ནི་རེད། གཤིན་རྗེ་སྒྲུབ་ཕུག་གི་ཐད་ཀའི་གླང་གསེབ་ན་རྡོ་ཕ་བོང་ཆེན་པོ་ཞིག་ཡོད་པ་དེའི་ཐོག་ཀྱང་སྐུ་ལུས་སྦྱིན་པ་གཏོང་ས་རེད་གསུངས་དར། ངེད་ཚོས་ཤེས་ཚོད་ཨ་བུ་ལྷ་སྒང་ཚང་གིས་འབུ་སྦྲང་ལ་སྐུ་ལུས་སྦྱིན་པ་གཏོང་ས་རེད། ཡང་རྫ་ཆུ་ཁའི་ལྕང་མའི་ཆོས་སྒར་གྱི་ཀླད་སའི་གླང་གསེབ་ཅིག་ན་དཔལ་སྤྲུལ་རིན་པོ་ཆེས་སྐུ་ལུས་སྦྱིན་པ་གཏོང་ས་རེད་ཟེར་སའི་ཕ་བོང་ཆེན་པོ་ཞིག་ཡོད་ཅིང་། སྐུ་ཚེའི་སྨད་ཙམ་ལ་ས་ཕྱོགས་མང་པོར་ཕེབས་ནས་སྒྲུབ་པ་ཉམས་ལེན་མཛད་རབས་ཀྱི་ལོ་རྒྱུས་ཀྱང་མང་པོར་མཆིས། ཁོང་གིས་ལྗགས་རྩོམ་མཛད་པའི་གསུང་ཆོས་ཀྱང་ད་བཞུགས་པོ་ཏི་ཕྱིན་དྲུག་གི་གྲངས་ལྡན་དྲུག་ཡོད་པ་འདི་ཡིན་ལ། འོན་ཀྱང་འདིས་མི་ཚད་པ་མང་པོ་ཡོད་སྲིད་ཀྱང་ཁོང་བྱ་བཏང་སྦས་པའི་རྣལ་འབྱོར་པ་ཡིན་པས་གཏན་བཞུགས་ཀྱི་ཉེ་གནས་དང་ཞབས་འབྲིང་བ་མེད་སྟབས་གསུང་ཆོས་ཉར་ཚགས་བྱེད་མཁན་དང་བཀའ་ཡི་བསྡུ་བ་བྱེད་རྒྱུས་མ་འདངས་པས་དུས་མཐའ་མའི་གདུལ་བྱ་རང་རེ་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་མ་གྱུར་ནས་གསུང་ཆོས་ཆ་ཚང་དེང་སང་མེད། ཁོང་གི་གསུང་ཆོས་ཚང་མ་གང་ཟག་ཕལ་བའི་བློས་རྟོག་བཟོ་བྱས་ཏེ་བཙན་སྒྲིག་གིས་བརྩམས་པའི་བསྟན་བཅོས་ལྟ་བུ་མ་ཡིན་པ། ཚངས་པའི་དབྱངས་ཀྱི་ཡན་ལག་རྫོགས་པའི་ནུས་པ་དང་ལྡན་པ་ཞིག་ཡིན་པས་ན། སྙན་ལ་རོ་ཉམས་ལྡན་པ། མཚར་ལ་བཞད་གད་ཐོན་པ། མཁས་པས་བརྟག་ན་དོན་བཟང་བ། བླུན་པོས་ཉན་ཡང་གོ་བདེ་བ་ཞིག་ཡིན་གསུངས་ཡོད། གསུང་ཆོས་འདི་དག་ནི་ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོ། བཀའ་གཙིགས་བཀའ་ཆེམས་ཀྱི་ཚུལ་དུ་ཕྱི་རབས་གདུལ་བྱའི་བགོ་སྐལ་དུ་བཞག་ནས་སྐུ་ཚེ་དང་མཛད་པ་གཉིས་ཀ་མཐར་ཕྱིན་ཏེ། དགུང་གྲངས་བདུན་ཅུའི་ནང་མ་ཕེབས་བར་དུ་བཞུགས་ནས་མཐར་མཇུག་རྫ་ཆུ་ཁའི་ག་ལུང་དཀར་ཆུང་ཀོར་མོ་འོབས་ཀྱི་སྒྲུབ་གནས་སུ་དགོངས་པ་རྫོགས་སོང་བ་རེད། ཁོང་གི་ཞལ་སློབ་ཀྱི་ཐུ་བོ་ཡང་། ལྟ་བ་རང་ལས་ལྷག་པ་སྨྱོ་ཤུལ་ལུང་རྟོགས། སྤྱོད་པ་རང་ལས་ལྷག་པ་ཨོ་རྒྱན་བསྟན་འཛིན་ནོར་བུ། ཚད་མ་རང་ལས་མཁས་པ་རས་པ་བསྟན་འཛིན་གྲགས་པ། བཤད་པ་རང་ལས་མཁས་པ་མི་ཉག་ཀུན་བཟང་བསོད་ནམས་སོགས་རྒྱལ་བསྟན་རིས་སུ་མ་ཆད་པའི་བསྟན་འཛིན་མང་དུ་བྱོན་ཅིང་། དེ་དག་གི་སློབ་མ་དང་ཡང་སློབ་ཀྱིས་དེང་གི་སྐབས་སུ་འཛམ་གླིང་གི་ས་གཞི་ཡོངས་ལ་ཁྱབ་ཡོད་པ་འདི་ལྟར་རེད། འཆད་བྱའི་སྔོན་འགྲོ་འདི་ལུང་གང་ལས་བཏུས་ན། རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ཉིང་ཁུ། རྫོགས་ཆེན་བཅུ་བདུན་རྒྱུད་ཀྱི་སྙིང་པོ། པདྨ་འབྱུང་གནས་དང་བཱི་མ་ལ་མི་ཏྲ་གཉིས་ཀྱིས་བཀྲལ་བའི་བཤད་བརྒྱུད་དང་སྙན་བརྒྱུད་ཀྱི་དགོངས་དོན་རྒྱ་ཆེ་བ་པཎྜི་ཏའི་ལུགས་དང་། ཟབ་པ་ཀུ་སཱ་ལིའི་ལུགས་གཉིས་ཀྱི་སྙིང་བཅུད་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པའི་སྙིང་ཐིག་གོང་འོག་སྤྱི་དང་མདོ་རྒྱུད་ཀྱི་ཟབ་གནད་ཐམས་ཅད། ཁྱད་པར་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་བཀའ་ལས་བཏུས་སོ། །མན་ངག་གི་གཞུང་འདི་ཕྱོགས་གང་དུ་གཏོགས་ན། ཐེག་ཆེན་རིག་པ་འཛིན་པའི་སྡེ་སྣོད་ལ་གཏོགས་ཤིང་། སྔགས་གསར་རྙིང་གཉིས་ཀྱི་ནང་ནས་སྔ་འགྱུར། ཐེག་རྩེ་རྫོགས་ཆེན་སྡེ་གསུམ་ནང་གི་མན་ངག་སྡེ། དེ་ལ་ཡང་སྔོན་འགྲོ་དང་དངོས་གཞིའི་རིམ་པ་མང་དུ་ཡོད་པའི་ནང་ནས་འདི་སྔོན་འགྲོའི་ཁྲིད་ཡིག་ཡིན་ནོ། །འདིའི་དབུ་ཞབས་ཀྱི་དོན་གང་ཡིན་ཞེ་ན། གང་ཟག་གཅིག་ཚེ་ལུས་གཅིག་ལ་འཚང་རྒྱ་བའི་ལམ་གྱི་རིམ་པ་སྔོན་འགྲོ་ཕྱི་ནང་གིས་རྒྱུད་སྦྱངས་ཏེ་སྣོད་ལྡན་དུ་སྒྱུར་བར་བྱེད་པའི་ལམ་གྱི་ལུས་ཆ་ཚང་བ་ཞིག་བསྟན་ཏོ། །འདི་དགོས་ཆེད་སུ་ཞིག་གི་དོན་དུ་མཛད་ཅེ་ན། རྫོགས་པ་ཆེན་པོའི་གདུལ་བྱར་གྱུར་བའི་གང་ཟག་དེ་ལ་སྣང་བ་ཡུལ་གྱི་བློ་ཅན་དང་། རིག་པ་རང་སྣང་གི་བློ་ཅན་ཞེས་དབང་པོ་རྣོ་རྟུལ་གྱི་སྒོ་ནས་གཉིས་སུ་ཡོད། དེ་གཉིས་རིམ་དང་གཅིག་ཆར་གྱིས་ཚེ་ལུས་གཅིག་ལ་མགོན་པོ་རྡོ་རྗེ་འཆང་གི་གོ་འཕང་བཀོད་པའི་ཆེད་དུ་མཛད་པའོ།།

༢༽ དགོས་སོགས་ཆོས་བཞི།

གཞན་ཡང་འདི་ལ་བརྗོད་བྱ་དང་། དགོས་པ་དང་། ཉིང་དགོས་དང་། འབྲེལ་བ་སྟེ་དགོས་སོགས་ཆོས་བཞི་ཡང་ཚང་བས་བཤད་པར་བྱ་སྟེ། བརྗོད་བྱ་ནི། ཁྲིད་ཡིག་འདིར་གང་ཟག་གཅིག་ཚེ་ལུས་གཅིག་ལ་གྲོལ་བའི་མྱུར་ལམ། ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོ་བསྟན་པ་རྣམས་འདིའི་བརྗོད་བྱ་ཡིན། ཐུན་མོང་དང་ཐུན་མིན་གྱི་དོན་ནི། ཐེག་པ་གསུམ་དང་སྐྱེས་བུ་གསུམ་ཀའི་བསམ་བྱ་ཡིན་པས་ཐུན་མོང་གི་སྔོན་འགྲོ་བློ་ལྡོག་རྣམ་པ་བཞི། དེའི་སྟེང་དུ་ཐར་བའི་ཕན་ཡོན་དང་བཤེས་གཉེན་བསྟེན་པ་གཉིས་བསྣན་པས་དྲུག་འདི་ལ་ཐུན་མོང་ཕྱི་ཡི་སྔོན་འགྲོ་ཡིན། ཐུན་མིན་ནི་འཇིག་རྟེན་པའི་ཐེག་པ་དང་ཐེག་དམན་ཉན་རང་དང་སྐྱེས་བུ་ཆུང་འབྲིང་གཉིས་ཀྱི་ཐུན་མོང་མིན་ལ། ཐེག་ཆེན་མདོ་སྔགས་ཀྱི་སྐྱེས་བུ་ཆེན་པོ་དང་མཐུན་པའི་སྐྱབས་འགྲོ་དང་སེམས་བསྐྱེད། ཚོགས་བསགས་པ་མཎྜལ་གྱི་ཁྲིད། ཐེག་ཆེན་གསང་སྔགས་དང་མཐུན་པའི་རྡོར་སེམས་བསྒོམ་བཟླས་དང་བླ་མའི་རྣལ་འབྱོར། དེ་ཡང་བསྐྱེད་རིམ་དང་གཙོ་བོར་མཐུན་པ་རྡོར་སེམས་བསྒོམ་བཟླས། རྫོགས་རིམ་དང་གཙོ་བོར་མཐུན་པ་བླ་མའི་རྣལ་འབྱོར་ཡིན། དེའི་ཐོག་དངོས་གཞི་གདམས་པའི་ཆ་ལག་ཉེ་ལམ་འཕོ་བའི་ཁྲིད་དང་བཅས་པའི་ཁྲིད་རྐང་དྲུག་འདི་ཐུན་མིན་ནང་གི་སྔོན་འགྲོ་ཡིན་ལ། དེ་དག་ནི་གཞུང་འདིའི་བརྗོད་བྱ་ཡིན་ནོ། །དགོས་པ་ནི། འདི་ལྟ་བུའི་སྔོན་འགྲོའི་ཁྲིད་རིམ་ལ་སྐལ་བ་དང་ལྡན་པའི་སློབ་མ་རྣམས་ཚུལ་བཞིན་ཞུགས་ནས། འབུམ་ལྔའི་བསགས་སྦྱངས་སྔོན་དུ་བཏང་ཞིང་། བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་ཉམས་སུ་བླངས་པ་དང་བཅས་པས་བྱིན་བརྒྱུད་རྟོགས་པའི་ཕ་ཕོགས་ཐོབ་པ་ནི་འདིའི་དགོས་པ་ཡིན་ནོ། །ཉིང་དགོས་ནི། དེ་ལྟ་བུའི་ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོ་སྔོན་དུ་སོང་ཞིང་། དངོས་གཞི་ཁྲེགས་ཆོད་དང་ཐོད་རྒལ་གྱི་ལམ་ཉམས་སུ་བླངས་ནས་ཚེ་ལུས་གཅིག་ལ་གྲོལ་བར་མངོན་དུ་གྱུར་པར་དེ་ཉིད་ཉིང་དགོས་སམ་དགོས་པའི་དགོས་པ་ཡིན་ནོ། །འབྲེལ་བ་ནི། དེ་གསུམ་གཅིག་ལ་གཅིག་ལྟོས་སྔོན་མ་ཡོད་ན་རྗེས་མ་འབྱུང་བའི་འབྲེལ་བ་ཡོད་པའི་སྔོན་འགྲོའི་གཞུང་འདི་ཉིད་འཆད་ཉན་བྱེད་པ་ལ་དགོས་སོགས་ཆོས་བཞི་འདི་དང་པོ་ཤེས་པར་བྱེད་དགོས་སོ། །ད་ནི་ཀུན་བཟང་བླ་མའི་ཞལ་ལུང་གི་གཞུང་དངོས་འཆད་པ་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་དང་གསུམ་ཡོད་པ་ལས།

༼༡༽ ཀླད་དོན་དངོས་ལ་གསུམ།

༡༽ མཚན་སྨོས་པ།

དང་པོ་ལའང་མཚན་སྨོས་པ། ཕྱག་འཚལ་བ། རྩོམ་པར་དམ་བཅའ་བ་གསུམ་ལས། དང་པོ་ནི། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ཞེས་མན་ངག་གི་གཞུང་འདི་ཉིད་ཀྱི་མཚན་དུ་བྱས། སྤྱིར་མཚན་སྨོས་པའི་དགོས་པ་ནི། ཇི་སྐད་དུ། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་མགོན་པོ་ཐབས་མཁས་པས། །ཆོས་རྣམས་མིང་དུ་བཏགས་པར་མཛད། །ཅེས་གསུངས་པ་ལྟར་གཞུང་ལུགས་རེ་ལ་མཚན་རེ་བཏགས་ཡོད་པས། དེ་ཡང་དབང་པོ་ཡང་རབ་རྣམས་ཀྱིས་གླེགས་བམ་གྱི་མཚན་མཐོང་བ་ཙམ་གྱིས་དབུ་ཞབས་ཀྱི་དོན་ཐམས་ཅད་རྟོགས་པའི་དགོས་པ་དང་། དབང་པོ་འབྲིང་རྣམས་ཀྱིས་དམག་མི་ལ་མདའ་བྱང་བཏགས་པ་ལྟར་མདོ་སྔགས་ཀྱི་ཕྱོགས་གང་གཏོགས་ཤེས་པའི་དགོས་པ་དང་། དབང་པོ་ཐ་མས་ཀྱང་སྨན་སྣོད་ལ་ཁ་བྱང་བཏགས་པ་ལྟར་གླེགས་བམ་བཙལ་སླ་བའི་དགོས་པ་ཡོད་དོ། །སྤྱིར་མཚན་འདོགས་ཚུལ་ལ་བརྗོད་བྱ་དོན་གྱི་སྒོ་ནས་བཏགས་པ། རྗོད་བྱེད་ཚིག་གི་སྒོ་ནས་བཏགས་པ། མཚོན་བྱེད་དཔེ་ཡི་སྒོ་ནས་བཏགས་པ། ཞུ་བ་པོ་འཁོར་གྱི་སྒོ་ནས་བཏགས་པ་སོགས་མང་པོ་ཡོད་ན། འདི་ནི་བརྗོད་བྱ་དོན་གྱི་སྒོ་ནས་མཚན་བཏགས་པ་ཡིན་ཏེ། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་དངོས་གཞིའི་སྔོན་དུ་འགྲོ་བའི་ཁྲིད་ཡིག་ཡིན་པས་ན་སྔོན་འགྲོ་ཞེས་བྱ། ཁྲིད་ཡིག་འདི་ཉིད་ཆོས་སྐུ་ཀུན་ཏུ་བཟང་པོ་དང་རྣམ་དབྱེར་མ་མཆིས་ཤིང་དགོངས་ཀློང་རོ་གཅིག་པའི་བླ་མ་དམ་པའི་ཞལ་གྱི་ལུང་ཡིན་པས་ན་ཀུན་བཟང་བླ་མའི་ཞལ་ལུང་ཞེས་གསུངས། འདིའི་མཚན་དོན་འབྲེལ་བ་ལ་ཐོག་མ་རྫོགས་པ་ཆེན་པོའི་དོན་ནི། འགྲེལ་སླ་བ་ཞིག་མིན་ལ་འགྲེལ་ཤེས་པ་ཞིག་ཀྱང་དཀའ། མ་འགྲེལ་སྐྱུར་ནའང་མི་འོས་པས། དེས་ན་འདིར་རྫོགས་པ་ཆེན་པོ་ནི་རྫོགས་ཆེན་ལ་གོ། དེ་ཡང་རྫོགས་ཆེན་འབྲོག་རུའི་སྡེ་ལྟ་བུ་ཞིག་མ་ཡིན་ཡང་། སྔོན་ཆད་རྫོགས་པ་ཆེན་པོའི་ཆོས་འདི་སྒོམ་མཁན་གྱི་བླ་མ་ཞིག་ཡོད། དེའི་ཆོས་ཀྱི་མིང་གང་ཟག་ལ་ཐོགས་ནས་མཚན་ལ་རྫོགས་ཆེན་གྲུབ་ཐོབ་པ་པདྨ་རིག་འཛིན་གསོལ། ཁོང་འདིར་བྱོན་ནས་གདན་ས་བཏབ་པས་གང་ཟག་གི་མིང་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་དགོན་པ་ལ་རྫོགས་ཆེན་ཞེས་ཐོགས་པ་དང་། མ་ཚད་དེའི་སྐབས་ས་ཆའི་ཡུལ་སྡེ་ལ་ཡང་རྫོགས་ཆེན་སྡེ་བ་ཞེས་ཐོགས། དེས་ཀྱང་མ་ཚད་ད་སྐབས་ས་གནས་སྲིད་གཞུང་ལའང་རྫོགས་ཆེན་ཡུལ་ཚོ་ཞེས་ཐོགས་ནས་ཡོད་པ་དེ་ཐམས་ཅད་ཡི་གེ་བྲི་ལུགས་གཅིག་རེད། འདིར་རྫོགས་པའི་དོན་ནི་མ་ཚང་བ་མེད་པའམ་ཆ་ཚང་བ་ཞིག་གཅིག་གི་ནང་དུ་འདུས་ཡོད་པ་ལྟ་བུའི་དོན་ལ་གོ་དགོས། འོ་ན་ཅི་ཞིག་གང་དུ་མ་འདུས་པ་མེད་པའམ་རྫོགས་པ་ཡིན་ཞེ་ན། འཁོར་འདས་སྣང་བཏགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་རིག་པ་ཁྱབ་གདལ་ཆེན་པོ་གཅིག་གི་ཁོངས་སུ་འདུས་པའི་དོན་ཡིན། ཡང་ཁ་ཚུར་བསྐོར་ནས་བཤད་ན་རིག་པ་ཆོས་དབྱིངས་ཆེན་པོའི་ཡེ་ཤེས་ཀྱིས་འཁོར་འདས་ཀྱི་ཆོས་ཀུན་ལ་མ་ཁྱབ་པར་མེད་པ་དེ་ལྟ་བུ་ཞིག་ལ་གོ་དགོས། འདི་ཁུག་མ་ཆེན་པོ་ཞིག་གི་ནང་ཅ་ལག་ཆབ་བེ་ཆོབ་བེ་རྡོ་རྭ་ཅོ་མིན་པ་བཅུག་བཞག་འདྲ་ཞིག་ཀྱང་མ་རེད། ཅ་ལག་ཆབ་བེ་ཆོབ་བེ་མང་པོའི་ཐོག་ཕྱ་ར་ཆེན་པོ་བཀབ་པ་ལྟ་བུ་ཡང་མ་ཡིན། འདིའི་གོ་དོན་ནི་གཞི་གཉུག་མའི་ཡེ་ཤེས་ཆེན་པོའི་ཀློང་དུ་འཁོར་བའི་འཁྲུལ་སྣང་གི་ཆོས་ཐམས་ཅད་རྫོགས་པ་ཞིག་ལ་གོ། རྫོགས་ཚུལ་འཁྲུལ་བའི་སྣང་བ་རྨི་ལམ་དང་སྒྱུ་མ་ལྟ་བུ་འདི་ཐམས་ཅད་རིག་པའི་རྩལ་ལས་ཤར་བ། དཔེར་ན་མཚོ་ལས་རྦ་རླབས་བྱུང་བའམ། མཁའ་ལས་རླངས་པ་བྱུང་བ་ལྟ་བུ་ཞིག་ཡིན་པས་མར་མ་དག་འཁོར་བའི་སྣང་སེམས་ཐམས་ཅད་འདིའི་ནང་ལ་རྫོགས་པ་དང་། ཡར་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རིག་པའི་ངོ་བོར་ལྷུན་གྲུབ་རང་ཆས་སུ་ཡོད་པ་དཔེར་ན་ཉི་མ་དང་དེའི་འོད་ཟེར་བཞིན་དུ་རྫོགས་པས་ན། ཡར་མྱ་ངན་ལས་འདས་པའི་ཕྱོགས་ཀྱི་འབྲས་ཆོས་ཉེར་ལྔ་དང་བཅས་པ་ཐམས་ཅད་ཡང་དེ་ལ་རྫོགས་ཡོད། དེ་ལྟ་བུའི་འཁོར་འདས་ཀྱི་ཆོས་ཐམས་ཅད་རྫོགས་པའི་ཡེ་ཤེས་དེ་ཉིད་ནི་སྲིད་ཞི་ཀུན་ལ་ཁྱབ་པའི་ཡེ་ཤེས་ཡིན་པས་ན་ཆེན་པོ་ཞེས་བརྗོད། དེ་ལྟ་བུའི་རྫོགས་པ་ཆེན་པོ་དེ་ནི་བརྗོད་བྱ་དོན་གྱི་རྫོགས་ཆེན་ཡིན་ནོ། །རྗོད་བྱེད་ཚིག་གི་རྫོགས་ཆེན་ནི་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི། དེའི་དགོངས་བཅུད་ཐམས་ཅད་ཡོངས་སུ་བསྡུས་པ་རྒྱུད་ཆེན་བཅུ་བདུན། དེའི་ཡང་སྙིང་ཟབ་པ་པོད་བཞིའམ་སྙིང་ཐིག་མ་བུ་བཞི་ལ་དྲིལ་ཡོད་པ་འདི་ནི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ་བཀའ་བབ་པའི་ཟབ་དང་རྒྱ་ཆེའི་སྙིང་ཐིག་གི་ཆོས་སྐལ་འདི་ཉིད་ཡིན། དེ་ནས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ཡེ་ཤེས་ཀྱི་སྐུས་ལན་གསུམ་རྗེས་སུ་བཟུང་བ། བརྒྱུད་གསུམ་རིག་འཛིན་གཅིག་ལ་འདུས་པ་ཀུན་མཁྱེན་འཇིགས་བྲལ་གླིང་པ་མཆོག་ཡིན། བརྒྱུད་པ་གསུམ་ནི་རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡ་ཡི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པ་གསུམ་མོ། །དེའི་བཀའ་སྲོལ་གྱི་ཤིང་རྟའི་ལམ་ཆེན་པོར་ཕྱེས་པ་དེ་ལ་ཀློང་ཆེན་སྙིང་ཐིག་ཅེས་ཡོངས་སུ་གྲགས་པ་ཡིན། འདི་དེའི་སྔོན་འགྲོའི་ཁྲིད་ཡིག་ཡིན་པས་ན་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཅེས་གསུངས། ཀུན་བཟང་ནི་ཡེ་ཐོག་དང་པོའི་སྔོན་རོལ་འཁོར་འདས་གང་དུ་ཡང་མ་གྲུབ་པའི་ཐོག་མར་བྱང་ཆུབ་ཏེ་སངས་རྒྱས་པ། ལྷུན་གྲུབ་སྐུ་དང་ཡེ་ཤེས་ཡོན་ཏན་རྒྱ་མཚོ་རབ་ཏུ་རྫོགས་པའི་དཔལ་མངའ་བ་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་དེ་ཉིད་ཡིན། དེ་དང་གཉིས་སུ་མ་མཆིས་པར་དཔལ་མགོན་བླ་མ་དམ་པ། ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ན་ཡང་། །བཀའ་དྲིན་སངས་རྒྱས་སྟོང་ལས་ལྷག་པའི་མགོན། །ཞེས་གསུངས་པ་ལྟར། དཔལ་སྤྲུལ་རིན་པོ་ཆེ་ཁོང་གི་རིགས་བདག་མཚུངས་པ་མེད་པ་འཇིགས་མེད་རྒྱལ་བའི་མྱུ་གུ་ཡིན། དེའི་ཐུགས་ཀྱི་དཔལ་བེའུ་རུ་འཁྱིལ། མགུལ་གྱི་བུམ་བཟང་ནས་བརྒྱུད། དུང་གི་ཚེམས་བར་ནས་ཕྱུངས་པའི་ཞལ་ཆབ་གཙང་མའི་མན་ངག་གི་ལུང་། དེ་ཡང་གཞན་ཟེར་རྗེས་ཟློས་དང་བསྲེ་བསླད་རྟོག་བཟོ་བྱས་པའི་རྟོག་གེའི་བསྟན་བཅོས་ལྟ་བུ་མ་ཡིན་པར། བླ་མའི་ཞལ་ལུང་དྲོན་མོ་ལས་བྱུང་བའི་གསུང་དྲི་མ་མེད་པ་ཇི་བཞིན་འདི་ན་བཀོད་པ་ཡིན་པས་ཀུན་བཟང་བླ་མའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ་ཞེས་དོན་དེ་ལྡན་གྱི་མཚན་སྨོས་པ་ཡིན་ནོ།།

༢༽ ཕྱག་འཚལ་བ།

གཉིས་པ་ཕྱག་འཚལ་བ་ལ། བོད་བཙད་པོ་རྣམས་ཀྱི་སྐུ་དུས་རྒྱ་གར་གྱི་པཎྜི་ཏ་མང་པོ་བོད་དུ་བྱོན། ཀ་ཅོག་ཞང་གསུམ་བཻ་རོ་ཙཱ་ན་སོགས་ཀྱིས་རྒྱ་ཆོས་བོད་དུ་བསྒྱུར་བའི་དུས་སུ་ལོ་ཙཱ་བ་རྣམས་ཀྱིས་འགྱུར་ཕྱག་གམ་སྡེ་སྣོད་ངོས་འཛིན་གྱི་ཕྱག་མཛད་སྲོལ་ཡོད་པ་དང་ཕྱོགས་མཐུན་པ་འདི་ལ། སྤྱི་དང་བྱེ་བྲག་དམིགས་བསལ་གྱི་ཕྱག་འཚལ་བ་གསུམ་ལས། དང་པོ་ནི། རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་ཕྱག་འཚལ་ལོ། ཞེས་གསུངས་པའི་དོན་ནི་མཆོད་འོས་མཆོག་གྱུར་བཀུར་སྟི་དང་ཕུ་དུད་གྱི་ཡུལ་དུ་གྱུར་བའི་རྗེ་བོ་དམ་པ་འཇིག་རྟེན་ན་ཆོ་རིགས་བཙུན་པའམ་ཤེས་བྱའི་གནས་ལ་མཁས་མཛངས་ཅན་ཡོན་ཏན་དང་ལྡན་པར་རྗེ་བོ་བཀུར་བ་ལྟར། དཀོན་མཆོག་གི་གདུང་འཛིན་པའི་ཆོ་རིགས་བཙུན་པ་ཡིན་ཞིང་། ཕྱི་ནང་གསང་བའི་ཡོན་ཏན་གཞན་མཚུངས་དང་བྲལ་བ་མངའ་བ་གང་ཉིད་ཀུན་ཀྱི་བླ་རུ་མཐོ་བས་ན་བླ་མ་ཞེས་བྱ་སྟེ། ཇི་སྐད་དུ། །བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །བསྐལ་བ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བསྟེན་ནས་འབྱུང་། །ཞེས་དང་། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་ཀྱི་བྱེད་པོ་བླ་མ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ལ་དབྱེ་ན་མཚོན་བྱེད་རྟགས་ཀྱི་བླ་མ་དང་མཚོན་བྱ་དོན་གྱི་བླ་མ་གཉིས་ཡོད། དང་པོ་ནི་སྙིགས་དུས་དགེ་བའི་བཤེས་གཉེན་མིའི་ཤ་ཚུགས་སུ་བྱོན་པའི་བཀའ་དྲིན་སུམ་ལྡན་གྱི་བླ་མ་དེ་ཉིད་ཡིན་ནོ། །གཉིས་པ་ནི་རང་ཉིད་ཀྱི་སྙིང་དབུས་སུ་བཞུགས་པའི་ཆོས་ཉིད་འོད་གསལ་བའི་ཡེ་ཤེས་དེ་ཉིད། བླ་མའི་མན་ངག་གིས་སད་པར་བྱས་པའི་སྐྱེ་མེད་དོན་གྱི་བླ་མ་དེ་ཡིན་པས་རྗེ་བཙུན་བླ་མ་ཞེས་གསུངས། སྐྱེ་འགག་རྟག་ཆད་ཡོད་མེད་ཡོད་མིན་ལ་སོགས་སྤྲོས་པའི་མཚན་མ་འཛིན་པའི་དམིགས་པའི་གཏད་སོ་འཁོར་བའི་རྣམ་རྟོག་ཐམས་ཅད་ཞི་ཞིང་མེད་པར་གྱུར་པའི་ཐུགས་རྗེ་ཆེན་པོ་མཁྱེན་གཉིས་ཡེ་ཤེས་ཀྱི་ཡོན་ཏན་རྒྱ་མཚོ་དང་ལྡན་པ། དེ་ལ་དབྱེ་ན་སྨིན་པར་བྱེད་པ་དབང་གི་བླ་མ། གྲོལ་བར་བྱེད་པ་ཁྲིད་ཀྱི་བླ་མ། བརྒྱུད་པའི་བླ་མ་བྱིན་རླབས་དང་ལྡན་པ། འདྲེན་པའི་བླ་མ་ཐུགས་རྗེ་དང་ལྡན་པ་ལ་སོགས་དབྱེར་ཡོད་པས་རྣམས་ཞེས་མང་ཚིག་སྦྱར་བའི་ཡུལ་དུ་གྱུར་བའི་བླ་མ་དེ་རྣམས་ནི་རྩ་བའི་བླ་མ་གཅིག་ལ་ཚང་བའམ་འདུས་ཡོད་དེ། རྩ་བའི་བླ་མ་དེ་ཉིད་ནི་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ། རྩ་གསུམ་ཀུན་འདུས་ཀྱི་ངོ་བོ། སྐུ་གསུམ་ཀུན་འདུས་ཀྱི་ངོ་བོ་ཡིན་པས་ཐམས་ཅད་ཀུན་འདུས་རྩ་བའི་བླ་མ་ལ་ཕྱག་འཚལ་ལོ་ཞེས་གསུངས། སྤྱིར་ཕྱག་འཚལ་བ་འདི་ལ་འཚལ་ལུགས་རབ་ལྟ་བ་མཇལ་བའི་ཕྱག འབྲིང་སྒོམ་པ་གོམས་པའི་ཕྱག ཐ་མར་སྤྱོད་པ་མོས་གུས་ཀྱི་ཕྱག་དང་རྣམ་གྲངས་གསུམ་གྱི་དབྱེ་བ་ཡོད། འདི་ནི་མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་ཀྱི་ངོ་བོ་བླ་མ་དམ་པ་དེ་ལ་རང་རིག་སྐྱེ་མེད་དོན་གྱི་བླ་མ་དེ་ཉིད་དང་དབྱེར་མེད་པར་རང་ངོ་ཤེས་པའི་ངང་ནས་ཕྱག་འཚལ་བ་ཡིན་པས་རབ་ལྟ་བ་མཇལ་བའི་ཕྱག་གོ། །གཉིས་པ་བྱེ་བྲག་བརྒྱུད་གསུམ་བླ་མ་རྣམས་ལ་ཕྱག་འཚལ་བ་ནི། རྒྱལ་བའི་དགོངས་པ་རིག་འཛིན་བརྡ་ཡིས་བརྒྱུད། །གང་ཟག་མི་ལས་སྐལ་པ་རབ་གྱུར་པས། །དམ་པའི་རྗེས་ཟིན་དོན་གཉིས་མཐར་ཕྱིན་པ། །བརྒྱུད་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་པའི་དོན་རྒྱལ་བ་དགོངས་བརྒྱུད་ནི། ཡེ་གདོད་མ་དང་པོའི་གཞི་ནས་མངོན་པར་རྫོགས་པ་རང་བྱུང་གི་སངས་རྒྱས། ཐོག་མའི་མགོན་པོ་འོད་མི་འགྱུར་བ་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཀྱིས་ཐུགས་རྗེའི་རྣམ་པར་འཕྲུལ་བ་ཚད་བཟུང་རིས་ཀྱིས་གཞལ་དུ་མེད་པའི་ངང་ནས། ཉིད་ལས་མི་གཞན་པའི་འཁོར་སྐུ་ལྔ་ལྷུན་གྲུབ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ། གསུང་སྒྲ་ཚིག་ལས་ཤིན་ཏུ་འདས་པ། རང་རིག་པ་ཡེ་ཤེས་ཀྱི་རང་མདངས་འགག་མེད་རང་ཤར་དུ་གསལ་བ་དེ་ཉིད་ཅི་ཡང་མི་གསུངས་པའི་ཚུལ་གྱིས་གསུངས། མདོར་ན་ནང་གསལ་ཕྲ་བའི་ཡེ་ཤེས་ཐུགས་རྣམ་པར་མི་རྟོག་པའི་རང་མདངས་རྒྱལ་བ་ཉིད་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཞིག་ལ་གོ་དགོས། །རིག་འཛིན་བརྡ་བརྒྱུད་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པས་དཔལ་རྡོ་རྗེ་སེམས་དཔའ་ལ་བསྐུལ། དཔལ་རྡོ་རྗེ་སེམས་དཔའ་དེ་ཉིད་ཀྱི་ཐུགས་ཀ་ནས་རིན་པོ་ཆེ་རང་འབར་གྱི་འཁོར་ལོ་བྱུང་ནས་སེམས་དཔའ་རྡོ་རྗེ་ལ་བསྐུལ། དེ་ཉིད་ཀྱིས་བཤད་པར་དམ་བཅས། ཕྱག་ན་རྡོ་རྗེས་རྨད་བྱུང་བསྟན་པའི་སྙིང་པོ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་བཅུད་རྩོལ་མེད་རང་བྱུང་གི་དགོངས་པ། རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ། ཨ་ཏི་རྩོལ་མེད་རང་བྱུང་རྫོགས་པ་ཆེན་པོའི་ཆོས་འདི་ལྷའི་བུ་སེམས་ལྷག་ཅན་ལ་གཏད་ཅིང་རྒྱལ་ཐབས་སྤྱི་བླུགས་ཀྱི་བརྡ་དབང་བསྐུར། དེའི་རྗེས་མི་ཡུལ་དུ་སེམས་ལྷག་ཅན་གྱི་སྤྲུལ་པ་དགའ་རབ་རྡོ་རྗེ་ལ་སླར་ཡང་ཕྱག་ན་རྡོ་རྗེས་རྒྱལ་ཐབས་སྤྱི་བླུགས་ཀྱི་བརྡ་དབང་ཡོངས་རྫོགས་བསྐུར་ཅིང་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་ཐམས་ཅད་ཐུགས་རྒྱུད་ལ་རྫོགས་པར་མཛད། དགའ་རབ་རྡོ་རྗེས་རྒྱ་གར་གྱི་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་རྟོགས་པ་དོན་བརྒྱུད་ཀྱི་ཚུལ་དུ་གཏད། དེས་རྒྱ་ནག་པོའི་སློབ་དཔོན་ཤྲཱི་སེངྷ་ལ་གསུངས། ཤྲཱི་སེངྷ་ལས་ཨོ་རྒྱན་སངས་རྒྱས་གཉིས་པ། མཁས་པ་ཛྙཱ་ན་སུ་ཏྲ། པཎ་ཆེན་བཱི་མ་མི་ཏྲ་། ལོ་ཆེན་བཻ་རོ་ཙཱ་ན་བཅས་ལ་བརྒྱུད་པ་དེ་ཡན་ཆད་རྣམས་ལ་རིག་འཛིན་བརྡ་བརྒྱུད་ཡིན། གང་ཟག་སྙན་བརྒྱུད་ནི་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདའ་ཁར། ང་ཡི་བསྟན་པ་བྱང་ནས་བྱང་དུ་དར་ཞེས་ལུང་བསྟན་པ་ལྟར། རྒྱ་གར་རྡོ་རྗེ་གདན་དབུས་སུ་བྱས་པའི་བྱང་ཕྱོགས་བོད་གྱི་ཡུལ་དུ་ཆོས་མདོ་སྔགས་གཉིས་ལྡན་གྱི་བསྟན་པ་དར་བའི་སྐབས་སུ། ཨོ་རྒྱན་སངས་རྒྱས་གཉིས་པ་དང་། སློབ་དཔོན་བཱི་མ་ལ་མི་ཏྲ་རྣམ་གཉིས་ཀྱིས་ཐུགས་སྲས་རྗེ་འབངས་གྲོགས་གསུམ་སོགས་གང་ཟག་མིའི་འགྲོ་བ། ལས་དང་སྐལ་པ་རབ་ཏུ་གྱུར་བ་རྣམས་ཀྱི་བགོ་སྐལ་དུ་གནང་ཞིང་ནང་རྒྱུད་ཡོ་ག་གསུམ་གྱི་ཆོས་འཁོར་བསྐོར་བ་ནས་རིམ་པར་བརྒྱུད་པའི་བླ་མ་དེ་དག་གིས་དམ་པ་གོང་མའི་ཞབས་རྗེས་ཟིན་ཅིང་གདུང་འཚོབས་པ་ཡིན་པས། རང་དང་གཞན་གྱི་དོན་གཉིས་རླབས་པོ་ཆེ་མཐར་ཕྱིན་པ་དེ་རྣམས་ཀྱིས་ཞལ་ནས་སྙན་དུ་བརྒྱུད་པ་ལ་གང་ཟག་སྙན་ཁུང་གི་བརྒྱུད་པ་ཞེས་བྱ་སྟེ། གོང་དུ་བཤད་པ་ལྟར་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་ཁུང་གིས་བརྒྱུད་པ། མདོར་ན་བརྒྱུད་པ་དེ་གསུམ་གྱི་བླ་མ་རྣམས་ལ་ཕྱག་འཚལ་ལོ་ཞེས་རྐང་པ་རྗེས་མ་འདིས་བརྗོད་བྱའི་དོན་ཐམས་ཅད་བསྡུས་ནས་བསྟན་པ་ཡིན་ནོ། །གསུམ་པ་དམིགས་ཀྱིས་བཀར་ཏེ་སྙིང་ཐིག་གོང་འོག་གི་ཉེ་བརྒྱུད་ཁྱད་པར་ཅན་གྱི་བླ་མ་རྣམས་ལ་ཕྱག་འཚལ་བ་ལ་གསུམ་ལས། དང་པོ་ཀུན་མཁྱེན་དྲི་མེད་འོད་ཟེར་ལ་ཕྱག་འཚལ་བ་ནི། ཆོས་ཟད་ཀློང་དུ་ཆོས་སྐུའི་དགོངས་པ་བརྙེས། །འོད་གསལ་དབྱིངས་སུ་ལོངས་སྐུའི་ཞིང་སྣང་གཟིགས། །གདུལ་བྱའི་སྣང་ངོར་སྤྲུལ་སྐུའི་འགྲོ་དོན་མཛད། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ། །ཞེས་པའི་དོན། རྫོགས་ཆེན་ཡང་གསང་མན་ངག་སྡེ་འདིའི་ཀ་དག་ཁྲེགས་ཆོད་དང་ལྷུན་འགྲུབ་ཐོད་རྒལ་གཉིས་ཀྱི་ལམ་མཆོག་མཐར་ཕྱིན་ནས། ཕྱི་ཉམས་སྣང་གི་འཕེལ་ཟད། ནང་སྒྱུ་ལུས་ཀྱི་ཆོས་ཟད། གསང་བ་རྟོག་ཚོགས་འཁྲུལ་བའི་སེམས་ཟད། སྣང་དང་མི་སྣང་དུ་འཛིན་པའི་བློ་ཟད་ཆོས་ཟད་སྤྲོས་བྲལ་གྱི་ཀློང་དུ་ཆོས་སྐུའི་དགོངས་པ་ནང་གསལ་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་མངོན་དུ་བརྙེས་ཀྱང་། གདུལ་བྱ་གཞན་གྱི་ངོ་ལ་དེ་ཉིད་ལུགས་ལྡོག་ཏུ་ཤར་བ། གསལ་ལ་དེར་འཛིན་མེད་པ། སྤྲོས་བྲལ་འོད་གསལ་བསམ་གྱིས་མི་ཁྱབ་པའི་ནང་དབྱིངས་སུ། ལྔ་ཚན་ལྔ་ཡི་བདག་ཉིད་ཚད་མེད་ལོངས་སྐུའི་ཞིང་སྣང་ཁ་སྦྱོར་བདུན་གྱི་བདག་ཉིད་དུ་གཟིགས་ཤིང་། སྣ་ཚོགས་སྣང་བའི་འཆར་གཞི་མ་འགགས་པ་དེ་ལས། ལས་དག་དང་མ་དག་གི་སྣ་ཚོགས་གདུལ་བྱའི་སྣང་ངོར་སྤྲུལ་པ་སྐུ་ཡི་འགྲོ་དོན་ནམ་མཁའ་མ་སྟོངས་འཁོར་བ་མ་ཞིག་གི་བར་དུ་མཛད་པ། སྐུ་གསུམ་ཀུན་འདུས་ཀྱི་བདག་ཉིད་མཐའ་ཡས་ཤེས་བྱའི་ཆོས་ཀུན་ཐོགས་མེད་དུ་མཁྱེན་པའི་ཡེ་ཤེས་གཏིང་དཔོག་དཀའ་བར་མངའ་བརྙེས་པའི་ཀུན་མཁྱེན། འཇིག་རྟེན་གྱི་རྒྱལ་པོ་ཆེན་པོས་ཁམས་ཀྱི་རྒྱལ་ཕྲན་རྣམས་དབང་དུ་འདུ་བ་ལྟར་དམ་པ་ཆོས་ཀྱི་རྒྱལ་སྲིད་ཡོངས་རྫོགས་ལ་མངའ་དབང་འབྱོར་བའི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ་ཞེས་གསུངས། དཔལ་སྤྲུལ་རིན་པོ་ཆེའི་གསུང་གཞན་དུ་ཡང་། གཞི་དབྱིངས་མི་འགྱུར་འཁོར་འདས་དབྱེར་མེད་ཀྱི་ཞིང་ཁམས། །ཆོས་ཟད་མ་བཅོས་རིག་སྟོང་ཐིག་ལེ་ཡི་ཀློང་ན། །གདོད་མའི་སངས་རྒྱས་བདེ་གཤེགས་དཀྱིལ་འཁོར་གྱི་ཁྱབ་བདག །ཆོས་སྐུའི་བླ་མ་དྲི་མེད་འོད་ཟེར་དེ་མཁྱེན་ནོ། །ཞེས་གསུངས་སོ། །ཀུན་མཁྱེན་བླ་མ་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་སྐུས་ལན་གསུམ་རྗེས་སུ་བཟུང་། དགོངས་རྒྱུད་རྟོགས་པའི་ཕ་ཕོགས་ཐོབ། ཞལ་གཟིགས་ལུང་བསྟན་གྱི་དབུགས་དབྱུང་མཛད་པས། བརྒྱུད་གསུམ་རིག་འཛིན་གཅིག་ལ་རྫོགས་པ་དེ་སུ་ཡིན་ན། ཀུན་མཁྱེན་ཕྱི་མ་རིག་འཛིན་འཇིགས་མེད་གླིང་པ་ཡིན་པས། གཉིས་པ་དེ་ལ་ཕྱག་འཚལ་བ་ནི། མཁྱེན༵་པས་ཤེས་བྱ་ཀུན་ཀྱི་དེ་ཉིད་གཟིགས། །ཐུགས་བ༵རྩེའི་འོད༵་ཟེར༵་གདུལ་བྱའི་དཔལ་དུ་ཤར། །ཟབ་ལམ་ཐེག་རྩེའི་བསྟན་པ་གསལ་མཛད་པ། །རིག་འཛིན་འཇིགས་མེད་གླིང་པ་ལ་ཕྱག་འཚལ། །ཞེས་གསུངས་པའི་དོན་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གནས་ལུགས་དོན་དམ་པའི་བཞུགས་ཚུལ་མངོན་སུམ་དུ་གཟིགས་པ་ནི་ཇི་ལྟ་མཁྱེན་པའི་ཡེ་ཤེས་དང་། མཁྱེན་ཆ་འགག་མེད་ཆོས་ཅན་ཀུན་རྫོབ་ཀྱི་དངོས་པོ་ཀུན་མ་འདྲེས་པར་མཁྱེན་པ་ནི་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཡིན་ལ། དེ་ལྟ་བུའི་མཁྱེན་གཉིས་ཀྱི་ཡེ་ཤེས་དང་ལྡན་པས་ཤེས་བྱ་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཀུན་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ཇི་བཞིན་དུ་གཟིགས་ཤིང་། ཐུགས་མཁྱེན་ཆ་འགག་པ་མེད་པས་འགྲོ་བའི་ཁམས་ལ་བརྩེ་བ་སྙིང་རྗེ་ཆེན་པོའི་འོད་ཟེར་གདུལ་བར་བྱ་བའི་སེམས་ཅན་སོ་སོའི་དཔལ་ལམ། མགོན་ནམ། དཔུང་གཉེན་དུ་ཤར་བ་ཡིན་ལ། ཟབ་མོའི་ལམ་མཐར་ཐུག་པ་ཐེག་རྩེ་ཨ་ཏི་རྫོགས་པ་ཆེན་པོའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱི་མའི་དུས་འདིར་འཛམ་གླིང་སྲིད་པའི་ཁྱོན་ཀུན་ཏུ་ཉི་ཟླ་ལྟར་གསལ་བ་མཛད་པ་པོ། ཀློང་ཆེན་སྙིང་ཐིག་གི་བཀའ་བབ་སྲོལ་འབྱེད་ཀྱི་ཤིང་རྟ་བ་ཆེན་པོ་གོང་དུ་མཁྱེན་བརྩེའི་འོད་ཟེར་ཞེས་པའི་མཚན་གྱི་རྣམ་གྲངས་ཀྱིས་དོན་གསལ་བར་བྱས་པ། རིག་འཛིན་འཇིགས་མེད་གླིང་པ་དེ་ཉིད་ལ་ཕྱག་འཚལ་ལོ་ཞེས་གསུངས། གཞན་ཡང་དཔལ་སྤྲུལ་རིན་པོ་ཆེས། །བསྐྱེད་རྫོགས་ཟུང་འཇུག་སྣང་སྟོང་དབྱེར་མེད་ཀྱི་ཞིང་ཁམས། །ཕྱག་རྒྱ་ཆེན་པོ་ས་ལམ་གཞི་རྫོགས་ཀྱི་ཀློང་ན། །ཡེ་ཤེས་སྒྱུ་མ་ལྷུན་གྲུབ་འོད་གསལ་གྱི་བདག་ཉིད། །ལོངས་སྐུའི་བླ་མ་མཁྱེན་བརྩེ་འོད་ཟེར་དེ་མཁྱེན་ནོ། །ཞེས་ཀྱང་གསུངས། །མཚམས་འདིར་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ཁོང་རང་ཉིད་ཀྱིས་དངོས་སུ་ཞལ་མཇལ་ཞིང་བྱིན་བརྒྱུད་ཐོབ་པའི་དངོས་བརྒྱུད་བྱིན་རླབས་ལྡན་པའི་བླ་མ་རྫ་མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུ་ལ་ཕྱག་འཚལ་བ་ནི། སྤྱན་རས་གཟིགས་དབང་བཤེས་གཉེན་ཚུལ་བཟུང་ནས། །གསུང་གི་སྣང་བས་འབྲེལ་ཚད་ཐར་ལམ་དགོད། །གང་ལ་གང་འདུལ་མཛད་པ་མཐའ་ཡས་པ། །དྲིན་ཆེན་རྩ་བའི་བླ་མ་ལ་ཕྱག་འཚལ། །ཞེས་གསུངས་པའི་དོན་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་སླར་ཡང་ཕྱི་མའི་དུས་འདིར། མིའི་ཤ་ཚུགས་སུ་བྱོན་ཅིང་དགེ་བའི་བཤེས་གཉེན་གྱི་ཚུལ་བཟུང་ནས། གསུང་ཟབ་རྒྱས་ཆོས་ཀྱི་སྣང་བ་དཀར་པོས་འབྲེལ་བ་ཐོགས་ཚད་ཀྱི་འགྲོ་བ་ཐམས་ཅད་ཐར་བའི་ལམ་མཆོག་ལ་བཀོད་པ། གདུལ་བྱའི་ཁམས་དབང་མོས་པ་དང་བསྟུན་ནས་གང་ལ་གང་གིས་འདུལ་བ་དེ་ལ་དེར་བསྟན་གྱི་མཛད་པ་མཐའ་ཡས་པ། དཔེར་ན་དཔག་བསམ་གྱི་ཤིང་དང་། འདོད་འཇོའི་བ། ཡིད་བཞིན་གྱི་ནོར་བུ་དགོས་འདོད་ཀུན་འབྱུང་ལྟར་འདོད་པའི་རེ་བ་ཐམས་ཅད་འབད་མེད་དུ་སྐོང་བ་མཛད་པ། དྲིན་ཆེན་རྩ་བའི་བླ་མ་རྫ་ཁྲ་མའི་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུ་ལ་ཕྱག་འཚལ་ལོ་ཞེས་གསུངས་པ་དང་། ཡང་དཔལ་སྤྲུལ་རིན་པོ་ཆེའི་གསུང་གཞན་དུ། །དམིགས་མེད་སྙིང་རྗེའི་བདེ་ཆེན་ཡེ་ཤེས་དང་རོ་གཅིག །ཐབས་མཁས་རྣམ་རོལ་གང་འདུལ་དེར་སྣང་གི་ཀློང་ན། །ཐུགས་རྗེའི་རང་གཟུགས་རྒྱལ་བ་སྲས་བཅས་ཀྱི་མངའ་བདག །སྤྲུལ་སྐུའི་སངས་རྒྱས་རྩ་བའི་བླ་མ་དེ་མཁྱེན་ནོ། །ཞེས་ཡབ་སྲས་གསུམ་ལ་ཆོས་ལོངས་སྤྲུལ་གསུམ་དང་སྦྱར་ནས་གསུངས་སོ། །དེ་ལྟར་གཞུང་གི་ཕྱག་འཚལ་ཤྭ་ལོ་ཀ་གསུམ་གྱིས་གཞི་འབྲས་དབྱེར་མེད་པར་ཆོས་ཟད་ཆོས་སྐུའི་དགོངས་པ་སྐུ་གསུམ་རང་ཆས་ཀྱི་འཆར་གཞི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་། དེའི་དགོངས་པའི་ཀློང་ཆེན་པོ་ནས་དགོངས་པ་དོན་བརྒྱུད་ཀྱི་རྟོགས་པ་འཕོས་པ་མཁྱེན་དང་བརྩེ་བའི་འོད་ཟེར་གདུལ་བྱའི་དཔལ་དུ་ཤར་བ་རིག་འཛིན་འཇིགས་མེད་གླིང་པ་ཞེས་བརྒྱུད་གསུམ་རིག་འཛིན་ཀུན་འདུས་དང་། དེའི་གསུང་གི་གསང་བ་ཟབ་མོ་སླར་ཡང་ཕྱི་མའི་དུས་འདིར་འབྲེལ་ཚད་ཐར་ལམ་ལ་བཀོད་པའི་སྤྱན་རས་གཟིགས་དབང་མིའི་ཤ་ཚུགས་སུ་བཟུང་བ་འཇིགས་མེད་རྒྱལ་བའི་མྱུ་གུ་དང་བཅས་པ་ཡབ་སྲས་གསུམ་པོ་དེ་ལ་བསྟན་བཅོས་རྩོམ་པའི་ཐོག་མར་ཕྱག་འཚལ་བ་ཡིན་ནོ། །གཞན་ཡང་ཚིགས་གསུམ་གནད་དུ་བསྡེབས་པའི་མན་ངག་ལས། ལྟ་བ་ཀློང་ཆེན་རབ་འབྱམས་ཡིན། །སྒོམ་པ་མཁྱེན་བརྩེ་འོད་ཟེར་ཡིན། །སྤྱོད་པ་རྒྱལ་བའི་མྱུ་གུ་ཡིན། །ཞེས་རྫོགས་ཆེན་གཞི་ལམ་འབྲས་གསུམ་གྱི་ལྟ་སྒོམ་སྤྱོད་གསུམ་པོའི་དོན་ཐམས་ཅད་རྩ་བརྒྱུད་ཀྱི་བླ་མ་གསུམ་གྱི་མཚན་ཐོག་ནས་གསལ་བར་བྱས་པ་བཞིན་དུ་འདི་ཡང་ཤུགས་ཀྱིས་གོ་དགོས་སོ།།

༣༽ རྩོམ་པར་དམ་བཅའ་པ།

གསུམ་པ་རྩོམ་པར་དམ་བཅའ་བ་ནི། ཤྭ་ལོ་ཀ་གཉིས་ཀྱིས་བསྟན་ཏེ། བསྟན་པ་ཡོངས་རྫོགས་ཀུན་མཁྱེན་བརྒྱུད་པའི་གཞུང་། །མན་ངག་སྙིང་པོ་ཚེ་གཅིག་སངས་རྒྱས་ཆོས། །ལམ་གྱི་སྔོན་འགྲོ་ཐུན་མོང་ཕྱི་དང་ནང་། །གདམས་པའི་ཆ་ལག་ཉེ་ལམ་འཕོ་བ་བཅས། །གསལ་ལ་གོ་བདེ་དོན་ཟབ་རྨད་དུ་བྱུང་། །མཚུངས་མེད་བླ་མའི་བཀའ་ལུང་མ་ནོར་བ། །རང་བློར་ཇི་བཞིན་ངེས་བཞིན་འདིར་བཤད་ཀྱིས། །ལྷ་དང་བླ་མས་བདག་རྒྱུད་བྱིན་གྱིས་རློབས། །ཞེས་གསུངས་པའི་དོན་ཐུབ་པ་བུ་རམ་ཤིང་པའི་བསྟན་པའི་སྙིང་པོ་ནི་ལུང་དང་རྟོགས་པའི་བདག་ཉིད་ཅན་ཡིན་ཏེ། རྗོད་བྱེད་སྡེ་སྣོད་རྣམ་གསུམ་ལུང་གི་ཆོས་ལ་བརྟེན་ནས་བརྗོད་བྱ་བསླབ་པ་རྣམ་གསུམ་རྟོགས་པའི་ཆོས་ཉམས་སུ་ལེན་པ་གང་ཡིན་པ་དེ་ལ་སངས་རྒྱས་ཀྱི་བསྟན་པ་ཟེར་ནས་ངོས་འཛིན་དགོས། བསྟན་པ་ཡོངས་སུ་རྫོགས་པ་གཙོ་བོ་ཐེག་པ་གསུམ་གྱི་ལམ་ལ་ཞུགས་པའི་སྐྱེས་བུའི་བློ་རིམ་ལ་ལྟོས་ནས་འཇོག་དགོས། དེ་ཡང་ཆོས་འདི་བ་ལས་ཕྱི་རོལ་ཏུ་གྱུར་བ་དེ་ཚོ་ལ་ཡང་མེ་ལྔ་བསྟེན་པ་ལ་སོགས་པའི་བརྟུལ་ཞུགས་དང་། རང་རང་གི་ལམ་གྱི་ཏིང་ངེ་འཛིན་རེ་བསྒོམ་རྒྱུ་དང་། དེ་དང་འབྲེལ་བའི་ལོག་པའི་ཤེས་རབ་རེ་རྒྱུད་ལ་བསྟེན་རྒྱུ་ཡོད་ཀྱང་། ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ལམ་ནི་དེ་དག་ལ་མེད། དེས་ན་ནང་པ་སངས་རྒྱས་པའི་ཆོས་སྒོ་ལ་ཞུགས་ནས་རྗོད་བྱེད་སྡེ་སྣོད་གསུམ་ལ་འཆད་ཉན་དང་། བརྗོད་བྱ་བསླབ་པ་རྣམ་གསུམ་ཉམས་སུ་བླངས་ན་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཐུབ་པས་ན། ལམ་ལྷག་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ཞེས་ཡོངས་སུ་གྲགས། དེས་ན་ནང་པ་སངས་རྒྱས་པའི་མདོ་སྔགས་གཉིས་ཀྱིས་བསྡུས་པའི་བསྟན་པ་དམ་པའི་ཆོས་ཐམས་ཅད། སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དང་ལམ་ལྷག་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་གྱི་ཁོངས་སུ་མ་འདུས་པ་ཞིག་མེད་དེ། རྒྱུ་མཚན་ཅིའི་ཕྱིར་ན་རིགས་ཅན་གསུམ་གྱི་ནང་ནས་ཉན་རང་གི་ལམ་དུ། འདུལ་བ་མདོ་སྡེ་མངོན་པ་གསུམ་པོའི་བསྟན་དོན་རིམ་པར་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་གསུམ་པོ་ཡིན་པ་དང་། བྱང་ཆུབ་སེམས་དཔའི་ལམ་ལ་ཡང་རྩ་ལྟུང་གི་རབ་དབྱེ་བསྟན་པའི་བཀའ་ཐམས་ཅད་འདུལ་བ་ཡིན་ལ། དེའི་བསྟན་དོན་གྱི་བསླབ་པ་ཐམས་ཅད་ཚུལ་ཁྲིམས་ཡིན། ཏིང་ངེ་འཛིན་གྱི་སྒོ་ཇི་སྙེད་ཅིག་སྟོན་པའི་མདོ་ཐམས་ཅད་མདོ་སྡེ་ཡིན་ལ། དེའི་བསྟན་དོན་བསམ་གཏན་སྒོམ་པ་ལ་སོགས་ཏིང་ངེ་འཛིན་གྱི་བསླབ་པ་ཡིན། སྟོང་ཉིད་གཏན་ལ་འབེབས་པའི་རྗོད་བྱེད་ཐམས་ཅད་མངོན་པའི་སྡེ་སྣོད་ཀྱི་ཁོངས་སུ་གཏོགས་ན། དེའི་བརྗོད་བྱ་ཐམས་ཅད་ཤེས་རབ་ཀྱི་བསླབ་པ་ཡིན། གསང་སྔགས་རྡོ་རྗེའི་ཐེག་པ་ལ་མཚོན་ན། རྒྱུད་སྡེ་སོ་སོའི་སྐབས་ཀྱི་དམ་ཚིག་གི་རྣམ་བཞག་སྟོན་པར་བྱེད་པའི་རྒྱུད་སྡེ་ཀུན་འདུལ་བའི་སྡེ་སྣོད་དང་། དེའི་བསྟན་དོན་ཐམས་ཅད་ཚུལ་ཁྲིམས་ཀྱི་བསླབ་པ། བསྐྱེད་རྫོགས་ཐུན་མོང་གི་རྗོད་བྱེད་ཐམས་ཅད་མདོ་སྡེའི་ཁོངས་སུ་གཏོགས་ན། དེའི་བསྟན་དོན་ཐམས་ཅད་ཏིང་ངེ་འཛིན་གྱི་བསླབ་པ། ཟབ་གསང་རྫོགས་པ་ཆེན་པོའི་རྗོད་བྱེད་ཐམས་ཅད་མངོན་པའི་སྡེ་སྣོད་དང་། དེའི་བསྟན་དོན་ཐམས་ཅད་ཤེས་རབ་ཀྱི་བསླབ་པ་ཡིན་ནོ། །དེས་ན་རྗོད་བྱེད་སྡེ་སྣོད་གསུམ་དང་བརྗོད་བྱ་བསླབ་པ་གསུམ་གྱི་ནང་དུ་མ་འདུས་པའི་བསྟན་པ་དམ་པའི་ཆོས་ཞིག་མེད་ཅིང་། དེ་དག་གིས་བསྡུས་པའི་ཐེག་རིམ་མཐའ་དག་གི་ལམ་གནད་ཡོངས་སུ་རྫོགས་པའམ་ཆ་ཚང་བ་ནི་ཀུན་མཁྱེན་ཀློང་ཆེན་པ་ཡབ་སྲས་བརྒྱུད་པ་དང་བཅས་པའི་གཞུང་ལུགས་འདི་ཉིད་ལ་འདུས་པ་ཡིན་ལ། ཐེག་བརྒྱད་མདོ་སྔགས་ཀྱི་ལམ་རིམ་ཐམས་ཅད་ཨ་ཏི་རྫོགས་པ་ཆེན་པོའི་ལམ་འདིའི་ལམ་སྟེགས་སམ་སྔོན་འགྲོ་ཡིན་པས། རྫོགས་ཆེན་ཡང་གསང་བླ་མེད་སྡེའི་མན་ངག་གི་སྙིང་པོ་ཀློང་ཆེན་སྙིང་གི་ཐིག་ལེ་འདི་ནི། མ་མཁའ་འགྲོ་འབུམ་གྱི་སྙིང་ཁྲག རིག་འཛིན་བྱེ་བ་ས་ཡའི་ཐུགས་ཐིག ཀུན་ཏུ་བཟང་པོའི་ཐུགས་ཀྱི་ཏི་ལ་ཀ གང་ཟག་བརྩོན་འགྲུས་ཅན་ཚེ་གཅིག་གམ་ལོ་དང་ཟླ་བས་གདོད་མའི་གཞི་ཐོག་ཏུ་སངས་རྒྱས་པའི་ཆོས་ཟབ་མོ་ཡིན་ལ། དེ་ལྟ་བུའི་ལམ་ལ་ཞུགས་པ་ན་ལམ་གྱི་སྔོན་འགྲོ་སྔོན་ལ་འགྲོ་དགོས་ཏེ། བྱ་བ་གང་ཞིག་བསྒྲུབ་དགོས་ཀྱང་གྲ་སྒྲིག་སྔོན་དུ་འགྲོ་དགོས་པའམ་ཡིག་སྐད་ལྟར་བཤད་ན་ཉེར་བསྡོགས་སྔོན་ལ་འགྲོ་དགོས་པ་ལྟ་བུའོ། །དཔེར་ན་ཁང་པ་མཐོན་པོ་དང་མཛེས་པ་ཞིག་སྐྲུན་དགོས་ན་དང་པོ་ཁང་པའི་རྩིག་རྨང་བརྟན་པོ་ཞིག་བརྐོ་དགོས་ཀྱི། དེ་མ་བརྐོས་ན་ཁང་པའི་གོ་མི་ཆོད་ནས་མཐར་ཞིག་རལ་དུ་ངེས་པར་འགྲོ་བས་རྨང་གལ་ཆེ་བ་ལྟར་དང་། ཡང་གྱང་ལ་ལོག་རིས་ཤིག་འབྲི་དགོས་ན་དང་པོ་གྱང་ལེགས་པོ་ཡོད་དགོས་ཀྱི། དེ་མེད་ན་རི་མོ་བྲི་ས་མེད་པ་ལྟ་བུ་ཡིན། དཔེ་དེ་བཞིན་ཆོས་ཡང་དག་པ་ཞིག་སྒྲུབ་དུས་སྔོན་འགྲོ་ཚད་ལྡན་ཞིག་སྔོན་ལ་མ་སོང་ན། དངོས་གཞི་ཡག་པོ་ཞིག་མི་འོང་བས་སྔོན་འགྲོ་ནམ་ཡང་གལ་ཆུང་བྱེད་མི་ཉན་ཞིང་ཤིན་ཏུ་གལ་ཆེན་བྱེད་དགོས། དེས་ན་སྙིང་ཐིག་རྫོགས་པ་ཆེན་པོ་ཟབ་མོའི་ལམ་གྱི་སྔོན་འགྲོ་འདི་ལ་ཐུན་མོང་ཕྱི་ཡི་སྔོན་འགྲོ་དལ་འབྱོར་རྙེད་དཀའ་སོགས་དང་། ཐུན་མིན་ནང་གི་སྔོན་འགྲོ་སྐྱབས་འགྲོ་ལ་སོགས་རྣམ་པ་གཉིས་སུ་ཡོད་པ་དང་། མ་ཚད་དངོས་གཞིའི་ཁྲིད་ཀྱི་སྐབས་སུ་ཡང་ཐུན་མིན་ཁྱད་པར་གྱི་སྔོན་འགྲོ་འཁོར་འདས་རུ་ཤན་ལ་སོགས་པ་ཡོད་ཅིང་། དེ་དག་ལ་ལྟོས་ན་འདི་དག་ཐུན་མོང་གི་དོན་ལ་སོང་ཡོད་པས་ཐུན་མོང་ཕྱི་ནང་ཞེས་གཅིག་ཏུ་བསྡུས་པའམ་ཡང་ན་གོ་དོན་གོང་བཤད་ལྟར་ཡིན། དངོས་གཞི་གདམས་པའི་ཆ་ལག་ཉེ་ལམ་འཕོ་བ་ལ་མཚོན་ན་ཨོ་རྒྱན་ཆེན་པོས། བསྒོམས་ཏེ་སངས་རྒྱས་ཀུན་ལ་ཡོད། །མ་བསྒོམས་སངས་རྒྱས་ང་ལ་ཡོད། །ཅེས་གསུངས་པ་ལྟར་མ་བསྒོམས་སངས་རྒྱས་ཆོས་ལྔའི་ནང་ཚན་འཕོ་བ་མ་བསྒོམས་སངས་རྒྱས་ཀྱང་དཀའ་ཚེགས་ཀྱི་ངལ་བ་ཆེན་པོ་ལ་ལྟོས་མི་དགོས་པས་མ་བསྒོམས་པའི་ཆོས་ཞེས་གསུངས། ལམ་ལ་ཞུགས་པའི་གང་ཟག་ལམ་སྦྱོང་བ་དམན་ན་འཕོ་བས་བསུ་གསུངས་པ་ལྟར། ལམ་བརྟན་པ་མ་ཐོབ་པ་རྣམས་ངན་འགྲོ་ལས་སྐྱོབ་པར་བྱེད་པའི་ཉེ་ལམ་མམ་ཉེན་སྲུང་ལྟ་བུ་ཡིན་པས་སྔོན་འགྲོའི་ཆ་ལག་ལ་བཞག་པ་ཡིན་པར་ང་རང་ཉིད་ཀྱིས་གོ་བ་བླངས་ནི་ཡིན། འཕོ་བའི་དོན་ནི། རྩ་དབུ་མ་དར་དཀར་གྱི་ལམ་ལ་བརྟེན་ནས། གནས་བདེ་ཆེན་དག་པའི་ཞིང་ཁམས་སུ། སེམས་རྣམ་ཤེས་ཀྱི་མགྲོན་པོ་ཐོགས་མེད་དུ་འགྲོ་བའི་འཕོ་བ་མ་བསྒོམས་སངས་རྒྱས་དང་བཅས་པ་ཀུན་ཀྱང་། ཚིག་གི་གསལ་ཁ་ལ་ནག་གེ་ནོག་གེ་མེད་པར་མ་ཟད་ཕལ་བས་ཉན་ནའང་ཤིན་ཏུ་གོ་བདེ་བ་དང་། བརྗོད་བྱའི་དོན་ཟབ་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཡིན་པས་ན། ཁྲིད་ཡིག་གི་གཞུང་འདི་ཉིད་སྡེབ་སྦྱོར་དང་མངོན་བརྗོད་སོགས་ཀྱིས་བཅིངས་ནས་མཁས་པ་མ་གཏོགས་མི་གོ་བ་དེ་འདྲ་ཡང་མིན་ཏེ། དཔལ་སྤྲུལ་རིན་པོ་ཆེའི་གསུང་ནི། ཕལ་བས་ཉན་ན་གོ་བདེ་བ། མཁས་པས་བརྟག་ན་དོན་ཟབ་པ་ཡིན་པས་མ་ཚད། ཁ་སྐད་ལ། ས་ཐོག་བླ་མ་བརྒྱ་ཡོད་ཀྱང་། །སེམས་ཐོག་བླ་མ་གཅིག་ཡིན། །བླ་མ་མི་འདྲ་རྩ་ཆེན་ཡིན་ཟེར་བ་ལྟར། བཀའ་དྲིན་མཚུངས་ཟླ་མེད་པ་ཐུགས་རྗེ་གཞན་ལས་ལྷག་ཏུ་མྱུར་བ་པོ། ཇི་སྐད་དུ། ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ན་ཡང་། །བཀའ་དྲིན་སངས་རྒྱས་སྟོང་ལས་ལྷག་པའི་མགོན། །ཞེས་གསུངས་པ་ལྟར་དྲིན་ལྡན་བླ་མའི་བཀའ་ལུང་མ་ནོར་མ་འཁྲུལ་བ་གང་དང་གང་གསུངས་པའི་དོན་རྣམས་རང་ཉིད་ཀྱི་བློའམ་ཡིད་ངོར་ཇི་བཞིན་ངེས་པ་དེ་དེ་བཞིན་ལས། རང་བཟོ་ལ་སོགས་པས་བསྲེ་བསླད་མེད་ཅིང་ཞལ་རྒྱུན་དྲི་མ་མེད་པ་ཤ་སྟག་གཞུང་འདིར་བཤད་ཀྱིས་ཞེས་བསྟན་བཅོས་འདིའི་ལུས་རྣམ་བཞག་བསྟན་པ་དང་བཅས་ཏེ་རྩོམ་པར་དམ་བཅའ་བ་སོང་། དམ་བཅའ་བའི་དགོས་པ་ནི་རྩོམ་པ་མཐར་ཕྱིན་པའི་ཆེད་དུ་ཡིན་ཏེ། སྐྱེས་བུ་དམ་པ་ཞིག་ཡིན་ནས་བཟུང་མ་བརྟགས་པར་ཁས་མི་ལེན། གལ་ཏེ་ཁས་བླངས་ཚར་ནས་བྱ་བ་དེ་མ་འགྲུབ་པར་མི་གཏོང་བ་ཡིན། དཔེར་ན་མྱི་ཡ་རབས་ཤིག་ལ་བློ་གང་གཏད་ན་ཁས་བླངས་ཚར་དུས་ཚིག་ཐོག་ལ་གཡོ་མེད་དུ་འདུག་པ་ལྟར་ཡིན། དེ་མིན་མྱི་སྡུག་པོ་བློ་སྣ་ཐུང་ཐུང་ཅན་ཞིག་གིས་རྩོམ་པར་དམ་བཅས་པས་མ་ཚད་ཅི་བྱས་ཀྱང་། དེ་རིང་བཤད་ཐོག་སང་ཉིན་མེད་པས་རྩོམ་པ་མཐར་ཕྱིན་པ་མ་ཡིན་ཏེ། ཡ་ཐའི་མགོ་ལ་ཙིག་ཙིག མ་ཐའི་མགོར་ཡང་ཙིག་ཙིག འགོ་མ་བཟུང་བ་ཁེ་རུ་མ་ཞིག་མེད་ཀྱང་། མཐའ་འབུད་རྒྱུ་ཁེ་རུ་མ་ཞིག་མེད་པ་ཡིན། དེས་ན་དཔལ་དགེ་རིན་པོ་ཆེས་དམ་བཅས་པ་འདི་ནི། ཇི་སྐད་དུ། དམ་པས་མང་པོ་ཁས་འཆེ་མི་བྱ་ཞིང་། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་འགྱུར་བ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་ཡིན་ནོ། །དེ་ལྟར་དམ་བཅས་ཟིན་ནས་ལྷག་པའི་ལྷ་དང་བླ་མས་བདག་དང་གཞན་གྱི་རྒྱུད་ལ་བྱིན་གྱིས་རློབས་ཤིག་ཅེས་ཁོང་དང་འབྲེལ་ཚད་ཐར་བའི་ལམ་ལ་འགོད་པའི་ཐུགས་བསྐྱེད་དམ་བཅས་སྨོན་པ་དུས་སུ་སྨིན་པར་བསྐུལ་ཞིང་གསོལ་བ་བཏབ་པ་ཡིན་ནོ། །སྤྱིར་རྫོགས་པ་ཆེན་པོའི་ཁྲིད་ཁ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ཡོད། སྔོན་འགྲོ་སྔོན་ལ་སོང་ནས་རྗེས་སུ་དངོས་གཞི་ལ་འཇུག་དགོས། སྔོན་འགྲོ་ལེགས་པོ་ཞིག་སྔོན་ལ་མ་སོང་བར་དངོས་གཞི་ལ་འཇུག་ཀྱང་གྱང་མེད་པའི་རི་མོ་དང་རྨང་མེད་པའི་ཁང་པ་ལྟ་བུ་ཡིན། ལར་འཇིག་རྟེན་མི་ལ་སོགས་པའི་སྐྱེ་འགྲོ་མཐའ་དག་གིས་ཉིན་མི་ཁོམ་མཚན་མི་གཉིད་པར་རྒྱུག་ཅིང་བྲེལ་བ་འདི་དག དམིགས་ཡུལ་འདོད་པའི་ཁ་མི་གང་ནས་བདེ་བ་ཞིག་ཨེ་ཐོབ་བསམ་སྟེ་རྒྱུག་ཅིང་བྲེལ་བ་རེད། ད་སྔ་ཡན་ཆད་ས་སྟེང་རྐང་རྗེས་བཞག་ནས་འདས་ཟིན་གྱི་མི་ཐམས་ཅད་ཀྱང་བདེ་བ་དོན་གཉེར་ལ་བརྒྱུགས་ནས་སོ་སོའི་ཚེ་ཅི་ཡོད་ལ་འབད་ཀྱང་འཆི་ཁར་བདེ་བ་སེམས་ཁ་གང་བ་ཞིག་མ་རྙེད་ནས་བློ་ལྷག་དང་བཅས་ཚེ་རྫོགས་ཏེ་མིང་མེད་དུ་ཆས་སོང་། ད་ལྟ་རང་རེ་ས་སྟེང་རྐང་པ་བཙུགས་ནས་འགྲོ་མཁན་ཚང་མས་སྔ་ཕྱི་དྲོ་ཙམ་ལ་ཡང་མི་ཁོམ་པར་བྲེལ་དོ་དེའི་ངང་རྒྱུག་པ་ཀུན་ཀྱང་བདེ་བ་ཞིག་གི་དོན་དུ་རྒྱུག་འདུར་གཉིས་ཀ་བྱས་ནས་མི་ཚེ་འཛད་བཞིན་ཡོད་པ་རེད། མི་རབས་རྗེས་མ་ཐམས་ཅད་ཀྱང་འདི་བཞིན་བརྒྱུགས་ནས་ཚེ་ཚད་རྫོགས་ཤིང་མེད་པར་འགྱུར་བ་ཡིན། དེས་ན་འདས་མ་འོངས་ད་ལྟ་སྟེ་དུས་གསུམ་གྱི་སྲོག་ལྡན་ཚང་མས་དོན་དུ་གཉེར་བྱ་བདེ་བ་འབའ་ཞིག་ཡིན་ལ། བདེ་བ་དེ་ལ་དབྱེ་བ་ཞིབ་ཏུ་བྱེད་ན་རྣམ་གྲངས་ཀྱི་ཐོག་ནས་ལུས་དང་སེམས་ཀྱི་བདེ་བ་གཉིས། དུས་ཀྱིས་དབྱེ་ན་འཕྲལ་དང་ཡུན་གྱི་བདེ་བ་གཉིས་སམ་གནས་སྐབས་དང་མཐར་ཐུག་གི་བདེ་བ་གཉིས། ཁྱབ་ཚད་ཀྱིས་དབྱེ་ན་རང་ཁོ་ནའི་བདེ་བ་དང་། རང་གཞན་གཉིས་ཀའི་བདེ་བ་དང་། གཞན་ཁོ་ནའི་བདེ་བ་དོན་གཉེར་གྱི་སྒོ་ནས་དམིགས་འདུན་ཆེ་ཆུང་གི་ཁྱབ་ཚད་དང་ལྡན་པ་ཞིག་ཡིན། ད་དུང་ཞིབ་ཕྲས་དབྱེ་ན་ཟག་བཅས་དང་ཟག་མེད་ཀྱི་བདེ་བ་ལ་སོགས་པ་ངོ་བོའི་ཐོག་ནས་ཁྱད་པར་ཆེན་པོ་ཡོད། དེང་སྐབས་རང་ཅག་རྣམས་ཀྱིས་ཟབ་མོའི་གདམས་ངག་ཉན་པ་འདི་ཡང་རང་གཞན་གྱི་ཁྱད་པར་མི་སོ་སོ་ལ་བསམ་པའི་ཀུན་སློང་ཐ་དད་ཡོད་ཀྱང་དོན་དངོས་ཐམས་ཅད་བདེ་བའི་དོན་ཡིན་པར་འདྲ་བ་ཡིན། དམ་པའི་ཆོས་བསྒྲུབས་ཏེ་བདེ་བ་དོན་གཉེར་བྱེད་རྒྱུ་འདི་ནི་ལུས་སེམས་གཉིས་ཀའི་ནང་ནས་གཙོ་བོ་སེམས་ཀྱི་བདེ་བ་དང་། འདི་ཕྱི་གཉིས་ཀྱི་ནང་ནས་ཕྱི་མའི་བདེ་བ་དང་། འཕྲལ་ཡུན་གཉིས་ཀྱི་ནང་ནས་ཡུན་གྱི་བདེ་བ་དེ་ཉིད་དོན་གཉེར་བྱེད་པ་རེད། དེས་ན་རང་རེ་རྣམས་ཐེག་པ་ཆེན་པོའི་ལམ་ལ་ཞུགས་ཏེ་སེམས་ཅན་ཐམས་ཅད་ཕ་མ་ཡིན་པར་ཤེས་པའི་ཐོག་ནས། ད་རེས་ལུས་རྟེན་འདིའི་ཐོག་ཏུ་དམ་པའི་ཆོས་ཤིག་བསྒྲུབས་ནས་ཡོན་ཏན་ཁྱད་པར་ཅན་ཞིག་ཨེ་ཐོབ་བལྟ་དགོས་ཏེ། མ་རྒན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་འདི་ལས་བསྒྲལ་ཐུབ་པ་ཞིག་བྱེད་དགོས་བསམ་པའི་བསམ་པ་ཞིག་སྔོན་ལ་བཏང་སྟེ། ལམ་ཁྱད་པར་ཅན་ཞིག་ལ་བརྟེན། ཐབས་ཁྱད་པར་ཅན་ཞིག་གི་སྒོ་ནས་ལམ་ཁྲིད་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་གི་རྗེས་སུ་ཞུགས་ནས་བརྩོན་འགྲུས་ཐང་གློད་མེད་པ་ཞིག་གིས་དམིགས་འདུན་དེ་འགྲུབ་ངེས་ཨེ་ཐུབ་ལྟ་དགོས། དེ་ཡང་ལམ་མྱུར་བ་རྫོགས་པ་ཆེན་པོ་མི་རང་ཉིད་ལ་བརྩོན་འགྲུས་ཡོད་ན་ཚེ་ལུས་འདིའི་སྟེང་ནས་སངས་རྒྱས་ཐོབ་ཆོག་པའི་ཆོས་དང་འཕྲད་དུས། ཆོས་ཆོས་བཞིན་དུ་སྒྲུབ་ནུས་པའི་གང་ཟག་ཞིག་གིས་ཐོག་མར་སྔོན་འགྲོ་འདི་ལ་གནད་ཆེན་བརྩི་དགོས་པ་ནི་གལ་ཆེན་ནང་གི་དོན་ཆེན་རེད། སྔོན་འགྲོའི་དོན་གནད་ནི་བསགས་སྦྱངས་གཉིས་ཀའི་ཆེད་དུ་ཡིན་པས། འབུམ་ལྔ་གསོག་པའམ་ཀུན་བཟང་ཞལ་ལུང་ཉན་པ་སོགས་གང་ཡིན་ཡང་དགོས་པ་དང་དམིགས་ཡུལ་ནི་བསགས་སྦྱངས་གཉིས་ཀའི་ཕྱིར་དུ་འབད་པར་ཡིན། ད་སྔོན་ཉི་མ་ཡན་ཆད་འཁོར་བའི་གནས་འདིར་སྡུག་བསྔལ་འབའ་ཞིག་ལས་བདེ་བའི་གོ་སྐབས་ཐོབ་མ་མྱོང་བ་འདི། ཚོགས་མ་བསགས་སྒྲིབ་པ་མ་སྦྱངས་པས་ལན་པ་ཡིན་ཏེ། ཇི་སྐད་དུ། དོན་དམ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བརྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་གསུངས་པ་ལྟར་དོན་དམ་གྱི་རྟོགས་པ་ཁྱད་པར་ཅན་ཞིག་སྐྱེ་དགོས་ན་ཚོགས་བསགས་སྒྲིབ་སྦྱོང་གི་སྟེང་། ཉམས་རྟོགས་ལྡན་པའི་བླ་མ་ཞིག་ལ་བསྟེན་ནས་དེའི་དགོངས་བརྒྱུད་རྟོགས་པའི་བྱིན་རླབས་འཕོ་ཐབས་བྱེད་པ་མ་གཏོགས་ཐབས་གཞན་རྒྱལ་བས་བཙལ་ཀྱང་མི་རྙེད། དེས་ན་སྔོན་འགྲོ་བསགས་སྦྱངས་ཀྱི་སྐོར་འདི་གནད་ཤིན་ཏུ་ཆེ་སྟེ། གྱང་གི་རི་མོ་དང་ཁང་པའི་རྩིག་རྨང་ལྟར་གལ་ཆེ་བ་གོང་ཞུས་བཞིན་ནོ། །ད་སྐབས་བཤད་རྒྱུའི་ཀུན་བཟང་ཞལ་ལུང་གི་ཁྲིད་ཀ་འདི་ལ་ཁྲིད་རྐང་བཅུ་གཉིས་ཀྱིས་ལུས་ཡོངས་རྫོགས་བསྟན་ཡོད་ལ། སྔོན་འགྲོའི་ཁྲིད་དེ་ལ་མོས་ཁྲིད་དང་སྨིན་ཁྲིད་གཉིས་ཡོད། མོས་ཁྲིད་ཀྱི་དོན་ནི། སློབ་མ་སྣོད་ལྡན་ཆོས་ལ་དོན་གཉེར་ཅན་ཐར་པ་བྱང་ཆུབ་ཀྱི་གོ་འཕང་ཚེ་ལུས་འདི་ལ་བསྒྲུབ་དགོས་བསམ་པའི་སྒོ་ནས། བླ་མ་ཚད་ལྡན་ཞིག་ལ་བསྟེན་ཅིང་བླ་མ་དེས་ཀྱང་སློབ་མའི་རྒྱུད་ཚོད་དང་འཚམས་པའི་སྔོན་འགྲོའི་ཁྲིད་ཡིག་གི་ནང་དོན་ཀུན་ཚིག་གི་བརྡ་འཕྲོད་ཅིང་། དོན་གྱི་གོ་བ་ལོན་པ་ཞིག་བཤད་པས་སློབ་མས་ཚིག་དོན་གཉིས་ཀའི་ཆ་གོ་ནས་སྐབས་ཀྱི་བཤད་བྱ་འདི་དང་འདི་ལྟ་བུའོ་སྙམ་པའི་ངེས་ཤེས་བསྐྱེད་ནུས་པ་དེ་ལ་མོས་ཁྲིད་ཟེར། སྨིན་ཁྲིད་ནི་སྔ་མ་མོས་ཁྲིད་ཀྱི་རྨང་གཞིའི་སྟེང་གོ་བ་ཙམ་དང་ཤེས་པ་ཙམ་གྱིས་མི་ཕན་ཞིང་། རྒྱང་ནས་ལྟད་མོ་བལྟས་པ་ལྟ་བུ་དང་རྒན་པོས་གནའ་གཏམ་ཉན་པ་ལྟ་བུ་མ་ཡིན་པར། དངོས་སུ་རང་རྒྱུད་ལ་བླངས་ནས་བསྟན་བྱའི་དོན་དེ་རང་ཉིད་ཀྱི་ལུས་སེམས་གཉིས་ཀྱི་སྟེང་དུ་ཕབ་ནས་བསྒོམ་དགོས། དཔེར་ན་ལྷ་ས་རྣ་བས་གོ་བ་དང་མིག་གིས་མཐོང་བ་གཉིས་མི་འདྲ་བ་བཞིན། དོན་ལ་ངེས་ཤེས་སྐྱེ་བ་དང་གོ་བ་མྱོང་ནས་ལོན་ལུགས་གཉིས་མི་འདྲ་བའི་ཁྱད་པར་ཆེ་བས་ཁ་དོན་གཉིས་ཀྱི་ཐོག་ལ་ཁྱད་པར་ཆེན་པོ་ཡོང་། དེས་ན་རང་ཅག་ཀློང་ཆེན་སྙིང་ཐིག་གི་ཆོས་བརྒྱུད་འདི་ལ་སྨིན་ཁྲིད་ཀྱི་ཕྱག་ལེན་ཡོད་པས་ཁྲིད་མ་ཞུས་ན་མ་ཞུས་རེད་མ་གཏོགས། གཅིག་ཞུས་ནས་བཟུང་ཁྱོད་ཚོས་ཀྱང་ལེགས་པོ་ཞིག་ཞུའོ་བསམ་དགོས། ངས་ཀྱང་མ་བཤད་ན་མ་བཤད་མ་གཏོགས་གཅིག་བཤད་ཕྱིན་ཆད་ཉན་པ་པོའི་རྒྱུད་ལ་ཕན་འདོགས་གང་འཚམས་རེ་འོང་པའི་ཆེད་དུ་སྨིན་ཁྲིད་ཞིག་འགྱུར་ན་བསམས་ནས་བཤད་པ་ཡིན་པས་ཆོས་ཁྲིད་འདིའི་ཚེ་ཐུན་བཞི་ཆགས་མེད་བསྡོམས་ནས་ཉམས་ལེན་བྱེད་དགོས། དེ་ལྟར་མ་ཡིན་པར་རྩེ་ཞོར་རྒོད་ཞོར་འགྲོ་ཞོར་འདུག་ཞོར་ཆོས་ཞུས་པས་ནི། ཧོར་སེར་པོས་ཆོས་ཞུས་པ་དང་འདྲ་བ་ཞིག་འོང་སྟེ། ཧོར་སེར་པོས་བླ་མ་གསེར་ཞུ་ཅན་ལས་ཅི་ཡིན་འདི་ཡིན་མེད་པར་ཧོར་ཤན་པ་མ་གཏོགས་ཀུན་ཀྱིས་ཆོས་ཤིག་ཞུས་པས་ཧོར་མི་རེའི་མགོ་ལ་འཇའ་རེ་ཤར་ནས། བླ་མ་གསེར་ཞུ་ཅན་མཐོ་ནམ་མཁའི་དབྱིངས་སུ་ཇེ་མཐོ་ཇེ་མཐོ་རུ་སོང་དུས། ཤན་པ་ཆགས་ཆེ་སྙམ་ཡང་འགྱོད་པ་ཤོར་བ་ཡིན་ཏེ། སྡེ་ཧོར་ཡུལ་ཆོས་ཀྱི་ཉི་མ་ཤར། །ནག་ཙིག་གེ་ཤན་པ་ཆོས་སྐལ་ཆད། །ཅེས་གླུ་བླངས་པས་བླ་མ་མར་ཇེ་དམའ་བྱོན་ནས་ཤན་པ་ལ་དབང་ཚིག་རྩ་ཅན་ཞིག་བསྐུར་དུས་ཤན་པའི་མགོ་ལའང་གཞན་ལས་ལྷག་པའི་འཇའ་དགུ་རྩེགས་ཤིག་ཤར་སོང་བ་དང་འདྲ་བས་མི་འོང་བས། ཆོས་ཞུ་དུས་བྱིས་པས་རྩེད་མོ་རྩེ་འདྲ་རེད་མི་ཉན། ད་རེས་ཐ་ན་མོས་ཁྲིད་ལྟ་བུ་ཡིན་ཡང་སྐྱོར་སྦྱོང་བྱེད་དགོས། ཁྲིད་གང་ཞུས་ཀྱང་ཉིན་རེའི་ཆོས་ཁྲིད་དེ་མ་མཐའ་ཡང་ཚར་བཅུ་རེ་བཅོ་ལྔ་རེ་ལྟ་ཨེ་ཐུབ་བལྟ་དགོས། དེ་ལྟར་མ་ཡིན་པར་ཉན་ཙམ་བྱས་ནས་བསྐྱུར་བཏང་ན་འཁྱག་ཤུད་བརྒྱབ་པ་ལྟ་བུ། འདི་གོ་དེ་གོ་མེད་པའི་ངང་ནས་མཇུག་བུད་ཤོར་ན་རང་རྒྱུད་སོར་གང་གིས་ཡར་སྐྱེད་མེད་པས། མཐར་ཆོས་དྲེད་ཆོས་ཀྱིས་མི་ཐུལ། མར་ལྐོག་སྣུམ་གྱིས་མི་ཐུལ་ཟེར་བ་ལྟར་དྲེད་པོ་ཆོས་རྒྱུས་ཅན་དུ་གྱུར་ཅིང་། ནམ་ཞིག་ལས་མཐའ་ལོག་པ་ནགས་མཐའི་མི་རྒོད་ལྟ་བུ་ཞིག་གྱུར་ན། འདི་ཕྱི་གཉིས་མེད་ལ་ཐུག་ཚར་བས་དེ་དུས་འགྱོད་པ་སྐྱེས་ཀྱང་། ཨ་རེ་འགྱོད་དེ་བག་ཙམ་ཕྱིས་པ་འདྲ། །ཟེར་བ་ལྟར་རོ། །དེས་ན་ད་ལྟ་རང་དབང་རང་ལག་ཡོད་དུས། ངོས་པདྨ་ཐང་གི་སྨིན་ཁྲིད་ཀྱི་འཆར་གཞི་ཉིན་རེ་ཐུན་བཞི་བཅད་ཅིང་སྔ་མོ་དུས་ཚོད་ལྔའི་ཐོག་ཡར་བཞེངས་ནས་རླུང་རོ་བསལ། རླུང་བྱིན་རླབས་དང་ངག་བྱིན་རླབས་བྱས་ཐོག སྙིང་ཐིག་སྔོན་འགྲོའི་ངག་འདོན་ཆ་ཚང་ཚིག་རྗེས་དོན་དྲན་གྱིས་འདོན། དེའི་བར་ཡིག་བརྒྱ་དང་སིདྡྷི་སོགས་གང་འཚམས་རེ་སོག བླ་མའི་རྣལ་འབྱོར་སྐབས་དབང་གཞི་ལེན་ཅིང་། མཐར་བླ་མ་དང་ཐུགས་ཡིད་དབྱེར་མེད་བསྲེས་ཏེ་མཉམ་པར་ཞོག དེ་ལས་ལངས་ནས་རྗེས་ཐོབ་བསྔོ་བ་སྨོན་ལམ་གྱིས་མཐའ་བརྒྱན་ནས་སྤྱོད་ལམ་ལ་འཇུག དུས་ཚོད་བདུན་ཐོག་ནངས་ཇ་གསོལ། སྔ་ཐུན་ཆོས་ཁྲིད་ཡོད་ཚེ་ཐུན་ཚབ་ཆོས་ཁྲིད་ཀྱིས་འཐུས། ཕྱི་ཐུན་ཆུ་ཚོད་གཉིས་ནས་ཕྱི་ཐུན་ལ་འཇུག དགོང་མོ་ཡང་བདུན་ནས་ཐུན་ལ་འཇུག་རྒྱུའི་འཆར་གཞི་ཡིན། ཐུན་ཐམས་ཅད་ནང་བླ་མའི་རྣལ་འབྱོར་དབང་བཞི་བླངས་ནས་ཐུགས་ཡིད་བསྲེས་རྗེས་སྐབས་ཐོབ་ཁྲིད་རྐང་གང་ཡིན་གྱི་དམིགས་རིམ་རྣམས་བསྒོམ་དགོས། དཔེར་ན་འཁོར་བའི་ཉེས་དམིགས་བཤད་སྐབས་ངན་སོང་གི་གནས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་རང་གི་ལུས་ཐོག་ལ་དངོས་སུ་མྱོང་གི་ཡོད་པ་ལྟ་བུ་ཞིག་བསྒོམ་དགོས། ཡང་མཚམས་རེར་རང་གི་ཨ་མ་རྒན་མོ་དྲིན་ཅན་མ་དེས་སྡུག་བསྔལ་དེ་དག་མྱོང་གི་ཡོད་པར་བསམས་ནས་དེའི་ཐོག་ཉམས་ལེན་བྱེད་དགོས། ད་ལྟ་དངོས་སུ་སྡུག་བསྔལ་མྱོང་བཞིན་པའི་དམྱལ་བའི་སེམས་ཅན་དེ་དག་ད་ལྟའི་མ་དངོས་མིན་ཡང་ཚེ་རབས་སྔོན་མའི་མ་ཡིན་ངེས་པའི་དོན་ལ་བསམས་ནས་བསྒོམ། མཇུག་ཏུ་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་འདི་དང་འདི་འདྲ་བ་དངོས་སུ་ལུས་ཀྱིས་མྱོང་མི་དགོས་སེམས་ཀྱིས་མི་བཟོད་པས། སྡུག་བསྔལ་འདི་ལྟ་བུ་མྱོང་གི་ཡོད་པ་རྣམས་ལ་དམིགས་ནས་སྙིང་རྗེ་བསྐྱེད་ཅིང་། སྙིང་རྗེས་དྲངས་པའི་མར་གྱུར་སེམས་ཅན་ཐམས་ཅད་སྡུག་བསྔལ་འདི་ལས་བསྐྱབ་པར་བྱ་དགོས། འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་བྱ་དགོས། དུས་གཏན་དུ་བདེ་བ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ལ་འགོད་པར་བྱ་དགོས་བསམ་རྒྱུའི་ཆོད་སེམས། བྱང་ཆུབ་ཀྱི་སེམས་སྐད་ཅིག་མ་རེ་རེ་ཡང་སྐྱེ་བའི་ཐབས་ལ་དམིགས་ནས་བློ་སྦྱོང་དགོས། འདིའི་ནང་སེར་སྐྱ་དང་ཕོ་མོ་ལ་མ་ལྟོས་པར་སྨིན་ཁྲིད་ཉམས་ལེན་བྱེད་མཁན་ཡོད་ན་ཐང་། དེ་ཚོའི་དགོས་མཁོ་དང་བསྟུན་ངས་འདི་ནས་རླུང་རོ་བསལ་ཚུལ་དང་ངག་བྱིན་རླབས་བྱེད་ཚུལ་རགས་ཙམ་ཞིག་བཤད་ན། ནངས་སྔ་མོ་ཡར་སད་དུས་ནམ་མཁའི་དབྱིངས་ནས་དཔའ་བོ་དང་མཁའ་འགྲོ་མའི་ཚོགས་མང་པོ་བྱོན་ནས་ཕྱག་གིས་ཌཱ་མ་རུ་དང་དྲིལ་བུའི་སྒྲས་རང་ཉིད་གཉིད་ལས་བསླང་བར་བསམས་ནས། ཡར་ལངས་མལ་དུ་དལ་མོ་སྐྱིལ་ཀྲུང་ཞིག་བཅས། ལུས་ཚུགས་དྲང་པོར་སྲོང་། སྔོན་འགྲོ་དང་དངོས་གཞི་གང་སྒོམ་ཡང་གྲོལ་ལམ་ཆོས་བདུན་དང་མ་བྲལ་བ་ཞིག་དགོས། བདུན་པོ་གང་ཞེ་ན་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་། སྒལ་ཚིགས་དྲང་པོར་སྲོང་། དཔུང་པ་ལྷོད་དེ་བརྒྱང་གསུངས་པས་ཧ་ཅང་སྡོམ་པ་ཡང་མ་ཡིན། ཧ་ཅང་ལྷོད་ཆེ་བ་ཡང་མ་ཡིན་ཏེ། སྤྱིར་རྫོགས་པ་ཆེན་པོའི་སྔོན་འགྲོ་དང་དངོས་གཞི་གང་སྒོམ་ན་ལུས་སེམས་གཉིས་ཀ་ལྷོད་དེ་འཇོག་རྒྱུ་གནད་ཆེ། མགྲིན་པ་ཨེན་ཙམ་མར་དགུག་དགོས། མཆུ་སོ་གཉིས་མ་རེག་ཙམ་གྱི་བར་ནས་དབུགས་ལེན་དགོས་པ་དང་། ལྕེ་ཡ་རྐན་ལ་སྦྱར་ཞིང་། མིག་མདུན་ཐད་གཉའ་ཤིང་གང་ཙམ་གྱི་བར་སྣང་ལ་ལྟོས། ལག་པ་གཉིས་མཉམ་བཞག་གམ་གཙོ་ཆེར་སེམས་ཉིད་ངལ་གསོའི་བཞུགས་སྟངས་ཀུན་མཁྱེན་ཆེན་པོ་ལྟར་པུས་མོ་གཉིས་ཀྱི་ཐོག་ལག་པས་བཀབ་ནས་འཇོག་དགོས། དེ་ནས་རླུང་གི་སྙིགས་མ་བསལ་ཕྱིར་རླུང་རོ་འབུད་དགོས་ཏེ། དེ་ཡང་ལག་གཉིས་ཀྱི་སྲིན་མཛུབ་སྟེང་མཐེ་བོང་གཉིས་ཀྱིས་མནན་ནས་རྡོ་རྗེའི་ཁུར་ཚུར་བྱས་ཏེ་བརླའི་རྩ་ཆེན་གཉིས་མནན། དེ་ནས་ལག་པ་གཡས་པའི་སྲིན་མཛུབ་ཀྱིས་སྣ་བུག་གཡས་པ་བཀག་ནས་སྣ་བུག་གཡོན་པའི་ནང་ནས་ཉོན་མོངས་པ་འདོད་ཆགས་ཀྱི་རླུང་ཁ་དོག་དམར་སྐྱ་མི་གཙང་བའི་རྣམ་པ་ཅན་ཞིག་ཕྱིར་སོང་བར་བསམ་ལ་རླུང་རོ་གསུམ་འབུད། ཡང་ལག་པ་བརྗེས་ནས་གཡོན་པའི་སྲིན་མཛུབ་ཀྱིས་སྣ་བུག་གཡོན་པར་མནན་ནས་གཡས་པའི་ནང་ནས་ཞེ་སྡང་གི་རླུང་དཀར་སྐྱ་མི་གཙང་བའི་རྣམ་པ་ཅན་ཞིག་ཕྱིར་སོང་བར་བསམ་ལ་རླུང་གསུམ་འབུད། ཡང་ལག་གཉིས་ཀྱིས་བརླའི་རྩར་མནན་ནས་སྣ་བུག་གཉིས་ནས་གཏི་མུག་གི་རླུང་ནག་པོ་མི་གཙང་བའི་རྣམ་པ་ཅན་ཞིག་ཕྱིར་སོང་བར་བསམ་ལ་གཉིས་མཉམ་གྱི་རླུང་གསུམ་འབུད། མདོར་ན་གཡས་ནས་གསུམ། གཡོན་ནས་གསུམ། མཉམ་པར་གསུམ་སྟེ་གསུམ་གསུམ་དགུ་ཕྲུགས་སུ་འབུད་དགོས། རྩ་རོ་རྐྱང་གཉིས་ཕོ་མོ་ལ་ཆགས་ལུགས་མི་འདྲ་བས་གཡས་གཡོན་གོ་ལྡོག་ནས་བསྒོམ། དེ་ནས་ཅུང་ཟད་ངལ་གསོ། རླུང་བྱིན་རླབས་བྱ་བ་ནི། འབྲུ་གསུམ་རྡོ་རྗེའི་བཟླས་པ་བྱེད་དགོས། འབྲུ་གསུམ་ནི་ཨོཾ་ཨཱཿཧཱུཾ་གསུམ་ཡིན། ངག་ཐོག་ནས་མ་ཡིན་པ་སྐབས་འདིར་རླུང་བཟླས་ཡིན་པས་དབུགས་ནང་དུ་རྔུབ་དུས་ཨོཾ་དཀར་པོའི་རྣམ་པས་རྔུབ། གནས་ཚེ་ཨཱཿདམར་པོའི་རྣམ་པ་སྒོམ། ཕྱིར་དབྱུང་དུས་ཧཱུཾ་སྔོན་པོའི་རྣམ་པ་བསམ་པ་དེར་ཚར་གཅིག་ཡིན། དེ་འདྲའི་ཚར་ཉི་ཤུ་རྩ་གཅིག་ཙམ་བྱ་དགོས། དེ་ནས་ངག་བྱིན་རླབས་ལྕེ་དབང་རཾཿཡིག་ལས་བྱུང་སོགས་ཚིག་རྗེས་དོན་དྲན་དམིགས་པ་དང་མ་བྲལ་བའི་ངང་ནས་འདོན་སྒོམ་ཟུང་འབྲེལ་བྱ་དགོས། སྤྱིར་ཁས་འདོན་པ་འདོན་རྒྱུ་དེ་སེམས་ལ་དམིགས་པ་འོང་བའི་ཆེད་ཡིན། དེས་ན་དམིགས་རིམ་དང་བསྟུན་ནས་འདོན་དགོས། སེམས་གཞན་དུ་གཡེངས་ནས་ཁས་འདོན་པ་བཏོན་པ་ནི་ནཻ་ཙོའི་འདོན་པ་ལྟ་བུ་རེད། མདོར་ན་ཆོས་ཞུས་པའི་དོན་པོ་རྣ་རྒྱབ་རླུང་སྒྲར་མི་འགྲོ་བའི་ཆེད། ཚིག་རེ་ཡིན་ཡང་རང་གི་རྒྱུད་ལ་ཕན་པའི་དོན་དུ་ཉམས་སུ་ལེན་ཅི་ཐུབ་ཀྱིས་སྦྱོང་དགོས། ལས་དང་པོ་བ་རྣམས་ལ་ཅི་གོ་འདི་གོ་མེད་པ་ལྟ་བུ་ཞིག་ཐོག་མར་ཡོང་སྲིད་ཀྱང་། ཉི་མ་རེ་རེ་བཞིན་ཚིག་རེ་ཡིན་ཡང་བསགས་ནས་ཀུན་ཀྱིས་སྦྱོངས་དང་རིམ་གྱིས་རིམ་གྱིས་ཤེས་འོང་ངེས་ཏེ། ཤེས་བྱ་ཡིན་པའི་ཕྱིར། དཔེར་ན། གྲོགས་མཁར་དང་ནི་སྦྲང་རྩི་བཞིན། །རིང་པོར་མི་ཐོགས་མཁས་པར་འགྱུར། །ཞེས་པ་ལྟར་རོ། །དེས་ན་མི་ཀུན་ཀྱང་སྤྱིར་འདྲ་བ་ཡིན་པས་ཡུན་རིང་སྦྱོང་ན་ཤེས་འོང་བ་ཡིན། དེ་ཡན་ཆད་ཀྱིས་ཐོག་མར་དགེ་བ་ཀླད་ཀྱི་དོན་ཡོངས་རྫོགས་སོང་བས་དེ་རིང་ཁྲིད་སྦྱང་ཟུར་བ་མེད་ཀྱང་དོན་གྱི་གོ་བ་ལོན་པར་བྱེད་དགོས། དེ་རིང་གི་ཆོས་མཚམས་འདི་ནས་འཇོག་གསུངས་ནས་བསྔོ་བས་མཐའ་བརྒྱན་ཏེ་ཆོས་ཁྲིད་གྲོལ་སོང་ངོ་།། །།

ཁ༽ ཉིན་གཉིས་པར་བཤད་བྱའི་ཡན་ལག་གི་ཆོས་ཁྲིད།

ཡང་མཆོད་བརྗོད་སོགས་གསུངས་ནས།

ཨ༽ མཚམས་སྦྱོར་གྱི་གདམས་ངག

ད་རེས་རང་རེ་འདི་ན་ཡོད་པ་ཐམས་ཅད་སྐྱེ་དཀའ་བ་འཛམ་གླིང་ལས་ཀྱི་ས་བ་ལ་སྐྱེས། ཁེལ་དཀའ་བ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྒྲོན་མེའི་བསྐལ་བ་དང་ཁེལ། དེ་ལས་ཀྱང་འཕྲད་དཀའ་བ་དམ་པའི་ཆོས་ཀྱི་སྣང་བ་མ་ནུབ་པའི་དུས་སུ་འཕྲད། མཇལ་དཀའ་བ་ལམ་སྟོན་དགེ་བའི་བཤེས་གཉེན་དང་ཡང་མཇལ། ཐོབ་དཀའ་བ་ཚེ་གཅིག་ལུས་གཅིག་གམ་རང་ལ་བརྩོན་འགྲུས་ལྡན་ན་ལོ་དང་ཟླ་བས་ཀྱང་སངས་རྒྱས་ཐོབ་ཐུབ་པའི་དམ་ཆོས་ཟབ་མོ་ཐོབ་པའི་སྐབས་འདིར། མི་ཚེ་སྟོང་ཟད་དལ་རྟེན་སྟོང་ལོག སྡུག་སྡིག་པ་གཉིས་དང་འབགས་ནས་ལུས་འབྱུང་བཞི་འཁོར་ལོ་སྐོར་སྐོར་བྱས་ནས་མི་ཚེ་བསྐྱལ་ན། འཆི་ཁར་སླེབ་དུས་ཆོས་མེད་ལག་སྟོངས། སྐྱབས་རེ་ས་བླ་མ་དཀོན་མཆོག་ཡོད་ཀྱང་ངོ་མ་ཤེས། བློ་གཏད་ས་དམ་པའི་ལྷ་ཆོས་ཡོད་ཀྱང་སྒྲུབ་མ་ཐུབ་ནས། ཀྱེ་མ་ཀྱི་ཧུད་འདི་མི་འདོད་བྱས་པས་ད་མ་ཕན། ལན་པ་མི་ལ་བཞག་ཀྱང་ལེ་ལན་རང་ལ་འཁོར་ནས་

ལུས་འབྱུང་བཞིའི་སྟོབས་ཟད། ཁ་མྱིག་དབང་པོའི་མདངས་ཤོར། རྒྱུ་ལག་ལ་ཡོད་རྒྱུ་བོ་ཡང་ཇེ་སྲབ་ཇེ་སྲབ་འགྲོ་སར་ཐུག་དུས། ཤ་ཕུ་ནུ་ཡིན་ཡང་ཐག་ཇེ་རིང་། པང་བུ་རྒྱུད་ཡིན་ཡང་ཞེ་ཇེ་ལོད་འགྲོ་བ་ཞིག་མ་གཏོགས་མེད། འཇིག་རྟེན་འཁོར་བའི་བྱ་བཞག་བྱ་བྱེད་བྱིས་པའི་རྩེད་མོ་ལ་འགྱོད་པ་རྗེས་ནས་བྱེད་དུས། ཨོ་རྒྱན་ཆེན་པོས། ཨ་རེ་འགྱོད་དེ་བག་ཙམ་ཕྱིས་པ་འདྲ། །གསུངས་པ་ལྟར་ཡིན། གཞན་ཡང་ཆུང་བྱིས་པའི་དུས་ནས་གྲྭ་སར་གྲྭ་གདན་གྱི་ཐོག་ལ་བཞག འདོན་ཆོག་སློབ་གཉེར་དང་བཀའ་དཔེ་ཆ་སྦྱོང་བའི་ཐད། ཁྱིམ་ཕ་མ་ཡུལ་སྡེ་བ་མཁན་སློབ་དགེ་བའི་བཤེས་གཉེན་དང་བཅས་པས་རེ་བ་ཆེན་པོ་ཞིག་བྱས་ཀྱང་། རྣམ་གཡེང་འདུ་འཛིའི་ཇག་པས་ལོ་དང་ཟླ་བ་དེ་འདོམ་ལ་འཇལ་ནས། དུས་ཚོད་གར་སོང་མ་ཤེས་པའི་ཐོག་ལུས་ལང་ཚོ་ལ་བལྟས་དུས་ཚེ་ཕྱེད་མར་གྱི་ས་ལ་ཐུག་པས་ད་སྦྱོང་ཟེར་ན་གར་སླེབ་མེད་ས་བོ། སྒོམ་ཟེར་ན་འདི་སྒོམ་དེ་སྒོམ་གྱི་བློ་གཏད་མེད་ས་ལ་ཐུག་དུས། སེར་གྱི་ལེར་གདོང་གྲལ་བསྒྲིགས་ཉིན་མོར། །བློ་དྲི་ས་ཡོད་ཀྱང་དྲི་དབང་མེད། །ཟེར་འདྲའི་འགྱོད་པ་ཆེན་པོ་ཞིག་རྗེས་ནས་འོང་རྒྱུ་ཡོད། འདི་དག་ཁ་ཕྱིར་བསྐོར་ནས་གཞན་སྐྱོན་འབའ་ཞིག་བཤད་པ་ཙམ་མ་ཡིན། ང་རང་ཉིད་ཀྱི་ཉམས་མྱོང་གི་ཐོག་ནས་བཤད་ན་ཡང་དེ་འདྲ་ཞིག་རེད། དེས་ན་ཁྱེད་རྣམ་པ་ཐམས་ཅད་ཀྱིས་སྤྱིར་ནང་པ་སངས་རྒྱས་པའི་ཆོས་དང་མཇལ། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པའི་ཆོས་སྒོར་ཞུགས་རྒྱུ་བྱུང་བ་འདི་ནི། ཚེ་སྔོན་རང་ཉིད་ཀྱིས་བསོད་ནམས་བསགས་པའི་འབྲས་བུ་ཡིན་པ་གཞིར་བཞག་གི་ཐོག་ནས་ད་སོ་སོར་ཚེ་སྐེད་ཚེ་སྨད་གང་ལ་ཐུག་ཡོད་པ་ཡིན་ཡང་། མདོར་ན་ད་སྔོན་འཇིག་རྟེན་ཚེ་འདིའི་བྱ་བཞག་གིས་འཁྲུལ་ཚད་གཅིག་འཁྲུལ་ཚར་བ་ཡིན་ཡང་འདི་འགྲུབ་སོང་བསམ་རྒྱུ་རང་རེ་མི་དགོས། འདིའི་ཡན་ཆད་གྱི་རྒྱལ་པོ་མི་དྲག་བླ་ཆེན་དཔོན་ཆེན་ལ་སོགས་ས་འདིའི་ཐོག་ལ་ཅི་འདྲའི་རྐང་རྗེས་འཇོག་མྱོང་མོད། ཐམས་ཅད་ཀྱང་འདོད་པའི་ཁ་མ་གང་། ལས་ཀའི་མཐའ་མ་བུད་པའི་ངང་ནས་གཤིན་རྗེས་ཞགས་ནག་སྐེ་ལ་ཐེབས་ནས་ཚེ་ཕྱི་མའི་ལམ་ཆེན་ལ་ཆས་སོང་ནི་ཞིག་མ་གཏོགས་ད་སྔར་མ་བྱུང་། ད་ཕྱིན་འབྱུང་རྒྱུ་མེད། བྱ་སྔ་མ་ཤི་བའི་རོ་ལ་བལྟས་ན། །བྱ་རྗེས་མ་མི་རྟག་དེ་དང་འདྲ་བ། །ཟེར་བའི་དཔེ་ལྟར་ཚེ་རིང་ཐུང་འདོམ་གྱིས་འཇལ་ན་གསོན་འདི་གང་འདུག་རྒྱུར་ཇི་ཙམ་ཡོད་སུས་ཤེས། སང་ཉིན་ཨེ་ཡོད་དེ་རིང་མི་ཤེས་པས་ད་ནི་ཚེ་ཡི་ལྷག་མ་ཅི་ཡོད་མི་ཚེའི་ནམ་ཟླ་དེ་ཆོས་ལ་མ་དྲིལ་ན། དམུ་གབ་ཆེན་པོ་ཞིག་གིས་ཐེབས་ནས་འགྲོ་བཞིན་ཡོད་པ་དང་། བློ་ཉེས་ཚབས་ཆེན་ཞིག་འདི་ནས་ཤོར་འདུག་བསམ་རྒྱུའི་བློ་སྣ་ནང་ནས་སྐོར་ཐུབ་པ་ཞིག་ཅིས་ཀྱང་མ་འཕྱུགས་དང་རང་དྲིན་རང་ལ་ཆེ་བ་ཡིན། ད་རེས་རང་ཅག་རྣམས་ནི་སྤྱིར་སངས་རྒྱས་བསྟན་པའི་ལྷག་ཞབས་ཚུད། ཡང་སྒོས་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་དང་མཇལ་ན། གསང་སྔགས་ཀྱི་བསྟན་པ་འདི་ནམ་ཡིན་ཡིན། གང་བྱུང་བྱུང་བྱོན་ཐུབ་པ་ཞིག་མ་ཡིན་ཏེ། སངས་རྒྱས་བསྟན་པ་རྨད་བྱུང་བསམ་ཡས་ལས། །ཁྱད་པར་འཕགས་པའི་བསྟན་པ་རྣམ་གསུམ་བྱོན། །ཞེས་གསུངས་པས་བསྐལ་བ་མང་པོའི་ཡར་སྔོན་ཞིག་ལ་བསྐལ་བ་ཀུན་བཀོད་ཅེས་པའི་དུས་སུ་སངས་རྒྱས་སྔོན་བྱུང་གི་རྒྱལ་པོ་ཞེས་བྱ་བ་བྱོན། དེའི་བསྟན་པ་ལ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་འདི་ཐེངས་གཅིག་དར། མ་འོངས་བསྐལ་བ་མང་པོ་འདས་པའི་འོག་རོལ་ན། ཡང་བསྐལ་བ་མེ་ཏོག་བཀྲམ་པ་ཞེས་བྱ་བ་ཞིག་འབྱུང་། དེའི་དུས་སངས་རྒྱས་འཇམ་དཔལ་དབྱངས་ཞེས་བྱ་བ་བྱོན་ནས། དེའི་བསྟན་པ་ལའང་གསང་སྔགས་འདི་ཐེངས་གཅིག་འབྱུང་། ད་ལྟ་སྒྲོན་མེའི་བསྐལ་བ་བཟང་པོ་འདི་ལ་སངས་རྒྱས་ཤཱཀྱ་ཐུབ་པ་བྱོན་ནས་གསང་སྔགས་རྡོ་རྗེ་ཐེག་པ་རྒྱ་ཆེན་སྟོན་པ་འདི་མ་གཏོགས་ནམ་ཡིན་ཡིན་མི་འབྱུང་བས་འདི་ནི་ཨུ་དུམ་ཝཱ་རའི་མེ་ཏོག་དང་འདྲ་བ་རྙེད་པར་དཀའ་ལ་རྙེད་ན་དོན་ཆེན་པོ་དང་ལྡན་པ་ཞིག་ཡིན། དེ་ལྟ་བུའི་གསང་སྔགས་རྡོ་རྗེའི་ཐེག་པ་འདི་ལ་ནང་གསེས་དབྱེ་ན། རིང་ལམ་ཉེ་ལམ་མྱུར་ལམ་གསུམ་ཡོད། ཕྱི་ཀྲི་ཡོག་སྡེ་གསུམ་སྟེ་བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་རྒྱུད་གསུམ་གྱི་ལམ་ལ་ཞུགས་ན། མི་ཚེ་བཅུ་དྲུག་དང་མྱུར་ན་བདུན་སོགས་ཀྱིས་རིགས་གསུམ་རིགས་བཞི་རིགས་ལྔ་རྡོ་རྗེ་འཛིན་པའི་སར་སངས་རྒྱས་པ་ཡིན། དེ་ཡང་མི་ཚེ་མང་པོ་ཞིག་གིས་འགྲུབ་དགོས་པས་འགོར་ཡུན་ཧ་ཅང་རིང་ཆེ་སྟེ། རང་ཅག་རྣམས་ཀྱིས་མི་ཚེ་གཅིག་ཙམ་དུ་ཡང་སྒྲུབ་མི་ཐུབ་པ་ཞིག་གིས་མི་ཚེ་མང་པོར་ཅི་འདྲ་སྒྲུབ། ཉེ་ལམ་མ་ཧཱ་ཨ་ནུ་གཉིས་ཡིན་པས་ཚེ་ལུས་གཅིག་གིས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་ཐུབ་ཀྱང་། དེ་ཡང་བསྐྱེད་རིམ་གྱི་ལྷ་མཛུ་གུ་ཙམ་ལ་གསལ་སྣང་དང་རྫོགས་རིམ་རླུང་ཁུག་གཅིག་ལ་གནད་དུ་བསྣུན་པ་སོགས་ཀྱང་སླ་བ་ཞིག་མིན་པས་གང་ལ་བསམ་བློ་བཏང་ན་དེ་ཡང་དཀའ། ད་མྱུར་ལམ་འོད་གསལ་རྫོགས་པ་ཆེན་པོ་ནི་བརྩོན་འགྲུས་རང་ལ་ཡོད་ན་ལོ་དང་ཟླ་བས་ཀྱང་སངས་རྒྱས་འགྲུབ་ཐུབ་པས་དེ་ཡན་གྱི་ཆོས་ཤིག་མེད་པ་ཡིན། འོན་ཀྱང་ཕོ་རྒོད་བློ་རྒོད་གཅིག་གིས་ལས་སླ་མོ་སླ་མོ་ཞིག་ལ་འགྲུབ་རྒྱུ་ཅན་ཞིག་ག་ལ་ཡིན། དེས་ན་བླ་མ་མཚན་ཉིད་དང་ལྡན་པ་ཞིག་བཙལ་ནས། དེས་མན་ངག་གི་གདམས་ཟབ་ཁྱད་པར་ཅན་གྱི་ལག་ཁྲིད་ལ་བསྟེན་ནས་ཤེས་དགོས་པས་རང་རེ་ཆོས་སྒོར་ཞུགས་སའི་ཡུལ་འདི་ནི། རྫོགས་པ་ཆེན་པོ་ཤིན་ཏུ་མྱུར་བའི་ལམ་གྱི་ཆོས་ཡིན་པས་སྤྲོ་དགའ་སྐྱེ་བར་རིགས། རྫོགས་པ་ཆེན་པོའི་གོ་དོན་གོང་དུ་སོང་། རྫོགས་པ་ཆེན་པོའི་རྒྱུད་སྡེ་མི་ཡུལ་དུ་དར་བའི་ཡིག་འབྲུ་གླེགས་བམ་དུ་སྣང་བའི་རྒྱུད་ཀྱི་ལྡང་ཚད་ཀྱི་དབང་དུ་བྱས་ན། སློབ་དཔོན་དགའ་རབ་རྡོ་རྗེས་རྒྱུད་སྡེ་ཐམས་ཅད་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིར་བསྡུས། དེ་ལ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་བསྡུས། མན་ངག་སྡེ་ལ་སློབ་དཔོན་ཤྲཱི་སེངྷས། ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་བླ་ན་མེད་པའི་སྐོར་དང་བཞི་རུ་ཕྱེས། དེའི་ནང་གི་ཕྱི་སྐོར་ལུས་དང་འདྲ་སྟེ་ཐ་སྙད་རྒྱ་ཆེར་བསྟན་ཅེས་གསུངས་ན། ཕྱི་སྐོར་གྱིས་གཞི་ཀ་དག་དང་ཁྲེགས་ཆོད་གཏན་ལ་འབབས་ཚུལ་ཐམས་ཅད་ཧ་ལམ་འདྲ་བ་ཡིན་ཡང་། ལམ་ལྷུན་གྲུབ་ཐོད་རྒལ་གྱི་ཐད་གཞི་གདོད་མའི་གནས་ཚུལ་རྒྱ་ཆེར་བཤད་པ་ལས། ལམ་ཉམས་སུ་ལེན་ཚུལ་དང་། བར་དོའི་འཆར་ཚུལ། མཐར་ཐུག་གི་འབྲས་བུའི་གྲོལ་ཚུལ་མ་བཤད། ནང་སྐོར་མིག་དང་འདྲ་སྟེ་མཐོང་བ་བརྡ་ཡི་ཆོས་ཞེས་གསུངས་ན། ནང་སྐོར་གྱིས་ལམ་དཔེ་དོན་རྟགས་གསུམ་གྱི་ངོ་སྤྲོད་བསྟན་ཡོད་ན་ཡང་། རང་བཞིན་གཞི་ཡི་བཞུགས་ཚུལ་དང་། མཐར་ཐུག་འབྲས་བུའི་གྲོལ་ཚུལ་མ་བཤད། གསང་སྐོར་སྙིང་དང་འདྲ་སྟེ་དྲན་བྱེད་གཟུངས་ཀྱི་ཆོས་ཞེས་གསུངས་ན། གསང་སྐོར་ནས་ལམ་གྱི་བྱེ་བྲག་སྒོམ་པ་ཙམ་བསྟན་ན་ཡང་། གཞིའི་གནས་ཚུལ་དང་། མཐར་ཐུག་གི་གྲོལ་ཚུལ་ད་དུང་གབ་ནས་ཡོད། འདི་ནི་ལུས་དབང་ཡོངས་སུ་རྫོགས་པའི་སྐྱེས་བུ་བཞིན་ཞེས་གསུངས་ན། ཡང་གསང་བླ་མེད་ཀྱི་སྐབས་འདིར་གཞི་གདོད་མའི་གནས་ལུགས། ལམ་ལྟ་སྒོམ་སྤྱོད་གསུམ། འབྲས་བུ་མཐར་ཐུག་གི་གྲོལ་ཚུལ་རྒྱས་ཤིང་ཞིབ་པར་བསྟན་ཡོད། དེ་ལྟ་བུའི་ཡང་གསང་བླ་མེད་ཀྱི་ཆོས་དེ་ལ་རྒྱུད་བཅུ་བདུན། དེའི་དགོངས་ཉམས་དྲིལ་བ་ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ། སྙིང་ཐིག་ཡ་བཞི་ལ་སོགས་པ་ལྟ་བུ་རྣམས་ཡིན། དེ་དག་གི་དགོངས་དོན་ཐམས་ཅད་ཕྱོགས་གཅིག་ཏུ་དྲིལ་བ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ཅེས་ཀུན་མཁྱེན་འཇིགས་མེད་གླིང་པའི་ཐུགས་གཏེར་དགོངས་པའི་གསང་མཛོད་ལས་རྡོལ་བའི་ཆོས་སྡེ་བཞུགས་པ་འདི་ཉིད་ཡིན། རྫོགས་པ་ཆེན་པོ་དེ་ལ་ཡང་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་རྒྱ་ཆེན་པོ་ཡོད། དེའི་ནང་ནས་སྐབས་འདིར་རང་རེས་འཆད་ཉན་བྱ་བ་འདི་ནི་ལམ་རྫོགས་པ་ཆེན་པོ་ཡིན། དེ་ལ་ཡང་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ཁྲིད་རྣམ་པ་གཉིས་སུ་བཞུགས་པ་ལས། གྲོལ་བྱེད་ཁྲིད་ཀྱི་སྐབས་ཡིན་ལ། ཁྲིད་དེ་ལ་ཡང་སྔོན་འགྲོ་དང་དངོས་གཞིའི་ཁྲིད་གཉིས་ཡོད་པ་ལས་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་འཆད་ཉན་བྱེད་པའི་སྐབས་ཡིན་ལ། འདི་ལ་ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་དང་གསུམ་ཡོད་པ་ལས། དང་པོ་གོང་དུ་སོང་ནས་དེ་རིང་བར་དུ་དགེ་བ་གཞུང་གི་དོན་བཤད་པ་ལ།

༼ཨཱཿ༽ བར་དུ་དགེ་བ་གཞུང་གི་དོན་ལ་གསུམ།

ཀུན་བཟང་ཞལ་ལུང་གི་གཞུང་དོན་དངོས་འཆད་པའི་སྐབས་འདིར། རྫོགས་པ་ཆེན་པོའི་དོན་གོང་དུ་སོང་། ཀློང་ཆེན་གྱི་དོན་ནི་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་མཚན་གྱི་དོན་ཡིན་ཏེ། ཀློང་ཆེན་གྱིས་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་དང་། རབ་འབྱམས་ཀྱིས་ལྷུན་གྲུབ་ཐོད་རྒལ་གྱི་འཆར་སྣང་བསྟན། མདོར་ན་གཞི་ཀ་དག་དང་ཁྲེགས་ཆོད། ལམ་ལྷུན་གྲུབ་དང་ཐོད་རྒལ། འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ལ་སོགས་པ་རྒྱས་པར་བཀྲལ་རྒྱུ་ཡོད་ཀྱང་སྐབས་སུ་མ་བབ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ཡེ་ཤེས་སྐུས་ལན་གསུམ་རྗེས་སུ་བཟུང་དགོངས་བརྒྱུད་རྟོགས་པའི་བྱིན་རླབས་གཅིག་ཆར་དུ་འཕོས་པ་པོ་དེ་གང་ཞེ་ན། ཀུན་མཁྱེན་ཕྱི་མ་རིག་འཛིན་འཇིགས་མེད་གླིང་པ་ཞེས་བརྒྱུད་གསུམ་ཅིག་ཆར་དུ་རྫོགས་པའི་རྫོགས་ཆེན་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཉིད་ཡིན་པའི་སྟབས་ཀྱིས། དེའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཐམས་ཅད་ལ་ཀློང་ཆེན་སྙིང་ཐིག་གི་ཐ་སྙད་བྱུང་། རྫོགས་པ་ཆེན་པོའི་ཆོས་ཡོད་ཚད་ལ་སྙིང་ཐིག་ཅེས་པའི་ཐ་སྙད་བཏགས་པས་མ་ཁྱབ་ལ། སྙིང་ཐིག་ཡོད་ཚད་ཀྱང་ཀློང་ཆེན་སྙིང་ཐིག་ཡིན་པས་ཁྱབ་པ་མ་ཡིན། དཔེར་ན་སྙིང་ཐིག་གོང་མ་བཱི་མ་སྙིང་ཐིག་དང་མཁའ་འགྲོ་སྙིང་ཐིག་ལ་སོགས་པ་མང་པོ་ཡོད་ཀྱང་འདིར་ཀུན་མཁྱེན་འཇིགས་མེད་གླིང་པས་ཀུན་མཁྱེན་ཀློང་ཆེན་པའི་དགོངས་བཅུད་བསྡུས་ཏེ་རྩལ་འདོན་མཛད་པ་དེ་ལ་ཀློང་ཆེན་སྙིང་ཐིག་ཅེས་བྱ། དེ་ལྟ་བུའི་ཀློང་ཆེན་སྙིང་ཐིག་གི་དངོས་གཞིའི་ཁྲིད་ཀྱི་སྔོན་དུ་འགྲོ་བའི་ཁྲིད་ཡིག་ཐུན་མོང་ཐུན་མིན་གཉིས་ཀ་ལ་ཐུན་མོང་ཕྱི་ནང་གི་སྔོན་འགྲོ་རྣམས་ཞེས་གསུངས་པ་དེ་སྦྱོར་བདེ་བའི་ཕྱིར་ཚིག་སྡུད་བྱས་པའམ། ཡང་ན་དངོས་གཞི་ཁྱད་པར་ཅན་གྱི་ཐུན་མིན་སྔོན་འགྲོ་ལ་ལྟོས་ན་སྔོན་འགྲོ་ཕྱི་ནང་གཉིས་ཀའང་ཐུན་མོང་གི་སྔོན་འགྲོ་ལ་སྦྱར་རྒྱུའི་གོ་བ་བླངས་ཀྱང་ཆོག དེ་མ་ཟད་ཐེག་བརྒྱད་བློས་བྱས་ཀྱི་གྲུབ་མཐའ་ཨ་ནུ་མན་ཆད་ཐམས་ཅད། ཡང་གསང་མན་ངག་སྡེའི་ལམ་སྟེགས་ལ་ལྟོས་ན་སྔོན་འགྲོ་ཡིན་པར་གསུངས། དེས་ན་མཚུངས་མེད་བླ་མ་དམ་པ་འཇིགས་མེད་རྒྱལ་བའི་མྱུ་གུའི་ཞལ་རྒྱུན་ཇི་ལྟར་གསུངས་པ་དེ་བཞིན་ལས་བསྲེ་ལྷད་གཏན་ནས་མ་བྱས་པར་མི་བརྗེད་པའི་ཐོ་ཡིག་ཏུ་བྱ་བའམ་ཟིན་བྲིས་ཀྱི་ཚུལ་དུ་ཁོང་གིས་བྲིས་པ་ཡིན་པས་འདི་ལ་དོན་རྣམ་པ་གསུམ་ཡོད། གང་ཞེ་ན། ཐུན་མོང་ཕྱིའི་སྔོན་འགྲོ། ཐུན་མིན་ནང་གི་སྔོན་འགྲོ། ཉམས་ལེན་དངོས་གཞིའི་ཆ་ལག་ཉེ་ལམ་འཕོ་པའི་ཁྲིད་དང་གསུམ་ལས། ཞེས་གསུངས་པའི་དོན་ཐུན་མོང་ཕྱི་ཡི་སྔོན་འགྲོ་ལ་ཁྲིད་རྐང་དྲུག ཐུན་མིན་ནང་གི་སྔོན་འགྲོ་ལའང་ཁྲིད་རྐང་དྲུག་དང་བཅུ་གཉིས་ཡོད། འཕོ་བ་དང་བཅས་ས་བཅད་ཆེན་པོ་གསུམ་ཡོད་པས་དེ་སྐད་གསུངས། དང་པོ་ལའང་། དལ་འབྱོར་རྙེད་པར་དཀའ་བ། ཚེ་མི་རྟག་པ། འཁོར་བའི་ཉེས་དམིགས། ལས་རྒྱུ་འབྲས། ཐར་བའི་ཕན་ཡོན། བཤེས་གཉེན་བསྟེན་པ་དང་དྲུག་ཅེས་གསུངས་པའི་དང་པོ་བཞི་ལ་བློ་ལྡོག་རྣམ་བཞི་ཞེས་བྱ། འདི་ལས་དང་པོ་བ་ཚང་མས་ཤེས་དགོས་ཏེ། གདན་ས་ཆོས་འཁོར་ཆེན་པོའི་འདབ་ཀྱི་གྲྭ་ཆུང་ལོ་བརྒྱད་ལོན་པ་ནས། བླ་གྲྭ་དཀྱུས་མ། མི་སྐྱ་ཕོ་མོ་གང་ཡིན་ཡང་རུང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་དགོས། བལ་བོའི་སེའུ་མ་ཟོས་ཀྱང་། །ཁ་དོག་ཉིད་ལས་བྲོ་བ་ཤེས། །ཟེར་བ་ལྟར་ཡིན་དགོས། དེ་མིན་ཕྱི་ཚུལ་རྫིག་རྔམས་ཀྱི་ཤ་ཆེ་རྩིད་མཐུག རྒྱ་འཛི་རྒྱང་ཡག་སོགས་ཀྱིས་མི་ཕན་པས་ལས་དང་པོ་བ་ཀུན་ཀྱིས་བློ་ལྡོག་རྣམ་བཞི་འདི་གལ་ཤིན་ཏུ་ཆེ་བས་ཤེས་དགོས། བློ་ལྡོག་གི་དོན་བློ་ནི་སེམས་ལ་གོ། ལྡོག་ནི་ལོག་པའི་དོན་ཡིན། བློ་ལྡོག་པའམ་ཞེན་པ་ལོག་པའི་དོན་ཡིན། གང་ལ་ལོག་ན་འཁོར་བ་ལ་ཞེན་པ་ལོག་དགོས། ལོག་བྱེད་ནི་བློ་སྦྱོང་གི་ཆོས་འདི་དག་ཡིན་པས་བློ་ལྡོག་གསུངས། དེས་ན་བློ་ལྡོག་བཞིའམ་ཞེན་ལོག་གི་ཆོས་བཞི་ཞེས་ལྡོག་བྱེད་བཞི་པོ་དེ་ཡིན་ན། ལྡོག་བྱ་བྱེ་བྲག་པ་གང་ཡིན་སྙམ་ན། དལ་འབྱོར་རྙེད་དཀའ་དང་ཚེ་མི་རྟག་པ་གཉིས་ཀྱིས་གཙོ་ཆེར་ཚེ་འདིར་ཞེན་པ་ལས་བློ་ལྡོག་པ་དང་། འཁོར་བའི་ཉེས་དམིགས་དང་ལས་རྒྱུ་འབྲས་གཉིས་ཀྱིས་ཚེ་ཕྱི་མར་འཁོར་བ་སྒྲུབ་པའི་བསམ་སྦྱོར་ལས་བློ་ལྡོག་དགོས་པ་ཡིན། དེའི་སྟེང་སྙིང་ཐིག་གི་སྐབས་འདིར་གཞན་ཕན་བྱང་ཆུབ་སེམས་ཀྱིས་རང་དོན་ཡིད་བྱེད་ལས་བློ་ལྡོག་དགོས་པ་འདི་ཐེག་ཆེན་མདོ་སྔགས་ཐུན་མོང་གི་དགོངས་པ་ཡིན་པས་མ་ཚད་ཀུན་མཁྱེན་ཡབ་སྲས་ཀྱིས་ལམ་གྱི་རྨང་གཞི་ཐོག་མའི་བློ་སྦྱོང་གི་སྐབས་ནས་ཀྱང་ཁྱད་ཆོས་འདི་རྩལ་དུ་བཏོན་པའི་དགོངས་པ་མ་ནོར་པ་ཡིན། མདོར་ན་ཚེ་འདི་དང་ཕྱི་མ་བདག་དོན་སྒྲུབ་པའི་བསམ་སྦྱོར་གསུམ་པོ་ལས་བློ་ལྡོག་དགོས་པ་འདི་གནད་ཆེན་ནང་གི་དོན་ཆེན་ཡིན། དེ་ལས་བློ་ལྡོག་ནས་ཐར་པ་ཞིག་དོན་དུ་གཉེར་དགོས་པས་དེའི་རྗེས་སུ་ཐར་པའི་ཕན་ཡོན་བསྟན། ཐར་པའི་ལམ་སྟོན་པ་ནི་བླ་མ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་མ་གཏོགས་གཞན་སུས་ཀྱང་སྟོན་མི་ཐུབ་པས་དེའི་འོག་ཏུ་བཤེས་གཉེན་ཚུལ་བཞིན་བསྟེན་ཚུལ་ཤེས་དགོས་པས་བཤེས་གཉེན་བསྟེན་པའི་ཁྲིད་བསྟན་པ་ཡིན་པས་ཐུན་མོང་ཕྱི་ཡི་སྔོན་འགྲོ་ལ་ཁྲིད་རྐང་དྲུག་ཡོད་པ་ཡིན་ནོ།།

༼ཨེ༽ ཐུན་མོང་ཕྱིའི་སྔོན་འགྲོ་ལ་དྲུག

༡༽ དལ་འབྱོར་རྙེད་དཀའི་ཁྲིད་ལ་གཉིས།

དེ་ལས་དང་པོ་དལ་འབྱོར་རྙེད་པར་དཀའ་བའི་ཁྲིད་ལ། ཁྲིད་ཉན་པའི་ཚུལ་དང་། བཤད་བྱའི་ཆོས་ཀྱི་རིམ་པ་གཉིས།

༼༡ ཁྲིད་ཉན་པའི་ཚུལ་ལ་གཉིས།

དང་པོ་ལའང་ཀུན་སློང་དང་། ཀུན་སྤྱོད་གཉིས། དང་པོ་ཀུན་སློང་ལའང་། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་གཉིས་ཡོད།

༡༽ དང་པོ་ཀུན་སློང་ལ་གཉིས།

ཁྲིད་ཉན་པའི་ཚུལ་ནི་ཆོས་ཉན་ལུགས་སམ་ཞུ་ལུགས་ཤེས་དགོས་པས་དེ་ཡིན། རང་རེ་རྣམས་ཀྱིས་དེ་རིང་ཆོས་ཉན་དགོས་བསམས་ནས་ཆོས་དུང་གི་སྒྲ་ལ་རྣ་བ་གཏད་ནས་འོང་ཞིང་ལུས་ཆོས་གྲལ་དུ་འཁོད། ངས་ཆོས་ཞུ་དགོས་བསམ་མཁན་གྱི་ང་ཟེར་སའི་གདགས་གཞི་གང་ཡིན་བརྟག་ན། ཤ་ཁྲག་གི་ཕུང་པོ་འབྱུང་བཞི་འདུས་པའི་བདག་ཉིད་ཅན་གྱི་ལུས་འདི་དང་། དེ་ལ་བརྟེན་པའི་སེམས་ཤིག ལུས་སེམས་དེ་གཉིས་ལ་བརྟེན་པའི་རྩ་གནས་ཀྱི་ཡིག་འབྲུ་གཡོ་བྱེད་རླུང་གིས་བསྐུལ་ནས་ཁ་གྲག་པ་ལ་ངག་ཅེས་པའི་ལུས་ངག་སེམས་གསུམ་པོ་འདི་ལ་ང་ཞེས་འདོགས་པའི་གདགས་གཞི་ཡིན། དེའི་ནང་གི་སེམས་ནི་རྒྱལ་པོ་ལྟ་བུ་གཙོ་བོ་ཡིན་ལ། སེམས་ཀྱི་རྗེས་སུ་ལུས་ངག་གཉིས་འགྲོ་བས་དེ་གཉིས་གཡོག་པོ་ལྟ་བུ་ཡིན། དེས་ན་སེམས་ཀྱི་ཀུན་སློང་དང་ལུས་ཀྱི་ཀུན་སྤྱོད་གཉིས་ཀ་ཆོས་ཞུ་བའི་དང་པོ་སྔོན་ཆད་ལྟར་ངན་ལང་མི་གཏོང་བར་བདག་ཏུ་སྤྲད་ནས་བཅོས་དགོས། ཀུན་སློང་བསམ་པ་གཙོ་ཆེ་བ་དང་། ཀུན་སྤྱོད་ལུས་ངག་གི་བྱ་བ་གཙོ་ཆེ་བ་ཡིན། སེམས་བཅོས་ཐུབ་ན་ལུས་ངག་གཉིས་རང་ཤུགས་ཀྱིས་འཆོས་འོང་། ཀུན་སློང་ཞེས་པ་ནི་བསམ་བློ་གཏོང་སྟངས་ཤིག་ཡིན་ཏེ། ཀུན་ནི་མང་ཚིག་ཡིན་པས་རྣམ་རྟོག་མང་པོའི་ནང་ནས་རྟོག་པ་ཁྱད་པར་བ་ཞིག་ཡར་སློང་བའི་དོན་ལ་ཀུན་སློང་ཟེར། སྤྱིར་ཀུན་སློང་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་ནང་མ་འདུས་པ་མེད། སྐབས་འདིར་སྤང་བར་བྱ་བ་མི་དགེ་བའི་ཀུན་སློང་དེ་ལ་ནང་གསེས་འཇིགས་སྐྱོབས་ཀྱི་ཀུན་སློང་དང་། ལེགས་སྨོན་གྱི་ཀུན་སློང་གཉིས་ཡོད། དང་པོ་ནི་ཚེ་འདིར་ནད་དང་གདོན་དང་། རྒྱལ་པོའི་ཆད་པ། དགྲ་ཡི་འཇིགས་པ་ལ་སོགས་ལས་སྐྱོབ་པའི་ཆེད་དུ་ཆོས་སྒྲུབ་མདོག་བྱེད་པ་དེ་ཡིན། ཀུན་སློང་དེས་ནི་མ་ཀི་ཉན་ཐོས་ཀྱི་ཐེག་པ་ནས་ཡ་ཀི་འོད་གསལ་རྫོགས་པ་ཆེན་པོའི་བར་གྱི་ཆོས་ཅི་ལྟ་བུ་ཞིག་ཞུས་ཏེ་ཐོབ་རུང་ཉམས་ལེན་བྱས་རུང་། སོ་སོའི་ཐད་ཀྱི་འཇིགས་པ་རེ་སྐྱོབ་པ་ལ་ཕན་ན་མ་གཏོགས། ཚེ་འདི་དང་ཕྱི་མར་རང་དང་གཞན་ལ་ཕན་བྱེད་ཅིག་དེའི་ནང་ལ་མེད་པས་དེ་སྤོང་བར་བྱེད་དགོས། གཉིས་པ་ལེགས་སྨོན་ནི། འཇིག་རྟེན་ཆོས་བརྒྱད་སྒྲུབ་པའི་དོན་དུ་ཆོས་སྒྲུབ་ཁུལ་བྱེད་པ་དེ་ཡིན། འཇིག་རྟེན་ཆོས་བརྒྱད་ནི་རྙེད་བདེ་གྲགས་བསྟོད་བཞི་པོ་འདོད་པ་དང་། དེ་དག་གི་ལྡོག་ཕྱོགས་མི་འདོད་པ་བཞི་བསྡོམས་པས་བརྒྱད་ལ་ཟེར། དམ་པའི་ཆོས་ལ་ལག་ཆའམ་ཚོང་རྫས་ལྟ་བུའི་འདུ་ཤེས་བཞག་ནས་ཆོས་བརྒྱད་སྒྲུབ་བྱེད་དམ་ཉོ་བྱེད་བྱས་ནས་ཆོས་དང་འཇིག་རྟེན་བརྗེ་བའི་ལས་བྱེད་པའི་གང་ཟག་ཐབས་སྡུག་དེ་ནི། བསྟན་པའི་བླ་གཙོང་། དཀོན་མཆོག་གི་རྐང་འདྲེན་ཞེས་པ་ལས་མིང་གཞན་མེད་ཅེས་དམ་པ་གོང་མ་དག་གིས་བཀའ་བཀྱོན་བྱེད་ཡུལ་དུ་གྱུར་བས་འདི་ཡང་དུག་བཞིན་སྤོང་དགོས། དེ་ལྟ་བུའི་ཀུན་སློང་གིས་ཉན་ཐོས་ཀྱི་ཐེག་པ་ནས་རྫོགས་པ་ཆེན་པོའི་བར་གྱི་ཆོས་ལོ་དགུའི་བར་དུ་སྒོ་འདག་སྦྱར་བྱས་ནས་མཚམས་བསྙེན་སྒྲུབ་སྒོམ་ཉམས་ལེན་ལ་བརྩོན་ཡང་། རང་ལ་རྙེད་བདེ་གྲགས་བསྟོད་རེ་འགྲུབ་ན་ཆོས་ཉམས་སུ་བླངས་པའི་འབྲས་བུ་དེ་ཙམ་རེད་མ་གཏོགས། ཕྱི་མར་ཐར་བའི་ས་བོན་ཙམ་ཡང་མི་ཐོབ་པར་གསུངས་པས་མི་དགེ་བའི་ཀུན་སློང་དེ་དག་སྤོང་དགོས། ལུང་མ་བསྟན་གྱི་ཀུན་སློང་ནི། དོན་དུ་གཉེར་རྒྱུ་འདི་ཡིན་དེ་ཡིན་མེད་པར་ཆོས་ཤིག་ཞུ་དར་བསམས་ནས་མི་རྗེས་ཁྱི་དེད་ཀྱི་དཔེ་བཞིན་ཆོས་གྲྭ་ལ་འོང་གི་འདུག་པ་མ་གཏོགས། དམིགས་ཡུལ་འདི་ཡིན་དེ་ཡིན་མེད་པ་དེ་འདྲ་རེད། འདི་ཡང་དགེ་བའི་ཀུན་སློང་ལ་སྒྱུར་དགོས། དགེ་བའི་ཀུན་སློང་ལ་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ཀུན་སློང་གསུམ་ཡོད། དང་པོ་སྐྱེས་བུ་ཆུང་ངུའི་ཀུན་སློང་ནི། ངན་སོང་གསུམ་གྱི་སྡུག་བསྔལ་ལས་ཐར་ཏེ་མཐོ་རིས་ལྷ་མིའི་གོ་འཕང་ཞིག་ཐོབ་པར་འདོད་པ་དེ་ཡིན། བསམ་པ་དེས་བཟུང་ནས་ཐེག་པ་མཐོ་དམན་གྱི་ཆོས་ཅི་ལྟ་བུ་ཞིག་བསྒྲུབས་ཀྱང་མཐོ་རིས་ལྷ་མིའི་གོ་འཕང་ཐོབ་བྱེད་ཀྱི་རིང་ལམ་ཉེ་ལམ་མྱུར་ལམ་གང་རུང་ཞིག་འགྱུར་ན་མ་གཏོགས་སངས་རྒྱས་ཐོབ་པའི་རྒྱུ་རུ་མི་འགྲོ། རྒྱུ་མཚན་ཀུན་སློང་རང་འདོད་མ་གཏོགས་མེད་པས་ཡིན། དེས་སོ་ཐར་གྱི་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་པོ་ཚུལ་བཞིན་བསྲུངས་ཀྱང་རྒད་པོ་སྡོམ་ལྡན་ལས་མི་འཕགས། བསྐྱེད་རིམ་གྱི་ལྷ་ཞི་བ་བསྒོམས་ན་འདོད་ཁམས་ཀྱི་ལྷ་རུ་གོལ། ཁྲོ་བོ་བསྒོམས་ན་བདུད་དང་རུ་ཏྲར་སྐྱེ་འགྲོ། མ་ཚད་རྫོགས་པ་ཆེན་པོའི་ཁྲེགས་ཆོད་དང་ཐོད་རྒལ་བསྒོམས་ནའང་ཚོགས་བསགས་སྒྲིབ་སྦྱོང་ཞིག་གིས་ཟིན་ན་གཟུགས་ཁམས་གནས་རིས་བཅུ་བདུན་དང་། གཟུགས་མེད་སྐྱེ་མཆེད་མུ་བཞི་ལ་སྐྱེ་ཐུབ། མ་ཟིན་ན་བྱི་བ་དང་དྲེད་མོའི་ལུས་ལེན་འགྲོ་བ་ལས་མེད། གཉིས་པ་སྐྱེས་བུ་འབྲིང་གི་ཀུན་སློང་ནི། སྲིད་པ་ཁམས་གསུམ་རིགས་དྲུག་པོ་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་པར་ཤེས་ཏེ་ངེས་འབྱུང་སྐྱེ་ནའང་རང་འདོད་ཡིད་བྱེད་ཀྱི་ཀུན་སློང་རང་ཞི་བ་ཕྱོགས་གཅིག་པ་ཞིག་མ་གཏོགས་མེད་པས། ཆོས་གང་དང་གང་བསྒྲུབས་ཀྱང་ཉན་རང་དགྲ་བཅོམ་གྱི་གོ་འཕང་ཞིག་ལས་སངས་རྒྱས་ཐོབ་པའི་ཕྱོགས་སུ་མི་འགྲོ། གཞན་ཡང་ང་ཤི་ཁ་སྐྲག་མི་དགོས་པ་ཞིག་དང་། གནད་གཅོད་ཀྱི་སྡུག་བསྔལ་མི་མྱོང་བ་ཞིག་དང་། ང་ཤི་ནས་དམྱལ་བར་མི་ལྷུང་བའི་ཐབས་ཤིག་བསམ་པ་སོགས་ཀྱང་རང་འདོད་སྒྲུབ་པའི་ཀུན་སློང་ཡིན་པས་འབྲས་བུ་ཆེན་པོ་འཕར་མི་ཐུབ། གསུམ་པ་སྐྱེས་བུ་ཆེན་པོའི་ཀུན་སློང་ནི། རང་འདོད་མ་ཡིན་པར་མ་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ་མཐའ་གཉིས་ལ་མི་གནས་པའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་སྙམ་པའི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་ཞེས་པ་འདི་ལ་ཟེར་བས་ད་རེས་ཀུན་སློང་འདི་དང་ལྡན་དགོས་ཏེ།

༼༡ བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་།

དང་པོ་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་ནི། འདི་ལྟར་འཁོར་བ་ཞེས་པ་ནི། སྐྱེ་བོ་མི་ནག་པ་རྣམས་ཀྱི་ཁ་སྐད་ལ་འབྲོག་པས་ཕྱུགས་འཚོ་རྫི། བཞོན་བཞོ་འོ་གཡུག ཞིང་པས་རྨོ་རྐོ་སོ་ནམ་སོགས་ཁ་གསོ་རྒྱབ་འགེབས། དགྲ་འདུལ་གཉེན་སྐྱོང་བྱེད་པ་སོགས་ལ་འཁོར་བ་ཟེར། དེ་ཡང་འཁོར་བས་བསྡུས་པའི་ཆ་ཤས་ཤིག་ཡིན། དོན་ལ་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་ལ་ཁམས་གསུམ་དང་། སྟོད་རིས་ལྷ་དང་ལྷ་མིན་མི་གསུམ། སྨད་རིས་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་སྟེ་དྲུག་ལ་འགྲོ་བ་རིགས་དྲུག་ཅེས་བྱ། སྐབས་འགར་ལམ་རྒྱུད་ལྔ་ཞེས་གསུངས་པ་ནི་ལྷ་མ་ཡིན་གཞན་གཉིས་ཀྱི་ཁོངས་སུ་བསྡུས་ནས་ལམ་རྒྱུད་ལྔར་བཞག འཁོར་ཞེས་པའི་དོན་དཔེར་ན་བུམ་ནང་དུ་བུང་བ་ཞིག་བཅུག་ན་བུམ་ནང་ལས་འགྲོ་ས་གཞན་མེད་པ་ལྟར་དང་། ཆུ་གྱེན་ལ་འདྲེན་བྱེད་ཀྱི་ཟོ་ཆུན་འཁྱུད་མོའི་ཕྲེང་བ་འཁོར་བ་བཞིན་དུ་འཁོར་བའི་གནས་གཅིག་ནས་གཅིག་ཏུ་འཁོར་བས་ན་འཁོར་བ་ཞེས་བྱ། དེ་ན་གནས་པའི་སེམས་ཅན་ཐམས་ཅད་རང་ཅག་གི་ཐོག་མ་མེད་པའི་དུས་ནས་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད་ལ། འོ་ན་ང་ལ་ནི་ཕ་གཅིག་དང་མ་གཅིག་ལས་མེད་པས་འདི་ཅི་ཟེར་སྙམ་ན། མ་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུ་བགྲངས་ཀྱང་ས་ཡིས་ལངས་མི་འགྱུར། །།ཞེས་གསུངས་པའི་དོན་ས་ཆེན་པོ་འདི་རིལ་བུ་ཆུང་ཆུང་འབའ་ཞིག་དྲིལ་ནས་བགྲངས་པའི་གྲངས་ཀ་བས། སེམས་ཅན་རེ་རེས་སེམས་ཅན་གཅིག་ཕ་མ་བྱས་པའི་གྲངས་ནི་དེ་བས་ཀྱང་མང་བར་གསུངས་པ་ཡིན། གཞན་ཡང་ས་ལག་མཐིལ་ཙམ་ཞིག་གི་སྟེང་དུ་ལན་གྲངས་མང་པོར་སྐྱེ་མ་མྱོང་ས་དང་། ལན་གྲངས་མང་པོར་ཤི་མ་མྱོང་ས་ཞིག་མེད་པས་སེམས་ཅན་ཐམས་ཅད་མ་མ་བྱས་པ་མེད་པའི་ཚུལ་ཤེས་པ་དེ་ལ་མར་ཤེས་པ་ཟེར། ཕ་མ་བྱས་པའི་དུས་སུ་ད་ལྟ་ཚེ་འདིའི་ཕ་མ་བཞིན་དུ་དྲིན་ཆེན་པོས་བསྐྱངས། ཟས་ཀྱི་ཕུད་དམ་དྲག་ཤོས་པོ་དེ་ལ་བྱིན། གོས་ཀྱི་ནང་གི་རྩེ་མོ་ཡག་ཤོས་པོས་གཡོགས་པའམ་བསྐོན། ཤིན་ཏུ་བྱམས་པས་བསྐྱེད་བསྲིངས་པའི་དྲིན་ཆེན་ཤ་སྟག་ཡིན་པར་ཤེས་པ་དེ་དྲིན་དྲན་པ་ཡིན་ལ། དེ་ལྟ་བུའི་ཕ་མ་དྲིན་ཆེན་དེ་དག་ཐམས་ཅད་ལ་འདོད་པ་ངལ་གསོ་བའི་བདེ་བ་ཡན་ཆད་མི་འདོད་པ་མེད་པས་འདོད་ནི་རེད་ཀྱང་བདེ་བའི་རྒྱུ་ཆོས་དགེ་བ་བཅུ་སྒྲུབ་མི་ཤེས། མི་འདོད་པ་ནི་ཐ་ན་ཚེར་མ་ཟུག་པའི་སྡུག་བསྔལ་ཙམ་ཡང་མི་འདོད། དེས་ན་སྡུག་བསྔལ་ཕྲ་རགས་ཐམས་ཅད་མི་འདོད་ཀྱང་། དེའི་རྒྱུ་མི་དགེ་བ་བཅུ་སྟེ། སྲོག་གཅོད་པ། མ་བྱིན་པ་ལེན་པ། རབ་བྱུང་ཡིན་ན་མི་ཚངས་སྤྱོད་དང་། ཁྱིམ་པ་ཡིན་ན་འདོད་ལོག་བསྣན་པས་ལུས་ཀྱི་མི་དགེ་བ་གསུམ་དང་། ངག་གི་རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་བཞི་དང་། ཡིད་ཀྱི་བརྣབ་སེམས་གནོད་སེམས་ལོག་ལྟ་གསུམ་མོ། །དེ་དག་སྤང་མི་ཤེས་པར་ཞེ་ལ་འདོད་རྒྱུ་དང་ལག་ལེན་བྱེད་རྒྱུ་གཉིས་ཕྱིན་ཅི་ལོག་ཏུ་གྱུར་སོང་ནས། ཤར་ཕྱོགས་ལ་འགྲོ་དགོས་ན་ནུབ་ཕྱོགས་སུ་སོང་བ་ལྟ་བུ་ལམ་ལོག་ཅིང་མགོ་རྨོངས་སུ་གྱུར་པ་དཔེར་ན་ལོང་བ་ཐང་དཀྱིལ་དུ་ལུས་ན་ལྟ་བྱེད་ཀྱི་མིག་མེད་པས་གང་དུ་འགྲོ་དགོས་མི་ཤེས་པ་ལྟ་བུའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། བདག་གིས་ད་རེས་དལ་འབྱོར་ཐོབ་པའི་གོ་སྐབས་འདི་དང་བསྟུན་ཏེ་དམ་པའི་ཆོས་ཟབ་མོ་ཉན་ནས་ཉམས་སུ་བླངས་ཏེ་འདི་རྣམས་ཀྱི་དོན་སྒྲུབ་ཏུ་ཡོད་པས་ཕ་མར་གྱུར་བའི་སེམས་ཅན་ཁམས་གསུམ་རིགས་དྲུག་གི་སྡུག་བསྔལ་གྱིས་གདུང་བ་འདི་རྣམས་རིགས་དྲུག་སོ་སོའི་ལས་ཀྱིས་མཐོང་སྣང་སྣ་ཚོགས། ཆུ་ཕོར་བ་གང་ལ་རིགས་དྲུག་གི་སྣང་ཚུལ་དྲུག་ཡོད་དེ། ལྷས་བདུད་རྩི། མིས་ཆུ། ལྷ་མིན་གྱིས་མཚོན་ཆ། དུད་འགྲོས་གནས་ཁང་། ཡི་དྭགས་ཀྱིས་རྣག་ཁྲག དམྱལ་བས་ཁྲོ་ཆུ་མཐོང་བ་བཞིན་ཡིན། དམྱལ་བ་ཚ་གྲང་ཡི་དྭགས་བཀྲེས་སྐོམ་དུད་འགྲོ་བཀོལ་སྤྱོད་མི་སྐྱེ་རྒ་ན་འཆི་ལ་སོགས་སྡུག་བསྔལ་དང་དེའི་རྒྱུ་ལས་དང་ལས་དེའི་བག་ཆགས་ཐམས་ཅད་དང་བྲལ་ཏེ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན། དེ་ཡང་སྐུ་བཞི་ནི་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། ངོ་བོ་ཉིད་སྐུ་དང་བཞི་པོ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན། ཡེ་ཤེས་ལྔ་ཡང་ཆོས་དབྱིངས་མེ་ལོང་མཉམ་ཉིད་སོར་རྟོགས་བྱ་གྲུབ་ལྔ་ཡི་རྣམ་གྲངས་ཡོད་པའི་མཁྱེན་གཉིས་ཀྱི་ཡེ་ཤེས་བརྙེས་པ་ཞིག་ལ་གོ་དགོས། དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པ་ནི་དྲིན་གཟོ་འདོད་ཡིན་པས་འདི་ལྟ་བུ་ལ་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་ཟེར་བ་ཡིན། བྱང་ཆུབ་སེམས་ཀྱི་ཀུན་སློང་འདིའི་ངོ་བོ་ནི་དོན་གཉིས་སམ་ཟུར་གཉིས་དང་ལྡན་པ་ཞིག་ཡིན་ཏེ། མགོན་པོ་བྱམས་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པའི་དོན་ལྟར་སྙིང་རྗེས་གཞན་དོན་ལ་དམིགས་པའི་ཟུར་དང་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཟུར་གཉིས་ཡོད་དགོས། དེ་འདྲའི་བྱང་ཆུབ་སེམས་རྒྱུད་ལ་སྐྱེ་བ་ལ་མར་ཤེས་དྲིན་དྲན་དྲིན་ལན་གཟོ་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་ཞིག་ཐོག་མར་ཡོད་དགོས་པ་མ་གཏོགས་བླ་མས་མ་ནམ་མཁའི་ཟེར་མདོག སློབ་མས་ཀྱང་དེ་འདྲ་ཟེར་དར་བསམ་པ་ཙམ་མ་གཏོགས་རང་རྒྱུད་ལ་བསམ་པ་བཟང་པོ་ཙམ་ཡང་མེད་པའི་གཟུགས་བརྙན་གྱིས་ནི་ཐེག་པ་ཆེན་པོའི་ཆོས་ཞུས་པ་དང་བསྒྲུབས་པའི་གོ་མི་ཆོད། དེས་ན་མར་ཤེས་དྲིན་དྲན་དྲིན་ལན་འཇལ་འདོད་གསུམ་པོ་འདི་མ་ཤེས་ཐབས་མེད་ཡིན་པས་དང་པོ་རང་གི་ཨ་མ་རྒན་མོ་ལ། མར་ཤེས་པ་དང་དྲིན་གྱིས་བསྐྱང་ལུགས་སོགས་དྲན་པ་དང་། དྲིན་ལན་རྣམ་མཁྱེན་སངས་རྒྱས་སར་བཀོད་འདོད་སྙིང་ནས་ཡོད་དགོས། དེ་ནས་རིམ་པས་ཤ་ཕུ་ནུ་སྤུན་མཆེད། མིང་སྲིང་བཟའ་ཚང་། གཉེན་ཉེ་མཛའ། དེ་ནས་བར་མའི་འགྲོ་བ་བཏང་སྙོམས་པར། མཐར་སེམས་ཅན་ཐམས་ཅད་ལ་ད་ལྟའི་མ་དང་ཁྱད་པར་མེད་པར་མ་གྱུར་བར་དུ་ཡང་ཡང་བསྒོམ་དགོས། དྲིན་དྲན་སྟངས་ཆོས་དང་འཇིག་རྟེན་གཉིས་ཀའི་ཐད་ནས་དྲན་རྒྱུ་ཡོད། འདི་ལྟར་འཇིག་རྟེན་ཕྱོགས་ནས་གོང་བཤད་ལྟར་ཆུང་བྱིས་པ་བསམ་མེད་ནས་ད་ལྟའི་བར་དུ་དྲིན་ཅན་གྱི་མ་དེས་བསྐྱངས་ནས་ཟས་ཟ་ལུགས། གོས་གྱོན་ལུགས། གཏམ་བཤད་ལུགས་ཡ་རབས་ཀྱི་སྤྱོད་བཟང་ཆེ་ཤེས་ཆུང་ཤེས་མ་ཤེས་ན་མ་གཏོགས་བསམ་པ་དཀར་པོའི་ཐོག་ནས་བསླབ་པ་ཡིན། ཆོས་ཕྱོགས་ནས་དལ་འབྱོར་ཚང་བའི་མི་ལུས་འདི་མ་དྲིན་མོ་ཆེ་དེ་མེད་ན་ཐོབ་ཐབས་མེད། དེས་ན་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་རྒྱལ་སྲས་ཀྱི་སྤྱོད་པར་བསླབ། མཐར་སངས་རྒྱས་ཐོབ་པའི་འབྲས་བུ་སོགས་ཐམས་ཅད་མ་དེའི་བཀའ་དྲིན་ཡིན། དེ་མེད་ན་འདི་འདྲ་མི་འབྱུང་བར་ཤེས་དགོས་པ་ནི་ཆོས་ཕྱོགས་ཀྱི་དྲིན་ཡིན། དྲིན་གཟོ་འདོད་ལ་བསམ་ནའང་ད་སྔ་ཉི་མ་ཡན་ཆད་ལ་མ་དྲིན་མོ་ཆེས་ང་ལ་ཚུར་འབའ་ཞིག་བསྐྱངས་པ་ཡིན་ན། ད་ནི་བུ་ངའི་རེས་ལ་བབ་པས་མ་རྒན་གྱི་སྐྱིད་སྡུག་ལྟ་བ་པོ་ང་ལོས་ཡིན། ངས་ལོས་ལྟ། ང་མིན་པ་སུས་ལྟ། མ་རྒན་སེམས་ཅན་འདི་དག་ལ་ཐ་ན་གྲང་བའི་དུས་ཉི་མ་དྲོན་མོ་ཞིག་འདེ་ཁར་བཞག་རྒྱུ་དང་། ཚ་བའི་དུས་རླུང་ཕྲ་མོའི་རེག་བྱ་འདོད་པ་ནས་མཐོ་རིས་ལྷ་མིའི་བདེ་བ་དང་། གཏན་བདེ་སངས་རྒྱས་ཀྱི་གོ་འཕང་གི་བར་ཐམས་ཅད་འདོད་པ་ཡིན་ལ། འདོད་ཀྱང་སྒྲུབ་མི་ཤེས་ཏེ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུངས་པ་ལྟར་ཡིན། དེས་ན་སྡུག་བསྔལ་གྱི་བདེན་པས་དངོས་སུ་གནོད། ཀུན་འབྱུང་གི་བདེན་པས་བརྒྱུད་ནས་གནོད། རྒྱུ་ཀུན་འབྱུང་ལས་དང་ཉོན་མོངས་པའི་འབྲས་བུ་ཁམས་གསུམ་འཁོར་བའི་སྡུག་བསྔལ་དང་མ་རྒན་འདི་བྲལ་ན་ཅི་མ་རུང་བསམ་པ་འདུན་པ་དང་འབྲེལ་བ། བྲལ་བར་གྱུར་ཅིག་བསམ་པ་སྨོན་ལམ་དང་འབྲེལ་བ་དང་། བྲལ་བ་ཞིག་ངས་བྱ་དགོས་བསམ་པ་དམ་བཅའ་དང་འབྲེལ་བ་སྟེ་འབྲེལ་བ་གསུམ་ལྡན་ནམ། དེ་ལྟ་བུའི་སྨོན་ལམ་དེ་འགྲུབ་པར་སྐྱབས་གནས་བསླུ་བ་མེད་པར་དཀོན་མཆོག་གསུམ་པོ་ཁྱེད་མཁྱེན་བསམ་པ་གསོལ་འདེབས་དང་འབྲེལ་བ་བཅས་བཞི་ལྡན་ཡང་ཟེར་ཆོག དེ་ནི་སྙིང་རྗེས་སེམས་ཅན་ལ་དམིགས་པའི་ཟུར་ཡིན། སྙིང་རྗེ་བ་ཙམ་གྱིས་དེ་དག་ལ་ཕན་མི་ཐོགས་པས་བདེ་བ་ལ་བཀོད་དགོས། བདེ་བ་གང་ལ་འགོད་ན་མཐོ་རིས་ལྷ་མིའི་བདེ་བ་ནི་མ་རྒན་གྱིས་སྔར་ལན་གྲངས་མང་པོ་ཐོབ་མྱོང་བས་དེ་རྩ་ཆེ་རྒྱུ་ཅུང་མེད། ཇི་སྐད་དུ། སྲིད་གསུམ་བདག་པོར་སྔར་ཡང་ལན་བརྒྱར་སྐྱེས། །ངུར་སྨྲིག་རྒྱལ་མཚན་འཛིན་པ་ད་རེས་ཙམ། །ཞེས་གསུངས། མ་ཚད་ཚངས་པ་དང་དབང་པོ་དང་བརྒྱ་བྱིན་གྱི་ལུས་རྟེན་མང་པོ་ད་སྔར་བླངས་ཡོད་ཀྱང་མ་ཕན་ནས་ཕྱིར་ལྷུང་བ་ཡིན། དེ་ཡང་། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་བ་ཡི། །ཞེས་གསུངས་པ་ལྟར་རོ། །ཞི་བ་ཉན་རང་གི་གོ་འཕང་སྒྲུབ་ན་ཡང་འབྲུམ་ནད་བྱང་བའི་སྐྱེས་བུ་བཞིན་འཁོར་བའི་སྡུག་བསྔལ་ལས་ཐར་བས་ཕྱིར་འཁོར་མི་དགོས་ཀྱང་། རྒྱལ་སྲས་བྱང་ཆུབ་སེམས་དཔའི་ས་དང་སངས་རྒྱས་ཀྱི་ཡོན་ཏན་མེད་ཅིང་ཞི་བ་མྱང་འདས་ཀྱི་མཐར་ལྷུང་བས་དེས་ཀྱང་ལོ་མི་འདུག དེས་ན་མ་རྒན་སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པར་རྫོགས་པའི་སངས་རྒྱས་ཀྱི་སར་བཀོད་དགོས་བསམ་པའི་བློ་དེར་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཟུར་ཞེས་བྱ། དེ་ལ་ཡང་ནང་གསེས་བློ་སྟོབས་ཆེ་འབྲིང་ཆུང་གསུམ་ཡོད་དེ། སྔོན་ལ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་བཀོད་བསམ་རྒྱུ་དེ་བློ་སྟོབས་ཆེན་པོ་རྫི་བོ་ལྟ་བུའི་སེམས་བསྐྱེད་ཡིན། རང་གཞན་མཉམ་དུ་སངས་རྒྱས་སྒྲུབ་པར་འདོད་པ་བློ་སྟོབས་འབྲིང་པོ་ཡིན། དང་པོ་རང་ཉིད་སངས་རྒྱས་ནས་གཟོད་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་དགོས་བསམ་པ་བློ་སྟོབས་ཆུང་བ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ཡིན་པས་དེ་འདྲའི་དབྱེ་བ་ཡོད། འདི་ལྟ་བུའི་ཀུན་སློང་ནི། ཆོས་ཉན་དུས་སྒྲུབ་དུས་ཐམས་ཅད་ལ་གཅེས་པ་ཡིན་ཏེ། དགེ་བའི་རྩ་བ་རྒྱ་ཆེ་ཆུང་ཇི་ལྟ་བུ་ཞིག་སྒྲུབ་ཀྱང་། དགེ་རྩ་དེ་ཐབས་ཀྱིས་ཟིན་པར་བྱེད་པ་སྤྱོར་བ་སེམས་བསྐྱེད་དམ་པ། དགེ་བ་རྐྱེན་གྱིས་མི་བཤིག་པར་བྱེད་པ་དངོས་གཞི་དམིགས་མེད་དམ་པ། དགེ་བ་གོང་ནས་གོང་དུ་འཕེལ་བར་བྱེད་པ་མཇུག་བསྔོ་བའི་རྒྱས་ཡོངས་སུ་ཐེབས་པ་སྟེ་དམ་པ་གསུམ་གྱི་རྩིས་ཟིན་པ་འདི་མེད་པའི་ཐབས་མེད། ཀུན་མཁྱེན་ཆེན་པོས། ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་ནི། །ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་ཡིན། །གསུངས་པ་ལྟར་དམ་པ་གསུམ་མམ། སྦྱོར་དངོས་རྗེས་གསུམ་པོ་འདི་ཐར་བ་ཡང་དག་པར་སྒྲུབ་པའི་གང་ཟག་རྣམས་ལ་མེད་ཐབས་མེད་པ་གསུམ་རེད། ཁྱོད་ཀྱིས་མ་ཎི་ཨོཾ་གཅིག ཕྱག་རྡོག་པོ་གཅིག མཆོད་མེ་རྐོང་ཕྲུག་གང་མིན་མ་འཛོམས་ན་ཡང་སྦྱོར་དངོས་རྗེས་གསུམ་ཚང་བ་ཞིག་ངེས་པར་གནད་ཆེ། དེ་གསུམ་ཚང་ན་དགེ་བ་རང་ངོས་ཆེ་ཆུང་ལ་མ་ལྟོས་པར་རྣམ་མཁྱེན་སངས་རྒྱས་ཐོབ་པའི་རྒྱུ་རུ་འགྲོ། མ་ཚང་ན་ཐམས་ཅད་མཁྱེན་པའི་དངོས་རྒྱུར་འགྲོ་བ་མ་ཡིན། དེས་ན་དགེ་རྩ་ཅི་སྒྲུབ་ཀྱང་ངས་རྣམ་དཀར་དགེ་བའི་ལས་ཤིག་སྒྲུབ་རྒྱུ་འདི། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྒྲུབ་པ་ཡིན་བསམས་ནས་བསམ་པ་བྱང་ཆུབ་ཀྱི་སེམས་ལྕགས་ཀྱུ་ལྟ་བུའི་ཐབས་ཀྱིས་ཟིན་པའི་སྦྱོར་བ་སེམས་བསྐྱེད་དམ་པ་དེས། དགེ་བའི་རྩ་བ་རྩྭ་ཕོན་ལྟ་བུ་དེ་ཟིན་ངེས་པ་བྱེད་དགོས་ཞེས་དཔལ་སྤྲུལ་རིན་པོ་ཆེས་གསུངས། དགེ་བ་རྐྱེན་གྱིས་མི་བཤིག་པར་བྱེད་པ་དངོས་གཞི་དམིགས་མེད་དམ་པ་ནི་དེ་ཡང་དགེ་བ་ཡང་དག་མ་བསྒྲུབས་ན་རྐྱེན་གྱིས་བཤིག་འགྲོ། གང་གིས་བཤིག་པ་ཡིན་སྙམ་ན། ཁོང་ཁྲོ་སོགས་ཀྱིས་བཤིག་པ་ཡིན། དེ་ཡང་འདི་ལྟར་སྦྱིན་པ་ལས་བྱུང་བ་དང་ཚུལ་ཁྲིམས་ལས་བྱུང་བའི་དགེ་རྩ་བསྐལ་བ་སྟོང་དུ་བསགས་པ་སོགས་རྒྱ་ཆེ་ཆུང་གང་སྒྲུབ་ཡོད་ན་ཁོང་ཁྲོའི་སྡིག་སེམས་རྒྱུད་ལ་སྐྱེས་པའི་སྐད་ཅིག་དེ་ཉིད་ལ་འཇོམས་འགྲོ་བ་དང་། གཞན་ཡང་དགེ་བ་ལ་འགྱོད་པར་སྐྱེས་པ་དང་། ངས་དགེ་རྩ་མཆོད་མེ་དང་མཆོད་རྟེན་དང་འཚོགས་པ་དང་གནས་སྟོང་དང་གནས་བརྒྱ་སོགས་དེ་དང་དེ་ལྟ་བུ་སྒྲུབ་ཡོད་ཅེས་ངོམས་ན་ཟད་འགྲོ་བས་ཁྱོད་ཀྱིས་སྒྲུབ་པའི་དགེ་བ་རྣམས་དོན་མེད་དུ་འགྲོ། མ་བསྔོས་ན་ཡང་ཟད་འགྲོ་བས་དེ་དག་གིས་མི་ཟད་པར་བྱེད་པའི་དངོས་གཞི་དམིགས་མེད་དམ་པ་ནི། གཞི་དབུ་མ་ཆེན་པོ། ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་རྫོགས་པ་ཆེན་པོ་གསུམ་གྱི་ལྟ་བ་རྟོགས་པ་ཞིག་ལ་ཟེར་ཡང་ལས་དང་པོ་བས་རྗེས་མཐུན་པ་འཁོར་གསུམ་པོ་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟ་བུའི་ངེས་ཤེས་རྙེད་ན་དངོས་གཞི་དམིགས་མེད་ཀྱི་གོ་ཆོད། དེས་ན་བསོད་ནམས་བསགས་པ་ལྟ་བུ་ལ་མཚོན་ན་གང་བསག་བྱ། གསོག་བྱེད། གསོག་ཡུལ་དང་བཅས་པ་གསུམ་པོ་ལ་འཁོར་གསུམ་ཟེར། དེ་དག་དོན་དམ་པར་མི་དམིགས་ཀྱང་ཐ་སྙད་ཀུན་རྫོབ་ཀྱི་ངོར་རྨི་ལམ་ལྟ་བུ་སྣང་ལ་རང་བཞིན་མ་གྲུབ་པའི་ངང་ནས། དགེ་བ་ཆུང་ངུ་ལ་ཡང་ཁྱད་དུ་མི་གསོད། ཆེན་པོ་ལ་ཡང་དཔའ་མི་ཞུམ་པའི་སྒོ་ནས་དགེ་སྒྲུབ་སྡིག་སྤོང་བྱེད་དགོས། མཇུག་བསྔོ་བ་དམ་པ་ནི། དགེ་རྩ་གོང་ནས་གོང་དུ་འཕེལ་བར་བྱེད་པ་ཡིན། བསྔོ་བ་མ་བྱས་པའི་དགེ་རྩ་ཅི་བསྒྲུབས་ཀྱང་དེ་གཅིག་པོ་མ་གཏོགས་གཞན་མི་ཐོབ། བསྔོ་བས་རྒྱས་ཐེབས་སོང་ན། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེར་ལྷུང་བ། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་གསུངས་པ་ལྟར། ལྟ་བ་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པའི་ངང་ནས་ཐབས་བྱང་ཆུབ་སེམས་ཀྱིས་འཕངས་པའི་དགེ་རྩ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་རྫོགས་པའི་སངས་རྒྱས་ཀྱི་སར་བསྔོས་པས། དགེ་བ་མི་ཟད་ཅིང་ཇེ་བཟང་ཇེ་མང་དུ་འཕེལ་ཞིང་འབྲས་བུ་ཀུན་མཁྱེན་ཀྱི་རྒྱ་མཚོ་ཆེན་པོར་རོ་གཅིག་ཏུ་འདྲེས་པར་འགྱུར་བར་ཡིན་ནོ། །སྤྱིར་བསྔོ་བ་ལ་ཡང་དུག་ཅན་དང་དུག་མེད་ཀྱི་དབྱེ་བ་གཉིས་ཡོད། དང་པོ་ནི། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །ཞེས་གསུངས་པ་ལྟར་ཟས་ཞིམ་པོ་ཇི་འདྲ་ཡོད་ཀྱང་དེར་དུག་དང་འདྲེས་སོང་ན་མཐར་ནད་ཀྱི་ཟུག་རྔུས་མནར་འོང་ནི་ཡིན། དཔེ་དེ་བཞིན་དུ་ཟག་པ་དང་བཅས་པའི་དགེ་འབྲས་ཀྱིས་མངོན་མཐོ་ལྷ་མིའི་བདེ་བ་ཐོབ་ཀྱང་འཁོར་གསུམ་དུ་ཞེན་པའི་བདག་འཛིན་དེས་འཁོར་བའི་གནས་ལས་ཐར་པ་ཐོབ་མི་ནུས་སོ། །གཉིས་པ་ནི། འཁོར་གསུམ་ཡོངས་དག་གིས་བསྔོས་པ་དེ་ཡིན། དེ་ལ་ཡང་མཚན་ཉིད་པ་དང་རྗེས་མཐུན་པ་གཉིས་ཡོད། མཚན་ཉིད་པ་ནི། རྣམ་པར་མི་རྟོག་ཡེ་ཤེས་བྱ་བ་ཐམས་ཅད་བྱེད། །ཅེས་པ་ལྟར་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྔོ་བ་དང་སྨོན་ལམ་གྱི་རྣམ་པར་ཤར་བའི་ལྟ་བས་རྩིས་ཟིན་པ་དེ་ཡིན། རྗེས་མཐུན་པ་ནི་བདག་གི་དུས་གསུམ་བསགས་ཡོད་ཀྱི་དགེ་བ། རྒྱལ་བ་སྲས་དང་བཅས་པའི་ཟག་མེད་ཀྱི་དགེ་བ། སེམས་ཅན་ཐམས་ཅད་ཀྱི་ཟག་བཅས་ཀྱི་དགེ་བ་ཐམས་ཅད་བློས་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་སེམས་ཅན་ཐམས་ཅད་སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བསྔོ་བ་དེ་ཡིན། ཇི་ལྟར་བསྔོ་ན་རྒྱལ་བ་སྲས་དང་བཅས་པས་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་ཇི་ལྟར་བསྔོས་པ་དེ་བཞིན་དུ་བདག་གིས་ཀྱང་བསྔོ་བར་བགྱིའོ་སྙམ་ནས། འཇམ་དཔལ་དཔའ་བོ་དང་། དུས་གསུམ་གཤེགས་པའི་སོགས་ཤྭ་ལོ་ཀ་གཉིས་ཀྱིས་བསྔོས་ན་བསྔོ་བ་མཚན་ཉིད་པའི་གོ་ཆོད། མདོར་ན་རང་རེ་ཀུན་ཀྱིས་དམ་པ་གསུམ་འདི་མ་ཤེས་ཐབས་མེད་དང་། དམ་པ་གསུམ་འདིས་མ་ཟིན་ཐབས་མེད་ཡིན། དེས་མ་ཟིན་ན་ཕན་པ་མེད་པ་དང་འཕྲོ་བརླག་ཏུ་འགྱུར་བ་ཡིན། ཐེག་ཆེན་མདོ་སྔགས་གཉིས་ཀྱི་ཉམས་ལེན་ཐམས་ཅད་དམ་པ་གསུམ་གྱི་ནང་མ་འདུས་པ་མེད་པས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ། དམ་པ་གསུམ་ལས་མང་མི་དགོས་ཉུང་ན་མི་འདུ་བ་ཡིན། དམ་པ་གསུམ་པོ་ཚོགས་གཉིས་ནང་དུ་བསྡུ་ན། སྦྱོར་བ་སེམས་བསྐྱེད་དམ་པ་དང་མཇུག་བསྔོ་བ་དམ་པ་གཉིས་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་། དངོས་གཞི་དམིགས་མེད་དམ་པ་སྣང་མེད་ཡེ་ཤེས་ཚོགས་ཀྱི་ཕྱོགས་སུ་འདུ་བ་ཡིན། ཇི་སྐད་དུ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བས། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་གསུངས་པ་ལྟར་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལ་བརྟེན་ནས་འབྲས་བུ་ཆོས་སྐུ་དང་གཟུགས་སྐུ་གཉིས་ཐོབ་པ་ཡིན། དེས་ན་ཆོས་ཉན་པ་ལའང་། དང་པོ་ཉན་པའི་ཚུལ་གཙོ། ཞེས་ཆོས་རྣ་བས་ཉན་ལུགས། སེམས་ཀྱིས་བསམ་ལུགས། ལུས་ངག་གི་སྤྱོད་པ་དང་བཅས་གཙོ་ཆེ། དེ་ལས་ཀྱང་ཀུན་སློང་འདི་གཙོ་ཆེ་སྟེ། ཇི་སྐད་དུ། བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་པ་ལྟར་དགེ་སྡིག་གང་བྱས་ཀྱང་བསམ་པ་དགེ་མི་དགེའི་བྱེ་བྲག་ལ་ཐུག་པ་མ་གཏོགས་དགེ་སྡིག་བསྒྲུབ་རྒྱུའི་གཟུགས་བརྙན་ཆེ་ཆུང་ལ་ཐུག་པ་མ་ཡིན། དཔེར་ན་བསམ་པ་བཟང་པོས་མཆིལ་ལྷམ་ཞིག །ཐུབ་པའི་དབུ་ལ་བཞག་པ་དང་། །གཞན་གྱིས་དེ་ཉིད་བསལ་བྱས་པ། །གཉིས་ཀས་རྒྱལ་སྲིད་ཐོབ་པར་འགྱུར། །ཞེས་གསུངས་ཏེ་སྔོན་ལམ་ཁ་ཞིག་ན་སཱཙྪ་ཞིག་ཡོད་པ་ལ་བསམ་པ་བཟང་པོས་ལྷམ་བཀབ་པའི་ལོ་རྒྱུས་འོག་ནས་འཆད་འགྱུར་ལྟར་བསམ་པ་དགེ་དང་མི་དགེའི་བྱེ་བྲག་འདི་གནད་ཤིན་ཏུ་ཆེ་བས། རང་ཉིད་ལ་ཐོབ་གོ་ས་ལྟ་བུ་ཐོབ་རྒྱུའི་ཆེ་འདོད་དང་བཟང་འདོགས་སྙན་མིང་གི་གྲགས་པ་འོང་བའི་ཆེད་དུ་གྲགས་འདོད་ལ་སོགས་འཇིག་རྟེན་ཆོས་བརྒྱད་ཚེ་འདིའི་བདེ་སྐྱིད་སྙན་གསུམ་དོན་དུ་གཉེར་བའི་ཀུན་སློང་གིས། ཆོས་ཇི་ཙམ་ཉན་བསམ་སྒོམ་པར་བྱེད་ཀྱང་ཡང་དག་པའི་ཆོས་སུ་མི་འགྲོ་བས་ན། ཆོས་སྒྲུབ་པའི་སྔོན་དུ་དང་པོར་ཁ་ནང་དུ་ལོག་སྟེ་རང་གི་ཀུན་སློང་ཡང་དག་པའི་ཕྱོགས་སུ་རང་གིས་བཅོས་པ་འདི་གཙོ་ཆེ། ཀུན་སློང་འདི་ལྟར་དགེ་བའི་ལམ་དུ་བཅོས་ཤེས་ན་དགེ་བ་ཆེ་ཆུང་གང་བསྒྲུབས་ཀྱང་དགེ་བ་དེ་ཉིད་ཐབས་ཁྱད་པར་ཅན་གྱིས་ཟིན་ཏེ་སྐྱེས་བུ་ཆེན་པོའི་ལམ་བསོད་ནམས་ཚད་མེད་པ་ཐོབ་པའི་འཇུག་ངོགས་སུ་འགྱུར་བ་ཡིན། ཆོས་ཞུ་བའི་སྔོན་ལ་དེ་ལྟར་ཀུན་སློང་བཅོས་མ་ཤེས་ན་ཆོས་ཉན་ལོ་དང་སྒྲུབ་ལོ་ཇི་ཙམ་བྱས་ཀྱང་ཆོས་ཀྱི་གཟུགས་བརྙན་ལྟར་སྣང་ཙམ་དུ་འགྲོ་བས་ཆོས་བླ་མ་ལས་ཉན་དུས་སམ། རང་ཉིད་ཀྱིས་སྒྲུབ་དུས་སམ། བསྐྱེད་རིམ་གྱི་ལྷ་བསྒོམས་ཀྱང་། སྙིང་པོའི་སྔགས་བཟླ་ཡང་། ལུས་ཀྱིས་ཕྱག་འཚལ་ཀྱང་། སྐོར་བ་བྱེད་ཀྱང་། ཉུང་མཐའ་ནས་བསམ་ན་ཐ་ན་མ་ཎི་འབྲུ་གཅིག་འདོན་ཀྱང་རུང་བསམ་པ་རྒྱ་ཆེ་བ་ཀུན་སློང་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པ་འདི་གལ་ཆེ། རྒྱ་ཆེ་ལུགས་ཅི་འདྲ་ཡིན་སྙམ་ན། མདོར་བསྡུ་ན། དམིགས་པ་རྒྱ་ཆེ་བ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བྲལ་བར་འདོད་པ་དང་། དོན་རྒྱ་ཆེ་བ་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པ་དང་། སྙིང་སྟོབས་རྒྱ་ཆེ་བ་སེམས་ཅན་གཅིག་གི་ཕྱིར་དུ་ཡང་མནར་མེད་པའི་གནས་སུ་འཇུག་དགོས་ཀྱང་ངང་པ་མཚོ་ལ་འཇུག་པ་ལྟར་དགའ་སྤྲོ་དང་བཅས་པ་དང་། དུས་རྒྱ་ཆེ་བ་འཁོར་བ་མ་སྟོངས་གི་བར་དུ་རང་དོན་ཡལ་བ་དོར་ནས་གཞན་དོན་ཁོ་ན་ལྷུར་ལེན་པ་དང་བཞིའི་ཐོག་ནས་གོ་དགོས་སོ། །དེ་ཡན་ཆད་ཀྱིས་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་སོང་བའོ།།

༼༢ ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་།

གཉིས་པ་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ནི། ཚུལ་གསུམ་སྒྲོན་མེ་ལས་གསུངས་པའི་ལུང་དོན། ཐེག་ཆེན་མདོ་སྔགས་གཉིས་ཀྱི་ཆོས་གང་སྒྲུབ་ཀྱང་བསྒྲུབ་བྱ་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ཡིན་པར་མདོ་སྔགས་གཉིས་ཀ་དོན་གཅིག་ན་ཡང་། མི་འདྲ་བའི་ཁྱད་པར་ནི། ལྟ་བ་མ་རྨོངས་པའི་ཁྱད་པར་དང་། སྒོམ་པ་ཐབས་མང་བའི་ཁྱད་པར། སྤྱོད་པ་དཀའ་བ་མེད་པའི་ཁྱད་པར་དང་། གདུལ་བྱའི་གང་ཟག་དབང་པོ་རྣོན་པོ་ཡིན་པའི་ཁྱད་པར་དཔེར་ན་རྫོགས་ཆེན་ཨ་ཏི་ཡོ་གའི་གདུལ་བྱ་དེ་དབང་པོ་རྣོན་པོའི་ཡང་རྣོན་པོ་ཡིན་པ་ལྟ་བུའི་དབང་དུ་བྱས་པའི་དབང་གིས། སྔགས་ཀྱི་ཐེག་པ་འདི་ཉིད་ཁྱད་པར་གཞན་ཕྱི་རོལ་མུ་སྟེགས་པའི་ལྟ་ངན་དང་། ནང་པའི་ཐེག་དམན་གྱི་གྲུབ་མཐའ་ལས་འཕགས་པས་མ་ཚད། ཐེག་ཆེན་མདོ་ཕྱོགས་མཚན་ཉིད་ཐེག་པ་ལས་ཀྱང་ཁྱད་པར་དེ་འདྲའི་འཕགས་པ་ཡིན་པར་ཤེས་དགོས། ཞེས་པ་ལྟར་གསང་སྔགས་རྡོ་རྗེ་ཐེག་པ་འདིར། གདུལ་བྱ་སོ་སོའི་ཁམས་དང་དབང་པོ་དང་མོས་པ་དང་མཐུན་པའི་འཇུག་སྒོའི་ལམ་མང་པོ་ཡོད་པ་དང་། ཚོགས་བསགས་པའི་ཐབས་ཀྱི་ཁྱད་པར་མང་པོ་ཡོད་པ་དང་། ལམ་གྱི་དཀའ་བ་ཆེན་པོ་རང་སྤྱད་མི་དགོས་ཤིང་། བསྐལ་བ་མང་པོ་དང་མི་ཚེ་མང་པོར་བརྒྱུད་མི་དགོས་པར། འབྲས་བུ་བྱང་ཆུབ་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པའི་ཐབས་ཟབ་མོ། དེ་ལྟ་བུ་ཡོད་པ་ཡིན་ལ། དེས་ན་སྐབས་འདིར་མདོ་ལམ་ལས་སྔགས་ལམ་ཁྱད་པར་བཞིས་འཕགས་པ་ཡིན་གསུངས་པའི་དོན་ཞིབ་ཏུ་བཤད་ན། ལྟ་བ་མ་རྨོངས་པའི་ཁྱད་པར་མིག་གསལ་བ་དང་མི་གསལ་བ་གཉིས་ཀས་གཟུགས་ལ་བལྟས་ན་རིག་མི་རིག་གི་ཁྱད་པར་ཡོད་པ་ལྟར། མདོ་སྔགས་གཉིས་ཀས་མཐར་ཐུག་གི་ཆོས་ཀྱི་དབྱིངས་གཏན་ལ་འབེབས་པ་འདྲ་ན་ཡང་། མཚན་ཉིད་ཐེག་པས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དོན་དམ་པའི་བདེན་པ་མཐའ་བརྒྱད་སྤྲོས་པ་དང་བྲལ་བའི་སྟོང་ཉིད་གཏན་ལ་འབེབས་པ་ཡིན་ཡང་། དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་བདག་ཉིད་ཇི་བཞིན་མ་རྟོགས་པས་རྨོངས་པའི་ཆ་ཡོད། སྔགས་ཀྱི་ཐེག་པས་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་རང་བཞིན་གཏན་ལ་འབེབས་པས་ན་ཆོས་ཉིད་ཀྱི་ལྟ་བ་ལ་མ་རྨོངས་པའི་ཁྱད་པར་ཡོད། ཆོས་ཅན་ཀུན་རྫོབ་ཀྱི་དངོས་པོ་ཐམས་ཅད་མཚན་ཉིད་ཐེག་པས་རྟེན་ཅིང་འབྲེལ་འབྱུང་སྒྱུ་མ་ཆུ་ཟླ་ལྟ་བུའི་རང་བཞིན་དུ་གཏན་ལ་ཕེབས་ཀྱང་། ད་དུང་མ་དག་པ་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དག་པ་གཏན་ལ་འབེབས་མ་ནུས་པས་རྨོངས་པའི་ཆ་ཡོད་ལ། སྔགས་ལས་སྣང་བཅས་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ཡེ་ནས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་གཏན་ལ་ཕབ་པ་ཡིན་པས་ཀྱང་མ་རྨོངས་པའི་ཁྱད་པར་ཡོད་དོ། །རྒྱུ་མཚན་ཉིད་ཐེག་པས་འདོད་པའི་ཡོན་ཏན་ལྔ་མ་སྤངས་པར་བྱང་ཆུབ་སྒྲུབ་པའི་ལམ་མེད་ལ། རྡོ་རྗེ་ཐེག་པའི་སྐབས་སུ་འདོད་ཡོན་མ་སྤངས་ལམ་དུ་ཁྱེར་ནས་ཚེ་ལུས་གཅིག་གིས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་ནུས་པས། ཐབས་མང་བ་དང་དཀའ་བ་མེད་པའི་ཁྱད་པར་དེ་འདྲ་ཡོད། དབང་པོ་རྣོན་པོའི་ཁྱད་པར་ནི། སྤྱིར་མདོ་ལམ་ལ་དབང་རྣོན་ཆོས་ཀྱི་རྗེས་འབྲངས་དང་། དབང་བརྟུལ་དད་པའི་རྗེས་འབྲངས་གཉིས་ཀྱི་ཁྱད་པར་ཡོད་ཀྱང་། སྔགས་ལམ་གྱི་གདུལ་བྱ་ནི་དབང་པོ་ཤིན་ཏུ་རྣོན་པོའི་གང་ཟག་རྡོ་རྗེ་ཐེག་པའི་ལྟ་བ་ཟབ་མོ་རྟོགས་ནུས་པའི་ཤེས་རབ་དང་། སྤྱོད་པ་བརླང་པོ་ལ་མི་སྐྲག་ཅིང་དད་པའི་དབང་པོ་ཤིན་ཏུ་རྣོ་བ་སོགས་གང་ཟག་ཁྱད་པར་ཅན་རྣམ་བྱང་གི་དབང་པོ་ལྔ་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་དག་གི་རྩ་བ་ཡང་འདུན་པ་བསྒྱུར་བ་ལ་ཐུག་སྟེ། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་པ་ལྟར་ཆོས་ཐམས་ཅད་རྐྱེན་གྱིས་བསྒྱུར་སླ་བས་འདུན་པའམ་དམིགས་པ་ཇི་ལྟར་གཏད་པ་ལ་རག་ལས་ཡོད་པས་ཆོས་འཆད་པའམ་གསུངས་སའི་གནས་དང་། ཆོས་སྟོན་པ་པོ་ལ་སོགས་ལ་ཐ་མལ་མ་དག་པའི་སྣང་བ་འདི་ལྟར་མི་བལྟ་བར་ཕུན་སུམ་ཚོགས་པ་ལྔ་རུ་གསལ་བཏབ་ནས་ཉན་དགོས། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འཆད་ཉན་སྒོམ་སྒྲུབ་གང་གི་སྐབས་སུ་ཡང་གནས་དུས་སྟོན་འཁོར་ཆོས་དང་ལྔ་པོ་འདི་ཕུན་སུམ་ཚོགས་པ་ལྔ་ཡིན་པས་དེ་བཞིན་གསལ་འདེབས་པ་འདི་མེད་ཐབས་མེད་དེ། རྡོ་རྗེ་ཐེག་པའི་ཐོག་མའི་རྒྱུད་འབྱུང་བའི་གླེང་གཞི་ལས་འཕྲོས་ནས། གནས་གང་དུ་དུས་ནམ་གྱི་དུས་སུ་སྟོན་པ་གང་གིས་འཁོར་ཇི་ལྟ་བུ་ལ་ཆོས་ཅི་ཞིག་གསུངས་ཚུལ་འདི་མེད་ཐབས་མེད་པར་གསུངས་ཡོད་ལ། དེ་ཡང་གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། ཞེས་གསུངས་པའི་འོག་མིན་ལ་གནས་གཙང་མའི་འོག་མིན་དང་། དབང་ཕྱུག་ཆེན་པོའི་འོག་མིན་སོགས་གོ་ཚུལ་མང་ཡང་། འདིའི་སྐབས་རང་སྣང་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་དེ་ལ་གོ། དུས་ཕུན་སུམ་ཚོགས་པ་དུས་བཞི་མཉམ་ཉིད་ཆོས་ཉིད་མི་འགྱུར་པའི་དུས་ཤུགས་ལ་བསྟན་པའམ་འོག་ནས་འབྱུང་། སྟོན་པ་ཕུན་སུམ་ཚོགས་པ་ཆོས་སྐུ་ཀུན་ཏུ་བཟང་པོ་ཡེ་ཐོག་དང་པོའི་སངས་རྒྱས། འཁོར་ཕུན་སུམ་ཚོགས་པ་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད་སེམས་དཔའ་དང་སེམས་མ་དཔའ་བོ་དང་དཔའ་མོ། ལྷ་དང་ལྷ་མོའི་རང་བཞིན་དུ་གསལ་གདབ། དེའི་ཤུགས་ལ་ཆོས་ཕུན་སུམ་ཚོགས་པ་སྒྲ་ཚིག་བློ་ལས་འདས་པ་ཡིན་པར་བསྟན། ཡང་ན་ཆོས་འཆད་པའི་གནས་དེ་ཉིད་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་དེ་ལྟ་བུའི་འདུ་ཤེས་བཞག་ནའང་ཆོག་གསུངས། རང་རེ་ཐམས་ཅད་ཀྱིས་ཕྱི་མར་ཟངས་མདོག་དཔལ་རིར་སྐྱེ་བར་ཤོག་ཟེར་ནས་སྨོན་ལམ་འདེབས་པ་དང་། ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན་ཟེར་སའི་གུ་རུ་རིན་པོ་ཆེ་ད་ལྟ་དངོས་སུ་བཞུགས་ཡོད་པའི་གནས་ཟངས་མདོག་དཔལ་རི་དེ། མཐའ་གཅིག་ཏུ་རྔ་ཡབ་གླིང་རྐྱང་བ་ལ་ངོས་མི་འཛིན་པར་རྣལ་འབྱོར་པ་གང་དུ་གྲོལ་བ་ཐོབ་པའི་རང་སྣང་རྣམ་དག་གི་ཞིང་ཁམས་བློ་བྲལ་གཉུག་མའི་ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེ་གསང་བའི་སྦུབས། ནང་གསལ་ཕྲ་བའི་ཡེ་ཤེས་ཆོས་སྐུའི་ཞིང་ཁམས་ལ། གསལ་མདངས་འགག་པ་མེད་པར་རྒྱན་སྟུག་པོ་བཀོད་པ་ཁ་སྦྱོར་ངེས་པ་ལྔ་ལྡན། ལོངས་སྐུའི་རྩལ་སྣང་ལས་སྤྲུལ་པའི་ཞིང་ཁམས་ཀྱི་བཀོད་པ་མི་མཇེད་ཀྱི་ཞིང་ཁམས་ལ་ཡང་སྣང་ཐུབ་པས་དེ་ལ་ཡང་གོ་ཆོག དུས་ཕུན་སུམ་ཚོགས་པ་རྟག་པ་རྒྱུན་གྱི་འཁོར་ལོ། ཆོས་འཆད་པའི་བླ་མ་དེ་ཉིད་ཨོ་རྒྱན་པདྨ་འབྱུང་གནས། རང་རེ་རྣམས་ཀྱིས་བླ་མ་སྒོམ་དུས་བླ་མ་དེ་ཉིད་གུ་རུ་མཚོ་སྐྱེས་རྡོ་རྗེའི་རྣམ་པར་སྒོམ་པ་ཡིན། དེ་བསྒོམ་དགོས་པའི་དོན་བླ་མ་མི་རུ་བཟུང་བའི་ལོག་ལྟ་ཞིག་སོ་སྐྱེས་ལ་ཡོད་པས་དེ་མེད་པའི་ཆེད་དུ་སྒོམ་པ་ཡིན། གལ་ཏེ་བླ་མ་ལ་སངས་རྒྱས་དངོས་མཐོང་གི་དད་པ་ཡོད་ན། བླ་མ་ཅི་འདྲ་ཡིན་པར་དེ་བཞིན་བསྒོམས་ནའང་ཆོག་པས་གུ་རུ་མ་བསྒོམས་ཀྱང་ཆོག ཆོས་ཕུན་སུམ་ཚོགས་པ་ཐེག་ཆེན་གསང་སྔགས་ཀྱི་ཆོས། རང་རེ་ཆོས་ཉན་བའི་འཁོར་རྣམས་ཀྱང་རིག་འཛིན་བརྒྱད་རྗེ་འབངས་ཉེར་ལྔ། དཔའ་བོ་མཁའ་འགྲོའི་རང་བཞིན་དུ་གསལ་གདབ། ཅེས་གསུངས་ན་དེ་ཡང་མ་ཡིན་པ་ཞིག་བཙན་གྱིས་འདུ་ཤེས་བསྒྱུར་བ་ཞིག་མིན། ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་ཤིག་འཇོག་པ་ཡིན། དེ་ཡང་དོན་དམ་གནས་ཚུལ་གྱི་ངོས་ནས་བསམ་ན། རྡོ་རྗེ་ཐེག་པའི་ཆོ་ག་ལས། རྩ་ཐམས་ཅད་ནི་དཔའ་བོའི་རང་བཞིན། རླུང་ཐམས་ཅད་ནི་དཔའ་མོའི་རང་བཞིན་སོགས་གསུངས་པ་ལྟར་དོན་གྱི་ངོས་ནས་ཡིན་ནོ། །ཡང་ན་གནས་ཕུན་སུམ་ཚོགས་པ་རིགས་ལྔའི་ཞིང་ཁམས་ཀྱི་ནང་ནས་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ། སྟོན་པ་ཕུན་སུམ་ཚོགས་པ་ལོངས་སྤྱོད་རྫོགས་པའི་སྐུ་རྡོ་རྗེ་སེམས་དཔའ། འཁོར་རྡོ་རྗེ་རིགས་ཀྱི་ལྷ་ཚོགས། སེམས་དཔའ་དང་སེམས་མའི་རང་བཞིན་དུ་གསལ་གདབ། ཡང་ན་གནས་ཕུན་སུམ་ཚོགས་པ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས། སྟོན་པ་ཕུན་སུམ་ཚོགས་པ་སངས་རྒྱས་སྣང་བ་མཐའ་ཡས། འཁོར་ཕུན་སུམ་ཚོགས་པ་པདྨ་རིགས་ཀྱི་ལྷ་ཚོགས། སེམས་དཔའ་དང་སེམས་མ། ལྷ་དང་ལྷ་མོའི་རང་བཞིན་དུ་གསལ་གདབ། གང་ལྟར་ཡང་། ཆོས་ཐེག་པ་ཆེན་པོ། དེའི་ནང་ནས་འོད་གསལ་རྫོགས་པ་ཆེན་པོ་ལ་གོ་དགོས། ཆོས་སྐུ་ཀུན་ཏུ་བཟང་པོ་ནས་རྩ་བའི་བླ་མའི་བར་དུ་བརྒྱུད་པས་བརྒྱུད་པ་གསེར་གྱི་ཕྲེང་བ་བར་མ་ཆད་པར་དུས་རྟག་པ་རྒྱུན་གྱི་འཁོར་ལོ་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་བློ་བཞག དེ་ལྟར་གསལ་བཏབ་པ་དེ་དག་ཀྱང་གནས་ཚུལ་དོན་དམ་དབང་བཙན་གྱི་ངོས་ན་དེ་ལྟར་ཡིན་པ་ལ་ཡིན་པར་ཤེས་པར་བྱེད་པ་ལས་བཙན་གྱིས་བོང་བུ་རྟ་ལ་སྒོམ་པ་དང་བོང་བ་གསེར་ལ་སྒོམ་པ་ལྟར་མ་ཡིན་པ་ཞིག་གཟོད་གསལ་འདེབས་པ་མིན་ཏེ། གནའ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ན་བཞུགས་སྐབས་ཤཱ་རིའི་བུ་དང་ཚངས་པ་རལ་བ་ཅན་གཉིས་སྣང་བ་མ་མཐུན་ནས་རྩོད་པ་བྱས་པ་ཡིན་ཏེ། ཤཱ་རིའི་བུས་སངས་རྒྱས་ཀྱི་ཞིང་ཁམས་འདི་རང་རེས་མཐོང་བ་ལྟར་ས་དང་རྡོ། ཚེར་མ་དང་འདམ་སོགས་ཡོད་པའི་མ་དག་པ་ཞིག་གོ་སྙམ་ནས་བརྩད་པ་དང་། ཚངས་པ་རལ་བ་ཅན་གྱིས་དག་པའི་ཞིང་ཁམས་སུ་མཐོང་ནས་གཅིག་གིས་གཅིག་ལ་དག་མ་དག་སྒོ་ནས་བརྩད་པའི་ཚེ་སངས་རྒྱས་ལ་དྲིས་པས་བདག་ཅག་གི་སྟོན་པ་སངས་རྒྱས་ཐུགས་རྗེ་ཅན་གྱིས་དག་པའི་ཞིང་ཁམས་དངོས་སུ་མཐོང་བ་བྱིན་གྱིས་བརླབས་ནས། ང་ཡི་ཞིང་ནི་རྟག་ཏུ་འདི་ལྟར་དག་ཀྱང་ཁྱོད་རྣམས་ཀྱིས་མ་མཐོང་བ་ཡིན་ཞེས་གསུངས་པས་སོ། །དེས་ན་ལས་དག་པ་ལ་དག་པའི་མཐོང་སྣང་དང་། ལས་མ་དག་པ་ལ་མཐོང་སྣང་ཡང་མ་དག་པ་ལས་མེད་དེ། དཔེར་ན་རང་རེ་མགོ་གྱེན་ལ་བསྟན་ཚད་ཀྱིས་མི་གཞན་ལ་བལྟས་ན་ཐམས་ཅད་མགོ་གྱེན་ལ་བསྟན་ནས་འགྲོ་བ་མཐོང་ལ། མི་ཞིག་མགོ་ཐུར་ལ་བསྟན་ནས་བལྟས་ན་མི་ཚང་མ་མགོ་ཐུར་ལ་བསྟན་པར་མཐོང་བ་ཡིན་ཡང་དོན་ལ་རང་གི་མཐོང་བ་མ་དག་པའི་རྟགས་ཡིན་གྱི་མ་གཏོགས་མི་ཚང་མས་མགོ་ཐུར་ལ་བསྟན་ནས་འགྲོ་བ་མེད་པ་བཞིན་ནོ། །བླ་མ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད། མཚོན་བྱེད་རྟགས་ཀྱི་བླ་མ་དེའི་སྐུ་དགེ་འདུན་ཡིན་ལ། གསུང་འགག་མེད་ཆོས་ཀྱི་རང་སྒྲ་སྒྲོགས་པ་དེ་དམ་པའི་ཆོས་ཀྱང་ཡིན། ནང་མཚོན་བྱ་དོན་གྱི་བླ་མ་དེའི་ཐུགས་ཡེ་ཤེས་ཆེན་པོར་སངས་རྒྱས་ཀྱི་ངོ་བོ་ཡིན་པས་བླ་མ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་ཀུན་འདུས་ཀྱི་བདག་ཉིད་ཡིན། སྐུ་བྱིན་རླབས་ཀྱི་ངོ་བོ་བླ་མ་ཡིན་ལ། གསུང་དངོས་གྲུབ་ཀྱི་གཏེར་མཛོད་ཡི་དམ་ཡིན། ཐུགས་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་སྟེ་རྩ་གསུམ་ཀུན་འདུས་ཀྱང་ཡིན། ལས་དག་དང་མ་དག་གི་གདུལ་བྱའི་ངོར་སྣང་ཆོག་པས་ན་སྐུ་སྤྲུལ་སྐུ། ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་བདེ་སྟོང་འགག་མེད་ཀྱི་རང་སྒྲ་གསལ་བར་བྱེད་པའི་ཆ་ནས་གསུང་ལོངས་སྐུ། སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་དེ་ཉིད་རྟག་བརྟན་འཕོ་འགྱུར་དང་བྲལ་བའི་འདུས་མ་བྱས་ཡིན་པས་ན་ཐུགས་ཆོས་སྐུ་སྟེ་སྐུ་གསུམ་ཀུན་འདུས། བླ་མ་ནི་འདས་པའི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་ཡང་ཡིན་ཏེ། སངས་རྒྱས་ཉིད་ཀྱིས། ལྔ་བརྒྱ་ཐ་མར་གྱུར་བ་ན། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་པས་བསྐལ་བ་མང་པོའི་སྔོན་རོལ་ནས་མངོན་པར་བྱང་ཆུབ་བརྙེས་སུ་ཟིན་ཀྱང་། སླར་ཡང་གདུལ་བྱའི་སྣང་ངོར་འཁོར་བ་མ་སྟོངས་ནམ་མཁའ་མ་ཞིག་གི་བར་དུ་སེམས་ཅན་གྱི་དོན་མཛད་ནས་བླང་དོར་གྱི་གནས་སྟོན་པའི་ཕྱིར། སངས་རྒྱས་ཉིད་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་མིའི་ཤ་ཚུགས་སུ་བྱོན་ནས་མཐུན་པས་མཐུན་པར་འདུལ་བའི་ཕྲིན་ལས་མཛད་པ་ཡིན་ནོ། །བླ་མ་ནི་མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱི་འབྱུང་ཁུངས་ཀྱང་ཡིན་ཏེ། ཇི་སྐད་དུ། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །བསྐལ་བ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བསྟེན་ནས་འབྱུང་། །ཞེས་གསུངས་པ་ལྟར་རོ། ད་ལྟའི་སངས་རྒྱས་ཐམས་ཅད་ཀྱི་རྒྱལ་ཚབ་ཀྱང་བླ་མ་ཉིད་ཡིན་ཏེ། སངས་རྒྱས་ཤཱཀྱ་ཐུབ་པ་བསྐལ་བ་འདི་ལ་འཇིག་རྟེན་དུ་བྱོན་ཀྱང་མཇལ་བའི་སྐལ་བ་མེད་པ་དག་ལ། བླང་དོར་གྱི་གནས་སྟོན་ཅིང་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ལ་ཁྲིད་ནས་སངས་རྒྱས་ཀྱི་མཛད་པ་ཡོངས་རྫོགས་སྒྲུབ་པས་སངས་རྒྱས་ཀྱི་གདུང་འཛིན་པ་པོ་ཡིན་ནོ། །སངས་རྒྱས་རྣམས་ལ་ཐུགས་རྗེ་མེད་པ་མིན་ཡང་སེམས་ཅན་རང་རང་གི་ལས་སྐལ་ངན་པས་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གིས་ཀྱང་མ་ཐུལ་ནས་ལུས་སོང་བའི་རང་རེ་སྙིགས་མ་ལྔ་བདོ་བའི་སེམས་ཅན་དམུ་རྒོད་རྣམས་རྗེས་སུ་འཛིན་པའི་ཐུགས་རྗེ་དང་བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ཐམས་ཅད་ལས་ཀྱང་བླ་མ་ཉིད་ལྷག་པ་ཡིན་ཏེ། ཇི་སྐད་དུ། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་ཀྱི་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པའི་དོན་གཞན་གོ་སླ་ལ་རྡོ་རྗེ་འཆང་ནི་རིགས་ལྔ་འདུས་པའི་བདག་ཉིད་རིགས་དྲུག་པ་རྡོ་རྗེ་འཆང་དང་དབྱེར་མེད་པའི་དོན་ལ་གོ་བས་དེ་ལྟར་ཡིན་པ་ལ་ཡིན་པའི་ངེས་ཤེས་དང་། རང་རེ་ཆོས་ཉན་པའི་འཁོར་རྣམས་ཀྱང་། གཞི་བདེ་བར་གཤེགས་པའི་སྙིང་པོ་ཏིལ་ལ་མར་བཞིན་སྲིན་འབུ་པདྨ་ཡན་ཆད་སེམས་ཅན་ཡོངས་ལ་ཁྱབ་པས་ངོ་བོ་ཡེ་དག་གི་སངས་རྒྱས་ཡིན་ཏེ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་པ་ལྟར་རོ། །རྟེན་བཟང་པོ་དལ་འབྱོར་ཚང་བའི་མི་ལུས་དཔེར་ན་རིན་པོ་ཆེ་ལྟ་བུ་འདི་དང་ལྡན། ལམ་རྐྱེན་དམ་པའི་ཆོས་སྟོན་པའི་བླ་མ་དགེ་བའི་བཤེས་གཉེན་མཚན་ཉིད་ལྡན་པ་དང་མཇལ། ཐབས་སླ་བ་གསང་སྔགས་རྡོ་རྗེ་ཐེག་པའི་མྱུར་ལམ་བླ་མ་དེའི་གདམས་ངག་གིས་ཟིན་པས་ན། མ་འོངས་པ་ན་གློ་བུར་འཁྲུལ་བའི་དྲི་མ་ཐམས་ཅད་བསལ་ནས་སྤངས་རྟོགས་མཐར་ཕྱིན་པའི་གནས་སྐབས་ན་དག་པ་གཉིས་ལྡན་གྱི་སངས་རྒྱས་མངོན་དུ་འགྱུར་བར་ཡིན་ཏེ། རྒྱུད་བརྟགས་གཉིས་ལས་གསུངས་པའི་ལུང་དོན། སེམས་ཅན་རྣམས་ནི་སངས་རྒྱས་ཀྱི་བདག་ཉིད་ཡིན་པར་གསུངས་། འོ་ན་ཁྱི་རྒན་རྒྱ་བོ་ལ་གཙུག་ཏོར་མེད་པ་འདི་མི་འཐད་ཅེ་ན། འོན་ཀྱང་ད་ལྟ་མ་རིག་པ་གློ་བུར་དྲི་མས་བསྒྲིབས་ནས་ཡོད་པས་ཁྱི་རྒན་ལ་གཙུག་ཏོར་མི་མངོན་པ་ཡིན། དྲི་མའམ་སྒྲིབ་པ་དེ་ཉིད་ལམ་གྱིས་བསལ་ཟིན་ན་ཁྱི་རྒན་ཡང་སངས་རྒྱས་དངོས་སུ་གྱུར་ནས་ཡོན་ཏན་ཐམས་ཅད་དང་ལྡན་པ་ཞིག་ཡིན་ནོ། །ཞེས་པའི་དོན་ལྟར་རོ། །མདོར་ན་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འཆད་ཉན་བྱེད་པའི་སྐབས་སུ། བླ་མ་ལ་སངས་རྒྱས་དངོས་མཐོང་གི་དད་པ་ཞིག་ཡོད་དགོས། རིག་འཛིན་འཇིགས་མེད་གླིང་པས། བླ་མ་མི་རུ་བཟུང་ན་དངོས་གྲུབ་ཁྱི་ལས་མི་འབྱུང་། ཞེས་གསུངས། བླ་མའི་ཐུགས་ཡེ་ཤེས་ཆེན་པོ་ཆོས་ཀྱི་སྐུ་ཡིན་ལ་ཡེ་ཤེས་དེའི་རྣམ་འགྱུར་གཟུགས་སྐུ་ཡིན། གཟུགས་སྐུའི་ངོ་བོ་ཆོས་སྐུ། ཆོས་སྐུའི་རྣམ་འགྱུར་གཟུགས་སྐུ། མཉམ་ཉིད་དབྱེར་མེད་རྡོ་རྗེའི་སྐུ་ཡིན་ན། ཐུགས་ཡེ་ཤེས་ཆེན་པོ་སྐུ་ལྟར་ཤར་བ་སྣང་སྟོང་སྐུ་རྡོ་རྗེ། སྐུ་ཡེ་ཤེས་ཆེན་པོ་གསུང་ལྟར་གྲགས་པ་དེ་གྲགས་སྟོང་གསུང་རྡོ་རྗེ། གཉིས་མེད་མཉམ་པ་ཆེན་པོ་ཐུགས་ལྟར་འཕྲོ་བ་དེ་དྲན་སྟོང་ཐུགས་རྡོ་རྗེ་སྟེ་གསང་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་སྐྱབས་གནས་དགུ་ཕྲུགས་ཀྱི་ངོ་བོ་བླ་མ་ཉིད་ཡིན་པས་ན་བླ་མ་སངས་རྒྱས་དངོས་ཡིན་པའི་རྒྱུ་མཚན་དེ་ཡིན་ནོ། །འཁོར་ཐམས་ཅད་ཀྱང་ངོ་བོ་ཡེ་དག་ཡོན་ཏན་ལྷུན་གྲུབ་ཀྱི་སངས་རྒྱས་ཡིན་ཞིང་གློ་བུར་འབྲལ་རུང་གི་དྲི་མ་བསལ་ན་དག་པ་གཉིས་ལྡན་གྱི་སངས་རྒྱས་ཡིན་པས། སྣང་སྲིད་གཞིར་བཞུགས་ཀྱི་སངས་རྒྱས་ལ་གཞིར་གཞེངས་སུ་གསལ་གདབ་དགོས་པ་ཡིན་ནོ། །དེ་ཡན་ཆད་ཀྱིས་ཀུན་སློང་བཤད་པ་སོང་།།

