cover

ཁྱབ་བདག་པདྨ་སྐལ་བཟང་གི་གསུང་འབུམ་གླེགས་བམ་བཅུ་དགུ་པ།

ཡིད་བཞིན་མཛོད་ཀྱི་ལྗགས་འགྲེལ་རྨོངས་མུན་སེལ་བའི་སྣང་མཛོད། ༼ཨཱཿ༽

རྫོགས་ཆེན་པདྨ་སྐལ་བཟང་། མཁན་བསྟན་འཛིན་དགྲ་ལྷ་ཡིས་ཡི་གེར་ཕབ།

པདྨའི་འོད་སྣང་ཚོགས་པ།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཐུགས་རྗེ་ཆེ་ཞུ།

༈ སྐྱེ་རྒུའི་བདེ་སྐྱིད་ཀྱི་འབྱུང་གནས་རྒྱལ་བ་མཉམ་མེད་དོན་ཀུན་གྲུབ་པ་ཆེན་པོའི་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ངོ་མཚར་ཆོས་སྐུའི་རིང་བསྲེལ་གྱི་གཟུགས་སུ་བལྟམས་པ་གསུང་རབ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཐུབ་པའི་དགོངས་པ་རང་སྟོབས་ཀྱི་བཀྲལ་ནུས་པའི་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་མཛད་པའི་བསྟན་འགྱུར་རིན་པོ་ཆེ་སྟེ་མདོ་སྔགས་གཉིས་ལྡན་གྱི་ཡོངས་རྫོགས་བསྟན་པ་རྒྱ་མཚོ་འདི་ཉིད། དེང་གི་ཆར་གངས་རིའི་ལྗོངས་ཀྱི་ཡེ་གེ་ཁོ་ནའི་གཟུགས་སུ་བཞུགས་པ་ནི་སྤྲུལ་པའི་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་ཉག་གཅིག་ལས་བྱུང་བ་དང་། དེ་དག་མི་ནུབ་བརྒྱུད་འཛིན་ཡུན་གནས་ཀྱི་ཆེད་དུ་གངས་ལྗོངས་ཆོས་བརྒྱུད་ཁག་ལས་བྱོན་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ཀྱིས་བཀའ་བསྟན་རིན་པོ་ཆེའི་དགོངས་སྙིང་ཅན་གྱི་གསང་རབ་གླེགས་བམ་སྟོང་ཕྲག་མང་པོ་མཛད་ཅིང་། དཀའ་སྤྱད་ཐུགས་བརྩོན་སྣ་ཚོགས་གྱིས་མ་ཕྱི་གསར་བསྐྲུན་དང་བསྐྱར་བསྐྲུན་སོགས་ཀྱིས་འཇིག་རྟེན་གྱི་ཁམས་སུ་བཞུགས་པ་མཛད་མུས་བཞིན། དེང་གི་ཆར་གློག་རྡུལ་འཕྲུལ་ཆ་དང་དྲྭ་རྒྱའི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྒྱལ་སྤྱིའི་རིག་གཞུང་སྤྱི་མཚུངས་ལྟར། རྒྱལ་བའི་གསུང་རབ་རིན་པོ་ཆེ་གཙོ་བོར་གྱུར་པའི་འཕགས་བོད་མཁས་པའི་གཞུང་ལུགས་རྣམས་དྲྭ་ཐོག་ནས་བཤེར་འཚོར་དང་འདྲ་བཤུས་སྒྲིག་གཟོ་སོགས་སྟབས་བདེའི་ལམ་ནས་བཀོལ་སྤྱོད་ཐུབ་པའི་གཞི་རྒྱ་ཆེ་བའི་འཆར་འགོད་དངོས་སུ་ལས་བཞིན་པར། མཆོག་སྤྲུལ་མུ་ར་རིན་པོ་ཆེའི་གཙོས་པདྨའི་འོད་སྣང་ཚོགས་པ་ནས་༧སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་གི་གསུང་འབུམ་མཚན་བཟང་སོ་གཉིས་ཀྱི་གྲངས་ལྡན་ཅན་འདིར་གནང་འབྱོར་བྱུང་བ་ལགས་ན། ཁོང་རྣམ་པའི་རྨད་དུ་བྱུང་བའི་མཛད་རྒྱས་ལ་སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་ཆབ་གཅིག་སླད་ནས་ཀྱང་གསུང་རབ་རིན་པོ་ཆེ་ཅི་རིགས་དཔེ་སྐྲུན་གནང་ན་འདི་གར་འདྲ་བཤུས་གནང་སྩོལ་ཡོང་བར་ཅི་ནས་ཀྱང་བཀའ་དྲིན་མི་ཆུང་བ་ཞུ།

ཞེས་དྲྭ་རྒྱའི་དཔེ་མཛོད་འགན་འཛིན་པ་རྫོགས་ཆེན་བསྟན་འཛིན་རྣམ་དག་ནས་ཕུལ།།

ཡིད་བཞིན་མཛོད་ཀྱི་ལྗགས་འགྲེལ་རྨོངས་མུན་སེལ་བའི་སྣང་མཛོད། ༼ཨཱཿ༽

ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་ཟབ་གསང་སྙིང་པོའི་དོན་རྡོ་རྗེའི་ལྗགས་ཀྱིས་བཀྲལ་བ་སྐྱུད་བྱང་དུ་བསྡུས་པ་རྨོངས་མུན་སེལ་བའི་སྣང་མཛོད་ཅེས་བྱ་བ་བཞུགས་སོ།།

ཉིན་བརྒྱད་པའི་ཆོས་ཁྲིད།

ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན། སྐྱབས་མེད་མགོན་བྲལ་རྟག་ཏུ་སྡུག་བསྔལ་རྣམ་གསུམ་གྱིས་གཙེས་ཤིང་མནར་བ་དེ་དག་ཐམས་ཅད་གཅིག་ཀྱང་མ་ལུས་པ། གཏན་བདེ་རྫོགས་པའི་བྱང་ཆུབ་ཀྱི་ས་ལ་འགོད་པར་བགྱིའོ་སྙམ་པའི་སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་དོན་གཉིས་སམ་ཟུར་གཉིས་དང་ལྡན་པའི་སེམས་བསྐྱེད། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་། འདི་ལྟར་སྣང་བའི་སྣོད་བཅུད་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད། ཡེ་ནས་དག་པ་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་དག་མཉམ་བདེན་པར་དབྱེར་མེད་ཀྱི་ངོ་བོ་ཡིན་པ་ལ་ཡིན་པར་བསམ་པའི་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་དང། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་དག་ཀྱང་མདོ་རྒྱུད་བསྟན་བཅོས་རྣམས་ལས་ཇི་ལྟར་འབྱུང་བ་བཞིན་བྱས་ཏེ། དམ་པའི་ཆོས་ཇི་ལྟར་བྱས་གསན་དགོས་པའི་ཚུལ། ལུང་ལས། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །དུས་གསུམ་རྒྱལ་བ་རྣམས་ཀྱིས་བྱིན་མི་རློབས། །ཅེས་གསུངས་པ་ལྟར་དུ། རྩེ་གཅིག་གཡེང་བ་མེད་པའི་སེམས་ཀྱིས་རྣ་བ་བླགས་ཏེ། རི་དྭགས་སྒྲ་ལ་ཉན་པ་ལྟ་བུའི་སྒོ་ནས་ཉན་དགོས་པ་མདོ་སྡེ་ལས་ཀྱང་། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ངས་ཁྱོད་ལ་བཤད་པར་བྱའོ། །ཞེས་འབྱུང་བའི་ཚུལ་དང་མཐུན་པར་ཉན་དགོས་ལ། གང་གསན་པར་བྱ་བའི་དམ་པའི་ཆོས་དེ་ནི་འགོག་ལམ་གྱིས་བསྡུས་པའི་རང་བཞིན་ཅན་ཞིག་ཡིན་པས། རྟོགས་པའི་ཆོས་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་རྒྱུད་ལ་ཡོད་པའི་ཡོན་ཏན་ཏེ། མཐར་གཏུགས་ནས་བཤད་ན་ཐུབ་པ་ཆོས་ཀྱི་སྐུ་ཅན་ནང་གསལ་དག་པ་གཉིས་ལྡན་གྱི་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་རང་བཞིན་དེ་དང་། བསྟན་པའི་ཆོས་བརྗོད་བྱ་བསླབ་པ་གསུམ་རྗོད་བྱེད་སྡེ་སྣོད་གསུམ་གྱིས་གཏན་ལ་ཕབ་པ་ལམ་ལྔའི་ཡོན་ཏན་གྱིས་བསྡུས་པ་དེ་ཉིད་ཡིན་ལ། དེ་ལྟ་བུའི་དམ་པའི་ཆོས་དེ་ནི་འཁོར་བའི་གཅོང་ནད་འཇོམས་པའི་སྨན། མི་བཟོད་སྡུག་བསྔལ་གྱི་མཚོ་ཆེན་ལས་སྒྲོལ་བའི་གྲུ། ཐར་བ་དང་ཐམས་ཅད་མཁྱེན་པའི་རིན་པོ་ཆེའི་གླིང་དུ་འཁྲིད་པར་བྱེད་པའི་མཐུན་པའི་རླུང་ལྟ་བུ་ཞིག་ཡིན་ཅིང་། དེ་ཉིད་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དང་། དེས་སྤྲུལ་བ་དགེ་བའི་བཤེས་གཉེན་བླ་མ་དམ་པའི་ཚུལ་དུ་བྱོན་པ་དག་གིས་བསྟན་ཏེ་གདུལ་བྱ་ཐར་ལམ་ལ་འགོད་དགོས་པ་ཡིན། དེ་ལྟ་བུའི་བྱེད་པ་པོ་ལ་ཡོད་པའི་ཐུགས་རྗེ་དང་འཕྲིན་ལས་རྒྱལ་བའི་དགོངས་པས་སེམས་ཅན་ཐམས་ཅད་ལ་དུས་རྟག་ཏུ་གཟིགས་པ་ཡིན་ཀྱང་། བྱ་བའི་ཡུལ་ལ་ཡོད་པའི་འཕྲིན་ལས་གདུལ་བྱའི་རིགས་སད་དེ་གྲོལ་བ་མཐར་ཐུག་གི་འབྲས་བུ་ལ་སྙེག་དགོས་ཤིང་། དེས་སྟབས་ཀྱིས་དད་དང་མོས་པ་གཙོར་བཟུང་གིས་ཚོགས་ཁྱད་པར་ཅན་སྔོན་དུ་བསགས་པའི་མཐུ་དེ་ལ་བརྟེན་ནས་ཐར་ལམ་ཡང་དག་པ་ཞིག་རྙེད་དགོས་པ་ཡིན་ཕྱིར། ཐོག་མར་བློ་ཆོས་སུ་འགྲོ། དེ་ནས་ཆོས་ལམ་དུ་འགྲོ་བའི་ཐབས་དང་གདམས་པ་ལ་བརྩོན་དགོས་པ་ཡིན་ཅེས་ཆོས་ཁྲིད་སྔོན་མ་དྲུག་བདུན་ཞིག་གི་རིང་ལ་བཤད་པ་ཡིན། ད་དུང་ཡང་སྐྱར་བསམ་བློ་གཏོང་ན་བློ་ཆོས་སུ་འགྲོ་ཟེར་རྒྱུ་བོ་ཐོག་མའི་ལས་ཤིག་རེད། ཆོས་ལམ་དུ་མ་སོང་ན་དེ་བས་ཀྱང་མི་རུང་ཡང་། དེ་ཙམ་གྱིས་མི་ཆོག་པར་ལམ་གྱི་འཁྲུལ་བ་སེལ་དགོས། དེ་དགོས་ན་འཁྲུལ་བ་སེལ་བའི་ལམ་གྱི་དབྱེ་བ་དེ་ཤེས་དགོས་པ་ཡིན་པས། ལམ་འདིར་ཐུན་མོང་དང་། ཁྱད་པར་དང་། བླ་ན་མེད་པའི་ལམ་དང་གསུམ་དུ་ཕྱེས་ཡོང་ན། ཐེག་ཆེན་མདོ་སྔགས་ཐུན་མོང་གི་ལམ་ཆེན་ནི་ཚད་མེད་རྣམ་བཞི་སྔོན་དུ་འགྲོ་བའི་སྒོ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། རླབས་ཆེན་སྤྱོད་པ་རྒྱ་མཚོར་ཞུམ་པ་མེད་པར་ཞུགས་ནས་ལམ་གྱི་འཁྲུལ་བ་དེ་སེལ་དགོས་པ་ཡིན། དེ་ཡང་ཞིབ་ཏུ་ཞུས་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཇི་བཞིན་རྟོགས་པའི་རིམ་པ་དང་བསྟུན་ནས་རང་གཞན་གྱི་དོན་གཉིས་སྒྲུབ་པའི་སྐབས་སུ། ཆོས་ཁམས་དགེ་བ་འདུས་མ་བྱས་པའི་གློ་བུར་གྱི་དྲི་མ་སྦྱོང་བའི་ཆེད་དུ། ཚོགས་སྦྱོར་མཐོང་སྒོམ་གྱི་ལམ་བཞི། བྱང་ཆུབ་སྤྱོད་པའི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒོམ་པ་དེ་དང་མཉམ་དུ་ལྟ་བ་སྐྱོན་མེད་སྟོང་ཉིད་ཀྱི་གྲོགས་དང་། སྤྱོད་པ་སྐྱོན་མེད་ཕ་རོལ་ཕྱིན་དྲུག་རྫོགས་པར་བྱས་ནས། གང་ཟག་དང་ཆོས་ཀྱི་བདག་མེད་རྣམ་པ་གཉིས་རྟོགས་པར་བྱས་ཏེ་ཉོན་མོངས་གཉེན་པོའི་ཐབས་ཀྱིས་སྦྱངས་པ་དེ། བྱང་ཆུབ་སེམས་དཔའི་ལམ་བཟང་ཡིན་ལ། དེ་ལྟ་བུའི་ཐེག་པ་ཆེན་པོའི་ལམ་དེ་མདོར་བསྡུས་ཡོང་ན་གཉིས་ཀྱི་ནང་ན་འདུས་པ་ཡིན། གཉིས་པོ་དེ་གང་ཡིན་ན་ཐབས་དང་ཤེས་རབ་གཉིས་ཡིན། དེ་གཉིས་ཀ་ཟུང་དུ་འབྲེལ་དགོས་ཏེ་ཐབས་ཀྱི་རྐང་བ་དང་ནི་ཤེས་རབ་ཀྱི་མིག་གཉིས་ཀ་ཡོད་ན་ཡིད་ལ་འདོད་པའི་གྲོང་ཁྱེར་དུ་བདེ་བླག་ཏུ་བགྲོད་ནུས་པ་འདྲ་བར་ཐབས་ཤེས་ཟུང་འབྲེལ་གྱིས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་ཐུབ་པས་ལམ་ཀྱི་འཁྲུལ་བ་སེལ་བ་ཡིན། དེ་ལ་ཐབས་ནི་སྤྱོད་པའི་ཕྱོགས་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཕྱིན་དྲུག་སྔ་མ་ལྔ་བོ་དང་། ཤེས་རབ་ཀྱི་ངོ་བོ་དེ་ཆོས་རབ་ཏུ་རྣམ་པ་འབྱེད་པ་ཡིན་པས་དེ་གཉིས་གཅིག་ལ་གཅིག་བརྟེན་ཡིན། སྦྱིན་སོགས་བསོད་ནམས་ཀྱི་ཚོགས་ཆེན་པོ་མ་བསགས་ན་ཤེས་རབ་ཆེན་པོ་ཞིག་འབྱུང་ཐབས་མེད་དེ། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་གསུངས་པ་ཡིན། ཤེས་རབ་མེད་ན། བྱང་ཆུབ་སེམས་དཔའ་གང་ཞིག་སྦྱིན་པ་ལ་གནས་པ་ནས་བསམ་གཏན་གྱི་བར་དུ་ལྡན་ཡང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་བྲལ་སོང་ན་དེས་ཐམས་ཅད་མཁྱེན་པའི་གོ་འཕང་མི་ཐོབ་པར་གསུངས་པ་ཡིན། དེ་ཇི་ལྟར་ཡིན་ན་ལོང་སྣ་ཁྲིད་མཁན་མེད་པའི་ལོང་བ་ཚོ་གཅིག་འདོད་པའི་གྲོང་ཁྱེར་དུ་ཐོན་ཐབས་མེད་པ་ལྟ་བུ་ཡིན་པ་ནི། འཕགས་པ་སྡུད་པའི་ལུང་གིས་ཀྱང་གསལ་ཏེ། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་གསུངས་པའི་ཕྱིར་དང་། འཇུག་པ་ལས་ཀྱང་། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། །མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི། །ཡུལ་དུ་ཁྲིད་པ་དེ་བཞིན་ཤེས་རབ་ཀྱིས། །མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་བར་ཁྲིད། །ཅེས་གསུངས་པ་ཡིན། དེ་ལྟ་བུའི་ཐབས་ཤེས་དེ་གཉིས་ཀ་ཡ་བྲལ་སོང་ན་ཇི་ལྟར་ཞིག་འགྱུར་ཞེ་ན། ལམ་གྱི་འཁྲུལ་བ་མི་སེལ་བར་འཆིང་འགྲོ་སྟེ། བྱང་ཆུབ་སེམས་དཔས་ཐབས་དང་བྲལ་བའི་ཤེས་རབ་ལ་བརྟེན་ན་ཞི་བ་ཕྱོགས་གཅིག་པའི་སར་ལྷུང་ནས་འཆིང་བས་མི་གནས་པའི་མྱ་ངན་ལས་འདས་པ་མི་ཐོབ་པ་དང་། ཤེས་རབ་དང་བྲལ་བའི་ཐབས་ལ་བརྟེན་ན་བྱིས་པ་སོ་སོའི་སྐྱེ་བོའི་ས་ལས་མི་འདའ་བར་འཁོར་བར་འཁྱམ་པ་ཡིན། དེས་ན་ཐབས་ཤེས་ཡ་བྲལ་གྱི་སྤྱོད་པ་ནི་བདུད་ཀྱི་ལས་སུ་གསུངས་པ་ཡིན། དེ་ལྟ་བུའི་ཤེས་རབ་དེ་ལ་དབྱེ་ན་འཇིག་རྟེན་པའི་ཤེས་རབ་དང་། འཇིག་རྟེན་ལས་འདས་པའི་ཤེས་རབ་སྟེ་རྣམ་པ་གཉིས་སོ། །དེ་ལས་ཀྱང་འཇིག་རྟེན་ལས་འདས་པའི་ཤེས་རབ་དེ་ལ་ཡང་དམན་མཆོག་གཉིས་སུ་ཕྱེས་པའི་ཤེས་རབ་རྣམ་པ་གསུམ་ཡོད། འཇིག་རྟེན་པའི་ཤེས་རབ་དེ་བཟོ་གསོ་བ་ལ་སོགས་པ་ནང་དོན་རིག་པ་མ་ཡིན་པའི་གནས་བཞི་པོ་དང་། འཇིག་རྟེན་ལས་འདས་པའི་ཤེས་རབ་ནི་ནང་རིག་པའམ་དམ་པའི་ཆོས་ལས་སྐྱེས་པའི་ཤེས་རབ་ཡིན། དེའི་ནང་གི་འཇིག་རྟེན་ལས་འདས་པའི་དམན་པའི་ཤེས་རབ་དེ་ཇི་ལྟར་ཞིག་ཅེ་ན། ཉན་རང་གི་ལམ་གྱི་ཐོས་བསམ་སྒོམ་པའི་ཤེས་རབ་དང་། འཇིག་རྟེན་ལས་འདས་པ་མཆོག་གམ་ཆེན་པོའི་ཤེས་རབ་ཐེག་པ་ཆེན་པོའི་ལམ་གྱི་ཐོས་བསམ་སྒོམ་གསུམ་ལས་བྱུང་བའི་ཤེས་རབ་བོ། །འཕགས་པ་སྡུད་པ་ལས་ཀྱང་། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དངོས་པོ་དང་དངོས་པོ་མེད་པར་འཛིན་པ་དེ་བདག་གཉིས་ཀྱི་ནང་ན་འདུས་པ་ཡིན། བདག་གཉིས་པོ་དེ་རང་བཞིན་སྟོང་བ་ཉིད་ཡིན་པར་སྟོན་ནས་བདག་མེད་རྣམ་གཉིས་གཏན་ལ་ཕབས་པ་རེད། དེ་ལ་དངོས་པོར་འཛིན་པ་བཀག་ནས་དངོས་མེད་དུ་འཛིན་ན་དེ་ཡང་མཐའ་གཅིག་ཡིན་པས་ན་དེ་ཡང་དགག་བྱ་སྟེ། ས་ར་ཧས། དངོས་པོར་འཛིན་པ་ཕྱུགས་དང་འདྲ་བ་སྟེ། །དངོས་མེད་འཛིན་ན་དེ་བས་ཀྱང་ནི་བླུན། །ཞེས་གསུངས་པ་དང་། ཡང་ཇི་སྐད་དུ། སྟོང་པ་ཉིད་ལ་བལྟ་ཉེས་པས། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་གསུངས་པས་དངོས་པོ་འཛིན་པ་ལས་ཀྱང་དངོས་མེད་དུ་འཛིན་པ་ཐ་ཆད་པ་དང་། རིན་ཆེན་འཕྲེང་བ་ལས་ཀྱང་། མེད་པ་པོ་ནི་ངན་འགྲོར་འགྲོ། །ཡོད་པ་པོ་ནི་བདེ་འགྲོར་འགྲོ། །ཞེས་གསུངས་པས། གཉིས་ཆ་འཛིན་པའམ་རྟག་ཆད་ཀྱི་མཐའ་ལས་མ་འདས་པ་ཡིན་པས་ན་རྨོངས་པའི་ལམ་ལས་མི་གྲོལ་བ་ཡིན། དེས་ན་མཐའ་གཉིས་ལ་མི་བརྟེན་པའི་དབུ་མའི་ལམ་ཞེས་གྲགས་ཀྱང་མཁས་པ་དབུས་ལའང་མི་གནས་ཞེས་གསུངས་པ་ལྟར་དུ་དབུ་མ་ཉིད་ལ་ཡང་རྟག་བརྟན་མེད་པས། དོན་ལ་དེ་འཛིན་གྱི་ཤེས་པ་དང་བྲལ་བའི་བློ་འདས་གང་དུ་ཡང་མ་གྲུབ་པ་ནམ་མཁའ་ལྟ་བུ་ཞིག་སྟེ། མངོན་རྟོགས་རྒྱན་གྱི་ནང་ན། ཚུལ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་གསུངས་པར་ལྟར་དུ་རིམ་གྱིས། གཞི་དབུ་མ་ཆེན་པོ། ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་རྫོགས་པ་ཆེན་པོ་རྣམས་ཀྱི་ལྟ་བ་རྟོགས། སྒོམ་པ་གོམས། སྤྱོད་པས་བོགས་དབྱུང་བའི་སྒོ་ནས་ལམ་གྱི་འཁྲུལ་བ་སེལ་བར་བྱས་ཏེ། མི་གནས་པའི་མྱ་ངན་ལས་འདས་པའི་བྱང་ཆུབ་ཆེན་པོའི་གོ་འཕང་བསྒྲུབས་ནས། སྐུ་དང་ཡེ་ཤེས། མཛད་པ་འཕྲིན་ལས་རྒྱ་ཆེན་རྒྱུན་མི་ཆད་པ། ནམ་མཁའ་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་འགྲོ་བའི་དོན་བྱེད་དགོས་པའི་གོ་བའི་རྨང་གཞི་དང་། ཐུགས་བསྐྱེད་སྨོན་པ་དེ་ལྟ་བུའི་སྟེང་ནས། སྐབས་འདིར་གང་ཞིག་གསན་པར་བྱ་བ་ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་འདི་ཉིད་འཆད་ཉན་བྱ་བཞིན་པ་ལས། ཁ་རྩང་ཡན་ཆོད་འདིའི་གཞུང་དོན་རྡོ་རྗེའི་གནས་དང་པོ། གང་སྦྱོང་བའི་གཞི་དང་། སྦྱང་བྱའི་དྲི་མ། འཁོར་བའི་རང་བཞིན་སྤང་བྱར་བསྟན་པའི་ཆིངས་ཆེན་པོ་ལེའུ་བདུན་པ་ཡན་གྱིས་བསྟན་ནས། རྡོ་རྗེའི་གནས་གཉིས་པ་མྱང་འདས་ཀྱི་རང་བཞིན་བླང་བྱར་བསྟན་པ་དང་། སྦྱོང་བྱེད་ཐབས་ཀྱི་རིམ་པ་དང་། སྦྱོང་འབྲས་མཐར་ཕྱིན་གྱི་རྣམ་བཞག་བཤད་པའི་སྐབས་ལས། སྦྱོང་བྱེད་ལམ་གྱི་རིམ་པ་དངོས་དང་། ལམ་ལ་ཇི་ལྟར་སློབ་པའི་ཚུལ་དང་། ལམ་ཐོས་བསམ་སྒོམ་གསུམ་ལས་ཐོག་མར་བྱ་དགོས་པའི་ཐོས་པ་འཚོལ་བ་དེ་ཉིད་ལས། ཐོས་པ་དེ་གང་ལས་འཚོལ་བའི་ཡུལ་དགེ་བའི་བཤེས་གཉེན་བསྟེན་པར་གདམས་པའི་སྐབས་ཀྱི། བཤེས་གཉེན་གྱི་མཚན་ཉིད་བདུན་དང་། དེ་ལྟ་བུའི་བཤེས་གཉེན་བསྟེན་དགོས་པའི་རྒྱུ་མཚན་རྣམ་པར་དྲུག་བཤད་པ་སོགས་ཡོད་པ་ལས། རྒྱུ་མཚན་དྲུག་པ་སྟོན་པ་ཆེས་འཕགས་པ་གཞན་མེད་པས་ཀྱང་བསྟེན་པར་འོས་པའི་ནང་གི་ལུང་འགའ་ཞིག་སོང་ནས་དེ་རིང་། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་དང་རྔ་བོ་ཆེའི་མདོ་གཉིས་ཀ་ལས་ཚིག་གཅིག་དབྱངས་གཅིག་གིས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་དུ་འགྱུར། །ཞེས་སོ། །མདོར་བསྡུ་ན་ཡོན་ཏན་ཐམས་ཅད་བླ་མ་ལས་འབྱུང་ཞིང་། ཁྱད་པར་ཐེག་ཆེན་མདོ་སྔགས་ཀྱི་སངས་རྒྱས་མྱུར་བའི་ལམ་པོ་ཆེ་བཟང་པོར་སྲོལ་བཏོད་པས་ཀྱང་བླ་མ་ལ་བསྟེན་ཏེ། སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་ནི་སངས་རྒྱས་ཀྱི་རིགས་སུ་སྐྱེས་པས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་ཐུ་བོ་ལྟ་བུའོ། །ཡོན་ཏན་གྱི་རིགས་བསྐྱེད་པས་མ་ལྟ་བུའོ། །ཕན་པ་རྒྱ་ཆེན་པོ་བསྒྲུབས་པས་ཕ་ལྟ་བུའོ། །སྡིག་པ་ལས་བསྲུངས་པས་མ་མ་ལྟ་བུའོ། །བསླབ་པ་རྣམས་སློབ་པས་སློབ་དཔོན་ལྟ་བུའོ། །ཕ་རོལ་ཏུ་ཕྱིན་པའི་ལམ་ལ་འཛུད་པས་ས་མཁན་ལྟ་བུའོ། །ཉོན་མོངས་པའི་ནད་གསོ་བས་སྨན་པ་ལྟ་བུའོ། །འཇིགས་པ་ལས་བསྲུངས་པས་དཔའ་བོ་ལྟ་བུའོ། །འཁོར་བའི་ཆུ་བོ་ལས་སྒྲོལ་བས་མཉན་པ་ལྟ་བུ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པའོ། །ཞེས་སོ། །བདག་ཅག་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱང་བླ་མ་མེད་པར་མ་བྱོན་པས། བླ་མ་ཁོ་ན་རྟག་ཏུ་བསྟེན་པར་རིགས་ཏེ། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཅེས་དང་། དགོངས་འདུས་ལས། སློབ་དཔོན་དག་ལ་མ་བསྟེན་པར། །སངས་རྒྱས་ནམ་ཡང་མི་འབྱུང་སྟེ། །འབྱུང་བར་ཡང་དག་ངས་མ་མཐོང་། །བྱུང་ན་དམ་པའི་ལུང་དང་འགལ། །ཞེས་པ་དང་། འཁོར་ལོ་བདེ་བའི་རྒྱུད་ལས། དེ་ཕྱིར་ཆོས་ཀུན་རྩ་བར་ནི། །བླ་མ་རྡོ་རྗེ་འཛིན་པར་བཤད། །བླ་མ་དག་ལས་མ་བྱུང་བའི། །དངོས་གྲུབ་རྙེད་པར་འགྱུར་མི་སྲིད། །བླ་མ་ཉིད་ལས་མ་བྱུང་བའི། །སངས་རྒྱས་ཞེས་བྱ་འབྱུང་མི་སྲིད། །སྲིད་པའི་ཁ་ལོ་གྱེན་དུ་ནི། །བླ་མ་མཚན་ཉིད་ལྡན་པས་སྒྱུར། །ཞེས་སོ། །དེས་ན་རྒྱུ་མཚན་དེ་དག་དང་གཞན་ཡང་དཔག་ཏུ་མེད་པ་སྙེད་དེ། བླ་མ་དམ་པའི་ཡོན་ཏན་རྒྱས་པར་དུས་བསྐལ་བའི་བར་དུ་བརྗོད་ཀྱང་ཟད་མི་ཤེས་པ་ཡོད་པ་དེའི་ཕྱིར། ལས་དང་པོ་པ་ནས་སངས་རྒྱས་མ་ཐོབ་ཀྱི་བར་རྟག་ཏུ་སྐྱོ་ངལ་མེད་པར་གུས་པས་བླ་མ་བསྟེན་པ་ལ་བསླབ་སྟེ། འཕགས་པ་སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་གྱི་ཡོན་ཏན་དང་བསྔགས་པ་བརྗོད་པ་ནི། རྒྱས་པར་བསྐལ་པར་བརྗོད་ཀྱང་ཟད་མི་ཤེས་པ་དང་ལྡན་པ་དེའི་ཕྱིར་རྟག་ཏུ་དགེ་བའི་བཤེས་གཉེན་ལ་བསྟེན་པར་བྱའོ། །ཞེས་གསུངས་སོ། །གསུམ་པ། ཇི་ལྟར་བསྟེན་ཚུལ་ལ། དངོས་དང་། དེ་ལྟར་བསྟེན་པའི་ཕན་ཡོན་གཉིས། དང་པོ་ལ། ཐོག་མར་དགེ་བའི་བཤེས་གཉེན་བཙལ་ནས་བསྟེན་པ་དང་། བར་དུ་མཉེས་པ་བསྒྲུབས་ཏེ་བསྟེན་ཚུལ་གཉིས། དང་པོ་ལ། གུས་པས་བཙལ་ཞིང་བསྟེན་པ་དང་། དེ་ལྟར་བསྟེན་དགོས་པའི་རྒྱུ་མཚན་དཔེས་བསྟན་པ་གཉིས། དང་པོ།

གུས་པས་བཙལ་ཞིང་བསྟེན་པ།

དེ་ལྟར་བསྟེན་པར་རིགས་པའི་རྒྱུ་མཚན་མཐོང་ནས། བླ་མ་བསྟེན་པ་ལ་འཇུག་ལ། བསྟེན་པ་དེའི་དོན་དུ་གང་བསྟེན་བྱའི་བཤེས་གཉེན་ཡོངས་སུ་འཚོལ་བར་གདམས་པ་ནི། དེ་ཡང་དཔལ་ལྡན་བླ་མ་དམ་པ་དག །གང་ན་བཞུགས་པའི་ཡུལ་ཕྱོགས་དེར་བགྲོད་དེ། །དད་གུས་སྲི་ཞུ་ཆེན་པོ་དང་ལྡན་པས། །ཐོག་མ་ཉིད་ནས་མཉེས་བྱ་ཡང་དག་བཙལ། །ཞེས་གསུངས་ཏེ། སྔར་སྨོས་པའི་ཡོན་ཏན་མངའ་བའི་བླ་མ་དམ་པ་དེ་དག་ས་ཐག་རིང་ཐུང་གང་ན་བཞུགས་པའི་ཡུལ་དེར་ཕྱིན་ལ། ལུས་ངག་ཡིད་གསུམ་གྱི་དད་པ་དང་། གུས་པ་དང་། སྲི་ཞུའི་སྒོ་ནས། མཇལ་མ་ཐག་ཉིད་ནས་ཐུགས་མཉེས་པར་བྱ་ཡི། བླ་མ་དང་པོར་བརྟག་དགོས་ཀྱང་། ཀུན་གྱིས་དང་དུ་བླང་ཞིང་། ཁྱད་པར་དུ་དམ་པའི་སྐྱེས་བུས་བསྟེན་པ་དེ་དམ་པ་ཡིན་པར་དཔོག་པས་དེའི་མདུན་དུ་སོང་ནས་འདི་ཇི་ལྟ་བུ་ཞེས་བརྟག་པ་དང་། རྒོལ་བ་ལ་སོགས་པ་དང་། མ་གུས་པ་དང་། བག་མེད་པའི་ཆ་ཤས་ཅུང་ཟད་ཀྱང་མི་བྱ་སྟེ། དམ་པ་རྣམས་ནི་དམ་པའི་རང་གཤིས་ཀྱི་ཐུགས་དྲང་པོ་གཡོ་དང་སྒྱུ་མེད་པ་ཉིད་ཡིན་པས་གང་ཕ་རོལ་གྱི་ཀུན་ཏུ་སྤྱོད་པ་དེ་མཐོང་མ་ཐག་ཏུ་གང་རྗེས་སུ་གཟུང་བྱའི་སློབ་མ་བཟང་པོའི་བསམ་སྤྱོད་ནི་དེ་ལྟར་མ་ཡིན་ནོ་སྙམ་དུ་དགོངས་པས་ཐུགས་སུན་པར་འགྱུར་ཏེ། ཐོག་མའི་རྟེན་འབྲེལ་འཆུག་པ་ཉིད་དོ། །ཐོག་མའི་རྟེན་འབྲེལ་བརྟག་བྱར་ཆེ་བ་འཇིག་རྟེན་པས་ཆུ་ཟོམ་གང་སྟོང་བརྟག་པ་ལྟ་བུའི་རྟེན་འབྲེལ་མིན་པར་རྟེན་འབྱུང་སླུ་མེད་ཆོས་ཉིད་ཀྱི་གཤིས་ཡིན་པས། ཆོས་ཅན་རྟེན་དང་བརྟེན་པའི་རྣམ་བཞག་སླུ་མེད་ཀྱི་མཚན་མ་རྙེད་ཐུབ་པས་གལ་སྟེ་ཕལ་པ་ཞིག་ཡིན་ན་དེའི་འོག་ཏུ་དད་པ་ལྡོག་པར་འགྱུར་བས་ཀྱང་དང་པོར་ཤིན་ཏུ་གུས་པས་མཉེས་པར་བྱ་བ་ལ་སློབ་བོ། །གང་བསྟེན་པར་འོས་པ་ལ་བསྟེན་ཅིང་། དེ་ལས་ལྡོག་པ་ལ་སྨད་པ་དང་མ་གུས་པ་བྱེད་མི་རིགས་ཏེ་གང་ཟག་གི་ཚོད་སངས་རྒྱས་མ་གཏོགས་ཟིན་པ་མིན་པས་བཏང་སྙོམས་སུ་བཞག་དགོས། རང་མ་ངན་ན་གཞན་ངན་ཡང་རང་ལ་གནོད་པ་མིན་ཅིང་། གཅིག་ཤོས་དེ་ཇི་ལྟར་ངན་ཡང་སེམས་ཅན་སངས་རྒྱས་ཀྱི་ས་བོན་ཅན་ཡིན་ཏེ། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ་ཅེས་གསུངས་ཡོད་པ་ཡིན། སྡོང་པོ་བཀོད་པ་ལས། ཁྱོད་ཀྱིས་དགེ་བའི་བཤེས་གཉེན་འཚོལ་བ་ལ་ཡོངས་སུ་མི་སྐྱོ་བར་བྱའོ། །རྙེད་ནས་ཀྱང་དེའི་རྗེས་སུ་སྒྲུབ་པ་ལ་བསྙེལ་བ་མེད་པ་འམ་དཀའ་ཚེགས་ལ་ཇི་མི་སྙམ་པའི་སྲི་ཞུ་བྱའོ། །ཁུར་ཐམས་ཅད་ཀྱིས་མི་སྐྱོ་བས་ས་ལྟ་བུའི་འདུ་ཤེས་བསྐྱེད་པར་བྱའོ། །ཅི་བསྒོ་བ་ཉན་པར་བྲན་ལྟ་བུའི་འདུ་ཤེས་རབ་ཏུ་བསྐྱེད་པར་བྱའོ་ཞེས་སོ། །དེ་ཡང་བྱང་ཆུབ་ཀྱི་སྤྱོད་པ་འཚོལ་བ་ན། དགེ་བའི་བཤེས་གཉེན་འཚོལ་བ་ནི། བྱང་ཆུབ་ཀྱི་སྤྱོད་པ་རྙེད་པ་དེའི་ཐབས་ཡིན་པས་བཤེས་གཉེན་དེ་ཉིད་གང་ན་བཞུགས་པ་རྒྱ་ཆེར་གཞན་ལ་ཡང་དྲི་བ་དང་། རང་གིས་ཀྱང་ཕྱོགས་ཐ་དད་པར་སོང་ལ་བརྟགས་ཏེ། དཀའ་བ་ཅི་བྱུང་ཡང་མི་ལྡོག་པས་བཙལ་བ་ནི། དཀའ་བ་ཆུད་མི་ཟ་ཞིང་དཀའ་བ་སྤྱད་པ་དེས་བསོད་ནམས་དང་ཡེ་ཤེས་ཚོགས་གཉིས་ཀྱི་རྒྱ་མཚོ་སྡུད་ཅིང་། སྡིག་ཏོ་མི་དགེ་བའི་ཕྱོགས་ལས་སྐྱོབ་སྟེ། ཟླ་བ་སྒྲོན་མའི་མདོ་ལས། མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པས་སྙིང་རྗེ་ཆེན་པོ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བརྩོན་འགྲུས་བརྩམས་ཤིང་ལུས་དང་སྲོག་ལ་ཡང་མི་ལྟ་བར། ཆོས་དམ་པ་སྟོན་པའི་དགེ་བའི་བཤེས་གཉེན་རྒྱུན་དུ་བཙལ་ལ། གཡོ་དང་སྒྱུ་མེད་པས་བསྙེན་བཀུར་བྱའོ། །དེ་ལྟར་འཚོལ་བ་དང་སྲི་ཞུ་བྱེད་པས་ཡོངས་སུ་སྐྱོ་བ་མེད་པ་ན། བདེ་བར་མངོན་པར་འཚང་རྒྱ་བའི་ཆོས་ཐོབ་བོ་ཞེས་པ་དང་། སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས་ཀྱང་། དགེ་བའི་བཤེས་གཉེན་འཚོལ་བའི་ཆེད་དུ་ལུས་དང་སྲོག་ལའང་ཕངས་པར་མི་བྱའོ། །དངོས་པོ་སྣ་ཚོགས་མི་གཟུང་། ནོར་ལ་ཆགས་པར་མི་བྱའོ། །རྙེད་པ་དང་བཀུར་སྟི་འདོད་པར་མི་བྱའོ། །དེ་ཐམས་ཅད་ཡོངས་སུ་བཏང་སྟེ་བཙལ་བར་བྱའོ། །གཞན་ཡང་ལུས་དང་སྲོག་ལ་མི་ལྟ་བ་དང་། སྲིད་པའི་ལོངས་སྤྱོད་མི་འཚོལ་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་དང་། ཐམས་ཅད་མཁྱེན་པའི་སྨོན་ལམ་བརྟན་པ་དང་། ཆོས་ཀྱི་དབྱིངས་ཀྱི་ཚུལ་ལ་ལྟ་བ་དང་། སྲིད་པ་ཐམས་ཅད་ལས་འཕགས་པར་འདོད་པ་དང་། གནས་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ནམ་མཁའ་ལ་བརྟེན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་སྒྲུབ་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྦྱོང་བ་དང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་སྒྲིབ་པ་མེད་པ་ཤིན་ཏུ་སྦྱངས་པས། བླ་མ་བསྙེན་བཀུར་ཞིང་ཡོངས་སུ་འཚོལ་བར་བྱེད་དོ་ཞེས་པ་དང་། སྡོང་པོ་བཀོད་པ་ལས་ཀྱང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་འགྲོར་མི་ལྟུང་། བྱ་བ་མ་ཡིན་པ་རྣམས་ཁོང་དུ་ཆུད་པར་མི་བྱེད། བག་མེད་པའི་གནས་ལས་ཟློག འཁོར་བའི་གྲོང་ཁྱེར་ནས་འདོན། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བར་མི་བྱེད། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས། ལས་དང་ཉོན་མོངས་པས་ཐུབ་པར་དཀའོ། །རིགས་ཀྱི་བུ་དེ་ལྟ་བས་ན་དེ་ལྟར་ཡིད་ལ་བྱེད་པ་རྒྱུན་མ་ཆད་པས་དགེ་བའི་བཤེས་གཉེན་རྣམས་ཀྱི་དྲུང་དུ་འགྲོ་བར་བྱའོ་ཞེས་པ་དང་། ཆོས་བཞི་པའི་མདོ་ལས་ཀྱང་། དགེ་སློང་དག་བྱང་ཆུབ་སེམས་དཔས་དགེ་བའི་བཤེས་གཉེན་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏོང་ངོ་ཞེས་པ་དང་། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས་ཀྱང་། མཁན་པོ་དང་སློབ་དཔོན་ལ་གུས་པས་གང་ཡོངས་སུ་མི་གཏོང་བའི་རིན་པོ་ཆེ་དང་། གང་ལུས་ཀྱི་རིམ་གྲོར་མི་བྱ་བ་དང་། གང་རྐང་པས་མི་གཏོང་བ་དང་། གང་ངག་གི་ལས་ལ་མི་སྤྲོ་བ་དེ་མེད་དོ་ཞེས་པ་དང་། ཟ་མ་ཏོག་བཀོད་པ་ལས། བཅོམ་ལྡན་འདས་གྲངས་མེད་གསུམ་དུ་ཚོགས་བསགས་པའི་ཚེ་ན། གསུང་རྡོ་རྗེ་འབྲུ་དྲུག་སྟོན་པའི་དགེ་བའི་བཤེས་གཉེན་བཙལ་བའི་ཆེད་དུ་རྐང་པ་དཔྱི་ལ་ཐུག་པར་ཟད་པའི་བར་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཕྱིན་པར་གསུངས་པ་དང་། བརྒྱད་སྟོང་པ་ལས། འཕགས་པ་རྟག་ཏུ་ངུའི་ཤེས་རབ་གྱི་ཕར་རོལ་ཏུ་ཕྱིན་པ་འཚོལ་བའི་དོན་དུ་བྱང་ཆུབ་སེམས་དཔའ་ཆོས་འཕགས་བསྟེན་པའི་ཕྱིར་དུ་དཀའ་བ་རྒྱ་ཕྲག་སྤྱད་ནས་མཐར་ལུས་བཙོངས་བའི་རིན་གྱིས་ཆོས་ཞུ་བའི་རྟེན་བྱས་པ་དང་། ལུས་ཀྱི་ཁྲག་ཕྱུང་ནས་ཆོས་གསུང་པའི་འཁོར་ཡུག་ཏུ་ཆག་ཆག་གདབ་པ་ལ་སོགས་པའི་རྣམ་པར་ཐར་པ་དེ་ལྟ་བུ་དང་། སྡོང་པོ་བཀོད་པ་ལས། ནོར་བཟང་གི་བཤེས་གཉེན་མང་པོ་བསྟེན་པའི་རྣམ་པར་ཐར་པ་དང་། མཛངས་བླུན་ལས། ཆོས་ཀྱི་ཕྱིར་རྒྱལ་པོས་རང་གི་ལུས་ལ་མར་མེའི་སྡོང་བུ་སྟོང་བཙུགས་ནས་ཕུལ་བ་གསུངས་པ་དང་། ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་འདི་ཉིད་བྲམ་ཟེའི་ཁྱེའུ་ཆོས་འདོད་ཅེས་བྱ་བར་གྱུར་པ་ན། བྲམ་ཟེ་ཞིག་དེ་ལ་ཕྲག་དོག་སྐྱེས་ཏེ་ཁྱོད་མེའི་དོང་དུ་མཆོང་ནུས་ན་བདག་གིས་ལེགས་པར་བཤད་པ་བསྒྲག་པར་བྱའོ། །ཞེས་སྨྲས་པ་ལ་དགའ་ནས་མེ་དོང་སྟ་གོན་བྱས་ཏེ་བྲམ་ཟེ་ལ་ཆོས་བསྒྲགས་པར་གསོལ་བ་བཏབ་པ་ན། བྲམ་ཟེ་དེས། སྦྱིན་པ་ལ་ནི་རྟག་ཏུ་དགའ་བར་གྱིས། རྟག་ཏུ་ཚུལ་ཁྲིམས་ཡོངས་སུ་རྫོགས་པར་སྤྱོད། བརྩོན་འགྲུས་མཆོག་གི་གནས་ནི་བརྩམ་པར་གྱིས། ཤེས་རབ་ཀྱིས་ནི་ཆོས་མཆོག་དམ་པ་ཐོབ། ཅེས་སྨྲས་པ་ལེགས་པར་བཟུང་ཏེ། མེ་དོང་དུ་མཆོང་བས་མེ་ཤི་སྟེ། པདྨའི་རྫིང་བུར་གྱུར་པའི་པདྨའི་སྟེང་དུ་འདུག་ནས་ཚངས་སྤྱོད་ཡོན་ཏན་བཞི་ལྡན་གྱི་ཆོས་བསྟན་ཏོ། བྲམ་ཟེ་དེ་ནི་ལུས་ཐམས་ཅད་ལ་མེ་འབར་ཏེ་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བ་ལ། ཆོས་འདོད་ཀྱིས་སྨྲས་པ། སློབ་དཔོན་མ་བསྙེངས་ཤིག །བདག་གིས་ཁྱོད་བསྐྱབ་པར་བྱའོ་ཞེས་དབུགས་དབྱུང་ནས། དེ་ལ་ཚངས་སྤྱོད་ཡོན་ཏན་བཞི་ལྡན་གྱི་ཆོས། འཕགས་པའི་ལམ་འདི་ནི་གཞན་མུ་སྟེགས་སོགས་དང་མ་འདྲེས་པ་དང་། ཁམས་གསུམ་གྱི་ཉོན་མོངས་མཐའ་དག་སྤང་བས་སྤང་བ་ཡོངས་སུ་རྫོགས་པ་དང་། ལམ་དེ་རྣམ་པར་དག་པ་ཟག་མེད་ཀྱི་རང་བཞིན་ཡིན་པས་ཡོངས་སུ་དག་པ་དང་། གློ་བུར་གྱི་དྲི་མ་བསལ་ནས་སེམས་ཟག་མེད་ཀྱི་རང་བཞིན་དུ་བྱེད་པས་ཡོངས་སུ་བྱང་བ་སྟེ། དེ་ཡང་ཚངས་པ་ནི་མྱང་འདས་དང་། དེ་ཐོབ་བྱེད་ཀྱི་ལམ་ལ་ཚངས་པར་སྤྱོད་པ་ཞེས་ཚངས་སྤྱོད་ཡོན་ཏན་བཞི་ལྡན་དུ་འདོད་དོ། །ཞེས་སོགས་ཀྱི་ཆོས་བསྟན་ནས་བྲམ་ཟེ་དེ་དམྱལ་བ་ལས་ཐར་བར་བྱས་སོ། །ཡང་བདག་ཅག་གི་སྟོན་པ་འདི་སྔོན་རྒྱལ་པོ་ཁ་དོག་དམ་པར་གྱུར་པའི་ཚེ། གནོད་སྦྱིན་ཞིག་གིས་བཙུན་མོ་དང་སྲས་རྣམས་ང་ལ་ཟར་འཇུག་ན། ཆོས་སྦྱིན་པར་སྨྲས་པས། ཤིན་ཏུ་གཅེས་པའི་བཙུན་མོ་དང་། སྲས་སོགས་གནོད་སྦྱིན་གཏུམ་པོར་ཟར་བཅུག་ནས། གནོད་སྦྱིན་ལས། འདུ་བྱེད་ཐམས་ཅད་མི་རྟག་སྟེ། །ཇི་ཙམ་སྐྱེ་བ་སྡུག་བསྔལ་ཆེ། །ལྔ་ཕུང་མཚན་མ་མེད་པས་སྟོང་། །བདག་དང་བདག་གིར་བ་ཡང་མེད། །ཅེས་པའི་ཆོས་བཤད་པས་རྒྱལ་པོས་དེ་ལྟར་བཟུང་ནས། གཞན་ལ་བཤད་ཚུལ་ལ་སོགས་པ་སྟོན་པའི་སྐྱེས་རབས་དང་རྣམ་ཐར་གྱི་ནང་དུ་ཡོད་པའི་དཀའ་བ་དུ་མ་སྤྱད་པའི་ཚུལ་ལ་བསམས་ནས། དགེ་བའི་བཤེས་གཉེན་བཙལ་བ་དྲན་པར་བྱ་སྟེ། བདག་གིས་ཅིའི་ཕྱིར་མི་བཙལ་སྙམ་དུ་བསམས་ལ་བླ་མ་ཡང་དག་པ་བཙལ་བར་བྱའོ། །དེ་ཡང་ཆོས་ནས་ཇི་སྐད་བཤད་པའི་མཚན་ཉིད་ཚང་ན། འཇིག་རྟེན་གྱི་རིགས་དང་། ལོངས་སྤྱོད་དང་མི་གཞི་ལ་སོགས་པའི་སྐྱོན་ཕྱོགས་རེའམ་དུ་མ་ཡོད་ཀྱང་བསྟེན་ལ། ཁྱད་པར་དགེ་བའི་བཤེས་གཉེན་འཇིག་རྟེན་པའི་ཆོས་དང་མ་འདྲེས་པ་དག་ནི། ཐུགས་རྒྱུད་དྲང་ཞིང་གཞན་ཕན་ཅན་ཡིན་པས་གཡོ་དང་སྒྱུ་མེད་ཅིང་ཡིད་ལ་བསམ་པའམ་ཐུགས་ལ་ཤར་བ་དང་། ངག་ཏུ་བརྗོད་པ་དུས་མཐུན་པ་གཞི་ཆེ་བས་གདམས་ངག་མཚང་ཐོག་ནས་རྒོལ་བ་སོགས་གནང་ཤས་ཆེ་བ། དང་པོའི་ལྟ་སྣང་ལ་སྐྱོན་མཚང་འདོན་པར་མི་བཟོད་པ་ལ་སོགས་ཅུང་ཟད་འགྲོགས་དཀའ་བར་མངོན་པའི་ཕྱིར་ན། ཆོས་ཕྱིར་དཀའ་བ་བཟོད་པས་བསྟེན་དགོས་ཏེ། དགོངས་འདུས་ལས། འཇིག་རྟེན་པ་ཡི་སྐྱོན་ལྡན་ཡང་། །ས་མཁན་ལམ་ལ་མཁས་ངེས་ན། །ཇི་ལྟར་བཟོད་པ་བྱ་དཀའ་ཡང་། །ཐམས་ཅད་ཐམས་ཅད་བཟོད་པར་བྱ། །ཞེས་སོ། །ཆོས་འཇིག་རྟེན་གཉིས་ཀ་རྒྱབ་འགལ་ཡིན་པས། འུ་ཚོས་ཆོས་འཇིག་རྟེན་གཉིས་ཀ་ལ་བཟང་ཞེས་པ་འདི་ཆོས་བརྒྱད་བླ་མ་ལ་ནོར་བ་ཡིན་ལས་ཆེ། བླ་མ་ཆོས་ཕྱོགས་ཀྱི་ཡོན་ཏན་བཟང་དུས་མི་ངན་ནི་ཡིན་ཐབས་མེད་པས། འཇིག་རྟེན་གྱི་བྱ་བཞག་དང་རྒྱབ་གྱེས་ནས་དེ་དང་བསྟུན་རོགས་མ་མཛད་ན། མཐོ་རིས་ཀྱི་ས་དང་ཐར་བའི་ལམ་སྟོན་པར་མཁས་ཚེ། ཅི་ཞིག་བཟོད་དགོས་ཀྱང་བཟོད་པ་བྱ་དགོས་སོ། །དེས་ན་དོན་ཆེན་བསྒྲུབ་པ་ལ་ངང་ཆེན་བསྲིང་དགོས་པར་བསྟན་པ་ནི། ཡང་དག་པའི་དགེ་བའི་བཤེས་གཉེན་དམ་པ། རྙེད་ནས་སྐྱོ་ངལ་མེད་པར་བསྟེན་བྱ་སྟེ། །དོན་ཆེན་བསྒྲུབ་ལ་ངང་ཆེན་གུས་པས་བསྲིང་། །ཞེས་གསུངས་ཏེ། འདི་ལྟར་ཡང་དག་པའི་བླ་མ་རྣམས་ནི། སྣོད་དམ་སློབ་མའི་རྒྱུད་ཀྱི་རིམ་པ་རྟོག་ཅིང་དཔྱོད་པའི་སྐབས་ན། བརྟག་པ་དང་། དཔྱད་པ་སྔོན་དུ་གཏོང་བ་ཡིན་ལ། དེ་ཡང་སེར་སྣ་ཅན་གྱི་སློབ་མརྣམས་ལ་ནི་སེར་སྣའི་མདུད་པ་འགྲོལ་བའི་ཆེད་དུ་ཡོ་བྱད་འདོད་པ་ཆེ་བར་སྟོན་ཅིང་། གཏོང་ཕོད་ཆུང་བ་དག་གི་ཡང་ཚོགས་གཉིས་རྫོགས་པའི་ཡན་ལག་ཏུ་ཐབས་ལ་མཁས་པའི་སྒོ་ནས་ཡོ་བྱད་འདོད་པར་བྱེད་དོ། །དེ་བཞིན་བཟོད་པ་ཆུང་བ་དག་ལ་ནི། ཚིག་ཟུར་མི་སྙན་པ་བརྗོད་ལ། ཡོ་བྱད་སྙུང་པའམ་ཉུང་བ་དང་བློ་སྣ་ཐུང་བར་རློམ་པ་དག་ལ་ནི་བྱ་བྱེད་མང་ཞིང་ཡུན་རིང་པོའི་དོན་སྒྲུབ་པ་ལྟར་ཡང་སྟོན་ལ། མདོར་ན་སྐུ་གསུང་ཐུགས་ཀྱི་རང་བཞིན་ལ་འཁྲུལ་པ་དང་ཅ་ཅོ་མེད་ཀྱང་། སློབ་མར་གྱུར་བའི་གང་ཟག་དེའི་ངོར་འགལ་བ་སྣ་ཚོགས་པ་བསྟུད་པར་སྟོན་པས། སྐུ་དང་གསུང་མ་བརྟགས་ལ་འབྲེལ་བ་མེད་ཅིང་། ཐུགས་འཁྲུགས་པ་ལྟར་སྣང་བས། ཕ་རོལ་གྱི་དད་པ་བརྟན་པ་དང་མི་བརྟན་པའི་ངང་ཚུལ་རྟོགས་པར་བྱེད་དོ། །དེ་ཡང་བླ་མ་དམ་པ་ཟབ་མོའི་བློ་ཅན་རྣམས་ནི་ནམ་ཡང་གཞན་གྱིས་གཏིང་དཔོག་པར་མི་འགྱུར་ཏེ། ཀུན་ཏུ་སྤྱོད་པ་སྣ་ཚོགས་མཛད་ཀྱང་འགྲོ་བ་འདུལ་བ་ཙམ་ལས། དགོངས་པ་ཆོས་ཉིད་ཟབ་མོ་སྟོང་པ་ཉིད་དང་བྱང་ཆུབ་ཀྱི་སེམས་ལས་མི་འདའ་བའི་ཕྱིར་རོ། །དེས་ན་བླ་མའི་མཛད་པ་གང་ལའང་སོ་སོའི་སྐྱེ་བོའི་བློ་ཡུལ་ལས་འདས་པའི་དགོངས་པའི་མཛད་ཚུལ་རླབས་ཆེ་བའི་རོལ་པའམ་རྣམ་གྲངས་གཞན་དང་གཞན་ཡིན་པར་ཤེས་པས། དག་སྣང་སྐྱེད་པ་ཡིན་གྱི། མ་དད་པ་ཅུང་ཟད་ཀྱང་བསམ་དུ་མི་རུང་སྟེ་གོང་ནས་བཤད་པ་ལྟར་དུ་ལམ་གྱི་རྟེན་འབྲེལ་འཆུག་པའི་ཕྱིར་རོ། །མཛད་པ་ཞི་བ་དང་། དྲག་པོ་གང་མཛད་ཀྱང་། གཞན་ལ་ཕན་པ་སྒྲུབ་པ་ནི་སྐྱེས་བུ་དམ་པ་རྣམས་ཀྱི་རང་བཞིན་ཡིན་ཏེ། རང་དོན་གྲུབ་ཟིན་ནས་གཞན་དོན་འབྱུང་བའི་སྐབས་ཡིན་པའི་ཕྱིར་རོ། །དེས་ན་དོན་ཆེན་པོ་ཐར་པ་བསྒྲུབ་པ་ལ་ལམ་མཁན་བླ་མ་ལས་གཞན་མེད་པས། དེའི་བཀའ་བཞིན་སྒྲུབ་པའི་དུས་སུ་བྱ་དཀའ་བ་སྒྲུབ་མི་ཐུབ་བསམ་རྒྱུ་ཅི་དང་ཅི་ཡང་བཟོད་པར་བཟོ་སྟེགས་ལྟ་བུ་དགོས་ཞེས་པས་དེ་ལྟ་བུ་བྱས་ལ་དོན་ཆེན་སྒྲུབ་པར་ངང་བསྲིངས་ཏེ་ངང་མི་ཐུང་པའམ་འཚུབ་མི་ལོང་པར་སྒྲུབ་པ་ནི་འཇིག་རྟེན་གྱི་བྱ་བ་སྒྲུབ་པ་ལའང་ཐོག་མ་ཉིད་ནས་འགྲུབ་ཡོད་པ་མིན་པར་འབད་པ་བརྒྱ་ཕྲག་ཁུར་དུ་བླངས་ནས། དཀའ་ངལ་ལ་མགོ་མ་བསྒུར་བས་འགྲུབ་པ་ཡིན་ལ། བློ་མང་ངང་ཐུང་ཚབ་ཚུབ་མི་བརྟན་པ་ཞིག་གིས་ཆོས་མ་དགོས་འཇིག་རྟེན་གྱི་བྱ་བ་ཡང་འགྲུབ་པ་མིན་པས། འཇིག་རྟེན་ཚེ་འདིའི་བྱ་བཞག་ཡང་ངང་རྒྱུད་བསྲིངས་ནས་ཡུན་དུ་བསྒྲུབ་དགོས་ན། དམ་པའི་ཆོས་རང་གཞན་ཚེ་རབས་གཏན་གྱི་འདུན་མ་འགྲུབ་པ་ལ་དཀའ་བ་དང་དུ་ལེན་ཅིང་བཟོད་ཐུབ་པས་སེམས་ཤུགས་ཅིའི་ཕྱིར་མི་བསྐྱེད་དེ་བསྐྱེད་ནས་བསྒྲུབ་དགོས་པ་བཞིན་ནོ། །དེ་ལྟར་བླ་མ་དམ་པ་བསྟེན་པའི་ལམ་གྱི་མི་མཐུན་པའི་རྐྱེན་གྱི་བར་ཆད་སེལ་དགོས་པ་བསྟན་པ་ནི། ཐར་པའི་ལམ་འཚོལ་ཞིང་བླ་མ་བསྟེན་པ། དེའི་ཚེ་མི་མཐུན་རྐྱེན་རྣམས་གྲངས་མང་བས། །ཡིད་འབྱུང་ཕྱིར་ཕྱོགས་བློ་མང་སྐྱེ་བ་ལ། །བདུད་དུ་ཤེས་ནས་སླར་ཡང་གུས་མཆོག་གིས། །ནོར་བུ་རྙེད་པ་མི་འདོར་སྤྱི་བོས་བསྟེན། །ཞེས་གསུངས་ཏེ། གང་དུ་བླ་མ་དམ་པ་རྙེད་པ་དེའི་ཚེ་བདུད་སྡིག་ཅན་གྱིས་བླ་མ་དམ་པ་འདི་དང་སློབ་མ་སྙིང་རུས་ཅན་འདི་གཉིས་ནང་འཕྲད་ན། སངས་རྒྱས་ཀྱི་བསྟན་པའི་རྐང་འཛིན་པ་དང་། དཀར་ཕྱོགས་དགའ་བའི་རུ་མཚོན་བསྒྲེངས་པས་མ་ཟད། ཆོས་ཀྱི་འཁོར་ལོ་བསྐོར་ནས་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་འཕེལ་བར་བྱེད་དོ་སྙམ་ནས་དེ་ལ་སྡང་བའི་སེམས་ཀྱིས་བརྩོན་པས་བར་དུ་གཅོད་པར་བྱེད་དེ། བར་གཅོད་བྱེད་པ་དེ་ཡང་ཅི་ནས་ཀྱང་དཔོན་སློབ་དག་གི་བར་དུ་དབྱེན་བཅའ་ཞིང་། བཟའ་བཏུང་དང་གནས་མལ་དང་། མཐུན་པའི་རྐྱེན་དཀའ་བར་བྱེད་ཅིང་ལམ་བགྲོད་པ་ན་བར་དུ་གཅོད་པ་མང་བ་དང་། འཕྲལ་དུ་འཚེ་དོགས་མང་བས་ཡིད་འབྱུང་བའམ་སྐྱོ་སུན་གྱི་དབང་གིས་ཆོས་ལམ་དུ་མི་འགྲོ་ཐབས་བྱེད་པ་དང་། བདུད་མི་ཁོག་ཏུ་ཞུགས་ནས། བླ་མ་དང་ཆོས་ལ་ལོག་པར་ལྟ་བས་ཕྱིར་ཕྱོགས་པའི་བློ་གྲངས་མང་པོ་དག་འཆར་དུ་འཇུག་པ་ན། ཕྱིར་མི་ལྡོག་པའི་དད་པ་ཡོད་པའི་སློབ་མས་བདག་གི་ཐར་པ་ལ་བར་དུ་གཅོད་པའི་བདུད་དུ་ཤེས་ནས་སྤོང་ཞིང་། སླར་ཡང་བླ་མ་ལ་གུས་པ་ཆེན་པོས་བསྟེན་པར་བྱ་སྟེ། ཡུམ་བར་མ་ལས། ནོར་བུ་རིན་པོ་ཆེ་ནི་དགྲ་མང་བའི་ཕྱིར་བརྩོན་པ་དང་སྤྲོ་བ་ཆེན་པོས་གཅེས་སྤྲས་སུ་བྱ་བ་དེ་བཞིན་དུ། ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པའི་རིན་པོ་ཆེ་ཡོངས་སུ་འཚོལ་བ་ན། བདུད་སྡིག་ཏོ་ཅན་བར་ཆད་བྱ་བ་ལ་བརྩོན་པར་འགྱུར་ཏེ། ཅི་ནས་ཀྱང་དེ་ཐོས་པར་མི་འགྱུར་བ་དེ་ལྟར་བརྩོན་ཞིང་། གང་དུ་དགེ་བའི་བཤེས་གཉེན་དང་འབྲལ་བར་འགྱུར་བ་དེ་ལྟར་གནོད་པ་སྣ་ཚོགས་སུ་སྒྲུབ་པས་ཡིད་ཕྱིར་ཕྱོགས་པར་བྱེད་དོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙམ་དུ། བདུད་སྡིག་ཏོ་ཅན་དག་གིས་དགེ་བའི་ཕྱོགས་ལ་བར་དུ་གཅོད་པ་སྟེ། ཅི་ནས་ཀྱང་དེའི་དབང་དུ་མི་འགྱུར་བ་དེ་ལྟར་བྱ་བ་ལ་གོར་མ་ཆག་གོ་སྙམ་ནས། གོ་ཆ་ཆེན་པོ་ཡོངས་སུ་བགོ་བར་བྱའོ་ཞེས་སོ། །གཉིས་པ། རང་ལ་ཕན་འདོགས་པའི་རྒྱུ་མཚན་དཔེས་བསྟན་པ་དང་། གུས་པར་བྱ་དགོས་པའི་རྒྱུ་མཚན་དཔེས་བསྟན་པ་གཉིས། དང་པོ།

རང་ལ་ཕན་འདོགས་པའི་རྒྱུ་མཚན་དཔེས་བསྟན་པ།

དེ་ཡང་ཐར་པའི་དེད་དཔོན་བླ་མའི་བཀའ་དྲིན་ལ་བསམས་ཏེ་མཉེས་པར་བསྒྲུབ་པ་ནི། ཇི་ལྟར་ཆུ་རྙོགས་པ་ལས་དྭངས་པ་ཡིས། །གཟུགས་བརྙན་འཆར་ནུབ་རྙོག་བྲལ་ནོར་བུ་ལྟར། །སྒྲིབ་པའི་ཆུ་དྭངས་ཡོན་ཏན་གཟུགས་བརྙན་སྟོན། །རྡོ་ཁམས་གསེར་དང་ས་འོག་རིན་ཆེན་གཏེར། །པདྨའི་ནང་གནས་བདེ་གཤེགས་ཇི་ལྟ་བར། །ཁྱབ་བདག་ཁམས་གཙང་བྱང་ཆུབ་སྙིང་པོ་སྟོན། །མཚན་མོའི་མུན་ནག་སྣང་བ་ཇི་ལྟ་བུ། །ཐར་གླིང་གང་དུ་ཉེར་འགྲོ་དེད་དཔོན་བཞིན། །ཆུ་གཏེར་ཟབ་མོའི་འབྱུང་གནས་བགྲོད་པར་བྱེད། །དེ་སླད་དམ་པ་རྣམས་ལ་བསྟེན་པར་བྱ། །ཞེས་གསུངས་ཏེ། ཚུལ་ཇི་ལྟར་བསྟེན་ཞེ་ན། སྡོང་པོ་བཀོད་པའི་མདོ་ལས། ཁུར་ཐམས་ཅད་ཁུར་བས་མི་སྐྱོ་བ་ས་ལྟ་བུའི་སེམས་དང་། དབྱེན་གྱིས་མི་ཕྱེད་པ་རྡོ་རྗེ་ལྟ་བུའི་སེམས་དང་། སྡུག་བསྔལ་གྱིས་མི་བསྐྱོད་པ་འཁོར་ཡུག་ལྟ་བུའི་སེམས་དང་། ཅི་བསྒོ་བའི་ལས་ཐམས་ཅད་བྱེད་པ་བྲན་ལྟ་བུའི་སེམས་དང་། ཆེ་བའི་ང་རྒྱལ་རྣམ་པར་སྤངས་པ་ཕྱགས་དར་པ་ལྟ་བུའི་སེམས་དང་། ཁུར་ལྕི་བ་ཁུར་བས་ཐེག་པ་གླང་པོ་ཆེ་ལྟ་བུའི་སེམས་དང་། བདག་པོ་ལ་མི་ཁྲོ་བ་ཁྱི་ལྟ་བུའི་སེམས་དང་། འགྲོ་འོང་གིས་མི་སྐྱོ་བ་གྲུ་ལྟ་བུའི་སེམས་དང་། ཉོན་མོངས་པའམ་དཀའ་བས་མི་སྐྱོ་བ་མ་ལྟ་བུའི་སེམས་དང་། མི་བསྲུན་པ་སྤངས་པ་རྟ་ཅང་ཤེས་ལྟ་བུའི་སེམས་དང་། རྐྱེན་གྱིས་མི་བསྒུལ་བ་རི་བོ་ལྟ་བུའི་སེམས་དང་། ཆེ་གྲགས་མེད་པས་གདོལ་པའི་བུ་ལྟ་བུའི་སེམས་དང་། དྲེགས་པ་མེད་པས་ཁྱུ་མཆོག་རྭ་བཅད་པ་ལྟ་བུ་དང་། དེའི་ངོར་དགའ་ཞིང་དད་པའི་གདུང་བས་བལྟ་བས་བུ་གཅེས་པ་ལ་བརྩེ་བས་ལྟ་བ་ལྟ་བུ་དང་། ངག་གི་ཤིན་སྦྱངས་ཐོབ་པ་ངག་ཚིག་ལ་སྐྱོན་མེད་པ་གྱུར་བས་ཐམས་ཅད་ཀྱི་རྣ་རུ་སྙན་ཞིང་ཡིད་དུ་འབབ་པ་མཐར་ཕྱིན་པས་ཟམ་པ་ཀུན་ལ་འཕྲོད་ཅིང་དང་དུ་ལེན་པ་ཡིན་པ་ལྟ་བུ་བླ་མ་དམ་པ་བསྟེན་པའི་སློབ་མ་དེ་ངག་བརླང་ཚིག་ཏུ་སྨྲ་བ་མིན་པ་དང་། རློམ་སེམས་མེད་པས་འཕྱན་བུའམ་ལྡོམ་པོ་བྱེས་ན་འཁྱམས་པ་ལྟ་བུའི་རློམ་སེམས་དང་ཆེ་གྲགས་མེད་པ་དང་། ཆོས་ཀྱི་རྒྱལ་པོའི་བཀའ་ལས་མི་འདའ་བས་རྒྱལ་བུ་གཞོན་ནུ་ལྟ་བུའི་སེམས་ཀྱིས་བསྙེན་བཀུར་བྱའོ། །ཞེས་པའི་ཚུལ་གྱིས་བཀའ་ལས་མི་འདའ་བར་སྲི་ཞུ་བྱའོ། །གཞན་ཡང་ད་ལྟར་གྱི་སངས་རྒྱས་མངོན་སུམ་པའི་ཏིང་ངེ་འཛིན་ལས་ཀྱང་། དགེ་བའི་བཤེས་གཉེན་ནི་རྙེད་པར་དཀའ་བས་མཁན་པོ་དང་སློབ་དཔོན་ལ་བཀུར་སྟི་སྤྲོ་བར་བྱའོ། །སུ་ལས་ཆོས་ཐོས་པ་དང་། གླེགས་བམ་བྲི་བར་ཞུས་པ་དེ་ལ་ངེས་པར་སྟོན་པའི་འདུ་ཤེས་དང་། དགེ་བའི་བཤེས་གཉེན་གྱི་འདུ་ཤེས་བསྐྱེད་དེ། ཆོས་དེ་དང་། རྫོགས་པའི་བྱང་ཆུབ་སྨིན་པར་བྱ་བའི་ཕྱིར། དེ་ལ་ལྷག་པར་དགའ་བ་དང་གུས་པ་བསྐྱེད་དོ་ཞེས་པ་དང་། ཆོས་བཅུ་པའི་མདོ་ལས་ཀྱང་། ཆོས་འཛིན་པ་ལ་གུས་པ་དང་བཅས་ནས་ཞུས་པས་སྣང་བའི་འདུ་ཤེས་བསྐྱེད་དོ། །དེ་ལ་སྟོན་པའི་འདུ་ཤེས་བསྐྱེད་དོ། །དགེ་བའི་བཤེས་གཉེན་གྱི་འདུ་ཤེས་བསྐྱེད་དོ། །སྲིད་པའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པའི་འདུ་ཤེས་བསྐྱེད་དོ། །བདག་འཁོར་བར་འཁྱམས་པ་འཚོལ་བར་བྱེད་པའི་འདུ་ཤེས་བསྐྱེད་དོ། །གཏི་མུག་གི་གཉིད་ལས་སད་པར་བྱེད་པའི་འདུ་ཤེས་བསྐྱེད་དོ། །བདག་འཁོར་བའི་འདམ་དུ་བྱིང་བ་ལས་འབྱིན་པར་བྱེད་པའི་འདུ་ཤེས་བསྐྱེད་དོ། །ལམ་ངན་པར་ཞུགས་པ་ལས་བཟང་པོར་སྟོན་པར་བྱེད་པའི་འདུ་ཤེས་བསྐྱེད་དོ། །སྲིད་པའི་བཙོན་རར་བཅིངས་པ་ལས་གྲོལ་བར་བྱེད་པའི་འདུ་ཤེས་བསྐྱེད་དོ། །ཡུན་རིང་པོར་ནད་ཀྱིས་གདུངས་པ་ལས་སྨན་པའི་འདུ་ཤེས་བསྐྱེད་དོ། །ཉོན་མོངས་པའི་མེ་འབར་བ་ལས་ཞི་བར་བྱེད་པའི་ཆར་སྤྲིན་གྱི་འདུ་ཤེས་བསྐྱེད་དོ་ཞེས་པ་དང་། འཕགས་པ་རྟག་ཏུ་ངུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་ཆེད་དུ་བྱང་ཆུབ་སེམས་དཔའ་ཆོས་འཕགས་འཚོལ་བའི་དུས་སུ་ཡིད་ཆད་ནས་གར་འགྲོ་འདིར་འགྲོ་མེད་པའི་དུས་སུ་ནམ་མཁའ་ལས་གཟུགས་མེད་པའི་སྒྲ་གྲག་པ་ཐོས་པ་ལས་ཀྱང་། གང་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པ་དེ་ལ་སངས་རྒྱས་ཀྱི་འདུ་ཤེས་ཀྱིས་བྱས་པ་བཟོ་བར་བྱ་སྟེ། བདག་གིས་འདི་ལས་ཆོས་ཐོས་པས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །སངས་རྒྱས་ལ་བསྙེན་པས་དེའི་ཞིང་དུ་སྐྱེ་བར་འགྱུར་རོ། །མི་ཁོམ་པའི་གནས་རྣམས་ཡོངས་སུ་སྤོང་བར་འགྱུར། དལ་བ་ཕུན་སུམ་ཚོགས་པ་ཡོངས་སུ་ཐོབ་པར་འགྱུར་རོ་ཞེས་ཆོས་སྨྲ་བ་ལ་སྟོན་པའི་འདུ་ཤེས་བསྐྱེད་དོ་ཞེས་པའི་ཚུལ་གྱིས་བསྟེན་ནོ། །གཉིས་པ།

གུས་པར་བྱ་དགོས་པའི་རྒྱུ་མཚན་དཔེས་བསྟན་པ།

གཞན་ཡང་དཔེ་དུ་མ་ལ་བསམས་ནས་ཀྱང་བསྟེན་པར་གདམས་ཏེ། དཀའ་ཐུབ་དཔུང་གཉེན་དཔའ་བོ་རྒྱལ་པོ་དང་། །སློབ་དཔོན་སྨན་པ་ཕན་འདོགས་གྲོགས་ཀྱི་དཔེས། །དགེ་བའི་བཤེས་གཉེན་བསྟེན་ལ་བརྩོན་པར་བྱ། །དེས་ནི་འདི་ཕྱིར་བདེ་ལེགས་ཆོས་འགྲུབ་བོ། །ཞེས་གསུངས་ཏེ། དུས་རྟག་ཏུ་གཡེལ་བ་མེད་པར་གཅེས་སྤྲས་དང་མོས་གུས་ཀྱིས་བསྟེན་པའི་གདམས་ངག་ནི། ཕྱི་རོལ་པས་དོན་མེད་པའི་དཀའ་ཐུབ་མེ་ལྔ་བསྟེན་པ་ལ་སོགས་པ་ལའང་འབད་པ་དྲག་པོ་བྱེད་ན། བདག་གིས་དོན་ཡོད་པ་བདེ་བ་ནས་བདེ་བར་འཁྲིད་པར་བྱེད་པའི་བླ་མ་ལ་མོས་གུས་དང་། བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་པ་དང་། འཇིག་རྟེན་པ་རྣམས་ཚེ་འདིའི་མགོན་སྐྱབས་དཔུང་གཉེན་འཇིགས་སྐྱོབ་ཙམ་གྱི་དོན་དུ་རྗེ་དཔོན་ལ་སོགས་པ་བཀུར་ཞིང་མཆོད་ན། བདག་གིས་ཚེ་རབས་གཏན་དུ་འཁོར་བའི་སྡུག་བསྔལ་ཐམས་ཅད་སྐྱོབ་པའི་སྐྱབས་གཅིག་ཆོག་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་བླ་མ་ལ་ཅིའི་ཕྱིར་མི་མཆོད་སྙམ་པ་དང་། དར་ཅིག་གི་འཇིགས་པས་སྐྲག་པ་རྣམས་འཇིགས་སྐྱོབ་ཀྱི་ཆེད་དུ་དཔའ་བོ་བསྟེན་ན། བདག་གིས་གཏན་གྱི་འཁོར་བ་དང་ངན་སོང་ལས་ཐར་པར་བྱེད་པའི་བླ་མ་ཅིའི་ཕྱིར་མི་བསྟེན་སྙམ་པ་དང་། རྒྱལ་པོ་དང་བློན་པོ་དཔོན་རིགས་ལས་སྣེ་སོགས་ལའང་རིན་པོ་ཆེ་དང་། རོལ་མོ་དང་གདུགས་དར་ཟབ་གསེར་དངུལ་རྒྱན་ཆ་ཡོ་བྱད་ལ་སོགས་པས་མཆོད་ནས་རྔན་པ་སྦྱིན་དགོས་པ་ཡིན་ན། བདག་གིས་ཡུན་གྱི་དོན་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་སྟེར་བའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་པ་དང་། བཟོ་གསོ་ལ་སོགས་པ་འཇིག་རྟེན་གྱི་རིག་པ་ཕྲན་ཚེགས་དག་སློབ་པའི་སློབ་དཔོན་ལའང་བསྙེན་བཀུར་བྱེད་ན། སེམས་ཅན་ལ་སངས་རྒྱས་སྒྲུབ་པ་སྟོན་པའམ་སངས་རྒྱས་སུ་སྒྱུར་བ་བྱེད་པའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་པ་དང་། འབྱུང་ཁམས་ཀྱི་འདུ་བ་སྙོམས་པར་བྱེད་པའི་སྨན་པའང་མཆོད་ན། དུག་ལྔའི་གཅོང་ནད་འདོན་པའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་པ་དང་། ཉིན་རེའི་འཇིགས་པ་སྐྱོབ་པའི་སྐྱེལ་མ་ལའང་གཅེས་སྤྲས་ཀྱིས་མཆོད་ན། བདུད་བཞིའི་དགྲ་ལས་སྐྱོབ་པའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་པ་དང་། ཟས་གོས་དང་ནོར་ལ་སོགས་པའི་ཆས་ཅུང་ཟད་ཕན་འདོགས་པ་དེ་དག་གི་ཕྱིར་སྲོག་ཀྱང་གཏོང་བར་ནུས་ན། དགོས་འདོད་ཀྱི་ནོར་བུ་སྟེར་བའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་པ་དང་། དར་ཅིག་འགྲོགས་པའི་གྲོགས་ལའང་དགའ་བས་མཆོད་ན། གཏན་གྱི་གྲོགས་མཆོག་དམ་པའི་ཆོས་ཟབ་མོ་རང་ངོ་སྤྲོད་པའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་པ་དང་། ཚེ་འདིར་བརྩེ་བའི་འདུན་གྲོས་བསླབ་པ་ལའང་གཅེས་སྤྲས་བྱེད་ན། གཏན་གྱི་སྐྱིད་འདུན་འཆོས་པའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་པ་ལ་སོགས་པས་བླ་མ་བསྟེན་པ་ལ་དགའ་བ་དང་། དཔེ་དང་། རྣམ་གྲངས་མང་པོ་བལྟས་ལ་མོས་གུས་དང་བསྙེན་བཀུར་བྱའོ། །དེ་ལྟར་བྱས་པའི་ཕན་ཡོན་ཅི་ཞེ་ན། དེས་ནི་རྒྱུ་འབྲས་ཀྱི་རྣམ་བཞག་སླུ་བ་མེད་པ་ཡིན་པས་ཆེ་བའི་ཡོན་ཏན་གཞན་གྱིས་བསྟོད་ཅིང་བཀུར་བ་དང་། ཚེ་རིང་ནད་མེད་འབྱོར་བས་མཐོ་བ་དང་། གང་འདོད་པ་འགྲུབ་ཅིང་། འཆི་དུས་གནད་གཅོད་མེད་པར་བདེ་བར་ཚེའི་དུས་བྱེད། ཤི་ནས་བར་དོའི་འཁྲུལ་སྣང་གི་འཇིགས་པ་ལས་སྐྱོབ། ཚེ་ཕྱི་མ་ལ་སངས་རྒྱས་དངོས་སུ་བཞུགས་པའི་བདེ་བ་ཅན་ལ་སོགས་པའི་དག་པའི་ཞིང་ཁམས་དག་པར་པདྨའི་སྟེང་དུ་བརྫུས་ཏེ་སྐྱེས་ནས་བྱང་ཆུབ་འགྲུབ་པ་ལ་སོགས་པའི་ཡོན་ཏན་ཐོབ་བོ། །གཉིས་པ་མཉེས་པས་བསྟེན་པར་བྱ་བ་ལ། ཟང་ཟིང་། སྤྱོད་ལམ་གྱིས། སྒྲུབ་པས་མཉེས་པར་བྱ་བ་གསུམ། དང་པོ།

ཟང་ཟིང་གིས་མཉེས་པར་བྱ་བ།

གོང་དུ་བཤད་པ་དེ་ལྟར་བསམས་ཏེ་ལུས་ངག་ཡིད་གསུམ་གྱིས་མཉེས་པར་བྱ་བ་ཇི་ལྟ་བ་བཞིན་དུ། རང་ལ་བདོག་པས་ཉེ་བར་མཉེས་བྱ་སྟེ། །ཆོས་ཀྱི་ཡོན་ནི་གཞལ་དུ་མེད་པའི་ཕྱིར། །ཚོགས་རྫོགས་བར་ཆད་ཞི་ཞིང་དཔལ་འབྱོར་ལྡན། །བྱང་ཆུབ་ཞི་བ་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། རང་ལ་བདོག་པའམ་ཡོད་པའི་ཡོ་བྱད་ཆུང་བ་ཞིག་ཕུལ་ན་ཆོག་སྙམ་པའི་བསྲི་བའི་སེམས་དང་། འདི་ཕུལ་བར་བྱས་ན་རང་ལ་མེད་པར་འགྱུར་འགྲོ་སྙམ་པའི་ཕོངས་སེམས་མེད་པས་མཆོད་ཅིང་། ཐུགས་མཉེས་པར་བྱ་བ་ཙམ་དུ་མ་ཟད། རང་གིས་ཕུལ་བས་མ་ཚད་གཞན་གྱི་མདུན་དུའང་ཕུལ་བའི་ཡོན་ཏན་བརྗོད་ལ་འབུལ་དུ་གཞུག་གོ །དེ་ཡང་བླ་མ་དེ་གང་ལ་མཉེས་པའི་ཡོ་བྱད་དེ་བཞེད་མ་ཐག་བསྲི་བ་ཉུང་ངུར་འཕྲི་བ་དང་ཕོངས་པ་སེར་སྣ་ཤོར་བ་མེད་པར་འབུལ་ལ། དངོས་པོ་གཉིས་འདམ་ཀ་ཡོད་ན་བཟང་ཤོས་དེ་བླ་མ་ལ་འབུལ་ལོ། །བླ་མ་དམ་པ་དེ་ལ་སྐུ་དྲིན་དང་ཆོས་ཀྱི་ཡོན་དུ་ཡོ་བྱད་ཕུལ་བས་ཡོན་ཏན་གྱི་ཚོགས་མང་དུ་ཐོབ་བོ། །ཆོས་ཀྱི་ཚིག་འབྲུ་རེའི་ཡོན་བསྐལ་པ་རེའི་བསྙེན་བཀུར་བྱས་པས་མི་རྫོགས་ན་བླ་མ་ཉིད་ཀྱི་དྲིན་ལྟ་ཅི་སྨོས་ཏེ། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་གང་ཞིག་གིས་ལུང་ནོད་པ་དང་། ཁ་ཏོན་བྱ་བ་དོན་དུ་གཉེར་བས་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བྱང་ཆུབ་སེམས་དཔའི་ལམ་གྱི་ཚོགས་ལ་སོགས་པ་དང་ལྡན་པའི་ཚིགས་སུ་བཅད་པ་གཅིག་ལུང་མནོས་སམ་བླངས་པའི་སློབ་དཔོན་དེ་ལ་ཡི་གེའི་གྲངས་ཇི་སྙེད་ཡོད་པའི་བསྐལ་པར་རྙེད་པ་དང་། བཀུར་སྟི་དང་། མཆོད་པ་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཀྱང་། ད་དུང་སློབ་དཔོན་གྱི་གུས་པ་ཡང་མ་རྫོགས་ན་ཆོས་ཀྱི་གུས་པ་ལྟ་ཅི་སྨོས་ཞེས་སོ། །བཀའ་དྲིན་གྱི་ངོས་ནས་འབུལ་དགོས་པས་མ་ཚད་ཕུལ་བའི་ཕན་ཡོན་ཚད་མེད་པ་ཡང་། གསང་བ་བསམ་གྱིས་མི་ཁྱབ་པ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་གིས་ཤིན་ཏུ་གུས་པས་བླ་མ་ལ་བསྙེན་བཀུར་བྱའོ། །དེ་ལྟར་བྱས་ན་དགེ་བའི་ཆོས་ལས་བསམ་པ་དགེ་བ་དང་། དེ་བས་སྦྱོར་བ་དགེ་བར་འགྱུར་རོ་ཞེས་པ་དང་། སའི་སྙིང་པོའི་མདོ་ལས། བླ་མ་ལ་བསྙེན་བཀུར་བྱེད་པ་ནི་ཡོན་ཏན་གྱི་ཆོས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ། །དེས་ཡོངས་སུ་ཟིན་པས་གཏེར་བཅུ་ཡོངས་སུ་རྙེད་པར་འགྱུར་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དྲང་པོར་སྦྱོང་བའི་གཏེར་དང་། དེ་དེ་དག་ལ་ངེས་པར་སེམས་པའི་གཏེར་དང་། གཟུངས་ཀྱི་སྣང་བའི་གཏེར་དང་། སོ་སོ་ཡང་དག་པར་རིག་པ་བཞི་སྟོན་པའི་གཏེར་དང་། བརྗོད་དུ་མེད་པ་ལ་མཁས་པར་རྟོགས་པའི་གཏེར་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་མཐོང་བའི་གཏེར་དང་། ཆོས་ཐམས་ཅད་མཉམ་པ་ཉིད་བསྒྲུབ་པ་ལ་མཁས་པའི་གཏེར་དང་། སངས་རྒྱས་ཐམས་ཅད་མཐོང་བ་དང་མི་འབྲལ་བའི་གཏེར་དང་། སྒྱུ་མར་གྱུར་པའི་བསྐལ་པ་བསམ་གྱིས་མི་ཁྱབ་པར་གཞན་དོན་བསྒྲུབ་པ་ལ་མཁས་པའི་གཏེར་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དགའ་བ་དང་པོའི་གཏེར་རོ་ཞེས་པ་ལ་སོགས་པ་དང་། ལས་རྒྱུ་འབྲས་བསྟན་པའི་མདོ་ལས། གང་གིས་ཐེག་པ་ཆེན་པོའི་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་འཁོར་མང་པོ་ལ་ཡང་དག་པར་བསྒྲགས་ནས། སེམས་ཅན་གྱི་མིག་འབྱེད་པའི་ཆོས་སྨྲ་བ་གང་དག་ལ་སྦྱིན་པ་ཡོངས་སུ་བཏང་ན་རྣམ་པར་སྨིན་པའི་འབྲས་བུ་ཚད་མེད་པ་སྙེད་ཐོབ་པར་འགྱུར་རོ་ཞེས་སོ། །མདོར་བསྡུ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང་། རྐྱེན་ངན་པའི་བར་ཆོད་ཐམས་ཅད་ཞི་བ་དང་། དཔལ་དང་འབྱོར་པ་ཆེ་བ་དང་། མྱུར་དུ་སངས་རྒྱས་ཐོབ་པ་ནི། མཐོང་བ་དང་། མ་མཐོང་བའི་ཆོས་ཀྱི་ཡོན་ཏན་དེ་དག་ཐོབ་པ་ཡིན་ཏེ། ཀུན་མཁྱེན་ཀློང་ཆེན་པ་བདག་གིས་ཀྱང་ཚེ་ཟད་པ་ལས། བླ་མ་དམ་པ་ཀུ་མཱ་རཱ་ཛ་ལ་འཁོར་གསུམ་དག་པས་མཆོད་པའི་ཕན་ཡོན་གྱིས་ཕྱིར་ཡང་ཚེ་འཕེལ་ཏེ། ལོངས་སྤྱོད་ཀྱི་འདུ་བ་དང་ལྡན་པར་གྱུར་ཏོ། །བསོད་ནམས་བསགས་པ་ཐམས་ཅད་ཀྱི་ནང་ནས་བླ་མ་དམ་པ་ལ་འཁོར་གསུམ་ཡོངས་དག་གི་འབུལ་བ་ཕུལ་བའི་བསོད་ནམས་ལས་ཆེ་བ་ཡོད་པ་མིན་ཏེ། བླ་མ་དམ་པ་ནི་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་གཅིག་བསྡུས། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ལས་ཀྱང་ལྷག་པས། ཡུལ་གྱི་ཁྱད་པར་དུ་བྱས་པའི་དབང་གིས་བླ་མ་མཉེས་པར་བྱས་ན་ཚོགས་གཉིས་མཉམ་དུ་རྫོགས་པ་ཡིན་ནོ། །དེས་ན་ཚེ་འདི་ཉིད་དུ་ཚེ་ཟད་པའང་གསོ་ཐུབ་པ་དང་། རྐྱེན་དང་བར་ཆད་ཞི་བ་དང་། དཔལ་དང་འབྱོར་བ་ཆེ་ལ་སོགས་པའི་ཡིད་ཆེས་པའི་ཕན་ཡོན་དེ་འདྲ་ན། ཚེ་རབས་གཞན་དུ་ལྟ་ཅི་སྨོས། རང་བཞིན་དུའང་སྔོན་བསྐལ་པ་བཟང་ལྡན་གྱི་དུས་ན་རྣམ་རྟོག་ཤས་ཆུང་བས། དགེ་སྡིག་དལ་གྱིས་ཚེ་གཞན་དུ་འབྲས་བུ་སྨིན་པ་གཞི་ཆེ་ལ། དེང་སང་དུས་སྙིགས་མར་རྟོག་པ་རགས་པས་ཚེ་འདི་གར་ལས་ཀྱི་མཐོང་ཆོས་དངོས་སུ་སྨིན་ལ། ཡུལ་མཆོག་ལ་བྱས་པ་ལོ་ཟླ་བས་མ་ཆོད་པར་དངོས་སུ་སྨིན་པར་མདོ་སྡེ་དག་ལས་སྙིག་མའི་སྐབས་སུ་རྣམ་རྟོག་རགས་པས་ལས་སྨིན་སླ་བར་གསུངས་པ་བཞིན་རང་གཞན་ལ་དངོས་སུ་མཐོང་བས་ཡིད་ཆེས་སོ། །ཚོགས་བསགས་ཆུང་ངུར་བྱས་པའི། འབྲས་བུ་མཐོང་ཆོས་སུ་སྨིན་པ་གཏམ་རྒྱུད་དང་ལོ་རྒྱུས་ཀྱང་མང་པོ་ཡོད་པ་ལས་འདིར་གནའ་རྒྱ་གར་གྱི་ཁྱིམ་བདག་ཕྱུག་པོ་ཞིག་ལ། བུ་མེད་པས་ས་ཆ་དེའི་ཡུལ་སྲོལ་ལྟར་དུ། སྡེ་དྲུག་གི་སྟོན་པ་ལ་ཆོས་སྟོན་བྱས་པས། བུ་ཞིག་བྱུང་བར་དེའི་མིང་ལ་ལེགས་འོངས་ཞེས་བཏགས། བུ་ནར་སོན་དུས་ཕ་མ་ཤི་ནས་དྭ་ཕྲུག་ཏུ་ལུས་ཤིང་། དེ་མདོ་མེད་སྤྱོད་ངན་ཅན་ཞིག་ཏུ་གྱུར་ནས། གྲོགས་བཟང་པོ་ཁ་ཏ་བྱེད་མཁན་ཙམ་ཡང་མ་རྙེད་ནས། རྒྱུ་ནོར་ཅི་ཡང་མེད་པའི་སྤྲང་པོར་གྱུར། དེའི་ཚེ་ཐམས་ཅད་ཀྱི་མིག་ལ་གཟན་ནས། མིང་ལ་ལེགས་འོངས་ཞེས་མི་བརྗོད་པར་ཉེས་འོངས་ཞེས་བཏགས། དེའི་སྐབས་སྔར་གྱི་ཁྱིམ་བདག་ཕྱུག་པོའི་ཁྱིམ་གྱི་གཡོག་མོ་སེམས་བཟང་ཞིག་ཡོད་པ་དེས། རྒྱུ་མེད་ཀྱང་སེམས་ཀྱིས་མ་བཟོད་ནས་ཤིང་བཏུས་པའི་གླ་ཆས་ཉེས་འོངས་གསོས་ཀྱང་། ཉེས་འོངས་ནི་གཤིས་ངན་སྤྱོད་རྩུབ་ཅིག་ཡིན་ཕྱིར་གཡོག་མོ་དེ་རྒྱུན་དུ་ཉེས་རྡུང་བྱས་པས། ནམ་ཞིག་གཡོག་མོ་སེམས་སུན་ནས། ངས་འབད་པས་དཀའ་སྡུག་འདི་ལྟར་མྱོངས་ནས་ཁྱོད་གསོས་ཀྱང་། ཁྱོད་ང་ལ་འདི་ཙམ་སྡང་ན། འུ་གཉིས་ལྷན་དུ་གནས་ཐབས་མི་འདུག ཁྱོད་རང་འདི་ནས་གྲོང་ཁྱེར་མཉན་ཡོད་ན། ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་བཅས་བཞུགས་ཡོད་པ་དེར་སོང་ནས་རབ་ཏུ་བྱུང་ན་ལེགས་ཞེས། གོས་མཐར་དངུལ་པ་ཎ་ཆུང་ངུ་ཞིག་བཏགས་ནས་བཏང་ངོ། །ཁྱེའུ་ཉེས་འོངས་མཉན་ཡོད་དུ་ཕྱིན། ཤཱ་རིའི་བུ་དང་འཕྲད་པས། ཁོ་བོ་རབ་ཏུ་བྱུང་ཞེས་ཞུས་པར། རབ་ཏུ་བྱུང་མཁན་ནི་སྔར་ཚོགས་བསགས་བསོད་ནམས་ཅན་ཞིག་ཡིན་དགོས་པས། ཤཱ་རིའི་བུས་མཉམ་པར་བཞག་ནས་ཏིང་ངེ་འཛིན་གྱིས་གཟིགས་ཚེ་། ཉེས་འོངས་ཀྱིས་ཚོགས་བསགས་པ་མ་གཟིགས་ནས། རབ་ཏུ་བྱུང་བར་མ་གནང་། །བཅོམ་ལྡན་འདས་ཀྱི་མདུན་དུ་ཕྱིན་པར། ཁྱོད་ཀྱིས་གོས་མཐའི་དངུལ་པ་ཎ་དེས་མེ་ཏོག་ཉོས་ནས་དགེ་འདུན་ལ་ཕུལ་དང་། ཚོགས་བསགས་དེར་བརྟེན་ནས་རབ་ཏུ་བྱུང་ཐུབ་ཅེས་གསུངས་པས། ཉེས་འོངས་ཀྱིས་བཅོམ་ལྡན་འདས་ཀྱི་གསུང་བཞིན་མེ་ཏོག་ཨུཏྤལ་ཁ་ཤས་ཉོས་ནས་ཕྱིན་པར། བཅོམ་ལྡན་འདས་ཀྱིས་དགེ་འདུན་རྣམས་ལ་ཉེས་འོངས་ཀྱིས་ཚོགས་རྫོགས་པའི་ཆེད་དུ་མེ་ཏོག་བཞེས་མཛོད་ཅེས་པས་དེ་རྣམས་ཀྱིས་ཀྱང་དེ་བཞིན་བཞེས་ཚེ། ཉེས་འོངས་ཀྱིས་ཚོགས་རྫོགས་མ་ཐག་ཏུ། བཅོམ་ལྡན་འདས་ཀྱིས་དགེ་སློང་འོངས་བར་ལེགས་སོ་ཞེས་པའི་ཚིག་ཙམ་གྱིས་དགེ་སློང་གྱུར་ནས་དགྲ་བཅོམ་པར་ཐོབ་པ་ཡིན། དངུལ་པ་ཎ་ཞིག་གི་ཚོགས་བསགས་ཀྱིས། ཞིང་དག་སྟོབས་ཀྱིས་དེ་ལྟ་བུའི་ཡོན་ཏན་ཆེན་པོ་བརྙེས་ནས་འཁོར་བའི་གནས་ལས་ཐར་བ་ཡིན། ཡང་ཁྱིམ་བདག་དཔལ་སྐྱེས་ཞེས་པའི་མི་སེར་སྣ་ཅན་ཞིག་ཡོད་ཅིང་། ཁྱིམ་བདག་དེ་ལོ་བརྒྱད་ཅུའི་ནང་དུ་ཐོན་པའི་སྐབས་ཤིག་ཏུ། ཆུང་མ་རྒན་མོ་ཤི་བས་བུ་ལྔ་ཡོད་པར་དེ་རྣམས་ཀྱི་གོ་ཁར་ལྷུང་ནས། བུ་ལྔ་ལ་མནའ་མ་ལྔ་ཡོད་པ་དེ་རྣམས་ཀྱིས་རེས་བྱས་ནས་གསོ་རྒྱུར་བྱས་པར། མནའ་མ་རྣམས་ཀྱིས་རྒད་པོ་ལ་ཟས་མནར་བྱས་ནས། ཟས་ཞིམ་པོ་དང་ཡག་པ་རང་རང་ཚོས་ཟོས་ཞིང་། རྒད་པོ་ལ་ཟས་བཅུད་མེད་དང་ལྷག་མ་འབའ་ཞིག་བྱིན། ཁྱིམ་བདག་རྒད་པོ་སེར་སྣ་ཆེ་བས། མི་ལ་སྦྱིན་མ་ནུས། རང་གིས་སྤྱོད་མ་ཕོད་པར་བསགས་པའི་རྒྱུ་ནོར་མང་པོ་ཡོད་པས། བུ་རྣམས་ཀྱིས་མནའ་མ་རྣམས་ལ། ཁྱིམ་བདག་ཨ་ཕ་ཁོ་རང་ལ་རྒྱུ་ཡོད་པས། ཟ་མ་ཡག་པ་རེ་བྱིན་ཞེས་བགོས་ཀྱང་། མ་ཉན་པར་ཟ་མ་བཙོ་སའི་སྣོད་ཀྱི་ནང་དུ་ཆོད་བྱས་ནས། ཕྱི་ནས་བལྟས་ན་སྣོད་གཅིག་གི་ནང་དུ་ཟས་བཟང་ངན་ཅི་ལ་ཡོད་བསམ་སྤྱད། དོན་དུ་བཟང་ངན་གཉིས་ཡོད་པར། རྒད་པོ་ལ་མུ་མཐུད་ནས་ཟས་ངན་པ་འབའ་ཞིག་བྱིན་པས་རྒད་པོས་ལྟོགས་སྡུག་མྱངས་ནས། བུ་རྣམས་ལ་མནའ་མས་ང་ལ་ཟས་ཡག་པ་ཞིག་གཏན་ནས་སྦྱིན་མི་འདུག་པས། ང་ལ་ཟས་ཡག་པ་རེ་སྦྱིན་དགོས་ཞེས་པས། བུ་རྣམས་ཀྱིས་མནའ་མ་རྣམས་ལ་སྔར་ལྟར་བཤད་ཚེ། རྒད་པོ་རང་བཅོས་ནས་བཅོས་གཏམ་བཤད་པ་ཡིན་གྱི། སྣོད་ཕྲུ་བ་གཅིག་གི་ནང་དུ་ཟས་བཟང་ངན་གཉིས་ཡོད་ལུགས་ཡོད་དམ་ཞེས་པས། བུ་རྣམས་ཀྱིས་ཨ་ཕ་སྣོད་གཅིག་གི་ནང་དུ་ཟས་བཟང་ངན་གཉིས་ཡོང་དོན་མི་འདུག ཁྱོད་རང་སེམས་བདེ་མོ་བྱོས་ཞེས་སོ། ཁྱིམ་བདག་རྒད་པོ་ཤ་ཇེ་ངན། མདོག་ཇེ་སྡུག་ཏུ་གྱུར། མཐར་གཏན་ནས་བཟོད་མ་ཐུབ་ནས་སུ་ཡང་མེད་སྐབས་ཤིག་ཏུ། སྣོད་དུ་ལག་བརྙབས་བྱས་པས། ཕྲུ་བའི་ནང་ཆོད་བརྒྱབ་ཡོད་པར་ཤེས་རྗེས། ཁྱིམ་བདག་སེམས་སྡུག བསམ་པ་ཕམ། ཡིད་མུག་ནས། འདུག་པའི་གནས་མེད་པར། ས་འཁྱམས་རྡོ་འཁྱམས་སུ་ལས་ཤིག་ཡོད་ན་ལམ་ཞིག་ཡོད་ཅེས་པ་ནང་བཞིན་གནས་ངེས་མེད་དུ་འཁྱམས་ནས། སོང་སོང་བའི་མཐར། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཡོད་ཕྱོགས་སུ་ཐོན་ནས་ཤཱ་རིའི་བུ། མོའུ་འགལ་གྱི་བུ། འོད་སྲུངས་རྣམས་དང་འཕྲད་པས། དེ་རྣམས་ལ་རེ་རེ་བཞིན་དུ་ཁོ་བོ་རབ་ཏུ་བྱུང་རོགས་ཞུས་པས། དེ་རྣམས་ཀྱིས་ཏིང་ངེ་འཛིན་གྱི་མངོན་ཤེས་ཀྱིས་གཟིགས་ཀྱང་། ཁོས་ཚོགས་བསགས་ཡོད་པ་མ་གཟིགས་ནས། རབ་ཏུ་འབྱུང་བར་མ་གནང་། ཁྱིམ་བདག་གིས་བསམས་པར་འདི་ནས་རབ་ཏུ་བྱུང་བའི་སྐལ་བ་ནི་མ་ལྡན། ཕྱིར་ཁྱིམ་དུ་སོང་ན་མནའ་མ་རྣམས་ཀྱིས་མུ་གེར་འཆིར་འཇུག་ལ། མི་ཚེར་བསགས་པའི་རྒྱུ་ནོར་རྣམས་གཞན་གྱིས་སྤྱོད་ནས་ཕན་ཐོགས་མེད་པ་ནི་འདིའོ། །ད་ནི་འཆིར་བཅུག་བསམས་ནས་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བའི་སྒོ་ཐེམ་གྱིས་སྔས་མགོ་བྱས་ནས་ཉིན་གསུམ་དུ་ཟས་བཅད་ནས་བསྡད་དོ། །ཞག་གསུམ་གྱི་རྗེས་བཅོམ་ལྡན་འདས་ཀྱིས་ཐུགས་རྗེས་གཟིགས་ནས། ཀུན་དགའ་བོ་ལ་མཁྱེན་བཞིན་དུ་རྒྱུ་མཚན་དྲིས་ཚེ། ཀུན་དགའ་བོས་བྱུང་རིམ་གྱི་ལོ་རྒྱུས་རྣམས་ཞུས་པས། ངའི་མདུན་དུ་ཁྲིད་ཤོག་ཅེས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཁྲིད་དོ། ཁྱིམ་བདག་དཔལ་སྐྱེས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཐོན་མ་ཐག་ཏུ་དགེ་སློང་ལེགས་པར་འོངས་སམ་ཞེས་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཏོ། །འཁོར་རྣམས་ངོ་མཚར་སྐྱེས། མི་འདི་སེར་སྣ་ཆེ་བ་། བསོད་ནམས་ཀྱི་ས་བོན་མེད་པར་འདི་ལྟར་འགྱུར་བ་རྒྱུ་ཅི་ལགས་ཞེས་ཞུས་པར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ངས་ནི་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཡིན་པས་ས་དང་གསེག་མའི་ནང་དུ་ནོར་བུ་ཕྲ་མོ་ཡོད་པ་ལྟར་དུ་ཉོན་མོངས་གདུག་པའི་ནང་དུ་ས་བོན་ཕྲ་མོ་ཡོད་པའང་ཤེས་པ་ཡིན། ཁྱིམ་བདག་དཔལ་སྐྱེས་ཀྱི་དུས་ཡུན་ཤིན་ཏུ་རིང་བའི་སྐྱེ་བ་སྔོན་མ་ཞིག་ཏུ། རྒྱལ་པོ་ཞིག་གི་ཤིང་ཐུན་པ་རུ་སྐྱེ་བ་བླངས། ཤིང་ཐུན་པ་དེས་སངས་རྒྱས་གྲོང་ཁྱེར་དུ་འབྱོན་པའི་སྐད་ཐོས་པར་དགའ་ནས་སངས་རྒྱས་ལ་དད་པས་མཇལ་བར་ཡོང་བའི་ལམ་དུ་སྟག་མོ་བུ་ཁྲིད་ཅིག་དང་ཐུག་ནས་སྟག་གིས་བཟས་ཤིང་། མི་དེ་ཤི་ཁར་སངས་རྒྱས་ལ་དམིགས་བཞིན་སངས་རྒྱས་ཞེས་སྐད་འབོད་བཞིན་ཤི་བས། དེའི་བསོད་ནམས་ཀྱི་ས་བོན་ཕྲ་བ་དེ་ཡོད་པ་ངས་མཁྱེན་པ་ཡིན་པས། དེས་ཕྱིར་རབ་ཏུ་བྱུང་ནས་ཚུར་ཤོག་གིས་བསྙེན་པར་རྫོགས་པར་ཡིན་ཅེས་གསུངས་སོ། །སྐྱེ་བ་ཡར་སྔོན་གྱི་ཡར་སྔོན་དགྲ་བཅོམ་པ་རྣམས་ཀྱི་མངོན་ཤེས་ཀྱིས་མི་ཁེབས་པའི་སྔ་རོལ་ཞིག་ཏུ་དད་སེམས་སྐད་ཅིག་ཙམ་སྐྱེས་པའི་ལས་དེ་ཚོགས་ཤིང་དུས་ལ་བབ་ཚེ། འབྲས་བུ་སྨིན་ནས་སངས་རྒྱས་ཤཱཀྱ་ཐུབ་པས་རྗེས་སུ་བཟུང་ནས་བསྟན་ལ་ཞུགས་པས་མ་ཚད་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་པ་ཡིན། ཚོགས་བསགས་པའི་འབྲས་བུ་དེ་ལྟར་བྱས་ནས་ཐོབ་ཏུ་ཡོད་པའོ། །ཡུལ་མཆོག་བླ་མ་དང་། མཁན་པོ་དང་། སློབ་དཔོན་དང་། ནད་པ་དང་། ཆོས་སྨྲ་བ་དང་། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་འཕགས་པ་དང་། ཕ་མ་སྟེ། དེ་རྣམས་ལ་བྱས་པའི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་གཉིས་ཀ་སྟོབས་ཆེའོ། །མཛོད་ལས། འཕགས་པ་མིན་ཀྱང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པར་གསུངས། །ཞེས་ཀྱང་འདོན་ཏེ། དེས་ན་ཡོན་ཏན་ཚད་མེད་པ་ཉིད་རྒྱུད་སྡེར་ཞིབ་ཏུ་གསུངས་པ་ཡང་། མེ་ལྕེ་ཕྲེང་བའི་རྒྱུད་ལས། གལ་ཏེ་རྣལ་འབྱོར་བློ་ལྡན་གྱིས། །རང་ཟས་གོས་ལ་གྱོང་བསྐུར་ནས། །བླ་མ་རྡོ་རྗེ་མཆོད་པ་ནི། །ཞིང་གི་འཁོར་ཡུག་རྒྱལ་ཁམས་ན། །དགེ་སློང་དཔག་ཏུ་མེད་པ་ལ། །སྟོན་མོ་ལན་སྟོང་བྱས་པ་བས། །ཟས་སམ་ཡང་ན་གོས་ཀྱང་རུང་། །བླ་མ་ལན་གཅིག་མཆོད་པ་བས། །བསོད་ནམས་བརྒྱ་ཕྲག་བརྗོད་མི་རྫོགས། །ཞེས་པ་དང་། རྡོ་རྗེ་རོ་ལངས་ཀྱི་རྒྱུད་ལས། གང་གིས་བླ་མ་རྡོ་རྗེ་འཆང་། །བཟའ་བཏུང་ཕུད་ཀྱིས་རྟག་ཏུ་མཆོད། །འདིར་ཡང་བཟའ་བཏུང་འཕེལ་བ་དང་། །འཁོར་ལོ་སྒྱུར་རྒྱལ་ཐོབ་པར་འགྱུར། །ཞེས་པ་དང་། རྡོ་རྗེ་བེ་ཅོན་གྱི་རྒྱུད་ལས། བློ་དང་ལྡན་པ་སུ་ཞིག་གིས། །བླ་མའི་མདུན་དུ་ཚོགས་གཏོར་ལ། །གཏན་དུ་ཆོ་ག་རྫོགས་བྱས་ན། །ལོངས་སྤྱོད་ལྡན་དང་ཚོགས་རྫོགས་དང་། །རང་གཞན་བར་ཆད་ཀུན་སེལ་ཞིང་། །འཕོས་ནས་གསང་བདག་འཁོར་དུ་སྐྱེ། །ཞེས་པ་དང་། དགོངས་འདུས་ལས། ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །མཚན་ཉིད་བཟང་ལྡན་བླ་མ་ལ། །བཀུར་ནས་རིམ་གྲོ་ཆེར་བྱས་པས། །འཁོར་བའི་རྒྱ་མཚོ་བརྒལ་བར་འགྱུར། །དཔེར་ན་ཞིང་རབ་གཤིན་པོ་ལ། །ས་བོན་བཏབ་ན་རྒྱས་འཕེལ་བཞིན། །ཞེས་པ་དང་། གསང་འདུས་ལས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོད་པ་བས། བླ་མའི་བ་སྤུའི་ཁུང་བུ་གཅིག་མཆོད་པ་བསོད་ནམས་ཆེའོ་ཞེས་པ་དང་། དཔལ་འབྱུང་བའི་མདོ་ལས། དགེ་བའི་བཤེས་གཉེན་མགུ་བར་བྱས་ན་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་བོ་ཞེས་པ་དང་། བཀོད་པ་ཆེན་པོ་ལས། རྟ་དང་གླང་པོ་ནོར་གྱི་དབྱིག །རྒྱལ་སྲིད་བུ་དང་ཆུང་མ་དང་། །གསེར་དངུལ་ཟངས་ལྕགས་རིན་པོ་ཆེ། །བཟའ་བཅའ་དགའ་སྟོན་ན་བཟའ་དང་། །སྙིང་པོ་སྨན་འབྲུ་མེ་ཏོག་དང་། །ཆོས་དང་ཟང་ཟིང་ལོངས་སྤྱོད་རྣམས། །བླ་མ་མཉེས་ཕྱིར་ཡོན་དུ་འབུལ། །དེས་ནི་དངོས་གྲུབ་མ་ལུས་པ། །ད་ལྟ་ཉིད་དུ་ཐོགས་མེད་འགྲུབ། །གལ་ཏེ་དེ་ལྟར་མ་འབྱོར་ན། །ཡིད་ལས་བྱུང་བའི་མཆོད་པའི་ཚོགས། །རང་གི་ལོ་གྲངས་ཙམ་ཕུལ་ན། །འདིས་ཀྱང་བསོད་ནམས་སྔར་དང་མཚུངས། །ཞེས་པ་དང་། བླ་མ་དམ་པ་མཆོད་ན་བསོད་ནམས་ཆེ་བས་མ་ཚད། བླ་མའི་བ་སྤུ་ཁུང་བུ་གཅིག་ལ་མཆོད་པ་ཕུལ་བས་ཀྱང་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོད་པ་བས་བསོད་ནམས་ཆེ་བ་ངེས་དོན་གྱི་མདོ་སྡེ་དང་རྒྱུད་སྡེ་སོ་སོར་ནས་གསུངས་བར་སླུ་བ་མེད་པ་ཡིན་ལ། གལ་ཏེ་དངོས་སུ་མ་འབྱོར་ན་ཞེས་པས་བླ་མ་ལ་བསྙེན་བཀུར་མཆོད་འབུལ་དང་། ཁྱད་པར་དུ་རྒྱུད་སྡེ་དང་སྒྲུབ་སྡེའི་ཆོས་གསུང་བའི་སྐབས་སུ། རབ་འབྱམས་ཞིང་གི་རྡུལ་སྙེད་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་བླ་མའི་གསང་གསུམ་ལ་འདུས་ཡོད་པར་བསམས་ནས། ཡིད་སྤྲུལ་བླ་མེད་ཀྱི་མཆོད་པ་ཕུལ་ནས། དམིགས་མེད་མཉམ་ཉིད་ཀྱི་གཤིས་སུ་གཉིས་འཛིན་མེད་པའི་ངང་དུ་བཞག་ན། ཚོགས་གཉིས་རྫོགས་སྟོབས་ལྷག་པར་ཆེ་བ་ཡིན། གཞན་ཡང་རང་གི་མཆོད་ཁང་ནང་དུ་ཆུ་གཙང་བདུན་ཚར་འགའ་རེ་འབུལ་བའི་སྐབས་སུའང་། འབུལ་ཡུལ་སྐུ་འདྲ་གཅིག་གཉིས་ཙམ་དང་། འབུལ་རྒྱུ་དངོས་པོ་ཆུང་ཆུང་ཞིག་ཡིན་པར་མི་སེམས་པར། དམིགས་རྟེན་སྐུ་གསུང་ཐུགས་རྟེན་འདིས་མཚོན་པའི་ཕྱོགས་བཅུ་དུས་གསུམ་གྱི་མཆོག་གསུམ་རྩ་གསུམ་རྒྱལ་བའི་ཚོགས་ལ། ཡིད་སྤྲུལ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཟད་མེད་དུ་འབུལ་བའི་དམིགས་མདུན་བྱས་ན་བསོད་ནམས་ལྷག་པར་ཆེ་བ་ཡིན། སེམས་ཅན་ལ་སྙིང་རྗེ་བསྐྱེད་ན་ཡང་དེ་བཞིན་ཏེ། ཆུང་ཆུང་ཉུང་ཉུང་ཞིག་ཏུ་མི་བསམ་པར་ནམ་མཁའི་མཐའ་ཡས་པའི་སེམས་ཅན་ལ་དམིགས་ན་དེ་རེ་རེ་ལ་སྙིང་རྗེ་བྱས་པའི་བསགས་པ་དང་བསོད་ནམས་རང་ཉིད་ལ་ཐོབ་པའོ། །ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། དེ་ལྟར་དངོས་གྲུབ་ལས་ཀྱི་མཐའ། །བླ་མ་བསྟེན་པ་ཉིད་ལས་བྱུང་། །གཞན་གྱི་དངོས་གྲུབ་གྲོལ་མི་འགྱུར། །དེས་ན་དངོས་གྲུབ་ཀུན་གྱི་དངོས། །གལ་ཏེ་ཙན་དན་ག་བུར་རམ། །དྲི་ཡིས་བླ་མ་མཉེས་བྱས་ན། །བསྐལ་པ་བརྒྱ་ཕྲག་དུ་མར་ནི། །སངས་རྒྱས་ཞིང་ཁམས་འབུམ་ཕྲག་ལ། །མཆོད་ལས་བསོད་ནམས་ཁྱད་པར་འཕགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །གཟུགས་སྐུ་སྟོང་ཕྲག་གཞལ་མེད་ལ། །རིན་ཆེན་ལྔ་ཡིས་སྤྲས་པ་བས། །བླ་མའི་སྐྲའམ་བ་སྤུ་ཞིག །རིན་ཆེན་ལྔ་ཡིས་བརྒྱན་པ་ན། །འདི་ནི་བསོད་ནམས་ཕ་མཐའ་ཡས། །ཇི་ལྟར་དགེ་སློང་ཁྲིམས་ལྡན་པ། །འབུམ་ཕྲག་དྲུག་ཅུ་རྩ་གཉིས་ལ། །སྟོན་མོ་ལན་བདུན་བཅུག་པ་བས། །བླ་མའི་ཞལ་དུ་འབྲས་ཆན་འབྲུ། །རྡོག་མ་བདུན་དྲངས་བསོད་ནམས་ལ། །བརྒྱ་སྟོང་ཁྲི་འབུམ་ཆར་མི་ཕོད། །ཅེས་སོ། །དེ་ལྟར་བླ་མ་མཆོད་པའི་ཕན་ཡོན་བསམས་ལ། ལུས་ལོངས་སྤྱོད་ཐམས་ཅད་ཀྱིས་མཆོད་ཅིང་བསྙེན་བཀུར་བྱའོ། །བླ་མ་མཆོད་ཅིང་བསྙེན་བཀུར་བྱ་བའི་ཚུལ་ཡང་རྣམ་པར་དག་པའི་ཚུལ་གྱིས་བྱ་དགོས་པར་བསྟན་པ་ནི། བླ་མའི་ཕྱོགས་སུ་རྫས། ཅུང་ཟད་ཕུལ་ལ་ཁེ་རྔམས་མི་སྒྲོག་ཅིང་། །གཞན་དུ་མི་བགྲང་འགྱོད་པར་ཡང་མི་བྱ། །འདི་ཕྱིའི་དོན་ཆེན་བསྒྲུབ་པའི་ཐབས་ཡིན་ཕྱིར། །ལེགས་དགུས་མཆོད་ཅིང་རྟག་ཏུ་བསྙེན་བཀུར་བྱ། །ཞེས་གསུངས་ཏེ། ལྷ་དང་བཅས་པའི་འཇིག་རྟེན་ན་ཡོན་ཏན་གྱི་གནས་དམ་པ་བླ་མ་ལས་ལྷག་པ་མེད་ཅིང་། དྲིན་ཆེ་བ་ཡང་གཞན་མེད་ན། དེ་ལ་ཐ་མལ་ཟང་ཟིང་གི་ནོར་རྫས་ཅུང་ཟད་ཙམ་དུ་ཕུལ་བ་ལ་རྣམ་སྨིན་བཟང་བ་འབྲས་བུ་ཆེན་པོ་ཞིག་ཐོབ་ཏུ་རེ་བའི་ཁེ་རྔམས་དང་དྲིན་མི་བགྲང་སྟེ། དྲིན་གྱི་ཐད་ནས་མི་འཁོར་ཞིང་ཆོས་ཀྱི་ཡོན་ཏན་གཞལ་དུ་མེད་པའི་ཕྱིར་རོ། །སྐྱེ་བོ་ཐ་ཤལ་དག་བླ་མའི་མདུན་དུ་དངོས་སུ་དྲིན་འདྲེན་ཅིང་། ལྐོག་ཏུ་ངས་འདི་ཕུལ་ཞེས་ཡང་ཡང་གཞན་གྱི་རྩར་སྒྲོག་པར་བྱེད་ལ། དུས་གཞན་དུ་ཕུལ་བ་ལ་འགྱོད་པ་འབྱུང་བས། དང་པོ་བསམ་བློ་ཐོངས། འབུལ་རྗེས་འགྱོད་པ་མ་བྱེད། འ་རི་འུ་རི་ཡིས་མི་འགྲུབ་རྒྱུ་ཞིག་སྒྲུབ་པ་ཡིན་ཟེར་མི་རུང་། མི་འགྲུབ་ན་ཉེས་པ་བསགས་སྤྱད་ཡིན། དེ་བས་བསྐྱུར་དང་། དགེ་སྡིག་གཉིས་ཀ་མེད་པས་དེ་ལྟར་མི་བྱ་བར་གདམས་ཏེ། དགེ་བ་ཡང་བགྲངས་ན་འཛད། འགྱོད་པ་སྐྱེས་ན་འཛད་ཅེས་མདོ་ལས་གསུངས་པ་ཡིན་ནོ། །གཞན་ཡང་བླ་མ་དམ་པ་དེ་འཁོར་བའི་རྒུད་པ་སེལ་ཞིང་། སངས་རྒྱས་ཀྱི་འབྱོར་པ་ཐོབ་པར་བྱེད་པ་བླ་ན་མེད་པའི་ཆོས་རིན་པོ་ཆེ་སྟོན་ཅིང་། སེམས་ཉིད་སངས་རྒྱས་སུ་ངོ་སྤྲོད་པའི་དྲིན་མི་འདྲེན་པར། ཁོའི་ཟང་ཟིང་ཅུང་ཟད་ཀྱི་དྲིན་བགྲང་པར་མི་འོས་ལ། གཅིག་ཏུ་ན་རང་གི་དགེ་བ་སྤེལ་བའི་ཕྱིར་ཕུལ་ན་དོན་ངོ་མས་བཤད་ན་ལེན་མཁན་དྲིན་ཆེའི། ནན་གྱིས་ཕུལ་ཅིག་ཅེས་མ་བྱས་པས་ཀྱང་དྲིན་དྲང་དུ་ཅི་ཡོད། དེས་ན་བཀའ་དྲིན་བསམས་ལ། ཚེ་འདི་དང་ཕྱི་མའི་བདེ་ལེགས་སྒྲུབ་ཅིང་ལམ་རྒྱགས་བསགས་པའི་ཕྱིར། རང་ལ་ཅི་ཡོད་ཀྱི་ལེགས་དགུ་ཐམས་ཅད་ཀྱིས་བླ་མ་མཆོད་ཅིང་། བསྙེན་བཀུར་བར་བྱ་བ་ལ་སྐྱོ་བ་མེད་པས་བརྩོན་པར་བྱ་སྟེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ་དྲིན་དུ་གཟོ་བས་བསྙེན་བཀུར་བ་ལ་འབད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་ཆོས་ཐམས་ཅད་ནི། དེའི་ལག་ན་འདུག་པའི་ཕྱིར་རོ་ཞེས་པ་དང་། ཡེ་ཤེས་དྲི་མེད་ལས། མཛོད་ལྡན་བླ་མའི་ཕྱོགས་དག་ཏུ། །བཀུར་སྟི་རིམ་གྲོ་སུས་བྱས་པ། །ཡོངས་སུ་སྒྲོག་དང་བགྲང་མི་བྱ། །གལ་ཏེ་དེ་ལྟར་སུ་བྱེད་པ། །འབྲས་བུ་མེད་ཅིང་བརླག་པར་གྱུར། །ཞེས་སོ། །གཉིས་པ་ལ་བསྟན་བཤད་གཉིས། དང་པོ།

སྤྱོད་ལམ་གྱིས་མཉེས་པར་བྱ་བ་མདོར་བསྟན་པ།

དེ་ལྟར་ཕྱི་ཡོ་བྱད་ཀྱིས་མཉེས་པར་བྱས་པ་བཤད་ནས་དེའི་འོག་ཏུ། ནང་སྒོ་གསུམ་གུས་པའི། སྤྱོད་ལམ་མཆོག་གིས་མཉེས་པར་བྱ་བ་ཡང་། །ཞེས་གསུངས་ཏེ། འདི་ལྟར་བླ་མ་མཆོད་ཅིང་ཞབས་འབྲིང་བྱ་བ་འདི་ལ་ཡང་། ཐ་མ་ཟང་ཟིང་འབུལ་བ། འབྲིང་ལུས་ངག་བཀོལ་བ། རབ་སྒྲུབ་པས་མཉེས་པ་དང་གསུམ་ཡིན་ཏེ། ཟང་ཟིང་གིས་ནི་འཇིག་རྟེན་པའི་དགའ་བ་ཙམ་སྒྲུབ་པ་དང་། བཏང་བར་བྱ་སླ་བའི་ཕྱིར་རོ། །གཏོང་ཕོད་ཅན་ཞིག་གིས་ནོར་རྫས་རྩྭ་མགོའི་ཟིལ་བ། རླུང་ཁྱེར་གྱི་རྫས། ད་ཡོད་ད་མེད་ཡིན་པས་དགོས་ས་ཞིག་ལ་འཕྲལ་དུ་བཏང་ནུས་པས་སོ། །དེ་བས་ལུས་ངག་མཆོག་སྟེ་འདི་ལྟར་འཇིག་རྟེན་ན་གཅེས་པ་སྲོག་ཡིན་པར་གྲགས་ལ། ལུས་སྲོག་ཕངས་པ་མེད་པར་གཏོང་ནུས་པ་ནི་སླ་བ་མིན་པར་ཤིན་ཏུ་བྱ་དཀའ་བའི་ཕྱིར་རོ། །ལུས་སྲོག་བཏང་བ་དེ་བས་སྒྲུབ་པ་སྙིང་པོར་བྱེད་པ་མཆོག་སྟེ། འཇིག་རྟེན་པའི་བྱ་བ་སྣ་རེ་དང་མགོ་རྣ་སྙན་གྲགས་རེའི་དོན་དུ་ཤི་ཕོད་པ་མང་ཡང་། སྒྲུབ་པ་སྙིང་པོ་བྱེད་ཅིང་བླ་མའི་བཀའ་དྲིན་བསབ་ཕྱིར་དུ་ཚེ་གཅིག་སྒྲུབ་ལ་བཞོལ་བ་དཀོན་པས་སོ། །བླ་མ་བསྟེན་པའི་དགོས་པ་ཡང་སྒྲུབ་པ་སྙིང་པོ་བྱེད་བསམས་ནས་ཐོས་པ་འཚོལ་བ་དེ་ཡིན་ཏེ། གོང་མ་རྣམས་ཀྱི་མཛད་པ་ཡང་དེ་ཡིན་ལ། ལམ་གྱི་དགོས་པའང་དེར་ཐུག་པའི་ཕྱིར་དང་། སྣ་གཅིག་ཏུ་ལུས་སྲོག་གཏོང་ནུས་པས་ཀྱང་གོང་དུ་བཤད་པ་ལྟར་དུ་སྒྲུབ་ནུས་པ་དཀོན་པར་རབ་ཏུ་གཞག་གོ །གཉིས་པ་ལ། ལུས། ངག ཡིད་གསུམ། དང་པོ་ལ། བླང་བྱ་དང་། སྤང་བྱ་གཉིས། དང་པོ།

ལུས་ཀྱི་བླང་བྱ་བསྟན་པ།

ལུས་ཀྱིས་ཕྱག་དང་བསྐོར་བ་མཆོད་པ་འབུལ། །བར་ཆད་བསྲུང་དང་མངགས་གཞུག་གཡོག་བྱ་དང་། །ལྡང་དང་སྟན་འདིང་བཀུར་སྟི་སྣ་ཚོགས་བྱ། །ཞེས་གསུངས་ཏེ། དེ་ལ་སྐབས་འདིར་སྒོ་གསུམ་གྱིས་མཉེས་པར་བྱ་བའི་དང་པོ། ལུས་ཀྱི་སྒོ་ནས་བསྟེན་བྱ་དང་། སྤང་བྱ་སྤོང་བ་གཉིས་ལས། བསྟེན་བྱ་མཉེས་པར་བྱ་བ་ནི། དད་གུས་ལྟེམ་རྐྱང་ངམ་ཐུང་ལྷོད་མེད་པས། ཐར་པ་ལ་དམིགས་ཏེ་བསྙེན་བཀུར་དང་། སྲི་ཞུ་བྱ་བ་ལས། བླ་མའི་ཕྱོགས་སུ་རང་གི་ལུས་བཀོལ་བས། ཕྱག་འཚལ་བ་དང་། བསྐོར་བ་བྱ་བ་དང་། སྤོས་དང་མེ་ཏོག་མར་མེ་ལ་སོགས་པ་ཕྱི་དང་། ཕུད་དང་ཤ་འབའ་ལ་གསང་སྦྱར་ལ་སོགས་པ་ནང་དང་། རྟོགས་པ་ཏིང་ངེ་འཛིན་ཤེས་རབ་ལ་སོགས་པ་གསང་བའི་མཆོད་པ་བཞུགས་དུས་སམ། སྐུ་འདས་པའི་རྗེས་ལའང་། ཚེས་གྲངས་གང་ལ་ཐུགས་འཕོས་པ་དེའི་ཉིན་མཚན་ལ་མཆོད་པ་དང་། ཞེས་འདས་མཆོད་འཚོགས་པའང་དེའི་དགོངས་པ་ཡིན་ནོ། །སྐྱེ་བོ་ལ་སྦྱིན་པ་བྱ་བ་ལ་སོགས་གུས་པར་བྱས་ཏེ་བཀའ་དྲིན་དྲན་པས་བྱ་བ་དང་། བླ་མ་ལ་མེ་ཆུ་གཡང་དང་གཅན་གཟན་ནམ་དགྲའི་བར་ཆད་བསྲུང་བ་དང་། བླ་མའི་བྱ་བ་ལ་ཡུལ་ཐ་དད་པར་བང་ཆེན་གྱི་མངག་གཞུག་བྱ་བ་དང་། འཕྲལ་ཉེ་བར་མཁོ་བའི་གཡོག་གང་དགོས་སུ་བྱ་བ་དང་། བཞུགས་སར་སྟན་འདིང་བ་དང་། གཤེགས་སར་ཞབས་འབྲིང་བྱ་བ་དང་། ལམ་ཕྱགས་པ་དང་། རང་གི་གོས་སམ་དར་ལམ་ལ་བཏིང་ནས་ལམ་བྱ་བ་སོགས་པ་བྱ་བ་དང་། ཞེས་གཟན་ཕུད་ནས་བླ་མའི་ཕེབ་ལམ་དུ་གདིང་བ་སོགས་དང་། སྤོས་ཀྱིས་བསུ་ཞིང་བསྐྱལ་བ་དང་། དྲིས་ཆག་ཆག་བྱ་བ་དང་། གཟིམས་ཁང་ལ་སོགས་པའི་ཉེ་འཁོར་དུ་ཕྱགས་དར་བྱ་བ་དང་། མཎྚལ་འབུལ་བ་དང་། རྟ་དང་འདོ་ལི་འམ་ཁྱོགས་ལ་སོགས་པའི་བཞོན་པ་འབུལ་བས་བསུ་ཞིང་བསྐྱལ་བ་དང་། མི་རིག་ཚུལ་མི་བྱེད་པར་བླ་མ་ལ་མཐོང་ཕྱག་འཚལ་ཞིང་བྱིན་རླབས་ཞུ་བ་དང་། ལྡང་བ་དང་ཐལ་མོ་སྦྱར་བ་ལ་སོགས་པ་བྱའོ། །གུ་རུ་རིན་པོ་ཆེ་ལྟ་བུ་ཡིན་ན་བླ་མ་ལ་ཇི་ལྟར་བྱ་བ་དང་མཐུན་པར་ཡུམ་ཡོད་ན་དེ་ཡང་བཀུར་བ་དང་། ཉེ་འཁོར་ན་ཞབས་འབྲིང་བྱེད་པ་དང་། ཐུགས་ཀྱིས་གཅེས་པར་བཟུང་བ་དག་ལ་ཡང་དེ་ལྟར་བྱ་དགོས་ཏེ། བླ་མའི་སྡུག་པའང་བླ་མ་བཞིན། །ཞེས་བསྟན་པའི་ཕྱིར་རོ། །སྡུག་པ་ཞེས་པ་ཡིད་འོང་གི་དོན་ནོ། །རང་བཞིན་དུ་བླ་མ་མཉེས་པར་བྱས་ཀྱང་། ཉེ་འཁོར་བ་སུན་ཕྱུང་ན་དེས་དབྱེན་བཅོས་ཏེ། ཕུགས་སུ་བླ་མ་མི་མཉེས་པ་འབྱུང་སྲིད་པས་ཀྱང་དྲིན་དུ་གཟོ་ལ་ནན་ཏན་དུ་སེམས་གཟུང་ངོ་། །གཅིག་ཏུ་ན་བླ་མའི་ཞབས་ཏོག་སློབ་མ་ཀུན་གྱིས་བྱ་དགོས་པ་ལས། ཉེར་འཁོར་དེས་ཁུར་དུ་བླངས་པ་དེས་ཀྱང་བདག་ཅག་གཞན་གྱིས་བྱ་མ་དགོས་པར་གྱུར་པས་ཀྱང་དྲིན་དུ་གཟོ་ལ་སེམས་བཟུང་ངོ་། །ཡང་གཅིག་ཏུ་ན་རྒྱལ་པོའི་ཉེ་འཁོར་བ་ནི་ཀུན་གྱིས་འཁུར་དགོས་པ་ལྟར། བླ་མའི་ཉེ་གནས་ལ་སོགས་པའང་སེམས་མི་དཀྲུགས་པར་བཀུར་བ་ལ་འབད་པར་བྱའོ། །གཞན་ཡང་རང་གི་བྱ་བ་གང་བྱེད་པའི་སྔོན་དུ་བླ་མ་ལ་ཞུས་ཏེ་བྱའོ། །དེས་ནི་ལེགས་པ་སྟོན་ཅིང་ཉེས་པ་ཐམས་ཅད་འགོག་པ་ཡིན་ནོ། །ཁྱད་པར་དུ་ཆོས་བཤད་པ་དང་། དབང་བསྐུར་བ་བྱེད་པ་ནའང་ཞུས་ལ་རྗེས་སུ་གནང་ན་བྱའོ། །ངས་དབང་སྐུར་ཆོས་བཤད་བྱེད་ཅེས་ཞུས་ན་མི་གནང་བ་སྲིད་དམ་ཞེ་ན་སྲིད་དེ། གཞན་དོན་བྱ་མ་རན་པར་བྱས་པ་བདུད་ལས་ཡིན་པས་འགོག་པའི་སྲིད་པའི་ཕྱིར་རོ། །རང་ཉིད་ཉལ་བའི་སྔས་ཀྱང་བླ་མ་བཞུགས་པའི་ཕྱོགས་སུ་སྟོན་པ་དང་། བཟའ་བཏུང་ཅི་ཟ་བ་ན་བླ་མ་དྲན་པས་ཕུད་འབུལ་བ་དང་། བྱ་བ་གང་བྱེད་ཀྱང་བླ་མས་གསུང་འབྱོན་པ་ཡིན་ནམ་སྙམ་ནས། ཤེས་བཞིན་གྱིས་དོན་བསྒྲུབ་པ་ལ་འབད་པར་བྱའོ། །མདོར་ན་དུས་རྟག་ཏུ་བླ་མ་ལ་གདུང་བའི་སྲི་ཞུས་གནས་པར་བྱའོ། །འདི་དག་གི་དོན་ལུང་དང་སྦྱར་ཏེ་བཤད་ན། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ལས། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བའི་དྲུང་དུ་སོང་ལ། སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་ཀྱིས་བསྙེན་བཀུར་བྱ་བ་ཐམས་ཅད་བྱ་ཞིང་རྗེས་སུ་འབྲང་ངོ་། །ཐ་ན་ཆོས་ཉན་པ་ཙམ་གྱི་ཕྱིར་ཡང་ཇི་སྲིད་འཚོའི་བར་དུ་འབྲང་དགོས་ན། ལུང་ནོད་པ་དང་། འབྲི་བ་དང་། བསྒོམ་པའི་ཕྱིར་ལྟ་ཅི་སྨོས་ཏེ། དུས་ཐམས་ཅད་དུ་རང་ཉམས་བཏང་སྟེ། དགེ་བའི་བཤེས་གཉེན་དེའི་བློ་བཞིན་དུ་འཇུག་པར་བྱའོ་ཞེས་པ་དང་། སྡོང་པོ་བཀོད་པ་ལས། ཡང་ཚོང་དཔོན་གྱི་བུ་ནོར་བཟང་བྱང་ཆུབ་ཆེན་པོར་མོས་ཤིང་བརྩོན་འགྲུས་བརྩམས་པས། དགེ་བའི་བཤེས་གཉེན་འཕགས་པ་འཇམ་དཔལ་གྱི་ཕྱི་བཞིན་དུ་འབྲངས་ནས་བསྟོད་པ་བྱས་པ་ན། འཇམ་དཔལ་གྱིས་བཀའ་སྩལ་པ། བླ་མ་དང་འགྲོགས་ཤིང་རིམ་གྲོ་བྱེད་པ་ནི་བྱང་ཆུབ་ཆེན་པོ་འགྲུབ་པའི་གཞི་ཡིན་གྱིས། དེ་བསྟེན་ཅིང་འགྲོགས་པས་མི་སྐྱོ་བར་བྱའོ་ཞེས་པ་དང་། དམ་ཚིག་མཆོག་གི་རྒྱུད་ལས། ལུས་དང་ངག་དང་ཡིད་སྟོབས་ཀྱིས། །ཅི་ནུས་པ་ཡིས་བླ་མ་ལ། །བསྙེན་བཀུར་སྲི་ཞུ་སུས་བྱས་པ། །འདི་ལ་མཐུ་དང་ནུས་པའི་ཚོགས། །བྱིན་རླབས་ཐོགས་པ་མེད་པ་འབྱུང་། །ཞེས་གསུངས་པས། སྤྱོད་ལམ་གཟབ་ལ་གུས་པས་མཉེས་པར་བྱ་བའི་ཐབས་ལ་འབད་དོ། །གཉིས་པ།

ལུས་ཀྱི་སྤང་བྱ་བསྟན་པ།

དོར་བྱའི་སྤྱོད་ལམ་འགལ་བ་སྤངས་ཏེ་མཉེས་པར་བྱ་བ་ནི། ཚུལ་དང་མི་མཐུན་པས། སྤང་བྱའི་སྤྱོད་ལམ་མ་གུས་བག་མེད་ནི། །འབྲུ་ཚུགས་བལྟ་དང་བཞིན་གཉེར་ཐལ་མོ་རྡེབ། །རྒྱབ་ཟུར་སྟོན་དང་རྐང་ལག་རྐྱོང་བ་དང་། །ཉལ་འཕྲེས་འཐབ་འཛིངས་རྩེད་འཇོ་འཇོ་སྒེག་བྱེད། །ཅེས་གསུངས་ཏེ། བླ་མ་གུས་བཀུར་མིེ་བྱེད་པའམ་མི་ཤེས་པས། སྐྱེས་བུ་དམ་པ་དང་འགྲོགས་པ་ན་ཚོད་ཡོད་དང་བག་མེད་ཀྱི་སྤྱོད་པ་སེམས་ཉེ་བར་མ་ཞི་བས་བསྐྱེད་པ་སྣ་ཚོགས་སྤྱོད་པ་ལ། ཆོས་ཉན་པའམ་དུས་གཞན་དུའང་རུང་སྟེ། ཞེ་སྡང་བའམ། ཅོ་འདྲི་བའམ། གཟུགས་བརྙན་རྟོག་པས་མིག་བགྲད་ནས་བལྟ་བ་སྟེ། ལན་ཆགས་མ་འཁོར་བ་ལྟར་མིག་བགྲད་ནས་འབུར་ཚུགས་སྡུད་མི་ཤེས་པར་བླ་མ་ལ་མ་གུས་པར་བལྟ་བ་དང་། དྲུང་དུ་ཐལ་རྡེབ་དང་སེ་གོལ་གྱི་སྒྲ་རྡེབ་པ་དང་། རྒྱབ་སྟོན་པ་དང་། ཟུར་གྱིས་འདུག་པ་དང་། རྐང་ལག་རྐྱོང་ནས་འདུག་པ་དང་། ཉལ་བ་དང་། གློས་ཕབ་སྟེ་གཞོགས་འཕྲེས་ནས་གཤོལ་གུག་གམ་གཤོལ་མདའ་འཁྱོག་པ་ལྟར་སྡོད་པ་དང་། གཅིག་ལ་གཅིག་འཐབ་པ་དང་། ཀུ་རེ་དང་རྩེད་མོ་ཙམ་དུའང་། ཁ་ལག་གིས་འཛིངས་ཤིང་སྟེང་ནས་བརྡེག་སྟངས་སམ། ཐལ་མོ་ལ་སོགས་པས་རྡེག་པ་དང་། རྩེད་དགོད་མ་ཞི་བས་ག་ཞ་སྟེ་སྨ་འབེབས་བྱེད་པ་དང་། གོས་ལ་སོགས་པའི་འཇོ་སྒེག་གམ་འཕྱོར་སྒེག་བྱེད་པ་དང་། གཞན་ཡང་། མཆིལ་སྣབས་འདོར་དང་གྲིབ་མ་འགོང་བ་དང་། །བཞུད་ཚེ་མ་གནང་མདུན་འགྲོས་ཞབས་རྗེས་བརྫི། །ལྷམ་སྟན་བཞོན་པ་ནོར་རྫས་སྤྱོད་པ་དང་། །སྐུ་ལ་ཚད་གཞལ་ན་བཟའ་བཞུགས་གདན་འགོང་། །མ་གུས་མི་ཤེས་ཉེས་དེ་སྤང་བར་བྱ། །ཞེས་གསུངས་ཏེ། བླ་མ་བཞུགས་པའི་གཙང་ཁང་དང་། དྲུང་དངོས་སུ་མཆིལ་མ་དང་། སྣབས་ལུད་དང་། ངན་སྐྱུགས་དང་། འཆག་པ་ཆེ་ཆུང་བྱ་བ་རྣམས་སྤང་ཞིང་། འཆག་ཁང་ལྟ་བུ་གཅིག་ལ་སྤྱོད་ལམ་གཅིག་ཏུ་མི་བྱ་བ་དང་། སྐུའི་གྲིབ་མ་ལ་འགོང་བ་བསྲུང་བ་དང་། བཞུད་དུས་མ་གནང་བར་མདུན་ནས་འགྲོ་བ་དང་། གཡས་ཟུར་ནས་འགྲོ་བ་དང་། སླད་བཞིན་དུ་ཞབས་རྗེས་བརྫི་བས་འགྲོ་བར་མི་བྱའོ། །གཡས་ཟུར་ནི་གྲལ་མགོ་ཡིན་པས་དེ་ནས་འགྲོ་བ་བཀག་ལ། མདུན་ནས་ནི་འགྲོ་བའི་ཐོག་མ་ཡིན་པ་ཉིད་ཀྱིས་བཀག་གོ །རྒྱབ་ནི་ཞབས་རྗེས་བརྫིས་པའི་ཉེས་པར་འགྱུར་བས་བཀག་སྟེ། གཡོན་ཟུར་གྱི་ཅུང་ཟད་རྗེས་ནས་སྐུའི་དྲི་མ་མ་འགོང་ན་འགྲོ་རུང་ངོ་། །གནང་ན་གང་ལའང་ཉེས་པ་མེད་པས། འགྲོ་དུས་གནང་བ་ཞུ་བར་བྱའོ། །བླ་མའི་མཆིལ་ལྷམ་དང་། ན་བཟའ་དང་། བཞུགས་སྟན་དང་། རྫས་གཞན་ནོར་རྫས་དང་བཞོན་པ་དང་། གཟིམས་ཆུང་དང་། གསོལ་སྡེར་དང་། གསོལ་ཞལ་དང་། ཕྱག་དཔེ་ལ་སོགས་པ་རྣམས་ཀྱང་མ་གནང་བར་མི་སྤྱད་པ་དང་། བླ་མའི་སྐུ་ལ་དབྱུག་པ་རིང་ཐུང་གིས་གཞལ་བའམ། མཐོས་གཞལ་བ་དང་། ཀ་བ་ལྟ་བུ་ལ་འདི་དང་མཉམ་ཞེས་མ་གུས་པའི་གཞལ་བ་དང་། རང་གི་དཔུང་པ་མཉམ་སྟེ་བསྡུར་ནས་གཞལ་བ་ལ་སོགས་པས་དཔག་པར་མི་བྱ་སྟེ། བླ་མ་སངས་རྒྱས་སུ་བལྟ་ན། སངས་རྒྱས་ཀྱི་སྐུ་ལ་སྤྱི་གཙུག་བལྟར་མི་མངོན་པས། དེའི་ཚད་བཟུང་བའི་ཆའི་ཉེས་པ་ཡོད་པ་དཀོན་མཆོག་བརྩེགས་པ་ལས་འབྱུང་བ་བཞིན་ནོ། །ན་བཟའ་དང་བཞུགས་སྟན་ལ་འགོང་བ་དང་། དྲུང་དུ་སྐྱིལ་ཀྲུང་དང་སྒེག་ཆོས་ཀྱིས་འདུག་པ་དང་། ཆེ་ཚུལ་གྱིས་གཤིས་ཀ་གྱོང་པོའི་ངན་རེངས་སུ་འདུག་པ་སྟེ་ཆེ་འགྱིང་བསྟན་ནས་འདུག་པ་དང་། ཟས་ལ་སོགས་པ་སྤྱོད་དུས་ཕུད་ཀྱིས་མི་མཆོད་པ་ལ་སོགས་ཉེས་པ་སྣ་ཚོགས་ལ་ཉེས་པར་མ་ཤེས་པས་མཉམ་འགྲོགས་སུ་འགྱུར་རམ། ཤེས་ཀྱང་དྲེགས་པས་མ་གུས་པར་བྱེད་པ་ནི། སླར་ལ་འབུམ་འགྱུར་གྱིས་ལྕི་བས་སྤང་བར་བྱའོ། །དེའང་དང་པོ་བརྟགས་ནས་བླ་མར་གཟུང་ངོ་། །དེ་ནས་བཟུང་ཕན་ཆོད་ངན་ཡང་བླ་མ་དམ་པ་བཞིན་བཀུར་དགོས་ཏེ། དགོངས་འདུས་ལས། བླ་མ་མཆོག་ཏུ་བཀུར་བྱ་སྟེ། །དམ་པར་གྱུར་པ་མ་ཡིན་ཀྱང་། །དམ་པ་མཆོག་བཞིན་ཕུ་དུད་བྱ། །གལ་ཏེ་བརྙས་ཤིང་ཁྱད་བསད་ན། །ཐུར་དུ་བལྟས་ནས་དམྱལ་བར་འཚོད། །ཅེས་སོ། །དེ་ཡང་ཡོན་ཏན་ལ་བསམས་ཏེ་བཀུར་བས་གང་ལའང་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བའི་ཕྱིར་རོ། །ཕལ་པ་བླ་མར་བཟུང་ཡང་གུས་པར་བྱ་ན། དམ་པ་རྣམས་ལ་གྲོགས་སུན་མ་ཁྱེར་བར་གསར་འགྲོགས་ལྟ་བུས་རྟག་ཏུ་གུས་པ་དང་བསྙེན་བཀུར་བྱའོ། །འདིར་ཡང་སྤྱོད་ལམ་མ་གུས་པའི་རང་བཞིན་ལས་སྒྲིབ་པར་འགྱུར་བ་ལུང་གིས་རྟོགས་པར་བྱ་སྟེ། རྣལ་འབྱོར་མ་དམ་པའི་རྒྱུད་ལས། དབུ་སྔས་ལ་སོགས་འགོམ་པ་ན། །ཤལ་མ་རི་ལ་འཛེག་པར་འགྱུར། །བླ་མའི་སྐུ་ལ་མཐོས་གཞལ་ན། །མི་དེ་མདུང་ཐུང་སུམ་བརྒྱས་འབིགས། །ཞེས་པ་དང་། མཁའ་འགྲོ་མ་གསང་བའི་རྒྱུད་ལས། བླ་མའི་མཇུག་ནས་མི་འོང་ཞིང་། །ཞབས་ཀྱི་རྗེས་ལ་མནན་མི་བྱ། །བླ་མའི་མདུན་ལ་འགྲོ་མི་བྱ། །གཞན་གྱིས་ཁྲེལ་ལྟས་རྒྱབ་ཕྱོགས་པས། །སྒྲོ་སྐུར་སྡིག་པའི་ལས་སུ་འགྲོ། །བླ་མའི་གཡས་ཕྱོགས་བཞུད་མི་བྱ། །ཕལ་པ་འགྲོ་ལ་དགའ་བ་ཡིས། །བླ་མ་བཏེགས་ཕྱོགས་གཡོན་ནས་འགྲོ། །ཞེས་པ་དང་། གཙུག་ཏོར་འཁོར་ལོས་སྒྱུར་བ་ལས། བདེན་པའི་དོན་སྟོན་བླ་མ་ཡི། །དབུ་ཡི་གྲིབ་མ་སོགས་འགོམ་པས། །ཡང་དག་སྤངས་ནས་དམྱལ་བར་ལྟུང་། །ཞེས་གསུངས་པ་རྣམས་བསམས་ལ། བག་མ་གསར་བ་ཁྱིམ་གསར་དུ་འོང་མ་ཐག་པས་སྤྱོད་ལམ་ཐམས་ཅད་ལ་བག་ཡོད་བྱེད་པ་འདྲ་བའི་བག་ཟོན་གྱིས། སྤྱོད་ལམ་མ་དག་པ་རྣམས་སྤངས་ལ་གུས་པར་བྱའོ། །གཉིས་པ་ངག་ལ་སྤང་བླང་གཉིས། དང་པོ།

ངག་གི་བླང་བྱ་བསྟན་པ།

ལུས་ཇི་ལྟ་བར། ངག་ལའང་བླང་དོར་གཉིས་ལས། ཉམས་སུ་བླང་བྱ་གུས་པའི་སྒོ་ནས་སྲི་ཞུ་དང་བཅས་པར་གདམས་པ་ནི། ངག་ཀྱང་སྙན་པས་བསྟོད་དང་སྐྱབས་སུ་འགྲོ། །ཚིག་འཇམ་སྙན་པས་ཞེ་ས་རིམ་གྲོར་བཅས། །གསུང་བཞིན་སྒྲུབ་ཅིང་ཅི་གསུངས་ལེགས་ཞེས་བརྗོད། །གཞན་ལའང་བླ་མའི་ཡོན་ཏན་བརྗོད་བྱ་ཞིང་། །དབྱངས་སྙན་དད་དང་བཅས་པས་གསོལ་བ་གདབ། །ཅེས་གསུངས་ཏེ། ཡིད་རབ་ཏུ་གུས་པས་ཀུན་ནས་བླངས་པའམ་སློང་བའི་ངག་གིས། བླ་མ་ལ་བསྟོད་པ་དང་། སྐྱབས་སུ་འགྲོ་བ་དང་། བླ་མ་དང་འབྲེལ་བ་ཐམས་ཅད་ལ་ཞེ་སས་ཟིན་པར་བྱས་ལ། དངོས་སམ་ལྐོག་ནའང་བླ་མ་དམ་པའི་གསུང་གི་གཅེས་པ་གང་ཡག་གང་མཛེས་ལ་སོགས་བརྗོད་ཅིང་། གསུང་སྒྲོས་དོན་དང་ལྡན་པ་བཟུང་ནས་མ་བརྗེད་པར་སྒྲོགས་པ་ནི་གསུང་གི་རིམ་གྲོའོ། །གལ་ཏེ་གསུང་སྒྲོས་ཅུང་ཟད་ཉམས་པ་སྲིད་ན། བདག་གིས་འདིའི་དགོངས་པ་ཇི་བཞིན་པ་མ་ལོན་ཏེ། སྒྲ་ཇི་ལྟ་བ་འདི་ནི་འགལ་བ་ལྟར་སྣང་བ་རང་གི་བློའི་སྐྱོན་ཡིན་ནོ་སྙམ་དུ་བསམ་ལ། བླ་མའི་ཆོས་ཀྱི་སྒྲོས་སམ། འཇིག་རྟེན་གྱི་སྒྲོས་ནོར་བ་ལྟ་བུའང་རང་གིས་མ་རྟོགས་པ་ཉིད་དུ་སེམས་པར་བྱའོ། །གཞན་འདྲི་ནའང་དགོངས་པ་ཅན་དེ་ནི་བདག་གིས་ཁོང་དུ་མ་ཆུད་ཅེས་ལན་གདབ་བོ། །བླ་མའི་དེ་མ་ཡིན་ཅེས་བརྗོད་པ་དང་བསམ་པ་སྐད་ཅིག་ཀྱང་མི་བྱ་སྟེ། སངས་རྒྱས་ཀྱི་གསུང་ལ་སྐུར་པ་བཏབ་པ་བས་ཀྱང་སྡིག་ཆེའོ། །དེས་ན་བླ་མས་ཅི་གསུངས་པ་དེ་སྒྲུབ་ལ། བྱ་བ་གང་ཞིག་ཉེས་པར་མངོན་ནའང་། དང་པོ་གསུང་སྣ་ཁྲིད་ལ། མགོ་བརྩམས་པའི་འོག་ཏུ་ཁེ་ཉེན་དང་ལེགས་ཉེས་བརྗོད་པས་ཐུགས་དགོངས་རྟོགས་པར་ངེས་སོ། །ཅི་གསུང་བ་དག་ལ་ལེགས་སོ་སྙམ་དུ་ཡོན་ཏན་ནས་བསམ་ཞིང་རྗེས་སུ་ཡི་རང་བས་མངོན་པར་བསྟོད་དོ། །རྒྱུས་མེད་པའམ་ཡོད་ཀྱང་རྒྱུས་ཆུང་བ་དག་དང་། ཡུལ་གཞན་དུ་སོང་དུས་རང་གི་བླ་མའི་ཡོན་ཏན་ངེས་པ་རྣམས་བརྗོད་ཅིང་། ཐུན་བཞིའམ་རྟག་ཏུ་བླ་མ་དྲན་པས་གསོལ་བ་འདེབས་པའང་སྐད་སྙན་ཤོས་ཀྱིས་བྱའོ། །གཞན་ཡང་ངག་གིས་བསྟོད་པ་དང་ཚིག་སྙན་པ་དང་། འཇམ་པ་དང་། ཐད་ཀར་མ་རེད་ཅེས་ལན་བརྒྱག་པའི་གདོང་མི་བཟློག་པ་དང་། གསོང་པོ་སྟེ་དྲང་པོར་སྨྲ་བ་དང་། གཞན་ངག་ཏུའང་ཡོན་ཏན་བརྗོད་པ་དང་། ཅི་གསུངས་པ་གུས་པས་སྒྲུབ་པའི་ལན་སྙན་པོ་འབུལ་བ་དང་། ཁ་གླལ་བ་དང་། སྦྲིད་པ་བྱུང་བའི་ཚེ་ཁ་དགབ་པ་དང་། ཞེས་གུས་ཞབས་འདི་ཚོ་སུའི་སྔུན་ནས་ཡིན་ཀྱང་དགོས་སོ། །གང་ཅི་བྱེད་ཀྱང་གསུང་གིས་གནང་བ་ཞུ་བ་དང་། དགེ་བ་ལ་སྦྱོར་བའི་ཐོག་མར་བླ་མ་དྲན་པས་བསྟོད་པ་དང་། གསོལ་བ་གདབ་པར་བྱའོ། །ཇི་སྐད་དུ་འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས། རིམ་གྲོར་བྱས་ཏེ་སྟན་ལ་བསྡད་དོ། །བསྔགས་པ་བརྗོད་དོ། །ལེགས་སོ་འབུལ་ལོ་ཞེས་པ་དང་། ད་ལྟར་གྱི་སངས་རྒྱས་མངོན་སུམ་པའི་ཏིང་ངེ་འཛིན་ལས་ཀྱང་། གུས་པ་དང་། ཞེ་ས་དང་། བཀའ་བཞིན་བྱེད་པ་དང་། གསུང་མི་གཅོག་པ་དང་། མཛད་པ་མི་བརྟག་པ་དང་། ངོ་མི་རྟགས་པ་དང་ཉེས་པར་བལྟ་བ་མེད་པར་ཕྱི་བཞིན་དུ་འབྲང་བར་བྱའོ་ཞེས་སོ། །གཉིས་པ།

ངག་གི་སྤང་བྱ་བསྟན་པ།

ངག་གི་ཉེས་པ་སྤང་བར་གདམས་པ་ནི། ངག་གི་མི་དགེ་སྣ་ཚོགས་སྤང་བར་བྱ། །བླ་མའི་དྲུང་དུ་རྫུན་དང་ཕྲ་མ་དང་། །ཚིག་རྩུབ་ཅ་ཅོ་ངག་འཁྱལ་བྲེ་མོའི་གཏམ། །བཀའ་གཅོག་གདོང་ཟློག་ཞེ་གཅོད་ལྐོག་ནས་གཤེ། ཅོ་འདྲི་ལ་སོགས་ངག་གི་སྒྲིབ་པ་སྤང་། །ཞེས་གསུངས་ཏེ། དེ་ཡང་སྤྱིར་ངག་གི་མི་དགེ་བ་ཡུལ་དང་གང་ཟག་ཐམས་ཅད་ཀྱི་སར་མི་བྱ་ལ། བྱེ་བྲག་ཏུ་བླ་མའི་དྲུང་དུ་བརྫུན་དུ་སྨྲ་བ་དང་། དབྱེན་བཅུག་ཕྲ་མ་དང་། ཚིག་རྩུབ་མོ་དང་། ཅ་ཅོའི་སྒྲ་དང་། བྲེ་མོའི་གཏམ་དང་། བཀའ་གཅོག་པའི་ཚིག་དང་། གདོང་ཟློག་པའི་ཚིག་དང་། ཞེ་གཅོད་པའི་ཚིག་དང་། ལྐོག་ནས་ངན་དུ་སྨྲ་བའི་ཚིག་དང་། ཅོ་འདྲི་བའི་ཅི་ཟེར་ལྟ་བའི་ཚིག་དང་། སྤྱན་ལན་འདོན་པ་དང་། ཁྱོད་ལས་ང་བཟང་སྨྲ་བ་རྣམས་སྤང་བར་བྱའོ། །དེ་ཡང་དུས་གཞན་དུ་བརྒྱ་སྟོང་བརྗོད་པ་ལས། བླ་མའི་དྲུང་དུ་ལན་གཅིག་བརྗོད་པ་སྡིག་སྒྲིབ་ཆེ་བའི་ཕྱིར་རོ། །འཕགས་པ་ཡོན་ཏན་བཀོད་པའི་མདོ་ལས། བདུད་ཀྱིི་ལས་བཞི་སྟེ། བླ་མ་ལ་མི་གུས་པ་དང་། ཆོས་ཡིད་ལ་མི་བྱེད་པ་དང་། ཁེངས་པའི་ཚིག་སྨྲ་བ་དང་། ཚེ་འདི་ལ་སེམས་པའོ་ཞེས་པ་དང་། མཁའ་འགྲོ་གསང་བའི་རྒྱུད་ལས། བླ་མ་སངས་རྒྱས་རང་བཞིན་ལ། །ལྐོག་ནས་འཆལ་གཏམ་ཆེར་སྨྲ་བ། །བསྡུས་འཇོམས་སུ་འཇོམས་མགུལ་བ་འགག །ཅེས་པ་དང་། རྒྱབ་ཀྱི་བླུན་རྨོངས་ཞེས་སྨྲ་བ། །བྱང་ཆུབ་ལམ་དང་འཕྲད་མི་སྲིད། །ཅེས་པ་དང་། རྒྱན་དམ་པ་ལས། ངག་ཚིག་བརླང་པོས་ཞེ་འགེངས་པ། །བསྐལ་པ་སྟོང་ཕྲག་དམྱལ་བར་ལྟུང་། །རྡོ་རྗེ་སློབ་དཔོན་དམ་པ་ཡི། །ཟབ་མོའི་ཚིག་ལ་སྒྲོ་སྐུར་བ། །མནར་མེད་གནས་སུ་ལྟུང་བར་འགྱུར། །ཞེས་པ་དང་། གསང་བ་ཀུན་སྙོམས་ཀྱི་རྒྱུད་ལས། བླ་མ་མཆོག་ལས་རང་ཉིད་ནི། །ཆེས་མཆོག་རློམ་སེམས་སྨྲ་བ་ནི། །བསྐལ་པ་སྟོང་ཕྲག་དུ་མ་རུ། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་པ་དང་། གསང་བ་རོལ་པ་ལས། ལྐོག་འཕྱས་སྨྲ་བར་གང་བྱེད་པ། །རྡོ་རྗེ་དམྱལ་བ་ཉིད་དུ་འཚེད། །ཀུ་རེ་ཙམ་དུའང་སྨོད་མི་བྱ། །ངག་གི་ཉེས་བྱས་ཡང་དག་བསྡམ། །ཞེས་སོ། །དེས་བླ་མ་དམ་པ་ལ་བརྟེན་ནས་ལུས་དང་ངག་གིས་གུས་པར་བསྙེན་ཅིང་བཀུར་བའི་མཚམས་འདི་ནས་དེ་རིང་བཞག་སྟེ། སང་ཉིན་སེམས་ཀྱི་སྒོ་ནས་ཀྱང་གུས་པས་བསྒྲུབ་པ་དང་ཞེས་པའི་མཚམས་ནས་བཤད་རྒྱུ་བྱེད། དེ་རིང་གི་ཆོས་ཁྲིད་གང་མྱང་འདས་ཀྱི་རང་བཞིན་བླང་བྱར་བསྟན་པའི་སྐབས་ཀྱི་ནང་གསེས། སྦྱོང་བྱེད་ཐབས་ཀྱི་རིམ་པ་དང་། སྦྱངས་འབྲས་མཐར་ཕྱིན་པའི་རྣམ་བཞག་བཤད་པའི་ནང་གི དང་པོ་སྦྱོང་བྱེད་ཐབས་ཀྱི་རིམ་པ་བསྟན་པ་དེ་ཡིན་ལ། དེའི་ལམ་གྱི་རིམ་པ་དངོས་ཐོས་བསམ་སྒོམ་གསུམ་གྱི་ལམ་ལ་ཇི་ལྟར་བགྲོད་པའི་ཚུལ་བཤད་པའི་ནང་ནས་ཐོས་པ་གང་ལས་འཚོལ་བའི་ཡུལ། དགེ་བའི་བཤེས་གཉེན་དེ་ཉིད་ཇི་ལྟར་བསྟེན་ཚུལ་བཤད་པའི་སྐབས་ཀྱི། བཤེས་གཉེན་བསྟེན་དགོས་པའི་རྒྱུ་མཚན་བསྟན་པ་དང་། རྒྱུ་མཚན་ཤེས་པ་དེ་ལ་བརྟེན་ནས་བསྟེན་པ་དངོས་ལ་འཇུག་པ། སྒོ་གསུམ་དད་དང་གུས་པས་སྲིད་ཞུ་དང་བསྙེན་བཀུར་དགོས་ཚུལ། བླ་མ་དགེ་བའི་བཤེས་གཉེན་ལ། སྟེགས་དང་། ས་དང་། བྲན་གཡོག་ལ་སོགས་པའི་ཚུལ་གྱིས་མི་སྐྱོ་བ་བསྟེན་དགོས་པ་དང་། བསྟེན་ནས་ཀྱང་ཡོངས་སུ་བཟུང་བའི་གཞི་གསུམ་ལྟོས་མེད་འབུལ་དགོས་པ་དང་། དེའི་དུས་སུ་བདུད་ཀྱི་བར་ཆད་བྱུང་ན་དེའི་དབང་དུ་མི་ཤོར་བའི་གོ་ཆ་ཆེན་པོས་གུས་རྟག་སྦྱོར་བའི་བརྩོན་འགྲུབ་ཀྱིས་བསྙེན་ནས། མ་གུས་པའི་བསམ་སྤྱོད་ཅུང་ཟད་ཙམ་ཡང་མེད་པར་བླ་མའི་སྐུ་གསུང་ཐུགས་ལ་རིམ་གྲོ་བྱ་དགོས་པར་བསྟན་ཅིང་། དེ་ལྟར་གུས་བསྐྱེད་ཞེ་ས་དང་བཅས་པས་བླ་མ་ཡུན་དུ་བསྟེན་པ་དེ་ནི་གཙོ་བོ་དད་པའི་སྟོབས་ལས་བྱུང་བ་ཡིན་པས། དད་པ་ནི་དཀར་པོའི་ཆོས་ཐམས་ཅད་ཀྱི་འབྱུང་གནས་དང་། དད་པ་མེད་ན་དཀར་པོའི་ཆོས་སྣ་གཅིག་མི་འབྱུང་བའི་ཚུལ། འཕགས་པ་ཆོས་བཅུ་བའི་མདོ་ལས། དད་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་བ་ལ། །མྱུ་གུ་སྔོན་པོ་མི་འབྱུང་བཞིན། །ཞེས་གསུངས་པ་ལྟ་བུ་ཡིན། དད་པ་དེ་ལའང་ཡིད་ཆེས་འདོད་དང་དང་བའི་དད་པ་གསུམ་དང་། བླ་མ་དམ་པའི་ཡོན་ཏན་དང་སྐུན་དྲིན་ལ་བསམ་ནས་ཕྱིར་མི་ལྡོག་པའི་དད་པ་དང་། བླ་མ་དང་དེས་བསྟན་པའི་ཆོས་དང་གདམས་ངག་ལས་མི་འདའ་བ་རྣམ་པ་བཞི་སྟེ། འདུན་པས་མི་འདའ་བ། ཞེ་སྡང་གིས་མི་འདའ་བ། འཇིགས་པས་མི་འདའ་བ། རྨོངས་པས་མི་འདའ་བ་བཞིའོ། །དེ་ལ་འདུན་པས་མི་འདའ་བ་ནི། འདོད་ཆགས་ཀྱི་ཕྱོགས་ནས་ཆོས་མི་གཏོང་བ་སྟེ། དཔེར་ན་གཞན་ཞིག་ན་རེ། ཁྱོད་ལ་ཟས་ནོར་རམ། བུད་མེད་དམ། རྒྱལ་སྲིད་ལ་སོགས་པའི་བྱ་དགའ་ཆེན་པོ་སྟེར་གྱི་ཆོས་དང་བླ་མ་ཐོང་ཟེར་ཡང་མི་གཏོང་བའོ། །ཞེ་སྡང་གིས་མི་འདའ་བ་ནི། ཁོང་ཁྲོ་བའི་ཕྱོགས་ནས་ཆོས་དང་བླ་མ་མི་གཏོང་བ་སྟེ། དཔེར་ན་གཞན་ཞིག་གིས་བདག་ལ་སྔར་ཡང་གནོད་པ་ཆེན་པོ་བྱས་ལ། ད་རུང་ཡང་གནོད་པ་ཆེན་པོ་བྱེད་དུ་བྱུང་ཡང་ཆོས་དང་བླ་མ་མི་གཏོང་བའོ། །འཇིགས་པས་མི་འདའ་བ་ནི། བྲེད་པའི་ཕྱོགས་ནས་ཆོས་དང་བླ་མ་མི་གཏོང་བ་སྟེ། དཔེར་ན་འགའ་ཞིག་ན་རེ། ཁྱོད་ཆོས་དང་བླ་མ་མི་གཏོང་ན་དཔའ་བོ་སུམ་བརྒྱ་བཏང་ནས། ཉིན་རེ་བཞིན་ཁྱོད་ཀྱི་ལུས་ལས་ཤ་སྲང་ལྔ་ལྔ་གཅོད་ཟེར་ཡང་ཆོས་མི་གཏོང་བའོ། །རྨོངས་པས་མི་འདའ་བ་ནི། མི་ཤེས་པའི་ཕྱོགས་ནས་ཆོས་དང་བླ་མ་མི་གཏོང་བ་སྟེ། དཔེར་ན་འགའ་ཞིག་ན་རེ། ལས་མི་བདེན། འབྲས་བུ་མི་བདེན། དཀོན་མཆོག་གསུམ་མི་བདེན། ཁྱོད་ཆོས་བྱས་ནས་ཅི་བྱེད། ཆོས་ཞོག་ཟེར་ཡང་ཆོས་མི་གཏོང་བའོ། །དེ་ལྟར་རྣམ་པ་བཞི་དང་ལྡན་པ་དེ་དད་པ་ཅན་ཡིན། ངེས་ལེགས་བསྒྲུབ་པའི་སྣོད་མཆོག་ཡིན་ནོ། །དེ་ལྟར་དད་པ་དེ་དག་ཡོད་ན་ཕན་ཡོན་དཔག་ཏུ་མེད་དེ། སྐྱེས་བུ་མཆོག་གི་སེམས་སྐྱེ་བ་ཡིན། མི་ཁོམ་པ་རྣམས་སྤོང་བ་ཡིན། དབང་པོ་རྣོ་ཞིང་གསལ་བ་ཡིན། ཚུལ་ཁྲིམས་མི་ཉམས་པ་ཡིན། ཉོན་མོངས་པ་འཇིལ་བ་ཡིན། བདུད་ཀྱི་སྤྱོད་ཡུལ་ལས་འདའ་བ་ཡིན། ཐར་པའི་ལམ་རྙེད་པར་འགྱུར་བ་ཡིན། དགེ་བ་རྒྱ་ཆེན་པོ་གསོག་པ་ཡིན། སངས་རྒྱས་མང་པོ་མཐོང་བ་ཡིན། སངས་རྒྱས་ཀྱིས་བྱིན་གྱིས་རློབ་པ་ཡིན། དེ་ལ་སོགས་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་ངོ་། །དེ་ལྟ་བུའི་དད་པ་དང་ལྡན་པའི་སྒོ་ནས་དགེ་བའི་བཤེས་གཉེན་བསྟེན་དགོས་པ་ཡིན། དགེ་བའི་བཤེས་གཉེན་བསྟེན་དགོས་ལུགས། ལུང་དང་། རིགས་པ་དང་། དཔེ་གསུམ་གྱིས་གོང་དུ་མདོར་བསྡུས་པར་བཤད་པ་ལྟར་དང་། དགེ་བའི་བཤེས་གཉེན་གྱི་དབྱེ་བའི་ཐད་ནས། མཚན་ཉིད་རྣམ་པ་བདུན་གྱི་ཐོག་ནས་གསུངས་པ་དང་། དགེ་བའི་བཤེས་གཉེན་སོ་སོའི་སྐྱེ་བོ་དང་། དགེ་བའི་བཤེས་གཉེན་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། དགེ་བའི་བཤེས་གཉེན་སངས་རྒྱས་སྤྲུལ་བའི་སྐུ་དང་། དགེ་བའི་བཤེས་གཉེན་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་བཞི་རུ་ཕྱེས་ནའང་ཆོག་པ་ཡིན། དེ་དག་ཀྱང་རང་གི་གནས་སྐབས་དང་སྦྱར་ཏེ། བླ་མའི་རྣམ་པའི་རིགས་ཀྱི་དབྱེ་བ་དེ་འདྲ་ཡོད་པ་ཡིན། འདི་ནས་གསུངས་པའི་བླ་མའི་མཚན་ཉིད་དེ་དག་སངས་རྒྱས་ཀྱི་སྤྲུལ་བ་བྱང་ཆུབ་སེམས་དཔའ་མིའི་ཚུལ་དུ་བྱོན་པར་གོ་ཆོག་པ་ཡིན། དེ་ཡང་རང་ལས་དང་པོ་པའི་དུས་སུ་སངས་རྒྱས་དང་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བསྟེན་པའི་ནུས་པ་མེད་པས། དགེ་བའི་བཤེས་གཉེན་སོ་སོའི་སྐྱེ་བོ་ལ་བསྟེན་པའོ། །རང་ལས་ཀྱི་སྒྲིབ་པ་ཕལ་ཆེར་དག་ཙ་ན། དགེ་བའི་བཤེས་གཉེན་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བསྟེན་པར་ནུས་པའོ། །རང་ཉིད་ཚོགས་ལམ་ཆེན་པོ་ཡན་ཆད་ལ་གནས་ཙ་ན། དགེ་བའི་བཤེས་གཉེན་སངས་རྒྱས་སྤྲུལ་བའི་སྐུ་ལ་བསྟེན་པར་ནུས་པའོ། །སློབ་མ་རང་ཉིད་ས་ཆེན་པོ་ལ་གནས་པའི་བྱང་སེམས་ཤིག་ཡིན་ན། དགེ་བའི་བཤེས་གཉེན་ལོངས་སྤྱོད་རྫོགས་པ་སྐུ་ཡི་རྣམ་པར་འཕྲུལ་བ་བྱད་དང་གཟུགས་བརྙན་ལྟ་བུའི་ཕྱེད་སྤྲུལ་ལོངས་སྐུའི་བླ་མ་ལ་བསྟེན་པར་ནུས་པའོ། །དེས་ན་ཐར་ལམ་སྟོན་པའི་བླ་མ་བཟང་པོ་དང་འཕྲད་དང་མི་འཕྲད་དེ་བླ་མ་ཡོད་མེད་དང་བླ་མ་བཟང་ངན་རྐྱང་པ་ལ་ཐུག་མེད་པ་སྟེ། བླ་མའི་རབ་དུས་གསུམ་སངས་རྒྱས་ཐམས་ཅད་ལ་གཤེགས་དང་བཞུགས་པའི་ཐ་སྙད་མེད་དེ། དུས་གསུམ་སངས་རྒྱས་རྣམས་ནི་རྟག་བཞུགས་ཀྱང་། །རྣམ་པའི་ཆ་ནས་གཅིག་གིས་གཅིག་མི་གཟིགས། །གསུངས་པ་ལྟར་དུ། རྒྱལ་བ་ཐམས་ཅད་དགོངས་པ་གཅིག་དང་ཐ་དད་ལས་འདས་པའི་དབྱིངས་སུ་རྟག་ཏུ་བཞུགས་ཡོད་པ་ཡིན། འོན་ཀྱང་དེ་མཇལ་བའི་སྐལ་བ་མ་ལྡན་པ་དག་གིས་མི་མཇལ་བ་དང་། བྱང་ཆུབ་སེམས་དཔའ་བྱམས་འཇམ་དབྱངས་སྤྱན་རས་གཟིགས་ལ་སོགས་པའི་ས་ཆེན་ལ་བཞུགས་པ་དག་ཀྱང་མི་མཇལ་བ་ཡིན། དེ་ཚོ་མཇལ་བའི་བསོད་ནམས་མེད་པས་རེད། མ་དག་པའི་མིག་སྔར་ལེགས་པ་དང་མཆོག་དང་རབ་གཅིག་ཀྱང་མེད་པ་ཡིན། ཡོད་དོན་ཡང་མེད་དེ་རང་མ་དག་པ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའི་རིགས་ཅན་དང་། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་མི་མང་གི་དབུས་སུ་ཅི་འདྲ་མེད་ཀྱང་། གང་ཡིན་ངོ་མ་ཤེས་པར་ལུས་པ་ཡིན། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་ཐ་མལ་པའི་ཚུལ་གྱིས་འགྲོ་དོན་མཛད་བཞིན་ཡོད་པ་ངེས་པར་ཡོད་པས། ངས་གྲོང་ཁྱེར་ཆེན་པོ་མི་ཁྲི་ཚོ་སྟོང་ཚོ་ཡོད་པའི་མཐའ་ནས་རླངས་འཁོར་ལ་བསྡད་དེ་སྐོར་བ་ཁ་ཤས་བྱེད་པ་ཡིན། ནང་བའི་ས་ཆ་ཞིག་ཡིན་དུས་དགོན་གནས་དང་དཀོན་མཆོག་གི་རྟེན་མང་རབ་ཡོད་ཀྱང་། མི་མང་པོ་དེ་འདྲའི་ནང་ན་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་ཅི་འདྲ་མེད་བསམ་པ་ཡིན། ལས་མ་དག་པའི་མིག་སྔར་དག་པ་ཁེ་རུ་ཞིག་མཐོང་མི་ཐུབ། ཚངས་པ་རལ་བ་ཅན་གྱིས་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་ཁམས་དག་པར་ཡིན་པར་མཐོང་བ་དེ་གཞན་གྱིས་མ་མཐོང་བ་ལྟ་བུ་ཡིན། དེས་ན་སློབ་མའི་ཚོད་ཀྱི་བླ་མ་འབྱུང་བ་ཡིན་པས། རང་ཉིད་སོ་སྐྱེ་ཡིན་པའི་ཚོད་ཀྱི་བླ་མ་ཡང་སོ་སྐྱེ་རྣམ་པ་ཅན་ཞིག་ལས་མི་མཇལ་བ་ཡིན། དེ་བླ་མའི་སྐྱོན་མ་ཡིན་རང་གིས་ལན་པ་ཡིན། ཁྱོད་རང་ལ་དེ་མཇལ་བའི་བསོད་ནམས་ཡོད་ལ། དེས་ཡན་ལ་མེད་པའི་དབང་གིས་དང་། དེས་མན་ལ་མ་དམའ་བའི་དབང་གིས་དེ་ལྟར་སྣང་བ་ཡིན། བླ་མ་ལ་ཡང་སྔོན་གྱི་ཐུགས་བསྐྱེད་དང་། སྨོན་ལམ་གྱི་སྟོབས་ཀྱི་དབང་གིས་གདུལ་ཞིང་དང་། སྐུ་ཚེ་དང་། མཛད་པ་འཕྲིན་ལས་རྣམས་ལ་རྒྱ་ཆེ་ཆུང་དང་རྒྱས་མི་རྒྱས་ཀྱི་ཁྱད་པར་སྣང་བ་ཡིན། བླ་མས་ཀྱང་ཅི་འདྲའི་སློབ་མ་སྡུག་པོ་དང་། ཅི་འདྲ་བའི་སྡེ་ངན་ས་ཟད་བསམ་རྒྱུ་ཡང་ཡོད་པ་མིན། ཁྱེད་ཉིད་སྐྱེ་བ་ལ་དབང་ཐོབ་ནས་བྱོན་པ་ཞིག་ཡིན་ན་ནི་སྨོན་ལམ་འདིར་ཐེབས་པའི་དབང་གིས་དེ་ལྟར་བྱུང་བ་ཞིག་ཡིན་ངེས་ལ། ལས་ཀྱི་དབང་གིས་འདིར་འཁོར་བ་ཞིག་ཡིན་ན་ནི་བདག་འབྲས་ཡུལ་ལ་སྨིན་པ་ཡིན་པས་སྐོས་ཐང་དེ་ལས་མེད་པ་ཡིན། བླ་མ་སོ་སོའི་སྐྱེ་བོ་ཡིན་ན་ནི་ལས་ཀྱིས་དབང་གིས་དེ་འདྲར་སྐྱེས་པ་ཡིན་པས། སྤྲུལ་སྐུ་རྗེས་མར་གར་འཁྲུངས་རང་གིས་ཤེས་མིན་པ་དང་། སྨོན་ལམ་ལ་བརྟེན་ནས་སྐྱེ་སྲིད་རྗེས་མ་ལེན་མཁན་ཞིག་ཡིན་ན་ནི། འདའ་ཀའི་མཚམས་སྦྱོར་གྱི་སྨོན་ལམ་ཐེབས་པའི་ཚོགས་བསགས་རྒྱ་ཆེན་པོ་སྔོན་ལ་སོང་བ་ཞིག་ཡིན་དགོས། སྐྱེ་བ་ལ་དབང་བ་ཞིག་ཡིན་ན་ནི་དབང་བཅུ་སངས་རྒྱས་དང་ཆ་འདྲ་བ་ཡོད་དགོས་པས། ཚེ་ལ་དབང་ནས་ལོ་བརྒྱ་སྟོང་སོགས་ལ་བཞུགས་ཐུབ་པ་དང་། སེམས་དང་ཡོ་བྱད་སོགས་ལ་དབང་བས་མི་ལས་འདས་པའི་སྤྱོད་པ་སྣ་ཚོགས་གདུལ་བྱ་ཐུན་མོང་གི་ངོ་ཁར་བསྟན་ནུས་པ་སོགས་འབྱུང་བ་ཡིན། སློབ་མས་བླ་མ་ཐ་ཆད་པའི་དབང་གིས་ངེད་སྡེ་བའི་བླ་མ་འདི་དག་གིས་མ་འཇོན་པ་དང་ཕོ་མ་བྱས་པ་ཟེར་བ་འདུག་ཀྱང་། དེ་ནི་རིགས་པ་མིན་ཏེ་ཁྱོད་རྣམས་ཀྱི་ཚེ་སྔོན་ཐོད་པའི་རི་མོ་རྐོ་ལུགས་ཤིག་གིས་བླ་མ་དེ་དང་འཕྲད་པ་ཡིན། བླ་མ་སློབ་མ་ལས་གཞན་པའི་འབྲེལ་བ་དག་ཀྱང་དེ་དང་འདྲ་འདྲ་རེད། ལས་མཐུན་པར་མཉམ་དུ་བསགས་ནས་སྡེ་རིས་གཅིག་དང་ས་ཕྱོགས་གཅིག་ལ་སྐྱེས་ཚེ། ཐམས་ཅད་མཐུན་པར་ཡུན་དུ་འགྲོགས་པར་བྱས་ན་ཐམས་ཅད་བདེ་ཞིང་སྐྱིད་པ་ཡིན། ཆོས་གཅིག་གི་བསྡུས་པ་འདི་ཚོ་ཡང་ཚེ་སྔོན་སྨོན་ལམ་མཐུན་པ་དང་། ཐུགས་བསྐྱེད་སྟོབས་སུ་བདོ་བས་ཡིན་པ་ལས། རྒྱུ་མེད་ཀྱི་འབྲས་བུ་ཞིག་གང་ནས་ཡིན། དེས་ན་གཏམ་གྱི་སྙིང་པོ་མདོར་བསྡུ་ན། ལས་འབྲེལ་གང་ལ་ཡོད་ཅིང་དད་མོས་སུ་ལ་ཆེ་བའི་བླ་མ་དེར་བསྟེན་ནས། ཅི་གསུང་བཀའ་བཞིན་བསྒྲུབས་ཏེ་ཐུགས་མཛོད་ཀྱི་དགོངས་པ་ལོན་པ་སཱཙྪ་བརྐོས་ཕོར་ནས་ཕྱུང་བ་ལྟ་བུ་ཞིག་མ་བྱུང་ཡང་། སྣམ་བུ་ཚོས་ལ་འཕངས་པ་འདྲ་ཞིག་འགྱུར་དགོས་པ་ཡིན། སུ་ལ་ཡང་དད་ལོག་མེད་ཅིང་དག་སྣང་སྦྱོང་ན་ནོར་ས་གོལ་ས་འཕྱུག་ས་རྣམས་དེ་ལ་མེད་དོ། །དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསགས་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།

ཉིན་དགུ་བའི་ཆོས་ཁྲིད།

ཇི་ལྟར་ནམ་མཁའི་ཁམས་ལྟར་དུ་ཟད་པའི་ཕ་མཐའ་གཟུང་དུ་མེད་ཅིང་། ཇི་སྙེད་ནམ་མཁའི་རྒྱ་ཁྱོན་དེ་སྙེད་ཀྱིས་ཁྱབ་པའི་མ་གྱུར་འགྲོ་བ་སེམས་ཅན་མཐའ་ཡས་པ་ཡོད་ཚད་པོའི་སྡུག་བསྔལ་རྒྱུ་དང་བཅས་པ་བྲལ་བ་དང་། བདེ་བ་རྒྱུ་དང་བཅས་ཐོབ་པའི་ཆེད་དང་། དེ་ལྟར་བྱེད་ཐུབ་པའི་ཐབས་དང་ནུས་པ་དང་ལྡན་པ་རྫོགས་པའི་བྱང་ཆུབ་ཆེན་པོ་བསྒྲུབ་པར་བྱའོ་སྙམ་པའི་སེམས་བསྐྱེད། སྨོན་དང་འཇུག་པ་གཉིས་འབྲེལ་གྱི་བདག་ཉིད། ཐེག་ཆེན་མདོ་སྔགས་གཉིས་ཀྱི་ལམ་གྱི་གཞུང་རྟ། ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆག་པའི་རྣམ་དག་བྱང་ཆུབ་ཀྱི་སེམས་མཆོག་རིན་པོ་ཆེ་དེ་ཉིད་སྙིང་པོར་བཟུང་སྟེ། ཕྱིན་དྲུག་ཚང་པའི་སྒོ་ནས་འཆད་ཉན་སྒོམ་སྒྲུབ་བགྱི་བ་ལ། གང་ཐར་བའི་ལམ་ལ་ཞུགས་པའི་ལམ་གྱི་འཁྲུལ་བ་སེལ་བའི་ཆོས་ཚུལ། ཐུན་མོང་། ཁྱད་པར། བླ་མེད་དང་གསུམ་གྱི་རྣམ་དབྱེ་ཡོད་པའི་ཚིག་མགོ་ཞིག་བླངས་བས་མི་ཚད། ཁ་རྩང་ཐེག་ཆེན་མདོ་སྔགས་ཐུན་མོང་གི་ལམ་ཆེན། ཚད་མེད་རྣམ་བཞི་སྔོན་དུ་འགྲོ་བའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། གཉིས་འཛིན་དེ་འཁྲུལ་བའི་སྲོག་ཏུ་བརྩིས་ནས། ཆོས་དང་གང་ཟག་དང་གི་བདག་མེད་རྣམ་གཉིས་གཏན་ལ་ཕབ་པའི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས། འཁོར་འདས་གཉིས་མེད་སྣང་སྟོང་བདེན་པ་དབྱེར་མེད་སྤྲོས་བྲལ་རྟེན་ཅིང་འབྲེལ་འབྱུང། མཚན་ཉིད་རྒྱུ་ཡི་ཐེག་པའི་ལམ་ནས་ལམ་གྱི་འཁྲུལ་བ་སེལ་ཚུལ་ཕྱོགས་ཙམ་ཞིག་གླེང་ནས། དེ་རིང་ལམ་གྱི་འཁྲུལ་བ་སེལ་ཚུལ་གཉིས་པ་དེ་གང་ཡིན་ན། ཁྱད་པར་གྱི་ལམ་གསང་སྔགས་ཕྱི་ནང་གི་སྐོར་ལ་བློ་ཁ་ཞིག་ཕྱོགས་ན། བསྐྱེད་དང་རྫོགས་པའི་རིམ་གཉིས་ལམ་གྱི་རིམ་པ་ཟུང་དུ་འཇུག་པའི་ཐབས་དང་འཇུག་སྒོ་དཔག་ཏུ་མེད་པ་སྣ་ཚོགས་པའི་རིམ་པས་འཁྲུལ་བ་སྦྱོང་བར་བྱེད་པ་དེ། གསང་སྔགས་སྤྱིའི་མཚན་ཉིད་ལྟ་བུ་ཞིག་ཡིན་ལ། གསང་སྔགས་ཕྱི་བ་གསུམ་གྱིས་དག་པ་གཙོ་བོར་བཟུང་ནས་སྤང་བླང་རེས་འཇོག་གི་སྒོ་ནས་དྲི་མ་གཉེན་པོས་སེལ་བ་ཡིན། དེ་ཡང་བྱ་རྒྱུད་པས་གཞུང་ཀྲཱི་ཡ་སྡེ་དྲུག་གི་དགོངས་པ་གཙོ་བོར་བཟུང་ནས་དངོས་གྲུབ་སྒྲུབ་པར་བྱེད་ཅིང་། ལྟ་བ་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་སྟོང་པ་ཉིད་དང་། ཀུན་རྫོབ་ཡོངས་སུ་དག་པ་བདག་དང་ལྷ་གཉིས་རྗེ་ཁོལ་གྱི་ཚུལ་དུ་བསྒྲུབས་ནས་ལྷའི་གསང་གསུམ་གྱི་མཚན་མ་དག་པ་མངོན་དུ་བྱེད་པའི་དག་པ་གསུམ་གྱིས་འཇུག་པ་དང་། སྒོམ་པ་ཀྲཱི་ཡ་ལྷ་དྲུག་གི་བཟླས་དམིགས་དང་བསྟུན་ཏེ། སྤྱོད་པ་ཁྲུས་གསུམ་གཙང་སྦྲ་གསུམ་གྱི་ཆོ་གའི་ཡན་ལག་ལ་བརྩོན་པར་བྱེད་པ་ཡིན། ཨུ་པས་གཞུང་ཨུ་པ་སྡེ་བཞིའི་ལུང་ལ་བརྟེན་ནས་ཆོས་དབྱིངས་རིག་པའི་ཡེ་ཤེས་ཀྱི་བྱིན་རླབས་སྒྲུབ་པ་བདག་དང་ལྷ་གཉིས་ཀ་བདག་མདུན་སྤུན་གྲོགས་ཀྱི་ཚུལ་གྱིས་བསྒྲུབས་ནས། ལྟ་བ་ཆོས་དབྱིངས་མཐའ་བྲལ་གྱི་ཡེ་ཤེས་དང་། སྒོམ་པ་མངོན་བྱུང་ལྔ་ཡི་ཡེ་ཤེས་ཀྱི་བསྐྱེད་བཟླས་ཀྱི་སྟེང་ནས། སྤྱོད་པ་ཁྲུས་དང་གཙང་སྦྲ་གྲོགས་ཙམ་དང་ནང་གི་ཏིང་འཛིན་གཙོ་བོར་བྱེད་པ་ཡིན། འདི་དག་ལ་བྱ་སྤྱོད་ཆ་མཉམ་གྱི་རྒྱུད་དུ་གྲགས་པ་དང་། རྣལ་འབྱོར་ཡོ་གའི་རྒྱུད་ཀྱིས་ཡོ་ག་ལུང་གི་རྒྱུད་བཞིའི་དགོངས་པ་ལ་བརྟེན་ནས། དོན་དམ་མཐའ་བྲལ་གྱི་དབྱིངས་སུ་ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་ན་ཡང་། ཀུན་རྫོབ་རྟེན་འབྱུང་བསླུ་མེད་ཀྱི་སྣང་ངོར་དམ་ཚིག་ཡེ་ཤེས་གཉིས་མེད་ཀྱི་ཚུལ་གྱིས་བཟླས་སྒོམ་ལ་བརྟེན་ནས་དངོས་གྲུབ་སྒྲུབ་པ་དང་། ལྟ་བ་ལྷ་དང་རྣལ་འབྱོར་གཉིས་མེད་དང་། སྒོམ་པ་ཕྱག་རྒྱ་བཞི་ཡི་སྒོ་ནས། སྤྱོད་པ་ཕྱིའི་ཀུན་སྤྱོད་ལ་མི་ལྟོས་པར་ནང་གི་ཏིང་འཛིན་ཟབ་མོ་གཅིག་པུར་གཙོ་བོར་བྱེད་པ་ཡིན་པ་དང་། ཕྱི་རྒྱུད་སྡེ་གསུམ་གྱི་འབྲས་བུ་དེ་རིམ་པ་བཞིན་དུ། རིགས་གསུམ། རིགས་བཞི། རིགས་ལྔའི་སངས་རྒྱས་སུ་སྒྲུབ་པའི་སྒོ་ནས་ལམ་གྱི་འཁྲུལ་བ་སེལ་ཐབས་བྱས་ཏེ་འབྲས་བུའི་ས་ལ་བགྲོད་པར་བྱེད་པའོ། །སྔགས་ནང་རྒྱུད་གསུམ་ནི་ནང་བ་བླ་མེད་ཀྱི་གྲུབ་མཐའ་ཡིན་ལ། འདི་རྒྱུ་ཕར་ཕྱིན་ཐེག་པས་མི་ཚད་སྔགས་ཕྱི་བ་ལས་ཀྱང་འཕགས་པའི་མྱུར་ལམ། ཐབས་ཆེ། ཐབས་སླ། ཐབས་མང་། ཐབས་མྱུར་བ་དང་བཞིའི་ཁྱད་ཆོས་ལྡན་པའི་སྟབས་ཀྱིས་སྔ་འགྱུར་ཐུན་མིན་གྱི་ལུགས་ལ་བསྐྱེད་དང་རྫོགས་དང་རྫོགས་ཆེན་གསུམ་དུ་བསྟན་པ་ཡིན། དེ་ལས་བསྐྱེད་པ་མ་ཧཱ་ཡོ་ག་ནི་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་དགོངས་དོན་རྩལ་དུ་བཏོན་ནས་བཀྲལ་ཏེ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་དབྱེ་ཞིང་། དེ་གཉིས་ཐུན་མོང་གི་ལྟ་བ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་དག་མཉམ་བདེན་པ་དབྱེར་མེད་ལྷའི་དཀྱིལ་འཁོར་དུ་བལྟས་ནས། སྒོམ་པ་ཏིང་འཛིན་རྣམ་གསུམ་ཡན་ལག་དང་བཅས་པས་བསྐྱེད་རིམ་ལམ་དུ་བྱེད་པ་གཙོ་བོར་བྱས་ནས། སྤྱོད་པ་བླང་དོར་མེད་པ་སྦྱོར་སྒྲོལ་ཐབས་མཁས་ཀྱི་ཚུལ་ལ་སོགས་པ་དང་དུ་བླངས་ནས་འབྲས་བུ་ཚེ་འདིའི་སྟེང་ནས་རིག་འཛིན་བཞི་ཡི་མྱུར་ལམ་བགྲོད་དེ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར་སངས་རྒྱས་པར་འདོད་པ་དང་། རྫོགས་པ་ཨ་ནུ་ཡོ་གས་གཙོ་བོར་ནང་རླུང་གི་སྐོར་ལ་གཞི་བཟུང་ནས་ལྟ་བ་སྣང་ཆ་ཡེ་ནས་དག་པ་ཀུན་ཏུ་བཟང་པོ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་། སྟོང་ཆ་ཀུན་ཏུ་བཟང་མོ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་གཉིས་ཀ དབྱིངས་རིག་དབྱེར་མེད་སོ་སོར་མ་ཡིན་ཐ་མི་དད་པ། སྲས་བདེ་བ་ཆེན་པོ་བྱང་ཆུབ་སེམས་པའི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་རྣམ་པ་གསུམ་གྱི་སྟེང་ནས་སྒོམ་པ་དབང་བཞི་དང་རྗེས་སུ་འབྲེལ་བའི་ཡེ་ཤེས་བཞི། ཁྱད་པར་དུ་གསང་དབང་དང་ཤེར་དབང་གི་ཉམས་ལེན་གནད་དུ་བསྣུན་ནས་རྩ་རླུང་ཐིག་ལེའི་བྱེད་པ་ཡིས་འཕོ་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་བར་བྱས་ཏེ། སྤྱོད་པ་ཞི་བདེར་རྗེས་ཆགས་ཀྱི་ཉམས་ལེན་གཙོ་བོར་གྱུར་པའི་ཐབས་མཁས་ཟབ་མོ་ཡིས། འབྲས་བུ་ཚེ་འདིའི་ཐོག་ནས་ཨ་ནུ་རང་ལུགས་ཀྱི་ལམ་ལྔ་དང་ས་བཅུ་གཅིག་པོ་ནང་གི་ཐབས་མཁས་ཀྱིས་བགྲོད་ནས་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་བདེ་བ་ཆེན་པོ་རྡོ་རྗེ་འཆང་གི་སྐུར་སྒྲུབ་པར་བྱེད་པའོ། །རྫོགས་ཆེན་ཨ་ཏི་ཡོ་ག་ལ་ནང་གསེས་ཀྱི་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་དབྱེ་བའི། ཐུན་མོང་སྤྱིའི་དབང་དུ་བྱས་ན་དེའི་རྒྱུད་སྡེ་སོ་སོ་ལ་བརྟེན་ནས་གང་གཏན་ལ་དབབ་བྱ་ལྟ་བ་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཀ་དག་ལྷུན་གྲུབ་དབྱེར་མེད་དང་། ངོ་བོ་རང་བཞིན་ཐུགས་རྗེའི་ཡེ་ཤེས་གསུམ་གྱིས་བཤད་དེ། ངོ་བོ་སྟོང་པ་ཉིད་དམིགས་མཚན་དང་བྲལ་བས་ཀ་དག་དང་། རང་བཞིན་གསལ་བ་ཡོངས་ལ་ཁྱབ་པ་སྐྱེ་འགག་གནས་དམིགས་ལས་འདས་པ་ཡིན་པས་ན་ལྷུན་གྱིས་གྲུབ་པ་དང་། ཐུགས་རྗེ་ཀུན་ཁྱབ་ཆོས་ཉིད་ཀྱི་རང་རྩལ་འཁོར་འདས་ཐམས་ཅད་འཆར་བའི་བདག་ཉིད་དུ་བཞུགས་པ་སྟེ། དེ་གསུམ་དབྱེར་མེད་ཡེ་ཤེས་འོད་གསལ་མཆོག་ཏུ་མི་འགྱུར་བ་དེ་ཉིད་བསྐྱེད་རྫོགས་མཚན་བཅས་ཀྱི་ཐབས་ལ་མི་ལྟོས་པར། དོན་བརྒྱུད་འཕོ་བའི་བྱིན་རླབས་སེམས་ཉིད་རང་ངོ་སྤྲོད་པའི་མན་ངག་གིས་བསལ་བཞག་མེད་པའི་ཆོས་ཉིད་ངོས་བཟུང་ནས་རིག་པ་འགྱུར་མེད་མཉམ་པ་ཉིད་ཀྱི་ངང་དེ་ལས་ནམ་ཡང་མི་གཡོ་བར་བྱེད་པ་དང་། སྒོམ་པ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བ་རིག་པ་རང་བྱུང་གི་ཡེ་ཤེས། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད། གནས་ལུགས་མཐར་ཐུག་གི་ངོ་དེ་ཁོ་ན་ཉིད་དེའི་སྟེང་ལ་རང་བབ་ལྷུན་གྲུབ། སྒོམ་དུ་མེད་ལ་ཡེངས་སུ་མེད་པའི་རང་བཞིན་རང་བབ་ཀྱི་བསམ་གཏན། རྩོལ་མེད་རང་ཤར་རང་གྲོལ་གྱི་དགོངས་པར་དབང་སྒྱུར་བ་དང་ཆབས་ཅིག་ཏུ། སྤྱོད་པ་དགག་སྒྲུབ་མེད་པར་ཤུགས་འབྱུང་གིས་སྤྱད་ནས། འབྲས་བུ་རིག་པའི་གཞི་ལ་སྐུ་གསུམ་གྱི་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་ནས་ཡོད་པའི་ངོ་བོ་ཉིད་ཇི་བཞིན་མངོན་དུ་གྱུར་པའོ། །དེ་ཡང་མ་ཧཱ་ཡོ་གས་བསྐྱེད་རིམ་གྱི་རྣལ་འབྱོར་གཙོ་བོར་བྱས་ནས་ཏིང་འཛིན་གྱི་རྩལ་རྫོགས་ཚེ། མཚན་བཅས་ཀྱི་རྫོགས་རིམ་དང་དེའི་དྲངས་པའི་རྫོགས་རིམ་ཆེན་པོས་ལམ་གྱི་འཁྲུལ་བ་སེལ། ཨ་ནུ་ཡོ་གས་བདེ་བའི་ཐབས་ཀྱིས་དྲངས་པའི་དོན་གྱི་ཡེ་ཤེས་ལྷན་སྐྱེས་བདེ་སྟོང་དབྱེར་མེད་པའི་ཉམས་ལེན་དེས་ལམ་གྱི་འཁྲུལ་བ་སེལ། ཨ་ཏི་ཡོ་གས་མཚན་བཅས་རྩ་རླུང་ཐིག་ལེའི་བྱེད་བཅིངས་སོགས་ཀྱི་རྫོགས་རིམ་ལ་མི་ལྟོས་པར་འབྲས་བུ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཉིད་ལ་དབང་འབྱོར་བ་བྱས་ནས་ལམ་གྱི་འཁྲུལ་བ་གཞི་ལ་དག་ཚུལ་གྱི་རྣམ་གཞག་སྟེ། དེ་ལྟ་བུའི་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་ལམ་སྤྱིའི་གནད་དང་སྦྱར་བའི་གོ་དོན་མདོ་ཙམ་ཞིག་ཞོར་དུ་གླེང་སློང་དང་། དེ་ལྟ་བུའི་རིམ་པ་དང་ལམ་གྱི་མྱུར་ཁྱད་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་པའི་དབྱེ་རིམ་གྱི་ཚུལ་ལས་འཕྲོས་པའི་དོན་གྱི་མདོ་འགག་བློ་ཆོས་སུ་འགྲོ་བའི་སྟེང་དེ་ནས། ཆོས་ལམ་དུ་འགྲོ་བ་ནས་བརྒྱུད་དེ། ལམ་གྱི་འཁྲུལ་བ་སེལ་བའི་ཚུལ་གྱི་སྤྱིའི་མདོ་ཆིངས་ལྟ་བུའི་ཚུལ་ཙམ་ཞིག་བཤད་པ་དང་བཅས་ཏེ། སྐབས་སུ་བབ་པ་གང་ཞིག་འཆད་ཉན་བྱ་བའི་ཆོས་ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་འདི་ཉིད་ཀྱི་འགྲེལ་ཊཱིཀ་པདྨ་དཀར་པོ་འདི་ཉིད་འཆད་པ་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་བ་དང་། བར་དུ་དགེ་བ་གཞུང་གི་དོན་ལས། རྡོ་རྗེའི་གནས་དང་པོ་འཁོར་བའི་རང་བཞིན་སྤང་བྱར་བསྟན་པ་ལེའུ་བདུན་པ་ཡན་ཆད་ཀྱིས་སོང་ནས། རྡོ་རྗེའི་གནས་གཉིས་པ་མྱ་ངན་ལས་འདས་པའི་རང་བཞིན་བླང་བྱར་བསྟན་པ་བཤད་པའི་སྐབས་སུ་ཁེལ་ཞིང་། དེ་ལ་སྦྱོང་བྱེད་ལམ་དང་། སྦྱང་བྱ་འབྲས་བུ་བཤད་པ་དང་གཉིས་ལས། དང་པོ་ལའང་ཐོག་མར་ཐོས་པ་ནས་འཇུག་དགོས་པ་དང་། ཐོས་པ་དེ་ཡང་དགེ་བའི་བཤེས་གཉེན་ལ་རག་ལས་པའི་ཚུལ། བཤེས་གཉེན་གྱི་མཚན་ཉིད། དེ་ཇི་ལྟར་བསྟེན་ཚུལ་སོགས་བཤད་དང་འཆད་བཞིན་པའི་སྐབས་ལས། མཉེས་པས་བསྟེན་པར་བྱ་བ་དེ་ལའང་གསུམ་ལས། གཉིས་པ་སྤྱོད་པས་མཉེས་པར་བྱ་བའི་སྐབས་ཀྱི། ལུས་ངག་ཡིད་གསུམ་གྱིས་མཉེས་པར་བྱ་བའི་ཚུལ་གསུམ་ལས། གསུམ་པ་ཡིད་ལ། བླང་བྱ་སྤང་བྱ་གཉིས། དང་པོ།

ཡིད་ཀྱི་བླང་བྱ་བསྟན་པ།

སེམས་ཀྱི་སྒོ་ནས་ཀྱང་གུས་པས་བསྒྲུབ་པ་དང་། ཕྱིན་ཅི་ལོག་ཏུ་སེམས་པ་དོར་བ་གཉིས་ལས། དང་པོ་ནི། ཡིད་ཀྱིས་བླ་མའི་ཡོན་ཏན་དྲན་བྱ་ཞིང་། །དད་གུས་ཆེན་པོས་འཕྲད་དཀའི་བློ་སྐྱེད་ལ། །རྗེས་གཟུང་འགྲོ་བ་གཞན་ལའང་གུས་པར་བྱ། །ཞེས་གསུངས་ཏེ། མཆོག་ཏུ་དད་པའི་ཡིད་ཀྱིས་བླ་མའི་ཡོན་ཏན་དྲན་པར་བྱས་ལ། འཕྲད་པར་དཀའ་བའི་བློས་དད་གུས་བསྐྱེད་ལ་བསྟེན་པར་བྱའོ། །བླ་མ་མཉེས་པར་བྱ་བ་དེ་ལའང་ཟང་ཟིང་གིས་མཉེས་པར་བྱེད་པ་དང་། སྤྱོད་ལམ་གྱིས་མཉེས་པར་བྱེད་པ་དང་། སྒྲུབ་པས་མཉེས་པར་བྱེད་པ་གསུམ་གྱིས་བསྟན་པ་ལས། སྤྱིར་སྤྱོད་ལམ་ཞེས་པ་ལུས་ཀྱི་བྱ་སྤྱོད་ཀྱི་ཆ་ནས་གཙོ་བོར་བཏགས་པ་ཞིག་ཡིན་ཀྱང་། ངག་ཡིད་ཀྱང་དེ་དང་འབྲེལ་བ་ཅན་ཡིན་པས་ན། འདིར་མཉེས་པ་གསུམ་གྱི་སྐབས་སུ་ཟང་ཟིང་གིས་མཉེས་པར་བྱེད་པ་སྒྲུབ་པའི་ཁོངས་སུ་མི་འདུ་བས་དེ་ལྟར་བསྟན་པའོ། །དེའང་བླ་མ་ནི་གསང་སྔགས་ཀྱི་སྐབས་འདིར་དཀོན་མཆོག་བཞི་པར་བལྟ་བས་སངས་རྒྱས་དང་མཉམ་པའམ། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ལས་ཀྱང་ལྷག་པར་མོས་པས། བླ་མ་དམ་པ་དེ་ཉིད་ཀྱི་མཚན་ཐོས་པ་དང་། ཞལ་མཐོང་ཞིང་མཇལ་བ་དང་། ལས་འབྲེལ་ཡོད་པའི་བླ་མའི་མཚན་ཙམ་ཐོས་པས་ཀྱང་ལུས་ཀྱི་བ་སྤུ་ལྡང་བ་སོགས་གཞན་དང་མི་འདྲ་བའི་སྔོན་གྱི་སྨོན་ལམ་གྱི་དབང་གིས་མཇལ་བ་དང་། རང་ཉིད་ཀྱིས་འབད་པས་བཙལ་བས་རྙེད་པ་དང་། གསུང་ཐོས་པ་དང་། སྤྱི་བོར་ཕྱག་གིས་རེག་པ་ཙམ་ལའང་དགའ་བ་ཆེན་པོ་བསྐྱེད་དེ། བདག་ལྟ་བུ་བསྐལ་བ་ཐ་མའི་ལས་ངན་སེམས་ཅན་གྱིས། དགེ་བའི་བཤེས་གཉེན་དམ་པ་འདི་ལྟ་བུ་ལ་དངོས་སུ་འཕྲད་དུ་ཡོད་པ་རེ་དགའ་སྙམ་དུ་རྙེད་པར་དཀའ་བ་བློས་བསམས་ལ། ཐབས་སྣ་ཚོགས་པས་མཉེས་པ་བསྒྲུབ་ཅིང་། དམ་པ་དེ་ཉིད་འཇིག་རྟེན་དུ་འབྱུང་དཀའ་ལ། བདག་དང་འཕྲད་པའང་རྙེད་དཀའ་ཞིང་། ནམ་འབྲལ་མི་ཤེས་པའི་བློས་བསྟེན་ཞིང་། བླ་མ་དེས་རྗེས་སུ་བཟུང་བའི་འགྲོ་བ་གཞན་ཐམས་ཅད་ཀྱང་ཆོས་ཀྱི་མཆེད་རྡོ་རྗེའི་སྤུན་གྲོགས་ཡིན་པས་དེ་དག་ལའང་གུས་པས་སྲི་ཞུ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བ་ལ་སོགས་པའི་མོས་གུས་དང་དག་སྣང་བྱའོ། །དེ་ལྟར་ཡིད་ཀྱིས་བླ་མའི་ཡོན་ཏན་དྲན་པར་བྱས་ཏེ་དད་གུས་ཆེན་པོས་བསྙེན་བསྐུར་བྱས་པ་དེས་ནི་འདི་དང་ཕྱི་མའི་ལེགས་པ་ཐམས་ཅད་འགྲུབ་པ་ཡིན་ནོ། །འཕགས་པ་དཀོན་མཆོག་སྤྲིན་ལས། ས་ཕྱོགས་གང་ན་ཆོས་སྨྲ་བ་གནས་པ་དེ་ལ་མཆོད་རྟེན་གྱི་འདུ་ཤེས་དང་། ཆོས་སྨྲ་བ་ལ་བླ་མ་དང་། དགེ་བའི་བཤེས་གཉེན་དང་། སྟོན་པའི་འདུ་ཤེས་བསྐྱེད་དེ་མཐོང་ན་དགའ་བ་དང་། རངས་པ་བསྐྱེད་དོ་ཞེས་པ་དང་། སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་མཁན་པོ་དང་། སློབ་དཔོན་ལ་བཀའ་བློ་བདེ་བས་བླ་མར་བྱེད་པའི་སྲི་ཞུ་དང་། གུས་པ་དང་། ཕངས་པ་དང་། གཅེས་པར་འཛིན་པའི་སེམས་བསྐྱེད་པར་བྱའོ་ཞེས་པ་དང་། ད་ལྟར་གྱི་སངས་རྒྱས་མངོན་སུམ་པའི་ཏིང་ངེ་འཛིན་ལས། དེས་བླ་མ་ལ་ཁྲེལ་ཡོད་པ་དང་། བྱས་པ་གཟོ་བར་བྱས་ན། དེ་ཡང་དགེ་བའི་ཆོས་ཡུན་རིང་དུ་གནས་ཤིང་རྨོངས་པ་མེད་པར་འགྱུར་རོ་ཞེས་པ་དང་། སྡོང་པོ་བཀོད་པའི་དགེ་བསྙེན་མ་མི་གཡོ་བའི་རྣམ་པར་ཐར་པ་ལས་ཀྱང་། དགེ་བའི་བཤེས་གཉེན་ཡིད་ལ་བྱེད་པ་དང་མ་བྲལ་བ་ལས་དོན་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་པ་དང་། དགོངས་འདུས་ལས། དོན་དང་ལྡན་པའི་བླ་མ་ལ། །དུས་གསུམ་ཕྱོགས་བཅུའི་རྒྱལ་བ་དང་། །རྒྱལ་སྲས་ལྷ་དང་མི་དག་དང་། །དེ་བཞིན་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་ལོག་ལྟ་ཅན་དག་གི། རིག་པ་འཛིན་པ་ཀུན་འདུས་ནས། །མེ་ཏོག་གཏོར་ཞིང་བསྟོད་པས་འདུད། །དཔེར་ན་མ་ཡིས་བུ་བསྐྱེད་ལྟར། །རྒྱལ་བ་སྲས་དང་རིག་འཛིན་རྣམས། །དམ་པ་ལས་བྱུང་ཤེས་པར་གྱིས། །ཞེས་སོ། །གཉིས་པ།

ཡིད་ཀྱི་སྤང་བྱ་བསྟན་པ།

དོར་བྱ་ནི་ཡིད་ཀྱི་སྒོ་ནས། མ་དད་ལོག་པར་ལྟ་དང་ཁོང་ཁྲོ་དང་། །རྟག་ཏུ་སྐྱོན་ལ་སེམས་དང་བརྙས་སེམས་དང་། །འགྲན་སེམས་གནོད་འཚེའི་སེམས་དང་ང་རྒྱལ་སེམས། །མཛད་སྤྱོད་འགལ་བར་འཛིན་དང་མ་དད་སེམས། །བརྣབ་སེམས་གནོད་སེམས་ལོག་ལྟའི་སེམས་རྣམས་སྤང་། །ཞེས་གསུངས་ཏེ། ཡང་དག་པ་དགེ་བའི་བཤེས་གཉེན་ལ་ཡིད་ཀྱིས་མ་དད་པ་དང་། ཁོང་ཁྲོ་བ་དང་། སྐྱོན་ཇི་ལྟ་བུ་འདུག་སྙམ་དུ་བརྟག་པ་དང་། དུས་སྙིགས་མའི་སེམས་ཅན་རྣམས་ནི། བཟང་ལ་མི་དགའ་ངན་ལ་དགའ་བ། ཡག་ལ་མི་དགའ་སྡུག་ལ་དགའ་བ་དང་། སྤྱིར་ན་མི་གཞན་གྱི་ཡོན་ཏན་མི་མཐོང་བར་སྐྱོན་གདགས་རྒྱུར་དགའ་བ་ཡིན་པས། བཤད་བཤད་ཟིན་དུས་མེད་པའི་ཆགས་སྡང་གི་རུ་མ། །མཚར་མཚར་ཡག་ཡག་འདྲ་ཡང་གཞན་སྐྱོན་རྗེས་ཟློས། །ཞེས་པ་ལྟར་དུ། རྩེད་མོ་ཧ་རྒོད་བྱེད་དུས་སུའང་མི་སྐྱོན་ཏག་ཏག་བཤད་ནས་དེ་ཡག་སྣང་འཆར་བ་ཡིན་ཀྱང་། ཟུར་དེ་ནས་མཁས་པ་རྣམ་དཔྱོད་ཅན་ཞིག་གིས་མཐོང་ན་དེ་ནི་རང་སྐྱོན་ལྷང་ལ་ཕུད་པའི་ཁྲེལ་རྒྱུ་ཞིག་ལ་ཆགས་ཡོད། བླ་མ་ཞིག་མཇལ་དུས་སྐྱོན་ལ་རྟོག་ནས་ཅི་ཟེར་རྒྱུ་མ་ལོན་རུང་ཁ་ཆེ་བ་སྣ་རིང་བ་སུ་ཞིག་སུ་གོ་མ་ལ་འདྲ་འདུག་པ་སོགས་ཟེར་ནས་སྐྱོན་འདོགས་པ་དེ་ལྟར་མི་རུང་ངོ་། །གཞན་ཡང་རིགས་དང་གཟུགས་དང་ལོངས་སྤྱོད་དམན་པ་ལ་བརྙས་པ་དང་། རྒྱུ་དང་འབྱོར་བ་ཡོད་པ་ལ་ལྐོག་ནས་སྨད་པ་དང་། རྒྱུ་དང་འབྱོར་བ་མེད་པ་ལ་ངོས་ནས་བརྙས་པ་བྱེད་པ་ནི་སྤྱིར་དུས་ངན་གྱི་སེམས་ཅན་དང་། ཁྱད་པར་དུ་མི་ཐ་ཆད་པ་རྣམས་ཀྱི་ལས་ཡིན་པས་སྤང་བར་བྱའོ། །བླ་མར་གང་ཅིའི་ཐད་ནས་འགྲན་པར་སེམས་པ་དང་། བཤེས་གཉེན་དམ་པ་དེ་དང་དེའི་ཉེ་འཁོར་ན་གནས་པ་དག་ལ་གནོད་སེམས་དང་། འཚེ་བ་དང་། ཁོང་ཁྲོ་བ་དང་། ང་རྒྱལ་གྱིས་སུན་འབྱིན་པར་སེམས་པ་དང་། བླ་མའི་ནོར་རྫས་ལ་བརྣབ་སེམས་དང་ཞེས་པ་སྟེ་བླ་མའི་ཕྱག་རྫས་མཐོང་དུས་ང་དེ་ཡོད་ན་སྙམ་པ་དང་། ངན་པར་གྱུར་ན་དགའ་བའི་གནོད་སེམས་དང་། ལོག་པར་ལྟ་བས་ངན་དུ་སེམས་པ་དང་། མཛད་སྤྱོད་གང་ལའང་འགལ་བར་འཛིན་པས་སྐྱོན་དང་ལོག་པར་ལྟ་བར་མི་བྱ་སྟེ། བླ་མ་ནི་སེམས་ཅན་གང་ལ་གང་འདུལ་གྱི་ངོར་སྐུ་གསུང་ཐུགས་ཀྱི་སྤྱོད་པས་དེ་ལ་ཕན་པ་མཛད་པས་སྣ་ཚོགས་པ་གང་དུའང་འབྱུང་སྟེ། རེ་ཞིག་བསྡུ་ན་ཞི་རྒྱས་དབང་དང་དྲག་པོའི་ལས་བཞིའི་དབང་གིས་རིམ་པ་བཞིར་མཐོང་བ་ཡིན་ནོ། །ཀརྨ་ཞེས་པའི་སྒྲ་ལས་དྲངས་ན་ལས་སམ་ཕྲིན་ལས་སྣ་ཚོགས་ཀྱང་བསྡུ་ན་བཞི་བོ་འདིར་འདུས་པའོ། །དེ་ལ་གང་དག་ངང་རྒྱུད་ཞི་བས་འདུལ་བ་དེ་ལ་དེ་ལས་ཀྱང་ཞི་བའི་སྐུ་གསུང་ཐུགས་ཀྱི་རྣམ་པར་སྣང་བས་ལེགས་པར་འདོམས་པ་དང་། སྙན་པར་སྨྲ་བ་ལ་སོགས་པར་སྟོན་ཅིང་། སེམས་ཅན་གང་དག་སྦྱིན་པས་བསྡུ་བ་འོས་པ་རྣམས་ལ་ནི། རྒྱས་པའི་རིགས་ཀྱིས་ཡོ་བྱད་རྣམས་ལ་མ་ཆགས་པར་འགྱེད་ཅིང་སྦྱིན་པའི་རབ་སྟོན་ལ། དབང་དུ་བྱ་བས་འདུལ་ན་འགྲོ་བ་རྣམས་བསྡུས་ཏེ་ཆོས་ལ་སྦྱོར་བ་དང་། དྲག་པོས་འདུལ་བ་ལ་བརྡེག་པ་དང་། འཚོག་པ་དང་། ཚམ་རྔམ་དང་། ཚིག་འབྲུ་དྲག་པོ་འགལ་བ་དུ་མར་སྟོན་ཏོ། །ལས་བཞི་དང་རིགས་བཞི་དང་སྦྲེལ་ཡོང་ན། རང་བཞིན་དུའང་བླ་མ་ནི། རྡོ་རྗེའི་རིགས་ཐམས་ཅད་ཞི་བ་ཡིན་པས། སྐུ་གསུང་ཐུགས་ཞི་བར་སྣང་ལ། རིན་ཆེན་རིགས་རྣམས་རྒྱས་པའི་རིགས་ཡིན་པས་སྒེག་པས་གོས་དང་རྒྱན་དང་ལོངས་སྤྱོད་ཀྱིས་འབྱོར་ཞིང་། པདྨའི་རིགས་དབང་གི་ཡིན་པས་པདྨའི་རིགས་ལ་འགྲོ་བ་འདུལ་ཞིང་ཡུམ་དང་བཅས་པ་དང་། ལས་ཀྱི་རིགས་དྲག་པོ་སྟེ་བླ་མ་དང་བཤེས་གཉེན་དམ་པ་དེ་དག་ཀྱང་སྐུ་གསུང་ཐུགས་དྲག་ཤུལ་ཆེ་བས་གཏུམ་རྔམས་ཆེ་ཞིང་གདུག་པར་སྣང་བས་འགྲོ་བ་འདུལ་བའི་ཕྱིར་གཅིག་ཏུ་མ་ངེས་པས། བླ་མས་ལྟར་སྣང་དུ་མཛད་པ་གང་དང་གང་མཛད་ཀྱང་། བརྟགས་ནས་བསྟེན་ཟིན་ཚེ་དག་སྣང་དང་མོས་གུས་ཆེན་པོས་སྲི་ཞུ་བྱའོ། །དམ་པ་རྣམས་ནི་རྟག་ཏུ་སེམས་ཅན་གཞན་ལ་ཕན་བདེ་བྱེད་པ་ནི་རང་གཤིས་སམ་རང་བཞིན་ཡིན་པས་མཛད་པ་གང་དང་གང་གིས་ཀྱང་གདུལ་བྱ་སྐྱོབ་པ་ཡིན་ལ། དམ་པ་མ་དགོས་ཕལ་བ་དག་ཀྱང་བརྟག་དཀའ་ཡང་། དམ་པའི་རང་བཞིན་ནི་གཞན་ལ་ཕན་བདེ་བྱེད་པ་དེ་ཡིན་པས་དངོས་སམ་བརྒྱུད་ནས་གཞན་ལ་ཕན་པ་མ་ཡིན་པའི་བྱ་བ་སྒྲུབ་མཁན་དེ། ལྟར་སྣང་ཇི་ལྟར་བཟང་ཡང་། དམ་པ་མིན་པའི་རྟགས་སུ་འཛིན་ཆོག་པའི་གོ་དོན་ཤུགས་ཀྱིས་བསྟན་པ་ཡིན། སྐུའི་ཆ་ལུགས་ནི་གཅིག་ཏུ་མ་ངེས་ཤིང་། གསུང་ཡང་འཇམ་པོ་དང་རྩུབ་མོ་ལ་སོགས་པ་གཅིག་ཏུ་མ་ངེས་པས། སྐྱོན་ལྟར་སྣང་ཡང་། སྐྱོན་དུ་སེམས་པར་མི་རུང་སྟེ། ཐུགས་དགོངས་གང་ཡིན་མི་ཤེས་པས་སོ། །དེས་ན་བླ་མ་འདི་ནི་ནོར་རྫས་ལ་སྲེད་པ་ཆེ་སྙམ་པ་དང་། འདོད་པ་ཆེ་སྙམ་པ་དང་། བརྣབ་སེམས་ཆེ་སྙམ་པ་དང་། ཁོང་ཁྲོ་དང་གདུག་པ་ཆེ་སྙམ་པ་དང་། ཉོན་མོངས་པ་རགས་སྙམ་པ་དང་། སེར་སྣ་ཆེ་སྙམ་པ་དང་། ང་རྒྱལ་ཆེ་སྙམ་པ་དང་། ཡུམ་དང་བཅས་སྙམ་པ་དང་། རིགས་གཟུགས་ངན་སྙམ་པ་དང་། ཅི་ཡང་མི་ཤེས་སྙམ་པ་ལ་སོགས་པ་མི་སེམས་ཏེ། རང་ལ་མངོན་ཤེས་མེད་པས་ཐུགས་དགོངས་མི་རྟོགས་པའི་ཕྱིར་རོ། །ཁྱད་པར་དུ་ཐོས་རྟགས་ཞི་ཞིང་དུལ་བ། སྒོམ་རྟགས་ཉོན་མོངས་མེད་པ་དང་ས་ལམ་གྱི་ཡོན་ཏན་སོགས་གསང་བའི་རིགས་གང་ཡང་མི་འདུག་སྙམ་པ་དང་། དེ་ལྟར་མ་མཐོང་བ་ལ་མི་འདུག་སྙམ་ན་རང་གི་སྐྱོན་ཡིན། སངས་རྒྱས་ཀྱི་ཡོན་ཏན་དང་མི་ལྡན་སྙམ་དུ་མི་བསམ་སྟེ། སྐུ་གསུང་ཐུགས་ཀྱི་གསང་བ་ཤིན་ཏུ་སྦས་པ་ནི་མི་མངོན་པའི་ཕྱིར་དང་། གསང་བའི་ཡོན་ཏན་དག་ནི་ལས་མ་དག་པས་མཐོང་པ་མིན་པས་རང་གི་སྒྲིབ་པས་བལྟ་བར་མི་མངོན་པའི་ཕྱིར་དང་། ཡོན་ཏན་ཐམས་ཅད་དངོས་སུ་སྣང་བ་ནི་ལས་དག་པ་དགོས་ལ། གཅིག་ཏུ་ན་དེ་ལྟ་བུའི་དངོས་སུ་ཡོན་ཏན་སྣང་བ་དག་རང་གི་སྤྱོད་ཡུལ་མི་མཚུངས་པས་སྟོན་དུ་མེད་པ་ལ་སོགས་པར་འགྱུར་བ་ཡིན་ནོ། །ད་ལྟར་གྱི་སངས་རྒྱས་མངོན་སུམ་པའི་ཏིང་ངེ་འཛིན་ལས། གལ་ཏེ་དེས་ཆོས་སྨྲ་བ་དེ་ལ་མནར་སེམས་པའམ། ཐ་བ་སྟེ་མ་དུལ་བའམ། སྡང་བའི་སེམས་ཀྱིས་གནས་སམ། སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་མི་བསྐྱེད་ན། དེ་དག་གི་ཡོན་ཏན་ཐོབ་པ་ནི་གནས་མེད་དོ། །མ་ཐོབ་པའི་ཆོས་ཐོབ་པའམ། ཐོབ་པ་ཆུད་མི་ཟ་བ་ནི་གནས་མེད་དོ། །མ་གུས་པས་ཆོས་ནུབ་པར་འགྱུར་རོ་ཞེས་པ་དང་། སྙོམས་འཇུག་གསང་བའི་རྒྱུད་ལས། བླ་མ་དག་ལ་འགྲན་སེམས་དང་། །ཡི་དམ་རྒྱལ་བའི་ལྷ་སྤངས་པས། །བོང་འཐེང་ཞོན་ནས་མཚོ་བསྐོར་ལྟར། །ཞེས་པ་སྟེ་བླ་མ་ལ་འགྲན་སེམས་ཀྱི་མ་རུང་བའི་སེམས་རྒྱུད་ལ་སྐྱེས་ན། ཡི་དམ་ཡང་བླ་མ་ལས་ལོགས་སུ་མ་གྱུར་པས་བླ་མ་ཡི་དམ་དང་བཅས་པ་སྤངས་བ་ཡིན་པས་བོང་བུ་འཐེང་པོ་ཞིག་ཞོན་ནས་མཐའ་ཡི་མཚོ་ཆེན་པོ་ལ་བསྐོར་བ་བྱས་ན་ཐོན་དུ་མེད་པ་ལྟར་དུ་བླ་མ་ལ་བརྙས་ན་ཡི་དམ་རྒྱལ་བའི་ལྷ་སྤངས་བ་ཡིན་པས་སངས་རྒྱས་འགྲུབ་བའི་དུས་མི་སྲིད་ཅེས་པའི་དོན་ཏོ། །རྒྱལ་བའི་སངས་རྒྱས་འགྲུབ་མི་སྲིད། །བླ་མའི་དཀོར་ལ་བརྣབ་སེམས་པ། །བསྐལ་པ་གཉིས་སུ་ཡི་དྭགས་གནས། །ཞེས་པ་དང་། དཔུང་རྣམ་པར་བཟློག་པའི་རྒྱུད་ལས། བླ་མ་དང་ནི་དེ་ཡི་འཁོར། །ཁྲོ་བས་ཞེ་འགྲས་སུན་འབྱིན་པ། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །མནར་མེད་གནས་སུ་འཚེད་པའོ། །ཞེས་པ་དང་། བྱང་ཆུབ་བདེ་བའི་དཔུང་བསྐྱེད་ནས། །རྡོ་རྗེ་བླ་མ་སྨད་མི་རུང་། །འདོད་ཆགས་ཞེ་སྡང་ལ་སོགས་པ། །ལྔ་པོ་ལྡན་ཞེས་བསམ་མི་བྱ། །དེ་བསམས་མནར་མེད་ས་གཞིར་བསྲེག །ཅེས་པ་དང་། གཞུང་རྒྱ་མཚོ་ལས། རྡོ་རྗེ་ཡིད་བཞིན་རྒྱལ་པོ་ལ། །ཟས་སྐོམ་ནོར་ལ་སྲེད་སྙམ་པས། །རབ་མཐའ་བཅུ་ཡི་དམྱལ་བར་འཚེད། །གསང་མཆོག་སྨྲ་བྱེད་རྒྱལ་པོ་ལ། །ཤེས་པ་ཅན་གྱི་ཡིད་སྒོ་ནས། །ང་རྒྱལ་ཆེ་བའི་ཡིད་མི་བསམ། །དེ་སྐྱོན་ཁ་འཐབ་གནས་སུ་ལྟུང་། །ཞེས་པ་དང་། དུ་མ་འདུས་པའི་རྒྱུད་ལས། བདག་གི་དྲིན་ལ་གནས་བསམ་པས། །མནར་མེད་པར་ཡང་རབ་ཏུ་སྐྱེ། །སློབ་དཔོན་སྐྱོན་ལ་གང་སེམས་པ། །དགེ་བསགས་དོན་མེད་ལྷ་སྤངས་པས། །ལྷ་ཀླུ་གདུག་པ་ལ་སོགས་ཀྱིས། །མྱུར་དུ་སྲོག་གཅོད་དམྱལ་བར་ལྟུང་། །ཞེས་པ་དང་། སྙིང་པོ་རྣམ་པར་ལེན་པའི་རྒྱུད་ལས། མཆོག་ཏུ་སྔགས་ལ་ཞུགས་པ་ལ། །གནོད་པར་བྱེད་པའི་སེམས་འཆང་ན། །གྲང་བའི་དམྱལ་བར་ངེས་པར་ལྟུང་། །ཞེས་གསུངས་སོ། །དེས་ན་དུས་ནམ་ཡང་བླ་མའི་སྐྱོན་ལ་མི་བསམ་ཞིང་། གལ་ཏེ་དབྱེན་སྦྱོར་ཕྲ་མ་མཁན་གྱི་མི་འགས་དབྱེན་བཅོས་ཏེ་བླ་སློབ་གཉིས་ཀྱི་བར་དུ་འགལ་བ་གཏུགས་ནས་བླ་མས་སྡང་བར་མངོན་ན་ཡང་། ཉེས་མེད་ཀྱང་མ་ཉེས་པའི་བཤགས་པ་བྱ་ཞིང་། བླ་མས་དཀའ་བཀྱོན་གནང་བ་རང་གི་སྡིག་པ་ཟད་པའི་རྒྱུར་བསམས་ཏེ་གུས་པས་ཡོན་ཏན་ལ་བསམས་ཏེ་བསྟེན་པར་བྱའོ། །གསུམ་པ།

སྒྲུབ་པས་མཉེས་པར་བྱ་བ།

དེ་ནས་བསྒྲུབ་པའི་མཆོད་པས་མཉེས་པར་བྱེད་པ་ཡང་། གསུང་བཞིན་རྗེས་སུ་བསྒྲུབ་པས་མཆོད་པ་ནི། །ཐོས་པ་དམ་པའི་དོན་རྣམས་བསམ་བྱ་སྟེ། །ནགས་མཐར་སོང་ལ་སྙིང་པོའི་དོན་ལ་འབད། །སྒྲུབ་པས་དུས་འདའ་གོང་མའི་གདུང་འཚོབ་བཟུང་། །ཞེས་གསུངས་ཏེ། བླ་མ་དམ་པས་སྒྲུབས་ཤིག་ཅེས་བསྒོ་བའི་གསུང་བཞིན་རྗེས་སུ་བསྒྲུབ་པ་ནི། མི་ལས་མར་པའི་བཀའ་བསྒྲུབས་པ་ལྟ་བུ་ཡིན། མཆོད་པ་རྣམས་ཀྱི་ནང་ནས་མཆོག་ཡིན་ལ། སངས་རྒྱས་ནས་རིམ་པར་བྱོན་པའི་བླ་མ་རྣམས་ཀྱིས་ཆོས་བསྟན་ཅིང་འཇིག་རྟེན་དུ་བྱོན་པའི་དགོས་པའང་བླ་མའི་བཀའ་བཞིན་བསྒྲུབས། དེའི་ཐུགས་མཛོད་དགོངས་བའི་བྱིན་རླབས་འཕོས་ནས་དངོས་གྲུབ་ཐོབ་པ་དེ་ཉིད་ཡིན་པས། ཇི་སྐད་ཐོས་པ་རྣམས་ལེགས་པར་བླང་དོར་གྱི་དམིགས་ལེགས་པར་ཕྱེད་པས་བསྒྲུབ་པར་བྱའོ། །ཐོས་པ་དེ་ཡང་རྒྱུ་བདེ་གཤེགས་སྙིང་པོ་། རྐྱེན་དགེ་བའི་བཤེས་གཉེན་ཞེས་པ་ལྟར་དུ། རྐྱེན་བླ་མ་དམ་པ་ལ་རག་ལས་པས། དམ་པ་མང་དུ་བསྟེན་ཐོས་པ་ཕྱོགས་མེད་དུ་བཙལ་ནས་བསྒྲུབ་ལ། དེ་ཡང་བསམ་པ་ཕྱིན་ཅི་མ་ལོག་པར་བྱས་ནས་བསྒྲུབ་ཅིང་། ཤེས་ལོ་དང་གོ་ལོ་ཐོས་ལོ་ཙམ་དུ་མི་བཞག་པར་ཐོས་དོན་བསམ། བསམས་དོན་སྒོམ་པས་ཉམས་སུ་བླངས་ལ་བསྒྲུབ་བོ། །ཉམས་སུ་ལེན་པ་ཡང་གཟུགས་བརྙན་དུ་མ་སོང་བར་ཆོས་དང་རང་རྒྱུད་བསྲེས་ལ་བསྒྲུབ་ཅིང་། རང་རེས་ཀྱང་ཆོས་དང་རང་རྒྱུད་འདྲེས་ཐབས་སུ། བློ་ཆོས་སུ་འགྲོ་དགོས། ཆོས་ལམ་དུ་འགྲོ་དགོས། ལམ་གྱི་འཁྲུལ་བ་སེལ་དགོས། ལ་སོགས་པ་ཨ་འོར་ཡང་འོར་གྱིས་རྣར་འཇག་བཅུག་པ་ལྟར་དུ་རེད། དེ་ཡང་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་བ་ཉིད་ཀྱི་དོན་ཟུང་དུ་འཇུག་པས་བླ་མའི་དགོངས་པ་དང་གཉིས་སུ་མིན་པའི་ཐུགས་རྒྱུད་དགོངས་པའི་ཀློང་དང་རང་སེམས་གཉིས་ཀ་འདྲེས་པ་ཡིད་སྨོན་ཙམ་ལ་མ་ལུས་པར་རང་ཉིད་དེ་ལྟ་བུར་དངོས་སུ་འགྱུར་བར་བརྩོན་པས་བསྒྲུབས་ན་བསྒྲུབ་ནས་འགྲུབ་བོ་ཞེས་པའོ། །དེ་ལྟར་བསྒྲུབས་པས་བླ་མ་དང་སངས་རྒྱས་སྲས་བཅས་ཐམས་ཅད་མཉེས་པའི་མཆོད་པར་འགྱུར་ཏེ། སྐྱེས་བུ་དམ་པ་ནི་སྐྱེས་བུ་དམ་པའི་སྤྱོད་པས་མཉེས་པས། ཆོས་དང་རང་རྒྱུད་འདྲེས་པ་བྱེད་རྒྱུ་ནི་སྐྱེས་བུ་དམ་པའི་སྤྱོད་པ་ཡིན་པའི་ཕྱིར་རོ་ཞེས་སྒྲུབ་བྱེད་བཀོད་པའོ། །མངོན་རྟོགས་རྒྱན་ལས། སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །ཞེས་པ་དང་། ཡུམ་བར་མ་ལས། གང་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་གདམས་པ་དེ་བསྒྲུབ་པར་བརྩོན་པ་ལ་ནི་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་སོ། །བསྟོད་དོ། །བཀུར་རོ། །ཞེས་སོ། །དེ་ལྟར་བླ་མ་སྒྲུབ་པས་མཉེས་པར་བྱས་པའི་ཕན་ཡོན་གཞན་ཡང་ཚད་མེད་དེ། ལུང་གིས་བསྟན་ན། རེ་ཞིག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། བདག་གི་བཀའ་བློ་བདེ་ཞིང་སློབ་དཔོན་གྱིས་བསྟན་པ་དང་མཐུན་པར་འཛིན་པས། འཕགས་པའི་ནོར་བདུན་ཁོང་དུ་ཆུད་པར་བྱས་ཏེ། དེ་ལ་བླ་མས་ཆོས་རྒྱ་ཆེར་སྟོན་ཅིང་། གསལ་བར་བྱེད་པས་དབུལ་བ་རྣམ་པར་ཆད་པ་ན་བླ་ན་མེད་པའི་བྱང་ཆུབ་ཁོང་དུ་ཆུད་པར་འགྱུར་རོ། །ཡང་དེས་འཁོར་ལོས་སྒྱུར་བ་མཐའ་བཞིར་རྣམ་པར་རྒྱལ་བའི་རིན་པོ་ཆེ་སྣ་བདུན་དང་། བུ་སྟོང་དང་། གླིང་བཞི་དང་ལྡན་པས་སློབ་དཔོན་སྐར་མཁན་དང་། ཡུལ་གྱི་མི་ལ་སོགས་པར་གུས་པ་དང་། འདོད་པའི་ཡོན་ཏན་ལ་མི་ཆགས་པར་དད་པས་རབ་ཏུ་བྱུང་སྟེ། མྱུར་དུ་མངོན་པར་ཤེས་པ་ལྔ་ཐོབ་ནས། མི་དང་མི་མ་ཡིན་པ་རྣམས་གུས་པར་བྱེད་པ་དང་། གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ་བློ་དང་ཤེས་རབ་དང་སྤོབས་པ་མཆོག་གིས་གྲགས་ཤིང་། འགྲོ་བ་ཐམས་ཅད་གུས་པ་དང་། སངས་རྒྱས་ནས་ཀྱང་འགྲོ་བ་ཐམས་ཅད་ལ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་རྣམ་པར་གྲོལ་བའི་བདེ་བ་སྟེར་ཞིང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པར་འགྱུར་རོ་ཞེས་པ་དང་། དགོངས་འདུས་ལས། སྔོན་གྱི་དམ་པ་བདེ་གཤེགས་རྣམས། །དེད་དཔོན་དམ་པ་མཉེས་བྱས་ནས། །ཀུན་སྤངས་དགོན་པའི་མཐར་གཤེགས་ཏེ། །སྒྲུབ་པས་ཡང་དག་ཐར་པ་མཉེས། །དེ་བས་དེ་ལྟར་རྗེས་སློབ་ན། །རྒྱལ་བའི་རྣམ་གྲོལ་གདུང་འཚོབ་བོ། །དེ་བས་དམ་པ་དྲིན་ཆེན་ལ། །སྐྱོ་དུབ་མེད་པའི་དད་པ་དང་། །གྱོང་ཁེངས་མེད་པའི་མཉེན་ལྕུག་དང་། །སེར་སྣ་མེད་པའི་ཟང་ཟིང་དང་། །སོམ་ཉི་མེད་པའི་སྲི་ཞུ་དང་། །གཡོ་སྒྱུ་མེད་པའི་དྲང་སྐད་དང་། །ཁ་གསག་མེད་པའི་རང་རྒྱུད་དང་། །རྨོངས་པ་མེད་པའི་ཤེས་རབ་དང་། །དྲི་མ་མེད་པའི་ལྷག་སེམས་བརྒྱད། །དམ་པ་དེ་ལ་རྫོགས་པར་འབུལ། །ཞེས་སོ། །དེ་ལྟར་ན་བསྒྲུབ་པའི་མཆོད་པས་ཐོས་པ་དང་བསམ་པའི་དགོས་པ་འགྲུབ་ཅིང་། སྒོམ་པའི་དོན་རྫོགས་པར་བྱེད་པས་བླ་མ་གྲུབ་ཐོབ་གོང་མ་རྣམས་ཀྱིས་རྗེས་སུ་སྙེགས་ཤིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གདུང་འཚོབ་པས་ན། འཁོར་བའི་གནས་སྤངས་ཏེ་གཅིག་པུ་ཞི་བའི་ནགས་སུ་སྒྲུབ་པ་སྙིང་པོར་བྱེད་པ་ལ་འབད་པར་བྱའོ། །བླ་མ་ནི་དཀོན་མཆོག་བཞི་བའམ་དཀོན་མཆོག་ཀུན་འདུས་ཡིན་པས་བླ་མ་མཆོད་ན་རང་ཉིད་ཀྱི་ཚོགས་གཉིས་རྫོགས་པ་དང་། མཆོད་པ་ཐམས་ཅད་ཀྱི་མཆོག་ནི་སྒྲུབ་པའི་མཆོད་པ་ཡིན་ལ། སྒྲུབ་པའི་མཆོད་པའང་དམ་པའི་ཆོས་དང་། བླ་མའི་མན་ངག་ལ་ཐོས་བསམ་སྒོམ་གསུམ་བྱེད་པ་དེའི་ནང་དུ་འདུས་འདུག་པ་ཡིན། དང་པོ་གང་བསྒྲུབ་རྒྱུའི་ཆོས་གདམས་ངག་དེ་ཐོས། དེ་ནས་ཐོས་དོན་བསམ། བསམས་དོན་སྒོམ། བསྒོམས་དོན་ཡོངས་སུ་རྫོགས་པར་བྱས་ན། བླ་མ་གྲུབ་ཐོབ་གོང་མའི་རྗེས་བསྙེགས་པ་ཡིན། རྒྱལ་བ་སྲས་དང་བཅས་པས་གདུང་འཚོབ་ནས་བརྒྱུད་པ་ཟིན་པ་ཡིན་པས། གང་མཚམས་ཤིག་ནས་འཁོར་གནས་ཀྱི་འདུ་འཛིའི་རྣམ་གཡེང་གི་གཞི། ཆོས་བརྒྱད་དཀར་ནག་ཁྲ་གསུམ་གྱི་འཆིང་ཐག་བཅད་ནས། ཞི་བའི་ནགས་སུ་དབེན་གསུམ་གྱི་རྒྱལ་ས་བསྙེགས་ནས། སྒྲུབ་འབྲས་ཚེ་འདི་ཉིད་ལ་མངོན་དུ་བྱེད་པ་ནི་སྒྲུབ་བའི་མཆོད་པའི་ནང་གི་གཙོ་བོ། རང་གཞན་འཕྲལ་ཡུན་གྱི་དགོས་དོན་ཚང་མ་མ་ལུས་པ་མེད་པ་འདུས་པའི་གོ་བའོ། །དེ་ལྟར་སྒྲུབ་བའི་མཆོད་པ་བྱས་པ་དེའི་ཕན་ཡོན་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས། བླ་མས་གདམས་པ་དེ་ཉིད་ཉམས་སུ་ལེན་པ་ལ་ཞུགས་པའི་ཕན་ཡོན་ནི་གང་ཟག་དེའི་ལྷག་པའི་བསམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྗོད་དུ་མེད་པའམ་གྲངས་ཀྱིས་མི་ལང་པ་བཅུ་ཡོངས་སུ་སྤྱོད། ཁྱད་པར་ཅན་གྱི་དབང་པོ་དེ་སྙེད་ཅིག་འཕེལ། བྱིན་རླབས་དེ་སྙེད་ཅིག་འབྱུང་། སྒྲིབ་པ་དེ་སྙེད་ཅིག་འདག བདུད་ཀྱི་བར་ཆད་ཀྱིས་མི་ཚུགས་པར་བདུད་སྡེ་དེ་སྙེད་ཅིག་ལས་འདའ། ཆོས་ཀྱི་སྒོ་དེ་སྙེད་ཅིག་ལ་འཇུག ཚོགས་དེ་སྙེད་ཅིག་རྫོགས། སྤྱོད་པ་དེ་སྙེད་ཅིག་རྣམ་པར་དག སྨོན་ལམ་དེ་སྙེད་ཅིག་འགྲུབ། ཡོན་ཏན་དེ་སྙེད་ཅིག་ཐོབ་ཅེས་པའི་དེ་སྙེད་ནི་གོང་གི་ཐོག་མའི་གསལ་བྱེད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྗོད་དུ་མེད་པ་བཅུའོ། །མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ནི། བླ་མ་ལ་རག་ལས་ཤིང་བླ་མ་ལས་བྱུང་བའོ་ཞེས་སོ། །དེས་ནི་སྤྱིར་སྒྲུབ་བའི་མཆོད་པ་བྱ་བ་བསྟན་ནས། བྱེ་བྲག་བླ་མ་དམ་པ་དེའི་རྣམ་ཐར་ལ་སློབ་དགོས་པ་གདམས་པ་ནི། མཛད་སྤྱོད་དམ་པའི་རྗེས་སུ་བསྒྲུབས་པས་མཉེས་པར་བྱ་བ་ཡང་། འགྲོ་བའི་མགོན་པོ། དཔལ་ལྡན་བླ་མའི་རྣམ་ཐར་སྒྲུབ་པ་ཡང་། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམས་བྱས་ལ། །བདག་ཀྱང་དེང་ནས་དེ་འདྲའི་རྗེས་བསླབས་ཏེ། །དམ་པའི་གོ་འཕང་ཐོབ་པར་བྱེད་དོན་དུ། །ཐོས་བསམ་སྒོམ་པའི་ཚུལ་ལ་ནན་ཏན་བྱ། །ཞེས་གསུངས་ཏེ། འདི་ལྟར་བླ་མ་དམ་པ་དེ་ནི་སྡེ་སྣོད་དག་ལས་གང་ལ་གང་འདུལ་གྱི་སྒོ་ནས་སངས་རྒྱས་ཀྱི་སྤྲུལ་བར་བཤད་ལ། རྒྱུད་སྡེ་དག་ལས་ཀྱང་དཀྱིལ་འཁོར་གྱི་གཙོ་བོ་སངས་རྒྱས་དངོས་ཡིན་པས་སངས་རྒྱས་ཀྱི་སྤྲུལ་བ་ཆེན་པོར་གསུངས་པའི་ཕྱིར། དེའི་རྣམ་པར་ཐར་པ་བཞིན་བསྒྲུབས་པས་སངས་རྒྱས་ཀྱི་རྣམ་པར་ཐར་པ་ལ་བསླབ་པར་འགྱུར་བའི་ཕྱིར། སྐུ་གསུང་ཐུགས་ཀྱི་ཡོན་ཏན་སངས་རྒྱས་དང་མཉམ་པར་བལྟས་ལ། བདག་གིས་ཀྱང་དེ་ཁོ་ན་འདྲ་བ་ཞིག་བྱའོ་སྙམ་དུ་སེམས་པས་བླ་མའི་མཛད་སྤྱོད་ལ་སློབ་ཅིང་། རྣམ་དཔྱོད་དང་བློ་གྲོས་ཤིན་ཏུ་ཆེ་བ་མིན་ཀྱང་དོན་ཆུང་འཇིག་རྟེན་གྱི་བྱ་བས་མི་གཡེང་བར། བརྩོན་པ་བརྒྱ་ཕྲག་གི་ཐོག་ནས་ཐོས་པ་དང་། བསམ་པ་དང་། སྒོམ་པས་དུས་འདའ་བར་བྱས་ན་གཞན་དང་མི་མཚུངས་པར་ནམ་ཞིག་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པས་མ་ཚད། བརྩོན་འགྲུས་ཅན་དེས་དངོས་གྲུབ་མྱུར་དུ་ཐོབ་པ་ཉིད་དེ། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཀོན་མཆོག་བསམ་པའི་ཡུལ། །བླ་མ་མི་སྤང་བླ་མ་བཀུར། །མོས་དང་བསམ་པའི་བྱེ་བྲག་གིས། །བླ་མ་འགྲུབ་འགྱུར་ཐེ་ཚོམ་མེད། །བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་ལྟའོ། །དེ་ལས་བྱུང་བའི་དངོས་གྲུབ་ནི། །རྣལ་འབྱོར་པ་ཡིས་བཟའ་བར་བྱ། །དེ་ཡིས་དཔལ་ལྡན་རྫོགས་སངས་རྒྱས། །དངོས་གྲུབ་ཀུན་གྱི་ལས་ཀྱི་མཐའ། །བླ་མ་མཉེས་པ་ཉིད་ལས་འབྱུང་། །ཞེས་སོ། །དེ་བཞིན་དུ། བླ་མའི་རྣམ་ཐར་བསྐྱངས་ནས་བླ་མ་མཉེས་པར་བྱས་པའི་ཕན་ཡོན་གཞན། ཐེ་ཚོམ་ཐམས་ཅད་སེལ་བ་དང་། ཉམས་རྟོགས་པ་རྒྱུད་ལ་འཆར་བ་དང་། རྣམ་པར་རྟོག་པའི་དྲ་བ་གཅོད་པ་དང་། སྡུག་བསྔལ་གྱི་ཆུ་ཀླུང་སྐེམ་པ་དང་། འཁོར་བའི་འདམ་ལས་འབྱིན་པ་དང་། སྲིད་པའི་མཚོ་ལས་བསྒྲལ་བ་དང་། མ་རིག་པའི་མུན་པ་སེལ་བ་དང་། ཡོན་ཏན་གྱི་གཏེར་ཁུང་རྡོལ་བ་དང་། དངོས་གྲུབ་ཀྱི་བཅུད་ཐོབ་པ་དང་། བླང་དོར་གྱི་དམིགས་ངེས་པ་དང་། ཡེ་ཤེས་ཀྱི་སྣང་བ་ཕྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་སྦྱོང་བ་དང་། དག་པའི་ཞིང་དུ་བགྲོད་པ་དང་། མངོན་ཤེས་དང་རྫུ་འཕྲུལ་སྒྲུབ་པ་དང་། སྐྱེ་བ་ཐམས་ཅད་དུ་དགེ་བའི་བཤེས་གཉེན་དང་འཕྲད་པ་དང་། སངས་རྒྱས་ཀྱི་སྣང་བ་མཐོང་བར་འདོད་པས་བླ་མ་ལ་གུས་པའི་སྒོ་ནས་སྲི་ཞུས་མཉེས་པར་བྱས་ན་འགྲུབ་པའི་ལུང་བསམ་གྱིས་མི་ཁྱབ་པར་གསུངས་སོ། །གཉིས་པ།

ཕན་ཡོན་བསྟན་པ།

ཇི་སྐད་བཤད་པའི་ཚུལ་གྱིས་བླ་མ་བསྟེན་པའི་ཕན་ཡོན་མཐའ་ཡས་ཏེ། དེ་ལྟར་སྣ་ཚོགས་ཐབས་མང་ཉིད་སྒོ་ནས། །བླ་མ་བསྟེན་པའི་ཡོན་ཏན་མཐའ་ཡས་ཏེ། །ཡང་དག་ལམ་ཆུད་བླང་དོར་དམིགས་རྣམ་ཕྱེད། །ཚོགས་རྫོགས་སྒྲིབ་བྱང་བར་ཆད་རབ་ཞི་ཞིང་། །རང་ཡང་སྐྱེ་བོ་དམ་པའི་གནས་ཐོབ་ནས། །མྱུར་དུ་ཐར་པའི་གྲོང་དུ་ཕྱིན་པའོ། །ཞེས་གསུངས་ཏེ། ཐར་པ་བགྲོད་པར་འདོད་པ་རྣམས་ཀྱིས་བླ་མ་དགེ་བའི་བཤེས་གཉེན་བསྟེན་དགོས་ཏེ། དེ་ལ་བསྟེན་པས་ངན་པའི་གཡང་ལས་སྐྱོབ་ཅིང་ཡང་དག་པའི་ལམ་སྲོལ་དུ་ཆུད་པ་དང་། བླང་དོར་གྱི་དམིགས་ཕྱེད་ཅིང་ལྟ་སྤྱོད་མི་ནོར་པ་དང་། ཚོགས་རྫོགས་ཤིང་སྒྲིབ་པ་བྱང་བར་འགྱུར་བ་དང་། བགེགས་དང་བར་དུ་གཅོད་པ་ཞི་བ་དང་། མ་འོངས་པ་ན་རང་ཡང་སྐྱེས་བུ་དམ་པ་རྒྱལ་སྲས་འཕགས་པའི་ས་ཐོབ་ནས། མྱུར་དུ་བྱང་ཆུབ་འགྲུབ་སྟེ། ལང་ཀའི་མདོ་ལས། དགེ་བའི་བཤེས་གཉེན་ལ་བསྟེན་པས་ནི་སྲེད་པ་དང་མི་ཤེས་པའི་རྒྱུ་ལས་བྱུང་བའི་ཆུ་བོ་ཐམས་ཅད་སྐེམ་པར་འགྱུར་རོ། །ཡེ་ཤེས་ཀྱི་ཉི་མ་མཐོང་བར་འགྱུར་རོ་ཞེས་པ་དང་། མེ་ལྕེ་འཁོར་ལོའི་རྒྱུད་ལས། འདི་ལས་ཡོན་ཏན་གྱུར་པ་ནི། །སྟོང་གསུམ་འཇིག་རྟེན་གཞལ་མེད་པའི། །རྡུལ་ཕྲན་གྲངས་དང་མཉམ་ནུས་མིན། །དེ་ཕྱིར་བླ་མ་ཉིད་སྨོས་སོ། །ཞེས་པ་དང་། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལས། རྫོགས་པ་ཆེན་པོ་ཨ་ཏི་ལས། བྱུང་བའི་བླ་མ་དྲིན་ལྡན་ཉིད། །སྙིང་གི་དཀྱིལ་ལམ་ལག་པའི་མཐིལ། །སྤྱི་བོའི་གཙུག་ཏུ་སུས་བསྒོམས་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་སོ། །ཞར་ལ་བླ་མ་མ་བསྟེན་པའི་སྐྱོན་བསྟན་པ་ནི། བླ་མ་དམ་པ་མ་བསྟེན་ན་ལམ་སྟོན་གྱི་བཤེས་གཉེན་མེད་པ་ཡིན་པས། ཐར་པའི་ལམ་སྣ་མི་ཟིན་པ་དང་། ཡོན་ཏན་གྱི་ཚོགས་དང་མི་འཕྲད་པ་དང་། ལེགས་པའི་ཆོས་ལས་ཉམས་པ་དང་། སྡུག་བསྔལ་གྱི་དྲ་བར་ཚུད་པ་དང་། འཁོར་བའི་འདམ་དུ་བྱིང་བ་ལ་སོགས་པ་དཔག་ཏུ་མེད་དེ། ད་ལྟར་གྱི་སངས་རྒྱས་མངོན་སུམ་པའི་ཏིང་ངེ་འཛིན་ལས། བླ་མ་ལ་མ་བསྟེན་ཞིང་མ་གུས་པ་རྣམས་ཀྱིས་ནི་ཡོན་ཏན་གྱི་ཆོས་ཐོབ་པའང་ཉམས་པར་འགྱུར་ན། མ་ཐོབ་པ་ཐོབ་པར་འགྱུར་བ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཆོས་འཛིན་པ་ནི། ཆོས་ལས་ཐ་མི་དད་པས་ན། དེས་དགེ་བའི་བཤེས་གཉེན་དང་ཆོས་སྤོང་བའི་སྡིག་པའི་ལས་ཤིན་ཏུ་ལྕི་བ་བསགས་པའི་ཕྱིར། ངན་སོང་གསུམ་དུ་ཡུན་རིང་མོར་ལན་མང་དུ་འཁོར་བས་སྡུག་བསྔལ་བར་འགྱུར་ཞིང་། གལ་ཏེ་དེ་དག་ལས་ཐར་ནས་བརྒྱ་ལམ་མིར་སྐྱེས་ནའང་། དཀོན་མཆོག་གསུམ་གྱི་སྒྲ་མི་གྲགས་པའི་ཞིང་དུ། དམུས་ལོང་དང་། འོན་པ་དང་། ལྐུགས་པ་དང་། དབང་པོ་མ་ཚང་བར་སྐྱེ་བར་འགྱུར་རོ་ཞེས་པ་དང་། དགོངས་འདུས་ལས། སློབ་མར་གྱུར་ནས་ངན་སེམས་ཀྱིས། །དམ་པ་དེ་ལ་བརྙས་བྱེད་གང་། །སངས་རྒྱས་ཀུན་ལ་བརྙས་པས་ན། །དེ་དག་སྤྱི་ཚུགས་དམྱལ་བར་འགྲོ། །བཀའ་བཅག་ལུང་བོར་ཐུགས་འགལ་ན། །རྡོ་རྗེ་དམྱལ་བར་དེ་འགྲོ་སྟེ། །མི་བཟད་སྡུག་བསྔལ་མྱོང་བར་འགྱུར། །ཚེ་འདིར་རྒྱལ་པོའི་ཆད་པ་སོགས། །ཉེས་པ་ཐམས་ཅད་དེ་ལ་འབྱུང་། །ཞེས་སོ། །དེས་ན་སྐྱོན་ཡོན་ལ་བླང་དོར་ཤེས་པའི་སྒོ་ནས་བླ་མ་དམ་པ་བསྟེན་ཅིང་། མཉེས་པ་སྒྲུབ་པ་ལ་འབད་པར་བྱའོ། །ཞེས་དོན་མདོར་བསྡུས་ནས་ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དགེ་བའི་བཤེས་གཉེན་བསྟེན་པའི་ལེའུ་སྟེ་བརྒྱད་པའི་རྒྱ་ཆེར་འགྲེལ་པའོ།། །། ༈ གཉིས་པ་མི་དགེ་བའི་བཤེས་གཉེན་སྤང་བ་ལ། མཚམས་སྦྱོར་ཏེ་མདོར་བསྟན། དེ་དག་རྒྱས་པར་བཤད་པ་གཉིས། དང་པོ།

མཚམས་སྦྱོར་ཏེ་མདོར་བསྟན་པ།

དེ་ལྟར་དགེ་བའི་བཤེས་གཉེན་བསྟེན་པའི་སྐྱེས་བུ་རྣམས་ཀྱིས་དེའི་མི་མཐུན་ཕྱོགས་སྡིག་པའི་གྲོགས་པོ་སྤང་བ་ལ་ནན་ཏན་གྱིས་བསླབ་པར་གདམས་པ་ནི། ཞེས་མཚམས་སྦྱར་ནས། དེ་ལྟར་དགེ་བའི་བཤེས་གཉེན་ལེགས་བསྟེན་ནས། །སྡིག་པའི་བཤེས་གཉེན་གྲོགས་དང་བཅས་པ་སྤངས། །ཞེས་གསུངས་ཏེ། སྣང་བ་དང་མུན་པ་ལྟར་ཕན་ཚུན་སྤངས་ཏེ་འགལ་བའི་མཚན་ཉིད་ཀྱིས། དགེ་བའི་བཤེས་གཉེན་དང་སྡིག་པའི་བཤེས་གཉེན་གྲོགས་དང་བཅས་པ་ཡང་ལྷན་ཅིག་མི་གནས་པའི་ཚུལ་དུ་རིག་ནས། དགེ་བ་འདོད་པས་སྡིག་པའི་ཕྱོགས་ལ་མི་བརྟེན་པར་གདམས་པ་ཉིད་དེ། སྤང་བྱ་མི་མཐུན་པའི་ཕྱོགས་སྤངས་ནས་ཐར་པ་ལ་གཞོལ་དགོས་པའི་ཕྱིར་རོ། །སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་དགེ་བའི་རྩ་བ་མངོན་པར་འདོད་པས་དགེ་བའི་བཤེས་གཉེན་ལ་བསྟེན་པར་བྱའི། སྡིག་པའི་གྲོགས་པོ་དག་ལ་ནམ་ཡང་བསྟེན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་དགེ་བའི་ཕྱོགས་ལ་བར་དུ་གཅོད་པའི་ཕྱིར་རོ་ཞེས་སོ། །གཉིས་པ་ལ། མི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད། དེ་སྤང་དགོས་པའི་རྒྱུ་མཚན། དེ་ལྟར་སྤངས་བའི་ཕན་ཡོན་གསུམ། དང་པོ།

མི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད།

དེ་ཡང་སྡིག་པ་མི་དགེ་བའི་ཕྱོགས་འཕེལ་བའི་བཤེས་དང་གཉེན་བྱེད་པས་སྡིག་པའི་བཤེས་གཉེན་ཏེ། གང་དག་ཆོས་ལྟར་བཅོས་པའི་མཁན་པོ་དང་། སློབ་དཔོན་དང་བླ་མའི་གཟུགས་སུ་སྣང་བ་རྣམས་དང་། སྡིག་པའི་གྲོགས་བྱེད་ཅིང་དགེ་བ་ལ་བར་དུ་གཅོད་པའི་ཕྱིར། བདག་ལ་ཤ་ཚ་ཞིང་སྙིང་ཉེ་བ་ལྟར་བཅོས་པའི་གྲོགས་སུ་སྣང་བ་ཁྱིམ་པ་དང་། རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པ་རྣམས་ཀྱི་མཚན་ཉིད་དང་། རང་བཞིན་ཇི་ལྟ་བུ་ཞེ་ན། དེ་མི་ཤེས་པ་རྣམས་ལ་བསྟན་པའི་ཕྱིར་འདིར་བཤད་པ་ནི། དེ་ཡང་ཉོན་མོངས་ཤས་ཆེ་རང་རྒྱུད་ངན། །ཚེ་འདི་དོན་གཉེར་སྲིད་ལས་ཡིད་མ་དབྱུང་། །ཐོས་བསམ་རྒྱ་ཆུང་ཤེས་བྱའི་གནས་ལ་རྨོངས། །དད་བརྩོན་མི་ལྡན་དགེ་ཚོགས་རིང་དུ་བྱེད། །ཅེས་གསུངས་ཏེ། སློབ་དཔོན་ནམ་གྲོགས་གང་ཡང་རུང་བ་དག་ལ་ཡོད་པ་སྡིག་པའི་རང་བཞིན་འཆད་པ་ཉིད་ནི་འདི་ཡིན་ཏེ། མ་རིག་འདོད་ཆགས་ཁོང་ཁྲོ་དང་། །ང་རྒྱལ་ཐེ་ཚོམ་ལྟ་བ་ལ། །རྩ་བའི་ཉོན་མོངས་དྲུག་ཅེས་བྱ། །ཞེས་པའི་རྩ་བའི་ཉོན་མོངས་པ་དྲུག་ཤས་ཆེ་བས་རང་རྒྱུད་ངན་པ་དང་། འཁོར་བ་ལ་ཡིད་མ་བྱུང་པའམ་ངེས་འབྱུང་མ་སྐྱེས་བས་ཚེ་འདིའི་ཆེ་ཐབས་འབའ་ཞིག་སྒྲུབ་པ། ཐོས་བསམ་གྱི་ནོར་གྱིས་ཕོངས་པས་ཤེས་བྱའི་དོན་ལ་རྨོངས་པ། ཐར་ལམ་ལ་དད་བརྩོན་མེད་པས་རང་རྒྱུད་དགེ་སྦྱོར་དང་མི་འགྲོགས་པའོ། །དེས་མི་ཚད་ད་དུང་གཞན་ཡང་ཡོད་དེ་འདི་ལྟར། སྒོ་གསུམ་མ་དུལ་ཁེངས་དང་བཅོས་མའི་ཚུལ། །གཞན་ལ་གཤེ་ཞིང་དག་སྣང་མོས་གུས་མེད། །ཟས་སྐོམ་ནོར་དང་ལོག་པའི་ཆོས་ལ་སྲེད། །ཅེས་གསུངས་ཏེ། རང་རྒྱུད་ཆོས་དང་འཛོལ་བས་སྒོ་གསུམ་ཉེ་བར་མ་ཞི་བ། ང་རྒྱལ་གྱི་རི་བོ་མཐོ་བས་ཁེངས་པའི་འགྱིང་ཁྱིམ་ཆེ་བ། གཞན་སྣང་ཐབས་ཀྱིས་བསླུ་བས་ཚུལ་འཆོས་ཀྱི་ཟོལ་ཟོག་སྟེ་གཡོ་སྒྱུ་དང་ཁྲམ་ལ་མཁས་པ། བཅོས་མའི་ཚུལ་ཅན་བཟང་པོ་ལྟར་འཆོས་པའི་ངན་སེམས་ཁོག་ཏུ་འཆང་ཞིང་། གཞན་སྣང་སླུ་ཐབས་ལ་མཁས་པ་ཞིག་ལ་གསུངས་པའོ། །ཕྲག་དོག་གི་རླུང་དམར་འཚུབ་པས་རང་མིན་པ་གཞན་ལ་གཤེ་སྐུར་འདེབས་པ་དང་སྨོད་པ། ཕྱོགས་འཛིན་དང་ཆགས་སྡང་ཆེ་བས་གང་ལའང་དག་སྣང་མེད་པ་འཇིག་རྟེན་ན་རང་མིན་བཟང་པོ་གཅིག་ཀྱང་མེད་པའི་སྣང་བ་ཅན། ཡོན་ཏན་དང་ཉམས་མྱོང་མེད་པས་དད་པ་དང་མོས་གུས་མེད་པས་མ་ཚད་དད་མོས་ཇི་ལྟར་བྱེད་དགོས་ཚུལ་ཙམ་ཡང་མི་ཤེས་པ། ཏིང་ངེ་འཛིན་གྱི་བརླན་གྱིས་མ་གོས་པས་ཟས་སྐོམ་ལ་སྲེད་པ་ལྷག་པོར་ཆེ་བ། གཏིང་ནས་ཆོག་ཤེས་མེད་པས་ནོར་རྫས་ལ་ཆགས་ཞེན་ཆེ་བ་འཚེང་རྒྱུ་རྒྱག་རྒྱུ་གང་རྒྱུ་མེད་པའི་སྤྱང་རྟ་ཟན་ཁོག་པ་ལུག་རོས་མི་རྒྱགས་མཁན། ཐར་ལམ་དང་ལས་འབྲེལ་མེད་པས་ཕྱིན་ཅི་ལོག་པའི་ཆོས་ལ་རྣམ་རིག་ལྷག་པར་བཀྲ་ཞིང་དེ་ལ་མོས་པ། ཡང་དག་གི་བླ་མ་མེད་པས་བརྒྱུད་པའི་བྱིན་རླབས་མ་ཞུགས་པའོ། །གཞན་ཡང་། སྡོམ་དང་དམ་ཚིག་འཆལ་ཞིང་རང་རྒྱུད་འཚུབ། །འགྲོགས་ཚད་ཉོན་མོངས་ལོག་པའི་ལམ་ལ་འགོད། །མི་དགེ་འཕེལ་ཞིང་དགེ་ལེགས་འགྲིབ་པ་སྟེ། །སྡིག་པའི་བཤེས་གཉེན་གྲོགས་བཅས་མཚན་ཉིད་ལགས། །ཞེས་གསུངས་ཏེ། ངོ་ཚ་དང་གཉེན་པོ་ཆུང་བས་སོ་ཐར་གྱི་སྡོམ་པ་དང་གསང་སྔགས་ཀྱི་དམ་ཚིག་འཆལ་བ། ཞི་དུལ་གྱིས་སྤྱོད་ལམ་མ་བསྡམས་པ་དང་བཟོད་པ་མ་བསྒོམས་ནས་བཟོད་པའི་གོ་ཆ་མེད་པས་རྐྱེན་ཅུང་ཟད་མཐོང་ནས་སམ་མཐོང་ན་ཡང་རང་རྒྱུད་འཚུབ་པ། ཀུན་སྤྱོད་བཙོག་པ་དང་སྐལ་བ་ངན་པས་ངན་མའི་དྲི་མ་ཤུགས་ཀྱིས་འགོས་ཏེ་འགྲོགས་ཚད་ལ་ཉོན་མོངས་འགོ་བ། ཐོས་བསམ་ཀྱི་ཡོན་ཏན་དམན་པ་དང་བསོད་ནམས་ཀྱི་བསགས་པ་ཆུང་བས་རང་གཞན་ལོག་པའི་ལམ་ལ་འགོད་པ། སེམས་ལ་བདུད་དང་བགེགས་ཆེན་ཞུགས་པས་རང་གཞན་ལ་བཀྲ་མི་ཤིས་པ་སྟེ་ནམ་ཡིན་ཀྱང་མི་འདོད་པ་བྱུང་ན་དེ་ཉིད་བདུད་སྤྲུལ་ལམ་ཡང་ན་དེའི་ཁོག་ལ་བགེགས་ཆེན་ཞུགས་ཡོད་པའི་རྟགས་ཡིན་པ་དང་། གོམས་པ་ཉོན་མོངས་ལ་ཆེ་བས་མི་དགེ་སྡིག་སྤྱོད་འཕེལ་བ། ལེགས་པའི་ཆོས་དང་རྒྱང་བསྲིངས་ཤིང་ཐག་རིང་བས་བཀྲ་ཤིས་དགེ་ལེགས་མེད་པ། ཐེག་དམན་གྱི་བློ་དང་མ་བྲལ་བས་ཐེག་ཆེན་གྱི་གཞུང་ལམ་སྤོང་བ། ཉམས་རྟོགས་ཡོན་ཏན་གྱི་ཕྱི་ནང་གསང་བའི་རྩལ་གསུམ་མ་རྫོགས་པས་ནང་ན་ཉམས་ལེན་གྱི་ལྟ་དགོངས་མེད་དུས། ཕྱིར་ལམ་རྟགས་ཀྱི་ཡོན་ཏན་ཞིག་གང་ན་ཡོད་དེ་ལམ་རྟགས་ཀྱི་ཡོན་ཏན་དང་བྲལ་བ་སྟེ། མདོར་ན་གང་དང་འགྲོགས་པ་དགེ་བ་ལས་ཉམས་ཤིང་སྡིག་པ་འཕེལ་བ་ནི་མི་དགེ་བའི་བཤེས་གཉེན་སྟེ་དེའི་རང་བཞིན་ཡིན་ནོ། །ཇི་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། སྡིག་པའི་གྲོགས་པོ་དེ་ནི་མི་དགེ་བའི་ཕྱོགས་འཕེལ་བར་བྱེད་པ། དགེ་བ་ལས་རིང་དུ་བྱེད་པ། ལེགས་པ་ལས་ཉམས་པར་བྱེད་པ། ཐར་པའི་ལམ་པོ་ཆེ་ལས་ཟློག་པར་བྱེད་པ། འཁོར་བའི་གྲོང་ཁྱེར་ཉེ་བར་སྟོན་པར་བྱེད་པ། ཐམས་ཅད་དུ་ཉེས་པ་ཀུན་སྡུད་པའི་རང་བཞིན་ཅན་ནོ་ཞེས་སོ། །གཉིས་པ་ལ། དེ་དག་དང་འགྲོགས་པའི་ཉེས་པ་དང་། དེས་ན་དེ་སྤང་བར་གདམས་པ་གཉིས། དང་པོ་ལ་སྤྱི་བྱེ་བྲག་གཉིས། དང་པོ།

དེ་དག་དང་འགྲོགས་པའི་ཉེས་པ་སྤྱིར་བསྟན་པ།

སྡིག་པའི་གྲོགས་པོ། དེ་དང་འགྲོགས་པའི་ཉེས་པ་ཚད་མེད་དེ། །རང་རྒྱུད་ངན་ཅིང་དག་སྣང་ཆུང་བ་དང་། །ཕྱོགས་རིས་ཁེངས་ཤིང་རང་ཕྱོགས་མཆོག་ཏུ་འཛིན། །བདག་བསྟོད་གཞན་སྨོད་ཡང་དག་ཆོས་སྤོང་ཞིང་། །ཐེག་ཆེན་དགེ་བའི་བཤེས་ལ་སྐུར་པ་འདེབས། །ཞེས་གསུངས་ཏེ། འདི་ལྟར་མི་གཙང་བའི་འདམ་དང་ཉེ་བ་རྣམས་དྲི་ངན་པས་ཁྱབ་ཅིང་མི་གཙང་བའི་རྫས་དེའི་ཉེས་པ་འགོ་བ་ལྟར། ངན་པ་དག་ལ་བསྟེན་པའང་དེའི་ཉེས་པས་དེ་དག་ལ་གོས་པར་འགྱུར་བ་ནི་ཆོས་ཉིད་ཡིན་ལ། མི་དགེ་བའི་བཤེས་གཉེན་ལ་བསྟེན་པའང་དེ་ལ་ཅི་ཡོད་པའི་སྐྱོན་ཆེར་འགོ་བས་ཉེས་པ་ཚད་མེད་ལ། རེ་ཞིག་བསྡུ་ན། སློབ་དཔོན་ནམ། བླ་མའམ། གྲོགས་ལ་སོགས་པ་གང་ཡང་རུང་བའི་རང་བཞིན་ལ། དག་སྣང་ཆུང་བ་དང་། རང་རྒྱུད་དམ་མི་གཤིས་ངན་པ་དང་། ཕྱོགས་རིས་ངན་ཞེན་གྱིས་རྒྱུད་ཁེངས་པ་དང་། རང་གི་ལྟ་བ་དང་ཆོས་ལ་མཆོག་ཏུ་འཛིན་པ་ངའི་འདི་ཡིན་ཟེར་བ་དང་། གཞན་ལ་སྨོད་པ་དང་། བདག་ལ་བསྟོད་པ་དང་། རང་གི་ཆོས་བརྒྱུད་མ་ཡིན་པའི་ཆོས་རིགས་གཞན་ལ་ཟུར་གྱིས་སྨོད་ཅིང་སྤོང་བ་དང་། བླ་མ་དགེ་བའི་བཤེས་གཉེན་གཞན་དོན་གྱི་ཁུར་བསྣམས་པ་དག་ལ་ཕྲག་གིས་དོག་པའི་ཀུན་སློང་གིས་སྨོད་པའི་རིགས་ཅན་དེ་དག་དང་འགྲོགས་པ་ན། རང་ཡང་དེའི་ཕྱོགས་དང་མཛའ་བཤེས་དང་འབྲེལ་འདྲིས་ཉེར་བར་བསྟེན་པས་དེའི་ཉེས་པ་མི་འགོ་ཞེས་རུང་ཞོར་ལ་འགོ་བ་ཡིན་ཏེ། ནག་ཅན་རྫ་མའི་དྲི་ནག་དེ། །གང་ལ་འགོས་ན་ནག་པོ་ཡིན། །ཞེས་པའི་གཏམ་དཔེའི་ནང་བཞིན་ཡིན་པས། དང་པོར་འདི་དག་བློ་གཟུ་བོར་མི་གནས་ཤིང་སྐྱོན་ཆགས་པའོ་སྙམ་ཡང་། ཅི་ཞིག་ཙམ་ན་དེ་དག་གིས་མང་དུ་བརྗོད་པ་དེས་ཡིད་འགྱུར་ནས། དེའི་ཕྱོགས་ལ་ཡིད་གཏོད་ཅིང་བླ་མ་ལ་དག་སྣང་ཆུང་བ་ལ་སོགས་པའི་སྐྱོན་ཆགས་པར་འགྱུར་བ་ལ་ཐེ་ཚོམ་མི་ཟ་བའི་ཕྱིར། དང་པོ་ནས་སྡིག་པ་འཕེལ་བའི་སློབ་དཔོན་དང་། གྲོགས་ལ་བརྟེན་འདྲིས་མི་བྱ་བ་ནི་གནད་ཀྱི་གདམས་པ་ཡིན་ནོ། །ཞེས་པ་རེད། འུ་ཚོའི་དུས་རྒྱུན་གྱི་མི་ཕལ་བ་ཞིག་གི་སྤྱོད་སྟངས་ལ་བསམ་བློ་བཏང་ན། དམ་བའི་བཤེས་གཉེན་དང་འཕྲད་པ་དང་། དེའི་ཞལ་ནས་གདམས་ངག་ཐོབ་པ་ནི་རྒྱ་ལམ་རེས་འགའ་ཡིན་ལ། དུས་རྒྱུན་གྱི་དུས་ཚོད་མང་ཆེ་བ་ནི་འཇིག་རྟེན་ཐ་མལ་གྱི་ཆགས་སྡང་རྨོངས་གསུམ་དང་འབྲེལ་བའི་གཏམ་གླེང་བ་དང་། ལས་བྱེད་པ་འབའ་ཞིག་དང་འབྲེལ་བའི་ཐོག་མེད་ཀྱི་གོམས་ཤུགས་ཆེ་བས་མ་ཚད། ད་ལྟའི་སྐབས་སུ་ཡང་། རྐྱེན་བཟང་པོ་བས་ངན་པ་བརྒྱ་འགྱུར་སྟོང་འགྱུར་གྱིས་མང་པ་ཡིན་པས། ལས་ངན་གྱི་མཚོ་ཆེན་རྡོལ་ནས། གྲོགས་པོ་ངན་པ་དེའི་ཕྱོགས་སུ་སོང་བའི་དབང་གིས། ངེས་འབྱུང་སད་སུད་དང་། དད་མོས་ཆུང་ཆུང་ཞིག་ཡོད་པ་དེའང་སྟོབས་ཞན་ནས་ངན་པའི་ཕྱོགས་སུ་རང་ཤུགས་ཀྱིས་ཤོར་ངེས་ཡིན། དེས་ན་ཕ་མ་ཡིན་ཀྱང་སྡིག་གྲོགས་དང་མི་དགེ་བའི་བཤེས་ཀྱི་མཚན་ཉིད་ཚང་ན་རྒྱང་སྲིང་དགོས་པའོ། །ཡུམ་བར་མ་ལས། རབ་འབྱོར་དེ་ལ་སྡིག་པའི་གྲོགས་པོའི་སུག་བར་ལྷུང་བའམ་རྐང་འོག་ཏུ་ནུབ་པའམ་རྐང་རྗེས་སུ་འབྲངས་བ་དེ་དག་གིས་དགེ་བའི་ཕྱོགས་ཐམས་ཅད་ཀྱང་ཉམས་པར་འགྱུར་རོ། ཞེས་པ་ལ་སོགས་པ་གསུངས་སོ། །དེས་ན་དབང་འོག་ཏུ་འདུག་པར་མི་བྱའོ་ཞེས་པའི་དོན་ཏོ། །སྡིག་པ་འཕེལ་བའི་སློབ་དཔོན་དང་གྲོགས་ངན་དེ་དག་གི་སྐྱོན་གཞན་ཡང་། ནོར་རྫས་སྲེད་ཅིང་ཆགས་སྡང་དུག་མདའ་འཕེན། །ཚེ་འདིའི་དབང་གྱུར་ཐར་ལམ་རྒྱབ་ཀྱིས་ཕྱོགས། །དགེ་ལེགས་འགྲིབ་ཅིང་མི་དགེ་འཕེལ་བ་ཡིན། །ཅེས་གསུངས་ཏེ། གོང་ནས་བཤད་པའི་སྐྱོན་དེ་དག་ལས་གཞན་འདོད་ཡོན་ལ་ཆགས་པས་ནོར་རྫས་ལ་སྲེད་པ་ཆེ་བ། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སྟེ་ཉོན་མོངས་པ་དུག་ལྔ་རགས་ཅིང་རྩུབ་པས་ཆགས་སྡང་དང་གདུག་རྩུབ་ཆེ་བ། འདིར་སྣང་འཁོར་བའི་སྣོད་བཅུད་དང་དེའི་འདོད་ཡོན་ལ་ཆགས་པས་ཚེ་འདིའི་བྱ་བ་རྐྱང་བ་ལ་བརྩོན་པ། བདུད་དང་ཉོན་མོངས་ཀྱི་དབང་དུ་སོང་བས་ཐར་ལམ་ལ་རྒྱབ་ཀྱིས་ཕྱོགས་པ། ང་དང་ང་ཡིར་བཟུང་ནས་བདག་དང་གཉེན་གྱི་ཕྱོགས་ལ་ཆགས། དགྲ་དང་དེའི་ཕྱོགས་ལ་སྡང་ནས། འཁྲུལ་སྣང་ངན་བའི་བག་ཆགས་ལ་ཨ་འཐས་ནས། གཟུང་འཛིན་དང་ཉོན་མོངས་ཆེ་བས་དགེ་བ་ཆུང་ཐོག་ཏུ་མར་མར་ཇེ་ཆུང་དུ་འགྲིབ་ཅིང་མི་དགེ་བ་ཆེ་ཐོག་ཏུ་ཡར་ཡར་འཕེལ་བའི་རིགས་ཅན་རྣམས་ལ་བསྟེན་ན། དེ་བས་ཀྱང་ཆེས་ངན་པར་འགྱུར་ཏེ། འདུལ་བ་ལུང་ལས། མི་ཡི་མདུན་ན་ཉ་རུལ་ལ། །ཀུ་ཤ་ཉིད་ཀྱིས་དམ་དཀྲིས་པ། །དེ་ནི་རིང་པོར་མི་ཐོགས་པར། །ཀུ་ཤ་ཉིད་ཀྱང་དེ་འདྲར་འགྱུར། །དེ་བཞིན་སྡིག་པའི་གྲོགས་བསྟེན་པས། །ཀུན་ཏུ་དེ་འདྲར་འགྱུར་བ་ཉིད། །ཅེས་ཤ་རུལ་བ་ལྕིབས་བྱེད་དང་བཅས་ལ་རུལ་དྲི་བྲོ་བ་བཞིན་དུ་འགྱུར་བ་ཡིན་གསུངས་པ་བཞིན་ནོ། །གཉིས་པ།

དེ་དག་དང་འགྲོགས་པའི་ཉེས་པ་བྱེ་བྲག་ཏུ་བཤད་པ།

རྣམས་གྲང་། གཞན་ཡང་གང་དང་འགྲོགས་པ་དེ་འགོ་སྟེ། །གཏི་མུག་ཅན་བསྟེན་ཐོས་བསམ་ཤེས་རབ་འགྲིབ། །ཞེ་སྡང་ཅན་ལས་མ་རུངས་རང་རྒྱུད་ངན། །འདོད་ཆགས་ཅན་ལས་ཡུལ་ལ་སྲེད་པ་འཕེལ། །ང་རྒྱལ་ཤས་ཆེ་ཕྱོགས་རིས་གཉིས་འཛིན་འགོ །ཕྲག་དོག་ཤས་ཆེ་འགྲན་སེམས་ཟུག་རྔུ་ཉིད། །སྤེལ་མ་དང་འགྲོགས་ཉེས་ཀུན་སྤེལ་མར་འགོ །ཞེས་གསུངས་ཏེ། རྒྱུན་དུ་འགྲོགས་པའི་གྲོགས་གང་གི་རྒྱུད་ལ་ཡོད་པའི་སྤྱོད་པ་དེ་ནི་འཕྲལ་དུ་རང་ཉིད་ལ་འགོ་བར་སླ་བ་ནི་ཆོས་ཉིད་ལ། གྲོགས་སམ་བླ་མའི་རིགས་གཏི་མུག་ཤས་ཆེ་བ་དང་འགྲོགས་ན་དེའི་ཤན་ཞུགས་ནས་ཐོས་བསམ་གྱི་ཤེས་རབ་འགྲིབ་པའི་ཉེས་པ་འགོ། ཞེ་སྡང་ཤས་ཆེ་བ་དང་འགྲོགས་ན་རྒྱུད་གཏུམ་ཞིང་སྤྲོ་ཐུང་གདུག་རྩུབ་ཀྱི་ཉེས་པ་འགོ། འདོད་ཆགས་ཤས་ཆེ་བ་དང་འགྲོགས་ན་དེས་དེ་ཤ་སྟག་བཤད་པས་ཡུལ་ལ་འདོད་སྲེད་ཀྱི་ཉེས་པ་འགོ། ཟ་འཐུང་མིན་པའི་བསམ་རྒྱུ་མེད་པའི་བཟའ་འཚོལ་མུ་ཏོ་པ་སློང་ཟས་ཀྱིས་འཚོ་མཁན། ཡང་བྱིན་ན་ཡང་སློང་བ། མེད་མུག་ཁ་ནས་འདོན་པ་སྒོར་མོ་ཁྲི་ཚོ་ཁ་ཤས་རུམ་དུ་བཅུག་ནས། ད་རུང་རྒྱ་སྲང་ནས་དམར་འབལ་ལེ་གོན་ནས། ཨ་ཁུ་ཚེ་རིང་ལོ་བརྒྱ། ཨ་ནེ་མ་ཟེར་བཞིན་མཐེ་མོ་བཙོང་ནས་གོར་རྡོག་སློང་མཁན་དེ་དག་དང་འགྲོགས་ན་བཟའ་བཏུང་རྙེད་ཚོལ་གྱི་ཉེས་པ་འགོ། ནོར་སྲེད་འཇུར་འགེགས་དང་འགྲོགས་ན་བཏང་དགོས་ས་རུ་བཏང་མི་ཕོད་པར་སྤར་མོ་འཁུམས་འདུག་པའི་སེར་སྣ་སྡུག་འཁུམས་ཀྱི་ཉེས་པ་འགོ གཡེང་གསེབ་རླུང་ཁྱེར་དང་འགྲོགས་ན་མོ་སྲེད་སྒེག་ཆོས་ཀྱི་ཉེས་པ་འགོ ང་རྒྱལ་ཤས་ཆེ་བ་དང་འགྲོགས་ན་ཕྱོགས་རིས་གཉིས་འཛིན་གྱི་ཉེས་པ་འགོ ཕྲག་དོག་ཤས་ཆེ་བ་དང་འགྲོགས་ན་འགྲན་སེམས་ཁོང་ཁྲོའི་ཉེས་པ་འགོ སེར་སྣ་ཤས་ཆེ་བ་དང་འགྲོགས་ན་བསོག་བྲུན་འཛིན་ཆགས་ཀྱི་ཉེས་པ་འགོ ཞེས་འདོད་ཆགས་ཞེ་སྡ་གཏི་མུག་གསུམ་དང་། ང་རྒྱལ་ཕྲག་དོག་སེར་སྣ་གསུམ་སྟེ་དྲུག་པོ་གང་ཤས་ཆེ་བའི་མི་དང་འགྲོགས་ན། དེ་དང་དེའི་ཉེས་པ་རང་ཤུགས་ཀྱིས་འགོ་བ་ཡིན་པར་བསྟན་ཏོ། །ཉོན་མོངས་པ་དྲུག་ཀ་ཤས་ཆེ་བ་དང་འགྲོགས་ན་ཉེས་པ་ཐམས་ཅད་འགོ་བས་དེ་ལྟ་བུའི་གྲོགས་དང་བཤེས་གཉེན་བསྟེན་ན་སྡིག་པའི་རྩ་ལག་ཅེས་གྲགས་སོ། །གོང་དུ་བཤད་པའི་དུག་ལྔ་སེར་སྣ་དང་དྲུག་ནི། རྩ་བའི་ཉོན་མོངས་པ་དྲུག་ཅེས་བྱའོ། །དྲན་པ་ཉེ་བར་གཞག་པ་ལས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཐམས་ཅད་ཀྱི་རྩ་བར་གྱུར་པ་ནི་སྡིག་པའི་གྲོགས་པོ་ཡིན་པས། དེ་ནི་དཔེར་ན་དུག་གི་སྡོང་པོ་ལྟ་བུར་ཉེས་པ་ཆེའོ་ཞེས་སོ། །དེས་ནི་རྩ་བའི་ཉོན་མོངས་པ་དྲུག་ཤས་ཆེ་བ་དང་འགྲོགས་ན་དེའི་ཉེས་པ་འགོ་བ་བསྟན་ནས། འཁོར་བར་ངེས་འབྱུང་མ་སྐྱེས་པའི་མི་དང་འགྲོགས་པའི་ཉེས་པ་ནི་གཞན་ཡང་འཁོར་བ་ལས་ཡིད་མ་བྱུང་བ་རྣམས་དང་འགྲོགས་པའི་ཉེས་པ་ཡང་འདི་ལྟར། ངེས་འབྱུང་མེད་དང་ཚེ་འདིར་མངོན་དགའ་དང་། །འདུན་གྲོས་མཁན་དང་རྩེ་འཇོ་འཇོ་སྒེག་ཅན། །ཆེ་བཙན་ནོར་ལ་སྲེད་དང་ཁེ་སྤོགས་མཁན། །ལས་བྱེད་ལ་སོགས་གང་དང་འགྲོགས་གྱུར་དེའི། །ཀུན་སྤྱོད་སྐལ་བ་ངན་པ་འགོས་པར་འགྱུར། །ཞེས་གསུངས་ཏེ། མི་ཆོས་ཁྱིམ་ཐབ་པ་དང་འགྲོགས་ན་སོ་ནམ་དང་བསོག་འཇོག་འགོ་བའི་ཉེས་པ་ཡོད་དོ། །ཁྱིམ་ནི་ཉེས་པ་སྣ་ཚོགས་ཀྱི་འབྱུང་ཁུངས་ཡིན་པས། ཤཱཀྱའི་རྗེས་འཇུག་གི་རབ་བྱུང་ཐམས་ཅད་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་དགོས་པ་ནི་ཁྱིམ་གྱི་ཉེས་པ་མི་འགོ་བའི་ཆེད་ཡིན། དེང་སང་གི་ཁ་སྐད་དུ་ཆབ་སྲིད་པ་ཞེས་པ་སྟེ། སྲིད་དོན་པ་མཆོག་གྱུར་རེ་གཉིས་མ་གཏོགས་མང་ཆེ་བ་བསམ་ངན་གཡོ་སྒྱུ་ཅན་ཡིན་པས་བློན་པོ་གཙོ་ཆེན་རྣམས་དང་འགྲོགས་ན་འདུན་གྲོས་བསམ་ངན་འགོ་བའི་ཉེས་པ་ཡོད། ན་གཞོན་རྩེ་དགའ་པ་དང་འགྲོགས་ན་གླུ་བྲོ་དམན་སྤྱོད་འགོ་བའི་ཉེས་པ་ཡོད། ཁེ་སྤོགས་ནོར་འཚོལ་བ་རྣམས་དང་འགྲོགས་ན་ཡས་ནས་བཅད་རྒྱུ་ཞིག་དང་། མས་ནས་ཟ་རྒྱུ་ཞིག་ཨེ་རག་བསམ་སྙམ་པའི་ཟས་ནོར་རྙེད་འཚོལ་འགོ་བའི་ཉེས་པ་ཡོད། དེ་ཡང་སུ་ཞིག་སུ་གོ་མས་ཚོང་ཅི་ཞིག་འདྲ་ཞིག་བརྒྱབ་ནས་སྒོར་ཅི་ཞིག་འདྲ་ཞིག་ཁེ་ཐོབ་རབས་དང་། བུན་སྐྱེད་བཏང་ཚུལ་སོགས་འབའ་ཞིག་བཤད་ནས་འདོད་རྔམ་ཇེ་ཆེར་འགྱུར་བའི་ཉེས་པ་འགོ་བ་དང་། རྒྱལ་པོ་ཆེ་བཙན་པ་དང་འགྲོགས་ན་ང་རྒྱལ་ཆེ་དྲག་འགོ་བའི་ཉེས་པ་ཡོད། མ་ཆེ་རུང་ཆེ་འགྱིང་བྱས་དུས་ལྷག་པར་དུ་ལྷང་ལ་བུད་པའི་རྟགས་ཅན་མི་མཛེས་པ་ཞིག་ཡིན། ཆེན་པོ་ངོ་མའི་ཆེ་ཉམས་དང་། དམན་པའི་རང་མཐོང་གི་འགྱིང་ཉམས་གཉིས་ཁ་ཁར་བྱེ་འདུག་པ་དེ་ལྟར་རོ། །རྐུ་འཕྲོག་འཐབ་རྩོད་པ་དང་འགྲོགས་ན་ཞེ་སྡང་བརྡུང་བསད་འགོ་བའི་ཉེས་པ་བརྒྱབ་རབས་བརྐུས་རབས་བཤད་ནས་བར་ཞིག་དེ་ལག་ལེན་དུ་འདེབས་རྒྱུའི་ཉེས་པ་འགོ་བ་ཡོད་པས་སྤང་དགོས་ཏེ། སའི་སྙིང་པོའི་མདོ་ལས། མཁས་པ་རྣམས་ཀྱིས་སྨོན་ལམ་བཏབ་པ། རྒྱལ་པོ་ཆེན་པོ་ཡུལ་གྱི་རྒྱ་ཕྲན་དང་། དེའི་ཕྱི་ནང་གི་བློན་པོ་དང་། ཡུལ་སྡེའི་གཙོ་བོ་དང་། མི་ཆེན་གྱི་གམ་ཅར་མཁན་གསོལ་གཟིམ་དྲུང་གསུམ་ལ་སོགས་པའི་མདུན་ན་འདོན་དང་། ཤ་ར་བ་ལིངས་པའམ་རྔོན་པའི་དཔོན་པོ་དང་། རྒྱ་མཚོར་འགྲོ་བའི་སྣེ་ཁྲིད་ཀྱི་དེད་དཔོན་དང་། མཁན་པོ་ལ་ས་མཁན་རྡོ་མཁན་ཤིང་མཁན་ལ་སོགས་པ་ཡོད་པས་ལས་རིགས་འགའ་འམ་སྣེ་རེ་གཉིས་ལ་མཁས་པའི་མཁན་པོ་དང་། དགེ་སློང་རྣམ་ལ་དབང་བྱེད་ཀྱི་བདག་པོ་དགེ་སྦྱོང་གཙོ་བོ་དང་། རྒྱལ་པོའི་མཛོད་ཁང་གི་བདག་པོའམ་ཁབ་སོ་བ་དང་། དེ་དག་ལ་སོགས་པ་བསྟེན་པ་ལས་ལས་ངན་ཤིན་ཏུ་མི་ཟད་པ་འཕེན་པ་ཐམས་ཅད་ཐོབ་པར་མ་གྱུར་ཅིག་ཅེས་པ་དང་། ཀླུའི་དབང་པོས་ཀྱང་། མཐོ་རིས་མི་ཡི་ལུས་སུ་སྐྱེས་ནས་ཀྱང་། །སྡིག་སྤྱོད་རྒྱལ་པོར་མ་སྐྱེ་བློན་པོ་དང་། །དམག་དཔོན་ཞལ་ལྕེ་གཅོད་པར་བདག་མ་སྐྱེ། །དགེ་སློང་རྣམས་ལ་དབང་བྱེད་བདག་པོ་དང་། །གནས་བརྟན་ལས་བྱེད་པ་དང་ནང་ཁྲིམས་པ། །དགེ་བསྐོས་གཙང་སྦྱོར་བ་དང་དམ་བཞག་པ། །གང་ཟག་ལས་བྱེད་རྣམས་སུ་བདག་མ་སྐྱེ། །ཞེས་གསུངས་སོ། །དེ་ལྟར་སྡིག་པའི་ཕྱོགས་ལ་བསྟེན་པའི་ཉེས་པ་ཚད་མེད་པ་ལས་ཕྱོགས་དང་པོ། རྨོངས་པ་དག་དང་འགྲོགས་པའི་ཉེས་པ་ཡང་། །ཤེས་བྱའི་གནས་ལ་རྨོངས་དང་ཕྱོགས་རེས་ཁེངས། །ཐར་ལམ་མི་ཤེས་ལོག་པའི་ལམ་བགྲོད་འགྱུར། །ཞེས་གསུངས་ཏེ། དེ་ལ་སྡིག་གྲོགས་ཀྱི་ཕྱོགས་མང་པོ་ཡོད་པའི་ནང་ནས་གང་དང་འགྲོགས་ན་ལྷག་པར་དུ་ཉེས་པ་ཆེ་ན། རྨོངས་པ་དག་དང་འགྲོགས་པ་ཉེས་པ་ཆེ་སྟེ། མི་འདོད་སྣ་དགུ་ཐམས་ཅད་ཀྱི་ཁུངས་སམ་ཕུག་པོ་དེད་སོང་ན། མི་ཤེས་མི་མཁས་པའི་རྨོངས་པ་འདི་ཡིན་པས། རང་དང་པོ་ནས་རྨོངས་པ་ཡིན་པ་ལ། གཞན་རྨོངས་པའི་གྲོགས་དང་འགྲོགས་དུས། རྨོངས་པ་ཁྱུ་གཅིག་ཏུ་འགྱུར་བ་ཡིན། རྨོངས་པ་ཁྱུ་གཅིག་ཏུ་གྱུར་དུས་འུག་རྒན་ཁྱུ་གཅིག་གིས་ཉིན་མཚན་དང་མཚན་ཉིན་མོ་ཡིན་སྣང་འཆར་བ་བཞིན་དུ་མགོ་འཁོར་བ་ཡིན་ཏེ། སྤྱིར་འཁོར་བར་འཁྱམས་པའང་རྨོངས་པ་མི་ཤེས་པའི་སྲིད་རྩའི་གདོན་ཆེན་མ་རིག་པ་ལས་བྱུང་ལ། ལས་དང་ཉོན་མོངས་པའང་མ་རིག་པ་དེ་ལས་རིམ་གྱིས་མཆེད་ཅིང་བྱུང་བའི་ཕྱིར་དང་། བྱེ་བྲག་ཏུ་ཐར་ལམ་བྱང་ཆུབ་སྒྲུབ་པ་ལ་སློབ་དཔོན་ནམ། བླ་མ་རང་གིས་ཀྱང་ཐར་ལམ་གང་ཡིན་མི་ཤེས་པ་ཁོ་ན་བསྟེན་པ་སྒོ་གྱོང་ངམ་གྱོང་སྒོ་ཆེ་སྟེ་གྲོལ་བ་ཐོབ་ཏུ་རེ་ནས་དེའི་རྗེས་སུ་ཞུགས་པས་དེས་ལམ་ཕྱིན་ཅི་ལོག་ཏུ་ཁྲིད་ཚེ། དང་པོའི་སྐབས་སུ་ལམ་བཟང་མ་རྙེད་ཀྱང་ལོག་པར་སོང་མེད་ལ། ད་ལྟར་ལོག་པར་སོང་ནས་ཚེ་རབས་གཏན་གྱི་འདུན་མ་འཆུག་པས་གྱོང་ཆེ་སྟེ། ལམ་མ་ཡིན་པ་ལ་སྦྱར་ནས་གྲོལ་བ་ཐོབ་ཏུ་རེ་བ་ཁ་ནུབ་ཏུ་འཁོར་ནས་ཤར་དུ་ཨེ་ཐོན་གྱི་རེ་སྟོང་འཆང་བ་ལྟ་བུ་ཡིན་བའི་ཕྱིར་རོ། །ལམ་མ་ཡིན་པའང་ལྟར་སྣང་བློ་སྣ་ཆུང་བ་འབྲིད་ཕྱིར་དུ་ཆོས་ལྟར་བཅོས་པ་སྟེ། ཐོས་བསམ་ཚིག་གི་དུག་གིས་སངས་རྒྱས་མི་ཐོབ་ཅེས་རྒྱལ་བའི་བཀའ་ལུང་ལ་སྐུར་པ་འདེབས། བྱས་ཆོས་ཀྱིས་འཁོར་བ་སྒྲུབ་བ་ཡིན་པས་ན་བྱར་མེད་ནམ་མཁའ་ལྟ་བུ་སྒོམས་ཤིག་དང་དེས་ཆོག་པ་ཡིན་ཅེས་ལམ་ཚོགས་གཉིས་གསོག་པ་ལ་སྐུར་པ་འདེབས་པར་བྱས་ནས་ཚོགས་གཉིས་བསག་མི་དགོས་པ་བསྟན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ས་ན་སྟོབས་དང་། མི་འཇིགས་པ་དང་། སྐུ་དང་། ཡེ་ཤེས་དང་། ཞིང་གི་རྒྱན་བཀོད་པ་བཤད་པ་རྣམས་དྲང་དོན་ཡིན་གྱིས། དོན་ལ་ཅི་ཡང་མེད་ཅེས་འབྲས་བུ་ལ་སྐུར་པ་འདེབས། གནས་ལུགས་བདེ་བར་གཤེགས་པའི་སྙིང་པོ་ཡོན་ཏན་ལྷུན་གྲུབ་འོད་གསལ་དུ་གསུངས་པ་ལ། དེ་ཉིད་དྲང་དོན་བྱིས་པའི་ཆོས་སུ་འདོད་པས། ད་ལྟའི་འཁྲུལ་རྟོག་རང་ག་མ་སོ་མ་ཉམས་པ་འདི་གནས་ལུགས་སུ་འདོད་པས་གཞི་ལ་སྐུར་པ་འདེབས། ས་དང་། ལམ་དང་། ཏིང་ངེ་འཛིན་གྱི་ཚོགས་དྲང་བའི་དོན་ཙམ་སྟེ། དོན་ལ་མེད་ཅེས་རྣམ་པར་གྲོལ་བའི་ཡོན་ཏན་ལ་སྐུར་པ་འདེབས་པ་སྟེ། དེང་སང་གི་དུས་ན་མདོ་རྒྱུད་མན་ངག་ལུང་རིགས་གང་དང་ཡང་མི་མཐུན་པའི་ཕར་བལྟས་བླ་མའི་གཟུགས་བརྙན་དུ་བྱེད་བའི་རྫིག་ཉམས་ཅན་མང་པས། གཞན་སེམས་ཅན་གྱི་འདྲེན་པར་ཁས་འཆེ་བ་དུས་མཐའི་བླ་གཟུགས་སུ་བྱོན་པ་རྣམས་ནི། ཐོས་བསམ་རྒྱ་ཆེན་པོ་ལ་རང་ཉིད་ཀྱིས་བློ་མ་སྦྱངས་པའི་དབང་གིས་གཞན་ལ་ཡང་ཐོས་བསམ་མི་དགོས་པར་སྒྲོག་པའི་རྨོངས་པ། བདེ་བར་གཤེགས་པའི་སྙིང་པོ་ལ་སྐུར་བ་འདེབས་པ་དང་། འཁྲུལ་རྟོག་གནས་ལུགས་སུ་འདོད་པ་སོགས་བསྟན་པའི་བདུད་ཚིག་རྔམས་པོ་ཆེར་སྨྲ་བ་མང་སྟེ། དད་ལྡན་ཐར་པ་བགྲོད་པའི་ལམ་གྱི་གེགས་སུ་བདུད་རིགས་ཀྱི་མི་མ་ཡིན་གྱིས་ཆེད་དུ་བཀོད་ནས་འཁོར་དང་ལོངས་སྤྱོད་མངའ་ཐང་དང་བསོད་ནམས་དང་ལྡན་པར་བྱིན་གྱིས་བརླབས་པ་ཉིད། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ། དམ་པའི་ཆོས་མིན་པ་ཆོས་ལྟར་བཅོས་པ་མང་དུ་འབྱུང་སྟེ། ཁ་ཅིག་ནི་འགྲོ་བ་འདི་དག་སྟོང་པའོ་ཞེས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་ཉེ་བར་མི་བསྟེན། ཁ་ཅིག་ནི་རང་བཞིན་གྱིས་རྒྱུ་མེད་དོ་ཞེས་ལས་དང་ལས་ཀྱི་འབྲས་བུ་ལ་སྐུར་པ་འདེབས། ཁ་ཅིག་ནི་ངོ་བོ་ཉིད་ཀྱི་བདག་མེད་ཅེས་གང་ཡང་སྤང་བ་དང་བླང་བར་མི་བྱེད། ཁ་ཅིག་ནི་ཀུན་ནས་ཉོན་མོངས་པ་དེ་ཉིད་རྣམ་པར་བྱང་བའོ་ཞེས་ཉོན་མོངས་པ་རང་དགར་སྤྱོད། ཁ་ཅིག་ནི་ཆོས་ཐམས་ཅད་ནི་སྟོང་པའོ་ཞེས་རྣམ་པར་གྲོལ་བའི་ཡོན་ཏན་མེད་པར་འཛིན་ཏོ། །མི་གཏི་མུག་ཅན་དེ་དག་ནི་བདུད་ཀྱིས་བྱིན་གྱིས་བརླབས་པའོ། །དམ་པའི་ཆོས་ལྟར་བཅོས་པའོ་ཞེས་གསུངས་སོ། །དེ་ལྟ་བུའི་བླ་མའི་དྲུང་དུ་ཕྱིན་པ་ལས། དང་པོ་ཡང་དག་པའི་ཆོས་ཅུང་ཙམ་ཤེས་མཁན་ཞིག་ཡིན་ཀྱང་རིམ་གྱིས་བརྗེད་པར་འགྱུར་ན། ཕྱིས་ཡོན་ཏན་གསར་དུ་སྐྱེ་བ་ལྟ་ཅི་སྨོས་ཏེ་གནས་མེད་དོ། །དེས་ནི་སྤྱིར་རྨོངས་བའི་བཤེས་གཉེན་དང་འགྲོགས་པའི་ཉེས་པ་བསྟན་ནས། བྱེ་བྲག་ཏུ་ཤེས་བྱའི་གནས་ལ་རྨོངས་པ་དེ་དག་དང་འགྲོགས་པའི་ཉེས་པ་ནི། སྒྲ་རིག་པའི་གནས་ལ་རྨོངས་པ་དང་འགྲོགས་པས། སྒྲ་དོན་གྱི་འགྲེལ་པ་མི་ཤེས་པའི་ཉེས་པ་འགོ་བར་གྱུར་ནས་བསྔོ་ཡིག་འབྱོར་ལན་ཞིག་གི་གོ་བརྡ་མི་འཕྲོད་པར་འགྱུར་བ་དང་། གསོ་བ་རིག་པའི་གནས་ལ་རྨོངས་པ་དང་འགྲོགས་པས་འདུ་བའི་ནད་སེལ་བ་མི་ཤེས་པའི་ཉེས་པ་འགོ་བར་གྱུར་ནས་འཕྲོད་བསྟེན་ཕལ་བའི་ཤེས་བྱ་ཡང་མི་ཤེས་པར་གྱུར་བ་དང་། གཏན་ཚིགས་རིགས་པའི་གནས་ལ་རྨོངས་པ་དང་འགྲོགས་པས་བླང་དོར་རིགས་པ་དང་མི་རིགས་པའི་རིམ་པ་མི་ཤེས་པའི་ཉེས་པ་འགོ བཟོ་རིག་པའི་གནས་ལ་རྨོངས་པ་དང་འགྲོགས་པས་གནས་སྐབས་ཉེ་བར་མཁོ་བའི་དོན་མི་ཐོབ་པའི་ཉེས་པ་འགོ ནང་རིག་པའི་གནས་སྡེ་སྣོད་གསུམ་ལ་རྨོངས་པ་དང་འགྲོགས་པས་མངོན་པར་མཐོ་བ་གནས་སྐབས་མཐོ་རིས་ཀྱི་བདེ་བ་དང་། མཐར་ཐུག་ལེགས་པ་ངེས་པར་ལེགས་པ་ཐར་པ་བྱང་ཆུབ་ཀྱི་ལམ་བཟང་སྒྲུབ་མི་ཤེས་པའི་ཉེས་པ་ཆེ་བ་དེ་འགོ ཕྱོགས་རེའི་གཞུང་ལུགས་ལ་ཞེན་པ་དང་འགྲོགས་ན་གྲུབ་མཐའ་ཕྱོགས་འཛིན་གྱི་ཉེས་པ་འགོ་བས་མཐའ་དག་བློར་མི་ཤོང་བར་རང་ཕྱོགས་དེ་མ་བཟང་ཡང་བསྟོད་པ་དང། གཞན་ཕྱོགས་བཟང་ཡང་སྨད་པའི་སྐྱོན་འགོས་ནས་རང་གིས་མི་ཤེས་ཤིང་གཞན་གྱིས་ཁྲེལ་བའི་རྒྱུ་རུ་འགྱུར་བ་དང་། ཐོས་བསམ་ཕྱོགས་མེད་དུ་མ་སྦྱངས་པ་དང་འགྲོགས་ན་ཐོས་རྒྱ་ཆུང་བ་ཁྲོན་པའི་སྦལ་བ་ལྟ་བུར་གྱུར་ནས་ཐར་ལམ་བྱང་ཆུབ་ཡང་དག་གི་ལམ་མི་རྙེད་པས། ཚེ་གཅིག་ཡུན་ལ་ཕན་པའི་གཏན་གྱི་འདུན་མ་འཆུག་པའི་ཉེས་པ་ཡོད་པའི་ཕྱིར། ཐར་བ་མ་འདོད་ན་མ་འདོད་པ་རེད་མ་གཏོགས་ཐར་པ་འདོད་ན་བླ་མ་མཁས་པ་མདོ་རྒྱུད་ཀྱི་དགོངས་པ་ཁྲོལ་བ་ལ་བསྟེན་པར་བྱའོ། །བསྟེན་དགོས་པའི་ཚུལ་ནི། སའི་སྙིང་པོའི་མདོ་ལས། སྡིག་པའི་གྲོགས་པོ་ལ་བསྟེན་ན། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་དང་། རྣམ་པར་འཁྲུལ་པ་དང་། རྣམ་པར་རྨོངས་པར་འགྱུར་རོ་ཞེས་པ་དང་། སངས་རྒྱས་ཀྱི་མཛོད་ཀྱི་མདོ་ལས། རང་གི་ལས་ཀྱང་མི་ཤེས་པར་གཞན་ལ་ཆོས་སྟོན་པ་ནི་སེམས་ཅན་དམྱལ་བར་ལྟུང་ངོ་། །དགྲས་ཕྲོགས་པ་ནི་ལུས་གཅིག་པུ་གཏོར་བ་ཙམ་དུ་ཟད་ཀྱིས། འདི་ལྟ་བུའི་གཏི་མུག་ཅན་གྱིས་ཆོས་བཤད་པ་མི་གཙང་བས་ནི་བསྐལ་པ་སྟོང་ཕྲག་ཁྲི་འབུམ་གྱི་བར་དུ་སེམས་ཅན་དམྱལ་བ་ཆེན་པོ་རྣམས་ཀྱི་རྐུན་པོས་མྱ་ངན་བྱས་སོ། །མི་གང་ཞིག་གིས་སྟོང་གསུམ་གྱི་སེམས་ཅན་རྣམས་ཀྱི་སྲོག་འཕྲོག་པའི་སྡིག་པ་བས། ཆོས་འཆད་པ་མི་གཙང་བ་སྡིག་པ་ཆེའོ་ཞེས་པ་དང་། དེ་ལས་ལྡོག་པ་ཆོས་འཆད་པ་གཙང་བ། འཆད་པ་པོ་སོ་སོའི་རྒྱུད་ཚོད་ཀྱི་སྤོབས་པ་དང་ཤེས་རབ། ཐོས་རྒྱ་ཆེ་ཆུང་སོགས་མ་འདྲ་ན་ཡང་། གཞན་ལ་ཕན་པའི་བསམ་པ་དག་པས་ཆོས་ཚིག་བཞི་ཞིག་གིས་དོན་རང་གིས་འཛིན་ཅིང་གཞན་ལ་སྟོན་པའི་བསོད་ནམས་དཔག་ཏུ་མེད་ཚུལ་ཤུགས་ཀྱིས་གོའོ། །ཁྱུང་ཆེན་ལས། སློབ་དཔོན་ཚད་མར་མ་གྱུར་སྤྲེའུ་འདྲའི་ལུང་། །བསྟེན་པས་ལམ་ནོར་རྟོགས་པས་ཟིན་ཏ་རེ། །ཞེས་སོ། །དེ་བས་ན་ཐར་ལམ་བྱང་ཆུབ་ཀྱི་གེགས་སུ་བླ་མའམ། སློབ་དཔོན་ངན་པ་ཆེ་བས་བརྟགས་ཤིང་དཔྱད་པ་སྔོན་དུ་སོང་བ་གྱིས་ལ་ངན་པ་དེ་དག་སྤང་ངོ་། །ཕྱོགས་གཉིས་པ། དད་བརྩོན་མེད་དང་འགྲོགས་པས་དགེ་བ་འགྲིབ། །སྒྲུབ་ལ་གཡེལ་ཞིང་མོས་གུས་ཉམས་པར་བྱེད། །ཅེས་གསུངས་ཏེ། ཐར་པའི་ལམ་ལ་དད་བརྩོན་མེད་པའི་བཤེས་གཉེན་དང་འགྲོགས་པའི་ཉེས་པ་ནི། བླ་མ་དང་ཆོས་ལ་མི་དད་པ་དང་འགྲོགས་ན་རིམ་གྱིས་རིམ་གྱིས་དེ་རྣམས་ཀྱི་དྲི་མས་གོས་ནས་བྱིན་རླབས་ཀྱི་ན་བུན་ཡལ་བས་ཐར་པའི་ལམ་དང་བྲལ་བའི་ཉེས་པ་ཡོད། སོས་དལ་རང་གར་སྡོད་པར་དགའ་བའི་ལེ་ལོ་ཅན་དང་འགྲོགས་ན་དེའི་གཤིས་རྒྱུད་དེ་འགོས་ནས་དགེ་བ་འགྲིབ་ཅིང་མི་དགེ་བ་འཕེལ་བའི་ཉེས་པ་ཡོད། ཡར་དཀོན་མཆོག་ལ་དད་བརྩོན་གྱིས་མཆོད་པ་ནང་བ་སངས་རྒྱས་པའི་བསྟན་པའི་སྤྱིར་སྲོལ་ཡིན་ཀྱང་། དེ་མི་བྱེད་པ་དང་འགྲོགས་ན་བསྟན་པའི་སྤྱི་སྲོལ་ཉམས་ནས་མཆོད་པ་མཆོད་མེ་སོགས་བྱེད་དགོས་ཙམ་ཡང་བསམ་མི་ཤེས་པར་འགྱུར་པའི་ཉེས་པ་ཡོད། ཆོས་ལ་དད་བརྩོན་གྱིས་སྒྲུབ་པ་མི་བྱེད་པ་དང་འགྲོགས་ན་བསྐྱེད་རྫོགས་ཐུན་བཞིའི་རྣལ་འབྱོར་ཆད་མེད་ལ་མི་བརྩོན་པ་སྨོས་ཅི་དགོས་ཁ་ཏོན་ཆོས་སྤྱོད་ཙམ་དང་མ་ཎི་རྡོག་གཅིག་ཙམ་འདོན་པ་ལ་མི་འབད་པའི་ཚོགས་གཉིས་ཀྱི་འཕེལ་སྒོ་ཆད་པའི་ཉེས་པ་ཡོད། དགེ་འདུན་ལ་དད་བརྩོན་གྱིས་མི་བསྟེན་པ་དང་འགྲོགས་ན་དགེ་སློང་བཞི་སྡེ་ཡན་ཆོད་ཚོགས་པ་ལ་དགེ་འདུན་ཞེས་བྱ་ལ། དེ་ལྟ་བུའི་དགེ་འདུན་ནི་མཆོག་གསུམ་དད་པའི་ཞིང་ས་ཡིན་ཀྱང་། དེའི་འདུ་ཤེས་མེད་པར་ཁོ་རེ་དང་སྤུན་ཡ་ཞེས་འབོད་པ་ལས་ཞེ་སའི་ཚིག་ཙམ་ཡང་འཆད་མི་ཤེས་པའི་ཐ་མལ་གྱི་ཉེས་པས་ནོན་པའི་ཉེས་པ་ཡོད། ཡི་དམ་ལ་དད་བརྩོན་གྱིས་སྒྲུབ་པ་མི་བྱེད་པ་དང་འགྲོགས་ན་བསྐྱེད་རིམ་ལྷའི་ཏིང་འཛིན་གྱི་གསལ་སྣང་མེད་ཅིང་། རྫོགས་རིམ་སྣང་བཅས་དང་སྣང་མེད་ཀྱི་གོ་དོན་ཙམ་ཡང་ཞེ་ལ་མ་ཤར་བཞིན་དངོས་གྲུབ་ཡིད་སྨོན་ལ་རེ་བའི་ཉེས་པ་ཡོད། མཁའ་འགྲོ་ལ་དད་བརྩོན་གྱིས་མཆོད་སྒྲུབ་མི་བྱེད་པ་དང་འགྲོགས་ན་འཕྲིན་ལས་ཀྱི་ཕོ་ཉ་མི་འགྲུབ་པའི་ཉེས་པ་འགོ་བས་སྤང་བར་གདམས་ཏེ། དྲན་པ་ཉེ་བར་གཞག་པའི་མདོ་ལས། དགེ་བའི་ཆོས་ཐམས་ཅད་ཀྱི་བར་དུ་གཅོད་པའི་གཙོ་བོ་ནི་སྡིག་པའི་གྲོགས་པོ་ཡིན་ལ། དེ་དང་ལྷན་ཅིག་འགྲོགས་པའམ། གཏམ་སྨྲ་བའམ་གྲིབ་མས་ཕོག་པ་ཙམ་ཡང་སྤང་བར་བྱའོ་ཞེས་སོ། །དམ་ཉམས་ཀྱི་གྲིབ་མ་ཕོག་པ་ཙམ་ལ་འཛེམ་དགོས་པས་མ་ཚད། སྡིག་པའི་གྲོགས་པོ་ཡང་དེ་བཞིན་དུ་ཆོས་སྙིང་ནས་ཨེ་འགྲུབ་བསམ་མཁན་ཞིག་གིས་འཛེམ་དགོས་སོ། །ཕྱོགས་གསུམ་པ། ཐེག་དམན་དང་འགྲོགས་གཅིག་པུ་ཞི་ལ་མོས། །སེམས་སྟོབས་ཆུང་ཞིང་གཞན་དོན་སྙིང་རྗེ་མེད། །ཐེག་མཆོག་དོན་དང་འགལ་བའི་ཉེས་མང་ལྡན། །ཞེས་གསུངས་ཏེ། ཉན་རང་གི་རིགས་ཅན་རང་གཅིག་པུ་འཁོར་བ་ལས་ཐར་པར་འདོད་ནས། ཅི་སྤྱོད་ཀྱང་རང་དོན་འབའ་ཞིག་ཏུ་སྒྲུབ་པའི་རིམ་པ་དང་འགྲོགས་ན། ཐེག་ཆེན་གྱི་སྙིང་རྗེ་མེད་པས་ལམ་དམན་པར་ལྟུང་བའི་ཉེས་པ་འགོ་སྟེ། ཇི་ལྟར་འགོ་བའི་ཚུལ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དགེ་བའི་བཤེས་གཉེན་ལྟར་བཅོས་པའི་སྡིག་པའི་གྲོགས་པོ་ནི། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཆོས་སྟོན་ཅིང་། བསོད་ནམས་ཀྱི་ཚོགས་ལས་འདུན་པ་ཟློག་པ་དང་། རབ་ཏུ་དབེན་པར་སྟོན་ཅིང་བྱ་བ་ཉུང་བ་ལ་སྦྱོར་བ་དང་། ཐེག་པ་ཆེན་པོའི་དོན་དང་ལྡན་པའི་བཀའ་མཆིད་མི་བསྟན་པ་ལ་བརྟེན་ཅིང་བསྙེན་བཀུར་བྱེད་པ་དང་། བསྡུ་བའི་དངོས་པོ་བཞིས་སེམས་ཅན་ཡོངས་སུ་སྨིན་པ་ལས་འདུན་པ་ཟློག་པ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བ་ལས་འདུན་པ་ཟློག་པའོ་ཞེས་སོ། །ཚོགས་གསོག་མཆོད་འབུལ་གྱིས་ཅི་བྱེད་དེ་ནི་ཆོས་དངོས་མ་ཡིན། དེ་བས་ག་ཤེད་ཅིག་ལ་སྒུར་སྡོད་དང་དེས་ཆོག་ཅེས་པ་འདི་ཉིད་དེང་སང་གི་བླ་མ་རྟོགས་ལྡན་ཆེན་པོ་དག་ཕྱག་བཞེས་སུ་མཛད་དེ། སློབ་མ་ཅི་ཡང་མི་ཤེས་པ་དག་དེ་བས་ཀྱང་བློ་རྨོངས་སུ་འཇུག་ཅིང་ཚོགས་གཉིས་གསོག་པའི་སྒོ་འགོག་ལ། ཡང་དག་པའི་ཆོས་ནི། ཀུན་མཁྱེན་གྱིས། གཞན་དོན་བརྩོན་པས་གོ་བགོས་ཏེ། །ཚོགས་གཉིས་ཤིང་རྟའི་ལམ་ཞུགས་ནས། །ཆོས་ཀུན་མཁའ་ལྟར་རྣམ་དག་པས། །བྱང་སེམས་ཐེག་པ་ལྷུན་གྱིས་གྲུབ། །ཅེས་པ་དང་། རྣལ་འབྱོར་གྱི་དབང་ཕྱུག་ཏེ་ལོ་བའི་ཞལ་ནས། །བུ་སྣང་བ་རྟེན་ཅིང་འབྲེལ་འབྱུང་འདི། །དོན་སྐྱེ་བ་མེད་པར་མ་རྟོགས་པར། །ཚོགས་གཉིས་ཤིང་རྟའི་འཕང་ལོ་དང་། །འབྲལ་བར་མ་བྱེད་ན་རོ་པ། ཅེས་པ་ལྟར་དུ་ཚོགས་གཉིས་ཤིང་རྟའི་འཕང་ལོ་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་པ་དེ་ལ་སྐུར་བ་འདེབས་པའི་ཕྱིར་རོ། །སྒྲིབ་པ་འདི་ནི་བསྟན་པ་དམ་པའི་ཆོས་སྤོང་བ་ཡིན་པས་ཤིན་ཏུ་ལྕི་བའི་ཕྱིར་སྤང་བར་བྱ་བ་ལ་གདམས་སོ། །གང་ཚེ་གླང་ཆེན་བསྒྱིངས་པ་ཅན་དག་རང་ཉིད་རྨོངས་པའི་མཚོར་ཞུགས་ནས། །གཞན་ཡང་ལམ་དེར་འཇུག་ལ་མངོན་བརྩོན་གཏི་མུག་རོལ་པའི་ཤུགས་ཆེན་སྟོབས། །མེ་ཏོག་མདའ་ཅན་དཔུང་རྣམས་འདེགས་ལ་ཐེ་ཚོམ་གྱུར་ཞེས་གང་སླད་བརྩོན། །འདི་ནི་སྔོན་མེད་ཐར་པའི་གེགས་གྱུར་གངས་ཅན་འོངས་པར་འགྱུར་ཞེས་གྲགས། །ཚུལ་འདི་ནི་ཐུབ་པ་བཅོམ་ལྡན་འདས་ཀྱིས་ཀྱང་གསལ་པོར་གསུངས་ཏེ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་དགོན་པ་པར་གྱུར་ནས་བས་མཐར་གནས་ཏེ་མངོན་པར་དགའ་ཞིང་འདོད་པ་ཆུང་ལ་ཆོག་ཤེས་པ། ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་མི་འདྲེ་ལ། དོན་དང་བྱ་བ་ཉུང་བར་གནས་ཀྱང་མང་དུ་ཐོས་པ་མི་འཚོལ། སེམས་ཅན་ཡོངས་སུ་སྨིན་པར་མི་བྱེད། ཆོས་ཉན་པ་ལ་མི་བརྩོན། ཆོས་ཀྱི་གཏམ་རྒྱུན་གཅོད། ཡོངས་སུ་འདྲི་བར་མི་བྱེད། དོན་རྣམ་པར་ངེས་པའི་གཏམ་རྒྱུན་གཅོད། དགེ་བ་ཅི་ཡིན་ཞེས་འཚོལ་བ་ལ་མི་བརྩོན་པར། བདག་གཅིག་པུ་དགོན་པ་ན་གནས་པས་ཉོན་མོངས་པ་ཆུང་ཞིང་། ཉོན་མོངས་མངོན་གྱུར་དེ་ཉིད་ཀུན་ནས་ལྡང་བ་ནོན་པ་ཙམ་གྱིས་དགའ་བ་ཐོབ་ཅིང་བག་ལ་ཉལ་སྤང་བའི་སླད་དུ་ལམ་སྒོམ་པར་མི་བྱེད། བདག་དང་གཞན་གྱི་དོན་ལ་མི་བརྩོན་པ་འདི་ནི། དགོན་པ་ལ་གནས་པའི་བདུད་ཀྱི་ལྕགས་ཀྱུ་སྟེ། དགེ་བའི་བཤེས་གཉེན་ལྟར་བཅོས་པའི་སྡིག་པའི་གྲོགས་པོའོ་ཞེས་སོ། །རང་དོན་ཞི་བདེ་གཅིག་པུའི་ཆེད་དུ་འདུ་འཛི་སྤངས་ནས་དགོན་པར་གནས་པ་ལའང་སྙིང་པོ་མེད་པར་ཉན་རང་ཞི་བདེར་གཞོལ་བའི་ལམ་དང་འདྲ་བ་ཡིན་པ་དང་། བྱང་ཆུབ་སེམས་པའི་རླབས་ཆེན་གྱི་སྤྱོད་པ་ཕར་ཕྱིན་དྲུག་དང་བསྡུ་བའི་དངོས་པོ་བཞི་ལ་སོགས་པ་ལ་མི་བརྩོན་པར་ཐོས་བསམ་སྒོམ་པར་རྒྱབ་ཀྱིས་ཕྱོགས་ནས་ཉལ་བ་ནི་མི་རིགས་ཏེ། བྱ་རི་དྭགས་རྣམས་དབེན་པའི་གནས་སུ་ཡོད་ཀྱང་རང་གཞན་གྱི་དོན་ཆེན་འགྲུབ་པ་མེད་པ་ལྟ་བུ་ཡིན་པའི་ཕྱིར། དེས་ན་ཚོགས་གཉིས་མཉམ་དུ་བསགས་ཏེ་གང་དང་གང་དུ་མཆིས་ཀྱང་དམ་བའི་ཆོས་བཟུང་ནས་གཞན་དོན་རྒྱུན་མ་ཆད་པར་བྱེད་དགོས་སོ་ཞེས་པའི་དོན་ཏོ། །ཕྱོགས་བཞི་པ། ལྟ་དང་ཏིང་འཛིན་མེད་དང་བསླབ་པ་འཆལ། །ཐ་མལ་རིག་ཤེས་སྐྱོང་དང་རྙེད་པ་འཚོལ། །གནད་མེད་གཅིག་པུར་ཞེན་དང་སྟོང་ལྟ་ཅན། །ཉམས་མེད་ཐ་སྙད་མཁན་དང་འགྲོགས་ན་ཡང་། །དེ་དག་བྱུར་འགོ་དོན་མེད་ཚིག་ཕྱིར་འབྲང་། །ནེ་ཙོའི་འདོན་པ་འདྲ་བར་གྱུར་པ་ཡིན། །ཅེས་གསུངས་ཏེ། ལྟ་སྒོམ་གྱི་དགོངས་པ་མེད་པ་དང་འགྲོགས་ན་ཁ་བཤད་ཇི་ལྟར་མཁས་ཀྱང་དགོངས་བརྒྱུད་ཀྱི་བྱིན་རླབས་འཕོ་རྒྱུ་མེད་པས། ཇི་ཙམ་བསྟེན་ཀྱང་ཆོས་ཉིད་དོན་ལས་རིང་བར་འགྱུར་བའི་ཉེས་པ་འགོ་བ་ཡིན། དམ་ཚིག་དང་སྡོམ་པ་འཆལ་བའི་བཤེས་གཉེན་དང་འགྲོགས་ན་དེའི་ཉམས་གྲིབ་ཀྱིས་གོས་ནས་རང་ཉིད་ཀྱི་སྲུང་སྡོམ་འཆོར་བའི་ཉེས་པ་འགོ བཤེས་གཉེན་རྙེད་འཚོལ་བ་དང་འགྲོགས་ན་ལྟོ་གོས་ཀྱི་ཁོལ་པོའམ་གཡོག་པོར་འཆོར་བའི་ཉེས་པ་འགོ སྤྱིར་ཆོས་པ་རབ་བྱུང་པ་དགེ་ འདུན་པའི་བཞུགས་གྲལ་དུ་ཡོད་པའམ་གཞན་སུ་ཡང་རུང་སྟེ། ལྟོ་གོས་ཀྱི་གཡོག་པོར་འགྱུར་ཤོར་མི་རུང་། ལྟོ་གོས་ཀྱིས་ཚུར་ཞབས་འདེགས་བྱེད་དགོས་པ་ལས་རང་ཕར་ལྟོ་གོས་ཀྱི་བྲན་ཁོལ་འགྱུར་དུ་འཇུག་མི་རུང་སྟེ། མི་འཚོ་བའི་ཆེད་དུ་ལྟོ་གོས་སྒྲུབ་པ་ལས་ལྟོ་གོས་སྒྲུབ་བའི་ཆེད་དུ་མི་འཚོ་བ་མིན་པའི་ཕྱིར། གནད་མེད་དབེན་པར་དགའ་བ་དང་འགྲོགས་ན་སངས་རྒྱས་ཀྱི་ཆོས་ལས་ཉམས་པའི་ཉེས་པ་འགོ་ཞེས་རི་ཁྲོད་དུ་འདུག་དོན་ཧ་མ་གོ་དུས་དེས་གནད་མི་ཟིན་ནས་ཆོས་ལས་ཉམས་པ་ཡིན་ཞེས་པའོ། །གོང་ནས་གསུངས་བའི་སྟོང་པ་ཁ་འབྱམས་སུ་སྨྲ་བ་དང་འགྲོགས་ན་རྒྱུ་འབྲས་ཁྱད་དུ་གསོད་པའི་ཉེས་པ་འགོ ཉམས་ལེན་གྱི་གནད་དང་བྲལ་ནས་མེད་པའི་ཐ་སྙད་མཁན་དང་འགྲོགས་ན་དོན་མེད་ཚིག་ལ་དགའ་བའི་ཉེས་པ་འགོ རྟོག་གེ་ཐ་སྙད་པ་དང་འགྲོགས་ན་ཉམས་ལེན་དྲེད་པོར་འཆོར་ནས་ཆོས་རྒྱུས་མཁན་ཆོས་ཀྱིས་མི་ཐུལ་པར་འགྱུར་བའི་ཉེས་པ་འགོ སེམས་བསྐྱེད་བསླབ་བྱ་མེད་པའི་མི་བྱང་ཆུབ་མཆོག་ཏུ་སེམས་མ་བསྐྱེད་པའམ། བསྐྱེད་ཀྱང་མ་སྐྱེས་པའི་མི་དང་འགྲོགས་ན་བསྡུ་དངོས་སྦྱིན་དང་སྙན་སྨྲ་དོན་མཐུན་དོན་སྤྱོད་བཞི་མེད་ན་གཞན་དོན་མི་འབྱུང་བས་གཞན་དོན་མེད་པའི་ཉེས་པ་འགོ རྒྱུ་འབྲས་དག་གྲོལ་དུ་འཛིན་པ་དང་འགྲོགས་ན་གསང་སྔགས་ཁྱད་དུ་གསོད་པའི་ཉེས་པ་འགོ བློ་ཆུང་མཚན་བཅས་ལ་ཞེན་པ་དང་འགྲོགས་ན་ཟབ་མོའི་ཆོས་ཉིད་ལས་རིང་བའི་ཉེས་པ་འགོ་སྟེ། དོན་དང་མ་འབྲེལ་བའི་ཆོས་ཕལ་བ་དང་གང་ཟག་དེ་དང་མཚུངས་པ་དག་གིས་རང་རྒྱུད་བསླུས་པ་མང་ལ། ཚིག་མ་གོ་བའི་དོན་མུན་པའི་རྫས་ལ་གཞལ་བ་སྟེ་སྨག་རུམ་ནང་ནས་ལག་བསྙབས་བྱས་ནས་ཅ་ལག་ཨེ་རྙེད་ལྟ་བ་དང་མཚུངས་པའོ། །དོན་མ་གོ་བའི་ཚིག་ནེ་ཙོའི་འདོན་པ་ལྟ་བུ་སྟེ། ནེ་ཙོ་ལ་སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཅེས་པ་དེ་བསླབས་པར་བྱས་ན་དེས་དེ་འདོན་བཞིན་དུ་འབུ་སྲིན་ཟ་བ་དང་མཚུངས་པར་འགྲོ་བས། ཚིག་དོན་གང་གི་ཆ་ནས་སྦྱར་ཡང་ལེགས་བཤད་དང་གདམས་པ་ཁྱད་པར་ཅན་རྒྱུད་ལ་འབྱོར་བའི་བླ་མ་མཆེད་གྲོགས་བཟང་པོ་དང་འགྲོགས་པ་གཅེས་ལ། དེའི་མི་མཐུན་ཕྱོགས་སྡིག་གྲོགས་སྤོང་བ་ཁོ་ན་གལ་ཆེ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དགེ་བའི་བཤེས་གཉེན་བསྟེན་པས་མི་དགེ་བའི་བཤེས་གཉེན་སྤང་བ་ལ་ནན་ཏན་བྱའོ་ཞེས་སོ། །གང་ཞེ་ན་ཡུམ་བར་མ་ལས། ཐམས་ཅད་དམིགས་པའི་ཚུལ་ལམ་གཉིས་འཛིན་མཚན་མ་ཅན་དུ་ཉམས་ལེན་ལག་ལེན་དང་མ་འབྲེལ་བར་ཆོས་སྟོན་པ་ནི་སྡིག་པའི་གྲོགས་པོའོ་ཞེས་པ་དང་། སོར་ཕྲེང་གི་མདོ་ལས། རྩོད་པའི་དུས་ཀྱི་སེམས་ཅན་ལྟ་བ་དམན་པ་དགེ་སྦྱོང་ལྟར་བཅོས་ནས་ཐེག་པ་ཆེན་པོ་ལ་སྐུར་པ་འདེབས་པ་དེ་ནི་ཚུལ་དུ་འཆོས་པ། སློང་མོ་བ་སྡིག་ཏོ་མི་དགེ་བའི་སེམས་ཅན། བདུད་ཀྱིས་བྱིན་གྱིས་བརླབས་པ། མུ་སྟེགས་ཀྱིས་དཀྲུགས་པ། ལོག་པའི་ཕྱོགས་འཛིན་པ་ཞེས་བྱའོ་ཞེས་པ་དང་། འཕགས་པ་བདེ་བྱེད་ཀྱིས་ཞུས་པ་ལས། རིགས་ཀྱི་བུ་གང་སུ་དག་ཆོས་ཐམས་ཅད་སྤྲུལ་བ་ལྟ་བུར་སྣང་ལ་རང་བཞིན་མེད་པར་ཤེས་པར་མི་འདོད་པར། དམིགས་པ་ཅན་གྱི་དགེ་བའི་རྩ་བ་འབའ་ཞིག་ལ་བརྩོན་པ་ནི་དགེ་སྦྱོང་མ་ཡིན། གཡོ་ཅན་ཞེས་བྱའོ་ཞེས་པ་དང་། དཀོན་མཆོག་བརྩེགས་པ་ལས། དགེ་སློང་གང་ལ་གཉིས་སུ་འཛིན་པའི་སེམས་ཡོད་པ་དེ་ནི་བདུད་ཀྱིས་བྱིན་གྱིས་བརླབས་པའོ། །ཞེས་གཉིས་འཛིན་འཁོར་བའི་རྩ་བ་ཡིན་པའི་གནད་ཀྱིས་སོ། །ཐེག་པ་ཆེན་པོ་ལ་མི་མོས་པའི་དམན་ལམ་ཅན་རང་ཉིད་ཞི་བདེར་གཞོལ་བ་དེ་ནི་བདུད་ཀྱིས་བསླུས་པ་ཞེས་བྱའོ་ཞེས་སོ། །གཉིས་པ་ལ། དངོས་དང་། བརྟགས་ནས་སྤང་དགོས་པའི་འཐད་པ་དཔེས་འགོད་པ་གཉིས། དང་པོ།