༢༽ གཉིས་པ་ཀུན་སྤྱོད་གཉིས།

གཉིས་པ་ཀུན་སྤྱོད་ལའང་། སྤང་བྱའི་ཀུན་སྤྱོད་དང་། བླང་བྱའི་ཀུན་སྤྱོད་གཉིས།

༼༡ དང་པོ་སྤང་བྱའི་ཀུན་སྤྱོད་ལ་གསུམ།

དང་པོ་ལའང་། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པ་ལྔ་དང་བཅས་པ་ལས།

༼༡ སྣོད་ཀྱི་སྐྱོན་གསུམ།

དང་པོ་སྣོད་ཀྱི་སྐྱོན་གསུམ་ནི། རྣ་བ་མི་གཏད་ཁ་སྦུབས་ལྟ་བུའི་སྐྱོན། །ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། །ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། །ཞེས་པ་ལྟར་གསུམ། དང་པོ་ནི། མིག་དང་རྣ་བའི་རྣམ་ཤེས་ལ་སོགས་འཇུག་ཤེས་དྲུག་ཡུལ་གཟུགས་སྒྲ་ལ་སོགས་པ་དྲུག་ལ་གཡེངས་སོང་ན་ཆོས་ཀྱིས་སེམས་ལ་མི་ཕན་པས། འདིར་ཆོས་ཉན་པའི་དུས་སུ། རང་གི་རྣ་བའི་ཤེས་པ་ཡུལ་གཞན་དུ་མི་ཡེངས་པར་ཆོས་འཆད་པའི་སྒྲ་དེ་ལ་གཏད་ནས་ཉན་དགོས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས། རྣ་བ་བླགས་ཏེ་ཉོན་ལ་ཡིད་ལ་ཟུངས་ཤིག ཅེས་གསུངས་པས་ཕྱི་རོལ་གྱི་བྱ་བྱེད་འགྲོ་འདུག་སོགས་ལ་སེམས་མི་གཡེང་བར་ཉན་དགོས། གལ་ཏེ་དེ་ལྟར་མ་ཉན་ན་སྣོད་ཁ་སྦུབས་པའི་སྟེང་དུ་བཅུད་ཇི་ཙམ་བླུགས་ཀྱང་ནང་དུ་འོང་རྒྱུ་མེད་པ་དང་འདྲ་སྟེ་ལུས་ཆོས་གྲལ་ན་ཡོད་ཀྱང་སེམས་ཆོས་གྲལ་ནས་ཕྱིར་སོང་ཚར་བས་ཆོས་ཚིག་གཅིག་ཀྱང་མི་ཐོས། གཉིས་པ་ནི། དེ་ལྟར་རྣ་བས་ཆོས་ཅུང་ཟད་ཉན་པའམ་ཐོས་ཀྱང་ཐོས་པའི་ཆོས་དེ་ཡང་གོ་ཐལ་ཐོས་ཐལ་བསམས་ནས་གོ་ལོ་དང་ཐོས་ལོར་བཞག་ནས་ཐོ་ཡིག་གསོག་ཐབས་དང་ཀུན་བཟང་ཞལ་ལུང་ཐོབ་མྱོང་ཟེར་བྱེད་ཙམ་ལས་ཡིད་ལ་མ་བཟུང་ན་ཡང་མ་ཉན་པ་དང་གཅིག་མཚུངས་ཡིན། དཔེར་ན་སྣོད་ཞབས་རྡོལ་ཏེ་རྐུབ་བུག་སོང་བ་ཞིག་གི་ནང་དུ་བཅུད་ཅི་ཙམ་བླུགས་ཀྱང་ནང་དུ་ཆགས་ནས་གང་འོང་རྒྱུ་མེད་པ་དང་འདྲ་སྟེ་མདོ་སྔགས་ཀྱི་ཆོས་ཅི་ཙམ་ཉན་ཀྱང་རྒྱུད་ཐོག་ཏུ་བཀལ་ནས་ཉམས་སུ་ལེན་མི་ཤེས། དེ་ལྟར་མ་ཤེས་ན་ཆོས་མང་པོ་ཉན་བཞིན་ཉན་བཞིན་རང་རྒྱུད་ཇེ་གྱོང་། ཐོས་པ་བསགས་བཞིན་བསགས་བཞིན་དམུ་ཇེ་རྒོད། མཐར་སྡིག་ཆེན་ཆོས་ཀྱིས་ཐུལ་ཡང་། །ཆོས་དྲེད་ཆོས་ཀྱིས་མི་ཐུལ། །གྱོང་པོ་སྣུམ་གྱིས་ཐུལ་ཡང་། །མར་སྐོགས་སྣུམ་གྱིས་མི་ཐུལ། ཟེར་བ་ལྟར་ལས་མཐའ་ལོག་པར་དུས་གསུམ་སངས་རྒྱས་བྱོན་ཀྱང་མཐུ་རྡུགས་ནས་ཕན་མི་ཐོགས་པ་ཞིག་ཏུ་འགྱུར་ཉེན་ཡོད་པས་ཉན་ནས་ཡིད་ལ་བཟུང་དགོས། གསུམ་པ་ནི། ཆོས་ཁྲིད་ཉན་པའི་དུས་སུ་རང་ཉིད་ཆེ་འདོད་དང་གྲགས་འདོད་ལ་སོགས་པ་གོང་དུ་བཤད་པ་ལྟར་ཆོས་བརྒྱད་དང་འདྲེས་པའི་ཀུན་སློང་སྐྱོན་ཅན་གྱིས་ཉན་པའམ། ཆགས་སྡང་རྨོངས་གསུམ་སོགས་དུག་ལྔའི་རྟོག་པ་དང་འདྲེས་ཏེ་ཉན་ན་ཆོས་ཀྱིས་སེམས་ལ་མི་ཕན་པར་མ་ཟད་ཆོས་ཀྱང་ཆོས་མིན་དུ་འགྲོ་སྟེ་དུག་ཅན་གྱི་སྣོད་དུ་བཅུད་བཟང་པོ་བླུགས་ནའང་དུག་དུ་འགྱུར་འགྲོ་བ་དང་འདྲ་བ། སློབ་མ་སྣོད་མིན་ཞིག་ལ་ཆོས་ཇི་ལྟར་ཟབ་མོ་བསྟན་ཀྱང་ཉོན་མོངས་པའི་གཉེན་པོར་མི་འགྲོ་བར་མ་ཟད་ཆོས་དེ་ཉིད་ཀྱང་ཉོན་མོངས་པའི་ཁ་སྣོན་དུ་འགྲོ་སྲིད་པས་གཟབ་དགོས། དེས་ན་རྒྱ་གར་དམ་པས་ཀྱང་། ཆོས་ཉན་པའི་དུས་སུ་ཆོས་ཀྱི་སྒྲ་དེ་ལས་ཡིད་གཞན་དུ་མི་གཡེང་བ་དཔེར་ན་རི་དྭགས་ཀྱིས་པི་ཝཾ་གི་སྒྲ་ལ་ཉན་པ་ལྟ་བུ་ཞིག་དགོས། བསམ་པའི་དུས་སུ་གོ་རིམ་མ་འཆོལ་བ་དཔེར་ན་བྱང་པའམ་འབྲོག་པས་ལུག་གི་བལ་འབྲེག་པ་ལྟ་བུ་ཞིག་དགོས། བསྒོམ་པའི་དུས་སུ་བསྒོམ་པ་དེ་ལས་སེམས་གཞན་དུ་མི་གཡེང་བ་དཔེར་ན་གླེན་པས་བུ་རམ་གྱི་རོ་མྱོང་བ་ལྟ་བུ་ཞིག་དགོས། བསྒྲུབ་པའི་དུས་སུ་གཡག་ལྟོགས་ཀྱིས་རྩྭ་སྔོན་མ་ཟ་དུས་རྗེས་མ་ཟ་རྒྱུར་མིག་གིས་ལྟ་བ་ལྟ་བུ་ཞིག་དགོས། འབྲས་བུའི་དུས་སུ་སྒྲིབ་གཉིས་བགས་ཆགས་དང་བཅས་པ་ལས་གྲོལ་བ་དཔེར་ན་ཉི་མ་སྤྲིན་ལས་གྲོལ་བ་ལྟ་བུ་ཞིག་དགོས་པ་ཡིན་ཞེས་གསུངས་པ་ལྟར། ཆོས་ཉན་པའི་དུས་སུ་རི་དྭགས་པི་ཝང་གི་སྒྲ་ལ་ཆགས་ཏེ་ཟུར་ནས་རྔོན་པས་དུག་མདའ་བསྣུན་ཀྱང་མི་གོ་བར་སིམ་མེ་ཉན་པ་དང་འདྲ་བར། ལུས་བ་སྤུ་གཡོ་མིག་མཆི་མ་འཁྲུགས། ལག་ཐལ་མོ་སྦྱར་ཏེ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་ཉན་དགོས་པ་ལས། ལུས་ཆོས་གྲལ་དུ་བསྡད་ཀྱང་། སེམས་རྣམ་རྟོག་གི་ཕྱི་ལ་འབྲང་། ངག་འཁྱལ་གྱི་གཏེར་སྒོ་ཕྱེ། ཁ་ཡེངས་དང་མིག་ཡེངས་བྱས་ནས་ཉན་པས་མི་འོང་བས་འདིའི་སྐབས་སུ་ཁ་ཏོན་དང་། ལག་ལ་སྐོར་རྒྱུའི་འཁོར་ལོ་དང་བགྲང་རྒྱུའི་ཕྲེང་བ་སོགས་དགེ་སྦྱོར་གྱི་རྣམ་པ་རྣམས་ཀྱང་བཞག་ནས་ཉན་དགོས་ན་གཞན་ལྟ་ཅི་སྨོས། མདོར་ན་ཆོས་ཉན་པའི་དུས་སུ་རྣ་བ་བླགས་ཏེ་སེམས་རྣལ་དུ་ཕབ་ཀུན་སློང་ཆགས་སྡང་རྨོངས་གསུམ་དང་མ་འདྲེས་ཤིང་བསམ་པ་བྱང་ཆུབ་སེམས་དང་མ་བྲལ་བའི་སྒོ་ནས་ཚིག་རྣ་བས་ཉན་ནས་དོན་ཡིད་ལ་བཟུང་དགོས། དེ་ལྟར་ཉན་ནས་ཀྱང་བཤད་པའི་དོན་དེ་དག་ཡིད་ལ་བཟུང་སྟེ་ཚིག་དོན་ཡིད་ལ་མ་བརྗེད་པར་བྱས་ནས་རྒྱུན་དུ་ཉམས་སུ་ལེན་དགོས་ཏེ། ཐུབ་པ་ཆེན་པོས་ཀྱང་། ངས་ནི་ཁྱོད་ལ་ཐར་པའི་ཐབས་དམ་པའི་ཆོས་བདུད་རྩི་ཞི་བ་འདུས་མ་བྱས་ལྟ་བུ་བསྟན་གྱི། དེ་བཞིན་དུ་བསྒྲུབས་ན་ཐར་པ་ཐོབ་ཐུབ་ཀྱང་ཐར་པ་ཨེ་སྒྲུབ་རང་ལ་རག་ལས་པས་གནད་ཤེས་པར་གྱིས། །ཞེས་གསུངས་པ་ལྟར། བླ་མའི་སློབ་མ་ལ་ཁྲིད་འཆད་པ་དེ། ཆོས་ཉན་ཚུལ་སྒྲུབ་ཚུལ། སྡིག་པ་སྤོང་ཚུལ། དགེ་བ་སྒྲུབ་ཚུལ། ཉམས་སུ་ལེན་ཚུལ་རྣམས་སློབ་པ་ཡིན་པས། སློབ་མས་ཀྱང་དེ་རྣམས་མ་བརྗེད་པར་ཡིད་ལ་བཟུང་ནས་ཉམས་སུ་བླངས་ཏེ་རང་རྒྱུད་ལ་སྦྱར་ནས་མངོན་དུ་བྱེད་དགོས་ཀྱི། ཡིད་ལ་མ་བཟུང་ན་ཆོས་ཐོས་པའི་ཕན་ཡོན་ཙམ་ཡོད་སྲིད་ཀྱང་། ཆོས་ཀྱི་ཚིག་དོན་ཅུང་ཟད་ཀྱང་མི་ཤེས་པས་ཐོས་དོན་རང་རྒྱུད་ལ་སྦྱར་རྒྱུའི་ཐད་ནས་ཆོས་མ་ཐོས་པ་དང་ཁྱད་པར་མེད། ཡིད་ལ་བཟུང་ཡང་ཉོན་མོངས་པ་དང་འདྲེས་ཤོར་ན་ཆོས་ཡང་དག་པར་མི་འགྲོ་སྟེ། མཉམ་མེད་དྭགས་པོས། ཆོས་ཆོས་བཞིན་མ་སྤྱད་ན། ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད། ཅེས་པ་ལྟར་སྨན་སྨན་བཞིན་མ་བསྟེན་ན་སྨན་ཡང་དུག་ཏུ་འགྱུར་འགྲོ་བ་བཞིན། ཡར་བླ་མ་དང་ཆོས་ལ་མ་དད་པས་ལོག་རྟོག བར་མཆེད་གྲོགས་ལ་ཟུར་གྱིས་སྨད་པའི་ཟུར་ཟ། ཁོ་བས་ང་ལྷག་སྙམ་པའི་ང་རྒྱལ་དང་། གཞན་ལ་བརྙས་བཅོས་ཁྱད་གསོད་ལ་སོགས་མི་དགེ་བའི་རྟོག་པ་དང་བཅས་པས་ཆོས་ཉན་པ་དང་སྒྲུབ་པ་ནི། ངན་སོང་གི་རྒྱུ་བྱེད་པས་དེ་དག་སྤོང་དགོས།།

༼༢ དྲི་མ་དྲུག

གཉིས་པ་དྲི་མ་དྲུག་ནི། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེངས་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་པ་ལྟར། དང་པོ་ང་རྒྱལ་ནི་སྤྱིར་གཞན་ལས་རང་ཉིད་ལྷག་པར་འདུ་ཤེས་པ་ཞིག་ལ་ང་རྒྱལ་དུ་གྲགས། དེ་རང་རྒྱུད་ལ་ཡོད་ནས་བཟུང་དམན་པ་ལ་བརྙས་བཅོས། མཐོ་བ་ལ་ཕྲག་དོག མཉམ་པ་ལ་འགྲན་སེམས་སྐྱེ། ང་རྒྱལ་ལྕགས་ཀྱི་ལྒང་བུ་ལ་ཡོན་ཏན་གྱི་ཆུ་མི་ཆགས་ཟེར་བ་ལྟར། རང་རྒྱུད་ལ་ང་རྒྱལ་ཡོད་ནས་བཟུང་རང་གི་སྐྱོན་མི་མཐོང་། གཞན་གྱི་ཡོན་ཏན་མི་ཤེས་པ་ཡིན་པས། དེའི་གཉེན་པོ་རྟག་ཏུ་རང་སྐྱོན་ངོས་བཟུང་ནས་དམན་བའི་ས་བཟུང་། ཧྲུལ་པོའི་གོས་གྱོན། བཟང་ངན་འབྲིང་གསུམ་ཐམས་ཅད་གོང་དུ་བཀུར་དགོས། དེས་ན་ཆོས་འཆད་པའི་བླ་མ་ལས་ཀྱང་རིགས་གཟུགས་ཐོས་པ་སོགས་ང་ལྷག་སྙམ་པའི་ང་རྒྱལ་དེ་སྤང་དགོས། ཆོས་དང་བླ་མ་ལ་རྒྱུ་མཚན་ཤེས་པའི་ཡིད་ཆེས་ཅི་ཡང་མེད་ནས་མ་དད་ན་མི་ཕན་པ་ཡིན་པས། དེའི་གཉེན་པོ་ཆོས་དང་བླ་མའི་ཡོན་ཏན་དྲན་ནས་མི་བསླུ་བར་ཡིད་ཆེས་བྱེད་དགོས། རྟ་སྔོན་དུ་རུས་པ་བླུག་པའམ་ཁྱི་སྔུན་དུ་རྩྭ་སྤུངས་པ་ལྟར། ཆོས་ལ་དོན་གཉེར་མེད་པ་ཡིན་ན། དེའི་གཉེན་པོ་དམ་པའི་ཆོས་དང་འཕྲད་དཀའ་བ། དགེ་བའི་བཤེས་གཉེན་དང་མཇལ་དཀའ་བའི་འདུ་ཤེས་བཞག་ནས་ཆོས་ཀྱི་ཚིག་དོན་རེ་རེ་ལའང་ཨེ་ཤེས་ལྟ་བའི་དོན་གཉེར་གྱི་འདུན་པ་བསྐྱེད་དགོས། ཆགས་སོགས་ཉོན་མོངས་པས་སེམས་ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ་བྱུང་ན། དེའི་གཉེན་པོ་ཆོས་ལ་སེམས་གཏད་ནས་ནང་དུ་ཡང་ཡང་འཇོག་དགོས། གྲིམས་ཆེ་ནའང་དབང་པོ་སྒོ་ལྔ་ནང་དུ་སྡུད་པས་གཉིད་དང་རྨུགས་པ་འབྱུང་བས། གྲིམ་ལྷོད་རན་པ་དབང་པོ་བག་ཡངས་དང་ཤེས་པ་དྭངས་སང་བྱས་ནས་ཆོས་ཉན་དགོས། ཆོས་ཐུན་རིང་དྲགས་པ་དང་བཀྲེས་སྐོམ་དང་ཚ་གྲང་ལ་སོགས་པའི་སྡུག་བསྔལ་མི་བཟོད་པས་སྡུག་སྐད་འདོན་པ་སོགས་ཀྱིས་སྐྱོ་བ་སྟེ་མི་མོས་པ་བྱུང་ན། དེའི་གཉེན་པོ་ད་རེས་དམ་པའི་ཆོས་ཞུ་རྒྱུ་ལ་དཀའ་བ་སྤྱོད་ནུས་ན་ཞིང་ཁམས་གཞན་དུ་དམྱལ་བར་སྐྱེ་རྒྱུའི་ལས་ཀྱི་སྒྲིབ་པའང་ཟད་ནུས་པ་དང་། འདིའི་དཀའ་ལས་ནི་གཞན་ལ་ལྟོས་ན་ཆེན་པོ་ཡང་མིན་ལ་ཕན་པ་ཤིན་ཏུ་ཆེ་བའི་དོན་ལ་བསམས་ནས་སྤྲོ་བཞིན་ཉན་དགོས་ཏེ། ཇི་སྐད་དུ། ཆོས་རྔ་སྒྲོགས་པའི་སྒྲ་ཐོས་སེམས་ཅན་ཡང་། །ངན་སོང་རྣམ་གྲོལ་ཉན་རྣམས་སྨོས་ཅི་དགོས། །ཞེས་གསུངས་པས་ཆོས་ཀྱི་རྔ་སྒྲ་ཙམ་གོ་བའི་སེམས་ཅན་ཡང་ངན་སོང་ལས་གྲོལ་ནུས་ན་ཆོས་ཚུལ་བཞིན་ཉན་ནས་དོན་ཉམས་སུ་ལེན་ནུས་ན་འབྲས་བུ་བླ་ན་མེད་པ་ཡོད་ཐག་ཆོད་པས། དེ་ལྟ་བུའི་དྲི་མ་དྲུག་པོ་འདི་སྤངས་ཐུབ་ངེས་བྱེད་དགོས། དེ་ཡང་ཉོན་མོངས་པ་དུག་ལྔ་དུག་གསུམ་ལ་སོགས་པ་རྣམས་ལས་ང་རྒྱལ་དང་། ཕྲག་དོག་གཉིས་པོ་འདི་ངོས་ཟིན་དཀའ་བས་རང་རྒྱུད་ལ་རང་གི་དགེ་རྒན་རང་གིས་བྱེད་ཅིང་རང་ཉིད་ཐད་ལ་བུད་ནས་རྒྱང་སོ་བཙུགས་ཤིང་དཔྱད་པ་ཞིབ་མོས་རྒྱུན་དུ་བརྟགས་ནས་བལྟས་ན། རང་ལ་གསུང་རབ་ཀྱི་ཡི་གེ་འབྲི་ཀློག་སོགས་ཤེས་པ་ཆོས་ཕྱོགས་ཀྱི་ཡོན་ཏན་དང་། ཡིག་རྩིས་འདུ་འགོད་ལ་སོགས་པ་འཇིག་རྟེན་གྱི་བྱ་བཞག་གང་ཐད་ནས་ཡོན་ཏན་ཕྲན་བུ་རེ་ཡོད་པ་དེའང་ཆེན་པོ་ཞིག་ཡིན་སྣང་ཤར་ནས། ང་རང་དེ་དང་དེ་ལྟ་བུ་ཡིན་ནོ་སྙམ་ནས་ཆེད་དུ་འཛིན་པར་བྱས་ན་ང་རྒྱལ་ཡིན། དེ་ཡོད་ནས་བཟུང་རང་སྐྱོན་བལྟ་བའི་མེ་ལོང་མེད་པས་རང་རྒྱུད་ཀྱི་སྐྱོན་མི་མཐོང་། གཞན་ལ་བལྟ་བའི་ཤེས་རབ་ཀྱི་མིག་མེད་པས་གཞན་གྱི་ཡོན་ཏན་མི་ཤེས་པ་ཡིན་པས་ང་རྒྱལ་སྤངས་ནས་རྟག་ཏུ་དམན་ས་འཛིན་དགོས་པར་གསུངས། དད་པ་མེད་ན་ཆོས་ཀྱི་འཇུག་སྒོ་འགགས་པ་ཡིན་པས་དང་འདོད་ཡིད་ཆེས་ཕྱིར་མི་ལྡོག་པའི་དད་པ་རྣམ་པ་བཞིའི་ནང་ནས་མི་ལྡོག་པའི་དད་པ་འཆང་། དམ་པའི་ཆོས་ཞུ་རྒྱུ་སོགས་ལ་དོན་གཉེར་བྱེད་པ་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་ཡིན་པས་དོན་གཉེར་རབ་ཅིག་ཡོད་ན་ཆོས་པ་རབ་ཅིག་དང་། དོན་གཉེར་འབྲིང་ཞིག་ཡོད་ན་ཆོས་པ་འབྲིང་ཞིག་དང་། དོན་གཉེར་ཐ་མ་ཞིག་ལས་མེད་ན་ཆོས་པ་ཐ་མ་ཞིག་ལས་མི་འོང་། དེས་ན་དོན་གཉེར་རབ་འབྲིང་ཐ་གསུམ་ལས་ཆོས་པ་རབ་འབྲིང་ཐ་གསུམ་འོང་བས་ཆོས་ལ་དོན་གཉེར་རྒྱ་ཆེན་པོར་བྱེད་དགོས། ཆོས་ལ་དོན་གཉེར་མ་བྱས་ན་ཆོས་རྩ་བ་ནས་མི་འགྲུབ། འཇིག་རྟེན་པའི་ཁ་སྐད་ལའང་། ཆོས་བདག་མེད་ལ་སྙིང་རུས་གང་ཆེ་ཟེར་བ་ལྟར་ཡིན། བདག་ཅག་གི་སྟོན་པས་ཀྱང་ཆོས་ཚིག་བཞི་རེའི་ཕྱིར་དུ་ལུས་ལ་ཤའི་ཀོང་བུ་བྲུས་ཏེ་འབྲུ་མར་གྱི་སྡོང་བུ་སྟོང་གཟུགས་པ་དང་། སྐུ་ལུས་མེ་དོང་དུ་མཆོང་བ་དང་། ལུས་ལ་ལྕགས་ཀྱི་གཟེར་བུ་སྟོང་བཏབ་པ་སོགས་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་ཆོས་ཞུས་པ་ཡིན་པས། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །འཆི་མཐར་ཐུག་གི་བར་དུ་དམ་ཆོས་བཙལ། །ཞེས་པ་ལྟར་དོན་གཉེར་ཆེན་པོས་དཀའ་ཚེགས་ཚ་གྲང་ཐམས་ཅད་ཁྱད་དུ་བསད་དེ་ཉན་དགོས། ཕྱི་གཟུགས་ལ་སོགས་པ་ཚོགས་དྲུག་གི་ཡུལ་ལ་ནང་གི་མིག་ལ་སོགས་པའི་རྣམ་ཤེས་གཡེངས་པ་ནི་འཁོར་བའི་འཁྲུལ་སྣང་ཐམས་ཅད་ཀྱི་རྩ་བ་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་ཏེ། དཔེར་ན་མིག་ཤེས་གཟུགས་ལ་ཆགས་པས་ཕྱེ་སླེབ་མར་མེར་འཆི། རྣ་བ་སྒྲ་ལ་ཆགས་པས་རི་དྭགས་རྔོན་པས་གསོད། སྣ་དྲི་ལ་ཆགས་པས་བུང་བ་མེ་ཏོག་ཏུ་འཐུམ། ལྕེ་རོ་ལ་ཆགས་པས་ཉ་མོ་ལྕགས་ཀྱུས་འཛིན། ལུས་རེག་བྱ་ལ་ཆགས་པས་གླང་པོ་ཆེ་འདམ་དུ་བྱིང་བ་ལྟ་བུ་དང་། གཞན་ཡང་སྔོན་སོང་བག་ཆགས་ཀྱི་རྗེས་དཔྱོད་པ། མ་འོངས་པའི་ཉོན་མོངས་ཀྱི་མདུན་བསུ་བ། ད་ལྟ་རྟོག་པ་རྐྱེན་ཡུལ་དུ་ཤོར་བ་གསུམ་པོ་འདི་དག་ཆོས་ཉན་འཆད་སྒོམ་སྒྲུབ་གང་གི་སྐབས་སུ་ཡང་སྤོང་དགོས་ཏེ། དེའི་དོན་རྒྱལ་སྲས་ཐོགས་མེད་རིན་པོ་ཆེས་འདི་ལྟར་བཀྲལ་ཏེ། སྔོན་ཆད་སྤྱོད་ནས་ཉམས་སུ་མྱོང་བའི་བདེ་སྡུག་ཐམས་ཅད་ཆུ་ཡི་སྟེང་ལ་རི་མོ་ད་ལྟ་བྲིས་ན་ད་ལྟ་ཞིག་འགྲོ་བ་ལྟ་བུའམ། ཡང་ན་ཆུའི་རྦ་རླབས་གཅིག་རྗེས་གཉིས་མཐུད་ཀྱིས་རྗེས་ཟིན་འོང་རྒྱུ་མེད་པ་དང་འདྲ་བ་བདེ་སྡུག་གི་རྣམ་པ་གྲངས་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་འགྲོ་བས་ཟིན་པ་རྗེས་མེད་ཡིན་གྱི་སྔོན་གྱི་རྗེས་མ་གཅོད། གལ་ཏེ་ཅིས་ཀྱང་མི་དྲན་ཐབས་མེད་ཡིན་པས་གཅིག་དྲན་འདུག་དགོས་ན། སྔར་ཕྱུག་པོ་ཀླུ་འདྲ་བའི་འབྱོར་ལྡན་དེ་ཚོ་ད་ལྟ་སྤྲང་ཁུག་ཟེད་ནས་འགྲོ་བ་དང་། སྔར་བཙན་པོ་དང་ཆེན་པོའི་རིགས་རྣམས་དེང་སང་རྒུད་ཅིང་ཉམ་ཐག་པའི་ཚུལ་དང་། སྔར་བཟའ་ཚང་དང་གྲྭ་འཁོར་ལ་སོགས་པ་ལྷན་དུ་འདུས་པ་ཐམས་ཅད་ད་ལྟ་སོ་སོར་འབྲལ་ཏེ་མིང་གི་ལྷག་མར་གྱུར་བ་ལ་སོགས་པའི་ཐད་ལ་ཡང་ཡང་སོམས་དང་། དོན་གྱི་ཐོག་ནས་རེ་ལྟོས་ཐུབ་པའམ་བློ་གཏད་ཁེལ་ས་དམ་པའི་ཆོས་ལས་གཞན་གཅིག་ཀྱང་འདུག་གེ་མ་ཎི་བ་ཞེས་སློབ་མ་ལ་གདམས་པའོ། །ཕྱི་ཚིས་སམ་མ་འོངས་པའི་མདུན་བསུས་ནས་ཕྱིན་ཆད་ངས་འདི་བྱེད་དགོས་དེ་བྱེད་དགོས་ཞེས་བསམ་རྒྱུ་དང་དྲན་རྒྱུའི་བློ་སྣ་མང་པོའི་གྲབས་གཤོམ་མམ། གྲབས་སྒྲིག་བྱེད་པ་ནི་དཔེར་ན་ཆུ་མེད་སའི་གྲོག་སྐམ་སྟེ་གྲམ་པ་སྐྱ་བོའི་ནང་ཉ་འཛིན་པའི་ཕྱིར་དུ་ཉ་རྒྱ་གཙུགས་པ་དང་འདྲ་བས་བསམ་རྒྱུ་དང་དྲན་རྒྱུ་མང་པོ་བསམ་པའི་ཐོག་ཏུ་མི་འབབ་པས། མ་འོངས་ཉོན་མོངས་ཀྱིས་མདུན་བསུ་འདོད་ཀྱི་འདུན་མ་སྐྱུངས་པའམ་སྤོངས་ཤིག་ཅེས་བསྐུལ་བའོ། །གལ་ཏེ་ཅིས་ཀྱང་མ་འོངས་པའི་དོན་ཞིག་དྲན་དགོས་ན་ནམ་འཆི་ཆ་མེད་ལ་ཡང་ཡང་སོམས་དང་ཚེ་འདིའི་ཞེན་པ་སྲབ་ཅིང་ཆོས་ལ་མྱུར་དུ་འཇུག་པའི་དགོས་པ་ཡོད། དེ་ལྟར་ནམ་འཆི་ཆ་མེད་ལ་བསམ་ཚེ་གལ་ཆེན་ཆོས་མིན་པ་གཞན་ཞིག་བྱ་ལོང་འདུག་གེ་མ་ཎི་བ་གསུངས། འཕྲལ་གྱི་བྱ་བཞག་ཐམས་ཅད་མདང་གི་རྨི་ལམ་ནང་གི་ལས་ཀའམ་རྨི་ལམ་ནང་གི་སོ་ཚིས་སམ་འཚོ་ཐབས་ལ་འབད་པ་དང་འདྲ་བ་ཡིན་པས། ད་ལྟའི་འཁྲུལ་སྣང་གི་ལས་ལ་འབད་ནས་རྟོག་པ་རྐྱེན་ཡུལ་དུ་ཤོར་པ་ཐམས་ཅད་དོན་མེད་པ་ཡིན་གྱིས་སྐྱུར་ལ་ཐོངས་ཞེས་བསྐུལ་བའོ། །མི་ལུས་རིན་པོ་ཆེ་འཚོ་བའི་ཕྱིར་དུ་ཟས་དང་གོས་ཙམ་བསྟེན་དགོས་སྙམ་ན། དེ་ཡང་ཆོས་དང་མཐུན་པའི་ཟས་གོས་ཤིག་སྤྱད་དགོས་ཀྱང་ཧ་ཅང་ཞེན་པ་མི་ཆེ་བ་ཆོག་ཤེས་ལ་བསྟེན་ནས་ཞེན་པ་མེད་པའི་རྒྱ་ཡིས་ཐོབ་ཅེས་མ་ཆགས་མ་ཞེན་པའི་དམ་བཅའ་དགོས་གསུངས། དེས་ན་ཐོག་མཐའ་བར་གསུམ་གྱི་འཁོར་བའི་བྱ་བྱེད་ཐམས་ཅད་ལ་སྙིང་པོ་མེད་དོ་མ་ཎི་བ་ཞེས་འབོད་སྐུལ་བྱས་སོ། །ཕ་དམ་པས། ཉོན་མོངས་སྐྱེས་དུས་གཉེན་པོས་སླེབ་པར་གྱིས། །མཚན་མ་རང་སར་གྲོལ་ལོ་དེང་རི་བ། །ཞེས་གསུངས་པ་ལྟར་མཉམ་བཞག་གི་ཐུན་ལས་ལྡང་བའི་རྗེས་ཐོབ་ཀྱི་སྐབས་སུ་ཡིན་ནའང་དུག་གསུམ་གྱི་རྣམ་པར་རྟོག་པ་སེམས་དང་སེམས་བྱུང་གི་གཉེན་པོ་དྲན་ཤེས་བག་ཡོད་སོགས་བསྟེན་པའི་འདུལ་སྦྱོང་འདི་ལྟ་བུ་ནི་དྲན་སྣང་ཐམས་ཅད་ཆོས་སྐུར་མ་ཤར་གྱི་བར་དུ་རང་རྒྱུད་ལ་མེད་ཐབས་མེད་དོ། །དེས་ན་དགོས་པའི་དུས་སུ་དྲན་པར་གྱིས་ལ་འཁྲུལ་བའི་རྣམ་པར་རྟོག་པ་ཐམས་ཅད་ལང་ཤོར་ངང་ནས་ཡན་པར་མ་གཏོང་བར་དྲན་པ་དང་ཤེས་བཞིན་བསྟེན་དགོས་མ་ཎི་བ། ཞེས་གསུངས་པ་དང་། གཞན་ཡང་། མ་འོངས་པ་ཡི་མདུན་མ་བསུ། །མ་འོངས་པ་ཡི་མདུན་བསུས་ན། །ཟླ་བ་གྲགས་པའི་ཕ་དང་འདྲ། །ཞེས་གསུངས། སྔོན་མི་དབུལ་པོ་ཞིག་གིས་ནས་མང་དུ་རྙེད་པ་སྣོད་དུ་བླུགས་ནས་ཉལ་སའི་སྟེང་དུ་བཏགས། སྤྲང་པོས་ཉལ་བསམ་བཏང་ན། རྒྱ་ར་རྟ་ཡིས་གང་ཟེར་བའི་དཔེ་ལྟར། ཁོ་རང་དེའི་འོག་ཏུ་ཉལ་ནས་ད་ངས་ནས་འདི་ལ་གཞི་བྱས་ལོངས་སྤྱོད་མང་པོ་འོང་ཐབས་བྱས་ནས་རྒྱུ་ཆེན་པོ་ཞིག་གསོག་དགོས། ཕྱུག་པོ་ཆེན་པོར་འོང་ངེས་པར་དེའི་ཚེ་ཆུང་མ་ཞིག་ཀྱང་མེད་ན་མི་ཕན་པས་དེ་ཡང་བསུ་དགོས། ཆུང་མ་ཡོད་ན་དེར་བུ་ཞིག་ཀྱང་ངེས་པར་སྐྱེ་ངེས་ཡིན་ཏེ་བུ་ལ་མིང་ཡག་པོ་ཞིག་འདོགས་དགོས་པས་དེའི་མིང་གང་འདོགས་སྙམ་པ་སྟེ། རྒྱུ་གསོག་པས་མ་ཚད་གཞི་བཟུང་། གཞི་བཟུང་བས་མ་ཚད་བུ་སྐྱེས། བུ་སྐྱེས་པས་མ་ཚད་མིང་འདོགས་སར་ཐུག་ཙ་ན་ཤར་ཕྱོགས་ཀྱི་རི་རྩེ་ནས་ཟླ་བ་ཤར་བྱུང་བས་ཨ་ཧོ་ངས་བུ་དེའི་མིང་ཟླ་བ་དང་འབྲེལ་ནས་ཡ་མཚན་པ་ཞིག་འདོགས་དགོས་པས་ཟླ་བ་གྲགས་པ་གདགས་དགོས་སོ་སྙམ་པའི་སྐབས། ནས་སྣོད་ཀྱི་ལུང་བྱི་བས་ཟོས་ཏེ་ཆད་ནས་ཁོ་རང་གི་སྟེང་དུ་ལྷུང་བས་བསད་པ་ཡིན། དེ་ལྟར་འདས་མ་འོངས་པའི་རྟོག་ཚོགས་བསམ་རྒྱུ་དྲན་རྒྱུ་མང་པོ་བསམ་པའི་ཐོག་ཏུ་ཁེལ་དུས་མེད་པར་མ་ཟད་བསམ་རྒྱུ་མང་ན་དྲན་རྒྱུ་མང་། དྲན་རྒྱུ་མང་ན་ལས་རྒྱུ་མང་། ལས་རྒྱུ་མང་ན་འོང་རྒྱུ་མང་བ་ཡིན་པས་ཕན་པ་མེད་ཅིང་རང་རྒྱུད་གཡེང་བའི་རྒྱུ་ཡིན་པས་རྟོག་ཚོགས་ངན་པ་ཐམས་ཅད་ལེགས་པར་སྤངས་ཏེ་མི་བརྗེད་པའི་དྲན་པ་དང་མི་གཡེང་བའི་ཤེས་བཞིན་འཇུག་ལྡོག་གི་གནས་ལ་གཟོབ་པ་ལྷུར་ལེན་པའི་བག་ཡོད་གསུམ་དང་ལྡན་པས་ཉན་དགོས། འདི་རྣམས་ནི་ཚིག་ཉུང་ལ་དོན་ཆེ་བས་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་བག་ཡོད་པར་གྱིས་ཤིག་ཅེས་ཆེད་དུ་གདམས་པ་ཡིན་ནོ། །སེམས་གྲིམ་ནས་ཧ་ཅང་ནང་དུ་སྡུད་དེ་ཐལ་ཆེས་པ་དང་། ཡང་ཆོས་ཀྱི་ཚིག་དོན་རེ་རེ་ནས་སྤར་ཟིན་བྱེད་པ་ནི་དྲེད་མོས་བྱི་བ་རྐོ་བ་ལྟར་རེ་རེ་ཟིན་དུས་རེ་རེ་བརྗེད་འགྲོ་བ་ལས་ཐམས་ཅད་ཤེས་པའི་དུས་མི་འོང་། ཧ་ཅང་སྡུད་ཆེ་ན་གཉིད་རྨུགས་ལ་སོགས་པའི་སྐྱོན་ཀྱང་འཇུག་པ་ཡིན་པས་གྲིམ་ལྷོད་རན་པར་བྱ་སྟེ། སྔོན་གྲོ་བཞིན་སྐྱེས་ལ་ཀུན་དགའ་བོས་སྒོམ་བསླབས་པས། ཁོང་གིས་རེ་འགའ་ནི་བརྩོན་འགྲུས་ཆེ་དྲག་ནས་གྲིམས་ཆེ་བས་སྒོམ་ཡང་དག་མ་སྐྱེས། རེ་འགའ་ནི་ལྷོད་ཆེ་བས་སྒོམ་ཡང་དག་པ་སྐྱེར་མ་བཏུབ། དེའི་ཚུལ་བཅོམ་ལྡན་འདས་ལ་ཞུས་པས། བཅོམ་ལྡན་འདས་ཀྱིས་གྲོ་བཞིན་སྐྱེས་ལ་ཚེ་དང་ལྡན་པ་ཁྱོད་ཁྱིམ་ན་གནས་པའི་ཚེ་པི་ཝང་སྦྲེང་བ་ལ་མཁས་སམ་གསུངས། དེ་ཤིན་ཏུ་མཁས་ཞུས་པས། ཁྱོད་ཀྱི་པི་ཝང་གི་སྒྲ་དེ་རྒྱུད་དམ་སྒྲ་གྲགས་བྱེད་ཀྱི་སྐུད་པ་ལ་ཧ་ཅང་གྲིམས་པ་ལས་བྱུང་ངམ་ཧ་ཅང་ལྷོད་པ་ལས་བྱུང་གསུངས། དེ་གཉིས་ཀ་མ་ལགས་ཏེ་གྲིམ་ལྷོད་རན་པ་ལས་བྱུང་བར་ཞུས་པས། འོ་ན་ཁྱོད་ཀྱི་སེམས་ཀྱང་དེ་དང་འདྲ་བར་གསུངས་པས་འབྲས་བུ་ཐོབ་པ་དང་། མ་ལབ་སྒྲོན་གྱིས་ཀྱང་། གྲིམས་ཀྱིས་སྒྲིམ་ལ་ལྷོད་ཀྱིས་གློད། །དེ་ལ་ལྟ་བའི་གནད་ཅིག་ཡོད། །གསུངས་པ་ལྟར། སེམས་ཧ་ཅང་གྲིམས་ཏེ་ནང་དུ་མི་སྡུད་པར་གྲིམ་ལྷོད་རན་པར་བྱས་ཏེ་དབང་པོ་བག་ཡངས་སུ་བཞག ཆོས་ཐུན་རིང་དྲགས་པས་བཀྲེས་པ་དང་སྐོམ་པས་ཉེན་པའམ། རླུང་དང་ཉི་ཆར་སོགས་ཀྱིས་གདུང་བ་ལྟ་བུས་སེམས་སྐྱོ་སྟེ་ཆོས་ཉན་མི་མོས་པ་སྤངས་ཏེ། ད་རེས་དལ་འབྱོར་གྱི་མི་ལུས་ཐོབ་མཚན་ལྡན་གྱི་བླ་མ་དང་མཇལ། ཟབ་མོའི་གདམས་ངག་ཉན་དུ་ཡོད་པ་འདི་རེ་དགའ། བསྐལ་པ་གྲངས་མེད་པའི་བར་དུ་ཚོགས་བསགས་པའི་འབྲས་བུ་ད་རེས་ཟབ་མོའི་དམ་ཆོས་ཉན་པ་འདི་ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་ཡིན་པས་ཆོས་འདིའི་ཆེད་དུ་དཀའ་ཚེགས་ཚ་གྲངས་ཅི་བྱུང་ཡང་བཟོད་པར་བྱ་དགོས་སྙམ་དུ་དགའ་བཞིན་སྤྲོ་བཞིན་དུ་ཉན་དགོས་པ་ཡིན།།

༼༣ མི་འཛིན་པ་ལྔ།

གསུམ་པ་མི་འཛིན་པ་ལྔ་ནི། ཚིག་འཛིན་ལ་དོན་མི་འཛིན་པ། དོན་འཛིན་ལ་ཚིག་མི་འཛིན་པ། བརྡ་མ་འཕྲོད་པར་འཛིན་པ། གོང་འོག་ནོར་ནས་འཛིན་པ། ལོག་པར་འཛིན་པ་དང་ལྔ་སྤང་དགོས། དེ་ཡང་ཆོས་རྒྱ་ཆེན་པོ་ལ་ཐོས་བསམ་བྱས་ནས་ཐོས་པའི་ཚིག་དོན་རྣམས་ཡ་མ་བྲལ་བའི་སྒོ་ནས་ཡིད་ལ་ཡང་དག་པར་འཛིན་དགོས་ཏེ། སྔོན་བྱོན་རྒྱ་བོད་ཀྱི་མཁས་གྲུབ་སུ་ཡིན་རུང་མ་བསླབ་པར་ཤེས་སོང་བ་དང་། མ་བསྒྲུབས་པར་འགྲུབ་སོང་བ་ཞིག་གཏན་ནས་མེད། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཀྱི་ཕྱིར་དུ་སྐུ་ལུས་ལ་ལྕགས་ཀྱི་གཟེར་བུ་སྟོང་བཏབ་པ་དང་། སྐུ་མེ་དོང་དུ་འཆོངས་པ་དང་། པགས་པས་ཤོག་བུ་བྱས། རུས་པས་སྨྱུ་གུ་བྱས། ཁྲག་གི་སྣག་ཚ་བྱས་ནས་ཆོས་ཚིག་རེ་ཡན་ཆད་གསན་པའི་ལོ་རྒྱུས། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །འཆི་མཐར་ཐུག་གི་བར་དུ་དམ་ཆོས་བཙལ། །ཅེས་གསུངས་པ་ལྟར་རྒྱལ་དང་དེ་སྲས་རྣམས་ཀྱིས་ཀྱང་དམ་བཅའ་མཛད་ནས་ཐོས་པ་ཚོལ་བའི་དཀའ་སྤྱད་དེ་ཙམ་དགོས་ན། རང་རེས་བརྩོན་འགྲུས་ཅིའི་ཕྱིར་མི་དགོས་བསམས་ནས་སྙིང་སྟོབས་བསྐྱེད་དགོས། འོན་ཀྱང་གཏམ་རྒྱུད་ལྟ་བུ་ཚིག་སྙན་མོ་སྙན་མོ་དང་ལེགས་པོ་ལེགས་པོ་རེ་བྱུང་ན་དེ་ཉིད་ཆེད་དུ་འཛིན་ཞིང་དེའི་དོན་ཟབ་མོ་རྣམས་ལ་རྟོག་དཔྱོད་མི་འཇུག་ན་བྱིས་པས་མེ་ཏོག་བཏུ་བ་དང་འདྲ་སྟེ་ཚིག་གི་ན་ཡམ་མམ་བཤད་ཡམ་ཙམ་གྱིས་སེམས་ལ་ཕན་མི་ཐོགས། ཡང་འགས་བཤད་པ་ནི་ཚིག་གི་རོ་ཡིན་པས་དེས་ཅི་བྱ་སྙམ་སྟེ་ཁྱད་དུ་བསད་ནས། དོན་གྱི་སྙིང་པོ་དངོས་ཤེས་དགོས་་རེད་ཅེས་དོན་གནད་ཆེན་པོ་ཞིག་གོ་མདོག་གིས་དོན་ཟབ་མོར་སྤར་ཟིན་བྱས་ཀྱང་ཚིག་ལ་མ་བརྟེན་པར་དོན་མི་འབྱུང་བས་ཚིག་དོན་ཡ་མ་བྲལ་བར་འཛིན་དགོས། དྲང་དོན་དང་ངེས་དོན། དགོངས་པ་དང་ལྡེམ་དགོངས་བཞི་ལ་བརྟེན་ནས་བཀའི་དགོངས་པ་འགྲེལ་བའམ་ཤེས་དགོས་པས་གལ་ཆེ། དེས་ན་དྲང་དོན་དང་ངེས་དོན་གྱི་ཁྱད་པར་ནི། ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྟོན་པ་ངེས་དོན་དང་། གང་ཟག་དང་སྐྱེས་བུ་ལ་སོགས་བསྟན་པ་དྲང་དོན། ལམ་ལ་འཇུག་པ་དྲང་དོན་དང་། འབྲས་བུ་ལ་འཇུག་པ་ངེས་དོན་དང་། ཀུན་རྫོབ་སྒྲུབ་བྱེད་དྲང་དོན་དང་། དོན་དམ་སྒྲུབ་བྱེད་ངེས་དོན་སོགས་གསུངས། མདོར་ན་གདུལ་བྱ་ལས་དང་པོ་བ་དེ་ཉིད་རིམ་གྱིས་དྲང་བའི་དོན་དུ་གསུངས་པའི་ཆོས་དགོས་པ་དགོངས་གཞི་དངོས་ལ་གནོད་བྱེད་གསུམ་ཡོད་པ་དེ་ལ་དྲང་དོན་དང་། ཕྱིན་ཅི་མ་ལོག་པའི་དོན་ལ་སྒྲ་ཇི་བཞིན་པ་ཐད་ཀ་ཐད་དུ་འཇུག་ཆོག་ཆོག་ཏུ་སྟོན་པ་དེ་ངེས་དོན་ཡིན་པས་དེ་གཉིས་ཀྱི་གོ་དོན་མདོར་བསྡུས་པ་དེ་ལྟར་ཡིན་ནོ། །ལྡེམ་པོར་དགོངས་པ་ནི། འཁྱོགས་པོའི་ངོ་ལ་ཐད་ཀ་དྲང་པོ་མ་ཡིན་པར་སྟོན་པ་ཞིག་ཡིན། དབྱེ་ན་གཞུག་པ་ལྡེམ་དགོངས། མཚན་ཉིད་ལྡེམ་དགོངས། གཉེན་པོ་ལྡེམ་དགོངས། བསྒྱུར་བ་ལྡེམ་དགོངས་བཞི་ལས། དང་པོ་ནི། གང་ཟག་ཉན་ཐོས་ཀྱི་རིགས་ཅན་བསྟན་པ་ལ་རིམ་གྱིས་གཞུག་པའི་དོན་དུ་གང་ཟག་གི་བདག་མེད་སྟོན་སྐབས། གཟུགས་སོགས་ཡོད་པའི་ཚིག་གིས་བསྟན་པ་དེ་ཉན་པ་པོས་དོན་ལ་གྲུབ་པར་གོ་ནས་འཇུག་ལ། འཆད་པ་པོས་སྣང་ཚོད་རྨི་ལམ་ལྟར་ཡོད་པ་ལ་དགོངས་ནས་བསྟན་པས་གདུལ་བྱ་རིམ་གྱིས་ཞུགས་པའི་དགོས་པ་ཡོད། མཚན་ཉིད་ལྡེམ་དགོངས་ནི། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་གསུངས་པ་ནི་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་དང་། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་དང་། ཡོངས་གྲུབ་དོན་དམ་པ་ངོ་བོ་ཉིད་མེད་པ་སྟེ་དེ་གསུམ་ལ་དགོངས་པ་དང་། དགོས་པ་མེད་པར་ལྟ་བའི་བློ་ཅན་བསྟན་པ་ལ་རིམ་གྱིས་ཞུགས་པའི་དོན་དུའོ། །གཉེན་པོ་ལྡེམ་དགོངས་ནི། དཔེར་ན་བྲམ་ཟེ་རྣམས་ཀྱིས་བྲམ་ཟེའི་ཆོས་ལུགས་དེ་ནི་བྲམ་ཟེ་དང་རྒྱལ་རིགས་སོགས་རིགས་མཐོན་པོའི་སྦྱང་བྱ་ཡིན་ལ། སངས་རྒྱས་ཆོས་ལུགས་ནི་དམངས་དང་གདོལ་བའི་རིགས་ཀྱིས་ཀྱང་སྦྱོང་ཆོག་པས་ཐུན་མོང་གི་དོན་དུ་གཉེར་བྱ་རེད་སྙམ་ལུང་གི་ཆོས་ལ་བརྙས་པའི་གཉེན་པོ། གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ལ་བསྙེན་བཀུར་བྱས་ན་ད་གཟོད་ཐེག་པ་ཆེན་པོའི་ཆོས་ཐོབ་པར་འགྱུར་རོ། །ཞེས་སོགས་གསུངས་པ་ལྟ་བུའོ། །བསྒྱུར་བ་ལྡེམ་དགོངས་ནི། ལྡེམ་པོའི་ངག་གིས་བརྗོད་པ་ཟབ་པ་རྣམས་དོན་གཞན་ཞིག་བསྒྱུར་ཏེ་བསྟན་པ། སློབ་དཔོན་བློ་བརྟན་གྱི་མདོ་རྒྱན་འགྲེལ་བ་ལས། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཉོན་མོངས་པས་ནི་རབ་ཉོན་མོངས། །ཕྱིན་ཅི་ལོག་ལ་ལེགས་གནས་ན། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་སྙིང་པོ་མེད་པ་རྣམ་གཡེངས་ཏེ་དེ་མེད་པ་ལ་སྙིང་པོར་ཤེས་པ་དང་། ཉོན་མོངས་ནི་གཞན་དོན་བྱང་ཆུབ་སྤྱོད་པའི་དཀའ་སྤྱད་དེ། དཀའ་བ་བརྒྱ་ཕྲག་རབ་ཏུ་སྤྱད་པས་ཉོན་མོངས་པར་བྱས་པ་དང་། གཙང་བདེ་རྟག་བདག་ཏུ་འཛིན་པ་བཞི་ནི་དངོས་པོ་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་ཡིན་ལ། དེ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་ནི། མི་རྟག་སྡུག་བསྔལ་སོགས་འཛིན་པ་ཡིན་པས་དེ་ལ་ཡང་དག་རྟོགས་པའི་སྒོ་ནས་གནས་ན། བྱང་ཆུབ་དམ་པ་ཐོབ་པར་འགྱུར་རོ། །ཞེས་པ་ལྟ་བུ་དང་། ཆེད་དུ་བརྗོད་པའི་ཚོམས་ལས། ཕ་དང་མ་ནི་གསད་བྱ་ཞིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་སྐོར་བཅས་བཅོམ་པ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་པའི་དོན་ཡང་ཕ་མ་གཉིས་སྲེད་ལེན་དང་། རྒྱལ་པོ་ཀུན་གཞི་དང་གཙང་སྦྲ་ཅན་གཉིས་ཚུལ་བརྟུལ་གཉིས། ཡུལ་འཁོར་ཚོགས་དྲུག་འཁོར་དང་བཅས་པ་རྣམས་བཅོམ་པས་མི་དེ་ཡང་དག་པ་ཉིད་དུ་འགྱུར། ཞེས་འཚེ་བ་ཆོས་སུ་སྨྲ་བ་སོགས་ལོག་པའི་གྲུབ་མཐའི་བློ་བསླད་པ་འགའ་ཞིག་བསྟན་པ་ལ་གཞུག་པའི་ཆེད་དུ་གསུངས་སོ། །དགོངས་པ་ཡང་བཞི་སྟེ། མཉམ་པ་ཉིད་ལ་དགོངས་པ། དོན་གཞན་ལ་དགོངས་པ། དུས་གཞན་ལ་དགོངས་པ། གང་ཟག་གི་བསམ་པ་ལ་དགོངས་པའོ། དང་པོ་ནི། སངས་རྒྱས་རྣམ་པར་གཟིགས་ཀྱི་ཞིང་དང་སྐུའི་ཡོན་ཏན་སྔོན་ལ་གསུངས་ནས། ང་དེའི་ཚེ་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་སངས་རྒྱས་ལ་བརྙས་པ་ལྡོག་པའི་ཆེད་དུའོ། །དོན་གཞན་ལ་དགོངས་པ་ནི། གཟུགས་མེད་ཚོར་བ་མེད་སོགས་ཀྱི་དོན་ཐ་སྙད་ཙམ་དུ་མེད་པའི་དོན་མིན་པར་དངོས་སྟོབས་ཀྱི་རིགས་པས་དཔྱད་ན་དོན་དམ་པར་བདེན་པ་མེད་པར་དགོངས་ཤིང་། དགོས་པ་ཆད་ལྟ་ཅན་བསྟན་པ་ལ་ཞུགས་པའི་དོན་དུའོ། །དུས་གཞན་ལ་དགོངས་པ་ནི། སངས་རྒྱས་འོད་དཔག་མེད་ལྟ་བུའི་མཚན་བཟུང་བ་ཙམ་གྱིས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ་གསུངས་པ། ཤི་འཕོས་མ་ཐག་སྐྱེ་བར་མ་ངེས་ཀྱང་སངས་རྒྱས་ཀྱི་སྔོན་གྱི་ཐུགས་བསྐྱེད་དང་། དད་པས་མཐུས་ནམ་ཞིག་སྐྱེ་འགྱུར་ལ་དགོངས་པའོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི། དགེ་རྩ་སྦྱིན་པ་ལྟ་བུའི་ཆོག་ཤེས་སམ་མཆོག་འཛིན་དེ་ལྡོག་པའི་ཕྱིར་ཚུལ་ཁྲིམས་ལ་བསྔགས་ཤིང་སྦྱིན་པ་ལ་སྨད་པ་བརྗོད་པ་ལྟ་བུའོ། །མདོར་ན་དགོངས་པ་ཅན་དྲང་ངེས་ལྡེམ་དགོངས་ཀྱི་གསུང་སྣ་ཚོགས་པ་རྣམས་བརྡ་མ་འཕྲོད་པར་དྲང་དོན་ལ་ངེས་དོན་དང་། ངེས་དོན་ལ་དྲང་དོན་དུ་བཟུང་བ་སོགས་རྟོན་བཞི་གོ་ལྡོག་ཏུ་བཟུང་ན་ཚིག་དང་དོན་དུ་འཛོལ་ནས་ཡང་དག་པའི་ཆོས་དང་རྒྱབ་འགལ་བ་ཡིན་པས། རྟོན་བཞི་གོ་མ་ལོག་པའི་ཐོག་ནས་ལམ་བསྒྲུབ་དགོས་གསུངས་པའི་དོན་ཡིན་ནོ། །སྔོན་འགྲོ་མ་ཞུས་གོང་ནས་དངོས་གཞི་དང་། སྔོན་འགྲོ་ལའང་ཕྱི་ནང་གི་སྔོན་འགྲོ་གོ་ལྡོག་ཏུ་བཟུང་བ་སོགས་གོང་འོག་ནོར་ནས་བཟུང་ན་བསྟན་པའི་བབས་དང་འགལ་ཏེ་ཉན་འཆད་སྒོམ་པ་གང་གི་དུས་སུ་ཡང་འགལ་བ་འདུ་བས། གོང་འོག་འབྲེལ་ཆགས་སུ་འཛིན་དགོས། དོན་ལོག་པར་བཟུང་ན་ལོག་རྟོག་རྒྱུན་འབྱམས་ནས་རང་རྒྱུད་ཆུད་ཟོས་སུ་འགྱུར་ཞིང་བསྟན་པའི་རྐང་འདྲེན་པ་ཡིན་པས་དེ་དག་སྤངས་ཏེ་ཚིག་བརྡ་དོན་གོང་འོག་ཐམས་ཅད་མ་ནོར་བ་ཡང་དག་པའི་ལམ་ནས་འཛིན། གང་དཀའ་དཀའ་དང་མང་བ་ཡང་མི་ཟིན་སྙམ་དུ་སྒྱིད་མི་ལུག་པར་སྙིང་རུས་ཀྱིས་འཛིན། གང་སླ་བ་དང་ཉུང་བ་ཡང་སླ་ཆོས་ཀྱིས་བརྙས་བཅོས་མི་བྱེད་པར་མི་བརྗེད་པར་འཛིན། གོང་འོག་གི་བབས་འབྲེལ་མ་ནོར་བར་ཚིག་དོན་ཐམས་ཅད་ཡང་དག་པར་འཛིན་དགོས་པ་ཡིན་ནོ།།

༼༢ བླང་བྱའི་ཀུན་སྤྱོད་ལའང་གསུམ།

གཉིས་པ་བླང་བྱའི་ཀུན་སྤྱོད་ལ། འདུ་ཤེས་བཞི་བརྟེན་པ། ཕ་རོལ་ཕྱིན་པ་དྲུག་དང་ལྡན་པ། སྤྱོད་ལམ་གཞན་བསྟེན་པ་དང་གསུམ།

༼༡ འདུ་ཤེས་བཞི་བསྟེན་པ།

དང་པོ་ནི། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ནི་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་དང་། ཀུན་མཁྱེན་ཆེན་པོས་ཀྱང་། བླ་མ་སྨན་པ་གདམས་ངག་སྨན་དང་ནི། །རང་ལ་ནད་པའི་འདུ་ཤེས་ཉེར་བཞག་སྟེ། །ནན་ཏན་བརྩོན་པ་སྨན་ཉིད་བསྟེན་ཚུལ་དང་། །ཞི་བདེ་ནད་ལས་གྲོལ་བའི་འབྲས་ཐོབ་བཞིན། །ཞེས་གསུངས་པ་ལྟར། རང་ཉིད་ཐོག་མ་མེད་པའི་དུས་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིར་རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་སྟེ་དུག་གསུམ་དང་དེས་བསྐྱེད་པའི་འབྲས་བུ་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་གྱི་ནད་ཀྱིས་མནར་བའི་ནད་པ་ལྟ་བུ་ཡིན། དཔེར་ན་ནད་ཚབས་པོ་ཆེས་བཏབ་པའི་ནད་པ་དེས་སྨན་པ་མཁས་པ་ཞིག་བསྟེན། སྨན་པ་དེས་ཇི་ལྟར་བསྒོ་བ་བཞིན་བསྒྲུབས་ནས་གང་བྱིན་པའི་སྨན་བཏུང་སྟེ་ནད་ལས་གྲོལ་བའི་བདེ་བ་དོན་དུ་གཉེར་བ་ལྟར། སྨན་པ་མཁས་པ་ལྟ་བུ་མཚན་ཉིད་དང་ལྡན་པའི་བླ་མས་ཇི་གསུང་གི་བཀའ་བསྒྲུབ་དམ་པའི་ཆོས་ཀྱི་སྨན་བཏུང་བས་ལས་ཉོན་སྡུག་བསྔལ་གྱི་ནད་ལས་གྲོལ་བར་བྱེད་དགོས་པ་ཡིན། བླ་མ་བསྟེན་ཀྱང་བླ་མའི་བཀའ་བཞིན་སློབ་མས་མ་བསྒྲུབས་ན་སྨན་པའི་བསྒོ་བ་མི་ཉན་ན་སྨན་པས་ནད་པར་ཕན་འདོགས་ཐབས་མེད་པ་དང་འདྲ། དམ་པའི་ཆོས་ཀྱི་སྨན་རང་གིས་བཏུང་སྟེ་ཉམས་སུ་མ་བླངས་ན་ནད་པ་ཞིག་གི་སྔས་སུ་སྨན་དང་སྨན་ཡིག་གྲངས་མེད་པ་ཡོད་ཀྱང་རང་གིས་སྨན་མ་བཏུང་ན་ནད་ལ་མི་ཕན་པ་དང་འདྲ། ལར་ད་ལྟའི་དུས་ན་བླ་མར་ཐུགས་རྗེ་མ་ཆུང་བླ་མའི་ཐུགས་རྗེས་གཟིགས་ཟེར་ནས་རེ་ཆེན་པོ་བྱེད་ཅིང་རང་གི་ལུས་ངག་ཡིད་གསུམ་གྱིས་མི་དགེ་བའི་ལས་དུ་མ་བསགས་ཀྱང་། དེའི་འབྲས་བུ་མྱོང་མི་དགོས་པར་བླ་མའི་ཐུགས་རྗེས་རྒྱུ་མེད་རྐྱེན་མེད་དུ་དག་པའི་ཞིང་ཁམས་སུ་རྡོ་འཕེན་འཕེན་བྱེད་རྒྱུ་ཡོད་སྙམ་པ་འདུག་སྟེ་དེ་ནི་ག་ལ་ཡོད། འོན་ཀྱང་བླ་མའི་ཐུགས་རྗེས་བཟུང་ཟེར་བ་དེ། དང་པོ་བརྩེ་བས་རྗེས་སུ་བཟུང་། བར་དུ་ཟབ་མོའི་གདམས་ངག་བསྟན། ཁེ་ཉེན་སྤང་བླང་གི་དམིགས་ཕྱེ། རྒྱལ་བའི་བཀའ་དང་བསྟུན་ནས་ཐར་པའི་ལམ་སྟོན་པ་དེ་ལས་ལྷག་པའི་ཐུགས་རྗེ་ཅི་ཡང་མེད། བླ་མ་མ་ཟད་སངས་རྒྱས་བྱོན་ཀྱང་ཐབས་གཞན་མེད་དེ། ངས་ནི་ཁྱོད་ལ་ཐར་པའི་ཐབས་སྟོན་གྱི། །ཐར་པ་རང་ལ་རག་ལས་བརྩོན་པར་གྱིས། །གསུངས་པས་སོ། །ཐུགས་རྗེ་དེ་ལ་བརྟེན་ནས་ཐར་པའི་ལམ་དུ་འགྲོ་མི་འགྲོ་རང་ལ་རག་ལས་ཤིང་། དེ་ལས་ཀྱང་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། བླང་དོར་གྱི་གནད་ཤེས། རང་ལ་རང་དབང་ཡོད་པའི་དུས་འདིར་འདུན་མ་གཏན་ལེགས་དང་གཏན་ཉེས་ཀྱི་སོ་མཚམས་ཡིན་པས་བླ་མས་ཇི་ལྟར་བསྒོ་བ་བཞིན་ཉམས་སུ་བླངས་ནས་འཁོར་འདས་ཀྱི་འཁྲུན་ཐག་ཆོད་པ་ཞིག་བྱེད་པ་གལ་ཆེ། དེ་ལས་གཞན་དུ་གྲོང་ཆོག་པ་རྣམས་ཤི་བོའི་རོ་སྔས་སུ་ཕྱིན་ནས་ཡར་འགྲོ་མར་འགྲོའི་ས་མཚམས་རྟ་ཁ་སྲབ་ཀྱིས་བསྒྱུར་བ་དང་འདྲ་ཞེས་ཟེར་ནས་སྤྱན་དཀར་ལོག་དམར་ལོག་སྒྱུར་མདོག་བྱེད་ཀྱིན་འདུག་སྟེ། དོན་དུ་བླ་མས་རྟ་བསྒོམས། གྲྭ་བས་མཛོ་བསྒོམས། ཡོན་བདག་གིས་རྒྱུ་མི་འགྲོ་བར་རྐྱེན་བཟློག་ཏུ་རེ་ནས་མི་ཁ་གཅོད་བྱེད་ཙམ་ལས་ཤི་བོ་ལ་འདེང་རྒྱག་ནི་དཀོན་པས་། དེ་འདྲའི་སར་ཕྱིན་དུས་ལམ་སྦྱངས་པ་སྔོན་སོང་གི་གང་ཟག་ཅིག་ཡིན་ན་མ་གཏོགས་ཕྱི་དབུགས་དང་ནང་དབུགས་ཆད་ནས་བེམ་རིག་བྲལ་བའི་དུས་དེ་ཡི་སྐབས་ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་དེད། འཇིགས་པའི་མུན་ནག་གིས་མདུན་ནས་བསུས། བར་དོའི་འཕྲང་རིང་གི་མཐའ་ལ་གཅུར། ཇི་སྐད་དུ། བྲེད་དངངས་ཀྱིས་གདུང་བདུན་མཚམས་རེའི། །མཚམས་སུ་ཤི་བའི་སྡུག་བསྔལ་མྱོང་། །ཞེས་གསུངས་པ་ལྟ་བུའི་ཐོག་ལ་ཐོན་དུས་གཤིན་རྗེའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པས་སོད་སོད་དང་རྒྱོབ་རྒྱོབ་ཀྱི་ངང་ལ་དེད་དུས། སྤྱོད་འཇུག་ལས། བྲེད་ཤ་ཐོན་པས་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་འཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡི་མུག་འགྱུར། །ཞེས་གསུངས་པ་ལྟ་བུའི་དུས་ལ་སླེབས་ནས། བྲོས་ས་དང་གབ་ས་སྐྱབས་དང་རེ་ལྟོས་ཐམས་ཅད་ཟད་ནས་ཅི་བྱ་གཏོལ་མེད་པའི་སྐབས་སུ་ཡར་འགྲོ་མར་འགྲོའི་ས་མཚམས་ཇི་ལྟར་ཡིན་ཏེ། ཨོ་རྒྱན་ཆེན་པོས་ཀྱང་གསུངས་པའི་ལུང་དོན། གསོན་གྲང་ང་ཁམས་ལ་ཡོད་ཅིང་རང་དབང་རང་ལག་ཡོད་དུས་ཆོས་སྔོན་སོང་ཞིག་སྒྲུབ་མ་ནུས་ན་ཤི་ཚར་དུས་མཚན་བྱང་ལ་མིའི་གཟུགས་བྲིས་ནས་དེའི་མགོ་ལ་བུམ་རིལ་ཞིག་གིས་དབང་བསྐུར་བྱེད་ཙ་ན་དེ་ཆོས་ཤིག་ཡིན་ཡང་འཕྱིས་སོང་བ་རེད། དེའི་དུས་སུ་ལས་ཀྱི་རྗེས་སུ་འབྲངས་པའི་རྣམ་པར་ཤེས་པ་ནི་བར་དོར་འཇིགས་སྐྲག་ཅན་གྱི་ཡུལ་དུ་ཁྱི་གླེན་བཞིན་དུ་འཁྱམས་ནས་ཡོད་པས། དེ་དུས་མཐོ་རིས་ཀྱི་བདེ་བ་དྲན་ཏེ་དེ་ལ་དཀའ་ལས་ཡོད་ངེས་པ་རེད། ཅེས་གསུངས། དེས་ན་ཡར་འགྲོ་མར་འགྲོའི་ས་མཚམས་རྟ་ཁ་སྲབ་ཀྱིས་བསྒྱུར་བ་དང་འདྲ་ངེས་པ་དེ་ད་རེས་གསོན་པའི་སྐབས་འདི་ཉིད་ཡིན། མིའི་ལུས་རྟེན་འདིའི་སྟེང་ནས་ཡར་དགེ་བའི་ལས་ཤིག་སྒྲུབ་ཀྱང་གཞན་ལས་སྟོབས་ཆེ་སྟེ་ད་རེས་ཀྱི་སྐྱེ་བ་འདིར་ཐོད་པ་བོར་ཆོག་མ་བྱས་ནས་འཁོར་བའི་གནས་སུ་སྐྱེ་བ་གཞན་ལེན་མི་དགོས་པར་བྱེད་ཆོག མར་མི་དགེ་བའི་ལས་བསགས་ཀྱང་འཛམ་གླིང་ལས་ཀྱི་ས་བ་མིའི་ལུས་རྟེན་འདིས་བསྒྲུབས་པ་ནི་སེམས་ཅན་གཞན་གྱིས་བསྒྲུབ་པ་ལས་ནུས་པ་ཆེ་བས་ངན་སོང་གི་གཏིང་ནས་མི་ཐར་བའི་རྒྱུ་བྱེད་ངེས་པས་ད་རེས་རྟ་ཁ་སྲབ་ཀྱིས་བསྒྱུར་མཚམས་སྲབ་མདའ་རང་ལག་ཡོད་པས་སྨན་པ་མཁས་པ་ལྟ་བུའི་བླ་མ་དམ་པ་དང་མཇལ། སྨན་ཤི་གསོས་ཀྱི་བདུད་རྩི་ལྟ་བུའི་དམ་པའི་ཆོས་དང་མཇལ་བའི་སྐབས་འདིར་ཡང་དག་པའི་འདུ་ཤེས་བདག་ཉིད་ནད་པ་དང་ཆོས་ལ་སྨན་དང་བཤེས་གཉེན་ལ་སྨན་པ་དང་ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བཞི་བསྟེན་ཏེ་རང་གིས་ཇི་ལྟར་ཐོས་པའི་ཆོས་ཉམས་སུ་བླངས་ནས་ཐར་པའི་ལམ་དུ་འགྲོ་བ་ཞིག་དགོས། དེའི་མི་མཐུན་ཕྱོགས་ལོག་པའི་འདུ་ཤེས་བཞི་སྤང་དགོས་ཏེ། ཡོན་ཏན་མཛོད་ལས། མི་གཞི་ངན་པའི་ཟོལ་སྦྱོར་ཐ་གུས་ལྕེས། །བླ་མ་སྤོས་ཀྱི་གླང་པོ་ལྟར་བསྙེན་ནས། །དམ་ཆོས་གླ་རྩིའི་རྙེད་པ་ཐོབ་ནས་སླར། །རྔོན་ལ་ཡང་དག་སྤྲོ་བས་དམ་ཚིག་འཕེན། །ཞེས་གསུངས་པ་ལྟར། དེའི་དོན་མི་གཞི་སྡུག་པོའམ་ངན་པའི་རིགས་ཅན་གྱིས་ཟོལ་སྦྱོར་ཏེ་གཡོ་འཕྲུལ་སྣ་ཚོགས་ནི་དཔེར་ན་འཛིན་བྱེད་ཀྱི་ཐ་གུས་གླ་བ་བཟུང་བ་དང་ཟོལ་སྦྱོར་གྱི་ལྕེས་བླ་མ་བསླུ་ཐབས་ལ་དྲན་ནས་སྤོས་ཀྱི་གླང་པོ་སྟེ་གླ་བ་ལྟར་བསྙེན་པའམ་བསྟེན་ནས། དམ་པའི་ཆོས་ལ་གླ་རྩི་ལྟ་བུའི་འདུ་ཤེས་བཞག་ཏེ་རྙེད་པ་བླ་མའི་རྒྱུད་ནས་ཡོན་ཏན་ཐོབ་ཚར་ནས་སླར་བཀའ་དྲིན་དང་དམ་ཚིག་ལ་འདེང་མི་རྒྱག་པར། ངན་སེམས་ཀྱི་རྔོན་པས་གླ་བ་ལ་གསོད་འདོད་ཀྱིས་ཡང་དག་སྤྲོ་བ་ལྟར་དུ་བསམ་སྦྱོར་ངན་བས་དམ་ཚིག་རྒྱང་རིང་དུ་འཕེན་པ་ཡིན་ནོ། །ཞེས་གསུངས་པ་ལྟར་བླ་མ་ལ་གླ་བའི་འདུ་ཤེས། ཆོས་ལ་གླ་རྩིའི་འདུ་ཤེས། རང་ལ་རྔོན་པའི་འདུ་ཤེས། ནན་ཏན་ཉམས་སུ་ལེན་པ་ལ་མདའ་འམ་སྙིས་གླ་བ་གསོད་ཐབས་ཀྱི་འདུ་ཤེས་བཞག་ནས་ཆོས་ཞུས་ཏེ་ཉམས་སུ་མི་ལེན་ཞིང་། བླ་མའི་བཀའ་དྲིན་ལ་མི་རྩི་བ་རྣམས་ནི་ཆོས་ལ་བརྟེན་ནས་སྡིག་པའི་ལས་བསགས་ཏེ་ངན་སོང་གི་གཏིང་རྡོ་བྱེད་པ་ཡིན་ནོ།།

༼༢ ཕར་ཕྱིན་དྲུག་བསྟན་པ།

གཉིས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བྱ་བ་ནི། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་བའི་རྒྱུད་ལས། མེ་ཏོག་སྟན་སོགས་རབ་འབུལ་ཞིང་། །ས་ཕྱོགས་སྤྱོད་ལམ་སྡོམ་པ་དང་། །སྲོག་ཆགས་ཀུན་ལ་འཚེ་མི་བྱ། །བླ་མ་ལ་ནི་ཡང་དག་དད། །མ་ཡེངས་བླ་མའི་གདམས་ངག་ཉན། །དོགས་སེལ་ཕྱིར་ན་སྐྱོན་ཚིག་དྲི། །ཉན་པོ་ཡན་ལག་དྲུག་དང་ལྡན། །ཞེས་པ་དང་། གཞན་དུ་ཡང་། ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པར་གསུངས། ཞེས་པ་ལྟར། ཆོས་ཀྱི་འཆད་ཉན་བྱེད་པའི་གནས་སུ་ཁྲི་བཤམས་ཤིང་སྟན་འདིང་བ་དང་མཎྜལ་མེ་ཏོག་སོགས་འབུལ་བ་སྦྱིན་པ། ས་ཕྱོགས་དེར་ལྗན་ལྗིན་དང་སྣབས་ལུད་སོགས་དོར་ན་ཉེས་པ་ཆེ་བས་གཙང་སྦྲའི་ཕྱགས་དར་དང་ཆག་ཆག་ལ་སོགས་ལེགས་པར་བྱ་ཞིང་རང་གི་སྤྱོད་ལམ་མ་གུས་པ་ལ་སོགས་པ་སྡོམ་པ་ཚུལ་ཁྲིམས། ཆོས་ཉན་པའི་སྐབས་ལ་སོགས་སྲོག་ཆགས་ཕྲ་མོ་འབུ་སྦྲང་ཚུན་ཆད་ལ་གནོད་པ་མི་བྱེད་ཅིང་། དཀའ་ཚེགས་དང་ཚ་གྲང་ཐམས་ཅད་བཟོད་པ་ཆོས་ཕྱིར་དཀའ་སྤྱད་བཟོད་པའི་བཟོད་པ་དང་། བླ་མ་དང་ཆོས་ལ་ལོག་ལྟ་སྤངས་ནས་ཡང་དག་པའི་དད་པས་སྤྲོ་བཞིན་དུ་ཉན་པ་བརྩོན་འགྲུས། བླ་མའི་གདམས་ངག་ལས་སེམས་གཞན་དུ་མ་ཡེངས་པར་ཉན་པ་བསམ་གཏན། ཐེ་ཚོམ་གྱི་དོགས་སེལ་ལ་སོགས་པ་དྲི་ཞིང་སྒྲོ་འདོགས་ཐམས་ཅད་གཅོད་པ་ཤེས་རབ་སྟེ། ཉན་པ་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བྱའོ། །འདི་ཉན་པ་པོ་མ་ཟད་འཆད་པ་པོ་ལ་ཡང་ཕར་ཕྱིན་དྲུག་ཚང་དགོས།།

༼༣ སྤྱོད་ལམ་གཞན་བསྟན་པ།

གསུམ་པ་སྤྱོད་ལམ་གཞན་བརྟེན་པ་ནི། འདུལ་བ་ལུང་ལས། བླ་མ་ལ་མ་གུས་པའི་སློབ་མ་ལ་ཆོས་མི་བཤད། ཅེས་གསུངས་པས། མ་གུས་པའི་རྟགས་ནི་ན་བ་ཡིན་ན་གནང་བ་ཡོད་ཀྱང་མི་ན་བཞིན་དུ་མགོ་ལ་ཞྭ་དང་གོས་སོགས་ཀྱིས་གཡོགས་པ་ནི་དབང་དང་བཀའ་ཆོས་སོགས་དད་ཡུལ་ཀུན་ཀྱི་དུས་སུ་སྤོང་དགོས་ཏེ། ཞྭ་གྱོན་ན་མགོ་ལ་རྭ་ཅོ་སྐྱེ་བའི་ལུས་སུ་སྐྱེ་བ་དང་། མ་གུས་པའི་རྣམ་འགྱུར་གྱིས་གདུགས་བཟུང་བ་དང་ལག་ན་མཁར་བའམ་ལག་རྟེན་དང་ཁྱད་པར་གྲི་མཚོན་ཐོགས་པ་དང་། མགོ་བོ་ལ་ཐོད་སོགས་ཀྱིས་དཀྲིས་པ་དག་ལ་ཆོས་བཤད་པའི་ཡུལ་མིན། །ཞེས་དང་། སྐྱེས་རབས་ལས། ཆོས་ཞུ་དུས་བླ་མ་ལས་རབ་ཏུ་དམའ་བའི་ས་ལ་སྟེ་སྐུབ་སྟེགས་དང་འདུག་ཁྲི་སོགས་མ་ཡིན་པའི་གནས་སུ་འདུག །དུལ་བའི་དཔལ་ནི་ཞྭ་མོ་ཡོད་ན་མདུན་དུ་བཞག །སྐྲ་ལོ་ཡོད་ན་མདུན་དུ་ཕབས། །ལག་པ་ཐལ་སྦྱར་མཉམ་བཞག་གིས། །ལག་གི་འདུ་བྱེད་ཐམས་ཅད་སྤོངས། །ཞེས་པའི་དོན་ལྟར་ཞི་ཞིང་དུལ་བའི་རྣམ་པར་བསྐྱེད་པ་དང་། དགའ་ཞིང་སྤྲོ་བ་དང་ལྡན་པའི་སྒོ་ནས་བླ་མའི་ཞལ་ལ་མིག་གིས་མཇལ་བའམ་བལྟ། ཆོས་ཀྱི་ཚིག་གི་དོན་ཤེས་པའི་ཕྱིར་དུ་དཔེར་ན་བདུད་རྩི་འཐུང་བ་བཞིན། ལག་ཐལ་མོ་སྦྱར་ཡིད་གུས་པ་དང་བཅས་རྣ་བ་བླགས་ནས་རབ་ཏུ་བསྒྲིམས་ཏེ་ཆོས་ཉོན་ཅིག །ཅེས་སོགས་བླ་མ་དང་སློབ་མ་རང་རང་གི་ཐད་ནས་ཚང་དགོས་པར་གསུངས་པ་ལྟར་ལས་མ་གུས་པའི་སྤྱོད་ལམ་ཐམས་ཅད་སྤང་པར་བྱའོ། ཡང་དག་པར་ཉན་ན་ཕན་ཡོན་ཚད་མེད་དེ་དུད་འགྲོའི་རྣ་ལམ་དུ་ཆོས་ཐོས་པའི་ཕན་ཡོན་ལ་མཚོན་ན། སློབ་དཔོན་དབྱིག་གཉེན་གྱིས། གསུང་རབ་ཞལ་འདོན་མཛད་སའི་གཟིམས་ཁང་གི་གདུང་གསེབ་ན་ཕུག་རོན་ཞིག་ཡོད་པས་ཆོས་སྒྲ་གོ་ནས་ཚེ་འཕོས་མ་ཐག མཐའ་འཁོབ་ཞིག་ཏུ་རྒྱལ་པོའི་བུར་སྐྱེས་ནས་སྐྱེས་མ་ཐག་ངའི་བླ་མ་གར་ཡོད་སོགས་གསུངས་ནས་མཐར་སློབ་མ་བློ་གྲོས་བརྟན་པར་གྱུར་པའི་ལོ་རྒྱུས་དང་། ཡང་དགེ་སློང་ཞིག་གི་ཁང་པའི་གདུང་གསེབ་ན་ཐི་བྱ་ཞིག་གནས་ཡོད་པར་དགེ་སློང་གིས་ཉིན་བཞིན་ཐོ་རངས་མདོ་སྡུད་པ་ཞལ་འདོན་མཛད་པའི་སྒྲ་ཐི་བྱ་དེས་ཐོས་པས་སྒྲིབ་པ་སྲབ་ཅིང་ཤི་འཕོས་ནས་མི་ལུས་ཚད་ལྡན་ཐོབ། སློབ་མི་དགོས་པར་མདོ་སྡུད་པ་འདོན་ཤེས་པ་ཞིག་ཏུ་སྐྱེས་པ་སོགས་དུད་འགྲོའི་རྣ་ལམ་དུ་ཆོས་ཐོས་པའི་ཕན་ཡོན་དེ་ལྟ་བུ་ཡོད་ན། འུ་ཅག་རྣམས་སྨྲ་ཤེས་དོན་གོ་མིའི་མཚན་ཉིད་ཚང་བའི་རྐང་པ་གཉིས་ས་ལ་བརྟེན་ནས་འགྲོ་བའི་མི་ཞིག་ཡིན་ཕྱིན། ཆོས་འཆད་ཉན་གྱི་སྣོད་དུ་རུང་བ་ཡིན་ཞིང་ཆོས་ཉམས་སུ་ལེན་ནུས་པའི་སྐལ་བ་ཅན་གྱི་ལུས་རྟེན་བཟང་པོ་ཞིག་རེད་བསམས་ནས། ཆོས་ཉན་བསམ་སྒོམ་པ་གང་གི་སྐབས་སུ་སྔོན་སོང་བག་ཆགས་ཀྱི་རྗེས་མི་འབྲང་། མ་འོངས་ཉོན་མོངས་ཀྱི་མདུན་མི་བསུ། ད་ལྟ་ཚོགས་དྲུག་རྐྱེན་ཁར་མ་ཤོར་བ་ཞིག་གི་ཐོག་ནས་ཆོས་འཆད་ཉན་ལ་ཞུགས་རྒྱུ་ནི་ཤིན་ཏུ་གལ་ཆེ། ཆོས་ཐོས་པས་མ་རིག་པའི་མུན་པ་སེལ། བསམ་པས་གནས་ལུགས་ཀྱི་དགོངས་པ་རྟོགས། སྒོམ་པས་ཆོས་ཉིད་ཀྱི་ཀློང་དུ་གྲོལ་བ་དང་། གཞན་ཡང་ཆོས་བཤད་ན་རང་གཞན་གཉིས་ཀའི་ཤེས་རབ་འཕེལ་ཞིང་ཉན་ན་རང་གི་བློ་གྲོས་ཀྱི་པདྨོ་རྒྱས་པ་དང་། ཐར་ལམ་བྱང་ཆུབ་ཀྱི་གོ་འཕང་བརྙེས་པ་སོགས་ཡོན་ཏན་དཔག་ཏུ་མེད་པར་སྡུད་པ་ཡིན་པས་ན། ཆོས་ཉན་པ་ལ་དགའ་བཞིན་སྤྲོ་བཞིན་དུ་འཇུག་དགོས་པའི་ངེས་ཤེས་དང་བཅས་ཏེ་སྤྲོ་དགས་ངང་དེ་རིང་གི་ཆོས་མཚམས་འདི་ནས་འཇོག། །།གསུངས་ནས་བསྔོ་བས་མཐའ་བརྒྱན་ཏེ་ཆོས་ཁྲིད་གྲོལ་སོང་ངོ་།།

ག༽ ཉིན་གསུམ་པར་༼ཨ༽དལ་འབྱོར་རྙེད་དཀའི་ཆོས་ཁྲིད།

ཡང་མཆོད་བརྗོད་སོགས་གསུངས་ནས།

ཨ༽ མཚམས་སྦྱོར་གྱི་གདམས་ངག

འདི་ན་ད་རེས་ཆོས་གྲྭ་གཅིག་གི་ནང་མཉམ་དུ་འཛོམས་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་ཀྱིས་གཙོར་མཛད་པའི་བླ་གྲྭ་དགེ་འདུན་པ་མང་པོ་དང་། དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་མཆིས་ཤིང་། འཇིག་རྟེན་ཡང་དག་གི་ལྟ་བ་ལ་དད་ཅིང་སྐྱབས་གསུམ་འཛིན་པའི་སྡོམ་པ་ལ་གནས་པའི་དགེ་བསྙེན་ཕོ་མོ་ཐམས་ཅད་དང་། རྟེན་རབ་བྱུང་དང་ཁྱིམ་པ་མི་རིགས་དང་ཕོ་མོ་ལ་མ་ལྟོས་པའི་མི་གྲངས་ཤིན་ཏུ་མང་པོ་དུས་ཀྱི་ཡང་མཐའ་འདིར་ཆོས་ཀྱི་གྲུ་ཆེན་པོ་ལ་མཉམ་དུ་ཞུགས་ཏེ། གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཆོས་འཆད་ཉན་བྱེད་རྒྱུའི་སྐལ་བ་བཟང་པོ་རང་གཞན་མ་བགོས་ཐུན་མོང་ལ་ཐོབ་ཡོད་པ་འདི་ནི། སྟབས་ལེགས་ལྟས་དབང་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་ཞིག་ག་ལ་ཡིན། གཅིག་ན་ཚེ་སྔོན་བསོད་ནམས་བསགས་པའི་འབྲས་བུ། གཉིས་ན་ཐུགས་བསྐྱེད་དུས་སུ་སྨིན་པའི་རྟེན་འབྲེལ། གསུམ་ན་སྨོན་ལམ་མཉམ་དུ་ཐེབས་པའི་དབང་གིས་ད་རེས་སྟོན་འཁོར་ལྷན་ཅིག་ཏུ་འཛོམས་

པར་མངོན་སུམ་དུ་གྱུར་བ་འདི་ཤེས་ན་དགའ་བ་སྒོམ་འོས་པ་ཞིག་རེད། སྤྱིར་ཆོས་ཐོས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་དེ་སྨྲ་ཤེས་དོན་གོའི་མི་མ་དགོས། ཐ་ན་དུད་འགྲོ་བྱ་དང་རི་དྭགས་གདུང་གསེབ་ཀྱི་བྱེའུ་དང་། འཁོར་ཡུག་གི་ཁྱི་དང་བྱི་ལས་ཀྱང་ཆོས་སྒྲ་གོ་ནས་ངན་སོང་གི་ལུས་ངན་སྤངས་སོང་བ་མང་སྟེ། དཔེར་ན་འུ་ཚོའི་ཁྱི་རྒན་ར་ཛ་ཡང་ཤྲཱི་སེང་གི་ཆོས་དུང་གི་སྒྲ་སོགས་ཉིན་བཞིན་ཐོས་པས་ཤི་དུས་རོ་དུར་ཁྲོད་དུ་བོར་སྐབས་རོའི་སྟེང་དུ་འཇའ་ཤར་བ་ཀུན་ཀྱིས་མཐོང་བ་ལྟ་བུ་རེད། ཇི་སྐད་དུ། ཆོས་རྔ་སྒྲོགས་པའི་སྒྲ་ཐོས་སེམས་ཅན་ཡང་། །ངན་སོང་རྣམ་གྲོལ་ཉན་རྣམས་སྨོས་ཅི་དགོས། །ཞེས་དང་། གཎྜིའི་མདོ་ལས། རྔའམ་གཎྜི་བརྡུང་བའི་སྒྲ། །ཐོས་པས་བྱང་ཆུབ་ཐོབ་འགྱུར་ན། །ཉན་ཕྱིར་ལྷག་པ་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར། ཆོས་རྔ་སྒྲོགས་པའི་སྒྲའམ། ཡང་ན་ཆོས་དུང་བུས་པའི་སྐད་གོ་བ་ཙམ་ལ་ཡང་བསོད་ནམས་སམ་ཕན་ཡོན་དེ་འདྲ་ཡོད་ན། ཆོས་དངོས་སུ་ཐོས་པས་ལས་ངན་གྱི་སྒྲིབ་པ་འཛད། བསམ་པས་ཤེས་རབ་ཀྱི་གཏེར་ཆེན་རྡོལ། སྒོམ་པས་ཉམས་རྟོགས་ཀྱི་ཡོན་ཏན་འཕེལ་བ་དང་། ཐ་ན་ཆོས་སྒྲ་རྣ་བས་གོ་བ་དང་ཡང་ན་ཆོས་སྨྲ་བ་ལ་དད་པའི་སེམས་སྐད་ཅིག་མ་ཞིག་སྐྱེས་པས་ཀྱང་། རྐྱེན་ངན་དང་བར་ཆད་སེལ་ཞིང་དཀར་ཕྱོགས་སྐྱོང་བའི་ལྷ་དང་སྲུང་མས་ཀྱང་བསྐྱབ་པར་འགྱུར་བ་ཡིན། ཚེ་འདིར་གསོན་བྲང་ང་ཁམས་ཀྱི་ས་ཆ་འདིའི་ཐོག་ལ་མྱི་ལུས་ཞིག་བླངས་ནས་འཇིག་རྟེན་འདི་སྣང་གི་སྣང་བ་འདི་ཤར་ནི་ཡིན་ན། རང་རང་སོ་སོའི་ངོས་ནས་ལོ་གྲངས་དུས་ཚོད་ཀྱི་ནམ་ཟླ་དེ་ཅི་ཙམ་འགྲོ་ཚར་འདུག ད་ཕྱིན་འདུག་རྒྱུའི་ཚོད་རྩིས་དང་གཉིས་བསྡུར་ནས་རང་གི་མྱི་ཚེའི་ཚོད་ལ་ཚད་ཤིང་ཞིག་འཕོངས་དང་། འཇིག་རྟེན་གྱི་བྱ་བ་འདི་ཚར་རྒྱུ་དང་འགྲུབ་རྒྱུ་མེད་པ། སྡུག་སྡིག་པ་གཉིས་ཀྱི་ཁུར་བོ། ཁུར་ཞིང་ཁུར་ནས་ཇེ་ལྗི། ནམ་ཇེ་རིང་རྨི་ལམ་ཇེ་འཁྲུགས་ཟེར་བ་ལྟར། སྡུག་ལ་ཟད་རྒྱུ་དང་སྐྱིད་ལ་ཤར་རྒྱུ་མེད་པ་ནི་རང་གཞན་རྟ་ཕོ་ཁ་དཀར་ཀུན་ཀྱིས་ཤེས་ཚོད་རེད། དེ་སྔ་མ་ཤེས་འཁྲུལ་བའི་དབང་དུ་སོང་ཡང་། ད་ནི་བསམ་མནོ་རིག་པ་གཏན་ལ་ཕབ་ན། ཚེ་འདི་ལས་ཕྱི་མའི་ལམ་ཐག་རིང་། །དཔོན་འདི་ལས་ཆོས་རྒྱལ་རྔམས་ཟིལ་ཆེ། །ཟེར་བ་ལྟར་རང་དབང་རང་ལག་ཡོད་དུས་འདེང་ཟབ་མོ་བཏང་ནས་ལམ་ལོག་མི་ཤོར་བར་རང་མགོ་རང་གིས་ཐོན་པའི་ཐབས་དམ་ཆོས་རྫོགས་པ་ཆེན་པོ་འདི་འདྲས་མ་ཐོན་ན། ཆོས་འཇིག་རྟེན་གང་ལ་བསམ་བློ་བཏང་ཡང་གཞན་གྱིས་སྐྱོབ་ཐབས་དཀའ་མོའི་ནང་གི་དཀའ་མོ་རེད། ཆོས་རང་གི་མ་བསྒྲུབས་ན་སངས་རྒྱས་དངོས་སུ་བྱོན་ཀྱང་ཐབས་མེད་དེ། ཐར་བའི་ལམ་ལ་རྡོ་འཕེན་འཕེན་བྱེད་རྒྱུ་མེད་པར་གོང་དུ་བཤད་པ་ལྟར་རེད། ཤི་བོའི་ར་མདའ་ཆོས་ཡིན་ཡང་ཆོས་སྔོན་སོང་རང་ལ་མེད་ན་རྗེས་ནས་ཁྲེལ་མྱི་ཁ་ཞིག་དང་འབྲེལ་འདྲེས། ངོ་ཚ་སེར་སྣ་དང་མཉམ་དུ་ཆོས་ཤིག་སྒྲུབ་ཁུལ་བྱས་ཀྱང་། སྒང་ལ་ཁ་མཐོན་པོའི་རྩམ་སྐྱ་དེ། །ཟེར་མ་རླུང་དང་ཕྱེད་བགོས་རེད། །ཟེར་བ་ལྟར། ཨོ་རྒྱན་ཆེན་པོས། མཚན་བྱང་མགོ་ལ་དབང་བསྐུར་དུས་ཕྱི་སོང་བ་ཡིན་ཚུལ་གསུངས་པའི་ལུང་གོང་དུ་དྲངས་པ་ལྟ་བུ་རེད། ཁྱོད་མ་ཡེངས་ཟེར་ནས་བོས་ཀྱང་དེ་དུས་རང་དབང་ཨེ་ཡོད་ཅི་ཤེས། ལུས་བེམ་སྟོང་འཁྲི་ས་ཡོད་བཞིན་རྣམ་ཤེས་རླུང་དམར་འཚུབ་འཚུབ་མ་ཡེངས་ཟེར་ན་མི་ཕན་པར་ཡེངས་ཤོར་ན། ལུས་རྟེན་འདི་དང་ཁ་བྲལ་ནས་གཏད་མེད་བྱ་སྒྲོ་རླུང་ཁྱེར་གྱི་དུས། མཚན་བྱང་མགོ་ཡི་རི་མོ་ཞིག་ལ་རྟེན་འཆའ་སྐབས་དཀའ་མོའི་ནང་གི་དཀའ་མོ་རེད། འདི་ལྟར་འདེང་ཞིག་བརྒྱབ་ན་ཚེ་སྟོད་ཀྱི་དྲིན་ཆེ་བའི་དྲིན་ཅན་ཕ་མ། མཛའ་བརྩེ་དུང་སེམས་ལ་འབྲལ་ཐབས་མེད་པའི་སྤུན་ཟླ་སྲིང་མོ། དགའ་ཉེ་ཤ་རྩ་ཐམས་ཅད་མདང་གི་རྨི་ལམ་བཞིན་གཅིག་སོང་གཉིས་སོང་འཇིག་རྟེན་ཕྱི་མའི་ལམ་པོ་ཆེ་ལ་སོང་ཟིན་པ་ཡིན་ན། ད་ཚོད་དེ་ཚོ་གནས་རིས་མཐོ་དམན་ཅི་འདྲ་ཞིག་ལ་སྐྱེས་ཡོད། གལ་ཏེ་ངན་སོང་གི་གནས་ལྟ་བུར་ལྷུངས་ནས་ཉིན་མཚན་མེད་པར་སྡུག་བསྔལ་བཟོད་དཀའ་བས་མནར་ནས་ངུ་འབོད་དང་འོ་དོད་རྒྱུན་ཆད་པ་མེད་པར་གནས་ཡོད་ན། འོ་ཅག་གིས་དེ་ཚོ་ཡིད་ངོར་ཙམ་ཡང་མ་ཤར་ན་ཅི་འདྲའི་ཁྲེལ་མེད་ཅིག་རེད། རང་རེ་ནི་གང་ལྟར་བཤད་རུང་གསོན་འཇིག་རྟེན་ནང་གི་མི་ཡུལ་རེད། དེའི་ནང་ནས་ཀྱང་ཆོས་ས་དང་ཆོས་ཡུལ་ལ་ཡོད་པས་ཆོས་རྣམ་དག་ཞིག་བསྒྲུབས་ཏེ་དེ་ཚོའི་གཙོས་པའི་སྐྱེ་ལུས་མང་པོའི་ཕ་མ་དྲིན་ཅན་དེ་ཀུན་ལ་ཕན་པ་རེ་བསྒྲུབ་དགོས། སྤྱིར་མི་ལུས་ཐོབ་པར་དཀའ། དེའི་ནང་གི་ཆོས་ལྡན་གྱི་མི་ལུས་དེ་བས་ཀྱང་དཀོན་པོ་རེད། དེས་ན་རིན་ཆེན་གསེར་གླིང་ཕྱིན་དུས་རང་གིས་ཅི་འདྲ་ཞིག་ལེན་དྲན་ན་རང་ལག་ཡོད་པ་ལྟར། ཅི་ནས་ཀྱང་བློ་ཕ་ལ་མི་འདྲི། གྲོས་མ་ལ་མི་བྱེད། བློ་ཐག་རང་གིས་བཅད་སྣ་ཐག་མགོ་ལ་དཀྲིས་ནས་ཆོས་ཤིག་བསྒྲུབས་ནས་སྙིང་པོ་ཞིག་ལོན་དགོས། ཡང་ན་བློ་གཏད་ས་བླ་མ་དཀོན་མཆོག་གྲོས་བྱེད་ས་དྲིན་ཆེན་ཕ་མར་བྱས་ནས་ཆོས་བསྒྲུབ་དགོས། སྤྱིར་ལས་གང་བྱེད་ཕ་མ་ལས་གཉན་ཞིག་མེད་པས་བློ་བྱ་བ་ཉེས་སོང་ན་ཡང་ཁོ་རང་ཚོའི་བསམ་པ་རེད། རང་ངོས་ནས་རྗེས་འགྱོད་ཡོད་ནི་མ་རེད། འོན་ཀྱང་ཆོས་སྒྲུབ་སའི་ཐད་ནས་དེ་དང་ཅིག་མི་འདྲ། ཕ་མ་ཡུལ་གཉན་པ་དང་རང་ལ་བློ་དཀར་བ་ཡིན་ཡང་རྨོངས་པ་མ་རིག་པས་བསྒྲིབས་སོང་བ་ཤ་སྟག་ཡིན་པས་བཟང་པོ་ཞིག་བསམས་ཀྱང་བསམ་ལུགས་ཤེས་པ་མ་རེད། དཔེར་ཐང་ཕྲོམ་ཟོས་པའི་མིག་ལམ་འཁྲུལ་སྣང་ཤར་བ་ལྟ་བུ་ཡིན། དེས་ན་དཔལ་སྤྲུལ་རིན་པོ་ཆེས། རྣམ་གཡེང་འཁྲུལ་བར་བཅད་ཀྱིན་སླར་ལ་འཕེལ། །བདག་གི་ཚེ་ནི་རང་བཞིན་རྒྱུན་གྱིས་འཛད། །ཡེངས་མ་ལམ་ལ་འཆི་བའི་དགྲས་གཏུགས་ན། །དེ་ལས་བསླུས་པ་བདག་ལ་ཇི་ལྟར་ཡོད། །ཅེས་གསུངས་པ་ལྟར་རེད། རང་རེས་ད་སྐབས་བླ་མ་དམ་པའི་དྲིན་ལས་མ་འཁྲུལ་བའི་ལམ་ཞིག་རྙེད་ཡོད་ཚེ་སྨྱོན་པའི་རྗེས་སུ་སྤྱང་པོ་མི་རྒྱུག་པར་འཁྲུལ་སྣང་ལོག་པར་འཕྱན་པའི་མ་རྒན་རིགས་དྲུག་གི་སེམས་ཅན་རྣམས་ལ་ཕན་པ་སྒྲུབ་འདོད་ཀྱི་བྱ་བ་ཆེན་པོ་ལ་བསམ་བློ་གཏོང་དགོས། དཀའ་ཚེགས་ཆེ་ལ་ཕན་འབྲས་ཆུང་བའི་མནོག་ཆུང་ཚེ་འདིའི་བྱ་བཞག་བྱ་བྱེད་བྱིས་པའི་རྩེད་མོ་ལྟ་བུ་འདི་སྐྱུར་རན་པས་དམྱལ་བ་རང་ཡུལ་ལ་སྤྲོ་བཞིན་འདུག་མི་ཉན། དེས་ན་འཇིག་རྟེན་བྱ་བཞག་ཐམས་ཅད་ལིང་གིས་བསྐྱུར་ནས་ཆོས་སྒྲུབ་པ་ལ་སེམས་ཐག་གཅོད་དགོས། འོན་ཀྱང་བྱ་བ་ལག་ལེན་ལ་ཐུག་དུས་སེམས་ཐག་མ་ཆོད་ནས་ཕྱིར་ལྟས་ཤོར་ན། ཕྱི་བཤོལ་དང་ལེ་ལོའི་དབང་གིས་བྱ་བ་འདི་བསྒྲུབས་ཚར་དུས་ཡིན། དེ་འགྲུབ་ཟིན་དུས་ཡིན། སང་ཕོད་ཡིན། གནངས་ཕོད་ཡིན། བུ་ན་སོན་དུས་ཡིན། བུ་མོའི་ཁྱིམ་སོ་ཟིན་དུས་ཡིན། ཨ་ཕ་ཤི་ནས་ཡིན། ཨ་མར་ནད་གཡོག་ཟིན་ནས་ཡིན་བསམས་ནས་ཁྱོད་ཀྱིས་དུས་ཚོད་ལ་འདེང་བརྒྱབ་ཀྱང་དུས་ཚོད་ཀྱིས་ཁྱོད་ཨེ་སྒུག་ཅི་ཤེས། གཞན་ཡང་གོང་མར་བཀུར། འོག་མར་བསྐྱངས། མཉམ་པོ་འགྲོགས་པ་སོགས་འཇིག་རྟེན་གྱི་བྱ་བ་བྱེད་ལུགས་ལ་བསམ་བློ་ཞིག་བཏང་ན། ད་སྔ་ཡན་ཆད་འདི་མ་བྱས་བསམ་པ་ཅི་ཡོད། ཐམས་ཅད་མགུ་དུས། ཚང་མ་དགའ་དུས། ལས་ཀ་ཚར་དུས་ཤིག་འོང་རྒྱུ་ཡོད་དཀའ་བས། རང་གི་བློ་རྩེ་ཆོས་ལ་བསྒྲིལ་པ་ན། །རང་དང་མཐུན་པ་སུ་ཡང་ཡོད་དཀའ་བས། །རང་སེམས་གཙང་མ་རང་གི་དཔང་བཞག་སྟེ། །ཐམས་ཅད་མགུ་བའི་བློ་རྒྱ་བསྐྱུངས་ན་ལེགས། །ཞེས་གསུངས་པ་ལྟར་ཐག་ཆོད་ན་བུ་རབ་ཡིན། མ་ཆོད་ན་སླར་ཡང་རྗེས་སུ་ལུས་ནས་མཐའ་མེད་ཀྱི་སྡུག་བསྔལ་མྱོང་དགོས་ཐུག་པ་ཡིན། དེས་ན་བློ་སྣ་ནང་ནས་བསྟུངས་ཏེ་དམ་པའི་ཆོས་ཉན་པ་ཙམ་གྱིས་མི་ཕན་ཏེ། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་གཉིས་དང་མ་བྲལ་བའི་སྒོ་ནས་དམ་ཆོས་འཆད་ཉན་ལ་ཞུགས་དགོས། དེ་ཡང་གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི་ཐུན་མོང་ཕྱི་ཡི་སྔོན་འགྲོ་ལ་ཁྲིད་རྐང་དྲུག་ཡོད་པའི་དང་པོ་དལ་འབྱོར་རྙེད་པར་དཀའ་བའི་ཁྲིད་བཤད་པའི་སྐབས་ཡིན་ལ། འདིའི་ནང་གི་དགེ་འདུན་པ་མང་ཆེ་བས་མཁྱེན་པ་རེད། སྤྱིར་མཚན་ཉིད་ཐེག་པའི་ཆོས་བཤད་པ་དང་རྡོ་རྗེ་ཐེག་པ་གསང་སྔགས་ཀྱི་ཁྲིད་བཤད་པ་གཉིས་ཁྲིད་སྟངས་དང་སྦྱོང་སྟངས་འདྲ་ནི་མ་རེད། མཚན་ཉིད་ཐེག་པའི་བཤད་ཚུལ་ནི་སློབ་དཔོན་གྱིས་གཞུང་གི་འབྲུ་འགྲེལ་དཀའ་གནད་མཐའ་དཔྱད་དོགས་སེལ་དང་བཅས་ཏེ། གཞན་ལུགས་དགག་རང་ལུགས་བཞག་རྩོད་སྤོང་འཐད་སྒྲུབ་དང་བཅས་པས་བཤད་པ་ཞིག་ཡིན། སློབ་མས་ཀྱང་རྣོ་མྱུར་རིགས་ལམ་གྱི་འཕྲུལ། ཚད་མ་གསུམ་གྱི་སྲང་ལ་བཏབ་ཏེ་འཆད་རྩོད་རྩོམ་གསུམ་གྱི་གཏན་ལ་འབེབས་དགོས་པ་རེད། རྫོགས་ཆེན་གྱི་ཁྲིད་ཉོན་སྐབས་སྤྱི་དང་ཁྱད་པར་ཀུ་སཱ་ལིའི་ལུགས་ཀྱི་ཁྲིད་འདི་ལ་མི་འདྲ་ས་གཙོ་བོ་ཉམས་ལེན་རང་རྒྱུད་ལ་སྦྱར་ཏེ་ལག་ལེན་སྨིན་ཁྲིད་ཀྱི་ཐོག་ནས་ཐུན་བཅད་དེ་ཁྲིད་སྦྱོང་བྱས་ནས་བསྒོམ་དགོས་པས། ཁྲིད་འདི་ལ་ཞུགས་ཟིན་ནས་རང་རྒྱུད་སྔར་དང་ཅུང་ཟད་མི་འདྲ་བར་སཱཙྪ་བརྐོས་ཕོར་ནས་ཕྱུངས་ནི་འདྲ་མ་ཐུབ་རུང་། སྣམ་བུ་ཚོས་ལ་བཅུག་འདྲ་ཞིག་ཨེ་འོང་བལྟ་དགོས། དེས་ན་དེ་རིང་གི་དལ་འབྱོར་རྙེད་དཀའི་ཁྲིད་ནས་མགོ་རྩོམ་སྟེ་རང་གཞན་ཀུན་ཀྱིས་ཁྲིད་སྦྱོང་ཚད་ལྡན་རེ་ཨེ་ཐུབ་ལྟོས་དང་གྲུབ་འབྲས་ཤིག་ངེས་པར་ཐོབ་འོང་རྒྱུ་ཡོད། སྤྱིར་ན་སྨིན་ཁྲིད་དང་མོས་ཁྲིད་གཉིས་ཀྱི་སྒྲའི་བརྗོད་སོ་ཙམ་གོང་དུ་བཤད་ཡོད་ཀྱང་། ཀུན་མཁྱེན་འཇིགས་མེད་གླིང་པ་ཚུན་ཆད་ནས་ཀློང་ཆེན་སྙིང་ཐིག་གི་ཁྲིད་སྲོལ་འདི་ལ། སྨིན་ཁྲིད་ལག་ལེན་དུ་འདེབས་པའི་ཕྱག་སྲོལ་ཁྱད་པར་ཅན་ཞིག་ཡོད་པས། འདིའི་ནང་ན་དགེ་བསྙེན་ཕོ་མོ་མང་པོ་ཡང་ཡོད་ན་ཁྱོད་ཚོས་ད་སྔར་ཐུན་བཅད་པ་ལྟ་ཅི་སྐྱིལ་ཀྲུང་ལེགས་པོ་ཞིག་བཅས་ནས་འདུག་མྱོང་བ་ཡང་ཉུང་ཉུང་ཡིན་རེད་དྲན་གི། ཡིན་ན་ཡང་ཆོས་ཞུ་བའི་སྐབས་སུ་རིགས་རུས་མཐོ་དམན་དང་ཕོ་མོའི་ཁྱད་པར་མེད་དེ། གང་ལྟར་ཕོ་མོ་ཐམས་ཅད་མི་ཡིན་པ་འདྲ་འདྲ་ཡིན་པས་ཁྲིད་ཞུས་ནས་བཟུང་ཚང་མས་ཐུན་སྡོམ་ཆོག་པར་མ་ཟད་ཐུན་སྡོམ་དགོས། ཐུན་ཅི་འདྲ་སྡོམ་དགོས་སྙམ་ན་ཐུན་སྡོམ་དུས་དེ་རིང་ཆོས་ཁྲིད་ཞུ་རྒྱུའི་ནང་དོན་ཆ་ཚང་སེམས་ཐོག་ལ་བླངས་ནས་ཆོས་ཀྱིས་རང་གི་རྒྱུད་འདུལ་ཐབས་བྱས་ཏེ་རང་གིས་རང་ལམ་ལ་འཇོག་དགོས། ཐུན་སྡོམ་དུས་ལུས་གནད་རྣམ་སྣང་ཆོས་བདུན་བཅའ་ཚུལ་གོང་དུ་ཐེངས་གཅིག་བཤད་ཀྱང་དེ་དུས་མེད་པའི་མི་ཡོད་སྲིད་པ་དང་ཡོད་ཀྱང་གསལ་པོར་མ་གོ་བ་ཡང་ཡོད་ཤས་ཆེ། དེས་ན་དེ་རིང་ཡང་སྐྱར་ཐེངས་གཅིག་བཤད་ན། རྣམ་སྣང་ཆོས་བདུན་དང་གྲོལ་ལམ་ཆོས་བདུན་གཉིས་ཕལ་ཆེར་འདྲ་མོ་རེད། གཙོ་བོ་འདུག་སྟངས་ཀྱི་ཕྱོགས་ནས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་གལ་ཤིན་ཏུ་ཆེ་སྟེ། རྟེན་འབྲེལ་ལུས་ལ་བསྒྲིགས་ན་རྟོགས་པ་སེམས་ལ་འཆར་གསུངས་པ་ལྟར་རང་གཞན་ཐ་མལ་དུ་བསྡད་ནས་སྒོམ་པ་དང་། འདུག་སྟངས་སྟེང་ནས་སྒོམ་བརྒྱབ་པ་གཉིས་ཁྱད་པར་ཤིན་ཏུ་ཆེ། དཔེར་ན་སྦྲུལ་ལ་རྐང་ལག་ཡོད་ཀྱང་མ་གཅུས་ན་མི་མངོན་པ་བཞིན། རྡོ་རྗེའི་ལུས་ལ་གནད་དུ་མ་བསྣུན་ན་ཉམས་རྟོགས་མི་སྐྱེ་ལ། བཞུགས་སྟངས་ལ་བརྟེན་ན་ཡོན་ཏན་འཆར་སྟངས་མི་འདྲ་བས་དེ་ཡང་ཅི་ནས་ཀྱང་གལ་ཆེ་བ་ཡིན་པས་དང་པོར་བསླབ་དགོས། རྐང་པར་ནད་མེད་པ་ཚོས་རྡོ་རྗེའི་སྐྱིལ་ཀྲུང་བཅའ་དགོས། ལག་པ་གཉིས་སེམས་ཉིད་ངལ་གསོའི་བཞུགས་སྟངས་ཞེས་པུས་མོའི་སྟེང་བཀབ་པ་འདི་ཀུན་མཁྱེན་ཆེན་པོའི་བཞུགས་སྟངས་ཐུན་མིན་ཡིན་པས་ཆོས་བརྒྱུད་འདིའི་དམ་པ་གོང་མ་དག་གིས་མཛད་སྲོལ་ཡོད་པས་དེ་བཞིན་བྱ། སྒལ་ཚིགས་དོང་ཙེ་ལྟར་དྲང་པོར་འཇོག་དགོས་ཏེ། ལུས་དྲང་ན་རྩ་དྲང་རྩ་དྲང་ན་རླུང་དྲང་རླུང་དྲང་ན་ཐིག་ལེ་རང་སར་གནས་པའི་དགོས་པ་ཡོད། རྟེན་རྩ་རླུང་ཐིག་ལེ་རང་བབ་སོར་ཆུད་དུ་བཞག་པས། བརྟེན་པ་རང་བྱུང་གི་ཡེ་ཤེས་མངོན་དུ་འགྱུར་བའི་དགོས་པ་ཡོད། དཔུང་པ་གཉིས་ལྷོད་དེ་བཞག མགྲིན་པ་ཅུང་ཟད་གུག་སྟེ་ཨོལ་མདུད་མནན་པའི་ཚུལ་ཙམ་བྱ། ལྕེ་ཡ་རྐན་ལ་སྦྱར་ཏེ་མཆུ་སོ་མ་རེག་པའི་བར་ནས་དབུགས་དལ་བུས་གཏོང་བ་འདི་ཀློང་ཆེན་སྙིང་ཐིག་གི་ལུགས་འདིའི་ཁྱད་པར་གྱི་ཆོས་ཤིག་ཡིན་པས་དབུགས་སྣ་ནས་མི་རྒྱུ་ཁ་ནས་རྒྱུ་འཇུག་དགོས། དེས་ནི་ལས་རླུང་དབྱིངས་སུ་དག་ཡེ་རླུང་དབུ་མར་འཁྱིལ་བའི་དགོས་པ་ཡོད། མིག་མདུན་ཐད་དུ་ཕབ་པ་བཅས་ཏེ་ཆོས་བདུན་ཟུག་རྔུ་མེད་པ་གྲིམ་ལྷོད་རན་པ་བཅའ་དགོས། འདུག་མི་ཐུབ་པའི་རྒན་རྒོན་ཡིན་ན་སྒོམ་ཐག་ལུས་ལ་བཅིངས་ནས་སྒོམ་སྲོལ་ཡོད་དེ། བཻ་རོ་ཙཱ་ནས་སྤང་རྒན་མི་ཕམ་མགོན་པོར་སྒོམ་ཐག་དང་སྒོམ་རྟེན་ལ་བརྟེན་ནས་ངོ་སྤྲོད་མ་ཐག་གྲོལ་བའི་ལོ་རྒྱུས་ལྟ་བུ་ཡིན། ངག་གནད་རླུང་རོ་བསལ་དགོས། དེ་ཡང་སུམ་ཕྲུགས་དང་དགུ་ཕྲུགས་ཀྱི་བྱེད་སྟངས་གཉིས་ཡོད། ལུགས་འདི་སྣ་བུག་གཡས་ནས་གསུམ་གཡོན་ནས་གསུམ་མཉམ་པར་གསུམ་བཅས་དགུ་ཕྲུགས་བསལ་དགོས། དེ་ཡང་སྤྱིར་གོང་དང་འདྲ་བ་ལས་ཁྱད་པར་ལག་གཉིས་དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱ་དང་བཅས་པའི་སྲིན་ལག་གིས་སྣ་བུག་གཉིས་རེས་མོས་མནན་པ་དང་སྣ་བུག་གཡོན་ནས་འབུད་རྒྱུའི་རླུང་གི་ཁ་དོག་དམར་ནག རླུང་ནང་དུ་དལ་བུས་རྔུབ་ནས་ལྟེ་འོག་ཏུ་མར་མནན་དམིགས་པ་བྱེད་སྟངས་སྤྱིར་གོང་བཤད་ལྟར་གསལ་བ་དང་བཅས་ཕྱིར་འབུད་དགོས། རླུང་གི་ཕྲ་སྦོམ་ནས་འབྲུའི་དབྱིབས་ལྟར་དགོས་པ་ཁྲིད་ཡིག་དག་གི་ནང་གསུངས་པས་སྣེ་མོ་གཉིས་ཕྲ་བར་དཀྱིལ་སྦོམ་པ་སྟེ། དང་པོ་ཆུང་ངུ་བར་དུ་དལ་བ་བསྐྱེད་མཐའ་མ་ནར་གྱིས་འཕེན་དགོས། མཆོད་པ་བཤམས་དུས་ཀྱང་ནས་འབྲུའི་དཔེ་ལེན་ས་ཡོད་པས་བདུན་ཚར་ཆེ་བ་ཡིན་ན་བར་ཐག་སོར་གཉིས་ཙམ་དང་ཆུང་བ་ཡིན་ན་བར་ནས་འབྲུ་གཉིས་གཤིབས་ཀྱི་ཚད་ཙམ་འཇོག་པར་གསུངས་པ་ལྟར་དང་མཆོད་ཆུ་ཡང་ནས་འབྲུ་ལྟར་བླུག་དགོས། རླུང་བྱིན་རླབས་ཀྱང་གོང་བཞིན་ཉེར་གཅིག་ལས་མི་ཉུང་བར་བྱ་དགོས། ངག་བྱིན་རླབས་ནི་ངག་འདོན་གྱི་ཚིག་རྗེས་དོན་དྲན་འདོན་སྒོམ་སྦྲགས་མར་བྱེད་དགོས། སེམས་གནད་ཀུན་སློང་བཅོས་པ་ནི་ངས་ཐུན་ཞིག་སྡོམ་རྒྱུ་འདི་ཅི་ཞིག་གི་དོན་དུ་སྡོམ་འདུག ཚེ་འདིའི་ནད་གདོན་སོགས་ཞི་བའི་ཆེད་དུ་འཇིགས་སྐྱོབ་ཀྱི་ཆོས་ཤིག་རེད་དམ། ཡང་ན་ཆོས་བརྒྱད་སྒྲུབ་པའི་ལེགས་སྨོན་གྱི་ཆོས་ཤིག་རེད། དེ་གཉིས་ཡིན་ན་དུག་ལྟར་སྤོང་དགོས། ཡང་སྐྱེས་བུ་ཆུང་ངུའི་ཀུན་སློང་ཕྱི་མར་ལྷ་མིའི་གོ་འཕང་ཐོབ་པའི་ཆེད་དུ་སྒྲུབ་པ་ཡིན་ན། ང་རང་རྫོགས་པ་ཆེན་པོའི་ཆོས་ལ་སྦྱོང་གི་ཡོད་པའི་ཆོས་པ་ཚད་ལྡན་བྱེད་བསམ་མཁན་ཞིག་གི་བསམ་བྱ་དེ་མ་ཡིན་བསམ་དགོས། སྐྱེས་བུ་འབྲིང་གི་རང་འདོད་ཡིད་བྱེད་དེ་ཡང་སྤང་བྱ་ཡིན། དེས་ན་སྐྱེས་བུ་ཆེན་པོའི་ཀུན་སློང་མ་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ངས་དལ་འབྱོར་རྙེད་དཀའ་བསྒོམ་དགོས་བསམས་ནས་ཀུན་སློང་རྣམ་པར་དག་པ་བསྐྱེད་དགོས། ཐོ་རངས་ཡིན་ན་བླ་མ་མཁྱེན་ལན་གསུམ་སོགས་ཀྱིས་སྔོན་འགྲོ་ངག་འདོན་ཁྲིད་ཚུལ་སྐབས་བབས་གང་ཡིན་དེའི་ཐད་བསྒོམ་དགོས། ཐུན་བཞི་གཅོད་པའི་དུས་སུ་རྒྱུན་དུ་ངག་འདོན་ཤ་སྟག་འདོན་དགོས་ན་མང་བས་ཐུབ་དཀའ། བླ་རྣལ་བསྡུས་པ་རེ་འདོན་ཨེ་དགོས་ལྟོས། ཁྱད་པར་ཡི་གེ་མི་ཤེས་པ་རྣམས་ཀྱིས་བླ་རྣལ་བསྡུས་པ་རེ་དང་སྦྲགས་ནས་བསྒོམས་ན་སྟབས་བདེ། མཐར་བླ་མ་ཐུགས་བརྩེ་བ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ་པའམ། ཡང་ན་རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བ་དེ་ཉིད་བླ་མ་དང་གུ་རུ་རིན་པོ་ཆེ་དབྱེར་མེད་པར་གསལ་བའི་ཐུགས་ཀར་ཐིམ་པར་སྒོམས། གང་ལྟར་ཡང་བླ་མ་དང་ཐུགས་ཡིད་དབྱེར་མེད་འདྲེས་པའི་ངང་ནས་རྣམ་རྟོག་སྔོན་མའི་རྗེས་མི་གཅོད། མ་འོངས་པའི་མདུན་མི་བསུ། ད་ལྟའི་རྟོག་པ་འཁྲུལ་དུ་མི་འཇུག་པར་མཉམ་པར་འཇོག་དགོས། ཐུན་དངོས་གཞིར་ཐུན་མོང་ཕྱི་ཡི་སྔོན་འགྲོའི་ཁྲིད་རྐང་དྲུག་དང་ནང་གི་ཁྲིད་རྐང་དྲུག་སྟེ་བཅུ་གཉིས་པོ་སྐབས་བབས་གང་ཡིན་ན་དེར་བསྒོམ་དགོས། ཆོས་ཁྲིད་མགྱོགས་དལ་གྱི་ཐད་ལ་རེ་བ་མང་ཡང་ངས་བསམ་ན་ཐག་རིང་ནས་ཕེབས་པ་རྣམས་དང་ལས་དང་པོ་བ་སོགས་ལ་གཞིགས་ནས་ཉི་མ་ཉི་ཤུ་ཐམ་པ་བྲེལ་དལ་འཚམས་སྙམ། དེང་སང་ནམ་དུས་ཡག རྫོགས་ཆེན་པདྨ་ཐང་ས་སྐྱིད་ཀྱང་ཡུན་རིང་ན་ནམ་ཟླ་སྟོན་ཁ་ཤར་དུས་གུར་བ་ཚོ་བཞུགས་ཨེ་བདེ་མི་ཤེས། རྗེས་ནས་མ་ཤི་ཚེ་རིང་བྱུང་ན་ཆོས་ཁྲིད་རེ་འདོན་རྒྱུ་རེད་ན་ཅི་ཤེས། འོན་ཀྱང་ས་ཆ་གང་དུ་འདོན་ད་དུང་གཏན་ཁེལ་མེད། འགའ་རེས་མཚོ་སྔོན་དང་། འགའ་རེས་མི་ཉག་དང་། འགའ་རེས་གླིང་དཀར་གཤིས་ནས་འདོན་དགོས་ཟེར་ཡང་། གནས་འདི་ནས་ད་སྔ་མི་ལོ་བཞིའི་རིང་དམ་པ་གོང་མའི་ཐུགས་དགོངས་རྫོགས་ཕྱིར། རྫོགས་པ་ཆེན་པོའི་དངོས་གཞིའི་ཁྲིད་ཡིག་ཡེ་ཤེས་བླ་མ་ལན་བཞི་བཤད་གྲུབ་པས་སེམས་བདེ་སོང་བ་ཡིན། ཕྱིན་ཆད་ཚེ་ལྷག་ཅི་ཡོད་ཉལ་ནས་མཐུད་དགོས་པ་ཨེ་ཡིན་ང་རང་ཉིད་ཀྱིས་དྲན་བཞིན་ཡོད། གང་ལྟར་ཡང་ད་རེས་བྲེལ་དལ་འཚམས་པ་ཞིག་ལས་མགྱོགས་འདོན་མ་བྱས་ན་ཆོག སྤྱིར་མན་ངག་གི་གཞུང་ལ་སྤྲོས་བཅས་ཀྱི་བཤད་པ་མང་པོ་བྱེད་མི་དགོས་ཀྱང་། ཁ་བརྡ་དང་འབྲེལ་འདྲེས་དལ་མོ་བཤད་བཞིན་ཡོད། ང་རང་ཉིད་ལ་མཚོན་ན་ཐོས་པ་སློབ་གཉེར་མ་མྱོང་པའི་མྱི། རྟ་ཐོག་བླ་མའི་བསྟན་པ་མི་ཤེས་པའི་ཚད་འཇོག་ས་ཞིག་གིས། བཀའ་མདོ་རྒྱུད་ལུང་མན་ངག་གི་ཐད་ནས་ཁྱེད་རྣམ་པ་ལ་ཐུགས་ཕན་འདོགས་བྱེད་ཅང་བཤད་རྒྱུ་ཡོད་པ་མ་རེད། འོན་ཏེ་ཨ་ཕའི་ཁ་ཕོར་གཙང་ཞེན་མ་ཡིན་ཡང་ངས་ཀུན་བཟང་བླ་མའི་ཞལ་ལུང་འདི་བདག་ཅག་གི་རིགས་ཀྱི་བདག་པོ་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོའི་མདུན་ནས་ཚར་གཉིས་ཐོབ་པ་ཡིན། འདི་རྫོགས་ཆེན་གྱི་ཉེ་བརྒྱུད་ཐུན་མོང་མིན་པ་ཡིན་གསུངས་པས་ར་རི་ཕ་ཕུག་གི་ཨ་ཞུ་ཡང་ཞུ་བྱས་པ་རྣམས་དང་ཨེ་འདྲ་མི་ཤེས། བློ་གཏད་ས་འདི་ཡིན།

༼༡ དང་པོ་ངོ་བོ་དལ་བ་བསམ་པ་ལ།

གཉིས་པ་བཤད་བྱའི་ཆོས་ཀྱི་རིམ་པ་དལ་འབྱོར་རྙེད་པ་དཀའ་བའི་ཁྲིད་ལ། ངོ་བོ་དལ་བ་བསམ་པ། ཁྱད་པར་གྱི་ཆོས་འབྱོར་བ་བསམ་པ། རྙེད་དཀའི་དཔེ་ལ་བསམ་པ། གྲངས་ཀྱི་ཁྱད་པར་བསམ་པ་དང་བཞི་ལས།

༡༽ དལ་བ་བརྒྱད།

དང་པོ་ངོ་བོ་དལ་བ་ལ་བསམ་པ་ནི། མདོ་ལས། མི་ཁོམ་བརྒྱད་སྤངས་དེ་ཡི་དལ་བ་རྟག་ཏུ་རྙེད། །ཞེས་གསུངས་པ་ལྟར། དམྱལ་བ་ལ་སོགས་པ་སྤྱིར་མི་ཁོམ་པའི་གནས་བརྒྱད་དུ་མ་སྐྱེས་པར་དམ་པའི་ཆོས་བསྒྲུབ་པར་ཁོམ་པ་ནི་དལ་བ་ཞེས་བྱ། མི་དལ་བ་ནི་མི་ཁོམ་པའི་གནས་བརྒྱད་ཀྱི་ལྡོག་ཆ་བརྒྱད་ལ་དལ་བ་བརྒྱད་དང་། དལ་བ་བརྒྱད་ཀྱི་ལྡོག་ཆ་བརྒྱད་ལ་མི་ཁོམ་པའི་གནས་བརྒྱད་ཟེར། མདོར་ན་དལ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་འདི་ལྟ་བུ་ཐོབ་ནས་དམ་པའི་ཆོས་སྒྲུབ་པའི་གོ་སྐབས་དང་ལྡན་པ་དེ་ལ་དལ་བ་ཞེས་བྱ་སྟེ། ཇི་སྐད་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་གསུངས་པ་ལྟར། དམྱལ་བ། ཡི་དྭགས། དུད་འགྲོ། ཀླ་ཀློ། ཚེ་རིང་ལྷ། ལོག་ལྟ་ཅན། སངས་རྒྱས་ཀྱིས་སྟོང་པའི་ཡུལ་དང་། ལྐུགས་པ་སྟེ་བརྒྱད་པོ་མི་ཁོམ་བརྒྱད་དང་། འདི་བརྒྱད་དང་བྲལ་ཡོད་ན་དལ་བ་བརྒྱད་ཡིན། དལ་འབྱོར་རྙེད་དཀའི་ཁྲིད་འདི་གཙོ་བོ་རང་གི་ལུས་ཐོག་གི་ཁྲིད་ཡིན་པས་ལུས་འདིའི་སྟེང་ལ་བསམ་བློ་ཞིག་བཏང་ན། ཇི་སྐད་དུ། ལེགས་ན་ཐར་བའི་གྲུ་གཟིངས་ལུས་འདི་ཡིན། །ཉེས་ན་འཁོར་བའི་གཏིང་རྡོ་ལུས་འདི་ཡིན། །དགེ་སྡིག་ཀུན་ཀྱི་གཡོག་པོ་ལུས་འདི་ཡིན། །ཞེས་གསུངས་པས་ལུས་འདིའི་ཐོག་ནས་འགྲོ་ས་ཡག་ཉེས་གཉིས་ལས་མེད། ཡག་ན་ལུས་འདིའི་སྟེང་ནས་དམ་པའི་ཆོས་ཡང་དག་པ་ཞིག་བསྒྲུབས་ན་བདེ་ཞིང་སྐྱིད་པའི་ཆོས་འགོ་ཚུགས་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་དང་། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་ཆོས་དང་འཕྲད་པའི་སྐབས་འདིར་སྒྲུབ་ནུས་ན་ཚེ་འདི་དང་ཕྱི་མ་བར་དོ་གསུམ་གང་རུང་ལ་གྲོལ་བ་ཐེ་ཚོམ་མི་དགོས། གལ་ཏེ་གཅིག་ཉེས་སོང་ན་ལུས་འདིའི་ཐོག་ནས་འཇིག་རྟེན་ཚེ་འདི་ཁོ་ནའི་དོན་ཤ་སྟག་སྡུག་སྡིག་པ་གཉིས་དང་འབག་ན་འཇིགས་དང་སྡུག་བསྔལ་ཐམས་ཅད་ཀྱི་འགོ་ཚུགས་པ་ཡིན། དེས་ན་རང་ངོས་ནས་འགལ་རྐྱེན་མེད་ཅིང་ཁོམ་པས་ན་དལ་བ་གསུངས། རང་རྒྱུད་རྟེན་གྱི་མི་ཁོམ་པ་བརྒྱད་པོ་རང་ལ་ཡོད་མེད་ལ་བསམ་བློ་གཏོང་རྒྱུ་འདི་གལ་ཆེན་ནང་གི་དོན་ཆེན་རེད། དེ་ལྟར་མི་ཁོམ་པ་བརྒྱད་པོ་ཡོད་མེད་བརྟགས་ཤིང་དཔྱད་པའི་དཔྱད་སྒོམ་དང་། ངང་ལ་འཇོག་པའི་འཇོག་སྒོམ་གཉིས་བྱེད་དགོས། འདི་གཉིས་ནི་ད་རེས་སྔོན་འགྲོ་འདི་ནས་བཟུང་སྟེ་དངོས་གཞི་མཐར་མ་ཕྱིན་བར་དུ་བསྒོམ་དགོས། དཔྱད་སྒོམ་ནི་སྔོན་དུ་བརྟག་དཔྱད་བཏང་ནས་གཏན་ལ་ཕབས་པ་དེའི་དོན་ལ་ཡང་ཡང་འཇོག་པ་དེ་ཡིན། འཇོག་སྒོམ་ནི་མ་བཅོས་པར་བཞག་ནས་སྒོམ་པ་དེ་ཡིན། རང་རྒྱུད་གཏན་གྱི་མི་ཁོམ་པ་བརྒྱད་ནི་མི་མ་ཡིན་པའི་མི་ཁོམ་པ་བཞི་དང་མིའི་མི་ཁོམ་པ་བཞི་སྟེ་བརྒྱད་ཡིན། དང་པོ་ངན་སོང་གསུམ་དང་ལྷ་ཚེ་རིང་པོ་དང་བཞི་ཡིན་པས་འདི་ལྟར་དམྱལ་བར་སྐྱེས་ན་ཚ་དམྱལ་དང་གྲང་དམྱལ་གྱི་སྡུག་བསྔལ་ལ་ཟད་མཐའ་མེད་པར་བར་མེད་དུའམ་ཁོར་མོར་སྤྱོད་པས་ཆོས་བྱེད་དུ་མི་ཁོམ་ཏེ་ཚ་གྲང་གི་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པས་ཆོས་སྒྲུབ་པའི་གོ་སྐབས་མེད་པ་ལ་ཡང་ཡང་བསམ་དགོས། ཡི་དྭགས་ལ་སྐྱེས་སོང་ན་ནི་རྟག་ཏུ་བཀྲེས་སྐོམ་གྱི་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པས་ཆོས་བྱེད་དུ་མི་ཁོམ་པ་ཡིན། དུད་འགྲོ་ལ་སྐྱེས་ནི་ཡང་བྱིངས་གནས་དང་ཁ་འཐོར་བ་གཉིས་ཡོད་པས་ཁ་འཐོར་བ་མིའི་གནས་ན་ཡོད་པའི་སྒོ་ཕྱུགས་སྒོ་ཁྱི་སོགས་དང་། རི་དྭགས་གཅན་གཟན་ལ་སོགས་འདི་ཚོ་རེད། སྒོ་ཕྱུགས་ལ་མིས་བཀོལ་ཞིང་སྤྱོད་པའི་སྡུག་བསྔལ་དང་། གཞན་རྣམས་ལ་ཕན་ཚུན་འཚེ་བའི་སྡུག་བསྔལ་ལ་སྤྱོད་པ་དང་གླེན་ཞིང་གཏི་མུག་པས་ཀྱང་ཆོས་བྱེད་དུ་མི་ཁོམ། ལྷ་ཚེ་རིང་པོ་ནི་འདུ་ཤེས་མེད་པའི་སྙོམས་འཇུག་གི་ངང་བསྐལ་ཆེན་མང་པོའི་བར་དུ་ཏིང་ངེ་འཛིན་གཅིག་གིས་དུས་གྲོན་ནས་ཆོས་བྱེད་དུ་མི་ཁོམ། ཆོས་ཚིགས་ཀྱི་ཡུལ་དབུས་ལས་གཞན་དུ་གྱུར་བའི་ཡུལ་མཐའ་འཁོབ་ཏུ་སྐྱེས་ན་སངས་རྒྱས་ཀྱི་བསྟན་པ་མེད་པས་ཆོས་ཀྱི་སྒྲ་ཙམ་ཡང་མི་ཐོས་པས་ཆོས་མི་ཤེས་ནས་ཆོས་བྱེད་དུ་མི་ཁོམ། ཕྱི་རོལ་མུ་སྟེགས་པ་དངོས་བོད་ལ་མི་འོང་བར་གསུངས་པས་མུ་སྟེགས་བྱེད་དམ། དེ་དང་རྗེས་སུ་མཐུན་པའི་ལོག་ལྟ་ཅན་དུ་སྐྱེས་ན་རིགས་མུ་སྟེགས་པ་མིན་ཡང་ལྟ་བ་དེ་དག་དང་མཐུན་སོང་བས། རང་རྒྱུད་ལྟ་ངན་ལོག་ལྟས་བསླད་ནས་དད་པ་ཅུང་ཟད་ཀྱང་མེད་པས་ཆོས་བྱེད་དུ་མི་ཁོམ་པས་ཆོས་ཀྱི་སྐལ་བ་མེད། ཉི་མ་མེད་པའི་མུན་གླིང་མ་ཡིན་ཡང་དེ་དང་ཆོས་མཚུངས་པའི་སངས་རྒྱས་མ་བྱོན་པའི་ཞིང་ན་དཀོན་མཆོག་གི་སྣང་བ་མེད་པས་མུན་པའི་བསྐལ་བ་ཞེས་བྱ་བས་དེ་འདྲ་ལ་སྐྱེས་ན་དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་གྲགས་ཤིང་དགེ་སྡིག་གཉིས་ཀར་བླང་དོར་ངོ་མི་ཤེས་པས་ཆོས་བྱེད་དུ་མི་ཁོམ་པའི་གནས་རེད། ངག་ལྐུགས་པ་ལ་ལྐུགས་པ་ཟེར་ཡང་འདི་གཙོ་ཆེ་ཡིད་ལྐུགས་པ་སྐྱེས་ན་རྣམ་ཤེས་ལས་སུ་མི་རུང་ཞིང་ཆོས་ཀྱི་གོ་བརྡ་མི་འཕྲོད་པས་ཆོས་བྱེད་དུ་མི་ཁོམ་པ་སྟེ་བརྒྱད་ཡོད་པ་ལས། དེ་རྣམས་ཀྱི་དོན་རྒྱས་པར་བཤད་ན་ངན་སོང་གསུམ་ནི་དུས་རྟག་པར་ཚེ་སྔོན་རང་རང་གི་སྔོན་བསགས་ལས་ངན་གྱི་འབྲས་བུས་འཕངས་པའི་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་དུད་འགྲོ་གཅིག་ལ་གཅིག་ཟ་ལ་སོགས་པའི་སྡུག་བསྔལ་གྱི་རྣམ་གྲངས་མཐའ་ཡས་པ་ལ་ཁོར་མོ་ཡུག་ཏུ་སྤྱོད་ཅིང་སྡུག་བསྔལ་དོས་དྲག་པོས་མནར་ཞིང་གཟིར་བའི་ལུས་རྟེན་ཤིན་ཏུ་ངན་པ་ཡིན་པས་ན་ཆོས་བྱེད་དུ་མི་ཁོམ་ཏེ་ཆོས་སྒྲུབ་པའི་སྐལ་བ་མེད། ཀླ་ཀློ་ཞེས་པ་ནི་ཀློ་ཁ་ཁྲ་ཞེས་པ་དེང་སང་བཤད་ན་མཐའ་མཚམས་ཀྱི་མི་རིགས་ཤིག་ཡིན་པས་དེ་ལ་སོགས་པ་མཐའ་འཁོབ་སུམ་ཅུ་རྩ་གཉིས་ཡོད་པར་བཤད་པ་ནི་གཙོ་ཆེ་བ་རྒྱ་བོད་ཀྱི་མཐའ་སྐོར་ཙམ་དུ་ཡོད་པ་རྣམས་སྨོས་པ་ཡིན་ངེས་ཏེ་དེང་སང་ནང་པའི་ཆོས་མི་དར་བའི་ཡུལ་མཐའ་འཁོབ་འཛམ་གླིང་ལ་མཚོན་ན་ཤིན་ཏུ་མང་པོ་ཡོད་པ་དང་། གཞན་ལ་འཚེ་བ་རང་རེས་མི་དགེ་བ་རྩི་ཡང་འདི་བས་གཞན་ལ་འཚེ་བ་དགེ་བའམ་ཆོས་སུ་སྨྲ་བ་ཀླ་ཀློའི་ཆོས་ལུགས་ཞེས་སྲོག་བཅད་པ་རྣམ་དཀར་གྱི་དགེ་བར་རྩི་བ་ཕྱིན་ཅི་ལོག་གི་བློ་ཅན་རྣམས་དང་། མིན་ཡང་ཤ་ཁྲག་གི་དམར་མཆོད་བྱེད་པ་དེ་ཚོ་ཡང་དོན་དུ་ཆོས་འདི་བ་ལས་ཕྱི་རོལ་ཏུ་གྱུར་བ་ཡིན་ལ། ཁྱད་པར་ནང་པའི་ཐེག་ཆེན་པ་ཞིག་ཡིན་ན་ནི་གཞན་གནོད་གཞི་དང་བཅས་པ་སྤངས་ཏེ་གཞན་ཕན་གཞི་དང་བཅས་པ་སྒྲུབ་མཁན་ཞིག་ཡིན་དགོས། འཚེ་བ་ཆོས་སུ་སྨྲ་བའི་མཐའ་འཁོབ་ཀྱི་ཀླ་ཀློ་དེ་རྣམས་ཀྱང་འདི་མཐའ་འཁོབ་པ་དང་འདི་ཡུལ་དབུས་པ་ཡིན་ཞེས་དབྱེར་མི་ནུས་པ་རང་བཞིན་མི་གཟུགས་ལྟ་བུར་ཡོད་ཀྱང་། དད་དང་ངེས་འབྱུང་ཡང་དག་པའི་ལྟ་བ་ལ་སོགས་པའི་ཕྱོགས་ལ་བློ་ལས་སུ་མ་རུངས་པས་དེ་དག་ལ་བསམ་ཚེ་མི་མིན་པ་དང་འདྲ་བའི་ཚིག་ཟུར་རེད། དེས་ན་དེ་དག་བློ་ལས་སུ་མ་རུངས་པས་དམ་པའི་ཆོས་ཀྱི་ཕྱོགས་སུ་བསྒྱུར་མི་བཏུབ། ཡང་མཐའ་འཁོབ་འགའ་རེ་ནས་མ་བག་མར་ལེན་པ་ལ་སོགས་རང་གི་ཕ་མྱེས་ཀྱི་སྲོལ་ངན་པའི་རྗེས་སུ་འབྲང་བས་ཡ་རབས་ཆོས་མཐུན་གྱི་སྤྱོད་པ་དང་རྒྱབ་འགལ། ཆུ་དང་སྐམ་ལ་གནས་པའི་སྲོག་ཆགས་གསོད་པ་དང་རི་དྭགས་བཤོར་བ་ལ་སོགས་མི་དགེ་བའི་ལས་ཐབས་ལ་ལྷག་པར་མཁས་ཤིང་དུས་རྟག་ཏུ་སྡིག་པ་འབའ་ཞིག་ལ་སྤྱོད་ཅིང་ལས་དེ་ལ་འཚེ་སྣང་དང་དཀའ་སྣང་མེད་ཅིང་འཛེམ་བག་མེད་པས། ཤི་མ་ཐག་མིག་བཙུམ་ལོང་མེད་པར་ལས་ངན་བསགས་པའི་རྣམ་སྨིན་གྱིས་ངན་སོང་གསུམ་གང་རུང་དུ་འགྲོ་བ་མང་བས་ན་དེ་འདྲའི་ཡུལ་དུ་སྐྱེས་པ་རྣམས་ཀྱང་མི་ཁོམ་པའི་གནས་ཡིན། ཀླ་ཀློ་དང་མཐའ་འཁོབ་ཀྱི་གནས་མིན་པར་བོད་ཆོས་ལྡན་གྱི་ཡུལ་དབུས་སུ་སྐྱེས་ཀྱང་རང་གིས་ལས་སྒོ་དེ་འདྲ་མ་གཏོགས་མེད་ན་དོན་དུ་ཀླ་ཀློ་དང་གཅིག་པ་རེད། ལྷ་ཡང་ཡིན་ལ་ཚེ་ཡང་རིང་པོ་ཡིན་ལ་སྡུག་པོ་ཞིག་ཀྱང་ཡིན་པའི་ལྷ་ཚེ་རིང་པོ་ཞེས་པ་ནི་ཁམས་གོང་མར་སྐྱེས་པའི་སེམས་ཅན་དེའི་མིང་ལ་འདུ་ཤེས་མེད་པའི་ལྷ་ཞེས་བྱ་སྟེ་དགེ་སྡིག་དང་བདེ་སྡུག་གང་གི་ཡང་འདུ་ཤེས་མེད་པའི་རྒྱུ་སྙོམས་འཇུག་གི་བསམ་གཏན་ལ་ཐར་པར་བཟུང་ནས་ཞི་གནས་རྟིང་བོ་བ་ཞིག་བསྒོམས་པས་འབྲས་བུ་འདུ་ཤེས་མེད་པའི་ལྷར་སྐྱེས་ནས་ཏིང་འཛིན་གཅིག་པོ་དེའི་ངང་དུ་བསྐལ་ཆེན་མང་པོའི་བར་དུ་གནས་ནས་འཕེན་བྱེད་ཟག་བཅས་ཀྱི་ལས་ཟད་པ་ན་མདའ་ནམ་མཁའ་ལ་འཕངས་པའི་ཤུགས་ཟད་པ་ལྟར་ལོག་ལྟའི་རྒྱུས་ངན་སོང་དུ་སྐྱེ་བས་ཆོས་བྱེད་དུ་མི་ཁོམ་པ་ཡིན། སེམས་རྟོག་མེད་ཀུན་གཞིའི་སྟེང་དུ་ཤེས་པ་བཀག་ནས་ནག་ཐོམ་མེར་སྒོམ་པ་ཞིག་ཡིན། འདི་དང་འགོག་སྙོམས་གཉིས་ཀྱི་ཁྱད་པར་ནི་འདིས་ཉོན་ཡིད་མ་བཀག་པ་དང་། འདི་ལ་སོར་སྐྱེས་རྣམས་འཇུག་པ་མ་གཏོགས་འཕགས་པ་རྣམས་མི་འཇུག འགོག་པའི་སྙོམས་འཇུག་ལ་འཕགས་པ་རྣམས་འཇུག་ལ་སོ་སྐྱེ་རྣམས་འཇུག་མི་ནུས། ཉན་རང་འཕགས་པ་རྣམས་འགོག་པ་ལ་བདེ་བར་གནས་པའི་ཕྱིར་དུ་སྙོམས་པར་འཇུག་ལ། བྱང་སེམས་འཕགས་པ་རྣམས་ཏིང་ངེ་འཛིན་ལ་རྩལ་སྦྱང་བའི་ཕྱིར་དུ་སྙོམས་པར་འཇུག་པ་ཡིན། གནས་ནི་འབྲས་བུ་ཆེ་བའི་ལྷ་གནས་དང་གྲོང་དང་དགོན་པའི་ཚུལ་དུ་ཡོད་པར་གསུངས། ལས་འབྲས་དང་དཀོན་མཆོག་གསུམ་མེད་པར་འཛིན་པའི་ལོག་པར་ལྟ་བ་ནི། སྤྱིར་ཕྱི་ནང་གི་དབྱེ་བ་ཕྱི་བ་ནང་པ་སྐྱབས་འགྲོའི་ཁྱད་གསུངས་པ་ལྟར་ནང་པའི་སྦྱིན་བདག་དད་པ་རྐྱང་བ་རྒྱུ་མཚན་དུ་བྱས་པ་ཞིག་ལ་མཚོན་ན། སྐྱབས་ཡུལ་གྱི་སྟེང་ནས་ཕྱི་ནང་གི་ཁྱད་པར་འབྱེད་ཆོག་ཀྱང་ཕྱི་ནང་གི་གྲུབ་མཐའ་སྨྲ་བའི་ཆེད་དུ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་དང་མི་ལེན་སོགས་ཀྱིས་འབྱེད་དགོས། དེས་ན་སྤྱིར་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་མི་ལེན་པའི་གྲུབ་མཐའ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ལས་ཕྱི་རོལ་དུ་གྱུར་བའི་ལྟ་ལོག་ཅན་རྟག་ཆད་དུ་ལྟ་ཞིང་སྨྲ་བ་རྣམས་ཏེ། སྔར་རྒྱ་གར་དུ་སངས་རྒྱས་ཀྱི་བསྟན་པ་དར་འདུག་པའི་གནས་སྐབས་དེ་ལ་ལོག་པར་རྟོག་པའི་ལྟ་ལོག་སུམ་བརྒྱ་དང་དྲུག་ཅུ་ལ་སོགས་པ་ཡོད་པ་རྣམས་ཏེ། དེ་དག་ནི་རང་གི་རྒྱུད་ལོག་ལྟས་བསླད་ནས་གྲུབ་མཐའ་ངན་པ་ལ་གནས་པ་དེ་དག་ཡང་དག་པའི་དམ་པའི་ཆོས་ལ་དད་པ་དང་མོས་པ་མི་སྐྱེ་བས་དམ་པའི་ཆོས་བྱེད་དུ་མི་ཁོམ་པ་ཡིན་ཡང་། བོད་གངས་ཅན་ལྗོངས་འདིར་ཨོ་རྒྱན་སངས་རྒྱས་གཉིས་པས་བོད་སྐྱོང་བདུད་མོ་བཞི་དང་སྨན་མོ་བཞི་དང་གནོད་སྦྱིན་མོ་བཞི་སྟེ་བརྟན་མ་བཅུ་གཉིས་ལ་གཉེར་དུ་གཏད་ནས་སྒོ་འཕྲང་བཅད་ཡོད་པས་མུ་སྟེགས་པ་དངོས་སུ་མི་འཇུག་ཀྱང་། དེ་དང་ཆ་འདྲ་བའི་ཡང་དག་པའི་ཆོས་དང་གང་ཟག་ལ་ལོག་པར་རྟོག་པའི་རིགས་ཅན་ནམ་དེ་དང་རྗེས་མཐུན་པ་དོན་མེད་ཡང་དག་པའི་དམ་པའི་ཆོས་དང་དེ་སྒྲུབ་པའི་གང་ཟག་ལ་ལོག་པར་རྟོག་པའི་རིགས་ཅན་ཡིན་ན་ཡང་བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་བ་དང་འདྲ་བ་ཡིན་པས་དམ་པའི་ཆོས་ཚུལ་བཞིན་སྒྲུབ་པ་ལ་མི་ཁོམ་པ་ཡིན་ཏེ། དཔེར་ན་དགེ་སློང་ལེགས་པའི་སྐར་མ་ལོ་ཉེར་ལྔའི་བར་དུ་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་བསྡད་ཀྱང་དད་པ་ཅུང་ཟད་མེད་པར་མ་ཟད་འོད་འདོམ་གང་ཡོད་མེད་མ་གཏོགས་གཞན་ངེད་གཉིས་ཁྱད་མེད་ཟེར་ནས་མཉམ་འགྲོགས་ཀྱི་བདུད་ཀྱིས་ལོག་ལྟ་ཁོ་ན་བྱས་པས་མཐར་ཐུག་ཚེ་འཕོས་པའི་གནས་སྐབས་མེ་ཏོག་ལྡུམ་རར་ཡི་དྭགས་སུ་སྐྱེས་པ་ལྟ་བུ་ཡིན། ལར་རང་གི་འཁྲིས་ན་ཡོད་པའི་དམ་པའི་སྐྱེས་བུ་ཡིན་ན་ཡང་ངོ་མ་ཤེས་པར་གང་ཟག་རང་ག་བ་ཞིག་ཏུ་འཛིན། ཡོན་ཏན་མ་དགོས་སྐྱོན་མང་པོ་བཏགས་ཀྱང་མཐར་ཐུག་དུས། རྟ་རྒན་གྲོ་ལིའི་ཁེབས་མ་དེ། །ཡོད་དུས་མི་རིག་བཤུ་དུས་རིག །ཟེར་བ་ལྟར་དེ་དུས་མ་འདྲ་བ་ཞིག་ཡིན་ཟེར་ཁུལ་བྱས་ཀྱང་དྲན་ཕྱི་ཚར་བ་ཡིན། དེས་ན་རིས་སུ་མ་ཆད་པའི་དམ་པའི་སྐྱེས་བུ་དང་ཡོན་ཏན་ཅན་ལ་རྩི་འཇོག་དགོས། དེ་ནི་ཡ་རབས་ཀྱི་ལུགས་སྲོལ་དང་དམ་པའི་ཆོས་དང་མཐུན་པ་ཡིན། དམ་པའི་སྐྱེས་བུ་བླ་སྤྲུལ་མཁན་གསུམ་གྱི་མཚན་ཉིད་དང་ལྡན་པ་རྣམས་ཀྱི་མིང་ཡང་ཐད་ཀ་ཐད་འབོད་མི་རུང་སྟེ་མ་གུས་པ་ཡིན་པས་སོ་སོའི་གསང་མཚན་ནམ་ཆོས་མིང་དང་སྦྲགས་ནས་བོས་ན་ལེགས། མི་སྐྱ་ཕོ་མོ་ཚོས་བླ་མ་སེར་མོ་རྣམས་མཇལ་དུས་ཞྭ་ཕུད་པ་སོགས་གུས་པ་བྱེད་དགོས་ཤིང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མཁན་ཞིག་ཡིན་ན། ན་བཟའ་ལྷན་པ་དམར་སེར་ཡན་ཆད་ལ་འགོམ་ཡུག་སོགས་མི་བྱེད་པར་སྐྱབས་འགྲོའི་བསླབ་བྱ་བསྲུང་དགོས། གལ་ཏེ་སྐྱབས་འགྲོའི་བསླབ་བྱ་ཉམས་སོང་ན་དཀོན་མཆོག་གསུམ་གྱི་སྐྱབས་འོག་ནས་ལྷུང་སྟེ་སྐྱབས་མེད་མགོན་མེད་དུ་འགྱུར་འགྲོ་བས་གཟབ་དགོས། སངས་རྒྱས་མ་བྱོན་པའི་ཞིང་དེར་བཅུད་དམ་པའི་ཆོས་ཀྱིས་སྟོང་པས་དེ་ལ་ནི་མུན་པའི་བསྐལ་བ་ཞེས་བྱ་བས་དེར་སྐྱེས་པ་སྟེ། སངས་རྒྱས་མ་བྱོན་པའི་ཞིང་སྟོང་པ་རྣམས་སུ་སྐྱེས་ན་དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་གྲགས་ཤིང་དམ་པའི་ཆོས་ཀྱི་སྣང་བ་དང་བྲལ་བས་མི་ཁོམ་པའི་གནས་ཡིན། སྔར་མི་དགེ་སྡིག་པ་བསགས་པའི་རྣམ་སྨིན་གྱིས་ད་རེས་ལྐུགས་པར་སྐྱེས་ན་རང་རྒྱུད་ལས་སུ་མ་རུངས་པས་ཆོས་རང་གིས་ཉན་པ་དང་གཞན་ལ་འཆད་པ་དང་སྒོམ་སྒྲུབ་ལ་སོགས་གང་ཡང་བྱེད་མི་ནུས། ལྐུགས་པ་ཞེས་པ་སྤྱིར་ངག་ལྐུགས་པ་ལ་ཟེར་བ་དེ་ཡང་སྨྲ་ཤེས་དོན་གོ་བ་མིའི་མཚན་ཉིད་ཀྱི་ནང་ནས་གཅིག་མ་ཚང་བས་མི་ཁོམ་པའི་གནས་ཡིན་ཡང་ཡིད་ཀྱི་དབང་པོ་ལྐུགས་ཏེ་ཤིན་ཏུ་བླུན་རྨོངས་སུ་གྱུར་བས་ཆོས་ཀྱི་གོ་བརྡ་མི་འཕྲོད་པ་རྣམས་དེ་བས་ཀྱང་མི་ཁོམ་པ་ཡིན་ནོ། །དེ་ཡན་ཆད་ཀྱིས་མི་ཁོམ་པའི་གནས་བརྒྱད་པོ་ཚིག་ཐོག་ནས་བཤད་ཟིན་ཀྱང་འདི་རྣམས་ལ་བློ་སྦྱོང་དུས། གནས་ལུས་སྡུག་བསྔལ་ཚེ་ཚད་བཞིའི་ཐོག་ནས་བསྒོམ་དགོས་ཏེ། དང་པོ་དམྱལ་བའི་གནས་མུན་ནག་སྨག་རུམ་ཉི་ཟླ་སྐར་གསུམ་གྱི་སྣང་བ་གཏན་ནས་མེད་པར། ས་གཞི་ཐམས་ཅད་ཀྱང་མི་ཡུལ་གྱི་ས་གཞི་ད་ལྟའི་སྔོ་ལྗང་གི་སྣང་བ་འདི་ལྟ་བུའི་རྣམ་པ་ཅན་མ་ཡིན་པར་ལྕགས་བསྲེག་གི་ས་གཞིའི་སྟེང་དུ་མེ་རི་སྨུག་ནག་གྲུ་གང་འབར་བ། སྟེང་ནས་མེ་མདག་དང་རྡོ་སྲེག་ལ་སོགས་ཀྱི་ཆར་བ་འབབ་པ་ཞིག་བསྒོམ། ལུས་ནི་འབྱུང་བཞི་ཤ་ཁྲག་གི་ལུས་མིན་པ་མྱོང་རིག་སྡུག་བསྔལ་གྱི་ལུས། འཛམ་གླིང་གི་མི་བཞི་འགྱུར་བས་ཆེ་བ་སོགས་པགས་པ་སྲབ་ཅིང་རེག་བྱ་བསྲན་མི་བཟོད་པ་དཔེ་མིག་ལྟ་བུ་ཞིག་དང་། ལུས་མདོག་ངན་པ་སྐྲ་གྱེན་ལ་གཟེངས་པ་མིག་ཟུར་གསུམ་དང་ཡན་ལག་རགས་པ། ལྟོ་བ་ཆེ་བ། བ་སྤུ་འཛིངས་པ་སོགས། མདོར་ན་མི་སྡུག་པའི་མཚན་མས་རྒྱན་པའི་དམྱལ་བའི་སེམས་ཅན་དེ་འཛམ་གླིང་མིས་མཐོང་ན་བརྒྱལ་འགྲོ་བ་ལྟ་བུ་ཞིག་ཡོད་པས་དེ་བཞིན་བསྒོམ་དགོས། སྡུག་བསྔལ་ནི་ཉིན་མཚན་བར་མེད་དུ་མཚོན་ཆ་རྣོན་པོས་གཤགས་པ་དང་གཅོད་པ་དང་འབུག་པ་དང་། དམྱལ་མེ་བཟོད་པ་དཀའ་བས་སྲེག་པ་དང་། ཁྲོ་ཆུ་ཁོལ་མས་འཚོད་པ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་མྱོང་། སྡུག་བསྔལ་མྱོང་ཚུལ་ལ་ལྟོས་ནས་མིང་ཡང་སྡུག་བསྔལ་ཆུང་ཤོས་ཡང་སོས་ནས་རིམ་པར་ཐིག་ནག་བསྡུས་འཇོམས་ངུ་འབོད་ངུ་འབོད་ཆེན་པོ་ཚ་བ་རབ་ཚ་མནར་མེད་བར་གྱི་སྡུག་བསྔལ་ཚད་མེད་པར་མྱོང་ཚུལ་གྱིས་བཏགས་ཡོད། དེ་ལྟ་བུའི་ཚ་དམྱལ་བརྒྱད་དང་། མནར་མེད་ཀྱི་ཕྱོགས་བཞི་ན་ཉེ་འཁོར་ལྷག་པར་བཅུ་དྲུག་ཡོད་པ་དང་། དེ་བཞིན་གྲང་དམྱལ་ལ་བསམ་ན་ཡང་གནས་གངས་ཁྲོད་གཅོང་རོང་འཁྱགས་རོམ་གྱི་ཁྲོད། ཁ་བ་དང་བུ་ཡུག་གྲང་ཞིང་སྦྲེབས་པའི་སྡུག་བསྔལ་བསྲན་མི་བཟོད་པར་མྱོང་ཚུལ་བརྒྱད་ལ་མིང་ཆུ་བུར་ཅན་སོགས་བརྒྱད་དུ་ཆགས་པ་ཡིན། དེ་ལྟར་ཚ་གྲང་གི་དམྱལ་ཁམས་བརྒྱད་གཉིས་བཅུ་དྲུག་དང་ཉི་ཚེ་ཉེ་འཁོར་གཉིས་བཅས་བཅོ་བརྒྱད་པོའི་སྡུག་བསྔལ་དེ་དག་རང་གི་ལུས་ཐོག་ལ་དངོས་སུ་མྱོང་བ་ལྟ་བུ་སྒོམ་དགོས་མ་གཏོགས། རྒྱང་ནས་ལྟད་མོ་ལྟ་འདྲ་དང་གནའ་དཔེ་བཤད་ནི་འདྲ་བ་ཞིག་གིས་མི་འོང་། ཡུན་རིང་བསྒོམས་ན་འདུ་ཤེས་ནི་བསྒྱུར་དུ་ཡོད་པས་གོམས་འོང་སྟེ་སྔོན་མི་ཞིག་གི་མགོ་ལ་རྭ་ཅོ་ཡོད་པར་བསྒོམས་པས་རྭ་སྐྱེས་པའི་ལོ་རྒྱུས་ལྟ་བུ་ཡིན། ཚེ་ཚད་ནི་དམྱལ་བ་ཤིན་ཏུ་རིང་བ་ལ་ལྟོས་ན་མིའི་ཚེ་ཚད་ཤིན་ཏུ་ཐུང་བ་ཡིན་ཏེ། མཛོད་ལས། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་གསུངས་པ་ལྟར་མིའི་ལོ་ལྔ་བཅུ་ལ་ལྷ་རྒྱལ་ཆེན་རིགས་བཞིའི་ཞག་གཅིག དེའི་རང་ལོ་ལྔ་བརྒྱ་ལ་ཡང་སོས་ཀྱི་ཞག་གཅིག་དེ་ལྟར་བརྩིས་པས་རང་ལོ་ལྔ་བརྒྱའི་བར་སྡུག་བསྔལ་མྱོང་བ་ནི་ཡང་སོས་ཀྱི་ཚེ་ཚད་ཡིན། འོག་མ་རྣམས་ལ་ཡང་གོང་ནས་གོང་དུ་ཚེ་ཇེ་རིང་ཇེ་རིང་ཡིན། གྲང་དམྱལ་གྱི་ཚེ་ཚད་ཀྱང་དེ་ཉིད་ལས། ཏིལ་གཞོང་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུངས་པས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུ་འགྱུར། །གསུངས་པ་ལྟར་ཡིན། དེ་ལྟ་བུའི་ཚ་གྲང་གི་དམྱལ་བ་གང་དུ་སྐྱེས་ཀྱང་དམ་པའི་ཆོས་སྒྲུབ་མི་དགོས་སྡུག་བསྔལ་དེ་འདྲས་མནར་བཞིན་ཡོད་པ་ཡིན། དེས་ན་དེ་རྣམས་ལ་ཆོས་སྒྲུབ་པའི་ཁོམ་པ་ཡོད་དམ་མེད་ཡང་ཡང་བརྟགས་ཤིང་དཔྱད་དེ་ཡུན་དུ་བསྒོམ། ཐང་ཆད་དེ་ལུས་ན་རྣམ་རྟོག་འཕྲོ་མི་མཐུད་ཅིང་སྔོན་རྗེས་མི་གཅོད། མ་འོངས་པའི་མདུན་མི་བསུ། ད་ལྟའི་རྟོག་པ་འཕྲོ་མི་མཐུད་པར་ཅི་གནས་སུ་བཞག་དགོས། ཡང་རྣམ་རྟོག་གཅིག་འཕྲོ་འོང་དུས་ངན་སོང་དམྱལ་བའི་སྡུག་བསྔལ་སོགས་ལ་དཔྱད་ནས་བསྒོམ་དགོས། ངན་སོང་གི་གནས་གཉིས་པ་ཡི་དྭགས་ལའང་གནས་ལུས་སྡུག་བསྔལ་ཚེ་ཚད་བཞི་ལས། གནས་མདག་མེ་རྡོ་སྲེག་གིས་གང་བ། དུག་ཚེར་ཐར་ཐོར་སྐྱེས་པ། གྲམ་པ་སྐྱ་ཧྲུག་གེ་ཡིད་དུ་མི་འོང་བའི་ས་ཕྱོགས་ཤིན་ཏུ་སྡུག་པོར། ཆུ་ལ་སོགས་པའི་མིང་ཡང་མི་གྲགས་ཤིང་ལྗོན་ཤིང་དང་རྩི་ཤིང་ལ་སོགས་གཏན་ནས་མེད་པའི་ཡུལ་ཡིན། ལུས་ནི་ཁྲིད་ཡིག་འགའ་ནས་བསྐལ་པའི་རུས་པའམ། ཤྭ་མོང་སྐམ་པོ་ལྟ་བུ་སྡུག་ཅིང་ངན་པ་ཞིག མགོ་རྒྱ་རྫ་ཙམ། མགྲིན་པ་རྟ་རྔ་ཙམ། ལྟོ་བ་ཡུལ་ལྗོངས་ཙམ། ཡན་ལག་འཇག་སྐྱ་ཙམ་ཡོད་པ་དང་། སྡུག་བསྔལ་བཀྲེས་ཤིང་སྐོམ་པ་དང་དབྱར་ཟླ་བ་ཡང་ཚ་བའི་སྣང་བ། དགུན་ཉི་མ་ཡང་གྲང་བའི་སྣང་བ་ཤར་བའི་ལས་མ་དག་པ་དེ་འདྲ་ཡོད། ཚེ་ཚད་ནི་རིང་མཐའ་མི་ལོ་ཁྲི་ནས་ཐུང་མཐའ་མ་ངེས་པའོ། །དེ་འདྲའི་གནས་སུ་སྐྱེས་ན་དམ་པའི་ཆོས་སྒྲུབ་ཁོམ་མི་ཁོམ་ལ་དཔྱད་ནས་སྒོམ་པ་དང་འཇོག་སྒོམ་སྤེལ་མར་བྱ་དགོས། གསུམ་པ་དུད་འགྲོ་ལ། གནས་རྒྱ་མཚོ་ཆེན་པོའི་ནང་ན་ཡོད་པ་ལ་བྱིངས་གནས་དང་། ཁ་འཐོར་བ་ལྷ་དང་མིའི་གནས་རྣམས་སུ་ཡོད། ལུས་ཉ་དང་ཆུ་སྲིན་ཆུ་གནས་ཆེ་ཆུང་སྲོག་ཆགས་རི་དྭགས་འབུ་སྲིན་སོགས་ཆེ་བ་ནི་ཤིན་ཏུ་ཆེ་ཞིང་ཆུང་བ་ཡང་ཤིན་ཏུ་ཆུང་བས་མ་ངེས་པར་སྣ་ཚོགས་ཡོད། སྤྱིར་བླུན་ཞིང་གཏི་མུག་པའི་སྡུག་བསྔལ་དང་བྱེ་བྲག་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་ཁྲ་བྱེའུ་ཐུབ་ཀྱིས་བྱེའུ། བྱེའུ་འབུ་ཐུབ་ཀྱིས་འབུ་བསད་ཟེར་བ་ལྟར་དང་། བཀོལ་སྤྱོད་ཚ་གྲང་ལ་སོགས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ། ཚེ་ཚད་ཀྱང་ངེས་པ་མེད་པ་ཡིན། ལྷ་ཚེ་རིང་པོ་ནི་བསམ་གཏན་བཞི་པའི་ལྷ་གནས་ལ་སོགས་པའི་གཟུགས་གཟུགས་མེད་ཀྱི་གནས་སུ་སྐྱེས་པའི་ཁམས་གོང་མའི་སེམས་ཅན་གྱི་གནས་རིས་དང་། ལུས་སྟོང་རིག་ཏིང་འཛིན་གྱི་ལུས་ཡིན། སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་མངོན་གྱུར་རགས་པ་མེད་ཀྱང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་པ་ཡིན། ཚེ་ཚད་བསྐལ་ཆེན་བརྒྱད་ཅུ་ཐམ་པར་གནས་པ་སོགས་དམ་པའི་ཆོས་ཀྱི་སྣང་བ་དང་བྲལ་བས་ཆོས་སྒྲུབ་པའི་ཁོམ་པ་མེད་པ་ཡིན། དེ་ལྟ་བུའི་མི་མ་ཡིན་པའི་མི་ཁོམ་པའི་གནས་བཞི་ལ་དཔྱད་འཇོག་སྤེལ་མར་བསྒོམ། མིའི་མི་ཁོམ་པ་བཞི་ནི་ཡུལ་མཐའ་འཁོབ་ཏུ་སྐྱེས་སོང་ན་སངས་རྒྱས་བསྟན་པའི་མིང་ཙམ་ཡང་མེད་པས་དགེ་སྡིག་ངོ་མི་ཤེས་པས་རང་བཞིན་གྱི་མི་དགེ་བ་ལ་འཆོལ་ཉོག་ཏུ་སྤྱད་ནས་ཕྱི་མར་ངན་སོང་ལ་སོགས་པ་ལས་འགྲོ་ས་མེད། མུ་སྟེགས་པ་དང་དེའི་རྗེས་སུ་མཐུན་པའི་ལོག་ལྟ་ཅན་དུ་སྐྱེས་ན་ལྟ་ངན་དེའི་རྗེས་སུ་ཞུགས་ནས་ཡང་དག་པའི་སྟོན་པ་དང་ཆོས་ལ་ལོག་ལྟ་སྐྱེས་ནས་སྡིག་པ་མི་བཟད་པར་བསགས་ཤིང་ངན་སོང་གི་རྒྱུ་བསྒྲུབ་པ་ཡིན། ཡང་མུན་པའི་བསྐལ་བ་སངས་རྒྱས་འཇིག་རྟེན་ན་མི་བྱོན་པའི་སྐབས་ལ་ཁེལ་ན་དཀོན་མཆོག་གི་སྣང་བ་མེད་པས་དམ་པའི་ཆོས་སྟོན་པའི་སྐྱེས་བུ་དམ་པ་དང་དམ་པའི་གྲོགས་པོ་དང་མི་འཕྲད་པས། མཐའ་མེད་མུན་པའི་རྒྱ་མཚོར་འཕྱན་པ་ལྟ་བུའི་ལས་ངན་དེ་འདྲའི་ལུས་བླངས་ན། མཐོ་རིས་དང་ཐར་བའི་སྐམ་སར་སླེབས་མི་ཐུབ་པ་ཡིན། ལྐུགས་པར་སྐྱེས་ན་རྣམ་ཤེས་དང་དབང་པོ་ལས་སུ་མི་རུང་བ་ཡིན་པས་ཆོས་བྱེད་པའི་མཐུ་དང་ནུས་པ་ཤོར་བས་སྐལ་བ་ངན་པ་ཡིན། ཀླ་ཀློ་ནི་ཆོས་སྒྲ་རྣ་བས་མི་གོ་ཞིང་གལ་ཏེ་གོ་ཡང་རང་རྒྱུད་ལོག་ལྟས་བསླད་པས་དགེ་སྡིག་ངོ་མི་ཤེས་པར་སྡིག་པ་འབའ་ཞིག་ལ་སྤྱོད་པས་ནགས་མཐའི་རི་དྭགས་སམ་གཅན་གཟན་དང་འདྲ། གཞན་ཡང་ཟ་ཉལ་འགྲོ་འདུག་ཙམ་དང་ཆགས་སྡང་རྨོངས་གསུམ་སོགས་ལས་མི་ཤེས་པ་རྣམས་ཀྱང་གནས་གང་ན་ཡོད་ཀྱང་ཀླ་ཀློ་དང་འདྲ། དེ་ལྟར་ཁྲིད་ཡིག་གི་ནང་དུ་འཁོད་པ་དང་བླ་མའི་ཞལ་རྒྱུན་ལྟར་མདོར་ན་མི་དང་མི་མིན་གྱི་མི་ཁོམ་པའི་གནས་བརྒྱད་པོའི་ནང་དུ་རང་ཉིད་དངོས་སུ་སྐྱེས་ཡོད་པ་ལྟ་བུའི་བློ་སྦྱངས་ནས་དཔྱད་པ་དང་འཇོག་པས་བསྒོམ་པར་བྱ་དགོས་སོ།།

༼༢ ཁྱད་པར་གྱི་ཆོས་འབྱོར་བ་བསམ་པ་ལ་གཉིས།

གཉིས་པ་ཁྱད་པར་གྱི་ཆོས་འབྱོར་པ་བསམ་པ་ལ། རང་འབྱོར་ལྔ་དང་། གཞན་འབྱོར་ལྔ་ལས།

༡༽ དང་པོ་རང་འབྱོར་ལྔ།

དང་པོ་རང་འབྱོར་ལྔ་ནི། འདི་ལྔ་པོ་རང་རྒྱུད་ཀྱིས་བསྡུས་ཤིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་ན་རང་འབྱོར་གསུངས་པ་ཡིན། མདོ་ལས། འབྱོར་བ་ནི་སེམས་ཉིད་རང་བཞིན་ཤེས་པར་བློ་ཡང་དག་པའི་དོན་ལ་འབྱོར་བ་ཞེས་བྱ། ཞེས་གསུངས། ཀླུ་སྒྲུབ་ཀྱིས། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་སྡོམ་ཚིག་གསུངས་པ་ལྟར། སངས་རྒྱས་འཇིག་རྟེན་མི་ཡུལ་དུ་བྱོན་ཅིང་མིའི་གདུལ་བྱ་ལ་ཆོས་སྟོན་པས་མི་ལུས་མ་ཐོབ་ན་ཆོས་ཐོབ་པའི་སྐལ་བ་མེད་ཅིང་ཆོས་དང་མི་མཇལ་བ་ཡིན་པས་ན་མིའི་ལུས་རྟེན་གྱི་འབྱོར་པ། ཆོས་མེད་པའམ་ཆོས་མི་དར་པའི་ཡུལ་མཐའ་འཁོབ་ཅིག་ཏུ་སྐྱེས་ཡོད་ན་ཡང་ཆོས་དང་མི་མཇལ་བ་ལ། ད་རེས་ཆོས་ཚིགས་ཀྱི་ཡུལ་དབུས་སུ་སྐྱེས་པས་ཡུལ་གྱི་འབྱོར་པ། མིག་དང་རྣ་བ་སོགས་དབང་པོ་མ་ཚང་ན་ཆོས་ཀྱི་གེགས་སུ་འགྱུར་པ་ལས་ད་རེས་འོན་ལོང་ལ་སོགས་པ་དེ་འདྲའི་སྐྱོན་དང་བྲལ་བ་ཡིན་པས་ན་བླང་དོར་ཤེས་པའི་རྐྱེན་དབང་པོ་ཡོན་ཏན་གྱི་འབྱོར་པ། མཚམས་མེད་པའི་ལས་བྱེད་དམ་བྱེད་དུ་འཇུག་པ་ལ་སོགས་ལས་ཀྱི་མཐའ་ལོག་སོང་བ་དེ་འདྲ་ཡིན་ན་རྟག་ཏུ་སྡིག་པ་མི་དགེ་བ་ལ་སྤྱོད་ཅིང་ཡང་དག་པའི་ཆོས་ལ་རྒྱབ་ཀྱིས་ཕྱོགས་པ་ལས། ད་རེས་བློ་སྣ་དགེ་བ་ལ་འདུན་པའམ་མོས་པ་ཡོད་པ་ནི་བསམ་པའི་ཁྱད་པར་གྱི་འབྱོར་པ། དད་པའི་གནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀར་པོའི་ཆོས་ཐམས་ཅད་ཀྱི་རྩ་བ་སངས་རྒྱས་ཀྱི་བསྟན་པའམ་ཆོས་འདི་བའི་བསྟན་པ་ལ་མ་དད་ན་ཆོས་ལ་ཡིད་མི་ཕྱོགས་པ་ལས། ད་རེས་བློ་ཆོས་ལ་ཕྱོགས་ནུས་པས་རང་ངོས་ནས་དད་པ་ཡོད་པའི་འབྱོར་པ་སྟེ་ལྔ་པོ་འདི་རང་ངོ་ལ་ལྟོས་ནས་ཚང་དགོས་པས་རང་རྒྱུད་སྐལ་བ་དང་ལྡན་པའི་འབྱོར་པ་ལྔ་ཞེས་བྱ། དེ་ཡང་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཡང་དག་པའི་དམ་པའི་ཆོས་ཞི་བ་བསིལ་བ་བདུད་རྩི་ལྟ་བུའི་ཆོས་རྣལ་མའམ་ཡང་དག་པ་ཞིག་སྒྲུབ་པར་བྱེད་པ་ལ་ནི་མིར་གྱུར་པ་ཞིག་ངེས་པར་དགོས་ཏེ། ད་རེས་མིའི་ལུས་རྟེན་ཞིག་མ་ཐོབ་ན་ནི་ངན་སོང་གསུམ་ལས་སྡུག་བསྔལ་ཆུང་ཤོས་སམ་བཟང་ཤོས་དུད་འགྲོ་ཡིན་ཡང་ད་ལྟ་མི་ཡུལ་ན་ཡོད་པའི་དུད་འགྲོ་གཟུགས་མཛེས་པ་དང་རིན་ཐང་ཆེ་བ་ལ་སོགས་ཇི་ཙམ་ཚང་མས་བཟང་བར་བརྩི་བ་རིན་གོང་མཐོན་པོ་ཅན་ཞིག་ཡིན་ན་ཡང་ད་ལྟ་ཁྱོད་ཀྱིས་ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་ཚར་གཅིག་བརྗོད་ན་ཁྱོད་སངས་རྒྱས་པར་འགྱུར་རོ། །ཞེས་སྨྲས་ཀྱང་དེའི་ཚིག་ཀྱང་མི་གོ་དོན་ཡང་མི་ཤེས་སྨྲ་ཡང་མི་ནུས་གཞན་ལྟ་ཅི་ཐ་ན་ད་ལྟ་ཉིད་དུ་འཁེངས་ནས་འཁྱག་གྲིར་འཆི་ཡང་རྒུར་རེ་སྡོད་པ་ལས། ཕན་པའི་ཐབས་བཀོད་གཞན་རྒྱ་ཆེན་ལྟ་ཅི་ཕྲན་བུ་ཙམ་ཡང་བསམ་བློ་གཏོང་མི་ཤེས། མི་ཞིག་ཡིན་ན་ཇི་ལྟར་ཞན་ཀྱང་ཁོ་རང་གད་ཕུག་གམ་ཤིང་དྲུང་ལྟ་བུ་ཞིག་ཏུ་ཕྱིན། མེ་ཤིང་ཐུས་ནས་མེ་སྒོང་བཏང་སྟེ་ཁ་ལག་བསྲོ་ཤེས་པའི་ཤེས་རབ་དེ་ཙམ་ཡང་དུད་འགྲོ་ལ་མེད་ན་དེ་ལས་ལྷག་པའི་ཆོས་བསྒྲུབ་པའི་བསམ་བློ་ལྟ་ཅི་སྨོས། ལྷ་དང་ལྷ་མིན་ལ་སོགས་པ་སྡོད་གནས་དང་འབྱོར་བ་ཕུན་སུམ་ཚོགས་པས་སྤྱིར་འགྲོ་བའི་ནང་ནས་ལུས་རྟེན་བཟང་ཤོས་ཡིན་ཡང་དམ་པའི་ཆོས་སྒོ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་དགོས་ན་སོ་ཐར་གྱི་སྡོམ་པ་མཚན་ཉིད་པ་ཞིག་རང་རྒྱུད་ལ་ཐོབ་པའི་སྣོད་དུ་མ་གྱུར་པའམ་རྒྱུ་ཚོགས་མ་ཚང་བས་བསྟན་པ་ཆ་ཚང་བ་ཡོངས་སུ་རྫོགས་པ་རང་རྒྱུད་ལ་ཐོབ་པའི་སྐལ་བ་དང་ནམ་ཡང་མི་ལྡན་པ་ཡིན། ཡུལ་དབུས་ཞེས་པ་འདི་ལ་ས་ཚིགས་ཀྱི་ཡུལ་དབུས་དང་། ཆོས་ཚིགས་ཀྱི་ཡུལ་དབུས་གཉིས་ལས། དང་པོ་ནི། སྤྱིར་འཇིག་རྟེན་ཆགས་ཚུལ་གྱི་དབང་གིས་རིའི་རྒྱལ་པོ་རི་རབ་དབུས་སུ་བྱས་པའི་ཕྱོགས་བཞིར་མིའི་འཇིག་རྟེན་ཡིན། རང་རེ་ཡོད་ས་འདི་ལྷོ་འཛམ་བུའི་གླིང་གི་མི་ཡིན་པས་གླིང་འདིའི་ཡུལ་གྱི་དབུས་རྒྱ་གར་རྡོ་རྗེ་གདན་ཡིན་ལ། གནས་འདི་ནི་བསྐལ་པ་བཟང་པོ་འདིའི་བྱོན་དང་འབྱོན་འགྱུར་གྱི་སངས་རྒྱས་སྟོང་བདུད་བཅོམ་བདེ་བར་གཤེགས་ནས་སངས་རྒྱ་བའི་གནས། བསྐལ་པ་འདི་ཞིག་ནས་སྟོངས་ཀྱང་མི་འཇིག་པར་འབྱུང་བ་བཞིའི་གནོད་པ་དང་བྲལ་ཏེ་གནམ་ལ་ཟོ་བ་བཏགས་པ་ལྟར་གནས་པ་དབུས་སུ་བསྐལ་བཟང་གི་སངས་རྒྱས་སྟོང་ཤིང་དེ་ལ་སྐུ་རྒྱབ་བརྟེན་ཏེ་སངས་རྒྱས་པའི་བྱང་ཆུབ་ཀྱི་ཤིང་གིས་བརྒྱན་པར་བཤད་པ། དེ་ཉིད་གཙོ་བོ་བྱས་པའི་རྒྱ་གར་འཕགས་པའི་ཡུལ་གྱི་གྲོང་ཁྱེར་ཆེན་པོ་རྣམས་ལ་ས་ཚིགས་ཀྱི་ཡུལ་དབུས་ཟེར། སྔོན་སྟོན་པ་རྫོགས་པའི་སངས་རྒྱས་རྒྱ་གར་དུ་བྱོན་ནས་ཆོས་འཁོར་བསྐོར་བས་ཉན་རང་དགྲ་བཅོམ་གྱི་ཚོགས་དང་བྱང་སེམས་ས་ལ་གནས་པ་དཔག་ཏུ་མེད་པ་བྱོན། ཁྱད་པར་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ལ་སོགས་གནས་དེར་བྱོན་པས་རྒྱ་གར་འཕགས་པའི་ཡུལ་ཞེས་ཡོངས་སུ་གྲགས། ཆོས་ཚིགས་ཀྱི་ཡུལ་དབུས་ནི་སངས་རྒྱས་ཀྱི་བསྟན་པ་དམ་པའི་ཆོས་གང་དུ་གནས་ཤིང་བཞུགས་པ་དེ་ཡིན་ལ། སངས་རྒྱས་ཀྱི་བསྟན་པ་གནས་པའི་ཡུལ་དེ་མ་ཡིན་པ་རྣམས་ལ་མཐའ་འཁོབ་ཅེས་བྱ། དེས་ན་སྔོན་སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པ་ནས་བཟུང་སྟེ་རྒྱ་གར་ན་བསྟན་པ་ཇི་ཙམ་གནས་ཀྱི་བར་དུ་ས་ཚིགས་དང་ཆོས་ཚིགས་གཉིས་ཀའི་ཡུལ་དབུས་ཡིན་ཡང་། ད་ལྟར་རྒྱ་གར་རྡོ་རྗེ་གདན་ཡང་མུ་སྟེགས་པས་བཟུང་ནས་རྒྱལ་བསྟན་མེད་པར་བཤད་པས་ཆོས་ཚིགས་ཀྱི་མཐའ་འཁོབ་ཡིན། རང་རེ་བོད་གངས་ཅན་གྱི་ཡུལ་འདི་ནི་མི་ལོ་གཉིས་སྟོང་ལྷག་གི་སྔོན་སངས་རྒྱས་འཇིག་རྟེན་དུ་བྱོན་སྐབས་མིའི་འགྲོ་བའང་ཆེར་མེད་ཅིང་མ་སངས་སྤུན་དགུ་ལ་སོགས་ཀྱིས་བཟུང་ནས་བསྟན་པ་མ་དར་བས་མཐའ་འཁོབ་བོད་ཀྱི་ཡུལ་ཞེས་གྲགས་ཀྱང་། ཕྱིས་སུ་མིའི་འགྲོ་བ་རིམ་པར་མཆེད་དེ་སྤྲུལ་པའི་རྒྱལ་པོ་དུ་མ་བྱོན་པ་ལས། ལྷ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་སྤང་སྐོང་ཕྱག་བརྒྱ་པ་དང་ཙིནྡྷ་མ་ཎི་སཱཙྪའི་བརྐོས་ཕོར་སོགས་ཕོ་བྲང་ཡུམ་བུ་ལྷ་མཁར་གྱི་ཁང་སྟེང་དུ་བབས་ཏེ་དམ་པའི་ཆོས་ཀྱི་དབུ་ཐོག་མ་དེ་དུས་བརྙེས། རྒྱལ་རབས་ལྔ་ན་དེའི་དོན་ཤེས་པ་འབྱུང་བར་ལུང་བསྟན་པ་བཞིན་འཕགས་པ་ཐུགས་རྗེ་ཆེན་པོ་མིའི་གཟུགས་སུ་སྤྲུལ་པའི་རྒྱལ་པོའི་ཚུལ་བཟུང་བ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་ལོ་ཙཱ་བ་ཐོན་མི་སཾ་བྷོ་ཊ་རྒྱ་གར་དུ་བརྫངས་ཏེ་པཎྜི་ཏ་ལྷ་རིག་པའི་སེངྒེ་སོགས་ལས་སྒྲ་དང་ཡི་གེ་ལ་སོགས་པ་བསླབས་ནས་བོད་ཡི་གེ་མེད་པ་ལ་ཡི་གེའི་སྲོལ་བཏོད། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དང་གཉན་པོ་གསང་བ་ལ་སོགས་བོད་སྐད་དུ་བསྒྱུར། རྒྱལ་པོ་སྲོང་བཙན་སྒམ་པོའི་སྤྲུལ་པའི་རྣམ་རོལ་དུ་མ་དང་བློན་པོ་མགར་སྟོང་བཙན་ཡུལ་སྲུང་གི་འཕྲུལ་ཐབས་སྣ་ཚོགས་ལ་བརྟེན་ཏེ་རྒྱ་དང་བལ་པོའི་རྒྱལ་པོའི་སྲས་མོ་རྒྱ་བཟའ་ཀོང་ཇོ་དང་བལ་བཟའ་ཁྲི་བཙུན་གཉིས་བཙུན་མོར་བསུས་པའི་སྐྱེལ་རྫོངས་སུ་སྟོན་པའི་རྒྱལ་ཚབ་ཇོ་ཤཱཀ་རྣམ་གཉིས་ཏེ་སྟོན་པ་དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད་ཅན་བཟོ་རྒྱལ་བི་ཤྭ་ཀརྨས་རྒྱུ་ལྷ་མིའི་རིན་ཆེན་སྣ་ཚོགས་ཀྱིས་བཞེངས་ཤིང་སྟོན་པ་ཉིད་ཀྱིས་རབ་གནས་བྱས་པའི་ཇོ་བོ་ཤཱཀྱ་མུ་ནེ་དང་། སྟོན་པ་དགུང་ལོ་བརྒྱད་པའི་སྐུ་ཚད་ཇོ་བོ་མི་བསྐྱོད་རྡོ་རྗེ་ར་མོ་ཆེ་ན་བཞུགས་པ་གཉིས་ཡིན། དེ་དག་ལ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ཁྱད་པར་དུ་འཕགས་པ་དུ་མ་བྱོན་ཞིང་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གི་གཙོའི་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་དུ་མ་བཞེངས་ཏེ་དམ་པའི་ཆོས་ཀྱི་སྲོལ་གཏོད། མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་ཞེས་གང་དང་གང་ཡིན་སྙམ་ན། རྒྱ་བཟའ་བོད་ལ་ཕེབས་ནས་སྤོར་ཐང་བརྒྱད་ཅུ་སྐོར་གྱིས་རྩིས་བྱས་པས། བོད་ཀྱི་རྒྱལ་ཁམས་འདི་སྲིན་མོ་གན་རྐྱལ་དུ་འགྱེལ་འདྲའི་ས་དཔྱད། འོ་ཐང་གི་མཚོ་འདི་སྲིན་མོའི་སྙིང་ཁྲག དམར་ལྕགས་ཀྱི་རི་འདི་སྙིང་གི་རུས་པའི་རྣམ་པར་འདུག་ནའང་། མཚོ་ཐོག་ཏུ་ཤཱཀྱ་མུ་ནེ་བཞུགས་སའི་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བརྩིག་པ་དང་། རིའི་རྩེར་རྒྱལ་པོའི་ཕོ་བྲང་ཡོད་པས་ནོན་ཅིང་། དེ་དག་གི་མཐའ་སྐོར་གྱི་ས་དཔྱད་ལ་བལྟས་ན་བཟང་ངན་གཉིས་ཡོད་པས་བཟང་ཕྱོགས་ནས་བཤད་ན་གནམ་འཁོར་ལོ་རྩིབས་བརྒྱད། ས་དབྱིབས་པདྨ་འདབ་བརྒྱད། བཀྲ་ཤིས་རྟགས་བརྒྱད་སོགས་ཚང་བ་དང་། ངན་ཕྱོགས་ནས་བཤད་ན་ཤར་བྱེ་མའི་རི་འདི་སྲིན་མོ་འདོམས་བཟེད་ལྟ་བུ། ལྷོ་གཡའ་བྲག་གི་རྫ་འདི་སྡིག་པ་བཟན་ལ་རུབ་འདྲ། ནུབ་ཤུན་གྱི་བྲག་ལ་བདུད་ཀྱིས་བྱ་ར་བྱས་འདྲ། བྱང་ཉང་དོགས་ཀྱི་བར་ན་གླང་པོ་ཆེ་གཡུལ་དུ་ཞུགས་པ་ལྟ་བུའི་རི། ཤར་ལྷོའི་མཚམས་ན་བཙན་གྱི་རྒྱུ་ས། ལྷོ་ནུབ་མཚམས་ན་འདྲེའི་འདུ་ཕུང་། བྱང་གི་ཕྱོགས་ན་མ་མོའི་ཉལ་ས་ལ་སོགས་ས་དགྲ་མང་པོ་ཡོད་པས་ཁ་གནོན་དུ་བོད་དང་བོད་ཆེན་པོའི་ལྗོངས་ལ་ཕན་པའི་ཆེད་དུ་བརྩིགས་པའི་མཐའ་འདུལ་གྱི་གཙུག་ལག་ཁང་བཞི་ནི། གཡོ་རུ་ན་ཁྲ་འབྲུག དབུ་རུ་ན་ཀ་ཚལ། གཡས་རུ་གཙང་འགྲམ་གྱི་ལྷ་ཁང་། རུ་ལག་གྲམ་པ་རྒྱང་གི་ལྷ་ཁང་རྣམས་ཡིན། དེ་བཞིན་དུ་ཀོང་པོ་བུ་ཆུའི་ལྷ་ཁང་། ལྷོ་བྲག་མཁོན་མཐིང་གསེར་གྱི་ལྷ་ཁང་། བྱམས་སྤྲིན་དགེ་རྒྱས་ལྷ་ཁང་། བྱང་པྲ་དུམ་རྩེའི་ལྷ་ཁང་བཞི་ལ་ཡང་འདུལ་གྱི་གཙུག་ལག་ཁང་ཞེས་གྲགས། ཁམས་སུ་ཀློང་ཐང་སྒྲོལ་མའི་ལྷ་ཁང་། འབྲུག་གི་སྤ་གྲོ་སྐྱེ་ཆུའི་ལྷ་ཁང་། ཚལ་རིགས་ཤེས་རབ་སྒྲོལ་མའི་ལྷ་ཁང་། ཚངས་པ་རླུང་ནོན་གྱི་ལྷ་ཁང་བཞི་ལ་རུ་ནོན་གྱི་གཙུག་ལག་ཁང་ཞེས་བྱའོ། །དེའི་རྒྱལ་རབས་ལྔ་པ་ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་ས་གསུམ་སྟེ་སྲིད་པ་གསུམ་ན་ཐུགས་རྗེ་དང་ནུས་པ་མཐུ་དང་སྟོབས་ལ་འགྲན་ཟླ་དང་བྲལ་བའི་རིགས་སྔགས་འཆང་ཆེན་པོ་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ལ་སོགས་པཎྜི་ཏ་བརྒྱ་དང་རྩ་བརྒྱད་གདན་དྲངས། བསམ་ཡས་སྟེང་ཁང་རྒྱ་གར་གྱི་ལུགས། བར་ཁང་རྒྱ་ནག་གི་ལུགས། འོག་ཁང་བོད་ཀྱི་ལུགས་ཏེ་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ལ་སོགས་སྐུ་རྟེན་གཙུག་ལག་གི་ཁང་པ་བཞེངས་པ་འདི་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལ་དཔེ་བྱས་ཚུལ་གསུངས་སྲོལ་ཡོད། ལོ་ཆེན་བེེ་རོ་ཙཱ་ན་ལ་སོགས་ལོ་ཙཱ་བརྒྱ་དང་རྩ་བརྒྱད་ལ་ལོ་ཙཱ་བསླབས་ཏེ་རྒྱ་གར་འཕགས་པའི་ཡུལ་ན་ཇི་ཙམ་དར་བའི་མདོ་རྒྱུད་བསྟན་བཅོས་ཀྱིས་གཙོས་པའི་གསུང་རྟེན་དམ་པའི་ཆོས་བསྒྱུར། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་གར་འཕགས་པའི་ཡུལ་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས། མཁན་ཆེན་བྷོ་དྷི་ས་ཏྭས་མཁན་པོ་དང་། དཱ་ན་ཤཱི་ལ་དང་ཛི་ན་མི་ཏྲ་གཉིས་ཀྱིས་ལས་སློབ་དང་གསང་སྟོན་མཛད། གཞན་བཅུ་པོས་ཁ་སྐོང་མཛད་ནས་རྦ་གསལ་སྣང་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་ཉམས་སད་དམ་བོད་ཀྱི་མིས་རབ་བྱུང་ཐུབ་བམ་མི་ཐུབ་ཚོད་བལྟའི་ཕྱིར་བཻ་རོ་ཙཱ་ན་དང་། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་རིན་ཆེན་མཆོག འཁོན་ཀླུའི་དབང་པོ་སོགས་མི་བདུན་ལ་སོགས་རབ་ཏུ་བྱུང་སྟེ་ཐུགས་རྟེན་ཏུ་དགེ་འདུན་གྱི་སྡེ་བཙུགས་པ་སོགས་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་པ་ནས་བཟུང་དུས་ད་ལྟའི་བར་དུ་བསྟན་པ་ལ་འཕེལ་འགྲིབ་ཅི་རིགས་པ་བྱུང་ཡང་དོན་དུ་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་མ་ཉམས་པར་ཡོད་པས་ཆོས་ཚིགས་ཀྱི་ཡུལ་དབུས་ཡིན། སྐྲ་སེར་ལ་སོགས་མཛེས་པའི་བར་ཆད་མེད། །ཅེས་གསུངས་པ་ལྟར་མིག་རྣ་སོགས་དབང་པོ་སྒོ་ལྔ་གང་རུང་མ་ཚང་ན་རབ་བྱུང་གི་སྡོམ་པའི་སྣོད་དུ་མ་གྱུར་ཞིང་། མོས་གུས་ཀྱི་རྟེན་རྒྱལ་བའི་སྐུ་གཟུགས་དང་བླ་མ་ལ་སོགས་མཇལ་པ་དང་། ཐོས་བསམ་གྱི་ཡུལ་གསུང་རབ་རིན་པོ་ཆེ་མིག་གིས་བལྟ་བ་དང་། རྣ་བས་ཉན་པ་ལ་སོགས་པའི་སྐལ་པ་དང་མི་ལྡན་པས་ཆོས་ཡང་དག་གི་སྣོད་དུ་མི་རུང་བ་ཡིན། ལས་མཐའ་ལོག་པ་ཞེས་རྔོན་པ་དང་སྨད་འཚོང་ལ་སོགས་པའི་རིགས་རྒྱུད་དུ་སྐྱེས་པས་ཆུང་ངུ་ནས་ལས་ཀྱི་མཐའ་ལོག་པའི་ལམ་དུ་ཞུགས་པ་ལ་ཟེར་ཡང་དོན་དུ་སྒོ་གསུམ་ཆོས་འགལ་གྱི་བྱ་བ་བྱེད་ཚད་ལས་མཐའ་ལོག་པར་ཞུགས་པ་ཡིན་པས་འདི་ལྟ་བུར་དང་པོ་མ་སྐྱེས་ཀྱང་ཕྱིས་སུ་འབྱུང་ཉེ་བ་ཡིན་པས་རང་རྒྱུད་དམ་པའི་ཆོས་དང་མི་འགལ་བ་ཞིག་བྱེད་དགོས། དད་པའི་གནས་སྲིད་ཞིའི་འཇིགས་པ་མཐའ་དག་ལས་སྐྱོབ་པ་སངས་རྒྱས་ཀྱི་བསྟན་པ་ལ་མ་དད་ན་ནི་གཞན་འཇིག་རྟེན་གྱི་ལྷ་ཀླུ་མཐུ་བོ་ཆེ་ལ་སོགས་པ་རྣམས་དང་ཕྱི་རོལ་མུ་སྟེགས་པའི་སྟོན་དང་བསྟན་པ་སོགས་ལ་ཇི་ཙམ་དུ་དད་པར་བྱས་ཀྱང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པར་མི་ནུས་པས་རྒྱལ་བའི་བསྟན་པ་ལུང་དང་རྟོགས་པའི་བདག་ཉིད་ཅན་ལ་རྨོངས་དད་ཙམ་མ་ཡིན་པར་རྒྱུ་མཚན་ཤེས་པའི་དད་པ་ཐོབ་པ་ནི་ཡང་དག་པའི་ཆོས་ཀྱི་སྣོད་མ་ནོར་བ་ཡིན་པས་རང་འབྱོར་ལྔའི་གཙོ་བོ་ཡིན་ནོ།།

༢༽ གཉིས་པ་གཞན་འབྱོར་ལྔ།

གཉིས་པ་གཞན་འབྱོར་ལྔ་ནི། གཞན་རྒྱུད་ཀྱིས་གཙོ་བོ་བསྡུས་ཤིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་གཞན་འབྱོར་ཞེས་བྱ། དེ་ཡང་། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་པ་ལྟར། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྒྲོན་བསྐལ་ལ་མ་སྐྱེས་ན་ཆོས་ཀྱི་མིང་ཡང་མེད་པ་ལ། ད་རེས་སངས་རྒྱས་བྱོན་པའི་བསྐལ་པ་དང་ཐུག་པས་སྟོན་པ་ཁྱད་པར་ཅན་གྱི་འབྱོར་པ། བྱོན་ཀྱང་ཆོས་མ་བསྟན་ན་གདུལ་བྱའི་སེམས་ཅན་གྱི་རྒྱུད་འདུལ་བ་ལ་མི་ཕན་པ་ལས། བདག་ཅག་གི་སྟོན་པ་ཤཱཀྱ་སེངྒེས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་སོགས་ནས་ཆོས་འཁོར་རིམ་པ་གསུམ་བསྟན་པས་བསྟན་པ་དམ་པའི་ཆོས་ཀྱི་འབྱོར་པ། ཆོས་བསྟན་ཀྱང་བསྟན་པ་ནུབ་ན་མི་ཕན་པ་ལས་ད་ལྟ་བསྟན་པའི་གནས་ཚད་ལྔ་བརྒྱ་ཕྲག་བཅུ་ཡོངས་སུ་མ་རྫོགས་པས་དུས་ཀྱི་འབྱོར་པ། བསྟན་པ་གནས་ཀྱང་སོ་ཐར་རིས་བདུན་གང་རུང་ཞུས་ནས་བསྟན་པ་དེ་ལ་མ་ཞུགས་ན་མི་ཕན་པ་ལས། བསྟན་པའི་སྒོར་ཞུགས་པ་རང་གི་སྐལ་པས་འབྱོར་པ། གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་གསུངས་པས་གཞན་གྱིས་སྙིང་བརྩེ་བའི་སྒོ་ནས་ཆོས་སྒྲུབ་པ་ལ་ཟས་གོས་མཐུན་རྐྱེན་མང་དུ་སྦྱར་བ་ཡོད་པ་ལ་ཡང་འགྲེལ་རུང་ཡང་། སྐབས་འདིར་སངས་རྒྱས་བསྟན་པའི་ཆོས་སྒོར་ཞུགས་སུ་ཟིན་ཀྱང་མཐུན་པའི་རྐྱེན་ལམ་ཁྲིད་དགེ་བའི་བཤེས་གཉེན་གྱིས་མ་ཟིན་ན་ཆོས་ཀྱི་དེ་ཉིད་རང་སྟོབས་ཀྱིས་མི་ཤེས་པ་ཡིན་པས་ན་དགེ་བའི་བཤེས་གཉེན་དེས་ཟིན་པ་ནི་ལྷག་པའི་ཐུགས་རྗེའི་འབྱོར་པ་སྟེ། ལྔ་པོ་ནི་གཞན་རྐྱེན་ལ་ལྟོས་ནས་ཚང་དགོས་པས་གཞན་འབྱོར་ལྔ་ཞེས་བྱ། སྤྱིར་དལ་འབྱོར་ཟེར་བའི་དལ་བ་ནི་ངོ་བོ་ཡིན་ལ། འབྱོར་བ་ནི་དེའི་ཁྱད་པར་གྱི་ཆོས་ཡིན་པས་དལ་འབྱོར་བཅོ་བརྒྱད་ཚང་བའི་ལུས་རྟེན་ནི་ཤིན་ཏུ་རྙེད་དཀའ་བ་ཡིན། དེས་ན་ད་རེས་ཆོས་ལ་འབད་དགོས་བསམ་རྒྱུའི་བློ་རྩེ་གཅིག་ཏུ་དྲིལ་རན་ཏེ། སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་བས་རྨོངས་པའང་གཞན་མེད་དོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་སྲིད་པ་འདི་དང་པོ་ཆགས་བར་དུ་གནས་ཐ་མར་འཇིག་ཡང་མཐར་སྟོང་པ་བཞིའི་ཡུན་ལ་བསྐལ་པ་ཆེན་པོ་གཅིག་ཅེས་གྲགས་པ་ལས། རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱོན་ན་སྒྲོན་བསྐལ་དང་། སངས་རྒྱས་མ་བྱོན་པའི་བསྐལ་པ་ལ་མུན་བསྐལ་ཞེས་གྲགས་པ་ལས། སྔོན་འདས་པའི་དུས་ན་བསྐལ་པ་ཆེན་པོ་མངོན་པར་དགའ་བ་ལ་སངས་རྒྱས་སུམ་ཁྲི་སུམ་སྟོང་བྱོན། དེའི་འོག་ཏུ་མུན་པའི་བསྐལ་པ་བརྒྱ་བྱུང་། དེ་ནས་བསྐལ་པ་རྫོགས་ལྡན་ཞེས་བྱ་བ་ལ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་བྱུང་། དེའི་འོག་ཏུ་མཐའ་འཁོབ་མུན་ནག་ཅན་གྱི་བསྐལ་པ་བརྒྱ་བྱུང་། དེའི་འོག་ཏུ་བསྐལ་པ་བཟང་ལྡན་ཞེས་བྱ་བ་ལ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བྱུང་། དེའི་འོག་ཏུ་ཆོས་ཀྱི་སྣང་བ་མེད་པའི་མུན་པའི་བསྐལ་པ་ལྔ་བརྒྱ་བྱུང་། དེ་ནས་བསྐལ་པ་མཐོང་ན་དགའ་བ་ལ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་བྱུང་། དེ་ནས་མུན་བསྐལ་བདུན་བརྒྱ་བྱུང་། དེ་ནས་བསྐལ་པ་དགའ་བ་དང་ལྡན་པ་ལ་སངས་རྒྱས་སྟོང་ཕྲག་དྲུག་ཅུ་བྱུང་། དེའི་རྗེས་ལ་བསྐལ་པ་བཟང་པོ་འདི་ཉིད་བྱུང་བ་ཡིན་ཏེ། བསྐལ་པ་འདི་མ་ཆགས་པའི་སྔོན་རོལ་དུ་སྟོང་གསུམ་གྱི་ཁམས་ཐམས་ཅད་ཆུའི་རྒྱ་མཚོ་ཆེན་པོ་གཅིག་ཏུ་གྱུར་ཏེ་ཡོད་པ་ལ་མེ་ཏོག་པདྨ་འདབ་མ་སྟོང་ལྡན་སྟོང་སྐྱེས་ནས་འདུག་པ་གཙང་རིས་ཀྱི་ལྷ་རྣམས་ཀྱིས་མཐོང་ནས་རྒྱུ་མཚན་ཅི་ཡིན་ཞེས་མངོན་ཤེས་ཀྱིས་བརྟགས་པས་ད་རེས་ཀྱི་བསྐལ་པ་འདི་ལ་འཛམ་བུའི་གླིང་དུ་སངས་རྒྱས་སྟོང་འབྱོན་པར་དེའི་དོན་གྱིས་ཡིན་པར་ཤེས་ཏེ་ད་རེས་ཀྱི་བསྐལ་པ་འདི་ནི་བསྐལ་པ་བཟང་པོ་ཡིན་ནོ་ཞེས་བསྐལ་པའི་མིང་བཟང་པོར་བཏགས་པ་བཞིན། སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པའི་དུས་སུ་སངས་རྒྱས་འཁོར་བ་འཇིག་བྱོན་པ་ནས་བཟུངས་ཏེ་མཐར་སྐྱེ་དགུ་རྣམས་ཀྱིས་ཚེ་ལོ་དཔག་མེད་ཐུབ་པའི་དུས་སུ་སངས་རྒྱས་མོས་པ་བྱོན་པའི་བར་དུ་སངས་རྒྱས་སྟོང་འཇིག་རྟེན་གྱི་ཁམས་འདིའི་འཛམ་བུའི་གླིང་གི་ཡུལ་དབུས་རྡོ་རྗེ་གདན་དུ་བྱོན་ཏེ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་པས་སྒྲོན་མེའི་བསྐལ་པ་ཡིན། བསྐལ་བ་ཆེན་པོ་འདིའི་འོག་ཏུ་མཐའ་འཁོབ་ཀྱི་བསྐལ་པ་རིགས་ངན་དྲུག་ཅུ་འབྱུང་། དེའི་འོག་ཏུ་བསྐལ་པ་གྲངས་ལྡན་ལ་སངས་རྒྱས་སྟོང་ཕྲག་བཅུ་འབྱུང་། དེའི་འོག་ཏུ་རིགས་ངན་ཀྱི་བསྐལ་པ་སྟོང་ཕྲག་བཅུ་འབྱུང་། དེ་དག་ལ་སོགས་སེམས་ཅན་སྤྱི་མཐུན་གྱི་ལས་སྣ་ཚོགས་པའི་དབང་གིས་མུན་པའི་བསྐལ་པ་དང་སྒྲོན་མེའི་བསྐལ་པ་འདྲེས་མར་འབྱུང་བ་ལས་ཀྱང་མུན་བསྐལ་མང་ལ་། སྒྲོན་བསྐལ་ཉུང་བ་ཡིན། མུན་པའི་བསྐལ་པ་དང་འཕྲད་ན་དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མེད། དེ་ལས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ནི་རེས་འགའ་ཙམ་ལས་མི་འབྱུང་སྟེ། གདུལ་བྱ་རྣམས་སྣོད་དུ་མི་རུང་བའི་ཕྱིར་རོ། ཇི་སྐད་དུ། གསང་སྔགས་སེངྒེའི་འོ་མ་འདྲ། །རིན་ཆེན་གསེར་སྣོད་མ་ལགས་པ། །སྣོད་གཞན་ཕལ་བར་བླུགས་གྱུར་ན། །སྣོད་ཀྱང་ཆག་ལ་བཅུད་ཀྱང་ཟག །ཅེས་པ་ལྟར་ཡིན་པས་དབང་རྣོན་གསང་སྔགས་ཀྱི་གདུལ་བྱ་མེད་དུས་འདུལ་བྱེད་སྟོན་པ་དང་ཆོས་ཀྱང་མི་འབྱུང་སྟེ། གདུལ་བྱ་མེད་ན་འདུལ་བྱེད་དབྱིངས་སུ་ནུབ། །ཆུ་སྣོད་མེད་ན་ཟླ་གཟུགས་དབྱིངས་སུ་ནུབ། །ཅེས་གསུངས། ཨོ་རྒྱན་ཆེན་པོས། སྔོན་བསྐལ་པ་ཐོག་མ་ལ་བསྐལ་པ་ཀུན་བཀོད་ཅེས་བྱ་བ་འབྱུང་བའི་ཚེ། སངས་རྒྱས་སྔོན་བྱུང་གི་རྒྱལ་པོ་ཞེས་བྱ་བའི་བསྟན་པ་ལ་གསང་སྔགས་རྒྱ་ཆེར་བསྒྲགས་སོ། །ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་གསང་སྔགས་བྱོན་ལ། ད་སྟེ་བསྐལ་པ་བྱེ་བ་འདས་པའི་འོག་ཏུ་བསྐལ་པ་མེ་ཏོག་བཀོད་པ་ཞེས་བྱ་བ་འབྱུང་བའི་ཚེ། སངས་རྒྱས་འཇམ་དཔལ་དབྱངས་ཞེས་བྱ་བ་ད་ལྟའི་ང་དང་ཚུལ་མཐུན་པ་ཞིག་འབྱུང་སྟེ། དེས་གསང་སྔགས་རྒྱ་ཆེར་སྟོན་པ་འགྱུར་རོ། །བསྐལ་པ་དེ་གསུམ་ནི་འགྲོ་བ་རྣམས་སྣོད་དུ་རུང་བའི་ཕྱིར་རོ། །བསྐལ་བ་དེ་གསུམ་མ་ཡིན་པར་དུས་ནམ་ཡང་གསང་སྔགས་མི་འབྱུང་སྟེ་སེམས་ཅན་རྣམས་སྣོད་དུ་མི་རུང་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར། ད་རེས་བསྐལ་བ་བཟང་པོ་འདིའི་སྐྱེ་དགུ་རྣམས་ཚེ་ལོ་བརྒྱ་པའི་དུས་འདིར་རྐང་གཉིས་རྣམས་ཀྱི་མཆོག་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པས་སྒྲོན་མེའི་བསྐལ་པ་ཡིན་ནོ། །སངས་རྒྱས་བྱོན་ཀྱང་དེའི་ཆོས་མི་གསུངས་པར་སངས་རྒྱས་མཉམ་བཞག་བཞུགས་པའི་སྐབས་སུ་བབས་ན་སངས་རྒྱས་བྱོན་ཀྱང་བསྟན་པ་དམ་པའི་ཆོས་ཀྱི་སྣང་བ་མེད་པས་སངས་རྒྱས་མ་བྱོན་པ་དང་ཁྱད་མེད་དེ། བདག་ཅག་གི་སྟོན་པས་ཀྱང་རྡོ་རྗེ་གདན་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྲོད་ལ་བདུད་བརྟུལ་ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པའི་གོ་འཕང་མངོན་དུ་མཛད་ནས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །ཞེས་གསུངས་ནས་བདུན་ཕྲག་བདུན་དུ་ཆོས་མི་གསུངས་པར་བཞུགས་ཚེ། ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དང་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་ནས་དེ་གཉིས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པའི་རྐྱེན་གྱིས་ཆོས་གསུངས་པ་ལྟ་བུ་ཡིན་ནོ། །དེར་མ་ཟད་བསྟན་འཛིན་གྱི་སྐྱེས་བུ་རྒྱལ་བའི་རྒྱལ་ཚབ་སྟོན་པའི་སྒྲོན་མེ་བཞུགས་པ་རྣམས་ཀྱང་ཡང་དག་པའི་དམ་པའི་ཆོས་ཀྱི་འཆད་ཉན་གྱིས་བླང་དོར་གྱི་གནས་སྟོན་པར་མ་མཛད་ན་ནི་སེམས་ཅན་ལ་དངོས་སུ་ཕན་ཐོགས་པར་དཀའ་སྟེ། དཔེར་ན་རྒྱ་གར་གྱི་ཇོ་བོ་སྨྲི་ཏི་ཛྙཱ་ན་བོད་དུ་མ་ཉི་ཚེ་བའི་དམྱལ་བར་སྐྱེས་པའི་དོན་ལ་བྱོན་པའི་ལམ་དུ་ལོ་ཙཱ་བ་ཤི། སྨྲི་ཏི་ཁམས་སུ་འཁྱམས་སྟེ་སྐད་བརྡ་མ་འཕྲོད་པས་རྟ་ནག་ཏུ་ལུག་རྫི་ཡང་མཛད། གསུང་ཆོས་ཀྱིས་འགྲོ་ཕན་ཆེར་མ་བྱུང་བའི་ངང་ནས་གྲོངས་སོང་བས། ཕྱིས་སུ་ཇོ་བོ་རྗེ་ལྷ་གཅིག་བོད་དུ་བྱོན་སྐབས་དེའི་ཚུལ་གསན་པས། ཨ་ཙ་མ་ཞེས་ཡ་ང་བའི་ཚིག་གིས་ཁྱེད་བོད་བསོད་ནམས་རེ་ཆུང་། ངེད་རྒྱ་གར་ཤར་ནུབ་གཉིས་ན་པཎྜི་ཏ་གཅིག་ལ་ཇོ་བོ་སྨྲི་ཏི་ཛྙཱ་ན་ལས་ལྷག་པ་མེད་པས་བོད་འདིར་གསེར་ནག་གི་ཕ་ཝང་སྒོ་འགྲིམ་ཟེར་བ་ལྟར་བྱོན་ཡོང་དུས་ཁྱོད་ཚོས་ཆོས་ཤིག་མ་ཞུས་ཨང་གསུངས་ཕྱག་ཐལ་མོ་སྦྱར་ཏེ་སྤྱན་ཆབ་ཕྱུང་བར་འདུག དེས་ན་ད་རེས་སངས་རྒྱས་ཤཱཀྱ་ཐུབ་པས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ཏེ་གདུལ་བྱ་སོ་སོའི་སྐལ་བ་དང་འཚམས་ཤིང་ཁམས་དང་མོས་པ་དང་མཐུན་པའི་སྐུའི་བཀོད་པ་ཆོས་སྐུའི་དུས་ན་ཀུན་ཏུ་བཟང་པོ། ལོངས་སྐུའི་དུས་ན་ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུའི་དུས་ན་སྤྲུལ་སྐུ་ཤཱཀྱ་ཐུབ་པ་གསུམ་དུ་བསྟན་པ་སོགས་བསམ་གྱིས་མི་ཁྱབ་པའི་སྤྲུལ་པ་བསྟན་ནས་ཆོས་མདོ་སྔགས་ཐེག་པ་རིམ་པ་དགུའི་ཆོས་ཀྱིས་གདུལ་བྱ་སྨིན་ཅིང་གྲོལ་བའི་ལམ་དུ་བཀོད་པར་མཛད་པ་ཡིན། སངས་རྒྱས་བྱོན་ནས་ཆོས་གསུངས་ཀྱང་བསྟན་པའི་གནས་ཚད་རྫོགས་ནས་བསྟན་པ་དམ་པའི་ཆོས་ནུབ་ན་མུན་བསྐལ་དང་ཁྱད་མེད་དེ་སངས་རྒྱས་སྔ་མའི་བསྟན་པ་རྫོགས། ཕྱི་མའི་བསྟན་པ་མ་བྱུང་བའི་བར་དུ་བསྟན་པའི་སྟོང་ཞེས་བྱ་སྟེ། སྐལ་བ་དང་ལྡན་པའི་བསོད་ནམས་ཀྱི་ཞིང་དུ་རང་སངས་རྒྱས་རྣམས་འབྱོན་པ་ཙམ་ལས་ཆོས་འཆད་ཉན་གྱི་ཉམས་སུ་ལེན་པ་མེད་པ་ཡིན་ལ། ད་རེས་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་དང་པོ་དར་བའི་དུས། བར་དུ་གནས་པའི་དུས། མཐའ་རྒུད་པའི་དུས་སོགས་ཡོད་པ་ལས། སྤྱིར་ཀུན་བཟང་ཐུགས་ཀྱི་བསྟན་པ་ནི་གསང་སྔགས་འབྲས་བུའི་ཐེག་པའམ། རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་དགྲ་བཅོམ་རྣམས་ཐོབ་པ་མང་བས་འབྲས་བུའི་བསྟན་པ་ལྔ་བརྒྱ་ཕྲག་གསུམ་དང་། ཚུལ་ཁྲིམས་ཀྱི་བསླབ་པའི་ནང་ནས་ཕམ་པ་བཞི་ཙམ་སྲུང་བའི་དགེ་སློང་སྟོང་ཕྲག་གམ་བརྒྱ་ཕྲག་གཅིག་ཙམ་ཡོད་པ་ཡན་ཆད་ཀྱི་བར་སྒྲུབ་པའི་དུས་ཡིན་གསུངས་པས་དེ་ལ་ལྔ་བརྒྱ་ཕྲག་གསུམ་དང་། ཇི་སྲིད་དམ་པའི་ཆོས་ཚིག་བཞི་བའི་ཚིགས་སུ་བཅད་པ་གཅིག་འཆད་པའི་མི་ཡོད་ཀྱི་བར་དུ་ལུང་གི་ཆོས་མ་ནུབ་པ་ཡིན་པས་ལུང་གི་དུས་ལྔ་བརྒྱ་ཕྲག་གསུམ། རྟགས་ཙམ་འཛིན་པ་ལྔ་བརྒྱ་ཕྲག་གཅིག་སྟེ་ལྔ་བརྒྱ་ཕྲག་བཅུ་ཡོད་པ་ལས། ད་ལྟ་ལྔ་བརྒྱ་ཕྲག་བདུན་པའམ་བརྒྱད་པ་ཙམ་ལ་སླེབས་གསུངས་ན་ལུང་གི་དུས་ཡིན་དགོས་པ་དང་། སེམས་ཅན་ཚེ་དང་ལྟ་བ་དང་ཉོན་མོངས་པའི་སྙིགས་མ་དང་དུས་གྱི་སྙིགས་མ་སྟེ་སྙིགས་མ་ལྔ་བདོ་བའི་དུས་ལ་སླེབ་རུང་ལུང་རྟོགས་ཀྱི་བསྟན་པ་དངོས་མ་ནུབ་པར་ཡོད་པས་བསྟན་པ་དམ་པའི་ཆོས་ཀྱི་འབྱོར་པ་ཡང་ཚང་། བསྟན་པ་གནས་ཀྱང་རང་ཉིད་བསྟན་པའི་སྒོར་མ་ཞུགས་ན། དཔེར་ན་འཇིག་རྟེན་དུ་ཉི་མ་ཤར་ཀྱང་དམུས་ལོང་ལ་ཕན་གནོད་ཅུང་ཟད་མེད་པའམ། རྒྱ་མཚོའི་འགྲམ་དུ་ཕྱིན་ཀྱང་རང་གིས་མ་བཏུང་ན་སྐོམ་པ་མི་སེལ་བ་དང་འདྲ་བར་ལུང་རྟོགས་ཀྱི་བསྟན་པ་རང་རྒྱུད་ལ་མི་ལོན། ཞུགས་པ་དེ་ཡང་ཚེ་འདིའི་ནད་གདོན་ལ་སོགས་པ་ཞི་བའི་ཆེད་དམ། ཕྱི་མ་ངན་སོང་གི་སྡུག་བསྔལ་ཙམ་ལ་སྐྲག་ནས་བསྟན་པ་ལ་ཞུགས་ཀྱང་འཇིགས་སྐྱོབ་ཀྱི་ཆོས་ཞེས་བྱ་སྟེ་གཞན་ཕན་དོན་གཉེར་གྱི་ལམ་ཞུགས་དངོས་སུ་བརྩི་མི་རུང་། ཡང་ཚེ་འདིའི་ལྟོ་གོས་སྙན་གྲགས་ལ་སོགས་པའི་ཕྱིར་རམ་ཕྱི་མ་ལྷ་མིའི་བདེ་འབྲས་ཙམ་དོན་དུ་གཉེར་བས་བསྟན་པ་ལ་ཞུགས་ཀྱང་ལེགས་སྨོན་གྱི་ཆོས་ཞེས་བྱ་སྟེ། འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་ཤེས་ནས་ངེས་པར་ལེགས་པ་ཐར་པའི་ལམ་དོན་དུ་གཉེར་བས་ཆོས་སྒོར་ཞུགས་ན་ནི་ལམ་གྱི་སྣེ་ཟིན་བསྟན་པའི་སྒོར་ཞུགས་པ་ཞེས་བྱ། བསྟན་ལ་ཞུགས་ཀྱང་ལམ་སྟོན་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་གྱིས་མ་ཟིན་ན་མི་ཕན་སྟེ། སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་ཀྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་པ་ལྟར་བཀའ་རྒྱ་ཆེ། ལུང་གྲངས་མང་། མན་ངག་ཐོར་བུའི་ཚུལ་དུ་བཞུགས། ཤེས་བྱའི་མཐའ་ལ་ཟད་དུས་དང་བསླབ་དགོས་གནས་ལ་རྫོགས་མཐའ་མེད་པས་བླ་མའི་མན་ངག་ལ་མ་བསྟེན་པར་གཞི་ལམ་འབྲས་གསུམ། ལྟ་སྒོམ་སྤྱོད་གསུམ་གྱི་ཆོས་ཐམས་ཅད་ཀྱི་གནད་གཅིག་ཏུ་བསྡུས་ནས་ཉམས་སུ་ལེན་མི་ཤེས་ཏེ། སྔོན་ཇོ་བོ་རྗེ་བོད་དུ་བྱོན་དུས་ཁུ་བརྩོན་འགྲུས་གཡང་དྲུང་དང་རྔོག་ལེགས་པའི་ཤེས་རབ་དང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་གསུམ་གྱིས། ཇོ་བོ་ལགས་རྟེན་གྱི་གང་ཟག་གཅིག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་པ་ལ་བཀའ་བསྟན་བཅོས་ཀྱི་གཞུང་མང་པོ་དང་། བླ་མའི་གདམས་ངག་ཚིག་གཅིག་ཏུ་དྲིལ་བ་གཉིས་གང་གཙོ་ཆེ་ཞུས་པས། ཇོ་བོའི་ཞལ་ནས་དེ་བླ་མའི་གདམས་ངག་གཙོ་ཆེ་གསུངས། འོ་ན་དེ་ཅི་ལགས་ཞུས་པས། འདུལ་བ་མདོ་སྡེ་མངོན་པ་སྟེ་སྡེ་སྣོད་གསུམ་ཁ་ཏོན་ནམ་བློ་ཐོག་དུ་འཆད་ཤེས་ཤིང་། གཟུགས་ནས་རྣམ་མཁྱེན་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་བཤད་པ་ལ་མཁས་ཀྱང་། རང་རྒྱུད་ལ་སྦྱར་ནས་ཉམས་སུ་ལེན་པའི་དུས་སུ་རང་རྒྱུད་ལ་ཕན་ངེས་ཤིག་དགོས་ན། བླ་མའི་གདམས་ངག་གི་ལག་ལེན་མ་ནོར་བ་ཞིག་མེད་ན། ཆོས་ཁ་ཁ་དང་གང་ཟག་སོ་སོ་གྱུར་ནས་ཆོས་དང་གང་ཟག་ཡ་བྲལ་དུ་རེད་འགྲོ་གསུངས། ཡང་བླ་མའི་གདམས་ངག་གི་ལག་ལེན་མདོར་འུབ་ཀྱིས་དྲིལ་ན་སྡོམ་པ་གསུམ་ལ་གནས་པར་བྱ་བ་དང་། སྒོ་གསུམ་དགེ་བ་ལ་འབད་པ་ལ་འདུས་པར་གདའ་ཡེ་ཞུས་པས། ཇོ་བོའི་ཞལ་ནས། དེས་ཅུང་མི་ཕན་གསུངས། འོ་ན་ཅི་ལགས་ཞུས་པས། སྡོམ་པ་གསུམ་ལ་གནས་ཤིང་ཚུལ་ཁྲིམས་རྣམ་པར་དག་ཀྱང་ཁམས་གསུམ་འཁོར་བ་ལས་ཡིད་མ་བྱུང་ན་སླར་འཁོར་བའི་རྒྱུ་བྱེད། ཉིན་མཚན་དུ་སྒོ་གསུམ་དགེ་བ་ལ་འབད་ཀྱང་འཁོར་གསུམ་ཡོངས་དག་གིས་དམིགས་མེད་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་བྱང་ཆུབ་ཏུ་བསྔོ་མ་ཤེས་ན་ཁོང་ཁྲོ་ལ་སོགས་པ་ཕྱིན་ཅི་ལོག་གི་རྟོག་པ་འགའ་ཞིག་གིས་དགེ་རྩ་འཛད་ཅིང་ཆུད་ཟ་བར་འགྱུར་བ་ཡིན། མཁས་པའི་མིང་བཙུན་པའི་གྲགས་པ་སྟོན་སྒོམ་ཆེན་པོའི་གོ་སའི་མིང་ཅན་དུ་ཡོད་ཀྱང་རྙེད་བསྟོད་གྲགས་བདེ་དང་དེའི་མི་མཐུན་ཕྱོགས་བཞི་སྟེ་འཇིག་རྟེན་ཆོས་བརྒྱད་ལ་བློ་མ་ལོག་ན་ཅི་བྱས་ཚེ་འདིའི་འདུན་མར་སོང་ནས་ཕྱི་མའི་ཐར་ལམ་མི་རྙེད། ཅེས་གསུངས་པས་བླ་མ་དགེ་བའི་བཤེས་གཉེན་གྱིས་ཟིན་པ་ནི་དེ་ལྟར་གལ་ཆེ་བ་ཡིན་ནོ། །བླ་མ་དགེ་བའི་བཤེས་གཉེན་གྱིས་མ་ཟིན་ན་ཐར་བའི་ལམ་མི་རྙེད་པ་ཤུགས་ལ་བསྟན། དམ་པའི་ཆོས་སྒྲུབ་པ་ལ་དལ་བརྒྱད་ཚང་བས་མི་ཕན། འབྱོར་བཅུ་ངེས་པར་ཚང་དགོས། རང་འབྱོར་ལྔའི་སྔ་མ་གསུམ་ཚང་ཡང་། ལས་ཀྱི་མཐའ་མ་ལོག་པ་དང་། དད་པའི་གནས་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཡོད་མེད་རང་གི་མ་གཏོགས་མི་ཤེས། དེ་བཞིན་གཞན་འབྱོར་ལྔའི་ཐད་ནས། སྔ་མ་གསུམ་པོ་ཚང་ཡང་། བསྟན་པའི་རྗེས་སུ་སྙིང་ཐག་པ་ནས་ཞུགས་ཡོད་མེད་དང་། གཞན་ཕྱིར་སྙིང་བརྩེ་ཡོད་མེད་ཐེ་ཚོམ་གྱི་གཞིར་གྱུར་བས། རང་རྒྱུད་ལ་རང་གིས་བརྟགས་ཤིང་དཔྱད་ནས་འབྱོར་བ་བཅུ་པོ་ཚང་ཡོད་མེད་ལ་ལྟོས། མ་ཚང་ན་ཚང་བའི་ཐབས་ལ་འབད། ཚང་ན་དགའ་བ་བསྒོམ་དགོས་ཏེ། རྒྱལ་སྲས་ཞི་བ་ལྷས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་ཡོད་མིན། །ཞེས་གསུངས་པ་ལྟར་ཡིན་པས། དཔྱད་འཇོག་སྤེལ་མར་ཐུན་དང་ཐུན་མཚམས་ཕྱེས་ཏེ་བསྒོམ། དེ་ལྟར་དལ་བ་བརྒྱད་འབྱོར་པ་བཅུ་དང་བཅོ་བརྒྱད་པོ་དེ་རང་རྒྱུད་ལ་བརྟགས་པས་ལེགས་པར་ཚང་ན། དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་ཞེས་བྱ་བ་དེ་ཡིན་ཡང་། ད་དུང་ཡང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ཡིད་བཞིན་རིན་པོ་ཆེའི་མཛོད་དུ་གསུངས་པ་བཞིན། འཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་བརྒྱད་དང་། རིས་ཆད་བློ་ཡི་མི་ཁོམ་པ་བརྒྱད་པོ་འདི་དག་གི་དབང་དུ་མ་གྱུར་པའང་གཅེས་ཏེ། ཇི་སྐད་དུ། ཡིད་བཞིན་མཛོད་ལས། དུག་ལྔ་འཁྲུགས་དང་བླུན་རྨོངས་བདུད་ཀྱིས་ཟིན། །ལེ་ལོ་ཅན་དང་ལས་ངན་མཚོ་ཆེན་རྡོལ། །གཞན་དབང་འཇིགས་སྐྱོབ་ཆོས་ལྟར་བཅོས་པ་སྟེ། འཕྲལ་བྱུང་རྐྱེན་གྱི་མི་ཁོམ་རྣམ་པ་བརྒྱད། །ཅེས་དང་། འཆིང་བ་དམ་ལྡན་ཀུན་སྤྱོད་ཤིན་ཏུ་ངན། །འཁོར་བར་མི་སྐྱོ་དད་པ་ཅུང་ཟད་མེད། །མི་དགེ་སྡིག་སྤྱོད་ཆོས་ལ་སེམས་པ་བྲལ། །སྡོམ་དང་དམ་ཚིག་འཆལ་བ་ཞེས་བྱ་བ། །རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད། །ཅེས་གསུངས་པ་བཞིན་བརྗོད་ན།

༢༽ འཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་བརྒྱད།

དང་པོ་འཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་བརྒྱད་ནི། གོང་དུ་དེ་ལྟར་དལ་འབྱོར་བཅོ་བརྒྱད་ཙམ་ཚང་བས་མི་ཕན་ད་དུང་འདི་ནས་བཤད་པའི་བརྒྱད་བརྒྱད་བསྣན་པས་དལ་འབྱོར་གྱི་ཆོས་སུམ་ཅུ་རྩ་བཞི་ཚང་དགོས་ཏེ། སྔོན་ལས་དང་འཕྲལ་རྐྱེན་གྱིས་དགྲ་གྱུར་བའི་སྡང་བའི་དགྲ་ལ་ཞེ་སྡང་དང་སྡིག་སེམས། རང་གི་གཉེན་གྱི་ཕྱོགས་ལ་ཆགས་སེམས་སྐྱེ་བ་ལ་སོགས་པ་སྟེ་གཏི་མུག་དང་ང་རྒྱལ་ཕྲག་དོག་བཅས་དུག་ལྔའི་ཉོན་མོངས་པ་ཤིན་ཏུ་རགས་པའི་རིགས་ཅན་གྱི་གང་ཟག་དེ་ལྟ་བུ་རྣམས་ནི། དམ་པའི་ཆོས་ཡང་དག་པ་ཞིག་སྒྲུབ་འདོད་ཀྱི་བློ་རེས་འགའ་སྟེ་སྐབས་རེ་འགའ་ཙམ་སྐྱེས་ཀྱང་། རང་རྒྱུད་ཀྱི་ཉོན་མོངས་དུག་ལྔ་དབང་ཆེ་སོང་བས་ཕལ་ཆེར་དུག་ལྔ་དེའི་དབང་དུ་སོང་སྟེ་ཆོས་ཡང་དག་པ་མི་འགྲུབ། དེ་ཡང་མི་འགའ་ཞིག་ཤིན་ཏུ་བླུན་པའི་རིགས་ཅན་ཤེས་རབ་ཀྱི་སྣང་བ་ཅུང་ཟད་ཀྱང་མེད་པ་དེ་ནི་ཆོས་སྒོར་ཞུགས་ཀྱང་ཆོས་ཀྱི་ཚིག་དོན་ཕྲན་བུ་ཡང་ཤེས་མི་ནུས་ཏེ་ཐོས་པ་བྱས་ན་ཚིག་མི་གོ། བསམ་པ་བྱས་ན་དོན་མི་ཤེས། སྒོམ་པ་བྱས་ན་གནས་ལུགས་ཀྱི་རྟོགས་པ་མི་སྐྱེ་བ་ནི་སྡིག་སྒྲིབ་ཆེ་བའི་སྟོབས་ཡིན་པས་ཐོས་བསམ་སྒོམ་གསུམ་བྱེད་པའི་སྐལ་པ་མེད་དེའི་གཉེན་པོ་སྟོབས་བཞི་ཚང་བའི་བཤགས་པ་བྱེད་ཅིང་། ཤེས་རབ་བསྐྱེད་པའི་ལྷ་འཕགས་པ་འཇམ་པའི་དབྱངས་ལ་གསོལ་བ་འདེབས་པ་དང་མཉམ་དུ་རང་ཉིད་ཀྱིས་བརྩོན་འགྲུས་བསྐྱེད་དགོས། ངས་མི་ཤེས་སྙམ་ནས་སྒྱིད་མི་ལུག་པར་ཉིན་རེ་བཞིན་ཚིག་རེ་རེ་ནས་བཟུང་ནས་འབད་ན་ཆུ་ཐིགས་བསགས་པས་རྒྱ་མཚོ་བཞིན་ཐོས་བསམ་སྒོམ་པའི་ཤེས་རབ་ཐོབ་པ་ཡིན། ལྟ་བ་དང་སྤྱོད་པ་འཚེ་བ་ཆོས་སུ་སྨྲ་བ་སོགས་ཕྱིན་ཅི་ལོག་ཏུ་སྟོན་པའི་བདུད་ཀྱི་བཤེས་གཉེན་གྱིས་ཟིན་ན་རང་བློ་ལོག་ལམ་དུ་བསྒྱུར་བས་ཡང་དག་པའི་ཆོས་དང་རྒྱབ་འགལ་བ་ཡིན་དེའི་གཉེན་པོ་དགེ་བའི་བཤེས་གཉེན་ཡང་དག་པ་ཡིན་མིན་བརྟག་དགོས། བརྟག་ཚུལ་ཕྱིའི་རྫུ་འཕྲུལ་དང་མངོན་ཤེས་ཡོད་མེད་ལ་མི་བརྟག བླ་མའི་ཐུགས་རྒྱུད་ན་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་དགེ་བའི་བཤེས་གཉེན་རྙེད་ན་དེ་ལ་དགའ་བ་བསྒོམས་ནས་བསྙེན་བཀུར་བྱེད་ཅིང་། དེ་ལས་ལོག་ན་སྤོང་དགོས། ཐུགས་རྒྱུད་བྱང་ཆུབ་སེམས་དང་བྲལ་ན་ནི་ད་ལྟ་ནམ་མཁའ་རུ་འཕུར་ནུས་པ་ཞིག་ཡིན་ཡང་ཧ་ལས་རྒྱུ་ཅི་ཡོད་དེ། བྱ་རྒན་གོ་བོ་སོགས་དུད་འགྲོ་རྣམས་ཀྱང་འཕུར་བས་སོ། །མདོར་ན་བླ་མ་བཟང་མི་བཟང་དང་བསྟེན་ཆོག་མི་ཆོག་ཐུགས་རྒྱུད་ན་སྙིང་རྗེས་དྲངས་པའི་བྱང་ཆུབ་སེམས་ཡོད་མེད་ལ་བལྟ་དགོས། ཆོས་ལ་ཐོག་མར་སློབ་པར་འདོད་པའི་བློ་ཙམ་ཡོད་ཀྱང་བར་དུ་དངོས་སུ་བརྩོན་པའི་དུས་སུ་བརྩོན་འགྲུས་ཅུང་ཟད་ཀྱང་མེད་པའི་ལེ་ལོ་ཅན་དང་སྒྱིད་ལུག་ཅན་ནི་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་སོང་སྟེ་ཆོས་མི་འགྲུབ་པ་ཡིན། དེའི་གཉེན་པོ་འཆི་བ་མི་རྟག་པ་སྙིང་ནས་དྲན་དགོས། ཆོས་སང་ཉིན་ཡིན། གནངས་ཉིན་ཡིན། གཞེས་ཉིན་ཡིན། རྒས་དུས་ཡིན། ཤི་དུས་ཡིན། ཤི་ཁ་ཁྲིག་ཁྲིག་ཡིན་སོགས་ཟེར་ཡང་དེ་ནམ་ཡིན་ཅི་ཤེས། དེས་ན་རྟག་སྦྱོར་དང་གུས་སྦྱོར་གྱི་བརྩོན་འགྲུས་རྩོམ་དགོས། ཆོས་སང་བྱ་དང་གནངས་བྱའི་མི་ཚེ་ཟད་པར་བསམས་ནས་ལ་འུར་ལ་འུར་ད་ལྟ་ཉིད་དུ་བརྩོན་པ་མ་བྱེད་ན་སྒུག་ལོངས་ཨེ་ཡོད་ཅི་ཤེས། ཆོས་ལ་བརྩོན་འགྲུས་བྱས་ཀྱང་རང་རྒྱུད་ལ་ཡོན་ཏན་སྣ་གཅིག་མི་སྐྱེ་བའི་སྡིག་སྒྲིབ་ཅན་རང་དབང་མེད་པར་ལས་ངན་གྱི་མཚོ་ཆེན་རྡོལ་བ་ནི། རང་བྱས་ཀྱི་ལས་འབྲས་མི་ཤེས་པར་ཆོས་ལ་ཡི་ཆད་སྐྱེ། དེའི་གཉེན་པོ་རྒྱུ་འབྲས་ཀྱི་རྣམ་བཞག་སྤྱི་དང་། ལས་བྱས་པ་ཆུད་མི་ཟ་ཞིང་། མ་བྱས་པ་དང་མི་འཕྲད། ལས་ཀྱི་རྣམ་སྨིན་དེ་རང་ཉིད་ལ་སྨིན་པ་མ་གཏོགས་ས་ལ་མི་སྨིན། རྡོ་ལ་མི་སྨིན། གཏན་དུ་སྡུག་བསྔལ་མྱོང་པའི་སྡིག་སྒྲིབ་ཀྱང་སྲབ་ཅིང་ཕྱི་མར་དམྱལ་བར་སྐྱེ་འགྱུར་གྱི་ལས་ཀྱང་རྟེན་འདིར་མགོ་ན་བ་ཙམ་གྱིས་དག་པ་སོགས་རྒྱུ་འབྲས་ལ་ངེས་ཤེས་འདྲེན་དགོས། དེ་ལྟར་ཀུན་ཀྱིས་ཉམས་སུ་ལེན་དགོས་ཀྱང་རང་ལ་རང་དབང་མེད་པར་གཞན་གྱིས་བྲན་དུ་བཀོལ་བ་རྣམས་ནི་ཆོས་བྱེད་འདོད་ཡོད་ཀྱང་གཞན་དབང་དུ་སོང་ནས་བསྒྲུབ་ཏུ་མི་སྟེར། དེའི་གཉེན་པོ་རང་དབང་རང་ལ་ཡོད་ཐབས་བྱེད་དགོས། ཚེ་འདིའི་ལྟོ་གོས་སམ་གནོད་པ་གཞན་གྱིས་འཇིགས་ནས་དང་། རྙེད་པ་ལ་སོགས་པ་དེ་དག་གི་ཆེད་དུ་ཆོས་ལ་ཞུགས་ཀྱང་ཞེ་ཐག་པ་ནས་ཆོས་ལ་ངེས་ཤེས་མེད་པས་ཤོག་གུ་དྲིལ་ལམ་རྒྱུག་པ་ལྟར་སྔོན་གྱི་བག་ཆགས་རྙིང་པའི་རྗེས་དེད་ནས་ཆོས་མ་ཡིན་པ་སྡིག་པའི་ལས་ལ་སྤྱོད། དེའི་གཉེན་པོ་འཇིག་རྟེན་ཚེ་འདིའི་བསམ་སྦྱོར་གྱི་ཉེས་དམིགས་ཤེས་ནས་སྤོང་དགོས། ཆོས་པ་མིན་ཡང་བྱ་སྤྱོད་ཀྱི་ཐོག་ནས་ཞི་དུལ་བག་ཡོད་བྱེད་མདོག་གི་ཚུལ་འཆོས་ཀྱིས་ཆོས་སུ་བཅོས་ནས་སྒོར་མོ་ལ་སོགས་ཡོ་བྱད་དང་བསྙེན་བཀུར་དང་། སྙན་གྲགས་སྒྲུབ་པའི་ཆེད་དུ་ཆོས་ཀྱི་གཟུགས་བརྙན་འཆང་པ་རྣམས་ནི་གཞན་སྣང་དུ་ཆོས་པ་ལྟར་བཅོས་ཀྱང་རང་གི་བློར་ཚེ་འདི་ཁོ་ནའི་བདེ་ཐབས་དང་སྐྱིད་ཐབས་ཙམ་དོན་དུ་གཉེར་བས་འཁོར་བ་ལས་ཐར་པའི་ལམ་དང་བྲལ་བ་དང་བཅས་འཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་བརྒྱད་པོ་དེ་ཡང་ཆོས་སྒྲུབ་པའི་གནས་སུ་མི་ཁོམ་པ་ཡིན་ནོ། །དེས་ན་དེ་དག་གིས་དབང་དུ་སོང་ན་ཐར་པ་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམ་འགྲོ་བས་འཁོར་བའི་ཉེས་དམིགས་ཤེས་ནས་ངེས་འབྱུང་གི་བློ་བསྐྱེད་དགོས།

༢༽ རིས་ཆད་བློ་ཡི་མི་ཁོམ་པ་བརྒྱད།

རིས་ཆད་བློ་ཡི་མི་ཁོམ་པ་བརྒྱད་ནི། རིས་ཆད་ཀྱི་དོན་རང་རྒྱུད་དང་ཐར་བ་ཐམས་ཅད་མཁྱེན་པའི་གོ་འཕང་གཉིས་ཀ་རིས་སུ་ཆད་པའམ་ཐ་དད་ལས་མཉམ་དུ་མ་འདྲེས་པ་ལ་གོ། དེས་ན་ཚེ་འདིའི་ནོར་རྫས་ལོངས་སྤྱོད་བུ་ནོར་གཉེན་འདུན་ལ་སོགས་པའི་ཆགས་ཞེན་གྱི་སྒྲོག་གིས་འཆིང་བ་དམ་པོས་བཅིངས་སོང་པས་བུ་ནོར་ལོངས་སྤྱོད་དེ་དག་གི་དོན་དུ་ཉིན་མཚན་ཤ་ཐང་ཆད་ནས་འབད་པའི་རྩོལ་སྒྲུབ་ཀྱི་བྲེལ་བ་ཆེན་པོས་གཡེངས་པའི་ངང་ནས་ཆོས་བྱེད་ལོང་མེད་ལ་དེའི་གཉེན་པོ་སྐྱེ་རྒ་ན་འཆི་བཞིས་བསྡུས་པའི་ཉེས་དམིགས་དྲན་དགོས། མི་རང་གི་གཤིས་རྒྱུད་ངན་པའི་མི་གཞི་བཟང་པོའི་གཤིས་ཀ་ཏིལ་འབྲུ་ཙམ་ཡང་མེད་ཅིང་ཀུན་སྤྱོད་མ་རུངས་པ་ལ་བཟང་པོའི་སྤྱོད་ཚུལ་ཇི་ལྟར་བསླབ་ཀྱང་བཅོས་རྒྱུ་མེད་པས་ཡར་སྐྱེད་འདོན་དུ་མེད་ན་སྔོན་གྱི་དམ་པ་དག་གི་གསུང་ལས། སློབ་མའི་ཡོན་ཏན་འཆོས་ཤེས་ཀྱང་། མི་གཞིའམ་གཤིས་ཀ་གང་ཡིན་དེ་མ་གཏོགས་འཆོས་མི་ཤེས་གསུངས་པ་ལྟར་ཡང་དག་པའི་བཤེས་གཉེན་དང་འཕྲད་ནས་ཡོན་ཏན་ཙམ་ཤེས་སྲིད་ཀྱང་དམ་པའི་ལམ་དུ་བསྒྱུར་དཀའ་བས་དེ་ལ་གཉེན་པོ་ཕལ་ཆེར་མེད་གསུངས། དམྱལ་བ་དང་ཡི་དྭགས་ལ་སོགས་ངན་སོང་དང་འཁོར་བའི་ཉེས་པ་ག་ཚད་བཤད་དམ་ཚེ་འདིའི་སྡུག་བསྔལ་ཇི་ལྟ་བུ་ལའང་སྐྲག་པའི་བློ་གཏན་ནས་མི་སྐྱེ་ན་ཆོས་ལ་འཇུག་པའི་རྒྱུ་ངེས་འབྱུང་གི་བློ་རྩ་བ་ནས་མི་སྐྱེ། ཡང་དག་པའི་ཆོས་དང་མཚན་ཉིད་ལྡན་པའི་བླ་མ་དམ་པ་དག་གིས་ཆོས་ཅི་འདྲ་གསུངས་པ་རྣམས་ལ་དང་པ་དང་་དད་པ་ཅུང་ཟད་ཀྱང་མེད་ན་བསྟན་པའི་འཇུག་སྒོ་འགགས་ཏེ་ཐར་བའི་ལམ་དུ་མི་ཚུད་པའི་རྟགས་དང་རྟེན་འབྲེལ་ངན་པ་ཡིན། དེའི་གཉེན་པོ་ཆོས་དང་བླ་མའི་ཡོན་ཏན་ཤེས་ཤིང་ཡིད་ཆེས་ཀྱི་དད་པ་བསྐྱེད་དགོས། སྤྱོད་འཇུག་ལས། མ་དྲངས་དྲོལ་བའི་ཁྲོད་གནས་ན། །བསྒྲིམས་ཏེ་རྨ་ཡི་བག་བྱེད་བཞིན། །སྐྱེ་བོ་ངན་ཁྲོད་གནས་པས་ཀྱང་། །སེམས་ཀྱི་རྨ་འདི་རྟག་ཏུ་བསྲུང་། །ཞེས་པའི་དོན་ལྟར། མ་དྲངས་དྲོལ་བའི་རིགས་ཅན་ཞེས་བག་མེད་དང་རྒོད་བག་ཅན་མི་དགེ་སྡིག་སྤྱོད་ལ་དགའ་བས་སྒོ་གསུམ་ཉེ་བར་མ་ཞི་བའི་དམུ་རྒོད་རྣམས་ནི་དམ་པའི་ཡོན་ཏན་དང་བྲལ་ཏེ་ཆོས་ལས་ཕྱིར་ཕྱོགས་པ་ཡིན་པས་ན་དེའི་གཉེན་པོར་རྟག་ཏུ་དྲན་ཤེས་བག་ཡོད་ཀྱིས་སྐུལ་མ་གདབ་པར་བྱ། ཡོན་ཏན་དགེ་བ་སྣ་གཅིག་དང་དམ་ཆོས་ཀྱི་སྣང་བ་སྤུ་ཙམ་ཡང་རང་ངོས་ནས་མེད་པ་ཁྱིའི་མདུན་དུ་རྩྭ་བཞག་པ་དང་རྟའི་མདུན་དུ་རུས་པ་སྤུངས་པ་ལྟར་གྱུར་ན་ཆོས་ལ་སྤྲོ་བ་མེད་པས་རང་རྒྱུད་ལ་ཡོན་ཏན་མི་སྐྱེ། དེའི་གཉེན་པོར་དཀོན་མཆོག་གསུམ་གྱི་ཡོན་ཏན་བརྗོད་དགོས། ཐུན་མོང་གི་ཐེག་པ་ལ་ཞུགས་ནས་སེམས་བསྐྱེད་དང་སྡོམ་པ་རལ་ན་ངན་སོང་ལས་འགྲོ་ས་མེད་པས་མི་ཁོམ་པའི་གནས་ལས་མི་ཐར་དེའི་གཉེན་པོ་ལྟུང་བ་འབྱུང་བའི་སྒོ་བཞི་ཤེས་པར་བྱས་ནས་སོ་ཐར་གྱི་རྩ་བ་བཞི་པོ་གཅིག་ཉམས་ཀྱང་གཞན་རྣམས་བསྲུངས་ནས་ཚུལ་ཁྲིམས་གང་རུང་ཉམས་པ་དེ་ཆོས་བཞིན་བཤགས་དགོས། ཚུལ་ལྡན་ང་རྒྱལ་ཆེ་བ་བས། །ཚུལ་འཆལ་འགྱོད་པ་མང་ན་དགའ། །གསུངས་པས་ཇི་མི་སྙམ་ཏུ་མི་བཞག་ནས་བཤགས་པར་འབད་ཅིང་། ཚུལ་ལྡན་གཞན་ལ་ཡི་རང་ཕུལ་ན་རང་ཉིད་ཚུལ་ལྡན་དུ་འགྱུར་ཞིང་བདུད་ཀྱི་རྒྱལ་མཚན་ཕྱིར་སྙིལ་ཞིང་བསྟན་པའི་རྒྱལ་མཚན་སྒྲེང་བ་ཡིན། གསང་བ་སྔགས་ཀྱི་ཐེག་པའི་བསྟན་པ་ལ་ཞུགས་ནས་སྔགས་ཀྱི་དབང་དང་སྡོམ་པ་ཞུས་ཟིན་པའི་བླ་མའི་སྐུ་གསུང་ཐུགས་ལ་འགལ་བ་དང་མཆེད་གྲོགས་ལ་དམ་ཚིག་ཉམས་ན་རང་གཞན་འདི་དང་ཕྱི་མར་ཕུང་ལ་སྦྱོར་བ་ཡིན་པས་ཚེ་འདིར་མི་འདོད་སྣ་དགུ་དང་ཕྱི་མ་ངན་སོང་གི་སྡུག་བསྔལ་འབྱུང་བ་ཡིན། དངོས་གྲུབ་ཀྱི་སྐལ་བ་ཆད་པ་སྟེ། སྔགས་ཀྱི་སྡོམ་པ་ཐམས་ཅད་རྩ་བ་བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ་འདུ་བ་ཡིན་པས་ན་སྐུ་ཡི་དམ་ཚིག་ཏུ་བླ་མ་དང་མཆེད་ལྕམ་གྱི་སྐུ་མི་བརྙས། གསུང་གི་དམ་ཚིག་ཏུ་དེ་དག་གི་གསུང་མི་བཅག ཐུགས་ཀྱི་དམ་ཚིག་ཏུ་ཐུགས་མི་དཀྲུག སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་ཤེས་པར་བྱས་ནས་བླ་མའི་ཅི་མཛད་ལེགས་པར་མཐོང་བའི་མོས་གུས་བསྐྱེད་དགོས། དེ་ལྟར་བརྒྱད་པོ་འདི་ནི་དམ་པའི་ཆོས་ལས་རིང་ཞིང་ཐར་པའི་སྒྲོན་མེ་ནུབ་པ་ཞེས་བྱའོ། །དེ་ལྟ་བུའི་མི་ཁོམ་པའི་གནས་བཅུ་དྲུག་པོ་འདི་ལ་ལེགས་པར་མ་བརྟགས་ན་དེང་སང་སྙིགས་མའི་དུས་འདིར་དལ་འབྱོར་ཚང་པ་དང་། ཆོས་བྱེད་པའི་གཟུགས་བརྙན་དུ་རློམ་པ་དུ་མ་ཡོད་ཀྱང་། ཁྲི་ཐོག་གི་དཔོན་པོ་གོ་གནས་ཅན། གདུགས་ཞབས་ཀྱི་བླ་མ་ཐོབ་ཐང་ཅན། རི་ཁྲོད་ཀྱི་ཆོས་པ་སྒོམ་ཆེན། རྒྱལ་ཁམས་གྱི་བྱ་བཏང་རྣལ་འབྱོར་བ་བཟང་པོར་རང་གིས་རློམ་པ་དང་གཞན་གྱིས་ཆགས་འཇོག་བྱེད་ས་ཐམས་ཅད་ཀྱང་འདོད་པའི་བར་ཆད་བདུད་ཀྱི་དབང་གིས་མི་ཁོམ་པའི་རྒྱུ་འདི་དག་གི་དབང་དུ་སོང་ནས་བཟུང་སྟེ་ཆོས་བྱེད་ལོ་སྒྲུབ་ལོ་སྒོམ་ལོ་མཚམས་འདུག་ལོ་སོགས་ཅི་བྱས་ཀྱང་ཡང་དག་པའི་ལམ་དུ་མི་འགྲོ་བ་དེ་བྱུང་བ་ཡིན་པས། ཙབ་ཙོབ་ཏུ་སྟེ་ཚབ་བེ་ཚུབ་བེས་ཕྱིར་ཚུལ་འཆོས་ཀྱིས་ཆོས་ཀྱི་གཟུགས་བརྙན་ཙམ་ལ་འཇུག་སྔ་བྱེད་པ་ལས་དང་པོ་རང་རྒྱུད་ལ་རང་གིས་ལེགས་པར་བརྟགས་ཏེ་དལ་འབྱོར་གྱི་རང་བཞིན་ཉི་ཤུ་རྩ་བཞི་པོ་འདི་དག་ཚང་ངམ་མི་ཚང་ལེགས་པར་བརྟག ཚང་པར་འདུག་ན་དགའ་བ་བསྒོམ་ཞིང་ད་རེས་འདི་ལྟ་བུའི་རྙེད་པར་དཀའ་བའི་དལ་འབྱོར་རྙེད་པ་འདི་ཆུད་ཟོས་སུ་མ་སོང་བར་ཡང་དག་པའི་ཆོས་ཤིག་ཅིས་ཀྱང་བསྒྲུབ་དགོས་སྙམ་དུ་ཞེ་ཐག་པ་ནས་ཡང་ཡང་བསམ། དལ་འབྱོར་གྱི་ཆོས་འདི་དག་གལ་ཏེ་མི་ཚང་བར་འདུག་ན་ཐབས་སྣ་ཚོགས་ཀྱི་སྒོ་ནས་གང་མ་ཚང་བ་དེ་ཚང་བའི་ཐབས་ལ་ཅི་ནས་ཀྱང་འབད་དགོས། དཔེར་ན་དལ་འབྱོར་བཅོ་བརྒྱད་དེ་འབྲོག་པའི་ལུག་བཅོ་བརྒྱད་ཡིན་པ་ལྟ་བུའི་དཔེར་མཚོན་ན། འཕྲལ་བྱུང་བརྒྱད་སྤྱང་ཀི་བརྒྱད་ཡིན་པ་ལྟ་བུར། སྤྱང་ཀིས་ལུག་གཅིག་བསད་ན་ཤུལ་ན་བཅུ་བདུན་ལས་མེད། གཉིས་བསད་སོང་ན་ཤུལ་ན་བཅུ་དྲུག་ལས་མེད། འཕྲལ་བྱུང་དེ་རྣམས་དེ་རིང་རང་རྒྱུད་ལ་མེད་རུང་སང་ཉིན་འབྱུང་ཉེན་ཆེ། སྤྱང་ཀི་ད་ལྟ་མ་བརྒྱུགས་ན་ད་ལྟ་རྒྱུགས་པ་དང་འདྲ། ཐུན་སྔ་མར་མེད་ཀྱང་ཕྱི་མ་ལ་འབྱུང་ཞིང་། ཐུན་མགོར་མེད་ན་ཐུན་མཇུག་ལ་འབྱུང་ཉེན་ཆེ་བས། རང་རྒྱུད་ལ་ཅིས་ཀྱང་བརྟགས་ཏེ་རེ་རེ་བཞིན་གཉེན་པོར་བསྟེན་པར་གལ་ཆེའོ། །རྫི་བོས་ལུག་འཚོས་པ་ལྟ་བུའི་རྩིས་བགྲང་ཞིག་རང་གིས་དུས་དང་རྣམ་པ་ཐམས་ཅད་དུ་རང་རྒྱུད་ལ་དལ་འབྱོར་གྱི་ཡོན་ཏན་འདི་དག་ཚང་མི་ཚང་བརྟགས་པ་ལ་བློ་རིག་བསྒྲིམས་ཏེ་འབད་བརྩོན་བྱེད་དགོས། དེ་ལྟར་མ་བརྟགས་ནས་རྒྱུན་དུ་ཁ་ཡན་དུ་སྐྱུར་བཏང་ན་དལ་འབྱོར་གྱི་ཡོན་ཏན་འདི་དག་ལས་གལ་ཏེ་གཅིག་ཙམ་ཞིག་མ་ཚང་ཡང་ཆོས་རྣལ་མ་སྒྲུབ་པའི་སྐལ་པ་མེད་པ་ཡིན་ཏེ། ཐ་ན་འཇིག་རྟེན་པའི་འཕྲལ་གྱི་དགོས་པ་ཕྲན་ཚེགས་ཆུང་ཆུང་རེ་སྒྲུབ་པ་ལའང་རྒྱུ་རྐྱེན་རྟེན་འབྲེལ་མང་པོ་ཚོགས་དགོས་ན། ཕུགས་ཀྱི་འདུན་མ་འདི་ཕྱི་གཉིས་ཕན་དམ་པའི་ལྷ་ཆོས་བསྒྲུབ་པ་ལ་རྒྱུ་རྐྱེན་རྟེན་འབྲེལ་མང་པོ་ཚོགས་ཅིའི་ཕྱིར་མི་དགོས། དེ་ཡང་དཔེར་ན་ལམ་འགྲུལ་ཞིག་གིས་ཚ་ཇ་གཅིག་བསྐོལ་བ་ལའང་། བསྐོལ་རྒྱུའི་ཇ་དེའི་སྣོད་ཆུ་ཤིང་མེ་ལ་སོགས་པ་མང་པོ་འཛོམ་དགོས་ཤིང་། དེའི་ནང་ནས་མེ་འབུད་རྒྱུ་གཅིག་པུ་དེ་ལ་མཚོན་ན་ཡང་། གནའ་སྔོན་ཆད་ཀྱི་སྤྱོད་སྟངས་མེ་ཆ་མེ་རྡོ་སྤྲ་བ་ལག་པ་ལ་སོགས་པའི་རྒྱུ་རྐྱེན་མང་པོ་མ་འཛོམས་པར་མི་འབྱུང་། དེ་དག་ཐམས་ཅད་ལས་སྤྲ་བ་ལྟ་བུ་གཅིག་མ་འཛོམས་ན་གཞན་ཐམས་ཅད་འཛོམས་ཀྱང་ཕན་པ་ཅུང་ཟད་ཀྱང་མེད་པར་ཇ་བསྐོལ་རྒྱུ་རྩ་བ་ནས་བསྐྱུར་དགོས་པ་དང་འདྲ་བར་དལ་འབྱོར་གྱི་ཡོན་ཏན་འདི་དག་ལས་གལ་ཏེ་གཅིག་ཙམ་མ་ཚང་ཡང་ཆོས་རྣལ་མ་སྒྲུབ་པའི་སྐལ་པ་རྩ་བ་ནས་མེད། དེས་ན་རང་རྒྱུད་ལ་ལེགས་པར་བརྟགས་ན་འཕྲལ་རིས་གཉིས་ཕར་ཞོག་དལ་འབྱོར་བཅོ་བརྒྱད་ཙམ་ཡང་ཚང་བ་ངེས་པར་དཀའ་སྟེ། དལ་བ་ལས་ཀྱང་འབྱོར་པ་བཅུ་ཚང་བ་དཀོན། དེ་ཡང་མིར་གྱུར་དབང་པོ་ཚང་ཡུལ་དབུས་སུ་སྐྱེས་པ་ཙམ་ཡོད་སྲིད་ཀྱང་། ལས་ཀྱི་མཐའ་ལོག་ལམ་ལ་ཞུགས་ཤིང་རྒྱལ་བའི་བསྟན་པ་ལ་མ་དད་ན་སྔ་མ་གསུམ་ལས་མེད། དེ་གཉིས་གང་རུང་གཅིག་མ་ཚང་ན་བཞི་ལས་མེད། དེ་དག་ལས་ཀྱང་ལས་ཀྱི་མཐའ་མ་ལོག་པ་འདི་ཤིན་ཏུ་དཀའ་སྟེ། སྒོ་གསུམ་གྱི་ལས་བྱེད་ཚད་མི་དགེ་བའི་ལས་ལ་སྤྱོད་ཅིང་ཅི་བྱེད་ཚེ་འདིའི་འདུན་མར་སོང་ན་ཚེ་འདིར་བཟང་པོ་དང་མཁས་པ་སོགས་སུ་གྲགས་ཀྱང་དོན་དུ་ལས་མཐའ་ལོག་པ་ཡིན། གཞན་འབྱོར་ལྔ་ལས་ཀྱང་། སྟོན་པ་བྱོན་ཆོས་གསུངས། བསྟན་པ་གནས་སུ་ཟིན་ཀྱང་། རང་ཉིད་བསྟན་པའི་སྒོར་མ་ཞུགས་ན་སྔ་མ་གསུམ་ལས་མེད། བསྟན་པའི་སྒོར་ཞུགས་པ་དེ་ཡང་ཆོས་ཞུས་ལོ་དང་ཐོབ་ལོ་ཙམ་གྱིས་བསྟན་པའི་སྒོར་ཞུགས་པར་མི་འགྲོ། ཐར་པའི་ལམ་སྣེ་ཟིན་པ་ལ་འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་ཤེས་པའི་ངེས་འབྱུང་གི་བློ་བཅོས་མ་མ་ཡིན་པ་ཞིག་དང་། ཐེག་ཆེན་གྱི་ལམ་དུ་འགྲོ་བ་ལ་བཅོས་མ་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་པ་ཞིག་ངེས་པར་དུ་དགོས། ཐ་ནའང་སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྙིང་ནས་ཡིད་ཆེས་པའི་དད་པ་སྲོག་ལ་བབས་ཀྱང་མི་ལྡོག་པའི་ངེས་ཤེས་བརྟན་པོ་ཞིག་མེད་ན་ཁ་ཏོན་བྱེད་ལོ་དང་སྐྱབས་འགྲོ་བྱེད་ལོ་དང་། དགེ་བ་སྒྲུབ་ལོ་དང་མར་མེ་མཆོད་ལོ་དང་། སྐོར་བ་བྱེད་ལོ་དང་སེར་གོས་གྱོན་པ་ཙམ་གྱིས་བསྟན་པའི་སྒོར་ཞུགས་ཡིན་པའི་ངེས་པ་མེད་དེ་རྟགས་ཙམ་འཛིན་པའི་བསྟན་པའི་དུས་སུ་ཡང་གོས་དམར་མདོག་ཅན་ཡོད་ལ། དེས་ན་དལ་འབྱོར་ཀྱི་རང་བཞིན་འདི་དག་ཇི་བཞིན་མ་ནོར་བར་ཤེས་ནས་བརྟགས་དཔྱད་བྱེད་པ་གལ་ཆེ་བ་ཡིན་ནོ། །རྙེད་དཀའི་དཔེ་ལ་བསམ་པ་འདིའི་སྔོན་ལ་མན་ངག་གི་ལུགས་ལ་རྒྱུ་དཔེ་གྲངས་གསུམ་གྱི་སྒོ་ནས་བསམ་དགོས་པས། དང་པོ་རྒྱུའི་སྒོ་ནས་རྙེད་པར་དཀའ་ལུགས་ལ་ཡང་ཡང་བསམ་དགོས། དེ་ཡང་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས། དལ་འབྱོར་མི་ལུས་ཐོབ་པ་འདི། །ཕོ་སྒོ་མཐོ་བས་མ་ལགས་ཏེ། །བསོད་ནམས་བསགས་པའི་འབྲས་བུ་ཡིན། །ཞེས་གསུངས་པ་ལྟར། སྤྱིར་རང་ཉིད་ཀྱིས་སྔར་ལས་དགེ་བའི་དངོས་པོ་ཅི་བསགས་པ་དང་། ད་ལྟ་ཅི་འདྲ་བསགས་ཡོད་ལ་བསམ་བློ་ཞིག་བཏང་ན། གལ་ཏེ་དགེ་བ་ཅུང་ཟད་རེ་བསགས་ཡོད་ནའང་དེ་དང་མཉམ་དུ་སྡིག་པའང་མང་པོ་བསགས་ཡོད་ངེས་པས་ན། འབྱོར་བ་བཅུ་དང་ལྡན་པའི་མི་ལུས་ལྟ་ཅི། དལ་བའི་རྟེན་ཙམ་ཡང་ཐོབ་པ་ཤིན་ཏུ་དཀའ་ནི་རེད། བྱེ་བྲག་དལ་བ་ཐོབ་པ་ལ་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་དགོས། འབྱོར་བ་ཐོབ་པ་ལ་སྦྱིན་སོགས་དགེ་བའི་བསགས་རྒྱབ་མང་པོར་དགོས་པ་མ་ཟད། དལ་འབྱོར་ཐོབ་པའི་ཆེད་དུ་རྐྱེན་སྨོན་ལམ་རྣམ་པར་དག་པ་ཞིག་མེད་ཐབས་མེད་ཀྱིས་མཚམས་སྦྱར་དགོས། དེས་ན་དལ་རྟེན་ཐོབ་པའི་རྒྱུ་ཚུལ་ཁྲིམས་ལ་མཚོན་ན། ཕྱི་སོ་ཐར་གྱི་སྡོམ་པ་ལ་སྤང་བའི་བསླབ་བྱ་གཉིས་བརྒྱ་ལྔ་བཅུ་རྩ་གསུམ་དང་། བསྒྲུབ་པའི་བསླབ་བྱ་གཞི་བཅུ་བདུན་ཡོད་ཀྱང་དཀའ་མོ་གདའ། རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཟབ་མོ་ལྟ་ལུགས་ལ་བསམ་ན་རྩ་ལྟུང་བཅོ་བརྒྱད་སྨོན་འཇུག་གི་བསླབ་བྱ་གཉིས་དང་ཉི་ཤུ་ལ་སོགས་དང་། རྒྱ་ཆེན་སྤྱོད་པའི་ཕྱོགས་ལ་བསམ་ན། རྩ་ལྟུང་ཀུན་སློང་བཞི་སྦྱོར་བ་བརྒྱད་ལ་སོགས་པའི་རྣམ་གྲངས་མང་པོ་ཞིག་གསུངས་ཡོད། གསང་སྔགས་རྡོ་རྗེའི་ཐེག་པའི་སྐབས་ན་དེ་བས་ཀྱང་ཐོག་མའི་བརྟུལ་ཞུགས་ཉེར་ལྔ། ཐུན་མོང་ཕྱི་ནང་གི་རིགས་ལྔའི་སྡོམ་པ། རྩ་ལྟུང་བཅུ་བཞི། ཡན་ལག་གི་སྦོམ་པོ་བརྒྱད་ལ་སོགས་པ་གསུངས་པ་དང་། རྫོགས་པ་ཆེན་པོའི་སྐབས་བསྲུང་དུ་ཡོད་པ་རིམ་གྱིས་པའི་དམ་ཚིག་རྩ་བ་བླ་མའི་སྐུ་གསུང་ཐུགས་ལ་དབྱེ་བ་ཉེར་བདུན། བསྲུང་དུ་མེད་པ་གཅིག་ཆར་བའི་དམ་ཚིག་མེད་པ། ཕྱལ་བ། ལྷུན་གྲུབ། གཅིག་པུ་ལ་སོགས་པ་ཡིན། ཡན་ལག་གི་དམ་ཚིག་ས་མ་ཡ་འབུམ་སྡེ་ལ་སོགས་པའི་རྣམ་གྲངས་ལ་བསམ་ན། དལ་བ་ཐོབ་པའི་རྒྱུ་ཡིད་རྟོན་རུང་བ་ཞིག་ཉིན་མོའི་སྐར་མ་བས་དཀོན། གལ་ཏེ་ཚུལ་ཁྲིམས་རྣམ་པར་དག་པ་ཞིག་བསྲུངས་ནས་དལ་བ་ཐོབ་པའི་རྒྱུ་ཞིག་ཡོད་ཀྱང་། འབྱོར་བ་ཐོབ་པའི་རྒྱུ་སྦྱིན་སོགས་དགེ་བའི་དངོས་པོ་ཡར་དཀོན་མཆོག་ལ་མཆོད་པ། མར་ངན་སློང་ལ་སྦྱིན་པ་དེའི་ཕྱོགས་ནས་ཅི་ཙམ་བྱས་ཡོད་རང་གིས་རང་ལ་བརྟགས་ན་དཀའ། ད་དུང་རྐྱེན་སྨོན་ལམ་དག་པས་མཚམས་སྦྱར་དགོས་ན། དེ་ཡང་གསུམ་པོ་མཉམ་དུ་འཛོམས་དཀའ་མོ་རེད། སྔ་མར་གང་བྱས་ད་ལྟའི་ལུས་ལ་ལྟོས། །གསུངས་པས་སྔོན་བསགས་བསོད་ནམས་ཀྱི་འབྲས་བུ་ད་རེས་མི་ལུས་ཆོས་ལྡན་ཞིག་ཐོབ་ན་ཡང་། ཕྱི་མར་གར་སྐྱེ་ད་ལྟའི་ལས་ལ་ལྟོས། །གསུངས་པས་ད་ལྟ་བསགས་པ་རང་གིས་མི་ཤེས་རྒྱུ་མེད་པས། སྤྱིར་དལ་འབྱོར་ཚང་བའི་ལུས་རྟེན་ཐོབ་པ་ལྟ་ཅི་མི་ལུས་ཙམ་ལེན་རྒྱུ་ཡང་དཀའ་མོ་རེད། དེས་ན་ད་རེས་ཀྱི་ལུས་རྟེན་འདིའི་སྟེང་ནས་དལ་འབྱོར་ལ་སྙིང་པོ་ཞིག་ལོན་དགོས། ཡར་འགྲོ་མར་འགྲོའི་ས་མཚམས་ལམ་རྒྱ་གྲམ་གྱི་བཞི་མདོ་འདི་ལ་ད་རེས་ཐོན་ཡོད་པས། སྐྱིད་ནས་སྐྱིད་ཀྱི་ལམ་ལ་འགྲོ་བསམ་ན་རང་ལག་རེད། དམ་པའི་ཆོས་བསྒྲུབས་ནས་རྣམ་དཀར་དགེ་བའི་ལས་ཤིག་བསགས་ན་ཚེ་སྟོད་བས་ཚེ་སྨད། ཚེ་སྨད་བས་ཕྱི་མར་སྐྱིད། སྡུག་གི་སྣེ་འཛིན་བསམ་ནའང་རང་ལག་རེད། འཁྲུལ་སྣང་འཁོར་བའི་ལས་ལམ་ལ་ཞེན། མི་དགེ་སྡིག་པ་འབའ་ཞིག་བསགས་ན་ཚེ་སྟོད་བས་ཚེ་སྨད་སྡུག ཚེ་སྨད་བས་བར་དོའི་སྡུག དེ་བས་ཕྱི་མར་སྡུག ཇེ་སྡུག་ཇེ་མཐར་སོང་ནས་ངན་སོང་ངན་འགྲོའི་གནས་སུ་སྡུག་པོ་ཞིག་འོང་ངེས། ད་རེས་སྤྱིར་ལུས་རྟེན་འདིའི་སྟེང་ནས་སྙིང་པོ་ཞིག་ལེན་ཐུབ་ན་ཚེ་འདི་ཕྱི་གཉིས་ཀར། སྐྱིད་ཐབས་དང་བདེ་ཐབས་ཡིན་པས་དེ་མི་དགོས་པ་ཞིག་སྲིད་རྒྱུ་མ་རེད། དེས་ན་སྙིང་པོ་ལེན་ལུགས་ཀྱི་རྣམ་གྲངས་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ལམ་ནས་སྙིང་པོ་མཐར་ཐུག་གི་འབྲས་བུ་ལའང་ཆུང་འབྲིང་ཆེ་གསུམ་གྱི་ཁྱད་པར་ཡོད་དེ། སྐྱེས་བུ་ཆུང་ངུས་ངན་སོང་གསུམ་པོ་སྡུག་བསྔལ་གྱི་རང་བཞིན་ཤེས་ནས། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་བསྲུངས། ཡར་མཆོད་མར་སྦྱིན་བྱས། བསམ་གཏན་དང་གཟུགས་མེད་ཀྱིས་ཏིང་ངེ་འཛིན་བསྒོམས་ནས་མི་གཡོ་བའི་ལས་བསགས་ཏེ། ལྷ་མིའི་གོ་འཕང་ཐོབ་པ་དེ་སྐྱེས་བུ་ཆུང་ངུའི་སྙིང་པོ་ལེན་ལུགས་ཡིན་ཡང་། འབྲིང་དང་ཆེན་པོའི་སྙིང་པོ་ལོན་མེད། སྐྱེས་བུ་འབྲིང་གི་ལམ་ལམ་བདེན་བདག་མེད་རྟོགས་པའི་ཤེས་རབ། འཁོར་ཚུལ་ཁྲིམས་དང་ཏིང་འཛིན་གྱི་བསླབ་པ་སྟེ་བསླབ་པ་གསུམ་ལ་བསླབས་ཀྱང་། རང་དོན་ཡིད་བྱེད་ཀྱི་བློ་དང་མ་བྲལ་བས་འབྲས་བུ་ཉན་རང་གི་གོ་འཕང་ཞིག་སྙིང་པོ་ལོན་ནའང་། སྐྱེས་བུ་ཆེན་པོའི་ལུགས་ཀྱི་སྙིང་པོ་ལོན་མེད། དེས་ན་སྐྱེས་བུ་ཆེན་པོའི་ལུགས་ཀྱི་རིང་ལམ་མཚན་ཉིད་ཐེག་པ། ཉེ་ལམ་རྡོ་རྗེའི་ཐེག་པ། གསང་སྔགས་ཀྱི་ཉེ་ལམ་དེ་ལའང་རིང་ལམ་ཀྲི་ཡོག་སྡེ་གསུམ། ཉེ་ལམ་མ་ཧཱ་ཨ་ནུ་གཉིས། མྱུར་ལམ་འོད་གསལ་རྫོགས་པ་ཆེན་པོ་བཅས་ཡོད་ལ། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་མན་ངག་སྡེའི་ལམ་ནས་ལོ་དང་ཟླ་བས་འཇའ་ལུས་འཕོ་བ་ཆེན་པོའི་གོ་འཕང་ཐོབ་པས་ལམ་དེ་ལྟ་བུའི་ཐོག་ནས་དལ་འབྱོར་ལ་སྙིང་པོ་ཞིག་ལེན་དགོས་བསམ་རྒྱུའི་དཔྱད་འཇོག་སྤེལ་མའི་སྟེང་ནས་ཡང་ནས་ཡང་དུ་རང་གི་རྒྱུད་ལ་སྦྱར་ཏེ་རྒྱུ་རྐྱེན་འཛོམས་ཐབས་བྱེད་རྒྱུ་གལ་ཤིན་ཏུ་ཆེ།

༼༣ རྙེད་དཀའི་དཔེ་ལ་བསམ་པ།

གསུམ་པ་རྙེད་དཀའི་དཔེ་ལ་བསམ་པ་ནི། རྒྱ་མཚོ་ལ་རྦ་རླབས་ཡོད་པས་རླབས་ཆེན་པོས་ཤར་དང་ནུབ་ཏུ་འཕྱོ་ཞིང་རླུང་གིས་རྣམ་པར་དཀྲུགས་པའི་རྒྱ་མཚོའི་སྟེང་གི་གཉའ་ཤིང་གི་བུ་ག་དང་། རྒྱ་མཚོའི་གཏིང་ངམ་ཞབས་ཀྱི་རུས་སྦལ་གྱི་མགྲིན་པ་འཕྲད་པ་དཀའ་བ་ད་དུང་དེ་ལས་ཀྱང་མི་ལུས་ཐོབ་དཀའ་བར་བཅོམ་ལྡན་འདས་ཀྱིས་མདོ་ལས་གསུངས་ཏེ། དེ་ཡང་སྟོང་གསུམ་འདི་རྒྱ་མཚོ་ཆེན་པོ་གཅིག་ཏུ་གྱུར་པ་དེའི་ཁར་རོང་པས་ཞིང་རྨོ་དུས་རྨོས་གླང་གི་རྭ་ཕན་ཚུན་སྦྲེལ་བར་བྱེད་པའི་ཤིང་ལ་གཉའ་ཤིང་དུ་གྲགས་པ་དེ་ལྟ་བུ། བུ་ག་གཅིག་པ་ཞིག་ཡོད་པ་དེ་རྒྱ་མཚོ་ཆེན་པོ་དེའི་ཁ་ནས་ཤར་གྱི་རླབས་ཀྱིས་ནུབ་ཀྱི་ཁར་དེད་པ་དང་། ནུབ་ཀྱི་རླབས་ཀྱིས་ཤར་དུ་དེད་པ་སོགས་སྐད་ཅིག་ཀྱང་མི་སྡོད་པར་རླུང་གིས་དེད་ནས་འགྲོ་བ་ཞིག་ཡོད་ལ། མཚོ་དེའི་གཏིང་ན་རུས་སྦལ་ལོང་བ་མིག་མེད་པ་ཞིག་ལོ་བརྒྱ་རེའི་མཚམས་ན་མཚོ་ཁར་ལན་རེ་འོང་བ་ཞིག་ཡོད་པ་རུས་སྦལ་དེའི་མགྲིན་པ་དང་གཉའ་ཤིང་གི་བུ་ག་དེ་གཉིས་འཕྲད་པ་ནི་ཤིན་ཏུ་དཀའ་སྟེ། གཉའ་ཤིང་སེམས་མེད་བེམ་པོ་ཡིན་པ་ལ་རུས་སྦལ་ཚོལ་བའི་བློའམ་སེམས་མེད། རུས་སྦལ་ལོང་བ་ལ་གཉའ་ཤིང་གར་ཡོད་བལྟ་བའི་མིག་མེད། གཉའ་ཤིང་དེ་ཡང་རྒྱ་མཚོའི་ཕྱོགས་གཅིག་ཏུ་རྒྱུན་ཏུ་སྡོད་ན་འཕྲད་སྲིད་པ་ལས། དུས་རྒྱུན་པར་སྐད་ཅིག་ཀྱང་མི་སྡོད་པར་རླུང་གིས་ཕྱོགས་ཀུན་ཏུ་དེད། རུས་སྦལ་དེ་ཡང་རྟག་ཏུ་མཚོ་ཁར་ཉུལ་ནས་འགྲོ་བཞིན་ཡོད་ན་སྐོར་གཅིག་མིན་ན་སྐོར་གཅིག་འཕྲད་སྲིད་པ་ཙམ་ལས། ལོ་བརྒྱ་རེ་ན་མཚོ་ཁར་ལན་རེ་ལས་མི་འབྱུང་གཉའ་ཤིང་དེ་ཡང་སྐད་གཅིག་ཙམ་ཡང་མི་སྡོད་བས་དེ་གཉིས་འཕྲད་པ་ཤིན་ཏུ་དཀའ་ཡང་། སྟབས་ལེགས་དང་སྟེས་དབང་གིས་གཉའ་ཤིང་གི་བུ་གར་རུས་སྦལ་གྱི་མགྲིན་བ་ཆུད་པ་ཡང་སྲིད་མོད་ཀྱི། དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་རྙེད་པ་ནི་དེ་ལས་ཀྱང་དཀའ་བར་བཅོམ་ལྡན་འདས་ཀྱིས་མདོ་ལས་གསུངས་བའི་དོན་མགོན་པོ་ཀླུ་སྒྲུབ་ཀྱིས། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་བུ་ག་དང་། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །ཅེས་རྒྱལ་པོ་བདེ་སྤྱོད་ལ་གདམས་པ་དང་། ཞི་བ་ལྷས་ཀྱང་། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི། །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་རྙེད་དཀའ་གསུངས། །ཞེས་པ་ལྟར་དང་རྒྱ་མཚོ་ཆེན་པོ་རྒྱ་ཆེ་ཞིང་གཏིང་ཟབ་པ་ལྟར་དུ། ངན་སོང་གསུམ་གྱི་སྡུག་བསྔལ་འདི་གཏིང་ཟབ་ཅིང་མཐའ་མི་མངོན་པ་ཡིན་པར་མཚོན། རུས་སྦལ་ལོང་བ་ལྟ་བུའི་ངན་སོང་གི་འགྲོ་བ་དེ་རྣམས་བླང་དོར་གྱི་མིག་དང་བྲལ་བ་ཞིག་ཡིན། ལོ་བརྒྱ་རེའི་མཚམས་མཚོ་ཁར་ལན་རེ་ལས་མི་འབུད་པ་དེ། ངན་སོང་གི་གནས་ལས་ཐར་དཀའ་བ་བསྟན། གཉའ་ཤིང་བུ་ག་གཅིག་པ་དེ་ལྟ་བུ་ལྷ་མིའི་ལུས་རྟེན་དེ་རྒྱ་ཆུང་ཞིང་ཉུང་བའི་དོན་ཡིན། རླུང་གིས་དེད་པ་ལྟ་བུ་དགེ་བའི་ལས་ཀྱི་གཞན་དབང་ཅན། དེ་ལྟར་མཚོན་བྱ་དང་མཚོན་བྱེད་ཀྱི་དཔེ་དོན་གྱི་གོ་བ་ཤེས་དགོས། གཞན་ཡང་ཟླ་བའི་སྙིང་པོའི་མདོ་སོགས་ལས་ཀྱང་གྱང་ལོགས་ཞལ་བ་འཇམ་པོ་བྱུག་ཡོད་པའི་ངོས་ལ་སྲན་མ་སྤར་གང་གཏོར་བར་བྱས་ན་གཅིག་ཙམ་ཆགས་དཀའ་བའི་དཔེ་དང་། ཁབ་ཀྱི་རྩེ་གྱེན་དུ་བསྟན་པ་དེའི་ཐོག་ལ་ཡང་སྲན་མ་སྤུངས་ཀྱང་རེ་རེ་ཙམ་ཡང་ཆགས་དཀའ་བའི་དཔེ་དང་། ཡང་མེ་ཏོག་ཨུ་དུམ་ཝཱ་ར་སངས་རྒྱས་འཇིག་རྟེན་བྱོན་སྐབས་ལས་གཞན་མི་སྐྱེ་བས་འབྱུང་དཀའ་ལ། དེ་དང་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་གཉིས་ད་དུང་མི་ལུས་ཐོབ་དཀའ་བ་མྱང་འདས་ལས་གསུངས་པ་སོགས་ཀྱིས་མཚོན་ནས་ཤེས་པར་བྱའོ།།

༼༤ གྲངས་ཀྱི་ཁྱད་པར་བསམ་པ།

བཞི་པ་གྲངས་ཀྱི་ཁྱད་པར་བསམ་པ་ནི། སྲོག་ཆགས་སེམས་ཅན་གཞན་གྱི་གྲངས་དང་རིམ་པ་ལ་ལྟོས་ནས་མང་ཉུང་བསྡུར་འོང་ན་མི་ལུས་ཐོབ་པ་ནི་སྲིད་པ་ཙམ་སྟེ། འདི་ལྟར་དམྱལ་བའི་སེམས་ཅན་ནི་མཚན་མོའི་སྐར་མ་ཙམ་དུ་མང་ལ། དེའི་ཐད་ནས་ཡི་དྭགས་གྱི་སེམས་ཅན་ནི་ཉིན་མོའི་སྐར་མ་ཙམ་དུ་ཉུང་། ཡི་དྭགས་ནི་མཚན་མོའི་སྐར་མ་ཙམ་དུ་མང་ལ་དེའི་ཐད་ནས་དུད་འགྲོ་ཉིན་མོའི་སྐར་མ་ཙམ་དུ་ཉུང་བ་དང་། ཡང་དུད་འགྲོ་མཚན་མོའི་སྐར་མ་ཙམ་དུ་མང་ལ་དེའི་ཐད་ནས་བདེ་འགྲོ་ལྷ་མིའི་ལུས་རྟེན་ནི་ཉིན་མོའི་སྐར་མ་ཙམ་ལས་མེད་པར་གསུངས་པ་དང་། གཞན་ཡང་དམྱལ་བ་ནི་ས་ཆེན་པོའི་རྡུལ་ཙམ། ཡི་དྭགས་ནི་ཆུ་བོ་གངྒཱའི་ཀླུང་གི་བྱེ་མ་ཙམ། དུད་འགྲོ་ནི་ཆང་འགག་གི་སྦང་མ་ཙམ། ལྷ་མ་ཡིན་ནི་ཁ་བ་བུ་ཡུག་འཚུབས་པ་ཙམ། ལྷ་དང་མི་ནི་སེན་མོའི་སྟེང་གི་རྡུལ་ཙམ་ལས་མེད་པར་གསུངས་པས། མདོར་ན་འགྲོ་བ་རིགས་དྲུག་གི་ནང་ནས་མིའི་ལུས་རྟེན་ཤིན་ཏུ་ཉུང་ཞིང་། དེའི་ནང་ནས་ཀྱང་དལ་འབྱོརབཅོ་བརྒྱད་ཚང་བའི་མི་ལུས་རྙེད་དཀའ་གསུངས། གཞན་ཡང་འབྲུའི་ཕུང་པོ་ཆེན་པོ་སྤུངས་ན་རྨང་ཆེ་ལ་རྩེ་མོ་ཕྲ་བ་བཞིན་ངན་སོང་གསུམ་གྱི་གནས་རྒྱ་ཆེ་བ་དང་མཐོ་རིས་ཀྱི་འཇིག་རྟེན་ཤིན་ཏུ་ཉུང་བ་ཡིན། སྤྱིར་མཐོ་རིས་ཀྱི་ལུས་རྟེན་དཀོན་ཞིང་། དེ་ལས་ཀྱང་དལ་འབྱོར་གྱི་མི་ལུས་དཀོན་པ་ཡིན་ཞིང་། ད་ལྟ་རང་རེས་བརྟགས་ཀྱང་དབྱར་ཀའི་དུས་ན་ས་གཞི་མཐུ་བ་ཙམ་ལ་སྲོག་ཆགས་གནས་པ་དང་། གྲོག་ཚང་གཅིག་གི་གྲོག་མ་ཙམ་འཛམ་གླིང་གི་མི་ལ་མེད་པ་ལྟ་བུའི་མི་དང་དུད་འགྲོའི་མང་ཉུང་མཐོང་ཆོས་སུ་གྱུར་ཅིང་། མི་ལའང་ཆོས་སྒྲ་རྣ་བས་གོ་མ་མྱོང་བ་བསྟན་པའི་སྣང་བ་མེད་པ་དང་། གལ་ཏེ་ཅུང་ཟད་གོ་ཡང་དད་པ་མེད་པའི་མཐའ་འཁོབ་ཀྱི་འགྲོ་བའི་གྲངས་ལ་བསམ་བློ་བཏང་ནས་བརྟགས་ཤིང་དཔྱད་ན་དམ་པའི་ཆོས་དར་སར་སྐྱེས་པའི་མི་ནི་ཤིན་ཏུ་དཀོན་ཞིང་། དེ་ལས་ཀྱང་དལ་འབྱོར་དང་ལྡན་པའི་མི་ལུས་ནི་རེ་རེ་ཙམ་ལས་མེད་པ་སོགས་ལ་བསམས་ནས་རང་གིས་དལ་འབྱོར་ཡང་དག་པར་རྙེད་པ་ལ་དགའ་བར་བསྒོམ་མོ། །དེ་ལྟར་དལ་འབྱོར་གྱི་ཡོན་ཏན་ཐམས་ཅད་ལེགས་པར་ཚང་ན་ནི་མི་ལུས་རིན་པོ་ཆེ་ཞེས་འབོད་དུ་རུང་བ་དེ་ཉི་མ་དེ་རིང་ནས་རང་གི་ལུས་རྟེན་འདིའི་ཐོག་ལ་མངོན་དུ་གྱུར་པ་ཡིན་ལ། དེ་དག་མ་ཚང་ན་འཇིག་རྟེན་གྱི་ཕྱོགས་ལ་རྣམ་རིག་སྤྱང་གྲུང་དུ་འཛོམས་ཀྱང་མི་ལུས་རིན་པོ་ཆེ་ནི་མ་ཡིན་ཏེ། མི་ལུས་ཕལ་པའམ། ཟ་ཤེས། འཐུང་ཤེས། ཉལ་ཤེས། འགྲོ་ཤེས་ཙམ་ནི་དུད་འགྲོས་ཀྱང་ཤེས། དེ་མིན་དགེ་སྡིག་བླང་དོར་གྱི་གནས་མ་ཤེས་ན་མི་ལུས་ཙམ་པོ་བ་ཞེས་བྱ་སྟེ་ཁྱད་པར་ཅན་མ་ཡིན། འདི་ཕྱིའི་སྡུག་བསྔལ་ཐམས་ཅད་ཀྱི་སྣ་འདྲེན་ཡིན་པས་བྱུར་པོ་ཆེ་ཞེས་བྱ། སྙིང་པོ་མེད་པ་ཞེས་བྱ། དལ་རྟེན་ལ་སྙིང་པོ་མ་ལོན་པས་སྟོང་ལོག་མཁན་ཞེས་བྱ་སྟེ། ཡིད་བཞིན་གྱི་ནོར་བུ་ལག་ཏུ་ལོན་པ་ཆུད་ཟོས་སུ་བྱེད་པའམ་རིན་པོ་ཆེ་གསེར་གྱི་གླིང་ནས་སྟོང་ལོག་བྱེད་པ་ལྟ་བུ་སྟེ། ཇི་སྐད་དུ། །མི་ལུས་རིན་ཆེན་རྙེད་པ་འདི། །ནོར་བུ་རྙེད་པའི་དོ་མ་ཡིན། །སྐྱོ་ཤས་མེད་པའི་མི་རྣམས་ཀྱིས། །སྟོང་ཟད་བྱས་པ་མཐོང་ལགས་སམ། །བླ་མ་དམ་པ་མཇལ་བ་འདི། །རྒྱལ་སྲིད་ཐོབ་པའི་དོ་མ་ཡིན། །མོས་གུས་མེད་པའི་མི་རྣམས་ཀྱིས། །མཉམ་འགྲོགས་བྱས་པ་མཐོང་ལགས་སམ། །སེམས་བསྐྱེད་སྡོམ་པ་ཞུས་པ་འདི། །སྡེ་དཔོན་ཐོབ་པའི་དོ་མ་ཡིན། །སྙིང་རྗེ་མེད་པའི་མི་རྣམས་ཀྱིས། །འུར་རྡོར་འཕངས་པ་མཐོང་ལགས་སམ། །རྒྱུད་སྡེའི་དབང་བསྐུར་ཐོབ་པ་འདི། །འཁོར་ལོས་སྒྱུར་བའི་དོ་མ་ཡིན། །དམ་ཚིག་མེད་པའི་མི་རྣམས་ཀྱིས། །ཆུ་ལ་བསྐུར་བ་མཐོང་ལགས་སམ། །སེམས་ཉིད་རང་ངོ་མཐོང་བ་འདི། །སངས་རྒྱས་མཐོང་བའི་དོ་མ་ཡིན། །སྙིང་རུས་མེད་པའི་མི་རྣམས་ཀྱིས། །འཁྲུལ་དུ་བཅུག་པ་མཐོང་ལགས་སམ། །ཞེས་གསུངས། དེ་ལྟ་བུའི་དལ་འབྱོར་དེ་ཡང་ཅི་བྱུང་བྱུང་སྟེས་དབང་དང་། སྟབས་ལེགས་ལྟ་བུས་ཐོབ་པ་མ་ཡིན། སྔོན་བསྐལ་པ་མང་པོར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པའི་འབྲས་བུ་ཡིན་ཏེ། པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས། དལ་འབྱོར་མི་ལུས་རྙེད་པ་འདི། །ཕོ་སྒོ་མཐོ་བས་མ་ལགས་ཏེ། །བསོད་ནམས་བསགས་པའི་འབྲས་བུ་ཡིན། །ཞེས་གསུངས། མི་ལུས་ཙམ་ཐོབ་ཀྱང་ཆོས་ཀྱི་སྣང་བ་མེད་པར་མི་དགེ་འབའ་ཞིག་ལ་སྤྱོད་པ་ནི། ངན་སོང་ལས་ཀྱང་ཐ་ཆད་དེ། རྗེ་མི་ལས། ཁྱི་ར་བ་མགོན་པོ་རྡོ་རྗེ་ལ། སྤྱིར་དལ་འབྱོར་མི་ལུས་དཀོན་ལུགས་རྒྱུ་དཔེ་གྲངས་གསུམ་གྱི་ཐོག་ནས་དཔྱད་ན་དེ་འདྲ་དཀོན་གསུངས་ཏེ། ནོར་བུ་རིན་པོ་ཆེ་རྙེད་པ་ལས་ཀྱང་དཀོན་ནའང་། ཁྱོད་འདྲ་བའི་སྡིག་རྒན་མཐོང་ན་དཀོན་རྒྱུ་མེད་དེ། དེ་བས་དུད་འགྲོའི་ལུས་རྟེན་ཁྱད་པར་ཅན་ཞིག་བླངས་ན་རྩྭ་ཟ་ཆུ་འཐུང་བ་ཙམ་ལས་མི་དགེ་བ་མི་བསགས་པས་དེའི་དགའ་ངེས། །ཞེས་གསུངས་པ་ལྟར་ངན་སོང་གི་གཏིང་རྡོ་བྱེད་པ་ལ་མི་ལས་ཐུ་བ་མེད་དེ། ད་རེས་གང་ལྟར་བྱས་ཀྱང་རང་དབང་རང་ལ་ཡོད་པ་ཡིན་པས། དཔེར་ན་གྲུ་ཡོད་དུས་ཆུའི་ཕ་རོལ་དུ་འགྲོ་དགོས་པ་ལྟར་ཡིན་ཏེ། ཇི་སྐད་དུ། །ལེགས་ན་ཐར་པའི་གྲུ་གཟིངས་ལུས་འདི་ཡིན། །ཉེས་ན་འཁོར་བའི་གཏིང་རྡོ་ལུས་འདི་ཡིན་། །དགེ་སྡིག་ཀུན་ཀྱི་གཡོག་པོ་ལུས་འདི་ཡིན། ཞེས་དང་། སེམས་ཉིད་ངལ་གསོ་ལས། འཁོར་བའི་ཆུ་གཏེར་ཕར་མཐའ་ཡས་འདི་ལས། །རིན་ཆེན་གྲུ་བོ་ཐོབ་དུས་མ་བརྒལ་ན། །གཏན་དུ་ཉོན་མོངས་སྡུག་བསྔལ་རྦ་ཀློང་དུ། །རབ་ཏུ་འཁྲུགས་ཚེ་བདག་གིས་ཇི་ལྟར་བྱ། །ཞེས་གསུངས། དེས་ན་སྔོན་བསགས་བསོད་ནམས་ཀྱི་མཐུ་ལས་ད་རེས་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་ཤིག་རྙེད་པ་འདི་ལ་བློ་གཏད་ཁེལ་བའི་སྙིང་པོ་དོན་ལྡན་དམ་པའི་ལྷ་ཆོས་ཤིག་མ་ལོན་པར། འཕྲལ་སྣང་ཚེ་འདིའི་ལྟོ་གོས་དང་། ཚེ་འདིའི་བདེ་འབྱོར་སྙན་གྲགས་སོགས་འཇིག་རྟེན་གྱི་ཆོས་བརྒྱད་སྒྲུབ་པའི་ངང་ལ་དལ་འབྱོར་དོན་མེད་དུ་ཆུད་ཟོས་བཏང་ནས་ཟད་དེ། ཆོས་མེད་རང་མགོ་མི་ཐོན་པར་དངངས་སྐྲག་ཀྱིས་འཆི་ཁ་བྲང་ལ་ལག་པས་སྦར་ཤད་མི་འཐབ་ཐབས་མེད་པ་བྱུང་ནས་འགྱོད་པ་ནི་ཕོ་མ་སྐྱེས། འདེང་མ་ཕོག་འདུན་པ་མ་ལེགས་པ་ཡིན་ཏེ། སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་གསུངས། དེས་ན་ད་རེས་ཀྱི་སྐྱེ་བ་འདི་ནི་སྐྱེ་ལུས་གཞན་དང་མི་འདྲ་བ་འདུན་མ་གཏན་ལེགས་དང་གཏན་ཉེས་ཀྱི་སོ་མཚམས་ཡིན་པས། ད་རེས་ཚེ་འདིར་བཙན་ས་ཟིན་པ་ཞིག་མ་བྱས་ན། ཕྱི་ནས་འདི་འདྲའི་དལ་བ་རྙེད་པར་དཀའ་ཞིང་ངན་སོང་གི་གནས་རིགས་ལྟ་བུར་སྐྱེས་ན་ཆོས་ཀྱི་སྣང་བ་མེད། སྤང་བླང་གི་གནས་ལ་རྨོངས་འོག་ནས་འོག་ཏུ་ངན་སོང་མུ་མཐའ་མེད་པར་ལྟུང་བར་འགྱུར་བ་ཡིན་པས། ད་རེས་འབད་དགོས་སྙམ་དུ་སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་མེད་མཇུག་བསྔོ་བ་སྟེ་དམ་པ་གསུམ་གྱིས་ཟིན་པའི་སྒོ་ནས་ཡང་དང་ཡང་དུ་བསྒོམ་ཞིང་ཉམས་སུ་བླང་དགོས་སོ། །དེ་ལྟར་ཉམས་སུ་བླངས་པས་རྒྱུད་ལ་སྐྱེས་པའི་ཚད་ནི། དགེ་བཤེས་སྤྱན་སྔ་བ་ལྟ་བུ་ཞིག་དགོས་པ་ཡིན་ཏེ། ཁོང་མནལ་ཡེ་མ་ལོག་པའམ་གཟིམ་ལོང་མ་བྱུང་པར་དགེ་སྦྱོར་ཁོ་ན་མཛད་པས། དགེ་བཤེས་སྟོན་པས། བུ་ཁམས་དུབ་པ་རེ་སང་བའམ་ངལ་གསོ་རེ་གྱིས། ཁམས་ལོག་ཏེ་ཐང་ཆད་ནས་མི་ཐུབ་པའམ་མི་ནུས་པར་འགྱུར་ཉེན་ཡོད་གསུངས་པས། སྤྱན་སྔ་བས་ཁམས་སང་བའམ་ངལ་གསོ་རྒྱུ་ཡང་དེ་ཀ་བདེན་ལགས་ཏེ། བདག་གིས་སྤྱིར་འཁོར་བའི་སྡུག་བསྔལ་ལས་དལ་འབྱོར་རྩ་ཆེན་རྙེད་དཀའ་ཐོབ་དུས་འདིར་བསམ་ཙ་ན་ཁམས་སང་ལོང་མི་འདུག་གསུངས། ཁོང་གིས་མི་གཡོ་བའི་བསྙེན་པ་དུང་ཕྱུར་དགུ་གསུངས་པ་ཡིན་ཏེ། མི་ཚེ་ལ་མནལ་ཡེ་མ་ལོག་པ་ཡིན་ནོ། །དེ་ལྟར་ངེས་པར་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་བསྒོམ་པར་བྱའོ། །དེས་ན་དལ་འབྱོར་རྙེད་དཀའི་ཁྲིད་སྦྱངས་ཤིང་རྒྱུད་ལ་གོམས་པའི་ཚད་དུ་དགེ་བཤེས་སྤྱན་སྔ་བ་ལྟ་བུ་ཞིག་དགོས་པས། དེ་ཡན་ཆད་ཀྱིས་དལ་འབྱོར་གྱི་ཆོས་སུམ་ཅུ་རྩ་བཞི་པོ་རང་རྒྱུད་ལ་ཚང་མི་ཚང་བརྟག ཚང་ན་དགའ་བ་བསྒོམ་ཞིང་། མ་ཚང་ན་ཚང་བའི་ཐབས་ལ་འབད། རྙེད་དཀའ་བའི་དཔེ་གྲངས་སོགས་ལ་བསམས་ནས་དལ་འབྱོར་ཚང་བའི་ལུས་རྟེན་རྙེད་དཀའ་བའི་ཚུལ་དང་། མི་ཁོམ་པའི་གནས་སུ་སྐྱེས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་དང་། འཁོར་བ་ལས་ངེས་པར་འབྱུང་བའི་བློ་བཅོས་མིན་ཞིག་བསྒོམས་ནས། ཐུན་གྱི་རྗེས་སུ་ཐུན་ནང་དུ་གང་བསྒོམས་པའི་དགེ་རྩ་དེས་མཚོན་ཏེ་བདག་གིས་དུས་གསུམ་བསགས་ཡོད་ཀྱི་དགེ་བའི་དངོས་པོ་ཅི་ཡོད་ཐམས་ཅད་དང་། ཁྱད་པར་རྒྱལ་བ་སྲས་དང་བཅས་པའི་ཟག་མེད་ཀྱི་དགེ་བ། སེམས་ཅན་ཐམས་ཅད་ཀྱིས་བསགས་པའི་ཟག་བཅས་ཀྱི་དགེ་བ་མདོར་ན་འཁོར་འདས་ལམ་གསུམ་གྱི་བསྡུས་པའི་དགེ་བ་ཐམས་ཅད་རང་ཉིད་ཀྱིས་བློས་གཅིག་ཏུ་བསྡུས་ཤིང་བཟླུམས་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ། མཐའ་གཉིས་ལ་མི་གནས་པའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་དོན་དུ་བསྔོ་བར་བྱ་དགོས། བསྔོ་བའི་ཚུལ་ཡང་རྒྱལ་བ་སྲས་དང་བཅས་པས་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བའི་སྒོ་ནས་ཇི་ལྟར་བསྔོས་པ་དེ་བཞིན་དུ་བདག་གིས་ཀྱང་དེ་ལྟར་ཡོངས་སུ་བསྔོ་བར་བགྱིའོ་སྙམ་པའི་སྒོ་ནས། འཇམ་དཔལ་དཔའ་བོས་ཇི་ལྟར་སོགས་ཚིག་རྗེས་དོན་དྲན་གྱི་སྒོ་ནས་བརྗོད། དེ་ནས་ཧར་ལངས་མི་བྱེད་པར་ག་རེ་ངས་ཐུན་གྱི་མགོར་དམ་བཅས་པ་དེ་ཉོན་མོངས་པ་ཆགས་སྡང་རྨོངས་གསུམ་གྱི་རྣམ་རྟོག་འཁྲུལ་བའི་གཞན་དབང་དུ་ཤོར་རམ་མ་ཤོར་སྙམ་དུ་ཕྱི་ལྟས་བྱས་ཏེ། ཐུན་བཟང་ངམ་མ་བཟང་སྙམ་དུ་རང་གིས་རང་ལ་མཇུག་སྡོམ་ཞིག་ཐོངས། གལ་ཏེ་འཁྲུལ་བའི་དབང་དུ་སྐད་ཅིག་ཀྱང་མ་སོང་བར་ཐུན་ལེགས་པར་ཆོད་ན་དགའ་ཞིང་ང་རྒྱལ་བར་འགྱུར་བས་ང་རྒྱལ་བཅག་ནས། ཐུན་རྗེས་མར་ཡང་དེ་བས་མི་དམན་པ་ཞིག་ཨེ་འོང་བལྟ་དགོས་བསམ་ཞེ་དམ་བཅའ། ཡང་ན་ཐུན་སྡོམ་མདོག་བྱས་ཀྱང་སེམས་འཁྲུལ་བའི་དབང་དུ་སོང་ནས་དགེ་བ་སྣ་གཅིག་ཀྱང་ཡག་པོ་བྱུང་མེད་ན། སེམས་སྡུག་འོང་སྟེ་ཨེ་ང་ལ་བསྒོམ་ཟེར་རྒྱུ་དེ་འོང་ས་མི་འདུག་སྙམ་སྒྱིད་ལུག་པར་འགྱུར་བས། དེ་ལ་སྤྲོ་བ་བསྲིངས་ཏེ་གཟེངས་བསྟོད་དགོས་ཏེ། ཨོ་ཁྱོད་འཁྲུལ་བའི་དབང་གིས་ཐུན་མ་ལེགས་ཀྱང་སྡུག་རྒྱུ་ཅི་ཡོད། ཁྱོད་འཁོར་བ་ཐོག་མེད་ནས་ད་ལྟའི་བར་དུ་འཁྲུལ་སོང་བས་ད་ལྟར་ཐུན་དང་ཐུན་མཚམས་ཕྱེས་ནས་བསྒོམ་དགོས་པ་རེད་མ་གཏོགས། ཁྱོད་དང་པོ་ནས་སེམས་ལས་སུ་རུང་། བློ་སྣ་དགེ་བའི་ཕྱོགས་ལ་འཁོར་ཡོད་ནི་ཞིག་ཡིན་ན། སྔོན་འགྲོར་སྦྱོང་དགོས་དོན་ཅི་ཡོད། གནའ་ཞིག་ནས་སངས་ཅིའི་ཕྱིར་མ་རྒྱས། དེས་ན་དེ་ལྟར་མ་ཡིན་པར་ཐུན་དང་ཐུན་མཚམས་ཕྱེ་སྟེ་སྦྱོང་དགོས་པ་ཡིན་པས། ཐུན་སྔ་མར་འཁྲུལ་ཤོར་ཡང་། རྗེས་མར་ཉམས་ལེན་གནད་དུ་སྨིན་པ་ཞིག་བྱེད་དགོས་བསམས་ནས་དམ་བཅའ་བློས་འཁྱུད་ཚད་ཅིག་བྱ། དེ་ནས་དལ་གྱིས་གདན་ལས་ལངས་ཏེ་ཐུན་མཚམས་གྱི་བྱ་བ་རྣམས་ལ་འཇུག འོན་ཀྱང་ཆོས་པ་ཡིན་པས་སྐྱེ་བོ་ཐ་མལ་པ་ཞིག་དང་མི་འདྲ་བར། ཐུན་ནང་གི་ཉམས་ལེན་གྱི་གནད་རྣམས་ཐུན་མཚམས་སུའང་མ་བརྗེད་པར་མ་བྱས་ན། ཐུན་ནང་དུ་ངེས་འབྱུང་སྐྱོ་ཤས་ཕྲན་བུ་ཡོད་པ་དེ་དག ཐུན་མཚམས་སུ་འཇིག་རྟེན་ཚེ་འདིའི་སྣང་ཤས་གང་དགའ་དགའ་ཤོར་སོང་ན་ཐུན་ནང་དུ་དལ་བ་སོགས་བསམ་མ་བསམ་མེད་པར་བློ་དྲེད་པོ་ཆོས་རྒྱུས་ཅན་དུ་འཆོར་ཉེན་ཡོད། དེ་ཙ་ན་ཆོས་མ་ཞུས་པའི་སྡིག་ཅན་དང་ཡང་མི་འདྲ་བ་ཆོས་དྲེད་ཆོས་ཀྱིས་མི་ཐུལ་བའི་ཉེན་ཁ་ཆེ། མདོར་ན་ལས་མཐའ་མ་ལོག་པའི་ཐབས་ལ་མ་མཐའ་ཡང་བསམ་བློ་གཏོང་དགོས་རྒྱུ་གནད་ཆེན་པོ་རེད། དལ་བ་ཐོབ་ཀྱང་སྙིང་པོའི་ཆོས་ཀྱིས་དབུལ། །ཆོས་སྒོར་ཞུགས་ཀྱང་ཆོས་མིན་སྤྱོད་པས་གཡེངས། །བདག་དང་བདག་འདྲ་རྨོངས་པའི་སེམས་ཅན་རྣམས། །དལ་འབྱོར་སྙིང་པོ་ལོན་པར་བྱིན་གྱིས་རློབས། །དལ་འབྱོར་རྙེད་པར་དཀའ་བའི་ཁྲིད་དོ།། །།ཞེས་དེའི་འཕྲོས་སུ་སྔོན་འགྲོ་ངག་འདོན་གྱི་ལུང་ཞིག་གནང་ནས། བསྔོ་བས་མཐའ་བརྒྱན་ཏེ་ཆོས་ཁྲིད་གྲོལ་སོང་ངོ་།།

ང༽ ཉིན་བཞི་བར་༼ར༽ཚེ་མི་རྟག་པའི་ཆོས་ཁྲིད།

མཆོད་བརྗོད་སོགས་གསུངས་ནས།

ཨ༽ མཚམས་སྦྱོར་གྱི་གདམས་ངག

མ་ནམ་མཁའ་དང་མཉམ་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་འཁོར་བ་ཐོག་མ་མེད་པ་ནས་མཐའ་མ་མེད་པའི་བར་དུ། འཁྲུལ་སྣང་འཁོར་བའི་སྡུག་བསྔལ་དོས་དྲག་པོས་གཟིར་བ། སྟོད་རིས་ལྷ་དང་མི་དང་ལྷ་མིན་ཏེ་མཐོ་རིས་རྣམ་གསུམ། སྨད་རིས་དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་སོང་གསུམ་པོ། སྟོད་སྨད་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་ལས་ཐར་བ་མེད་པ་འདི་ལྟ་བུར་གནས་རིས་གཅིག་ནས་གཅིག་ཏུ་འཁོར་ཞིང་འཁྱམས་པ་ཡིན་པས་ན་འཁོར་བ་ཞེས་བྱ། སྡུག་བསྔལ་ཅན་གྱི་བཙོན་ར་འདིའི་ནང་གནས་པའི་སེམས་ཅན་འདི་དག་ཐམས་ཅད། བདག་ཅག་གིས་ཕ་མ་མ་བྱས་པའི་སེམས་ཅན་གཅིག་ཀྱང་མེད། ཕ་མ་བྱས་པ་དེ་ཡང་ལན་གྲངས་ཐེངས་གཅིག་ཐེངས་གཉིས་ཙམ་མ་ཡིན་པར། ས་ཐུ་བ་ཙམ་ཞིག་གི་སྟེང་ནས་རང་རེ་སེམས་ཅན་གཅིག་ལ་མཚོན་ན། སྐྱེ་ཤི་གྲངས་མེད་བྱེད་མ་མྱོང་ས་ཞིག་མེད། དེ་བཞིན་དུ་ས་ཐུ་བ་ཙམ་ཞིག་གི་སྟེང་ནས་སེམས་ཅན་ཐམས་

ཅད་

སེམས་ཅན་རེ་རེའི་ངོས་ནས་ཕ་མ་བྱས་པ་གྲངས་ཀྱིས་མི་ལངས་པ་ཞིག་ཡིན་པར་རྒྱལ་བ་བདེན་པར་སྨྲ་བའི་གསུང་གིས་གྲུབ་ལ། དེས་ན་ཕ་མར་གྱུར་བའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་རྨོངས་པ་མ་རིག་པའི་གཞན་དབང་ཅན་ཡིན་པའི་སྟབས་ཀྱིས། རྒྱུ་འབྲས་ལ་ལོག་པར་གྱུར་ཏེ་བདེ་བ་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ལག་ལེན་དུ་བསྟར་ནས། རྟག་ཏུ་སྡུག་བསྔལ་ཁོར་མོ་ལ་སྤྱོད་བཞིན་ཡོད་པ་འདི་དག་ཐམས་ཅད་སྙིང་རེ་རྗེ། ད་རེས་བདག་གིས་སྤྱིར་ན་མི་ལུས་ཐོབ། དེ་ལས་ཀྱང་སངས་རྒྱས་བྱོན་ཅིང་ཆོས་གསུངས་པའི་གནས་ལྷོ་འཛམ་བུ་གླིང་དུ་སྐྱེས། ཆོས་ལྡན་གྱི་ཡུལ་དུ་ལུས་བླངས་ནས་རང་ཉིད་ཆོས་ཉན་ཆོག་སྒྲུབ་ཆོག་གི་དབང་པོ་ཚང་། ཆོས་ལ་དད་པ་ཡོད་པས་ཆོས་སྒོར་ཞུགས་རྒྱུ་བྱུང་བའི་སྐལ་བ་བཟང་པོ་ཐོབ་པའི་སྐབས་འདི། སྔོན་བསྐལ་བ་གྲངས་མེད་ནས་འཁྲུལ་བར་གྱུར་པའི་འཁྲུལ་སྣང་འཁོར་བའི་བྱ་བཞག་སྙིང་མེད་ཆུ་ཡི་སྦུ་བ་འདྲ་བ་འདི་བསྐྱུར་ནས། སྔ་ནས་ད་བར་མ་འཕྲད་པ་དང་། འཕྲད་ཀྱང་འབྲས་བུ་མངོན་དུ་མ་གྱུར་བའི་དམ་པའི་ལྷ་ཆོས་ལ་འབད་དེ། རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིའི་ཕ་རོལ་ཐར་བའི་སྐམ་སར་སྒྲོལ་ནུས་པ་ཞིག་ཅིས་ཀྱང་བྱ་དགོས། དེ་འདྲའི་དོན་ཆེན་དེ་བདག་གིས་བསྒྲུབ་པ་ལ། སྙིང་སྟོབས་དང་བརྩོན་འགྲུས་ཆེན་པོ་ཞིག་མ་བསྐྱེད་ན་འགྲུབ་མི་ཐུབ་པས་རང་གིས་རང་ལ་སྙིང་སྟོབས་བསྐྱེད་དགོས། སྔོན་འདས་པའི་སངས་རྒྱས་སྲས་དང་བཅས་པས་ཀྱང་ལམ་ལ་བསླབ་སྐབས། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །འཆི་མཐར་ཐུག་གི་བར་དུ་དམ་ཆོས་བཙལ། །ཞེས་པ་ལྟར་སེམས་ཅན་གྱི་དོན་དུ་དབུ་དང་ཡན་ལག་གི་སྦྱིན་པ་བཏང་བ་དང་། ཆོས་ཕྱིར་ལུས་སྲོག་གྲངས་མེད་བཏང་བའི་ཚུལ་ལ་བསམས་ནས། དེ་རྣམས་ཀྱི་མཛད་པ་དང་རྗེས་སུ་མཐུན་པ་ཞིག་ལ་བསླབ་དགོས། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་སྔོན་བསྐལ་བ་གྲངས་མེད་པའི་སྔ་རོལ་ཞིག་ལ། འཛམ་བུའི་གླིང་འདིར་རྒྱལ་པོ་ཀ་ན་ཤི་ནི་པ་ལི་ཞེས་བྱ་བར་གྱུར་བའི་ཚེ། རྒྱལ་པོས་བསམས་པ་བདག་ནི་འགྲོ་བ་མིའི་ནང་གི་གཙོ་བོ་ཡིན། འབངས་མི་ཤིན་ཏུ་མང་པོ་ཞིག་བདག་ལ་དགའ་ཞིང་། བདག་ལ་བསྟེན་ནས་འབངས་སུ་མཆིས་ན། བདག་གིས་མངའ་འབངས་འདི་དག་ཐམས་ཅད་ལ་ཟས་ནོར་གྱིས་སྐྱོང་བ་ཙམ་གྱིས་ཚེ་འདི་ལས་ཡུན་རིང་པོར་ཕན་མི་ཐོགས། དེ་བས་དམ་པའི་ལྷ་ཆོས་ཀྱིས་སྐྱེ་བ་ནས་སྐྱེ་བར། ཚེ་རབས་ནས་ཚེ་རབས་སུ་བདེ་སྐྱིད་ཀྱི་འཚོ་བའི་ཕན་འདོགས་ཨེ་ཐུབ་བལྟ་དགོས་སྙམ་ནས། བྲམ་ཟེ་ལེའུ་དུ་ཙི་བྱ་བ་ལས་ཆོས་ཉན་འདོད་པ་ན། བྲམ་ཟེས་སྨྲས་པ། གལ་ཏེ་ཆོས་ཐོབ་པར་འདོད་ན། རྒྱལ་པོ་ཁྱོད་ཀྱི་ལུས་ལ་མར་མེ་སྟོང་བཙུགས་ཏེ་མཆོད་པ་བྱེད་ནུས་ན་བསྟན་ཏོ་ཞེས་སྨྲས་སོ། །རྒྱལ་པོ་ཐུགས་ཤིན་ཏུ་དགྱེས་ཏེ་རང་གི་ལུས་ཕུག་ཏུ་བཅུག་སྟེ་མར་མེའི་སྙིང་པོ་སྣུམ་གྱིས་བསྐུས་པ་སྟོང་བྱས་ནས། རྒྱལ་པོས་བྲམ་ཟེ་ལ་བདག་ལ་ཆོས་སྟོན་ཅིག་སྨྲས་པ་དང་། བྲམ་ཟེས་ཆོས་ཚིགས་སུ་བཅད་པ་འདི་ལྟར་གསུངས་ཏེ། རྟག་པ་ཐམས་ཅད་ཟད་པར་འགྱུར། །མཐོ་བ་དེ་ཡང་མཐར་ལྷུང་ངོ་། །འདུ་བ་ཡོད་ན་བྲལ་བ་འོང་། །སྐྱེ་བ་ཡོད་ན་འཆི་བར་འགྱུར། །ཞེས་པ་འདི་སྨྲས་སོ། །རྒྱལ་པོ་དེ་དགའ་བཞིན་དུ་ཕྱིས་མངོན་པར་སངས་རྒྱས་པ་ན་ཡེ་ཤེས་ཀྱི་འོད་ཀྱིས་གཏི་མུག་གི་མདོངས་པ་རྣམས་ཤིན་ཏུ་སྣང་བར་གྱུར་ཅིག་ཅེས་དམ་བཅས་མ་ཐག་ཏུ། འཇིག་རྟེན་གྱི་ཁམས་རབ་ཏུ་གཡོས། མེ་ཏོག་གི་ཆར་བབ་བོ། །བརྒྱ་བྱིན་གྱིས་བསྔགས་པ་བརྗོད། རྒྱལ་པོས་བདེན་ཚིག་བརྗོད་ནས་ལུས་སྔ་མ་བཞིན་དུ་གྱུར་ཏོ། །དེས་ན་འོ་ཅག་རྣམས་ཀྱིས་དེ་འདྲའི་ལུས་སྲོག་བཏང་ནས་ཆོས་འཚོལ་མི་དགོས་པར་རང་ཡུལ་རང་སྒོར་འདུག་འདུག་ཉལ་ཉལ་ཁར། ཆོས་ཟབ་མོ་རྫོགས་པ་ཆེན་པོ་བརྩོན་འགྲུས་རང་ལ་ཡོད་ན་སངས་རྒྱས་རང་ལག་ལ་ཡོད་པ་འདི་ལྟ་བུ་ཐོབ་པའི་སྐབས་སུ་ལེ་ལོ་དང་ཕྱི་བཤོལ་མེད་པར་ཚུལ་བཞིན་དུ་མ་བསྒྲུབས་ན་རང་གིས་རང་གཅེས་མ་ཤེས་པའི་སྙིང་མེད་ས་རྡོ་གོས་གྱོན་དང་ཕལ་ཆེར་འདྲ་བ་ཡིན། དམ་པའི་ཆོས་སྒྲུབ་དུས་སྒྲུབ་ལུགས་བླ་མ་དམ་པའི་བཀའ། དམ་པ་གོང་མའི་ཕྱག་ལེན་རྗེས་འཇུག་སློབ་མའི་ཉམས་ལེན་དུ་བཟུང་ནས་བསྒྲུབ་དགོས། ཆོས་དེ་ཡང་མགོ་མེད་མཇུག་ཡུ་མ་ཡིན་པར་སངས་རྒྱས་བསྟན་པའི་བབས་དང་བསྟུན་ཏེ་ཐོག་མཐའ་བར་གསུམ་སྔོན་འགྲོ་དང་དངོས་གཞི་ལ་སོགས་རིམ་པར་བརྒྱུད་དགོས། རང་རེས་སྔོན་བསོད་ནམས་ཁྱད་པར་ཅན་ཞིག་བསགས་པའི་དབང་གིས་ད་རེས་ཐེག་ཆེན་མདོ་སྔགས་གཉིས་ལྡན། དེ་ལས་ཀྱང་འོད་གསལ་རྫོགས་པ་ཆེན་པོའི་ཆོས་དང་འཕྲད་ན། ཚེ་ལུས་འདིའི་ཐོག་ནས་ཟུང་འཇུག་རྡོ་རྗེ་འཆང་ཁྱབ་བདག་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པ་ཞིག་བྱ་དགོས་བསམ་པའི་ཆོད་སེམས། ཤ་དང་རུས་པའི་རི་བོ་བསྙིལ་ཕོད་པ། ཁྲག་དང་མཆི་མའི་རྒྱ་མཚོ་སྐེམ་ནུས་པའི་དམ་བཅའ་བརྟན་པོ་ཞིག་སེམས་ཀྱི་གཏིང་ནས་ཡོད་དགོས། མདོར་ན་ཆོས་དང་རང་རྒྱུད་འདྲེས་པ་ཞིག་ཤིན་ཏུ་གལ་ཆེ། དེ་མེད་ན་ཇེ་སྡུག་ཇེ་ངན་འགྲོ་བ་ལས་མེད་དེ། ཇི་སྐད་དུ། སྔ་ནས་རང་རྒྱུད་ཆོས་དང་མ་འདྲེས་པས། །དེའི་བློ་བསྟན་པའི་ཕྱོགས་སུ་ཅི་སྟེ་འགྲོ། །ཚེ་གང་ཚེ་འདིའི་ཕྱོགས་སུ་ཤོར་ཤོར་ནས། །འཆི་ཁར་བྲང་ལག་འཐབ་ཚེ་འགྱོད་ཀྱང་འཕྱིས། །ཞེས་གསུངས། དེས་ན་ཆོས་སྒྲུབ་པའི་མཐུན་རྐྱེན་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་ཤིག་མ་ཐོབ་ན། ཆོས་དང་མི་མཇལ་བའམ་ཆོས་སྒྲུབ་པའི་སྐལ་བ་མེད་པ་ཡིན་པས་མི་ཁོམ་བརྒྱད་ཀྱི་ལྡོག་ཕྱོགས་དལ་བ་བརྒྱད་དང་། དེའི་ཐོག་རང་ངོས་ནས་ཚང་དགོས་པའི་མཐུན་རྐྱེན་རང་འབྱོར་ལྔ་དང་། གཞན་ངོས་ནས་ཚང་དགོས་པའི་མཐུན་རྐྱེན་གཞན་འབྱོར་ལྔ་དང་བཅས་པ་ཡང་ཚང་། འཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་བརྒྱད་དང་། རིས་ཆད་བློ་ཡི་མི་ཁོམ་པ་བརྒྱད་དེ་བཅུ་དྲུག་པོ་ལས་ལོག་པའི་དལ་འབྱོར་གྱི་ཆོས་སོ་བཞི་ཚང་བ་ཙམ་ཞིག་ཡོད་ན། རྒྱུ་དཔེ་གྲངས་གསུམ་གྱི་སྒོ་ནས་རྙེད་དཀའ་བའི་དལ་རྟེན་འདི་ཆུད་ཟོས་སུ་མི་གཏོང་བར་སྙིང་པོ་ལོན་པ་ཞིག་ཅི་ནས་ཀྱང་བྱ་དགོས། སྙིང་པོ་ཅི་འདྲ་ལོན་དགོས་ན། མ་རྒན་སེམས་ཅན་ཐམས་ཅད་ཀྱིས་སྐད་ཅིག་མ་གཅིག་ལ་མྱོང་བའི་སྡུག་བསྔལ་དེ་ཙམ་སེམས་ལ་ཡང་མི་བཟོད་ན་ལུས་ཀྱིས་ལྟ་ཅི་སྨོས། དེས་ན་མ་སེམས་ཅན་འདི་ཐམས་ཅད་སྡུག་བསྔལ་ལས་དུས་གཏན་དུ་བསྒྲལ་ནུས་པའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ལུས་རྟེན་འདིའི་སྟེང་ནས་འགྲུབ་ཐུབ་ན། ད་རེས་དལ་རྟེན་ཐོབ་པའི་ལུས་བཟང་འདིས་གོ་ཆོད་པ་ཡིན། དེ་འདྲའི་སྙིང་པོ་ཞིག་མ་ལོན་ནས་དལ་འབྱོར་འདི་ཆུད་ཟོས་སུ་ཤོར་ན། སླར་ཡང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལ་བསྐྱོད་དགོས་ཏེ། དཔེར་ན་ནོར་བུའི་གླིང་ལ་ཕྱིན་ནས་ནོར་སྐལ་མ་ཐོབ་པ་ལྟ་བུ་ཡིན་པར་ཤེས་དགོས། དེ་ཡང་དལ་རྟེན་འདི་ལས་དམ་པའི་ཆོས་ཀྱི་སྙིང་པོ་ཞིག་ལོན་དགོས་བསམ་པ་ཙམ་གྱིས་མི་ཕན། ལ་འུར་ད་ལྟ་ཉིད་དུ་བརྩོན་པ་ཞིག་མ་བྱས་ན། ཚེ་མི་རྟག་གཡང་ཁའི་བྱེའུ་ད་ནངས་ཤི་དང་དོ་དགོང་ཤི། སང་ཕོད་ཤི་དང་གནངས་ཕོད་ཤི་སུས་ཤེས། ནམ་ཞིག་ཤི་རྒྱུ་ཡིན་ཡང་རེ་ཞིག་མི་ཤི་བསམ་པའི་རྟག་འཛིན་གྱི་བློ་སྣ་འདིས་དལ་འབྱོར་སྟོང་ཟད་བྱེད་པ་ཡིན་པས་ལྷ་ཆོས་རྣམ་དག་ཚེ་དང་སྒྲུབ་པ་སྙོམས་པ་ཞིག་བསྒྲུབ་དགོས། ད་སྐབས་སུ་བབ་པའི་འཆད་བྱ་ནི། ཐུན་མོང་ཕྱི་ཡི་སྔོན་འགྲོའི་ཁྲིད་རྐང་གཉིས་པ་ཚེ་མི་རྟག་པ་བཤད་པའི་སྐབས་ཡིན་ལ། འདི་ལྟར་ས་འོག་ས་སྟེང་ས་བླ་གསུམ་མམ་ལུས་སྣང་བ་འདོད་པའི་སྲིད་པ། ངག་ཕྱེད་སྣང་གཟུགས་ཀྱི་སྲིད་པ། ཡིད་མི་སྣང་གཟུགས་མེད་ཀྱི་སྲིད་པ་གསུམ་སྟེ་སྲིད་པ་གསུམ་པོ་དེ་ཉིད་མི་རྟག་མི་བརྟན་སྒྱུ་མའི་མིག་འཕྲུལ་ལྟ་བུའི་ཚུལ་དུ་གཟིགས་ཤིང་། བཅོས་མ་མིན་པའི་ངེས་འབྱུང་གིས་དྲངས་ནས། མནོག་ཆུང་ཚེ་འདིའི་བྱ་བཞག་ཆེ་ཕྲ་ཆུང་གསུམ་མཆིལ་མའི་ཐལ་བ་བཞིན་དགོས་མེད་དུ་བོར། དཀའ་སྤྱད་དང་སྙིང་རུས་མཛད་པས་དམ་པ་གོང་མའི་ཞབས་རྗེས་སུ་སྙོགས་ཤིང་། གྲུབ་པའི་རྒྱལ་སར་ཕྱིན་པ་དེ་གང་ཡིན་ན་མཚུངས་མེད་བླ་མ་དམ་པ་དེ་ཡིན་པས་དེའི་ཞབས་ལ་མགོ་བོས་བཏུད་དེ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ་ཞེས་གསུངས་སོ། །གཉིས་པ་ཚེ་མི་རྟག་པའི་ཁྲིད་ལ། ཆོས་ཉན་པའི་ཚུལ་གྱི་ཀུན་སློང་དང་ཀུན་སྤྱོད་རྣམས་དལ་འབྱོར་རྙེད་དཀའི་སྐབས་དང་འདྲ་བར། མདོ་རྒྱུད་བསྟན་བཅོས་རྣམས་ལས་ཇི་ལྟར་བྱུང་བ་བཞིན་སྤང་བླང་མ་ནོར་བར་བགྱིས་ཏེ་གསལ་འདེབས་དགོས། བཤད་བྱའི་ཆོས་ལ་ཁ་སང་ཡན་ཆད་དལ་འབྱོར་རྙེད་དཀའི་ཁྲིད་བཤད་ནས། དལ་འབྱོར་ཚང་པའི་མི་ལུས་རིན་པོ་ཆེ་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེན་པོ་དང་ལྡན་པ་འདི། སྟོང་ལོག་མི་བྱེད་པ་ད་རེས་ཀྱི་དལ་རྟེན་འདི་ལས་སྙིང་པོ་ཞིག་ལོན་དགོས། དེ་ཉིད་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཀྱི་སྒོ་ནས་གནད་སྨིན་གྱི་ངེས་ཤེས་རེ་འབྲངས་ཡོད་ཚོད་ཡིན། སྙིང་པོ་ལེན་པ་ལ་དལ་མོ་ཞིག་གིས་མི་འོང་བས་སྙིགས་དུས་ཚེ་ཐུང་ནད་མང་གི་མི་ཚེ་དང་བསྟུན་ནས་མྱུར་དུ་ལོན་དགོས། དེས་ན་ཚེ་མི་རྟག་པ་བསྒོམ་པ་འདི་མེད་ཐབས་མེད་པ་ཞིག་ཡིན། འདི་ཉིད་ཇི་ལྟར་བསྒོམ་དགོས་ན། ཕྱི་སྣོད་ཀྱི་འཇིག་རྟེན་ལ་བསམས་ཏེ་མི་རྟག་པ་བསྒོམ་པ། ནང་བཅུད་ཀྱི་འགྲོ་བ་ལ་བསམས་ཏེ་མི་རྟག་པ་བསྒོམ་པ། དམ་པའི་སྐྱེས་བུ་ལ་བསམས་ཏེ་མི་རྟག་པ་བསྒོམ་པ། སྐྱེ་དགུའི་བདག་པོ་ལ་བསམས་ཏེ་མི་རྟག་པ་བསྒོམ་པ། དཔེ་དོན་སྣ་ཚོགས་ལ་བསམས་ཏེ་མི་རྟག་པ་བསྒོམ་པ། འཆི་རྐྱེན་ངེས་མེད་ལ་བསམས་ཏེ་མི་རྟག་པ་བསྒོམ་པ། འདུན་པ་དྲག་པོ་ལ་བསམས་ཏེ་མི་རྟག་པ་བསྒོམ་པ་དང་བདུན་ནོ། །ཞེས་མི་རྟག་པ་བསྒོམ་པའི་ཁྲིད་འདི་ལ་ནང་གསེས་ཁྲིད་རྐང་ཆུང་བ་བདུན་གྱི་ཐོག་ནས་གསུངས། ད་རེས་མགྱོགས་ཙམ་བཏོན་པ་རེད་མ་གཏོགས་སྤྱིར་ཁྲིད་རྐང་རེ་རེའི་སྟེང་ཐུན་བསྡམས་ནས་བསྒོམ་དགོས་པ་ཡིན།

༼༡ ཕྱི་སྣོད་ཀྱི་འཇིག་རྟེན་ལ་བསྒོམ་པ།

དང་པོ་ཕྱི་སྣོད་ཀྱི་འཇིག་རྟེན་ལ་བསམས་ཏེ་མི་རྟག་པ་བསྒོམ་པ་ལ་མདོར་བསྟན་དང་རྒྱས་བཤད་གཉིས་ཡོད་པ་ལས། དང་པོ་ནི། རང་རེ་མིའི་འགྲོ་བའི་མཐུན་སྣང་དུ་གྲུབ་པ། འདི་ལྟར་སེམས་ཅན་རིས་མཐུན་པ་སྤྱི་མཐུན་གྱི་ལས་སྣང་དང་བསོད་ནམས་ལས་གྲུབ་པའི་རྟེན་གཞི་ཕྱི་སྣོད་ཀྱི་འཇིག་རྟེན་གླིང་བཞི། དབུས་སུ་རི་རབ་དེའི་སྟེང་ལྷ་གནས་ཆགས་པ་དང་བཅས་པའི་མཐར་ལྕགས་རི་གཅིག་གིས་བསྐོར་བའི་རྭ་བ་སྲ་ཞིང་འཐས་པ་བསྐལ་པའི་བར་དུ་གནས་པ་འདི་དག་ཀྱང་། མ་ཐོག་ཐུང་ངུ་ཚེ་ལོ་བརྒྱད་ཁྲི་ནས་མར་འཇིག་པའི་མགོར་ཐུག་པས་མི་རྟག་པར་ཡིན། དེ་ཡང་དུས་ཀྱི་མཐར་མེ་བདུན་དང་ཆུ་གཅིག་གིས་ངེས་པར་འཇིག་པར་འགྱུར་བ་ཡིན་ཏེ། རྒྱས་པར་བཤད་པ་ནི། དེ་ཡང་ད་ལྟ་གནས་པའི་བསྐལ་པ་ཆེན་པོ་འདི་ཉིད་འཇིག་པའི་དུས་ལ་བབ་པའི་ཚེ། ཞེས་རྟེན་སྣོད་ཀྱི་འཇིག་རྟེན་དང་བརྟེན་པ་བཅུད་ཀྱི་སེམས་ཅན་དང་བཅས་པ་འདི་ཐམས་ཅད་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ཞེས་བྱ་སྟེ། ཡིད་བཞིན་མཛོད་ཀྱི་དགོངས་པ་ལྟར་ན། ཕྱི་སྣོད་ཀྱི་འཇིག་རྟེན་གླིང་བཞི་གླིང་ཕྲན་བརྒྱད། རི་བོ་མཆོག་རབ། གསེར་གྱི་རི་བདུན། རོལ་བའི་མཚོ་བདུན། ཉི་མ་དང་ཟླ་བ་འདོད་ལྷ་དྲུག ཚངས་པའི་འཇིག་རྟེན་དང་བཅས་པ་གཅིག་གི་མཐར་ལྕགས་རི་ཉི་ཟླའི་འཆར་ཚད་མཉམ་པས་བསྐོར་བ་ལ་གླིང་བཞི་བའི་འཇིག་རྟེན་གྱི་ཁམས་ཞེས་བྱ། དེ་ཉིད་གཅིག་ནས་བགྲང་བའི་སྟོང་གི་མཐར་སུམ་ཅུ་རྩ་གསུམ་དང་མཐོ་ཁྱད་མཉམ་པའི་ལྕགས་རི་གཅིག་གིས་བསྐོར་བ་ནི་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་ཞེས་བྱ། དེ་བརྩི་གཞི་བྱས་ནས་སྟོང་དང་པོ་གཅིག་གཉིས་ཞེས་དེ་འདྲ་བ་གཅིག་ནས་རྩིས་པའི་སྟོང་ཕྲག་གཅིག་གི་མཐར། གཞན་འཕྲུལ་དབང་བྱེད་དང་མཉམ་པའི་ལྕགས་རི་གཅིག་གིས་བསྐོར་བ་དེ་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་ཞེས་བྱ། ཡང་དེ་ལྟ་བུ་གཅིག་ནས་རྩིས་པའི་སྟོང་ཕྲག་གཅིག་གི་མཐར། ཚངས་རིས་དང་མཐོ་ཚད་མཉམ་པའི་ལྕགས་རིས་བསྐོར་བ་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ་སངས་རྒྱས་སྤྲུལ་བའི་སྐུ་གཅིག་གི་འདུལ་ཞིང་ཡིན་ལ། གླིང་བཞི་རི་རབ་ལྷ་གནས་དང་བཅས་པ་རེ་རེ་ནས་བགྲང་ན་སྟོང་གསུམ་འཇིག་རྟེན་གྱི་ཁམས་ལ་བྱེ་བ་ཕྲག་བརྒྱ་སྟེ་དུང་ཕྱུར་བཅུ་ཡོད་དོ། །དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་དེ་ཡང་། དང་པོ་ཆགས། བར་དུ་གནས། མཐར་མེ་བདུན་དང་ཆུ་གཅིག་གིས་འཇིག་ནས་ཐལ་བར་བྱས། ཐལ་བ་དེ་ཡང་ཆུས་བཤལ་རླུང་གིས་གཏོར་ནས་མཐར་ནམ་མཁའ་སྟོང་པ་གཅིག་ཏུ་གྱུར་བའི་དུས་ཤིག་ཀྱང་ཡོད། ནང་བཅུད་ཀྱི་འགྲོ་བ་རྣམས་མས་རིམ་གྱིས་སྟོང་ནས་གསུངས་ན། སྤྱིར་སྣོད་ཀྱི་འཇིག་རྟེན་མས་ནས་ཡར་ཆགས། བཅུད་ཀྱི་སེམས་ཅན་ཡས་ནས་མར་ཆགས་པ་ཡིན་པས། ཐུན་གྱི་དངོས་གཞི་ལ། སྔོན་དུ་བསྐལ་བ་གཅིག་ཞིག་ནས་སྟོངས་པའི་བར་བསྐལ་ཉི་ཤུ་རྫོགས་ནས་ད་ལྟའི་འཇིག་རྟེན་འདི་དང་པོ་ཆགས་པའི་འགོ་རྩོམ་པ་ལ། བསྐལ་བ་འདིའི་སེམས་ཅན་རྣམས་ཀྱི་སྤྱི་མཐུན་གྱི་བསོད་ནམས་ཀྱིས་འོག་གཞི་ཡིད་མཁའ་རྣམ་དག་གི་ནམ་མཁའ་ཆོས་འབྱུང་གི་དབྱིབས་ཅན་ཁ་དོག་མཐིང་ཀ་མཐིང་གསལ་གྱི་མུ་ཁྱུད་ཅན་ཞིག་ཆགས། དེའི་སྟེང་རླུང་གི་དཀྱིལ་འཁོར་ཤར་རླུང་ནུབ་ལ་འཐབ། ནུབ་རླུང་ཤར་དུ་འཐབ། ལྷོ་རླུང་བྱང་དུ་འཐབ། བྱང་རླུང་ལྷོ་རུ་འཐབ་པ་རྒྱ་གྲམ་གྱི་རྣམ་པ་ཞེས་ཁ་དོག་ལྗང་ནག་གི་མུ་ཁྱུད་ཅན་ཞིག་ཆགས། དེའི་སྟེང་དུ་སྤྲིན་གསེར་གྱི་སྙིང་པོ་ཅན་ལས་ཆར་བབ་པས་ཆུའི་དཀྱིལ་འཁོར་དཀར་གསལ་ཟླུམ་པོ་ཁ་དོག་དཀར་གསལ་གྱི་མུ་ཁྱུད་ཅན་ཞིག་ཆགས། དེའི་སྟེང་ཁམས་རབ་འབྱེད་པའི་རླུང་གིས་རིའི་རྒྱལ་པོ་རི་རབ་དང་། ཁམས་འབྲིང་འབྱེད་པའི་རླུང་གིས་གསེར་གྱི་རི་བདུན་དང་། ཁམས་ཐ་མ་འབྱེད་པའི་རླུང་གིས་གླིང་བཞི་རྡོ་སོལ་ཅན་གྱི་ལྕགས་རི་དང་བཅས་པ་ཆགས་སོ། །ནང་བཅུད་ཀྱི་སེམས་ཅན་ཡས་ནས་མར་ཆགས་ཏེ། སྲིད་རྩེ་ནས་བཟུང་སྟེ་དམྱལ་བའི་བར་དུ་རྟོག་པ་ཇེ་རགས་ཇེ་རགས་སུ་སོང་སྟེ་རིམ་གྱིས་དམྱལ་བའི་སེམས་ཅན་གཅིག་དང་པོ་སྐྱེ་བའི་བར་དུ་བར་བསྐལ་ཉི་ཤུ་ལ་ཆགས་པའི་བསྐལ་བ་ཟེར། དེ་ནས་གནས་པའི་འགོ་རྩོམ་སྟེ་སྐྱེ་རྒུ་རྣམས་ཀྱི་ཚེ་ལོ་དཔག་མེད་ཐུབ་པ་ནས་བཅུ་བའི་བར་དུ་འགྲིབ་པ་ལ་ཡ་ཐོག་རིང་མོ་ཟེར། དེ་ནས་ཡར་བརྒྱད་ཁྲིར་འཕེལ་ནས་མར་བཅུ་བའི་བར་འགྲིབ་པ་དེ་ལ་བར་ཁུག་གཅིག དེ་ལྟར་འཕེལ་འགྲིབ་ཀྱི་ཁུག་པ་བཅོ་བརྒྱད་རྫོགས་ཤིང་དེ་ནས་ཡར་ཚེ་ལོ་དཔག་མེད་བར་འཕེལ། དེ་ནས་མར་གཅིག་འགྲིབ་པ་དང་མཉམ་དུ་བསྐལ་བཟང་སངས་རྒྱས་སྟོང་གི་རྗེས་མ་སངས་རྒྱས་མོས་པ་བྱོན་ནས་བརྒྱད་ཁྲི་ལ་ཐུག་པ་སྟེ་མ་ཐོག་ཐུང་ངུ་ཞེས་བྱ། དེ་ལྟ་བུའི་བར་གྱི་བསྐལ་བ་ཉི་ཤུ་ལ་གནས་པའི་བསྐལ་བར་གྲགས། བརྒྱད་ཁྲི་ནས་འཇིག་པའི་འགོ་རྩོམ་སྟེ་ཞིང་འདིའི་དམྱལ་བའི་གནས་ལ་སེམས་ཅན་གཅིག་ཀྱང་གསར་དུ་མི་སྐྱེ་བར་དམྱལ་བར་སྐྱེ་འགྱུར་གྱི་ལས་ཅན་རྣམས་ཀྱང་ཞིང་གཞན་དང་གཞན་གྱི་དམྱལ་བར་སྐྱེ་བ་དང་། སྐྱེས་ཟིན་རྣམས་རིམ་གྱིས་ལས་སྲབ་པ་རྣམས་གནས་གོང་མ་གོང་མར་སྐྱེ། ལས་མ་ཟད་པ་རྣམས་འཇིག་རྟེན་གཞན་གྱི་ངན་སོང་གི་གནས་སུ་སླར་སྐྱེ་བ་ནི་ལས་ཀྱི་དབང་གིས་ཡིན། རྡོ་རྗེའི་གདན་དུ་མཚམས་མེད་པའི་ལས་བྱས་པ། དམ་པའི་ཆོས་སྤངས་པ། སྔགས་ཀྱི་རྡོ་རྗེ་སློབ་དཔོན་དང་དམ་ཚིག་ཉམས་པ་འགའ་ཞིག་ལས་དམྱལ་བ་རྣམས་སྟོང་། དེ་ནས་རིམ་གྱིས་ཡི་དྭགས་དང་དུད་འགྲོ་རྣམས་དེ་བཞིན་དུ་སྟོང་། དེ་ནས་མི་རྣམས་ཀྱི་ནང་ནས་གཅིག་གིས་དབེན་པ་ལ་སོང་ནས་བསམ་གཏན་གཉིས་པའི་སེམས་རྙེད་ནས་ཀྱེ་མ་དབེན་པ་ལས་བྱུང་བའི་དགའ་བ་དང་བདེ་བ་ནི་འདི་ལྟ་བུའོ་ཞེས་བསྒྲགས་པས་མི་ཐམས་ཅད་ཀྱིས་གོ་ནས་དེའི་རྗེས་སུ་བསླབ་པས་བསམ་གཏན་གཉིས་པའི་སེམས་ཐོབ་ནས་རིམ་གྱིས་འཕོས་ཏེ་བསམ་གཏན་གཉིས་པ་འོད་གསལ་གྱི་ལྷར་སྐྱེས། དེ་ནས་རྒྱལ་ཆེན་རིགས་བཞི་ནས་གཞན་འཕྲུལ་དབང་བྱེད་བར་གྱི་འདོད་ལྷ་རིགས་དྲུག་གི་ནང་ནས་ལྷ་གཅིག་གིས་བསམ་གཏན་གཉིས་པའི་སེམས་ཐོབ་སྟེ་སྔར་བཞིན་བསྒྲགས་པས་ཐམས་ཅད་ཀྱིས་བསྒོམས་ནས། བསམ་གཏན་གཉིས་པའི་སེམས་ཐོབ་ཏེ་འོད་གསལ་གྱི་ལྷར་སྐྱེས། དེ་ལྟར་གོང་མ་བསམ་གཏན་དང་པོ་བ་རྣམས་ཀྱང་རང་གིས་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་པས་འོད་གསལ་གྱི་ལྷར་སྐྱེས་པ་ཡིན། དེས་ན་བསམ་གཏན་དང་པོའི་ལྷ་གནས་ཕྱིན་ཆད་ནས་དམྱལ་བའི་མཐིལ་གཉིས་ཀྱི་བར་དུ་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་སྟོངས་ནས་དམ་ཚིག་ཉམས་པ་སོགས་མ་གཏོགས་སེམས་ཅན་གཅིག་ཀྱང་མེད་པར་འགྱུར་ལ། དེ་ནས་ཕྱི་སྣོད་ཀྱི་འཇིག་རྟེན་འཇིག་ལ་ཐུག་དུས་རིམ་པས་མཁའ་ལ་ཉི་མ་བདུན་འཆར་བར་འགྱུར་ཏེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཉི་མ་གཅིག་གིས་རྩི་ཤིང་ནགས་ཚལ་བསྲེགས། །གཉིས་ཀྱིས་ལྟེང་ཀ་ཆུ་ཀླུང་མ་ལུས་སྐེམས། །གསུམ་གྱིས་ཆུ་ཀླུང་ཆེན་པོ་ཐམས་ཅད་སྐེམས། །བཞི་ཡིས་མ་དྲོས་མཚོ་ཆེན་སྐེམས་པ་སྟེ། །ལྔ་ཡིས་རྒྱ་མཚོ་དཔག་ཚད་བརྒྱ་སྐེམས་ཤིང་། །རིམ་གྱིས་ཆུ་ཐིགས་གཅིག་ཀྱང་མེད་པར་བྱེད། །དྲུག་གིས་ས་ཆེན་གངས་རི་བཅས་པ་བསྲེགས། །བདུན་གྱིས་རི་གླིང་གསེར་གྱི་ས་གཞིའི་བར། །ཐམས་ཅད་ལྷག་མ་མེད་པར་བསྲེགས་པ་ཡིན། །ཞེས་གསུངས་པ་ལྟར། དང་པོ་ཉི་མ་གཅིག་གིས་ཚ་ཤུགས་འཕེལ་ཏེ་ས་སྟེང་གི་རྩི་ཤིང་དང་ནགས་ཚལ་ཐམས་ཅད་བསྲེགས། ཉི་མ་གཉིས་པ་ཤར་བས་ཆུ་ཀླུང་ཆུང་ངུ་དང་ལྟེང་ཀ་སྟེ་ཆུ་འཁྱིལ་མ་ལུས་པ་སྐེམས། གསུམ་པ་ཤར་བས་ཆུ་ཀླུང་ཆེན་པོ་ཐམས་ཅད་སྐེམས། བཞི་བ་ཤར་བས་མཚོ་ཆེན་པོ་མ་དྲོས་པའང་སྐེམས། ལྔ་པ་ཤར་བས་ཕྱིའི་རྒྱ་མཚོ་ཆེན་པོ་ཟབས་སུའམ་གཏིང་ཚད་དཔག་ཚད་ནི་འཇལ་བྱེད་དེ་མཛོད་ལས། སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཞེས་གསུངས་པས་སོར་ཉི་ཤུ་རྩ་བཞི་ལ་ཁྲུ་གང་། ཁྲུ་བཞི་ལ་གཞུ་འདོམ་གང་། གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས། དེས་ན་གྲོང་ལས་རྒྱང་གྲགས་གཅིག་གིས་ཆོད་པའི་ས་ལ་དགོན་པ་ཟེར་ཏེ་སྐྱེ་བོས་འདུ་འཛིས་དབེན་པའི་ས་སྟོང་ལ་གོ། འོན་ཀྱང་དམ་པ་གོང་མ་རྣམས་དབེན་པའི་རི་ཁྲོད་བཞུགས་ནས་རིམ་གྱིས་གདན་སར་སོང་བ་ལ་དགོན་པའི་མིང་ད་སྐབས་ཐོགས་པ་ཡིན། རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག དེ་ལྟ་བུའི་དཔག་ཚད་བརྒྱ་སྐེམས་པ་ནས་བཟུང་རིམ་བཞིན་ཉིས་བརྒྱ་དང་། བདུན་བརྒྱ་དང་། སྟོང་དང་ཁྲི་དང་། བརྒྱད་ཁྲིའི་བར་དུ་སྐེམས་པའི་ལྷག་མ་དཔག་ཚད་དང་རྒྱང་གྲགས་ནས་མཐར་རྨིག་པའི་རྗེས་ཤུལ་ཀྱི་ཆུ་ཙམ་ཡང་མ་ལུས་པ་མདོར་ན་ཆུའི་རིགས་ཐམས་ཅད་སྐེམས་པར་བྱེད་པར་འགྱུར་བ་ཡིན། ཉི་མ་དྲུག་ཤར་བས། ས་ཆེན་པོ་དང་གངས་ལྡན་གྱི་རི་བོ་ལྟོས་ཆེན་པོ་དེ་དང་བཅས་པའང་བསྲེགས། ཉི་མ་བདུན་གྱིས་རིའི་རྒྱལ་པོ་རི་རབ་དཔག་ཚད་བརྒྱད་ཁྲི་ཅན། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན་ཏེ་གླིང་བཞི་དང་། མཛོད་ལས། དེ་ཡི་བར་གྱི་གླིང་བརྒྱད་ནི། །ལུས་དང་ལུས་འཕགས་སྒྲ་མི་སྙན། །སྒྲ་མི་སྙན་གྱི་ཟླ་དང་ནི། །རྔ་ཡབ་དང་ནི་རྔ་ཡབ་གཞན། །གཡོ་ལྡན་དང་ནི་ལམ་མཆོག་འགྲོ། །གསུངས་པ་ལྟར་གླིང་ཕྲན་བརྒྱད། གསེར་གྱི་རི་བདུན་ཡང་མཛོད་ལས། དེ་ལ་ལྷུན་པོ་གཉའ་ཤིང་འཛིན། །གཤོལ་མདའ་འཛིན་དང་སེང་ལྡེང་ཅན། །དེ་བཞིན་ལྟ་ན་སྡུག་རི་དང་། །རྟ་རྣ་དང་ནི་རྣམ་འདུད་དང་། །མུ་ཁྱུད་འཛིན་རིའོ་དེ་ནས་ནི། །ཞེས་གསུངས་པ་ལྟར་གཉའ་ཤིང་འཛིན། གཤོལ་མདའ་འཛིན། སེང་ལྡེང་ཅན། ལྟ་ན་སྡུག་རི། རྟ་རྣ། རྣམ་འདུད། མུ་ཁྱུད་འཛིན་ཏེ་བདུན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོ་འཁོར་ཡུག་གི་ལྕགས་རི་གཅིག་གིས་བསྐོར་ཡོད་པ་དེ་ལྟ་བུ་དང་བཅས་པ་བསྲེགས་ནས་མེ་ལྕེ་གཅིག་ཏུ་གྱུར་ཏེ། ཐུར་དུ་འཁྱིལ་ཞིང་འབར་བས་དམྱལ་བའི་གནས་གོང་མ་ཐམས་ཅད་བསྲེགས་ཤིང་མནར་མེད་བསྲེགས་པ་དང་ལྷན་ཅིག དེའི་སེམས་ཅན་རྣམས་མིག་འབྱེད་འཛུམ་ཙམ་ལ་ཞིང་གཞན་གྱི་མནར་མེད་དུ་སྐྱེས། དེ་ནས་མེ་ལྕེ་གྱེན་དུ་གཡོས་པས་ཚངས་པའི་གཞལ་ཡས་ཁང་སྟོང་པ་རྣམས་ཀྱང་བསྲེགས་པས། འོད་གསལ་གྱི་ལྷ་བུ་གཞོན་ནུ་རྣམས་སྐྲག་ཅིང་། ང་རང་ཚོ་ལའང་མེས་འཇིག་པ་འོང་སྟེ་འདི་ལྟ་བུའི་མེ་ཆེན་པོ་འབར་ཞིང་བྱུང་ངོ་ཞེས་སྒྲོགས་པ་ན། ཚེ་བསྐལ་བ་མང་པོ་ཐུབ་པའི་ལྷ་རྒན་པོ་དག་གིས་འདི་ནི་སྔར་ཡང་ཚངས་པའི་འཇིག་རྟེན་གྱི་བར་དུ་བྱུང་ནས་སླར་ལོག་པ་ཡིན་གྱི་བློ་བདེ་བར་གནས་པ་ལས་སྐྲག་མི་དགོས་སོ་ཞེས་དབུགས་འབྱིན་པར་བྱེད། དེ་ལྟར་མེ་ཡིས་ལན་བདུན་བསྲེགས་ནས་སྣོད་དེ་དག་ཞིག་པའི་རྗེས་སུ། བསམ་གཏན་གཉིས་པ་མན་ཆད་སྟོང་སྟེ། ཐལ་བའི་ཕུང་པོ་གཅིག་ཏུ་གྱུར་པ་ལ་བསམ་གཏན་གཉིས་པ་རྣམས་བསམ་གཏན་གསུམ་པར་འཕོས། བསམ་གཏན་གཉིས་པའི་ལྷ་གནས་སུ་སྤྲིན་ཆུའི་སྙིང་པོ་ཅན་ཆགས་པ་ལས་ཆར་གྱི་རྒྱུན་གཉའ་ཤིང་ཙམ་དང་། གཤོལ་མདའ་ཙམ་དུ་མང་པོ་བབ་པས་སྔར་གྱི་ཐལ་བའི་ཕུང་པོ་དེ་ཆུས་བཤིགས་ནས་སྐྱོ་མ་ལྟ་བུར་གྱུར། དེས་ན་འོད་གསལ་གྱི་ལྷ་གནས་ཕྱིན་ཆད་ལན་ཚྭ་ཆུ་ལ་ཐིམ་པ་ལྟར་ཆུ་གཅིག་གི་ངང་དུ་ཐིམ་ནས་འཇིག དེ་ལྟར་ཆུའི་འཇིག་པ་བདུན་རྫོགས་ནས། བསམ་གཏན་གསུམ་པ་རྣམས་བཞི་པའི་སེམས་ཐོབ་ནས་འཕོས་པ་ལ། འོག་གཞིའི་རླུང་རྡོ་རྗེའི་རྒྱ་གྲམ་འུ་རུ་རུ་གྱེན་དུ་ལངས་ཏེ་བསམ་གཏན་གསུམ་པའི་ལྷ་གནས་མན་ཆད་ཐལ་བ་རླུང་གིས་གཏོར་བ་ལྟར་མེ་བདུན་དང་ཆུ་བདུན་རྫོགས་པའི་མཐར་རླུང་གིས་གཏོར་ནས་འཇིག་པ་ཡིན། འཇིག་པའི་རྒྱུ་རྐྱེན་བསམ་གཏན་དང་པོ་མན་ཆད་ན་རྟོག་བཅས་དཔྱོད་བཅས་གྱི་སེམས་སེམས་བྱུང་མེ་ལྟར་ཡོད་པས་འབྱུང་བ་མེས་འཇིག་པ་དང་། བསམ་གཏན་གཉིས་པ་ན་བསམ་གཏན་གྱི་དགའ་བདེ་བདུད་རྩིའི་ཆུ་རྒྱུན་ལྟར་ཡོད་པས་ཆུས་འཇིག་པ་དང་། བསམ་གཏན་གསུམ་པ་ན་དབུགས་འབྱིན་རྔུབ་གཡོ་བ་རླུང་ལྟ་བུ་ཡོད་པས་རླུང་གིས་འཇིག་པ་ཡིན། རླུང་དེ་ཡང་འདོད་ཁམས་ལྟར་རླུང་རགས་པ་མེད་དེ། ལུས་རགས་པའི་རྩ་འདབ་མེད་པའི་ཕྱིར་རོ། །འོན་ཀྱང་རྣམ་སྨིན་གྱི་རྡུལ་ཕྲན་དང་བ་ལས་ཐོབ་པའི་ཆ་ཡོད་པས་དེ་མཚུངས་དབུགས་ཀྱི་རྒྱུ་བ་ཡོད། དེ་ལྟར་གླིང་བཞི་རི་རབ་ལྷ་གནས་དང་བཅས་པ་བྱེ་བ་ཕྲག་བརྒྱ་སྟོང་གསུམ་འཇིག་རྟེན་གཅིག་གི་ནང་དུ་ཆུད་པ་ཐམས་ཅད་མཉམ་དུ་རྡུལ་ཕྲན་ཆ་མེད་བར་ཞིག་ནས། མཐར་ཐམས་ཅད་ཀྱང་ནམ་མཁའ་སྟོང་པ་གཅིག་ཏུ་གྱུར་ཏེ་འཇིག་པའི་བར་དུ་བར་བསྐལ་ཉི་ཤུ། དེ་ནས་ནམ་མཁའ་སྟོང་པ་གཅིག་ཏུ་གྱུར་བའི་བར་བསྐལ་ཉི་ཤུ་སྟེ་བསྐལ་བ་ཆགས་གནས་འཇིག་སྟོང་བཞིའི་ཡུན་ལ་བར་བསྐལ་བརྒྱད་ཅུ་ཐམ་པ་ཡོད་པ་ལ་བསྐལ་བ་ཆེན་པོ་གཅིག་ཅེས་བཏགས་པ་ཡིན། འདི་ནི་གཙོ་ཆེར་ལག་ཁྲིད་བསྒོམ་ལུགས་ཡིན་གྱི་བཤད་ཚུལ་གཞན་ཡང་ཡོད་དོ། །དེ་ལྟར་སྣོད་ཀྱི་འཇིག་རྟེན་ཆེན་པོའང་སྟོང་པའི་གནས་སྐབས་དེ་ལྟ་བུ་ཡོད་པ་ཡིན་ན། རང་རེ་མིའི་ལུས་རྟེན་ནམ་གཞུག་གི་སྦྲང་བུ་སྟེ་སྟོན་ཁའི་དུས་ཀྱི་སྦྲང་བུ་ཤི་ལ་ཁད་ལྟ་བུ་འདི་ལ་རྟག་པ་དང་བརྟན་པ་ཅི་ཡོད་སྙམ་དུ་སྙིང་ཐག་པ་ནས་བསྒོམ་མོ།།

༼༢ ནང་བཅུད་ཀྱི་སེམས་ཅན་ལ་བསྒོམ་པ།

གཉིས་པ་ནང་བཅུད་ཀྱི་སེམས་ཅན་ལ་བསམ་ཏེ་མི་རྟག་པ་བསྒོམ་པ་ནི། དེ་ལྟར་ཕྱི་སྣོད་མི་རྟག་པ་ལྟར། ནང་རང་གི་ལུས་ནི་སྣོད། རྣམ་ཤེས་ནི་བཅུད། མངལ་དུ་ཆགས་ནས་བཙའ་བའི་བར་ཆགས་པའི་བསྐལ་བ། བྱིས་པ་ནས་ན་བའི་བར་གནས་པའི་བསྐལ་བ། འཆི་ནད་ཐེབས་ནས་འཆི་བའི་བར་འཇིག་པའི་བསྐལ་བ། དེ་ཡང་དཀར་ལམ་ཆུ་འཇིག དམར་ལམ་མེ་འཇིག ནག་ལམ་རླུང་འཇིག བརྒྱལ་ནས་སེམས་མེད་པའི་གནས་སྐབས་སུ་སྟོང་པའི་སྐབས་དང་འདྲ་བ་ཡིན་པས་ཕྱི་ནང་སྣོད་བཅུད་ཐམས་ཅད་མི་རྟག་པའི་ཚུལ་འདྲ་བ་ཡིན། དེ་ཡང་འདི་ལྟར་མཐོ་སྟེ་སྲིད་པའི་རྩེ་མོ་ཕྱིན་ཆད་ནས། དམའ་སྟེ་དམྱལ་བའི་གདན་ལ་ཐུག་པ་ཡན་ཆད་ན་སེམས་ཅན་སྲོག་ཆགས་ཡོད་དོ་ཅོག་ལ་ནམ་ཞིག་འཆི་མི་དགོས་པར་འཆི་བའི་གནས་ལས་ཐར་སོང་བ་ནི་གཅིག་ཀྱང་མེད་དེ། མྱ་ངན་བསལ་བའི་སྤྲིངས་ཡིག་ལས། ས་འོག་ངན་འགྲོའི་གནས་ཀྱི་སའམ་འོན་ཏེ་ས་བླ་མཐོ་རིས་ཀྱི་གནས་གང་ན། དང་པོ་སྐྱེས་ནས་མཐར་ཤི་མ་མྱོང་བའི་གང་ཟག་ལ་ལ་ཡང་མ་ཤི་བ་རེ་འགའ་ཙམ་ཞིག་ཁྱོད་ཀྱི་མིག་གིས་མཐོང་བའམ། རྣ་བས་ཐོས་སམ་འོན་ཏེ་ཡོད་ལས་ཆེ་བསམ་རྒྱུའི་ཐེ་ཚོམ་ཙམ་ཡང་ཡིད་ལ་ཟ་ཨེ་མྱོང་། ཞེས་པ་དང་། སེམས་ཉིད་ངལ་གསོ་ལས། སྔ་རབས་སྐྱེ་བོ་གྲངས་མེད་འདས་གྱུར་ཅིང་། །ད་ལྟའི་ས་སྟེང་འགྲོ་བ་ཕལ་ཆེར་ཡང་། །ལོ་བརྒྱའི་ནང་དུ་ངེས་པར་མི་རྟག་པ། །མ་འོངས་རྣམས་ཀྱང་དེ་ཡི་རྗེས་སུ་འགྲོ། །ཞེས་གསུངས་པ་ལྟར། སྐྱེ་བ་ཡོད་ན་འཆི་བའི་ཆོས་ཅན་སྐྱེ་བའི་ནུབ་མོ་ནས་འཆི་བ་ལ་ཐག་ཇེ་ཉེ་ཡིན་པས་ན་མཐོ་རིས་ལྷའི་འཇིག་རྟེན་ཕྱིན་ཆད་ན། འདི་ནི་སྐྱེས་ནས་མ་ཤིའོ་ཞེས་བྱ་བ་དེ་ལྟ་བུ་ཞིག་མཐོང་བའམ་ཐོས་པ་ལྟ་ཅི་སྨོས། དེ་ཤིའམ་མ་ཤི་སྙམ་དུ་ཐེ་ཚོམ་ཟ་བ་ཙམ་ཡང་མེད་པར་ངེས་ཤིང་། ཁྱད་པར་རང་རེ་འཛམ་བུ་གླིང་པ་འདིར། སྤྱིར་ཚེ་ལ་ངེས་པ་མེད་པའི་གནས་ཡིན། དེ་ལྟ་བུའི་གནས་སུ་དུས་ཀྱི་སྙིགས་མའི་ཐ་མར། སྙིགས་མ་ལྔ་བདོ་བའི་སྐབས་སུ་སྐྱེས་པ་ཡིན་པས་ད་ནི་མྱུར་དུ་འཆི་རན་པ་ཡིན། དང་པོ་སྐྱེས་པའི་ནུབ་མོ་ནས་བཟུང་སྟེ་སྐད་ཅིག་ཐང་ཅིག་ནས་འཆི་བ་ལ་ཇེ་ཉེ་ཇེ་ཉེར་འགྲོ་བས་ཚེ་ནི་བསྣོན་པ་མེད་པར་འབྲི་བ་དང་བཅས་པ་ཡིན་ཏེ། སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་གསུངས་པ་ལྟར་ཡིན་ཞིང་འཆི་བདག་གི་བདུད་པོ་ནི། སྐད་ཅིག་ཀྱང་མི་སྡོད་པར་ཚེ་ནི་ཉི་མ་བཞིན་དུ་ཕར་ཕར་འགྲོ། །འཆི་བདག་གྲིབ་སོ་བཞིན་དུ་ཚུར་ཚུར་འོང་། །ཞེས་པ་ལྟར་ནུབ་ཀའི་གྲིབ་སོ་བཞིན་ཚུར་ཚུར་འོང་བས་ནམ་འཆི་དང་འདིར་འཆིའི་ངེས་པ་ནི་མེད། སང་ཙམ་འཆིའམ། དོ་ནུབ་ཉལ་ནས་ནངས་ཡར་ལངས་པའི་བར་ཙམ་དུ་འཆིའམ། ད་ལྟ་དབུགས་ཕྱི་ནང་དུ་མར་འབྱིན་ནས་ཡར་འཇུག་པར་བྱེད་པའི་བར་ཙམ་ལའང་ཤི་ནས་དབུགས་རྗེས་མ་ཨེ་ལེན་མི་ཤེས་པས་ད་ལྟ་ཡང་མི་འཆི་བའི་ངེས་པ་མེད་དེ། ཆེད་དུ་བརྗོད་པའི་ཚོམ་ལས། སང་ཙམ་འཆི་ཡང་སུས་ཤེས་ཀྱི། །དེ་རིང་ཉིད་དུ་བསྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །ཁྱོད་ཉིད་བཤེས་པ་མ་ཡིན་ནོ། །ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྡུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པ་ལྟར། མི་དག་གཉིད་ཀྱི་བདེ་བ་ལ་ཆགས་ཤིང་གཉིད་ནས་ཡོད་ཚེ་དབུགས་ཕྱི་ནང་དུ་དལ་བུས་འབྱུང་འཇུག་བྱེད་པའི་བར་ལའང་ཤི་སྟེ་སང་ཉིན་ལང་རྒྱུ་མེད་པར་མི་འཆི་བའི་ངེས་པ་མེད་པ་ཡིན་པས་དོ་དགོང་ཉལ་སའི་ནང་དེར་མ་ཤི་བར་སང་ཉིན་ཡར་བདེ་བར་སད་ནས་ལང་ཁོམ་ཡོད་པ་ནི། དེ་ཡང་ཚེ་མི་རྟག་པའི་ཚུལ་ལ་བསམས་ཚེ་ངོ་མཚར་བའི་རང་བཞིན་དུ་འཛིན་པར་འོས་པ་ཙམ་ཡིན། དེས་ན་ད་ལྟ་རང་རེ་རྣམས་ནམ་ཞིག་འཆི་དགོས་སྙམ་པ་ཙམ་ཡོད་ཀྱང་། ནམ་འཆི་ངེས་མེད་ཀྱི་འདུ་ཤེས་རྒྱུད་ལ་མ་སྐྱེས་པས་མི་ཚེ་ཐུང་ཐུང་ལ་ཚད་ཤིང་རིང་པོ་བཞག་ནས་རྟག་འཛིན་ཕྱི་ཚིས་ཀྱི་རེ་དོགས་ཁོ་ན་ལ་ཟད་ནས་གཡེངས་སོང་བས། ཚེ་འདིའི་བདེ་སྐྱིད་སྙན་གསུམ་འཇིག་རྟེན་ཆོས་བརྒྱད་སྒྲུབ་པའི་བྱ་རྩོལ་ལ་ཞེན་པའི་སྐབས་འདིར། གློ་བུར་དུ་འཆི་བདག་གི་བདུད་པོ་ཁོས་དབང་མེད་གསོན་པོ་འཛིན་པའི་ཞགས་ནག་བཟུང་ནས་ངམ་གནག་བཞིན་གྱི་ཁྲོ་གཉེར་དང་། གཏུམ་པའི་ཨམ་གཙིགས་བསྡམས། འཇིགས་སུ་རུང་བ་གསོན་པོ་ཟ་བའི་སོ་ཞོ་ངོམ་ནས་དྲུང་དུ་སླེབ་ཙ་ན། དཔའ་བའི་དཔུང་ངོམས་ས་དང་། བཙན་པོའི་ཤེད་རྒྱག་ས་མེད། ཕྱུག་པོའི་རྒྱུས་བསླུ་རྒྱུ་མེད་ཅིང་། མཁས་པའི་གཏམ་གྱིས་གྱོད་བཤད་ནས་ཤགས་རྒྱག་རྒྱུ་མེད། མཛེས་མའི་གཟུགས་ཀྱིས་བསླུ་རྒྱུ་དང་། མགྱོགས་པའི་བང་འགྲན་ནས་སྔོན་སྐོར་རྒྱུ་སོགས་ཅི་དང་གང་གིས་ཀྱང་མི་ཕན་ཏེ། ལྕགས་ཀྱི་སྒམ་ཆུང་སྲུབ་མེད་པ་ཞིག་ཏུ་བཅུག་ནས་དཔའ་བོའི་སྐྱེས་བུ་རྣོ་བའི་མཚོན་ཐོགས་པ་སྲ་བའི་གོས་གྱོན་པ་འབུམ་ཕྲག་དུ་མས་མདའ་རྩེ་དང་མདུང་རྩེ་གཉིས་ཕྱི་ལ་བསྟན་ནས་ཤི་འཇུག་མི་ཉན་འཆི་བདག་བཀག་དགོས་ཟེར་བཞིན་བསྐོར་སྟེ་བསྡད་ཀྱང་བསྲུང་རྒྱུ་དང་གབ་རྒྱུ་སྤུ་རྩེ་ཙམ་ཡང་མེད་པར། གང་དུ་ཕྱིན་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་གང་ནའང་ཡོད་མ་ཡིན། །ནམ་མཁའ་ལ་མེད་རྒྱ་མཚོའི་གཏིང་ནའང་མེད། །རི་བོ་ཀུན་ཀྱི་ཕུག་ཏུ་ཞུགས་ཀྱང་མེད། །ཅེས་པ་ལྟར་འཆི་བདག་གི་གཤིན་རྗེ་ཁོས་སྐད་ཅིག་ཙམ་ཡང་ཐང་ལྷོད་མེད་པར་ཞགས་ནག་དེ་སྐེ་ལ་བཞག ཤི་བའི་ངོ་གདོང་སྔོ་ཧམ་མེ་ཤི་ཁའི་མིག་རྩར་མཆི་མ་སྐྱ་ཙ་རེ། མགོ་རྐང་ལག་ལྔས་ཡོབ་ཡོབ་བྱེད་བཞིན་གཉེན་ཉེ་རིང་གི་ཁྲོད་ནས་མར་གྱི་དཀྱིལ་ནས་སྤུ་བཏོན་པ་ལྟར་ཚེ་ཕྱི་མའི་ལམ་པོ་ཆེར་ཁྲིད་འགྲོ་བ་མ་གཏོགས། དཔའ་བོ་ཡིན་པས་བཀྱེ་ས་དང་འཐབ་ས་མེད། བཙན་པོ་ཡིན་པས་བཀའ་ཡིས་བསྒོ་ས་མེད། ཕྱུག་པོ་ཡིན་པས་རྒྱུ་ཟས་ཀྱིས་བསླུ་ས་མེད། སྡར་མ་ཡིན་པས་བྲོས་ས་དང་གབ་ས་མེད། སྐྱབས་དང་སྐྱོབ་པ། མགོན་དང་དཔུང་གཉེན། ཐབས་དང་ཐུགས་རྗེ་གང་ཡང་མེད་དེ། ཤི་རན་ཏེ་ཚེ་ཟད་པའི་ཉིན་མོར། སྨན་པའི་རྒྱལ་པོ་དངོས་སུ་བྱོན་ནས་སྨན་བྱིན་ཀྱང་ཚེ་ཟད་པའི་འཆི་བ་ལ་བཤོལ་མི་ཐེབས་པ་ཡིན་པས་ན་གནད་དེ་ཐམས་ཅད་ཤེས་པར་བྱས་ཏེ། ཕ་དམ་པས། བརྩོན་འགྲུས་མཐུ་སྟོབས་ཆུང་བས་འཚང་མི་རྒྱ། །གོ་ཆས་སླེབས་པར་གྱིས་ཤིག་དིང་རི་བ། །ཞེས་གསུངས་པ་ལྟར། དུས་ད་ལྟ་ཉིད་དུ་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་མི་འགྲོ་བར། འཆི་བ་ལ་མི་འཇིགས་པ་དང་འཆི་ཁར་ཕན་ངེས་པའི་དམ་པའི་ལྷ་ཆོས་ཡང་དག་པ་ཞིག་ལག་ལེན་ལ་ཐེབས་ངེས་སུ་བསྒྲུབ་དགོས་སྙམ་དུ་ཞེ་ཐག་པ་ནས་བསྒོམ་མོ། །མདོར་ན་རང་གིས་རང་ལ་འདེང་ཞིག་བརྒྱབ་ནས་རང་གི་མི་ཚེའི་ཚད་ལ་བསམ་ན་ཚེ་རིང་པོར་འཚོ་ཡང་། དང་པོ་གཞོན་ནུའི་དུས་སུ་བསམ་བློས་མ་ཟིན་ནས་ཆོས་བྱེད་པའི་སྐལ་བ་མ་བྱུང་། མཐར་རྒས་ནས་རྒུད་པའི་དུས་སུ་ལུས་སེམས་གཉིས་ཀྱི་སྟོབས་ཟད་ནས་ཆོས་བྱེད་ཁུལ་བྱས་ཀྱང་བོགས་སྐྱེད་འདོན་མ་ཐུབ་པས་རེ་བཞག་ཆུང་། དེའི་བར་ཕྱེད་གཉིད་ཀྱིས་འཕྲོག ཕྱེད་རྣམ་གཡེང་འགྲོ་འདུག་དོན་མེད་བྱ་བཞག་སྣ་ཚོགས་ཀྱིས་བྲེལ་ནས་ཆོས་བྱེད་པའི་གནས་སྐབས་དཀོན། ཚེ་འདིའི་ཕུན་ཚོགས་དང་བསླུ་ཁྲིད་ནི་རྨི་ལམ་ཐུན་གཅིག་ནང་གི་བདེ་བ་ལྟ་བུ་ཡིན་པར་ངེས་ཤེས་བསྐྱེད་ནས་ཆོས་སྒྲུབ་པ་ལ་ནན་ཏན་བྱ་དགོས།

༼༣ དམ་པའི་སྐྱེས་བུ་ལ་བསྒོམ་པ།

གསུམ་པ་དམ་པའི་སྐྱེས་བུ་ལ་བསམས་ཏེ་མི་རྟག་པ་བསྒོམ་པ་ནི། འདི་ལྟར་ད་ལྟའི་བསྐལ་པ་བཟང་པོ་འདི་ལ་སྔོན་གྱི་དུས་སུ་བྱོན་པའི་འདས་པའི་སངས་རྒྱས་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་ལ་སོགས་པ་སངས་རྒྱས་རབས་བདུན་འཁོར་ཉན་ཐོས་དགྲ་བཅོམ་པའི་ཚོགས་དང་བཅས་པ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན། རིགས་ཅན་གསུམ་གྱི་གདུལ་བྱ་ལ་རང་རང་གི་བློ་དང་འཚམ་པའི་ཐེག་པ་གསུམ་གྱི་ཆོས་ཀྱིས་གདུལ་བྱའི་སྐྱེ་བོ་དཔག་ཏུ་མེད་པ་ཐར་ལམ་ལ་བཀོད་པའི་དོན་མཛད་པ་དེ་དག་ཀྱང་དེང་སང་མཇལ་རྒྱུ་མེད་པ་དང་། ད་ལྟ་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པའི་ལྷག་ཞབས་ཙམ་ལུས་པ་འདི་ཀ་མ་གཏོགས་གཞན་སངས་རྒྱས་ཐམས་ཅད་ཀྱང་གདུལ་བྱ་རྟག་འཛིན་ཅན་ཆོས་ལ་བསྐུལ་ཕྱིར་བསོད་ནམས་བརྒྱ་ལས་གྲུབ་པའི་རྡོ་རྗེའི་སྐུ་ཡང་མི་རྟག་པའི་ཚུལ་བསྟན་ནས་མྱ་ངན་ལས་འདས། བསྟན་པ་དམ་པའི་ཆོས་ཀྱང་དེ་བཞིན་དུ་གནས་ཚད་རྫོགས་ནས་རིམ་གྱིས་ནུབ། ད་ལྟ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་ཡང་ཉན་ཐོས་ཆེན་པོ་རེ་རེ་ཡང་འཁོར་དགྲ་བཅོམ་པ་ལྔ་བརྒྱའི་ཚོགས་དང་བཅས་པ་སྐུ་སྟོད་ནས་མེ་འབར་སྐུ་སྨད་ནས་ཆུ་ཁོལ་བ་སོགས་རྫུ་འཕྲུལ་ཡ་མ་ཟུང་སྟོན་ནུས་པ་དུ་མ་ཞིག་བྱོན་པ་དེ་དག་ཀྱང་རིམ་གྱིས་བུད་ཤིང་ཟད་པའི་མེ་བཞིན་དུ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་པས་ད་ལྟ་ལོ་རྒྱུས་ཙམ་ལས་མེད། དེ་ལས་གཞན་ཡང་སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་ཐོག་ཏུ། རྒྱ་གར་འཕགས་པའི་ཡུལ་དུ་བཀའི་བསྡུ་བ་མཛད་པའི་འོད་སྲུང་ཆེན་པོ་སོགས་དགྲ་བཅོམ་པ་ལྔ་བརྒྱ་དང་། གྲགས་པ་སོགས་དགྲ་བཅོམ་པ་བདུན་བརྒྱ་དང་། འཇམ་དབྱངས་སོགས་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་། གཞན་ཡང་འདས་རྗེས་ཐོབ་པའི་པཎ་ཆེན་རྣམ་བཞི། མཆོག་གི་རིག་འཛིན་བརྒྱད། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས། སློབ་དཔོན་དཔའ་བོ་དང་སྒྲ་གཅན་འཛིན་བཟང་པོ་སོགས་ཆེན་པོ་བཞི། ཞི་བ་ལྷ་དང་ཙནྜ་གོ་མི་སྟེ་རྨད་བྱུང་གི་སློབ་དཔོན་གཉིས། རྒྱ་གར་གྱི་གྲུབ་ཐོབ་ཆེན་པོ་བརྒྱད་ཅུ་ལ་སོགས་ས་དང་ལམ་གྱི་ཡོན་ཏན་ལ་མངའ་དབང་འབྱོར་པ། མངོན་ཤེས་དང་རྫུ་འཕྲུལ་ལ་ཐོགས་པ་མེད་པ་དུ་མ་ཞིག་བྱོན་པ་ཡིན་ཡང་། ད་ལྟ་ནི་སྔར་དེ་ལྟ་བུ་བྱོན་ནོ་ཞེས་པའི་ལོ་རྒྱུས་ཀྱི་ཡི་གེ་ཙམ་ལས་གཅིག་ཀྱང་མཐོང་པའི་ཡུལ་དུ་མཇལ་སར་མི་བཞུགས། བོད་གངས་ཅན་གྱི་ལྗོངས་འདིར་བསམ་ན་ཡང་ཨོ་རྒྱན་སངས་རྒྱས་གཉིས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྨིན་གྲོལ་གསང་སྔགས་གྱི་ཆོས་འཁོར་བསྐོར་བའི་སྐབས་སུ་རྗེ་ཁྲི་སྲོང་ལྡེའུ་བཙན། འབངས་བེེ་རོ་ཙཱ་ན། གྲོགས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་མཆིམས་ཕུའི་གྲུབ་ཆེན་ཉེར་ལྔ། ཡེར་བའི་གྲུབ་ཆེན་བརྒྱད་ཅུ། ཡང་རྫོང་གི་རྟོགས་ལྡན་ང་ལྔ། ཆུ་བོ་རིའི་འོད་ལུས་གྲུབ་པའི་སྒོམ་ཆེན་བརྒྱ་དང་བརྒྱད། ཤེལ་བྲག་གི་སྔགས་པ་སུམ་ཅུ་ལ་སོགས་བྱོན་པ་དང་། ཕྱིས་སུ་ཡང་། རྙིང་མའི་སོ་ཟུར་གནུབས་གསུམ། གསར་མའི་མར་མི་དྭགས་གསུམ་ཞེས་གསར་རྙིང་གི་མིང་དོན་གྱི་ཁྱད་པར་ནི་གཙོ་ཆེར་སྔགས་ཀྱི་རྒྱུད་སྡེ་བོད་དུ་འགྱུར་སྔ་ཕྱིའི་དབང་གིས་སྔགས་ལ་གསར་རྙིང་གི་ཁྱད་པར་བྱུང་བ་དང་། ས་དགེ་བཀའ་རྙིང་གི་བརྡ་ཆད་ཀྱང་བོད་དུ་བྱུང་བ་ལས་རྒྱ་གར་ན་མེད། སྔགས་གསར་རྙིང་གི་འཇོག་མཚམས་ནི་ལོ་ཙཱ་བ་རིན་ཆེན་བཟང་པོས་གསང་སྔགས་ཀྱི་རྒྱུད་སྡེ་བོད་དུ་བསྒྱུར་བ་མན་ཆད་ནས་བྱུང་བ་ལ་སྔགས་གསར་མ་དང་། དེ་ཡན་ཆད་དུ་བསྒྱུར་བ་ལ་རྙིང་མ་ཟེར། དེ་ལྟ་བུའི་རྒྱུད་སྡེའི་ཆོས་འཛིན་མཁན་ལ་རྙིང་མ་པ་དང་གསར་མ་པ་ཞེས་ཡོངས་སུ་གྲགས། དེ་དག་ལ་སོགས་ས་དགེ་བཀའ་རྙིང་གི་རིས་སུ་མ་ཆད་པའི་བསྟན་འཛིན་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་ས་གསུམ་ན་འགྲན་ཟླ་དང་བྲལ་བ་བསམ་གྱིས་མི་ཁྱབ་པ་ནམ་མཁའི་སྐར་ཚོགས་ལྟར་བྱོན་ཞིང་། དེ་དག་ཀྱང་ཕལ་ཆེ་བ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་ནས་གྲུབ་པའི་གོ་འཕང་བརྙེས་པ། རླུང་སེམས་ལ་རང་དབང་ཐོབ་ནས་སྣང་སེམས་འདྲེས་ཏེ་འབྱུང་བ་བཞི་ལ་རང་དབང་བསྒྱུར། དངོས་པོ་དངོས་མེད་དང་དངོས་མེད་དངོས་པོར་བྱེད་ནུས་པའི་རྫུ་འཕྲུལ་ཡ་མ་ཟུང་སྟོན་ནུས་པ། མེས་བསྲེགས་ཀྱང་མི་ཚིག ཆུ་ལ་བསྐུར་ཀྱང་ཆུས་མི་ཁྱེར། དོང་དུ་སྦས་ཀྱང་སས་མི་ནོན། ནམ་མཁའ་ལ་བྱ་ལྟར་འཕུར་ཡང་གཡང་ལ་མི་ལྷུང་། དེ་ལྟ་བུ་འབྱུང་བཞིའི་གནོད་པ་དང་བྲལ་བ་ཤ་སྟག་ཡིན་ཏེ། དཔེར་ན། རྗེ་བཙུན་མི་ལ་བལ་ཡུལ་གྱི་སྙེ་ཤང་ཀ་ཏྱའི་ཕུག་ན་གསུང་བཅད་དེ་བཞུགས་སྐབས། རྔོན་པ་མང་པོ་འོངས་ནས་ཁྱོད་མི་ཡིན་ནམ་འདྲེ་ཡིན་ཞེས་དྲིས་པ་ལ་གསུང་མ་གནང་བར་སྤྱན་ལྟ་སྟངས་ཀྱི་ངང་ལ་བཞུགས་པས་ཁོང་ཚོས་དང་པོར་དུག་མདའ་མང་པོ་བརྒྱབ་ཀྱང་མ་ཕིག ཆུ་དང་གཡང་ལ་བསྐུར་ཀྱང་གྱེན་དུ་ལོག་ནས་སྔར་གྱི་གནས་དེ་ཉིད་དུ་བཞུགས། སྐུ་ལུས་ཀྱི་སྟེང་དུ་ཤིང་སྤུངས་ཏེ་མེ་སྦར་ཀྱང་མེས་མ་ཚིག་པ་དེ་ལྟ་བུའི་གྲུབ་བརྙེས་ཀྱི་སྐྱེས་བུ་དུ་མ་བྱོན་པ་ཡང་མཐར་ཐམས་ཅད་མི་རྟག་པའི་ཚུལ་བསྟན་པ་སྟེ་སློབ་དཔོན་དཔའ་བོས། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ལུས་ཅན་རྣམས་ལ་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར། ད་ལྟ་ནི་ལོ་རྒྱུས་ཙམ་ལས་མི་འདུག་ན། རང་རེ་དུས་ངན་སྙིགས་མའི་སེམས་ཅན་ལས་ངན་གྱི་རྒྱུ་བྱས་རྐྱེན་ངན་གྱི་རླུང་གི་དེད། བག་ཆགས་ངན་པས་མཚམས་སྦྱར་འབྱུང་བ་བཞིའི་གདོས་པོས་བཅིངས་མི་གཙང་བའི་འཕྲུལ་འཁོར་ལ་སེམས་ཀྱི་རྒྱུད་བསྟེན་པ་སྒྱུ་ལུས་ཀྱི་ཐོ་ཡོར་འདི་ལ་ནམ་འཇིག་དང་འདིར་འཇིག་གི་ངེས་པ་མེད་པས། ད་ལྟ་ལ་འུར་ཉིད་ནས་སྒོ་གསུམ་དགེ་བ་ལ་བསྐུལ་དགོས་སྙམ་དུ་བསྒོམ་མོ།།

༼༤ སྐྱེ་དགུའི་བདག་པོ་ལ་བསྒོམ་པ།

བཞི་པ་སྐྱེ་དགུའི་བདག་པོ་ལ་བསམས་ཏེ་མི་རྟག་པ་བསྒོམ་པ་ནི། ཟག་བཅས་ཀྱི་བསོད་ནམས་བསགས་པའི་མཐུ་ཡིས་ཚེ་རིང་པོ་བསྐལ་པའི་བར་དུ་ཐུབ་ཅིང་སྟོབས་དང་གཟི་བརྗིད་ཕུན་སུམ་ཚོགས་པའི་ལྷ་དང་དྲང་སྲོང་སྨོན་ལམ་གྱི་མཐུ་གྲུབ་པ་རྣམས་ཀྱང་འཆི་བའི་གནས་ལས་གཅིག་ཀྱང་མ་ཐར་ཏེ། འདི་ལྟར་སྐྱེ་དགུའི་བདག་པོ་ཚངས་པ་ཆེན་པོ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། ཁྱབ་འཇུག་མགྲིན་སྔོན་དང་། དྲག་པོ་ལ་སོགས་པ་འཇིག་རྟེན་སྐྱོང་བའི་རྒྱལ་པོ་ཆེན་པོ་བཞི་མདོར་ན་བསྐལ་པའི་བར་དུ་གནས་པའི་ཚེ་དང་། དཔག་ཚད་དང་རྒྱང་གྲགས་ཙམ་དུ་སླེབ་པའི་ལུས་དང་། ཉི་མ་དང་ཟླ་བའང་ཟིལ་གྱིས་གནོན་པའི་སྟོབས་དང་གཟི་བརྗིད་མངའ་བ་རྣམས་ཀྱང་འཆི་བའི་གནས་ལས་ཐར་བ་མེད་དེ། ཡོན་ཏན་མཛོད་ལས། ཚངས་དབང་བདེ་འབྱུང་འཁོར་ལོས་སྒྱུར་རྣམས་ཀྱང་། །འཆི་བདག་བདུད་ལས་བཟུར་བའི་ཐབས་མི་བསམ། །ཞེས་དང་། གཞན་ཡང་ལྷ་དང་མི་ཡི་དྲང་སྲོང་མིག་དང་རྣ་བའི་མངོན་པར་ཤེས་པ་ལ་སོགས་པ་ལྔ་དང་ལྡན་པ། རྫུ་འཕྲུལ་གྱི་མཐུས་ནམ་མཁའི་ལམ་ལ་འགྲོ་བ་རྣམས་ཀྱང་མཐར་འཆི་བའི་གནས་ལས་འདའ་མི་ནུས་ཏེ། མྱ་ངན་བསལ་བ་ལས། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང་། །གང་དུ་འཆི་མེད་སྤྱོད་ཡུལ་བའི། །ས་དེར་འགྲོ་བར་མི་ནུས་སོ། །ཞེས་གསུངས། འཇིག་རྟེན་མི་ཡུལ་འདིར་ཡང་དཔུང་གི་སྟོབས་ཡོད་པ་དང་ལོངས་སྤྱོད་ཀྱི་འབྱོར་བ་ཡོད་པས་མངོན་པར་མཐོ་བ་གསེར་དངུལ་ཟངས་ལྕགས་ཀྱིས་དབང་བསྒྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་དང་། གཞན་ཡང་རྒྱ་གར་འཕགས་པའི་ཡུལ་དུ་མང་པོས་བཀུར་བའི་རྒྱལ་བརྒྱུད་ལས་འཛམ་གླིང་ལ་མངའ་དབང་བྱེད་པའི་རྒྱལ་པོ་བསམ་གྱིས་མི་ཁྱབ་པ་བྱོན་ཞིང་། གཞན་ཡང་དེ་བ་པཱ་ལ་ལ་སོགས་པའི་པཱ་ལ་རྣམ་གསུམ་དང་། ཧ་རི་ཙནྡྲ་དང་ལཀྵ་ཙནྡྲ་སོགས་ཙན་དྲ་སོ་བདུན་ལ་སོགས་པ་རྒྱ་གར་ཤར་ནུབ་ཀྱི་རྒྱལ་པོ་མངའ་ཐང་དང་སྟོབས་འབྱོར་རྒྱས་པ་དུ་མ་བྱོན་མྱོང་། འཇིག་རྟེན་གདགས་པའི་བསྟན་བཅོས་ལས། རྒྱལ་པོ་འབུམ་ཕྲག་བརྒྱད་དང་སུམ་ཁྲི་བཞི་སྟོང་ལྔ་བརྒྱ་སུམ་ཅུ་རྩ་བཞི་བྱོན་པར་བཤད་པ་དང་། འདུལ་བ་ལས། མང་པོས་བཀུར་བའི་རྒྱལ་པོ་ནས་སྲས་སྒྲ་གཅན་འཛིན་གྱི་བར་རྒྱལ་རབས་ས་ཡ་གཅིག་དང་འབུམ་ཁྲི་ལྔ་བརྒྱ་བྱུང་བ་ལ་སོགས་པ་གསུངས་པས་དུ་མ་བྱོན། བོད་གངས་ཅན་གྱི་ལྗོངས་སུ་ཡིན་ནའང་། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཆོས་རྒྱལ་ཆེན་པོ་རྣམས་རིམ་གྱིས་བྱོན་པའི་ཚུལ་ལ་ཡང་རྗེ་གཉའ་ཁྲི་བཙན་པོ་སྟེ་རྒྱ་གར་གྱི་རྒྱལ་པོ་དམག་བརྒྱ་པ་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པའི་སྲས་སྟེང་ལྷའི་རྒྱལ་པོ་མཆོག་ནི། རྐང་ལག་གི་སོར་མོ་རྣམས་བྱ་ངང་པ་བཞིན་འབྲེལ་བ། སྤྱན་བྱ་ཡི་མིག་ལྟར་ཡས་འགེབས་པ། གཡུའི་སྨིན་མ་ཅན། སོ་དུང་སོ་འཁོར་མར་ཡོད་པ། ལག་པ་འཁོར་ལོའི་ཡན་ལག་ཅན་མཚན་ལྡན་ཞིག་བྱུང་བ་ལ། ཡབ་ཀྱིས་འདི་མི་མ་ཡིན་གྱི་བུ་ཡིན་པ་འདྲ་བས་རྒྱལ་སྲིད་ལ་ཕན་དང་གནོད་མི་ཤེས་བསམས་ནས་ས་མཐར་སྤྱུགས། པད་དཀར་འཛིན་པའི་ཡེ་ཤེས་མཆོག་གི་འོད་ཟེར་གྱིས་སྣང་བ་བསྒྱུར་ནས། དེ་ཉིད་ལས་ཀྱི་དབང་གིས་རྐང་འཁྱར་ཏེ་བོད་ཀྱི་ལྷ་རི་གྱང་ཐོའི་རྩེ་ལ་བྱོན་ནས་གཟིགས་པས། ཡར་ལུང་གི་ཡུལ་འདི་ནི་ལྷ་ཡུལ་ལྟར་བཟང་ཞིང་། ཡར་ལྷ་ཤམ་པོའི་གངས་རི་འདི་ལྷུན་པོའི་མཛེས་སྡུག་ལ་འགྲན་པ་མཁྱེན་ནས། ཐོག་མར་ལྷ་རི་རོལ་པ་ནས་བབས་ཏེ་ཕྱུགས་རྫི་འགའ་དང་ཐུག་སོང་། ཁྱོད་གང་ནས་འོང་སུ་ཡིན་དྲིས་པས་སྐད་བརྡ་མ་འཕྲོད་ནས་མཛུབ་མོ་གནམ་ལ་བསྒྲེངས་པས་འདི་གནམ་ནས་འོང་བ་ཡིན་པ་འདྲ་བས་གནམ་ལྷ་བབས་ཀྱི་རྒྱལ་པོ་རེད་བསམས་ནས། ཐམས་ཅད་ཀྱིས་གཉའ་བ་ལ་ཤིང་བཅིངས་ཤིང་དེའི་ཐོག་ཁྲི་གདན་གྱི་ཁར་བཞག་ནས་མང་པོས་བཀུར་བའི་རྒྱལ་པོ་ལྟར་བཀུར་བ་དེ་ལ་གཉའ་ཁྲི་བཙན་པོ་ཟེར། དེ་བྱོན་པ་ནས་བཟུང་སྟེ་ཕོ་བྲང་ཡུམ་བུ་བླ་སྒང་བརྩིགས་པ་དང་། སུམ་པའི་དཔོན་པོ་ཨ་ཡོངས་རྒྱལ་པོ་བཏུལ་བ་སོགས་མཛད། དེ་ནས་གནམ་ལ་ཁྲི་བདུན་བྱོན་ཏེ། དེ་ཡང་མུ་ཁྲི་བཙན་པོ། དིང་ཁྲི་བཙན་པོ། སོ་ཁྲི་བཙན་པོ། མེར་ཁྲི་བཙན་པོ། གདགས་ཁྲི་བཙན་པོ། སྲིབ་ཁྲི་བཙན་པོ་བཅས་སོ། །གྲི་གུམ་བཙན་པོ། སྤུ་དེ་གོང་རྒྱལ་ཏེ་བར་གྱི་སྟེང་གཉིས། ཨེ་ཤོ་ལེགས། དེ་ཤོ་ལེགས། ཐི་ཤོ་ལེགས། གུ་རུ་ལེགས། འབྲོང་ཞི་ལེགས། ཨི་ཤོ་ལེགས་བཅས་ལ་ས་ལ་ལེགས་དྲུག་ཏུ་གྲགས། ཡང་ཟ་ནམ་ཟིན་ལྡེ། ལྡེ་འཕྲུལ་ནམ་གཞུང་བཙན། སེ་སྣོལ་གནམ་ལྡེ། སེ་སྣོལ་པོ་ལྡེ། ལྡེ་སྣོལ་ནམ། ལྡེ་སྣོལ་པོ། ལྡེ་རྒྱལ་པོ། ལྡེ་སྤྲིན་བཙན་ཏེ་བར་ལ་སྡེ་བརྒྱད། རྒྱལ་ཏོ་རི་ལོང་བཙན། ཁྲི་བཙན་ནམ། ཁྲི་སྒྲ་དཔུང་བཙན། ཁྲི་རྗེ་ཐོག་བཙན། ལྷ་ཐོ་ཐོ་རི་གཉན་བཙན་ཏེ་ཚིགས་ལ་བཙན་ལྔ། སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ། ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ་ལ་སོགས་པ་བྱོན་ཞིང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་ལ་སྟོད་བལ་པོའི་ཡུལ་ནས་སྨད་རྒྱ་ནག་གི་ཡུལ་ཁམས་ཡན་ཆད་སྤྲུལ་པའི་དམག་གིས་བཏུལ། ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། འཛམ་བུའི་གླིང་གི་སུམ་གཉིས་མངའ་འོག་ཏུ་བསྡུས། ཆོས་རྒྱལ་རལ་པ་ཅན་གྱི་རིང་ལ། རྒྱ་གར་ཆུ་བོ་གང་གཱའི་འགྲམ་དུ་ལྕགས་ཀྱི་རྡོ་རིང་བསླངས་ཏེ། རྒྱ་བོད་ཀྱི་ས་མཚམས་མཛད། རྒྱ་གར་རྒྱ་ནག་གེ་སར་སྟག་གཟིག་ལ་སོགས་པ། རྒྱལ་ཁབ་མང་པོ་མངའ་ཞབས་སུ་བསྡུས་ནས། ལོ་སར་གྱི་སྟོན་མོར། ལྷ་སའི་གླིང་དུ་མཐའ་ཡི་རྒྱལ་ཁབ་དེ་དག་གི་སྐུ་ཚབ་ཀྱི་མི་སྣ་ཉིན་གཅིག་ལ་སླེབ་དགོས་པའི་མངའ་ཐང་ཡོད་པ་སོགས་ཀྱང་། ད་ལྟ་དེ་ལྟ་བུ་བྱུང་བའི་གཏམ་རྒྱུད་ཙམ་མ་གཏོགས་ཅི་ཡང་མེད་པའི་གནས་སྐབས་ལ་བསམ་ན། རང་རེ་ཐོག་མེད་ནས་ལས་ངན་གྱིས་རྒྱུ་བྱས་རྐྱེན་ངན་གྱི་རླུང་གིས་དེད། བག་ཆགས་ངན་པས་མཚམས་སྦྱར་བའི་ད་ལྟའི་གནས་ཁང་དང་། ལོངས་སྤྱོད། འཁོར་དང་། མངའ་ཐང་ལ་སོགས་ཅི་ཙམ་བཟང་བར་བརྩི་བ་རྣམས་ཀྱང་སྔ་མ་རྣམས་ལ་དཔག་ན། སྦྲང་མའི་ཚང་ཙམ་ལས་མེད་ན། ཉམ་ཆུང་ཡ་མ་བརླ་འདི་ལྟ་བུ་ལ་རྟག་པ་དང་བརྟན་པ་ཅི་ཡོད་སྙམ་དུ་བསྒོམ་མོ།།