དེས་ན་དེ་སྤང་བར་གདམས་པ་དངོས་བསྟན་པ།

སྤང་དགོས་པར་གདམས་པའང་འདི་ལྟར། དེ་དག་དང་འགྲོགས་ཐར་ལམ་བར་དུ་གཅོད། །དགེ་འགྲིབ་བདེ་འགྲོའི་གནས་ཀྱང་མི་འགྲུབ་ན། །ཞི་བདེའི་བྱང་ཆུབ་འགྲུབ་པ་སྨོས་ཅི་དགོས། །དེས་ན་སྡིག་པའི་གྲོགས་པོ་སྤང་བར་བྱ། །ཞེས་གསུངས་ཏེ། སྡིག་པའི་གྲོགས་སམ་བླ་མ་ངན་པ་བསྟེན་པས་དགེ་བ་འགྲིབ་ཅིང་མི་དགེ་བ་འཕེལ་ཏེ། གནས་སྐབས་ལྷ་མིའི་བདེ་འབྲས་ཀྱང་མི་འགྲུབ་ཀྱི་སྟེང་དུ་ཐར་ལམ་ལ་བར་དུ་གཅོད་པས། མཐར་ཐུག་ཞི་བདེའི་བྱང་ཆུབ་འགྲུབ་པ་ལྟ་ཅི་སྨོས་ཏེ་གནས་སམ་གཞི་ཙམ་ཡང་མེད་དོ། །ཆེད་དུ་བརྗོད་པའི་ཚོམས་ལས། དད་པ་མེད་ཅིང་འཇུངས་པ་དང་། །རྫུན་དུ་སྨྲ་དང་ཕྲ་མ་ཅན། །མཁས་པས་བཤེས་པར་མི་བྱ་ཞིང་། །སྡིག་ཅན་མི་དང་འགྲོགས་མི་བྱ། །བསྟེན་བྱ་མ་ཡིན་བསྟེན་པའི་མི། །དེ་ཡི་སྐྱོན་གྱིས་སྐྱོན་ཅན་འགྱུར། །དོང་པར་རམ་མདའ་ཤུབ་ཏུ་དུག་བསྐུས་པའི་མདའ་བཅུག་པས། །དུག་མ་བསྐུས་པའི་མདའ་ལའང་གོས་པ་བཞིན། །ཞེས་སོ། །གཉིས་པ་ལ། ཆོམ་རྐུན་གྱི་དཔེས་བཤེས་གཉེན་ངན་པ་སྤང་བར་གདམས་པ་དང་། སྐྱེལ་མ་དང་ཉོ་ཚོང་གི་དཔེས་སྟོན་པ་དང་ཆོས་ལྟར་སྣང་སྤང་བར་གདམས་པ་གཉིས། དང་པོ།

ཆོམ་རྐུན་གྱི་དཔེས་བཤེས་གཉེན་ངན་པ་སྤང་བར་གདམས་པ།

གནོད་པ་ལ་བལྟས་ཏེ་སྤང་དགོས་པའི་འཐད་པ་འགོད་པ་ནི་དཔེ། ཇི་ལྟར་ལམ་འཕྲང་བགྲོད་པའི་མགྲོན་པོ་དག །ཆོམ་རྐུན་འཇིགས་པས་བཅོམ་ལའང་འཇིགས་ལྟ་ན། །དེ་ཡིས་ཚེ་འདིའི་ནོར་དང་སྲོག་འདོར་གྱི། །གཏན་གྱིི་བདེ་བ་འཕྲོག་པར་ཡོང་མི་ནུས། །ཞེས་གསུངས་ཏེ། འདི་དག་ནི་འཇིག་རྟེན་དུ་ཡང་གསལ་བ་ཡིན་པའི་དཔེར་བཀོད་ནས། དེ་བས་ཆེས་འཇིགས་པའི་དགྲ་ལ་མ་བརྟེན་པར་བག་ཟོན་སྐྱེད་ཅིག་ཅེས་གདམས་པ་ནི། མི་དགེའི་བཤེས་གཉེན་བསྟེན་པའི་འགྲོ་བ་རྣམས། །དམ་པས་བརྙས་ཤིང་དཀར་ཕྱོགས་ལྷས་འདོར་བས། །གནོད་མང་སྡུག་བསྔལ་འབྱུང་གནས་འདིར་ཡང་ཕུང་། །ཕྱི་མར་ངན་འགྲོ་གཏན་དུ་སྲིད་མཚོར་འཁྱམ། །བདེ་བའི་ནོར་མཆོག་བྲལ་ལ་མི་འཇིགས་པའི། །སྐྱེ་བོ་དེ་ནི་བདུད་ཀྱིས་བསླུས་པ་ལགས། །ཞེས་གསུངས་ཏེ། མི་དགེའི་བཤེས་ལ་བསྟེན་ན་སྐྱེ་བོ་དམ་པས་སྨད་པ་མཛད་ཅིང་ཐུགས་སྐྱོ་བ་དང་། དཀར་ཕྱོགས་སྲུང་བའི་ལྷས་འདོར། ལྟ་སྤྱོད་མ་དག་པ་དང་དེས་བསྐྱེད་པའི་ལས་ཀྱིས་གནོད་འཚེ་དང་སྡུག་བསྔལ་མང་བ་དང་། འདོད་པ་ཐོག་ཏུ་མི་ཁེལ་ཞིང་མི་འདོད་པ་ཐམས་ཅད་ཐོག་ཏུ་བབས་པས་མཐོང་བའི་ཆོས་སམ་ཚེ་འདིར་མི་འདོད་པའི་རྐྱེན་ངན་ཐོག་ལ་བབ་པའི་ཉེས་པ་མང་བར་མ་ཟད། སྐྱེ་བ་ཕྱི་མ་ལ་ངན་སོང་གསུམ་དུ་འགྲོ་ཞིང་། དུས་རྟག་ཏུ་འཁོར་བར་འཁྱམས་པས་ན་ཐ་མལ་གྱི་དགྲས་ཚེ་འདིའི་ཐོག་གི་གནོད་ཕྲན་བུ་ཞིག་ལས་སྐྱེད་ཐུབ་པ་མིན་ལ། དགྲས་ལོག་བསྒྲུབས་བྱས་ཀྱང་ད་དུང་ཐུགས་དམ་གྱིི་བོགས་འདོན་དུ་གྱུར་ནས་བཟང་དུ་འགྱུར་བའང་ཡོད་པས་ཐ་མལ་གྱི་དགྲ་ལས་ཐར་པའི་བློ་བསྐྱེད་པའི་ཚོད་བརྩིས་ནས་ཐ་མལ་གྱི་དགྲ་ལས་ལྡབ་མང་པོའི་གནོད་ཚབས་ཆེ་བ་ཡིན་པས་ན་སྡིག་པའི་གྲོགས་ལས་རིང་དུ་འབྲོས་པར་གདམས་ཏེ་རྒྱུ་མཚན་ཅིའི་ཕྱིར་ན་འདི་ཕྱི་ཚེ་རབས་གཏན་གྱི་ལེགས་པ་ལས་ཉམས་པར་འགྱུར་དུ་འོང་བའི་ཕྱིར་རོ། །དེ་སྐད་དུ་ཇི་ལྟར་བཤད་ཅིང་བསྟན་ཡང་འཇིགས་པར་མི་བྱེད་ཀྱི་སྟེང་དུ་སླར་ཡང་སྡིག་གྲོགས་སྔར་བཞིན་དུ་བསྟེན་ན་མི་དེ་བདུད་ཀྱིས་བསླུས་པར་རེ་ཞིག་ལྡོག་ཐབས་མེད་པར་རིག་པར་བྱའོ། །གཞན་ཡང་སྡིག་གྲོགས་ལ་སྐྲག་དགོས་པའི་དཔེ་ཞིག་བཞག་ན་རི་དྭགས་རྔོན་པ་ལ་སྐྲག་པ་དང་། བྱེའུ་ཁྲ་ལ་སྐྲག་པ་དང་། བྱི་ཆུང་འམ་ཙིག་ཕྲུག་བྱི་ལ་ལ་སྐྲག་པ་དང་། གསད་བྱ་ཉེས་ཅན་གསོད་པའི་གཤེད་མ་ལ་སྐྲག་པ་དང་། གླང་པོ་ཆེ་སྨྱོན་པ་ལ་སྐྲག་པ་ལྟར་སྤང་དགོས་ཏེ། འཕགས་པ་མྱ་ངན་ལས་འདས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་སྡིག་པའི་གྲོགས་པོ་ལ་འཇིགས་པ་ལྟར། གླང་པོ་ཆེ་སྨྱོས་པ་ལ་མི་འཇིགས་ཏེ། གླང་པོས་ནི་ཚེ་འདིའི་ལུས་ཙམ་འཇིག་པ་ལས་མི་བྱེད་ལ། སྡིག་པའི་གྲོགས་པོས་ནི་གཏན་གྱི་དགེ་བའི་ལུས་དང་སྲོག་འཇིག་པར་བྱེད་དོ་ཞེས་སོ། །གཉིས་པ།

སྐྱེལ་མ་དང་ཉོ་ཚོང་གི་དཔེས་སྟོན་པ་དང་ཆོས་ལྟར་སྣང་སྤང་བར་གདམས་པ།

བརྟག་པ་དང་དཔྱད་པ་ཆེར་བྱས་པ་ཉིད་ཀྱིས་སྤང་བར་འོས་པའི་དཔེ་སྒྲུབ་པ་ནི།

འདི་ལྟར་འཇིག་རྟེན་ན་ཡང་རབ་རྟོག་དཔེ། །སྐྱེལ་མའི་ཡུལ་དེ་བཟང་ངན་རྟོག་ཅིང་འདྲི། །ཐར་པ་འདོད་ལ་བཤེས་གཉེན་དྲི་རྟོག་མེད། །བློ་གྲོས་བླུན་པོ་དངོས་སུ་བདུད་སྡེས་བཅོམ། །ཞེས་གསུངས་ཏེ། འདི་ལྟར་འཇིགས་བཅས་ཀྱི་ལམ་འཕྲང་བགྲོད་པ་ན། སྐྱེལ་མ་འཚོལ་ལ་དེ་ཡང་སྐྱེལ་མ་དེས་སྐྱོབ་ཐུབ་མི་ཐུབ་རང་གིས་ཀྱང་རྟོག་གཞན་ལའང་འདྲི་བ་འཇིག་རྟེན་ན་ཡོད་པ་ནི་ཉིན་གཅིག་ཙམ་གྱི་དོན་སྒྲུབ་པ་ལའང་མཐོང་ན། གཏན་གྱི་བདེ་བ་ཐར་པ་བགྲོད་པ་ལ་བླ་མའི་སྐྱེལ་མ་དགོས་ལ། སྐྱེ་བ་ཚེ་རབས་གཏན་གྱི་ཐར་བའི་ལམ་ལ་བགྲོད་པའི་སྐྱེལ་མ་བླ་མ་དེ་མཚན་ཉིད་དང་ལྡན་མི་ལྡན་མི་རྟོག་པར་གང་བབས་སུ་འཇུག་ཅིང་། ཉིན་ཞིག་འགྲོ་སའི་ལམ་གྱི་སྐྱེལ་མ་ལ་ནི་རྟོག་ཅིང་ཞིབ་མོ་བྱེད་པ་དང་། མཁས་པ་གཞན་ལ་མི་འདྲི་བར་འབར་རྒྱུགས་སུ་འམ་ཁ་འབར་ལུས་རྒྱུགས་འུར་གྱིས་ཞོགས་ཤིང་གནད་ལ་མི་བལྟ་བར་བླུན་པོ་འཁོར་བསོད་ཅན་ནམ་དབང་འབྱོར་ཅན་ལ་བསྟེན་པ་འདི་ནི་ཕུང་བ་འགྱུར་བའི་ཉེན་ཁའི་ཁམས་ཤིན་ཏུ་ཚབས་ཆེ་བ་ཡིན་ཏེ། དེང་སང་ཤིན་ཏུ་མང་བར་སྣང་ངོ་། །ཀུན་མཁྱེན་ཆེན་པོའི་དུས་སུ་དེ་ལྟར་ཡོད་ན་དེང་སང་དེ་ལས་ལོ་བདུན་བརྒྱ་ཙམ་སྙིགས་པའི་སྐབས་སུ་ཇི་ལྟར་མེད་དེ་ལྷག་པར་མང་ངོ་། །དེ་ཡང་ཐར་པ་ལས་བསླུ་བའི་བདུད་ཀྱིས་དངོས་སུ་བཅོམ་པ་ཞེས་བྱའོ། །སྡེབ་གྲངས་ཀྱི་ཚད་ཀྱིས་འདིར་བཞག་ན་ཆོག་འདུག ད་དེ་རིང་གི་བཤད་བྱའི་གཙོ་བོ་དེ་གང་ཡིན་པ་རེད་ཟེར་ན། ཁ་རྩང་བཤེས་གཉེན་དམ་པ་མཉེས་པ་གསུམ་གྱིས་ཇི་ལྟར་བསྟེན་པར་བཤད་པའི་མུ་དེ་ཉིད་དང་འབྲེལ་ནས། སྒོ་གསུམ་གྱི་སྤྱོད་ལམ་གྱི་ནང་ནས་ཡིད་ཀྱི་སྒོ་ནས་གུས་པས་སྒྲུབ་པ་དང་ནི་ཕྱིན་ཅི་ལོག་ཏུ་སེམས་པ་དོར་བ་གཉིས་ཀ་བཤད་ཅིང་། དེ་ནས་སྒྲུབ་པས་མཉེས་པར་བྱ་ཚུལ་དེ་ཡང་སྤྱི་དང་བྱེ་བྲག་གི་ཚུལ་གྱིས་བཤད་པ་དང་། དགེ་བའི་བཤེས་གཉེན་བསྟེན་ཅིང་མཉེས་པར་བྱས་པའི་ཕན་ཡོན་དང་། ཞོར་དུ་བླ་མར་མ་བསྟེན་པའི་སྐྱོན་ཆ་རྣམས་བསྟན་ནས། ལེའུ་བརྒྱད་པའི་སྐབས་ཀྱི་སྦྱོང་བྱེད་ལམ་གྱི་སྐབས་ནས། ཐོས་བསམ་སྒོམ་པས་ལམ་བགྲོད་པ་དང་། གང་ལས་ཐོས་པ་བྱ་བའི་ཡུལ། མཐུན་ཕྱོགས་དགེ་བའི་བཤེས་གཉེན་བསྟེན་པར་གདམས་པ་དེ་དག་སོང་ནས། ལེའུ་དགུ་བའི་དབུ་ནས་མི་མཐུན་ཕྱོགས་སྡིག་གྲོགས་སྤང་བར་ནན་གྱིས་བསླབ་པ་བསྟན་ཅིང་། དེ་ནས་མི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དེ་གསལ་བོར་བསྟན་པ་དང་། དེ་སྤང་དགོས་པའི་རྒྱུ་མཚན། དེ་ལྟར་སྤངས་པའི་ཕན་ཡོན་དང་རྣམ་པ་གསུམ་གྱིས་གསུངས་པ་ལས། མི་དགེ་བའི་བཤེས་དང་གྲོགས་ཀྱི་མཚན་ཉིད་བཤད་པའི་སྐབས་ཀྱི་སྤྱི་དང་བྱེ་བྲག་གི་དབྱེ་བ་དང་། ཁྱད་པར་དུ་འཁོར་བ་ལས་ཡིད་མ་ཕྱུང་བའི་གྲོགས་དང་འགྲོགས་པའི་ཉེས་པ། སྡིག་པའི་ཕྱོགས་བསྟེན་པའི་ཉེས་པ་མང་བའི་ནང་གི་རྨོངས་པ་དང་འགྲོགས་པའི་ཉེས་པ་དང་། དད་བརྩོན་མེད་པ་དང་འགྲོགས་པའི་ཉེས་པ་དང་། ལྟ་སྒོམ་ཏིང་འཛིན་མེད་པའི་བསླབ་འཆལ་དང་འགྲོགས་པའི་ཉེས་པ་དེ་དག་བསྟན་ནས་སྤང་དགོས་ལུགས་དཔེས་བསྟན་པ་ཡན་ཆད་བཤད་ཟིན་ལ། ད་གོང་ནས་གསུངས་པ་ལྟར་དུ་དགེ་བའི་བཤེས་གཉེན་དང་། སྡིག་པའི་གྲོགས་གཉིས་ཀ་ཕན་ཚུལ་སྤང་འགལ། སྣང་བ་དང་མུན་པ་འདྲ་ཞིག་ཡིན་པར་གསུངས་ལ། དེ་གཉིས་ཀ་ལྷན་གཅིག་གནས་མི་རུང་ཞིང་། གནས་མི་སྲིད་པ་ཉི་མ་ཤར་ན་མུན་པ་མེད་པ་དང་། མུན་རུབ་དུས་ཉི་མའི་འོད་ཟེར་གྱི་སྣང་བ་མེད་པ་ལྟ་བུ། གཅིག་ཡོད་གཅིག་མེད་ཀྱི་སྣང་ཚུལ་ཅན། གང་ཤས་ཆེ་ན་དེས་ཕྱོགས་ལ་འགྲོ་རྒྱུ་ཉག་གཅིག་དང་། གཅིག་ཤོས་ལུས་ནས་དེའི་ཕྱོགས་སུ་འདྲུད་འགྲོ་བ་ཡིན་པར་གསུངས་འདུག དེས་ན་འུ་ཚོ་སྤྱིར་བོད་ཁམས་ཀྱི་ཆོས་པའམ་ཆོས་དད་པ་ཡིན་པ་དང་། ཁྱད་པར་དུ་འདིར་ཡོད་མང་ཆེ་བ་དེ་རབ་བྱུང་ངུར་སྨྲིག་གི་སྡེ་དང་། དགེ་བསྙེན་ཕོ་མོ་སོ་ཐར་གྱི་སྡོམ་ལྡན་ཤཀྱཱའི་བསྟན་པའི་རྗེས་སུ་ཞུགས་ནས་ཐར་ལམ་དོན་གཉེར་ཅན་ཡིན་པས་མ་ཚད། ཐེག་ཆེན་མདོ་སྔགས་ཀྱི་ལམ་ནས་གཞན་དོན་རྫོགས་བྱང་ཐོབ་པའི་དོན་གཉེར་གྱི་འདུན་པ་ཅན་འབའ་ཞིག་ཡིན་ལ། དེའི་ལམ་གྱི་བར་ཆད་མང་ཆེ་བ་དེ་སྡིག་པའི་གྲོགས་པོའི་ཁུངས་ནས་ཡོང་བ་ཡིན་པས། དགེ་བ་སྒྲུབ་པའི་ཆོས་པས་རང་གི་ཡན་དུ་ཡོད་པའི་དགེ་བའི་གྲོགས་པོ་དང་། དགེ་བའི་བཤེས་གཉེན་བསྟེན་པ་དང་། འགྲོགས་པ་དང་། དེ་དང་འབྲེལ་བ་བྱེད་པ་ལས། རང་རྒྱུད་ཀྱི་མི་དང་། རང་ཁྱིམ་གྱི་མི་དང་། གཉེན་ཉེ་བ་ཤ་ཕུ་ནུ་ཡིན་ཀྱང་། དེ་དག་ལ་སྡིག་གྲོགས་ཀྱི་མཚན་ཉིད་ཚང་ཡོད་ཚེ་ལྷག་ཏུ་གནོད་པ་ཡིན་པ་དང་། དེས་མི་ཚད་ཆོས་ལྟར་བཅོས་པའི་བླ་མ་གྲྭ་བའི་རྣམ་པ་ཅན་ཡིན་ཀྱང་། ཕྱི་ཚུལ་ལ་བལྟ་རྒྱུ་ཡོད་པ་མ་རེད། དོན་དུ་སྡིག་པ་དང་ཉེས་པ་། ཚུལ་མིན་ཡིད་བྱེད་ཀྱི་ཀུན་རྟོག་འཕེལ་བའི་རྐྱེན་བྱེད་པ་ཞིག་ཡིན་ནས་བཟུང་སྟེ་སྡིག་གྲོགས་ཡིན་པར་གསུངས་པ་ཡིན་པས་སྤང་དགོས་པ་ཡིན། སྡིག་གྲོགས་ཀྱི་མཚན་ཉིད་གོང་དུ་མང་རབ་གསུངས་ཀྱང་། སྤྱིར་ན་སོ་སོའི་སྐྱེ་བོ་ལས་ཉོན་གྱི་འཆིང་བ་ཅན་གྱི་ནང་ནས་དམིགས་བསལ་དུ་རྩ་བའི་ཉོན་མོངས་པ་དྲུག་སྟེ། མ་རིག འདོད་ཆགས། ཁོང་ཁྲོ། ང་རྒྱལ། ཐེ་ཚོམ། ལྟ་བ་ངན་པ་རྣམས་ལྷག་པར་བདོ་ཞིང་སྨིན་པ། ཚེ་འདིའི་ཆེ་ཐབས་གྲགས་ཐབས་ཤིག་ལས་བསམ་རྒྱུ་མེད་པ། ཐོས་བསམ་ཀྱི་ནོར་གྱི་ཐད་ནས་དབུལ་པོ་ཡིན་པ། ཤེས་བྱའི་དོན་ལ་རྨོངས་པའི་མ་རབས་ཀྱི་ཀུན་ཏུ་སྤྱོད་པ་ཞིག་ལ་ཐུག་དུས་ནམ་སྐྱ་མོ་གྱེན་དུ་ལངས་སོང་བ་ལྟ་བུ། ཐར་བའི་ལམ་ལ་དད་པ་དང་བརྩོན་འགྲུས་རྩ་བ་ནས་མེད་པ། རང་རྒྱུད་ལ་དགེ་སྦྱོར་ཞིག་བྱེད་དགོས་བསམ་རྒྱུའི་དྲི་མ་མི་བྲོ་བ། སྒོ་གསུམ་ཉེ་བར་མ་ཞི་བས་ལུས་ཀྱི་སྤྱོད་ལམ་བཙོག་ཅིང་། ངག་གི་གཏམ་ཞིག་བཤད་ནའང་དེ་དང་ཆ་མཚུངས་པ། སེམས་རྒྱུད་གྱོང་པོ་གཡག་རྭ་འདྲ་འདྲ་དགེ་བའི་ཕྱོགས་སུ་བཅོས་རྒྱུ་མེད་པ། ཅི་ཡང་མེད་པའི་ང་རྒྱལ་དང་རང་སྣང་མཐོན་པོ་ཅན། བསླུ་ཐབས་ཀྱི་གཡོ་སྒྱུ་ཞིག་རན་དུས་གཞན་ལས་མཁས་པ། དེས་མ་ཚད་ཕྲག་དོག་གི་རླུང་དམར་འཚུབས། ཆགས་སྡང་གི་རི་བོ་མཐོ། ཡོན་ཏན་དང་དད་པ་མོས་གུས་ཆུང་བ། བྱམས་སྙིང་རྗེའི་བརླན་ཞིག་རྒྱུད་དེར་མེད་པ། ནོར་ལ་རྔམ། ཟས་ལ་སྲེད ངོ་ཚ་ཆུང་། རང་རྒྱུད་རྩུབ། ཀུན་སྤྱོད་ངན། འགྲོགས་ཚད་འབྲེལ་ཚད་ཐམས་ཅད་ལོག་པའི་ལམ་ལ་འཁྲིད་འགྲོ་མཁན། གར་སོང་སར་ལམ་མི་ཡག གར་སྡོད་སར་བཀྲ་མི་ཤིས་པ་དེ། རང་གཞན་སུ་དང་འབྲེལ་བའི་མི་ཡིན་ཀྱང་སྡིག་པའི་གྲོགས་པོ་ཡིན། ང་ལྟ་བུའི་སོ་སོའི་སྐྱེ་བོ་ཞིག་ལ་མཚོན་ན། གྲོགས་ངན་གྱི་བསམ་སྤྱོད་བགྲང་ཡོང་དུས་རང་ཉིད་ཀྱི་ཕྱི་ནང་གསང་བའི་རྣམ་ཐར་བཤད་པ་དང་འདྲ་བར། དེ་ཡང་ང་དང་འདྲ་བ་ལ། དེའང་ང་དང་ཨ་ན་མ་ན་རེད་བསམ་རྒྱུ་ཞིག་རེད། དེ་ལོས་ཡིན་ད་སྔོན་ད་ལྟའི་བར་དུ་བཟང་པོའི་ལམ་ལ་མ་བཞག་ཅིང་། བཟང་པོའི་ཕྱོགས་ཀྱི་ལམ་སྟོན་བྱེད་པ་ཞིག་ཡོད་མ་མྱོང་བས་རེད། སྤྱིར་བཏང་གི་དགེ་སྡིག་རྒྱུ་འབྲས་ཀྱི་ཆོས་རེ་གོ་མ་མྱོང་བ་མིན་ཀྱང་། རང་རྒྱུད་ངན་པའི་ཀུན་སྤྱོད་དང་བསམ་པ་ལྷང་ལ་ཕུད་ཅིང་མཚང་ནས་འདོན་པའི་མན་ངག་རྒྱས་པ་འདི་ལྟ་བུ་ཆེར་ཞིག་འཕྲད་མ་མྱོང་བ་དང་། འཕྲད་ཀྱང་གཞན་སྐྱོན་བལྟ་བའི་མིག་དང་ཐུར་མར་འཛིན་པ་ལས། རང་སྐྱོན་བལྟ་བའི་མེ་ལོང་དུ་བཟུང་ནས་རང་སྐྱོན་རང་གིས་ཐེར་ལ་ཕུད་མ་མྱོང་བའི་དབང་གིས་རེད། འདི་ནས་གྲོགས་ངན་དེ་རང་ཆེ་རང་འགྱིང་ཆེ་བར་གསུངས་པ་དང་། རང་སྐྱོན་རང་གིས་མི་རིག མར་མེའི་སྡོང་རྩར་མི་གསལ། ཞེས་འཇིག་རྟེན་གཏམ་གྱི་དཔེར་གྲགས་པ་བཞིན་དུ། རང་གི་སྐྱོན་སྐྱོན་ཡིན་སྣང་མི་ཤར་ཞིང་། གཞན་གྱི་ཡོན་ཏན་དེ་ཡོན་ཏན་ཡིན་པར་མི་རིག་པར་འཁྲུལ་སོང་དུས། རང་སྐྱོན་ངན་པ་འདི་ལ་འདོར་རྒྱུ་ཞིག་དང་། བཟང་པོའི་ཡོན་ཏན་འདི་ལ་འགོས་རྒྱུ་ཞིག་མེད་པར་གྱུར་ནས། ཇི་ལྟར་བཤད་ཇི་ལྟར་ཉན་ཡང་རྡོ་བཙོས་ནས་ཁུ་བ་བུད་རྒྱུ་མེད་པ་འདི་འདྲར་ཆགས་པ་རེད། དེ་ལ་རིགས་མཐོ་མ་མཐོ། རུས་ཆེ་མ་ཆེ། རྒྱུ་ཕྱུག་མ་ཕྱུག དཔང་བཙན་མ་བཙན་ཡོད་པ་མ་རེད། གྲོགས་ངན་དེ་ཅན་པོ་དང་འབྲེལ་འདྲིས་བྱས་ན་ཉིན་ཅིག་མར་ལ་འདྲུད་ཤག་ཤག་ཡིན་པས། དེ་ཅན་པོའི་ཕྱོགས་དེར་ཉེ་མི་རུང་མ་གཏོགས་དེ་རྣམས་ཀྱིས་བཅོས་ནས་རིམ་གྱིས་ལྟ་སྤྱོད་དེ་རྣམས་དང་ཨ་ན་མ་ན་རེད་ནས་འགྱུར་འགྲོ་བ་ཡིན་གསུངས་པ་ཡིན། གལ་ཏེ་དེ་ལྟར་འགྱུར་སོང་ན་ཇི་ལྟར་འགྲོ་བ་ཡིན་ཟེར་ན། ཚེ་འདིའི་མི་འདོད་པ་སྣ་ཚོགས་ཀྱི་བྱུར་གྱི་སྣ་འདྲེན་བྱེད་ནས། གྱོད་ཁ་མཆུ་ཞིག་དང་། ཟེར་གནད་གཏམ་སྡུག་ཅིག་ལ་འཁོར་ནས་སྙིང་འདྲེ་གདིང་ནས་བསླངས་ཏེ། མཎ་རྡོག་ག་ཏོན་ལམ་ལ་འགྲོ་རུ་མི་འཇུག་མཁན་དེ་ལྟར་འགྱུར་བ་ཡིན། དེ་ལྟར་འགྱུར་བ་ཡང་ལས་སླ་བ་ཡིན་ཏེ། ཆུ་རྐ་ཚུར་ལ་བསྒྱུར་བ་དེ་ཕར་ལ་བསྒྱུར་དུས་སྔོན་གྱི་ཤུལ་ཀ་དེད་སླ་བ་ལྟར་དུ། ངན་གོམས་ཀྱི་བག་ཆགས་ཤུགས་བཙན་ཞིང་། ཐོག་མེད་ནས་ད་ལ་མ་ཐུག་གི་བར་དུ་ངན་གོམས་ཀྱི་དབང་དུ་སོང་བས་སོ། །བཟང་གོམས་ཆེ་ཞིག་ཅི་འདྲ་བྱས་ཀྱང་མེད་པའི་སྟབས་ཀྱིས། ད་སྔའི་ངན་གོམས་ཀྱི་ཕྱོགས་ལ་ཤོར་དུས་འདི་མེད་ཕྱི་མེད་ངན་སོང་ངན་འགྲོའི་གཡང་སར་ལྷུང་རྒྱུ་ཡིན་པས། སོ་སོའི་སྐྱེ་བོའི་གང་ཟག་ཐར་བ་འདོད་མཁན་རང་ཉིད་ཡག་ན་བཟང་ན་བསམ་པ་ཞིག་ཡིན་ན། སྡིག་པའི་གྲོགས་པོ་ངན་པ་དེ་དུག་ལྟར་སྤངས་ནས། དགེ་བའི་བཤེས་གཉེན་ལེགས་པའི་ལམ་སྟོན་དང་། གྲོགས་བཟང་པོ་བསྟེན་པ་ནི་ཤིན་ཏུ་གནས་ཀྱང་གལ་ཆེ་བ་ཡིན་ནོ། །དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསག་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།

ཉིན་བཅུ་བའི་ཆོས་ཁྲིད།

དེ་ཡང་ཇི་སྐད་དུ་རྒྱལ་བ་ཀློང་ཆེན་པས། ལྷར་བཅས་འགྲོ་བའི་ཕན་བདེ་འབྱུང་བའི་གནས། །བསྟན་པ་འཇིག་རྟེན་མིག་འདི་ཟུམ་དུ་ཉེ། །བཤེས་གཉེན་ཐར་པའི་ལམ་མཁན་ཕལ་ཆེར་འདས། །བྱང་ཆུབ་ལྗོན་ཤིང་རྙིང་བས་སེམས་འདི་སྐྱོ། །ཞེས་གསུངས་པ་ལྟར་དུ། སྔར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འཚང་རྒྱ་བའི་གནས་མཆོག་འཕགས་ཡུལ་ཟེར་ནས་མཚན་གྱིས་བསྔགས་པར་བརྗོད་སའི་རྒྱ་གར་རྡོ་རྗེའི་གདན་ཉིད་དུ་དེ་རིང་ཁ་རྩང་མུ་སྟེགས་ཀླ་ཀློ་བག་མི་ཚ་བ་རྒྱུ་བ་དང་། ཕྱོགས་ཀྱི་སྐྱེ་བོ་ཆོས་དད་པས་གནས་རྩ་ཆེན་ལ་བརྩི་ནས་ཕྱག་བསྐོར་མཆོད་འབུལ་རེ་བྱེད་རྒྱུ་ཙམ་ལས། སྔོན་བྱོན་པཎ་གྲུབ་དེ་ཚོའི་རྗེས་ཤུལ་འདི་རེད་ཟེར་རྒྱུ་ཙམ་རེ་ཡོད་ལ་མེད་དུ་ཆགས་པ་སྟེ། དཔེར་ན་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ལྟ་བུ་ཞིག་ལ་མཚོན་ན་ཤུལ་ས་འོག་ལ་སོང་བ་ཡར་བརྐོས་ནས་ད་སྐབས་རྙེད་ཡོད་པ་རེད་ཟེར་རྒྱུ་ཙམ་དུ་གྱུར་བ་དང་། དེ་བཞིན་དུ་བོད་ཡུལ་མུན་པའི་གླིང་དུ་བསྟན་པའི་སྒྲོན་མེ་སྦར་བའི་མཁན་སློབ་ལོ་པཎ་བཀའ་དྲིན་ཅན་ཚོ་བྱོན་པའི་རྗེས་ཤུལ་དང་རྣམ་ཐར་ལ་མཇལ་ནས་དད་མོས་བྱེད་རྒྱུ་ཙམ་ཞིག་ལ་ཐུག་ཡོད་པ་ཡིན། ས་ཆ་འདི་ལྟ་བུ་ཞིག་ལ་མཚོན་ན་སྔར་ང་ཆུང་དུས་ཀྱི་སྐབས་སུ་དེང་སང་འདྲ་འདྲའི་འགྲིམ་འགྲུལ་དང་འཕྲུལ་ལས་ཡར་རྒྱས་ཀྱི་སྟབས་བདེ་མ་རེད་ཀྱང་། ཆོས་པ་བྱ་བཏང་བ་ཨ་ཅོའི་ཚུལ་ཅན་ཁུར་ཁྲེས་རྒྱབ་ལ་ཁུར་ནས་ཟླ་ལམ་མང་པོར་གོམ་བགྲོད་ཀྱིས་ཆོས་ཞུ་བར་ཕེབས་པ་དག་ལ་སྐྱོ་ངལ་གྱི་སྣང་བ་མེད་ཅིང་། ལོ་ཁ་ཤས་ཀྱི་རིང་ལ་ཕ་ཡུལ་གྱི་སྐད་ཆ་ཙམ་ཡང་གོ་བ་མི་འདུག་ཀྱང་། བརྩོན་པ་དང་སྙིང་སྟོབས་ལ་ཞུམ་པ་མེད་པ་ནི་གྲངས་ཀྱིས་མི་ཆོད་པ་ཡོད་ཅིང་། དམ་པའི་སྐྱེས་བུ་གསེར་རིའི་ཕྲེང་བ་ལྟ་བུ་ད་ལྟའི་སྐབས་ཀྱི་བླ་བརྒྱུད་ཀྱི་རིམ་པའི་ནང་ན་ཡོད་པ་དེ་དག་བཞུགས་ནས། གཤིན་རྗེའི་སྒྲུབ་ཕུག ཚེ་རིང་ལྗོངས། ཚེ་རིང་ཕུག ནགས་ཆུང་མ། དགོན་པའི་ནང་། སེངྒེ་རིའི་ཆོས་གྲྭ། སྐྱ་མོའི་མདུན་ལུང་ཁ་ཡན་ཆད་ལ་ཉིན་རྟག་པར་ཆོས་དུང་དུ་མ་དུས་གཅིག་ལ་བུས་ནས། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་སྐོར་བཞིན་ཡོད་པ་སྟེ། དཔེར་ན་གནའ་མཁན་པོ་པདྨ་རྡོ་རྗེ་པདྨའི་ཐང་ལ་བཞུགས་ནས་རྒྱུད་སྡེའི་ཆོས་གསུངས་དུས་ཆོས་གྲྭ་འདིའི་ནང་ལ་འཇམ་དབྱངས་མཁྱེན་བརྩེ་དབང་པོ། ཀཿཐོག་ངག་ཆུང་། རྒྱལ་ཚབ་པདྨ་རྣམ་རྒྱལ། བདུད་འཇོམས་རོལ་བའི་རྡོ་རྗེ་སོགས་དུས་གཅིག་ལ་འཛོམས་ནས་ཡོད་ཚུལ་དང་། དཔལ་སྤྲུལ་ཚང་། མི་ཕམ་ཚང་། རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་ཀྱང་འདིར་བཞུགས་ནས་འཆད་རྩོད་རྩོམ་གསུམ་མཛད་རབས་ལོ་རྒྱུས་ཀྱི་ཡིག་ཆ་དག་དང་གསུང་རབ་ཀྱི་མཛད་བྱང་དག་མཇལ་དུས་རེ་རེ་བཞིན་དུ་ར་འཕྲོད་བྱུང་བ་ཡིན། འོན་ཀྱང་ད་ལྟའི་སྐབས་སུ་ནི་ཐོས་བསམ་སྦྱོང་བ་སྣ་གཅིག་ཀྱང་བྱེད་མ་མྱོང་བར་དུས་ངན་གྱི་རྒུད་པས་མི་ཚེའི་ནམ་ཚ་ཟད་པ་ང་ལྟ་བུ་ཡང་ཆོས་ཁྲིའི་སྟེང་དུ་འགོས་ནས་ཆོས་འཆད་པའི་ཁུར་ལེན་དགོས་པ་འདི་ནི་སྔོན་དཔག་མ་ཐུབ་པའི་བྱ་བ་རྨི་ལམ་ལྟ་བུ་ཞིག་ཡིན་པས། རང་གཞན་འཁོར་ཡུག་ནང་ལ་བལྟས་ན། གནའ་དུས་ཀྱི་ཐོག་ལ་ད་དུས་མེད་པ་ནི་སེམས་སྐྱོ་བྱེད་ཅིག་ཡིན། ཡང་ཕྱིར་འདེང་རེ་བརྒྱབ་ན་མི་ལོ་དྲུག་ཅུའི་དུས་འགྱུར་གྱི་ལོ་རྒྱུས་ནང་ལ་ཆོས་པ་རབ་བསད། འབྲིང་སྤྱུགས། ཐ་མ་བྲན་དུ་བཀོལ་ནས། ཧོར་ཕར་འདུལ་གྱི་སྒྲུང་ལས། མ་ཎི་ཨོཾ་རེ་འདོན་ན་ཆད་པ་རྟ་རེས་བཅད་ས་ཞེས་པ་དང་འདྲ་བར་ཆོས་བསྟན་རྨང་ནས་ནུབ་པའི་མི་ལོ་བཅུ་ཕྲག་ཁ་ཤས་ལ་མུན་ནག་ཏུ་ལུས་པ་དེ། ད་ལྟའི་ཡང་དར་གྱི་བསྟན་པ་གཞིར་བཞེངས་སུ་སློང་རྒྱུའི་སྐལ་བ་བཟང་པོ་རང་རོགས་ཐམས་ཅད་ཀྱི་བགོ་སྐལ་དུ་ཐོབ་པ་དེའང་། རྒྱལ་དང་དེ་སྲས་ཀྱི་མཛད་པ་དུས་ལས་ཡོལ་མི་སྲིད་པ་ཡིན་པས། རྣམ་པ་འདིར་ཡོད་མང་ཆེ་བ་ཡང་སྔར་གྱི་དམ་པ་དེ་དག་གི་མཛད་པ་དང་འཕྲིན་ལས་ཀྱི་མཇུག་མཐུད་མཁན་དང་། གདུལ་བྱའི་ལྷག་མ་བསྐྱང་ཆེད་རྣམ་འཕྲུལ་འདྲ་དང་མི་འདྲའི་སྒོ་ནས་ཕེབས་པ་ཞིག་ཡིན་ཆོག་པས་མི་ཚད་ཡིན་ངེས་ཅན་རེད་སྙམ་པའི་ཡིད་ཆེས་ཀྱང་ཡོད། ད་གང་ལྟར་ཡང་ང་རང་ཉིད་ལ་མཚོན་ན་འདིའི་དུས་བཟང་ངན་གཉིས་ཀའི་བར་རྒལ་གྱི་ཆོས་རྒྱུན་མཐུད་པའི་སྦྲེལ་ཐག་ཅིག་ཉན་སོང་བའི་སྤྲོ་བས་བསླངས་ནས་བརྩོན་ཤུགས་དང་སྤོབས་པའི་དཔའ་གདེང་ཡང་རང་གིས་བསྐྱེད་ནས། མན་ངག་གི་ཁྲིད་རྒྱུན་རེ་སྤེལ་དང་སྤེལ་བཞིན་པའི་དུས་ཚོད་ལོ་མང་པོ་ཞིག་འདི་བཞིན་སོང་བ་ཡིན། དེ་ཡང་ཀུན་མཁྱེན་ཆོས་རྗེས། རང་ཉིད་བསྟན་ལ་ཞུགས་པར་ཁས་འཆེ་ཡང་། །ཁྲིམས་མེད་རྟགས་ཙམ་འཛིན་ལ་འདོད་ཡོན་གཉེར། །རབ་ཏུ་བྱུང་ཡང་ཆོས་ཀྱིས་མ་གོས་པའི། །རྫིང་བུའི་ངང་མོ་འདྲ་ལ་སེམས་འདི་སྐྱོ། །ཞེས་གསུངས་པའི་ཚུལ་མཐོང་ཆོས་སུ་མངོན་ནས། དུས་མཐའི་བསྟན་འཛིན་ལ་ཁས་འཆེ་བ་འགའ་རེ་རང་ཉིད་བསྟན་ལ་ཞུགས་པར་རློམ་པས་མ་ཚད། མིང་གིས་བརྗིད་པའི་ཁྲི་འཕང་དེས་མཐོ་མེད་ས་རེ་ལ་འགོས་ནས། ཁྲིམས་མེད་རྟགས་ཙམ་འཛིན་པའི་སྐྱོན་ཆ་འཇིག་རྟེན་གྱི་འདོད་ཡོན་ལ་ཕལ་བ་ལས་ཀྱང་ཐུ་བའི་གདོལ་སྤྱོད་ཀྱི་དུས་འདས་ཏེ། རབ་བྱུང་གི་ཆས་རྫོད་པ་ངང་བ་རྫིང་ལ་ཞུགས་ན་ལུས་ལ་ཆུས་མ་གོས་པ་བཞིན་དུ་ཆོས་པའི་ཆས་ཅན་ཆོས་ཀྱི་ཆ་ཙམ་ཡང་མ་གོས་པའི་ཆོས་ཀྱི་སྒོ་བྱང་ཅན། བླུན་པོ་ནོར་རྐྱལ་ཐོགས་པའི་ངང་ཚུལ་མཐོང་བས་མ་བཟོད་པར། འདིར་བཞུགས་ཀྱི་དགེ་འདུན་གྱི་སྡེ་ཆེན། འདུས་པ་སྟོང་ཕྲག་ལ་ལང་བའི་དགོན་སྡེ་མང་པོའི་སྡེ་སྣོད་འཛིན་པ་ཚོགས་ཡོད་པའི་མདུན་ས་ནས། རང་ཉིད་ལ་ཡོད་པའི་ཆོས་ཀྱི་རྒྱུན་མཎྜལ་གྱི་ཚུལ་དུ་འབུལ་རྒྱུའི་སྐལ་བ་ལྡན་པ་ལ། ཡང་བསྐྱར་བསམ་ན་སྤྲོ་བ་དང་བཅས་སྟེ་འཆད་ཉན་ལ་ཞུགས་བཞིན་པ་ཡིན། རྣམ་པ་ཐམས་ཅད་ལ་ཆོས་དུང་ནམ་བུས་ལ། ཐུན་མོང་བློ་སྦྱོང་གི་ཆོས་འདི་སྙན་ལ་བྱང་བྱང་གི་བར་དུ་ཞུ་བཞིན་ཡོད་པ་རེད། དེ་ཡང་རང་ཉིད་སོ་སྐྱེ་ཐ་མལ་པ་ཡིན་པའི་རྒྱུད་ཚོད་དང་ཉེ་བས་ཀྱང་ཡིན་ངེས། བློ་སྦྱོང་གི་རྩ་བ་དེ་མ་བརྟན་ནས་ཆོས་དང་རང་རྒྱུད་མ་འདྲེས་དུས། ནམ་ཞིག་ངན་མཚང་ཕུགས་ནས་རྡོལ་ཡོང་བསམ་པ་ཡིན། ད་གང་ལྟར་ཡང་བློ་ཆོས་སུ་འགྲོ་དགོས་པ་དང་། ཆོས་ལམ་དུ་འགྲོ་དགོས་པ་དང་། ལམ་གྱི་འཁྲུལ་བ་སེལ་ཐབས་ལ་ཆོས་འཆད་ཉན་གྱི་གནད་བསྡུ་དགོས་པ་ཉིན་བཞིན་ཞུས་པ་ཡིན། ཁ་རྩང་ད་ཞག་ལམ་གྱི་འཁྲུལ་བ་སེལ་ཚུལ་ཐུན་མོང་དང་ཁྱད་པར་གྱི་སྟེང་ནས་མདོ་སྔགས་རྒྱུ་དང་འབྲས་བུའི་ཐེག་པའི་སྤྱི་འགྲོས་ཀྱི་སྟེང་ནས་བཤད་པ་ཡིན། དེ་རིང་སྔགས་བླ་མེད་མཆོག་གསུམ་ཐེག་པ་ཀུན་གྱི་ཡང་རྩེ་རྫོགས་ཆེན་མན་ངག་སྡེའི་དགོངས་དོན་དང་སྦྱར་ནས་ཚིག་གཅིག་གཉིས་ཤིག་ཞུ་ན། སྤྱིར་ན་རྫོགས་ཆེན་སྡེ་གསུམ་ཀ་ཡང་ཡུལ་སྣང་བ་དང་བཅས་པ་ཡུལ་ཅན་རིག་པའི་ཀློང་དུ་རྫོགས་པར་འདྲ་ཡང་། སེམས་སྡེས་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་བརྗོད་བྲལ་དུ་འདོད། ཀློང་སྡེས་སེམས་ཉིད་རྩལ་སྣང་དང་བཅས་པ་ཆོས་ཉིད་ཀུན་ཏུ་བཟང་མོའི་མཁའ་ཀློང་ལས་འགྲོ་ས་གཞན་མེད་པར་ཡེ་གྲོལ་རང་དག་ཏུ་འདོད། མན་ངག་སྡེ་བས་ཡེ་ནས་བདག་མེད་བློ་འདས་རང་བྱུང་གི་ཡེ་ཤེས་རྩོལ་བྲལ་དུ་འདོད་པ་དེ་ལྟ་བུ་ཡིན། དེ་དག་གི་ལྟ་བ་ནི་རང་བྱུང་གི་རིག་པ་འོད་གསལ་རྟག་ཆད་སྐྱེ་འགག་ལས་འདས་པའི་རིག་པའི་ཡེ་ཤེས། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད། སྐུ་གསུམ་རང་ལ་ཚོགས་པའི་ཡེ་ཤེས་གསུམ་ལྡན་དེ་ཉིད། སྒོམ་པ་འཁོར་འདས་སྤང་བླང་་དང་བྲལ་བའིི་བློ་འདས་རང་བྱུང་ཡེ་ཤེས་ཀྱི་ངང་དུ། སྣང་སྟོང་འོད་གསལ་གྱི་འཆར་ཚུལ་ལ་དགག་སྒྲུབ་རེ་དོགས་དང་བྲལ་བ་སྐུ་གསུམ་ལམ་སྣང་དུ་བྱས་ཏེ་ཉམས་སུ་བླངས་ནས། སྤྱོད་པ་གཞི་གྲོལ་འཕོ་འགྱུར་དང་བྲལ་བའི་གནས་ལུགས་རང་གསལ་གྱི་ཆོས་ཉིད་དང་མ་བྲལ་བའི་ཐོག་ནས། འབྲས་བུ་གང་ཡིན་ན་སྣང་བཞི་མཐར་ཕྱིན་ཏེ་འཕོ་ཆེན་འཇའ་ལུས་རྡོ་རྗེའི་འོད་སྐུར་བཞེངས་ནས་བསྐལ་བ་ཇི་སྲིད་དུ་འགྲོ་དོན་རྒྱུན་མི་ཆད་པར་ལམ་གྱི་འཁྲུལ་བ་ཡེ་དག་ཀུན་བཟང་གདོད་མའི་གཞི་ཀློང་ཆེན་པོར་གྲོལ་བ་མངོན་འགྱུར་འབྲས་བུའི་མཐར་ཐུག་གི་སར་གཤེགས་པའི་ཚུལ། ཐུན་མོང་གདུལ་བྱའི་འགྲོས་དང་བསྟུན་ཏེ་ཚིག་གཅིག་གིས་བཤད་ན་དེ་ལྟར་ཡིན། དེ་ཡང་སྔ་མ་སྔ་མ་མ་བགྲོད་པར་ཕྱི་མ་ཕྱི་མ་བགྲོད་པར་མི་རུང་བར་རིགས་ཁམས་ནོར་བུ་སྦྱངས་པའི་ཚུལ་དང་མཐུན་པར་གོམ་པ་རིམ་བགྲོད་ཀྱིས་གོང་མའི་སར་ཐོན་དགོས་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་། བསྟན་པ་སྐས་ཀྱི་གདང་བུ་ལྟ་བུའི་ཐེག་པ་རིམ་འཇུག་གི་བབ་དེ་བསྟན་པ་པ་ཡིན་ནོ། །དེས་ལམ་གྱི་འཁྲུལ་བ་དེ་ལྟར་སེལ་བར་བྱེད་པ་ཡིན་པའི་གནད་ཀྱི་གོ་དོན་དང་། ཁྱད་པར་དུ་སྔགས་ཀྱི་སྐབས་ཀྱི་ལྟ་བ་རྟོགས་ཞེས་པ་དེ་མཚན་ཉིད་ཐེག་པའི་སྐབས་ཀྱི་ཐོས་བསམ་གྱིས་གཏན་ལ་ཕབས་པའི་ལྟ་བ་དེ་དང་མི་འདྲ་བར་ཉམས་མྱོང་ཏིང་ངེ་འཛིན་གྱི་ལྟ་བ་ལ་དབང་ཐོབ་པ་ཞིག་ལ་གོ་རྒྱུ་ཡིན་ཚུལ་གྱི་བབ་འཕྲོས་ཀྱི་གོ་དོན་ཟུར་ཙམ་ཞིག་ཞུས་པ་དང་བཅས་ཏེ། སྐབས་འདིར་གང་ཞིག་འཆད་ཉན་བྱ་བཞིན་པ། ཐེག་པ་ཐམས་ཅད་ཀྱི་གནད་འདུས་པ། མདོ་སྔགས་ཐམས་ཅད་ཀྱི་བཅུད་ཚང་བ། མན་ངག་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་མཛོད་ཀྱི་རྒྱས་འགྲེལ། འགྲེལ་ཊཱིཀ་པདྨ་དཀར་པོ་ཞེས་བྱ་བ་འདི་ཉིད་འཆད་པ་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས། བར་དུ་དགེ་བ་གཞུང་གི་དོན་ལས། རྡོ་རྗེའི་གནས་དང་པོ་འཁོར་བའི་རང་བཞིན་སྤང་བྱར་བསྟན་པ་སོང་ནས། རྡོ་རྗེའི་གནས་གཉིས་པ་མྱང་འདས་བླང་བྱར་བསྟན་པའི་སྐབས་ལས། མཐུན་ཕྱོགས་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དང་དེ་མཉེས་པ་གསུམ་གྱིས་བསྟེན་ཚུལ་སོགས་བཤད་པའི་རྗེས་ཐོག་ཏུ། མི་མཐུན་པའི་ཕྱོགས་མི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དཔེ་དང་བཅས་པ་བསྟན་པའི་སྐབས་ལས། བཤེས་གཉེན་ངན་པ་བསྟན་པའི་མཚང་དེ་ཉིད་འདོན་པ་ནི། བཤེས་གཉེན་ངན་པ་ལ་བསྟེན་པ་ཙམ་དུའང་མ་ཟད་ཀྱིས། འཆོས་སྐྱོབ་ཀྱི་ཡོན་ཏན་དང་མི་ལྡན་པས་ཆོས་ནོར་བ་དང་། ཐེག་པ་གོང་འོག གྲུབ་མཐའི་འདོད་པ། དྲང་ངེས། མདོ་སྔགས་མ་ཕྱེད་པར་འདྲེས་པ་དང་། གཞན་ཡང་ཆོས་དང་ཆོས་མིན་འདྲེས་པ་དང་། འུ་ཚོའི་རྒྱུན་འདོན་ལས། བཅོས་མ་སྤངས་བའི་སེམས་ཉིད་གཉུག་མའི་ཞལ། །བཅོས་མ་མིན་པ་རང་ངོ་རྗེན་པར་མཐོང་། །བཅོས་སླད་བྲལ་བའི་མཉམ་བཞག་རྒྱུན་བསྐྱངས་ཏེ། །བཅོས་མེད་དོན་གྱི་འབྲུས་བུ་ཐོབ་པར་ཤོག །ཅེས་པ་ལྟར་བུའི་བཅོས་མའི་ལམ། ཕྱིན་ཅི་ལོག་ལ་ཞུགས་པས་ཐར་པ་འདོད་པ་ངོ་མཚར་དུ་བརྩིས་པའི་ལས་དེ་ནི་འདི་ལྟར། དམན་པའི་ནོར་དག་ཉོ་ཚོང་བྱེད་ན་ཡང་། །རང་གིས་མི་ཤེས་གཞན་ལ་འདྲི་བར་བྱེད། །དེང་སང་གང་བྱུང་ཆོས་ཀྱི་ལམ་དེར་འཇུག །རྣམ་དཔྱོད་མིག་མེད་ཐོས་བསམ་སྣང་བ་མདོངས། །མིག་ལྡན་གཞན་ལ་འདྲི་ཞིང་རྟོག་པ་མེད། །ཐར་འདོད་སྐྱེ་བོ་མང་པོ་བདུད་ཀྱིས་བསླུས། །ཞེས་གསུངས་ཏེ། དར་ཟབ་དང་། གོས་དང་། རྟ་དང་། རིན་པོ་ཆེ་ལ་སོགས་པ་ཚེ་འདིེའི་གནས་སྐབས་གྱི་འཕྲལ་མཁོའི་ཡོ་བྱད་དམན་པའི་རིགས་ཕུག་རྒྱང་རིང་པོར་ཕན་ཐོགས་མེད་པའི་ནོར་དག་ཉོ་ནའང་རང་གིས་ཤེས་ན་དེ་དག་གི་བཟང་ངན་ལ་རྟོག་གོ །མི་ཤེས་ན་གནད་ཤེས་པ་གཞན་ལ་དྲིས་ནས་བརྟགས་ཏེ་ལེན་པར་བྱེད་ན། དེང་སང་ནི་གནད་ཆེན་གནད་ཆུང་གོ་ལྡོག་ཅིང་ཐར་པ་བྱང་ཆུབ་སྒྲུབ་པས་ན་ནོར་གྱི་མཆོག་དམ་པའི་ཆོས་ཡིན་པ་ལ། དེ་རང་གི་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས་རྟོག་པར་ཡང་མི་བྱེད་པར། གཏེར་ཆོས་རྫུན་མ་ལྟ་བུའི་འཆོས་སྐྱོབ་ཀྱི་ཡོན་ཏན་དང་མི་ལྡན་པའི་ཆོས་དྲི་མ་ཅན་གང་དར་བ་དེ་ཉིད་ཁུངས་ལུང་མེད་པར་བཟང་པོར་རློམ་ནས་གཞན་ལ་འཆད་ལ། མཁས་པ་ཐོས་བསམ་སྒོམ་པའི་སྤྱན་རྒྱས་པ་གཞན་ལ་གང་ཡིན་མི་འདྲི་བ་ཙམ་དུ་མ་ཟད། མཁས་པ་དེ་དག་ལ་ཕྲག་དོག་གིས་ངན་དུ་སྒྲོགས་ཤིང་ཐ་སྙད་པའམ་རྟོག་གེ་པའོ་ཞེས་བརྙས་པར་བྱེད་པ་འདི་ནི་ཐར་པ་བསླུ་བའི་བདུད་རིགས་དར་ནས་རྫུན་མ་མགོ་འཕང་མཐོ། མཁས་པའི་དབུ་འཕང་དམའ་བ་ལས་བྱུང་བར་ཤེས་སོ། །འཕགས་པ་ཟླ་བ་དྲི་མ་མེད་པའི་མདོ་ལས། མ་འོངས་པའི་དུས་ན་དགེ་སློང་མངོན་པའི་ང་རྒྱལ་ཅན་ཆོས་ལྟར་བཅོས་པ་དུ་མ་འབྱུང་སྟེ། དེའི་ཚེ་རང་གིས་བསླད་པའི་ཆོས་དག་འདྲེས་མར་བྱས་ཏེ་འདི་ནི་དམ་པའོ་ཞེས་སྟོན་ཅིང་། ཆོས་སྨྲ་བ་གཞན་ལ་འདུད་པར་མི་བྱེད། ཡོངས་སུ་འདྲི་བར་མི་བྱེད། ཀུན་ནས་མནར་སེམས་པས་སྨོད་པར་བྱེད་དོ། །མི་གཏི་མུག་ཅན་དེ་དག་ནི་དེའི་རྒྱུས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་སོ། །གསུམ་པ།

བརྟགས་ནས་སྤང་བའི་ཕན་ཡོན།

ད་ནི་མཇུག་བསྡུ་བ་སྡིག་པའི་གྲོགས་པོ་སྤང་བར་གདམས་པ་ནི། འདིར་ནི་སྡིག་པའི་གྲོགས་པོ་བརྟགས་ཏེ་སྤང་། །དེ་ཡི་ཕན་ཡོན་དམ་པའང་ཚད་མེད་དེ། །ལོག་པར་མི་ལྟུང་རྟག་ཏུ་དགེ་བ་འཕེལ། །དམ་པས་བསྟོད་ཅིང་ཡོན་ཏན་ཚོགས་རབ་འགྲུབ། །ཅེས་གསུངས་ཏེ། ཐར་པ་དོན་དུ་གཉེར་བས་རབ་ཏུ་བརྟགས་པའི་སྒོ་ནས་སྡིག་པའི་གྲོགས་པོ་སྤངས་པའི་ཡོན་ཏན་ཚད་མེད་དེ། འཕགས་པ་དཀོན་མཆོག་སྤྲིན་ལས། སྡིག་པའི་གྲོགས་པོ་སྤང་བ་ནི་ངན་འགྲོ་ངན་སོང་ལོག་པར་ལྟུང་བ་རྣམས་སུ་མི་འགྱུར་རོ། །དེའི་དགེ་བའི་ཚོགས་ཀྱང་ཡང་དག་པར་འཕེལ་ལོ། །སངས་རྒྱས་ཐམས་ཅད་ཀྱིས་བསྔགས་སོ། །ཡོན་ཏན་གྱི་ཚོགས་ཟད་མི་ཤེས་པ་རྣམས་རྙེད་པར་འགྱུར་རོ་ཞེས་སོ། །འདི་ཕྱི་མངོན་མཐོ་ངེས་ལེགས་ཀྱི་འབྱོར་བས་བརྒྱན་པའི་ཕན་ཡོན་གཞན་ཡང་། དྲན་དང་ཏིང་འཛིན་ཤེས་རབ་རྒྱ་ཆེ་ཞིང་། །འདིར་ཡང་བདེ་ལ་ཕྱི་མར་ལེགས་པ་སྟེ། །མཐོ་རིས་གངྒཱའི་ཆུ་ངོགས་ལེགས་བགྲོད་ཅིང་། །ཞིང་རྣམས་རྒྱལ་སྲས་འབྱོར་པས་ཡོངས་གང་མཐོང་། །ཞེས་གསུངས་ཏེ། སྡིག་པའི་གྲོགས་པོ་སྤང་བའི་སྐྱེ་བོ་དག་གིས་དགེ་བ་གོང་ནས་གོང་དུ་འཕེལ་བའི་མཐུས། ཆོས་སེམས་པའི་དྲན་པ་དང་། རྩེ་གཅིག་པའི་ཏིང་ངེ་འཛིན་དང་། རྣམ་པར་གྲོལ་པའི་ཤེས་རབ་གྲུབ་པས་དྲན་ཏིང་འཛིན་ཤེས་རབ་གསུམ་གྱིས་ཐར་པའི་ལམ་པོ་ཆེ་སྲོལ་བཏོད་ཅིང་། འདིར་ཡང་ཚེ་རིང་བ་དང་། ལོངས་སྤྱོད་དང་ལྡན་པ་དང་། ནད་མེད་པ་དང་། མདངས་དང་ལྡན་པ་དང་། གཞན་གྱིས་མཐོང་ན་ཡིད་དུ་འོངས་ཤིང་མི་མཐུན་པ་མེད་པས་མཐུན་པ་དང་། ལྷ་དང་མིའི་ནང་ན་ཀུན་གྱིས་འདུན་ཅིང་གུས་པ། སྙན་པར་བསྟོད་པ་དང་། བསམས་པ་ཙམ་གྱིས་འདོད་པའི་དོན་ཀུན་བདེ་བླག་ཏུ་འགྲུབ་པ་དང་། སྡིག་པའི་གྲོགས་པོ་སྤངས་ཤིང་། དཀར་པོའི་ཆོས་སྣང་བར་བྱས་པས། རང་དང་གཞན་ལ་འཕྲལ་ཡུན་གྱི་ཕན་བདེ་བྱེད་པས་མཛེས་ཤིང་བདེ་ལ། ཕྱི་མར་ལེགས་པའི་ཆོས་མངོན་པར་མཐོ་བ་རྣམས་ཀྱི་མཆོག ལྷ་དང་མི་ལས་འཕགས་པའི་ཐར་བ་ཆེན་པོའི་འབྱོར་པས་བརྒྱན་པའི་ལུས་འགྲུབ་བོ། །ལྷ་མིའི་འབྱོར་བས་བརྒྱན་པའི་ལུས་གྲུབ་ཚུལ་དེ་ཡང་འགྲོ་བ་ཕལ་པའི་མཐོ་རིས་ལས་འཕགས་པ་ནི་བདེ་བ་ཅན་ལ་སོགས་པ་དག་པའི་ཞིང་ཡིན་ལ། དེའི་མིང་ནི་སྙན་ངག་གིས་མངོན་བརྗོད་དུ་མཐོ་རིས་གངྒཱའི་ཆུ་ངོགས་ཞེས་གྲགས་པ་དེར་བགྲོད་ནས་སྐྱེ་བ་འཛིན་ཅིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ས་ལ་གནས་པ་རྣམས་དང་སྤྱོད་ཡུལ་མཉམ་པས་མ་ཚད་དེ་དག་གི་ཞལ་མཐོང་ཞིང་། པདྨ་དང་། དཔག་བསམ་གྱི་ཤིང་དང་། ཁྲུས་ཀྱི་རྫིང་བུ་དང་། རིན་པོ་ཆེའི་ས་གཞི་དང་། ནོར་བུ་སྣ་ཚོགས་ཀྱི་ཁང་བུ་ལ་སྤྱོད་པ་ནི་འབྱོར་བས་གང་བ་ཞེས་བྱ་ལ། ངེས་པར་ལེགས་པ་ས་དང་ལམ་དང་གཟུངས་དང་། ཏིང་ངེ་འཛིན་ལ་དབང་འབྱོར་གྱིས་རྣམ་པར་འཕྲུལ་བ་རྒྱ་ཆེན་པོའི་ཡོན་ཏན་དང་ཞིང་བྱང་ཆུབ་ཐོབ་པ་ཡིན་ནོ། །དེའི་ཕྱིར་ཐར་པ་འདོད་པ་དག་གིས་སྡིག་པའི་བཤེས་གཉེན་སྡིག་གྲོགས་དང་བཅས་པ་རབ་ཏུ་སྤང་བ་ལ་ནན་ཏན་བྱ་ཞིང་། ཐ་ན་སྐད་ཅིག་ཙམ་ལམ་མཐུན་པར་ཡང་མི་འགྲོགས། མི་སྨྲ་མི་བསྟེན་ཏེ་དྲན་པ་ཉེར་གཞག་ལས། སྡིག་པའི་གྲོགས་པོ་དང་ཡུད་ཙམ་ཡང་མི་འདྲེ། ཚིག་ཙམ་ཡང་མི་སྨྲ། ལམ་དུ་ཡང་མི་འགྲོགས་སོ་ཞེས་པ་དང་། རྟག་ཏུ་ངུའི་རྣམ་པར་ཐར་པ་ལས་ཀྱང་། ཁྱོད་ཀྱིས་སྡིག་པའི་གྲོགས་པོ་དག་སྤང་བར་བྱའོ་ཞེས་པ་དང་། སའི་སྙིང་པོའི་མདོ་ལས། སྡིག་པའི་གྲོགས་པོ་ནི་བྲག་བྱ་སྐྱིབས་མེ་རབ་ཏུ་འབར་བ་ལྟར་སྤང་ངོ་ཞེས་སོ། །དེས་མཚོན་པས་རང་གི་བླ་མ་ལ་མི་གུས་པར་ངན་དུ་སྒྲོགས་པ་དག་ཀྱང་། སྡིག་པའི་བཤེས་གཉེན་དང་གྲོགས་སུ་རིག་ནས་ཐ་ན་ལམ་མཐུན་དུའང་མི་འགྲོགས་མི་བསྟེན་ཏེ། འདུལ་བ་ལས། དེ་དང་ཞེ་འགྲས་པ་ལ་སྦྱར་བར་མི་བྱའོ་ཞེས་གསུངས་པ་བཞིན་ནོ། །ཞེས་རང་ཉིད་ཀྱི་གང་བསྟེན་པའི་བླ་མ་ལ་མ་གུས་ཤིང་ལོག་པར་བལྟས་པ། ཞེ་འགྲས་པའི་རིགས་ཅན་རྣམས་དང་འགྲོགས་མི་རུང་གི་མ་གཏོགས་འདི་ཕྱིར་མི་དགེ་པ་དང་སྡུག་བསྔལ་མྱོང་བར་འགྱུར་རོ། །གལ་སྲིད་རང་གི་བླ་མ་ལ་མི་གུས་པའི་སྡིག་གྲོགས་དང་། ཅིས་ཀྱང་གནས་གཅིག་པ་ལ་སོགས་པར་མི་སྡོད་ཐབས་མེད་དུ་གྱུར་ནས་སྡོད་དགོས་པའི་ཚེ་རུ་ཡང་ཡིད་མི་རྟོན་པ་སྟེ་བློ་མི་གཏོད་པ་དང་། བག་ཕེབས་པར་མི་སྨྲ་བ་དང་། གུས་པར་མི་བྱ་བ་དང་། མི་སྨྲ་བའི་ཡིད་ཀྱི་དམ་བཅའ་དེ་ལྟ་བུ་ལ་གནས་པར་བྱ་བ་དང་། དེས་བརྗོད་པའི་ཚིག་ལ་རྗེས་སུ་ཡི་རང་མི་བྱ་སྟེ་གལ་སྲིད་བྱས་ན་དམ་ཚིག་ཉམས་ཤིང་། སྡིག་པའི་གྲོགས་བཤེས་ཀྱིས་ཟིན་པའི་ཕྱིར། དེ་སྤོང་བ་ནའང་དེ་ལ་ཞེ་སྡང་བའི་སེམས་ཀྱིས་སྤོང་དགོས་པ་མ་ཡིན་གྱི། འདི་ནི་སྡིག་པའི་བཤེས་དང་གྲོགས་སུ་གྱུར་པ་ཆོས་བླ་མར་རྒྱབ་ཀྱིས་ཕྱོགས་པས་སྔར་བསགས་ཀྱི་བསོད་ནམས་ཕྲན་བུ་ཟད་ཚེ་ངན་སོང་དུ་འགྲོ་བ་ལས་མེད་པ་སྟེ་སྙིང་རེ་རྗེ་ཞེས་སྙིང་རྗེ་བསྐྱེད་དགོས་པའོ། །འདིས་བདག་དང་གཞན་ཟིན་པར་མ་གྱུར་ཅིག་གནོད་སྐྱེལ་བར་མ་གྱུར་ཅིག ནམ་ཞིག་བདག་ལ་ནུས་པ་ཡོད་པ་དེ་སྲིད་དུ་འདི་ཡང་ལམ་ངན་པ་ལས་བདག་ཁོ་ནས་འདྲེན་ཅིང་། ལམ་བཟང་པོ་ལ་འགོད་པར་ཤོག་སྙམ་དུ་སེམས་པས། བསྟེན་ཅིང་འདྲིས་པ་སྤོང་བའི་བློས་རབ་ཏུ་སྤང་དགོས་ཏེ། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས། སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བར་བྱ་སྟེ། དེ་ཡང་ཚུལ་ཁྲིམས་ཉམས་པ་དང་། ཆོ་ག་ཉམས་པ་དང་། འདུ་འཛི་ལ་དགའ་བ་དང་། ལེ་ལོ་ཅན་དང་། འཁོར་བ་ལ་དགའ་བ་དང་། བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པ་དང་། ཁྱིམ་པ་དང་འགྲོགས་ཤིང་དེ་དག་བསྟེན་པ་རྣམས་སྤང་བར་བྱའོ། །ཞེས་དེ་དག་ཚང་ན་སྡིག་གྲོགས་སོ། །དེ་ཡོངས་སུ་སྤོང་བའི་ཚེ་དེ་ལ་སྡང་བའམ། ཁོང་ཁྲོ་བའམ། བརྙས་པའི་སེམས་བསྐྱེད་པར་མི་བྱའོ། །གཞན་དུ་ན་བསྟེན་པ་ཡོངས་སུ་སྤང་བའི་སེམས་ཉེ་བར་གཞག་པར་བྱའོ་ཞེས་སོ། །དེ་ལྟར་སྡིག་གྲོགས་དང་། སྡིག་པ་ལ་སྦྱོར་བའི་བླ་མའི་ཚུལ་ཅན་དང་། སློབ་དཔོན་གྱི་ཚུལ་ཅན་དང་། མཁན་པོའི་ཚུལ་ཅན་དག་སྤངས་བར་བྱས་ན། ཐར་པ་དགེ་བའི་ཆོས་ཐམས་ཅད་ངང་གིས་འགྲུབ་པའི་ཕྱིར། དོར་བྱའི་ཕྱོགས་ལ་རང་གི་བློས་བསྟེན་ཅིང་དེ་དང་མཐུན་པར་སྦྱར་བར་མི་བྱའོ། །འདི་དག་གི་ངེས་པ་མདོ་དང་རྒྱུད་སྡེ་དུ་མར་གསུངས་པའི་ཕྱིར་ཐར་པ་འདོད་པས་ཇི་སྐད་བཤད་པ་ལྟར་སྡིག་པའི་བཤེས་གྲོགས་སྤང་ཞིང་། དགེ་བའི་བཤེས་གཉེན་དམ་པ་ལ་གུས་པས་བསྟེན་པར་བྱ་སྟེ། མདོ་སྡེ་རྟོགས་པ་བརྗོད་པ་ལས། དགེ་བའི་བཤེས་གཉེན་བསྟེན་པས་ལེགས་པ་འཕེལ་ལ། སྡིག་པའི་གྲོགས་པོ་བསྟེན་པས་ཉེས་པ་འཕེལ་ཏེ། འདི་ལྟ་སྟེ་དཔེར་ན། རླུང་ལ་དྲི་མེད་ཀྱང་ཙནྡ་གྱི་ཚལ་ལས་འོངས་པ་ནི་དྲི་ཞིམ་ལ། མི་གཙང་བའི་ཕྱོགས་ལས་འོངས་པ་དྲི་ང་བ་བཞིན་ནོ་ཞེས་སོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྡིག་པའི་གྲོགས་པོ་སྤང་བའི་ལེའུ་སྟེ་དགུ་པའི་རྒྱ་ཆེར་འགྲེལ་པའོ།། །།གཉིས་པ་ཇི་ལྟར་ཐོས་པར་བྱ་བའི་ཚུལ་ལ། སློབ་དཔོན་གྱིས་འཆད་ཚུལ་དང་། སློབ་མས་ཉན་ཚུལ་གཉིས། དང་པོ་ལ། ལེའུ་མཚམས་སྦྱོར་དང་། སྐབས་དོན་དངོས་གཉིས། དང་པོ།

ལེའུ་མཚམས་སྦྱོར།

དེ་ལྟར་ཐོས་པ་དམ་པའི་ཡུལ་བསྟན་པའི་རྗེས་ལ། ཇི་ལྟར་ཐོས་པར་བྱ་བའི་ཚུལ་ངེས་པར་བྱ་བ་ལས། དང་པོ་མདོར་བསྟན་པ་ནི། དེ་ལྟར་སྡིག་པའི་གྲོགས་པོ་སྤངས་བྱས་ཤིང་། །དགེ་བའི་བཤེས་གཉེན་ཡོངས་སུ་བསྟེན་པ་ན། །དེ་ལས་དང་པོ་ཐོས་པའི་ཤེས་རབ་བསྐྱེད། །འདི་ནི་ཐར་པའི་རྩ་བ་ལགས་པར་གསུངས། །ཞེས་གསུངས་ཏེ། ཐར་པ་ཡང་དག་པར་འཚོལ་བའི་གང་ཟག་ནི་སྐྱེས་བུ་ཆེན་པོ་ཞེས་བྱ་ལ། དེས་དང་པོར་སྡིག་པའི་གྲོགས་དང་བཤེས་གཉེན་སྤངས་ནས། དགེ་བའི་གཤེས་གཉེན་དམ་པ་ལ་བསྟེན་པ་ན། དོན་དུ་གཉེར་བྱའི་གཙོ་བོ་ནི་གང་ཡིན་ཞེས་དྲིས་པ་ལས། ཐར་པ་དམ་པའོ་ཞེས་བསྟན་པ་ན། ཐར་བ་དམ་པ་དེ་ཇི་ལྟར་བསྒྲུབ་པ་དང་། རང་བཞིན་དྲིས་པ་ལས། གཞི་ཚུལ་ཁྲིམས་ལ་བྱས་ཏེ། དང་པོའི་སྒོ་ཐོས་བསམ་བྱ་བར་གདམས་ནས། ཕྱིས་དེའི་དོན་བསྒོམ་པར་བཤད་པས། དང་པོ་ཐོས་པ་དམ་པ་ལ་འཇུག་པ་ཐར་པའི་རྩ་བར་གསུངས་སོ། །ཐོས་བསམ་སྒོམ་པ་དེའང་གཞི་སྡོམ་པ་དང་ཚུལ་ཁྲིམས་སུ་བྱ་སྟེ། ཀླུ་སྒྲུབ་ཀྱིས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་གཞི་རྟེན་ལགས་པར་ཐུབ་པས་གསུངས། །ཞེས་གསུངས་པ་དང་། ཐར་བའི་ལམ་ལ་ཞུགས་འདོད་ཡོད་པ་དེ་ནས་ཐོས་བསམ་བསྒོམ་པར་བྱ་བ་ཡང་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ལ། གང་ལ་བཤད་པའི་ཡུལ། ཇི་ལྟར་བཤད་པའི་ཚུལ། དེ་ལྟར་བཤད་པའི་ཕན་ཡོན་གསུམ། དང་པོ།

གང་ལ་བཤད་པའི་ཡུལ།

ཇི་ལྟར་ཐོས་པའི་དོན་རྒྱ་ཆེར་བཤད་པ་ལས། དང་པོ་གདམས་བྱ་བླ་མའི་རིམ་པས་སྣོད་བརྟག་པར་བསྟན་པ་ནི། དེ་ལ་མང་ཐོས་ཡོན་ཏན་བཅུ་ལྡན་གྱི། །བླ་མ་མཆོག་དེས་སྐལ་བཟང་སློབ་མ་ལ། །དམ་པའི་ཆོས་ནི་ཡོངས་སུ་འཆད་པ་ན། །ཐོག་མར་སྣོད་ཀྱིི་དབང་པོ་བརྟག་པ་གཅེས། །ཞེས་གསུངས་ཏེ། དེ་ལ་བླ་མ་ལ་རབ་མངོན་ཤེས་ཡོད་དགོས་ཀྱང་དེ་མེད་པ་གང་ཞིག་གདུལ་བྱའི་བློ་རིགས་ཁམས་དབང་བསམ་པའི་ཁྱད་པ་ཆོས་གང་བཤད་ན་འཕྲོད་ཅིང་ཕན་ཐོགས་འབྱུང་བར་མི་ཤེས་པ། བཤད་བྱ་དང་ཤེས་བྱའི་དོན་གྱི་ཆ་ལ་རྨོངས་པ། རྗོད་བྱེད་ངག་ཚིག་གི་སྡེབ་དང་སྦྱོར་བ་ལ་མི་མཁས་པ། ཆོས་བཤད་པ་ཟང་ཟིང་གི་རྙེད་པ་ལ་ལྟ་བ། ཇི་བཞིན་དུ་མི་སྟོན་པར་ཆོས་ལ་དཔེ་མཁྱུད་བྱེད་པ། འཇིག་རྟེན་གྱི་གྲགས་པ་འདོད་པ། ཆོས་བཤད་པ་སྙན་གྲགས་ཀྱི་ཆེད་དང་། དོན་མཐུན་དོན་སྤྱོད་སོགས་མིན་པས་ཆོས་ལ་སྦྱོར་བ་ཞན་པ། གཞན་དོན་གྱི་ལས་ལ་སྐྱོ་བ་དང་ངལ་བའི་སེམས་ཡོད་པ། ང་རྒྱལ་དང་ཕྲག་དོག་ཆེ་བ། གདུལ་བྱར་ཕན་འདོགས་པའི་བསམ་པ་མེད་པར་ཆོས་ལ་སེར་སྣ་བྱེད་པ། ཆོས་བཤད་གཞན་ལ་བྱེད་ཀྱང་། རང་གིས་དེ་ལྟར་མི་བྱེད་པ། ཆོས་དང་རང་རྒྱུད་འཛོལ་བའི་བཤེས་གཉེན་རྣམས་རྣམས་དོར་ལ། ཡོན་ཏན་ཕུན་སུམ་ཚོགས་པ་བཅུ་དང་ལྡན་པ་ལས་ཐོས་པ་གཟུང་བར་བྱ་བ་ནི། འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས། ཡོན་ཏན་བཅུ་དང་ལྡན་ན་ཆོས་སྨྲ་བ་དེ་མང་དུ་ཐོས་ཤིང་ཐོས་པ་བསགས་པ་ཐོས་པ་འཛིན་པ་ཡིན་ཏེ། དེས་མཐོ་དམན་དུ་མི་སེམས་པ་དང་། ༡ ཆོས་དང་དོན་ལ་ཐེ་ཚོམ་མེད་པར་ངེས་པའི་ཚིག་དང་ལྡན་པ་དང་སྤོབས་པ་ཕུན་སུམ་ཚོགས་པ་ཡོད་ཀྱང་ཐོས་པ་འཚོལ་བ་ལ་བརྩོན་པ་མི་ཉམས་པ་དང་། ༢ དུས་དང་ཚོད་དང་སྨན་དང་ངག་དང་དོན་ཤེས་ཀྱང་བཤེས་གཉེན་རྒན་པ་ལ་བསྟེན་པ་མི་འདོར་བ་དང་། ༣ བསྟན་བཅོས་དང་འདུལ་བ་དང་མདོ་སྡེ་དང་མངོན་པ་དང་དེ་ཁོ་ན་ཉིད་ཤེས་ཀྱང་གཞན་ལ་དྲི་བའི་སྦྱོར་བ་མི་གཏོང་བ་དང་། ༤ མགུ་སླ་བ་དང་གསོ་སླ་བ་དང་ཆོ་ག་དང་སྤྱོད་པ་མཛེས་པ་ཕུན་སུམ་ཚོགས་པ་ཡིན་ལ་བླ་མ་ལ་རིམ་གྲོ་བྱེད་པའི་སྤྱོད་པ་ཡང་མི་གཏོང་བ་དང་། ༥ དུལ་བ་དང་ཞི་བ་དང་བྱང་བ་དང་མི་འཇིགས་པ་ཡང་ཡིན་ལ་ཁྲེལ་ཡོད་པ་དང་ངོ་ཚ་ཤེས་པའི་སྦྱོར་བ་ཡང་མི་གཏོང་བ་དང་། ༦ ཟབ་པ་དང་རྒྱ་ཆེ་བའི་ཆོས་དོན་ལ་མཁས་ཀྱང་འཇིག་རྟེན་གྱི་བསམ་པ་དང་མཐུན་པར་འཇུག་པ་དང་། ༧ རང་བཞིན་དྲང་ཞིང་མཉེན་ལ་འགྲོགས་ན་བདེ་བས་སེམས་ཅན་གྱི་བསམ་པ་དང་མཐུན་པར་འཇུག་ཀྱང་ཚུལ་ཁྲིམས་འཆལ་བའི་གཏུམ་ཐུང་དང་མི་འགྲོགས་པ་དང་། ༨ སྦྱིན་པ་དང་དུལ་བ་དང་། གཉེན་པོ་མི་འགྱུར་བ་དང་ཆོ་ག་དང་གནས་པ་ལ་དགའ་ཡང་ཐམས་ཅད་དུ་ཡིད་མི་གནས་ཤིང་སྤྱོད་ཡུལ་ལ་ཡང་རྣམ་པར་མི་རྟོག་པ་དང་། ༩ བག་ལ་ཉལ་དང་ཀུན་ནས་དཀྲིས་པ་དང་ཟུག་རྔུ་འབྱིན་ཡང་སེམས་ཅན་གཞན་གྱི་ཉོན་མོངས་པ་སྤོང་བའི་བརྩོན་པ་མི་གཏོང་བའོ། །༡༠ ཞེས་སོ། །ཐོས་པ་འཛིན་པའི་ཡོན་ཏན་བཅུ་དང་ལྡན་པ་ཞིག་དགོས་པ་ལུང་གིས་བསྟན་ནས། དེ་ལྟ་བུའི་བླ་མས། ཉན་པ་པོ་ཆོས་དང་སྟོན་པ་ལ་གུས་ཤིང་ཐར་པ་གཉེར་ལ། ཤེས་རབ་དང་ལྡན་ཞིང་གཟུ་བོར་གནས་པས་དོན་དུ་གཉེར་བའི་སྣོད་དུ་གྱུར་པ་ལ་ཟབ་པ་སྟོང་བ་ཉིད་དང་རྒྱ་ཆེ་བ་ས་ལམ་གྱི་རྣམ་བཞག་ལ་སོགས་པའི་གནས་ཐར་པ་དམ་པའི་ཆོས་དག་འཆད་པ་ན། འཆད་པ་པོ་ཡོན་ཏན་བཅུ་ལྡན་ཡིན་དགོས་པས་མ་ཚད། ཉན་པ་པོ་ལ་ཡང་མཚན་ཉིད་ཚང་དགོས་པས་ཐོག་མར་སྣོད་བརྟག་པ་གལ་ཆེ་བ་ནི། བྱིས་དང་རྒན་བཞིན་ཁ་ཟས་ཐ་དད་ལས། །དེ་ཡི་ཆོས་ཀྱང་རང་བཞིན་ཐ་དད་དོ། །ཞེས་གསུངས་ཏེ། དེ་ལ་འཇིག་རྟེན་ན་ཐོག་མར་བྱིས་པ་བཙས་མ་ཐག་ལ་ཁ་ཟས་དྲོན་མོ་རབ་ཏུ་འཇམ་པོ་དག་སྟེར་གྱི། རྩུབ་ཅིང་རེངས་པ་དག་བྱིན་ན་དུག་ཏུ་འགྱུར་ལ། ནར་སོན་པ་ན་ཟས་སྣ་ཚོགས་ཆུན་པ་སྟེ་ཞུ་ཞིང་བཅུད་དུ་འགྲོ་བ་ལྟར། ལས་དང་པོ་པ་ལ་འཁོར་བའི་ཉེས་དམིགས་ཐར་པའི་ཕན་ཡོན། དལ་འབྱོར་རྙེད་དཀའ། ཚེ་མི་རྟག་པ་ལ་སོགས་པ་བསྟན་ལ་འཁོར་བ་ལ་བློ་ལོག་པ་དང་། གདོད་དམ་གཞི་ནས་ཆོས་ཐམས་ཅད་རང་བཞིན་མེད་པ་ལ་སོགས་པ་བཤད་པར་བྱ་བ་ཡིན་ནོ། །དེ་ཡང་བློ་ཐ་མར་གྱུར་པ་བློ་ཆུང་གི་རིགས་ལ་ཉན་རང་གི་ཆོས་དང་། འབྲིང་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། ཆེན་པོ་ལ་གསང་སྔགས་རྡོ་རྗེ་ཐེག་པ་བཤད་པའམ། ཐ་མའི་གསུམ་ལ་ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། འབྲིང་པོ་གསུམ་ལ་བྱ་བ་སྤྱོད་པ་རྣལ་འབྱོར་གསུམ་དང་། རབ་གསུམ་ལ་བསྐྱེད་པ་རྫོགས་པ་རྫོགས་པ་ཆེན་པོ་གསུམ་བཤད་དེ། ཨ་ཏི་བཀོད་པ་ཆེན་པོའི་རྒྱུད་ལས། དམན་པ་གསུམ་ལ་བསྟན་པ་ནི། །འདུལ་བ་མདོ་སྡེ་མངོན་པ་སྟེ། །འབྲིང་པོ་གསུམ་ལ་ངེས་བསྟན་པ། །ཀྲཱི་ཡ་ཡོ་ག་ཨུ་པའོ། །ཆེན་པོ་རིམ་ལྡན་གསུམ་དག་ལ། །བསྐྱེད་དང་རྫོགས་པ་ཆེན་པོ་བསྟན། །ཞེས་སོ། །ཞི་བ་ལྷས་ཀྱང་། དམན་ལ་མཆོག་གི་ཆོས་མི་བསྟན། །རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །དམན་པའི་ཆོས་ལ་སྦྱར་མི་བྱ། །ཞེས་འབྱུང་བ་བཞིན་ནོ། །ཞེས་སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་རིམ་པ་གསུམ་སྐོར་བ་ཡང་གདུལ་བྱའི་བློ་རིམ་དང་འཚམས་པར་བསྟན་པའོ། །སྣོད་ཀྱི་སློབ་མ་ཇི་ལྟར་བརྟགས་དགོས་ན། རབ་མངོན་པར་ཤེས་པས་གདུལ་བྱའི་ཁམས་དང་། དབང་པོ་བག་ལ་ཉལ་བརྟགས་ནས་དེ་དང་འཚམས་པར་སྟོན་ལ། མངོན་ཤེས་དེ་མེད་ན་འབྲིང་འགྲོགས་ནས་བརྟག་པ་དང་། མངོན་ཤེས་དང་འགྲོགས་ནས་བརྟག་ཐབས་དེ་མ་འབྱོར་ན་ཐ་མ་དྲིས་ལ་བརྟག་པ་གཅེས་སོ། །དེ་མ་ཡིན་ན་ཆོས་གཅིག་གིས་བློ་རིགས་ཐ་དད་སྨིན་པར་མི་ནུས་པས་ལ་ལ་ལ་ཕན་པ་ལ་ལའི་དུག་ཏུ་འགྱུར་ཏེ། བེའུ་ལ་ཕན་པའི་འོ་མ་སྦྲུལ་གྱི་དུག་ཏུ་འགྱུར་བ་བཞིན་ནོ། །དེའི་ཕྱིར་སངས་རྒྱས་ཀྱིས་ཀྱང་ཆོས་ཀྱི་སྒོ་དང་རྣམ་གྲངས་བློ་དང་བསྟུན་ནས་དཔག་ཏུ་མེད་པ་གསུངས་ཏེ། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་པ་བཞིན་ནོ། །སྣ་གཅིག་གིས་ཆོག་ན་སངས་རྒྱས་ཀྱིས་འདི་ཙམ་གསུངས་པ་དོན་མེད་པ་ལས་དེ་ལྟར་མ་ཡིན་པའི་ཕྱིར་རོ། །དེང་སང་ནི་ད་ལྟར་གྱི་རིག་པ་ངོས་ཟིན་པས་ཆོག མང་པོ་བསྟན་པ་ལ་དོན་མེད་ཅེས་ཟེར་བ་མང་སྟེ། དེས་ཆོག་ན་སངས་རྒྱས་ཀྱིས་གཞན་བསྟན་མི་དགོས་ལ། གཅིག་ཏུ་ན་ད་ལྟར་གྱི་རིག་པ་དེ་ཡང་ཐོས་པ་དང་བླ་མའི་རྣལ་འབྱོར་ཙམ་ལ་བསྟེན་དགོས་པས། རང་ཚིག་བསལ་བ་ལ་ཞུགས་པ་ཡིན་ནོ། །དེང་སང་ཐེག་པ་གསུམ་གྱི་རྣམ་བཞག་རྒྱལ་བ་ཤཱཀྱ་སེངྒེས་གསུངས་པའི་མདོ་རྒྱུད་གཉིས་ཀྱི་ལམ་གྱི་རིམ་པ་མང་པོ་བསྟན་པ་ཐམས་ཅད་གནའ་རབས་ཀྱི་ལོ་རྒྱུས་བཤད་པ་དང་འདྲ་བར་སོང་ཞིང་། རང་ཉིད་ཐེག་ཆེན་གྱི་གདུལ་བྱ། དེས་མ་ཚད་སྔགས་བླ་མེད་ཀྱི་ཆོས་གང་མཐོ་གང་གཉན་ལ་ཡུལ་སྲོལ་ཞིག་ལྟར་དུ་འཇུག་པ་ལས། རང་གི་རྒྱུད་ཚོད་ལ་རང་གིས་གཞལ་བ་དང་། སློབ་མའི་རྒྱུད་བརྟག་པ་སྨན་པས་ནད་པ་འདྲ་མིན་ལ་ནད་དང་བསྟུན་པའི་སྨན་འདྲ་མིན་སྦྱིན་པ་ལྟ་བུའི་སེམས་ཁུར་དང་ཞིབ་ཆ་མེད་ཅིང་། དེ་ཡང་གལ་ཏེ་ཁྱོད་ཀྱི་རྒྱུད་ཚོད་ཞན་པས། ཁྱོད་ཀྱིས་སྐྱེ་བ་རྗེས་མར་ཐེག་ཆེན་གྱི་གདུལ་བྱར་འགྱུར་རྒྱུའི་སྨོན་ལམ་ཐོབ་ཅེས་བཤད་ན། ཕ་རོལ་པོས་ཀྱང་དེ་དང་ལེན་ཨེ་བྱེད་ཤེས་པ་མིན་ལ། དང་དུ་མ་བླངས་ན་དེར་ཕན་མི་ཐོགས་པས། འུ་ཚོས་དུས་རྒྱུན་དུ་བཤད་རྒྱུའི་རང་རྒྱུས་རང་ལ་ཆེ་བས། འཁོར་བ་ལས་ངེས་པར་འབྱུང་བའི་བློ་ཡང་དག་ཅིག་སྐྱེས་ཨེ་ཐལ། དེ་སྐྱེས་མེད་ཚེ་དེ་ལ་སོར་ཐར་ཐུན་མོང་གི་སྡོམ་པ་ཙམ་ཡང་ཐོབ་མེད་པ་དང་། ངེས་འབྱུང་དེ་ཡང་འཁོར་བ་སྡུག་བསྔལ་ཆེ་བ་ལ་བསམ་པ་ཙམ་གྱིས་ཆོག་པ་མིན་པར། ཐར་བ་སྒྲུབ་པའི་ཆོད་སེམས་ཡོད་དགོས། དེའི་ཐོག་ཏུ་ཐེག་ཆེན་གྱི་ཐར་ལམ་ལ་ཞུགས་དགོས་པ་དང་། གཞན་ཕན་དགོས་པ་དང་། གཞན་ཞེས་པ་སེམས་ཅན་ཐམས་ཅད་ཡིན་ཅིང་། དེའི་ནང་དུ་དགྲ་ལྟ་བུ་གཅིག་མ་ཚང་ན་སེམས་ཅན་ཐམས་ཅད་ལ་ཕན་སེམས་ཡོད་པ་མ་ཚང་པས་གཞན་ཕན་གྱི་སེམས་མེད་པ་ཡིན། །གསང་སྔགས་ལ་ཞུགས་པ་ལ་དག་སྣང་དགོས་པས། སྣོད་བཅུད་སྐུ་དང་ཞིང་ཁམས། གདན་གསུམ་ལྷ་ཡི་དཀྱིལ་འཁོར། དག་མཉམ་བདེན་པ་དབྱེར་མེད་ཀྱི་གོ་བའི་ཕྱོགས་ཀྱི་ངེས་ཤེས་ཙམ་ཞིག་མེད་ན། བསྐྱེད་རྫོགས་རྫོགས་ཆེན་གྱི་ལམ་ཞེས་པ་སྟོང་བཤད་ངོ་མར་གྱུར་པ་ཡིན་ལ། དེས་ན་གདུལ་བྱའི་རྒྱུད་ཚོད་བླ་མས་བརྟག་དགོས་ཀྱང་། མངོན་ཤེས་མེད་པའི་བླ་མ་ང་ལྟ་བུ་ལ། སློབ་མས་ང་ལ་རན་པའི་ཆོས་དེ་འདི་ཡིན་པ་འདྲ་བས་ཨེ་རེད་ཟེར་དུས་དེ་ལ་རང་གཞན་གཉིས་ཀས་གོ་བསྡུར་ཞིག་བྱས་ན། ཉམས་ལ་རན་པ་ཞིག་ཡོང་ན་ཐང་། གཞན་དུ་གོང་ནས་བཤད་པ་ལྟར་དུ། ངས་ཁྱོད་ལ་རིག་ངོ་སྤྲད། དེའི་ཐོག་ཏུ་སྡོད་དང་ཆོག་ཅེས་ཀྱང་། དེ་ལ་གར་སོང་འདིར་རྒྱབ་སོར་གང་གི་ཡར་སྐྱེད་མེད་ན་རེད་མེད་པའི་རྟགས་ཡིན་པས། ཀུན་མཁྱེན་ཆོས་རྗེའི་མན་ངག་དང་། བཀའ་གདམས་དགེ་བའི་བཤེས་གཉེན་ཚོས། གཞུང་ལུགས་ཐམས་ཅད་གདམས་པར་ཤར་བའི་གནད་གསུངས་རྒྱུ་དེ་གལ་འགོང་ཆེ་བར་འདུག ཐེག་དམན་གྱི་གདུལ་བྱར་ཚུད་ཡོད་ལ་མེད་ཅིག་གིས། ཐེག་ཆེན་གྱི་སྔགས་ལམ་ལ་ཞུགས་ཀྱང་། མཐར་ཕུ་ནས་ཤྭ་ཤོར། མདའ་ནས་ཤེའུ་ཤོར། འཆི་ཁར་ལམ་སྟོན་གཞན་ལ་རེ་སར་ཐུག་དུས། ཅི་ཡང་མ་ལོན་ནས་ལག་སྟོང་དུ་འགྲོ་དགོས་པ་དེས་ན་བློ་ལ་དང་པོ་དང་། བར་པ་དང་། ཐ་མའི་རིམ་པས་གཉེན་པོར་གང་ཆེ་ཟབ་པའི་ཕྱིར། དེས་བསྟན་པར་གདམས་པ་ཡིན་ནོ། །གཉིས་པ་ལ། གོ་རིམ་ཇི་ལྟར་བཤད་པ་དང་། ཆོས་གང་བཤད་པ། ཚུལ་ཇི་ལྟར་འཆད་པ་གསུམ། དང་པོ་ལ། དངོས་དང་། དེ་ལྟར་བཤད་པའི་ཕན་ཡོན། མ་བཤད་པའི་ཉེས་དམིགས་གསུམ། དང་པོ།

ཇི་ལྟར་བཤད་པའི་ཚུལ་དངོས།

མདོར་ན་བློ་རིགས་ཐ་དད་པ་ལྟར་ཆོས་ཀྱང་ཐ་དད་པས་གང་ལ་ཇི་ལྟར་འཚམས་པའི་ཆོས་བསྟན་པར་རིགས་སོ་ཞེས་གདམས་པ་ནི། དེ་ནས་རིམ་པར་ཁྲིད་པའི་ཚུལ་གྱིས་བཤད། །ཅེས་གསུངས་ཏེ། ཐར་པ་འདོད་པའི་སྐྱེ་བོ་གང་དག་འོངས་པ་ན་དགེ་བའི་བཤེས་གཉེན་ཐབས་ལ་མཁས་པ་དེས་རབ་མངོན་ཤེས་ཀྱིས་བལྟས་ཏེ། དེའི་དབང་པོ་དང་སྦྱར་ནས། བྱང་ཆུབ་གསུམ་གང་རུང་གི་ལམ་ལ་སྦྱར། དེ་ཡང་སྔོན་ནས་ལམ་སྦྱངས་པའི་ལས་འཕྲོ་ཅན་ཡིན་ན་ཆོས་ཀྱང་འཕྲོ་གང་ཡོད་དེ་ནས་ཐོད་རྒལ་དུ་ཁྲིད་ལ་གོང་མར་འགོད་པ་ཡིན་ཞིང་། མངོན་ཤེས་མེད་པ་ཡིན་ན་རིགས་པས་བརྟགས་ལ། ཐེག་པ་གསུམ་གང་རུང་ལ་གཞུག ཁྱད་པར་དུ་ཐེག་པ་ཆེན་པོའི་རིགས་ཅན་ལ་འཁྲིད་ལུགས་གསུམ་སྟེ། དེ་གང་ཡིན་ན་བྱ་ཁྱུང་ལྟར་ཡས་འབེབས་པ་བྱ་རྩོལ་མེད་པའི་ལམ། སྤྲེའུ་ལྟར་མས་འཛེག་པ་མཚན་བཅས་རིམ་པའི་ལམ། བློ་ཆོད་གསེབ་ལམ་ནས་འཁྲིད་པ་དང་གསུམ་དུ་གྲགས་ཀྱང་། ལས་འཕྲོ་ཅན་ལ་དེས་གྲོལ་ཡང་། ལས་འཕྲོ་དམན་པའམ། མ་ངེས་པ་ལ་སླར་ནད་དུ་ཆེ་བས། འདིར་ཕྱིན་ཅི་མ་ལོག་པ་ནི་གང་ཟག་གང་ཡང་འོག་མ་ནས་གོང་མར་རིམ་པས་ཁྲིད་ནས་ཐབས་ཤེས་ཟུང་འཇུག་ཚོགས་གཉིས་ཤིང་རྟའི་སྙིང་པོ་སྟོང་ཉིད་སྙིང་རྗེར་འབྲེལ་བ་ནས་འཇུག་པ་ཡིན་ནོ། །འདིར་ཀུན་མཁྱེན་ཆོས་རྗེས་ཀྱང་། ཚང་མ་ཐེག་ཆེན་གྱི་རིགས་ཅན་ཡིན་པའི་ངེས་པ་མེད་པས། དབང་རྣོན་ལས་འཕྲོ་ཅན། བྱ་ཁྱུང་ལྟར་ཡས་འབེབས་ཤིང་རྩོལ་མེད་ཀྱི་ལམ་ལ་ཞུགས་ཆོག་པ་དཀོན་པ་དེས་ན། འོག་ནས་གོང་མར་ཁྲིད་པའི་ལུགས་འདི་ཟབ་པ་ཡིན། དེས་ན་དང་པོར་ཐེག་ཆེན་མདོ་ལམ་ནས་ཞུགས་པ་གནད་ཆེ་བར་གསུངས་པ་ཡིན། རང་རེའི་ཁྲིད་སྲོལ་གྱི་ཐོག་མཐའ་བར་གསུམ་དུ་བློ་སྦྱོང་གལ་ཆེན་དུ་འཛིན་པའང་གནད་ཀྱི་མདོ་རྩ་ཡིན་ནོ། །གཉིས་པ།

དེ་ལྟར་བཤད་པའི་ཕན་ཡོན།

དེས་ནི་ཐེག་པའི་རིམ་པ་ཤེས་པ་དང་། །ཡོན་ཏན་གོང་འཕེལ་འཇིགས་སྔངས་སྐྲག་པ་མེད། །ནོར་བ་མེད་ཅིང་ལྟ་སྤྱོད་ཟུང་འབྲེལ་འགྱུར། །ཞེས་གསུངས་ཏེ། ལམ་འདི་ནི་ཐེག་པའི་རིམ་པ་ནས་འཇུག་པས་ཆེས་ཟབ་པར། དབུ་མ་རིན་པོ་ཆེའི་ཕྲེང་བ་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་པ་དང་། ཡེ་ཤེས་རོལ་པ་ལས། སྟོང་པ་དང་ནི་སྙིང་རྗེའི་བདག །དཔལ་ལྡན་འབྱོར་པ་དམ་པའི་ལམ། །རྣལ་འབྱོར་ཅན་གྱིས་བརྩོན་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་འགྲུབ། །ཅེས་སོ། །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བདེ་བར་གཤེགས་པའི་སྙིང་པོ་དྲི་བཅས་དེ་བཞིན་ཉིད་ཁམས་ཀྱི་སྐུ་གསུམ་གཤིས་ལ་ཡོད་པ་དེ་ཉིད་གློ་བུར་གྱིི་དྲི་མས་སྒྲིབ་པའི་དྲི་མ་བསལ་ནས། ཆོས་སྐུ་དང་གཟུགས་སྐུ་མངོན་དུ་བྱེད་པར་ཚོགས་གཉིས་རྫོགས་ནས་སྐུ་གཉིས་མངོན་དུ་བྱེད་དགོས་ལ། དེ་ལྟར་ཡིན་པས་ཐབས་སྙིང་རྗེ་ཆེན་པོས་ཉན་རང་གི་ཞི་བ་ལས་བཟློག་ནས་སེམས་ཅན་གྱི་དོན་བྱེད་ཅིང་། ཤེས་རབ་སྟོང་པ་ཉིད་དུ་བསྒོམས་པས་སྲིད་པའི་ཆ་ལས་གྲོལ་བ་ཡིན་ཏེ། མངོན་རྟོགས་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་པ། །ཞེས་འབྱུང་བ་བཞིན་ནོ། །དེ་ལྟར་ལམ་དེ་ཉིད་ནི་ཡོན་ཏན་གོང་དུ་འཕེལ་བ་དང་། ཆོས་གོང་མ་རང་བཞིན་གྱིས་མ་སྐྱེས་པ་ལ་སོགས་པའི་དོན་ལ་བློ་མི་སྐྲག་པ་དང་། ནོར་བ་དང་གོལ་ས་མེད་པ་དང་། ལྟ་སྒོམ་སྤྱོད་པ་ཟུང་འཇུག་ཐོབ་པའི་དགོས་པ་ཡོད་པ་ཉིད་དོ། །དེའི་ཕྱིར་རིམ་གྱིས་ཁྲིད་པ་ཡང་རིན་ཆེན་མཛོད་ཀྱི་མདོ་ལས། དཔེར་ན་བྱིས་པ་བཙས་མ་ཐག །ནུ་ཞོ་ལ་སོགས་རིམ་བསླབས་ནས། །ཕྱིས་ནས་སྲ་བ་འབྲས་ཆན་སོགས། །མང་པོ་ཟོས་ཀྱང་སྟོབས་འཕེལ་འགྱུར། །དེ་བཞིན་ང་ཡི་སྲས་རྣམས་ཀྱང་། །འདུལ་བ་མདོ་སྡེ་མངོན་པ་གསུམ། །རིམ་པའི་རྗེས་ལ་མན་ངག་འདི། །བསྟན་པས་བླ་མེད་བྱང་ཆུབ་འགྲུབ། །ཅེས་པ་དང་། མྱ་ངན་ལས་འདས་པ་ལས། ནམ་མཁའ་ལ་རྒྱུ་བའི་ཟླ་བ་ནི། ཚེས་གཅིག་ནས་བཅོ་ལྔའི་བར་དུ་རིམ་གྱིས་སྐྱེའོ། །དེ་བཞིན་དུ་དགེ་བའི་བཤེས་གཉེན་ལ་བསྟེན་པའི་སློབ་མ་དག་གི་ལམ་དང་ཡོན་ཏན་གྱི་ཆོས་དགེ་བ་རྣམས་རིམ་གྱིས་སྐྱེའོ་ཞེས་པ་དང་། སའི་སྙིང་པོའི་མདོ་ལས། ཐེག་པ་གསུམ་ལས་ཐེག་པ་མཆོག་འདོད་པ། །ཐེག་པ་གསུམ་ཆོས་རྟོགས་ལ་མཁས་པ་དེ། །དགའ་ཞིང་སྤྲོ་བས་གཞན་ལ་རྒྱས་སྟོན་ལ། །ངེས་པར་སངས་རྒྱས་འགྱུར་ལ་ཐེ་ཚོམ་སྤོངས། །དེང་འདིར་འཁོར་རྣམས་ཀུན་ལ་བཀའ་སྩལ་པ། །གང་ཞིག་མྱུར་དུ་བྱང་ཆུབ་མཆོག་འདོད་ན། །དགེ་བཅུའི་ལས་ཀྱི་ལམ་ལ་ནན་ཏན་བྱོས། །ང་ཡིས་ཆོས་ལ་མི་སྨད་ཤིན་ཏུ་བསྲུང་། །ཞེས་པ་དང་། སྒྱུ་འཕྲུལ་རྒྱས་པ་ལས། ཐུགས་རྗེ་ཆེན་པོ་དང་ལྡན་པས། །ཐར་ལམ་ཀུན་ལ་མཁས་པར་བྱ། །ཤེས་རབ་མཆོག་དང་ལྡན་པས་ནི། །སེམས་ཅན་སྣོད་རིམ་དང་སྦྱར་ནས། །ཐེག་པ་མཐོ་དམན་དོན་ཉིད་ནི། །སོ་སོར་འཚམས་པར་བསྟན་དགོས་སོ། །ཞེས་པ་དང་། དགོངས་འདུས་ལས། མཐུན་འཇུག་ཐབས་ཀྱི་སྤྱོད་པ་བསམ་ཡས་པ། །འགྲོ་ལ་ཕན་པའི་དོན་དུ་དེ་སྙེད་སྤྱོད། །ཅེས་པ་དང་། སྙིང་པོའི་དོན་ལེན་པའི་རྒྱུད་ལས། སྔོན་འགྲོ་རང་རྒྱུད་སྦྱང་བའི་ཐབས། །རྟེན་འདི་རྙེད་དཀར་བསམ་པ་དང་། །མི་རྟག་འཁོར་བའི་ཉེས་པ་དང་། །སྡིག་སྦྱོང་སྐྱབས་འགྲོ་སྡོམ་པ་སོགས། །རྫོགས་ནས་ཉན་ཐོས་ལ་སོགས་པ། །གྲུབ་མཐའི་རིམ་པས་ལེགས་ཞུགས་ནས། །སྙིང་རྗེ་ཤེས་རབ་ལྡན་གྱུར་པས། །ཡང་དག་ངེས་དོན་འདིར་འཇུག་བྱ། །དེས་ནི་དོན་ཆེན་འགྲུབ་པར་འགྱུར། །ཞེས་པ་དང་། རྒྱུད་བརྟག་གཉིས་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་བཞིན་དུ་ཡང་བྱེ་བྲག་སྨྲ། །མདོ་སྡེ་པ་ལ་སོགས་བསྟན་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་ཉིད། །ཅེས་སོ། །གསུམ་པ།

མ་བཤད་པའི་ཉེས་དམིགས།

རིམ་པས་འཇུག་པའི་གོ་རིམ་མ་ཤེས་པར་བཤད་པའི་སྐྱོན་ནམ་ཉེས་དམིགས་ནི། དེ་ལྟར་མ་བཤད་སྐྱོན་ནི་ཚད་མེད་དེ། །གོང་འོག་སྔ་ཕྱིའི་རིམ་པ་དང་བྲལ་བས། །བསྟན་པའི་སྤྱི་སྲོལ་རིམ་པ་ཉམས་པ་དང་། །བློ་ཆུང་སྔངས་སྐྲག་ལོག་ལྟས་འདོར་བ་དང་། །གོ་རིམ་མ་ཤེས་ཟབ་མོར་མི་རྟོགས་དང་། །འདུས་བྱས་དགེ་བ་ཁྱད་དུ་གསོད་པ་དང་། །སྒྲོ་སྐུར་རྒྱུར་གྱུར་རྒྱུ་འབྲས་འཆོལ་བ་དང་། །བླང་དོར་མི་ཤེས་ཤེས་བྱའི་དོན་ལ་རྨོངས། །ཐེག་ཆེན་སེམས་བསྐྱེད་སྙིང་རྗེ་སྤངས་པ་དང་། །ཞེས་གསུངས་ཏེ། གང་ཡང་འདི་ལྟར་ལས་དང་པོ་པ་ལམ་དུ་འཇུག་པ་ན། མི་ཤེས་པའི་བློ་ཅན་དག་གིས་དང་པོར་འོག་མ་ནས་རིམ་གྱིས་མ་བསླབས་པར། ཐོག་མ་ནས་ངེས་དོན་ཅིག་ཆར་བསྟན་པས་ཉེས་དམིགས་ཤིན་ཏུ་ཆེ་ཞིང་སྐྱོན་མང་པོ་འབྱུང་སྟེ། སྐྱོན་གང་འབྱུང་ཞེ་ན་དང་པོ་ཁོ་ནར་སངས་རྒྱས་ཀྱི་བསྟན་པ་སྐས་ཀྱི་གདང་བུ་ལྟ་བུའི་རིམ་པ་མ་བགྲོད་པའི་སྤྱི་སྲོལ་ལས་ཉམས་པའི་ཉེས་པ་ཡོད། བློ་སྦྱོང་ཙམ་ཡང་སྔོན་དུ་མ་སོང་བའི་བློ་དམན་གྱི་རིགས་ལ་ཐེག་ཆེན་བསྟན་པས་བློར་མ་ཤོང་བར་བློ་ཆུང་སྔངས་སྐྲག་སྐྱེས་ནས་བླ་མ་དང་ཆོས་སྤོང་བའི་ཉེས་པ་ཡོད། བདེན་གཉིས་ཀྱི་རྣམ་བཞག་དང་། དྲང་ངེས་ཀྱི་འདོད་ཕྱོགས་ཙམ་ཡང་མི་བཤད་པར་ངེས་དོན་ཚིག་ཙམ་དུ་བསྒྲགས་པས་དོན་མི་གོ་བའི་ཉེས་པ་ལྡོག་མེད་ཡོད་པ་དང་། གོ་ན་ཡང་དེ་ལྟ་བུའི་བཤད་སྲོལ་ཡོད་སྙམ་ནས་ཟབ་མོར་མི་རྟོག་པའི་ཉེས་པ་ཡོད། མཚན་བཅས་བསོད་ནམས་ཀྱི་ཚོགས་ལ་བརྟེན་ཏེ་མཚན་མེད་ཡེ་ཤེས་ཀྱི་ཚོགས་དགོས་པའི་ཐབས་མ་ཤེས་པས་ཚོགས་གཉིས་ཀྱི་དགེ་བ་ཁྱད་དུ་གསོད་པའི་ཉེས་པ་ཡོད། བློ་དམན་གྱིས་སྒྲོ་སྐུར་འདེབས་པའི་ཉེས་པ་ཡོད། ཤེས་བྱའི་གནས་ལ་རྨོངས་པའི་ཉེས་པ་ཡོད། དགེ་སྡིག་བླང་དོར་འཛོལ་བའི་ཉེས་པ་ཡོད། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤངས་པའི་ཉེས་པ་ཡོད། གཞན་ཡང་། སྟོང་ལྟས་དད་ལྡན་ངན་འགྲོར་བསླུས་པ་དང་། །བྱར་མེད་ཟེར་ནས་ཐ་མལ་ལུས་པ་དང་། །མ་སྨིན་འགྲོ་ལ་གསང་བ་སྒྲོགས་པ་སྟེ། །ཉེས་མང་ལྡན་ཕྱིར་ཐེག་པ་རིམ་གྱིས་བཤད། །ཅེས་གསུངས་ཏེ། རིག་ངོ་སྤྲད་པ་ཡིན་མདོག་པར་བསྟན་ཡང་། རིག་ངོ་རང་གིས་མི་ཤེས་ཤིང་གཞན་ལའང་ངོ་མ་འཕྲོད་པར་སྟོང་ལྟ་ལྷུག་པོ་ལ་མཛུ་གུ་བཙུགས་པའི་དབང་གིས་སྟོང་པའི་མཐའ་ལ་ཞེན་པས་རྒྱུ་འབྲས་ལ་སྐུར་བ་བཏབ་ནས་འབྲས་བུ་ངན་སོང་དུ་སོང་བའི་ཉེས་པ་ཡོད་དེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟར་མ་ཡིན་ཏེ། གསོར་མི་རུང་བའི་ཕྱིར་རོ་ཞེས་སོ། །ཐམས་ཅད་གདོད་ནས་ནམ་མཁའ་རང་བཞིན་ཡིན་པས་གང་ཡང་བྱར་མེད། བྱས་པས་ཕུང་བ་ཡིན་ཟེར་ཞིང་སྒོ་གསུམ་སོས་དལ་ལ་ཞེན་ནས་སྐྱེ་བོ་ཐ་མལ་དུ་ལུས་པའི་ཉེས་པ་ཡོད་དེ། དཀོན་མཆོག་བརྩེགས་པ་དེ་ཉིད་ལས་མ་འོངས་པ་ན་དགེ་སློང་མངོན་པའི་ང་རྒྱལ་ཅན་ལུག་ལྟར་བླུན་པ་དག་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ནམ་མཁའ་ལྟ་བུའོ་ཞེས་གསུངས་ན། ཆོས་གང་ཡང་རྩོལ་བར་མ་བྱེད་ཅིག་ཅེས་ཡུལ་འཁོར་གྱི་བསོད་སྙོམས་འབྲས་བུ་མེད་པར་བྱེད་པ་དག་འབྱུང་སྟེ། དེ་དག་ལ་ནི་མཐོ་རིས་ཀྱི་བདེ་བའང་ཐོབ་པར་མི་འགྱུར་ན། བླ་ན་མེད་པའི་བྱང་ཆུབ་ལྟ་ཅི་སྨོས་ཞེས་སོ། །མ་སྨིན་པ་ལ་གསང་བ་བསྒྲགས་པས་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པར་འགྱུར་ཏེ། ཡུམ་བར་མ་ལས། རབ་འབྱོར་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའོ་ཞེས་ལས་དང་པོ་པ་ཐེག་པ་ལ་གསར་དུ་ཞུགས་པ་དག་གི་མདུན་དུ་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྔངས་ཤིང་སྐྲག་ལ་ལོག་པར་ལྟ་བས་འདོར་དུ་འོང་བའི་ཕྱིར་རོ་ཞེས་པ་དང་། རྩ་ལྟུང་བཅུ་བཞི་པ་ལས། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོག་པ་བདུན་པ་ཡིན། །ཞེས་སོ། །དེ་ཕྱིར་ཐེག་པ་ལ་རིམ་པས་མ་ཞུགས་ན་ཉེས་པ་མང་བས་རིམ་པ་ཁོ་ནས་འཇུག་དགོས་ཏེ། སའི་སྙིང་པོའི་མདོ་ལས། བྱིས་པ་དབང་པོ་གཞོན་ཅིང་ལེ་ལོ་ཅན། །ལམ་ཞུགས་ལྷ་མིའི་ཐེག་པ་དང་། ཐེག་དམན་གྱི་ཐེག་པ་གཉིས་སམ། ཉན་རང་གི་ཐེག་པ་གཉིས་ལ་ནན་ཏན་མི་བྱེད་པ། །ཐེག་པ་ཆེན་པོའི་འཁོར་ལོ་ལྡན་མི་འགྱུར། །དེ་ནི་རྒྱ་ཆེན་ཐེག་ཆེན་སྣོད་མ་ཡིན། །བྱིས་པ་གཅིག་པུ་རྣམ་པར་གྲོལ་འཚོལ་བ། །བློ་དང་སྤྱོད་པ་ཞན་ཅིང་བྱམས་སེམས་མེད། །ཆད་པར་ལྟ་ལ་ཆགས་པ་ངན་སོང་གཞོལ། །ཡང་དག་ཆོས་སྤོང་ཆོས་མ་ཡིན་པ་སྟོན། །ཐེག་པ་གཉིས་ལ་སྐུར་འདེབས་སྡོམ་པ་སྤོང་། །བསྙེན་པར་རྫོགས་ཤིང་ཐེག་ཆེན་ཁས་ལེན་པ། །ང་ཡིས་ཆོས་འཇིག་སེམས་ཅན་ཀུན་ལ་བསླུ། །དེ་ཡི་དབང་གིས་མི་ལུས་ཐོབ་པར་དཀའ། །ཞེས་པ་དང་། ཡང་དེ་ཉིད་ལས། ཐེག་པ་གཉིས་ལ་ནན་ཏན་མ་བྱས་པ། དབང་པོ་མ་སྨིན་པ། བརྩོན་འགྲུས་ཆུང་བ་དག་ལ་ཐེག་པ་ཆེན་པོ་ཤིན་ཏུ་ཟབ་མོ་བསྟན་ན་འཆད་པར་བྱེད་པ་དང་། ཉན་པར་བྱེད་པ་གཉིས་ཀས་སྡིག་པའི་འབྲས་བུ་ཤིན་ཏུ་ལྕི་བ་ཐོབ་སྟེ། བདེ་བར་གཤེགས་པ་ཐམས་ཅད་ལ་འཁུ་བའོ། །དེས་ནི་བདག་ཤེས་པར་ཁས་ལེན་ཡང་། ཆད་པར་ལྟ་བ། རྒྱུ་འབྲས་མེད་པར་འཛིན་པ། དགེ་སྡིག་ལ་སྐུར་པ་འདེབས་པ། ཐེག་པ་ཆེན་པོ་ལ་བརྫུན་ཟེར་བ། དམ་པའི་ཆོས་མ་རུང་པར་བྱེད་པ། ཆོས་ཆོས་མ་ཡིན་པ་དང་ཆོས་མ་ཡིན་པ་ཆོས་སུ་སྟོན་པས་ན། ལོག་པར་ལྟ་བ་ཆེན་པོ་སྟེ། མིར་གནས་ཀྱང་སྲིན་པོ་ཡིན་ཏེ། བསྐལ་པ་གྲངས་མེད་པའི་བར་དུ་མི་ལུས་ཐོབ་པར་དཀའོ། །རྫ་སོ་མ་བཏང་བར་འོ་མ་བླུགས་ན། སྣོད་ཀྱི་སྐྱོན་གྱིས་སྣོད་བཅུད་གཉིས་ཀ་མ་རུངས་པར་བྱེད་པ་ལྟར། དཔོན་སློབ་གཉིས་ཀ་ཡང་ང་རྒྱལ་གྱིས་མ་རུངས་པར་བྱེད་དོ། །མངོན་པའི་ང་རྒྱལ་གྱིས་བག་མེད་པར་སྟོང་པའི་ལྟ་བ་ལ་ཆགས་པའི་གླེན་པ། མི་དགེ་བ་བཅུ་མི་སྤང་བས་ཐེག་པ་ཆེན་པོ་ལ་ནན་ཏན་བྱེད་ཀྱང་ཆོས་ཉིད་ཀྱི་མངོན་པར་རྟོགས་པ་སྐྱེ་བ་མི་སྲིད་དེ། གྲུ་བུ་ག་ཅན་རྒྱ་མཚོར་འཇུག་པ་དང་། གྲམ་ཁྲོད་དུ་ས་བོན་བཏབ་པ་དང་། འཁར་བའི་སྣོད་དུ་ཟས་དུག་ཅུང་ཟད་བཏབ་པས་ཀྱང་སྤྱད་དུ་མི་རུང་བའམ། ལུས་རུལ་བ་ལ་དྲི་ཞིམ་པོ་བྱུགས་པ་ལྟར་། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ཆེན་པོར་ལྟུང་བས་ཐར་པའི་སྐབས་མེད་དོ། །དེ་བས་ན་ཆོས་ལ་སྣོད་ཇི་ལྟ་བར་རིམ་གྱིས་འཇུག་པར་བྱའོ་ཞེས་སོ། །མདོར་ན་གང་ཟག་ཐར་པ་སྒྲུབ་པ་དག་རིམ་པས་ཆོས་དུ་མ་ལ་བསླབ་དགོས་ཏེ། དུས་གཅིག་ལ་ལམ་མི་བགྲོད་ཅིང་ཆོས་གཅིག་ཁོ་ནས་ཐར་པ་མི་འགྲུབ་པས། ཐབས་སྣ་ཚོགས་ལ་རིམ་གྱིས་བསླབ་པར་གདམས་པ་ཡིན་ནོ། །ད་རང་རེའི་ཆོས་སྒར་འདི་ལ་མཚོན་ན། གཙོ་བོ་རྫོགས་ཆེན་སྙིང་ཐིག་གི་ཁྲིད་ཡིག་ཆེན་མོ་གཞིར་བཟུང་ནས། དངོས་གཞིའི་སྨིན་གྲོལ་གཉིས་ཀའི་རིམ་པ་ལ་འཇུག་བཞིན་ཡོད་པ་རེད། འོན་ཀྱང་ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོའི་རྒྱུད་སྦྱོང་བ་གནད་དུ་མ་སོང་ན་དངོས་གཞི་ཐོབ་ཀྱང་དོན་སྒོ་ཆུང་བ་ཡིན་ཅེས་བློ་སྦྱོང་སྤྱི་དང་། ཁྱད་པར་གཉུག་མར་གནས་པ་ཚོས་ལོ་རེ་བཞིན་སྔོན་འགྲོའི་ཞག་བརྒྱ་རེ་དམ་མཚམས་བཅད་རྒྱ་བྱེད་པ་དེ་ནི་དམ་པ་གོང་མའི་ཕྱག་བཞེས་ཆོས་བརྒྱུད་ཀྱི་སྲོལ་དང་ཡང་མཐུན་པ་ཡིན། གཉིས་པ་གང་བཤད་པ་ལ། སྤྱི་དང་། བྱེ་བྲག་གཉིས། དང་པོ།

གང་བཤད་པ་སྤྱིར་བསྟན་པ།

དེའི་རྗེས་ཐོགས་སུ། བཤད་བྱའི་ཆོས་ནི་ཐེག་པའི་རྣམ་གྲངས་དང་། །བླང་དོར་ཤེས་བྱའི་གནས་རྣམས་ཐམས་ཅད་དེ། །ཞེས་གསུངས་ཏེ། དེ་ལ་བྱང་ཆུབ་འདོད་པས་བླང་དོར་གྱི་གནས་ཐམས་ཅད་ལ་མཁས་པར་བྱ་ལ། མཁས་བྱའི་གནས་དེའི་རང་བཞིན་ཤེས་པ་ནི། གཏན་ལ་དབབ་བྱའི་ཆོས་གང་ཡིན་དེ་ཉིད་ངེས་པ་ལས་འབྱུང་ངོ་། །དེ་ཡང་ཐེག་པའི་རྣམ་གྲངས་ཀྱི་གཞལ་བྱ་ངེས་པ་དག་སྟེ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའམ་བདེན་པ་རྣམ་བཞིའི་བསྡུས་པའི་ཆོས་རྣམས་ལ་ཤེས་བྱ་དང་། སྤང་བྱ་དང་། བླང་བྱར་ཤེས་པས་འཇུག་གོ །སྤྱིེར་ཆོས་ཞེས་པའི་སྒྲ་རང་བཞིན་དུ་ཡུལ་བཅུ་ལ་འཇུག་པ་ཉིད་དེ། རྣམ་བཤད་རིག་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་པ་ལས། སྐབས་འདིར་རྣམ་པ་གཉིས་སུ་བསྡུས་ནས་བཤད་ན་འཁོར་བའི་ཆོས་ཉོན་མོངས་པ་རྣམས་སྤང་བྱར་ཤེས་པ་ལ་འཇུག མྱ་ངན་ལས་འདས་པའི་ཆོས་རྣམ་པར་བྱང་བ་རྣམས་བླང་བྱར་ཤེས་པ་ལ་འཇུག་པར་བདེན་པ་བཞིའི་སྤྱོད་ཡུལ་ངེས་པའི་ཚུལ་ཏེ། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེ་གནས་ཐོབ་ཕྱིར་སྨན་ཉིད་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་ཐོབ་པར་བྱ་ཞིང་བསྟེན་པར་བྱ། །ཞེས་སོ། །སྤང་བླང་གི་གནད་ཤེས་པ་དེའི་ཐབས་ཀྱི་ཡན་ལག་ཏུ་ཤེས་བྱའི་ཆོས་དེ་དག་གཏན་ལ་དབབ་ཚུལ་ངེས་པ་ཡང་། ཟབ་རྒྱས་གཉིས་སུ་འདུས་པ་སྟེ་སྣ་ཚོགས་སུ་སྣང་བའི་ཆོས་རྣམས་རྒྱ་ཆེ་ལ། རང་བཞིན་གྱིས་སྟོང་པའི་ངོ་བོ་ཟབ་པར་གནས་པ་ཉིད་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀྱིས་གཏན་ལ་ཕབ་ནས་དེ་བཞིན་དུ་བསྟན་པ་ཡང་ཟབ་དང་རྒྱ་ཆེའི་ནང་དུ་འདུས་པས། ཚིག་དང་ཡི་གེ་གཞུང་གི་ཚོགས་བཤད་བྱ་ཐོས་བསམ་གྱི་རང་བཞིན་རྒྱ་ཆེ་བ་རྣམས་དང་། བླ་མ་དམ་པ་ལས་བརྒྱུད་པའི་མན་ངག་ཚིག་དང་ཡི་གེ་ལས་འདས་པ་གནད་ངེས་པས་ཆོས་ཉིད་ཀྱི་དོན་ཅིག་ཅར་དུ་རྒྱུད་ལ་འཆར་བ་དེ་ལྟའི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་རྣམས་སྟོན་པ་ནི། སྐབས་འདིར་གཏན་ལ་དབབ་བྱའི་ཆོས་ཏེ། སྐྱེས་བུ་ཤེས་རབ་དང་སེམས་བསྐྱེད་ཆེ་བས་གཞན་ལ་ཕན་པར་ཞུགས་པ་རྣམས་ལ་ཟབ་པ་དང་། རྒྱ་ཆེ་བའི་གནས་ཐམས་ཅད་བསྟན་པ་ཉིད། མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར། །གཞན་དག་ཚར་བཅད་རྗེས་སུ་གཟུང་བར་བྱ་ཕྱིར་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་སློབ་བྱེད། །ཅེས་སོ། །གཉིས་པ།

འཆད་བྱ་བྱེ་བྲག་ཏུ་བསྟན་པ།

དང་པོའི་ལས་ཅན་རྣམས་ལ་རྒྱུ་འབྲས་དང་། །ལམ་ཞུགས་རྣམས་ལ་ཐེག་པའི་རྣམ་གྲངས་དང་། །གཞན་དོན་སྤྱོད་ལ་རིག་པའི་གནས་ལྔ་སོགས། །ཟབ་ཅིང་རྒྱ་ཆེའི་རིམ་པ་རྣམས་བཤད་དོ། །ཞེས་གསུངས་ཏེ། ལས་དང་པོ་པ་རྣམས་ལ་ཐར་པའི་ཕན་ཡོན་འཁོར་བའི་ཉེས་དམིགས། ཚེ་མི་རྟག་པ་དང་། རྒྱུ་འབྲས་ཀྱི་ཡིད་ཆེས་བཤད་དགོས་པ་ཉིད་དེ། དཀོན་མཆོག་བརྩེགས་པ་ལས། ཐར་པ་གྲོལ་བར་ཞུགས་པ་རྣམས་ལ་ནི། །བློ་དང་རྗེས་སུ་འཚམས་པའི་ཆོས་བསྟན་ཏོ། །ཞེས་པ་ལྟར་རོ། །ངེས་འབྱུང་བསྒྲུབ་པ་སྙིང་པོར་བྱེད་པ་རྣམས་ལ། ཚིག་ཏུ་ཉུང་ལ་དོན་དུ་དྲིལ་བས་མྱུར་དུ་ཐར་པ་བགྲོད་པའི་གནད་ཟབ་མོ་རྣམས་བཤད་དེ། སྐྱེ་བོའི་ཚེ་སྲོག་ཡུན་ཐུང་བ་དང་། ཚིག་གི་ཐ་སྙད་སྤྲོས་པ་མང་བ་དང་། འདི་སྣང་གི་སོ་ཚིས་གང་ལའང་སྙིང་པོ་མེད་པའི་ཕྱིར་རོ། །དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པ་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་གྱིས། །ཞེས་པ་དང་། འཇིག་རྟེན་སྤྱོད་པ་དག་ལ་ཕར་བལྟས་པས། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམས་ཀྱང་ཕན་པར་མི་གདའ་བས། །རང་གི་སེམས་ལ་ལྟ་བ་གོམས་པར་གྱིས། །ཞེས་གསུངས་པ་བཞིན་ནོ། །དེས་ནི་ཟབ་དང་རྒྱ་ཆེའི་གནད་གདུལ་བྱའི་བློ་དང་འཚམས་པར་གདམས་དགོས་པ་བསྟན་ནས། གསུམ་པ་ཚུལ་ཇི་ལྟར་འཆད་པ་ལ། མི་མཐུན་ཕྱོགས་སྤང་བ་དང་། མཐུན་ཕྱོགས་བསྒྲུབ་པ་གཉིས། དང་པོ།

མི་མཐུན་ཕྱོགས་སྤང་བ།

ཟབ་པ་དང་རྒྱ་ཆེ་བའི་གནས་གང་འཆད་ནའང་འགལ་རྐྱེན་བར་དུ་གཅོད་པ་རྣམས་སྤངས་ལ་བཤད་པར་གདམས་པ་ནི། དེ་ཡང་མི་མཐུན་རྐྱེན་རྣམས་སྤང་པ་ནི། །ཕྱི་ནང་འདུ་འཛི་བསྙེན་བཀུར་ཟང་ཟིང་དང་། །ཆང་དང་གཉིད་རྨུགས་དྲན་པ་ཉམས་ལ་སོགས། །ཐོས་པའི་དོན་ལ་བར་ཆད་གྱུར་རྣམས་སྤང་། །ཞེས་གསུངས་ཏེ། ཆོས་འཆད་པ་དང་ཉན་པ་ལ་ཞུགས་པ་ན། སློབ་དཔོན་དང་སློབ་མར་གྱུར་པ་ཀུན་གྱིས་ཡིད་གཡེངས་པའི་རྒྱུ་འདུ་འཛི་རྣམ་གཡེང་གི་ཟང་ཟིང་དང་། ཡུལ་གྱི་རྐྱེན་ནི་མཐུ་ཆེ་བས་མི་ཚེའི་དུས་ཚོད་དོན་ལྡན་བྱེད་མཁན་ཞིག་ཡིན་ན་རྣམ་གཡེང་སྤོང་པར་གོམས་འཇུག་དགོས་ཏེ་རྣམ་གཡེང་ཅན་ལ་ཆོས་སྒྲུབ་པའི་དུས་ཚོད་མེད་པའི་ཕྱིར། བསྙེན་བཀུར་མགྲོན་དུ་བོས་པས་དུས་འགྱངས་པ་ཉོ་ཚང་རྫུན་མའི་འབྲེལ་འདྲེས་དེ་སུན་སྤྱད་ཡིན་པ་དང་། དྲན་པ་མི་གསལ་བའི་རྒྱུ་གཉིད་རྨུགས་ལ་སོགས་པ་སྤང་བར་བྱའོ། །གཉིད་ནི་ལུས་འཚོ་བའི་རྒྱུ་ཡིན་པས་གཏན་དུ་སྤོང་དགོས་པ་མིན་ཀྱང་། ཚོད་མེད་གཉིད་ཀྱི་དབང་དུ་ཤོར་ན་དེ་ལ་ཟད་དུ་མེད་པས། དུས་རིག་པར་བྱས་ཏེ་ཆོས་འཆད་ཉན་གྱི་སྐབས་དང་། སྒོམ་སྒྲུབ་ཀྱི་སྐབས་སུ་རིག་པ་དྭངས་པའི་ཐབས་ལ་འབད་དགོས། དེ་དག་ནི་ཐོས་པའི་བར་ཆད་ཀྱི་རྐྱེན་སྤང་ཐབས་སོ། །གཉིས་པ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ།

སྦྱོར་བ།

ཆོས་འཆད་ཅིང་ཉན་པའི། ཕྱོགས་དེར་ཁྲི་སྟན་མཆོད་པ་སྣ་ཚོགས་དང་། །མཎྚལ་ལ་སོགས་བཀོད་པས་བརྒྱན་པར་བྱ། །ཞེས་གསུངས་ཏེ། ཆོས་ཀྱི་ཁྲི་ལ་དར་ཟབ་ལ་སོགས་པའི་སྟན་འདིང་པ་དང་། གདུགས་དང་རྒྱལ་མཚན་དང་། བླ་བྲེས་དང་ཡོལ་བ་ལ་སོགས་པ་བཀྲམ་པ་དང་། ཕྱི་ནང་གི་མཆོད་པ་བཤམ་པ་དང་། བཀྲ་ཤིས་པའི་རི་མོ་བཀོད་པའི་རེ་ཁཱ་བྲི་བའམ། གསེར་དངུལ་ལ་སོགས་པའི་མཎྚལ་བཀོད་པ་དང་། གཏོར་མ་བཤམ་པ་དང་། ཆོས་སྨྲ་བ་ཁྲི་ལ་འོང་བ་ན། རོལ་མོ་དང་ཡན་ལག་བདུན་པ་དང་། རྒྱུན་ཆགས་གསུམ་པ་དབྱངས་དང་བཅས་པས་དབུལ་བར་བྱའོ། །ཡོན་ཏན་གྱི་ཞིང་དེ་བསོད་ནམས་བསགས་པའི་ཡུལ་ཁྱད་པར་དུ་འཕགས་པ་ཡིན་པ་སྟེ། གནའ་སྟོན་པ་མཉན་ཡོད་དུ་བཞུགས་པའི་སྐབས་ཤིག་ཏུ། ཁྱིམ་བདག་ཅིག་ལ་བུ་ཁྱེའུ་མཛེས་ཤིང་ལྟ་ན་སྡུག་པ། ལག་གཉིས་ཁུ་ཚུར་བསྡམས་ནས་ཡོད་པ་ཞིག་སྐྱེས་པ་ལ། ཁྱེའུའི་ཁུ་ཚུར་ཁ་ཕྱེས་པས་གསེར་གྱི་དོང་ཙེ་རེ་བཟུང་ནས་ཡོད་པར། ཕ་མ་གཉིས་ཀ་དགའ་ནས་དོང་ཙེ་བླངས་ནས། བྲམ་ཟེ་མཚན་མཁན་ལ་བསྟན་པས་མཚན་བཟང་དུ་ལུང་བསྟན། མིང་དུ་གསེར་དབྱིག་བཏགས། ཕྱིས་ཁྱེའུའི་ཁུ་ཚུར་ཁ་ནམ་ཕྱེས་སུ་གསེར་གྱི་སྒོར་མོ་ཤ་སྟག་འབྱུང་ཞིང་། བང་མཛོད་ཐམས་ཅད་གསེར་གྱིས་བཀང་ཡང་གསེར་འཛད་མེད་དུ་བྱུང་། བུ་ནར་སོན་ནས་ཁོ་བོ་རབ་ཏུ་བྱུང་དགོས་ཞེས་རབ་ཏུ་བྱུང་ནས་དགེ་སློང་དུ་གྱུར་ཀྱང་། ཕྱག་གང་འཚལ་དུ་གསེར་གྱི་དོང་ཙེ་བབ་ནས། གསེར་གྱི་དོང་ཙེ་མི་ཟད་པར་བྱུང་། ནམ་ཞིག་དགྲ་བཅོམ་པར་གྱུར་པའི་ཚེ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་དགེ་སློང་གསེར་དབྱིག་གིས་སྔོན་ལས་ཇི་ལྟར་བྱས་ནས་འདི་ལྟར་གསེར་ཟད་མེད་དུ་འབྱུང་བ་ཞིག་ཏུ་གྱུར་བ་ལགས་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས། སྔོན་བསྐལ་བ་དགུ་བཅུ་རྩ་གཅིག་གི་ཡར་སྔོན། སངས་རྒྱས་གསེར་ཐུབ་འཇིག་རྟེན་དུ་བྱོན་པའི་དུས་ཤིག་ཏུ། ཉིན་ཅིག་སངས་རྒྱས་འཁོར་བཅས་ཁྱིམ་བདག་རིགས་གཉིས་ཀྱིས་སྤྱན་དྲངས་ནས་མཆོད་པར་ཕུལ་བའི་སྐབས་སུ་ཤིང་མཁན་དབུལ་བོ་ཞིག་ཡོད་པར་དེས་སངས་རྒྱས་འཁོར་བཅས་ལ་དད་པ་སྐྱེས་ནས། དབུལ་བོ་ཡིན་ན་ཡང་ཉིན་མང་པོར་ཤིང་བཏུས་པའི་རིན་གསེར་དོང་ཙེ་རྡོག་པོ་གཉིས་ཡོད་པ་དེ། ཁྱིམ་བདག་གི་སྒོ་དྲུང་ནས་སངས་རྒྱས་འབྱོན་པར་སྒུག་ཅིང་། དགའ་ཞིང་གུས་པས་ཕུལ་བ་ལ་སྟོན་པས་ཀྱང་བརྩེ་བས་དགོངས་ཏེ་བཞེས་ནས་སྨོན་ལམ་བཏབ་པས། དེའི་སྐྱེ་བ་ཐམས་ཅད་དུ། མ་འབད་ཀྱང་ལོངས་སྤྱོད་ཀྱི་འབྱོར་བ་ཡོད་པར་གྱུར་པའོ་ཞེས་གསུངས་པ་ཡིན། ཡོན་ཏན་གྱི་ཞིང་དང་ཕལ་བའི་ཁྱད་པ་དེ་ནི། སློབ་དཔོན་ནག་པོ་པའི་ཞལ་ནས། དམངས་རིགས་སྟོང་ཕྲག་གཉིས་དག་ནི། བྲམ་ཟེ་གཙང་མ་གཅིག་དང་འདྲ། །བྲམ་ཟེ་སྟོང་ཕྲག་གཉིས་དག་ནི། དགེ་སློང་གཅིག་ལ་རབ་ཏུ་སྦྱོར། །དགེ་སློང་སྟོང་ཕྲག་གཉིས་དག་ནི། །རྡུལ་མེད་རྟོགས་པ་གཅིག་དང་སྦྱོར། །རྡུལ་མེད་སྟོང་ཕྲག་གཉིས་དག་ནི། །ཡེ་ཤེས་ལྡན་པ་གཅིག་ལ་སྦྱར། །ཡེ་ཤེས་ལྡན་པ་སྟོང་ཕྲག་གཉིས། །སློབ་དཔོན་གཅིག་དང་མཉམ་པར་སྦྱོར། །ཞེས་གསུངས་པས། སྐྱེ་བོ་ཕལ་བ་གཉིས་ལ་མཆོད་སྦྱིན་བྱས་པ་ནི་བྲམ་ཟེ་གཙང་མ་གཅིག་དང་འདྲ། བྲམ་ཟེ་སྟོང་ཕྲག་གཉིས་ལས་དགེ་སློང་གཅེིག་ལ་རབ་ཏུ་སྦྱར་ན་བཟང་། དགེ་སློང་སྟོང་ཕྲག་གཉིས་ལས་རྡུལ་མེད་པ་དགྲ་བཅོམ་ཐོབ་པ་གཅིག་གིས་བཟང་། རྡུལ་མེད་སྟོང་ཕྲག་གཉིས་ལས་ཡེ་ཤེས་ལྡན་པ་གཅིག་གིས་བཟང་། ཡེ་ཤེས་ལྡན་པ་སྟོང་གཉིས་ལས་སློབ་དཔོན་མཆོག་ཏུ་གྱུར་པ་ཡིན་ཅེས་བསོད་ནམས་བསགས་པའི་ཞིངགི་ཁྱད་བསྟན་པའོ། །ཇི་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས། དམ་ཆོས་ཆར་པ་རབ་ཏུ་འབེབས་པ་དེར། །སེང་གེའི་ཁྲི་སྟན་གདུགས་དང་རྒྱལ་མཚན་བསྒྲེང་། །མུ་ཏིག་རིན་ཆེན་སིལ་སྙན་རོལ་མོའི་སྒྲ། །མཆོད་པ་རྣམ་པ་མང་པོས་བརྒྱན་པར་བྱ། །སྟན་རྒྱུ་སྣ་ཚོགས་ཆོས་ཀྱི་སྟན་དུ་འབུལ། །ཡིད་དུ་འོང་བས་མཁན་པོ་སློབ་དཔོན་བསྟེན། །གཞན་ལ་བསྟི་སྟང་བྱེད་པས་སྐྱོ་བ་མེད། །དེ་ལུས་སུམ་ཅུ་རྩ་གཉིས་མཚན་དང་ལྡན། །ཞེས་སོ། །གཞན་ལ་བསྟི་སྟང་བྱེད་པ་ནི་དོན་མཐུན་ཆོས་ལ་འདུན་པའི་ཕྱོགས་དེར་འདུས་པའི་སྐྱེ་བོ་ཐམས་ཅད་ལའང་དེ་དང་མཚུངས་པར་གུས་པར་བྱེད་དགོས་པ་སྟེ། ཆོས་མཐུན་གྱི་གྲོགས་པོ་དེ་དག་ལའང་དག་སྣང་དང་མོས་གུས་བྱེད་ཀྱི། རྣམ་འགྱུར་རྩུབ་མོའི་གཤེ་བ་དང་། མཚང་ནས་བརྗོད་དེ་ངན་དུ་སྨྲ་བ་དང་། བྲེ་མོའི་ལོང་གཏམ་ལ་སོགས་མི་བྱ་ཞིང་། ཆོས་བཤད་པའི་ཕྱོགས་དེར་སྤོས་དང་མེ་ཏོག་མར་མེའི་ཕྲེང་བ་ལ་སོགས་པས་བརྒྱན་པར་བྱའོ། །བཀོད་པ་བཤམས་པ། དེ་ནས་སྟོན་པ་སྟན་ལ་སྐྱིལ་ཀྲུང་བཅས། །ཞེས་གསུངས་ཏེ། ཆོས་ཀྱི་ཁྲི་ལ་ཆོས་སྨྲ་བ་འདུག་སྟེ་སྐྱིལ་མོ་ཀྲུང་བཅས་ནས། ཞེས་དེ་ལྟར་མཐུན་ཕྱོགས་སྒྲུབ་པ་ལ་སྦྱོར་དངོས་རྗེས་གསུམ་ཡོད་པའི་ནང་གི་སྦྱོར་བ་དེ་ལྟར་བྱས་ན་བྱེད་པ་པོ་ནམ་ཞིག་སངས་རྒྱས་པ་ན་མཚན་བཟང་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ། །གཉིས་པ་ལ། བསམ་པ་ཕུན་སུམ་ཚོགས་པར་བྱ་བ་དང་། སྦྱོར་བ་ཕུན་སུམ་ཚོགས་པར་བྱ་བ་དང་གཉིས། དང་པོ།