༼༥ དཔེ་དོན་སྣ་ཚོགས་ལ་བསྒོམ་པ།

ལྔ་པ་དཔེ་དོན་སྣ་ཚོགས་ལ་བསམས་ཏེ་མི་རྟག་པ་བསྒོམ་པ་ནི། སྤྱིར་བསྐལ་པའི་འཕེལ་འགྲིབ་ཀྱི་དབང་གིས་འགྲོ་བ་མི་ཡི་ཟ་ཐང་བསོད་ནམས་ལ་བསམས་ཀྱང་མི་རྟག་སྟེ། སྔོན་བསྐལ་པ་དཔག་ཏུ་མེད་པ་དང་པོའི་དུས་སུ། མི་ཐམས་ཅད་ཀྱང་གཟུགས་མཛེས་ཤིང་ལྟ་ན་སྡུག་པ། ཁ་དོག་གསལ་ཞིང་རང་རང་གི་འོད་ཀྱིས་སྣང་བ་ལས་མཁའ་ལ་ཉི་ཟླ་མེད། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ། ལུས་བོངས་ཀྱང་དཔག་ཚད་མང་པོ་དང་ལྡན། བདུད་རྩིའི་ཟས་ཟ། བདེ་སྐྱིད་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པ་ལྷ་ཡུལ་གྱི་ལྷ་རྣམས་ལ་འགྲན་ནུས་པ་ཙམ་ཡོད་ཀྱང་། ཉོན་མོངས་པ་ཇེ་རགས་དང་མི་དགེ་བ་འཆོལ་ཉོག་ཏུ་སྤྱོད་པའི་དབང་གིས་རིམ་གྱིས་ནུབ་སྟེ་ད་ལྟའི་གནས་སྐབས་སུ་འདི་ལྟ་བུར་གྱུར། ད་དུང་ཡང་མི་རྣམས་ཉོན་མོངས་པ་ཇེ་རགས་སུ་གྱུར་པའི་དབང་གིས་ཚེ་ཚད་དང་བསོད་ནམས་ཐམས་ཅད་མར་མར་བྲི་སྟེ་མཐར་ཚེ་ལོ་བཅུ་པའི་བར་དུ་ཚེ་ཚད་ཀྱང་ཇེ་ཐུང་དུ་འགྲོ། ནད་དང་མཚོན་དང་མུ་གེའི་བསྐལ་པ་གསུམ་དར་ནས་འཛམ་གླིང་གི་འགྲོ་བ་རྣམས་ཕལ་ཆེར་ཟད་པར་བྱེད་ཅིང་། ལྷག་མ་ལུས་པ་རྣམས་ལ་རྒྱལ་བ་བྱམས་པའི་སྤྲུལ་པས་སྲོག་གཅོད་སྤང་བའི་ཆོས་བསྟན་པས་བོངས་ཚད་ཀྱང་ཡར་འཕེལ་ཏེ་ཁྲུ་གང་དུ་གྱུར་པ་དང་། ཚེ་ལོ་ཉི་ཤུ་པར་འགྱུར་བ་སོགས་རིམ་གྱིས་འཕེལ་ཏེ། མི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པའི་དུས། ད་ལྟ་དགའ་ལྡན་ན་བཞུགས་པའི་མགོན་པོ་བྱམས་པ་མི་ཡུལ་ལ་བྱོན་ནས་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར། དེ་ལྟར་འཕེལ་འགྲིབ་ཀྱི་ཁུག་པ་བཅོ་བརྒྱད་རྫོགས་ནས། སྐྱེ་དགུ་རྣམས་ཀྱི་ཚེ་ལོ་དཔག་མེད་ཐུབ་པའི་དུས་སུ། སངས་རྒྱས་མོས་པ་བྱོན་ནས་སྔོན་གྱི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་པོ་དེ་དག་གི་སྐུ་ཚེའི་ཚད་བསྡོམས་པའི་ཡུན་དུ་བཞུགས་ཤིང་དེ་དག་གི་འགྲོ་དོན་གྱི་མཛད་པ་ཇི་སྙེད་པ་བསྡོམས་པ་ཙམ་མཛད་ཅིང་། མཐར་བསྐལ་པ་འདི་ཡང་འཇིག་ཅིང་འཛད་པར་འགྱུར་བ་སོགས་བསྐལ་པའི་འཕེལ་འགྲིབ་ལ་བརྟགས་ཀྱང་མི་རྟག་པའི་རང་བཞིན་ལས་མ་འདས། བྱེ་བྲག་ནམ་ཟླ་དུས་བཞིའི་འགྱུར་ལྡོག་ལ་བལྟས་ཀྱང་མི་རྟག་སྟེ། ཀུན་མཁྱེན་ཆེན་པོས། སོས་ཀ་དབྱར་དང་སྟོན་དུས་དགུན་དང་དཔྱིད། །རིམ་གྱི་འགྱུར་བས་མི་རྟག་སྐྱོ་ཤས་འཕེལ། །ཞེས་གསུངས་པ་ལྟར་མི་རྣམས་ལ་བདེ་བ་སྦྱིན་པའི་དབྱར་གྱི་དུས་སུ་ས་དྲོད་འཕེལ་ཞིང་རྩི་བཅུད་རྒྱས་པས་སྤང་ཐམས་ཅད་ཀྱང་སྔོ་ལྗང་དུ་སྣང་། དུས་ཀྱི་ཆར་ཐམས་ཅད་ཀྱང་བདུད་རྩི་ལྟ་བུར་འབེབས། སྐྱེ་དགུ་ཀུན་ཀྱང་དབྱར་དུས་མཛེས་པའི་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སྤྱོད། རང་འཁྲུངས་ཀྱི་མེ་ཏོག་གི་རིགས་དཀར་སེར་དམར་ལྗང་དུ་བཀྲ་པ་དཔག་ཏུ་མེད་པ་སྐྱེས་པས་ལྷ་ཡུལ་ལྟ་བུ་ཡོད་པ་དེ། སྟོན་གྱི་ཉི་མ་ལྷོ་བགྲོད་ཀྱི་དུས་སུ་བྱང་རླུང་སེར་བུའི་ངད་ལྡང་། འབྱུང་བའི་དྲོད་དང་གཤེར་མེད་པས་སྤང་ལྗང་གི་མདོག་འགྱུར། མེ་ཏོག་དང་རྩི་ཐོག་ཐམས་ཅད་ཀྱང་རིམ་གྱིས་སྐམ། དགུན་གྲང་ངར་ཅན་གྱི་དུས་སུ་ས་ཐམས་ཅད་ཀྱང་རྡོ་བ་ལྟར་གྱུར། ཆུ་ཐམས་ཅད་འཁྱག་རོམ་དུ་སོང་། གྲང་བ་དང་ལྷགས་རླུང་གི་ངད་པ་རྒྱས། རྟ་ལམ་ཉི་མ་མང་པོའི་བར་དུ་བཙལ་ཀྱང་སྔར་དབྱར་དུས་སུ་སྐྱེས་པའི་མེ་ཏོག་མཛེས་མདངས་ཅན་དེ་ལྟ་བུ་ཉག་མ་གཅིག་ཀྱང་རྙེད་རྒྱུ་མེད་པ་དེ་ལྟར་གྱུར་པ་སོགས་དབྱར་རྗེས་སུ་སྟོན། སྟོན་རྗེས་སུ་དགུན། དགུན་རྗེས་སུ་དཔྱིད་ལ་སོགས་རིམ་པར་འབྱུང་བས་སྔ་མ་སྔ་མའི་དུས་ཀྱི་གནས་སྐབས་ཐམས་ཅད་ལས་ཕྱི་མ་ཕྱི་མར་གཞན་དུ་འགྱུར་ཏེ། མི་རྟག་ཅིང་ཁར་སང་དང་དེ་རིང་གི་བར་དང་། ད་ནངས་དང་དོ་དགོང་གི་བར་དང་། ད་ལོ་དང་སང་ཕོད་ཀྱི་བར་ལ་སོགས་ཐམས་ཅད་ཀྱང་རིམ་པར་མི་རྟག་པའི་ཚུལ་ལ་དཔག་ན་གང་ལའང་ཡིད་བརྟན་དུ་མི་རུང་། ཁྱད་པར་རང་རེ་གང་དུ་གནས་པའི་ཡུལ་གྲོང་དང་སྡེ་དགོན་སོགས་ན་ཡང་། མི་རབས་སྔོན་མའི་དུས་སུ་འབྱོར་ཞིང་རིགས་རུས་དང་སྙན་གྲགས་སོགས་དར་བ་རྣམས་ནི། ད་ལྟ་བསོད་ནམས་ཉམས་ནས་མར་རྒུད་པའི་གནས་སྐབས་སུ་གྱུར། སྔོན་མི་རབས་མང་པོར་དབུལ་པོ་དང་ཉམ་ཆུང་ལ་སོགས་པ་མི་ཀུན་ཀྱིས་རིགས་ངན་དང་ཐ་ཆད་དུ་རྩི་བ་རྣམས་ཀྱང་། སྔོན་གྱི་ལས་དབང་གིས་ད་ལྟ་ཁེ་དྲག་དང་སྟོབས་འབྱོར་དུ་འཛོམས་པ་སོགས་ཐམས་ཅད་མི་རྟག་པའི་རང་བཞིན་ལས་མ་འདས། རང་རེ་ཁྱིམ་ཚང་གཅིག་གི་མི་ཡང་སྔ་རབས་ཀྱི་ཕ་དང་མེས་པོ་ཡང་མེས་སྟེ་ཨ་མྱེ་ཡང་མྱེ་ལ་སོགས་པ་སྐྱེས་སོ་ཅོག་ཀྱང་རིམ་པར་ཤི་སྟེ་ད་ལྟ་ནི་མིང་གི་ལྷག་མ་ཙམ་དུ་གྱུར་བའམ་ཕལ་ཆེར་མིང་ཡང་མི་ཤེས་པར་གྱུར། རང་གི་སྤུན་དང་སྲིང་མོ་ལ་སོགས་པ་གཅེས་པའི་མི་དུ་མ་ཡང་རྐྱེན་སྣ་ཚོགས་ཀྱིས་ཤི་ཞིང་། འཇིག་རྟེན་ཕ་རོལ་ཏུ་སྐྱས་ཆེན་པོས་བཏེགས་ནས་ཤི་བའི་དུས་ལ་བབས་ཏེ། ཤི་ནས་ད་ལྟ་དེ་ཚོ་ལུས་རྟེན་རེ་བླངས་ཡོད་ཀྱང་གར་ཡོད་དང་འདིར་ཡོད་ཙམ་ཡང་མི་ཤེས། ལོ་སྔ་མ་ལ་བཙན་ཕྱུག་འཕན་དར་དུ་འཛོམས་པའི་མི་ཡུལ་ཁམས་ཀྱི་རྒྱན་ལྟ་བུ་རྣམས་ཀྱང་། ད་ལོ་དགྲས་བསད་པ་སོགས་མིང་གི་ལྷག་མ་ཙམ་ལས་མེད་པ་ཡང་དུ་མ་ཡོད། ད་ལྟ་བཙན་ཕྱུག་ཁེ་དྲག་ཏུ་འཛོམས་པ་སྐྱེ་བོ་ཕལ་པའི་ང་འདི་འདྲ་ཞིག་ཡིན་ན་ཨ་རེ་བསམས་ནས་ཡིད་སྨོན་གྱི་ཡུལ་དུ་གྱུར་པའི་ཕུན་སུམ་ཚོགས་པའི་མི་འདི་རྣམས་ཀྱང་། སང་ཕོད་ད་ཚོད་དམ་ཟླ་བ་ཕྱི་མ་ཙམ་ལའང་ཡོད་དམ་མེད་སུས་ཀྱང་མི་ཤེསཏེ། སེམས་ཉིད་ངལ་གསོ་ལས། ཉིན་མཚན་སྐད་ཅིག་ཐང་ཅིག་འགྱུར་བས་ཀྱང་། །འཆི་བདག་གནས་སུ་ཉེ་བར་འགྱུར་བ་ནི། །འབབ་ཆུའི་ཚོགས་རྣམས་རྒྱ་མཚོར་སྙེགས་པའམ། །ཉི་མའི་དཀྱིལ་འཁོར་ནུབ་རིར་ལྷུང་བ་བཞིན། །ཞེས་གསུངས་པ་བཞིན་ནོ། །ཐ་ན་རང་གི་སྒོ་ཕྱུགས་ར་ལུག་ཁྱི་ལ་སོགས་པ་སྔར་ཅི་ཙམ་ཤི་ད་ལྟ་ཅི་ཙམ་ཡོད། དེ་ཐམས་ཅད་ཀྱང་མཐར་ཅིར་འགྱུར་བརྟག་ན་མི་རྟག་པའི་རང་བཞིན་ལས་མ་འདས། འདས་པའི་ཕྱོགས་ལ་བསམ་ན། སྔོན་ཆད་ལོ་བརྒྱའི་གོང་དུ་ཡོད་པའི་ས་ཐོག་གི་མི་དེ་དག་ཐམས་ཅད་ལས་ད་ལྟ་མ་ཤི་བར་ལུས་པ་གཅིག་ཀྱང་མེད། ད་ལྟའི་འཛམ་གླིང་གི་འགྲོ་བ་ས་ཐོག་གོམ་པ་སྤོ་མཁན་འདི་ཐམས་ཅད་ཀྱང་ལོ་བརྒྱ་ཚུན་ལ་ཐམས་ཅད་ཀྱང་འཆི་སྟེ་གཅིག་ཀྱང་ལུས་པར་མི་འགྱུར། དེས་ན་ཕྱི་རྟེན་པ་སྣོད་ཀྱི་འཇིག་རྟེན་ནང་གཡོ་བ་བཅུད་ཀྱི་སེམས་ཅན་ཏེ་ཕྱི་ནང་སྣོད་བཅུད་ཀྱི་ཆོས་འདི་དག་ཐམས་ཅད་ལ་རྟག་པ་དང་བརྟན་པ་གཅིག་ཙམ་ཡང་མེད་དེ། སྐྱེས་པ་ཐམས་ཅད་མི་རྟག་སྟེ་འཆི། ནོར་བསགས་པ་ཐམས་ཅད་མི་རྟག་སྟེ་འཛད། བཟའ་ཚང་སོགས་འདུས་པ་ཐམས་ཅད་མི་རྟག་སྟེ་སོ་སོར་འབྲལ། མཁར་དང་ཕོ་བྲང་ལ་སོགས་བརྩིགས་པ་ཐམས་ཅད་མི་རྟག་སྟེ་འགྱེལ། ཐོབ་གོ་ས་མཐོན་པོ་ཐམས་ཅད་མི་རྟག་སྟེ་ལྷུང་། དེ་བཞིན་དུ་དགྲ་གཉེན་དང་སྐྱིད་སྡུག་བཟང་ངན་དང་རྣམ་རྟོག་ཐམས་ཅད་ཀྱང་གཅིག་ཏུ་མི་རྟག་འགྱུར་བ་སྟེ། མཐོན་པོ་གནམ་ལ་མ་ཐུག་ལྕག་ཡུ་གང་ཟེར་བ་ལྟ་བུ། བཙན་པོ་ཡ་མེད་ནམ་མཁའི་ཐོག་ལྟ་བུ། ནོར་ལོངས་སྤྱོད་འཛོམས་པའི་ཕྱུག་པོ་ཀླུ་ལྟ་བུ། གཟུགས་མཛེས་པོ་ལྷ་ལྟ་བུ། རྒྱན་ཆས་འཕྱོར་པོ་འཇའ་ཚོན་ལྟ་བུ། སུ་དང་གང་ལ་ཡང་འཆི་བ་གློ་བུར་དུ་སླེབ་ཙ་ན་རང་དབང་སྐད་ཅིག་ཀྱང་མེད་པར་གཅེར་བུ་ལག་སྟོང་མཆན་དུ་བཅུག་ནས་ཚེ་གང་བསགས་པའི་རྒྱུ་ནོར་རྫས་བྱམས་ཤིང་སྙིང་ལ་གཅེས་པའི་གཉེན་ཉེ་འབྲེལ་འཁོར་སློབ་མ་སྡེ་མངའ་རིས་བཟའ་བཏུང་ལོངས་སྤྱོད་ཐམས་ཅད་སྐྱུར་མི་བྲ། འབྲལ་མི་ཕོད་བཞིན་དུ་ཤུལ་དུ་བསྐྱུར་ཏེ་མར་གྱི་དཀྱིལ་ནས་སྤུ་བཏོན་པ་བཞིན་དུ་འགྲོ། དགོན་ཆོས་སྡེའི་གྲྭ་སྟོང་ཕྲག་མང་པོའི་འགོ་དཔོན་གྱི་བླ་མ་གདུགས་གསེར་ཁྲི་གཉིས་དང་འབྲལ་མེད་དུ་བཞུགས་མཁན་ཞིག་ཡིན་ཡང་གྲྭ་བ་གཅིག་ཙམ་ཡང་ཁྲིད་ས་མེད། སྡེ་མངའ་འབངས་ཁྲི་ཕྲག་མང་པོའི་དཔོན་པོ་ཡིན་ཡང་གཡོག་པོ་དང་སྐུ་དྲུང་མི་གཅིག་ཀྱང་ཁྲིད་ས་མེད། ནོར་ལོངས་སྤྱོད་ཀྱི་ཐད་ནས་འཛམ་བུའི་གླིང་གི་རྒྱུ་རྫས་ལོངས་སྤྱོད་ཀྱི་བདག་པོ་ཡིན་ཡང་ཁབ་སྐུད་པ་གཅིག་ཙམ་ཡང་ཁྱེར་དབང་མེད། ཐ་ན་རང་གི་གཅེས་པར་བསྐྱངས་པའི་འབྱུང་བཞི་འདུས་པའི་བདག་ཉིད་ཅན། ཤུལ་དུ་ལུས་པས་ན་ལུས་ཞེས་བཏགས་པའི་མི་ལུས་ཀྱང་ཤུལ་དུ་བསྐྱུར་ནས་འགྲོ་དགོས་ཏེ། དེ་ཙ་ན་གསོན་པའི་དུས་སུ་ལུས་དར་ཟབ་ཀྱི་སྦུབས་ན། ཁ་ཇ་ཆང་གི་ངང་དུ་ཡོད་པའི་ཐོབ་མཐོན་པོ་དང་། གཟུགས་མཛེས་པ་ལྷ་སྐུ་ལྟ་བུའི་ལུས་ཀྱང་རོ་ཞེས་བྱ་བ། མཐོང་ན་འཇིགས་པ་ངམ་གནག་པ། ལྗི་ཡོར་ཡོར་བ་དེར་གནས་འགྱུར་པ་ཡིན་ཏེ། རྗེ་མི་ལས། རོ་ཞེས་བྱ་མཐོང་ན་འཇིགས་པ་དེ། །དུས་ད་ལྟ་ལུས་ཀྱི་རྩ་ན་གདའ། །ཞེས་གསུངས། དེའི་དུས་དུ་ཐ་གུས་བསྡམ། ཡོལ་བས་བསྒྲིབས། ས་དང་རྡོ་བས་བརྟེན། གསོན་པོའི་སྐབས་སྤྱོད་རྒྱུའི་ཁ་ཕོར་དེ་འཐུང་མི་ཕོད་པ་གསུར་ཕོར་རམ་མིན་ན་མགོ་སྔས་སུ་སྦུབས་ནས་བཞག་པ་ལས་ཐབས་མེད། གཅེས་དགུ་དམར་དགུ་ཇི་ལྟ་བུ་ཞིག་ཡིན་ཡང་། ཡ་ང་བ་དང་སྐྱུགས་བྲོ་བའི་གནས་སུ་བྱེད། ད་ལྟ་ཚར་གོས་དང་ལྤགས་སྤུ་འཇམ་པོར་བརྩེགས་པའི་སྟེང་དུ་སྔས་བྱས་ན་ཡང་གཉིད་ཐུན་གཅིག་བརྒྱབ་འཕྲལ་མི་བདེ་བ་སྐྱེས་ཏེ་གཞོགས་གཡས་གཡོན་སྤོ་དགོས་ཀྱང་། དེའི་དུས་སུ་རྡོའམ་སྤོ་ཏོ་ཞིག་འགྲམ་འོག་ཏུ་བཅུག་ནས་མགོ་ས་ཁལ་ལེ་ཡོད་པ་དེ་ལྟ་བུ་ལས་མ་འདས། ད་ལྟ་རང་རེས་གཟའ་དཔོན་ནམ་རེ་ལྟོས་ཅན་དྲག་ཤོས་ལྟ་བུ་ཚོས་ང་རང་མེད་ན་ཤུལ་མི་འདི་དག་ཁ་མི་སོས་རྒྱབ་མི་ཁེབས་ནས་ལྟོགས་གྲིའམ་འཁྱག་གྲིར་འཆི་བའམ་དགྲ་ཞིག་ཆུས་ཁྱེར་དུ་འགྲོ་བ་ལས་འོས་མེད། ད་ལྟ་འདི་རྣམས་ལ་ལོངས་སྤྱོད་དང་བདེ་སྐྱིད་སོགས་འདི་དང་འདི་ལྟ་བུ་ཡོད་པ་འདི་ཐམས་ཅད་ཀྱང་ང་རང་ཁོ་ནའི་བེད་ཡིན་སྙམ་པ་རྣམས་ཀྱང་ཤི་ཙ་ན་ཁོང་ཚོས་རོ་དེ་མེ་ལ་བསྲེགས་སམ་ཆུ་ལ་བསྐྱུར་རམ་དུར་ཁྲོད་དུ་འདོར་རམ་མེད་པར་བྱེད་ཐུབ་ནས་བློ་བདེ་བའི་ངང་ལ་གནས་པ་ལས་ཅི་ཡང་མེད། འཆི་ཙ་ན་རང་གཅིག་པུ་བར་དོའི་གནས་སུ་གྲོགས་མེད་གཅིག་པུ་ལས་ཀྱི་གཞན་དབང་གིས་འཁྱམས་དགོས་པ་ཡིན་པས། དེའི་ཚེ་དམ་པའི་ཆོས་ཉག་གཅིག་སྐྱབས་སུ་གྱུར་པས་ད་ལྟ་ཉིད་ནས་དམ་པའི་ལྷ་ཆོས་ཉག་མ་རེ་ཨེ་འགྲུབ་ཅི་ནས་ཀྱང་འབད་དགོས་སྙམ་དུ་ཡང་ནས་ཡང་དུ་བསམ། དེ་བཞིན་དུ་བསགས་པ་ཐམས་ཅད་འཛད་པའི་ཆོས་ཅན་ཡིན་ཏེ། ལས་དང་བསོད་ནམས་ཟད་དུས་འཛམ་གླིང་ལ་དབང་བྱེད་པའི་རྒྱལ་པོ་ལྟ་བུ་ཡང་མཐར་སྤྲང་པོར་འགྱུར་བའི་དུས་ཀྱང་ཡོད། ཚེ་སྟོད་རྒྱུ་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད་པའི་འབྱོར་ལྡན་མང་པོ་ཚེ་སྨད་རྒུད་ནས། རྒྱུ་ཟས་ལོངས་སྤྱོད་སྔར་ཡོད་པ་ཐམས་ཅད་ཟད་དེ་ལྟོགས་གྲིར་ཤི་བ་ཡོད་པ་དང་། སྒོ་ཟོག་སེམས་ཅན་ན་ནིང་གནག་ཕྱུགས་བརྒྱ་ཕྲག་མང་པོ་ཡོད་པ་ཡང་གངས་ཞོད་དང་གོད་ཁས་ཉེན་ནས་ད་ལོ་སྤྲང་པོར་གྱུར་པ་དང་། ཁར་སང་མངའ་ཐང་ལོངས་སྤྱོད་དུ་འཛོམས་པའི་ཕྱུག་པོ་ཡང་མ་བསམ་མ་དྲན་ས་ནས་དགྲ་མགོ་ནག་གིས་བརླག་ནས་དེ་རིང་སློང་མོ་བྱེད་པ་སོགས་དུ་མ་རང་རེས་མཐོང་ཆོས་སུ་གྱུར་པ་ཡིན་ན། ལོངས་སྤྱོད་ནོར་རྫས་ལ་ཡང་རྟག་པར་དབང་རྒྱུ་མི་འོང་བས། ནོར་ལས་ནོར་གྱི་སྙིང་པོ་ལོན་དགོས་པས་སྦྱིན་པའི་རྒྱགས་ཕྱེ་ད་ལྟ་ཉིད་ནས་བསྒྲུབ་དགོས་སྙམ་དུ་ཡང་ཡང་བསམ། འབད་རྩོལ་རི་རབ་ཙམ་བྱེད་པ་ལས་བསོད་ནམས་མེ་སྟག་ཙམ་བསགས་ན་དགའ། ཇི་སྐད་དུ། བསོད་ནམས་ཤུགས་ཀྱིས་དོན་འགྲུབ་པ། །ཉི་མའི་འོད་བཞིན་ལྟོས་པ་མེད། །འབད་པས་ཤུགས་ཀྱིས་དོན་འགྲུབ་པ། །མར་མེའི་འོད་བཞིན་ཀུན་ལ་ལྟོས། །ཞེས་པ་ལྟར་རོ། །འདུས་པ་ཐམས་ཅད་ཀྱང་མི་རྟག་པར་བྲལ་ཏེ་ཡུལ་ཁམས་ཀྱི་ཚོང་འདུས་ཆེན་པོའམ། ཆོས་ར་ཆེན་པོ་རེ་རེར་ཚོགས་པའི་སྐབས་ཡུལ་ཐ་དད་པའི་མི་སྟོང་ཕྲག་གམ་ཁྲི་ཕྲག་མང་པོར་མཉམ་དུ་འདུས་ཀྱང་དེ་དག་ཐམས་ཅད་ཀྱང་མཐར་རང་རང་སོ་སོའི་ཡུལ་དུ་འགྱེས་པ་བཞིན། ད་ལྟ་རང་རེ་བླ་སློབ་བམ་དཔོན་གཡོག་ཡོན་མཆོད་གྲོགས་མཆེད་སྤུན་ཟླ་བཟའ་ཚང་ལ་སོགས་སྔོན་ལས་དང་སྨོན་ལམ་གྱིས་མཉམ་དུ་འདུས་ཤིང་སེམས་མཐུན་བརྩེ་བས་འགྲོགས་ཤིང་འབྲལ་མི་ཕོད་པ་རྣམས་ཀྱང་མཐར་ཅིས་ཀྱང་མི་འབྲལ་བའི་ཐབས་མེད་། འཆི་བའམ་འཕྲལ་རྐྱེན་དྲག་པོ་གློ་བུར་དུ་བྱུང་ན་ད་ལྟ་རང་ཡང་མི་འབྲལ་བའི་ངེས་པ་མེད། དེས་ན་ཆོས་གཅིག་གིས་བསྡུས་པའི་མཆེད་གྲོགས་དང་། ལས་གཅིག་གིས་བསྡུས་པའི་བཟའ་ཚོ་ལ་སོགས་ད་ལྟ་ལྷན་ཅིག་ཏུ་འདུས་པ་འབྲལ་བསམ་ཡིད་ལ་མེད་པ་འདི་རྣམས་ཀྱང་འཕྲལ་དང་འཕྲལ་དུ་སོ་སོར་འབྲལ་བར་འགྱུར་བ་ཡིན་པས། གཅིག་གིས་གཅིག་ལ་ཁོང་ཁྲོ་དང་འཐབ་རྩོད་ངན་ཤགས་དང་འཐབ་མོ་སོགས་མི་བྱེད་པར། ཡུན་རིང་འགྲོགས་པའི་ངེས་པ་མེད་པས་འཕྲལ་སྣང་ཡུད་ཙམ་པ་འདིར་བརྩེ་བས་འགྲོགས་ཤིང་སྐྱོང་དགོས་སྙམ་དུ་བསམས་ཏེ། ཕ་དམ་པས། བཟའ་ཚང་མི་རྟག་ཚོང་དུས་མགྲོན་པོ་འདྲ། །ངན་ཤགས་འཐབ་མོ་མ་བྱེད་དིང་རི་བ། །ཞེས་གསུངས། སྲ་ཞིང་བརྟན་པ་བརྩིགས་པའི་མཁར་དང་ཕོ་བྲང་ཁང་ཁྱིམ་ཐམས་ཅད་ཀྱང་འགྱེལ་བར་འགྱུར་བ་ཡིན་ཏེ། སྔོན་དར་ཞིང་རྒྱས་པའི་གྲོང་སྡེ་འཇིག་ཤུལ་དང་། དགོན་གནས་འཐོར་ཞིག་སྟོང་པར་གྱུར་བའི་ཤུལ་འདི་དག་ལའང་སྔོན་དར་བའི་སྐབས་སྐྱེས་བུའི་བདག་བཟང་པོ་རེ་ཡོད་པ་ཡིན་ཏེ། ད་ལྟའི་གནས་སྐབས་ན་གྱང་རལ་རྟ་རྣ་ཧྲིག་གེ་ཁང་ཤུལ་བྱ་དང་བྱིའུའི་ཚང་དུ་སོང་། ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ན། སྤྲུལ་པའི་བཟོ་བོས་འཕྲུལ་གྱིས་བཞེངས་ཤིང་། ཨོ་རྒྱན་སངས་རྒྱས་གཉིས་པས་རབ་གནས་མཛད་པ། བསམ་ཡས་དབུ་རྩེ་རིམ་གསུམ་ལྟ་བུ་ཡང་མེའི་གནོད་པས་ཞག་གཅིག་ལ་འཇིག ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་དམར་པོའི་རི་ཡི་ཕོ་བྲང་རྣམ་རྒྱལ་ཁང་བཟང་ལ་འགྲན་པ་ལྟ་བུ་ཡོད་པའང་ད་ལྟ་རྨང་རྡོ་ཙམ་ཡང་མ་ལུས་པ་ཡིན་ཞིང་། དེའི་ཤུལ་སྡེ་སྲིད་ཀྱིས་པོ་ཏ་ལ་བཞེངས་པ་ཡིན་ན། རང་རེའི་གྲོང་ཁྱིམ་དང་དགོན་གནས་འབུ་ཚང་ལྟ་བུ་འདི་ལ་གཅེས་སྤྲས་སུ་བྱས་ནས་ཅི་ཞིག་བྱེད། དེས་ན་བཀའ་བརྒྱུད་གོང་མའི་རྣམ་ཐར་བཞིན། ཕ་ཡུལ་བདུད་ཀྱི་བཙོན་ར་ཆགས་སྡང་གི་རྟེན་མཁར་ཡིན་པས་རྒྱབ་ཏུ་བསྐྱུར། མི་ཡུལ་དང་དུ་བླངས་ནས་རྒྱལ་ཁམས་འགྲིམས་ན་ཆགས་སྡང་གི་རྐྱེན་ཉུང་། ཆགས་ཞེན་གྱི་འཁྲི་བ་མེད་པའི་ཆེད་དུ་གནས་བྲག་རྩ་རུ་བསྡད། སུ་དང་འགྲོགས་ན་སྐྱོན་གྱི་གོང་བུ་ཡིན་པ་དང་། ཉོན་མོངས་འཕེལ་བའི་རྒྱུ་ཡིན་པས་གྲོགས་རི་དྭགས་དང་འགྲོགས། གྱོང་དང་ཕུབ་ཁ་ལྟོ་གོས་གཏམ་གསུམ་ལ་བསྐུར་དེའི་ནང་ནས་ཀྱང་གཏམ་སྙན་གྲགས་མགོ་རྣ་ཅོ་འདི་དག་རླུང་ལ་བསྐུར་ནས། བློ་ཕུགས་ཕྱི་མ་དོན་གཉེར་གྱི་ཆོས་ལ་གཏད། ཆོས་ཕུགས་ཚེ་འདིའི་ཞེན་ཆགས་བྲལ་བའི་བྱ་བཏང་སྦས་པའི་རྣལ་འབྱོར་ཉམ་ཆུང་ཀུ་སཱ་ལི་བ་སྤྲང་པོའི་ཚུལ་ཅན་ལ་གཏད། སྤྲང་ཕུགས་ཤི་ལ་གཏད་དེ་འཆི་བྲོད་མཉམ་ཉིད་ཀྱི་གདེང་ལ་བསྐྱལ་ནས། ཤི་ཕུགས་གནས་ངེས་མེད་ལ་སྤང་བླང་མེད་པར་གྲོག་སྟོང་སྐམ་པོ་ལ་གཏད་ཅིང་ཤི་ཡང་བཟང་ངན་མེད་པར་རོ་མཉམ་པ་དེ། ཇོ་བོ་བཀའ་གདམས་པའི་གཏད་ས་བཞི་པོ་འདི་མཐར་འཁྱོལ་བ་ཞིག་བྱེད་དགོས་སྙམ་དུ་སྙིང་ཐག་པ་ནས་བསམ། མཐོན་པོའི་ཐོབ་དང་དཔའ་བོའི་དཔུང་ཡང་མི་རྟག་པ་ཡིན་ཏེ། སྔར་གྱི་དུས་སུ་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ང་ལས་ནུ་ལྟ་བུ་གླིང་བཞི་ལ་དབང་བའི་གསེར་གྱི་འཁོར་ལོས་སྒྱུར་བ། མི་ཡུལ་ལ་དབང་བསྒྱུར་བར་མ་ཚད་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་ལའང་དབང་བྱས། ལྷའི་དབང་པོ་བརྒྱ་བྱིན་དང་སྟན་གཅིག་ལ་སྡོད། ལྷ་མ་ཡིན་གྱི་གཡུལ་ངོ་བཟློག་ནུས་པ་དབང་ཐང་དང་སྟོབས་ཤུགས་བཙན་པོ་ཡང་ལས་ཀྱི་དབང་གིས་མཐར་ས་སྟེང་འཇིག་རྟེན་མི་ཡུལ་དུ་ལྷུང་སྟེ། འདོད་པའི་ལོངས་སྤྱོད་རྣམས་ཀྱིས་མ་ཚིམས་ཤིང་མ་ངོམས་བཞིན་དུ་ཤི་བ་ཡིན་ཏེ། སྔོན་གྱི་ཚེ་འཛམ་བུའི་གླིང་འདིར་ཚེ་ལོ་དཔག་མེད་ཐུབ་པའི་དུས་ན། རྒྱལ་པོ་གུས་པ་ཅན་ནམ་གསོ་སྦྱོང་འཕགས་ཀྱི་སྤྱི་བོ་ལ་སྒོ་ང་འདྲ་བའི་ཤ་རྨེན་ཞིག་བྱུང་སྟེ། དེ་གས་པའི་ནང་ནས་གཞོན་ནུ་གསེར་གྱི་མདོག་ཅན་ཞིག་སྐྱེས་པའི་ཚེ་བཙུན་མོ་ཐམས་ཅད་ཀྱི་ནུ་མ་ནས་འོ་མ་རང་བྱུང་སྟེ། སོ་སོ་ནས་ང་ལས་ནུས་ཞེས་བྱས་པས་དེའི་མིང་དུ་ང་ལས་ནུ་ཡང་ཟེར་རོ། །དེ་རྒྱལ་སྲིད་ཀྱི་འབྱོར་བ་ཆེན་པོས་དགའ་ཞིང་རྩེད་མོ་རྩེ་བའི་ཡུན་དུ་བརྒྱ་བྱིན་དྲུག་ཚེ་འཕོས་སོ། །དེ་ཆེར་སྐྱེས་པ་ན་ཡོན་ཏན་དང་ལྡན་པར་རིག་སྟེ། ཡབ་རྒྱལ་པོས་ཡུལ་གཅིག་གི་རྒྱལ་སྲིད་བྱེད་དུ་བཅུག་གོ། །དེ་རྒྱལ་ཚབ་བྱེད་པའི་ཡུན་ལ་བརྒྱ་བྱིན་དྲུག་ཚེ་འཕོས་སོ། །དེ་ནས་ཡབ་རྒྱལ་པོ་ཚེ་དུས་བྱས། གཞོན་ནུ་སྤྱི་བོ་སྐྱེས་རྒྱལ་པོར་དབང་བསྐུར་ཅིག་ཅེས་གསུངས། དེ་ནས་རྒྱལ་ཆེན་སྡེ་བཞི་འོང་ནས་ཕྱག་ན་རིན་པོ་ཆེའི་བུམ་པ་སྤོས་ཆུས་གང་བ་བསྣམས་ནས་ཁྲུས་བྱསཏེ་རྒྱལ་པོར་དབང་བསྐུར། ལྷའི་དབང་པོ་བརྒྱ་བྱིན་གྱིས་རིན་པོ་ཆེའི་ཅོད་པན་མགོ་ལ་བཅིངས། མི་རྣམས་ཀྱིས་ཁྲི་དང་ཅོད་པན་སོགས་མ་བཅིངས་པའི་སྔོན་དུ་ལྷ་རྣམས་ཀྱིས་དེ་ལྟར་བྱས་སོ། །དེ་དང་མཉམ་དུ་གསེར་གྱི་འཁོར་ལོ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་ཀྱང་དེར་བྱུང་སྟེ། གླིང་བཞི་ལ་དབང་བྱེད་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོར་གྱུར་ཏོ། །བུ་ཡང་སྟོང་ཚང་བར་བྱུང་། དེ་ནས་ཟས་གོས་དང་། རོལ་མོ་དང་། རིན་པོ་ཆེ་སྣ་བདུན་གྱི་ཆར་བབ་ནས་འཛམ་བུའི་གླིང་འདིར་ལོ་ཁྲི་ཕྲག་མང་པོར་སེམས་ཅན་རྣམས་ལ་ཕན་པ་རྗེས་སུ་བསྟན་ནས་བརྒྱ་བྱིན་དྲུག་འཕོ་བའི་ཡུན་དུ་གནས་སོ། །དེ་ནས་གསེར་གྱི་འཁོར་ལོ་རིན་པོ་ཆེ་ནམ་མཁར་འཕགས་པའི་རྗེས་སུ་རིན་པོ་ཆེ་གཞན་དང་དཔུང་གི་ཚོགས་བྱེ་བ་བརྒྱད་འབུམ་དང་བུ་སྟོང་དང་བཅས་པ་ནམ་མཁའ་ལ་འཕགས་པས་ཤར་གྱི་ལུས་འཕགས་གླིང་དུ་ཕྱིན་ནས་མི་ཐམས་ཅད་ཀྱིས་བསུ་ཞིང་རྒྱལ་པོ་བྱས་ཏེ་བརྒྱ་བྱིན་དྲུག་གི་ཚེའི་ཡུན་དུ་གནས་སོ། །དེ་ནས་ནུབ་བ་ལང་སྤྱོད་དུ་སོང་སྟེ་བརྒྱ་བྱིན་དྲུག་གི་ཡུན་དུ་གནས་སོ། །དེ་ནས་བྱང་སྒྲ་མི་སྙན་དུ་སོང་ནས་དེར་རྒྱལ་པོ་བྱས་ཏེ་བརྒྱ་བྱིན་དྲུག་གི་ཚེའི་ཡུན་དུ་གནས་སོ། །དེ་ནས་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་སུ་ཆས་སོ། །དེར་རི་རབ་ནི་གསེར་གྱི་རི་བདུན་གྱིས་བསྐོར་བ་ཡིན་པས། གསེར་གྱི་རི་དང་པོ་མུ་ཁྱུད་འཛིན་གྱི་རིའི་རྩེ་མོར་བདེ་བའི་ཡོ་བྱད་ཐམས་ཅད་ལ་ལོངས་སྤྱོད་དེ་གནས་པའི་ཡུན་ལ་བརྒྱ་བྱིན་དྲུག་ཚེ་འཕོས་སོ། །དེ་བཞིན་དུ་རྣམ་འདུད་དང་། རྟ་རྣ་དང་། ལྟ་ན་སྡུག་དང་། སེང་ལྡེང་ཅན་དང་། གཤོལ་མདའ་འཛིན་དང་། གཉའ་ཤིང་འཛིན་དྲུག་པོ་རེ་རེའི་རྩེ་མོར་བརྒྱ་བྱིན་དྲུག་རེ་དྲུག་རེ་ཚེ་འཕོ་བའི་ཡུན་དུ་བསྡད་དོ། །དེ་ནས་གཉའ་ཤིང་འཛིན་ནས་སྟེང་གི་ནམ་མཁའ་ལ་འཕགས་ཏེ། རི་ཡི་རྒྱལ་པོ་རི་རབ་ཀྱི་སྟེང་དུ་ཆས་སོ། །དེའི་ཚེ་ལྷ་རྣམས་སྐྲག་ནས་སྒོ་ཐམས་ཅད་བསྡམས་ཀྱང་། རྒྱལ་པོ་འཁོར་བཅས་དེར་ཕྱིན་ནས་གཞུ་རྒྱུད་སྦྲེང་ཞིང་དུང་བུས་པ་ཙམ་གྱིས་ལྷའི་ཕོ་བྲང་གི་སྒོ་བརྒྱ་ཕྲག་ཕྱེད་དང་བཅུ་གཉིས་པོ་དུས་གཅིག་ཏུ་ཕྱེས་ནས། བརྒྱ་བྱིན་གྱིས་རྒྱལ་པོ་ང་ལས་ནུ་ལ་སྟན་ཕྱེད་བསྟབས་ཤིང་། བརྒྱ་བྱིན་དང་སྟན་གཅིག་ལ་བསྡད་ནས་མངའ་དབང་མཉམ་པར་གྱུར་ཏེ་གནས་སོ། །དེའི་ཚེ་ལྷ་མིའི་རྒྱལ་པོ་དེ་གཉིས་ལ་མིག་འཛུམ་མི་འཛུམ་དང་འགྲོ་ན་ལྷའི་མགྱོགས་བུལ་ཙམ་གྱི་ཁྱད་མ་གཏོགས་མེད་དོ། །དེར་བརྒྱ་བྱིན་དང་སྐལ་པ་མཉམ་པས་ལྷའི་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་དེ་བརྒྱ་བྱིན་སུམ་ཅུ་རྩ་དྲུག་གི་ཚེའི་ཡུན་དུ་གནས་པར་བྱས་སོ། །དེ་ལྟར་བརྒྱ་བྱིན་སུམ་ཅུ་རྩ་དྲུག་བརྗེས་པའི་ཐ་མ་དེའི་རིང་ལ། ལྷ་མ་ཡིན་རྣམས་ལྷ་ལ་དམག་དྲངས་པ་ན། བརྒྱ་བྱིན་གྱིས་མ་ཐུབ་ནས། ང་ལས་ནུ་དཔུང་གི་ཚོགས་བརྒྱད་འབུམ་དང་བཅས་པ་སྟེང་གི་ནམ་མཁར་འཕགས་ནས་དུང་བུས་ཤིང་གཞུ་རྒྱུད་སྦྲེང་པ་ན་ལྷ་མ་ཡིན་རྣམས་འཇིགས་ཤིང་སྐྲག་ནས་གཡུལ་ཕམ་སྟེ་རང་གི་གནས་སུ་བྲོས་སོ། །རྒྱལ་པོ་ང་ལས་ནུས་བསམས་པ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལས་བདག་ལྷག་གོ་སྙམ་སྟེ། བརྒྱ་བྱིན་དང་ཐུན་མོང་དུ་འདུག་པ་ག་ལ་རུང་། ད་ནི་བརྒྱ་བྱིན་གནས་འདི་ནས་དབྱུང་ལ་བདག་ཁོ་ནས་ལྷ་དང་མི་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དོ་སྙམ་མ་ཐག་ཏུ་འཛམ་བུའི་གླིང་དུ་ཕྱིར་ལྷུང་ཞིང་སྔོན་གྱི་ཕོ་བྲང་རྙིང་བའི་སྒོར་ལྷགས་ནས་སྡུག་བསྔལ་མྱོང་བ་ན་རྒྱལ་པོ་དེའི་བློན་པོའི་ཚོགས་དང་བཅས་པས་ཅི་ཉེས་དྲིས་པ་ན། རྒྱལ་པོས་སྨྲས་པ། ཀརྴ་པ་ཎའི་ཆར་བབས་ཀྱང་། །འདོད་པ་དག་ལ་ངོམས་པ་མེད། །ཅེས་སོགས་བཤད་ནས་ཚེའི་དུས་བྱས་པ་ཡིན་ནོ། །ད་ལྟ་རང་རེས་མཐོང་ཆོས་ལའང་རྒྱལ་པོའམ། བླ་དཔོན་གྱི་དྲུང་འཁོར། ཡུལ་སྡེའི་དཔོན་པོ་སོགས། ཐོབ་ཐང་དང་ཁེ་དྲག་ཡོད་པ་ཐམས་ཅད་ཀྱང་རྟག་པར་དེ་གའི་ངང་དུ་བསྡད་པ་གཅིག་ཀྱང་མེད། སྔར་ལོ་ཁྲིམས་ལུང་གཞན་ལ་སྟོན་པའི་བཙན་པོ་རྣམས་ཀྱང་། ད་ལོ་བཙོན་ཁང་དུ་ཉལ་དགོས་པ་དུ་མ་མཐོང་བས་རྟག་པ་དང་བརྟན་པ་མེད་པའི་མཐོན་པོའི་ཐོབ་དང་མངའ་ཐང་གིས་ཅི་བྱེད། དེ་བས་དུས་རྟག་ཏུ་རྒུད་པ་དང་ཉམས་པ་མེད་པར་འགྲོ་བ་ལྷ་དང་བཅས་པའི་མཆོད་འོས་སུ་གྱུར་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཞིག་བསྒྲུབ་དགོས་སྙམ་དུ་བསམ། དེ་བཞིན་དུ་དགྲ་གཉེན་ཀྱང་མི་རྟག་སྟེ། སྔོན་འཕགས་པ་ཀ་ཏྱཱ་ན་བསོད་སྙོམས་ལ་ཕེབས་པས་ཁྱིམ་བདག་ཅིག་གིས་བུ་ཞིག་པང་ན་བཟུང་། ཉ་ཤ་ཞིག་ཞིམ་ཞིམ་ལྟར་ཟ། ཁྱི་མོ་ཞིག་གིས་རུས་པ་འཆའ་བ་ལ་རྡོ་རྡེག་པར། འཕགས་པས་མངོན་ཤེས་ཀྱིས་གཟིགས་པས། ཉ་དེ་སྐྱེ་བ་ད་རེས་ཀྱི་ཕ་དང་། ཁྱི་མོ་དེ་མའི་སྐྱེ་བ་ཡིན་ཞིང་། ཚེ་སྔོན་རང་གསོད་བའི་དགྲ་དེ་སྲོག་ལན་ཆགས་ནས། བུར་སྐྱེས་པ་ཡིན་པར་གཟིགས་པས། ཕ་ཤ་ཟ་ཞིང་མ་ལ་རྡེག །གསོད་པའི་དགྲ་བོ་པང་ན་བཟུང་། །ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོ། །ཞེས་གསུངས་པ་ཡིན། ཚེ་སྔ་ཕྱི་མི་དགོས་ཚེ་སྟོད་འདིར་ཡང་དགྲ་མི་ཤ་བོ་གྱུར་པ་རྣམས་ཀྱང་། ཚེ་སྨད་ཕྱིས་སུ་མཐུན་པའི་གྲོགས་བྱས། གཉེན་དང་ཉེ་བ་སྦྲེལ། མཐུན་པའི་གཉེན་ཉེ་མཛའ་མཐུན་གཞན་ལས་ཀྱང་ལྷག་པར་ཡང་དུ་མ་འདུག ལུས་སྲོག་བསྐྱེད་པའི་ཕ་མ་དང་སྤུན་ཟླ་ཡིན་ཡང་རྒྱུ་རྫས་དང་ལོངས་སྤྱོད་སོགས་དོན་ཕྲ་མོ་རེའི་ཆེད་དུ་འཁོན་ནས་གཅིག་གིས་གཅིག་ལ་ཅི་གནོད་བྱེད་པ་དང་། བཟའ་ཚོ་དང་ཉེ་འབྲེལ་ཡིན་ཡང་འཕྲལ་རྐྱེན་ཕྲན་བུ་རེས་དགྲར་གྱུར་ཏེ་གཅིག་གིས་གཅིག་གསོད་པ་ཡང་མཐོང་བས་དགྲ་གཉེན་གང་ཡང་རྟག་པ་མེད་པས་ཐམས་ཅད་བྱམས་པ་དང་སྙིང་རྗེས་སྐྱོང་དགོས་སྙམ་དུ་ཡང་ཡང་བསམ། སྐྱིད་སྡུག་གི་གནས་སྐབས་ཀྱང་མི་རྟག་སྟེ་ཚེ་སྟོད་འབྱོར་ཞིང་སྐྱིད་པ་དུ་མ། ཚེ་སྨད་དབུལ་ཞིང་སྡུག་བསྔལ་བ་དང་། ཚེ་སྟོད་སྡུག་བསྔལ་བ་དུ་མ་ཚེ་སྨད་ལ་སྐྱིད་པ་ཡང་ཡོད་ཅིང་། ཚེ་སྟོད་སྤྲང་པོར་གྱུར་པ་ཡང་ཚེ་སྨད་རྒྱལ་པོ་བྱས་པ་ཡང་དུ་མ་ཡོད། དཔེར་ན་རྗེ་བཙུན་མི་ལའི་ཨ་ཁུ་དང་ཨ་ནེ་ལྟ་བུ། སྔ་དྲོ་མནའ་མ་བསུས་ཏེ་སྐྱིད་པའི་སྟོན་མོ་བྱེད་པ་ལ་ཕྱི་དྲོ་ཁང་པ་བརྡིབས་ཏེ་སྡུག་བསྔལ་གྱི་སྨྲེ་སྔགས་འདོན་པ་ཡང་བསམ་གྱིས་མི་ཁྱབ། ཆོས་ཕྱིར་དཀའ་བ་སྤྱད་དེ་སྡུག་བསྔལ་གྱི་རྣམ་གྲངས་དུ་མ་མྱོང་ཡང་མཐར་སྒྲུབ་འབྲས་ཀྱི་བདེ་སྐྱིད་བླ་ན་མེད་པ་ཐོབ་སྟེ། སྔོན་བྱོན་གྱི་རྒྱལ་བ་གོང་མ་རྣམས་དང་ལྷག་པར་རྗེ་བཙུན་མི་ལ་ལྟ་བུ་ཡིན། སྡིག་པས་བསགས་པའི་ལོངས་སྤྱོད་ཀྱིས་སྐྱིད་པོར་བྱས་ཀྱང་མཐར་སྡུག་བསྔལ་མུ་མཐའ་མེད་པར་འགྱུར་ཏེ། སྔོན་རྒྱ་གར་ཡུལ་གྱི་ཆ་ཤས་ཉི་འོག་གི་རྒྱལ་ཁབ་ཏུ་དང་པོ་ཞག་བདུན་འབྲུའི་ཆར་བབས། དེ་ནས་ཞག་བདུན་གོས་ཀྱི་ཆར་བབས། དེ་ནས་ཞག་བདུན་རིན་པོ་ཆེའི་ཆར་བབས། མཐར་སའི་ཆར་བབས་ཏེ་ཐམས་ཅད་ས་འོག་ཏུ་ཤི་ནས་ངན་སོང་དུ་སྐྱེས་པ་ལྟ་བུ་ཡིན་པས། སྐྱིད་སྡུག་རྟག་པ་མེད་པ་ལ་སྐྱིད་ལ་རེ་བ་དང་སྡུག་ལ་དོགས་པའི་སེམས་ཀྱིས་འཛིན་འཁྲིས་མི་བྱེད་པར་འཇིག་རྟེན་ཚེ་འདིའི་བདེ་སྐྱིད་ལོངས་སྤྱོད་ཐམས་ཅད་ལ་མི་ཆགས་མི་ཞེན་པར་མཆིལ་མ་ས་ལ་བོར་བའི་ཐལ་བ་ཡར་མི་ལེན་པ་བཞིན་དོར། ཆོས་ཕྱིར་དཀའ་སྤྱད་དང་སྙིང་རུས་ཀྱིས་གནས་སྐབས་ཀྱི་སྡུག་བསྔལ་དང་དུ་བླངས་ནས་རྒྱལ་བ་གོང་མའི་གཤེགས་ཤུལ་སྙོགས་ཐུབ་པ་ཞིག་བྱེད་དགོས་སྙམ་དུ་ཞེ་ཐག་པ་ནས་བསྒོམ། བཟང་པོ་དང་ངན་པ་ཡང་མི་རྟག་སྟེ། འཇིག་རྟེན་གྱི་ཕྱོགས་ནས་ཀྱང་། དབང་ཡོད་ཁ་དྲག་དང་གཏམ་བཤད། བློ་ཤེས་རྒྱ་དང་ཕེར་རྒྱ་ཡོད་པའི་འཇོན་ཐང་ཅན། ལུས་དཔའ་རྩལ་དང་སེམས་སྤྱང་གྲུང་འཛོམས་པའི་སྙན་གྲགས་ཡོད་པ་རྣམས་ཀྱང་རྒུད་པའི་དུས་ལ་བབས། སྔོན་བསགས་ཀྱི་བསོད་ནམས་ཟད་ཙ་ན་བསམ་ཚོད་དྲན་ཚོད་ཀྱི་བློ་དང་ལས་ཀ་བྱེད་ཚད་ཐམས་ཅད་ཕྱིན་ཅི་ལོག་ཏུ་སྐྱེ། བྱ་བ་ཕུག་རོན་ཕྱི་སྐོར་ཟེར་བ་ལྟར། ཅི་བྱེད་ཐམས་ཅད་ལམ་དུ་མི་འགྲོ། མིས་འཕྱ། རང་སྡུག་གཞན་གྱིས་བརྙས་བཅོས་བྱེད་པ་ཁོ་ནར་གྱུར། སྔར་གྱི་ཡོན་ཏན་ཕྲན་བུ་རེ་ཡོད་པ་རྣམས་ཀྱང་གོ་མི་ཆོད་པར་ཟད་པ་ལྟར་གྱུར་ནས་ཅི་ཡང་མེད་པ་ཡང་དུ་མ་ཡོད། སྔར་ཤེས་མེད་དང་བསམ་མེད་ཁྲམ་པ་དང་རྫུན་མ་ཡིན་ཟེར་བ་མང་པོ་ཕྱིས་ལོངས་སྤྱོད་དང་འབྱོར་པ་ཐོབ། ཁྲམ་པ་རྒས་པ་གཙོ་བོ་ཟེར་བའི་དཔེ་བཞིན་གཞན་གྱིས་བློ་གཏད་བྱེད། མི་གཤིས་ཇེ་བཟང་ལ་སོང་ནས་བཟང་པོ་དང་བསམ་ཡོད་དུ་བརྩི་བ་ཡང་དུ་མ་ཡོད། ཆོས་ཕྱོགས་ནས་ཀྱང་། དང་པོ་ན་སོ་གཞོན་དུས་ནས་བྱ་བཏང་རི་ཁྲོད་འགྲིམ་པའི་སྒོམ་ཆེན་བྱས། བར་དུ་ཤི་མ་ཐུབ་འདུག་མ་ནུས་ནས་ཤེས་བྱ་སློབ་གཉེར་སྦྱོང་ན་ཨེ་དགའ་བསམ། དེ་ཡང་དུས་ཚོད་འགྱངས་པས་མ་ཤེས། མགོ་མཇུག་ལོག་པའི་ལས་ཀ་དེ་ལ་རྟོགས་ལྡན་རྒས་པའི་སློབ་གཉེར་ཟེར་། དང་པོ་ངེས་འབྱུང་སྤུ་སུད་མས་ཡོད་ཚོད་སྤོང་དག་བྱས་ཐ་མར་རྒྱུ་རྫས་ལ་ཞེན་ནས་གསོག་འཇོག་བྱེད་པ་དེ་ལ་ཞེན་ལོག་རྒས་པའི་གསོག་འཇོག་ཟེར། ཚེ་སྟོད་ཚོགས་པ་སྐྱོངས་པའི་སྟོན་པ་ཡང་ཚེ་སྨད་བཟའ་མང་ནང་གི་བཟའ་གཡོག་ལྷུང་བ་ནི་སྟོན་པ་རྒས་པའི་བཟའ་དཔོན་ཟེར་བ་བཞིན་དང་། བཟང་པོ་ངན་དུ་འགྱུར་བའང་ཡོད་དེ། ཚེ་སྟོད་འཇིག་རྟེན་གྱི་བྱ་བཞག་ཐམས་ཅད་བློས་བཏང་བའི་བྱ་བཏང་ཡང་ཚེ་སྨད་རྒྱུ་ཟས་ཀྱི་གསོག་འཇོག་རེམ་པའི་ལོག་འཚོ་མཁན་དུ་འགྱུར་བ་དང་། ཚེ་སྟོད་གཞན་ལ་ཆོས་བཤད་བྱེད་པའི་སློབ་དཔོན་ཡང་ཚེ་སྨད་རྔོན་པ་དང་རྐུན་ཇག་བྱེད་པ་དང་། ཚེ་སྟོད་འདུལ་འཛིན་གྱི་མཁན་པོ་བཙུན་པར་ཁས་འཆེ་བ་ཡང་ཚེ་སྨད་ཕྲུ་གུ་མང་པོའི་ཕ་མ་བྱེད་པ་སོགས་ཡོད་ཅིང་། ངན་པ་བཟང་པོར་འགྱུར་བ་ཡང་། ཚེ་སྟོད་རྔོན་རི་དྭགས་རྐྱང་ཤྭ་བ་བསད་ནས་སྡིག་པའི་ལས་ཁོ་ན་བྱེད་པ་འགའ་ཡང་ཚེ་སྨད་ངེས་འབྱུང་གིས་བསྐུལ་ནས་དམ་པའི་ཆོས་ཁོ་ན་སྒྲུབ་ཅིང་རིགས་སད་དེ་གྲུབ་པ་ཐོབ་པའམ། མིན་ཡང་འཆི་ཁར་ཐར་བའི་ལམ་སྣ་ཟིན་པ་སྐྱེ་བ་གོང་འཕེལ་དུ་གྱུར་པ་སོགས་དུ་མ་ཡོད་པ་ཡིན་པས། ད་ལྟ་ཐད་ཀར་བཟང་ངན་གྱི་སྣང་བ་སྐད་ཅིག་མ་ལ་རྟག་པ་དང་བརྟན་པ་གང་ཡང་མེད་ཀྱང་། རང་ལ་ངེས་འབྱུང་དང་སྐྱོ་ཤས་སད་སུད་སྐྱེས། ལྟར་སྣང་གི་ཆོས་ཤིག་སྒྲུབ་ལོ་བྱས། གཞན་འཇིག་རྟེན་པ་མང་པོས་ཀྱང་བཟང་པོར་བརྩིས་ཏེ། ཡོན་བདག་དད་པ་ཅན་དང་སློབ་མ་འགས་ཞབས་ནས་བཏེག་ཙ་ན་རང་གིས་རང་རྒྱུད་ཞིབ་ཏུ་མི་བརྟག་པར་ང་རང་ནི་དེ་དང་དེ་ལྟ་བུ་ཡིན་ནོ་སྙམ་ནས་མངོན་པའི་ང་རྒྱལ་གྱིས་རྒྱུད་སྦོས། སྣང་བ་འུར་ལངས་ནས་ད་ངས་གང་བྱས་ཀྱང་ཆོག་སྙམ་པའི་བློ་སྐྱེ་བ་ནི། བདུད་ཀྱིས་མངོན་སུམ་དུ་བསླུས་པ་ཡིན་ཞིང་། བདག་འཛིན་གྱི་འགོང་པོ་ཡུལ་ཕུད། བདག་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས། འཕགས་པའི་ས་མ་ཐོབ་ཀྱི་བར་དུ་བཟང་ངན་གྱི་སྣང་བ་ལ་རྟག་པ་མེད་པས། དུས་རྟག་ཏུ་འཆི་བ་མི་རྟག་པར་བསྒོམ། དེས་ན་ནངས་རེ་བཞིན་དུ་དམ་བཅའ། ཐུན་རེ་བཞིན་དུ་བརྟག་དཔྱད་བྱས་ནས་རང་རྒྱུད་ཀྱི་སྐྱོན་ལ་རྟོག རྟག་ཏུ་དམན་ས་འཛིན། ངེས་འབྱུང་དང་སྐྱོ་ཤས་བསྐྱེད། དུས་དང་རྣམ་པ་ཀུན་ཏུ་ཞི་དུལ་དང་བག་ཡོད་ལ་བསླབ། འདུས་བྱས་མི་རྟག་པ་དང་། འཁོར་བའི་སྡུག་བསྔལ་ལ་བསམས་ནས་དུས་རྟག་ཏུ། ཡིད་ཕྱ་དུང་ངེ་། སེམས་སྐྱོ་ཆད་དེ་བ་ཞིག་ལ་བསླབ་དགོས་ཏེ། རྗེ་མི་ལས། བྲག་དཀར་རྟ་སོ་དབུ་མ་རྫོང་། །དབུ་མ་རྫོང་གི་རྫོང་རྩེ་ན། །བོད་ཀྱི་རྣལ་འབྱོར་རས་པ་ང་། །མི་མེད་ལུང་པའི་བྲག་ཕུག་ན། །སྐྱོ་ཆད་དེ་བ་ལ་སངས་དུས་མེད། །བླ་མ་དུས་གསུམ་སངས་རྒྱས་ལ། །ཡིད་དུང་ངེ་བ་ལ་འབྲལ་པ་མེད། །ཅེས་གསུངས་པས་ཆོས་ཐོས་པ་དེ་དམ་པའི་རྣམ་ཐར་ལྟར་ཉམས་སུ་བླངས་དགོས། དེ་ལྟར་ཉམས་སུ་མ་བླངས་ན། འཕྲལ་གྱི་རྣམ་རྟོག་རྐྱེན་གྱིས་བསྒྱུར་བ་འདི་ཡང་མི་རྟག་པ་ཡིན་པས་ཅིར་འགྱུར་གཏོལ་མེད་དམ་ཆ་མེད་དེ། སྔོན་ཉེ་བ་དགྲར་ལངས་པའི་མི་ཞིག ཕྱིས་སུ་འཁོར་བ་ལ་ཡིད་འབྱུང་བའི་ངེས་འབྱུང་ཙམ་སྐྱེས་ཏེ་ཆོས་སྒོར་ཞུགས་ནས། སྒྲུབ་པ་བྱས་པའི་མིང་ལ་དགེ་སློང་ཐང་པ་ཞེས་བྱ་སྟེ། རླུང་སེམས་ལ་རང་དབང་ཐོབ་ནས་ནམ་མཁར་འཕུར་ནུས་ཙ་ན། ཉིན་གཅིག་གཏོར་ཟན་ཟ་བ་ལ་ཕུག་རོན་མང་པོ་འདུས་པས། ང་ལ་འདི་ལྟ་བུའི་དམག་སྡེ་ཡོད་ན་དགྲ་བོ་དེ་རྣམས་ཚར་གཅོད་ནུས་སྙམ་བའི་རྣམ་རྟོག་ངན་པ་ཞིག་སྐྱེས་པ་ལམ་དུ་མ་བསླངས་པའམ་བཤགས་སྡོམ་མ་བྱས་པས། ཀུན་སློང་ངན་པའི་དུག་རོ་དེ་ཤི་ཁ་ཚུན་ཆད་མི་མངོན་མི་སྲིད་པས་ཕྱིས་ཡུལ་དུ་བབས་ནས་དམག་དཔོན་བྱེད་པ་ཞིག་བྱུང་བ་ཡིན། དེ་བཞིན་དུ་འཕྲལ་དུ་བླ་མས་ཆོས་གསུངས་པ་དང་དགེ་བའི་གྲོགས་པོའི་སྤྱོད་བཟང་གི་རྐྱེན་ལས། ཆོས་ཀྱི་སྣང་བ་ཙམ་ཐོབ་ཀྱང་། དཔེར་ན་བླ་མའི་ཆོས་གྲྭ་ནང་ཡོད་དུས་ངེས་པར་ཆོས་ཤིག་བསྒྲུབ་དགོས་བསམ་རྒྱུའི་ངེས་འབྱུང་གི་བློ་སྐྱེ་ཡང་། སོ་སོའི་སྐྱེ་བོའི་འདུ་ཤེས་ལ་རྟག་པ་དང་བརྟན་པ་མེད་པས། དཔེར་ན་སོས་ཁའི་གནམ་འཐིབ་དྭངས་འགྱུར་སླ་བ་ལྟར་ཡིན་པས་བསམ་བློ་ཞིབ་ཏུ་བཏང་ནས། རང་མགོ་ཉི་མ་ཆོས་ཀྱིས་བཏོན་ཏེ། ཚེ་དང་སྒྲུབ་པ་གཉིས་ཀ་སྙོམས་པ་ཞིག་བྱེད་དགོས་སྙམ་དུ་བསམ་མོ། །དེ་ལྟར་དཔེ་དོན་དུ་མ་ལ་བསམས་ཀྱང་། ཡ་ཀི་སྲིད་པའི་རྩེ་མོ་ནས། མ་ཀི་དམྱལ་བའི་གནས་རིས་ཡན་ཆད་རྟག་པ་དང་བརྟན་པ་ཅུང་ཟད་ཀྱང་མེད་པ་འཕོ་འགྱུར་འཕེལ་འགྲིབ་ཀྱི་རང་བཞིན་དུ་ཡིད་ཆེས་པར་བྱའོ།།

༼༦ འཆི་རྐྱེན་ངེས་མེད་ལ་བསྒོམ་པ།

དྲུག་པ་འཆི་རྐྱེན་ངེས་མེད་ལ་བསམས་ཏེ་མི་རྟག་པ་བསྒོམ་པ་ནི། སྒྲ་མི་སྙན་མ་གཏོགས་སྤྱིར་ཚེ་ལ་ངེས་པ་མེད་ཅིང་ཁྱད་པར་དུ་རང་རེ་འཛམ་བུ་གླིང་པའི་མི་རྣམས་སྐྱེས་པ་ཙམ་ནས་འཆི་བར་ངེས་ཀྱང་། འཆི་ལུགས་འཆི་རྐྱེན་འཆི་བའི་དུས་ཚོད་མ་ངེས་ཤིང་། ནམ་འཆི་དང་འདིར་འཆི། འདི་ལྟར་འཆི་དང་གང་གིས་འཆི་བ་ནི་སུ་ལའང་ངེས་པ་མེད་དེ། འཇིག་རྟེན་འདིར་འཚོ་བའི་རྐྱེན་ནི་ཉུང་ཞིང་འཆི་བའི་རྐྱེན་ནི་མང་བར། སློབ་དཔོན་ཨཱརྱ་དེ་ཝས། འཆི་བའི་རྐྱེན་ནི་ཤིན་ཏུ་མང་། །འཚོ་བའི་རྐྱེན་ནི་ཤིན་ཏུ་ཉུང་། །དེ་ཡང་འཆི་བའི་རྐྱེན་དུ་འགྱུར། །ཞེས་གསུངས་པ་ལྟར། མེས་ཚིག་པ་དང་། ཆུས་ཁྱེར་བ་དང་། དུག་གིས་ཤི་བ་དང་། གཡང་སར་ལྷུང་བ་དང་། མི་རྒོད་དང་དུག་སྦྲུལ་གཅན་གཟན་ལ་སོགས་འཆི་བའི་རྐྱེན་ནི་ཤིན་ཏུ་མང་ཞིང་། འཚོ་བའི་རྐྱེན་ནི་ཉུང་ཟད་ཙམ་ལས་མེད་ལ། འཚོ་བའི་རྐྱེན་དུ་རློམ་པའི་ཟས་དང་གོས་ལ་སོགས་པ་རྣམས་ཀྱང་འཆི་བའི་རྐྱེན་དུ་འགྱུར་བ་ཡང་ཡོད་དེ། དུག་ཅན་གྱི་བཟའ་བ་ཟོས་པའམ། མིན་ཡང་འཕྲལ་དུ་ལུས་ལ་ཕན་པར་རློམ་ནས་ཟས་ཟོས་པ་ཡང་གྱུར་དུག་གམ་མི་འཕྲོད་པར་ཁ་ཟས་དུག་ཅན་དུ་གྱུར་ནས་འཆི་བའི་རྐྱེན་བྱེད་པ་ཡང་མང་ཞིང་། ཁྱད་པར་ད་ལྟའི་དུས་སྐབས་ན་སྐྱེ་བོ་ཕལ་ཆེར་ཤའི་ཟས་ལ་སྲེད་པ་ཆེ་བས། ཤ་ཁྲག་གི་ཟས་བག་མེད་དུ་སྤྱད་པ་ལ་བརྟེན་དམར་གདོན་ནམ་ཤ་སྒྲེན་གྱིས་ནད་དུ་མ་གྱུར་པ་མེད་པ་ལྟ་བུ་དང་། གཞན་ཡང་ཟས་དང་སྤྱོད་ལམ་ཉེས་པས། སྐྲན་དང་བད་ཀན་ཆུ་ནད་བསྐྱེད་དེ་འཆི་བའི་རྐྱེན་བྱས་པ་ནི་གྲངས་ཀྱིས་མི་ཆོད། དེ་བཞིན་དུ་ལོངས་སྤྱོད་དང་སྙན་གྲགས་ལ་སོགས་དོན་དུ་གཉེར་བས་ཕ་རོལ་གྱི་གཡུལ་ངོར་ཕྱིན་པའམ། གཅན་གཟན་མ་རུངས་པའི་དྲུང་དུ་འགྲོ་བ། ཆུ་ལ་བག་མེད་དུ་བརྒལ་བ་སོགས་འཆི་བའི་རྐྱེན་དུ་གྱུར་པ་ཡང་གྲངས་ཀྱིས་མི་ཆོད། གཞན་ཡང་འཆི་རྐྱེན་རྣམ་པ་སྣ་ཚོགས་པས་འཆི་དུས་ངེས་པ་མེད་པར་འཆི་བ་ཡིན་ཏེ། ཁ་ཅིག་མ་ཡི་མངལ་དུ་འཆི་བ་ཡང་ཡོད། ཁ་ཅིག་སྐྱེས་མ་ཐག་ཏུ་འཆི་བ་ཡང་ཡོད། ཁ་ཅིག་གོག་པོ་འགོག་ཙམ་ན་འཆི་བ་ཡང་ཡོད། ཁ་ཅིག་དར་ལ་བབས་ནས་འཆི་བ་ཡང་ཡོད། ཁ་ཅིག་རྒས་ཤིང་འཁོགས་ནས་འཆི་བ་ཡང་ཡོད། ཁ་ཅིག་སྨན་དང་སྲུང་བ་བྱེད་ལོང་མེད་པར་འཆི་བ་ཡང་ཡོད། ཁ་ཅིག་ལོ་ནད་སྟན་ལ་འབྱར་ནས་ཤི་མིག་གསོན་ལ་བལྟས་ཏེ་རུས་མགོ་ལྤགས་ཀྱིས་གཡོགས་ཏེ་འཆི་བ་ཡང་ཡོད། ཁ་ཅིག་བཙན་དང་གཟའ་གདོང་ཐུག་ལྟ་བུས་ཟས་ཟ་འཕྲོ་གཏམ་བཤད་འཕྲོ་ལས་ཀ་བྱེད་འཕྲོ་ལ་ཤི་བ་དུ་མ་ཡོད། ཁ་ཅིག་རང་གིས་རང་གསོད་པ་ཡོད་པ་ཡིན་ལ། དེ་ལྟར་འཆི་བའི་རྐྱེན་གྲངས་མང་བའི་དབུས་ན་འཚོ་བའི་ཚེ་ནུས་པ་ཆུང་བ་རླུང་གསེབ་ཀྱི་མར་མེ་ལྟར་གནས་པ་ཡིན་པས་དུས་ད་ལྟ་ཙམ་འཆི་བ་གློ་བུར་དུ་སླེབ་སྟེ། སང་གི་ཉི་མ་ཙམ་ལ་མགོའམ་ཁ་ལ་རྭ་ཅོ་སྐྱེས་པའི་དུད་འགྲོ་ཞིག་ཏུ་སྐྱེས་མེད་པའི་ངེས་པ་སུ་ལ་ཡང་མེད་པས། ནམ་འཆི་ཆ་མེད་དང་གར་སྐྱེ་ངེས་མེད་ལ་ཡིད་ཆེས་ཐོབ་པར་བྱའོ། དེས་ན་ནམ་འཆི་ཆ་མེད་ཀྱི་སྐབས་འདིར་ངེས་པར་འཆི་བ། ནམ་འཆི་ངེས་མེད། འཆི་ཚེ་ཆོས་མ་གཏོགས་གཞན་གང་གིས་ཀྱང་མི་ཕན་པ་གསུམ་པོ་དེ་ཐུན་དང་ཐུན་མཚམས་ཕྱེ་ནས་བསྒོམ་དགོས། དེ་ཡང་དང་པོ་ངེས་པར་འཆི་བ་ནི། སྐྱེ་བ་ཡོད་ན་འཆི་བའི་ཆོས་ཅན་དུ་གྲུབ་པས་ཉི་མ་ནུབ་རིར་ཕྱོགས་པའམ་གསོད་སར་ཁྲིད་པའི་དུད་འགྲོ་བཞིན་སྐད་ཅིག་རེ་རེ་སོང་བཞིན་འཆི་བའི་ཕྱོགས་སུ་ཇེ་ཉེ་ཇེ་ཉེར་འགྲོ་བ་ཡིན། ལོ་བརྒྱད་ཅུ་ལོན་པའི་རྒན་པོ་ཞིག་དང་མདང་སུམ་སྐྱེས་པའི་བྱིས་པ་ཞག་གཅིག་ལོན་པ་གཉིས་ད་སྟེ་ལོ་བརྒྱའི་མཚམས་སུ་མེད་ལུགས་འདྲ་བས་ངེས་པར་འཆི་བ་འདི་གོ་སླ་ལ། མདོར་ན་ངེས་པར་འཆི་བས་འགྲོ་བ་ཀུན་ཀྱང་ནམ་ཞིག་འཆི་རྒྱུ་ཡིན། ནམ་འཆི་ངེས་མེད་ནི། ཀུན་ཀྱིས་ཤི་དགོས་པ་ཙམ་ཤེས་ཀྱང་། ཅིས་ལན་ན་མི་འཆི་བའི་བྱ་བཞག་གི་ཐོག་ཏུ་འཁྲུལ་ནས་ནམ་འཆི་ངེས་མེད་རྒྱུད་ལ་མ་སྐྱེས་པས་ལན་པས་སོ། །ནམ་འཆི་ངེས་མེད་ནི། ང་ལོ་ཉུང་སྙམ་ནས་མི་འཆི་བའི་གདེང་མེད། ཟས་གོས་སོགས་མཐུན་རྐྱེན་འཛོམས་སྙམ་ནས་མི་འཆི་བའི་གདེང་མེད། ང་ལ་ནད་མེད་སྙམ་ནས་མི་འཆི་བའི་གདེང་མེད། ཁྱོད་མི་འཆི་སྙམ་པའི་གདེང་ཞིག་ཡོད་དགོས་ན། ་ ཡང་ན་སྟོན་པ་ཐམས་ཅད་མཁྱེན་པས་ཁྱོད་འདི་ཙམ་དུ་མི་འཆི་ཞེས་ལུང་བསྟན་པའམ། ཡང་ན་རང་ལ་ཟག་མེད་ཀྱི་མངོན་ཤེས་ཡོད་ནས་འདི་ཙམ་དུ་མི་འཆི་སྙམ་པའི་མཁྱེན་པ་ཡོད་པའམ། ཡང་ན་གཤིན་རྗེ་ཆོས་རྒྱལ་དང་འཕྲད་ནས་ཁྱོད་འདི་ཙམ་དུ་ཁོ་བོས་མི་ཁྲིད་ཅེས་ཤག་པོ་བཟང་པོ་ཞིག་བསྒྲིགས་ཡོད་དགོས་མ་གཏོགས། ད་ལྟའི་ཚེ་ཡི་འཕེན་པ་ནི། དཔེར་ན་མདའ་འམ། མར་མེ་ལྟར་སྐྱེས་བུའི་མཐེབ་ཤུགས་དང་སྣུམ་ཟད་པ་བཞིན་དེ་རིང་ཙམ་ལ་ཟད་ཨེ་ཡོད། སང་ཉིན་ཙམ་ལ་ཟད་ཨེ་ཡོད། ཟླ་བ་འདིའི་མར་ངོའམ། ཟླ་བ་ཕྱི་མའམ་ལོ་ཕྱི་མ་ལ་ཚེ་ཟད་ཨེ་ཡོད་མི་ཤེས་པས། ནམ་འཆི་ངེས་པ་མེད་པ་ཡིན། ཚེ་ཟད་ནས་འཆི་བ་ལ། སངས་རྒྱས་སྨན་ལྷས་སྨན་སྦྱིན་རྒྱུ། ཚེ་དཔག་མེད་ཀྱིས་ཚེ་དབང་བསྐུར་བ་དང་། ཕྱག་ན་རྡོ་རྗེས་སྲུང་བ་བྱེད་རྒྱུ་མེད་པར་འཆི་བ་ཡིན། གཞན་ཡང་གློ་བུར་གྱི་རྐྱེན་ནད་རིགས་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ལ་སོགས་པས་དུས་མིན་དུའང་འཆི་བ་མང་། མདོར་ན་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པས། གནས་གང་དུ་སོང་ཡང་འཆི། གྲོགས་སུ་དང་འགྲོགས་ཀྱང་འཆི། ཡུལ་གང་དུ་བསྡད་ཀྱང་འཆི། སྟོབས་མངའ་ཐང་རྒྱུ་འབྱོར་བ་འཁོར་ལོངས་སྤྱོད་ཅི་ཙམ་ལྡན་ཡང་འཆི། མི་ལྡན་ཡང་འཆི་སྟེ། དེ་རིང་ཁོ་ནར་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་གསུངས་པ་ལྟར་ཚེའི་འཕེན་པ་ནི་དེ་རིང་ཙམ་དུ་ཟད་ཨེ་ཚར་མི་ཤེས་པས་ནམ་འཆི་ངེས་པ་མེད་པར་སྙིང་ནས་ཡང་ཡང་བསྒོམ་དགོས། གསུམ་པ་འཆི་བའི་དུས་ཆོས་མིན་གཞན་གང་གིས་ཀྱང་མི་ཕན་པ་ནི། འཁོར་དང་ལོངས་སྤྱོད་གཞན་ལྟ་ཅི་གཅེས་པར་བསྐྱངས་པའི་ལུས་ཀྱང་ཤུལ་དུ་བཞག་ནས་འགྲོ་དགོས་པས། འཆི་རན་པའི་ཚེ་མལ་གྱི་ཐ་མ་ན་ཉལ། ཟས་ཀྱི་ཐ་མ་ལ་སྤྱོད། གོས་ཀྱི་ཐ་མ་ནི་གྱོན། གཏམ་གྱི་གཞུག་མ་ནི་གླེང་། གཉེན་བཤེས་ཀྱི་ཐ་མས་ནི་བསྐོར་ཞིང་འཆི་བའི་དུས་ལ་བབ་པའི་ཚེ་ཐམས་ཅད་ཀྱིས་བཤོལ་ནི་མི་ཐེབ། སྡོད་དབང་ནི་མེད། ཚེ་ཕྱི་མའི་ལམ་པོ་ཆེ་ལ་འགྲོ་བའི་དུས་སུ་ཕ་མ་གཉེན་བཤེས་ལ་སོགས་པའི་དོན་དུ་བསགས་པའི་སྡིག་པ་ཐམས་ཅད་སུ་ལའང་བགོ་བཤའ་བྱེད་དུ་མེད་པར་རང་གིས་ཁུར་ནས། ལས་དཀར་ནག་གཉིས་དང་མཉམ་དུ་འགྲོགས་དུས་གནོད་བྱེད་སྡིག་པ་མ་གཏོགས་ཅི་ཡང་མེད། ཕན་བྱེད་དམ་པའི་ཆོས་མ་གཏོགས་རེ་ས་སྐྱབས་གནས་གཞན་གང་ཡང་མེད་པས་ད་ལྟ་ཉིད་ནས་འཆི་ཁར་ཕན་པའི་དམ་པའི་ལྷ་ཆོས་བསྒྲུབ་དགོས། དེ་ལ་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ལམ་གོང་དུ་ཡང་ཡང་བཤད་པ་ལྟར་ཡོད་པས། སྐྱེས་བུ་ཆུང་ངུས་ངན་སོང་གསུམ་པོ་སྡུག་བསྔལ་དུ་ཤེས་ཤིང་། མངོན་མཐོ་ལྷ་མིའི་གོ་འཕང་དོན་དུ་གཉེར་བའི་བསམ་པས་བསོད་ནམས་བྱ་བའི་དངོས་པོ་གསུམ་བསྒྲུབས་ཀྱང་། སྐྱེས་བུ་ཆུང་ངུ་རང་གི་ལུགས་ཀྱིས་འཆི་ཆོས་ཙམ་མ་གཏོགས་ཆེ་འབྲིང་གཉིས་ཀྱི་འཆི་ཆོས་འགྲུབ་པ་མིན་ལ། སྐྱེས་བུ་འབྲིང་ཉན་རང་གིས་སྲིད་པ་ཁམས་གསུམ་འཁོར་བ་སྡུག་བསྔལ་དུ་ཤེས་ནས། རང་ཉིད་གཅིག་པུ་ཐར་འདོད་ཀྱི་ངེས་འབྱུང་གི་བསམ་པས་ལམ་ལྷག་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ཉམས་སུ་བླངས་ཀྱང་འབྲིང་གི་འཆི་ཆོས་ཙམ་ལས། ཆེན་པོའི་འཆི་ཆོས་མི་འགྲུབ། སྐྱེས་བུ་ཆེན་པོའི་གཞན་ཕན་བྱང་ཆུབ་སེམས་ཀྱི་ཀུན་ནས་བསླང་སྟེ། རིང་ལམ་མཚན་ཉིད་ཐེག་པ། ཉེ་ལམ་རྡོ་རྗེ་ཐེག་པ། མྱུར་ལམ་འོད་གསལ་རྫོགས་པ་ཆེན་པོ་གསུམ་གང་རུང་གི་ལམ་ནས་འཆི་ཆོས་ཤིག་བསྒྲུབས་ན་སྐྱེས་བུ་ཆེན་པོའི་རང་ལམ་གྱི་འཆི་ཆོས་རྣམ་པར་དག་པ་འགྲུབ་པ་ཡིན་ལ། དེ་ལས་ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་ལམ་ནས་འཆི་ཆོས་རྣམ་པར་དག་པ་ཞིག་སྒྲུབ་ན། སྐྱེ་འཆི་བར་ལག་འགྱེལ། འཆི་མེད་གཉུག་མའི་བཙན་སར་ཟིན་པ་ཡིན་པས་དེ་ལྟ་བུ་ཞིག་མི་བྱེད་རེ་ཤི་སྙམ་པ་དང་། དེ་ལྟ་བུའི་དམ་བཅའ་དེ་གཏོང་རེ་སྙམ་པའི་དམ་བཅའི་ལྕགས་ཀྱུ་གཉིས་པ་རེས་ཟིན་པར་བྱེད་པ་ཡིན་ལ། དེ་ལྟར་ཐུན་དང་ཐུན་མཚམས་ཕྱེས་ཏེ་ཐུན་གྱི་དངོས་གཞི་ལ་དཔྱད་འཇོག་སྤེལ་མ་བསྒོམ་པ་གནད་ཆེའོ།།

༼༧ འདུན་པ་དྲག་པོ་ལ་བསྒོམ་པ།

བདུན་པ་འདུན་པ་དྲག་པོ་ལ་བསམ་ཏེ་མི་རྟག་པ་བསྒོམ་པ་ནི། དུས་དང་གནས་སྐབས་ཐམས་ཅད་དུ་འཆི་བ་ཁོ་ན་བསྒོམ་ཞིང་འགྲོ་འདུག་ཉལ་གསུམ་ཐམས་ཅད་ལ་འཇིག་རྟེན་འདིའི་སྤྱོད་ལམ་གྱི་ཐ་མ་ཡིན་ནོ། ཞེས་ངག་ཏུ་ཡང་བརྗོད། ཡིད་ལའང་དུང་ངེ་བསྒོམ། གནས་གཞན་དུ་འགྲོ་ནའང་དེར་འཆིའམ་གནས་འདིར་ཨེ་ལོག་ཆ་མེད་དོ་སྙམ་པ་དང་། ལམ་དུ་ཞུགས་པའམ་ངལ་སྟེགས་ལ་སྡོད་ནའང་འདིར་འཆིའམ་སྙམ་པ་དང་། གང་ན་འདུག་ཀྱང་འདིར་འཆིའམ་སྙམ་པ་དང་། མཚན་མོ་ཉལ་བའི་དུས་ཀྱང་དོ་ནུབ་ཉལ་ས་འདིར་འཆིའམ་སང་ཉིན་ལྡང་བའི་ངེས་པ་མེད་དོ་སྙམ་པ་དང་། ནངས་མོ་ལྡང་བའི་དུས་ཀྱང་དེ་རིང་གི་ཉིན་གང་འདིར་འཆིའམ་དོ་ནུབ་ཉལ་བའི་ངེས་པ་མེད་དོ་སྙམ་དུ་འཆི་བ་འབའ་ཞིག་སྙིང་ཐག་པ་ནས་དུང་དུང་བསྒོམ་ཞིང་། སྔོན་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་མཚན་མོ་གཟིམས་པའི་ཚེ་ནངས་པར་ཡར་ལངས་ནས་མེ་བཏང་ཇ་བཀོལ་ནས་གསོན་པོ་འདུག་རྒྱུ་ཨེ་འོང་མི་ཤེས་སྙམ་དུ་མེ་མི་སྦར་བ་དང་། གསོལ་ཞལ་ཡང་ཁ་སྦུབས་ནས་འཇོག་པ་སོགས་འཕྲལ་དང་འཕྲལ་ལ་འཆི་བའི་ཐུགས་འདུན་འབའ་ཞིག་མཛད་པ་བཞིན་ཉམས་སུ་བླང་། འཆི་བ་ཙམ་བསྒོམས་པས་ཀྱང་མི་འོང་སྟེ། མདོར་ན་འཆི་བདག་གཤིན་རྗེའི་ཁྲིམས་རར་ཕྱིར་ལྡོག་མེད་པ་ནི་ཉི་མ་ནུབ་ཁའི་གྲིབ་སོ་ལྟ་བུ། ཟག་བཅས་ཀྱི་ལུས་ལ་སྙིང་པོ་མེད་པ་ནི་གཡང་ས་ལ་ཡོད་པའི་སྡོང་རྒན་ལྟ་བུ། ཚེ་སྲོག་ལ་ཡིད་རྟོན་མེད་པ་ནི་རླུང་གསེབ་ཀྱི་མར་མེ་ལྟ་བུ། སྲིད་པའི་དཔལ་འབྱོར་ཐམས་ཅད་བར་སྣང་གི་འཇའ་ཚོན་ལྟ་བུ། མི་རྟག་པ་རྩྭ་རྩེའི་ཟིལ་བ་ལྟ་བུ། མི་བརྟན་པ་ཆུ་ཡི་ལྦུ་བ་ལྟ་བུ། སྙིང་པོ་མེད་པ་སྦྲུལ་གྱི་པགས་པ་ལྟ་བུ་མཐོང་ནས། ད་ལྟ་ཉིད་ནས་རང་དབང་རང་ལག་ཡོད་དུས་མི་ཚེ་སྟོང་ཟད་མི་གཏོང་བར་འཆི་ཁར་ཕན་ངེས་པ་ཡང་དག་དོན་གྱི་སྙིང་པོ་དམ་པའི་ཆོས་ཁོ་ན་ཡིན་པས། དུས་རྟག་ཏུ་དྲན་པ་དང་ཤེས་བཞིན་མ་བྲལ་བའི་ངང་ནས་འཁོར་བའི་བྱ་བཞག་ཐམས་ཅད་མི་རྟག་སྙིང་པོ་མེད་པར་ཤེས་པས་ཡང་དག་པའི་ཆོས་ལ་བསྐུལ་ནས་ཉམས་སུ་ལེན་དགོས་ཏེ་། སྤྱིར་ལུས་སེམས་ཀྱི་ཚོགས་པ་མི་རྟག་པས་གཡར་པོ་ལ་བདག་ཏུ་མི་འཛིན། འགྲོ་ན་ལམ་མི་རྟག་པས་སྡུད་པ་ལས། གཉའ་ཤིང་གང་ཙམ་ལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། །ཅེས་གསུངས། གོམ་པ་ཆོས་ཕྱོགས་སུ་འདོར། འདུག་ན་གནས་མི་རྟག་པས་དག་པའི་ཞིང་ཁམས་ཡིད་ལ་བྱ། བཟའ་བཏུང་དང་ལོངས་སྤྱོད་མི་རྟག་པས་ཏིང་ངེ་འཛིན་ཟས་སུ་ཟ་། ཉལ་ན་གཉིད་མི་རྟག་པས་འཁྲུལ་པ་འོད་གསལ་དུ་སྦྱངས། འབྱོར་ན་ནོར་མི་རྟག་པས་འཕགས་པའི་ནོར་བདུན་བསྙེན། གཉེན་གྲོགས་དང་སྲིད་སྡེ་མི་རྟག་པས་དབེན་པར་ངེས་འབྱུང་ལ་བསྐུལ། ཆེ་བཙན་དང་སྙན་གྲགས་མི་རྟག་པས་རྟག་ཏུ་དམན་ས་བཟུང་དགོས་ཏེ། དཔལ་སྤྲུལ་རིན་པོ་ཆེས། སྟོང་གསུམ་མན་ན་ཁྱོད་ཡོད་དམན་ས་ཟིན་དགོས། །རྒྱལ་ཁམས་གོང་ན་ཡོད་ཀྱི་མཐོ་སྣང་མ་ཆེ། །རང་འདྲ་གཅིག་ཀྱང་མེད་ཀྱི་ཤག་པོ་མ་མང་། །ཐམས་ཅད་ཐམས་ཅད་བསྐྱུར་ན་མདོ་དོན་དེ་ཡིན། །ཞེས་གསུངས་པ་ལྟར་རོ། །སྨྲ་བའི་ཚིག་མི་རྟག་པས་བཟླས་བརྗོད་དང་ཁ་ཏོན་ལ་བསྐུལ། དད་པ་དང་ངེས་འབྱུང་མི་རྟག་པས་དམ་བཅའ་བརྟན་པོ་ལ་བརྩོན། འདུ་ཤེས་དང་རྣམ་རྟོག་མི་རྟག་པས་མི་གཞི་བཟང་པོ་ལ་བསླབ། ཉམས་དང་རྟོགས་པ་མི་རྟག་པས་ཆོས་ཉིད་ཟད་ས་ལ་སྐྱོལ་དང་། དེའི་དུས་སུ་སྐྱེ་འཆི་མང་པོ་བརྒྱུད་རྒྱུའི་བར་ཐག་སྦྲེལ་བྱེད་ཀྱི་ཐག་པ་ཆོད་པའམ་བར་ལག་འགྱེལ་གསུངས། འཆི་བ་ལ་བག་མི་ཚ་བའི་འཆི་བྲོད་ཀྱི་གདེང་ཚད་རྙེད། འཆི་མི་དགོས་པས་འཆི་མེད་ཀྱི་བཙན་ས་ཟིན། བྱ་རྒོད་པོ་གནམ་འཕང་ཆོད་དུས་གཡང་ལ་ལྷུང་དོགས་མེད་པ་དང་འདྲ་བ་འཁོར་བར་ལྷུང་དོགས་ཀྱི་འཇིགས་པ་མེད་པས། འཆི་ཡོང་སྙམ་པའི་སྐྲག་སྔངས་ཀྱི་ཡི་མུག་དེ་དུས་དེ་ནས་བསྒོམ་མི་དགོས་ཏེ། རྗེ་མི་ལས། ང་འཆི་བས་འཇིགས་ནས་རི་ལ་ཕྱིན། །ནམ་འཆི་ཆ་མེད་བསྒོམས་བསྒོམས་པས། །འཆི་མེད་གཉུག་མའི་བཙན་ས་ཟིན། །ད་འཆི་བའི་འཇིགས་པ་བོར་ཏེ་ཐལ། །ཞེས་དང་། མཉམ་མེད་དྭགས་པོ་རིན་པོ་ཆེའི་ཞལ་ནས། དང་པོ་སྐྱེ་འཆིའི་འཇིགས་པས་དེད་པ་ཤྭ་བ་བཙོན་དོང་ནས་འབྲོས་པ་ལྟ་བུ་ཞིག་དགོས་ཏེ། ཆགས་མེད་བདེ་སྨོན་ལས་ཀྱང་། ཉེས་ཆེན་བཙོན་ནས་ཐར་བ་བཞིན། །ཕྱི་ལྟས་མེད་པར་འབྲོས་པར་ཤོག །ཅེས་གསུངས་པ་ལྟར་རོ། བར་དུ་ཤི་ཡང་མི་འགྱོད་པ་ཞིང་པས་སོ་ནམ་རེམ་པ་ལྟ་བུ་ཞིག་དགོས། ཐ་མ་བློ་བདེ་བ་བྱ་བ་རླབས་ཆེན་ཟིན་པའི་སྐྱེས་བུ་བློ་བདེ་བདེ། སེམས་ལྷོད་ལྷོད། བག་ཡངས་ཡངས། སྐྱིད་ཉལ་བརྒྱབ་པ་ལྟ་བུ་ཞིག་དགོས། དང་པོ་ལོང་མེད་དུ་ཤེས་པ་སྐྱེས་བུའི་གནད་ལ་སྟེ་ལུས་ཀྱི་གཉན་སར་མདའ་ཕོག་སོང་ན་རྨ་བཅོས་བྱེད་ཐབས་ཁོ་ན་ལས་ལས་གཞན་མི་དྲན་པ་ལྟ་བུ་ཞིག་དགོས། བར་དུ་ཡེངས་མེད་དུ་བསྒོམ་པ་བུ་གཅིག་པུ་ཤི་བའི་མས་བུ་ཁོ་ན་དྲན་པ་ལྟ་བུ་ཞིག་དགོས། ཐ་མ་བྱར་མེད་དུ་ཤེས་པ་ཕྱུགས་མ་སྟེ་ཟོག་ཐམས་ཅད་དགྲས་དེད་པའི་རྫི་བོ་ཧ་ལས་པ་ལས་ཅི་བྱ་མེད་པ་ལྟ་བུ་ཞིག་དགོས། ཞེས་གསུངས། དེ་ལྟ་བུ་མ་བྱུང་གི་བར་དུ་འཆི་བ་མི་རྟག་པ་འདི་ཁོ་ན་བསྒོམ་དགོས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་། མི་རྟག་པ་མང་དུ་བསྒོམ་ན་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་པ་ཡིན་ནོ། །མི་རྟག་པ་མང་དུ་བསྒོམ་ན་སངས་རྒྱས་ཐམས་ཅད་ཀྱིས་དབུགས་ཕྱུང་བ་ཡིན་ནོ། །མི་རྟག་པ་མང་དུ་བསྒོམ་ན་སངས་རྒྱས་ཐམས་ཅད་ཀྱིས་ལུང་སྟོན་པ་ཡིན་ནོ། །མི་རྟག་པ་མང་དུ་བསྒོམ་ན་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །དཔེར་ན་རྗེས་རྣམས་ཀྱི་ནང་ན་གླང་པོ་ཆེའི་རྗེས་མཆོག་ཡིན་ནོ། །དེ་བཞིན་དུ་ནང་པ་སངས་རྒྱས་པའི་བསྒོམ་པའི་འདུ་ཤེས་ཐམས་ཅད་ཀྱི་ནང་ན་མི་རྟག་པ་བསྒོམ་པའི་འདུ་ཤེས་ཁོ་ན་མཆོག་ཡིན་ནོ། །ཞེས་གསུངས་པ་དང་། འདུལ་བ་ལུང་ལས། ངའི་འཁོར་ཡོན་ཏན་གྱི་འབྱོར་བས་ཡོངས་སུ་གང་ཞིང་གཏམས་པའི་བུམ་པ་བཟང་པོ་ལྟ་བུ། དགེ་སློང་ཤཱ་རིའི་བུ་དང་། མོའུ་འགལ་གྱི་བུ་དང་འདྲ་བ་བརྒྱ་ལ་གདུགས་ཚོད་ཡོན་དང་བཅས་པ་བྱིན་པ་བས། འདུས་བྱས་མི་རྟག་པ་སྐད་ཅིག་མ་གཅིག་དྲན་པ་མཆོག་ཡིན་ནོ། །ཞེས་གསུངས། དེ་བཞིན་དུ་དགེ་བའི་བཤེས་གཉེན་པུ་ཏོ་བ་ལ་དགེ་བསྙེན་གཅིག་གིས་ཆོས་གཅིག་ཏུ་བྱ་བ་ལ་གལ་གང་ཆེ་ལགས་ཞུས་པས། པུ་ཏོ་བའི་ཞལ་ནས། ཆོས་གཅིག་ཏུ་བྱ་བ་ལ་མི་རྟག་པ་བསྒོམ་པ་འདི་གལ་ཆེ་སྟེ། འཆི་བ་མི་རྟག་པ་འདི་བསྒོམ་ན། དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་དགེ་སྦྱོར་ལ་སྐུལ་བའི་རྐྱེན་བྱེད། ཐ་མ་ཆོས་མཉམ་པ་ཉིད་དུ་རྟོགས་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམ་ན། དང་པོ་ཚེ་འདིའི་གདོས་ཐག་ཆོད་པའི་རྒྱུ་བྱེད། བར་དུ་འཁོར་བ་མཐའ་དག་ལ་ཞེན་པ་ལྡོག་པའི་རྐྱེན་བྱེད། ཐ་མ་མྱ་ངན་ལས་འདས་བའི་ལམ་དུ་འཇུག་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམ་ན། དང་པོ་དད་པ་སྐྱེ་བའི་རྒྱུ་བྱེད། བར་དུ་བརྩོན་འགྲུས་རྩོམ་པའི་རྐྱེན་བྱེད། ཐ་མར་ཤེས་རབ་སྐྱེ་བའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམས་ཤིང་རྒྱུད་ལ་སྐྱེས་ན། དང་པོ་ཆོས་ཚོལ་བའི་རྒྱུ་བྱེད། བར་དུ་ཆོས་སྒྲུབ་པའི་རྐྱེན་བྱེད། ཐ་མ་ཆོས་མཐར་ཕྱིན་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམས་ཤིང་རྒྱུད་ལ་སྐྱེས་ན། དང་པོ་སྙིང་སྟོབས་མི་ཞུམ་པ་གོ་ཆའི་བརྩོན་འགྲུས་རྩོམ་པའི་རྒྱུ་བྱེད། བར་དུ་གུས་རྟག་སྦྱོར་བའི་བརྩོན་འགྲུས་རྩོམ་པའི་རྐྱེན་བྱེད། ཐ་མར་ཆོག་པར་མི་འཛིན་པ་ཕྱིར་མི་ལྡོག་པའི་བརྩོན་འགྲུས་རྩོམ་པའི་གྲོགས་བྱེད། ཅེས་གསུངས་ཤིང་། ཕ་དམ་པའི་ཞལ་ནས་ཀྱང་། མི་རྟག་པ་འདི་རྒྱུད་ལ་སྐྱེས་ན། མི་རྟག་པ་ཤེས་པའི་བློ་སྣ་དེས་ཆོས་ལ་བསྐུལ་ཏེ་དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་ལོང་མེད་ཤེས་པའི་བརྩོན་འགྲུས་ཀྱི་ལྕག་བྱེད། མཐར་མི་ལྡོག་པའི་བརྩོན་པས་འོད་གསལ་ཆོས་སྐུ་ཐོབ་པར་བྱེད་གསུངས། དེས་ན་མི་རྟག་པའི་འདུ་ཤེས་བཅོས་མ་མ་ཡིན་པ་ཞིག་རྒྱུད་ལ་མ་སྐྱེས་ན་ཆོས་ཞུ་ལོ་དང་བྱེད་ལོ་ཇི་ཙམ་བྱས་ཀྱང་མཐར་ཆོས་དྲེད་ཀྱི་རྒྱུར་འགྱུར་བ་ཡིན་ཏེ། དམ་པའི་ཞལ་ནས། བོད་ཀྱི་ཆོས་བྱེད་པ་ལ་ཤི་སྙམ་པ་ནི་གཅིག་ཀྱང་མི་སྣང་བ་ལ། དེ་དག་གི་བསམ་པ་ལྟར་མ་ཤི་ནས་ལུས་པ་ནི་གཅིག་ཀྱང་མ་མཐོང་། ལར་སྟོན་པའི་ན་བཟའ་གོས་ངུར་སྨྲིག་གི་རྒྱལ་མཚན་སེར་གོས་གྱོན་ནས་རྒྱུ་ནོར་ངོམས་པ་མེད་པར་བསགས་པ་ལ་དགའ་ཚད་འདིས་འཆི་བདག་གཤིན་རྗེ་ལ་ཟས་ནོར་འཇལ་བ་ཨེ་ཡིན་སྙམ། རྒྱུ་ནོར་ཅ་ལག་གང་བཟང་བཟང་ཐམས་ཅད་ཡར་ཚགས་བྱེད་ལུགས་ལ་བསམ་ན། དམྱལ་བ་ལ་ཕྱིན་དུས་རྒྱུ་ནོར་གྱིས་གཤིན་རྗེ་ཆོས་རྒྱལ་ལ་ལྐོག་འདུན་འཇལ་ནས་སྡུག་བསྔལ་ཆུང་ཐབས་བྱེད་པ་ཨེ་ཡིན་སྙམ། བོད་ཀྱི་ཆོས་པ་འདི་ཚོ་མཐོང་ན་དགོད་རེ་བྲོ་ཧ་ཧ། ཐོས་པ་སུ་ཆེ་ང་རྒྱལ་ཆེ། །སྒོམ་པ་སུ་བཟང་ཐམས་ཅད་ཀྱིས་ཟས་ནོར་གསོག། དབེན་པ་སུ་བརྟེན་འདུ་འཛི་མང་། །རང་ཡུལ་གང་སྤངས་ངོ་ཚ་མེད། །དེ་ཚོ་ཆོས་ལ་དྲེད་པ་ཡིན། །དེ་ཚོ་སྡིག་ལ་དགའ་བ་ཡིན། །ཕ་རོལ་པོ་ཤི་བ་མཐོང་ཡང་རང་འཆི་བ་མི་ཤེས་པས་ལེ་ལན་དང་པོ་དེ་ལ་ཐུག་ཅེས་གསུངས། དེའི་ཕྱིར་མི་རྟག་པའི་འདུ་ཤེས་བསྒོམ་པ་ནི་ཆོས་ཉམས་སུ་ལེན་པ་ཐམས་ཅད་ཀྱི་སྔོན་འགྲོ་སྒོ་འབྱེད་པ་ཡང་ཡིན་ཏེ། དགེ་བཤེས་པུ་ཏོ་བ་ལ་རྐྱེན་ངན་སྦྱོང་ཚུལ་གྱི་གདམས་ངག་ཞུས་པས། པུ་ཏོ་པས་ཞལ་ནས། ཁྱོད་ཀྱིས་འཆི་བ་མི་རྟག་པ་མང་དུ་སོམས་དང་། དེར་འཆི་ངེས་པའི་བློ་གཅིག་བྱུང་ན། སྡིག་པ་སྤོང་བ་ལ་དཀའ་རྒྱུ་མེད། དགེ་བ་སྒྲུབ་པ་ལ་དཀའ་རྒྱུ་མེད་པ་ཞིག་འོང་གི། དེའི་སྟེང་དུ་ཁྱོད་ཀྱིས་བྱམས་པ་དང་སྙིང་རྗེ་མང་དུ་སྒོམས་དང་། དེ་རྒྱུད་ལ་སྐྱེས་ན། སེམས་ཅན་གྱི་དོན་བྱེད་པ་ལ་དཀའ་རྒྱུ་མེད་པ་ཞིག་འོང་གི། དེའི་སྟེང་དུ་ཁྱོད་ཀྱིས་ཆོས་རྣམས་ཀྱི་གནས་ལུགས་སྟོང་པ་ཉིད་མང་དུ་སྒོམས་དང་། དེ་རྒྱུད་ལ་སྐྱེས་ན། འཁྲུལ་བ་སྦྱོང་བ་ལ་དཀའ་རྒྱུ་མེད་པ་ཞིག་འོང་གི། ཞེས་གསུངས། དེ་ལྟར་མི་རྟག་པའི་ཚུལ་དུ་མ་གསུངས་པའི་དོན་ལྟར་མི་རྟག་པའི་འདུ་ཤེས་བཟང་པོ་ཞིག་རང་རྒྱུད་ལ་སྐྱེས་ན། འཇིག་རྟེན་ཚེ་འདིའི་བྱ་བཞག་བྱིས་པའི་རྩེ་མོ་འདྲ་བ་ཐམས་ཅད་ལ་ཞེན་པ་གཏིང་ནས་ལོག་པ་སྐྱུག་ནད་ཅན་ལ་བཙོ་ཟན་བྱིན་པ་ལྟ་བུ་ཞིག་འོང་བ་ཡིན་ཏེ། རྗེ་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུའི་ཞལ་ནས་ཀྱང་། ངས་འཇིག་རྟེན་འདིའི་མཐོན་པོ་དང་བཙན་པོ་ཕྱུག་པོ་དང་འཕྱོར་པོ་ཇི་ལྟ་བུ་ཞིག་མཐོང་ཡང་དེ་ལ་ཡིད་སྨོན་མི་འཆོར་བར་དམ་པ་གོང་མའི་རྣམ་ཐར་ལ་ལྟ་བ་འདི་མི་རྟག་པ་ཅུང་ཟད་རེ་རྒྱུད་ལ་སྐྱེས་པའི་དོན་གྱིས་ཡིན། ང་ལ་འདི་ལས་ལྷག་པའི་གདམས་ངག་གང་ཡང་སྟོན་རྒྱུ་མེད། ཅེས་ཡང་ཡང་གསུངས། དེ་ལྟ་བུའི་མི་རྟག་པ་རྒྱུད་ལ་སྐྱེས་པའི་ཚད་ཇི་ལྟ་བུ་ཞིག་ཡིན་ན། དགེ་བཤེས་ཁ་རག་སྒོམ་ཆུང་ལྟ་བུ་ཞིག་དགོས་པ་ཡིན་ཏེ། ཁོང་གཙང་གི་ཇོ་མོ་ཁ་རག་གི་རི་ཁྲོད་དུ་སྒྲུབ་པ་བྱེད་པ་ལ་བྱོན་པས་བྲག་ཕུག་གི་སྒོ་ན་ཚེར་ཕུང་ཞིག་འདུག་པ་ལ་ན་བཟའ་ཐོགས་པས་དང་པོ་བཅད་དམ་སྙམ་པ་ལ་རྗེས་སུ། ཨ་ཅང་ང་བྲག་ཕུག་གི་ནང་འདིར་འཆི་བ་ལས་སླར་ཨེ་ལྡོག་མི་ཤེས་དེ་བས་དགེ་སྦྱོར་རང་བྱས་ན་ཁེབས་ཆེ་དགོངས་ནས་བཅད་པ་མ་བྱུང་། ཡང་སྒོར་བྱོན་སྐབས་ཀྱང་དེ་བཞིན་བྱུང་བ་ལ་ང་སྒོ་ནས་ནང་དུ་ཨེ་ལྡོག་མི་ཤེས་དགོངས་ཏེ། དེ་ལྟར་ལོ་མང་པོའི་བར་དུ་བཞུགས་བླ་མ་གྲུབ་པ་ཐོབ་སྟེ་སོང་ཡང་ཚེར་ཕུང་གཅོད་པ་མ་བྱུང་བ་ཡིན། དེ་བཞིན་དུ་རིག་འཛིན་འཇིགས་མེད་གླིང་པ་ལའང་སྟོན་དུས་སྐར་མ་རི་ཥི་བབ་པའི་ཚེ་ཆུ་གཟིམས་ཀྱི་རྫིང་བུ་ཞིག་ཡོད་པ་ལ་ཐེམ་སྐས་མེད་པས་འབྱོན་བཞུགས་ཤིན་ཏུ་དཀའ་བར་ཡོད་པ་འདིར་ཐེམ་སྐས་ཞིག་བགྱིས་ན་ཞུས་པས། སང་ཕོད་འདིར་ཨེ་ཉལ་མི་ཤེས་དེ་འདྲའི་དཀའ་ལས་ཀྱིས་ཅི་བྱེད་ཅེས་གསུངས་པ་ཡིན་ཏེ། དུས་རྟག་ཏུ་མི་རྟག་པའི་གསུང་ཁོ་ན་འབྱོན་པ་ཡིན་གསུངས། དེས་ན་རང་རེ་རྣམས་ཀྱང་དེ་ལྟ་བུ་རེ་རྒྱུད་ལ་ངེས་པར་མ་སྐྱེས་ཀྱི་བར་དུ་སྦྱོར་བ་སེམས་བསྐྱེད། དངོས་གཞི་ཐབས་སྣ་ཚོགས་ཀྱིས་བློ་བཅོས་ཏེ་མི་རྟག་པ་གཤའ་མ་ཞིག་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་བསྒོམ། མཇུག་བསྔོ་བའི་རྒྱས་ཐེབས་པར་བྱ་བ་དང་བཅས་ཉམས་སུ་བླངས་ནས་དམ་པ་གོང་མའི་རྗེས་ཤུལ་སྙོགས་ཐུབ་པ་ཞིག་ལ་ཅི་ནས་ཀྱང་འབད་དགོས་པ་ཡིན་ནོ། མདོར་ན་མཐར་འཆི་བ་འོང་ནི་རེད་བསམ་པ་ཙམ་ཐམས་ཅད་ལ་ཡོད་ཀྱང་། རེ་ཞིག་ཨེ་འཆི་ཅི་ཤེས་སྙམ་པའི་རྟག་འཛིན་གྱི་བློ་ནི་འཆི་ཁར་ཚུན་ཆད་ལ་འབྱུང་བས། བློ་ངན་དེས་རྣམ་གཡེངས་ལ་འབྱམས་ནས་དུས་ཚོད་བརླག་པ་དང་། ཚེ་ཕྱི་མའི་དོན་ཆེན་སྒྲུབ་རྒྱུ་ཕྱི་བཤོལ་གྱི་ལེ་ལོས་བསླུས་སོང་བ་ཡིན་ཏེ། དང་པོ་གཞོན་ནུས་བསམ་བློ་མ་རྙེད་ནས་ཆོས་མ་འགྲུབ། མཐར་རྒས་པའི་ཚེ་སྐྲག་ཀྱང་ལུས་སེམས་གཉིས་ཀྱི་སྟོབས་ཟད་ནས་ཆོས་སྒྲུབ་མི་ཐུབ། དེའི་བར་གྱི་དུས་ཚོད་ཕྱེད་གཉིད། ཕྱེད་རྣམ་གཡེང་གི་དབང་དུ་ཟད་ནས་ད་ལྟ་འཆི་བ་ལ་ཉེ་སར་ཐུག ཚེ་འདིའི་ཕུན་ཚོགས་ཀྱི་བསླུ་ཁྲིད་ཐམས་ཅད་རྨི་ལམ་ཐུན་གཅིག་གི་བདེ་བ་ལྟར་ཤེས་ནས་དམ་པའི་ཆོས་སྒྲུབ་པ་ལ་ནན་ཏན་བྱ་ཞིང་། ཕྱི་ནང་སྣོད་བཅུད་ཐམས་ཅད་རང་ཉིད་ལ་མི་རྟག་པར་སྟོན་པའི་སློབ་དཔོན་དུ་ཤེས་ནས། ཚེ་འདིའི་བྱ་བཞག་ཐམས་ཅད་ཟིན་དུས་དང་འགྲུབ་དུས་མེད་པའི་དོན་ཆུང་དགོས་མེད་བསྒྲུབ་པ་ལས། འཆི་དུས་ཕན་ངེས་དམ་པའི་ལྷ་ཆོས་ཁོ་ན་རེད་འདུག་པས་ད་ལྟ་ཉིད་ནས་ཆོས་བསྒྲུབ་དགོས་བསམ་པའི་ཐོག་ནས་ཐུན་དང་ཐུན་མཚམས་ཕྱེས་ཏེ་བསྒོམ་དགོས། སྐྱེས་བུའི་ལུས་དང་ཚེ་སྲོག་ཡུན་ཐུང་བ་ནམ་མཁའི་གློག་ལྟ་བུ། གནོད་པ་མང་བ་རླུང་ནང་གི་མར་མེ་ལྟ་བུ། མྱུར་དུ་འགྲོ་བ་རི་གཟར་གྱི་འབབ་ཆུ་ལྟ་བུ་ཡིན་པར་སྙིང་ནས་ཤེས་དགོས། དེ་ལྟར་མ་ཤེས་ན་ང་ནི་ད་རུང་ལོ་ཆུང་གཞོན་དར་ལང་ཚོ་རྒྱས་པའི་སྐབས་ཡིན་ཏེ། ལོ་ཉི་ཤུ་སུམ་ཅུའི་ནང་ཡོད། སྐོར་ཅིག་འཆི་ལོས་འགྲོ་སྟེ་གནས་སྐབས་འཆི་རྒྱུ་མ་རེད་བསམ། ཡང་ངེད་ཚོ་ལོ་བཞི་བཅུ་ལྔ་བཅུའི་ནང་ཡོད། ད་དུང་འཆི་མི་རན་སྟེ་བྱ་བ་མང་པོ་ཞིག་འགྲུབ་མ་སོང་། ལར་ནད་མེད་གདོན་མེད་གློ་བུར་དུ་འཆི་ཨེ་འོང་ཤེ བསམས་པ་ལྟར་ལོ་གྲངས་དྲུག་ཅུ་བདུན་ཅུའི་ནང་མ་ཐོན་བར་མ་ཤི་ཡང་རིང་པོ་ཅང་མ་རེད། སྤྱིར་ལོ་བཅུ་ཕྲག་ཁ་ཤས་ཀྱི་མི་ཚེའི་དུས་ཡུན་ནི་སྐྱིད་མ་སྡུག་གི་ནམ་ཟླ་ཟད་པའི་དུས་ཚོད་དང་སེ་གོལ་གདབ་པའི་དུས་གཉིས་ཟད་དུས་འདྲ་འདྲ་རེད། མི་ཚེ་གློག་གི་ཟློས་གར་བཞིན། གློ་བུར་དུ་འཆི་བའི་ལམ་པོ་ཆེར་ཐོན་པའི་དུས་ཚོད་ཀྱི་ཉི་མ་ཤར་དུས། ཟས་ཟ་འཕྲོ། གོས་གྱོན་འཕྲོ། ལས་ལས་འཕྲོར་བསྐྱུར་ནས། ད་ལྟ་སྔ་དྲོ་དང་ཕྱི་དྲོ་ཙམ་རེ་མི་ཁོམ་ཟེར་རྒྱུ་འདི་དེའི་སྐབས་ཁོམ་ཐག་ཆོད་ལུས་བྱ་ཁྱིས་ཟོས་ནས་འགྲོ། སྤྱིར་འཇིག་རྟེན་ཚེ་འདིའི་ནོར་རྫས་ལོངས་སྤྱོད་ཐམས་ཅད་རིན་ཐང་ཅན་དང་རྩ་ཆེན་ཅུང་ཟད་ཀྱང་མ་ཡིན་ལ། ཁྱད་པར་རང་ཅག་དུས་ཐ་མའི་སེམས་ཅན་བསོད་ནམས་དམན་པས་སྤྲང་གཞི་བྱིའུ་ཚང་ལྟ་བུ་འདི་མ་དགོས། འཛམ་བུ་གླིང་གི་རྒྱུ་ནོར་ཚང་མ་མི་གཅིག་ལ་ཡོད་ཀྱང་བེད་མེད་པ་རྨི་ལམ་ནང་གི་རྒྱུ་ནོར་ལྟར་རེད། འདི་ཁུར་ན་མི་ཐུབ། དེད་ན་མི་འགྲོ། ཚེ་ཕྱི་མའི་ལམ་ལ་སྤུ་ཉག་མ་ཙམ་ཡང་ཁྱེར་དབང་ནི་མེད། མ་ཤི་གསོན་ཚེའི་འཚོ་བ་ཙམ་ནི་ཐ་ན་ལ་ཁའི་རི་དྭགས་ཡིན་ཡང་ཁ་སོས་འགྲོ་བ་ཡིན་པས། སྤྱིར་དུས་ཚོད་ནི་མྱི་ཚེའི་ནང་གི་རིན་ཐང་ཆེ་བ་མ་ཟད། ཁྱད་པར་ཆོས་ལྡན་གྱི་མི་ཚེའི་དུས་ཚོད་ནི་རིན་ཐང་གཞལ་དུ་མེད་པ་ཞིག་ཡིན་པས་ཤིན་ཏུ་ཐོབ་བཀའ་བ་ཡིན། དེས་ན་རིན་ཐང་ཆེ་བའི་དུས་ཚོད་སྟོང་ཟད་མི་ཤོར་བར་གཏན་བདེའི་ལམ་བསྒྲུབས་ནས་བེད་གཅོད་དགོས། དེ་ཡང་ད་རེས་ཀྱི་ཚེ་ལུས་འདིའི་སྟེང་ནས་མན་ངག་ཟབ་མོ་བསྒོམས་ཏེ་རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བའི་དོན་ཆེན་སྒྲུབ་པ་འདི། ཕྱི་བཤོལ་དང་ལེ་ལོ་མེད་པར་མི་ཚེ་གཙིགས་སུ་བཟུང་ནས་སྙིང་ལ་རུས་པ་གཏུགས་པའི་དུས་ལ་བབ་ཡོད། དམ་པའི་ཆོས་ཀྱང་དང་པོ་འཁོར་བ་ལས་ངེས་པར་འབྱུང་བའི་བློ་བཅོས་མིན་ཞིག་རྒྱུད་ལ་སྐྱེད། བར་དུ་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བློ་སྦྱོང་། དེ་དང་མཉམ་དུ་དད་པ་དག་སྣང་འགྱུར་ལྡོག་མེད་པ་ཞིག་གི་ཐོག ཡང་དག་པའི་ལྟ་བ་ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་ཅན་ཐབས་སླ་བ་བླ་མའི་མན་ངག་གི་སྒོ་ནས་ཉམས་སུ་ལེན་ཞིང་། བརྩོན་འགྲུས་ཐང་ལྷོད་མེད་པས་ཉམས་སུ་བླངས་ནས་སྒྲུབ་ཐུབ་ན་སྒྲུབ་འབྲས་མངོན་དུ་འགྱུར་ངེས། ཆོས་སྒྲུབ་མཁན་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་རིགས་མི་གཙོ་རུས་མི་གཙོ། འབྲེག་མཁན་ཉེ་བ་འཁོར་གྱི་རྐང་པ་ལ་ཤཱཀྱའི་རྒྱལ་པོ་བཟང་ལྡན་གྱིས་ཀྱང་བཏུད་པ་ཡིན། བླ་མ་ཀུན་ཀྱི་བླ་མ་དང་། ཉི་མ་ཀུན་ཀྱི་ཉི་མ་ཡིན་ཡང་ཆོས་སྒྲུབ་མིའི་གང་ཟག་དེ་སྙིང་སྟོབས་དང་བརྩོན་འགྲུས་ཅན་གྱི་ཕོ་རབ་ཅིག་མིན་ན་འགྲུབ་དཀའ། མ་ཚད་སྔོན་བསགས་བསོད་ནམས་ཀྱི་མཐུ་ཞིག་མེད་ན་དོན་ཆེན་ལག་ཏུ་འོང་དཀའ། རང་རེ་དུས་ཐ་མའི་གང་ཟག་བློ་རྒྱ་ཆུང་བ་སོ་སྐྱེས་ནང་གི་སོ་སྐྱེས་བྱིས་པ་ཅོལ་ཆུང་ལྟ་བུ་ལ་རེད་དུས་དང་ཆོག་དུས་མེད་པར། རང་གིས་རང་ལ་བལྟས་ན་ཕྱོགས་གཅིག་ནས་ཁག་མེད་དེ་ཉོན་མོངས་པའི་ནད་ཀྱིས་ཐེབས་པ་ཤ་སྟག་ཡིན་པས་གཞན་དབང་ཅན་རེད། དེ་ལ་ནད་ཞི་བའི་ཆེད་དུ་གཏར་བསྲེག་ནན་པོ་དགོས་པ་ལྟར། ཉོན་མོངས་ཞི་བའི་ཆེད་དུ་དཀའ་བ་སྤྱད་དེ་སྡུག་བསྔལ་ཁྱད་དུ་མ་བསད་ཐབས་མེད་རེད། ད་རེས་དམ་པའི་ཆོས་ཀྱི་སྨན་བདུད་རྩི་ལྟ་བུ་རང་ལག་ལོན་དུས་རང་གར་མི་འཇོག་པར་བསྒྲུབ་དགོས། ཆོས་དེ་རང་གིས་མ་བསྒྲུབས་ནས་མ་འགྲུབ་ནི་རེད་མིན་སྒྲུབ་ན་མི་འགྲུབ་པ་ཞིག་མི་སྲིད། དེས་ན་རང་གི་འཁྲུལ་བ་རང་གིས་བརྟག རང་གི་སློབ་དཔོན་རང་གིས་བྱེད་དེ་བསྒྲུབ་དགོས་མ་གཏོགས། ཇི་སྐད་དུ། དམ་ཆོས་དྲན་པ་མང་སྟེ་ཤེས་པ་དཀོན། །ཐེག་མཆོག་འདོད་པ་མང་སྟེ་ཤེས་པ་དཀོན། །གདམས་ངག་ཞུ་མཁན་མང་སྟེ་སྒྲུབ་མཁན་དཀོན། །ཅེས་གསུངས་པ་ལྟར། ད་རེས་མིག་གིས་གསལ་གསལ། སེམས་ཀྱིས་དྭངས་དྭངས་བྱེད་ཅིང་གོ་སྐབས་བཟང་པོ་དེ་གཞན་གྱིས་ཤོར་ནའང་རང་གིས་མི་ཤོར་བ་ཞིག་ཤིན་ཏུ་གནད་ཆེ། ཤིན་ཏུ་དོན་དང་ལྡན་པ་ལ། །ཚིག་གཅིག་ལན་གཉིས་གདབ་པར་བྱ། །ཞེས་ཟེར་བ་ལྟར་དེ་ཚོ་འཕྲོས་བཤད་ཀྱི་སྐད་ཆ་རེད། །མི་རྟག་མངོན་དུ་གྱུར་ཀྱང་རྟག་པར་འཛིན། །རྒ་བའི་གྲོང་སྒོར་སླེབས་ཀྱང་གཞོན་པར་རློམ། །བདག་དང་བདག་འདྲ་ལོག་རྟོག་སེམས་ཅན་རྣམས། །མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཚེ་མི་རྟག་པའི་ཁྲིད་དོ།། །།ཞེས་གསུངས་ཤིང་མཇུག་བསྔོ་བས་མཐའ་བརྒྱན་ཏེ་ཆོས་ཁྲིད་གྲོལ་སོང་ངོ་།།

ཅ༽ ཉིན་ལྔ་པར་༼པ༽འཁོར་བའི་ཉེས་དམིགས་ཀྱི་ཆོས་ཁྲིད།

མཆོད་བརྗོད་སོགས་གསུངས་ནས།

ཨ༽ མཚམས་སྦྱོར་གྱི་གདམས་ངག

དེ་ཡང་ཇི་སྐད་དུ། ཀུན་མཁྱེན་བླ་མ་རྫོགས་པའི་སངས་རྒྱས་ཀྱིས། ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་ནི། །ཐར་ལམ་སྒྲུབ་པའི་གཅེས་པ་རྣམ་གསུམ་ཡིན། །ཞེས་གསུངས་པ་ལྟར་རང་རེ་ཐེག་པ་ཆེན་པོའི་ཆོས་སྒོ་ལ་ཞུགས་ཤིང་། གསང་སྔགས་ཟབ་ཁྲིད་ཀྱི་ཆོས་ཞུ་མཁན་ཐམས་ཅད་ཀྱིས་ཐོག་མ་ཉིད་ནས་ཤེས་པར་བྱ་བ་གང་ཡིན་ན་དམ་པ་གསུམ་ཡིན། དམ་པ་གསུམ་པོ་དེ་ནི་སྔར་ཡང་ཞུས་པས་མ་ཚད་སྔོན་འགྲོའི་ཁྲིད་རྐང་སོ་སོའི་ནང་ན་ཡང་། ཁྲིད་འདི་རྣ་བས་ཉན་པ་རྐྱང་པས་མི་ཆོག་སྨིན་ཁྲིད་ཀྱི་ཕྱག་ལེན་ལྟར་ཐུན་དང་ཐུན་མཚམས་ཕྱེས་ནས་བསྒོམ་དགོས། དེ་ཡང་དམ་པ་གསུམ་གྱིས་རྩིས་ཟིན་པ་ཞིག་དགོས་པས། དམ་པ་གསུམ་པོ་སླར་ཡང་གསལ་འདེབས་ཤིག་ཞུས་ན། དང་པོ་དགེ་རྩ་ཐབས་ཀྱིས་ཟིན་པར་བྱེད་པ་སྤྱོར་བ་སེམས་བསྐྱེད་དམ་པ། བར་དུ་དགེ་རྩ་རྐྱེན་

གྱིས་མི་བཤིག་པར་བྱེད་པ་དངོས་གཞི་དམིགས་མེད་དམ་པ། མཇུག་དགེ་རྩ་གོང་ནས་གོང་དུ་འཕེལ་བར་བྱེད་པ་བསྔོ་བ་དམ་པ་དང་རྣམ་པ་གསུམ་པོ་ཡིན། དང་པོ་ནི་མ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། ཐོག་མ་མེད་པའི་དུས་ནས་ད་ལྟའི་བར་དུ་ཕ་མར་མ་གྱུར་བ་གཅིག་ཀྱང་མེད། ཕ་མར་གྱུར་བའི་དུས་སུ་ད་ལྟའི་ཕ་མ་ཇི་ལྟ་བ་བཞིན་དུ་བསམ་སྦྱོར་གཉིས་ཀ་ཤིན་ཏུ་བྱམས་པས་བསྐྱེད་བསྲིངས་པའི་དྲིན་ཆེན་ཤ་སྟག་ཡིན་ལ། ཕ་མར་གྱུར་བའི་སེམས་ཅན་འདི་དག་ཐམས་ཅད་ཀྱིས་འདོད་རྒྱུ་བདེ་བ་འདོད་ནི་རེད་ད། བདེ་བའི་རྒྱུ་དགེ་བ་སྒྲུབ་མི་ཤེས་ནས་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་སྒྲུབ་ཁི་ཡོད་ནི་རེད། རྨོངས་པ་མ་རིག་པའི་གདོན་གྱིས་ཐེབས་ཤིང་། ཤེས་རབ་ཀྱི་དམིགས་བུ་མེད་པས་དམུས་ལོང་ཐང་དཀྱིལ་འཁྱམས་པ་ལྟ་བུ་འདི་རྣམས་ཐམས་ཅད་སྙིང་རེ་རྗེ། འདི་དག་ཐམས་ཅད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཆེད་དུ་བདག་གིས་ད་རེས་དམ་པའི་ཆོས་ཟབ་མོ་འདི་ལྟ་བུ་ཉན་ནས། དེའི་དོན་ཉམས་སུ་ལེན་དགོས་བསམ་པ་ནི་ཐེག་ཆེན་ཐུན་མོང་གི་སེམས་བསྐྱེད་ཡིན། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསམ་པ་དང་། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དེ་དག་བཀོད་དགོས་བསམ་པ་དེ་གཉིས་ཀ་མ་ཚང་ན། བྱམས་དང་སྙིང་རྗེ་ཙམ་ཡོད་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གོ་མི་ཆོད། དེའི་སྟེང་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་ཡིན་ནི་རེད། ཡིན་ནི་རེད་གདའ་རང་ངོ་མ་ཤེས་ནས་འཁྲུལ་བའི་ལས་ལ་སྤྱོད་ཅིང་ཁམས་གསུམ་འཁོར་བར་འཁྱམས་པ་འདི་དག་ཐམས་ཅད་ལ། རང་ལ་ཡེ་ནས་ཡོད་པའི་ཡེ་ཤེས་དེ་ཉིད་ངོ་སྤྲད་ནས། ཚེ་ལུས་གཅིག་གིས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་ཕྱིར་དུ། བདག་གིས་ལམ་ཟབ་མོ་ཉམས་སུ་ལེན་པར་བྱའོ་བསམ་པ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་རེད། དེ་ལྟར་ཐུན་མོང་དང་ཐུན་མིན་གྱི་སེམས་བསྐྱེད་སྔོན་དུ་སོང་ནས། བར་དུ་དངོས་གཞི་དམིགས་མེད་དམ་པ་ཇི་ལྟར་ཞེ་ན། སྣང་སྲིད་དག་པ་རབ་འབྱམས་སྣོད་བཅུད་དག་མཉམ་ཆེན་པོའི་རང་བཞིན་ཡེ་ནས་ཡིན་པ་ལ། དེ་ལྟར་ཡིན་པར་ཤེས་པའི་ངེས་ཤེས་དང་བཅས་ཏེ། ཆོས་ཉན་པ་པོ་རང་ཉིད། གང་ཉན་བྱའི་ཆོས། ཉན་པའི་བྱ་བ་དང་བཅས་པ་དམིགས་པ་མེད་པ། གཞི་དབུ་མ་ཆེན་པོ། ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་རྫོགས་པ་ཆེན་པོ་སྟེ་དབུ་ཕྱག་རྫོགས་གསུམ་གང་རུང་གི་ཉམས་ལེན་ཤེས་ནི་ཞིག་ཡིན་ན་དེའི་ངང་སྐྱོང་དགོས། མིན་ཡང་རྗེས་མཐུན་ཙམ་ནི་འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་ཀྱི་རང་བཞིན་ཡིན་པར་ཤེས་པ་དང་མ་བྲལ་བ་ལུས་ངག་ཡིད་གསུམ་པོ་ཆུན་གཅིག་ཏུ་དྲིལ་ཏེ། ཆོས་ཀྱི་ཚིག་དོན་ལ་བློ་སྦྱོང་དགོས་ནི་རེད། དགེ་རྩ་གོང་ནས་གོང་དུ་འཕེལ་བར་བྱེད་པ་མཇུག་བསྔོ་བ་དམ་པ་གང་ཡིན་ཞེ་ན། གང་བསྔོ་བ་བྱ་བ་དང་། གང་གིས་སྔོ་བ་བྱེད་པ་དང་། གང་ལ་བསྔོ་བ་སྟེ་འཁོར་གསུམ་པོ་རྣམ་པར་མི་རྟོག་པའི་ལྟ་བས་རྩིས་ཟིན་ན་རབ་ཡིན། མིན་ཡང་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཤིང་བཟླུམས་སྟེ་བསྡོམས་ནས། དུས་གསུམ་གྱི་སངས་རྒྱས་རྣམས་དང་འཕགས་པ་འཇམ་དཔལ་དབྱངས་དང་མགོན་པོ་སྤྱན་རས་གཟིགས་ལ་སོགས་པས་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་པའི་ཕྱིར་དུ་ཇི་ལྟར་བསྔོས་པ་ལྟར་བདག་གིས་ཀྱང་དེ་བཞིན་བསྔོ་བར་བགྱི་བསམས་ནས་བསྔོས་ན་འཁོར་གསུམ་ཡོངས་དག་གི་བསྔོ་བ་རྗེས་མཐུན་པ་ཡིན་ནི་རེད། མདོར་ན་དགེ་སྦྱོར་གང་བྱས་ཀྱང་ཐོག་མར་དོན་གཉིས་དང་ལྡན་པའི་སེམས་བསྐྱེད། དངོས་གཞི་བྱ་བྱེད་ལས་གསུམ་དམིགས་པ་དང་བྲལ་བ། རྗེས་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་བསྔོས་པ་བཞིན་དུ་བསྔོས་ན། དམ་པ་གསུམ་གྱིས་ཟིན་པའི་དགེ་བ་དེ་ཐེག་ཆེན་ཐར་བ་ཆ་མཐུན་གྱི་དགེ་རྩ་སངས་རྒྱས་ཐོབ་པའི་རྒྱུ་རུ་འགྲོ་ནི་རེད། དེ་མིན་བསོད་ནམས་ཆ་མཐུན་མངོན་མཐོའི་རྒྱུ་ཙམ་ལས་ཐར་བ་ཐོབ་པའི་ཉེ་རྒྱུ་རུ་མི་འགྲོ་བས། དེ་ལྟ་བུ་དམ་པ་གསུམ་དང་འབྲེལ་བའི་སྒོ་ནས་སྐབས་སུ་བབས་པ་གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི། ཀུན་བཟང་ཞལ་ལུང་གི་ཐུན་མོང་ཕྱིའི་སྔོན་འགྲོ་ལས་དེ་རིང་འཁོར་བའི་ཉེས་དམིགས་བཤད་པའི་སྐབས་ཡིན། དེ་ཡང་འདི་ལྟར་སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་རྒྱུ་འབྲས་གཉིས་ལ་སྤྱོད་པའི་འཁྲུལ་སྣང་གི་བྱ་བཞག་ཐམས་ཅད་ལ་སྙིང་པོ་མེད་པར་སྒྱུ་མའི་དཔེ་བརྒྱད་དང་འདྲ་བར་དགོངས་ནས། འཁོར་བ་ལས་ངེས་པར་འབྱུང་སྟེ་སྙིང་རྗེ་ཆེན་པོས་སེམས་ཅན་གཞན་གྱི་དོན་འབའ་ཞིག་གཉེར་ཞིང་། སྲིད་པ་འཁོར་བའི་མཐའ་དང་ཞི་བ་མྱ་ངན་ལས་འདས་པའི་མཐའ་གཉིས་ཀར་མ་ཞེན་པ། ཐེག་ཆེན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་གཞུང་བཞིན་ཕྱག་ལེན་མཛད་པ། མཚུངས་མེད་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་ཞེས་སྐབས་ཀྱི་ཕྱག་འཚལ་བ་སྔོན་དུ་སོང་ནས། ཐུན་མོང་སྔོན་འགྲོའི་ཁྲིད་རྐང་དྲུག་གི་དོན་ཚན་གསུམ་པ་ཁམས་གསུམ་གྱིས་བསྡུས་ཤིང་རིགས་དྲུག་གི་དབྱེ་བ་ཡོད་པའི་འཁོར་བ་དེ་ཉིད་ཀྱི་ཉེས་དམིགས་སམ་སྡུག་བསྔལ་གྱི་ཁྲིད་འདི། ཁྲིད་ཚུལ་གཞན་ལ་ལས་རྒྱུ་འབྲས་ཀྱི་ཁྲིད་སྔོན་དུ་བཤད་ཀྱང་། འདིར་ནི་དེ་བཞིན་གཤེགས་པས་དང་པོ་བདེན་བཞིའི་ཆོས་སྟོན་པ་ན། སྡུག་བསྔལ་ཤེས་པར་བྱ་ཞེས་གསུངས་པ་ལྟར། དང་པོ་སྡུག་བསྔལ་ཤེས་པར་བྱ་བ་འཁོར་བའི་ཉེས་དམིགས། དེ་ནས་ཀུན་འབྱུང་སྤང་བར་བྱ་བ་ལས་རྒྱུ་འབྲས་ཀྱི་ཁྲིད། དེ་ནས་ལམ་རྒྱུད་ལ་བསྟེན་པ་ཐར་བའི་ཕན་ཡོན་བསམ་པ་དང་། བཤེས་གཉེན་བསྟེན་པའི་ཁྲིད་གཉིས་ཀྱིས་ལམ་གྱི་མཚམས་སྦྱར་ནས་ལམ་དངོས་སྐྱབས་འགྲོ་ནས་བླ་མའི་རྣལ་འབྱོར་གྱི་བར་དང་། འགོག་པ་མངོན་དུ་བྱ་བ་འོད་གསལ་རྫོགས་པ་ཆེན་པོའི་དངོས་གཞིའི་ཁྲིད་བཏབ་ནས་ལེ་ལོ་ཅན་འབད་མེད་དུ་གྲོལ་བ་ཀ་དག་ཁྲེགས་ཆོད་དང་། བརྩོན་འགྲུས་ཅན་འབད་བཅས་སུ་གྲོལ་བ་ལྷུན་གྲུབ་ཐོད་རྒལ་གྱི་ཁྲིད་རྣམས་ཡིན་པས། ཐོག་མ་འདིར་སྡུག་བསྔལ་ཤེས་པར་བྱ་བ་འཁོར་བའི་ཉེས་དམིགས་ཀྱི་ཁྲིད་དེ་ལའང་རྣམ་པ་གཉིས་ལས། དང་པོ་ཆོས་ལ་ཇི་ལྟར་ཉན་འཆད་བགྱིད་པའི་ཚུལ་སྔར་དང་འདྲ་གསུངས་ཞལ་འཕངས་པས། ཉན་པ་པོའི་ཉན་ཚུལ་ཀུན་སློང་དང་ཀུན་སྤྱོད་རྣམ་པར་དག་པས་ཉན་དགོས་ནི་རེད། ཀུན་སློང་ལ་བསམ་ན་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་གཉིས་དང་མ་བྲལ་བའི་ངང་ནས་ཉན་དགོས། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་ནི། དོན་གཉིས་སམ་ཟུར་གཉིས་དང་ལྡན་པ་ཞིག་ཡིན་ཏེ། སྙིང་རྗེས་སེམས་ཅན་ལ་དམིགས་པའི་ཟུར་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཟུར་གཉིས་དང་ལྡན་པ་ཞིག་རེད། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན་ཀུན་རྫོབ་དང་དོན་དམ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས། ཀུན་རྫོབ་བྱང་ཆུབ་སེམས་དེ་ལའང་འབྲས་བུ་ལ་དམ་བཅའ་བ་སྨོན་པ་སེམས་བསྐྱེད་དང་། རྒྱུ་ལ་དམ་བཅའ་བ་འཇུག་པ་བྱང་ཆུབ་ཀྱི་སེམས་གཉིས་འབྱོངས་པར་བྱས་ཏེ། མཐར་སེམས་རྣམ་པར་རྟོག་པའི་རྒྱུ་བ་དབྱིངས་སུ་ནུབ་པ་དེ་དོན་དམ་བྱང་ཆུབ་ཀྱི་སེམས་ཡིན་ན། འདི་ལས་དང་པོ་བས་དོན་གཉིས་སམ་ཟུར་གཉིས་ལྡན་པའི་སེམས་བསྐྱེད་དེ་གཙོ་བོ་བྱས་ཏེ། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ཕུན་སུམ་ཚོགས་པ་ལྔ་རུ་གསལ་གདབ་ཏེ་ཆོས་ཉན་པའི་ཀུན་སློང་དང་ཀུན་སྤྱོད་ཡང་དག་པ་དང་བཅས་ཏེ་ཉན་དགོས་ཁི་ཡོད་ནི་རེད། འཆད་པ་པོས་ཀྱང་སྙིང་བརྩེ་བ་དང་ཕན་པའི་བསམ་པ་དང་ལྡན་བཞིན་འཆད་དགོས་པས། འཆད་ཉན་བགྱི་བའི་ཚུལ་སྔར་རྒྱས་པར་བཤད་པ་བཞིན་ཡིན། གཉིས་པ་བཤད་བྱའི་ཆོས་ལ་འཁོར་བའི་སྡུག་བསྔལ་སྤྱིར་བསམ་པ་དང་། བྱེ་བྲག་རིགས་དྲུག་སོ་སོའི་སྡུག་བསྔལ་བསམ་པ་དང་གཉིས་ལས།

༼༡ འཁོར་བའི་སྡུག་བསྔལ་སྤྱིར་བསམ་པ།

དང་པོ་ནི་སྔར་བཤད་པ་དེ་ལྟར་བརྒྱ་ལམ་རེས་འགའ་ཙམ་དུ་རྙེད་པར་དཀའ་བའི་དལ་འབྱོར་རྙེད་ཀྱང་ཡུན་རིང་སྡོད་ལོང་མེད་པར་དུས་ཀྱི་ཉེན་ཏེ་མི་རྟག་འཆི་བའི་དབང་དུ་འགྲོ་བ་ནི་ཚེ་མི་རྟག་པའི་ཁྲིད་བཤད་པ་ལྟར་ཡིན། ཤི་ནས་ཀྱང་མེ་ཤི་བའམ་ཆུ་སྐམ་པའམ་ཁྲོན་པའི་ནང་རྡོ་འཕངས་པ་ལྟ་བུ་ཞིག་ཡིན་ན་དེ་ཀ་ལས་གཞན་མི་འདུག་ཀྱང་། ཤི་ནས་མེད་དུ་མི་འགྲོ་ཞིང་གནས་རིས་མཐོ་དམན་གང་དུ་ལས་ཀྱི་རྗེས་སུ་འབྲངས་ནས་སྐྱེ་བ་ཞིག་ལེན་དགོས་པ་ཡིན། སྐྱེ་བ་ཞིག་བླངས་ཕྱིན་ཆད་འགྲོ་བ་རིགས་དྲུག་གི་འཁོར་བའི་གནས་གང་རུང་ཞིག་ལས་མ་འདས་པས་དེའི་ཉེས་དམིགས་དྲན་དགོས་ཏེ། སྤྱིར་འཁོར་བ་ཞེས་བྱ་བ་དེའི་ངེས་ཚིག་ནི། རྫ་མཁན་གྱི་འཕང་ལོ་འཁོར་བའམ། ཟོ་ཆུན་གྱི་ཁྱུད་མོ་འཁོར་བའམ། བུམ་ནང་གི་བུང་བ་སྟོད་སྨད་རྒྱུ་བ་བཞིན། གཅིག་ནས་གཅིག་ཏུ་བརྒྱུད་དེ་ཡང་དང་ཡང་དུ་འཁོར་བས་ན་འཁོར་བ་ཟེར་ཏེ། དཔེར་ན་བུམ་ནང་དུ་འབུ་སྦྲང་བུང་བ་ཞིག་བཅུག་ནས་ཁ་བཅད་དེ་བཞག་པ་ན་བུང་བ་དེ་གང་དུ་འཕུར་ཡང་བུམ་པའི་ནང་ལས་གཞན་དུ་འགྲོ་མི་ནུས། དེ་བཞིན་དུ་འཁོར་བའི་གནས་འདི་མཐོ་དམན་གང་དུ་སྐྱེས་ཀྱང་འཁོར་བའི་གནས་རིས་ལས་མི་འདའ་སྟེ། བུམ་པའི་སྟོད་ལྟ་བུ་མངོན་མཐོ་ལྷ་མིའི་གནས་དང་། སྨད་ལྟ་བུ་ངན་སོང་གསུམ་གྱི་གནས་རིས་ཡིན། དེ་ལྟར་འགྲོ་བའི་གནས་རིས་དྲུག་པོ་འདིར་ཉོན་མོངས་པ་ཅན་འཇིག་རྟེན་པའི་ལམ་ཟག་བཅས་ཀྱི་ལས་དགེ་བ་དང་མི་དགེ་བའི་རྒྱུས་འཕངས་པས་གནས་རིས་གཅིག་ནས་གཅིག་ཏུ་དགེ་བས་མཐོ་རིས་དང་མི་དགེ་བས་ངན་སོང་དུ་སྐྱེ་ཞིང་འཁོར་བས་ན་འཁོར་བ་ཞེས་བྱ། རང་རེ་སྐྱེ་འགྲོ་མཐའ་དག་འཁོར་པའི་གནས་འདིར་ཐོག་མ་མེད་པའི་དུས་ནས་འཁྱམས་ཏེ། འཁོར་བའི་སེམས་ཅན་འདི་ཐམས་ཅད་ཕན་ཚུན་གཅིག་གིས་གཅིག་ཕ་བྱས་པ་གྲངས་ཀྱིས་མི་ཆོད། མ་བྱས་པ་དེ་འདྲ་མང་བ་དང་། མཚམས་རེར་དགྲ་བྱས། མཚམས་རེར་གཉེན་བྱས། མཚམས་རེར་བར་མ་བཏང་སྙོམས་གསུམ་མ་བྱས་པ་གཅིག་ཀྱང་མེད། ཕུགས་དེད་ན་འཁོར་བའི་ཡ་མཐའ་ཐུག་པ་མེད་པས་འདིའི་མ་ནི་འདིའོ། །དེའི་མ་ནི་འདིའོ། །ཞེས་སེམས་ཅན་གཅིག་གི་མ་བརྒྱུད་པའི་གྲངས་ཀ་ཁེ་རུ་མ་བརྩིས་ཀྱང་ས་ཆེན་པོ་འདི་རིལ་བུ་ཆུང་མཐའ་རྒྱ་ཤུག་གི་ཚིག་གུ་ཙམ་དུ་དྲིལ་ཏེ་བགྲངས་ཀྱང་ས་ཆེན་པོ་འདི་ཐམས་ཅད་ཟད་པར་འགྱུར་གྱི། སེམས་ཅན་རེ་རེའི་མ་བྱས་ཤིང་བརྒྱུད་པའི་ཁ་གྲངས་ད་དུང་མི་ཟད་པ་སངས་རྒྱས་ཀྱིས་མདོ་ལས་གསུངས་པའི་དོན། མགོན་པོ་ཀླུ་སྒྲུབ་ཀྱིས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་དྲིལ་ཀྱང་ས་ཡིས་ལངས་མི་འགྱུར། །ཞེས་གསུངས་པས་མ་ལ་ཐུག་པ་མེད་པས་འཁོར་བའི་ཡ་མཐའ་ཡང་ཐུག་མེད་ཡིན་པར་དེས་ཤེས་ཐུབ་ཁི་ཡོད་ནི་རེད། དེ་བཞིན་དུ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སེམས་ཅན་རེ་རེའི་ངོས་ནས་སྐྱེ་བ་འདི་མ་བླངས་བྱ་བ་གཏན་ནས་མེད་པས། འདོད་པའི་ཕྱིར་མགོ་དང་ཡན་ལག་བཅད་པ་རྐྱང་བ་ལ་བསམས་ནའང་གྲངས་ཀྱིས་མི་ཆོད་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་ནི་རེད། གཞན་ལྟ་ཅི་གྲོག་སྦུར་ལ་སོགས་སྲོག་ཆགས་ཕྲ་མོར་སྐྱེས་པའི་ཡན་ལག་ཕྲ་བ་ལས་ཀྱང་ཕྲ་བ་དེ་རྣམས། ད་ལྟ་ཕྱོགས་གཅིག་ཏུ་སྤུངས་ཏེ་བསྡམ་རྒྱུ་ཡོད་ན་རི་ཡི་རྒྱལ་པོ་རི་རབ་ལས་ཀྱང་ཚད་མཐོ་ཤག་ཤག་ཡིན་ནི་རེད། ཁ་ལ་ཟས་མེད་པས་ལྟོགས་པ་དང་རྒྱབ་ལ་གོས་མེད་པས་གྲང་བ་སོགས་འཁྱག་ལྟོག་སྐོམ་གསུམ་ལ་སོགས་པའི་སྡུག་བསྔལ་མང་པོས་ལུས་སེམས་གཉིས་ཀ་མནར་ཞིང་སྡུག་བསྔལ་མྱོང་ནས་ངུས་ཁི་བསྡད་པའི་མཆི་མ་ཐམས་ཅད་མ་སྐམས་པར་བསགས་ནས་ད་ལྟ་ལྷག་ཡོད་ན་མཐའི་རྒྱ་མཚོ་ཆེན་པོ་ལས་ཀྱང་མང་། སེམས་ཅན་དམྱལ་བའི་གནས་སུ་སྐྱེས་ཏེ་ཟངས་ཞུན་ཁོལ་མ་ཁོ་ན་ཁ་ནང་དུ་བླུག་པའང་བསགས་ནས་ཡོད་ན་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་བཞི་ལས་མང་བ་ཞིག་བཏུང་ཚར་ཡོད་པ་ཡིན་ཀྱང་། ད་དུང་མི་འཇིགས་པར་འཁོར་བའི་གནས་རིས་ཀྱི་སྡུག་བསྔལ་ད་སྔ་ཚད་མེད་མྱོང་བ་དང་ད་ལྟ་མྱོང་བཞིན་པ་འདི་དག་ལ་སྐྱོ་བའི་ངེས་འབྱུང་གི་བློ་སྐད་ཅིག་ཀྱང་མི་སྐྱེ་བར་ངན་གོམས་འཁྲུལ་བའི་དབང་གིས། ཕྱིར་ཞིང་འཁོར་བའི་གནས་ལ་དམྱལ་བ་རང་ཡུལ་ཟེར་བ་ལྟར་ཞེན་ཅིང་ཆགས་པས་བཅིངས་པ་རྣམས་ཀྱིས་ཕྱིན་ཆད་ཀྱང་། འཁོར་བ་མཐའ་མེད་དུ་སྔར་མྱོང་ཟིན་གྱི་སྡུག་བསྔལ་དེ་ལས་ཀྱང་མང་བ་ངེས་པར་མྱོང་དགོས་པ་ཡིན། གལ་སྲིད་འཇིག་རྟེན་འདིར་སྔོན་ཟག་བཅས་བསོད་ནམས་ཆ་མཐུན་གྱི་དགེ་འབྲས་ཕྲན་བུ་རེས་འཇིག་རྟེན་མེས་པོར་གྲགས་པའི་ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་ལྟ་བུ་ཚེ་རིང་ཞིང་གཟུགས་དང་དཔལ་འབྱོར་ཕུན་སུམ་ཚོགས་པའི་ལུས་རྟེན་དུས་རེས་འགའ་ཐོབ་ཀྱང་། ཚངས་དབང་བདེ་འབྱུང་འཁོར་ལོས་སྒྱུར་རྣམས་ཀྱང་། །འཆི་བདག་བདུད་ལས་གཟུར་བའི་ཐབས་མི་བསམ། །ཞེས་གསུངས་པ་ལྟར་དུ། མཐར་འཆི་བའི་གནས་ལས་མ་འདས། ཤི་ནས་ཀྱང་དམྱལ་བ་ལ་སོགས་པའི་ངན་སོང་གི་སྡུག་བསྔལ་ཉམ་ཐག་པ་དུ་མ་ལ་སྤྱོད་དགོས་པ་ཡིན་ན། རང་རེ་མིའི་ལུས་རྟེན་འདིར་དབང་ཕྱུག་དང་ནད་མེད་པ་ལ་སོགས་པའི་བདེ་བ་ཉི་ཚེ་བ་ཅུང་ཟད་ཙམ་ཡོད་པ་ནི་རིང་ན་ལོ་ཁ་ཤས་དང་འབྲིང་ན་ཟླ་བ་ཁ་ཤས་ཐུང་ན་ཞག་འགའ་རེའི་ཚེ་རྐྱང་བ་ཙམ་ལས་རྟག་མི་ཐུབ་པ་ཡིན་པས། བདེ་བ་ཅུང་ཟད་དེས་མགོ་བསྐོར་ཏེ་ད་དུང་བདེ་བ་བསམ་བཞིན་སྔར་བསགས་པའི་མཐོ་རིས་ཀྱི་བདེ་འབྲས་ཟད་ནས་ཤི་མ་ཐག་ཤིན་ཏུ་དབུལ་ཞིང་ཉམ་ཐག་པའམ་དམྱལ་བ་ཡི་དྭགས་ལ་སོགས་པའི་ངན་སོང་གི་སྡུག་བསྔལ་བཟོད་དཀའ་བ་ལ་མི་འདོད་བཞིན་དུ་སྤྱོད་དགོས་པ་ཡིན་པས་ན། ད་ལྟའི་གནས་སྐབས་ཀྱི་བདེ་སྐྱིད་འཁྲུལ་སྣང་རྨི་ལམ་བདོ་བའམ་རྨི་བཞིན་པའི་འཕྲོ་ལ་སད་པ་ལྟ་བུ་འདི་ལ་སྙིང་པོ་ཅི་ཞིག་ཡོད་དེ་མེད་དོ། །དེས་ན་འཕྲལ་དུ་སྔོན་བསགས་ཀྱི་དགེ་འབྲས་ཕྲན་བུ་རེས་བདེ་ཞིང་སྐྱིད་པ་ལྟར་སྣང་བ་རྣམས་ཀྱང་འཕེན་བྱེད་ཀྱི་ལས་ཟད་ནས་དེ་མ་ཐག་སྐད་ཅིག་མ་གཅིག་ཀྱང་སྡོད་དབང་མེད་པ་ཡིན་ཏེ། སྔར་བཤད་པའི་རྒྱལ་པོ་ང་ལས་ནུའི་ལོ་རྒྱུས་ལྟ་བུ་ཡིན་ལ། དེས་ན་ཟག་བཅས་ཀྱི་དགེ་འབྲས་ཀྱིས་རིན་པོ་ཆེ་སྣ་ཚོགས་པའི་ཁྲི་དང་མལ་ཆ་ལ་ལྷའི་དར་ཟབ་ཀྱི་གོས་བཏིངས་པའི་སྟེང་ན་གནས་ཤིང་གཟུགས་མཛེས་སྒྲ་སྙན་ལ་སོགས་པ་འདོད་བའི་ཡོན་ཏན་ལྔས་ལོངས་སྤྱོད་ཅིང་རྟག་ཏུ་དགའ་མགུར་རྩེ་བའི་ལྷའི་དབང་པོ་རྣམས་ཀྱང་སྔོན་བསགས་ཀྱི་ལས་འབྲས་ཀྱི་འཕེན་པ་ཟད་དེ་ཚེའི་ཚད་རྫོགས་ནས་མིག་འབྱེད་འཛུམ་ཙམ་གྱི་ཡུན་ལ་དམྱལ་གནས་ལྕགས་བསྲེགས་ཀྱི་ས་གཞི་མེ་འབར་བའི་སྟེང་དུ་མགོ་ཐུར་དུ་བསྟན་ནས་ལྷུང་སྟེ་དམྱལ་བའི་སྡུག་བསྔལ་མི་བཟོད་པ་ལ་སྤྱོད་པའང་ཡོད། གླིང་བཞི་འོད་ཀྱིས་སྣང་བར་བྱེད་པའི་ཉི་མ་དང་ཟླ་བའི་སྟེང་ན་གནས་པའི་ལྷ་བུ་གཉིས་ཀྱང་མཐར་གླིང་བར་མུན་པ་མུན་ནག་གི་ནང་དུ་སྐྱེས་ཏེ་རང་གི་ཡན་ལག་བརྐྱང་བསྐུམ་ཙམ་ཡང་རང་གིས་མི་མཐོང་བའི་གནས་སྐབས་དེ་ལྟ་བུ་འོང་རྒྱུ་ཡོད་པ་ཡིན་པས། ལྟར་སྣང་འཁོར་བའི་བདེ་བ་ཆུང་ངུ་འདི་དག་ལ་བློ་གཏད་དང་ཡིད་རྟོན་མི་འདུག་པས་ཟག་བཅས་ཀྱི་བདེ་བ་མི་རྟག་པ་ཡིན་པར་ངོ་ཤེས་དགོས། རང་རེས་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཐོབ་རུང་མི་རྟག་འཆི་བའི་དབང་དུ་འགྲོ་བས་ཚེ་འདིའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་རྒྱབ་ནས་དེད། བར་དོའི་འཇིགས་སྐྲག་གི་སྡུག་བསྔལ་གྱིས་སྔོན་ནས་བསུ། ཕྱི་མར་ངན་འགྲོའི་སྡུག་བསྔལ་ལ་མཚམས་སྦྱར་ཚེ། ཕྱི་མ་བར་དོའི་ཡུལ་ལ་གོམ་པ་སྤོ་རན་པས་དབུགས་ཕྱི་ནང་གི་རྒྱུ་འགྲུལ་ཆད་ཏེ་བརྒྱལ་སངས་པ་དང་། དང་པོ་ཤི་བ་ངོ་མ་ཤེས་ནས་རང་གི་ཉེ་དུ་སོགས་ཀྱིས་ངུ་སྐད་ཐོས་པས་ང་ཤི་མེད་འདི་ན་ཡོད་དོ་ཟེར་ཀྱང་དེ་རྣམས་ཀྱིས་མི་མཐོང་མི་ཐོས་ནས། ད་ནི་ང་ངེས་པར་ཤི་བ་ཡིན་ནམ་མིན་སྙམ་ནས་ཉི་མ་ལ་གྲིབ་མ་དང་། བྱེ་མ་ལ་རྐང་རྗེས་ཡོད་མེད། ཆུ་ལ་གཟུགས་བརྙན་ཡོད་མེད་བརྟགས་པས་དེ་དག་མེད་ན་ང་ངེས་པར་ཤི་བ་ཡིན་སྙམ་ནས་སྐྲག་པའི་རྐྱེན་གྱིས་འཇིགས་པའི་སྒྲ་བཞི་ནི། ས་ཆེན་པོ་དུས་གཅིག་ལ་གཡོས་པ་ལྟ་བུའི་སྒྲ་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་མེས་ཚིག་པ་ལྟ་བུའི་སྒྲ་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་རླུང་གིས་འཐོར་བའི་སྒྲ་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་ཆུས་བཤིགས་པ་ལྟ་བུ་སྒྲ་ཉམ་ང་བ་བཞི་འོང་། ཡ་ང་བའི་གཡང་ས་གསུམ་ནི། འདོད་ཆགས་ཀྱི་རང་མདངས་གང་དུ་བལྟས་ཀྱང་དམར་ཟིང་ཟིང་བ་དང་། ཞེ་སྡང་གི་རང་མདངས་གང་དུ་བལྟས་ཀྱང་དཀར་ལྷག་ལྷག་པ་དང་། གཏི་མུག་གི་རང་མདངས་གང་དུ་བལྟས་པ་ཐམས་ཅད་ནག་མུན་མུན་པའི་སྣང་བ་ཤར་དུས། ལས་དག་པ་རྣམས་ལ་དཔའ་བོ་དང་མཁའ་འགྲོའི་བསུ་མས་སླེབ་སྟེ་ཡར་གྱི་ཟང་ཐལ་དུ་གྲོལ་བ་དང་། མཚམས་མེད་ཀྱི་ལས་བྱས་པ་རྣམས་དམྱལ་བའི་ལས་མཁན་གྱིས་ཁྲིད་ནས་མར་གྱི་ཟང་ཐལ་དུ་འགྲོ་ལ། དེ་ལས་གཞན་རྣམས་ལ་ཞག་བཞི་བཅུ་ཞེ་དགུའི་བར་དང་། ཡང་ན་བདུན་གཉིས་བདུན་གསུམ་སོགས་བར་དོའི་ཚེ་ཚད་རིང་ཐུང་ལ་ངེས་པ་མེད། གང་ལྟར་ཡང་ཕྱེད་ཡན་ཆད་ལ་ལུས་སྔ་མའི་སྣང་བ་དང་། ཕྱེད་མན་ཆད་ལ་ཕྱི་མའི་ལུས་རྟེན་གྱི་སྣང་བ་ཤར་། དེ་ཡང་ལྷ་དང་མིར་སྐྱེ་ན་མགོ་གྱེན་དུ་བསྟན་ནས་འགྲོ་བའི་སྣང་བ་དང་། ཕྱི་མར་དམྱལ་བ་དང་ཡི་དྭགས་སུ་སྐྱེ་ན་མགོ་ཐུར་དུ་བསྟན་ནས་འགྲོ་བའི་སྣང་བ། ཡང་དུད་འགྲོར་སྐྱེ་ན་གོག་ནས་འགྲོ་བའི་སྣང་བ། བྱེ་བྲག་དུད་འགྲོ་རྭ་ཅན་སྐྱེ་རྒྱུ་ཡིན་ན་མགོ་ལ་རྭ་ཡོད་པའི་སྣང་བ་ལ་སོགས་པ་སྔ་ལྟས་མང་པོ་ཤར་རྒྱུ་ཡོད་པར་གསུངས། དེ་ལྟར་བར་དོའི་སྡུག་བསྔལ་གྱིས་མཚམས་སྦྱར་ནས་ཕྱི་མའི་སྡུག་བསྔལ་གྱི་མགོ་རྩོམ་པ་ཡིན། ད་སྔ་ཉི་མ་ཡན་ཆད་འཁོར་བ་ཐོག་མེད་ནས་ད་ལ་ཐུག་གི་བར་དུ་སྐྱེ་ཤི་གཉིས་ཀ་ལ་སྔས་སྟན་གཏད་ནས་རྟེན་འབྲེལ་བཅུ་གཉིས་རྫ་མཁན་གྱི་འཕང་ལོ་ལྟ་བུ་ཡང་དང་ཡང་དུ་འཁོར་ནས་སྟོད་རིས་ལྷ་མིའི་གནས་སུ་འཁོར། སྨད་རིས་ངན་སོང་གི་གནས་སུ་བརྒྱུད་དེ་གང་དུ་སོང་གང་དུ་གནས་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་གྱིས་མ་ཁྱབ་པའི་འཁོར་བ་ཞིག་མེད། རྒྱུད་བླ་ལས། མི་གཙང་ཁང་པ་དྲི་ཞིམ་མེད། །འགྲོ་ལྔ་དག་ན་བདེ་བ་མེད། །ཅེས་གསུངས་པ་ལྟར་གནས་གང་དུ་གནས་ཀྱང་སྡུག་བསྔལ་གྱི་གནས། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ལོངས་གང་ལ་སྤྱད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་ལས་མ་འདས་པ་ཡིན་པས། དེས་ན་ད་རེས་ཆོས་ལྡན་ཀྱི་སྐྱེ་བ་འདིར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར་བར་བྱས་ཏེ་གཏན་དུའམ་དུས་ནམ་ཡང་གཡོ་བ་མེད་པར་ཡུན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པ་ཞིག་ཅི་ནས་ཀྱང་བྱེད་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བར་ཉམས་སུ་བླང་ངོ། སྤྱིར་འཁོར་བ་པ་རྣམས་དང་པོ་སྐྱིད་ཀྱིས་འགོ་བཟུང་ནས་སྡུག་གིས་མཐའ་ཕུད་པ་ཡིན། ཆོས་པ་རྣམས་དང་པོ་སྡུག་གིས་འགོ་བཟུང་སྐྱིད་ཀྱིས་མཐའ་ཕུད་པ་ཡིན་པས། དེ་ལྟ་བུའི་འཁོར་བའི་སྡུག་བསྔལ་སྤྱིར་བསམ་པ་ཙམ་ལས་མི་དགོས་ཀྱང་དེས་བློ་མ་ལྡོག་ན།

༼༢ སོ་སོའི་སྡུག་བསྔལ་བྱེ་བྲག་ཏུ་བསམ་པ་ལ་དྲུག

༡༽ དམྱལ་བའི་སྡུག་བསྔལ།

གཉིས་པ་རིགས་དྲུག་སོ་སོའི་སྡུག་བསྔལ་བྱེ་བྲག་ཏུ་བསམ་པ་ལ་དྲུག དམྱལ་བ། ཡི་དྭགས། དུད་འགྲོ། ལྷ་མིན། མི་དང་། ལྷ་སྟེ་དྲུག་ཡོད་པ་དེ་དག་ལ་བསམ་ཚེ། གནས་གང་དུ་འཁོར་བ་དང་། སེམས་ཅན་སུ་འཁོར་བ་དང་། དུས་ནམ་འཁོར་བ། ཚུལ་ཇི་ལྟར་འཁོར་བ། རྒྱུ་གང་གིས་འཁོར་བ། དཔེ་ཇི་ལྟར་འཁོར་བ་དང་དྲུག་ཏུ་བསྡུས་ནས་ཐུན་སྡོམ་པའི་ཚེ་ན་དཔྱད་འཇོག་སྤེལ་མར་བྱས་ནས་ཁྲིད་སྦྱོང་བྱེད་རྒྱུ་དེ་གནད་ཆེ། དང་པོ་དམྱལ་བ་ལ་སྡེ་ཚན་བཅོ་བརྒྱད་ཡོད་པ་ལས། མཛོད་ལས། འདི་འོག་དཔག་ཚད་ཉི་ཤུ་ན། །མནར་མེད་པའོ་དེ་ཙམ་མོ། །དེ་ཡི་སྟེང་ན་དམྱལ་བ་བདུན། །ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་གསུངས། ཡིད་བཞིན་མཛོད་འགྲེལ་གྱི་དགོངས་པ་ལྟར་ན། ངན་སོང་གི་དང་པོ་དམྱལ་བ་ནི། འཛམ་བུ་གླིང་གི་ས་འོག་གངས་རི་ཏི་སེའི་ཐད་ནས་ཐུར་དུ་དཔག་ཚད་ཉི་ཁྲི་ན་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་གནས་ཡོད་དེ། ལྕགས་ཀྱི་ཁང་པ་དཔང་དང་རྒྱར་དཔག་ཚད་ཉི་ཁྲི་ཡོད་པ་སྟེ། འཛམ་བུ་གླིང་ནས་དེའི་ས་གཞི་ལ་ཐུག་པར་བཞི་ཁྲི་ཡོད་དོ། །དེའི་སྟེང་ཉི་ཁྲིའི་ཆ་ལ་རབ་ཏུ་ཚ་བ་དང་། ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། བསྡུས་འཇོམས་དང་། ཐིག་ནག་དང་། ཡང་སོས་རྣམས་གོང་དུ་བརྩེགས་མར་ཡོད་དོ། །དེ་དག་གི་བར་ན་དཔག་ཚད་ཉིས་སྟོང་ཉིས་སྟོང་གིས་བཅད་པའོ། །ཚ་དམྱལ་གྱི་གནས་དེ་དང་འདབ་འབྱར་གྲང་དམྱལ་བརྒྱད་པོ་ཡང་། ཚ་དམྱལ་རྣམས་ལ་འགྲན་པ་བཞིན་དུ་གནས། ཡང་སོས་ནས་བྱང་དུ་དཔག་ཚད་ཉི་ཤུ་ན་ཆུ་བུར་ཅན་གྱི་གནས་ཡོད་པ་ལྟར་དེའི་འོག་ནས་འོག་གི། ཆུ་བུར་རྡོལ་བ་ཅན་དང་། ཨ་ཆུ་ཆུ་ཟེར་བ་དང་། ཀྱེ་ཧུད་ཟེར་བ་དང་། སོ་ཐམ་པ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ཆེན་པོ་ལྟར་གས་པ་སྟེ་རིམ་པ་ལྟར་ཚ་བའི་དམྱལ་བ་འོག་མ་ནས་བྱང་དུ་དཔག་ཚད་ཉི་ཤུ་ཉི་ཤུ་ན་ཡོད་དོ། །དམྱལ་པའམ་གཤིན་རྗེའི་སྡེ་དཔོན་གྱི་མིང་། ཆོས་ཀྱི་རྒྱལ་པོ་དང་། གཤིན་རྗེའི་རྒྱལ་པོ་སོགས་ཟེར། དེ་ཡང་ལས་ཀྱི་གཤིན་རྗེ་ཡབ་ཡུམ་དང་། འཁོར་ལྕགས་མཁར་བཅུ་དྲུག་གི་བདག་པོ་གཤེད་ཆེན་བཞི་ལ་སོགས་པ་ཡི་དྭགས་ཀྱི་ཡུལ་ན་བཞུགས་ཤིང་དགེ་སྡིག་གིས་སྟངས་གཅོད་པའི་དམྱལ་བའི་རྒྱལ་པོ་ལྟ་བུ་ཡིན་ལ། ཕྱོགས་སྐྱོང་གི་ནང་ནས་ལྷོ་ཕྱོགས་སྐྱོང་བ་ཡིན་ནོ། །དང་པོ་ཚ་དམྱལ་བརྒྱད་ནི། ཡང་སོས་ནས་རིམ་པ་བཞིན་འོག་ནས་འོག་ཏུ་མནར་མེད་པའི་དམྱལ་བ་ལ་མ་ཐུག་གི་བར་དུ་ཁང་པའི་ཐོག་སོ་བཞིན་བརྩེགས་ནས་ཡོད་པ་ལྟར་ཞེས་སྨིན་ཁྲིད་སྒོམ་བདེ་བའི་ཕྱིར་ལག་ལེན་བྱེད་ལུགས་གསུངས་པ་ཡིན་ལ། གནས་དེ་དག་ཐམས་ཅད་ཀྱང་ས་གཞི་དང་ཉེ་བའི་ཁོར་ཡུག་ཐམས་ཅད་མགར་གྱི་ལྕགས་བསྲེགས་ལྟ་བུ་རྡོག་པ་བཞག་པ་ཙམ་གྱི་བདེ་བར་མངོན་པ་ཡང་མེད་པར་མེ་ལྕེ་དམར་སྨུག་གྲུ་གང་རེ་ཙམ་འབར་བའི་ཀློང་ཤིན་ཏུ་རྣོ་དབལ་ཚ་བ་ལྕགས་བསྲེགས་ཀྱི་སྡོང་པོ་མེ་འབར་བའི་སྟེང་དུ་གདུག་པའི་བྱ་དང་གཅན་གཟན་དང་མི་བསྲུན་པས་གང་བ། ལྕགས་བསྲེགས་ཀྱི་རྩིག་པ་མེ་འབར་བས་ཀུན་ནས་བསྐོར་བ། གནས་འོག་མ་འོག་མ་ལ་ཚ་ཤུགས་བདུན་འགྱུར་བདུན་འགྱུར་གྱིས་ཆེ་བ་དང་། ལས་ངན་གྱི་སེམས་ཅན་དེ་རྣམས་ལ་གྲང་བའི་སྣང་བ་ཞིག་ཤར་ནས་དྲོ་བ་ལ་ཞེན་ཚེ་སྐད་ཅིག་གིས་དམྱལ་བའི་སྣང་བ་མཐོང་བ་དང་མཉམ་དུ་དེར་སྐྱེས་ཚར་བ་ཁོ་ན་ཡིན་ནོ། །དེ་ལས་དང་པོ་ཡང་སོས་ནི། གནས་ལྕགས་བསྲེགས་ཀྱི་ས་གཞིའི་སྟེང་མདག་མེ་འབར་བའི་ཀློང་ངམ་དཀྱིལ་དུ་དམྱལ་བའི་སེམས་ཅན་མང་པོ་ཁ་བ་དང་བུ་ཡུག་འཚུབས་པ་ལྟ་བུ་གྲངས་མེད་པ་གནས་རིས་སོ་སོར་ནས་ལས་ཀྱི་དབང་གིས་དམྱལ་གནས་དེར་ལྷན་ཅིག་ཏུ་བསྡུས་ཏེ། དམྱལ་བར་སྐྱེས་པའི་སེམས་ཅན་དེ་དག་ཀྱང་སྐྱེ་བ་སྔོན་མ་འཕེན་བྱེད་ཞེ་སྡང་གི་སྒོ་ནས་ལས་བསགས་པའི་སྟོབས་ཀྱིས་འཕངས་པས། དེའི་བྱེད་པ་རྒྱུ་མཐུན་བྱེད་ལས་མཐུན་པར་བསྐྱེད་ནས། སེམས་ཅན་དེ་དག་ཐམས་ཅད་ཀྱང་གཅིག་གིས་གཅིག་མཐོང་ཚེ་དགྲ་མི་ཤ་བོ་མཐོང་བ་ལྟ་བུར་ཕན་ཚུན་ཁོང་ཁྲོའི་སེམས་སྐྱེས་ཏེ་འཐབ་ཅིང་རྩོད་པ་ན། སྔོན་གྱི་ལས་ཀྱིས་སྤྲུལ་པའི་རང་འགྲུབ་ཀྱི་མཚོན་ཆ་གྲི་དང་མདའ་དང་མདུང་རྩེ་གསུམ་པ་སོགས་བསམ་གྱིས་མི་ཁྱབ་པ་ལག་ཏུ་ལོན་པས་ཁྲོ་ཞིང་འཁྲུགས་ཏེ་གཅིག་གིས་གཅིག་ལ་མཚོན་གྱིས་བསྣུན་ཏེ་བརྡེགས་རེས་བྱས་ནས་བསད་པས་ཐམས་ཅད་ཀྱང་ཤི་ཞིང་། ནམ་མཁའ་ལས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་གྲགས་པའམ་རླུང་དྲོན་མོ་དང་བཅས་པས་རེག་མ་ཐག་ཐམས་ཅད་ཡང་སོས་ཏེ་སྔར་བཞིན་འཐབ་པ་སོགས་རྟག་ཏུ་ཤི་སོས་རེས་མོས་བྱེད་པས་སྡུག་བསྔལ་ཞིང་ཉམ་ང་བའོ། །ཚེ་ཚད་ནི་མིའི་ལོ་གྲངས་ལྔ་བཅུ་ཐམ་པ་རེ་ལ་ལྷ་རྒྱལ་ཆེན་རིགས་བཞིའི་ཞག་གཅིག དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བརྩིས་པའི་ལྷའི་ལོ་ལྔ་བརྒྱ་ལ་དམྱལ་བ་ཡང་སོས་ཀྱི་ཞག་གཅིག དེ་ལྟར་བརྩིས་པའི་ཞག་སུམ་ཅུ་ལ་ཟླ་བ་དང་། ཟླ་བ་བཅུ་གཉིས་ལ་ལོར་བྱས་པའི་ཡང་སོས་རང་གི་རང་ལོ་ལྔ་བརྒྱའི་བར་དུ་སྡུག་བསྔལ་མྱོང་བའོ། །ཚ་དམྱལ་གྱི་གནས་གཉིས་པ་ཐིག་ནག་ནི། གནས་ལྕགས་བསྲེགས་ཀྱི་ས་གཞིའི་སྟེང་དུ་གཤིན་རྗེའི་ལས་མཁན་རྣམས་ཀྱིས་དམྱལ་བའི་སེམས་ཅན་དེའི་ལུས་འཛམ་གླིང་གི་མི་བས་བཞི་འགྱུར་གྱིས་ཆེ་བ་རེག་བྱ་བསྲན་མི་བཟོད་པ་དཔེར་ན་མིག་ལ་རྡུལ་སོང་བ་ལྟ་བུ་ཤའུ་ཅན་གྱི་ལུས་མགལ་དུམ་སྟེ་མེས་ཕྱེད་ཚིག་ཕྱེད་མ་ཚིག་པའི་ཤིང་དུམ་ལྟར་བསྒྱེལ། སེམས་ཅན་དེའི་ལུས་ལ་ཐིག་ནག་པོ་བཞི་བརྒྱད་བཅུ་དྲུག་སུམ་ཅུ་སོ་གཉིས་ལ་སོགས་པ་བཏབ་པའི་སྟེངདུ་ལྕགས་ཀྱི་སོག་ལེ་མེ་འབར་བས་དྲ་བར་བྱེད་ཅིང་། སྟྭ་གྲི་ལ་སོགས་པས་བཤགས་ཤིང་གཅོད་པས། བཅད་ཟིན་པ་རྣམས་དེ་མ་ཐག་ལས་ཀྱི་དབང་གིས་ཕར་འབྱར་བ་དང་། སླར་ཡང་དང་ཡང་དུ་སོག་ལེ་མེ་འབར་བས་གཤོག་ཅིང་གཅོད་པས་སྡུག་བསྔལ་ལོ། །ཐིག་ནག་གི་ཚེ་ཚད་ནི་མི་ལོ་ཆིག་བརྒྱ་ལ་ལྷ་སུམ་ཅུ་རྩ་གསུམ་པའི་ཞག་གཅིག་ཏུ་བརྩིས་པའི་ལྷའི་ལོ་སྟོང་ཕྲག་གཅིག དམྱལ་བ་ཐིག་ནག་གི་ཞག་གཅིག་ཏུ་བྱས་པའི་རང་ལོ་སྟོང་ཐུབ་པའོ། །ཚ་དམྱལ་གསུམ་པ་བསྡུས་འཇོམས་ནི། ལྕགས་ཀྱི་གཏུན་ཆེན་པོ་ཡུལ་ལྗོངས་ཙམ་པ་རེའི་ནང་དུ་དམྱལ་བའི་སེམས་ཅན་གྲངས་མེད་པ་མཉམ་དུ་བླུགས་ནས། ལྕགས་བསྲེགས་ཀྱི་ཐོ་བ་རི་རབ་ཙམ་པ་རེ་གཤིན་རྗེའི་ལས་མཁན་རྣམས་ཀྱིས་ཀླད་ལ་བསྐོར་ནས་བརྡུངས་པས་དམྱལ་བ་པ་གཏུན་ནང་ཡོད་པ་ཐམས་ཅད་ཀྱང་ངུ་ཅོ་དིར་རེ་གནད་གཅོད་ཀྱི་སྡུག་བསྔལ་དང་འཇིགས་སྐྲག་བསམ་གྱིས་མི་ཁྱབ་པའི་ངང་དུ་ཤི། ཐོ་བ་ཡར་བཏེག་པ་ན་སླར་སོས་ཏེ་ན་ཚ་དང་སྐྲག་སྔངས་ཚད་མེད་པའི་ངང་ནས་ཡང་སྔར་བཞིན་བཙིར་བས་ཤི་བའི་སྡུག་བསྔལ་མྱོང་བ་དང་། གཞན་ཡང་ལུང་པ་ཕན་ཚུན་གྱི་ལྕགས་ཀྱི་རི་ཐམས་ཅད་སྔར་རང་གིས་འཇིག་རྟེན་མི་ཡུལ་ནས་གང་བསད་པའི་སྲོག་ཆགས་ཤྭ་བ་དང་། དགོ་བ་དང་། ར་ལུག་དང་ལྕེ་སྤྱང་ལ་སོགས་པའི་མགོ་བརྙན་སྣ་ཚོགས་དུ་གྱུར་པའི་རྭ་རྩེ་ན་མེ་ལྕེ་ལྷབ་ལྷུབ་ཏུ་འབར་བས་རྡུང་ཁ་བཀྱེ་བའི་བར་དུ་དམྱལ་བའི་སེམས་ཅན་གྲངས་མེད་པ་ལས་དབང་གིས་དབང་མེད་དུ་དེད་དེ་བརྒྱབ་པས་རི་བོ་ཆེན་པོ་སྲོག་ཆགས་ཀྱི་མགོ་བརྙན་ཅན་དེ་དག་ཕན་ཚུན་བརྡུངས་པའི་ཚེ་ཐམས་ཅད་ཤི སླར་ཕྱེ་བའི་ཚེ་སོས་པ་ཡང་སྔར་ལྟར་འཇོམས་པ་སོགས་ཀྱི་སྡུག་བསྔལ་མྱོང་བ་དང་། ཚེ་ཚད་མི་ལོ་ཉིས་བརྒྱ་ལྷ་འཐབ་བྲལ་གྱི་ཞག་གཅིག་ཏུ་བརྩི་ཞིང་། ལྷའི་ལོ་གཉིས་སྟོང་བསྡུས་འཇོམས་ཀྱི་ཞག་གཅིག་བྱས་པའི་རང་ལོ་སྟོང་ཕྲག་གཉིས་ཀྱི་བར་དུ་མྱོང་བའོ། །ཚ་དམྱལ་བཞི་པ་ངུ་འབོད་ནི། དམྱལ་བའི་སེམས་ཅན་ལས་ངན་པ་དེ་དག་འཇིགས་ཤིང་སྐྲག་པས་གནས་ངེས་མེད་དུ་སོང་བ་ན་གློ་བུར་དུ་གནས་ལྕགས་བསྲེགས་ཀྱི་ཁང་པ་སྒོ་མེད་པའི་ནང་དུ་ཚུད། ཁང་པ་ཕྱི་ནང་ཀུན་ནས་མེ་འབར་བས་འཚེད་ཅིང་སྡུག་བསྔལ་བ་ལྕགས་བསྲེགས་སྒོ་མེད་ཀྱི་ཁང་པ་འདི་ནས་ཐར་པའི་དུས་མི་འོང་སྙམ་དུ་འོ་དོད་དྲག་པོ་འབོད་པ་སྟེ། ཚེ་ཚད་མི་ལོ་བཞི་བརྒྱ་ལྷ་དགའ་ལྡན་གྱི་ཞག་གཅིག །དགའ་ལྡན་གྱི་ལོ་བཞི་སྟོང་ངུ་འབོད་ཀྱི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་སྟོང་ཕྲག་བཞི་ཐུབ་པའོ། །ཚ་དམྱལ་ལྔ་པ་ངུ་འབོད་ཆེན་པོ་ནི། གཞན་སྔར་དང་འདྲ་བ་ལས་གཤིན་རྗེའི་ལས་མཁན་མགོ་བརྙན་སྣ་ཚོགས་ཡོད་པ་ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པ་ཁྲོ་གཏུམ་འཇིགས་སུ་རུང་བ་མང་པོ་དྲག་ཤུལ་དང་བཅས་འོང་ནས་དམྱལ་བའི་སེམས་ཅན་གྲངས་མེད་པ་དེད་དེ་ལྕགས་ཀྱི་ཁྱིམ་སྒོ་མེད་པར་ཕྱི་ནང་ཀུན་ནས་མེ་འབར་བ་གཉིས་རིམ་ཅན་ཞིག་གི་ནང་མའི་ནང་དུ་བཅུག་ནས་ཐོ་བ་ལ་སོགས་པ་མཚོན་ཆ་སྣ་ཚོགས་ཀྱིས་རྡེག་ཅིང་། ལྕགས་ཁྱིམ་གཉིས་རིམ་མེ་འབར་བའི་སྒོ་ཕྱི་ནང་གཉིས་ཀ་ལྕགས་ཞུན་གྱི་ཞལ་བ་བྱས་པས་སྒོ་ནང་མ་ལས་ཐར་ཀྱང་ཕྱི་མ་ལས་མི་ཐར་སྙམ་དུ་སྡུག་བསྔལ་ཞིང་འོ་དོད་ཆེན་པོ་འབོད་པའོ། །ཚེ་ཚད་ནི་མི་ལོ་བརྒྱད་བརྒྱ་ལྷ་འཕྲུལ་དགའི་ཞག་གཅིག་བྱས་པའི་ལྷའི་ལོ་བརྒྱད་སྟོང་ངུ་འབོད་ཆེན་པོའི་ཞག་གཅིག་སྟེ། དེ་ལྟ་བུའི་རང་ལོ་སྟོང་ཕྲག་བརྒྱད་ཐུབ་པའོ། །ཚ་དམྱལ་དྲུག་པ་ཚ་བ་ནི། ལྕགས་ཀྱི་སྣོད་ཆེན་པོ་སྟོང་གསུམ་ཙམ་པར་ཁྲོ་ཆུ་ཁོལ་མའི་ནང་དུ་དམྱལ་བའི་སེམས་ཅན་གྲངས་མེད་པ་འཚོད་ཅིང་བཙོ་བས་སྡུག་བསྔལ་ཞིང་། ཟངས་སྣོད་ཆེན་པོའི་ཁའི་སྟེང་དུ་སེམས་ཅན་འགའ་ཞིག་ཐོན་པའི་རེས་ལ་ལས་མཁན་རྣམས་ཀྱིས་ལྕགས་ཀྱུས་བཟུང་སྟེ། མགོ་ལ་ཐོ་ལུམ་གྱིས་བསྣུན་པས་དྲན་པ་ཉམས་པའི་ཚེ་སྡུག་བསྔལ་གྱི་ཚོར་བ་མ་མྱོང་བ་ཙམ་བདེ་བར་བསྒོམ་ཞིང་ཤིན་ཏུ་སྡུག་བསྔལ་བ་དེ་འདྲ། ཚེ་ཚད་མི་ལོ་སྟོང་ཕྲག་གཅིག་དང་དྲུག་བརྒྱ་ལྷ་གཞན་འཕྲུལ་དབང་བྱེད་ཀྱི་ཞག་གཅིག ལྷའི་ལོ་ཁྲི་དྲུག་སྟོང་ཚ་བའི་ཞག་གཅིག་ཏུ་བྱས་པའི་རང་ལོ་ཁྲི་ཕྲག་གཅིག་དང་སྟོང་ཚོ་དྲུག་ཐུབ་པའོ། །ཚ་དམྱལ་བདུན་པ་རབ་ཏུ་ཚ་བ་ནི། ལྕགས་ཀྱི་ཁང་ཁྱིམ་མེ་འབར་བའི་ནང་དུ་ལས་མཁན་འཇིགས་སུ་རུང་བ་རྣམས་ཀྱིས་ལྕགས་ཀྱི་གསལ་ཤིང་མདུང་རྩེ་གསུམ་པ་མེ་འབར་བས་དམྱལ་བའི་སེམས་ཅན་དེའི་རྐང་མཐིལ་གཉིས་དང་འོག་སྒོ་ནས་འཛུགས་ཤིང་ཕྲག་པ་གཉིས་དང་སྤྱི་བོ་ནས་ཐལ་མར་འབྱིན། ལྕགས་བསྲེགས་ཀྱི་སྣམ་བུས་ལུས་ཀྱི་ཕྱི་ནས་བཏུམས་ཏེ་དཀྲིས་པས་ཤིན་ཏུ་སྡུག་བསྔལ་བ་ཡང་ལྕགས་ཞུན་དང་ཟངས་ཞུན་ཁོལ་མའི་ནང་དུ་མགོ་ཐུར་དུ་བསྟན་ནས་འཕངས་ཏེ་འབྲས་བཞིན་འཚོད་པས་པགས་པ་ཤ་ཁྲག་འཐོར་ནས་རུས་གོང་དཀར་པོ་ཀེང་རུས་ལྟར་གྱུར། ཡང་སྔར་བཞིན་སོས་ནས་ཤིན་ཏུ་སྡུག་བསྔལ་བའོ། །རབ་ཏུ་ཚ་བ་འདིའི་ཚེ་ཚད་ནི་བར་གྱི་བསྐལ་པ་ཕྱེད་ཐུབ་པ་སྟེ། མི་ལོའི་གྲངས་ཀྱིས་གཞལ་བའི་ཡུལ་ལས་འདས་པའོ། །ཚ་དམྱལ་བརྒྱད་པ་མནར་མེད་པ་ནི། ལྕགས་ཁྱིམ་མེ་འབར་བ་ཉེ་འཁོར་ལྷག་པ་བཅུ་དྲུག་གིས་བསྐོར་བའི་ནང་དུ་ལྕགས་ཀྱི་རྔོ་སླང་གི་ནང་དུ་འདག་མེ་འབར་བ་དང་མཉམ་དུ་ནས་རྔོ་བ་བཞིན་བརྔོ་བ་དང་། ལྕགས་བསྲེགས་ཀྱི་རི་བོ་ཆེན་པོ་ལ་ཡར་འགྲོ་བ་དང་མར་འབབ་བཅུག ལྕེ་ཁ་ནས་འཐེན་ཏེ་ལྕགས་བསྲེགས་ཀྱི་ས་གཞི་ལ་བརྒྱངས་ནས་ཕུར་པ་འདེབས་ཁི་ཡོད་པ། པགས་པ་བཤུས་ཏེ་ལྕགས་བསྲེགས་ཀྱི་ས་གཞི་ལ་གན་རྐྱལ་དུ་བཞག་པ་སོགས་དེ་འདྲའི་ཁྱད་པར་ཡོད། གཤིན་རྗེའི་ལས་མཁན་རྣམས་ཀྱིས་ལྕགས་བསྲེགས་ཀྱི་དུམ་བུ་སོལ་བ་མེ་འབར་བཞིན་པ་ལྟ་བུ་རི་ཙམ་དུ་སྤུངས་པའི་དབུས་སུ་དམྱལ་བའི་སེམས་ཅན་གྲངས་མེད་པ་བཅུག་ནས། སྟག་གཟིག་གི་སྦུད་པ་བུས་པས་མེ་རབ་ཏུ་འབར་ནས་མེ་དང་ལུས་དབྱེར་མི་ཕྱེད་པ་གཉིས་མེད་དུ་མར་མེ་དང་དེའི་སྡོང་བུ་བཞིན་སྲེག །སྡུག་བསྔལ་གྱི་ཚོར་བ་ཤིན་ཏུ་རགས་ཤིང་འོ་དོད་འབོད་པའི་སྒྲ་ཙམ་ལས་སེམས་ཅན་གྱི་ལུས་དངོས་ལྟར་མི་མངོན། དམྱལ་གནས་དེ་ལས་ཐར་བར་འདོད་པའི་བློ་རྒྱུན་ཆད་མེད་པར་སྐྱེ་ཡང་ཐར་པའི་དུས་ནི་མེད། སྐབས་རེར་མེ་སྒོ་ཅུང་ཟད་རེ་ཕྱེ་བས་བྲོས་པར་རློམ་པ་ན། ལས་མཁན་རྣམས་ཀྱིས་མདའ་བོ་ཆེ་དང་། དབྱུག་པ་དང་། ཐོ་བ་ལ་སོགས་པས་བསྣུན་ཅིང་། ཁྲོ་ཆུ་ཁོལ་མ་ཁར་བླུགས་པ་སོགས་དམྱལ་བ་སྔ་མ་བདུན་པོའི་སྡུག་བསྔལ་ཀྱང་ཚང་བར་མྱོང་དགོས། མནར་མེད་ཀྱི་ཚེ་ཚད་བར་གྱི་བསྐལ་པ་གཅིག་ཐུབ་པ་སྟེ། དེ་ལས་ལྷག་པ་མནར་རྒྱུ་མེད་པས་མནར་མེད་ཅེས་བྱ། འདི་ནི་སྐྱེ་བ་སྔོན་མ་ཕ་མ་བསད་པ་སོགས་མཚམས་མེད་པའི་ལས་བྱས་པའི་སེམས་ཅན་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་རྣམས་སུ་ཞུགས་ནས་རྡོ་རྗེ་སློབ་དཔོན་ལ་ལོག་ལྟ་སྐྱེས་པ་ལ་སོགས་ལས་ངན་པའི་སེམས་ཅན་སྐྱེ་བའི་གནས་ཡིན་ཏེ། དེ་དག་མ་ཡིན་པར་ལས་གཞན་གྱིས་མནར་མེད་ཀྱི་དམྱལ་ཁམས་འདིར་སྐྱེ་མི་ནུས་གསུངས་སོ། །དེའི་འཁོར་ཉེ་འཁོར་བ་བཅུ་དྲུག་ནི། མནར་མེད་ཀྱི་ཕྱོགས་བཞི་སོ་སོ་ན། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། མཚོན་ཆའི་ཐང་། རལ་གྲི་ལོ་མའི་ནགས་ཚལ་བཞི་པོ། ཤར་ན་བཞི། ལྷོ་ན་བཞི། ནུབ་ན་བཞི། བྱང་ན་བཞི་དང་བཅུ་དྲུག ཤར་ལྷོ་མཚམས་ན་ལྕགས་ཀྱི་ཤལ་མ་རིའི་སྡོང་པོ་གཅིག དེ་བཞིན་ལྷོ་ནུབ་ན་གཅིག ནུབ་བྱང་ན་གཅིག བྱང་ཤར་རྣམས་ནའང་རེ་རེ་དང་བཅས་པ་ཡོད་པ་ལས། དེའི་ནང་གི་དང་པོ་མེ་མ་མུར་གྱི་འོབས་ནི། དམྱལ་བ་མནར་མེད་ཀྱི་ལས་སྲབ་པ་དག་ཕྱིར་ཐོན་པའི་ཚེ་རྒྱང་རིང་པོ་ནས་བལྟས་པས་གྲིབ་མ་ནག་ངམ་མེ་བའི་འོབས་མཐོང་ནས་བསིལ་བའི་ཚོར་བ་རོལ་འདོད་ཀྱིས་དགའ་སྟེ་ཕྱིན་པས། ཐལ་ཚན་གྱི་མདག་མེ་རབ་ཏུ་འབར་བའི་འོབས་སུ་ཚུད་དེ་ཤ་རུས་པགས་གསུམ་ཚིག་ཅིང་སྡུག་བསྔལ་བའོ། །གཉིས་པ་རོ་མྱགས་ཀྱི་འདམ་ནི། དེ་བཞིན་དུ་རྒྱང་རིང་པོ་ནས་བལྟས་པས་ཆུ་ཀླུང་ཆེན་པོ་ཉམས་དགའ་བ་མཐོང་སྟེ། སྔར་བསྐལ་པ་ཆེན་པོ་ཞིག་འཇིག་གི་བར་དུ་མེ་དཔུང་དུ་བཙོས་ཤིང་བསྲེགས་པས་སྐོམ་ཚད་ཀྱིས་ཆུ་འཐོང་བ་ལ་དགའ་སྟེ་འཐུང་དུ་ཕྱིན་པས་དམྱལ་གནས་དེ་ན་ཆུ་ཞིག་ཅི་ལ་ཡོད། མི་རོ་རྟ་རོ་ཁྱི་རོ་ལ་སོགས་རོ་རུལ་བ་ཤིན་ཏུ་དྲི་ང་བ་འབུས་གཡེང་བ་འབའ་ཞིག་གི་འདམ་དུ་ཚུད་དེ་སྤྱི་བོའི་བར་དུ་ནུབ། སྲིན་བུ་ལྕགས་ཀྱི་མཆུ་ལ་དུག་ཡོད་པ་རྣོན་པོ་ཅན་རྣམས་ཀྱིས་ཤ་པགས་རུས་པའི་བར་ཕུག་སྟེ་ཟ་བས་སྡུག་བསྔལ་བའོ། །གསུམ་པ་སྤུ་གྲིའི་ཐང་ནི། ཡང་དེ་ནས་ཐར་ཏེ་ཕྱིན་པས་ཐང་སྔོན་པོ་ཉམས་དགའ་བ་ཞིག་མཐོང་བ་ལ་ཕྱིན་པས་མཚོན་ཆའི་ཐང་དང་ཐུག ས་གཞི་ཐམས་ཅད་ལྕགས་བསྲེགས་ཀྱི་ཐུར་མ་རྣོན་པོ་རྩྭ་ལྟར་སྐྱེས་པའི་སྟེང་དུ་རྐང་པ་གཡས་བཞག་ན་གཡས་ཕུག་གཡོན་བཞག་ན་གཡོན་ཕུག་པ་ཡར་བཏེག་པའི་ཚེ་སོས་ཤིང་། མར་ས་ཐོག་བཞག་པའི་ཚེ་ན་སྔར་ལྟར་ཕུག་པས་སྡུག་བསྔལ་བའོ། །བཞི་པ་རལ་གྲི་ལོ་མའི་ནགས་ཚལ་ནི། ཡང་དེ་ལས་ཐར་ཏེ་ནགས་ཚལ་ཉམས་དགའ་བ་མཐོང་བ་ལ་དགའ་ནས་རྒྱུགས་པས་དམྱལ་གནས་དེར་ནགས་ཚལ་ཉམས་དགའ་བ་ཞིག་ཅི་ལ་ཡོད། རལ་གྲི་ལོ་མའི་ནགས་ཚལ་དང་འཕྲད་དེ། ནགས་ཚལ་གྱི་ནང་ན་ལྕགས་ཀྱི་སྡོང་པོ་ལ་རལ་གྲི་མང་པོ་ལོ་མ་ལྟར་སྐྱེས་པ་རླུང་གིས་བསྐྱོད་པས་ལུས་དུམ་བུར་དུམ་བུར་གཅོད་ཅིང་ཤི་ཡང་ལས་ཀྱི་དབང་གིས་སྔར་ལྟར་འབྱར་ནས་སོས། ཡང་གཅོད་པའི་སྡུག་བསྔལ་ཤིན་ཏུ་མང་པོ་ཡུན་རིང་མྱོང་བའོ། །ལྕགས་ཀྱི་ཤལ་མ་ལི་ནི། བཙུན་འཆལ་སྡོམ་པ་ཉམས་ཤིང་ཚངས་སྤྱོད་ཉམས་པ་རྣམས་དང་སྐྱེ་བོ་དགེ་བསྙེན་ཕོ་མོ་སོགས་འདོད་ལོག་སྤྱོད་པ་རྣམས་སྐྱེ་བའི་གནས་ཡིན་ཏེ། ལས་ཀྱི་དབང་གིས་ལྕགས་ཀྱི་ཤལ་མ་ལི་འཇིགས་སུ་རུང་བའི་དྲུང་དུ་སླེབ་པ་ན། རི་རྩེ་ན་སྔར་རང་ལ་དགའ་གདུང་ཡོད་པའི་གྲོགས་དེས་འབོད་པ་མཐོང་པའི་སྣང་བ་ཤར་ནས་དེར་ཕྱིན་པས། ལྕགས་ཀྱི་སྡོང་པོ་ལ་སྐྱེས་པའི་ལོ་མ་ཐམས་ཅད་ཐུར་དུ་བསྟན་པས་ལུས་ཐལ་མ་འབིགས་ཤིང་། ཡང་རི་རྩེར་སླེབས་ཚེ་ཁྭ་དང་བྱ་རྒོད་ལྕགས་ཀྱི་མཆུ་ཅན་ལ་སོགས་པས་མིག་ཚིལ་འབྲུ། ཡང་རིའི་རྩ་བ་ན་འབོད་པར་མཐོང་ནས་སྔར་བཞིན་ཐུར་དུ་ཕྱིན་པ་དང་། ལོ་མ་ཐམས་ཅད་གྱེན་དུ་བསྟན་པས་བྲང་གཞུང་ནས་རྒྱབ་གཞུང་གི་བར་དུ་ཐལ་མར་འབིགས་ཤིང་སྡུག་བསྔལ། རིའི་རྩ་བར་ཕྱིན་པས་ལྕགས་ཀྱི་སྐྱེས་པ་དང་། བུད་མེད་འཇིགས་སུ་རུང་བས་ལུས་ལ་དམ་དུ་འཁྱུད་ནས་མགོ་བོ་ཁར་བཅུག་སྟེ་སོ་བལྡད་པས་འགྲམ་ཁུག་གཉིས་ནས་ཀླད་པ་སྐྱ་ཙིར་གྱིས་འོང་བ་སོགས་ཀྱིས་ཡང་དང་ཡང་དུ་སྡུག་བསྔལ་བའོ། གཞན་ཡང་རལ་གྲི་ལོ་མའི་ནགས་ཚལ་ལས་བྲོས་པའི་སྣང་བ་ཤར་ཞིང་གཅན་གཟན་གདུག་པ་ཅན་མང་པོས་དེད་པའི་སྣང་བ་ཤར་ནས་ལྕགས་ཀྱི་ཤལ་མ་རིའི་ཚལ་མཐོང་སྟེ་དེར་བྲོས་ཚེ། རྩེ་མོ་ནས་དགའ་ཞེན་ཆེ་བའི་གྲོགས་ཀྱིས་འབོད་པའི་སྣང་བ་ཤར་ནས་ཡར་འགྲོ་ཚེ་ཤིང་གི་ཚེར་མ་རྣོན་པོ་སོར་བཅུ་དྲུག་པའི་ཚད་ཅན་མང་པོ་རྩེ་མོ་ཐུར་དུ་བསྟན་ནས་འབིག ཡང་རྩ་བ་ནས་འབོད་པའི་སྣང་བ་ཤར་ནས་མར་འབབ་ཚེ་རྩེ་མོ་གྱེན་ལ་བསྟན་ནས་ལུས་སྔ་མ་ལྟར་འབིག་བཞིན་འོང་ཚེ་བྱ་ལྕགས་ཀྱི་མཆུ་ཅན་རྣམས་ཀྱིས་མིག་ཚིལ་འབྲུ་ཞིང་ཤ་ཟ་བ་ལ་སོགས་པའི་སྡུག་བསྔལ་མྱོང་བའོ། །འདི་དག་གི་ཚེ་ཚད་ངེས་བཟུང་ཅན་ཞིག་མ་གསུངས་ཀྱང་དམྱལ་བ་དངོས་དང་འདྲ་བ་ལོ་བརྒྱ་སྟོང་མང་པོར་གནས་ཏེ་སྡུག་བསྔལ་མྱོང་དགོས་པས་ན་ཤིན་ཏུ་སྡུག་བསྔལ་བའོ། །དེ་ལྟར་ཚ་བའི་དམྱལ་བ་བརྒྱད། ཉེར་འཁོར་ལྷག་པ་བཅུ་དྲུག་ལྕགས་ཀྱི་ཤལ་མ་ལི་ལ་སོགས་པ་དེ་དག་གི་སྡུག་བསྔལ་རང་གིས་ལེགས་པར་དཔྱད་ནས་རང་གིས་དངོས་སུ་མྱོང་བ་ལྟ་བུ་བློ་སྦྱོང་དགོས་ཏེ། དེ་ཡང་དབེན་པར་སོང་སྟེ་མིག་བཙུམ་ཞིང་རང་ཉིད་དམྱལ་བའི་གནས་དེར་མངོན་སུམ་སྐྱེས་ཏེ་སྡུག་བསྔལ་དེ་དག་མྱོང་ཁི་ཡོད་པར་བསྒོམ། འཇིགས་སྐྲག་དང་སྡུག་བསྔལ་གྱི་སྣང་བ་མངོན་སུམ་རང་ཐོག་མྱོང་བ་ལྟ་བུའི་བློ་ཞིག་སྐྱེས་པ་ན། ག་རེ་ང་ད་རེས་དེར་དངོས་སུ་སྐྱེས་པ་མིན་ཡང་དེའི་སྡུག་བསྔལ་སེམས་ཐོག་ཏུ་བླངས་པ་ཙམ་ལ་ཡང་འཇིགས་སྐྲག་དང་སྡུག་བསྔལ་དེ་ཙམ་འདུག་ན། ད་ལྟ་དེར་སྐྱེས་པའི་སེམས་ཅན་གྲངས་ཀྱིས་མི་ཆོད་པ་ཡོད། དེ་ཐམས་ཅད་ཀྱང་རང་གི་སྐྱེ་བ་སྔོན་མའི་ཕ་མ་ཤ་སྟག་ཡིན་ཤག་ཤག་རེད། སྐྱེ་བ་འདིའི་ཕ་མ་དང་ཉེ་དུ་མཛའ་བཤེས་སོགས་དུ་མ་ཤི་བ་དེ་དག་ཀྱང་དམྱལ་བའི་ཡུལ་དེར་སྐྱེས་མེད་པའི་ངེས་པ་སུ་ལའང་མེད་ཁི་མོ། ངན་སོང་དམྱལ་བའི་གནས་རིས་དེ་དག་ཏུ་སྐྱེ་བའི་རྒྱུའི་གཙོ་བོ་ནི་ཞེ་སྡང་གི་ལས་ཡིན་ནི་རེད་། རང་རེས་ཀྱང་ཚེ་རབས་འདི་དང་ཚེ་རབས་གཞན་དུ་ཉོན་མོངས་པ་ཞེ་སྡང་གི་ལས་བསགས་པ་ལ་གྲངས་ཀྱིས་མི་ཆོད་པ་ཡོད་པས་མ་འོངས་པའི་སྐྱེ་བ་གཞན་དུ་དམྱལ་བའི་གནས་དེ་དག་ཏུ་སྐྱེ་བར་ངེས་པ་ཡིན་པས་ན། དེས་ན་ད་རེས་ཀྱི་སྐབས་འདིར་རང་གིས་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཐོབ། མཚན་ལྡན་གྱི་བླ་མ་བཟང་པོ་དགེ་བའི་བཤེས་གཉེན་དང་མཇལ། བླ་མའི་ཞལ་ནས་ཟབ་མོའི་གདམས་ངག་ཉན། ཚེ་གཅིག་ལུས་གཅིག་གིས་གཏན་བདེ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་རྒྱུ་རང་ལག་ཏུ་ཡོད་བའི་དུས་སྐབས་འདིར། རང་གཞན་སེམས་ཅན་ཐམས་ཅད་ཕྱིན་ཆད་དམྱལ་བ་ལ་སོགས་པའི་ངན་སོང་གི་གནས་དེ་དག་ཏུ་གཏན་ནས་མི་སྐྱེ་བའི་ཐབས་ལ་འབད་དགོས་སྙམ་དུ་ཡང་ཡང་བསམ། སྔར་བྱས་ཀྱི་ལས་ངན་པ་རྣམས་ལ་ཁོང་དུ་དུག་སོང་བ་ལྟ་བུ་འགྱོད་པ་དྲག་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ་དང་། ཕྱིན་ཆད་དམྱལ་བའི་ཁམས་དེ་དག་ཏུ་སྐྱེ་བར་འགྱུར་བའི་ལས་སྲོག་གཅོད་ལ་སོགས་པ་འཆི་བ་སྲོག་ལ་བབས་ཀྱང་བསགས་རེ་ཤི་སྙམ་པའི་སྡོམ་སེམས་དང་དམ་བཅའ་དྲག་པོ་རྒྱུན་དུ་བྱ་དགོས་ནི་རེད། ད་ལྟ་དམྱལ་གནས་དེར་སྐྱེས་ནས་སྡུག་བསྔལ་མྱོང་བཞིན་པའི་སེམས་ཅན་རྣམས་ལ་སྙིང་རྗེ་དྲག་པོ་མིག་ནས་མཆི་མ་ཐོན་པ་ཙམ་དུ་བསྒོམ། དམྱལ་བར་སྐྱེས་པའི་སེམས་ཅན་དེ་དག་ཐམས་ཅད་ད་ལྟ་ཉིད་དུ་མྱུར་བ་ཉིད་དུ་ངན་སོང་གི་གནས་རིས་ལས་ཐར་ནས་དག་པའི་ཞིང་དུ་སྐྱེ་བར་གྱུར་ཅིག་སྙམ་དུ་སྨོན་ལམ་ཟབ་མོ་གདབ་པ་སོགས་སྦྱོར་དངོས་རྗེས་གསུམ་ཚང་བར་ཉམས་སུ་བླང་ངོ་། །གཉིས་པ་གྲང་དམྱལ་བརྒྱད་ནི། གནས་ཀྱི་ཁྱད་པར་སྤྱི་མཐུན་དུ་ཉི་ཟླ་ལ་སོགས་པའི་སྣང་བ་མེད་པའི་མུན་པ་མུན་ནག་གི་ཁྲོད་དུ། གཞི་དང་འཁོར་ཡུག་ཐམས་ཅད་གངས་རི་དང་ཆབ་རོམ་གྱི་དཀྱིལ་གཅོང་རོང་གི་ཁྲོད། ཁ་བ་དང་བུ་ཡུག་ཤིན་ཏུ་གྲང་བ་འབའ་ཞིག་གིས་སྦྲེབས་པའི་གནས་སུ། ཚ་དམྱལ་ནས་ཡུན་རིང་བཙོས་པའི་སྡུག་བསྔལ་ལ་འཇིགས་ནས་བསིལ་བའི་རེག་བྱ་འདོད་པས་གྲང་བའི་སྣང་བ་ཤར་ཏེ་རྒྱུགས་པས་སྐད་ཅིག་གི་དེར་སྐྱེས་སོང་ནི་རེད། དེར་གོས་མེད་གཅེར་བུ་གྲང་བའི་སྡུག་བསྔལ་གྱིས་ཉེན་པ་དང་ངག་གིས་སྨྲེ་སྔགས་ཀྱི་སྒྲ་ཡང་མཐུན་པར་འབོད་པས་ལུས་ལ་ཆུ་བུར་ཐོལ་ཐོལ་རྡོལ་བ་ནི་ཆུ་བུར་ཅན། ཆུ་བུར་དེ་དག་རྡོལ་ཏེ་གས་ནས་རྨར་སོང་བ་ལ་ཆུ་བུར་རྡོལ་བ། གྲང་བའི་ཟུག་རྔུ་བསྲན་མི་བཟོད་པར་སོ་འཚིར་བས་སོ་ཐམ་ཐམ་པ། སྐད་ཀྱིས་སྨྲེ་སྔགས་རྒྱུན་མི་འཆད་པར་འདོན་པས་ཨ་ཆུ་ཆུ། ཤིན་ཏུ་འཁྱག་ཆེ་བས་སྐད་ཀྱི་གདངས་ཆག་པས་ཤུགས་རིང་ཙམ་དུ་ཀྱི་ཧུད་ཅེས་འདོན་པ་ཀྱི་ཧུད་འདོན་པ། ཕྱིའི་ལྤགས་མདོག་ཐམས་ཅད་སྔོན་པོར་སོང་སྟེ་བཞི་ཚལ་དུ་གས་པ་ཨུཏྤལ་སྔོན་པོ་ལྟར་གས་པ། སྔོན་པོ་ལས་ཀྱང་ཐལ་ཏེ་ནང་གི་ཤ་དམར་པོར་མངོན་པ་ཡང་གྲང་བས་འཁྱགས་ནས་བརྒྱད་ཚལ་དུ་གས་པར་པདྨ་ལྟར་གས་པ། དེ་ལས་ཀྱང་གྲང་བས་དམར་ནག་དུ་གྱུར་ཏེ་བཅུ་དྲུག་དང་། སོ་གཉིས་གྲངས་མེད་པའི་བར་གས་པ་པདྨ་ཆེན་པོ་ལྟར་གས་པས་བཟོད་ཐབས་མེད་པ་ཡིན་ནི་རེད། དེ་ལྟར་གས་པའི་རྨ་ནང་དུ་སྲིན་བུ་ལྕགས་ཀྱི་མཆུ་ཅན་མང་པོ་ཞུགས་ནས་ཟ་ཞིང་གྲང་བའི་སྡུག་བསྔལ་མྱོང་བ་ལས། སྡུག་བསྔལ་མི་འདྲ་བ་བརྒྱད་ལ་མིང་མི་འདྲ་བ་བརྒྱད་དུ་ཆགས་པ་ལ་གྲང་བའི་དམྱལ་བ་བརྒྱད་ཅེས་བྱ། དེ་དག་གི་ཚེ་ཚད་ནི། མཛོད་ལས། ཏིལ་གཞོང་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུངས་པས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚད་ནི་ཉི་ཤུ་འགྱུར། །ཞེས་གསུངས་པ་ལྟར། རྒྱ་གར་གྱི་གྲོང་ཁྱེར་ཀོ་ས་ལའི་བྲེས་གཞལ་བའི་བཅུ་ཚད་ཉི་ཤུ་ཤོང་བའི་གཞོང་པ་ཆེན་པོ་ཞིག་གི་ནང་ལ་ཏིལ་གྱི་འབྲུ་ཆུང་ངུའི་གང་བ་ལས་ཆུ་བུར་ཅན་གྱི་ལོ་བརྒྱ་རེ་ན་ཏིལ་འབྲུ་ཁེ་རུ་མ་རེ་རེ་ཕྱུངས་པས་ཏིལ་ཐམས་ཅད་ཟད་པ་ན་ཆུ་བུར་ཅན་གྱི་ཚེ་ཚད་རྫོགས་པ་ཡིན་ལ། གྲང་དམྱལ་ལྷག་མ་རྣམས་དེ་ལས་རིམ་པར་ཉི་ཤུ་རེའི་འགྱུར་གྱིས་ཚེ་ཇེ་རིང་སྡུག་བསྔལ་ཇེ་ཆེ་ཡིན་ཏེ། ཆུ་བུར་ཅན་གྱི་ཚེ་ཚད་ཇི་ཙམ་པ་ཉི་ཤུ་ཆུ་བུར་བརྡོལ་བས་ཐུབ། དེའི་ཚེ་ཚད་ཇི་ཙམ་པ་ཉི་ཤུ་སོ་ཐམ་པས་ཐུབ་པ་སོགས་གཞན་རྣམས་ལ་རིགས་འགྲེ་ནས་བརྩིས་ན་དེ་དག་གི་ཚེ་ཚད་ཀྱང་བགྲང་གིས་མི་ལངས་བ་ཞིག་ཡིན་པ་ཤེས་པར་བྱའོ། དེ་དག་གི་སྡུག་བསྔལ་ཡང་སྔར་ཚ་དམྱལ་གྱི་སྐབས་ལྟར་རང་རྒྱུད་ལ་བླངས་ནས་དངོས་སུ་རང་གིས་མྱོང་གི་ཡོད་པར་བསྒོམ་ཞིང་། ད་ལྟ་མི་ཡུལ་འདིར་དགུན་གྱི་དུས་གྲང་བའི་སྐབས་སུ་གཅེར་བུར་སྐད་ཅིག་སྐར་མ་ཆ་ཤས་ཙམ་སྡོད་པའི་གྲང་ལྷགས་ཀྱི་སྡུག་བསྔལ་མི་དགོས་དགུན་དུས་ཞྭ་ཙམ་མེད་པའི་སྡུག་བསྔལ་ཡང་བཟོད་མི་ནུས་ན། གྲང་དམྱལ་གྱི་གནས་དེར་དངོས་སུ་སྐྱེས་ན་ཇི་ལྟར་བཟོད་སྙམ་དུ་དེར་སྐྱེ་བའི་རྒྱུ་རང་རྒྱུད་ཀྱི་ཉེས་པ་ལ་བཤགས་སྡོམ་དང་ཕྱིན་ཆད་མི་བྱེད་པའི་དམ་བཅའ་བྱེད་དགོས་ནི་རེད། ད་ལྟ་གནས་དེར་སྐྱེས་པའི་སེམས་ཅན་ལ་སྙིང་རྗེ་སྒོམ་པ་སོགས་སྔར་ལྟར་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་བར་བྱའོ། །རིགས་དྲུག་བྱེ་བྲག་གི་སྡུག་བསྔལ་བསམ་པའི་སྐབས་སུ། དམྱལ་བ་རྣམས་ལྕགས་ཀྱི་ཁང་པ་ཐོག་སོ་བརྒྱད་ཀྱི་ཚུལ་དུ་བསམ་པ་ནི་བསྒོམ་ཚུལ་ཡིན་གྱི། སྤྱིར་དམྱལ་བ་ལ་གནས་དང་སྡུག་བསྔལ་དང་མིང་གི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་ནི། མདོ་སྡེ་དྲན་པ་ཉེ་བཞག་ལས་གསུངས་པ་ལྟར་ཤེས་དགོས་ལ། འཁོར་བའི་ཉེས་དམིགས་དང་ལས་རྒྱུ་འབྲས་ཀྱི་སྐབས་འདི་རྣམས་སུ། མདོ་སྡེ་ལས་བརྒྱ་པ་དང་། དྲན་པ་ཉེར་བཞག གང་པོའི་རྟོགས་བརྗོད་རྣམས་ལ་ཡང་ཡང་བལྟ་རྟོགས་དགོས། སྡུག་བསྔལ་གྱི་རྣམ་གྲངས་རྣམས་བསམ་པའི་དུས་སུ་ཕར་མི་གཅིག་བཅད་གཏུབ་བྱེད་པ་ལ་ལྟད་མོ་ལྟ་བ་ལྟར་མ་ཡིན་པར་རང་ཉིད་དམྱལ་བ་དེ་དང་དེར་དངོས་སུ་སྐྱེས་ནས་སྡུག་བསྔལ་ཉམས་སུ་མྱོང་བ་དངོས་ལྟ་བུ་ཞིག་བསམ་དགོས། དེ་དག་བསམ་དུས་གནས་དང་གཅིག ལུས་རྟེན་དང་གཉིས། སྡུག་བསྔལ་དང་གསུམ། ཚེ་ཚད་དང་བཞི་པོ་དལ་བའི་སྐབས་ལྟར་ཡིན། དེ་ལྟར་བསམ་པའི་དུས་སུ་སེམས་སྡུག་ལྷུང་ངེ་འོང་བ་དེ་ལ་སྐྱོ་ཤས་ཡིན་ལ། དེ་ལས་ཐར་འདོད་ཀྱི་བློ་སྐྱེ་བ་ནི་ངེས་འབྱུང་ཡིན་པས་ངེས་འབྱུང་གི་འབྲས་བུ་དང་། བསམ་པ་གཉིས་ལས་འདི་ངེས་འབྱུང་གི་བསམ་པ་ཡིན། དམྱལ་བ་དེར་སྐྱེ་བའི་རྒྱུ་སྤྱིར་དུག་གསུམ་གྱིས་ཀུན་ནས་བསླང་བའི་མི་དགེ་བ་བཅུ་ཀ་ཆེན་པོར་བསགས་པ་ཡིན་ཡང་གཙོ་བོར་ཞེ་སྡང་གིས་ཀུན་ནས་བསླང་བའི་སྲོག་གཅོད་པ་སོགས་ཡིན་པས། དེ་ལྟ་བུའི་ལས་རང་རྒྱུད་ལ་ཐོག་མ་མེད་པའི་དུས་ནས་བསགས་པ་གྲངས་ཀྱིས་མི་ཆོད་པ་ཡོད་པས་དེ་དག་ལ་གཉེན་པོ་སྟོབས་བཞི་ཚང་བའི་བཤགས་པ། སླད་ཆད་དེ་ལྟ་བུའི་ཞེ་སྡང་གི་ལས་དེ་ཤ་མཐེབ་བཏོགས་བྱས་ནས་བསད་ཀྱང་མི་བྱེད་སྙམ་པའི་དམ་བཅའ། དམྱལ་བའི་གནས་དེར་སྐྱེས་པའི་སེམས་ཅན་རྣམས་ལ། མར་ཤེས། དྲིན་དྲན། དྲིན་གཟོ་འདོད་ཀྱི་རྟོག་པ་སྐྱེད། དེ་ལྟ་བུའི་སྡུག་བསྔལ་རྒྱུ་འབྲས་གཉིས་པོ་དང་བྲལ་བར་གྱུར་ཅིག་སྙམ་པའི་འདུན་པ་དང་འབྲེལ་བ། བྲལ་ན་ཅི་མ་རུང་སྙམ་པའི་སྨོན་པ་དང་འབྲེལ་བ། དེ་དང་བྲལ་བ་ཞིག་ངས་བྱ་སྙམ་པའི་དམ་བཅའ་དང་འབྲེལ་བ་སྟེ་འབྲེལ་བ་སུམ་ལྡན། སྡུག་བསྔལ་རྒྱུ་འབྲས་གཉིས་པོ་དང་བྲལ་ཏེ་ད་ལྟ་ཉིད་། འདུག་ས་འདི་རུ་ཐར་བ་ཞིག་ཟེར་ཉག་བསྡུང་སྟེ་སྐྱབས་བསླུ་བ་མེད་པའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་པོ་ཁྱེད་ཡིན། ཁྱེད་མཁྱེན་ཞེས་ཡིད་ཁྱེད་ཤེས་ཀྱི་དད་པས་གསོལ་བ་འདེབས་པ་གལ་ཆེན་ནང་གི་དོན་ཆེན་ཡིན་ནི་རེད། ཉི་ཚེ་བ་ནི། དམྱལ་བ་དངོས་ཀྱི་ཉེ་འཁོར་དང་རྒྱ་མཚོའི་འགྲམ་ས་ཡི་འོག ས་སྟེང་དང་རི་དང་ལྗོན་ཤིང་དང་ནམ་མཁའ་དང་བྲག་རི་དང་མེ་དང་ཆུ་ལ་སོགས་པའི་གནས་ཀྱང་ངེས་མེད་དང་། སྡུག་བསྔལ་ཡང་ངེས་མེད་ཡིན་ཏེ། བྲག་གི་བར་དུ་བཅར་ནས་མི་ཐར་བ་དང་། རྡོ་ཡི་ནང་དུ་དབུགས་འཐུམ་པ་དང་། གངས་དང་ཆབ་རོམ་གྱི་ནང་དུ་འཁྱགས་ཤིང་རེངས་པ་དང་། ཆུ་ཚན་གྱི་ནང་དུ་བཙོ་ཞིང་འཚོད་པ་དང་། མེ་ནང་དུ་ཚ་ཞིང་སྲེག་པ་དང་། ཤིང་སྡོང་ལ་ལུས་སུ་འདུ་ཤེས་པས་དེ་བཅད་གཏུབ་བྱས་པས་རང་ཉིད་ཀྱི་ཡན་ལག་དང་ཉིང་ལག་བཅད་པར་ཉེར་ལེན་བྱས་ཏེ་སྡུག་བསྔལ་བ་དང་། གཟུགས་ཀྱང་མ་ངེས་པ་གཏུན་དང་། ཕྱགས་མ་དང་། ཕྲུ་བ་དང་། སྒོ་དང་། ཀ་བ་དང་། སྒྱེད་བུ་དང་། ཐག་པ་ལ་སོགས་དངོས་པོ་སྣ་ཚོགས་པ་ལ་རང་ཉིད་ཀྱི་ལུས་སུ་བརླམས་ནས། ཚེ་ཚད་ཉིན་མཚན་ཕྱེད་པ་དང་། ཡུད་ཙམ་པ་དང་། ལོ་མང་པོར་རྟག་ཏུ་བཀོལ་ཞིང་སྤྱོད་པའི་གཟུགས་སུ་འདུ་ཤེས་པས་སྡུག་བསྔལ་དེ་དག་མྱོང་བ་སྟེ། དེ་ནས་ཡང་ཉིན་མོ་བདེ་ཞིང་མཚན་མོར་སྡུག་བསྔལ་དང་། དེ་ལས་གོ་ལྡོག་པ་ལ་སོགས་པ་ཡོད་དོ། །གཞནཡང་དཔེར་ན་འགྲོ་མགོན་གླིང་རྗེ་རས་པས་ཡར་འབྲོག་མཚོ་ནང་ན་ཉ་གཟིགས་པ་དང་། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་རྡོ་ནང་ན་སྦལ་པ་གཟིགས་པ་སོགས་ཡིན། དེ་ཡང་ཡར་འབྲོག་གཡུ་མཚོ་སྔོན་མོ་དེར། སྔོན་གྱི་ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སྒྲུབ་པ་ལ་བཞུགས་སྐབས་བོན་པོས་གསེར་བཙོ་མ་ཞོ་གང་འཕངས་པ་མཚོར་བསྒྱུར་བ་ཡིན་ཏེ། སློབ་དཔོན་རིན་པོ་ཆེས་གྲགས་པའི་མཚོ་ཆེན་བཞི་ལ་ཞབས་རྗེས་བཞག་ཅེས་པའི་གྲགས་པའི་མཚོ་ཆེན་བཞིའི་ཡ་གྱལ་གཅིག་ཡིན། དེ་ཡང་མཚོ་མགོ་དེར་ལུང་གངས་ཆེན་དང་། མཚོ་གཞུག་ཟས་མ་རྒུ་རུ་ལ་ཐུག་ནས་ཉིན་ལམ་མང་པོའི་བར་དུ་ཡོད་པ་ལ། གྲུབ་ཆེན་གླིང་རྗེ་རས་པས་མཚོ་ནང་དེར་གཟིགས་ནས་བཤུམ་གི་བསྡད་ནི་རེད། མཚམས་ཤིག་ཁོང་གིས་ཨ་ཁ་ཁ་དཀོར་མ་ཟ་དཀོར་མ་ཟ་ཞེས་གསུངས། ཞབས་འབྲིང་བ་རྣམས་ཀྱིས་དེ་ཁྱེད་ཀྱིས་ཅི་གསུངས་པ་རེད་ལགས་ཞུས་པས། མཚོ་ནང་འདིར་བླ་མ་དཀོར་ཟན་ཞིག་གི་རྣམ་ཤེས། ཉི་ཚེ་བའི་དམྱལ་བར་སྐྱེས་ཏེ་སྡུག་བསྔལ་མང་པོ་མྱོང་གིན་འདུག་གསུངས། དེ་སྟོན་པར་ཞུས་པས་བླ་མའི་རྫུ་འཕྲུལ་གྱིས་མཚོ་དེ་སྐད་ཅིག་ལ་བསྐམ་དུ་བཅུག་ཙ་ན། མཚོ་ནང་དེར་ཉ་ཆེན་པོ་ཞིག་གི་ལུས་ཀྱིས་མཚོ་དེས་གར་སླེབ་ཏུ་སླེབ་པ་ལ་སྲོག་ཆགས་གྲངས་མེད་པས་གོ་མཚམས་མེད་པར་ཉ་བོ་ཆེ་ལ་གཏམས་ཏེ་ཟོས་བའི་ཚ་ཟུག་གི་སྡུག་བསྔལ་མི་བཟོད་པས་ཉ་དེས་འགྲེ་ལྡོག་ལྡོག་བྱེད་ཀྱིན་འདུག འཁོར་རྣམས་ཀྱིས་འདི་ལྟ་བུའི་ལས་ངན་པའི་སེམས་ཅན་འདི་སུ་ཞིག་གི་སྐྱེ་བ་ལགས་འདིས་ལས་ཅི་བསགས་ཞུས་པས། བླ་མའི་ཞལ་ནས་འདི་གཙང་བླ་རྟ་ནག་ཅན་གྱི་སྐྱེ་བ་ཡིན་གསུངས། གཙང་བླ་རྟ་ནག་ཅན་བྱ་བ་དེ། གསོན་པོའི་ཚེ་ངག་ནུས་དང་བྱིན་རླབས་ཤིན་ཏུ་ཆེ་ཞིང་མཐུ་ནུས་པ་ཡོད་ནི། འདྲེ་ཡིས་གནོད་པ་དང་གདོན་གྱིས་ཉེན་པའམ་གནོད་པ་ཅན་རྣམས་ལ་མིག་གིས་ལྟ་སྟངས་བྱས་པ་ཙམ་གྱིས་ཕན་པ་སོགས་བྱུང་བས་དབུས་གཙང་རུ་བཞིའི་མཆོད་གནས་སུ་གྱུར་ཏེ་བླ་མ་གྲགས་པ་ཅན་ཞིག་བྱུང་ནི་ཡིན། གཤིན་པོའི་འབུལ་བ་བྱས་པ་སོགས་ལ་ཧཱུཾ་རྟ་ཕཊ་མཛོ་ཟེར་བ་ལྟར་ཕཊ་ཤར་ཁེ་རུ་མ་རེ་བསྒྲགས་ནས་རྟ་ཟོག་མང་པོ་བླངས་འགྲོ་བ་ཞིག་ཡོད་པ་དེ་ཡིན། དེས་ན་དཀོར་ཟན་ཚང་མས་གཟབ་གཟབ་ཞིག་མ་བྱས་ན། ཇི་སྐད་དུ། དཀོར་ནག་པོ་ལྕགས་ཀྱི་སྤུ་གྲི་ཡིན། །ཟོས་དྲག་ན་ཐར་བའི་སྲོག་རྩ་གཅོད། །ཅེས་གསུངས་པ་ལྟར་ལྕགས་ཀྱི་རིལ་བུ་ཟ་བྱེད་ཁྲོའི་འགྲམ་པ་ཞིག་མེད་ན། རང་གར་དཀོར་ཟེར་རྒྱུ་བོ་ཞུ་རྒྱུ་ཅན་ཞིག་ཡིན་ནི་མ་རེད། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་རྡོ་ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་རྩ་རླུང་གི་འཁྲུལ་འཁོར་མཛད་པས། རྡོ་དེ་ཕྱེད་ཚལ་དུ་གས་པའི་ནང་ན་སྦལ་པ་ཆེན་པོ་ཞིག་གི་ལུས་ལ་སྲོག་ཆགས་ཆུང་ངུ་གྲངས་མེད་པ་འབྱར་ནས་ཟོས་པས་སྡུག་བསྔལ་མི་བཟོད་པར་ཁ་ནག་དེང་དེང་བྱེད་བཞིན་འདུག་པ་མ་གཏོགས་ཅི་བྱེད་མེད་ནི་ཞིག་མཐོང་། གཞན་རྣམས་ཀྱིས་འདི་ཅི་ལགས་ཞུས་པས། འདི་དམར་ཆོག་བྱེད་པའི་བླ་མ་གཅིག་གི་སྐྱེ་བ་ཡིན་གསུངས། ད་ལྟ་བླ་མ་རྣམ་པ་ཚོ་ཡང་། ཡོན་བདག་གི་བཤའ་ལུག་ཚོ་བ་དང་རྒྱགས་པ་རེ་བཤས་ནས་མིད་པ་དང་མཚེར་པ་རྒྱུ་མ་སོགས་ཤ་ཁྲག་གིས་གཡོས་ནས། ཚང་ར་དང་འབྲོང་རུ་གང་གི་ཡག་པའི་རྩིབ་ཤ་སོགས་འདར་ཅུམ་མེ་བའི་སྟེང་དུ་བཞག་ནས་དྲངས་ཙ་ན། བླ་མས་མནབས་གཟན་དེ་དབུ་ལ་འཐེན་ནས། རྒྱུ་མ་སོགས་ནང་ཆ་རྣམས་བྱིས་པས་ནུ་མ་ནུ་ནུ་མཛད་ནང་ཁྲོལ་རྣམས་གསོལ་ཟིན་རྗེས། ཕྱག་ཤན་དེ་ཁ་ཞིག་བླངས་ནས་ཕྱི་ཤ་རྣམས་དལ་བུས་གསོལ། བཞེས་པ་ཟིན་ནས་བརྒྱགས་ཙ་ན་ཞལ་སྣུམ་ཆིལ་ལེ། དབུ་རླངས་པ་ཕལ་ལེ། སྔར་གྱི་དེ་མ་ཡིན་པའི་རྒྱ་དམར་ཙིག་གེ་བ་ཞིག་བྱས་ནས་དབུ་བཏེག་འོང་བར་འདུག་སྟེ། ཚེ་འདིར་ཤ་ཁྲག་སོགས་དཀོར་ནག་པོ་གསོལ་གསོལ་བའི་བུ་ལོན་ཕྱི་མ་སྐུ་ལུས་ཀྱི་སྟེང་ནས་འཇལ་དགོས་པ་གཙང་བླ་རྟ་ནག་ཅན་ལྟ་བུ་བྱུང་ཙ་ན། ཉི་ཚེ་བའི་དམྱལ་གནས་རྣམས་སུ་འོ་བརྒྱལ་ཆེན་པོ་ཡོད་པར་འདུག ཤ་ཟོས་པའི་ཉེས་སྒྲིབ་ནི་བསམ་གྱིས་མི་ཁྱབ་ཉེས་པ་ཤིན་ཏུ་ཆེན་པོ་ཡིན་ནི་རེད། འོན་ཀྱང་བོད་འགྲོ་ཕྱོགས་ཀྱི་དར་སྲོལ་ངན་པ་ཤ་ཞིག་དྲངས་རྒྱུ་མེད་ན་མགྲོན་པོ་སྣ་ལེན་བྱེད་མི་ལོ་བའི་སྣང་བ། བླ་སེར་ཞིག་ཡིན་ནའང་ཤ་ཞིག་དྲངས་རྒྱུ་མེད་ན་བློ་མི་བདེ་བ་ལྟ་བུ་སོགས་ཀྱི་ཡུལ་གྱི་གོམས་སྲོལ་ངན་པ་ཞིག་ཡོད་ནི་རེད། ད་སྐབས་འདིར་བཞུགས་ཀྱི་བླ་སྤྲུལ་མཁན་གསུམ་མང་པོ་ཞིག་གིས་ཤ་རང་གིས་མི་གསོལ་ནས་མ་ཚད། ཡུལ་ཁམས་སྡེ་འབངས་ཆོས་དད་མང་ཚོགས་ལ་ཤ་བཅད་ཁ་བཞག་ནས་ཆོད་སོང་ནི་མང་བ་ཡོད་ཁི། རྫོགས་ཆེན་ཚང་གིས་དགེ་འདུན་པའི་ཚོགས་གྲལ་དུ་ཕྱིན་ཆད་དཀར་ཟས་མ་གཏོགས་དམར་ཟས་མི་དྲངས་པའི་སྲོལ་བཟང་བཞག་ཡོད་ནི་རེད་ཨི་ཟེར། དེ་ཚོ་ཤིན་ཏུ་ཡག་པོ་རེད་བཀའ་དྲིན་ཆེ་ཞུ་ནི་ཡིན། དེ་བཞིན་དུ་དགེ་འདུན་པའི་གཙོ་བྱས་པའི་སེར་སྐྱ་ཆོས་དད་མང་ཚོགས་ནང་ནས་ཤ་གཅོད་ནི་ཡིན་ཟེར་ནི་ངའི་རྩར་མང་པོ་འོང་བཞིན་ཡོད། ད་རུང་ཡིན་ན་དེ་བཞིན་གཅོད་མི་ཡོད་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་ནི་རེད། དེ་བཞིན་དུ་ས་སྐྱའི་ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་སྡེ་དགེ་དགོན་ཆེན་ན་བཞུགས་སྐབས་། ཉིན་གཅིག་དེ་རིང་དངུལ་མདའ་ལུང་བའི་ཆུ་ནང་འདིར་གང་བྱུང་ཡང་གཏོང་མི་ཉན་ཞེས་གྲྭ་པ་མང་པོ་སྒུག་ཏུ་བཅུག ཕྱི་དྲོ་ཙམ་ན་ཤིང་སྡོང་དུམ་ཆེན་པོ་ཞིག་ཆུས་ཁྱེར་བྱུང་བ་དེ་བླངས་ནས་དེ་ལས་གཞན་གང་ཡང་མ་བྱུང་ཞུས་པས་དེ་ཡིན། སྒུག་རྒྱུ་བོ་དེ་ཡིན་སྡོང་དུམ་དེ་ཁ་གཤོགས་དང་གསུངས། སྡོང་དུམ་གཤགས་པའི་ནང་ན་སྦལ་བ་ཆེན་པོ་ཞིག་ལ་སྲོག་ཆགས་མང་པོས་ཟ་གྱིན་འདུག་པ་དེ་ལ་ཁྲུས་ཆོག་དང་གནས་འདྲེན་སོགས་མཛད། དེ་སུ་རེད་ཞུས་པས། འདི་སྡེ་དགེའི་མི་ཆེན་གཉེར་པ་བོ་རྒྱས་བྱ་བ་ཞིག་གི་སྐྱེ་བ་ཡིན་གསུངས། དེས་ན་མི་དཔོན་ཐོབ་ཐང་ཁེ་དྲག་ཅན་སྡེ་འབངས་ཀྱི་རྒྱུ་ནོར་ལྐོག་ཟ་བྱེད་པ་རྣམས་ཀྱང་ད་ལྟ་དབང་ཆེ་ཡང་དམྱལ་གནས་འདི་དག་ལ་སྐྱེས་ཚེ་སྡུག་བསྔལ་མྱོང་དགོས་པ་ལ་བསམས་ནས་སྟབས་གཟབ་བྱེད་དགོས་པར་འདུག དེ་བཞིན་དུ་སྔོན་བཅོམ་ལྡན་འདས་འཇིག་རྟེན་ན་བཞུགས་སྐབས་གནས་པའི་གྲོང་གི་ཤན་པ་ཞིག་གིས་མཚན་མོ་སྲོག་མི་གཅོད་པའི་ཁྲིམས་ཁས་བླངས་པ་ཞིག་ཤི་བའི་ཚེ་ན་ཉི་ཚེ་བའི་དམྱལ་བར་སྐྱེས་ཏེ། མཚན་མོ་ཁང་བཟང་ཉམས་དགའ་བའི་ནང་དུ་བུད་མེད་མཛེས་མ་བཞིས་བཟའ་བཏུང་དང་ལོངས་སྤྱོད་ཀྱིས་མཆོད་ཅིང་ཤིན་ཏུ་སྐྱིད་པ་ལ། ཉིན་མོ་ཁང་པ་ཡང་ལྕགས་བསྲེགས་ཀྱི་ཁང་པར་གནས་འགྱུར། བུད་མེད་བཞི་ཡང་ཁྱི་སྲེ་པོ་འཇིགས་སུ་རུང་བ་བཞིར་གྱུར་ནས་ཟ་བར་བྱེད་པ་དང་། ཡང་ལོག་གཡེམ་གྱི་བྱི་བོ་བྱེད་པ་ཞིག་ཉིན་མོ་བྱི་བོ་མི་བྱེད་པའི་སྡོམ་པ་བླངས་པས་ཉིན་མཚན་གྱི་སྐྱིད་སྡུག་སྔར་གྱི་དེ་ལས་ལྡོག་པར་མྱོང་བ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རིས་གཟིགས་པ་དང་། གཙུག་ལག་ཁང་ཡིད་དུ་འོང་བར་དགེ་སློང་ལྔ་བརྒྱ་ཙམ་གནས་པ་ཉིན་གུང་ཙམ་ལ་གཎྜི་བརྡུངས་ནས་གདུགས་ཚོད་ལ་འདུས་ཚེ་གཙུག་ལག་ཁང་ལྕགས་བསྲེགས་ཀྱི་ཁང་པར་གནས་འགྱུར་བ་དང་། ལྷུང་བཟེད་དང་ཕོར་པ་སོགས་མཚོན་ཆར་གནས་གྱུར་ནས་གཅིག་གིས་གཅིག་ལ་རྡེག་རེས་འབའ་ཞིག་བྱེད་པ་དང་། གདུགས་ཚོད་ཡོལ་བའི་ཚོད་ལ་སྔར་བཞིན་གྱེས་ཏེ་གནས་པ་དེ་འདྲ་ཡོད་པ་དེ་ནི་སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་དགེ་སློང་མང་པོ་གུང་ཚིགས་ཀྱི་སྐབས་ཚིག་གི་རྩོད་པ་ཞེ་སྡང་གིས་བྱས་པའི་རྣམ་སྨིན་ཡིན་པར་བཤད་པ་ལ་སོགས་པ་རྣམས་ཡིན་ནོ། །འདི་དག་གི་ཚེ་ཚད་མ་ངེས་པ་སྣ་ཚོགས་ཡོད་ལ། དེ་ལྟར་ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད་དང་བཅུ་དྲུག ཉི་ཚེ་ཉེ་འཁོར་གཉིས་དང་བཅོ་བརྒྱད་པོ་ལ། དམྱལ་ཁམས་བཅོ་བརྒྱད་ཅེས་བྱ་སྟེ། མདོར་ན་དམྱལ་གནས་དེ་དག་གི་གྲངས་དང་། དེར་སྐྱེས་པའི་སེམས་ཅན་གྱི་ཚེ་ཚད། དེ་སྐྱེས་ནས་མྱོང་བའི་སྡུག་བསྔལ། དམྱལ་ཁམས་དེ་དང་དེར་སྐྱེ་བའི་རྒྱུ་ལ་སོགས་པ་ཞིབ་ཏུ་ཤེས་པར་བྱས་ནས། ད་ལྟ་དེར་སྐྱེས་པའི་སེམས་ཅན་ལ་སྙིང་རྗེ་བསྒོམ། རང་གཞན་སེམས་ཅན་ཐམས་ཅད་ཕྱིན་ཆད་དམྱལ་བ་དེ་དང་དེར་མི་སྐྱེ་བའི་ཐབས་དགེ་སྒྲུབ་སྡིག་སྤོང་ལ་འབད་དགོས་པ་ཡིན། ཞི་བ་ལྷས། དམྱལ་བ་ཡི་ནི་ལས་བྱས་ན། །ཅིའི་ཕྱིར་འདི་ནི་བདེ་བར་གནས། །ཞེས་དང་། བཤེས་སྤྲིངས་ལས་ཀྱང་། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླག་གམ་གཟུགས་སུ་བགྱིས་པས་ཀྱང་། །འཇིགས་པ་སྐྱེ་བ་འགྱུར་ན་མི་བཟོད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར་དམྱལ་བ་རི་མོ་བྲིས་པ་མཐོང་བས་སྐྲག་པ་དང་། དམྱལ་བའི་ལོ་རྒྱུས་བཤད་པས་འཇིགས་པ་སོགས་འོང་ན། དམྱལ་བ་དངོས་སུ་སྐྱེ་ན་ཇི་འདྲ་བྱེད་དགོས་ས་ཡོད་ཁི། འོ་ཅག་གིས་དམྱལ་བའི་ལས་བསགས་པ་གྲངས་ཀྱིས་མི་ཆོད། དེ་ཤེས་ཤེས་གསལ་གསལ་ཁར་ད་དུང་བློ་བདེ་བར་ཇི་ལྟར་འདུག་རིགས། དེ་ལྟར་ཁྲིད་སྦྱོང་ཉམས་ལ་རན་པ་ཞིག་བྱེད་དགོས་ཀྱི་དེ་ལྟར་མ་ཡིན་པ་གོ་ལོ་དང་ཐོས་ལོར་བཞག་ནས་ཉམས་སུ་མ་བླངས་ན། སླར་ཆོས་དྲེད་ང་རྒྱལ་གྱི་རྒྱུར་འགྲོ་བས་མ་ཉན་ན་དགའ། དེ་ལྟར་ན་དམ་པས་སྨོད་ཅིང་མཁས་པས་ཁྲེལ་བའི་གནས་སུ་འགྱུར་ཏེ། སྔོན་བླ་མ་ཞང་རིན་པོ་ཆེའི་དྲུང་དུ། དགེ་སློང་སྤྱོད་ལམ་མཛེས་པ་ང་རྒྱལ་ཆེ་བ་ཞིག་མཇལ་དུ་བྱུང་བ་ལ། བླ་མས་དགེ་སློང་ཁྱོད་ཀྱིས་ཆོས་ཅི་ཤེས་གསུངས་པས། ཁོས་ཆོས་མང་པོ་ཐོས་པ་ཡིན་ཟེར། འོ་ན་དམྱལ་ཁམས་བཅོ་བརྒྱད་བྱ་བ་དེ་གང་ཡིན་གསུངས་པས། ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད་དང་བཅུ་དྲུག ཀརྨ་པ་ཞྭ་དམར་ནག་གཉིས་དང་བཅོ་བརྒྱད་ཡིན་ཟེར་གྲངས་ཙམ་ཚང་སོང་ནི་རེད་གདའ། ཁོང་ཀརྨ་པ་ལ་མི་གུས་པས་དམྱལ་བའི་གྲངས་སུ་བརྩིས་པ་མ་ཡིན་ཡང་། ཉི་ཚེ་དང་ཉེར་འཁོར་གཉིས་ཀའི་མིང་ནི་བརྗེད། ཀརྨ་པ་ཞྭ་དམར་ནག་གཉིས་ནི་དེའི་དུས་སུ་གྲགས་ཆེན་པོ་ཡོད་པས་ན་བབ་ཅོལ་དུ་བསམ་བློ་མ་བཏང་ནས་བགྲང་བར་འདུག དེ་ལྟ་བུར་གྱུར་ན་ཆོས་ཞུས་ནས་ཉམས་སུ་ལེན་པ་ལྟ་ཅི། ཚིག་ཙམ་ཡང་མི་ཤེས་པ་ནི་ངོ་ཚ་བའི་གནས་ཡིན་ནོ།།