བསམ་པ་ཕུན་སུམ་ཚོགས་པར་བྱ་བ།

སེམས་བསྐྱེད་བསྐྱེད་རྫོགས་ངང་ལས་བཤད་པར་བྱ། །ཞེས་གསུངས་ཏེ། འགྲོ་བར་འདོད་དང་འགྲོ་བ་ཡི། །ཞེས་པའི་དོན་ལྟར་དུ་སྨོན་པ་དང་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་ཀྱིས་ཆོས་ཀྱི་མིག་རྙེད་པར་བྱ། ཡེ་ཤེས་ཀྱི་སྒྲོན་མེ་སྦར་བར་བྱ། སངས་རྒྱས་ཀྱི་ཆོས་ཡུན་རིང་དུ་གནས་པར་བྱ་སྙམ་དུ་དེ་ལྟར་དྲན་པས་རང་ཉིད་བསྐྱེད་རྫོགས་ཀྱི་དོན་གསལ་བཏབ་ལ་བཤད་དོ། །བསྐྱེད་རྫོགས་ཀྱི་དོན་ལ་གསལ་འདེབས་རྒྱུ་གང་ཞེ་ན། སྤྲུལ་སྐུའི་ཆོས་ལ་ཤཱཀྱའི་རྒྱལ་པོ་དང་། །ལོངས་སྐུའི་གསང་སྔགས་རིགས་ལྔ་རྡོ་རྗེ་འཆང་། །ཆོས་སྐུ་ནམ་མཁའ་འདྲ་བའི་ཆོས་རྣམས་ལ། །ཀུན་བཟང་ཤེས་རབ་ཕ་རོལ་ཕྱིན་ཡུམ་བསམ། །ཡང་ན་རང་རང་ཆོས་དེའི་སྟོན་པར་བསམ། །ཞེས་གསུངས་ཏེ། སྐུ་གསུམ་སྟོན་པའི་རྣམ་བཞག་ལྟར་དུ་སྟོན་པ་དེ་དང་དེའི་རྣམ་པར་གསལ་འདེབས་པར་སྤྲུལ་བའི་སྐུའི་ཆོས་འདུལ་བ་མདོ་སྡེ་མངོན་པ་གསུམ་འཆད་པ་ལ་སྤྲུལ་སྐུ་ཤཱཀྱ་ཐུབ་པར་བསམ་པ་དང་། ལོངས་སྐུའི་ཆོས་གསང་སྔགས་ཕྱི་ནང་ལ་རིགས་ལྔའི་དཀྱིལ་འཁོར་གྱི་གཙོ་བོར་བསམ་པ་དང་། ཆོས་སྐུའི་ཆོས་རང་བཞིན་རྫོགས་པ་ཆེན་པོ་ལ་ཀུན་ཏུ་བཟང་པོ་དང་། ཡང་ན་ཀུན་ཏུ་བཟང་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མར་བསམས་ལ་བཤད་དོ། །གཅིག་ཏུ་ན་དོན་དམ་པའི་ཆོས་མ་སྐྱེས་པ་དང་མི་འབྱུང་བ་ལ་སོགས་པ་འཆད་པ་ན་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སེར་མོ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་དུ་བསམ་པའོ། །ཡང་མདོ་རྒྱུད་གང་འཆད་ཀྱང་དེའི་སྟོན་པ་དེར་བསམས་ལ་འཆད་པར་བྱའོ། །ཚུལ་འདི་དག་དམ་པའི་ཆོས་པདྨ་དཀར་པོ་ལས། གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །མཛེས་པའི་ཁྲི་སྟན་ལེགས་པར་བཤམས་ནས་ནི། །གོས་བཟང་ཡིད་འོང་གཙང་མ་རྣམས་བགོས་ཏེ། །བཅོས་མའི་རས་སོགས་རྣམ་པ་མང་བཏིང་ནས། །རྐང་རྟེན་བཅས་པའི་ཁྲི་ལ་འདུག་ནས་ནི། །རྩེ་གཅིག་ཉན་པའི་འཁོར་གྱི་ཚོགས་ནང་དུ། །ཟང་ཟིང་རྙེད་དང་གྲགས་ལ་མི་སེམས་པར། །བྱམས་པའི་སེམས་ཀྱིས་ལེ་ལོ་མེད་པར་སྟོན། །ཞེས་གསུངས་པ་བཞིན་ནོ། །ཇི་ལྟར་བསྟན་ཞེ་ན། ཆོས་ཀྱི་ཚིག་དོན་ནོར་འཁྲུལ་སྐྱོན་མེད་པར། །དོན་གསལ་དབྱངས་སྙན་མོས་པ་ཇི་བཞིན་བཤད། །དབྱངས་དེས་འཇིག་རྟེན་ཁམས་ཀུན་ཁྱབ་གྱུར་ཏེ། །སེམས་ཅན་ཀུན་ཐོས་མ་རིག་སངས་པར་བསམ། །ཞེས་གསུངས་ཏེ། ཆོས་ཀྱི་སྒྲ་དབྱངས་ཡན་ལག་དྲུག་ཅུ་པར་གྱུར་པ་དེ་འཇིག་རྟེན་ཐམས་ཅད་དུ་གྲགས་པ་སེམས་ཅན་ཐམས་ཅད་ཀྱིས་ཐོས་པས་མ་རིག་པའི་མུན་པ་སངས་ཏེ། ཐམས་ཅད་ཀྱིས་བཟོད་ཐོབ་སྒོ་དང་ཚིག་དང་དོན། །སྔགས་ཀྱི་གཟུངས་ཞེས་རྣམ་བཞིར་བརྗོད། །ཅེས་པ་ལྟ་བུའི་ཆོས་ཀྱི་སྒོའི་གཟུངས་དང་། མི་འཇིགས་པ་ཡི་སྤོབས་པ་ནི། །ཇི་ལྟ་ཇི་སྙེད་གནས་རྣམས་ལ། །མྱུར་གསལ་རྣོ་ཞིང་ཟབ་རྒྱ་ཆེ། །རྒྱུན་ཆད་མེད་པར་སྤོབས་པ་སྟེ། །ཞེས་པ་ལྟ་བུའི་སྤོབས་པ་མི་ཟད་པ་དང་། ཟག་མེད་ཀྱི་ཏིང་ངེ་འཛིན་མཐའ་ཡས་པ་ཐོབ་པར་བསམ་ཞིང་ཆོས་ཀྱི་ཚིག་འབྲུ་གསལ་དག་སྙན་པས་སྤྲོས་པ་རྒྱས་པར་བཤད་པ་དང་བསྡུས་པ་དོན་བསྡུ་བ་ལ་སོགས་པའི་སྒོ་ནས་གདུལ་བྱར་གོ་སླ་བའི་རིམ་པས་རྒྱ་ཆེར་བཤད་ལ་ཐེ་ཚོམ་བཅད་དོ། །འཆད་པའི་སྐྱོན་ཡང་མདོ་བཤད་ཚེ་སྔགས་ཀྱི་ཚིག་དང་ཐ་སྙད་སྦྱར་ཞིང་། སྔགས་བཤད་དུས་འོག་མའི་ལྟ་གྲུབ་དང་འདྲེས་པའི་སྐབས་འཆོལ་བ་དང་། རང་གིས་ཀྱང་མ་གོ་བཞིན་དུ་གོ་རྒྱུ་ཅི་ཡང་མེད་པ་འཆད་པའི་བརྡ་མ་འཕྲོད་པ་དང་། བཤད་ནོར་འགྲེལ་ནོར་བྱས་ནས་ཚིག་དོན་ནོར་བ་དང་། ཟུར་ཟ་བྱེད་པ་སོགས་ཉོན་མོངས་པས་ཀུན་ནས་བསླངས་པའི་སེམས་དང་ངག་སྤྲོ་བ་དང་། ན་གེ་ནོག་གེ་གོ་རྒྱུ་མེད་པས་ཚིག་མི་གསལ་བ་དང་། ཆ་མ་ཚང་བས་ལྷག་ཆད་དུ་གྱུར་པ་དང་། དམ་བཅས་པ་སྔ་མ་ཕྱི་མས་སུན་འབྱིན་པ་རང་ཚིག་སྔ་ཕྱིར་འགལ་བ་ལྟ་བུ་དང་། ཆོས་ཀྱི་གསེབ་ཏུ་ཟུར་གྱིས་གནོད་སེམས་ཀྱི་དབང་གིས་རང་གི་འཁོར་དང་གཞན་ལ་འཕྱ་བ་དང་། ཡུལ་གྱི་བརྡའ་སྐད་ངན་པ་གྲོང་ཚིག་འདྲེས་པ་དང་། གདུལ་བྱའི་བློ་དང་མི་འཚམས་པའམ་དུས་སུ་མ་བབ་པའི་གཏམ་སྟེ། སྐྱོན་དུ་གྱུར་པ་རྣམས་སྤངས་ལ། ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་པས་མཁས་པ་ཡོན་ཏན་འབྱོར་ལྡན་གྱིས་བཤད་ལུགས་ལྟར་དུ་བཤད་དགོས་པ་ཉིད་དེ། བརྡའ་གསལ་བས་འཁོར་གྱི་ཁམས་སུ་ཁྱབ་པ་དང་། རྣ་བར་སྙན་པས་ཀུན་གྱིས་ཉན་པར་སྤྲོ་བ་དང་། ཚིག་དོན་ངེས་པས་ཐེ་ཚོམ་གཅོད་པ་དང་། དཔེ་དོན་མཁས་པས་ཉན་པ་པོའི་ཡིད་དུ་འབབ་ཅིང་རྟོགས་པར་སླ་བ་དང་། བློ་དང་འཚམས་པས་དོན་དུ་འགྱུར་བ་དང་། སྐབས་སུ་གཏམ་རྒྱུད་ངོ་མཚར་ཅན་བསྟན་པས་ཉན་པ་ལ་མི་སྐྱོ་བ་དང་། ལུང་རིགས་ཀྱི་སྒྲོམ་ནས་བཏོན་པས་ནོར་འཁྲུལ་མེད་པ་དང་། ཕྱོགས་སྔའི་འདོད་པ་བཀོད་པ་དང་སྐྱོན་རྣམས་མཚང་འདོན་གྱིས་སློངས་པར་བརྗོད་པས་ཉེས་པ་ལས་བཟློག་པར་མཁས་པས་ཕན་ཐོགས་པའི་ཡོན་ཏན་དང་། ཐེག་པ་ཐམས་ཅད་དང་མཐུན་པར་བཤད་པས་ཀུན་ལ་འཐད་པ་དང་། གོ་བདེ་ཞིང་ཡུལ་སྐད་ངན་པ་དང་མ་འདྲེས་པས་ཚིག་གཟུང་བར་འོས་པ་དང་། རྒྱས་པར་སྤྲོས་ཤིང་གནད་དུ་སྡུད་པ་ལ་མཁས་པས་བཤད་པ་རང་དབང་དུ་གྱུར་པ་དང་། སོས་དལ་ཞིང་ཁོང་ཡངས་པས་ཐོགས་རྡུགས་དང་ངལ་དུབ་མེད་པའི་ཚུལ་ནི་ཡོན་ཏན་འབྱོར་ལྡན་གྱི་བཤད་པ་ཞེས་བྱའོ། །དེ་ལྟ་བུའི་ཆོས་སྨྲ་བ་ནི་སྟོན་པ་ཉིད་ཀྱིས་དངོས་སུ་བྱིན་གྱིས་བརླབས་པ་ཞེས་བྱ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་སོ། །ཚངས་དབྱངས་ཡན་ལག་དྲུག་ཅུའི་ཁོ་ལག་རྫོགས་པ་བཅོམ་ལྡན་འདས་ཀྱི་གསུང་དུ་ངེས་ལ། སོ་སོའི་སྐྱེ་བོའི་གང་ཟག་ཡིན་ཀྱང་། གོང་ནས་བཤད་པའི་ཚིག་དོན་ཤེས་རབ་དང་། སྤོབས་པའི་སྦྱོར་བ་ཚང་ན། ཡོན་ཏན་འབྱོར་ལྡན་གྱི་བཤད་ཚུལ་ཡིན་པས། དེ་ལ་དབང་ཡང་རྫོགས། བརྒྱུད་པ་དང་ཡང་ལྡན། རྫོགས་པའི་སངས་རྒྱས་ཀྱི་གདུང་འཚོབ་མཁན་ཡང་ཡིན་ཅེས་པའོ། །གཉིས་པ།

སྦྱོར་བ་ཕུན་སུམ་ཚོགས་པར་བྱ་བ།

སློབ་དཔོན་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཇི་ལྟར་རྫོགས་པའི་ཚུལ་བསྟན་པ་ནི། དེ་ཚེ་འཆད་པའི་ཕ་རོལ་ཕྱིན་དྲུག་ནི། །ཚིག་དོན་ལེགས་བཤད་ཆོས་ཀྱི་སྦྱིན་པ་སྟེ། །ཉོན་མོངས་མེད་བཤད་ཚུལ་ཁྲིམས་ཕ་རོལ་ཕྱིན། །སྐྱོ་ངལ་བཟོད་པ་སྤྲོ་བས་བརྩོན་འགྲུས་ཏེ། །མ་ཡེངས་བསམ་གཏན་འབྱེད་པ་ཤེས་རབ་བོ། །ཞེས་གསུངས་ཏེ། ཆོས་འཆད་པ་པོས་བཤད་པའི་སྐབས་སུ་ཕྱིན་དྲུག་ཚང་བར་བྱས་ནས་བཤད་དགོས་པས། ཆོས་ཀྱི་ཚིག་དོན་ལེགས་པར་བཤད་པ་ནི་སྦྱིན་པའོ། །ཉོན་མོངས་པ་དང་མ་འདྲེས་པར་འཆད་པས་ཚུལ་ཁྲིམས། འཆད་པ་ན་སྐྱོ་ངལ་དང་བཀྲེས་སྐོམ་ཚ་གྲང་ལ་སོགས་པ་བཟོད་པས་ན་བཟོད་པའོ། །འཆད་པ་ལ་མི་སྐྱོ་ཞིང་སྤྲོ་བས་བརྩོན་འགྲུས། སེམས་གཞན་དུ་མ་ཡེངས་པར་འཆད་པ་ལ་རྩེ་གཅིག་པས་བསམ་གཏན་ནོ། །གང་བཤད་པར་བྱ་བའི་གནས་སོ་སོར་འབྱེད་པ་དང་རང་བཞིན་མེད་པར་རྟོགས་པས་ཤེས་རབ་བོ། །དེ་ཡང་འཆད་དུས་ན་རྨི་ལམ་སྒྱུ་མར་ཤེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཟིན་པ་ཡིན་པར་རིག་པར་བྱའོ། །གསུམ་པ།

རྗེས་བསྟན་པ།

ཆོས་ཐོན་པའི། རྗེས་ལ་སེམས་ཅན་དོན་དུ་བསྔོ་བར་བྱ། །བཀའ་དྲིན་དྲན་པས་དམ་ཆོས་གུས་པ་བསྐྱེད། །ཅེས་གསུངས་ཏེ། སྒྱུ་མ་ལྟ་བུའི་ངང་ནས་བདག་དང་། ཉན་པ་པོ་དང་། ཆོས་རྣམས་སྣང་ལ་རང་བཞིན་མེད་པར་ཤེས་པར་བྱས་ལ། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡིས་ནི། །འགྲོ་བའི་ནང་ནས་རང་བྱུང་སངས་རྒྱས་ཤོག །ཅེས་འགྲོ་བ་རྣམས་ནི་རང་བྱུང་སངས་སྟེ་ཞེས་པའི་དབང་དུ་བཏང་ན། འགྲོ་བ་རྣམས་ནི་རང་བྱུང་སངས་རྒྱས་ཡིན་པས་སླར་རྒྱས་མི་དགོས་པ་ཡིན་ཏེ། ནང་རྒྱུད་སྡེ་གསུམ་པོ་དགོངས་པ་གཅིག་མཐུན་གྱིས། འཁོར་འདས་ཐམས་ཅད་རྒྱུ་འབྲས་དབྱེར་མེད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ལྟ་བ་ཡིན་ལ། དེ་ལྟར་ཆོས་ཐམས་ཅད་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་སངས་རྒྱས་པར་ལྟ་བའི་སྐབས་ན། སློབ་དཔོན་ཆེན་པོའི་མན་ངག་ལྟ་ཕྲེང་ལས། རང་བཞིན་གྱི་སངས་རྒྱས་དང་། རྟོགས་པའི་སངས་རྒྱས། གྲུབ་པའི་སངས་རྒྱས་གསུམ་གྱི་དབྱེ་བ་མཛད་ནས་གསུངས་སྐབས། རང་བཞིན་གྱི་སངས་རྒྱས་སེམས་ཅན་ཐམས་ཅད་ཡིན་པ་དང་། དབྱེ་བའི་སྟེང་ནས་ཀྱང་སྐྱེ་བ་རྒྱུའི་སངས་རྒྱས། སྐྱེ་བ་བསྟན་པའི་སངས་རྒྱས། སྐྱེ་བར་མངོན་པར་གྲུབ་པའི་སངས་རྒྱས། ཞེས་པ་ཐམས་ཅད་རང་བཞིན་གྱི་སངས་རྒྱས་ལས་མ་འདས་པ་ཡིན་ལ། འོ་ན་སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་ཡོངས་སུ་སྒྲོལ་བར་ཤོག །ཅེས་པ་ཅི་ཞེ་ན། རྒྱུ་འབྲས་དབྱེར་མེད་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པ་ཡིན་ཀྱང་། ཏིང་ངེ་འཛིན་གྱི་རྩལ་སྦྱོང་བ་ལ་རིམ་གྱིས་སྦྱོང་བར་བྱ་བ་ཙམ་མེད་པ་མ་ཡིན་པར་སློབ་དཔོན་ཆེན་པོ་རང་གི་གསུངས་ལས་ཀྱང་མངོན་པའོ། །ཅེས་པའམ། རིན་ཆེན་དགེ་ཚོགས་འདི་ཡིས་འགྲོ་བ་ཀུན། །རྟག་ཏུ་དམ་པའི་ཆོས་དང་མི་འབྲལ་ཞིང་། །རང་གཞན་དོན་གཉིས་རྫོགས་པའི་མཐར་ཕྱིན་ནས། །ཆོས་རྔ་སྒྲོགས་པས་འཇིག་རྟེན་མཛེས་པར་ཤོག །ཅེས་བརྗོད་ལ། དམ་པའི་ཆོས་ལ་སྤྱད་དུ་ཡོད་པ་འདི་བླ་མ་དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་ལས་བྱུང་བས། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་བཀའ་དྲིན་ཆེ་སྙམ་པ་དང་། གང་བཤད་བྱ་དམ་པའི་ཆོས་སྒྲ་ཚིག་ཡི་གེའི་རྣམ་པར་བཞུགས་པ་འདི་ནི་སངས་རྒྱས་ཀྱི་གསུང་ཡིན་པས་སངས་རྒྱས་བཀའ་དྲིན་ཆེ་སྙམ་པ་དང་། གྲོགས་དམ་པ་རྣམས་དང་ལྷན་ཅིག་ཐོས་པས་དགེ་བ་ལ་འདུན་པའི་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་སམ་སྐལ་ལྡན་རྡོ་རྗེའི་མཆེད་ལྕམ་རྣམས་བཀའ་དྲིན་ཆེ་སྙམ་པ་དང་། ཆོས་ལ་བར་ཆད་མེད་པ་འདི་ཕྲིན་ལས་ཀྱི་བྱེད་པོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་ཀྱི་དྲིན་ཡིན་པས་སྲུང་མ་དམ་ཅན་རྒྱ་མཚོ་རྣམས་བཀའ་དྲིན་ཆེ་སྙམ་པ་དང་། ཆོས་ལ་སྤྱོད་པའི་དལ་འབྱོར་གྱི་ལུས་འདི་གསོ་ཞིང་སྐྱེད་པར་བྱེད་པའི་ཕ་མ་བཀའ་དྲིན་ཆེ་སྙམ་པ་དང་། དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་བསྟན་པ་དམ་པ་གནས་ཡོད་པའི་བཀའ་དྲིན་ཡིན་པས། སྐྱེ་དགུའི་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དམ་པ་བཀའ་དྲིན་ཆེ་བས་ཡུན་རིང་དུ་གནས་པར་གྱུར་ཅིག་སྙམ་དུ་བསམ་པར་བྱའོ། །གསུམ་པ།

ཕན་ཡོན་བསྟན་པ།

ཆོས་ལེགས་པར་བཤད་པ། དེ་ཡི་ཕན་ཡོན་དྲན་དང་ཏིང་འཛིན་དང་། །ཉོན་མོངས་རྟོག་བྲལ་སྤོབས་པ་ཟད་མི་ཤེས། །ཆོས་མཛོད་འཛིན་དང་བདེ་གཤེགས་ཆོས་ཐོས་དང་། །ལྷ་མིས་བསྟོད་ཅིང་གྲགས་དང་བསམ་པ་འགྲུབ། །ཚེ་རབས་ཀུན་ཏུ་ཆོས་དང་མི་འབྲལ་ཞིང་། །མྱུར་དུ་བདེ་གཤེགས་ཆོས་ཆར་འབེབས་པ་ཐོབ། །ཅེས་གསུངས་ཏེ། སེམས་རབ་ཏུ་དྭངས་པས་ཐར་པ་ལ་དམིགས་ཏེ་རྙེད་པ་དང་བཀུར་སྟི་དང་གྲགས་པ་འདོད་པའི་རེ་ལྟོས་མེད་པར་ཆོས་སྟོན་པ་ལས་བྱུང་བའི་ཕན་ཡོན་ནི། མི་བརྗེད་པའི་དྲན་པ་དང་། རྩེ་གཅིག་པའི་ཏིང་ངེ་འཛིན་དང་། མི་འཇིགས་པའི་སྤོབས་པ་མཚུངས་པ་མེད་པ་ཐོབ་པ་དང་། རྒྱུད་ཆགས་སོགས་ཉོན་མོངས་པ་ལས་རྣམ་པར་གྲོལ་བ་དང་། དམ་པའི་ཆོས་ཀྱི་མཛོད་སྐྱེ་བ་དང་སྐྱེ་བ་རྣམས་སུ་འཛིན་པ་དང་། སངས་རྒྱས་དངོས་ཀྱི་མདུན་ལས་ཆོས་ཐོས་པ་དང་། ལྷ་དང་དཀར་ཕྱོགས་སྐྱོང་བ་ལ་དགའ་བའི་ལྷ་མིའི་ཚོགས་ཀྱིས་བསྟོད་ཅིང་འདུན་པ་དང་། འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ལེགས་དགུའི་བསམ་པ་ཐམས་ཅད་འགྲུབ་པ་དང་། སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་དང་དུས་ནམ་ཡང་མི་འབྲལ་བ་དང་། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་ཆོས་ཀྱི་ཆར་གྱིས་གདུལ་བྱ་སྨིན་པར་བྱེད་པ་དང་། འཕྲལ་དང་ཡུན་གྱི་རང་དང་གཞན་གྱི་དོན་ཐམས་ཅད་འགྲུབ་པར་འགྱུར་བ་ཉིད་འཐོབ་པར་འགྱུར་རོ། །ཕན་པའི་ཡོན་ཏན་གྱི་བསམ་པ་དང་ལྡན་པས་ཆོས་ཞུས་པའི་ཕན་ཡོན་གྱི་སྒོ་གཞན་ཡང་དཔག་ཏུ་མེད་པ་སྙེད་ཐོབ་སྟེ། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། ཁྱིམ་པ་དང་རབ་ཏུ་བྱུང་བ་དག་ལ། རྙེད་པ་དང་བཀུར་སྟི་ལ་རེ་ལྟོས་ཀྱི་འདོད་པ་མེད་པར་སྙིང་རྗེས་ཕན་པར་འདོད་པས་ཆོས་སྟོན་ན། ཤེས་རབ་རྣོ་བར་འགྱུར་རོ། །སྤོབས་པ་མི་ཟད་པར་འགྱུར། འཁོར་ལོས་སྒྱུར་བ་དང་། བརྒྱ་བྱིན་དང་། ཚངས་པའི་རྫུ་འཕྲུལ་ཆེན་པོ་ཐོབ་པར་འགྱུར། བླ་ན་མེད་པའི་སངས་རྒྱས་སུ་འགྱུར་རོ། །ཞེས་པ་དང་། ནམ་མཁའ་མཛོད་ཀྱི་མདོ་ལས། སྐྱེ་བོ་མང་པོ་དགའ་བ་དང་། ཆོས་སྲུང་བ་རྣམས་ཀྱིས་བསྲུང་བ་དང་། ལྷ་རྣམས་ཀྱིས་བསྟོད་པ་དང་། མི་མ་ཡིན་གྱི་གནོད་པས་མི་བརྫི་བ་དང་། དམ་པའི་ཆོས་བསྲུང་བ་དང་། ཕྱོགས་བཅུར་སྙན་པས་གྲགས་པ་དང་། བདེ་བར་གཤེགས་པ་རྣམས་ཀྱིས་བསྔགས་པ་དང་། ཆོས་གོས་ལ་སོགས་པ་རྙེད་པ་དང་། ལས་བྱས་ནས་བསོད་སྙོམས་ཟ་བ་དང་། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་ལྡན་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཆུང་བ་དང་། རང་དང་གཞན་གྱི་ཉོན་མོངས་པ་ཚར་གཅོད་པ་དང་། སངས་རྒྱས་ཀྱི་ཆོས་འཛིན་པ་དང་། ངན་སོང་གི་འཇིགས་པ་མེད་པ་དང་། དཀའ་བ་མེད་པར་ལྷ་དང་མིར་སྐྱེ་བ་དང་། སྐྱེ་བ་ཐམས་ཅད་དྲན་པ་དང་། ཞིང་དག་པར་སྐྱེ་བ་དང་། དབང་པོ་ཚང་བར་སྐྱེ་བ་དང་། སངས་རྒྱས་མཐོང་བ་དང་། ཆོས་ཉན་པ་དང་། དགེ་འདུན་དང་འགྲོགས་པ་དང་། མི་འབྲལ་བ་དང་། སྤོབས་པ་མི་ཟད་པའི་རྒྱུ་འཛིན་པ་དང་། གཟི་བརྗིད་ཅན་གྱི་གཟུངས་ཐོབ་པ་དང་། སྐྱེ་བོ་མཁས་པས་གཡོག་བྱེད་པ་དང་། ཤེས་རབ་ཆེན་པོའི་རྒྱུན་འཛིན་པ་དང་། མྱུར་དུ་ཆོས་ཀྱི་སྣང་བ་ཐོབ་པ་དང་། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་མི་འབྱུང་བ་དང་། ཟང་ཟིང་གི་སྦྱིན་པ་ཐམས་ཅད་ཟིལ་གྱིས་གནོན་པ་དང་། མཚན་སུམ་ཅུ་རྩ་གཉིས་ཐོབ་པ་དང་། ཆོས་ཀྱི་གཏེར་མི་ཟད་པ་ཡོངས་སུ་འཛིན་པའོ་ཞེས་པ་དང་། དེ་བཞིན་དུ་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། ཆོས་སྨྲ་བ་དེས་ཕན་ཡོན་ཉི་ཤུ་འཛིན་པར་འགྱུར་རོ། །གང་ཞེ་ན། དྲན་པ་དང་བློ་གྲོས་དང་བརྟན་པ་དང་ཤེས་རབ་དང་ལྡན་པ་དང་། འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟོགས་པ་དང་། བདུད་ཀྱིས་གླགས་མི་རྙེད་པ་དང་། སངས་རྒྱས་ཀྱི་དགོངས་པ་དང་། བཀའ་ཕྱོགས་སྐྱོང་བའི་མི་མ་ཡིན་པས་བསྲུང་བ་དང་། ལྷས་གཟི་བརྗིད་བསྐྱེད་པ་དང་། དགྲས་གླགས་མི་རྙེད་པ་དང་། མཛའ་བཤེས་མི་ཕྱེད་པ་དང་། མི་འཇིགས་པ་ཐོབ་པ་དང་། ཡིད་བདེ་བ་མང་བ་དང་། མཁས་པས་བསྔགས་པ་དང་། ཚིག་བཙུན་པ་དང་། སྤོབས་པ་སྐྱེ་བ་དང་། ཚེགས་ཆུང་ངུས་སེམས་ཅན་མང་པོའི་དོན་བྱེད་པ་དང་། སྒོ་གསུམ་གྱི་མི་དགེ་བ་སྡོམ་པ་དང་། སེམས་ཅན་མང་པོ་གུས་པ་དང་། སེམས་དྲང་པོར་འགྱུར་བ་དང་། དགའ་བཞིན་དུ་འཆི་འཕོ་བ་དང་། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་འཛིན་པ་དང་། དཀའ་བའི་སྤྱོད་པ་རྫོགས་པར་འགྱུར་བ་དང་། ཕྱིར་མི་ལྡོག་པའི་ས་ནོན་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་མཐུན་པར་གནས་པར་འགྱུར་རོ་ཞེས་པ་དང་། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཕན་ཡོན་བཅུ་ཐོབ་པར་འགྱུར་བ་འདི་ལྟ་སྟེ། བྱ་བ་མ་ཡིན་པ་ཐམས་ཅད་སྤོང་བ་དང་། ལེགས་པའི་བྱ་བ་ཐམས་ཅད་ལ་འཇུག་པ་དང་། སྐྱེས་བུ་དམ་པའི་ཆོས་ལ་གནས་པ་དང་། ཞིང་སྦྱོང་བ་དང་། བྱང་ཆུབ་ཀྱི་སྙིང་པོ་ཐོབ་པ་དང་། དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་དང་། ཉོན་མོངས་པ་ཚར་གཅོད་པ་དང་། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་བསྒོ་སྐལ་སྦྱིན་པ་དང་། བྱམས་པ་དང་སྙིང་རྗེ་རྫོགས་པ་དང་། ཚེ་འདིར་བདེ་བར་གནས་པའོ་ཞེས་པ་དང་། ཀུན་འདུས་རིག་པའི་མདོ་ལས། གསང་སྔགས་ཀྱི་ལྷའི་མཚན་རྣ་བར་ཐོས་པར་བསྒྲགས་པ་ཙམ་གྱིས་བསྐལ་པ་དགུ་བཅུ་རྩ་གསུམ་དུ་བསགས་པའི་སྒྲིབ་པ་ཐམས་ཅད་ཟད་པར་བྱེད་དོ། །གཟུངས་སྔགས་ཀྱི་སྒོ་ལན་རེ་བསྒྲགས་པས་ཀྱང་དེ་སྙེད་ཀྱི་ཕན་ཡོན་དཔག་ཏུ་མེད་པ་ཚད་མེད་པ་ཇི་སྙེད་འཛིན་པས་ན་ཆོས་སྟོན་པ་ལ་འབད་པར་བྱའོ་ཞེས་སོ། །ཆོས་བཤད་པ་ནི་དེ་ལྟར་ཕན་ཡོན་ཆེ་བ་ཡིན་རུང་། གོང་ནས་ཡོན་ཏན་འབྱོར་ལྡན་གྱིས་བཤད་པའི་ཚུལ་བཤད་པ་ལྟར་དུ་ཟབ་དང་རྒྱ་ཆེའི་གནད་རྣམས་འཆད་ཤེས་པ་ནི་ཤིན་ཏུ་དཀའ་འོ་སྙམ་ནས་རང་གིས་རང་ཉིད་བརྙས་འདུག་དགོས་པ་མིན་ཏེ། སྲོག་གཅོད་ཀྱི་ཉེས་པ་ལྟ་བུ་ཞིག རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་བསམ་པ་དག་པས་སྨྲས་ནའང་ཆོས་སྦྱིན་ཡིན་པས། ཟབ་དང་རྒྱ་ཆེའི་དོན་མང་པོ་བཤད་མ་ཤེས་རུང་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་རང་གི་ཆེ་ཤེས་ཆུང་ཤེས་བཤད་པར་བྱས་ན་དེས་ཀྱང་བསོད་ནམས་དཔག་མེད་ཐོབ་པ་ཡིན་པ་དང་། བསོད་ནམས་དེ་འདྲ་ལ་བརྟེན་ནས་ཤེས་རབ་དང་སྤོབས་པའི་གཏེར་ཆེན་རྙེད་ནས་རྒྱལ་བའི་གསུང་མཛོད་འགྲོལ་ཐུབ་པ་དེ་འབྱུང་བ་དང་། །གཞན་ཡང་གཟུངས་ཀྱི་སྒོ་མ་ཎི་ཡི་གེ་འབྲུ་དྲུག་མ་ཙམ་ཡང་བསམ་པ་དག་པས་སེམས་ཅན་གཞན་གྱི་རྣ་ལམ་དུ་སྒྲོགས་དང་། དེ་ཡང་ཕན་ཡོན་རྒྱ་ཆེན་པོ་ཆོས་ཀྱི་སྦྱིན་པ་ཕན་ཡོན་དཔག་ཏུ་མེད་པ་འཛིན་པ་ཞེས་རྒྱལ་བ་ཉིད་ཀྱི་བཀའ་ལས་འབྱུང་བ་ཡིན་ནོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འཆད་པ་པོ་སློབ་དཔོན་གྱི་ལེའུ་སྟེ་བཅུ་པའི་རྒྱ་ཆེར་འགྲེལ་པའོ།། །།དེ་རིང་མཚམས་འདི་ནས་བཞག་ན་ཆོག་འདུག དེ་ལ་ཡིད་བཞིན་རིན་པོ་ཆེའི་མཛོད་འདིའི་རྡོ་རྗེའི་གནས་ཀྱི་སྤྱིའི་ཆིངས་གཉིས་པའི་སྐབས་ཀྱི། རྒྱས་བཤད་ལམ་གྱི་རིམ་པ་བཤད་པ་ལས་གལ་ཆེའི་གནས། ལམ་ལ་ཞུགས་ནས་ཇི་ལྟར་བགྲོད་པའི་ཚུལ་ཐོས་བསམ་སྒོམ་གསུམ་ཡོད་པ་ལས། དང་པོ་གང་ལས་ཐོས་པ་བྱ་བའི་ཡུལ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དང་། དེ་བསྟེན་ཚུལ། དེའི་ལྡོག་ཕྱོགས་རྣམས་བཤད་པའི་དེ་མ་ཐག་པར། དེ་རིང་གི་བཤད་བྱའི་གཙོ་བོ་ཇི་ལྟར་ཐོས་པ་བྱ་བའི་ཚུལ་ངེས་པར་བྱ་བའི་ནང་གི་སློབ་དཔོན་གྱིས་འཆད་ཚུལ། སློབ་མས་ཉན་ཚུལ། དང་པོ་སྣོད་བརྟག་ཚུལ། སྣོད་དང་འཚམས་པའི་ཆོས་ཇི་ལྟར་བསྟེན་ཚུལ་རྣམས་དང་། ཆོས་སྟོན་པ་དེ་ཡང་ཡས་འབེབས་རྩོལ་མེད་ཀྱི་ལམ་མཁའ་ལྡིང་ནམ་མཁའ་ནས་འབབ་པ་ལྟ་བུ་དང་། མས་འཛེག་མཚན་བཅས་ཀྱི་ལམ་སྤྲེའུ་ཤིང་སྡོང་ལ་འཛེགས་པ་ལྟ་བུ་དང་། བློ་ཆོད་ཅན་གསེབ་ལམ་ཁྲིད་པའི་གནའ་ཕྲུག་བྲག་ལ་འཛེགས་པའི་ཡང་རྩལ་དང་འདྲ་བའི་རིམ་པ་ཡོད་ཀྱང་། འདིར་ལས་འཕྲོ་སྣ་ཚོགས་པ་མ་ངེས་པའི་རིགས་ཅན་གྱི་བློ་རིམ་དང་བསྟུན་ནས་འོག་ནས་གོང་མར་ཡར་འཁྲིད་པ། ཐབས་ཤེས་ཟུང་དུ་འཇུག་པ་ཚོགས་གཉིས་ཤིང་རྟའི་འགྲོས་དང་བསྟུན་པའི་སྟོང་ཉིད་སྙིང་རྗེ་དང་འབྲེལ་བའི་སྒོ་ནས་བཤད་པའི་བསྟན་པའི་སྤྱི་སྲོལ་གྱི་གཞི་བཏིང་། དེ་ནས་གང་བཤད་བྱའི་ཆོས་དེར་ཡང་ཐེག་པའི་རྣམ་གྲངས་དང་བླང་དོར་ཤེས་བྱའི་གནད་ཐམས་ཅད་བསྡུས་ནས། དང་པོའི་ལས་ཅན་ལས་དང་པོ་པ་ལ་ལས་རྒྱུ་འབྲས་ཀྱི་ཆོས་བཤད། ལམ་ཞུགས་རྣམས་ལ་ཐེག་པའི་རྣམ་བཞག་བཤད། གཞན་དོན་སྤྱོད་པའི་རིགས་ཅན་ལ་རིག་པའི་གནས་ལྔ་ནས་ཟབ་ཅིང་རྒྱ་ཆེ་བའི་མདོ་རྒྱུད་ཀྱི་དགོངས་པ་རྒྱས་པར་བཀྲལ་ནས་བཤད། དེ་ཡང་བསྡུ་བའི་གནད་ཀྱང་འདུས་པར་བྱེད་པའི་ཚུལ་བསྟན་པ་དང་། ཆོས་བཤད་པའི་སྦྱོར་དངོས་རྗེས་གསུམ་གྱི་རིམ་པ་ཡང་དེ་དང་མཉམ་དུ་བསྟན་ནས། དེ་ལྟར་བཤད་པའི་ཕན་ཡོན་དང་བཅས་པས་འཇུག་བསྡུས་པ་རེད། དེ་དག་གི་གོ་དོན་ཅུང་ཟད་གླེང་ན་ཆོས་འཆད་ཉན་གྱི་སྐབས་ལ། ཆོས་འཆད་པ་པོ་སློབ་དཔོན་གྱིས་ཕར་ཕྱིན་དྲུག་ཚང་བའི་སྒོ་ནས་ཆོས་འཆད་དགོས་ཤིང་། དེ་ཡང་ཆོས་ཀྱི་ཚིག་དོན་གྱི་ཆ་རེ་རེ་ནས་ལེགས་པར་བཤད་པ་དེ་ཆོས་ཀྱི་སྦྱིན་པ་དང་། ཉོན་མོངས་པའི་སེམས་མེད་པར་བཤད་པ་ཚུལ་ཁྲིམས་དང་། ཆོས་བཤད་པའི་སྐབས་ཀྱི་སྐྱོ་ངལ་སྣ་ཚོགས་བཟོད་པ་དེ་བཟོད་པ་དང་། དེར་སྤྲོ་བཞིན་དུ་འཇུག་པ་བརྩོན་འགྲུས་དང་། མ་གཡེངས་རྩེ་གཅིག་ཏུ་དེའི་ཚིག་དོན་ལ་གཞོལ་བ་བསམ་གཏན་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པར་བྱེད་པའི་རྣམ་དཔྱོད་ཀྱི་དབང་གིས་མ་འདྲེས་མ་འཛིངས་རྙོག་པ་དང་བྲལ་བར་བཤད་ནས་རང་བཞིན་འཛིན་མེད་བརྗོད་བྲལ་དུ་རྟོགས་ན་དེ་ཤེས་རབ་སྟེ་དེ་ལྟར་ཕྱིན་དྲུག་ཚང་བའི་སྒོ་ནས་བཤད་པ་དང་། ཉན་པ་པོ་ལ་ཡང་ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས་གསུངས་པ་བཞིན་དུ་ཕར་རོལ་ཏུ་ཕྱིན་པ་དྲུག་ཚང་དགོས་པས། མེ་ཏོག་སྟན་སོགས་འབུལ་བ་དེ་སྦྱིན་པ། ཆོས་འཆད་པའི་ས་ཕྱོགས་གཙང་སྦྲ་བྱེད་པ་དང་ཀུན་སྤྱོད་ཚུལ་བཞིན་སྡོམ་པ་དེ་ཚུལ་ཁྲིམས། དཀའ་ཐུབ་བཟོད་ཅིང་འཚེ་བ་མེད་པ་དེ་བཟོད་པ། ཆོས་འཁོར་བསྐོར་བར་སྐུལ་བ་ལ་སོགས་པའི་བྱ་བ་ཐམས་ཅད་བརྩོན་འགྲུས་དང་། མ་གཡེངས་གདམས་ངག་ལ་སེམས་སྦྱོར་བ་དེ་བསམ་གཏན། དོགས་པ་སེལ་ཞིང་ཐེ་ཚོམ་བཅད་དེ་ཤེས་རབ་ཀྱི་སྣང་བ་སྔར་མེད་རྒྱས་པ་ཤེས་རབ་སྟེ་དེ་ལྟ་བུའི་ཕར་ཕྱིན་དྲུག་པོ་དེ་སློབ་མའི་ངོས་ནས་ཚང་དགོས་པ་ཡིན། ཁྱད་པར་དུ་ཆོས་ཞུ་དུས་གུས་པའི་སྤྱོད་ལམ་དང་ལྡན་པས་ཆོས་ཉན་དགོས་པ་ཡིན། སྤྱིར་འདི་ནས་ང་ཁ་མར་ལ་འཁོར་ནས་ཁྱེད་དགེ་འདུན་རྣམས་པའི་ཞལ་ཡར་ལ་འཁོར་བ་དེ་ངོ་མས་བཤད་ན་མི་འོས་མི་རུང་རྒྱུ་ཞིག་རེད་ཀྱང་། ཆོས་ཀྱི་ཆེ་བ་འདོན་པའི་ཕྱིར་དེ་འདྲ་མ་བྱས་ཐབས་མེད་ཡིན་ཏེ། མ་གུས་པ་ལ་ཆོས་མི་བཤད་ཅེས་གསུངས་ཡོད་པ་ཡིན། དེ་ཡང་གནའ་སྔོན་ཆད་ཀྱི་གཏམ་རྒྱུད་དང་སྦྱར་ན། རྣལ་འབྱོར་མ་རྒུར་ཆུང་ཞེས་པ་དེས་རྒྱལ་པོའི་བཙུན་མོ་དག་ལ་ཆོས་འཆད་པའི་སྐབས་སུ། རྒྱལ་པོའི་བཙུན་མོ་རྣམས་ཐོབ་མཐོ་བ་དང་། རྣལ་འབྱོར་མ་རྒུར་ཆུང་ཐོབ་དམའ་ཞིང་འབྱོར་འཁོས་ཞན་པས། རྣལ་འབྱོར་མ་རྒུར་ཆུང་སྟན་དམའ་མོ་ཞིག་གི་སྟེང་ལ་འདུག་པ་དང་། བཙུན་མོ་རྣམས་གསེར་ཁྲི་མཐོན་པོ་ཤ་སྟག་གི་སྟེང་དུ་འདུག་པ་ཡིན། དེ་ལྟར་ཆོས་དུས་རིང་པོ་དང་རྣམ་གྲངས་མང་པོ་ཅི་ཙམ་བཤད་ཀྱང་། སློབ་མ་རྣམས་ལ་དངོས་གྲུབ་ཐོབ་པ་དང་། ཡོན་ཏན་བརྙེས་པ་ཅི་ཡང་མ་བྱུང་བ་ཡིན། དེ་ནས་རྣལ་འབྱོར་མ་རྒུར་ཆུང་རང་ཉིད་ཀྱི་སློབ་དཔོན་གྱི་མདུན་དུ་སོང་ནས། ངས་སློབ་མ་རྣམས་ལ་ཆོས་ཇི་ཙམ་བཤད་ཀྱང་ཡོན་ཏན་དང་དངོས་གྲུབ་ཅི་ཡང་འབྱུང་དུ་མེད་པ་གང་གིས་ལན་པ་ཡིན་ཞེས་དྲིས་པ་ན། སློབ་དཔོན་གྱིས་ཁྱོད་ཀྱི་སློབ་མ་དག་གིས་ཆོས་ཞུ་བའི་སྐབས་སུ་སློབ་དཔོན་ལ་གུས་པ་མ་ཤེས་པའི་ཉེས་པ་ཡིན་པས་བཙུན་མོ་རྣམས་ཁྲི་ལས་ཕོབས་གསུངས་པས། ཕྱི་ཉིན་བཙུན་མོ་རྣམས་ཀྱི་རིགས་ཀྱི་ང་རྒྱལ་བཅོམ་ནས། ཁྲི་ལས་ཕབས་ཤིང་། རྒུར་ཆུང་མ་གསེར་ཁྲིའི་སྟེང་དུ་བཞུགས་སུ་བཅུག་ནས་ཆོས་འཆད་ཉན་བྱས་པ་དང་དངོས་གྲུབ་ཐོབ་པའི་ལོ་རྒྱུས་དེ་ལྟར་ཡོད་པ་ཡིན། དེས་ན་ཆོས་ཞུ་དུས། རབ་ཏུ་དམའ་བའི་ས་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་བསྒྲིམས་ཏེ་ཆོས་ཉོན་ཅིག །ཅེས་གསུངས་པ་ལྟར་དུ། ཀུན་སློང་དང་ཀུན་སྤྱོད་ཀྱང་ཚུལ་དང་མཐུན་པར་བྱེད་པ་སྟེ། དེ་ཡང་སྦྱོར་བ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བའི་ཐོག་ནས་དངོས་གཞི་འདུ་ཤེས་བཞི་དང་ལྡན་པ། རང་ལ་ནད་པའི་འདུ་ཤེས། ཆོས་ལ་སྨན་གྱི་འདུ་ཤེས། དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས། ཆོས་ནན་ཏན་ཉམས་སུ་ལེན་པ་ནི་ནད་ཉེ་བར་འཚོ་བའི་འདུ་ཤེས་རྣམ་བསྐྱེད་ནས། དངོས་གཞི་དང་མཇུག་གི་བྱ་བ་ཡང་སྣོད་ཁ་སྦུབ། ཞབས་རྡོལ། དུག་ཅན་རྣམས་ཀྱི་སྐྱོན་མེད་པར་ཆོས་འཛིན་ཅིང་དགེ་རྩ་སེམས་ཅན་ལ་བསྔོ་བ་སྟེ་དེ་ཐམས་ཅད་ཚང་དགོས་པ་ཡིན། དམ་པའི་ཆོས་ཞེས་པ་འདི་འཇིག་རྟེན་ལ་དཀོན་པའི་རིན་ཐང་ཆེས་ཆེན་པོ་དང་ལྡན་པའི་ནོར་བུ། དེ་ལས་རྩ་ཆེན་མེད་པ་ཞིག་ཡིན་པ་རེད། དེ་རང་རྒྱུད་ལ་བསྟེན་པའི་ཆེད་དུ་དཀའ་བ་ཇི་ལྟར་སྤྱད་དགོས་ཀྱང་འོས་ཤིང་རིགས་པ་ཡིན་ཏེ། སྔོན་སངས་རྒྱས་བཅོམ་ལྡན་འདས་སློབ་པ་ལམ་ལ་ཡོད་པའི་གནས་སྐབས་ན། རྒྱལ་པོ་ཞིག་གི་སྐྱེ་བ་བཞེས་པའི་ཚེ། ཉིན་ཞིག་རྒྱལ་པོ་ཁང་བཟང་གི་ནང་ལ་བཞུགས་ཡོད་པའི་སྐབས་སུ། ལྷའི་དབང་པོ་རྒྱལ་བྱིན་གྱིས་སྲིན་པོ་ཞིག་ལ་སྤྲུལ་ནས་རྒྱལ་པོའི་ཁང་བཟང་གི་སྟེང་ནས་མར་ལ། ཚིགས་སུ་བཅད་པ་རྐང་པ་གཉིས་འདི་ལྟར། ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །ཞེས་སྨྲས་པས་རྒྱལ་པོས་དེ་ཐོས་སྐབས་མྱ་ངན་ལས་འདས་པའི་སྒོ་ཕྱེས་ནས་བྱང་ཆུབ་ཀྱི་ལམ་བསྟན་སོང་སྙམ་ནས་དགའ་ཞིང་སྤྲོ་བའི་སྒོ་ནས་ཐལ་མོ་སྦྱར་ཏེ་གུས་པས་བཏུད་དེ། གྲོགས་པོ་ཁྱོད་ཀྱིས་ད་རུང་མུ་འཐུད་དེ་ཚིགས་སུ་བཅད་པ་དེ་མཇུག་རྫོགས་པར་གྱིས་དང་ཞེས་པས། སྲིན་པོས་ཁོ་བོ་ལྟོགས་དྲགས་པས་བཤད་མི་ནུས་པར་འདུག་མི་གསོན་པོའི་ཤ་ཁྲག་དྲོན་མོ་ཞིག་བྱིན་དང་དེ་ནས་བཤད་ཆོག་ཟེར་བ་ལ། རྒྱལ་པོའི་སེམས་པ་གཞན་སེམས་ཅན་ལ་གནོད་འཚེ་བྱེད་མི་རུང་ཞིང་། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལྟ་བུའི་ཡོན་ཡིན་པས་རང་གི་ཤ་ཁྲག་ཀྱང་སྦྱིན་འོས་སྙམ་ནས། ཁྱོད་ཀྱིས་ཆོས་ཆ་ཚང་གསུང་རོགས་གནང་དང་ཡོན་དུ་ང་རང་གི་ཤ་སྦྱིན་ཆོག་ཅེས་ཁས་བླངས་པས། རྒྱལ་བྱིན་གྱི་སྤྲུལ་བ་སྲིན་པོ་དེ་ཡིས་གོང་གི་ཚིགས་རྐང་གཉིས་ཀྱི་རྗེས་སུ། སྐྱེས་ནས་འཇིག་པར་འགྱུར་བ་སྟེ། །དེ་བས་ཉེ་བར་ཞི་བ་བདེ། །ཞེས་པ་ཞིག་བསྣན་ནས་ཤློོ་ཀ་ཞིག་ཁ་བསྐངས་ཚེ། རྒྱལ་པོས་དེའི་ཚིག་དང་དོན་ལ་ལེགས་པར་བསམས་རྗེས། འདི་ནི་མྱ་ངན་ལས་འདས་པའི་སྒོ་དང་ལམ་དངོས་སུ་འདུག་ལ། འདི་ལས་སངས་རྒྱས་ཐམས་ཅད་ངེས་པར་འབྱུང་བར་འདུག་བསམས་ནས། དགའ་ཞིང་མགུ་སྟེ་མཚོན་རྣོན་པོ་བླངས་ནས་ཐེ་ཚོམ་མེད་པར་རང་གི་ལུས་ཀྱི་ཤ་བཅད་ནས་སྲིན་པོ་ལ་བྱིན་པ་དང་། བྲང་དང་ཡན་ལག་ལ་སོགས་པའི་ཤ་བྱིན་ཡང་སྲིན་པོ་འགྲང་དུ་མ་འདོད་པས། དེ་ནས་རྒྱལ་པོས་ལུས་འདི་ཡོངས་རྫོགས་སྦྱིན་པར་བྱའོ་སྙམ་ནས། བླ་མེད་བྱང་ཆུབ་ཀྱི་ཕྱིར་དུ་སྨོན་ལམ་བཏབ་ནས། བདག་གི་ལུས་ཡོངས་རྫོགས་སྦྱིན་ནོ་ཞེས་གསུངས་པས། དེ་མ་ཐག་ཏུ་ས་རྣམ་པ་དྲུག་དུ་གཡོས་ནས་ལྷའི་མེ་ཏོག་གི་ཆར་བབས་པ་དང་། དེ་ནས་རྒྱལ་བྱིན་གྱིས་ཁྱོད་ཀྱི་ལུས་ཀྱི་ཤ་འདི་བཞིན་བཅད་པ་ལ་མི་དགའ་བ་མ་བྱུང་ངམ་ཞེས་དྲིས་པ་ན། ང་ལ་མི་དགའ་བ་ཅུང་ཟད་ཙམ་ཡང་མེད་པས་མ་ཚད་ད་དུང་དམྱལ་བའི་སེམས་ཅན་ལ་སྙིང་རྗེ་བླ་ལྷག་ཏུ་སྐྱེ་བའི་སྐུལ་མ་བྱུང་སོང་ཞེས་པས། རྒྱལ་བྱིན་གྱིས་ཁྱོད་ཀྱི་གཏམ་དེ་ལ་ཡིད་ཆེས་ཆོག་པའི་བདེན་རྟགས་ཅི་ཞིག་ཡོད་ཟེར་བ་ལ། རྒྱལ་པོས་བདེན་པར་བརྡར་ན་ཡིད་ཆེས་པ་ཡིན་ཞེས་པས། གལ་ཏེ་ཁྱོད་ཀྱིས་བདེན་པ་བསྐུལ་ནས་ལུས་སྔ་མ་བཞིན་དུ་བྱེད་ཐུབ་ན་དེ་བདེན་པའི་རྟགས་ཡིན་ཞེས་པས། བྱང་ཆུབ་སེམས་དཔས། ངས་འདི་ལྟར་ལུས་ཀྱི་ཤ་བཏང་བ་ལ་མི་དགའ་བ་ཅུང་ཟད་ཀྱང་མེད་ཅིང་ངན་སོང་དུ་སྡུག་བསྔལ་བའི་སེམས་ཅན་ལ་སྙིང་རྗེའི་དབང་དུ་གྱུར་ཡོད་ན། བདེན་པ་དེའི་སྟོབས་ཀྱིས་བདག་གི་ལུས་སྔ་མ་ཁོ་ན་བཞིན་དུ་གྱུར་ཅིག་ཅེས་གསུངས་མ་ཐག་ཏུ་སྔར་བཞིན་གྱུར་པ་ཡིན། དེ་དང་འདྲ་བ་མང་པོ་ཡིས་བྱ་དཀའ་བའི་སྤྱོད་པ་སྤྱད་ནས་སེམས་ཅན་གྱི་དོན་དུ་མངོན་པ་རྫོགས་པར་སངས་རྒྱས་པ་ཡིན། འུ་ཚོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ཐེག་ཆེན་མདོ་སྔགས་ཀྱི་བསྟན་པར་ཞུགས་པ་དག་གིས། ལུས་ཀྱི་ཤ་བཅད་མི་དགོས། སྲོག་གི་འགྲོ་ཚང་གཏོང་མི་དགོས་པར་བདེ་བདེ་སྐྱིད་སྐྱིད་ལ་རང་ཁྱིམ་ནས་ཆོས་ཟབ་མོ། རང་གིས་ཉན་མོས་ན་ཉན་རྒྱུ་དང་བསྒྲུབ་རྒྱུ་ཡོད་པའི་གོ་སྐབས་འདི་ཤོར་ནས་བརླག་ན། འགྱོད་པ་རྟས་མི་ཟིན་པ་ཞིག་རྗེས་ནས་ཡོང་རྒྱུ་ཉག་ཅིག་ཡིན། དེས་ན་ཡང་ཀུན་མཁྱེན་ཆོས་རྗེ་ཡིས། ཀྱེ་མ་དད་ལྡན་སྐྱེ་བོའི་ཚོགས་རྣམས་ཀུན། །ད་ལྟའི་འདི་བཞིན་གཏན་དུ་མི་འོང་བས། །གནམ་ས་འགྲེ་ལྡོག་རང་སྣང་བསྐལ་པ་འཁྲུག །དེ་དུས་སྟོངས་པའི་དམ་ཆོས་བྱེད་རེ་རན། །རན་པ་བས་ཀྱང་ཕྱིས་པར་གྱུར་པ་ཙམ། །ད་ལྟར་ཉིད་ནས་བརྩོན་པས་འབད་འཚལ་ལོ། །ཞེས་གསུངས་པས། ད་ལྟའི་འདི་བཞིན་དུ་གཏན་དུ་མི་ཤེས་པར་འདུག་རྒྱུ་མེད་དེ། ཉིན་ཞིག་ལ་གནམ་ས་འགྲེ་ལོག་བརྒྱབ་པ་ལྟར་དུ་འཆི་ཁ་གནད་གཅོད་ཀྱི་འཁྲུལ་སྣང་ཤར་ནས་བསྐལ་བ་དུས་གཅིག་ལ་གཡོ་འགུལ་བྱུང་བ་ལྟ་བུའི་འཇིག་སྐྲག་བྱུང་ཚེ་དམ་པའི་ཆོས་ལས་གཞན་པའི་རེ་ས་དང་སྐྱབས་གནས་མེད་པས་དེ་ད་ལྟ་ཉིད་ནས་མ་བསྒྲུབས་ན། རན་པས་མི་ཚད་ཕྱིས་པར་འགྱུར་བས་ད་ལྟ་ཉིད་ནས་བརྩོན་པ་ཆེན་པོའི་འབད་པར་བྱེད་འཚལ་ཞེས་འུ་ཚོ་རྗེས་འཇུག་རྣམས་ལ་ཞལ་གདམས་ཡི་གེའི་གཟུགས་ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོར་བཞག་པའོ། །དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསག་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།

ཉིན་བཅུ་གཅིག་པའི་ཆོས་ཁྲིད།

དེ་ཡང་འདི་ལྟར་འཁོར་བ་ཞེས་བྱ་བ་མྱ་ངན་ལས་འདས་པ་མ་ཡིན་པའི་ཆོས་ཐམས་ཅད་ཡིན་ལ། འདི་ནི་འཇིགས་སུ་རུང་བ་ཡ་ང་བ། མི་བཟོད་པའི་སྡུག་བསྔལ་དྲག་པོ་ཅན། སྲེག་ཅིང་ཟ་བར་བྱེད་པ་གནོད་པ་ཐམས་ཅད་ཀྱི་འབྱུང་ཁུངས་ཅན་ཞིག་ཡིན་ཅིང་། དེ་ལྟ་བུའི་ཐོག་མཐའ་མི་མངོན་པའི་འཁོར་བའི་གནས་ན་འཁྱམ་བཞིན་པའི་སེམས་ཅན་འདི་དག་ཐམས་ཅད་སྙིང་རེ་རྗེ། འདི་དག་ཐམས་ཅད་ནི་ད་ལྟའི་རང་ཉིད་དང་འདྲ་བར། བདེ་བ་འདོད་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་པས་མ་ཚད། སྔར་རང་ཉིད་ལ་རང་ལས་ཀྱང་གཅེས་པར་བཟུང་ནས་དྲིན་གྱིས་བསྐྱངས་པའི་ཕ་མ་བྱེད་མྱངས་བ་ཏག་ཏག་ཡིན་ཀྱང་། མཚམས་རེ་རྨོངས་པའི་དབང་གིས་དགྲར་གྱུར་དུས་སུ་ཡང་མ་དང་བུ་ཡི་འབྲེལ་བའི་གནད་དེ་མ་ཤེས་པའི་དབང་གིས་དགྲར་ལྟ་བར་བྱེད་པ་ཡིན་ཅིང་། དགྲར་ལྟ་བའི་ལས་དེས་གཞན་ལ་མི་གནོད་པར་རང་ལ་གནོད་པའི་སྡུག་བསྔལ་གྱི་ས་བོན་འདེབས་པར་བྱེད་པ་ཡིན་པས་དེ་བས་ཀྱང་དེ་དག་སྙིང་རྗེའི་ཡུལ་དུ་མཆིས་ཤིང་། དེས་ན་ད་རེས་དེའི་གནད་དེ་ཤེས་པས། ཤེས་པ་ཙམ་དུ་མི་བཞག་པར་བརྩོན་པ་བྱེད་ཐུབ་ན་རང་གཞན་བདེ་བར་འགོད་པའི་ཐར་ལམ་རྙེད་ཐུབ་པ་ཡིན་པས། གལ་ཏེ་དེ་ལ་མི་བརྩོན་པར་དོན་ཆེན་ཐང་ལ་འཕངས་ནས་དོན་ཆུང་ཞིག་ལ་ཤི་འཇུ་རོ་འཐམ་བྱེད་པ་ནི་གླེན་པའི་ནང་གི་གླེན་པར་གྱུར་བའི་ཚུལ་དེ་ཤེས་པར་བྱས་ནས། བསམ་བློ་ནང་ལ་བསྐོར་ཏེ་སྔར་བསམ་ཕྱི་འདེང་ཞིག་བརྒྱབས་ན། དལ་འབྱོར་རྙེད་དཀའ་བ་ཡིན་ཞེས་བསྟན་བཅོས་བྱེད་པོས་མིང་བཏགས་རུང་མ་བཏགས་རུང་། ད་རེས་ནི་འགྲོ་དྲུག་གི་ནང་ནས་མི་ཡི་ལུས་རྟེན་ཞིག་བླངས་ཡོད་པས་མ་ཚད་སེམས་ཀྱིས་བསམ་བློ་ཡང་གཏོང་ཤེས་ལ། སྔོན་མཐའ་ཕྱི་མཐའ་ཡང་རིག་འདུག རྣམ་དཔྱོད་རིག་པ་ཡང་འགྲོ་བ་གཞན་ལས་ལྷག་པར་མྱུར་བ་ཡིན་པས་ཡང་དག་པའི་ལམ་ཞིག་བཙལ་ནས། ལམ་དེ་ནས་དོན་གྱི་བདེ་བ་རྙེད་པར་བྱེད་དགོས། དེ་ལྟ་བུའི་དོན་གྱི་བདེ་བ་རྙེད་ཐབས་དང་། རྙེད་པ་ལ་ཆོས་ཞེས་གྲགས་ལ། དེ་ཡང་སྟོན་པ་ཤཱཀྱ་ཐུབ་པས་ལས་འབྲས་གསར་དུ་ཡོད་པར་མཛད་པ་ཞིག་ག་ལ་ཡིན་ཏེ་མིན་ཀྱང་། ལས་འབྲས་ཀྱི་རྣམ་གཞག་ཇི་ལྟར་ཡིན་པའི་གནད་དེ་དེ་ལྟར་བསྟན་པ་ཡིན། དེ་འདྲའི་ལམ་དེར་ཞུགས་པ་ལ་ཆོས་སྒྲུབ་པ་ཞེས་གྲགས་པ་ཡིན། ཚེ་དང་། གནས་དང་། གྲོགས་དང་། ལོངས་སྤྱོད་དང་། གནས་ཁང་དང་། གནས་མལ་ཐམས་ཅད་གཅིག་ཀྱང་རྟག་པར་མེད་པར་ཉིན་ཁ་ཤས་ཀྱིས་ཐམས་ཅད་བསྐྱུར་རྒྱུ་ཡིན། འདིའི་འཇིག་རྟེན་འདིར་སྣང་གི་བདེ་འབྱོར་ལ་རྟག་འཛིན་བྱེད་པ་ནི། དཔེར་ན་ཆུ་ཆེན་ཁ་ཡི་གད་པ་ཆུ་ཟོས་ཀྱི་ཐོག་དང་། དགུན་ཁའི་དར་ཐོག་ལ་མཁར་ལས་བྱེད་པ་དང་ཨ་ན་མ་ན་རེད། དང་པོ་ལས་པའི་དུས་ནས་ཀྱང་ཞིག་རྒྱུ་མིག་སྔར་ལ་ཤར་ངེས་ཡིན། དེས་ན་སྐྱེས་པ་ནི་གོམ་པ་སྔོན་མ་ཡིན་ཞིང་འཆི་བ་ནི་གོམ་པ་རྗེས་མ་རེད། མདོར་ན་སྐྱེས་མཐའ་འཆི། འདུས་མཐའ་འབྲལ། བསགས་མཐའ་འཛད། ཐོབ་མཐའ་ལྷུང་བ་སྟེ་དེ་ལྟ་བུའི་མི་རྟག་མཐའ་བཞིས་མ་བསྡུས་པ་གཅིག་ཀྱང་མེད་པ་ཤེས་ཚེ། འཁོར་བའི་ཆོས་གང་དང་གང་མཐོང་ན་ཡང་མཁྲིས་ནད་ཅན་ལ་སྣུམ་ཟན་སྟེར་བ་ལྟ་བུ་ལས་མེད་པ་ནི། བླ་མས་ཆོས་ཁྲིད་ཀྱི་སྐབས་ལ་མ་བཤད་ཀྱང་དོན་ངོ་མའི་ཐོག་ནས་ར་འཕྲོད་དུ་འབྱུང་བ་ཡིན། དེས་ན་ཆོས་བཤད་ཅེས་པ་དེ་གྲོས་འདེབས་ཤིག་ཡིན། འདིའི་གྲོས་མགོ་འདི་སྟོན་པ་བཅོམ་ལྡན་འདས་ཀྱིས་སྟོན་པ་ཡིན་ལ། གྲོས་མཇུག་དེ་བརྒྱུད་པའི་བླ་མ་རྣམ་པས་མཐུད་པ་རེད། འདིའི་ཕན་པ་སུ་ལ་འབྱུང་བ་ཡིན་ཟེར་ན། སེམས་ཅན་རང་ཉིད་ལ་འབྱུང་བའི་ལམ་ཞིག་སྟོན་ཡོད་པ་འདི་ལ་གལ་ཏེ་མ་ཞུགས་ན། ད་སྔོན་མི་ཚེའི་ནམ་ཚ། འབྱུང་བཞིའི་ལུས་ཀྱི་དར་རྒུད། ན་བ་འཆི་བ་ཐོག་ལ་ནམ་ཡོང་མི་ཤེས་པའི་ཕྱོགས་ལ་ལེགས་པར་གཞིག་ཚེ། སང་དང་གནངས་ལ་མི་བཞག་པར་ཉམས་ལ་རན་པའི་ཆོས་ཤིག་ད་ལྟ་ཉིད་ནས་བསྒྲུབ་དགོས་འདུག་བསམ་པའི་ལོང་མེད་རྒྱུད་ལ་མ་ཤར་རང་ཤར་དུ་གྱུར་ནས་སྐྱེ་བ་ཡིན། དེ་ཡང་རྩ་བ་དེད་ན་བློ་ཆོས་སུ་འགྲོ་བ་དང་། ཆོས་ལམ་དུ་འགྲོ་བ་དང་། ལམ་འཁྲུལ་བ་སེལ་བའི་གནད་ལ་གང་ནས་བཤད་ཀྱང་འབབ་པ་ཡིན་ཕྱིར། ད་ཞག་གི་རིང་ལ་དེའི་ཐབས་དང་ལྡན་པའི་ཐུན་མོང་དང་། ཁྱད་པར་དང་། བླ་མེད་ཀྱི་ལམ་ནས་ཇི་ལྟར་རང་རྒྱུད་དང་འཚམས་པར་ཉམས་སུ་ལེན་དགོས་ཚུལ་རྣམས་བཤད་པ་ཡིན། མདོར་ན། ཁམས་གསུམ་འཁོར་བའི་གནས་སུ་འཁྱམས་པ་ནི་འཁྲུལ་བའི་དབང་གིས་ཡིན་པས། འཁྲུལ་བ་མ་འཁྲུལ་བའི་ཐོག་ལ་ཞོག་དགོས་ཚེ། བློ་ཆོས་སུ་འགྲོ་བའི་ཐོག་ལ་ཆོས་ལམ་དུ་འགྲོ་དགོས། ཆོས་ལམ་དུ་འགྲོ་བས་མི་ཚད་ལམ་གྱི་འཁྲུལ་བ་སེལ་དགོས་པ་ཡིན་ཕྱིར། འཁྲུལ་བ་སེལ་ཙམ་ཞིག་གིས་མི་ཆོག་པ་ཡིན། འཁྲུལ་བ་ཡེ་ཤེས་སུ་འཆར་དགོས། དེས་ན་འཁྲུལ་བ་ཡེ་ཤེས་སུ་འཆར་ཞེས་པ་ནི། སེམས་དེ་འཁྲུལ་བ་ཡིན་ལ། མ་འཁྲུལ་བ་ནི་ཡེ་ཤེས་ཡིན། དེས་ན་འཁྲུལ་བ་མ་འཁྲུལ་བའི་ཡེ་ཤེས་སུ་འཆར་བའི་ཐབས་དང་ལྡན་པར་འདེང་བརྒྱབས་ནས། གནས་སྐབས་དང་མཐར་ཐུག་གི་རིམ་པ་བརྒྱུད་ནས་འཁྲུལ་བ་ཡེ་ཤེས་སུ་དག་ཐབས་བྱེད་དགོས་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་ཡང་གནས་སྐབས་ཉོན་མོངས་ཡེ་ཤེས་སུ་དག་པའི་ལམ་དེ་ཤེས་པར་བྱས་ནས་དེ་ལ་བསྟེན་པ་དང་། མཐར་ཐུག་ལམ་དེ་ལ་བསྟེན་ནས་དག་པའི་མ་འཁྲུལ་བའི་བདག་ཉིད་ཀྱི་ཡེ་ཤེས་མངོན་དུ་གྱུར་དགོས་པ་ཡིན་པའི་ཕྱིར། དེ་ཡང་ལམ་དང་མངོན་འགྱུར་གྱི་སྐབས་ལ་ཐབས་དང་ཐབས་བྱུང་གི་དབྱེ་བ་ཕྱེས་པ་ཞིག་རེད། ཉོན་མོངས་གང་སྐྱེས་དབྱིངས་སུ་དག་ནས་རང་གསལ་བའི་ཡེ་ཤེས་མངོན་དུ་གྱུར་དུས་འཁྲུལ་རྟོག་དབྱིངས་སུ་དག་ཅེས་བྱ་ལ། དེ་ལ་ཡང་ཐུན་མོང་དང་ཁྱད་པར་བླ་མེད་ཀྱི་ལམ་གསུམ། གདུལ་བྱའི་ཁམས་དབང་མོས་པ་བསམ་པའི་ཁྱད་པར་བཞིན་དུ་ཡོད་པ་ཡིན་པས། དང་པོ་ཐུན་མོང་ཐེག་པའི་སྐབས་སུ་ཉོན་མོངས་དང་གཉེན་པོ་གཉིས་ཀ་གཡུལ་སྤྲད་དེ་གཉེན་པོས་ཉོན་མོངས་དེ་ཕམ་པར་བྱས་ནས་སྦྱང་པའི་ལམ་ཞིག་དང་། གཉིས་པ་སྔགས་སྤྱིའི་སྐབས་སུ་གསེར་འགྱུར་གྱི་རྩི་ཡིས་ལྕགས་གསེར་དུ་སྒྱུར་བ་ལྟ་བུའི་བསྒྱུར་བའི་ལམ་ཞིག་དང་། གསུམ་པ་བླ་མེད་འོད་གསལ་རྫོགས་ཆེན་གྱི་སྐབས་ལ་མ་སྤངས་རང་གྲོལ་དབྱིངས་སུ་དག་པའི་ཐབས་དང་ལྡན་པ་སྟེ་དེ་ལྟར་སོ་སོར་ཡོད་པ་ཡིན་ལ། ལམ་གང་ལ་མོས་པ་ཡོད་པ་དེ་ལ་བསླབས་པར་བྱས་ན་ཡང་། འགག་པ་ཉོན་མོངས་དག་པའི་དོན་དུ་མཐར་ཐོན་ས་གཅིག་ཡིན་པས། མདོར་ན་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ལྔ་པོ་དེ། མཐར་སོར་རྟོག་ཡེ་ཤེས། མེ་ལོང་ཡེ་ཤེས། ཆོས་དབྱིངས་ཡེ་ཤེས། མཉམ་ཉིད་ཡེ་ཤེས། བྱ་གྲུབ་ཡེ་ཤེས་རྣམས་ལས་ཐ་དད་དུ་མེད་པར་གྱུར་ཚེ། འགག འགྱུར། དག་གང་བརྗོད་ཀྱང་། དུག་ལྔའི་འཁྲུལ་བ་གནས་སྐབས་ལ་དག་པའི་མཚན་ཉིད་འཛིན་པར་འཇོག་པས་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་ཞེས་བྱ་ལ། ཡང་དེ་ལ་རང་བཞིན་འཕྲལ་ལྡོག་ཅེས་ཀྱང་བརྗོད་ཆོག ཉོན་མོངས་དུག་ལྔ་དེ་སྔགས་ཀྱི་ཐེག་པའི་སྐབས་སུ་དེ་བཞིན་གཤེགས་པའི་རིགས་ཡིན་པར་གསུངས་ཤིང་། དེ་ཐབས་ཀྱིས་ལམ་དུ་བྱས་ན་དེ་ལས་ཡེ་ཤེས་འཆར་བ་ཡང་ཡིན་པས། དེ་རྟོགས་པ་ཁྱད་པར་ཅན་ཞིག་གིས་ཟིན་ན་སྤོང་མི་དགོས་པར་ཡེ་ཤེས་ཀྱི་ངོ་བོར་འགྲུབ་པར་ཡིན། དེ་ཇི་ལྟར་ཡིན་པའི་ཚུལ་གྱི་གནད་གསལ་བར་བཤད་ན། འདོད་ཆགས་འདྲ་ཞིག་ལ་མཚོན་ན། དེ་ཡང་འདོད་ཆགས་ནི་རང་སེམས་ཡུལ་ལ་འདུན་ཞིང་གང་ལ་འདུན་པར་བྱེད་པའི་ཡུལ་དེ་ཉིད་དང་དུ་ལེན་པའི་རྣམ་པ་ཅན་ཞིག་ཡིན་ལ། དེའི་འདོད་ཆགས་ཀྱི་སེམས་དེ་སེམས་ཀྱི་ཆོས་ཉིད་གནས་ལུགས་མི་འགྱུར་བའི་རྩལ་ཡིན་པ་དང་། དེའི་རྩལ་དེ་སེམས་ལ་ཡོད་པའི་སྟབས་ཀྱིས། ལམ་གྱི་སྐབས་སུ་ལམ་དང་འབྲས་བུའི་ཆོས་ལ་མཆོག་ཏུ་འདུན་པ་དང་། འབྲས་བུའི་སྐབས་སུ་ཡང་ཆོས་ཐམས་ཅད་མ་སྤངས་དང་དུ་བླངས་པའི་ཚུལ་གྱིས་གཟིགས་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་སངས་རྒྱས་སྣང་བ་མཐའ་ཡས་སུ་འགྲུབ་པ་དང་། དེ་ལྟར་དུ་ཞེ་སྡང་ནི་མི་མཐུན་པའི་ཡུལ་ལ་དམིགས་ནས་ཡུལ་དེ་ཉིད་ཕར་ལ་འདོར་བའི་རྣམ་པ་ཅན་ཞིག་ཡིན་ལ། དེའི་རྩལ་སེམས་ལ་ཡོད་པའི་དབང་གིས་ལམ་དུས་སུ་མི་མཐུན་ཕྱོགས་རང་རྒྱུད་ལ་གནས་སུ་མི་འཇུག་པས་མི་ཚད་འབྲས་བུའི་དུས་ཇི་ལྟ་བུའི་གནས་ལུགས་ཀྱི་རང་བཞིན་ལ་འཁྲུལ་བའི་དྲི་མ་བསལ་བ་མེ་ལོང་ཡེ་ཤེས་ཀྱི་རང་བཞིན་ཅན། བདུད་བགེགས་བར་ཆད་ཐམས་ཅད་འཇོམ་པར་བྱེད་པ་རྡོ་རྗེ་མི་བསྐྱོད་པ་རུ་འགྲུབ་པ་དང་། གཏི་མུག་ནི་ཡུལ་ལ་མི་རྟོག་པར་བཏང་སྙོམས་སུ་གནས་པའི་ངང་ཚུལ་ཅན་ཞིག་ཡིན་ལ། དེའི་རྩལ་དེ་ཉིད་སེམས་ལ་ཡོད་པའི་དབང་གིས་ལམ་དུས་སུ་མཚན་མར་མི་འཛིན་པ་དང་། འབྲས་དུས་ལ་སྤྲོས་པའི་སྤྱོད་ཡུལ་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་རང་བཞིན་ཆོས་དབྱིངས་ཡེ་ཤེས་ཀྱི་བདག་ཉིད་ཅན་རྣམ་པ་སྣང་མཛད་འགྲུབ་པ་ཡིན་པ་དང་། ང་རྒྱལ་ནི་མཐོ་འདོད་ཁེངས་པ་ཡི་རྣམ་པ་ཅན་ཞིག་ཡིན་ལ། དེའི་རྩལ་དེ་སེམས་ལ་ཡོད་པའི་དབང་གིས་ལམ་དུས་སུ་སྒྲུབ་པ་ཀུན་འདུས་མཆོག་ཏུ་གྱུར་པ་ཞིག་ལ་ཞུགས་ཏེ་དེ་ཉིད་ལས་མཆོག་གཞན་མེད་པར་འཛིན་པ་དང་། འབྲས་དུས་ལ་ཡོན་ཏན་ཐམས་ཅད་ཀྱི་འབྱོར་བས་ཞུམ་པའི་རྣམ་པ་མེད་པའི་མི་མཉམ་པའི་ཟུག་ངུ་དང་བྲལ་བ་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་དང་རིན་ཆེན་འབྱུང་ལྡན་ཡང་དེ་ལས་གཞན་དུ་མ་གྲུབ་པ་དང་། ཕྲག་དོག་དེ་བདག་དང་གཞན་དམིགས་ནས་མི་བཟོད་མི་མཉམ་པའི་བློ་ཞིག་ཡིན་ལ། དེའི་རྩལ་དེ་སེམས་ལ་ཡོད་པའི་དབང་གིས་ལམ་དུས་སུ་སྒྲུབ་དང་བསྒྲུབ་བྱ་མ་ཡིན་པར་འཇུག་ལྡོག་བྱེད་ཅིང་། འབྲས་དུས་ལ་གདུལ་བྱར་ཕན་པ་སྒྲུབ་ཅིང་གནོད་པ་སྤངས་ཤིང་བྱ་བ་ཐམས་ཅད་འགྲུབ་པའི་བྱ་གྲུབ་ཡེ་ཤེས་ཀྱི་རང་བཞིན་དོན་ཡོད་གྲུབ་པར་འགྲུབ་པའོ། །དེས་ན་ཉོན་མོངས་དུག་ལྔ་ཟེར་ན་སེམས་ཀྱི་རང་རྩལ་ཡིན་ལ། སེམས་ཡོད་དུས་སེམས་ཀྱི་རང་རྩལ་འགོག་དགོས་ན་ཁོག་ཀྱང་མི་སྲིད་ལ། བཀག་ཀྱང་མི་དགོས། འཁྲུལ་བས་མ་བསླད་ན་དེ་ལྟར་དུ་དེ་དག་གི་ཆོས་ཉིད་ཡེ་ཤེས་ལྔར་འཆར་བ་དེ་འདྲ་ཡིན། ཉོན་མོངས་དུག་ལྔ་གང་ཡིན་ཀྱང་ཐབས་ཀྱིས་ཟིན་ན་ཡེ་ཤེས་དང་ནི་མ་ཟིན་ན་ཉེས་སྐྱོན་གྱི་རྐྱེན་དུ་གནས་པ་ལས་རྐྱེན་གྱིས་ཁོ་རང་གི་ངོ་བོ་ལ་བཟང་ངན་དུ་སྒྱུར་ཐུབ་པ་མིན་ལ། འཕགས་པ་བློ་གྲོས་རྒྱ་མཚོའི་ཞུས་པའི་མདོ་ལས། ཇི་ལྟར་ཇི་ལྟར་མེས་ནི་རྩྭ་རྙེད་པ། །དེ་ལྟར་དེ་ལྟར་དེ་སྟོབས་ཕྱིར་ཞིང་འཕེལ། །ཇི་ལྟར་བྱང་ཆུབ་སེམས་དཔའ་ཉོན་མོངས་སྲིད། །དེ་ལྟར་དེ་ལྟར་ཤེས་རབ་མེ་རབ་འཕེལ། །ཞེས་གསུངས་པ་ལྟར་དུ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་ལ་གཟུང་འཛིན་ཐ་མ་རུ་ཞེན། ཞེན་པ་ཨ་འཐས་ནས་བདག་དང་ཆོས་སུ་བདེན་པར་འཛིན་པའི་ངོ་ཁ་ལ་སེམས་ཀྱི་རྩལ་དེ་ཉོན་མོངས་དུག་ལྔར་སྐྱེ་བར་ཡིན་ལ། འོན་ཀྱང་ཆོས་ཐམས་ཅད་དག་པ་ཡིན་པར་རྟོགས། བདག་དང་ཆོས་ཀྱི་རང་བཞིན་གང་ཡང་མ་གྲུབ་པར་རྟོགས་ཏེ་མཚན་མའི་དམིགས་གཏད་ཐམས་ཅད་དང་བྲལ་ནས་ཐམས་ཅད་མཉམ་པ་ཉིད་དུ་སྣང་བའི་དུས་སུ་རིག་པའི་རྩལ་ལྔ་བོ་དེ་གང་སྐྱེས་ཀྱང་ཡེ་ཤེས་ཡིན། ཉོན་མོངས་པའི་རང་བཞིན་ལས་ཡེ་ཤེས་གཞན་དུ་མེད་པ་ནི་ཉོན་མོངས་པའི་རང་བཞིན་ཉིད་ཡེ་ཤེས་ཡིན་པའི་དབང་གིས་ཡིན་ལ། ཉོན་མོངས་དུག་ལྔ་འདི་དག་ཉན་ཐོས་པས་སྤང་བྱར་འཛིན། བྱང་ཆུབ་སེམས་དཔས་སྦྱང་བྱར་འཛིན། སྔགས་ཐུན་མོང་གི་ལམ་གྱིས་ལམ་དུ་བྱེད་པའི་ཁྱད་པར་ཡོད་པས། གོང་མ་གོང་མར་མ་རྨོངས་པ་དང་ཐབས་ཀྱིས་འཕགས་པའི་ཁྱད་པར་དེ་ལྟར་ཡོད་པ་ཡིན། དེས་ན་ཐུན་མོང་ཐེག་པ་ལས་ཁྱད་པར་དུ་གྱུར་པའི་སྔགས་ཀྱི་སྐབས་སུ་ཉོན་མོངས་ལྔ་དེ་དེ་བཞིན་གཤེགས་པའི་རིགས་ཡིན། དེ་ཐབས་ཀྱིས་ལམ་དུ་བྱས་ན་དེ་ལས་ཡེ་ཤེས་འཆར་བ་དང་། དེ་ཉིད་རྟོགས་པས་ཟིན་ན་ཡེ་ཤེས་ཀྱི་ངོ་བོར་གྱུར་བ་ཡིན་པས། འཁྲུལ་བ་ཡེ་ཤེས་སུ་དག་ལུགས་ཐུན་མོང་དང་ཁྱད་པར་གྱི་དབྱེ་བ་དང་གོ་དོན་རགས་རིམ་ཞིག་ཞུས་ནས། འདིར་གང་འཆད་པར་བྱ་བ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ཆོས་མཛོད་ཐམས་ཅད་ཀྱི་མཐར་ཐུག་པ། ཟབ་གསང་རྫོགས་པ་ཆེན་པོའི་ངེས་གསང་སྙིང་པོའི་དོན། གངས་ལྗོངས་རི་བོའི་ཁྲོད་འདིར་གསལ་བར་བྱེད་པའི་རྫོགས་ཆེན་བསྟན་པའི་ཤིང་རྟ་པ་ཆེན་པོ། ཀུན་མཁྱེན་ངག་གི་དབང་པོའི་གསུང་རབ་དྲི་མ་མེད་པ་རིན་པོ་ཆེའི་མཛོད་ཆེན་རྣམ་པར་བདུན་གྱི་གྲངས་སུ་བཞུགས་པ་དེ་ཉིད་ལས། ཐམས་ཅད་ཀྱི་ཐོག་མའམ་དང་པོར་གྱུར་པ། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ཊཱིཀ་ཆེན་པདྨ་དཀར་པོ་ཞེས་པ་འདི་ཉིད་འཆད་ཉན་བགྱི་བཞིན་པ་ལས། འདིའི་འཇུག་ཡུལ་བསྟན་བཅོས་དངོས་ཀྱི་ལུས་ལ་འཁོར་བའི་རང་བཞིན་སྤང་བྱར་བསྟན་པ་དང་། མྱང་འདས་ཀྱི་རང་བཞིན་བླང་བྱར་བསྟན་པ་གཉིས་ཀྱི་སྤྱིའི་ཆིངས་ཀྱིས་བཅིང་པ་ལས། དང་པོ་སོང་ནས། གཉིས་པ་ལ་སྦྱོང་བྱེད་ཐབས་ཀྱི་རིམ་པ་དང་། སྦྱོང་འབྲས་མཐར་འབྲས་བུའི་རྣམ་བཞག་བཤད་པ་གཉིས་ལས། སྔ་མ་དེ་ལའང་ལམ་དངོས་དང་། ཇི་ལྟར་བགྲོད་ཚུལ་རྣམ་པར་གཉིས་ཡོད་པ་ལས། དང་པོ། དེ་ལའང་ཐོས་བསམ་སྒོམ་གསུམ་ལས་ཐོས་པའི་སྐབས་ལས། གང་ལས་ཐོས་པར་བྱ་བའི་ཡུལ། ཇི་ལྟར་ཐོས་པར་བྱ་བའི་ཚུལ། ཐོས་པ་དངོས་ཀྱི་དོན་གཏན་ལ་དབབ་པ་དང་གསུམ་ལས། ཕྱི་མའི་སྐབས་ལས་འགའ་ཞིག་སོང་སྟེ། གཉིས་པ་སློབ་མས་ཇི་ལྟར་ཉན་ཚུལ་ལ། བསྟན་བཤད་གཉིས། དང་པོ།

སློབ་མས་ཇི་ལྟར་ཉན་ཚུལ་མདོར་བསྟན་པ།

དེ་ལྟར་གང་ལས་ཐོས་པར་བྱ་བའི་ཡུལ་བསྟན་པའི་རྗེས་ཐོགས་སུ། གང་གིས་ཐོས་པ་འཛིན་པའི་ཡུལ་ཅན་ཉིད་བཤད་པ་ནི། དེ་ནས་ཉན་བྱེད་སློབ་མའི་ཆོས་ཚུལ་ནི། །ཞེས་གསུངས་ཏེ། མཚམས་སྦྱར་བའི་ཚུལ་གྱིས་མདོར་བསྟན་ནས། གཉིས་པ་ལ། སྐྱོན་ཡོན་གྱི་སྒོ་ནས་གང་གིས་ཉན་པ་པོ་བསྟན་པ་དང་། དུས་ནམ་གྱི་ཚེ་ཉན། ཚུལ་ཇི་ལྟ་བུས་ཉན་པར་གདམས་པ་གསུམ། དང་པོ་ལ་མདོར་བསྟན་པ་དང་། བྱེ་བྲག་རྒྱས་པར་བཤད་པ་གཉིས། དང་པོ།

སྐྱོན་ཡོན་གྱི་སྒོ་ནས་གང་གིས་ཉན་པ་པོ་མདོར་བསྟན་པ།

སྐྱོན་རྣམས་སྤངས་ལ་གུས་པས་མཉན་པར་བྱ། །ཞེས་གསུངས་ཏེ། ཆོས་ཉན་པ་དེའི་ཚེ་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག ཉེས་པ་སུམ་ཅུ་རྩ་དྲུག་གི་ཚོགས་དང་བྲལ་བའི་ཚུལ་གྱིས་མཉན་པར་བྱའོ། །སྐྱོན་གསུམ་ནི་སྣོད་ཁ་སྦུབ་པ་དང་། ཞབས་རྡོལ་བ་དང་། དུག་ཅན་ལྟ་བུའི་ཚུལ་ཏེ། དེ་ཡང་སྣོད་ཁ་སྦུབ་པའི་ནང་དུ་བདུད་རྩིའི་ཆར་བབས་པའི་ཐིགས་པ་གཅིག་ཀྱང་མི་འོང་བ་ལྟར། ཆོས་ལ་རྣ་བ་མི་གཏོད་པའམ། གཏོད་ཀྱང་གཉིད་རྨུགས་དང་རྩེ་འཇོ་དང་གཞན་དུ་ཡིད་འཕྲོ་བར་བྱེད་པའོ། །ཞབས་རྡོལ་བའི་སྣོད་ས་ཐོག་ལ་བཞག་ཡོད་རིང་དུ་ས་ལ་བརྟེན་ནས་ཆར་བབས་པའི་ཆུ་ཡོད་པ་ཀུན་ཅུང་ཙམ་བརྟེན་ཡང་སྣོད་ཡར་བཀྱགས་པའམ་བཏེག་ན་ཟག་པ་སྟེ་དབོ་བ་ལྟར། ཆོས་ཐོས་པ་ཐེངས་རེ་དེ་ན་ཡོད་རིང་ཟིན་ཡང་། ཡང་དང་ཡང་དུ་དྲན་པ་ལ་འདྲིས་པར་མ་བྱས་པས་བརྗེད་པར་གྱུར་པ་ཆོས་ཁྲིད་ཀྱི་ནང་དུ་བཤད་ཚེ་གོ་ཞིང་དེ་ཚེ་དྲན་ཡང་། སྒོར་བུད་དུས་བརྗེད་པ་ནི་མི་བརྗེད་པའི་དྲན་པ་ཞན་པའམ་དེས་མ་ཟིན་པས་ཡིན་ཕྱིར་དྲན་པ་བསྟེན་དགོས་པ་དང་། དུག་ཅན་སྣོད་དུ་ཆར་ཆུས་གང་བ་མ་བོ་བར་གནས་ནས་ཡོད་ཀྱང་དུག་གིས་སྦག་པའི་ཆུ་གང་གིས་སྤྱད་པ་དེ་ཉིད་མི་བདེ་བ་འགྱུར་བ་ལྟར། ཉོན་མོངས་པའི་དབང་དུ་སོང་ནས་ཉོན་མོངས་པའི་དབང་གིས་ཐོས་པ་བྱས་ཀྱང་སླར་ཞིང་ཐོས་པས་དེ་ཡོན་ཏན་གྱི་རྒྱུ་རུ་མ་སོང་བར་ང་རྒྱལ་གྱི་རྒྱུ་རུ་སོང་ནས་རྒྱགས་པར་འགྱུར་བ་ཡིན་ཏེ། ཞེས་སྣོད་ཀྱི་སྐྱོན་ཁ་སྦུབ་ཞབས་རྡོལ་དུག་ཅན་ལྟ་བུས་ཆོས་ཉན་པས་མ་གོ་པ་དང་གཅིག ཉན་ཡང་དྲན་པས་མ་ཟིན་པ་དང་གཉིས། ཟིན་ཀྱང་ཉོན་མོངས་དང་འདྲེས་པ་དེ་གསུམ་སྤང་བར་གདམས་པ་ཡང་། ཡུམ་བར་མ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ་ཞེས་གསུངས་ཏེ། ལེགས་པ་ཞེས་པ་གང་ཡིན་ན་ཉོན་མོངས་པ་མེད་པར་ལེགས་པར་ཉོན། ཁ་མ་སྦུབ་པར་རབ་ཏུ་ཉོན། ཞབས་མ་རྡོལ་བར་ཡིད་ལ་ཟུང་ཞེས་གདམས་པ་ཡིན་ནོ། །དྲི་མ་དྲུག་ནི་རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་པ་ལྟར་རོ། །གཉིས་པ་ལ། ཉེས་པ་སུམ་ཅུ་རྩ་དྲུག་བཤད་པ་དང་། ཡོན་ཏན་སུམ་ཅུ་རྩ་དྲུག་བཤད་པ་གཉིས། དང་པོ།

ཉེས་པ་སུམ་ཅུ་རྩ་དྲུག་བཤད་པ།

ཉེས་པ་སུམ་ཅུ་རྩ་དྲུག་ནི། མ་གུས་ལ་སོགས་བདུད་ཀྱི་ལས་དྲུག་དང་། །ང་རྒྱལ་ལ་སོགས་སྒྲིབ་པའི་ལས་དྲུག་དང་། །ཚུལ་དུ་འཆོས་སོགས་ཆོས་སྤོང་ལས་དྲུག་དང་། །ཟང་ཟིང་གཉེར་སོགས་གཡེང་བའི་སྐྱོན་དྲུག་དང་། །རྙེད་བཀུར་ཆགས་སོགས་ལོག་པའི་སྐྱོན་དྲུག་དང་། །གཞན་དུ་བྱེད་སོགས་གོལ་བའི་ཆོས་དྲུག་སྟེ། །ཉེས་པ་སུམ་ཅུ་རྩ་དྲུག་སྤངས་ལ་མཉན། །ཞེས་གསུངས་ཏེ། འདི་དག་ནི་ཡོན་ཏན་ཡོངས་སུ་བཀོད་པའི་མདོ་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ། འཇམ་དཔལ་རྣམ་པར་འཕྲུལ་བའི་མདོ་དང་། ལག་བཟང་གིས་ཞུས་པའི་མདོ་ལ་སོགས་པའི་ལུང་གིས་བསྟན་པས་གསལ་བར་བྱས་པ་སྟེ། དེ་ལ་བདུད་ཀྱི་ལས་དྲུག་ནི། འཕགས་པ་ཆོས་ཐམས་ཅད་ཀྱི་ཡོན་ཏན་ཡོངས་སུ་བཀོད་པའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། རིགས་ཀྱི་བུ་བཞི་པོ་འདི་དག་ནི་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འབྲི་བ་དང་ཉན་དུ་འཇུག་པའི་བདུད་ཀྱི་ལས་ཡིན་ཏེ། བཞི་གང་ཞེ་ན། ལེ་ལོའི་བདུད་ལས་དང་། སྙོམ་ལས་ཀྱི་བདུད་ལས་དང་། ཆོས་དང་ཆོས་སྨྲ་བ་ལ་མ་དད་པའི་བདུད་ལས་དང་། དགེ་བའི་བཤེས་གཉེན་ལ་སྲི་ཞུས་མི་འདུད་པའི་བདུད་ལས་དང་། བསྟན་པ་བཞིན་ཡིད་ལ་མི་བྱེད་པ་དང་། འཇིག་རྟེན་འདི་ལ་སེམས་པས་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཁྱད་དུ་གསོད་པའོ་ཞེས་སོ། །མདོ་ལས་བདུད་ཀྱི་ལས་བཞི་ཚན་གསུམ་སྟེ་བཅུ་གཉིས་སུ་གསུངས་པའང་འདིར་བསྟན་དྲུག་པོ་འདིར་གཞན་དྲུག་ཀྱང་དོན་གྱིས་འདུས་པས་འདིར་དྲུག་ཏུ་མཛད་པའོ། །སྒྲིབ་པའི་ལས་དྲུག་ནི། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ལེའུ་བརྒྱད་པའི་བམ་པོ་བདུན་པ་ཐུག་མཚམས་ནས། ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ཚན་བཞི་བཅུར་གསུངས་པའི་བཞི་ཚན་དང་པོ་ན་སྒྲིབ་པའི་ལས་དྲུག་གི་དང་པོ་བཞི་དངོས་སུ་བསྟན་ཅིང་། ཐ་མ་གཉིས་ནི་བཞི་ཚན་བཞི་པ་ན་དགེ་བའི་བཤེས་གཉེན་ལ་སྡིག་གྲོགས་སུ་འདུ་ཤེས་པ། སྡིག་གྲོགས་ལ་དགེ་བའི་བཤེས་གཉེན་དུ་འདུ་ཤེས་པ། ཆོས་མིན་ལ་ཆོས་སུ་འདུ་ཤེས་པ། ཆོས་ལ་ཆོས་མིན་དུ་འདུ་ཤེས་པ་བཞིར་གསུངས་པ་འདིར་དོན་གཉིས་སུ་བསྟན་པའོ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རང་གི་རྒྱུད་ལ་བདུད་ཞུགས་པས་ང་རྒྱལ་ཆེ་བ་སྒྲིབ་པའི་ལས་དང་གཅིག ལས་ཀྱི་སྒྲིབ་པས་ཆོས་སྤོང་བ་སྒྲིབ་པའི་ལས་དང་གཉིས། རྒྱང་འཕེན་གྱི་གསང་ཚིག་འཆོལ་བས་ཉེ་བར་བསྟན་པ་ཉན་པ་དང་གསུམ། བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་ཉན་པ་དང་བཞི། དགེ་བའི་བཤེས་གཉེན་ལ་ལོག་པར་ལྟ་བ་དང་ལྔ། ཆོས་ལ་ལོག་པར་ལྟ་བ་སྟེ་དྲུག་གོ་ཞེས་སོ། །ཆོས་སྤོང་བའི་རྒྱུ་དྲུག་ནི། བཤད་མ་ཐག་པའི་མདོ་དེ་ཉིད་ལས། དང་པོ་ནི་བཞི་ཚན་བཅུ་གསུམ་པར་ལུས་ངག་ཡིད་གསུམ་ཚུལ་འཆོས་གསུམ་གསུངས་པ་གཅིག་ཏུ་བསྡུས་ཏེ་བསྟན་ལ། དེའི་ཐ་མ་ནི་འདིའི་བཞི་པའོ། །དེའི་ལྷག་མ་བཞི་ནི་བཞི་ཚན་བཅོ་ལྔ་པར་བསྟན་པའོ། །དེ་ཡང་སྡིག་པ་འདོད་པས་ལུས་སེམས་ཚུལ་འཆོས་པ་ཆོས་སྤོང་བའི་རྒྱུའི་ལས་དང་། ང་རྒྱལ་གྱིས་ཆོས་སྨྲ་བ་ལ་མི་གུས་པའི་ཆོས་སྤོང་བའི་རྒྱུའི་ལས་དང་། ཐེ་ཚོམ་གྱིས་ཆོས་ལ་མི་གུས་པ་དང་། ཚུལ་འཆོས་ཀྱིས་ལོག་པར་འཚོ་བ་དང་། ཕ་མ་དང་མཁན་པོ་དང་སློབ་དཔོན་ལ་མི་གུས་པ་དང་། ལུས་སེམས་རྩུབ་པས་རྟག་ཏུ་མི་མཐུན་པར་རྩོད་པའོ་ཞེས་སོ། །ཆོས་ལས་གཡེང་བའི་སྐྱོན་དྲུག་ནི། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་དེ་ཉིད་ལས། དང་པོ་བཞི་ནི་བཞི་ཚན་སོ་དྲུག་པར་བསྟན་ལ། ལྔ་པ་ནི་བཞི་ཚན་སོ་བདུན་པའི་ལྟ་བ་བཞིས་མཚོན་པའི་གོང་འོག་ཏུ་བསྟན་པ་ཕལ་མོ་ཆེ་འདིར་འདུས་ཤིང་། དྲུག་པ་ནི་བཞི་ཚན་ཐ་མས་བསྟན་པའི་སྒྲིབ་པ་གསུམ་དང་། བདུད་ལས་དང་དེའི་འབྲས་བུ་ནད་གདོན་མང་བའང་དོན་གྱིས་བསྟན་ཏེ། གོང་འོག་གི་དོན་ཕལ་ཆེ་བའང་འདིར་འདུས་སོ། །དེ་ཡང་འཇིག་རྟེན་གྱི་བྱ་བྱེད་མང་བས་ཆོས་ལས་གཡེང་བའི་སྐྱོན་དང་། ཟང་ཟིང་གི་རྙེད་པ་མང་བས་ཆོས་ལས་གཡེང་བའི་སྐྱོན་དང་། ངག་ཚིག་བྲེ་མོའི་གཏམ་གྱི་སྦྱོར་བ་མང་བས་ཆོས་ལས་གཡེང་བའི་སྐྱོན་དང་། སྡིག་པའི་གྲོགས་ཀྱི་མཛའ་བཤེས་མང་བ་དང་། ལོག་པར་རྟོག་པའི་བློ་མང་བ་དང་། ལས་ངན་པའི་དབང་གིས་ནད་གདོན་མང་བའོ་ཞེས་སོ། །ལོག་པར་འཁྱོག་པའི་སྐྱོན་དྲུག་ནི། དཀོན་བརྩེགས་ཀྱི་ལེའུ་བཅོ་བརྒྱད་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། གསུངས་ཏེ། དེ་ཡང་དང་པོ་གཉིས་ནི་བྱང་ཆུབ་སེམས་དཔའི་གཡང་ས་བཞི་གསུངས་པས་བསྟན་ལ། བར་མ་གཉིས་ནི་བྱང་ཆུབ་ལ་གེགས་བྱེད་པའི་ཆོས་བཞི་བསྟན་པ་དེར་འདུ་ཞིང་། ལྔ་པ་ནི་བསྟེན་པར་མི་བྱ་བ་བཞི་གསུངས་པས་གསལ་ལ། དྲུག་པ་ནི་སྡུག་བསྔལ་རྣམ་པར་སྨིན་པའི་ཆོས་བཞི་དང་འཆིང་བ་བཞི་བཤད་པའི་དོན་གྱིས་བསྟན་ཏོ། །དེ་ཡང་བཀའ་དྲིན་གྱིས་བྱས་པ་མི་གཟོ་ཞིང་གཡོ་བྱེད་པ་འཁྱོག་པའི་སྐྱོན་དང་། རྙེད་པ་དང་བཀུར་སྟི་ལ་ཆགས་པས་ཆོས་སྒྲུབ་པ་ལོག་པར་འཁྱོག་པའི་སྐྱོན་དང་། ཕ་རོལ་གྱི་རྙེད་པ་ལ་ཕྲག་དོག་དང་སེར་སྣ་བྱེད་པ་ལོག་པར་འཁྱོག་པའི་སྐྱོན་དང་། ཆོས་སྨྲ་བའི་ཡོན་ཏན་ལ་མི་སེམས་པར་འཁྲུལ་པ་འཚོལ་བ་དང་། སྡིག་པའི་སློབ་དཔོན་ལ་དད་ཅིང་བསྟེན་པ་དང་། རྟོག་གེ་འཚོལ་གྱི་བསོད་ནམས་ཀྱི་ཡོན་ཏན་མི་འཚོལ་བའོ་ཞེས་སོ། །ཐེག་པ་ཆེན་པོ་ལས་གོལ་བའི་ཆོས་དྲུག་ནི། འཇམ་དཔལ་རྣམ་པར་འཕྲུལ་པའི་མདོ་ལས། ལྷའི་བུ་ཉི་ཤུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཡང་དག་ཕུལ་ཡིན་ནོ། །ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། རྣལ་འབྱོར་སྤྱོད་པ་རྣམ་པར་གྲོལ་བ་འདོད་ཅིང་འཁོར་བས་སྐྲག་པ་རྣམས་ལ་བརྟེན་པ་དང་། བསྙེན་པ་དང་བསྙེན་བཀུར་བྱེད་པ་ནི་བདུད་ཀྱི་ལས་སོ། །སྟོང་པ་ཉིད་ལ་སོ་སོར་རྟོག་ཅིང་སེམས་ཅན་ཡལ་བར་འདོར་བ་ཡང་བདུད་ཀྱི་ལས་སོ། །འདུས་མ་བྱས་ལ་སོ་སོར་རྟོག་ཅིང་འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་ཡོངས་སུ་སྐྱོ་བ་ཡང་བདུད་ཀྱི་ལས་སོ། །བསམ་གཏན་བསྐྱེད་ཅིང་བསམ་གཏན་ལས་རྣམ་པར་ལྡོག་པར་ཚོལ་བ་ཡང་བདུད་ཀྱི་ལས་སོ། །ཆོས་སྟོན་ཀྱང་ཆོས་ཉན་པ་རྣམས་ལ་སྙིང་རྗེ་ཆེན་པོ་མི་སྐྱེད་པ་ཡང་བདུད་ཀྱི་ལས་སོ། །ཡོན་ཏན་དང་ལྡན་པ་དང་། ཡོན་ཏན་གྱི་གནས་ཚོལ་ཞིང་ཚུལ་ཁྲིམས་ངན་པ་ཅན་རྣམས་ལ་ཁྲོ་བ་ཡང་བདུད་ཀྱི་ལས་སོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་གཏམ་བརྗོད་ཅིང་ཐེག་པ་ཆེན་པོའི་གཏམ་འཆབ་པའང་བདུད་ཀྱི་ལས་སོ། །ཟབ་མོའི་གཏམ་འཆབ་ཅིང་གཏམ་སྣ་ཚོགས་སྟོན་པ་ཡང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའི་ལམ་ཤེས་ཀྱང་། ཕ་རོལ་ཏུ་ཕྱིན་པའི་ལམ་ཡོངས་སུ་མི་ཚོལ་བ་ཡང་བདུད་ཀྱི་ལས་སོ། །རབ་ཏུ་བརྩོན་པའི་བསྔགས་པ་བརྗོད་ཀྱང་སེམས་ཅན་མི་བརྩོན་པ་རྣམས་མངོན་པར་མི་སྦྱོར་བ་ཡང་བདུད་ཀྱི་ལས་སོ། །དགེ་བའི་རྩ་བ་སོགས་ཀྱང་བྱང་ཆུབ་ཀྱི་སེམས་མངོན་དུ་མི་བྱེད་པ་ཡང་བདུད་ཀྱི་ལས་སོ། །ལྷག་མཐོང་གི་རྣལ་འབྱོར་དང་ལྡན་པར་གནས་ཀྱང་སེམས་ཅན་རྣམས་ལྷག་མཐོང་ཡང་དག་པར་འཛིན་དུ་མི་འཇུག་པ་ཡང་བདུད་ཀྱི་ལས་སོ། །ཉོན་མོངས་པ་མ་ལུས་པ་ཟད་པར་ཚོལ་ཞིང་འཁོར་བའི་རྒྱུན་གྱི་ཉོན་མོངས་པ་ལ་སྨོད་པ་ཡང་བདུད་ཀྱི་ལས་སོ། །ཤེས་རབ་ཀྱིས་རྣམ་པར་སྤྱོད་ཅིང་སྙིང་རྗེ་ཆེན་པོ་ལ་དམིགས་པ་མི་འཛིན་པ་ཡང་བདུད་ཀྱི་ལས་སོ། །ཐབས་དང་མི་ལྡན་པར་དགེ་བ་སྤྱོད་པ་ཐམས་ཅད་ཀྱང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་ཚོལ་གྱི་འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་འཛིན་པ་ཡང་བདུད་ཀྱི་ལས་སོ། །མང་དུ་ཐོས་ཀྱང་གཞན་གྱིས་ཤེས་ཀྱིས་དོགས་ཏེ། སློབ་དཔོན་ཆོས་འཆབ་པའང་བདུད་ཀྱི་ལས་སོ། །འཇིག་རྟེན་གྱི་དོགས་པའི་ཞལ་ཏ་བྱེད་ཅིང་མང་དུ་ཐོས་པ་མི་ཚོལ་བ་ཡང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་སྐལ་བ་མཉམ་པ་རྣམས་ལ་མི་བརྟེན་མི་བསྙེན་བསྙེན་བཀུར་མི་བྱེད་ཀྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་སྐལ་པ་མི་མཉམ་པ་ལ་དགའ་བ་ཡང་བདུད་ཀྱི་ལས་སོ། །གང་གི་ཚེ་བརྒྱ་བྱིན་ནམ། ཚངས་པའམ། འཇིག་རྟེན་སྐྱོང་བའམ། རྒྱལ་པོའམ། ཚོང་དཔོན་ནམ། ཁྱིམ་བདག་གི་ལོངས་སྤྱོད་དང་། ནོར་དང་རིན་པོ་ཆེ་དང་། དབང་ཕྱུག་གི་ཆེ་བ་ཉིད་དུ་གྱུར་པ་དེའི་ཚེ་ཆོས་ཀྱི་ཆེ་བ་ཉིད་དང་ལྡན་པ་རྣམས་ལ་མི་བརྟེན་མི་བསྙེན་བསྙེན་བཀུར་མི་བྱེད་པ་འདི་དག་ནི་ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཡང་དག་ཕུལ་ཉི་ཤུ་འོ། །ཞེས་གསུངས་པའི་སྐབས་ནས་བསྟན་པ་སྟེ། དེ་ལ་འདིར་བསྟན་དང་པོ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་ཚོལ་བར་འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་འཛིན་པ་ཞེས་དང་། གཉིས་པ་དངོས་སུ་བསྟན་ཅིང་། གསུམ་པ་བྱང་ཆུབ་སེམས་དཔའི་ལམ་ཤེས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ལམ་ཡོངས་སུ་མི་ཚོལ་བ་ཞེས་པས་བསྟན་ཅིང་། དྲུག་པ་ནི། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་སྐལ་བ་མཉམ་པ་རྣམས་ལ་མི་སྟེན་ཞེས་སོགས་ནས་བདུད་ཀྱི་ལས་ཡང་དག་ཕུལ་ཉི་ཤུའོ། །ཞེས་པའི་བར་གྱིས་བསྟན་ལ། བཞི་པ་ལྔ་པ་གཉིས་མ་དཔེར་ཆད་པ་ལ་ཁ་བསྣན་དུ་བྱས་པ་འདིར་བདུད་ལས་ལྷག་མ་མཐའ་དག་ཡོངས་སུ་རྫོགས་པར་འདུ་སྟེ། དེ་དག་གི་དོན་རྒྱས་པར་བཤད་ན་མང་བས་བཞག་ལ་མདོ་ཉིད་དུ་བལྟས་པས་གསལ་ལོ། །དེ་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་འཚོལ་བར་མུ་སྟེགས་ཀྱི་རྫུ་འཕྲུལ་འཚོལ་བ་དང་། འཇིག་རྟེན་པའི་ཞལ་ཏ་བྱེད་ཅིང་མང་དུ་ཐོས་པ་མི་འཚོལ་བ་དང་། ཚིག་གི་ཐོས་པ་འཚོལ་ཞིང་དེས་རྣམ་པར་གྲོལ་བ་མི་འཚོལ་བ་ཐེག་ཆེན་ལས་གོལ་བའི་ཆོས་དང་། ཉན་རང་གི་སྡེ་སྣོད་ཚོལ་གྱི་བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་འཚོལ་བ་ཐེག་ཆེན་ལས་གོལ་བའི་ཆོས་དང་། ཐབས་ལ་མཁས་པ་མངོན་དུ་མི་བྱེད་པར་ཉོན་མོངས་པ་ཟད་པ་འཚོལ་བ་ཐེག་ཆེན་ལས་གོལ་བའི་ཆོས་དང་། རིག་པའི་གནས་ལ་མཁས་པ་འདོད་ཀྱི་དགེ་བའི་བཤེས་གཉེན་མི་འཚོལ་བའོ་ཞེས་སོ། །དེ་ལྟ་བུའི་སྐྱོན་རྣམས་སྤངས་ལ་དམ་པའི་ཆོས་མཉན་ནོ། །གཉིས་པ།

ཡོན་ཏན་སུམ་ཅུ་རྩ་དྲུག་བཤད་པ།

སྐྱོན་དེ་རྣམས་སྤངས་ནས་ཡོན་ཏན་ཇི་ལྟ་བུ་དང་ལྡན་པས་མཉན་ཞེ་ན། ཆོས་ཉན་པ་ལ་ཞུགས་པ། གང་ཚེ་ལེགས་པའི་ཚུལ་གྱིས་མཉན་བྱ་བ། །ནོར་བུའི་འདུ་ཤེས་ལ་སོགས་གཅེས་པ་དྲུག །ཉོན་མོངས་བཟོད་སོགས་དཀའ་བའི་སྤྱོད་པ་དྲུག །ཐོས་མང་གཉེར་སོགས་རྐྱེན་གྱིས་མི་འགྱུར་དྲུག །སྙིང་རྗེ་བསྐྱེད་སོགས་ཆེད་དུ་བྱ་བ་དྲུག །བྱེ་བྲག་ཤེས་སོགས་དགོས་པ་རྣམ་པ་དྲུག །ཆོས་འཚོལ་ལ་སོགས་འཚོལ་བ་རྣམ་དྲུག་སྟེ། །ཡོན་ཏན་སུམ་ཅུ་རྩ་དྲུག་ལྡན་པས་ཉན། །ཞེས་གསུངས་ཏེ། དང་པོ་ནོར་བུའི་འདུ་ཤེས་ལ་སོགས་པའི་གཅེས་པའི་འདུན་པ་དྲུག་བསྟན་པ་ནི། ལག་བཟང་གིས་ཞུས་པའི་མདོའི་ཤེས་རབ་ཀྱི་སྐབས་ལས། དེ་ཆོས་རྣམས་ལ་རིན་པོ་ཆེར་འདུ་ཤེས་ཏེ་ཉེ་བར་གནས་སོགས་ཀྱིས་བསྟན་ཏེ། ཆོས་འཛིན་པ་ལ་དོན་ཡོད་པར་སྲོག་ལ་སོགས་པར་འདུ་ཤེས་ཞེས་པ་འདི། སྐབས་འདིར་གཅེས་པའི་འདུ་ཤེས། ཆོས་འཚོལ་བ་སྤོང་བ་དངོས་བསྟན་དུ་མེད་ཀྱང་གོང་འོག་ན་ཤུགས་ཀྱིས་བསྟན་ཏོ། །ཆོས་སྨྲ་བའི་བླ་མ་ལ་རིན་པོ་ཆེའི་གཏེར་དུ་འདུ་ཤེས་པ་དང་། ཆོས་ལ་ཡིད་བཞིན་གྱི་ནོར་བུར་འདུ་ཤེས་པ་དང་། ཆོས་ཉན་པ་ལ་རབ་ཏུ་དཀོན་པའི་འདུ་ཤེས་པ་དང་། ཆོས་འཛིན་ཅིང་བསམ་པ་ལ་གཅེས་པའི་དོན་ཡོད་པར་འདུ་ཤེས་པ་དང་། ཆོས་ལ་སོ་སོར་རྟོག་པ་ལ་ཚེ་རབས་བརྒྱར་མི་རྙེད་པར་འདུ་ཤེས་པ་དང་། ཆོས་འཚོལ་བ་སྤང་བ་རྣམས་ལ་བདུད་རྩི་བོར་ནས་དུག་ལ་སྤྱོད་པར་འདུ་ཤེས་པ་དང་། ཉན་ཅིང་སེམས་པ་རྣམས་ལ་དོན་དང་བཅས་པར་འགྱུར་བའི་འདུན་པ་བསྟེན་པར་བྱའོ་ཞེས་སོ། །དཀའ་བའི་སྤྱོད་པ་དྲུག་བཟོད་པ་དང་རྐྱེན་གྱིས་མི་འགྱུར་བ་དྲུག་ནི་མདོ་དེའི་ཤེས་རབ་དང་བརྩོན་འགྲུས་གཉིས་ཀའི་སྐབས་ནས། ལག་བཟང་འདི་ལ་བྱང་ཆུབ་སེམས་དཔའ་མདུང་ཐུང་གིས་བཟློགས་ཀྱང་གང་ཟག་གང་དག་ཐོས་པ་མང་བ་སོགས་ཀྱིས་བསྟན་ཏེ། ཚ་གྲང་། བཀྲེས་སྐོམ། ངན་སྨྲས་དང་ངན་སྨྲས་ཀྱི་ཚིག་ལམ་དངོས་གསལ། ངལ་དུབ་འགྲོ་ལས་ནི་སྡིག་སྦྲུལ་གྱི་རེག་པ་སོགས་ལྔ་དང་། ལུས་ཀྱི་ཚོར་བ་དྲག་པ་གསུམ་གྱིས་བསྟན། ཡོ་བྱད་གཏོང་བཟོད་སྐབས་འདིར་མེད་ཀྱང་གོང་འོག་ཏུ་དོན་གྱིས་གསལ་པོར་བསྟན། སྲོག་འཆད་པའང་ཁྱད་དུ་བསད་ནས་ཆོས་ཚོལ་བ་དངོས་སུ་ཡོད། མདུང་ཐུང་གིས་མི་བཟློག་པར་ཐོས་པ་བསགས་སོགས་དྲུག་དངོས་སུ་ཡོད། དེ་ལྟ་བུ་ལ་བསྟེན་པ་ཞེས་པས་ཐོས་དོན་རྟོགས་པ་རྣམས་ལ་ཡོངས་སུ་བརྟེན་ཅིང་བསྙེན་བཀུར་བྱ་བའོ། །དཀའ་བའི་སྤྱོད་པ་དྲུག་བཟོད་པར་བསྟན་པ་ནི། དེ་ལས། དགེ་བའི་བཤེས་གཉེན་དང་ཆོས་ཀྱི་ཕྱོགས་སུ་ཚ་བ་དང་གྲང་བའི་ཉོན་མོངས་པ་བཟོད་པ་དང་། བཀྲེས་པ་དང་སྐོམ་པས་ཉོན་མོངས་པ་བཟོད་པ་དང་། ངན་སྨྲས་དང་འཕྱ་སྨོད་ཀྱིས་རྒྱ་གད་དེ་བཞད་གད་ཀྱིས་ཉོན་མོངས་པ་བཟོད་པ་དང་། ངལ་དུབ་འགྲོ་ལས་ཀྱིས་ཉོན་མོངས་པ་ལུས་ཀྱི་ཚོར་བ་དྲག་པོ་དང་། སྡིག་སྦྲུལ་གྱི་རེག་པ་སོགས་བཟོད་པ་དང་། ཡོ་བྱད་གཏོང་བ་དང་འཚོལ་བས་ཉོན་མོངས་པ་བཟོད་པ་དང་། གཅེས་པར་འཛིན་པའི་སྲོག་ལའང་བསྡོས་ཏེ་བཟོད་པར་བྱ་བ་གཅེས་སོ། །ཞེས་སོ། །རྐྱེན་གྱིས་མི་འགྱུར་བ་དྲུག་གི་གོ་ཆ་ནི། ཡང་ལག་བཟང་གིས་ཞུས་པའི་དེ་ཉིད་ལས་ཆོས་སྟོན་པ་དང་ཆོས་ཀྱི་ནན་ཏན་ལྷུར་བྱེད་པ་ལ་མདུང་ཐུང་གིས་ཀྱང་མི་བཟློག་པར་གོ་ཆ་བགོ་ཞིང་འབད་དོ། །ཐོས་པ་མང་དུ་བསོགས་པའི་གོ་ཆ་དང་། ཐོས་པ་མང་དུ་འཛིན་པའི་གོ་ཆ་དང་། ཆོས་ཀྱི་དོན་ཤེས་པའི་གོ་ཆ་དང་། དེ་ཉིད་སྤྱོད་པ་དང་ལྡན་པ་དང་། གཞན་ཡང་དེ་ལྟ་བུ་ཐོས་དོན་རྟོགས་པ་རྣམས་ལ་ཡོངས་སུ་བརྟེན་པ་དང་། དེ་ལྟ་བུ་ལ་བསྙེན་བཀུར་བྱེད་པའི་གོ་ཆ་བགོ་བའོ་ཞེས་སོ། །ཆེད་དུ་བྱ་བའི་ཁྱད་པར་དྲུག་ནི། མདོ་དེའི་བསམ་གཏན་གྱི་སྐབས་ལས། དེ་སྙོམས་པར་འཇུག་པ་ན་དགེ་བའི་རྩ་བ་ཐམས་ཅད་དམིགས་པ་ལ་སེམས་ཉེ་བར་འཇོག་སྟེ། ཞེས་སོགས་ཀྱིས་བསྟན་ལ། གཉིས་པ་མ་གཏོགས་གཞན་ལྔ་པོ་དངོས་སུ་གསུངས། གཉིས་པ་ནི་བསམ་གཏན་གྱི་སྐབས་ཀྱི་བསྟན་བྱའི་གཙོ་བོར་མངོན་པས་དོན་གྱིས་འཕང་ངོ་། །དགེ་བའི་རྩ་བ་ཐམས་ཅད་ཤེས་པར་བྱ་བའི་ཁྱད་དུ་བྱ་བ་དང་། ཤེས་ནས་དེ་དག་ཚུལ་བཞིན་དུ་བསྒྲུབ་པའི་ཆེད་དུ་བྱ་བ་དང་། སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའི་ཆེད་དུ་བྱ་བ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བ་དང་། དཀོན་མཆོག་གསུམ་གྱི་གདུང་མི་བཅད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྟེ། ཆེད་དུ་བྱ་བ་དེ་ལྟ་བུ་དང་ལྡན་པར་བྱའོ་ཞེས་སོ། །དགོས་པ་དྲུག་བསྒྲུབ་པ་ནི། འོད་སྲུངས་ཀྱིས་ཞུས་པ་ན་དངོས་སུ་མི་སྣང་ཡང་། དཀོན་བརྩེགས་ཀྱི་ལེའུ་ཉེར་གཅིག་པ་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ་ན། བཟང་པོ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མང་དུ་ཐོས་པའི་སྙིང་པོ་ཡིན་ནོ། །བཞི་གང་ཞེ་ན། ཐོས་ནས་ཆོས་བྱེ་བྲག་ཏུ་ཤེས་པ་འདི་ནི་འདིའི་སྙིང་པོ་ཡིན་ནོ། །ཐོས་ནས་བྱ་བ་མ་ཡིན་པ་མི་བྱེད་པ་འདི་ནི་འདིའི་སྙིང་པོ་ཡིན་ནོ། །ཐོས་ནས་གཞན་ལ་སྟོན་པར་བྱེད་པ་འདི་ནི་འདིའི་སྙིང་པོ་ཡིན་ནོ། །ཐོས་ནས་དོན་དེ་ཉིད་རྣམ་པར་གྲོལ་བ་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་ལ་གཏོད་པར་བྱེད་པ་འདི་ནི་འདིའི་སྙིང་པོ་ཡིན་ཏེ། བཞི་པོ་དེ་དག་ཡིན་ནོ་ཞེས་དང་། བཟང་པོ་བྱང་ཆུབ་སེམས་དཔའི་ཕན་ཡོན་འདི་དག་མཐོང་ནས་ཐོས་པ་འཚོལ་བར་བྱེད་དེ་བཞི་གང་ཞེ་ན། བདག་དང་གཞན་གྱི་ཤེས་རབ་སྦྱོང་བ་དང་། ཕྱོགས་བཞི་ནས་ལྷགས་པ་རྣམས་ཀྱི་ཐེ་ཚོམ་གཅོད་པ་དང་། དམ་པའི་ཆོས་འཛིན་པ་དང་།སངས་རྒྱས་ཀྱི་བསྔགས་པ་མི་ཟད་པ་སྟེ་བཞི་པོ་དེ་དག་ཡིན་ནོ་ཞེས་པས། ཐ་མ་གཉིས་ཀྱང་དང་པོ་ལྔའི་ཁོངས་སུ་འདུ་བར་དོན་གྱིས་བསྟན་ནས་འདིར་དྲུག་ཏུ་མཛད་ལ། གཞན་ཡང་མདོ་དག་ན་འདི་དག་མང་ཉུང་དབྱེ་བསྡུ་སྣ་ཚོགས་སུ་བསྟན་པར་མཛད་དོ། །འོད་སྲུངས་ཀྱིས་ཞུས་པ་ལས། ཐོས་ནས་ཆོས་ཀྱི་བྱེ་བྲག་ཤེས་པར་བྱ་བའི་དགོས་པ་སྒྲུབ་པ་དང་། ཤེས་ནས་བྱ་བ་མ་ཡིན་པ་མི་བྱེད་པའི་དགོས་པ་སྒྲུབ་པ་དང་། གཞན་ལའང་དེ་ལྟར་བསྟན་པའི་དགོས་པ་སྒྲུབ་པ་དང་། དེ་ལྟར་བསྟན་པས་རང་དང་གཞན་གྱིས་རྣམ་པར་གྲོལ་བ་ཐོབ་པའི་དགོས་པ་སྒྲུབ་པ་དང་། རང་དང་གཞན་གྱིས་ཤེས་རབ་སྦྱོང་བའི་དགོས་པ་སྒྲུབ་པ་དང་། ཕྱོགས་བཞི་ནས་ལྷགས་པ་རྣམས་ཀྱི་ཐེ་ཚོམ་གཅོད་པའི་དགོས་པ་སྒྲུབ་པ་སྟེ། དེ་ལྟར་དྲུག་གིས་ཉན་པ་ལ་བརྩོན་པར་བྱའོ་ཞེས་སོ། །འཚོལ་བ་དྲུག་ནི། ཤིན་ཏུ་རྒྱས་པ་ཆེན་པོ་སངས་རྒྱས་ཕལ་པོ་ཆེའི་མདོའི་གླེགས་བམ་གསུམ་པ་བམ་པོ་ཉེར་གཅིག་པ་ལས། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི་ཆོས་ཡོངས་སུ་ཚོལ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་གཡོ་དང་སྒྱུ་མེད་པས་བསམ་པ་ཐག་པར་ཆོས་ཡོངས་སུ་ཚོལ་བ་དང་། ཞེས་སོགས་ཀྱི་སྐབས་ནས་བསྟན་ཏེ། དྲུག་པོ་དངོས་སུ་ཡོད་ཅིང་། བརྩོན་འགྲུས་ལྷོད་མེད་དང་། ལུས་སྲོག་ལ་མི་ལྟ་བ་དང་། ཐོས་ཙམ་མིན་པར་ཉམས་སུ་ལེན་པ་དང་། བྱང་ཆུབ་སེམས་དང་ལྡན་པའི་སྙིང་རྗེས་ཚོལ་བ་བཞི་ནི་དགོས་དབང་གིས་དབྱེ་བ་མ་གཏོགས་གཞན་དྲུག་པོའི་ཁོངས་སུ་དོན་གྱིས་འདུས་པས། འདིར་མན་ངག་གིས་དྲུག་ཏུ་བསྡུས་ནས་བསྟན་པའོ། །གཡོ་དང་སྒྱུ་མེད་པར་བསམ་པ་ཐག་པ་ནས་ཆོས་འཚོལ་བ་དང་། རང་གི་ཆེད་མ་ཡིན་པར་ཀུན་ལ་ཕན་པའི་ཆེད་དུ་འཚོལ་བ་དང་། རྙེད་པ་དང་བཀུར་སྟི་མི་འདོད་པར་འགྲོ་བའི་ཉོན་མོངས་པ་སྤོང་བར་འདོད་པས་འཚོལ་བ་དང་། གཟུ་ལུམ་མ་ཡིན་པར་ཤེས་རབ་ཀྱི་འཇུག་པས་འཚོལ་བ་དང་། ཡིད་གཉིས་མེད་པར་ཀུན་གྱི་ཐེ་ཚོམ་གཅོད་པའི་ཕྱིར་འཚོལ་བ་དང་། རློམ་སེམས་དང་འདོད་པ་མེད་པར་སངས་རྒྱས་ཀྱི་ཆོས་རྫོགས་པར་བྱ་བའི་ཕྱིར་འཚོལ་བ་སྟེ། ཡོངས་སུ་འཚོལ་བ་དེ་ལྟ་བུས་བཙལ་བར་བྱའོ་ཞེས་སོ། །དེ་ལྟར་སྐྱོན་ཡོན་དྲུག་ཚན་བཅུ་གཉིས་ཀྱི་ཚུལ་འདི་དག བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཡང་དག་པར་སྡུད་པའི་མན་ངག་གི་གནད་ཟབ་མོ། ལེགས་པར་དཔྱད་ན་མདོ་སྣ་ཚོགས་ཀྱི་དགོངས་པ་སྡེབ་ཚུལ་རྨད་དུ་བྱུང་བ་དང་། མདོ་སྡེ་འདི་དག་གི་དཀའ་གནད་ལ་ཡང་ཕན་པར་འདུག་པས་ངོ་མཚར་ཆེ་ཞིང་། མདོ་དེ་དག་དང་བསྟན་བཅོས་ཆེན་མོ་འདི་གཉིས་སྦྱར་ནས་དཔྱད་ན་བློ་གྲོས་ཀྱི་འཇུག་པ་ཐོབ་པས་མ་འོངས་པའི་གང་ཟག་ཆོས་སྤྱན་ལྡན་པ་རྣམས་ཀྱིས་ལེགས་པར་གཞིག་འཚལ་ལོ། །གཉིས་པ།

དུས་ནམ་གྱི་ཚེ་ཉན་པ།

སྣོད་དེ་ལྟ་བུས་དུས་ནམ་གྱི་ཚེ་མཉན་ཞེ་ན། ཆོས། མཉན་པའི་དུས་ནི་གཉེན་པོར་ཆེ་དུས་སུ། །དུས་སུ་འདོམས་པའི་གདམས་པ་བཙལ་བར་བྱ། །ཞེས་གསུངས་ཏེ། དེ་ཡང་ཉན་བྱའི་ཁྱད་པ་མང་ཡང་། གཉེན་པོར་ཆེ་དུས་ཞེས་པ་ནི་མན་ངག་ཁྱད་པར་ཅན་ཏེ། ནད་ཀྱིས་མནར་ན་དེའི་སྨན་བསྟེན་པ་ལྟར་དུ་རང་གི་ཉོན་མོངས་པའི་གཉེན་པོར་འགྲོ་བའི་ཚེ་ཆོས་དེ་མཉན་པ་ནི་ཟབ་པ་རྒྱུད་ལ་སྦྱོར་བའི་དུས་ཡིན་ལ། དོན་གཉེར་བའི་འདུན་པ་དང་། ན་སོ་གཞོན་པ་ལ་སོགས་པ་ན་ཐོས་པ་རྒྱ་མཚོ་འདྲ་བ་རྒྱ་ཆེ་བའི་གནས་མཉན་པའི་དུས་སོ། །དེ་ཡང་རྒྱ་ཆེན་འཚོལ་བའི་དུས་ཤིག་དང་། རྒྱུད་ལ་སྦྱོར་བའི་དུས་ཏེ་གཉིས་སུ་ཡོད་པས། གཉེན་པོ་མེད་ན་ཉོན་མོངས་རང་གར་ཤོར་བའི་དུས་སུ་ཟབ་པ་རྒྱུད་ལ་སྦྱོར་ནས་ཉན་པ་དང་། གཞན་ཡང་ཆོས་མཉན་པའི་འདུན་པ་ཡོད་པ་དང་། ན་ཚོད་གཞོན་དུས་སུ་ཐོས་པ་རྒྱ་མཚོ་ལྟ་བུ་བསགས་ནས་རྒྱ་ཆེན་འཚོལ་བའི་དུས་ཡིན་པས་དེ་ལྟར་བྱེད་པ་ལས། རྒས་པའི་དུས་སུ་ཐོས་པ་བྱེད་པ་དང་། གཞོན་ནུའི་དུས་སྒོམ་པ་བྱེད་པ་ནི་གོ་རིམ་འཆོལ་བ་ཡིན་ནོ། །འོན་ཀྱང་རྒས་དུས་སྒོམ་བྱེད་པའི་དུས་སུའང་ཐོས་པ་མེད་ན་སྒོམ་པ་མེད་པས། ཐོས་པ་སྔོན་དུ་འགྲོ་བ་རྒས་པས་མི་རུང་བ་མིན་པས་གང་བསྒོམ་པའི་དོན་དེ་ཐོས་པས་བཙལ་བ་གལ་ཆེ་ལ། ད་ལྟ་ཐོས་པ་བྱས་པས་སྐྱེ་བ་གཞན་དུ་ཕན་པ་ཡོད་པའི་ཚུལ་ཡང་། སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་པ་འདྲ། །ཞེས་གསུངས་སོ། །དེས་ན་སྤྱིར་བླང་དོར་ལ་ཐོག་མར་འཇུག་ཤེས་པའི་ཕྱིར་རང་བཞིན་དུ་བསྟན་པ་ལ་ཞུགས་པའི་ཐོག་མར་ཉན་དགོས་ཏེ། འཁོར་འདས་ཀྱི་སྐྱོན་ཡོན་ཤེས་པས་བླང་དོར་ལ་འཇུག་པའི་ཕྱིར་རོ། །རང་གི་རྒྱུད་སྦྱོང་བའི་ཚེ་ཉན་དགོས་ཏེ། གང་མ་ཤེས་པ་དེའི་འཇུག་ལྡོག་གི་ཚུལ་ཉན་ནས་ཤེས་དགོས་པ་ཡིན་པས་གང་ལའང་རྨོངས་པ་བཟློག་པའི་ཕྱིར་རོ། །རྒྱུན་དུ་ཉམས་སུ་ལེན་པ་ནའང་གང་ཉམས་སུ་ལེན་བྱ་དེ་དང་འབྲེལ་བའི་ཆོས་ཉན་དགོས་ཏེ་དགེ་སྦྱོར་མི་འཕེལ་ཞིང་རང་སེམས་འཐས་པ་ལ་སོགས་པ་བོགས་འབྱིན་པའི་ཕྱིར་རོ། །ཤེས་རྒྱུད་མཐའ་དག་གམ་ཡོངས་སུ་གྲོལ་བ་ལའང་དེ་དང་འཚམས་པའི་ཆོས་ཉན་དགོས་ཏེ་ཐེ་ཚོམ་གྱི་སྤྲོས་པ་གཅོད་པའི་ཕྱིར་རོ། །དེས་ན་ད་ལྟ་ལམ་ལ་དང་པོར་ཞུགས་པ་ནས་ལམ་སྒོམ་པ་མཐར་ཕྱིན་གྱི་བར་དུ་བླ་མ་དང་དགེ་བའི་བཤེས་གཉེན་བསྟེན་ནས་ཆོས་ཉན་དགོས་ཤིང་། ཉན་རྒྱུ་དེ་འང་རང་བས་ལྷག་པ་ལ་ཆོས་ཀྱི་སྒོ་ཉན་པ་གལ་ཆེ་ཡི་རང་དང་འདྲ་བ་ཞིག་བསྟེན་པས་བསྟེན་གོ་ཆོད་པ་མིན་པ་སྟེ། ཐད་ཀར་བབ་པ་བསྟེན་པས་སོ་ན་གནས། །ཞེས་པས་རང་ལས་ལྷག་པ་གོང་མ་ཞིག་བསྟེན་ན། གོང་མ་རྣམས་ཀྱི་ཐུགས་ཉམས་སུ་བཞེས་པ་རྣམས་ལ་རང་ཉིད་ཀྱང་བློ་ཁ་ཕྱོགས་པ་དང་། རང་གི་ཉམས་རྟོགས་འཕེལ་མེད་རང་སར་མི་གནས་པར་གོང་དུ་འཕེལ་བར་བྱར་ཡོད་པའི་ཕྱིར་རོ། །དང་པོ་འདིས་ཆོག་ཅེས་གང་རུང་གཅིག་ལ་ཞེན་ནས་དབེན་པར་བསྒྲུབས་ཀྱང་མཐའ་མི་འཁྱོལ་ཕུག་མི་ཐུབ་བས། ལམ་གོལ་བ་དང་ལོག་པ་རུ་འགྲོ་བ་མི་ཤེས་ཤིང་མི་ཚོར་རོ། །མི་གཞན་གྱིས་བལྟས་ན་ཆོས་བྱས་པའི་རྣམ་པར་ཙམ་དུ་སྣང་ཡང་། རང་ལ་སྐྱེད་ཅི་ཡང་ཐོན་པ་མེད་པའི་ཕྱིར་རོ། །སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་ན། ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཚོལ་བ་ལ་བསླབ་པར་བྱའོ་ཞེས་སོ། །གསུམ་པ་ལ། དངོས་དང་། དེའི་ཕན་ཡོན་གཉིས། དང་པོ་ལ། སྦྱོར་དངོས་རྗེས་གསུམ། དང་པོ།

ཚུལ་ཇི་ལྟ་བུས་ཉན་པའི་སྦྱོར་བ།

ཚུལ་ཇི་ལྟར་མཉན་ཞེ་ན། དེ་ཡང་རྣམ་གཡེང་འདུ་འཛི་རྣམས་སྤངས་ལ། །ཆོས་ཀྱི་མཆོད་པ་དངོས་དང་ཡིད་མཆོད་ནས། །ཕྱག་འཚལ་དྲང་པོར་འདུག་སྟེ་ཐལ་མོ་སྦྱར། །ཞེས་གསུངས་ཏེ། ཆོས་ཉན་པའི་སྦྱོར་བ་བསྟན་ནས། གཉིས་པ་ལ། བསམ་སྦྱོར་ཕུན་ཚོགས་གཉིས། དང་པོ།

བསམ་པ་ཕུན་སུམ་ཚོགས་པ།

མ་ཡེངས་གུས་པའི་ཚུལ་གྱིས་མཉན་པར་བྱ། །ཞེས་གསུངས་ཏེ། ཆོས་ཉན་པ་ན་རྣམ་པར་གཡེང་བ་རྣམས་དང་། འདུ་འཛིར་གྱུར་པ་ཀུན་སྤངས་ལ་ཉན་ནོ། །དེ་ཡང་འཇིག་རྟེན་གྱི་ཚོང་ལ་སོགས་པ་ནི་སྒོ་གསུམ་རྣམ་པར་གཡེང་བ་ཡིན་ལ། རྣམ་གཡེང་གི་རྒྱུ་འདུ་འཛིའི་སྒྲ་བཤད་བསྟན་པ་ནི། འཁོར་དང་ཡོ་བྱད་ནང་དུ་འདུ་བ་དང་། དེའི་དབང་དུ་སོང་བས་སྒོ་གསུམ་བྲེལ་བས་འཛི་བ་དང་འཛིངས་པ་ཞེས་བྱའོ། །ཆོས་ལ་བར་དུ་གཅོད་པའི་རྐྱེན་མེད་པའི་ཕྱོགས་སུ་འཆད་པ་པོ་ཁྲི་བཤམས་ཏེ། དར་ཟབ་ལ་སོགས་པའི་གདན་ལ་བཞུགས་སུ་གསོལ་བ་ལ། སྤོས་དང་མེ་ཏོག་དང་མར་མེ་ལ་སོགས་པ་དངོས་སུ་མཆོད་པ་དང་། ཡིད་ཀྱིས་ཀྱང་སྤྲུལ་ཏེ་ནམ་མཁའི་དབྱིངས་སུ་བདག་པོས་ཡོངས་སུ་བཟུང་བ་དང་མ་བཟུང་བའི་མཆོད་པའི་སྤྲིན་ཕུང་འཁྲིགས་པར་བསམ་ལ་འབུལ་ཞིང་། རང་གི་སྒེག་ཆོས་སམ་མཛེས་ཆོས་འཕྱོ་སྒེག་གི་རྣམ་པ་དང་། ཆེ་བའི་ཉམས་བསྟན་ནས་གདུགས་ཕུབ་པ་དང་། ཆེ་འགྱིང་གི་ཉམས་ཀྱིས་འཁར་བ་ལག་རྟེན་དང་། གྲི་དང་མེ་མདའ་སོགས་མཚོན་ཆ་ལུས་ལ་འཆང་བཞིན་དུ་ཆོས་ཉན་པ་དང་། ན་བའི་སྐབས་སུ་གནང་ཡང་མི་ན་བཞིན་དུ་མགོ་གཡོགས་དང་། ཆོས་ཞུ་སར་ལྷམ་མི་གྱོན་རྒྱུ་དེ་ཡང་གཙང་སྦྲའི་ཆེད་རྐྱང་པ་མེིན་པ་ཞེ་ས་དང་གུས་པའི་ཆེད་ཀྱང་ཡིན་པས་མཆིལ་ལྷམ་གྱོན་པ་རྣམས་སྤངས་ལ། ཆོས་འཆད་པ་པོ་ལ་རྒྱབ་ཀྱིས་ཕྱོགས་པ་དང་གདོང་ཟུར་གྱིས་ལྟ་བ་མ་ཡིན་པར་སྐྱིལ་ཀྲུང་ཕྱེད་པའམ་ཙོག་པུར་འདུག་སྟེ་མདོར་ན་གུས་པའི་ཚུལ་གྱིས་འདུག་ལ། མིག་མདུན་དུ་ཕབ་ལག་ཐལ་མོ་སྦྱར་ཏེ་འཁོད་པར་བྱའོ། །ལུས་ཀྱིས་དེ་ལྟར་གུས་པ་བྱས་པས་མ་ཚད་སེམས་ཀྱིས་ཀྱང་། ཆོས་ལས་སེམས་གཞན་དུ་མ་ཡེངས་པར་ཉན་ཞིང་། ཆོས་དང་བླ་མ་ལ་གུས་ཤིང་དགའ་སྤྲོ་དང་བཅས་པས་ཉན་པ་ནི། འཕགས་པ་ཡོན་ཏན་རིན་པོ་ཆེ་སྡུད་པའི་མདོ་ལས། དགའ་དང་གུས་དང་དད་པའི་མཆོག་ནི་ཉེར་གཞག་སྟེ། །སྒྲིབ་པ་ཉོན་མོངས་བསལ་ནས་དྲི་མ་ལས་འདས་པ། །འགྲོ་དོན་མངོན་ཞུགས་དེས་པའི་ཤེས་རབ་ཕ་རོལ་ཕྱིན། །གང་ལ་དཔའ་རྣམས་སྤྱོད་པ་དེ་ནི་མཉན་པར་གྱིས། །ཞེས་གསུངས་པའི་ཚུལ་གྱིས་སོ། །དེ་ལས་གཞན་དུ་དང་པོ་ཉིད་ནས་ཡོན་ཏན་ལ་མི་རྟོག་པར་སྐྱོན་ལ་རྟོག་ཅིང་འཆད་པ་པོ་འདིས་ཆོས་མི་ཤེས་ཀྱི། ཞེས་དང་། ཡང་ན་འདིས་ཅུང་ཟད་ཤེས་ཀྱང་རིགས་ངན་པ་དང་། ཁོ་ལ་ཡོན་ཏན་ཞིག་ཡོད་ཀྱང་ལོངས་སྤྱོད་ཆུང་བ་ཡིན་ཞེས་སྐྱོན་འདོགས་པ་དང་། ཉོན་མོངས་པ་རགས་པ་རྒྱུ་ཉག་ཆེ་བ་དང་ཕྲག་དོག་ཀྱང་ཆེ་བསམ་པ་དང་། ཁྲོ་བ་དང་། གཏུམ་པ་དང་། ངག་མི་སྙན་པ་དང་། ཆས་གོས་ངན་པ་དང་། དབུལ་ཞིང་ཕོངས་པ་དང་། འཁོར་ངན་པ་ལ་སོགས་པར་སྐྱོན་འདོགས་པའི་སེམས་པ་སྐད་ཅིག་ཀྱང་འཁོར་ཞིང་སེམས་བསྐྱེད་པར་མི་བྱའོ། །དེ་ལྟར་སེམས་པ་བྱུང་ན་འཕྲལ་དང་འཕྲལ་དུ་བཤགས་བསྡོམ་བྱ་ཞིང་། ཇོ་བོ་རྗེས་ཀྱང་རྣམ་རྟོག་ངན་པ་རེ་ཤར་དུས། ཤིང་གི་མཎྜལ་ཞིག་ཡོད་པ་དེ་བཤམས་ནས་བཤགས་པ་བྱེད་པ་ཡིན་ཞེས་པ་ལྟར་དུ་བྱ་དགོས་སོ། །ཆོས་ཐོས་པ་དང་། དེའི་དོན་བསམས་པ་དང་། བསྒོམས་ཤིང་བསྒྲུབས་ནས། གནས་སྐབས་དང་མཐར་ཐུག་གི་ཕན་བདེ་རྙེད་པ་ཡིན་པས་དེའི་བཀའ་དྲིན་གྱི་ངོས་ལ་བསམས་ལ་བླ་མར་སངས་རྒྱས་ཀྱི་འདུ་ཤེས་ལན་བརྒྱར་བསྐྱེད་དོ། །ཞེས་ལན་བརྒྱར་ཞེས་པ་གཅིག་བརྩིས་གཉིས་བགྲངས་ཀྱིས་བརྒྱ་རུ་མིན་པ་རྟག་ཏུ་ཞེས་བའི་མང་ཚིག་ཅིག་གོ །ཆོས་ཉན་པའི་ཏིང་ངེ་འཛིན་འདི་ཡིན་ཏེ། དེ་ཡང་རང་ཉིད་འཇམ་དཔལ་བསམས་པ་ཡི། །སྙིང་ནང་ཆོས་ཀྱི་འོད་ཟེར་ཕོག་པར་བསམ། །ཞེས་གསུངས་ཏེ། ཆོས་ཉན་པ་པོ་རྣམས་སྐྱེས་པ་ཡིན་ན། འཇམ་དཔལ་རྣོན་པོ་དམར་སེར་ཨུཏྤལའི་སྟེང་ན་རལ་གྲི་དང་པོ་ཏི་འཛིན་པར་བསམ་ཞིང་། བུད་མེད་ཡིན་ན་ལྷ་མོ་སྒྲོལ་མ་ལྗང་གུ་ཨུཏྤལ་འཛིན་པར་བསམས་ལ། འཆད་པ་པོའི་ཞལ་ནས་ཆོས་ཀྱི་འོད་ཟེར་བྱུང་ནས། རང་རང་གི་སྙིང་ནང་དུ་ཕོག་པས། མ་རིག་པའི་མུན་པ་སངས་ཤིང་བློའི་པདྨ་རྒྱས་པར་བསམ་པ་ནི་གདམས་ངག་ཡིན་ནོ། །དེ་ལྟར་བསམ་ཐུབ་ན་རང་གི་དད་བའི་སྟོབས་ཀྱིས་ཕ་རོལ་པོ་བཟང་ངན་ཇི་ལྟར་ཡིན་ཀྱང་། སངས་རྒྱས་ཀྱིས་ཡེ་ཤེས་འདྲེན་ནས་བྱིན་རླབས་ཞུགས་པ་ནི་ཐེ་ཚོམ་མི་དགོས་སོ། །དེ་ལྟར་ཉན་པ་ནི་ཆོས་ཀྱི་རོ་མྱོང་བས་སངས་རྒྱས་སྒྲུབ་པ་ཡིན་ཏེ། ཡུམ་བར་མ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་གིས་སྐྱེས་བུ་དམ་པ་ལ་ཆོས་ཉན་པ་དང་བསྙེན་བཀུར་དུ་བྱའོ། །དེ་ཐོས་ནས་རྗེས་སུ་སྒྲུབ་པས་མངོན་པར་རྫོགས་པར་སངས་རྒྱ་བའི་བར་དུ་བྱའོ་ཞེས་སོ། །དེའི་ཚེ། ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞི་དང་། །ལྡན་བྱས་རབ་དང་གུས་པའི་ཡིད་ཀྱིས་ཉན། །ཞེས་གསུངས་ཏེ། ཆོས་ཉན་པས་རྩེ་གཅིག་པ་དེའི་ཚེ་ཆོས་དང་བླ་མ་ལ་རབ་ཏུ་དང་བ་དང་གུས་པ་ཆེན་པོ་བསྐྱེད་དེ། ཡོན་ཏན་བརྒྱད་ཅུ་རྩ་བཞི་དང་ལྡན་པས་ཉན་ནོ། །དེ་ལ་རབ་ཏུ་དང་བ་ནི་སེམས་ཉོན་མོངས་པའི་རྙོག་པ་མེད་པར་དགའ་སྤྲོ་དང་བཅས་པས་རྩེ་གཅིག་ཏུ་དང་བ་ཆུ་ལ་རྡུལ་གྱིས་རྙོག་པ་མེད་ན་དང་བ་ལྟར་དུ་སེམས་ལ་ཉོན་མོངས་བའི་རྙོག་པ་མེད་ན་དང་བ་ཡིན་ལ། གུས་པ་ནི་ངག་ཅ་ཅོ་མེད་པ་དང་། ལུས་དྲང་པོར་འདུག་སྟེ་ཐལ་མོ་སྦྱར། བཞིན་འཛུམ་པ་དང་བཅས་པའོ། །ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞི་ནི། །མདོའི་གནས་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། འཕགས་པ་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས་གསུངས་པ་ཡིན་ལ། དེ་ཡང་མདོ་ན་བརྩོན་འགྲུས་མི་གཏོང་བ། ཆོས་ལ་ངེས་སེམས། ཉོན་མོངས་པའི་གཉེན་པོའི་རྣམ་པ་གསུམ་ཡོད་པ་འདིར་མེད་ཅིང་། མདོ་ན་མེད་པ། རིམ་གྲོ་བསྐྱེད་པ། ཕུ་དུད་བྱེད་པ། ངག་ཞི་བ། ལེགས་སྤྱད་ཉན་པའི་རྣམ་པ་བཞི་འདིར་ཡོད་ཅིང་། མདོ་ན་ལེགས་བྱས་ཀྱི་རྣམ་པ་དང་། མི་འགྱོད་པའི་རྣམ་པ་གཉིས་སོ་སོར་བགྲངས་ལ། འདིར་ལེགས་བྱས་ཀྱི་ལས་ཀྱི་རྣམ་པ་ལ་མི་འགྱོད་པ་ཞེས་གཅིག་ཏུ་བགྲངས་བ་ཙམ་མ་གཏོགས་གཞན་ཐམས་ཅད་འདྲའོ། །སྤྱིར་རྒྱ་དཔེ་རྣམས་ནའང་མང་ཉུང་འདྲ་མིན་བྱུང་བར་འཕགས་ཡུལ་བའི་མཁས་པ་རྣམས་ཀྱི་གསུང་ལས་བྱུང་བ་དང་། འདི་འདྲའི་སྐོར་རྣམས་ཀྱང་ཀུན་མཁྱེན་ཆེན་པོ་ཉིད་ཀྱི་ཐུགས་ནས་རྩོམ་པར་མཛད་པས། རྒྱ་དཔེ་ཁྱད་པར་ཅན་དང་མཚུངས་པས་གསར་དུ་བཅོས་མི་དགོས་སོ། །དེ་དག་གི་དོན་ནི་དབྱིག་གཉེན་གྱི་བློ་གྲོས་མིི་ཟད་པའི་མདོ་འགྲེལ་ལྟར་བསྡུས་ཏེ་བཤད་ན། ཆོས་ཇི་ལྟར་ཉན་པ་དང་ཆོས་ཐོས་པ་ལས་ཐོབ་པའི་ཡོན་ཏན་ལས་བརྩམས་ཏེ་རྣམ་པ་བརྒྱད་ཅུ་རྩ་བཞིར་གསུངས་ཏེ། རྣམ་པ་ཞེས་པ་དེའི་རང་བཞིན་ཅན་ཏེ་ཉན་པའི་ཤེས་རབ་ཀྱིའོ། །དེ་ལ་སེམས་བསྐྱེད་དང་བཅས་ཏེ་ཉན་པར་མོས་པ་ནི་འདུན་པའི་རྣམ་པ་དང་། དེ་བཞིན་དུ་ཕན་ཞིང་བདེ་བའི་བསམ་པ་དང་བཅས་པའི་རྣམ་པ་དང་། དེ་བཞིན་དུ་གཞན་དོན་ཁུར་ཁྱེར་གྱི་ལྷག་པའི་བསམ་པ་དང་། གུས་སྦྱོར་རྟག་སྦྱོར་གྱི་བརྩོན་པས་རྫོགས་སྨིན་སྦྱང་གསུམ་ལ་སྦྱོར་བའི་རྣམ་པ་དང་། ལོག་ལམ་ལ་མི་ལྟུང་བར་འཛིན་ཅིང་ཡང་དག་ལམ་ལ་འགོད་པ་དགེ་བའི་བཤེས་གཉེན་གྱི་རྣམ་པ་དང་། ཤེས་ཉེན་ཏེ་ཡོན་ཏན་དང་ཆོ་རིགས་ལ་སོགས་པའི་སྙེམས་པ་སྤངས་པ་ང་རྒྱལ་མེད་པའི་རྣམ་པ་དང་། ཐོས་པས་ཉེས་པ་སྔར་བྱུང་སེལ་ཞིང་ཕྱིས་མི་འབྱུང་བར་བྱེད་པས་ན་དེ་ནི་བག་མེད་ཀྱི་གཉེན་པོར་གྱུར་པ་སྟེ་དེས་ན་བག་ཡོད་པའི་རྣམ་པ་དང་། ཆོས་དང་ཆོས་སྨྲ་བ་མི་བརྙས་པར་གུས་པར་བྱེད་པའི་རྣམ་པའམ་རི་མོར་བྱེད་པའི་རྣམ་པ་དང་། བླ་མས་ཇི་སྐད་བསྟན་པ་ལྟར་སྒྲུབ་པ་མཐུན་པར་འཛིན་པའི་རྣམ་པ་དང་། ཕྱིར་མི་བཟློག་པར་ཉན་ཞིང་སྤྱོད་ལམ་གུས་པ་བཀའ་བློ་བདེ་བའི་རྣམ་པ་དང་། ཆོས་དང་ཆོས་སྨྲ་བ་ལ་མ་གུས་པའི་སྤྱོད་ལམ་སྤངས་ཏེ་མཆོད་བྱེད་པ་བསྙེན་བཀུར་བའི་རྣམ་པ་དང་། ལུས་ངག་གིས་ཕྱག་འཚལ་བ་དང་བསྟོད་པས་རིམ་གྲོ་བསྐྱེད་པའི་རྣམ་པ་དང་། ཡིད་ཀྱིས་གུས་ཤིང་ཕུ་དུད་བྱ་བའི་རྣམ་པ་དང་། ཡང་ན་བསྙེན་བཀུར་རིམ་གྲོ་ཕུ་དུད་གསུམ་རིམ་བཞིན་ལུས་ངག་ཡིད་གསུམ་འདུད་པའི་རྣམ་པའོ། །ཕྱིར་གཡེང་ནང་སྡུད་ཀྱི་སྐྱོན་མེད་པར་རྣ་བ་བླགས་ཏེ་ཉན་པ་རྣ་བ་གཏད་དེ་ཉན་པའི་རྣམ་པ་དང་། ཇི་སྐད་བསྟན་པ་བཞིན་ཆོས་ཉིད་དང་དགོངས་དོན་ཕྱིན་ཅི་མ་ལོག་པར་འཛིན་པ་ཡིད་ལ་བྱེད་པའི་རྣམ་པ་དང་། ཕྱི་ནང་གི་རྣམ་གཡེང་སྤངས་ནས་ཉན་པ་མི་གཡེང་བའི་རྣམ་པ་དང་། ལུས་ཀྱི་སྤྱོད་ལམ་མི་རྒོད་པར་གནས་གཅིག་ཏུ་འདུག་ཅིང་ཉན་པ་གནས་པའི་རྣམ་པ་དང་། ཐོས་པ་དེ་ཉིད་རྙེད་དཀའ་ཞིང་དོན་ཆེ་བས་ཡིད་བཞིན་ནོར་བུ་དང་འདྲ་བས་ཡིད་བཞིན་གྱི་ནོར་བུའི་འདུ་ཤེས་ཀྱི་རྣམ་པ་དང་། ཐོས་པས་དུག་གསུམ་གྱི་ནད་སེལ་བས་ན་སྨན་དུ་འདུ་ཤེས་པའི་རྣམ་པ་དང་། དེའི་ཕྱིར་ན་ཉོན་མོངས་པའི་གཅོང་ནད་འབྱིན་པའི་རྣམ་པ་དང་། འདི་གཉིས་གཅིག་ཏུ་བརྩིའོ། །མི་བརྗེད་པའི་དྲན་པ་ཉིད་སྣོད་ཡིན་པའམ་ཐོས་པ་ནི་དྲན་པའི་གཞིའམ་སྣོད་ཡིན་པའི་ཕྱིར་དྲན་པའི་སྣོད་ཀྱི་རྣམ་པར་གྱུར་བ་དང་། རྟོགས་པ་ནི་བསམ་པའི་ཤེས་རབ་སྟེ་དེ་ལ་མཉམ་པར་བཞག་པ་དང་མ་བཞག་པ་གཉིས་ལས་འདིར་བཞག་པ་མཚོན་ཕྱིར་ཤེས་པ་ཞེས་སྨྲོས་ཏེ་ཐོས་པ་ལས་བསམ་པའི་ཤེས་རབ་དེ་ལྟ་བུ་འབྱུང་བའི་ཕྱིར་རྟོགས་པ་ཤེས་པའི་རྣམ་པ་དང་། བློ་གྲོས་ནི་མཉམ་པར་བཞག་པ་མིན་པའི་ཤེས་རབ་སྟེ་ཐོས་པའི་ཤེས་རབ་ཡིན་ལ་ཐོས་པ་དང་ལྡན་ན་བློ་ཆེ་བ་ལ་དགའ་བའམ། ཡང་ན་འདོད་ཅེས་པ་གསལ་ཞིང་འབར་བ་སྟེ་ཐོས་པ་ལས་བློ་གྲོས་གསལ་བས་ན་བློ་གྲོས་འདོད་པའི་རྣམ་པ་དང་། བློ་ནི་སྒོམ་བྱུང་གི་ཤེས་རབ་ཡིན་ལ་དེ་ལ་གོམས་ཤིང་འཇུག་པས་ན་བློ་ལ་འཇུག་པའི་རྣམ་པ་དང་། སངས་རྒྱས་ཀྱི་ཆོས་ཐེག་གསུམ་ཆོག་མི་ཤེས་པར་ཉན་པ་ཆོས་ཉན་པས་མི་ངོམས་པའི་རྣམ་པ་དང་། ཐོས་པའི་ཆོས་རྣམས་སམ་སེམས་ཀྱི་རྒྱན་དང་ཡོ་བྱད་སོགས་ཀྱི་ཕྱིར་སྐྱོན་མེད་ཀྱི་སྦྱིན་པ་གཏོང་ཞིང་དེ་ཡང་རྒྱ་ཆེ་བར་སྤེལ་བས་ན་གཏོང་བ་སྤེལ་བའི་རྣམ་པ་དང་། གཉེན་པོ་བསྒོམས་པས་མིག་སོགས་དབང་པོ་ཡུལ་ལ་འཇུག་པ་དང་ཉོན་མོངས་རྣམས་དུལ་ཞིང་། ལམ་དྲང་པོར་བགྲོད་པའི་རྟ་ཅང་ཤེས་བཞིན་དུ་འཕགས་ལམ་ནས་མྱང་འདས་སུ་བགྲོད་པས་ན་དུལ་ཞིང་ཅང་ཤེས་པའི་རྣམ་པ་དང་། དགེ་བའི་བཤེས་གཉེན་ལས་ཐོག་མཐའ་བར་དུ་དགེ་བའི་ཆོས་མང་པོ་འཛིན་པར་བྱེད་པས་ན་མང་དུ་ཐོས་པ་བསྟེན་པའི་རྣམ་པ་དང་། ཆོས་དང་ཆོས་སྨྲ་བ་ལ་སྒོ་གསུམ་མ་གུས་པ་སྤངས་ཏེ་གུས་པས་མཉན་ན་དགའ་ཞིང་ཡིད་འོང་བཟང་པོ་དང་ལྡན་པར་འབྱུང་བས་བསྟི་སྟང་དུ་བྱས་ཏེ་དགའ་བ་མྱོང་བར་བྱེད་པའི་རྣམ་པའམ་གུས་པས་དགའ་བའི་རྣམ་པ་དང་། ཐོས་པ་ལས་སེམས་མི་འཁྲུགས་ཤིང་ཞི་གནས་ཐོབ་ལ། དེས་དབང་པོ་ཡུལ་ལ་མི་གཡེང་ཞིང་རྣམ་རྟོག་གི་གཡེན་སྤྱོ་བ་མེད་པས་སེམས་བདེ་ལ་སེམས་བདེ་ན་ལུས་ཀྱང་བདེ་བས་ན་ལུས་བདེ་བའི་རྣམ་པ་དང་། ཆོས་ཀྱི་ཚིག་དོན་ལ་སེམས་ཤོར་ནས་རི་དྭགས་སྒྲ་ལ་ཉན་པ་ལྟ་བུ་ཞིག་ཡིན་ན། ལུས་ཀྱི་ཟུག་གཟེར་དང་ན་ཚ་ལ་སོགས་པའང་དེའི་སྐབས་སུ་བརྗེད་འགྲོ་བའོ། །དེས་ངག་གི་ཉེས་པ་སྤང་ཞིང་ལེགས་པར་སྨྲ་བ་དང་འཇམ་པོར་སྨྲ་བས་ངག་ཞི་བ་སྨྲ་བའི་རྣམ་པ་དང་། ཐོས་པ་ལས་ལྷག་མཐོང་ཐོབ་ནས་ཐེ་ཚོམ་ཡིད་གཉིས་སེལ་བས་ན་སེམས་རབ་ཏུ་དགའ་བའི་རྣམ་པ་དང་། བརྩོན་འགྲུས་ཀྱི་སྐྱོན་གཉིས་ནི་ཧ་ཅང་རྟུན་དྲགས་པ་དང་སྐྱོ་བ་སྟེ། དེ་གཉིས་དང་བྲལ་ནས་མི་སྐྱོ་བར་ཉན་པ་མི་སྐྱོ་བར་ཉན་པའི་རྣམ་པ་དང་། བཤད་བྱ་གསུང་རབ་ཡན་ལག་ནི་ཚིག་ཡིན་ལ་དེ་ཉན་པ་ནི་ཚིག་གམ་ཆོས་ཉན་པའི་རྣམ་པ་དང་། ཐོབ་བྱ་འཕགས་ལམ་གྱིས་བསྒྲུབས་པའི་མྱང་འདས་ནི་དོན་ཡིན་ལ་དེ་ཐོས་པ་ལ་བརྟེན་ནས་ཐོབ་པས་ན་དོན་སེམས་པ་ལ་ཡིད་ཕྱོགས་པའི་རྣམ་པ་དང་། བྱ་བ་མ་ཡིན་པའི་ཉེས་པ་ཀུན་འཇོམས་པའི་བྱ་བ་བཟང་པོ་ཐོས་པ་ལས་འབྱུང་བས་ལེགས་པར་སྤྱད་པ་ཉན་པའི་རྣམ་པ་དང་། བསྒྲུབ་བྱ་འཕགས་ལམ་བརྒྱད་སོགས་ནན་ཏན་དུ་བསྒྲུབ་པ་འབྱུང་བས་ནན་ཏན་གྱིས་ཉན་པའི་རྣམ་པ་དང་། གཞན་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ཀྱིས་བཤད་ཅིང་བསྟན་པ་ལ་རང་ལྟ་མཆོག་འཛིན་སྤངས་ཏེ་ཇི་སྐད་སྨྲས་པ་ལྟར་ཉན་པར་བྱེད་པ་གཞན་གྱིས་བསྟན་པ་ཉན་པའི་རྣམ་པ་དང་། སེམས་ཅན་དགའ་བར་བྱེད་པའི་དངོས་པོ་སྦྱིན་སོགས་བཞི་དང་ལྡན་པ་བསྡུ་བའི་དངོས་པོ་ཉན་པའི་རྣམ་པ་དང་། ལམ་འདི་ལས་ཕྱི་རོལ་པ་ལ་མེད་པའི་ཆོས་ཀྱི་རྣམ་གཞག་མདོ་ལས་གསུངས་པ་དེ་དག་སྔོན་འཁོར་བ་ཐོག་མེད་ནས་ལན་འགའ་ཡང་མ་ཐོས་པ་དེང་གི་དུས་ཐོས་པར་གྱུར་པས་ན་ཆོས་མ་ཐོས་པ་ཉན་པའི་རྣམ་པ་དང་། མིག་གི་མངོན་ཤེས་སོགས་མངོན་པར་ཤེས་པ་དྲུག་སྒྲུབ་པས་ན་མངོན་པར་ཤེས་པ་ཉན་པའི་རྣམ་པ་དང་། ཐེག་པ་གཞན་ཉན་རང་དང་ལྷ་མི་སྟེ་དེ་དག་ཉན་ཀྱང་དེ་ལ་འདོད་པ་མི་སྐྱེ་བའི་ཚུལ་གྱིས་ཉན་པ་ཐེག་པ་གཞན་མི་འདོད་པའི་རྣམ་པ་དང་། སྦྱིན་སོགས་ཕར་ཕྱིན་དྲུག་སྒྲུབ་པ་དང་ལྡན་པས་ཕ་རོལ་ཏུ་ཕྱིན་པ་ཉན་པའི་རྣམ་པ་དང་། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ནང་ནས་ཤིན་ཏུ་རྒྱས་པའི་སྡེ་གཙོ་བོར་ཉན་ཅིང་མོས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉན་པའི་རྣམ་པ་དང་། དགེ་རྩ་ཆུང་ངུ་ཡང་དཔག་ཏུ་མེད་པར་སྤེལ་བ་དང་བསྟན་ལ་མ་ཞུགས་པ་འཛུད་པ་དང་། ཞུགས་པ་སྨིན་ཅིང་གྲོལ་བ་སོགས་ཐབས་མཁས་ཡིན་ལ་དེ་དང་ལྡན་པར་ཉན་པ་ནི་ཐབས་ལ་མཁས་པ་ཉན་པའི་རྣམ་པ་དང་། ཚངས་པ་ནི་སྡིག་པ་ཀུན་སྤངས་པའི་མྱང་འདས་ཡིན་ལ། དེ་ཐོབ་བྱེད་ནི་དེའི་གནས་པ་སྟེ་བྱམས་སོགས་བཞི་ཡིན་ཅིང་དེ་དང་ལྡན་པ་ཚངས་པའི་གནས་ཉན་པའི་རྣམ་པ་དང་། བྱང་སེམས་ཀྱིས་བྱ་བ་དང་མི་བྱ་བ་དྲན་ཅིང་ཆོས་ཀུན་རང་བཞིན་མེད་པར་ཤེས་བཞིན་པ་དྲན་པ་དང་ཤེས་བཞིན་ཉན་པའི་རྣམ་པ་དང་། ཀུན་རྫོབ་ཏུ་ཕྱི་ནང་གི་ཆོས་རྣམས་རྟེན་འབྲེལ་གྱི་དབང་གིས་འབྱུང་ཞིང་བདག་དང་བྱེད་པོ་མེད་པར་ཤེས་ཤིང་མཁས་པ་སྐྱེ་བ་ལ་མཁས་པ་ཉན་པའི་རྣམ་པ་དང་། དོན་དམ་པར་སྐྱེ་བ་སོགས་དང་བྲལ་བའི་དེ་བཞིན་ཉིད་ཤེས་པ་མི་སྐྱེ་བ་ལ་མཁས་པའི་རྣམ་པ་དང་། ཆགས་པའི་གཉེན་པོར་དུར་ཁྲོད་དུ་བོར་བའི་རོ་ཞག་གཅིག་ལོན་པ་ནས་ཀེང་རུས་ཀྱི་བར་ཡིད་ལ་བྱེད་པ་མི་སྡུག་པའི་རྣམ་པ་དང་། སྡང་བ་དང་བྲལ་བའི་བྱམས་པས་ཀུན་ནས་ཁྱབ་པར་བྱེད་པ་བྱམས་པའི་རྣམ་པ་དང་། བྱེད་པོ་གཞན་མེད་པར་རྒྱུ་རྐྱེན་འབྲས་བུ་རྟེན་ཅིང་འབྲེལ་བ་ཤེས་པ་རྟེན་འབྲེལ་གྱི་རྣམ་པ་དང་། འདུས་བྱས་རྣམས་སྐྱེ་ཞིང་སྐད་ཅིག་གཉིས་པར་མི་སྡོད་པ་མི་རྟག་པའི་རྣམ་པ་དང་། མི་རྟག་པའི་རང་བཞིན་དེ་ཡང་སྡུག་བསྔལ་གསུམ་གྱི་རྟེན་བྱེད་པ་སྡུག་བསྔལ་གྱི་རྣམ་པ་དང་། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཀུན་རང་བཞིན་མེད་པ་བདག་མེད་པའི་རྣམ་པ་དང་། སྡུག་བསྔལ་དང་ཀུན་འབྱུང་མ་ལུས་པ་ཞི་བའི་མྱང་འདས་ནི་ཞི་བའི་རྣམ་པ་དང་། སྟོང་པ་ཉིད་ཀྱི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་པ་མེད་པའི་རྣམ་པ་སྟེ་རྣམ་ཐར་སྒོ་གསུམ་གྱི་རྣམ་པ་དང་། དེ་ལྟར་བསྡུ་དངོས་ལ་སོགས་པ་དེ་དག་ཐོས་པ་ལས་འབྱུང་ཞིང་ཁོང་དུ་ཆུད་པར་བྱེད་པས་ན་དེ་དག་གི་རྣམ་པ་ཞེས་འབྲས་མིང་རྒྱུ་ལ་བཏགས་པའི་ཚུལ་དུ་གསུངས་པ་ཡིན་ལ། ཆོས་ཉན་པའི་དུས་སུའང་ཡོན་ཏན་དེ་དག་ཅི་རིགས་དང་ལྡན་པར་བྱ་བའང་ཤུགས་ལ་བསྟན་པར་རིག་པར་བྱའོ། །སྲོག་གཅོད་པ་སོགས་མི་དགེ་བ་མི་བྱེད་པ་མངོན་པར་འདུ་མི་བྱེད་པའི་རྣམ་པ་དང་། དད་སོགས་དགེ་བ་སྒྲུབ་པ་དགེ་བ་འདུ་བྱེད་པའི་རྣམ་པ་དང་། བདེན་པ་མཐོང་བའམ་བྱང་ཆུབ་སེམས་དཔའི་བདེན་ཚིག་སོགས་ཀྱི་ཕན་པ་བྱེད་པའི་བྱིན་རླབས་དག་ཀྱང་ཐོས་པ་ལས་འབྱུང་བས་ན་བདེན་པས་བྱིན་གྱིས་བརླབས་པའི་རྣམ་པ་དང་། ལས་དང་ལས་ཀྱི་རྣམ་སྨིན་ཡོད་པར་བལྟས་ནས་ཆུད་མི་གསོན་པ་ཆུད་མི་གཟོན་པའི་རྣམ་པ་དང་། གཞན་ལ་ལྟོས་མི་དགོས་པའི་རྣམ་དཔྱོད་སོགས་འཆང་བས་གཞན་ལ་རག་མ་ལས་པ་ནི་རང་དབང་གི་རྣམ་པ་དང་། བྱ་བ་མ་ཡིན་པ་ལ་མི་འཇུག་པ་བདག་གི་སེམས་བསྲུང་བའི་རྣམ་པ་དང་། བརྩོན་འགྲུས་ནི་དགེ་བ་མངོན་པར་འདུ་བྱེད་པ་ལ་སྤྲོ་བ་ཡིན་ལ་དེ་མི་གཏོང་བ་ནི་རྟག་ཏུ་བྱེད་པ་དང་གུས་པར་བྱེད་པ་སྟེ་དེས་ན་བརྩོན་འགྲུས་མི་གཏོང་བའི་རྣམ་པ། ཕུང་ཁམས་སྐྱེ་མཆེད་སོགས་ཀུན་བྱང་གི་ཆོས་རྣམས་བློས་གཏན་ལ་འབེབ་པ་ཆོས་ལ་ངེས་པར་སེམས་པའི་རྣམ་པ། ཇི་སྐད་བཤད་པའི་དོན་རྣམས་ཉན་ནས་རིགས་པས་བསམས་ཏེ་བསྒོམ་ན་ཉོན་མོངས་སྤང་བར་འགྱུར་བས་ཉོན་མོངས་པའི་གཉེན་པོའི་རྣམ་པ་སྟེ་འདི་གསུམ་མདོ་དང་འགྲེལ་པ་ན་ཡོད་ཀྱང་འདིར་མ་བཤད་དོ། །རང་གི་ཕྱོགས་ནི་བྱང་ཆུབ་སེམས་དཔའི་ཕྱོགས་སྟེ་རྣམ་བྱང་གི་ཆོས་རྣམས་དང་དེའི་འཁོར་དུ་གཏོགས་པ་རྣམས་ཡིན་ལ། སྲུང་བ་ནི་ཕྱོགས་དེ་དག་མི་མཐུན་པའི་ཕྱོགས་གཞན་གྱིས་མི་འཕྲོག་ཅིང་ཉོན་མོངས་པའི་དབང་དུ་མི་འགྱུར་བར་བྱེད་པས་ན་རང་གི་ཕྱོགས་བསྲུང་བའི་རྣམ་པ་དང་། ཕ་རོལ་གྱི་ཕྱོགས་བདུད་དང་མུ་སྟེགས་དང་ཉོན་མོངས་པ་ཚར་གཅོད་པའི་རྣམ་པ་ནི་དེ་དག་མཐུ་མེད་ཅིང་ཉམས་སྨོད་པར་བྱེད་པ་སྟེ་དེ་དང་། དད་གཏོང་ཐོས་ཚུལ་ངོ་ཚ་ཁྲེལ་ཡོད་ཤེས་རབ་སྟེ་འཕགས་ནོར་བདུན་པོ་དེ་དག་ཐོས་པ་ཅན་དེ་ལ་འདུ་བར་འགྱུར་བས་ན་ཡང་དག་པར་འདུ་བའི་རྣམ་པའམ་འཕགས་ནོར་བདུན་ལ་བསྟེན་པའི་རྣམ་པ་དང་། ནོར་ཕལ་པ་ལས་ཤིན་ཏུ་ཁྱད་ཞུགས་པའི་འཕགས་ནོར་རང་རྒྱུད་ལ་འབྱོར་པའི་སྒོ་ནས་རང་རྒྱུད་ཡོན་ཏན་གྱིས་དབུལ་བ་མཐའ་དག་སེལ་བས་ན་དབུལ་བ་ཚར་གཅོད་པའི་རྣམ་པ་དང་། རིགས་པའི་གནས་ལྔ་ཁོང་དུ་ཆུད་པའི་མཁས་པ་ནི་མཛངས་པ་སྟེ། དེ་དག་གིས་ཀྱང་ཐོས་པ་འདི་ཉེས་ཀུན་སྤོང་ཞིང་ཡོན་ཏན་མཆོག་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་བསྔགས་པར་བྱེད་པས་ན་མཁས་པས་བསྔགས་པའི་རྣམ་པ་དང་། ལེགས་པར་སེམས་ཤིང་སྨྲ་བ་དང་ལེགས་པའི་ལས་བྱེད་ཅིང་བླང་དོར་འབྱེད་པའི་མཁས་པ་རྣམས་ཀྱང་ཐོས་པ་ལ་མཆོག་ཏུ་མོས་པར་བྱེད་པས་ན་མཁས་པས་མངོན་པར་དགའ་བའི་རྣམ་པ་དང་། འཕགས་པ་བཞིས་ཀྱང་དེ་ལྟ་བུའི་ཆོས་དོན་ཐུགས་སུ་ཆུད་པའམ། ཐོས་པ་ལ་འཕགས་པ་རྣམས་དགྱེས་པས་ན་འཕགས་པ་ཀུན་ཤེས་པའི་རྣམ་པ་དང་། ཐོས་པའི་ཤེས་རབ་ཀྱིས་འཕགས་མིན་སོ་སྐྱེ་རྣམས་ཀྱང་ཆོས་ལ་དད་པར་བྱེད་ནུས་པས་ན་འཕགས་པ་མ་ཡིན་པ་མོས་པར་བྱེད་པའི་རྣམ་པ་དང་། ཐོས་པའི་ཤེས་རབ་ལས་འཕགས་པའི་བདེན་པ་བཞི་པོ་མཐོང་བ་འབྱུང་བས་ན་བདེན་པ་མཐོང་བའི་རྣམ་པ་དང་། ཟག་བཅས་ཕུང་པོའི་སྐྱོན་སྐྱེ་རྒ་སོགས་སྤོང་བ་ཐོས་པ་ལས་འབྱུང་བས་ན་ཕུང་པོའི་ཉེས་པ་སྤོང་བའི་རྣམ་པ་དང་། ཐོས་པས་འཁོར་བའི་ཆོས་རྣམས་ཀྱི་སྐྱོན་ཁོང་དུ་ཆུད་པས་ན་འདུས་བྱས་ཀྱི་ཉེས་པ་འཇལ་བའི་རྣམ་པ་དང་། དོན་སོགས་ལ་རྟོན་པ་བཞི་ཡང་ཐོས་པ་ལ་བརྟེན་ནས་འབྱུང་བས་ན་དོན་ལ་རྟོན་པའི་རྣམ་པ་དང་། ཆོས་ལ་རྟོན་པའི་རྣམ་པ་དང་། ཡེ་ཤེས་ལ་རྟོན་པའི་རྣམ་པ་དང་། ངེས་དོན་གྱི་མདོ་སྡེ་ལ་རྟོན་པའི་རྣམ་པ་དང་། ཐོས་པ་དང་ལྡན་པས་མི་དགེ་བའི་ཆོས་རྣམས་མི་བྱེད་པས་སྡིག་པ་ཐམས་ཅད་མི་བྱ་བའི་རྣམ་པ་དང་། རང་གཞན་གྱི་མི་དགེ་བ་སྤངས་ཏེ་དགེ་བ་སྒྲུབ་པས་རང་གཞན་ལ་ཕན་པའི་རྣམ་པ་དང་། ཐོས་པ་དེ་ཉིད་དགེ་བའི་རང་བཞིན་ཡིན་པས་ལེགས་པར་བྱས་པའི་ལས་ཀྱི་རྣམ་པ་དང་། དེ་ལྟར་ལེགས་པར་བྱས་པས་ན་སྔར་ལེགས་པར་མ་བྱས་པ་སོགས་ཀྱི་རྒྱུས་འགྱོད་པ་མེད་པར་གནས་པ་ནི་འགྱོད་པ་མེད་པའི་རྣམ་པ་སྟེ་དགེ་བ་བྱས་པས་ཕྱིས་འདི་ལྟར་འགྱུར་རོ་སྙམ་དུ་དགའ་ཞིང་ཡིད་ལ་གདུང་བ་མེད་པའོ། །དེ་གཉིས་གཅིག་ཏུ་བརྩི་ན་རྒྱུ་འབྲས་ལ་ཡིད་ཆེས་པས་ལེགས་བྱས་ལ་མི་འགྱོད་པའི་རྣམ་པ་སྟེ་སླར་ཡང་འཇུག་པར་མོས་པ་དང་། ཡོན་ཏན་ཁྱད་པར་ཅན་མ་ཐོབ་པ་ལས་ཐོབ་པའམ། ཡང་ན་མོས་སྤྱོད་ཡན་ཆད་དུ་གོང་ནས་གོང་དུ་ས་རྣམས་གནོན་པ་ལ་བྱ་སྟེ་དེ་ལྟར་ཡོན་ཏན་གྱི་བྱེ་བྲག་གམ་ཁྱད་པར་གོང་ནས་གོང་དུ་འཕེལ་བ་ཐོས་པ་ལས་འབྱུང་བས་ན་བྱེ་བྲག་ཏུ་འགྲོ་བའི་རྣམ་པ་དང་། བདེ་བར་གཤེགས་པའི་ཆོས་སྟོབས་བཅུ་མི་འཇིགས་བཞི་ལ་སོགས་པ་ཐོས་པ་ལ་བརྟེན་ནས་ཐོབ་ཀྱི་ཐབས་གཞན་མེད་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པའི་རྣམ་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞིའོ་ཞེས་གསུངས་སོ། །མདོ་ལ་ལ་དག་ན་བརྒྱད་ཅུར་བཤད་པ་ཡོད་ཀྱང་། སྐད་གསར་བཅད་དུ་བརྒྱད་ཅུ་རྩ་བཞིར་གསུངས་པའི་རྗེས་སུ་འབྲངས་པ་ཡིན་ནོ། །ཞེས་རྒྱ་དཔེའི་ནང་ན་གྲངས་དང་ཚིག་དོན་མི་འདྲ་བ་ཅུང་ཞིག་ཡོད་པ་འདྲ་ཡང་། འདི་ཀུན་མཁྱེན་ཆེན་པོའི་ཐུགས་ཐོག་ནས་བརྩམས་པ་ཡིན་པས་ཁྱད་ཆོས་ཁྱད་པར་བ་ཡོད་ཅིང་། སྤྱིར་ཀུན་མཁྱེན་ཆེན་པོའི་གསུང་དེ་ཚིག་ལ་བསྒྲིམས་པ་རྟོག་གེའི་བསྟན་བཅོས་ལྟ་བུ་མིན་པར་དོན་གྱི་སྤྱི་རྒྱ་རླབས་ཀྱིས་གཅོད་པ་གཞན་དང་ཐུན་མོང་མིན་པའོ། །གཉིས་པ།