༢༽ ཡི་དྭགས་ཀྱི་སྡུག་བསྔལ།

ངན་སོང་གི་གནས་གཉིས་པ། ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ནི། སྤྱིར་མདོ་སྡེ་རྣམས་ལས་དབྱེ་བ་སྣ་ཚོགས་གསུངས། རིགས་བསྡུ་ན་ཡི་དྭགས་ལ་བྱིང་ན་གནས་པ་དང་། མཁའ་ལ་རྒྱུ་བའི་ཡི་དྭགས་གཉིས་ཡོད། དང་པོ་ལའང་ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། སྒོས་ཁུར་གྱི་སྒྲིབ་པ་ཅན་ལ་སོགས་པ་ཡོད་པ་ལས། ཕྱིའི་སྒྲིབ་པ་ཅན་ནི། བཀྲེས་སྐོམ་གྱིས་ཉེན་པས་ཁ་དང་མིག་ཐམས་ཅད་སྐེམ་ཞིང་རིད་པ། མགྲིན་པ་དང་ཡན་ལག་ཐམས་ཅད་ཕྲ་བ། མགོ་དང་ལྟོ་བ་ཆེ་བ། སྐྲ་འཛིངས་པ། ལོ་གྲངས་བརྒྱ་ཕྲག་མང་པོའི་བར་དུ་ཆུའི་མིང་ཙམ་ཡང་ཐོས་མ་མྱོང་བས་ན་ཤིན་ཏུ་བཀྲེས་ཤིང་སྐོམ་པས་གདུངས་པ་དེ་འདྲ་ཡིན་ནི་རེད། ཉིན་མཚན་སོགས་དུས་རྟག་ཏུ་བཟའ་བཏུང་ཞིག་དོན་དུ་གཉེར་ནས་འཚོ་བའི་ཕྱིར་དུ་འགྲོ་ཡང་ཅུང་ཟད་ཀྱང་མི་རྙེད་ལ། རེས་འགའ་རྒྱང་རིང་པོ་ན་ཟས་ཀྱི་ཕུང་པོ་སྤུངས་པའམ་ཆུ་ཀླུང་སྔོན་པོ་རེ་འབབས་པ་མཐོང་བའི་སྣང་བ་ཤར་ནས། ཡི་དྭགས་ཀྱི་ལུས་ནི་བསྐལ་བའི་རུས་པའམ། ཤྭ་མོ་སྐམ་པོའམ་མར་སྐོགས་གྱོང་པོ་ལྟ་བུ། ཡི་དྭགས་གཅིག་སོང་བའི་སྒྲ་ལ་ཤིང་རྟ་འཁོར་ལོ་ལྔ་བརྒྱ་ཙམ་དྲུད་པའི་སྒྲ་ཙམ་ཡོད་པས་ན་ཡན་ལག་གི་ལྷུ་ཚིགས་འཁྲོལ་ཞིང་ལྟོ་བ་ཡུལ་ལྗོངས་ཙམ་པོ་མི་ཐེག་པར་སྡུག་བསྔལ་བཞིན་ཐང་ཆད་ཆད་དུ་ཕྱིན་པས་དྲུང་དུ་སླེབ་ཚེ་ཆུ་ཀླུང་སོགས་ཐམས་ཅད་སྐམ་ནས། གྲམ་པ་ཙམ་ལུས་པའམ་ཡང་ན་རྣག་ཁྲག་ཙམ་ལུས་ནས་ཤིན་ཏུ་སྡུག་བསྔལ་བ་དང་། ཡང་རྒྱང་རིང་པོ་ནས་ལྗོན་ཤིང་ཐོག་གུ་ཅན་མཐོང་བའི་སྣང་བས་སྔར་བཞིན་སོང་སྟེ་དྲུང་དུ་སླེབ་པ་ན་སྐམ་ནས་ཁྲ་མའི་སྡོང་པོ་ཆེན་པོར་འགྱུར་བའམ། སྐྱེས་བུ་གོ་མཚོན་ཐོགས་པ་མང་པོས་བཅོམ་པའི་སྣང་བ་དང་། ཡང་བཟའ་བཏུང་ལོངས་སྤྱོད་བཟང་པོ་མང་པོ་སྤུངས་ཡོད་པ་མཐོང་ཡང་། དྲུང་དུ་ཕྱིན་པའི་ཚེ་ལོངས་སྤྱོད་དབང་མེད་པ་སྐྱེས་བུ་གོ་མཚོན་དང་ལྡན་པ་མང་པོས་སྲུང་བས་ཕྱིར་དེད་ནས་མཚོན་ཆས་རྡེག་ཅིང་གནོད་པས་སྡུག་བསྔལ་བ་དང་། དབྱར་གྱི་དུས་སུ་ནི་ཟླ་བ་ཡང་ཚ་ཞིང་སྲེག་པ་དང་། དགུན་གྱི་དུས་སུ་ནི་ཉི་མ་ཡང་ཤིན་ཏུ་གྲང་ཞིང་བསིལ་བས་ལྷག་པར་གདུང་བ་སོགས་ཏེ། སྔོན་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་རྫུ་འཕྲུལ་གྱིས་ཡི་དྭགས་ཀྱི་ཡུལ་དུ་བྱོན་པས། ཡི་དྭགས་ཀྱི་སེར་སྣའི་དུག་གི་ཚད་པས་ཕོག་སྟེ་ཁོང་ཞལ་ཤིན་ཏུ་སྐོམ་ནས་ལྕགས་ཀྱི་མཁར་ཆེན་པོ་ཞིག་གི་སྒོ་ན་སྐྱེས་བུ་མདོག་ནག་ལ་མིག་དམར་བ་འཇིགས་སུ་རུང་བ་ཞིག་འདུག་པ་ལ། ཆུ་གར་ཡོད་ཅེས་དྲིས་པས། ཚིག་དེ་གོ་བ་ཙམ་ནས་ཡི་དྭགས་གཟུགས་མི་སྡུག་པ་སྡོང་དུམ་མེས་ཚིག་པ་འདྲ་བ་མང་པོ་འདུས་ནས་སྐྱེས་བུ་ཆེན་པོ་ཕུན་སུམ་ཚོགས་པ་ཆུ་སྩོལ་ཅིག་ཟེར། གྲོ་བཞིན་སྐྱེས་ཁོང་གིས་ངས་ཀྱང་ཆུ་མ་རྙེད་པ་ཡིན་པས་ཁྱོད་ཚོས་ང་ལ་ཆུ་སྩོལ་བྱས་པས། ཡི་དྭགས་རྣམས་ཀྱིས་ཁྱེད་ཅི་ཟེར་ངེད་རྣམས་ལུང་པ་འདིར་སྐྱེས་ནས་ལོ་གྲངས་བཅུ་གཉིས་ཡིན་ཡང་། ཆུའི་མིང་ཙམ་ཡང་ད་རེས་ལས་ཐོས་མ་མྱོང་ཟེར་བ་ལྟ་བུའོ། །ནང་གི་སྒྲིབ་པ་ཅན་ནི། ཁ་ཁབ་ཀྱི་མིག་ཙམ་པས་རྒྱ་མཚོ་ཆེན་པོའི་ཆུ་བཏུང་བ་དང་ཁ་ཟས་ཇི་ལྟ་བུ་ཟོས་ན་ཡང་མགྲིན་པ་རྟ་རྔ་ཙམ་པའི་ནང་དུ་མ་ཚུད་པའི་བར་ལ་ཁའི་དུག་གིས་སྐམ་པ་དང་། ཅུང་ཟད་རེ་མགྲིན་པར་ཚུད་ཀྱང་ལྟོ་བ་ཡུལ་ལྗོངས་ཙམ་ཡོད་པ་མི་ཁེངས་པས་སྡུག་བསྔལ་པ་དང་། གལ་སྲིད་ལྟོ་བདེ་ཙམ་རེ་ལྟོ་བར་སོང་ན་མཚན་མོའི་རིང་དེ་ལ་མེ་འབར་ནས་གློ་སྙིང་ནང་ཁྲོལ་ཐམས་ཅད་མེས་བསྲེགས་པས་སྡུག་བསྔལ་བ་དང་། འགྲོ་བར་འདོད་པའི་ཚེ་ལྟོ་བ་ཆེ་བ་ཡུལ་ལྗོངས་ཙམ་པ་ཡན་ལག་འཇག་སྐྱ་ཙམ་གྱིས་མི་ཐེག་པར་ཤིན་ཏུ་སྡུག་བསྔལ་བའོ། །སྒོས་ཁུར་གྱི་སྒྲིབ་པ་ཅན་ནི། ཡི་དྭགས་རེ་རེའི་ལུས་ལ་སྲོག་ཆགས་མང་པོའི་ཚང་བཅས་ནས་ཡི་དྭགས་དེའི་ལུས་ཟ་བར་བྱེད་པ་ལ་སོགས་པའི་སྡུག་བསྔལ་མྱོང་བ་ཡིན་ལ། དེ་ལས་གཞན་ཡང་སྐྱིད་སྡུག་གི་རྣམ་གྲངས་མ་ངེས་པའི་ཡི་དྭགས་ཀྱི་རིགས་ཀྱང་དུ་མ་ཡོད་དེ། སྔོན་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་ཡི་དྭགས་ཀྱི་ཡུལ་དུ་བྱོན་སྐབས་གཞལ་མེད་ཁང་ཞིག་ན་བུད་མེད་གཟུགས་བཟང་བ། མཛེས་པ། ལྟ་ན་སྡུག་པ། རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་ཞིག་གི་ཁྲིའི་རྐང་པ་བཞི་ལ་ཡི་དྭགས་བཞི་བཏགས་ཤིང་འདུག བུད་མེད་དེས་གྲོ་བྱིན་སྐྱེས་ལ་གསོལ་རྒྱུའི་ཟན་ཞིག་བྱིན་ནས་ཡི་དྭགས་འདི་རྣམས་ཀྱིས་ཁྱེད་ལ་ཟན་འདྲ་སློང་བྱུང་ན་ཅུང་ཟད་ཀྱང་མ་སྦྱིན་ཅིག་ཟེར། གྲོ་བྱིན་སྐྱེས་ཀྱིས་ཟན་ཟ་བའི་ཚེ་ཡི་དྭགས་རྣམས་ཀྱིས་སློང་བ་ལས། སེམས་ཀྱིས་མ་བཟོད་པར་ཟན་ཅུང་ཟད་ཡི་དྭགས་གཅིག་ལ་བྱིན་པས་རྩྭ་སོག་གི་ཕུབ་མར་གྱུར། ཡང་གཅིག་ལ་བྱིན་པས་ལྕགས་ཀྱི་ཐོ་ལུམ་ཟ་བར་གྱུར། དེ་བཞིན་དུ་གཅིག་ལ་རང་གི་ཤ་དང་། གཅིག་ལ་རྣག་ཁྲག་གྱུར་པས། བུད་མེད་དེ་འོངས་ནས་ཁྱོད་ལ་ཁོ་མོས་མ་སྦྱིན་མ་སྨྲས་སམ། ཁོ་མོའི་སྙིང་རྗེ་ལས་ཁྱོད་ཀྱིས་སྙིང་རྗེ་ལྷག་གམ་ཟེར་བ་ལ། བུད་མེད་དེ་ལ་འདི་དག་ཁྱེད་དང་འབྲེལ་བའམ་ཅི་ཉེ་བྱས་པས། འདི་ནི་ཁོ་མོའི་ཁྱིམ་ཐབ་ཁྱོ་ཕོ་ཡིན། འདི་ནི་བུ་ཡིན། འདི་ནི་མནའ་མ་ཡིན། འདི་ནི་བྲན་མོའམ་གཡོག་མོ་ཡིན་ཟེར། ཁྱེད་ཅག་ལས་གང་བསགས་པའི་དབང་གིས་ཡི་དྭགས་ཀྱི་གནས་འདིར་སྐྱེས་ནས་སྡུག་བསྔལ་མྱོང་དགོས་བྱུང་བ་རེད་བྱས་པས། འཛམ་བུ་གླིང་གི་མི་རྣམས་ནི་ཐེ་ཚོམ་ཆེ་བས་ཡིད་ཆེས་པར་དཀའ་བ་ཡིན་པས་ཡིད་མི་ཆེས་སོ་ཟེར། ཁོ་བོས་མིག་གིས་མངོན་སུམ་དུ་མཐོང་ན་ཇི་ལྟར་ཡིད་མི་ཆེས་བྱས་པས། དེ་ན་རེ་ཁོ་མོ་གནས་པའི་གྲོང་གི་བྲམ་ཟེ་མོ་ཡིན་ཏེ། རྒྱུ་སྐར་ལ་བབས་པའི་ནུབ་མོ་ཟས་གང་བཟང་གང་ཞིམ་མང་པོ་དག་སྟ་གོན་བྱས་པ་ལ། འཕགས་པ་ཀ་ཏ་ཡཱ་ན་ཆེན་པོ་བསོད་སྙོམས་ལ་བྱོན་པར་ཁོ་མོ་དད་པ་སྐྱེས་ནས་བསོད་སྙོམས་ཕུལ་ཏེ་ཁྱིམ་ཐབ་ལ་རྗེས་སུ་ཡི་རང་བ་འབུལ་དུ་བཅུག་ན་དགའ་བར་འོང་སྙམ་ནས། རྗེའི་སྲས་དམ་པའི་སྐྱེས་བུ་འཕགས་པ་ཀ་ཏ་ཡཱ་ན་ཆེན་པོ་ལ་ཁོ་མོས་བསོད་སྙོམས་ཕུལ་རྒྱུ་བྱུང་བས་རྗེས་སུ་ཡི་རང་བ་ཕུལ་ཅིག་དང་དགེ་བ་ཆེན་པོ་ཐོབ་པ་ཡིན་བྱས་པས། དེ་ཁྲོས་ནས་ཇི་སྲིད་རིགས་མཐོ་བའི་བྲམ་ཟེ་རྣམས་ལ་མ་ཕུལ། དགའ་བའི་གཉེན་བཤེས་རྣམས་ཀྱི་སྲི་ཞུ་མ་བགྱིས་པར། ཁྱོད་ཀྱིས་དགེ་སྦྱོང་མགོ་རེག་དེ་ལ་བསོད་སྙོམས་ཀྱི་ཕུད་སྦྱིན་ནམ། མགོ་རེག་དེ་རྩྭའི་ཕུབ་མ་ཅི་ཕྱིར་མི་འགམ་ཟེར་ཚིག་ངན་སྨྲས་པ་དང་། དེ་བཞིན་དུ་བུ་ལ་བྱས་པས་དེ་ཡང་ཁྲོས་ཏེ། མགོ་རེག་དེ་ཅི་ཕྱིར་ལྕགས་ཀྱི་ཐོ་ལུམ་མི་ཟ་ཟེར། དེའི་ནུབ་མོ་ཁོ་མོའི་གཉེན་ཉེ་དག་གིས་ཁོ་མོ་ལ་ཟ་མ་བཟང་པོ་རྣམས་བསྐུར་བ་མནའ་མས་མོ་རང་གིས་ཟོས་ནས། ངན་པ་རྣམས་ང་ལ་བྱིན། ངས་ཟ་མ་བཟང་པོ་རྣམས་ཟོས་ནས་ངན་པ་རྣམས་ང་ལ་མ་བྱིན་ནམ་དྲིས་པས། དེས་ངས་ཁྱོད་ཀྱི་ཟས་ཟ་བ་ལས་རང་གི་ཤ་ཅི་ཕྱིར་མི་ཟ་ཞེས་རྫུན་སྨྲ་ཞིང་། དེ་བཞིན་དུ་ཁོ་མོའི་གཉེན་རྣམས་ལ་ཟས་བསྐུར་བ་སྔར་བཞིན་བྲན་མོས་ཟོས་ནས། ངས་ཁྱོད་ཀྱི་ཟ་མ་རྐུ་བ་ལས་རྣག་ཁྲག་ཅི་ཕྱིར་མི་འཐུང་ཞེས་སྨྲ་བ་རྣམས་ལ། བདག་གི་སེམས་ཅན་འདི་དག་རང་རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་བ་དེ་དང་དེར་སྐྱེ་ཞིང་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ཚུལ་ལ་ཁོ་མོས་ལྟ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའམ་ཡིད་ལ་སྙམ་པས། ང་རང་ཡི་དྭགས་མཐུ་མོ་ཆེར་སྐྱེས། དེ་མིན་ན་འཕགས་པར་བསོད་སྙོམས་ཕུལ་བས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བ་ཡོད་པ་ཡིན། ཁྱེད་ཀྱང་ཕྱིར་འཛམ་གླིང་དུ་ཕེབས་ནས་གནས་པའི་གྲོང་དུ་འགྲོ་ན་བདག་གི་བུ་མོ་སྨད་འཚོང་བྱེད་པ་དེ་ལ། ཁྱོད་ཀྱི་ཕ་མ་སོགས་ངས་མཐོང་བས་དེ་དག་ན་རེ། ལས་འདིའི་འབྲས་བུ་ནི་ཡིད་དུ་མི་འོང་བ་ཡིན་གྱིས་དམ་པ་མ་ཡིན་པའི་ཆོས། སྡིག་པ་དེ་སྤོངས་ཤིག་ཟེར་རོ། །ཞེས་གསུངས་ཤིག་བུ་མོ་དེ་ཡིད་མི་ཆེས་ན་ཁྱོད་ཀྱི་སྔོན་གྱི་ཕའི་ཁང་པ་ན་ལྕགས་ཀྱི་ཟངས་ཁ་གསེར་གྱི་གང་བ་བཞི་དང་། གསེར་གྱི་འཁར་བ་དང་། རིལ་བ་སྤྱི་བླུགས་ཡོད་ཀྱི། དེ་དག་ཕྱུང་ལ་དུས་དུས་སུ་འཕགས་པ་ཀ་ཏྱཱ་ན་ཆེན་པོ་ལ་བསོད་སྙོམས་ཕུལ་ནས་བདག་ཅག་གི་མིང་ནས་ཕྱུང་སྟེ་ཡོན་བསྔོ་བ་བྱོས་ཤིག་གྱིས་དང་བདེན་དུ་འཛིན་ངེས། དེས་ལས་དེ་སྲབ་པ་དང་། ཡོངས་སུ་ཟད་པར་འགྱུར་རོ། །ཞེས་ཟེར་རོ། །དེ་བཞིན་དུ་སློབ་དཔོན་ཛེ་ཏཱ་རི་ལྗོངས་རྒྱུར་བྱོན་པས། ཡི་དྭགས་མོ་གཟུགས་མི་སྡུག་པ་ཕྲུ་གུ་ལྔ་བརྒྱའི་ཨ་མར་གྱུར་པ་ཞིག་གིས་སློབ་དཔོན་ལ། ངའི་ཁྱོ་ཕོ་རྡོ་རྗེ་གདན་དུ་ཟས་ཚོལ་བ་ལ་སོང་ནས་ལོ་བཅུ་གཉིས་ཡིན་ཡང་མ་བྱུང་། ཁྱེད་དེར་བྱོན་ན་ཁྱོད་མྱུར་དུ་མ་འོངས་ན་ཕྲུ་གུ་རྣམས་བཀྲེས་ནས་འཆིའོ་གསུངས་ཤིག་ཟེར། ཁྱོད་ཀྱི་ཁྱོ་ཕོ་དེ་ཇི་ལྟ་བུ་ཞིག་ཡོད། ཡི་དྭགས་ཐམས་ཅད་འདྲ་བར་འདུག་པས་ངས་ཤེས་སམ་གསུངས་པས། ནོར་མི་དགོས་ཏེ། ཁ་ཆེ་བ་སྣ་ཉག་པ་མིག་ཞར་བ་གཟུགས་མི་སྡུག་པའི་མཚན་མ་དགུས་བརྒྱན་པ་ཞིག་ཡོད་ཟེར། ཛེ་ཏཱ་རི་ཁོང་རྡོ་རྗེ་གདན་དུ་བྱོན་པས། དགེ་ཚུལ་ཞིག་གིས་གཏོར་ཆུ་དང་གཏོར་ཟན་མང་པོ་ཞིག་དོར་ནས་སོང་བ་ལ། ཡི་དྭགས་མང་པོས་རུབ་བརྒྱབ་ནས་འཕྲོག་རེས་བྱེད་པའི་ཁྲོད་ན་ཁོ་རང་ངོ་ཤེས་བཞིན་འདུག ཆུང་མའི་ཆ་འཕྲིན་བསྐུར་བ་རྣམས་བསྐྱལ་བས། ངས་ལོ་བཅུ་གཉིས་སུ་ཟས་ཉུལ་ཡང་། སྐོར་གཅིག་དགེ་སློང་ཡང་དག་པ་ཞིག་གིས་སྣབས་ལུད་ཅིག་དོར་བ་ལ་ངེད་ཡི་དྭགས་མང་པོའི་རུབ་བརྒྱབ་པས་ཅུང་ཟད་རྙེད་པ་ལས་གང་ཡང་མ་རྙེད་པ་ལ་ཟེར། ཁོ་རང་སྣབས་ལུད་རྩོད་ས་ནས་ཡི་དྭགས་གཞན་གྱིས་ལུས་ལ་རྨ་མང་པོ་གཏོད་འདུག་གསུངས། དེ་བཞིན་དུ་ཡི་དྭགས་ཀྱི་གནས་རིས་གང་དུ་སྐྱེས་ཀྱང་བཀྲེས་སྐོམ་གཙོ་བོར་གྱུར་པའི་སྡུག་བསྔལ་སྣ་ཚོགས་ཀྱིས་གདུངས་པའི་ཚུལ་སེམས་ཐོག་ཏུ་བླང་ནས་རང་ཉིད་ཀྱིས་མྱོང་བ་ལྟ་བུ་བསྒོམ། ད་ལྟ་རང་རེས་སྔ་དྲོ་ཙམ་ཟས་མ་ཟོས་ཀྱང་། ལྟོགས་པའི་སྡུག་བསྔལ་ཅི་འདྲ་བ་ཞིག་འདུག ལོ་གྲངས་མང་པོའི་བར་དུ་ཆུ་ཡི་མིང་ཙམ་དང་ཟས་ཀྱི་དྲི་ཙམ་ཡང་མི་ཐོས་མི་ཚོར་བའི་གནས་སུ་སྐྱེས་ན་ཇི་ལྟར་བྱེད། ཡི་དྭགས་ཀྱི་གནས་དེར་སྐྱེ་བའི་རྒྱུའི་གཙོ་བོ་ནི་རང་གིས་གཏོང་མི་བྲ་བའི་སེར་སྣ་དང་། གཞན་ལ་སྦྱིན་པའི་གེགས་བྱེད་པ་ལ་འཇུར་གེགས་ཟེར་བ་ཡིན་པས་བདག་གིས་ཀྱང་སྔར་དེ་ལྟ་བུའི་ལས་བསགས་པ་གྲངས་ཀྱིས་མི་ཆོད། ད་ཕན་ཆད་ནི་དེ་ལྟ་བུའི་ཡི་དྭགས་ཀྱི་གནས་རིས་སུ་ཅི་ནས་ཀྱང་མི་སྐྱེ་བ་ཞིག་བྱེད་དགོས་སྙམ་པ་སོགས་སྙིང་ཐག་པ་ནས་སྦྱོར་དངོས་རྗེས་གསུམ་ཚང་བར་བསྒོམ་མོ། །གཉིས་པ་མཁའ་ལ་རྒྱུ་བ་ནི། བཙན་དང་རྒྱལ་པོ་ཤི་འདྲེ་འབྱུང་པོ། མ་མོ་ཐེའུ་རང་ལ་སོགས་པ་རྣམས་ཏེ། མཁའ་རྒྱུའི་ཡི་དྭགས་ཀྱི་རིགས་སུ་གྱུར་བ་དེ་དག་ཀྱང་སྔོན་གྱི་སྡིག་པའི་ཉེར་ལེན་གྱིས་དུས་རྟག་ཏུ་འཇིགས་སྐྲག་དང་འཁྲུལ་སྣང་འབའ་ཞིག་ལ་སྤྱོད། དུས་རྟག་ཏུ་གནོད་སེམས་ཀྱི་བསམ་པ་ངན་པ་ལ་གནས་པས་གཞན་ལ་གནོད་པའི་ལས་ཁོ་ན་ལ་བརྩོན་ཅིང་ལུས་རྟེན་དེ་བརྗེས་ནས་ཤི་མ་ཐག་དམྱལ་བ་སོགས་ངན་སོང་གི་གཏིང་ངམ་ཐུར་དུ་འགྲོ་བ་མང་ཞིང་། ཁྱད་པར་ཞག་བདུན་ཕྲག་རེའི་མཚམས་སུ་སྔར་རང་ཉིད་ཅི་འདྲས་ཤི་བའི་ནད་དང་མཚོན་དང་འགགས་ལ་སོགས་པ་གང་གིས་ཤི་བའི་སྡུག་བསྔལ་དེ་ཉིད་ཉམས་སུ་མྱོང་ནས། སྡུག་བསྔལ་དེ་སེམས་ཅན་གཞན་ལ་སྤོ་བར་འདོད་པས་གང་དུ་ཕྱིན་པ་དེར་ཡང་གནོད་ཅིང་རང་ལ་མི་ཕན། སྐྱེ་བ་སྔོན་གྱི་མཛའ་བཤེས་དང་ཉེ་དུ་ལ་སོགས་པའི་དྲུང་དུ་དགའ་བས་ཕྱིན་ཀྱང་དེ་དག་ལ་ནད་དང་སྨྱོ་འབོགས་ལ་སོགས་མི་འདོད་པའི་སྡུག་བསྔལ་འབྱུང་བས་གནོད་པ་མ་གཏོགས་ཕན་པ་མེད། སྔགས་པ་ནུས་པ་ཅན་གྱིས་འདྲེ་འབྱུང་པོ་དེ་དག་མནན་བསྲེགས་འཕངས་གསུམ་བྱས་པས། ས་འོག་མུན་པའི་གནས་སུ་བསྐལ་པའི་བར་དུ་མནན་པ་དང་། སྦྱིན་སྲེག་གི་མེ་ལ་སྲེག་པ་དང་། རིགས་སྔགས་དང་བཅས་པའི་ཡུངས་ཐུན་དང་རྡོ་ཕྱེ་སོགས་ཀྱིས་བྲབས་ཤིང་བརྒྱབ་པ་ན་མགོ་བོ་ཚལ་པ་བརྒྱར་འགས་ཤིང་ལུས་དུམ་བུ་སྟོང་དུ་འགྲོ་བ་སོགས་རྟག་ཏུ་སྡུག་བསྔལ་བ་ཁོ་ན་ལས་མ་འདས། དགུན་ཉི་མ་གྲང་ཞིང་དབྱར་ཟླ་བའང་ཚ་བ་ལ་སོགས་པ་ཚ་གྲང་གོ་ལོག་པའི་སྣང་བ་རྣམས་ཀྱང་ཡི་དྭགས་སྤྱི་དང་མཐུན་པར་འཆར། མཁའ་རྒྱུའི་རིགས་ཁ་ཅིག་བྱ་དང་ཁྱི་ལ་སོགས་པའི་གཟུགས་སུ་ཡོད་པས་གཟུགས་བྱད་ཡིད་དུ་མི་འོང་བ་སོགས་སྡུག་བསྔལ་གྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ལ་སྤྱོད་དགོས་པ་ཡིན་པས་དེ་དག་གི་སྡུག་བསྔལ་ཀྱང་རང་ཐོག་ཏུ་བླངས་ཏེ། རང་དངོས་སུ་གནས་དེར་སྐྱེ་ཡོད་པར་བསྒོམ་ཞིང་དེར་སྐྱེས་བའི་སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་བསྒོམ་དགོས། དེ་ཡང་མར་ཤེས་དྲིན་དྲན་དྲིན་གཟོ་སོགས་དང་། སྡུག་བསྔལ་དེ་དག་བྲལ་ན་ཅི་མ་རུང་སྙམ་པ་འདུན་པ་དང་འབྲེལ་བ། བྲལ་བར་གྱུར་ཅིག་སྙམ་པའི་སྨོན་པ་དང་འབྲེལ་བ། དེ་དང་བྲལ་བ་ཞིག་ངས་བྱ་སྙམ་པའི་དམ་བཅའ་དང་འབྲེལ་བ། སྐྱབས་བསླུ་བ་མེད་པའི་དཀོན་མཆོག་གསུམ་པོ་ལ་གསོལ་བ་འདེབས་དང་འབྲེལ་བ་སྟེ་འབྲེལ་བ་བཞི་དང་ལྡན་པར་བྱའོ། །ཞེས་བྱམས་པ་དང་སྙིང་རྗེ་བསྒོམ་པ་སོགས་སྦྱོར་དངོས་རྗེས་གསུམ་ཚང་བར་ཉམས་སུ་བླང་ངོ་། །ད་འོ་ཅག་གི་དེ་རིང་ཆོས་མཚམས་འདི་ནས་འཇོག་རྒྱུ་བྱས་ན་ཆོག་གི། ཀུན་བཟང་ཞལ་ལུང་དབུ་བཙུགས་ནས་དེ་རིང་གི་ཉིན་ལྔ་སོང་ནི་རེད། ཉིན་ལྔ་པོ་ལ་ཕྱིར་བལྟས་ཤིག་བྱས་ན། ཉིན་དང་པོར་ཐོག་མར་དགེ་བ་ཀླད་ཀྱི་དོན་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག མཚན་དོན་དང་། ཕྱག་འཚལ་བ་དང་། རྩོམ་པར་དམ་བཅའ་དངོས་བཅས་བཤད་ནས། དེ་རྣམས་ལ་སྐྱོར་སྦྱོང་ཡང་མཛད་ཡོད་ནི་རེད། ཉིན་གཉིས་པ་ལ། བར་དུ་དགེ་བ་གཞུང་གི་དོན་བསྟན་བཅོས་ཀྱི་ལུས་དངོས་བཤད་པ་ཡིན་ན། དེ་ཉིད་ཆིངས་ཆེན་པོ་གསུམ་གྱིས་བཅིངས་པའི་ས་བཅད་བཞག་ནས་། ཐུན་མོང་ཕྱི་ཡི་སྔོན་འགྲོའི་དང་པོ་དལ་འབྱོར་རྙེད་དཀའི་ཁྲིད་བཤད་པའི་སྐབས་ཀྱི་ཆོས་ཉན་ཚུལ་གྱི་ཀུན་སློང་དང་ཀུན་སྤྱོད་དེ་དག་གཙོ་བོར་བཤད་ནས་དེ་བཞིན་དུ་ཁྲིད་སྦྱོང་ཡང་མཛད་ནི་རེད། ཉིན་གསུམ་པའི་སྐབས་སུ་བཤད་བྱའི་ཆོས་ཀྱི་རིམ་པ་དངོས་ལ་ཞུགས་ནས་དལ་འབྱོར་རྙེད་པར་དཀའ་བའི་ཁྲིད་ཡོངས་སུ་བཤད་པ་དང་། དེ་ལ་ཁྲིད་སྦྱོང་ཡང་སྨིན་ཁྲིད་ཀྱི་ཐོག་ནས་བསྒོམ་ནི་རེད། ཁར་རྩང་ཉིན་བཞི་བ་ལ་ཚེ་མི་རྟག་པའི་ཁྲིད་བཤད་དེ། དེའི་ནང་གསེས་ཀྱི་ཁྲིད་རྐང་ཕྱི་སྣོད་ཀྱི་འཇིག་རྟེན་ལ་བསམས་ཏེ་མི་རྟག་པ་བསྒོམ་པ་སོགས་ནས་འདུན་པ་དྲག་པོ་ལ་བསམས་ཏེ་མི་རྟག་པ་བསྒོམ་པའི་བར་ཁྲིད་རྐང་བདུན་གྱི་སྟེང་ནས་སྨིན་ཁྲིད་བྱས་ཏེ་རྣམ་པ་ཚང་མས་བསྒོམས་མཛད་ནི་རེད། དེ་རིང་ཉིན་ལྔ་པ་འདི་ལ་འཁོར་བའི་ཉེས་དམིགས་ལ་བསམ་པའི་ཁྲིད་བཤད་ཁི་ཡོད་ན། འཁོར་བ་ནི་ཁམས་གསུམ་འཁོར་བ་དང་། ཉེས་དམིགས་ནི་དེའི་སྡུག་བསྔལ་ལ་ཟེར་གི་ཡོད། དེའི་དོན་བསྡུ་ན་འཁོར་བའི་སྡུག་བསྔལ་སྤྱིར་བསམ་པས་མདོར་བསྟན། རིགས་དྲུག་སོ་སོའི་སྡུག་བསྔལ་བྱེ་བྲག་ཏུ་བསམ་པས་རྒྱས་པར་བཤད་པ་ཡིན་ན། དེ་རིང་འོ་ཅག་གིས་འཁོར་བའི་སྡུག་བསྔལ་སྤྱིར་བཤད་དང་ངན་སོང་གི་གནས་དང་པོ་དམྱལ་བ་དང་གཉིས་པ་ཡི་དྭགས་གཉིས་ཀྱི་སྡུག་བསྔལ་བཤད་གྲུབ་ནི་རེད། དེ་རིང་གི་ཁྲིད་སྦྱོང་ལ་དང་པོ་དམྱལ་བ་ལ་བསྒོམ་ཞིང་། དེ་ནས་ཡི་དྭགས་ལ་བསྒོམ། ངན་སོང་གི་གནས་དེ་དག་བསྒོམ་དུས་མྱི་གཞན་ཞིག་ལ་ཁྲིམས་ཆད་དྲག་པོ་གཅོད་ཁི་ཡོད་ན། དེ་ལ་ཟུར་ཞིག་ནས་ལྟད་མོ་བལྟས་འདྲ་མ་ཡིན་པར་རང་གི་ལུས་ཐོག་སྨིན་ནས་ཉམས་སུ་མྱོང་བ་དངོས་ལྟ་བུ་ཞིག་བསྒོམ་དགོས། གོང་དུ་ཡང་ཡང་བཤད་པ་ལྟར་ངན་སོང་གི་སྡུག་བསྔལ་བསྒོམ་དུས་གནས་ལུས་སྡུག་བསྔལ་ཚེ་ཚད་དང་བཞི་ལ་ཡང་དང་ཡང་དུ་བསྒོམས་ནས་མཐར་སེམས་སྐྱོ་ནས་སྡུག་ལྷང་ངེ་བ་ཞིག་འོང་སྐབས་སྐྱོ་ཤས་སྐྱེ་འོང་ནི་རེད། དེ་ལྟ་བུའི་ངན་སོང་གི་གནས་དེ་དག་ལ་མི་ལྷུང་བའི་ཐབས་ལ་འབད་ནས། ལྷུངས་པ་རྣམས་དང་འཁོར་བ་ན་གནས་པའི་རང་གཞན་སེམས་ཅན་ཐམས་ཅད་དེ་ལས་ཐར་ཏེ་ཐར་བ་དམ་པ་ཞིག་ཐོབ་པར་བྱ་དགོས་བསམ་རྒྱུའི་བློ་བཅོས་མིན་ཞིག་སྐྱེས་ན་དེ་ལ་ངེས་འབྱུང་ཟེར་ནི་ཡིན། དང་པོ་སྐྱོ་ཤས་ཀྱི་སེམས་དེ་བསྐྱེད་ནས་གཟོད་ངེས་འབྱུང་གི་སེམས་སྐྱེ་དགོས། ངེས་འབྱུང་ལའང་ངེས་འབྱུང་གི་བསམ་པ་དང་ངེས་འབྱུང་གི་འབྲས་བུ་གཉིས་སུ་ཡོད་པས་འདི་ངེས་འབྱུང་གི་བསམ་པ་རེད། ད་རེས་ཀྱི་ཁྲིད་སྦྱོང་འདི་དགོས་དབང་གིས་མགྱོགས་ཙམ་ཡིན་ཡང་མ་ཆགས་པར་ཁྲིད་སྦྱོང་མཛོད་དང་གཅིག་ཏུ་ཕན་ཡོན་ཆེན་པོ་གཉིས་སུ་བག་ཆགས་བཟང་པོ་རེ་རེད་འགྲོ་ནི་རེད། སྤྱིར་ད་རེས་འདིར་བཞུགས་རྣམ་པ་ཚང་མས་ཆོས་ལ་དོན་གཉེར་དཔེ་མེད་ལེགས་པོ་མཛད་ཁི། དེ་ནི་དུས་ཚོད་དང་བསྡུར་ན་བསམ་ཡུལ་ལས་འདས་པ་རེད་ཟེར་ཆོག་གི། ས་ཆ་གཞན་ནས་བྱོན་འོང་བའི་ཆོས་དད་དོན་གཉེར་བ་འདི་ཚོ་ཡིན་ན་ཡང་དགོན་པ་རེ་རེའི་ནང་གི་བླ་མ་མཁན་སྤྲུལ་གང་གི་དྲག་དྲག་དང་གང་གི་བཟང་བཟང་རེད། བཟང་ཡང་ལོས་བཟང་སྟེ་གང་ཟག་རེ་རེའི་ངོས་ནས་བསྟན་རྒྱུན་འཛིན་ཐུབ་ནི་ཤ་སྟག་ཡིན་པས་ཡོངས་རྫོགས་བཟང་པོ་རེད། འདི་ན་ད་སྐབས་རྫོགས་ཆེན་ཚང་གི་གྲྭ་གསར་བརྒྱ་ཕྲག་ཁ་ཤས་ཡོད་རྒྱུ་འདི་ཚོ་འདི་འདྲའི་ཡ་རབས་ཤ་སྟག་ཡིན་སྣང་མ་ཤར། འདི་རྣམས་དགུང་ལོ་ཉི་ཤུ་ཡས་མས་ཅན་ཕལ་ཆེར་ཡིན་ན། དགོན་པའི་བླ་སྤྲུལ་རྣམ་པས་ཐུགས་ལ་ཡོད་ནི། དྲིན་ཕ་མའི་གཅེས་ཕྲུག་ཤ་སྟག་རེད། ད་སྔར་གཅེས་ལོང་མ་ཡིན་པས་ད་འདི་ན་བན་རྒན་སྒོམ་ཆེན་རྣམས་དང་མཉམ་དུ་སྒོམ་རྒྱག་ཟེར་ན་བགད་ཁ་ཤོར་བྱེད་ཆོས་གྲྭར་ཨེ་འདུས་ཤེ་ངས་བསམ་བྱུང་། ཡིན་ན་ཡང་འདི་རྣམ་པ་ནི། གཞོན་ཡང་རྒན་པོའི་ཉེ་བ་ཞི་ལ་དགའ། །ཟེར་བ་ལྟར་གཞོན་ཆུང་བག་དྲོ་མོ་བན་རྒན་རྙིང་བ་ཚོ་འདྲ་རེད་ཡོད་ཁི། མཁས་པར་གྱུར་ཀྱང་ཤེས་པའི་ང་རྒྱལ་མེད། །ཟེར་བ་ལྟར་འདི་རྣམ་པས་མཐོང་བརྒྱུད་ཀྱི་ཕྱག་ལེན་རྣམས་གང་སྦྱོང་མི་ཤེས་རྒྱུ་མི་འདུག་ཟེར་གྲགས། ད་དུང་དཔེ་ཆ་གཟིགས་ན་འདིའི་ནང་ཇི་འདྲའི་ཤེས་རབ་ཅན་མེད། ལོ་ཆུང་ཁྱེད་རྣམ་པ་ཐམས་ཅད་མ་འོངས་པ་ན་ས་འདིའི་བདག་པོ་རེད་ལ། མ་འོངས་ས་འདིར་དར་ནུབ་ཅི་འགྱུར་ཁྱེད་ཚོ་མི་རབས་རྗེས་མའི་ཕྱག་ན་ཡོད་ནི་རེད། འདི་འདྲའི་བཟང་པོ་ཡོད་རྒྱུ་འདི་རྣམས་ཁྱེད་ཚོའི་བདག་པོ་བླ་སྤྲུལ་འདི་རྣམ་པའི་བསོད་ནམས་དང་དབང་ཐང་གིས་གྲུབ་ནི་རེད། བླ་སྤྲུལ་འདི་འདྲའི་ཁྱད་འཕགས་ཡོད་རྒྱུ་འདི་རྣམས་ཀྱང་གྲྭ་གཞོན་ཁྱེད་རྣམ་པའི་བསོད་ནམས་ལས་དབང་གི་བགོ་སྐལ་རེད་བསམ་གི་ཡོད། ད་རེས་ཀྱི་ཆོས་ཁྲིད་འདི་ཡང་འབྲུག་སྤྲུལ་རིན་པོ་ཆེ་མཐུ་སྟོབས་རྣམ་རྒྱལ་ཚང་གིས་ན་ནིང་ནས་འདོན་དགོས་གསུངས་པས། ཁོང་གི་ཐུགས་སྟོབས་ལྷག་བསམ་གྱི་མཐུས། འོ་ཅག་ཆོས་གྲྭ་གཅིག་ཏུ་ཚོགས་པའི་རྟེན་འབྲེལ་བྱུང་ནི་རེད། ངེད་ཅག་པདྨ་ཐང་ན་ཡོད་པ་ཚང་མས་ནི་རྒྱུན་དུ་ཉམས་ལེན་བྱེད་ཁི་ཡོད་ཀྱང་། ཁྱེད་རྫོགས་ཆེན་ཚང་གི་བླ་གྲྭ་རྣམ་པས་ཀྱང་ངེས་དོན་སྙིང་པོའི་བསྟན་པ་དེ་བཤད་སྒྲུབ་གཉིས་ཀྱི་གསོ་རྒྱུའི་ཐད་ལ་འདི་འདྲའི་ཐུགས་ཁུར་མཉམ་བཞེས་མཛད་པ་ལ་ངས་སྙིང་ནས་རྗེས་སུ་ཡི་རང་ཞུ་ནི་ཡིན། དེའི་སྟེང་དགེ་བསྙེན་ཕོ་མོ་ཚོ་ལ་མཚོན་ན་ཡང་སྙིང་རྗེ་མང་ཆེ་བ་ངེད་ཚོའི་ན་ཟླ་ཤ་སྟག་རེད། ལོ་རབས་དྲུག་ཅུ་བདུན་ཅུ་བའི་སྐབས་སུ་དཀའ་ལས་སྐྱིད་སྡུག་གི་ཁྲོད་ནས་མཉམ་པོར་ཡོང་ནི་ཤ་སྟག་ཡིན་ན། བསམ་པ་ལྷ་ལ་དཀར་ཟེར་བ་ལྟར་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་རང་ཡུལ་ཕ་དགོན་དཀར་པོ་ལ་ཞབས་ཕྱི་བཞག་ཡོད་ནི་འབའ་ཞིག་ཡིན་ན། རང་ནུས་གང་ཡོད་ཀྱིས་ཕྱི་ཁ་བཅད་ནང་ཁ་བསུམས་ཡོད་ནི་རེད། སྐྱེ་འཆི་ཉི་ཟླ་གཉིས་ལ་ཡོད། །གྲ་རྒས་དམར་ཡག་སྟག་ལ་ཡོད། །ཟེར་བ་ལྟར་ད་དེང་སང་ལོ་ན་རྒས་སོང་བས། རང་རོགས་ཐམས་ཅད་ཕར་ལྟ་ཚུར་ལྟ་ཞིག་བྱས་ན་ལྷ་ཁང་སྒོར་སྐྱེ་རྒ་ན་འཆི་བྲིས་ཡོད་པ་ཇི་མ་ཇི་བཞིན་རེད་བསྡད་ཡོད་ཁི། ཡོད་ན་ཡང་ད་ཚེ་མཇུག་གི་ཉི་མ་ནམ་ཟླ་འདི་ཆོས་ལ་འཕྲོད་སོང་བས། རང་ནུས་གང་ཡོད་ཀྱིས་ཆོས་ལ་ཉམས་ལེན་བཟང་པོ་རེ་བྱེད་ཐུབ་ན་ཚེ་འདི་ཕྱི་གཉིས་ཀ་ལ་བདེ་བའི་ལམ་སྣེ་རེ་ཟིན་འགྲོ་རྒྱུ་རེད། དགེ་སྒྲུབ་སྡིག་སྤོང་བྱས་ན་འབྲས་བུ་བསླུ་བ་མེད་རྒྱུ་བོ་རྒྱལ་བ་བདེན་པར་སྨྲ་བའི་བཀའ་ཡིན་པས་དགེ་བ་བསྒྲུབ་ན་འགྲུབ་རྒྱུ་དང་སྡིག་པ་བཤགས་ན་འདག་རྒྱུ་ཡོད་ནི་རེད། དེས་ན་རང་ཅག་རྣམས་ཀྱིས་རང་བློ་རང་ལ་དག་པའི་ཆོས་རེ་སྒྲུབ་དང་ཤི་དུས་རང་མགོ་རང་གིས་ཐོན་འོང་བས་སྐྲག་མི་དགོས་བསམ་ནི་ཡིན། འདི་ན་འདུག་ཚེ་ལྷ་ཁང་ཆེན་མོ་འདི་ལ་ཡང་སྐོར་ཚད་རེ་ཨེ་ཐུབ་ལྟོས་དང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་ཤག་ཤག་ཡིན། རྒྱུ་མཚན་འདིའི་ནང་རྟེན་ཁྱད་པར་ཅན་མདོ་ཚང་གི་ཐུབ་པ་གྲོང་ཁྱེར་མ་དང་། མདོ་མཁྱེན་བརྩེའི་རལ་གྲི། རིག་འཛིན་འཇིགས་མེད་གླིང་པའི་མགུར་ཕུར་སོགས་དང་། སྡེ་དགེའི་པར་ཁང་ནང་གི་གསུང་རབ་ཡོད་དོ་ཅོག་ཡོད་པ་སོགས་རྟེན་གསུམ་འཛམ་གླིང་ན་དཀོན་པོ་ཤིན་ཏུ་རྩ་ཆེན་ཡོད། མདོར་ན་ངོ་མཚར་བའི་རྟེན་གསུམ། ཡ་མཚན་ཆེ་བའི་རྟེན་བརྒྱད། ཁྱད་པར་འཕགས་པའི་རྟེན་དགུ། བྱིན་རླབས་ཆེ་བའི་རྟེན་རྫས་བཅུ་གསུམ། འགྲན་ཟླ་བྲལ་བའི་རྟེན་གཅིག་སོགས་ཡོད་པས། དེ་ཐམས་ཅད་ནི་མཐོང་གྲོལ་དང་། ཐོས་གྲོལ་དང་རེག་གྲོལ་འབའ་ཞིག་ཡིན་པས་ཤི་ན་ངན་སོང་མེད་པ་དང་། ཤེས་རབ་མྱུར་དུ་འཕེལ་བ་སོགས་ཡོན་ཏན་མཐའ་ཡས་པ་འབྱུང་བས་ཕྱག་མཆོད་སྐོར་བ་བྱེད་ཐུབ་ན་ཤིན་ཏུ་བཟང་། འདིའི་སྐོར་ཚད་ཆིག་སྟོང་ཆིག་བརྒྱ་བཅུ་གཅིག་ཡིན་པས་སྐོར་ནུས་ན་སྐོར་ཚད་གཅིག་ལ་མ་ཎི་དུང་རེ་ལས་ལྷག་ཐོབ་རྒྱུ་ཡོད་ཟེར་ཁི་ཡོད། མདོར་ན་ཚང་མས་དགའ་དགའ་སྐྱིད་སྐྱིད་སེམས་བདེ་བག་ཕེབས་ཀྱི་སྟེང་ནས་ད་དུང་ཉིན་བཅུ་བཞི་བཅོ་ལྔ་ཙམ་པོ་ལ་ཁ་བརྡ་བཤད་ཞོར་བཤད་ཞོར་བྱེད་ཆོག་ཁི་ནི་དེ་འདྲ་བྱེད།། །།ཅེས་གསུངས་ནས་བསྔོ་བས་མཐའ་བརྒྱན་ཏེ་ཆོས་ཁྲིད་གྲོལ་སོང་ངོ་།།

ཆ༽ ཉིན་དྲུག་པར་དུད་འགྲོའི་སྡུག་བསྔལ་སོགས་ཀྱི་ཆོས་ཁྲིད།

མཆོད་བརྗོད་སོགས་གསུངས་ནས།

ཨ༽ མཚམས་སྦྱོར་གྱི་གདམས་ངག

འདི་ལྟར་ནམ་མཁའ་ཞེས་བར་སྣང་སྟོང་པ་གོ་འབྱེད་པའི་ཆ་འདི་ལ་ཡས་མས་མཐོ་དམན་དང་ཕྱོགས་མཚམས་ལ་སོགས་གང་ནས་གཞལ་ཡང་ཡོངས་སུ་མཐས་གཏུགས་པ་མེད་པར། མི་མཇེད་འཇིག་རྟེན་གྱི་ཁམས་བྱེ་བྲག་ས་ཡ་གྲངས་མེད་པ། དེ་རེ་རེའི་རྡུལ་རྙེད་ཀྱི་གྲངས་དང་མཉམ་པའི་བྱེ་བྲག་ས་ཡ་བགྲང་གིས་མི་ལངས་པའི་འཇིག་རྟེན་གྱི་ཁམས་ཆགས་ཀྱང་། ད་དུང་ནམ་མཁའ་ལ་མི་ཤོང་བ་མེད་པ་སྔར་བཞིན་མཐའ་ཡས་མུ་མེད་པར་ཚད་ཀྱིས་གཞལ་དུ་མེད་པ་ཞིག་ཡིན་ནི་རེད། དེ་བཞིན་ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ་པའི་སེམས་ཅན་གྱི་མཐའ་ལ་ཡང་ཚད་བཟུང་རིས་ཀྱིས་གཞལ་དུ་མེད་པ་ཞིག་ཡིན་ན། འདི་བཞིན་དུ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁོར་བར་འཁྱམས་ཀྱང་། ད་དུང་ཕྱི་མའི་མཐའ་མི་མངོན་པར་སྐྱེ་ཤི་གཉིས་ཀྱིས་ཁ་བརྒྱུད་དེ་ཡང་ནས་ཡང་དུ་སྐྱེ་བ་ལེན་པ་དང་ནི། ཡང་ནས་ཡང་དུ་ཤི་བའི་སྡུག་བསྔལ་མྱོང་བ། སྐྱེས་ཚད་སྡུག་བསྔལ་གྱི་

བསུ་མ། བསགས་ཚད་ཁུར་བོ་ཡི་སྣོན་མ། འབྲེལ་ཚད་ཚོགས་ངན་གྱི་གཞི་མ། གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་མེད་པའི་གནས་ཅུང་ཟད་ཀྱང་མེད་པས་ན། འཁོར་བ་འདི་སྡུག་བསྔལ་གྱི་རྒྱ་མཚོ་ལྟ་བུ་ཡིན། འཁོར་བ་འདི་སྲིན་མོའི་གླིང་ལྟ་བུ་ཡིན། འཁོར་བ་འདི་དུག་སྦྲུལ་གདུག་པ་ཅན་གྱི་ཚང་ལྟ་བུ་ཡིན། འཁོར་བ་འདི་མེ་མ་མུར་གྱི་འོབས་ལྟ་བུ་ཡིན་གསུངས་ཁི་འདུག་རྒྱུ་དེ་རྒྱལ་བ་བདེན་པར་སྨྲ་བའི་བཀའ་ལ་བསླུ་བ་མེད་ནི་བོ་ལྐོག་གྱུར་ཞིག་ཡིན་ནི་མ་རེད། རང་རང་སོ་སོའི་ལུས་ཐོག་ནས་བསམ་ན་སྐྱེས་ནས་མ་ཤིའི་བར་དུ་སྡུག་བསྔལ་ཤ་སྟག་གི་བརྒྱུད་རིམ་འདི་ལ་བལྟས་ནའང་མི་ཤེས་པ་ཞིག་མེད། དེ་ལྟ་བུའི་སྡུག་བསྔལ་མཐའ་ཡས་མུ་མེད་པར་ཚུད་པའི་མར་གྱུར་འགྲོ་བ་ནམ་མཁའི་ཁྱོན་དང་མཉམ་པ་འདི་དག་ཐམས་ཅད་སྙིང་རེ་རྗེ། འདི་ཐམས་ཅད་ཀྱིས་བསམ་རྒྱུ་འདོད་རྒྱུ་བདེ་བ་དང་མི་བསམ་མི་འདོད་རྒྱུ་སྡུག་བསྔལ་ཤ་སྟག་ཡིན། བདེ་བ་ཐོབ་ཅིང་སྡུག་བསྔལ་མི་འབྱུང་བའི་ཆེད་དུ་ཉིན་མི་དལ་མཚན་མི་ཁོམ་ནས་རྒྱུག་ཁི་ཡོད་ནི་རེད། འབད་རྩོལ་དོན་གཉེར་གཉིས་ཀ་དེ་ལ་བྱེད་ཁི་ཡོད་ཀྱང་ལས་རྒྱུ་དང་འགྲུབ་རྒྱུ་ཚང་མ་ནི་སྡུག་བསྔལ་རྒྱུ་འབྲས་གཉིས་པོ་ཁོ་ན་ཡིན། མི་རྙེད་མི་ཐོབ་རྒྱུ་ནི་བདེ་བ་རྒྱུ་འབྲས་གཉིས་པོ་ཁོ་ན་ཡིན། བདེ་བ་དོན་དུ་གཉེར་བའི་བསམ་པས་བདེ་བ་སྒྲུབ་རྒྱུའི་དོད་པོ་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་སྒྲུབ་པ་དཔེར་ན་སེམས་ཀྱིས་སྨན་ཤིང་གི་ས་བོན་འདེབས་བསམ་ནའང་ལག་གིས་དུག་གི་ས་བོན་ཞིག་བཏབ་བཏང་ན། འབྲས་བུ་དུག་ཤིང་གི་སྡོང་པོ་རང་གཞན་གཉིས་གནོད་ཅན་ཞིག་སྐྱེ་མི་འོང་བའི་ཐབས་མེད། དེ་ལྟ་བུའི་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་བའི་སེམས་ཅན་ཐམས་ཅད། ལམ་ལོག་མགོ་རྨོངས་སུ་གྱུར་ནས་དཔེར་ན་དམུས་ལོང་ཐང་སྟོང་དུ་འཁྱམས་པ་ལྟ་བུ་འདི་རྣམས་ལ། ད་རེས་ངས་ཐར་ལམ་གསལ་བའི་མིག་ཅིག་བསྒྲུབས་ནས་མ་རྒན་སེམས་ཅན་འདི་དག་ཐམས་ཅད་ལ་ཕན་ཐོགས་པ་ཞིག་ཅི་ནས་ཀྱང་བྱ་དགོས། ཕན་འདོགས་བྱེད་ཀྱི་མཐུ་དང་ནུས་པ་རང་ལ་མེད་པ་ཞིག་ཡིན་ན་རྒན་མོ་བསམ་བཟང་གི་སྙིང་རྗེ་ཙམ་གྱིས་ཕན་ཆེན་པོ་ཞིག་མི་ཐོགས་པས། རང་ཉིད་ལ་མཐུ་དང་ནུས་པ་ཁྱད་པར་ཅན་ཡོད་དགོས་ན་ཐོག་མར་ཤེས་རབ་ཁྱད་པར་ཅན་ཞིག་ཡོད་ཐབས་བྱེད་དགོས། སྤྱིར་ཆོས་དང་འཇིག་རྟེན་གང་བསྒྲུབ་དགོས་ཀྱང་ཤེས་རབ་མེད་ན་འགྲུབ་ཐུབ་ནི་མ་རེད། ཡུལ་སྡེ་བ་གཅིག་གི་མྱི་ཡིན་ཡང་འགའ་རེ་ཡར་ཡར་ཇེ་ཕྱུག་ཇེ་དར། ཇེ་མཁས་ཇེ་བཟང་། འགའ་རེ་མར་མར་ཇེ་སྡུག་ཇེ་མཐའ་རེད་འགྲོ་རྒྱུ་འདི། ལམ་ལེགས་ཉེས་དཔྱད་པའི་ཤེས་རབ་ཡོད་མེད་ལ་གཙོ་བོར་ཐུག་སོང་ནི་རེད། དེས་ན་ལེགས་ཉེས་འབྱེད་པའི་ཤེས་རབ་མྱིག་ལྟ་བུ་དེ་མེད་ནས་ལམ་ལོག་སོང་ན། ཆུང་ན་རང་གི་མྱི་ཚེ་སྣད་གཏང་བ་དང་། ཆེ་ན་ཡུལ་ཁམས་ལ་ཕུང་དཀྲུག་གཏང་ཐུབ་ནི་རེད། ལེགས་ཉེས་འབྱེད་པའི་རྣམ་དཔྱད་ཤེས་རབ་ཅིག་རང་ལ་ཡོད་པའམ། ཡང་ན་དམ་པའི་བཀའ་དྲིན་ལས་གསར་དུ་ཐོབ་ནས། དེའི་སྟེང་ལ་མཁས་པའི་ལེགས་བཤད་དང་བློ་འདྲིས། སྨོན་ལམ་བཟང་པོས་མཚམས་སྦྱོར་དང་ལྡན་ན། ཡ་རབས་ཀྱི་ལམ་ལ་ཞུགས་པའི་མི་ཡ་རབས་དེ་འདྲས་སྤྱི་ཆུས་མ་གཏོགས་རང་དོན་སྒྲུབ་ནི་མ་རེད། རང་དོན་མ་བསྒྲུབས་ཀྱང་རང་ཆུས་ཞོར་དུ་འབྱུང་གི་འདུག་ནི་རེད། ཇི་སྐད་དུ། རང་དོན་ཁོ་ན་གཙོར་བྱེད་པ། །དེ་ཡིས་རང་དོན་འགྲུབ་མི་སྲིད། །ཅེས་གསུངས་། མདོར་ན་མི་ཡ་རབས་རེ་རེས་ཀྱང་ཡུལ་ཁམས་བདེ་ལ་བཀོད། རང་གཞན་གཉིས་ཀའི་ཚེ་འདི་ཕྱིའི་དོན་ཆེན་འགྲུབ་པ་ཡིན། ཕ་རུས་མ་ཁོངས་མཐུན་པའི་ཁྱིམ་གཅིག་གི་བུ་སྤུན་ཡིན་ཡང་ཆོས་འཇིག་རྟེན་གཉི་ག་གང་ཐད་ནས་བཟང་ངན་ཤོར་ཁི་འདུག་རྒྱུ་འདི། རྩ་བ་ཤེས་རབ་ཡོད་མེད་ལ་ཐུག་ནི་རེད། ཚེ་ཕྱི་མའི་དོན་ཆེན་སྒྲུབ་པའི་ཐད་ནས་རང་མགོ་རང་གིས་ཐོན། མ་ཚད་གཞན་མགོ་བཏོན་ནས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་འཁོར་བའི་གནས་ལས་སྒྲོལ་བའི་དམ་བཅའ་བྱེད་མཁན་ཞིག་གིས། ཐོག་མ་ཉིད་ནས་ཤེས་རབ་ཀྱི་མིག་ཁྱད་པར་ཅན་ཞིག་ཡང་དུ་བསྒྲུབ་དགོས་ནི་རེད། འོ་ན་དེ་ཇི་ལྟར་བསྒྲུབ་དགོས་ཤེ་ན། ཐོས་པའི་ཤེས་རབ་དང་། བསམ་པའི་ཤེས་རབ་དང་། སྒོམ་པ་ལས་བྱུང་བའི་ཤེས་རབ་གསུམ་ལ་བསླབ་དགོས། དང་པོ་ཐོས་པའི་ཤེས་རབ་ལ། ཐོས་རྒྱུ་དམ་པའི་གཞུང་ལུགས་དང་། རྐྱེན་དགེ་བའི་བཤེས་གཉེན་ཁྱད་པར་ཅན་ཞིག་རྙེད་དགོས། དེ་ཡང་ཐོས་པའི་ཤེས་རབ་སྒྲུབ་རྒྱུའི་གཞུང་ལུགས་ལ་བསམ་ན། སྤྱི་དང་བྱེ་བྲག་གི་རིག་པའི་གནས་སྣ་ཚོགས། དུས་རབས་གསར་རྙིང་གི་དགོས་མཁོ་དང་བསྟུན་ན་འཕྲལ་མཁོ་འཇིག་རྟེན་གྱི་བྱ་བ་སྒྲུབ་ཐབས་དང་། ཕུགས་བསམ་འདི་ཕྱིའི་དོན་ཆེན་སྒྲུབ་བྱེད་ཀྱི་གཙུག་ལག་གཉིས་ཀྱི་རྣམ་བཞག་དེ་ཉིད་ཆེས་ཤིན་ཏུ་མང་བ་ཡིན། ཡིན་ན་ཡང་ཤེས་བྱ་བསླབ་དགོས་ཀྱི་གནས་ལ་ཟད་པ་མེད་ན། གཅིག་མ་ཤེས་གོང་ནས་གཉིས་ལ་འཐམ་ཁ་བྱེད་ན། ཕུ་ནས་ཤ་ཤོར། །མདའ་ནས་ཤེའུ་ཤོར། །ཟེར་བ་ལྟར། ཐ་མར་དོན་ཆེ་ཆུང་གཉིས་ཀ་ལག་ཏུ་མ་ལོན་པའི་མཚན་གཞི་མང་པོར་ཡོད། དེས་ན་ཞེ་སྙིང་ནས་དམ་ཆོས་དོན་གཉེར་བྱེད་མཁན་གྱིས་མ་གྱུར་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་མར་ཤེས་དྲིན་དྲན་དྲིན་ལེན་གཟོ་འདོད་ཀྱི་བསམ་པ་དེའི་ཐོག་ནས། ཚེ་གཅིག་ལ་བྱང་ཆུབ་དོན་གཉེར་མ་གཏོགས་བསམ་རྒྱུ་གཞན་མེད་ནི་ཆོས་པ་ཞིག་གིས། ཚེ་གཅིག་ལུས་གཅིག་ལ་གྲོལ་བ་ཐོབ་པའི་གདམས་ཟབ་ཁྱད་པར་ཅན་ཞིག་བཙལ་རྒྱུ་དེ་གནད་ཆེན་ཡིན་པས་མ་ཚད། གདམས་ཟབ་དེ་ཉིད་ལག་ཁྲིད་གནང་མཁན་གྱི་ལམ་སྟོན་དགེ་བའི་བཤེས་གཉེན་དང་མཇལ་རྒྱུ་དེ་བས་ཀྱང་གལ་ཆེ་བ་ཡིན། འོན་ཀྱང་གདམས་པ་ཟབ་མོ་སྟོན་པའི་བླ་མ་དེ་ཉིད་སུ་བྱུང་བྱུང་གང་ཐུག་ཐུག་ཅིག་ཡོད་པ་ཙམ་གྱིས་མི་འོང་བས། མཚན་ཉིད་དང་ལྡན་པའི་ལམ་སྟོན་གྱི་བླ་མ་རང་རྒྱུད་ཆོས་ཀྱིས་དུལ་བ། གཞན་རྒྱུད་དགེ་བ་ལ་སྦྱོར་ནུས་ནི། འབྲེལ་ཚད་ལོག་ལམ་དུ་མི་གཏོང་བ། ཇི་སྐད་དུ། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་ལྡན་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །ཞེས་གསུངས་པ་ལྟར། ཚུལ་ཁྲིམས་དག་པས་ལུས་ངག་དུལ་བ། ཏིང་ངེ་འཛིན་དག་པས་ཐུགས་རྒྱུད་དུལ་བ། ཤེས་རབ་དག་པས་ཉེ་བར་ཞི་བ། ཡོན་ཏན་གཞན་ལས་ལྷག་པ། ཕྲིན་ལས་གཞན་དོན་ལ་ལེ་ལོ་མེད་པའི་བརྩོན་འགྲུས་ཅན། ཁྱད་པར་དུ་ཐོས་པ་ཆེ་བས་ལུང་གིས་ཕྱུག་ཅིང་། བཤད་པར་བྱ་བའི་དོན་གྱི་དེ་ཉིད་རབ་ཏུ་རྟོགས་པས། འཆད་བྱེད་ཚིག་ལ་མཁས་པ། གདུལ་བྱ་གང་ལ་གང་དགོས་ཀྱི་ཆོས་འཆད་པ་ལ་ཐོགས་པ་མེད་པའི་མཁྱེན་རབ་ལྡན་ཞིང་། འབུལ་བ་ཟང་ཟིང་གི་དངོས་པོ་མེད་ཀྱང་བརྩེ་བ་ཆེན་པོས་སློབ་མར་ཆོས་སྟོན་པ་དེ་ལྟ་བུ་ཞིག་ཡོད་དགོས། ཁྱད་པར་གསང་སྔགས་ཀྱི་གདམས་ཟབ་སྟོན་པའི་བླ་མ་ནི། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་དང་བརྒྱད་འཆང་བ། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར། བསྐྱེད་རྫོགས་རྫོགས་ཆེན་གསུམ་གྱི་དོན་ལ་མཁས་པའི་གསང་བའི་མཛོད་གསུམ་དང་ལྡན་པ། དབང་བཞིའི་ཆུ་བོ་རྫོགས་པ། གསང་བ་གཉེར་དུ་གཏད་ན་མི་སླུ་བའི་སློབ་མ་སྣོད་ལྡན་ཡལ་བ་མི་འདོར་བའི་གཉེར་དང་ལྡན་པ། རྒྱུད་ཀྱི་དོན་ལ་མཁས་པས་སློབ་མའི་ཤེས་རྒྱུད་གྲོལ་ནུས་ནི། དཀྱིལ་འཁོར་དབང་བསྐུར་སོགས་ཞི་རྒྱས་ཀྱི་ལས་རབ་འབྱམས་སྒྲུབ་པ་ལ་མཁས་པ། སྙན་བརྒྱུད་ཉམས་མྱོང་དང་ལྡན་པས་མན་ངག་གི་དྲོད་འཆང་བ་ཞིག་དགོས་གསུངས་ནི་རེད། ཁྱད་པར་རྫོགས་ཆེན་མན་ངག་སྟོན་པའི་བླ་མ་ནི། ཚིག་གིས་གདམས་པའི་སྒྲོ་འདོགས་གཅོད་ནུས་པ། དོན་གྱི་ངོ་སྤྲོད་ཀྱིས་རྟོགས་པ་སྐྱེད་ནུས་པ། བྱིན་རླབས་ཀྱི་ཟིལ་གྱིས་སྣང་བ་སྒྱུར་ནུས་པ། ཉམས་མྱོང་གི་ཐབས་མཁས་ཀྱིས་གེགས་སེལ་ནུས་པ་དེ་འདྲ་ཞིག་ཡིན་དགོས། འོན་ཀྱང་ད་ལྟ་སྙིགས་མའི་དུས་སུ་བླ་མ་ལྟ་ཅི་སངས་རྒྱས་བྱོན་ཀྱང་ཡིད་མི་ཆེས་པའི་དུས་སུ་གདུལ་བྱའི་སེམས་ཅན་བསོད་ནམས་དམན་པས་བླ་མ་མཚན་ཉིད་ཀུན་ལྡན་ཞིག་རྙེད་དཀའ་ན་ཡང་། མ་མཐའ་ཡང་རང་ལས་ལྷག་པར་ཞིག་བསྟེན་རྒྱུ་བོ་གལ་ཆེན་པོའི་ནང་གི་དོན་ཆེན་པོ་ཡིན། དེ་ལྟར་ན་ཡང་དེང་སྐབས་ཀྱི་དུས་འདིར། སློབ་དཔོན་དབྱིག་གཉེན་གྱིས། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་རྟོགས་རང་གར་གྱུར་བ་ཡི། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །ཞེས་གསུངས་པ་ལྟར་བདག་དང་བདག་འདྲས་ཆོས་བཤད་ཁ་བྱེད་རྒྱུ་འདི་ནི། བརྒྱུད་པ་གོང་མ་གསེར་རིའི་ཕྲེང་ཚར་ལྟ་བུ་ལ་ལྟོས་ན་གསེར་ལ་སྔོ་ནེའི་རྒྱན་ཆ་བཏགས་པ་ལྟར་ཆོས་ལ་དབང་ཟ་བ་ལྟ་བུ་ཞིག་མ་གཏོགས་མེད་ཀྱང་། དམ་པ་གོང་མའི་བཀའ་ལུང་ཞལ་ཆེམས་ལ་ཕུགས་བཅོལ། བསྟན་པ་སྲོག་གིས་གསོ་བའི་ལྷག་བསམ་ལྷད་མེད་ལ་གཞི་བཟུང་ན། དབྱིངས་ན་བཞུགས་པའི་མཆོག་གསུམ་རྩ་གསུམ། ཁྱད་པར་དུ་ཆོས་བརྒྱུད་འདིའི་བརྒྱུད་གསུམ་བླ་མའི་བྱིན་ནུས་ལ་བརྟེན་ཏེ། ཁྱེད་སློབ་ཚོགས་ཚང་མས་གདམས་ངག་ཟབ་ཆོས་ཉམས་སུ་ལེན་པའི་བརྩོན་འགྲུས་མ་ཞན་ན། རྒན་མོ་ཁྱི་སོས་སངས་རྒྱས་པའི་དཔེ་ལྟར། རྟོགས་པའི་བྱིན་རླབས་འདྲ་འདྲ་ཞིག་འཕོ་རྒྱུ་དང་ཐོབ་རྒྱུ་ཡོད་རྒྱུ་རེད་བསམས་ནས་ཡིད་ཆེས་གདེང་ཚོད་དེ་འདྲ་འཇོག་ཁི་ཡོད། ཆོས་ཞུ་མཁན་སློབ་མ་ཡང་སུ་ཡིན་གང་ཡིན་མིང་གྲངས་རྩི་བྱེད་ཙམ་སྔ་དྲོ་ར་མའི་ནང་ན་ཡོད་ནི། ཕྱི་དྲོ་ལུག་གི་གྲལ་ལ་ཐེ་ནི། ར་མིན་ལུག་མིན། སྒོ་ཕྱི་ནང་བར་གྱི་རིས་རྡོག བྱང་ཐང་གི་འཇག་མ་ལྟ་བུས་མི་འོང་། མཆོག་གསུམ་སྐྱབས་ཀྱི་དྭངས་མ་འཛིན་ནི། ལས་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་ངེས་ཤེས་ཡོད་པ། དེའི་ཐོག་གཞན་ཕན་སྙིང་རྗེའི་སོ་རྩ་མ་ཉམས་ཤིང་། དམ་ཚིག་ཐང་ལ་འཕེན་མི་གཏོང་བ་ཞིག་མ་མཐའ་ཡང་ཡིན་དགོས་ནི་རེད། གང་ལྟར་བཤད་རུང་འུ་ཅག་རྣམས་ས་དང་ལུང་པའི་དོད་གནས། བྲག་དང་ཤུག་པའི་སྐྱེ་ལེན། སྔོན་སྨོན་ཐུགས་བསྐྱེད་བཟང་པོས་ཟེར་ན་ཆེ་ནི་ཨེ་ཡིན་ན། སྔ་འགྱུར་བསྟན་པའི་བསྟི་གནས་གྲུབ་དབང་རྫོགས་ཆེན་པའི་གདན་སའི་ཡང་དབེན། གནའ་མཁན་ཆེན་པདྨ་བཛྲ་མཚན་བཏགས་པ་ལྟར་ན། ཐེག་མཆོག་འོད་གསལ་ཉི་ཟླའི་གླིང་། དེང་སྐབས་གངས་ལྗོངས་བསྟན་འགྲོའི་དཔལ་མགོན་ཆེན་པོས་མཚན་བཏགས་པ་ལྟར་ན། རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་འདི་ན་འཛོམས་ནས། ཟབ་ཁྲིད་ཀྱི་གདམས་པ་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་འཆད་ཉན་བྱ་རྒྱུ་འདི། བྱིས་པས་རྩེ་རྡོ་སྒྲིག་ནི་འདྲ་ཞིག་མ་རེད། ལས་སྨོན་གཅིག་ཏུ་མཐུན་པ་མི་ཟེར་ཀ་མེད་ཀྱི་ཐོག་ནས། ཁྱོད་འདི་ཡོད་སེར་སྐྱ་མཆོག་དམན་བར་གསུམ་ཐམས་ཅད་ཀྱིས་བསམ་བློ་ནང་དུ་སྐོར་དང་དལ་འབྱོར་ཚང་བའི་དལ་རྟེན་འདི་རྙེད་པར་དཀའ་བ་མ་ཟད། ཚེ་མི་རྟག་པའི་ཁྲིད་ནས་གསུངས་པ་ལྟར་ཚེ་འདི་སྣང་གི་མི་ཚེ་འདི་སྐད་ཅིག་མི་བརྟན་འགྱུར་བའི་ཆོས་ཅན། འཆི་བའི་རྐྱེན་མང་། འཚོ་བའི་རྐྱེན་ཉུང་བ་རླུང་གསེབ་ཀྱི་མར་མེ་ལྟ་བུ་ཡིན་ནི་རེད། གལ་ཏེ་འགལ་རྐྱེན་སད་ཀྱིས་མ་ཁྱེར་ནས་རྟབས་ལེགས་ལྟས་དབང་གིས་ཚེ་མཐར་ཕྱིན་ན་ཡང་། ལང་ཚོ་དར་ལ་བབ་པ་འདི། ནམ་མཁའི་འཇའ་ཚོན་གྱི་རི་མོ་དང་འདྲ་བ་ཡུན་རིང་མི་གནས། ན་ཚོད་ཕྱེད་ཡོལ་གྱི་ཐོག་ལ་ཐོན་དུས་དགོང་ཕྱི་དྲོའི་གྲིབ་ཆེན་དགུག་ནི་འདྲ་བ། ཉེར་འབྱུང་འཆི་བདག་གི་བསུ་མ་དང་ཐག་ཇེ་ཉེ་ཡིན་ན། འཆི་བདག་གཤིན་རྗེའི་གདོང་དང་ཐུག་དུས་ཆོས་སྔོན་སོང་གི་བསགས་རྒྱབ་ཅིག་དང་ཉམས་ལེན་གྱི་དཔའ་གདེང་ཞིག་མེད་ན། དེ་དུས་བླ་མ་རྐྱང་བས་སྐྱོབས་ཟེར་ན་དཀའ་ནི་རེད། སྐྱབས་གནས་ལ་ཐུགས་རྗེ་མེད་ནི་མ་རེད་གདའ། དད་པའི་ཨ་ལུང་མེད་ན་ཐུགས་རྗེའི་ལྕགས་ཀྱུས་བཟུང་ཐབས་མེད་པས། འུ་ཅག་དུས་སྙིགས་མའི་དམུ་རྒོད་ཀྱི་སེམས་ཅན་འདི་དག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་འདུལ་མ་ནུས་ནས་ལྷག་སོང་ནི་ཡིན་ན། ད་ལྟ་རང་དབང་རང་ལག་ཡོད་དུས་དམ་པའི་ལྷ་ཆོས་སྒྲུབ་རྒྱུ་རེ་མ་འཁྱུགས་ཟེར་རྒྱུ་ནི་ཆོས་ཁྲིད་ནམ་ཚོགས་ཆོས་དུང་ནམ་བུས་སྐབས་བཤད་ནི་ཡིན། དམ་པའི་ལྷ་ཆོས་སྒྲུབ་པ་དེའང་ལྟར་སྣང་བ་དང་། སླ་ཆོས་དང་། འགྲོ་ཞོར་འདུག་ཞོར། ལས་ཀའི་ནང་གི་གནད་ཆུང་ཞར་དང་ཞོར་ལ་ལས་རྒྱུ་ལྟ་བུ་དང་། སྒྲུབ་མཁན་མྱིའི་ནང་ནས་ཡིན་ན་ལས་མེད་ཉི་ཁུག་ལ་བསྡད་པའི་ཨ་ཕྱི་ཨ་མྱེ་རྣམས་དང་། གཏོང་ཕོད་རྒྱུ་འགྲོས་ཀྱི་ཐད་ནས་ཡིན་ན་ཁ་ཚར་རྣ་ཚར་ཙམ་ཞིག་ལས་མེད་ན། དཔལ་སྤྲུལ་རིན་པོ་ཆེས། ཐུད་ཀྱི་སྔོ་ས་མར་གྱི་ཁ་ས་ནས་དཀོན་མཆོག་ལ་མཆོད་ན་ལོ་ནི་མ་རེད་གསུངས་ཡོད་པས། མདོར་ན་གང་ཐད་ནས་ཡིད་ཆེས་མ་ཆེས་ཙམ་ཞིག་གི་ཐོག་ནས་ཆོས་འཇིག་རྟེན་གཉིས་འདྲེས་མ་ཞིག་གིས་ཆོས་རྣམ་པར་དག་པ་ཞིག་འགྲུབ་ཐུབ་དཀའ། སྤྱིར་ཆོས་ལ་ཞུགས་དུས་དང་པོ་ཐེ་ཚོམ་ཞིག་ཤར་རྒྱུ་ཡོད་དེ་ལོག་རྟོག་དོན་འགྱུར་གྱི་ཐེ་ཚོམ་ཞིག་ཡིན་ནི་མ་རེད། བླང་དོར་གྱི་མིག་འབྱེད་པའི་རྣམ་དཔྱོད་ཀྱི་སྔོན་ལྟས་ཤིག་ཡིན་ནི་རེད། ཐེ་ཚོམ་དེ་ལས་དྲི་བ་ཞིག་རང་ཤུགས་ཀྱིས་འབྱུང་བ་ཡིན་ན། དེའི་དྲིས་ལན་དུ་རྒྱལ་གསུང་བཀའ་དང་བསྟན་བཅོས་ཀྱི་དགོངས་དོན། ཚད་མ་གསུམ་གྱིས་བརྟགས་ཤིང་དཔྱད་ཏེ་རྙེད་པའི་རྙེད་ནོར་ཞིག་རང་གིས་ལོན་དགོས་ནི་རེད། དེ་རང་གིས་མ་ཤེས་ན་གཞན་ལ་འདྲི་དགོས། དེའི་ཚེ་ཡིད་མི་ཆེས་པའི་དོན་འགྱུར་གྱི་ཐེ་ཚོམ་ཞིག་སྐྱེ་བྱུང་ན་རྗེས་ནས་ལོག་ལྟར་འགྱུར་ཉེན་ཡོད། དེའི་ཚེ་བློ་ཐག་ནང་ནས་ཆོད་པའི་ངེས་ཤེས་ཀྱི་དད་པ་ཞིག་འབྲང་ན་ཡིད་ཆེས་ཕྱིར་མི་ལྡོག་པའི་དད་པ་ཡིན་ནི་རེད། དེས་ན་ཆོས་ལམ་ལ་ཞུགས་པའི་ཐོག་མར་དད་དང་སྙིང་རྗེ་གཉིས་ཀྱི་གཞི་བཟུང་། ཆོས་བསྒྲུབ་དགོས་པའི་རྒྱུ་མཚན་དང་ཇི་ལྟར་སྒྲུབ་པའི་ཚུལ་ལ་སོགས་གནད་ཁ་དང་རྒྱུ་མཚན་ཚང་མ་རང་གིས་ངེས་པར་བྱས་ནས། དམ་པའི་ཆོས་གཞི་ནས་ལག་ལེན་ལ་བསྟར་ན་ཆོས་རང་རྒྱུད་ལ་འབྱོར་བ་དང་། བརྩོན་འགྲུས་ཀྱི་སྐུལ་འདེབས་རང་ཤུགས་ཀྱིས་འོང་བའི་གནད་ཡོད། ད་སྐབས་སུ་བབས་པའི་འཆད་བྱ་གང་ཡིན་ན། དེ་རིང་དུད་འགྲོའི་སྡུག་བསྔལ་བཤད་པའི་སྐབས་ཏེ།

༣༽ དུད་འགྲོའི་སྡུག་བསྔལ།

ངན་སོང་གི་གནས་གསུམ་པ་དུད་འགྲོ་ལའང་བྱིངས་ན་གནས་པ་དང་ཁ་འཐོར་བ་གཉིས་ལས། དང་པོ་ནི་མཐའི་རྒྱ་མཚོ་ཆེན་པོའི་ནང་ན་སྐྱོབས་པའི་རྟེན་དང་གནས་མེད་པས་ན་རླབས་ཀྱིས་བརྡས་ཏེ་ངེས་མེད་འཁྱམས་པའི་ཉ་དང་། ཆུ་སྲིན་དང་། དུང་དང་། སྦལ་པ་དང་། འབུ་སྲིན་ལ་སོགས་པ་ཆང་བཙོ་ཤུལ་གྱི་འབྲས་སྙིགས་མའམ་ཆང་འགག་གི་སྦང་མ་བཞིན་བར་མཚམས་མེད་པར་ལྕིག་ལྕིག་ཡོད་པ་ལ་ཆུ་ནང་གནས་པའི་ཆུའི་སྦྲུལ་དང་ཆུ་སྲིན་ལ་སོགས་པ་ལུས་བོང་ཆེ་བ་འགའ་རི་རབ་ལ་ལན་མང་པོའི་བར་དཀྲིས་ཐུབ་པའི་དེ་འདྲའི་རིང་པོ་དང་། ཡང་ལུས་བོང་ཆུང་བ་འགའ་ཞིག་ཤིན་ཏུ་ཕྲ་བའི་མཐར་ཐུག་པ་རྡུལ་ཕྲན་དང་དེ་ལས་ཅུང་ཟད་ཆེ་བ་ཁབ་རྩེ་ལྟ་བུའི་བར་དུ་ཡོད་ཅིང་། སྲོག་ཆགས་དེ་དག་ཆེ་ཆེས་ཆུང་ཆུང་རྣམས་གྱུར་མིད་བྱེད་པ་དང་། དུང་ལ་སོགས་པ་ཆུང་ཆུང་གིས་ཆེན་པོ་རྣམས་ཀྱི་ལུས་ཐལ་མར་འབིགས་ཤིང་ཟ་བ། སྲོག་ཆགས་ཆེ་བ་རེ་རེའི་ལུས་ལ་ཆུང་བ་དུ་མས་ཚང་བཅས་ནས་ཁ་ཟས་སུ་བྱེད་པ་དང་། གླིང་བར་ཉི་མ་མི་འཆར་བའི་མུན་པའི་གླིང་གི་གནས་སུ་སྐྱེས་པས་ན་རང་གི་ཡན་ལག་དང་ཉིང་ལག་བརྐྱང་བསྐུམ་བྱེད་པ་ཙམ་ཡང་མི་མཐོང་བར་མུན་ནག་འཐིབས་པས་ཤིན་ཏུ་སྡུག་བསྔལ་བ། དུད་འགྲོ་རིགས་སྤྱི་ལ་བླུན་ཞིང་གཏི་མུག་པ་ཤེས་རབ་ཀྱི་སྣང་བ་གཏན་ནས་མེད་པས་དགེ་སྡིག་སྤང་བླང་གི་བླང་དོར་གྱི་གནས་ཐམས་ཅད་ལ་རྨོངས་ཏེ་སྐྱེ་བ་ཚེ་རབས་མང་པོ་སྡུག་བསྔལ་མུ་མཐའ་མེད་པའི་ཀློང་དུ་འཁྱམས་ཏེ་ངན་སོང་གི་གནས་སུ་སྐྱེ་བ་ཡིན། གཉིས་པ་ཁ་འཐོར་བའི་དུད་འགྲོ་ནི། ལྷ་དང་མི་ཡི་ཡུལ་ན་ཡོད་པ་རྣམས་ཡིན་དེ་དག་ཀྱང་དུད་འགྲོ་གཞན་དང་འདྲ་བ་བླུན་ཞིང་རྨོངས་པ་དང་གཞན་མི་ལ་སོགས་པས་བཀོལ་སྤྱོད་ཀྱི་སྡུག་བསྔལ་ཁོ་ན་ལ་དུས་རྟག་ཏུ་སྤྱོད་པ་ཡིན། ཀླུ་སོགས་ལ་མཁའ་ལྡིང་སྟེ་བྱ་རྒྱལ་ཁྱུང་གི་གནོད་པ་དང་། སྐབས་སྐབས་སུ་བྱེ་ཚན་གྱི་ཆར་འབབས་པས་ཉམ་ཐག དེ་དག་ཀྱང་བླུན་ཞིང་གཏི་མུག་པ། ཀླུ་རིགས་དེ་དག་གདུག་རྩུབ་ལྷག་པར་ཆེ་བ་དང་དུག་སོགས་ཡོད་པས་རང་གིས་གཞན་ལ་གནོད་པ་དང་རང་ལ་སྡུག་བསྔལ་གྱིས་ཉམ་ཐག་པའོ། །ཁྱད་པར་མི་ཡུལ་གྱི་དུད་འགྲོའི་རིགས་མིས་བདག་ཏུ་མ་བཟུང་བའི་རི་ལ་གནས་པའི་རི་དྭགས་གཅན་གཟན་ལ་སོགས་པ་རྣམས་ནི་དུས་རྟག་ཏུ་འཇིགས་སྐྲག་གི་སྣང་བ་ཁོ་ན་ལ་སྤྱོད། རྩྭ་སོགས་ཟས་ཁམ་གང་ཟ་ཡང་བག་མི་ཕེབ་བཞིན་དུ་ཟ། གཅིག་གིས་གཅིག་བསད་ཅིང་དེའི་ཤ་ཟ་ཞིང་། རྔོན་པ་དང་གཅན་གཟན་ལ་སོགས་གསོད་པ་པོ་གྲངས་མང་། ཁྲས་བྱེའུ་དང་བྱེའུས་འབུ་གསོད་ནས་ཟ་བས་མཚོན། གཅིག་གིས་གཅིག་གསོད་པའི་ལས་ངན་པ་ཁོ་ན་རྟག་ཏུ་གསོག་པ་ཡིན། མིའི་རིགས་ཀྱི་རྔོན་པ་ལ་སོགས་པ་རྣམས་ནི་སེམས་ཅན་དུད་འགྲོ་དེ་དག་ཐབས་སྣ་ཚོགས་ཀྱི་སྒོ་ནས་མནར་ཞིང་གསོད་པའི་སྡིག་པའི་ལས་ཐབས་ལ་མཁས་པས། རྒྱ་དང་སྙི་དང་གོག་ཚེ་དང་མེ་མདའ་ལ་སོགས་གནོད་པ་བྱེད་པའི་ཐབས་འཕྲུལ་གྱི་ལག་ཆ་དུ་མས་སྟོབས་ཅན་གྱི་གཅན་གཟན་རྣམས་ཀྱང་འཕྲལ་དང་འཕྲལ་དུ་སྲོག་ལ་རྒོལ་ནས་བསད། རི་དྭགས་དང་གཅན་གཟན་ཁ་ཅིག་རང་གི་ལུས་ལ་སྐྱེས་པའི་རྭ་དང་སྤུ་དང་པགས་པ་དང་ཤ་རྭ་དང་གླ་རྩི་དང་དོམ་མཁྲིས་དང་ཤ་དང་ཁྲག་ལ་སོགས་པའི་ཆེད་དུ་གསོད་དེ། ཚོང་པས་མུ་ཏིག་གི་ཆེད་དུ་ཉ་ཕྱིས་གསོད་པ་དང་། མཆེ་བ་དང་རུས་པ་ལ་སོགས་པའི་ཆེད་དུ་གླང་པོ་ཆེ་གསོད་པ་དང་། པགས་པའི་ཆེད་དུ་སྟག་གཟིག་དང་། སྲམ་དང་ཝ་སོགས་གསོད་པ་དང་། གླ་རྩིའི་ཆེད་དུ་གླ་བ་དང་། ཤ་དང་ཁྲག་གི་ཆེད་དུ་རྐྱང་འབྲོང་ལ་སོགས་པ་གསོད་པ་སོགས་དུད་འགྲོ་དེ་དག་གི་རང་གི་ལུས་ཉིད་ཀྱང་རང་ཉིད་གསོད་པའི་རྒྱུའམ་རྐྱེན་དུ་འགྱུར་བར་སྐྱེས་པས་ན་རྣམ་པ་ཀུན་ཏུ་ཤིན་ཏུ་སྡུག་བསྔལ་བ་ཡིན་ནི་རེད། གཡུང་དྭགས་མི་ལ་བརྟེན་པའི་དུད་འགྲོ་རྟ་ཟོག་ར་ལུག་རྣམས་ནི་བླུན་ཞིང་གཏི་མུག་རྨོངས་པ་ཡིན་པས་གསོད་པའི་གཤེད་མས་རལ་གྲི་ཐོགས་ཏེ་དྲུང་དུ་སླེབ་ཀྱང་མིག་སྔོ་ཅེ་རེ་ལྟ་བ་ལས་བྲོས་པ་ཙམ་ཡང་མི་ཤེས། དེ་བཞིན་དུ་མ་འབྲི་སོགས་རྒས་མ་སོང་གི་བར་དུ་ཞོ་བཞོ་བ་དང་། རྟ་དྲེལ་མཛོ་ཁལ་སོགས་ལ་ཁལ་འགེལ་བ་དང་། བྱ་གཅོད་པ་དང་། སྣ་འབིགས་པ་དང་། རྨོས་རྨོ་བ་སོགས་མདོར་ན་བཀོལ་སྤྱོད་ཀྱི་རྣམ་གྲངས་འདི་མྱོང་དང་འདི་མ་མྱོང་སྙམ་པ་གཅིག་ཀྱང་མེད། རྟ་ཁལ་སོགས་རྒྱབ་ཆད་ནས་ཐམས་ཅད་རྨར་སོང་ཡང་ད་དུང་ཡང་ཁལ་འགེལ་བ་དང་། བཞོན་ནས་འགྲོ་བ་སོགས་བྱེད། ལུས་ཤུགས་ཟད་ནས་འགྲོ་མ་ནུས་ཙ་ན་ད་དུང་ལྕག་གིས་བྲབ་ཅིང་རྡོས་ཚང་ར་ལ་རྡེག དུད་འགྲོ་རྟ་ཁལ་སོགས་དེ་རྣམས་ལ་དཀའ་ཚེགས་དང་ན་ཚ་ཡོད་སྙམ་པའི་སྣང་བ་ཙམ་ནི་མི་བྱེད། གནག་ཕྱུགས་དང་ར་ལུག་རྣམས་ནི་རྒས་ནས་འཆི་བ་ལ་མ་ཐུག་གི་བར་དུ་ཁལ་འགེལ་བ་དང་ཞོ་བཞོ་བ་སོགས་ཀྱི་བེད་བཅད། རྒས་ཙ་ན་བདག་པོ་རང་གིས་བསད་ནས་ཤ་ཁྲག་གི་བེད་གཅོད་པའམ་ཡང་ན་མི་གཞན་ལ་འཚོངས་པ་གང་ཡིན་གྱི་སྒོ་ནས་མདོར་ན་སྒོ་ཕྱུགས་ཐམས་ཅད་ཀྱང་སྒས་པའི་དུས་སུ་བཤས་སུ་ཕབ་ནས་གསོད་དམ་གསོད་དུ་འཇུག་པ་མ་གཏོགས་རང་བཞིན་གྱིས་རྒས་ནས་འཆི་རུ་བཅུག་པ་ནི་ཕལ་ཆེར་གཅིག་ཀྱང་མེད་པ་ཡིན། དེ་ལྟ་བུའི་དུད་འགྲོའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ལ་དུས་རྟག་ཏུ་སྤྱོད་པ་ཡིན་པས། གོང་དུ་བཤད་པ་དེ་ལྟར་སྡུག་བསྔལ་བའི་སེམས་ཅན་རྟ་གཡག་ལ་སོགས་པ་མཐོང་ཙ་ན་སྡུག་བསྔལ་མྱོང་བཞིན་པའི་སེམས་ཅན་དེ་དག་རང་ཉིད་ཡིན་པའི་བློ་བཞག་ནས་དེའི་སྡུག་བསྔལ་རང་ཐོག་ཏུ་མྱོང་བཞིན་པ་ཡིན་ན། སྡུག་བསྔལ་ཆེ་ཆུང་ཇི་ཙམ་འདུག་ལ་སོགས་པ་ཞིབ་ཏུ་བསམས་ནས་བསྒོམ། དུད་འགྲོའི་གནས་སུ་སྐྱེས་པའི་སེམས་ཅན་སྤྱི་ལ་སྙིང་རྗེ་དྲག་པོ་བསྒོམ་ཞིང་ཁྱད་པར་རང་ལ་བསྟེན་པའི་དུད་འགྲོ་སྒོ་ཕྱུགས་འོག་རྟ་སོགས་ཡོད་ན་བྱམས་པ་དང་བརྩེ་བས་སྐྱོང་བ་དང་། ཐ་ན་འབུ་སྦྲང་དང་སྲོག་ཆགས་ཕྲ་མོ་ཚུན་ཆད་ལའང་རང་རང་ལ་སྲོག་དང་ལུས་ཡོད་པས་དེ་གཅེས་ཤིང་བདེ་སྡུག་གི་ཚོར་བ་མེད་པ་ནི་གཅིག་ཀྱང་མེད་ལ། ཇི་སྐད་དུ། རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །གསུངས་པ་ལྟར། རང་ལ་མི་འདོད་པ་རྒྱུ་མཚན་དུ་བྱས་ནས་གཞན་ལ་གནོད་པ་བསྐྱལ་མི་རུང་། དུད་འགྲོ་དེ་དག་གི་ཚེ་ཚད་ཀྱང་རིང་བ་བསྐལ་བར་ཐུབ་པ་དང་། ཐུང་བ་ངེས་མེད་དུ་བཤད་པ་དུ་མ་ཡོད། ངན་འགྲོའི་སྡུག་བསྔལ་དེ་དག་བསམ་ན་ད་ལྟ་རང་རེས་ལག་པ་མེ་སྟག་གིས་ཚིག་ན་མི་བཟོད་པ་དང་། དགུན་གྲང་དུས་གོས་མེད་སྐར་མ་གཅིག་ཙམ་ཡང་མི་བཟོད་པ་དང་། ཉིན་ཞག་རེ་ཙམ་བཟའ་བཏུང་མེད་པ་ལྟ་བུ་དང་། ལུས་ལ་ཚེར་མ་ཟུག་པའམ་སྦྲང་བུས་ཟོས་པ་ཙམ་ཡང་བཟོད་དཀའ་ན། དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་གྱི་སྡུག་བསྔལ་ཅི་ལྟར་བཟོད་བསམས་ནས་ད་ལྟ་རང་ཉམས་ལ་ཕབས་ཏེ་འཇིགས་སྐྲག་གི་སྐྱོ་ཤས་དང་ངེས་འབྱུང་དྲག་པོས་བསྐུལ་ནས་དལ་འབྱོར་དོན་ཡོད་བྱ་དགོས། དུད་འགྲོ་ལ་སོགས་པ་དེ་ཐམས་ཅད་ཀྱང་ཚེ་རབས་ཐོག་མ་མེད་པ་ནས་རང་གི་ཕ་མ་མ་བྱས་པའང་གཅིག་ཀྱང་མེད་པས་ན་དུད་འགྲོའི་གཙོས་པའི་སེམས་ཅན་ཐམས་ཅད་ལ་ཡིད་འོང་གི་བྱམས་པ་དང་བརྩེ་བའི་སྙིང་རྗེ་བསྒོམ་པ་སོགས་སྦྱོར་དངོས་རྗེས་གསུམ་ཚང་བར་ཉམས་སུ་བླང་ངོ་། །དེ་ལྟར་ངན་སོང་གི་གནས་གསུམ་པོ་ནི་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་ཚོར་བ་དང་རྣམ་གྲངས་གང་གི་ཐད་ནས་བཤད་ཀྱང་དོས་དྲག་ལ་རྒྱུན་རིང་། བླུན་ཞིང་གཏི་མུག་ལ་དམ་པའི་ཆོས་ཀྱི་སྣང་བ་མེད་པས་ན་བདེ་བའི་རྒྱུ་སྒྲུབ་པའི་སྐལ་བ་མེད་པ། ལས་སྔ་མའི་འབྲས་བུ་སྡུག་བསྔལ་མི་བཟོད་པ་མྱོང་བཞིན་སླར་ཡང་ལས་ཕྱི་མ་བསགས་པས་ངན་སོང་གི་རྒྱུ་སྒྲུབ་པ་ཁོ་ན་ལས་མེད། དེ་དག་ཏུ་སྐྱེས་ཤོར་ན་ཚེ་ཚད་ལ་མཐའ་མེད་པས་ཕྱི་ནས་ཐར་བར་དཀའ་ཞིང་། ད་ལྟ་རང་རྒྱུད་ལ་ངན་སོང་དེ་དག་ཏུ་སྐྱེ་ངེས་པའི་ལས་ཚེ་རབས་འདི་དང་གཞན་དུ་བྱས་པ་དུ་མ་ཡོད་པ་ཡིན་པས། སྔར་བྱས་ཀྱི་ལས་ལ་དུག་འཐུང་བ་ལྟ་བུའི་འགྱོད་པ་དང་ཕྱིན་ཆད་ཀྱི་བཤགས་སྡོམ་སྲོག་ལ་བབས་ཀྱང་མི་བགྱིད་པའི་དམ་བཅའ་སོགས་གཉེན་པོ་སྟོབས་བཞི་ཚང་བའི་བཤགས་པ་ལ་སྙིང་ཐག་པ་ནས་རང་དབང་ཡོད་པའི་དུས་འདིར་འབད་དགོས་ནི་རེད། ངན་སོང་གི་གནས་དེར་སྐྱེས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་དྲག་པོ་བསྒོམ། རང་གིས་དུས་གསུམ་དུ་བསགས་པའི་དགེ་འབྲས་ཐམས་ཅད་རྒྱལ་བ་སྲས་བཅས་ཀྱིས་ཇི་ལྟར་བསྔོས་པ་ལྟར་དུ་ངན་སོང་དེ་དག་ཏུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཆེད་དུ་བསྔོ་བ་བྱ། སེམས་ཅན་དེ་དག་ངན་སོང་གི་གནས་ངན་དེ་དག་ལས་མྱུར་དུ་ཐར་བའི་སྨོན་ལམ་ཟབ་མོ་གདབ། བདག་གིས་ད་རེས་ཀྱི་ལུས་རྟེན་འདིར་ཐེག་པ་ཆེན་པོའི་ཆོས་དང་མཇལ་ནས། རང་གཞན་གྱི་དོན་གཉིས་འགྲུབ་པའི་ལམ་སྒྲུབ་ཏུ་ཡོད་པའི་སྐལ་བ་བཟང་པོ་ཐོབ་པ་ཡིན་པས་ན་ཆོས་ཕྱིར་དཀའ་བ་སྤྱད་ཅིང་བརྩོན་པས་ཉམས་སུ་བླངས་ཏེ། ངན་སོང་གི་སེམས་ཅན་དེ་དག་ཐམས་ཅད་དག་པའི་ཞིང་དུ་དྲང་བར་བྱའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། དེ་ལྟར་བྱེད་ནུས་པར་བླ་མ་དང་དཀོན་མཆོག་གིས་བྱིན་གྱིས་རློབས་ཤིག་སྙམ་དུ་མཆོག་གསུམ་ལྷ་དང་བླ་མ་ལ་གསོལ་བ་འདེབས་པ་དང་། རམ་ཟླར་སྦྲན་པ་སོགས་ཀྱི་ཞལ་འདོན་དང་དམིགས་པ་ཡང་བྱ་དགོས་ནི་རེད། དེ་ལྟར་བྱས་པའི་དགེ་བའང་སེམས་ཅན་གྱི་དོན་དུ་བསྔོ་བ་སོགས་དམ་པ་གསུམ་གྱིས་ཟིན་པར་ཉམས་སུ་བླང་ངོ་། །དེ་ལྟར་ན་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་གྱི་རང་བཞིན་ཡིན་ཡང་མཐོ་རིས་ལྷ་དང་མི་དང་ལྷ་མིན་རྣམ་གསུམ་ནི་བདེ་ཞིང་སྐྱིད་པ་ཡིན་ནམ་སྙམ་ན། བསོད་ནམས་ཆ་མཐུན་གྱི་དགེ་བའི་ལས་ལམ་ཆུང་འབྲིང་ཆེན་པོ་བསགས་སྟོབས་ཀྱིས། མི་དང་འདོད་ལྷ་ཁམས་གོང་མའི་ལྷར་རིམ་བཞིན་སྐྱེས་པ་ཡིན་ལ། དེས་ན་དེ་དང་དེའི་གནས་སྐབས་ཀྱི་བདེ་བ་ལ་སྤྱོད་ཁི་ཡོད་ནི་རེད། འོན་ཀྱང་འཁོར་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཡིན་པས་སྙིང་པོ་མེད་དེ། ངན་འགྲོར་སྐྱེས་ན་བདེ་བ་མེད་པས་མ་ཚད། མཐོ་རིས་ནའང་བདེ་བ་མེད་དེ།

༤༽ མིའི་སྡུག་བསྔལ།

དང་པོ་མིའི་སྡུག་བསྔལ་ནི། མི་རྣམས་ལ་རྩ་བའི་སྡུག་བསྔལ་ཆེན་པོ་འགྱུར་བའི་སྡུག་བསྔལ། སྡུག་བསྔལ་གྱི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་ཡོད། དེའི་ཐོག་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི། དེས་ཀྱང་མི་ཚད་པར་དགྲ་སྡང་བ་དང་ཕྲད་ནས་གསོད་པ་སོགས་ཀྱི་དོགས་པའི་སྡུག་བསྔལ། ཞག་གཅིག་ཙམ་ཡང་འབྲལ་མི་ཕོད་པའི་གཉེན་བྱམས་པ་རྣམས་དང་གཏན་བྲལ་རེད་རྒྱུ་ལ་དོགས་པའི་སྡུག་བསྔལ། མ་བསམ་མ་དྲན་ས་ནས་མི་འདོད་པ་ཐོག་ཏུ་འབབ་པའི་སྡུག་བསྔལ། བསམ་བསམ་ལས་ལས་བརྒྱུགས་བརྒྱུགས་བསྒྲུབས་བསྒྲུབས་ཀྱང་མ་འགྲུབ་ནས་འདོད་པ་ཐོག་ཏུ་མི་ཁེལ་བའི་སྡུག་བསྔལ་རྣམས་ཡོད་པ་ལས་ཞེས་མདོར་བསྟན། རྒྱས་པར་བཤད་པ་ནི། རྩ་བའི་སྡུག་བསྔལ་གསུམ་གྱི་དང་པོ་འགྱུར་བའི་སྡུག་བསྔལ་ནི། ད་ལྟ་སྐད་ཅིག་མར་བདེ་ཞིང་སྐྱིད་པར་ཡོད་འཕྲོ་ལ་སྡུག་བསྔལ་དུ་འགྱུར་བ་སྟེ། ལུས་ལ་ཕན་པའི་ཟས་ཟོས་ནས་ངོམས་ཤིང་འགྲངས་ཏེ་སྐྱིད་པར་ཡོད་པ་ལས་དེས་རྐྱེན་བྱས་ཏེ་སྲིན་ཕོ་བར་ལངས་པའི་ནད་བསྐྱེད་ནས། གླང་ཐབས་ཀྱི་ནད་དྲག་པོ་གློ་བུར་དུ་བྱུང་སྟེ་ན་ཚ་ཟུག་གཟེར་གྱི་སྡུག་བསྔལ་དྲག་པོ་བྱུང་བ་དང་། ད་ལྟར་བཟའ་ཚང་མགོ་འཛོམས་བྱས་ནས་བདེ་ཞིང་སྐྱིད་པར་ཡོད་འཕྲོ་ལ། གློ་བུར་དུ་ནོར་ཕྱུགས་དང་རྟ་ཁྱུ་ལ་སོགས་དགྲས་དེད་པ་དང་། ཁང་པ་དང་ཁྱིམ་གཞི་མེས་ཚིག་པ། མི་ལ་ནད་གདོན་དྲག་པོ་གློ་བུར་དུ་བྱུང་བ། ཕྱི་རོལ་གྱི་གཏམ་ངན་གློ་བུར་དུ་ཐོས་ནས་ཡིད་མི་བདེ་བའི་ཟས་རྙེད་པ་སོགས་རྐྱེན་ངན་སྣ་ཚོགས་པས་འཕྲལ་དུ་སྡུག་བསྔལ་བར་གྱུར་པ་རྣམས་ཏེ། སྤྱིར་ཁམས་གསུམ་འཁོར་བའི་གནས་རིས་འདིའི་ལྷ་ཡུལ་མན་ཆད་ཀྱི་བདེ་སྐྱིད་སྙན་གསུམ་ལྟར་སྣང་བ་ཡིན་པས། དེ་དག་གང་ལ་ཡང་རྟག་པ་དང་བརྟན་པ་སྤུ་ཙམ་ཡང་མེད་ཅིང་མཐར་སྡུག་བསྔལ་བ་ཁོ་ན་ལས་མ་འདས་པ་ཡིན་པས་ན། རང་གིས་རང་ལ་འཁོར་བ་ལ་བདེ་བ་མེད་པའི་སྐྱོ་བ་བསྐྱེད་དོ། །མིའི་སྡུག་བསྔལ་གཉིས་པ་སྡུག་བསྔལ་གྱི་སྡུག་བསྔལ་ནི། སྡུག་བསྔལ་སྔ་མ་མ་སངས་བཞིན་དུ་སྡུག་བསྔལ་ཕྱི་མས་ནོན་པ། དཔེར་ན་མཛེ་ནད་ན་བའི་ཐོག་ཏུ་ད་དུང་ཕོལ་བྱུང་བ། ཕོལ་ཐོག་ཏུ་རྨ་གཏུགས་པ། ཕ་ཤི་བའི་སྟེང་དུ་མ་ཤི་བ། དགྲས་དེད་པའི་སྟེང་དུ་མི་གཅེས་པ་ཤི་བ་ལྟ་བུ་སྟེ། འཁོར་བའི་གནས་འདི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་སྟེང་དུ་སྡུག་བསྔལ་བརྩེགས་པ་ཁོ་ནས་དུས་འདའ་བ་ལས་བདེ་བའི་གོ་སྐབས་སྐད་ཅིག་མ་ཙམ་ཡང་མེད་པ་ཡིན་ནོ། །མིའི་སྡུག་བསྔལ་གསུམ་པ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། འོ་ཅག་འཁོར་བ་ལས་ཐར་མ་མྱོང་པས་བདེ་བ་དངོས་ཇི་ལྟར་ཡིན་རང་རེས་མི་ཤེས་པས་ལན་ནི་རེད་མ་གཏོགས་འཁོར་བའི་གནས་ན་བདེ་བ་གཏན་ནས་ཡོད་པ་མིན། དེས་ན་ད་ལྟ་རང་རེས་བདེ་བར་རློམ་པ་རྣམས་ཀྱང་དངོས་སུ་སྡུག་བསྔལ་ལྟར་མི་མངོན་ཀྱང་དོན་དུ་ལས་ཚད་བྱས་ཚད་བསགས་ཚད་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་ཁོ་ན་ལས་མ་འདས་ཏེ། རྒྱུན་དུ་ཟས་ཟོས་པ་གོས་གྱོན་པ་གནས་ཁང་དང་ལོངས་སྤྱོད་རྒྱན་དང་སྟོན་མོ་ལ་སོགས་པ་ཐམས་ཅད་ཀྱང་དང་པོ་སྡིག་པའི་རྒྱུས་སྒྲུབ་པ། ད་ལྟ་བྱེད་བཞིན་པའི་བྱ་བྱེད་ཐམས་ཅད་ཀྱང་སྡིག་པའི་གསོག་སྐྲུན་བྱེད་པའི་གཡོ་བཀོལ་གྱི་ལས་ཐབས་འབའ་ཞིག་ལས་མི་འདུག་པས་ན། ལས་འདི་ཐམས་ཅད་ཀྱི་འབྲས་བུ་ནི་མཐར་སྡུག་བསྔལ་མྱོང་རྒྱུ་ཁོ་ན་ཡིན། གནའ་གི་དུས་རབས་དང་ས་ཆའི་ཡུལ་བབ་དང་བསྟུན་ནས་གསུངས་པ་དཔེར་ན་ཇ་དང་རྩམ་པ་ལྟ་བུ་ལ་མཚོན་ན། ཇ་ནི་རྒྱ་ཡུལ་དུ་བཏབ་པའི་ལྡུམ་བུ་ཡིན་ཏེ། མིས་འདེབས་དགོས་པས་ཇ་དེའི་ས་བོན་འདེབས་པ་དང་། སྐྱེས་ནས་ལོ་མ་འབྲེག་པ་སོགས་ཀྱི་དུས་སུ་ཞོར་དུ་སྲོག་ཆགས་ཕྲ་མོ་བསད་པ་ཡང་གྲངས་ཀྱིས་མི་ཆོད། དར་རྩེ་མདོ་མན་ཆད་གཡག་རྔ་ཡན་དུ་སྔོན་ཆད་འཁོར་ལམ་མེད་པས་དེའི་བར་ནས་མི་ཡི་ཁུར་རྡལ་བྱས་འོངས་སྐབས་རྒྱ་ཨ་ལས་ཇ་ཁུར་ཟེར་བའི་མི་རེ་རེས་ཀྱང་ཇ་ཁག་དྲུག་བཅུ་གཉིས་རེ་ཁུར་ཐག་ཐོད་པ་ལ་བཅིངས་ཏེ་ཁུར་ནས་འོང་། དེ་ཐམས་ཅད་ཀྱང་མགོ་ལ་བརྟེན་ནས་ཁུར་བས་དཔྲལ་བའི་པགས་པ་ཟད་དེ་རུས་པ་སྐྱ་སང་ངེ་མཐོངས་ཀྱང་ད་དུང་ཡང་ཁུར། དར་རྩེ་མདོ་ཐོག་ཡན་ཆད་དུ་བོད་རང་གི་མཛོ་གཡག་དྲེའུ་སོགས་ལ་བཀལ་ནས་འོངས་སྐབས། མཛོ་གཡག་སོགས་དེ་དག་ཐམས་ཅད་ཀྱང་སྒལ་བར་རྨ་རེད་ནས་རྒྱབ་ཆད་གློ་བུག་སྤུ་བྱི་བཀོལ་སྤྱོད་ཀྱི་སྡུག་བསྔལ་དམྱལ་གནས་སྐྱེས་པ་ལྟ་བུའི་བསམ་གྱིས་མི་ཁྱབ་པ་གཏད། དེ་ལྟ་བུའི་སྡིག་སྡུག་གིས་ཐོབ་པའི་ཇ་དེ་ཉོ་ཚོང་གི་དུས་ཀྱང་མནའ་དང་ཁྲེལ་ལ་མི་བརྩི་གཡོ་སྒྱུ་དང་རྩོད་པ་ཁོ་ནས་ཚོང་བྱས། ཇ་དང་བརྗེ་རྒྱུའི་ཚོང་ཟོང་ཡང་ཕལ་ཆེར་དེའི་དུས་འབྲོག་པ་རང་རང་གི་ས་གནས་ཀྱི་ཚོང་རྫས་ལུག་གི་བལ་དང་ཚ་རུ་ལ་སོགས་པ་ལ་བྱས་པ་ཡིན་ན། བལ་དེ་ཡང་དབྱར་ཁའི་དུས་ལུག་ཤིག་དང་ཞོ་སྐྱེས་སོགས་སྲོག་ཆགས་དང་སྤུ་ཉག་མང་ཉུང་མེད་པར་ཡོད་པ་ལ། དེ་དག་ལས་ཕལ་ཆེར་ནི་བལ་གྲིས་བལ་འབྲེག་པའི་དུས་སུ་དེ་དག་མགོ་བཅད་སྐེད་པ་རྡུམ། ནང་ཆ་ཕྱུང་སྟེ་བསད། མ་ཤི་བ་རྣམས་ཀྱང་བལ་དང་ལྷན་དུ་གཅུས་པས་དབུགས་འཐུམ་ལ་བཏང་ནས་ངན་བསད་ཁོ་ན་བྱས་པ་ཡིན། ཚ་རུ་ཡང་ལུ་གུ་འཕྲལ་དུ་སྐྱེས་པ་དེ་དབང་པོ་ཐམས་ཅད་ཡོངས་སུ་རྫོགས། བདེ་སྡུག་གི་ཚོར་བ་དང་ལྡན། ལུས་ཀྱང་ཉམས་བརྟས། གསོན་པའི་དང་པོ་སྤང་མེ་ཏོག་གི་ནང་ན་རྩེ་ཞིང་མ་དང་ལྷན་དུ་སྐྱིད་པར་ཡོད་པའི་དུས་སུ་འཕྲལ་དུ་མ་དང་ཁ་བྲལ་ནས་བསད་པ་ཡིན། རྨོངས་པ་དུད་འགྲོ་ཡིན་ཡང་འཆི་བ་ལ་ནི་འཚེར་སྣང་ཡོད་པ་དང་། གསོན་པ་ལ་ནི་དགའ་སྣང་ཡོད་པ་ཡིན་ཀྱང་། གཞན་དབང་དུ་གྱུར་ནས་དབང་མེད་དུ་གསོད་སྐབས་གནད་གཅོད་ཀྱི་སྡུག་བསྔལ་ནི་མྱོང་དགོས་ཐུག ཕྲུ་གུ་བསད་པའི་ལུག་གི་མ་རྒན་རྣམས་ཀྱང་སྡུག་བསྔལ་ནི་མིའི་བུ་གཅིག་པུ་ཤི་བའི་མ་ཇི་ལྟར་མཐོང་ཆོས་སུ་གྱུར་བ་དེ་ཡིན། དེ་ལྟ་བུའི་བལ་དང་ཚ་རུ་སོགས་སྡིག་པའི་རྒྱུ་རྩས་ཉོས་པ་སོགས་ལ་བསམས་ན་ཇ་ཁམ་གཅིག་ཙམ་བཏུང་ཡང་ངན་སོང་གི་རྒྱུ་བྱེད་པ་ལས་མི་འདུག་པས་འཐུང་མི་ཕོད་པ་ལྟ་བུ་ཡིན་རེད་གསུངས། བོད་ཀྱི་ཟ་མའི་གཙོ་བོ་རྩམ་པ་ལ་བརྩི་བ་དེ་ཡང་། དང་པོ་ནས་འདེབས་དུས་ཞིང་ལ་སློག་བརྒྱབ་པའི་གནས་སྐབས། ས་འོག་གི་འབུ་ཐམས་ཅད་ས་སྟེང་དུ་ཕྱུང་། ས་སྟེང་གི་འབུ་ཐམས་ཅད་ས་འོག་མནན། རྨོས་གླང་གར་སོང་གི་རྗེས་སུ་བྱ་རོག་དང་བྱེའུ་སོགས་འབུ་ཟན་གྱི་སྲོག་ཆགས་རྣམས་རྗེས་དེད་ནས་ཁ་དལ་ཁོམ་མེད་པར་འབུ་རྒུམ་གྱིན་འགྲོ་བ་དེ་ལྟ་བུའི་སྲོག་བཅད་པ་ཡིན། དེ་བཞིན་དུ་ཞིང་ལ་ཆུ་ཡུར་བ་ནས་འདྲེན་སྐབས། རླན་ལ་གནས་པའི་སྲོག་ཆགས་ཐམས་ཅད་སྐམ་ལ་བཀྲམ། སྐམ་ལ་གནས་པའི་སྲོག་ཆགས་ཐམས་ཅད་གཤེར་གྱིས་བསད་པ་སོགས་སྲོག་ཆགས་མང་པོའི་སྲོག་བཅད། དེ་བཞིན་དུ་དང་པོ་ས་བོན་འདེབས་པ་དང་། བར་དུ་ལོ་ཏོག་འབྲེག་པ་དང་། མཐར་བརྡུང་བ་སོགས་ཀྱི་དུས་ཞོར་དུ་བསད་པའང་གྲངས་ཀྱིས་མི་ཆོད། དེ་དག་ལ་བསམས་ན་འབུ་སྦྲང་ཁོ་ན་ཕྱེ་བྱས་པ་འགམ་པ་དང་འདྲ། དེ་བཞིན་དུ་མར་དང་འོ་མ་ཞོ་སོགས་ཀྱང་དཀར་གསུམ་དང་མངར་གསུམ་ཞེས་སྡིག་མེད་དང་གཙང་མ་བརྩི་ཡང་། མཛོ་མོའི་རྟོ་ལེ་དང་འབྲིའི་བེའུ་དང་ལུག་གི་ལུ་གུ་སོགས་ཕལ་ཆེ་བ་ནི་མུ་གེའམ་ལག་པས་བསད། མ་བསད་པ་རྣམས་ཀྱང་། སྐྱེས་མ་ཐག་ནས་མ་འོ་མངར་མོ་ཁམ་གང་ཡང་ནུ་ལོང་མེད་པར་རྐེ་ལ་ཐག་པ་བཞག་ནས། སྡོད་ན་གདང་ལ་བཏགས། འགྲོ་ན་ཕན་ཚུན་སྦྲེལ། བེའུ་ལུག་དེ་ཐམས་ཅད་ཀྱི་ཟས་སྐལ་དང་འཐུང་སྐལ་སྲོག་གི་ཟུངས་མ་ཡི་འོ་མ་ཁམ་གང་ཡོད་པ་དེ་ཡང་འཕྲོག་ནས་ཉིང་ཁུར་བྱས་ཏེ། མའི་ལུས་ཀྱི་བཅུད། བུའི་སྲོག་གི་ཟུངས་ཕྲོགས་པས་བེའུ་ལུག་དེ་དག་ཐམས་ཅད་མ་ཤི་མ་གསོན་ཙམ་དུ་གྱུར་ཏེ། མ་འབྲི་རྒོད་པོ་དག་ཀྱང་དཔྱིད་ཀའི་དུས་ཉལ་མལ་ནས་ལྡང་མི་ནུས་པ་ཙམ་དུ་ཟུངས་ཟད། བེའུ་ལུག་རྣམས་ཀྱང་ཕལ་ཆེར་ནི་མུ་གེ་ཁོ་ནས་ལྟོགས་གྲིར་འཆི། མ་ཤི་བ་རྣམས་ཀྱང་རྐེམ་སྐེམ་པ་ཉམ་ཆུང་བ། སྒྱིད་པས་སྒྱིད་པར་བརྡར་ནས་འགྲོས་གུམ་གུམ་པ་ཤི་ལ་ཁད་པ་ཡོག་ཐོད་ཙམ་རེ་ལས་མེད་པའི་བར་མནར་བར་བྱས་པ་དེ་ཡིན། དེ་བཞིན་དུ་ད་ལྟ་རང་རེས་སྐྱིད་པོར་བརྩི་བའི་མི་ཐམས་ཅད་ཁ་ལ་ཟ་རྒྱུའི་ཟས། རྒྱབ་ལ་གྱོན་རྒྱུའི་གོས། རྒྱན་དང་ཡོ་བྱད་ཁང་ཁྱིམ་ལ་སོགས་པ་རྒྱུ་ཟས་དང་ལོངས་སྤྱོད་ཐམས་ཅད་ཀྱི་འབྱུང་ཁུངས་སོགས་གང་ལ་བསམས་ཀྱང་སྲོག་གཅོད་དང་རྐུ་རྫུན་གཡོ་སྒྱུ་ལ་སོགས་སྡིག་པ་ཁོ་ནའི་ལོག་འཚོས་བསྒྲུབས་པ་ཞིག་མ་གཏོགས་མེད་པ་ཡིན་པས་ན། སྡིག་པའི་ལས་ལམ་འདི་ཐམས་ཅད་ཀྱི་འབྲས་བུ་མཐར་ནི་ངན་སོང་གི་སྡུག་བསྔལ་མུ་མཐའ་མེད་པ་ལ་སྤྱོད་དགོས་པ་ཡིན་པས། ད་ལྟ་འཕྲལ་སྣང་སྐྱིད་པོར་སྣང་བ་ཐམས་ཅད་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་པ་ཡིན་ནོ། །སྐྱེ་རྒ་ན་འཆི་བཞི་ལས། དང་པོ་སྐྱེ་བའི་སྡུག་བསྔལ་ནི། འདི་ལྟར་འཛམ་བུ་གླིང་པའི་མི་རྣམས་ནི། སྤྱིར་སྐྱེ་བ་རྣམ་པ་བཞི་ལས་མངལ་ནས་སྐྱེ་བ་གཙོ་ཆེ་བ་ཡིན་པས། ཕ་མའི་ཁུ་ཁྲག་གི་རྒྱུ་རྐྱེན་གྱི་དབུས་སུ་དྲི་ཟ་ཉེ་བར་ལེན་པའི་བར་སྲིད་ཀྱི་རྣམ་ཤེས་ལས་ཀྱིས་འབྲེལ་བ་དེར་ཞུགས་ཏེ། ཞག་བདུན་ཕྲག་རེའི་མཚམས་ནས་མེར་མེར་དང་། ནུར་ནུར་དང་། ལྟར་ལྟར་དང་། མཁྲང་གྱུར་དང་། གོར་མོ་ལ་སོགས་ཇེ་ཆེ་ཇེ་ཆེར་འཕེལ་ནས་འགྱུར་བའི་གནས་སྐབས་ཀྱི་སྡུག་བསྔལ་གྱི་ཚོར་བ་རྣམས་ཉམས་སུ་མྱོང་། དེ་ནས་རིམ་གྱིས་རྐང་ལག་ལྟ་བུ་ཡན་ལག་དང་མཛུ་གུ་སོགས་ཉིང་ལག་དང་ཁ་མིག་རྣ་བ་སོགས་དབང་པོ་ཐམས་ཅད་རྫོགས་པའམ་ཚང་འོང་བའི་གནས་སྐབས་ན། མའི་མངལ་གྱི་ནང་དོག་ཅིང་དྲི་ང་བ་མུན་ནག་གི་ནང་། བཙོན་ཁང་དུ་ཚུད་པ་ལྟ་བུའི་སྡུག་བསྔལ་མྱོང་། མས་ཁ་ཟས་ཚ་མོ་ཟོས་པས་མེ་ནང་དུ་བསྲེགས་པ་ལྟ་བུའི་ཚ་བའི་སྡུག་བསྔལ། ཡང་མ་ཡིས་གྲང་མོ་ཟོས་པས་ཆུ་གྲང་དུ་བསྐྱུར་བ་ལྟ་བུའི་གྲང་བའི་སྡུག་བསྔལ་མྱོང་། མ་ཉལ་བ་ན་རིས་ནོན་པ་ལྟ་བུའི་སྡུག་བསྔལ། མ་ལྟོ་བ་འགྲངས་ཆེ་པ་ན་བྲག་གི་བར་དུ་བཅར་པ་ལྟ་བུའི་སྡུག་བསྔལ། མ་བཀྲེས་པ་ན་གཡང་ལ་ལྷུང་བ་ལྟ་བུའི་སྡུག་བསྔལ། འགྲོ་འདུག་གི་བསྒུལ་བསྐྱོད་བྱས་པ་ན་རླུང་གིས་ཁྱེར་བ་ལྟ་བུའི་སྡུག་བསྔལ་དཔག་ཏུ་མེད་པ་དེ་ལ་སོགས་པ་ཡོད་པ་ཡིན། དེ་ནས་ཟླ་བའི་གྲངས་རྫོགས་ནས། བཙའ་བའི་དུས་སུ་སྲིད་པ་ལས་ཀྱི་རླུང་གིས་མགོ་མཇུག་བསྒྱུར་ཏེ། བཙའ་སྒོར་དྲངས་པ་ན་གྱད་སྟོབས་པོ་ཆེ་ཞིག་གིས་རྐང་པ་ནས་བཟུང་སྟེ་རྩིག་ངོར་བརྒྱབ་པ་ལྟ་བུའི་སྡུག་བསྔལ་ཡོད། རུས་པའི་འཁྲུལ་འཁོར་གྱི་བར་ནས་འབྱུང་བའི་ཚེ། ལྕགས་ཀྱི་འཇུར་མིག་ནས་དྲངས་པ་ལྟ་བུའི་སྡུག་བསྔལ་ཡོད། བཙའ་སྒོ་དོགས་པ་རྣམས་བཙའ་མི་ནུས་པར་དེ་ཉིད་དུ་འཆི་བའམ། ཡང་ན་མ་བུ་གཉིས་ཀ་འཆི་བ་དང་། མིན་ཡང་ཤི་ལ་ཐུག་པའི་སྡུག་བསྔལ་མྱོང་སྟེ། ཨོ་རྒྱན་ཆེན་པོས། མ་བུ་གཉིས་ཀ་གཤིན་ཡུལ་གོམ་ཕྱེད་བོར། །མ་ཡི་ཁ་རུས་མ་གཏོགས་རུས་ཚིགས་བྱེ། །ཞེས་གསུངས་པ་ལྟར་ཡིན། བཙས་ནས་ཀྱང་སྟན་གྱི་སྟེང་དུ་ལྷུང་དུས་ཚེར་མའི་དོང་དུ་ལྷུང་བ་ལྟ་བུའི་ན་ཚ་ཟུག་རྔུ་མྱོང་བའི་སྡུག་བསྔལ། རྒྱབ་ཀྱི་ཕྲུ་མ་བཤུ་དུས་གསོན་པོར་པགས་པ་བཤུས་པ་ལྟ་བུ། མི་གཙང་བ་བྱི་དོར་བྱས་དུས་ཚེར་མའི་ལྕག་གིས་བྲབས་པ་ལྟ་བུ། མའི་པང་དུ་བླངས་དུས་བྱེའུ་ཕྲུག་ཁྲས་ཁྱེར་བ་ལྟ་བུའི་སྐྲག་སྔངས་ཀྱི་སྡུག་བསྔལ་ཡོད། སྤྱི་བོར་མར་བྱུག་དུས་བཀྱིགས་ནས་དོང་དུ་འཕང་བ་ལྟ་བུ་ལ་སོགས་པའི་སྡུག་བསྔལ་མྱོང་། དེ་ནས་བྱིས་པ་བསམ་མེད་ཙོག་པུར་བསྙལ་ཏེ་འཇོག་པའི་དུས་སུ། མི་གཙང་བའི་འདམ་དུ་ཚུད། ལྟོག་སྐོམ་ན་ཚ་ལ་སོགས་པའི་སྡུག་བསྔལ་ཅི་ལྟ་བུ་བྱུང་ཡང་ངུ་བ་ཁོ་ན་ལས་ཁ་གྲག་མི་ཤེས་པས་ཐབས་གཞན་མེད། དེ་ལྟར་སྐྱེས་ནས་དར་ལ་བབས་ཏེ་ལང་ཚོ་སྨིན་པའི་ཚེ་ན་མ་བརྟགས་མ་དཔྱད་པའི་ངོར་རེ་ཞིག་འཕེལ་བ་ལྟར་སྣང་ཡང་། དོན་དུ་བྱིས་པ་ཡིན་ཡང་ཚེ་ནི་སྐྱེས་པའི་ནུབ་མོ་ནས་ཉིན་རེ་བཞིན་ཟད་ཅིང་འཆི་བ་ལ་ཐག་ཇེ་ཉེར་འགྲོ་བ་ཡིན་ཏེ། དེ་ཡང་མི་ཆེར་སྐྱེས་ནས་འཇིག་རྟེན་ཚེ་འདིའི་བྱ་གཞག་གྲུབ་པ་དང་ཟིན་པའི་དུས་མེད་པ་དཔེར་ན་ཆུའི་གཉེར་མ་ལྟ་བུ་གཅིག་རྗེས་སུ་གཅིག་འབྱུང་བ་ལ་དལ་མེད་དུ་སྤྱོད་དེ། འཇིག་རྟེན་གྱི་བྱ་གཞག་དེ་དག་ཐམས་ཅད་ཀྱང་སྡིག་པ་འབའ་ཞིག་དང་འབྲེལ་བས་ངན་སོང་གི་རྒྱུ་བྱེད་པ་ཡིན་པས་གནས་སྐབས་དང་མཐར་ཐུག་ཀུན་ཏུ་ཤིན་ཏུ་སྡུག་བསྔལ་ལོ། །དེ་ནས་གཉིས་པ་རྒས་པའི་སྡུག་བསྔལ་ནི། དེ་ལྟར་བྱིས་པ་ནས་གཞོན་པ། གཞོན་པ་ནས་དར་མ། དར་མ་ནས་ན་ཚོད་ཡོལ་གྱི་བར་དུ་འཁོར་བའི་བྱ་གཞག་སྙིང་པོ་མེད་ཅིང་འགྲུབ་པའི་དུས་དང་ཟིན་པའི་དུས་མེད་པ་ལ་སྤྱོད་པའི་ངང་དུ་མ་ཚོར་བཞིན་དུ་རྒས་པའི་སྡུག་བསྔལ་གྱིས་གཏུགས། ལུས་ཀྱི་སྟོབས་ཐམས་ཅད་རིམ་གྱིས་འབྱུང་བ་རྣམས་རང་ཤུགས་ཀྱིས་རྒུད་ནས་ཉམས་འགྲོ་བ་ཡིན། ཁ་ཟས་ཉུང་ན་ལྟོགས་མང་ན་ཞིམ་པོར་ཟོས་པའི་ཁ་ཟས་ཐམས་ཅད་ཀྱང་མི་འཇུ་བར་ནད་དུ་འགྱུར། མིག་གི་དབང་པོ་ཉམས་པས་ཐག་རིང་རྒྱང་མྱིག་དང་ཕྲ་ཞིང་ཆུང་བའི་གཟུགས་མི་མཐོང་། རྣ་བའི་དབང་པོ་ཉམས་པས་གཞན་གྱིས་བཤད་པའི་སྒྲ་སྐད་རྣམས་ཇི་བཞིན་པ་མི་ཐོས་ཏེ་འོན་པས་ཅི་གོ་སྒྲ་ལོག་ཟེར་བ་ལྟར་ཡིན། ལྕེའི་དབང་པོ་ཉམས་པས་བཟའ་བཏུང་ཟོས་ན་གང་གི་རོ་མི་ཚོར་ཞིང་སྐད་ཆ་བཤད་ན་སྨྲ་བ་ངག་གི་སྡེབ་མི་ཐོན། ཡིད་ཀྱི་དབང་པོ་ཉམས་པས་བློ་རིག་རྒུད་ནས་དྲན་པ་རྨོངས་ཤིང་བརྗེད་ངས་དང་བྱིང་འཐིབ་ཆེ། ཁའི་གྲལ་འགྲིག་པའི་སོ་ཕྲེང་ཡང་ལྷུངས་པས་སྲ་བའི་ཟས་མི་ཆོམས་ཤིང་ཚིག་ལྡབ་ལྡིབ་ཏུ་སྨྲ། ལུས་ཀྱི་དྲོད་ཀྱང་ཤོར་བས་གོས་སྲབ་ན་མི་དྲོས་ཤིང་རྐང་ལག་སོགས་ལ་ནད་ཀྱིས་བཟུང་། འདེགས་བྱེད་ཀྱི་སྟོབས་ཉམས་པས་ལྗི་ན་མི་ཐེག འདོད་པའི་ལོངས་སྤྱོད་ལ་སྔར་ལྟར་དགའ་ཡང་སྤྱོད་པའི་མཐུ་མེད་པས་གནའ་ལུས་དང་ད་སེམས་གཉི་ག་མི་འཕྲོད། ལུས་ཀྱི་རྩ་རླུང་ཐམས་ཅད་རྒུད་པས་བློ་སྲབ་ཅིང་སེམས་ཁོག་རྒྱ་ཇེ་ཆུང་དུ་སོང་ནས་བཟོད་སྲན་ཆུང་། མི་ཆེ་ཆུང་ཀུན་ཀྱིས་མཐོང་མི་འདོད་ཅིང་བརྙས་བཅོས་བྱེད་དེ། མྱི་རྒན་རྟ་རྒན་ཁྱི་རྒན་གསུམ། །ལས་བྱས་པ་མེད་དེ་ཀུན་ཀྱིས་བརྙས། །ཟེར་སའི་ཐོག་ཐོན་འོང་དུས་རྒས་པ་དེ་ཡི་མུག་དང་སྡུག་བསྔལ་ཆེ། ལུས་ཀྱི་འབྱུང་བ་འཁྲུགས་པས་ནད་དང་གདོན་དང་ཡེ་འདྲོག་སོགས་གནོད་པ་མང་། འགྲོ་འདུག་དང་བསྒུལ་བསྐྱོད་ཐམས་ཅད་ཀྱང་སེམས་ཀྱིས་བསམ་པ་ལྟར་ལུས་ཀྱིས་མི་ནུས་བཞིན་དུ་མ་ཤི་བར་དུ་ལུས་སེམས་དཀའ་བའི་ངང་ནས་བྱེད་དགོས་པ་ཡིན་ཏེ། རྗེ་མི་ལས། ཡར་ལངས་དུས་རྐང་ལག་གི་ཤུགས་ཟད་པས་ལུས་མི་ཐེག་ནས་ལྗིད་རྐང་ལག་བཞི་ག་ལ་བརྟེན་པས་རྟ་རྟོད་བྱེད་ཀྱི་བརྟོད་ཕུར་ས་ནས་འདོན་པ་ལྟར་ལངས་དགོས་པའི་ལྡངས་ལུགས་དང་གཅིག འགྲོ་དུས་རྒུར་རྒུར་བྱས་ནས་བྱིས་པ་བྱ་ལ་འཇབ་པའི་འགྲོ་ལུགས་དང་གཉིས། མར་འདུག་དུས་ས་དོ་ལུང་ཆད་པ་ལྟ་བུའི་སྡོད་ལུགས་དང་གསུམ། གསུམ་འདི་གསུམ་འཛོམ་པའི་དུས་ཚོད་ན། ཨ་ཕྱི་སྒྱུ་ལུས་རྒུད་པའི་ཡིད་ཕམ་མ། ཕྱི་པགས་པ་ཚག་དམ་པོ་མ་ཡིན་ལྷོད་ནས་འདུས་པའི་གཉེར་མ་དང་གཅིག ནང་ཤ་ཁྲག་གི་ཟུངས་ཟད་པའི་དབང་གིས་ལུས་ཀྱི་ཕྱི་རུ་འབུར་ས་ལ་འབུར་གོབ་ས་ལ་གོབ་སོང་བ་དང་གཉིས། སྔར་དང་མི་འདྲ་བར་དབང་པོའི་སྟོབས་ཤོར་ཏེ་བར་གླེན་ལྐུགས་འོན་ལོང་ཐོམ་ཡོར་བཅོས་རྨུགས་འཐུམ་གསུམ་འཛོམས་པ་དང་གསུམ། གསུམ་འདི་གསུམ་འཛོམ་པའི་དུས་ཚོད་ན། ཨ་ཕྱི་མཐོང་ན་མི་སྡུག་སྟོན་པའི་ཁྲོ་གཉེར་ཅན། གོས་ལྕི་ལ་ཧྲུལ་བའི་དུགས་པོ་འཐུག་པོ་དང་གཅིག གང་འཐུང་གང་ཟོས་ཀྱང་གྲང་ལ་ཉོག་པའི་བཟའ་བཏུང་དང་གཉིས། པགས་པོ་བཞི་སྦྱོར་གྱི་མལ་ས་དང་གསུམ། །གསུམ་འདི་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་མིས་འགོམ་ཁྱིས་འགོམ་གྱི་རྟོགས་ལྡན་མ། །ཞེས་གསུངས་པ་ལྟར། ལྡངས་བསམ་པའི་ཚེ་རང་བཞིན་གྱིས་འཕྲལ་དུ་ལྡང་མི་ནུས་པར་ལག་པ་གཉིས་ཀ་ས་ལ་བཙུགས་ནས་ས་སྲ་བ་ལས་བརྟོད་ཕུར་འདོན་པ་ལྟར་ལྡངས། འགྲོ་བའི་ཚེ་རྐེད་པ་སྒུར་བས་མགོ་བོ་བཏེག་མི་ནུས་ཤིང་རྐང་པ་གཉིས་ཀྱིས་གོམ་པའི་འདེགས་འཇོག་ཀྱང་མྱུར་དུ་བྱེད་མི་ནུས་པར་དལ་བུས་བྱིས་པ་བྱ་ལ་འཇབས་པ་ལྟར་འགྲོ། སྡོད་པའི་ཚེ་པུས་མོ་སོགས་རྐང་ལག་གི་ལྷུ་ཚིགས་ཐམས་ཅད་ན་བས་དལ་བུས་སྡོད་མི་ནུས་པར་ལུས་ཀྱི་ལྗིད་ཕབ་སྟེ་ས་དོ་ལུང་ཆད་པ་བཞིན་ལྷུངས་ནས་སྡོད། ལུས་ཀྱི་ཤ་ནང་ནས་ཟད་པས་པགས་པའི་སྐྱི་ཕྱི་ནས་འདུས་ཏེ་ལུས་དང་ཁ་ངོ་ཐམས་ཅད་གཉེར་མས་གང་ནས། ནང་གི་ཤ་ཁྲག་རྒུད་དེ་མར་ལ་བྲི་བས་རུས་པའི་ཚིགས་ཐམས་ཅད་མངོན་ཏེ་འགྲམ་རུས་དང་ལྷུ་མགོ་ཐམས་ཅད་ཕྱི་ལ་འབུར། ཡིད་ཀྱི་དྲན་པ་ཉམས་པས་གླེན་ལྐུགས་དང་འོན་ལོང་ཅན་དུ་གྱུར་ནས་སེམས་ཀྱི་རྣམ་རིག་མི་གསལ་ཞིང་ཐོམ་ཡོར་རེ་སྡོད། ལུས་ཀྱི་སྟོབས་ཉམས་ཤིང་མཛེས་འདོད་ཀྱི་གནས་སྐབས་ཉམས་པས་གོས་ཐམས་ཅད་ལྕི་ལ་ཧྲུལ། ཟས་སྐོམ་གྱི་ལྷག་ཞབས་ཏེ་ལྷག་འཕྲོ་ལ་སྤྱོད་ཅིང་ལྕེའི་རོ་ཞིམ་པ་མི་ཚོར་བས་ཟས་ཐམས་ཅད་གྲང་ལ་ཉོག ལུས་ལྕི་བས་གང་ལྟར་བྱས་ནས་བསྡད་ཀྱང་ཉལ་ན་ཉལ་མི་བདེ་ལངས་ན་ལངས་མི་བདེ་བས་ཕྱོགས་བཞིར་རྟེན་པར་བྱས་ཤིང་དུས་རྒྱུན་དུ་མལ་ནས་ལྡང་མི་ནུས། དེའི་ཚེ་ཕྱིའི་སྒྱུ་ལུས་རྒུད་པས་ནང་དུ་ཡིད་ཕམ་ཞིང་སེམས་ཆུང་བས་སྡུག་བསྔལ་ཤིན་ཏུ་ཆེ། བཞིན་རས་སྔར་གྱི་མཛེས་མདངས་དང་བརྗིད་བཀྲག་ཉམས་ནས་པགས་པའི་གཉེར་མ་མང་པས་བཞིན་མི་སྡུག་པའི་ཁྲོ་གཉེར་སྟོན། དེ་དུས་མི་ཀུན་ཀྱིས་བརྙས་བཅོས་བྱེད་ཅིང་མགོ་ཐོག་ཏུ་འགོམ་ནས་སོང་ཡང་ལྡང་མི་ནུས་པས་གཙང་བཙོག་མེད་པར་རྟོགས་ལྡན་ལྟར་སྡོད་པ་སོགས་ཡིན་ཞིང་། རྒས་པའི་སྡུག་བསྔལ་མི་བཟོད་པར་འཆི་བར་སྨོན་ཡང་། དོན་དུ་འཆི་བ་ལ་ཉེ་བས་ཤིན་ཏུ་སྐྲག་པ་སོགས་རྒས་པའི་ལུས་སེམས་གཉིས་ཀྱི་སྡུག་བསྔལ་ངན་སོང་གི་འགྲོ་བ་དང་འདྲ་བར་མྱོང་བ་ཡིན་ནོ། །ན་བའི་སྡུག་བསྔལ་ནི། ལུས་འདི་ཉིད་འབྱུང་བཞི་འདུས་པའི་བདག་ཉིད་ཅན་ཡིན་པས། འབྱུང་བ་དེ་དག་ཕན་ཚུན་ཆ་མ་མཉམ་པ་ལས་རླུང་དང་མཁྲིས་པ་དང་བད་ཀན་དང་འདུས་པ་ལ་སོགས་པའི་ནད་རིགས་སྣ་ཚོགས་པ་བཞི་བརྒྱ་རྩ་བཞིའི་ནང་ནས་གང་དང་གང་གིས་གཟིར་བའི་སྡུག་བསྔལ་གྱི་ཚོར་བ་འཆར། ལུས་དང་དབང་པོ་ཐམས་ཅད་དར་ལ་བབས་ཏེ་སྟོབས་དང་གཟི་མདངས་རྒྱས་པའི་མི་རྒོད་དར་མ་ཇི་ལྟ་བུ་ཞིག་ཡིན་ཡང་ན་བའི་ཟུག་གཟེར་ཚབས་ཆེན་གྱིས་གློ་བུར་དུ་བཏབ་མ་ཐག་ནས་བྱེའུ་ལ་རྡོ་ཕོག་པ་བཞིན་ཕོ་རྒོད་པོ་གཉའ་ལག་བཀུག་ནས་ལུས་སྟོབས་དང་མདངས་ཤོར། འབྱུང་བ་རང་དགྲ་རང་གིས་བྱས་ནས་མལ་གྱི་གཏིང་དུ་ལྷུངས་ཏེ། ཐ་ན་ལུས་བསྒུལ་བསྐྱོད་ཙམ་བྱེད་པ་ཡང་དཀའ། ཁྱོད་ཅི་ན་ཞེས་དྲིས་པའི་ལན་ཙམ་ཡང་མྱུར་དུ་བཤད་པའི་ནུས་པ་མེད་པར་ཁོག་པའི་གཏིང་ནས་སྐད་མི་ཐོནབཞིན་དུ་སྨྲ། གཡས་གཡོན་མདུན་རྒྱབ་གང་དུ་ཉལ་ཡང་བདེ་བའི་དུས་མེད། ཟས་སྐོམ་གྱི་ཞེན་པ་དང་བྲལ་ནས་ཡི་ག་ཆད། མཚན་མོ་གཉིད་མི་འོང་། ཉིན་པར་ཉིན་རིང་། མཚན་མོ་མཚན་རིང་། སྨན་གྱི་རོ་ཁ་ཚ་སྐྱུར་གསུམ་དང་། གཏར་སྲེག་གི་སྡུག་བསྔལ་ལ་སོགས་མི་འདོད་བཞིན་དུ་མ་ཤི་གསོན་དུ་རེ་ནས་དེ་ལྟ་བུ་ལ་སྤྱོད་དགོས། ན་བ་ལ་བརྟེན་ནས་མཐའ་འཆི་བ་ཡང་གློ་བུར་དུ་འོང་སྙམ་ནས་འཇིགས་ཤིང་སྐྲག འདྲེ་གདོན་དང་བགེགས་རིགས་དང་རྒྱབ་བརྟེན་གྱི་སྲུང་མ་ངན་པའི་དབང་གིས་ལུས་སེམས་ལ་རང་དབང་མི་འདུས། འཁྲུལ་སྣང་ལས་ཀྱང་འཁྲུལ་སྣང་ཁོ་ན་ལ་སྤྱོད། ནད་པ་སྡུག་ཅན་འགས་མཚོན་ལ་སོགས་པས་རང་གིས་རང་གསོད་པ་དང་། གཡང་ལ་ལྕེབ་པ་སོགས་ཀྱང་བྱེད་པ་ཡོད་རེད། མཛེ་ནད་དང་གཟའ་གྲིབ་ལ་སོགས་པས་ཉེན་ན། གསོན་པ་ཉིད་ནས་ཤི་བ་དང་འདྲ་བ། མ་ཤི་གོང་ནས་ནད་ངན་འགོས་དོགས་ཀྱིས་མིའི་ཁྱུ་ནས་བུད། རང་ངོ་རང་གིས་མཐོང་། སྤྱིར་ནད་པ་ཐམས་ཅད་ལུས་སྟོབས་ནད་ཀྱིས་བཅོམ་པས་རང་གཡོག་རང་གིས་མི་ནུས། ནད་ཀྱིས་གདུང་ཡུན་རིང་ནས་ནད་ཚིག་ཟོས་པས་གཞན་གྱིས་བྱ་བ་གང་བྱེད་ཀྱང་ཐམས་ཅད་མིག་སྔར་མི་འབབས། མ་ན་བའི་སྐབས་དང་མི་འདྲ་བ་རྒྱུད་སྔར་ལས་གྱོང་། ལོ་ནད་ཟླ་འཁོར་སོང་སྟེ་ནད་ཡུན་རིང་དྲག་ན། ནད་གཡོག་བྱེད་པ་ཡང་སུན་ནས་ནད་པས་ཟེར་ཚད་ཇི་བཞིན་མི་ཉན་ཅིང་དྲུང་དུ་མི་འདུག དུས་རྟག་ཏུ་ན་བའི་ཚོར་བས་ཉེན་ནས་སྡུག་བསྔལ་བའོ། །འཆི་བའི་སྡུག་བསྔལ་ནི། དེ་ལྟར་ཡུན་རིང་ན་བས་ལུས་མལ་དུ་ལྷུང་ནས་ལྡང་མི་ཤེས། ཟས་སྐོམ་མཐོང་ཡང་ཡི་གར་མི་འོང་། འཆི་བའི་ཉེན་ཁ་མདུན་དུ་གནས་པའི་ཚོར་བས་གདུངས་པས་སྙིང་མི་དགའ། སྔར་མ་ན་བའི་སྐབས་ཀྱི་ཕོ་ཚོད་དང་སྙེམས་པའི་དཔའ་གདེང་ཤོར། འཁྲུལ་སྣང་གི་སུན་མ་སྔོན་མས་ཟུར་དུ་བཅར་ནས་གཏུགས། སྤྱིར་ན་རུ་ཁྱིམ་སྤོ་བ་ལ་སྐྱས་འདེགས་པ་ཟེར་ཡང་འདིར་སྐྱས་ཆེན་པོ་འདེགས་པ་ཞེས་པས་ཕྱི་མའི་ཡུལ་ལ་འགྲོ་བའི་དུས་ལ་ཐུག་ཚར་བ་ལ་གསུངས་ཀྱིན་ཡོད་པས། ཁྱིམ་ཕ་མ་པང་བུ་རྒྱུད་གཉེན་ཉེ་རིང་སོགས་གཉེན་བཤེས་ཀུན་ཀྱིས་མཐའ་བསྐོར་ཀྱང་ཆུ་ཚོད་སྐར་མ་ཙམ་ཡང་འགྲོ་མི་དགོས་པའི་བཤོལ་ནི་མི་ཐེབས། ཤི་ཁའི་གནད་གཅོད་ཀྱི་སྡུག་བསྔལ་ནི་རང་གཅིག་པོས་མྱོང་། རྒྱུ་ཟས་ལོངས་སྤྱོད་དཔག་ཏུ་མེད་པ་འཛམ་གླིང་གི་རྒྱུ་ནོར་མི་གཅིག་ལ་ཡོད་ཀྱང་དེ་དུས་ཏིལ་འབྲུ་ཙམ་ཡང་ཁྱེར་དབང་ནི་མེད། སྐྱུར་བར་བློས་ནི་མི་ཐོང་། རྗེས་སུ་ནི་མི་འབྲང་། སྔར་བྱས་ཀྱི་སྡིག་པ་དྲན་པས་ད་རྗེས་ནས་འགྱོད་པ་སྐྱེ། ཕྱི་མ་ངན་སོང་གི་སྡུག་བསྔལ་དྲན་ནས་འཇིགས་ཤིང་སྐྲག ཡུན་རིང་སྡོད་པའི་གྲབས་བྱེད་ཀྱང་འཆི་བ་གློ་བུར་དུ་སླེབ་པས་ཉམ་ང་། གསོན་པོའི་སྣང་བ་ད་ལྟ་ནུབ་པས་བག་གྲང་། མི་སྡིག་པ་ཅན་འཆི་བ་ན་འཆི་ཁར་བྲང་ལག་འཐབ་ཅིང་བྲང་སེན་རྗེས་ཀྱིས་བཀང་ནས་འཆི་སྟེ། སྔར་སྡིག་པ་བྱས་པའི་ལས་རྣམས་དྲན་ཏེ་འབྲས་བུ་ངན་སོང་དུ་སྐྱེ་བའི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་ནས་རང་ལ་རང་དབང་ཡོད་པའི་དུས་སུ་འཆི་ཁ་ཕན་པའི་ཆོས་ཤིག་ད་སྔར་མ་བསྒྲུབས་སྙམ་དུ་འགྱོད་ནས་སྙིང་ལ་ཟུག་གཟེར་སྐྱེས་ཏེ། བྲང་ལ་ལག་པའི་སྤར་མོས་འཐབ་ཅིང་བྲང་སེན་རྗེས་ཀྱིས་བཀང་ནས་འཆི་བ་ཡིན་ཏེ། ཇི་སྐད་དུ། མི་སྡིག་ཅན་འཆི་བ་མཐོང་ཙ་ན། །ལས་རྒྱུ་འབྲས་སྟོན་པའི་སློབ་དཔོན་ཡིན། །ཞེས་གསུངས། དེ་ལྟ་བུ་སྡིག་ཅན་དེ་དག་མ་ཤི་བའི་གོང་ནས་ངན་སོང་གི་སུན་མའམ་སྣང་བས་སླེབ་སྟེ། སྣང་བ་གང་བྱུང་ཐམས་ཅད་འཇིགས་སྐྲག་ཅན་དང་། ཚོར་བ་གང་བྱུང་ཐམས་ཅད་སྡུག་བསྔལ་ཅན་དུ་སྐྱེས། ལུས་ཀྱི་འབྱུང་བ་མཐའ་ནས་ཚུར་སྡུད། གཅིག་ཐོག་གཅིག་བརྩེགས་ལྟ་བུའི་དབུགས་ནི་ངར། ལག་པ་སོགས་ཡན་ལག་ནི་གཡོབ། འདུ་ཤེས་དང་སྣང་བ་ཐམས་ཅད་འཁྲུལ་བའམ་སེམས་རང་ཐོག་མེད། མིག་སྐྱ་ལོག་གེ་ཚེ་ཕ་རོལ་དུ་འཇིག་རྟེན་ཕྱི་མའི་ལམ་ལ་འགྲོ། གཤིན་རྗེའི་སུན་མས་སླེབ། བར་དོའི་སྣང་བ་རྣམས་རིམ་བཞིན་དུ་ཤར། དེའི་སྐབས་སུ་མགོན་དང་སྐྱབས་སུ་གྱུར་བ་ནི་སུ་ཡང་མེད། རང་གི་གཅེས་པའི་སྒྱུ་ལུས་ཤ་ཁྲག་ཀྱང་ཤུལ་དུ་བཞག་ནས་གཅེར་བུ་ལག་སྟོང་དུ་འགྲོ་བའི་དུས་དེ་དེ་རིང་གི་ཉི་མ་ཙམ་ལའང་རང་ཐོག་མི་འོང་བའི་གདེང་མེད་པར་ཤེས་དགོས། འཆི་བ་ཞེས་བྱ་བ་ཐོག་ཏུ་བབས་པ་དེའི་དུས་སུ་ཕན་ངེས་པ་ནི་དམ་པའི་ཆོས་ཁོ་ན་ལས་སུ་ཡང་སྐྱབས་སུ་འགྱུར་བ་མེད་པས་ན། ཇི་སྐད་དུ། ཆོས་སེམས་ཨ་མའི་མངལ་ནས་སྐྱེས། །སྐྱེས་མ་ཐག་ཏུ་འཆི་ཆོས་དྲན། །ཞེས་གསུངས་པ་ལྟར། རྒས་གཞོན་ལ་མ་ལྟོས་པའི་སེམས་ཅན་ཀུན་ལ་འཆི་བ་གློ་བུར་དུ་འོང་བ་ཡིན་པས་ན་སྐྱེས་པ་ཙམ་ནས་འཆི་ཆོས་སྒྲུབ་ཐུབ་ན་ཡང་སྔ་ཆེ་མེད་པས་འཆི་ཁར་ཕན་པའི་ཆོས་ཐོག་མ་ནས་བསྒྲུབ་དགོས་པ་ཡིན་པ་ལ། ད་ལྟ་ནས་མ་བསྒྲུབས་ན་འགག་ལ་ཐུག་དུས་འགྲུབ་དཀའ་ནི་རེད། དེས་ན་ལོ་ཆེ་ཆུང་ལ་མ་ལྟོས་པར་འཆི་སུ་སྔ་སུས་ཤེས། གཅོང་ཆེན་གཅིག་གི་ཚེ་ནད་མེད་བརྒྱ་ཤི་ཟེར་བའི་དཔེ་ལྟར། ད་ལྟ་ང་རང་ཚོས་མཐོང་ས་དང་གོ་ས་ཡུལ་ལུང་འདི་ནས་ཟླ་བ་སྔ་མའི་ནང་སུ་ཤི་དང་ཟླ་བ་འདིའི་ནང་སུ་ཤི་སོང་ལོས་ཤེས། རང་རོགས་ཐམས་ཅད་ཀྱང་སང་ཕོད་ད་ཚོད་ཅི་རེད་ཡོད་བསམ་བློ་བཏང་ན་ཤེས་རྒྱུ་ཞིག་ཡོད། ད་ལྟ་ཕན་ཆད་འཆི་བ་མ་དྲན་པས་དགྲ་འདུལ་ལུགས་དང་གཉེན་སྐྱོང་ལུགས་ཁྱིམ་གནས་མལ་དང་རྒྱུ་ནོར་གསོག་སྐྲུན་ཟང་ཟིང་གི་བྱ་བ་ལ་ཕྱི་ཚིས་ཀྱི་གྲབས་ཤོམས་བྱེད། ཉེ་དུ་དང་འབྲེལ་ཅན་ལ་སོགས་པའི་དོན་དུ་གཉེན་ལ་ཆགས་པ་དང་དགྲ་ལ་སྡང་བ་དང་གཉིས་མཉམ་གྱི་རྨོངས་པ་གསུམ་གྱིས་དུས་འདའ་བ་འདི་རང་གིས་རང་ལ་བལྟས་ན་མཚང་རེ་ཆེ་སྙམ་དུ་བསམ་མོ། །དེ་བཞིན་དུ་དགྲ་སྡང་བ་དང་འཕྲད་ནས་རྐུ་འཕྲོག་བཅོམ་གསུམ་སོགས་ཀྱིས་དོགས་ཏེ། ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་རྒྱུན་གྱི་འཚོ་སྐྱོང་སོགས་བྲེལ་དོ་ཁོ་ནའི་ངང་དུ་ཉིན་མཚན་གྱི་དུས་འདའ་ཡང་། ཕན་པ་མེད་པ་ཡིད་དུ་མི་འོང་བའི་རྐྱེན་དང་འཕྲད་ནས། ལོངས་སྤྱོད་དང་འབྱོར་པ་བསགས་ཚད་ཐམས་ཅད་ཀྱང་མཐར་དགྲ་དང་ཐུན་མོང་དུ་འགྱུར། ཕྱུག་པོའི་རྟ་ཟོག་སོགས་ལ་མཚོན་ན་ཉིན་གྱི་ཇག་པས་བཅོམ་དོགས། མཚན་གྱི་རྐུན་མས་རྐུ་དོགས། འཕར་སྤྱང་དང་གཅན་གཟན་ལ་སོགས་པས་གསོད་དོགས་སོགས། དགྲ་དེ་དག་གློ་བུར་གློ་བུར་དུ་འོངས་ནས་འཚེ་བར་བགྱིད་པ་ཡིན་པ་རེད་དེ། སྤྱིར་ལོངས་སྤྱོད་དང་འབྱོར་པ་ནི་ཅི་ཙམ་ཡོད་པ་དེ་ཙམ་དུ་དེ་ཐོག་མར་སྦྲང་མས་སྦྲང་རྩི་བཞིན་བསགས་པ་དང་། བར་དུ་ཆུད་ཟ་དོགས་ཀྱིས་བསྲུང་བ་དང་། མཐའ་མ་ཇེ་མང་དུ་སྤེལ་བ་སོགས་སྡུག་བསྔལ་མཐའ་ཡས་པའི་རང་བཞིན་ཡིན་ཏེ། མགོན་པོ་གླུ་སྒྲུབ་ཀྱིས། བསགས་དང་བསྲུང་དང་སྤེལ་བས་ཉམ་ཐག་པས། །ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ། །ཞེས་དང་། རྗེ་མི་ལས་ཀྱང་། ནོར་དང་པོ་བདག་སྐྱིད་གཞན་སྨོན་པོ། །ཅི་ཙམ་ཡོད་ཀྱང་ཆོག་ཤེས་མེད། །བར་དུ་སེར་སྣའི་མདུད་པས་བཅིངས། །དགེ་བའི་ཕྱོགས་སུ་གཏོང་མི་ཕོད། །དགྲ་འདྲེ་གཉིས་ཀྱི་གཡབ་མོ་ཡིན། །རང་གིས་བསགས་པ་མི་ཡིས་སྤྱོད། །ཐ་མ་སྲོག་གི་བདུད་དུ་འོང་། །དགྲ་བོའི་ནོར་གཉེར་སེམས་ལ་གཟན། །འཁོར་བའི་བསླུ་རྡོ་སྤངས་པ་ཡིན། །བདུད་ཀྱི་མགོ་སྐོར་དེ་ང་མི་འདོད། །ཅེས་གསུངས་པ་ལྟར། འབྱོར་པ་ཅི་ཙམ་དུ་ཆེ་བ་དེ་ཙམ་དུ་སྡུག་བསྔལ་ཆེ་ཞིང་། དཔེར་ན་རྟ་གཅིག་ཡོད་ཀྱང་། དེ་དགྲས་ཁྱེར་གྱི་དོགས། རྐུན་མས་རྐུ་ཡི་དོགས། རྟ་དེ་གསོ་བྱེད་ཀྱི་རྩྭ་གཟན་པ་མ་འཁྱོང་གིས་དོགས་པ་སོགས་སྡུག་བསྔལ་རྟ་ཙམ་པ་མང་པོ་ཡོད། དེ་བཞིན་དུ་ལུག་གཅིག་ཡོད་ཀྱང་སྡུག་བསྔལ་ལུག་ཙམ། ཐ་ན་ཇ་འཁོར་ཞིག་ཡོད་ཀྱང་། སྡུག་བསྔལ་ཇ་འཁོར་ཙམ་ཞིག་ངེས་པར་ཡོད། མདོར་ན་རྒྱུ་ཆེ་ན་ཆེ་བའི་ཚད་ཀྱི་སྡུག་བསྔལ། ཆུང་ན་ཆུང་བའི་ཚད་ཀྱི་སྡུག་བསྔལ་ཡོད། ནོར་མེད་ཙ་ན་དགྲ་དང་བྲལ། ཞེས་པ་ལྟར། འབྱོར་པ་མེད་ན་དགྲ་དང་བྲལ་ཏེ། སྐྱིད་པ་ཡིན་པས་སྔོན་བྱོན་རྒྱལ་བ་གོང་མའི་རྣམ་ཐར་བཞིན་ལོངས་སྤྱོད་ནོར་གྱི་ཆགས་ཞེན་ཐམས་ཅད་རྩ་བ་ནས་བཅད། འཚོ་བ་བྱ་ཚོལ་བྱིའུ་ཚོལ་ཀྱི་འདོད་ཆུང་ཆོག་ཤེས་ལ་བརྟེན་ནས་དམ་པའི་ཆོས་ཁོ་ན་བསྒྲུབ་དགོས་སྙམ་དུ་བསྒོམ་མོ། །གཉེན་གྲོགས་འཁོར་འདབ་ལོངས་སྤྱོད་སོགས་བྱམས་པ་དགའ་བདེ་སྐྱིད་པའི་དཔལ་དང་བྲལ་གྱི་དོགས་པའི་སྡུག་བསྔལ་ནི། འཇིག་རྟེན་འཁོར་བའི་སེམས་ཅན་ཐམས་ཅད་རང་ཕྱོགས་ཀྱི་གཉེན་ཉེ་རིང་ཤ་ཕུ་ནུ་གྲོགས་དགའ་མཛའ་སོགས་དེའི་ཕྱོགས་ལ་ཆགས། དེ་མིན་རང་ཉིད་མི་དགའ་པའི་གཞན་ཕྱོགས་ལ་སྡང་བར་བྱས། རང་ཉིད་ཀྱི་ཉེ་དུ་འཁོར་འབངས་གཉེན་དང་མཛའ་བཤེས་ཀྱི་ཕྱོགས་སུ་ལྷུང་བ་ཡིན་པས། དེ་དག་གི་ཆེད་དུ་སྡུག་བསྔལ་དུ་མ་ལ་སྤྱོད། ཉེ་དུ་དང་གཉེན་བཤེས་སུ་འབྲེལ་པ་དེ་དག་ཀྱང་མི་རྟག་པ་སོ་སོར་འབྲལ་བའི་ཆོས་ཅན་ཡིན་པས་ན། ཕལ་ཆེར་ཤི་པའམ་ཡུལ་ཕྱོགས་གཞན་དུ་འཁྱར་བ་དང་དགྲ་དང་གནོད་པ་ལ་སོགས་པས་ཉེན་པ་ན། དེ་དག་གི་སྡུག་བསྔལ་དེ་རང་གི་ལུས་ཐོག་ལ་བྱུང་བ་ལས་ཀྱང་ཐུ་གིན་ཡོད་པ་རེད། ཁྱད་པར་དུ་ཕ་མ་ནི་བུ་ལ་བརྩེ་ཞིང་གདུང་བས། བུ་རྒྱུད་དེ་དག་འཁྱགས་ཀྱིས་དོགས་ལྟོགས་ཀྱིས་དོགས། སྐོམ་གྱིས་དོགས་ན་ཡིས་དོགས། ཤི་ཡིས་དོགས། བུ་ན་བ་ལས་རང་ཉིད་འཆི་བ་འདོམ་ནུས་པ་ཙམ་དུ་སྙིང་བརྩེ་ཞིང་བུ་དང་བུ་མོ་དེའི་ཆེད་དུ་རྒྱུན་དུ་སེམས་ནད་ཁོ་ན་བྱེད་པས་སྡུག་བསྔལ། དེ་བཞིན་དུ་གཉེན་དང་ཉེ་འབྲེལ་བརྩེ་བ་ལ་སོགས་པ་དེ་རྣམས་དང་བྲལ་དུ་དོགས་པའི་སྡུག་བསྔལ་སྤྱོད་པ་ཡིན་ཡང་། ལེགས་པར་བརྟགས་ན་གཉེན་ཀྱང་གཏན་དུ་གཉེན་དུ་མ་ངེས་ཏེ། ཕ་མ་སོགས་བུ་ལ་བརྩེ་བར་རློམ་ཡང་བརྩེ་ལུགས་ཕྱིན་ཅི་ལོག་ཏུ་གྱུར་ནས་ཕུགས་སུ་གནོད་པ་བསྐྱལ་བ་ཡིན་ཏེ། རྒྱུ་ཟས་དང་ལོངས་སྤྱོད་གང་གཅེས་དང་གང་དམར་ཐམས་ཅད་བྱིན། གཏན་གྲོགས་ཀྱི་ཆུང་མ་བསུས་ནས་འཁོར་བའི་འཆིང་ཐག་དང་སྦྲེལ་ནས་གཞི་འཁོར་བ་བཟུང་བཅུག དགྲ་འདུལ་ལུགས། གཉེན་སྐྱོང་ལུགས། ལོངས་སྤྱོད་སྤེལ་ལུགས་སོགས་མི་དགེ་བའི་ལས་ཐབས་དུ་མ་བསླབས། ངན་སོང་གི་གཏིང་ནས་མི་ཐར་བ་ཞིག་བྱེད་པ་ཡིན་པས་དེ་དག་ལས་གནོད་ཚབས་ཆེ་བ་མེད། བུ་དང་བུ་མོ་ལ་སོགས་པ་ཡང་དང་པོ་ལུས་ཀྱི་བཅུད་འཕྲོག་སྟེ་ཁ་ནུ་ཞོས་གསོས། བར་དུ་ཁ་ཡི་ཟས་ཞིམ་པོ་ཡང་འཕྲོག ཐ་མ་ལག་གི་ནོར་ལོངས་སྤྱོད་གང་བཟང་ཐམས་ཅད་བྱིན་པའམ་ཁྱེར་ནས་འཕྲོག ཕ་སེམས་བུ། བུ་སེམས་རྡོ། ཟེར་བ་ལྟར། ཕར་ལ་བརྩེ་བར་བྱས་ཀྱང་ཚུར་ལ་རྒོལ། ཕ་མ་རང་གིས་ཚེ་གང་སྡིག་སྡུག་གཏམ་ངན་ཐམས་ཅད་ཁྱད་དུ་བསད་དེ་བསགས་པའི་རྒྱུ་ཟས་ལོངས་སྤྱོད་ཐམས་ཅད་ཕངས་པ་མེད་པར་བྱིན་ཀྱང་ལོས་བབ་བསམ་པ་མ་གཏོགས་ངོ་སོ་ཅུང་ཟད་ཀྱང་མེད། མི་ཕལ་བ་ཞིག་ལ་ཇ་འདེབས་གཅིག་བྱིན་པའི་དགའ་སྤྲོ་ཙམ་རང་གི་བུ་ལ་རྒྱ་དངུལ་རྡིལ་ཚད་བྱིན་ཀྱང་མེད་དེ། ང་རང་གི་ཨ་ཕའི་རྒྱུ་རྫས་ང་རང་གི་ལོས་ཡིན་སྙམ་པ་ལས་མེད། བུ་སྲིང་དང་བུ་མོ་སོགས་ཀྱང་རང་ནོར་ལ་ཧབ་ཐོབ་བྱེད། བྱིན་པ་ལ་ངོ་སོ་མེད། ཡང་བྱིན་ཀྱང་ཡང་སློང་། ཐ་ན་ཕྲེང་བའི་གྲངས་འཛིན་གྱི་སྔོ་ནེ་ལེགས་པོ་ཞིག་ཡོད་ཀྱང་བསླངས་ནས་ཁྱེར། ལེགས་ན་གཞན་ཁྱིམ་གྱི་དཔལ་བསྐྱེད་དེ་ཁྱིམ་གཞན་གྱི་རྒྱན་བྱེད་ཅིང་། རང་ཕྱོགས་ལ་ཕན་པ་མེད། ཉེས་ཏེ་རེད་མི་རེད་བྱུང་ན་ཕ་མིང་གི་གོ་ཁར་ལྷུང་ནས་སྡུག་ལ་སྦྱོར། གཉེན་ཉེ་རིང་གཞན་ཐམས་ཅད་ཀྱང་། རང་ལ་རྒྱུ་ནོར་གྱིས་འབྱོར་ཞིང་སྐྱིད་ལ་ཕུན་སུམ་ཚོགས་པའི་དུས་ན་ནི་ཐམས་ཅད་ཀྱང་ལྷ་བཞིན་དུ་ལྟ། ཕན་ཇི་ཐོགས་བྱེད། མི་དགོས་ཀྱང་རྒྱུ་ཟས་དང་ལོངས་སྤྱོད་མི་དགོས་ཟེར་ཡང་སྟེར། མི་ཟ་ཟེར་ཡང་ཟོས་ཞེས་དང་། མི་ཁུར་ཟེར་ཡང་ཁུར་ཟེར། རང་རྒུད་ནས་ཧུ་ཐུག་པའི་ཉི་མ་ཤར་ནས་དམན་སར་ལྷུང་བར་གྱུར་ན་ནི་ཉེས་པ་ཅུང་ཟད་ཀྱང་ཕར་ལ་མ་བྱས་པའི་གཉེན་ཡིན་ཡང་དེ་དུས་ཚུར་ལ་དགྲ་བཞིན་དུ་ལྟ་བ་རེད། སྔར་ཕར་ཕན་བཏགས་པའི་ལན་དུ་ད་ཚུར་ལ་གནོད་པ་སྐྱེལ། དེ་ལྟར་བུ་དང་། བུ་མོ་གཉེན་དང་ཉེ་བ་རྣམས་ལ་སྙིང་པོ་ཅུང་ཟད་ཀྱང་མེད་པ་ཡིནཏེ། རྗེ་མི་ལས། བུ་དང་པོ་ལྷ་བུ་ཡིད་འོང་པོ། །སྙིང་བརྩེ་བའི་སེམས་ལ་བཟོད་གླགས་མེད། །བར་དུ་བུ་ལོན་འདེད་དྲགས་པོ། །ཐམས་ཅད་བྱིན་ཀྱང་མགུ་དུས་མེད། མི་ཡི་བུ་མོ་ནང་དུ་བཅུག །དྲིན་ཆེན་ཕ་མ་ཕྱི་རུ་ཕུད། །ཕ་ཡིས་བོས་ཀྱང་ལན་མི་སྟེར། །མ་ཡིས་བོས་ཀྱང་ཨང་མི་ཁུག །ཐ་མ་ཁྱིམ་མཚེས་སྙིང་རིང་པོ། །ཁྲམ་པའི་ཁ་ཚེས་བྱས་པས་ཕུང་། །རང་སྐྱེས་ཀྱི་དགྲ་བོ་སེམས་ལ་གཟན། །འཁོར་བའི་བཤལ་ཐག་སྤངས་པ་ཡིན། །འཇིག་རྟེན་གྱི་བུ་ཚ་ང་མི་འདོད། །ཅེས་དང་། བུ་མོ་དང་པོ་ལྷ་ཕྲུག་འཛུམ་ཁ་མོ། །ནོར་གང་དམར་ཁྱེར་བའི་དབང་མོ་ཆེ། །བར་དུ་ལན་ཆགས་འཁོར་མེད་མ། །ཕ་ལ་དངོས་སུ་བསླངས་ནས་ཁྱེར། །མ་ལ་ལྐོག་ཏུ་བརྐུས་ནས་ཁྱེར། །བྱིན་པ་ངོ་སོ་མི་བྱེད་པ། །དྲིན་ཆེན་ཕ་མ་སྙིང་རླུང་སློང་། །ཐ་མ་སྲིན་མོ་གདོང་དམར་མ། །ལེགས་ན་གཞན་གྱི་དཔལ་སྐྱེད་མ། །ཉེས་ན་རང་གི་བྱུར་སྡུད་མ། །ཕུང་བྱེད་ཀྱི་སྲིན་མོ་སེམས་ལ་གཟན། །སངས་མེད་ཀྱི་མྱ་ངན་སྤངས་པ་ཡིན། །ཕུང་གཞིའི་བུ་མོ་ང་མི་འདོད། །ཅེས་དང་། གཉེན་དང་པོ་འཕྲད་དགའ་མཐོང་འཛུམ་པོ། །འདིར་བྱོན་དང་འདིར་བཞུགས་ཀྱིས་ལུང་པ་འགེངས། །བར་དུ་ཤ་ཆང་གི་ཟས་ལན་ཅན། །ཕར་གཅིག་ལན་དུ་ཚུར་གཅིག་སྟེར། །ཐ་མ་ཆགས་སྡང་གི་གྱོད་གཞི་ཅན། །སྡུག་གྲོགས་ཀྱི་གྱོད་རྩ་སེམས་ལ་གཟན། །སྐྱིད་ཚེའི་ཟ་གྲོགས་དེ་སྤངས་པ་ཡིན། །འཇིག་རྟེན་གྱི་ཉེ་དུ་ང་མི་འདོད། །ཅེས་གསུངས་པ་ལྟར་ཡིན་ནོ། །དེ་བཞིན་དུ་འདོད་པ་ཐོག་ཏུ་མི་ཁེལ་བའི་སྡུག་བསྔལ་ནི། འཇིག་རྟེན་གྱི་ཁམས་འདི་ན་རང་བདེ་ཞིང་སྐྱིད་པ་དང་། དགའ་བ་དང་། ཡག་པ་དང་། རྒྱན་མཛེས་སོགས་མི་འདོད་པ་ནི་གཅིག་ཀྱང་མེད་མོད་དེ། དེ་ལྟར་ཅི་བསམ་གང་འདོད་པ་ལྟར་བསམ་ཚད་འོང་བ་ནི་སུ་ཡང་མེད། སྐྱིད་དུ་རེ་ནས་མཁར་བརྩིགས་པ་ཡང་ཞིག་ནས་རང་གསོད་པའི་རྒྱུར་གྱུར་ནས་བསད་པ་དང་། ལྟོ་ཕོ་བར་འགྲངས་སུ་རེ་ནས་ཟས་ཟོས་པ་ཡང་ནད་ཀྱི་རྐྱེན་དུ་གྱུར་ཏེ་ཐ་མར་སྲོག་ལ་རྒོལ་བའི་རྐྱེན་དུ་གྱུར་པ་དང་། རྒྱལ་ཁ་ཐོབ་ཏུ་རེ་ནས་གཡུལ་ངོར་ཕྱིན་པས་འཕྲལ་དུ་བསད་པ་དང་། ཚོང་ཁེ་སྤོགས་འདོད་པས་ཚོང་ལ་ཕྱིན་པ་ན་བར་ནས་དགྲས་བཅོམ་སྟེ་མ་དངུལ་གྱི་གཞི་རྩ་ཡང་མེད་པའི་སྤྲང་པོར་གྱུར་པ་དང་། ཤྭ་དང་ཆང་དང་བུན་སྐྱེད་ལེན་པ་སོགས་ཚེ་འདིའི་བདེ་སྐྱིད་དང་ལོངས་སྤྱོད་འབྱུང་དུ་རེ་བས་འབད་རྩོལ་དང་རྩོལ་སྒྲུབ་ཇི་ཙམ་བྱས་ཀྱང་། རང་ལ་སྔོན་བསགས་ཀྱི་སྦྱིན་འབྲས་སྔོན་གྱི་ལས་དབང་ཞིག་མེད་ན་འཕྲལ་དུ་ལྟོ་འགྲངས་པ་ཙམ་ཡང་མི་འོང་ཞིང་བསོད་ནམས་མ་བསགས་པའི་འབད་བརྩོན་གྱིས་རང་གཞན་སྡུག་ལ་སྦྱར། འགྲུབ་ངེས་པ་ངན་སོང་གི་གཏིང་ནས་མི་ཐར་བ་ཞིག་གྲུབ་པ་མ་གཏོགས་ཅི་ཡང་མེད། དེས་ན་འབད་རྩོལ་རི་བོ་ཙམ་བྱེད་པ་ལས་བསོད་ནམས་མེ་སྟག་ཙམ་བསགས་པ་དགའ་བ་ཡིན་པས་ན་གྲུབ་དུས་ཚར་དུས་མེད་པ་འཁོར་བའི་བྱ་བྱེད་ཀྱིས་ཅི་བྱ། དེ་ལྟ་བུའི་ལས་ལ་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟའི་བར་དུ་ཅི་ཙམ་འབད་པ་ཡིན་ཡང་འབྲས་བུ་སྡུག་བསྔལ་བ་ཁོ་ན་ལས་མི་འདུག་པ་འདི་རེད། དེ་སྔོན་འཇིག་རྟེན་ཚེ་འདིའི་ཆེད་དུ་མི་ཚེ་གཅིག་གི་སྟོད་སྨད་གཉི་ག་ལ་འབད་བརྩོན་བྱས་པ་ཙམ་ཞིག དམ་པའི་ཆོས་ལ་འབད་ཡོད་ན་ད་ཙམ་རབ་ན་སངས་རྒྱ་བའམ་དེ་ལྟར་མིན་ཡང་ངན་སོང་གི་སྡུག་བསྔལ་གཏན་ནས་མྱོང་མི་དགོས་པ་ཞིག་ནི་འགྲུབ་ངེས་པ་ཡིན་པ་རེད། ད་རེས་དམ་པའི་ཆོས་ཐོས་ནས་དགེ་ངོ་སྡིག་ངོ་ཙམ་སྤང་བླང་གི་ས་མཚམས་ཤེས་པའི་སྐབས་འདིར། འགྲུབ་དུས་མེད་པ་འཁོར་བའི་བྱ་བཞག་ལ་རེ་བ་མི་ཆེ་བར་འགྲུབ་པར་ངེས་པའི་དམ་པའི་ལྷ་ཆོས་གཤའ་མ་ཞིག་བསྒྲུབ་དགོས་སྙམ་དུ་བསྒོམ་མོ། །མི་འདོད་པ་ཐོག་ཏུ་འབབས་པའི་སྡུག་བསྔལ་ནི། གོང་དུ་བཤད་པ་དེ་ལྟ་བུའི་སྡུག་བསྔལ་གྱི་རྣམ་གྲངས་དེ་དག་ཐམས་ཅད་འདོད་པའི་གང་ཟག་ནི་གཅིག་ཙམ་ཡང་འཇིག་རྟེན་གྱི་ཁམས་འདི་ན་མེད། འོན་ཀྱང་མི་འདོད་བཞིན་དུ་སྡུག་བསྔལ་དེ་དག་ཁོ་ན་ལ་ལོངས་སྤྱོད་དགོས་ཐུག་ནི་རེད། སྔོན་གྱི་ལས་དབང་ལས་རྒྱལ་པོའི་འོག་གི་སྡེ་མངའ་རིས་དང་། ཕྱུག་པོ་ཆེན་པོའི་བྲན་འཁོར་ལྟ་བུ་རྣམས་རང་དབང་སྐད་ཅིག་ཀྱང་མེད་པར་ཞེ་མི་དགའ་མི་འདོད་བཞིན་དུ་དེ་དག་གི་དབང་དུ་གྱུར། ཉེས་པ་ཅུང་ཟད་རེའི་ཕྱིར་དུ་སྡུག་བསྔལ་དུ་མ་གཏད་ཀྱང་བྱ་ཐབས་བྲལ། རང་དབང་མེད་པས་ད་ལྟ་གསོད་པའི་ས་རུ་ཁྲིད་ཀྱང་། རང་བསམ་གྱིས་འགྲོ་བ་ལས་འབྲོས་པ་ཙམ་ཡང་མི་ནུས་པས་མཚོན་ཏེ། མི་འདོད་པ་ཁོ་ན་ཐོག་ཏུ་འབབས་ཏེ། ཀུན་མཁྱེན་ཆེན་པོས། བཟའ་ཚང་ཉེ་འབྲེལ་འདི་དང་དུས་རྟག་ཏུ། །མི་འབྲལ་འགྲོགས་པར་འདོད་ཀྱང་འབྲལ་བར་ངེས། །བཟང་པོའི་གནས་མལ་འདི་རུ་དུས་རྟག་ཏུ། །མི་འབྲལ་འདུག་པར་འདོད་ཀྱང་འགྲོ་བར་ངེས། །བདེ་སྐྱིད་ལོངས་སྤྱོད་འདི་དང་དུས་རྟག་ཏུ། །མི་འབྲལ་སྤྱོད་པར་འདོད་ཀྱང་བོར་བར་ངེས། །དལ་འབྱོར་མི་ལུས་མཆོག་འདི་དུས་རྟག་ཏུ། །མི་འབྲལ་རྟག་པར་འདོད་ཀྱང་འཆི་བར་ངེས། །བཟང་པོའི་བླ་མ་འདི་དང་དུས་རྟག་ཏུ། །མི་འབྲལ་ཆོས་ཉན་འདོད་ཀྱང་བྲལ་བར་ངེས། །དམ་པའི་གྲོགས་བཟང་རྣམས་དང་དུས་རྟག་ཏུ། །མི་འབྲལ་འགྲོགས་པར་འདོད་ཀྱང་འབྲལ་ངེས་པས། །དེ་རིང་ཉིད་ནས་བརྩོན་པའི་གོ་བགོས་ཏེ། །འབྲལ་མེད་བདེ་ཆེན་གླིང་དུ་བགྲོད་རེ་རན། །སྐྱོ་ཤེས་གཏིང་ནས་སྐྱེ་བའི་གྲོགས་རྣམས་ལ། །ཆོས་མེད་སྤྲང་པོ་བདག་གིས་དེ་སྐད་བསྐུལ། །ཞེས་གསུངས། དེས་ན་ནོར་དང་ལོངས་སྤྱོད་བདེ་སྐྱིད་དང་སྙན་གྲགས་ལ་སོགས་འབྱུང་བའི་རྒྱུ་གང་ཡིན་ན། རང་ལ་ཚེ་སྔོན་བསགས་སྟོབས་ཀྱི་དགེ་འབྲས་ཤིག་ཡོད་ན་ནི་དོན་གཉེར་མ་བྱས་ནས་མི་འདོད་ཀྱང་ཤུགས་ཀྱིས་འབྱུང་། དེ་མེད་ན་ཅི་ཙམ་འབད་རྩོལ་དང་རྩོལ་སྒྲུབ་བྱས་ཀྱང་འདོད་པ་མི་འགྲུབ་ཅིང་མི་འདོད་པ་ཁོ་ན་འདུ་བ་ཡིན་པས་ན། ནོར་ཟད་པ་མེད་པ་ཆོག་ཤེས་ཀྱི་ནོར་ལ་བརྟེན་ནས་ཡང་དག་པའི་དམ་ཆོས་མ་བསྒྲུབས་ན། ཆོས་སྒོར་ཞུགས་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་སོང་སྟེ་འཇིག་རྟེན་ཚེ་འདིའི་བྱ་གཞག་ཁོ་ན་སྒྲུབ་པ་ནི་རང་སྡུག་ལ་དམ་པས་ཁྲེལ་བའི་གནས་སུ་གྱུར་བར་ཡིན་ཏེ། རྗེ་མི་ལས། སྤྱིར་རྒྱལ་བ་མི་ཡི་དབང་པོ་དེས། །ཆོས་རྣམས་ཆོས་བརྒྱད་འཇོམས་ཕྱིར་གསུངས། །ད་ལྟ་མཁས་པར་རློམ་པ་རྣམས། །ཆོས་བརྒྱད་ཆེ་རུ་མ་སོང་ངམ། །རྒྱལ་བས་ཚུལ་ཁྲིམས་བསྲུང་བ་དེ། །འཇིག་རྟེན་བྱ་བ་སྤང་ཕྱིར་གསུངས། །ད་ལྟའི་ཁྲིམས་སྲུང་བཙུན་པ་རྣམས། །བྱ་བཞག་མང་དུ་མ་སོང་ངམ། །སྔོན་དུས་དྲང་སྲོང་ཆ་ལུགས་དེ། །ཉེ་དུའི་འབྲེལ་ཐག་བཅད་ཕྱིར་གསུངས། །ད་ལྟའི་དྲང་སྲོང་ཆ་ལུགས་རྣམས། །ངོ་བསྲུང་ཆེ་རུ་མ་སོང་ངམ། །མདོར་ན་འཆི་བ་མ་དྲན་པའི། །དམ་ཆོས་ཅི་བྱེད་གྱི་ནར་གདའ། །ཞེས་གསུངས་པ་དང་། མདོར་ན་ཕྱུག་པོ་རྣམས་འཁོར་དང་ལོངས་སྤྱོད་ཇི་ཙམ་ཆེ་བ་ལྟར་དུ་དེ་དག་བསྲུང་བ་ལ་སོགས་པའི་སྡུག་བསྔལ་དེ་འདྲ་ཆེ་ནི་རེད། དབུལ་པོ་རྣམས་ཟས་གོས་སོགས་འདོད་པའི་ལོངས་སྤྱོད་བཙལ་ཀྱང་མི་རྙེད་པར་ཕོངས་པའི་སྡུག་བསྔལ་ཡོད་རེད། སྐྱེས་རབས་ལས། གཅིག་ནི་བསྲུང་བས་ཉོན་མོངས་ལ། །གཉིས་པ་འཚོ་བས་ཤ་ཐང་ངོ་། །ཕྱུག་གམ་ཡང་ན་དབུལ་ཡང་རུང་། །གང་ནའང་དགའ་བ་མེད་པར་འགྱུར། །ཞེས་དང་། བཞི་བརྒྱ་བ་ལས། མཆོག་ལ་ཡིད་ཀྱི་སྡུག་བསྔལ་དང་། ཐ་མ་རྣམས་ལ་ལུས་ཀྱིས་སོ། །སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི། །ཉིན་མཚན་ཀུན་ཏུ་འཇོམས་པར་བྱེད། །ཅེས་གསུངས་པ་ལྟར་རང་རེ་ལ་མངོན་དུ་གྱུར་ཡོད་པ་འདི་ལྟ་བུས་མཚོན་ནུས་སོ། །ད་ལྟ་མི་ཡུལ་གླིང་བཞིའི་འཇིག་རྟེན་སྤྱི་དང་བྱེ་བྲག་རང་རེ་འཛམ་བུའི་གླིང་པར་སྐྱེས་པ་རྣམས་ད་ལྟ་དུས་སྙིགས་མ་ལྔ་བདོ་བའི་དུས་འདིར་ལུས་སེམས་གཉིས་ཀར་བདེ་བའི་གནས་སྐབས་སྤུ་ཙམ་ཡང་མེད་པར་སྡུག་བསྔལ་ཁོ་ན་ལ་སྤྱོད་པ་མ་ཟད། ད་དུང་ཡང་ལོ་དང་ཟླ་བ་ཞག་དང་ཟ་མ་སྔ་དྲོ་དང་ཕྱི་འཕྲེད་ཙམ་སོང་བཞིན་དུ་དུས་ཇེ་སྙིགས་དང་། བསྐལ་པ་ཇེ་ངན། སངས་རྒྱས་ཀྱི་བསྟན་པ། སེམས་ཅན་གྱི་བདེ་སྐྱིད་ཐམས་ཅད་རིམ་པ་བཞིན་དུ་ཉམས་དམའ་བ་ལ་བསམས་ནས་འཁོར་བའི་གནས་འདི་ལ་སྐྱོ་བ་བསྐྱེད་པར་བྱ་དགོས་པ་ཡིན། གཞན་ཡང་འཛམ་གླིང་ལས་ཀྱི་ས་པ་ལས་སྔ་དྲོར་བསགས་ན་ཕྱི་དྲོ་སྨིན་པ་ཡིན་ཕྱིར། བཟང་ངན། སྐྱིད་སྡུག ལེགས་ཉེས། མཐོ་དམན་ཆོས་དང་ཆོས་མིན་ཐམས་ཅད་མཐའ་གཅིག་ཏུ་མ་ངེས་པ་ཡིན་པས་ན། གཅིག་ཏུ་བརྟན་པ་མིན་པ་དེ་དག་གི་གནས་ཚུལ་མངོན་སུམ་དུ་མཐོང་བ་ལ་བལྟས་ནས་དེ་ལུགས་ཀྱིས་རང་རྒྱུད་ལ་སྤང་བླང་འདོར་ལེན་བྱེད་དགོས་པ་ཡིན་ཏེ། ཀུན་མཁྱེན་བླ་མས། སྐབས་སུ་རང་སྣང་མཐུན་པའི་རྐྱེན་གྲོགས་ལྟོས། །རང་སྣང་ཤེས་པས་ཉམས་སྣང་གྲོགས་སུ་འཆར། །སྐབས་སུ་མི་མཐུན་གནོད་པའི་རྐྱེན་སྣང་ལྟོས། །འཁྲུལ་བ་ཞེན་ལོག་གནད་དུ་ཆེ་བ་ཡིན། །སྐབས་སུ་གྲོགས་དང་གཞན་གྱི་བླ་མར་ལྟོས། །བཟང་ངན་ཤེས་པའི་ཉམས་ལེན་བསྐུལ་མ་ཡིན། །སྐབས་སུ་མཁའ་ལ་འབྱུང་བཞིའི་ཆོ་འཕྲུལ་ལྟོས། །སེམས་ཉིད་ངང་དུ་འབད་རྩོལ་ཞིག་པ་ཤེས། །སྐབས་སུ་རང་གི་ཡུལ་མཁར་ལོངས་སྤྱོད་ལྟོས། །སྒྱུ་མར་ཤེས་པས་འཁྲུལ་སྣང་ཞེན་པ་ལོག །སྐབས་སུ་གཞན་གྱི་ནོར་དང་ལོངས་སྤྱོད་ལྟོས། །སྙིང་རྗེ་ཤེས་པས་འཁོར་བའི་འདོད་པ་སྤོངས། །མདོར་ན་སྣ་ཚོགས་སྣང་བའི་ཆོས་རྣམས་ལ། །རང་བཞིན་བརྟགས་པས་བདེན་ཞེན་འཁྲུལ་བ་འཇིག །ཅེས་གསུངས་པ་ལྟར་ཉམས་སུ་བླང་ངོ།།

༥༽ ལྷ་མིན་གྱི་སྡུག་བསྔལ།

མཐོ་རིས་ཀྱི་གནས་གཉིས་པ། ལྷ་མིན་གྱི་སྡུག་བསྔལ་ནི། གནས་ལྷུན་པོའི་ཆུ་མཚམས་མན་ཆད་རི་རབ་ཀྱི་ཁོང་གསེང་ནས་གསེར་གྱི་ས་གཞིའི་བར་དུ་གནས་པའི་རིམ་པས་སྒྲ་གཅན་དང་། སྐར་ཕྲེང་དང་། མགུལ་ཕྲེང་དང་། ཐག་བཟང་རིས་ཀྱི་གནས་ཆགས་ཡོད། སྤྱིར་ལྷ་མ་ཡིན་གྱི་ལུས་དང་རྫུ་འཕྲུལ་དཔལ་འབྱོར་ལོངས་སྤྱོད་ལྷ་རྣམས་ལ་འགྲན་ནུས་པ་ཙམ་ཡོད་ཀྱང་། རིགས་དང་སྐལ་བ་ལྷ་དང་མི་འདྲ་བའི་ཕྱིར་ལྷ་མ་ཡིན་ཞེས་བྱའོ། འདི་དག་ལ་རིགས་ཀྱང་ལྔ་སྟེ། ཚེ་དཔལ་ལྷའི་རིགས་ནི་སུམ་ཅུ་རྩ་གསུམ་པ་དང་ཚེ་ལུས་དང་སྐལ་བ་མཉམ། སྟོབས་ཆེན་གནོད་སྦྱིན་གྱི་རིགས་ནི་རྒྱལ་ཆེན་སྡེ་བཞི་པ་དང་ལོངས་སྤྱོད་མཉམ། རྩུབ་འགྱུར་བདུད་ཀྱི་རིགས་ནི་ནག་པོའི་ཕྱོགས་ལ་དགའ་བ་ཐག་བཟང་རིས་ལ་སོགས་པ་གཞན་འཕྲུལ་དབང་བྱེད་དང་ལོངས་སྤྱོད་མཉམ་ཞིང་ཚེ་སུམ་ཅུ་རྩ་གསུམ་དང་མཉམ། གསོད་བྱེད་སྲིན་པོའི་རིགས་ནི་སེམས་ཅན་གྱི་སྲོག་ལ་འཚེ་ཞིང་མཁའ་ལ་རྒྱུ་བའི་ཡི་དྭགས་དང་ཕྱོགས་མཐུན། གདུག་པ་ཀླུའི་རིགས་ནི་ཕྱེད་མར་གྱུར་བའི་ལུས་དང་། ལོངས་སྤྱོད་དང་བདེ་སྡུག་འདྲེས་ཤིང་བླུན་པར་གནས་པའོ། །ཁ་འཐོར་བ་ནི། མི་ཡི་ཡུལ་དང་། རྒྱ་མཚོ་དང་། ཁ་ཅིག་དུད་འགྲོ་དང་མཉམ་པའོ། །སྔོན་མི་དགེ་ཕྲག་དོག་དང་འཐབ་རྩོད་ལ་གོམས་ཤིང་ལས་དེས་འཕངས་པས་ན་ལྷ་མིན་གྱི་ལུས་རྟེན་དེ་བཟུང་བ་ཙམ་ནས་ཕྲག་དོག་གི་འདུ་ཤེས་རགས་པ་ཡིན་པས། རང་གི་གནས་ནའང་གནས་དང་སྡེ་རིས་དེ་དག་རྩོད་པར་བྱེད་ཅིང་། ཕན་ཚུན་མི་མཐུན་པས་ན་གཅིག་གིས་གཅིག་ལ་འཐབ་ཅིང་རྩོད་པ་ཁོ་ནས་དུས་འདའ། རང་རེ་འཇིག་རྟེན་མི་ཡུལ་འདི་ནས་ཀྱང་ད་ལྟ་མི་རྣམས་གཅིག་གིས་གཅིག་ལ་དོན་ཁབ་ཅིག་གི་རྩོད་གཞི་མེད་བཞིན་གནོད་པ་བྱེད་ཅིང་གློ་བུར་དུ་གྲི་མཚོན་སོགས་ལ་འཇུས་ནས་བྱ་ངན་ཚབས་ཆེན་གྱི་གྱོད་གཞི་བྱེད་པ་དེ་ཚོས་ལྷ་མ་ཡིན་གྱི་སྡུག་བསྔལ་ད་ལྟ་ནས་རང་གི་ཐོག་ལ་འདྲེན་ཁི་ཡོད་ནི་རེད། ཡར་ལྷ་ལ་བལྟས་པས་དཔལ་འབྱོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པར་མཐོང་ཞིང་། དགོས་འདོད་ཐམས་ཅད་ཡིད་ལ་བསམ་པ་ཙམ་གྱིས་དཔག་བསམ་གྱི་ཤིང་ལས་འབྱུང་བར་མཐོང་བས་ན། གཞན་འབྱོར་ལ་སྡང་ལྷ་མ་ཡིན་གྱི་སེམས། །ཞེས་པ་ལྟར་ཤིང་དེའི་རྩ་བ་ལྷ་མིན་གྱི་ཡུལ་ན་ཡོད་པ་སོགས་ལ་བལྟས་ནས་ཞེ་སྡང་གི་མེ་འབར། ཕྲག་དོག་གི་རླུང་འཚུབས་ནས་སེམས་མི་བཟོད་པ་སྐྱེས་ཏེ། ལུས་སྲུང་བར་བྱེད་པའི་གོ་ཆ་གྱོན། དགྲ་གསོད་པར་བྱེད་པའི་མཚོན་ཆ་ཐོགས་ནས་ལྷ་རྣམས་དང་འཐབ་ཏུ་འགྲོ། དེའི་ཚེ་ལྷ་རྣམས་ནི་གཤིས་འཇམ་པས་རྒྱུད་ཁྲོ་དཀའ་ཡང་དམག་འཁྲུགས་རན་ཚེ་རྩུབ་འགྱུར་གྱི་ཚལ་དུ་སོང་སྟེ་སེམས་འཁྲུགས་པས་གོ་མཚོན་དག་བླངས་ནས། ལྷའི་གླང་པོ་ཆེ་རབ་བརྟན་གྱི་མགོ་བོ་སུམ་ཅུ་རྩ་གཉིས་ལ་ཉེ་དབང་སུམ་ཅུ་རྩ་གཉིས་དང་། དབུས་ཀྱི་མགོ་བོ་ལ་ལྷའི་དབང་པོ་བརྒྱ་བྱིན་ཞོན། ལྷ་ཡི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་ཀུ་བསོ་ཆ་སྒྲ་སྒྲོགས་ཤིང་གཟི་བྱིན་བཟོད་པར་དཀའ་བ་ཙམ་དུ་འོང་བ་དང་། ལྷ་དང་ལྷ་མིན་གཉིས་གཡུལ་སྤྲད་ནས་འཐབ་པའི་ཚེ་ལྷ་རྣམས་ཀྱི་ལག་ཆ་རྡོ་རྗེ་དང་། འཁོར་ལོ་དང་། མདུང་ཐུང་དང་། མདའ་བོ་ཆེ་ལ་སོགས་པ་ཆར་བཞིན་དུ་འབེབས་ཤིང་། ལྷ་རྫུ་འཕྲུལ་དང་ལྡན་པས་རི་ཆེན་པོ་རྣམས་ཀྱང་པང་པས་བཏེགས་ནས་འཕེན་པར་བྱེད། སྔོན་གྱི་ལས་དབང་ལས་ལྷ་རྣམས་ནི་མི་འགྲེང་བདུན་ཙམ་གྱིས་མཐོ་ལ། ལྷ་མ་ཡིན་རྣམས་ནི་དམའ་ཞིང་། ལྷ་རྣམས་ནི་མགོ་བོ་བཅད་པ་མ་གཏོགས་ལུས་ལ་རྨ་ཅི་ཙམ་བྱས་ཀྱང་དེ་མ་ཐག་ལྷའི་བདུད་རྩིས་གསོ་བས་མི་འཆི་ལ། ལྷ་མ་ཡིན་རྣམས་ནི་མི་ལ་སོགས་པ་བཞིན་དུ་གནད་ཆེ་ས་གཉན་ས་གང་དུ་ཕོག་ཀྱང་འཆི་བ་ཡིན་པས་ན་ལྷ་མ་ཡིན་རྣམས་དུས་རྟག་ཏུ་གཡུལ་ཕམ་པ་མང་། ལྷ་མིན་མང་པོ་བསད་པའི་ཚེ་དེ་དང་དེར་ཤི་བའི་གཟུགས་བརྙན་གསེར་གྱི་ས་གཞིའི་སྟེང་དུ་ཀུན་སྣང་ཞེས་པའི་མཚོ་ལ་ཤར་བས་དམག་མ་ལོག་གོང་ནས་ཉེ་དུ་རྣམས་མྱ་ངན་གྱིས་གདུང་བར་བྱེད། དེ་དག་ཕལ་ཆེར་ནག་ཕྱོགས་ཡིན་པས་ཆོས་ལ་མི་དགའ། འགའ་རེ་ལ་མོས་པ་ཅུང་ཟད་ཙམ་ཡོད་ཀྱང་ཆོས་ཀྱི་ཁྱད་པར་རྟོགས་པ་དང་འབྲས་བུ་ཐོབ་པའི་སྐལ་བ་མེད་པ་ཡིན་ནོ། །དེ་ལྟར་ལྷ་དང་གཡུལ་འཐབ་པའི་ཚེ་ན་ལྷའི་གླང་པོ་ཀུན་སྐྱོང་མྱོས་པའི་སྣ་ལ་རལ་གྲིའི་འཁོར་ལོ་བཏགས་ཏེ་མངགས་པ་སོགས་ཀྱིས་ལྷ་མ་ཡིན་འབུམ་ཕྲག་དུ་མ་གསོད་ཅིང་། དེ་དག་གི་རོ་རི་རབ་ཀྱི་ངོས་ནས་རྦབ་ཏུ་བསྒྲིལ་སྟེ་རོལ་པའི་མཚོ་ཆེན་རྣམས་ཀྱི་ནང་དུ་ལྷུངས་པས། མཚོ་རྣམས་ཁྲག་གི་མདོག་ཏུ་སྣང་བ་སོགས་དུས་རྟག་པར་འཐབ་རྩོད་ཁོ་ན་ལ་སྤྱོད་པས། ལྷ་མ་ཡིན་གྱི་གནས་ན་ཡང་འཐབ་རྩོད་གཙོ་བོར་གྱུར་བའི་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པའི་ཚུལ་སྙིང་ཐག་པ་ནས་བསྒོམ་མོ།། །།ཞེས་གསུངས་ནས་བསྔོ་བས་མཐའ་བརྒྱན་ཏེ་ཆོས་ཁྲིད་གྲོལ་སོང་ངོ་།།

ཇ༽ ཉིན་བདུན་པར་ལྷའི་སྡུག་བསྔལ་སོགས་ཀྱི་ཆོས་ཁྲིད།

མཆོད་བརྗོད་སོགས་གསུངས་ནས།

ཨ༽ མཚམས་སྦྱོར་གྱི་གདམས་ངག

ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོ་གསང་ཆེན་རྡོ་རྗེའི་ཐེག་པ། དེ་ལས་ཀྱང་ཐུན་མོང་མ་ཡིན་པའི་ལམ་འོད་གསལ་རྫོགས་པ་ཆེན་པོ་ལ་ཞུགས་ནས། ཚེ་གཅིག་ལུས་གཅིག་གིས་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ་བའི་ཆེད་དུ། ཀུན་སློང་རྣམ་པར་དག་པ་བསམ་སྦྱོར་གཉིས་ཀའི་སྒོ་ནས་ཡོད་དགོས། རང་རེ་ཐམས་ཅད་ཀྱིས་དལ་འབྱོར་ཚང་བའི་མི་ལུས་ཤིན་ཏུ་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་རྟེན་ཁྱད་པར་ཅན་འདི་ལྟ་བུ་ཐོབ་པའི་དུས་འདིར། ནམ་ཞག་གཏན་གྱི་འདུན་མ་དམ་པའི་ལྷ་ཆོས་ཤིག་ཅི་ནས་ཀྱང་བསྒྲུབ་དགོས། དམ་པའི་ཆོས་སྒྲུབ་པ་དེ་ཡང་སང་བྱ་དང་གནངས་བྱའི་ལེ་ལོ་ཕྱི་བཤོལ་གྱི་དབང་དུ་མངག་མི་རུང་སྟེ། དལ་འབྱོར་ཚང་བའི་མི་ལུས་འདི་ལན་གཅིག་ཐོབ་ཀྱང་དབྱར་དུས་ཀྱི་མེ་ཏོག་དང་ནམ་མཁར་ཤར་བའི་འཇའ་ཚོན་ལྟར་མི་རྟག་པ་དང་མི་བརྟན་པ་ཡིན་ཏེ། མདོ་རྒྱ་ཆེན་རོལ་བ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་