སྦྱོར་བ་ཕུན་སུམ་ཚོགས་པ།

དེ་ལྟར་ཆོས་ཉན་པ་ན་སློབ་མའི་རྒྱུད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་འབྱུང་ངོ་ཞེས་བསྟན་པ་ནི། མེ་ཏོག་སྟན་སོགས་འབུལ་བ་སྦྱིན་པ་སྟེ། །སྒོ་གསུམ་རབ་བསྡམས་ཚུལ་ཁྲིམས་ཕ་རོལ་ཕྱིན། །གནོད་པ་བཟོད་པ་སྤྲོ་བ་བརྩོན་འགྲུས་ཏེ། །མ་ཡེངས་ཐོས་པ་འཛིན་པ་བསམ་གཏན་ཉིད། །ཐེ་ཚོམ་སྒྲོ་འདོགས་གཅོད་པ་ཤེས་རབ་མཆོག །ཅེས་གསུངས་ཏེ། གོང་དུ་སློབ་དཔོན་གྱིས་ཆོས་བཤད་དུས་ཕྱིན་དྲུག་ཚང་དགོས་པས་མ་ཚད་སློབ་མས་ཀྱང་ཆོས་ཉན་པའི་ཚེ་བླ་མའི་ཆོས་ཀྱི་ཁྲི་སྟན་བཤམས་པ་དང་། མེ་ཏོག་ལ་སོགས་པའི་མཆོད་པས་བརྒྱན་པ་ནི་སྦྱིན་པའོ། །རང་གི་ལུས་ངག་ཡིད་གསུམ་བསྡམས་ཤིང་ཕྱོགས་དེར་སེམས་ཅན་ཕྲ་མོ་དང་། ཤིག་ལ་སོགས་པ་ལ་འཚེ་བ་སྤོང་བ་ནི་ཚུལ་ཁྲིམས་སོ། །ཚ་གྲང་ངལ་དུབ་ལ་སོགས་པ་བཟོད་པ་ནི་བཟོད་པའོ། །བླ་མ་ལ་གསོལ་བ་འདེབས་ཤིང་ཉན་པ་ལ་སྤྲོ་བ་ནི་བརྩོན་འགྲུས་སོ། །སེམས་མ་ཡེངས་པར་རྩེ་གཅིག་ཏུ་ཉན་པ་ནི་བསམ་གཏན་ནོ། །ཐོས་པའི་དོན་ལ་ཐེ་ཚོམ་དང་སྒྲོ་འདོགས་གཅོད་ཅིང་བརྒལ་བརྟག་གི་སྐྱོན་བརྗོད་པ་ལ་སོགས་པས་ངེས་པར་བྱེད་པ་ནི་ཤེས་རབ་བོ། །སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་དེ་ཐམས་ཅད་རང་བཞིན་མེད་ཅིང་། ཉན་པ་པོ་དང་ཆོས་དང་བླ་མ་ཐམས་ཅད་སྣང་ལ་རང་བཞིན་མེད་པར་ཤེས་པ་དང་མི་འབྲལ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་འདི་དག་ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། མེ་ཏོག་སྟན་སོགས་རབ་འབུལ་ཞིང་། །ས་ཕྱོགས་སྤྱོད་ལམ་བསྡོམས་པ་དང་། །སེམས་ཅན་ཀུན་ལ་འཚེ་མི་བྱེད། །བླ་མ་ལ་ནི་གསོལ་བ་འདེབས། །མ་ཡེངས་བླ་མའི་གདམས་ངག་ཉན། །རྟོག་སེལ་ཕྱིར་ནི་སྐྱོན་ཚིག་འདྲི། །སྒྲོལ་མ་ཡན་ལག་དྲུག་དང་ལྡན། །ཞེས་སོ། །སྒྲོལ་མ་ནི་ཉན་པ་པོ་བདག་ཉིད་བསྒོམ་པའི་ཕྱིར་དེ་སྐད་བརྗོད་པའོ། །གསུམ་པ།

རྗེས་ཀྱི་བྱ་བ།

ཆོས་ཐོན་པའི། རྗེས་ལ་ཆོས་དང་སྟོན་པའི་བཀའ་དྲིན་བསམ། །སྒྱུ་མའི་ངང་ལས་བྱང་ཆུབ་བསྔོ་བ་བྱ། །ཞེས་གསུངས་ཏེ། ཆོས་ཐོན་ཏེ་ཡོངས་སུ་གྲུབ་ཟིན་དུས་བླ་མ་དང་ཆོས་ཀྱི་ཡོན་ཏན་བསམ་པ་དང་། བཀའ་དྲིན་དྲན་པར་བྱའོ། །ཇི་ལྟར་དྲན་པ་བྱ་དགོས་ཤེ་ན། དེའང་མ་རིག་པའི་མིག་འབྱེད་ཅིང་། ཐར་པའི་ལམ་དུ་འཁྲིད་ནས་ཡོན་ཏན་ཐམས་ཅད་རྒྱུད་ལ་སྐྱེད་པར་བྱེད་པའི་བླ་མ་འདིས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐོས་པར་དཀའ་བ་ཚེ་རབས་མང་པོར་རྙེད་པར་དཀོན་པ་འདི་ལྟ་བུ་བསྟན་པ་བཀའ་དྲིན་རེ་ཆེ་སྙམ་པ་བསམས་ནས། གང་བཤད་བྱའི་ཆོས། འཆད་མཁན་གྱི་བླ་མ། བཤད་ཡུལ་གྱི་སློབ་མ་དང་བཅས་པ་དེ་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་ངང་ལས། ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་གྱུར་ཅིག །ཚེ་རབས་ཀུན་ཏུ་ཆོས་ལ་སྤྱོད་གྱུར་ཅིག །རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་རྒྱས་གྱུར་ཅིག །འགྲོ་ཀུན་ཕྱམ་གཅིག་སངས་རྒྱས་ཐོབ་གྱུར་ཅིག །ཅེས་བསྔོ་བ་བྱའོ། །གཉིས་པ།

དེའི་ཕན་ཡོན།

དེ་ལྟར་སྦྱོར་དངོས་རྗེས་གསུམ་ཚང་བས་ཆོས་ཉན་པའི་ཕན་ཡོན་ནི། ཐོས་པ་དྲི་མ་མེད་པའི་གཟི་བརྗིད་ལ་གནས་པ། དེ་ཡི་ཕན་ཡོན་ཤིན་ཏུ་ཚད་མེད་དེ། །ཆོས་རྔ་བསྒྲགས་པ་ཐོས་པའི་སེམས་ཅན་ཡང་། །ངན་སོང་རྣམ་གྲོལ་ཉན་པ་སྨོས་ཅི་འཚལ། །ཞེས་གསུངས་ཏེ། འདི་ཡང་མདོ་ཇི་ལྟ་བ་བཞིན་ཏེ། གཎྚཱིའི་མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་ཕྱིར། །རྔའམ་གཎྚཱི་བརྡུངས་པའི་སྒྲ། །ཐོས་པས་བྱང་ཆུབ་ཐོབ་གྱུར་ན། །ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །ཞེས་གསུངས་པ་ཡིན་ནོ། །ཞེས་དམ་ཆོས་བསྟན་པའི་དུས་བརྡའི་རྔའམ་གཎྜཱི་བརྡུངས་བའི་སྒྲ་ཐོས་པས་ཀྱང་བྱང་ཆུབ་ཐོབ་པ་ཡིན་ན། ཆོས་ཉན་པར་སོང་ན་དེའི་བསོད་ནམས་ཀྱིས་བྱང་ཆུབ་ཐོབ་པ་སྨོས་ཅི་དགོས་ཞེས་པའོ། །གཞན་ཡང་ཕན་ཡོན་ཚད་མེད་པ་སྙེད་ཡོད་དེ། ཤེས་རབ་ཏིང་འཛིན་དྲན་པའི་གཟུངས་ཐོབ་ཅིང་། །སྤང་བླང་མཚམས་ཕྱེད་དགེ་འཕེལ་སྡིག་ཀུན་སྲབ། །ལྷ་མིས་བསྟོད་ཅིང་མ་རིག་མུན་པ་སངས། །པདྨའི་སྟེང་མཛེས་རྒྱ་ཆེན་ཆོས་ཐོས་ཤིང་། །མྱུར་དུ་ཆོས་རྒྱལ་མྱ་ངན་མེད་ཐོབ་འགྱུར། །ཞེས་གསུངས་ཏེ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དང་དམིགས་པ་མ་གཡེང་བའི་རྩེ་གཅིག་པའི་ཏིང་ངེ་འཛིན་དང་། ཆོས་ཀྱི་རྒྱུན་གྱི་གཟུངས་དང་། སྒྲ་དབྱངས་རྣམ་པར་དག་བའི་གཟུངས། མི་བཟད་ཟ་མ་ཏོག་བཀོད་པའི་གཟུངས་ལ་སོགས་པའི་གཟུངས་དང་། སྤང་བླང་གི་གནད་མཐོང་ཞིང་ཤེས་པའི་མིག་དང་། དགེ་བ་འཕེལ་ཞིང་མི་དགེ་བ་སྲབ་པ་དང་། ལྷ་དང་བཅས་པའི་འཇིག་རྟེན་གྱིས་བསྟོད་ཅིང་འདུན་པ་དང་མ་རིག་པའི་མུན་ནག་སངས་པ་དང་། ཤི་འཕོས་ནས་དག་པའི་ཞིང་གི་པདྨ་ལ་བརྫུས་ཏེ་སྐྱེ་བ་དང་། སངས་རྒྱས་མཆོག་གི་སྤྲུལ་བ་ལས་ཆོས་ཐོས་པ་དང་། མྱུར་དུ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བ་ལ་སོགས་པ་ཆོས་ཐོས་པའི་ཕན་ཡོན་གྱི་སྒོ་ཚད་མེད་པ་ཇི་སྙེད་ཅིག་ཡོད་དེ། རྒྱས་པར་ནི་མདོའི་གནས་ཇི་ལྟ་བ་བཞིན་རྟོགས་པར་བྱའོ། །ཇི་སྐད་དུ་སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས། རིགས་ཀྱི་བུ་ཐོས་པ་དང་ལྡན་ན་ཤེས་རབ་འབྱུང་བར་འགྱུར་རོ། །ཤེས་རབ་དང་ལྡན་ན་ཉོན་མོངས་པ་ཞི་བར་འགྱུར་རོ། །ཉོན་མོངས་པ་རབ་ཏུ་ཞི་བ་ལ་ནི་བདུད་ཀྱིས་གླགས་མི་རྙེད་དོ་ཞེས་པ་དང་། སྒྱུ་མ་མཁན་རབ་ཏུ་བཟང་པོས་ཞུས་པའི་མདོ་ལས། རང་དང་གཞན་གྱི་ཤེས་རབ་སྦྱོང་བ་དང་། ཕྱོགས་བཅུ་ནས་ལྷགས་པའི་གདུལ་བྱ་རྣམས་ཀྱི་ཐེ་ཚོམ་གཅོད་པ་དང་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔགས་པ་ཟད་མི་ཤེས་པར་བརྗོད་པར་མཛད་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བའོ་ཞེས་པ་དང་། ཆེད་དུ་བརྗོད་པའི་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་བྱེད། །ཐོས་པས་གནོད་པ་བསྟེན་མི་བྱེད། །ཐོས་པས་སྡིག་ལས་ཟློག་པར་བྱེད། །ཐོས་པས་མྱ་ངན་འདས་པ་ཐོབ། །ཇི་ལྟར་ཁྱིམ་གྱིས་ལེགས་གཡོགས་པས། །མུན་པས་ཁེབས་པའི་ནང་ཞུགས་ན། །གཟུགས་རྣམས་ཡོད་པར་གྱུར་ཀྱང་ནི། །མིག་ལྡན་ཤིན་ཏུ་མཐོང་མི་འགྱུར། །དེ་བཞིན་འདི་ན་རིགས་སྐྱེས་པའི། །མི་ནི་བློ་གྲོས་ལྡན་གྱུར་ཀྱང་། །སྡིག་པ་དང་ནི་དགེ་བའི་ཆོས། །མ་ཐོས་བར་དུ་ཤེས་མི་འགྱུར། །ཞེས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ཤཱ་རིའི་བུས་གསོལ་བ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ནས། མོས་པའི་སེམས་ཅན་དེ་དག་ནི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་ལགས་སོ། །བྱང་ཆུབ་ལ་ཉེ་བར་འགྱུར་བ་དང་། དེ་དག་ནི་སངས་རྒྱས་ཉིད་དུ་བལྟ་བར་བྱའོ་ཞེས་པ་དང་། ལྷ་ཡི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས། བདག་ཏུ་ལྟ་བ་ཐམས་ཅད་ཀྱིས་སངས་རྒྱས་གངྒཱའི་ཀླུང་བྱེ་མ་སྙེད་འཁོར་དང་བཅས་པ་ལ་ཇི་སྲིད་འཚོའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་བས། ཆོས་ཟབ་མོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྒོའི་རྣམ་གྲངས་འཇིག་རྟེན་ཐམས་ཅད་དང་། མི་མཐུན་པ་ཐོས་ནས་དད་པར་བྱེད་ན་ཕན་ཡོན་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། འདིས་ནི་ཆོས་ཟབ་མོ་སྤངས་པས་དམྱལ་བར་ལྟུང་བ་དེ་ཡང་ཆེས་མྱུར་དུ་ལྡང་ཞིང་ཐར་པར་འགྱུར་ལ། ཐོས་པ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་འབྱུང་བ་དང་འདྲའོ་ཞེས་པ་དང་། ཕལ་པོ་ཆེའི་དྲང་སྲོང་བླ་མའི་རབས་ལས། བྱང་ཆུབ་སེམས་དཔའ་ཆོས་འདོད་པ། བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ལ། འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་སངས་རྒྱས་རྣམས་ཀྱང་ཞལ་ཉེ་བར་སྟོན་ཅིང་ཆོས་ཐོས་པར་མཛད་དོ། །བྱང་ཆུབ་སེམས་དཔའ་ཆོས་འདོད་པ་དྲི་མ་མེད་པའི་གཟི་བརྗིད་ཅན་རྣམས་ནི་ཆོས་ཀྱི་གཏེར་རིའི་སུལ་དང་། ཤིང་གི་ནང་དུ་བཅུག་པའི་ཆོས་ཀྱི་སྒོ་གླེགས་བམ་དུ་གྱུར་པ་མཐའ་ཡས་པ་དག་ཀྱང་ལག་མཐིལ་དུ་གནས་པར་འགྱུར་རོ། །ཟབ་མོའི་ཆོས་གཏེར་ཚད་མ་ཡིན་པའི་སྒྲུབ་བྱེད་མདོ་ལས་ཀྱང་འདི་བཞིན་གསུངས་པ་ཡིན། དེ་བཞིན་དུ་དེ་དག་ལ་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་ཀྱིས་སྤོབས་པ་ཉེ་བར་བསྒྲུབ་པ་དང་། ཚེ་ཟད་ན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ལྷ་རྣམས་ཀྱིས་སྟོབས་ཉེ་བར་བསྒྲུབ་པ་དང་། རྒྱུ་དེས་འདོད་ན་ལོ་སྟོང་དུ་ཡང་གནས་པ་དང་། བསྐལ་པའམ་ཇི་སྙེད་འདོད་པ་སྲིད་དུ་གནས་པ་དང་། བདེ་བར་གཤེགས་པ་རྣམས་ཀྱིས་དགའ་བ་སྤེལ་བ་དང་། ནད་སེལ་བ་དང་། དྲན་པ་ཡང་ཉེ་བར་བསྒྲུབ་པ་དང་། རྟོགས་པ་དང་། བློ་གྲོས་དང་། སྤོབས་པ་ཡང་ཉེ་བར་བསྒྲུབ་པ་དང་། ལྟ་བ་ལོག་པ་ཡང་སེལ་བ་དང་། ཡང་དག་པའི་ལྟ་བ་ཉེ་བར་བསྒྲུབ་པ་དང་། ཕ་རོལ་གྱི་གནོད་པས་འཇིགས་པ་ཐམས་ཅད་མི་འབྱུང་ངོ་། །དེས་ན་བྱང་ཆུབ་སེམས་དཔའ་དེས་ཐོས་པའི་ཚོགས་ལ་མངོན་པར་བརྩོན་པར་བྱའོ་ཞེས་པ་དང་། འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས། མདོ་སྡེ་དམ་པ་འདི་ཐོས་ན། །མ་འོངས་པ་ཡི་བསྐལ་པ་ནི། །གྲངས་མེད་བདུན་ཅུ་རྩ་གསུམ་དུ། །ངན་འགྲོ་རྣམས་སུ་ཡོང་མི་འགྲོ། །བསྟན་པ་ཟད་དུ་ཉེ་བའི་ཚེ། །གང་གིས་མདོ་སྡེ་འདི་བཟུང་ན། །མྱུར་དུ་སྤོབས་པ་ཐོབ་པར་འགྱུར། །ཚིགས་བཅད་གཅིག་ཙམ་བཟུང་བས་ཀྱང་། །བསོད་ནམས་ཕུང་པོ་བསམ་ཡས་ན། །ཉན་པར་འདོད་པས་མདོ་སྡེ་ཡང་། །ཐམས་ཅད་གཟུང་བ་ཅི་ཞིག་སྨོས། །སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ། །ཅེས་པ་དང་། མྱ་ངན་ལས་འདས་པ་ལས། ཆོས་ཉན་པ་ལས་དད་པ་སྐྱེའོ། །དད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མོས་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བའི་བར་དུ་ཐོབ་པས། དགེ་བའི་ཆོས་ཐམས་ཅད་ཐོབ་པ་ནི་ཐོས་པའི་རྒྱུ་ལས་བྱུང་བའོ། །ཉོན་མོངས་པས་མྱོས་ཏེ་སྡིག་པ་མང་དུ་བྱེད་པར་འདོད་པ་ཡང་ཐོས་པའི་ལྕགས་ཀྱུས་མོད་ལ་འདུལ་བར་འགྱུར་རོ། །ཚོང་པ་རིན་པོ་ཆེའི་གླིང་གི་ལམ་མི་ཤེས་པ་དག་ཀྱང་གཞན་གྱིས་ལམ་བསྟན་ཏེ་སོང་ན་རིན་པོ་ཆེ་མང་དུ་ལེན་ཏོ། །དེ་བཞིན་དུ་དགེ་བའི་བཤེས་གཉེན་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔས་ཐོས་པ་དམ་པའི་ལམ་བསྟན་པ་དེར་ཞུགས་ཏེ་སོང་ན། སངས་རྒྱས་ཀྱི་རིན་པོ་ཆེ་ལེན་པའི་དོན་འགྲུབ་བོ་ཞེས་པ་དང་། འདི་ལྟར་ལུང་མང་པས་བསམ་ཡས་ལུང་མང་པ་ཞེས་པའི་མིང་ཐོགས་པ་རེད། ལུང་མང་པ་འདི་མཁས་པའི་ཆེ་རྟགས་ཡིན་པའོ། །ཟ་མ་ཏོག་བཀོད་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཐེག་པ་ཆེན་པོའི་མདོ་སྡེ་ཟ་མ་ཏོག་བཀོད་པ་འདིའི་ཚིགས་སུ་བཅད་པ་གཅིག་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བསོད་ནམས་ཀྱི་ཕུང་པོ་བགྲང་བ་དང་ཚད་གཟུང་བར་མི་ནུས་སོ། །དཔེར་ན་ས་ཆེན་པོ་འདི་རྡུལ་ཕྲ་རབ་ཏུ་བསིལ་བའི་ཚད་གཟུང་བར་ནུས་སྲིད་ཀྱི། ཐེག་པ་ཆེན་པོའི་མདོ་སྡེ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་ཐོས་པའི་བསོད་ནམས་ནི་བགྲང་བར་མི་ནུས་སོ། །དཔེར་ན་རྒྱ་མཚོ་ཆེན་པོ་འདི་ཆུ་ཐིགས་པ་རེ་རེ་ནས་བགྲང་བར་ནུས་སྲིད་ཀྱི། མདོ་སྡེ་ཟ་མ་ཏོག་བཀོད་པ་འདིའི་ཚིགས་སུ་བཅད་པ་གཅིག་བཟུང་བའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ། །རིགས་ཀྱི་བུ་ཐེག་པ་ཆེན་པོའི་མདོ་སྡེའི་རྒྱལ་པོ་ཟ་མ་ཏོག་བཀོད་པ་འདིས་ནི་སྡིག་པ་ཐམས་ཅད་སྲེག་པར་བྱེད་དོ། །གང་འདི་ཐོས་པའི་སེམས་ཅན་དེ་དག་ནི་བདེ་བ་དང་ལྡན་པ་ཡིན་ཏེ། རིགས་ཀྱི་བུ་དེ་དག་ནི་སོ་སོ་སྐྱེ་བོ་མ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་དང་འདྲ་བར་བལྟའོ། །དེ་དག་འཆི་བའི་ཚེ་དེ་བཞིན་གཤེགས་པ་བཅུ་གཉིས་བྱོན་ནས་རིགས་ཀྱི་བུ་མ་འཇིགས་ཤིག དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་ཐེག་པ་ཆེན་པོ་འདི་ཐོས་པས་སོ། །ཐེག་ཆེན་གྱི་ཆོས་ཐོས་པ་རྐྱང་བའི་ཕན་ཡོན་དེ་ལྟར་ཡོད་པའོ། །དེ་ཐོས་པས་ཁྱོད་སླར་འཁོར་བར་མི་འཁོར་ཞིང་། སྐྱེ་བ་དང་། རྒས་པ་དང་། ན་བ་དང་། འཆི་བ་མཐོང་བར་མི་འགྱུར་རོ། །དགའ་ཞིང་འདོད་པའི་དོན་དང་འཕྲད་ལ། མི་དགའ་ཞིང་མི་འདོད་པ་དང་འཕྲད་པར་མི་འགྱུར་རོ། །རིགས་ཀྱི་བུ་ཁྱོད་བདེ་བ་ཅན་གྱི་འཇིག་རྟེན་ཞེས་བྱ་བའི་ཁམས་སུ་འགྲོ་ཞིང་བདེ་བར་གཤེགས་པ་སྣང་བ་མཐའ་ཡས་ལ་དམ་པའི་ཆོས་ཉན་པར་འགྱུར་རོ། །དབུགས་འབྱིན་པ་མཛད་ཅིང་དེ་ལྟར་སེམས་ཅན་དེ་དག་འཆི་བར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པའི་ཡུམ་དུ་གྲགས་ཏེ། དེ་ཡང་ཐལ་མོ་སྦྱར་ནས་ཡི་གེ་དྲུག་པའི་རིགས་སྔགས་ཀྱི་རྒྱལ་མོ་འདི་ལ་ཕྱག་འཚལ་བར་བྱེད་དོ། །གང་ལ་ལ་ཞིག་གིས་ཡི་གེ་དྲུག་པ་འདི་ལན་ཅིག་བཟུང་ན། དེ་བཞིན་གཤེགས་པ་ཐམས་ཅད་ལ་ན་བཟའ་དང་། བཤོས་དང་། བཏུང་བ་ལ་སོགས་པའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པར་འགྱུར་རོ། །མདོ་སྡེ་ཟ་མ་ཏོག་བཀོད་པ་འདིའི་མིང་ཐོས་པ་ཙམ་གྱིས་སེམས་ཅན་དེ་དག་གི་སྔོན་གྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་རོ། །གང་དག་ཞེ་སྡང་གིས་སྡིག་སྤྱོད་པའི་ལས་བྱས་པ་དང་། ཕ་རོལ་གྱི་བུད་མེད་ལ་ཆགས་ནས་ལོག་པར་སྤྱད་པ་དང་། དགེ་འདུན་གྱི་དཀོར་ལ་མ་བྱིན་པར་བླངས་པ་དང་། ཕ་དང་མ་དང་དགྲ་བཅོམ་པ་བསད་པ་དང་། མཆོད་རྟེན་དང་གཙུག་ལག་ཁང་བཤིག་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མཚམས་མེད་པའི་ལས་ཀྱི་སྡིག་པ་ཆེན་པོ་ཐམས་ཅད་ཀྱང་། ཟ་མ་ཏོག་བཀོད་པའི་ཡི་གེ་དྲུག་པ་འདིས་དག་པར་བྱེད་དོ། །མདོ་སྡེ་འདི་ནི་མེ་ཆེན་པོ་དང་འདྲ་སྟེ། སྡིག་པ་ཐམས་ཅད་སྲེག་པར་བྱེད་དོ། །ཆུ་ཆེན་པོ་དང་འདྲ་སྟེ་སྡིག་པ་ཐམས་ཅད་འཁྲུ་བར་བྱེད་དོ། །རླུང་ཆེན་པོ་དང་འདྲ་སྟེ་སྡིག་པ་ཐམས་ཅད་གཏོར་བར་བྱེད་དོ། །མདོ་སྡེ་ཟ་མ་ཏོག་བཀོད་པ་འདི་ཐོས་པའི་སེམས་ཅན་དེ་དག་ནི། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་པདྨ་ལ་བརྫུས་ཏེ་སྐྱེས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ལ་ཆོས་ཉན་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་མནར་མེད་པའི་གནས་སུ་བྱོན་ཏེ། རིག་སྔགས་ཀྱི་རྒྱལ་མོ་ཡི་གེ་དྲུག་པའི་སྒྲ་བརྗོད་པས། དེ་ཐོས་པའི་སེམས་ཅན་དམྱལ་བ་འབུམ་ཕྲག་གཅིག་སྡུག་བསྔལ་ལས་གྲོལ་ཏེ། སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པར་འགྱུར་རོ། །ཡི་དྭགས་ཀྱི་གནས་སུ་བྱོན་ནས་རིག་སྔགས་ཀྱི་རྒྱལ་མོ་ཡི་གེ་དྲུག་པའི་སྒྲ་བསྒྲགས་པས། ཡི་དྭགས་གངྒཱའི་ཀླུང་གི་བྱེ་མའི་གྲངས་དང་མཉམ་པ་ཚེ་འཕོས་ནས་བདེ་བ་ཅན་གྱི་ཞིང་དུ་སྐྱེས་ཏེ། བྱང་ཆུབ་སེམས་དཔའ་འདོད་པ་རབ་ཏུ་སྦྱིན་པ་ཞེས་བྱ་བ་འབའ་ཞིག་ཏུ་གྱུར་ནས་ཕྱིར་མི་ལྡོག་པ་ཐོབ་པར་འགྱུར་རོ། །ཡང་གྲོང་ཁྱེར་འཁོར་མོ་འཇིག་ཏུ་བྱོན་ནས་བཤང་གཅིའི་འདམ་རྫབ་ཆེན་པོའི་ཁྲོད་ན་སྲིན་བུའི་རིགས་བརྒྱ་སྟོང་ཕྲག་དུ་མ་གནས་པའི་དྲུང་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བུང་བའི་གཟུགས་སུ་སྤྲུལ་ནས་ཟ་མ་ཏོག་བཀོད་པའི་མདོ་ལས་ཡི་གེ་དྲུག་པའི་སྒྲ་ཕྱུང་སྟེ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་ཕྱུང་ངོ་། །སེམས་ཅན་དེ་དག་གིས་སྒྲ་དེ་ཐོས་པ་དང་དཀོན་མཆོག་གསུམ་རྗེས་སུ་དྲན་ནས། དེ་རྣམས་ཀྱི་ལས་དང་ཉོན་མོངས་པ་ཐམས་ཅད་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། ཁ་ནས་ཙནྡ་གྱི་དྲི་ངད་ཅེས་བྱ་བའི་བྱང་ཆུབ་སེམས་དཔར་གྱུར་ནས། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་པར་གྱུར་ཏོ་ཞེས་སོ། །དེ་ལྟར་ཐོས་པ་ལ་ཕན་ཡོན་ཚད་མེད་པས། སངས་རྒྱས་པར་འདོད་པ་ཞིག་ཡིན་ན་ཐོག་མར་ཐོས་པ་བཙལ་ཏེ་ཕྱིས་རིམ་གྱིས་བསྒོམ་པ་ལ་སྦྱར་བས་གང་ཡང་དགེ་བར་འགྱུར་བ་ཡིན་ཏེ། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པ། །དེ་ནི་གང་ཡང་ཡོད་མ་ཡིན། །དེ་ལྟར་བསླབས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། །ཅེས་པ་དང་། དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱར། །ཞེས་གསུངས་པ་བཞིན་དྲན་པར་བྱས་ལ། ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་འཚོལ་བར་བྱའོ། །ཐ་ན་དབང་པོ་རྟུལ་བ་དག་གིས་ལམ་ཟབ་མོ་ལ་འཇུག་ནའང་། འཇུག་ཡུལ་དེའི་ཡན་ལག་ཚང་བ་ཞིག་ཐོས་དགོས་པས་ན་ཐམས་ཅད་ཐོས་ཞེས་བྱ་བའི་སྒྲ་འཇུག་སྟེ། སྨན་གང་གི་སྡེ་ཚན་གཏོང་བའི་སྨན་རྣམས་ཚང་བ་ལ་སྨན་ཀུན་ཚོགས་ཞེས་བཤད་པ་བཞིན་དུ་ཐམས་ཅད་ཚང་བའི་མིང་ཡང་ཐོགས་པ་བཞིན་ནོ། །དེས་ན་ལམ་གང་ལའང་དང་པོར་བྱ་བ་ཐོས་པ་དེ་ཉིད་གཅེས་པ་ཡིན་པས་དེ་བསྒྲུབ་པར་བྱའོ། །དམ་པའི་ཆོས་སྒོར་ཞུགས་ནས་རང་གཞན་གཉིས་དོན་སྒྲུབ་པ་ལ་ཐོས་བསམ་སྒོམ་བའི་ཤེས་རབ་སྐྱེད་དགོས། དེ་ཡང་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ནས་ཐོས་སོགས་ཡོན་ཏན་རྒྱ་མཚོས་ཕྱུག་པར་བྱ་དགོས་པས། ཐོག་མར་ཐོས་པའི་ཤེས་རབ་བསྟེན་ཚུལ་དང་། བསྟེན་པའི་དགོས་པ། རྒྱུ་མཚན་ཕན་ཡོན་དང་བཅས་པ་རྒྱས་པར་གསུངས་ནས་ལེའུ་འདིའི་མཚན་བསྟན་ནས་དོན་བསྡུ་བ་ནི་ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཉན་པ་པོ་སློབ་མའི་ཆོས་ཀྱི་ལེའུ་སྟེ་བཅུ་གཅིིག་པའི་རྒྱ་ཆེར་འགྲེལ་པའོ།། །།གསུམ་པ་ཐོས་པ་དངོས་ཀྱི་དོན་གཏན་ལ་དབབ་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ།

ཐོས་པ་དངོས་ཀྱི་དོན་གཏན་ལ་དབབ་པ་མདོར་བསྟན་པ།

དེ་ལྟར་ཐོས་པ་ཇི་ལྟར་བྱ་བའི་ཚུལ་བསྟན་པའི་རྗེས་ཐོག་ཉིད་དུ། ཐོས་པ་དངོས་ཀྱི་དོན་གཏན་ལ་དབབ་པ་ནི། ཇི་སྐད་བཤད་མ་ཐག་པའི་རིམ་པ། དེ་ནས་གཏན་ལ་དབབ་བྱའི་ཆོས་བསྟན་པ། །སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་ཏེ། །སྤང་བླང་དབང་གིས་ཕྱི་ནང་གཉིས་སུ་བསྟན། །ཞེས་གསུངས་ཏེ། དེ་ཡང་ལེགས་སྦྱར་གྱི་སྐད་དྷརྨ་ཞེས་བའི་སྒྲ་ལས་དྲངས་ན་ཆོས་ཞེས་བྱ་བ་ལ་འཇུག་སྟེ། གང་ཞིག་བློས་ཤེས་པར་བྱ་བའི་གཞི་ཤེས་བྱ་ཐམས་ཅད་དང་། ཤེས་ནས་འདོར་ལེན་དུ་འཇུག་པ་བླང་དོར་གྱི་གནས་དང་། ཞུགས་ནས་འདོད་པའི་དོན་ཉེ་བར་ཐོབ་པ་ཡང་དག་གི་ལམ་འབྲས་དང་བཅས་པ་གསུམ་ལ་འཇུག་པ་ལས། སྐབས་འདིར་གཉིས་སུ་བསྡུས་ནས་བཤད་ན། གང་ཞིག་ཤེས་ནས་སྤང་བར་བྱ་བ་འཇིག་རྟེན་པའི་ཆོས་འཁོར་བ་རྒྱུ་འབྲས་དང་། གང་ཞིག་ཤེས་ནས་ཉམས་སུ་བླང་བར་བསྟན་པ་འཇིག་རྟེན་ལས་འདས་པའི་ཆོས་མྱ་ངན་ལས་འདས་པ་རྒྱུ་འབྲས་གཉིས་སུ་བསྡུས་ཏེ་བསྟན་པ་ཡིན་ནོ། །གང་ཞིག་ཤེས་ནས་སྤང་བར་བྱ་བ་འཇིག་རྟེན་འཁོར་བ་རྒྱུ་འབྲས་དེ་ལ་འཁྲུལ་སྣང་འཛིན་པའི་ཆོས་ཞེས་བྱ་བ་ཡིན་ཅིང་། དེ་ལ་ངོ་བོ་ངེས་ཚིག་དབྱེ་བ་སྟེ་གསུམ་གྱིས་གསུངས་བ་ལས། དང་པོ་འཇིག་རྟེན་གྱི་ངོ་བོ་ནི་བདེན་པར་ཞེན་པས་ཀུན་ནས་རྨོངས་པའི་རང་བཞིན་ཅན་ནོ། །གཉིས་པ་འཇིག་རྟེན་ཞེས་བའི་ངེས་ཚིག་ནི་སྣོད་འཇིག་པའི་རང་ཞིན་ཅན་སྐད་ཅིག་གིས་འགྱུར་བའི་ཆོས་ཅན་ལ་བཅུད་འཁྲུལ་པ་རིགས་དྲུག་གི་སེམས་ཅན་བརྟེན་ནས་སོ་སོའི་འཁྲུལ་བའི་ཡིད་ཀྱིས་མངོན་འདོད་འཁྲུལ་འཛིན་གྱི་བྱ་བས་བསྒྲུབ་པ་ཡིན་པས་ན་གང་མྱང་འདས་མ་ཡིན་པའི་ཤེས་བྱའི་ཆོས་ཐམས་ཅད་ལ་འཇིག་རྟེན་གྱི་ཆོས་ཞེས་བྱའོ། །གསུམ་པ་དེ་ལ་དབྱེ་བ་བྱས་འོང་ན་ཐ་མལ་པ་བྱིས་པའི་འཇིག་རྟེན་ཞིག་དང་། ལྟ་བ་ལོག་པར་ཞུགས་པའི་ཕྱི་རོལ་པ་སྟེ་གཉིས་ལས། དེ་ལས་དང་པོ་གྱུར་པ་ཐ་མལ་པ་བྱིས་པའི་འཇིག་རྟེན་ལམ་དང་གྲུབ་པའི་མཐའ་གང་ལའང་མ་ཞུགས་པའི་ལྷ་དང་མི་དང་ལྷ་མ་ཡིན་དང་། དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་རྣམས་ནི་ཐ་མ་བྱིས་པའི་འཇིག་རྟེན་དང་། གཉིས་པ་ལམ་དང་གྲུབ་པའི་མཐའ་ལ་ཞུགས་པའི་ལྟ་བ་ལོག་པར་འཛིན་པ་ནི། ལྟ་བ་ལོག་པ་ལ་ཞུགས་པའི་ཕྱི་རོལ་པ་ནི་གང་ཡིན་ན་བསྟན་པ་འདི་ལས་ཕྱི་རོལ་ཏུ་གྱུར་པས་ན་ཕྱི་རོལ་པ་ཞེས་བཏག་པ་དེ་ཉིད་རྣམས་སོ། །འཇིག་རྟེན་གྱི་དབྱེ་བ་དེ་དག་ཀྱང་སྒྱུ་འཕྲུལ་བརྒྱད་ཅུ་པ་ལས། འཇིག་པ་དྲུག་དང་རྟེན་པ་དྲུག །འཇིག་རྟེན་ཡུལ་དྲུག་ཤེས་པ་ལ། །འཇིག་རྟེན་ཞེས་ནི་དེ་ལ་བྱ། །ཞེས་པ་དང་། སྒྲོན་གསལ་ལས། འཇིག་རྟེན་པ་དང་འཇིག་རྟེན་འདས། །གང་ལ་འཇིག་རྟེན་འདས་པ་མཆོག །ཅེས་པ་ལྟར་རོ། །དེ་ཡང་། སྒྱུ་འཕྲུལ་གསང་སྙིང་དུ། མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཞེས་པས། མ་ཀི་མུ་སྟེགས་ཀྱི་གྲུབ་མཐའ་ནས་ཡ་གི་གསང་སྔགས་ནང་པ་བླ་མེད་ཀྱི་བར་དུ་གསུངས་པ་བཞིན་འདིར་ཡང་གཏན་ལ་འབེབས་པར་བྱེད་དོ། །གཉིས་པ་ལ། སྤང་བྱ་ཕྱི་རོལ་པ། བླང་བྱ་ནང་པ་གཉིས། དང་པོ་ལ་བསྟན་བཤད་གཉིས། དང་པོ།

སྤང་བྱ་ཕྱི་རོལ་པ་མདོར་བསྟན་པ།

དེ་ལྟ་བུའི་ཚུལ་རྒྱས་པར་བཤད་པ་ལ་དབྱེ་བསྡུ་མང་ཡང་། དུས་ཀྱི་འཁོར་ལོའི་རྩ་རྒྱུད་ལས། དེ་ཡང་རྣམ་པ་གཉིས་འགྱུར་ཏེ། །ཕྱི་རོལ་པ་དང་ནང་པ་གཉིས། །ཞེས་པ་ལ་བརྟེན་ནས་སྤང་བྱ་ཕྱི་རོལ་མུ་སྟེགས་ཀྱི་གྲུབ་པའི་མཐའ་རྣམ་པར་དབྱེ་བ་དང་། བླང་བྱ་ནང་པ་སངས་རྒྱས་པའི་གཞུང་རྒྱ་ཆེར་བཤད་པ་གཉིས་ལས། དང་པོ་ཕྱི་རོལ་མུ་སྟེགས་སྡེ་པ་ལ། །སྟོན་པ་དྲུག་དང་འཇིག་ཚོགས་ཉི་ཤུ་དང་། །དྲུག་ཅུ་རྩ་གཉིས་སུམ་བརྒྱ་དྲུག་ཅུ་དང་། །སྡེ་ཚན་བཅུ་གཅིག་ཏརྐ་སྡེ་ལྔའོ། །ཞེས་གསུངས་ཏེ། བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་པས་ན་ཕྱི་པ་དང་། དེ་ཉིད་བསྟན་པ་འདིར་ཞུགས་པའི་སྒོའི་མུའམ་སྟེགས་སུ་གྱུར་པས་མུ་སྟེགས་ཞེས་པའོ། །དེའང་ནང་པ་སངས་རྒྱས་པའི་ལམ་ལས་ཕྱི་རོལ་ཏུ་གྱུར་པ་སྟོན་པ་ཤཱཀྱའི་རྒྱལ་པོ་འཇིག་རྟེན་འདིར་མ་བྱོན་པའི་སྔོན་གྱི་སློབ་དཔོན་ལམ་དེ་དག་ལ་བརྟེན་ན་གྲོལ་བར་སྨྲ་བ་ལམ་འཆོལ་བ་ཕྱིན་ཅི་ལོག་ལ་ཞུགས་པ་དག་གི་སྡེ་ཚན་དང་རབ་ཏུ་དབྱེ་བ་ཤིན་ཏུ་མང་ན་ཡང་། སྟོན་པ་དྲུག་དང་གཅིག འཇིག་ཚོགས་ལ་ལྟ་བ་ཉི་ཤུ་དང་གཉིས། ལྟ་བ་ལོག་པ་དྲུག་ཅུ་རྩ་གཉིས་དང་གསུམ། ལྟ་ལོག་སུམ་བརྒྱ་དྲུག་ཅུ་དང་བཞི། སྡེ་ཚན་ངེས་པ་བཅུ་གཅིག་དང་ལྔ། ཐམས་ཅད་བསྡུ་བས་ཏརྐ་སྡེ་ལྔ་སྟེ་དོན་དྲུག་ཏུ་བཤད་པར་བྱ་བ་ལས། གཉིས་པ་ལ། སྟོན་པ་དྲུག འཇིག་ཚོགས་ཉི་ཤུ། དྲུག་ཅུ་རྩ་གཉིས། སུམ་བརྒྱ་དྲུག་ཅུ། སྡེ་ཚན་བཅུ་གཅིག ཏརྐ་སྡེ་ལྔ་བཤད་པ་དྲུག དང་པོ།

སྟོན་པ་དྲུག་བསྟན་པ།

དང་པོ། སྟོན་པ་དྲུག་ནི་འོད་སྲུངས་རྫོགས་བྱེད་དང་། །གནག་ལྷས་བུ་དང་ཡང་དག་རྒྱལ་བ་ཅན། །བ་ཅན་དང་ནོག་ཅན་གཉེན་གྱི་བུ། །རང་རང་ལྟ་ལ་ཆགས་ཏེ་ཀུན་ཏུ་སྨད། །ཅེས་གསུངས་ཏེ། དེ་ལ་དང་པོ་འགྲོ་སྐྱོང་གི་བུ་འོད་སྲུངས་རྫོགས་བྱེད་ནི། འཇིག་རྟེན་སྔ་ཕྱི་དང་ལས་རྒྱུ་འབྲས་དང་། དགྲ་བཅོམ་པ་དང་། རྫུས་ཏེ་སྐྱེ་བ་མེད་པར་འདོད་པ་ནི་འོག་ཏུ་འགོག་གོ །མུ་སྟེགས་སྟོན་པ་གཉིས་པ་ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་ཆུ་ལྷ་ན་རེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་གྲོལ་བ་གཉིས་ཀ་ལ་རྒྱུ་དང་རྐྱེན་མེད་དེ་ངོ་བོ་ཉིད་ཀྱིས་འབྱུང་བའོ་ཞེས་པའང་འོག་ཏུ་སྤྱོད་པ་པ་འགོག་པ་དང་གཅིག་པས་འདིར་མི་སྤྲོའོ། །སྟོན་པ་གསུམ་པ་སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་ནི་དགེ་བ་དང་སྡིག་པ་གཉིས་ཀ་མེད་ཅེས་པ་ཡང་ཕུར་བུ་པར་འགོག་གོ །མི་ཕམ་སྐྲའི་བ་ཅན་ནི་འཇིག་རྟེན་གྱི་བདེ་སྡུག་ཐམས་ཅད་དུས་ཀྱིས་བྱེད་པར་འདོད་དེ། དེ་ཉིད་འདིར་འགོག་པ་ལ་གཞན་འདོད་འགོད་པ་ལ་གཞུང་རྒྱ་མཚོ་ལས། དུས་ཀྱིས་ཕྱི་ནང་གི་འབྱུང་བ་རྣམས་རྣམ་སྨིན་ཅིང་སྡུད་པར་བྱེད། །དུས་ཀྱིས་གཉིད་ལོག་དང་གཉིད་ལོག་པ་སད་པར་བྱེད། །དེ་བཞིན་དུ་དུས་ཀྱིས་སྐྱེ་དགུ་སྣ་ཚོགས་སྐྱེད་ཅིང་སྡུད་པར་བྱེད་ཡིན་པས། །དུས་ལས་འདའ་བ་དཀའ་བ་ཡིན་ཐམས་ཅད་དུས་ཀྱིས་བྱེད་པ་ཡིན་ཅེས་དུས་རྒྱུར་འདོད་པའོ། །ཅེས་པའི་ཚུལ་གྱིས་དུས་ཀྱི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་གང་བྱུང་བ་དེ་ཡང་དུས་ལ་བབས་པ་ལས་བྱུང་ཞིང་། མི་དང་ལྷ་དང་དུད་འགྲོ་ལ་སོགས་པའི་འགྲོ་བ་སོ་སོའི་སྡེ་རིས་སམ་དེའི་རྒྱུད་དུ་དུས་ཀྱི་དབང་གིས་མཚམས་སྦྱར་ནས་རྒྱུད་གཅིག་པོ་དེ་འཕོ་འགྱུར་བཟང་ངན་མེད་པ་ལས་དེའི་སྣང་བ་ལ་བདེ་སྡུག་ཤར་ཏེ་སྲིད་པ་ཉིང་མཚམས་སྦྱར་བ་ལས་དུས་ཚང་ཞིག་རྫོགས་པའམ་བསྐལ་པ་བརྒྱད་ཁྲི་བཞི་སྟོང་སོང་བ་ན་བྱིས་པའམ་མཁས་པའང་རུང་སྟེ། དེ་དུས་ཐམས་ཅད་དུས་ཀྱིས་ཐར་པ་གྲོལ་བ་ཉིད་དུ་བྱེད་དོ་ཞེས་འདོད་པའང་རིགས་པ་དང་འཐད་པ་མ་ཡིན་ཏེ། སྐད་ཅིག་སྔ་ཕྱི་ད་ལྟར་གསུམ་འཕྲད་པ་བརྟག་པའི་རིགས་པས་དུས་མ་གྲུབ་ལ། ཞེས་དུས་ཞེས་པ་ནི་སྐད་ཅིག་སྔ་མ་ཕྱི་མ་ད་ལྟ་བ་གསུམ་ཡིན་དགོས་ལ། དེ་གསུམ་འཕྲད་པ་བརྟག་པའི་རིགས་པས་དཔྱད་ན། དུས་ཞེས་པ་མ་གྲུབ་པ་དང་། གལ་ཏེ་དུས་ཞེས་པ་གྲུབ་ཏུ་ཆུག་ནའང་ཐར་བའི་ལམ་མ་ཡིན་པ་བསྒོམས་ན་རྒྱུད་ཀྱི་ཀུན་ནས་དཀྲིས་པའམ་ཉོན་མོངས་པ་མི་འགྲིབ་པས་དུས་ངེས་པ་བསྐལ་བ་བརྒྱད་ཁྲི་བཞི་སྟོང་ཚང་དུས་གྲོལ་བ་ཉིད་མི་རུང་ཞིང་མི་འགྲུབ་པའི་ཕྱིར་རོ། །འོ་ན་ཁྱོད་ནང་པ་སངས་རྒྱས་པ་དག་ཀྱང་རྒྱལ་བའི་ཆོ་འཕྲུལ་གྱི་དུས་ཆེན་ལ་སོགས་པར་འགྱུར་ཆེ་བ་རེད་ཟེར་བའི་དུས་གཏན་ཁེལ་གྱི་ངེས་པ་འདོད་པས་མི་འདྲ་བ་མེད་པར་མཚུངས་སོ་ཞེ་ན། དུས་ཆེན་གྱི་དུས་དེ་ཉིད་སངས་རྒྱས་ཀྱིས་སྔོན་ཆོ་འཕྲུལ་བསྟན་པ་ན་བདུད་དང་མུ་སྟེགས་ཕམ་པར་བྱིན་གྱིས་བརླབས་པ་དང་། རྗེས་སུ་འཇུག་པ་པོས་སངས་རྒྱས་ལ་དམིགས་པ་ཡིན་པས། འདུན་པ་དང་དད་པའི་སྟོབས་ལས་མ་གཏོགས་པའི་དུས་ཁོ་ན་གཙོ་བ་མ་ཡིན་པའི་ཕྱིར་ན་དེ་དང་འདྲ་བ་མིན་ནོ། །དགེ་བ་དང་སྡིག་པ་བྱས་པ་ལ་འགྱུར་བརྩི་བས་ཁྱེད་ཀྱི་འདོད་པ་ལྟར་དུ་དུས་རྒྱུར་ལྟ་བ་དང་མི་མཚུངས་པ་ཡིན་ནོ། །ཞེས་མི་ཕམ་སྐྲས་ལྭ་བ་ཅན་གྱི་དུས་རྒྱུར་འདོད་པ་བཀག་པའོ། །ཀ་ཏའི་བུ་ནོག་ཅན་ནི་འཇིག་རྟེན་ཕ་རོལ་ཡོད་དམ་ཞེས་འདྲི་ན་ཡོད་ཅེས་ལན་འདེབས་པ་ནས་མེད་དམ་ཞེས་འདྲི་ན་ཡང་མེད་ཅེས་ལན་འདེབས་པ་དང་། གཉིས་ཀའམ་ཞེས་འདྲི་ན་གཉིས་ཀའོ་ཞེས་ལན་འདེབས་པ་དང་། གཉིས་ཀ་མ་ཡིན་ནམ་ཞེས་འདྲི་ན་གཉིས་ཀ་མིན་པ་ཡིན་ཅེས་ལན་འདེབས་པ་བཞི་ནི་ངན་གཡོའི་ལྟ་བ་དང་། བདག་དང་འཇིག་རྟེན་རྟག་གམ། མི་རྟག་གམ། གཉིས་ཀའམ། གཉིས་ཀ་མ་ཡིན་ཞེས་པ་བཞི་དང་། དེ་བཞིན་གཤེགས་པ་གྲོངས་ཕན་ཆོད་བདག་ཡོད་དམ། མེད་དམ། གཉིས་ཀའམ་གཉིས་ཀ་མ་ཡིན་ནམ་ཞེས་པ་བཞི་དང་། ལུས་དང་སྲོག་གཅིག་གམ། ཐ་དད་དམ། གཉིས་ཀའམ། གཉིས་ཀ་མ་ཡིན་ཞེས་འདྲི་ན། ཇི་ལྟར་དྲིས་པ་དེ་ལྟར་ལན་འདེབས་པར་དེ་ལྟར་འདོད་པའང་མི་རུང་སྟེ། ཁྱོད་ཀྱིས་རྟག་གམ་ཞེས་ན་རྟག་ཅེས་རེ་ཞིག་རྟག་པར་ཁས་ལེན་ན། རྟག་པ་ཡིན་ན་རགས་པ་དཔྱད་ན་རྩོམ་གཞི་རྡུལ་ཕྲན་ཆ་མེད་ཡིན་པས་ཆ་མེད་ལ་ཆ་ཙམ་ཡང་མེད་པས་བརྟག་པའི་གཞི་མ་གྲུབ་ལ། ཐ་སྙད་དུ་སྐད་ཅིག་ལ་སོགས་པའི་དུས་འགྱུར་བས་ཁེགས་ལ། དངོས་པོ་རགས་པ་ཕྲ་བར་བསིལ་ན་དངོས་པོ་རང་བཞིན་མ་གྲུབ་པས་རྟག་པར་མི་རུང་བ་དང་། ཆད་པར་ཁས་བླངས་ན་ཆད་པའང་བརྟགས་ན་གང་ཆད་རྒྱུའི་གཞི་ཞིག་མེད་པས་ཆད་རྒྱུ་མེད་ལ། ཐ་སྙད་དུ་དབང་པོ་སོ་སོའི་ཡུལ་ལ་མངོན་སུམ་དུ་སྣང་བས་ཆད་པ་ཁེགས་པ་ཡིན་ནོ། །དེའང་གཞི་མ་གྲུབ་པའམ་ཆད་པའམ་མེད་པའི་བདག་ཉིད་ཅན་ཞིག་ཡིན་པ་ལ་ཁྱད་པར་གྱི་ཆོས་དེ་བས་ཀྱང་མི་སྲིད་དེ་དཔེ་ན་རི་བོང་གི་རྭའི་རྣོ་རྟུལ་དཔྱད་པ་བཞིན་ནོ། །གཞན་ཡང་ཀ་བ་ལྟ་བུ་ཞིག་ལ་རྟག་གམ་ཞེས་དྲིས་ན་རྟག མི་རྟག་གམ་ཞེས་དྲིས་ན་མི་རྟག་པ་ལ་སོགས་པས་ལན་འདེབས་པ་དེ་ནི་གཞི་དེ་ལ་རྟག་མི་རྟག་གཉིས་འདུས་ཤིག་སྲིད་པ་མ་ཡིན་ཏེ། ཕན་ཚུན་སྤང་འགལ་ཡིན་པས་ན་སྣང་བ་ཡིན་དུས་མུན་པ་མ་ཡིན་པ་བཞིན་ནོ། །དེས་ནི་ཀ་ཏའི་བུ་ནོག་ཅན་གྱིས་ཅིར་ཡང་ཁས་ལེན་དུ་རུང་བའི་ངན་གཡོའི་ལྟ་བ་བཀག་པའོ། །ད་ནི་མུ་སྟེགས་སྟོན་པ་སྡེ་དྲུག་ལས་དྲུག་པ་གྲུབ་མཐའ་གཅེར་བུ་པ་སྟོན་པ་གཉེན་གྱི་བུ་ནི་ཐམས་ཅད་ལས་སུ་འདོད་དེ། སྔོན་གྱི་དཀའ་ཐུབ་ཀྱི་ལས་ཀྱིས་བདེ་བ་འབྱུང་ལ། སྔོན་གྱི་ལས་ངན་པས་འདིར་སྡུག་བསྔལ་འབྱུང་སྟེ། ལས་གསར་པ་ལ་ད་ལྟའི་ནུས་པ་གཏན་ནས་མེད་པས། སྔོན་གྱི་ལས་གང་ཡིན་ད་ལྟ་མངོན་དུ་གྱུར་པས་བདེ་སྡུག་སྤྱོད་པའི་ཕྱིར། མེ་ལྔ་བསྟེན་པ་ལ་སོགས་པ་ཁོང་ཚོའི་ལུགས་ཀྱི་དཀའ་ཐུབ་ལ་སོགས་པས་ལས་བསགས་པ་དེ་སྦྱོང་བ་ལ་བརྩོན་པར་བྱའོ། །ལས་ད་ལྟ་བ་ལ་སྒྲུབ་བྱེད་ནི་ད་ལྟ་བ་ལ་ནུས་པ་ཡོད་ན་ལྐུགས་པས་དཀའ་ཐུབ་ལ་སོགས་པ་སྤྱད་ན་དངོས་སུ་སྨྲ་ཤེས་པར་ཐལ་བ་ལས་དེ་ལྟར་མི་སྲིད་པས་ད་ལྟ་བའི་ལས་ལ་ནུས་པ་མེད་པ་གསལ་ལོ། །དེས་ན་སྔོན་གྱི་ལས་ཀྱིས་བསྐྱེད་པའི་ཟག་པ་རྣམས་རིམ་གྱིས་ཟད་ནས་མཐར་གཅིག་ཀྱང་ལུས་པ་མེད་པ་ལོ་ཐོག་གི་འབྲས་བུ་སྨིན་པ་སྔར་གྱི་རྒྱུ་ཟད་པ་ལྟར་བྱའོ་ཞེས་ཟེར་རོ། །དེ་དགག་པ་ལ་གསུམ་སྟེ། ལས་རང་མཚན་པ་སྤྱིར་དགག་པ། ལས་ཁོ་ན་རྒྱུ་ཡིན་པ་དགག་པ། སྔོན་གྱི་ལས་དགག་པའོ། །དང་པོ་ལའང་། ལས་ཀྱི་ངོ་བོ་དགག་པ། བྱེད་པ་དགག་པ། རྣམ་སྨིན་དགག་པ་གསུམ་ལས། དང་པོ་ནི། ལས་ཉིད་རྫས་སུ་མ་གྲུབ་སྟེ། སྲོག་བཅད་པའི་ལས་ལྟ་བུ་ཞིག་ལ་མཚོན་ན་གསོད་པ་ལ་སོགས་པའི་ལས་དེ་ཉིད་རང་གི་ལུས་སེམས་ལས་དེ་ཉིད་གཅིག་ཏུ་དང་། གཞན་ནམ་ཐ་དད་དུ་མེད་པས་སོ། །ཞེས་མདོར་ན་རྫས་སུ་མ་གྲུབ་པས་ལས་ཀྱི་ངོ་བོ་བཀག་པའོ། །གཉིས་པ་ལ་གཉིས་ལས། བྱེད་པ་པོ་རྣམ་གྲངས་གསུམ་དུ་བརྟགས་ནས་དགག་པ་ནི། གསོད་པའི་ལས་དེ་གསོད་མཁན་ཡིན་པས་གསོད་དམ། མིན་པས་གསོད། ཡིན་པས་གསོད་ན་གསོད་མཁན་དང་ལས་གཉིས་གཅིག་བྱ་བ་དང་གཅིག་བྱེད་པོ་ཡིན་ལ་བྱ་བྱེད་གཉིས་རྫས་འགལ་བས་ལས་དང་བྱེད་པོ་ཆ་གཉིས་སུ་འགྱུར་ལ། བསོད་མཁན་མ་ཡིན་པས་གསོད་པར་མི་རུང་སྟེ། གསོད་མཁན་མ་ཡིན་ན་གསོད་པར་འགལ་ལོ། །གསོད་པ་པོ་ཡིན་མིན་གཉིས་ཀ་དང་གཉིས་མིན་གྱིས་གསོད་པའང་མེད་དེ། ཡིན་མིན་གཉིས་ཀ་ཡིན་པའི་དངོས་འགལ་གཉིས་རྫས་གཅིག་ལ་འདུ་མི་སྲིད་ཅིང་མི་འདུ་བའི་ཕྱིར་རོ། །ཡང་གསོད་པའི་དུས་དེ་ལ་འདས་མ་འོངས་ད་ལྟའི་སྐད་ཅིག་གསུམ་དུ་ཕྱེ་བས་ཀྱང་སྐད་ཅིག་མ་ལ་ཆ་ཤས་མེད་པ་ལ་གསོད་པ་མི་འགྲུབ་ལ། ད་དུང་དུས་ཀྱིས་གཞལ་ན་བསད་ཟིན་པ་གསོད་པར་མི་རུང་སྟེ་བསད་ཟིན་པའི་དབང་གིས་བྱ་བྱེད་འགལ་བའི་ཕྱིར་རོ། །མ་ཟིན་པ་གསོད་པའང་མི་རིགས་ཏེ་དུས་འགལ་བ་སྔ་ཕྱི་མཉམ་གཅིག་ཏུ་མེད་པ་ཡིན་པས། ད་ལྟ་བའི་གསོད་མཁན་ཡོད་དུས་གསད་བྱ་མ་འོངས་པ་མ་སྐྱེས་ནས་མེད་པའི་ཕྱིར་རོ། །ད་ལྟ་བ་ལ་གསད་བྱ་དང་གསོད་བྱེད་དུ་མི་རུང་སྟེ། སྐད་ཅིག་མ་ལ་ཆ་ཤས་མེད་པའི་ཕྱིར་རོ། །དུས་ཀྱི་ད་ལྟ་མ་འགྲུབ་ན་ད་ལྟ་གསོད་པ་དེ་བས་ཀྱང་འགྲུབ་པ་མིན་ནོ། །གསོད་བཞིན་པ་གསོད་པའང་མི་རུང་སྟེ། བྱ་བྱེད་ཆ་གཉིས་འགལ་བའི་ཕྱིར་རོ། །བསད་མ་བསད་གཉིས་ལས་གཞན་པའི་གསོད་བཞིན་པ་མེད་དེ། དངོས་འགལ་ཡིན་པའི་ཕྱིར་རོ། །ལས་ཕྲ་བ་ནི་དངོས་པོར་མེད་པས་གསོད་པ་མེད་པར་འགྱུར་བའི་ཕྱིར། གསོད་པའི་ལས་མ་གྲུབ་པ་ཉིད་དོ། །ཞེས་བྱེད་པ་བཀག་པའོ། །གསུམ་པ་རྣམ་སྨིན་དགག་པ་ནི། ལུག་ལྟ་བུ་བསད་པའི་རྣམ་སྨིན་དམྱལ་བ་མྱོང་བ་དེ་ཡང་། བྱེད་པ་པོ་རྟག་པ་ལ་དེ་མི་འབྱུང་སྟེ། རྟག་ན་ལུག་བསད་པའི་ལས་བྱེད་དུས་ལས་གཞན་དུ་འགྱུར་མི་སྲིད་པར་རྟག་པ་ཡིན་པས་དེ་དུས་དམྱལ་བ་མྱོང་མི་སྲིད་པའི་ཕྱིར། མི་རྟག་པས་མི་མྱོང་སྟེ་དམྱལ་བར་སྐྱེས་དུས་ལུག་གསོད་པ་པོ་འགགས་པས་སྔར་གྱི་མི་དེ་མ་ཡིན་པའི་ཕྱིར་རོ། །སྐད་ཅིག་མ་མཐུད་པའི་རྒྱུན་ལས་བྱུང་བའང་མ་ཡིན་ཏེ། སྐད་ཅིག་མ་ལ་ཆ་ཤས་མེད་པ་སྔར་ནས་ཀྱང་བསྒྲུབས་ཟིན་པས་ཆ་མེད་ལ་རྒྱུན་མེད་པས་རྒྱུན་མ་གྲུབ་པའི་ཕྱིར། རྒྱུན་གྱིས་བཞག་པའི་ལས་མི་འགྲུབ་བོ། །ཇི་སྐད་དུ། ཀླུའི་དབང་པོའི་ཞལ་སྔ་ནས། གལ་ཏེ་ལས་ལ་རང་བཞིན་ཡོད། །རྟག་པར་འགྱུར་བར་ཐེ་ཚོམ་མེད། །ལས་ནི་བྱས་པ་མ་ཡིན་འགྱུར། །རྟག་ལ་བྱས་པ་མེད་ཕྱིར་རོ། །ཞེས་པ་དང་། ཆོས་འདི་དག་ནི་ཆོས་ཉིད་ཀྱིས། །འོང་བ་མེད་ཅིང་འགྲོ་མེད་ན། །ལས་དང་ལས་ཀྱི་རྣམ་པར་སྨིན། །ཅི་ལྟ་བུར་ནི་འཐད་པར་འགྱུར། །དམ་པའི་དོན་དུ་འོང་མེད་དེ། །གང་དུའང་འགྲོ་བ་ཡོད་མ་ཡིན། །ཀུན་རྫོབ་ཏུ་ནི་ལམ་འཇུག་ཅིང་། །རྣམ་པར་སྨིན་པ་ཉེ་བར་སྟོན། །ཞེས་པ་དང་། ཡུམ་བར་མ་ལས། དོན་དམ་པར་ནི་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་དོ་ཞེས་སོ། །དེ་ཡན་གྱིས་ཐམས་ཅད་ལས་སུ་འདོད་པ་གཅེར་བུ་པ་སོང་གི་ལས་རང་མཚན་པ་སྤྱིར་བཀག་པ་སོང་ནས། གཉིས་པ་ལས་ཁོ་ན་རྒྱུ་ཡིན་པ་དགག་པ་ནི། བདེ་སྡུག་ཐམས་ཅད་སྔོན་གྱི་ལས་ཁོ་ནའམ་སྔོན་ལས་ཏག་ཏག་ལ་བརྟེན་པ་ཞིག་ཡིན་ན། རྔོན་པས་སྤྲེའུ་བསད་དུས་རྔོན་པ་ལ་སྡིག་པ་མི་འབྱུང་བར་ཐལ་ཏེ། སྤྲེའུ་ཁོ་རང་གི་སྔོན་གྱི་ལས་མྱངས་པ་རྔོན་པའི་ཐོག་ཏུ་ཁག་བཀལ་རྒྱུ་མེད་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྦྱིན་པ་བཏང་ནས་བསོད་ནམས་བསགས་པ་ལས་ཀྱང་སྦྱིན་པ་གཏོང་བ་པོ་ལ་བསོད་ནམས་མི་འབྱུང་བར་ཐལ་ཏེ། སློང་བ་པོའི་སྔོན་བསགས་ཀྱི་བསོད་ལས་ཐོབ་སྐལ་ཐོབ་པ་ཡིན་པའི་ཕྱིར་རོ། །སྐྱེས་རབས་ལས། སྔོན་གྱི་ལས་ཀྱིས་ཀུན་བྱས་ཞེས། །འོན་ཀྱང་དེ་ལྟར་སེམས་ན་ནི། །ཅི་ཡི་ཕྱིར་ན་སྤྲེའུ་བསད་པ། །ང་ཡིས་བྱས་པར་ཡོངས་སུ་བརྟག །ཅེས་སོ། །ཚུལ་འདིས་ནི་རང་གི་སྡེ་པ་དག་ཀྱང་ལས་ཁོ་ནར་འདོད་པ་ཞོར་དུ་ཁེགས་པ་ཡིན་ནོ། །གསུམ་པ་སྔོན་གྱི་ལས་དགག་པ་ལ། སྔོན་དུས་མ་གྲུབ་པ། ནུས་པ་མཚུངས་པ། ལས་འབྲས་མི་སྲིད་པར་ཐལ་བ་དང་གསུམ་ལས། དང་པོ་ནི། དུས་ཐམས་ཅད་གསར་བ་པ་ཡིན་པ་གསར་པ་མ་ཡིན་པའི་དུས་མི་སྲིད་པས། སྔོན་གྱི་ལས་ཞེས་རྙིང་པ་མ་གྲུབ་སྟེ། ཐོག་མའི་ཚེ་ནའང་དེ་དུས་ཀྱི་ལས་དེ་དུས་གསར་པ་ཡིན་པའི་ཕྱིར་དང་། ཐོག་མ་མེད་ན་དེ་བས་ཀྱང་ཐོག་མའི་ལས་ཞེས་པ་རྙིང་བར་ཞིག་མི་འགྲུབ་སྟེ། ཐོག་མ་སྟེ་སྔོན་རོལ་པ་མེད་པའི་ཕྱིར་སྔོན་ཐོག་མ་མེད་པ་ནས་བསགས་པའི་ལས་ཞེས་པ་ག་ལ་རུང་། སྔོན་རྗེས་ལྟོས་འཇོག་ཡིན་ཅེ་ན་ལྟོས་ནས་འཇོག་པའང་མི་སྲིད་དེ། ལྟོས་ས་ད་ལྟ་བ་ཆ་ཤས་མེད་ན་དེས་བཞག་པའི་ལྟོས་ཆོས་སྔོན་མ་གྲུབ་པས་ལྟོས་འཇོག་དེའི་ལས་མ་གྲུབ་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནུས་པ་མཚུངས་པ་ནི། སྔོན་བསགས་པའི་སྡིག་པའི་རྣམ་སྨིན་ད་ལྟ་འོང་ལ། ད་ལྟ་བསགས་པ་ལས་ཕྱིས་འོང་བས་ན་ད་ལྟ་མི་འོང་ཞེས་པ་སྔོན་དང་ད་ལྟ་གཉིས་ཀའང་རྒྱུ་ལས་བྱས་པར་མཚུངས་པ་ཡིན་པས། འབྲས་བུ་སྔ་ཕྱིར་སྨིན་པའང་མི་འཐད་པའི་ཕྱིར་རོ། །ཞེས་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཡོད་ཅིང་། ད་ལྟའི་ལས་ལ་མེད་ཅེས་ག་ལ་རུང་ཞེས་སོ། །གསུམ་པ་ལས་འབྲས་མི་སྲིད་པར་ཐལ་བ་ནི། སྔོན་གྱི་ལས་ཉིད་ཀྱང་བསག་ཏུ་མི་རུང་བར་ཐལ་ཏེ། སྔོན་ཡང་གཞན་ལ་ཕན་གནོད་བྱས་སོ་ཅོག་སྔོན་གྱི་ལས་ཡིན་པས་ཞེས་འབྲས་བུ་ཏག་ཏག་གི་འབྲས་བུའམ་རྣམ་སྨིན་ཡིན་པས་ན་འབྲས་བུ་ཐུག་པ་མེད་པའི་ཕྱིར་རྒྱུ་འམ་ལས་མི་འགྲུབ་པ་ཉིད་དང་། སྔོན་གྱི་འབྲས་བུ་མ་ཡིན་པའི་རྒྱུ་ཞིག་བྱེད་པ་པོས་གསར་དུ་ནི་མ་བྱས་པས་རྣམ་སྨིན་མི་འབྱུང་བར་ཐལ་བའི་ཕྱིར་རོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས། ཐ་དད་རྒྱུ་མེད་དགེ་མེད་དང་། །དུས་དང་བཅུ་བཞི་ལས་སྨྲ་བའི། །རྫོགས་བྱེད་ལ་སོགས་སྟོན་པ་དྲུག །ཐུབ་པ་ཆེན་པོས་ཚར་བཅད་དོ། །ཞེས་གསུངས་པ་བཞིན་ནོ། །ཞེས་མུ་སྟེགས་པ་ཡི་སྡེ་ཚན་དང་དབྱེ་བ་མང་ན་ཡང་། ཚུར་བསྡུས་ཏེ་དོན་དུ་བཤད་ནས་དགག་པའི་སྐབས་ནས། དང་པོ་སྟོན་པ་དྲུག་གི་འདོད་པ་དགག་པ་བཤད་མ་ཐག་པ་ནས། འོད་སྲུངས་རྫོགས་བྱེད་ཚང་གིས་སྐྱེ་བ་སྔ་ཕྱི་ལས་རྒྱུ་འབྲས་དགྲ་བཅོམ་པ་རྫུས་སྐྱེས་སོགས་མེད་པ་འདོད་པ་དང་། གནག་ལྷས་ཀྱི་བུས་ངོ་བོ་ཉིད་རྒྱུ་རྐྱེན་མེད་པའི་འདོད་པ། ཡང་དག་རྒྱལ་བ་ཅན་གྱིས་དགེ་མེད་སྡིག་མེད་འདོད་པ་རྣམས་འོག་ནས་ལྟ་ངན་གཞན་དང་མཉམ་དུ་དགག་རྒྱུས་འཐུས་པར་བྱས་ནས་ཞལ་གཞན་དུ་འཕང་པའོ། །མི་ཕམ་སྐྲའི་ལྭ་བ་ཅན་གྱིས་ཐམས་ཅད་དུས་ཀྱིས་བྱས་པ་འདོད་པ་དང་། ཀ་ཏའི་ནོག་ཅན་གྱིས་དྲིས་པ་ལྟར་དུ་ལེན་འདེབས་པ་གང་རེད་ཅེ་ན་དེ་རེད་ཅེས་པ་དང་། གཅེར་བུ་པ་གཉེན་གྱི་བུས་ཐམས་ཅད་ལས་སུ་འདོད་པ་སྟེ་དེ་གསུམ་གྱི་ནང་གི་མི་ཕམ་སྐྲའི་ལྭ་བ་ཅན་གྱི་འདོད་པ་དེ་འཕྲད་པ་བརྟག་པའི་རིགས་པས་དུས་བདེན་གྲུབ་བཀག་པ་དང་། ལམ་མ་སྦྱངས་ན་ཀུན་དཀྲིས་མི་ཞི་བས་དུས་ཀྱིས་གྲོལ་པ་བཀག་པའོ། །ཀ་ཏའི་བུ་ནོག་ཅན་གྱིས་གང་དུའང་ཁས་ལེན་པའམ་མི་ལེན་པའི་ངན་གཡོའི་ལྟ་བ་དངོས་མེད་གཞི་མ་གྲུབ་པ་ལ་ཁྱད་པར་གྱི་ཆོས་མ་གྲུབ་པ་རི་བོང་གི་རྭའི་རྣོ་རྟུལ་གྱི་དཔེས་བཀག་པའོ། །གཉེན་གྱི་བུས་ཐམས་ཅད་ལས་སུ་འདོད་པ་ལས་བྱེད་པོ་དུས་གསུམ་གྱི་བརྟགས་ཡོང་དུས་རང་བཞིན་གྱིས་གྲུབ་པ་ཁེགས་ནས་བྱེད་པོ་ལ་འབྲས་བུ་སྨིན་པ་མི་འཐད་པ་སོགས་ཀྱིས་བཀག་ནས། གཉིས་པ།

འཇིག་ཚོགས་ཉི་ཤུ་བསྟན་པ།

འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་ནི། གཟུགས་སོགས་ཕུང་ལྔ་བདག་སྟེ་དེར་བདག་དང་། །བདག་ལས་དེ་བྱུང་དེ་ལ་བདག་དབང་བསྒྱུར། །དེ་དག་བདག་ཏུ་རྟོག་པ་ཉི་ཤུ་སྟེ། །ཡང་དག་མིན་ཕྱིར་ཉོན་མོངས་ཉེས་ཀུན་འཛིན། །ཞེས་གསུངས་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་ལྔ་རེ་རེ་བཞིན་དུ་བདག་ཡིན་པ་དང་གཅིག དེ་དག་གི་ནང་ན་བདག་གནས་པ་གཉིས། བདག་ལ་བརྟེན་ནས་དེ་དག་བྱུང་བ་དང་གསུམ། གཟུགས་ལ་སོགས་པ་དེ་དག་ལ་བདག་གིས་དབང་བསྒྱུར་བར་ལྟ་བ་སྟེ་བཞི་བོ་ཕུང་ལྔ་རེ་རེ་བཞིན་དུ་ལྟ་བས་ཉི་ཤུ་ཐམ་པ་ལ། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཞེས་བྱའོ། །དེ་ཡང་། ལྟ་རི་བདག་མེད་རྟོགས་པའི་རྡོ་རྗེ་ཡིས། །བཅོམ་བདག་གང་དང་ལྷན་ཅིག་འཇིག་འགྱུར་པ། །འཇིགས་ཚོགས་ལྟ་རིའི་རྟེན་ལ་གནས་པ་ཡི། །རྩེ་མོ་མཐོ་གྱུར་ཉི་ཤུ་འདི་དག་གོ །གསུངས་པ་ལྟ་བུའོ། །དེ་དགག་པ་ནི་གཟུགས་ལྟ་བུ་ནས་ཕྱོགས་གཅིག་ལ་སྦྱར་ལ། ཕུང་ལྔའི་རྣམ་བཞག་གོང་དུ་བཀའ་ཡི་དངོས་པོ་དགུ་བཤད་པ་དང་འོག་ནས་ཞིབ་པར་འབྱུང་བ་ཡིན་ཀྱང་། མདོར་བསྡུ་ན་གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་ཤེས་རྣམས་ལ་ཕུང་པོ་ལྔ་སྟེ། དེ་ལ་གཟུགས་སུ་རུང་བའི་མཚན་ཉིད་ཅན་གྱི་ཕུང་པོ་དེ་ལ་དབྱེ་ན། རྒྱུ་གཟུགས་བཞི། འབྲས་གཟུགས་བཅུ་གཅིག་གོ །ཚོར་བ་ནི་ཉམས་སུ་མྱོང་བའི་མཚན་ཉིད་ཅན་ནོ། །ཚོར་བའི་ཕུང་པོ་དེ་ལ་དབྱེ་ན། བདེ་སྡུག་བཏང་སྙོམས་གསུམ་མམ། བདེ་བ་ཡིད་བདེ། སྡུག་བསྔལ་ཡིད་མི་བདེ་གཉིས་སུ་ཕྱེ་ན་ཚོར་བ་བཏང་སྙོམས་དང་དེ་ལྔའོ། །རྟེན་གྱི་དབང་དུ་བྱས་ན་མིག་རྣ་སྣ་ལྕེ་ལུས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དྲུག་དང༌། དེ་ལ་བདེ་སྡུག་བཏང་སྙོམས་གསུམ་གྱི་དབྱེ་བས་ཡིད་ཉེ་བར་རྒྱུ་བའི་ཚོར་བ་བཅོ་བརྒྱད་དུ་འགྱུར་རོ། །གཞན་ཡང་སྒོ་ལྔའི་ཤེས་པ་དང་མཚུངས་ལྡན་ལུས་ཚོར། ཡིད་ཤེས་དང་མཚུངས་ལྡན་སེམས་ཚོར། ལུས་ལ་སྲེད་པ་དང་མཚུངས་ལྡན་གྱི་ཚོར་བ་ཟང་ཟིང་བཅས་པ། སྲེད་པ་དང་མི་ལྡན་པ་ཟང་ཟིང་མེད་པའི་ཚོར་བ། འདོད་ཡོན་ལྔ་ལ་སྲེད་པ་དང་མཚུངས་ལྡན་ཞེན་པ་རྟེན་པའི་ཚོར་བ། ཞེན་པ་མེད་པ་མངོན་འབྱུང་རྟེན་པའི་ཚོར་བ་སོགས་ཀྱི་རྣམ་གྲངས་ཡོད་དོ། །འདུ་ཤེས་ནི་མཚན་མར་འཛིན་པ་སྟེ། དེ་ལ་རྟེན་གྱི་སྒོ་ནས་དབྱེ་ན། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་སོགས་ཡིད་ཀྱི་བར་གྱི་དྲུག་གོ །ཡང་དོན་ལ་མཚན་མར་འཛིན་པ་སྔོ་སེར་སོགས་སྣང་བ་འཛིན་པ། ཐ་སྙད་ལ་མཚན་མར་འཛིན་པ་སྐྱེས་པ་བུད་མེད་སོགས་སུ་རྟོག་པ་སྟེ། ནང་གི་དབྱེ་བ་ནི་ཤེས་བྱའི་གྲངས་སྙེད་དོ། །ཡང་མཚན་མ་དང་བཅས་པའི་འདུ་ཤེས་ནི་ཐ་སྙད་ལ་མི་མཁས་པ་སྟེ་གཟུགས་མཐོང་ཡང་བརྡ་ལ་མ་བྱང་བས་བརྡ་མི་ཤེས་པ་དང༌། མཚན་མེད་ཀྱི་དབྱིངས་དང༌། སྲིད་རྩེ་ལ་སྙོམས་པར་ཞུགས་པའི་འདུ་ཤེས་རྣམས་མ་གཏོགས་པ་དེ་ལས་གཞན་པའི་འདུ་ཤེས་ཐམས་ཅད་དོ། །མཚན་མ་མེད་པའི་འདུ་ཤེས་ནི་མ་གཏོགས་པ་དེ་དག་གོ །ཆུང་ངུའི་འདུ་ཤེས་ནི་འདུ་ཤེས་གང་གིས་འདོད་ཁམས་ཤེས་པ། དེ་བཞིན་དུ་རྒྱ་ཆེན་པོའི་འདུ་ཤེས་ནི་གཟུགས་ཁམས་ཤེས་པ། ཚད་མེད་པའི་འདུ་ཤེས་ནི་ནམ་མཁའ་མཐའ་ཡས་དང་རྣམ་ཤེས་མཐའ་ཡས་ཤེས་པ། ཅི་ཡང་མེད་པའི་འདུ་ཤེས་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཤེས་པ་སྟེ་དྲུག་ཏུ་དབྱེ་བ་སོགས་སོ། །འདུ་བྱེད་ཀྱི་ཕུང་པོ་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན། ཕུང་པོ་བཞི་ལས་གཞན་པའི་འདུས་བྱས་ཐམས་ཅད་ལ་བརྗོད་དེ། དེ་ལ་སེམས་དང་མཚུངས་ལྡན་གྱི་འདུ་བྱེད་སེམས་བྱུང་རྣམས་དང་མཚུངས་ལྡན་མིན་པའི་འདུ་བྱེད་ཐོབ་པ་སོགས་ལྡན་མིན་འདུ་བྱེད་རྣམས་སོ། །དེ་ཡང་སེམས་བྱུང་ལྔ་བཅུ་ང་གཅིག་ཡོད་ལ་ལྟ་བ་ལྔ་སོ་སོར་བརྩི་ན་ང་ལྔར་འགྱུར་རོ། །རྣམ་པར་ཤེས་པའི་ཕུང་པོ་ནི། ཆོས་རྣམས་ཀྱི་དོན་གྱི་ངོ་བོ་སོ་སོར་རིག་པར་བྱེད་པ་སྟེ་དེ་ལ་དབྱེ་ན། མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་ཚོགས་དྲུག་ནི། བདག་རྐྱེན་མིག་གི་དབང་པོ་ལ་བརྟེན་ནས་སྐྱེས་པའི་བློ་གང་གིས་གཟུགས་ཤེས་པ་ནས། བདག་རྐྱེན་ཡིད་དབང་ལ་བརྟེན་ནས་སྐྱེས་པའི་བློ་གང་གིས་རང་ཡུལ་ཐུན་མིན་ཆོས་ཁམས་དང་དེ་ལས་གཞན་པ་རྣམས་ཀྱང་ཤེས་པའི་བར་དུའོ། །འདིར་གཟུགས་སོགས་བདག་ཡིན་པ་དང་། གཟུགས་སོགས་དེ་ལ་བདག་གནས་པ་དང་། བདག་གཟུགས་སོགས་དེ་ལས་བྱུང་བ་དང་། གཟུགས་སོགས་དེ་དག་ལ་བདག་གིས་དབང་བསྒྱུར་ཞེས་པའི་ཕྱིན་ཅི་ལོག་རྟོག་མཁྲེགས་པོའི་ཞེན་པ་སྲ་ཞིང་འཐས་པ་བྲག་རི་མཐོན་པོ་འདྲ་བའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་གསུངས་པའོ། །དེ་དགག་པ་ལ་ཕུང་ལྔའི་དང་པོ་གཟུགས་ནས་བཀག་པ་ལ། གཟུགས་བདག་ཡིན་པ་འདོད་ན་གཟུགས་ཆོས་ཅན་བདག་མ་ཡིན་པར་ཐལ་ཏེ་གཟུགས་ཞེས་པ་རྡུལ་ཕྲན་ཚོགས་པའི་ཕུང་པོ་ཡིན་པས། བདག་དེ་ཡིན་ན་བདག་མི་རྟག་པ་དུ་མ་གཞན་དབང་ཅན་ཡིན་པ་འགྱུར་པའི་ཕྱིར་རོ། །གཟུགས་དེར་བདག་གནས་པ་འདོད་པ་ཡིན་ན་གཟུགས་ཀྱི་ནང་ན་བདག་གནས་པར་མི་རུང་སྟེ། གཟུགས་ནི་མིག་གི་རྣམ་ཤེས་ཀྱི་ཡུལ་ཏེ་བདག་ཡུལ་ཅན་མ་ཡིན་པའི་ཕྱིར་རོ། །བདག་ལ་བརྟེན་ནས་གཟུགས་འབྱུང་ཞེ་ན་བདག་ལ་བརྟེན་ནས་གཟུགས་འབྱུང་བར་ཡང་མི་རུང་སྟེ་ཁྱེད་ཀྱི་འདོད་པའི་གཟུགས་དེ་ཙམ་ལས་འབྱུང་བ་མ་ཡིན་པའི་ཕྱིར་རོ། །གཟུགས་ལ་བདག་གིས་དབང་བསྒྱུར་བ་ཡང་མི་རུང་སྟེ། གཟུགས་ལ་དབང་བསྒྱུར་བའི་ནུས་པ་བདག་ལ་མེད་པ་དཔེར་ན་མདོག་དང་དབྱིབས་མཛེས་མི་མཛེས་ལ་སོགས་པ་གང་བྱེད་བདག་ལ་དབང་མེད་པའི་ཕྱིར་རོ། །ཡུམ་བར་མ་ལས་ཀྱང་། གཟུགས་བདག་མ་ཡིན། བདག་གཟུགས་ལ་མི་གནས། བདག་གཟུགས་དང་ལྡན་པ་ཡང་མ་ཡིན། བདག་ལ་གཟུགས་བརྟེན་པ་ཡང་མ་ཡིན། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ་ཞེས་པ་དང་། ཟླ་བ་གྲགས་པས་ཀྱང་། གཟུགས་བདག་མ་ཡིན་གཟུགས་ལ་བདག་མི་གནས། །གཟུགས་ལྡན་མ་ཡིན་བདག་ལ་གཟུགས་བརྟེན་མིན། །ཚོར་དང་འདུ་ཤེས་འདུ་བྱེད་རྣམ་ཤེས་རྣམས། །ཚུལ་བཞིར་ལྟ་བ་ཉི་ཤུ་རིགས་མ་ཡིན། །ཞེས་བཤད་པ་བཞིན་ནོ། །གཟུགས་ཚོར་ལ་སོགས་པ་རེ་རེ་བཞིན་དུ་བདག་ཡིན་པར་འདོད་པ་དེ། བདག་ཕུང་གཅིག་ན་བདག་མི་རྟག་པ་དང་དུ་མར་ཐལ་བས་འགོག་པ་དང་། དེ་མིན་བདག་དེར་གནས་པ་དང་བདག་དེ་ལས་བྱུང་བ་དང་། དེ་ལ་བདག་གིས་དབང་བསྒྱུར་བར་འདོད་པ་ལྔ་གསུམ་བཅོ་ལྔ་པོ་བདག་ཕུང་ཐ་དད་པ་མ་དམིགས་པའི་རིགས་པས་ཁེག་པ་ཡིན་པ་ཡིན་ནོ། །གསུམ་པ།

ལྟ་བ་དྲུག་ཅུ་རྩ་གཉིས་བསྟན་པ།

ལྟ་བ་དྲུག་ཅུ་རྩ་གཉིས་ནི། རྟག་པར་སྨྲ་སོགས་སྔོན་མཐའ་བཅོ་བརྒྱད་དང་། །འདུ་ཤེས་ཡོད་སོགས་ཕྱི་མཐའ་བཞི་བཅུ་བཞི། །ཀུན་ཀྱང་ཚུལ་མིན་ལྟ་ལ་ཞུགས་པས་ན། །ཕྱིན་ཅི་ལོག་བློ་སྲིད་པ་མཛེས་བྱེད་ཉིད། །ཅེས་གསུངས་ཏེ། ལྟ་བ་དྲུག་ཅུ་རྩ་གཉིས་ལ་བརྟེན་པ་དག་ནི་གཏན་དུ་འཁོར་བར་རྒྱུ་བས་ཐར་པ་ཐོབ་པའི་དོན་མེད་པ་ཉིད་དོ། །ཞེས་པའི་མདོར་བསྟན་གྱི་མཚམས་འདི་ནས་དེ་རིང་བཞག་ནས། སང་ཉིན་རྒྱས་བཤད་ནས་འཇུག་རྒྱུ་བྱེད། དེ་རིང་གི་བཤད་བྱ་དེ་ཁ་རྩང་གི་ལེའུ་བཅུ་གཅིག་པ་གང་ལས་ཐོས་པ་བྱ་བའི་ཡུལ་བསྟན་པའི་རྗེས་ཐོག་དེ་མ་ཐག་ཏུ། གང་གིས་ཐོས་པ་འཛིན་པའི་ཡུལ་ཅན་བཤད་པ་རེད། གང་གི་ཐོས་པ་འཛིན་པ་པོ་ནི་སློབ་མ་ཡིན་ཕྱིར། བླ་མར་བླ་མའི་མཚན་ཉིད་ཡོད་ལོས་དགོས་ཀྱང་། སློབ་མ་ལའང་སློབ་མའི་མཚན་ཉིད་ཚང་དགོས་པ་ཡིན། དེ་འདྲའི་མཚན་ཉིད་ཚང་བའི་སློབ་མ་དེས་ཆོས་ཉན་ཚུལ་གཙོ་བོར་བྱས་ཏེ། སྐྱོན་སྤངས་ནས་གུས་པས་ཉན་དགོས་པས། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག ཉེས་པ་སུམ་ཅུ་རྩ་དྲུག་དང་བྲལ་བས་ཉན་དགོས་པར་བསྟན་པ་ཡིན་ལ། དེ་ཡང་སྣོད་ཀྱི་སྐྱོན་གསུམ་དང་། དྲི་མ་དྲུག་ནི་དུས་རྒྱུན་གཞུང་མང་དག་འབྱུང་བ་ལྟར་དང་། ཉེས་པ་སུམ་ཅུ་རྩ་དྲུག་ནི། མ་གུས་ལ་སོགས་བདུད་ཀྱི་ལས་དྲུག ང་རྒྱལ་ལ་སོགས་སྒྲིབ་པའི་ཉེས་དྲུག ཚུལ་འཆོས་ལ་སོགས་ཆོས་སྤང་ལས་དྲུག ད་རུང་ཟང་ཟིང་གཉེར་སོགས་གཡེང་བའི་སྐྱོན་དྲུག་དང་། དེ་ལས་གཞན་པའི་དྲུག་ཚན་གཉིས་ཡོད་པས་དེ་དག་སྤངས་བར་བྱས་ཏེ། ལེགས་པའི་ཚུལ་གྱིས་ཉན་པའི་ཚུལ་ཡང་། ནོར་བུའི་འདུ་ཤེས་ལ་སོགས་གཅེས་པ་དྲུག ཉོན་མོངས་བཟོད་སོགས་དཀའ་བའི་སྤྱོད་པ། ཐོས་མང་གཉེར་སོགས་སྐྱོན་གྱིས་མ་འགྱུར་བ། གཞན་ཡང་དགོས་པ་རྣམ་དྲུག ཚོར་བ་རྣམ་དྲུག་སོགས་ཀྱིས་ཡོན་ཏན་གྱི་ཆོས་སུམ་ཅུ་རྩ་དྲུག་ཡོད་པ་རྣམས་རང་རྒྱུད་ལ་བླངས་ནས་ཚང་བར་བྱས་པའི་སྒོ་ནས་མ་གཡེང་གུས་པའི་ཚུལ་གྱིས་ཉན་དགོས་པར་བསྟན་པ་ཡིན། དེ་ཡང་རང་ཐད་ལ་བསམ་བློ་སྐོར་ན། སྤྱིར་ས་ཆ་གང་དུ་ཡིན་ན་དུས་ངན་གྱི་བསྐལ་བ་ཚེས་ནས་མི་རབས་ཀྱི་སྣེ་ནས་མི་རབས་བརྗེ་བཞིན་ཡོད་ལ། དུས་འགྱུར་ཞེས་པ་ནི་མི་འགྱུར་ཡིན་པ་སྟེ། སློབ་དཔོན་ཆེན་པོས། དུས་རྣམས་མི་འགྱུར་མི་རྣམས་འགྱུར་བ་ཡིན། །ཞེས་གསུངས་པ་ཡིན་པས། མིའི་བསམ་སྤྱོད་འགྱུར་དུས་དུས་འགྱུར་ཞེས་པ་ལས་དབྱར་དགུན་སྟོན་དཔྱིད་ཚེས་ལུགས་མགོ་རྔ་བསྒྱུར་ནས། ས་གཞི་གོ་ལོག རྩ་ཤིང་རྡོ་ནས་སྐྱེས། །ཉི་ཟླ་གོ་ལོག ཉི་མ་ནུབ་ནས་ཤར་ཡོང་བ་ཞིག་ག་ལ་ཡིན། ཡ་རབས་མི་ཆོས་དྲ་མའི་སྲོལ་རྒྱུན་དེ་ནུབ་ནས། མི་ལ་མགོ་སྐེ་ཕྲག་གསུམ། ས་ལ་རི་ཐང་ཤོད་གསུམ་དེ་མེད་པར་གྱུར་བའི་དབང་གིས་བཟང་ཕྱོགས་ཀྱི་ཁ་ཏ་སློབ་གསོ་བྱེད་མཁན་མེད་པ་དང་། ཡ་རབས་ཞེས་པ་མིག་ལྟོས་བྱེད་ས་ཙམ་ཡང་ཡུལ་དེར་དཀོན་པར་ཆགས་ཚེ། ཡ་རབས་མ་རབས་གང་ཡིན་ཙམ་ཡང་མི་ཤེས་ལ། དེ་མ་ཤེས་པའི་དབང་གིས་མི་ཐ་ཆད་པ་རྣམས་ཀྱི་དགེ་སྡིག་འདོར་ལེན་གྱི་རྒྱུ་འབྲས་མི་བསྲུང་བར་འཆོལ་ཉོག་ལ་སྤྱོད་དུས། སྣོད་དུ་སྣང་བ་འདི་བཅུད་ཀྱི་སེམས་ཅན་གྱི་ལས་ལས་གྲུབ་པ་ཡིན་པས་དེ་གཉིས་འབྲེལ་བ་ཡིན་ཕྱིར། ས་ཆར་སྐྱིད་ཞན་ཡོད་པ་ཡང་ལས་ཀྱི་བསགས་པ་བཟང་ངན་གྱི་འབྲས་བུར་གསུངས་པས། ནད་མུག་མཚོན་གསུམ་གྱི་བསྐལ་བ་ཚེས་ཏེ། མི་མང་རབ་ས་ཆ་གང་ནས་ཡིན་ན་མཚོན་དང་ནད་དང་ལྟོགས་གྲིར་བྱས་ནས་ཤི་བའི་དུས་ངན་ཚེས་པ་ནི་མི་ཐོག་སྔོན་མ་ཚོས་ཤེས་པ་དང་། གསར་བ་ཚོས་གོ་མྱོང་ཡོད་པ་དེ་ལྟར་རེད། ཡང་སྐྱིད་ཉི་མས་ཕྱིར་བལྟས་ཤིག་བྱུང་ན། སྡུག་ལྭ་རིང་གི་གོས་མཐའ་སྐམ་ཟེར་བ་ལྟར་དུ། དཀོན་མཆོག་གི་སྣང་བ་ཞིག་དང་མཉམ་དུ་ཁ་གསོ་རྒྱབ་འགེབས་ཀྱི་དུས་ཚོད་ཚེས་ནས། མི་དང་འདྲ་འདྲ། རྟ་དང་ཐད་ཐད་མི་ཟེར་རྒྱུ་མེད་པར། ཕྱོགས་རབ་རེ་ནས་སྔོན་དང་བསྡུར་ན་རྨི་ལམ་ནང་དུའང་རྨིས་དཀའ་བའི་དུས་ཇེ་བཟང་ལ་སོང་བ་དང་། དེ་དང་མཉམ་དུ་ས་ཆ་འདི་ལྟ་བུ་ཞིག་ལ་མཚོན་ནའང་དེ་རིང་ཁ་རྩང་ཆོས་ས་ཆོས་ཡུལ་དུ་བརྗོད་ན་མི་ཆོག་རྒྱུ་མེད་པའི་ས་ཚོད་ལ་ཐོན་ཡོད་པ་ལས། སྔོན་ཆད་ཆོས་ཉན་ནས་ས་ཐོག་ལ་འདུག་མ་དགོས་གྲི་དྲངས་ནས་ཞྭ་མོ་ཟུར་གྱོན་བྱས་ཏེ་ལྟད་མོ་བལྟ་རྒྱུའི་སྣང་བ་ཙམ་ཞིག་ལས་མེད་ཅིང་། དེ་ཡང་ཁག་ཅི་ཡོད་དེ་མི་ཤེས་པས་རེད། གལ་ཏེ་ས་ཐོག་ལ་མར་འདུག་བཅུག་ན་ངག་འཆལ་མི་བཤད་པར་རྣ་བར་བླགས་ཏེ་སེམས་མ་གཡེང་བར་ཆོས་ཤིག་ག་ལ་ཉན་རོགས་བྱེད། ཚང་མས་འུར་རྒྱག་བྱེད་པ་དེ་སྒྲ་སྒམ་གྱི་སྐད་ཤུགས་ཀྱིས་མར་མ་ནོན་དུས་ཉན་མཁན་དཀོན་པ་ཡིན། ད་ལྟ་ནི་རིམ་གྱིས་རིམ་གྱིས་དམ་པའི་ཆོས་ལ་ཞུགས་ནས། ཆོས་ཀྱི་བདུད་རྩི་དེ་སྙིང་ལ་སིམ་ཡོང་དུས་ཆོས་ཉན་པ་དེ་རང་དོན་ཡིན་པ་དང་། མི་ལ་བདེ་སྐྱིད་འཛོམས་དགོས་ན་དེ་རིང་རྐྱང་པས་མི་ཚད་སང་ཉིན་དང་། ཚེ་སྨད་དང་། དེ་བས་རིང་བའི་སྐྱེ་བ་ཚེ་རབས་རྗེས་མ་རྣམས་ལ་བདེ་ཞིང་སྐྱིད་དགོས་པར་ཤེས་ཤིང་། དེ་ཡང་ཆོས་མ་གཏོགས་ཕན་ཐོགས་ཅན་གཞན་ཞིག་མེད་པ་དང་། ང་རང་ཉིད་བདེ་ཞིང་སྐྱིད་པ་གཅིག་པུས་མི་ཡོང་བར་དྲིན་ཕ་མ། གཉེན་ཉེ་བ། གྲོགས་དགའ་མཛའ། བུ་ཚ་བོ་། གྲོང་རོགས་ཁྱིམ་མཚེས་རྣམས་ཀྱང་སྐྱིད་དགོས་པ་དང་། དེས་མ་ཚད་བསྐལ་ངན་དུས་ངན་ཚེས་ཚུན་ཆད་ཀྱི་མི་ཐོག་སྔོན་མ་དེ་དག བདེ་ཤི་བཟང་ཤི་བྱས་པ་ཞིག་མིན་པས། ལོ་ཁ་ཤས་འགོར་རྗེས་ཤི་བོ་བརྗེད་ན་མི་དྲ་མ་ག་ལ་ཡིན། དུད་འགྲོ་བྱ་ཁྲུང་ཁྲུང་གི་རོགས་པ་བསད་སོང་དུས་སྡུག་འབའ་ཞིག་བསགས་ནས་ཤི་རུ་འཇུག་པའི་ལོ་རྒྱུས་ཡོད་ན། དེ་བས་དྲག་ཅིག་དགོས་པས་དང་པོར་སྐྱེ་བ་སྔོན་རབས་ཀྱི་ཕ་མ་གཉེན་ཉེར་འདང་རེ་བརྒྱབ་ན་སེམས་ཅན་ཐམས་ཅད་པོ་སྙིང་རྗེའི་ཡུལ་ཡིན་པའི་གོ་དོན་དེ་རང་ཤུགས་ཀྱིས་འཇག་ཡོང་རྒྱུ་ཡོད་པ་ཡིན། དེས་ན་ནང་སེམས་ཀྱི་བདེ་སྐྱིད་འདི་དམ་པའི་ཆོས་ལས་རྙེད་པ་འདི་ཕྱིའི་དངོས་པོའི་རྒྱུ་རྫས་གང་ཞིག་ལས་ཀྱང་གནད་ཆེན་ཡིན་པའི་གནད་ཁ་རྒྱུ་མཚན་དེ་ཤེས་ཚེ། ཆོས་ལ་དོན་གཉེར་བྱེད་ཤེས་པ་ཡིན། དེ་ཤེས་དུས་དུད་འགྲོ་སྒོ་ཕྱུགས་རྟ་ནོར་ལུག་གསུམ་ལས་ལྷག་པའི་ཁྱད་ཆོས་ཤིག་ཐོན་པས་མ་ཚད། མི་ཕལ་བ་ལས་ཀྱང་ལྷག་པའི་འདི་ཕྱི་འཕྲལ་ཕུགས་གཉིས་ལྡན་རང་གཞན་ཐམས་ཅད་ཀྱི་དོན་འགྲུབ་པའི་མི་ཞིག་ཏུ་འགྱུར་བའི་ལམ་སྣེ་ཟིན་པ་ཡིན། ཆོས་སྐད་བྱས་ན་དལ་འབྱོར་དོན་ལྡན་ལ་ཕྱོགས་པ་ཡིན། དེས་ན་དང་པོར་ཐོས་པ་ངོམ་མེད་དུ་འཚོལ་ནས་ཆོས་ཉན་པ་དང་། ཆོས་ཀྱི་ནང་དོན་ཉམས་སུ་ལེན་ལུགས་ཀྱི་མན་ངག་ནས་བཟུང་སྟེ་ཨེ་ཤེས་ཤིག་བལྟ་དགོས་པ་ཡིན། འདིའི་ཁ་བརྡ་ནི་ཟུར་འཕྲོའི་གཏམ། ལས་དང་པོ་པ་དང་རྒན་ཞུགས་དགེ་བསྙེན་ཕོ་མོ་ཚོར་བཤད་པ་ཡིན། ཆོས་ཉན་པའི་ཕན་ཡོན་ལ་བསམ་བློ་ཞིག་བཏང་ན། ཆོས་མ་དགོས་ཆོས་དུང་གི་སྒྲ་གོ་བའི་སེམས་ཅན་ངན་སོང་གི་གནས་སུ་མི་ལྷུང་བར་ཀུན་མཁྱེན་ཆེན་པོས་གོང་དུ་གསུངས་བ་དེ་རེད། ཆོས་ཉན་པ་དང་། དེའི་དོན་ལ་བསམ། དེ་བཞིན་དུ་ཆོས་དེ་སྦྱོར་བ་ལག་ལེན་གྱི་ཐོག་ནས་བསྒྲུབས་ན་དེ་བས་ཕན་ཡོན་ཆེ་བ་སྨོས་ཅི་དགོས། ཟབ་མོའི་མདོ་སྡེ་རེ་རེ་ཉན་པའི་ཕན་ཡོན་ཅི་འདྲ་འདྲ་ཡོད་རབས་གསུངས་ཡོད་འདུག གསུང་མཆོག་ཡི་གེ་དྲུག་མ་ལན་གཅིག་སྟོན་པའི་ཕན་ཡོན་བརྗོད་ཀྱིས་མི་ལང་བར་གསུངས་ཡོད། དེ་ལྟར་ལེའུ་བཅུ་གཅིག་པས་སློབ་མས་ཆོས་ཉན་ལུགས་བསྟན་པ་དང་། དེ་ལྟ་བུའི་ཐོས་པ་ཇི་ལྟར་བྱ་བའི་ཚུལ་བསྟན་པའི་རྗེས་ཐོག་དེ་ནས་ལེའུ་བཅུ་གཉིས་པས་ཐོས་པ་དངོས་ཀྱི་དོན་གཏན་ལ་དབབ་ཅིང་། འདི་ཧ་ཅང་རྒྱ་ཆེ་བ་སྟེ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྤང་བླང་གི་དབང་གིས་ཕྱི་ནང་གཉིས་སུ་བསྡུས་ནས་བསྟན་ཅིང་། དེ་ཡང་གང་ཞིག་ཤེས་ནས་སྤང་བར་བྱ་བ་འཇིག་རྟེན་པའི་ཆོས་འཁོར་བ་རྒྱུ་འབྲས་དང་། གང་ཞིག་ཤེས་ནས་ཉམས་སུ་བླང་བར་བསྟན་པ་འཇིག་རྟེན་ལས་འདས་པའི་ཆོས་མྱ་ངན་ལས་འདས་པ་རྒྱུ་འབྲས་གཉིས་སུ་བསྡུས་ཏེ་བསྟན་པ་ཡིན། མདོར་ན་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་ནས་གསང་སྔགས་ནང་བ་བླ་མེད་ཀྱི་བར་དུ་གསུངས་ནས་གཏན་ལ་འབེབས་པར་བྱེད་ལ། དེ་རིང་གི་སྐབས་སུ་ཕྱི་རོལ་བའི་སྟོན་པ་དྲུག་དང་། འཇིག་ཚོགས་ཉི་ཤུའི་འདོད་པ་བཀོད་ནས་རེ་རེ་བཞིན་དུ་བཀག་པ་ཡིན། མུ་སྟེགས་བྱེད་ཀྱི་ལྟ་བ་འདིར་ནང་གསེས་ཀྱི་དབྱེ་བ་མང་ཡང་། ཚུལ་བསྡུས་ཡོང་ན་ཏརྐ་སྡེ་ལྔ་དང་། དེ་ཡང་བསྡུ་ན་རྟག་ཆད་གཉིས་ཀྱི་ལྟ་བའི་ནང་དུ་འདུས་པ་ཡིན། བོད་འདིར་བརྟན་མ་བཅུ་གཉིས་ལ་བཀའ་བགོ་བྱས་པས་ཕྱི་རོལ་མུ་སྟེགས་པའི་རྒྱུ་འགྲུལ་མེད་པར་གསུངས་ལ། རྒྱ་གར་ཀྱི་གནའ་བོའི་གྲུབ་མཐའ་འཛིན་མཁན་རྒྱ་གར་དང་བོད་ཀྱི་ས་མཚམས་བརྒྱུད་པའི་དུས་སྔར་གྱི་དུས་རབས་ལ་མེད་ན་ཐང་ཡང་། དེང་སྐབས་འཛམ་གླིང་ཇེ་ཆུང་དུ་སོང་བ་མིན་ཀྱང་། འགྲོ་འགྲུལ་ཇེ་མང་དུ་སོང་བའི་དབང་གིས་ཁྲིམས་ཀྱི་དྲྭ་བས་ཐམས་ཅད་སྦྲེལ་བ་དང་། གཅིག་རྒྱུས་གཅིག་གིས་ལོན་པའི་སྐབས་འདིར་ནང་ཆོས་ཕྱི་རུ་འཕེལ་རྒྱས་ཡོད་ཀྱང་། ཕྱིའི་ཆོས་ལུགས་སྣ་ཚོགས་ནང་དུའང་འཛུལ་བཞིན་ཡོད་པ་ནི། དངོས་པོ་གཟུགས་ཅན་དུ་མ་གྲུབ་པའི་ཤེས་བྱ་རིག་གནས་དང་འབྲེལ་བ་འདི་ཚོ་ཁྱབ་སླ་བས་ཡིན། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད་དམ། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མི་ལེན་གྱིས་ཕྱི་ནང་གི་ཁྱད་པར་འབྱེད་དགོས་པ་ཡིན། ལོག་པར་ལྟ་བའི་རིགས་ཀྱི་འདོད་པ་འདི་དག་ཐོས་པས་མཐའ་རྒྱ་བཅད་ན་ཅི་ཞིག་ཕན་སྙམ་ན། སྤང་བླང་གི་གནད་ཤེས་པའི་དགོས་པ་ཡོད་པ་དང་། དམ་པའི་ཆོས་ནང་པ་སངས་རྒྱས་པའི་བསྟན་པ་དང་སྟོན་པ་ལ་ལྷག་པར་མི་འཕྲོག་པའི་དད་པ་སྐྱེ་པའི་དགོས་པ་ཡོད་པ་ཡིན། སོ་སོའི་སྐྱེ་བོ་ཞིག་ལ་མཚོན་ན་ང་ཞེས་པའི་ངར་འཛིན་དམ་བྲེང་ངེ་བ་ཞིག་ཡོད་པ་དེ་ནི། ཕུང་པོ་ལྔ་ལ་བརྟེན་ཏེ་བདག་ཏུ་འཛིན་པའི་གང་ཟག་གི་བདག་ཡིན་ལ། ཆོས་འཇིག་རྟེན་པ་ཞིག་དང་། བློ་འཇིག་རྟེན་པ་ཞིག་གི་དབྱེ་བ་ཕྱེས་པའི་མུ་སྟེགས་པའི་གྲུབ་མཐར་ཞུགས་ནས་ཆོས་འཇིག་རྟེན་པ་མིན་ཀྱང་། བློ་འཇིག་རྟེན་པ་འཁྲུལ་བའི་གཞན་དབང་གིས་ལྷད་སོང་བ་ཡིན། ང་ཟེར་སའི་ཞེན་ཡུལ་འདི། རང་གི་ལུས་སུ་ཡོད་དམ། སེམས་སུ་ཡོད་དམ། མིང་འདིའི་ཐོག་ཏུ་ཡོད་འདུག་བསམ་བློ་ཞིབ་གཏོང་གིས་དཔྱད་པ་བྱས་ཡོང་དུས་གཞི་མེད་རྩ་བྲལ་མཐོང་ཡོང་ཚེ་བདག་མེད་གཏན་ལ་ཕེབས་སོང་པ་རེད། དེར་རྟོག་དཔྱོད་ཙམ་ཡང་མ་ཞུགས་པར་བདག་ཏུ་ཞེན་ནས་གང་ཟག་གི་བདག་གམ་སེམས་ཞེས་བྱ་བ་དེས། ཉོན་མོངས་བསྐྱེད། ཉོན་མོངས་ཀྱིས་ལས་བསྐྱེད། ལས་ཀྱིས་སྡུག་བསྔལ་བསྐྱེད་ནས། ཁམས་གསུམ་འཁོར་བའི་སྡུག་བསྔལ་འདི་མྱོང་བ་རེད། དེའི་གནད་དེ་ཚོ་ཤེས་པའི་ཆེད་དུ་ཐོས་པ་རྒྱ་མཚོ་ལྟ་བུ་དེ་དང་པོར་བསགས་རྒྱུ་གནད་ཀྱི་ཆེ་ཤོས་ཡིན་པ་རེད། མདོར་ན། ཀུན་མཁྱེན་ཆོས་རྗེས། ཚེ་འདི་འབབ་ཆུ་འདྲ་སྟེ་རྟག་པ་མེད། །ལུས་འདི་གཡར་པོ་འདྲ་སྟེ་ཡིད་བརྟན་མེད། །སྐྱེ་ཤི་འཁོར་ལོ་འདྲ་སྟེ་ཕ་མཐའ་མེད། །ཆོས་ཀུན་སྒྱུ་མ་འདྲ་སྟེ་སྙིང་པོ་མེད། །རང་གཞན་དར་རྒུད་རྨི་ལམ་སྣང་བ་འདྲ། །རྟག་ཏུ་ཡིད་བརྟན་མེད་དོ་དམ་ཆོས་སྒྲུབས། །ཞེས་གསུངས་པ་ལྟར་དུ། རང་གཞན་འདི་ཕྱིའི་དོན་ཆེན་ལ་ཐུགས་གཞོལ་བའི་སྨོན་ལམ་ཐམས་ཅད་ཀྱི་མཆོག་སྨོན་ལམ་གཅིག་གི་ནང་དུ་འདུས་པ་ནི། སྐྱེ་བ་ཀུན་ཏུ་དམ་པའི་ཆོས་འཛིན་པའི་སྨོན་ལམ། མཐའ་ཡས་སེམས་ཅན་ལ་སྨན་པའི་རྒྱལ་བའི་ཕྲིན་ལས་སྒྲུབ་པ་ཡང་དེར་འདུས་པ་ཡིན་པས། དེ་ལྟ་བུའི་ཐུགས་བསྐྱེད་སྨོན་པའི་རི་མོ་ནམ་ཡང་ཐུགས་དབུས་ནས་མ་ཡལ་མཛོད་ཅེས་པའི་ཞུ་བ་དང་བཅས་ཏེ། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསག་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།

ཉིན་བཅུ་གཉིས་པའི་ཆོས་ཁྲིད།

ད་མཐོ་སྲིད་པའི་རྩེ་མོ་མར་རྒྱག་ས་ནས་དམའ་ན་རཀ་དམྱལ་བ་ཡར་རྒྱག་སའི་ཁམས་གསུམ་འཁོར་བའི་གནས། རིགས་དྲུག་འཁྲུལ་བའི་གྲོང་ཁྱེར་འདིའི་སྟོད་སྨད་བར་གསུམ་གང་ལ་སྐྱེས། གང་ལ་འཁོར་ན་ཡང་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ཡོ་ལང་། སྡུག་བསྔལ་གྱི་འཁྲུལ་འཁོར་འབའ་ཞིག་པ་ལས་འདི་ལེགས་བསམ་རྒྱུ་ཅུང་ཟད་ཙམ་ཞིག་ཡོད་པ་མིན་ལ། དེ་ནི་མིན་ཏེ་མཐོ་རིས་རྣམ་གསུམ་ངན་སོང་གསུམ་དང་ག་ལ་འདྲ་སྙམ་ན། གལ་ཏེ་མཐོ་རིས་རྣམ་གསུམ་ལ་སྐྱེས་ནས་དེ་དང་གཏན་དུ་མི་འབྲལ་བར་འདུག་ཆོག་པ་དང་། ངན་སོང་གསུམ་པོ་ཡང་དེ་དང་འདྲ་བར་འགྱུར་རྒྱུ་མེད་པ་ཞིག་ཡིན་ན། རང་རེ་ད་ལྟའི་སྐབས་འདིར་མིའི་སྐྱེ་གནས་སུ་ཡོད་པས། ཕ་མ་གཉེན་ཉེ་ཚོ་ཇི་ལྟར་སོང་ཡང་སོང་བསམ་པའི་ཁྲེལ་མེད་རང་ངོས་རྐྱང་པ་ནས་བསམ་བློ་གཏོང་མཁན་ཞིག་བདེ་བར་གནས་ཆོག་ཀྱང་། དེ་ལ་རྟག་བརྟན་ག་ལ་ཡོད། འུ་ཚོ་བས་ཚངས་དང་དབང་པོ་རྒྱལ་བྱིན་སོགས་ཅི་ས་གང་ཐད་ནས་ལྷག་པས། ཚེ་དང་བསོད་ནམས་གཟི་བྱིན་ཚང་མ་ནས་འགྲན་དུ་མི་བཟོད་ཀྱང་། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡིས། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །ཞེས་གསུངས་པ་ལྟར་ཡིན། རིགས་དྲུག་གཅིག་ནས་གཅིག་ཏུ་འཁོར་བས་ན་འཁོར་བ་ཞེས་སུ་གྲགས་ལ། དེ་ལྟ་བུའི་འཁོར་བའི་གནས་གང་དུ་སྐྱེས་ཀྱང་། མེའི་འོབས། སྲིན་མོའི་གླིང་། དུག་སྦྲུལ་གདུག་པ་ཅན་གྱི་ཚང་ལ་སོགས་པ་ལས་གཉིས་སུ་མ་མཆིས་པར་གསུངས་ཡོད་པས། ད་ལྟའི་སྐབས་སུ་མིའི་རྟེན་ལུས་འདི་བླངས་ནས་ལོ་ན་ཚོད་འདི་ལ་མ་ཐོན་གྱི་བར་དུ། ཉིན་མ་རེ་རེ་བཞིན་དུ་སྡོད་དབང་མེད་པར་རྒྱུག་རྒྱུག་འདུར་འདུར་དུ་ཡོད་པ་དེའི་ཕྱོགས་སྡོམ་ཞིག་བྱས་ནས་ཅི་ཞིག་འགྲུབ་འདུག་བལྟས་ནས་རང་རྒྱུགས་རང་གིས་བླངས་ཏེ་ལས་དཀར་པོ་ཉག་ཏུ་དྲངས་ན། ལས་ནག་པོའི་ངོ་ཡ་དེ་དཀར་པོས་ཡོང་བར་འདུག་གམ། གལ་ཏེ་མ་ཡོང་ཚེ། དེས་མར་ལ་འདྲུད་ངེས་ཅན་ཡིན། དེས་ན་འབད་པ་ཐམས་ཅད་དོན་མེད་དང་། བྱས་པ་ཐམས་ཅད་སྡུག་བསྔལ་གྱི་འབྲས་བུ་ལས་མ་འདས་པ་ཡིན། ད་ནི་རྨི་ལམ་ཡག་ཚེ་གཉིད་ཅིག་མ་སད་ན། ཉེན་ཁ་ཆེན་པོ་ཞིག་འདི་ནས་འབྱུང་བར་འདུག་བསམ་པའི་སྔོན་གྱི་རྒྱ་ལམ་མིག་སྔར་དུ་ཤར་ངེས། དེས་ན་ད་རུང་ཐབས་མེད་འུ་ཐུག་ཕྱིར་ལྡོག་ཏུ་མེད་པ་ཞིག་ལ་ཐུག་མེད་པས། མཚན་ནམ་གུང་རྨི་ལམ་འཁྲུགས་ནས་མཁར་བརྩེགས་དགུའི་སྟེང་ནས་མཆོང་གྲབས་བྱེད་སྐབས། ཟུར་དེ་ནས་ཨ་རོགས་ཁྱོད་མ་མཆོང་ཞེས་གཅིག་གིས་བོས་ཡོང་དུ་མ་སད་ན་གོམ་གོང་གིས་གཡང་སར་ལྕེབ་པ་ཡིན། དེ་བཞིན་དུ་ད་ལྟ་ཉིད་ནས་འབད་པ་མ་བྱས་ན་གོམ་གོང་གིས་ངན་སོང་གི་གཡང་སར་ཆེན་པོར་ལྷུང་བ་ལ་ཐེ་མི་ཚོམ་པའི་ཚུལ་འདི་ལ་བསམ་བློ་བཏང་ནས། རང་གཞན་འདི་དང་ཕྱི་མར་ཕན་པའི་དམ་པའི་ལྷ་ཆོས་བསྒྲུབ་དགོས་པ་ཡིན། འོན་ཀྱང་འ་རི་འུ་རི་ཡ་ངེ་ཡེང་ངེ་ཟ་ངེ་ཟིང་ངེ་ཞིག་གིས་དུས་འདས་ནས་གནད་ཀྱི་གདམས་ངག་ཡང་དག་པ་དེ་མ་ལོན་ན། རྒྱུག་རྒྱུག་འདུར་འདུར་གྱིས་འབྲས་བུ་ཆེན་པོ་འབྱུང་དཀའ་བ་ཡིན། ཆོས་ཉན་པའི་དོན་གོ་དེ་ཆོས་དང་རང་རྒྱུད་འདྲེས་ནས་ཆོས་ཀྱི་དགོངས་དོན་རང་རྒྱུད་ལ་འཕོ་བ་སཱ་ཙྪ་བརྐོས་ཕོར་ནས་ཕྱུངས་པ་ལྟ་བུ་ཞིག་དགོས་པ་ཡིན། དེ་ཡང་དང་པོ་རང་རྒྱུད་འཇིམ་རིལ་ལྟ་བུ་དེ་སཱ་ཙྪ་མཆོད་བརྒྱ་མ་རེད་མ་ཐུབ་ཀྱང་། མཆོད་བརྒྱད་རྩི་རྒྱུ་ཡོད་པ་ཞིག་ཡོང་ན་ཡང་ཆོག་པ་ཡིན། འོན་ཀྱང་ཚང་མ་བདས་ནས་ཟིན་མཁན་ཞིག་དང་། འཕངས་ནས་ཕོག་མཁན་ཞིག་ག་ལ་ཡིན། དེས་ན་སྣམ་བུ་ཚོས་རྫའི་ནང་དུ་འཕངས་ན་ལེགས་ཉེས་ལ་མ་ལྟོས་པའི་མདོག་འགྱུར་ཐེབས་པ་ལྟར་སེམས་རྒྱུད་ལ་འགྱུར་བ་ཐེབས་དགོས་པ་ཡིན། ཚོས་དང་སྣམ་བུ་གཉིས་ཀ་མདོག་གཅིག་པར་རེད་དུས་སེམས་དང་ཆོས་གཉིས་ཀ་འདྲེས་སོང་བ་སྣམ་བུའི་དམར་པོ་དང་སྣམ་བུ་གཉིས་འབྱེད་དུ་མེད་པ་ལྟ་བུའི་བློ་ཆོས་སུ་འགྲོ་དགོས་པ་དང་། དེ་ནས་ཆོས་ལམ་དུ་འགྲོ། ལམ་འཁྲུལ་བ་སེལ། འཁྲུལ་བ་ཡེ་ཤེས་སུ་འཆར་བའི་ཆོས་བཞི་དེ། ཚིག་བཞི་ཡི་ཐོག་ནས་ཐུན་མོང་ཁྱད་པར་བླ་མེད་ཀྱི་ལམ་དང་སྦྲེལ་ནས་ཉི་མ་རབ་ཅིག་ལ་བཤད་པ་ཡིན། ཁ་སང་ཞིག་ལ་འཁྲུལ་བ་ཡེ་ཤེས་སུ་འཆར་ལུགས་ཐུན་མོང་དང་ཁྱད་པར་གྱི་ལམ་ནས་བཤད་སྐབས། འཁྲུལ་བ་སེམས་རེད། མ་འཁྲུལ་བ་ནི་ཡེ་ཤེས་རེད། སེམས་དག་པའི་ཡེ་ཤེས་སུ་སྒྱུར་བ་ལ་གནས་སྐབས་དང་མཐར་ཐུག་གི་རིམ་པ་བརྒྱུད་དགོས་པ་ཡིན་ཅེས་པ་དེ། སྦྱང་བ་ལམ་གྱི་སྐབས་དང་། མངོན་གྱུར་འབྲས་བའི་སྐབས་གཉིས་ཐབས་དང་ཐབས་བྱུང་གིས་ཕྱེས་པ་ཞིག་ཡིན་ལ། དེ་ཡང་ཐུན་མོང་དང་ཁྱད་པར་གྱིི་ལམ་གང་བརྒྱུད་དགོས་ཀྱང་། གདུལ་བྱའི་ཁམས་དབང་བསམ་པ་དང་བསྟུན་ཏེ་རང་རང་གིས་ཁྱད་པར་འབྱེད་དགོས་པ་ཡིན། ལམ་མདོ་སྔགས་ཐུན་མོང་དང་ཁྱད་པར་གང་ནས་བརྒྱུད་ན་ཡང་མཐར་ཐུག་ཐོན་ས་ཐེག་པ་གཅིག་ལ་དྲིལ་ནས། དུག་ལྔ་ཡེ་ཤེས་ལྔ་ལས་ཐ་དད་དུ་མེད་པའི་རིགས་ལྔའི་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔར་ལྷུན་གྱིས་གྲུབ་པ་འདི་གནས་སྐབས་ཀྱི་དབང་དུ་བྱས་ན་གློ་བུར་འཕྲལ་དག་ལ་བཞག་ཆོག་པ་དང་། དེ་རིང་ཐུན་མོང་དང་ཁྱད་པར་བླ་མེད་གསུམ་གྱི་ནང་ནས་བླ་མེད་དང་སྦྱར་ནས་ཡང་སྐྱར་འཆད་པ་ལ། ཁམས་བདེ་བར་གཤེགས་པའི་སྙིང་པོ། སེམས་ཉིད་འོད་གསལ་བའི་རང་བཞིན། དྲི་བཅས་དེ་བཞིན་ཉིད་ཆོས་ཁམས་དགེ་བ་གང་ཡིན་པ་དེ་ཉིད། གློ་བུར་གྱི་དྲི་མ་དང་བྲལ་ནས་བྱང་ཆུབ་ཞི་བ་རྡུལ་བྲལ་རྡུལ་མེད་ཀྱི་གོ་འཕང་དེ་ཉིད་བརྙེས་པའི་དུས་སུ། དབྱིངས་ཀྱི་རང་བཞིན་ཇི་ལྟར་ཡིན་པ་དེ་ལྟར་མངོན་དུ་གྱུར་ནས། སྐུ་གསུམ་དབྱེར་མེད་ཆོས་སྐུ་གཅིག་ལ་རོ་གཅིག་པའི་ཡེ་ཤེས་མངོན་དུ་གྱུར་བ་ཡིན། དེའི་ནང་གསལ་སྐུ་གསུམ་དེ་ཆོས་སྐུ་གཅིག་གི་ལྡོག་ཆ་ནས་ཕྱེས་ན། ངོ་བོ་ཡེ་དག་གི་རང་བཞིན་མངོན་དུ་གྱུར་དུས་དག་པ་གཉིས་ལྡན་གྱི་དབྱིངས་ཀྱི་སྐུ་དེ་ནི་རྒྱལ་བ་ཉིད་ལས་གཞན་པའི་སྤྱོད་ཡུལ་དུ་མ་གྱུར་པ། སྐུ་གསུམ་ཡེ་ཤེས་དང་བཅས་པ་ངོ་བོ་ཉིད་སྐུས་བསྡུས་པ་ཞིག་ཡིན་ཅིང་། དེ་ལྟ་བུའི་ངོ་བོ་ཉིད་སྐུའི་བདག་ཉིད་འདུས་མ་བྱས་ཤིང་། རྟག་ཆད་འཕོ་འགྱུར་དང་བྲལ་བ་ཡིད་བཞིན་ནོར་བུ་ཇི་བཞིན་དུ་ཆོས་སྐུའི་དབྱིངས་ན་བཞུགས་པ་དེ་ལས། ཡེ་ཤེས་གསུམ་དང་དབྱེར་མི་ཕྱེད་པའི་གཞི་གནས་ཀྱི་ཡེ་ཤེས་དེ་ལས། གཟུགས་སྐུ་གཉིས་ཀྱི་རོལ་བའམ་ཡུལ་ལ་ཁྱབ་པའི་ཡེ་ཤེས། ཇི་ལྟ་ཇི་སྙེད་མཁྱེན་པའི་སྐུ་དང་། ཡེ་ཤེས། མཛད་པ་འཕྲིན་ལས་དང་བཅས་པས་སྲིད་པ་ཇི་སྲིད་འགྲོ་ཁམས་རྒྱ་མཚོའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ཡིན་པས། འཁྲུལ་བ་ཡེ་ཤེས་སུ་དག་པའི་མཐར་ཐུག་བླ་མེད་ཀྱི་དགོངས་དོན་དེ་ཡེ་ཤེས་ཆེན་པོ་གཅིག་གི་དབྱིངས་སུ་འཆར་བ་ལྟར་རོ། །ཡེ་ཤེས་ཆེན་པོ་འདི་ལ་འཆར་བའི་འཆར་ལུགས་གསུམ་གསུངས་པ་སྟེ། ཡེ་ཤེས་ཆེན་པོ་རྒྱབ་ནས་འཆར་བ་ཞིག་དང་། ཡེ་ཤེས་ཆེན་པོ་མདུན་ནས་འཆར་བ་ཞིག ཡེ་ཤེས་ཆེན་པོ་ཁོང་ནས་འཆར་བའོ། །རྒྱུ་མཚན་ཉིད་ཀྱི་ཐེག་པའི་ཡེ་ཤེས་འཆར་ལུགས་དེ་ཡེ་ཤེས་ཆེན་པོ་རྒྱབ་ནས་འཆར་བ་ནི། རྣམ་པ་མི་རྟོག་པར་ཡུན་རིང་དུ་གནས་དུས། ཆུ་དྭངས་མོའི་ནང་དུ་གཟུགས་བརྙན་ཤར་བ་བཞིན་དུ། ཉོན་མོངས་རྣམ་རྟོག་གི་སྙིགས་མ་དྭངས་ནས་ས་བཅུའི་རྒྱུན་གྱི་མཐའ་མ་ལ་ཀུན་ཏུ་འོད་ཀྱི་ས་བརྙེས་པ་ནི། བསྐལ་བ་གྲངས་མེད་གསུམ་སོགས་སུ་འགོར་བས་ན་ཡེ་ཤེས་ཆེན་པོ་རྒྱབ་ནས་འཆར་བའོ། །སྔགས་ཕྱི་རྒྱུད་སྡེ་གསུམ་གྱིས་བདག་དང་ལྷ་དང་རྫས་ཀྱི་རྟེན་འབྲེལ་ཟབ་མོ་ལ་བསྟེན་ནས་ཐབས་སླ་བས་བསྒྲུབས་པས་མི་ཚེ་བདུན་དང་བཅུ་དྲུག་ལ་སོགས་པས་མཐར་ཐུག་གི་འབྲས་བུ་ཐོབ་པ་དེ། མདོ་ལམ་དང་བསྡུར་ན་མྱུར་བའི་ལམ་ཡིན་པས་ན་ཡེ་ཤེས་ཆེན་པོ་མདུན་ནས་འཆར་བ་ཞེས་བྱའོ། །སྔགས་ནང་བ་གསུམ་གྱིས་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་གཅིག་གི་བདག་ཉིད་ལས་མ་འདས་པའི་སེམས་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད། གདོད་ནས་འཕོ་འགྱུར་བྲི་གང་དང་བྲལ་བའི་ངང་ལ་གནས་བཞིན་དུ་སངས་རྒྱས་གཞན་ཞིག་ནས་འཚོལ་མི་དགོས་པར་ཚེ་འདིའི་སྟེང་ནས་མངོན་གྱུར་འབྲས་བུའི་ས་མཆོག སྦྱོང་རྩོལ་མེད་པར་བགྲོད་པས་ན་ཡེ་ཤེས་ཆེན་པོ་ཁོང་ནས་འཆར་བའོ། །ཁམས་ལ་བསྒྲིབས་པའི་སེམས་སེམས་བྱུང་གི་དྲི་མ་ཆ་དང་བཅས་པ་དག་ནས་ས་བཅུའི་རྒྱུན་གྱི་མཐའ་མའི་རྡོ་རྗེ་ཐེག་པའི་ཏིང་འཛིན་གྱི་རྗེས་དེ་ལ། སངས་རྒྱས་ཀྱི་ཡེ་ཤེས་འཆར་བ་ནི་དག་པ་གཉིས་ལྡན་གྱི་བྱང་ཆུབ་བརྙེས་པ་ཡིན། དེའི་དུས་སུ་སོ་སོར་རང་རིག་པའི་ཡེ་ཤེས། སེམས་འགག་པའི་འགོག་པ་དམ་པ་མངོན་དུ་མཛད་ནས་མཐར་ཐུག་གི་འཁྲུལ་བ་ཡེ་ཤེས་སུ་དག་པ་ཐོབ་ཡིན་ནོ། །སྐབས་འདིར་གང་འཆད་ཉན་བགྱི་བའི་གཞུང་ནི། ཕྱོགས་རེའི་རིག་པ་སྦྲང་བུའི་གཤོག་རླབས་ཀྱིས། །གླིང་བཞི་ཉུལ་འདོད་འབྲས་མེད་ལྟད་མོ་བ། །རྡོ་རྗེ་སྙིང་པོའི་རི་རབ་རྩེར་འགྲོད་ནས། །ཐེག་དགུ་གསལ་སྟོན་ཁྱུང་ཆེན་རྒྱལ་པོ་འདྲ། །ཞེས་གསུངས་ནས་བསྔགས་པ་བརྗོད་པའི་མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན་གྱི་ནང་ནས། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་རང་འགྲེལ། འགྲེལ་ཊཱིཀ་པདྨ་དཀར་པོ་ཞེས་བྱ་བ་འདི་ཉིད་འཆད་པའི་སྐབས་ནས། གོང་དུ་ལེའུ་བཅུ་གཅིག་པའི་སྐབས་སུ་མཚན་ཉིད་ལྡན་པའི་མཐུན་ཕྱོགས་དགེ་བའི་བཤེས་གཉེན་ནས་གང་ཞིག་ཐོས་པ་འཛིན་པའི་ཡུལ་ཅན་སློབ་མའི་སྐྱོན་ཡོན་དང་། ཇི་ལྟར་ཉན་ནས་བསམ་སྦྱོར་ཕུན་སུམ་ཚོགས་པའི་སྒོ་ནས་ཐོས་པ་བསྟེན་ཚུལ་ཕན་ཡོན་དང་བཅས་པ་བསྟན་ནས། དེའི་མཚམས་ཀྱི་ཁ་རྩང་བཤད་མ་ཐག་པའི་ལེའུ་བཅུ་གཉིས་པའི་དབུ་ནས་མར། ཐོས་དོན་གཏན་ལ་འབེབས་པ་ཤེས་བྱའིི་ཆོས་ཐམས་ཅད་སྤང་བླང་གཉིས་ཀྱི་ཁོངས་སུ་འདུས་པས། སྤང་བྱ་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའི་རྣམ་དབྱེ་དང་། བླང་བྱ་ནང་བ་སངས་རྒྱས་པའི་གཞུང་རྒྱ་ཆེར་བཤད་པ་གཉིས་ལས། དང་པོ་ཕྱི་རོལ་པ་ལ་སྟོན་པ་དྲུག འཇིིག་ཚོགས་ཉི་ཤུ། ལྟ་བ་དྲུག་ཅུ་རྩ་གཉིས། ལྟ་ལོག་སུམ་བརྒྱ་དྲུག་བཅུ། སྡེ་ཚན་བཅུ་གཅིག ཏརྐ་སྡེ་ལྔ་དང་དྲུག་ཡོད་པ་ལས། དང་པོ་གཉིས་སོང་ནས། གསུམ་པ་ལྟ་བ་དྲུག་ཅུ་རྩ་གཉིས་བཤད་པའི་སྐབས་ལས། གོང་དུ་དེ་དག་གི་འདོད་པ་སྤྱིར་བཀོད་པའི་སྒོ་ནས་མདོར་བསྟན་ཏེ། དེ་རིང་དེ་ཉིད་རྒྱས་པ་བཀྲལ་ནས་དགག་པ་ལ། ལྟ་ངན་དྲུག་ཅུ་རྩ་གཉིས་ཡོད་པ་གང་དང་གང་ཡིན་ཞེ་ན་སྔོན་གྱི་མཐའ་ལ་བརྟེན་པ་བཅོ་བརྒྱད། དེའི་སྟེང་དུ་ཕྱི་མའི་མཐའ་ལ་བརྟེན་པ་བཞི་བཅུ་རྩ་བཞི་བསྣན་པས་དྲུག་ཅུ་རེ་གཉིས་ལས། དང་པོ་སྔོན་མཐར་བརྟེན་པ་བཅོ་བརྒྱད་ནི། སྡེ་ཚན་ལྔར་ཤེས་པར་བྱ་སྟེ། ཐམས་ཅད་རྟག་པར་སྨྲ་བའི་སྡེ་ཚན་བཞི། ཁ་ཅིག་ཆད་པར་སྨྲ་བ་བཞི། མཐའ་ཡོད་མེད་དུ་སྨྲ་བ་བཞི། ལྷ་མི་སྤོང་བར་སྨྲ་བ་བཞི་སྟེ་བཞི་བཞི་བཅུ་དྲུག་དང་། རྒྱུ་མེད་པར་སྨྲ་བ་གཉིས་དང་བཅོ་བརྒྱད་ལས། དང་པོ་ཐམས་ཅད་རྟག་པར་སྨྲ་བའི་སྡེ་ཚན་བཞི་ནི། བསྐལ་པ་དང་པོའི་དུས་ན་འགའ་ཞིག་ཁྱིམ་ནས་རབ་ཏུ་བྱུང་སྟེ་བསམ་གཏན་སྒོམ་པ་གྲུབ་པ་དག་གི་མངོན་ཤེས་ཀྱིས་བར་གྱི་བསྐལ་པ་སུམ་ཅུ་ཚུན་ཆད་དྲན་པ་ལ་དཔགས་ཏེ། དེ་ཡན་ཆད་མན་ཆད་མ་མཐོང་བས་སྔོན་དང་ཕྱི་མའི་མཐའ་ཐུག་མེད་དུ་ཡོད་སྙམ་ནས་བདག་དང་འཇིག་རྟེན་ཐམས་ཅད་རྟག་ཅེས་སྨྲའོ། །དེ་བཞིན་དུ་བར་གྱི་བསྐལ་པ་དྲུག་ཅུ་དང་དགུ་བཅུ་དྲན་པ་དང་། ཁྱིམ་ནས་ཁྱིམ་དུ་སྐྱེ་བ་བརྒྱུད་པ་དག་མཐོང་བ་ལ་དཔགས་ཏེ་ཐམས་ཅད་རྟག་པར་སྨྲའོ། །དེ་ལ་ཡང་གྲུབ་མཐའི་འདོད་པ་ཅུང་ཟད་འདྲ་མིན་གྱི་དབང་གིས་དེ་ལྟར་བཞིའམ་ཡང་ན་རབ་ཏུ་བྱུང་བ་ཁ་ཅིག་གི་མངོན་ཤེས་ཀྱིས་རང་ཉིད་ཚངས་པའི་གནས་ནས་འཕོས་ཀྱང་། ཚངས་པའི་དབང་པོ་ད་དུང་གནས་པར་མཐོང་བ་ལ་དཔགས་ནས་འཇིག་རྟེན་གྱི་བྱེད་པོ་ཚངས་པ་ཆེན་པོ་རྟག་ལ། ལྷ་གཞན་དང་འཇིག་རྟེན་མི་རྟག་པར་སྨྲ་བ་དང་། ཁ་ཅིག་རང་སུམ་ཅུ་རྩ་གསུམ་པའི་ལྷ་གཞན་ལ་ཁྲོས་ནས་ཤི་བ་མངོན་ཤེས་ཀྱིས་རིག་པ་ལས། ལྷ་གཞན་དེ་ཀུན་ད་རུང་འདུག་པ་ལ་དཔགས་ནས་འདོད་ཁམས་ཀྱི་ལྷ་ཡིད་སུན་འབྱིན་པ་དག་མི་རྟག་ལ་གཞན་རྟག་པར་སྨྲ་བ་དང་། ཁ་ཅིག་སུམ་ཅུ་རྩ་གསུམ་པའི་ལྟད་མོ་ལ་ཡེངས་ནས་ཟས་ཟ་བ་བརྗེད་ནས་ཤི་བ་མཐོང་བ་ལ་དཔགས་ནས། འདོད་པའི་ལྷ་རྩེ་དགས་དུས་འདའ་ཞིང་བསླུ་བ་རྣམས་མི་རྟག་ལ་ལྷ་གཞན་རྟག་པར་སྨྲ་བ་དང་། ཁ་ཅིག་གིས་གཟུགས་མེད་ཀྱི་འབྱུང་བ་བཞི་འགག སེམས་དང་སེམས་བྱུང་མ་འགགས་པར་འབྱུང་བ་མཐོང་བ་ལ་དཔགས་ནས། འབྱུང་བ་བཞི་མི་རྟག་ལ་སེམས་སེམས་བྱུང་རྟག་པར་སྨྲ་བའོ། །མདོར་ན་དེ་བཞི་ཀས་ལྷ་རྟག་པར་འདོད་པ་དང་དེ་དག་ཐར་པར་མཐོང་ནས་རྟག་པའི་ལྷ་དེ་ཉིད་ཐོབ་པར་བྱ་བའི་འདུན་པས་དཀའ་ཐུབ་བསྟེན་པ་ལ་སོགས་པས་ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་འཕྱུགས་པ་ཡིན་ནོ། །དེ་ལྟར་ཡིན་པར་ཆད་སྨྲ་བ་འོག་ནས་ཀྱང་འབྱུང་བས་འདིར་མ་གསུངས་པ་ཡིན་ལ། མཐའ་ཡོད་མེད་དུ་སྨྲ་བ་བཞི་ནི། ཁ་ཅིག་གི་མངོན་ཤེས་རྒྱ་ཆུང་བས་དེ་ཉིད་ཀྱིས་དམྱལ་བ་ནས་བསམ་གཏན་བཞི་པའི་བར་ལས་གཞན་མ་མཐོང་བས་དེ་ཕན་ཆད་མེད་སྙམ་ནས་བདག་དང་འཇིག་རྟེན་ལ་མཐའ་ཡོད་པར་སྨྲའོ། །ཁ་ཅིག་གི་མངོན་ཤེས་ཀྱིས་ཐམས་ཅད་མ་མཐོང་ཡང་མཐའི་མཚམས་མཐོང་བས་མི་རིག་པ་ཡིན་གྱི་ད་དུང་ཡོད་ཆོག་གོ་སྙམ་ནས་དེ་ཕན་ཆད་ནའང་ཡོད་པར་དཔགས་ནས་བདག་དང་འཇིག་རྟེན་ལ་མཐའ་མེད་པར་སྨྲའོ། །ཁ་ཅིག་གིས་མིའི་འཇིག་རྟེན་གྱི་མཐའ་མཐོང་ཡང་། ཚངས་པའི་འཇིག་རྟེན་གྱི་མཐའ་མ་མཐོང་བས། མཐའ་ཡོད་མེད་གཉིས་ཀའི་མུར་སྨྲའོ། །ཁ་ཅིག་སྟེ་དེ་ལས་ལྷག་པ་དག་གིས་ཚངས་པའི་འཇིག་རྟེན་མཐོང་ཡང་ཚད་ཡོད་མེད་ཀྱིས་གཞལ་དུ་མི་རུང་བར་མཐོང་བ་ལ་དཔགས་ནས། བདག་དང་འཇིག་རྟེན་ལ་མཐའ་ཡོད་མེད་གཉིས་ཀ་ཟེར་ཐག་མ་ཆོད་ནས་ཡོད་མེད་གཉིས་ཀ་མ་ཡིན་པའི་མུར་སྨྲའོ། །དེ་ཚོའང་དེང་སང་གི་ཚན་རིག་པས་ཤའི་མིག་དང་། འཕྲུལ་ཆ་རྡོག་མ་ཁ་ཤས་ཀྱིས་བལྟས་ནས་དེའི་ཐོག་ཏུ་ཐག་བཅད་པ་བས་ལྷག་པར་བཟང་བ་ཡིན་ཏེ། ནང་སེམས་ཁམས་ཀྱི་རྟོག་དཔྱོད་ཀྱི་ཆུ་ཚོད་དང་། ཞིབ་འཇུག་གི་རིགས་པས་དཔྱད་ལུགས་ཀྱི་ཁྱད་པར་དང་། བསམ་ཏན་ཆེ་ཚོད་ཆུང་མིན་རེ་འགྲུབ་པའི་མངོན་ཤེས་ཀྱིས་བཅལ་བ་ཡིན་ཕྱིར་གཞལ་བྱ་དང་འཇལ་བྱེད་ཀྱི་ཆ་ཐམས་ཅད་ལྷག་པའི་ཁྱད་པར་ཡོད་པ་ཡིན། ལྷ་མི་སྤོང་བར་སྨྲ་བ་བཞི་ནི། སྔོན་ཕྱི་རོལ་པའི་གནས་ཤིག་ཏུ་གཞན་དག་འུ་ཅག་ལ་རྩོད་པས་རྒོལ་ན་ལྷ་མི་སྤོང་བ་ཡིན་ཞེས་བརྗོད་ཅིག་ཅེས་དམ་བཅས་པ་ལས། ཤེས་རབ་ཆུང་བའི་རིགས་ཤིག་དང་། ཤེས་རབ་མ་ཆུང་ཡང་གྲུབ་མཐར་བློ་མ་སྦྱངས་པའི་རིགས་ཤིག་དང་། གྲུབ་མཐའ་བློ་སྦྱངས་ཀྱང་ངེས་པ་དེ་ཙམ་མ་སྐྱེས་བའི་རིགས་ཤིག་དང་། ཤེས་སྙམ་མངོན་པའི་ང་རྒྱལ་ཅན་གྱི་བློ་རིགས་བཞིའི་དབང་གིས་བཞིར་དབྱེ་བ་སྟེ། ཤེས་རབ་ཆུང་བ་ཞིག་ལ་ཁྱོད་ཀྱི་ལྟ་བ་ཅི་ཡིན་དྲིས་པ་ལས། གཞན་མ་ཤེས་ཏེ་ལྷ་མི་སྤོང་བའོ་ཞེས་སྨྲའོ། །གྲུབ་པའི་མཐའ་ལ་བློ་མ་སྦྱངས་པ་ལ་དྲིས་པ་ལས་ཀྱང་གཞན་མ་ཤེས་པར་ལྷ་མི་སྤོང་བ་སྨྲའོ། །སྦྱངས་ཀྱང་ངེས་པ་མེད་པ་དག་ཀྱང་ལྷ་མི་སྤོང་བ་སྨྲའོ། །རྟོགས་པར་མངོན་པའི་ང་རྒྱལ་ཅན་ལ་དྲིས་པ་ནའང་སུས་ཀྱང་ལན་མི་ཐེབས་སྙམ་ནས་ལྷ་མི་སྤོང་བའོ་ཞེས་སྨྲ་བ་ཡིན་ནོ། །རྒྱུ་མེད་པར་ལྟ་བ་གཉིས་ནི། བསམ་གཏན་དང་རིགས་པ་ལ་བརྟེན་པ་གཉིས་ལས། དང་པོ་ནི་སྔོན་དུས་འདུ་ཤེས་མེད་པའི་སེམས་ཅན་ལས་ཤི་འཕོས་པ་ཁ་ཅིག་གིས་ཀུན་གཞི་ཆ་ཕྲ་བ་ཡིན་པས་ན་དེ་དག་གིས་མ་མཐོང་ཞིང་། རང་གི་ཚོགས་དྲུག་བྱུང་བ་འདི་བྱུང་སའི་ཁུངས་བཙལ་ན་མེད་པ་ལས་བྱུང་བར་མཐོང་ནས་འཇིག་རྟེན་ཐམས་ཅད་རྒྱུ་མེད་ལས་བྱུང་བར་སྨྲའོ། །དེའང་འཇིག་རྟེན་ཞེས་པ་སྣོད་བཅུད་ཀྱིས་བསྡུས་པ་ཞིག་ཡིན་པས་སྣོད་རྡུལ་ཕྲན་ཆ་མེད་ལས་བྱུང་བའི་རྡུལ་ཕྲན་མ་མཐོང་བས་དེའང་རྒྱུ་མེད་ལ། བཅུད་སེམས་སྔ་ན་འགག་པ་མ་མཐོང་ནས་མེད་པས་རྒྱུ་མེད་དོ་སྙམ་ནས་དེ་སྐད་སྨྲའོ། །རིགས་པ་ལ་བརྟེན་པ་ནི། ནམ་མཁའ་ལ་རྒྱུ་མེད་པར་སྤྲིན་གློ་བུར་དུ་བྱུང་བ་དང་། ཡང་རྒྱུ་མེད་པ་རླུང་གློ་བུར་ལྡང་བ་ཙམ་ལ་དཔགས་ནས་རྒྱུ་མེད་དུ་སྨྲའོ། །དེ་རྣམས་ནི་སྔོན་གྱི་མཐའ་ལ་བརྟེན་པ་བཅོ་བརྒྱད་དོ། །ཕྱི་མའི་མཐའ་ལ་རྟོག་པ་བཞི་བཅུ་རྩ་བཞི་ལ་སྡེ་ཚན་ལྔ་སྟེ། འདུ་ཤེས་ཡོད་པར་སྨྲ་བ་བཅུ་དྲུག མེད་པར་སྨྲ་བ་བརྒྱད། ཡོད་མེད་གཉིས་ཀ་མ་ཡིན་པར་སྨྲ་བ་བརྒྱད། ཆད་པར་སྨྲ་བ་བདུན། འདི་ལ་མྱ་ངན་ལས་འདས་པར་སྨྲ་བ་དང་ལྔའོ། །འདུ་ཤེས་ཡོད་པ་སྨྲ་བ་བཅུ་དྲུག་གི་ནང་གི་དང་པོ་བདག་གཟུགས་ཅན་གྱི་འདུ་ཤེས་ཅན་དང་། གཟུགས་ཅན་མ་ཡིན་པའི་འདུ་ཤེས་ཅན་དང་། གཉིས་ཀའི་འདུ་ཤེས་ཅན་དང་། གཉིས་ཀ་མ་ཡིན་པའི་འདུ་ཤེས་ཅན་ཏེ་བཞི་དང་། བདག་མཐའ་དང་ལྡན་པ་དང་། མི་ལྡན་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པའི་འདུ་ཤེས་ཅན་བཞི་དང་། བདག་བདེ་བ་དང་། སྡུག་བསྔལ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་སྟེ་བཞི་དང་། བདག་གཅིག་པུ་དང་། ཐ་དད་དང་། ཆུང་ངུ་དང་། རྒྱ་ཆེན་པོ་ཞེས་པ་བཞི་སྟེ་བཅུ་དྲུག་གོ །དེ་དག་ཀྱང་བཞི་རུ་བསྡུས་ན་གཟུགས་དང་། མཐའ་དང་། བདེ་སྡུག་དང་། གཅིག་ཐ་དད་པའི་འདུ་ཤེས་ཅན་བཞིར་བསྡུའོ། །ཐ་མ་བཞིའི་གཅིག་པུ། ཐ་དད། ཆུང་། ཆེན་པོ་སྟེ་བཞི་ལས། གཅིག་པུ་ནི་ཐམས་ཅད་ལ་ཁྱབ་པ་དང་། ཐ་དད་ནི་མི་རེར་བདག་རེ་བ་དང་། ཆུང་ངུ་འདོད་ཁམས་པ་དང་། ཆེན་པོ་གཟུགས་ཁམས་ལ་འདོད་པའོ། །འདུ་ཤེས་མེད་པར་སྨྲ་བ་བརྒྱད་ནི། བདག་གཟུགས་ཅན་ཡིན་ལ་འདུ་ཤེས་མེད་པ་དཔེ་བཞག་ན་སྐྲ་སེན་ལྟ་བུ། གཟུགས་ཅན་མ་ཡིན་ལ་འདུ་ཤེས་མེད་པ་དཔེ་བཞག་ན་ནམ་མཁའ་ལྟ་བུ་དང་། གཉིས་ཀ་འདུ་ཤེས་མེད་པ་དང་། གཉིས་ཀ་མ་ཡིན་པ་འདུ་ཤེས་མེད་པའི་མུ་བཞི་དང་། བདག་མཐའ་དང་ལྡན་ལ་འདུ་ཤེས་མེད་པ་ལ་སོགས་པ་མུ་བཞིའོ། །འདུ་ཤེས་ཡོད་པ་དང་མེད་པ་གཉིས་ཀ་མ་ཡིན་པར་སྨྲ་བ་བརྒྱད་ནི། བདག་གཟུགས་ཅན་འདུ་ཤེས་པ་ཡོད་པའང་མ་ཡིན། མེད་པའང་མ་ཡིན་པ་དང་། དེ་བཞིན་དུ་མེད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པའི་མུ་བཞི་དང་། མཐའ་ཡོད་མེད་མུ་བཞི་ལ་འདུ་ཤེས་ཡོད་པའང་མ་ཡིན། མེད་པའང་མ་ཡིན་པ་བཞི་སྟེ་བརྒྱད་དོ། །ཆད་པར་སྨྲ་བ་བདུན་ནི། འདོད་པའི་མི་དང་། ལྷ་དང་། གཟུགས་ཀྱི་ལྷ་དང་། ནམ་མཁའ་མཐའ་ཡས་པ་དང་། རྣམ་ཤེས་དང་། ཅི་ཡང་མེད་དང་། སྲིད་རྩེའི་ལྷ་རྣམས་མ་ཤིའི་བར་དུ་སྡུག་བསྔལ་དུ་ཡོད་ལ། ཤི་ནས་ཆད་པས་བདེ་བར་འདོད་དེ་ཚེ་སྔ་ཕྱིའི་ལས་འབྲས་མེད་པར་འདོད་པའོ། །འདི་ལ་མྱ་ངན་ལས་འདའ་བར་སྨྲ་བ་ནི། འདོད་ཁམས་ཀྱི་ལྷ་མིས་ཚེ་འདིར་འདོད་ཡོན་ལ་ཆེར་སྤྱད་ན་ཚེ་འདིར་མྱ་ངན་ལས་འདའ་བ་དང་། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པས་རང་རང་གི་ཏིང་ངེ་འཛིན་ལ་ཆེར་བསྒོམས་པས་ཚེ་དེ་ཉིད་ལ་མྱ་ངན་ལས་འདའ་བར་སྨྲའོ། །དེ་ཡང་ཚེ་སྔ་ཕྱི་མེད་པར་འདོད་པའོ། །དྲུག་ཅུ་རྩ་བཞིའི་འདོད་པ་སྔོན་དུ་བཀོད་ནས་དེ་དག་དགག་པ་ལ། རྟག་པར་སྨྲ་བ་ནི། རིགས་པ་རྟག་དངོས་འགོག་པས་ཁེགས་ལ། མདོ་ལས་ཀྱང་། ཆོས་ཐམས་ཅད་རྟག་པར་སྨྲས་པས་མེའི་འཁོར་ལོ་ཅན་གྱི་དམྱལ་བར་སྐྱེ་བ་དང་། འཕོས་ནས་ཀྱང་ཚེ་རབས་སུམ་བརྒྱར་ཡི་དྭགས་མི་རོ་བཟའ་བར་སྐྱེ་བ་ནས། མིར་སྐྱེས་ནའང་བྲན་བྱེད་པར་སྐྱེ་བར་གསུངས་སོ། །རྟག་པར་སྨྲ་བའི་ནང་ཚན་ཁ་ཅིག་རྟག་པར་སྨྲ་བའི་སྡེ་ཚན་ཡང་། དེ་རྟག་དངོས་བཀག་པའི་རིགས་པས་ཁེགས་ལ། མདོ་ལས། ཁ་ཅིག་རྟག་པར་སྨྲས་པས་ནགས་མེས་མུན་པ་ལྟར་འཁྲིགས་པའི་དམྱལ་བར་སྐྱེ་བ་དང་། འཕོས་ནས་ཀྱང་ཡི་དྭགས་སྐྱུགས་པ་ཟ་བར་ལན་བརྒྱར་སྐྱེས་ནས། དུད་འགྲོ་ལྷག་མ་ཟ་བར་སྐྱེ་བར་གསུངས་སོ། །མཐའ་མེད་དུ་སྨྲ་བ་ནི་འོག་ཏུ་གསང་བ་པ་དང་མཉམ་དུ་འགོག་པས་འདིར་མི་སྤྲོའོ། །མཐའ་ཡོད་མེད་གཉིས་ཀར་སྨྲ་བ་དགག་པ་ལ་གསུམ་ལས། རིལ་བོ་མ་གྲུབ་པ་དང་གཅིག མཐའི་རྡུལ་མ་གྲུབ་པ་དང་གཉིས། མཐའ་མེད་མི་ཁེགས་པ་དང་གསུམ་གྱི་ཐོག་ནས་བཀག་པ་ལས་རིལ་པོ་མ་གྲུབ་པ་ནི་གོས་ཀྱི་མཐའ་ལ་གོས་གཅིག་གིས་ཁྱབ་པ་ལྟར། མཐའ་དང་དབུས་ཙམ་ནི་རིལ་པོ་གཅིག་གིས་ཁྱབ་པ་ལས། སྤྱིར་བཀག་པ་ནི་མཐའ་དབུས་ལས་གཞན་པའི་རིལ་པོ་གཅིག་མ་གྲུབ་པའི་ཕྱིར་རོ། །མཐའི་རྡུལ་མ་གྲུབ་པ་ནི་མཐའ་ཉིད་གང་ལའང་མི་སྲིད་དེ་དངོས་པོ་ཞིག་ཡིན་ནས་བཟུང་དངོས་པོ་ཐམས་ཅད་ལ་ཆས་ཁྱབ་ཅིང་ཆ་བཅས་ཐམས་ཅད་ལ་ཆ་དང་བཅས་པའི་ཕྱིར་ན་དེའི་ཕྱི་ན་གཞན་ཡོད་པས་ཁྱབ་པའི་དེས་ན་མཐའི་རྡུལ་མ་གྲུབ་པའི་ཕྱིར་རོ། །མཐའ་མེད་པ་མི་ཁེགས་པ་ནི་འཇིག་རྟེན་མཐའ་ཡོད་ཉིད་ཤིན་ཏུ་མི་འཐད་དེ། ནམ་མཁས་ཁྱབ་བོ་ཅོག་འཇིག་རྟེན་གྱིས་ཁྱབ་པ་ལ། དེ་མིན་པའི་འགོག་བྱེད་མེད་པའི་ཕྱིར་རོ། །ལྷ་མི་སྤོང་བ་ཡང་། རགས་པ་རྡུལ་ཕྲན་ཆ་ཤས་མེད་པ་དང་། ཕྲ་བ་སྐད་ཅིག་ཆ་མེད་པས་ལྷ་ཞེས་པ་བརྟགས་ན་མི་སྲིད་པའི་ཕྱིར་དེ་མི་སྤོང་བ་དེ་བས་ཀྱང་མ་གྲུབ་པས་ཁེགས་པ་ཡིན་ནོ། །རྒྱུ་མེད་ནི་བེམ་ཤེས་གཉིས་ཀྱི་ཐོག་ནས་བརྟགས་ཡོང་ན་དངོས་པོ་ད་ལྟར་བའི་མྱུ་གུ་ལ་ཚོགས་པ་ཚང་བྱེད་དྲོད་བརླན་ལ་སོགས་པ་མངོན་སུམ་ཡོད་པས་བེམ་པོ་རྒྱུ་མེད་མིན་པ་དང་། ཤེས་པ་ད་ལྟ་བའི་སྔོན་དུ་ཤེས་པ་སོང་བར་མཐོང་ཆོས་ཚད་མས་གྲུབ་པས་རྒྱུ་མེད་དུ་སྨྲ་བ་ཁེགས་པ་ཉིད་དོ། །ཕྱི་མའི་མཐའ་ལའང་སྤྱིར་འདུ་ཤེས་པ་རྟག་པར་མི་རུང་སྟེ། འདུ་ཤེས་ཀྱིས་ཡུལ་རེ་འགའ་བ་འཛིན་པའི་ཕྱིར་ཏེ་རེ་འགའ་བ་ལ་རྟག་པ་མེད་པའི་ཕྱིར་རོ། །གཟུགས་ཅན་མེད་དེ་རྩོམ་གཞི་ཆ་མེད་ཕྲ་བ་མ་གྲུབ་པའི་ཕྱིར་ན་དེས་བསྐྱེད་པའི་གཟུགས་ཅན་ཡང་མ་གྲུབ་པའི་ཕྱིར་རོ། །རྟག་ཏུ་བདེ་བའང་མེད་དེ་བདེ་བ་དེ་ཉིད་རེས་འགའ་བ་མི་རྟག་པ་ཡིན་པ་ཉིད་ཀྱི་ཕྱིར་བདེ་བ་མི་འགྲུབ་པའི་ཕྱིར་རོ། །རྟག་ཏུ་སྡུག་བསྔལ་བ་ཡང་དེ་བཞིན་དུ་རེས་འགའ་བ་ཡིན་པས་ན་རྟག་ཏུ་བདེ་བ་བཀག་པ་དང་གཅིག་མཚུངས་ཀྱིས་མི་འགྲུབ་པ་ཡིན་ནོ། །གཅིག་པུས་ཁྱབ་པའི་གཅིག་པུ་ཞིག་མེད་དེ་ཁྱབ་པར་བྱེད་པའི་རྫས་ཐ་དད་དུ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་ཐ་དད་ཀྱང་མེད་དེ་ཐ་དད་དུས་འགལ་བ་དང་སྔ་ཕྱིར་མི་རུང་བའི་ཕྱིར་རོ། །ཆེ་ཆུང་མི་རུང་སྟེ་ཆེ་ཆུང་དུ་དབྱེ་བའི་ཆ་ཤས་མེད་པའི་ཕྱིར་རོ། །གཟུགས་ཅན་མ་ཡིན་པའི་འདུ་ཤེས་མེད་པ་མི་སྲིད་དེ་མེད་ན། སྣང་བ་དང་རིག་པ་གཉིས་ལ་ལོངས་སྤྱོད་པ་མི་སྲིད་པའི་ཕྱིར་རོ། །གཉིས་ཀ་མ་ཡིན་གྱི་ཕུང་གསུམ་ནི་མི་སྲིད་པའི་དངོས་འགལ་གཉིས་ཀ་གཞི་གཅིག་ཏུ་མི་འདུ་ན་དེ་འདུ་བའི་གཞི་མི་སྲིད་པས་ཁེགས་སོ། །རྒྱུན་དང་བཏགས་ཡོད་ཀྱི་ཆད་པ་ལྟ་བ་གཉིས་དགག་པ་ནི། སྤྱིར་གནས་པ་མེད་པས་ཆད་པ་མི་ཁེགས་པ་དང་། བྱེ་བྲག་ཏུ་རྒྱུན་གནས་པ་ལ་རྒྱུན་མེད་པས་མི་ཁེགས་པ་དང་། བཏགས་ཡོད་མི་ཁེགས་པ་གསུམ་ལས། དང་པོ་ནི་དངོས་པོ་གནས་པ་ཞིག་ཡོད་ན་ནི་ཆད་པ་རུང་བ་ལས། དུས་རྟག་ཏུ་དངོས་པོ་ཡོད་ཚད་སྐད་ཅིག་གིས་མི་རྟག་ཅིང་སྐྱེ་འགག་གི་རང་བཞིན་ཡིན་པས་ཆད་པ་མི་རུང་སྟེ། ཡུངས་འབྲུ་བརྒྱ་བསྒྲིགས་པ་ནི་སྐུད་པ་འཆད་པ་མ་ཡིན་པ་བཞིན་ནོ། །གཉིས་པ་རྒྱུན་མེད་པས་མི་ཁེགས་པ་ནི་རྒྱུན་ལ་ཆད་པ་མེད་རྒྱུན་ཞེས་པ་དེ་སྐད་ཅིག་དུ་མ་དང་དབྱེར་མེད་པའི་ཕྱིར་སྤྱི་མ་གྲུབ་པ་བཞིན་དུ་འདི་ཡང་མི་འགྲུབ་པ་ཡིན་ནོ། །གསུམ་པ་བཏགས་ཡོད་ཀྱི་ཆད་པ་མི་སྲིད་དེ། ཡོད་པ་དང་མེད་པ་མཉམ་གཅིག་དུ་འགལ་བ་འདུ་བའི་ཕྱིར་རོ། །འདིར་མྱ་ངན་ལས་འདའ་བ་དགག་པ་ལ་གསུམ་སྟེ། འཁོར་བ་ན་བདེ་བ་མེད་པ། འཕྲལ་བདེ་ཙམ་གཉེར་བྱ་མ་ཡིན་པ། གཏན་གྱི་མྱང་འདས་མི་ཁེགས་པ་དང་གསུམ་ལས། དང་པོ་ནི་འཁོར་བ་ན་བདེ་བ་མི་སྲིད་དེ། ཅིའི་ཕྱིར་ཞེ་ན་སྲིད་གསུམ་སྡུག་བསྔལ་འགྱུར་དང་འདུ་བྱེད་གསུམ་ལས་མ་འདས་པའི་ཕྱིར་རོ། །གཉིས་པ་ནི་ཅུང་ཟད་ཡིད་དགའ་བ་ཙམ་རྟག་མི་ཐུབ་ཅིང་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱབ་པས་ན་སླར་སྡུག་བསྔལ་གྱི་རྒྱུ་ཅན་ཡིན་ཏེ་དཔེ་བཞག་ན་དེ་རྒྱལ་པོའི་བཙུན་མོ་ལ་ལོག་པར་ཞུགས་ན་ཁྲིམས་ལས་མི་འདའ་པ་བཞིན་ནོ། །གསུམ་པ་ནི་ཐམས་ཅད་མཁྱེན་པ་མི་ཁེགས་ཏེ། འགོག་བྱེད་ཀྱི་ཚད་མ་ཡང་དག་མེད་ཀྱི་སྟེང་དུ་ཤེས་བྱའི་ཆོས་ཐམས་ཅད་མཁྱེན་ཅིང་གཟིགས་པའི་སྒྲུབ་བྱེད་ཚད་མ་ཡོད་པའི་ཕྱིར་རོ། །དེ་དང་མཚུངས་པར་རང་གི་སྡེ་པས་ཀྱང་བདེ་བ་ཕྲལ་བྱུང་བས་ལམ་བྱས་ནས་གྲོལ་བར་ འདོད་པ་འདུས་བྱས་ཀྱི་འགྱུར་བདེ་ཙམ་ཞིག་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འདོད་པ་དང་། སེམས་ཀྱི་ངོ་བོ་འམ་ཆོས་ཉིད་བདེ་བ་ཁོ་ནར་འདོད་པས་གྲོལ་བ་འགྲུབ་པར་འདོད་པའི་ལམ་གོལ་ལ་འཕྱན་པའི་ཉེས་པའང་ཁེགས་པ་ཉིད་དོ། །སྤྱིར་སྔོན་གྱི་མཐའ་ལ་བརྟེན་པ་བཅོ་བརྒྱད་ཀྱིས་འཇིག་རྟེན་དང་ལྷ་སོགས་རྟག་པར་འདོད་པ་ལ། རྟག་ན་མི་འགྱུར་བའི་ཕྱིར་དོན་བྱེད་མི་སྲིད་པ་དང་། དོན་བྱེད་ནུས་ན་མི་རྟག་པས་ཁྱབ་པས་རྟག་དངོས་འགོག་པའི་རིགས་པས་ཁེགས། རྒྱུ་མེད་ནི། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཞེས་པས་ཁེགས། གདགས་གཞི་མ་གྲུབ་པ་ལ་གཅིག་ཐ་དད་ཆེ་ཆུང་སོགས་ཁྱད་ཆོས་མི་འཐད་པས་ཁེགས། དུས་དང་ཆ་ལ་བརྟགས་ན་སྐད་ཅིག་ཆ་མེད་དང་རྡུལ་ཕྲན་ཆ་མེད་མི་འགྲུབ་ལ་བདག་མེད་པས་ལྷ་མི་སྤོང་བའང་ཁེགས། འཇིག་རྟེན་མཐའ་མེད་མི་འགྲུབ་སྟེ། མཐའ་མེད་རྒྱུའི་འཇིག་རྟེན་རིལ་པོ་གཅིག་མི་སྲིད་ལ། མཐའ་ཡོད་པའང་མི་སྲིད་དེ་ནམ་མཁའ་གར་ཡོད་དུ་སེམས་ཅན་སྐྱེ་བ་ལ་གེགས་མེད་པས་སོ། །གཉིས་ཀ་ཡིན་པའི་ཕྱོགས་ཐམས་ཅད་ནི་འགལ་བ་གཞི་གཅིག་ལ་མི་འདུ་བས་ཁེགས་ལ། གཉིས་མིན་ནི་མི་སྲིད་པས་ཁེགས་སོ། །ཕྱི་མའི་མཐའ་ལ་བརྟེན་པ་ཞེ་བཞིའི་སྐབས་སུའང་བདག་དང་མཐའ་ལྡན་སོགས་འགོག་པ་གོང་དང་དོན་གཅིག་ལ། བདག་མེད་པས་དེ་འདུ་ཤེས་ཅན་སོགས་སུ་མ་གྲུབ་པ་དང་། འདུ་ཤེས་མེད་པ་བདག་ཏུ་ཐལ་ན་བདེ་སྡུག་གི་རྟེན་དུ་མི་རུང་བ་སོགས་དང་། འདུ་ཤེས་ཡོད་མེད་སོགས་འགལ་བས་གཉིས་ཡིན་དང་གཉིས་མིན་མ་གྲུབ་པ་དང་། ཆད་པའང་སྐད་ཅིག་ལ་མེད་ཅིང་རྒྱུན་རྫས་སུ་མ་གྲུབ་པས་ཁེགས་ལ་འདོད་ལྷ་སོགས་སུ་སྐྱེས་པ་ལ་སྐྱེ་བ་རྒྱུན་ཆད་པའི་རྒྱུ་མཚན་མི་འགྲུབ་པ་དང་། འདོད་ཡོན་དང་བསམ་གཏན་ཙམ་ལ་ཆེར་གོམས་པས་མྱང་འདས་མི་ཐོབ་སྟེ་དེ་དག་འཁོར་བའི་རང་བཞིན་ལས་མ་འདས་ཤིང་། གཏན་དུ་ཐར་པའི་ཐབས་མིན་པས་སོ། །བཞི་པ།

ལྟ་བ་སུམ་བརྒྱ་དྲུག་ཅུ་བསྟན་པ།

ལྟ་བ་སུམ་བརྒྱ་དྲུག་ཅུ་ནི། ལོ་མ་ཅན་སོགས་བརྒྱ་དང་ཉི་ཤུ་ཉིད། །དུས་གསུམ་བསྒྲེས་པས་སུམ་བརྒྱ་དྲུག་ཅུ་ཡང་། །ཡང་དག་ལམ་བྲལ་རྟག་ཆད་ཁོར་མོར་འཁྱམས། །ཞེས་གསུངས་ཏེ། ལོ་མ་ཅན་ལ་སོགས་པའི་སྟོན་པ་བརྒྱ་ཉི་ཤུ་ཉིད། སྔར་ཡང་བྱུང་། ད་ལྟར་ཡང་ཡོད། ཕྱིས་ཀྱང་འབྱུང་བའི་ཆའི་གྲངས་བརྒྱ་ཉི་ཤུ་པ་གསུམ་གཅིག་ཏུ་བསྒྲེས་པའམ་བསྡོམས་པས་སུམ་བརྒྱ་དྲུག་ཅུ་སྟེ། དེ་དག་གི་ལམ་གྱིས་ཐར་པ་ནམ་ཡང་མི་ཐོབ་པ་ཉིད་དེ་རྟག་ཆད་ཀྱི་ཆུ་བོར་བྱིང་བའི་ཕྱིར་རོ། །སྟོན་པ་དེ་དག་གི་མིང་གང་ཞེ་ན། རྒྱལ་དཔོག་པ་དང་། འཛིན་པ་མེད་པ་དང་། འཚོ་བ་པ་དང་། ལོ་མ་ཅན་དང་། གཙང་སྦྲ་ཅན་དང་། ཁྱབ་འཇུག་དང་། ཁྱབ་འཇུག་སེམས་པ་དང་། དབྱུ་གུ་གསུམ་པ་དང་། ཀོ་ལྤགས་ཅན་དང་། མཉམ་པར་སྤྱོད་པ་ཞེས་བྱ་བ་བཅུ་དང་། ལྷ་མཆོག་པ་དང་། ཆོས་ཀྱི་མཆོག་སྦྱིན་ཅན་དང་། གདུང་བ་ཅན་དང་། ལག་པ་གདུང་བ་ཅན་དང་། རྒྱལ་པོར་སྨྲ་བ་དང་། རྒན་པོར་སྨྲ་བ་དང་། མེ་ཡོ་ཨ་ཏ་རི་དང་། རིགས་དང་རྗེས་སུ་མཐུན་པ་དང་། བཅིངས་ནས་འདུག་པ་དང་། འཁོར་ལོ་སྐྱོང་བ་ཞེས་བྱ་བ་སྟེ་ཉི་ཤུ་དང་། རི་ལ་གནས་པ་དང་། རྒྱལ་པོའི་བསོད་སྙོམས་ཅན་དང་། གླང་པོའི་རྒྱལ་མཚན་ཅན་དང་། ཀློག་ཅན་དང་། ནང་ཅན་དང་། རྟ་འདུལ་དང་། ཀ་ལནྡ་ཀ་ན་དང་། སྣོད་གཙང་མ་ཅན་དང་། སློང་མོས་རྒྱུ་བ་དང་། ཡན་ལག་རལ་ཀའི་ནང་དུ་གཏུམས་པ་སྟེ་སུམ་ཅུ་དང་། སྒྲོན་མེའི་ལག་པ་ཅན་དང་། གསེར་ཅན་དང་། གྲུབ་པར་སྨྲ་བ་དང་། དབང་པོ་ཆེན་པོ་དང་། ཞ་ཉེ་ཅན་དང་། ནམ་མཁའ་འབྱུང་བ་དང་། ཤིང་རྟ་མང་པོ་ཅན་དང་། དོན་ཐམས་ཅད་པ་དང་། བསམ་གཏན་ལ་དགའ་བ་དང་། ཆོས་ཅན་པ་དེ་བཞི་བཅུ་དང་། ཟས་གྲངས་མང་པོ་ཅན་དང་། ཕྲག་པའི་གོས་ཅན་དང་། ཕྲུ་བ་གཅིག་པ་དང་། བྱང་ཕྱོགས་ཀྱི་འགྲམ་ན་གནས་པ་དང་། ལྷོ་ཕྱོགས་ཀྱི་འགྲམ་ན་གནས་པ་དང་། དུང་སྒྲ་ཅན་དང་། ལྷ་རྟེན་སྦྱིན་མའི་བུ་དང་། ལུས་ལ་གནོད་པ་བྱེད་པ་དང་། ཀུན་ཏུ་གནོད་པ་བྱེད་པ་དང་། སྣ་ཚོགས་གཟུགས་ཅན་ཏེ་ལྔ་བཅུ་དང་། ཀ་ཀནྡ་པ་དང་། གཅོད་པ་དང་། ལྷའི་གྲོང་པ་དང་། གོས་མེད་པ་དང་། ས་ཁུང་ན་གནས་པ་དང་། ཟླ་བ་ཕྱེད་པ་པ་དང་། ཆོས་སེམས་པ་པ་དང་། མ་ལ་གུས་པ་པ་དང་། ཕ་ལ་གུས་པ་པ་དང་། ཟླ་བ་ཤར་བ་པ་སྟེ་དྲུག་ཅུ་དང་། ཉི་མ་ཤར་བ་པ་དང་། ལག་པར་ཟ་བ་པ་དང་། སྙིང་གིས་འཚོ་བ་པ་དང་། འདའ་བ་པ་དང་། འདས་པར་མ་གྱུར་པ་དང་། ཕུང་པོ་གསུམ་པ་དང་། གཉིས་དང་གསུམ་གྱིས་འཚོ་བ་པ་དང་། འཇུག་པ་པ་དང་། གྲངས་ཅན་གྱི་རྣལ་འབྱོར་ཅན་དང་། འུག་པ་པ་སྟེ་བདུན་ཅུ་དང་། ནགས་ན་གནས་པ་དང་། བྷེའི་ཁ་ན་པ་དང་། བྷ་ལ་ཁི་ལྱེ་པ་དང་། ཚངས་པར་སྤྱོད་པ་དང་། སྤྱོད་པ་པོ་དང་། ཕྱུགས་བདག་པ་དང་། གོའུ་ཏ་མ་པ་དང་། ཞིབ་མ་ཅན་དང་། ཤིན་ཏུ་ཁྲུས་མ་དང་། མཚེའུའི་འགྲམ་ན་གནས་མ་པ་སྟེ་བརྒྱད་ཅུ་དང་། འཚོ་བ་པ་དང་། འཁོར་བ་ལས་གྲོལ་བ་པ་དང་། འཐོར་བྱེད་པ་དང་། ཐོག་མ་པ་དང་། བྷ་ར་དྷྭ་ཛ་པ་དང་། བྷ་ར་ཤའི་གྲངས་ཅན་དང་། བ་ཏན་ཛ་ལ་པ་དང་། ལྷ་མཆོད་པ་པ་དང་། གཞན་ལ་མི་འདུད་པ་དང་། གོས་ཀྱི་དུམ་བུ་ཅན་ཏེ་དགུ་བཅུ་དང་། འུག་པའི་གཤོག་པ་ཅན་དང་། ལན་གསུམ་དུ་ཆུར་འཇུག་པ་དང་། འགལ་བར་མི་བྱེད་པ་དང་། མེས་པོ་ཅན་དང་། མཁའ་ལྡིང་པ་དང་། ཁྱིམ་གྱི་ར་བ་ན་གནས་པ་དང་། འཕགས་མཆོག་པ་དང་། གཉེན་གྱི་བུ་དང་། འགེངས་བྱེད་པ་དང་། དགེ་སྦྱོང་བ་སྟེ་བརྒྱ་ཐམ་པ་དང་། ཀཱ་ཏྱའི་བུ་དང་། ལྷག་སྤྱོད་ཀྱི་བུ་དང་། བ་ལང་གི་བརྟུལ་ཞུགས་ཅན་དང་། རི་དྭགས་ཀྱི་བརྟུལ་ཞུགས་ཅན་དང་། རྟའི་བརྟུལ་ཞུགས་ཅན་དང་། ཁྱིའི་བརྟུལ་ཞུགས་ཅན་དང་། གསོལ་བ་མི་འདེབས་པའི་བརྟུལ་ཞུགས་ཅན་དང་། ཞི་བ་པོའི་བརྟུལ་ཞུགས་ཅན་དང་། མེའི་བརྟུལ་ཞུགས་ཅན་དང་། གཞོན་ནུའི་བརྟུལ་ཞུགས་ཅན་ཏེ་ཡང་བཅུ་དང་། མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བར་སྨྲ་བ་དང་། ཆུ་ལ་སྐྱེས་པའི་ཕྲེང་བ་ཅན་དང་། སོའི་གཏུན་བརྡུང་ཅན་དང་། སོ་འཐག་པ་དང་། ཡང་དག་པར་ཁྲུས་བྱེད་པ་དང་། ཆུས་དག་པར་ལྟ་བ་དང་། སྐྱེ་གནས་དག་པར་ལྟ་བ་དང་། ལས་ཀྱིས་དག་པ་པ་དང་། ཆུ་ལ་བྱི་འཛུལ་བྱེད་པ་དང་། འབྱུང་བ་ལྔ་ལ་སེམས་ཡོད་པར་སྨྲ་བ་སྟེ་ཉི་ཤུའོ། །བསྡུ་ན་ཐམས་ཅད་རྟག་ཆད་སྨྲ་བའི་ཁུངས་སུ་འདུས་པས་དེ་དགག་པ་ནི་རྟག་ཆད་དགག་པར་ཁེགས་པ་ཡིན་ནོ། །ལྔ་པ་མདོར་བསྟན། རྒྱས་བཤད། གོང་གི་དོན་བསྡུས་ཏེ་དགག་པ་གསུམ། དང་པོ།

སྡེ་ཚན་བཅུ་གཅིག་མདོར་བསྟན་པ།

དེ་ནས་སྟོན་པ་དང་གཞུང་ལོག་པའི་སྡེ་ཚན་སུམ་བརྒྱ་དྲུག་ཅུ་རྣམ་གྲངས་བཅུ་གཅིག་གིས་བསྟན་པ་ནི། སྡེ་ཚན་བཅུ་གཅིག་སུམ་བརྒྱ་དྲུག་ཅུ་ནི། །སྔོན་དང་ཕྱི་མཐའ་ད་ལྟ་གསུམ་ཕྱེ་སྟེ། །ཞེས་མདོར་བསྟན་ནས། གཉིས་པ།

རྒྱས་པར་བཤད་པ།

མགོ་སྙོམས་བཅུ་དང་རྟག་པ་ཐེར་ཟུག་དགུ། །བསྙོན་སྨྲ་དྲུག་དང་བསམ་གཏན་དད་པ་བདུན། །སྟོན་པ་དྲུག་དང་བློན་པོ་རྣམ་པ་དྲུག །ཞར་བྱུང་བཞི་དང་ཏརྐ་སྡེ་དྲུག་དང་། །རྒྱུར་ལྟ་བཞི་དང་མཁན་པོ་གཉིས་དང་ནི། །གསང་བར་སྨྲ་དང་དེ་ལྟར་བཅུ་གཅིག་གོ །ཞེས་གསུངས་ཏེ། དེ་ཡང་མགོ་སྙོམས་བཅུ་ལ་སོགས་པ་ད་ལྟར་གྱི་མཐའ་ལ་རྟོག་པ་སུམ་བརྒྱ། སྔོན་གྱི་མཐའ་ལ་རྟོག་པ་བཅོ་བརྒྱད། ཕྱི་མའི་མཐའ་ལ་རྟོག་པ་བཞི་བཅུ་རྩ་བཞི་སྟེ་སུམ་བརྒྱ་དྲུག་ཅུ་རྩ་གཉིས་ལས། དང་པོ་ད་ལྟར་གྱི་མཐའི་མགོ་སྙོམས་པ་བཅུ་ནི། ཉན་ཐོས་ལ་མགོ་སྙོམས་པ་མུ་སྟེགས་ཐ་སྙད་པ། རང་རྒྱལ་ལ་མགོ་སྙོམས་པ་ཟ་བ་པ། སེམས་ཙམ་ལ་སྙོམས་པ་ཕྲ་བ་པ། དབུ་མ་ལ་སྙོམས་པ་ཕྲ་བ་པ་ཆེན་པོ། བྱ་བའི་རྒྱུད་དང་སྙོམས་པ་རིགས་བྱེད་པ། སྤྱོད་པའི་རྒྱུད་དང་སྙོམས་པ་རིགས་སྤྱོད་པ། རྣལ་འབྱོར་རྒྱུད་དང་སྙོམས་པ་རིགས་སྦྱོར་བ། ཕ་རྒྱུད་དང་སྙོམས་པ་བརྟུལ་ཞུགས་ཆེར་སྤྱོད་པ་དང་། མ་རྒྱུད་དང་སྙོམས་པ་རྒྱལ་དཔོག་པ། གཉིས་མེད་དང་སྙོམས་པ་རྒྱལ་ཐོབ་པའོ། །འདི་དག་འབྱུང་བ་ལྔ་དང་། ཆེན་པོ་ལྔ་ཡི་ཁམས་ལས་ཕྱེ་བས་བརྒྱར་འདོད་པ་ཡིན་ནོ། །རྟག་པ་ཐེར་ཟུག་དགུ་ལ། སྤྱི་རྟག་པར་འདོད་པ་དང་། བྱེ་བྲག་ཕྱྭ་དང་དབང་ཕྱུག་བྱེད་པ་པོ་རྟག་པར་འདོད་པ་དང་། རིག་བྱེད་ཀྱི་ཚིག་རྟག་པར་འདོད་པ་དང་། བརྗོད་དུ་མེད་པའི་བདག་རྟག་པར་འདོད་པ་དང་། རིག་བྱ་རྟག་པར་འདོད་པ་དང་། ཡོན་ཏན་རྟག་པར་འདོད་པ་དང་། གཙོ་བདག་རྟག་པར་འདོད་པ་དང་། ཚིག་གི་དོན་དགུ་རྟག་པར་འདོད་པ་དང་། རིག་པའི་གནས་རྟག་པར་འདོད་པའོ། །འདི་དག་གིས་ནི་རྟག་པའི་རང་བཞིན་བདག་དང་། གཙོ་བོ་དང་། རྣམ་འགྱུར་གསུམ་ལ་རིག་བྱ། རིག་བྱེད། རིག་ཡུལ། སྤྱོད་ཚུལ། ལས། སྤྱི། འབྲེལ་བ། འབད་འདུའི་ཤུགས་དང་བཅུ་གཅིག་རེ་རེ་གཞལ་བས་བརྒྱ་རྩ་གཅིག་ཏུ་གནས་པ་ཡིན་ནོ། །བསྙོན་པར་སྨྲ་བ་དྲུག་ནི། རྒྱལ་དཔོག་པས་འདོད་པའི་བདག་ཤེས་རིག་གི་སྐྱེས་བུ་ཐམས་ཅད་མཁྱེན་པར་སྒྲུབ་པ་ལ་མི་སྨྲ་བ་གཏན་ཚིགས་སུ་བྱེད་པ་དང་། རིག་པ་ཅན་པས་བདག་ཐམས་ཅད་ལ་ཡོད་པའི་སྒྲུབ་བྱེད་དུ་བདག་གི་ཡོན་ཏན་བདེ་སྡུག་ཀུན་ལ་དམིགས་པ་འགོད་པ་དང་། སྤྱོད་པ་པས་སྒྲ་རྟག་པར་སྒྲུབ་པ་ལ་མ་བྱས་པ་རྟགས་སུ་འགོད་པ་དང་། ནམ་མཁའི་གོས་ཅན་པས་ཤིང་སེམས་པ་ཅན་དུ་སྒྲུབ་པ་ལ་མཚན་མོ་ལོ་མ་འཁུམས་པ་དང་། པགས་པ་བཤུས་ན་སྐམ་པ་སྒྲུབ་བྱེད་དུ་འགོད་པ་དང་། གྲངས་ཅན་པས་བེམ་པོ་སྲོག་ཅན་དུ་སྒྲུབ་པ་ལ་ཤུན་ལྤགས་བཤུས་ན་འཆི་བ་གཏན་ཚིགས་སུ་འགོད་པ་དང་། དེང་སང་ཚན་རིག་སྨྲ་བ་ཚོས་ཀྱང་དེ་ལྟར་སྨྲའོ། །བྱེ་བྲག་པས་གསོན་པོའི་ལུས་བདག་དང་བཅས་པར་སྒྲུབ་པ་ལ་སྲོག་དང་བཅས་པ་འགོད་པར་བྱེད་དོ། །འདི་དག་མཐུན་ཕྱོགས་རྟོགས་པའི་ངོར་མཐོང་བའི་དམ་བཅའ་དང་གཅིག་གཏན་ཚིགས་དང་གཉིས་དཔེ་དང་གསུམ་གྱིས་སྒྲུབ་པས་བསྙོན་དོར་སྨྲུ་བ་བཅོ་བརྒྱད་དུ་བཞག་པ་ཡིན་ནོ། །སྒོམ་པ་བསམ་གཏན་ལ་དད་པ་བདུན་ནི། སྒོམ་ཡང་དག་པར་མ་སོང་ནས་དམིགས་གཏད་ཆེད་འཛིན་ཅན་གྱི་མེད་པ་ཕྱང་ཆད་སོགས་སུ་བསྒོམས་ན་མུ་སྟེགས་པའི་སྒོམ་ཡིན་ཅེས་པའང་འདི་དག་གོ །ཕུར་བུ་པས་ཀུན་རྫོབ་ཀྱང་མེད་པར་སྒོམ་པ་དང་། གྲངས་ཅན་པས་རྣམ་འགྱུར་ཆད་པའི་སྟོང་པ་སྒོམ་པ་དང་། ཉི་མ་པས་སྣང་བ་སྤངས་པའི་སྟོང་པ་སྒོམ་པ་དང་། ཛཱ་ཡ་དྷ་ར་པས་ཚོགས་དྲུག་ཡུལ་དང་བཅས་པ་སྐྱོན་དུ་བལྟས་ཏེ་མི་རྟོག་པ་རྩེ་གཅིག་ཏུ་སྒོམ་པ་དང་། བྱེ་བྲག་པས་དྲན་པ་སྐྱོན་དུ་བལྟས་ནས་དྲན་མེད་གཅིག་ཏུ་སྒོམ་པ་དང་། ཞི་བ་པས་ཐམས་ཅད་སེམས་སུ་བརྟགས་ནས་སེམས་ཉིད་མ་ཡེངས་པར་སྒོམ་པ་དང་། རིག་བྱེད་པས་བདེ་སྡུག་དང་རྟོག་མི་རྟོག་གང་ཡང་སྤངས་ནས་ནམ་མཁའ་ལྟར་སྒོམ་པའོ། །སྒོམ་བསམ་གཏན་ལ་དད་པ་རིགས་བདུན་པོ་དེ་དག་གིས་ཏིང་ངེ་འཛིན་ལ་དམིགས་པའི་ངོ་བོ་དང་གཅིག རྣམ་གྲངསདང་གཉིས། ཉམས་དང་གསུམ། རང་གི་འབྲས་བུ་དང་བཞི་བཞིར་ཕྱེ་བས་ཉི་ཤུ་རྩ་བརྒྱད་དུ་འདོད་པ་ཡིན་ནོ། །ཆད་པར་སྨྲ་བའི་སྟོན་པ་དྲུག་ནི། འོད་སྲུངས་ཀྱི་བུ་རྫོགས་བྱེད་ལ་སོགས་པ་སྔར་སྨྲོས་པ་དག་གོ །འདི་དག་གི་ལྟ་བ་རྒྱང་འཕེན་ཡིན་ཅིང་ཚེ་སྔ་ཕྱི་མེད་ལས་རྒྱུ་འབྲས་མེད། ཐར་པ་དང་གྲོལ་བ་མེད། མ་མཐོང་བའི་འགྲོ་བ་མེད་པའི་བདག་ཉིད། སྒྲུབ་བྱེད་རིག་པའི་སྒོ་གཅིག དཔེ་གསུམ། ཚུལ་བཞིས་རྟོགས་པར་བྱེད་པས་སུམ་ཅུ་རྩ་གཉིས་སུ་འདོད་དོ། །སྒོ་གཅིག་ནི་རང་གི་དབང་པོའི་སྤྱོད་ཡུལ་དུ་མ་མཐོང་བའི་ཕྱིར་ཞེས་བྱའོ། །དེ་ཚང་གིས་མ་མཐོང་ཕྱིར་ན་མེད་པ་ཡིན་ཅེས་པའོ། །དཔེ་གསུམ་ནི། རྒྱུ་མེད་པའི་དཔེ་སྤང་ལས་ཤ་མོང་རྡོལ་བ། འབྲས་བུ་མེད་པའི་དཔེ་ཐལ་བ་རླུང་གིས་གཏོར་བ། ངོ་བོ་ཉིད་ཀྱིས་བྱུང་བའི་དཔེ། དབང་ཕྱུག་ནག་པོའི་གཞུང་ལས། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟིང་རིང་རྣོ་བ་དང་། །རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། །ཞེས་པ་ལྟར་རོ། །ཚུལ་བཞི་ནི་སྔ་ཕྱི་གཉིས་ཀ་མེད་ཀྱང་ད་ལྟ་བའི་འཇིག་རྟེན་བདེ་སྡུག་ལ་སོགས་ཡོད་པའི་ཚུལ་དང་གཅིག བདག་དང་གཙོ་བོ་སྔ་ཕྱིར་གོ་འཕོ་བ་མེད་ཀྱང་སེམས་ཅན་གྱི་གློ་བུར་བའི་ལུས་གྲུབ་དུས་བདག་རང་ཆས་སུ་ཡོད་པའི་ཚུལ་དང་གཉིས། ས་སོགས་འབྱུང་བ་ལྔ་ལ་རིག་པ་བསྐྱེད་ནུས་ཀྱི་གློ་བུར་བའི་རྒྱུ་ཡོད་པ་དེ་ཉིད་འདུས་ཤིང་ཚོགས་པ་ལས་འགྲོ་བ་གྲུབ་པའི་ཚུལ་གསུམ། ལམ་སྦྱང་བ་དང་དཀའ་ཐུབ་ཀྱིས་འབད་ནས་གྲོལ་བ་མེད་ཀྱང་རང་བཞིན་གྱིས་གྲོལ་བར་སྐྱེས་པ་ཡིན་པས་དེ་ལྟར་རྒྱུ་འབྲས་མེད་པའི་གནས་ལུགས་ཤེས་ན་ཚེ་འདིར་ལམ་སྦྱང་བགྲོད་སོགས་ཀྱི་ངལ་དུབ་ལ་མི་བརྟེན་པའི་དགོས་པ་ཡོད་པས་འཇིག་རྟེན་རྒྱང་འཕེན་གྱི་གཞུང་ལུགས་དོན་མེད་པར་མི་འགྱུར་ལ། དགེ་སྡིག་རྒྱུ་འབྲས་མེད་ཀྱང་རང་བཞིན་དུ་ཤི་བ་ན་ཐམས་ཅད་གྲོལ་བ་གཅིག་པའི་དབྱིངས་སུ་གནས་པའི་ཚུལ་ལོ། །ར་མར་རྣའི་བསྟན་བཅོས་ལས། དཔེ་རྣམས་གསུམ་དང་ཚུལ་བཞི་ཡིས། །ཐམས་ཅད་སྒོ་གཅིག་ངེས་པར་སྒྲུབ། །གང་ཡང་རྒྱུ་མེད་ངོ་བོའི་ཕྱིར། །བཅིངས་གྲོལ་ཐར་པ་ག་ལ་སྲིད། །ཅེས་བཤད་པ་ཡིན་ནོ། །བློན་པོ་དྲུག་ནི། བློན་པོ་འཇིགས་མེད་ཐོབ་དང་། ཉི་ཟླ་གྲགས་དང་། སྙིང་པོ་ཐོབ་དང་། བདེན་པ་ཐོབ་དང་། ཤེས་པར་སྨྲ་དང་། བཀྲ་ཤིས་ཐོབ་བོ། །འདི་དག་འཇིག་རྟེན་ན་གང་སྤྱོད་ཅིང་ཡོད་པ་དག་བདེན་གྱི། སངས་རྒྱས་པའི་ལུགས་དང་། མུ་སྟེགས་གཞན་དག་གི་འདོད་པའི་ལུགས་ལྟར་དུ་མ་ཡིན་ནོ་ཞེས་སྨྲ་བས། གཟའ་དང་། སྐར་མ་དང་། དུས་ཚིགས་དང་། ལྷ་དང་། བརྟག་པའི་གནས་དང་། སྲིད་སྲུང་བ་སྟེ། རིག་པའི་མཛོད་དྲུག་འཇལ་ཞིང་། ད་ལྟའི་ལེགས་ཉེས་རྟོག་པ་འབའ་ཞིག་ལ་གཙོར་འཛིན་ཏོ། །འདི་དག་ནི་རྒྱ་ནག་གི་གནའ་བོའི་གདོད་མའི་ཆོས་ལུགས་དང་འདྲ་བར་སྣང་། དེའི་གྲུབ་པའི་གནས་དྲུག་པོ་དེ་ཉིད་གསུམ་དུ་བྱེད་དེ། སྐར་མཁན་དང་གཅིག རྒྱལ་པོ་དང་གཉིས། ཚོང་དཔོན་དང་གསུམ་དུ་བྱེད་ལ། སྐར་མཁན་གྱིས་གཟའ་སྐར་དང་ཚེས་ཀྱི་བཟང་ངན་སྟོན་པ་དང་། རྒྱལ་པོས་ལྷའི་ཆོས་ལུགས་འཁོར་ལོས་སྒྱུར་བ་ལ་སོགས་པའི་རབས་ལས་ཁྲིམས་ཤེས་པས་འབངས་སྐྱོང་བ་དང་། ཚོང་དཔོན་གྱིས་བརྟག་པའི་བྱེ་བྲག་རྟ་དང་གླང་པོ་ཆེ་དང་། རྒྱ་མཚོ་ལ་སོགས་པར་འཇུག་པ་དང་། མདུན་ན་འདོན་ནམ་བློན་གྱིས་སྲིད་ཀྱི་སྡེ་རྒྱལ་བ་དང་། ཕམ་པ་ལ་སོགས་པའི་གནས་འབྱེད་པ་དང་། སྐྱེ་བོ་ཕལ་པས་དུས་ཀྱི་སོ་ཚིས་བྱ་བ་ལ་འཇུག་སྟེ། རྒྱལ་པོ་དང་། ཡོན་ཏན་ཤེས་པ་དང་། འབངས་གསུམ་དུ་སྡུད་པས་ན། བློན་པོ། ཚོང་དཔོན། ཕལ་པ་གསུམ་གཅིག་ཏུ་བྱའོ། །དེ་དག་གི་རིག་གནས་ཐུན་མོངས་པ་དྲུག་དང་། དྲུག་པོ་ཉིད་རྒྱལ་པོ། བློན་པོ། རིག་ཤེས། ཚོང་དཔོན། འབངས་ལྔས་ཤེས་པར་བྱ་བས་སུམ་ཅུ་རྩ་དྲུག་ཏུ་བཞག་གོ །བློན་པོ་དྲུག་གི་སྐབས་ནས་གྲུབ་པའི་གནས་དྲུག་པོ་གསུམ་དུ་བསྡུ་བ་ན། ཡོན་ཏན་མཁན་དང་། རྒྱལ་པོ་དང་འབངས་གསུམ་གྱི་བསླབ་བྱར་བསྡུ། དེ་ལས་ཡོན་ཏན་མཁན་ནི་སྐར་མཁན་ཏེ་དེས་གནས་དང་པོ་གསུམ་ལ་སློབ། རྒྱལ་པོས་ལྷའི་ཆོས་ལུགས་ཏེ་འཁོར་ལོས་སྒྱུར་བ་སོགས་ཀྱི་རབས་ལས་བྱུང་བ་བཞིན་ཁྲིམས་སྐྱོང་བ། འབངས་ལ་མདུན་འདོན་ནམ་བློན་པོ་དང་། ཚོང་དཔོན་དང་། ཕལ་པ་གསུམ་དུ་ཡོད་པ་ལས། ཚོང་དཔོན་གྱིས་གནས་ལྔ་པ་བརྟག་པ་བསླབ་ཅིང་། མདུན་ན་འདོན་དང་ཕལ་པས་གནས་དྲུག་པ་སློབ་སྟེ། དེ་ཡང་མདུན་འདོན་གྱིས་སྲིད་སྡེ་རྒྱལ་འཕམ་ཤེས་པས་སྲིད་སྲུང་བ་དང་། ཕལ་པས་འཚོ་ཚིས་སོགས་ཀྱི་སྒོ་ནས་རང་སྲིད་སྲུང་བ་ཤེས་དགོས་པས་སྲིད་སྲུང་གི་མཛོད་ལ་བསླབ་པའོ། །རིག་ཤེས་ཞེས་པའང་རིག་པ་ཤེས་པ་སྟེ་ཡོན་ཏན་མཁན་གྱི་མིང་གི་རྣམ་གྲངས་སོ། །ཞར་བྱུང་གི་མུ་སྟེགས་པ་བཞི་ནི། མོས་པ་དང་། ཆགས་པ་དང་། ཡེངས་པ་དང་། གཡེང་བའི་འདུ་ཤེས་ཅན་བཞིའོ། །འདི་དག་ནི་ཚེ་འདིའི་བདེ་བ་སྤྱད་པས་གྲོལ་བར་སྨྲ་བས་རིམ་བཞིན་དུ་འདོད་ཡོན་ལ་མོས་པའི་འདུ་ཤེས་ཅན་དང་། འདོད་ཡོན་ལ་ཆགས་པའི་འདུ་ཤེས་ཅན་དང་། འདོད་ཡོན་དེ་ལ་སེམས་ཡེངས་པའི་འདུ་ཤེས་ཅན་དང་། འདོད་ཡོན་དེས་སེམས་གཡེང་བའི་འདུ་ཤེས་ཅན་དང་བཞིར་བཞག་གོ །ཏརྐ་སྡེ་དྲུག་ནི། སེར་བུ་བོང་འདེད་ཀྱི་སྡེ། རྩིག་ལྤགས་ཤ་ཟན་གྱི་སྡེ། ཝ་མགོ་རེ་ཐོད་ཀྱི་སྡེ། འཇིག་རྟེན་རྒྱང་འཕན་གྱི་སྡེ། རྒྱུ་འབྲས་གཏན་མེད་ཀྱི་སྡེ། ཕྱལ་པ་དོན་མེད་ཀྱི་སྡེའོ། །འདི་དག་རྒྱུ་མེད་ལས་ཕྱེ་བའི་ནང་ཚན་སྡེ་དྲུག་གོ །རྒྱུར་ལྟ་བ་བཞི་ནི། རང་བཞིན་རྒྱུར་ལྟ་བ། བྱེད་པོ་རྒྱུར་ལྟ་བ། དབང་ཕྱུག་རྒྱུར་ལྟ་བ། དུས་རྒྱུར་ལྟ་བའོ། །འདི་དག་རྟག་པར་ལྟ་བ་ལས། ཕྱེ་བས་བཞིར་བྱས་སོ། །མཁན་པོ་གཉིས་ནི། རྟག་པའི་སློབ་དཔོན་ཤང་ཀ་དུང་འཛིན་དང་། ཆད་པའི་སློབ་དཔོན་བྷྲི་བ་ཧ་ཏིའོ། །འདི་གཉིས་རྩ་བའི་རྟག་ཆད་གཉིས་སོ། །རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བ་ནི་སྤྱོད་པ་པའོ། །དེ་ལྟར་ན་ད་ལྟའི་མཐའ་ལ་ཞེན་པ་སུམ་བརྒྱ་ནི་མགོ་སྙོམས་པའི་གྲུབ་མཐའ་བརྒྱ། རྟག་པ་པའི་བརྒྱ་རྩ་གཅིག བསྙོན་པར་སྨྲ་བའི་བཅོ་བརྒྱད། བསམ་གཏན་པའི་ཉི་ཤུ་རྩ་བརྒྱད། བློན་པོ་དྲུག་གི་སུམ་ཅུ་རྩ་དྲུག ཞར་བྱུང་གི་བཞི། ཏརྐ་སྡེ་དྲུག རྒྱུར་ལྟ་བ་བཞི། མཁན་པོ་གཉིས། གསང་བ་པ་དང་། བསྡོམས་པས་སུམ་བརྒྱ་ཡོད་པ་ནི། ད་ལྟར་གྱི་མཐའ་ལ་བརྟེན་པའོ། །སྔོན་གྱི་མཐའ་ལ་བརྟེན་པ་བཅོ་བརྒྱད་ནི། བདག་དང་འཇིག་རྟེན་ལ་རྟག་ཆད་དུ་རྟོག་པ་བཞི། རྟག་པར་རྟོག་པ་བཞི། མཐའ་ལ་རྟོག་པ་བཞི། ལྷ་མི་སྤང་བར་སྨྲ་བ་བཞི། རྒྱུ་མེད་པར་སྨྲ་བ་གཉིས་སོ། །ཕྱི་མའི་མཐའ་ལ་རྟོག་པ་བཞི་བཅུ་རྩ་བཞི་ནི། འདུ་ཤེས་ཅན་གྱི་རྟོག་པ་བཅུ་དྲུག འདུ་ཤེས་མེད་པར་རྟོག་པ་བརྒྱད། འདུ་ཤེས་ཡོད་མེད་དུ་རྟོག་པ་བརྒྱད། ཆད་པའི་ཁོངས་སུ་གཏོགས་པ་བདུན། མྱ་ངན་ལས་འདས་པར་སྨྲ་བ་ལྔའོ། །གསུམ་པ།

གོང་གི་དོན་བསྡུས་ཏེ་དགག་པ།

དེ་དགག་པ་ནི། དེ་དག་བསྡུ་ན་རྟག་ཆད་གཉིས་ཡིན་ལ། །རགས་ཕྲའི་འགྱུར་དང་མི་ལྡན་དོན་མེད་པས། །རྟག་པ་མེད་ལྟར་ཆད་པའང་ག་ལ་ཡོད། །ཅེས་གསུངས་ཏེ། གོང་དུ་བཤད་མ་ཐག་པའི་ལྟ་བ་སུམ་བརྒྱ་དྲུག་ཅུ་ཡང་། ཚུར་བསྡུས་ན་འཇིག་ཚོགས་ལ་ལྟ་བར་འདུས་ཏེ། སྡུད་པ་ལས། འཇིག་ཚོགས་ལྟ་བར་ལྟ་བ་དྲུག་ཅུ་གཉིས་འདུས་ལྟར། །ཞེས་པ་སྔར་ཡང་བཀག་ཟིན་ལ། འོན་ཀྱང་ལྟ་བ་མང་པ་དེ་ཐམས་ཅད་ཚུར་མདོར་བསྡུས་ན་རྟག་ཆད་གཉིས་སུ་འདུས་པའི་ཕྱིར། དེ་དགག་པ་ནི། རྟག་པ་མེད་དེ་ཡུལ་དང་ཤེས་པ་ཐམས་ཅད་འགྱུར་ཞིང་དེ་དག་ཐམས་ཅད་རགས་ཕྲ་གང་དུའང་དཔྱད་ན་བརྟག་མི་བཟོད་པས་རྟག་པའི་གཞིར་མི་རུང་ཞིང་རྟག་པར་མི་འགྲུབ་བ་དང་། དེ་བཞིན་དུ་ཆད་པ་མེད་དེ་ཡོད་པར་སྣང་བ་དག་ནི་རང་རང་གི་རྒྱུ་རྐྱེན་ལ་ལྟོས་ལ། མེད་པ་ནམ་མཁའ་ལ་སོགས་པ་ནི་ཆད་པའི་རྒྱུར་མ་གྲུབ་པས་རྟག་པ་མི་འགྲུབ་པས་མ་ཚད་ཆད་པར་མ་གྲུབ་པ་ཉིད་དོ། །སྤྱིར་རྟག་ཆད་དེ་ལྟར་མེད་ཀྱང་འོན་ཀྱང་བདག་རྟག་གོ་ཞེ་ན། ཕུང་པོ་དང་བདག་གཉིས་གཅིག་གམ་ཐ་དད་གཅིག་ན་ཕུང་པོ་སྐྱེ་འཇིག་བྱེད་པ་ལྟར་བདག་ཀྱང་སྐྱེ་འཇིག་བྱེད་པར་འགྱུར་ལ། ཁྱོད་ཤི་བའི་སྐབས་སུ་བདག་ཤི་བར་ཐལ་བ་དང་། བདག་ཕུང་ཐ་དད་ན་ཕུང་པོ་ལྔ་ལས་གཞན་པའི་བདག་ཡོད་དགོས་པར་དེ་མི་དམིགས་པའི་ཕྱིར་ཏེ་ཐ་དད་ཀྱང་མི་འགྲུབ། གཟུགས་མཐའ་རགས་པ་རྡུལ་ཕྲན་ཆ་མེད་དང་། དུས་མཐའ་སྐད་ཅིག་ཆ་མེད་གཉིས་ཕྲ་བའི་རང་བཞིན་མ་གྲུབ་པ་ཉིད་ཀྱིས་བདག་མ་གྲུབ་པར་འགྱུར་རོ། །རྣམ་བདུན་ཤིང་རྟའི་རིགས་པས། རྣམ་པ་བདུན་དུ་དཔྱད་ན་བདག་མེད་ཀྱང་། །ཕུང་པོའི་རྒྱུན་དང་ཚོགས་པ་ལ་བརྟེན་ནས། །མ་བརྟག་བདག་གོ་སྙམ་པའི་བློ་འབྱུང་བས། །རྣམ་མང་བདེ་སྡུག་རྨི་ལམ་ལྟ་བུར་སྤྱོད། །ཅེས་སོ། །དབུ་མ་རྩ་བ་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །འོན་ཏེ་ཕུང་པོ་ལས་གཞན་ན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་པ་བཞིན་ནོ། །བདག་མི་རྟག་ཀྱང་བདག་གི་རྒྱུན་རྟག་པས་བདག་རྟག་པ་ཡིན་ནོ་ཞེ་ནའང་མི་རུང་སྟེ། བདེན་གཉིས་ལས། རྒྱུན་དང་སྐད་ཅིག་ཅེས་བྱ་བ། །ཕྲེང་བ་དམག་ལ་སོགས་བཞིན་བརྫུན། །ཞེས་པའི་རིགས་པས། རྒྱུན་ནི་སྐད་ཅིག་གི་ཕྲེང་བ་ཡིན་ན། སྐད་ཅིག་སྔ་ཕྱི་ད་ལྟ་གསུམ་ཕྲད་པ་མ་གྲུབ་པ་ཉིད་དང་། སྐད་ཅིག་མ་ལ་ཆ་ཤས་མེད་ཅིང་ཆ་ཤས་མེད་པས་ཀྱང་སྐད་ཅིག་མི་འགྲུབ་པ་དང་སྐད་ཅིག་མ་གྲུབ་དུས་དེའི་རྒྱུན་དེ་བས་མ་གྲུབ་པ་དང་། མེད་པ་རྒྱུན་དུ་མི་རུང་བའི་ཕྱིར་བདག་རྒྱུན་གྱིས་རྟག་པ་དེའང་ཁེགས་པ་ཡིན་ནོ། །ཡང་བདག་གིས་སེམས་ཅན་ལ་ཁྱབ་པའི་དོན་བྱེད་ནུས་པས་བདག་ཡོད་པའང་མི་འཐད་དེ། ཞེས་པ་སེམས་ཅན་ཡིན་ནོ་ཅོག་ལ་བདག་ཡོད་པས་ཀུན་ལ་ཁྱབ་པའམ་བདག་གི་ལུས་ལ་བདག་གིས་ཁྱབ་བོ་སྙམ་པས་བརྗོད་པའོ། །བདག་གིས་སེམས་ཅན་ལ་ཁྱབ་པའི་དོན་བྱེད་ན་ཅིག་ཅར་རམ་རིམ་གྱིས་བྱེད། ཅིག་ཅར་བྱེད་ན་བུ་ཆུང་གི་སྐད་ཅིག་དེ་ཉིད་ལ་རྒན་པོར་འགྱུར་བ་ལ་སོགས་པའི་སྐྱོན་དམིགས་ལ། རིམ་གྱིས་བྱེད་པ་ལ་སྔ་མ་འགག་པ་དང་། ཕྱི་མ་མ་སྐྱེས་པ་དང་། དེ་གཉིས་མཉམ་དུ་ཚོགས་པ་མེད་པས་ཀྱང་དོན་བྱེད་པའི་ནུས་པ་མེད་དེ། བྱ་བྱེད་རྫས་འགལ་བས་ཀྱང་བདག་གིས་སེམས་ཅན་ལ་ཁྱབ་པའི་དོན་བྱེད་པ་རུང་བ་མ་ཡིན་ནོ། །ཆད་པར་ལྟ་ན། ཐམས་ཅད་རྒྱུ་མེད་པ་ལ་སོགས་པའི་དམ་བཅའ་བ་ཉིད་སྔར་ཆད་པར་སྨྲ་བ་བཀག་པ་བཞིན་ཁེགས་པ་ཡིན་ནོ། །དེ་དག་བསྡུ་ན་རྟག་ཆད་གཉིས་ལས་མ་འདས་ལ། རྟག་པ་ཡིན་ན་དངོས་པོ་རྣམས་རགས་པ་དང་ཕྲ་བའི་འགྱུར་བ་དང་མི་ལྡན་པར་ཐལ་བའི་ཕྱིར་དང་། རྟག་པ་ལ་དོན་བྱེད་པའི་དོན་དང་མི་ལྡན་པར་འགྱུར་བའི་ཕྱིར་རྟག་པ་མེད་ལ། དེ་ལྟར་དུ་ཆད་པའང་མེད་དེ་དངོས་པོ་ཡོད་པ་རྣམས་རང་གི་རྒྱུ་རྐྱེན་ལ་ལྟོས་པ་དང་། མེད་པ་མཁའ་སོགས་ཆད་པའི་རྒྱུར་མ་གྲུབ་བོ། །གཞན་ཡང་འདི་དག་ཐམས་ཅད་བདག་ལྟ་ལ་གནས་པས་ན་ལྟ་གཞི་བདག་མེད་པར་བསྟན་པའི་རིགས་པ་དང་། རྟག་ཆད་འགོག་པའི་རིགས་པ་ཅི་རིགས་སྔར་བསྟན་ལ་ཕྱིས་ཀྱང་འཆད་པར་འགྱུར་རོ། །དྲུག་པ་ལ་བསྟན་བཤད་གཉིས། དང་པོ།

ཏརྐ་སྡེ་ལྔ་མདོར་བསྟན་པ།

ད་ནི་དེ་ཐམས་ཅད་ཀྱི་གྲུབ་པའི་མཐའ་དང་གཞུང་བསྡུ་བས་ཏརྐ་སྡེ་ལྔར་བསྟན་པ་ནི། རང་བཞིན་མང་ལྡན་རྣམ་གྲངས་དེ་དག་ཉིད། །གྲངས་ཅན་བྱེ་བྲག་སྤྱོད་པ་གཅེར་བུ་པ། །ཕུར་བུ་པ་དང་དེ་ལྟར་ལྔ་ཉིད་དོ། །ཞེས་གསུངས་ཏེ། ཕྱི་རོལ་པ་ལ་རྣམ་གྲངས་ཀྱི་དབྱེ་བས་གསལ་བ་མཐའ་ཡས་པ་དེ་དག་ཀྱང་གཞུང་བསྡུ་ན། སྔོན་གྱི་སློབ་དཔོན་དག་གིས་རྣམ་པ་ལྔར་མཛད་དེ། གྲངས་ཅན་པ་དང་། བྱེ་བྲག་པ་དང་། སྤྱོད་པ་པ་དང་། གཅེར་བུ་པ་དང་། ཕུར་བུ་པའོ། །དེ་ཡང་གྲངས་ཅན་པ་སོགས་དང་པོ་བཞི་ནི་རྟག་པར་སྨྲ་བའི་གཞུང་འཛིན་ལ། ཕྱི་མ་གཅེར་བུ་པ་གཅིག་པུ་ནི་ཆད་པའི་སྡེ་པ་ཉིད་དུ་རྣམ་པར་གཞག་གོ །གཉིས་པ་ལ་ལྔ་ལས་དང་པོ།

གྲངས་ཅན་པ་བསྟན་པ།

དེ་ལ་དང་པོ། གྲངས་ཅན་བདག་དང་གཙོ་བོ་རྣམ་འགྱུར་དག །ཤེས་པས་གྲོལ་བར་སྨྲ་བ་གང་དེ་རྫུན། །རང་བཞིན་ཐ་དད་འགལ་བ་ཉེ་བར་སྡུད། །ཅེས་གསུངས་ཏེ། སྔོན་གྱི་ཤེས་ལྡན་དུ་གྲགས་པ་དག་གི་རྟག་པར་ལྟ་བའི་གཞུང་ཕྱི་མོ་གྲངས་ཅན་པས་བདག གཙོ་བོ། དེའི་རྣམ་འགྱུར་གསུམ་ཤེས་ནས་བསྒོམས་པས་གྲོལ་བར་སྨྲ་བ་དེ་ཡང་རྫུན་པ་སླུ་བའི་ཆོས་ཅན་ཡིན་པའི་ཕྱིར། ཐར་པ་དང་རང་བཞིན་ཐ་དད་ཅིང་ལམ་སོ་སོར་ཞུགས་པ་ཡིན་པས་འགལ་བར་ཞུགས་པའམ་ལོག་པར་སྡུད་པ་དག་ལ་ནམ་ཡང་གྲོལ་བ་མེད་དོ་ཞེས་སྟོན་པ་ཚད་མའི་བཀའ་ལུང་ལྟར་སྒྲུབ་པའི་ནང་པ་སངས་རྒྱས་པས་སྨྲས་པ་ཡིན་ནོ། །འདིར་དེའི་རྣམ་པར་དབྱེ་བ་རྒྱས་པར་བཤད་ན། དེ་དག་གི་འདོད་པ་དགོད་པ་དང་། དེ་ལ་འགལ་བ་བརྗོད་པ་ཉིད་ལས། དང་པོ་གྲངས་ཅན་པའི་འདོད་པ་འགོད་པ་ནི། སྟོན་པ་དྲང་སྲོང་སེར་སྐྱ་ཞེས་བྱ་བ་དཀའ་ཐུབ་ཀྱི་ལམ་གྱིས་ཐུན་མོང་གི་ཡོན་ཏན་ཐོབ་པ་ཞིག་རྒྱལ་པོ་ཡུལ་འཁོར་སྐྱོང་གི་དུས་སུ་བྱུང་བ་གངས་རི་ན་ཡོད་པའོ། །དེའི་གཞུང་ནི། དབང་ཕྱུག་ནག་པོ་དང་། རྒྱུད་དྲུག་ཅུ་པ་དང་། མཚན་ཉིད་ལྔ་བཅུ་པ་ལ་སོགས་པ་ཡིན་ལ། འདི་ལའང་དབང་ཕྱུག་ལྷར་འདོད་པ་དང་མི་འདོད་པ་གཉིས་སུ་ཡོད་དོ། །གྲུབ་པའི་མཐའ་ནི། ཤེས་བྱའི་གནས་ལུགས་ཉི་ཤུ་རྩ་ལྔར་འདོད་དོ། །དེ་གཏན་ལ་དབབ་པ་ལ་གསུམ་སྟེ། སོ་སོའི་ངོ་བོ། རྣམ་པར་དབྱེ་བ། ཤེས་པས་ཇི་ལྟར་གྲོལ་བའི་ཚུལ་ལོ། །དང་པོ་ནི། དེ་ཙམ་ཉི་ཤུ་རྩ་ལྔ་སྟེ། གཙོ་བོ་དང་། ཆེན་པོ་དང་། ང་རྒྱལ་དང་། དབང་པོ་བཅུ་གཅིག་དང་། ཡུལ་དེ་ཙམ་ལྔ་དང་། འབྱུང་བ་ལྔ་དང་། སྐྱེས་བུའོ། །དབང་པོ་བཅུ་གཅིག་ནི། རྣ་བ་དང་། མིག་དང་། སྣ་དང་། ལྕེ་དང་། ལུས་ཏེ་བློའི་དབང་པོ་ལྔ་དང་། ཁ་དང་། ལག་པ་དང་། རྐང་པ་དང་། བཤང་ལམ་དང་། ཆུ་སོ་སྟེ་ལུས་ཀྱི་དབང་པོ་ལྔ་དང་། དེ་ཐམས་ཅད་དང་ཐུན་མོང་པ་ཡིད་དོ། །ཡུལ་ལྔ་ནི། གཟུགས། སྒྲ། དྲི། རོ། རེག་བྱའོ། །གྲངས་ཅན་པ་ལ་སོགས་པ་འདི་དག་གི་འདོད་པ་རེ་རེ་བཞིན་བཤད་ན་མང་པོ་ཞིག་བཤད་དགོས་ཀྱང་། རྒན་ཞུགས་རྣམས་ཀྱིས་སྔོན་ཆད་ཐོས་མྱངས་མེད་པས་གོ་སླ་བ་མིན་ཅིང་། ཐོས་བསམ་པས་ནི་འཛིན་གྲྭ་འོག་མས་ཀྱང་ངེས་པ་ཡིན། འོག་ནས་ཀྱང་རེ་རེ་བཞིན་དགག་པའི་སྐབས་སུ་སྔ་རྒོལ་གྱི་འདོད་པ་ཞོར་དུའང་འབྱུང་བ་ཡིན། འབྱུང་བ་ལྔ་ནི། ས། ཆུ། མེ། རླུང་། ནམ་མཁའོ། །དེ་ལ་གཙོ་བོ་ནི་རྡུལ་མུན་པ་སྙིང་སྟོབས་ཏེ། སྡུག་བསྔལ། གཏི་མུག་སྟེ་བར་མ། བདེ་བ་གསུམ་འདུས་ཤིང་ཆ་མཉམ་པའི་རང་བཞིན་ཡིན་ལ། དེ་གསུམ་ཆ་མི་མཉམ་ན་འགྲོ་བ་རིགས་དྲུག་ཏུ་སྐྱེའོ། །དེ་ཡང་སྡུག་བསྔལ་ཤས་ཆེ་ན་དམྱལ་བ་ཡི་དྭགས། གཏི་མུག་སྟེ་བར་མ་ཤས་ཆེ་ན་དུད་འགྲོ། བདེ་བ་ཤས་ཆེ་བའི་འགྲོ་བ་རྣམས་མཐོ་རིས་ལྷ་མིར་སྐྱེའོ་ཞེས་པ་ནི། དབང་ཕྱུག་ནག་པོའི་གཞུང་ལས། རྡུལ་དང་མུན་པ་སྙིང་སྟོབས་ཞེས། །བྱ་བའི་ཡོན་ཏན་མཉམ་གནས་ན། །གཙོ་བོ་ཞེས་བྱར་རབ་བརྗོད་དེ། །མི་མཉམ་འགྲོ་བ་ཡིན་པར་བརྗོད། །ཅེས་བསྟན་ཏོ། །གཙོ་བོ་དེ་ཡང་མཚན་ཉིད་ལྔ་ལྡན་ཏེ། བེམ་པོ་ཡིན་པ། རྟག་པ་ཡིན་པ། གཅིག་པུ་ཡིན་པ། འགྲོ་བའི་བྱེད་པ་པོ་ཡིན་པ། མི་སྣང་བ་ཡིན་པས་ལྐོག་ཏུ་གྱུར་པའོ། །དེ་ཡང་བེམ་པོའི་དོན་ནི། བེམ་པོ་སྤྱིར་བཏང་པ་དང་འདྲ་བར་མིན་པ་ཤེས་པ་མེད་པ་དེ་གཟུགས་ཅན་དུ་ཡོད་པར་ཡང་མི་འདོད་པས་སུས་ཀྱང་མི་མཐོང་བར་བསྟན་ཏོ། །རྟག་པ་ནི་ཐོག་མ་མེད་པ་ནས་ཐ་མ་མེད་པའི་བར་དུ་གནས་པའོ། །གཅིག་པུ་ནི་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་གཙོ་བོ་གཅིག་ཁོ་ན་ལས་མེད་པའོ། །འགྲོ་བའི་བྱེད་པ་པོ་ནི་སྣོད་བཅུད་ཐམས་ཅད་གཙོ་བོ་ལས་བྱུང་བའོ། །མི་སྣང་བ་ནི། སེར་སྐྱ་ལ་སོགས་བསམ་གཏན་གྱི་མིག་ཐོབ་པ་ལས་གཞན་གྱིས་མི་མཐོང་པས་མི་སྣང་བའོ། །བསམ་གཏན་གྱི་མིག་གིས་ནི་རྟག་པ་གཅིག་པུར་གནས་པ་དེ་མཐོང་ཡང་། སེར་སྐྱ་ལ་སོགས་པ་དེ་དག་གིའང་ཆུ་བུར་གྱི་མིག་གིས་བལྟར་མེད་པས་ཐམས་ཅད་ཀྱིས་མི་མཐོང་བ་ཞེས་བྱའོ། །དེ་ཡང་བསམ་གཏན་གྱི་མིག་གིས་མཐོང་ལ་ཆུ་བུར་གྱིས་མི་མཐོང་བས་ཆ་གཉིས་པའོ། །གཙོ་བོ་དེ་ཉིད་དངོས་པོའི་ཆོས་སུ་ཡོད་དེ་མེད་པ་གཞན་ལས་རྣམ་པར་གྲོལ་བའི་ཕྱིར་དང་། ཐམས་ཅད་ན་ཁྱབ་པར་ཡོད་དེ། བདེ་སྡུག་བཏང་སྙོམས་ཀྱིས་ཁྱབ་པའི་ཕྱིར་ཞེས་སྒྲུབ་པ་ཉིད། དབང་ཕྱུག་ནག་པོ་ལས། མི་དགའ་ཡོངས་སུ་གདུང་བ་དང་། །མྱ་ངན་དང་ནི་འཁྲུག་པ་དག །ལན་འགར་ཡང་ནི་སྣང་འགྱུར་བ། །འདི་དག་རྡུལ་གྱི་རྟགས་སུ་འདོད། །རྨོངས་དང་དེ་བཞིན་གཏི་མུག་དང་། །བག་མེད་གཉིད་དང་གཡེང་བ་དག །ལན་འགར་ཡང་ནི་སྣང་འགྱུར་བ། །འདི་དག་མུན་པའི་ཡོན་ཏན་ནོ། །རངས་དང་མགུ་དང་ཀུན་དགའ་དང་། །བདེ་དང་ཞི་བའི་སེམས་ཉིད་དག །ལན་འགར་ཡང་ནི་སྣང་གྱུར་པ། །འདི་དག་སྙིང་སྟོབས་ཡོན་ཏན་ཡིན། །ཞེས་རྡུལ་མུན་སྙིང་སྟོབས་གསུམ་གྱི་ཚུལ་བཤད་དོ། །སྡུག་བསྔལ་བར་མ་བདེ་བ་དེ་གསུམ་ཆ་མི་མཉམ་པ་ལས་གཙོ་བོའི་རྣམ་འགྱུར་འབྱུང་བ་ཡིན་ཏེ། དེའང་ཆེན་པོ་ཞེས་པ་བློའི་རྣམ་གྲངས་ཏེ། བེམ་པོ་དང་། རྣམ་བཅས་དང་། སྐྱེས་བུའི་ཡུལ་ལ་ལོངས་སྤྱོད་པའི་ཆོས་དང་གསུམ་ལྡན་ནོ། །བེམ་པོ་ནི་སེམས་མེད་ལ་གཟུགས་ཅན་མ་ཡིན་པའོ། །རྣམ་པ་དང་བཅས་པ་ནི། གཟུགས་བརྙན་འཆར་བ་སྟེ། བློ་ཤེལ་གྱི་ཁང་པ་ལྟ་བུ་དེ་ལ། ཕྱི་ནས་གཟུགས་སྒྲ་དྲི་རོ་རེག་དང་། ནང་ནས་བདག་གི་གཟུགས་བརྙན་ཤར་ཏེ། གཟུགས་བརྙན་གཉིས་གཅིག་ཏུ་འདྲེས་པ་ལ་བདག་ཡུལ་ལ་སྤྱོད་ཅེས་བརྗོད་ཀྱི། བདག་གི་གཟུགས་བརྙན་དེས་ཡུལ་ལ་ལོངས་སྤྱོད་པ་ལས་བདག་གམ་སེམས་དངོས་དེས་གཟུགས་སོགས་མཐོང་ཐོས་རང་མཚན་པར་སྤྱོད་པ་ནི་མི་འདོད་དོ། །དེའི་ཕྱིར་བློ་ལ་ཤར་བ་སྐྱེས་བུས་ངེས་པར་བྱེད་དོ་ཞེས་པ་ཡིན་ཏེ། སྣང་བ་ཐམས་ཅད་ནི་བློ་ལ་སེམས་དང་ཡུལ་གྱི་གཟུགས་བརྙན་འདྲེས་པ་འབའ་ཞིག་ཡིན་གྱི། ནང་དུ་རིག་པར་སྣང་བའང་སེམས་མ་ཡིན་ལ། ཕྱིའི་བུམ་པ་སོགས་སུ་སྣང་བའང་ཡུལ་མ་ཡིན་ནོ། །ཡུལ་ཤེས་གཉིས་ནི་ལྐོག་ན་ཡོད་པ་སྟེ་སྔ་མ་དབང་ཕྱུག་ནག་པོའི་གཞུང་ལས། ཡིད་ལ་སྙིང་སྟོབས་སྐྱེས་པ་ཅན། །སྐྱེས་བུའི་གཟུགས་བརྙན་འབྱུང་བའམ། །དེ་བཞིན་ཡོངས་སུ་གྱུར་ནས་ནི། །བློ་འཇུག་པ་ཡི་རྗེས་སུ་བྱེད། །ཅེས་སོ། །དེ་ལས་ནི་སྡུག་བསྔལ་ལས་གྱུར་པ་དང་། རྣམ་པར་འགྱུར་བ་ཅན་དང་། མུན་པ་ཅན་གྱི་ང་རྒྱལ་ཞེས་པ་གསུམ་འབྱུང་ཡང་ང་རྒྱལ་གཅིག་ཏུ་བརྩིའོ། །སྡུག་བསྔལ་ལས་གྱུར་པའི་ང་རྒྱལ་ལས་དབང་པོ་བཅུ་གཅིག་འབྱུང་ངོ་། །རྣམ་འགྱུར་གྱི་ང་རྒྱལ་ལས་དེ་ཙམ་ལྔའོ། །དེ་ཙམ་ལྔ་ལས་འབྱུང་བ་ལྔ་སྟེ། སྒྲ་ལས་ནམ་མཁའ། གཟུགས་ལས་མེ། དྲི་ལས་ས། རོ་ལས་ཆུ། རེག་ལས་རླུང་འབྱུང་ངོ་། །མུན་པ་ཅན་གྱི་ང་རྒྱལ་གྱིས་དེ་གཉིས་ལ་སྐྱེད་པའི་གྲོགས་བྱེད་ཀྱི་འབྲས་བུ་ལོགས་པ་མི་སྐྱེད་དོ། །དབང་ཕྱུག་ནག་པོ་ལས། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཏེ། །དེ་ལས་མཚན་ཉིད་རྣམ་པ་བཅུ་དྲུག་འབྱུང་། །དེ་ལྟར་བཅུ་དྲུག་འབྱུང་བ་དེ་ལས་ཀྱང་། །དེ་ཙམ་ལྔ་ལས་འབྱུང་བ་རྣམ་ལྔ་འབྱུང་། །ཞེས་སོ། །དེ་ཡང་སྐྱེ་བའི་དངོས་པོ་རྣམས། མེད་པ་གསར་དུ་སྐྱེ་བ་ནི་མ་ཡིན་གྱི་ཡེ་ནས་གཙོ་བོའི་རང་བཞིན་དུ་ཡོད་པས་རྒྱུ་ལ་འབྲས་བུ་གནས་ཞེས་བྱ་སྟེ། འབྲས་བུ་རྣམས་རྒྱུའི་རང་བཞིན་འབའ་ཞིག་གི་རྗེས་སུ་བྱེད་པའི་ཕྱིར་དང་། ནུས་པ་འབའ་ཞིག་གི་རྗེས་སུ་བྱེད་པའི་ཕྱིར་དང་། རྒྱུ་ལས་འབྲས་བུ་སྐྱེས་པའི་ཕྱིར་རོ། །དེ་ཡང་འབྲས་བུ་ནི་རྒྱུའི་རང་བཞིན་གྱི་རྗེས་སུ་བྱེད་དེ། སྣམ་བུ་སྣལ་མའི་རང་བཞིན་དང་གསེར་བུམ་གསེར་གྱི་རང་བཞིན་ཡིན་པ་བཞིན་ནོ། །ནུས་པའི་རྗེས་སུ་བྱེད་པ་ཡང་ཏིག་ཏའི་ཁ་བ་དང་། བུ་རམ་གྱི་མངར་བ་དང་། ལྕགས་ཀྱི་བུམ་པ་ལས་གྲིབ་མ་འབྱུང་ལ། ཤེལ་བུམ་ལས་མི་འབྱུང་བ་བཞིན་ནོ། །རྒྱུ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་ན་ནི་ཡོད་པ་ཡིན་གྱི། མེད་པ་ནི་གསར་དུ་སྐྱེར་མི་རུང་སྟེ། ཡོད་པ་ཟླ་བ་ཉིད་ཟླུམ་པོར་ཡོད་པ་ལས་ཚེས་ཀྱི་འཕེལ་བ་བཞིན་ཡིན་གྱི། མེད་པ་བྱེ་མ་ལས་མར་མི་འབྱུང་བ་བཞིན་ནོ། །འཇིམ་པ་ལས་བུམ་པར་སྐྱེས་པ་ཡང་རྫ་མཁན་མི་དགོས་པའི་ཉེས་པ་མེད་དེ། འཇིམ་པའི་དུས་ན་བུམ་པ་སྔར་ཡོད་གསལ་བར་བྱེད་དེ། མུན་ཁུང་གི་བུམ་པ་མར་མེའི་རྐྱེན་གྱིས་གསལ་བ་བཞིན་ནོ། །འཇིམ་པ་ལ་བུམ་པ་ཡོད་པ་མཐོང་བར་ཐལ་བའི་ཉེས་པ་མེད་དེ། དངོས་པོ་རྣམས་ཡོད་ཀྱང་རྒྱུ་གཉིས་ཀྱིས་དམིགས་པར་མི་འགྱུར་བའི་ཕྱིར་ཏེ། རྒྱུད་དྲུག་ཅུ་པ་ལས། ཧ་ཅང་རིང་ཕྱིར་ཉེ་ཕྱིར་དང་། །དབང་པོ་ཉམས་ཕྱིར་ཡིད་མེད་ཕྱིར། །ཆ་ཕྲའི་ཕྱིར་དང་བསྒྲིབས་པའི་ཕྱིར། །ཟིལ་གནོན་ཕྱིར་དང་འདྲེས་ཕྱིར་རོ། །ཞེས་པས། རྒྱུ་གཉིས་གཉིས་ཀྱི་རྐྱེན་ཡོད་པས་ཡོད་ཀྱང་གསལ་བར་མི་མཐོང་བ་ནི། སྤྱིར་རིང་བས་མི་མཐོང་བ་ཉི་ཟླའི་འགྲོས་བཞིན་ནོ། །ཉེ་བས་མི་མཐོང་བ་མིག་གིས་ལྐོགས་པ་བཞིན་ནོ། །དབང་པོ་ཉམས་པས་མི་མཐོང་བ་ལོང་བས་གཟུགས་བཞིན་ནོ། །ཡིད་མེད་པས་མི་མཐོང་བ་གཉིད་དུ་སོང་དུས་ཀྱི་ཉེ་འཁོར་གྱི་སྣང་བ་བཞིན་ནོ། །ཕྲ་བས་མི་མཐོང་བ་བག་ཕྱེའི་རྡུལ་ཕྲན་བཞིན་ནོ། །བསྒྲིབས་པས་མི་མཐོང་བ་ལུས་ཀྱི་ནང་ཁྲོལ་བཞིན་ནོ། །ཟིལ་གྱིས་མནན་པས་མི་མཐོང་བ་ཉིན་པར་གྱི་སྐར་མ་བཞིན་ནོ། །འདྲེས་པས་མི་མཐོང་བ་ཁྲག་དང་འོ་མ་འདྲེས་དུས་ཀྱི་འོ་མའི་རྡུལ་བཞིན་ནོ། །དེ་དག་ལས་འདིར་འཇིམ་པའི་དུས་ཀྱི་བུམ་པའང་རྒྱུའི་ནུས་པས་འབྲས་བུ་ཟིལ་གྱིས་མནན་པས་མ་མཐོང་བ་ཡིན་ལ། དངོས་པོ་འཇིག་པའང་གསལ་བ་བསྐལ་པའམ་གཙོ་བོ་ལ་ཐིམ་པས་མི་གསལ་བ་ཡིན་ཏེ། ཕྱུགས་ཁྱིམ་དུ་བཙུད་པ་ལྟ་བུ་ཡིན་གྱི། ཡོད་པ་གཏན་མེད་དུ་འགྱུར་བའི་འཇིག་པ་མ་ཡིན་ནོ། །མདོར་ན་དངོས་པོ་རྣམས་ནི་སྔར་མེད་གསར་དུ་སྐྱེ་བ་དང་། ཡོད་པ་གཏན་ནས་འཇིག་པ་མེད་ཀྱི། འོན་ཀྱང་རང་བཞིན་རྟག་ལ་གནས་སྐབས་རྣམ་པར་འགྱུར་བ་ཡིན་ཏེ། གཙོ་བོ་ལས་བྱུང་ཞིང་གཙོ་བོར་ནུབ་པ་ནི། ལུག་གི་གནས་སྐབས་དང་། བལ་དང་། སྣམ་བུ་དང་། སྣམ་རས་དང་། བྱེ་མ་དང་། རྡུལ་ཕྲན་དུ་གྱུར་ནས་མི་གསལ་དུས་གཙོ་བོ་ཉིད་དུ་རོ་གཅིག་པས་བལྟར་མི་མངོན་པ་ཡིན་ནོ། །དང་པོ་ཡང་གཙོ་བོའི་རང་བཞིན་ཡིན་པས་རྡུལ་ཉག་ཆེས་ཕྲ་བ་ཉིད། གནས་སྐབས་རྣམ་འགྱུར་གྱིས་གསལ་བར་སྣང་ཡང་། མཐར་དང་པོའི་རང་བཞིན་ལས་གཞན་དུ་འགྱུར་བ་མེད་པ་བཞིན་ནོ། །དེ་ཡང་དབང་པོ་དང་ཡུལ་དང་འབྱུང་བ་སྟེ་ཉི་ཤུ་རྩ་བཞི་ལ་ལོངས་སྤྱོད་པ་ནི་བདག་གམ་སྐྱེས་བུ་ཞེས་བྱ་སྟེ། ཤེས་པ་ཡིན་པ། རྟག་པ་ཡིན་པ། གཅིག་པུ་ཡིན་པ། བྱེད་པ་པོ་མ་ཡིན་པ། ཟ་བ་པོ་ཡིན་པ་སྟེ། ཆོས་ལྔ་ལྡན་པར། འཇུག་པ་ལས། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བརྟགས། །དེ་དབྱེ་དེ་དབྱེ་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་གྱུར། །ཞེས་པ་བཞིན་ནོ། །དེ་ལ་ཤེས་པ་ཡིན་ཏེ་ཡུལ་རིག་པའི་ཕྱིར་རོ། །རྟག་པ་ཡིན་ཏེ། དུས་གསུམ་དུ་མི་འགྱུར་བའི་ཕྱིར། དེ་ཡང་རང་བཞིན་མི་འགྱུར་ལ་གནས་སྐབས་རྐྱེན་གྱིས་བདེ་བ་ལ་སོགས་པར་འགྱུར་བར་འདོད་དོ། །གཅིག་པུ་ཡིན་ཏེ། སེམས་ཅན་རེ་རེ་ལ་ཤེས་རིག་གཅིག་ལས་མེད་པའི་ཕྱིར་རོ། །དེ་རེ་རེས་ཀྱང་ཐམས་ཅད་ལ་ཁྱབ་པས་ན་འགྲོ་འོང་མེད་པའོ། །བྱེད་པ་པོ་མ་ཡིན་ཏེ་གང་དུའང་མི་བྱེད་པའི་ཕྱིར་ཏེ་སྣང་སྲིད་ཀུན་གཙོ་བོས་བྱེད་པའི་ཕྱིར་རོ། །ཟ་བ་པོ་ཡིན་ཏེ་གཙོ་བོས་སྤྲུལ་བའི་རྣམ་འགྱུར་ལ་ལོངས་སྤྱོད་པའི་ཕྱིར་རོ། །འདི་དག་གི་འདོད་པ་རྣམས་གོ་བདེར་ངོ་སྤྲད་ན་གཟུགས་ལྟ་བུ་མཐོང་དུས་གསལ་ལ་མ་འགགས་པའི་ཤེས་པ་ཡེར་རེ་སང་ངེ་བ་ཡུལ་ཐོག་ན་མི་རྟོག་པར་རང་གནས་སུ་ནང་དུ་ཤར་བ་དེ་ལ་བདག་ཅེས་ཟེར་བས། དེ་ལ་གོམས་པ་དག་གྲོལ་བར་འདོད་པ་ཡིན་ནོ། །དེ་བཞིན་དུ་རྣ་པས་སྒྲ་གོ་དུས་གསལ་ལ་མ་འགགས་པའི་སྒྲ་འཛིན་གྱི་ཤེས་པ་ཡེ་རེ་བ་ཞིག ཡུལ་ཐོག་ན་མི་རྟོག་པར་རང་གནས་སུ་ནང་དུ་ཤར་བ་དེ་ལ་བདག་ཅེས་ཟེར་བ་ཡིན། དེ་ལྟར་དུ་དྲི་རོ་རེག་བྱ་ལ་སྦྱར་ནས་ཆོས་ཁམས་ཀྱི་སྐབས་སུ་གསལ་ལ་མ་འགགས་པའི་རྣམ་རྟོག་གམ་ཤེས་པ་ཡུལ་ལ་མི་རྟོག་པར་རང་གསལ་ནང་ན་གནས་པ་དེ་མུ་སྟེགས་པའི་ལྟ་བ་ལ་ངོས་འཛིན་མཛད་པ་ཡིན། །རང་གནས་ཀྱི་བསམ་གཏན་ལ་ལྷག་མཐོང་གི་དྭངས་ཆ་མེད་པ་ན་གོལ་ས་ཡིན་པ་མན་ངག་གིས་ཤུགས་ལ་བསྟན་པའོ། །སྒོམ་བྱེད་པའི་སྐབས་སུ་མུ་སྟེགས་པའི་བདག་དང་ཁྱད་མེད་པར་སྒོམ་ཉེས་སུ་འགྲོ་བ་ཡོད་གསུངས་པའང་འདི་ལ་གོ་དགོས་པའི་ཚུལ་ཀློང་ཆེན་པས་གསལ་ཁ་མཛད་པའོ། །དེ་དག་སྒྲུབ་བྱེད་ཀྱི་གཏན་ཚིགས་བཀོད་ནས་རིགས་པ་འཕེན་པ་ནི། དེ་ཡང་མིག་ལ་སོགས་པ་ཉི་ཤུ་རྩ་བཞི་པོ་ཆོས་ཅན། གཞན་གྱི་དོན་བྱེད་པ་ཡིན་ཏེ། འདུས་བྱས་ཤིང་བསག་པའི་ཕྱིར། དཔེར་ན་མལ་ཆ་དང་སྟན་བཞིན་ནོ། །ཤེས་བྱ་ལ་དེ་ཙམ་ཉི་ཤུ་རྩ་ལྔ་ལས་མེད་ལ། ཉི་ཤུ་རྩ་བཞི་པོ་རྩོད་གཞིར་གྱུར་པ་ན་གཞན་གཅིག་ལྷག་པ་དེ་གང་ཡིན་ན་སྐྱེས་བུ་ལས་འོས་མེད་པའོ་ཞེས་འདོད་དོ། །གཉིས་པ་རྣམ་པར་གཞག་པ་ལ་གསུམ་སྟེ། བེམ་པོ་དང་རིག་པའི་སྒོ་ནས་རྣམ་པར་གཞག་པ་དང་། རྒྱུ་དང་འབྲས་བུའི་སྒོ་ནས་རྣམ་པར་གཞག་པ་དང་། ཀུན་རྫོབ་དང་དོན་དམ་གྱི་སྒོ་ནས་རྣམ་པར་གཞག་པའོ། །དང་པོ་ནི་བེམ་པོ་ཉི་ཤུ་རྩ་བཞི་ཡིན་ལ་བདག་གཅིག་པུ་རིག་པ་ཡིན་ནོ། །གཉིས་པ་ནི་རང་བཞིན་དང་རྣམ་འགྱུར་དུ་བརྗོད་པས་གཞག་ལ་མུ་བཞི་ལས། གཙོ་བོ་ནི་རང་བཞིན་ཁོ་ནའི་མུ་སྟེ་སུས་ཀྱང་མ་བསྐྱེད་པའི་ཕྱིར་རོ། །ང་རྒྱལ་དང་བློ་དང་ཡུལ་ལྔ་སྟེ་བདུན་ནི་རྒྱུ་འབྲས་གཉིས་ཀའི་མུ་སྟེ། གཙོ་བོ་ལས་སྐྱེས་ཤིང་། བློ་ལས་ང་རྒྱལ་དང་། ང་རྒྱལ་ལས་དེ་ཙམ་སོགས་སྐྱེ་ལ། དེ་ཙམ་ལས་འབྱུང་བ་ལྔ་བསྐྱེད་པའི་ཕྱིར་རོ། །དབང་པོ་བཅུ་གཅིག་དང་འབྱུང་བ་ལྔ་སྟེ། བཅུ་དྲུག་ནི་རྣམ་འགྱུར་ཁོ་ན་སྟེ་གཙོ་བོ་ལས་སྐྱེས་ཤིང་། ཕར་ལ་སུ་ཡང་མི་བསྐྱེད་པས་སོ། །བདག་ནི་རྒྱུ་འབྲས་གཉིས་ཀ་མ་ཡིན་ཏེ་སུས་ཀྱང་མ་བསྐྱེད་ཅིང་ཕར་ལའང་མི་བསྐྱེད་པའི་ཕྱིར་རོ། །མན་ངག་གི་ཚུལ་དུ་གསུངས་པ་ནི། ཚུལ་འདི་དེང་སང་རང་གི་སྡེ་བ་ནང་བ་སངས་རྒྱས་པའི་ཁོངས་སུ་གཏོགས་པར་རློམ་ནས་རྟོགས་པའི་བསྟན་པ་འཛིན་མདོག་པའི་ཆེན་པོ་ཁ་ཅིག་འདོད་དེ། སེམས་ཉིད་ད་ལྟ་བ་གསལ་ལ་མི་རྟོག་པ་འདི་ལ་རྒྱུ་འབྲས་གང་ཡང་མེད་ཅིང་། སེམས་ཉིད་གསལ་ལ་མི་རྟོག་པ་འདིས་ཀྱང་རྒྱུ་འབྲས་གང་ཡང་མི་བསྐྱེད་པས་དེའི་ངང་དུ་གོམས་པར་བྱའོ་ཞེས་ངོ་སྤྲོད་པར་སྣང་ངོ་། །དེ་ཉིད་གྲངས་ཅན་དང་འདོད་པ་གཅིག་པས་དེའི་ཕྱོགས་ལ་བརླན་ནོ། །སྔ་མ་ལས། གཙོ་བོ་རང་བཞིན་ཉིད་འགྱུར་མིན། །ཆེན་པོ་སོགས་བདུན་རང་བཞིན་དང་། །འགྱུར་བ་བཅུ་དྲུག་འགྱུར་བ་ཉིད། །སྐྱེས་བུ་རང་བཞིན་རྣམ་འགྱུར་མིན། །ཞེས་སོ། །བདེན་པ་གཉིས་ཀྱི་རྣམ་པར་གཞག་པ་ནི། དེ་ཙམ་ཉེར་ལྔའི་ནང་ནས་ཕྱེས་དུས་གཙོ་བོ་བེམ་པོ་དང་། བདག་ཤེས་རིག་སྐྱེས་བུ་གཉིས་དོན་དམ་ཡིན་ལ། གཞན་ཉི་ཤུ་རྩ་གསུམ་ཀུན་རྫོབ་སྟེ། དེ་ཉིད་ལས། ཡོན་ཏན་གསུམ་གྱི་རང་བཞིན་མཆོག །མཐོང་བའི་ལམ་དུ་འགྱུར་མ་ཡིན། །མཐོང་བའི་ལམ་དུ་གང་གྱུར་པ། །སྒྱུ་མ་བཞིན་དུ་ཤིན་ཏུ་གསོག །ཅེས་སོ། །རང་གི་སྡེ་པས་སྣང་བ་སྒྱུ་མར་ཁས་བླངས་པ་དེ་དང་མི་འདྲ་སྟེ། སྣང་ཚུལ་མི་བདེན་ཡང་། གཙོ་བོར་བདེན་པར་ཁས་ལེན་མི་ལེན་གྱི་ཁྱད་ཡོད་དོ། །གསུམ་པ་དེ་དག་གི་དོན་ཤེས་པས་གྲོལ་བ་ནི་དེ་ཙམ་ཉི་ཤུ་རྩ་ལྔའི་རང་བཞིན་ལེགས་པར་ཤེས་ནས་བསྒོམས་ན་ཆ་ལུགས་གང་ལྟར་ཡང་འདྲ་སྟེ། དབང་ཕྱུག་པ་ལྟར་རལ་པའི་ཁུར་བུའམ། ཀུན་ཏུ་རྒྱུ་ལྟར་སྐྲ་སྤྱི་བོར་བཅིངས་སམ། གཅེར་བུ་པ་ལྟར་སྐྲ་སྤྱི་བོར་འདུག་ཀྱང་གྲོལ་བ་ཉིད། དབང་ཕྱུག་ནག་པོ་ལས། དེ་ཙམ་ཉི་ཤུ་ལྔ་ཤེས་ན། །རལ་པའམ་སྤྱི་བོ་ཅོད་པན་ནམ། །ཆ་ལུགས་གང་གིས་གནས་ཀྱང་རུང་། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་ཡང་རྣལ་འབྱོར་པ་བསམ་གཏན་གྱི་སེམས་ཐོབ་པས་འདོད་ཡོན་ཐམས་ཅད་ལ་ཡིད་བྱུང་སྟེ། ཀྱེ་མ་ཡུན་རིང་པོར་དོན་མེད་པའི་སྣང་བས་བསླུས་སྙམ་ནས། རྣམ་འགྱུར་འདི་རྣམས་ཅི་ལས་བྱུང་བ་བརྟགས་པས། གཙོ་བོས་སྤྲུལ་བར་ཤེས་ནས། གཙོ་བོ་ལ་བལྟས་པས་ངོ་ཚ་བའི་ཚུལ་དུ་བྲོས་ཏེ་སོང་བ་དང་། མའི་ཕྱིར་ཕྲུ་གུ་འབྲངས་པ་བཞིན། རྣམ་འགྱུར་རྣམས་ཀྱང་གཙོ་བོའི་ཕྱིར་འབྲངས་པས་ཤེལ་རས་དང་བྲལ་བ་ལྟར་བདག་གཅིག་པུ་ཡུལ་ལ་མི་བསྐྱོད་པར་རྟོག་མེད་རྩེ་གཅིག་ལ་གནས་པ་ནི་ཐར་པ་ཞེས་བྱའོ་ཞེས་འདོད་དོ། །གྲངས་ཅན་པ་ནི་ཤེས་བྱ་ཐམས་ཅད་དེ་ཉིད་ཉེར་ལྔར་བརྩི་སྟེ། བདག་ཤེས་རིག་གི་སྐྱེས་བུ་རྟག་པ་དང་། རྡུལ་མུན་སྙིང་སྟོབས་གསུམ་ཆ་མཉམ་པའི་གཙོ་བོ་ཞེས་བྱ་བ་ལས། ཆེན་པོ་ཞེས་པ་མེ་ལོང་དྭངས་པ་ལྟ་བུ་ཕྱི་ནང་མཚམས་སྦྱོར་བ་བྱུང་། དེ་ལས་ང་རྒྱལ་གསུམ་བྱུང་ཞིང་ང་རྒྱལ་ལས་དེ་ཙམ་ལྔ་དང་དབང་པོ་བཅུ་གཅིག་བྱུང་། དེ་ཙམ་ལས་འབྱུང་བ་ལྔ་བྱུང་ངོ་། །དེ་ཡང་བདག་ཡུལ་ལ་ཆགས་པས་བསླུས་པར་ཤེས་ནས་བསམ་གཏན་བསྒོམས་པས་ལྷའི་མིག་ཐོབ་ནས་བལྟས་ཚེ་རྣམ་འགྱུར་རྣམས་གཙོ་བོའི་ཀློང་དུ་ཐིམ་ནས་བདག་ཡན་གར་དུ་གནས་པ་ནི་གྲོལ་བའོ་ཞེས་འདོད། དེ་ཡན་གྱིས་ཏརྐ་སྡེ་ལྔའི་ནང་གི་གྲངས་ཅན་པའི་འདོད་པ་འགོད་པ་བསྟན་ནས། དེ་དགག་པ་ལ་གསུམ་སྟེ། སྒྲུབ་བྱེད་མེད། གནོད་བྱེད་ཡོད། ཤེས་པས་མི་གྲོལ་བའོ། །དང་པོ་ལ་གཙོ་བོ་མི་འགྲུབ་པ། རྒྱུ་འབྲས་མི་འགྲུབ་པ། བདག་མི་འགྲུབ་པ་གསུམ་ལས། དང་པོ་ནི། བདག་ཡོད་པར་སྒྲུབ་བྱེད་དུ་ཟོལ་སྦྱོར་གྱི་རྟགས་བཀོད་པས་ཞེ་འདོད་ཀྱི་བདག་གྲུབ་པར་འགྱུར་སྙམ་དུ་གྲངས་ཅན་པ་ན་རེ་མིག་སོགས་ཉེར་བཞི་ཆོས་ཅན། གཞན་གྱི་དོན་བྱེད་པ་ཡིན་ཏེ། འདུས་ཤིང་བསགས་པའི་ཕྱིར། དཔེར་ན་མལ་ཆ་དང་སྟན་བཞིན་ནོ། །ཞེས་འགོད་དེ། དེ་ཡང་བདག་ཡོད་པར་སྒྲུབ་པའི་གཏན་ཚིགས་དངོས་སུ་འགོད་མི་ནུས་པས། ཤེས་བྱ་ཉེར་བཞི་པོ་རྩོད་གཞིའམ་ཆོས་ཅན་དུ་བཟུང་བས་ན། ཤེས་བྱ་ལ་ཉེར་ལྔ་ལས་མེད་པས་དེ་ལས་གཞན་པ་བདག་ཤེས་རིག་གི་སྐྱེས་བུ་ལས་འོས་མེད་ལ་དེ་ལྟར་ན་མིག་སོགས་དེའི་དོན་བྱེད་པར་གྲུབ་ན་བདག་ཀྱང་གྲུབ་སྙམ་དུ་སངས་རྒྱས་པ་ལ་འགོད་པ་ཡིན་ལ། འདིར་ཞེ་འདོད་བདག་ལ་བསྙེགས་པ་མིན་པར་མིག་སོགས་ཀྱིས་མིག་སོགས་ལས་གཞན་པའི་དངོས་པོ་ལ་ཕན་འདོགས་པ་ཙམ་ཞིག་སྒྲུབ་ན་ནི་གྲུབ་ཟིན་སྒྲུབ་པར་འགྱུར་བ་ཙམ་དུ་ཟད་པས་ཞེ་འདོད་གྲུབ་པ་ལ་ཅི་ཡང་མི་ཕན་ལ། ཞེ་འདོད་ལྟར་བསྒྲུབ་པར་ནི་རྟགས་དེས་མི་ནུས་ཏེ་འབྲེལ་བ་མེད་པའི་ཕྱིར་རོ། །དེས་ན་སྦྱོར་བ་དེ་དག་འགོད་ཚུལ་གྱིས་འགལ་བར་འགྱུར་བའི་ཚུལ་ཞིབ་པར་རྣམ་འགྲེལ་ལས་གསུངས་པ་བཞིན་ནོ། །དེ་ཡང་མེད་པ་གཞན་ལས་གྲོལ་ཡང་སྟེ་རི་རྭ་སོགས་མིན་པ་ཙམ་སྟེ་མེད་པ་གཞན་མིན་ཀྱང་རང་ཉིད་ཡོད་ཅིང་དངོས་པོ་ཡིན་པའི་ཁྱབ་པ་མ་གྲུབ་སྟེ། རང་ཉིད་མེད་པ་ལས་མ་གྲོལ་བའི་ཕྱིར། ནམ་མཁའི་མེ་ཏོག་བཞིན་ནོ། །བདེ་སྡུག་གཏི་མུག་ཙམ་ལས་གཙོ་བོའི་ཁྱབ་པ་མ་གྲུབ་ཅིང་སྟེ་བདེ་སྡུག་བཏང་སྙོམས་ཀྱི་རྟགས་ལས་གཙོ་བོ་ཡོད་པའི་ཁྱབ་པ་མེད་དེ། དེ་དག་དང་རྗེས་སུ་འགྲོ་ལྡོག་མི་འགྲུབ་པའི་ཕྱིར། ཤིང་དང་ནམ་མཁའ་བཞིན་ནོ། །ཞེས་དང་། གཙོ་བོའི་གཟུགས་བརྙན་གྱི་བདེ་སྡུག་དམིགས་པའི་ཞེས་པ། གཙོ་བོ་ཡོད་དེ། གཙོ་བོའི་གཟུགས་བརྙན་བདེ་སོགས་དམིགས་པའི་ཕྱིར་ཟེར་ན། ཆོས་ཅན་གཙོ་བོ་ཉིད་གཞི་མ་གྲུབ་པས་ཕྱོགས་ཆོས་མ་གྲུབ་པ་འོ། །གཉིས་པ་ནི་རང་བཞིན་དང་ནུས་པ་རྗེས་སུ་བྱེད་པ་ཙམ་ལས་གཅིག་ཏུ་འགྱུར་བས་མ་ཁྱབ་སྟེ་ཞེས་པ། རང་བཞིན་རྗེས་སུ་འགྲོ་བ་གཙོ་བོ་དང་བདག་ཀྱང་ཤེས་བྱར་མཚུངས་པ་ཙམ་གྱི་རང་བཞིན་རྗེས་སུ་འགྲོ་བ་དང་། ཝ་དང་སེང་གེ་ཡང་སྲོག་ཆགས་ཙམ་གྱི་རང་བཞིན་རྗེས་སུ་འགྲོ་བ་མཚུངས་ཀྱང་དེ་དག་གཅིག་མིན་པར་བསྟན་པ་ནི། སྔ་མ་ཁོ་རང་གིས་ཁས་བླངས་དང་། ཕྱི་མ་མངོན་སུམ་གྱིས་གནོད་པ་བརྗོད་པས་སོ། །ནུས་པ་རྗེས་སུ་བྱེད་པ་ས་བོན་ལས་མྱུ་གུ་འབྱུང་བ་ལྟ་བུ་སྟེ། དེ་དག་གཙོ་བོར་གཅིག་ཅེས་བརྗོད་པར་མི་ནུས་ཏེ་མི་གཅིག་ཅིང་མི་མཚུངས་པ་མངོན་སུམ་གྱིས་གསལ་ལ། བསྐྱེད་པས་ཡོད་པར་སྒྲུབ་པ་ནི་འགལ་བའི་རྟགས་ཡིན་ཏེ། ཡོད་པ་སྐད་ཅིག་གཉིས་པར་འགགས་པས་སྐྱེར་མི་རུང་བའི་ཕྱིར་རོ། །ཞེས་པ་ནི། ས་བོན་གྱིས་མྱུ་གུ་བསྐྱེད་པས་ས་བོན་ཉིད་ད་ལྟ་ཡོད་པར་སྒྲུབ་ན་འགལ་ཏེ། འབྲས་དུས་རྒྱུ་འགགས་ནས་སླར་སྐྱེ་མི་རུང་བས་དེ་མེད་པ་བཞིན་རྒྱུ་གཙོ་བོ་དེ་ད་ལྟ་འབྲས་དུས་ན་ཡོད་པར་མི་འགྲུབ་པའོ་ཞེས་པའི་དོན་ཏོ། །གསུམ་པ་ནི་དངོས་པོ་གཞན་ཙམ་ཞིག་གྲུབ་པས་ནི་བདག་མི་འགྲུབ་སྟེ། བུམ་པ་ལས་སྣམ་བུ་བསྒྲུབ་པ་བཞིན་ནོ། །གཅེིག་གྲུབ་པས་གཅིག་པོ་འགྲུབ་པའི་གཏན་ཚིགས་མི་ཡོང་ཞེས་སོ། །འདུས་པ་མ་ཡིན་པའི་གཞན་ཅེས་པས་བསྒྲུབས་ན་ནི་འགལ་ཏེ། འདུས་པ་ཙམ་ལས་རྟག་པའི་དོན་མི་བྱེད་པས་ཁྱབ་པའི་ཕྱིར་རོ། །ཞེས་པ་ནི་སྔར་ལྟར་མིག་སོགས་གཞན་དོན་བྱེད་པར་བསྒྲུབ་པའི་རྟགས་དེ་དོན་མེད་ཚུལ། གཞན་ཙམ་ཞིག་གྲུབ་པས་བདག་མི་འགྲུབ་པ་བུམ་པ་ལས་སྣམ་བུ་བསྒྲུབ་པ་བཞིན་འབྲེལ་མེད་དུ་འགྱུར་ལ། འདིར་གཞན་ཞེས་པ་ཞེ་འདོད་ཀྱི་བདག་ཤེས་རིག་གི་སྐྱེས་བུ་ལ་ཟེར་ན་དཔེ་མལ་སྟན་སོགས་ཀྱིས་རྟག་བདག་གི་དོན་བྱེད་པར་གྲུབ་ཟིན་པ་མིན་པས་དཔེ་ལ་རྗེས་འགྲོ་མེད་ཅེས་སྨྲས་པ་ན། གཞན་ཙམ་བསྒྲུབ་བྱ་ཡིན་ནོ་ཟེར་བ་མིག་སོགས་ཀྱིས་གཞན་གཟུགས་སོགས་ཤེས་པ་ལྟ་བུའི་དོན་བྱེད་པ་ཙམ་གྲུབ་ཟིན་བསྒྲུབས་པས་ཅི་ཡང་མི་ཕན་ལ། འདིར་གྲངས་ཅན་པས་རྟགས་འགོད་ལུགས་ཀྱང་། མིག་སོགས་འདུས་ཤིང་བསགས་པ་མིན་པའི་ཡུལ་ཅན་གཞན་གྱི་དོན་བྱེད་དེ༑ འདུས་ཤིང་བསགས་པའི་ཕྱིར་ཞེས་འགོད་ལ། དེ་ཡང་རྡུལ་དང་སྐད་ཅིག་སོགས་ཆ་དུ་མ་ཡོད་པ་ནི་འདུས་བསགས་དང་དེ་མིན་པ་ནི་རྟག་པ་དང་ཡུལ་ཅན་ནི་ཤེས་པ་ལ་བྱའོ། །དེ་ལ་རྟགས་འདི་ཞེ་འདོད་ལ་རྗེས་འགྲོ་མེད་ཅིང་། སྨྲས་ཆོས་ལ་འགལ་བ་ཡོད་དེ་དང་པོ། འདུས་བསགས་མིན་པ་ཞེས་པའི་ཆོས་འདི་ཆོས་ཅན་མིག་སོགས་ཀྱི་ཁྱད་ཆོས་སུ་ཡར་སྦྱར་ནས། དེས་གཞན་དོན་བྱེད་ཅེས་འདུས་བསགས་མིན་པའི་རྟགས་ཀྱིས་བསྒྲུབ་ན། ཆོས་ཅན་གྱི་ཆོས་དང་འགལ་བའི་རྟགས་སུ་འགྱུར་རོ། །གལ་ཏེ་འདུས་བསགས་མིན་པ་ཁྱད་གཞི་བྱས་ནས་མིག་སོགས་དེའི་ཁྱད་པར་དུ་བཟུང་ན་ཆོས་ཅན་གྱི་ངོ་བོ་དང་འགལ་བའི་རྟགས་སུ་འགྱུར་རོ། །ཡང་བསྒྲུབ་བྱ་གཞན་དོན་བྱེད་པ་དེ་ལ་མར་སྦྱར་ན་འདུས་བསགས་མིན་པ་ནི་རྡུལ་དང་སྐད་ཅིག་མ་སོགས་ཀྱི་ཆ་མེད་པ་ཡིན་ལ་དེ་མེད་པ་གཅིག་པུ་དང་རྟག་པ་དེ་ཁྱད་གཞིར་བྱས་ནས་དེའི་དོན་བྱེད་ཅེས་ཟེར་ན་ཆོས་ཀྱི་ངོ་བོ་དང་འགལ་ཏེ་འདུས་ཤིང་བསགས་པས་རྟག་པའི་དོན་བྱེད་པ་མི་སྲིད་དེ། དོན་བྱེད་ན་རྟག་པ་ཡིན་པ་འགལ་བས་སོ། །དོན་བྱེད་པ་ཁྱད་གཞིར་བཟུང་ནས་དེའི་ཁྱད་པར་འདུས་བསགས་མིན་པའི་ཡུལ་ཅན་དུ་བྱས་ན་ཆོས་ཀྱི་ཁྱད་པར་དང་འགལ་ཏེ། རྟག་པ་ཆ་མེད་ནི་འདུས་བསགས་ཀྱིས་ནམ་ཡང་བྱ་མི་ནུས་ཏེ་ནུས་ན་འདུས་བསགས་མིན་པ་ཉམས་སོ། །དེས་ན་དེ་འདྲ་ཟོལ་སྦྱོར་གྱི་རྟགས་བླུན་པོས་སྨྲ་བའོ། །ཞེས་སྒྲུབ་བྱེད་མེད་པར་བསྟན་ནས། གནོད་བྱེད་ཡོད་པ་ལ་དྲུག་སྟེ། སྣ་ཚོགས་པའི་གཙོ་བོ་དང་། རྒྱུ་ལ་འབྲས་གནས་དང་། བདག་ཡུལ་ལ་ལོངས་སྤྱོད་པ་དང་། བདེ་སྡུག་ལྐོག་གྱུར་དང་། སེམས་ལྐོག་གྱུར་དང་། འཇིག་པའི་བསྐལ་པ་དགག་པའོ། །དང་པོ་ལ་གསུམ་སྟེ། འབད་པ་དོན་མེད། གསུམ་གཅིག་ཏུ་མི་རུང་། འཁྲུལ་མ་འཁྲུལ་དུ་མི་འཐད་པའོ། །དང་པོ་འབད་པ་དོན་མེད་ནི། འདི་ནི་རྟག་དངོས་འགོག་པའི་རིག་པའོ། །ཟས་ཟོས་པ་ལ་སོགས་པའི་རྐྱེན་དང་། ལམ་སྒོམ་པ་དོན་མེད་པར་ཐལ་ཏེ། བཀྲེས་པ་ལ་སོགས་པ་དང་འཁོར་བའི་སྡུག་བསྔལ་རྟག་པའི་ཕྱིར་རོ། །རྡུལ་ཕྲན་དུ་གྱུར་པ་རགས་པས་ཟིལ་གྱིས་མནན་པ་ལྟར། བདེ་བ་རགས་པས་སྡུག་བསྔལ་ཟིལ་གྱིས་མནན་པས་ཉེས་པ་མེད་དོ་ཞེ་ན་ཞེས་སྔ་རྒོལ་གྱི་འདོད་པ་བཀོད་ནས། སྡུག་བསྔལ་དེ་སྡུག་བསྔལ་མ་ཡིན་པར་ཐལ་ཏེ་ཁྱོད་ཀྱི་འདོད་པ་ལྟར་དུ་ཕྲ་བ་རགས་པས་ཟིལ་གྱིས་གནོན་པས་ན་ཉམས་སུ་མ་མྱོང་བའི་ཕྱིར་རོ། །ཕྲ་རགས་དེ་དག་ཀྱང་གཅིག་མ་ཡིན་པར་ཐལ་ཏེ་ཕྲ་བ་ཡིན་ན་རགས་པ་མིན། རགས་པ་ཡིན་ན་ཕྲ་བ་མིན་པར་ཆོས་འགལ་བའི་ཕྱིར་རོ། །རྣམ་ངེས་ལས། སྡུག་བསྔལ་དེ་ཉིད་དུ་ཡོད་ན། །ཅི་སྟེ་རབ་དགའ་ལ་མི་གནོད། །རགས་པ་དོར་ནས་ཕྲར་གྱུར་པ། །ཕྲ་རགས་དེ་དག་མི་རྟག་ཉིད། །སྟོབས་དང་ལྡན་པས་ཟིལ་མནན་ཕྱིར། །གལ་ཏེ་དེ་མྱོང་མ་ཡིན་ན། །གང་ཞིག་ཉམས་མྱོང་བདག་ཉིད་མིན། །དེ་ནི་ཚོར་བ་ཇི་ལྟར་ཡིན། །ཞེས་པ་ལྟར་རོ། །གཉིས་པ་ནི་བདེ་སྡུག་བར་མའི་སེམས་གསུམ་གཅིག་ཏུ་ཚོགས་པ་མི་རུང་སྟེ། སེམས་ཤིང་འདུན་པ་དང་གདུང་བ་གཉིས་ཆོས་འགལ་བའི་ཕྱིར་རོ། །གསུམ་པ་ནི་ཤེས་བྱ་འདི་རྣམས་སྣ་ཚོགས་སུ་སྣང་ཡང་གཙོ་བོའི་རང་བཞིན་གཅིག་ཉིད་ཡིན་ན། གཅིག་ལ་དུ་མར་སྣང་བའི་བློ་དེ་འཁྲུལ་ལམ་མ་འཁྲུལ། མ་འཁྲུལ་ན་དུ་མར་དངོས་སུ་བདེན་པར་འགྱུར་ཏེ་དུ་མར་སྣང་ཞིང་མ་འཁྲུལ་པའི་གཟུང་ཡུལ་ཡིན་པའི་ཕྱིར་རོ། །འདོད་ན་གཅིག་གི་དངོས་པོ་ཉམས་སོ། །འཁྲུལ་ན་དེའི་ཡུལ་དངོས་མེད་ཡིན་པས་དངོས་པོ་ཙམ་མེད་པས་ན་གཅིག་གི་དངོས་པོར་ཤིན་ཏུ་ཡང་མི་རུང་ངོ་། །མན་ངག་བསྟན་པ་ནི། རང་གི་སྡེ་པར་འདོད་པ་ཁ་ཅིག་སྣ་ཚོགས་སུ་སྣང་བ་འདི་དུ་མར་སྣང་ཡང་སེམས་སུ་བདེན་ཏེ་རོ་གཅིག་ཅེས་པ་དེ་དང་འདྲ་བར་ཁེགས་པ་ཉིད་དོ། །དེ་ཡན་གྱིས་གྲངས་ཅན་པ་དགག་པའི་སྐབས་ཀྱི་སྒྲུབ་བྱེད་མེད་པའི་ཐད་ཀྱི། དང་པོ་གཙོ་བོ་མ་གྲུབ་པས། གཙོ་བོའི་གཟུགས་བརྙན་གྱིས་བདེ་སྡུག་དངོས་པོའི་ཕྱོགས་ཆོས་མ་གྲུབ་པ་དང་། གཉིས་པ་རྒྱུ་འབྲས་མ་གྲུབ་པས་བསྐྱེད་པས་ཡོད་པར་སྒྲུབ་པ་འགལ་རྟགས་ཡིན་པ་དང་། གསུམ་པ་བདག་མི་འགྲུབ་སྟེ། དངོས་པོ་གཞན་ཙམ་ཞིག་ཡོད་པས་བདག་མི་འགྲུབ་པ་དང་། འདུས་པ་ཙམ་ཞིག་གིས་རྟག་པའི་དོན་མི་བྱེད་པའི་ཕྱིར་ན་སྒྲུབ་བྱེད་མེད་པ་དང་། གནོད་བྱེད་ཡོད་དེ་སྣ་ཚོགས་པའི་གཙོ་བོ་མི་འགྲུབ་པའི་ཕྱིར་དང་། སྡུག་བསྔལ་རྟག་པ་ལ་འགྱུར་རྒྱུ་མེད་ན་འབད་པ་དོན་མེད་ཡིན་པས་ལམ་སྒོམ་པ་དོན་མེད་དུ་ཐལ་བ་དང་། གསུམ་གཅིག་ཏུ་མི་རུང་སྟེ། ཆོས་འགལ་བ་དེ་གཅིག་ཏུ་ཚོགས་མི་རུང་ཕྱིར། འཁྲུལ་མ་འཁྲུལ་དེ་ཡང་མི་འཐད་དེ། གཅིག་ལ་དུ་མར་སྣང་བའི་བློ་དེ་འཁྲུལ་བ་ཡིན་དང་མིན། འཁྲུལ་བ་མིན་ན་དུ་མར་སྣང་ཞིང་མ་འཁྲུལ་བའི་གཟུང་ཡུལ་ཡིན་པས་གཅིག་གི་ཁས་ལེན་ཉམས་པའི་ཕྱིར་དང་། འཁྲུལ་བ་ཡིན་ན་དངོས་མེད་དངོས་པོར་མི་འགྲུབ་པས་གཅིག་གི་དངོས་པོ་མི་འགྲུབ་པའི་ཕྱིར་རོ། །ཞེས་བཀག་པ་དང་རང་སྡེའི་སྣང་ཡུལ་སེམས་ཡིན་ཟེར་བ་དག་ཀྱང་མི་མཐད་པར་བསྟན་པའོ། །དེ་རིང་གྲངས་ཅན་པ་དགག་པའི་སྐབས་ཀྱི་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པའི་གནོད་བྱེད་དང་པོའི་མཚམས་འདིར་འཇོག་རྒྱུར་བྱེད། ཡིད་བཞིན་མཛོད་འདི་ནི་མཚན་དང་དོན་མཐུན་པ། ཡིད་བཞིན་གྱི་ནོར་བུ་བསམ་དོན་ཐམས་ཅད་འགྲུབ་པའི་མཛོད་ཁང་གི་སྒོ་ཕྱེས་ན་ཡིད་ལ་འདོད་པའི་དངོས་པོ་གང་ཡིད་དུ་འོང་བ་ཐམས་ཅད་ལྷུན་གྱིས་གྲུབ་ནས་ཡོད་ལ། དེ་མེད་ན་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་མིང་མི་ཐོགས་པ་བཞིན་དུ། གཞུང་འདི་ནི་རྒྱ་ཆེན་སྡུད་པའི་བསྟན་བཅོས། མདོ་རྒྱུད་བཀའ་དང་བསྟན་བཅོས་ཐམས་ཅད་ཀྱི་ཉིང་ཁུ་བཅུད་དུ་དྲིལ་ཏེ་གནད་དུ་བསྡུས་ནས། གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་མཐུན་རྐྱེན་དུ་ཟབ་དང་རྒྱ་ཆེའི་དོན་མ་ཚང་བ་མེད་པ་བསྟན་པས། མན་ངག་གི་བསྟན་བཅོས་ཞེས་མིང་དུ་དེ་ལྟར་བཏགས་མཛད་པ་རེད། ཡིད་བཞིན་རིན་པོ་ཆེའི་མཛོད་འདི་རང་རེས་ཐོས་བསམ་འཆད་ཉན་བྱེད་པའི་སྐབས་སུ། འདི་ཐོས་པ་ཕྱོགས་མེད་དུ་འཚོལ་བ་གླིང་བཞིའི་ཡུལ་ཁམས་སུ་ལྟད་མོ་བལྟས་པ་འདྲ་འདྲའི་མ་མཐོང་རྒྱང་གི་བཤད་པ། རྒྱ་ཆེན་པོ་བསྡུ་རྒྱུ་མེད་པ། ཐོས་པ་གོ་ཡུལ་དུ་འབྱམས། རིག་པ་དཔེ་ཐོག་ཏུ་ལུས། གོ་བ་ཡུལ་ཐོག་ཏུ་ཤོར། རང་རྒྱུད་ཐ་མལ་བར་ལུས་འགྲོ་བ་དེ་ལྟར་མ་ཡིན་པར་ཐམས་ཅད་མན་ངག་གི་གནད་དུ་དྲིལ་ནས་གསུངས་པ་ལྟར་དུ་ཤེས་དགོས་པ་ཡིན། འདིའི་ཐོས་དོན་གཏན་ལ་དབབ་པའི་རྣམ་བཞག་གི་སྐབས་སུ་ཤེས་བྱའི་ཆོས་ཐམས་ཅད་སྤང་བླང་གཉིས་ཀྱི་ཁོངས་སུ་བསྡུས་ནས། སྤང་བྱ་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་བཤད་པའི་སྐབས་སུའང་། སྒོམ་སེམས་གནས་ཀྱི་བསམ་གཏན་ཙམ་བསྒོམས་ནས་དོན་དམ་པའི་ཆོས་ཉིད་ཀྱི་གནས་ལུགས་དེ་ཇི་བཞིན་རྟོགས་དཀའ་བ་ཡིན་པ་དང་། རྟོགས་དཀའ་བས་མ་ཚད་གོལ་ས་ཡོད་ལུགས་ཀྱི་རྣམ་བཞག གྲངས་ཅན་པས་རྣམ་འགྱུར་ཆད་པའི་སྟོང་བ་སྒོམ་པ་དང་། ཉི་མ་པས་སྣང་བ་སྤང་བའི་སྟོང་བ་སྒོམ་པ་དང་། ཛ་ཡ་དྷ་ར་པས་ཡུལ་དྲུག་སྐྱོན་དུ་བལྟས་ནས་མི་རྟོག་པ་རྩེ་གཅིག་ཏུ་སྒོམ་པ་དང་། རིག་བྱེད་པས་རྟོག་མི་རྟོག་གཉིས་ཀ་མེད་པའི་ནམ་མཁའ་ལྟར་སྟོང་པ་ཕྱང་ཆད་དུ་སྒོམ་པར་བྱེད་པ་རྣམས་དམིགས་ཀྱིས་བཀར་བའི་གསལ་ཁ་དང་བཅས་སྟེ་གསུངས་ཤིང་། དེས་ན་འཇིག་རྟེན་ལས་འདས་པའི་བསམ་གཏན་ཐབས་དང་ཤེས་རབ་ཞི་ལྷག་ཟུང་འབྲེལ་མ་དགོས་དང་། འཇིག་རྟེན་པའི་བསམ་གཏན་སྐྱོན་མེད་ཞིག་ཀྱང་དཀའ་བར་འདུག་པས། བླ་མའི་མན་ངག གདམས་པའི་ཞལ་ཤེས། དད་དང་མོས་གུས་ཀྱི་ཤུགས་དྲག་ཅིག་མ་བསྐྱེད་ན་སུས་སྒོམ་དུ་འགྱུར་བ་ཆ་མ་མཆིས་པ་སྟེ། གོང་དུ་གྲངས་ཅན་པའི་སྐབས་ནས། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་མེད་མུ་སྟེགས་རྣམས་ཀྱིས་བརྟག །ཅེས་ལུང་དྲངས་ནས་བདག་ནི་རྒྱུ་འབྲས་གཉིས་ཀ་མ་ཡིན། སུས་ཀྱང་མ་བསྐྱེད། ཕར་ལ་ཡང་མི་བསྐྱེད་པའི་སྐོར་གྱི་ཟུར་འཕྲོས་སུ། དེང་སང་གི་ཆེན་པོར་རློམ་པ་འགའ་རེས་སེམས་ཉིད་ད་ལྟར་བ་གསལ་ལ་མི་རྟོག་པ་འདིར་རྒྱུ་འབྲས་མེད། འདིས་རྒྱུ་འབྲས་ཕར་ལ་མི་བསྐྱེད། དེའི་ངང་ལ་གོམས་སུ་ཆུགས་དང་ཆོག་ཅེས་ཟེར་མཁན་དེ་ཚོ་གྲངས་ཅན་པའི་ཕྱོགས་སུ་གླན་པར་ཡིན་གསུངས་ནས་གདམས་ངག་མཚང་ཐོག་ཏུ་རྒོལ་བ་དེ། ཕྱི་རབས་ཀྱི་རྗེས་འཇུག་ཚོས་ལམ་གྱི་གེགས་སེལ་བོགས་འདོན་ཆེན་པོར་འགྲོ་བར་ངེས། ཡང་གཙོ་བོ་དགག་པའི་སྐབས་ཀྱི་འཁྲུལ་མ་འཁྲུལ་དགག་པའི་སྐབས་སུ། རང་སྡེ་ཁ་ཅིག་གིས་སྣང་བ་སྣ་ཚོགས་དུ་མར་སྣང་ཡང་སེམས་སུ་རོ་གཅིག་པར་ལྡན་པ་བཤད་པ་ནི། ཡེ་ཤེས་བླ་མའི་ནང་དུ་ཤར་ར་ལམ་མེ་བ་གསུངས་པ་དེ་དང་གོ་བའི་ཕྱོགས་འདྲ་བ། གནད་དུ་དོགས་སེལ་ལ་གསུངས་པ་འདི་དག་མན་ངག་གི་བསྟན་བཅོས་ཡིན་པས། ཐབས་སྣ་ཚོགས་པས་ལམ་ལ་བྱི་དོར་མཛད་ནས་མ་འོངས་ཕྱི་རབས་ཀྱི་འགྲོ་བར་རྗེས་བརྩེས་གདམས་པ་གནང་བ་ཡིན་འདུག ཕྱི་ནང་གི་གྲུབ་མཐའི་རྣམ་བཞག་དང་། ཚུལ་གསུམ་ཚད་མའི་བརྒལ་བརྟག་གི་ཐོག་ནས་དགག་གཞག་སྤང་གསུམ་གྱིས་ལུང་རིགས་རྒྱ་ཆེན་པོས་ཞིབ་ཕྲས་སྒོ་ནས་གཏན་ལ་ཕབས་ཡོང་དུས། རིག་ལམ་གྱི་འགྲོས་དང་གཞུང་སྤྱིའི་གོ་བའི་སྤྱི་འགྲོས་ལ་བག་ཆགས་དེ་ཙམ་བཞག་མ་མྱོང་བ་དག་གིས། དོན་རྒྱ་ཆེན་ཞིག་གོ་བ་མ་རེད་ཀྱང་། སྒྲ་ཚིག་ཐོས་པའི་ཕན་ཡོན་ཙམ་ཡང་བསམ་གྱིས་མི་ཁྱབ་པ་ཡོད་པས། ཐོས་པའི་བག་ཆགས་དེ་རང་གི་རྒྱུད་ལ་བཞག་པའི་སྟོབས་ཀྱིས། ཤེས་རྒྱུད་དེ་ལ་དེས་བགོས་ནས། སྐྱེ་བ་སྐྱེ་བ་རྣམས་སུ་དམ་ཆོས་འཛིན། །ཚེ་རབས་ཚེ་རབས་ཀུན་ཏུ་གཞན་ཕན་སྤྱོད། །ཅེས་སྨོན་པ་ལྟར་དུ་ཡོང་བ་ཡིན། གལ་ཏེ་ཚེ་འདིར་ཐོས་པའི་མཐའ་རྒྱ་བཅད་ནས་ཤེས་བྱ་མཐའ་དག་ལ་ཐོགས་པ་མེད་པའི་མཁས་པའི་དབང་པོ་ཞིག་ཏུ་མ་གྱུར་ཀྱང་། ཚུལ་ཁྲིམས་དྲི་མ་མེད་པས་གཞི་བཟུང་། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ན། སྐྱེ་བའི་ཕྲེང་བ་རྗེས་མ་རྣམས་སུ་དཀའ་བ་སྤྱད་མི་དགོས་པར་གཟུངས་དང་སྤོབས་པའི་གཏེར་ཆེན། སྨོན་ལམ་དང་བག་ཆགས་ཀྱི་དབང་གིས་རྡོལ་ནས། ཤེས་རབ་ཉིན་མོ་བྱེད་བའི་སྣང་བ་སྙིང་དབུས་ནས་འཆར་བའི་རྒྱུ་རུ་འགྲོ་བ་ནི། གཅིག་ན་རྒྱུ་འབྲས་བསླུ་མེད་ཡིན་པ་དང་། གཉིས་སུ་བྱེད་པ་རྒྱུ་མཐུན་གྱི་སྟོབས་ཀྱིས་དེ་ལྟར་འགྲོ་བ་ཡིན། འགའ་རེས་པཎྜི་ཏ་འབའ་ཞིག་གི་སྐྱེ་བ་འཕྲོས་འཕྲོར་ཉི་ཤུ་རྩ་ལྔ་ཙམ་རེ་བླངས་རབས་ཀྱང་དེ་ལྟར་ཡིན། དེ་ལས་གཞན་པ་སྡེ་སྣོད་འཛིན་པ་ཐོས་བསམ་གྱི་གྲལ་ལ་ཞུགས། འཆད་རྩོད་རྩོམ་པའི་མཛད་པ་སྐྱོང་མཁན་ཚོར་ཞུ་ཅི་དགོས་ཀྱང་། བོད་གངས་ཅན་གྱི་ལྗོངས་འདི་ནི་རྒྱལ་བའི་ལུང་གིས་ཟིན་པ་སྟེ། སྟོན་པ་མྱ་ངན་འདས་ཁར། ང་ཡི་བསྟན་པ་བྱང་ནས་བྱང་དུ་དར་བར་གསུངས་བའི་གངས་ལྡན་ཆོས་ཚིགས་ཀྱི་ཡུལ་དབུས། ཁྱད་པར་དུ་དེ་རིང་ཁ་རྩང་འཛམ་གླིང་ས་འདིའི་སྒང་འདིར་ཐུབ་པའི་བསྟན་པ་མདོ་སྔགས་གཉིས་ལྡན་གྱི་རིང་ལུགས་དྲི་མ་མེད་པ་དར་དང་མི་དར་གྱི་རྩ་བ་ནི། བོད་མཐོ་སྒང་གི་ཆོས་གྲྭ་དགོན་སྡེ་རྡོག་མ་ཁ་ཤས་ལ་རག་ལས་ཡོད་ལ། འདིའི་ཐད་ལ་ཞིབ་ཏུ་དཔྱད་པ་བྱས་ན། ཕར་བལྟས་ན་ཕྱི་ཚུལ་གྱིས་གོས་ངུར་སྨྲིག་གི་ན་བཟའི་ཆ་བྱད་གཟུང་མཁན་མང་བ་ལྟར་སྣང་ན་ཡང་། དོན་དུ་བསྟན་པ་ཐོས་བསམ་སྒོམ་གསུམ་གྱིས་འཛིན་ཏེ། བསྟན་པ་རང་རྒྱུད་ནས་ཆ་ཚང་སྐྱོང་མཁན་ནི་ཧ་ཅུང་དཀོན་པའི་དུས་ཚོད་ལ་བསླེབས་ནས་ཡོད། གྲྭ་བ་ཁྲི་གཅིག་གི་ནང་ན་དཔེ་ཆ་གཟིགས་ནས་སྡེ་སྣོད་ཀྱི་སྦྱོང་བ་བྱེད་མཁན་བརྒྱ་ཐམ་པ་ཨེ་ཡོད། དཔེ་ཆ་གཟིགས་མཁན་བརྒྱ་ཐམ་པའི་ནང་ན་དཔེ་ཆ་པ་ཞེས་མིང་གདགས་ཆོག་ས་ཞིག་གི་ལྔ་བཅུ་ཐམ་པ་ཡོད་ན་ཆོག་པར་འདུག་སྟེ། དཔེ་ཆ་པ་བཅུའི་ནང་ན་མཁས་པ་རེ་རེ་ཡོད་ན་བོད་མི་སྐྱོན་པར་འདུག གྲྭ་བ་ཁྲི་རེའི་ནང་ན་མཁས་པ་ཆེན་པོ་ངོ་མ་ཞིག་གི་ལྔ་རེ་ཡན་ཆད་ཡོད་ན། རིམ་གྱིས་རིམ་གྱིས་འཕེལ་ནས་མཁས་བཙུན་གཉིས་ལྡན་དང་གྲུབ་པ་དང་སུམ་ལྡན་གྱི་བསྟན་འཛིན་གྱི་སྐྱེས་བུ་མི་ཉུང་བ་ཞིག་བྱོན་ཆོག་པ་ཡིན། དེས་དུས་སུ་དེ་རྣམ་པས་བྱི་དོར་མཛད་ནས་སངས་རྒྱས་ཀྱི་བསྟན་པ་འདི་ལྟར་སྣང་ཙམ་དང་གཟུགས་བརྙན་ཙམ་དུ་མི་འགྲོ་བའི་དག་ཐེར་ཞིག་བྱེད་ངེས། དེ་དང་མཉམ་དུ་དེའི་ཤན་དེ་ཐམས་ཅད་ལ་ཞུགས་ནས་མི་ཐམས་ཅད་ཀྱང་ནང་གི་ཡོན་ཏན་ལ་དོ་སྣང་བྱེད་མཁན་དང་། ཡ་རབས་སྤྱོད་གཙང་ཅན་ལ་མིག་ལྟོས་བྱེད་མཁན། ཐམས་ཅད་དངུལ་དང་བརྗེ་བར་མི་བྱེད་པ། ཁྲེལ་དང་ངོ་ཚ་ཅན་མང་པོ་ཞིག་འབྱུང་བ་དང་། དེ་ལྟ་བུའི་བཟང་པོའི་ཡོན་ཏན་གྱི་ནང་བཅུད་ཅིག་སེམས་རྒྱུད་ན་ཡོད་ཡོང་དུས་ཕྱིའི་སྤྱོད་ལམ་དེ་ཡང་ཇེ་བཟང་དུ་སོང་ནས། བོད་ཀྱི་མི་འདི་འཛམ་གླིང་མིའི་རིགས་ཀྱི་ཡར་ཐོན་གྱི་མིག་དཔེ་རུ་འགྱུར་དུས། གངས་རི་དཀར་པོའི་གཟི་མདངས་འཕྲོ་བ་དང་མཉམ་དུ། བོད་མིའི་མཚན་དང་སྙན་པས་གླིང་ལྔ་མཚོ་བཞིར་ཁྱབ་ནས་རྫོགས་ལྡན་གསར་བ་ཞིག་ཁ་བཤད་ཙམ་མ་ཡིན་པར་མགྲོན་དུ་ཁུག་པའི་བྱེད་པོར་ཡང་འགྱུར་སྲིད་དོ་སྙམ། གང་ལྟར་ཡང་གཞོན་ནུ་སྡེ་སྣོད་འཛིན་པའི་དཔུང་སྡེ་ཡིས་རང་ཡུལ་གྱི་ཆོས་སྲིད་ཡར་རྒྱས་ལ་གཏོང་། སྣོད་བཅུད་ཀྱི་རྒུད་པ་སེལ། བསྟན་འགྲོའི་ཕན་བདེ་སྤེལ་བའི་གདོང་མཆོང་པ་མ་འདྲ་བ་ཞིག་མཛད་དགོས་དགོངས་པའི་ཆོད་སེམས་བརྟན་པོ་ལྡོག་མེད་ཡོད་ན། རང་དཔེ་གཞན་སྟོན་དགོས་པས། ཐོག་མར་རང་ཉིད་དཔེ་ཆ་ལྟ་གྲུབ་གཙང་མར་འཛིན་མཁན་ཞིག་ཏུ་བསྒྱུར་དགོས་པ་ཡིན། དེ་ཡང་ད་ལྟ་འཆད་ཉན་བྱེད་བཞིན་པའི་ཡིད་བཞིན་རིན་པོའི་ཆེའི་མཛོད་འདི་དང་འདྲ་བར་མདོ་སྔགས་བཀའ་དང་བསྟན་བཅོས་ཐམས་ཅད་ཀྱི་སྙིང་དོན་གཅིག་ཏུ་དྲིལ་ནས་བསྡུས་པ། གང་དགོས་ལེན་ཆོག་ཆོག་ཏུ་ཡོད་པ་ཞིག་མཛད་དགོས་པ་ཡིན། དེ་འཇིག་རྟེན་པའི་གཏམ་བཤད་བཤད་བྱས་ན། བུ་རབ་ཡང་དག་ཅིག་ཡིན། དེ་ཡང་སྔར་བསགས་ཀྱི་བསོད་ནམས་ཅན་ཞིག་མིན་ན་ཡོང་དཀའ་བ་ཡིན། ངས་ཁྲི་གཅིག་གི་ནང་ན་བརྒྱ་རེའི་བསྡུར་ཚད་བླང་བ་ནི། དང་པོར་དེས་མི་ཚད་ཀྱང་། འབྲོག་པས་རྟ་རྒྱུག་པ་ལྟར་དུ་མགྱོགས་དང་དར་ཉེ་ཞིང་ཉེ་ལ་ཇེ་ཉུང་ཡིན། མདོར་ན་བསྟན་འཛིན་གྱི་སྐྱེས་བུའི་ས་སྟེང་གང་ཞིང་། བསྟན་པ་ཡང་དག་སྐྱེ་དགུའི་མིག་རྒྱན་དུ་ཡོང་བའི་སྨོན་འདུན་དང་བཅས་ཏེ། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསག་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།