སྤྲིན་དང་འདྲ། །འགྲོ་བ་གཡོ་བ་ཆུ་ཡི་ཟླ་བ་བཞིན། །སྐྱེས་བུའི་ཚེ་འགྲོ་རི་གཟར་འབབ་ཆུ་འདྲ། །འདུ་བྱེད་རྣམས་ནི་གར་ལ་བལྟ་དང་མཚུངས། །ཞེས་གསུངས་པས། ཕྱི་ནམ་ཟླ་དུས་བཞིའི་འགྱུར་ལྡོག་ནི། དབྱར་དགུན་སྟོན་དཔྱིད་ལོ་དང་ཟླ་བ་ཞག་དང་ཟ་མ། སྐད་ཅིག་ཡུད་ཙམ་གྱིས་ཀྱང་མི་རྟག་མི་བརྟན་པར་འགྱུར་འགྲོ་བ་བཞིན་དུ། རང་ཉིད་ཀྱང་འཆི་བའི་ཕྱོགས་ལ་ཐག་ཇེ་ཉེ་ཚེ་ཇེ་ཐུང་འགྲོ་ཞིང་མྱུར་དུ་འཆི་བ་འོང་བ་ལ་ཡིད་ཆེས། ནང་གི་སྐྱེ་འགྲོའི་འགྱུར་ལྡོག་ཀྱང་དགྲ་གཉེན་བར་མའི་འགྲོ་བ་བསམ་གྱིས་མི་ཁྱབ་པ་ལ་བལྟས་ན་ཡང་། ཐམས་ཅད་འཆི་བ་ལས་མ་འདས་པར་མཐོང་ཞིང་ཐོས་པས་ཀྱང་རང་ཉིད་ངེས་པར་འཆི་བ་དང་ནམ་འཆི་ཆ་མེད་ཡིན་པ་གཏན་ལ་འབེབས་ནུས་སོ། །གསང་བ་རང་ཉིད་སྐྱེས་ནས་ད་ལྟའི་བར་གྱི་ལུས་ཀྱི་འགྱུར་བ། སེམས་ཀྱི་འཆར་སྒོ་བྱ་བྱེད་སྤྱོད་ལམ་ཐམས་ཅད་ཀྱང་སྐད་ཅིག་སྐད་ཅིག་གིས་མི་རྟག་མི་བརྟན་འགྱུར་བའི་ཚུལ་ཐམས་ཅད་དྲན་ན། སྐྱེས་ནས་འཆི་བ་མ་གཏོགས་འགྲོ་ས་མེད་པར་ཤེས་ནུས། ད་དུང་ཞིབ་ཏུ་བསམས་ན་དེ་སྔོན་ཚེ་སྟོད་ཀྱི་དུས་ཚོད་དེ། ལོ་ཉི་ཤུའི་ཉི་མ་སྟོང་ཟད། །ཝ་དམར་པོའི་གྲ་ཁ་ལོག་འདྲ། །རེད་སོང་འདུག་སྙམ་ནས་ད་ཕྱི་འདེང་ཞིག་ཡང་དུ་བརྒྱབ་ན་འཆི་བདག་གི་དགྲ་ཆེན་རང་ཐོག་གློ་བུར་དུ་སླེབས་ཚེ། བརྩིགས་པའི་ཁང་ཁྱིམ། བསགས་པའི་ལོངས་སྤྱོད། མཛའ་བའི་གཉེན་གྲོགས་གཅེས་པར་བསྐྱངས་པའི་རང་གི་ལུས་སོགས་གང་གིས་ཀྱང་མི་ཕན་མི་སྐྱོབ་པར་ཚེ་ཕྱི་མའི་ལམ་པོ་ཆེར་གཅེར་བུ་ལག་སྟོང་དུ་ལས་འབའ་ཞིག་གི་རྗེས་སུ་འགྲོ་དགོས་པར་ཤེས་འོང་རྒྱུ་ཡོད། དེས་ན་སང་གི་སྣང་བ་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས་གང་སྔ་མི་ཤེས་པས། ཆོས་སང་བྱ་གནངས་བྱའི་ལེ་ལོ་ཕྱི་བཤོལ་གྱི་དབང་དུ་ཤོར་མི་རུང་བར་མགོན་པོ་ཀླུ་སྒྲུབ་ཀྱིས། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ལྡོག་ཕྱིར་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་བསླད་འབད་འཚལ་ཏེ། །དེ་ལས་ཆོས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་པ་ལྟར་ཚེ་འདི་ཡི་ཕུན་ཚོགས་ཐམས་ཅད་ནི་གཉིད་ཐུན་གཅིག་གི་རྨི་ལམ་གྱི་བདེ་བ་ལྟར་ཡིན་པས་ཡིད་སྐྱོ་སྟེ། དེ་རིང་ཉིད་ནས་འཆི་ཆོས་ཚགས་སུ་ཚུད་པར་བྱའོ་བསམ་དགོས། ཤི་ཚར་ནས་སྐྱེ་བ་ལེན་རྒྱུ་མེད་པར་ཆུ་སྐམ་པ་ལྟ་བུ་ཡིན་ན་དེ་ག་ལས་མེད་ཀྱང་། ཤི་ནས་མེད་དུ་མི་འགྲོ་བས་སྐྱེ་བ་ཞིག་ངེས་པར་ལེན་དགོས། སྐྱེ་བ་ལེན་རྒྱུ་དེ་ཡང་ངན་འགྲོ་དང་བདེ་འགྲོ་གཉིས་ལས་འགྲོ་ས་གསུམ་པ་མེད་། གལ་ཏེ་ངན་འགྲོར་སྐྱེས་སོང་ན། བཟོད་དཀའ་བའི་ངན་སོང་གསུམ་གྱི་སྡུག་བསྔལ་ནི་དོས་དྲག་པོ་རྒྱུན་ཆད་མེད་པ་ཞིག་ཡིན་ལ། གལ་ཏེ་བདེ་འགྲོར་སྐྱེས་ན་ཡང་འགྱུར་བའི་སྡུག་བསྔལ། སྡུག་བསྔལ་གྱི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་གྱིས་བར་མེད་དུ་མནར་བས་མ་ཚད་མཐར་ངན་སོང་དུ་ལྷུང་རྒྱུ་ལས་མ་འདས། དེས་ན་འཁོར་བའི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་འབའ་ཞིག་གི་རང་བཞིན་ལས་མ་འདས་པ་ནི། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་ཕོངས་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པས་སྡུག་བསྔལ་ཅན་གྱི་འཁོར་བ་དེ་ལས། ནག་ཆེན་བཙོན་དོང་ནས་བྲོས་པ་ལྟར་བྱས་ཏེ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམ་པའི་ལྷ་ཆོས་ཁོ་ན་བསྒྲུབ་དགོས། དེ་ཡང་བློ་ཕ་ལ་མི་དྲི། གྲོས་མ་ལ་མི་བྱེད། བློ་ཐག་རང་གིས་བཅད་དེ་བསྒྲུབ་དགོས། སེམས་ཕ་མ་གཉེན་ཉེ་དཀར་ནི་རེད་གདའ། དེ་དག་ནི་རྨོངས་པ་མ་རིག་པའི་གདོན་གྱིས་ཟིན་པའི་སྨྱོན་པ་དང་འདྲ་བ་ཡིན་ཏེ་བདེ་འདོད་སྡུག་བསྔལ་གྱི་རྒྱུ་རང་གིས་སྒྲུབ་ལུགས་ལ་ལྟོས་དང་། གཞན་གྱི་ལམ་སྟོན་དེ་བས་ཀྱང་ཤེས་ནི་མ་རེད། དེས་ན་རང་གི་འཁྲུལ་བ་རང་གིས་མ་བརྟགས། རང་གི་མགོ་འདོན་རང་གིས་མ་བྱས་ན། ན་སོ་བརྒྱད་པའི་རྟ་རྒན་ལ་ཁ་ལོ་སློབ་ནི་ཟུར་ནས་འོང་སྒུག་བྱེད་རྒྱུ་མེད་པས། ཆོས་ཡང་དག་པ་ཞིག་སྒྲུབ་བསམ་པའི་ཆོས་པ་ཚད་ལྡན་ཞིག་བྱེད་དགོས་ན། དགྲ་འདུལ་ཞོར། གཉེན་སྐྱོང་ཞོར། ཚོང་རྒྱག་ཞོར། རྐུ་བྱེད་ཞོར། ཕྲག་དོག་སེར་སྣ་ངན་སེམས་རྒྱུན་འཆང་། དབྱེན་སྦྱོར་དཀྲུག་ཤིང་སོགས་བྱེད་ཞོར་ཆོས་དང་བསྲེས་ནས་སྒྲུབ་མདོག་བྱེད་པ་ནི་དཔེར་ན་ཉི་ཤུ་དགུའི་དགུ་ཧུབ་སྐོལ་བ་དང་འདྲ་བས་སྙིང་པོ་ཅི་ཡང་མེད། དམ་པ་གོང་མའི་རྣམ་ཐར་གང་དང་གང་ལ་བལྟས་ཀྱང་ཆོས་འཇིག་རྟེན་གཉི་ག་མཉམ་དུ་སྒྲུབ་ཆོག་པའི་ལོ་རྒྱུས་གང་དུ་ཡང་མ་གསུངས། དེས་ན་ད་ནི་རང་གི་མྱི་ཚེ་ལ་མྱུར་དུ་ཚོད་རྩིས་ཤིག་གྱིས་དང་ན་ཚོད་ཅི་ཙམ་ཞིག་ལ་སླེབས་འདུག་ཧ་གོ་འོང་། འཕྲལ་རྐྱེན་གློ་བུར་བས་མ་ཤི་ནའང་། ཕྱེད་གཉིད་ཀྱིས་ཟད། ཕྱེད་འཁོར་ངན་ཟ་ཆས་འཐུང་གཡོག་གིས་དུས་ཚོད་སྟོང་ཟད་ཤོར་བ་དང་། གཞན་ཡང་གྲོང་སྡེ་ཁྱིམ་མཚེས་ཀྱི་གསེབ་ནས་ཚོགས་ངན་འུར་ཟིང་གི་འགྲོ་སྟངས་རྣམས་ལ། མྱིག་དང་རྣ་ཅོ་གཉིས་པོ་དེ་དག་གི་ཕྱོགས་སུ་ཤོར་ནས། མཐར་ལུས་བེམ་གོག་པོ་སེམས་རྣམ་རྟོག་ངན་ལང་གིས་དྲུད་ནས་ཨ་ཁུ་སྔ་མའི་སྔ་ལུགས་རེད་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། དེས་ན་ཆོས་སྒྲུབ་ན་སྒྲུབ་ནི་འདྲ་བ་ཞིག ཡུལ་འཁོར་ངན་ཁྱི་ཚང་ལྟ་བུ་འདི་རྒྱབ་ཏུ་བསྐྱུར། གནས་རི་ཁྲོད་དང་བྲག་རྩར། གྲོགས་བྱ་དང་རི་དྭགས་སམ་བླ་མ་དང་ཆོས་མཐུན་གྱི་གྲོགས་པོར་འགྲོགས་ནས་ཚེ་མཐར་སྒྲུབ་ལ་སྦྱོར་བའི་དམ་བཅའ་འཁྱུག་མེད་ཅིག་ཐུབ་ན་གཞི་ནས་སྙིང་པོའི་ལྷ་ཆོས་རྣམ་པར་དག་པ་ཞིག་འགྲུབ་འོང་ནི་རེད། རང་རེའི་ཁྱིམ་གཞིའམ་དགོན་གཞི་འབུ་ཚང་དང་བྱིའུ་ཚང་ལྟ་བུ་འདི་འདྲ་ལྟ་ཅི། རྒྱལ་པོའི་རྒྱལ་སྲིད་སོགས་ཀྱང་མཆིལ་མའི་ཐལ་བ་ལྟར་བོར་ནས་དཀའ་སྤྱད་དང་སྙིང་རུས་མཛད་ནས་ཆོས་བསྒྲུབས་ཏེ་སྒྲུབ་འབྲས་མངོན་དུ་གྱུར་ནི་བོ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ནས། དྲིན་ཆེན་རྩ་བའི་བླ་མའི་བར་གྱི་དམ་པ་གོང་མ་ཐམས་ཅད་ཀྱི་རྣམ་ཐར་ལྟ་བུ་རེད། ཆོས་ཡང་དག་མ་བསྒྲུབས་ན་ཆོས་པ་ཆོས་པའི་ལམ་ལ་མི་འགྲོ་ནི། འཇིག་རྟེན་འཇིག་རྟེན་གྱི་གྲལ་ལ་མི་ཐེ་ནི། ལར་ལས་ཀའི་ཁ་འོག ཚོང་གི་ཁ་འོག སྡུག་སྡིག་པ་གཉིས་དང་མཉམ་དུ་ཆོས་ཞིག་སྒྲུབ་ཁུལ་བྱེད་ན་ཁུར་པོ་སུམ་བརྩེགས་ཀྱི་ལྕི་སྣོན་མ་གཏོགས། མཐའ་མར་ཁུར་པོ་ཁེ་རུ་ཞིག་ཀྱང་མ་ཁྱོག་ན་ལས་ཀའི་འཆར་གཞི་མ་ཞོག་པའི་རྟགས་རེད། དེས་ན་རང་བློ་རང་ལ་མི་དཀར་མི་སྲིད་པས་ཁྱིམ་བཟའ་ཚང་གི་ཕ་དང་མེས་པོ་མ་དང་ཞང་པོ་སོགས་མི་རྒྱུད་སྔོན་མ་ཀུན་ལ་འདེང་ཞིག་རྒྱོབས་དང་། ཐམས་ཅད་དམ་པའི་ཆོས་དང་འཕྲོད་ནས་ཤི་ལུགས་བཟང་པོ་དང་ཤི་ནས་ཆོས་རྩ་དགེ་ལས་ཡོད་པས་ཐར་བ་དང་བདེ་འགྲོར་ཐོབ་སོང་ནི་ཤིན་ཏུ་དཀོན་པོ་ཡིན་རྒྱུ་རེད། རང་རེ་ཚོ་ལ་བསམ་ན་ཡང་ཚེ་གང་པོར་སྡུག་སྡིག་པ་གཉིས་དང་མཉམ་རྒྱུག་ལས་ངན་བྲེ་གསོག་ཕུལ་གསོག་གི་སྒོ་ནས་ཁ་གསོ་རྒྱབ་འགེབས་བཟའ་དགུའི་ཐབ་གཡོག་བྱེད་ནི་ཞིག་ཨེ་ཡིན། ཡང་ན་ལོག་འཚོའི་འཚོ་བར་རྙེད་ཚོལ་འབུལ་སྡུད་དཀོར་ཁ་གྲོང་ཆོག་སོགས་ཀྱིས་མི་ཚེའི་ཉི་མ་གཏོང་ནི་ཞིག་ཨེ་ཡིན། ཡང་ན་མི་ཚེ་ཐོས་བསམ་དང་སྒྲུབ་པ་ལ་སྦྱོར་མདོག་བྱས་ཀྱང་སེམས་ལ་དམ་པའི་ཆོས་ཀྱི་དྲི་མི་བྲོ་ཞིང་བདག་འཛིན་སྦྲམ་པོར་ལུས་ནས་ཆོས་དང་བླ་མ་ལ་ལོག་ལྟ་སྐུར་འདེབས་ཀྱིས་དུས་འདའ་བའི་སྣང་ཚད་དགྲ་རུ་འཛིན་པའི་ར་མིན་ལུག་མིན་ཞིག་སྟེ་ལས་སྒོ་དེ་འདྲ་མ་གཏོགས་མེད་ནི་ཞིག་ཡིན་ན་ཤིན་ཏུ་ཐ་ཆད་དེ། མི་ལུས་ཙམ་པོ་བ། མི་ལུས་བྱུར་བོ་ཆེ། མི་ལུས་སྙིང་པོ་མེད་པ། མི་ལུས་སྟོངས་ལོག་མཁན་ཐམས་ཅད་དེ་ལ་ཚང་སོང་ནི་རེད། དེ་དག་གི་སྡིག་པའི་འབྲས་བུ་རང་ཐོག་མ་གཏོགས་འགྲོ་ས་ཡོད་ནི་མ་རེད། དེས་ན་ཤི་བོའི་རྒྱབ་ཀྱི་གསོན་པོ་ཡིན་ན་ཤི་བོའི་དགེ་རྩ་དང་དྲིན་ལེན། རང་གི་འདི་ཕྱི་གཉིས་ཀྱི་བདེ་ཐབས། བུ་ཚ་བོའི་ཕྱིན་ཆད་ཀྱི་འགྲོ་ལམ། བསྟན་པ་དང་སེམས་ཅན་གྱི་འགྲོ་དོན་སོགས་གང་ལ་བསམས་ཀྱང་། མདོར་ན་ཆོས་རྣམ་པར་དག་པ་ཞིག་སྒྲུབ་རྒྱུ་བས་གནད་ཆེ་ཞིག་མེད་པར་ཤེས་པར་བྱས་ནས་ཚེ་དང་སྒྲུབ་པར་སྙོམས་པ་ཞིག་ལ་སྙིང་ནས་ཁ་ཕྱོགས་དགོས།།

༦༽ ལྷའི་སྡུག་བསྔལ་ནི།

གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི། ལྷའི་སྡུག་བསྔལ་བཤད་པའི་སྐབས་ཡིན་ལ། དེ་ཡང་མཐོ་རིས་ཀྱི་གནས་གསུམ་པ་ལྷའི་གནས་ནི། སྤྱིར་ན་ལྷའི་གནས་རྣམས་སུ་གསོན་པའི་དུས་སུ་བདེ་སྐྱིད་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད་ནི་རེད། རེད་ཀྱང་འདོད་ཡོན་ལ་སྤྱོད་པའི་འདུ་འཛི་རྣམ་གཡེང་ཁོ་ནའི་ངང་དུ་དུས་འདའ་ཞིང་། འཕྲལ་སྣང་སྐྱིད་པའི་ངང་དུ་དུས་གྲོན་སོང་བས་དམ་པའི་ཆོས་སྒྲུབ་པ་ལ་བསམ་རྒྱུ་དང་དྲན་རྒྱུའི་བློ་གཏན་ནས་མི་སྐྱེ། ཚེ་བསྐལ་པའི་བར་དུ་རིང་པོར་གནས་ཀྱང་རྣམ་གཡེང་གིས་ཚེ་སྐད་ཅིག་མ་གཅིག་གི་སྣང་བ་ཡང་མེད་པར་མ་ཚོར་ཡེངས་མ་ལམ་ལ་ཚེ་ཟད་དེ་འཆི་བ་ལ་ཐུག རི་རབ་བང་རི་བཞི་པ་ན་ཡོད་པའི་ལྷའི་རིགས་ལ་རྒྱལ་ཆེན་རིགས་བཞི་གསུངས་ནི་རེད། དེ་ནས་སུམ་ཅུ་རྩ་གསུམ། མཐབ་བྲལ། འཕྲུལ་དགའ། དགའ་ལྡན། གཞན་འཕྲུལ་དབང་བྱེད་ཀྱི་བར་འདོད་ལྷའི་གནས་རིགས་དྲུག་པོ་གང་ཡིན་ཡང་ལྟར་སྣང་བདེ་བ་ལྟར་ཡོད་པས་སྡུག་བསྔལ་གྱི་སྡུག་བསྔལ་མངོན་གྱུར་བ་མེད་ཀྱང་འགྱུར་བའི་སྡུག་བསྔལ་དང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གཉིས་ལས་མ་འདས་པས། འདོད་ལྷ་རིགས་དྲུག་པོ་དེ་དག་གང་ཡིན་ཡང་སྡུག་བསྔལ་ཆེ་ཤོས་འཆི་འཕོ་བའི་སྡུག་བསྔལ་དེ་མྱོང་དགོས་ནི་རེད། དེའང་ལྷ་རྣམས་འཆི་བར་ཉེ་བ་ན་ལྷ་རྣམས་རང་རང་གི་འོད་ཀྱིས་དཔག་ཚད་དང་རྒྱང་གྲགས་སོགས་སུ་སྣང་བ་ཡིན་པ་ལ། ཤི་རན་པ་དེ་ཡི་ཚེ་ལུས་ཀྱི་འོད་བཀྲག་ཉམས་པ་དང་། རྒྱུན་དུ་ལྷའི་སྟན་ལ་ཅི་ཙམ་བསྡད་ཀྱང་སུན་ནས་སྐྱོ་བས་མི་དགའ་བ་མེད་པ་ལ། ཤི་ཁར་སྟན་ལ་སྡོད་སྙིང་མི་འདོད་ཅིང་ལུས་མི་བདེ་བའི་ཚོར་སྣང་སྐྱེས་པས་སེམས་མི་དགའ་བ་དང་། རྒྱུན་དུ་ལྷའི་མེ་ཏོག་གི་ཕྲེང་བ་ཅི་ཙམ་བརྒྱན་ནས་སོང་ཡང་རྙིང་རྒྱུ་མེད་པ་ལ། འཆི་ཁར་མེ་ཏོག་གི་ཕྲེང་བ་རྙིང་པ་དང་། དུས་རྒྱུན་ལྷའི་གོས་ཇི་ཙམ་བགོས་ཀྱང་དྲི་མ་ཆགས་རྒྱུ་མེད་པ་ལ་འཆི་ལ་ཉེ་སྐབས་གོས་རྙིང་ནས་དྲི་མ་ཆགས་པ་དང་། ནམ་རྒྱུན་ལྷའི་ལུས་ལ་རྔུལ་འབྱུང་རྒྱུ་མེད་པ་ལ། དེའི་སྐབས་ལུས་ལ་རྔུལ་ཆུ་འབྱུང་བ་སྟེ། དེ་ལྟར་འཆི་འཕོའི་སྔ་ལྟས་ལྔ་ཤར་བས་ཚེ་ཟད་པའི་ལྷ་དེ་རང་ཉིད་ཀྱིས་ཀྱང་འཆི་བ་དབང་མེད་དུ་འོང་བར་ཤེས་ཏེ་ཡིད་མི་བདེ་བའི་སྡུག་བསྔལ་དམྱལ་བ་བས་སྡུག་ཡོད་ནི་རེད། ལྷ་ཟླ་བོའམ་གྲོགས་པོ་རྣམས་དང་ལྷའི་བུ་མོ་རྣམས་ཀྱིས་ཀྱང་དེ་འཆི་བར་ཤེས་ཏེ་ངན་བལྟས་བྱས་ནས་དྲུང་དུ་ཉེ་མི་ནུས་ཤིང་། རྒྱང་རིང་པོ་ནས་མེ་ཏོག་འཐོར་ཏེ། ཁྱོད་ལྷ་ཡུལ་འདི་ནས་ཤི་འཕོས་ཏེ། འཇིག་རྟེན་མི་ཡུལ་འཛམ་བུ་གླིང་དུ་སྐྱེས། མི་ཡུལ་ནས་ལས་དགེ་བ་ལ་སྤྱད་དེ། སླར་ཡང་ལྷ་ཡུལ་དུ་སྐྱེ་ནས་མཉམ་དུ་འཛོམས་པར་ཤོག་ཅིག །ཅེས་རྒྱང་ནས་སྨོན་ལམ་བཏབ་ནས་འགྲོ། རང་གཅིག་པུ་ལུས་པས་ཤིན་ཏུ་སྡུག་བསྔལ་ཞིང་ཕྱི་མ་གར་སྐྱེ་ལྷའི་མིག་གིས་བལྟས་པས་སྡུག་བསྔལ་བའི་གནས་སུ་སྐྱེ་བར་མཐོང་ན་ནི། ལྷག་པར་དུ་འཕོ་བའི་སྡུག་བསྔལ་མ་སངས་པའི་གོང་དུ་ལྟུང་བའི་སྡུག་བསྔལ་གྱིས་ནོན་ཏེ་སྡུག་བསྔལ་ཉིས་འགྱུར་དང་སུམ་འགྱུར་གྱི་ཆེ་བས་ལུས་སེམས་གཉིས་ཀ་མནར་ཏེ་ཉམ་ཐག་པས་ལུས་སྡུག་བསྔལ་ཞིང་སེམས་སྐྱོ་བའི་འོ་དོད་འབོད་བཞིན་དུ་ལྷའི་ཞག་བདུན་དུ་སྡོད་དགོས་ཏེ། སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ཞག་བདུན་དེ་མི་ལོའི་ཐོག་ནས་བརྩིས་ན་མི་ལོ་བདུན་བརྒྱ་ཡིན། དེའི་བར་དུ་སྔར་གྱི་བདེ་སྐྱིད་དྲན་ཡང་ལྷ་ཡུལ་དུ་སྡོད་དབང་མེད་པ་འཕོ་བའི་སྡུག་བསྔལ། ཕྱི་མའི་གནས་རིས་ངན་སོང་སོགས་མཐོང་བས་ཉམ་ང་བ། ལྟུང་བའི་སྡུག་བསྔལ་དང་གཉིས་ཀྱིས་མྱ་ངན་སེམས་ལ་ཟུག་པ་དམྱལ་བ་ལས་ཀྱང་ཐུ་བ་ཡིན་ཏེ། དྲན་པ་ཉེར་བཞག་ལས། ལྷ་ཡི་གནས་ནས་ལྟུང་བ་ནི། །སྡུག་བསྔལ་རབ་ཏུ་ལྕི་བ་གང་། །དེ་ལ་སེམས་ཅན་དམྱལ་བ་ཡི། །བཅུ་དྲུག་ཆ་ཡང་མི་ཕོད་དོ། །ཞེས་དང་། བཤེས་སྤྲིངས་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང་། །སླར་ཡང་ལས་ཀྱི་དབང་གིས་ས་སྟེང་ལྷུང་། །འཁོར་ལོའི་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟར་འཕོ་ལྟུང་གི་སྡུག་བསྔལ་བསམ་གྱིས་མི་ཁྱབ། གཞན་ཡང་རྒྱལ་ཆེན་བཞི་དང་། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལྷ་མ་ཡིན་དང་འཐབ་ཅིང་རྩོད་པ་དང་། ལུས་མཚོན་གྱིས་གཅོད་པ་དང་། གསོད་པ་ལ་སོགས་པའི་སྡུག་བསྔལ་དྲག་པོ་ཡོད། གཟུགས་གཟུགས་མེད་ཀྱི་ཁམས་གོང་མ་གཉིས་ན་འཆི་འཕོའི་སྡུག་བསྔལ་རགས་པ་མངོན་གྱུར་པ་མེད་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས། འདུ་བྱེད་ཀྱི་སྡུག་བསྔལ་འདི་ལས་མ་ཐར་ན་སྡུག་བསྔལ་སྔ་མ་གཉིས་ལས་གནས་སྐབས་ཐར་ཡང་ཕན་པ་མེད་དེ། དཔེར་ན་ཤིང་སྡོང་གི་རྩ་བ་མ་བཅད་ན་ལོ་མ་བཅད་ཀྱང་སླར་སྐྱེ་བ་ལྟར་ཡིན་ནི་རེད། གནས་དེ་ན་འཕེན་བྱེད་ཟག་བཅས་ཀྱི་ལས་འབྲས་ཡོད་པ་ཟད་ནས་ཏིང་ངེ་འཛིན་གྱིས་མྱོས་པ་དེ་ལས་གཉིད་སད་པ་བཞིན་དུ་གནས་རིས་འོག་མར་ངན་སོང་དུ་ལྷུངས་ནས་སྡུག་བསྔལ་བ་ཡིན་། དེ་ལྟར་ཚངས་རིས་ནས་འབྲས་བུ་ཆེ་བའི་བར་བསམ་གཏན་གྱི་ལྷ་རྣམས་ཀྱང་འཆི་བའི་ཚེ་རང་གི་བདེ་བ་དེ་ཉིད་འགྱུར་བས་སྲིད་པ་ཕྱི་མར་འཇུག་པའི་སྡུག་བསྔལ་ཡོད་དེ། མགོན་པོ་ཀླུ་སྒྲུབ་ཀྱིས། ཚངས་རིས་ལ་སོགས་བསམ་གཏན་ལྷ་རྣམས་ཀུན། །འོད་དང་ཁ་དོག་གཟི་བརྗིད་མཐའ་ཡས་ཀྱང་། །བདག་རྟོག་བག་ལ་ཉལ་བ་མ་གཟིགས་པས། །ཤི་ནས་དམྱལ་བར་སྐྱེ་བ་ཆ་མེད་དམ། །ཞེས་གསུངས། གཟུགས་མེད་པའི་ཁམས་བཞི་ནི། ལྷག་མཐོང་གིས་མ་ཟིན་པའི་ཞི་གནས་ཀྱི་ངང་དུ་ནམ་མཁའ་ལྟར་དངོས་པོ་མེད་པར་བསྒོམས་པས་ནམ་མཁའ་མཐའ་ཡས་ཀྱི་ལྷ་རྣམས་བསྐལ་ཆེན་ཉི་ཁྲིར་གནས་པ་དང་། བྱུང་ཚོར་གྱི་རྟོག་པ་བཀག་པའི་རྣམ་ཤེས་ཙམ་དུ་བསྒོམས་པས་རྣམ་ཤེས་མཐའ་ཡས་ཀྱི་ལྷ་རྣམས་བསྐལ་ཆེན་བཞི་ཁྲིར་གནས་པ་དང་། ཅི་ཡང་མི་དམིགས་པའི་ངང་དུ་ཡུལ་དང་བྲལ་བ་བསྒོམས་པས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་བསྐལ་ཆེན་དྲུག་ཁྲིར་གནས་པ་དང་། ཡོད་མེད་གཉིས་ཆར་མ་ཡིན་པའི་རོ་མྱོང་ལ་ཞེན་ནས་བསྒོམས་པས་ཡོད་མིན་མེད་མིན་གྱི་ལྷ་རྣམས་ཏིང་ངེ་འཛིན་དེའི་ངང་དུ་བསྐལ་ཆེན་བརྒྱད་ཁྲིའི་བར་གནས་པའོ། །འཕགས་པ་རྣམས་ནི་སེམས་དེ་དག་མངོན་དུ་བྱས་ཏེ་བསྒོམ་ཡང་དེར་མི་སྐྱེ་བ་དང་། སོ་སྐྱེ་རྣམས་ལ་དེ་ལྟ་བུའི་ཏིང་འཛིན་ཡོད་ཀྱང་འཁོར་བར་འཁྱམས་པ་ནི་བདག་རྟོག་བག་ལ་ཉལ་བའི་ཆ་ཀུན་གཞི་ལ་ཡོད་པརང་བཞིན་མེད་པར་ཤེས་པའི་ཤེས་རབ་ཀྱིས་མ་རྟོགས་པས་ཏིང་ངེ་འཛིན་གྱིས་མྱོས་པ་ལྟར་གྱུར་བས་སོ་སོའི་སྐྱེ་བོ་རྣམས་ཡོན་ཏན་གོང་འཕེལ་དུ་འགྲོ་བ་མེད་ཅིང་ཏིང་འཛིན་ཉམས་ཀྱི་བདེ་བ་ལ་ཡིད་བརྟན་མེད་པར་ནམ་མཁར་འཕངས་པའི་མདའ་བཞིན་དུ་ཟག་བཅས་ཀྱི་དགེ་བའི་འཕེན་ཤུགས་ཟད་པ་ན་སླར་ངན་སོང་དུ་ལྷུང་བར་འགྱུར་བ་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །ཞེས་གསུངས། དེ་ལྟར་ངན་སོང་དང་མཐོ་རིས་ཀྱིས་བསྡུས་པའི་འགྲོ་བའི་གནས་རིགས་དྲུག་པོ་འདི་དག་གང་དུ་སྐྱེས་ཀྱང་དཔེར་ན་མེ་ཆེ་ཆུང་གང་ཡིན་ཡང་རང་བཞིན་ཚ་བ་ལས་མ་འདས་པ་ལྟར་དུ། ཁམས་གསུམ་འཁོར་བ་འདིར་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་པ་ཞིག་ཡིན། གནས་གང་དུ་བསྡད་ཀྱང་སྡུག་བསྔལ་གྱི་གནས། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ལོངས་གང་ལ་སྤྱོད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་ལས་མ་འདས་པ་ཡིན་ཏེ། རྒྱུད་བླ་མ་ལས། མི་གཙང་ཁང་པ་དྲི་ཞིམ་མེད། །འགྲོ་ལྔ་དག་ན་བདེ་བ་མེད། །ཅེས་གསུངས་པ་ལྟར། འཁོར་བ་འདི་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ཡོ་ལངས། སྡུག་བསྔལ་གྱི་འཁྲུལ་འཁོར་ཁོ་ན་ལས་མ་འདས་པས། མེའི་འོབས་ལྟ་བུ་བསྲེགས་ཤིང་སྡུག་བསྔལ་བ། སྲིན་མོའི་གླིང་ལྟ་བུ་གསོན་པོ་ཟ་བར་བྱེད་པ། རྒྱ་མཚོའི་ཀློང་མཐའ་མི་མངོན་པ་ལྟ་བུ་ཐར་བའི་དུས་མེད་པ། མཚོན་ཆའི་རྩེར་རེག་ན་འཇོམས་པ་ལྟ་བུ་བདེ་བ་འཇོམས་པར་བྱེད་པ། མི་གཙང་བའི་ཁང་ན་དྲི་ཞིམ་མེད་པ་ལྟ་བུ་བདེ་བའི་གོ་སྐབས་སྤུ་ཙམ་ཡང་མེད་པ་དེ་འདྲ་བ་ཡིན་ཏེ། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། མགོན་པོ་བྱམས་པས། འགྲོ་ལྔ་དག་ན་བདེ་བ་མེད། །མི་གཙང་ཁང་པར་དྲི་ཞིམ་མེད། །ཅེས་དང་། ཨོ་རྒྱན་ཆེན་པོས། འཁོར་བ་འདི་ལ་ཁབ་ཀྱི་རྩེ་ཙམ་ཡང་། །བདེ་བ་ནམ་ཡང་ཡོད་མ་ཡིན་ཞེས་གསུངས། །ཅུང་ཟད་བདེ་ཡང་འགྱུར་བའི་སྡུག་བསྔལ་ཡོད། །ཅེས་སོགས་གསུངས་པ་ལ་བསམས་ནས། འཁོར་པའི་གནས་རིས་འདི་ལ་མཐོ་ཡ་ཀི་སྲིད་པའི་རྩེ་མོ་མན་ཆད་ནས་དམའ་མ་ཀི་དམྱལ་བ་གདན་ལ་ཐུག་པ་ཡན་ཆད་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་ར་བ་ལས་མ་འདས་པ་ཡིན་པས་ན། སྐྱིད་པ་དང་བདེ་བའི་གོ་སྐབས་ཅུང་ཟད་ཀྱང་མེད་ཅིང་འཁོར་བར་སྙིང་པོ་མི་འདུག་སྙམ་དུ་ཞེན་པ་གཏིང་ནས་ལོག་པ་མཁྲིས་ནད་ཅན་ལ་བཙོ་ཟན་བྱིན་པ་ལྟ་བུ་ཞིག་དགོས་པས། གོང་དུ་བཤད་པའི་འཁོར་བའི་སྡུག་བསྔལ་འདི་དག་གོ་ལོ་ཐོས་ལོར་མི་བཞག་པར་དེ་དག་གི་སྡུག་བསྔལ་ཐུན་དང་ཐུན་མཚམས་ཕྱེས་ནས་སེམས་ཐོག་ཏུ་ཉམས་སུ་བླངས་ཏེ་ཡིད་ཆེས་ངེས་ཤེས་གཏིང་ནས་རྙེད་པར་ཞིག་ཉམས་སུ་བླང་དགོས་ནི་རེད། མཉམ་བཞག་ཐུན་དུ་བཅད་ནས་བསྒོམ་རྒྱུའི་སྙིང་དོན་དེ་རྗེས་ཐོབ་སྤྱོད་ལམ་གྱི་སྐབས་སུའང་ཁྱེར་དགོས་ཀྱི། ལྷ་ཁང་ནང་ནས་ཆོས་པ་ཡིན་ན་སྒོར་བུད་དུས་ཆོས་མིན་གྱི་བསམ་སྤྱོད་ལ་ཤོར་སོང་ན་མི་ཕན་ལ། རང་ལ་ངེས་ཤེས་ཁྱད་པར་ཅན་སྐྱེས་ནས་ཡིད་ཆེས་ཐོབ་པ་དང་། གཞན་གྱི་ཟེར་སྒྲོས་ཀྱི་རྗེས་སུ་རྒྱུགས་པ་གཉིས་ཀ་གཏན་ནས་མི་འདྲ་བས། འཁོར་བའི་སྡུག་བསྔལ་ལ་དེ་ལྟར་ཡིད་ཆེས་ཤིག་གཏིང་ནས་སྐྱེས་ཡོད་ན་སྡིག་ལ་འཛེམ་པ་དང་། དགེ་བ་ལ་སྤྲོ་བའང་ཆེད་དུ་སྒྲུབ་ཅིང་འབད་པར་བྱེད་མི་དགོས་པར་རང་ཤུགས་ཀྱིས་སྐྱེས་ཏེ། སྔོན་བཅོམ་ལྡན་འདས་ཀྱིས་གཅུང་དགའ་བོ་ཁྱིམ་ན་གནས་པའི་སྐབས་སུ་ཆུང་མ་ལ་ཆགས་ནས་རབ་ཏུ་བྱུང་མ་འདོད་པ་ཐབས་ཀྱིས་ཆོས་སྒོར་བཙུད་ནས་རབ་ཏུ་བྱུང་ཡང་། ངེས་འབྱུང་གི་བློ་མེད་པས་བསླབ་པ་ལ་མི་སློབ་པར་ཁྱིམ་དུ་བྲོས་པར་རྩོམ་པ་ན། བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་གྱིས་རི་བོ་གངས་ཅན་དུ་ཁྲིད་ནས་དེ་ན་སྤྲ་མོ་མིག་ཞར་བ་མི་སྡུག་པའི་མཚན་མས་བརྒྱན་པ་ཞིག་འདུག་པ་བསྟན་ཏེ། འདི་དང་ཁྱོད་ཀྱི་ཆུང་མ་པུཎྜ་རཱི་ཀ་གཉིས་གང་མཛེས་ཞེས་གསུངས་པས། གཅུང་དགའ་བོས་དེ་ནི་བརྒྱ་དང་སྟོང་གི་ཆར་ཡང་མི་ཉེ་སྟེ། ངའི་ཆུང་མ་མཛེས་ཞུས་པས། འོ་ན་ལྷ་ཡུལ་དུ་འདོང་གསུངས། ལྷ་ཡུལ་དུ་རྫུ་འཕྲུལ་གཞན་བསྟན་གྱིས་ཁྲིད་དེ་བཅོམ་ལྡན་འདས་ཕྱོགས་གཅིག་ཏུ་བཞུགས་ནས། ཁྱོད་སོང་ལ་ལྟོས་ཤོག་གསུངས། དགའ་བོས་ལྷ་ཡུལ་གྱི་ཕྱོགས་ཀུན་བལྟས་ཙ་ན་ལྷ་ཐམས་ཅད་རང་རང་གི་གཞལ་མེད་ཁང་ན་ལྷའི་བུ་མོ་དུ་མས་བསྐོར་ནས་འདོད་ཡོན་གྱི་བདེ་སྐྱིད་ལ་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ལ་ལོངས་སྤྱོད་ཅིང་འདུག དེ་མིན་གཞལ་མེད་ཁང་ཞིག་ན་ལྷའི་བུ་མོ་དུ་མ་འཁོད་ཅིང་། ལྷའི་བུ་སུ་ཡང་མི་འདུག་པས་དེའི་རྒྱུ་མཚན་དྲིས་པས། ད་ལྟ་འཇིག་རྟེན་མི་ཡུལ་ན་བཅོམ་ལྡན་འདས་ཀྱི་གཅུང་དགའ་བོ་ཚུལ་ཁྲིམས་ལེགས་པར་བསྲུངས་ན། ཚུལ་ཁྲིམས་སྲུང་བ་དེ་ལས་དེས་འབྲས་བུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་ཡིན་པས། དགའ་བོ་དེའི་གཞལ་ཡས་ཁང་ཡིན་ཟེར། དེ་འདྲའི་སྐྱིད་པའི་གནས་སུ་སྐྱེ་ན་ཨ་རེ་དགའ་སྙམ་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་པས་ཁྱོད་ཀྱིས་ལྷ་ཡུལ་མཐོང་ངམ་གསུངས། མཐོང་ལགས་ཞུས་པས། ལྷའི་བུ་མོ་རྣམས་དང་ཁྱོད་ཀྱི་ཆུང་མ་གཉིས་གང་མཛེས་གསུངས། དེ་ནི་ལྷའི་བུ་མོ་རྣམས་མཛེས་ཏེ་སྔར་སྤྲ་མོ་ཞར་མ་དང་པུཎྜ་རཱི་ཀའི་ཁྱད་ཙམ་ཡོད་དོ་ཞུས། སླར་མི་ཡུལ་དུ་འོངས་ནས་ལེགས་སྨོན་གྱི་ཚུལ་ཁྲིམས་ཡང་དག་པ་བསྲུངས་ཏེ་བསྡད་པ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ། དགའ་བོ་ནི་མཐོ་རིས་ཀྱི་ཆེད་དུ་རབ་ཏུ་བྱུང་བ་ཡིན་པས་ངེས་པར་འབྱུང་བའི་ཚུལ་ཁྲིམས་མིན། ཁྱེད་རྣམས་ནི་འཁོར་བ་ལས་ཐར་ཏེ་མྱ་ངན་ལས་འདས་པའི་བསམ་པས་རབ་ཏུ་བྱུང་བས་དེ་དང་ཁྱེད་རྣམས་ལམ་སོ་སོ་ཐ་དད་དུ་ཞུགས་པ་ཡིན་པས། ཁྱེད་རྣམས་ཀྱིས་དགའ་བོ་དང་གཏམ་འདྲེ་བར་མི་བྱ། སོས་དལ་བྱས་ནས་གཏམ་ཕེབས་པ་སྨྲ་བར་མི་བྱ། མ་ཚད་སྟན་གཅིག་ཙམ་ལའང་འདུག་པར་མི་བྱ་བ་སོགས་གསུངས་པས་དགེ་སློང་ཐམས་ཅད་ཀྱིས་དེ་བཞིན་བྱས་པས་དགའ་བོ་ཤིན་ཏུ་སྡུག་བསྔལ་ཏེ། དགེ་སློང་གཞན་གྱིས་བདག་སྤངས་ཀྱང་། ཀུན་དགའ་བོ་ནི་བདག་གི་ནུ་བོ་ཡིན་པས་དེས་བརྩེ་བར་བགྱིད་དམ་སྙམ་དུ་ཀུན་དགའ་བོའི་དྲུང་དུ་ཕྱིན་པ་ན། དེ་ཡང་སྟན་ལས་ལངས་ཏེ་དེངས་པ་ལ་ཁྱོད་ཅིའི་ཕྱིར་འགྲོ་ཞེས་རྒྱུ་མཚན་དྲིས་པས་བཅོམ་ལྡན་འདས་ཀྱིས་གསུངས་ཚུལ་རྣམས་སྨྲས། དེར་དགའ་བོ་མྱ་ངན་གྱིས་གདུངས་པའི་ཚེ། བཅོམ་ལྡན་འདས་དགའ་བོའི་རྩར་བྱོན་ནས་དགའ་བོ་ཁྱོད་དམྱལ་བའི་གནས་བལྟའམ་གསུངས། དེ་བལྟ་ལགས་ཞུས་པས་རྫུ་འཕྲུལ་གྱིས་དམྱལ་བའི་གནས་སུ་ཁྲིད་དེ་ལྟོས་གསུངས་པས། དགའ་བོ་དམྱལ་བའི་གནས་དེ་དག་ཏུ་ཕྱིན་ནས་བལྟས་པས་དམྱལ་བའི་གནས་ཐམས་ཅད་མཐོང་ཞིང་། ཕྱོགས་གཅིག་ན་ཟངས་ཀ་སྟོང་པ་ཞིག་གི་ནང་ན་ཁྲོ་ཆུ་ཁོལ་མ་དང་བཅས་པས་མེ་ལྷབ་ལྷུབ་ཏུ་འབར་ཞིང་ལས་མཁན་མང་པོས་བསྐོར་ནས་བསྒུགས་ཏེ་འདུག་པ་ལ། དེ་ན་སེམས་ཅན་གཞན་མེད་པའི་རྒྱུ་མཚན་དྲིས་པས། ད་ལྟ་མི་ཡུལ་ན་བཅོམ་ལྡན་འདས་ཀྱི་གཅུང་དགའ་བོ་ལྷའི་བདེ་བ་དོན་དུ་གཉེར་ནས་ཚུལ་ཁྲིམས་སྲུང་བཞིན་ཡོད་པ་དེ་ལྷ་ཡུལ་དུ་སྐྱེས་ནས་བདེ་བ་མྱོངས་ཏེ། དགེ་འབྲས་ཟད་པ་དང་དམྱལ་ཁམས་འདིར་སྐྱེ་བ་ཡིན་དེའི་སྐབས་སུ་ཟངས་ཀ་འདིའི་ནང་བཙོ་དགོས་པ་ཡིན་ཟེར་བས་དགའ་བོ་སྐྲག་ནས་སླར་ལོག དེ་ཕྱིན་ཆད་གནས་སྐབས་ལྷ་ཡུལ་དུ་སྐྱེས་ཀྱང་མཐར་ངན་སོང་དུ་སྐྱེ་བར་འགྱུར་བས་མཐོ་རིས་ཀྱི་བདེ་བ་ལ་སྙིང་པོ་མི་འདུག་དགོངས་ནས་ངེས་འབྱུང་གི་བསམ་པ་བཅོས་མིན་སྐྱེས། དམྱལ་བ་རང་ཉིད་ཀྱིས་མངོན་སུམ་དུ་མིག་གིས་མཐོང་བས་བསླབ་པའི་གནས་ཕྲ་མོ་ཙམ་ལ་ཡང་ཇི་མི་སྙམ་དུ་མི་འགལ་བར་བྱེད་པས། བཅོམ་ལྡན་འདས་ཀྱིས་མིག་གི་དབང་པོ་འདོད་ཡོན་གྱི་གཟུགས་ལ་མི་གཡེང་། རྣ་བའི་དབང་པོ་གླུ་གར་གྱི་སྒྲ་ལ་མི་ཉན་པ་སོགས་དབང་པོའི་སྒོ་བསྡམས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་བསྟན་པ་ཡིན་ནོ། །དེ་ལྟར་དམྱལ་བ་མངོན་སུམ་དུ་མཐོང་བ་ལྟ་ཅི། དམྱལ་བ་རི་མོར་བྲིས་པ་ཙམ་མཐོང་ཡང་འཇིགས་སྐྲག་གི་བློ་སྐྱེ་ཞིང་ངེས་འབྱུང་གི་གསོས་འདེབས་པ་ཡིན་པས་ན། བཅོམ་ལྡན་འདས་ཀྱིས་ཀྱང་དགེ་འདུན་གྱི་གཙུག་ལག་གི་སྒོར་འཁོར་བའི་འཁོར་ལོ་ཆ་ལྔ་པ་མི་རྟག་པར་བསྐུལ་བའི་ཆེད་དུ་བྲི་བར་གསུངས། དེ་ཡང་ཟླུམ་སྐོར་ཕྱི་ནང་བཞི་ཅན། དཀྱིལ་ན་འཁོར་རྒྱུའི་དུག་གསུམ་མཚོན་བྱེད་ཀྱི་བྱ་ཕག་སྦྲུལ་གསུམ། དེའི་ཕྱི་ལ་བདེ་འགྲོ་དང་ངན་འགྲོའི་ལམ་མཚོན་ཕྱིར་དཀར་ནག་གི་དབྱེ་བ་ཅན་གྱི་རི་མོའི་ལམ། དེའི་ཕྱི་རོལ་འཁོར་བའི་འཁོར་ལོ་ཆ་ལྔ་པ་སྟེ། ཆ་གོང་མ་གཉིས་ལྷ་དང་མིའི་འཇིག་རྟེན། ཆ་འོག་མ་གསུམ་པོ་ངན་སོང་གསུམ། འགྲོ་བ་ལམ་རྒྱུད་ལྔར་མཚོན། དེའི་ཕྱི་རོལ་རྟེན་འབྲེལ་བཅུ་གཉིས་ཀྱིས་སྲིད་པའི་འཁོར་ལོ་རྟག་ཏུ་འཁོར་བའི་མཚོན་བྱེད་དུ། མ་རིག་རྒན་མོ་ལོང་བ་ལ་སོགས་བྲིས་ཡོད་ནི་རེད། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་། དམྱལ་བ་བྲིས་པ་མཐོང་དང་ཐོས་པས་ཀྱང་། །འཇིགས་པ་སྐྱེ་བར་བྱེད་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་ཅི་བྱར་ཡོད། །ཅེས་གསུངས། དེ་ལྟར་སྔོན་འགྲོའི་ཁྲིད་རིམ་རྣམ་གྲངས་དུ་མས་འཁོར་བའི་སྡུག་བསྔལ་ལ་བསམས་ཏེ་འཇིག་རྟེན་ཚེ་འདིའི་བྱ་བ་ཐམས་ཅད་ལ་བློ་གཏིང་ནས་ཞེན་པ་ལོག་པ་ཞིག་དགོས། ཚེ་འདིའི་བྱ་བ་བློས་མ་ཐོངས་ན་ཆོས་བྱེད་ལོ་བྱས་ཀྱང་ཡང་དག་པའི་ཆོས་སུ་མི་འགྲོ་སྟེ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྐུ་འདའ་ཁར་ཁོང་གི་སློབ་མ་རྣལ་འབྱོར་པས། ཇོ་བོ་གཤེགས་པའི་འོག་ཏུ་བདག་གིས་སྒོམ་བྱེད་པར་ཞུ་ཞུས་པས། བསྒོམས་ཀྱང་ཆོས་སུ་འགྲོ་ཡེ་གསུངས། འོ་ན་འཆད་པར་ཞུ་ཞུས་པས། སྔར་བཞིན་གསུངས། འོ་ན་ཇི་ལྟར་བགྱི་ཞུས་པས། ཁྱེད་ཐམས་ཅད་ཀྱིས་དགེ་བཤེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལ་བསྟེན་ལ་ཚེ་འདི་བློས་ཐོངས་གསུངས། བཙུན་པ་གཅིག་རྭ་སྒྲེང་ལ་ཕྱི་རྒྱབ་ནས་སྐོར་བ་བྱེད་པ་དང་། དགེ་བཤེས་སྟོན་པ་དང་མཇལ་བས། སྟོན་པའི་ཞལ་ནས། ཇོ་བོ་སྐོར་བ་བྱེད་པ་ཡང་གློ་བ་དགའ་སྟེ། དེ་བས་ཆོས་ཤིག་རང་བྱས་ན་མི་དགའམ་གསུངས། དེར་ཇོ་བོ་དེའི་བསམ་པ་ལ། བསྐོར་བ་བྱས་པ་ལས་ཀྱང་ཐེག་པ་ཆེན་པོའི་མདོ་ཀློག་པ་ཁེབས་ཆེའམ་སྙམ་ནས། ཀུན་དགའ་ར་བའི་ཁྱམས་སུ་མདོ་བཀླགས་པས། སྟོན་པའི་ཞལ་ནས། ཆོས་ཀློག་པ་ཡང་གློ་བ་དགའ་སྟེ། དེ་བས་ཀྱང་ཆོས་ཤིག་རང་བྱས་ན་མི་དགའམ་གསུངས། ཡང་ཁོའི་བསམ་པ་ལ། ཀློག་པ་བས་ཀྱང་ཏིང་ངེ་འཛིན་བསྒོམ་པ་ཁེབས་ཆེ་བའི་བརྡ་ཡིན་སྙམ་ནས། ཀློག་པ་གཤོལ་ནས་མལ་དུ་མིག་ཟིམ་མེ་བསྡད་པས། སྟོན་པའི་ཞལ་ནས་བསྒོམ་པ་ཡང་གློ་བ་དགའ་སྟེ། དེ་བས་ཀྱང་ཆོས་ཤིག་རང་བྱས་ན་མི་དགའམ་གསུངས། དེར་ཁོས་གཞན་བྱ་ཐབས་མ་རྙེད་ནས། དགེ་བཤེས་ལགས། འོ་ན་བདག་གིས་ཆོས་ཇི་ལྟ་བུ་ཞིག་བགྱི་ཞུས་པས། སྟོན་པའི་ཞལ་ནས། ཇོ་བོ་ཚེ་འདི་བློས་ཐོངས། ཚེ་འདི་བློས་ཐོངས་གསུངས་སྐད། དེས་ན་འཇིག་རྟེན་ཚེ་འདིའི་བྱ་བཞག་ཐམས་ཅད་ནི། ཚེ་འདི་དང་དུས་གཏན་དུ་འཁོར་བ་སྡུག་བསྔལ་གྱི་གནས་རིས་ལས་མི་ཐར་བར་བྱེད་པའི་རྒྱུ་ཡིན་པས། ཚེ་འདིའི་འབྲེལ་ཐག་གམ་གདོས་ཐག་བཅད་དེ་ཕྱི་མའི་བྱང་ཆུབ་སྒྲུབ་པ་ལ་བསླབ་བྱ་ལེགས་པར་སྟོན་པ་ནི་ཕ་དང་མས་ཀྱང་མི་སློབ་མཚན་ལྡན་གྱི་བླ་མ་མ་གཏོགས་སློབ་མཁན་སུ་ཡང་མེད་པ་ཡིན་པས་ན་ཚེ་འདིའི་ཕ་མ་དང་ཉེ་འབྲེལ། གཉེན་དང་མཛའ་བཤེས་ཟས་ནོར་དང་ལོངས་སྤྱོད་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་བོར། ཟས་གོས་སོགས་གང་བྱུང་དེས་ཆོག་ཙམ་དུ་ཆོག་ཤེས་པར་བྱས་ཏེ་དམ་པའི་ཆོས་འབའ་ཞིག་བསྒྲུབ་དགོས་ཏེ། རྒྱ་གར་དམ་པས། ནོར་རྫས་ཟང་ཟིང་གི་དངོས་པོ་འདི་སྤྲིན་དང་ན་བུན་འདྲ་བ་འཕྲལ་དུ་ཡལ་རྒྱུ་ཡིན་པས་དེ་ལ་རྟག་པ་དང་བརྟན་པར་མ་འཛིན། སྙན་གྲགས་ཐམས་ཅད་བྲག་ཆ་དང་འདྲ་བ་ཡིན་པས་སྙན་གྲགས་མ་བསྒྲུབས་དམ་པའི་ཆོས་དེ་ཉིད་སྒྲུབས། གོས་བཟང་པོ་འཇའ་ཚོན་དང་འདྲ་བ་ཡུན་དུ་མི་གནས་པ་ཡིན་པས་ན་དུགས་པོ་གྱོན་ལ་ཉམས་སུ་ལོངས། རང་གི་ལུས་འདི་མི་གཙང་བའི་རྫས་ཀྱི་རང་བཞིན་རྣག་ཁྲག་ཆུ་སེར་གྱི་རྐྱལ་པ་ཡིན་པས་ཞེན་ཅིང་གཅེས་པར་མ་འཛིན། ཞིམ་པོ་ཁ་རུ་ཟོས་ཀྱང་མཐར་མི་གཙང་བའི་རྒྱུ་ཡིན་པས་ལྟོ་ཁ་ཟས་ལ་ཆེད་དུ་ཆགས་ཞེན་གྱིས་མ་བལྟ། ཆགས་སྡང་འཕེལ་པའི་གྲོང་དུ་བསྡད་ན་སྣང་བ་དགྲ་རུ་ལངས་ནས་ཉོན་མོངས་འཕེལ་བ་ཡིན་པས་གྲོང་ལས་འདས་པའི་དགོན་པའམ་དེ་ལས་ཀྱང་དབེན་པའི་རི་ཁྲོད་ལ་ཉོལ་དང་དམ་པའི་ཆོས་འགྲུབ། འཁྲུལ་པའི་ཚེར་མ་བཟོད་པར་དཀའ་བ་སེམས་ལ་འཛུགས་པ་ཡིན་པས་དགྲ་གཉེན་མཉམ་པ་ཉིད་དུ་ཉམས་སུ་ལོངས། དགོས་འདོད་ཐམས་ཅད་རང་ཉིད་ཀྱིས་ཆོས་ཉམས་སུ་བླངས་པ་ལས་འབྱུང་བ་ཡིན་པས་རང་གི་སེམས་ཀྱི་དེ་ཉིད་སྐྱོངས། སྒོམ་ན་སངས་རྒྱས་རང་ལག་ན་ཡོད་པའི་ནོར་བུ་རིན་པོ་ཆེ་རང་ལ་ཡོད་པ་ལྟ་བུ་ཡིན་པས་དོན་ཆུང་ཟས་ནོར་ལ་ཆགས་པར་མ་བྱེད། གཏམ་སྨྲ་བ་མང་པོ་གྱོད་ཀྱི་རྩ་བ་ཡིན་པས་ལྐུགས་པ་བཞིན་དུ་རང་གར་སྡོད། སེམས་ཀྱི་དེ་ཁོ་ན་ཉིད་ཀྱི་དབྱིངས་སུ་བག་ཆགས་ལས་སུ་འཆར་བ་ཡིན་པས་ཡིད་ལྟོ་ཡི་ཕྱིར་དུ་མ་འབྲང་། བྱིན་རླབས་རང་སེམས་བླ་མར་ཤེས་པ་ལས་འབྱུང་བ་ཡིན་པས་བླ་མ་དང་ཡི་དམ་གཅིག་འདུས་ལ་གསོལ་བ་ཐོབ། ས་གཅིག་ཏུ་ཡུན་རིང་བསྡད་ན་གསར་འགྲོགས་ཆེ་བས་སངས་རྒྱས་སྐྱོན་མེད་ལ་ཡང་སྐྱོན་མཐོང་བ་ཡིན་པས་ས་གཅིག་ཏུ་ཡུན་རིང་མ་སྡོད། སྤྱོད་པ་ཡངས་པའི་ཉི་ཟླ་ཀུན་དང་མཛའ། །འདྲིས་ཤིང་གཉུག་མར་གནས་པའང་ཁྲོ་བས་སྡང་། །གསར་བ་གསར་བར་གྱུར་པའི་ཡུལ་འཇམ་ཞིང་། །སྐྱེ་བོ་ཀུན་ཀྱང་བྱིས་པ་འདྲ་བར་མཐོང་། །ཞེས་གསུངས་པ་ལྟར། ཕ་ཡུལ་རྒྱབ་ཏུ་བསྐྱུར། མི་ཡུལ་དང་དུ་ལོངས། དམན་པའི་སྤྱོད་པ་གྱིས་ལ་ཆེ་བའི་ང་རྒྱལ་སྤོངས་ལ། མཐོ་ན་མི་དགའ་དམའ་ན་དགའ། ‘དམའ་ས་གོང་མའི་གདན་ས་ཡིན། །གསུངས། དུས་རིང་པོར་མི་སྡོད་པ་ཡིན་པས་མི་རིང་བར་འཕྲལ་དུ་སྒྲུབ་པ་གྱིས། ཚེ་འདི་མགྲོན་པོ་དང་འདྲ་བ་ཡིན་པས་གནས་སྐབས་ངལ་གསོ་སར་མཁར་ལས་མ་བྱེད། ལར་འདི་སྣང་གི་བྱ་བས་ཅིས་ཀྱང་ཕན་པ་མེད་པ་ཡིན་པས་ཕྱི་མའི་དོན་ཆེན་གྱི་ལས་བྱེད་པ་ལ་སྒྲུབ་པ་ཉམས་སུ་ལོངས། རང་གི་ལུས་ཞེས་གཅེས་པར་འཛིན་པ་འདི་ཡང་ནམ་ཞིག་རོ་ཞེས་འབུ་སྲིན་གྱིས་ཟ་བའམ་ནམ་ཡལ་ཆ་མེད་པ་ཡིན་པས་ཚེ་འདིའི་འཕྲལ་གྱི་སྣང་བ་ལ་མ་ཡེངས། གཉེན་དང་གྲོགས་པོ་སྙིང་ཉེ་སོགས་ཤིང་ཁའི་བྱེའུ་ཆུང་ད་ལྟ་ཡོད་ན་ད་ལྟར་འཕུར་འགྲོ་བ་དང་འདྲ་བ་ཡིན་པས་དེ་ལ་མ་ཞེན་མ་ཆགས། དད་པ་གསུམ་ལས་ཡིད་ཆེས་ཀྱི་དད་པ་འདི་ས་གཞི་བཟང་པོ་དང་འདྲ་བས་ཉོན་མོངས་པའི་ས་རྒོད་དམ་ཐ་བར་མ་བཞག གང་བསམ་འགྲུབ་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བའི་མི་ལུས་འདི་ཞེ་སྡང་གི་དགྲ་ལ་མ་བསྐུར། དམ་ཚིག་སོ་ཁའི་མཁར་བུ་དང་འདྲ་བ་འདི་ཉེས་པའི་སྐྱོན་ཀྱིས་མ་གོས་པར་གྱིས། རྡོ་རྗེ་སློབ་དཔོན་བཞུགས་པའི་ཚེ་དམ་ཆོས་ལེ་ལོར་མ་བཞག་པར་ཞུས་ནས་ཉམས་སུ་ལོངས་ཨང་གསུངས། དེས་ན་དམ་པའི་ཆོས་ཡང་དག་པ་ཞིག་ཉམས་སུ་ལེན་པ་ལ་ཁམས་གསུམ་འཁོར་བའི་གནས་མཐའ་དག་ལ་སྙིང་པོ་མེད་པར་ཤེས་པ་ཞིག་ཅིས་ཀྱང་དགོས་ལ། དེ་ལྟ་བུ་ངེས་འབྱུང་བཅོས་མིན་གྱི་བློ་རྒྱུད་ལ་སྐྱེ་བའི་རྒྱུ་ནི་འཁོར་བའི་ཉེས་དམིགས་སྒོམ་པ་འདི་ཁོ་ན་ཡིན་པས་ཞེ་ཐག་པ་ནས་འཁོར་བ་ཞེན་ལོག་གི་ངེས་འབྱུང་རྒྱུད་ལ་མ་སྐྱེས་བར་དུ་བསྒོམ་དགོས་པ་ཡིན་ནོ། །དེ་ལྟར་འཁོར་བའི་ཉེས་དམིགས་ཀྱི་སྒོམ་རྒྱུད་ལ་སྐྱེས་པའི་ཚད་ནི། དགེ་བཤེས་གླང་རི་ཐང་པ་ལྟ་བུ་ཞིག་དགོས་པ་ཡིན་ཏེ། གླང་ཐང་པ་ལ་ཉེ་གནས་ཀྱིས། བླ་མ་ལ་གཞན་ཚོས་གླང་རི་ཐང་པ་ངོ་ནག་པ་ཟེར་གྱིན་གདའ་ཞུས་པས། ཁམས་གསུམ་འཁོར་བའི་སྡུག་བསྔལ་འདི་ལ་བསམས་ན་ངོ་གདོང་ལ་དཀར་པོ་འོང་བ་འདུག་གེ་གསུངས། སྐོར་ཅིག་ཁོང་གི་མཎྜལ་གྱི་སྟེང་ན་གཡུ་ཞིག་ཡོད་པ་བྱི་བ་ཞིག་གིས་བཏེགས་པས་མ་ཐེག་པ་ལ། ཙིག་ཙིག་ཅེས་བྱི་བ་གཞན་སྦྲན་ནས་གཅིག་གིས་འཕུལ་གཅིག་གིས་འཐེན་པ་གཟིགས་པས་ཞལ་འཛུམ་པ་ཞིག་བྱུང་བ་མ་གཏོགས་ཁོང་གི་སྐུ་ཚེ་ནམ་ཡང་ཞལ་འཛུམ་པ་ཙམ་ཡང་མཛད་མ་མྱོང་བ་ཡིན་སྐད་དོ། །དེ་ལྟར་འཁོར་བའི་སྡུག་བསྔལ་བསྒོམ་པ་འདི་ནི་དམ་པའི་ཆོས་ལ་བློ་འཇུག་པ་དང་། རྒྱུ་འབྲས་ལ་ཡིད་ཆེས་སྐྱེ་བ་དང་། ཚེ་འདི་བློས་ཐོང་བ་དང་། སེམས་ཅན་ལ་བྱམས་པ་སྙིང་རྗེ་སྐྱེ་བ་སོགས་ལམ་གྱི་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་ཡིན་ཞིང་། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་འཁོར་རིམ་པ་གསུམ་དུ་གསུངས་པའི་ཀུན་ཀྱི་ཐོག་མར་དགེ་སློང་དག་འདི་ནི་སྡུག་བསྔལ་ལོ་ཞེས་སྡུག་བསྔལ་ཤེས་པར་བྱ་བ་ནས་མགོ་བརྩམས་ཏེ་གསུངས་པ་ཡིན་པས་ངེས་འབྱུང་འདི་ཉིད་ངེས་པར་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་ཉམས་སུ་བླང་ངོ་། །མདོར་ན་ཁམས་གསུམ་འགྲོ་བ་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་ལས་མ་འདས་པ་ཡིན་ན། འོ་ཅག་གིས་ད་ལྟ་ཁྲིད་སྦྱོང་སྨིན་ཁྲིད་ལྟར་བྱེད་དུས་རང་ཉིད་ཀྱིས་དེ་ལྟར་སྡུག་བསྔལ་དངོས་སུ་མྱོང་གི་ཡོད་པར་བསྒོམ་དགོས་ཤིང་། མ་ཟད་ད་སྐབས་འདི་ལྟ་བུའི་སྡུག་བསྔལ་མྱོང་བཞིན་པའི་ཕ་མར་གྱུར་བའི་སེམས་ཅན་ཐམས་ཅད་ལ་མར་ཤེས་དྲིན་དྲན་དྲིན་ལན་གཟོ་འདོད་ཀྱི་བསམ་པས་སྙིང་རྗེ་ཤུགས་དྲག་པོ་སེམས་ཀྱིས་མི་བཟོད་པ་མིག་ནས་མཆི་མ་ཐོན་པ་ཞིག་བསྒོམ་དགོས། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རྒྱུ་འབྲས་གཉིས་པོ་དང་བྲལ་ན་ཅི་མ་རུང་བསམ་པ་འདུན་པ་དང་འབྲེལ་བ། བྲལ་བར་གྱུར་ཅིག་སྙམ་པ་སྨོན་པ་དང་འབྲེལ་བ། ངས་སྐྱེ་ལུས་འདིའི་སྟེང་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བསྒྲུབས་ཏེ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བ་ཞིག་ངེས་པར་བྱའོ་སྙམ་པ་དམ་བཅའ་དང་འབྲེལ་བ། དེ་ལྟར་འགྲུབ་པར་མཆོག་གསུམ་སྐྱབས་གནས་ཀྱི་དམ་པ་ལ་གསོལ་བ་འདེབས་པར་གསོལ་འདེབས་དང་འབྲེལ་བ་སྟེ་འབྲེལ་བ་བཞི་ལྡན་གྱི་སྒོ་ནས་ཉམས་སུ་ལེན་པར་བྱེད་དགོས། ཁྲིད་སྦྱོང་གི་སྐབས་དེ་ལྟར་དཔྱད་འཇོག་སྤེལ་མ་ཕྱག་ལེན་ལྟར་བསྒོམ། ལུགས་གཞན་ལ་རྒྱུ་འབྲས་མན་ངག་བདུན་ལྡན་གྱི་ཐོག་ནས་གསུངས་སྲོལ་ཡོད་ཀྱང་དོན་གནད་གཅིག་ཏུ་སོང་བ་ཡིན། །འཁོར་བའི་སྡུག་བསྔལ་མཐོང་བཞིན་ཞེན་ཅིང་ཆགས། །ངན་འགྲོའི་གཡང་ལ་འཇིགས་ཀྱང་མི་དགེ་སྤྱོད། །བདག་དང་བདག་འདྲ་ལམ་གོལ་སེམས་ཅན་རྣམས། །ཚེ་འདི་བློ་ཡིས་ཐོང་བར་བྱིན་གྱིས་རློབས། །འཁོར་བ་སྡུག་བསྔལ་དུ་ཤེས་པའི་ཁྲིད་དོ། །ཞེས་གསུངས་སོ།། །།

༼ཙ༽ ལས་རྒྱུ་འབྲས།

དེ་ཡན་ཆད་ཀྱིས་ཐུན་མོང་ཕྱི་ཡི་སྔོན་འགྲོའི་བློ་ལྡོག་རྣམ་བཞི་སྟེ་དལ་འབྱོར་རྙེད་དཀའ། ཚེ་མི་རྟག འཁོར་བའི་ཉེས་དམིགས་གསུམ་བཤད་ཚར་ནས། བློ་ལྡོག་བཞི་བ་ཀུན་འབྱུང་སྤང་བར་བྱ་བ་ལས་རྒྱུ་འབྲས་ཀྱི་ཁྲིད་ནི། ལས་དགེ་སྡིག་གི་སྤང་བླང་འདོར་ལེན་རྒྱུ་འབྲས་ཀྱི་རྣམ་བཞག་སྟོན་པས་བཀལ་སྩལ་བའི་གཞུང་བཞིན་དུ་སྤངས་བླངས་མཛད་ནས། སྤྱོད་པ་ཞིབ་ཅིང་ཕྲ་བ་མས་ནས་ཡར་འཛེགས་པའི་ཐེག་པའི་རྣམ་བཞག་གི་བབས་དང་བསྟུན་ཏེ། ཡང་དག་པའི་ལྟ་བ་མ་ནོར་བ་རྟོགས་པ་ཡིན་བས་ཚེ་འདིའི་སྣང་ཤས་གང་ལའང་ཞེན་པ་དང་ཆགས་པ་མེད་པར། མཚུངས་མེད་དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ་བ་སྔོན་དུ་བཏང་ནས། དོན་བཞི་པ་ལས་རྒྱུ་འབྲས་ཀྱི་ཁྲིད་ལ། འཆད་ཉན་བགྱི་བའི་ཚུལ་གྱི་ཀུན་སློང་དང་ཀུན་སྤྱོད་ལ་སོགས་པ་ནི་གོང་འོག་སྤྱི་དང་འདྲ། བཤད་བྱའི་ཆོས་ལ། སྤང་བྱ་མི་དགེ་བའི་ལས། བསྒྲུབ་བྱ་དགེ་བའི་ལས། ཐམས་ཅད་ལས་ཀྱི་རང་བཞིན་དུ་བསྟན་པ་དང་གསུམ།།

༼༡ སྤང་བྱ་མི་དགེ་བའི་ལས་ལ་བཅུ།

དང་པོ་སྤང་བྱ་མི་དགེ་བའི་ལས་ནི། དེ་ལྟར་ཁམས་གསུམ་འཁོར་བའི་གནས་རིས་དྲུག་པོ་མཐོ་དམན་འདྲ་མི་འདྲ། ལུས་རྟེན་འདྲ་མི་འདྲ། བདེ་སྡུག་འདྲ་མི་འདྲ། ཚེ་ཚད་འདྲ་མི་འདྲ་སོགས་བསམ་གྱིས་མི་ཁྱབ་པ་ཡོད་པ་དེ་དག་གང་དུ་སྐྱེ་བའི་རྒྱུ་ནི། སེམས་ཅན་རང་རང་གི་སྔོན་བསགས་ཀྱི་ལས་དགེ་བ་དང་མི་དགེ་བ་བསགས་པའི་རྒྱུས་འབྲས་བུ་ཁམས་གསུམ་རིགས་དྲུག་གི་གནས་སུ་སྐྱེ་བའམ་འགྲོ་བ་ཡིན། ལས་མི་དགེ་བ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བ་གཉིས་ཡོད། དང་པོ་ནི་སུས་སྤྱོད་ཀྱང་སྡིག་པར་འགྱུར་བ་དུག་གསུམ་དུག་ལྔ་ལ་སོགས་པ་རྩ་ཉོན་དང་ཉེ་ཉོན་གྱིས་ཉེས་སྤྱོད་ཀུན་ནས་སློང་བའི་སྒོ་གསུམ་གྱི་མི་དགེ་བ་ཐམས་ཅད་དང་། གཉིས་པ་གང་གིས་སྡོམ་པ་གང་བླངས་པ་དེ་ལས་ལོག་པར་སྤྱོད་ན་སྡིག་པར་འགྱུར་བ་ལ་བཅས་པའི་ཁ་ན་མ་ཐོ་བ་ཟེར། འཁོར་བའི་སྡུག་བསྔལ་ཐམས་ཅད་ནི་རྒྱུ་མི་དགེ་བའི་ལས་ལས་སྐྱེས་ཤིང་ལས་ཀྱི་འབྲས་བུས་བྱས་པ་ཡིན་པས། མཐོ་རིས་དང་ངན་སོང་གི་གནས་སུ་འགྲོ་བ་ལ་མུ་སྟེགས་རྟག་སྨྲ་བའི་ལུགས་ལ། སངས་རྒྱས་པའི་ལུགས་དེ་ནོར་བ་ཡིན། ཚེ་སྔ་ཕྱི་ཡོད་ཀྱང་ལས་རྒྱུ་འབྲས་ལས་བྱུང་བ་མིན། བྱེད་པ་པོ་གཞན་ཞིག་གིས་བྱེད་པ་ཡིན་ཏེ། དབང་ཕྱུག་རྟག་པ་གཅིག་པུ་རང་དབང་ཅན་དེ་མགུ་ན་འཇིག་རྟེན་ལ་བདེ་བ་སྟེར་བ་དང་། མ་མགུ་ན་མི་བདེ་བ་སྟེར་བ་ཡིན་པས་དེས་བྱས་པ་ཡིན་ཟེར། ཡང་གཙོ་བོ་རྟག་པ་ཆོས་སུམ་ལྡན་གྱིས་བྱས་པ་ཡིན་ཟེར་བ་སོགས་ཡོད་ལ། དེ་དག་ནི་ནོར་བ་ཡིན་པས་ལས་འབྲས་ཀྱི་རྣམ་བཞག་ཕྲ་ཞིང་ཞིབ་པ་ནི་སངས་རྒྱས་ཁོ་ན་ལས་གཞན་སུས་ཀྱང་མི་མཁྱེན་པས་ལས་དགེ་སྡིག་ལས་འབྲས་བུ་བདེ་སྡུག་བྱུང་བ་ལས། བྱེད་པ་པོ་གཞན་མེད་པར་གསུངས། འོན་ཀྱང་ཆད་ལྟ་བའི་ལུགས་ཀྱིས་སངས་རྒྱས་པ་དང་རྟག་ལྟ་བའི་ལུགས་གཉིས་ཀ་ནོར་བ་ཡིན་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་ལས་བྱུང་བ་ཡིན། དཔེར་ན་ད་ལྟའི་ལུས་འདི་སྤང་ལ་ཤྭ་མང་རྡོལ་བ་ལྟར་སྣང་བ་ཙམ་ལས་ཚེ་སྔ་ཕྱི་དང་ཐར་བ་དང་གྲོལ་བ་ཐམས་ཅད་མེད་པར་འདོད་དེ། དབང་ཕྱུག་ནག་པོའི་གཞུང་ལས། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟེངས་རིང་རྣོ་བ་དང་། རྨ་བྱའི་མདངས་བཀྲ་ལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང་། །ཞེས་པ་ལྟར། སྟེས་དབང་གིས་རིགས་དྲུག་གི་གནས་སུ་འགྲོ་བ་ཡང་མ་ཡིན་པས་རྣམ་པ་ཐམས་ཅད་དུ་དགེ་བ་དང་མི་དགེའི་རྒྱུ་ཡིས་འཕངས་པའི་འབྲས་བུ་ལ་བརྟགས་ཤིང་དཔྱད་པ་སྔོན་དུ་བཏང་ནས། མི་དགེ་བའི་ལས་དངོས་དང་དེ་དང་ཉེ་བའི་ཕྱོགས་ཐམས་ཅད་སྤོང་ཞིང་འདོར་བ་དང་། དགེ་བ་དང་དེའི་ཕྱོགས་བསྒྲུབ་ཅིང་ལེན་པ་ལ་དུས་རྣམ་ཀུན་ཏུ་འབད་བརྩོན་བྱེད་དགོས་ནི་རེད། དགེ་སྡིག་གི་ལས་དང་དེའི་འབྲས་བུ་སྐོར་མདོ་ཙམ་བསྟན་ནས། དེ་དག་གི་ནང་དོན་ཞིབ་ཏུ་རྒྱས་པར་བཤད་པ་ལ། སྤྱིར་སྤང་བྱ་མི་དགེ་བའི་ལས་ལ་མུ་དང་མཐའ་མེད་པ་ཞིག་ཡོད་ཀྱང་བསགས་པའི་སྒོ་ནས་བསྡུས་ཏེ་བཤད་ན། སྤང་བྱ་མི་དགེ་བ་བཅུ་ཡོད་པ་ལས། དང་པོ་ལུས་ཀྱི་ལས་མིའམ་མི་ཆགས་པའམ་དུད་འགྲོ་སོགས་དེར་ཤེས་པས་གཞི་བསམ་སྦྱོར་བ་མཐར་ཐུག་ཚང་བས་སྲོག་གཅོད་དང་། རིན་ཐང་ཚང་བའི་དངོས་པོ་མ་བྱིན་ལེན་པ་དང་། བགྲོད་བྱ་མ་ཡིན་པར་བགྲོད་པ་སྟེ་འདོད་པས་ལོག་པར་གཡེམ་པ་དང་གསུམ་ཡིན། ངག་གི་སླུ་བར་བྱེད་པ་རྫུན་དང་། འབྱེད་པར་བྱེད་པ་ཕྲ་མ་དང་། བརླང་པོར་སྨྲ་བའི་ཚིག་རྩུབ་དང་། དོན་མེད་ཀྱི་གཏམ་རྡོལ་ཐབས་སྨྲ་བ་ངག་བཀྱལ་དང་བཞི། ཡིད་ཀྱི་ལས་གཞན་ནོར་ལ་རློམ་སེམས་བྱས་པར་བརྣབ་སེམས། གནོད་པའི་བསམ་པར་གནོད་སེམས། རྒྱུ་འབྲས་ལ་ཡིད་མི་ཆེས་པའི་ལོག་ལྟ་གསུམ་དང་བཅུ་ཡོད།

༡༽ སྲོག་གཅོད་པ།

དེ་ལས་དང་པོ་སྲོག་གཅོད་པ་ནི། ཁྱིམ་པའི་དབང་དུ་བྱས་ནས་རང་བཞིན་གྱི་ཁ་ན་མ་ཐོ་བ། ཡུལ་ཕ་རོལ་པོ་མིའམ་དུད་འགྲོ་ལ་སོགས་པ་གང་ཡིན་ཡང་རང་གིས་གསོད་འདོད་ཀྱི་ཀུན་སློང་མ་ཤི་བར་མི་ལྡོག་པ་དང་བཅས་པས་མཐར་ཐུག་སྲོག་གི་དབང་པོ་འགགས་པར་བྱེད་པ་སྟེ། ལས་ལམ་ཐམས་ཅད་རྫོགས་ན་སྲོག་གཅོད་དུ་འགྱུར། ཡུལ་ཡིད་འོང་ལ་བརྟེན་ནས་འདོད་ཆགས་སྐྱེ། ཡུལ་ཡིད་དུ་མི་འོང་བ་ལ་བརྟེན་ནས་ཞེ་སྡང་སྐྱེ། བར་མ་ལ་བརྟེན་ནས་གཏི་མུག་སྐྱེ་བ་ཡིན་པས། ཡུལ་ལ་བརྟེན་ནས་སྐྱེས་པའི་ལས་དེ་ཀུན་ནས་སློང་བྱེད་ནི་དུག་གསུམ་ཡིན་ཏེ། དབུ་མ་རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བའོ། །ཞེས་གསུངས་པས་དུག་གསུམ་དེ་ངོ་བོ་ཉིད་ཀྱི་མི་དགེ་བ་དང་། དེས་ཀུན་ནས་བསླང་བའི་ལས་དེ་ལ་མཚུངས་ལྡན་གྱི་མི་དགེ་བ་ཟེར། དེ་ཡང་དཔའ་བོ་གཡུལ་འཐབ་ས་ནས་དགྲ་གསོད་པ་ལྟ་བུ་ཞེ་སྡང་གི་སྒོ་ནས་སྲོག་གཅོད་པ། རྔོན་པས་རི་དྭགས་ལྟ་བུ་ཤ་ཟ་འདོད། པགས་གྱོན་འདོད་དེ་གསོད་པ་འདོད་ཆགས་ཀྱི་སྒོ་ནས་སྲོག་གཅོད། དགེ་སྡིག་གི་རྒྱུ་འབྲས་མི་ཤེས་པའམ། མུ་སྟེགས་པ་ལྟ་བུས་སྲོག་གཅོད་དགེ་བར་བརླམས་ནས་སྲོག་གཅོད་པ་རྣམས་ནི། གཏི་མུག་གི་སྒོ་ནས་སྲོག་གཅོད་པ་ཡིན། ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་པོ་ནི་གཞུང་གི་ལུགས་ལ་སེམས་བྱུང་སེམས་པ་དང་། མན་ངག་གི་ལུགས་ལ་ཡིད་རྟོག་བཅས་གསུངས་ཁི་ཡོད་ནི་རེད། མདོར་ན་སྲོག་གཅོད་པ་དེ་ལས་ཀྱང་སྐྱེ་བ་འདིའི་ཕ་གསོད་པ། མ་གསོད་པ། གཞན་ཡང་ཁམས་གསུམ་གྱི་ཉོན་མོངས་སྤངས་པའི་དགྲ་བཅོམ་པ་གསོད་པ་དང་གསུམ་ནི་མཚམས་མེད་པའི་ལས་ཞེས་བྱ་སྟེ་ཚེ་འདི་དང་ཕྱི་མའི་བར་མཚམས་སུ་བར་དོ་མེད་པར་ཐད་ཀར་དམྱལ་བ་མནར་མེད་དུ་སྐྱེ་བའི་རྒྱུ་ཡིན་པས་ན་མཚམས་མེད་ཅེས་བྱ། ད་ལྟ་རང་རེ་རྣམས་ནས་དངོས་སུ་རང་གིས་ལག་དར་ཏེ་སྲོག་མ་བཅད་པ་ཙམ་ལ་བསམས་ནས་ང་ལ་སྲོག་གཅོད་ཀྱི་སྡིག་པ་ནི་མེད་སྙམ་པ་འདུག་ཀྱང་། སྤྱིར་མཐོ་དམན་དྲག་ཞན་གྱི་མི་སུ་ཡིན་ན་ཡང་རྐང་འོག་ནས་སྲོག་ཆགས་ཕྲ་མོ་བསད་པའི་སྡིག་པ་གྲངས་ཀྱིས་མི་ཆོད་པ་མེད་པ་སུ་ཡང་མེད་ལ། ཁྱད་པར་བླ་མ་དང་སེར་མོ་བ་རྣམས་ནི་ཡོན་བདག་གི་ཁྱིམ་དུ་བྱོན་སྐབས། ཡོན་བདག་དེ་དག་གིས་ནོར་ལུག་སེམས་ཅན་གྱི་སྲོག་བཅད་ནས་ཤ་ཁྲག་གཡོས་སུ་བྱས་ཏེ་དྲངས་པའི་ཚེ། སེམས་ཅན་བསད་པ་འི་སྡིག་ལས་ལ་འགྱོད་པ་དང་། གསད་བྱ་སེམས་ཅན་ལུག་སོགས་དང་གསོད་པ་པོ་གཉིས་ཀ་ལ་སྙིང་རྗེ་སོགས་གང་ཡང་མེད་པར་ཤ་ཁྲག་གི་རོ་ལ་ཞེན་ཅིང་སྲེད་པས་དགའ་བཞིན་དུ་གསོལ་ཙ་ན། སྲོག་གཅོད་ཀྱི་སྡིག་པ་དེ་ཡོན་མཆོད་གཉིས་ལ་ཆེ་ཆུང་ཁྱད་པར་མེད་པ་འཐོབ་ནི་འདྲ་བ་ཡིན་གསུངས། མི་ཆེན་དང་དཔོན་ཆེན་རྣམས་ནི་གང་དུ་བྱོན་ཀྱང་བྱོན་ཡུལ་དེས་ཇ་འདྲེན་དང་མགྲོན་ཁ་ལ་སོགས་ཀྱི་ཆེད་དུ་སེམས་ཅན་གྱི་སྲོག་བཅད་པ་གྲངས་མེད། ཕྱུག་པོ་རྣམས་ནི་སྤྱིར་ཕྱུགས་ལུག་ཅི་ཙམ་ཡོད་པ་དེ་ཐམས་ཅད་ཚེ་ཐར་རེ་གཉིས་སྲིད་མཐའ་མ་བཀག་ཙམ་ལས་མཐར་གྱིས་རྒས་པའི་དུས་ན་རེ་རེ་བཞིན་གསོད་པ་ལས། རང་བཞིན་གྱི་བདེ་བའི་ངང་འཆི་བ་རེ་གཉིས་ལས་མི་འོང་བས་སྲོག་བཅད་པ་གྲངས་ཀྱིས་མི་ཆོད། འབྲོག་པས་ཕྱུགས་གསོད་པས་མ་ཟད་ཕྱུགས་ལུག་དེ་དག་གིས་ཀྱང་དབྱར་ཁའི་དུས། འབུ་སྦྲང་གྲོག་མ་ཉ་དང་སྦལ་བ་ཡན་ཆད་རྩྭ་དང་ལྷན་དུ་ཟ་བ་དང་རྐང་ལག་གི་རྨིག་པས་བརྫི་བ། རྟ་སྦངས་དང་ལྕི་བ་ལ་སོགས་པའི་ནང་དུ་བསད་པ་གྲངས་ཀྱིས་མི་ཆོད་ཅིང་། དེ་དག་གི་སྡིག་པ་ཡང་བདག་པོའི་སྟེང་དུ་འོང་། ཁྱད་པར་རྟ་ཕྱུགས་སོགས་གཞན་ལས་ཀྱང་ལུག་འདི་ནི་སྡིག་པ་མི་ཟད་པའི་འབྱུང་གནས་སུ་འདུག་སྟེ། ལུག་ཁོ་རང་ནས་ཀྱང་སྦྲུལ་དང་། སྦལ་བ། བྱེའུ་ཕྲུ་གུ་སོགས་སྲོག་ཆགས་ཕྲ་མོ་ཐམས་ཅད་ཁ་ཟས་སུ་བྱེད། དབྱར་བལ་འབྲེག་པའི་ལས་ཀྱི་དུས་ལུག་རེ་རེའི་རྒྱབ་ན་ཡང་སྲོག་ཆགས་འབུམ་ཕྲག་རེ་ཙམ་ཡོད་པ་དེ་ཐམས་ཅད་གསོད་པར་འགྱུར་བ་ཡིན། དགུན་ལུ་གུའི་དུས་ལུ་གུ་སྐྱེས་འཕྲལ་ལ་ཕྱེད་ཙམ་ལས་མི་ལྷག་པར་ཚ་རུའི་དོན་དུ་གསོད། མ་མོ་རྣམས་ཀྱང་རྒས་ནས་ལུས་ཀྱི་ཟུངས་མ་ཟད་ཀྱི་བར་དུ་འོ་མ་བཞོ་བ་དང་། ལུག་གུའི་བེད་བཅད་ནས་རྒས་ནས་བེད་མེད་གྱུར་ཙ་ན་ཐམས་ཅད་བསད་དེ་ཤ་ལྤགས་ལ་ལོངས་སྤྱོད། ཐོང་བ་དང་ཤ་བཟན་ལ་སོགས་པ་རྣམས་ནི་གང་དུ་ཕྱིན་ཀྱང་གསོད་རྒྱུ་ལས་གཞན་མེད། ལུག་ལ་ཤིག་བྱུང་ཚེ་ལུག་རེ་རེའི་རྒྱབ་ནས་ཀྱང་སྲོག་ཆགས་དུང་ཕྱུར་རེ་ཙམ་ཡང་གསོད། དེས་ན་ལུག་བརྒྱ་ཡོད་ཕྱིན་ཆད་བདག་པོ་དེ་དམྱལ་བར་ལན་ཅིག་སྐྱེ་ངེས་ཅན་དུ་འདུག བུད་མེད་རྣམས་ཀྱང་གཞན་དང་གཉེན་སྦྲེལ་ནས་བག་རིན་དང་སྐྱེལ་བརྫངས་དང་། བག་མ་སྐྱེལ་བསུ་སོགས་ཀྱི་དུས་སུ་བཤས་ལུག་གྲངས་མེད་པ་གསོད། བུད་མེད་དེ་མནའ་མ་སོང་ནས་ཕྱིན་ཆད་སླར་རང་ཁྱིམ་དུ་ནམ་འོང་གི་གྲངས་ལ་སེམས་ཅན་རེ་རེ་ངེས་པར་གསོད། དེ་བཞིན་དུ་གཉེན་དང་ཉེ་བ་རྣམས་ཀྱིས་མགྲོན་དུ་བོས་འོངས་སྐབས་ཀྱང་ཁ་ཟས་གཞན་བྱིན་ན་ཡི་གར་མི་འགྲོ་བ་ལྟར་བྱེད་ཅིང་། ཁྲམ་མ་དེས་ཟས་གཞན་བྱིན་ན་འགྲམ་པ་ཚོ་འགུལ་མི་ཤེས་པ་ལྟར་ཟ་ཡང་། བཤས་ལུག་ཚོ་བ་རེ་བསད་ནས་བྲང་དང་རྒྱུ་མ་སོགས་ཆེ་ངེས་པ་རེ་སྔོན་དུ་བཞག་ཙ་ན། སྲིན་མོ་གདོང་དམར་མ་དེ་མགར་འདུག་ཅིག་བྱས་ནས་གློ་ནས་གྲི་ཆུང་ཞིག་བླངས་ཏེ། ལྕིབ་ཐག་གེ་ཟ། སང་ཉིན་ཤ་ཁོག་དེ་དམར་ཙ་རེ་བཀལ་ནས་རྔོན་པ་རང་ཁྱིམ་དུ་ལྡོག་པ་ལྟར་འགྲོ་ཞིང་། ནམ་ཕྱིན་ཕྱིན་ནམ་སོང་སོང་སྟོང་ལོག་མི་བྱེད་པ་རྔོན་པ་མཚམས་རེ་སྟོང་ལོག་འོང་བས་རྔོན་པ་ལས་ཀྱང་ཐུ། བྱིས་པ་རྣམས་ནས་ཀྱང་རྩེད་མོའི་དུས་མཐོང་བ་དང་མི་མཐོང་བར་སྲོག་ཆགས་བསད་པ་གྲངས་ཀྱིས་མི་ཆོད་ཅིང་། ཐ་ན་གླང་ལྕག་དང་རྒྱུན་ལྕག་སོགས་ཐོགས་ཏེ་དབྱར་ཁའི་དུས་ས་གཞི་ལ་བྲབ་ཀྱིན་འགྲོ་བ་དེ་ལྟ་བུའི་དུས་བསད་པ་གྲངས་མེད། དེས་ན་རང་རེ་མི་རྣམས་ནི་སྲོག་གཅོད་ཀྱི་ལས་ཐབས་ཁོ་ནས་དུས་འདའ་བ་སྲིན་པོ་དང་འདྲ་ཞིང་། ཚེ་གཅིག་ཏུ་རང་གིས་བེད་བཅད། འོ་མ་འཐུང་དྲིན་གྱིས་བསྐྱངས་པའི་མ་འབྲི་ཕ་མ་འདྲ་བ་རྣམས་ཀྱང་བསད་ནས་ཤ་ཁྲག་གི་བེད་བཅད་ནས་ལོངས་སྤྱོད་པའི་ལུགས་ངན་ལ་བསམ་ན་སྲིན་པོ་ལས་ཀྱང་ཐུ་སྟེ་དཔེར་ན། ཤ་ཟ་སྲིན་པོ་ཡིན་ཡང་མ་མི་གསོད། །རི་སྤྱང་སྔོན་མོ་ཡིན་ཡང་བུ་མི་ཟ། །ཟེར་བས་སྲིན་པོ་ལས་ཀྱང་ཐུ་སྟེ་མ་འབྲི་དྲིན་ཅན་ཕ་མ་འདྲ་བ་དེ་ཚོ་ཡང་བཤས་ནས་ཟ་ལུགས་ལ་ལྟོས། དེ་ལྟར་སྲོག་གཅོད་ཀྱི་ལས་ཐབས་དེ། སྡིག་པའི་ཡན་ལག་བཞི་སྟེ་གཞི་དང་བསམ་པ་སྦྱོར་བ་མཐར་ཕྱིན་བཞིས་རྫོགས་པར་འགྱུར་བ་ཡིན་ཏེ། དཔེར་ན་རྔོན་པས་རི་དྭགས་གསོད་པ་ལྟ་བུ་ལ་མཚོན་ན། དང་པོ་ཤྭ་བ་དང་གླ་བ་ལྟ་བུ་རི་དྭགས་ཤིག་དངོས་སུ་མཐོང་བའི་ཚེ་རི་དྭགས་དེ་དང་དེའོ་སྙམ་དུ་མ་ནོར་བར་ཤེས་པ་ནི། གཞི་སེམས་ཅན་ཡིན་པར་ཤེས་པ། དེ་ལ་ངས་འདི་གསོད་དགོས་བསམ་རྒྱུའི་གསོད་འདོད་ཀྱི་ཀུན་སློང་སྐྱེས་པ་ནི། བསམ་པ་གསོད་སེམས་སྐྱེས་པ་དང་། གསོད་བྱེད་ཀྱི་ལག་ཆ་མེ་མདའ་དང་མདའ་ལ་སོགས་པས་ལུས་ཀྱི་གནད་དུ་བསྣུན་པ་ནི། སྦྱོར་བ་གསོད་ཐབས་ལག་ཏུ་བླང་བ། ཕ་རོལ་པོ་རི་དྭགས་དེ་དེ་མ་ཐག་ཏུ་སྲོག་གི་དབང་པོ་འགགས་ཏེ་ལུས་སེམས་ཀྱི་ཚོགས་པ་བྲལ་བའམ་ཐ་དད་དུ་གྱེས་པ་ནི། མཐར་ཐུག་སྲོག་གི་དབང་པོ་འགགས་པ་ཞེས་བྱ་བ་ཡིན། ཡང་དགོན་པའི་ཚོགས་པ་ཆེན་པོ་དང་། མཛད་སྒོ་ཆེན་པོའི་སྐབས་སོགས་སུ་རྒྱུ་མཚན་མི་ཤེས་པའི་བླ་མས་སྐབས་འདི་ལ་དགོས་གལ་ཆེ་ཤག་ཤག་པོ་ཤ་ཞིག་ཅི་དྲག་ན་གསུངས་སྐབས། ཕ་སྤྱང་ཀི་ལ་བུ་སྤྱང་ཕྲུག་ཟེར་བ་ལྟར་གྲྭ་བ་དང་ཕྱག་མཛོད་དང་ཡོན་བདག་སོགས་ཀྱིས་ཤ་ནི་ལས་སླ་བོ་ཡིན་པས་ཁྱེད་བཞུགས་དང་དྲག་འོང་ང་རང་ཚོ་ཡིན་ཟེར་ནས་ལས་ཐབས་ངན་པ་དེ་ལྟ་བུའི་སྲོལ་ངན་ཡང་ཤིན་ཏུ་སྡུག་པོ་རེད། དེ་ལ་ཡང་གཞི་བསམ་སྦྱོར་བ་མཐར་ཐུག་དངོས་བརྒྱུད་ཅི་རིགས་ནས་ཚང་ལ་ཉེ་ནི་རེད། ཡང་བདག་བཟུང་གི་བཤའ་ལུག་གཅིག་གསོད་པ་ལྟ་བུ་ལ་མཚོན་ན། དང་པོ་བཟའ་དཔོན་དེས་བྲན་ནམ་ཤན་པ་ལ་ལུག་གཅིག་བཤའ་དགོས་ཟེར་བའི་ཚེ། གཞི་སེམས་ཅན་ལུག་ཡིན་པ་ཤེས། ལུག་དེ་དང་དེ་ལྟ་བུ་ཞིག་བཤའ་དགོས་སྙམ་པའི་ཚེ་བསམ་པ་གསོད་སེམས་སྐྱེས་ནི་རེད། གསོད་པ་པོ་དེས་ཞགས་པ་ཞིག་བཟུང་སྟེ་སོང་ནས་འཕྲལ་དུ་གསོད་རྒྱུའི་ལུག་གང་ཡིན་པ་དེ་བཟུང་། ལུས་གནམ་ས་བསྒྱུར། རྐང་ལག་འབྲེང་པས་བཀྱིག མཆུ་ཐ་གུས་དཀྲི་བ་སོགས་བྱེད་པ་དེ་གསོད་ཐབས་ལག་ཏུ་བླངས། དེའི་ཚེ་སེམས་ཅན་དེ་གནད་གཅོད་ཀྱི་སྡུག་བསྔལ་ཅི་འདྲ་ཡོད་རང་རེའི་མཆུ་སྤར་མོས་བསུམས་ནས་སྐར་མ་ཁ་ཤས་སྡོད་དང་ཤེས་འོང་། སེམས་ཅན་དེ་གནད་གཅོད་ཀྱི་སྡུག་བསྔལ་དྲག་པོ་དང་བཅས་ཏེ་དབུགས་ཕྱི་ནང་གི་རྒྱུ་འགྲུལ་ཆད། མིག་སྔོ་ཅེ་རེ་མཆི་མ་ཁྲ་ཐར་རེ་སོང་ནས་རོ་ཁྱིམ་དུ་དྲུད་འོང་སྐབས་མཐར་ཐུག་སྲོག་གི་དབང་པོ་འགགས་པ་ཞེས་བྱ་སྟེ་གཞི་བསམ་སྦྱོར་བ་མཐར་ཐུག་ཚང་སོང་ནི་རེད། དེ་མ་ཐག་ནང་དབུགས་ཆད་ལོང་མ་འོང་གོང་ནས་བྲང་ཁ་བཤགས་ནས་ཁྲག་རྩ་བཅད་དེ་པགས་པ་གྲིས་བཤུས་སྐབས་ཤ་འདར་ཕྲིལ་ཕྲིལ་བྱེད་པ་དེ་ད་དུང་རླུང་ལྔའི་ནང་ཚན་ཁྱབ་བྱེད་ཀྱི་རླུང་འབྲོས་ལོང་མ་བྱུང་བར་གནས་ཡོད་པ་ཡིན་པས། གསོན་པོ་དང་འདྲ་བ་དེ་འཕྲལ་དུ་མེ་ལ་བསྲེག་ཐབ་ཏུ་བཙོས་ནས་ཟ་བར་བྱེད་པ་དེ་ལ་བསམས་ན། སེམས་ཅན་གསོན་པོར་ཟ་བར་འདུག་པའི་མི་དེ་དག་ལ་སྙིང་རྗེ་གཏན་ནས་མེད་ལུགས་ལ་བལྟས་ན་གཅན་གཟན་གཏུམ་པོ་སྟག་དང་སེང་གེ་ལ་སོགས་པ་རྣམས་དང་ཁྱད་པར་མེད་པ་འདུག དེས་ན་དེ་རིང་སེམས་ཅན་ཞིག་གསོད་སྙམ་པའི་བློ་སྐྱེས་པའམ། ངག་ཏུ་སྨྲས་ནས་གསོད་པར་མ་གྲུབ་ན་ཡང་། གཞི་སེམས་ཅན་ཡིན་པར་ཤེས་པ། བསམ་པ་གསོད་སེམས་སྐྱེས་པས་སྡིག་པའི་ཡན་ལག་གཉིས་རྫོགས་ཚར་བ་ཡིན་པས། དངོས་གཞི་ཚང་བ་ཙམ་མི་ལྕི་ཡང་མེ་ལོང་དུ་གཟུགས་བརྙན་ཤར་བ་བཞིན་སྡིག་པས་གོས་ཚར་བ་ཡིན། དེར་མ་ཟད་གསོད་པ་པོ་དངོས་དེ་མ་གཏོགས་སོད་ཟེར་མཁན་ལ་སྡིག་པ་མེད་སྙམ་པའམ། ཡོད་ཀྱང་ཅུང་ཟད་ཡང་སྙམ་པར་འདུག་སྟེ། གསོད་དུ་འཇུག་པ་པོ་ལྟ་ཅི། མཇུག་ཡི་རང་སྒོམ་མཁན་དང་བཅས་པ་ཐམས་ཅད་ལ་སྡིག་པའི་ལས་ཀྱི་སྐལ་བ་འདྲ་བར་ཡོད་པ་ཡིན། དེ་ཡང་མི་རེ་རེ་ལ་སེམས་ཅན་རེ་བསད་པའི་སྡིག་པ་རིལ་པོ་ཐོབ་པ་ཡིན་གྱི། སྲོག་གཅོད་ཀྱི་སྡིག་པ་གཅིག་མི་མང་པོས་བགོ་བཤའ་བྱེད་པ་ལྟ་བུ་ནི་མེད་པར་ཤེས་དགོས་སོ།།

༢༽ མ་བྱིན་པར་ལེན་པ།

གཉིས་པ་གཞན་གྱི་ནོར་རང་ལ་མ་བྱིན་ཡང་ཐབས་གང་རུང་གི་སྒོ་ནས་རང་ལ་དབང་བར་བྱས་ནས་ལེན་པ་ལ་མ་བྱིན་པར་ལེན་པ་ཟེར། དབྱེ་ན་དབང་གིས་ལེན་པ། འཇབ་བུས་ལེན་པ། གཡོ་སྒྱུས་ལེན་པ་དང་གསུམ་ཡིན། དེ་ཡང་མི་བཙན་པོ་རྒྱལ་པོ་ལྟ་བུས་ཁྲིམས་མཐུན་ཐོབ་ཐང་གི་སྤྱི་གཞུང་ལྟ་བུ་མ་ཡིན་པར་ཐོབ་མེད་རང་འདོད་ཀྱིས་བཙན་བཙུགས་བྱས་ནས་འཕྲོག་པ་དང་། དམག་ལ་སོགས་པ་དཔུང་གི་བཙན་ཤེད་ཀྱི་སྒོ་ནས་དངོས་སུ་འཕྲོག་འོང་བ་ལ་སོགས་པ་དང་། གཞན་ཡང་བློན་པོ་དང་བླ་དཔོན་དང་སྡེ་དཔོན་དང་ཚོང་དཔོན་དང་ཇག་དཔོན་དང་ཁྲལ་ལེན་པ་སོགས་ཀྱིས་ཁྲིམས་ལུགས་ལྟར་མ་ཡིན་པར་དབང་ཤེད་ཀྱིས་ལེན་པ་སོགས་ནི། དབང་གིས་མ་བྱིན་བར་ལེན་པའམ་སྟོབས་ཀྱིས་ལེན་པ་ཞེས་བྱ། རྐུན་པོ་ལྟ་བུས་བདག་པོས་མི་མཐོང་སར་ལྐོག་ནས་རྒྱུ་ཟས་བླངས་ཏེ་བདག་གིར་བྱེད་པ་ནི་འཇབ་བུས་མ་བྱིན་པར་ལེན་པ་ཡིན། ཚོང་ལ་སོགས་པའི་སྐབས་སུ་ཕ་རོལ་སླུ་བྱེད་ཀྱི་རྫུན་གཏོང་བ། བྲེ་ལོག་དང་སྲང་ལོག་འཛུགས་པ་སོགས་ཀྱིས་ཕ་རོལ་གྱི་རྒྱུ་རྫས་ལེན་པ་ནི། གཡོ་སྒྱུས་མ་བྱིན་པར་ལེན་པ་ཡིན། དེས་ན་དེང་སང་རང་རེ་རྣམས་ནས་དངོས་སུ་མ་མཐོང་ས་ནས་རྐུ་བ་དང་དགྲ་དང་ཇག་པ་སོགས་ཀྱིས་འཕྲོག་པ་སོགས་མ་བྱས་ཕྱིན་ཚོང་སོགས་གཡོ་ཐབས་ཀྱིས་སྒོ་ནས་བླངས་པ་ཐམས་ཅད་ལ་ཉེས་པ་ཡོད་སྙམ་པ་མི་འདུག་སྟེ། སླུ་བར་བྱེད་པའི་གཡོ་དང་། འཕྲུལ་བར་བྱེད་པའི་སྒྱུ་བྱས་ཕྱིན་ཆད་ཚོང་གི་ཁེ་ཇི་ཙམ་རྙེད་པ་དེ་བརྐུས་པ་དངོས་དང་ཁྱད་པར་མེད། ཁྱད་པར་དེང་སང་གི་སྐབས་སུ་བླ་མ་དང་སེར་མོ་བ་རྣམས་ནས་ཀྱང་དུས་ཀུན་ཚོང་བྱེད་པ་ལ་ཉེས་པའམ་སྐྱོན་དུ་མི་ལྟ་ཞིང་སྐུ་ཚེ་ཚོང་དེ་ལ་བསྒྲིལ་ནས་ཕོ་རྒོད་པོར་རློམ་པར་འདུག་ཀྱང་། ཇི་སྐད་དུ། ཀ་ཤ་པ་ཎིའི་བཞི་ཆ་བརྐུས། །དེ་བརྐུས་ཚུལ་ཁྲིམས་ཞིག་པར་འགྱུར། །གསུངས་པས་གོང་དུ་བཤད་པ་རྣམས་ལ་དཔག་ན་སྡོམ་པ་ཡོད་མེད་དོན་དངོས་ཐོག་ནས་བསམ་ན་ཤིན་ཏུ་དཀའ་མོ་ཡིན་སར་ཐུག་ནི་རེད། ད་དེ་ཚོ་ལ་བལྟས་ན་དེང་སང་གི་དུས་འདིར་དངོས་སུ་བསྟན་པ་རིན་པོ་ཆེ་རི་མོའི་མར་མེ་ལྟ་བུ་རེད་འོང་ཁི་བསམ་རྒྱུའི་ཚོད་ལ་སླེབ་ཡོད་པ་རེད། བླ་མ་སེར་མོ་བ་ཞིག་གི་རྒྱུད་ཆུད་ཟོས་བྱེད་པ་ལ་ཚོང་ལས་ཐུ་བ་གང་ཡང་མེད་དེ། དུས་རྟག་ཏུ་དེ་ལ་གཡེང་བས་ནི་སློབ་གཉེར་དང་སྒྲིབ་སྦྱོང་སོགས་ཆོས་སྤྱོད་ཀྱི་བྱ་བ་བྱེད་རྒྱུའི་བློ་གཡེལ་ཞིང་རྣམ་དཀར་དགེ་ལས་སྒྲུབ་རྒྱུའི་གོ་སྐབས་ཀྱང་མེད། ཉིན་མོ་ཚོང་ལ་གཡེངས་པ་མ་ཟད་མཚན་མོ་ཉལ་བའི་དུས་ཚུན་ཆད་ཀྱང་ཚོང་རྩིས་ཀྱི་བསམ་བློ་གཏོང་བས་དད་དང་ངེས་འབྱུང་སྙིང་རྗེ་སོགས་ཀྱི་རྩ་བ་ཆད། དུས་རྟག་ཏུ་འཇིག་རྟེན་གྱི་བྱ་ལས་བྲེལ་ཟིང་འཁྲུལ་བའི་གཞན་དབང་དུ་འགྱུར་བ་ཡིན་ཏེ། སྔོན་རྗེ་བཙུན་མི་ལ་དགོན་སྡེ་ཞིག་ཏུ་བྱོན་ནས་མཚན་མོར་གྲྭ་ཁང་ཞིག་གི་སྒོར་གཟིམས་བསྡད་པས། དེ་ན་གྲྭ་པ་ཞིག་ཡོད་པ་དེ་མཚན་མོ་ཉལ་ནས་སང་ཉིན་བ་ཞིག་བཤའ་རྒྱུ་ཡོད་པ་དེའི་ཤ་ཀོ་བཙོང་ཐབས་ལ་བསམ་བློ་བཏང་། མགོ་དེས་འདི་ཁུག ལག་པ་དེའི་སོག་པ་ལ་འདི་རི། དཔུང་པ་ལ་འདི་རི། ལག་ངར་ལ་འདི་རི་སོགས་བ་དེའི་ཕྱི་ཤ་ནང་ཁྲོལ་ཐམས་ཅད་ལ་ཚོང་རྩིས་བཏང་པས། དེའི་ནུབ་མོ་གྲྭ་བ་མྱིག་རྫི་མ་ཐུར་དུ་མ་བཙུམས་པས་གཉིད་ཐུན་གཅིག་ཀྱང་གཉིད་ལོང་མ་བྱུང་བར་མཇུག་མ་མ་གཏོགས་ཐམས་ཅད་ལ་འདང་ཕོག་པའི་སྐབས་སུ་ནམ་ལངས་ནས། དེར་ཁོང་རང་འཕྲལ་དུ་ལངས་ནས་རྒྱུན་དུ་མི་ཆགས་པའི་ཁུལ་གྱིས་ཆོས་སྤྱོད་དང་གཏོར་མ་གཏོང་བ་སོགས་འདོན་པ་བྱེད་པའི་ཚེ། རྗེ་བཙུན་མི་ལ་ད་དུང་ཡང་གཟིམས་ནས་བཞུགས་པས་གྲྭ་བ་ཁོ་ཁོང་གི་རྩར་འོང་ནས་ཁྱེད་ཆོས་པར་རློམ་པ་ལ། ཆོས་སྤྱོད་དང་བཟླས་བརྗོད་སོགས་གང་ཡང་བྱེད་མི་ནུས་པར་ད་དུང་ཡང་ཉལ་ནས་སྡོད་པ་ཟེར་འཕྱ་བར་བྱེད་པ་ལ། རྗེ་བཙུན་གྱི་ཞལ་ནས། ང་དུས་རྟག་ཏུ་དེ་ལྟར་གཉིད་འདུག་པ་ཞིག་མིན་ཡང་མདང་སུམ་ང་རང་ལ་བ་ཞིག་བཤའ་རྒྱུ་ཡོད་པ་དེ་བཙོང་ཐབས་ལ་བསམ་བློ་གཏོང་གིན་བསྡད་པས་གཉིད་ལོང་མ་བྱུང་བར། ད་ནང་གཉིད་དུ་ཤོར་བར་འདུག་གསུངས་པས་ཁོའི་མཚང་ལ་ཕོག་ནས་ཁ་ཕྱིར་བསྐོར་ནས་སོང་། དཔེ་དེ་བཞིན་དུ་ད་ལྟ་ཡང་ཚོང་ཁོ་ན་བྱེད་པ་རྣམས་སེར་སྐྱ་སུ་ཡིན་ཡང་ཉིན་དང་མཚན་དུ་ཚོང་རྩིས་ཀྱི་མནོ་བསམ་ཁོ་ན་ལ་འཁྲུལ་ནས་གཡེངས་ཤིང་། ཤི་དུས་རྐང་ལག་གཡོབ་དབུགས་ཧབ་སྒྲ་འདོན་བྲང་ལ་སྤར་ཤད་བྱས་ནས། འཆི་བའི་དུས་ཀྱི་ཚེ་ཡང་ཚོང་རྩིས་དེ་ཁོ་ནའི་ངང་དུ་འཁྲུལ་ནས་འཆི། དེར་མ་ཟད་ཚོང་བྱེད་དུས་ཀྱང་རང་གི་བཙོང་རྒྱུའི་དངོས་པོ་དེ་ངན་པ་ཞིག་ཡིན་ཡང་དེ་ལ་བསྟོད་ར་སྣ་ཚོགས་བྱེད་པ་དང་། སྔར་མི་འདི་དང་འདི་དག་ལ་བཙོངས་ན་གོང་འདི་ལྟ་བུ་ཞིག་སྦྱིན་ཟེར་ཀྱང་དེ་ལ་མ་བརྗེས་ཟེར་ནས་མནའ་བསྐྱལ་ཏེ། ང་རང་གིས་ཚུར་ཉོ་སྐབས་ཀྱང་རིན་ཆེན་པོ་འདི་ལྟ་བུ་བྱིན་པ་ཡིན་ཟེར་བ་སོགས་རྒྱུའི་གོ་མ་ཆོད་ཀྱང་གཏམ་དང་མནའ་ཡིས་གོ་ཨེ་ཆོད་བལྟས་ནས་རྫུན་ཁོ་ན་གཏོང་། དེ་བཞིན་དུ་ཕ་རོལ་གྱི་མི་གཞན་གཉིས་ཚོང་བྱེད་པ་ལ། དེ་རང་གིས་ཉོ་འདོད་ནས་དེའི་ཚོང་བར་ལ་བརྒྱུགས་ནས་གཞན་གཉིས་མི་འགྲིགས་པའི་ཐབས་ཀྱི་ཕྲ་མ་སྨྲ། ཕ་རོལ་གྱི་རྒྱུ་རྫས་ལ་ངན་སྨྲས་གཏོང་བ་དང་། བུ་ལོན་གྱི་རྒྱུས་འཐབ་མོ་བྱེད་པ་སོགས་ཚིག་རྩུབ། དོན་མེད་པར་མི་རི་གོང་མོ་ཆེ་ཟེར་བ་དང་། ཉོ་མ་སྙམ་ཡང་གོང་གཏམ་པ་སོགས་ངག་འཁྱལ། ཕ་རོལ་གྱི་རྒྱུ་རྫས་ལ་རློམ་སེམས་ཀྱིས་བདག་སྤྲད་པའི་བརྣབ་སེམས། གཞན་ཕམ་འདོད་ཀྱི་གནོད་སེམས། བཤས་ལུག་ཉོ་ཚོང་བྱེད་པ་སོགས་སྲོག་གཅོད་དེ། ལོག་ལྟ་དང་འདོད་ལོག་ཙམ་མ་གཏོགས་མི་དགེ་བཅུ་ཀ་ཚོང་གི་ནང་དངོས་སུ་ཚང་ཞིང་། ཚོང་དེ་ལམ་དུ་མ་སོང་ན་ནི་རང་གཞན་གཉིས་ཀའི་རྒྱུ་རྫས་ཆུད་གཟན་ཏེ་ཐམས་ཅད་སྡུག་ལ་གཏད། མཐར་ཚོང་ཉེས་ཁུར་ནས་བདག་གནོད་གཞན་གནོད་རང་ཉིད་མུ་གེས་འཆི་བ་ཞིག་འོང་། ཅུང་ཟད་ལམ་དུ་སོང་ན་ཧོབ་ཇེ་ཆེར་སོང་ནས་ནོར་ནི་ཇི་ཙམ་འབྱོར་བཞིན་ཆོག་ཤེས་མེད་པ་ཡིན་པས། རྣམ་ཐོས་སྲས་ཀྱི་ལོངས་སྤྱོད་ལྟ་བུའི་རྒྱུ་ནོར་ལ་དབང་ཞིང་ཕོངས་པ་མེད་པ་ཡིན་ན་ཡང་ད་དུང་བཤས་ཉོ་བཤས་ཚོང་སོགས་སྡིག་གི་ཚོང་བྱེད་པ་ལ་དགའ། རྒྱུ་ནོར་གསོག་བསྲུང་གི་རྣམ་གཡེང་དེ་ཁོ་ནའི་ངང་དུ་མི་ཚེ་ཟད་ནས་འཆི་ཁར་ཆོས་མེད་བྲང་ལག་འཐབ་སྟེ་ཤི་ནས་ངན་སོང་གི་གཏིང་རྡོ་བྱེད་པ་ཞིག་འོང་བ་ཡིན་པས་ན་རྒྱུན་མི་འཆད་པའི་སྡིག་པ་ཉིན་རེ་བཞིན་འཕེལ་ཞིང་རང་རྒྱུད་ཆུད་ཟོས་སུ་བྱེད་པ་ལ་ཚོང་འདི་ལས་ཐུ་བ་མེད་གསུངས་ནི་རེད། དུས་རྟག་ཏུ་གཡོ་སྒྱུས་གཞན་བསླུ་བའི་བསམ་པ་གྲི་རྩེ་འབུག་རྩེ་ཁབ་རྩེ་ལྟ་བུ་གང་རྣོ་བལྟས་ནས། རྒྱུན་དུ་བསམ་པ་ངན་པ་ལ་གནས་པས་ཕན་སེམས་བྱང་ཆུབ་ཀྱི་སེམས་དང་རྒྱབ་འགལ་ཞིང་མི་དགེ་བའི་ལས་མུ་དང་མཐའ་མེད་པར་ཇེ་མང་ཇེ་མང་དུ་འཕེལ་བར་འགྱུར་བ་ཡིན་ནོ། །མ་བྱིན་པར་ལེན་པ་འདི་ལ་ཡང་སྡིག་པའི་ཡན་ལག་བཞི་སྔར་ལྟར་ཡོད་ཅིང་། རྔོན་པ་དང་ཇག་པ་སོགས་སྲོག་གཅོད་དང་མ་བྱིན་ལེན་གྱི་སྡིག་ལས་བྱེད་དུ་འགྲོ་བ་ལ་རྟ་དང་མེ་མདའ་དང་གྲོ་ཆས་ཀྱི་སྐལ་སྐུར་ཕྲན་བུ་རེ་ཡོད་པ་ཚུན་ཆད་སྲོག་གཅོད་དང་མ་བྱིན་ལེན་གྱི་ཉེས་པ་ནི། ཐམས་ཅད་ལ་མཉམ་པོར་ཐོབ་ཅིང་སྡིག་པ་མཉམ་པར་ཡོད་པ་ཡིན་ནོ།།

༣༽ ལོག་གཡེམ།

གསུམ་པ་ལོག་གཡེམ་ནི། ཁྱིམ་པའི་ཁྲིམས་ཡིན་ཏེ། སྔོན་བོད་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། དགེ་བ་བཅུའི་ཁྲིམས་བཅས་སྐབས་ཁྱིམ་པ་བདུན་རྒྱུད་ཚུན་ཆད་ཀྱི་ཉེ་དུ་ལ་རིགས་ཀྱིས་བསྲུང་པ། བསྙེན་གནས་ཀྱི་སྡོམ་པ་བླངས་ནས་བསྲུང་བ་སོགས་ཆོས་ཀྱིས་བསྲུང་བ་སོགས་ལ་ཁྱིམ་པས་སྤྱོད་པ་བཀག་པ་ལྟ་བུ་ཡིན། དེས་ན་ཁྱིམ་པ་ཡིན་ཡང་དགེ་བསྙེན་ལྟ་བུའི་སྡོམ་པ་ཞུས་ནས་བསླབ་གཞིའི་ཁྲིམས་དང་ལྡན་པ་ཞིག་དགོས་ཤིང་། རབ་ཏུ་བྱུང་བ་རྣམས་ནི་མི་ཚངས་སྤྱོད་རྩ་བ་ནས་སྤང་དགོས་པ་ཡིན་པས་སྨོས་ཅི་དགོས། ལོག་གཡེམ་དེའི་ཉེས་པ་ཆེ་ཤོས་གཞན་གྱི་སྡོམ་པ་གཏོང་བའི་རྐྱེན་བྱས་པ་དང་། གཞན་ཡང་རང་གི་ཁུ་བ་ཕྱུང་བ། གཞན་གྱིས་བདག་པ་དང་། གླ་ངན་སྤྲད་ཚར་བ། རང་དབང་ཡིན་ཡང་ཉིན་མོ་དང་། བསྙེན་གནས་བསྲུང་བ་དང་། ན་བ་དང་སྦྲུམ་མ་དང་། མྱ་ངན་གྱིས་ནོན་པ་དང་། ཟླ་མཚན་ཡོད་པ་དང་། བང་མ་སང་བ་དང་། དཀོན་མཆོག་གི་རྟེན་ཡོད་སར་བསྒྲོད་པ་དང་། ཕ་མ་དང་རིགས་ཀྱིས་སྲུང་བ་དང་། མ་སྨིན་པའི་གཞོན་ནུ་མ་དང་། ཁ་དང་བཤང་ལམ་ལ་སོགས་པར་བསྒྲོད་པ་སྟེ། ཡུལ་དུས་གནས་སྐབས་ཀྱི་སྒོ་ནས་ལོག་གཡེམ་གྱི་རྣམ་པ་ཐ་དད་པ་ཉམས་སུ་མྱོང་བའོ།།

༤༽ རྫུན།

བཞི་པ་བསླུ་བའི་སེམས་ཀྱིས་གཞན་གྱི་འདུ་ཤེས་བསྒྱུར་ཏེ་ཤེས་བཞིན་དུ་མི་བདེན་པར་སྨྲས་པ་ཕ་རོལ་པོས་དོན་གོ་བ་ན་རྫུན་ཡིན་ལ། དབྱེ་ན་རྫུན་ཕལ་པ། རྫུན་ཆེན་པོ། མི་ཆོས་བླ་མའི་རྫུན་དང་གསུམ་ཡོད། ངག་གིས་སྨྲ་བར་མ་ཟད་ལུས་ཀྱི་ལས་ཀྱང་རྫུན་དུ་འགྱུར་བ་ལྐུག་པས་བརྡས་རྫུན་བཤད་པ་ལྟ་བུ་ཡོད་གསུངས། དང་པོ་རྫུན་ཕལ་བ་ནི་གཞན་བསླུ་བའི་བསམ་པ་ཅན་གྱིས་རང་བཞིན་རྫུན་དུ་སྨྲ་བ་ཐམས་ཅད་དང་། གཉིས་པ་རྫུན་ཆེན་པོ་ནི། དགེ་བ་བྱས་ན་དེ་ལ་ཕན་ཡོན་མེད། སྡིག་པ་བྱས་ན་དེ་ལ་ཉེས་པ་མེད། དག་པའི་ཞིང་ཁམས་མེད། ཡོད་ཀྱང་དག་པའི་ཞིང་ཁམས་ན་བདེ་བ་མེད། ངན་སོང་ཟེར་བ་གཏན་ནས་མེད་གལ་ཏེ་ཡོད་ཀྱང་ངན་སོང་ན་སྡུག་བསྔལ་མེད་། སངས་རྒྱས་ལ་ཡོན་ཏན་མེད་ཟེར་ན་དེ་ལས་ཐུ་བའི་རྫུན་རྔམ་པོ་ཆེ་བཤད་ཐབས་མེད་པ་ཡིན་པས་ན་རྫུན་ཆེན་པོ་ཞེས་བྱ། གསུམ་པ་མི་ཆོས་བླ་མའི་རྫུན་ནི། ས་མ་ཐོབ་པར་ཐོབ། མངོན་ཤེས་མེད་པར་ཡོད་ངས་མ་མཁྱེན་ན་མཁྱེན་ཁྱོད་ཚོའི་ཤི་བོ་ག་གེ་མོ་དེ་དང་དེར་འདུག ཆ་འདི་བསྐུར་བྱུང་ཟེར་བ་ལྟ་བུ། རང་ལ་གཏན་ནས་མེད་པའི་ཡོན་ཏན་ཡོད་པ་ལྟར་བསྟན་ནས་ལྷ་མཐོང་འདྲེ་མཐོང་སྨྲ་བ་ཐམས་ཅད་མི་ཆོས་བླ་མའི་རྫུན་ཡིན། དེས་ན་དེང་སང་ཆོས་མཐུན་ཀྱི་སྐྱེས་བུ་དམ་པ་ལས་ཀྱང་ཟོག་པོ་རྫུན་རྐྱལ་བྲིན་པའི་དུས་སུ་སོང་ཞིང་། དུས་ངན་སྙིགས་མའི་མི་ཐམས་ཅད་ཀྱང་བདེན་ཁ་ཡང་བས་བསམ་སྤྱོད་བསྒྱུར་སླ་བ་ཡིན་པས་དགེ་སློང་ཡང་དག་པ་བཞི་སྡེ་ལྟ་བུས་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་སྤེལ་ནས་སངས་རྒྱས་ཀྱི་བསྟན་པ་ཚུལ་བཞིན་འཛིན་མཁན་ཡོད་ན་དེ་ལ་མཐོང་ཆེན་མི་བརྩི། བླ་མའམ་གྲུབ་ཐོབ་ཏུ་ཁས་འཆེ་བ་ཁ་ཅིག་གཡོ་སྒྱུས་གཞན་མགོ་སྐོར་བ་ལྷུར་ལེན་ཞིང་། ལྷ་ངས་མཐོང་ལྷ་ལ་གཏང་རག་ངས་བྱིན་ཡོད། འདྲེ་ངས་མཐོང་འདྲེ་ལ་ཆད་པ་ངས་བཅད་ཡོད་ཟེར་བ་ཕལ་ཆེར་མི་ཆོས་བླ་མའི་རྫུན་བཤད་མཁན་ཁོ་ན་ཡིན་པས་ཙབ་ཙོབ་ཏུ་ཟོག་པོ་བསླུ་བྲིད་ཅན་ལ་དད་པ་དད་ལོག་གཉི་ག་མི་བྱེད་ཅིང་བློ་མི་གཏོད་པར། དེ་བས་རྒྱུས་ཡོད་ཀྱི་ཆོས་པ་སྙོམས་ཆུང་ཕྱི་ནང་མཚུངས་པ་རྣམ་དག་རེ་ལ་འདི་ཕྱིའི་བློ་གཏད་འཆའ་བ་གལ་ཆེ། ལར་ཟག་བཅས་ཀྱི་མངོན་ཤེས་ཕྲན་བུ་འཇིག་རྟེན་པའི་ལམ་དུ་ཡོད་ཀྱང་དེ་འཕྲལ་སྣང་རེས་འགའ་བ་ཡིན་པས་རྫུན་དངོས་མིན་ཡང་ཐིག་མི་ཐིག་སྣ་ཚོགས་འོང་། ཟག་མེད་ཀྱི་མངོན་ཤེས་ནི་འཕགས་པ་ས་ཐོབ་མ་གཏོགས་གཞན་སོར་སྐྱེས་ལ་མེད་པས་དེ་འདྲ་བ་ནི་ཤིན་ཏུ་ཡང་དཀའོ།།

༥༽ ཕྲ་མ།

ལྔ་བ་མི་མཐུན་པར་མེད་པའི་མི་གཉིས་དབྱེ་འདོད་ཀྱི་བསམ་པས་ཀུན་ནས་སློང་སྟེ་ཕྱེ་བའི་ཚིག་གི་དངོས་ཤུགས་ནས་སྨྲས་པས་ཕ་རོལ་པོས་དོན་དེ་གོ་བ་ན་ཕྲ་མ་ཡིན་ལ། དབྱེ་ན་ངོས་ནས་བཤད་པའི་མངོན་ཕྲ་ཞིག་དང་། ལྐོག་ནས་དབྱེ་བའི་ལྐོག་ཕྲ་གཉིས་ཡོད། དང་པོ་ནི་མི་དབང་ཡོད་པོ་ཕལ་གྱིས་མི་གཉིས་མཉམ་དུ་ཡོད་པ་ལ་དེ་གཉིས་དངོས་སུ་ཕྲ་མས་འབྱེད་ཅིང་འདིས་ཁྱོད་ལ་ལྐོག་ཏུ་ངན་སྨྲས་འདི་དང་འདི་ལྟ་བུ་བྱས། དངོས་སུ་གནོད་པ་ཡང་འདི་དང་འདི་ལྟ་བུ་བསྐྱལ། དེ་རིང་ཁྱེད་གཉིས་དེ་འདྲ་མིན་པ་ལྟར་བྱེད་དམ་ཞེས་མངོན་སུམ་དུ་ཕྲ་མ་བྱེད་པ་ནི་མངོན་ཕྲ། གཉིས་པ་ནི། མི་ཡིད་མཐུན་པ་གཉིས། གཅིག་གི་དྲུང་དུ་སོང་སྟེ། ཁྱོད་ཀྱིས་མི་གཞན་དེ་ལ་རྩིས་ཆེན་དུ་བྱེད་ཀྱང་དེས་ཁྱོད་ལ་ངན་སྨོད་ལྐོག་ལབ་འདི་དང་འདི་ལྟ་བུ་ཟེར་རོ་ཞེས་ཕར་ཚུར་གཉིས་ཀ་ལ་ཟེར་ནས་ཁོང་ཁྲོ་སློང་བཅུག དེ་གཉིས་ཀྱི་བར་གཏམ་འདྲ་མིན་བཤད་ནས་མཐུན་པོ་ཕྲ་མས་འབྱེད་པ་ལ་ལྐོག་ཕྲ་ཟེར། དེ་དག་ལས་ཀྱང་ཉེས་པ་ཆེ་ཤོས་དགེ་འདུན་ནང་དུ་དབྱེན་དཀྲུག་གིས་ཕན་ཚུན་ཐུགས་མི་མཐུན་པར་བྱེད་པ་དང་། ཁྱད་པར་གསང་སྔགས་ཀྱི་དབང་ཁྲིད་མན་ངག་སོགས་ཀྱི་ཆོས་སྟོན་པའི་བླ་མ་དང་སློབ་མའི་བར་དུ་དབྱེན་བྱེད་པ་དང་། གསང་སྔགས་ཀྱི་ཆོས་སྒོར་མཉམ་དུ་ཞུགས་པའི་གྲོགས་མཆེད་ཕན་ཚུན་ནང་མི་མཐུན་པར་བྱེད་པ་ནི་ཤིན་ཏུ་ཡང་ཉེས་པ་ཆེའོ།། །།ཞེས་གསུངས་ནས་བསྔོ་བས་མཐའ་བརྒྱན་ནས་ཆོས་ཁྲིད་གྲོལ་སོང་ངོ་།།

ཉ༽ ཉིན་བརྒྱད་པར་ཚིག་རྩུབ་སོགས་ཀྱི་ཆོས་ཁྲིད།

མཆོད་བརྗོད་སོགས་གསུངས་ནས།

ཨ༽ མཚམས་སྦྱོར་གྱི་གདམས་ངག

དེ་ཡང་ཇི་སྐད་དུ། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས། ད་རེས་རྣམ་འདྲེན་བཞི་བ་ཟས་གཙང་སྲས། །འདྲེན་མཆོག་ཐུབ་པའི་དབང་པོ་འཇིག་རྟེན་བྱོན། །ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར། །ལྔ་བརྒྱ་ཕྲག་བཅུའི་བསྟན་པའི་ཚད་མ་རྫོགས། རང་ཉིད་ཆོས་ལམ་གཉེར་བའི་འདུན་མ་ཡོད། །ཐེག་ཆེན་དགེ་བའི་བཤེས་ཀྱིས་ཟིན་དུས་འདིར། །སྔོན་ནས་ཆོས་ལམ་དོན་དུ་མ་གཉེར་ན། །ཕྱི་ནས་འདི་འདྲའི་ཡུལ་དུ་མི་སྐྱེ་ཞིང་། དཀོན་མཆོག་མཚན་ཐོས་ཙམ་ཡང་རྙེད་པར་དཀའ། །ཞེས་གསུངས་པ་ལྟར་དུ། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྒྲོན་མའི་བསྐལ་བ་བཟང་པོ་ལ་ཁེལ། སྟོན་པས་དམ་པའི་ཆོས་མདོ་སྔགས་ཡོངས་སུ་རྫོགས་པར་གསུངས་པའི་གནས་དུས་ཕུན་སུམ་ཚོགས་པ་དང་ཡང་ལྡན། བསྟན་པའི་གནས་ཚད་ད་དུང་མ་རྫོགས་ཤིང་རང་ཉིད་ཆོས་ལམ་ཞུགས་རྒྱུའི་འདུན་མ་ཡོད་པ་སོགས་དལ་འབྱོར་གྱི་ཆོས་ཐམས་ཅད་ཚང་ཞིང་། ཁྱད་པར་དུ་མཐུན་རྐྱེན་དགེ་བའི་བཤེས་གཉེན་གྱིས་ཟིན་པའི་སྐབས་འདིར། སྙིང་ནས་སྙིང་པོའི་ལྷ་ཆོས་རྣམ་དག་ཞིག་མ་བསྒྲུབས་ན། ད་སྔ་ཉི་མ་ཡན་ཆད་ལ་སྐྱེ་བ་གྲངས་མེད་བསམ་གྱིས་མི་ཁྱབ་པར་བླངས་པ་ཡིན་ནའང་། ཐར་ལམ་དོན་དུ་གཉེར་བའི་བགོ་སྐལ་ཞིག་མ་ཐོབ་ནས། ད་ལྟའི་བར་འཁོར་བར་འཁྱམས་ནས་སྡུག་བསྔལ་མཐའ་མེད་དུ་མྱོངས་པ་ཡིན་པས་ད་དུང་རིན་ཐང་ཅན་གྱི་མི་ལུས་འདི་སྟོངས་ཟད་ཅིག་རེད་ཤོར་ན། རྗེས་ནས་འདི་འདྲ་བའི་ལུས་རྟེན་ཁྱད་པར་ཅན་ནམ་ཡིན་ཡིན་ལོན་གདའ་མི་དགོས། དཀོན་མཆོག་གི་མཚན་ཐོས་པ་ཙམ་ཡང་རྙེད་དཀའ་བ་རེད། མ་ཚད་ད་རེས་ཀྱི་ལུས་རྟེན་འདི་ཡང་རྟག་མི་ཐུབ་པ་ཆུའི་ཆུ་བུར་དང་ནམ་མཁའི་འཇའ་ཚོན་ལྟར་ད་ལྟ་ཡོད་ཀྱང་ད་ལྟ་མེད་པར་མི་འགྱུར་བའི་ངེས་པ་མེད་དེ། འཆི་བདག་སྲིན་མོའི་མཆེ་བ་རྣོན་པོའི་རྩེ་ན་ཡོད་པ་ལྟ་བུ་ཞིག་ཡིན་པས། ཇི་སྐད་དུ། །རྣམ་གཡེང་འཁྲུལ་བ་གཅོད་བཞིན་སླར་ལ་འཕེལ། །བདག་གི་ཚེ་ནི་རང་བཞིན་རྒྱུན་དུ་འཛད། །ཡེངས་མ་ལམ་ལ་འཆི་བའི་དགྲས་གཏུགས་ན། །དེ་བས་བསླུས་པ་བདག་ལ་ཇི་ལྟར་ཡོད། །ཅེས་དང་། ཆོས་བརྒྱད་འཇའ་རིས་ལ་ཞེན་འཁྲུལ་སྣང་གི་བྱས་པ། །འདི་སྣང་སེར་བའི་རིལ་བུ་ནོར་བུ་རུ་རློམ་ཡང་། །མི་རྟག་སྤྲིན་བར་ཉི་མའི་འོད་སྣང་གིས་སྒྲོན་ཚེ། །འཁྲུལ་སྣང་སྙིང་པོ་མེད་པའི་རང་མཚང་དེ་མངོན་ཡོང་། །ཞེས་གསུངས་པ་ལྟར། ཆོས་སང་བྱ་གནངས་བྱའི་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་མི་གཏོང་བར། ད་ལྟ་ཉིད་དུ་བརྩོན་པ་བྱས་ཏེ་དལ་འབྱོར་གྱི་སྙིང་པོ་མ་ཐོགས་མྱུར་དུ་ལོན་ཐབས་བྱེད་རྒྱུ་ནི། གཏན་གྱི་འདུན་མ་མ་ཉེས་པ་དང་། བསམ་བློ་གཏོང་ནོར་མ་བྱེད་པ་དང་། སྔ་བསམ་ཕྱི་འདེང་ཕོག་པའི་ཚད་རེད། དམ་པའི་ཆོས་སྒྲུབ་པ་དེ་ཡང་། རང་ཉིད་ངན་སོང་གི་གནས་རྐྱང་བའི་སྡུག་བསྔལ་ལས་ཐར་ནས། གནས་སྐབས་མཐོ་རིས་ཀྱི་བདེ་བ་དོན་དུ་གཉེར་ནས་ཆོས་སྒྲུབ་པ་ནི་སྐྱེས་བུ་ཆུང་ངུའི་ལམ་ཡིན་པ་དང་ནི། འཁོར་བ་ལས་ངེས་པར་འབྱུང་བའི་བློ་ཞིག་ཡོད་ཀྱང་རང་ཉིད་ཞི་བདེར་སྦྱོར་བའི་རང་དོན་ཡིད་བྱེད་དང་མ་བྲལ་བའི་སྐྱེས་བུ་འབྲིང་གི་ཀུན་སློང་ཡང་མ་ཡིན་པ། ཐེག་ཆེན་མདོ་སྔགས་ཀྱི་ལམ་ལ་ཞུགས་ཡོད་ན། རང་རེས་ཐོག་མ་ཉིད་ནས་སྙིང་རྗེས་ཀུན་ནས་སློང་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཉིད་མ་སྐྱེས་པ་བསྐྱེད། སྐྱེས་པ་ཉམས་པ་མེད་པའི་ཐོག་ནས་ཆོས་ཉན་འཆད་སྒོམ་སྒྲུབ་བྱེད་པའི་སྐབས་སུ་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་མ་བྲལ་བ་ཞིག་དགོས་། དེ་ཡང་སྙིང་རྗེ་ཙམ་ཡོད་པས་མི་ཆོག་པར་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་དང་འབྲེལ་དགོས། སེམས་ཅན་ཐམས་ཅད་རྫོགས་བྱང་དུའགོད་པ་ལ་ཐོག་མ་རང་ཉིད་ཀྱིས་ཤེས་རབ་ཀྱི་མིག་ཁྱད་པར་ཅན་ཞིག་བསྒྲུབ་དགོས་ལ། དེ་དགོས་ན་དང་པོ་ཐོས་བྱུང་གི་ཤེས་རབ་སྡེ་སྣོད་རྣམ་པ་གསུམ་དང་རྒྱུད་སྡེ་བཞིའམ་དྲུག་གིས་བསྡུས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་དེ་ནང་རིག་པ་ཡིན་ཞིང་། གཞན་དག་ཚར་གཅོད་ཀྱི་རིག་པ་སྒྲ་དང་ཚད་མ། རྗེས་འཛིན་གྱི་རིག་པ་བཟོ་དང་གསོ་བ་སྟེ་ཐུན་མོང་གི་རིག་གནས་བཞི། ཐུན་མིན་ནང་རིག་པ་དང་བཅས་པའི་རིག་པའི་གནས་ཆེན་ལྔ་ལ་འཆད་ཉན་གྱི་སྒོ་ནས་མཁས་པ་སྦྱངས་ཤིང་། དེ་ནས་བསམ་བྱུང་གི་ཤེས་རབ་ཀྱིས་ཐོས་དོན་ལ་ངེས་ཤེས་བསྐྱེད་དགོས། དེའི་རྗེས་བསམ་ཞིང་ཤེས་པའི་དོན་དེ་ཉིད་སྒོམ་བྱུང་གི་ཤེས་རབ་ཀྱིས་ཉམས་སུ་བླངས་ནས་རྟོགས་པར་བྱེད་དགོས་ཀྱི། དེ་ལྟར་མ་ཡིན་པར་ཐོས་བསམ་སྒོམ་གསུམ་གོ་ལོག་སོང་ན་ཧ་ཅང་ལམ་ནོར་བ་ཡིན་པས། ཐོས་བསམ་ལ་མ་བརྟེན་པའི་སྒོམ་པ་ཞིག་དང་། སྒོམ་པ་དང་མ་འབྲེལ་བའི་ཐོས་བསམ་གྱིས་ཀྱང་གོ་མི་ཆོད་པས་དེ་ལྟར་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་པོ་བསྐྱེད་དགོས་ཤིང་དེ་ཡང་གོ་རིམ་མ་ལོག་པ་ཞིག་དགོས། དང་པོ་ཐོས་པ་དེ་ཡང་བླ་མ་དགེ་བའི་བཤེས་གཉེན་གྱི་ཞལ་ནས་ཡང་དག་པ་ཉན་དགོས། མ་ཉན་ན་ཅི་ཞིག་གོ་སྟེ་གོ་རྒྱུ་དང་ཤེས་རྒྱུ་གཏན་ནས་ཡོད་པ་མ་རེད། ཉན་པ་དེ་ཡང་ཡིག་རྩིས་དང་འཕང་གི་སྒྱུ་རྩལ་སོགས་བསླབ་པ་ལྟ་བུ་མ་ཡིན་པར། བསྐལ་བ་སྟོང་དུ་འབད་པས་བཙལ་ཀྱང་རྙེད་པར་དཀའ་བའི་དམ་པའི་ཆོས། སྔར་སངས་རྒྱས་བཅོམ་ལྡན་འདས་བསླབ་པ་ལམ་ལ་ཞུགས་པའི་གནས་སྐབས་སུ་གྲངས་མེད་མང་པོར་བརྩོན་དགོས་པའི་ཆོས་ཚིག་བཞི་རེའི་ཕྱིར་དུ་ལུས་སྲོག་འཕོངས་མེད་དུ་བཏང་བ་ཡིན་ན། ད་སྐབས་རང་རེས་ཐེག་རྩེ་རྫོགས་པ་ཆེན་པོའི་ཆོས་ཚེ་ལུས་གཅིག་གིས་སངས་རྒྱས་པའི་ལམ་བདེ་བླག་འབད་མེད་དུ་ཉན་ཆོག་ཆོག་གི་སྐབས་ཡིན་ན། ཐ་མལ་གྱི་སྒྲུང་གཏམ་ཉན་པ་ལྟ་བུ་མ་ཡིན་པར་ཆོས་ཉན་པའི་སྐབས་སུ་མདོ་སྔགས་ཐུན་མོང་དང་མཐུན་པའི་བཤད་ཚུལ་དང་ཉན་ཚུལ་ལྟར་བྱ་དགོས། དེ་ཡང་ཆོས་འཆད་པའི་སློབ་དཔོན་ཡང་འཕགས་པ་འཇམ་དཔལ་དུ་གསལ་བཏབ་ནས། ཆོས་འཆད་པ་པོ་སློབ་དཔོན་གྱི་ཞལ་ནས་ཆོས་ཀྱི་འོད་ཟེར་བྱུང་བ་དེ་ཉིད་སློབ་མ་སོ་སོའི་སྙིང་ནང་དུ་ཕོག་པས་མི་ཤེས་པའི་མུན་པ་ཐམས་ཅད་གསལ་ནས་བློ་གྲོས་ཀྱི་པདྨོའི་རྣམ་པར་རྒྱས་པར་བསམ་ཏེ་ཉན་དགོས། དེ་ལྟར་ཉན་ན་བསོད་ནམས་ལྷག་པར་དུ་ཆེ་བ་ཡིན། ཆོས་ཐོས་པའི་ནང་དོན་ཐོག་མ་ཉིད་ནས་རྒྱ་ཆེན་པོ་དང་ཆ་ཚང་བ་ཞིག་མ་གོ་ན་ཡང་། རྒྱུན་ཡུན་རིང་མཐུད་ཐུབ་ན་ཐོས་པའི་མཐའ་རྒྱ་ཆོད་ནས་ཞེ་བློ་ནང་ནས་བདེ་བ་ཞིག་འོང་བར་ཐེ་མི་ཚོམ། ཐ་ན་ཆོས་ཀྱི་སྒྲ་རྣ་ལམ་དུ་ཐོས་པ་ཙམ་ཡང་ཕན་ཡོན་ཆེན་པོ་ཡོད་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མདོ་ལས། ཀུན་དགའ་བོ། གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་སྟེ་སྦྱིན་པ་བྱིན་པ་བས་ཀྱང་། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐ་ན་རྣ་ལམ་དུ་ཐོས་ན་དེའི་བསོད་ནམས་ཆེ་ཞེས་གསུངས། གཞན་ཡང་། ཐོས་པ་མ་རིག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག །ཉོན་མོངས་གཡུལ་ངོར་དགྲ་འཇོམས་མཚོན་ཆ་སྟེ། །ཐབས་ཚུལ་མན་ངག་བསྟན་པ་གྲོགས་ཀྱི་མཆོག །ཅེས་གསུངས་པའི་ཚུལ་ལ་བསམ་སྟེ་ཆོས་ཚུལ་ཟབ་མོ་ཉན་པའི་བགོ་སྐལ་ཐོབ་པའི་སྐབས་འདིར། ཆོས་ཉན་པའི་ཀུན་སློང་དང་ཀུན་སྤྱོད་རྣམ་པར་དག་པ་དང་བཅས་ལེགས་པར་ཉན་ཏེ་ཡིད་ལ་བཟུང་རྒྱུ་བོ་རྣམ་པ་ཀུན་ཏུ་ཞུས་པ་ལྟར་ཡིན། གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི། ལས་རྒྱུ་འབྲས་ཀྱི་ཁྲིད་ལས། སྤང་བྱ་མི་དགེ་བ་བཅུའི་ནང་ཚན།

༦༽ ཚིག་རྩུབ།

དྲུག་པ་ཕ་རོལ་པོ་ལ་གནོད་པའི་སེམས་ཀྱི་ཀུན་ནས་བསླངས་ནས། ཕ་རོལ་པོ་ལ་དངོས་སུ་ཐོས་པ་བྱས་ནས་སྐྱོན་བརྗོད་པ་ལ་སོགས་པ། མདོར་ན་ཞེ་ལ་ཕོག་པའི་ཚིག་སྨྲས་ཤིང་ཕ་རོལ་པོས་དོན་དེ་གོ་ན་ཚིག་རྩུབ་ཡིན་པས་དེ་ནི། དཔེར་ན་སྐྱེ་བོ་གཟུགས་བྱད་མི་མཛེས་པ་ལྟ་བུ་ལ་དེའི་སྐྱོན་མངོན་དུ་སྒྲོགས་པ་ལྟ་བུ་སྟེ། དཔེར་ན་མི་ཞར་བ་དང་། འོན་པ་སོགས་ལ། ལོང་བ། རྣ་འོན་ཞེས་པ་ལྟ་བུས་མངོན་དུ་འབོད་པ་དང་། གཞན་ཡང་ཕ་རོལ་གྱི་སྐྱོན་མཚང་ནས་བརྗོད་པ་དང་། ངན་དུ་སྨྲ་བའི་རིགས་མི་འདོད་པའི་སྐད་ཆ་ཕ་རོལ་པོའི་ཡིད་ལ་མི་འབབ་པའི་ཚིག་བཤད་པ་ཐམས་ཅད་དང་། བཤད་སྟངས་ཚིག་རྩུབ་པོ་མིན་ཡང་འཇམ་པོའི་སྒོ་ནས་ཕ་རོལ་པོ་ཡིད་མི་བདེ་བར་བྱེད་པ་ཡང་ཚིག་རྩུབ་ཏུ་འདུས་ལ། ཚིག་བཤད་ལུགས་འཇམ་རྩུབ་བཟང་ངན་ལ་ཁྱད་པར་ཆེན་པོ་ཡོད་དེ། མ་བཏབ་གནད་དུ་ཟུག་པའི་མཚོན། །མ་འཐུང་ཁོང་དུ་སོང་བའི་སྨན། །མ་ཟོས་ཡིད་འཕྲོག་སྦྲང་རྩིའི་རོ། །ཚིག་གི་ཁྱད་པར་རྣམས་ལ་ཡོད། །ཅེས་གསུངས། གཞན་ཡང་བླ་མ་དགེ་བའི་བཤེས་གཉེན་སྐྱེས་བུ་དམ་པ་རྣམས་ཀྱི་དྲུང་དུ་མི་སྙན་པ་སྣ་ཚོགས་བརྗོད་པ་ཡང་ཉེས་པ་ཆེའོ། གཞན་ཡང་། ཕ་རོལ་གནད་དུ་འབེབས་པའི་ཚིག །དགྲ་བོ་ལ་ཡང་སྨྲ་མི་བྱ། །བྲག་ཅ་བཞིན་དུ་རང་ཉིད་ལ། །དེ་མ་ཐག་ཏུ་ལེ་ལན་འབྱུང་། །ཞེས་གསུངས་པ་ལྟར་རོ།།

༧༽ ངག་ཀྱལ།

བདུན་པ་ངག་བཀྱལ་ནི། རྫུན་ཕྲ་མ་ཚིག་རྩུབ་གསུམ་པོ་མ་ཡིན་པའི་གླུ་དང་ཟློས་གར་དམག་དང་ཚོང་དང་ཆགས་པའི་གཏམ་ལ་སོགས་པ་དང་། ལྟ་ལོག་གི་ཆོས་གཏམ་སྨྲ་བ་ལ་སོགས་པ་དེ་ལྟ་བུ་དང་། བྲམ་ཟེའི་གསང་སྔགས་སོགས་ཆོས་མ་ཡིན་པ་ཆོས་སུ་སེམས་པ་དང་། སྨད་འཚོང་མའི་གཏམ་དང་། ཆགས་སེམས་ཀྱི་གླུའི་རྣམ་པ་དང་། དམག་དང་ཆོམ་རྐུན་ལ་སོགས་དོན་མེད་དུ་ཆགས་སྡང་སྐྱེ་བའི་གཏམ་མང་པོ་འབྲེལ་མེད་བབ་ཅོལ་དུ་སྨྲ་བ་རྣམས་དང་། ཁྱད་པར་དུ་གང་ཟག་གཞན་གྱིས་ཁ་ཏོན་དང་བཟླས་བརྗོད་བྱེད་པ་སོགས་ལ་དེ་དག་གི་སེམས་ཡེངས་སུ་འཇུག་པའི་འབྲེལ་མེད་ཀྱི་གཏམ་མང་པོ་སྨྲ་བ་ནི། དགེ་བ་ཅན་གྱི་ཚོགས་བཅག་པ་ཡིན་པས་ཉེས་པ་ལྕི། མིན་ཡང་རྩེ་མོ་བཞད་གད་ཙམ་དུ་ངག་འཁྱལ་སྣ་ཚོགས་པ་སྨྲ་བ་དེ་ཡང་མ་བརྟགས་མ་དཔྱད་པར་རང་བཞིན་དུ་གང་བབ་བྱུང་རྒྱལ་དུ་སྨྲ་བ་ལྟར་སྣང་ཡང་། ལེགས་པར་བརྟགས་ན་ཆགས་སྡང་གཉིས་གང་རུང་ཞིག་གིས་ཀུན་ནས་བསླངས་པའི་བདག་བསྟོད་གཞན་སྨོད་ཀྱི་རིགས་ཤིག་ཡིན་པ་ཤས་ཆེ་བས་ན་རང་གཞན་གྱི་རྒྱུད་ལ་ཆགས་སྡང་ཅི་ཙམ་སློང་བའམ་སྐྱེ་རུ་འཇུག་པ་དེ་ཙམ་དུ་ཉེས་པ་ཆེ་ལ། གཞན་ཡང་ཁ་ཏོན་དང་བཟླས་བརྗོད་ལ་སོགས་པ་ནི་ངག་འཁྱལ་གཏམ་ཉོབ་དང་བསྲེས་ནས་གྲངས་མང་པོ་ཅི་ཙམ་འདོན་ཟློས་བྱས་ཀྱང་ཕན་ཡོན་གྱི་འབྲས་བུ་དེ་ཙམ་མི་འབྱིན་ཞིང་། ཡང་དགོས་ཁྱད་པར་དགེ་འདུན་གྱི་ཚོགས་གྲལ་ལྟ་བུར་ངག་འཁྱལ་སྣ་ཚོགས་སྨྲ་བ་ནི། ཚོགས་པ་གྲལ་གང་རེའི་དགེ་བའི་ཚོགས་མི་གཅིག་གིས་གཅོག་ཅིང་གནོད་པ་ཡིན། མ་ཚད་སྦྱིན་བདག་གི་ཚོགས་བསགས་ཀྱང་ཆུད་གཟན་པའམ་འཕྲོ་བརླག་བྱེད་པ་ཡིན། དགོན་པའི་དུས་མཆོད་ལྟ་བུའམ་རང་གིས་ཁ་ཏོན་བཟླས་བརྗོད་དང་བསྙེན་སྒྲུབ་བྱེད་དུས་དང་། གཞན་ཤི་གསོན་གྱི་ཆེད་དུ་གྲོང་ཆོག་སོགས་ཕེབས་ཚེ་འདོན་པ་ངག་འཁྱལ་དང་བསྲེ་མི་ཉན། ཁྱད་པར་བསྙེན་པའི་བཟླས་དམིགས་སྐབས་སུ་ངག་འཁྱལ་གཏམ་ཉོབ་ཀྱི་གཏེར་སྒོ་ཕྱེ་མི་རུང་། དགེ་བསྙེན་ཕོ་མོ་ལྟ་བུ་ལ་མཚོན་ན་མ་ཎི་འདོན་ཞོར་ལ་ཡར་གྱི་དགོན་པའི་བསྟན་ཆུས། མར་གྱི་སྡེ་བའི་བདེ་སྡུག དོན་མེད་ཀྱི་གཏམ་ཉོབ་མང་པོ་ཁྱེར་ནས་མ་ཎི་དང་བསྲེས་ན་མ་ཎི་བཏོན་ནི་བོ་ཆུད་ཟ་འགྲོ་བས། རྒན་རྒོན་རྣམས་ཀྱང་སྨྲ་བ་བཅད་དེ་དགེ་སྦྱོར་བསྒྲུབས་ན་ལུས་བདེ་སེམས་བདེ་སྣང་བ་ཐམས་ཅད་བདེ་ཧྲིལ་ལེ་འགྲོ་བ་ཞིག་གི་སྟེང་ནས་ཆོས་པ་ཟེར་ན་ཁོག་ཡངས་ཁྲོལ་ལེ་ཡོད་ནི་ཞིག་དགོས་ནི་རེད། སྤྱིར་སྔོན་རྒྱ་གར་འཕགས་པའི་ཡུལ་དུ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་ལེགས་པའི་ཡོན་ཏན་ལྡན་ཞིང་ཤེས་རབ་ཀྱིས་རང་རྒྱུད་ཉེས་པའི་སྐྱོན་ལས་གྲོལ་བ་སྟེ་དེ་གཉིས་གང་རུང་དང་ལྡན་པ་ཞིག་ཡིན་ན་མ་གཏོགས་དགེ་འདུན་གྱི་དཀོར་རྫས་ལ་སྤྱོད་པ་མི་དབང་ཞིང་། བཅོམ་ལྡན་འདས་ཀྱིས་མ་གནང་མོད་ཀྱང་། ད་ལྟ་དུས་སྙིགས་མའི་སྐབས་སུ་རང་རེ་རྣམས་ཀྱིས་སྔགས་ཀྱི་ཆོ་གའི་འདོན་ཆོག་གཅིག་རེ་གཉིས་རེ་ཞིག་བསླབས་ནས་དེའི་དོན་མ་གོ་རུང་ཁ་ནས་ཚིག་ཙམ་འདོན་ཤེས་འཕྲལ་དཀོར་ནག་གང་བྱུང་ཟ་བར་འདུག་སྟེ། གསང་སྔགས་ཀྱི་ཆོ་གའི་སྒོ་ནས་དཀོར་ཟ་བ་འདི་ལ་སྨིན་བྱེད་རང་ལམ་གྱི་དབང་ཐོབ་ཅིང་། དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་རྣམ་པར་དག་པ་དང་ལྡན་པ། བསྐྱེད་པ་དང་རྫོགས་པའི་ལམ་རིམ་པ་གཉིས་ལ་མཁས་ཤིང་མོས་སློབ་དང་སྨིན་སློབ་ཀྱི་བསྙེན་པའི་གྲངས་འཁྱོལ་བ་དང་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་ཚད་མཐུན་སོང་བ་ཞིག་མེད་ན། གྱ་ཚོམ་མམ་རང་གར་དུ་གསང་སྔགས་བོན་གྱི་ལུགས་ལྟར་དུ་དབྱངས་སུ་གྱེར་བས་ཉེས་པ་ལྕི་སྣོན་ཡིན་ཞིང་། ཤི་གསོན་གྱི་དད་རྫས་ལ་དཀོར་དུ་གྲགས་པའི་དཀོར་ནག་པོ་འདི་ལྕགས་བསྲེགས་ཀྱི་རིལ་བུ་དང་འདྲ་བ་ཞི་སླ་བ་ཞིག་མིན་པས་ན། ཐབས་བསྐྱེད་པ་དང་ཤེས་རབ་རྫོགས་པའི་རིམ་པ་གཉིས་ཟུང་དུ་འཇུག་པའི་གདེང་དང་ལྡན་པའི་ཁྲོའི་འགྲམ་པ་དང་ལྡན་ཞིང་ལྟ་བ་མཐོན་པོའི་ཟོལ་དང་མ་འདྲེས་པའི་ས་ལམ་མཐོན་པོ་ཅན་ཞིག་ཡིན་ན་མ་གཏོགས། གང་ཟག་ཐ་མལ་གྱིས་ཟོས་ན་རྒྱུད་འཚིག་ཅིང་བརླག་པར་འགྱུར་བ་ཡིན་ཏེ། ཇི་སྐད་དུ། དཀོར་ནག་པོ་སྲོག་གི་སྤུ་གྲི་ཡིན། །ཟོས་དྲག་ན་ཐར་པའི་སྲོག་རྩ་གཅོད། །ཅེས་དང་། གཞན་ཡང་དཔལ་སྤྲུལ་རིན་པོ་ཆེས། །བསྐྱེད་རྫོགས་གནད་དང་ལྡན་པའི་རྣལ་འབྱོར་ཞིག་མེད་ན། །བོན་གྱེར་སྐད་གསང་མཐོན་པོས་ཁྱི་ནག་གི་ཟུག་ཟུག །མཆོད་མཆོད་འུར་སྒྲ་ཙམ་གྱིས་ལྷ་ཚོགས་ནི་མི་དགྱེས། །བསྐང་བསྐང་ཁ་གྲངས་བསགས་པའི་བསྐང་གསོལ་དེས་ཅི་བྱ། །ཞེས་དང་། སྣང་སེམས་དབྱེར་མེད་རྟོགས་པའི་ཉམས་མྱོང་ཞིག་མེད་ན། །སོད་སོད་ཁུག་ཁུག་ཙམ་གྱིས་དགྲ་བགེགས་ནི་མི་སྒྲོལ། །བསམ་ངན་ཞེ་སྡང་འབར་བའི་ཚིག་རྩུབ་གྱི་བྷྱོ་བཟློག ཟན་གོང་གྲིས་བཏུབ་བྱེད་པའི་བསྒྲལ་ལས་དེས་ཅི་བྱ། །ཞེས་གསུངས། དེས་ན་བསྐྱེད་རྫོགས་དང་ལྡན་པ་ལྟ་ཅི། ཚིག་ཙམ་ཤེས་པ་དེ་ཡང་ཆ་ཚང་སྒྲ་དག་སྒྲོས་གཙང་གིས་ལེགས་པར་མི་འདོན་པའི་ཐོག་ཏུ། ཁྱད་པར་ཆོ་གའི་དོན་བོ་གལ་ཆེ་ཤོས་བསྙེན་པ་ཡིན་པ་ལ། བསྙེན་མཚམས་སུ་བབས་ནས་ངག་འཁྱལ་གྱི་གཏེར་སྒོ་ཚུར་ཕྱེ་སྟེ། ཆགས་སྡང་གི་གཏམ་འབྲེལ་མེད་སྣ་ཚོགས་བཤད་པས་དུས་འདའ་བ་ནི་རང་གཞན་ཐམས་ཅད་ཕུང་ལ་སྦྱོར་བ་ཡིན་པས། བླ་མ་སེར་མོ་བ་རྣམས་ནས་རྒྱུན་དུ་དོན་མེད་ཉེས་པ་བསྐྱེད་པའི་ངག་འཁྱལ་གྱི་གཏམ་འདི་སྤངས་ནས་སྨྲ་བཅད་དང་བཟླས་བརྗོད་ལ་བརྩོན་པ་གལ་ཆེ་བ་ཡིན་ནོ། །ཡང་དཀོར་སྒྲིབ་རྣམ་སྨིན་ལ་འཛེམས་ནས་གྲོང་ཆོག་ལ་གཏན་ནས་མ་སོང་ནའང་གཅིག་ན་དགེ་བ་ཅན་གྱི་ཚོགས་བཅག་པ་དང་། གཉིས་ན་ཤི་བོ་འཁྱག་སྒང་ངེ་འགྲོ་ཤུལ་དུ་ཆོས་དགེ་བར་ཆོ་ག་ཞིག་འདོན་མི་མེད་ན་སྡུག་བོ་རེད། འོན་ཀྱང་ཁྲུས་ཆོག་འདོན་མིའི་བླ་མ་དེའང་ཚད་དང་ལྡན་པ། དབང་ལུང་ཡོད་པ་དང་། དམ་ཚིག་ལྡན་པ། བསྙེན་སྒྲུབ་ཚད་ལྡན། ལྟ་དགོངས་ཏིང་འཛིན་ཡོད་པ་ཞིག་ཀྱང་ཡིན་དགོས། གྲྭ་བ་རྣམས་ཀྱང་བློ་སྦྱངས་ཚད་ལྡན་རེ་དང་འབུམ་ལྔའི་བསགས་སྦྱངས་རེ་དང་། དབང་ཐོབ་དམ་ཚིག་ལ་གནས་པ་གཞིར་བཞག་གི་ཐོག་ནས་ཞི་ཁྲོའི་བསྙེན་ཚད་རེ་སྔོན་ལ་མ་སོང་ཐབས་མེད་ཅིག་ཡིན་དགོས། དེ་འདྲ་ཞིག་གི་ཆ་ཚད་ལྡན་སོང་ན་མཆོད་ཡོན་གཉིས་ཀ་བློ་བདེ་སེམས་བདེ། ཤི་བོའི་ར་མདའ་གནད་དུ་སྨིན་པ་ཞིག་རེད་ཤག་ཤག་རེད། ས་འདི་ཕྱོགས་ལ་མཚོན་ན་ཕྱིན་ཆད་དེ་འདྲ་རེད་ས་ཨེ་ཡོད་ཁི་བསམ་རྒྱུའི་འགྲོ་ཕྱོགས་རིག་པ་ཡིན།

༨༽ བརྣབ་སེམས།

བརྒྱད་པ་བརྣབ་སེམས་ནི། གཞན་ཕ་རོལ་གྱི་རྒྱུ་རྫས་ཡིད་དུ་འོང་བ་ལ་དེ་ངའི་ཡིན་ན་དགའ་བ་ལ་ང་ལ་དེ་འདྲ་ཞིག་ཡོད་ན་ཤེ་སྙམ་དུ་གཞན་གྱི་ནོར་རྫས་ཡང་དང་ཡང་དུ་ཡིད་ཀྱིས་བདག་གིར་བྱེད་པ་དང་། དེ་ངས་ལོན་པའི་ཐབས་དང་བཀོད་པ་ཅི་ལྟ་བུ་ཞིག་ཡོད་སྙམ་པ་སོགས། ཡིད་ཙམ་གྱིས་གཞན་ནོར་ལ་འདོད་པ་སྐྱེས་པ་ཐམས་ཅད་ཡིན།

༩༽ གནོད་སེམས།

དགུ་པ་གནོད་སེམས་ནི། གང་ཟག་གཞན་ལ་ཞེ་སྡང་དང་ཁོང་ཁྲོའི་སེམས་ཀྱིས་ངས་མི་འདི་དང་འདི་ལ་གནོད་པ་འདི་ལྟ་བུ་བྱའོ་སྙམ་པ་དང་། གཞན་ལ་དཔལ་འབྱོར་ཡོད་པ་ལ་མི་དགའ་ཞིང་སྡང་ནས། འདི་འདི་ཙམ་དུ་མ་བདེ་ན་མ་སྐྱིད་ན་འདི་ལ་ཡོན་ཏན་འདི་ལྟ་བུ་མེད་ན་ཅི་མ་རུང་སྙམ་པ་དང་། གཞན་ལ་མི་འདོད་པ་བྱུང་ན་དེ་ལ་དགའ་བ་བསྒོམ་པ་སོགས་གཞན་ལ་གནོད་པར་སེམས་པ་ཐམས་ཅད་གནོད་སེམས་ཡིན་པར་བཤད་དོ།།

༡༠༽ ལོག་ལྟ།

བཅུ་པ་ལོག་ལྟ་ནི་རྒྱུ་འབྲས་མེད་པར་ལྟ་བ་དང་། རྟག་ཆད་དུ་ལྟ་བ་སྟེ། དེ་ཡང་དགེ་བ་ལ་ཕན་ཡོན་དང་། སྡིག་པ་ལ་ཉེས་པ་མེད་དོ་སྙམ་ནས་རྒྱུ་འབྲས་མེད་པར་ལྟ་བ་ཕྱིན་ཅི་ལོག་གི་བློ་ཡིན། དེ་ལྟ་བུའི་རྟག་ཆད་དུ་ལྟ་བ་དངོས་ནི་མུ་སྟེགས་པ་སྟེ། རྟག་ཆད་ལྟ་བ་དེ་གཉིས་པོ་ལས་གྱེས་པ་ལ་སྤྱིར་ལྟ་ལོག་སུམ་བརྒྱ་དྲུག་ཅུའམ། ལྟ་ངན་དྲུག་ཅུ་རྩ་གཉིས་སོགས་སུ་དབྱེ་ཡང་བསྡུ་ན་རྟག་ཆད་དུ་ལྟ་བ་གཉིས་ལ་འདུ་ཞེས་མདོར་བསྟན། རྒྱས་བཤད་ནི་དེ་ལ་རྟག་པར་ལྟ་བ་ནི། བདག་ཤེས་རིག་གི་སྐྱེས་བུ་རྟག་པར་ལྟ་བ་དང་། འཇིག་རྟེན་གྱི་བྱེད་པོ་དབང་ཕྱུག་དང་ཁྱབ་འཇུག་ལ་སོགས་པ་རྟག་པར་འདོད་པའི་རྟག་ལྟ་རྣམས་ཀྱིས་ཚེ་སྔ་ཕྱི་ཡོད་ཀྱང་ལས་རྒྱུ་འབྲས་ལས་བྱུང་བ་མིན། བྱེད་པ་པོ་གཞན་ཞིག་གིས་བྱེད་པ་ཡིན་ཏེ། སུས་བྱེད་ན་ལྷ་ཆེན་དབང་ཕྱུག་ཆེན་པོ་རྟག་པ་གཅིག་པུ་རང་དབང་ཅན་ཞིག་གིས་བྱས་པ་ཡིན་ཏེ། དེ་ལ་བྱིས་པ་དང་བ་གླང་གི་ཤས་མཆོད་ན་དེ་མགུ་ནས་འཇིག་རྟེན་ལ་བདེ་བ་སྦྱིན་འོང་། མ་མགུ་ན་འཇིག་རྟེན་ལ་མི་བདེ་བ་སྟེར་འོང་བ་ཡིན་ཟེར། ཡང་ན་གཙོ་བོ་ཞེས་བྱ་བས་སྤྲུལ་པ་དེ་ལ་ནང་བདག་ཤེས་རིག་གི་སྐྱེས་བུ་རྟག་པས་ལོངས་སྤྱོད་ནས་མཐར་ཤེས་པས་གཙོ་བོས་སྤྲུལ་པ་ཡིན་པར་ཤེས་པའི་ཚེ་གཙོ་བོ་ངོ་ཚ་ནས་བྲོས་པའི་ཚེ། གཙོ་བོའི་རྣམ་འགྱུར་ཐམས་ཅད་གཙོ་བོའི་ཀློང་དུ་ནུབ་ནས་སྐྱེས་བུ་རྣམ་འགྱུར་དང་བྲལ་བའི་ཚེ་ཐར་བ་ཐོབ་པར་འདོད་ལ། གཞན་ཡང་སྙིང་གི་ནང་ན་བསམ་གྱིས་མི་ཁྱབ་པའི་བདག་རྟག་པ་ཆེ་ཆུང་མཐེ་བོང་ཙམ་དུ་ཡོད་པར་འདོད་པས་དཔེར་ན་ལུས་འདི་རྫ་མ་ལྟ་བུ་ཡིན་ལ་ཤེས་པ་དེ་བྱིའུ་ལྟ་བུ་ཡིན་པས། ལུས་ཞིག་འགྲོ་བའི་ཚེ་ཤེས་པ་དེ་ལ་རང་དབང་ཡོད་བཞིན་དུ་གང་ལ་ཡང་འགྲོ་ཆོག་ཟེར། ཆད་པར་ལྟ་བ་ནི། ཆོས་ཐམས་ཅད་ངོ་བོ་ཉིད་ལས་བྱུང་བར་འདོད་པས། ཚེ་སྔ་ཕྱི་ལས་རྒྱུ་འབྲས། ཐར་པ་དང་གྲོལ་བ་ལ་སོགས་པ་ཐམས་ཅད་མེད་པར་འདོད་དེ། དབང་ཕྱུག་ནག་པོའི་གཞུང་ལས། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟེངས་རིང་རྣོ་བ་དང་། །རྨ་བྱའི་མདོངས་བཀྲ་བལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང་། །ཞེས་བཤད། ཉི་མ་ཤར་ནས་འཆར་བ་འདི་སུས་ཁྲིད་ནས་འོང་བ་མིན། དེ་བཞིན་ནུབ་ཏུ་ཡིབ་པ་འདི་སུས་དེད་ནས་འགྲོ་བ་མིན། ཆུ་བོ་ཐུར་དུ་འབབས་པ་འདི་སུས་ཀྱང་ཐུར་དུ་དེད་ནས་འགྲོ་བ་མིན། སྲན་མ་ཐམས་ཅད་ཟླུམ་པོ་ཡིན་པ་འདི་སུས་ཀྱང་མ་བསྒྲིལ་བ་དང་། ཚེར་མ་ཐམས་ཅད་གཟིངས་རིང་ཞིང་རྣོ་བ་འདི་ལ་སུས་ཀྱང་རྩེ་མ་ཕྱུང་། རྨ་བྱའི་སྒྲོ་མདོངས་ཀྱི་ཐིག་ལེ་འཇའ་ཚོན་ཁ་དོག་སྣ་ཚོགས་སུ་བཀྲ་བ་འདི་གང་ཟག་སུས་ཀྱང་རི་མོ་བྲིས་པ་མིན་ཡང་རང་གི་ངོ་བོ་ཉིད་ཀྱིས་དེ་ལྟར་ཡིན་པ་ལྟར། འཇིག་རྟེན་དུ་བདེ་སྡུག་དང་ལེགས་ཉེས་སོགས་མི་གཅིག་པ་སྣ་ཚོགས་སུ་སྣང་བ་ཡང་རྒྱུ་རྐྱེན་གཞན་མེད་ངོ་བོ་ཉིད་ཀྱིས་དེ་ལྟར་བྱུང་བ་ཡིན་གྱི། སྔོན་གྱི་ལས་དང་། ཚེ་སྔ་མ་དང་། སྐྱེ་བ་ཕྱི་མ་ལ་སོགས་པ་ནི་མེད་དོ་ཞེས་འདོད། དཔེར་ན་ད་ལྟའི་ལུས་འདི་ནམ་མཁའ་ལ་འཇའ་ཚོན་ཤར་བའམ། སྤང་ལ་ཤྭ་མོ་རྡོལ་བ་ལྟར་སྣང་བ་ཡིན་ཏེ། ལུས་ནི་ཁ་བ་ལྟ་བུ་དང་སེམས་སྤྱང་ཁུའི་རྗེས་ལྟ་བུ་ཡིན་ཏེ། ཁ་བ་ཞུ་འགྲོ་སྐབས་སྤྱང་ཁུའི་རྗེས་མེད་འགྲོ་བ་ལྟར་ད་ལྟའི་སྣང་བ་ཙམ་ལས་ཚེ་ཕྱི་མའི་ཐར་བ་དང་གྲོལ་བ་ཐམས་ཅད་མེད་པར་འདོད་དེ། འཆི་བའི་ཚེ་ལུས་ནི་འབྱུང་བཞིའི་ཁམས་ལ་དེངས་འགྲོ། སེམས་ནི་དེའི་བག་ལ་ཞ་ནས་མེད་འགྲོ་བ་ཡིན་ཟེར་བ་སོགས་དེ་དག་གི་གཞུང་ལ་བདེན་པར་བཟུང་ནས་དེའི་རྗེས་སུ་ཞུགས་པའམ། མིན་ཡང་རང་བཞིན་དུ་རྒྱལ་བའི་དཀའ། བླ་མའི་ལུང་། མཁས་པའི་གཞུང་གང་ལ་ཡང་མི་བདེན་ནོ་སྙམ་དུ་ཐེ་ཚོམ་དང་། མེད་པ་ལ་ཡོད་པ་སྒྲོ་བཏགས་པ་དང་ཡིན་པ་ལ་མིན་པར་སྐུར་བ་འདེབས་པར་བྱེད་པ་ཐམས་ཅད་ཀྱང་ལོག་ལྟ་ཡིན་ནོ། །དེ་ལྟར་ལུས་ངག་ཡིད་ཀྱི་མི་དགེ་བ་བཅུ་པོ་ལས་ཀྱང་ལུས་ཀྱི་ལས་སྲོག་གཅོད་པ་དང་། ཡིད་ཀྱི་ལས་ལོག་ལྟ་གཉིས་པོ་འདི་སྡིག་ཆེ་སྟེ། སྲོག་གཅོད་གོང་ན་སྡིག་གཞན་མེད། མི་དགེ་བཅུ་ལས་ལོག་ལྟ་ལྕི། །ཟེར་བ་དེ་ཡིན། དེ་ཡང་རྒྱུ་མཚན་དམྱལ་བ་པ་མ་གཏོགས་སུ་ལ་ཡང་འཆི་བ་ལ་མི་འཚེར་བ་མེད་ཅིང་རང་གི་སྲོག་འདི་ལས་གཅེས་པ་ཅུང་ཟད་ཀྱང་མེད་པས་སྲོག་དེ་གཅོད་པ་ནི་སྡིག་པ་ལྷག་པར་ཆེ་ཞིང་། སེམས་ཅན་གཅིག་གི་སྲོག་བཅད་ཀྱང་གསོད་པ་པོ་དེས་སྲོག་ལན་ལྔ་བརྒྱ་འཇལ་དགོས་པ་དང་། རྣམ་སྨིན་གཞན་ཡང་སེམས་ཅན་གཅིག་གི་སྲོག་བཅད་ཀྱང་བར་གྱི་བསྐལ་བ་ཞིག་ཏུ་དམྱལ་བར་གནས་དགོས་པར་མདོ་དྲན་པ་ཉེར་བཞག་ལས་གསུངས། དེ་ལས་ཀྱང་དཀོན་མཆོག་གི་རྟེན་སྐུ་གཟུགས་མཆོད་རྟེན་ལ་སོགས་པ་བཞེངས་པ་དང་། གཞན་ཡང་དགེ་བ་སྒྲུབ་པ་སོགས་ལ་སྙད་བཏགས་པའམ་ཁ་གཡར་ནས་སྲོག་གཅོད་སོགས་སྡིག་པའི་ལས་བྱེད་པ་ནི་ལྷག་པར་ཡང་ལྕི་སྟེ། ཕ་དམ་པའི་ཞལ་ནས། དཀོན་མཆོག་གི་རྟེན་སྡིག་སྡུག་གིས་བཞེངས། ཚེ་ཕྱི་མ་རླུང་ལ་བསྐུར། ཞེས་གསུངས། དེ་བཞིན་དུ་དགེ་བ་རྒྱ་ཆེན་པོ་ཞིག་བྱེད་པར་རློམས་ནས། བླ་མ་རྣམས་ཁྱིམ་དུ་གདན་འདྲེན་པ་དང་། དགེ་འདུན་པ་ཚོགས་པ་སོགས་ལ་སེམས་ཅན་བསད་པའི་ཤ་ཁྲག་འདྲེན་པ་ནི། ཡོན་མཆོད་ཐམས་ཅད་ལ་སྲོག་གཅོད་ཀྱི་ཉེས་པ་འགོ་བ་ཡིན་ཞིང་། སྦྱིན་བདག་གིས་འཚོ་བ་དྲངས་པ་ཡང་སྦྱིན་བདག་གི་ཕྱོགས་ལ་མ་དག་པའི་སྦྱིན་པ་དང་། མཆོད་ཡུལ་གྱི་ཕྱོགས་ལ་ལོག་པའི་འཚོ་བར་འགྱུར་ཏེ། དེ་དག་ནི་དགེ་བ་ལས་ཀྱང་སྡིག་པ་ཆེ་བ་ཡིན། བསད་པ་འཕྲལ་དུ་གསོ་ནུས་པའི་དུས་སུ་མ་གཏོགས་སྲོག་གཅོད་ཀྱི་སྡིག་པས་མི་གོས་པའི་དུས་མེད་པས། བླ་མ་རྣམས་ནས་ཀྱང་བསད་པའི་ཤ་ཁྲག་ལ་ལོངས་སུ་སྤྱོད་ན་དམ་པའི་སྐྱེས་བུ་ཡིན་ཡང་སྐུ་ཚེ་དང་མཛད་ཕྲིན་ལ་གནོད་པར་ངེས་པ་ཡིན་པས་ན། གསད་བྱའི་སེམས་ཅན་དེའི་རྣམ་ཤེས་དེ་མ་ཐག་གནས་བདེ་ཆེན་དག་པའི་ཞིང་དུ་འདྲེན་ནུས་ན་མ་གཏོགས་སྲོག་གཅོད་ཀྱི་ལས་འདི་ལ་ཅི་ནུས་གང་ནུས་སུ་འཛེམ་དགོས་སོ། །ཞེས་གདམས་པ་དང་། ལོག་ལྟ་ནི་རྒྱུད་ལ་སྐད་ཅིག་སྐྱེས་ཀྱང་སྡོམ་པ་ཐམས་ཅད་རྩ་བ་ནས་གཏོང་འགྲོ། ནང་པ་སངས་རྒྱས་པའི་ཁྱུར་མི་ཚུད། དལ་བའི་ལུས་རྟེན་ཀྱང་མ་ཡིན་པར་འགྱུར་ཞིང་། རྒྱུད་ལོག་ལྟས་ཐང་གཅིག་བསླད་ཕྱིན་ཆད་དམ་བསླད་བཞིན་དུ་ལུས་ངག་གིས་དགེ་བ་བྱས་པ་ཡང་ཐར་བའི་ལམ་དུ་མི་འགྲོ། དེ་ཕྱིན་ཆད་སྡིག་པ་བྱས་པ་ཡང་བཤགས་པའི་ཡུལ་མེད་པ་ཡིན་ནོ། །མི་དགེ་བའི་ལས་བཅུ་བོ་དེ་དག་གི་འབྲས་བུ་ནི། རེ་རེ་ལའང་བཞི་བཞི་སྟེ། རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་པའི་འབྲས་བུ། དབང་གི་འབྲས་བུའམ་བདག་པོའི་འབྲས་བུ། སྐྱེས་བུ་བྱེད་པའི་འབྲས་བུ་དང་བཞི་ཡིན། དང་པོ་རྣམ་སྨིན་གྱི་འབྲས་བུ་ནི། མི་དགེ་བ་བཅུ་པོ་གང་བྱས་པ་ཡིན་ཡང་། ཀུན་སློང་ཞེ་སྡང་གི་དབང་གིས་བྱས་ན་དམྱལ་པར་སྐྱེ། ཀུན་སློང་འདོད་ཆགས་ཀྱི་དབང་གིས་བྱས་ན་འབྲས་བུ་ཡི་དྭགས་སུ་སྐྱེ། ཀུན་སློང་གཏི་མུག་གི་དབང་གིས་བྱས་ན་འབྲས་བུ་དུད་འགྲོར་སྐྱེ་བ་ཡིན། ངན་སོང་གི་གནས་དེ་དག་ཏུ་སྐྱེས་ཟིན་ནས་ངན་སོང་རང་རང་གི་སྡུག་བསྔལ་ལ་སྤྱོད་དགོས་པ་ཡིན། ཡང་ན་ཀུན་སློང་ཆེན་པོ་ཞེས་བྱ་བ་ཆགས་སྡང་རྨོངས་གསུམ་ཤིན་ཏུ་ཚབས་ཆེ་བ་དང་དུས་ཡུན་རྒྱུན་རིང་པོའི་སྒོ་ནས་མི་དགེ་བའི་ལས་བསགས་ན་དམྱལ་བ། དེ་དག་འབྲིང་གིས་ཡི་དྭགས། ཆུང་ངུས་དུད་འགྲོར་སྐྱེ་བ་ཡིན་ནོ། །རྒྱུ་མཐུན་པའི་འབྲས་བུ་ནི། རྣམ་སྨིན་གྱི་འབྲས་བུས་འཕངས་པས་ཐོག་མར་ངན་སོང་གི་གནས་རིས་ལས་ཐར་ནས། མིའི་ལུས་རྟེན་ཐོབ་པའི་དུས་མྱོང་བ་ཡིན་ཡང་། ངན་སོང་གི་གནས་སུ་ཡང་ལས་རང་རང་གི་སྔར་བསགས་ཀྱི་རྒྱུ་དང་མཐུན་པའི་སྡུག་བསྔལ་གྱི་རྣམ་གྲངས་དུ་མ་ཡོད་པ་ཡིན། རྒྱུ་མཐུན་དེ་ལ་བྱེད་པ་རྒྱུ་མཐུན་དང་། མྱོང་བ་རྒྱུ་མཐུན་གཉིས། བྱེད་པ་རྒྱུ་མཐུན་ནི་བྱེད་ལས་མཐུན་པར་སྐྱེ་བ་སྟེ། སྔར་སྲོག་གཅོད་བྱེད་པ་ཞིག་ཡིན་ན་ད་ལྟ་ཡང་སྲོག་གཅོད་པ་ལ་དགའ། སྔར་མ་བྱིན་ལེན་པ་ཞིག་ཡིན་ན་ད་ལྟ་ཡང་རྐུ་བ་ལ་དགའ་བ་སོགས་ཡིན། དེས་ན་མི་ཁ་ཅིག་བྱིས་པ་ཆུང་ངུའི་དུས་འབུ་སྦྲང་སོགས་མཐོང་ཚད་གསོད་ཅིང་། གསོད་པ་ལ་དགའ་བ་དེ་རྣམས་སྔོན་སྲོག་གཅོད་བྱས་པའི་རྒྱུ་མཐུན་པ་ཡིན། དེ་བཞིན་དུ་བྱིས་པ་ཆུང་ངུའི་དུས་ནས་མི་རྣམས་རང་རང་སྔོན་བསགས་ཀྱི་ལས་དབང་གིས་མི་འདྲ་བར། ཁ་ཅིག་ནི་གསོད་པ་ལ་དགའ། ཁ་ཅིག་ནི་རྐུ་བ་ལ་དགའ། ཁ་ཅིག་ནི་དེ་དག་ལ་མི་དགའ་ཞིང་དགེ་བའི་ལས་ལ་སྤྲོ་བ་སོགས་ཡོད་བ་དེ་སྔོན་སྤྱད་པའི་ལས་ཀྱི་ལྷག་མའམ། རྒྱུ་མཐུན་པའི་འབྲས་བུ་ཡིན་པས་ན། སྔ་མ་གར་སྐྱེས་ད་ལྟའི་ལུས་ལ་ལྟོས། །ཕྱི་མ་གར་སྐྱེ་ད་ལྟའི་ལས་ལ་ལྟོས། །ཞེས་པ་དེ་ཡིན། མི་རྣམས་ལ་དེ་འདྲ་བར་ཡོད་པ་མ་ཟད་དུད་འགྲོ་རྣམས་ལ་ཡང་། ཁྲ་དང་སྤྱང་ཀི་ལ་སོགས་པ་ནི་གསོད་པ་ལ་དགའ་བ་བྱི་བ་ལ་སོགས་པ་རྐུ་བ་ལ་དགའ་བ་དེ་རྣམས་ཀྱང་རང་རང་གིས་སྔོན་བྱས་པའི་བྱེད་པ་རྒྱུ་མཐུན་ཡིན་ནོ། །གཉིས་པ་མྱོང་བ་རྒྱུ་མཐུན་ནི། མི་དགེ་བ་བཅུ་པོ་རེ་རེ་ལ་ཡང་འབྲས་བུ་གཉིས་གཉིས་ཏེ། སྔོན་སྲོག་གཅོད་བྱས་པའི་འབྲས་བུ་ད་ལྟའི་སྐྱེ་བ་འདིར་ཚེ་ཐུང་ཞིང་ནད་མང་བ་ཡིན་ཏེ། བྱིས་པ་ཆུང་ངུ་ཁ་ཅིག་སྐྱེས་འཕྲལ་ལ་འཆི་བ་དེ་དག་སྔར་སྲོག་གཅོད་བྱས་པའི་རྒྱུ་མཐུན་ཡིན་པས། དེ་དག་སྐྱེ་བ་ལན་གྲངས་མང་པོའི་བར་དུ་སྐྱེས་ཙམ་ན་འཆི་བ་ཤས་ཆེ་བ་ཡིན། དེ་བཞིན་དུ་མི་ཁ་ཅིག་ཆུང་ངུའི་དུས་ནས་ནད་ཀྱི་རྣམ་གྲངས་སྣ་ཚོགས་པ་མང་པོས་མནར་ཞིང་། རྒས་ནས་འཆི་ལ་ཐུག་གི་བར་དུ་ནད་ཀྱིས་མི་གཏོང་བ་དེ་དག་ཀྱང་སྐྱེ་བ་སྔ་མར་སྲོག་གཅོད་དང་གཞན་ལ་བརྡུང་བརྡེག་བྱས་པའི་ལས་ཀྱི་འབྲས་བུ་རང་གི་ལུས་ཐོག་ལ་སྨིན་པ་ཡིན་པས་ན། ནད་གདོན་འགོག་ཐབས་དང་གཏོ་རིམ་གྲོ་སོགས་འཕྲལ་རྐྱེན་གྱི་བྱ་བ་མང་པོའི་བཅོས་ཐབས་ལ་བསམ་བློ་མི་གཏོང་བར། སྔོན་བྱས་ཀྱི་སྡིག་པའི་ལས་ལ་བཤགས་པ་དང་འགྱོད་སྡོམ། ལས་ངན་གྱི་གཉེན་པོ་དགེ་སྒྲུབ་སྡིག་སྤོང་སོགས་ལ་འབད་དགོས་པ་ཡིན་ནོ། །མ་བྱིན་པར་བླངས་པས་མྱོང་བ་རྒྱུ་མཐུན་གཅིག་ཏུ་ལོངས་སྤྱོད་དབུལ་བ་དང་། གཉིས་སུ་གལ་ཏེ་ལོངས་སྤྱོད་ཅུང་ཟད་རེ་ལག་ཏུ་ཕོག་སྟེ་ཡོད་པའི་གནས་སྐབས་བྱུང་ན་ཡང་སྤྱད་དབང་མེད་པར་འཕྲོག་པ་དང་རྐུ་ཤོར་བ་ལ་སོགས་དགྲ་ཟླ་དང་ཐུན་མོང་བར་འགྱུར། དེས་ན་ད་ལྟ་ཡང་ནོར་དང་ལོངས་སྤྱོད་ཀྱི་དབུལ་བ་རྣམས་ཀྱང་འབད་རྩོལ་རི་བོ་ཙམ་བྱེད་པ་ལས། བསོད་ནམས་མེ་སྟག་ཙམ་གསོག་པ་དགའ་བ་ཡིན། རང་ལ་སྔོན་གྱི་སྦྱིན་འབྲས་ཀྱིས་ནོར་དང་ལོངས་སྤྱོད་ལ་དབང་སྐལ་མེད་ན་ཚེ་འདིར་འབད་རྩོལ་ཆེ་བས་མི་ཕན་ཏེ། རྐུན་མ་དང་ཇག་པ་ཕལ་ཆེར་གྱིས་དུས་རེ་རེའི་སྐབས་སུ་རྙེད་པའི་རྒྱུ་ནོར་ལ་བལྟས་ན། དེ་འདྲ་ཐེངས་མང་པོ་རྙེད་ན་རྒྱུ་ནོར་རྫས་ས་སྟེང་དུ་ཤོང་དཀའ་བ་ཙམ་འདུག་ཀྱང་། མི་ཚེ་ཇག་རྐུན་ལ་སྐྱེལ་མཁན་ཐམས་ཅད་མཐར་མུ་གེས་འཆི་བར་འདུག་པ་དང་། དེ་བཞིན་དུ་ཚོང་བྱེད་པ་དང་། དཀོར་ཟ་བ་སོགས་རྙེད་པ་ཅི་ཙམ་ཆེ་ཡང་རང་ཉིད་ལ་མི་ཕན་པར་གྱུར་བ་མངོན་སུམ་དུ་མཐོང་བ་མང་ལ། རང་ལ་སྔོན་གྱི་སྦྱིན་འབྲས་ཤིག་ཡོད་ན། འབད་རྩོལ་ཅུང་ཟད་ཀྱང་མེད་པའི་མི་མང་པོ་ཚེ་གཅིག་ཏུ་ལོངས་སྤྱོད་ཀྱིས་མི་གཏོང་བ་ཡང་ཡོད་པས། ལོངས་སྤྱོད་ཨེ་ཡོང་རེ་ན་མཆོད་སྦྱིན་གྱི་བསོད་ནམས་བསགས་པ་ལ་འབད་དགོས་པ་ཡིན། འཛམ་གླིང་ལས་ཀྱི་ས་པ་འདིར་ལས་ཚེ་སྟོད་བྱས་པ་ཚེ་སྨད་ལ་སྨིན་པ་ཤས་ཆེ་ཞིང་། མཆོད་སྦྱིན་གྱི་ཡུལ་ཞིང་ས་ཁྱད་པར་ཅན་རེ་དང་འཕྲད་ན་འཕྲལ་དུ་ཡང་སྨིན་པར་འགྱུར་བ་ཡིན། དེའི་ཕྱིར་ལོངས་སྤྱོད་ཡོད་དུ་རེ་ནས་གཡོ་སྒྱུས་ཚོང་དང་། གཞན་གྱི་རྒྱུ་ནོར་རྐུ་བ་སོགས་མ་བྱིན་པར་ལེན་པ་ལ་བརྩོན་པ་ནི་རང་གིས་རང་ལ་གནོད་སྐྱེལ་བ། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་སོང་བ་ཞེས་བྱ་སྟེ། བསྐལ་པ་མང་པོའི་བར་དུ་ཡི་དྭགས་ཀྱི་སྐྱེ་གནས་ལས་མི་ཐར་ཞིང་། ཚེ་འདིར་ཡང་མཐར་ལས་ཀྱིས་སུན་མས་སླེབས་ནས་ཇེ་དབུལ་ཇེ་ཞན་ཇེ་ངན་དུ་འགྱུར་བའམ། ལོངས་སྤྱོད་ཅུང་ཟད་རེ་ཡོད་ཀྱང་དེ་ལ་སྤྱོད་དབང་མེད་པ་དང་། རང་གི་སེར་སྣའི་རྒྱུ་ལས་ཅི་ཙམ་འབྱོར་བཞིན་ཕངས་སེམས་དང་མེད་སྣང་ཆེར་འགྲོ་བ་དང་། ལོངས་སྤྱོད་ཡོད་པ་དེ་ཡང་སྡིག་པའི་རྒྱུར་འགྲོ་བ་སོགས་ལོངས་སྤྱོད་ཡོད་ཀྱང་བེད་མི་ཆོད་པ་ཡི་དྭགས་ཀྱི་གཏེར་སྲུང་ལྟ་བུར་འགྱུར་བ་ཡིན། དེས་ན་ཕར་ལྟར་སྣང་ལ་རྒྱུ་ལོངས་སྤྱོད་སོགས་ཕྱུག་པོ་དང་སྐྱིད་པོ་ལྟར་སྣང་བ་རྣམས་ཀྱང་ལེགས་པར་ཞིབ་ཏུ་བརྟག་ན་ལོངས་སྤྱོད་དེ་ལ་ཚེ་འདི་དང་ཕྱི་མའི་བདེ་སྐྱིད་ཀྱི་རྒྱུར་འགྱུར་བའི་ཕྱི་མར་ཕན་པའི་ཆོས་དང་། ཚེ་འདིར་ཕན་པའི་ལྟོ་གོས་དང་ཐ་ན་སོས་དལ་ཙམ་གྱི་བེད་མ་ཆོད་ན་དབུལ་པོ་ལས་ཀྱང་ཐ་ཆད་ཅིང་། ད་ལྟ་ཉིད་ནས་ཡི་དྭགས་ཀྱི་རྒྱུ་མཐུན་སླེབ་པ་རྣམས་མ་དག་པའི་སྦྱིན་འབྲས་ཡིན་ནོ། །འདོད་པས་ལོག་པར་གཡེམ་པའི་འབྲས་བུ་ནི། དགྲ་མང་བ་དང་ཁྱིམ་ཐབས་སམ་བཟའ་ཟླ་མི་མཛེས་ཤིང་། སྙིང་མི་ཉེ་བའི་ལྷོད་པ་ཅན་དང་། དགྲ་ཟླ་ལྟ་བུ་འབྱུང་བར་གསུངས། ད་ལྟ་བཟའ་ཚང་ཕལ་ཆེར་དུས་རྟག་ཏུ་འཐབ་རྩོད་དང་འཁོན་འཛིན་ཁོ་ན་བྱེད་པ་རྣམས་ཀྱང་། སྐྱེས་པའམ་བུད་མེད་དེ་གཤིས་ངན་པས་ཡིན་སྙམ་པ་འདུག་སྟེ། དེ་དག་ཀྱང་རང་རང་གི་སྔོན་འདོད་ལོག་སྤྱད་པའི་རྒྱུ་མཐུན་སླེབ་པ་ཡིན་པས། གཅིག་གིས་གཅིག་ལ་ཞེ་སྡང་མི་བསྐྱེད་པར་རང་གི་སྔོན་བྱས་ཀྱི་ལས་ངན་སྨིན་པ་ཤེས་པར་བྱས་ནས་བཟོད་བསྲན་བསྐྱེད་དགོས་ཏེ། རྗེ་དམ་པ་རིན་པོ་ཆེའི་ཞལ་ནས། བཟའ་ཚང་མི་རྟག་ཚོང་འདུས་འགྲོན་པོ་འདྲ། །ངན་ཤགས་འཐབ་མོ་མ་བྱེད་དིང་རི་བ། །ཞེས་གསུངས། རྫུན་དུ་སྨྲ་བའི་མྱོང་བ་རྒྱུ་མཐུན་གྱིས། ཕར་གནོད་མ་སྐྱལ་པའམ་མ་བྱས་ཀྱང་ཚུར་རང་ལ་སྐུར་བ་འདེབས་པ་མང་བ་དང་། གཞན་གྱིས་བསླུ་བར་བྱེད་པ་མང་བ་ཡིན། དེས་ན་ད་ལྟ་རང་ལ་མ་ཉེས་པའི་ཁ་ཡོག་ཁག་ངན་ཕོག་པ་དང་། སྐུར་པ་འདེབས་པ་སོགས་བྱུང་ན་དེ་ཡང་རང་གི་སྔོན་རྫུན་དུ་སྨྲས་པའི་འབྲས་བུ་ཡིན་པས། དེ་ལྟར་སྐུར་འདེབས་སྨྲ་བ་པོ་ལ་ཞེ་སྡང་བསྐྱེད་པ་དང་། ངན་ཤགས་ཀྱི་རྩོད་པ་སོགས་མི་བྱེད་པར་འདིས་བདག་གི་སྔོན་བསགས་ཀྱི་ལས་ངན་མང་པོ་ཞིག་འཛད་པ་ཡིན་པས་དྲིན་ཆེའོ་སྙམ་དུ་དགའ་བ་བསྒོམ་དགོས་ཏེ། རིག་འཛིན་འཇིགས་མེད་གླིང་པའི་ཞལ་ནས། དགྲས་ལོག་སྒྲུབ་བྱས་ཀྱང་ཐུགས་དམ་གྱི་བོགས་འདོན། །གཏམ་མ་ཉེས་ཁ་ཡོག་དགེ་སྐུལ་གྱི་ལྕག་འདེབས། །འདི་ཆགས་ཞེན་འཇིག་པའི་བླ་མ་རུ་འདུག་པས། །ཁོའི་དྲིན་ལན་འཁོར་ཐབས་མེད་པ་རུ་གཟིགས་མཛོད། །ཅེས་གསུངས། ཕྲ་མ་བྱས་པའི་རྒྱུ་མཐུན་གྱིས། གྲོགས་དང་འཁོན་ཞིང་འཁོར་གཡོག་ནང་མི་མཐུན་པ་དང་། འཁོར་གཡོག་གིས་བདག་ཉིད་ལ་རྒོལ་བ་སོགས་འབྱུང་སྟེ། བླ་མའི་གྲྭ་ཚང་ངམ། དཔོན་གྱི་སྐུ་འཁོར། དུད་ཚང་གི་གླ་གཡོག་ཕལ་ཆེར་ནང་མི་འདུམ་ཞིང་། ཅི་ཙམ་སྨྲས་ཀྱང་ཉན་དུ་མི་བཏུབ་པར་སླར་ལ་རྒོལ་བ་འབྱུང་སྟེ། མི་ཁྱིམ་ཕལ་གྱི་གླ་གཡོག་རྣམས་ལས་སླ་བ་ཞིག་ལ་མངགས་ཀྱང་ལན་གཉིས་ལན་གསུམ་གྱི་བར་དུ་མ་ཐོས་པ་ལྟར་བྱེད། དེར་བདག་པོ་ཁོ་རང་ཞེ་སྡང་ལངས་ནས་དྲག་ཏུ་སྨྲས་ཙ་ན་མ་མོས་བཞིན་དུ་དལ་གྱིས་སོང་ནས་ལས་དེ་བསྒྲུབས་ཀྱང་། གཟོད་ལས་དེ་ལྟ་བུ་བྱས་ཡོད་ཅེས་གཏམ་ལན་ཙམ་ཡང་མི་བྱེད་པར་རྟག་ཏུ་གཤིས་ངན་ཁོ་ན་ལ་གནས་པ་དེ་དག་ཀྱང་། དཔོན་པོ་རང་གིས་སྔོན་ཕྲ་མ་བྱས་པའི་ལས་འབྲས་སྨིན་པ་ཡིན་པས་ལས་ངན་ལ་འགྱོད་པ་བསྐྱེད། རང་གཞན་གྱི་འཁོན་པ་སྡུམ་པ་ལ་འབད་དགོས་པ་ཡིན། ཚིག་རྩུབ་པོ་སྨྲས་པས། རྟག་ཏུ་མི་སྙན་པ་ཐོས་ཤིང་། རང་གིས་སྨྲས་པ་ཡང་འཐབ་མོའི་ཚིག་ཏུ་འགྱུར། ལར་ཚིག་རྩུབ་པོ་འདི་ངག་གི་མི་དགེ་བ་རྣམས་ལས་ཉེས་པ་ལྕི་ཤོས་ཡིན་ཏེ། འཇིག་རྟེན་པའི་དཔེ་ལ་ཡང་། ཚིག་ལ་མདའ་མཚོན་མེད་ཀྱང་མི་སེམས་ཚལ་བར་གཏོང་ཟེར་བ་ལྟར། ཕ་རོལ་པོའི་རྒྱུད་ལ་ཞེ་སྡང་གློ་བུར་དུ་སྐྱེད་པ་དང་། ཁྱད་པར་ཡུལ་གཉན་པ་དང་ཞིང་ས་ཁྱད་པར་ཅན་ལ་ཚིག་ངན་གཅིག་སྨྲས་པས་ཀྱང་། ཚེ་རབས་མང་པོའི་བར་དུ་ངན་སོང་ནས་མི་ཐར་བར་བྱེད་པ་ཡང་ཡོད་དེ། སྔོན་བྲམ་ཟེ་སེར་སྐྱ་བྱ་བས། སངས་རྒྱས་འོད་སྲུང་གི་དགེ་སློང་རྣམས་ལ། མའི་དབང་དུ་སོང་ནས་རྩོད་པའི་དུས་མ་ཐུལ་ནས་རྟའི་མགོ་ཅན་དང་། བ་ལང་གི་མགོ་ཅན་སོགས་ཞེས་པ་ལྟ་བུ་ཚིག་ངན་མང་པོ་སྨྲས་པས། ཁོ་རང་ཤི་བའི་ཚེ་ཆུ་སྲིན་ཉའི་རིགས་མགོ་བཅོ་བརྒྱད་ཡོད་པར་སྐྱེས་པ་དེ་བསྐལ་པའི་བར་དུ་ངན་འགྲོའི་ལུས་རྟེན་དེ་ལས་མི་ཐར་ཞིང་སྡུག་བསྔལ་མྱོང་། དེ་ལས་འཕོས་ནས་ཀྱང་དམྱལ་བར་སྐྱེ་བར་གསུངས་པ་དང་། གཞན་ཡང་དགེ་སློང་མ་ཞིག་གིས། དགེ་སློང་མ་གཞན་ལ་ཁྱི་མོ་ཞེས་བརྗོད་པས། ཁྱི་མོའི་སྐྱེ་བ་ལྔ་བརྒྱ་བླངས་པ་སོགས་དེ་ལྟ་བུ་དུ་མ་ཡོད་པས། དུས་རྟག་ཏུ་ངག་འཇམ་པོར་སྨྲ་བ་ལ་བསླབ་ཅིང་། ཁྱད་པར་འཕགས་པའི་གང་ཟག་དམ་པ་དང་བྱང་ཆུབ་སེམས་དཔའ་གང་ན་ཡོད་མི་ཤེས་པས་ཐམས་ཅད་ལ་དག་སྣང་སྦྱང་། ཡོན་ཏན་དང་བསྔགས་པ་བརྗོད་དགོས། བྱང་ཆུབ་སེམས་དཔའ་ཞིག་ལ་སྐུར་པ་འདེབས་པ་དང་ངན་སྨྲས་བྱས་ན་ཁམས་གསུམ་སེམས་ཅན་བསད་པ་ལས་ཉེས་པ་ལྕི་བར་གསུངས་ཏེ། ཆགས་མེད་བདེ་སྨོན་ལས། ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་པ་བཏབ། །དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས། །ཞེས་གསུངས། དེ་ལྟ་བུ་ངག་བཀྱལ་བའི་རྒྱུ་མཐུན་གྱིས་རང་གི་ཚིག་གཞན་གྱིས་ཡིད་མི་ཆེས་པའམ་མི་བཙུན་ཞིང་སྤོབས་པ་ཆུང་བར་གསུངས་པས། གཏམ་དྲང་པོར་སྨྲས་ཀྱང་གཞན་གྱིས་བདེན་དུ་མི་འཛིན་པ་དང་། མང་པོའི་ནང་དུ་གཏམ་བཤད་ལྟ་བུ་ལ་རང་ཉིད་སྤོབས་པ་ཆུང་བ་འབྱུང་བ་ཡིན། བརྣབ་སེམས་ཀྱི་རྒྱུ་མཐུན་པའི་འབྲས་བུར་ཡིད་ལ་བརྒྱ་བསམ་པའང་གཅིག་མི་འགྲུབ་ཅིང་མི་འདོད་པ་ཐོག་ཏུ་འབབས། གནོད་སེམས་ཀྱིས་འཇིགས་ཤིང་སྐྲག་པ་འབྱུང་བ་དང་རྒྱུན་དུ་འཚེ་བ་དང་གནོད་པ་མང་བ། ལོག་ལྟས་སྐྱེ་བ་ཀུན་ཏུ་ལྟ་བ་ངན་པ་ལ་གནས་ཤིང་བླུན་ཞིང་གཏི་མུག་པ། གཡོ་སྒྱུས་རང་གི་སེམས་འཁྲུགས་པ་འབྱུང་ངོ་། །དབང་གི་འབྲས་བུ་ནི། བདག་འབྲས་ཡུལ་ལ་སྨིན་པ་སྟེ། མྱོང་འགྱུུར་ཐུན་མོང་གི་ལས་དང་། ཐུན་མིན་གྱི་ལས་གཉིས་ཡོད། དང་པོ་ནི་ལས་མཐུན་སྣང་བ་གཅིག་པ་མཐུན་པ་བསགས་པ་ལས་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་སྣང་བ་ཞིང་དེའི་འགྲོ་བ་རྣམས་ལ་ཕྱོགས་གཅིག་ཏུ་འཆར་བ་ལྟ་བུ། གཉིས་པ་ནི་སེམས་ཅན་རང་རང་གི་ལས་སྣང་གིས་བསྒྲུབས་པའི་གནས་ལུས་ལོངས་སྤྱོད་སོ་སོར་ཐ་དད་པར་བདེ་སྡུག་ཉམས་སུ་མྱོང་བ་ལྟ་བུའོ། །དེ་ཡང་སྲོག་གཅོད་ཀྱིས་སྐྱེ་ཡུལ་དང་སྡོད་གནས་སོགས་ཀྱི་ས་ཕྱོགས་ཉམས་མི་དགའ་ཞིང་ངམ་གྲོག་དང་གཡང་ས་ཅན་ལ་སོགས་སྲོག་ལ་གནོད་པ་ཅན་དུ་སྐྱེ། མ་བྱིན་པར་བླངས་པས་ལོ་ཏོག་ལ་སད་སེར་སྡང་ནས་ལོ་མི་ལེགས། ལྗོན་ཤིང་དང་བཟའ་ཤིང་ལ་འབྲས་བུ་མི་ཆགས། མུ་གེ་ཡོད་པའི་སར་སྐྱེ། ལོག་པར་གཡེམ་པས་བཤང་ལྕི་དང་འདམ་རྫབ་ལ་སོགས་པ་དྲི་ང་ཞིང་ཡིད་དུ་མི་འོང་བར་གནས་དགོས་པའོ། །རྫུན་གྱིས་རྒྱུ་འབྱོར་པ་མི་བརྟན་ཞིང་དུས་རྟག་ཏུ་ཤེས་པ་རྟབས་ཤིང་གློ་བུར་དུ་དངངས་ཤིང་སྐྲག་པའི་ཡུལ་རྐྱེན་དང་འཕྲད། ཕྲ་མས་ཡུལ་ངམ་གྲོག་དང་གཅོང་རོང་ཅན་ལ་སོགས་བགྲོད་དཀའ་བར་གནས་དགོས། ཚིག་རྩུབ་པོས་རྡོ་གསེག་དང་ཚེར་མ་ཅན་ལ་སོགས་པའི་ས་ཕྱོགས་ཡིད་མི་བདེ་བར་སྐྱེ། ངག་འཁྱལ་གྱིས་ཞིང་ལ་ཞིང་བས་སོ་ནམ་ཇི་ལྟར་བྱས་ཀྱང་སྟོན་ཐོག་འབྲས་བུ་མི་འབྱུང་། དུས་ཚིགས་ལོག་ཅིང་མི་བརྟན་པར་སྐྱེ། བརྣབ་སེམས་ཀྱིས་ལོ་ཏོག་ཉེས་ཤིང་གནས་དུས་ངན་པའི་སྡུག་བསྔལ་མང་པོ་འབྱུང་། གནོད་སེམས་ཀྱིས་རྟག་ཏུ་འཇིགས་པ་དང་གནོད་ཅིང་འཚེ་བ་མང་བའི་ཡུལ་དུ་སྐྱེ། ཟས་རོ་བཅུད་བཟང་པོ་རྣམས་ངན་པར་འགྱུར། ལོག་ལྟས་རྒྱུ་འབྱོར་པ་ཉུང་ཞིང་སྐྱབས་དང་མགོན་དང་དཔུང་གཉེན་མེད་པའི་སར་སྐྱེ། སྐྱེས་བུ་བྱེད་པའི་འབྲས་བུ་ལས་གང་བྱས་པ་དེའི་འབྲས་བུ་མང་པོར་འཕེལ་ནས། སྐྱེ་བ་དང་ཚེ་རབས་རྣམས་སུ་སྡུག་བསྔལ་མུ་མཐའ་མེད་པར་ཁ་བརྒྱུད་པ་དང་། སླར་ཡང་ལས་ངན་གོང་ནས་གོང་དུ་འཕེལ་ནས་འཁོར་བ་དང་ངན་སོང་གི་གནས་སུ་མུ་དང་མཐའ་མེད་པར་འཁྱམས་དགོས་པར་འགྱུར་བ་ཡིན་ནོ།།