ཉིན་བཅུ་གསུམ་པའི་ཆོས་ཁྲིད།

ད་ཡང་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། དམིགས་མེད་ཀྱི་ལྟ་བའི་ངང་དང་མ་བྲལ་ཞིང་། འཁོར་གསུམ་རྣམ་པར་མི་རྟོག་པས་དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་བ་དང་བཅས་པའི་ཐར་ལམ་སྒྲུབ་པའི་གཅེས་པ་རྣམ་གསུམ་མམ། ཐེག་ཆེན་དམ་པ་གསུམ་དང་མི་འབྲལ་བའི་ཐུགས་འདུན་གྱི་སྒོ་ནས། རང་གཞན་འདི་ཕྱིའི་བདེ་སྐྱིད་ཐམས་ཅད་ཀྱི་འབྱུང་གནས་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས། བསྟན་པའི་སྙིང་པོ་ལུང་དང་རྟོགས་པ་གཉིས་ཀ་དེ་བཤད་དང་སྒྲུབ་པ་གཉིས་ཀྱིས་འཛིན་སྤེལ་མཛད་པའི་དམ་པའི་ཆོས་འཆད་ཉན་ལ་ཉིན་བཞིན་མཉམ་དུ་ཞུགས་པ་ཡིན་ཞིང་། ཆོས་འཆད་ཉན་བྱས་པའི་དོན་སྒོ་དང་དམིགས་ཡུལ་ནི་བསམ་སྒོམ་གྱིས་ཆོས་ཉམས་སུ་ལེན་པ་དེ་ཡིན་པས། ནམ་དང་ནམ་ཡིན་ཀྱང་མཉམ་པོར་མ་འཚོག་ན་མ་གཏོགས་དུས་རྒྱུན་གྱི་ཇ་མཆོད་བཏོན་པ་བཞིན་ཆག་མེད་དུ་བཟླས་པ་ནི། ཆོས་ཞུས་ཏེ་ཆོས་དང་རང་རྒྱུད་གཉིས་ཀ་འདྲེས་དགོས་པས་བློ་ཆོས་སུ་འགྲོ་ཆུགས། བློ་ཆོས་སུ་སོང་བ་ཙམ་ཞིག་གིས་མི་ཆོག་པས་ཆོས་གང་ཡིན་ཀྱང་དེ་སྒྲུབ་ལུགས་ཀྱིས་ཆོས་ལམ་དུ་འགྲོ་དགོས། ཆོས་ལམ་དུ་འགྲོ་བ་ཙམ་གྱིས་མི་ཆོག་པར་ལམ་དེ་བརྒྱུད་ནས་སྒྲུབ་པ་མཐར་ཕྱིན་དགོས་པས་བར་ཆད་ཀྱི་རྐྱེན་དང་འདྲེས་མི་གཞུག་པར་ལམ་གྱི་འཁྲུལ་བ་སེལ་དགོས། འཁྲུལ་བ་སེལ་བ་ཙམ་ཞིག་གིས་མི་འོང་བར་འབྲས་བུའི་ས་ལ་སྙེག་དགོས་པས་འཁྲུལ་བ་ཡེ་ཤེས་སུ་འཆར་དགོས་ཞེས་ཐེངས་གཅིག་མ་ཡིན་པར་གལ་པོ་ཆེ་ལ་ནན་ཏན་བྱས་པ་རེད། དེ་རིང་ཡང་དེ་སྔོན་ཞུས་ཚོད་པོའི་མདོར་བསྡུས་ན་དང་པོ་བློ་ཆོས་སུ་འགྲོ་ཐབས་ལ་དལ་འབྱོར་རྙེད་དཀའ་བསམ་དགོས། མི་ལུས་ཐོབ་ཚད་པོ་དལ་རྟེན་མ་རེད་ལ། ཆོས་ཞུས། ཆོས་ལ་དད་པ་ཙམ་ཞིག་གིས་ཀྱང་ཆོས་ཉམས་སུ་ལེན་པའི་སྐལ་བ་དང་མ་ལྡན་ན་དལ་འབྱོར་ཚང་མེད། དལ་དང་འབྱོར་བའི་མཐུན་རྐྱེན་འགའ་རེ་ཚོགས་དང་མི་ཚོགས་དེ་རང་ཉིད་ལ་རག་ལས་པས་ན་དང་པོ་དལ་འབྱོར་ཚང་བར་བྱེད་དགོས། དལ་འབྱོར་ཚང་པའི་ལུས་རྟེན་དེ་རྩ་ཆེན་ཡིན་པའི་རིན་ཐང་དེ་ཤེས་དགོས། དེ་ནས་འདི་ཡང་བརྟན་པ་མེད་པ་འདུས་བྱས་ཀྱི་ཆོས་ཡིན་པས། ཚེ་མི་རྟག་པའི་ཕྱོགས་ལ་བསམ་བློ་བསྐོར་དགོས། སྐྱེས་ཚད་འཆི་རྒྱུ་ཡིན་པ་ཙམ་ཞིག་ཚང་མས་ཤེས་ཀྱང་། ནམ་འཆི་ཆ་མེད་ཀྱིས་ལོང་མེད་དངོས་དེ་རྒྱུད་ལ་མ་སྐྱེ་པར་རྟག་འཛིན་ཏག་ཏག་གིས་འདའ་བའི་སྐབས་སུ་འཆི་བ་གློ་རྒྱག་ལ་སླེབས་ནས་གྲ་སྒྲིག་གིས་འདང་མེད་ན་ཉེན་ཁ་ཆེན་པོ་ཟློག་མེད་ཅིག་འབྱུང་བ་ཡིན་པས། འཆི་བ་ད་ལྟ་ཡོང་དང་དོ་དགོང་ཡོང་ངེས་པ་མེད་པའི་འདེང་རྒྱག་གིས་སྡར་མའི་པང་ཐོག་ལ་སྦྲུལ་ཐོན་པ་བཞིན་དུ་ཆོས་ལ་ཕྱི་བཤོལ་མི་བྱེད་པར་བསྒྲུབ་དགོས་བསམ་པས་མི་ཚད་སྒྲུབ་པར་བྱེད་པ་དང་། འཇིག་རྟེན་གྱི་འདོད་ཡོན་གཉེན་གྲོགས་ཆོས་ལས་ཕྱི་བཤོལ་གྱི་བདུད་ཡིན་པ་དང་། འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་གནས་རེད་བསམས་ནས་འཁོར་བར་ཞེན་པ་ལོག་པ་དང་། ཐར་བར་མངོན་འདོད་ཀྱི་བརྩོན་པ་སྤྱད་ན་ངེས་འབྱུང་རྣམ་དག་ཅིག་ལ་འགྲོ་བ་ཡིན། དེ་ལྟ་བུའི་ངེས་འབྱུང་རྣམ་དག་ཅིག་ལ་བརྟེན་ནས་ཆོས་སྒྲུབ་པའི་མཐུན་རྐྱེན་ཚང་བའི་སྒོ་ནས་དམ་པའི་ཆོས་སྒྲུབ་ནས་ཉམས་སུ་ལེན་པ་ནི་བློ་ཆོས་སུ་འགྲོ་བའི་ཆོས་དང་པོ་དེ་ཡིན་པ་དང་། དེ་ལྟར་སྒྲུབ་པ་ཉམས་ལེན་བྱེད་པའི་སྐབས་དེར་རང་རྒྱུད་སྔོན་གོམས་ངན་པའི་དབང་ལ་ཤོར་ནས་ཕྱིར་ལམ་ལོག་ལམ་གོལ་ལ་འཕྱན་ཆས་བྱས་ཏེ། ཚེ་འདིའི་གཡེང་བ་སོགས་ཀྱི་རྐྱེན་ངན་གྱི་དབང་དུ་ཤོར་བ་ལ་ཕྱོགས་ན་ཆོས་ལམ་ལ་མི་འགྲོ་ཆས་ཡིན་པས། དེའི་གཉེན་པོ་ཆོས་ལམ་ལ་འགྲོ་ཐབས་ནི་དགེ་བའི་བཤེས་གཉེན་ལ་རག་ལས་ཕྱིར། བླ་མ་མཚན་ཉིད་དང་ལྡན་པ་ཞིག་བསྟེན་ནས་དེའི་བཀའ་བཞིན་དུ་སྒྲུབ་པ་དང་། སྡོམ་དམ་ཚིག་རྣམ་པར་དག་པའི་ཐོག་ནས་དང་པོར་ཐོས་པ་ལྷུར་ལེན། དེ་ནས་བསམ་དང་སྒོམ་པ་བྱས་ནས་གང་བྱེད་ཐམས་ཅད་རང་གཞན་གྱིི་དོན་དུ་ཐར་བ་སྒྲུབ་པའི་དམིགས་ཡུལ་འདུན་པ་གཅིག་པུ་དེ་ལ་བརྟེན་ནས་དགེ་བའི་ཕྱོགས་ཁོ་ན་ལས་གཞན་མི་བསམ་པ་ནི་ཆོས་ལམ་དུ་འགྲོ་བའི་མན་ངག་ཡིན། གསུམ་པ་ལམ་གྱི་འཁྲུལ་བ་སེལ་བ་ལ་ཐུན་མོང་གི་ལམ་ནས་ཐོག་མར་ཚད་མེད་རྣམ་བཞིར་བློ་བྱང་ཞིང་འབྱོངས་པ་ཞིག་བྱེད། དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་སྨོན་དང་འཇུག་པའི་བསླབ་བྱ། སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམ་གསུམ་དེ་སྲུང་བ་དང་། བདག་མེད་རྣམ་གཉིས་ཀྱི་དོན་རྟོགས་པའི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ལྟ་སྤྱོད་ཟུང་དུ་འབྲེལ་བ་ཞིག་གི་སྒོ་ནས་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་བྱས་ནས་བགྲོད་པར་བྱེད་པ་དང་། ཁྱད་པར་གྱི་ལམ་ནས་ཀྱང་གསང་ཆེན་རྡོ་རྗེ་ཐེག་པའི་སྔགས་ཀྱི་འཇུག་སྒོ་སྨིན་གྲོལ་རིམ་གཉིས་ཀྱི་ལམ་ནས་བསྐྱེད་རྫོགས་ཀྱི་ཉམས་ལེན་བྱེད་པ་དང་། བླ་མེད་མཆོག་གསང་རྫོགས་པ་ཆེན་པོའི་རང་གནས་ཆོས་སྐུ་མཉམ་ཉིད་ཀྱི་དགོངས་པ་གནས་ལུགས་བསམ་གྱིས་མི་ཁྱབ་པ་དེ་ཉིད་ལ་ལྟ་སྒོམ་སྤྱོད་པའི་གདེང་འཆའ་བ་ནི་ལམ་གྱི་འཁྲུལ་བ་སེལ་བའི་མན་ངག་རེད། དེ་ནས་འཁྲུལ་བ་ཡེ་ཤེས་སུ་དག་ནས་ཆོས་སྐུ་རོ་གཅིག་པའི་ཡེ་ཤེས་བརྙེས་པར་བྱེད་པ་ལ། ཐུན་མོང་གི་ལམ་ནས་ཉོན་མོངས་གཉེན་པོས་སྦྱངས། ཁྱད་པར་གྱི་ལམ་ནས་ཐབས་ཀྱིས་སྒོ་ནས་ཉོན་མོངས་ཡེ་ཤེས་སུ་སྒྱུར། བླ་མེད་རྫོགས་ཆེན་གྱི་སྒོམ་པས་ཉོན་མོངས་རྣམ་རྟོག་མ་སྤངས་རང་གྲོལ་བྱས་ནས་དབྱིངས་སུ་དག་པའི་ཐབས་ཏེ། དེ་ཐམས་ཅད་ཀྱང་གང་ཟག་རང་རང་གི་ཁམས་དབང་མོས་པ་དང་བསྟུན་ནས་ཉམས་སུ་ལེན་དགོས། མདོར་ན་གནས་སྐབས་ལམ་གྱི་ཉམས་ལེན་ལ་བརྟེན་ནས་ཟབ་མོའི་ཐབས་ཀྱི་ཉམས་ལེན་གནད་དུ་འགྲོ་བ་ལ་གོམས་པར་བྱས་ནས། མཐར་ཐུག་ཆོས་ཁམས་དགེ་བའི་འདུས་མ་བྱས་བདེ་གཤེགས་སྙིང་པོ་གློ་བུར་ཁམས་ཀྱི་དྲི་མའི་ཚོགས་བྲལ་བ་དང་མཉམ་དུ་དག་པ་གཉིས་ལྡན་ཆོས་ཀྱི་སྐུ། སྐུ་གསུམ་ཆོས་དབྱིངས་གཅིག་གི་ངོ་བོ་རུ་བདེ་ཀློང་དུ་འཁྱིལ་བའི་ཡེ་ཤེས་མངོན་དུ་གྱུར་པ་ལ་འཁྲུལ་བ་ཡེ་ཤེས་སུ་འཆར་བའི་མན་ངག་ཅེས་བརྗོད་པ་ཡིན། དེས་ན་རྒལ་དཀའ་འཁོར་བའི་རྒྱ་མཚོ་ཆེན་པོ་སྡུག་བསྔལ་མཐའ་དག་གིི་རང་བཞིན་ཅན་འདི་ལས་ངེས་པར་ཐར་དགོས་བསམ་པ་ཞིག་གིས་ཐར་པར་བགྲོད་པ་ལ་མེད་དུ་མི་རུང་བའི་ཆོས་བཞི་བོ་འདི་ཉམས་ལེན་བྱེད་དགོས་པ་ཡིན། ད་རེས་རྟེན་འདིའི་ཐོག་ནས་ཐར་ལམ་ཡང་དག་བྱང་ཆུབ་སྒྲུབ་པའི་སྒོ་ཞིག་དང་ལམ་ཞིག་རྙེད་ཐབས་བྱས་ནས་མི་བསྒྲུབ་པར་ཕྱིས་ཤིག་ནས་མི་སྐྱོན་སྙམ་པ་ནི་རེ་སྟོང་དངོས་སོ། །དེ་ནས་སྤྱིར་ད་རེས་ཀྱི་རྟེན་འདིའི་ཐོག བྱེ་བྲག་སང་དང་གནང་ལ་མི་གཞག་པར། ཁྱད་པར་ད་ལྟ་ཉིད་ནས་སྒྲུབ་པར་བྱེད་པ་ནི་ཐོག་མཐའ་བར་གསུམ་ལ་མེད་དུ་མི་རུང་བའི་བསམ་པ་དོན་ཐོག་ལ་ཁེལ། བསྒྲུབ་པ་མཐའ་རུ་ཕྱིན་པའི་གནད་ཀྱི་མདོ་འགག་ལྟ་བུའོ། །བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་གདུལ་བྱའི་ཁམས་དབང་དང་འཚམས་པའི་ཆོས་འཁོར་རིམ་པ་གསུམ་དུ་བསྐོར་ཡོད་པ་ཐམས་ཅད་བདེ་བར་གཤེགས་པའི་བཀའ་དང་། གདུལ་བྱ་རང་རང་གི་བློ་དང་འཚམས་པ་དང་། ཐེག་གསུམ་དམ་པའི་ཆོས་ཡིན། དེ་ཡང་གང་ཟག་ཅིག་གིས་སྒྲུབ་མི་རུང་བ་ནི་ག་ལ་ཡིན། ཐམས་ཅད་ཀྱང་གང་ཟག་ཅིག་འཚང་རྒྱ་བའི་ལམ་དུ་འཛིན་ཆོག་པ་རེད། འགའ་རེ་ལམ་གྱི་གཙོ་བོ་དང་། འགའ་རེ་ལམ་གྱི་ཡན་ལག་ཡིན་པས། ཐེག་ཆེན་གྱི་ལམ་ལ་ཞུགས་ན་ཐེག་དམན་གྱི་ལམ་ཐམས་ཅད་མཐའ་གཅིག་ཏུ་དོར་བྱ་ག་ལ་ཡིན། ཐུན་མོང་བའི་ལམ་ཐམས་ཅད་ཐེག་དམན་བའི་ལམ་ནས་བསྟན་ཡོད་ཅིང་། རང་དོན་ཞི་བ་དོན་གཉེར་ལ་སོགས་པ་འགའ་རེ་ལས་གཞན་ཐམས་ཅད་ཐེག་ཆེན་པས་ཀྱང་བསྒྲུབ་དགོས་པ་ཡིན། སྔགས་ཀྱི་སྐབས་ན་ཡང་དེ་དང་འདྲ་འདྲ་རེད། ཐབས་ཀྱི་ཁྱད་པར་དམིགས་བསལ་བ་མ་གཏོགས་པའི་ཐེག་ཆེན་མདོ་སྔགས་ཀྱི་ཐུན་མོང་གི་ལམ་ཐམས་ཅད་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བསྟན་ཡོད་པ་ཡིན། དེས་ན་སྡོམ་པ་གསུམ་པོ་དེ་ཡང་། ང་འགྲོ་ཁྱོད་འདུག་ཀྱང་མིན་ལ། རྭ་ཅོ་ཅན་དང་ལོང་ཁ་ཅན་ཐུག་སོང་བ་ལྟ་བུའི་གཅིག་དགྲ་གཅིག་གཤེད་དུ་གྱུར་བ་ཞིག་ཀྱང་གཏན་ནས་མིན། སྡོམ་གསུམ་འགལ་མེད་ངོ་བོ་གནས་འགྱུར་ཡོན་ཏན་ཡར་ལྡན་གྱི་བཞེད་ཚུལ་དྲི་མ་མེད་པ་ཡོད་པ་ཡིན། དེ་བཞིན་དུ་འདི་ནས་ལམ་གྱི་འཁྲུལ་བ་སེལ་ཚུལ་དང་། འཁྲུལ་བ་ཡེ་ཤེས་སུ་འཆར་བའི་ཐབས་འདི་ལ། ཐུན་མོང་ཁྱད་པར་བླ་མེད་གསུམ་པོ་གང་འཕྲོད་པ་གང་ཟག་རང་གི་བློ་རིམ་དང་སྦྱར་ནས་རིམ་དང་གཅིག་ཆར་གྱི་ཉམས་ལེན་གྱི་གནད་དང་བསྟུན་ཆོག་པ་ཡིན། དེ་ལྟ་བུའི་གང་ཟག་ལས་དང་པོ་བའི་རིགས་ཅན་ལ་ཕན་ཐོགས་རེ་འབྱུང་བའི་བསམ་པས་ཆོས་བཞིའི་གནད་བསྡུས་ཏེ་ཅུང་ཟད་བཤད་པ་དང་བཅས་ཏེ། སྐབས་སུ་བབ་པའི་ཆེད་དུ་བྱ་བ་རྒྱལ་གསུང་དྲི་མ་མེད་པའི་མདོ་རྒྱུད་ཀྱི་དགོངས་དོན་ཕྱོགས་གཅིག་ཏུ་སྡེབ་པ་ལ། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་དང་ཞལ་མཉམ་པ། ཀུན་མཁྱེན་ངག་གི་དབང་པོ་རྒྱལ་བ་ཀློང་ཆེན་པའི་དགོངས་པའི་གསང་མཛོད་ཆེན་མོ། ཕྱི་རབས་འགྲོ་བའི་མཆོད་སྡོང་དུ་ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོར་བཞག་པའི་མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན་དུ་བཞུགས་པ་ལས། བསྒྲིགས་པའི་གོ་རིམ་གྱི་དབང་གིས་ཐོག་མར་བྱས་པའི་ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་ཊཱིཀ་པདྨ་དཀར་པོ་འདི་ཉིད་འཆད་ཉན་བགྱི་བ་ལ། འདིའི་ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་བས་མ་ཚད། བར་དུ་དགེ་བ་གཞུང་གི་དོན་ལས་ཀྱང་འཁོར་བའི་རང་བཞིན་སྤང་བྱར་བསྟན་པ་སོང་ནས། མྱ་ངན་ལས་འདས་པའི་རང་བཞིན་བླང་བྱར་བསྟན་པའི་སྐབས་ལས་ཀྱང་མང་དག་ཅིག་སོང་སྟེ། དེ་རིང་ལེའུ་བཅུ་གཉིས་པ་གྲུབ་མཐའི་རིགས་མཛོད་ཆེན་མོ་བཤད་པ་ལས། སྤང་བྱ་ཕྱི་རོལ་མུ་སྟེགས་པ་དང་། བླང་བྱ་ནང་པ་སངས་རྒྱས་པའི་གྲུབ་མཐའ་བཤད་པའི་སྐབས་ཀྱི། དང་པོ་ཕྱི་རོལ་པའི་གྲུབ་མཐའ་བཤད་པའི་སྐབས་ཏེ། དེ་ལའང་རྣམ་གྲངས་མང་ཡང་དོན་དྲུག་ཏུ་བསྡུས་ཏེ་བསྟན་པའི། སྟོན་པ་དྲུག འཇིག་ཚོགས་ལ་ལྟ་བ་ཉི་ཤུ། ལྟ་བ་དྲུག་ཅུ་རྩ་གཉིས། ལྟ་ལོག་སུམ་བརྒྱ་དྲུག་ཅུ། སྡེ་ཚན་ངེས་པ་བཅུ་གཅིག ཐམས་ཅད་བསྡུ་བས་ཏརྐ་སྡེ་ལྔ་བཤད་པའི་སྐབས་ཀྱི། ཏརྐ་སྡེ་ལྔའི་དང་པོ་གྲངས་ཅན་པའི་འདོད་པ་བཀོད་ནས་དགག་པའི་སྐབས་ནས། ཁ་རྩང་འགའ་ཞིག་སོང་སྟེ། དེ་རིང་རྒྱུ་ལ་འབྲས་གནས་དགག་པ་ལ་གཉིས་ཏེ། དོན་མི་འཐད་པ། དཔེ་མ་གྲུབ་པའོ། །དང་པོ་ལ་བདུན་ཏེ། མཐོང་བར་ཐལ་བ། རྐྱེན་གྱིས་ཐ་དད་དུ་མི་འགྱུར་བར་ཐལ་བ། འགལ་འདུས་སུ་ཐལ་བ། འབྲས་བུའི་བྱ་བ་བྱེད་པར་ཐལ་བ། རྒྱུའི་གྲངས་སྙེད་ཀྱི་འབྲས་བུར་ཐལ་བ། ཐམས་ཅད་ཐམས་ཅད་ཀྱི་དངོས་པོར་ཐལ་བ། གསལ་མི་གསལ་བརྟགས་པ་མཚུངས་པའོ། །དང་པོ་མཐོང་བར་ཐལ་བ་ནི། ཁྱོད་ཀྱི་འདོད་པ་ལྟར་རྒྱུ་ལ་འབྲས་གནས་ཡིན་ན་རྒྱུ་དུས་སུ་འབྲས་བུ་ཡོད་པས་ཉུངས་གཞི་ལ་ཉུངས་རྡོག་ཡོད་པའི་ཕྱིར་ཉུངས་གཞིའི་སྐབས་སུ་ཉུངས་རྡོག་མཐོང་བར་ཐལ་ལོ། །དེ་ཡང་ཡུངས་གཞིའི་སྟེང་ན་ཡུངས་རྡོག་ཡོད་པ་ཐལ། རྒྱུ་ལ་འབྲས་བུ་ཡོད་པར་འདོད་པའི་ཕྱིར་ཞེས་པའོ། །དེའི་ལན་དུ་ཁྱབ་པ་མེད་དེ་རྒྱུ་དུས་སུ་འབྲས་བུ་ཡོད་ཀྱང་མི་གསལ་བས་མཐོང་བ་མིན་པས་སོ་ཞེ་ན། འོ་ན་ད་ལྟ་ཡོད་པ་དང་ཕྱིས་ཀྱི་མཐོང་བ་གཅིག་མ་ཡིན་པར་ཐལ་ཏེ་གཅིག་ཡིན་ན་གསལ་མི་གསལ་དུ་ཡོད་པ་གཉིས་ཀ་གཞི་གཅིག་ལ་འདུ་བར་འགལ་བའི་ཕྱིར་རོ། །ཁྱོད་ཀྱི་འདོད་པའི་མི་གསལ་བའི་རྒྱུ་བརྒྱད་བཤད་པ་ལས་ཀྱང་། རིང་བས་མི་མཐོང་བ་ཉི་ཟླའི་འགྲོས་ལྟ་བུ་དང་དང་ཉེ་བས་མི་མཐོང་བར་མིག་གིས་ལྐོག་མ་མི་མཐོང་བ་ལྟ་བུའོ་ཞེས་འཆད་ཀྱང་མི་རུང་སྟེ་རྒྱུ་གཅིག་ཡིན་པ་དང་གོ་གཅིག་ན་གནས་པ་ཡིན་པས་སོ། །དབང་པོ་ཉམས་པས་མི་མཐོང་བ་ལོང་པས་གཟུགས་བཞིན་དང་། ལུས་ཀྱི་ནང་ཁྲོལ་མ་མཐོང་བ་ལྟ་བུའི་བསྒྲིབ་པས་མི་མཐོང་བ་དང་། ཟིལ་གྱིས་གནོན་པས་མི་མཐོང་བ་ཉིན་མོའི་སྐར་མ་ལྟ་བུ་ཞེས་པ་དེའང་མི་རུང་སྟེ་རྒྱུ་ལ་འབྲས་བུ་གནས་པས་རྒྱུ་མཐོང་བས་འབྲས་བུ་མི་མཐོང་དོན་མེད་པས་སོ། །ཡིད་མེད་པས་མི་མཐོང་པ་གཉིད་དུས་ཀྱི་ཉིན་མོའི་སྣང་བ་བཞིན་ཞེས་པར་ཡང་མི་རུང་སྟེ། འབྲས་བུ་ཡོད་མེད་ལ་བློ་གཏད་པས་སོ། །ཡིད་མེད་ན་འབྲས་བུ་རྒྱུ་དུས་ན་ཡོད་པའི་བློ་འབྱུང་བ་མིན་ཏེ་བྱེད་པོ་མེད་པའི་བྱ་བ་འགྲུབ་པ་མིན་པའི་ཕྱིར། ཕྲ་བས་མི་མཐོང་བ་བག་ཕྱེ་ལྟ་བུ་ཡིན་ཅེས་པ་དེ་མི་རུང་སྟེ་འབྲས་བུ་ཡུངས་རྡོག་ལྟ་བུ་དེ་རྒྱུ་ཡུངས་གཞི་བས་རགས་པས་ན་ཅིའི་ཕྱིར་མི་མཐོང་སྟེ་མི་མཐོང་བའི་དོན་པས་སོ། །ཁྲག་དང་འོ་མ་འདྲེས་པས་འོ་མིའི་རྡུལ་མི་མཐོང་བ་ཡིན་ཞེས་པར་དེའང་མི་རུང་སྟེ། ཆུང་ངུའི་གོར་ཆེན་པོ་མི་ཤོང་བས་འདྲེས་མི་རུང་ལ་གལ་ཏེ་ཆ་གཅིག་འདྲེས་པ་ཙམ་གྱིས་ནི་གཞན་མི་སྒྲིབ་པའི་ཕྱིར་རོ། །མགོ་མཚུངས་ཀྱི་རིགས་པ་ནི། དེ་ལ་གལ་ཏེ་སྤྱིར་མི་མཐོང་བ་ཙམ་གྱིས་ཡོད་པ་ཁེགས་པ་ཡིན་ནམ་མ་ཡིན། ཡོད་པ་ཁེགས་ན་ཁྱོད་ཀྱི་འདོད་པའི་ལྷ་དང་དམྱལ་བ་སོགས་པ་ད་ལྟ་མི་མཐོང་བའི་ཕྱིར་ན་ཡོད་པ་ཁེགས་པས་མ་མཐོང་ན་མེད་པ་ཡིན་ཅེས་པའི་རྒྱང་འཕེན་པའི་ལྟ་བ་འགྲུབ་པར་འགྱུར་ལ། མ་མཐོང་བ་ཙམ་གྱིས་ཡོད་པ་མི་ཁེགས་པར་མི་གསལ་བའི་ཚུལ་གྱིས་ཡོད་ན་ཁོ་བོ་གྲངས་ཅན་པའི་རྒྱུ་ལ་འབྲས་བུ་གནས་པའང་མི་ཁེགས་སོ་ཞེ་ན། ཡུལ་ལ་སྣང་དུ་རུང་བ་ཡིན་པ་མདུན་གྱི་བུམ་པ་ལྟ་བུ་དང་། སྣང་རུང་མིན་པ་ཡུལ་ལྐོག་ན་མོ་ལྟ་བུ་སྟེ་གཉིས་ལས། སྣང་རུང་རྣམས་མི་དམིགས་པས་ཡོད་པ་ཁེགས་ནས་མེད་པར་འགྲུབ་ལ། སྣང་དུ་མི་རུང་བ་ལ་རྒྱབ་ཀྱི་བུམ་པ་ལྟ་བུ་མི་སྣང་བ་ཙམ་གྱིས་ཡོད་པ་མི་ཁེགས་པས་ཁྱོད་ཀྱིས་འཕངས་པའི་སྐྱོན་གཉིས་ཀ་མེད་དོ། །དེ་ཡང་གསལ་པོར་བཤད་ན་ཡུལ་གྱིས་བསྐལ་བ་དང་། དུས་ཀྱིས་བསྐལ་བ་དང་། སྣང་བས་བསྐལ་བ་སྟེ་དེ་གསུམ་གྱིས་བསྐལ་པ་ནི་སྣང་དུ་མི་རུང་སྟེ། དཔེར་ན་ཡུལ་གྱིས་བསྐལ་བ་སྒྲ་མི་སྙན་གྱི་བུམ་པ་ལྟ་བུ་དང་། དུས་ཀྱིས་བསྐལ་བ་བསྐལ་བ་དང་པོའི་ཁམས་སྣ་ཚོགས་ཅན་གྱི་སྤྲིན་ལྟ་བུ་དང་། སྣང་བས་བསྐལ་བ་ཤ་ཟ་བསྐལ་དོན་དུ་སོང་བ་དག་བཞིན་ནོ། །ཡུལ་དུས་སྣང་བ་དེ་གསུམ་གྱིས་མ་བསྐལ་པ་ནི་སྣང་རུང་བ་ཡིན་པ་སྟེ་དཔེར་ན་ཉི་ཟླ་བཞིན་ནོ། །དེས་ན་བུམ་པ་ལ་སོགས་པ་ཡོད་ན་སྣང་དགོས་ལ་དམྱལ་བ་ལ་སོགས་པ་ཡུལ་ལམ་རྣམ་པས་བསྐལ་པས་དེ་དང་མི་མཚུངས་ཏེ། མ་དམིགས་པར་མཚུངས་ཀྱང་། མདུན་འདིར་ཙནྡན་མེད་ན་དེ་ཡོད་པ་ཁེགས་ལ་མ་ལ་ཡར་ཙནྡན་ཡོད་པ་མི་ཁེགས་པ་བཞིན་ནོ། །ཞེས་མཐོང་བར་ཐལ་བས་བཀག་ནས། གཉིས་པ་རྐྱེན་གྱིས་ཐ་དད་དུ་མི་འགྱུར་བར་ཐལ་བ་ནི། འཇིམ་པ་ལ་བུམ་པ་ཁོ་ནར་ཡོད་ན་ཁམ་ཕོར་དང་སྡེར་མ་ལ་སོགས་པ་གང་བྱས་ཀྱང་དེ་དང་དེ་མི་འགྱུར་བར་བུམ་པ་ཁོ་ན་འབྱུང་བར་ཐལ་བ་ལ་སོགས་པར་ཐལ་ལོ། །ཞེས་སོགས་ཁོངས་སུ་བུམ་པའང་མི་འགྱུར་པར་ཐལ་བ་ལ་སོགས་པ་ཡོད་པའོ། །གསུམ་པ་འགལ་འདུས་སུ་ཐལ་བ་ནི། ལྕགས་གཅིག་ལ་ཚ་གྲང་གཉིས་དང་། མདའ་གཅིག་ལ་འགྲོ་སྡོད་གཉིས་དང་། ཐལ་མོའི་འདུ་འབྲལ་གཉིས་ལ་སོགས་པ་ཅིག་ཅར་ཚང་བ་དང་། བག་ཟན་ལ་གཟུགས་བརྙན་བྱེད་པའི་ཚེ་སེང་གེ་དང་རུས་སྦལ་ལ་སོགས་པ་བྱར་རུང་ངོ་ཅོག་ཡོད་པ་རྒྱུ་དེ་ལ་གཟུགས་དེ་དག་དངོས་སུ་ཚང་བར་ཐལ་ལོ། །དེ་ལྟར་འདོད་ཅེས་ཁས་བླངས་ན་མི་འདུག་པས་དངོས་སུ་བསལ་ལ། རིགས་མི་མཐུན་གོ་ས་གཅིག་ཏུ་རྒྱུ་གཅིག་ལ་ཚང་དུ་མི་རུང་བས་ཀྱང་བསལ་ལོ། །འོ་ན་ནང་བ་སངས་རྒྱས་པ་ཁྱེད་ཅག་གིས་སྐྲའི་ཁྱོན་ཙམ་ལ་འགྲོ་བ་དུ་མ་གནས་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་དག་ནི་དངོས་པོ་ལ་མེད་པའི་འཁྲུལ་སྣང་ཡིན་པའི་དོན་གྱིས་མི་མཚུངས་ཏེ། ཀླུ་སྒྲུབ་ཞབས་ཀྱིས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་མི་རུང་འགྱུར། །ཞེས་པ་བཞིན་ནོ། །བཞི་བ་རྒྱུ་དེས་འབྲས་བུའི་བྱ་བ་བྱེད་པར་ཐལ་བ་ནི། མེའི་རྒྱུ་བུད་ཤིང་ཡིན་པས་བུད་ཤིང་ཁུར་དུས་ལུས་ཚིག་པའམ། མི་གཙང་བའི་རྒྱུ་ཟན་ཡིན་པས་ཟན་ཟ་བའི་ཚེ་མི་གཙང་བ་ཟ་བའམ། རས་བལ་གྱི་ཚེ་གོས་སུ་གྲུབ་པར་ཐལ་ཏེ། སྤྱོད་འཇུག་ལས། གལ་ཏེ་རྒྱུ་ལ་འབྲས་གནས་ན། །ཟན་ཟ་མི་གཙང་ཟ་བར་འགྱུར། །རས་ཀྱི་རིན་གྱིས་རས་བལ་གྱི། །ས་བོན་ཉོས་ལ་བགོ་བར་གྱིས། །ཞེས་པ་བཞིན་ནོ། །ལྔ་བ་རྒྱུའི་གྲངས་སྙེད་ཀྱི་འབྲས་བུར་ཐལ་བ་ནི། རྒྱུའི་གྲངས་སྙེད་ཀྱི་འབྲས་བུ་ཡོད་ན། རས་འཐག་བྱེད་ཀྱི་སྐུད་པའམ་སྣལ་མ་རེ་རེ་དང་། ཐགས་འཐག་བྱེད་ཀྱི་ཐགས་ཆ་རེ་རེ་དང་། ཐག་པའི་མིའི་སོར་མོ་རེ་རེ་ལ་སྣམ་བུ་རེ་རེ་ཡོད་པར་འགྱུར་ཏེ་མེད་པ་ལས་མི་འབྱུང་བས་སོ། །གལ་ཏེ་རྒྱུ་ལ་ཡོད་ཀྱི་རྐྱེན་ལ་མེད་དོ་ཞེ་ནའང་། མེད་པ་ལས་འབྱུང་དུ་རུང་བ་མི་རུང་མཚུངས་པ་ཉིད་དོ། །དྲུག་པ་ཐམས་ཅད་ཐམས་ཅད་ཀྱི་དངོས་པོར་ཐལ་བ་ནི། དངོས་པོ་ཐམས་ཅད་ཀྱིས་ཀྱང་རེས་འགའ་ཕན་འདོགས་ཏེ་ལམ་གྱིས་བགྲོད་པའི་རྟེན་བྱེད་པ་དང་། ཆུས་ཁྲུས་བྱས་པ་སོགས་ཀྱིས་ཚད་པ་སེལ་བ་དང་། སྒྲོན་མས་མུན་པ་སེལ་བ་བཞིན་ནོ། །དེའི་ཕྱིར་རྩྭ་ཉག་མ་གཅིག་གི་རྩེ་ན་གླང་པོ་ཆེ་བརྒྱ་ལ་སོགས་པ་ཡོད་པར་འགྱུར་ཏེ། རྣམ་འགྲེལ་ལས། རྩྭ་མཆོག་སྟེང་ན་གླང་ཆེན་བརྒྱ། །སྔོན་ཆད་མ་མཐོང་ཡོད་དོ་ཞེས། །དེ་ལྟར་གྲངས་ཅན་ཕྱུགས་ལས་གཞན། །ངོ་ཚ་བཅས་པ་སུ་ཞིག་བརྗོད། །ཅེས་པ་བཞིན་ནོ། །བདུན་པ་གསལ་མི་གསལ་བརྟག་པ་མཚུངས་པ་ནི། འཇིམ་དུས་ཀྱི་བུམ་པ་རྒྱུས་ནུས་པས་ཟིལ་གྱིས་ནོན་ནས་མ་མཐོང་བ་ཡིན་ཅེ་ན། བུམ་པའི་དབྱིབས་སྔར་རྒྱུ་དུས་སུ་མེད་པའང་སྐྱེར་མི་རུང་ན། བུམ་པའི་གསལ་བ་སྔར་མེད་པའང་སྐྱེ་བར་ཅི་སྟེ་རུང་། དེ་ནི་ངོ་བོ་ཡིན་པ་ལས་གསལ་བར་འགྱུར་བ་མ་ཡིན་གྱི། ངོ་བོ་མེད་ན་འགྱུར་བའི་རྟེན་ཡང་མེད་པས་སོ་ཞེ་ན། གསལ་མི་གསལ་ཡང་ཆོས་འགལ་བས་གཅིག་ཏུ་མི་རུང་ལ། གལ་ཏེ་མི་གསལ་བ་གསལ་བར་འགྱུར་དུ་རུང་ན། འཇིམ་པ་བུམ་པར་གསལ་བར་འགྱུར་བའང་མི་རུང་བ་མེད་དེ། གསལ་བ་མེད་པར་སྐྱེ་བ་ནི་ཁྱོད་ཀྱིས་མི་འདོད་ཀྱང་མངོན་སུམ་དུ་གནས་པ་ཉིད་དོ། །གསལ་མི་གསལ་གྱི་དཔེ་ཡང་མ་གྲུབ་པ་ནི། ཁྱེའུ་ལ་སོགས་པ་དེ་དག་ཀྱང་ཡོད་པ་སྐྱེ་བ་མ་ཡིན་ཏེ། ཡང་དག་པར་སྐྱེ་བ་ཙམ་ཡང་མེད་ཅིང་། ཐ་སྙད་དུ་དངོས་པོ་སྐད་ཅིག་གི་ཕྲེང་བ་ཡིན་པས་ན། མ་ལ་གནས་པའི་སྐད་ཅིག་ནི་སྐྱེ་བའི་སྐད་ཅིག་ཏུ་མི་རུང་ལ། གནས་པ་དང་སྐྱེ་བའི་སྐད་ཅིག་ཆ་ཤས་མེད་པ་གཉིས་ཕྲད་པ་མ་གྲུབ་པས་སོ། །གནོད་བྱེད་གསུམ་པ་བདག་ཡུལ་ལ་ལོངས་སྤྱོད་པ་དགག་པ་ནི། སྒྲ་ལ་ལོངས་སྤྱོད་པའི་བདག་དེ་ཡོད་ན་རྟག་ཏུ་ལོངས་སྤྱོད་པར་ཐལ་ཏེ། ལོངས་སྤྱོད་པར་རྟག་པའི་ཕྱིར་དེ་རྟག་ན་གཙོ་བོའི་རང་བཞིན་དུ་རྟག་པའི་ཕྱིར་རོ། །དེ་བཞིན་དུ་སྒྲ་ལ་ལོངས་མི་སྤྱོད་པའི་བདག་ཀྱང་རྟག་ཏུ་ལོངས་མི་སྤྱོད་པར་ཐལ་ཏེ་ལོངས་མི་སྤྱོད་པར་རྟག་པའི་ཕྱིར་རོ། །ཞི་བ་ལྷས། གལ་ཏེ་སྒྲ་ཡི་ཤེས་རྟག་ན། །ཐམས་ཅད་ཚེ་ན་སྒྲ་འཛིན་འགྱུར། །ཤེས་བྱ་མེད་ན་ཅི་རིག་ནས། །གང་གིས་ཤེས་པ་ཞེས་བརྗོད་བྱེད། །གལ་ཏེ་ཤེས་མེད་ཤེས་ཡིན་ན། །ཤིང་ཡང་ཤེས་པར་ཐལ་བར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་ནི་སྒྲ་ཡོད་པའི་ཚེ་སྤྱོད་ལ་མེད་པའི་ཚེ་མི་སྤྱོད་ཅེ་ན། བདག་དེ་ནི་མི་རྟག་པར་ཐལ་ཏེ། སྒྲ་ལ་སྤྱོད་མི་སྤྱོད་རེས་འགའ་བའི་རྗེས་སུ་བྱེད་པའི་ཕྱིར་རོ། །བཞི་བ་བདེ་སྡུག་ལྐོག་གྱུར་དགག་པ་ནི། བདེ་སྡུག་ལྐོག་ཏུ་གྱུར་ན་སྐྱེས་བུ་གཞན་རྒྱུད་ཀྱི་བདེ་སྡུག་བཞིན་རང་གིས་དངོས་སུ་མྱོང་བ་མི་འཐད་ཅིང་དེ་ལྟ་ན་ཕན་གནོད་དུ་མི་འགྱུར་ནའང་། འདིར་ནི་བདེ་སོགས་གསལ་པོར་ཉམས་སུ་མྱོང་བ་ཡོད་ལ། དེའང་སེམས་དང་ཐ་དད་དུ་མེད་པས་ཆེས་གསལ་བར་མྱོང་བས་གྲུབ་སྟེ། རྣམ་འགྲེལ་ལས། སྡུག་བསྔལ་ལ་སོགས་མྱོང་མིན་པར། །གདུང་དང་ཕན་འདོགས་རྒྱུ་མ་ཡིན། །ཞེས་དང་། དེ་དང་དེ་མིན་རང་བཞིན་ཅན། །དེ་དང་དེ་མིན་དངོས་རྒྱུས་བསྐྱེད། །རྣམ་ཤེས་རྒྱུ་ལས་གཞན་མིན་སྐྱེས། །བདེ་སོགས་དེ་ཅིས་ཤེས་མ་ཡིན། །ཞེས་སོ། །ལྔ་བ་སེམས་ལྐོག་གྱུར་དགག་པ་ནི། རང་བློ་རང་ལ་ལྐོག་ཏུ་གྱུར་ན་གང་ཟག་གཞན་གྱི་བློ་ལ་དཔྱད་པ་བཞིན་དུ་རང་བློ་ཡང་གསལ་པོར་མི་ཤེས་པར་ཐལ་བ་དང་། ལྐོག་གྱུར་གྱི་བློ་ཡོད་པའི་སྒྲུབ་བྱེད་མེད་པར་ཐལ་བ་དང་། དོན་རིག་ཀྱང་ཇི་ལྟར་རིག་པར་མི་འགྲུབ་པར་ཐལ་བ་དང་། ཡིད་ལ་བྱེད་པའི་སེམས་སམ་བློ་མེད་ཚེ་ཐ་སྙད་ཐམས་ཅད་རྒྱུན་ཆད་པར་ཐལ་བས་ཤིན་ཏུ་ཡང་མི་འཐད་དེ། རྣམ་འགྲེལ་ལས། རང་བློའི་བློ་དང་གཞན་གྱི་བློ། །ཡོངས་གཅོད་ངོ་བོ་གཅིག་པར་འགྱུར། །དོན་རིག་འདས་པ་དཔེ་དག་དང་། །བྲལ་ཞིང་རྟགས་ནི་ཡོད་མིན་ཏེ། །ཞེས་དང་། དེ་ཕྱིར་བློ་ལས་དོན་གྲུབ་ཀྱི། །དོན་ལས་ཇི་ལྟར་ཡང་དེ་མིན། །དེ་མ་གྲུབ་པར་དོན་རང་ཉིད། །རབ་ཏུ་གྲུབ་པ་མེད་ཕྱིར་རོ། །ཞེས་དང་། བདག་རིག་མིན་པའི་ཕྱོགས་དག་ལ། །དོན་ཀུན་མཐོང་མེད་འདི་ཡིས་ནི། །བློ་ནི་མངོན་སུམ་མིན་སྨྲ་བ། །གང་ཡིན་དེ་ལ་ལན་བཏབ་བོ། །ཞེས་སོ། །དྲུག་པ་འཇིག་པའི་བསྐལ་པ་དགག་པ་ནི། གྲངས་ཅན་ལུགས་ལ་འགགས་པ་ཞེས་པ་བསྐལ་པའི་དོན་ཙམ་ལ་འཛིན་པས་བསྐལ་པའི་དོན་ཙམ་ལ་འགགས་པའི་བརྡ་བརྗོད་པར་གོ་དགོས་སོ། །བུམ་པ་ཆག་པའི་ཚེ། ཆག་བྱའི་བུམ་པ་དང་ཐ་མི་དད་པའི་བུམ་པའི་ངོ་བོ་དང་། བུམ་པ་མཐོང་རུང་དུ་གནས་པའི་གསལ་བ་དང་། བུམ་པ་མཐོང་བའི་ཡུལ་དུ་མ་གྱུར་པའི་བསྐལ་པ་སྟེ་འགགས་པ་དང་གསུམ་གཅིག་གམ་ཐ་དད། ཐ་དད་ན་ནི་གསལ་བ་ཉིད་མ་བསྐལ་པར་ཐལ་ཏེ། བསྐལ་པའི་ངོ་བོ་གསལ་བ་མ་ཡིན་པའི་ཕྱིར་རོ། །དེ་གསུམ་གཅིག་ན་ནི་བུམ་པའི་ངོ་བོ་ཡང་འགགས་པར་ཐལ་ཏེ། འགགས་པར་གསལ་བ་དང་གཅིག་པའི་ཕྱིར་གསལ་བ་ཉིད་བཞིན་ནོ། །གསལ་བ་འགགས་ཀྱང་ངོ་བོ་མི་འགག་ན་གསལ་བ་དང་ངོ་བོ་ཐ་དད་དུ་འགྱུར་ཏེ། དེ་དུས་གཅིག་པའི་དམ་བཅའ་ཉམས་ཤིང་ཆོས་འགལ་བའི་ཕྱིར་ཚ་རེག་དང་གྲང་རེག་བཞིན་ནོ། །ཤེས་པས་མི་གྲོལ་བ་ནི། འདི་ཉིད་ཤེས་བྱ་དེ་ཙམ་དང་། དེ་ཉིད་ཤེས་པོ་གཉིས་ཀྱི་ཆ་ནས་དགག་པ་ལ། དེ་ཙམ་ཉི་ཤུ་རྩ་ལྔ་པོ་དེ་དག་ཉིད་ཤེས་ཀྱང་དེ་དག་རྣམ་པར་གྲོལ་བའི་ཡང་དག་པའི་ཐབས་མ་ཡིན་ཏེ། ཤེས་བྱའི་དེ་ཁོ་ན་ཉིད་མ་ཡིན་པའི་ཕྱིར་ཐ་མལ་གྱི་སྣང་བ་བཞིན་ནོ། །དེ་ཙམ་ཉི་ཤུ་རྩ་ལྔ་ཤེས་པའི་གང་ཟག་དེ་ཡང་དེ་ཙམ་ཤེས་པ་ཙམ་གྱིས་མི་གྲོལ་ཏེ་དེས་ཤེས་བྱའི་དེ་ཁོ་ན་ཉིད་ཤེས་པ་མ་ཡིན་པའི་ཕྱིར་ན་ཡང་སྣང་བ་ཤེས་པས་མི་གྲོལ་པ་བཞིན་ནོ། །ཚུལ་འདིས་རང་སྡེའི་ནང་གི་ཁ་ཤས་ཀྱིས་མ་དག་པའི་རང་སེམས་སངས་རྒྱས་སུ་འདོད་པའང་འདིའི་ཞོར་དུ་ཁེགས་པ་ཡིན་ནོ། །རང་སེམས་སངས་རྒྱས་ཡིན་པར་ངོ་མ་ཤེས། །ཞེས་པ་ཡོད་ཀྱང་། དེའི་སྐབས་སུ་སེམས་ཉིད་དེ་བཞིན་ཉིད་ལ་སེམས་ཀྱི་སྒྲས་བསྙད་ཡིན་པས། དབྱེ་བ་ཕྱེ་དགོས་པ་ལས་སྒྲ་ཇི་བཞིན་པར་བཟུང་ན་འདིར་གླན་པར་བྱ་བ་ཡིན་ནོ། །འདིར་རང་ལུགས་ལ་ནི་སྣང་ཚུལ་འཁྲུལ་པ་ལ་སངས་རྒྱས་དང་སེམས་ཅན་དུ་ཅི་སྣང་ཡང་། དོན་ལ་དག་མ་དག་མེད་པས་དག་མཉམ་སྤྲོས་པ་དང་བྲལ་བར་གཏན་ལ་ཕབས་པ་ལ་ཆོས་ཀུན་ཡེ་ནས་རྣམ་པར་དག་ཅིང་སངས་རྒྱས་པ་ཞེས་ཐ་སྙད་དུ་བྱེད་པ་ཡིན་ནོ། །ཞེས་པ་འདིས་གཞི་དབུ་མ་ཆེན་པོ། ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་རྫོགས་པ་ཆེན་པོ་གསུམ་གྱི་ལྟ་བ་བསྟན་པ་དང་། ཁྱད་པར་དུ་རྒྱུད་མ་ཧཱ་ཡོ་གའི་སྐབས་ཀྱི་དག་མཉམ་བདེན་པ་དབྱེར་མེད། སྣང་སྲིད་ལྷ་ཡི་རོལ་བ། ལྷ་དང་དཀྱིལ་འཁོར་དུ་ཤེས་བའི་བདག་ཉིད་ཅན། སྣང་བ་ལྷ་རུ་སྒྲུབ་པ་དང་། ཡུལ་ཅན་ཡེ་ཤེས་སུ་སྒྲུབ་བའི་གནད་མཚོན་པར་བྱས་པའོ། །དེ་ཡན་གྱིས་མུ་སྟེགས་ཏརྐ་སྡེ་ལྔའི་ནང་གི་གྲངས་ཅན་བཀག་པ་ཆ་ཚང་སོང་ཞིང་། འདིའི་དགག་པ་ཐམས་ཅད་ཀྱི་སྙིང་དོན་ཚུར་བསྡུས་ནས་ཐལ་ངག་བྱེད་ན། དེ་འདྲའི་གཞུང་ལུགས་ཆོས་ཅན། རྫུན་པ་ཡིན་ཏེ། ཐར་པའི་རང་བཞིན་ནམ། གཙོ་བོའི་རང་བཞིན་དང་ཐ་དད་པའི་འགལ་བ་མང་པོ་ཉེ་བར་སྡུད་པའི་སྐྱོན་ཡོད་པའི་ཕྱིར། རྟགས་གྲུབ་སྟེ་གཙོ་བོ་རྟག་པ་ལས་འབྲས་བུ་སྐྱེ་བ་མི་རུང་བ་དང་། བདག་རྟག་པ་ཡུལ་ལ་ལོངས་སྤྱོད་པར་མི་རུང་བ་དང་། བདག་ལ་ཆགས་བཞིན་པ་ལ་ཆགས་བྲལ་མི་སྲིད་པ་དང་། ཡོན་ཏན་གསུམ་གྱི་ཆ་དང་ལྡན་པས་ན་གཙོ་བོ་གཅིག་པུ་མི་སྲིད་པ་དང་། རྒྱུ་འབྲས་ངོ་བོ་གཅིག་ན་ཐ་སྙད་ཀྱི་རྣམ་གཞག་ཀུན་དང་འགལ་བ་ལ་སོགས་པའི་རིགས་པས་ཁེགས་སོ། །གཉིས་པ།

བྱེ་བྲག་པ་བསྟན་པ།

ད་ནི་བྱེ་བྲག་པའི་གྲུབ་མཐའ་བརྗོད་པ་ནི། བྱེ་བྲག་པ་དག་ཤེས་བྱའི་དོན་དྲུག་གིས། །རྣམ་གྲོལ་སྒྲུབ་སྟེ་ཡང་དག་མ་ཡིན་ཉིད། །ཅེས་གསུངས་ཏེ། མུ་སྟེགས་བྱེ་བྲག་པས་ཤེས་བྱ་ཐམས་ཅད་ཚིག་གི་དོན་དྲུག་ཏུ་གཏན་ལ་ཕབ་ནས་གྲོལ་བར་འདོད་པ་ཡང་། ཡང་དག་པའི་དོན་མ་ཡིན་ཏེ་ཕྱིན་ཅི་ལོག་གི་ཕྱོགས་ལ་ཞུགས་པའི་ཕྱིར་རོ། །འདིར་དེའི་གཞུང་གི་གྲུབ་མཐའ་དགོད་པ་དང་། དགག་པ་གཉིས་ཀྱིས་ཤེས་པར་བྱ་བ་ལས། དང་པོ་ནི། འབྲས་ཀྱི་ཟེ་ཀ་རེ་སྔོན་མ་ཚེ་ལོ་བཅུ་བའི་སྐབས་སུ་བཤད་པ་དེ་ཟ་ཞིང་དབང་ཕྱུག་བསྒྲུབས་པས་གྲུབ་པ་ཐོབ་པར་སྨྲ་བའི་མུ་སྟེགས་པ་དག་ནི། གཟེགས་ཟན་སྟོན་པར་འཛིན་ཅིང་། དབང་ཕྱུག་ལྷར་བྱེད་ལ། དེས་བསྟན་པའི་གཞུང་ཞི་བའི་རྒྱུད་ལ་སོགས་པའི་རྗེས་སུ་འབྲངས་པ་ལ་དབྱེ་ན། དབང་ཕྱུག་པ། འུག་པ་པ། འུག་ཕྲུག་པ། བྱེ་བྲག་པ། རིག་པ་ཅན་པ་ཞེས་བྱའོ། །དེ་ཡང་དབང་ཕྱུག་ལྷར་འཛིན་པས་དབང་ཕྱུག་པའོ། །འུག་པ་ལྷར་འཛིན་པས་འུག་ཕྲུག་གམ་འུག་པ་པ་ཞེས་བྱའོ། །གཟེགས་ཟན་གྱིས་དབང་ཕྱུག་བསྒྲུབས་པའི་རྡོའི་ཕོ་མཚན་གྱི་སྟེང་དུ་འུག་པ་བབས་པ་ལ། དབང་ཕྱུག་ཏུ་བཟུང་ནས་རྫས་ཡོད་དམ་དྲིས་པས། མགོ་ཕྱོགས་བྱས་པ་ལ་སོགས་པ་དྲུག་གི་མཐར་འཕུར་བས་དེ་སྐད་གྲགས་སོ། །བྱེ་བྲག་ཁས་ལེན་པས་བྱེ་བྲག་པའོ། །རིག་པ་ཁས་ལེན་པས་རིག་པ་ཅན་ནོ། །འདིར་དེའི་གཞུང་གིས། བྱེད་པ་པོ་དབང་ཕྱུག་ཡིན་པ། དེ་མཆོད་པས་བདེ་འགྲོ་ཐོབ་པ། ཤེས་བྱ་ཚིག་གི་དོན་དྲུག་ཏུ་ངེས་པ། དེ་ཤེས་པས་ཐར་པ་དང་བཞི་ལས། དང་པོ་ལའང་དབང་ཕྱུག་གི་མཚན་ཉིད། ཡོན་ཏན། སྒྲུབ་བྱེད་གསུམ་ལས། མཚན་ཉིད་ནི་ལྔ་ལྡན་ཏེ། རྟག་པ་ཡིན་པ། གཅིག་པུ་ཡིན་པ། ལས་རྣམས་བློ་སྔོན་དུ་གཏོང་བའི་གཡོ་བས་བྱེད་པ། ལྷའི་འགྲོ་བས་བསྡུས་པ། གཙང་ཞིང་མཆོད་པར་འོས་པའོ། །དེ་ཇི་ལྟར་ཡིན་ཅེ་ན། རྟག་པ་ཞེས་པ་ནི། ཐོག་མ་ནས་ཐ་མའི་བར་དུ་ཡོད་པས་སྐྱེ་འཆི་མེད་པས་རྟག་པའོ། །གཅིག་པུ་ནི། འཇིག་རྟེན་ན་དབང་ཕྱུག་གཅིག་ལས་མེད་པས་གཅིག་པུ་པའོ། །ལས་གཡོ་བས་བྱེད་པ་ནི། བཅིངས་ཐར་དང་། དབྱིབས་དང་ཁ་དོག་ལ་སོགས་པ་ཐམས་ཅད་དབང་ཕྱུག་གིས་བྱེད་པ་སྟེ། འཇིག་རྟེན་སྟོངས་པ་ན་དབང་ཕྱུག་གིས་འཇིག་རྟེན་སྤྲུལ་བར་འདོད་པའི་བློ་བསྐྱེད་དེ། དེའི་ཚེ་རླུང་གིས་རྡུལ་རྣམས་བསགས་ནས། རླུང་གི་དཀྱིལ་འཁོར་དང་། ཆུ་དང་། མེའི་ཕུང་པོ་བརྩམ་མོ། །དེའི་ནང་དུ་ཚངས་པའི་སྒོ་ང་བརྩམ་མོ། །དེའི་ནང་ནས་འཇིག་རྟེན་ཐམས་ཅད་ཀྱི་མེས་པོ་ཚངས་པ་གདོང་བཞི་རལ་པ་ཅན་པདྨའི་ལྟེ་བ་ལ་བཞུགས་པ། མཆོད་སྦྱིན། ངེས་བརྗོད། སྲིད་སྲུང་། སྙན་ངག་སྟེ་རིག་བྱེད་བཞིའི་སྒྲ་འདོན་པ་ཞིག་བྱུང་བ་དེའི་ཁ་ནས་བྲམ་ཟེ། དཔུང་པ་ལས་རྒྱལ་རིགས། བརླ་ལས་རྗེའུ་རིགས། རྐང་མཐིལ་ལས་དམངས་རིགས་སྐྱེས་སོ། །དེ་བཞིན་དུ་དང་པོ་འཇིག་རྟེན་ཆགས་པ། བར་དུ་གནས་པ། ཐ་མ་འཇིག་པ། མཐར་སྟོངས་པ་རྣམས་དབང་ཕྱུག་གིས་བྱེད་དོ། །ཞེས་ཐམས་ཅད་དབང་ཕྱུག་གིས་བློ་སྔོན་དུ་བཏང་ནས་བྱས་པ་ཡིན་ཅེས་པའོ། །བཞི་བ་དབང་ཕྱུག་ཅེས་པ་ལྷས་བསྡུས་པ་ཡིན་པ་ནི། གཞན་འཕྲུལ་དབང་བྱེད་ན་གནས་པའོ། །ལྔ་བ་གཙང་ཞིང་མཆོད་པར་འོས་པ་ཡིན་པ་ནི། དབང་ཕྱུག་ནི་གཙང་མས་མཆོད་པར་འོས་པ་ཁྱི་ཤ་ལ་སོགས་པ་ལ་མི་དགྱེས་ཤིང་། གཙང་མས་མཆོད་ན་དངོས་གྲུབ་སྟེར་བའི་ཕྱིར་རོ། །དེ་སྐད་དུ་ཞི་བའི་རྒྱུད་ལས། གང་ཞིག་ཕྲ་ཞིང་གཅིག་པུ་སྐྱེ་གནས་འདུག །དེ་ཡིས་འདི་ཀུན་སྐྱེ་ཞིང་འཇིག་པར་བྱས། །དེ་ནི་དབང་ཕྱུག་མཆོག་ཡིན་ལྷ་མཆོད་བྱ། །ཡོན་ཏན་བྱེད་པ་ཞི་བ་རབ་ཏུ་ཐོབ། །ཅེས་པ་དང་། བ་ནི་བ་སྦྲ་རྣམས་ཀྱི་རྒྱུ། །ཆུ་ཤེལ་ཆུ་རྣམས་ཀུན་གྱི་རྒྱུ། །བླག་ཤ་ཡལ་གའི་རྒྱུ་ཡིན་ལྟར། །དེ་ནི་ལུས་ཅན་ཀུན་གྱི་རྒྱུ། །ཞེས་འབྱུང་ངོ་། །དེ་ཡན་གྱིས་དབང་ཕྱུག་གིས་མཚན་ཉིད་བཤད་ནས། དབང་ཕྱུག་གི་ཡོན་ཏན་བཤད་པ་ནི། ཕྲ་བ་ལ་སོགས་པ་བརྒྱད་དེ། ལག་པ་དག་དང་རྐང་པ་དང་། །མིག་དང་བཞིན་དང་ལུས་རྣམས་ཀྱིས། །མང་པོ་བྱེད་ཅིང་འཇིག་བྱེད་པ། །དེས་ན་ཕྲ་བར་བརྗོད་པ་ཡིན། །མཁའ་ལ་རླུང་དང་ས་དང་ནི། །ཆུ་དང་མེ་དག་གནས་བྱེད་ཅིང་། །སྡུད་པ་དང་ནི་རྒྱས་བྱེད་པ། །དེས་ན་ཡང་བར་བརྗོད་པ་ཡིན། །འབྱུང་བ་ཀུན་ལ་དབང་བྱེད་ཅིང་། །གནས་པ་དག་དང་རྒྱུ་བ་དང་། །གང་དང་གང་འདོད་དེ་བྱེད་པ། །དེས་ན་བདག་པོར་གྱུར་ཅེས་བྱ། །བདག་ལ་རག་ལས་རང་དབང་ཅན། །འགའ་ལའང་འཇིགས་པ་ཡོད་མིན་ཏེ། །ཐམས་ཅད་དབང་དུ་འགྱུར་བས་ན། །དེ་ནི་དབང་དུ་འགྱུར་ཞེས་བྱ། །ཡུལ་དང་བཟའ་བ་བཅའ་བ་དང་། །གཞན་ཡང་ཡིད་ཀྱིས་གང་བསམས་པ། །ཡིད་ཀྱི་རྗེས་འགྲོ་མི་སྡོད་པ། །དེས་ན་གར་ཡང་ཕྱིན་ཅེས་བྱ། །འཇིག་རྟེན་གསུམ་ན་མཆོད་གྱུར་ཅིང་། །འབྱུང་པོ་ཀུན་གྱིས་མཆོད་པས་ན། །དེ་ནི་མཆོད་པར་བྱ་བ་ཡིན། །སྙིང་སྟོབས་རྡུལ་དང་མུན་པ་གསུམ། །དེ་དག་གང་ལ་གནས་གྱུར་པ། །མིག་འབྱེད་ཙམ་གྱིས་བྱེད་འགྱུར་བ། །དེས་ན་འདོད་དགུར་ལྡན་ཞེས་བྱ། །ཐར་པའམ་ཡང་ན་ལྷ་ཡི་ལུས། །གང་དུ་བདག་ཉིད་འདོད་པ་དག །ཐམས་ཅད་འདོད་པས་ཐོབ་འགྱུར་བ། །དེས་ན་དགའ་མགུར་གནས་ཞེས་བྱ། །ཞེས་པ་བཞིན་ནོ། །གསུམ་པ་སྒྲུབ་བྱེད་ནི། སྣོད་བཅུད་འདི་དག་དབང་ཕྱུག་གིས་བྱས་ཏེ། རྒྱ་ཤུག་ལ་སོགས་པ་ཆེ་ཆུང་གི་ཚད་ངེས་པ་དང་ལྡན་པའི་ཕྱིར་ན་བྱེད་པོས་བྱས་པ་ངེས་པ་དང་། ཚེར་མ་རྣོ་བ་ལ་སོགས་ངེས་པ་དང་ལྡན་པའི་ཕྱིར་དང་། །དབྱར་དགུན་གྱི་དུས་ཚིགས་ངེས་པ་ལ་སོགས་པ་སྡོད་ཅིང་འཇུག་པའི་ཕྱིར་དང་། སྦྱིན་པ་གཏོང་བ་ལྡན་པའི་གང་ཟག་དེ་ཉིད་དབུལ་བ་ལ་སོགས་པ་བྱེད་པ་དང་འབྲས་བུ་མྱོང་བ་མི་མཐུན་པའི་ཕྱིར་རོ། །གལ་ཏེ་ནང་པ་སངས་རྒྱས་པས་འདོད་པ་ལྟར་དུ་ལས་འབྲས་ཞེས་པ་བདེན་ན་ཆོས་ལྡན་ཚེ་ཐུང་བ་རྣམས་ཀྱིས་སྔ་མ་ལ་སྲོག་བཅད་པར་མི་རུང་སྟེ་བརྩེ་སེམས་ཡོད་པའི་ཕྱིར་རོ། །ཁོ་བོ་ཅག་བྱེ་བྲག་པ་ལ་ནི་ཆོས་ལྡན་ཚེ་ཐུང་བ་དང་། སྦྱིན་པ་ཅན་ནོར་དབུལ་པ་དེ་ཚོ་འཐད་དེ་དེ་དག་གིས་སྲོག་མ་བཅད་པས་བརྩེ་སེམས་དང་ལྡན་ཀྱང་དབང་ཕྱུག་ལ་རྒྱབ་ཀྱིས་ཕྱོགས་པས་ཚེ་ཐུང་བ་ཡིན་ཏེ། འཛིན་པ་ཅན་གང་ནོར་ལྡན་དང་། །གཞན་གྱིས་འཚེ་བྱས་དགེ་བ་ཅན། །ཆོས་མིན་ཅན་དགའ་མཐོང་བས་ལྷ། །དབང་ཕྱུག་ཡོད་པར་གསལ་བ་ཡིན། །ཡོན་ཏན་ནོར་ལྡན་ཚེ་ཐུང་དང་། །ངན་པར་སྤྱོད་རྣམས་ཚེ་རིང་དང་། །གཏོང་ལྡན་དབུལ་པོ་མཐོང་བས་ན། །དབང་ཕྱུག་གིས་བྱས་གསལ་བ་ཡིན། །ཞེས་སོ། །ལས་ཀྱིས་བྱས་པ་མིན་པ་དབང་ཕྱུག་གིས་བྱས་པ་ཡིན་ཅེས་སོ། །དབང་ཕྱུག་མཆོད་པས་བདེ་འགྲོ་ཐོབ་པ་ནི། སྐྱེ་དགུ་རྣམས་ཀྱིས་དགེ་བ་གཞན་མ་བྱས་པར་དབང་ཕྱུག་ཁོ་ན་ལ་ཕྱུགས་བསད་པའི་ཤ་ཁྲག་གིས་ལེགས་པར་མཆོད་ན་ལྷ་མིའི་གོ་འཕང་ཐོབ་པ་ཡིན་ཏེ། སྐྱེ་བོ་མི་ཤེས་བདག་ཉིད་འདིའི། །བདེ་སྡུག་རང་དབང་ཡོད་མིན་ཏེ། །དབང་ཕྱུག་གིས་བཏང་མཐོ་རིས་སམ། །ངན་སོང་དག་ཏུ་འགྲོ་བར་འགྱུར། །ཞེས་སོ། །གཟེགས་ཟན་གྱིས་དབང་ཕྱུག་སྒྲུབ་དུས་འུག་པ་དབང་ཕྱུག་ཡིན་པར་བརླམས་ནས་རྫས་ཡོད་དམ་ཞེས་དྲིས་པས། འུག་པས་མགོ་གུག་ཅིག་བྱས་པས་ཡོད་སྣང་ཤར། ཡང་ཚིག་དྲུག་དྲིས་དུས་མགོ་གུག་དྲུག་བྱས་མཐར་འཕུར་བར་ཤེས་བྱ་ཐམས་ཅད་ཚིག་གི་དོན་དྲུག་སྟེ། རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་དྲུག་ཉིད་དོ། །ཞེས་པས། དེ་སོ་སོར་བཤད་ན། རྫས་ནི་གཉིས་ལས། རྟག་པ་དང་མི་རྟག་པའོ། །རྟག་པའི་རྫས་ལ་ལྔ་སྟེ། བདག་དང་། དུས་དང་། རྡུལ་དང་། ཕྱོགས་དང་། ནམ་མཁའ་འོ། །དེ་ཡང་བདག་ནི། རིག་པ་ཅན་པས། བེམ་པོའི་ངོ་བོ་ཡིན་པ་ལ། བདག་ལ་གནས་པའི་དོན་བློས་རིག་པ་ལས། བདག་གིས་རིག་པ་སྙམ་དུ་བྱུང་སྟེ། མིག་གིས་གཟུགས་མཐོང་བ་ལ་བརྟེན་ནས་མཐོང་བར་ཤེས་པ་བཞིན་ནོ། །གཞན་བདག་ཀྱང་ནི་འདིར་བདག་ཉིད། །འདོད་དང་སྡང་སོགས་ཡོན་ཏན་ཅན། །རྟེན་དང་ཀུན་འཇུག་ཟ་བ་པོ། །བདག་ཉིད་བེམ་པོའི་ངོ་བོར་འདོད། །ཅེས་པས་སོ། །དེས་ན་བདག་རྟག་ཀྱང་བློ་འགྱུར་ཞིང་ཡོན་ཏན་གྱི་དོན་བྱེད་པས། བདག་འཇིག་པ་དང་དངོས་མེད་དུ་མི་འགྱུར་བར་འདོད་དོ། །དུས་ནི་འདས་མ་འོངས་ད་ལྟའི་གནས་སྐབས་ཀུན་ལ་ཁྱབ་པ་མ་སྐྱེས་པ་རྟག་པ་རྫས་སུ་ཡོད་པའོ། །རྡུལ་ནི་ས་ཆུ་མེ་རླུང་བཞིའི་རྡུལ་ཕྲ་རབ་སྟེ། རིམ་བཞིན་དྲི་དང་རོ་དང་གཟུགས་དང་རེག་བྱའི་ཡོན་ཏན་བཞི་ལྡན་ནས་གཅིག་གི་བར་དུ་ལྡན་པ། ཕྲ་རབ་དེ་དག་རྟག་ཅིང་ཕན་ཚུན་མ་རེག་པར་འདུས་ནས་བྱ་བ་རྩོམ་ལ། མཐར་དངོས་པོ་ཐམས་ཅད་མེར་བསྲེགས་པའམ་ཐོ་བས་བཅོམ་ཡང་རྡུལ་འཐོར་བ་ཙམ་ལས་གཞིག་པར་མི་ནུས་ལ། ནམ་ཞིག་འཇིག་རྟེན་ཞིག་པའི་ཚེ་ནའང་རྡུལ་རྣམས་ནམ་མཁའ་ལ་ལོང་ལོང་པོར་གནས་པ་དག རྩོམ་དུས་དབང་ཕྱུག་གིས་རིགས་མཐུན་རྣམས་བསྡུས་པས་ལུས་ལ་སོགས་པའི་ཡན་ལག་ཅན་གྱི་རྫས་འབྱུང་བའོ། །ཕྱོགས་ནི་ཤར་ལ་སོགས་པའི་ཆ་ཐམས་ཅད་ལ་ཁྱབ་ཅིང་། མ་སྐྱེས་པ་རྟག་པ་བྱ་བ་མེད་པ་རྫས་སུ་ཡོད་པའོ། །ནམ་མཁའ་ནི། ཆོས་ལྔ་དང་ལྡན་པ་སྟེ། ནམ་མཁའ་ནི་ཁྱབ་པ་དང་། རྟག་པ་དང་། གོ་འབྱེད་པ་དང་། སྒྲ་བསྐྱེད་པ་དང་། དངོས་པོའོ། །དེའི་དང་པོ་རྟག་པ་གསུམ་ནི་ཕལ་ཆེ་བས་ཁས་ལེན་ཏོ། །ཞེས་རྟག་པ་ཆད་པ་གོ་འབྱེད་པ་གསུམ་ནི་ཚང་མས་ཁས་ལེན་རྒྱུ་ཞིག་རེད་ཅེས་པའོ། །ཚིག་གི་དོན་དྲུག་གི་ནང་ནས་རྫས་བཤད་པ་དང་། དེ་ལ་རྟག་པའི་རྫས་དང་མི་རྟག་པའི་རྫས་གཉིས་འདོད་པའི་ནང་གི་རྟག་པའི་རྫས་སོང་ཞིང་། མི་རྟག་པ་ནི། ས་ཆུ་མེ་རླུང་གི་ཡན་ལག་ཅན་བཞི་སྟེ་དེ་ལྟར་དགུའོ། །ཡོན་ཏན་ནི། ཉི་ཤུ་རྩ་བཞི་སྟེ། གྲངས་དང་། བོངས་ཚད་དང་། འཕྲད་པ་དང་། ཕྱེ་བ་དང་། གཞན་དང་། གཞན་མ་ཡིན་པ་སྟེ་དྲུག་དང་། བདག་ལ་སྣང་བ་བཅུ་གསུམ་ནི། མིག་གི་བློ་དང་། རྣ་བའི་བློ་དང་། སྣའི་བློ་དང་། ལྕེའི་བློ་དང་། ལུས་ཀྱི་བློ་དང་། བདེ་བ་དང་། སྡུག་བསྔལ་དང་། འདོད་པ་དང་། སྡང་བ་དང་། ཆོས་མ་ཡིན་པ་དང་། ཆོས་དང་། འབད་རྩོལ་དང་། འདུ་བྱེད་པའི་ཤུགས་སོ། །ཡུལ་ལྔ་སྟེ། གཟུགས་མེའི་ཡོན་ཏན། སྒྲ་ནམ་མཁའི་ཡོན་ཏན། དྲི་སའི་ཡོན་ཏན། རོ་ཆུའི་ཡོན་ཏན། རེག་རླུང་གི་ཡོན་ཏན་ནོ། །སྒྲ་ནི་རྟག་ཏུ་ནམ་མཁའི་ཁྲོད་ན་གནས་པ་ལས། རླུང་རློན་པས་གཡོགས་པས་མ་ཐོས་པ་ཡིན་ལ། སྐྱེས་བུས་ཨོཾ་བརྗོད་དུས་རླུང་དེ་བསལ་ནས་ཐོས་ཤིང་། སྐྱེས་བུས་བརྗོད་མཚམས་བཞག་པའམ་བཤོལ་ན་རླུང་ཤུལ་དུ་ནུབ་པས་མ་ཐོས་པ་ཡིན་ནོ། །གསུམ་པ་བྱ་བའི་ལས་ནི་ལྔ་སྟེ། བརྐྱང་བ་དང་། བསྐུམ་པ་དང་། འདེགས་པ་དང་། འཇོག་པ་དང་། འགྲོ་བའོ། །སྤྱི་ལ་གཉིས་ཏེ། ཁྱབ་པ་དང་། ཉི་ཚེ་བའི་སྤྱིའོ། །ཁྱབ་པའི་སྤྱི་ནི་ཤེས་བྱ་ཐམས་ཅད་ལ་ཡོད་པ་ཉིད་ཅེས་པས་ཁྱབ་པའོ། །གཉིས་པ་ཉི་ཚེ་བའི་སྤྱི་ལ། བར་གྱི་སྤྱི་དང་། སྤྱི་ཆུང་ངུ་གཉིས་ལས། དང་པོ་བར་གྱི་སྤྱི་ནི་བུམ་པ་ཐམས་ཅད་ལ་བུམ་པ་ཞེས་པས་ཁྱབ་པ་ལྟ་བུའོ། །གཉིས་པ་སྤྱི་ཆུང་ཉུང་ངུ་ནི་ཡན་ལག་ཐམས་ཅད་ལ་ལུས་ཉིད་ཅེས་པས་ཁྱབ་པ་ལྟ་བུའོ། །སྤྱི་དེ་དག་ཀྱང་མཚན་ཉིད་གསུམ་དང་ལྡན་པ་སྟེ། ཁྱབ་པ་དང་། རྟག་པ་དང་། གཅིག་པུའོ། །དེའི་ནང་གི་ཁྱབ་པ་ནི་དཔེར་ན་བུམ་པས་རང་གི་བྱེ་བྲག་གསེར་བུམ་དང་། རྫ་བུམ་ལ་སོགས་པ་ལ་ཁྱབ་སྟེ། གསེར་བུམ་ལ་སོགས་པ་གང་ཡོད་ན། བུམ་པ་ཡོད་པས་ཁྱབ་པའི་ཕྱིར་རོ། །རྟག་པ་ནི་གསལ་བ་བྱེ་བྲག་པ་དེ་རྣམས་གྲུབ་ནས་མ་རླག་གི་བར་དུ་ཡོད་པས་སོ། །ཁྱབ་ཅིང་རྟག་པ་ཡིན་པའི་རྒྱུ་མཚན་དེས་ན་གཅིག་པུར་ཡང་གྲུབ་པ་ཡིན་ནོ། །འདི་ལ་གཟེགས་ཟན་གྱི་སློབ་མ་བཻ་ལུ་ཀ་ནི་སྤྱི་དེ་གསལ་བ་མེད་པའི་བར་སྟོངས་ན་ཡོད་པར་འདོད་དེ། དབང་ཕྱུག་ལ་ཆོས་ཅན་ལུས་ཡོད་པ་དང་། གསལ་བ་མེད་པའི་བར་སྟོངས་ན་སྤྱི་ཡོད་དེ། ཁྱབ་བྱེད་རྟག་པ་ཡིན་པའི་ཕྱིར་ཟེར་ལ། རིག་པ་ཅན་གྱི་སྟོན་པ་སོ་ཐ་ར་ནི། གསལ་བ་མེད་པའི་བར་སྟོངས་ན་ཆོས་ཅན། སྤྱི་མེད་དེ། སྣང་རུང་མ་དམིགས་པའི་ཕྱིར། ཞེས་ཟེར་རོ། །ཚིག་གི་དོན་ལྔ་བ་བྱེ་བྲག་ནི་གསལ་བ་རྣམས་མ་འདྲེས་པ་སྟེ་བུམ་པ་དང་ཀ་བ་བཞིན་ནོ། །དྲུག་པ་འདུ་བ་ལ་ཐ་དད་དང་། ཐ་མི་དད་གཉིས་ཡོད་པར་ཁས་ལེན་པ་ལས། ཐ་དད་ཀྱི་འདུ་པ་ནི་མགོ་ལ་རྭ་གཉིས་ལྟ་བུའོ། །ཐ་མི་དད་ཀྱི་འདུ་བ་ནི། དུང་ལ་དཀར་ཟླུམ་འདུ་བ་ལྟ་བུའོ། །གོང་གི་གྲངས་ཅན་པ་དང་འདྲ་བར་ཤེས་པས་གྲོལ་བ་ནི། དོན་དྲུག་པོ་ཤེས་ནས་བསྒོམས་ན་གྲོལ་ཏེ། འཁོར་བ་ཐོག་མ་མེད་མོད་ཀྱི། །ཐ་མ་མེད་པ་མ་ཡིན་ཏེ། །དེ་ཉིད་ཁོ་ན་ཤེས་པ་ཡིས། །མི་དེ་ཐ་མར་ཐར་པར་འགྱུར། །ལུས་དང་ཡིད་ཀྱི་རྣམ་རྟོག་ནི། །ཐམས་ཅད་སྤངས་ན་དྲི་མེད་པའི། །ཡོངས་སུ་དག་པ་དེར་འགྲོ་སྟེ། །བུད་ཤིང་ཟད་པའི་མེ་བཞིན་ནོ། །བློ་སོགས་བདག་ནི་ཡོན་ཏན་ཅན། །དྲུངས་ནས་ཕྱུང་བའི་རྣལ་འབྱོར་པ། །ཡིད་ལ་བདག་ཅེས་གནས་པ་ནི། །བྱེ་བྲག་པ་ཡིས་བཅད་པར་ཤེས། །འདིའི་བློ་སོགས་བདག་གི་ཡོན་ཏན་ཅན། །ཞེས་པའི་ལུང་འདྲེན་ཚིགས་བཅད་འདིར། རྟོག་གེ་འབར་བར། བློ་སོགས་བདག་གི་ཡོན་ཏན་བཅད་ཅེས་དང་། བྱེ་བྲག་པ་ཡིས་ཐར་པར་ཤེས་ཅེས་གསུངས་ཀྱང་འགྱུར་ཁྱད་ལྟ་བུ་ལས་དོན་ལ་མི་འགལ་བ་ཡིན། བློ་སོགས་བདག་གི་ཡོན་ཏན་རྣམས་མ་འོངས་པ་ན་མི་འབྱུང་བར་བྱས་ནས། ཡིད་ལ་བདག་ཅེས་པའི་རྣམ་རྟོག་ལོག་པ་ན་ཐར་པ་ཡིན་ནོ་ཞེས་བྱེ་བྲག་པས་འདོད་པའོ་ཞེས་སོ། །ཞེས་སོ། །དེ་ཡང་ཐར་པའི་གནས་སྐབས་ན། བདག་དེ་ཡོད་མེད་རྟག་ཆད་ཀྱི་མཐའ་ཐམས་ཅད་དང་བྲལ་བར་ཡོད་པ་ཉིད་དེ། ཡོད་མིན་མེད་མིན་དུ་མ་མིན། །གཅིག་མིན་ཕྲ་མིན་ཆེན་པོ་མིན། །འདི་ནི་རྟག་མིན་མི་རྟག་མིན། །བདག་མིན་གཞན་མིན་མིན་དེ་ཉིད། །ཅེས་འདོད་པ་བཞིན་ནོ། །ཞེས་དེ་ཡན་གྱིས་བྱེ་བྲག་པའི་འདོད་པ་ཆ་ཚང་སྔ་རྒོལ་དུ་བཀོད་ནས། དེ་དགག་པ་ལ་གསུམ་སྟེ། སྒྲུབ་བྱེད་ཀྱི་རིགས་པ་ཡང་དག་མེད་པས་སྒྲུབ་བྱེད་མེད་པ། འགལ་འདུས་སྐྱོན་མང་པ་ཡིན་པས་གནོད་བྱེད་ཡོད་པ། ཡང་དག་པའི་དེ་ཁོ་ན་ཉིད་ཀྱི་དོན་མ་ཡིན་པས་ན་དེ་ཤེས་པས་མི་གྲོལ་བའི་གནད་གསུམ་གྱིས་དགག་པའོ། །དང་པོ་ནི་རྒྱ་ཤུག་སོགས་ཀྱི་ཚད་ངེས་པའི་རྒྱུ་མཚན་ནམ་རྟགས་ཀྱིས་དབང་ཕྱུག་རྟག་པ་བསྒྲུབ་པ་འགལ་པ་ཡིན་ཏེ། རྟགས་དེ་དག་ལ་དབང་ཕྱུག་རྟག་པ་ཡིན་པས་མ་བྱས་པས་ཁྱབ་པའི་ཕྱིར་རོ། །དབང་ཕྱུག་མི་རྟག་པ་གཅིག་གིས་སྣོད་བཅུད་ཀུན་བྱེད་པ་ནི་རིགས་པས་མི་འཐད་ལ། བྱེ་བྲག་པས་ཀྱང་དེ་ལྟར་མི་འདོད་པས་ནམ་ཡང་མེད་པས་བྱེད་པོར་མེད་པ་ཡིན་ལ། དབང་ཕྱུག་གིས་བྱེད་པར་སྣང་རུང་མ་དམིགས་པའི་རྟགས་ཀྱིས་ཁེགས་སོ། །གནོད་བྱེད་ཡོད་པ་ལ་ལྔ་སྟེ། དབང་ཕྱུག་དང་། རྫས་དང་། ཡོན་ཏན་དང་། ལས་དང་། སྤྱི་བྱེ་བྲག་འདུ་བ་དགག་པའོ། །དང་པོ་ནི་འཇིག་རྟེན་ན་ཡོད་པ་ཐུབ་པས་ལུང་བསྟན་པའི་དབང་ཕྱུག་ཅེས་པ་དེ་དགག་པ་མ་ཡིན་ཏེ། མ་འོངས་པའི་སངས་རྒྱས་ཡིན་པའི་ཕྱིར་རོ། །སྤྲུལ་བའི་ལྷ་རྣམས་ཀྱང་མ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཚངས་དང་དབང་པོ་ཁྱབ་འཇུག་དང་། །དྲག་སོགས་གཟུགས་སུ་སྤྲུལ་མཛད་ནས། །འགྲོ་བ་འདུལ་བའི་སྦྱོར་བ་ཡིས། །ཐུགས་རྗེའི་རང་བཞིན་ཅན་གར་མཛད། །ཅེས་པས་དེ་ཐམས་ཅད་དགག་པ་མིན་པས་སོ། །འདིར་ཐམས་ཅད་ཀྱི་བྱེད་པ་པོ་མ་ཡིན་བཞིན་དུ་བྱེད་པ་པོར་འཁྲུལ་བའི་བློས་བརྟགས་པའི་དབང་ཕྱུག་བློས་བཀོད་པ་དེ་འགོག་པ་ལ་འགོག་ཚུལ་ལྔ་སྟེ། རྟག་པ། གཅིག་པུ། བྱེད་པ་པོ། ལྷས་བསྡུས་པ། མཆོད་པར་འོས་པ་སྟེ་གོང་ནས་བཤད་པ་བཞིན་དུ་དེ་དག་རེ་རེ་བཞིན་དུ་དགག་པའི་ཚུལ་ལོ། །དང་པོ་ནི། རྟག་པར་མི་རུང་སྟེ་རྟག་པ་ལ་འགྱུར་བ་མེད་པས་དོན་བྱེད་པ་མི་རུང་བས་དོན་མི་བྱེད་པར་ཐལ་བའི་ཕྱིར་རོ། །གཅིག་པུར་མི་རུང་སྟེ་དབང་ཕྱུག་གིས་བྱས་པའི་ཡན་ལག་ཅན་དུ་མ་ཚོགས་པའི་ཕྱིར་རོ། །བྱེད་པ་པོ་དགག་པ་ལ་ལྔ་སྟེ། རྒྱུ་ལས་འབྱུང་བར་མཐོང་བ་དང་། རྟག་ཏུ་འབྱུང་བར་ཐལ་བ་དང་། ཅིག་ཆར་འབྱུང་བར་ཐལ་བ་དང་། རང་དང་མཚུངས་པ་དང་། མཆོད་པ་དོན་མེད་པའོ། །དང་པོ་ནི་དུ་བ་མེའི་ཚོགས་པ་ལས་སྐྱེ་བ་མཐོང་གི་དབང་ཕྱུག་གིས་བྱེད་པར་མ་མཐོང་བའི་ཕྱིར་རྒྱུ་ལས་སྐྱེ་བས་ཁེགས་སོ། །དབང་ཕྱུག་གིས་དུ་བ་བསྐྱེད་པ་མིན་ཀྱང་རྒྱུ་མེ་ལས་འབྲས་བུ་དུ་བ་སྐྱེ་བར་དབང་ཕྱུག་གིས་བྱས་སོ་ཞེ་ནའང་། སྣང་རུང་མ་དམིགས་པས་ཁེགས་པ་ཉིད་དེ། དབང་ཕྱུག་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་ཞེ་ན། ཐམས་ཅད་ཀྱི་ནང་དུ་དབང་ཕྱུག་ཉིད་ཀྱང་ཡོད་པ་དེས་ན་དབང་ཕྱུག་ཉིད་ཀྱང་དབང་ཕྱུག་གིས་བྱས་པར་ཐལ་ལ། དེ་ལྟར་འདོད་ན་རང་གིས་རང་མི་བྱེད་དེ། རང་མ་གྲུབ་པའི་སྔོན་ནས་བྱ་བར་མི་ནུས། གྲུབ་ན་བྱ་མི་དགོས་པའི་རིགས་པས་མ་བྱས་པར་གསལ་ལོ། །དེས་ན་དབང་ཕྱུག་མ་བྱས་པས་ཀྱང་ཐམས་ཅད་ཀྱི་བྱེད་པ་པོར་མི་རུང་བ་ཡིན་ནོ། །ཞེས་པ་མ་སྐྱེས་མ་བྱས་ན་མོ་གཤམ་བུ་བཞིན་མེད་པར་ངེས་པའི་རིགས་པས་སོ། །རྟག་ཏུ་འབྱུང་བར་ཐལ་བ་ནི། སྣོད་བཅུད་ཐམས་ཅད་རྟག་ཏུ་འབྱུང་བར་ཐལ་ཏེ་རྒྱུ་དབང་ཕྱུག་རྟག་པ་ལས་བྱུང་བའི་ཕྱིར་རོ། །ཞེས་པ་དབང་ཕྱུག་མ་བསྐྱེད་པར་བྱུང་རུང་ན་སྣོད་བཅུད་ཀྱང་དེར་ཅིས་མི་རུང་ཞེས་པའི་དོན་ནོ། །ཁྱབ་པ་ཡོད་དེ། རྟག་པ་ལ་རེས་འགའ་བ་མེད་པའི་ཕྱིར་རོ། །ཞི་བ་ལྷས། རྒྱུ་ལ་ཐོག་མ་ཡོད་མིན་ན། །འབྲས་བུའི་ཐོག་མ་ག་ལ་ཡོད། །རྟག་ཏུ་ཅི་ཕྱིར་བྱེད་མིན་ཏེ། །དེ་ནི་གཞན་ལ་ལྟོས་པ་མིན། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ཡང་སྣོད་བཅུད་ཐམས་ཅད་ཅིག་ཆར་འབྱུང་བར་ཐལ་ཏེ། རྒྱུ་རྟག་པ་ལས་བྱུང་བའི་ཕྱིར་རོ། །ཁྱབ་པ་ཡོད་དེ་རྟག་པའི་བྱ་བ་ལ་རིམ་གྱིས་འབྱུང་བ་འགལ་བའི་ཕྱིར་ཏེ་རིམ་གྱིས་པ་ལ་རྟག་པ་མི་སྲིད་པའི་ཕྱིར་རོ། །རྒྱུ་རྟག་ཀྱང་རྐྱེན་རེས་འགའ་བ་ལ་འཕྲད་པས་རིམ་གྱིས་འབྱུང་སྟེ། རྔ་རྟག་ཀྱང་བརྡུངས་པའི་རྐྱེན་རེས་འགའ་བ་ལས་སྒྲ་འབྱུང་བ་བཞིན་ནོ་ཞེ་ན། རྔ་ལས་བརྡུང་དུས་ཀྱི་སྒྲ་རྒྱུན་ཆགས་སུ་འབྱུང་གི རྔ་རྟག་པ་མ་ཡིན་པས་དཔེ་ཡང་མ་གྲུབ་ལ། དོན་ཡང་མི་འཐད་དེ་རྐྱེན་དང་འཕྲད་ན་འབྱུང་མ་འཕྲད་ན་མི་འབྱུང་བས་ཀྱང་རྟག་པ་ལས་རིམ་གྱིས་འབྱུང་བ་མ་ཡིན་ཏེ། སྤྱོད་འཇུག་ལས། དེས་བྱས་མིན་གཞན་ཡོད་མིན་ན། །དེས་འདི་གང་ལ་ལྟོས་པར་འགྱུར། །ཞེས་པ་བཞིན་ནོ། །རྔ་སྒྲ་དབྱུ་གུའི་རྐྱེན་ལ་ལྟོས་པས་ཀྱང་དབང་ཕྱུག་གིས་བྱས་པ་ཁེགས་པའི་ཕྱིར་ཏེ། ཡང་སྤྱོད་པ་ལ་འཇུག་པ་དེ་ཉིད་ལས། གལ་ཏེ་ལྟོས་ན་ཚོགས་པ་ཉིད། །རྒྱུ་ཡིན་འགྱུར་གྱི་དབང་ཕྱུག་མིན། །ཚོགས་ན་མི་བསྐྱེད་དབང་མེད་ཅིང་། །དེ་མེད་པར་ནི་བསྐྱེད་པ་མིན། །ཞེས་སོ། །རང་དང་མཚུངས་པ་ནི། དབང་ཕྱུག་གཞན་གྱིས་མ་བྱས་པར་རང་བྱུང་ན་སྣོད་བཅུད་ཀྱང་རང་བྱུང་དུ་མཚུངས་པའི་ཕྱིར་རོ། །མཆོད་པ་དོན་མེད་པ་ནི། ཐམས་ཅད་དབང་ཕྱུག་གིས་བྱས་ན་མཆོད་མ་མཆོད་ཁྱད་མེད་དེ་གཉིས་ཀ་དབང་ཕྱུག་གིས་བྱས་པར་མཚུངས་པ་གྲུབ་སྟེ་གཅིག་པའི་ཕྱིར་རོ། །སྐྱེས་རབས་ལས། གལ་ཏེ་ཐམས་ཅད་དབང་ཕྱུག་གིས་བྱས་ན། །འོ་ན་སྤྲེའུ་དབང་ཕྱུག་གིས་བསད་པས། །ཁྱོད་ནི་བདག་ལ་ཅི་ཕྱིར་སེམས་མི་དགའ། །གཞན་གྱི་ཉེས་པའང་བདག་ལ་ཅི་ཕྱིར་བསྒོ། །ཞེས་པ་བཞིན་ནོ། །ཚུལ་ལྔ་ལས་བཞི་བ་ལྷས་བསྡུས་པའང་མི་འཐད་དེ། སྡུད་བྱེད་ཀྱི་ལྷ་ཉིད་ཀྱང་སྣང་རུང་མ་དམིགས་པའི་ཕྱིར་རོ། །ཞེས་པ། དབང་ཕྱུག་རྟག་པ་སྡུད་པའི་ལྷ་ཁམས་ཤིག་ཡོད་ན་དེ་ཡང་དབང་ཕྱུག་ལས་ཁྱབ་ཆེ་ཞིང་རྩ་བའི་གྲུབ་མཐའ་ལའང་གནོད་ལ། དེ་འདྲའི་དབང་ཕྱུག་རྟག་པ་གཞི་མི་སྲིད་པས་དེ་སྡུད་བྱེད་ཀྱི་ལྷ་ཡང་མི་སྲིད་དེ། མོ་གཤམ་བུའི་སྡེ་ཚན་བཞིན་དུ་མེད་ལ། གལ་ཏེ་ཡོད་ན་ལྷ་ཡིན་པས་སྣང་རུང་ཡིན་ཀྱང་དེ་ལྟ་བུ་སུས་ཀྱང་དམིགས་པ་མེད་པས་སོ། །ཞེས་སོ། །གཞན་དུ་ལྷ་ཁམས་ཙམ་སྣང་རུང་མ་དམིགས་པས་འགོག་པ་ཙམ་དུ་བཟུང་ན་གོ་བ་ཤིན་ཏུ་ལོག་པའོ། །མཆོད་འོས་སུ་ཡང་མི་འཐད་དེ། མཁྱེན་པ་དང་བརྩེ་བའི་རང་བཞིན་ཅན་ཞིག་མཆོད་པར་འོས་ཀྱི། སྲོག་ལ་ཟ་ཞིང་མི་གཙང་བ་ལ་ཁྲོ་བ་ཉིད་ཀྱིས་བརྩེ་བ་དང་བྲལ་བའི་ཕྱིར་རོ། །གནོད་བྱེད་ལྔ་ལས་དབང་ཕྱུག་དགག་པ་སོང་ནས། གནོད་བྱེད་གཉིས་པ་རྫས་དགག་པ་ལ་གཉིས་ཏེ། རྟག་པ་དང་། མི་རྟག་པ་དགག་པའོ། །རྟག་པ་ལ། བདག་དང་། རྡུལ་དང་། དུས་དང་། ཕྱོགས་དང་། ནམ་མཁའ་དགག་པ་དང་ལྔ་ལས། བདག་གི་ངོ་བོ་འོག་ཏུ་འགོག་ལ། བློས་བུམ་པ་མཐོང་བ་བདག་གིས་མཐོང་བར་མི་རིགས་ཏེ། བློ་དང་བདག་ལ་འབྲེལ་བ་མེད་པའི་ཕྱིར་རོ། །འབྲེལ་བ་མེད་ཀྱང་མཐོང་ན་བུམ་པས་ཀྱང་གཟུགས་མཐོང་བར་ཐལ་བའི་ཕྱིར་རོ། །གྲོལ་དུས་བདག་དེ་ཡོད་མེད་རྟག་ཆད་གཅིག་དང་དུ་མ་གང་དུའང་མེད་ན་བདག་མི་སྲིད་པར་ཐལ་བའི་ཕྱིར་རོ། །རིན་ཆེན་ཕྲེང་བ་ལས། འཇིག་རྟེན་གྲངས་ཅན་འུག་ཕྲུག་དང་། །གོས་མེད་བཅས་ལ་གལ་ཏེ་ཞིག །ཡོད་མེད་འདས་པར་སྨྲ་ན་དྲིས། །བསྟན་པ་འཆི་མེད་བདུད་རྩི་འདི། །ཆོས་ཀྱི་ཁུད་པ་ཡིན་ཞེས་གདའ། །ཞེས་པས། དེ་ཡང་སྤྲོས་བྲལ་ཟབ་མོ་མ་རྟོགས་པའི་འཇིག་རྟེན་མུ་སྟེགས་པ་ཤེས་བྱའི་དེ་ཉིད་ཉེར་ལྔ་སྨྲ་བའི་སེར་སྐྱའི་རྗེས་འབྲང་གྲངས་ཅན་དང་། དབང་ཕྱུག་ཆེན་པོའི་སྤྲུལ་བར་བཏགས་ནས་འུག་པ་པའི་སློབ་མར་ཁས་ལེན་པའི་འུག་ཕྲུག་པ་དང་། རིག་པ་ཅན་དང་བྱེ་བྲག་པ་རྣམས་ཤེས་བྱ་ཐམས་ཅད་དོན་དྲུག་ཏུ་འདུས་པར་སྨྲ་བ་དང་། གོས་མེད་དེ་གཅེར་བུ་པ་གཟུང་འཛིན་གཉིས་སྟོང་གི་ཤེས་པ་རྟག་དངོས་སུ་འདོད་པ་དང་བཅས་པ་རྣམས་ལ་གལ་ཏེ་དངོས་པོ་གང་ཞིག རང་བཞིན་གྱིས་ཡོད་པ་ལས་འདས་པ་དང་། རང་བཞིན་གྱིས་གྲུབ་པ་མེད་པའི་དངོས་མེད་ལས་འདས་པ་སྤྲོས་བྲལ་རྟེན་འབྱུང་གི་དོན་ཞིག་སྨྲ་རྒྱུ་ཡོད་ན་ཞིབ་པར་དྲིས་ཤིག་དང་དོན་ལ་གནས་པ་ཅུང་ཟད་ཀྱང་སྨྲ་མི་ནུས་སོ། །ཡོད་པ་ཞིག་ཕུགས་སུ་བཅངས་ནས་ཚིག་གིས་ཡོད་མེད་ལས་འདས་པ་ལྟར་སྣང་སྨྲ་བ་དང་། མེད་པ་ཁོ་ན་དམ་བཅས་ནས་ཡོད་པ་ལྟར་སྣང་སྨྲ་ནའང་འདི་འདྲའི་ཕྱོགས་སུ་གླན་པར་བྱའོ། །དེ་བས་ན་ཐར་འདོད་རྣམས་ཀྱིས་འདུས་བྱས་རང་མཚན་གྲུབ་པ་དང་འདུས་མ་བྱས་རྟག་དངོས་འདོད་པ་སོགས་དམིགས་གཏད་ཐམས་ཅད་དང་བྲལ་བར་ཤེས་དགོས་ལ། དེ་ནི་ཆོས་ལུགས་ཟབ་མོ་འདི་ལ་ཡོད་པ་རྒྱུ་མཚན་དེ་ཡི་ཕྱིར་ན་སངས་རྒྱས་རྣམས་ཀྱིས་ནི། བསྟན་པ་འཆི་མེད་བདུད་རྩིའི་གོ་འཕང་བདེ་བ་མཐར་ཐུག་སྟེར་བའི་ལམ་གྱི་དམིགས་པ་ཡོད་མེད་ཐམས་ཅད་ལས་འདས་པ། གཏིང་དཔག་དཀའ་བའི་ཟབ་མོ་སྤྲོས་པའི་དྲྭ་བ་ཀུན་དང་བྲལ་བ་ཞེས་བཤད་པ་ཆོས་ཀྱི་ཁུད་པ་སྟེ་ཐུན་མོང་མ་ཡིན་པ་ཤེས་པར་གྱིས་ཤིག་ཅེས་གདམས་པའོ། །རང་སྡེ་ལས་ཀྱང་དབུ་མ་པ་ལས་གཞན་པས་གང་རུང་ཞིག་ཁས་ལེན་པས་ལྟ་བའི་གཟེབ་ཏུ་འཆིང་སྟེ། གང་རུང་ཁས་ལེན་པའི་གཟེབ་འདིས་ཀྱང་བདག་མེད་པར་མི་འདོད་པའི་ཕྱིར་རོ། །གཉིས་པ་རྡུལ་གྱི་ངོ་བོ་ནི། ཕྲད་པ་དང་བཅས་པའི་ཚེ་མི་རྟག་ལ་གྱེས་པའི་ཚེ་ཆ་མེད་པས་རྟག་པར་ཡང་བཞག་ཏུ་མེད་དོ། །རྡུལ་དེ་རྟག་ན་ལན་ཅིག་གྱེས་ནས་འདུར་མི་རུང་བར་འགྱུར་ཏེ། རྟག་པའི་ཕྱིར་ནམ་མཁའ་བཞིན་ནོ། །དུས་དགག་པ་ལ་གསུམ་སྟེ། ངོ་བོ། ཁྱད་པར། རྟག་པ་དགག་པའོ། །དང་པོ་ལ་བཞི་སྟེ། རྩོམ་བྱེད་དང་། ལྟོས་ས་དང་། རྫས་སུ་མ་གྲུབ་པ་དང་། མཐུན་སྣང་ལ་མེད་པའོ། །དང་པོ་ནི། དུས་ཀྱི་མཐའ་སྐད་ཅིག་མ་མ་གྲུབ་པས་དེ་མཐུད་པའི་ལོ་ཟླ་ལ་སོགས་པ་རང་ཤུགས་ཀྱིས་ཁེགས་པའི་ཕྱིར་རོ། །གཉིས་པ་ནི། དུས་སྔ་ཕྱི་ད་ལྟ་གསུམ་ལ་ལྟོས་ས་མ་གྲུབ་ན་རྟག་ཏུ་ཡང་ན་སྔའམ་འཕྱི་བར་འགྱུར་ལ། ལྟོས་ས་གྲུབ་ན་འདས་མ་འོངས་ད་ལྟ་གསུམ་དུས་གཅིག་ལ་མི་ཚོགས་པ་དང་། སྔ་ཕྱིའི་ཚེ་ལྟོས་ས་ཡོད་དུས་ལྟོས་ཆོས་མེད་ལ། ལྟོས་ཆོས་ཡོད་དུས་ལྟོས་ས་མེད་པའི་ཕྱིར་རོ། །དེས་ན་བློས་སྒྲོ་བཏགས་ནས་ཕར་བཤད་ཀྱང་དངོས་པོ་ལ་དུས་གསུམ་ཡོད་པ་མ་ཡིན་ཏེ། རྩ་བ་ཤེས་རབ་ལས། གལ་ཏེ་འདས་ལ་ལྟོས་གྱུར་ན། །ད་ལྟ་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། །གལ་ཏེ་དེ་ན་མེད་འགྱུར་ན། །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །ཞེས་པ་བཞིན་ནོ། །རྫས་སུ་མ་གྲུབ་པ་ནི། དབྱར་དང་སྟོན་ཡང་བློས་བཀོད་པ་ཡིན་གྱི། དངོས་པོ་ལ་མེད་དེ་སྣང་བ་རྣམས་ལས་དེ་ཉིད་དང་གཞན་དུའང་མེད་པའི་ཕྱིར་ཏེ། སྐད་ཅིག་དང་ཆ་ཤས་རང་བཞིན་མེད་པས་དོན་གྱི་དབྱར་སྟོན་ཁེགས་ལ། མིང་གི་དབྱར་སྟོན་ཡང་བཏགས་པ་ཡིན་པས་དགུན་ལ་དཔྱིད་ཅེས་བརྗོད་ཀྱང་འགལ་བ་མེད་པའི་ཕྱིར་ཏེ་ཁྱི་ལ་སེང་ཕྲུག་བཏགས་ན་སེང་ཕྲུག་ཁྱི་ལ་གོ་བ་བཞིན་དུ་གློ་བུར་དུ་བརྟགས་ནས་བཞག་པར་མཚུངས་པའི་ཕྱིར་རོ། །གལ་ཏེ་དབྱར་ལྟ་བུ་དངོས་པོར་ཡོད་ན་རི་ལ་སོགས་པ་ཉིད་དབྱར་དུ་མི་རུང་སྟེ། རི་མཐོང་དུས་དབྱར་མཐོང་བར་མ་གྲགས་པའི་ཕྱིར། དེ་བཞིན་དུ་གསལ་བ་མཐའ་དག་ལ་དེས་བསྒྲེས་པ་ན་དབྱར་ལ་སོགས་པ་མ་གྲུབ་པ་ན། དབྱར་ཞེས་པ་ལ་སོགས་པའི་སྤྱིའི་རང་བཞིན་ཡང་བློས་སྒྲོ་བཏགས་ཏེ་བཀོད་པ་ཙམ་ལས་མ་གྲུབ་པ་ཉིད་དུ་འགྱུར་རོ། །བཞི་བ་མཐུན་སྣང་དུ་མེད་པ་ནི། གླིང་འདིར་ཉིན་པར་ཡིན་དུས་གཞན་དུ་མཚན་མོར་འགྱུར་ལ། སྔ་དྲོ་ལ་སོགས་པའང་དེ་བཞིན་ཏེ། དངོས་པོ་ལ་མེད་པ་ཁོ་ནའོ། །དེས་ནི་དུས་དགག་པ་ལ་ངོ་བོ། ཁྱད་པ་རྟག་པ་བ་གསུམ་གྱི་ཐད་ནས་དགག་པས་དང་པོ་སོང་ནས། གཉིས་པ་ཁྱད་པར་དགག་པ་ལ་གསུམ་སྟེ། དུས་གཅིག་པ། དུས་མཉམ་པ། དུས་རིང་ཐུང་དགག་པའོ། །དང་པོ་ནི། བུམ་པ་དང་སྣམ་བུའི་དུས་གཅིག་པར་མི་རུང་སྟེ། སྣང་བ་དེ་ལས་ཐ་དད་པའི་བུམ་སྣམ་མེད་ལ། སྣང་བའང་ཆ་ཤས་ཙམ་ཡང་མེད་པས་དུས་སུ་མི་རུང་བའི་ཕྱིར་རོ། །གཉིས་པ་ནི། བུམ་སྣམ་དུས་མཉམ་པའང་མི་རུང་སྟེ། བུམ་པ་མཉམ་པ་སྣམ་བུ་ལ་ལྟོས་ཤིང་། སྣམ་བུ་མཉམ་པ་བུམ་པ་ལ་ལྟོས་པས་ན་ཕན་ཚུན་བརྟེན་པས་མཐར་རང་ལ་རང་ལྟོས་སུ་འགྱུར་བས། གང་ཡང་མ་གྲུབ་པར་འགྱུར་ཏེ་དུས་ཉིད་མེད་པའི་ཕྱིར་རོ། །མཉམ་པ་དངོས་པོ་ལ་གསལ་བ་རེ་རེ་ཞིང་བརྟགས་ན་དེ་ཉིད་དང་གཞན་དུ་མེད་པས་ཀྱང་ཁེགས་སོ། །དུས་གཅིག་པ་མི་རུང་བ་ནི་དུས་ཀྱི་འཇོག་བྱེད་བུམ་སྣམ་ལྟ་བུ་ཉིད་མ་གྲུབ་པ་དང་། དུས་མཉམ་པ་མི་རུང་བའི་སྐབས་སོགས་ཕལ་ཆེར་དུ། ཕན་ཚུན་ལྟོས་པའི་ཕྱིར་ཞེས་པ། ལྟོས་ནས་གྲུབ་པ་ཐམས་ཅད་གཅིག་ལ་བརྟེན་ནས་ཅིག་ཤོས་སུ་བཏགས་པ་ཙམ་ལས་ངོ་བོས་མ་གྲུབ་པའི་དོན་ཏེ་དབུ་མའི་གཞུང་སྤྱིར་ཡོངས་སུ་གྲགས་པ་བཞིན་ནོ། །རྩ་ཤེ་ལས། གལ་ཏེ་དངོས་པོ་གང་ལྟོས་འགྲུབ། །དེ་ཉིད་ལ་ཡང་ལྟོས་ནས་ནི། །ལྟོས་བྱ་གང་ཡིན་དེ་འགྲུབ་ན། །གང་ལ་ལྟོས་ནས་གང་ཞིིག་འགྲུབ། །ཅེས་པ་ལྟར་རོ། །གསུམ་པ་ནི། ཞག་མ་གཅིག་ལས་ལོ་གཅིག་དུས་རིང་བར་མི་འགྲུབ་སྟེ། རྩོམ་བྱེད་ཀྱི་ཞག་མེད་ན་དེས་བཞག་པའི་ལོ་ཟླ་ལ་སོགས་མེད་པའི་ཕྱིར་དང་། ལོ་ཡང་ཞག་གི་ཕྲེང་བ་ཡིན་པའི་ཕྱིར་དང་། ཞག་ཀྱང་སྐད་ཅིག་མ་ཉིད་པས་ལོ་རིང་བར་མི་འགྲུབ་ལ། སྐད་ཅིག་མའང་ཆ་ཤས་མེད་པས་རྩོམ་པར་མི་འགྱུར་བའི་ཕྱིར་ཏེ། ཆ་ཤས་མེད་པ་ལ་འཕྲད་པ་མི་རུང་བས་རྒྱུན་མ་གྲུབ་པའི་ཕྱིར་ན་རྒྱུན་མཐུད་པ་མེད་པས་རིང་ཐུང་མ་གྲུབ་པའི་ཕྱིར། སྐད་ཅིག་ནས་ལོ་ཟླ་བསྐལ་པ་ལ་སོགས་པར་རིང་ཐུང་དུ་ཞེན་པ་གཏི་མུག་ཉིད་དོ། །དུས་དགག་པའི་ངོ་བོ་ཁྱད་པ་གཉིས་ཀ་སོང་ནས། གསུམ་པ་དུས་རྟག་པ་དགག་པ་ནི། རི་ཞིག་དུས་རིའི་དུས་ཞིག་ནས་མེད་པ་ལྟར། གསལ་བ་དངོས་པོ་རྣམས་དེ་དང་འདྲ་བས་རྟག་པའི་དུས་མེད་ལ། དངོས་པོ་མེད་པ་ལ་དུས་མེད་དེ་མི་རྟག་པ་ལོག་པའི་ཕྱིར་རོ། །མདོ་ལས་ཀྱང་། འདས་པའི་དུས་ཀྱང་འདས་པའི་དུས་ཀྱིས་སྟོངས་སོ་ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །དེ་ཡན་གྱིས་གནོད་བྱེད་ལྔ་ལས་གཉིས་པ་རྫས་དགག་པ་ལ་གཉིས་ཡོད་པའི་རྫས་རྟག་པ་དགག་པའི་བདག་དང་རྡུལ་དང་དུས་གསུམ་སོང་ནས། ཕྱོགས་རྟག་པ་དགག་པ་ལ་གསུམ་ཏེ་ཕྱོགས་རྟག་པ་དགག་པ་ལ་གསུམ་སྟེ། ངོ་བོ། ཁྱད་པར། རྟག་པ་དགག་པའོ། །ངོ་བོ་ལ། ལྟོས་པ་དང་། རྫས་དང་། མཐུན་སྣང་ལ་མེད་པ་དང་གསུམ་ལས། ལྟོས་པ་དགག་པ་ནི། ང་ཚོ་ཡོད་སའི་མི་མཇེད་འཇིག་རྟེན་གྱི་ཞིང་ཁམས་འདི་བདེ་བ་ཅན་པའི་ཤར་ཡིན་ལ། མངོན་པར་དགའ་བའི་ནུབ་ཏུ་བཞག་དུས། ཤར་ཁོ་ན་ཡིན་ན་མངོན་དགའི་ཡང་ཤར་དུ་ཐལ་བར་འགྱུར་ཏེ་ཤར་ཁོ་ན་ཡིན་བའི་ཕྱིར་རོ། །དེས་ན་ཕྱོགས་བཅུ་པོ་ཡང་འཁྲུལ་པའི་བློས་བཀོད་ཀྱི་དངོས་པོ་ལ་མེད་དེ། རྩ་ཤེ་ལས། དངོས་པོ་ལྟོས་གྲུབ་གང་ཡིན་པ། །དེ་མ་གྲུབ་ན་ཇི་ལྟར་ལྟོས། །ཇི་ལྟར་གྲུབ་པ་ལྟོས་ཤེ་ན། །དེ་ནི་ལྟོས་པར་མི་རུང་ངོ་། །ཞེས་པ་བཞིན་ནོ། །ཕྱོགས་རྟག་པ་དགག་པ་ལ། ངོ་བོ། ཁྱད་པ། རྟག་པ་དགག་པ་གསུམ་ཡོད་པ་ལས། ངོ་བོ་དགག་པའི་ནང་གསེས་ལྟོས་པ་བཀག་ནས། གཉིས་པ་རྫས་སུ་མ་གྲུབ་པ་ནི། མི་མཇེད་ཉིད་ཤར་ལ་སོགས་པར་མཐའ་གཅིག་ཏུ་མ་གྲུབ་པས་རྫས་སུ་གྲུབ་པ་བསལ་བ་ཡིན་ནོ། །གསུམ་པ་མཐུན་སྣང་ལ་མེད་པ་ནི། འཛམ་བུ་གླིང་པ་ལ་ཤར་དུ་སྣང་བ་ཉིད། སྒྲ་མི་སྙན་པ་ལ་ནུབ་ཏུ་སྣང་བ་དང་། སྟེང་འགྲོ་རྣམས་ལ་ཐུར་དུ་སྣང་བ་ཉིད་སྤྱི་བོ་ཚུགས་པ་ལ་གྱེན་དུ་སྣང་ལ། སྣྲེལ་ཞི་བ་ལ་འཕྲེད་དུ་སྣང་བའི་ཕྱིར་རོ། །ངོ་བོ་དགག་པ་སོང་ནས། གཉིས་པ་ཁྱད་པར་དགག་པ་ལ་གསུམ་སྟེ། ཕྱོགས་བཅུ། མཚམས་བཞི། ཕྱོགས་བཟང་ངན་མ་གྲུབ་པའོ། །དང་པོ་ནི། ཕྱོགས་བཅུའི་ཤར་དེ་གཅིག་ཡིན་པས་དེས་ཁྱབ་དུས་ཤར་དེ་གཅིག་ཏུ་མི་རུང་སྟེ། རི་དང་རྡོ་ཤིང་ལ་སོགས་པ་དུ་མ་དབྱེར་མེད་དུ་ཡོད་པའི་ཕྱིར་དང་། གཅིག་གིས་ཤར་དུ་འཇོག་ན་གཅིག་གིས་ནུབ་ཏུ་འཇོག་པ་དང་། ཤར་ཉིད་ཀྱང་གཞན་ནས་ནུབ་ཏུ་འགྱུར་བས་གཅིག་ཏུ་བཞག་པ་མེད་པའི་ཕྱིར་རོ། །གཉིས་པ་མཚམས་མ་གྲུབ་པ་ནི། ཤར་ལྷོ་ལྟ་བུ་ལ། ཤར་དང་ལྷོ་ཕྲད་དམ་མ་ཕྲད། ཕྲད་ན་མཚམས་ཀྱི་གོ་མེད་པས་མཚམས་མི་རུང་ལ། མ་ཕྲད་ན་མཚམས་དང་ཤར་ལྷོ་གཉིས་ཀྱི་ཟུར་ལ་བར་ཡོད་དམ་མེད། ཡོད་ན་ནི་དེར་ཡང་མཚམས་གཞན་ཡོད་པར་འགྱུར་ལ། བར་མེད་ན་གཅིག་ཏུ་འགྱུར་པས་ཕྱོགས་མཚམས་གཉིས་ཀ་མ་གྲུབ་པའི་ཕྱིར་རོ། །གསུམ་པ་ཕྱོགས་བཟང་ངན་མ་གྲུབ་པ་ནི། ཤར་ན་ཕྱོགས་ངན་དུས་ནུབ་ན་མེད་པ་མི་རུང་སྟེ། མི་མཇེད་རིལ་པོ་མངོན་དགའི་ནུབ་ཡིན་པའི་ཕྱིར་དང་། བདེ་བ་ཅན་གྱི་ཤར་ཡིན་པའི་ཕྱིར་རོ། །རང་གི་གནས་གཅིག་ལ་ལྟོས་པ་དེའི་ཤར་ངན་པ་ལྟ་བུའང་མི་འགྲུབ་སྟེ། རྡུལ་ཕྲན་དང་དུས་ཀྱི་རིགས་པས་རང་དང་ཤར་གཉིས་ཀ་མ་གྲུབ་པའི་ཕྱིར་ན་ཕྱོགས་ངན་པ་ཞེས་པ་ཞིག་ཀྱང་མི་འགྲུབ་པའི་ཕྱིར་རོ། །ཡང་ཕྱོགས་ངན་པ་དེ་གང་ཟག་ཐམས་ཅད་ལ་ངན་ནམ་གཅིག་ལ་ངན་པ་ཡིན། དང་པོ་ལྟར་ན་བདེ་བ་ཅན་པའི་ཤར་ཡིན་པས་བཟང་བའི་ཕྱིར་འདིར་ཡང་བཟང་བར་འགྱུར་རོ། །གཉིས་པ་ལྟར་ན་ལོ་འཕོས་ཀྱང་ངན་པ་མི་འབྱུང་བར་ཐལ་བའི་ཕྱིར་རོ། །འདི་ལྟར་རྟོགས་ན་ཕྱོགས་ངན་མེད་དེ་གཞི་མེད་དུ་ཤེས་པའི་ཕྱིར་རོ། །ཡུམ་ལས། ཤར་ཕྱོགས་ཀྱི་ཁམས་ཤར་ཕྱོགས་ཀྱི་ཁམས་ཀྱིས་སྟོང་ངོ་ཞེས་པ་ལ་སོགས་པ་གསུངས་སོ། །ཕྱོགས་རྟག་པའི་ངོ་བོ་ཁྱད་པ་གཉིས་ཀ་བཀག་པ་སོང་ནས། གསུམ་པ་ཕྱོགས་རྟག་པ་མ་གྲུབ་པ་ནི། དངོས་པོ་ཞིག་པའམ་གོ་འཕོ་བ་ན་དེའི་ཤར་ལ་སོགས་པའང་སྔ་མ་ལས་འགྱུར་བར་སྣང་བའི་ཕྱིར་དང་། དངོས་མེད་རྐྱང་བ་ལ་ནི་རང་སྟོབས་ཀྱི་ཆ་མེད་པས་ཕྱོགས་སུ་གདགས་པའི་གཞི་མེད་པའི་ཕྱིར་རོ། །རྫས་རྟག་པ་དགག་པའི་བདག་དང་རྡུལ་དང་དུས་དང་ཕྱོགས་བཀག་པ་སོང་ནས། ལྔ་བ་ནམ་མཁའ་དགག་པ་ནི། ནམ་མཁའ་མ་གྲུབ་པ་ནི། དངོས་པོ་ཅི་ཡང་མ་གྲུབ་པ་ལ་ནམ་མཁའ་འོ་ཞེས་སྒྲོ་བཏགས་པ་ཙམ་ལས། ཐ་སྙད་དུའང་ནམ་མཁའ་མེད་དེ། བར་གྱི་སྐྱ་བོ་ནི་སྣང་བ་ཡིན་ལ། ནག་པོ་ནི་མུན་པ་ཡིན་པས་སུ་ལའང་ཅིར་ཡང་མ་གྲུབ་པའི་ཕྱིར་འཁྲུལ་སྣང་ལ་ནམ་མཁའ་ཞེས་བརྗོད་པར་ཟད་དོ། །རིན་ཆེན་ཕྲེང་བ་ལས། གཟུགས་ཀྱི་དངོས་པོ་མེད་ཙམ་ཕྱིར། །ནམ་མཁའ་ཡང་ནི་མིང་ཙམ་མོ། །ཞེས་སོ། །ནམ་མཁའ་མཐོང་བར་རྟོག་པ་དེ་ནི་རྨོངས་པར་བཤད་དེ། བཞི་བརྒྱ་པ་ལས། ནམ་མཁའ་ལེགས་པར་རྟོག་གོ་ཞེས། །སོ་སོའི་སྐྱེ་བོ་དག་གིས་རྟོགས། །མཁས་པ་རྣམས་ཀྱི་དེ་དག་ལ། །འཇིག་རྟེན་པས་ཀྱང་དོན་མ་མཐོང་། །ཞེས་པ་དང་། སྡུད་པ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ཞེས་པ་དང་། ཡུམ་ལས། ནམ་མཁའི་ཁམས་ལ་ནི་ཤར་ཕྱོགས་དམིགས་སུ་མེད་དོ། །ལྷོ་དང་། ནུབ་དང་། བྱང་དང་། སྟེང་དང་། འོག་དང་། ཕྱོགས་མཚམས་དམིགས་སུ་མེད་དོ། །ནམ་མཁའ་ནི་ཟླུམ་པོ་མ་ཡིན། གྲུ་བཞི་མ་ཡིན། སྔོན་པོ་མ་ཡིན། སེར་པོ་མ་ཡིན། འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ། །ནམ་མཁའ་ལ་ནི་སྐྱེ་བའམ་འགགས་པའམ་གནས་པའམ་གཞན་དུ་འགྱུར་བ་མེད་དོ། །ནམ་མཁའ་ནི་ཤེས་པར་བྱ་བའང་མ་ཡིན། ཐོབ་པར་བྱ་བའང་མ་ཡིན་ནོ། །ནམ་མཁའ་ནི་གཟུགས་དང་ལྡན་པའང་མ་ཡིན། གཟུགས་མེད་པའང་མ་ཡིན། ནམ་མཁའ་ནི་རྟག་པའང་མ་ཡིན། མི་རྟག་པའང་མ་ཡིན་ནོ། །ནམ་མཁའ་ནི་སྣང་བ་ཡང་མ་ཡིན། མུན་པ་ཡང་མ་ཡིན་ནོ། །ནམ་མཁའ་ནི་སེམས་ཅན་ཚད་མེད་པའི་གོ་སྐབས་འབྱེད་དོ་ཞེས་ཟེར་བ་ནི། སེམས་ཅན་མེད་པའི་ཕྱིར། ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར། ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ་ཞེས་པས། ཐེག་པ་ཡང་བློས་བཀོད་པ་ཙམ་ལས། དངོས་པོ་ལ་མེད་པར་གསུངས་པ་ཡིན་ནོ། །མུ་སྟེགས་པ་དང་རྩོད་དུས་ནང་པའི་ལུང་སྒྲུབ་བྱེད་དུ་མི་ཆེའོ་སྙམ་ན། དེ་ལྟར་མ་ཡིན་ཏེ། རིག་པས་བཀག་རྗེས་སུ་ལུང་དྲངས་པས། སྟོན་པ་ཐམས་ཅད་མཁྱེན་པའི་གསུང་ཚད་མར་གུས་པས་ཁས་ལེན་པའི་དགོས་པ་ཡོད་དོ། །དེ་ཡན་གྱིས་རྫས་རྟག་པ་དགག་པ་སོང་ནས། མི་རྟག་པ་དགག་པ་ལ་གཉིས་ཏེ། ཡན་ལག་ཅན་མ་གྲུབ་པ་དང་། མི་རྟག་པར་མ་གྲུབ་པའོ། །དང་པོ་ནི། གླིང་ཡན་ལག་ཅན་དུ་བསྒྲུབ་པ་ལ། དེའི་ཆ་ཤས་གངས་རི་ལྟ་བུ་ཡན་ལག་ཏུ་མ་གྲུབ་སྟེ། རྡུལ་ཕྲན་ལྟར་མེད་པའི་ཕྱིར་རོ། །གཉིས་པ་མི་རྟག་པ་ཡང་མ་གྲུབ་སྟེ། དཔྱད་ན་གཅིག་དང་དུ་མའི་ཆ་ཤས་དང་ཆ་ཤས་ཅན་མ་གྲུབ་པའི་ཕྱིར་རོ། །རྡུལ་ཕྲན་རྟག་ལ་རགས་པ་མི་རྟག་པར་མ་གྲུབ་སྟེ། དངོས་པོ་གཅིག་ལ་རྟག་མི་རྟག་ཆ་གཉིས་དུས་གཅིག་ཏུ་མི་སྲིད་པའི་ཕྱིར་རོ། །གནོད་བྱེད་བརྗོད་པ་ལྔས་བཤད་པའེི་དབང་ཕྱུག་དང་། རྫས་དགག་པ་གཉིས་ཀ་སོང་ནས། གསུམ་པ་ཡོན་ཏན་དགག་པ་ལ། གྲངས། བོངས་ཚོད། ཕྲད་པ། བྱེ་བ། གཞན། གཞན་མ་ཡིན་པ། ནམ་མཁའི་ཡོན་ཏན་དགག་པ་དང་བདུན་ལས། དང་པོ་ལ། ལྟོས་པ། རྫས། རྩོམ་བྱེད་མ་གྲུབ་པ་གསུམ་ལས། ལྟོས་པ་ནི། གཅིག་དང་དགུ་གཉིས་བསྡུར་བས་མང་བ་དང་ཉུང་བར་འཇོག་པ་ཕན་ཚུན་ལྟོས་པ་ཡིན་ལ། ལྟོས་ས་དང་། ལྟོས་ཆོས་མ་གྲུབ་པས་གྲངས་མི་འགྲུབ་པ་ཡིན་ནོ། །གཉིས་པ་རྫས་མ་གྲུབ་པ་ནི། གཅིག་དང་བརྒྱ་ལ་སོགས་པའི་གྲངས་ཉིད་རེ་རེ་བ་ཡིན་པས་གཅིག་ཏུ་མི་རུང་ལ། རེ་རེ་པའང་དཔྱད་ན་མ་གྲུབ་པས་རྫས་མ་གྲུབ་བོ། །གསུམ་པ་རྩོམ་བྱེད་མ་གྲུབ་པ་ནི། ཁལ་གཅིག་གི་རྩོམ་བྱེད་བྲེ་གང་ནས་ཡིན་པ་ལ། འཇལ་བྱེད་ཀྱི་འབོ་དང་བྲེ་ལ་སོགས་པས་བརྩིས་ན་བྲེ་གང་ཕུལ་དང་། ནས་འབྲུ་གཅིག་ལ་ཆ་ཤས་བརྟགས་ན་ཞིག་པས་གྲངས་མ་གྲུབ་པ་ཡིན་ནོ། །འདི་དག་མུ་སྟེགས་པ་མིན་རུང་། ང་ཚོ་སོ་སོའི་སྐྱེ་བོ་རྨོངས་པའི་འཁྲུལ་ཤེས་ཐམས་ཅད་ལོག་པར་སྣང་བ་ཡིན་པར་ཤེས་ནས་འཁྲུལ་བ་རང་སར་ཞིག་པའི་མན་ངག་ཡིན་པས། འདི་རང་རྒྱུད་ཀྱི་འཁྲུལ་བ་དགག་པའི་མན་ངག་ཏུ་འཛིན་ཤེས་ན་གཞུང་ལུགས་ཐམས་ཅད་གདམས་པར་ཤར་བའི་གོ་བ་ཡང་རྙེད་རྒྱུ་ཡོད་པ་ཡིན། ཡུམ་ལས། དེ་བཞིན་ཉིད་ལ་གཅིག་ཅེས་བྱ་བ་མེད་དེ་ཞེས་པ་ལ་སོགས་པ་གསུངས་སོ། །དེ་བཞིན་ཉིད་དུ་མེད་ཀྱི་ཐ་སྙད་དུ་ཡོད་ཅེས་པའང་མི་རུང་སྟེ། ཀླུ་དབང་གིས། ཀུན་རྫོབ་ལས་ནི་ལོགས་ཤིག་ཏུ། །དོན་དམ་ཉེ་བར་མི་དམིགས་སོ། །དོན་དམ་ལས་ཀྱང་ལོགས་ཤིག་ཏུ། །ཀུན་རྫོབ་ཉེ་བར་མི་དམིགས་སོ། །ཞེས་སོ། །དེས་ན་ཐ་སྙད་དུའང་དངོས་པོ་དངོས་མེད་ལ་སོགས་པ་མ་གྲུབ་བོ། །དངོས་པོ་དངོས་མེད་དུ་རྟོག་གེ་བས་བརྟགས་པ་དེ་ནི་འཁྲུལ་པའོ་ཞེས་འདོད་དེ། བྱིས་པ་དངོས་པོར་ཞེན་པ་རྣམས་ལ་མིག་མི་གསལ་བའི་མིག་སྔར་རབ་རིབ་སྐྲ་ཤད་དུ་སྣང་བ་དང་། ནམ་མཁའི་ཟླ་གཟུགས་ཆུ་ལ་འཕོས་པའི་ཆུ་ཟླ་ཉིད་བདེན་པར་ཞེན་ནས་རྫས་སུ་འདོད་པ་དང་འདྲ་བའི་ཕྱིར། ཐ་སྙད་དུ་མིང་དོན་རབ་ཏུ་དབྱེ་བར་ཞེན་ནས་བདག་ཏུ་འཛིན་ཡང་། དེ་ཁོ་ན་ཉིད་ཤེས་པ་རྣམས་ལ། རི་ལ་སོགས་པ་ཆུའི་ཟླ་བ་དང་སྐྲ་ཤད་ལྟར་མེད་ཀྱང་གསལ་བར་སྣང་གིས། དངོས་པོ་དང་དངོས་མེད་ལ་སོགས་པར་སྣང་བ་ནི་མ་ཡིན་ཏེ། མིང་དོན་བློས་སྒྲོ་བཏགས་པའི་གྲུབ་མཐའ་རབ་ཏུ་ཞི་བའི་ཕྱིར་རོ། །དེས་ནི་གྲངས་དགག་པ་སོང་ནས། གཉིས་པ་བོངས་ཚོད་དགག་པ་ལ་གསུམ་སྟེ་རྫས་དང་ཆེ་ཆུང་མཉམ་པ་མ་གྲུབ་པ་གསུམ་ལས། དང་པོ་རྫས་སུ་མ་གྲུབ་པ་ནི། རི་འབུར་བྱེད་ཆེ་ཆུང་གི་རྫས་སུ་མ་གྲུབ་སྟེ། དེ་བས་ཆེ་བའི་རི་ལ་ལྟོས་ནས་ཆུང་བས། ཆེ་བའི་རྫས་སུ་གྲུབ་པ་ཉམས་སོ། །ཡང་ཆུང་བའི་རྫས་སུ་མ་གྲུབ་སྟེ། ཆུང་བ་ལ་ལྟོས་ནས་ཆེ་བའི་ཕྱིར་རོ། །འདི་ནི་མཐོ་དམན་གྱི་ཐད་ནས་སོ། །གཉིས་པ་ཆེ་ཆུང་མ་གྲུབ་པ་ནི། དངོས་པོ་གང་གིའང་རགས་པ་རྡུལ་ཕྲན་ལས་ཆེ་ཆུང་མེད་པས་ཀྱང་ཆེ་ཆུང་དུ་མ་གྲུབ་ལ། ཆེ་ཆུང་གཞན་ལ་ལྟོས་ནས་ཀྱང་། ཆེ་ཆུང་གཅིག་ཏུ་མ་གྲུབ་པ་བཤད་མ་ཐག་པའི་ཕྱིར་རོ། །དེ་བཞིན་དུ་ཁབ་དང་། མདུང་ཡང་རིང་ཐུང་མེད་པ་ཉིད་སྔར་སྨོས་པ་བཞིན་ནོ། །གསུམ་པ་མཉམ་པ་མ་གྲུབ་པ་ནི། ཕན་ཚུན་ལྟོས་པས་སོ། །ཡུམ་ལས། གཟུགས་རྒྱ་ཆེན་པོར་མི་བགྱིད། ཆུང་བར་མི་བགྱིད། རགས་པར་མི་བགྱིད། ཕྲ་བར་མི་བགྱིད། ཅེས་སོ། །བོངས་ཚོད་དགག་པ་སོང་ནས། གསུམ་པ་ཕྲད་པ་དགག་པ་ལ་ལྔ་སྟེ། རྟག་མི་རྟག་ཕྲད་པར་མི་རུང་བ། རང་དང་གཞན་ཕྲད་པར་མི་རུང་བ། ཆ་ཡོད་ཆ་མེད་ཕྲད་པར་མི་རུང་བ། མཚམས་ཡོད་མེད་ཕྲད་པར་མི་རུང་བ། ཕྲད་ཟིན་པ་མེད་པའོ། །དང་པོ་ནི། རྟག་པ་ཕྲད་པར་མི་རུང་བ་སྟེ། རྟག་ཏུ་ཕྲད་པའམ་ནམ་ཡང་ཕྲད་པར་མི་འགྱུར་བའི་ཕྱིར་རོ། །མི་རྟག་པ་ཡང་ཕྲད་པར་མི་རུང་སྟེ། གཅིག་སྐྱེ་དུས་གཅིག་འགག་པའི་ཕྱིར་རོ། །ཚོགས་པ་ཕྲད་པར་མི་རུང་སྟེ། རྟག་མི་རྟག་ཚང་བའི་རྫས་འགལ་བའི་ཕྱིར་རོ། །གཉིས་པ་རང་དང་གཞན་ཕྲད་པ་མི་རུང་བ་ནི། རང་དང་རང་ཕྲད་པར་མི་རུང་སྟེ་ཕྲད་བྱ་ཕྲད་བྱེད་གཉིས་མེད་པའི་ཕྱིར་ཐལ་མོ་ཡ་གཅིག་པོ་དེ་ཉིད་ཕྲད་བྱ་ཕྲད་བྱེད་གཉིས་སུ་མེད་པ་བཞིན་ནོ། །གཞན་ཕྲད་པ་ཡང་མེད་དེ། དུས་མི་མཉམ་པ་ལ་མི་རུང་སྟེ་གཅིག་ཡོད་དུས་གཅིག་མེད་པའི་ཕྱིར་རོ། །གཉིས་ཀ་ཚོགས་པའི་ཕྲད་པ་ཡང་མེད་དེ་རང་གཞན་རྫས་འགལ་བའི་ཕྱིར་རོ་ཞེས་པ་ནི་དུས་མཉམ་པའི་དངོས་པོ་གཅིག་པུ་དེ་ཅིག་ཤོས་དང་འབྲེལ་བ་མེད་པའི་ཕྱིར་དང་། གཉིས་ཀ་ཚོགས་པ་ཞེས་པའང་བརྟགས་ན་རང་གཞན་རྫས་འགལ་བས་ཕན་ཚུན་འདྲེ་བ་མེད་པས་ན་དོན་དམ་པར་ཕྲད་པ་མི་སྲིད་དོ། །དུས་མཉམ་པ་ཕྲད་པ་མེད་དེ་གཅིག་ལ་གཉིས་མེད་པས་སོ། །ཐ་དད་པ་ཕྲད་པ་མེད་དེ་དབྱར་གྱི་དྲོ་བ་དང་དགུན་གྱི་གྲང་རེག་བཞིན་ནོ། །རྩ་ཤེ་ལས། དེ་ཉིད་དེ་དང་ཕྲད་པ་མེད། །གཞན་དང་གཞན་ཡང་ཕྲད་མི་འགྱུར། །ཕྲད་བཞིན་པ་དང་ཕྲད་པ་དང་། །ཕྲད་པ་པོ་ཡང་ཡོད་མ་ཡིན། །ཞེས་སོ། །གསུམ་པ་ཡོད་མེད་ཕྲད་པ་མི་རུང་བ་ནི། ཆ་མེད་ཕྲད་པར་མི་རུང་སྟེ་ཕྱོགས་ཐམས་ཅད་དང་གཅིག་གིས་ཕྲད་པ་གང་ལྟར་ཀྱང་མི་འཐད་དེ་ཆ་མེད་པའི་ཕྱིར་ཏེ་རྡུལ་ཕྲན་ཆ་ཤས་མེད་པ་ཕྲད་ན་ངོས་ཡོད་པས་ཆ་བཅས་སུ་ཐལ་བའི་ཕྱིར་རོ། །སྤྱོད་འཇུག་ལས། ཕྲད་པ་དང་ནི་ཆ་མེད་པ། །གལ་ཏེ་མཐོང་ན་བསྟན་པར་གྱིས། །ཞེས་སོ། །ཆ་བཅས་ཀྱང་འཕྲད་པར་མི་རུང་སྟེ། ཆ་མེད་ཕྲད་པ་མ་གྲུབ་བར་དུ་ཆ་བཅས་ཉིད་དཔྱད་གཞིར་འགྱུར་ཏེ་མ་ཕྲད་པ་བཞག་ནས་གང་ཕྲད་དཔྱད་དགོས་པའི་ཕྱིར་ཕྱི་ལོགས་རྣམས་ཕྲད་པ་ན་ནང་མ་ཕྲད་པ་ཤ་སྟག་ཏུ་འགྱུར་ཏེ། དེ་ཉིད་ལས། རྡུལ་ཕྲན་རྡུལ་ཕྲན་ལ་འཇུག་མེད། །དེ་ནི་སྐབས་མེད་མཉམ་པ་ཡིན། །མ་ཞུགས་པ་ལ་འདྲེས་མེད་ཅིང་། །མ་འདྲེས་པ་ཡང་ཕྲད་པ་མེད། །ཅེས་ཏེ། བྲེ་གང་གི་གོར་བྲེ་གང་གི་ཆ་བཅས་མི་ཤོང་བས་ཕྲད་པ་མེད་པ་བཞིན་ནོ། །བཞི་པ་མཚམས་ཡོད་མེད་ཕྲད་པ་མི་རུང་བ་ནི། ཤ་དང་གྲི་ཕྲད་དུས་མཚམས་ཡོད་དམ་མེད་གང་ལྟར་ཡང་མི་རུང་སྟེ། དང་པོ་ལྟར་ཤ་དང་གྲིའི་བར་ན་དེ་གཉིས་མ་ཕྲད་པའི་མཚམས་ཡོད་ན། མཚམས་དེ་ཚུར་གྲི་ལ་གཏོགས་པ་ཡིན་ནམ། ཕར་ཤ་ལ་གཏོགས་པ་ཡིན་ནམ། དེ་གཉིས་ཀ་གང་དུའང་གཏོགས་པ་མ་ཡིན་པའི་གཞན་ཞིག་ཡིན། དང་པོ་ལྟར་ན་གྲི་དང་ཤའི་མཚམས་སྟོང་པ་ན་གྲི་ཡོད་པར་ཐལ་བར་འགྱུར་རོ། །དེ་ལྟ་ན་གྲིའི་སོས་མ་རེག་པར་གཅོད་པར་ཐལ་ཞིང་། གཉིས་པ་ལྟར་ན་མཚམས་དེ་ཤ་ཡིན་པས། ཤ་དང་གྲི་ཕན་ཚུན་བསྣོལ་ནས་གཅིག་གི་གོ་སར་གཅིག་ཞུགས་པའི་ཚེ། མཚམས་ཀྱི་ཤ་དེ་བརྒལ་ནས་ཤ་དངོས་ལ་གྲི་ཕྲད་པ་མི་སྲིད་ཅིང་། ཕན་ཚུན་བསྣོལ་བས་ན་ཤས་གྲི་གཅོད་པར་ཐལ་ཤ་དང་གྲིའི་བར་ན་ཤ་ཡོད་ཕྱིར་རོ། །གསུམ་པ་གཉིས་ཀ་མིན་པ་ལྟར་ན་ཤར་གྱི་གྲི་དང་ནུབ་ཀྱི་ཤ་ཡི་བར་དུ་འདོམ་ལ་སོགས་པས་ཆོད་པ་བཞིན་དུ་མ་ཕྲད་པར་ཐལ་བས་མཚམས་གྲི་དང་ཤ་གཉིས་ཀ་མིན་པ་གཞན་གྱིས་བར་དུ་ཆོད་པས་གཅོད་པའང་མི་རིགས་པའི་ཕྱིར་རོ། །དེས་ན་གཉིས་པ་ལྟར་ཕྲད་པ་ལ་བར་མེད་ན་དེ་གཉིས་གཅིག་ཏུ་ འདྲེས་པར་འགྱུར་བས་གཅད་བྱ་གཅོད་བྱེད་དུ་མི་སྲིད་དེ། ཤ་ནང་དུ་གྲི་བཅུག་པ་གོང་བུ་གཅིག་གི་དངོས་པོ་བཞིན་དུ་རོ་གཅིག་ཏུ་གྱུར་ནས་སོ་སོར་ཡོད་པར་མི་འགྱུར་ལ། དེ་ལྟ་ན་དེས་དེ་ཆོད་པའང་ག་ལ་འགྱུར་རོ། །དེས་ན་གྲི་སོའི་རྡུལ་ཕྲན་དང་ཤ་ཡི་རྡུལ་མ་འདྲེས་པས་བར་མེད་པ་མ་ཡིན་ནོ། །བར་ཡོད་ན་མཚམས་གཞན་གྱིས་ཆོད་པས་ཕྲད་པར་མི་རུང་སྟེ། བཤད་མ་ཐག་པ་བཞིན་ནོ། །གོང་གི་ལུང་ཁུངས་དེ་ཉིད་ལས། གལ་ཏེ་དབང་དོན་བར་བཅས་ན། །དེ་དག་གང་དུ་འཕྲད་པར་འགྱུར། །བར་མེད་ན་ནི་གཅིག་ཉིད་དེ། །གང་ཞིག་གང་དང་འཕྲད་པར་འགྱུར། །ཞེས་སོ། །ལྔ་པ་ཕྲད་ཟིན་ཕྲད་པར་མི་རུང་བ་ནི། ཕྲད་ཟིན་ཕྲད་པར་མི་རུང་སྟེ། ཕྲད་པའི་བྱ་བ་འགགས་ནས་མེད་པའི་ཕྱིར་རོ། །དེ་ལྟར་ཆོས་ཐམས་ཅད་ལ་བསམས་ན་གང་ཡང་རང་བཞིན་མེད་པར་ཤེས་པས་ཐ་སྙད་ལ་ཞེན་པ་ལྡོག་པར་འགྱུར་རོ། །བདེན་ཆུང་ལས། འདི་ལྟར་སྣང་བའི་དངོས་པོ་ལ། །རིག་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་འདི་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །མཐོང་ངོ་ཞེས་ནི་གང་སེམས་པ། །གཏི་མུག་གཉིད་ཀྱིས་མཐོང་བ་ཡིན། །ཞེས་སོ། །དེས་ནི་ཡོན་ཏན་འགོག་པའི་སྐབས་ཀྱི་གྲངས་དང་། བོངས་ཚོད་ཕྲད་པ་དགག་པ་རྣམས་སོང་ནས། བཞི་བ་བྱེ་བ་དགག་པ་ནི། དངོས་པོ་གང་ལས་ཁ་ཁ་རུ་བྱེ་བ་ཉིད་དང་པོར་མ་ཕྲད་པར་བྱེ་བ་མི་རུང་སྟེ་མ་ཕྲད་པར་བྱེ་ཟེར་དོན་མེད་ལ། ཕྲད་པ་ཉིད་ཤ་དང་གྲི་བཞིན་བཤད་མ་ཐག་པ་ལྟར་ཁེགས་པའི་ཕྱིར་དང་། བྱེ་ཟིན་བྱེ་མ་ཟིན་གཉིས་ལ་བྱེ་བ་མེད་ཅིང་། དེ་ལས་གཞན་པའི་བྱེ་བཞིན་པ་མི་དམིགས་པའི་ཕྱིར་དང་། གཉིས་ཡོད་ནས་བྱེ་བ་ལས་རང་གཅིག་པུ་ལ་བྱེ་བ་མེད་ལ་གཞན་ལའང་བྱེ་བ་མེད་དེ་ངོ་བོ་ཐ་དད་པའི་ཕྱིར་རོ། །ལྔ་བ་གཞན་དགག་པ་ལ་གཉིས་ཏེ། རང་བཞིན་པ་སྤྱིར་དགག་པ་དང་། ཁྱད་པར་ཅན་ཐ་སྙད་དུ་དགག་པའོ། །དང་པོ་ནི་དུས་མི་མཉམ་པ་གཞན་དུ་མི་རུང་སྟེ་གཅིག་རྩོམ་དུས་གཅིག་མེད་པས་ནམ་ཡང་ཐ་དད་པའི་གཞན་དུ་གཞག་རྒྱུ་མེད་པས་སོ། །ཕྱི་མ་གྲུབ་དུས་སྔ་མ་དྲན་པའི་ཡུལ་དུ་བྱས་ནས་འཇོག་པའང་མི་འཐད་དེ་དྲན་པའི་སྣང་ཡུལ་སྒྲོ་བཏགས་ཡིན་པས་སྔ་མ་གཞན་དངོས་སུ་མི་འགྲུབ་པའི་ཕྱིར་ཏེ། བཞི་བརྒྱ་པ་ལས། དྲན་པ་ཞེས་བྱ་འདས་པ་ཡི། །དོན་ལ་ཕྱིན་ཅི་ལོག་ཏུ་འགྱུར། །ཞེས་སོ། །དུས་མཉམ་པ་གཞན་དུ་མི་རུང་སྟེ། གཞན་དུ་མ་གྲུབ་པ་གཅིག་ལ་གཅིག་ལྟོས་ཀྱི་ལྟོས་པ་རང་བཞིན་མ་གྲུབ་པའི་ཕྱིར་རོ། །གཅིག་ཉིད་གཞན་དུ་བཞག་པའང་མི་རུང་སྟེ་གཅིག་ལ་གཉིས་མ་གྲུབ་པའི་ཕྱིར་ལ། ཐམས་ཅད་རེང་བུ་རེ་རེ་ལ་ནི་གཞན་མི་འགྲུབ་བོ། །དེ་དག་ཕན་ཚུན་ལྟོས་པས་གཞན་དུ་གྱུར་པ་མེད་དེ། སྔོན་དུ་བཤད་ཟིན་གྱི་རྡུལ་དང་དུས་ཀྱི་བརྟག་པས་ལྟོས་པ་ཁེགས་པའི་ཕྱིར་རོ། །དེ་ལྟར་རང་བཞིན་དང་བྱ་བ་བཀག་ནས། གཉིས་པ་ཁྱད་པར་ཅན་ཐ་སྙད་དུ་དགག་པ་ནི། ལྟོས་མེད་དུ་གཞན་ཞེས་པའི་ཡོན་ཏན་ཡོད་ན་དེ་མེད་པ་ཡིན་པས་མོ་གཤམ་བུའི་གྲོགས་ཀྱང་ཡོད་པར་ཐལ་བས་ཐ་སྙད་དུ་ཡང་མི་འཐད་དོ། །གཞན་མ་ཡིན་པ་ཡང་མེད་དེ། ལྟོས་གཞི་གཞན་ཉིད་མ་གྲུབ་པའི་ཕྱིར་དང་། རང་ལས་ཐ་དད་པ་དག་གཞན་མིན་མིན་ཏེ་ཀ་བུམ་བཞིན་ནོ། །རང་ཉིད་ཀྱང་དེ་མིན་ཏེ། རང་གཅིག་པུ་ལ་གཞན་ཡེ་ནས་མེད་ན་གཞན་མིན་ཞེས་གང་གིས་གདགས། གལ་ཏེ། བུམ་པ་རང་གི་ངོ་བོ་གཅིག་པུར་གྲུབ་ཀྱང་། ཀ་བ་སོགས་གཞན་ལ་ལྟོས་ནས་གཞན་མིན་ཡིན་ནོ་སྙམ་ན། དེ་ལྟ་ན་དེ་ལ་ལྟོས་ནས་གཞན་ཡིན་པར་ཡང་འགྱུར་བས་ན་འགལ་བའི་ཡོན་ཏན་ཅན་དུ་ཐལ་བའི་ཕྱིར། འདི་དག་བཏགས་པ་ཙམ་ལས་དོན་ལ་མེད་དེ། རྩ་བ་ཤེས་རབ་ལས། གཞན་ཉིད་གཞན་ལ་ཡོད་མ་ཡིན། །གཞན་མ་ཡིན་ལའང་ཡོད་མ་ཡིན། །གཞན་ཉིད་ཡོད་པ་མ་ཡིན་ན། །གཞན་ནམ་དེ་ཉིད་ཡོད་མ་ཡིན། །ཞེས་སོ། །དེས་ནི་ཡོན་ཏན་དགག་པའི་སྐབས་ཀྱི། གྲངས་དང་། བོངས་ཚོད་། ཕྲད་པ། བྱེ་བ། གཞན་དང་གཞན་མ་ཡིན་པ་དྲུག་དགག་པ་སོང་ནས། བདུན་པ་ནམ་མཁའི་ཡོན་ཏན་དགག་པ་ནི། ནམ་མཁའི་ཡོན་ཏན་གྱི་སྒྲ་ཡང་མི་རུང་སྟེ། སྐྱེས་བུས་ཨོཾ་བརྗོད་དུས་ཐོས་པ་ནི་སྐྱེས་བུའི་སྒྲ་ཡིན་པར་མངོན་སུམ་དུ་མཐོང་ན་ཇི་ལྟར་ནམ་མཁའི་སྒྲ་ཡིན། སྐྱེས་བུས་བརྗོད་པ་ཉིད་ཀྱིས་ནམ་མཁའི་སྒྲ་ཡིན་ནོ་ཞེ་ན་བུམ་པ་ཡང་ནམ་མཁའ་ནས་བྱུང་བ་ལ་སོགས་པར་འགྱུར་བའི་ཕྱིར་དང་། ནམ་མཁའ་ཉིད་མ་གྲུབ་པས་དེའི་སྒྲ་མི་སྲིད་པའི་ཕྱིར་དང་། རྟག་པ་ལ་བརྗོད་མི་བརྗོད་ཆ་གཉིས་མེད་པའི་ཕྱིར་དང་། ནམ་མཁའ་ན་སྒྲ་ཡོད་ན་རྟག་ཏུ་ཐོས་པར་འགྱུར་ཞིང་། ཨོཾ་བརྗོད་དུས་སྒྲིབ་བྱེད་ཀྱི་རླུང་བསལ་ཚེ་ཨོཾ་སྒྲ་ཐོས་ན་ཨོཾ་གྱི་སྒྲ་ཡོད་པའི་ནམ་མཁའི་ཁོང་དེ་ན་གནས་པའི་དུང་སྒྲ་ལ་སོགས་ཀུན་དུས་མཉམ་དུ་ཐོས་པར་ཐལ་ཏེ། སྒྲ་ཀུན་ནམ་མཁའི་ཁྲོད་ན་རྟག་ཏུ་གནས་པ་ལ་ཁྱད་མེད་པས། ཁ་ཅིག་གི་སྒྲིབ་བྱེད་ཀྱི་རླུང་བསལ་བར་བྱས་དུས་དེར་གནས་ཀུན་ཀྱང་ཐོས་པར་ཐལ་ཏེ་ཁྱད་མེད་པའི་ཕྱིར་རོ། །འོ་ན་སྒྲ་ནི་གྲེ་བ་སོགས་སྦུབས་སྟོང་པའི་ཆ་ལས་འབྱུང་བ་མིན་ན་ལྕེ་རྐན་ལས་སྒྲ་འབྱུང་བའང་མི་འཐད་དོ་ཞེ་ན། དེ་ནི་མི་མཚུངས་ཏེ་ལྕེ་རྐན་གྱི་རྐྱེན་ལས་འབྱུང་བར་དངོས་སུ་སྣང་བས་གྲུབ་ལ། རྐྱེན་མེད་པའི་ནམ་མཁའ་ལས་འབྱུང་བར་མ་དམིགས་པའི་ཕྱིར་རོ། །འོ་ན་ནམ་མཁའ་མེད་པར་ཡང་སྒྲ་འབྱུང་བར་མ་དམིགས་སོ་ཞེ་ན། ནམ་མཁའ་མེད་ཅེས་བྱ་བ་ནི་ལྕེ་རྐན་སོགས་སྒྲའི་རྐྱེན་ཉེ་བར་མི་གནས་པར་བྱེད་པའི་གེགས་ཡོད་པ་ལ་འཁྲུལ་བར་ཟད་ཀྱི། སྒྲ་སྐྱེད་ནུས་ཀྱི་དངོས་པོ་གཞན་མཁའ་ཞེས་བྱ་བར་མི་འདོད་དེ། འོ་ན་བཅོམ་ལྡན་འདས་ཀྱིས་གཟུགས་མཐོང་བ་ལ་ནམ་མཁའ་དང་སྣང་བ་སོགས་རྐྱེན་དུ་གསུངས་པ་མིན་ནམ་ཞེ་ན། དེ་ནི་ཐོགས་རེག་གི་སྒྲིབ་པ་མེད་པ་ཙམ་ལ་གསུངས་ཏེ། ཐོགས་རེག་མེད་ཙམ་ལ་འཇིག་རྟེན་ན་ནམ་མཁའ་ཞེས་གདགས་པ་དེ་དང་སྒོ་བསྟུན་གྱི་ཁྱོད་ལྟར་དངོས་པོར་འདོད་པ་མིན་ནོ། །ཞེས་སོ། །འཁྲུལ་སྣང་དུ་སྣང་ཙམ་རྟེན་ཅིང་འབྲེལ་བའི་ཕྱིར་ཏེ། བདེན་གཉིས་ལས། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །ཞེས་པས། དངོས་པོའམ་དོན་དམ་པ་ལ་སྒྲ་ལྕེ་རྐན་སོགས་ལས་ཀྱང་གྲུབ་པར་མི་འདོད་པས་སྒྲ་དང་གཞན་གཟུགས་སོགས་པ་ཡང་བདེན་པ་མ་གྲུབ་པར་གསུངས་སོ་ཞེས་པའོ། །རྩ་བའི་གནོད་བྱེད་ཡོད་པའི་རིགས་པ་ལྔའི་ནང་གི་དབང་ཕྱུག རྫས་དང་། ཡོན་ཏན་རྣམས་སོང་ནས། བཞི་བ་ལས་དགག་པ་ནི། ཐོག་མ་ཤེས་རྒྱུའི་སྔ་ཆར་རྟག་མི་རྟག་གཉིས་ཀ་ལ་འཕོ་བ་མི་རུང་བས་ཁེགས་སོ། །ཞིབ་ཏུ་བཤད་ན་དེའང་ལྷས་བྱིན་ཤར་ནས་ནུབ་ཏུ་འགྲོ་ན་རྟག་པ་འགྲོའམ་མི་རྟག་པ་འགྲོ། རྟག་པ་ལ་འགྲོ་བ་མི་རུང་སྟེ། ཅུང་ཟད་ཀྱང་འགུལ་དུ་མི་རུང་བས་སོ། །འགུལ་རུང་ན་འགུལ་བའི་ཕྱིར་ན་རྟག་པའི་ཁས་ལེན་དང་དམ་བཅའ་་ཉམས་སོ། །མི་རྟག་པ་ལའང་འགྲོ་བ་མེད་དེ། སྐྱེ་འགག་གི་རང་བཞིན་ཅན་ཡིན་པས་ན་འགྲོ་བར་གཟོ་བ་སྟེ་འགྲོ་ཆས་བྱེད་པ་ན་འགག་པར་སྐྱེས་པས་ཡུལ་གཞན་དུ་ནུར་ལོངས་མེད་པའི་ཕྱིར་རོ། །དེས་ན་རྟག་མི་རྟག་གཉིས་ཀ་ལ་འཕོ་བ་མི་རུང་། རྒྱུན་རྟག་པར་མི་རུང་སྟེ། སྐད་ཅིག་མ་ལ་ཕྲད་པ་མེད་པས་རྒྱུན་མ་གྲུབ་པའི་ཕྱིར་རོ། །རྩ་ཤེ་ལས། གལ་ཏེ་འདུ་བྱེད་འཁོར་ཞེ་ན། །དེ་དག་རྟག་ན་མི་འཁོར་ཏེ། །མི་རྟག་ན་ཡང་འཁོར་མི་འགྱུར། །རེ་ཞིག་སོང་ལ་མི་འགྲོ་སྟེ། །མ་སོང་བ་ཡང་འགྲོ་མི་འགྱུར། །སོང་དང་མ་སོང་མ་གཏོགས་པ། །བགོམ་པ་ཤེས་པར་མི་འགྱུར་རོ། །ཞེས་སོ། །དེའང་སོང་ཟིན་ལ་འགྲོ་བ་མེད་དེ་འགགས་པའི་ཕྱིར་རོ། །མ་སོང་བ་ལ་འགྲོ་བ་མེད་དེ། མ་འོངས་པའི་ཕྱིར་རོ། །དེ་གཉིས་ཀྱི་བར་ན་ད་ལྟ་བའི་གོམ་པ་འདོར་བཞིན་པ་དེའི་སྔ་ཆ་འདས། ཕྱི་ཆ་མ་སྐྱེས་པས་ད་ལྟ་བ་མ་གྲུབ་པའི་ཕྱིར་འགྲོ་བ་ཞེས་པ་ཞིག་མེད་དེ། འགྲོ་བ་མེད་པ་ལ་འགྲོ་བར་སྣང་བ་དེ་ཉིད་འཁྲུལ་པ་ཡིན་ནོ། །རྒྱུ་མཚན་དེས་སྐྱེ་བ་དང་། གནས་པ་དང་། འགག་པ་ཐམས་ཅད་ཀྱང་མེད་ལ་སྣང་བར་ཤེས་པར་བྱའོ། །སྒྱུ་འཕྲུལ་གསང་སྙིང་ལས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལ་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་སོ། །འདི་ལྟ་བུའི་ལུང་རིགས་ཀྱིས་འཁྲུལ་སྣང་གཞི་མེད་སྟོང་པའི་གཟུགས་བརྙན་དུ་ཕྱལ་གྱིས་བཏང་བས་མེད་པ་གསལ་སྣང་འབའ་ཞིག་ཏུ་ཤེས་པར་བྱའོ། །དེ་ཡན་གྱིས་མུ་སྟེགས་ཏརྐ་སྡེ་ལྔའི་ནང་གི་གྲངས་ཅན་པ་དགག་པ་སོང་བ་དང་། བྱེ་བྲག་པ་དགག་པའི་སྐབས་ཀྱི། སྒྲུབ་བྱེད་མེད་པ། གནོད་བྱེད་ཡོད་པ། ཤེས་པས་མི་གྲོལ་བ་གསུམ་ལས་ཀྱང་། སྒྲུབ་བྱེད་མེད་པའི་རིགས་པ་ཆ་ཚང་སོང་ཞིང་། གནོད་བྱེད་ཡོད་པའེི་སྐབས་ཀྱི་དབང་ཕྱུག་དགག་པ། རྫས་དགག་པ། ལས་དགག་པ་བཞི་པོ་སོང་བའི་མཚམས་འདིར་དེ་རིང་བཞག་ནས། སང་ཉིན་སྤྱི་བྱེ་བྲག་འདུ་བ་དགག་པའི་མཚམས་འདི་ནས་བཤད་རྒྱུ་བྱེད། གོང་དུ་སོང་མ་ཐག་པའི་སྒྱུ་འཕྲུལ་གསང་སྙིང་གི་ལུང་། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་པ་ལ་སོགས་པའི་དོན་དེ་ཀུན་མཁྱེན་ཆེན་པོས། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་གདོད་མ་ཉིད་ནས་སྐྱེ་འགག་གནས་དམིགས་འགྲོ་འོང་དང་བྲལ་བ། མཚན་མ་ཅན་གྱི་སྤྲོས་པའི་ཡུལ་ལས་འདས་པ་ཞིག་ཡིན་པ་དང་། དེ་ཉིད་ཇི་ལྟར་རྟོགས་པའི་བློ་དེ་ཡང་འཁྲུལ་བ་ཡེ་ཤེས་སུ་དག་པའི་ཚུལ་དང་སྦྱར་ནས་བཀྲལ་ཡོད་པ་སྟེ། དེ་ཡང་ཨེ་མ་ཧོ་ཞེས་ངོ་མཚར་བའི་ཚིག་གིས་དབུ་དྲངས་ཏེ། ཆོས་རྣམས་ཀྱི་རང་བཞིན་གཤིས་ཀྱི་གནས་ལུགས་ངོ་མཚར་ཞིང་གཞན་ལས་རྨད་དུ་བྱུང་བའི་ཆོས་ཉིད་འདི་ནི། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བ་ཟབ་མོའི་དོན་ཏོ། །གང་ཞེ་ན་ཆོས་ཉིད་གདོད་མ་ནས་སྐྱེ་བ་མེད་པའི་ངང་ལས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྐྱེས་པར་སྣང་བ་རྨི་ལམ་སྒྱུ་མ་ལྟ་བུ་སྟེ། སྐྱེས་པར་སྣང་དུས་ཉིད་ན་དོན་ལ་སྐྱེ་བ་མེད་པའི་ངོ་བོ་ནི་ཆོས་ཀྱི་དབྱིངས་སོ། །དེ་ཉིད་རྟོགས་པའི་བློ་ནི་ཆོས་དབྱིངས་ཡེ་ཤེས་སོ། །ཡང་དེ་ལྟ་བུའི་ངོ་མཚར་བའི་ཚིག་དང་བཅས་ཏེ། ཡང་ངོ་མཚར་རྨད་བྱུང་གི་ཆོས་འདི་ལྟར་སྣང་བ་ཐམས་ཅད། ཡེ་ནས་འགག་མ་མྱོང་ཞིང་འགག་པ་མེད་པའི་ཆོས་ཉིད་གདངས་སྣ་ཚོགས་སུ་འཆར་བ་མེ་ལོང་གི་ངོས་ལྟ་བུ་ལས། ཆོས་ཅན་སྣ་ཚོགས་སུ་གཟུགས་བརྙན་ལྟར་སྣང་བ་ཐམས་ཅད་འགག་པ་ལྟར་སྣང་ཡང་། འགག་པར་སྣང་དུས་དེ་ཉིད་ན་གནས་ལུགས་འགག་པ་མེད་པ་ནི་མེ་ལོང་ལྟ་བུའོ། །དེ་ཉིད་རྟོགས་པའི་བློ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཆོས་ཐམས་ཅད་ཡེ་ནས་གནས་པ་མེད་པ་ནམ་མཁའ་ལྟ་བུའི་ངང་ལས་འདི་ལྟར་སྣང་བའི་ཆོས་སྣ་ཚོགས་པ་ཐམས་ཅད་གནས་པ་ལྟར་སྣང་ཡང་། གནས་པར་སྣང་དུས་འདི་ཉིད་ན་དོན་ལ་གནས་པ་མེད་པ་ནི་མཉམ་པ་ཉིད་དོ། །དེ་ཉིད་རྟོགས་པའི་བློ་ནི་མཉམ་ཉིད་ཡེ་ཤེས་སོ། །སེམས་ཉིད་རང་བཞིན་གྱིས་དག་པ་དམིགས་པ་དང་མཚན་མ་གང་ཡང་མེད་པ་ནམ་མཁའ་འམ་རྒྱ་མཚོ་དྭངས་པའི་དཀྱིལ་ལྟ་བུའི་ངང་ལས་རྣམ་པར་རྟོག་པ་ནམ་མཁའ་ལ་སྤྲིན་ནམ། རྒྱ་མཚོ་ལ་གཟུགས་བརྙན་ལྟར་སྣ་ཚོགས་སུ་ཤར་བ་ཐམས་ཅད་དགག་སྒྲུབ་ལ་སོགས་པར་དམིགས་པ་ལྟར་སྣང་ཡང་རྣམ་རྟོག་སྣ་ཚོགས་སུ་དམིགས་པར་སྣང་དུས་ཉིད་ན་བརྟེན་པའི་གཞི་མེད་བསྐྱེད་པའི་རྩ་བ་དང་བྲལ་བས་དམིགས་པ་དང་མཚན་མར་འཛིན་པའི་རྟོག་པ་རང་བཞིན་གྱིས་མེད་པ་ནི་སོ་སོར་རྟོག་པའོ། །དེ་ཉིད་རྟོགས་པའི་བློ་ལ་སོ་སོར་རྟོག་པའི་ཡེ་ཤེས་ཞེས་བྱའོ། །ཆོས་ཐམས་ཅད་གདོད་ནས་འགྲོ་འོང་མེད་པ་སྤྲུལ་བ་ལྟ་བུའི་ངང་ལས་སྣང་བ་དང་རིག་པ་འགྲོ་བ་དང་འོང་བ་སྣ་ཚོགས་སུ་སྣང་ཡང་། འགྲོ་འོང་དུ་སྣང་བ་ཉིད་ན་རང་གི་ངོ་བོ་འགྲོ་འོང་མེད་པར་གནས་པ་ནི་བྱ་བ་གྲུབ་པ། །དེ་ཉིད་རྟོགས་པའི་བློ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་རིང་འདི་ནས་ཀྱང་། འདི་ལྟ་བུའི་ལུང་རིགས་ཀྱིས་འཁྲུལ་སྣང་གཞི་མེད་སྟོང་པའི་གཟུགས་བརྙན་དུ་ཕྱལ་གྱིས་བཏང་བས་མེད་པ་གསལ་སྣང་འབའ་ཞིག་ཏུ་ཤེས་པར་བྱའོ། །ཞེས་མེད་པ་གསལ་སྣང་འབའ་ཞིག་ཏུ་ཤེས་པ་བྱ་དགོས་པར་བསྟན་པ་དང་། དེ་ལས་ཕྱལ་གྱིས་གསུངས་པའི་ཚིག་འདི་ནི་སྒྲོམ་ཆེན་པོ་སྟེ། དེ་ཡང་གཞི་ལམ་འབྲས་གསུམ་དང་སྦྱར་ནས་བཤད་ན། འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་བ་ཉིད་ནས་ངོ་བོ་རྒྱ་ཆད་དང་ཕྱོགས་ལྷུང་མེད་པས་གཞི་ཕྱལ་བ། གཞི་དེ་ལྟར་ཡིན་པ་ལ་ལམ་དུས་སུ་བློས་ཆེད་དུ་དམིགས་བསམ་དང་འཛིན་པ་མེད་པས་ལམ་ཕྱལ་བ། དེ་ལ་རེ་དོགས་དང་འཕོ་འགྱུར་མེད་པས་འབྲས་བུ་ཕྱལ་བའོ། །ཀུན་མཁྱེན་ཆེན་པོས་ཀྱང་། འདས་པ་འགགས་ཤིང་མ་འོངས་མ་སྐྱེས་ལ། །ད་ལྟར་མི་གནས་བྱང་ཆུབ་སེམས་ཀྱི་ངང་། །གཞི་རྩ་དངོས་མེད་མཚོན་པའི་ཡུལ་ལས་འདས། །རང་བཞིན་ཕྱམ་ཕྱལ་ནམ་མཁའི་དཀྱིལ་ཡངས་སོ། །ཞེས་གསུངས་པའོ། །ཡིད་བཞིན་མཛོད་འདི་ནི་སྤྱིར་ཐེག་པ་ཐམས་ཅད་ཀྱི་གནད་བསྡུས་པ་དང་། སྒོས་ལེའུ་བཅུ་གཉིས་པ་འདི་གྲུབ་མཐའི་རིག་མཛོད་ཆེན་མོ་ཡིན་པས་ཕྱི་ནང་གི་གྲུབ་མཐའི་རྣམ་བཞག་རྒྱས་པར་ལུང་དང་རིགས་པའི་སྒོ་ནས་གཞན་ལུགས་དགག རང་ལུགས་བཞག དེ་ཉིད་འཐད་ལྡན་དུ་སྒྲུབ་པའི་དགག་བཞག་སྒྲུབ་གསུམ་གྱི་བརྒལ་བརྟག་གི་མཚོན་ཆས་ལོག་སྨྲ་ཚར་གཅོད་པའི་སྐབས་ཡིན་པ་རེད། འོན་ཀྱང་འདི་ནི་དཔེ་ཆ་པས་གཟིགས་རྒྱུ་ཞིག་རེད། སྒྲུབ་པ་ཉམས་ལེན་བྱེད་མཁན་དང་མཎ་རྡོག་འདོན་མཁན་ལ་འདི་མི་དགོས་སེམས་པ་ནི་མི་རིགས་ཏེ། འདི་ནི་ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཞེས་མཚན་གྱི་ཞལ་བྱང་བཀོད་པ་ལྟར་དུ་ཐམས་ཅད་མན་ངག་གི་གནད་དུ་དྲིལ་ནས་གསུངས་ཡོད་པས་འདི་ཐོས་པ་བྱེད་པའི་སྐབས་སུ་ཡང་གླིང་བཞིའི་ལྟད་མོར་སོང་བ་ལྟ་བུའི་ཁ་ཕྱིར་བལྟས་མ་ཡིན་པར། དོན་ནང་ལ་བཀོལ་བའི་གདམས་ངག་མཚང་ཐོག་ལ་རྒོལ་བའི་གནད་ཀྱི་མེ་རྩ་རུ་འགྱུར་དགོས་པ་ཡིན། སྤྱིར་ན་རྒྱལ་བའི་བཀའ་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་གདམས་པའི་མཆོག་ཡིན་ལ། འོན་ཀྱང་གཞུང་ཆེན་པོ་འགའ་རེ་སྦྱོང་པ་སྔོན་དུ་མ་སོང་བའི་གང་ཟག་ལས་དང་པོ་པ་ལ་གདམས་པའི་ཟུངས་སུ་འགྲོ་བའི་ངེས་པ་མེད་དེ། རྒྱ་ཆེན་གནད་ལ་བསྡུ་ཤེས་པའི་རྣམ་དཔྱོད་མེད་ན་དེ་ལྟར་ཡོང་དཀའ་བ་ཡིན་པའི་ཕྱིར། དེས་ན་ཀུན་མཁྱེན་ཆེན་པོའི་གཞུང་འདི་ལས་ནི་རྒྱས་པར་བཀྲལ་ཞིང་གནད་དུ་བསྡུས་པ། སྐབས་དང་སྐབས་སུ་གནད་མ་ངེས་པ་ལ་ངེས་པ་བདེ་བླག་ཏུ་སྦྱིན་པའི་གདམས་པ་གནང་ཡོད་པས་འདི་དག་འཛིན་ཤེས་ན་ཉམས་ལེན་གྱི་བཅུད་དུ་འགྲོ་བ་ཡིན། ད་རེས་ཀྱི་སྐབས་འདི་རྒྱས་ཁྲིད་བྱེད་དགོས་མི་འདུག་དཔེ་ཆ་པ་རྣམ་པས་ནི་མཁྱེན་བཞིན་པ་རེད་ཅེས་ནས་སྐབས་ལ་ལར་ཤར་འདོན་བྱས་པ་ཡིན་ཀྱང་། ཁོམ་པ་ཡོད་དུས་ཤིག་ཡིན་ན་ཕྱི་རོལ་བའི་འདོད་པ་འདི་དག་གང་ཟག་ལས་དང་པོ་པ་དང་། དངོས་གཞིའི་ཉམས་ལེན་ལ་ཞུགས་པའི་སྔོན་འགྲོ་ལ་གཞི་བརྟན་པོ་མ་ཟུག་པ་དག་གིས་ཆེད་དུ་ངེས་དགོས་པར་འདུག་སྟེ། མུ་སྟེགས་པའི་ལྟ་བ་ཟེར་ཡང་འུ་ཚོ་འཇིག་རྟེན་པའི་བསམ་ཕྱོགས་དང་ཕྱོགས་གཅིག་མཚུངས་རེད། དེ་དག་གྲུབ་མཐས་བློ་བསྒྱུར་བའི་གང་ཟག་ཡིན་པ་དང་། ཐུན་མོང་རིག་གནས་ལ་མཁས་པ་ཡིན་པའི་གནད་ཀྱིས་ཁོ་རང་གི་ལྟ་སྒོམ་སྤྱོད་འབྲས་གཏན་ཚིགས་སྒྲུབ་བྱེད་རང་གི་ལུང་དང་བཅས་པ་ཡོད་པར་བྱས་ནས་བཤད་ཡོད་ལ། འུ་ཚོས་བདག་དང་གཙོ་བོ་དང་ཤེས་རིག་གི་སྐྱེས་བུ་སོགས་ཟེར་མ་ཤེས་ཀྱང་རི་དང་མཚོ་དང་ནགས་སོགས་ལ་གནས་པའི་ལྷ་སྟོབས་ཆེན་དག་གི་ལག་ཏུ་མིའི་སྐྱིད་སྡུག་ཐམས་ཅད་ཡོད་པ་རེད་སྙམ་པ་ནི་དོན་དུ་མུ་སྟེགས་པ་དང་གཅིག་མཚུངས་སུ་སོང་བ་ཡིན། མ་ཚད་ཁྱོད་ཀྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའམ་ཡུལ་ལྷ་གཞི་བདག་ལ་མཆོད་པ་གང་བྱེད་ཅེས་བདམ་བཅུག་ན་ཡུལ་ལྷ་གཞི་བདག་ལ་མཆོད་རྒྱུ་ཡིན་ཟེར་མཁན་མང་རབ་ཡོད་ངེས། ལོག་ལྟ་ཅན་གྱི་མི་ལྟར་དངོས་སུ་རིགས་ལམ་གྱི་ཐོག་ནས་སྨྲ་མ་ཤེས་ན་ཡང་། ཚེ་ཕྱི་མ་མེད་སྣང་ཤར་བ་མང་པོ་ཡོད་པ་ཡིན། དེ་ཡང་མ་མཐོང་ནས་མེད་སྣང་ཤར་བ་ཏག་ཏག་རེད། གཞན་ཡང་འཁོར་བར་ངེས་འབྱུང་ཁ་ཡིས་བཤད་པ་ལྟར་དུ་དོན་ལ་མེད་པ་ཡང་། རྒྱུ་འབྲས་ལ་ཡིད་ཆེས་གཏིང་ནས་མེད་པའི་རྟགས་རེད། ད་དུང་རང་རོགས་ཚང་མ་བློ་སྦྱོང་གི་སྐོར་རེ་འཆད་ཉན་བྱེད་དུས་སྙོམས་ལས་ཀྱིས་སྡོད་ག་ལ་ཕོད་སྙམ་པ་བྱུང་ན་ཡང་། དེ་ལ་ཡུན་མེད་པ་ལ་བལྟས་ན་རྒྱང་འཕེན་མིན་ཀྱང་རྒྱང་འདྲ། གྲངས་ཅན་མིན་ཀྱང་གྲངས་འདྲ་རུ་འགྲོ་བར་འདུག་བསམ་བྱུང་། གཞན་ཡང་ཉམས་ལེན་པ་རྣམས་ཀྱིས་ཀྱང་སེམས་ཀྱི་བྱུང་གནས་འགྲོ་གསུམ་བཙལ་བའི་སྐབས་སུ་མུ་སྟེགས་པའི་བདག་འགོག་ཚུལ་དང་། དེ་འགོག་བྱེད་དབུ་མའི་གཏན་ཚིགས་རྣམས་ཀྱང་ཤེས་དགོས་པར་འདུག དཔེ་ཆ་བ་རྣམས་ཀྱིས་དེ་ཉིན་བཞིན་དུ་རྟགས་གསལ་དང་བསྒྲགས་ནས་སྦྱོང་བཞིན་ཡོད་པ་རེད། ད་རུང་དེའི་སྟེང་དུ་དེང་དུས་ཀྱི་ཚན་རིག་པའི་འཇིག་རྟེན་གྱི་ལྟ་ཚུལ་དང་། ས་ཁམས། རྫས་འགྱུར། གནམ་རིག རྡུལ་ཕྲན་གྱི་ཤེས་བྱ། འབྱུང་བ་དང་འབྱུང་འགྱུར་ལས་བྱུང་བའི་དམིགས་མེད་ཀྱི་ནུས་པ། སེམས་ཁམས་རིག་པ་དེ་དག་དང་། རང་ཉིད་ལ་གོམས་ཆ་ཡོད་པའི་ནང་རིག་པའི་འགྲོས་གཉིས་ཕན་ཚུན་ལྟོ་སྦྱར་ནས་སྦྱོང་པ་བྱེད་པ་ནི་དུས་རབས་ཀྱི་འགྲོས་དང་མཐུན་པ་ཡིན། གཅེར་བུ་པ་དང་། མི་ཕམ་སྐྲའི་ལྭ་བ་ཅན་སོགས་མིན་པའི་མགོ་སེར་པོ་ཅན་དང་ནག་པོ་ཅན། ད་དུང་རིགས་མཐུན་རང་ལས་བྱུང་བའི་མུ་སྟེགས་ཀྱི་ལུགས་འཛིན་པ་གསར་བ་མང་བས། མུ་སྟེགས་པ་གསོན་པོར་ཡོད་པ་དག་ལ་ལུང་དང་རིགས་པའི་བརྒལ་བརྟག་རེ་འཕངས་ན་བསྟན་པའི་བྱི་དོར་རབ་ཏུ་གྱུར་པ་གནད་ལ་ཁེལ་ངེས་པ་ཅན་ཡིན་པར་སེམས། མི་རེ་རེ་ལྟ་བ་ལོག་པར་འཕྱན་པའི་གཡང་ས་ལས་སྐྱོབ་ཐུབ་ན་ཅི་མ་རུང་། དེའི་རྗེས་འབྲང་པ་བརྒྱ་ཚོ་ནས་རིམ་གྱིས་སྟོང་ཚོ་ཁྲི་ཚོ་ཡར་ལ་འཕེལ་ནས་མང་པོ་ཞིག་ལོག་ལམ་ལ་འཁྲིད་པ་དང་། གོས་དམར་པོ་གྱོན་པའི་གང་ཟག་གིས་ཀྱང་བསྟན་པའི་ཆོམ་པོ་ནང་ནས་བྱེད་པ་དེ་ཡང་བསྟན་སེལ་དངོས་ཡིན་པར་ཐུབ་པ་ཉིད་ཀྱིས་ལུང་བསྟན་པ་ལྟར་འབྱུང་ཉེན་ཡོད་པ་ཡིན་ལ། དེ་འདྲའི་རིགས་མཐུན་གྱི་མུ་སྟེགས་པའི་སློབ་དཔོན་གསར་བ་དག་རིགས་མཐུན་རང་ཉིད་ཀྱིས་སྐྱོབ་པ་ཡང་འོས་སུ་ཆེ་ཞིང་། དེས་ན་ཐོས་བསམ་གྱི་གྲལ་དུ་ཞུགས་པའི་བཤད་གྲྭ་པ་འདི་ནི་བསྟན་པའི་མིག་ཡིན་པས་མི་ཚད་བསྟན་སྲུང་གི་ལྕགས་རི་ཡང་ཡིན་པས། ངས་གོང་དུ་དཔེར་བཞག་པ་ལྟར་དུ་རྟ་རྒྱུགས་ནས་མགྱོགས་དར་ལེན་སའི་ཟུར་ལ་གཅར་མཁན་མང་པོ་ཞིག་མེད་པ་ལྟར་དུ། བར་ཆད་རྣམ་པ་སྣ་ཚོགས་ཀྱིས་ལམ་ནོར་ལ་ཁྲིད་ནས། ལོག་འཚོ་ཡན་ཆད་ཀྱི་ཆེད་དུ་ཤོར་སོང་བས་ཐོས་བསམ་མཐར་ཕྱིན་པ་ནི་ཤིན་ཏུ་ཉུང་ཤོས་ཡིན། དེ་ཡང་བསོད་ནམས་ཅན། སྙིང་སྟོབས་ཅན། སྔོན་སྦྱོང་ཅན་ནམ། ཡང་ན་སྔོན་སྨོན་གྱི་ཐུགས་བསྐྱེད་དུས་ལ་བབས་པ་ཞིག་མིན་ན་བསོད་ནམས་ཀྱིས་མི་ཆོག་པ་ཡིན། མདོར་ན་དཔེ་ཆ་པ་དེ་ལོ་བཅུ་དྲུག་གམ་བཅོ་བརྒྱད་ཡན་ལ་མ་སོང་པ་ཞིག་དབུ་སྐྲ་སྐྱ་ཕྱེད་སྔོ་ཕྱེད་དུ་མ་སོང་གི་བར་ཏེ། མི་ལོ་སུམ་ཅུ་བཞི་བཅུ་ཞིག་ལ་མཁས་པའི་རྒྱུ་བ་རྣམ་གསུམ་གྱིས་དུས་འདའ་བ་ཞིག་བྱེད་པ་དང་། དེ་དང་མཉམ་དུ་སྨིན་གྲོལ་རིམ་གཉིས་ཀྱི་གདམས་པའི་ཉམས་ལེན་གྱི་བཅུད་བཞེས་པ་ཞིག་བྱུང་ན། གཞི་ནས་དམ་པའི་ཚུལ་དགུའི་ཡོན་ཏན་གྱི་བགྱི་བས་སྐུ་ཚེའི་མཛད་པ་མཐར་ཕྱིན་ནས། དེ་ཚང་ལ་བུ་སྐྱེས་ན་སྐྱེ་གོ་ཆོད་ཡོད་པས་མི་ཚད། དེའི་སྐོར་དང་། དེའི་ས་ཕྱོགས་དང་། དེའི་མ་ཚད་གངས་ཅན་བོད་མིའི་རྒྱན་ཞིག་ཏུ་འགྱུར་བ་དང་། ད་རུང་རིམ་གྱིས་འཛམ་གླིང་མིའི་རིགས་ཀྱི་སེམས་ཅན་ཡོངས་ལ་ཕན་ཐོགས་ཆེན་པོ་འབྱུང་བ་ཡིན། རྣམ་པ་ཚང་མ་ཡང་དེ་ལྟར་ཡོང་བའི་སྨོན་འདུན་དང་བཅས་ཏེ། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསག་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།