༼༢ བསྒྲུབ་བྱ་དགེ་བའི་ལས།

དོན་གཉིས་པ་བསྒྲུབ་བྱ་དགེ་བའི་ལས་བཅུ་ནི། སྤྱིར་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་དགེ་བའི་ལས་ཀྱང་བརྒྱད་ཁྲི་བཞི་སྟོང་ལ་སོགས་བསམ་གྱིས་མི་ཁྱབ་པ་གསུངས་ཡོད་ཀྱང་རགས་པ་ཆེ་ལོང་དུ་བསྡུ་ན་སྔར་བསྟན་པའི་མི་དགེ་བ་བཅུ་བོ་ཡིད་ཀྱིས་སྤངས་ནས་ལུས་ངག་གིས་སླར་ལོག་པའི་སྤོང་སེམས་སྤྱོད་ལམ་དང་བཅས་པ་དེ་ལ་དགེ་བ་བཅུ་ཟེར་གྱིན་ཡོད། ལུས་ངག་གི་མི་དགེ་བ་བདུན་པོ་ཡིད་ཀྱིས་སྤངས་ཤིང་ལུས་ངག་གིས་སླར་ལོག་སྟེ་མི་དགེ་བ་སྲོག་ལ་བབས་ཀྱང་མི་བྱེད་བསམ་པ་དེ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཡིན། དེ་ལྟར་ཤེས་པ་དེ་ཀུན་རྫོབ་ཤེས་པ་མ་འཁྲུལ་པའི་བློ་ཡིན། སྤོང་སེམས་དེ་འཕེན་ཤུགས་ཆེ་ན་གཉིད་དང་རྣམ་གཡེང་སོགས་ཀྱིས་བར་ཆོད་ཀྱང་རྐྱེན་དེར་དམིགས་པའི་ཚེ་ཉེས་སྤྱོད་དུ་ཤེས་ནས་སྡོམ་པར་འགྱུར་བའང་ཡོད། དེས་ན་འདིར་སྤྱིར་མི་དགེ་བ་བཅུ་པོ་དེ་དག་གི་ཉེས་དམིགས་ཤེས་ནས་དེ་མི་བྱེད་སྙམ་པའི་སྡོམ་པ་ཡང་དག་པར་བླངས་པ་དེ་དགེ་བ་བཅུ་ཡིན་ཏེ། སྲོག་མི་གཅོད་པ་དང་། མ་བྱིན་པ་མི་ལེན་པ་སོགས་བཅུ་ཡིན། དེ་ཡང་བླ་མ་དང་མཁན་པོའམ་ཡང་ན་རྟེན་ཁྱད་པར་ཅན་ལྟ་བུའི་དྲུང་ནས་ཁས་བླངས་པ་མི་དགོས་ཏེ་རང་གི་དུས་གཏན་དུའམ། གནས་དུས་འདི་ལྟ་བུར་ཞེས་པའམ། སེམས་ཅན་གྱི་རིགས་འདི་དང་འདི་ལྟ་བུའི་སྲོག་མི་གཅོད་སྙམ་པ་སོགས་དགེ་བའི་ལས་ཡིན་ཞིང་། བླ་མ་དགེ་བའི་བཤེས་གཉེན་ནམ་དཀོན་མཆོག་གི་རྟེན་ལ་སོགས་པའི་དྲུང་ནས་ཁས་བླངས་ན་ནི་ལྷག་པར་སྟོབས་ཆེ། དེས་ན་རང་བཞིན་དུ་སྲོག་མི་གཅོད་པ་ལྟ་བུས་མི་འོང་གིས་གང་ལྟར་ཡང་མི་དགེ་བའི་ལས་དེ་མི་བྱེད་སྙམ་པའི་དམ་བཅའ་ཞིག་དགོས་པ་ཡིན། ལུས་ཀྱི་ལས་ཕྱག་སྐོར་མཆོད་པ་སེམས་ཅན་དང་ཆོས་ཀྱི་ཕྱིར་དུ་འགྲོ་འོང་བྱེད་པ། ངག་གི་ལས་བསྟོད་པ་བཟླས་བརྗོད་སེམས་ཅན་དང་ཆོས་ཀྱི་དོན་དུ་གཏམ་སྨྲ་བ་སོགས་དགེ་བ་ཀུན་ནས་སློང་བའི་བྱ་སྤྱོད་ཐམས་ཅད་ཡིན། ཡིད་ཀྱི་ལས་དད་པ་དང་གུས་པ་ངེས་འབྱུང་དང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པ་རང་བཞིན་གྱི་དགེ་སེམས་སུ་གྱུར་ཚད་པོ་ནན་ཏན་དུ་བསྒྲུབ་པར་བྱ་དགོས་པ་ཡིན། མདོར་ན་མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་སྟེ། །ཞེས་གསུངས་པ་ལྟར་ཡིན། དེ་ཕྱིར་ཁྱིམ་པ་ལ་སོགས་སྲོག་གཅོད་ཀྱི་ལས་གཏན་དུ་སྤོང་མི་ནུས་པ་རྣམས་ནས་ཀྱང་ལོ་རེའི་ནང་ནས། ཧོར་ཟླ་དང་པོ་རྒྱལ་བས་ཆོ་འཕྲུལ་བསྟན་པའི་དུས་ཆེན་ཡིན་པས་ཆོ་འཕྲུལ་གྱི་ཟླ་བ་དང་། ཟླ་བ་བཞི་པ་སྟོན་པ་སྐུ་བལྟམས་པ་ལ་སོགས་དུས་བཟང་སུམ་འཛོམས་ཡིན་པས་ན་ས་ག་ཟླ་བ་ལྟ་བུ་ལ་སྲོག་མི་གཅོད་པར་དམ་བཅའ་བའམ། ཡང་ན་ལོ་གཅིག་གི་ཟླ་བ་བྱུང་ངོ་ཅོག་གི་ཡར་ཚེས་བཅོ་ལྔ་དང་། གནམ་སྟོང་གི་དུས་ལ་སྲོག་མི་གཅོད་པ་དང་། གཞན་ཡང་ལོ་དང་ཟླ་བ་ཞག་ལ་སོགས་པར་འདི་དང་འདི་ལྟ་བུའི་དུས་སྲོག་མི་གཅོད་པར་དམ་བཅའ་བྱས་ཀྱང་ཕན་ཡོན་ཆེན་པོ་ཐོབ་སྟེ། སྔོན་འཕགས་པ་ཀ་ཏྱཱ་ནའི་དྲུང་དུ་གནས་པའི་གྲོང་གི་ཤན་པས་མཚན་མོ་སྲོག་མི་གཅོད་པའི་ཁས་ལེན་བྱས་པ་ཉི་ཚེ་བའི་དམྱལ་བར་སྐྱེས་ཏེ། ཉིན་མོ་ལྕགས་བསྲེགས་ཀྱི་ཁང་པར་སྡུག་བསྔལ་མྱོང་ཞིང་མཚན་མོ་གཞལ་མེད་ཁང་དུ་ལྷ་མོ་བཞིས་བསྐོར་ནས་བདེ་སྐྱེད་མྱོང་བ་ལྟ་བུ་ཡིན། དེའི་ཕྱིར་དགེ་བ་བཅུ་ཞེས་པ་ནི། མི་དགེ་བ་བཅུ་སྤངས་ཤིང་དེའི་གཉེན་པོ་དཀར་པོའི་ཕྱོགས་ཉམས་སུ་ལེན་པ་དེ་ཡིན། དེ་ཡང་སྲོག་གཅོད་པ་སྤངས་ནས་སྲོག་མི་གཅོད་པར་དམ་བཅས་ཏེ་སེམས་ཅན་གྱི་སྲོག་བསྐྱབ་དགོས། དེ་ལུས་ཀྱི་དགེ་བ་དང་པོ་ཡིན། མ་བྱིན་པར་ལེན་པ་སྤངས་ནས་ཕྱིན་ཆད་མི་བྱེད་པའི་དམ་བཅས་ཏེ་སྦྱིན་པ་གཏོང་དགོས། དེ་ལུས་ཀྱི་དགེ་བ་གཉིས་པ་ཡིན། འདོད་ལོག་སྤངས་ནས་དམ་བཅའ་དང་བཅས་ཏེ་ཚུལ་ཁྲིམས་བསྲུང་དགོས། དེ་ལུས་ཀྱི་དགེ་བ་གསུམ་པ་ཡིན། ཡང་རྫུན་སྤངས་ནས་བདེན་པར་སྨྲ་དགོས། དེ་ངག་གི་དགེ་བ་དང་པོ་ཡིན། ཕྲ་མ་སྤངས་ནས་འཁོན་པ་ཟླུམ་དགོས། དེ་ངག་གི་དགེ་བ་གཉིས་པ་ཡིན། ཚིག་རྩུབ་སྤངས་ནས་སྙན་པར་སྨྲ་དགོས། དེ་ངག་གི་དགེ་བ་གསུམ་པ་ཡིན། ངག་འཁྱལ་སྤངས་ནས་ཁ་ཏོན་བྱེད་དགོས། དེ་ངག་གི་དགེ་བ་བཞི་པ་ཡིན། ཡང་བརྣབ་སེམས་སྤངས་ནས་གཏོང་སེམས་འཆང་དགོས། དེ་ཡིད་ཀྱི་དགེ་བ་དང་པོ་ཡིན། གནོད་སེམས་སྤངས་ནས་ཕན་སེམས་བསྒོམ་དགོས། དེ་ཡིད་ཀྱི་དགེ་བ་གཉིས་པ་ཡིན། ལོག་ལྟ་སྤངས་ནས་ཡང་དག་པའི་ལྟ་བ་རྒྱུད་ལ་བསྟེན་དགོས། དེ་ཡིད་ཀྱི་དགེ་བ་གསུམ་པ་ཡིན། དེ་དག་གི་རྣམ་སྨིན་གྱི་འབྲས་བུ་ནི། མཐོ་རིས་གསུམ་གང་རུང་དུ་སྐྱེ། བྱེད་པ་རྒྱུ་མཐུན་གྱིས་ཚེ་རབས་ཐམས་ཅད་དུ་དགེ་བ་བྱེད་པ་ལ་སྤྲོ་ཞིང་ཕྱིན་ཆད་དགེ་བ་གོང་འཕེལ་དུ་འགྱུར། མྱོང་བ་རྒྱུ་མཐུན། སྲོག་གཅོད་སྤངས་པས་ཚེ་རིང་ཞིང་ནད་ཉུང་། མ་བྱིན་ལེན་སྤངས་པས་ལོངས་སྤྱོད་ཀྱི་འབྱོར་བ་དང་ལྡན་ཞིང་དགྲ་རྐུན་གྱི་འཚེ་བ་མེད། འདོད་ལོག་སྤངས་པས་ཁྱིམ་ཐབས་མཛེས་ཤིང་དུས་རྟག་ཏུ་དགྲ་ཟླ་ཉུང་། རྫུན་སྤངས་པས་ཀུན་ཀྱིས་བསྟོད་ཅིང་ཀུན་ཀྱིས་བྱམས་པ་དང་། དབྱེན་དང་ཕྲ་མ་སྤངས་པས་འཁོར་གཡོག་ཐམས་ཅད་ཀྱིས་གུས། ཚིག་རྩུབ་སྤངས་པས་དུས་ནམ་ཡང་གཏམ་སྙན་པར་ཐོས། ངག་འཁྱལ་སྤངས་པས་བཤད་པའི་གཏམ་གཞན་གྱི་རྣ་བར་འགྲོ་བས་ཚིག་བཙུན། བརྣབ་སེམས་སྤངས་པས་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ། གནོད་སེམས་སྤངས་པས་གཞན་གྱིས་འཚེ་བ་དང་བྲལ་ཞིང་ཡིད་བདེ་བར་འགྱུར། ལོག་ལྟ་སྤངས་པས་སྐྱེ་བ་ཀུན་ཏུ་ལྟ་བ་བཟང་པོ་རྒྱུད་ལ་སྐྱེ་ཞིང་བློ་གྲོས་གོང་འཕེལ་དུ་འགྱུར། དབང་གི་འབྲས་བུ་ནི། ཡུལ་ལ་སྨིན་པས། སྔར་མི་དགེ་བ་བྱས་པའི་འབྲས་བུ་དེ་དག་ལས་ལྡོག་སྟེ། བདེ་སྐྱིད་འབྱོར་བ་ཕུན་སུམ་ཚོགས་པའི་ཡོན་ཏན་གྱི་དཔལ་ཐམས་ཅད་ཀྱིས་འབྱོར་པར་འགྱུར་བ་ཡིན། སྐྱེས་བུའི་བྱེད་པའི་འབྲས་བུ་ནི། དགེ་བའི་ལས་གང་བྱས་པ་དེ་མངོན་པར་འཕེལ་ནས། སྐྱེ་བ་དང་ཚེ་རབས་ཀུན་ཏུ་བསོད་ནམས་རྒྱུན་མི་འཆད་པ་རྟག་ཏུ་འབྱུང་བ་ཡིན་ནོ། །དེ་ལྟར་དགེ་བ་བཅུ་ལ་གནས་པ་ནི་འདི་ཕྱི་ཀུན་ཏུ་བདེ་བའི་རྒྱུ་ཡིན་པས་ན་ཅི་ནས་ཀྱང་བསྒྲུབ་པར་བྱ་དགོས། ཤུགས་ལ་ལུང་མ་བསྟན་གྱི་ལས་བསྟན་ཏེ། དེ་ནི་ཀུན་སློང་དགེ་མི་དགེ་གཉིས་ཀྱི་བསམ་པ་གང་གིས་ཀྱང་མ་ཟིན་པ་འབྲས་བུ་བདེ་སྡུག་ལུང་བསྟན་དུ་མེད་པའི་ལས། དཔེར་ན་ཟ་ཉལ་འགྲོ་འདུག་སོགས་ཡིན། དེ་དག་གང་སྤྱོད་ཀྱང་དོན་མེད་དུས་འདའ་བ་ཡིན་པས་དགེ་བའི་ཕྱོགས་སུ་བསྒྱུར་བ་གལ་ཆེ་བ་ཡིན་པས། སྒོ་གསུམ་གྱི་བྱ་སྤྱོད་ཐམས་ཅད་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པར་བྱ་དགོས་ཏེ། ཇི་སྐད་དུ། བསམ་པ་བྱང་ཆུབ་སེམས་དཔའ་ལ། །དགེའམ་གལ་ཏེ་མི་དགེ་རུང་། །ཐམས་ཅད་དགེ་ལེགས་ཉིད་འགྱུར་ཏེ། །གང་ཕྱིར་ཡིད་དགེའི་དབང་གྱུར་ཕྱིར། །ཞེས་གསུངས་པ་ལྟར་དུ་ཁ་ཕྱིར་བལྟས་མི་ཤོར་ནས། བློ་རྩེ་ནང་ལ་བཀུག་སྟེ། ཅི་བྱས་དགེ་བའི་ལས་ལམ་དོན་ཡོད་པ་ལ་སྦྱོང་བར་བྱ་དགོས་ནི་རེད།།

༼༣ ཐམས་ཅད་ལས་ཀྱི་རང་བཞིན་དུ་བསྟན་པ།

དོན་གསུམ་པ་ཐམས་ཅད་ལས་ཀྱི་རང་བཞིན་དུ་བསྟན་པ་ནི། འདི་ལྟར་ཡ་ཀི་སྲིད་པའི་རྩེ་མོ་ཕྱིན་ཆད་ནས། མ་ཀི་དམྱལ་བ་གདན་ལ་ཐུག་པ་ཡན་ཆད་ཀྱི་སེམས་ཅན་རང་རང་གི་བདེ་བ་དང་སྡུག་བསྔལ་གྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་འདྲ་མི་འདྲ་བར་སྐྱིད་སྡུག་སོ་སོར་མྱོང་བ་དེ་དག་ཐམས་ཅད་ཀྱང་། སེམས་ཅན་རང་རང་གི་སྔོན་བསགས་པའི་དགེ་སྡིག་གི་ལས་འབའ་ཞིག་ལས་བྱུང་བ་ཡིན་ཏེ། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ཐུབ་པས་གསུངས། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །སྣ་ཚོགས་རྣམ་པར་འཁྱམས་ཤིང་འཇུག །ལས་ཀྱི་དྲྭ་བ་འདི་ཆེའོ། །ཞེས་གསུངས། སྤྱིར་ལས་འདི་ལ་གཅིག་ཏུ་དཀར་བའི་ལས་དང་། གཅིག་ཏུ་གནག་པའི་ལས་དང་། དཀར་ནག་འདྲེས་མའི་ལས་དང་གསུམ་ཡོད། དང་པོ་ནི་མཐའ་གཅིག་ཏུ་བསམ་སྦྱོར་གཉིས་ཀ་དགེ་བ་ཡིན་དགོས། དེའི་འབྲས་བུ་ལྷ་དང་མི་ཡི་བདེ་འབྱོར་ཆེ་ཤོས་རྣམས་སུ་སྐྱེ། གཅིག་ཏུ་གནག་པའི་ལས་ནི། བསམ་སྦྱོར་གཉིས་ཀ་མི་དགེ་བ་ཡིན་པས་འབྲས་བུ་ངན་སོང་གསུམ་གྱི་སྡུག་བསྔལ་ཆེ་ཤོས་རྣམས་སུ་སྐྱེ། འདྲེས་མའི་ལས་ནི་བསམ་པ་དཀར་ལ་སྦྱོར་བ་གནག་པའི་ལས་དཔེར་ན་དེད་དཔོན་སྙིང་རྗེ་ཅན་གྱི་མི་ནག་མདུང་ཐུང་ཅན་བསད་པ་ལྟ་བུ་ཡིན། དེ་ཡང་རང་འདོད་ཀྱི་འཁྲི་བ་མེད་ན་བྱང་ཆུབ་སེམས་དཔའ་རྣམས་ལ་ལུས་ངག་གི་མི་དགེ་བ་བདུན་གནང་བའི་སྐབས་ཡོད་པ་ལྟ་བུ་ཡིན། བསམ་པ་གནག་ལ་སྦྱོར་བ་དཀར་བའི་ལས་ནི་ཀུན་སློང་ཚེ་འདི་སྒྲུབ་འདོད་ཀྱིས་སྦྱོར་བ་དགེ་བའི་ལས་སྒྲུབ་པ་ལྟ་བུ་ཡིན། བསམ་སྦྱོར་འདྲེས་མའི་ལས་ནི་ཐང་འགའ་བསམ་སྦྱོར་གཉིས་ཀ་དཀར་བ་དང་། ཐང་འགའ་བསམ་སྦྱོར་གཉིས་ཀ་གནག་པའི་ལས་ཡིན་པས་དེའི་འབྲས་བུ་གླིང་བཞིའི་མི་དང་ལྷ་ཐོར་བུ་རྣམས་སུ་སྐྱེ་བ་ཡིན་ནོ། །ད་ལྟ་ཚེ་འདིར་སྟོབས་དང་མངའ་ཐང་ནོར་དང་ལོངས་སྤྱོད་བྲན་དང་འཁོར་གཡོག་ལ་སོགས་པ་ཅི་ཙམ་ཡོད་ཀྱང་། ནམ་ཞིག་འཆི་བའི་དུས་ལ་བབས་ནས་སྐྱས་ཆེན་པོས་འདེགས་པའི་ཚེ། ལོངས་སྤྱོད་དང་མངའ་ཐང་དེ་དག་ལས་སྣ་གཅིག་ཀྱང་རང་ཉིད་ཀྱི་རྗེས་སུ་མི་འབྲང་ཞིང་། རང་གིས་ཚེ་འདིར་བསམ་སྦྱོར་གཉིས་ཀས་བསགས་པའི་ལས་དགེ་སྡིག་ཁོ་ན་དེའི་སྐབས་སུ་རང་གི་རྗེས་སུ་འབྲངས་ནས། ལས་བསགས་པ་དེའི་དབང་གིས་ཁམས་གསུམ་འཁོར་བའི་གནས་རིས་མཐོ་དམན་དག་ཏུ་འཕེན་པ་ཡིན་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱི་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་བཤེས་རྣམས་རྗེས་མི་འབྲངས། །སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲངས། །ཞེས་གསུངས། ལས་མ་བྱས་པ་དང་མི་འཕྲད། ལས་བྱས་པ་ཆུད་མི་ཟ། ལས་བྱས་པ་དེ་ཡང་ཉེ་དུ་སོགས་ཀྱི་རྗེས་སུ་མི་འབྲང་ལས་གསོག་པ་པོ་ཁོ་རང་འབའ་ཞིག་གི་རྗེས་སུ་འབྲང་བ་ཡིན་ཏེ། དེ་ལྟ་བུའི་ལས་དེ་ས་ལ་མི་སྨིན་རྡོ་ལ་མི་སྨིན་ཤེས་རྒྱུད་ཀྱིས་ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན། དེ་ལྟར་སྨིན་པའི་ཚུལ་མཐོང་ཆོས་མྱོང་འགྱུར་གྱི་ལས་དང་། སྐྱེས་ནས་མྱོང་འགྱུར་གྱི་ལས། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་གསུམ་ལས། མཐོང་ཆོས་མྱོང་འགྱུར་གྱི་ལས་དེ་ལ་དགེ་སྡིག་གཉིས། སྡིག་པའི་འབྲས་བུ་ཉི་འོག་གི་རྒྱལ་ཁབ་ས་འོག་ཏུ་སོང་བ་ལྟ་བུའོ། །དགེ་བའི་འབྲས་བུ་རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་རྡོ་རྗེ་ལྟ་བུའོ། །སྐྱེས་ནས་མྱོང་འགྱུར་གྱི་ལས་མཚམས་མེད་པའི་ལས་ཡིན། ལན་གྲངས་གཞན་ལ་མྱོང་འགྱུར་མི་རྟ་སོགས་བསད་པའི་སྡིག་པ་ཡིན། སྤྱིར་ལས་རྣམས་ཡུན་རིང་པོ་སོང་ནའང་ཆུད་མི་ཟ་བ་ཡིན་ཡང་། འབྲས་བུ་མྱོང་ནས་འཛད་པའམ་ཡང་ན་སྡིག་པའི་ལས་ལ་བྱང་སེམས་མན་ཆད་ཀྱིས་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་ན་ལས་ཇེ་སྲབ་ལ་འགྲོ་སྟེ། དཔེར་ན་ཁ་བ་ཉི་མས་སྲབ་པ་ལྟ་བུའོ། །བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་རྒྱུད་ལ་སྐྱེས་ན་སྡིག་པ་མ་བཤགས་ན་ཡང་རང་དག་ལ་འགྲོ་སྟེ་དཔེར་ན་ཉི་མས་མུན་པ་བསལ་བ་བཞིན་ནོ། །དགེ་བ་ཡང་དེ་བཞིན་ཆུད་ཟ་རྒྱུ་ཡོད་དེ། དགེ་རྩ་ཟད་པའི་རྒྱུ་བཞིས་ཆུད་འཛད་པ་ཡིན། ལས་དེ་དག་གསག་པའི་གཞི་ནི་དབུ་མ་པས་གསག་པའི་གཞི་མེད་པར་འདོད་དེ་ལས་གསོག་དུས་སྟོང་པར་འགགས་ནས་མྱོང་དུས་སྟོང་རྟེན་འབྱུང་དུ་ཤར་ནས་མྱོང་བ་ཡིན་ཟེར། སེམས་ཙམ་པས་ཀུན་གཞི་དང་། སྔགས་ཀྱི་ལུགས་ལ་མ་དག་པའི་རླུང་སེམས་མ་དག་པའི་ཚེ་ན་རིགས་དྲུག་གི་ས་བོན་དྲུག་གནས་པས་ལས་ཀྱི་བསྒོ་གཞིར་འདོད་དོ། །ལས་མྱོང་བ་པོ་ནི་སངས་རྒྱས་ཡར་གཅད་རྒྱུ་མེད། སེམས་ཅན་མར་གཅད་རྒྱུ་མེད། སངས་རྒྱས་སྲས་དང་སློབ་མ་རིག་པ་འཛིན་པའི་ཚོགས་སོགས་ཐམས་ཅད་ཀྱིས་མྱོང་དགོས། ལས་དེ་ལྕི་ཡང་བྱེད་ཚུལ་ལ་ཀུན་སློང་གསུམ་ལས། རྟག་པའི་ཀུན་སློང་། མངོན་ཞེན་གྱི་ཀུན་སློང་། གཉེན་པོ་མེད་པའི་ཀུན་སློང་། དེ་གསུམ་དགེ་སྡིག་གཉིས་ལ་འདྲ། ཡོན་ཏན་གྱི་ཞིང་། ཕན་བཏགས་པའི་ཡུལ། སྡུག་བསྔལ་གྱི་ཡུལ་གསུམ་ལས། དཀོན་མཆོག་གི་ཞིང་ལ་བརྟེན། དགེ་མི་དགེ་ཅི་བསགས་པ་དང་། ཁྱད་པར་རྡོ་རྗེ་ཐེག་པའི་ལུགས་ལ་བླ་མ་ཉིད་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་ཡིན་པས། དེ་ལ་བརྟེན་པའི་དགེ་སྡིག་གང་བསགས་ཀྱང་ཉེས་པ་དང་ཕན་ཡོན་ཆེ། ཕན་བཏགས་པའི་ཡུལ་ཕ་མ་སོགས་རང་ལ་ཕན་བཏགས་པ་ལ་ཕན་གནོད་བྱེད་པ་ཕན་ཡོན་དང་ཉེས་པ་ལྕི་བ་ཡིན། སྡུག་བསྔལ་བའི་ཡུལ་ནད་པ་དང་སྡུག་བསྔལ་ཅན་སོགས་ལ་བརྟེན་པའི་དགེ་སྡིག་གི་ལས་དེ་དག་ཕན་ཡོན་དང་ཉེས་པ་ལྕི་བ་ཡིན། དེ་ལྟ་བུའི་ལས་དེ་མྱོང་བ་ལ་དུས་སྔ་ཕྱིའི་གོ་རིམ་ནི། དགེ་སྡིག་གི་འབྲས་བུ་གང་ལྕི་བ་དེ་སྔོན་ལ་མྱོང་བ་དང་། ལྕི་ཡང་མཉམ་ན་འཆི་ཁའི་མཚམས་སྦྱོར་གང་གིས་ཉེ་བ་དེ་སྔོན་ལ་མྱོང་ལ། འཆི་ཁའི་མཚམས་སྦྱོར་ཡང་མཉམ་ན་སྔར་གོམས་ཤུགས་གང་ཆེ་བ་དེ་སྔོན་ལ་མྱོང་། གོམས་ཤུགས་ཡང་འདྲ་ན། སྔར་ལས་དེ་ཇི་ལྟར་བསགས་པའི་གོ་རིམ་ལྟར་དུ་སྔོན་དུ་བྱས་པ་དེ་ཐོག་མ་ཉིད་དུ་སྨིན་པ་ཡིན་པར་ཤེས་པར་བྱའོ། །དེས་ན་ད་ལྟ་དགེ་སྡིག་གི་ལས་བྱས་པ་ལ། འཕྲལ་དུ་དེའི་འབྲས་བུ་འདི་དང་འདིའོ་ཞེས་མི་མངོན་ཀྱང་། ལས་དཀར་ནག་གི་དགེ་སྡིག་བསགས་པ་དེ་ནམ་ཡང་ཆུད་ཟོས་སུ་མི་འགྱུར་བར་རྟེན་འབྱུང་གི་དབང་གིས་རྒྱུ་རྐྱེན་ཚོགས་ཤིང་སྨིན་པའི་དུས་ལ་བབས་པའི་ཚེ་ལས་གསོག་པ་པོ་རང་རང་གིས་བདེ་སྡུག་གི་འབྲས་བུ་ཉམས་སུ་མྱོང་བར་འགྱུར་ཏེ། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་དང་། ཡོན་ཏན་རིན་པོ་ཆེའི་མཛོད་ལས། ས་བླ་མཐོན་པོར་གཤེགས་པའི་མཁའ་ལྡིང་གི། །གྲིབ་མ་རེ་ཞིག་བལྟ་བར་མི་མངོན་ཡང་། །ལུས་ཅན་དག་དང་འདུ་འབྲལ་སྤངས་པ་བཞིན། །ཚོགས་ཤིང་དུས་ལ་བབ་ཚེ་ལྷག་པར་མངོན། །ཞེས་གསུངས། དཔེར་ན་བྱ་འདབ་ཆགས་ཤིག་ནམ་མཁར་འཕུར་བ་ན་ནམ་མཁའི་དབྱིངས་མཐོན་པོར་ཕྱིན་པའི་ཚེ་བྱ་དེའི་གྲིབ་མ་མི་མངོན་པ་ལྟར་སྣང་ཡང་། གྲིབ་མ་མེད་པ་མིན་ཏེ་མཐར་བྱ་དེ་གང་དུ་བབས་ཀྱང་གྲིབ་མའང་། དེར་ནག་ཧྲིལ་གྱིས་འོང་བ་ལྟར་གང་ཟག་སུས་དགེ་སྡིག་གི་ལས་ཅི་བྱས་པ་འཕྲལ་དང་འཕྲལ་ལ་འབྲས་བུ་འདི་ཞེས་མི་མངོན་ན་ཡང་། མཐར་མེད་དུ་མི་འགྲོ་བར་ཅིས་ཀྱང་རང་གི་སྟེང་དུ་མི་འོང་བའི་ཐབས་མེད་པ་ཡིན། དེར་མ་ཟད་ལས་ཉོན་གྱི་སྒྲིབ་པ་བག་ཆགས་དང་བཅས་ཐམས་ཅད་སྤངས་པའི་སངས་རྒྱས་དང་དགྲ་བཅོམ་པ་རྣམས་ཀྱང་རང་རང་གི་ལས་བདག་གིར་བཞེས་ཏེ་མྱོང་དགོས་ན། རང་རེ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ལས་ཀྱི་འབྲས་བུ་མྱོང་དགོས་པ་ལྟ་ཡང་ཅི་སྨོས་ཏེ། སྔོན་ཤཱཀྱའི་གྲོང་དུ་མཉན་ཡོད་ཀྱི་རྒྱལ་པོ་འཕགས་སྐྱེས་པོའི་དམག་འོང་ནས་ཤཱཀྱ་བརྒྱད་ཁྲི་བསད་པའི་ཚེ། ཤཱཀྱའི་རིགས་སུ་འཁྲུངས་པའི་བཅོམ་ལྡན་འདས་ཀྱིས་ཀྱང་དབུ་བསྙུང་བ་ལ་འཁོར་རྣམས་ཀྱིས་དེའི་རྒྱུ་མཚན་ཞུས་པས། སྔོན་གྱི་སྐྱེ་བ་ཞིག་ལ་ཤཱཀྱ་པ་རྣམས་ཉ་བར་གྱུར་པའི་ཚེ་ཉ་དུ་མ་བསད་ནས་ཟོས་ཤིང་། ཉིན་གཅིག་ཉ་ཆེན་པོ་གཉིས་བཟུང་བ་འཕྲལ་དུ་མ་བསད་པར་ཀ་བ་ལ་བཏགས་ནས་བཞག་པ། ཉ་དེ་སྐམ་ལ་ཕྱུངས་ནས་འགྲེ་ལྡོག་ལྡོག་བྱེད་ཅིང་ཉ་བོ་ཆེ་དེ་གཉིས་ཀྱིས་འདི་རྣམས་ཀྱིས་བདག་ཅག་ཉེས་པ་མེད་པར་བསད་པས་སླར་བདག་ཅག་གིས་ཀྱང་འདི་དག་ཉེས་པ་མེད་པར་གསོད་པར་གྱུར་ཅིག་སྙམ་ནས་མཚམས་སྤྱོར་ངན་པའི་སྨོན་ལམ་བཏབ་པས། ལས་དེ་ལས་མཐར་ཐུག་གི་འབྲས་བུ་ཉ་ཆེན་གཉིས་རྒྱལ་པོ་འཕགས་སྐྱེས་པོ་དང་། དེའི་བློན་པོ་མ་ལ་གནོད་གཉིས་སུ་སྐྱེས། ཉ་བསད་པ་རྣམས་དེ་གཉིས་ཀྱི་དམག་མིར་སྐྱེས་ཏེ། དེ་རིང་ཤཱཀྱ་རྣམས་ཁ་དག་པར་བྱས་པ་ཡིན། ང་དེའི་ཚེ་ཉ་བའི་ཁྱེའུར་སྐྱེས་པ་ཉ་ཆེན་གཉིས་སྐམ་ལ་ཕྱུང་བའི་ཟུག་རྔུ་མི་བཟོད་པར་འགྲེ་ལྡོག་བྱེད་པ་ལ་བལྟས་ནས་བགད་པས་ལས་དེས་དེ་རིང་དབུ་སྙུང་བ་ཡིན། ངས་སྤངས་དང་རྟོགས་པའི་ཡོན་ཏན་གྱི་ཆོས་འདི་ལྟ་བུ་དག་ཐོབ་མེད་ན། འཕགས་སྐྱེས་པོའི་དཔུང་གིས་དེ་རིང་ང་ཡང་གསོད་པར་འགྱུར་བ་ཡིན་གསུངས། དེ་བཞིན་དུ་སྔོན་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པ་ན། མི་ནག་མདུང་ཐུང་ཅན་བསད་པའི་ལས་ཀྱི་འབྲས་བུ་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་ནས་སྐུ་མཚལ་བྱུང་བ་དང་། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་འཕགས་པ་མོའུ་གལ་གྱི་བུ་ཡང་ལས་ཀྱི་དབང་གིས་མུ་སྟེགས་ཀུན་ཏུ་རྒྱུ་རྣམས་ཀྱིས་བཀྲོངས་པ་ཡིན་ཏེ། དེ་ཡང་ཤེས་རབ་ཅན་གྱི་མཆོག་འཕགས་པ་ཤཱ་རིའི་བུ་དང་། རྫུ་འཕྲུལ་ཅན་གྱི་མཆོག་མོ་གལ་གྱི་བུ་ཆེན་པོ་སྟེ་མཆོག་ཟུང་གཉིས་དུས་དང་དུས་སུ་དམྱལ་བ་དང་ཡི་དྭགས་ལ་སོགས་པ་ངན་འགྲོའི་ཡུལ་དུ་བྱོན་ནས་སྡུག་བསྔལ་བའི་སེམས་ཅན་གྱི་དོན་མཛད་པ་ལས། ཉིན་གཅིག་དམྱལ་བའི་ཡུལ་དུ་བྱོན་པས། དེ་ན་མུ་སྟེགས་ཀྱི་སྟོན་པ་དྲུག་གི་ནང་ཚན་འོད་སྲུང་རྫོགས་བྱེད་ཤི་སོང་བ་དམྱལ་བར་སྐྱེས་ནས་སྡུག་བསྔལ་གྱི་རྣམ་གྲངས་མང་པོ་མྱོང་གིན་འདུག་པ་དེ་ན་རེ། སྐྱེས་བུ་དམ་པ་ཁྱེད་གཉིས་མི་ཡུལ་དུ་སླར་བྱོན་ན། ཁོ་བོའི་སློབ་མ་མུ་སྟེགས་པ་རྣམས་ལ་ཁྱེད་ཀྱི་སྟོན་པ་འོད་སྲུང་རྫོགས་བྱེད་དམྱལ་བར་སྐྱེས་པ་དེ་ན་རེ། ཀུན་ཏུ་རྒྱུ་ལ་དགེ་སྦྱོང་མེད། །དགེ་སྦྱོང་ཤཱཀྱའི་ནང་ན་ཡོད། །རང་རེ་རྣམས་ཀྱི་ཆོས་ལུགས་དེ་ཕྱིན་ཅི་ལོག་ཏུ་འདུག་པས་ཁྱེད་རྣམས་ཀྱིས་རང་གི་ཆོས་ལུགས་དེ་སྤོངས་ལ། ཤཱཀྱའི་སྲས་པོ་བཅོམ་ལྡན་འདས་ཀྱི་རྗེས་སུ་སློབས་ཤིག ཁྱད་པར་དུ་ཁོ་བོའི་རུས་བུ་ལ་མཆོད་རྟེན་བྱས་ནས་དེར་ཁྱེད་རྣམས་ཀྱིས་མཆོད་པ་བྱེད་པའི་ཚེ། ཁོ་བོའི་སྟེང་དུ་ལྕགས་བསྲེགས་ཀྱི་ཆར་བབས་པར་འདུག་པས་དེ་ལྟར་མ་བྱེད་གསུངས་ཤིག་ཟེར། དེར་མཆོག་ཟུང་གཉིས་མི་ཡུལ་དུ་བྱོན་ནས། ཤཱ་རིའི་བུ་སྔ་བར་ཕེབས་པས་མུ་སྟེགས་རྣམས་ལ་དེ་སྐད་གསུངས་ཀྱང་ལས་འབྲས་མེད་པས་མུ་སྟེགས་རྣམས་ཀྱིས་མ་གོ། མོ་གལ་གྱི་བུ་རྗེས་ནས་བྱོན་ཏེ་ཤཱ་རིའི་བུ་ལ། ཁྱེད་ཀྱིས་འོད་སྲུང་རྫོགས་བྱེད་ཀྱི་ཕྲིན་སྨྲས་སམ་གསུངས་པ་ལ་ཁོ་བོས་སྨྲས་ཀྱང་ཅང་མི་ཟེར་བར་འདུག་གསུངས། མོ་འགལ་གྱི་བུས་མ་ཐོས་པར་འདུག་པས་ངས་སྨྲའོ་གསུངས་ནས་བྱོན་ཏེ། མུ་སྟེགས་ཀྱི་སྟོན་པ་འོད་སྲུང་རྫོགས་བྱེད་ཀྱི་ཕྲིན་བསྐུར་བ་རྣམས་ལྷག་ལུས་མེད་པར་གསུངས་པས། མུ་སྟེགས་པ་རྣམས་ཁྲོས་ཏེ་འདིས་རང་ཅག་ལ་སྨད་པའམ་ཁ་ཟེར་བས་མ་ཚད་བདག་ཅག་གི་སྟོན་པ་ལ་ཡང་སྐུར་པ་འདེབས་པར་འདུག་པས་འདི་ཆོམས་ཤིག་ཟེར་ནས་བརྡུང་བརྡུང་སྟེ། སྐུ་ལུས་འདམ་བུ་བཞིན་དུ་བཅོམ་ནས་བཏང་། སྔོན་ཆད་ཡིན་ན་ཁོང་རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ཡིན་པས་ཀུན་ཏུ་རྒྱུ་དེ་དག་གིས་བརྡུང་དུ་ཡོད་པ་ལྟ་ཅི། སྲིད་པ་གསུམ་པོ་འདི་ཚོགས་ཀྱང་ཁོང་གི་བ་སྤུའི་རྩེ་མོ་ཙམ་ཡང་བསྒུལ་མི་ནུས་པ་ཡིན་ཡང་། དེའི་དུས་སུ་ནི་སྔར་བྱས་ཀྱི་ལས་ཀྱིས་ནོན་པས་ཤཱ་རིའི་བུས་ཁྱེད་ཀྱིས་རྫུ་འཕྲུལ་མི་སྟོན་ཅི་ཡིན་གསུངས་པས་མོ་གལ་བུས་རྫུ་བ་ཙམ་ཡང་མ་དྲན་ན། འཕྲུལ་པ་ལྟ་ཡང་ཅི་སྨོས་ཞེས་གསུངས་ཏེ། རང་བཞིན་གྱི་མི་ཕལ་བ་ཞིག་དང་ཁྱད་མེད་པར་གྱུར། དེར་ཤཱ་རིའི་བུས་ཆོས་གོས་ཀྱིས་དཀྲིས་ནས་ཁུར་ཏེ་རྒྱལ་བུ་རྒྱལ་བྱེད་ཚལ་ཀུན་དགའ་ར་བ་ན་འོངས་ནས་ཤཱ་རིའི་བུས་གྲོགས་པོ་ཤི་བ་ཐོས་པ་ཡང་སེམས་ཀྱིས་བཟོད་པར་མི་ནུས་པའི་བྱ་བ་ཞིག་ཡིན་ན། མཐོང་བ་ལྟ་ཅི་ཞེས་གསུངས་ནས་དགྲ་བཅོམ་པ་མང་པོ་དང་ལྷན་ཅིག་ཏུ་སྐུ་མྱ་ངན་ལས་འདས། དེ་འཕྲལ་མོ་གལ་གྱི་བུ་ཡང་དེའི་རྐྱེན་གྱིས་མྱ་ངན་ལས་འདས་པར་གྱུར་པ་ཡིན། ཡང་སྔོན་ཁ་ཆེའི་དགེ་སློང་ར་བ་ཏི་ཞེས་བྱ་བ་མངོན་ཤེས་དང་རྫུ་འཕྲུལ་ཐོབ་པ། སློབ་མ་མང་པོ་ཡོད་པ་ཞིག་ནགས་གསེབ་ན་ཆོས་གོས་ངུར་སྨྲིག་ཅིག་སྣོད་དུ་འཚོད་ཅིང་བཞུགས་ཡོད་ཙམ་ན། དེ་དང་ཉེ་བའི་ཁྱིམ་བདག་གཅིག་གིས་བ་མོའི་བེའུ་ཞིག་སྟོར་ནས་བཙལ་དུ་ཕྱིན་པས་ནགས་གསེབ་ན་དུ་བ་གཅིག་འདུག་པ་མཐོང་ནས། དེ་བལྟར་ཕྱིན་པས་དགེ་སློང་ཞིག་གིས་མེ་གཏོང་གིན་འདུག ཁྱེད་ཅི་བྱེད་པ་ཡིན་བྱས་པས་ཆོས་གོས་འཚོད་པ་ཡིནཟེར། ཚོས་ཕྲུ་ཁ་ཕྱེ་ནས་བལྟས་པས་ཤ་རུས་འདུག་པ་མཐོང་། དགེ་སློང་ཁོང་རང་གིས་ཀྱང་ཤ་རུས་མཐོང་བས་བཤད་ཐབས་གང་ཡང་མ་བྱུང་། དེར་ཁོང་ཁྲིད་ནས་རྒྱལ་པོ་ལ་གཏད་དེ། འདིས་བདག་གི་བེའུ་བརྐུས་པས་ཆད་པ་ཆོད་ཅིག་བྱས་པས། རྒྱལ་པོས་དེ་བཙོན་ཁང་གི་དོང་དུ་བཅུག དེ་ནས་ཞག་འགའ་ན་ཁོའི་བ་རང་གིས་བེའུ་རྙེད་ནས། དགེ་སློང་དེས་བེའུ་བརྐུས་པར་མི་གདའ་བས་གཏོང་བར་ཞུ་བ་ཕུལ་ན་ཡང་། རྒྱལ་པོ་ཡེངས་ནས་ཟླ་བ་དྲུག་ཏུ་གཏོང་བ་མ་བྱུང་། དེར་ཁོང་རང་གི་སློབ་མ་རྫུ་འཕྲུལ་ཐོབ་པ་མང་པོ་ཡོད་པ་ནམ་མཁའ་ནས་འཕུར་ཏེ་རྒྱལ་པོའི་དྲུང་དུ་འོང་ནས། དགེ་སློང་འདི་ཡང་དག་པ་ཞིག་ལགས་ཀྱི་བེའུ་བརྐུས་པ་མ་ཡིན་པས་གཏོང་བར་ཞུ། ཞུས་པས། རྒྱལ་པོ་དགེ་སློང་གཏོང་དུ་བྱོན་པས། དགེ་སློང་འོ་བརྒྱལ་བ་གཟིགས་ནས་ཤིན་ཏུ་འགྱོད་དེ་ངས་བྱ་བ་དེ་འགྱངས་ཆེས། སྡིག་ཆེན་པོ་བསགས་འདུག་ཞུས་པས་མི་སྐྱོན་ང་རང་གིས་ལན་པ་ཡིན་གསུངས། ལས་ཅི་འདྲ་བ་བསགས་ཞུས་པས། སྔོན་རྐུན་པོ་ཞིག་ཏུ་སྐྱེས། དེ་དུས་བེའུ་ཞིག་བརྐུས་པ་བདག་པོས་དེད་ནས་ནགས་གསེབ་ན་རང་སངས་རྒྱས་ཤིག་མཉམ་པར་བཞག་ནས་སྒོམ་བརྒྱབ་འདུག་པའི་མདུན་དུ་བསྐྱུར་ནས་བྲོས་པས། བདག་པོ་དེས་རང་སངས་རྒྱས་ཁྲིད་ནས་ཞག་དྲུག་དོང་དུ་བཅུག དེའི་རྣམ་སྨིན་གྱིས་སྐྱེ་བ་མང་པོར་ངན་སོང་གི་སྡུག་བསྔལ་མྱོང་། ཚེ་འདིར་ཡང་སྡུག་བསྔལ་མྱོང་བ་འདི་རྣམ་སྨིན་གྱི་ཐ་མ་ཡིན་གསུངས། དེ་བཞིན་དུ་རྒྱ་གར་དུ་རྒྱལ་པོ་བདེ་སྤྱོད་ཀྱི་བུ་ལ་མས་གོས་ཆེན་ཟ་འོག་གི་གོས་སྲུབ་མེད་པ་ཞིག་བྱིན་པས་བུས་ངས་འདི་ད་དུང་མི་གྱོན། ང་རྒྱལ་སྲིད་ཐོབ་པའི་དུས་སུ་གྱོན་པ་ཡིན་ཟེར། མས་ཁྱོད་ཀྱིས་རྒྱལ་སྲིད་ཐོབ་པའི་དུས་མེད། རྒྱལ་པོ་འདས་ནས་བུས་རྒྱལ་སྲིད་ཐོབ་པ་ཡིན་པ་ལ། ཁྱོད་ཀྱི་ཡབ་སློབ་དཔོན་ཀླུ་སྒྲུབ་དང་སྐུ་སྲོག་གཅིག་ཡིན་པས་ཀླུ་སྒྲུབ་མ་གྲོང་བར་མི་འདའ། ཀླུ་སྒྲུབ་ཚེ་ལ་དབང་བ་ཡིན་པས་འདའ་བའི་དུས་མེད། དེས་ན་ཁྱོད་ཀྱི་ཕུ་བོ་དུ་མ་ཡང་རྒྱལ་སྲིད་མ་ཐོབ་པར་འདས་པ་ཡིན་ཟེར་བས་བུས་དེ་ལ་ཐབས་ཅི་ཡོད་ཟེར་བར་མ་ན་རེ། སློབ་དཔོན་ཀླུ་སྒྲུབ་བྱང་ཆུབ་སེམས་དཔའ་ཡིན་པས་དབུ་བསླང་ན་སྦྱིན་མཆི། དེ་ལས་ཐབས་གཞན་མེད་ཟེར། བུས་ཀླུ་སྒྲུབ་ཀྱི་དྲུང་དུ་ཕྱིན་ནས་དབུ་བསླངས་པས་ཆོད་ལ་ཁྱེར་གསུངས། དེར་རལ་གྲི་ཐོགས་ནས་མགུལ་ལ་ཇི་ཙམ་བརྒྱབ་ཀྱང་བར་སྣང་ལ་གཡུག་པ་ལྟར་སོང་ནས་མ་ཆོད། དེར་སློབ་དཔོན་གྱི་ཞལ་ནས། ངས་མཚོན་བརྒྱབ་པའི་རྣམ་སྨིན་ཚེ་རབས་ལྔ་བརྒྱའི་གོང་ནས་དག་སྟེ་བྱང་ཚར་བ་ཡིན་པས། ང་ལ་མཚོན་གྱིས་མི་ཆོད། སྐྱེ་བ་སྔོན་མའི་ཡང་སྔོན་མ་ཞིག་ན་རྩྭ་ཀུ་ཤ་བཏུ་བའི་དུས་འབུ་བསད་པའི་རྣམ་སྨིན་བྱང་མ་ཚར་བས་ཀུ་ཤས་རྒྱོབ་དང་ཆོད་གསུངས། རྒྱལ་བུས་ཀུ་ཤ་བཏུས་ནས་བརྒྱབ་པས་དབུ་ས་ལ་བྲུལ་ཏེ། ང་ནི་འདི་ནས་བདེ་བ་ཅན་དུ་འགྲོ། །ཕྱི་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར། །གསུངས་ནས་ཀླུ་སྒྲུབ་ཞི་བར་གཤེགས་པའི་དབུ་ད་ལྟ་ཡང་རྒྱ་གར་ལྷོ་ཕྱོགས་སུ་མཇལ་རྒྱུ་ཡོད་པ་ཡིན་ལ། མ་འོངས་པ་ན་སླར་ཡང་སྐུ་ལུས་དེ་ལ་བརྟེན་ནས་བྱོན་ཏེ་ཆོས་གསུངས་པ་ཡིན་ཏེ། ནམ་ཞིག་དཔལ་གྱི་རི་ལ་ཀླུ་སྒྲུབ་རྗེ། །སྐལ་ལྡན་འདུས་པའི་ཚོགས་ཀྱིས་ཡོངས་བསྐོར་ཞིང་། །མཐའ་བྲལ་དབུ་མའི་ལམ་བཟང་འཆད་པ་ན། །བདག་ཀྱང་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །གསུངས་པ་ལྟར་གནའ་སྔོན་ཆད་ངེད་ཚོས་དཔེ་ཆ་ལྟ་སྐབས་འདོན་པ་ཡིན་ད་དུང་བརྗེད་མེད་ཁི། ད་ལྟ་དཔེ་ཆ་བ་རྣམས་ཀྱིས་ཀྱང་འདོན་ཁི་ལོས་ཡོད་ཤེ། དེ་ལྟར་འཕགས་པའི་གང་ཟག་དེ་རྣམས་ལ་ཡང་། དེ་ལྟ་བུའི་ལས་ཀྱི་རྣམ་སྨིན་མྱོང་དགོས་པ་ཡོད་ན། རང་རེ་རྣམས་ནི་ཐོག་མ་མེད་པའི་དུས་ནས་འཁོར་བའི་གནས་རིས་འདིར་འཁྱམས་ཏེ་ལས་ངན་བསགས་པ་གྲངས་ཀྱིས་མི་ཆོད་པ་ཡོད་ཅིང་། ད་དུང་ཡང་བསགས་ན་འཁོར་བའི་གནས་ལས་ཐར་པའི་དུས་ལྟ་ཅི། ངན་སོང་གི་གནས་ནས་ཀྱང་ཐར་དཀའ་བས་དུས་དང་རྣམ་པ་ཐམས་ཅད་དུ་སྡིག་པའི་ལས་རྡུལ་ཕྲ་རབ་ཙམ་ལ་ཡང་འཛེམ། དགེ་བའི་ལས་ཆུང་ངུ་ནས་ཀྱང་ཅི་འགྲུབ་དུ་འབད་དགོས་ཏེ། དེ་ལྟར་མ་འབད་ན་སྡིག་པའི་ལས་སྐད་ཅིག་མ་རེ་རེས་ཀྱང་བསྐལ་པ་མང་པོར་ངན་སོང་དུ་གནས་དགོས་པ་ཡོད་པས་སྡིག་པ་ཆུང་ངུ་འདི་ཙམ་གྱིས་ཅི་ཐུབ་སྙམ་དུ་བརྙས་པར་མི་བྱ་སྟེ། རྒྱལ་སྲས་ཞི་བ་ལྷས། སྐད་ཅིག་གཅིག་བྱས་སྡིག་པས་ཀྱང་། །བསྐལ་པར་མནར་མེད་གནས་འགྱུར་ན། །ཐོག་མེད་འཁོར་བར་བསགས་སྡིག་གིས། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །ཞེས་དང་། མདོ་མཛངས་བླུན་ལས། སྡིག་པ་ཆུང་ངུ་དག་ལ་ཡང་། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་སྟག་ཆུང་ངུ་དག་གིས་ཀྱང་། །རྩྭ་ཕུང་རི་ཙམ་བསྲེག་པར་བྱེད། །ཅེས་གསུངས། དེ་བཞིན་དུ་དགེ་བ་ཆུང་ངུ་ཙམ་ཡང་འབྲས་བུ་ཆེན་པོ་འབྱིན་པ་ཡིན་པས་འདི་ཙམ་ཀྱིས་ཅི་བྱ་སྙམ་དུ་བརྙས་པར་མི་བྱ་སྟེ། རྒྱལ་པོ་སྤྱི་བོ་སྐྱེས་སམ་ང་ལས་ནུ་སྔོན་དབུལ་པོར་གྱུར་པའི་ཚེ། སྲན་མ་སྤར་གང་ཐོགས་ནས་བག་མ་ཞིག་བལྟར་ཕྱིན་པས་ལམ་དུ་སངས་རྒྱས་བསོད་སྐྱབས་གྲོང་ཁྱེར་དུ་བྱོན་པ་དང་མཇལ། ཤིན་ཏུ་དད་དེ་སྲན་མ་སྤར་གང་པོ་སངས་རྒྱས་ལ་གཏོར་བས་བཞི་ལྷུང་བཟེད་དུ་སོང་། གཉིས་ཐུགས་ཀར་ཕོག་པའི་རྣམ་སྨིན་གྱིས་འཛམ་བུ་གླིང་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེས། སྔར་སྲན་རྡོག་བཞི་ལྷུང་བཟེད་དུ་ལྷུང་བའི་འབྲས་བུ་གླིང་བཞི་ལ་དབང་བའི་རྒྱལ་སྲིད་ལོ་བརྒྱད་ཁྲིར་བྱས་ཤིང་། གཉིས་ཐུགས་ཀར་ཕོག་པའི་གཅིག་གི་འབྲས་བུ་རྒྱལ་ཆེན་བཞིའི་བདག་པོ་ལོ་བརྒྱད་ཁྲིར་བྱས། གཅིག་གི་འབྲས་བུ་སུམ་ཅུ་རྩ་གསུམ་དུ་བརྒྱ་བྱིན་སུམ་ཅུ་རྩ་བདུན་བརྗེས་ཀྱི་བར་ལ་བརྒྱ་བྱིན་གྱི་རྒྱལ་སྲིད་ཕྱེད་ལ་དབང་བྱས་པ་ཡིན། དེ་ཡང་སྤྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་རིགས་གཉིས་སུ་ཡོད་དེ། འཛམ་བུའི་གླིང་འདི་ཉིད་དུ་འབྱུང་བའི་དུས་ནི། མཚན་ཉིད་ཡོངས་སུ་རྫོགས་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི། ས་ཐོབ་པའི་བྱང་ཆུབ་སེམས་དཔའ་སྟེ། དེ་ཉིད་ཚེ་ལོ་བརྒྱད་ཁྲི་ཡན་ཆད་ལ་འབྱུང་ཞིང་། དེ་མན་ཆད་ལ་ལོངས་སྤྱོད་ཀྱི་བྱ་བ་མི་རྫོགས་པའི་ཕྱིར་མི་འབྱོན་ནོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི། ཚེ་ལོ་དྲུག་ཁྲི་བ་དེ་ལས་མར་འགྲིབས་ཀྱི་དུས་སུའང་འབྱུང་ངོ་། །དེ་ཡང་གླིང་བཞི་རུ་འཁོར་ལོས་སྒྱུར་བ་གཉིས་མཉམ་དུ་མི་འབྱུང་བར་སངས་རྒྱས་དང་འདྲའོ། །དེ་ཡང་མཚན་དཔེ་དང་ལྡན་པ་ཡིན་པས་གང་ཟག་གཞན་ལས་ཁྱད་པར་དུ་གྱུར་བ་ཡིན། འོན་ཀྱང་སངས་རྒྱས་དང་འདི་གཉིས་ལ་གསལ་དང་མི་གསལ་དང་། རྫོགས་དང་མ་རྫོགས་སོགས་ཀྱི་ཁྱད་པར་ཡོད་པས་སངས་རྒྱས་དང་ཁྱད་པར་ཆེའོ། །གཞན་ཡང་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་གཏོར་བའི་དགེ་འབྲས་ཀྱིས་བརྒྱ་བྱིན་དང་སྟོབས་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་པའི་དགེ་འབྲས་ཟད་པའི་མཐའ་ཡང་རྙེད་དཀའ་བར་གསུངས། དེ་སྐད་དུ་ཡང་མཛངས་བླུན་ལས། དགེ་བ་ཆུང་ངུ་དག་ལ་ཡང་། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་བསགས་པ་ཡིས། །སྣོད་ཆེན་རིམ་གྱིས་གང་བར་འགྱུར། །ཞེས་དང་། ཡོན་ཏན་མཛོད་ལས་ཀྱང་། ཇི་ལྟར་ས་བོན་ཡུངས་འབྲུ་ཙམ་པའི་ཤིང་། །ཨ་ཤོ་ཏ་ཡི་འབྲས་བུ་ལོ་དུས་སུ། །ཡལ་ག་རེ་ལའང་དཔག་ཚད་ཙམ་འཕེལ་བས། །དགེ་སྡིག་གཟུགས་བརྙན་འཕེལ་བའི་དཔེར་མི་ཕོད། །ཅེས་ཤིང་ཨ་ཤོ་ཏ་ཞེས་པ་དེའི་ས་བོན་ཡུངས་འབྲུ་ལས་ཆུང་བ་ཞིག་ལས་མེད་ཀྱང་། ཤིང་དེ་བསྐྱེད་པའི་ཚེ་ལོ་རེ་ལ་ཡལ་ག་དཔག་ཚད་རེ་ཙམ་དུ་འཕེལ་ཡང་། དེས་ཀྱང་དགེ་སྡིག་གི་འབྲས་བུ་འཕེལ་བའི་དཔེ་མི་ཕོད་པར་གསུངས་པ་ཡིན་ནོ། །སྤྱིར་ལས་ལ་འཕེན་བྱེད་ཀྱི་ལས་དང་རྫོགས་བྱེད་ཀྱི་གཉིས་ཡོད། གནས་རིས་གང་དུ་སྐྱེ་བར་བྱེད་པའི་ལས་དེ་འཕེན་བྱེད་ཀྱི་ལས་དང་། སྐྱེ་བ་དེ་ལ་བདེ་བ་དང་སྡུག་བསྔལ་གྱི་མྱོང་བ་ཇི་ཙམ་ཡོད་པ་སྐྱེད་ཅིང་རྫོགས་པར་བྱེད་པའི་ལས་དེ་རྫོགས་བྱེད་ཀྱི་ལས་ཡིན་པས་སོ། །འཕེན་རྫོགས་ཀྱི་ལས་འདི་གཉིས་ལ་མུ་བཞི་ཡོད་དེ། འཕེན་བྱེད་དགེ་བས་འཕངས་ཀྱང་རྫོགས་བྱེད་སྡིག་པས་རྫོགས་པ་མི་དབུལ་པོ་ལྟ་བུ་སྟེ། འཕེལ་བྱེད་དགེ་བས་འཕངས་པས་འཇིག་རྟེན་མི་ཡུལ་མཐོ་རིས་ཀྱི་གནས་སུ་སྐྱེས་ཀྱང་། རྫོགས་བྱེད་མི་དགེ་བས་རྫོགས་པས་རྒྱུ་མེད་དབུལ་པོར་སྐྱེས། འཕེན་བྱེད་སྡིག་པས་འཕངས་ཀྱང་རྫོགས་བྱེད་དགེ་བས་རྫོགས་པ་ཀླུ་འབྱོར་ལྡན་ལྟ་བུ། འཕེན་རྫོགས་གཉིས་ཀ་མི་དགེ་བས་བྱས་པ་དམྱལ་བའི་སེམས་ཅན་ལྟ་བུ། འཕེན་རྫོགས་གཉིས་ཀ་དགེ་བས་བྱས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུའོ། །དེ་ཡང་འཕེན་བྱེད་ཀྱི་ལས་གཅིག་གིས་སྐྱེ་བ་དུ་མ་འཕེན་པ་ཡང་ཡོད་དེ། ཚེ་དང་ལྡན་པ་འཕགས་པ་མ་འགགས་པས། བདག་ནི་སྔོན་རྩྭ་ཚོང་དུ་གྱུར་བའི་ཚེ་རང་སངས་རྒྱས་ཤིག་ལ་བསོད་སྙོམས་གཅིག་ཕུལ་བའི་བསོད་ནམས་གཅིག་པུ་དེའི་རྣམ་པར་སྨིན་པས་སུམ་ཅུ་རྩ་གསུམ་གྱི་ལྷར་ལན་བདུན་སྐྱེས་པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོར་ལན་བདུན་སྐྱེས་ནས་ ད་ལྟ་ཡང་ཤཱཀྱ་ཕྱུག་པོར་སྐྱེས་སོ་ཞེས་པ་ལྟ་བུ་དང་། ལས་དུ་མས་ལུས་གཅིག་འཕེན་པ་ཡང་ཡོད་དེ། ལྷས་སྦྱིན་གྱིས་ཚེ་རབས་དུ་མར་བསགས་པའི་ལས་ཀྱིས་དགེ་སློང་གི་གཟུགས་ལ་སྡིག་སྤྱོད་ཅན་དུ་གྱུར་པ་ལྟ་བུ་དང་། ལས་གཅིག་གིས་སྐྱེ་བ་གཅིག་ལས་མི་འཕེན་པ་ཡང་ཡོད་དེ། རང་གི་བུ་ལ་སྙིང་རྗེ་སྐྱེས་པའི་བུད་མེད་ཚངས་པར་སྐྱེས་པ་ལྟ་བུའོ། །དེ་དག་གི་དགེ་སྡིག་གང་ཡིན་ཡང་ཞིང་དང་བསམ་པ་དང་ནན་ཏན་གྱིས་རྒྱུན་དུ་བྱེད་པ་སོགས་རྒྱུ་སྟོབས་ཆེ་ཆུང་གི་དབང་གིས་དེ་ལྟར་གྲུབ་པའོ། །རྣམ་སྨིན་མྱུར་བུལ་གྱི་སྒོ་ནས་དབྱེ་ན། མཐོང་ཆོས་མྱོང་འགྱུར་གྱི་ལས་ནི། དཔེར་ན་འཛམ་གླིང་ལས་ཀྱི་ས་བ་ལས་སྔ་དྲོ་བསགས་ན་ཕྱི་དྲོ་སྨིན་པ་དང་། ཚེ་སྟོད་བྱས་ན་ཚེ་སྨད་སྨིན་པ་ལྷས་སྦྱིན་ལྟ་བུ་ཡིན། སྐྱེས་ནས་མྱོང་འགྱུར་གྱི་ལས་ནི། སྐྱེ་བ་འདི་བརྗེས་ནས་སྐྱེ་བ་ཕྱི་མར་སྐྱེས་མ་ཐག་ཏུ་རྣམ་སྨིན་མྱོང་བར་འགྱུར་བ་མཚམས་མེད་པ་དང་ཉེ་བའི་མཚམས་མེད་པ་ལྟ་བུ་ཡིན། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ནི། སྐྱེ་བ་གསུམ་པ་ཕན་ཆད་ནས་བརྒྱ་སྟོང་གི་བར་རྣམ་སྨིན་མྱོང་བར་འགྱུར་བའི་ལས་ལྟ་བུ། མྱོང་བར་མ་ངེས་པའི་ལས་ནི། ལས་བསགས་ཀྱང་སོ་སོའི་གཉེན་པོ་སོགས་ཀྱིས་བཅོམ་ནས་རྣམ་སྨིན་འབྱིན་པར་མ་ངེས་པ་སྟེ་བཞིར་གསུངས་སོ། །བྱས་བསགས་ཡིན་མིན་གྱི་དབྱེ་བ་ནི། ལས་དཀར་པོ་ལ་མཚོན་ན། བྱས་ལ་བསགས་པའི་ལས་ནི། དད་པས་དཀོན་མཆོག་མཆོད་པ་ལྟ་བུ། མ་བྱས་ལ་བསགས་པའི་ལས་ནི། གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བྱེད་པ་ལྟ་བུ། བྱས་ལ་མ་བསགས་པའི་ལས་ནི། སེམས་ཡེངས་བའི་བཟླས་བརྗོད་བྱས་པ་ལྟ་བུ། མ་བྱས་ཤིང་མ་བསགས་པའི་ལས་ནི། ཀུན་སློང་བཏང་སྙོམས་ལས་རྣམ་པར་སྨིན་པའི་འབྲས་བུ་འབྱིན་མི་ནུས་པས་ལུང་མ་བསྟན་པ་སྟེ་བཞིའོ། །དེ་ཡང་དགེ་སྡིག་གང་ལ་ཡང་བསམ་པ་མཉམ་པར་ཞུགས་པ་ཐམས་ཅད་བྱེད་པ་པོ་གཅིག་བཞིན་དུ་འདྲ་བར་ཐོབ་པ་དམག་ལ་སོགས་པ་ལྟ་བུ་ཡིན་ཏེ། མཛོད་ལས། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་གསུངས་པས་དགེ་སྡིག་གང་ལ་ཡང་རྗེས་སུ་ཡི་རང་བྱས་ན་བྱེད་པ་པོ་དང་འདྲ་བར་དགེ་རྩ་ཐོབ་པ་དང་། རྗེས་སུ་འགྱོད་པ་བྱས་ན་དགེ་སྡིག་གང་ཡང་འཛད་པར་འགྱུར་བའང་དེ་དང་འདྲ་བ་ཡིན། ཐབས་ལ་མཁས་ན་སྡིག་པ་ཆེན་པོ་ཡང་མྱུར་དུ་བྱང་བ་དང་། དགེ་རྩ་ཆུང་ངུ་བྱས་པ་ཡང་ཚད་མེད་པར་འཕེལ་བ་ལ་སོགས་པའོ། །དེ་ལྟར་འཁོར་བར་སྐྱེ་བ་འགྲུབ་བྱེད་ཀྱི་ལས་དེ་ཡང་དང་པོར་ཉོན་མོངས་པའི་དབང་གིས་བྱུང་བ་ཡིན་ལ། མཐར་སྲེད་པ་ལ་སོགས་པའི་ཉོན་མོངས་པས་གསོས་མ་བཏབ་ན་སྐྱེ་བའི་འབྲས་བུ་མི་འབྱིན་པས་ཉོན་མོངས་པ་ནི་ཀླུ་གང་དུ་གནས་པར་ཆུ་ཡོད་པ་ལྟ་བུ་ཞིག་ཡིན། འཁོར་བའི་རྒྱུ་ཀུན་འབྱུང་གི་བདེན་པ་ནི་ལས་ཉོན་གཉིས་དང་། འཁོར་བའི་འབྲས་བུ་སྡུག་བསྔལ་གྱི་བདེན་པ་ནི་སྣོད་བཅུད་གཉིས་ཡིན་ནོ། །མདོ་ལས། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ཐུབ་པས་གསུངས། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ལས་འགྲོ་འདི་སྣ་ཚོགས་བྱས། །ཞེས་གསུངས་པས་མཐོ་སྲིད་རྩེ་ནས་དམའ་དམྱལ་ཁམས་ཡན་ཆད་ཀྱི་སེམས་ཅན་ཀུན་ལ་སོ་སོའི་བདེ་སྡུག་གི་རྣམ་གྲངས་སྣ་ཚོགས་པ་ཞིག་མྱོང་གི་འདུག་པ་འདི་ཐམས་ཅད་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་ཞིག་གཅིག་ཀྱང་མེད། སོ་སོས་སྐྱེ་བ་འདི་དང་ཚེ་རབས་སྔོན་མར་བསགས་པའི་དགེ་སྡིག་གི་ལས་འབའ་ཞིག་གི་འབྲས་བུ་ཡིན། དེས་ན་བརྟགས་ཤིང་དཔྱད་དེ་དགེ་སྒྲུབ་སྡིག་སྤོང་བྱེད་རྒྱུ་གལ་ཤིན་ཏུ་ཆེ། ཆོས་པས་ཆོས་རྣམ་པར་དག་པ་སྒྲུབ་པའི་ལས་ཀ་དེ་ནི། སྤྱིར་འཇིག་རྟེན་གྱི་ལས་ཀ་གང་སྒྲུབ་པ་རྣམས་ལས་རིམ་པ་གཅིག་བརྒལ་སོང་བའི་བྱ་བ་ཆེན་པོ་ཞིག་རེད། རྒྱུ་མཚན་འཇིག་རྟེན་གྱི་བྱ་བ་ཇི་ལྟ་བུ་ཞིག་བསྒྲུབས་ན་ཡང་འབྲས་བུ་ཚེ་འདིའི་དོན་ཙམ་ལས་མ་འདས། ཆོས་ཡང་དག་པ་ཞིག་བསྒྲུབས་ན་འབྲས་བུ་ཚེ་འདི་ཕྱི་གཉིས་དོན་ཡིན་པས་མ་ཚད་རང་གཞན་གཉིས་ཕན་ཡང་ཡིན་པས། ཆོས་པ་རྣམ་དག་ཅིག་བྱེད་བསམ་ན་ཚེ་ཕྱི་མར་རང་གཞན་གྱི་དོན་ཆེན་སྒྲུབ་མཁན་ཞིག་བྱེད་དགོས། དཔེར་ན་རྒྱ་ཤོག་གི་ངོས་སུ་རི་མོ་ལེགས་པོ་ཞིག་འབྲི་དགོས་ན་དང་པོ་ཤོག་བུ་གཙང་མ་ཞིག་ཡོད་དགོས་པ་དང་། སེར་པོ་གསེར་གྱི་རྒྱན་ཆ་ཞིག་མགར་དགོས་ན་ཡང་དང་པོ་གསེར་ལེགས་པོ་ཞིག་དགོས་པ་ལྟར་ཆོས་པ་ཡང་དག་བྱེད་པའི་སྔོན་འགྲོ་དུ་མྱི་བཟང་པོ་ཞིག་ངེས་པར་དུ་ཡོད་དགོས། ཚད་མཐུན་གྱི་མྱིའི་ཆ་ཚད་ལེགས་པར་མ་ཚང་ན་ཆོས་པའི་ཆ་ཚད་དེ་བས་ཀྱང་ཚང་དཀའ། དེས་ན་མྱི་ལ་བཟང་ངན་རབ་འབྲིང་ཐ་གསུམ་ཡོད་དེ། མྱི་རབ་རེ་རེས་ཡུལ་ལུང་བདེ་ལ་བཀོད་ནུས་པ་དང་། མ་རབས་ཐ་ཆད་རེ་རེས་ཤར་ཕུངས་ལྷོ་བརྫད། རང་གཞན་མི་བདེ་སྡུག་གི་ས་བོན་འདེབས་པ་ནི་མཐོང་ཆོས་མངོན་གྱུར་ཡིན་ཏེ། ཇི་སྐད་དུ། རྟག་ཏུ་གཞན་དོན་མི་སེམས་པ། །དེ་ཡི་སྤྱོད་པ་ཕྱུགས་དང་མཚུངས། །བཟའ་བཏུང་འབའ་ཞིག་དུད་འགྲོས་ཀྱང་། །སྒྲུབ་པར་ནུས་པ་མ་ཡིན་ནམ། །ཞེས་གསུངས་པས་དུད་འགྲོ་རྩྭ་ཟན་གྱིས་ཀྱང་རྩྭ་ཟ་བ་དང་ཆུ་འཐུང་བ་ཙམ་ཤེས་ལ། ཟ་ཉལ་འགྲོ་འདུག་ཙམ་ལས་མ་ཤེས་ན་མྱིའི་ཁྱད་ཆོས་འདོན་མི་ཐུབ། མྱི་ཡང་དག་ཚད་ལྡན་ཞིག་དགོས་ན། ཡ་རབས་ཀྱི་སྤྱོད་བཟང་དང་། གཞན་ལ་ཕན་པའི་ལྷག་བསམ་བཟང་པོ་ཅན། རང་གི་སྒེར་དོན་ཤ་སྟག་གིས་གཞན་ལ་གནོད་སྐྱེལ་མི་འདུག་པ་ཞིག་དགོས། གླིང་སྒྲུང་ལས། ངས་རྟ་གཅིག་ཡོད་པ་སྤྱི་རྟ་བྱས། །ཁྲབ་གཅིག་ཡོད་པ་སྤྱི་ཁྲབ་བྱས། །ང་སྤྱི་དཔོན་ཐོགས་དོན་དེ་ནས་བྱུང་། །ཟེར་ནི་ལྟར། སྤྱི་ཆུས་ཕན་སེམས་དང་ལྡན་ནི། མ་རབས་ཀྱི་སྤྱོད་ངན། གསེར་སེར་པོ་ལག་ལ་བཞག་ཀྱང་རྐུ་མི་བྱེད་པ་དང་། རྫུན་གཡོ་སྒྱུ་དབྱེན་ཁ་ལྕེ་ཁ་ལ་བཞག་ཀྱང་བཤད་མི་ཤེས་པ། ཕ་མ་རྒན་གསུམ་ལ་བརྩི་བ། དགེ་རྒན་སློབ་དཔོན་ལ་བཀུར་བ། དམན་ཉམ་ཆུང་ལ་སྙིང་རྗེ་དང་ཤ་ཚ་ཡོད་པ། ང་རྒྱལ་དང་ཕྲག་དོག་མི་ཆེ་བ་སོགས། མདོར་ན་དགེ་བཅུ་སྒྲུབ་ཅིང་སྡིག་བཅུ་སྤངས་ནས་དགེ་བའི་བཤེས་དང་དགེ་བའི་གྲོགས་པོ་དམ་པའི་གཞུང་ལུགས་ལ་བསྟེན་པ་ཞིག་ཡིན་དགོས་ཏེ། ཇི་སྐད་དུ། མི་ཡི་ཆོས་ལུགས་ལ་སྤྱོད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་བ་གམ་ན་གནས། །ཞེས་གསུངས་པས་ལྷ་མིའི་བདེ་འབྲས་འདོད་པ་དེ་སྐྱེས་བུ་ཆུང་ངུའི་ལམ་ཡིན་ཡང་། སྐྱེས་བུ་འབྲིང་དང་ཆེན་པོ་མ་དགོས་འདི་དང་ཕྱི་མ་ཙམ་ལ་འདེང་རྒྱག་མི་ཤེས་པ་ཞིག་གིས་དང་པོ་སྐྱེས་བུ་ཆུང་ངུའི་ལམ་སྟེགས་ནས་ཞུགས་ཏེ་དགེ་སྡིག་འདོར་ལེན་བྱས་ནའང་ལམ་ལུགས་བཟང་པོ་ཡིན་པ་རེད། དང་པོ་ནས་ཆེན་པོ་གཉེན་པོ་ཞིག་ཤེས་བཞིན་པ། གསལ་བཞིན་པ། མཁས་བཞིན་པར་ཐོན་འོང་ནི་ཞིག་མེད་ལ། ཚང་མས་འབད་པ་ཆེན་པོས་སྦྱངས་ཏེ་མཁས་པའི་གོ་འཕང་ཐོབ་སོང་བ་ཡིན། དེས་ན་རིན་ཐང་མེད་པའི་མྱི་རིན་ཐང་ཅན་དུ་རང་གིས་བསྒྱུར་དགོས་པ་ཡིན་ཏེ། དཔེར་ན་རྟ་རྒོད་ཁ་ལོ་མེད་ན་བེད་མི་ཆོད་པས། རིན་ཐང་མེད་པའི་མི་ཡང་དེ་དང་འདྲ། རྟ་ལ་ཁ་ལོ་བཟང་པོ་ཞིག་ལོབས་པས་མ་ཚད་འགྲོས་གོམ་པ་ཞིག་དང་ལྡན་ན་འདེང་ཆེ་བས་མ་ཚད་རིན་གོང་ཡང་དེ་བཞིན་ཆེ་བ་རེད། དེ་བཞིན་དུ་མི་ཡིན་པས་མི་ཆོག་ཡོན་ཏན་སྦྱོང་དགོས་ཁི། བསླབ་ན་དུད་འགྲོ་ལ་ཡང་ལོབས་རྒྱུ་ཡོད་ན་སྨྲ་ཤེས་དོན་གོའི་མི་ལ་ལོབས་རྒྱུ་ཅིའི་ཕྱིར་མེད། ཡོན་ཏན་དང་ལྡན་ན་ཀུན་ཀྱིས་བཀུར་བ་དང་། ཀུན་ལ་ཕན་ཡང་ཐོགས་པ་རེད། དེ་ཡང་། ཡོན་ཏན་ཅན་དང་གསེར་བཟང་པོ། །གཡུལ་ངོར་དཔའ་དང་རྟ་བཟང་པོ། །སྨན་པ་མཁས་དང་རྒྱན་བཟང་པོ་། །གང་དུ་ཕྱིན་པ་དེ་རུ་བྲིན། །ཞེས་གསུངས་པ་དང་། དམ་པའི་ཡོན་ཏན་སྦས་གྱུར་ཀྱང་། །འཇིག་རྟེན་ཀུན་ལ་ཁྱབ་པར་གསལ། །སྣ་མའི་མེ་ཏོག་ལེགས་བཀབ་ཀྱང་། །དྲི་ཞིམ་ཀུན་ཏུ་ཁྱབ་པར་འགྱུར། །ཞེས་གསུངས་པ་ལྟར་རང་རེའི་ཆོས་བརྒྱུད་འདི་ལ་བསམ་ན་དཔལ་སྤྲུལ་རིན་པོ་ཆེ་དང་། མི་ཕམ་རིན་པོ་ཆེ་དང་། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས། མི་འགྱུར་ནམ་མཁའི་རྡོ་རྗེ། འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོ་སོགས་དམ་པའི་སྐྱེས་བུ་སྔོན་བྱོན་གྱི་གྲུབ་བརྙེས་རིག་འཛིན་དེ་ཚོ། མིའི་ཤ་ཚུགས་སུ་བྱོན་པའི་ངོས་ནས་བཤད་ན་དེ་འདྲའི་སྐྱེས་བུ་དམ་པ་རེ་རེ་དང་འོ་ཅག་སྐྱེ་བོ་ཐ་མལ་པ་འབུམ་ཕྲག་མི་དགོས། ས་ཡ་དང་དུང་ཕྱུར་མང་པོ་མཉམ་དུ་བསྡོམས་ཀྱང་དོ་ཟླ་མེད་པ་རེད། ཡོན་ཏན་མེད་ན་མི་མང་ཡང་ས་ཆ་རྫོད་བྱེད་མ་གཏོགས་མེད། དེ་འདྲའི་ཁྱད་པར་ནི་གཙོ་ཆེ་བ་ཡོན་ཏན་ཡོད་མེད་ལ་ཐུག་སོང་བ་རེད། འོ་ན་ཡོན་ཏན་ཇི་ལྟར་སློབ་དགོས་ཤེ་ན། ཡོན་ཏན་འབད་པའི་ཤུགས་ལ་གནས། །འབད་ནས་ཡོན་ཏན་མི་སྒྲུབ་པ། །གཞན་ལ་འཁང་པས་ཅི་ཞིག་ཕན། །ཞེས་གསུངས་པ་ལྟར། ཡོན་ཏན་གྱི་ནོར་མཆོག་དེ་ནི་ཁེ་དྲག་དབང་ཆེན་འགས་ཁྱེར་ནས། ཉམ་ཆུང་འཁོས་མེད་ངེད་ཚོའི་སྐལ་བ་བསྐྱུར་མི་འདུག་ཟེར་བ་དེ་འདྲ་མིན། བུ་ལ་བུ་སྐྱེས་ན་དགའ་ལྡན་ཁྲི་ལ་བདག་པོ་མེད། །ཟེར་བ་ལྟར་ཡོན་ཏན་རང་གིས་སྦྱངས་ནས་ཡོད་བཅུག་ན་རང་གཞན་གྱི་ལེགས་ཚོགས་ཐམས་ཅད་སྤེལ་ཐུབ་པ་རེད། དེ་འདྲའི་ཚུལ་ཤེས་པའང་སྔོན་མེད་ཤེས་རབ་ཀྱི་མིག་གསར་བ་ཞིག་སྒྲུབ་པ་ལས་བྱུང་བ་ཡིན་ཡང་། ཡིག་རྩིས་སྒྲ་སྙན་གཞུང་བཀའ་པོད་ལྔ་སོགས་ལ་ཡུན་རིང་པོར་སྦྱོང་ལོས་དགོས་མ་གཏོགས། མྱི་ཡ་རབས་ཀྱི་སྤྱོད་བཟང་ཐམས་ཅད་རང་གིས་རང་ལ་བརྟགས་ཏེ་དམ་པའི་ལེགས་བཤད་སོགས་ལ་བལྟས་ནས་རང་གི་དགེ་རྒན་རང་གིས་བྱེད་ན་རང་ཉིད་ཡ་རབས་ཀྱི་ལམ་ལ་མྱུར་དུ་བསྒྱུར་ཐུབ་པ་ཞིག་འོང་ཆོག་པ་རེད། རྐུ་རྫུན་གཡོ་ཁྲམ་ལ་སོགས་མ་རབས་ཀྱི་སྤྱོད་ངན་ཐམས་ཅད་རང་གིས་མ་བྱས་ན་དེ་ཡང་སྤྱོདབཟང་གི་ཡོན་ཏན་ཆེན་པོ་རེད་ལ། འོ་ཅག་ལ་ཕ་མ་རྒན་གསུམ་སོགས་ཀྱིས་མ་སེམས་ནས་ཡོན་ཏན་མ་བསླབ་པ་མིན་ཡང་། དེ་སློབ་ན་ཕན་ཐོགས་ཡོད་པའི་རྒྱང་མིག་ལྟ་བྱེད་ཤེས་རབ་ཀྱི་མིག་ཁོང་ཚོ་ལ་མེད་པས་ལན། དང་པོ་མིའི་མངལ་ནས་སྐྱེ་དུས་ནས། ཁྱོད་ཡ་རབས་དང་ཁྱོད་མ་རབས་ཡིན་ཞེས་བསྐོས་བཞག་པ་མ་རེད། ཡ་རབས་རིགས་ཀྱི་གདོང་ན་པདྨ་མེད། །མ་རབས་རིགས་ཀྱི་མགོ་ལ་རྭ་མ་སྐྱེས། །ཇི་ལྟ་ཇི་སྙེད་སྤྱོད་པའི་ཁྱད་པར་གྱིས། །འཕྱོན་མའི་བུ་ཡིས་རང་བཞིན་གསལ་བར་བྱས། །ཞེས་གསུངས་པས་ཡོན་ཏན་རང་གིས་མ་སྦྱངས་ནས་མ་ཤེས་པ་རེད་མིན། སྦྱོང་ན་ཤེས་སྲིད་དེ་ཤེས་བྱ་ཡིན་པས་སོ། །དེས་ན། བླུན་པོས་སློབ་པར་ངོ་ཚ་འཛིན། །མཁས་པས་མ་བསླབ་ངོ་ཚ་འཛིན། །དེས་ན་མཁས་པ་རྒས་གྱུར་ཀྱང་། །ཕྱི་མིའི་དོན་དུ་རིག་པ་བསླབ། །ཅེས་གསུངས་པས་ཉིན་རེ་ཚིག་རེ་སྦྱོང་ན་ཉིན་བརྒྱ་སོང་ན་ཚིག་བརྒྱ་ཤེས་འོང་བས། གྲོགས་མཁར་དང་ནི་སྦྲང་རྩི་བཞིན། །རིང་པོ་མི་ཐོགས་མཁས་པར་འགྱུར། །གསུངས་པས་ཀུན་བཟང་ཞལ་ལུང་ཞུ་དུས་ཁྲིད་སྦྱོང་སྐབས་མིན་ཡང་རྒྱུན་དུ་བལྟས་ནས་ཐོན་དང་། ཇི་ལྟར་སྡུག་ཀྱང་དོན་ཁ་ཤས་གོ་བ་དང་ལུང་འདྲེན་ཁ་ཤས་བློ་ལ་ལོན་འོང་། དེས་ན་མཁས་པའི་གསུང་དང་དམ་པའི་གཞུང་ལུགས་ལ་བརྩོན་པ་རྒྱུན་ཆད་མེད་པར་ཆུ་བོའི་རྒྱུན་བཞིན་བསྐྱངས་ན། མི་ཡ་རབས་གཤིས་བཟང་ཅན་ཞིག་གི་རྨང་གཞིའི་ཐོག་ནས་ཆོས་པ་རྣམ་དག་ཅིག་གི་ལམ་ལ་སླེབ་འོང་བ་སྐྱེ་བོ་ཕོ་མོ་རྣམས་ལ་མཚོན་ནའང་དེ་ལྟར་རེད། གྲྭ་བ་དགེ་འདུན་པ་རྣམས་ནི། སྐྲ་སོར་གསུམ་བཅད་པའི་བླ་ལུ། རྐེད་འཁོར་གསུམ་བསྐོར་བའི་དཔོན་ལུ། །ཟེར་བ་ལྟར་གོས་ངུར་སྨྲིག་གི་རྒྱལ་མཚན་རྣམ་གསུམ་སྟོན་པའི་ན་བཟའ་སྐུ་ལ་གསོལ་བའི་དགེ་འདུན་པ་ཞིག་ལ་མྱི་ཡག་པོ་ཞིག་གི་རྨང་གཞི་ཡོད་དགོས་པ་ནི་བཤད་ཅི་དགོས། ཐོག་མ་མྱི་ཚད་ལྡན་ཚད་མཐུན་ཞིག་བྱས། དེ་ནས་ཐོས་པ་རྒྱ་མཚོ་ལྟ་བུ་ལ་ཞུགས་ནས་ཤེས་བྱ་ལ་སྒྲོ་འདོགས་བཅད་དེ་ཐར་བ་དོན་གཉེར་ཅན་གྱི་ཆོས་པ་ཞིག་བྱེད་ཅིང་། དེའི་མཚམས་བསམ་བྱུང་གིས་གཏན་ལ་ཕབ་ཅིང་དེའི་དོན་སྒོམ་པས་ཉམས་སུ་བླངས་ཏེ་སྙིང་རྗེས་དྲངས་པའི་བྱང་ཆུབ་སེམས་ལ་བློ་སྦྱོང་དམིགས་མེད་ལྟ་བའི་གདེང་དང་ལྡན་པའི་ཆོས་པ་ཡང་དག་པ་ཞིག་བྱེད་རྒྱུའི་གོ་རིམ་མམ་བརྒྱུད་རིམ་དེ་འདྲ་ཞིག་དགོས་ནི་རེད།། །།ཅེས་གསུངས་ནས་བསྔོ་བས་མཐའ་བརྒྱན་ཏེ་ཆོས་ཁྲིད་གྲོལ་སོང་ངོ་།།

ཏ༽ ཉིན་དགུ་པར་ལས་རྒྱུ་འབྲས་ནང་ཚན་གྱི་ཆོས་ཁྲིད།

ཡང་མཆོད་བརྗོད་སོགས་གསུངས་ནས།

ཨ༽ མཚམས་སྦྱོར་གྱི་གདམས་ངག

དེ་ཡང་འདི་ལྟར་མཐའ་ཡས་པའི་སེམས་ཅན་ཐམས་ཅད་དུས་ཐོག་མ་མེད་པ་ནས་མཐའ་མ་མེད་པའི་བར་དུ་སྐད་ཅིག་ཙམ་ཡང་བཟོད་དཀའ་ཞིང་བརྣག་པ་དཀའ་བའི་སྡུག་བསྔལ་གྱི་ཁུར་ཆེན་པོས་ནོན་པ་འདི་ལ་བསམ་བློ་ཞིག་བཏང་ན། དུས་ཚོད་སྔ་ཕྱི་ལའང་ཁྱད་པར་ཆེ་བས་རྫོགས་བྱང་མྱུར་དུ་ཐོབ་པ་ཞིག་ཡིད་ལ་བཅགས་ཏེ། ལམ་ཟབ་མོ་འོད་གསལ་རྫོགས་པ་ཆེན་པོའི་མྱུར་ལམ་ལ་ཞུགས་ཏེ་ལམ་འདི་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་པོ་འདིའི་སྟེང་ནས་འཇའ་ལུས་འཕོ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་བསྒྲུབས་ཏེ་སེམས་ཅན་གཅིག་ཀྱང་མ་ལུས་པར་འཁོར་བའི་མཚོ་ལས་བསྒྲལ་ཏེ་རྫོགས་པའི་སངས་རྒྱས་ཀྱི་སར་འདྲེན་པའི་དེད་དཔོན་གཅིག་པུར་འགྱུར་བར་བྱ་བསམ་པའི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་སྔོན་དུ་འགྲོ་བའི་སྒོ་ནས། མདོ་སྔགས་ཀྱི་ལམ་ལ་ཐེག་པ་རིམ་འཇུག་གི་སྒོ་ནས་སྔོན་འགྲོ་དང་དངོས་གཞིའི་རིམ་པ་ལ་སོགས་པར་རིམ་གྱིས་འཇུག་དགོས། དེ་ཡང་མཚན་ལྡན་

གྱི་བླ་མ་དམ་པའི་ཞབས་པད་མཉེས་པ་གསུམ་གྱི་སྒོ་ནས་བསྙེན་ཏེ་དམ་པའི་ཆོས་ཀྱི་བདུད་རྩི་ལ་ཐོས་བསམ་སྒོམ་པ་གོ་མ་ལོག་པ་ཞིག་གི་སྟེང་ནས་འཇུག་དགོས། དེ་ལྟར་མ་ཡིན་པར་ཆོས་བྱེད་འདོད་ཙམ་ཡོད་ཀྱང་རྣམ་གཡེངས་ལེ་ལོའི་ངང་དུ་ཚེ་ཚད་རྫོགས་ནས་མི་རྟག་འཆི་བས་གཏུགས་ཚེ་ཆོས་འཕྲལ་དུ་མ་བསྒྲུབས་པའི་འགྱོད་པ་སྐྱེ་སྲིད་པས། དེའི་དུས་སུ་སྐྱབས་མེད་མགོན་བྲལ་དུ་ལུས་ན་འཇིགས་སྐྲག་ཆེ་ངེས་རེད། སྤྱིར་མི་རྟག་འཆི་བ་འོང་བ་ལ་སྔོན་ནས་གོ་ཤེས་ཡོད་ཀྱང་འཆི་ཆོས་ཤི་ཁར་ཐོན་ཀྱང་མ་འགྲུབ་པ་འདི་འགྱོད་པ་རྗེས་ནས་སྐྱེ་བའི་གཞི་མ་རེད། རྒྱུ་འབྲས་ཀྱི་རྣམ་བཞག་གོ་ཡང་སྤང་བླང་མ་བྱས། འཁོར་བའི་སྡུག་བསྔལ་དེ་ཐོས་ཀི་བསྡད་ཀྱང་སྐྱོ་བ་མ་སྐྱེས་པས་ཚེ་ཕྱི་མའི་ལམ་ཆེན་སླེབས་ནས་རྣམ་སྨིན་རང་ཐོག་སྨིན་རན་ཁར། རྗེས་ནས་འགྱོད་པ་སྐྱེས་པ་ནི་ཕྱི་སོང་ནི་རེད། འཇིགས་རུང་གི་མུན་པ་ནག་པོས་སྔོན་ནས་བསུ། ལས་ཀྱི་རླུང་དམར་དྲག་པོས་རྒྱབ་ནས་དེད་དེ། འཇིགས་པའི་སྒྲ་བཞི། ཡ་ང་བའི་གཅོང་རོང་གསུམ་ལ་སོགས་པའི་སྣང་བ་ཤར་ནས་གཤིན་རྗེའི་ལས་མཁན་རྣམས་ཀྱིས་རྒྱོབ་སོད་ཀྱི་སྒྲ་སྒྲོགས་སར་ཐུག་དུས། རྗེས་ནས་འབོད་པར་བྱས་ཀྱང་སྐྱབས་གནས་སུ་ལ་རེ་དགོས་ཤེས་དཀའ་ས་ལ་ཐུག་སོང་བ་ཡིན་ཏེ། ཇི་སྐད་དུ། ལྷ་གཡག་བཞིན་དུ་ཞོལ་ཞོལ་འགྱིངས་པའི། །མི་ལུས་གཡག་སེམས་སྣང་བ་མཐོ་སྟེ། །འཆི་བདག་བདུད་པོས་ཐིབས་ཀྱིས་ནོན་ཚེ། །མཆི་མ་ཙ་རེ་ཡི་མུག་སྐྱེའོ། །ཞེས་གསུངས་པའི་སར་ཐོན་ནི་རེད། དེས་ན་ད་ལྟ་རང་དབང་རང་ལག་ལ་ཡོད། སྒོ་གསུམ་ལས་སུ་རུང་བའི་རང་ཚུགས་ཐུབ་དུས། ཕྱིས་སུ་འགྱོད་པ་མེད་པའི་ཐབས་ལ་འབད་རྒྱུ་བོ་རང་དྲིན་རང་ལ་ཆེ་བ་ཡིན། དཔལ་སྤྲུལ་རིན་པོ་ཆེས། རང་སེམས་རང་ལ་མི་དཀར་ཐབས་མེད་ཀྱི། །རང་བློ་རང་ལ་མི་དྲང་མི་སྲིད་ཀྱི། །རང་དོན་སྙིང་པོའི་ལྷ་ཆོས་མ་འགྲུབ་ན། །རང་སྲིད་རང་གིས་བརླག་པ་མ་ཡིན་ནམ། །ཞེས་དང་། མི་རྟག་སྡུག་བསྔལ་གྲོང་ཁྱེར་འཁོར་བ་ཡི་གནས་རིས། །ཕྱི་ནང་གང་ལ་བསམས་ཀྱང་སྐྱོ་ཤས་ཀྱི་སྣོན་མར། །སྡུག་བསྔལ་ཟད་མཐའ་མེད་པའི་སྣང་ཚུལ་འདི་མཐོང་ནས། སེམས་ཡོད་སྐལ་བཟང་ཡོད་ན་ཐར་ལམ་ལ་སྙོགས་རན། །ཞེས་གསུངས་པ་ལྟར། མི་རྟག་འཆི་བ་སྙིང་ནས་དྲན། ལོང་མེད་བརྩོན་པའི་གོ་ཆ་རང་གིས་བགོས་ནས། ཉམས་ལེན་ཉིན་མཚན་ཁ་སྦྱོར་དུ་འབད་ན་སྐྱིད་པའི་ཉི་མ་རྒྱབ་ནས་འཆར་རྒྱུ་ཡོད་རེད། དེ་ཉིད་ཀྱིས། མི་རྟག་སྒྱུ་མའི་ལུས་ཀྱིས་ཡུན་རིང་དུ་འདོར་ཚེ། །སྐྱེ་འཆིའི་སྣང་བ་སྒྱུ་མའི་སྣང་ཚུལ་དུ་ཤེས་ནས། །འཆི་མེད་ཆོས་སྐུའི་འོད་གསལ་མ་བུ་རུ་འཕྲོད་པའི། །འཆི་མེད་དགོངས་པ་སྟོན་ཅིག་དྲིན་ཅན་གྱི་བླ་མ། །ཞེས་གསུངས་པ་ལྟར་རོ། །མདོར་ན་ཆོས་ཞུ་བའི་སྐབས་སམ། རང་གི་སྒྲུབ་པ་ཉམས་ལེན་བྱེད་པའི་སྐབས་ཡིན་ཡང་རུང་། དུས་དང་རྣམ་པ་ཀུན་ཏུ་བློ་གཏད་ལིངས་སྐྱུར་བླ་མ་དཀོན་མཆོག་ལ་བྱེད་རྒྱུ་གནད་ཆེན་པོ་ཡིན། ཨོ་རྒྱན་ཆེན་པོས་ཀྱང་། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །བློ་ཐེ་ཚོམ་དང་བྲལ་ན་བསམ་དོན་འགྲུབ། །ཅེས་གསུངས་པ་ལྟར་སྐུ་གསུམ་ཀུན་འདུས་ཀྱི་ངོ་བོ། རྩ་གསུམ་ཀུན་འདུས་ཀྱི་ངོ་བོ། སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་དེ་སུ་ཡིན་ན་རྩ་བའི་བླ་མ་དེ་ཉིད་ཡིན་པ་རེད། བླ་མའི་ཐུགས་རིག་པའི་ཡེ་ཤེས་སྣང་སྟོང་དབྱེར་མེད་པའི་བདག་ཉིད་ཅན་དེ་ཡེ་སངས་རྒྱས་པའི་ཡེ་ཤེས་ཡིན་ན། ཆོས་ལོངས་སྤྲུལ་སྐུའི་བདག་ཉིད་ཅན་གྱི། སངས་རྒྱས་སྐུ་གསུམ་པོ་འདི་ལ་འདུས་པ་ཡིན། བླ་མའི་ཐུགས་རྒྱུད་ན་བཞུགས་པའི་ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་དེ་ཉིད་དམ་པའི་ཆོས་ཡིན། ཇི་ལྟར་ཡིན་ན་ཐོས་བསམ་གཉིས་ཀ་ལུང་གི་ཆོས། སྒོམ་པ་རྟོགས་པའི་ཆོས་ཡིན། བླ་མའི་ཐུགས་ཡེ་ཤེས་ཆེན་པོ་དང་། ཐུགས་རྒྱུད་ཀྱི་ཡོན་ཏན་གཉིས་དབྱེར་མི་ཕྱེད་པའི་བདག་ཉིད་ཅན་དེ་ཚོགས་རྣམས་ཀྱི་མཆོག་དགེ་འདུན་ཡིན། བླ་མ་དང་སངས་རྒྱས་གཉིས་སྣང་ཚུལ་མིང་དོན་ཐ་དད་པ་ཙམ་གྱིས་དོན་ལ་གཞན་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ལྔ་བརྒྱའི་ཐ་མ་གྱུར་བའི་ཚེ། །ང་ཉིད་དགེ་བའི་བཤེས་སྤྲུལ་ནས། ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་གསུངས་པས་བླ་མ་དང་སངས་རྒྱས་གཉིས་གནས་སྐབས་གདུལ་བྱ་ལ་སྣང་ཚུལ་ཙམ་གྱི་ཁྱད་པར་ཙམ་ལས་ངོ་བོ་དབྱེར་མེད་གཅིག་ཡིན་ཏེ། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱང་། །ཆོས་སྐུའི་ཀློང་ན་ཐ་མི་དད། །ཇི་སྙེད་བླ་མ་ཐམས་ཅད་ཀྱང་། །སྤྲུལ་གཞིའི་ཀློང་ན་ཐ་མི་དད། །ཅེས་དང་། ཚེས་ཀྱི་དབང་གིས་ཟླ་བ་གཅིག །ཡང་ཡང་ཆེ་ཆུང་སྣ་ཚོགས་ཤར། །གདུལ་བྱའི་དབང་གིས་བླ་མ་གཅིག ཡང་ཡང་རྣམ་རོལ་དུ་མ་བྱོན། །ཞེས་གསུངས་པ་ལྟར་དཔེར་ན་ཚེས་གསུམ་གྱི་ཟླ་བ་དང་ཚེས་བཅོ་ལྔའི་ཟླ་བ་ལྟ་བུ་སྣང་ཚུལ་གྱི་ཁྱད་པར་ཙམ་ལས་དོན་ལ་དབྱེ་བ་མེད་པ་ལྟར་རེད། དེས་ན་གསང་སྔགས་ཀྱི་ཆོས་འཆད་ཉན་བྱེད་པའི་སྐབས་འདིར་ཐེག་ཆེན་ལམ་གྱི་རྩ་བ་དམ་པ་གསུམ་དང་ཉམས་ལེན་གནད་ཀྱི་གཞུང་ཤིང་བླ་མར་བཅོས་མིན་གྱི་མོས་གུས་ནམ་ཡང་འབྲལ་མི་རུང་བའི་གསལ་འདེབས་ཞུ་བ་དང་བཅས་ཏེ། སྐབས་འདིར་གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི། ལས་རྒྱུ་འབྲས་བཤད་པའི་སྐབས་ལས།

༡༽ ཐམས་ཅད་ལས་ཀྱི་རང་བཞིན་དུ་བསྟན་པའི་ནང་ཚན།

ཐམས་ཅད་ལས་ཀྱི་རང་བཞིན་བསྟན་པའི་སྐབས་ནས་འགའ་ཞིག་སོང་སྟེ་དེ་རིང་ནི། གཞུང་དངོས་ལས། གཞན་ཡང་སོར་བྱང་སྔགས་གསུམ་གྱི་སྡོམ་པ་བླངས་ནས་དེའི་བསླབ་པའི་གནས་ཕྲ་མོ་ཙམ་ལ་འགལ་ན་ཡང་དེའི་འབྲས་བུ་ཉེས་པ་ཆེན་པོ་འབྱིན་པ་ཡིན་ཏེ། སྔོན་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཅེས་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་ལོས་སྒྱུར་བའི་རྒྱལ་པོའི་གཟུགས་ཀྱིས་ཆོས་གྲྭའི་ནང་ཆོས་ཞུ་རུ་འོངས་པ་ན། བཅོམ་ལྡན་འདས་ཀྱི་ཞལ་ནས། ཨེ་ལའི་འདབ་ཁྱེད་ཀྱིས་སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རྨ་འབྱིན་པར་མ་ཟད། ད་ལྟ་ངའི་བསྟན་པ་ལའང་རྨ་འབྱིན་པར་བྱེད་དམ། རང་གི་གཟུགས་དངོས་ཀྱིས་ཆོས་ཉོན་གསུངས་པས། བདག་ལ་གནོད་པར་བྱེད་པ་མང་བས་རང་གཟུགས་ཀྱིས་འོང་མི་ནུས་པར་འདུག་ཟེར་བ་ལ། ལག་ན་རྡོ་རྗེ་ལ་སྲུང་དུ་བཅུག་པས། ཁོ་རང་གི་རང་གཟུགས་དངོས་ནི་སྦྲུལ་ཆེན་པོ་ལུས་དཔག་ཚད་མང་པོ་ཁྱབ་པ་ཞིག་གི་མགོར་ཤིང་ཨེ་ལའི་འདབ་ཀྱི་སྡོང་པོ་ཆེན་པོ་སྐྱེས་པའི་ལྕིད་ཀྱིས་ནོན་ཞིང་རྩ་བ་འབུས་གཡེང་བས་སྡུག་བསྔལ་ཆེན་པོ་མྱོང་བ་ཞིག་བྱས་ནས་བྱུང་བ། འཁོར་རྣམས་ཀྱིས་དེའི་རྒྱུ་མཚན་ཞུས་པས། ཁོ་སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཞུགས་ནས་བསྙེན་པར་རྫོགས་པའི་དགེ་སློང་ཡིན་པ་ལ། ཉིན་ཅིག་ལམ་ཁ་ཞིག་ཏུ་ཤིང་ཨེ་ལའི་འདབ་ཀྱི་སྡོང་པོ་ཆེན་པོ་སྐྱེས་པ་ཞིག་ལ་ཆོས་གོས་ཐོགས་པ་ཁོ་ཤིན་ཏུ་ཁྲོས་ཏེ་བསླབ་པ་ལ་ཇི་མི་སྙམ་པར་ཁྱད་དུ་བསད་ནས། ཤིང་དེ་བཅད་པས་དེའི་ཉེས་པ་ཡིན་པས་གསུངས། དེ་ནི་གཅིག་ཏུ་དགེ་སློང་གི་སྐྱེ་བ་གཅོད་མི་རུང་བ་དང་འགལ། གཉིས་སུ་ཁོང་ཁྲོ་སྐྱེས་ནས་བསླབ་པ་ཁྱད་དུ་བསད་པས་བྱུང་བ་ཡིན། དེ་ལྟ་བུའི་གཅིག་ཏུ་དཀར་བ་དགེ་བ་དང་གཅིག་ཏུ་གནག་པ་སྡིག་པའི་ལས་དེ་དག་ཐམས་ཅད་ཀྱང་ལས་དཀར་ནག་ཏུ་བྱེད་པ་དང་། ལྕི་ཡང་དུ་བྱེད་པ་ཐམས་ཅད་ཀྱང་བསམ་པའི་ཀུན་སློང་ཁོ་ན་གཙོ་ཆེ་སྟེ། དཔེར་ན་ཤིང་སྡོང་པོ་ཆེན་པོ་ཞིག་གི་རྩ་བ་སྨན་ཡིན་ན། དེའི་སྡོང་པོ་དང་ཡལ་ག་དང་ལོ་མ་ཡང་སྨན་ཡིན་ལ། རྩ་བ་དུག་ཡིན་ན་ལོ་མ་དང་སྡོང་པོ་ཡང་དུག་ཡིན་གྱི། དུག་ཤིང་གི་རྩ་བ་ལ་སྨན་གྱི་ལོ་མ་སོགས་སྐྱེ་མི་སྲིད་པ་བཞིན་དུ། བསམ་པའི་ཀུན་སློང་ཉོན་མོངས་པ་ཆགས་སྡང་གིས་བསྐྱེད་ཅིང་བསམ་པ་རྣམ་པར་མ་དག་ན། ལས་དགེ་བ་ལྟར་སྣང་བ་ཞིག་བྱས་ཀྱང་བསམ་པ་རྣམ་པར་མ་དག་པའི་དབང་གིས་དོན་དུ་མི་དགེ་བ་འགྱུར་ཞིང་བསམ་པ་རྣམ་པར་དག་ན་ལྟར་སྣང་ལ་མི་དགེ་བ་ལྟ་བུ་ཞིག་བྱས་ཀྱང་དོན་དུ་བསམ་པའི་བྱེ་བྲག་གིས་དགེ་བ་ཡིན་ཏེ། ཡོན་ཏན་མཛོད་ལས། རྩ་བ་སྨན་དུ་མཆིས་ན་མྱུ་གུའང་སྨན། །རྩ་བ་དུག་ཡིན་མྱུ་གུ་སྨོས་ཅི་དགོས། །བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་གསུངས། དེས་ན་རང་འདོད་ཀྱི་འཁྲིས་རྩ་བ་ནས་མེད་ཅིང་བསམ་པ་རྣམ་པར་དག་ན། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་ལུས་ངག་གི་མི་དགེ་བདུན་པོ་དངོས་སུ་གནང་བའི་སྐབས་ཡོད་དེ། དཔེར་ན་དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅན་བསད་པ་དང་། བྲམ་ཟེའི་ཁྱེའུ་སྐར་མས་བྲམ་ཟེའི་བུ་མོ་ལ་མི་ཚངས་པར་སྤྱོད་པ་ལྟ་བུ་ཡིན། དེ་ཡང་སྔོན་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་དེད་དཔོན་སྙིང་རྗེ་ཆེན་པོར་སྐུ་སྐྱེ་བ་བཞེས་སྐབས་ཚོང་པ་ལྔ་བརྒྱ་དང་བཅས་ཏེ་རྒྱ་མཚོ་ཆེན་པོར་ནོར་བུ་ལེན་དུ་ཕྱིན་པའི་ལམ་དུ་མི་ནག་མདུང་ཐུང་ཅན་བྱ་བའི་ཆོམ་རྐུན་གདུག་པ་ཅན་ཞིག་ཚོང་པ་ལྔ་བརྒྱ་གསོད་དུ་བྱུང་བས་ན། ཁོང་གི་ཐུགས་དགོངས་ལ་ཚོང་པ་ལྔ་བརྒྱ་པོ་འདི་དག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་ཡིན་པས་འདི་དག་ཐམས་ཅད་མི་གཅིག་གིས་བསད་སོང་ན་གསོད་མཁན་གྱི་མི་དེ་བསྐལ་པ་དཔག་ཏུ་མེད་པའི་བར་དམྱལ་བར་གནས་དགོས་པར་འགྱུར་བས་སྙིང་རེ་རྗེ། དེ་བས་ངས་འདི་བསད་པར་བྱས་ན་འདི་དམྱལ་བར་མི་འགྲོ་བར་འདུག་པས་ང་རང་དམྱལ་བར་སོང་ཡང་ཐབས་མེད་སྙམ་དུ་བདག་བས་གཞན་གཅེས་ཀྱི་བློ་སྟོབས་ཆེན་པོས་དགོངས་ནས་ཆོམ་རྐུན་པ་མི་ནག་མདུང་ཐུང་ཅན་དེ་བསད་པས་ཉེས་པ་མ་བྱུང་བ་མ་ཟད་བསྐལ་པ་བདུན་ཁྲིའི་ཚོགས་དུས་གཅིག་ལ་རྫོགས་པ་ཡིན། དེ་ཡང་ལྟར་སྣང་ལ་མི་དགེ་བ་ཡིན་ཏེ་ཁོང་བྱང་ཆུབ་སེམས་དཔའ་ཞིག་གིས་དངོས་སུ་མི་ཞིག་བསད་པ་ཡིན། དོན་དུ་དགེ་བ་ཡིན་ཏེ་ཁོང་ལ་རང་འདོད་ཀྱི་འཁྲིས་མེད་ཅིང་འཕྲལ་དུ་ཚོང་པ་ལྔ་བརྒྱའི་སྲོག་བསྐྱབས་པ་དང་། ཕུགས་སུ་མི་ནག་མདུང་ཐུང་ཅན་དམྱལ་བའི་སྡུག་བསྔལ་ལས་བསྐྱབས་པས་དགེ་བ་རླབས་པོ་ཆེར་གྱུར་བ་ཡིན། དེ་བཞིན་དུ་བྲམ་ཟེའི་ཁྱེའུ་སྐར་མ་ལ་དགའ་བས་ལོ་གྲངས་མང་པོར་ནགས་སུ་ཚངས་པར་སྤྱད་ནས་ཚུལ་ཁྲིམས་བསྲུང་ནས་བཞུགས། གྲོང་དུ་བསོད་སྙོམས་ལ་བྱོན་སྐབས་བྲམ་ཟེའི་བུ་མོ་ཞིག་ཁོང་ལ་ཆགས་ནས་འཆི་བར་རྩོམ་པ་དེ་ལ་སྙིང་རྗེ་སྐྱེས་ཏེ་ཁྱིམ་ཐབས་བྱས་པས་དེ་ལ་ཡང་ཉེས་པ་མ་བྱུང་བར་མ་ཟད་བསྐལ་པ་བཞི་ཁྲིའི་ཚོགས་རྫོགས་པ་ཡིན། དེས་ན་སྲོག་གཅོད་པ་དང་མི་ཚངས་པར་སྤྱོད་པ་ཡང་བྱང་ཆུབ་སེམས་དཔའ་དེ་དང་དེ་ལྟ་བུ་གཞན་དོན་རླབས་ཆེན་སྤྱོད་པ་ལ་གནང་བ་ཡིན་གྱི། རང་འདོད་ཀྱི་སྒོ་ནས་ཆགས་སྡང་རྨོངས་གསུམ་གྱིས་ཀུན་ནས་བསླངས་ཏེ་མི་དགེ་བར་སྤྱོད་པ་ནི་སུ་ལ་ཡང་གནང་བ་མེད། མ་བྱིན་པར་ལེན་པ་ཡང་ཕྱུག་པོ་སེར་སྣ་ཅན་གྱི་ལོངས་སྤྱོད་ལས་བརྐུ་བ་སོགས་བྱས་ནས། བདག་པོ་དེ་ཉིད་ཀྱི་ཆེད་དུ་དཀོན་མཆོག་མཆོད་པ་དང་། ངན་སློང་ལ་སྦྱིན་པ་གཏོང་བ་སོགས་བྱེད་པའི་བྱང་ཆུབ་སེམས་དཔའ་བློ་སྟོབས་ཆེན་པོ་རང་འདོད་རྩ་བ་ནས་མེད་པ་ལ་གནང་བ་ཡིན། རྫུན་དུ་སྨྲ་བ་ཡང་གསོད་པ་ལ་ཐུག་པའི་སེམས་ཅན་གྱི་སྲོག་བསྲུང་བའི་ཆེད་དང་། དཀོན་མཆོག་གི་དཀོར་དཔེར་ན་ཕྱོགས་བཅུ་དགེ་འདུན་གྱི་དཀོར་བསྲུང་བ་ལ་སོགས་པའི་ཆེད་དུ་གནང་བ་ཡིན་གྱི། རང་འདོད་ཀྱི་སྒོ་ནས་གཞན་བསླུ་བའི་ཆེད་དུ་རྫུན་བཤད་པ་ནམ་ཡང་གནང་བ་མིན། ཕྲ་མ་ནི་དཔེར་ན་དགེ་བ་བྱེད་པའི་མི་ཞིག་དང་སྡིག་པ་ལ་དགའ་བའི་མི་ཞིག་གཉིས་གྲོགས་མཐུན་པོ་ཡོད་པ་ལ། སྡིག་པ་བྱེད་པའི་མི་དེ་དབང་ཆེ་བས་དགེ་བ་བྱེད་པའི་མི་དེ་སྡིག་པའི་ལམ་དུ་སྒྱུར་གྱིས་དོགས་ན། དེ་གཉིས་ལ་ཕན་པ་དབྱེན་བྱེད་པ་ལྟ་བུའི་ཆེད་དུ་ཕྲ་མ་ཡང་གནང་བ་ཡིན་གྱི། རང་བཞིན་དུ་མཐུན་གཉིས་འབྱེད་པ་ལ་གནང་བ་མིན། ཚིག་རྩུབ་པོ་ཡང་འཇམ་པོས་འདུལ་མི་ནུས་པའི་རིགས་བཙན་ཐབས་ཀྱིས་ཆོས་ལ་གཟུད་པའི་ཕྱིར་དང་། གདམས་ངག་བརྗོད་པས་སློབ་མའི་མཚང་ལ་རྒོལ་བ་སོགས་ཀྱི་ཆེད་དུ་གནང་སྟེ། ཇོ་བོས། རྣག་ཡོད་སར་མཛུབ་མོ་བཙུགས་པའི་དཔེ་ལྟར་བླ་མའི་མཆོག་མཚང་ལ་རྒོལ་བ་ཡིན། གདམས་ངག་གི་མཆོག་གནད་ལ་ཁེལ་བའི་མེ་བཙའ་ལྟ་བུ་བཞག་ནས་མཚང་ཐོག་ཏུ་འབེབས་པ་ཡིན། ཞེས་པ་ལྟ་བུ་ཡིན་གྱི་ཕ་རོལ་པོ་ཁྱད་དུ་གསོད་པའམ་དམའ་འབེབས་པའི་ཚིག་རྩུབ་མོ་ནི་ནམ་ཡང་གནང་བ་མིན། ངག་འཁྱལ་ཡང་། གཏམ་ལ་དགའ་བའི་མི་ཁ་ཅིག་སྨྲ་བ་བཅད་དེ་ཆོས་ལ་འཇུག་མི་ནུས་པ་ལ་ཐབས་ཀྱིས་བྲིད་དེ་ཁོའི་བློ་དང་འཚམས་པའི་ཆོས་སྒོར་གཞུག་པའི་ཆེད་དུ་ཁོང་ཚོ་ལ་དགའ་བའི་གཏམ་གྱིས་རིམ་གྱིས་ཁྲིད་པའི་ཆེད་དུ་ངག་འཁྱལ་གནང་བ་ཡིན་གྱི། རང་གཞན་རྣམ་པར་གཡེང་བའི་རྒྱུ་རུ་ངག་འཁྱལ་བཤད་པ་ནི་ནམ་ཡང་སུ་ལའང་གནང་བ་མིན། ཡིད་ཀྱི་ཉེས་པ་གསུམ་པོ་ནི། ཀུན་སློང་དགེ་བར་བསྒྱུར་དུ་མེད་ཅིང་རྣམ་རྟོག་ངན་པ་གཅིག་སྐྱེས་ནས་མི་དགེ་བར་འགྱུར་བས་དུས་ནམ་དུ་ཡང་གང་ཟག་མཆོག་ཕལ་སུ་ལ་ཡང་གནང་བ་མེད་དོ། །དེ་ལྟ་བུའི་ལས་ཐམས་ཅད་ཀྱི་རང་བཞིན་ནི་རྟེན་འབྲེལ་ཡིན་ཏེ། རྒྱུ་ལས་དགེ་སྡིག་དེ་དག་ལ་བརྟེན་ནས་འབྲས་བུ་བདེ་སྡུག་འབྲེལ་བར་འབྱུང་བས་ན་རྟེན་འབྲེལ་ཡིན་ཏེ། ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར། དཔེར་ན་རྒྱུ་དཔྱིད་ཀྱི་ས་བོན་འདེབས་རྒྱུ་མེད་ན་འབྲས་བུ་སྟོན་ཐོག་གི་ནས་མི་འབྱུང་བ་བཞིན་དུ། རྒྱུ་ལོག་ལྟ་དང་ཞེ་སྡང་སོགས་ཉོན་མོངས་པ་མེད་ན་འབྲས་བུ་སྡུག་བསྔལ་བ་འོང་མི་སྲིད། རྒྱུ་དགེ་བཅུ་ལྟ་བུ་མ་བསྒྲུབས་ན། འབྲས་བུ་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་མི་སྲིད། དེས་ན་རྒྱུ་དེ་དག་ཡོད་པ་ལ་བརྟེན་ནས་འབྲས་བུ་འབྱུང་བ་དེ་རྟེན་འབྲེལ་རེད། དེ་བཞིན་དུ་རྒྱུ་བྱང་ཆུབ་གསུམ་གྱི་ལམ་སྒྲུབ་པ་ལ་བརྟེན་ནས་འབྲས་བུ་བྱང་ཆུབ་གསུམ་གྱི་གོ་འཕང་ཐོབ་པ་དེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པ་རེད། དེ་ཐམས་ཅད་ལ་བདེན་འཛིན་གྱི་འཛིན་སྟངས་ལྟར་བདེན་པར་གྲུབ་པ་གལ་ཏེ་ཡིན་ན། བདེན་གྲུབ་ལ་རྟེན་འབྲེལ་གྱི་བྱ་བྱེད་རུང་བ་མ་ཡིན། དེས་ན་ལས་བདེན་པར་མ་གྲུབ་པས་འབྲས་བུ་བསླུ་མེད་འབྱུང་བ་ནི། ཀླུ་སྒྲུབ་ཀྱིས། གོང་གི་འཕྲོས། དེ་ཕྱིར་སྟོང་ཉིད་མ་ཡིན་པའི་། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པས་རྒྱུ་ནས་ལྟ་བུ་དེ་བདེན་པར་གྲུབ་པ། རང་གི་ངོ་བོས་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞིག་ཡིན་ན། སྟོན་ལོ་ཏོག་བསྐྱེད་པའི་བྱ་བ་བྱེད་མི་རུང་ཡང་། རྒྱུ་ནས་དེ་བདེན་པར་གྲུབ་པ་མ་ཡིན་པས་འབྲས་བུ་བསྐྱེད་པའི་བྱ་བ་བྱེད་རུང་བ་ཡིན་ཏེ། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་གསུངས་པ་ལྟར། རྒྱུ་ནས་ཞིག་ནས་འབྲས་བུ་མྱུ་གུ་བསྐྱེད། མྱུ་གུས་ནི་ལྗང་བུ་སོགས་རིམ་གྱིས་བསྐྱེད་པས་རྒྱུ་རྟག་པ་ཚུགས་ཐུབ་ཞིག་ཡོད་པ་མ་རེད། རྒྱུར་མ་ཟད་སྟོན་གྱི་འབྲས་བུ་དེ་ཡང་བདེན་པར་གྲུབ་པ། རང་གི་ངོ་བོས་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞིག་ཡིན་ན་རྒྱུ་ལ་ལྟོས་མི་དགོས་པར་འབྲས་བུ་རང་ཚུགས་ཐུབ་པ་ཞིག་ཡིན་ན་རྒྱུ་ལ་ལྟོས་མི་དགོས་པས། དེ་ལྟར་ན་གཞོམ་གཞིག་ཐམས་ཅད་བྲལ་བར་འབྱུང་བས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་སུ་མི་རུང་ངོ་། །དེ་བཞིན་དུ་ལོག་ལྟ་སོགས་ཉོན་མོངས་པ་རྣམས་ཀྱང་རང་གི་ངོ་བོས་གྲུབ་པ་སོགས་རྟག་པ་ཚུགས་ཐུབ་ཅིག་ཡིན་ན། ཡུལ་ལ་ལྟོས་མི་དགོས་པར་འགྱུར་བ་དང་། རྣམ་རྟོག་གཞན་གྱིས་བར་ཆོད་མི་རུང་བ་དང་། འབྲས་བུ་སྡུག་བསྔལ་བསྐྱེད་མི་རུང་བའི་སྐྱོན་དུ་འགྱུར་ཡང་། དེ་ལྟ་བུ་ཞིག་མ་ཡིན་པར་སྣང་ལ་རང་བཞིན་མེད་པ་དོན་དམ་དཔྱོད་པའི་རིགས་ངོ་ན་ལོག་ལྟ་ལ་སོགས་པའི་མི་དགེ་བའི་ལས་དེ་དག་ཐམས་ཅད་ཀྱང་རང་གི་ངོ་བོ་ཉིད་ཀྱིས་མ་སྐྱེས་པས་ལས་སྟོང་པའོ། །ཞེས་དང་། སྟོང་ཉིད་ཅི་ཡང་མ་ཡིན་པའི་རྩལ་ལས་རྟེན་འབྱུང་འགགས་པ་མེད་པའི་རང་བཞིན་དུ་ཤར་བས་སྟོང་པ་ཉིད་ལས་སོ། །དེ་ལྟར་སྟོང་དང་རྟེན་འབྱུང་དབྱེ་བསལ་མེད་པར་སྣང་བས་ཡོད་མཐའ་སེལ་ཞིང་། སྟོང་པས་མེད་མཐའ་སེལ་བའི་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ་དེ་ནི་སྟོང་པ་ཉིད་ལས་ལས་གཞན་མ་ཡིན། ལས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ་ཞེས་པའི་སྟོང་ཉིད་བཞི་སྦྱོར་གྱི་རིགས་པས་དཔྱད་པར་བྱའོ། །གལ་ཏེ་དེ་ལྟར་མ་ཡིན་པ་རྒྱུ་དད་དང་ངེས་འབྱུང་སོགས་བྱང་ཆུབ་གསུམ་གྱི་ལམ་དེ་ཡང་བདེན་པར་གྲུབ་པ། རང་གི་ངོ་བོས་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞིག་ཡིན་ན། ཡུལ་ལ་ལྟོས་མི་དགོས་པ་དང་། དེ་ལ་གཞན་གྱིས་བར་ཆད་ཀྱང་མེད་པ་དང་། དེས་འབྲས་བུ་བྱང་ཆུབ་བསྐྱེད་པའི་བྱ་བ་བྱེད་མི་རུང་བ་ཞིག་ཡིན་དགོས། འབྲས་བུ་བྱང་ཆུབ་གསུམ་གྱི་གོ་འཕང་དེ་ཡང་བདེན་པར་གྲུབ་པ་སོགས་ཡིན་ན། རྒྱུ་བསྒྲུབས་ཀྱང་འབྲས་བུ་བསྐྱེད་མི་རུང་ངོ་། །དེ་ལ་མཐའ་གཉིས་སེལ་ཚུལ་ནི། རྒྱུ་འབྲས་བུ་ལ་འཕོ་བ་མེད་ཅིང་སྐྱེ་བ་མེད་པས་རྟག་པའི་མཐའ་དང་བྲལ། རྒྱུ་སྔོན་དུ་སོང་བ་ལ་བརྟེན་ནས། འབྲས་བུ་འགགས་པ་མེད་པས་ཆད་པའི་མཐའ་དང་བྲལ་བ་སྟེ་ཐམས་ཅད་སྟོང་པ་དང་སྟོང་པ་རྟེན་འབྱུང་དང་སྟོང་རྟེན་འབྱུང་དབྱེ་བསལ་མེད་པར་བསྒྲུབ་དགོས་སོ། །དེ་ལྟར་ལས་དགེ་བ་དང་མི་དགེ་བའི་བྱེད་པོ་ནི་སེམས་ཁོ་ན་ཡིན་ཞིང་སེམས་ཀྱིས་དྲན་ནས་ལུས་ངག་གི་སྒོར་མ་ཐོན་ཡང་། སེམས་ཀྱི་རྣམ་རྟོག་དགེ་བ་དང་མི་དགེ་བའི་དབང་གིས་འབྲས་བུ་ཆེན་པོ་འབྱིན་པ་ཡང་དུ་མ་ཡོད་པ་ཡིན་པས་ན། དུས་རྟག་ཏུ་རང་གི་སེམས་ལ་བརྟགས་ནས་སེམས་དགེ་བར་འདུག་ན་དགའ་བ་བསྒོམ་ཞིང་མུ་མཐུད་དེ་དགེ་བ་དེ་ཉིད་གོང་འཕེལ་དུ་བྱ་བའི་ཐབས་ལ་བརྩོན། རང་ཉིད་ཀྱི་སེམས་དེ་མི་དགེ་བར་འདུག་ན་དུས་ཡུན་རིང་པོ་མི་འགོར་བར་འཕྲལ་དུ་བཤགས་པ་བྱ་ཞིང་། ང་རེ་ངན་ཆོས་དེ་ཙམ་ཐོས་ཀྱང་ད་དུང་ཡང་རྣམ་རྟོག་དེ་ལྟ་བུ་སྐྱེ་བ་ངོ་རེ་ཚ། ད་ཕྱིན་ཆད་དེ་ལྟ་བུའི་ཀུན་རྟོག་རྒྱུད་ལ་མི་འཆར་བ་ཞིག་གི་ཆེད་དུ་འབད་པར་བྱ་དགོས་སྙམ་དུ་བསམ། ལུས་ངག་གིས་དགེ་བའི་ལས་ཤིག་བསྒྲུབ་པའི་དུས་ན་ཡང་དང་པོ་རང་གི་ཀུན་སློང་ལ་ལེགས་པར་བརྟགས་ཏེ། རང་འདོད་མ་ཡིན་པའི་ཀུན་སློང་དགེ་བར་འདུག་ན་དགེ་བ་དེ་སྒྲུབ། ཀུན་སློང་གཞན་ལ་འགྲན་སེམས་དང་ཚུལ་འཆོས་དང་གྲགས་འདོད་ལ་སོགས་པ་འདུག་ན་ཀུན་སློང་ནན་ཏན་གྱིས་བཅོས་ནས་བྱང་ཆུབ་སེམས་ཀྱིས་ཟིན་པར་བྱ། བྱང་ཆུབ་ཀྱི་སེམས་ཟེར་བ་ནི་གོ་སླ་བར་བཤད་ན་གཞན་ཕན་དོན་གཉེར་དང་རྫོགས་བྱང་དོན་གཉེར་ལ་བཅོས་མིན་གྱི་མྱོང་བ་ཐོན་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཞིག་རེད། ཅིས་ཀྱང་ཀུན་སློང་བཟང་པོའི་ཕྱོགས་སུ་བསྒྱུར་དུ་མ་བཏུབ་ན་དགེ་རྩ་བྱེད་པ་ལས་ཀྱང་དེ་མི་བྱེད་པར་གནས་སྐབས་བཤོལ་ན་ལེགས་ཏེ། སྔོན་དགེ་བཤེས་འབེན་ལ་ཡོན་བདག་མང་པོ་མཇལ་དུ་འོང་བ་ཡོད་པ་ལ། དེས་སྔ་དྲོ་རྟེན་གསུམ་རྣམས་ཀྱི་དྲུང་དུ་ཚུལ་འཆོས་ཀྱིས་ཚུལ་དུ་མཆོད་བཤམས་སོགས་ཤིན་ཏུ་བཀོད་ལེགས་པོ་ཞིག་བྱས། དེར་ཁོང་གིས་རང་གི་ཀུན་སློང་ལ་བརྟགས་པས་ཡོན་བདག་རྣམས་ཀྱི་མིག་སྔར་མཛེས་ཆོས་སུ་སོང་ནས། ཀུན་སློང་མ་དག་པར་འདུག་པས་རྟེན་དང་མཆོད་པ་རྣམས་ལ་ཐལ་བ་སྤར་གང་གཏོར་ནས། དགེ་སློང་རང་ཟག་ཟོག་སྟེ་ཚུལ་འཆོས་ཀྱི་ཨོ་ཟོབ། ཕྱི་ཚུལ་གྱི་མཛེས་འཆོས་གཙོ་བོ་བྱས་ནས་མི་སེམས་འགུག་ཐབས་མ་བྱེད་པར་བསྐྱུར་ནས་བཞུགས་ཤིག་གསུངས། དེའི་ཚུལ་ཕ་དམ་པས་གསན་ནས། བོད་ཀྱི་མཆོད་རྫས་ཤིག་ལ་འབན་གུང་རྒྱལ་གྱི་ཐལ་བ་སྤར་གང་པོ་དེ་བཟང་གསུངས་སྐད། དེས་ན་མཆོད་པ་ཕུལ་ནའང་ཆགས་ཞེན་དང་འགྲན་སེམས་དང་། ཚུལ་འཆོས་སོགས་ཀྱི་ཆེད་མ་ཡིན་པར་བསམ་པ་རྣམ་པར་དག་པ་ཞིག་ཡོད་དགོས། དེ་ལྟར་དུས་དང་རྣམ་པ་ཐམས་ཅད་དུ་རང་གིས་རང་གི་རྒྱུད་ལ་ལེགས་པར་བརྟགས་ན། སྒོ་གསུམ་གྱི་སྡིག་པའི་ལས་བྱེད་པ་དང་ཁྱད་པར་ཀུན་སློང་ངན་པ་སྐྱེས་པ་ན་འཕྲལ་དུ་ངོས་ཟིན་ནས་འཕྲལ་དུ་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་སྡོམ་བྱེད་པ་སོགས་ཀྱིས་རང་རྒྱུད་མི་དགེ་བ་དང་སྐད་ཅིག་ཀྱང་མི་འགྲོགས་པ་དེ་གལ་ཆེ་བ་ཡིན་གྱི། སོ་སོའི་སྐྱེ་བོའི་ས་འདིར་ཀུན་རྟོག་ངན་པའི་བསམ་སྦྱོར་གཏན་ནས་རྒྱུད་ལ་མི་སྐྱེ་བ་ནི་མི་འོང་སྟེ། ཡང་སྔོན་དགེ་བཤེས་འབན་ཡོན་བདག་ཅིག་གི་ཁྱིམ་དུ་བཞུགས་སྐབས་ཡོན་བདག་རྣམས་ཕྱི་རོལ་དུ་སོང་། ཁོང་གི་ཐུགས་དགོངས་ལ་ང་ལ་ཇ་མེད་པས་ད་གཟོད་རི་ཁྲོད་ཕྱིན་སྐབས་བསྐོལ་རྒྱུའི་ཇ་ཞིག་བརྐུ་དགོས་སྙམ་ནས་ཇ་ཁུག་ནང་ཕྱག་བརྒྱབ་འཕྲལ་དྲན་པས་ཟིན་ནས་ཡོན་བདག་རྣམས་ལ་བོས་ཏེ། ངས་འདི་ལྟར་བྱེད་ཀྱིན་འདུག་པས་འདིའི་ལག་པ་འདི་མཁྲིག་མ་ནས་ཆོད་ཅིག་གསུངས་སྐད། དེ་བཞིན་དུ་ཇོ་བོ་རྗེ་ལྷ་གཅིག་གི་ཞལ་ནས་ཀྱང་། ང་རང་སོ་སོར་ཐར་པའི་སྒོར་ཞུགས་ནས་འདུལ་བའི་བཅས་ཁྲིམས་ཉིས་བརྒྱ་ང་གསུམ་པོ་ལ་ཉེས་བྱས་ཕྲ་མོས་ཀྱང་མ་གོས། བྱང་སེམས་ཀྱི་བསླབ་བྱའི་ཐད་ལ་ཉེས་པ་རེ་རེ་གཉིས་གཉིས་བྱུང་། གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས་ཉེས་པ་ཅོ་ལེ་ཉོ་ལེ་སྟེ་མང་པོ་བྱུང་ཡང་ཉེས་ལྟུང་མི་བཤགས་པར་དེ་དང་མཉམ་དུ་འགྲོགས་ནས་ཞག་གཅིག་ཀྱང་སྡོད་མ་མྱོང་གསུངས། ལམ་དུ་བྱོན་པའི་བར་ལ་ཡང་ཀུན་རྟོག་ངན་པ་རེ་ཙམ་བྱུང་ཙ་ན་དེ་མ་ཐག་ས་ལ་བཞུགས་ཏེ་ཤིང་གི་མཎྜལ་ཞིག་ཡོད་པ་བླངས་ནས་འཕྲལ་འཕྲལ་བཤགས་སྡོམ་མཛད་ནི་རེད། དེ་བཞིན་འཕན་ཡུལ་རྒྱལ་དུ་དགེ་བཤེས་མང་པོ་ཚོགས་པའི་གྲལ་ལ་ཞོ་ཡི་གསོལ་སྟོན་ཞིག་བྱུང་བའི་ཚེ། དགེ་བཤེས་འབེན་གྲལ་སྐད་ཙམ་ན་བཞུགས་པ་ལ། གྲལ་གོང་མ་རྣམས་ལ་ཞོ་མང་དུ་དྲངས་པ་གཟིགས་པས། ཞོ་ལེགས་པོ་ཞིག་འདུག་སྟེ། ངའི་སྐལ་བ་རང་འདི་ནས་བཟང་པོ་མི་ཐོབ་པའམ་ཟད་པ་འདྲ་སྙམ་པ་ཞིག་བྱུང་བ་ལ། དེ་མ་ཐག་དྲན་པས་ཟིན་ནས་ཞོ་འཐུང་དད་ཅན་ཁྱོད་འདྲ་བ་དགོངས་ནས་ཕོར་པ་ཁ་སྦུབས་ནས་བཞག ཕྱག་བདེ་གསོལ་འདྲེན་པ་འོངས་ནས་ཞོ་གསོལ་བ་ཞུ་བྱས་པས། བློ་ཉེས་པོ་ཁོས་ད་ཅི་ནས་འཐུང་ཟིན་གྱིས་གསུངས་ནས་གསོལ་དུ་མ་འདོད། ཁོང་དགེ་སློང་རྣམ་དག་གི་སྟོན་སྐལ་མཉམ་པོར་འདོད་པ་ཙམ་ལ་མི་དགེ་བའི་ཆ་ཅི་ཡང་མེད་ཀྱང་། ཞོ་ལེགས་པ་དེ་ནས་ཐོབ་ཏུ་རེ་བའི་རང་འདོད་ཙམ་ལ་དགོངས་ནས་མ་གསོལ་བ་ཡིན། དེ་ལྟར་དུས་དང་རྣམ་པ་ཐམས་ཅད་དུ་རང་རྒྱུད་ལ་བརྟགས་ནས་དགེ་སྡིག་ལ་སྤང་བླང་བྱས་ན་རང་སེམས་རང་དབང་འདུས་ནས་བློ་ལས་སུ་རུང་ནས་རྒྱུད་དུས་ནམ་དུ་ཡང་དགེ་བ་འབའ་ཞིག་ཏུ་འགྱུར་བ་ཡིན་ཏེ། སྔོན་བྲམ་ཟེ་སྒྲ་མཁན་བྱ་བས་རྒྱུན་དུ་རང་གི་སེམས་ལ་བརྟགས་ནས་མི་དགེ་བའི་རྟོག་པ་རེ་སྐྱེས་ཙ་ན་རྡེའུ་ནག་པོ་རེ་བཞག དགེ་བའི་རྟོག་པ་རེ་སྐྱེས་ཙ་ན་རྡེའུ་དཀར་པོ་རེ་བཞག་པས་དང་པོ་ནག་པོ་རྐྱང་པ་བྱུང་། མི་དགེ་བའི་རྟོག་པ་ལ་རང་རང་གི་གཉེན་པོ་ཤུགས་ཆེན་བསྐྱེད་དེ་འབད་ནས་སྤང་བླང་བྱས་པས། བར་དུ་དཀར་ནག་ཕྱེད་མ་ཙམ་བྱུང་། མཐར་དཀར་པོ་ཤ་སྟག་བྱུང་ནས་མི་དགེ་བའི་རྟོག་པ་མ་སྐྱེས་པ་ཡིན། དེ་ལྟར་དུས་དང་རྣམ་པར་ཐམས་ཅད་དུ་མི་བརྗེད་པའི་དྲན་པ་དང་། བག་ཡོད་པའི་ཤེས་བཞིན་གྱིས་སེམས་བཟུང་ནས་དགེ་བའི་གཉེན་པོ་བསྐྱེད་དེ། སྡིག་པའི་ལས་ཕྲ་མོ་ཙམ་གྱིས་ཀྱང་རང་རྒྱུད་ལ་མ་གོས་པར་བྱ་དགོས། ཚེ་འདིར་སྡིག་པའི་ལས་བསགས་པ་མེད་ཀྱང་འཁོར་བ་ཐོག་མ་མེད་པའི་དུས་ནས་བསགས་པའི་ལས་ཀྱི་མཐའ་མི་མངོན་ཞིང་། དེ་ལྟ་བུའི་མྱོང་འགྱུར་གྱི་ལས་ད་དུང་ལུས་པ་དག་ཀྱང་བསམ་གྱིས་མི་ཁྱབ་པ་ཡོད་ངེས་པ་ཡིན་པས། ད་ལྟ་ཚེ་འདིར་དགེ་བ་འབའ་ཞིག་བྱེད་པ་དང་། ཟབ་མོ་སྟོང་པ་ཉིད་ལ་གོམས་པར་བྱེད་པའི་གང་ཟག་རྣམས་ལ། ཕྱི་མ་ངན་སོང་ལ་སོགས་པར་སྐྱེ་འགྱུར་གྱི་ལས་བག་ལ་ཉལ་དུ་ཡོད་པ་གཉེན་པོའི་མཐུས་མངོན་དུ་བསླངས་ནས་ཚེ་འདིར་སྨིན་ཏེ་དེའི་འབྲས་བུ་སྡུག་བསྔལ་བ་ཡང་ཡོད་དེ། རྡོ་རྗེ་གཅོད་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཚེ་འདིར་མནར་ཞིང་རབ་ཏུ་མནར་བར་འགྱུར་ཏེ། དེ་ལྟར་ཚེ་འདིར་སྡུག་བསྔལ་བའི་བྱང་ཆུབ་སེམས་དཔའ་དེ་མ་འོངས་པ་ན་སྡུག་བསྔལ་མྱོང་བར་འགྱུར་བའི་ལས་ཚེ་འདིར་སྨིན་ནས་མ་འོངས་པ་ན་སྡུག་བསྔལ་མེད་པའོ། །ཞེས་གསུངས་། དེ་བཞིན་དུ་ཚེ་འདིར་སྡིག་པ་འབའ་ཞིག་བྱེད་པའང་། མར་མེ་གཟིམ་ཁར་གསལ་ཟེར་བ་ལྟར་སྔོན་བསགས་དགེ་བའི་ལས་ཀྱི་མྱོང་འགྱུར་ཕྲ་མོ་ཡོད་པ་འཕྲལ་དུ་སྨིན་ནས་དེ་ཟད་པ་ན་སྡུག་བསྔལ་འབའ་ཞིག་མྱོང་བའང་ཡོད་དེ། སྔོན་ཉི་འོག་གི་རྒྱལ་ཁམས་སུ་དང་པོ་ཞག་བདུན་རིན་པོ་ཆེའི་ཆར་བབས། དེ་ནས་རིམ་བཞིན་གོས་དང་འབྲུའི་ཆར་བབས་ཏེ། མཐར་སའི་ཆར་བབས་ནས་ཐམས་ཅད་ས་འོག་ཏུ་ནོན་ནས་ཤི་སྟེ་དམྱལ་བར་སྐྱེས་པ་ལྟ་བུ་ཡིན། འདིར་ཉི་འོག་གི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཅུང་ཟད་སྤྲོས་ན། སྔོན་ཞིག་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་ན་བྱ་ཀ་ལན་ཏ་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་འཛམ་བུའི་གླིང་ན་གྲོང་ཁྱེར་རྒྱལ་པོའི་ཁབ་དང་གྲོང་ཁྱེར་སྒྲ་སྒྲོགས་ཞེས་བྱ་བ་གཉིས་ཡོད། གྲོང་ཁྱེར་སྒྲ་སྒྲོགས་ན་རྒྱལ་པོ་ཨུ་ཏྲ་ཡ་ན་ཞེས་བྱ་བས་རྒྱལ་པོར་བྱས་ཏེ། བཙུན་མོ་དམ་པ་ཟླ་འོད་ཅེས་བྱ་བ་དང་། བུ་རྒྱལ་ཚབ་གཙུག་ཕུད་ཅན་ཞེས་བྱ་བ་དང་། བློན་པོའི་མཆོག་ཧེ་རུ་ཀ་དང་བྷི་རུ་ཀ་ཞེས་བྱ་བ་གཉིས་ཡོད་དོ། །རྒྱལ་པོའི་ཁབ་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་ཨུ་ཏྲ་ཡ་ན་གཉིས་ཕན་ཚུན་མ་མཐོང་བའི་གྲོགས་བྱས་ཏེ་འཕྲིན་ཡིག་དང་ལེགས་སྐྱེས་དག་བསྐུར་བར་བྱས་སོ། །ཕྱིས་སུ་གཟུགས་ཅན་སྙིང་པོས་སྐྱེས་ལན་དུ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་འོག་ཏུ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ལུགས་འབྱུང་ལྡོག་དང་། སྟེང་དུ་ཚིགས་སུ་བཅད་པ་གཉིས་པོ། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ན་གླང་ཆེན་བཞིན། འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་གྱུར་བར། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྱ་བ་དག་བྲིས་ནས་བསྐུར་རོ། །དེ་ནས་རྒྱལ་པོ་ཨུ་ཏྲ་ཡ་ནའི་ལག་ལ་འཕྲོད་པས་རྒྱལ་པོ་སངས་རྒྱས་ལ་ཤིན་ཏུ་དད་ནས་ཚིགས་སུ་བཅད་པའི་ནང་དོན་ལ་བལྟས་པས། རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ལུགས་སུ་འབྱུང་བ་དང་ལུགས་ལས་ལྡོག་པ་དག་ཡིད་ལ་བྱས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ། བཅོམ་ལྡན་འདས་ཀྱིས་གྲོང་ཁྱེར་སྒྲ་སྒྲོགས་ན་གནས་ཡོད་པའི་སྐྱེ་བོའི་ཚོགས་ཐམས་ཅད། དགེ་སློང་ཀཱ་ཏྱཱ་ཡ་ན་ཆེན་པོས་གདུལ་བར་གཟིགས་ནས། ཀཱ་ཏྱཱ་ཡ་ན་ཆེན་པོ་འཁོར་ལྔ་བརྒྱ་དང་བཅས་པ་གྲོང་ཁྱེར་སྒྲ་སྒྲོགས་སུ་བཏང་ངོ་། །ཀཱ་ཏྱཱ་ཡ་ནས་ཡུལ་དེར་གདུལ་བྱའི་ཁམས་དབང་དང་མཐུན་པའི་ཆོས་སྣ་ཚོགས་པར་བསྟན། དེའི་ཚེ་གྲོང་ཁྱེར་སྒྲ་སྒྲོགས་ན་ཁྱིམ་བདག་རྒྱལ་དང་། སྐར་རྒྱལ་གཉིས་རབ་ཏུ་བྱུང་སྟེ་དགྲ་བཅོམ་ཐོབ་ནས་ཕུང་པོ་ལྷག་མེད་ཀྱི་དབྱིངས་སུ་མྱ་ངན་ལས་འདས་སོ། །དེ་གཉིས་ཀྱི་ཉེ་དུ་དག་གིས་མཆོད་རྟེན་གཉིས་བཞེངས་པ་དང་། དེ་ནས་རྒྱལ་པོ་ཨུ་ཏྲ་ཡ་ནས་རྒྱལ་བུ་གཙུག་ཕུད་ཅན་རྒྱལ་སྲིད་ལ་བཞག བློན་པོའི་མཆོག་ཧེ་རུ་ཀ་དང་བྷི་རུ་ཀ་གཉིས་སྔར་བཞིན་བསྐོས། དེ་ནས་རྒྱལ་པོའི་ཁབ་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོས་གྲོགས་བྱས་ནས་རྒྱལ་པོ་ཨུ་ཏྲ་ཡ་ན་ཁྲིད་དེ་བཅོམ་སྡན་འདས་ཀྱི་དྲུང་དུ་སོང་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དེ་ནས་རྒྱལ་པོ་གཙུག་ཕུད་ཅན་གྱིས་རྒྱལ་སྲིད་ཆོས་མ་ཡིན་པར་སྡིག་པའི་ཕྱོགས་བཟུང་བ་ན། བློན་པོའི་མཆོག་གཉིས་ཀྱིས་ཁྱེད་ཀྱིས་བརྩམ་པ་འདི་མི་འོས་སོ་ཞེས་ལན་གཅིག་ལན་གཉིས་ལན་གསུམ་དུ་བཟློག་པ་ན་ཁྱེད་གཉིས་ཡབ་ཀྱིས་བསྐོས་པ་ཡིན་པས་གསོད་པར་མི་བྱེད། འོན་ཀྱང་ངའི་མིག་སྔར་འདུག་པར་མི་བྱའོ་ཞེས་བློན་པོ་གཉིས་ཕུད་ནས་སྐྱོན་ཆགས་པའི་བློན་པོ་སྡུག་པོ་ཁོ་རང་དང་མཐུན་པ་གཉིས་བསྐོས་སོ། །རྒྱལ་བློན་དེ་རྣམས་ཀྱིས་ཆོས་མིན་སྡིག་ལས་འབའ་ཞིག་གིས་རྒྱལ་སྲིད་བསྐྱངས་ཏེ་འབངས་ཐམས་ཅད་སྡུག་ལ་སྦྱར་རོ། །དེའི་ཚུལ་ཚོང་པ་རྣམས་ལས་ཨུ་ཏྲ་ཡ་ནས་གསན། དེའི་ཚེ་སྲས་གཙུག་ཕུད་ཅན་གྱིས་ཆོས་མིན་གྱི་སྤྱོད་པ་ལས་བཟློག་པའི་ཆེད་དུ་རྒྱལ་པོ་ཨུ་ཏྲ་ཡ་ན་རང་ཡུལ་དུ་བྱོན་པ་ན། བློན་པོ་སྐྱོན་ཅན་གཉིས་དང་རྒྱལ་པོ་གཙུག་ཕུད་ཅན་གྱིས་རྒྱལ་པོ་ཨུ་ཏྲ་ཡ་ན་རང་ཡུལ་དུ་འོང་བར་ཤེས་ཏེ། རྒྱལ་པོའི་ཕོ་བྲང་ནང་དུ་མ་ཐོན་གོང་ནས་གསོད་དགོས་ཞེས་གྲོས་བྱས་ནས་གསོད་པའི་གཤེད་མ་བསྐོས་ནས་བཏང་ངོ་། །རྒྱལ་པོ་གཤེད་མ་དེ་དག་དང་ལམ་དུ་འཕྲད་ནས་གཏམ་དྲིས་པས། ལྷ་བདག་ཅག་ཁྱོད་བགྲོང་བའི་གཤེད་མར་མངགས་སོ་ཞེས་སྨྲས་པ་ན། རྒྱལ་པོས་རབ་ཏུ་བྱུང་བའི་དོན་དེ་ངས་ད་དུང་མ་ཐོབ་པས་དུས་རེ་ཞིག་སྒུག་ཅེས་གྲོས་བྱས། དེ་ནས་རྒྱལ་པོ་ཤིང་དྲུང་ཞིག་ཏུ་སོང་ནས་སྐྱིལ་མོ་ཀྲུང་བཅས་ཏེ་བརྩོན་འགྲུས་བརྩམས་པས་དེ་མ་ཐག་དགྲ་བཅོམ་པ་ཉིད་ཐོབ་པའོ། །གཤེད་མ་དེ་དག་གིས་གལ་ཏེ་རྒྱལ་པོ་གཙུག་ཕུད་ཅན་གྱིས་བདག་ཅག་ལ་རྒྱལ་པོ་འཆི་བའི་ཚེ་ཅི་ཞིག་སྨྲས་ཤེ་ན་ཇི་ལྟར་བརྗོད་ཟེར། དེ་ནས་རྒྱལ་པོ་ཨུ་ཏྲ་ཡ་ནས་ཚིགས་སུ་བཅད་པ་འདི་གསུངས་ཏེ། རྒྱལ་སྲིད་ཕྱིར་ནི་ཕ་བསད་པས། །བསོད་ནམས་མ་ཡིན་མང་པོ་བསྐྱེད། །ང་ནི་ཡོངས་སུ་མྱ་ངན་འདའ། །ཁྱོད་ནི་མནར་མེད་འགྲོ་བར་འགྱུར། །ཞེས་བརྗོད་དོ། །དེ་མ་ཐག་གཤེད་མ་རྣམས་ཀྱིས་རྒྱལ་པོ་མགོ་བཅད་ནས་བསད་དོ། །དེ་དག་གིས་ལྷུང་བཟེད་དང་ཆོས་གོས་དང་འཁར་གསིལ་སོགས་ཁྱེར་ཏེ་རྒྱལ་བློན་སྡིག་ཏོ་ཅན་རྣམས་ལ་དཔའ་རྟགས་ཀྱི་ཚུལ་དུ་གཏད་པ་དང་། དེ་ནས་གཙུག་ཕུད་ཅན་ལ་ཕ་རྒྱལ་པོ་འཆི་ཁའི་ཚིགས་བཅད་སྨྲས་པ་ཐོས་པས་བུ་མྱ་ངན་གྱིས་ནོན་པའོ། །བློན་པོ་ངན་པ་གཉིས་ཀྱིས་རྒྱལ་པོའི་མྱ་ངན་བསལ་བའི་ཆེད་དུ་བློ་ངན་ཞིག་བསམ་བློ་བཏང་ནས། གསང་སྟེ་སྔོན་ཆད་དགྲ་བཅོམ་པ་ཐོབ་ནས་ལྷག་མེད་མྱ་ངན་འདས་པའི་རྒྱལ་དང་སྐར་རྒྱལ་གཉིས་ཀྱི་མཆོད་རྟེན་ལ་ཁུང་བུ་གཉིས་བསྐོས་ནས་དེར་བྱི་ལའི་ཕྲུ་གུ་གཉིས་བཅུག་སྟེ། ཉི་མ་རེ་རེ་བཞིན་བྱི་ལའི་ཕྲུ་གུ་གཉིས་ཤ་ཡིས་གསོས་ཏེ་སྐད་རེ་བཏང་བའི་ཚེ་མཆོད་རྟེན་ལ་བསྐོར་ནས་ཁུང་ནང་དུ་འཛུལ་བར་བྱེད་པ་བསླབ་པ་དང་། དེ་ནས་ལོབས་ཏེ་སྐད་བརྒྱབ་པ་དང་མཉམ་དུ་ཁུང་དུ་འཛུལ་བ་བྱུང་བ་དང་། དེ་ནས་དེ་གཉིས་རྒྱལ་པོའི་རྩར་སོང་ནས་རྒྱལ་པོ་ལ་གསོལ་བ། དགྲ་བཅོམ་པ་གཏན་ནས་མ་མཆིས་ཏེ། རྒྱལ་དང་སྐར་རྒྱལ་གཉིས་ལ་དད་པས་མཆོད་པ་ཆུད་གཟན་པས་དེ་གཉིས་ནི་བྱི་ལའི་སྐྱེ་བ་བླངས་ནས་དུད་འགྲོའི་སྐྱེ་གནས་སུ་མཆིས་ཏེ་ཡིད་མ་ཆེས་ན་འུ་ཅག་ལྷན་དུ་བལྟ་རུ་འགྲོ་ཟེར་ནས་རྒྱལ་པོ་འཁོར་བཅས་ཁྲིད་དེ་མཆོད་རྟེན་གཉིས་ཀྱི་དྲུང་དུ་སོང་ནས་ཀུན་ཀྱིས་བལྟས་ཚེ། བློན་པོས་སྐད་ཆེན་པོས་སྨྲས་པ། རྒྱལ་དང་སྐར་རྒྱལ་གཉིས་ཉོན་ཅིག ངས་བདེན་པའི་ཚིག་འདིས་ཤ་འདི་ལོང་ལ་རང་རང་གི་མཆོད་རྟེན་ལ་སྐོར་བ་བགྱིས་ཏེ་རང་རང་གི་ཁུང་དུ་ཞུགས་ཤིག་ཅེས་སྐད་བརྒྱབ་པ་དང་། དེ་གཉིས་ཀྱིས་གོ་བ་དང་མཉམ་དུ་ཤ་རེ་རེ་བླངས་ནས་མཆོད་རྟེན་ལ་སྐོར་བ་རེ་བྱས་ནས་ཁུང་ནང་དུ་ཞུགས་སོང་། དེ་ནས་རྒྱལ་པོས་དགྲ་བཅོམ་པ་ཟེར་བ་ཞིག་མེད་དོ་བསམས་ནས་ལོག་ལྟའི་སེམས་གཏིང་ནས་སྐྱེས་སོ། །དེའི་ཚེ་ཀཱ་ཏྱཱ་ཡ་ན་འཁོར་ལྔ་བརྒྱ་དང་བཅས་པ་ལ་བསོད་སྙོམས་ཀྱང་བཅད་པ་དང་། ཀཱ་ཏྱཱ་ཡ་ནས་གཙུག་ཕུད་ཅན་གྱིས་བདག་མཐོང་ན་མི་དགའ་བར་གྱུར་ན་མི་རུང་ངོ་སྙམ་ནས་མཐའ་གཅིག་ཏུ་སོང་སྟེ་བཞུགས་སོ། །རྒྱལ་པོས་ཀཱ་ཏྱཱ་ཡ་ན་མ་མཐོང་ནས་བློན་པོ་རྣམས་ལ་རྒྱུ་མཚན་དྲིས་པ་ན། བློན་པོ་སྐྱོན་ཅན་གཉིས་ཀྱིས། ཀཱ་ཏྱཱ་ཡ་ནས་རྒྱལ་པོ་ཕ་གསོད་པའི་སྡིག་ཅན་འདིའི་རླུང་ཕྱོགས་དང་གྲིབ་མ་ཙམ་ཡང་ཕོག་པ་མི་བྱའོ། །ཞེས་ཟེར་བཞིན་མཆིས་ཟེར། རྒྱལ་པོ་ཁྲོས་ནས་ངའི་འཁོར་ཐམས་ཅད་ཀྱིས་དགེ་སྦྱོང་མགོ་རེག་འདིའི་སྟེང་དུ་ས་སྤར་མོ་རེ་རེ་ཐོབ་ཅིག་ཅེས་པས། ཐམས་ཅད་ཀྱིས་དེ་ལྟར་བྱས་པ་ན་རྒྱལ་པོ་དེ་དཔུང་ཆེ་བས་འཕགས་པའི་སྟེང་དུ་ས་ཕུང་ཆེན་པོ་གནས་པར་གྱུར་བ་ན། འཕགས་པས་དེའི་དབུས་སུ་ལོ་མ་མ་ཡིན་པའི་སྤྱིལ་བུ་སྤྲུལ་ཏེ་བཞུགས་སོ། དེ་ནས་བློན་པོའི་མཆོག་ཧེ་རུ་ཀ་དང་བྷི་རུ་ཀ་གཉིས་དང་ཕྱུགས་རྫི་དག་གིས་ས་ཕུང་དེ་ཕྱག་པར་བརྩམ་པ་ན་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་རྫུ་འཕྲུལ་གྱིས་བྱུང་བ་ལ་བློན་པོ་གཉིས་ཀྱིས་དྲིས་པ། འཕགས་པ་འདི་ཅི་ལགས་ཞུས་པས། འཕགས་པས། དེང་ནས་ཉི་མ་བདུན་ན་གྲོང་ཁྱེར་སྒྲ་སྒྲོགས་སས་ནོན་པར་འགྱུར་རོ། །དེ་ཡང་ཉི་མ་དང་པོ་ལ་རླུང་མོ་ཆེ་བྱུང་ནས་གྲོང་ཁྱེར་སྒྲ་སྒྲོགས་ཀྱི་རྡོ་དང་གསེག་མ་དང་། གྱོ་མོ་མེད་པར་བྱེད་དོ། །ཉི་མ་གཉིས་པ་ལ་མེ་ཏོག་གི་ཆར་འབབ་བོ། །ཉི་མ་གསུམ་པ་ལ་གོས་ཀྱི་ཆར་འབབ། བཞི་པ་ལ་དངུལ་གྱི་ཆར། ལྔ་པ་ལ་གསེར་གྱི་ཆར་འབབ་པར་འགྱུར་རོ། །དེའི་འོག་ཏུ་ལས་མཐུན་པར་བྱས་པ་དེ་དག་ཐམས་ཅད་གྲོང་ཁྱེར་སྒྲ་སྒྲོགས་སུ་འཇུག་པར་འགྱུར་ཞིང་ཉི་མ་དྲུག་པ་ལ་རིན་པོ་ཆེའི་ཆར་འབབ་བོ། །ཉི་མ་བདུན་པ་ལ་སའི་ཆར་འབབ་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རིམ་གྱིས་ཆར་བབ་པའི་ཚེ། ཉི་མ་དྲུག་པ་ལ་རིན་པོ་ཆེའི་ཆར་བབ་པ་ན་ཀཱ་ཏྱཱ་ཡ་ནའི་བཀའ་བཞིན། བློན་པོའི་མཆོག་གཉིས་ཀྱིས་རིན་པོ་ཆེ་ཆར་དག་གིས་གྲུ་བཀང་ནས་བྲོས་ཏེ། ཕྱོགས་གཞན་ཞིག་ཏུ་ཧེ་རུ་ཀའི་རྩལ་དང་བྷི་རུ་ཀའི་རྩལ་ཞེས་བྱ་བའི་གྲོང་ཁྱེར་རེ་བརྩིགས་ཏེ་གནས་སོ། །ཉི་མ་བདུན་པ་ལ་སའི་ཆར་བབ་ནས་རྒྱལ་པོ་གཙུག་ཕུད་ཅན་འབྲོས་པར་བརྩམ་པ་དང་མི་མ་ཡིན་པ་དག་གིས་ཕོ་བྲང་དང་མཁར་གྱི་སྒོ་ཐམས་ཅད་བཅད་པས་བྲོས་མ་ཐུབ་ནས་མཐར་སས་ནོན་ཏེ་ཤི་བའོ། །དེ་ནས་ཀཱ་ཏྱཱ་ཡ་ན་མཉན་ཡོད་དུ་ཕྱིན་ནས་དགེ་སློང་རྣམས་ལ་དེ་དག་རྒྱས་པར་བཤད་དོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་བཅོམ་ལྡན་འདས་ལ་ལས་འདི་ཅི་ལགས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས། སྔོན་རི་བྲག་ཞིག་ན་རྔོན་པ་ཞིག་འདུག་པ་དེས་རི་དྭགས་དང་བྱ་མང་པོ་བཟུང་ནས་བསད་པ་ལས། ཉིན་གཅིག་རང་སངས་རྒྱས་ཞིག་དེར་བསོད་སྙོམས་ཀྱི་ཆེད་དུ་བྱོན་པས། དེའི་ཉིན་མིའི་རྒྱུ་འགྲུལ་ཡོད་པའི་རྐྱེན་གྱིས་རི་དྭགས་གཅིག་ཀྱང་མ་ཟིན་ནས། རྔོན་པས་ངས་རི་དྭགས་མི་སོད་པའི་རྒྱུ་རང་སངས་རྒྱས་འདི་ཡིན་པར་མཐོང་ནས་མདའ་དུག་ཅན་གྱིས་བསྣུན་ཏོ། །རང་སངས་རྒྱས་དེ་ནམ་མཁར་འཕགས་ནས་རྫུ་འཕྲུལ་མང་པོར་བསྟན་པས་རྔོན་པ་ཤིན་ཏུ་དད་ནས་བཟོད་པར་གསོལ། དེའི་གདུང་མཆོད་རྟེན་བརྩིགས་ནས་མཆོད་པ་ཆེར་བྱས་ཏེ་སྨོན་ལམ་བཏབ་བོ། །དེ་དུས་རྔོན་པ་ནི་དགེ་སློང་ཨུ་ཏྲ་ཡ་ནའོ། །རང་སངས་རྒྱས་ལ་དུག་མདས་བསྣུན་པས་དམྱལ་བ་མནར་མེད་དུ་ཡུན་རིང་སྐྱེས་ཤིང་སྡུག་བསྔལ་མང་པོ་མྱོང་ནས་ཚེ་རབས་ལྔ་བརྒྱར་རི་དྭགས་སུ་གྱུར་ནས་དུག་མདས་བསད་ཅིང་ད་ལྟ་དགྲ་བཅོམ་པ་ཐོབ་ཀྱང་དུག་མདས་བགྲོངས་པས་སོ། །མཆོད་པ་བྱས་ནས་སྨོན་ལམ་བཏབ་པའི་རྒྱུས་རྒྱལ་པོར་སྐྱེས་ནས་རབ་ཏུ་བྱུང་ཞིང་དགྲ་བཅོམ་པ་ཐོབ་བོ། །ཞེས་གསུངས་སོ། དེས་ན་རྟག་ཏུ་དགེ་བ་སྒྲུབ་པ་ཅན་ལ་སྡུག་བསྔལ་འབྱུང་བ་དང་། དུས་རྟག་ཏུ་མི་དགེ་སྡིག་པ་སྒྲུབ་པ་ཅན་ལ་གནས་སྐབས་སྐྱིད་པོར་འབྱུང་བ་ཐམས་ཅད་ཀྱང་སྔོན་གྱི་ལས་སྨིན་པ་ཡིན་ཞིང་། ད་ལྟ་དགེ་སྡིག་གི་ལས་གང་བྱས་ཚེ་ཕྱི་མའམ། ཕྱི་མའི་ཕྱི་མ་ལ་སོགས་པར་སྨིན་པར་འགྱུར་བ་སྐྱེས་ནས་མྱོང་འགྱུར་དང་ལན་གྲངས་གཞན་ལ་མྱོང་འགྱུར་ཡིན་པས། དུས་རྟག་ཏུ་རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་ཀྱི་གནས་འདི་དག་ལ་ཡིད་ཆེས་ངེས་ཤེས་བསྐྱེད་ནས་དགེ་སྡིག་སྤང་བླང་འདོར་ལེན་བྱེད་པ་གལ་ཆེ་བས། ལྟ་བ་མཐོ་མཐོ་མོའི་ཆོས་སྐད་ཀྱིས་རྒྱུ་འབྲས་ཁྱད་དུ་གསོད་པར་མི་བྱ་སྟེ། ཨོ་རྒྱན་ཆེན་པོས། རྒྱལ་པོ་ཆེན་པོ་ངའི་གསང་སྔགས་འདི་ལྟ་བ་གཙོ་ཆེ། ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་བར་མཛོད། དེ་ཤོར་ན་དགེ་སྟོང་སྡིག་སྟོང་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བར་འགྲོ། ཡང་སྤྱོད་བའི་ཕྱོགས་སུ་ལྟ་བ་མ་ཤོར་བར་མཛོད། དེ་ཤོར་ན་དངོས་པོ་དང་མཚན་མས་བཅིངས་ནས་གྲོལ་བའི་དུས་མེད། ཅེས་གསུངས། དེས་ན་རྟེན་འབྲེལ་འཇུག་ལྡོག་གི་ལས་འབྲས་ཞེས་བྱ་བ་དེ་གང་ལས་བྱུང་ན་དོན་དམ་པའི་བདེན་པ་ལས་བྱུང་སྟེ་ཆོས་ཉིད་ངོ་བོ་ཀ་ནས་དག་པའིི་བདེན་པ་དེ་ལས་ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་ཆོས་ཐམས་ཅད་དཔེར་ན་ནམ་མཁའ་ལས་སྤྲིན་དང་ཆུ་ལས་རླབས་འབྱུང་བ་ལྟ་བུའི་ཚུལ་དུ་བྱུང་བ་ཡིན་པས། དེ་ལྟར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་འབྱུང་བས་མེད་ན་མི་འབྱུང་ངེས་པའི་རྒྱུ་ཡིན་མ་གཏོགས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་མཚན་ཉིད་པ་མིན་པས། དེ་ལྟ་བུའི་ཀུན་རྫོབ་དང་དོན་དམ་གཉིས་བདེན་གཉིས་དབྱེར་མེད་ཡིན་པར་ཤེས་ན་ཤེས་རབ་ཀྱི་ལྟ་བ་ཡང་དག་འཁྲུལ་བའི་ངོས་ནས་རྒྱུ་འབྲས་སྤང་བླང་ཡོད་པར་ཤེས་ནས་རྒྱུ་འབྲས་ལ་བླང་དོར་བྱེད་དགོས་སོ། །དེས་ན་ཨོ་རྒྱན་ཆེན་པོས། ལྟ་བ་ནམ་མཁའ་བས་ཀྱང་མཐོ། །ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། །ཅེས་གསུངས་ལྟར། རྒྱུ་འབྲས་ལ་སྤང་བླང་བྱས་པས་ཐབས་ཀྱི་སྤྱོད་པ་དག་ནས་དེ་ལྟ་བུའི་ཚོགས་གཉིས་ཟུང་འཇུག་གམ་བདེན་གཉིས་ཟུང་འཇུག་གིས་འབྲས་བུ་སྐུ་གཉིས་ཟུང་འཇུག་གི་གོ་འཕང་ཐོབ་དགོས་པ་ཡིན་ནོ། །ལས་དང་པོ་བས་དོན་དམ་པར་མེད་པས་མེད་གོ་མི་ཆོད་པས་དགེ་སྡིག་ལ་བླང་དོར་ཕྲ་ཞིང་ཞིབ་པར་བྱེད་དགོས། དེ་ཡང་དྲན་པ་དང་ཤེས་བཞིན་དང་བག་ཡོད་པ་གསུམ་གྱི་སྒོ་ནས་བྱེད་དགོས་ཏེ། དང་པོ་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་སྒོ་སྲུང་ལྟ་བུ་དང་། སྒོ་གསུམ་ལ་བརྟགས་པར་བྱེད་པའི་ཤེས་བཞིན་བྱ་ར་བ་ལྟ་བུ་དང་། བླང་དོར་གྱི་གནས་ལ་གཟོབ་པ་ལྷུར་ལེན་པ་བག་ཡོད་བག་མ་ལྟ་བུ་སྟེ་ དེ་ལྟ་བུའི་རྫི་བོ་དེ་གསུམ་གྱིས་རང་གི་སྒོ་གསུམ་གྱི་སྤྱོད་པ་དང་ཁྱད་པར་སེམས་འདི་ལ་བརྟགས་ནས་དགེ་མི་དགེ་བར་མའི་རྟོག་པ་གསུམ་ཡོད་པས། མི་དགེ་བའི་རྟོག་པ་སྐྱེས་ན་རྟོག་པ་འབུར་འཇོམ་བྱེད་ནས་སྤོང་དགོས། ལུང་མ་བསྟན་ཡང་དགེ་བར་བསྒྱུར་དགོས། མདོར་ན་ལྟ་བ་སྤྲོས་བྲལ་གནས་ལུགས་ཀྱི་དོན་ཅི་ཙམ་རྟོགས་བཞིན་ལས་རྒྱུ་འབྲས་ལ་དེ་ཙམ་ཞིབ་ཏུ་འགྲོ་བ་ཞིག་དགོས་ཏེ། ཕ་དམ་པ་རིན་པོ་ཆེར། སེམས་ཀྱིས་སྟོང་ཉིད་རྟོགས་ན་ལུས་ངག་གིས་སྡིག་པ་བྱས་ན་གནོད་དམ་མི་གནོད་ཞུས་པས། སྟོང་ཉིད་རྟོགས་ན་སྡིག་པ་བྱ་དོན་མེད། སྟོང་ཉིད་སྙིང་རྗེའི་རང་བཞིན་ཅན་ཡིནཔས་ན་སྟོང་ཉིད་རྟོགས་པ་དང་སྙིང་རྗེ་སྐྱེ་བ་དུས་མཉམ་གསུངས། དེས་ན་དམ་པའི་ཆོས་ཡང་དག་པ་ཞིག་བསྒྲུབ་འདོད་ན་རྒྱུ་འབྲས་ཀྱི་སྤང་བླང་ལ་གཙོ་བོར་བྱ་ཞིང་ལྟ་བ་དང་སྤྱོད་པ་ཡ་མ་བྲལ་བར་ཉམས་སུ་བླང་དགོས་པ་ཡིན། དེ་ལྟར་ལས་རྒྱུ་འབྲས་ཀྱི་ཁྲིད་དེ་རྒྱུད་ལ་སྐྱེས་པའི་ཚད་རྗེ་བཙུན་མི་ལ་ལྟ་བུ་ཞིག་དགོས་པ་ཡིན་ཏེ། རྗེ་བཙུན་ལ་སློབ་མ་རྣམས་ཀྱིས་རྗེ་བཙུན་གྱི་མཛད་སྤྱོད་འདི་གང་ལ་བལྟས་ཀྱང་སོ་སོའི་སྐྱེ་བོའི་བློའི་ཡུལ་ལས་འདས་པར་འདུག་པས། རྗེ་བཙུན་རིན་པོ་ཆེ་དང་པོ་ཉིད་ནས་རྡོ་རྗེ་འཆང་ངམ་སངས་རྒྱས་བྱང་སེམས་གང་རུང་ཞིག་གི་སྤྲུལ་པ་ཡིན་པར་འདུག་པས་གསུང་བར་ཞུ་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ཁྱེད་རྣམས་ཀྱིས་ང་ལ་རྡོ་རྗེ་འཆང་ངམ་སངས་རྒྱས་བྱང་སེམས་གང་རུང་ཞིག་གི་སྤྲུལ་པ་ཡིན་སྙམ་པ་དེ་ང་ལ་དང་བའི་དད་པ་ཡིན་ཏེ། ཆོས་ལ་ལོག་ལྟ་དེ་ལས་ཆེ་བ་མེད། ངས་དང་པོ་མཐུ་དང་སེར་བ་ལ་བསྟེན་ནས་སྡིག་ཚབས་པོ་ཆེ་དེ་བསགས་འཕྲལ། ངེས་པར་དམྱལ་བར་སྐྱེ་བ་ལས་མེད་སྙམ་ནས་སྒྲུབ་པ་ལ་སྙིང་རུས་སྤང་ལ་བེ་ཕུར་བཏབ་པ་བཞིན་ཕུར་ཚུགས་སུ་བྱས་པས། གསང་སྔགས་རྡོ་རྗེ་ཐེག་པ་དེ་ཐབས་ཟབ་པའི་གནད་ཀྱིས་ངའི་རྒྱུད་ལ་ཡོན་ཏན་ཁྱད་པར་ཅན་སྐྱེས་པ་ཡིན། ཁྱོད་རང་རྣམས་ཆོས་ལ་སྙིང་རུས་མི་ནུས་པ་ལས་རྒྱུ་འབྲས་ལ་ཡིད་ཆེས་མ་སྐྱེས་པས་ལན་ནི་རེད། རྒྱུ་འབྲས་ལ་ཞེ་སྙིང་ཐག་པ་ནས་ཡིད་ཆེས་ཤིག་སྐྱེས་ན། ངའི་སྙིང་རུས་དེ་འདྲ་བ་སོ་སྐྱེ་སྙིང་རུས་ཅན་ཀུན་ལ་འོང་བར་འདུག དེ་ཙ་ན་ཡོན་ཏན་ཡང་རྒྱུད་ལ་སྐྱེ་བས་རྡོ་རྗེ་འཆང་ངམ་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཡིན་སྙམ་པ་ཡང་ཡོང་བར་འདུག་གསུངས། དེས་ན་ཁོང་གིས་དང་པོར་སྡིག་པ་བསགས་པས་དམྱལ་བར་སྐྱེ་ངེས་པའི་བློ་ཐག་ཆོད་པ་རྒྱུ་འབྲས་ལ་ཡིད་ཆེས་པ་ལས་བྱུང་ཞིང་། དེ་ལ་བརྟེན་ནས་དམ་པའི་ཆོས་སྒྲུབ་པ་ལ་སྙིང་རུས་མཛད་པས་ཁོང་གི་དཀའ་སྤྱད་དང་སྙིང་རུས་ཀྱི་རྣམ་ཐར་འདྲ་བ་རྒྱ་བོད་གཉིས་ཆར་ན་དཀའ་བ་ཡིན། དེས་ན་ལས་རྒྱུ་འབྲས་བསླུ་མེད་ཀྱི་གནད་འདི་དག་སྙིང་ཐག་པ་ནས་ངེས་ཤེས་དང་ཡིད་ཆེས་བསྐྱེད། དུས་དང་རྣམ་པ་ཐམས་ཅད་དུ་དགེ་བ་ཕྲ་མོ་ཚུན་ཆད་སྦྱོར་དངོས་རྗེས་གསུམ་པོ་དམ་པ་གསུམ་གྱིས་ཟིན་པའི་སྒོ་ནས་ཅི་ནུས་སུ་བསྒྲུབ། སྡིག་པའི་ལས་ཕྲ་རབ་ཙམ་ཡང་སྲོག་ལ་བབས་ཀྱང་དུས་ནམ་དུ་ཡང་མི་བྱ་སྙམ་དུ་དམ་བཅའ་བླང་། ནངས་པར་མལ་ནས་ལྡང་བའི་ཚེ་ཡང་དུད་འགྲོ་ཕྱུགས་ལུག་ལྷས་ནས་ལྡངས་པ་ལྟར་ཧར་གྱིས་ལངས་ནས་མི་འགྲོ་བར། མལ་ནང་དེར་བློ་ལྷོད་ཀྱིས་གློད། ཁ་ནང་དུ་ལོག་ནས་རང་གི་རྒྱུད་ལ་རང་གིས་ལེགས་པར་བརྟག་སྟེ། །མདང་སུམ་རྨི་ལམ་དུ་སྡིག་པ་བྱུང་བ་ཡོད་ན་དེ་ལ་ཡང་འགྱོད་པ་དང་བཤགས་པ་བྱ། དགེ་བ་བྱུང་ཡོད་ན་དགའ་བ་བསྒོམ་ཞིང་སེམས་ཅན་གྱི་དོན་དུ་བསྔོ། དེ་རིང་གི་ཉི་མ་འདི་ལ་ངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་དཀར་པོ་དགེ་བའི་ལས་རང་ནུས་གང་ཡོད་ཀྱིས་ཅི་ནུས་སུ་བསྒྲུབ་དགོས། ནག་པོ་སྡིག་པའི་ལས་ཅི་ནུས་སུ་སྤང་བར་བྱའོ་སྙམ་དུ་སེམས་བསྐྱེད་དེ་དམ་བཅའ། ནུབ་མོ་ཉལ་བའི་ཚེ་ཡང་དྲན་མེད་དུ་ལྷེབ་བེ་མི་ཉལ་བར་མལ་དུ་དལ་གྱིས་བསྡད་ནས་སྔར་བཞིན་རྟོག་དཔྱོད་བཏང་། ག་རེ་ངས་དེ་རིང་གི་ཉི་མ་དེ་ལ་དལ་འབྱོར་ལ་སྙིང་པོ་ཅི་ཞིག་ལོན་ཡོད་ཀི། ལས་དགེ་བ་ཅི་ལྟ་བུ་ཞིག་འགྲུབ་སོང་སྙམ་དུ་བརྟགས་ཤིང་ཕྱོགས་བསྡོམས་ཤིག་བརྒྱབ། དགེ་བའི་ལས་འགྲུབ་པར་འདུག་ན་དགའ་བ་བསྒོམ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བསྔོ་བ་ཡང་བྱ། མི་དགེ་བའི་ལས་བྱས་པར་འདུག་ན་ང་རེ་ངན། ངས་དེ་རིང་གི་ཉི་མ་དེ་ལ་རང་གིས་རང་བརླགས་འདུག་སྙམ་དུ་འགྱོད་པ་བསྐྱེད། སྙིང་ཐག་པ་ནས་བཤགས་པ་དང་ཕྱིན་ཆད་དེ་ལྟར་མི་བྱེད་སྙམ་དུ་སྡོམ་སེམས་བླང་། དུས་དང་རྣམ་པ་ཐམས་ཅད་དུ་དྲན་པ་དང་ཤེས་བཞིན་གཉིས་དང་མ་བྲལ་བའི་སྒོ་ནས་ཕྱི་ནང་སྣོད་བཅུད་ཀྱི་སྣང་བའི་ཆོས་ཐམས་ཅད་ལ་བདག་འཛིན་ཨ་འཐས་ཀྱི་བདེན་ཞེན་མི་བྱ་ཞིང་། བདེན་མེད་སྒྱུ་མའི་རྣམ་རོལ་དུ་བློ་སྦྱངས་ནས་ཐབས་སྙིང་རྗེ་ཆེན་པོ་དང་ཆོས་ཐམས་ཅད་བདག་མེད་རྟོགས་པའི་ཤེས་རབ་ཟུང་དུ་འབྲེལ་བ་དང་ལྡན་པར་བྱེད་དགོས། རྟག་པར་རང་གི་རྒྱུད་དགེ་བ་དང་དྲང་པོའི་ལམ་ལ་བཞག་ནས་བློ་ལས་སུ་རུང་བར་བྱ་བ་ནི་འདི་ཡན་ཆད་ཀྱི་བློ་ལྡོག་བཞི་པོ་ཉམས་སུ་བླངས་པའི་དོན་འབྲས་ཧྲིལ་གྱིས་དྲིལ་བ་ཡིན་པས། དེ་ལྟར་བྱས་ན་རྣམ་དཀར་དགེ་བའི་ལས་གང་བྱས་ཀྱང་ཤུགས་ཀྱིས་དམ་པ་གསུམ་དང་འབྲེལ་ཞིང་། ཇི་སྐད་དུ། དགེ་བ་ཅན་སྨན་གྱི་སྡོང་པོ་དང་འདྲ། །གང་བསྟེན་བསྟེན་པ་ཀུན་རྒྱལ་ནས་གདའ། །སྡིག་པ་ཅན་དུག་གི་སྡོང་པོ་དང་འདྲ། །གང་བསྟེན་བསྟེན་པ་ཀུན་བརླགས་ནས་གདའ། །ཞེས་གསུངས་པ་ལྟར། རང་གི་བློ་ལས་སུ་རུང་བའམ་བསམ་པ་རང་དབང་བསྒྱུར་ནུས་པའི་མཐུ་ལ་བརྟེན་ནས་རང་ཉིད་དང་འབྲེལ་པ་ཡོད་ཚད་བློ་ཁ་ཡང་དག་པའི་ཆོས་ཀྱི་ཕྱོགས་སུ་བསྒྱུར་ནུས་ཤིང་། རང་གཞན་ཐམས་ཅད་ཀྱི་དགེ་བ་རླབས་པོ་ཆེ་དེ་ཉིད་གོང་ནས་གོང་འཕེལ་དུ་འགྱུར་བར་ཡིན། སྐྱེ་བ་ནས་སྐྱེ་བ་དང་ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་ངན་འགྲོ་ལོག་པར་ལྟུང་བའི་སྐྱེ་གནས་སུ་མི་སྐྱེ་ཞིང་། མཐོ་རིས་ལྷ་དང་མིའི་ལུས་རྟེན་ཁྱད་པར་ཅན་ཐོབ། ཐ་ན་དེ་ལྟ་བུའི་ཆོས་ལྡན་གྱི་གང་ཟག་དེ་གང་དུ་གནས་པའི་ཡུལ་ཕྱོགས་ཙམ་དུ་ཡང་དགེ་ཞིང་བཀྲ་ཤིས་པ་དང་། རྟག་ཏུ་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱིས་བསྲུང་ཞིང་བསྐྱབ་པར་འགྱུར་བ་ཡིན་ནོ། །དེ་ལྟ་བུའི་ལས་དགེ་བ་བཅུ་ལྟ་བུ་དེ་ཡང་དབྱེ་ན་སྲིད་པ་སྒྲུབ་པའི་ལས་དང་། ཞི་བར་སྦྱོར་བའི་ལས་གཉིས། དེ་གཉིས་གང་དུ་འགྲོ་མི་འགྲོ་རང་གི་ཀུན་སློང་བཟང་ངན་ལ་རག་ལས་པ་ཡིན། དེས་ན་ཀུན་སློང་མངོན་མཐོ་དོན་གཉེར་གྱི་བསམ་པས། དགེ་བ་བཅུ་དང་བསམ་གཟུགས་བརྒྱད་བསྒོམས་པས་འབྲས་བུ་མཐོ་རིས་ལྷ་མིའི་གནས་སུ་སྐྱེ་བ་དེ་སྲིད་པ་སྒྲུབ་པའི་ལས་དང་། རང་ཉིད་ཁམས་གསུམ་རིགས་དྲུག་གི་གནས་ལས་ཐར་ནས་ཐར་བའི་གོ་འཕང་ཐོབ་པའི་ཆེད་དུ་དོན་གཉེར་བྱས་ཏེ་དགེ་བ་བཅུ་བསྒྲུབས་ན་སྐྱེས་བུ་འབྲིང་གི་ཞི་བ་སྦྱོར་བའི་ལས་ཡིན། དེ་ཡང་ཐབས་དགེ་བཅུ་སྒྲུབ་པ་ཙམ་གྱིས་མི་འོང་། ཤེས་རབ་བདག་མེད་རྟོགས་པས་ཟིན་དགོས་པ་ཡིན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་སེམས་བསྐྱེད་སྔོན་དུ་བཏང་ནས། དམ་པ་གསུམ་དང་ལྡན་པའི་སྒོ་ནས་དགེ་བཅུ་བསྒྲུབས་ན་དེ་ནི་སྐྱེས་བུ་ཆེན་པོའི་ཞི་བར་སྦྱོར་བའི་ལས་ཡིན། དེ་ལྟར་བསམ་པའི་ཀུན་སློང་གིས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་འདིའི་ཐད་ནས་ད་དུང་ཞིབ་ཏུ་གསལ་ཙམ་ཞིག་ཞུས་ན། སྐྱེས་བུ་ཆུང་ངུས་ངན་སོང་གསུམ་པོ་སྡུག་བསྔལ་དུ་ཤེས་ནས་དེ་ལས་ཐར་འདོད་ཀྱི་བློས་མཐོ་རིས་ལྷ་མིའི་གོ་འཕང་དོན་དུ་གཉེར་ནས་མི་དགེ་བ་བཅུ་སྤངས་དགེ་བཅུ་བསྒྲུབས། དེའི་སྟེང་ལ་མི་གཡོ་བའི་ལས་བསམ་གཟུགས་བརྒྱད་བསྒོམས་པས་མཐོ་རིས་ལྷ་མིའི་གོ་འཕང་ཐོབ་པ་ཡིན་རེད། འོན་ཀྱང་ལས་དགེ་བ་དེས་མི་དགེ་བ་འགོག་པ་ཙམ་ལས་ཉོན་མོངས་པ་འགོག་མི་ནུས། སྐྱེས་བུ་འབྲིང་ཉན་རང་གཉིས་ཀྱིས་འགྲོ་བ་རིགས་དྲུག་ཁམས་གསུམ་འཁོར་བའི་གནས་མཐོ་དམན་ཐམས་ཅད་ལ་བློ་ལྡོག་ཏེ་ངེས་པར་འབྱུང་བས་ཀུན་ནས་བསླངས་ཏེ་སོ་ཐར་གྱི་སྡོམ་པ་ཞུས་ནི་རེད། འཁོར་བ་རྒྱུ་འབྲས་གཉིས་སྤང་བྱ་དང་། མྱང་འདས་རྒྱུ་འབྲས་གཉིས་བླང་བྱར་བཟུང་། འོན་ཀྱང་དེ་ནི་བདེན་བཞི་རྒྱུ་བ་དང་བཅས་པ་ལས་རྒྱུ་བ་མ་མཆིས་པ་རེད་མེད། བདེན་བཞི་རྒྱུ་བ་དང་བཅས་མ་བཅས་ཀྱི་དོན་ནི། སྤྱིར་བདེན་པ་བཞི་ནི། སྡུག་བསྔལ་ཤེས་པར་བྱ་བ། ཀུན་འབྱུང་སྤང་བར་བྱ་བ། འགོག་པ་མངོན་དུ་བྱ་བ། ལམ་རྒྱུད་ལ་བསྟེན་པར་བྱ་བ་ཡིན་ན། སྐྱེས་བུ་འབྲིང་གིས་འཁོར་བ་མཐའ་དག་སྡུག་བསྔལ་དུ་ཤེས་རུང་། ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ལྷན་སྐྱེས་ཀྱི་ཆ་དང་། ཡིད་ཀྱི་རང་བཞིན་ཅན་གྱི་ལུས་དང་། ཟག་མེད་ཀྱི་ལས། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་སོགས་ཕྲ་བའི་རྟེན་འབྲེལ་མ་ཤེས་པས་སྡུག་བསྔལ་ཤེས་པར་བྱ་བ་རྒྱུ་བ་དང་བཅས་པ་ཡིན། ལས་ཉོན་གཉིས་སྤངས་ཀྱང་ཤེས་བྱའི་སྒྲིབ་པ་ཡོངས་རྫོགས་མ་སྤངས་པས་ཀུན་འབྱུང་སྤང་བར་བྱ་བ་དེ་ཡང་རྒྱུ་བ་དང་བཅས་པ་ཡིན། གང་ཟག་གི་བདག་མེད་རྟོགས་པ་དང་ཆོས་བདག་རིལ་པོར་འཛིན་པ་ཞིག་ནས་སིལ་བུར་རྟོགས་རུང་། ད་དུང་ཆེན་པོ་གསུམ་གྱི་ལྟ་བ་མ་རྟོགས་པས་ལམ་རྒྱུ་བ་དང་བཅས་པ་ཡིན། འབྲས་བུ་ཉན་རང་གི་དགྲ་བཅོམ་པའི་གོ་འཕང་ཐོབ་རུང་ད་དུང་སངས་རྒྱས་ཀྱི་འོད་ཟེར་གྱིས་འགོག་པ་ལས་བསླང་ནས་ད་གཟོད་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་དགོས་པས་འགོག་པ་དེ་ཡང་རྒྱུ་བ་དང་བཅས་པ་ཡིན་པ་རེད། སྐྱེས་བུ་ཆེན་པོས་སྲིད་དང་ཞི་བའི་མཐའ་གཉིས་ཀ་ལ་བློ་ལྡོག་པ་ཡིན་པས་དེ་ཕན་ན་སྡུག་བསྔལ་ཤེས་བྱ་གཞན་མེད་པས་སྡུག་བསྔལ་ཤེས་པར་བྱ་བ་རྒྱུ་བ་མ་མཆིས་པ་ཡིན། ལས་དང་ཉོན་མོངས་ཤེས་བྱ་བག་ཆགས་དང་བཅས་པ་སྤང་བྱ་བྱས་པས་ཀུན་འབྱུང་སྤང་བར་བྱ་བ་རྒྱུ་བ་མ་མཆིས་པ་ཡིན། ལམ་བདེན་ལ་ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་པའི་བདེན་པ་བདག་མེད་གཉིས་ཀྱི་རང་བཞིན་ཅན་རྟོགས་པས། ལམ་རྒྱུད་ལ་བསྟེན་པར་བྱ་བ་དེ་ཡང་རྒྱུ་བ་མ་མཆིས་པ་ཡིན། འབྲས་བུ་སངས་རྒྱས་ཆོས་ཀྱི་སྐུ་ཐོབ་པས་དེ་ཕན་ན་ཐོབ་བྱ་མེད་པས་འགོག་པ་མངོན་དུ་བྱ་བ་དེ་ཡང་རྒྱུ་བ་མ་མཆིས་པ་ཡིན། དེ་ལྟ་བུའི་སྐྱེས་བུ་ཆེན་པོས་སྲིད་ཞི་གཉིས་ཀ་ལ་བློ་ལྡོག་ནས་ངེས་འབྱུང་ཆེན་པོས་ཀུན་ནས་བསླངས་ཏེ། རིང་ལམ་མཚན་ཉིད་ཐེག་པ་ལ་སོགས་པའི་མདོ་སྔགས་གཉིས་ཀྱི་སྡོམ་པས་རྒྱུད་བསྡམས་ནས། བསམ་གཟུགས་བརྒྱད་དང་། སྔགས་ཀྱི་བསྐྱེད་རྫོགས་གཉིས་སྒོམ་པ་ནི་བསམ་གཏན་ཡིན་ལ། དེའི་སྟེང་དུ་ཆེན་པོ་གསུམ་གྱི་ལྟ་བ་རྟོགས་པ་ཤེས་རབ་ཡིན་ནོ། །མདོར་ན་ཉན་རང་ནས་ཨ་ནུ་མན་ཆད་ཀྱི་ཐེག་པ་བརྒྱད་པོ་དེ་རྟོག་པས་རྟོག་པ་འདུལ་བའི་ལམ་ཡིན། ཐེག་རྩེ་ཨ་ཏི་ཡོ་གའི་སྤྲོས་བྲལ་ཀ་དག་གཅིག་པུའི་རང་ངོ་བསྐྱངས་ནས་བཟང་ངན་གྱི་རྟོག་པ་ཐམས་ཅད་ཡེ་ཤེས་ཆེན་པོ་དེའི་ཀློང་དུ་དག་ཅིང་ཆད་ནས་ལས་ཉོན་ཤེས་བྱ་བག་ཆགས་ཀྱི་སྒྲིབ་པ་མ་ལུས་པ་བཅོམ་ནས་སངས་རྒྱས་ཆོས་ཀྱི་སྐུ་ཐོབ་པ་རེད། དེ་ལས་གཟུགས་སྐུ་འགགས་པ་མེད་པ་ལོངས་སྐུ་དང་སྤྲུལ་སྐུའི་འགྲོ་བའི་དོན་མཛད་པ་ཡིན་ནོ། །དེ་ལྟ་བུའི་བདེན་པ་བཞི་རྣམ་པར་བཞག་པས་འགག་བསྡམས་ནས་སྔོན་འགྲོ་བློ་ལྡོག་རྣམ་པ་བཞིའི་ནང་གི་བཞི་པ་ལས་རྒྱུ་འབྲས་བསྟན་པའི་ཁྲིད་དང་བཅས་པ་བློ་ལྡོག་རྣམ་བཞིའི་ཁྲིད་ཆ་ཚང་ཡོངས་རྫོགས་ཞུས་གྲུབ་སོང་ནི་རེད། རྒྱུ་འབྲས་ཀྱི་རྣམ་བཞག་གམ་རྣམ་གྲངས་ཁ་ནས་བཤད་པ་ཙམ་ཤེས་ཀྱང་ཞེ་སྙིང་ནས་ཡིད་ཆེས་ཞན་པ་དང་། དམ་ཆོས་ཐོས་པ་མང་ན་ཡང་རང་རྒྱུད་ལ་སྦྱོར་བའི་ཉམས་ལེན་གྱི་གནད་མེད་པས་ཆོས་དང་རང་རྒྱུད་མ་འདྲེས་པའི་བདག་དང་བདག་འདྲ་ཉེས་པ་སྤྱོད་པའི་སེམས་ཅན་རྨོངས་པ་འབྲས་བུ་སྡུག་བསྔལ་ལག་ཏུ་ལེན་པ་རྣམས། ཆོས་རང་རྒྱུད་ལ་སྦྱར་ཏེ་སེམས་དང་ཆོས་སུ་འདྲེས་པར་བླ་མ་དཀོན་མཆོག་གིས་བྱིན་གྱིས་རློབས་ཤིག་གསུངས་སོ། །ལས་རྒྱུ་འབྲས་ཀྱི་རྣམ་གྲངས་འཆད་པའི་ཁྲིད་དོ།། །།

༼ན༽ ཐར་བའི་ཕན་ཡོན།

སངས་རྒྱས་བྱང་སེམས་མི་ཡི་གཟུགས་སུ་བྱོན་པའི་དམ་པའི་མཁས་གྲུབ་ཡོངས་འཛིན་དགེ་བའི་བཤེས་གཉེན་མང་པོར་མཉེས་པ་གསུམ་གྱིས་བསྟེན་ནས་དེ་དག་གིས་རྗེས་སུ་བཟུང་། མན་ངག་གདམས་ཟབ་ནོད་ཅིང་བླ་མས་ཇི་ལྟར་གསུངས་པའི་བཀའ་བཞིན་དུ་བསྒྲུབས་ནས་ཉམས་སུ་བླངས་ནས་བསྒྲུབ་འབྲས་མངོན་དུ་གྱུར་ཏེ། གཏན་བདེ་ཐར་པའི་ལམ་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཇི་ལྟར་སྒྲུབ་པའི་ཚུལ་རང་གིས་རྟོགས་ཤིང་རྟོགས་དོན་དེ་ཉིད་མ་ནོར་མ་འཁྲུལ་བར་གདུལ་བྱའི་འགྲོ་ལ་སྟོན་པ་པོ། མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་སྐབས་ཀྱི་ཕྱག་འཚལ་བ་སྔོན་དུ་བཏང་ནས། ལྔ་པ་ཐར་པའི་ཕན་ཡོན་དང་དྲུག་པ་བཤེས་གཉེན་བསྟེན་པའི་ཁྲིད་གཉིས་ལ། ཉན་པའི་ཚུལ་ཀུན་སློང་ཀུན་སྤྱོད་སོགས་སྔར་དང་འདྲ། བཤད་བྱ་དངོས་ལ། དང་པོ་ཐར་པ་ཞེས་བྱ་བ་ནི། གོང་དུ་བཤད་པའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཐར་ཏེ། ཉན་ཐོས་དང་རང་རྒྱལ་རྫོགས་པའི་བྱང་ཆུབ་གསུམ་པོ་གང་གི་གོ་འཕང་གང་ཐོབ་ཀྱང་ཐར་པ་ཡིན། གོང་དུ་བློ་ལྡོག་རྣམ་བཞིའི་ཁྲིད་ཀྱིས་འཁོར་བའི་གནས་འདིར་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་པར་ཤེས་པ་རེད། དེར་ཤེས་པ་ཙམ་དུ་མ་ཚད་བསྒོམས་ནས་ཞེན་ལོག་སྐྱེས་ཡོད་ཚོད་རེད། དེས་ན་ངེས་འབྱུང་བཅོས་མིན་སྐྱེས་ནས་ཕྱིན་ཆད་འཁོར་བར་འཁྱམས་འདོད་མེད་ན། དེ་མ་ཡིན་པའི་འགྲོ་ས་ཞིག་ད་བཙལ་དགོས་ནི་རེད། དེས་ན་འཁོར་བ་མ་ཡིན་པ་ནི་འཁོར་བ་ལས་ཐར་བའི་ཐར་བ་ཡིན་ན། དེ་ལྟ་བུའི་ཐར་བ་དེ་དོན་གཉེར་བྱེད་པ་ལ་ཐར་བའི་ཕན་ཡོན་འདི་ཐོག་མར་ཤེས་དགོས་ཁི། འཁོར་བའི་ཉེས་དམིགས་ཀྱི་སྡུག་བསྔལ་དེ་ལ་བསམ་བློ་བཏང་ནས་ཐར་བའི་ཕན་ཡོན་དྲན་དུས་བྱང་ཆུབ་གསུམ་གྱི་གོ་འཕང་དེའི་ཡོན་ཏན་ཞི་བ་བསིལ་བ་གྱ་ནོམ་པ་སྤངས་དང་རྟོགས་པའི་ཡོན་ཏན་ཐམས་ཅད་དྲན་ནས་སྤྱིར་ན་བྱང་ཆུབ་གསུམ། ཁྱད་པར་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དོན་གཉེར་གྱི་བློ་ཞིག་རང་ཤུགས་ཀྱིས་སྐྱེ་འོང་བ་ཡིན། གང་དོན་དུ་གཉེར་རྒྱུའི་ཐར་བ་དེ་ལ་ཡང་རྒྱུ་དང་འབྲས་བུ་གཉིས་ལས། དང་པོ་ཐར་པའི་གོ་འཕང་དེ་ཐོབ་བྱེད་ཀྱི་རྒྱུ་ནི། དང་པོ་དལ་འབྱོར་རྙེད་དཀའ་བ་ནས་བཟུང་སྟེ་བློ་ལྡོག་རྣམ་པ་བཞིས་རང་ཉིད་ཀྱི་རྒྱུད་མ་རུང་བ་དེ་དུལ་ཞིང་ལས་སུ་རུང་བར་བྱས་ནས། ཐར་བའི་ལམ་ཐམས་ཅད་ཀྱི་རྨིང་རྡོ་སྐྱབས་སུ་འགྲོ་བ་ནས་བཟུང་སྟེ། ཐུན་མོང་ཐུན་མིན་གྱི་སྔོན་འགྲོ་སྔོན་དུ་སོང་ནས་ལམ་གྱི་དངོས་གཞི་ཡོངས་སུ་རྫོགས་པ་ལ་ཐུག་གི་བར་དུ་ཁྲིད་དང་མན་ངག་ཐམས་ཅད་པོ་རེ་རེ་ནས་རང་རང་གི་སྐབས་ཐོབ་ཀྱི་ཕན་ཡོན་སྔར་བཤད་པ་དང་འོག་ནས་འཆད་པར་འགྱུར་བ་ཡིན་པས་ཐར་བ་ཐོབ་བྱེད་ཀྱི་རྒྱུ་དེར་འདུ། ཐར་བའི་འབྲས་བུ་ནི་ཉན་ཐོས་རང་རྒྱལ་རྫོགས་པའི་སངས་རྒྱས་ཏེ་བྱང་ཆུབ་གསུམ་གྱི་གོ་འཕང་གང་ཐོབ་ཀྱང་། ཉོན་མོངས་པའི་ཟུག་རྔུ་མེད་པས་ན་ཞི་བ། སྡུག་བསྔལ་གྱི་ཚ་གདུང་དང་བྲལ་བས་ན་བསིལ་བ། མདོར་ན་དེ་གསུམ་གང་ཐོབ་ཀྱང་འཁོར་བའི་སྡུག་བསྔལ་གྱི་འཕྲང་ལས་ཐར་པ་ཅན་ཡིན་པས་ང་རེ་དགའ། ཐར་བ་བྱང་ཆུབ་གསུམ་པོ་དེའི་ནང་ཚན་ལས་ཀྱང་། ད་རེས་ཐེག་པ་ཆེན་པོའི་ལམ་དང་མཇལ་བས། ལུས་ཀྱི་ལས་གསུམ། ངག་གི་ལས་བཞི། ཡིད་ཀྱི་ལས་གསུམ་སྟེ་དགེ་བ་བཅུ་དང་། བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་བཞི་དང་། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཕར་ཕྱིན་དྲུག ། ཅེས་གསུངས་པ་ལྟར་ཕར་ཕྱིན་དྲུག་དང་། བསམ་གཏན་དང་པོ་ནས་བཞི་བའི་བར་དང་། གཟུགས་མེད་སྐྱེ་མཆེད་མུ་བཞི་དང་། ཞི་གནས་དང་ལྷག་མཐོང་གི་སྒྲ་ཡི་འཇུག་ཚུལ་ཙམ་ཞིག་མ་ཀི་ཉན་ཐོས་ཐེག་པ་ནས་ཡ་ཀི་རྫོགས་པ་ཆེན་པོའི་བར་ཡོད་ཀྱང་། སྒྲ་མཐུན་དོན་འཕགས་ཀྱི་སྒོ་ནས་དོན་གྱི་འཇུག་ཚུལ་ལ་ཁྱད་པར་ཆེན་པོ་ཡོད་པས་སྐབས་ཐོབ་རང་གཞུང་ནས་ཤེས་དགོས་པའི་ཞི་གནས་དང་ལྷག་མཐོང་གཉིས་ལ་སོགས་པའི་ལམ་ཐམས་ཅད་རྣམ་མཁྱེན་རྫོགས་པའི་བྱང་ཆུབ་ཁོ་ན་འདོད་པས་བསྒྲུབ་པར་བྱའོ། །སྙམ་དུ་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་པ་མེད་པ་ལྟ་བས་རྩིས་ཟིན་པ། རྗེས་བསྔོ་སྨོན་གྱི་རྒྱ་ཡིས་ཐེབས་པའི་དམ་པ་གསུམ་དང་མི་འབྲལ་ཞིང་དམ་པ་གསུམ་གྱིས་ཟིན་པའི་སྒོ་ནས་ཉམས་སུ་བླང་ངོ་། །དེ་ཡང་ཐར་བ་བྱང་ཆུབ་གསུམ་གྱི་གོ་འཕང་སྒྲུབ་པ་ལ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་འདུས་པས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དྲན་དགོས། དེ་ལ་ཐར་བ་བྱང་ཆུབ་གསུམ་གྱི་ལམ་གྱི་ལུས་རྟེན་ཞིག་ལོན་དགོས་པས། སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་ཉམས་སུ་བླང་དགོས། དེ་ལ་ཐེག་པ་འཇིག་རྟེན་པའི་ཐེག་པ་ཀུན་སློང་མངོན་མཐོ་དོན་གཉེར་གྱི་ཀུན་སློང་། དགེ་རྩ་བསོད་ནམས་ཆ་མཐུན་ནམ་སྲིད་པ་སྒྲུབ་པའི་ལས་ཡིན། ལྟ་བ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཡིན། དགེ་བའི་རྩ་བ་དེ་རྣམས་མདོར་བསྡུ་ན་ངེས་འབྱུང་གི་བསམ་པས་མ་ཟིན། སྟོང་ཉིད་ཀྱི་ལྟ་བས་མ་ཟིན། བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་དགེ་བའི་རྩ་བ་རྒྱ་ཆེ་ཆུང་ཅི་བསྒྲུབས་ན་སྐྱེས་བུ་ཆུང་ངུའི་དགེ་རྩ་ཡིན། དེ་ལྟ་བུའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དེ་བསྒོམས་ན་འབྲས་བུ་ལྷ་མིའི་གོ་འཕང་ཐོབ། དེ་བྱང་ཆུབ་གསུམ་དང་འཇིག་རྟེན་ལས་འདས་པའི་ཐེག་པ་མིན་ཡང་བྱང་ཆུབ་སྒྲུབ་པའི་ལུས་རྟེན་ཁྱད་པར་འཕགས་པ་ཞིག་ཡིན། བྱང་ཆུབ་གསུམ་ནི་སྐྱེས་བུ་འབྲིང་དང་ཆེན་པོའི་ལམ་དེ་ཡིན། དེའི་ནང་གི་སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་ཇི་ལྟར་ཡིན་ན། སངས་རྒྱས་ཀྱི་བཀའི་ནང་གསེས་འཇིག་རྟེན་ལས་འདས་པའི་ཐེག་པ། ཀུན་སློང་རང་འདོད་ཡིད་བྱེད་ཀྱི་བསམ་པ། དགེ་རྩ་ཐེག་དམན་ཐར་བ་ཆ་མཐུན་ཡིན། ལུང་གི་ཆོས་རྗོད་བྱེད་སྡེ་སྣོད་གསུམ་ལ་ཐོས་བསམ་འཆད་ཉན་བྱེད་ཅིང་། རྟོགས་པའི་ཆོས་བརྗོད་བྱ་བསླབ་པ་གསུམ་གྱི་དོན་ཉམས་སུ་ལེན་པ་ཞིག་ལ་གོ་དགོས། བསླབ་པ་གསུམ་ཉམས་སུ་ལེན་ཚུལ། འདུལ་བའི་བསྟན་དོན་སོར་ཐར་གྱི་སྡོམ་ཁྲིམས་སོགས་ཚུལ་ཁྲིམས་ཀྱི་བསླབ་པ། མདོ་སྡེའི་བསྟན་དོན་མི་སྡུག་པ་སྒོམ་པ་སོགས་ཏིང་ངེ་འཛིན་གྱི་བསླབ་པ། མངོན་པའི་བསྟན་དོན་ཤེས་རབ་ཀྱི་བསླབ་པ་བདག་ཕུང་གཅིག་དང་ཐ་དད་ལ་སོགས་བརྟགས་ནས་གང་ཟག་གི་བདག་མེད་པར་རྟོགས་པ་དེའི་སྟེང་ཆོས་བདག་རགས་པ་མེད་པར་རྟོགས། དེ་ཤེས་རབ་ཀྱི་བསླབ་པ་ཡིན་པས་དེ་ཡུན་རིང་པོར་མི་ཚེ་གསུམ་དང་ལོ་སྟོང་ལ་སོགས་པར་གོམས་པས་འབྲས་བུ་ལྷག་བཅས་དང་ལྷག་པ་མེད་པའི་ཉན་རང་དགྲ་བཅོམ་གྱི་གོ་འཕང་ཐོབ་བོ། །རང་རྒྱལ་ནི་ལྟ་བ་སོགས་ཅུང་ཙམ་མ་གཏོགས་ཉན་ཐོས་དང་འདྲའོ། །མདོར་ན་ངེས་འབྱུང་གི་བསམ་པས་ཟིན། སྟོང་ཉིད་ཉི་ཚེ་བ་ཙམ་རྟོགས་པས་ཟིན་ཀྱང་ཆེན་པོ་གསུམ་གྱི་ལྟ་བ་མ་རྟོགས་པ། བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་དགེ་རྩ་རྒྱ་ཆེ་ཆུང་གང་བསྒྲུབས་ཀྱང་ཐེག་དམན་ཐར་པ་ཆ་མཐུན་གྱི་དགེ་རྩ་ཡིན། རང་རེས་ལུས་རྟེན་ཁྱད་པར་ཅན་འདི་ཐོབ། ལམ་ཟབ་མོ་འདི་འདྲ་བ་དང་མཇལ་ན་རབ་ལས་དམན་པ་དང་སླ་བ་ལས་དཀའ་བ་གདམ་དགོས་དོན་མེད། རང་ཅག་ལ་དགོས་རྒྱུ་གང་ཡིན་ན་ཐར་བའི་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྤངས་རྟོགས་མཐར་ཕྱིན་པ། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་དེ་ཐོབ་དགོས་པས། དེ་སྒྲུབ་པར་བྱེད་པ་ལ་སངས་རྒྱས་ཀྱི་བཀའ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་ཞུགས་དགོས། དེ་ཡང་ཀུན་སློང་བྱང་ཆུབ་ཀྱི་སེམས་དང་ལྡན་པ། དགེ་རྩ་ཐེག་ཆེན་ཐར་བ་ཆ་མཐུན་དེ་གང་ཡིན་ན། རིང་ལམ་གྱི་ཚོགས་གཉིས། ཉེ་ལམ་བསྐྱེད་རྫོགས་གཉིས། མྱུར་ལམ་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གཉིས་ཏེ་ལྟ་བ་ཆེན་པོ་གསུམ་གྱི་ལྟ་བ་དེ་ལྟ་བུ་རྟོགས་གོམས་མཐར་ཕྱིན་སོང་ན། མདོ་ལུགས་ཀྱི་སངས་རྒྱས་དང་སྔགས་ལུགས་ཀྱི་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ནི་འབྲས་བུ་ཡིན་ནོ། །མདོར་ན་ངེས་འབྱུང་གི་བསམ་པས་ཟིན། བདག་མེད་གཉིས་རྟོགས་ཀྱི་ཤེས་རབ་ཀྱིས་ཟིན། བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ་རྩ་ཆེ་ཆུང་གང་བསྒྲུབས་ན་ཐེག་ཆེན་ཐར་བ་ཆ་མཐུན་གྱི་དགེ་རྩ་ཡིན། དེས་ན་རིང་ལམ་མཚན་ཉིད་ཐེག་པས་བསྐལ་བ་གྲངས་མེད་གསུམ་སོགས་ཀྱི་བར་དུ་རྫོགས་སྨིན་སྦྱངས་པ་རྒྱ་མཚོ་ལྟ་བུ་མཐར་ཕྱིན་པར་བྱེད་དགོས་ན་ཧ་ཅང་ཡུན་རིང་བ་ཡིན། ཉེ་ལམ་རྡོ་རྗེ་ཐེག་པའི་སྐབས་ཀྱི་ཕྱི་རྒྱུད་སྡེ་གསུམ་ལ་ཐུན་མོང་རིགས་ལྔའི་དབང་གིས་སྨིན་པར་བྱས་ནས་རང་ལམ་གྱི་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམས་ནས་མཚན་བཅས་མཚན་མ་མེད་པའི་རྣལ་འབྱོར་བསྒོམས་ནས་མི་ཚེ་གསུམ་མམ་ལྔའམ་བདུན་གྱིས་རིགས་གསུམ་རིགས་བཞི་རིགས་ལྔ་རྡོ་རྗེ་འཛིན་པའི་ས་ཐོབ་ཀྱང་། དེ་ཡང་དཀའ་མོ་ཞིག་ཡིན་ནི་རེད། ནང་རྒྱུད་སྡེ་གསུམ་གྱི་ནང་ནས་མ་ཧཱ་དང་ཨ་ནུ་གཉིས་ཀ་སྨིན་བྱེད་དམ། འཇུག་སྒོའམ་སྡོམ་ཆོག་རྣམ་པར་དག་པས་རྒྱུད་བསྡམས་ནས། བསྐྱེད་རྫོགས་རིམ་གཉིས་བསྒོམས་ནས་མི་ཚེ་གཅིག་གིས་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པས་སླ་མོ་ཡིན་ཡང་། ད་དུང་འོད་གསལ་རྫོགས་པ་ཆེན་པོའི་ལུགས་ཀྱི་དབང་གོང་མ་ཐོབ་ནས་དམ་ཚིག་གིས་རྒྱུད་བསྡམས་ནས། ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གཉིས་ཀྱི་ལམ་ཉམས་སུ་བླངས་པས་ལོ་དང་ཟླ་བས་འཕོ་བ་ཆེན་པོའི་སྐུ་འགྲུབ་པ་ནི་ཤིན་ཏུ་སླ་བའི་མྱུར་ལམ་ཡིན་པས་ན། བློ་ཐག་རྦད་ཀྱིས་བཅད་དེ་ལམ་འདི་ཉིད་ལ་ཞུགས་ནས་ཉམས་སུ་ལེན་པར་བྱ་དགོས་བསམ་རྒྱུ་ནི་ཐར་བའི་ཕན་ཡོན་བསྟན་པའི་ཁྲིད་ཀྱི་སྙིང་དོན་དངོས་ཡིན་ནོ།། །།

༼དྷཱི༽ བཤེས་གཉེན་བསྟེན་པའི་ཁྲིད།

དྲུག་པ་བཤེས་གཉེན་བསྟེན་པའི་ཁྲིད་ནི། བླ་མ་མ་བསྟེན་པར་སངས་རྒྱས་འགྲུབ་པའི་ལོ་རྒྱུས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་མ་གསུངས་ཏེ། གོང་དུ་བཤད་པའི་སྐྱེས་བུ་ཆེན་པོའི་ལམ་བསོད་ནམས་ཚད་མེད་པའི་མཇུག་ངོགས་ཐར་བ་དམ་པ་མྱ་ངན་ལས་འདས་པའི་གོ་འཕང་བྱང་ཆུབ་ཆེན་པོ་དེ་ཉིད་ལོ་དང་ཟླ་བས་བསྒྲུབ་ཆོག་ན། ལམ་དེ་ཉིད་སྟོན་པའི་བཤེས་གཉེན་དམ་པ་ནི་ཉམས་མྱོང་གི་དྲོད་ཚད་དང་ལྡན་པ་ཞིག་རྙེད་དགོས་ནི་རེད། ལམ་དེ་ཡང་འགྲོ་བ་ལྷ་དང་བཅས་པ་བདུད་དང་བཅས་པ་སྐྱེ་རྒུའི་བདག་པོ་ཚངས་པ་དང་བཅས་པས་སྟོན་མི་ཤེས། རང་ཉིད་ལ་བརྩེ་བའི་ཕ་དང་མ་ལ་སོགས་པའི་འཇིག་རྟེན་གྱི་གྲོགས་དགའ་མཛའ་ཐམས་ཅད་ཀྱིས་ཀྱང་སྟོན་མི་ཤེས། དེལྟ་བུའི་ལམ་དེ་སུས་སྟོན་ན་བླ་མ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་གིས་སྟོན་པ་རེད། དེས་ན་ཐར་ལམ་རྣམ་དག་ཞིག་ཟིན་དགོས་ན། དང་པོར་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོར་བསྟེན་དགོས་ཁི། དེ་གཉི་ག་ལ་མ་བསྟེན་པར་མཐོང་ཆོས་སུ་ཡང་རང་བཟོ་དང་ཕོ་ཚོད་ཀྱིས་ཐར་བའི་གོ་འཕང་སྒྲུབ་ཐུབ་པ་མ་རེད། དེ་ཨེ་ཐུབ་རང་གིས་རང་རྒྱུད་ལ་བརྟགས་ན་ཤེས་ནུས་རེད། རང་སྟོབས་ཀྱིས་ཐར་བའི་ལམ་ལ་འགྲོ་མ་ཐུབ་ན་དགེ་བའི་བཤེས་གཉེན་ཞིག་བསྟེན་དགོས་རེད། དེ་ཡང་སུ་ཐུག་ཐུག་གང་བྱུང་བྱུང་གིས་མི་འོང་སྟེ་ལྟ་སྤྱོད་ཕྱིན་ཅི་ལོག་སྟོན་པའི་བདུད་ཀྱི་བཤེས་གཉེན་དང་བདུད་ཀྱི་གྲོགས་པོ་དང་འཕྲད་སོང་ན་རང་ཉིད་ལམ་ལོག་པར་ཁྲིད་ནས་སྡུག་བསྔལ་བར་འགྱུར་བ་ཡིན་པས་ན། དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་བཙལ་དགོས་པའི་རྒྱུ་མཚན་གྱིས། བླ་མ་མ་བསྟེན་པར་རང་སྟོབས་ཀྱིས་ས་དང་ལམ་གྱི་ཡོན་ཏན་སྐྱེས་ནས་ཐར་བ་ཐོབ་པ་གཅིག་ཀྱང་མེད། འདི་ལྟར་རང་དང་བཅས་པའི་སེམས་ཅན་ཐམས་ཅད་ཕྱིནཅི་ལོག་པའི་ལམ་ལ་རྣམ་རིག་གཟོ་བ་ཉིད་དེ། དགོས་ངེས་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་ལོང་བ་བཤེས་མེད་ཐང་སྟོང་དུ་མགོ་འཁོར་བ་དང་མཚུངས། དེས་ན་རྒྱ་མཚོ་ཆེན་པོར་ནོར་བུ་ལེན་དུ་འགྲོ་དགོས་ན་དེད་དཔོན་མཁས་པ་ཞིག་ལ་མ་བསྟེན་པར་རིན་པོ་ཆེའི་གླིང་ནས་ནོར་བུ་བླངས་པའི་དཔེ་མེད། རྒྱུ་མཚན་དེས་ན་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་མཁན་མངོན་སུམ་ཡིན་པའི་ཕྱིར་ན་དེ་གཉིས་ལ་གུས་པས་བསྟེན་དགོས་ཏེ། དཔལ་སྤྲུལ་རིན་པོ་ཆེས། སྙིགས་དུས་རྒྱལ་བ་དངོས་འདྲའི་མཛད་པ་ཅན། །ཐུགས་རྗེ་བཀའ་དྲིན་ཚད་མེད་རྒྱལ་ལས་ལྷག །ཡང་དག་དགེ་བའི་བཤེས་གཉེན་མ་བསྟེན་ན། །དམུས་ལོང་དམིགས་བུ་མེད་པ་ལམ་ཞུགས་འདྲ། །ཞེས་གསུངས་ཡོད་ནི་རེད། དེ་ལ་ཡང་དང་པོ་བླ་མ་བརྟག་པ། བར་དུ་བླ་མ་བསྟེན་པ། ཐ་མ་དགོངས་སྤྱོད་བསླབ་པ་དང་གསུམ་ཡོད།

༼༡ དང་པོ་བླ་མ་བརྟག་པ།

དང་པོ་བླ་མ་བརྟག་པ་ནི། སྤྱིར་སོ་སོའི་སྐྱེ་བོ་ནི་རིག་པ་བསླུ་སྐྱེན་རྣམ་རྟོག་ཅོལ་ཆུང་བས་སོ་སོའི་སྐྱེ་བོ་ཕལ་བ་རྣམས་ནི་གྲོགས་ལ་སོགས་པ་འཕྲལ་རྐྱེན་ཕྲན་བུ་ཙམ་གྱིས་ཀྱང་བློ་བསྒྱུར་སླ་བ་ཡིན་པས་དུས་དང་རྣམ་པ་ཐམས་ཅད་དུ་ཡང་དག་ལམ་ལ་ཁྲིད་པའི་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་ལ་བསྟེན་དགོས་ཏེ། དཔེར་ན་རྒྱ་གར་གྱི་རི་བོ་མ་ལ་ཡའི་ཙནྡན་གྱི་ནགས་ཁྲོད་དུ་སྡོང་དུམ་ཕལ་པ་ཞིག་ལྷུངས་ནས་ལོ་མང་སོང་ན་ཙནྡན་གྱི་དྲི་བཟང་པོ་དེ་ལ་འགོས་ནས་ཤིང་ཕལ་པ་དེ་ལ་ཡང་དྲི་ཞིམ་འབྱུང་བ་དང་འདྲ་བར། སྐྱེས་བུ་དམ་པ་ཡོན་ཏན་དང་ལྡན་པ་ལ་བསྟེན་ནས་བསྡད་ན་དེའི་ཡོན་ཏན་གྱི་དྲི་བཟང་པོ་འགོས་ནས་སྤྱོད་ལམ་ཐམས་ཅད་དེ་དང་འདྲ་བར་འགྱུར་ཏེ། ཇི་སྐད་དུ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། ཇི་ལྟར་མ་ལ་ཡ་ཡི་ནགས་ཀླུང་དུ། །རྣམ་པར་འཁྱམས་པའི་སྡོང་དུམ་ཕལ་པ་ཡང་། །ཡལ་འདབ་བརླན་པས་ཙནྡན་དྲི་བསུང་ལྟར། །གང་ལ་བསྟེན་པ་དེ་ཡི་རྗེས་སུ་འགྲོ། །ཞེས་གསུངས། ད་ལྟ་སྙིགས་མ་ལྔ་བདོའི་གནས་སྐབས་དུས་སྙིགས་མར་སོང་བས་སེམས་ཅན་བསོད་ནམས་དམན་པ་ཡིན་པས་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་བཤད་པའི་བླ་མ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་ཚང་བ་རྙེད་པར་དཀའ་ཡང་། བཤེས་གཉེན་གང་ལ་བསྟེན་བྱའི་བླ་མ་དེར་ཡོན་ཏན་འདི་དག་ཚང་བ་ངེས་པར་དགོས་ཏེ། ཕྱི་སོ་ཐར། ནང་བྱང་སེམས། གསང་བ་གསང་སྔགས་ཏེ་སྡོམ་པ་གསུམ་གྱི་གནང་བཀག་གི་དགག་སྒྲུབ་ཀྱི་གནས་ལ་འགལ་བ་མ་སོང་བས་རྒྱུད་གཙང་བ། མདོ་རྒྱུད་བསྟན་བཅོས་ཀྱི་གཞུང་ལ་མ་རྨོངས་པའི་ཐོས་པ་རྒྱ་ཆེ་བ། མཐའ་ཡས་པའི་སེམས་ཅན་རྣམས་ལ་བུ་གཅིག་པུའི་མ་ལྟར་བརྩེ་བའི་སྙིང་རྗེས་རྒྱུད་བརླན་པ། ཕྱི་འདུལ་བ་མདོ་སྡེ་མངོན་པ་སྟེ་སྡེ་སྣོད་གསུམ་དང་། ནང་གསང་སྔགས་ཀྱི་བྱ་སྤྱོད་རྣལ་འབྱོར་བླ་མེད་དེ་རྒྱུད་སྡེ་བཞིའི་ཆོ་ག་ལ་མཁས་པ། ཐོས་དོན་ཉམས་སུ་བླངས་པ་ལ་བསྟེན་ནས་རང་རྒྱུད་ལ་སྤངས་རྟོགས་དྲོད་རྟགས་ཀྱི་ཡོན་ཏན་ཐམས་ཅད་ཁྱད་པར་ཅན་མངོན་དུ་གྱུར་པ། སྦྱིན་དང་སྙན་སྨྲ་དོན་སྤྱོད་དོན་མཐུན་ཏེ་བསྡུ་བའི་དངོས་པོ་བཞིས་སྐལ་བཟང་གི་སློབ་མ་སྡུད་པ་དེ་ལྟ་བུ་ཞིག་དགོས་ཏེ། བླ་མ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དང་ལྡན་པ་བསྟེན་པས་སློབ་མའི་རྒྱུད་གྲོལ་ནུས་ཏེ། མཁས་པ་ཡིན་པས་ཤེས་བྱའི་སྒྲོ་འདོགས་གཅོད་ནུས། བཙུན་པ་ཡིན་པས་ན་སྤྱོད་པ་ཆུད་མི་ཟ་བར་འགྱུར་བའི་དགོས་པ་ཡོད། བཟང་པོའི་ཡོན་ཏན་དང་ལྡན་པས་ན་རྗེས་སུ་གདམས་པས་འབྲེལ་ཚད་ཕན་པ་དང་བདེ་བ་ལ་སྦྱོར་བ་མཛད་པ་ཡིན། དམ་པའི་ཆོས་ཚུལ་མཐའ་དག་རྫོགས་པ་ནི། །སྙིགས་མའི་མཐུས་བྱས་རྙེད་པར་དཀའ་ན་ཡང་། །སྡོམ་གསུམ་གནང་བཀག་གཙང་མའི་ས་གཞི་ལ། །ཐོས་དང་སྙིང་རྗེ་ཆེན་པོས་ཐུགས་རྒྱུད་བརླན། །སྡེ་སྣོད་སྔགས་རྒྱུད་རྒྱ་མཚོའི་ཆོ་ག་མཁས། །སྤངས་རྟོགས་ཡེ་ཤེས་དྲི་མེད་འབྲས་བུས་ཕྱུག །བསྡུ་དངོས་བཞི་ཡི་མེ་ཏོག་རྣམ་བཀྲ་བས། །སྐལ་བཟང་སློབ་མའི་བུང་བ་སྡུད་ལ་བསྟེན། །ཞེས་གསུངས། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་མན་ངག་གི་ཟབ་གནད་སྟོན་པའི་བླ་མ་ནི། རྒྱུད་སྡེ་རིན་པོ་ཆེ་བཞི་དང་དྲུག་གི་སྐབས་ནས་བཤད་པའི་རང་ལམ་གྱི་དབང་སོ་སོར་གྲངས་ངེས་པ་ཅན་དང་། སྔ་འགྱུར་རང་ལུགས་སུ་གྲགས་པ་དབང་གི་ཆུ་བོ་ཆེན་པོ་བཞི་ལ་སོགས་པའི་ཐ་སྙད་ཡོད་ན་འདིར་རྫོགས་པ་ཆེན་པོ་མན་ངག་སྡེའི་རང་ལམ་གྱི་དབང་གཙོ་བོར་བྱས་ཏེ་དབང་བཞིས་རྒྱུད་སྨིན་པར་བྱེད་པ་དབང་གི་ཆུ་བོ་ཟམ་མ་ཆད་པས་རྒྱུད་སྨིན་པ། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་གནས་ལ་འགལ་བ་མེད་པ། ཉོན་མོངས་དང་དེས་བསྐྱེད་པའི་རྣམ་རྟོག་ངན་པ་ཆུང་བས་རྒྱུད་ཞི་ཞིང་དུལ་པ། གསང་སྔགས་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་བུའི་རྒྱུད་དོན་ཐམས་ཅད་ཁོང་དུ་ཆུད་པ། ཡི་དམ་ལྷའི་ཞལ་མཐོང་བ་ལ་སོགས་བསྙེན་སྒྲུབ་ཀྱི་ཚད་འཁྱོལ་བའི་གནད་ཀྱི་རྟགས་རྫོགས་པ། ཆོས་ཉིད་མ་བཅོས་པའི་གནས་ལུགས་གཉུག་མའི་དོན་མངོན་དུ་གྱུར་ནས་རྟོགས་པ་མཆོག་དང་ལྡན་པ་ཡིན་པས་ན་བདག་རྒྱུད་གྲོལ་བ། ཐུགས་རྒྱུད་སྙིང་རྗེས་གང་བས་སེམས་ཅན་གཞན་གྱི་དོན་འབའ་ཞིག་གཉེར་བ། འཇིག་རྟེན་ཚེ་འདིའི་ཞེན་པ་སྤངས་པས་ན་འདུ་འཛི་བྲེལ་ཟིང་གི་བྱ་བ་ཉུང་ཞིང་། ཚེ་ཕྱི་མ་དང་དུ་ལེན་པ་ལ་བརྩོན་པས་ནན་ཏན་སྙིང་པོ་ཆོས་ལ་སེམས་པ། འཁོར་བའི་གནས་མཐའ་དག་སྡུག་བསྔལ་དུ་མཐོང་བས་ཐུགས་སྐྱོ་ཤས་ཆེ་ཞིང་འགྲོ་བ་གཞན་ཡང་གཅིག་ཏུ་རྟག་པ་མིན་པའི་ཚུལ་དེ་ལ་ནན་གྱིས་བསྐུལ་བ། གང་ལ་གང་འདུལ་ཐབས་མཁས་གྱི་སྒོ་ནས་སློབ་མ་རྗེས་སུ་འཛིན་པའི་ཐབས་ལ་མཁས་པ། རང་ཉིད་ཀྱིས་དུས་དང་གནས་སྐབས་ཐམས་ཅད་དུ་བླ་མའི་བཀའ་བཞིན་བསྒྲུབས་པས་ན་བརྒྱུད་པ་གོང་མའི་བྱིན་རླབས་དང་ལྡན་པ། དེ་ལྟ་བུ་ཞིག་ལ་བསྟེན་དགོས་ཏེ། ཁྱད་པར་མན་ངག་སྟོན་པའི་བླ་མ་ནི། །དབང་ཐོབ་དམ་ཚིག་ལ་གནས་ཤིན་ཏུ་ཞི། །གཞི་ལམ་འབྲས་བུའི་རྒྱུད་དོན་ཁོང་དུ་ཆུད། །བསྙེན་སྒྲུབ་རྟགས་རྫོགས་རྟོགས་པས་རང་རྒྱུད་གྲོལ། །སྙིང་རྗེ་ཚད་མེད་གཞན་དོན་འབའ་ཞིག་གཉེར། །བྱ་བ་ཉུང་ཞིང་ནན་ཏན་ཆོས་ལ་སེམས། །སྐྱོ་ཤས་ཆེར་ལྡན་གཞན་ཡང་དེ་ལ་བསྐུལ། །ཐབས་ལ་མཁས་ཤིང་བརྒྱུད་པའི་བྱིན་རླབས་ལྡན། །དེ་ལྟ་བུ་ལ་བསྟེན་ན་དངོས་གྲུབ་མྱུར། །ཞེས་སོ། །དེས་ན་སྙིང་པོའི་ལམ་སྟོན་གྱི་བླ་མ་ནི། ཚིག་གིས་གདམས་པའི་སྒྲོ་འདོགས་གཅོད་ནུས་ནི་ཞིག དོན་གྱི་ངོ་སྤྲོད་ཀྱིས་རྟོགས་པ་བསྐྱེད་ནུས་ནི། བྱིན་རླབས་ཀྱི་ཟིལ་གྱིས་སྣང་བ་བསྒྱུར་ནུས་པ། མྱོང་བའི་ཐབས་མཁས་ཀྱིས་གེགས་སེལ་ནུས་པ་སྟེ། ཡོན་ཏན་ཁྱད་པར་འཕགས་པ་བཞི་དང་ལྡན་པ་སྟེ། བླ་མའི་ཞལ་མཐོང་བའམ་གསུང་ཐོས་པ་ཙམ་གྱིས་རང་རྒྱུད་ཀྱི་སྒྲིབ་པ་ཅི་རིགས་པ་དག་ནས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ལ་སྦྱོར་ནུས་པ་དེ་འདྲ་ཞིག་དགོས། དེ་ལས་གཞན་དུ་སྤང་བར་བྱ་བའི་བླ་མའི་མཚན་ཉིད་ནི་འདི་ལྟ་བུ་རྣམས་ཡིན་ཏེ། རང་རྒྱུད་ལ་ཐོས་བསམ་སྒོམ་པའི་ཡོན་ཏན་ཅུང་ཟད་མེད་ཀྱང་། ང་ནི་བླ་མ་དེ་དང་དེ་ལྟ་བུའི་རྒྱལ་སྲས་སམ་དབོན་པོ་སོགས་ཡིན་པས་གཞན་ལས་ལྷག་ཅིང་ད་དུང་ངའི་བརྒྱུད་པ་རྣམས་ཀྱང་དེ་ལྟར་ཡིན་ནོ་སྙམ་དུ་བྲམ་ཟེ་ལྟར་ཆོ་རིགས་ཀྱིས་སྲུང་བའམ། ཐོས་བསམ་སྒོམ་པའི་ཡོན་ཏན་ཅུང་ཟད་ཡོད་ཀྱང་དེ་ཉིད་ཕྱི་མ་དོན་དུ་གཉེར་བའི་ངེས་འབྱུང་གི་ཀུན་སློང་རྣམ་དག་གིས་བསྒྲུབས་པ་མ་ཡིན་པར། རང་ཉིད་གང་དུ་བསྟི་བའི་བླ་མའི་གདན་ས་དང་དགོན་གནས་ལ་སོགས་པ་ཉམས་ཀྱིས་དོགས་པས་ཚེ་འདིའི་སྙན་གྲགས་ཁོ་ན་སྒྲུབ་པའི་ཆེད་དུ་བྱས་པ་རྣམས་ནི་ཤིང་གི་རང་འཐག་གིས་རྩམ་པ་འཐག་མི་ནུས་པ་ལྟ་བུ་ཞེས་བྱ་སྟེ། དེ་འདྲའི་བླ་མས་རང་རྒྱུད་འདུལ་མ་ནུས་པས་གཞན་སློབ་མའི་རྒྱུད་འདུལ་མི་ནུས་པ་དེ་ལྟ་བུའི་བླ་མའི་མིང་འཛིན་པ་དེ་ཚོ། རང་རྒྱུད་སོ་སྐྱེ་ཕལ་པ་རྣམས་དང་ཁྱད་ཐོན་པའི་ཡོན་ཏན་ཅུང་ཟད་ཀྱང་མེད་ཀྱང་། གཞན་བླུན་པོ་འགའི་རྨོངས་པའི་དབང་གིས་དེ་ལ་དད་པ་བྱས་པ་མང་པོ་ཞིག་གིས་མ་བརྟགས་པར་མིང་གི་གོ་ས་མཐོན་པོར་སྙེགས་པར་གྱུར་ཅིང་། ཟང་ཟིང་གི་རྙེད་པ་དང་དད་གུས་ཀྱི་བཀུར་སྟིས་རྒྱུད་སྦོས་པའམ་རྒྱུད་ཁེངས་ཏེ་རང་རྒྱུད་ང་རྒྱལ་གྱིས་ཁེངས་ཤིང་དམ་པའི་ཡོན་ཏན་མི་མཐོང་བ་ཁྲོན་པའི་སྦལ་པ་ལྟ་བུ་ཞེས་བྱ་སྟེ། སྔོན་ཁྲོན་པ་སྟེ་ཆུ་འཁྱིལ་ཞིག་ན་སྦལ་པ་རྒན་པོ་ཞིག་རྟག་པར་སྡོད་པའི་དྲུང་དུ་རྒྱ་མཚོ་ཆེན་པོ་ནས་སྦལ་པ་ཞིག་འོང་བ་ལ། ཁྲོན་པའི་སྦལ་པ་དེས་ཁྱོད་གང་ནས་འོང་བྱས། ང་རྒྱ་མཚོ་ཆེན་པོ་ནས་འོང་ཟེར། ཁྱོད་ཀྱི་རྒྱ་མཚོ་དེ་ཅི་ཙམ་ཡོད་དྲིས་པས་རྒྱ་མཚོ་དེ་ཤིན་ཏུ་ཆེ་ཟེར། འོ་ན་ངའི་ཁྲོན་པ་འདིའི་བཞི་ཆ་ཙམ་ཡོད་དམ། མི་ཚད་དོ། །འོ་ན་ཕྱེད་ཙམ་མམ་མི་ཚད། འོ་ན་ཁྲོན་པ་འདི་ཙམ་ཡོད་དམ། མི་ཚད་དོ་ཟེར་བས། དེ་འདྲ་ཡོད་ཐབས་མེད་པས་དེར་བལྟ་དགོས་སོ་ཟེར་ནས་གཉིས་ཀ་འགྲོགས་ཏེ་ཕྱིན་པས། རྒྱ་མཚོ་མཐོང་པ་ན་ཁྲོན་པའི་སྦལ་པ་བརྒྱལ་ནས་མགོ་གས་ཏེ་ཤི་སྐད། མཁས་པའི་བླ་མ་མ་བསྟེན་ཞིང་མདོ་རྒྱུད་བསྟན་བཅོས་ཀྱི་དོན་ལ་སྦྱང་བརྩོན་བྱེད་མ་མྱོང་ན་རང་རྒྱུད་ལ་ཡོན་ཏན་མེད་པས་ཐོས་པ་ཉུང་བ། རང་རྒྱུད་ཉོན་མོངས་རགས་ཤིང་དྲན་པ་དང་ཤེས་བཞིན་མེད་པས་སྡོམ་པ་དང་དམ་ཚིག་རང་བཞིན་གྱིས་འཆལ་པ། རྒྱུད་ཚོད་སོ་སྐྱེ་ཁྱིམ་པའི་སྐྱེ་བོ་བཟང་བ་ཞིག་ལས་དམའ་ཡང་ད་དུང་གྲུབ་པའི་མཛད་སྤྱོད་ལྟར་བྱེད་པས་རྒྱུད་ཚོད་ས་ལས་དམའ་ཡང་ཀུན་སྤྱོད་གནམ་དུ་གཤེགས་པ། རྒྱུན་དུ་རྒྱུད་གདུག་རྩུབ་ཆེ་བས་ཁོང་ཁྲོ་དང་གཞན་སྨད་པའི་ཟུར་ཟ་ཆེ་བས་བྱམས་དང་སྙིང་རྗེའི་དཔྱང་ཐག་གི་འབྲེལ་བ་ཆད་པ། དེ་ལྟ་བུ་ནི་སྨྱོན་པའི་ལམ་མཁན་ལྟ་བུའི་བཤེས་གཉེན་ཞེས་བྱ་སྟེ་ ལམ་ལོག་པར་འཁྲིད་མཁན་རེད། ཁྱད་པར་བླ་མ་དེ་ལ་སློབ་མ་རང་ལས་ལྷག་པའི་ཡོན་ཏན་ཅུང་ཟད་ཀྱང་མེད་ཅིང་། བྱམས་དང་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་དང་བྲལ་བའི་བླ་མ་ནི། ལོང་བའི་ལམ་མཁན་ཞེས་སྤང་བླང་གི་མིག་ཕྱེ་མི་ཤེས་པ་ཡིན་ཏེ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། བྲམ་ཟེ་བཞིན་དུ་ཆོ་རིགས་སྲུང་བའམ། །བསྟི་གནས་ཉམས་པར་དོགས་པའི་རྫིང་བུ་རུ། །ཐོས་བསམ་འབྲས་བུ་གནས་མིན་ཁྲུས་ལ་ཞུགས། །ཤིང་གི་རང་འཐག་ལྟ་བུའི་ལམ་སྟོན་དང་། །སོ་སོ་སྐྱེ་བོའི་རང་བཞིན་མ་འགལ་ཡང་། །བླུན་པོ་དད་པས་བབ་ཅོལ་གནས་ལ་སྦྱར། །རྙེད་དང་བཀུར་སྟི་མཆོད་པས་ཁེངས་གྱུར་པའི། །ཁྲོན་པའི་ལག་འགྲོ་ལྟ་བུའི་བཤེས་གཉེན་དང་། །ཐོས་པ་ཉུང་ཞིང་སྡོམ་དང་དམ་ཚིག་འཆལ། །རྒྱུད་ཚོད་དམའ་ལ་ཀུན་སྤྱོད་ས་བླར་གཤེགས། །བྱམས་དང་སྙིང་རྗེའི་དཔྱངས་ཐག་ཆད་པ་ཡི། །སྨྱོན་པའི་ལམ་མཁན་རྣམས་ལས་སྡིག་པ་འཕེལ། །ཁྱད་པར་རང་ལས་ཡོན་ཏན་ལྷག་བཅས་མིན། །བྱང་ཆུབ་སེམས་བྲལ་གྲགས་པའི་མཐུས་བསྟེན་ན། །ལོང་བའི་དེད་དཔོན་ནོར་བ་ཆེན་པོ་སྟེ། །ཟོལ་འགྲོགས་མུན་པའི་སྨག་ཏུ་འཁྱམས་པར་འགྱུར། །ཞེས་གསུངས། དེ་བས་ཨོ་རྒྱན་ཆེན་པོས་ཀྱང་། བླ་མ་མ་བརྟགས་དུག་འཐུང་འདྲ། །སློབ་མ་མ་བརྟགས་གཡང་མཆོངས་འདྲ། །ཞེས་གསུངས་ཏེ། དེ་ཡང་དང་པོ་བླ་མར་བསྟེན་པའི་དུས་སུ་དང་པོ་བརྟག་ཐབས་གསུམ་གྱིས་བརྟག བར་དུ་བཙལ་ཐབས་གསུམ་གྱིས་ཚོལ། ཐ་མ་བསྟེན་ཐབས་གསུམ་གྱིས་བསྟེན་དགོས་ནི་རེད། བླ་མ་ནི་སྐྱེ་བ་ནས་ཚེ་རབས་ཀྱི་བློ་གཏད་ཞུ་ཞིང་སྤང་བླང་གི་གནས་སྟོན་པ་པོ་ཡིན་པས། དང་པོ་ནས་ལེགས་པར་མ་བརྟགས་པར་ལོག་པའི་བཤེས་གཉེན་དང་འཕྲད་ནས་དེའི་རྗེས་སུ་ཞུགས་ན་དད་པ་ཅན་གྱི་ཚེ་གཅིག་གི་དགེ་བའི་ཚོགས་ཆུད་གཟན་ཞིང་། ད་རེས་དལ་འབྱོར་གྱི་ལུས་རྟེན་རྙེད་པ་ཆུད་ཟོས་སུ་འགྱུར་བ། དཔེར་ན་ཤིང་ལྗོན་པའི་དྲུང་ན་སྦྲུལ་གདུག་པ་ཅན་འཁྱིལ་ནས་ཡོད་པ་ལ། ཤིང་གི་གྲིབ་མའོ་སྙམ་ནས་དྲུང་དུ་ཕྱིན་པས་སྦྲུལ་གྱིས་གསོད་པ་དང་འདྲ་བ་ཡིན་ཏེ། དེ་ཕྱིར་དམ་པ་ཤིན་ཏུ་མ་བརྟགས་ན། །དད་པ་ཅན་གྱི་དགེ་ཚོགས་ཆུད་གཟན་ཞིང་། །དལ་བ་སྐབས་ཤིག་རྙེད་པ་སྦྲུལ་གདུག་དང་། །ཤིང་གི་གྲིབ་མ་ནོར་བཞིན་བསླུ་བར་འགྱུར། །ཞེས་གསུངས། དེ་ཡང་བླ་མ་བརྟག་པའི་ཚེ་ན་དང་པོ་རིང་པོ་རྣ་ཐོས་ཀྱི་སྒོ་ནས་ཉན། ཐུང་ཐུང་མྱིག་རིག་གི་སྒོ་ནས་བལྟས་ནས་དཔྱད་། ཐ་ན་མོ་དང་པྲ་ལ་སོགས་པས་བརྟག་དགོས་གསུངས་ཡོད། ཁྱད་པར་ཆོས་ཀྱིས་བརྟག་དགོས་ཏེ་ཉན་རང་དང་མཐུན་པའི་ཐུན་མོང་གི་དགེ་བའི་བཤེས་གཉེན་མཁན་པོ་ལྔ་ཕྲུག་ཉེར་གཅིག་དང་ལྡན་པ། བསྙེན་པར་རྫོགས་ནས་ལོ་བཅུ་བར་མ་ཆད་དུ་ཚུལ་ཁྲིམས་མ་ཉམས་པ། བརྟན་མཁས་བཙུན་པའི་ཡོན་ཏན་དང་ལྡན་པ་དེ་འདྲ་ཞིག་དགོས། ནང་བྱང་སེམས་ཀྱི་དགེ་བའི་བཤེས་གཉེན་ནི། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ་ལ་སོགས་པའི་ཡོན་ཏན་བཅུ་དང་ལྡན་པ། གསང་བ་གསང་ཆེན་རྡོ་རྗེ་ཐེག་པའི་རྩ་བའི་བླ་མ་ནི། རྒྱུད་སྡེ་རང་གཞུང་ནས་བཤད་པའི་ཡོན་ཏན་དང་ལྡན་པ་ཞིག ཁྱད་པར་མ་ཧཱ་ཨ་ནུ་གཉིས་ཀྱི་བླ་མ་ནི། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །ལ་སོགས་པ་ཡོན་ཏན་བརྒྱད་ལྡན། དེ་ལས་ཀྱང་ཁྱད་པར་དུ་འཕགས་པ་ཤིན་ཏུ་གསང་བ་རྫོགས་པ་ཆེན་པོའི་མན་ངག་སྟོན་པའི་བླ་མ་ནི། རྫོགས་པ་ཆེན་པོ་རང་ལམ་གྱི་དབང་ཐོབ་པས་རྒྱུད་སྨིན་པ། དམ་ཚིག་ལ་བསྲུང་དུ་ཡོད་པ་རིམ་གྱིས་པའི་དམ་ཚིག་རྩ་བ་བླ་མའི་སྐུ་གསུང་ཐུགས་ལ་དབྱེ་བ་ཉི་ཤུ་རྩ་བདུན། ཡན་ལག་གི་དམ་ཚིག་ཉེར་ལྔ་དང་། སྲུང་དུ་མེད་པ་ཅིག་ཆར་བའི་དམ་ཚིག མེད་པ་ཕྱལ་བ་ལྷུན་གྲུབ་གཅིག་པུ་ལ་སོགས་པ་དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམས་པ། གྲོལ་བྱེད་ཀྱི་གདམས་པ་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གཉིས་ཀྱིས་ཆོས་ཉིད་མངོན་སུམ་དུ་མཐོང་བ། ལམ་སྣང་བ་བཞིའི་ས་མཚམས་ཀྱི་གོ་མྱོང་རྟོགས་གསུམ་ཅི་རིགས་དང་ལྡན་པ། སློབ་མ་བཟང་ངན་མེད་པར་རྗེས་སུ་འཛིན་པ། བརྒྱུད་པའི་བྱིན་རླབས་དང་ལྡན་པ་བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་སེལ་གྱི་གཡས་མ་གོས་པ་ཡོན་ཏན་ཐམས་ཅད་དང་ལྡན་པ་ཞིག་ཨེ་ཡིན་བརྟག བླ་མ་བརྟག་པ་གཅིག་པུ་བླ་མ་དེའི་ཐུགས་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡོད་མེད་ལ་བརྟག དེ་ཡོད་ན་བཟང་འབྲེལ་ཚེ་གཅིག་སངས་རྒྱས་ངན་འབྲེལ་འཁོར་བ་མཐའ་ཅན་ཡིན་ལ། དེའི་སྟེང་དུ་ཆེན་པོ་གསུམ་གྱི་ལྟ་བ་ལ་གོ་མྱོང་རྟོགས་གསུམ་དང་ལྡན་པ་ཞིག་ཡིན་མིན་བརྟགས། མདོར་ན་སྤང་བླང་གི་གནས་ཐམས་ཅད་བརྟག་པར་བྱ་བ་གལ་ཆེ་བ་ཡིན། དེས་ན་ལེགས་པར་བརྟགས་ཤིང་མ་ནོར་བར་དཔྱད་ནས་སྔར་བཤད་པའི་ཡོན་ཏན་དེ་དག་ཚང་བའི་བླ་མ་རྙེད་ནས་ནི་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་མ་བྲལ་བར་བྱ་དགོས་ཏེ། དེ་ལྟ་བུའི་ཡོན་ཏན་ཀུན་རྫོགས་ཀྱི་བླ་མ་ནི། ཕྱོགས་བཅུ་ན་བཞུགས་པའི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་ཡེ་ཤེས་ཀྱི་རང་གཟུགས་བརྩེ་བས་གདུལ་བྱ་རྗེས་སུ་འཛིན་པ་ལ། སེམས་ཅན་གྱི་དོན་དུ་མཐུན་པས་མཐུན་པ་འདུལ་ཕྱིར་གང་ཟག་མིའི་གཟུགས་སུ་བྱོན་པ་ཙམ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་ངག་མ་འདོན་སོགས་སྔར་དྲངས་པ་ལྟར་རོ། །མཐའ་དག་ཡོན་ཏན་རྫོགས་པའི་བླ་མ་ནི། །སངས་རྒྱས་ཀུན་ཀྱི་ཐུགས་རྗེ་ཡེ་ཤེས་ཁམས། །གདུལ་བྱའི་ཡུལ་ལ་སྐྱེས་བུའི་གཟུགས་ཀྱིས་བྱོན། །དངོས་གྲུབ་ཀུན་ཀྱི་རྩ་བ་བླ་ན་མེད། །ཅེས་གསུངས། དེ་ལྟ་བུའི་བླ་མ་དམ་པ་ནི། གདུལ་བྱ་ཐབས་ཀྱིས་དྲང་བའི་ཆེད་དུ་འཕྲལ་གྱི་མཛད་སྤྱོད་སོགས་རང་བཞིན་གྱི་མི་ཀུན་དང་མཚུངས་པ་ལྟར་སྣང་ཡང་། ངེས་པའི་དོན་དུ་དགོངས་པ་སངས་རྒྱས་སུ་བཞུགས་པས་ཀུན་དང་རྣམ་གཞག་འགལ། མཛད་སྤྱོད་གང་ཡང་གདུལ་བྱའི་རྒྱུད་དང་བསྟུན་པའི་དགོངས་པ་ཅན་ནམ་དགོས་པ་ཅན་གྱི་མཛད་སྤྱོད་ཉག་གཅིག་ཡིན་པས་ན་ཀུན་ལས་ཁྱད་པར་འཕགས། ཐེ་ཚོམ་གྱི་གནས་མཐའ་དག་གི་དོགས་པ་གཅོད་པ་ལ་མཁས་ཤིང་། སློབ་མའི་ལོག་སྒྲུབ་དང་སྐྱོ་ངལ་ཐམས་ཅད་བཟོད་པས་བུ་གཅིག་པུའི་མ་ལྟ་བུ་ཡིན་ཏེ། དྲང་བའི་དོན་དུ་ཀུན་དང་ཕྱོགས་མཐུན་ལ། །ངེས་པའི་དོན་དུ་ཀུན་དང་རྣམ་གཞག་འགལ། །དགོངས་པ་ཅན་ཕྱིར་ཀུན་ལས་ཁྱད་པར་འཕགས། །ཐེ་ཚོམ་གཅོད་མཁས་ལོག་སྒྲུབ་སྐྱོ་ངལ་བཟོད། །ཅེས་གསུངས། དེ་ལྟ་བུའི་ཡོན་ཏན་ཀུན་ལྡན་གྱི་བླ་མ་ནི། འཁོར་བའི་རྒྱ་མཚོ་ཆེན་པོ་མཐའ་དང་མུ་མེད་པ་ལ་ཐོག་མེད་ཀྱི་དུས་ནས་ད་ལྟའི་བར་དུ་འཁྱམས་པ་ལས་ཕ་རོལ་གྱི་མཚོ་འགྲམ་དུ་སྒྲོལ་བའི་གྲུ་བོ་ཆེ་ལྟ་བུ་ཡིན། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་མ་ནོར་བར་སྟོན་པའི་དེད་དཔོན་ལྟ་བུ་ཡིན། ལས་དང་ཉོན་མོངས་པའི་མེ་དཔུང་འབར་བ་དེ་ཉིད་གསོད་པར་བྱེད་པའི་བདུད་རྩིའི་ཆར་པ་ལྟ་བུ། ཐོག་མེད་ནས་འཐིབས་པའི་མ་རིག་པའི་མུན་པ་སྟུག་པོ་སེལ་ཞིང་ཆོས་ཀྱི་སྣང་བ་ཆེན་པོས་སྣང་བར་བྱེད་པ་འཇིག་རྟེན་གྱི་མུན་པ་སེལ་བྱེད་ཉི་མ་དང་ཟླ་བ་ལྟ་བུ། གཞན་གྱིས་ལོག་སྒྲུབ་དང་སྐྱོ་ངལ་བཟོད་ཅིང་ལྟ་སྤྱོད་ཀྱི་ཤོང་ཡངས་ཆེ་བས་བཟང་ངན་ཐམས་ཅད་ཐེག་པས་ས་གཞི་ལྟ་བུ། ཚེ་འདིར་ཕན་པ་དང་ཕྱི་མར་བདེ་བའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་གང་འདོད་འབྱུང་བའི་དཔག་བསམ་གྱི་ཤིང་ལྟ་བུ། མི་མཁྱེན་པ་མེད་པས་ཐེག་པ་དང་གྲུབ་མཐའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པའི་འདོད་དགུའི་བང་མཛོད་དུ་གྱུར་པ་བུམ་པ་བཟང་པོ་ལྟ་བུ། གང་ལ་ཅི་འདོད་པའི་ཞི་རྒྱས་དབང་དྲག་ལ་སོགས་པ་ལས་བཞིའི་ཕྲིན་ལས་རྒྱ་མཚོའི་འབྱུང་གནས་སུ་བཞུགས་པ་ཀུན་འབྱུང་ཡིད་བཞིན་གྱི་ནོར་བུ་ལྟ་བུ། མཐའ་ཡས་པའི་སེམས་ཅན་ཀུན་ལ་ཕྱོགས་སུ་ལྷུང་བའི་ཉེ་རིང་དང་ཆགས་སྡང་མེད་པར་ཀུན་ལ་སྙོམས་པར་བྱམས་པ་ཕ་མ་ལྟ་བུ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་་ལ་དམིགས་པ་རྒྱ་ཆེ་ཞིང་། སྡུག་བསྔལ་མགོན་མེད་ཀྱི་སེམས་ཅན་ལ་ལྷག་པར་མྱུར་བའི་སྙིང་རྗེ་རྒྱུན་རིང་བ་ཆུ་ཀླུང་ལྟ་བུ། ཕྲག་དོག་གིས་འཕོ་འགྱུར་མེད་ཅིང་འཇིག་རྟེན་པའི་སྡང་སེམས་ལ་བདེན་འཛིན་གྱི་རླུང་གིས་མི་གཡོ་བའི་དགའ་བ་རི་དབང་ལྟ་བུ། གཉེན་དང་ཡིད་འོང་གི་དངོས་པོ་སོགས་ལ་ཆགས་པ་དང་དགྲ་ལ་སོགས་པ་ལ་ཞེ་སྡང་གིས་རྒྱུད་མི་འཁྲུགས་པའི་བཏང་སྙོམས་ཆར་སྤྲིན་ལྟ་བུ་ཡིན་ཏེ། སྲིད་པའི་མཚོ་ལས་སྒྲོལ་བའི་གྲུ་བོ་ཆེ། །ལམ་མཆོག་འཁྲུལ་པར་མི་འགྱུར་དེད་དཔོན་དངོས། །ལས་ཉོན་མེ་ཚོགས་འཇོམས་པའི་བདུད་རྩིའི་ཆར། །མ་རིག་མུན་པ་སེལ་བའི་ཉི་ཟླར་མཚུངས། །ཐེག་པ་ཤིན་ཏུ་ཆེ་བས་ས་གཞི་འདྲ། །ཕན་དང་བདེ་བའི་འབྱུང་གནས་དཔག་བསམ་ཤིང་། །ཆོས་ཀྱི་མཛོད་ལྡན་བུམ་པ་བཟང་པོ་སྟེ། །ཀུན་འབྱུང་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག །ཀུན་ལ་སྙོམས་པར་བྱམས་པས་ཕ་མ་ཡིན། །ཆེ་ཞིང་མྱུར་བའི་སྙིང་རྗེ་ཆུ་ཀླུང་མཚུངས། །འཕོ་འགྱུར་མེད་པའི་དགའ་བ་རི་དབང་འདྲ། །འཁྲུགས་པ་མེད་པའི་བཏང་སྙོམས་ཆར་སྤྲིན་བཞིན། །ཞེས་གསུངས། དེ་ལྟ་བུའི་བླ་མ་ནི་ཐུགས་རྗེ་དང་བྱིན་རླབས་ཀྱི་ངོས་ནས་སངས་རྒྱས་ཀུན་དང་མཉམ་ཞིང་། ཆོས་དང་གདམས་ངག་གིས་བཟང་འབྲེལ་བྱས་ན་ཚེ་གཅིག་སངས་རྒྱས་དང་། ངན་འབྲེལ་གནོད་པ་བྱེད་པ་དག་ལའང་འཁོར་བ་མཐའ་ཅན་དུ་འགྱུར་བ་ཡིན་པས་ན། དེ་འདྲའི་བླ་མ་སངས་རྒྱས་ཀུན་དང་མཉམ། །གནོད་པ་བྱས་ཀྱང་བདེ་བའི་ལམ་འབྲེལ་ན། །ཟོལ་མེད་དད་པས་བསྟེན་པའི་སྐྱེས་བུ་ལ། །མངོན་མཐོ་ངེས་ལེགས་ཡོན་ཏན་ཆར་བཞིན་འབབས། །ཞེས་གསུངས་སོ།།

༼༢ བར་དུ་བླ་མ་བསྟེན་པ།

བར་དུ་བླ་མ་བསྟེན་པའི་ཚེ་བླ་མ་བསྟེན་པའི་སྐབས་མཉེས་པ་གསུམ་གྱིས་བསྟེན་ཅིང་། དང་པོ་བསྟེན་པའི་ཚེ་སྒྲུབ་པ་གཙོ་བོར་མི་བྱེད་པར་ཐོས་བསམ་གཉི་ག་གཙོ་བོར་བྱེད་དགོས་པ་ཡིན། དེའི་ཚུལ་ཡང་། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་སོགས་དཔེ་དོན་དུ་མའི་སྒོ་ནས་གསུངས་པ་ལྟར། ནད་ཀྱིས་གདུང་བའི་ནད་པས་སྨན་པ་མཁས་པ་ལ་བསྟེན་པ་དང་། དགྲ་ཇག་སོགས་ཀྱིས་འཇིགས་བཅས་ཀྱི་ལམ་དུ་འགྲོ་བའི་མགྲོན་པོས། དཔའ་ལ་བསྟེན་ནས་འཇིགས་པ་ཆེན་པོ་ལྟར། །ཞེས་པ་བཞིན་སྐྱེལ་མ་དཔའ་བོ་བསྟེན་པ་ལྟ་བུ་དང་། དགྲ་ཇག་གཅན་གཟན་སོགས་ཀྱི་འཇིགས་པས་ཉེན་པ་ཡིན་ན་དེ་ལས་སྐྱོབ་པའི་རམ་ཟླ་བསྟེན་པ་ལྟ་བུ་དང་། ནོར་བུ་ལེན་དུ་རྒྱ་མཚོའི་གླིང་དུ་འགྲོ་བའི་ཚོང་པ་རྣམས་ཀྱིས་དེད་དཔོན་ཉམས་མྱོང་དང་ལྡན་པ་ཞིག་བསྟེན་པ་ལྟ་བུ་དང་། ཆུ་ཡི་ཕ་རོལ་ཏུ་འགྲོར་འདོད་པའི་གྲུར་ཞུགས་པ་རྣམས་ཀྱིས་མཉན་པ་བསྟེན་པ་ལྟར་དུ། འཁོར་བ་དང་ངན་སོང་དང་སྐྱེ་ཤི་དང་ཉོན་མོངས་པའི་འཇིགས་པ་ལས་སྐྱོབ་པའི་བླ་མ་དགེ་བའི་བཤེས་གཉེན་ལ་བསྟེན་དགོས་ཏེ། ནད་པས་སྨན་པ་མགྲོན་པོས་སྐྱེལ་མ་དང་། །འཇིགས་པས་རམ་ཟླ་ཚོང་པས་དེད་དཔོན་དང་། །གྲུ་པས་མཉན་པ་བཞིན་དུ་སྐྱེ་ཤི་དང་། །ཉོན་མོངས་དགྲ་ཡིས་འཇིགས་པས་བསྟེན་བར་བྱ། །ཞེས་གསུངས། སྲོག་ལ་བབས་ཀྱང་བླ་མ་དགེ་བའི་བཤེས་གཉེན་འདིའི་ཐུགས་དང་འགལ་བར་མི་བྱ་སྙམ་དུ་སྙིང་སྟོབས་ཀྱི་གོ་ཆ་ཆེ་བ། འཕྲལ་རྐྱེན་སྣ་ཚོགས་པའི་དད་པ་ལོག་པའི་རྐྱེན་གྱིས་སྣང་བ་མི་འགྱུར་བས་བློ་གྲོས་གཏིང་ཟབ་ཅིང་ཤིན་ཏུ་བརྟན་པ། གཅེས་པའི་ལུས་དང་སྲོག་ཡིན་ཡང་བླ་མའི་ཆེད་དུ་ཡལ་བར་དོར་ནས་བླ་མའི་ཞབས་ཏོག་སྒྲུབ་པ། ཅི་གསུང་གི་བཀའ་ལ་ཉན་ནས་རང་ཉིད་མི་སྲུང་བའི། སྐྱེས་བུ་དེ་ནི་བླ་མ་ལ་དད་པའི་མོས་གུས་དེ་ཁོ་ནས་གྲོལ་བར་འགྱུར་བ་ཡིན་ཏེ། གོ་ཆ་ཆེ་ལ་བློ་གྲོས་ཤིན་ཏུ་བརྟན། །ལུས་དང་སྲོག་ལ་མི་བལྟ་རིམ་གྲོ་བགྱིད། །ཅི་གསུང་བཀར་དཀྲི་བདག་ཉིད་མི་སྲུང་བའི། །སྐྱེས་བུ་དེ་ནི་མོས་གུས་ཁོ་ནས་གྲོལ། །ཞེས་སོ། །བླ་མ་མི་རུ་བཟུང་བའི་ལོག་ལྟ་མེད་པར་བླ་མ་ལ་སངས་རྒྱས་དངོས་སུ་མཐོང་བའི་དད་པ་ཆེ་བ། ལྟར་སྣང་མ་དག་པ་ལྟར་སྣང་བའི་ཐབས་ལ་མཁས་པའི་མཛད་སྤྱོད་ཀྱི་དགོས་པ་དང་དགོངས་གཞི་ཤེས་ཤིང་བླ་མས་དམ་པའི་ཆོས་གང་གསུངས་ཐམས་ཅད་ཐོས་ཤིང་བློ་ལ་འཛིན་པར་ནུས་པའི་ཤེས་རབ་དང་ཐོས་པ་ཆེ་བ། སྡུག་བསྔལ་བར་གྱུར་པའི་སེམས་ཅན་ཉམ་ཐག་དང་མགོན་དང་སྐྱབས་མེད་པ་རྣམས་ལ་བརྩེ་བའི་སྙིང་རྗེ་ཆེ་བ། བླ་མས་བཀའ་སྩལ་པའི་སྡོམ་པ་དང་དམ་ཚིག་གི་གནས་ལ་གུས་པ། ལུས་ངག་ཡིད་གསུམ་ཞི་ཞིང་དུལ་བ། བླ་མ་དང་མཆེད་གྲོགས་ཀྱི་མཛད་སྤྱོད་གང་ཡང་ཐེ་ཚོམ་མེད་པ་བློར་ཤོང་བས་ཁོང་ཡངས་པ། ནོར་རྫས་ཅི་ཡོད་ཐམས་ཅད་བླ་མའི་ཕྱོགས་སུ་གཏོང་བས་གཏོང་ཕོད་ཆེ་བ། བློ་འཁྲུལ་བའི་སྣང་ངོར་མ་དག་པའི་སྐྱོན་རྟོག་མི་མང་བས་དག་སྣང་དང་ལྡན་པ། ཉེས་སྤྱོད་མི་དགེ་བའི་ལས་ཆེ་ཆུང་གང་བྱས་ན་དམ་པའི་ཐུགས་ཀྱིས་ཁྲེལ་ཡོང་སྙམ་དུ་གཞན་ངོར་ལྟོས་པའི་ཁྲེལ་ཡོད་དང་ལྡན་པ་དེ་ལྟ་བུའི་སྒོ་ནས་བླ་མ་བསྟེན་དགོས་ཏེ། དད་དང་ཤེས་རབ་ཐོས་དང་སྙིང་རྗེ་ཆེ། །སྡོམ་དང་དམ་ཚིག་ལ་གུས་སྒོ་གསུམ་དུལ། །ཁོང་ཡངས་གཏོང་ཕོད་དག་སྣང་ཁྲེལ་ཡོད་ལྡན། །ཞེས་གསུངས། དེ་བཞིན་དུ་དུས་དང་གནས་སྐབས་ཐམས་ཅད་དུ་གང་བྱ་བ་དང་སྤྱོད་པ་ཐམས་ཅད་བླ་མའི་ཐུགས་ལ་འཐད་པ་དང་བསྟུན་ནས་སྒྲུབ་ཅིང་། ལྟར་སྣང་ཐུགས་དང་འགལ་བའི་ལས་མི་འབྱུང་བར་སྒོ་གསུམ་མི་དགེ་བའི་ལས་བསྲུང་བ་ལ་མཁས་པ་དང་། བླ་མས་རྒྱུ་མཚན་མེད་བཞིན་བཀའ་བཀྱོན་དྲག་པོས་ཚར་བཅད་ཀྱང་དེ་ལ་ཁྲོ་བ་དང་འཁོན་འཛིན་མེད་པ་རྟ་མཆོག་ལྟ་བུ། བླ་མའི་མངག་གཞུག་སོགས་ཀྱི་ཕྱིར་དུ་འགྲོ་འོང་གི་གནས་ལ་སྐྱོ་བ་དང་ངལ་བ་མེད་པ་གྲུ་ལྟ་བུ། ལས་བཟང་པོ་དང་ངན་པ་ཅི་དང་ཅི་ལྟ་བུ་བཀའ་བསྩལ་ཀྱང་མི་ཐེག་པ་མེད་པ་ཟམ་པ་ལྟ་བུ། དཀའ་ཚེགས་དང་ཚ་གྲང་ཐམས་ཅད་གང་བྱུང་ཡང་བཟོད་པ་མགར་བའི་བཟོ་སྟེགས་ལྟ་བུ། ཅི་གསུང་གི་བཀའ་ཉན་པ་བྲན་ཁོལ་ལྟ་བུ། ང་རྒྱལ་སྤངས་ནས་དམའ་ས་འཛིན་པ་ཕྱགས་དར་བ་ལྟ་བུ། དྲེགས་པ་སྤངས་ནས་ཐམས་ཅད་ལ་གུས་པ་ཁྱུ་མཆོག་རྭ་ཆད་པ་ཀུན་ལས་དམན་ས་འཛིན་པ་ལྟ་བུས་བླ་མ་བསྟེན་དགོས་པར་མདོ་སྡོང་པོ་བཀོད་པ་ལ་སོགས་པའི་མདོ་ལས་གསུངས་པ་ཡིན་ཏེ། བླ་མ་ཤིན་ཏུ་སྲུང་བས་མཛངས་པ་དང་། །བཀའ་བཀྱོན་དག་ལ་མི་ཁྲོ་རྟ་མཆོག་བཞིན། །གྲུ་ལྟར་འགྲོ་འོང་གནས་ལ་སྐྱོ་བ་སྤང་། །ཟམ་པ་ལྟ་བུར་བཟང་ངན་ཐམས་ཅད་ཐེག །བཟོ་སྟེགས་བཞིན་དུ་ཚ་གྲང་གང་ཡང་བཟོད། །བཀའ་བཞིན་ཉན་པ་བྲན་ཁོལ་ལྟ་བུ་དང་། །ང་རྒྱལ་སྤངས་པ་ཕྱགས་དར་ལྟ་བུ་དང་། །དྲེགས་པ་སྤངས་པ་ཁྱུ་མཆོག་རྭ་ཆད་ལྟས། །བླ་མ་བསྟེན་ཞེས་སྡེ་སྣོད་དག་ལས་གསུངས། །ཞེས་སོ། །ཞབས་ཏོག་རྣམ་པ་གསུམ་གྱི་སྒོ་ནས་མཉེས་པར་བྱ་བ་ཡང་། རབ་སྒྲུབ་པའི་མཆོད་པ་ཞེས་བྱ་སྟེ། བླ་མའི་གདུང་འཚོབ་པ་བྱས་ནས་ཐུགས་དགོངས་བརྒྱུད་འཛིན་བྱེད་པ་ཡིན་པས་བླ་མས་ཅི་ལྟར་བསྟན་པའི་ཆོས་ཐབས་དང་མན་ངག་དམ་པ་ཐམས་ཅད་དཀའ་སྤྱད་དང་སྙིང་རུས་ཀྱི་སྒོ་ནས་རང་རྒྱུད་ལ་ཉམས་སུ་ལེན་དགོས་པ་ཡིན། འབྲིང་ལུས་ངག་གི་ཞབས་ཏོག་ཡིན་ཏེ། རང་གི་ལུས་ངག་ཡིད་གསུམ་བླ་མའི་བྲན་དུ་བཀོལ་ནས་ཚེ་གཅིག་ལ་ཞབས་ཕྱི་བྱེད་པ་ཡིན། ཐ་མ་ཟང་ཟིང་གི་འབུལ་བ་རྒྱུ་ཟས་ལོངས་སྤྱོད་ལ་སོགས་པ་ཞེན་པ་མེད་པའི་གཏོང་ཕོད་ཀྱི་སྒོ་ནས་སྔོན་གྱི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་ཐར་ལྟར་དུ་བླ་མ་མཉེས་པར་བྱེད་པ་སྟེ། འབྱོར་པ་ཡོད་ན་དཀོན་མཆོག་བཞི་པ་མཆོད། །ཞབས་ཏོག་སྲི་ཞུ་ལུས་ངག་བཀོལ་བའི་ལས། །མཐའ་དག་ནམ་ཡང་ཆུད་ཟོས་གྱུར་པ་མེད། །མཉེས་པ་གསུམ་གྱི་ནང་ན་སྒྲུབ་པ་མཆོག །ཅེས་སོ། །བླ་མས་མཛད་སྤྱོད་མ་ངེས་པ་སྣ་ཚོགས་པ་ཇི་ལྟ་བུ་མཛད་ཀྱང་ཐབས་ལ་མཁས་པའི་མཛད་སྤྱོད་དུ་ཤེས་ནས་མ་དག་པའི་སྣང་བ་མེད་པར་དག་སྣང་ཁོ་ན་བྱ་དགོས་ཏེ། སྔོན་རྒྱ་གར་ན་པཎ་ཆེན་ནཱ་རོ་པ་དེ་མཁས་གྲུབ་ཆེན་པོར་གྱུར་ནས་བཞུགས་སྐབས་ཡི་དམ་གྱི་ལྷས་ཁྱོད་ཀྱི་ཚེ་རབས་ཀྱི་བླ་མ་སྐྱེས་མཆོག་ཏེ་ལོ་པ་ཡིན་པས་རྒྱ་གར་ཤར་ཕྱོགས་སུ་སོང་ཞིག་གསུངས། ཁོང་དེ་མ་ཐག་ཏུ་ལམ་ལ་ཆས་ཏེ་རྒྱ་གར་ཤར་ཕྱོགས་སུ་ཕྱིན་ནས་ཕེབས་ཀྱང་། ཏེ་ལོ་པ་གར་བཞུགས་རྩད་མ་ཆོད། ཡུལ་དེའི་མི་རྣམས་ལ་དྲིས་པས་རྒྱུས་མེད་ཟེར། ཡུལ་འདི་ན་ཏེ་ལོ་པ་བྱ་བ་སུ་ཡང་ཡོད་དམ་བྱས་པས། མུ་ཏོ་ཏེ་ལོ་པ། སྤྲང་པོ་ཏེ་ལོ་པ་བྱ་བ་ཡོད་ཟེར། གྲུབ་པའི་མཛད་སྤྱོད་ལ་ངེས་པ་མེད་པས་དེ་ཡིན་པ་ཡང་སྲིད་དགོངས་ནས། སྤྲང་པོ་ཏེ་ལོ་པ་དེ་གང་ན་ཡོད་དྲིས་པས། ཕ་ཀི་གྱང་རལ་ཤིག་ན་དུ་བ་འོང་བ་འདི་ཡིན་ཟེར། དེར་ཕྱིན་པས་ཏེ་ལོ་པས་ཉ་ཤི་གསོན་འདྲེས་པ་གཞོང་པ་གང་མདུན་དུ་བཞག ཉ་རེ་བླངས་ནས་མེ་ལ་བསྲེགས་ཏེ་ཞལ་དུ་གསོལ་བ་དང་སྦྲགས་ཏེ་སེ་གོལ་རེ་གཏོགས་ནས་བཞུགས་འདུག ན་རོ་བས་ཕྱག་བཙལ་ནས་རྗེས་སུ་འཛིན་པར་ཞུས་པས་ཅི་ཟེར་ང་སྤྲང་པོ་ཡིན་པ་ལ་གསུངས། ནན་གྱིས་ཞུས་པས་རྗེས་སུ་བཟུང་བ་ཡིན། དེ་ལྟ་བུའི་མཛད་སྤྱོད་ཀྱང་ཏེ་ལོ་པ་ལྟོགས་ནས་བཟའ་རྒྱུ་མ་རྙེད་པར་ཉ་གསོད་པ་མིན་ཀྱང་། ཉ་དེ་བླང་དོར་གྱི་གནས་ལ་རྨོངས་པའི་སེམས་ཅན་ལས་ངན་ཡིན་པ་དང་། ཁོང་ལ་དེ་འདྲེན་པའི་ནུས་པ་ཡོད་པས་ཤ་དེ་འབྲེལ་བར་གསོལ་ནས། སེ་གོལ་དང་བཅས་ཏེ་རྣམ་ཤེས་དག་པའི་ཞིང་དུ་འཕེན་པ་ཡིན། དེ་བཞིན་དུ་གྲུབ་ཆེན་ས་ར་ཧ་པ་མདའ་མཁན་གྱི་ཚུལ་དང་། གྲུབ་ཆེན་ཤ་བ་རི་པ་རྔོན་པའི་ཚུལ་དུ་ཡོད་པ་སོགས་རྒྱ་གར་འཕགས་པའི་ཡུལ་གྱི་གྲུབ་པའི་དབང་ཕྱུག་ཕལ་ཆེ་བ་གདོལ་པ་ལ་སོགས་ཤིན་ཏུ་ཐ་ཆད་པའི་ཚུལ་དུ་ཡོད་པ་ཡིན་པས་མཛད་སྤྱོད་བཟང་ངན་་གང་ལ་ཡང་ལོག་པར་མི་བལྟ་ཞིང་དག་སྣང་འབའ་ཞིག་སྦྱང་དགོས་ཏེ། མཛད་སྤྱོད་གང་ཡང་ལོག་པར་མི་བལྟ་སྟེ་། །འཕགས་པའི་ཡུལ་གྱི་དབང་ཕྱུག་ཕལ་མོ་ཆེ། །གདོལ་པ་གཡུང་པོ་སྡིག་སྤྱོད་ཕལ་པའི་ཚུལ། །ཉམས་པ་ལས་ཀྱང་ཤིན་ཏུ་ཉམས་པར་ཡོད། །ཅེས་གསུངས། དེ་ལྟར་མ་ཡིན་པར་ལོག་པར་ལྟ་བས་སྐྱོན་ལ་བརྟགས་ན། ཡུན་རིང་འགྲོགས་ན་སངས་རྒྱས་སྐྱོན་ཡང་མཐོང་། །ཞེས་པ་ལྟར་སངས་རྒྱས་ཡིན་ཡང་སྐྱོན་དུ་མཐོང་བ་ཡིན་ཏེ། སྔོན་བཅོམ་ལྡན་འདས་ཀྱི་མཆེད་ཡ་དགེ་སློང་ལེགས་པའི་སྐར་མ་ཞེས་བྱ་བས་ལོ་ཉི་ཤུ་རྩ་བཞིར་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་བྱས། སྡེ་སྣོད་བཅུ་གཉིས་བློ་ནས་འཆད་ཤེས་ཀྱང་བཅོམ་ལྡན་ཐུབ་པའི་དབང་པོའི་མཛད་པ་ཐམས་ཅད་སེམས་ཅན་མགོ་སྐོར་བྱེད་ཀྱི་གཡོ་སྒྱུར་མཐོང་། འོད་འདོམ་གང་ཡོད་མེད་ཀྱི་ཁྱད་ཙམ་མ་གཏོགས་ངེད་གཉིས་འདྲ་སྙམ་དུ་ལོག་རྟོག་མི་བཟད་པ་སྐྱེས། མི་ལོ་ཉི་ཤུ་རྩ་བཞིར་ཁྱོད་གཡོག་བྱས། །འོད་ནི་འདོམ་གང་ཡོད་པའི་སྐུ་ལུས་ལས། །ཡོན་ཏན་ཏིལ་འབྲུ་ཙམ་ཞིག་ངས་མ་མཐོང་། །ཆོས་ནི་ང་མཁས་མཉམ་པོའི་གཡོག་མི་བྱེད། །ཟེར་ནས་སོང་། དེར་བཅོམ་ལྡན་འདས་ཀྱི་ཉེ་གནས་ཀུན་དགའ་བོས་བྱས་ནས་ལེགས་པའི་སྐར་མ་གར་སྐྱེ་ཞུས་པས། ལེགས་པའི་སྐར་མ་ད་ལྟ་ཞག་བདུན་ན་ཚེའི་དུས་བྱས་ཏེ། ཤི་མ་ཐག་ཏུ་མེ་ཏོག་ལྡུམ་རར་ཡི་དྭགས་ཤིག་ཏུ་སྐྱེ་གསུངས། ཀུན་དགའ་བོས་ལེགས་སྐར་གྱི་དྲུང་དུ་ཕྱིན་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་སོ་བྱས་པས། ལེགས་སྐར་གྱིས་རེས་འགའ་ཁོའི་རྫུན་དེ་བདེན་པ་ལྟར་འོང་བ་ཡིན་པས་ཞག་བདུན་དུ་གཟབ་པར་བྱས་ནས་མི་ཤི་བའི་ཐབས་ཤིག་བྱས་ལ། ཞག་བདུན་སོང་བ་དང་ཁོ་ལ་ཞེ་ཁྲེལ་བདའ་དགོས་སོ་སྙམ་ནས་ཞག་བདུན་དུ་ཟ་མ་མ་ཟོས་པར་འདུག ཞག་བདུན་འགྲོ་བའི་ནངས་མོ་ཁ་སྐོམ་པ་ལས། ཆུ་ཞིག་འཐུང་པས་ཆུ་མ་འཇུ་བར་ཚེའི་དུས་བྱས་ནས་མེ་ཏོག་ལྡུམ་ར་ན་ཡི་དྭགས་གཟུགས་ཁ་ཆེ་སྣ་ཉག་པ་སོགས་མི་སྡུག་པའི་མཚན་མ་དགུས་བརྒྱན་པ་ཞིག་ཏུ་སྐྱེས་པ་ཡིན། དེས་ན་བླ་མ་དམ་པའི་མཛད་སྤྱོད་ལ་སྐྱོན་དུ་མཐོང་ན་རང་གིས་རང་ལ་ཞེ་ཁྲེལ་བདའ་ཞིང་། རང་རེ་བློ་མིག་མ་དག་པ་ཡིན་གྱི། ཁོང་གི་མཛད་པ་ལ་སྐྱོན་ནམ་ཉེས་པའི་ཆ་ཅུང་ཟད་ཀྱང་མེད་དོ་སྙམ་དུ་ལྷག་པར་ཡང་དད་པ་དང་དག་སྣང་བྱེད་དགོས་པ་ཡིན་པས་ན། རང་གི་ཉེར་ལེན་དབང་དུ་མ་གྱུར་པར། །འཁྲུལ་པ་བརྟགས་པའི་ཉེས་པ་ཚད་མེད་དེ། །སྡེ་སྣོད་བཅུ་གཉིས་བློ་ལ་ཆུབ་པ་ཡི། །དགེ་སློང་སྐར་བཟང་སྡིག་པའི་མཐུས་བཏབ་ནས། །སྟོན་པའི་མཛད་པ་གཡོ་སྒྱུར་མཐོང་བའི་ཚུལ། །ལེགས་པར་བསམས་ནས་རང་གིས་རང་ཉིད་འཆོས། །ཞེས་གསུངས། དེ་བཞིན་དུ་གལ་ཏེ་བླ་མ་དམ་པ་དེ་བདག་ལ་ལྷག་པར་ཐུགས་ཀྱིས་སྡང་བ་ལྟར་སྣང་ན་ཡང་། བླ་མ་ལ་ཁྲོ་བར་མི་བྱ་བར་བདག་གི་སྐྱོན་འགའ་ཞིག་གཟིགས་ནས་སྐྱོ་བ་སྟེ་བཀའ་བཀྱོན་གྱི་སྒོ་ནས་འདུལ་བའི་དུས་ལ་བབས་པར་གཟིགས་ནས་འདུལ་བ་ཡིན་སྙམ་དུ་བསམ་ཤིང་། ཐུགས་ཞི་བའི་དུས་དྲུང་དུ་བསྙེན་ནས་བཤགས་སྡོམ་སོགས་བྱ་དགོས་པར། གལ་ཏེ་བླ་མ་སྡང་བར་མངོན་གྱུར་ན། །བདག་སྐྱོན་གཟིགས་ནས་སྐྱོ་བས་འདུལ་བ་ཡི། །དུས་ལ་བབས་པར་རིག་ནས་བཤགས་སྡོམ་བྱ། །ཅང་ཤེས་སྐྱེས་བུ་བདུད་ཀྱི་དབང་མི་འགྲོ། །ཞེས་གསུངས། རྒྱུན་དུ་རང་ཉིད་བླ་མའི་སྐུ་དྲུང་ན་གནས་པའི་ཚེ་ཡང་། བླ་མ་གདན་ལས་བཞེངས་པའི་ཚེ་རང་ཉིད་ཀྱང་སྟན་ལ་མི་འདུག་པར་འཕྲལ་དུ་ལྡང་བ་དང་། བཞུགས་པའི་དུས་སུ་སྙུན་སོགས་དྲི་བ་དང་། འཕྲལ་གྱི་ཉེར་སྤྱད་སོགས་འདི་དགོས་འདུག་སྙམ་པ་སྐབས་བརྟགས་ནས་ཐུགས་དང་འཐད་པ་དབུལ། བླ་མ་ལམ་དུ་གཤེགས་པའི་ཚེ་ཞབས་འབྲིང་དུ་འགྲོ་བ་ན་ཡང་། སྔོན་དུ་སོང་ན་བླ་མ་ལ་རྒྱབ་སྟོན་པ་ཡིན་པས་མི་འགྲོ། རྗེས་ནས་སོང་ན་ཞབས་རྗེས་གནོན་པས་མི་འགྲོ། གཡས་ནས་སོང་ན་གྲལ་མགོ་གནོན་པས་མི་འགྲོ། དེས་ན་བླ་མའི་གཡོན་ཕྱོགས་ནས་ཅུང་ཟད་རྗེས་སུ་འབྲང་བ་ལྟ་བུའི་གུས་པ་དང་བཅས་ནས་འགྲོ། སྐས་ཐོག་ལྟ་བུ་ནས་གནང་བ་ཞུས་ཏེ་སྔོན་རྗེས་ནས་འགྲོ། གལ་ཏེ་ཉེན་ཁ་སྣ་ཚོགས་ཀྱིས་འཇིགས་པ་དང་བཅས་པའི་ལམ་ལྟ་བུ་ཡིན་ན་གནང་བ་ཞུས་ཏེ་སྔོན་དུ་ཕྱིན་ཡང་འགལ་བ་མེད་དེ། བླ་མའི་བཞུགས་གདན་གྱི་སྟན་དང་བཞོན་པ་སྟེ་ཆིབས་པ་སོགས་ཀྱང་། བཞུགས་གདན་བརྫི་བ་དང་། ཆིབས་པ་ལ་བཞོན་ནས་འགྲོ་བ་སོགས་མི་བྱ། དེང་སང་ཡུལ་དུས་ལ་དཔག་ན་རླངས་འཁོར་ནང་གི་སྐུབ་སྟེགས་སོགས་ལ་ཡང་རིགས་འགྲེ་སྟེ་འདུག་མི་རུང་བ་ཤེས་དགོས། ཁང་པའི་སྒོ་ཡང་དྲག་ཏུ་དབྱེ་བ་དང་ཤུགས་ཀྱིས་བརྡེག་པ་སོགས་མི་བྱ་བར་དལ་བུས་འབྱེད་གཅོད་བྱ་དགོས་ཏེ། ཇི་སྐད་དུ། བླ་མ་གནས་པའི་སྒོ་གླེགས་ལ། །ལག་པས་དལ་གྱིས་བརྡུང་བར་བྱ། །ཞེས་པ་ལྟར་ནང་དུ་དལ་བ་ལས་དྲག་འཛུལ་མི་བྱ། བླ་མའི་དྲུང་དུ་ལུས་སྒེག་ཆོས་ཀྱི་རྣམ་པ་དང་། ངོ་འཛུམ་གནག་སྟེ་འདུག་པ་སོགས་སྤང་། ངག་རྫུན་དུ་སྨྲ་བ་དང་མ་བརྟགས་པའི་བབ་ཅོལ་སྐད་ཀྱི་སྒྲ་གདངས་མཐོན་པོ་དང་ཀུ་རེ་དང་རྩེད་མོ་སོགས་བཞད་གད། དོན་མེད་པའི་ངག་བཀྱལ་འབྲེལ་མེད་དུ་སྨྲ་བ་སོགས་སྤང་། ཡིད་ཀྱིས་གུས་པ་དང་འཇིགས་པ་དང་བཅས་པས་ཅི་མི་སྙམ་པའི་བློ་སྤང་བར་བྱ་བ་སོགས་ཞི་བའི་སྤྱོད་ལམ་ལ་བསླབ་དགོས་པ་ཡང་། བླ་མ་བཞེངས་ཚེ་སྟན་ལ་འདུག་པ་མིན། །བཞུགས་པའི་དུས་ན་བསྙུན་འདྲི་ཉེར་སྤྱད་དབུལ། །གཤེགས་ན་ཞབས་འབྲིང་སྔོན་རྗེས་གཡས་ནས་མིན། །སྟན་དང་བཞོན་པ་སྨད་སོགས་བསོད་ནམས་ཉམས། །སྒོ་འཕར་བརྡེག་དང་སྒེག་ཆོས་ངོ་འཛུམ་གནག །རྫུན་དང་བབ་ཅོལ་བཞད་གད་འབྲེལ་མེད་གཏམ། །སྤངས་ལ་སྒོ་གསུམ་ཉེ་བར་ཞི་བས་བསྟེན། །ཞེས་གསུངས། གལ་ཏེ་བླ་མ་སྐུར་བ་འདེབས་ནས་དམོད་པ་དང་སྡང་བར་བྱེད་པའི་གང་ཟག་གཞན་ཡོད་ནའང་དེ་དང་རང་ཉིད་མཛའ་ཞིང་བཤེས་པར་མི་བྱ་ཞིང་། གལ་ཏེ་རང་གི་ནུས་པས་མ་དད་པ་དང་སྨོད་ཅིང་སྐུར་བ་འདེབས་པ་སོགས་བཟློག་ནུས་ན་དེ་ལ་ཕན་པས་དེ་ལྟར་བྱ། གལ་ཏེ་མི་ནུས་ན་དེ་དང་བག་ཕེབས་པར་བྱས་ནས་གཏམ་སྨྲ་བར་མི་བྱ་སྟེ། མ་གུས་པ་དང་མ་དད་པའི་རྣམ་འགྱུར་ཡིན་པས་མ་ཚད་དམ་ཚིག་འགལ་བའི་སྐྱོན་གྱིས་ཟླས་ཉམས་ཞོར་ཉམས་ལ་སོགས་པ་འགྱུར་སྲིད། བླ་མ་དམོད་ཅིང་སྡང་བའི་གང་ཟག་དང་། །བཤེས་པར་མི་བྱ་ནུས་པས་དེ་བཟློག་ཅིང་། །བག་ཕེབས་སྨྲ་ན་སྡིག་པའི་གཞན་དབང་ནི། །ལྷག་པར་མཐུ་ཆེ་དམ་ཚིག་སྐྱོན་ཅན་བྱེད། །ཅེས་གསུངས། དེ་བཞིན་དུ་བླ་མའི་འཁོར་དང་རྡོ་རྗེ་སྤུན་སྲིང་རྣམས་ལ་ཡང་། ཡུན་རིང་པོ་ཅི་ཙམ་དུ་འགྲོགས་ཀྱང་སྐྱོ་བ་དང་སུན་པ་མེད་པར་འགྲོགས་བདེ་བ་སྐ་རགས་ལྟ་བུ། འཕྲལ་གྱི་བྱ་བ་གང་ལ་ཡང་ཆེ་ཚུགས་བསྐྱུང་སྟེ་འཇུག་པར་བདེ་བ་ལན་ཚྭ་ཟས་གང་ལ་བཏབ་ཀྱང་འཇུག་བདེ་བ་ལྟ་བུ་དགོས། ཕ་རོལ་གྱི་ངན་སྨྲས་དང་འཐབ་མོ་སོགས་བྱུང་བའམ། མི་ཐེག་པའི་ཁུར་བཀལ་ཀྱང་བཟོད་བསྲན་ཆེ་བ་ཀ་བ་ལྟ་བུས་འགྲོགས་ཤིང་བསྟེན་དགོས་ཏེ། འགྲོགས་པར་བདེ་བ་སྐ་རགས་ལྟ་བུ་དང་། །འཇུག་པར་བདེ་བ་ལན་ཚྭ་ལྟ་བུ་དང་། །བཟོད་བསྲན་ཆེ་བ་ཀ་བ་ལྟ་བུ་ཡིས། །བླ་མའི་འཁོར་དང་རྡོ་རྗེའི་སྤུན་ལ་བསྙེན། །ཞེས་སོ།། །།ཞེས་གསུངས་ནས་བསྔོ་བས་མཐའ་བརྒྱན་ཏེ་ཆོས་ཁྲིད་གྲོལ་སོང་ངོ་།།

ཐ༽ ཉིན་བཅུ་བར་དགོངས་སྤྱོད་བསླབ་པའི་ཆོས་ཁྲིད།

མཆོད་བརྗོད་སོགས་གསུངས་ནས།

ཨ༽ མཚམས་སྦྱོར་གྱི་གདམས་ངག

ནམ་མཁའ་དང་མཉམ་པའི་མ་རྒན་རིགས་དྲུག་གི་སེམས་ཅན་འགྲོ་དྲུག་འཁྲུལ་བའི་སྡུག་བསྔལ་དོས་དྲག་པོས་མནར་ནས། ཡང་དང་ཡང་དུ་བུམ་ནང་གི་བུང་བ་དང་ཟོ་ཆུན་འཁྱུད་མོ་བཞིན་དུ་འཁོར་བའི་བཙོན་རར་འཁོར་ནས་ཉམ་ང་ཞིང་ཡི་མུག་པ་ལས་མི་འདའ། སྐྱབས་མེད་མགོན་བྲལ་རྨོངས་པ་མ་རིག་པའི་གདོན་གྱིས་རིང་ནས་བཏབ་པའི་སེམས་ཅན་འདི་དག་ཐམས་ཅད་སྙིང་རེ་རྗེ། འདི་ལྟར་སྡུག་བསྔལ་བའི་སེམས་ཅན་ཐམས་ཅད་བདག་གཅིག་པུས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་བསྒྲལ་ཏེ། སེམས་ཅན་གཅིག་ཀྱང་མ་ལུས་པར་རྣམ་གྲོལ་ཐར་བ་རིན་པོ་ཆེའི་གླིང་མཆོག་ལ་བསྐྱལ་ནས་གཏན་གྱི་བདེ་བའི་སར་འགོད་ཐུབ་ན་ཅི་མ་རུང་། སྙིང་རྗེ་བ་ཙམ་གྱིས་མི་ཕན་ད་རེས་བདག་གིས་ཚེ་རབས་སྟོང་དུ་རྙེད་པར་དཀའ་བའི་དལ་འབྱོར་གྱི་ལུས་རྟེན་ཁྱད་པར་ཅན་ཞིག་ཐོབ། མཇལ་བར་དཀའ་བའི་བླ་མ་དགེ་བའི་བཤེས་གཉེན་དང་མཇལ། འཕྲད་པར་དཀའ་བ་ཐེག་རྩེ་རྫོགས་པ་ཆེན་པོའི་ཆོས་དང་འཕྲད། རང་ཉིད་ལ་འབད་པའི་སྟོབས་ཤུགས་དང་བརྩོན་འགྲུས་མི་ལྷོད་པ་ཞིག་ཡོད་ན་ཚེ་ལུས་གཅིག་གིས་ཀྱང་སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཐུབ་པ། དེ་ཡང་ཆོས་ཀྱི་ཁ་ཕོ་སྟོང་བཤད་ཙམ་མ་ཡིན་པར། གྲུབ་བརྙེས་རྒྱལ་བ་གོང་མ་གཤེགས་པའི་རྗེས་ཤུལ། འཇའ་ལུས་འོད་སྐུར་དེངས་པའི་གསང་ལམ། ཕ་ནོར་བུ་ལ་སྤྲད་པ་ལྟ་བུའི་གདམས་ངག་ཟབ་མོ་འདི་ལྟ་བུ་ཐོབ་པའི་སྐབས་འདིར། མི་ཚེ་ཡུན་ཐུང་བར་ཆད་རྐྱེན་མང་བའི་ཚུལ་ལ་བསམས་ནས་ཕྱི་བཤོལ་དང་ལེ་ལོའི་དབང་དུ་མི་ཤོར་བར། བརྩོན་འགྲུས་དྲག་པོ་མགོ་ལ་མེ་ཤོར་བཟློག་ལྟར་བརྩོན་ནས་མྱུར་དུ་རྫོགས་པའི་སངས་རྒྱས་སྐྱོན་ཀུན་ཟད། ཡོན་ཏན་ཀུན་ལྡན་གྱི་བདག་ཉིད་ཅན་ཐོབ་པར་བྱས་ཏེ་མ་རྒན་རིགས་དྲུག་གི་སེམས་ཅན་དུས་རྟག་ཏུ་སྡུག་བསྔལ་གྱིས་གདུང་བ་འདི་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་ལས་བསྒྲལ་བར་བགྱིའོ་སྙམ་པའི་དོན་གཉིས་སམ་ཟུར་གཉིས་དང་ལྡན་པའི་སེམས་བསྐྱེད་དང་། ཆོས་འཆད་པ་པོའི་བླ་མ་དང་། ཆོས་མཉམ་དུ་ཉན་པའི་མཆེད་གྲོགས་ཐམས་ཅད་ཀྱང་ཐ་མལ་གྱི་མི་རུ་མི་བཟུང་བར་དག་པའི་སྣང་བར་གསལ་འདེབས་དགོས་པ་རེད། རང་རེ་ད་ལྟ་གསོན་པོའི་གནས་སྐབས་ལ་ཡོད་ན་འདི་འགྱུར་ནས་ཕྱི་མའི་སྣང་བ་ནམ་འཆར་གྱི་ངེས་པ་མེད། ཇི་སྐད་དུ། དར་ལ་བབས་པ་རྒ་བའི་ཆད་པས་འཚེ། །འདུ་བ་རྣམ་པར་གནས་པ་ན་བས་དཀྲུགས། །ཕུན་ཚོགས་རྟེན་ཅིང་འབྲེལ་འབྱུང་རྒུད་པས་འཇོམས། །འཆི་བས་སྲོག་ལ་རྒོལ་བ་མྱུར་བར་འོང་། །ཞེས་གསུངས་པ་ལྟར་ཡིན། དེས་ན་ད་རེས་ཐར་བ་བྱང་ཆུབ་སྒྲུབ་པའི་བགོ་སྐལ་བཟང་པོ་ཞིག་ཐོབ་པའི་སྐབས་འདིར་བསྒྲུབ་ལ་སྙིང་རུས་དང་བརྩོན་འགྲུས་ཤིག་མ་བསྐྱེད་ན། ཕྱི་ནས་འདི་འདྲའི་ལུས་རྟེན་ཐོབ་པར་དཀའ་ཞིང་། ད་ལྟའི་ལུས་རྟེན་འདི་ཡང་ཆུ་ཤིང་ལྟ་བུ་སྙིང་པོ་མེད་པས་ཡ་མ་བརླ། ཆུའི་ཆུ་བུར་ལྟར་དུ་ད་ལྟ་ཚོགས་ཀྱང་ད་ལྟ་ཞིག་པར་འགྱུར་བ། བློ་གཏད་མེད་པ་ཞིག་ཡིན་པར་ཤེས་དགོས། དེས་ན་འབྱུང་བཞི་འདུས་པའི་ཚོགས་པ་ལ་སེམས་རྣམ་ཤེས་ཀྱི་རྒྱུད་བརྟེན་པ་འདི་ལ་རྟག་ཅིང་བརྟན་པའི་ཡིད་རྟོན་ཅུང་ཟད་ཀྱང་མེད་ཅིང་། སྒྱུ་ལུས་རྒུད་པས་རྒས་པ་དང་། འབྱུང་བཞི་འཁྲུགས་པས་ན་བ། བེམ་རིག་ཁ་གྱེས་པས་ཤི་བ་བཅས་པས་སྡུག་མ་བསྔལ་ནས་ལུས་སོང་བའི་ས་ཕྱོགས་དང་སེམས་ཅན་གཅིག་ཀྱང་མེད་ན། ད་ལྟ་རང་རེ་ནང་པ་སངས་རྒྱས་པའི་ཆོས་སྒོར་ཞུགས། སོར་བྱང་སྔགས་གསུམ་གྱི་སྡོམ་པ་བླངས། མདོ་སྔགས་དམ་པའི་ཆོས་ལ་འཆད་ཉན་བྱེད་པ་དང་མཉམ་དུ། མར་གྱུར་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་ཕྱིར་དུ་ཐར་བའི་མཆོག་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་སྒྲུབ་པའི་འདུན་པའམ་སྨོན་པ་ཙམ་བྱས་ཀྱང་། ཆོས་ཁྲིད་གྲོལ་ལོང་མ་བྱུང་གོང་ནས་ཕྱི་དགྲ་འདུལ་གཉེན་སྐྱོང་། ནང་རྒྱུ་ནོར་གསོག་འཇོག གསང་བ་ཕྲག་དོག་དང་ངན་སེམས་ཁོ་ནའི་ངང་གཡེངས་སོང་ན་དགེ་སེམས་སྐད་ཅིག་མ་དེ་ཡང་རླུང་ནང་གི་མར་མེ་བཞིན་དུ་ཚུགས་མི་ཐུབ་པར་འགྱུར་བ་ཡིན་ཏེ། དཔལ་སྤྲུལ་རིན་པོ་ཆེས། སྙིགས་མའི་སྐྱེ་བོ་ཤིན་ཏུ་བརྟེན་དཀའ་བ། །སྲིན་པོ་བཞིན་དུ་ཁྲོ་བའི་ངང་ཚུལ་ཅན། །གང་དང་འགྲོགས་ན་ཉོན་མོངས་ཚོགས་འཕེལ་བའི། དུས་ངན་གྲོགས་ཀྱིས་སུ་ཞིག་སྐྱོ་མི་འགྱུར། །ཞེས་གསུངས་པ་ལྟར་དུ་སྡིག་པའི་བཤེས་གཉེན་དང་སྡིག་པའི་གྲོགས་པོ་ངན་པ་ལས་གཟུར་ཐབས་བྱས་ནས་དམ་པའི་བཤེས་དང་ཆོས་མཐུན་གྱི་གྲོགས་པོ་ལ་བསྟེན་ཏེ། དུས་དང་རྣམ་པ་རྒྱུན་དུ་སེམས་དྲན་པའི་གཞུ་མོ་ནང་དུ་བཀུག བློ་ཤེས་རིག་གི་མདའ་མོ་ལྟོང་ལ་སྦྱར་ནས་རང་གི་དགེ་རྒན་རང་གིས་བྱས་ཏེ། རང་གི་སེམས་ཀྱི་ཀུན་སློང་ལ་རང་གིས་བརྟག་དཔྱད་ཅིག་བཏང་ན། རང་སེམས་ངན་གོམས་ཀྱི་བག་ཆགས་ཟེར་རྒྱུའི་ཨ་འཐས་འཁྲུལ་བའི་རང་གཟུགས་འདིས་རང་མཚང་རང་གིས་གཏོར་ནས་ངེས་འབྱུང་གི་སེམས་བཅོས་མ་མ་ཡིན་པ་ཞིག་ཆོས་སྒྲུབ་པའི་ཐོག་མ་ཉིད་ནས་སྐྱེ་དགོས་པ་རེད། སྤྱིར་རྟེན་གྱི་གང་ཟག་སངས་རྒྱས་སྒྲུབ་པའི་བརྩོན་འགྲུས་ཅན་ཞིག་ཡིན་ན། དེ་ལ་ལམ་བརྟན་པ་མ་ཐོབ་ཀྱི་བར་དུ་སྒྲུབ་ལ་བར་དུ་གཅོད་པའི་བདུད་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཡོད་པ་ཡིན། བདུད་དེ་ལ་སྤྱི་དང་བྱེ་བྲག་གི་བདུད་ཀྱི་རིགས་གཉིས་ཡོད་ན། དང་པོ་ལ་བདུད་བཞི་སྟེ་ཉོན་མོངས་པའི་བདུད་ནི་རྩ་བ་བདག་འཛིན་གྱིས་བསྐྱེད་པའི་ཉོན་མོངས་པས་ལོག་པའི་ལམ་དུ་ཁྲིད་ནས་ཐར་ལམ་ལ་བར་དུ་གཅོད་པ་དེ་ཉོན་མོངས་པོའི་བདུད་རེད། ཕུང་པོའི་བདུད་ནི། ཟག་བཅས་འཁོར་བའི་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས་འཁོར་བའི་སྡུག་བསྔལ་ལ་སྦྱོར་ཞིང་ཟག་མེད་ལམ་གྱི་གེགས་བྱེད་པ་དེ་ཕུང་པོའི་བདུད་ཡིན། འཆི་བདག་བདུད་ནི། སྒྲུབ་པ་ཉམས་ལེན་གྱིས་ལམ་མཐར་ཕྱིན་ལོང་མི་གཏད་པར་འཆི་བས་སྲོག་ལ་རྒོལ་བ་དེ་འཆི་བདག་གི་བདུད་ཡིན། ལྷས་བུའི་བདུད་ནི་འདུ་འཛི་འདོད་ཡོན་ལ་གཡེང་བར་བྱེད་ཅིང་། བག་མེད་ཁེངས་དྲེགས་ཀྱིས་རྒྱགས་པས་བྱང་ཆུབ་ལམ་ལས་ཉམས་པར་བྱེད་པ་དེ་ལྷའི་བུའི་བདུད་ཡིན། བྱེ་བྲག་གི་བདུད་ནི་ཕྱི་དགྲ་གཉེན་ཆགས་སྡང་གི་བདུད། ཟས་ནོར་འཛིན་ཆགས་ཀྱི་བདུད། ནང་ཉོན་མོངས་དུག་རྒྱས་ཀྱི་བདུད། རྣམ་རྟོག་འཁུ་འཕྲིག་གི་བདུད། གསང་བ་གཉིས་འཛིན་འཁྲུལ་བའི་བདུད། ཞེ་འདོད་ཕྱོགས་རིས་ཀྱི་བདུད་ལ་སོགས་པ་བདུད་ཀྱི་ལས་དམ་ཆོས་སྒྲུབ་པ་ལ་བར་ཆད་མང་པོ་ཡོད་ནི་ཡིན་ན། དེ་ཐམས་ཅད་ཀྱི་གཉེན་པོ་གཅིག་ཆོག་ཁེ་རུ་དེ་གང་ཡིན་སྙམ་ན། སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་བླ་མར་ཡིད་ཆེས་དང་དད་གུས། གསོལ་འདེབས་དང་གདུང་ཤུགས་དྲག་པོས་དབང་བཞི་ལེན་པ་འདི་རྣམས་བར་ཆད་སེལ་བའི་གྲོགས་དང་། བྱིན་རླབས་འཇུག་པའི་གཉེན་ཡང་ཡིན་པ་རེད། དེས་ན་བློ་གཏད་ས་བླ་མ་དཀོན་མཆོག གདེང་འཆར་ས་གདམས་ངག་ཟབ་ཁྲིད་མན་ངག་ཟབ་མོ་ལས་མེད་པ་ཞིག་མ་རེད་ན་དམ་ཆོས་རྣལ་མ་ཞིག་འགྲུབ་ནི་མ་རེད། དེས་ན་འདིར་ཡོད་ཚང་མ་ལ་མཚོན་ན་སྙིང་ནས་འཆི་ཆོས་རྣལ་མ་སྒྲུབ་འདོད་ཡོད་པའི་ཆོས་པ་འབའ་ཞིག་ཡིན་པའི་དབང་དུ་བཏང་ན། ཆོས་ཡང་དག་པར་སྒྲུབ་རྒྱུ་དེར། ཁ་ཞེ་གཉིས་མཚུངས། བློ་ཐག་ཆིག་ཆོད་མདུང་ཐུང་བྲང་ལ་གཏད་ཀྱང་ཕྱི་ནུར་མེད་པ་ཞིག་ཡོད་དགོས་པ་རེད། ཆོས་ཞུ་བའི་སྐབས། ངས་ནི་འདི་ཚོ་སྔ་མོ་ནས་ཤེས་ཡ། འདི་འདྲ་ཞིག་ཟེར་གི་འདུག་དར་ནི་རེད་བསམ་རྒྱུ་མ་གཏོགས། ངས་ཅང་གོ་ནི་མ་རེད་ང་ནི་དུད་འགྲོ་དང་འདྲ་ནི་རེད་བསམས་ནས་རང་གིས་རང་ལ་སྒྱིད་ལུགས་བྱེད་དགོས་ནི་མ་རེད། འདི་ཤེས་མི་ཤེས་དང་། རྣམ་རིག་བཀྲ་མི་བཀྲ། ཐོས་མང་ཉུང་། མཁས་མི་མཁས་ཚད་ས་མ་ཡིན། གཙོ་ཆེར་སྨིན་ཁྲིད་བྱེད་པའི་སྐབས་འདིར། ཉན་བཤད་ཐམས་ཅད་རང་ཐོག་ལ་བླངས་ནས་བསྒོམས་ཏེ་ངེས་ཤེས་ནང་ནས་འཁྲུངས། སེམས་རྒྱུད་ཆོས་དང་འདྲེས་པ་ཞིག་དགོས་པ་རེད། དང་པོ་ཆོས་གྲྭའི་ནང་ཡར་འཛུལ་སྐབས་ཀྱི་མྱི་དེ་འདྲ་ཞིག་མ་ཡིན་པར། ཕྱིར་བུད་དུས་བལ་མགོར་ཆུ་བཏབ་འདྲ་རྒྱུད་ཞི་ཞིང་དུལ་བ་ཞིག་རེད་ཐུབ་ན་ཆོས་ཞུས་པའི་གོ་ཆོད་སོང་བ་རེད། དེས་ནི་དོན་ཡང་གོ་བའི་རྟགས་ཡིན། ཆོས་ཐོས་པ་རང་རྒྱུད་ལ་སྦྱར་མ་ཐུབ་ན་ཁ་བཤད་ཅི་ཙམ་མཁས་ཀྱང་། དོན་རྒྱུད་ལ་སྦྱར་ལུགས་ཀྱི་ཐད་ནས་གོ་བ་ལོན་མེད་པའི་རྟགས་ཡིན། དགེ་སློང་ལེགས་པའི་སྐར་མས་སྡེ་སྣོད་བཅུ་གཉིས་བློ་ལ་ཤེས་ཀྱང་མཐར་མ་ཕན་ནས་ཡི་དྭགས་སུ་སྐྱེས་པ་ལྟ་བུ་རེད། དེ་ལྟར་ཆོས་ཐོས་པ་དེ་རང་རྒྱུད་ལ་སྦྱར་དགོས་པའི་ཉམས་ལེན་གནད་ཀྱི་མན་ངག་དང་མ་བྲལ་བའི་ངང་ནས། གང་ཞིག་འཆད་ཉན་བྱ་བ་སྐབས་སུ་བབ་པའི་ཆོས་གང་ཡིན་ན། ཐུན་མོང་ཕྱི་ཡི་སྔོན་འགྲོར་ཁྲིད་རྐང་དྲུག་གི་རྗེས་མར་བཤེས་གཉེན་བསྟེན་པའི་ཁྲིད་ལས། དང་པོ་བླ་མ་བརྟག་པ་དང་། བར་དུ་བླ་མ་བསྟེན་པ་གཉིས་གོང་དུ་སོང་ནས་དེ་རིང་དགོངས་སྤྱོད་བསླབ་པའི་སྐབས་རེད། དེ་ཡང་།

༼༣ ཐ་མ་དགོངས་སྤྱོད་བསླབ་པ།

གསུམ་པ་ཐ་མ་དགོངས་སྤྱོད་བསླབ་པ་ནི། དེ་ལྟར་བླ་མ་བསྟེན་པའི་ཚུལ་ཐམས་ཅད་རང་ཉིད་ཀྱི་བློ་ལ་ངེས་པར་བྱས་ནས། དཔེར་ན་རྫིང་བུ་མཆོག་ལ་བསྟེན་པའི་ངང་པ་རྣམས་ཀྱིས་རྫིང་བུའི་ཆུ་མི་རྙོགས་པར་དལ་གྱིས་རྩེ་ཞིང་ཆུ་ལ་ལོངས་སྤྱོད་པ་དང་། མེ་ཏོག་གི་བཅུད་ལེན་པར་བྱེད་པའི་བུང་བ་རྣམས་ཀྱིས་ཀྱང་མེ་ཏོག་གི་ཚལ་དུ་རྒྱུ་བའི་ཚེ། མེ་ཏོག་གི་ཁ་དོག་དང་དྲི་ལ་མི་གནོད་པར་རང་ལ་དགོས་པའི་མེ་ཏོག་གི་བཅུད་མྱང་ནས་འགྲོ་བ་དང་འདྲ་བར། སྐྱོ་ཞིང་སུན་བ་དང་དཀའ་བ་དང་ངལ་བ་མེད་པར་ཅི་གསུང་བཀའ་བཞིན་བསྒྲུབས་པས་བླ་མའི་ཐུགས་བཟུང་སྟེ། ཕྱིར་མི་ལྡོག་པའི་དད་པ་དང་ཕྱི་བཤོལ་མེད་པའི་སྙིང་རུས་ཀྱི་ཉེར་ལེན་ལ་བརྟེན་ནས། བླ་མ་དམ་པའི་ཐུགས་རྒྱུད་ན་བཞུགས་པའི་ཐོས་བསམ་སྒོམ་པའི་ཡོན་ཏན་ཐམས་ཅད་བུམ་པ་ཚད་ལྡན་གཅིག་ནས་ཚད་ལྡན་གཞན་དུ་བཅུད་བྱོ་བ་བཞིན་དུ་བླ་མའི་ཐུགས་རྒྱུད་ཀྱི་ཡོན་ཏན་ངང་གིས་རང་རྒྱུད་ལ་འདྲོང་ངོ་ཤེས་པར་བྱ་དགོས་ཏེ། རྫིང་བུ་མཆོག་ལ་བསྟེན་པའི་ངང་པ་དང་། །བུང་བས་མེ་ཏོག་བཅུད་ལ་རོ་མྱོང་བཞིན། །རྟག་ཏུ་འགྲོགས་པའི་སྤྱོད་པ་ངོ་མཚར་ཅན། །སྐྱོ་ངལ་མེད་པས་བླ་མའི་ཐུགས་བཟུང་ནས། །དད་པས་ཉེ་བར་ལེན་པས་ཡོན་ཏན་མྱོང་། །ཞེས་གསུངས། བླ་མའི་དགོངས་སྤྱོད་ལ་བསླབ་པའི་ཚེ་དང་པོ་བླ་མའི་ཐུགས་ཀྱི་མཐིལ་གང་ཡིན་པ་དེ་རང་རྒྱུད་ལ་ལེན་རྒྱུ་བོ་གནད་ཆེ་བ་རེད། དགོངས་པའི་མཐིལ་དངོས་མ་ལོན་པར། ཕྱི་ཚུལ་གྱི་སྤྱོད་པ་རྐྱང་པ་ལ་བསླབ་མདོག་ཙམ་ནི་ཚུལ་འཆོས་སུ་འགྲོ་བས་དགོངས་སྤྱོད་ཉིད་རིམ་པ་བཞིན་དུ་བསླབ་དགོས། དེ་བཞིན་དུ་བླ་མ་དམ་པ་དེས་ཀྱང་བྱང་ཆུབ་སེམས་དཔའི་མཛད་སྤྱོད་དམིགས་བཅས་བསོད་ནམས་དང་དམིགས་མེད་ཡེ་ཤེས་ཀྱི་ཚོགས་ཏེ་ཚོགས་གཉིས་རླབས་པོ་ཆེ་གསོག་པའི་དུས་ན། སློབ་མ་རང་ཉིད་ཀྱིས་ཀྱང་ཚོགས་བསགས་དེ་དག་གི་ཁྲོད་དུ་རང་གི་འཁོས་དང་བསྟུན་པའི་ཟང་ཟིང་གི་ལོངས་སྤྱོད་ཕྲ་མོ་རེ་ཙམ་མམ། ཡང་ན་ལུས་ངག་གི་ངལ་བ་བྱེད་པའམ། དེ་གཉིས་ཀ་མ་འབྱོར་ནའང་ཐ་ན་ཡིད་ཀྱིས་རྗེས་སུ་ཡི་རང་དབུལ་བ་ཡན་ཆད་ཀྱིས་འབྲེལ་འཇོག་གི་ཚུལ་གྱིས་བླ་མའི་མཛད་པ་དེ་དང་དོན་མཐུན་པར་བྱས་ན། བླ་མ་དམ་པ་དེའི་ཐུགས་བསྐྱེད་བླ་ན་མེད་པའི་མཐུ་ལས་བྱུང་བའི་དགེ་ཚོགས་ཇི་སྙེད་ཡོད་པ་དེ་ཙམ་ཞིག་རང་ཉིད་ལའང་ཐོབ་པ་དེ་ཙམ་རང་ལ་ཡང་ཐོབ་པ། སྔོན་དབུས་གཙང་དུ་འགྲོ་བའི་མི་གཉིས་ཀྱི་གཅིག་ལ་སྲན་རྩམ་ཉུང་ངུ་ཙམ་ལས་གྲོ་བཅས་གཞན་མེད་པ་ལ། སྲན་ཕྱེ་ཉུང་ངུ་དེ་གྲོགས་པོ་ཅིག་ཤོས་ལ་ནས་ཀྱི་རྩམ་པ་ཞིབ་དཀར་མང་པོ་ཡོད་པའི་ནང་དུ་བསྲེས་ནས་བཏང་། ཞག་ཤས་སོང་ཙ་ན་རྩམ་པ་མང་པོ་ཡོད་པ་དེས་ཅིག་ཤོས་ལ་ད་ཁྱོད་ཀྱི་རྩམ་པ་ཟད་ལས་ཆེ་བྱས་པས་ཟད་ཨེ་ཡོད་ལྟའོ་ཟེར་ནས་བལྟས་པས་ད་དུང་སྲན་ཕྱེ་མ་ཟད་པར་འདུག དེ་བཞིན་ལན་གྲངས་མང་པོའི་བར་དུ་བལྟས་ཀྱང་སྲན་ཕྱེ་མ་ཟད་པར་འདུག་པས་རྩམ་པ་ཐམས་ཅད་མཉམ་ཟ་བྱེད་དགོས་པ་བྱུང་བ་ཡིན། དཔེ་དེ་བཞིན་དུ་གཞན་གྱི་དགེ་བ་གང་བྱེད་ལ་རང་གི་རྒྱུ་ཟང་ཟིང་ངམ་ལུས་ངག་གི་སྒོ་ནས་ཅུང་ཟད་ཙམ་འབྲེལ་ཡང་དེའི་དགེ་བ་མཉམ་དུ་ཐོབ་ཅིང་། ཁྱད་པར་བླ་མ་དགེ་བའི་བཤེས་གཉེན་དང་འབྲེལ་བ་དེའི་ལས་ནི། འཕྲལ་གྱི་ལས་མངག་གཞུག་དང་བང་ཕྱིན་ཐ་ན་བཞུགས་ཁང་ལ་ཕྱགས་དར་བྱས་པ་ཚུན་ཆད་ཀྱང་ཚོགས་བསགས་ཀྱི་ལམ་མ་ནོར་བ་ཡིན་པས་ཅི་ནུས་སུ་འབད་དགོས་ཏེ། འཇུག་པའི་སྤྱོད་ལ་ངེས་པར་ཞུགས་པ་ཡི། །དམ་པ་མཆོག་གི་བསོད་ནམས་ཡེ་ཤེས་ཚོགས། །གང་གི་ཁྲོད་དུ་དོན་མཐུན་སྤྱོད་པ་དང་། །མངག་གཞུག་བང་ཕྱིན་ཕྱགས་དར་ཚུན་ཆོད་ཀྱང་། །ངལ་བ་འབྲས་བཅས་ཚོགས་ཀྱི་ལམ་མཆོག་ཡིན། །ཞེས་གསུངས། སྐྱབས་སུ་འགྲོ་བ་དང་ཚོགས་བསགས་པ་ཐམས་ཅད་ཀྱི་ཞིང་ངམ་ཡུལ་བླ་ན་མེད་པ་ཡང་བླ་མ་ལས་ལྷག་པ་མེད་ཅིང་། ཁྱད་པར་བླ་མ་དེས་དབང་ཟབ་མོ་བསྐུར་བའི་དུས་དང་ཆོས་གདམས་ངག་་འཆད་པ་སོགས་ཀྱི་དུས་སུ་ནི། དུས་གསུམ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་དེའི་དུས་སུ་བླ་མ་དམ་པ་དེ་ལ་ཞུགས་ནས་དུས་གསུམ་གྱི་སངས་རྒྱས་ཀུན་དང་དབྱེར་མེད་དུ་བཞུགས་པ་ཡིན་པས། དུས་གཞན་དུ་བརྒྱ་འབུལ་སྟོང་འབུལ་མང་པོ་བྱེད་པ་ལས་ཀྱང་ཆོས་གསུངས་པའི་སྐབས་དེ་དུས་ཟས་ཁམ་གཅིག་ཙམ་དྲངས་པ་བསོད་ནམས་ཆེ་བ་ཡིན། གསང་སྔགས་ཟབ་མོའི་དབང་ཆོས་འཆད་པའི་སྐབས་སུ་ལྟ་ཅི་སྨོས། རྒྱུན་དུ་ཡང་མགོན་པོ་བྱམས་པས། ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །ཞེས་གསུངས་པ་རེད། །བསྐྱེད་རིམ་མཚན་བཅས་གྱི་ལྷ་སྒོམ་པ་ཐམས་ཅད་ཀྱང་རྣམ་པ་ལྷ་དེ་དང་དེར་སྣང་བ་ལས་ངོ་བོ་རང་གི་རྩ་བའི་བླ་མ་ལས་གཞན་དུ་གཉིས་སུ་མེད་པར་ཤེས་ན་བྱིན་རླབས་འཇུག་པ་མྱུར་བ་ཡིན་ཞིང་། དམིགས་མེད་རྫོགས་རིམ་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཐམས་ཅད་ཀྱང་བླ་མའི་མོས་གུས་དང་བྱིན་རླབས་ཁོ་ནའི་མཐུ་ལས། བླ་མའི་ཐུགས་རྒྱུད་ཀྱི་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་དྲངས་ནས་སྐྱེས་པ་ཡིན་པས་ན། ལམ་བསྐྱེད་རྫོགས་རིམ་པ་གཉིས་ལ་སོགས་པ་ཉམས་ལེན་ཐམས་ཅད་ཀྱི་བསྒྲུབ་བྱའི་ངོ་བོ་བླ་མ་ཉིད་དུ་འདུས་པས་ན། མདོ་རྒྱུད་ཐམས་ཅད་ནས་བླ་མ་སངས་རྒྱས་དངོས་སུ་གསུངས་པ་ཡིན་ཏེ། ཅི་ཕྱིར་སྐྱབས་སུ་འགྲོ་དང་ཚོགས་ཀྱི་ཞིང་། །བླ་མ་སྒྲུབ་པའི་རྣལ་འབྱོར་ཕྱི་ནང་གཉིས། །བསྐྱེད་རྫོགས་བསྒྲུབ་བྱའི་ངོ་བོ་འདིར་འདུས་པས། །མདོ་རྒྱུད་ཀུན་ནས་སངས་རྒྱས་ཉིད་དུ་བསྟན། །ཞེས་སོ། །དེས་ན་བླ་མ་དམ་པ་ནི། ཐུགས་ཀྱི་དགོངས་པ་དུས་གསུམ་སངས་རྒྱས་ཀུན་དང་རྣམ་དབྱེར་མེད་པར་བཞུགས་པ་ཡིན་ཡང་། རང་རེ་སྙིགས་མའི་དུས་ཀྱིས་ལས་མ་དག་པའི་གདུལ་བྱ་འདྲེན་པའི་ཆེད་དུ་རྣམ་པ་རང་རེ་དང་མཐུན་པ་གང་ཟག་མིའི་གཟུགས་སུ་སྤྲུལ་ནས་དངོས་སུ་བཞུགས་པའི་དུས་འདིར། བླ་མའི་ཅི་གསུང་གི་བཀའ་བཞིན་བསྒྲུབས་ནས་གོང་དུ་བཤད་པའི་ཞབས་ཏོག་རྣམ་པ་གསུམ་གྱི་སྒོ་ནས་ཐུགས་ཡིད་དབྱེར་མེད་དུ་གྱུར་པ་ཞིག་ལ་འབད་དགོས་པ་ཡིན་གྱི། དེ་ལྟར་མ་ཡིན་པར་བླ་མ་དངོས་སུ་ཞལ་བཞུགས་པའི་དུས་སུ་རིམ་གྲོ་དང་ཞབས་ཞུ་བཀུར་སྟི་དང་ཞེ་ས་བཀའ་བཞིན་སྒྲུབ་པ་སོགས་མེད་པར། ཞལ་མི་བཞུགས་པའི་སྐབས་སུ་ད་གཟོད་དད་པ་སྐྱེ་མདོག་གིས་གཟུགས་བརྙན་འདྲི་ཞིང་སྒོམ་པ་སྐད་བྱེད་པ་དང་། གནས་ལུགས་སྒོམ་པ་སྐད་ཟེར་ནས་ཟབ་ཟབ་མོ་ཞིག་གཞན་དུ་འཚོལ་ཞིང་། བླ་མའི་ཐུགས་རྒྱུད་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་རང་རྒྱུད་ལ་འཕོ་བའི་མོས་གུས་དང་གསོལ་འདེབས་སོགས་མི་བྱེད་པ་དེ་དག་ནི་སྒྲུབ་བྱེད་དང་བསྒྲུབ་བྱ་འགལ་བ་ཞེས་བྱ་ཞིང་། བར་དོར་བླ་མའི་ཞལ་མཇལ་བ་དང་ལམ་སྣ་འདྲེན་པ་སོགས་འབྱུང་བ་ཡང་གཙོ་བོའི་གནད་རང་ཉིད་ལ་བཅོས་མ་མ་ཡིན་པའི་མོས་གུས་ཚད་མེད་པ་ཞིག་ཡོད་པ་དེ་དང་། བླ་མའི་ཐུགས་རྗེ་དང་མཚམས་སྦྱོར་གྱི་སྨོན་ལམ་གྱི་སྟོབས་གང་འཛོམ་པ་ལས། ནམ་ཞིག་འཆི་བ་བཙན་ཐབས་བྱུང་བའི་ཚེ། །པདྨའི་ཕོ་ཉ་མཁའ་འགྲོ་གར་མཁན་མས། །མངོན་སུམ་ལག་པའི་ཁུར་ཚུར་ནས་བཟུང་སྟེ། །མཁར་ཆེན་བཟའ་དང་གུ་ཎ་ན་ཐ་ལྟར། །བདག་ཀྱང་པདྨ་འོད་དུ་འཁྲིད་པར་ཤོག །གསུངས་པ་ལྟར། དེ་ལྟར་སྣང་བ་ཙམ་ཡིན་གྱི། དངོས་སུ་བླ་མ་དེར་བྱོན་པ་ནི་མེད་པས་རང་ལ་མོས་གུས་དང་དད་པ་མེད་ན་བླ་མ་ཇི་ཙམ་བཟང་ཡང་བར་དོར་ལམ་སྣ་འདྲེན་པ་མི་འབྱུང་སྟེ། རྨོངས་པ་ཕལ་ཆེར་གཟུགས་བརྙན་འདྲི་ཞིང་བསྒོམ། །དངོས་སུ་བཞུགས་ལ་རིམ་གྲོ་བགྱི་བ་མེད། །གནས་ལུགས་བསྒོམ་ཟེར་བླ་མའི་ཐུགས་མི་ཤེས། །སྒྲུབ་དང་བསྒྲུབ་བྱ་འགལ་བ་ཉོན་རེ་མོངས། །མོས་གུས་མེད་བཞིན་བར་དོར་མཇལ་བ་མཚར། །ཞེས་གསུངས། དང་པོ་བླ་མ་བརྟགས་པ་ལ་མཁས་པའི་སྒོ་ནས་བརྟགས་པར་བྱ་བ་དེ་ཡང་དབང་ཆོས་ཀྱི་འབྲེལ་བ་མ་ཞུས་པའི་གོང་དུ་ལེགས་པར་བརྟགས་ནས། བླ་མའི་མཚན་ཉིད་ཚང་བར་འདུག་ན་བསྟེན་ཞིང་། མ་ཚང་ན་མི་བསྟེན་པ་ཡིན་གྱི། དང་པོ་ཆོས་ཞུས་དེ་ནས་གཟོད་བརྟག་པ་ནི་ལས་ཀ་འགོ་མཇུག་ནོར་སོང་བ་རེད། དེས་ན་བླ་མ་བསྟེན་ཚར་ནས་ནི་རྣམ་པ་བཟང་ངན་ཅི་མཛད་ལེགས་པར་མཐོང་བའི་སྒོ་ནས་བླ་མ་དེའི་ཡོན་ཏན་འབའ་ཞིག་ལ་བསམས་ཏེ་དད་པ་དང་དག་སྣང་སྦྱང་དགོས་པ་ཡིན་གྱི། སྐྱོན་གྱི་ཕྱོགས་ལ་བསམ་བློ་བཏང་ནས་སྐྱོན་རྟོག་སོགས་བྱས་ན་ཉེས་པ་བསམ་གྱི་མི་ཁྱབ་པ་འབྱུང་བ་ཡིན། བླ་མ་བརྟག་པར་བྱ་བ་དེ་ཡང་སྤྱིར་མདོ་རྒྱུད་ནས་གང་བཤད་པའི་ཡོན་ཏན་ཚང་བ་ཞིག་དགོས་པ་ཡིན་ཡང་། ཁྱད་པར་མེད་ཐབས་མེད་པ་ཐུགས་རྒྱུད་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཞིག་ནི་ངེས་པར་དགོས་པ་ཡིན་པས་ན། མདོར་བསྡུ་ན་བརྟགས་པ་གཅིག་ཆོག་རྒྱལ་པོ་བྱང་ཆུབ་ཀྱི་སེམས་དང་ལྡན་མི་ལྡན་བརྟག་པ་འདི་ལ་འདུས་པ་ཡིན། ཐུགས་རྒྱུད་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཞིག་ཡིན་ཕྱིན་ཆད་འབྲེལ་ཚད་དོན་དང་ལྡན་པ་ཡིན་པས་སློབ་མ་ལ་ཡང་ཚེ་འདི་དང་ཕྱི་མར་གང་ཕན་པ་དེ་ལྟར་བྱེད་པས་མཛད་སྤྱོད་ཐམས་ཅད་སློབ་མའི་དོན་དུ་མི་འགྱུར་བ་མི་འོང་ཞིང་། བླ་མ་དེས་བསྟན་པའི་ཆོས་ཀྱང་ཐེག་པ་ཆེན་པོའི་ལམ་དང་འབྲེལ་བ་ཡིན་ངེས་པས་ཅི་ནས་ཀྱང་སློབ་མ་དེ་ཡང་དག་པའི་ལམ་དུ་འགྲོ་བ་ཡིན་ནི་རེད། བླ་མ་ལ་བྱང་ཆུབ་ཀྱི་སེམས་དང་མི་ལྡན་ཕྱིན་ཆད་མཚན་ཇི་ལྟར་ཆེ་ཞིང་ཚུལ་ཇི་ལྟར་བཟང་ཡང་བླ་མ་དེ་ལ་རང་འདོད་ཀྱི་འཁྲིས་ཡོད་པས། དེ་འདྲའི་བླ་མ་དེས་རྟོགས་པས་རང་རྒྱུད་མ་དུལ་བས་ཐུགས་རྗེས་གཞན་རྒྱུད་འདུལ་མི་ནུས་པ་ཡིན་པས་ན། སློབ་མའི་རྒྱུད་ཀྱང་ལེགས་པར་མི་ཐུལ་ཞིང་། དེས་ཆོས་བསྟན་པ་ཡང་ཇི་ཙམ་ཟབ་ཟབ་མོའི་མིང་དང་ལྡན་ཞིང་། ལྟར་སྣང་ངོ་མཚར་བ་ལྟར་འདུག་ཀྱང་མཐར་ཆོས་མཐར་མ་ཕྱིན་ནས་འཇིག་རྟེན་ཚེ་འདི་འབའ་ཞིག་གི་ཆེད་དུ་འཆོར་བ་ཡིན་ཏེ། རྟོག་ངན་དུག་རོ་ཁོང་དུ་ཉལ་ན། །འཆི་ཁ་ཚུན་ཆད་མི་མངོན་མི་སྲིད། །ཅེས་གསུངས་པ་ལྟར་རེད། དེས་ན་བླ་མ་བརྟག་པའི་གནད་ཐམས་ཅད་འདིར་འདུ་བས་བླ་མའི་ཐུགས་རྒྱུད་བྱང་ཆུབ་སེམས་ཀྱིས་གང་བ་ཞིག་འདུག་ན་ཆ་ལུགས་ཆས་གོས་སོགས་ཇི་ལྟར་འདུག་ཀྱང་བསྟེན་པར་བྱ། རྒྱུད་བྱང་ཆུབ་ཀྱི་སེམས་དང་བྲལ་བ་ནི། འཕྲལ་དུ་ངེས་འབྱུང་དང་སྐྱོ་ཤས་སྒྲུབ་ཚུགས་དང་ཀུན་སྤྱོད་སོགས་ཅི་ཙམ་བཟང་བ་ལྟར་སྣང་ཡང་བསྟེན་བྱ་མིན་ནོ། །འོན་ཀྱང་སྐྱེས་བུ་དམ་པ་འགའ་ཞིག་རང་རྒྱུད་ཀྱི་ཡོན་ཏན་སྦས་ཚུལ་དུ་བཞུགས་པ་རྣམས་ཀྱི་ཐུན་མོངས་མ་ཡིན་པའི་ནང་རྟོགས་པའི་ཡོན་ཏན་རང་རེ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཅི་ཙམ་བརྟགས་ཀྱང་གཏིང་མི་དཔོག་པས་ཤེས་མི་ནུས་ཤིང་། ཡང་ཟོག་པོ་རྫུན་པ་གཡོ་སྒྱུ་ཅན་ཕལ་ཆེར་ཡང་ཚུལ་འཆོས་ཀྱི་སྤྱོད་ལམ་གྱིས་སེམས་ཅན་བསླུ་ཐབས་ལ་མཁས་པས་སྤྱི་ཚུལ་དམ་པ་ལྟར་དུ་སྣང་བ་ཡང་ཡོད་པས་གང་ཡིན་འབྱེད་དཀའ་ཡང་། རང་ཉིད་ཀྱི་ཚེ་རབས་ནས་འབྲེལ་བའི་བླ་མ་དེ་གཙོ་ཆེ་བ་ཡིན། དེ་ཇི་ལྟར་བརྟག་དགོས་ཤེ་ན། དེ་ཡང་བླ་མ་དམ་པ་དེའི་ཞལ་མཇལ་གསུང་ཐོས་པ་ཙམ་མམ། ཐ་ན་མཚན་ཙམ་ཐོས་པས་ཀྱང་མིག་མཆི་མ་འཁྲུགས་ལུས་བ་སྤུ་ལྡང་བའི་དད་པ་གཡོ་ནུས་ཤིང་སྣང་བ་འཕྲལ་དུ་སྒྱུར་ནུས་པ་དེ་ལྟ་བུ་ནི་རང་གི་ཚེ་རབས་ལས་ཀྱི་བླ་མ་ཡིན་པས་བརྟག་མི་དགོས་ཏེ། སྔོན་རྗེ་བཙུན་མི་ལ་ལ་རོང་སྟོན་ལྷ་དགས། ཁྱེད་ཀྱི་ཚེ་རབས་ལས་ཀྱི་བླ་མ་དེ་ལྷོ་གྲོ་བོ་ལུང་གི་དགོན་པ་བྱ་བ་ན། སྐྱེས་མཆོག་སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་ཞེས་བྱ་བ་བཞུགས་པ་དེ་ཡིན་པས་དེར་སོང་གསུངས་པའི་ཚེ། མར་པའི་མཚན་ཐོས་པ་ཙམ་གྱིས་རྗེ་བཙུན་ལ་ཐུན་མོང་མ་ཡིན་པའི་དད་པ་གཏིང་ནས་འཁྲུངས་ཤིང་། སྲོག་ལ་བབས་ཀྱང་བླ་མ་དེའི་ཞལ་མཇལ་ཞིང་ཐུགས་ཟིན་པ་ཞིག་ལས་ཅི་ལ་ཐུག་ཀྱང་བྱེད་དགོས་སྙམ་དུ་ཐུགས་རྒྱུད་ལ་སྐྱེས། བླ་མ་མཇལ་དུ་འོང་བའི་ཚེ་ཡང་། མར་པ་ཞིང་རྨོ་བ་ལྟར་བྱས་ནས་རྗེ་བཙུན་བསུ་སར་ཕེབས་པ་དང་ལམ་དུ་མཇལ་བའི་ཚེ། བླ་མ་ཡིན་པ་ངོ་མ་ཤེས་ཀྱང་མཇལ་མ་ཐག་ཏུ་ཚེ་འདིའི་སྣང་བ་ཏུར་ཏུར་པོ་འདི་དར་ཅིག་འགགས་ནས་ཁྲོང་ངེ་ལུས་འདུག་གསུངས་པ་ནི་། བླ་མ་མཇལ་བ་དང་མི་རྟོག་པའི་ཡེ་ཤེས་དལ་གཅིག་རྒྱུད་ལ་སྐྱེས་པ་ཡིན་པ་རེད། སྤྱིར་བླ་མ་ཡང་རང་གི་སྣང་བ་དག་མ་དག་དང་ལས་དབང་གིས་འཕྲད་པ་ཡིན་པས་ན། རང་གི་ཆོས་དང་གདམས་ངག་གི་བཀའ་དྲིན་ཐོབ་པའི་བླ་མ་དེ་ལྟར་སྣང་ལ་ཇི་ལྟར་འདུག་ཀྱང་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་མ་བྲལ་བ་བྱེད་དགོས། རང་ལ་ལས་འཕྲོ་མེད་ན་བླ་མ་བཟང་པོ་དང་མཇལ་བའི་སྐལ་བ་མེད་ཅིང་། རང་གི་སྣང་བ་མ་དག་ན་སངས་རྒྱས་དངོས་དང་མཇལ་ཡང་ཡོན་ཏན་ཅན་དུ་མཐོང་མི་ནུས་པ་ལེགས་སྐར་བཞིན་ཡིན་པས་ན། རང་གི་སྔོན་ལས་ཀྱི་དབང་གིས་བླ་མ་གང་དང་མཇལ་ཞིང་གང་ལས་བཀའ་དྲིན་ཐོབ་པའི་བླ་མ་དེ་གཙོ་ཆེ་བ་ཡིན། བར་དུ་བླ་མ་བསྟེན་པའི་དུས་སུའང་ཚ་གྲང་དང་བཀྲེས་སྐོམ་སོགས་དཀའ་བ་གང་བྱུང་ཐམས་ཅད་ཁྱད་དུ་བསད་དེ་བླ་མས་ཅི་གསུང་གི་བཀའ་བཞིན་བསྒྲུབ། ཡང་དཀའ་བ་སྤྱད་པ་དང་བརྩོན་འགྲུས་མ་ནུས་ན་བླ་མའི་ཐུགས་རྒྱུད་ཀྱི་བྱིན་རླབས་འཕོ་ཟེར་བ་དཀའ་མོ་ཡིན་པ་རེད། དེས་ན་དཀའ་བ་ཁྱད་དུ་བསད་ནས་ཅི་གསུང་གི་བཀའ་སྒྲུབ་ཅིང་རྒྱུན་དུའང་དད་གུས་ཀྱིས་གསོལ་བ་གདབ། འཕྲལ་དུ་ཡང་རང་གི་བྱ་སྤྱོད་ཐམས་ཅད་ཀྱང་བླ་མ་ལ་བཀའ་འདྲི་ཞུས་ཏེ། བླ་མ་དམ་པ་དེས་བཀའ་ཇི་ལྟར་སྩལ་བ་ལྟར་ཉམས་སུ་བླང་། བཟང་ངན་སྐྱིད་སྡུག་གང་བྱུང་ཐམས་ཅད་ཁྱེད་མཁྱེན་སྙམ་པའི་ཡིད་ཁྱེད་ཤེས་ཀྱི་དད་པའི་སྒོ་ནས་བསྟེན་དགོས། ཐ་མར་དགོངས་སྤྱོད་བསླབ་པ་ཞེས་བྱ་བ། བླ་མ་དམ་པའི་མཛད་སྤྱོད་ཐམས་ཅད་ལེགས་པར་བརྟགས་ནས་ཤེས་པར་བྱས་ཏེ་རང་ཉིད་ཀྱིས་ཀྱང་བླ་མའི་ཇི་ལྟར་མཛད་པ་དེ་ཁོ་ན་བཞིན་དུ་ཉམས་སུ་བླང་། འཇིག་རྟེན་པའི་ཁ་སྐད་ལ་ཡང་། བྱ་བ་ཐམས་ཅད་ལད་མོ་ཡིན། །ལད་མོའི་ནང་ནས་གང་མཁས་ཡིན། །ཟེར་བ་ལྟར། སྤྱིར་ཆོས་བྱེད་པ་ཡང་སྔོན་གྱི་རྒྱལ་བ་སྲས་བཅས་ཀྱི་ལད་མོའམ་དེའི་སྟངས་ཀ་བྱེད་པ་ཡིན་པས་ན། སློབ་མས་བླ་མ་བསྟེན་པ་དེ་ཡང་། བླ་མ་དེའི་རྗེས་སུ་སློབ་པ་ཡིན་པས་བླ་མའི་དགོངས་པ་དང་མཛད་སྤྱོད་ཇི་ལྟར་ཡིན་པ་དེ་རང་རྒྱུད་ལ་ལོན་པར་བྱེད་དགོས། དཔེར་ན་སློབ་མས་བླ་མ་བསྟེན་པ་དེ། སཱཙྪ་བརྐོས་ཕོར་ནས་ཕྱུང་བ་ལྟ་བུ་ཞིག་དགོས་པ་ཡིན་ཏེ། བརྐོས་ཕོར་ལ་རི་མོ་ཇི་ལྟ་བུ་ཞིག་ཡོད་པ་དེ་ཐམས་ཅད་སཱཙྪ་ལ་དོད་ནས་ཡོད་པ་ལྟར། བླ་མའི་ཐུགས་རྒྱུད་ཀྱི་ཡོན་ཏན་ཇི་ཙམ་ཡོད་པ་དེ་དང་འདྲ་བའམ། མིན་ཡང་དེའི་ཕྱོགས་མཐུན་པའམ་ཆ་འདྲ་བ་ཙམ་ངེས་པར་ཡོད་དགོས། དེས་ན་དང་པོ་བླ་མ་བརྟགས་མཁས་པ། བར་དུ་བླ་མ་བསྟེན་མཁས་པ། ཐ་མར་དགོངས་སྤྱོད་བསླབ་པ་ལ་མཁས་པའི་སྐྱེས་བུ་དེ་ནི་ཅི་ནས་ཀྱང་ཡང་དག་པའི་ལམ་དུ་འགྲོ་བ་ཡིན་ཏེ། དང་པོ་བླ་མ་བརྟགས་ལ་མཁས་པ་དང་། །བར་དུ་བླ་མ་བསྟེན་ལ་མཁས་པ་དང་། །ཐ་མར་དགོངས་སྤྱོད་བསླབ་ལ་མཁས་པ་ཡི། །སྐྱེས་བུ་དེ་ནི་ཡང་དག་ལམ་ལ་འགྲོ། །ཞེས་སོ། །དེས་ན་དགེ་བའི་བཤེས་གཉེན་དམ་པ་ཡོན་ཏན་ཐམས་ཅད་དང་ལྡན་པ་བརྟགས་ཤིང་ལས་ཀྱིས་འབྲེལ་བ་དེ་རྙེད་ནས། བླ་མ་དེ་ཉིད་བསྟེན་པའི་དུས་སུ་ལུས་དང་སྲོག་ལ་མི་ལྟ་བར་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བྱང་ཆུབ་སེམས་དཔའ་ཆོས་འཕགས་བསྟེན་པ་དང་། པན་ཆེན་ནཱ་རོ་པས་སྐྱེས་མཆོག་ཏེ་ལོ་པ་བསྟེན་པ་དང་། རྗེ་བཙུན་མི་ལས་ལྷོ་བྲག་མར་པ་བསྟེན་པ་ལྟར་དུ་བྱ་དགོས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ཆོས་འཕགས་ཇི་ལྟར་བསྟེན་ན། སྔོན་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་དམ་པའི་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚོལ་ཞིང་མི་མེད་ཀྱི་ས་སྟོངས་འབྲོག་དགོན་པ་ཞིག་ཏུ་ཕྱིན་པ་ན། བར་སྣང་གཟུགས་མེད་པའི་སྒྲ་ཞིག་ལས། རིགས་ཀྱི་བུ་ཤར་ཕྱོགས་སུ་སོང་ཞིག་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་འགྱུར་གྱི། ཁྱོད་ཀྱི་ལུས་ངལ་བ་དང་གཉིད་རྨུགས་ཀྱི་ནོན་པ་དང་ཚ་བ་དང་གྲང་བའི་ཚོར་བ་མྱོང་བ་དང་ཉིན་མཚན་སོགས་ཡིད་ལ་མི་བྱེད་ཅིང་གཡས་དང་གཡོན་དུ་མ་ལྟ་བར་གཡེང་བ་རྣམ་པར་སྤངས་ལ་སོང་ཞིག་དང་། ཁྱོད་ཀྱིས་དུས་རིང་པོར་མི་ཐོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་ཆུད་པ་ཡི་གེར་བྲིས་པ་རྙེད་པའམ། ཡང་ན་དགེ་སློང་ཆོས་སྨྲ་བའི་ལུས་ལ་ཡོད་པ་དེས་གསུངས་ནས་ཐོས་པར་འགྱུར་ཏེ། དེའི་ཚེ་རིགས་ཀྱི་བུ་ཁྱོད་ཀྱིས་གང་ཟག་གང་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་དེ་ཉིད་ཐོས་པ་དེ་ལ་སྟོན་པ་དངོས་ཡིན་པའི་འདུ་ཤེས་བསྐྱེད་ཅིང་ཆོས་ལ་གུས་པར་བྱ་བས་ཆོས་སྨྲ་བ་དེའི་ཕྱི་བཞིན་རྗེས་སུ་འབྲང་བར་བྱའོ། །ཆོས་སྨྲ་བའི་གང་ཟག་དེ་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་བསྟེན་པ་མཐོང་ན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐབས་ལ་མཁས་པའི་མཛད་པ་ཡིན་པར་ཤེས་པས་མ་དད་པར་མི་བྱའོ། །ཞེས་པ་ལ་སོགས་པ་ཐོས་ནས་ཤར་ཕྱོགས་སུ་སོང་བ་དང་། རིང་པོར་མ་ཕྱིན་པར་བྱང་ཆུབ་སེམས་དཔའ་རྟག་དུ་ངུ་དེས་བདག་གིས་སྒྲ་དེ་ལ་གང་དུ་ཅི་ཙམ་འགྲོ་དགོས་མ་དྲིས་པས་བདག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོན་པ་དེར་འགྲོ་མི་ཤེས་སོ་སྙམ་ནས། དེ་ཉིད་དུ་ངུ་ཞིང་འོ་དོད་འབོད་པའམ་ཆོ་ངེ་འདེབས་ཏེ་བདག་ཇི་སྲིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཐོས་ཀྱི་བར་དུ་ངལ་དུབ་དང་བཀྲེས་སྐོམ་དང་གཉིད་རྨུགས་དང་ཉིན་མཚན་ལ་སོགས་པ་ཡིད་ལ་མི་བྱེད་པར་གནས་པར་བྱའོ། །སྙམ་ནས་དེ་བུ་གཅིག་པུ་ཤི་བའི་མ་བཞིན་དུ་ཡིད་ལ་བྱེད་པ་གཞན་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནམ་ཐོས་སྙམ་དུ་ཆོས་ཐོས་པ་ལ་རེ་བས་གདུང་ཞིང་འདུག་པ་ན། དེ་བཞིན་གཤེགས་པའི་སྐུ་གཟུགས་ཤིག་མདུན་དུ་བཞུགས་ནས་ཆོས་ཚོལ་བའི་བསྔགས་པ་བརྗོད་ཅིང་། འདི་ནས་དཔག་ཚད་ལྔ་བརྒྱ་ཕྱིན་པ་ན་སྤོས་ངད་ལྡན་པ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ལས་གྲུབ་པའི་ཁང་བཟང་དང་ལམ་སྲང་དང་སྐྱེད་མོའི་ཚལ་ལྔ་བརྒྱས་བསྐོར་བ་ལ་སོགས་བདེ་སྐྱིད་ཀྱི་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པ། གྲོང་ཁྱེར་དེའི་དབུས་ཀྱི་བཞི་མདོ་ན་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཁང་པ་རིན་པོ་ཆེ་སྣ་བདུན་ལས་བྱས་པ་འཁོར་ཡུག་དཔག་ཚད་ཀྱི་ཚད་ཙམ་པ། སྐྱེད་ཚལ་ལ་སོགས་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འཁོར་དང་བཅས་པ་བུད་མེད་དྲུག་ཁྲི་བརྒྱད་སྟོང་དང་ལྷན་ཅིག་འདོད་པའི་ཡོན་ཏན་ལྔ་དང་ལྡན་ཞིང་འདོད་ཡོན་དེས་དབང་དུ་གྱུར་ཏེ་རྩེ་ཞིང་དགའ་མགུར་སྤྱོད་དེ། དེ་ན་གནས་པའི་སྐྱེ་བོའི་ཚོགས་ལ་དུས་གསུམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ཡོད་ཀྱི། དེའི་དྲུང་དུ་སོང་ཞིག་དང་དེ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་འགྱུར་རོ། །ཞེས་གསུངས་པ་ཐོས་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་དེ་ཡིད་ལ་བྱེད་པ་གཞན་མེད་པར་གནས་པ་ན་ས་ཕྱོགས་དེ་ཉིད་དུ་སངས་རྒྱས་ཀྱི་བྱིན་རླབས་དང་རང་ཉིད་ཀྱི་མོས་པའི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་སྒྲ་ཡང་ཐོས། ཡིད་ལ་ཏིང་ངེ་འཛིན་གྱི་སྒོ་དུ་མ་ཡང་མངོན་དུ་གྱུར། གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་སངས་རྒྱས་གྲངས་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ཡང་མཐོང་། སངས་རྒྱས་དེ་དག་གིས་ཆོས་བསྟན་ནས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་བསྔགས་པ་བརྗོད་དེ་མི་སྣང་བར་སོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་དགའ་བ་དང་དད་པ་དང་གུས་པ་སྟབས་གཅིག་ཏུ་སྐྱེས་ཏེ་བདག་ཇི་ལྟ་བུའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་དྲུང་དུ་འགྲོ་བར་བྱ། བདག་ནི་ནོར་རྫས་ལོངས་སྤྱོད་ཀྱིས་དབུལ་ཏེ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་མཆོད་པའི་བཀུར་སྟི་བྱ་བའི་གོས་སམ། རིན་པོ་ཆེའམ། དྲི་དང་། ཕྲེང་བ་ལ་སོགས་པ་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱ་བའི་ཡོ་བྱད་ཅི་ཡང་མེད་ཀྱི། དེས་ན་བདག་གི་ལུས་འདི་བཙོང་ལ་དེའི་རིན་གྱིས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་བཀུར་སྟི་བྱའོ། །འཁོར་བ་ཐོག་མ་མེད་པ་ནས་བདག་གི་ལུས་དཔག་ཏུ་མེད་པ་བཙོངས་ཤིང་འདོད་པའི་རྒྱུས་དམྱལ་བའི་གནས་སུ་ལུས་གྲངས་མེད་པ་གཤགས་ཤིང་གཏུབས་ཏེ་ཆུད་ཟོས་ཀྱང་འདི་ལྟ་བུའི་ཆོས་ཀྱི་ཆེད་ཀྱང་མ་ཡིན་ལ། འདི་ལྟ་བུའི་སྐྱེས་བུ་དམ་པ་ལ་བཀུར་སྟི་བྱ་བའི་ཆེད་ཀྱང་མ་ཡིན་ནོ་སྙམ་ནས་མི་མང་འདུས་པའི་ཚོང་འདུས་ཀྱི་དབུས་སུ་སོང་སྟེ་མི་སུ་འདོད། མི་ཉོ་བར་འདོད་པ་སུ་ཡོད་ཅེས་སྒྲ་བསྒྲགས་ཤིང་བོས་ཀྱང་བདུད་སྡིག་ཅན་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ཆོས་ཕྱིར་དཀའ་བ་སྤྱོད་པ་ལ་ཕྲག་དོག་པས་སུས་ཀྱང་མི་ཐོས་པར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བདག་ཉིད་ཉོ་བ་མ་རྙེད་ནས་ཕྱོགས་གཅིག་ཏུ་སོང་ནས་ངུ་ཞིང་མཆི་མ་ཕྱུངས་ཏེ་འདུག་པ་ན། ལྷའི་དབང་པོ་བརྒྱ་བྱིན་གྱིས་རྟག་ཏུ་ངུའི་དམ་བཅའི་བསམ་པ་བརྟན་མིན་བརྟག་པར་འདོད་ནས། བྲམ་ཟེའི་ཁྱེའུའི་གཟུགས་སུ་སྤྲུལ་ཏེ་འོངས་ནས། ང་ལ་མི་ནི་མི་དགོས་མོད་ཀྱང་ངས་མཆོད་སྦྱིན་ཞིག་བྱེད་པ་ལ། མི་ཤ་དང་མི་ཚིལ་དང་། མིའི་རྐང་རྣམས་དགོས་པས་ཁྱོད་ཀྱིས་བཙོང་ན་རིན་སྦྱིན་ནོ་སྨྲས་པས། རྟག་ཏུ་ངུ་དགའ་སྟེ་མཚོན་རྣོན་པོ་ཐོགས་ནས་ལག་པ་གཡས་པ་ཕུག་སྟེ་ཁྲག་གཟག བརླ་གཡས་པ་ཤ་མེད་པར་བཏོགས་ནས་རུས་པ་གཅོག་ཏུ་རྩིག་པའི་དྲུང་དུ་སོང་བ་ན། ཚོང་དཔོན་གྱི་བུ་མོ་ཞིག་ཁང་པའི་ཡང་ཐོག་ནས་འདུག་པ་དེས་མཐོང་ནས་དྲུང་དུ་འོངས་ཏེ། རིགས་ཀྱི་བུ་ཁྱོད་ཀྱི་བདག་ཉིད་རང་གིས་རང་ལ་འདི་ལྟ་བུའི་ན་ཚ་ཅིའི་ཕྱིར་གཏོང་བ་ཡིན་ཟེར། རྟག་ཏུ་ངུས་དེར་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་མཆོད་པའི་ཕྱིར་ལུས་བཙོངས་པའི་ལོ་རྒྱུས་སྨྲས་པས། བྱང་ཆུབ་སེམས་དཔའ་ཆོས་འཕགས་དེ་ལ་དེ་ཙམ་དུ་བཀུར་སྟི་བྱས་པས་ཡོན་ཏན་ཅི་ཞིག་འཐོབ་པ་ཡིན་ཟེར། དེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་འགྱུར་ཞིང་། དེ་ལ་བསླབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་ནས་སངས་རྒྱས་ཀྱི་ཡོན་ཏན་མང་པོ་དང་ལྡན་ཞིང་སེམས་ཅན་ཐམས་ཅད་ལ་དམ་པའི་ཆོས་འདོད་རྒུ་འབྱུང་བ་རིན་པོ་ཆེའི་གཏེར་ལྟ་བུ་བགོ་བཤའ་བྱེད་རྒྱུ་ཡོད་པ་ཡིན་ནོ་བྱས་པས། ཡོན་ཏན་མང་པོ་དེ་ལྟ་བུ་དག་ལས་ཡོན་ཏན་སྣ་རེ་རེའི་ཆེད་དུ་གངྒཱའི་ཀླུང་གི་སྙེད་ཀྱི་ལུས་བཏང་ཡང་ཆོག་པར་འདུག འོན་ཀྱང་ཁྱོད་བདག་ཉིད་ལ་འདི་ལྟ་བུའི་ན་ཚ་མ་བྱེད་ཅིག་དང་། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་མཆོད་པ་དབུལ་བའི་ཡོ་བྱད་གང་དགོས་པ་ཁོ་མོས་ཁྱོད་ལ་སྦྱིན་ཞིང་། བདག་ཀྱང་ཁྱོད་དང་འགྲོགས་ནས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་དྲུང་དུ་འགྲོ་ཞིང་། ཡོན་ཏན་དེ་དག་ཐོབ་པར་བྱ་བའི་ཕྱིར་དགེ་བའི་རྩ་བ་བསྐྱེད་པར་བྱའོ། །ཞེས་ཟེར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རང་གི་གཟུགས་ཇི་ལྟར་ཡིན་པ་བསྟན་ནས་རྟག་ཏུ་ངུ་ལ། ང་ནི་ལྷའི་དབང་པོ་བརྒྱ་བྱིན་ཡིན་ཏེ་ཁྱོད་ཀྱི་བསམ་པ་བརྟན་པོ་ཡིན་མིན་བརྟག་པའི་ཆེད་དུ་འོང་བ་ཡིན་པས། ཁྱོད་ཅི་འདོད་པ་ངས་སྦྱིན་གྱིས་གང་དགོས་ང་ལ་སློང་ཞིག་ཟེར་བ་ལ། བདག་ལ་སངས་རྒྱས་ཀྱི་ཡོན་ཏན་བླ་ན་མེད་པ་དག་སྩོལ་ཅིག་བྱས་པས། དེ་བདག་གི་སྤྱོད་ཡུལ་མ་ཡིན་པས་སྦྱིན་མི་ནུས་ཟེར། འོ་ན་བདག་གི་ལུས་ཡོངས་སུ་རྫོགས་པར་བྱེད་པ་ལ་ནི་ཁྱོད་ཀྱིས་བརྩོན་མི་དགོས་ཏེ། བདག་གིས་བདེན་པའི་བྱིན་རླབས་བྱའོ་ཟེར་ནས། བདག་གི་ལྷག་པའི་བསམ་པ་བསླད་མེད་པའི་བདེན་པ་གང་གིས་བདག་སངས་རྒྱས་རྣམས་ཀྱིས་ཆོས་མ་ཐོབ་ཀྱི་བར་དུ་ཕྱིར་མི་ལྡོག་པར་ལུང་བསྟན་ཅིང་བདག་གི་ལྷག་པའི་བསམ་པ་གཡོ་མེད་པའི་བདེན་པ་དང་བདེན་པའི་ཚིག་དེས་བདག་གི་ལུས་སྔོན་ཇི་ལྟ་བར་གྱུར་ཅིག ཅེས་བྱས་པ་དང་ལུས་སྔ་མ་ཁོ་ན་ལྟར་གྱུར། བརྒྱ་བྱིན་ཀྱང་མི་སྣང་བར་གྱུར་ཏོ། །དེ་ནས་རྟག་ཏུ་ངུ་ཚོང་དཔོན་གྱི་བུ་མོ་དང་འགྲོགས་ནས་བུ་མོ་ཕ་མའི་ཁྱིམ་དུ་སོང་སྟེ་ལོ་རྒྱུས་བཤད་ནས། མཆོད་པའི་ཡོ་བྱད་དུ་མ་བསླངས་ཏེ་ཚོང་དཔོན་གྱི་བུ་མོ་ཁོལ་མོ་སྟེ་གཡོག་མོ་ལྔ་བརྒྱ་དང་བཅས་པ་ཤིང་རྟ་ལ་ཞོན། བུ་མོའི་ཕ་མ་ལ་སོགས་འཁོར་དུ་མ་དང་བཅས་ཏེ་ཤར་ཕྱོགས་སུ་སོང་ནས་གྲོང་ཁྱེར་སྤོས་ངད་ལྡན་པ་ན་བྱང་ཆུབ་སེམས་དཔའ་ཆོས་འཕགས་འཁོར་བརྒྱ་སྟོང་དུ་མ་ལ་ཆོས་སྟོན་པ་མཐོང་ངོ་། །དེ་མཐོང་བས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལ་དགེ་སློང་བསམ་གཏན་ལ་གནས་པའི་དགའ་བ་དང་བརྗོད་མི་ཤེས་པའི་བདེ་བ་ལྟ་བུ་ཐོབ་ཅིང་། འཁོར་བུ་མོ་ལྔ་བརྒྱ་དང་བཅས་ཏེ་ཤིང་རྟ་ལས་བབས་ནས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་དྲུང་དུ་སོང་ངོ་། །དེའི་ཚེ་གནས་དེ་ན་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁང་པ་ནི་རིན་པོ་ཆེ་སྣ་བདུན་ལས་བྱས་ཤིང་ཙནྡན་དམར་པོས་བརྒྱན་པ། མུ་ཏིག་གི་དྲ་བས་གཡོགས་པ་ཕྱོགས་བཞིར་ཡིད་བཞིན་ནོར་བུ་རིན་པོ་ཆེ་བཞི་བཞག་པའི་སྒྲོན་མེ་དང་དངུལ་གྱི་པོག་ཕོར་བཞི་ནས་སྤོས་ཤིང་ཨ་ག་རུ་ནག་པོའི་དྲི་བཟང་གིས་བདུག་པ་འབའ་ཞིག་འཐུལ་བ། དེའི་དབུས་སུ་རིན་པོ་ཆེའི་སྒྲོམ་བཞིའི་ནང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསེར་གྱི་གླེགས་བམ་ལ་རིན་པོ་ཆེ་བེེ་ཌྰུརྱ་ཞུན་མས་བྲིས་པ་ལ་ལྷ་དང་མི་ཐམས་ཅད་ཀྱིས་མཆོད་པ་དབུལ་ཞིང་འདུག་པ་ལ་རྒྱུ་མཚན་དྲིས་ནས། རྟག་ཏུ་ངུ་དང་བུ་མོ་དཔོན་གཡོག་ལྔ་བརྒྱས་ལེགས་པར་མཆོད་དེ། བྱང་ཆུབ་སེམས་དཔའ་ཆོས་འཕགས་འཁོར་རྣམས་ལ་ཆོས་སྟོན་པའི་དྲུང་དུ་སོང་ངོ་། དེར་སོང་ནས་རྟག་ཏུ་ངུ་འཁོར་བུ་མོ་ལྔ་བརྒྱ་དང་བཅས་པས་མཆོད་པའི་ཡོ་བྱད་དེ་དག་གིས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་མཆོད་ནས་ཚོང་དཔོན་གྱི་བུ་མོ་འཁོར་དང་བཅས་པས་བྱང་ཆུབ་མཆོག་ཏུསེམས་བསྐྱེད། རྟག་ཏུ་ངུས་སྔར་ལམ་ནས་མཇལ་བའི་སངས་རྒྱས་རྣམས་གང་ནས་བྱོན་པ་དང་གང་དུ་བཞུད་པ་དྲིས་པས། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་སངས་རྒྱས་རྣམས་བྱོན་པ་དང་བཞུད་པ་མེད་པའི་ལེའུ་གསུངས་ནས་གདན་ལས་བཞེངས་ཏེ་ཁྱིམ་དུ་བྱོན་ནས་ལོ་བདུན་གྱི་བར་དུ་ཏིང་ངེ་འཛིན་གཅིག་ལ་སྙོམས་པར་ཞུགས་ནས་བཞུགས་པ་ལ། དེའི་བར་དུ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་འཁོར་བུ་མོ་ལྔ་བརྒྱ་དང་བཅས་པ་ཉལ་བ་དང་འདུག་པའི་སྤྱོད་ལམ་སྤངས་ནས་ཡར་འགྲེང་བ་དང་ཕན་ཚུན་འཆག་པའི་སྤྱོད་ལམ་གཉིས་ཀྱིས་དུས་འདའ་ཞིང་། ནམ་བྱང་ཆུབ་སེམསདཔའ་ཆོས་འཕགས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་ཆོས་སྟོན་པར་འགྱུར་སྙམ་དུ་དེ་ཁོ་ན་ཡིད་ལ་སེམས་ཤིང་འཁོད་དོ། །དེ་ལྟར་ལོ་བདུན་པོ་དེ་ཟད་དུ་ཉེ་བ་ན་ད་སྟེ་ཞག་བདུན་ན་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཏིང་ངེ་འཛིན་ལས་བཞེངས་ནས་ཆོས་སྟོན་པར་འགྱུར་རོ་ཞེས་པ་རྟག་ཏུ་ངུས་ལྷ་རྣམས་ལས་ཐོས་ནས། འཁོར་བུ་མོ་ལྔ་བརྒྱ་དང་བཅས་པས་གང་དུ་བྱང་ཆུབ་སེམསདཔའ་ཆོས་འཕགས་ཆོས་སྟོན་པར་འགྱུར་བའི་ས་ཕྱོགས་དེ་དཔག་ཚད་གཅིག་ཚུན་ཆད་ཕྱགས་དར་བྱས་ནས་རྡུལ་མི་ལྡང་བའི་ཆེད་དུ་ཆག་ཆག་གདབ་པར་རྩོམ་པ་ན་བདུད་སྡིག་ཅན་གྱིས་ཆུ་ཐམས་ཅད་མི་སྣང་བར་བྱས་པས། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་རང་གི་ལུས་ཀྱི་རྩ་ཐམས་ཅད་ཕུག་ནས་ཁྲག་གིས་ཆུ་ཡི་ཚབས་བྱས་ཏེ་ཆག་ཆག་བཏབ་པས་ཚོང་དཔོན་གྱི་བུ་མོ་འཁོར་ལྔ་བརྒྱ་དང་བཅས་པས་ཀྱང་རང་རང་གི་ལུས་ཀྱི་རྩ་ཐམས་ཅད་ཕུག་སྟེ་ཁྲག་གིས་ཆག་ཆག་བཏབ་པ་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཁྲག་དེ་ཐམས་ཅད་ལྷ་ཡུལ་གྱི་ཙན་དན་དམར་པོར་བྱིན་གྱིས་བརླབས། རྟག་ཏུ་ངུ་འཁོར་དང་བཅས་པས་དེར་སེདྒེའི་ཁྲི་བཀོད་པ་ཕུན་སུམ་ཚོགས་པ་བཤམས་པ་ལ་བྱང་ཆུབ་སེམས་དཔའ་ཆོས་འཕགས་བྱོན་ནས་བཞུགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་དུས་དེར་ཏིང་ངེ་འཛིན་གྱི་སྒོ་བརྒྱ་སྟོང་ཕྲག་དྲུག་ཅུ་ཐོབ། སངས་རྒྱས་གྲངས་མེད་བའི་ཞལ་མཐོང་། དེ་ནས་བཟུང་སྟེ་རྨི་ལམ་ན་ཡང་སངས་རྒྱས་མཐོང་བ་དང་མ་བྲལ་ཞིང་། ད་ལྟ་ཡང་རྫོགས་པའི་སངས་རྒྱས་སྒྲ་དབྱངས་མི་ཟད་པ་སྒྲོགས་པའི་དྲུང་ན་བཞུགས་པར་གསུངས་པ་ཡིན་པ་དེ་ལྟ་བུ་དཀའ་བ་དཔག་ཏུ་མེད་པ་སྤྱོད་ནས་ཞུམ་པ་མེད་པས་ཆོས་ཚོལ་བར་མཛད་པ་ཡིན་ནོ། །དེ་བཞིན་དུ་ནཱ་རོ་པཎ་ཆེན་གྱིས་ཏེ་ལོ་པ་བསྟེན་པའི་དུས་སུ་ཡང་དཀའ་བ་དཔག་ཏུ་མེད་པ་སྤྱད་པ་ཡིན་ཏེ། སྔར་གོང་དུ་བཤད་པ་ལྟར་ནཱ་རོས་ཏེ་ལོ་པ་སྤྲང་པོའི་ཚུལ་གྱིས་བཞུགས་པའི་དྲུང་དུ་མཇལ་ནས་རྗེས་སུ་འཛིན་པར་ཞུས་པས་འོང་གསུངས་ནས། ཁོང་རང་གར་འབྱོན་པའི་ཕྱི་བཞིན་དུ་ཁྲིད་ཆོས་ནི་མ་གསུངས། ཉིན་གཅིག་མཁར་ཐོག་བརྩེགས་དགུ་ཡོད་པ་ཞིག་གི་རྩེ་མོར་ཁྲིད་ནས་བླ་མའི་བཀའ་བསྒྲུབ་ཕྱིར་མཁར་འདིའི་རྩེ་ནས་མཆོངས་ནུས་པ་ཡོད་དམ་གསུངས་པས། འདི་ན་མི་གཞན་ནི་སུ་མི་འདུག ང་རང་ལ་གསུང་བ་ཡིན་སྙམ། མཁར་གྱི་རྩེ་ནས་མཆོངས་པས་ལུས་ཐམས་ཅད་བརྡབ་སྟེ་ན་ཚ་དང་སྡུག་བསྔལ་དཔག་ཏུ་མེད་པ་བྱུང་། བླ་མ་བྱོན་ནས་ནའམ་གསུངས་པ་ལ། ན་བས་མ་ཚད་རོ་བཞིན་ཐལ་ཞུས་པས་བྱིན་རླབས་མཛད་ནས་ལུས་སྔར་བཞིན་སོས་ཏེ་ཡང་ཁྲིད་ནས་སོང་། ནཱ་རོ་པ་མེ་ཐོང་ཞིག་གསུངས། མེ་བུས་ཙ་ན་ཁོང་གིས་སྙུག་གཤགས་རིང་པོ་མང་པོ་ལ་སྣུམ་གྱིས་བྱུགས་མེ་ལ་བསྲོས་ནས་ངར་བཏགས་ཏེ། བླ་མའི་བཀའ་བསྒྲུབ་ཕྱིར་འདི་ལྟ་བུའི་དཀའ་བ་ཡང་སྤྱད་དགོས་པ་ཡིན་གསུངས་ནས། སྨྱུག་མ་གཤགས་པ་རྣམས་རྐང་ལག་གི་སེན་མོའི་བར་ནས་དྲངས་པས་ལུས་ཀྱི་ལྷུ་ཚིགས་ཐམས་ཅད་བརྒྱང་ན་ཚ་དང་སྡུག་བསྔལ་བཟོད་བླག་མེད་པ་ཞིག་བྱས་ནས་བླ་མ་ག་ཤེད་བྱོན་སོང་། ཞག་ཤས་སོང་འཕྲལ་བླ་མ་བྱོན་ནས་སྨྱུག་མ་རྣམས་བླངས་པའི་ཤུལ་ནས་ཁྲག་དང་ཆུ་སེར་ལ་སོགས་པ་མང་པོ་བྱུང་། ཡང་བྱིན་རླབས་མཛད་ནས་སྔར་བཞིན་གྱུར་ནས་ཁྲིད་དེ་བྱོན། ཉིན་གཅིག་ནཱ་རོ་པ་ང་ལྟོག་གི་འདུག ཟ་མ་ཞིག་སློང་ལ་ཤོག་གསུངས། ཞིང་ལས་བྱེད་པའི་མི་མང་པོ་ཟ་མ་ཟ་སར་ཕྱིན་ནས་བསླངས་པས་ཐུག་པ་བསྐོལ་བ་ཐོད་ཕོར་གང་བྱིན། ཕྱིར་འོང་ནས་བླ་མ་ལ་དྲངས་པས་ཞིམ་ཞིམ་ལྟར་གསོལ། ཤིན་ཏུ་ཐུགས་དགྱེས་པའི་ཚུལ་སྟོན་པས། ནཱ་རོ་པའི་ཐུགས་དགོངས་ལ་ངས་སྔར་བླ་མའི་ཞབས་ཕྱི་དེ་ཙམ་བསྒྲུབས་ཀྱང་ད་རེས་འདྲ་བའི་ཐུགས་མཉེས་པོ་མ་བྱུང་། ད་དུང་སློང་དུ་ཕྱིས་ན་ཅུང་ཟད་རྙེད་དམ་སྙམ་ནས་ཡང་ཐོད་ཕོར་ཁྱེར་ཏེ་ཕྱིན་པས། ཁོང་རྣམས་ཞིང་ལས་བྱེད་ས་ལ་སོང་། སྔར་གྱི་འཐུང་ལྷག་དེ་གར་བཞག་འདུག་པ་ལ། ད་འདི་གར་བརྐུས་པ་དྲག་སྙམ་ནས་ཁྱེར་ཏེ་བྲོས་པས་ཁོང་རྣམས་ཀྱིས་མཐོང་། རྗེས་དེད་ནས་བཟུང་སྟེ་འཆི་ལ་ཐུག་པར་བརྡུང་། ན་ཚ་དཔག་ཏུ་མེད་པ་བྱུང་སྟེ་དེ་ནས་ལྡང་མ་ནུས་པར་ཞག་མང་པོར་ལུས། ཡང་བླ་མ་བྱོན་ནས་བྱིན་རླབས་མཛད་དེ་ཁྲིད་ནས་སོང་། ཉིན་གཅིག་ནཱ་རོ་པ་ང་ལ་ནོར་རྫས་མང་པོ་དགོས་པ་ཡོད་པས་རྐུས་ལ་ཤོག་གསུངས། ཕྱུག་པོ་ཞིག་ལ་རྐུར་ཕྱིན་པས་ཚོར་ནས་བཟུང་སྟེ་ཡང་ཤི་ལ་ཐུག་པར་བརྡུང་། ཞག་ཤས་ནས་བླ་མ་བྱོན་ཏེ་ནའམ་གསུངས་པ་ལ་སྔར་ལྟར་ན་བས་མ་ཚད་རོ་བཞིན་ཐལ་ཞུས། བྱིན་རླབས་མཛད་ནས་ཡང་ཁྲིད་དེ་བྱོན་པ་སོགས་དེ་ལྟ་བུའི་དཀའ་ཆེན་བཅུ་གཉིས། དཀའ་ཕྲན་བཅུ་གཉིས་དང་དཀའ་བ་མི་འདྲ་ཉི་ཤུ་རྩ་བཞི་སྐུ་ལུས་གཅིག་གི་སྟེང་དུ་སྤྱད་པ་ཡིན། དེ་ལྟར་དཀའ་སྤྱད་ཐམས་ཅད་རྫོགས་ནས་ཉིན་གཅིག་ནཱ་རོ་པ་ཁྱོད་སོང་ལ་ཆུ་ལོངས་ཤོག་དང་ངས་མེ་བཏང་ནས་འདུག་གིས་གསུངས། ནཱ་རོ་པས་ཆུ་བླངས་ནས་བྱོན་ཚེ་ཁོང་གིས་མེ་བུས་ནས་འདུག་པ་བཞེངས་བྱོན་ཏེ་ཕྱག་གཡོན་པས་ནཱ་རོའི་ཐོང་རྩ་ནས་བཟུང་ནཱ་རོ་པ་ཐོད་པ་སྟོན་གསུངས་ཏེ། ཕྱག་གཡས་པས་མཆིལ་ལྷྭམ་ཕུད་པ་བླངས་ནས་དཔྲལ་བར་བརྒྱབས་པས་ནཱ་རོ་པ་ནག་ཐུམ་གྱིས་བརྒྱལ་སོང་། བརྒྱལ་སངས་པ་དང་བླ་མའི་ཐུགས་རྒྱུད་ཀྱི་ཡོན་ཏན་ཐམས་ཅད་དེ་མ་ཐག་ནཱ་རོ་པའི་རྒྱུད་ལ་སྐྱེས་ནས་དཔོན་སློབ་གཉིས་དགོངས་པ་དབྱེར་མེད་དུ་གྱུར་ནས་སཱཙྪ་བརྐོས་ཕོར་ནས་ཕྱུང་བ་བཞིན་དུ་གྱུར་འདུག དེ་ལྟར་པཎ་ཆེན་ནཱ་རོ་པས་དཀའ་བ་ཉི་ཤུ་ཙ་བཞི་སྤྱད་པ་དེ་དག་ཀྱང་དོན་དུ་བླ་མའི་བཀའ་ལུང་ཡིན་པས་སྒྲིབ་པ་སྦྱོང་བའི་ཐབས་སུ་གྱུར་པ་ལས། རྣམ་པ་རང་བཞིན་དོན་མེད་པའི་ངལ་བ་ཁོ་ན་ལས་འདི་ཆོས་སུ་འདུག་སྙམ་པ་གཅིག་ཀྱང་མི་འདུག་ཅིང་བླ་མས་ཀྱང་ཆོས་ཚིག་གཅིག་ཀྱང་མ་གསུངས། སློབ་མས་ཀྱང་དེའི་ཆེད་དུ་ཕྱག་རྡོག་གཅིག་བཙལ་བ་ལྟ་བུའི་ཆོས་ལ་ཉམས་ལེན་མ་བྱས་ཀྱང་གྲུབ་ཐོབ་ཀྱི་བླ་མ་དང་མཇལ་ནས། དཀའ་བ་ཁྱད་དུ་བསད་དེ་ཅི་གསུང་གི་བཀའ་བཞིན་བསྒྲུབས་དད་པ་དང་མོས་གུས་ཕྱི་ནུར་མེད་པས་སྒྲིབ་པ་དག་སྟོབས་ཀྱིས་རྟོགས་པ་རྒྱུད་ལ་སྐྱེས་པ་ཡིན། དེས་ན་བླ་མའི་བཀའ་བཞིན་སྒྲུབ་པ་ལས་ལྷག་པའི་ཆོས་ཀྱི་ཉམས་ལེན་བྱ་བ་ལོགས་ན་ཅི་ཡང་མེད་པར་བླ་མའི་བཀའ་བསྒྲུབས་པ་དེ་ཙམ་དུ་ཕན་ཡོན་ཆེ་ཞིང་། དེ་བཞིན་དུ་བླ་མའི་བཀའ་ཟུར་ཙམ་བཅགས་ཀྱང་ཉེས་པ་ལྷག་པར་ལྕི་བ་ཡིན་ཏེ། ཡང་སྐབས་ཤིག་ཏེ་ལོ་པས་ནཱ་རོ་པ་ལ་ཁྱོད་ཀྱིས་བི་ཀྲ་མ་ཤཱི་ལའི་སྒོ་སྲུང་གི་པཎྜི་ཏའི་ཁུར་དེ་མ་ལེན་ཅིག་གསུངས། ཕྱིས་སུ་ཁོང་ཡུལ་དབུས་སུ་བྱོན་སྐབས། བི་ཀྲ་མ་ཤྲཱི་ལའི་སྒོ་སྲུང་གི་པཎྜི་ཏ་འདས་པ་དང་ཐུག ཐམས་ཅད་ཀྱིས་མུ་སྟེགས་པ་དང་རྩོད་ནུས་པ་གཞན་མི་འདུག་པས། བྱང་སྒོ་སྲུང་བའི་པཎྜི་ཏ་མཛད་དགོས་ཟེར་ནས་ནན་གྱིས་ཞུས་ཏེ་བྱང་སྒོ་སྲུང་བ་མཛད་དགོས་ཐུག་པས་མུ་སྟེགས་པ་ཞིག་རྩོད་དུ་བྱུང་བ་ལ་ཞག་མང་པོར་བརྩད་ཀྱང་མུ་སྟེགས་པ་མ་ཐུབ། བླ་མ་ལ་གསོལ་བ་བཏབ་པས་ཉིན་གཅིག་ཏེ་ལོ་པ་སྤྱན་ཧུ་རེ་དྲུང་དུ་བྱོན་བྱུང་། ཐུགས་རྗེ་རེ་ཆུང་དེ་བས་སྔ་བར་མི་འབྱོན་པ་ཞུས་པས། ངས་ཁྱོད་ལ་སྒོ་སྲུང་གི་པཎྜི་ཏ་མ་བྱེད་མ་སྨྲས་སམ། ད་ཁྱོད་ཀྱིས་ང་རང་སྤྱི་བོར་བསྒོམས་ལ་སྡིགས་མཛུག་མུ་སྟེགས་པ་ལ་སྟོན་ལ་རྩོད་ཅིག་གསུངས། དེ་བཞིན་བྱས་པས་ནཱ་རོ་པ་རྒྱལ་ཏེ་མུ་སྟེགས་ཀྱི་རྩོད་པ་ཐམས་ཅད་ཚར་བཅད་པ་ཡིན་ནོ། །དེ་བཞིན་དུ་རྗེ་བཙུན་མི་ལ་རས་པས་ལྷོ་བྲག་མར་པ་བསྟེན་པའི་ཚུལ་ནི། དེ་ཡང་བོད་ཀྱི་ཡུལ་མངའ་རིས་གུང་ཐང་དུ་མི་ལ་ཤེས་རབ་རྒྱལ་མཚན་ཞེས་བྱ་བའི་ཕྱུག་པོ་ཞིག་ལ་སྲས་ལྕམ་སྲིང་བུ་བུ་མོ་གཉིས་ཡོད་པའི་མིང་པོ་དེ་མི་ལ་ཐོས་པ་དགའ་བྱ་བ་རྗེ་བཙུན་མི་ལ་ཡིན། སྲིང་མོ་པེ་ཏ་མགོན་སྐྱིད་ཡིན། ཁོང་ལྕམ་སྲིང་གཉིས་ན་མ་སོན་པ་ཆུང་ངུའི་དུས་ཡབ་འདས་པས། ནོར་རྫས་སོགས་གང་ཡོད་ཐམས་ཅད་ཁུ་བོ་གཡུང་དྲུང་རྒྱལ་མཚན་ཞེས་བྱ་བས་ཐབས་ཀྱིས་འཕྲོག ཁོང་ཡུམ་སྲས་གསུམ་ཟས་ནོར་ཅི་ཡང་མེད་པས་འོ་བརྒྱལ་མང་པོ་མྱོང་ནས་གཙང་གི་གཡུང་སྟོན་ཁྲོ་རྒྱལ་དང་། ལྷ་རྗེ་གནུབས་ཆུང་བ་ལས་མཐུ་དང་སེར་བ་བསླབས་ཏེ། ཁུ་བོའི་བུ་དང་མནའ་མ་ལ་སོགས་མི་མགོ་སུམ་ཅུ་སོ་ལྔ་ཁང་པའི་ཐིབས་འོག་ཏུ་བསད། ས་དེའི་ཡུལ་མི་སྤྱིས་སྡང་པོ་བྱས་པས་སེར་བ་གྱང་རིམ་གསུམ་ཡོད་པ་ཞིག་ཕབ་པས་ལོ་ཏོག་ཐམས་ཅད་མེད་པར་བྱས། དེ་དག་གི་སྡིག་པ་ཆེན་པོ་བྱས་པ་ལ་འགྱོད་ནས་ཆོས་བསྒྲུབ་པའི་ཐུགས་བློ་སྐྱེས་ཏེ་བླ་མ་གཡུང་སྟོན་གྱི་བཀའ་བཞིན་རོང་སྟོན་ལྷ་དགའ་ཞེས་བྱ་བ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཞིག་བཞུགས་པའི་དྲུང་དུ་ཕྱིན་ནས་ཆོས་ཞུས་པས། ངའི་དམ་ཆོས་རྫོགས་པ་ཆེན་པོ་འདི་རྩ་བ་བྱུང་རྒྱལ། རྩེ་མོ་ཐོབ་རྒྱལ། འབྲས་བུ་ཡོག་རྒྱལ། ཞེས་གསུངས་པ་འདི་དག་གཞི་ལམ་འབྲས་གསུམ་དང་སྦྱར་ཏེ་ཞུས་ན། རྩ་བ་བྱུང་རྒྱལ་ནི། གཞི་རྩ་བ་རང་བྱུང་གི་ཡེ་ཤེས་འཁོར་འདས་གང་དུ་ཡང་རྒྱ་མ་ཆད་ཕྱོགས་སུ་མ་ལྷུང་བ་དེ་ཉིད། རྩེ་མོ་ཐོབ་རྒྱལ་ནི། ལམ་རྩེ་མོ་གང་ཤར་བཟོ་མེད་དུ་བཞག་པས། ཕྱིའི་སྣང་བ་ནང་དུ་མ་བླངས། ནང་རིག་པ་ཕྱི་ལ་མ་འཁྲུལ། བར་གཉེན་པོས་རྩོལ་བ་དང་བྲལ་བའི་སྣང་རིག་ངོས་བཟུང་དང་བྲལ་བ་སྤངས་ཐོབ་རེ་དོགས་མེད་པའི་རྒྱལ་པོ་འཛིན་མེད་རང་གྲོལ་དུ་དག་དུས། འབྲས་བུ་ཡོག་རྒྱལ་ནི། རྩོལ་མེད་འབྲས་བུའི་ཐེག་པ་ཡོ་ག་རྣམ་གསུམ་གྱི་རྩེ་མོ་ནི་བྱར་མེད་ཨ་ཏིའི་དགོངས་པ་ཡིན་པས། སྤྲོས་བྲལ་ཀ་དག་གི་ཡེ་ཤེས་མངོན་དུ་གྱུར་བ་ལ་གསུངས་པ་ཨེ་ཡིན་སྙམ། ཡང་ན་ལྟ་སྒོམ་སྤྱོད་གསུམ་གྱི་བབས་དང་བསྟུན་ན། རྩ་བ་བྱུང་རྒྱལ་ནི། འདི་གཞི་ལྟ་བ་ཡེ་གྲོལ་ཆེན་པོ་བཅིངས་གྲོལ་མེད་པའི་ཡེ་གྲོལ་ཆོས་ཉིད་ཀྱི་དགོངས་པ་གནས་ལུགས་རང་ངོ་ཤེས་པ་དང་མ་བྲལ་བ་ལྟ་བའི་བབས་ཡིན་ན། རྩེ་མོ་ཐོབ་རྒྱལ་ནི། ལམ་སྒོམ་པ་ཡང་གྲོལ་ཆེན་པོ་མཉམ་བཞག་ཆོས་ཉིད་ནམ་མཁའ་ལྟ་བུའི་ངང་དུ་བློ་བཞག་པས་ངོ་བོ་ཀ་དག་གི་དགོངས་པ་གནས་པ་དེ་སྒོམ་པའི་བབས་ཡིན་ནི་རེད། འབྲས་བུ་ཡོག་རྒྱལ་ནི། འབྲས་བུ་རང་རིག་རང་གྲོལ་ཆེན་པོ་སྣང་རིག་རང་གྲོལ་དུ་ཤར་བ། མཉམ་རྫོགས་ལྷུན་གྲུབ་ཆེན་པོའི་དགོངས་པ་ལས་མི་གཡོ་བ་འབྲས་བུའི་བབས་ཞེས་འགྲེལ་ཡང་མི་ཆོག་པ་མི་འདུག་སྙམ། འོན་ཀྱང་དངོས་གཞིའི་ཆོས་སྐད་མང་པོ་ཞིག་སྔོན་འགྲོའི་སྐབས་ནས་བཤད་ན་དེ་ཡང་བབ་འབྲེལ་ཅི་འདྲ་ཡོད་མི་ཤེས་པས་དེ་ཙམ་མོ། །དེ་ཡང་ཉིན་བསྒོམ་ན་ཉིན་འཚང་རྒྱ། ནུབ་བསྒོམ་ན་ནུབ་འཚང་རྒྱ། སྐལ་ལྡན་ལས་འཕྲོ་ཅན་བསྒོམ་མི་དགོས་པར་ཐོས་པས་གྲོལ་བ་དབང་པོ་ཡང་རབ་ཀྱི་ཆོས་སྐལ་ཡིན་པས་སྟེར་གསུངས། དབང་དང་གདམས་ངག་གནང་བས། ཁོང་གི་ཐུགས་དགོངས་ལ། ངས་དང་པོ་མཐུ་བྱས་པས་ཞག་བཅུ་བཞི་ལ་རྟགས་ཆེན་པོ་ཐོན། སེར་བ་ལ་ཞག་བདུན་གྱིས་ཆོག་པ་བྱུང་། ད་མཐུ་དང་སེར་བ་ལས་ཀྱང་སླ་བའི་ཆོས་ཉིན་བསྒོམས་ན་ཉིན་འཚང་རྒྱ། ནུབ་བསྒོམས་ན་ནུབ་འཚང་རྒྱ། སྐལ་ལྡན་ལས་འཕྲོ་ཅན་ལ་སྒོམ་མི་དགོས་པའི་ཆོས་འདི་འདྲ་དང་འཕྲད་ལུགས་ཀྱིས་ང་ཡང་ལས་འཕྲོ་ཅན་ཞིག་ཡིན་པར་འདུག་སྙམ་མ་བསྒོམས་པར་ཉལ་བསྡད་པས་ཆོས་དང་གང་ཟག་ཐ་དད་དུ་སོང་ནས། ཞག་འགའ་སོང་བའི་ཚེ། བླ་མའི་ཞལ་ནས་ཁྱོད་སྡིག་པོ་ཆེ་ཡིན་ཟེར་བ་བདེན་པར་འདུག ངས་ཆོས་ཀྱི་ཁ་ཕོ་དེ་ཡང་ཅུང་ཟད་ཆེས་པས། ད་ངས་ཁྱོད་མི་འདྲོང་བར་འདུག ད་ཁྱོད་རང་ལྷོ་བྲག་གྲོ་བོ་ལུང་ཞེས་བྱ་བའི་དགོན་པ་ན། རྒྱ་གར་གྱི་གྲུབ་ཐོབ་ནཱ་རོ་པའི་དངོས་སློབ། སྐྱེས་མཆོག་སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་ཞེས་བྱ་བ་སྔགས་གསར་མའི་གྲུབ་ཐོབ། ས་གསུམ་ན་འགྲན་ཟླ་དང་བྲལ་བ་ཞིག་བཞུགས། དེ་དང་ཁྱོད་རང་ཚེ་སྔ་མ་ནས་ལས་འབྲེལ་འདུག་པས་དེར་སོང་ཞིག་གསུངས། དེར་སྒྲ་སྒྱུར་མར་པའི་མཚན་ཐོས་པ་ཙམ་གྱིས་སེམས་ལ་སྨྲ་མི་ཤེས་པའི་དགའ་བ་དང་། ལུས་ལ་བ་སྤུ་ཀུན་གཡོ་བའི་བདེ་བ་དང་། མཆི་མ་འཁྲུགས་པའི་མོས་གུས་ཚད་མེད་པ་ཞིག་འཁྲུངས་ཏེ། བླ་མ་དང་མཇལ་ཏེ་ཞལ་མཐོང་བ་ཞིག་ནམ་འོང་ན་བསམ་ཞིང་ཕྱིན་པས། བླ་མ་ཡབ་ཡུམ་ལ་གཟིམ་ལམ་ཁྱད་པར་ཅན་མང་པོ་བྱུང་ནས་རྗེ་བཙུན་འབྱོན་པར་དགོངས་ནས་མར་པ་ཡང་རྣམ་པ་ཕྲུ་སློག་པའམ་ཞིང་རྨོ་བའི་ཟོལ་གྱིས་ལུང་མདའི་ལམ་ཀ་ཞིག་ཏུ་དོན་དུ་བསུ་བ་ལ་ཕེབས་ནས་བཞུགས། དེར་ཁོང་དང་པོ་སྲས་དར་མ་མདོ་སྡེ་ཕྱུགས་འཚོ་བ་དང་མཇལ་ནས་བྱོན་པས་ལམ་ཁར་བླ་མ་མར་པ་ཕྲུ་སློག་པ་དང་མཇལ། ཞལ་མཐོང་མ་ཐག་སྨྲར་མེད་པའི་དགའ་བདེ་བསམ་གྱིས་མི་ཁྱབ་པའི་ངང་ལ། ཚེ་འདིའི་སྣང་བ་དང་ཤེས་པ་ཐམས་ཅད་འགགས་ནས་མི་རྟོག་པའི་ཡེ་ཤེས་ངང་ལ་དར་ཅིག་ལུས། དེར་བླ་མ་མར་པ་ཡིན་པ་ནི་མ་ཤེས། མར་པའི་དྲུང་མཇལ་དུ་འོང་བའི་རྒྱུ་མཚན་རྣམས་ཞུས་པས། ངས་ཁྱོད་རང་མར་པ་དང་སྤྲད་ཀྱིས་ཁྱོད་རང་ངའི་ཕྲུ་འདི་སློག་གསུངས་ཆང་བུམ་པ་གང་གནང་ནས་བྱོན་སོང་། དེར་ཆང་ལྷག་མོ་མ་ལུས་པར་གསོལ། ཕྲུ་རྫོགས་པར་སློག་པའི་ཚེ་བླ་མའི་དྲུང་ནས་སྲས་འབོད་དུ་བྱུང་བ་དང་འགྲོགས་ནས་ཕྱིན་བླ་མ་དང་མཇལ་ཞབས་སྤྱི་བོར་བླངས་ཏེ་བླ་མ་ལགས། བདག་ཉི་མ་ལ་སྟོད་ཀྱི་མི་སྡིག་པོ་ཆེ་གཅིག་ལགས་པས། ལུས་ངག་ཡིད་གསུམ་ཡང་ཁྱེད་ལ་འབུལ། ལྟོ་གོས་ཆོས་གསུམ་ཡང་བླ་མ་ལ་ཞུ། ཚེ་འདིར་འཚང་རྒྱ་བ་ཞིག་ཞུ་ཞུས་པས། སྡིག་པོ་ཆེ་ཡིན་པའི་ཡུས་ང་ལ་མི་འགྲོ། ངས་ཆེད་དུ་སྡིག་གསོག་ཏུ་བཏང་བ་ནི་མིན། ཁྱོད་ཀྱིས་སྡིག་པ་ཅི་བྱས་གསུངས། རྒྱུ་མཚན་རྒྱས་པར་ཞུས་པས། འདུག་གང་ལྟར་ཡང་ལུས་ངག་ཡིད་གསུམ་འབུལ་ཟེར་བ་དེ་བཟང་། ལྟོ་གོས་ཆོས་གསུམ་ཀུན་མི་འོང་། ཡང་ན་ལྟོ་གོས་སྟེར། ཆོས་གཞན་ནས་ཚོལ། ཡང་ན་ཆོས་སྟེར་ལྟོ་གོས་གཞན་ནས་ཚོལ། དེ་གཉིས་འདོམས། ངས་ཆོས་སྟེར་བ་འདོམ་ན་ཚེ་གཅིག་ལ་འཚང་རྒྱ་མི་རྒྱ་ཁྱོད་རང་གི་སྙིང་རུས་ལ་རག་ལས་གསུངས། འོ་ན་བླ་མའི་དྲུང་དུ་ཆོས་ལ་གཏད་ནས་འོངས་པ་ལགས་པས་ལྟོ་གོས་གཞན་ལས་ཚོལ་བར་ཞུས། ཞག་ཤས་དེར་བསྡད། ལྷོ་བྲག་ཕུ་མདའ་ཀུན་ལ་བསོད་སྙོམས་བྱས་པས་ནས་ཁལ་ཉེར་གཅིག་རྙེད་པས་བཅུ་བཞི་ལ་ཟངས་རུ་བཞི་མ་གཅིག་ཉོས། དྲུག་སྒྱེ་ནང་དུ་བླུགས་ནས་ཟངས་དང་བཅས་བླ་མའི་དྲུང་དུ་འབུལ་དུ་ཕྱིན་ནས་ནས་དོ་སར་བཞག་པས་གཟིམ་ཁང་འགུལ་བའམ་མེར་བ་ཞིག་བྱུང་བས། བླ་མ་བཞེངས་ཏེ། བན་ཆུང་ཤེད་པོ་ཆེ་ཞིག་འདུག་སྟེ་ཁྱོད་ཀྱིས་ངེད་རྣམས་གཏིབས་འོག་ཏུ་ལག་མཐུས་གསོད་སྙམ་པ་ཡིན་ནམ། ནས་དོ་ཕྱིར་ཐོན་གསུངས། ཞབས་ཐོས་ཕུལ་ནས་ནས་དོ་ཕྱིར་འདོན་དགོས་བྱུང་། ཕྱིས་ཟངས་དེ་སྟོང་པར་ཕུལ། དེའི་རྟེན་འབྲེལ་གྱིས་མི་ལ་ཕྱིས་འཚོ་བ་བཀྲེན་པ་ཡིན་ཟེར། སྐབས་ཤིག་བླ་མའི་ཞལ་ནས། ང་ལ་དབུས་གཙང་ནས་སློབ་མ་དད་པ་ཅན་མང་པོ་འོང་བ་ཡོད་པ་ཡར་འབྲོག་སྟག་ལུང་པ་དང་། གླིང་པའི་མིས་བརྡུངས་ནས་ཁོ་རང་ཚོའི་རྒྱགས་ཆུ་དང་ང་ལ་ཕུལ་བའི་འབུལ་བ་མགོ་ཐོན་དུ་མ་བཅུག་པས་དེ་གཉིས་སུ་སེར་བ་རེ་ཕོབ་ཤོག་དང་དེ་ཡང་ཆོས་ཡིན་ཞིང་། གདམས་ངག་ཀྱང་སྟེར་གསུངས། དེ་གཉིས་སུ་སེར་བ་ཆེན་པོ་ཕབ་ནས་གདམས་ངག་ཞུས་པས། ཁྱོད་ཀྱིས་སེར་བ་རྡོག་པོ་གསུམ་ཕབ་པ་ལ་ངས་རྒྱ་གར་ནས་དཀའ་བ་སྤྱད་པའི་ཆོས་ཨེ་ཡོང་ངམ། ཅིས་ཀྱང་ཆོས་དགོས་ན་ལྷོ་བྲག་ལ་ཁ་བ་འདིས་ངའི་གཉལ་ལོ་རོ་ནས་འོང་བའི་བུ་སློབ་རྣམས་བརྡུངས། ང་ལའང་བརྙས་པ་ཆེན་པོ་རང་བྱས་པས་དེར་མཐུ་ཐོང་དང་། མཐུའི་རྟགས་ཐོན་པ་བྱུང་ན་པཎ་ཆེན་ནཱ་རོའི་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བའི་གདམས་ངག་སྟེར་གསུངས། དེར་ཡང་མཐུའི་རྟགས་ཐོན་པ་བྱས་ཏེ་ཆོས་ཞུས་པས། ཧེ་ཧེ་ཁྱོད་ཀྱིས་སྡིག་བསགས་པའི་བརྔན་པར་ངས་ལུས་སྲོག་ལ་མ་བལྟས་པར་ཞུས་པའི་གདམས་ངག་མཁའ་འགྲོའི་ཁ་རླངས་ཐུ་ལེ་བ་རྣམས་དགོས་ཟེར་བ་ཀུ་རེ་ཡིན་རུང་ཅུང་དྲགས་པས་དགོད་བྲོ། ང་མིན་གཞན་ཞིག་ཡིན་ན་གསོད་དུའང་འོང་། ད་ཁྱོད་རང་གིས་ཡར་འབྲོག་པ་རྣམས་ཀྱི་ལོ་སྐྱིན་ཆུག ལ་ཁ་བ་རྣམས་ཀྱི་མི་ཀུན་གསོས་ཤོག་ཅིག དེ་བྱུང་ན་གདམས་ངག་སྟེར། དེ་མིན་ངའི་ཕྱོགས་ལ་མ་འཁོར་གསུངས། བཀའ་བཀྱོན་མཛད། དེར་རྗེ་བཙུན་མི་ལ་ཡི་ཆད་དྲག་པོས་མང་དུ་ངུས། ཕྱི་ཉིན་ནངས་པར་བླ་མ་རང་ཕེབས་ནས། མདང་ངས་ཁྱོད་ལ་མང་པོ་རང་འཐབ་འདུག མི་དགའ་བ་མ་བྱེད་ག་ལེ་བྱས་གདམས་ངག་སྟེར་བས་ངང་མ་ཐུང་། ཁྱོད་ལས་རེམ་པོ་རང་ཞིག་འདུག་པས་ང་དར་མ་མདོ་སྡེ་འབོག་པའི་མཁར་ཞིག་རྩིག་རོགས་ཀྱིས། དེ་ཚར་ནས་གདམས་ངག་ཀྱང་སྟེར་ལ། ལྟོ་གོས་ཀྱང་ང་རང་གིས་སྦྱོར་ཆོག་གསུངས། དེ་བར་བདག་ཆོས་མེད་དུ་ཤི་ན་ཅི་ལྟར་བྱེད་ལགས་ཞུས་པས། དེ་བར་མི་འཆི་བའི་ཁག་ཀྱང་ང་རང་གིས་ཐེག་ཅིང་ཁ་ཕོ་ཆེ་བའི་ཆོས་མེད་དེ། ཁྱོད་རང་སྙིང་རུས་ཆེ་རབ་ཅིག་འདུག་པས་ངའི་གདམས་ངག་བསྒོམ་ནུས་ན་ཚེ་འདིར་འཚང་ཨེ་རྒྱ་ཡང་བལྟ་བ་ཡིན་སོགས་ཞལ་ཏ་བཟང་པོ་གནང་ནས། རིམ་བཞིན་ཤར་གྱི་རི་སྣ་ཞིག་ཏུ་མཁར་ཟླུམ་པོ། ནུབ་ཏུ་ཟླ་གམ། བྱང་དུ་གྲུ་གསུམ་སྟེ་མཁར་གསུམ་བརྩིགས་སུ་བཅུག་ནས་ཐམས་ཅད་ཕྱེད་ཙམ་རེ་ལོངས་སྐབས་བཀའ་བཀྱོན་དང་བཅས་བཤིགས་ནས་ས་ས་མལ་དང་། རྡོ་རྡོ་མལ་དུ་བསྐྱལ་བཅུག་པས་ས་རྡོ་ཁུར་ཆེ་བས་རྒྱབ་ཆད་ནས་སྒལ་པ་ཞིག་བྱུང་། དེར་བླ་མ་ལ་གཟིགས་ཕུལ་རུང་བཀྱོན་པ་ལས་མི་ཡོང་། ཡུམ་ལ་གཟིགས་ཕུལ་རུང་ལས་ཀའི་ཡུས་སུ་འགྲོ་བར་འདུག་སྙམ་ནས་གཟིགས་མ་ཕུལ་བར་ངུས་ནས་ཆོས་ཞུ་གྲོགས་སུ་སྦྲན་ནས། ཡུམ་གྱིས་ཀྱང་ཆོས་གནང་བར་ཞུས་པས། ཟ་མ་བཟང་པོ་ཞིག་གྱིས་ལ་ངའི་རྩར་ཁྲིད་ཤོག་གསུངས། སྐྱབས་འགྲོའི་ལུང་དང་སྡོམ་པ་གནང་ནས། དེ་ཀུན་ཐུན་མོང་གི་ཆོས་བྱ་བ་ཡིན། ཐུན་མོངས་མ་ཡིན་པ་གསང་སྔགས་ཀྱི་གདམས་ངག་དགོས་ན་འདི་འདྲ་བྱེད་དགོས་གསུངས། ནཱ་རོའི་རྣམ་ཐར་དཀའ་བ་སྤྱད་ཚུལ་རྣམས་མདོར་བསྡུས་ཤིག་གནང་ནས། ཁྱོད་ཀྱིས་འོང་བ་དཀའ་མོ་ཡིན་གསུངས་པས་མཆི་མ་འཆོར་བའི་དད་པ་དྲག་པོ་སྐྱེས། བླ་མས་ཅི་གསུང་སྒྲུབ་པའི་ཡི་དམ་དྲག་པོ་བཅས། དེ་ནས་ཞག་འགའ་སོང་ཚེ་ཞབས་འཆག་པའི་ཕྱག་ཕྱིར་ཁྲིད་ནས། ཤར་ལྷོ་ཕྱིན་ནས་ས་འགགས་ཤིག་ཏུ་ཁྱོད་ཀྱིས་མཁར་གྲུ་བཞི་སྐྱ་བོ་དགུ་ཐོག་གཉྫི་ར་དང་བཅུ་ཐོག་ཡོད་པ་ཞིག་བརྩིགས། དེ་བཤིགས་ཀྱང་མི་བཤིག་མཁར་བཞེངས་གྲུབ་པ་དང་གདམས་ངག་ཀྱང་སྦྱིན་སྒྲུབ་པ་ལ་བཞག་ནས་སྒྲུབ་བརྒྱགས་ཀྱང་སྦྱོར་གྱིས་གསུངས། དེ་བཞིན་དུ་མཁར་གྱི་རྨང་བཏིང་ནས་རྩིག་སྐབས་བླ་མའི་ཐུགས་སྲས་བུ་ཆེན་གསུམ་གྱིས་སྐུ་རྩེད་ལ་རྡོ་ཆེན་པོ་ཞིག་བསྒྲིལ་བྱུང་བ་ཡང་རྨང་དུ་བཅུག་ནས་ཐོག་སོ་གཉིས་ཙམ་འབྱོངས་པ་ན་བླ་མ་བྱོན་ཏེ་གཟིགས་ནས་སྔར་གྱི་རྡོ་དེ་ལ་འདི་གང་ནས་བྱུང་གསུངས། རྒྱུ་མཚན་ཞུས་པས། ངའི་བུ་སློབ་བསྐྱེད་རྫོགས་རིམ་གཉིས་ཀྱི་རྣལ་འབྱོར་སྒོམ་པ་རྣམས་ཀྱིས་ཁྱོད་ཀྱི་གཡོག་མི་འོང་། རྡོ་འདི་ཐོན་ལ་རང་གནས་སུ་སྐྱོལ་གསུངས། ཡང་མཁར་རྩེ་ནས་བཤིགས་ཏེ་རྡོ་བླངས་ནས་རང་གནས་སུ་བསྐྱལ། ཡང་ཁྱོད་རང་གིས་ལོངས་ལ་ཞོག་གསུངས། མི་ལས་སླར་ཡང་བླངས་ནས་སྔར་ལྟར་བཞག་སྟེ་བརྩིགས་པས་མཁར་བདུན་ཐོག་ལོངས་པའི་ཚེ་རྐེད་པ་ལ་སྒལ་པ་ཞིག་བྱུང་། ད་ཁྱོད་ཀྱིས་མཁར་གྱི་རྩིག་འཕྲོ་ཞོག་ལ་ཁྱམས་ཀྱི་རྣམ་པའི་ཞོལ་ཀ་བ་བཅུ་གཉིས་དབུས་གཙང་ཁང་དང་བཅས་པ་ཞིག་རྩིགས་གསུངས་བརྩིགས་པས་ཁྱམས་ལོངས་པའི་ཚེ་ཡང་ཚང་ར་ལ་སྒལ་བ་ཞིག་བྱུང་། དེ་དག་གི་སྐབས་སུ་གཙང་རོང་གི་མེས་སྟོན་ཚོན་པོ་བདེ་མཆོག་གི་དབང་ཞུ་བ་དང་། དོལ་གྱི་མཚུར་སྟོན་དབང་ངེ་གསང་འདུས་ཀྱི་དབང་ཞུ་བ་གཉིས་ཀྱི་སྐབས་སུ་མཁར་ལས་ཀྱི་ཞབས་ཕྱི་བསྒྲུབས་པས་དབང་ཐོབ་ཏུ་རེ་ནས་དབང་གྲལ་དུ་བསྡད་པར་དབང་ཡོན་ཅི་ཡོད་གསུངས་པ་སོགས་བཀའ་བཀྱོན་དང་ཕྱག་འབེབས་ཁོ་ན་མཛད་དེ་དབང་གྲལ་ནས་ཕུད། དེར་རྒྱབ་ཐམས་ཅད་རྨར་སོང་ནས་སྒལ་མིག་གསུམ་ཀ་ནས་རྣག་ཁྲག་ཟགས་པ་དང་ན་ཚ་སོགས་བྱུང་ནས་ས་རྡོ་ཁུར་མ་ལོ་བས་ཡང་ས་སྣོད་མདུན་དུ་ཁྱེར་ནས་མཁར་ལས་བྱས། གཞུང་གི་རྔོག་སྟོན་ཆོས་རྡོར་ཀྱེ་རྡོར་གྱི་དབང་ཞུར་བྱུང་བས། ཡུམ་ལ་ཕག་ནོར་གྱི་གཡུ་ཆེན་པོ་ཞིག་ཡོད་པ་གནང་ནས་དེའི་དབང་ཡོན་བྱས་དབང་གྲལ་དུ་བསྡད་པས་སྔར་ལྟར་ཕྱག་འབེབས་དང་བཀའ་བཀྱོན་གནང་ནས་དབང་མ་ཐོབ། ད་ནི་ངེས་པར་ཆོས་མི་ཐོབ་པར་འདུག་སྙམ་འཁྱམས་ཏེ་བྱོན་པས་ལྷོ་བྲག་ཁོག་པའི་དུད་ཅིག་གིས་བརྒྱད་སྟོང་པ་ཀློག་ཏུ་བཅུག དེར་རྟག་ཏུ་ངུའི་རྣམ་ཐར་མཐོང་བས་རྐྱེན་བྱས་ཆོས་ཕྱིར་དཀའ་བ་སྤྱད་དེ་བླ་མའི་ཅི་གསུང་བསྒྲུབས་ནས་ཐུགས་ཟིན་པ་ཞིག་བྱེད་དགོས་སྙམ་སྟེ་ཕྱིར་ལོག དེར་ཡང་བླ་མས་བཀའ་བཀྱོན་དང་ཕྱག་འབེབས་ཁོ་ན་གནང་བས་ཡི་ཆད་དེ་ཡོད་སྐབས། ཡུམ་གྱིས་བླ་མ་རྔོག་པའི་དྲུང་དུ་བརྫངས། གདམས་ངག་གནང་ནས་བསྒོམས་ཀྱང་བླ་མའི་བཀའ་མ་ཁྲོལ་བས་ཡོན་ཏན་ཅུང་ཟད་ཀྱང་སྐྱེར་མ་འདོད། དེར་བླ་མའི་བཀའ་བཞིན་ཡང་རྔོག་གི་ཞབས་ཕྱི་བྱས་ཏེ་མར་པའི་དྲུང་དུ་བྱོན་པས། ཉིན་གཅིག་ཚོགས་མཆོད་ཅིག་གི་གྲལ་དུ་བླ་མ་རྔོག་པ་དང་བཅས་པ་ལ་བཀའ་བཀྱོན་རྒྱ་ཆེར་གནང་ནས་ཕྱག་འབེབས་སུ་ཆས་བྱུང་བས། ཁོང་གིས་ཐུགས་དགོངས་ལ། ང་ལས་ངན་པོའི་སྡིག་སྒྲིབ་ཆེ་བས་རང་སྡུག་པས་མ་ཚད་བླ་མ་རྔོག་པ་དང་ཡུམ་ལ་ཡང་འདི་ཙམ་གྱི་འོ་བརྒྱལ་བྱུང་། ད་ནི་ཆོས་མི་ཐོབ་པར་སྡིག་གསོག་པ་ཁོ་ནར་འདུག་པས་ལྕེབས་ནས་ཤི་བ་དགའ་སྙམ། ལྕེབས་གྲབ་བྱས་པས་བླ་མ་རྔོག་གིས་བཤོལ་འདེབས་པའི་སྐབས་སུ། བླ་མ་མར་པ་ཡང་ཐུགས་རྒྱལ་ཞི་ཞིང་ཁོང་དཔོན་གཡོག་རྣམས་མདུན་དུ་བོས་ཏེ། དེ་ནས་རྗེས་སུ་བཟུང་སྟེ་ཞལ་ཏ་བཟང་པོ་མང་པོ་གནང་ནས། མཚན་མི་ལ་རྡོ་རྗེ་རྒྱལ་མཚན་དུ་གསོལ། བདེ་མཆོག་གི་དབང་བསྐུར་བའི་ཚེ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་བསྟན་ནས། གསང་མཚན་བཞད་པ་རྡོ་རྗེ་ཞེས་སྩལ། དབང་དང་གདམས་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང་། མི་ལས་ཀྱང་དཀའ་སྤྱད་དྲག་པོས་ཉམས་སུ་བླངས་ནས་བླ་མའི་བཀའ་བཞིན་བསྒྲུབས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པ་ཡིན། དེས་ན་སྔོན་བྱོན་པའི་རྒྱ་བོད་ཀྱི་པཎ་གྲུབ་རིག་འཛིན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ཡང་དག་པའི་བླ་མ་དགེ་བའི་བཤེས་གཉེན་བསྟེན་ཏེ་ཅི་གསུང་གི་བཀའ་བཞིན་ཏུ་བསྒྲུབས་ནས་བླ་མ་དང་སློབ་མ་གཉིས་དགོངས་པ་དབྱེར་མེད་དུ་གྱུར་པ་ཡིན་པས། མཛད་སྤྱོད་ཐམས་ཅད་ལ་ལོག་པར་མི་ལྟ་ཞིང་གཡོ་སྒྱུ་དང་ཟོལ་ཟོག་མེད་པར་རྒྱུད་དྲང་པོའི་སྒོ་ནས་མ་བསྟེན་ན། རྫུན་ཞུས་ཕྲ་མོ་ཙམ་བྱས་ཀྱང་ཉེས་པ་ཤིན་ཏུ་ལྕི་སྟེ། སྔོན་གྲུབ་ཐོབ་ཆེན་པོ་ཞིག་གི་སློབ་མས་འཁོར་མང་པོ་བསྡུས་ཏེ་ཆོས་འཆད་བའི་སྐབས་སུ། བླ་མ་སྤྲང་པོའི་ཚུལ་གྱིས་ཕེབས་བྱུང་བས་ཁྲོམ་གྱི་དབུས་སུ་ཕྱག་འཚལ་བ་ལ་ངོ་ཚ་ནས་མ་མཐོང་བ་ལྟར་མཛད། ཕྱི་དྲོ་ཚོགས་པ་གྲོལ་འཕྲལ་མཇལ་ནས་ཕྱག་ཕུལ་བས། ད་ཅི་ཕྱག་མི་འཚལ་བ་ཅི་ཡིན་གསུངས། མ་མཐོང་ལགས་ཞུས་པས་དེ་མ་ཐག་སྤྱན་གཉིས་ཀ་ས་ལ་བྲུལ། སླར་བཟོད་པར་གསོལ་ནས་དྲང་པོར་ཞུས་བས་བླ་མས་བྱིན་རླབས་མཛད་དེ་སྤྱན་སོར་ཆུད་པ་ཡིན། དེ་བཞིན་དུ་རྒྱ་གར་གྱི་གྲུབ་ཆེན་ནག་པོ་སྤྱོད་པ་ཡང་འཁོར་མང་པོ་དང་བཅས་ཏེ་རྒྱ་མཚོར་གྲུར་ཞུགས་ནས་བྱོན་པའི་སྐབས་ཤིག ངའི་བླ་མ་གྲུབ་ཐོབ་དངོས་ཡིན་ཡང་འཇིག་རྟེན་ཕྱོགས་ནས་འཁོར་དང་ལོངས་སྤྱོད་རྒྱུ་འབྱོར་བ་སྟོབས་མངའ་ཐང་ལ་སོགས་ང་རང་ལྷག་པར་འདུག་སྙམ་པ་ཤར་བས་འཕྲལ་དུ་རྒྱ་མཚོར་གྲུ་བྱིང་སྟེ་ཆུ་ནང་དུ་འོ་བརྒྱལ་མཐོང་། བླ་མ་ལ་གསོལ་བ་བཏབ་པས་དངོས་སུ་བྱོན་ཏེ་ཆུའི་འཇིགས་པ་ལས་བསྐྱབས་ཤིང་ཁྱོད་ང་རྒྱལ་ཆེན་པོ་སྐྱེས་པས་ལན་པ་ཡིན། ངས་ཀྱང་འཁོར་དང་ལོངས་སྤྱོད་མ་བསྒྲུབས་པ་ཡིན་མ་གཏོགས་དེ་དག་གི་རྩོལ་སྒྲུབ་བྱས་ན་ཁྱོད་འདྲ་བ་ཞིག་འོང་བར་ཡོད་པ་ཡིན་གསུངས། དེ་ལྟར་ན་སྔར་འདས་པའི་སངས་རྒྱས་གྲངས་མེད་བརྗོད་ཀྱིས་མི་ལངས་པ་ཞིག་བྱོན་པ་དེ་དག་གི་ཐུགས་རྗེས་ཀྱང་བསྐྱབས་པར་མ་ནུས་པར་རང་རེ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིར་ད་ལྟའི་བར་དུ་ལུས། སྔོན་བྱོན་པའི་གྲུབ་པ་མཆོག་བརྙེས་ཀྱི་སྐྱེས་བུ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དེ་དག་གི་ཡང་ཐུགས་རྗེས་གཟིགས་པའི་ཡུལ་དུ་མ་གྱུར་ཏེ་ཞལ་ཙམ་མཇལ་བའི་སྐལ་བ་ཡང་མ་བྱུང་། ད་ལྟ་སངས་རྒྱས་ཀྱི་བསྟན་བའི་མཐར་ཐུག་སྙིགས་མ་ལྔ་བདོ་བའི་སྐབས་འདིར་མིའི་ལུས་རྟེན་ཙམ་ཐོབ་ཀྱང་མི་དགེ་སྒྲུབ་པའི་གཞན་དབང་འབའ་ཞིག་ཏུ་གྱུར། བླང་དོར་གྱི་གནས་ལ་རྨོངས། ལོང་བ་བཤེས་མེད་ཐང་སྟོང་དུ་འཁྱམས་པ་ལྟ་བུའི་སྐབས་འདིར། བླ་མ་དགེ་བའི་བཤེས་གཉེན་དམ་པ་རྣམས་ནི། ཚད་མེད་པའི་ཐུགས་རྗེས་སེམས་ཅན་ལ་ཉེ་བར་དགོངས་ཏེ་གདུལ་བྱ་རང་རང་གི་ལས་དང་སྐལ་པ་དང་འཚམས་པའི་གང་ཟག་མིའི་གཟུགས་སུ་བྱོན་ནས། ཐུགས་ཀྱི་དགོངས་པ་སངས་རྒྱས་དངོས་སུ་བཞུགས་ཀྱང་ལྟར་སྣང་གི་མཛད་སྤྱོད་རང་རྒྱུད་པ་དང་བསྟུན་ཏེ། ཐབས་ལ་མཁས་པའི་སྒོ་ནས་རྗེས་སུ་བཟུང་། ཡང་དག་པའི་དམ་པའི་ཆོས་ཀྱི་སྒོར་བཅུག བླང་དོར་གྱི་མིག་ཕྱེ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་མཆོག་ནོར་བ་དང་འཁྲུལ་པ་མེད་པར་སྟོན་པ་ཡིན་པས་ན། བླ་མ་དགེ་བའི་བཤེས་གཉེན་ནི་དོན་དུ་སངས་རྒྱས་དངོས་དང་ཁྱད་པར་མེད་ཅིང་རང་ངོར་སངས་རྒྱས་ལས་ཀྱང་ལྷག་པའི་བཀའ་དྲིན་གྱིས་བསྐྱངས་པ་ཡིན་པས། ཕྱི་རོལ་པ་ལ་མཚོན་ན་དོན་མེད་པའི་མེ་ལྔ་བསྟེན་པ་སོགས་དཀའ་བ་སྤྱད་ཀྱང་ལམ་ལོག་པ་མ་གཏོགས་འབྲས་བུ་འབྱུང་རྒྱུ་མེད། དོན་ཡོད་པ་རང་གཞན་བདེ་ནས་བདེ་བའི་ལམ་ལ་འགོད་པར་བྱེད་པའི་བླ་མ་དང་ཆོས་ལ་མོས་གུས་དང་དད་པ་ཅིའི་ཕྱིར་ན་མི་བྱེད་བསམ་རྒྱུའི་རང་གིས་རང་ལ་འདེང་བརྒྱབ་བསམ་བློ་བཏང་ནས་རང་གི་རྒྱུད་ཐོག་ལ་བླངས་ཏེ་ཁྲིད་སྦྱོང་བྱེད་དགོས། འཇིག་རྟེན་པ་རྣམས་ཀྱིས་ཚེ་འདིའི་དོན་ཆུང་ངུ་འགའ་ཞིག་གི་དོན་དུ་ཡང་། རྗེ་དཔོན་སོགས་ལ་བཀུར་སྟི་དང་མཆོད་བསྟོད་ཅི་འདྲ་བྱེད་དགོས། འཁོར་བའི་སྡུག་བསྔལ་མཐའ་དག་ལས་སྐྱོབ་པའི་བླ་མ་ལ་བཀུར་སྟི་དང་མཆོད་བསྟོད་ཅིའི་ཕྱིར་ན་མི་བྱེད་བསམས་ནས། དགྲ་དང་ཇག་པ་ཡོད་ས་ན་དཔའ་བོ་སྐྱེལ་མར་བསྟེན་དགོས་ན། ཚེ་རབས་གཏན་གྱི་ངན་སོང་ངན་འགྲོའི་འཇིགས་པ་ལས་སྐྱོབ་པའི་ཆེད་དུ་བླ་མ་དམ་པ་ལ་ཅིའི་ཕྱིར་བསྟེན་མི་དགོས་སྙམ་དུ་རང་རྒྱུད་དང་སྦྱར་ཏེ། དུས་དང་རྣམ་པ་ཐམས་ཅད་དུ་དད་པ་གསུམ་གྱི་སྒོ་ནས་ལེགས་པར་བསྟེན་པ་ལ་འབད་དགོས་པ་ཡིན་ནོ། །བླ་མ་བསྟེན་པ་འདི་ལ་བསམ་པའི་སྒོ་ནས་བསྟེན་ལུགས་དང་སྦྱོར་བའི་སྒོ་ནས་བསྟེན་ལུགས་རྣམ་པ་གཉིས་སུ་གསུངས་ཡོད། དང་པོ་ནི་རང་རེ་དུས་སྙིགས་མའི་སྐྱེ་བོ་བློ་མིག་མ་དག་པ་ཡིན་པས་བླ་མ་ལ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཡིན་པར་མཐོང་དཀའ། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ་ཡང་དགེ་སློང་ལེགས་སྐར་གྱིས་གཡོ་སྒྱུ་ཅན་དུ་མཐོང་བ་དང་། འཕགས་པ་ཐོགས་མེད་ཀྱིས་མི་ཕམ་བྱམས་མགོན་ལ་ཁྱི་མོ་འབུ་རོ་མ་ཞིག་གཟིགས་པའི་ཚུལ་བསྟན་པ་ལྟར་ཡིན་པས། བསམ་པའི་སྟེང་ནས་དད་པ་དང་དག་སྣང་སྦྱོང་དགོས། ལྟར་སྣང་གི་མཛད་སྤྱོད་སྣ་རེ་སྣ་གཉིས་མ་དག་པ་ལྟར་དུ་སྣང་ན་ཡང་གང་ཟག་རང་གི་རང་རྒྱུས་ལོན་པར་དཀའ་མོ་ཡིན་ན་གཞན་རྒྱུས་ལོན་པ་དེ་བས་ཀྱང་དཀའ། ཁྱད་པར་དུ་བླ་མ་དམ་པའི་མཛད་སྤྱོད་བརྟག་དཀའ། གྲུབ་ཐོབ་མེ་ཏྲི་བས་ཤ་བ་རི་བར་བསྟེན་དུས་ཕག་གསོད་མཁན་དུ་མཐོང་ཀྱང་དད་པ་མ་ལྡོག་པས་གྲུབ་པ་ཐོབ་པ་ཡིན། གོང་དུ་བཤད་པ་ལྟར་ན་རོས་ཏེ་ལོ་བ་བསྟེན་དུས་ཉ་གསོན་སྲེག་མཛད་མཁན་དང་། ཚེམས་བུ་བས་རྡོ་རྗེ་ཕག་མོ་སྒྲུབ་དུས་མཛེ་མོ་ཞིག་མཐོང་བ་ལ་སོགས་མཛད་པ་ལ་ངེས་པ་ཡོད་པ་མ་རེད། དེས་ན་བླ་མ་བརྟགས་ནས་བསྟེན་ཚར་དུས་ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཤིག་ཡོད་དགོས། དེ་མེད་ན་བྱིན་རླབས་འཇུག་པ་དང་དངོས་གྲུབ་ཐོབ་རྒྱུ་མེད། གཉིས་པ་སྦྱོར་བའི་སྒོ་ནས་བསྟེན་ལུགས་ནི་ལུས་ཀྱི་བསྲུང་བར་བྱ་བ་བླ་མ་ལ་བཀུར་སྟི་དང་ཕུ་དུད་སོགས་བྱེད་དགོས། དཔེར་ན་འགྲོ་བའི་སྐབས་བླ་མའི་མདུན་ནས་འགྲོ་མི་ཉན་ཏེ་བླ་མར་རྒྱབ་བསྟན་པ་ཡིནཔས། ལས་དེས་ཆོས་མེད་དུད་འགྲོའི་གནས་སུ་སྐྱེ། བླ་མའི་རྗེས་ནས་མི་འགྲོ་སྟེ་ཞབས་རྗེས་གནོན་པ་ཡིན་པས། ལས་དེས་སྐྱབས་མེད་མགོན་བྲལ་གྱི་གནས་སུ་སྐྱེ་འགྲོ་བ་ཡིན། བླ་མའི་གཡས་གཡོན་ནས་སོང་ན་ཚེ་ཐུང་ནད་མང་དམྱལ་བར་སྐྱེ་བ་ཡིན། བླ་མའི་དབུ་དང་སྐུའི་གྲིབ་མ་ཙམ་ཡང་འགོམ་མི་ཉན། དབུ་སྐྲ་དང་དབུ་སྔས་དང་བཞུགས་གདན་ལ་སོགས་རྫི་བ་དང་འགོམ་གཡུག་བྱེད་མི་རུང་། བླ་མ་བཞེངས་ཚེ་འདུག་མི་རུང་ཞིང་། བླ་མས་བཞེངས་ཕྱག་ལེན་མི་ཉན། ངག་གི་སྒོ་ནས་གཤེ་བ་དང་ལྐོག་ནས་སྨད་པ་དང་འཕྱ་བ་སོགས་ཉན་པ་མ་ཡིན། བླ་མ་ལ་སྒྲོ་སྐུར་མང་པོ་བཏབས་ན་དགེ་སློང་འབུམ་ཕྲག་ཅིག་བསད་པའི་ཉེས་པ་དང་འདྲ་གསུངས་པ་རེད། ཡིད་ཀྱི་སྒོ་ནས་བླ་མའི་དཀོར་ལ་བརྣབ་སེམས་དང་བླ་མའི་སྐུ་ལ་གནོད་སེམས་དང་། འགྲན་སེམས་དང་ལོག་ལྟ་ཞེ་ལོག་པའི་རྒྱུ་སྒྲུབ་པ་སོགས། མདོར་ན་དམ་ཚིག་ཉམས་པ་ནི་མནར་མེད་དམྱལ་བ་སྐྱེ་བའི་རྒྱུ་ཡིན་པ་རེད། དེས་ན་བླ་མ་བསྟེན་ཚེ་ལུས་ངག་ཡིད་གསུམ་གྱིས་ཞབས་ཏོག་ཚད་ལྡན་བྱེད་པ་ལས། དེ་ལ་བརྙས་པ་དང་སྐུར་འདེབས་ལ་སོགས་པ་བྱེད་མི་རུང་། ལུས་ཀྱིས་ཞབས་ཏོག་དང་བསྙེན་བཀུར་བྱེད། ངག་གིས་བསྟོད་པ་དང་བཟླས་པ་བྱེད། ཡིད་ཀྱིས་བླ་མའི་རྣལ་འབྱོར་དང་ཐུགས་ཡིད་བསྲེ་བ་ལ་སོགས་བྱས་ནས། མདོར་ན་སྒོ་གསུམ་དགེ་ཚོགས་དང་བཅས་པ་བླ་མ་ལ་འབུལ་ཞིང་། སྐྱབས་གནས་གཅིག་ཆོག་གིས་བློ་སྙིང་བྲང་གསུམ་བླ་མ་ལ་གཏད་དགོས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མཆོད་པ་བས་བླ་མའི་བ་སྤུའི་ཁུང་བུ་གཅིག་མཆོད་པ་བསོད་ནམས་ཆེ་གསུངས། མཆོད་པ་ཐམས་ཅད་ལས་རབ་སྒྲུབ་པའི་མཆོད་པ་ཡིན་ན་བླ་མའི་བཀའ་བཞིན་དུ་སྒྲུབ་པ་དེ་མཆོད་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་བར་ཡིན་ནོ། །རྫོགས་པའི་སངས་རྒྱས་དངོས་བྱོན་པ་དང་འདྲ་བའི་དམ་པ་མཇལ་ཡང་རང་ཉིད་ཀྱི་དམན་པའི་སྤྱོད་པས་བསླུས་ཏེ་བཀའ་བཞིན་དུ་མ་འགྲུབ། ཐར་བའི་ལམ་མཆོག་དམ་པ་བླ་མའི་ཞལ་གྱི་བདུད་རྩི་ལས་རྙེད་ཀྱང་ལམ་མིན་ལམ་ནོར་གྱི་གཡང་ལ་འཕྱན་པར་གྱུར་པ། བདག་དང་བདག་འདྲའི་དུས་ཐ་མའི་གཤིས་ངན་གྱི་སེམས་ཅན་རྣམས། རང་གི་རྒྱུད་འདི་ཆོས་ཀྱིས་ཐུལ་བར་བྱིན་གྱིས་རློབས་ཤིག་གསུངས་སོ། །དགེ་བའི་བཤེས་གཉེན་བསྟེན་པའི་ཁྲིད་དེ། དེ་ཡན་ཆད་ཀྱིས་ཐུན་མོང་གི་སྔོན་འགྲོ་ཆ་ཚང་བ་སོང་ངོ་།། །།ཞེས་གསུངས་ནས་བསྔོ་བས་མཐའ་བརྒྱན་ཏེ་གྲོལ་སོང་ངོ་།།