ཉིན་བཅུ་བཞི་པའི་ཆོས་ཁྲིད།

ཐེག་པ་ཆེན་པོའི་ཆོས་སྒོ་རུ་ཞུགས། མདོ་དང་སྔགས་ཀྱི་ཆོས་ཚུལ་ལ་འཆད་ཉན་བྱེད་པ་ཞིག་ཡིན་པའི་དབང་གིས་དང་པོར་རང་ཉིད་ཆོས་གྲྭ་འདིར་ཡོང་བ་ཡིན་ལ། ཡོང་ནས་ཀྱང་ཆོས་ཞུས་པའི་དམིགས་ཡུལ་ཅི་ཡིན་དང་། ཆོས་ཇི་ལྟར་ཞུ་བ་དང་། ཆོས་ཞུས་པའི་རྗེས་སུ་ཇི་ལྟར་བྱེད་པའི་ཚུལ་རྣམས་ལ་བསམ་བློ་གཏང་དགོས་པ་ཡིན་ཏེ། སྡེ་སྣོད་འཛིན་པ་འབའ་ཞིག་དང་། ཆོས་པ་ཤ་སྟག་མིན་ཀྱང་། འགྲེངས་ཏེ་འགྲོ་བའི་རྐང་གཉིས་ཀྱི་མི། སྨྲ་ཤེས་དོན་གོའི་མཚན་ཉིད་ཚང་བ་ཞིག་ཡིན་དུས་སྤྱིར་བྱ་བ་དང་སྤྱོད་པ་གང་ལ་ཡང་དམིགས་ཡུལ། བྱ་ཐབས། སྔོན་རྗེས་ཀྱི་གོ་རིམ་དང་བཅས་པ་མེད་པ་ཞིག་གང་ན་ཡོད། ཁྱད་པར་དུ་སྟོན་པའི་དམ་ཆོས། དེའི་ནང་གི་ཐེག་ཆེན་མདོ་དང་སྔགས་ཀྱི་ཆོས་ཞུ་བའི་སྐབས་སུ་དང་པོ་ཆོས་དུང་འབུད་དུས་ཀྱང་འདི་ནི་ཆོས་བཤད་པའི་དུང་བརྡ་ཡིན་པས། ངས་མཐའ་ཡས་སེམས་ཅན་སྡུག་བསྔལ་ཅན་ཐམས་ཅད་འཁོར་བའི་འདམ་ནས་དྲངས་ཏེ། ཐར་བ་དམ་པ་རིན་པོ་ཆེའི་གླིང་དུ་འཁྲིད་པའི་ཆེད་དུ་དམ་པའི་ཆོས་ཟབ་མོ་ཞུ་དགོས་སྙམ་ནས་ཕེབས་པ་དང་། དེ་ནས་ཆོས་ར་གཙུག་ལག་ཁང་གི་ནང་ལ་ཐོན་སྐབས་གསུང་ངག་སྡོམ་དགོས། ངས་ཁ་སང་ཁེ་ཉིན་ཞིག་ལ་ཆོས་ཞུ་དུས་ས་ཁོངས་ཡོད་ན་ཐར་ཐར་བྱེད། རང་རང་སོ་སོའི་གནས་སུ་བཞུགས་དགོས་ཞུས་པ་ཡིན། ཆོས་གྲལ་ལ་བསྡད་ནས་ཅི་བྱེད་དགོས་པ་ཡིན་ཟེར་ན། གོང་དུ་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་ནང་ནས་གསུངས་པ་ལྟར་དུ། ཕྱིན་དྲུག་ཚང་བའི་སྒོ་ནས་ཉན་ཏེ། ཆོས་ཀྱི་ཚིག་དོན་རེ་རེ་བཞིན་དུ་སེམས་ལ་བཟུང་། དེ་ནས་ཆོས་ཁྲིད་གྲོལ་ནས་དགེ་བ་སེམས་ཅན་ལ་བསྔོས་ནས་ཕྱིར་སོང་དུས། ཆོས་ཁྲིད་ཐུན་དེའི་བརྗོད་བྱ་ཚང་མ་སེམས་ཐོག་ཏུ་ལེན་པ་དང་། དེར་དོ་སྣང་བྱས་ནས་སྐྱོར་སྦྱང་བྱེད་དགོས། མ་མཐའ་ཡང་ཚར་རེ་ཚར་གཉིས་ཐོན་ཤོག་དང་ཕན་པ་བསམ་གྱིས་མི་ཁྱབ་པ་འབྱུང་བ་ཡིན། ཆོས་ཞུ། ཆོས་ཉན། ཆོས་སྒྲུབ་ཅེས་པ་ནི། རྭ་ལུག་ཚེ་ཐར་བྱས་པ་དང་འདྲ་བ་ཞིག་གིས་མི་ཡོང་བར། ཆོས་ཀྱི་སྒྲ་ཚིག་རྣ་བས་གོ། གོ་དོན་སེམས་སུ་སྦྱར། བསམ་དོན་ཉམས་སུ་ལེན་དགོས་པ་ཡིན། དེས་ན་འགོའི་རྒྱ་གར་སྐད་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོས་ཉན་པ་ཡིན་བསམ་དགོས་ཞེས་པ་ལྟར་ཏུ། འགོ་དེ་ནས་བཟུང་སྟེ་དག་ཐེར་རང་གིས་རང་ལ་ཕུད་དགོས་པ་ཡིན། ཐོག་མའི་སེམས་བསྐྱེད་དེ་རྣམ་པར་དག་པ་ཞིག་མ་བྱུང་བར་ཐ་ན་བསམ་པ་བཟང་པོ་ཞིག་མེད་ན། དེའི་འཕྲོར་ཡང་དག་པ་ཞིག་ཡོང་དཀའ་བ་སྟེ། རྫ་ཁྲ་ཡག་འགོ་ནས་སྨུག་རླངས་འཁྲིགས་ན། ཉི་མ་མི་དྲོ་ཐག་གིས་ཆོད། ཅེས་པ་ལྟར་ཡིན་པས། ཐ་ན་བསམ་པ་བཟང་པོ་ཞིག་ངེས་པར་དགོས་པ་ཡིན། འོ་ན་དགོས་རྒྱུ་དངོས་དེ་གང་ཡིན་ཟེར་ན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སེམས་བསྐྱེད་པ་དེ་སྐྱེས་ནས་དེ་དང་མི་འབྲལ་བ་ཞིག་དགོས་པ་སྟེ། སྲིད་པ་གསུམ་ན་དཀོན་པའི་ནོར་བུ་ཐར་བ་སྒྲུབ་ལ་གཅིག་ཆོག་གི་ཡིད་བཞིན་གྱི་ནོར་བུ་དེ་བྱང་ཆུབ་ཀྱི་སེམས་ཡིན་པའི་ཕྱིར། དེ་ཡང་ངས་འཛམ་གླིང་གི་རྒྱལ་པོ་བྱས་ནས་དེའི་འཕྲོར་སྤྲང་པོ་ཡོད་ཚད་སྐྱོབ་པ་ཡིན་ཅེས་བཤད་པ་ལྟ་བུའི་ཡོང་རྒྱུ་མེད་པའི་སྐད་ཆ་རུ་སོང་ན་རང་མགོ་རང་གིས་གཡོགས་པའི་སྟོང་བཤད་རེད། དེ་ལྟར་ལོག་པའི་ཉེན་ཡང་ཡོད་དེ། སེམས་ཅན་ཐམས་ཅད་ཀྱི་ཁོངས་ན་དགྲ་ཡང་ཡོད་པས། དེས་ངོས་ནས་བརྙས་བཅོས་བྱས། ལྐོག་ནས་འཕྱ་སྨོད་བྱས། ཧ་དངན་དོམ་དངན་འཐེན། རྐུན་འཕྲོག་བཅོམ་གསུམ་བྱེད་མཁན་ལ་སོགས་པ་ཡང་དེའི་ནང་ན་ཡོད་པས། དེ་རྣམས་ཀྱི་ནང་ནས་གཅིག་མ་ཚང་དུས་སེམས་ཅན་ཐམས་ཅད་མ་ཚང་བ་རེད། འུ་ཚོ་འབྲོག་པས་རུ་སྐྱས་སྤོ་དུས་ཀ་ར་རྣམས་ཆག་བྱས་ནས་ཁལ་འགེལ་སྐབས། དེ་ལས་ཀ་ར་གཅིག་འཐོར་སོང་དུས་ཚང་མ་འཐོར་ཡོང་བ་དང་གཅིག་པ་ཡིན། དེས་ན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་སྙིང་རྗེ་ཡོད་དགོས་ཤིང་། སྙིང་རྗེ་རྒྱུད་ལ་སྐྱེ་བར་བསམ་པ་བཟང་པོ་ཡོད་དགོས། བསམ་པ་བཟང་པོ་ནས་འགོ་འཛིན་ནས་ཐེག་ཆེན་ཐར་བའི་ལམ་དུ་བགྲོད་དགོས་པས་ཐོག་མར་བསམ་པ་དག་དགོས་ཞེས་བཤད་པ་ཡིན། བསམ་པ་བཟང་པོ་བྱེད་ཡུལ་དེ་སུ་ཡིན་ན། སེམས་ཅན་ཐམས་ཅད་ཡིན། སེམས་ཅན་ཐམས་ཅད་ལ་བསམ་པ་བཟང་པོ་བྱེད་དགོས་པ་སྟེ། གཞན་གྱི་དོན་ནི་བྱམས་པ་དང་སྙིང་རྗེས་རྗེས་སུ་གཟུང་གིས། ཞེ་སྡང་གིས་ནི་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ན་དང་པོ་འགོ་ནས་ཚད་མེད་བཞིའམ་བསྡུས་བཞག་ན་བྱམས་དང་སྙིང་རྗེ་གཉིས་སྦྱོང་ནས་བསྒོམ་དགོས་པ་ཡིན། དེ་ལས་ཀྱང་དང་པོར་བྱམས་པ་སྒོམ་དགོས་པ་ལས་སྙིང་རྗེ་ངོ་མ་ཞིག་རྒྱུད་ལ་སྐྱེ་མི་ཐུབ་པ་ཡིན། དེས་ན་དང་པོར་བྱམས་པ་སྒོམ་དགོས་སོ། །བྱམས་པ་སྒོམ་པ་ལ་དབྱེ་བ། དམིགས་ཡུལ། རྣམ་པ། སྒོམ་ཐབས། བསྒོམས་ནས་འབྱོངས་པའི་ཚད། ཡོན་ཏན་དང་རྣམ་པ་དྲུག་གིས་བྱམས་པ་ཚད་མེད་ཡོངས་སུ་བསྡུས་ཏེ་བཤད་པ་ལས། དང་པོ་དབྱེ་བ་ནི་གསུམ་སྟེ། སེམས་ཅན་ལ་དམིགས་པའི་བྱམས་པ་དང་། ཆོས་ལ་དམིགས་པའི་བྱམས་པ་དང་། དམིགས་པ་མེད་པའི་བྱམས་པའོ། །དེ་ལས་སེམས་ཅན་ལ་དམིགས་པའི་བྱམས་པ་ནི། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒོམ་བྱ་དང་། ཆོས་ལ་དམིགས་པའི་བྱམས་པ་ནི། སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒོམ་བྱ་དང་། དམིགས་པ་མེད་པའི་བྱམས་པ་ནི། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒོམ་བྱ་ཡིན་ལ། དེ་ལ་སྐབས་འདིར་བྱམས་པ་དང་པོ་དེ་བཤད་ན། དེའི་དམིགས་པའི་ཡུལ་ནི་སེམས་ཅན་ཐམས་ཅད་ཚང་དགོས། དེ་མ་ཚང་ན་བྱམས་པ་ཚད་མེད་དུ་མི་འགྲོ་བར་ཚད་ཅན་ཞིག་ཏུ་འགྲོ་བ་ཡིན། དཔེར་ན་རྫི་བོས་དགོང་ཀ་ནོར་སླས་ལ་བརྒྱབ་དུས་གཡག་རྒན་རྔ་ལོ་མ་ཚང་ན་ཡང་མ་ཚང་བ་ཡིན་པ་ལྟ་བུའོ། །དེས་ན་དགྲ་བྱམས་པ་བསྒོམ་པའི་ནང་དུ་ཞོག་དང་ལྷག་པར་དུ་ཕན་ཡོན་ཆེ་བ་ཡིན། བྱམས་པ་དགྲར་མ་བསྒོམ་དུས་གཉེན་ལ་དང་ནས་བྱམས་ཁུལ་བྱེད་པ་ཡིན་པས། དེ་ཕྱོགས་རེ་བ་ཞིག་རེད། བྱམས་པ་ཚད་མེད་ཀྱི་གྲལ་དུ་ག་ལ་འགྲོ། རྣམ་པ་ནི། བདེ་བ་དང་ཕྲད་པར་འདོད་པའི་བློ་དེ་ཡིན། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཟེར་ནས་རྒྱུན་འདོན་བྱེད་པ་ནི་བྱམས་པ་བསྒོམ་པའི་དོན་ཡིན། སྤྱིར་ངག་གིས་འདོན་པ་དེ་དོན་བསམ་པའི་ཆེད་རེད། གསང་སྔགས་ལུང་གི་སྒོ་བཞིའི་ནང་ན། དོན་རྣམས་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །གསུངས་པས་དོན་གསལ་མ་ཐེག་ན་སྒྲ་ཙམ་ནི་སྒྲ་སྒམ་དང་ནེ་ཙོའི་འདོན་པ་ལས་གཞན་དུ་མ་འདས་པ་ཡིན། དེ་སྒོམ་པའི་ཐབས་ནི། རྩ་བ་དྲིན་དྲན་པ་ལ་རག་ལས་པས་སེམས་ཅན་གྱི་དྲིན་བསམ་དགོས་དེ་ལ་ཚེ་འདི་ལ་དྲིན་ཆེ་ཤོས་རང་གི་མ་ཡིན་པས་སྐྱེ་བ་ཐོག་མེད་ནས་ད་ལྟའི་བར་སེམས་ཅན་ཐམས་ཅད་ཀྱིས་ཕ་མ་བྱས་པ་ཡིན་ལ། དེའི་དྲིན་དྲན་དགོས་པ་ཡིན། འོན་ཀྱང་འུ་ཚོ་ལས་དང་པོ་པས་དེ་ལྟར་མི་ཡོང་བས་རིམ་གྱིས་འབྱོངས་པའི་ཆེད་དུ། ཚེ་འདིའི་རྩ་བའི་མ་ནས་སྦྱངས་ཏེ་རིམ་གྱིས་ཚེ་འདིའི་ཕ་དང་སྤུན་ཟླ་གཉེན་གྲོགས་མཛའ་བཤེས་བུ་ཚ་བོ། དེ་ནས་སྐྱེ་བ་གཞན་གྱི་ཕ་མ་གཉེན་གྲོགས་ནས་བསམས་ཏེ་རྒྱ་ཇེ་ཆེར་སྦྱོང་ན། ནམ་ཞིག་ནམ་མཁའི་གར་ཁྱབ་ཀྱི་སེམས་ཅན་ཡོད་ཚད་པོར་ཕན་པ་དང་བདེ་བ་ཞིག་བྱུང་ན་ཅི་མ་རུང་སྙམ་པའི་བློ་ཡང་དག་ཅིག་སྐྱེ་བ་ཡིན། དེའི་དུས་སུ་བྱམས་པ་དངོས་རྒྱུད་ལ་སྐྱེས་པ་ཡིན། འོན་ཀྱང་དེ་ཡང་བྱམས་པ་ཙམ་ཡིན་པས། བྱམས་པའི་ཤུགས་ཀྱིས་མིག་ནས་མཆི་མ་འཁྲུག་པའམ་ལུས་ཀྱི་བ་སྤུ་ལྡང་བ་ཞིག་བྱུང་ན་དེའི་མིང་ལ་བྱམས་པ་ཆེན་པོ་ཞེས་ཟེར་བ་ཡིན། ད་ལྟའི་སྐབས་སུ་མ་དྲིན་མོ་ཆེ་དང་རང་ཉིད་ཀྱི་ལུས་ཤ་ནས་ཆད་པའི་བུ་རྒྱུད་ལ་དེ་ལྟར་འབྱུང་བ་ཡིན། མཐར་སེམས་ཅན་ཐམས་ཅད་ལ་དེ་ལྟར་འབྱུང་དགོས་པ་ཡིན། དེ་ལྟ་བུའི་བྱམས་པ་ཆེན་པོ་དེ་སེམས་ཅན་ལ་ཁྱད་མེད་པ་ཞིག་འབྱོངས་ན་བྱམས་པ་ཚད་མེད་ཅེས་ཟེར་བ་ཡིན། དེ་ནི་བསྐལ་བའི་སྐད་ཆ་ཞིག་རེད་བསམ་མི་དགོས་ཏེ། ཤ་ཡང་གཅད་མི་དགོས་ལ་སྲོག་ཡང་ཞ་མི་དགོས། རྒྱུ་ཉག་ཅན་ཞིག་གིས་སྒོར་རྡོག་བརྒྱ་མི་དགོས་པར་སེམས་ཀྱི་བསམ་བློ་གཏང་ལུགས་བསྒྱུར་བས་ཆོག་པས་སོ། །བསམ་བློ་གཏོང་ལུགས་རེ་རེས་རང་སྲོག་ཀྱང་གཅད་ཐུབ་པ་ཡིན་པས། རང་གཞན་འཁོར་བའི་སྡུག་བསྔལ་ལས་གཏན་དུ་ཐར་བའི་ཆེད་དུ་བསམ་པ་རྒྱ་ཆེན་བསྐྱེད་པར་བྱ་རྒྱུ་ནི་ངེས་ཅན་དུ་དགོས་པ་ཡིན། ཤི་མ་དགོས་ལྷ་ལུས་ལེན། སྒོམ་མ་དགོས་གྲུབ་པར་ཐོབ་པ་ནི་རང་གར་གང་ནས་འབྱུང་། བྱམས་པ་འབྱོངས་པའི་ཚད་ནི། ང་བདེ་ན་སྐྱིད་ན་སྙམ་པའི་རང་འདོད་ཀྱི་སེམས་ད་ལྟར་ཡོད་པ་འདི་མེད་པར་སོང་ནས། སྔར་ང་ཟེར་སའི་ཚབ་ཏུ་སེམས་ཅན་ཐམས་ཅད་བཞག་སྟེ་དེ་དག་བདེ་ན་སྐྱིད་ན་བསམ་པ་ཞིག་བྱུང་ན་ཆོག་པ་ཡིན། དེ་ལྟར་བྱམས་པ་བསྒོམས་པའི་ཕན་ཡོན་ནི། རྒྱལ་བའི་ཞིང་ཁམས་བྱེ་བ་ཁྲག་ཁྲིག་གི་སངས་རྒྱས་ལ་མཆོད་པ་བྱེད་པ་བས་བྱམས་པའི་སེམས་ཐེངས་གཅིག་ཏུ་སྒོམ་པ་ཕན་ཡོན་ཆེ་བ་ནི། ཟླ་བ་སྒྲོན་མའི་མདོ་ལས། མཆོད་པ་ཚད་མེད་རྣམ་མང་ཇི་སྙེད་པ། །ཞིང་ནི་བྱེ་བ་ཁྲག་ཁྲིག་གཏམ་སྙེད་དུ། །སྐྱེས་བུ་མཆོག་ལ་མཆོད་པ་དེ་བྱས་པས། །བྱམས་པའི་སེམས་དང་གྲངས་ལ་ཆར་མི་ཕོད། །ཅེས་གསུངས་སོ། །ཡང་བྱམས་པའི་ཕན་ཡོན་བྱམས་ཆོས་བརྒྱད་ནི། ལྷ་དང་མི་རྣམས་བྱམས་པར་འགྱུར་བ་དང༌། མི་མ་ཡིན་རྣམས་ཀྱིས་སྲུང་བ་དང༌། ཡིད་བདེ་བ་མང་བ་དང༌། ལུས་བདེ་བ་མང་བ་དང༌། དུག་གིས་མི་གནོད་པ་དང༌། མཚོན་གྱིས་མི་ཚུགས་པ་དང༌། འབད་པ་མེད་པར་དོན་རྣམས་ཐོབ་པ་དང༌། ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའོ། །དེ་ལྟར་བྱམས་པ་ལ་འབྱོངས་པས། སྙིང་རྗེ་འབྱོངས་པ་ལ་ཚེགས་མེད་པ་ཡིན་པས། དེས་ཐར་བ་ཡང་དག་པའི་ལམ་རྙེད་དེ་བདེ་ནས་བདེ་བར་ཕྱོགས་ཏེ་གཏན་དུ་བདེ་བ་ཐོབ་པར་འགྱུར་རོ། །དེ་ལྟ་བུའི་ཐུགས་གསོས་གསར་བུ་པ་དག་ལ་གཙོར་དམིགས་ཀྱིས་ཞུས་པ་དང་བཅས་ཏེ་སྐབས་འདིར་གང་ཞིག་གསན་པར་བྱ་བ་བདེ་བར་གཤེགས་པའི་བཀའ་དྲི་མ་མེད་པའི་དགོངས་གསང་། ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོ་ཐང་མར་བརྡལ་བའི་རྒྱལ་བ་ཀློང་ཆེན་པའི་ཞལ་གསུང་མཛོད་ཆེན་བདུན་གྱི་ཐོག་མར་གྱུར་པ། ཐེག་པ་དང་ལྟ་གྲུབ་ཐམས་ཅད་ཀྱི་གནད་འདུས་པ། གཞུང་བཟང་ཡིད་བཞིན་གྱི་ནོར་བུ། རང་གཞན་འདི་ཕྱིའི་ལེགས་ཚོགས་ཀྱི་དགོས་འདོད་ཐམས་ཅད་འབྱུང་བའི་གནས་འདི་ཉིད་འཆད་ཉན་གྱི་སྐལ་བ་བཟང་པོ་ཐོབ་པའི་སྐབས་ལས། ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་བ་དང་། བར་དུ་དགེ་བ་གཞུང་གི་དོན་ལས་ཀྱང་། འཁོར་བའི་རང་བཞིན་སྤང་བར་བསྟན་པའི་ཆིངས་དང་པོ་བཤད་ཟིན་ནས། མྱ་ངན་ལས་འདས་པའི་རང་བཞིན་བླང་བར་བྱ་བའི་སྐབས་ནས། ལེའུ་བཅུ་གཉིས་པ་ཕྱི་ནང་གི་གྲུབ་པའི་མཐའ་རྒྱ་མཚོའི་རིགས་མཛོད་ཆེན་པོ་བཤད་པའི་སྐབས་ཀྱི་སྤང་བྱ་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་སྟོན་པ་ལས། སྟོན་པ་དྲུག འཇིག་ལྟ་ཉི་ཤུ། ལྟ་བ་ངན་པ་དྲུག་ཅུ་རེ་གཉིས། ལྟ་ལོག་སུམ་བརྒྱ་དྲུག་ཅུ། སྡེ་ཚན་ངེས་པ་བཅུ་གཅིག་རྣམས་ཀྱི་འདོད་པ་བཀོད་པ་དང་། དེ་དགག་པའི་རྣམ་བཞག་དབྱེ་བ་དང་བཅས་པ་རྣམས་ཞུས་གྲུབ་ཏེ། དྲུག་པ་ཐམས་ཅད་བསྡུ་བས་ཏརྐ་སྡེ་ལྔ་བཤད་པའི་སྐབས་དང་པོ་གྲངས་ཅན་པ་དགག་པ་སོང་ནས། གཉིས་པ་བྱེ་བྲག་པས་ཤེས་བྱ་ཐམས་ཅད། རྫས་དང་ཡོན་ཏན་ལས་དང་སྤྱི། བྱེ་བྲག་འདུ་བ་དྲུག་ཉིད་དོ། །ཞེས་ཚིག་གི་དོན་དྲུག་ཏུ་བསྡུས་ནས་འཆད་པ་དེ་ལ། སྒྲུབ་བྱེད་མེད་པ་དང་། གནོད་བྱེད་ཡོད་པ་དང་། ཤེས་པས་མི་གྲོལ་བ་གསུམ་གྱི་སྒོ་ནས་དགག་པ་ལས། རྫས་དང་ཡོན་ཏན་ལས་རྣམས་བཀག་ཟིན་ཏེ། དེ་རིང་སྤྱི་དགག་པ་ལ་གཉིས་ཏེ། སྤྱི་ཙམ་དགག་པ་དང་། ལུས་དགག་པའོ། །དང་པོ་ལའང་། གསལ་བ་ལས་ཐ་དད་དུ་མི་རུང་བ་དང་། གཅིག་ཏུ་མི་རུང་བ་གཉིས་ལས། དང་པོ་ནི། གསལ་བ་རེ་རེ་བ་ལས་ལོགས་སུ་སྤྱི་ཡོད་ན། སྣང་དུ་རུང་བ་ལས་དེ་ཉིད་ལོགས་སུ་ཡོད་པར་མ་དམིགས་པའི་ཕྱིར་དང་། གསལ་བ་རེ་རེའི་སྟེང་ནའང་སྤྱི་འདི་ཡིན་ཞེས་པ་སྣང་དུ་རུང་བ་ཡང་མ་དམིགས་པའི་རྟགས་ཀྱིས་ཁེགས་པ་ཡིན་པས་སོ། །གསལ་བ་དང་སྤྱི་གཉིས་ཀྱི་བར་གྱི་གསལ་བའི་སྤྱི་ཞེས་པ་མེད་དེ། སྤྱི་དེ་གསལ་བ་དེ་ཡིན་པ་དང་། དེ་མིན་པར་རང་སྐྱེ་བར་ཡོད་པ་གཉིས་ཀའི་ངོ་བོ་ལ་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ནི་གཅིག་གཞིར་བྱས་པ་ལ་བུམ་པ་ལྟ་བུ་དེ་ལ་རྐྱེན་གསུམ་ཚོགས་པ་ལས་གཞན་པའི་གསལ་བ་ཞེས་པ་ལོག་ཏུ་མེད་པས་ཀྱང་མི་རུང་ལ། གསལ་བའི་རྐྱེན་གསུམ་གྱི་སྟེང་དུ་བུམ་པའི་རྐྱེན་གསུམ་དང་ཀུན་མཉམ་དུ་ཚོགས་པ་ཡོད་ན་སྤྱི་དེ་དུ་མར་ཐལ་ཏེ། དྲུག་ཏུ་འགྱུར་བས་དུ་མ་དང་ངོ་བོ་གཅིག་པའི་ཕྱིར། སྣོད་དུ་མ་དང་འབྲེལ་བའི་རྒྱ་ཤུག་བཞིན་ནོ། །དེའང་སྤྱི་དེ་འཇིག་པར་ཐལ་ཏེ། འཇིག་པའི་གསལ་བ་དང་དེའི་སྤྱི་གཉིས་གཅིག་པ་ཡིན་པའི་ཕྱིར་རོ། །འགལ་འདུས་སུ་ཡང་ཐལ་ཏེ་དེའི་སྤྱི་དེ་སོལ་བ་ལ་ཁྱབ་པའི་སྤྱི་ཡིན་པའི་ཆ་ནས་ནག་པོ་ཡིན་ལ། དུང་ལ་ཁྱབ་པའི་སྤྱི་ཡིན་པས་དཀར་པོ་རུ་འགྱུར་བའི་ཕྱིར་རོ། །སྤྱི་དེ་འཇིག་པ་དང་མི་འཇིག་པའི་ཆ་གཉིས་བྱེད་པར་ཐལ་ཏེ་འགལ་འདུར་ཐལ་བའི་དབང་གིས་ཆ་གཉིས་ཀྱི་ཆོས་ནམ་མཁའ་དང་བུམ་པ་སོགས་ལ་ཁྱབ་པའི་ཕྱིར་རོ། །འདོད་ན་གཅིག་ཡིན་པར་དམ་བཅས་པ་བུད་དོ། །དེ་ལྟར་ན་ཐམས་ཅད་ཐམས་ཅད་ཀྱི་དངོས་པོར་ཡང་ཐལ་ཏེ། མི་ཉིད་ཕྱུགས་སུ་ཐལ་ཏེ་མི་དང་སྤྱི་གཉིས་དབྱེར་མེད་ཅིང་། སྤྱི་དང་ཕྱུགས་གཉིས་ཀྱང་དེ་བཞིན་དུ་དབྱེར་མེད་པའི་ཕྱིར་རོ། །ལུས་དགག་པ་ནི་ལུས་ཞེས་བྱ་བ་ནི་རིལ་བོ་གཅིག་བཟླུམ་དུ་གྲུབ་པ་ཞིག་ཡིན་ན་དེ་ཉིད་ཡན་ལག་ཡིན་ནམ། དེ་ལས་གཞན་དུ་གྱུར་བའི་ལོགས་ན་ཡོད། ཡན་ལག་ཡིན་ན་དུ་མར་འགྱུར་ལ། དེ་ལས་ལོགས་ན་ཡོད་ན་དེ་ཡན་ལག་གི་སྤྱིར་མི་འཐད་དེ་ཡན་ལག་མ་ཡིན་པ་ཡན་ལག་གི་སྤྱིར་འགལ་བའི་ཕྱིར་རོ། །ཡང་ལུས་དང་ཡན་ལག་གཅིག་ན་ཡན་ལག་ལ་བརྟེན་ནས་འགལ་བ་དང་། ལུས་ལ་བརྟེན་ནས་འགལ་བ་གཉིས། ལུས་ཡན་ལག་ལས་ཐ་དད་ན་སྣང་རུང་མ་དམིགས་པས་གནོད་པ་སྟེ་རིགས་པ་དང་འགལ་བ་སྟེ་འགལ་བ་གསུམ་གྱིས་བརྟགས་པ་ལས། འགལ་བ་དང་པོ། སྤྱི་དེ་ཡན་ལག་ཡིན་ན་ཡན་ལག་ལ་བརྟེན་པའི་འགལ་བ། གདོང་པ་ཚོན་གྱིས་ཁ་བསྒྱུར། རྐང་པ་མ་བསྒྱུར་བའི་དུས་སུ། རྐང་པའང་ཁ་བསྒྱུར་བར་ཐལ་ཏེ། བསྒྱུར་བའི་སྤྱི་ལུས་དང་དབྱེར་མེད་པའི་ཕྱིར་རོ། །འགལ་བ་གཉིས་པ། དེ་བཞིན་དུ་ལུས་ལ་བརྟེན་པའི་འགལ་བ་ཡང་། ལག་པ་གཡོ་བས་ཡན་ལག་ཐམས་ཅད་གཡོ་བར་ཐལ་ཏེ། ཅིའི་ཕྱིར་ཞེ་ན་ལུས་དང་དབྱེར་མེད་པའི་ལག་པ་གཡོ་བའི་ཕྱིར་རོ། །མགོ་སྒྲིལ་བས་ལུས་རིལ་པོ་སྒྲིལ་བར་འགྱུར་ཏེ། ལུས་དང་དབྱེར་མེད་པའི་མགོ་སྒྲིལ་བའི་ཕྱིར་རོ། །འགལ་བ་གསུམ་པ། གཉིས་པ་ལྟར་ན་ཡན་ལག་ལས་ལོགས་སུའང་ལུས་མེད་དེ། ཡོད་ན་སྣང་དུ་རུང་བ་ལས་མ་དམིགས་པའི་ཕྱིར་དང་། ཡན་ལག་གི་ཕྱི་ན་ལུས་ཞེས་པ་གོས་ལྟར་གཡོགས་པའང་མེད་དེ་པགས་པ་ལས་གཞན་དུ་མ་དམིགས་པའི་ཕྱིར་དང་། ནང་ནའང་མེད་དེ། ནང་ཁྲོལ་ལས་གཞན་པའི་ལུས་སུ་མ་དམིགས་པའི་ཕྱིར་རོ། །དེ་ལྟར་དཔྱད་པས་སྤྱི་ཐམས་ཅད་སྒྲོ་བཏགས་ལས་རང་མཚན་དུ་མེད་པས། བློས་རློམ་པ་ཁོ་ནར་ཤེས་སོ། །དེ་ལ་ལག་པའང་ལྷུ་གསུམ་དུ་ཕྱེ་དུས་མ་གྲུབ་པ་དང་། སོར་མོ་ལྔར་གྱུར་པས་ལག་མགོ་མ་གྲུབ་པ་དང་། སོར་མོ་དེ་ཡང་ཚིགས་གསུམ་དུ་གྱུར་པས་སོར་མོ་མ་གྲུབ་པ་དང་། མཐར་སྤྱི་ཞེས་པ་རྡུལ་ཙམ་དུའང་མ་གྲུབ་པས་སྤྱི་མ་གྲུབ་པ་དེ་བཞིན་དུ་བྱེ་བྲག་ཅེས་པའང་དངོས་པོ་ལ་མ་གྲུབ་པས་སྤྱི་དང་བྱེ་བྲག་སྒྲོ་བཏགས་ཉིད་དུ་འགྱུར་བ་ལས་གཞི་མེད་པའི་རང་བཞིན་དུ་ཤེས་ཏེ། སྤྱོད་འཇུག་ལས། གལ་ཏེ་བདག་ཉིད་ཀུན་གྱི་ལུས། །ལག་སོགས་རྣམས་ལ་ཡོད་ན་ནི། །ལག་སོགས་དེ་དག་ཇི་སྙེད་པ། །དེ་སྙེད་ཀྱི་ནི་ལུས་སུ་འགྱུར། །དེ་བཞིན་སོར་མོའི་ཚོགས་ཡིན་ཕྱིར། །ལག་པའང་གང་ཞིག་ཡིན་པར་འགྱུར། །དེ་ཡང་ཚིགས་ཉིད་ཡིན་པའི་ཕྱིར། །ཚིགས་ཀྱང་རང་གི་ཆ་དབྱེ་བས། །ཆ་ལ་རྡུལ་ཆའི་དབྱེ་བས་དེར། །རྡུལ་དེའང་ཕྱོགས་ཆའི་དབྱེ་བ་ཡིས། །ཕྱོགས་དབྱེའི་ཆ་ཤས་དང་བྲལ་ཕྱིར། །མཁའ་བཞིན་དེས་ན་རྡུལ་དེ་ཡང་། །མེད་དེ་རྨི་ལམ་ལྟ་བུ་ཡི། །གཟུགས་ལ་དཔྱོད་ལྡན་སུ་ཞིག་ཆགས། །ཞེས་པ་དང་། ཡུམ་ལས། ལུས་རྣམ་པར་དག་པ་དང་ནམ་མཁའ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་པ་བཞིན་ནོ། །དེས་ན་ཡན་ལག་གི་སྤྱི་ལུས་ཁེགས་པས་སྤྱི་ཆུང་ངུ་དང་བར་གྱི་སྤྱི་ཡང་ཚུལ་དེས་ཁེགས་པ་ཡིན་ནོ། །དེ་ལྟར་སྤྱི་ཁེགས་པས་བྱེ་བྲག་ཀྱང་མེད་དེ་སྤྱི་ཁེགས་པའི་ཕྱིར་ཏེ། བུམ་པ་ཁེགས་ན་དེའི་བྱེ་བྲག་རྫ་བུམ་གཏན་མེད་པར་འགྱུར་བ་བཞིན་ནོ། །ཡང་ལྟོས་པའི་ཕྱིར་སྤྱི་མེད་པས་བྱེ་བྲག་མེད་དེ། ལག་པ་ཉིད་ལུས་ལ་ལྟོས་ནས་བྱེ་བྲག་དང་། ལྷུ་ལ་ལྟོས་ནས་སྤྱིར་འཇོག་དུས་སྤྱི་བཀག་པས་བྱེ་བྲག་ཁེགས་པའི་ཕྱིར་རོ། །རྡུལ་ཡང་རང་གི་རྡུལ་ཕྲན་གྱི་སྤྱི་བཞིན་ཡིན་པས་ཀྱང་ཁེགས་ཏེ། རྡུལ་ཆ་རྡུལ་ཕྲན་གྱི་སྤྱི་ཡིན་པ་དེ་ཉིད་ཆ་ཤས་མེད་པས་ཁེགས་པའི་ཕྱིར་རོ། །འདུ་བ་ཡང་མེད་དེ་ཐ་དད་ནི་ཡུལ་གཅིག་ཏུ་མི་འཚོགས་ཤིང་ཐ་མི་དད་ལ་འདུ་བྱ་འདུ་བྱེད་གཉིས་མེད་པའི་ཕྱིར་རོ། །དེས་ན་དངོས་པོ་གཅིག་ལ་གཅིག་དང་ཐ་དད་ཀྱི་འདུ་བ་མེད་དེ། འདུ་བ་བློས་བརྟགས་པ་ཡིན་གྱི། དཔྱད་ན་གཅིག་ཐ་དད་འདྲེར་རྫས་སམ་འདྲེ་བར་འགྱུར་བའི་འདྲེ་བྱེད་ཀྱི་རྫས་མ་གྲུབ་སྟེ་བློས་བསླད་ཅིང་སྒྲོ་བཏགས་འཛིན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། རྟོག་པ་ངོ་བོ་ཉིད་མེད་ཕྱིར། །གནས་དང་མི་གནས་རྟོག་པ་མེད། །ཅེས་པ་དང་། དམ་པའི་དོན་གྱི་དོན་རྣམས་ནི། །རང་གི་འདྲེ་དང་ཐ་དད་མེད། །དེས་ན་དངོས་པོ་གཅིག་པ་དང་། །དུ་མ་བློ་ཡིས་བསླད་པ་ཡིན། །ཞེས་དང་། ཡུམ་ལས། ཆོས་གང་ཡང་གང་དང་ཡང་ལྷན་ཅིག་ཀུན་ཏུ་རྒྱུ་བ་མེད་དེ་རང་བཞིན་གྱིས་སྟོང་པའི་ཕྱིར་རོ་ཞེས་སོ། །ཤེས་པས་མི་གྲོལ་བ་ནི། དོན་དྲུག་ཤེས་ཀྱང་གྲོལ་བའི་ཐབས་མ་ཡིན་ཏེ། ཤེས་བྱའི་དེ་ཁོ་ན་ཉིད་མ་ཡིན་པའི་ཕྱིར་སྔར་གཙོ་བོ་བཀག་པ་བཞིན་དུ་ཁེགས་པ་ཡིན་ནོ། །ཀླུ་སྒྲུབ་ཀྱིས། ལོག་ལྟས་མྱ་ངན་མི་འདའ་བར། །དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས། །ཞེས་པ་དང་། རྣམ་འགྲེལ་ལས། སྡུག་བསྔལ་ཕྱིན་ཅི་ལོག་བློ་དང་། །སྲེད་པ་ཀུན་ནས་འཆིང་བའི་རྒྱུ། །སྐྱེ་བོ་གང་ལ་དེ་མེད་པར། །དེ་ཡིས་སྐྱེ་བ་མི་འབྱུང་ངོ་། །ཞེས་སོ། །འོ་ན་རྣམ་བཤད་རིག་པ་ལས། དད་པས་ཉན་པ་གང་གིས་ན། །མཐོ་རིས་དགའ་བའི་བསོད་ནམས་དང་། །གང་གི་མྱ་ངན་འདས་ཐོབ་པའི། །ཤེས་རབ་ས་བོན་གནས་པར་འགྱུར། །ཞེས་པ་ལྟར་ཁྱེད་རང་ཡང་དད་པས་ཞུགས་ན་གང་ལྟར་ཡང་འབྲས་བུ་ཐོབ་པར་འདོད་པ་མ་ཡིན་ནམ་ཞེས་སྔར་སྔ་རྒོལ་བཀོད་ན། དེ་ནི་ལམ་མ་ལོག་པ་ལ་དད་པའི་དབང་དུ་བྱས་ཀྱི། ལོག་པའི་ལམ་ལ་དད་ན་ཇི་ལྟར་དད་པ་ལྟར་ཇེ་ཐུར་འགྱུར་ཏེ་ལམ་ནོར་བ་ལ་གོམ་པ་མང་དུ་དོར་བ་བཞིན་ནོ། །རྩ་ལྟུང་གི་འགྲེལ་པ་ལས། ནག་པོའི་ལས་དེ་གང་བྱས་པ། །དེ་ལས་འབྲས་དཀར་མི་འབྱུང་སྟེ། །རུལ་བའི་ཤིང་གི་ས་བོན་ལས། །བརྩམ་པའི་མྱུ་གུ་ཇི་བཞིན་ནོ། །ཞེས་སོ། །ཚུལ་འདིས་རང་གི་སྡེ་པའི་ནང་དུ་ཁས་འཆེ་བ་དག གང་ལའང་མོས་པ་བྱས་ན་བྱིན་རླབས་འབྱུང་བས། མཐར་གྲོལ་ཞེས་ཕྱོགས་འབྱམས་སུ་སྨྲ་བ་ཁེགས་སོ། །བདེ་སྡུག་བླ་མ་མཁའ་འགྲོ་དང་། ཡི་དམ་གྱིས་བྱེད་པར་འདོད་པའང་ཁེགས་ཏེ། དེ་དག་གིས་ངས་ནི་ཁྱོད་ལ་ཐར་བའི་ཐབས་བསྟན་གྱི། །ཐར་བ་རང་ལ་རག་ལས་བརྩོན་པ་གྱིས། །གསུངས་པ་ལྟར་དུ་ཐབས་བསྟན་གྱི། རང་གིས་ཐབས་བསྟན་པ་དེ་ལྟར་བྱས་ན་འཁོར་བ་ལས་ཐར་བ་དེ་བྱེད་པའི་ནུས་རུང་དུ་འགྱུར་བ་ལ་བཏགས་པ་ཡིན་ཀྱང་། དེ་དག་གིས་བྱས་པ་ཡིན་ན་རིག་པ་འདིས་ཁེགས་སོ། །རྫས་ལྡོག་དང་སྤྱི་དངོས་པོར་ཁས་ལེན་པའང་འདི་ཁོ་ནས་ཁེགས་པ་ཡིན་ནོ་ཞེས་པ་ལྡོག་པ་དང་སྤྱི་དངོས་པོར་སྨྲ་བ་ཁེགས་པའོ། །ཁོ་བོ་ཅག་ནི་སྣང་ཚུལ་ཅིར་སྣང་ཡང་གཤིས་ལ་གང་དུའང་མ་གྲུབ་པར། ཁས་ལེན་གྱི་དམ་བཅའ་མེད་པས་སྐྱོན་མེད་ཡིན་ཏེ། རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་གསུངས་པ་བཞིན་ནོ། །འདིར་ཤེས་པས་མི་གྲོལ་བའི་གཏན་ཚིགས་ཀྱི་སྙིང་དོན་ཚུར་བསྡུས་ནས་བཤད་ན། འདི་ལྟར་ཤེས་བྱའི་དོན་དྲུག་ཤེས་པ་དག་གི་སྒོ་ནས་རྣམ་གྲོལ་བསྒྲུབ་པ་དེ་ཆོས་ཅན། ཡང་དག་པ་མ་ཡིན་པ་ཉིད་དེ། རིགས་པས་བརྟགས་ན་འགལ་བའི་ཕྱིར་རོ། །དེ་ཡང་ཕྱོགས་དང་དུས་སོགས་བཏགས་པ་ཙམ་སྟེ་དོན་ལ་རྫས་སུ་མ་གྲུབ་ཅིང་། རྡུལ་དང་འབྱུང་བཞི་ཕྱོགས་ཆ་བརྟགས་པས་ཁེགས། བདག་དང་དབང་ཕྱུག་རྟག་པ་གཞི་མ་གྲུབ་ལ། བདག་ཤེས་མེད་ལ་བདེ་སྡུག་འཆིང་གྲོལ་མི་འཐད་ཅིང་བདེ་སོགས་ཀྱི་ཡོན་ཏན་ཀྱང་མི་གྲུབ་པ་སོགས་ཀྱིས་རྣམ་གཞག་འགལ་བ་ཁོ་ནར་སྣང་བས་ཁེགས་སོ། །གཞན་ཡང་རང་སྡེ་ནང་པར་ཁས་འཆེ་བའི་རྨོངས་པའི་དད་པའམ་མོས་པ་རྐྱང་བས་བྱིན་རླབས་འབྱུང་བར་འདོད་པའི་ཕྱོགས་འབྱམས་སུ་སྨྲ་བ་དང་ལྡོག་པ་དང་སྤྱི་དངོས་པོར་སྨྲ་བའང་ཞོར་དུ་ཁེགས་པར་བསྟན་པའོ། །གསུམ་པ

སྤྱོད་པ་པ་བསྟན་པ།

སྤྱོད་པ་པའི་ཕྱོགས་གཏན་ལ་དབབ་པ་ནི། ཁྱབ་འཇུག་ལྷར་འཛིན་རིག་བྱེད་ཚད་མར་སྨྲ། །དམ་བཅའ་བཅུ་ལས་གྲོལ་བ་སྒྲུབ་པར་འདོད། །དེ་ཡང་རྣམ་གྲོལ་ཕན་པའི་དོན་མེད་པས། །ཕྱིན་ཅི་ལོག་གཞུང་གང་དེ་དོར་བར་བྱ། །ཞེས་གསུངས་ཏེ། ཁྱབ་འཇུག་ལྷར་འཛིན་ཞིང་རིག་བྱེད་ཚད་མར་སྨྲ་བས། དམ་བཅའ་བཅུ་ཁས་བླངས་ཏེ་ཐར་པ་འདོད་པའི་མུ་སྟེགས་བྱེད་རྣམས་ལ་གྲོལ་བ་མེད་དེ་གཞུང་ལམ་ཕྱིན་ཅི་ལོག་ལ་ཞུགས་པའི་ཕྱིར་ན་ཤར་དུ་བགྲོད་པ་ལ་ནུབ་ཏུ་ཞུགས་ནས་གོམ་པ་འདོར་བ་བཞིན་ནོ། །ཁྱབ་འཇུག་གིས་ནི་འཐབ་དཀའ་ལ་སོགས་རིགས་རྣམས་བརླག་པར་གྱུར། །ལྷ་ཆེན་པོས་ནི་གྲོང་ཁྱེར་སུམ་བརྩེགས་བཅོམ་པར་གྱུར་ཞེས་གྲག །སྐེམ་བྱེད་ཀྱིས་ཀྱང་མདུང་ཐུང་འཇེབས་བསྣུན་ཀྲུང་ཀྲུང་བསད་པར་གྱུར། །སངས་རྒྱས་ཉག་གཅིག་འགྲོ་ལ་སྨན་པ་ཐམས་ཅད་མཛད་པ་ལགས། །ཞེས་གསུངས་པ་ལྟར་དུ། ཕྱིན་ཅི་ལོག་གི་ལྷ་དང་སྟོན་པ་དང་། དེའི་ལོག་པའི་ལམ་གྱི་བསྟན་པ་དེ་དག་མཐོང་བས་བླང་དོར་གྱི་མིག་འབྱེད་པ་ལ་ཕན་པ་མངའ་ཞིང་། མུ་སྟེགས་ཀྱི་སྟོན་པ་འདི་ཚོ་ལོ་གཉིས་སྟོང་ཡར་སྔོན་ནས་བྱུང་བ་རེད་ཀྱང་། དེང་སང་ཡང་བདག་ཅག་གི་སྟོན་པ་སྟོབས་བཅུ་མངའ་བ་ལས་ཁོ་ལྷག་ཟེར་མཁན་ཡོད་འདུག་པས་དེ་ཚོའི་གནད་སྐྱོན་ཡང་ཤེས་དགོས་པ་ཡིན། ཐོས་བསམ་བྱས་པའི་དོན་སྒོ་རང་ལམ་རང་གིས་འཇལ་ཤེས་པ་ནི་རྙེད་པ་ཆེན་པོ་ཡིན། འདིར་མུ་སྟེགས་སྤྱོད་པ་པའི་གཞུང་དེའི་ཚུལ་རྒྱས་པར་དབྱེ་ན། བྲམ་ཟེ་རྒྱལ་དཔོག་སྟོན་པར་འཛིན་ཅིང་། ཁྱབ་འཇུག་ལྷར་འདོད་པ་དག་ནི་ནང་ཚན། རིག་བྱེད་པ། བྲམ་ཟེ་པ། ཁྱབ་འཇུག་པ། སྤྱོད་པ་པ། རྒྱལ་དཔོག་པ་ཞེས་ལྔར་ཡོད་དེ། རིག་བྱེད་བཞི་ཚད་མར་འདོད་པ་དང་རིགས་ཐམས་ཅད་ཀྱི་ནང་ནས་བྲམ་ཟེའི་རིགས་མཆོག་ཏུ་འཛིན་པ་དང་། ཁྱབ་འཇུག་ལྷར་འཛིན་པ་དང་། སྤྱོད་པ་ཙམ་གྱིས་གྲོལ་བར་འདོད་པ་དང་། སྟོན་པ་རྒྱལ་དཔོག་གི་རྗེས་སུ་འབྲངས་པའི་ཕྱིར་དེ་སྐད་དུ་གྲགས་སོ། །དེ་དག་གིས་ནི་གྲུབ་པའི་གཞུང་རྟོག་པ་ལ་ཕན་པའི་ཡལ་ག་དང་། དྲང་སྲོང་སྐྱེད་བྱེད་ཀྱི་ཡལ་ག་དང་། ནོར་བུ་སྐུད་པ་ལ་བཏགས་པའི་མཆོད་སྦྱིན་དང་། བྷར་ཏ་ཀའི་ལྡུམ་དང་། ལོ་མ་ཅན་གྱི་གསང་ཚིག་ལ་སོགས་པའི་གཞུང་རྣམས་ཀྱི་རྗེས་སུ་འབྲངས་ནས་དམ་བཅའ་བཅུ་ཁས་ལེན་པ་ནི། ལྷ་ཁྱབ་འཇུག་དང་། རིག་བྱེད་ཚད་མ་དང་། ཁྲུས་ཀྱིས་དག་པ་དང་། ཡུལ་གྱིས་དག་པ་དང་། སྲིད་བསྲུངས་པས་དག་པ་དང་། གཡུལ་བསྲུངས་པས་དག་པ་དང་། ཆོས་བསྲུངས་པས་དག་པ་དང་། སྲོག་བསྲུངས་པས་དག་པ་དང་། དངོས་པོ་རྒྱུ་མེད་དང་། ཤེས་པས་རང་མི་རིག་པར་དམ་བཅའ་བ་ཡིན་ནོ། །དང་པོ་ནི། དངོས་པོ་ཐམས་ཅད་ཁྱབ་འཇུག་གི་རྣམ་པར་སྤྲུལ་བ་སྟེ། དྲང་སྲོང་སྐྱེད་བྱེད་ཀྱི་ཡལ་ག་ཞེས་པའི་གཞུང་ལས། སྐལ་ལྡན་ནོར་ལྷ་འདི་ནི་ཐམས་ཅད་མཁྱེན་ཅིང་གཟིགས། །འགྲོ་བ་ཐམས་ཅད་ལྷར་འདྲེན་ཐར་པ་སྦྱིན་པར་བྱེད། །ནོར་ལྷ་སྟོབས་བཟང་འཆི་མེད་ལ་སོགས་ངོ་བོར་གནས། །ཀུན་གྱི་བདག་ཉིད་ཀུན་ལ་ཞུགས་དང་ཀུན་ལ་ཁྱབ། །ཅེས་སོ། །ཁྱབ་འཇུག་དེས་འགྲོ་བ་འདུལ་བ་ལ་འཇུག་པ་ནི་བཅུ་སྟེ། ཉའི་འཇུག་པ་དང་། རུས་སྦལ་དང་། ཕག་རྒོད་དང་། རྒྱལ་པོ་ཤིང་རྟ་བཅུ་པའི་བུ་ར་མ་ཎ་དང་། དྲང་སྲོང་ཨག་ནེའི་བུ་ར་མ་ཎ་སྟེ་ར་མ་ཎ་གཉིས་ཡོད་པ་དང་། ནག་པ་དང་། མིའི་སེང་གེའི་གདོང་དང་། མིའུ་ཐུང་དང་། ཤཱཀྱ་ཐུབ་པ་དང་ཞེས་བདག་ཅག་གི་སྟོན་པ་ཡང་ཁྱབ་འཇུག་གི་འཇུག་པ་བཅུའི་ནང་གི་གཅིག་པར་འདོད་དོ། །ཚེ་ལོ་བཅུ་པའི་དུས་སུ་རྟ་ངང་བར་སྤྲུལ་ནས་སྐྱེས་བུ་ཐམས་ཅད་མཐོ་རིས་ནས་ཐར་པ་ལ་བཀོད་དེ་འཁོར་བ་སྟོངས་པར་བྱེད་དོ། །འཁོར་བ་སྟོང་བར་བྱེད་མ་ཚར་བའི་དེའི་བར་དུ་ཕག་རྒོད་དུ་སྤྲུལ་ནས་འཇིག་རྟེན་ཐམས་ཅད་འདེགས་ཤིང་ཐམས་ཅད་གྲོལ་ཟིན་པ་དང་ཕག་རྒོད་ཀྱིས་འཇིག་རྟེན་འདེགས་པ་འདོར་བས་ཐུགས་རྗེ་ཆེ་བའི་ཁུར་བསྣམས་པའི་ཕྱིར་དྲིན་ཆེ་བ་ཡིན་ནོ་ཞེས་པ་སྟེ། དམ་བཅའ་ལའང་ལོ་མ་ཅན་གྱི་གསང་ཚིག་ལས། ཉ་དང་རུས་སྦལ་ཕག་རྒོད་དང་། །ར་མ་ཎ་གཉིས་ནག་པ་དང་། །མི་ཡི་སེང་གེ་མི་ཐུང་དང་། །སངས་རྒྱས་ངང་པ་ཅན་དེ་བཅུ། །ཞེས་ཁྱབ་འཇུག་གི་འཇུག་པ་བཅུའི་སྡོམ་བྱས་སོ། །ཁྱབ་འཇུག་ནི་དེ་ལྟར་སྤྲུལ་ནས་ཐམས་ཅད་ཀྱི་བདག་ཉིད་དེ་འཇུག་པ་དང་པོའི་སྒོའམ་དམ་བཅའི་འཇུག་པ་དང་པོ། ཁྱབ་འཇུག་ཞི་བའི་རྒྱུད་ལས། ང་ནི་སྦྱིན་བྱེད་ཟ་བ་པོ། །ང་ནི་ཟས་དང་སྐྱེ་དགུའི་བདག །ང་ནི་བྲམ་ཟེའི་ལུས་གནས་ནས། །ཟ་བར་བྱེད་ཅིང་སྦྱིན་པར་བྱེད། །གང་དག་ལྷ་གཞན་གནས་བྱེད་ཅིང་། །དད་ལྡན་བརྩོན་པར་བྱེད་པ་དང་། །དེ་དག་ང་ལ་ཀུན་དའི་བུ། །བྱ་བ་སྔོན་དུ་འགྲོ་བས་བསྟེན། །ཞེས་འབྱུང་བ་བཞིན་ནོ། །རིག་བྱེད་ཚད་མ་ནི། རིག་བྱེད་ཀྱི་གཞུང་ཆེན་པོ་བཞི་སྟེ། མཆོད་སྦྱིན། ལོ་རྒྱུས། གསང་ཚིག སྲིད་སྲུང་གི་རིག་བྱེད་དོ། །དེ་ལས་གཞན་ཡང་མཆོད་སྦྱིན། སྙན་ངག སྲིད་སྲུང་། ངེས་བརྗོད་བཞི་ནི། ཕན་པའི་རིག་བྱེད་བཞི་ཞེས་བྱ་བར་འདོད་དེ། དེ་ལ་མཆོད་སྦྱིན་ནི། ལྷ་མཆོད་ཅིང་སེམས་ཅན་ལ་སྦྱིན་པ་བྱེད་པ་སྟེ། མཆོད་སྦྱིན་ལ་རིག་གཉིས་ཡོད་པའི་ནང་གི་མཆོད་སྦྱིན་ཞི་བ་ནི་སྲོག་མི་གཅོད་པའི་སྒོ་ནས་བྱེད་ལ། དྲག་པོ་ནི་ཕྱུགས་ལ་སོགས་པའི་སྲོག་གཅོད་པ་ལས་བྱེད་དེ། མཆོད་སྦྱིན་བྱེད་པ་དེའང་མཐར་ཐུག་གྲོལ་བ་དང་། གནས་སྐབས་ཀྱི་བདེ་འབྲས་སྒྲུབ་པའི་ཁྱད་པར་དུ་འདོད་པ་ཡིན་ནོ། །བསད་པའི་སྲོག་ཆགས་དེ་དག་ལྷས་མཐོ་རིས་སུ་འདྲེན་པས་སྡིག་མེད་ཀྱི་སྟེང་དུ་དེ་ལ་ཕན་འདོགས་པར་འདོད་དེ་ངན་སོང་མཐོ་རིས་ལ་འགོད་པའི་ཕྱིར་རོ། །གསང་ཚིག་ལས། རིག་བྱེད་འཚེ་བ་གང་བསྟན་པ། །བསྟན་བཅོས་གཞན་དུ་སྨད་གྱུར་ཀྱང་། །དེས་ནི་སྡིག་བྱས་མི་འགྱུར་བས། །གཞན་དུ་སྐྱེ་བ་བདག་གིས་བསྟན། །ཞེས་སོ། །ད་ལྟའི་སྐབས་སུ་ཡང་འཛམ་གླིང་ས་འདིའི་སྟེང་དུ་ང་ཚོ་ནང་བའི་ཆོས་ལས་ཀྱང་ཁྱབ་རྒྱ་ཆེ་བའི་འཚེ་བ་ཆོས་སུ་སྨྲ་བའི་ལུགས་ངན་བྱེད་པ་ཡོད་དང་ཡོད་བཞིན་པ་རེད། དེ་ཚོ་ནང་འདྲེན་གྱི་བྱ་སྤྱོད་དང་། དེ་ཚོའི་སྣ་འདྲེན་བྱས་ན་རང་བསྟན་ལ་གནོད་ཚབས་ཇི་ཙམ་ཡོད་པ་དང་། ལས་དཀར་ནག་གང་གི་ཕྱོགས་སུ་འགྲོ་བའི་ཚུལ་རྣམས་བསམས་ནས་བག་ཡོད་པར་བྱ་དགོས་སོ། །ལོ་རྒྱུས་ནི། ཁྱབ་འཇུག་གིས་འཇུག་པ་དང་། དབང་ཕྱུག་གིས་ཨུ་མ་དེ་བ་ཕྲོགས་པ་ལ་སོགས་པའི་རབས་སོ། །རིག་བྱེད་ཀྱི་གཏམ་རྒྱུད་གནའི་སྙན་ངག་པས་རྩོམ་གྱི་ནང་དེ་དང་སྦྱར་ནས་བརྩམས་པ་ཡོད་པ་དེའོ། །གསང་ཚིག་ནི་དེ་དག་གི་གདམས་ངག་ཡིན་པ་སྟེ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་བྱུང་བ་ལ་སོགས་པར་སྟོན་པའོ། །སྲིད་བསྲུངས་ནི། བྲམ་ཟེ་རྣམས་ཀྱི་བྱ་བ་སྟོན་པ་གཞོན་ནུ་བཙའ་བའི་བསྟན་བཅོས་ཏེ། གཞུང་རྒྱ་མཚོ་ལས། གཽ་ཏཾ་བུད་མེད་མེ་ཉིད་ཡིན། །དེ་ཡི་ཉེར་གནས་ཐབ་ཁུང་ཡིན། །དེར་སྐྱེས་བུ་ནི་དུ་བ་ཡིན། །དེ་ཡི་ནང་ཞུགས་སོལ་བ་ཡིན། །དེ་ཡི་ཁུ་བ་མེ་སྟག་ཡིན། །དེ་ལྟ་བུ་ཡི་མེ་འདི་ལ། །སྐྱེས་བུ་ལྷ་ཡི་ས་བོན་བསྲེགས། །སྦྱིན་སྲེག་དེ་ལས་སྐྱེས་བུ་འབྱུང་། །དེར་སྐྱེས་འཚོ་བར་གྱུར་པ་ཡིན། །ཞེས་སོ། །ཚུལ་དེས་རང་གི་སྲིད་འཛིན་ཅིང་། རིགས་མ་ཆད་པར་བྱས་པས་ན་སྲིད་སྲུང་ཞེས་བྱའོ། །དེང་སང་ཡང་རིགས་རྒྱུད་རྩ་ཆེན་འཛིན་ཅིང་མི་རེས་རྒྱུད་བཅུ་ཕྲག་ཁ་ཤས་སྤེལ་བ་ཡོད་པ་དེ་ཚོ་འདིའི་ལུགས་ཡིན་པའོ། །དེའང་བྲམ་ཟེ་གྲུབ་པ་ལ་ཞུགས་པ་དག་གི་ལུགས་ཀྱིས་ལོ་དྲུག་ཅུའི་བར་དུ་ཚངས་པར་སྤྱད་ནས་དེའི་རྗེས་ལ་རིགས་རྒྱུད་སྤེལ་བས་ཆུང་མ་ལེན་པའི་བསྟན་བཅོས་ཤིག་གོ །དེང་སང་ལྟ་བ་འདི་འཛིན་མཁན་འཛམ་གླིང་གི་ཐོག་ཏུ་མང་བར་འདུག རིག་བྱེད་ཀྱི་གཞུང་བཞི་པོ་དེ་དག་ཀྱང་རང་བཞིན་གྱིས་ཚད་མར་གྱུར་བའི་གཞུང་ཡིན་པའི་སྒྲུབ་བྱེད་དུ་མཚན་ཉིད་གསུམ་དང་ལྡན་པ་བཀོད་པ་སྟེ། མཚན་ཉིད་གསུམ་པོ་གང་ཡིན་ན་སྐྱེས་བུས་མ་བྱས་པ། རྟག་པ། བདེན་པའི་དོན་ཅན་ཡིན་པའོ། །ཚངས་པས་བརྗོད་པའི་ཕྱིར་བྱས་སོ་ཞེ་ན། མ་ཡིན་ཏེ། རང་བཞིན་གྱིས་རྟག་པར་ཡོད་པ་དེ་ཚངས་པས་དྲན་ནས་བརྗོད་པ་ཡིན་གྱི། གསར་དུ་བྱས་པ་མ་ཡིན་གྱི། ཡན་ལག་བརྒྱད་པ་ལས། ཚངས་པས་ཚེ་ཡི་རིག་བྱེད་དྲན། །དེ་ཡིས་སྐྱེ་དགུའི་བདག་ལ་བཤད། །ཅེས་པ་བཞིན་ནོ། །སུས་ཀྱང་མ་བྱས་ཡེ་ནས་གནས་པའི་བདེན་པའི་དོན་དེ་གྲུབ་མཐའ་ཐམས་ཅད་ལ་བཤད་རྒྱུ་ཡོད་ཅིང་། དེ་ལྟ་མ་ཡིན་ན། ཁྱོད་ནང་པའང་ཆོས་ཀྱི་དབྱིངས་དེ་མ་བྱས་པ་མ་ཡིན་པར་ཐལ། སངས་རྒྱས་ཀྱིས་གསུངས་པའི་ཕྱིར་ཞེས་འགོད་དེ། ནམ་མཁའ་ན་རྟག་ཏུ་ཡོད་པའི་ཚིག་ཚངས་པས་ཐོས་པའི་དོན་དྲན་ནས་བརྗོད་པའོ། །གཞན་ལུགས་སོགས་ཀྱི་བརྗོད་པ་ཐམས་ཅད་རྫུན་ཡིན་ལ་རིག་བྱེད་བདེན་གཅིག་པུ་བདེན་པའོ་ཞེས་འདོད་དེ། གསང་ཚིག་ལས། ཆགས་སོགས་སྐྱོན་གྱིས་ཉམས་པའི་ཕྱིར། །སྐྱེས་བུའི་ཚིག་ནི་རྫུན་ཡིན་ལ། །རིག་བྱེད་སྐྱེས་བུས་མ་བྱས་སོ། །དེས་ན་ཚད་མར་གཟུང་བར་བྱ། །ཞེས་སོ། །རིག་བྱེད་ཀྱི་སྒྲ་དོན་ལ་འབྲེལ་བ་དངོས་པོ་ཡོད་དེ། དེ་ཉིད་ལས། སྒྲ་རྟག་དབྱངས་ཀྱིས་གསལ་བར་བྱེད། །དོན་དང་འབྲེལ་བས་རྟག་པ་ཉིད། །དོན་ལ་རྟོག་པ་དང་ལྡན་ལ། །རྟོག་པ་རབ་ཏུ་སྐྱེ་བར་འགྱུར། །ཞེས་སོ། །རིག་བྱེད་འཆད་པ་པོ་ཚངས་པ་བདེན་གྱི། སངས་རྒྱས་ཐམས་ཅད་མཁྱེན་པ་ཡོད་མི་སྲིད་དེ་ཁྱོད་ནང་པས་སྒྲོ་བཏགས་པ་ཙམ་ལ། ཁྱེད་རང་གི་ལུང་ལས། འགལ་འདུ་མང་དུ་སྣང་བའི་ཕྱིར། ཞེས་འདོད་དེ། གསང་ཚིག་ལས། སངས་རྒྱས་གསུང་ནི་ཚད་མ་མིན། །ལྟ་བ་གསུམ་པོ་སུན་འབྱིན་ཕྱིར། །དེའི་ལྟ་བ་གསུམ་ནི། སྙན་ངག་དང་། མཆོད་སྦྱིན་དང་། སྲིད་སྲུང་ཞེས་བྱ་བ་གསུམ་པོ་གྲུབ་མཐའ་ཐམས་ཅད་ཀྱི་རྩ་བ་སྟེ་ལམ་གསུམ་ཞེས་ཀྱང་ཟེར་བ་དེའོ། །ཇི་ལྟར་གང་སྨྲས་དེ་དེ་ལྟར། །གཅེར་བུར་རྒྱུ་བའི་ལྟ་བ་བཞིན། །ཤེས་བྱ་མཐའ་ཡས་ཀུན་ཤེས་མིན། །ཤེས་བྱེད་གཞན་ཡོད་ཐུག་པ་མེད། །གཅིག་གིས་རྒྱུ་དང་མི་རྒྱུ་དང་། །ཐམས་ཅད་ཤེས་པར་བྱ་མི་ནུས། །རིག་བྱེད་དག་ནི་ཐམས་ཅད་ཀྱིས། །ཀློག་པ་གང་དག་མི་སྲིད་ཕྱིར། །འཇིག་རྟེན་དག་ན་མི་རྣམས་དང་། །མུ་སྟེགས་གཞན་ནའང་ཀུན་མཁྱེན་མེད། །རྡོ་སྒྱོགས་འཕེན་པར་བྱེད་པ་ཡི། །ལྷ་སྦྱིན་བསྡུས་པར་གྱུར་ཕྱིར་དང་། །གླང་པོའི་དབང་པོ་འོང་བ་ཡི། །མ་འོངས་པ་དག་ཤེས་མ་གྱུར། །ཞེས་སོ། །རྟག་པ་ནི་སྤྱིར་སྒྲ་ཐམས་ཅད་རྟག་པ་ཉིད་དེ། བརྡའ་འཇུག་པའི་ཕྱིར་དང་། གོམས་པར་བྱར་རུང་བའི་ཕྱིར་དང་། སྔར་ཤེས་པ་ཕྱིས་གཞན་གྱིས་ཤེས་པའི་ཕྱིར་དང་། མཉན་བྱ་ཡིན་པའི་ཕྱིར་སྒྲ་ཉིད་ཀྱི་སྤྱི་བཞིན་ནོ། །གལ་ཏེ་སྒྲ་དེ་མི་རྟག་པ་ཡིན་ན་སྒྲ་འཇུག་པར་ཡང་མི་རུང་སྟེ། མི་རྟག་པས་ན་ཕྱིས་འགགས་ནས་མེད་པའི་ཕྱིར་རོ། །ཚིག་འཛིན་པ་ལ་སོགས་པའང་མི་རུང་སྟེ། ད་ལྟ་འཛིན་དུས་སྔ་མ་མི་རྟག་པས་འགགས་ནས་མེད་པའི་ཕྱིར་རོ། །རང་གི་ཤེས་པ་གཞན་ལ་བཤད་དུའང་མི་རུང་སྟེ་ཤེས་པ་སྔ་མ་དེ་དག་འགགས་པའི་ཕྱིར་མེད་པ་ཁོ་ནའོ། །མཉན་དུའང་མི་རུང་སྟེ། ཉན་དུས་སྔ་མ་འགགས་ནས་མེད་པའི་ཕྱིར་རོ། །དེས་ན་སྒྲ་དོན་རྟག་པར་ཡོད་པས་ཤེས་པ་དང་འཛིན་པ་དང་ཉན་པར་རུང་སྟེ། དྲང་སྲོང་ལོ་མ་ཅན་གྱིས། ལན་ཅིག་འཇུག་ཕྱིར་གོམས་བྱའི་ཕྱིར། །ཕྱིས་ཀྱང་ཤེས་ཕྱིར་དེ་བཞིན་དུ། །མཉན་བྱ་ཡིན་ཕྱིར་སྒྲ་ཉིད་བཞིན། །སྒྲ་ནི་རྟག་པར་ཤེས་པར་བྱ། །ཞེས་གསུངས་པ་བཞིན་ནོ། །དེས་ན་རིག་བྱེད་ཀྱི་དགོས་སོ་ཅོག་ཚངས་པར་སྟོན་པས་ན་བདེན་པ་གྲུབ་པའི་ཕྱིར་བླང་བར་བྱ་སྟེ། ཕན་པའི་ཡལ་ག་ལས། རིག་བྱེད་ལས་ནི་མི་སྨྲ་དང་། །རིག་བྱེད་དག་ལ་མི་སྣང་བ། །གང་ཡང་མེད་པར་བརྗོད་པར་བྱ། །རིག་བྱེད་འདྲ་བའི་ཐོས་པ་མེད། །ཅེས་སོ། །ཁྲུས་ཀྱིས་དག་པ་ནི། སྤྱིར་ཁྲུས་ཐམས་ཅད་ཀྱིས་དག་སྟེ། འཕྲལ་དུ་སེམས་རབ་ཏུ་དྭངས་པར་བྱེད་ཅིང་ལུས་གཙང་བར་བྱེད་པ་ལྟར་ཕུགས་སུ་སྡིག་པ་ཞི་བར་བྱེད་པའི་ཕྱིར། ཁྱད་པར་དུ་ཁྲུས་ཀྱི་སྒོ་གངྒཱ་དང་། གངྒཱའི་ནང་དུ་རྒྱ་གར་བས་དེང་སང་ཡང་ཁྲུས་བྱེད་པ་ཡོད་འདུག དེ་བཞིན་དུ་འདི་རྣམས་ཆུ་བོ་ཏག་ཏག་ཡིན་པ་སྟེ་ཀུ་ཤ་འཁྱིལ་དང་། བིལ་བ་ཅན་དང་། སྔོན་པོའི་རི་དང་། ཀ་ན་ཀ་དང་། ཟླ་བའི་རྒྱ་མཚོ་སྐལ་བ་ཅན་དང་། དབྱངས་ཅན་དང་། ཕག་ཅན་དང་། འདམ་པ་ཅན་དང་། སིནྡྷ་དང་། ནཻ་རཉྫ་ན་དང་། པྲ་ཡ་དིར་བ་དང་། རྒྱ་མཚོ་རྣམས་སུ་ཁྲུས་བྱས་ན་མཐོ་རིས་དང་ཐར་པ་ཐོབ་པ་ཡིན་ཏེ། དྲང་སྲོང་ལྔ་ལེན་གྱི་ཁྲུས་ཀྱི་སྒོ་ལས། གངྒཱའི་སྒོ་ནི་ཀུ་ཤ་འཁྱིལ། །བིལ་བ་ཅན་དང་སྔོན་པོའི་རི། །ཀ་ན་ཀ་ཡི་འཇུག་ངོགས་སུ། །ཁྲུས་བྱས་ཡང་འབྱུང་སྲིད་མ་ཡིན། །གངྒཱ་ཟླ་བའི་སྐལ་ཅན་དང་། །དེ་བཞིན་དུ་ནི་དབྱངས་ཅན་དང་། །ཕག་ཅན་དང་ནི་འདམ་པ་ཅན། །སིནྡྷ་རྒྱ་མཚོར་འགྲོ་བ་དག །ཁྲུས་པ་འདི་རྣམས་གང་གི་ཕྱིར། །དག་པར་འདོད་ནས་ཁྲུས་བྱེད་པ། །སྡིག་པ་དག་པའི་བདག་ཉིད་དེ། །ངེས་པར་མཐོ་རིས་ཐར་པར་འགྱུར། །ཞེས་བཤད་པ་བཞིན་ནོ། །དེ་དག་ཏུ་སོང་ནས་མ་ཁྲུས་གོང་རྒྱ་མར་བཅལ་པའམ་སྲང་ལ་འཇལ་ཞིང་ཁྲུས་བྱེད་དེ། ཁྲུས་བྱས་རྗེས་སྡིག་པ་དག་ནས་ཅི་ཙམ་ཇེ་ཡང་དུ་སོང་ཡོད་མེད་ལྟ་ཞིང་། ཡང་དུ་སོང་ན་སྡིག་པ་སྲབ་པར་འདོད་དོ། །ཡུལ་གྱིས་དག་པ་ནི། ཡུལ་ཀུ་རུ་ཞེས་བྱ་བར་སྐྱེས་པ་ཐམས་ཅད་དང་། ཐ་ན་དེའི་རྡུལ་གྱིས་རེག་པ་ཐམས་ཅད་ཀྱང་མཐོ་རིས་སུ་སྐྱེ་བར་འདོད་དེ། རྟོག་པ་ལ་ཕན་པའི་ཡལ་ག་ལས། ཀུ་རུའི་ཡུལ་དུ་སྐྱེས་པ་དང་། །དེ་ཡི་ཞིང་གི་རྡུལ་དག་ནི། །རླུང་གིས་ཁྱེར་བས་རེག་གྱུར་ནའང་། །ཉེས་པ་བྱས་པའི་སེམས་ཅན་རྣམས། །འགྲོ་བ་མཆོག་ཏུ་འཁྱེར་བར་བྱེད། །ཅེས་སོ། །སྲིད་བསྲུངས་པས་དག་པ་ནི། བྲམ་ཟེ་རྣམས་ཀྱིས་རིགས་བཞག་པ་ནི་མཐོ་རིས་སུ་སྐྱེའོ། །རིགས་རྒྱུད་མང་པོ་བཞག་ན་ཕན་ཡོན་ཅན་དུ་བརྩི་བའོ། །བུད་མེད་ནི་ངེས་པར་ངན་འགྲོར་འགྲོ་བས་ན་ཚངས་པར་སྤྱད་ཀྱང་ལོ་བཞི་བཅུ་ཞེ་གཉིས་ལས་མི་སྤྱད་ཀྱི། བྲམ་ཟེ་དང་འགྲོགས་ནས་བུ་བསྐྱེད་དགོས་སོ། །བུ་ཡོད་པའི་བུད་མེད་ཐམས་ཅད་ནི་མཐོ་རིས་སུ་སྐྱེ་ལ། མེད་པ་རྣམས་ངན་སོང་དུ་སྐྱེ་ཞིང་བུ་མོ་མང་བའམ་བུ་མོ་ལས་མེད་ན་ནི་ངན་སོང་ཡང་ཐར་དཀའ་བ་ཅན་དུ་སྐྱེའོ་ཞེས་འདོད་དེ། དེ་ཉིད་ལས། གང་ཞིག་བུ་དང་ལྡན་པ་དེ། །ཤི་ནས་མྱ་ངན་མེད་པར་འགྲོ། །ལམ་ཡང་འདི་ནི་ལྷར་འགྲོའི་ལམ། །དེས་ན་མ་ལའང་འཁྲིག་པར་བྱ། །བུད་མེད་པ་ལས་འཇིག་རྟེན་ནི། །བཟང་པོ་ཡེ་མེད་རྒྱལ་བྱེད་ཀྱི། །ཇི་ལྟར་གླིང་ལམ་ཅན་གྱིས་ནི། །རྒས་ཀར་དཔྱད་ནས་སྨྲས་པ་བཞིན། །ཞེས་སོ། །གཡུལ་བསྲུངས་པས་དག་པ་ནི། འཇིགས་པའི་དམག་བྱུང་བའི་ཚེ་སྙིང་རྗེ་མེད་པར་འཐབ་འཛིང་བྱས་པ་ཉིད་ཀྱིས་སྡིག་པ་བྱང་སྟེ། རང་གི་ཕྱོགས་རྒྱལ་བར་བརྩོན་པས་བསོད་ནམས་སུ་འགྱུར་བའི་ཕྱིར་རོ། །གསང་ཚིག་ལས། ངེས་པར་བརྩེ་མེད་དཔའ་བོ་ཡིས། །གཡུལ་ངོར་འབྲོས་པ་མེད་པར་ནི། །གཡུལ་ལ་མངོན་པར་ཕྱོགས་གྱུར་ན། །ཤི་ནས་མཐོ་རིས་འགྲོ་བར་འགྱུར། །ཞེས་སོ། །དེང་སང་འཛམ་གླིང་གི་ཐོག་གི་མི་མང་པོ་ཞིག་གིས་ལྟ་བ་འདི་བཟུང་ནས་རང་གཞན་གཉིས་ཕུང་བྱེད་པ་མཐོང་ཆོས་སུ་གྱུར་པ་དེ་ཚོ་ལ་བལྟས་ན། གངས་རིའི་ལྗོངས་པས་ཆོས་མ་བྱས་ཀྱང་། ཆོས་མིན་མི་བྱེད་ནི་ཁྱད་ཆོས་རེད། འགའ་རེ་ལྟ་བ་འདིར་ཞུགས་པ་ནི་ལམ་མིན་གཡང་ས་ཆེན་པོར་འཕྱན་པ་ཤེས་པར་བྱའོ། །ཆོས་བསྲུངས་པས་དག་པ་ནི་བྲམ་ཟེ་དང་། རིག་བྱེད་དང་། བླ་མ་ལ་གནོད་པར་བྱེད་པའི་སྡིག་ཅན་བསད་པ་ཉིད་ཀྱིས་སྡིག་པ་དག་པར་བྱེད་དེ་ཡུལ་མཆོག་ཏུ་གྱུར་པ་བསྲུང་བའི་ཕྱིར། དེ་ཉིད་ལས། སྐྱེ་དགུ་སྐྱོང་ལ་གསལ་བའི་ཕྱིར། །ལྷ་མིན་ལྷ་ཡི་ཚེར་མ་དག །བསད་ཀྱང་སྐྱོན་ནི་ཡོད་མིན་ཏེ། །དེ་ནི་ཆོས་སྲུང་ཡིན་ཕྱིར་རོ། །ཞེས་སོ། །སྲོག་བསྲུངས་པས་དག་པ་ནི། མུ་གེས་ཉེན་ནས་འཆི་བ་ལ་ཐུག་ན་མ་མཐོང་བར་བརྐུས་ཀྱང་ཉེས་པ་མེད་ཀྱི་སྟེང་དུ་སྡིག་པ་འདག་པར་འགྱུར་ཏེ། དངོས་པོ་ཕལ་ལས་མཆོག་རང་གི་སྲོག་བསྲུངས་པས་འདི་ཕྱིར་ཕན་པའི་དོན་ཆེན་པོ་འགྲུབ་པའི་ཕྱིར་རོ། །གསང་ཚིག་ལས། བྲམ་ཟེ་རྒུད་ཚེ་བརྐུ་བ་ཆོས་སུ་བཤད། །གཞན་ནོར་མ་མཐོང་བར་ཡང་བླང་བར་བྱ། །ཞེས་སོ། །དངོས་པོ་རྒྱུ་མེད་ནི། དངོས་པོ་ཐམས་ཅད་རྒྱུ་རྐྱེན་ལ་མི་ལྟོས་པར་ངོ་བོ་ཉིད་དམ་རང་ཤུགས་ཀྱིས་འབྱུང་བ་ཡིན་ཏེ། འཇིག་ཆགས་ལའང་རྒྱུ་མེད་པའི་ཕྱིར་དང་། ནམ་མཁའ་སྟོང་པ་ལས་སྤྲིན་དང་སེར་བ། ཐོག་ལ་སོགས་པ་འབྱུང་བའི་ཕྱིར་དང་། ཉི་ཟླའང་ཤར་ནས་ནུབ་ཏུ་ངང་གིས་འགྲོ་བ་བཞིན་ནོ་ཞེས་འདོད་དེ། དེ་ཉིད་ལས། ཉི་ཤར་ཆུ་བོ་ཐུར་འབབ་ཚེར་མ་རྣོ། །རྨ་བྱའི་མདོངས་བཀྲ་ངོ་བོ་ཉིད་ཀྱིས་བྱུང་། །ཞེས་སོ། །ཤེས་པས་རང་མི་རིག་པ་ནི། རང་གིས་རང་ལ་བྱ་བ་མི་འཇུག་པས་ཏེ། མིག་རང་གིས་རང་མི་མཐོང་བ་བཞིན་ནོ། །ཞེས་འདོད་དོ། །དེ་དག་གི་དོན་བསྡུས་ཏེ་བསྟན་ན་བྲམ་ཟེ་རྒྱལ་དཔོགས་ལ་སྟོན་པར་འཛིན་ཅིང་རིག་བྱེད་ཚད་མར་འདོད་པ་རྣམས་ཀྱིས་རྟོག་པ་ལ་ཕན་པའི་ཡལ་ག་སོགས་གཞུང་ལ་བརྟེན་ནས་ཁྱབ་འཇུག་ལྷར་འཛིན་ཅིང་དམ་བཅའ་བཅུ་ཁས་ལེན་པ་སྟེ། འཇུག་པ་བཅུ་ལྡན་གྱི་ཁྱབ་འཇུག སྐྱེས་བུས་མ་བྱས་པའི་རིག་བྱེད། དངོས་པོ་རྒྱུ་མེད་དུ་བྱུང་བ། ཤེས་པ་རང་གིས་རང་མི་རིག་པ། གངྒཱའི་ཁྲུས་ཀྱིས་འདག་པ། ཡུལ་ཀུ་རུར་སྐྱེས་སམ་དེའི་རྡུལ་གྱིས་བཏབ་པས་ཀྱང་དག་པ་སོགས་ཡུལ་གྱིས་དག་པ། གཡུལ་དུ་ཞུགས་པ་བསད་པས་དག་པ། བུ་བསྐྱེད་པས་མཐོ་རིས་སྐྱེ་བ། བརྐུ་སོགས་ཀྱིས་སྲོག་བསྲུང་བས་དག་པ། བླ་མ་དང་བྲམ་ཟེ་རིག་བྱེད་ལ་གནོད་པ་བསད་ན་ཆོས་སྲུང་བས་དག་པར་འདོད་དོ། །དེ་དགག་པ་ལ་ཕྱོགས་སྔ་མ་ལྟར་བཅུ་ལས། དང་པོ་ཁྱབ་འཇུག་དགག་པ་ལ། ངོ་བོ། ཁྱབ་པ། བྱེད་པ་དགག་པ་གསུམ་ལས། ངོ་བོ་དགག་པ་ནི། དབང་ཕྱུག་དགག་པ་བཞིན་ནོ། །གོང་ནས་དབང་ཕྱུག་དགག་པའི་སྐབས་སུ་བྱང་ཆུབ་སེམས་འགྲེལ་གྱི་ལུང་ལས། ཚངས་དང་དབང་པོ་ཁྱབ་འཇུག་དང་། །དྲག་སོགས་གཟུགས་སུ་སྤྲུལ་མཛད་ནས། །འགྲོ་བ་འདུལ་བའི་སྦྱོར་བ་ཡིས། །ཐུགས་རྗེའི་རང་བཞིན་ཅན་གར་མཛད། །ཅེས་གསུངས་པ་དེ་དགག་པ་མིན་ལ། ཁྱབ་འཇུག་དེ་ནི། ཀུན་གྱི་བདག་ཉིད་ཀུན་ལ་ཞུགས་དང་ཀུན་ལ་ཁྱབ། །ཅེས་པའི་ལོག་རྟོག་དེ་དགག་པ་ཡིན། དེའང་ཐམས་ཅད་ཀྱི་བྱེད་པོ་མ་ཡིན་བཞིན་དུ་ཡིན་པར་བློ་འཁྲུལ་བས་བརྟགས་པ་ཡིན་པས་ཁེགས་པའོ། །ཁྱབ་པ་ནི། ངོ་བོ་བཀག་པས་ཁེགས་ཏེ། ཁྱབ་འཇུག་མེད་ན་ཁྱབ་འཇུག་གིས་ཁྱབ་པ་མེད་དེ། མོ་གཤམ་གྱི་བུ་མེད་པས་དེས་ཁྱབ་པའི་ས་ཕྱོགས་ཁེགས་པ་བཞིན་ནོ། །ཁྱབ་བྱེད་ཁྱབ་འཇུག་མེད་པས་ན་ཀུན་ལ་ཁྱབ་བྱ་མེད་པ་རང་ཤུགས་ཀྱིས་གྲུབ་པ་ཉིད་དེ། དེ་ཡང་གང་ལ་གང་གིས་ཁྱབ་པ་མེད་ན། དེས་ཐ་དད་མི་དད་ལ་ཁྱབ་པ་མི་རུང་ངོ་། །དེའང་ཐ་དད་ལ་ནི་ཁྱབ་པ་ཉིད་མེད་དེ། དུས་མི་མཉམ་པའི་ཐ་དད་ནི་གཅིག་ཡོད་དུས་གཅིག་མེད་པས་ཁྱབ་ཏུ་མི་རུང་ལ། དུས་མཉམ་ལའང་གཅིག་གི་གོར་གཅིག་གསལ་བར་མེད་པས་ཁྱབ་པ་ཡོད་པ་མི་རུང་སྟེ་སྣང་བའི་གོར་མུན་པ་ཡོད་མི་རུང་པ་བཞིན་ནོ། །ཆུ་དང་འོ་མ་འདྲེས་པ་ལྟ་བུས་ཁྱབ་པ་མེད་ཀྱང་ལུས་ལ་གོས་བཞིན་དུ་ཟླ་བོར་ཡོད་པའི་ཚུལ་གྱིས་ཁྱབ་བོ་ཞེ་ནའང་མི་རུང་སྟེ། ཁྱབ་བྱ་དང་ཁྱབ་བྱེད་ཕན་ཚུན་ལྟོས་པས་དོན་ལ་མ་གྲུབ་པའི་ཕྱིར་རོ་ཞེས་སྤྱིར་བསྟན་ལ། ཁྱབ་འཇུག་ནི་སྣང་རུང་མ་དམིགས་པས་ཀྱང་ཁེགས་སོ། །ཐ་མི་དད་ནའང་ཁྱབ་པ་མེད་དེ་ཁྱབ་བྱེད་དང་རྫས་གཅིག་པས་ཁྱབ་བྱ་ཁྱབ་བྱེད་ཉིད་དམ་ཁྱབ་བྱེད་དེ་ཡང་ཁྱབ་བྱར་འགྱུར་བས། རང་གིས་རང་ལ་མ་ཁྱབ་པ་བཞིན་ནོ། །ལྡོག་པ་ནི། འདུ་བར་བཀག་ཟིན་ཏོ་ཞེས་པ་སྤྱིའམ་རྣམ་བཅད་ཙམ་གྱིས་ཁྱབ་པའང་དོན་ལ་མེད་ཚུལ་སྔར་བཤད་ཟིན་ཏོ། །ཁྱད་པར་ནི་དུ་མ་དང་དབྱེར་མེད་ན་དུ་མར་འགྱུར་བས་ཁྱབ་པར་མི་རྙེད་དེ་ཆུ་དང་འདྲེས་པའི་འོ་མ་བཞིན་ནོ། །ཞེས་པ་འདི་ཁྱབ་པ་མི་རྙེད་ཅེས་པའི་ཡི་གེ་ནོར་བ་ཡིན་ནམ། ཡང་ན་ལྡོག་པའི་བཀག་ལུགས་ཁྱབ་བྱེད་ཁྱབ་འཇུག་དང་ཁྱབ་བྱའི་ཁྱད་པར་མི་རྙེད་ཚུལ་དཔྱད་པ་ཡིན་ནམ། ཡང་ན་ཁྱད་པར་ཞེས་ཁྱབ་བྱ་དུ་མ་ཉིད་པས་ཁྱད་པར་ཡང་མཐར་མི་གྲུབ་ཚུལ་དཔྱད་པ་གང་ཡིན་ཀྱང་འགལ་བ་མེད་མོད་བརྟག་པར་བྱའོ། །བྱེད་པ་ནི། དབང་ཕྱུག་ཏུ་བཀག་གོ །རིག་བྱེད་དགག་པ་ལ་གསུམ་སྟེ། མཚན་ཉིད། གཞུང་། བརྗོད་བྱ་དགག་པའོ། །དང་པོ་ལ། རྟག་པ། མ་བྱས་པ། བདེན་པ་དགག་པ་དང་གསུམ་ལས། རྟག་པའི་གསལ་བ་དགག་པ་ནི། བྱེ་བྲག་པ་འགོག་པར་བཤད་ལ། སྒྲུབ་བྱེད་མིང་། གོམས་པ། ཕྱིས་ཤེས་པ། གཞན་ལ་འཆད་པར་མི་རུང་བ་བཞི་ནི། ཐ་སྙད་དུ་སྐད་ཅིག་མཐུད་པ་ཙམ་ལ་བརྗོད་ལ། སྒྲ་འགགས་ཀྱང་སྒྲ་ལ་གོམས་པའི་བག་ཆགས་རིགས་མཐུན་བཞག་པས་ཤེས་པའི་ཕྱིར། སྒྲ་རྟག་པ་མ་ཡིན་ནོ། །སྐྱེས་བུས་མ་བྱས་པ་དགག་པ་ལ་གསུམ་སྟེ། དོན་མི་ངེས་པ། སྔགས་ཀྱི་ནུས་པ་མི་རུང་བ། མངོན་སུམ་གྱིས་བསལ་བའོ། །དང་པོ་ནི། མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་བྱེད་པ་ནི་འབྲེལ་ཅི་ཡང་མེད་དེ་མེ་མཐོ་རིས་སམ། མཐོ་རིས་མེ་མ་ཡིན་པའི་ཕྱིར་དང་། སྐྱེས་བུས་སྨྲས་པ་བརྫུན་ན་ཚངས་པས་སྨྲས་པ་ཡང་བརྫུན་པས་མི་བསླུ་བའི་དོན་དང་འགལ་བས་ཕྱིས་ཀྱི་མུ་སྟེགས་པ་ཁྱེད་ཅག་བསླུ་བར་ཐལ་བའི་ཕྱིར་དང་། ཁྱེད་ཅག་ཀྱང་སྐྱེས་བུ་ཡིན་པས་སྐབས་འདིར་རིག་བྱེད་ཀྱི་དོན་སྟོན་པ་ལ་བསླུ་བར་འགྱུར་བའི་ཕྱིར་དང་། ཚིག་དོན་ལ་འབྲེལ་བ་ཡོད་ན་སྒྲ་ཆད་དུས་དོན་མི་རྟག་པར་དངོས་སུ་ངེས་དགོས་པ་ལས། དོན་རྟག་པར་འདོད་པས་བསལ་བ་ཉིད་དོ། །རྣམ་ངེས་ལས། དེས་ན་མཐོ་རིས་འདོད་མེ་ལ། །སྦྱིན་སྲེག་སྦྱིན་ཞེས་ཐོས་པ་ནི། །ཁྱི་ཤ་ཟོ་ཞེས་བྱ་བ་འདི། །དོན་མིན་ཞེས་འདིར་ཚད་མ་གང་། །ཞེས་བཤད་པ་ཡིན་ནོ། །འོ་ན་སངས་རྒྱས་པ་ཁྱེད་ཅག་ཀྱང་རང་བྱུང་གི་ཡི་གེ་དང་། ལྷའི་རྔ་སྒྲ་ལ་སོགས་པས་ཆོས་འཆད་པ་འདོད་པས་མཚུངས་སོ་ཞེ་ན། དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུ་དང་འགྲོ་བ་སོ་སོའི་ལས་ལས་དེ་ལྟར་བྱུང་བ་ཡིན་གྱི། རྒྱུ་མེད་པར་མི་འདོད་པས་མི་མཚུངས་སོ། །ཁྱབ་འཇུག་གི་རྣམ་འཕྲུལ་སངས་རྒྱས་ཡིན་པས་དེ་དང་མཚུངས་སོ་ཞེ་ན། སངས་རྒྱས་དེ་རྒྱུ་ཚོགས་གཉིས་ལ་སོགས་པའི་དབང་ལས་བྱུང་བའི་བྱིན་རླབས་ཡིན་ལ། ཁྱབ་འཇུག་གང་དུའང་རྒྱུ་རྐྱེན་གྱིས་མ་བྱས་པའི་རྣམ་འཕྲུལ་མི་སྲིད་པ་གཉིས་མི་མཚུངས་སོ། །སྔགས་ཀྱི་ནུས་པ་མི་སྲིད་པ་ནི། སྔགས་བཟླས་པས་ཀྱང་ནུས་པ་མི་འབྱུང་བར་ཐལ་ཏེ། སྐྱེས་བུའི་ཚིག་ཡིན་ལ། སྐྱེས་བུའི་ངག་ནི་བསླུ་བ་ཅན་ཡིན་བའི་ཕྱིར་རོ། །དེ་རིག་བྱེད་ཀྱི་ཚིག་ཡིན་པས་ནུས་པ་འབྱུང་ངོ་ཞེ་ན། མངོན་སུམ་གྱིས་བསལ་བ། དངོས་སུ་སྐྱེས་བུའི་བརྗོད་པའི་ངག་རིག་བྱེད་ཀྱི་ཚིག་མ་ཡིན་པར་གསལ་ཏེ། རེས་འགའ་བ་ཡིན་པའི་ཕྱིར། རིག་བྱེད་ཀྱི་སྒྲ་ནི་རྟག་པར་འདོད་པས་འགལ་བར་འདུས་པའི་ཆོས་སུ་ཐལ་བའི་ཕྱིར་རོ། །མཚན་ཉིད་བཞི་བ་བདེན་པའི་དོན་ཅན་དུའང་མི་རུང་སྟེ། གཅིག་ཏུ་བརྗོད་བྱ་ནང་འགལ་བ་ཅན་དུ་མཐོང་བའི་ཕྱིར་དང་། གཉིས་སུ་སྒྲ་གྲགས་ནའང་དོན་སྟོན་མཁན་མེད་པའི་ཕྱིའི་ཆུ་རླུང་གི་སྒྲ་བཞིན་ནོ། །གཞུང་དགག་པ་ནི། ཚིག་གིས་དོན་སྟོན་པ་མེད་དེ་ཚིག་དོན་གཉིས་འབྲེལ་བ་མེད་པའི་ཕྱིར། ཅིའི་ཕྱིར་ཞེ་ན། ཚིག་སྒྲ་སྤྱི་དང་། དོན་སྒྲ་མེད་གཉིས་འབྲེལ་བ་མ་གྲུབ་པའི་ཕྱིར་དང་། ཚིག་གིས་སྐད་ཅིག་སྔ་ཕྱི་འགག་པའི་ཕྱིར་དང་། ཡི་གེ་སིལ་བུ་རེ་རེ་ལ་དོན་མེད་པའི་ཕྱིར་དང་། ཚིག་ཐམས་ཅད་ཡི་གེ་སིལ་བུ་ལས་མ་འདས་པའི་ཕྱིར་རོ། །འོ་ན་ནང་པ་སངས་རྒྱས་པ་ཁྱོད་ཅག་ཀྱང་འཆད་པ་དང་ཉན་པ་བྱེད་པ་གང་ཡིན་ཞེ་ན། འཁྲུལ་སྣང་དུ་དེ་ལྟར་དུ་སྣང་ཡང་། དོན་ལ་བཤད་ཅིང་ཉན་པར་མི་འདོད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསུང་ལ་བསྟོད་པར། དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། །སྤྲོས་པ་ཐམས་ཅད་ཞི་བ་སྟེ། །སངས་རྒྱས་རྣམས་ཀྱིས་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་གསུངས་པ་བཞིན་ནོ། །བརྗོད་བྱ་དགག་པ་ལ་བཞི་སྟེ། མཆོད་སྦྱིན། ལོ་རྒྱུས། གསང་བ། རིགས་མཐུན་དགག་པའོ། །དང་པོ་ལ། མཆོད་པ། སྦྱིན་པ། སྲེག་པ་དགག་པ་གསུམ་ལས། མཆོད་པ་དགག་པ་ནི་གསུམ་སྟེ། ལྷ་དགའ་མི་དགའ་མི་འཐད་པ་ནི། ཕྱུགས་བསད་པ་ལ་དགའ་ན་ལྷ་དེ་མཆོད་ཡུལ་དུ་མི་རུང་སྟེ། ཆགས་སྡང་དང་བཅས་པའི་ཕྱིར་འདྲེ་བཞིན་ནོ། །མི་དགའ་ན་ཕན་ཡོན་མི་འབྱུང་སྟེ་མི་མཉེས་པ་བྱས་པའི་ཕྱིར་རོ། །གཞི་མེད་ལྷར་མི་འཐད་པ་ནི། སྡིག་པའི་ལས་བྱས་པའི་མཆོད་སྦྱིན་ཅན་ཕྱུགས་དང་བཅས་པ་མཐོ་རིས་སུ་དྲང་བར་མི་ནུས་ཏེ། ལྷ་ལ་ནུས་པ་མེད་པའི་ཕྱིར་རོ། །མེད་དེ་དུས་དང་སྐད་ཅིག་བརྟགས་ཤིང་དཔྱད་པས་འདྲེན་མཁན་ལྷ་མ་གྲུབ་པས་ན། ལྷས་དྲངས་པ་དེ་བས་ཀྱང་མི་འགྲུབ་པ་ཡིན་ནོ། །འདིར་དུས་དང་སྐད་ཅིག་གི་བརྟགས་པས་ལྷ་མ་གྲུབ་པས་ལྷ་ལ་ནུས་པ་མེད་པར་ཁེགས་ན་རང་གི་ལྷ་ལའང་མཚུངས་སོ་ཞེ་ན་མི་མཚུངས་ཏེ། རང་གི་ལྷ་བདེན་གྲུབ་ཏུ་མི་འདོད་ལ། འདིས་བདེན་གྲུབ་ཏུ་འདོད་པས་དེ་འདྲའི་ལྷ་གཞི་མ་གྲུབ་པའོ། །དེས་ན་ཐར་པ་དང་མཐོ་རིས་རང་གི་དགེ་བ་ལ་རག་པ་ཉིད་དེ། བཤེས་སྤྲིངས་ལས། ཐར་པ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱིས་གྲོགས་བགྱིར་ཅི་ཡང་མ་མཆིས་ཏེ། །ཞེས་གསུངས་པ་བཞིན་ནོ། །མི་ཤི་དུས་ཁྱེད་ཚང་གིས་བདུན་ཚིགས་ལ་སོགས་པ་གཞན་གྱིས་ཤུལ་དུ་བྱས་པས་ཕན་པར་འདོད་པ་ལའང་འདྲ་བས་མཚུངས་སོ་ཞེ་ནའང་། དེ་ནི་ཚེ་འདས་ཁོ་རང་དབང་བའི་ཆ་ཙམ་ཡོད་པའི་ནོར་ཕུལ་ནས་སྔགས་བརྗོད་པས་ཕན་པ་དང་། བསམ་པ་དག་པའི་མཐུས་ཕན་ལ། བརྩེ་བ་མེད་པའི་མཆོད་སྦྱིན་དང་མི་མཚུངས་སོ། །དགེ་བའི་ར་མདའ་ཚད་ལྡན་ཆོས་ཆོས་བཞིན་དུ་མ་སོང་ན་འདི་ཚང་གིས་ལྷ་མཆོད་པ་ནང་བཞིན་འགྱུར་ངེས་སོ། །གཞུང་ཕྱི་མོ་ལས་ཀྱང་། ཚངས་པ་ནས་བརྩམས་དམྱལ་བའི་བར། །སེམས་ཅན་ཀུན་ལ་སྲོག་ཕངས་ལ། །གཞན་གྱི་སྲོག་ནི་བཅད་བྱས་པས། །ཇི་ལྟ་བུར་ནི་བདེ་བར་འགྱུར། །འབྱུང་པོ་རྣམས་ནི་བདེ་འདོད་ལ། །འཇིག་རྟེན་ཀུན་གྱི་སྡུག་བསྔལ་ལྡན། །གང་ལ་མང་དུ་གནོད་བྱས་ན། །དེ་བདེའི་དངོས་སུ་ཇི་ལྟར་འགྱུར། །ཞེས་པས། ཁྱོད་རང་གི་ལུང་དང་ཡང་འགལ་བ་ཉིད་དོ། །ཞེས་བཀག་ན་དེ་ནི་མཆོད་སྦྱིན་ལས་དུས་གཞན་པ་ལ་གདམས་སོ་ཞེ་ནའང་མཚུངས་ཏེ། དུས་གཞན་དུ་སྡིག་པ་ཡིན་ན། མཆོད་སྦྱིན་གྱི་ཚེ་དགེ་བར་འགྱུར་དུ་མི་རུང་བས་སོ། །བདག་ལས་མཆོད་སྦྱིན་བྱ་བར་ཐལ་བ་ནི། མི་བས་ལྷ་བརྒྱ་སྟོང་གི་བདེ་བས་ན། དེ་མྱུར་དུ་ཐོབ་པར་བྱ་བའི་ཕྱིར་རང་ཉིད་བསད་དེ་མཆོད་སྦྱིན་བྱ་བར་རིགས་སོ། །སྐྱེས་རབས་ལས། ལོག་པར་སྤྱད་པས་ཡིད་ནི་མ་ལོག་ཅིང་། །དགེ་བའི་ལས་ལམ་ངེས་པར་མ་བྱས་པའི། །ཕྱུགས་རྣམས་མཆོད་སྦྱིན་དག་ལ་བསད་གྱུར་ཀྱང་། །བདག་ཅག་གཞི་མེད་ཇི་ལྟར་མཐོ་རིས་སྐྱེ། །མཆོད་སྦྱིན་ལ་བསད་མཐོ་རིས་འགྲོ་ན་ནི། །བྲམ་ཟེ་བདག་ཉིད་ཕྱུགས་སུ་བསྒྱུར་ལ་རག །ཅེས་སོ། །སྲོག་བཅད་ན་དེ་ལྟར་ཕན་ཡོན་ཡོད་ན་རང་གིས་རང་ཅིའིི་ཕྱིར་མི་བསད་ཅེས་པའོ། །སྲོག་བཅད་ན་བསོད་ནམས་ཐོབ་ཟེར་བ་འདི་ལ་ཉེས་པ་ཤིན་ཏུ་ལྕི་བ་ཡོད་དེ། དྲན་པ་ཉེར་གཞག་ལས། སྲོག་བཅད་པས་ལྷར་སྐྱེའོ་ཞེས་སྨྲས་པས་བསྲེགས་པ་ཆེན་པོའི་དམྱལ་བར་སྐྱེ་བ་དང་། ཕྱུགས་བསད་ནས་མཆོད་སྦྱིན་བྱས་པས་མུན་པ་ཆེན་པོའི་དམྱལ་བར་སྐྱེ་བ་དང་། མཆོད་སྦྱིན་ལ་མི་བསད་པས་ལྕགས་ཀྱི་བུམ་པའི་དམྱལ་བར་སྐྱེ་བར་གསུངས་སོ། །སྦྱིན་པ་དགག་པ་ནི། རང་བཞིན་དང་ཐ་སྙད་གཉིས་ལས། རང་བཞིན་པ་སྤྱིར་དགག་པ་ལ་གསུམ་སྟེ། རྟག་མི་རྟག་སྦྱིན་དུ་མི་རུང་བ་དང་། ཕྲད་མ་ཕྲད་མི་རུང་། རགས་པ་དང་ཕྲ་བ་མི་རུང་བའོ། །དང་པོ་ནི། སྦྱིན་པ་སུས་ཀྱང་སུ་ལའང་འགའ་ཙམ་སྦྱིན་པ་མེད་དེ། རྫས་རྟག་པ་འགུལ་དུ་མི་རུང་བས་ལག་ནས་ལག་ཏུ་སྤོར་མེད་ཅིང་། མི་རྟག་པ་ལག་ཏུ་མ་སོང་བར་འགག་པའི་ཕྱིར་རོ། །གཉིས་པ་ནི། ཕྲད་པ་བཀག་ཟིན་ལ། མ་ཕྲད་པས་ཕན་མི་ཐོགས་ཏེ་སྤྲང་པོའི་ཁ་ལག་དང་ཟན་འཕྲད་པ་མེད་པའི་ཕྱིར་བཀྲེས་པ་མ་བསལ་བ་བཞིན་ནོ། །གསུམ་པ་ནི། དངོས་པོ་རགས་པ་སྦྱིན་པ་མེད་དེ་སྤྱི་དགག་པ་བཞིན་ནོ། །ཕྲ་བ་སྦྱིན་དུ་མེད་དེ་རྡུལ་ཆ་མེད་མི་མཐོང་བའི་ཕྱིར་རོ། །ཡུམ་ལས། གང་ལ་ཡོངས་སུ་སྦྱིན་པ་མེད་ཅིང་ལེན་པ་དང་ལེན་པ་པོ་རང་བཞིན་གྱིས་རྣམ་པར་དག་གོ་ཞེས་སོ། །འོ་ན་ནང་པ་སངས་རྒྱས་པ་ཁྱེད་ཀྱང་སྦྱིན་པར་འདོད་མོད་ཅེ་ན། འཁྲུལ་སྣང་བཟང་རྟོག་ཙམ་ལས་དངོས་པོ་རང་མཚན་པར་མི་འདོད་དེ་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བའི་ཕྱིར་རོ། །འཁོར་གསུམ་སྣང་ལ་རང་བཞིན་མེད་པ་མ་དམིགས་ན་སུའི་ཆོས་སུ་འགྱུར་མི་ཤེས་པ་ཡིན་པའོ། །ཡུམ་ལས། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་སོ། །དེ་ཙམ་དུ་སྦྱིན་པར་སྣང་བ་མི་འགོག་པས་བྱིན་ཡང་། ཕན་ཚུན་བདེན་པ་མེད་དེ། སྒྱུ་མ་མཁན་རབ་ཏུ་བཟང་པོས་ཞུས་པའི་མདོ་ལས། གཏོང་མེད་སྦྱིན་པ་འདི་བཏང་བས། །ལེན་པ་མེད་པ་རྣམས་ཀྱིས་བླངས། །གང་དག་འདིར་ནི་གཤེགས་པ་རྣམས། །དེ་དག་ཡོན་སྦྱོང་བྱེད་པ་ཡིན། །གང་གིས་སྦྱིན་པ་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་དམིགས་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །བཟང་པོ་ལ་ནི་ཡོངས་རྫོགས་ཤོག །ཅེས་པ་བཞིན་ནོ། །ཁྱད་པར་ཐ་སྙད་དུ་དགག་པ་ནི། བསད་ནས་སྦྱིན་པའི་ཤ་ལྟ་བུ་ཆོས་སུ་མི་རུང་སྟེ། དགེ་བར་སྣང་ཡང་སྡིག་པ་ཡིན་པའི་ཕྱིར། གཏོང་བ་པོ་ལ་བརྩེ་བྱམས་མེད་པ་དང་། ལོ་འདོད་དེ་ཡག་འདོད་སྙན་འདོད་བཟང་འདོད་རེ་ལྟོས་ཀྱི་དུག་གིས་ཁྱབ་པའི་ཕྱིར་རོ། །བསད་ནས་མཆོད་སྦྱིན་མ་བྱས་རུང་དུག་དེ་ལྟར་དང་མ་འདྲེས་པའི་ཆོས་འགྲུབ་དང་མ་འགྲུབ་རང་ལ་བསམ་བློ་སྐོར་ནས་དཔྱད་ན་དཀོན་པོ་ཡིན་པའོ། །དྲན་པ་ཉེར་གཞག་ལས། སྲོག་ཆགས་བསད་ནས་སྦྱིན་པར་བྱས་པས་གཉིས་ཀ་རབ་ཏུ་ཚ་བའི་དམྱལ་བར་སྐྱེ་བར་གསུངས་སོ། །བསྲེག་པ་དགག་པ་ནི། མེས་ཤིང་བསྲེག་པ་མི་སྲིད་དེ། མེ་དང་ཤིང་དེ་གཉིས་གཅིག་ན་བསྲེག་བྱ་སྲེག་བྱེད་དུ་མི་འཐད་ཅིང་། ཐ་དད་ན་དེ་གཉིས་ཕན་ཚུན་ཐ་དད་པའི་ཕྱིར་དེ་བས་ཀྱང་བསྲེག་པར་མ་གྲུབ་སྟེ་ཀ་བ་བུམ་པ་བཞིན། མེ་དང་ཤིང་ཕྲད་པ་མེད་པའང་སྔར་བཞིན་ནོ། །རྩ་བ་ཤེས་རབ་ལས། བུད་ཤིང་གལ་ཏེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་བསྲེག་པར་འགྱུར། །ཞེས་སོ། །ལོ་རྒྱུས་དགག་པ་ལ་གསུམ་སྟེ། ངོ་བོ། ཉན་པ། བརྗོད་བྱ་འགལ་བ་དགག་པའོ། །དང་པོ་ནི། ལོ་རྒྱུས་མི་སྲིད་དེ་སྔར་བྱུང་བ་འདས་པ་འགགས་ནས་མེད་པའི་ཕྱིར་རོ། །གཉིས་པ་ནི། ཉན་པའང་མི་རུང་སྟེ། ངག་གི་རྒྱུན་སྐད་ཅིག་ཆ་ཤས་མེད་པ་ཕན་ཚུན་ཉན་བྱེད་ཀྱི་སྐད་ཅིག་གིས་མཉན་བྱ་ཉན་པར་མ་གྲུབ་སྟེ་ཆ་ཤས་མེད་པའི་ཕྱིར་རོ། །གསུམ་པ་ནི། ཐམས་ཅད་དབང་ཕྱུག་ཁྱབ་འཇུག་ཚངས་པ་ལྟ་བུ་གཅིག་ཁོ་ནས་བྱེད་པ་དང་བྱ་བ་གཉིས་རགས་པ་དང་ཕྲ་བར་མ་གྲུབ། སྐད་ཅིག་ཆ་མེད་པས་མ་གྲུབ་པའོ། །འདི་ནས་ལོ་རྒྱུས་མི་སྲིད་ཅེས་པ་དོན་དམ་པའི་དབང་དུ་བྱས་པའི་གོ་བ་ལེན་དགོས་སོ། །གསང་བ་དགག་པ་ལ་གསུམ་སྟེ། ཟབ་མོའི་དོན་དགག སྔགས་བཟླས་པ་དགག བརྗོད་བྱ་འགལ་བས་དགག་པའོ། །དང་པོ་ནི། ཇི་ལྟར་སྣང་བཞིན་པའི་ཤེས་བྱ་ལས་ལྐོག་གྱུར་གྱི་ཟབ་མོའི་དོན་མི་འཐད་དེ། ཡང་ན་སུས་ཀྱང་རྟོགས་སུ་མི་རུང་ལ། ཡང་ན་མ་གྲུབ་པར་ཐལ་བའི་ཕྱིར་རོ། །ཞེས་པའི་དོན། མུ་སྟེགས་རྣམས་ན་རེ། ཕ་རོལ་མངོན་སུམ་མཐོང་བ་ཡི། །དྲང་སྲོང་དེ་དག་ཚིག་ལ་ནི། །རྗེས་སུ་དཔག་པས་གནོད་པ་མེད། །ཅེས་མངོན་སུམ་སྣང་བ་ལས་རྗེས་སུ་དཔག་པའི་དོན་དང་འགལ་བ་ཡིན་ཀྱང་གསང་ཚིག་ལ་བརྟེན་ནས་ཁས་ལེན་པ་ཡོད་པ་དེ་དགག་ཚུལ་ཡིན་ལ། རང་གི་ཟབ་མོ་ཚུར་མཐོང་ལས་འདས་པར་འདོད་པ་ནི་དེ་དང་མི་འདྲ་སྟེ་ཚུར་མཐོང་ལ་བརྟེན་ནས་ཚུར་མཐོང་ལས་འདས་པར་རིམ་གྱིས་ངེས་པར་བྱར་ཡོད་ཀྱི། ཚུར་མཐོང་གིས་ཡུལ་ལ་ཚུར་མཐོང་དང་འགལ་བའི་དོན་སྨྲ་བ་ཡིན་ནོ། །མདོ་ལས། གཟུགས་ལས་གུད་ནའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དེ་ཞེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་ནི། བཟླས་པ་མེད་དེ། བཟླས་པའི་དོན་སྔ་མ་བསྐྱར་བ་ཡིན་པ་ལ། ད་ལྟ་བ་ཡོད་དུས་སྔ་མ་འགགས་ནས་མེད་པས་སྔ་མ་བསྐྱར་བར་མ་གྲུབ་པའི་ཕྱིར་རོ། །སྔ་མ་དང་རིགས་མཐུན་བཟླས་སོ་ཞེ་ནའང་མི་རུང་སྟེ། ཡང་ན་བརྗོད་པ་ཐམས་ཅད་སྒྲར་རིགས་མཐུན་པས་དེ་ཡང་བཟླས་པར་ཐལ་ལོ། །འདོད་ན་དུས་གཅིག་ཏུ་གཅིག་གི་སྒྲ་ཐམས་ཅད་བརྗོད་མི་ནུས་པར་གསལ་ལོ་ཞེས་པའི། འདོད་ཅེས་པ་འདི་སྒྲ་ཐམས་ཅད་སྒྲར་རིགས་མཐུན་པས་སྔགས་སུ་འདོད་ཟེར་ན་སྔགས་མིན་ཏེ། སྔགས་ནི་ཚང་བར་བཟླ་དགོས་ན་སྒྲ་ཐམས་ཅད་ཚད་མེད་པས་དེ་ཀུན་དུས་གཅིག་སུས་ཀྱང་བཟླ་མི་ནུས་པས་ཡང་བསྐྱར་བ་མ་གྲུབ་བོ་ཞེས་སམ། སྔགས་འབྲུ་ཀུན་དུས་གཅིག་ཏུ་བརྗོད་མི་སྲིད་ལ། གཅིག་དུས་གཅིག་མེད་པས་བསྐྱར་པའམ་བཟླས་ཞེས་པ་བློས་ཕར་བཏགས་པ་ཙམ་སྟེ་དོན་ལ་མ་གྲུབ་བོ། །འབྲུ་རེ་རེ་བཞིན་སྔགས་ཡིན་ན་རིག་བྱེད་ཀྱི་གཞུང་གི་སྔགས་ཁྱད་པར་བ་བདེན་པར་འདོད་པ་དོན་མེད་པ་སོགས་སུ་ཐལ་ལོ་ཞེས་སོ། །འོན་ཀྱང་འདི་སྤྱི་མཐའ་བཅད་པ་ཙམ་ལས་ཁྱབ་འཇུག་པའི་འདོད་པ་སྒེར་ལ་གནོད་པ་མིན་པ་འདྲ་སྟེ་བར་ནས་ཡི་གེ་ཅུང་ཉམས་སམ་བརྟག་གོ །ཐ་སྙད་དུའང་སྟོང་པས་མ་ཟིན་པའི་སྔགས་ཐམས་ཅད་དོན་ཆུང་བ་ཉིད་དེ་ཞེས་གསུངས་པ། གོ་འཕང་མཆོག་འགྲུབ་པའི་སྔགས་བཟླ་ཚུལ་རྣམ་དག་མིན་པ་ལ་གསུངས་སོ། །སྤྱིར་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་སྔགས་ཟབ་མོ་གཡེང་བཞིན་དང་བདེན་ཞེན་དང་བཅས་པས་བཟླས་ཀྱང་དོན་ཆེ་སྟེ། འཇམ་དཔལ་རྩ་རྒྱུད་ལས། དེ་ལྟ་ན་ཡང་རིག་སྔགས་མཆོག །བཟླས་པ་རྣམ་ཀུན་དོན་ཡོད་དེ། །གང་གིས་མིག་ཟུར་གྱིས་བལྟས་པའང་། །རྗེས་སུ་འཛིན་པ་ཉིད་དུ་འགྱུར། །ཞེས་གསུངས་པ་བཞིན་ནོ། །གསང་བ་བཀོད་པ་ལས། ཇི་བཞིན་སྟོང་པས་མ་ཟིན་ན། །འཛམ་གླིང་རྡུལ་ཕྲན་མཉམ་པ་ཡི། །གསང་སྔགས་བཟླས་དང་བསྒོམས་པ་དང་། །རྩོམ་པ་ཆེ་དང་ལྡན་གྱུར་ཀྱང་། །སངས་རྒྱས་ཉིད་ནི་འགྲུབ་མི་འགྱུར། །ཞེས་སོ། །གསུམ་པ་ནི། ཐམས་ཅད་རྒྱུ་མེད་དུ་བསྟན་པས་ཞེས་པ་འདི་དང་སྤྱིར་གསང་ཚིག་ན་རྒྱུ་མེད་བསྟན་པ་གོང་དུ་གསུངས་པ་འདི་རྣམས་སྣོད་བཅུད་ཁྱབ་འཇུག་སོགས་ཀྱིས་བྱེད་པ་ལས་རྒྱུ་གཞན་མེད་པའམ། བྱེད་པོ་ཐམས་ཅད་རྒྱུ་མེད་དུ་བསྟན་པའི་རིགས་པས་རྒྱུ་ཅན་ཀུན་ལ་འགལ་ཞེས་འགལ་བ་བསྟན་པ་ལྟ་བུ་སྟེ། སྤྱིར་ཁྱབ་འཇུག་རྒྱུར་སྨྲ་བས་རྒྱུ་མེད་པ་ཁོ་ནར་ཁས་མི་ལེན་ཀྱང་གཞུང་དང་གསང་ཚིག་གི་ཁས་ལེན་མི་འདྲ་བ་འགལ་བ་སོགས་རྣམ་པར་བརྟག་པར་བྱའོ། །རྐྱེན་ཙམ་ཡང་བཀག་ཅིང་། ཁྲུས་ཀྱིས་དག་པ་རྒྱུར་སྨྲ་བ་འདི་གཉིས་འགལ་བས་མ་གྲུབ་པ་ཡིན་ནོ། །འོ་ན་ཆོས་སྟོན་པའང་མཚུངས་སོ་ཞེ་ན་ཞེས་པའང་། སངས་རྒྱས་ཀྱི་གསུངས་པའང་དོན་སྣ་ཚོགས་སུ་གནས་པས་དེ་དང་འདྲ་ཟེར་ན་མི་འདྲ་སྟེ། དེ་དག་བློའི་རིམ་པ་དང་སྦྱར་ནས་བསྟན་ཀྱང་དོན་གཅིག་གི་གནད་དུ་འགལ་མེད་དུ་འཇུག་པ་ཡིན་ནོ། །ཞེས་སོ། །ཁྱེད་ལྟར་སྤྱོད་པ་ཆུར་ཞུགས་པའི་ངལ་དུབ་ལྟ་བུ་མི་འོས་ལ་ངལ་བ་ལྟ་བུ་མ་ཡིན་གྱི་སངས་རྒྱས་ཀྱིས་བྱ་བའི་ཆོས་ཀྱང་བློ་དང་འཚམས་པ་ཇི་ལྟར་ནུས་པ་བཞིན་བྱིས་པ་ལ་ཡི་གེ་སློབ་པ་ལྟར་བསྟན་ཏེ། མཐར་སྟོང་པ་དང་སྙིང་རྗེ་ལ་སྦྱོར་བ་ཡིན་ནོ། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས། བརྡ་སྤྲོད་རིག་པ་ཇི་ལྟ་བུ། །ཡི་གེའི་ཕྱི་མོའང་སློབ་འཇུག་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཞེས་སོ། །དེའང་ཚིག་གཅིག་ཏུའང་དོན་ཀུན་ཚང་བར་སྟོན་པས་སངས་རྒྱས་ཀྱི་གསུངས་དེ་ཆེས་འཕགས་ཏེ། སངས་རྒྱས་ཀྱི་གདུལ་བྱའི་བློ་རིམ་དང་སྦྱར་ནས་ཆོས་སྣ་ཚོགས་བསྟན་ཅིང་། དོན་གཅིག་གི་གནད་དུ་འགལ་མེད་ཡིན་ནོ། །ཏིང་ངེ་འཛིན་རྒྱལ་པོ་ལས། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ང་ཡིས་ཆོས་རྣམས་གང་བསྟན་པ། །ཡི་གེ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བདག་མེད་དེ་བཞིན་ཉིད། །གཅིག་གི་ཚིག་དོན་བསམས་པས་ནི། །ཀུན་གྱི་ཚིག་དོན་བསམ་པར་འགྱུར། །གཅིག་གི་ཚིག་དོན་བསྒོམས་པས་ནི། །ཀུན་གྱི་ཚིག་དོན་བསྒོམ་པར་འགྱུར། །ཞེས་སོ། །རིགས་མཐུན་པ་དགག་པ་ལ་གསུམ་སྟེ། རིགས་གཅིག་པ་དགག རིགས་རྒྱུད་དགག རྣམ་གཞག་འགལ་བའོ། །དང་པོ་ནི། པདྨ་ཅན་དང་། ཕྲེང་ལྡན་བྲམ་ཟེའི་རིགས་གཅིག་ཏུ་མི་རུང་སྟེ། རིགས་ཉིད་ལ་ཆ་ཤས་མེད་པ་དང་། དུ་མ་གཅིག་ཏུ་མི་རུང་བའི་ཕྱིར་རོ། །གཉིས་པ་ནི། མེས་པོ་དང་ཕ་སྤད་དམ་ཕ་བུ་རིམ་པར་བགྲངས་པའི་རིགས་གཅིག་ནས་གཅིག་ཏུ་བརྒྱུད་པ་མེད་དེ། རྒྱུན་དང་སྐད་ཅིག་མ་གྲུབ་པའི་ཕྱིར་རོ། །དང་པོའི་ཚངས་པའི་རིགས་དེ་བརྒྱུད་པ་མེད་དེ། ཚངས་པའི་རིགས་ཁོ་ན་ཉིད་དང་ངོ་བོ་གཅིག་པས་གཞན་དུ་འཕོ་བར་འགལ་བའི་ཕྱིར་དང་། བར་དུ་ཡང་མེས་ལ་སོགས་པ་དུ་མས་ཆོད་པའི་ཕྱིར་རོ། །ཕའི་རིགས་ཀྱང་མ་ཡིན་ཏེ། སྐྱེ་འགགས་བྱས་པས་སྔར་གྱི་ཕ་དང་བུ་དང་། ད་ལྟར་གྱི་ཕ་སྤད་རྒྱུན་འགལ་འདུས་ཡིན་པས་མ་གྲུབ་པའི་ཕྱིར་དང་། ཕ་ཡང་རྡུལ་ཕྲན་ཆ་ཤས་མེད་ན་རིགས་འཇོག་པ་པོར་མ་གྲུབ་ལ། བུ་ཡང་རྡུལ་ཕྲན་ཆ་ཤས་མེད་པས་གཞག་རྒྱུར་མ་གྲུབ་པའི་ཕྱིར་རོ། །གསུམ་པ་ནི། བྲམ་ཟེ་དང་བྲམ་ཟེ་མོ་སྐྱེ་གནས་གཅིག་པས་རང་གི་རིགས་ལ་ལོག་པར་ཞུགས་པར་འགྱུར་བ་དང་། བྲམ་ཟེ་སྤྱོད་པ་ངན་པ་ཡང་བྲམ་ཟེའི་ཆོ་རིགས་ལས་མི་ཉམས་ཤིང་དམངས་རིགས་ཡོན་ཏན་ལྡན་ཀྱང་མཆོད་འོས་སུ་མི་རུང་བར་འགྱུར་ལ། དེ་ལྟ་ན་རང་གི་གཞུང་དང་འགལ་ཏེ། ཁྱེད་རང་གི་གཞུང་ལས། གང་གིས་བྲམ་ཟེ་ཉིད་ཐོབ་ནས། །རྒྱལ་པོའི་བཀའ་བཞིན་སྒྲུབ་བྱེད་པ། །དེ་ནི་བྲམ་ཟེ་ཉིད་བོར་ནས། །དམངས་རིགས་ཉིད་དུ་འགྱུར་བ་ཡིན། །ཞེས་དང་། ཁྱེད་རང་གི་གཞུང་བྱེད་པའི་བྲམ་ཟེའི་གཙོ་བོ་མང་ཞིག་ཀྱང་བྲམ་ཟེ་མ་ཡིན་པ་ལས་སྐྱེས་པར་བཤད་དེ། སྦོམ་དང་དེ་བཞིན་རས་བལ་ཅན། །དམངས་རིགས་བུ་ཡིན་བྲམ་ཟེར་གྲགས། །ཟླ་བའི་བཏུང་བ་མང་འཐུངས་ནས། །འཇིག་རྟེན་དྲང་སྲོང་ཆེན་པོར་གྲགས། །ཅེས་པ་བཞིན་ནོ། །དངོས་པོ་ལ་རིགས་དང་ཕ་སྤད་མེད་པ་ལ། དེར་སྣང་བས་འཁྲུལ་པ་ཞེས་བྱའོ། །དཀོན་མཆོག་བརྩེགས་པ་ལས། ཆོས་རྣམས་ཐམས་ཅད་རྨི་ལམ་སྒྱུ་མ་འདྲ། །ངོ་བོ་ཉིད་ཀྱིས་སྟོང་ཞིང་བདག་མེད་ལ། །བྱིས་པས་ཡོད་དམ་མེད་ཅེས་སོ་སོར་རྟོག །ཅེས་པ་བཞིན་ནོ། །ཁྲུས་དགག་པ་ལ་གསུམ་སྟེ། གཙང་མི་གཙང་མ་གྲུབ། འཁྲུ་བ་མ་གྲུབ། སྡིག་པ་མི་ཟད་པའོ། །དང་པོ་ལའང་། མཐུན་སྣང་མེད་པ། ཡུལ་གཅིག་ཏུ་མ་ཚོགས་པ། དེ་དག་འགགས་པ་དང་གསུམ་ལས། དང་པོ་ནི། གཙང་མི་གཙང་བློས་བཏགས་པ་ཡིན་ཏེ། གསོན་ལུས་གཙང་ལ། མི་རོ་མི་གཙང་བར་བརྗོད་དུས། རོའི་མི་གཙང་བ་བྱ་རྒོད་ལ་སོགས་པ་ལས་བྱུང་བར་ཐལ་ཏེ་མི་གཙང་བ་ཡིན་པའི་ཕྱིར་རོ། །གསོན་ལུས་གཙང་བར་འཇོག་པའང་། དབུགས་དང་རྣམ་ཤེས་མ་བྲལ་བས་བྱེད་ལ། རོ་དེ་དང་བྲལ་བ་ཙམ་ལས་ལུས་ནི་སྔར་དང་ཁྱད་མེད་པ་ཡིན་པས་མཉམ་པར་གཙང་མི་གཙང་ཉིད་དུ་འགྱུར་ལ། སེམས་ལ་རྐུ་བ་དང་ཁྲོ་བ་ལ་སོགས་པའི་སྡིག་པ་ཡོད་པས་ན་རོར་གྱུར་དུས་རྐུ་བ་དང་ཁྲོ་བ་ལ་སོགས་པའི་སྡིག་པ་དེ་དང་བྲལ་བས་ན་གསོན་ལུས་བས་རོ་གཙང་བར་ཡང་ཐལ་བའི་ཕྱིར་རོ། །འོན་ཏེ་བཀྲུས་པས་གཙང་དུ་མི་འགྲོ་སྟེ་ཕྱིའི་པགས་པ་བཀྲུས་ཀྱང་། ནང་ཁྲོལ་དང་། ཁྲག་ལ་སོགས་པ་བཙོག་པ་ནང་དུ་ལུས་པས་ངན་སྐྱུགས་ཀྱི་བུམ་པ་འཁྲུ་བ་ལྟར་དུ་ཕྱི་དག་ཀྱང་ནང་མ་དག་པ་བཞིན་ནོ། །གཉིས་པ་ནི། མི་གཙང་བ་དང་། གཙང་བ་གཉིས་ལུས་ཀྱི་ཡུལ་གཅིག་ཏུ་ཚོགས་པར་མི་རུང་སྟེ། མི་གཙང་བ་དང་གཙང་བ་གཉིས་ངོ་བོ་གཅིག་ན་བཀྲུས་པས་མི་འདག་ཅིང་། ངོ་བོ་གཅིག་པས་མི་གཙང་བའང་གཙང་བ་བཞིན་འཁྲུ་མི་དགོས་པར་འགྱུར་ལ། ཐ་དད་ན་གཙང་པར་མི་གཙང་བས་གོས་སུ་མེད་པས་འཁྲུ་མི་དགོས་ཤིང་འཁྲུ་བ་དོན་མེད་དེ། ཤར་གྱི་དྲི་བཟང་གི་སྤོས་དང་། ནུབ་ཀྱི་དྲི་ངན་གྱི་བཤང་གཅི་བཞིན་ནོ། །གསུམ་པ་ནི། སྔ་དྲོའི་མི་གཙང་བ་བགོས་པ་དེ་ཕྱི་དྲོ་འགགས་པའི་ཕྱིར་དངོས་པོར་མེད་པས་འཁྲུ་མི་དགོས་སོ། །རྒྱུན་ཡོད་པས་སོ་ཞེ་ན་ཕྲད་པ་ཆ་ཡིས་བརྟགས་པས་མ་གྲུབ་པའི་ཕྱིར་རོ། །དེས་ན་གཙང་བ་དང་ཕྱི་དངོས་པོའི་མི་གཙང་པ་དང་། ནང་ཉོན་མོངས་པའི་མི་གཙང་བ་གཉིས་ཀ་མེད་དེ། ཕྱིའི་དངོས་པོ་རགས་པ་རྡུལ་ཕྲན་ཆ་མེད་དང་། ནང་ཤེས་པའི་ཉོན་མོངས་ལྟ་བུ་སྐད་ཅིག་ཆ་མེད་དེ་གཉིས་ཀས་གོས་པ་དང་། གོས་བྱར་མ་གྲུབ་བོ། །དངོས་པོ་ལ་མེད་པ་བློས་འཛིན་པའི་ཕྱིར་འཁྲུལ་པ་མཐར་འཛིན་གྱི་ལྟ་བ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། རྟག་དང་མི་རྟག་འདི་ཡང་མཐའ་ཡིན་ཏེ། །གཙང་དང་མི་གཙང་འདི་ཡང་མཐའ་གཉིས་ཡིན། །དེ་ཕྱིར་གཉིས་ཀའི་མཐའ་ནི་རྣམ་སྤངས་ནས། །མཁས་པས་དབུས་ལའང་གནས་པར་མི་བྱེད་དོ། །ཞེས་སོ། །གཙང་བ་དཀར་བ་དགེ་བ་མྱ་ངན་ལས་འདས་པ་དག་པ་བ། མི་གཙང་བ་ནག་པོ་མི་དགེ་བ་འཁོར་བ་གཉིས་ཆར་ཡང་གཤིས་ལ་མ་གྲུབ་པས་མཉམ་པ་ཉིད་དེ། མཉམ་པ་ཉིད་དུ་འཛིན་པ་ཙམ་དུའང་མི་བྱའོ། །ཀླུ་སྒྲུབ་ཀྱིས། འཁོར་བ་མྱ་ངན་འདས་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་པ་དང་། བྱམས་པས། སྲིད་དང་ཞི་བ་མཉམ་ཉིད་དང་། །ཞེས་པ་དང་། ས་ར་ཧས། སྲིད་དང་ཞི་བ་མཉམ་པ་ཉིད་ལགས་ཕྱག་རྒྱ་ཆེ། །ཞེས་གསུངས་པ་བཞིན་ནོ། །འོ་ན་མི་གཙང་བར་འཛིན་པ་ཅི་ཞེ་ན། ཕྱིན་ཅི་ལོག་བློ་མཐུ་བརྟས་པས། རོ་མི་གཙང་བར་ཤེས་ཏེ་རེག་པས་གྲིབ་འབྱུང་གི་གཙང་མི་གཙང་དུ་མི་རྟོག་པ་ལ་མི་འབྱུང་སྟེ་བྱ་རྒོད་བཞིན་ནོ། །དོགས་པ་ངན་པ་སྐྱེས་པས་བསླད་དེ། སྡུད་པ་ལས། དཔེར་ན་དོགས་པའི་འདུ་ཤེས་ཀྱིས་ནི་དུག་ལངས་པ། །དུག་དེ་ཁོང་དུ་སོང་བ་མེད་ཀྱང་བརྒྱལ་བར་འགྱུར། །དེ་བཞིན་བྱིས་པ་བདག་དང་བདག་གིར་ཁས་ལེན་པ། །བདག་དེར་འདུ་ཤེས་ཡང་དག་མི་མཉམ་སྐྱེ་ཞིང་འཆི། །ཞེས་སོ། །དེས་ན་གཙང་བའང་མེད་དེ། ཆུ་ངན་ལ་སོགས་པ་ཆུ་ཀླུང་དུ་འདྲེས་ཤིང་། ཆར་དུ་འབབ་པ་ཡིན་ལ། མི་གཙང་བ་མེད་དེ་ཀུན་གྱིས་སྤྱོད་ཅིང་གཙང་བར་འཛིན་པའི་ཕྱིར་ཏེ། ཁ་ཅིག་གིས་གཙང་བར་མཐོང་བ། ལ་ལས་མི་གཙང་བར་མཐོང་བས། དོན་གཞན་བཙོག་པ་ཞེས་པ་ཞིག་བདེན་པར་མ་གྲུབ་སྟེ་རྨི་ལམ་བཞིན་ནོ། །རིན་ཆེན་གཙུག་ཏོར་ལས། ཆར་གྱི་ཚོགས་ནི་བབ་པ་ཡིས། །སྨད་པ་ཐམས་ཅད་བཀྲུ་བ་དང་། །འབྲུ་རྣམས་ཐམས་ཅད་བསྐྱེད་ནས་ནི། །དེ་ནས་རྒྱ་མཚོར་འབབ་པར་འགྱུར། །མི་གཙང་རྣམས་དང་ལྡན་པ་ཡི། །ཆུ་ནི་ཀླུ་ཡིས་བླངས་ནས་ནི། །ཆུ་ནི་གང་དང་གང་ཡིན་པ། །ཐམས་ཅད་དེ་བཞིན་ཆར་དུ་འབེབས། །དེ་བཞིན་རྫིང་སོགས་ཀུན་རྒྱས་ཤིང་། །ཐམས་ཅད་ཀྱིས་ནི་ཐམས་ཅད་འཁྲུད། །དེ་བས་གཙང་དང་མི་གཙང་སོགས། །ཐམས་ཅད་འདིར་ནི་ཡོད་མ་ཡིན། །ཞེས་སོ། །འཁྲུ་བ་མ་གྲུབ་པ་ནི། ཆུ་དང་ལུས་འཕྲད་པ་བཀག་པས་ཤེས་པ་ཡིན་ཅིང་མ་ཕྲད་པར་དག་པ་མི་སྲིད་དོ། །དེས་ན་འཁྲུད་པར་སྣང་བ་ནི། གཏི་མུག་ཡིན་ཏེ་ཁྲུས་དེས་འདོད་ཆགས་ལ་སོགས་པ་དག་པར་མ་བྱས་པའི་ཕྱིར་རོ། །རྣམ་འགྲེལ་ལས། སྔར་ལྕི་བ་དག་ཕྱིས་ཡང་ཀྱང་། །སྡིག་པ་བཅོམ་པར་བྱས་པ་མེད། །འདི་ཡིས་ལྕི་ཉིད་ཟད་འགྱུར་གྱི། །ལུས་ཅན་མིན་ཕྱིར་སྡིག་ལྕི་མེད། །ཅེས་པ་དང་། དོ་ཧ་ལས། ཆུ་ལ་ཞུགས་པས་ཐར་པ་ཐོབ་བམ་ཅི། །ཞེས་པ་དང་། དྲན་པ་ཉེར་གཞག་ལས། ཆུར་བཀྲུས་པས་དག་པས་མཐོ་རིས་སུ་སྐྱེ་བར་སྨྲས་པས། མཐའ་དྲག་གི་དམྱལ་བར་སྐྱེ་བར་གསུངས་སོ། །འགལ་བའང་ཡིན་ཏེ། ཆུས་ལུས་བཀྲུས་ཀྱིས། དྲི་མ་སེམས་ལ་ཡོད་པ་བཀྲུས་པར་མི་འགྱུར་ལ། སེམས་ཀྱི་དྲི་མ་མ་དག་ན། ཆུས་བཀྲུས་ཀྱང་མི་འདག་པར། ལུང་རྒྱལ་བྱེད་ལས། བདག་ནི་ཆུ་བོ་དམ་པ་སྦྱིན་འབབ་སྟེགས། །བདེན་ཆུའི་སྦྱིན་པ་ཆུ་ངོགས་དཀའ་ཐུབ་རླབས། །དེ་བཞིན་བྱེད་དང་བཅས་པས་དེར་ཁྲུས་བྱ། །ནང་གི་བདག་ཉིད་ཆུ་ཡིས་དག་མ་ཡིན། །ཞེས་པ་དང་། ལུས་དང་ངག་ཡིད་ལས་རྣམས་ནི། །གང་གིས་གསུམ་པོ་མ་དག་པ། །རྒྱ་མཚོ་གསུམ་དུ་ཁྲུས་བྱས་ཀྱང་། །དེ་ནི་དྲི་མ་ཅན་ཉིད་ཡིན། །འདོད་དང་ཁྲོ་དང་རྨོངས་པ་ལས། །གང་ཞིག་རྒྱལ་བ་དེ་ཉིད་དཔའ། །འབབ་སྟེགས་གང་དུ་ཁྲུས་བྱེད་པ། །རྒྱལ་པོ་ལ་སྐྱོང་མཛད་ཅེས་དྲང་སྲོང་རྒྱས་པས་བོད་པའི་ཚིག་སྦྱར་བའོ། །དེ་ཡིས་ཅི་ཞིག་བགྱི། །ཆུ་ཡིས་གོས་པར་གྱུར་པ་ལ། །ཁྲུས་བྱས་པ་ཞེས་ཡང་མི་བགྱི། །ཕྱི་ནང་བཅས་པར་དག་པ་ཡིས། །དཀའ་ཐུབ་ཅན་གང་དེ་ཁྲུས་བྱས། །ཞེས་པ་ཁྱེད་རང་གི་ལུང་དང་འགལ་བའི་ཕྱིར་རོ། །འོ་ན། རྡོ་རྗེ་རྣམ་པར་འཇོམས་པའི་མདོ་སྡེ་ལས། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །ཅེས་པའང་མི་འགྲུབ་བོ་ཞེ་ན། དེ་ནི་འབབ་སྟེགས་ཕྱི་རོལ་ངེས་པ་ཅན་གྱི་ཆུ་མ་ཡིན་ཏེ། རིག་སྔགས་ཁྱད་པར་ཅན་གྱི་ཁྲུས་ཡིན་པ་དང་། དེ་ཁོ་ནས་དག་པར་མི་འདོད་པས་མི་མཚུངས་སོ། །ཡུལ་གྱིས་དག་པ་དགག་པ་ནི། ཐར་པ་སེམས་ལ་རག་ལས་ཤིང་། ཡུལ་དེར་ཕྱིན་པས་སྤངས་རྟོགས་མི་འབྱུང་སྟེ། རེ་ཞིག་ཡུལ་དེ་ནའང་འབུ་སྦྲང་ལ་སོགས་པའི་ངན་འགྲོ་ཡོད་པས། ཡུལ་དེར་ཕྱིན་ཚད་ཐར་པ་ཕར་ཞོག མཐོ་རིས་ཀྱང་མི་ཐོབ་པར་ཚད་མས་གྲུབ་ན། སྤངས་རྟོགས་ཅི་ཞིག་སྨོས། སྤྱོད་འཇུག་ལས། སེམས་ནི་དམིགས་དང་བཅས་རྣམས་ལ། །མྱ་ངན་འདས་པ་དཀའ་བར་གནས། །ཞེས་སོ། །རང་གི་སྡེ་པས་ཕྱིར་ཡུལ་བགྲོད་པའང་བཀག་པ་ཉིད་དེ། འགྲོ་ཏག་ཏག་གིས་ལྷམ་མཐིལ་རལ་ཁ་བཞག་པ་ཡིན་ཟེར་བའི་ཆོས་པ་ཚོ་བསམ་པ་དང་ཀུན་སློང་གི་ཁྱད་པ་ཡོད་པ་ལས། འདི་ནས་གླེང་པ་ནང་བཞིན་ཡག་གྲལ་ངོ་མ་ཞིག་ཏུ་བཞག་མི་འདུག དོ་ཧ་ལས། ཞིང་ཀུན་གནས་དང་ཉེ་བའི་གནས་ལ་སོགས། །ཕྱིན་ཏེ་བལྟས་པས་རྟོགས་པར་གང་སྨྲ་བ། །ལུས་དང་འདྲ་བའི་མུ་གནས་གཞན་ན་མེད། །ཅེས་པ་བཞིན་ནོ། །འགལ་བ་ནི། ཡུལ་གྱིས་དག་པ་ཞེས་ཀྱང་། རང་ཚིག་ནང་འགལ། འགལ་བ་ལྟག་སྤྲད་གྱུར་པར་ཁྱོད་རང་གི་ལུང་རབ་ཏུ་གསང་བ་ལས། དབང་པོའི་སྒོ་ནི་རབ་བསྡམས་ནས། །མཉམ་པར་བཞག་པས་གང་གནས་པ། །དེ་ནི་ཀུ་རུའི་ཞིང་དག་དང་། །དེ་ཝི་ཤ་དང་པདྨའི་སྙིང་། །ཞེས་འདོད་པ་དེ་དང་འགལ་ལོ། །སྲིད་བསྲུངས་པས་དག་པ་དགག་པ་ནི། བུ་དང་ཆུང་མས་ཐར་པའི་གྲོགས་མི་བྱེད་དེ། དངོས་སུ་འཆིང་ཞིང་བརྒྱུད་ནས་ངན་འགྲོའི་རྒྱུ་བྱེད་པའི་ཕྱིར་དང་། རྫས་དང་སྐད་ཅིག་ལ་བརྟགས་པས་ཐར་པ་དང་འབྲེལ་བ་མ་གྲུབ་པའི་ཕྱིར་རོ། །འདུལ་བ་ལུང་ལས། ཁྱིམ་ན་གནས་པ་ནི་ཉེས་པར་སྤྱོད་པའི་གཞིའོ། །རབ་ཏུ་བྱུང་བ་ནི་ལེགས་པར་གནས་པའི་གཞིའོ། །ཁྱིམ་ན་གནས་པ་ནི་འདོད་པའི་འདམ་དུ་བྱིང་བའོ། །རབ་ཏུ་བྱུང་བ་ནི་འདོད་པའི་འདམ་ལས་འབྱིན་པའོ། །ཁྱིམ་ན་གནས་པ་ནི་ངན་སོང་གི་སྒོའི་ཐེམ་སྐས་སོ། །རབ་ཏུ་བྱུང་བ་ནི་མངོན་པར་མཐོ་བའི་སྒོའི་ཐེམ་སྐས་སོ། །ཁྱིམ་ན་གནས་པ་ནི་བདུད་དགའ་བར་བྱེད་པའོ། །རབ་ཏུ་བྱུང་བས་ནི་བདུད་རླག་པར་བྱེད་པའོ། །ཁྱིམ་ན་གནས་པ་ནི་ཆོག་མི་ཤེས་པའོ། །རབ་ཏུ་བྱུང་བ་ནི་ཆོག་ཤེས་པའོ་ཞེས་སོ། །འདིས་ཀྱང་རབ་ཏུ་བྱུང་བ་ནི་དོན་ཆེ་ཞིང་། བསོད་ནམས་ཆེ་བ་ཤེས་སོ། །ད་དུང་འདུལ་བ་ལས། ཁྱིམ་པ་རྣམས་ནི་མེའི་འོད་ན་གནས་པ་ལྟ་བུའོ། །རབ་ཏུ་བྱུང་བ་ནི་བསིལ་ཁང་ན་གནས་པ་ལྟ་བུའོ། །ཞེས་སོ། །ཁྱིམ་གྱི་ཉེས་པ་བསྟན་པའི་མདོ་ལས་ཀྱང་། དེ་སྐད་བཤད་དོ། །འགལ་བ་ཡང་ཡིན་ཏེ། ཁྱེད་རང་གི་གསང་ཚིག་ལས། གཞོན་ནུ་ཚངས་པར་སྤྱོད་བྱེད་པ། །དཀའ་ཐུབ་སྤྱོད་པ་སྤངས་པ་སྟེ། །དྲང་སྲོང་དེ་ནི་མཐོ་རིས་མགོན། །ཚངས་སྤྱོད་འབྲས་བུ་དམ་པ་ཡིན། །ཞེས་ཕྱོགས་གཅིག་ནས་དེ་ལྟར་ཡང་འདོད་པས་སོ། །གཡུལ་བསྲུངས་པས་དག་པ་དགག་པ་ནི། གཡུལ་ངོར་ཤི་ན་དགེ་བ་ཡིན་གྲོལ་འགྲོ་ཞེས་པ་རུ། སྐྱེ་བོ་ཞེ་སྡང་ཅན་མང་པོ་ཚོགས་པའི་གཡུལ་དུ་མི་གསོད་པ་ནི་སྡིག་ཆེ་སྟེ་དངོས་སུ་སེམས་འཁྲུགས་པའི་ཕྱིར་དང་། ཞེ་སྡང་མངོན་གྱུར་རགས་པ་དང་བཅས་པས་ན་མ་དག་པར་དངོས་སུ་འདུག་པས་ཅི་ཞིག་དག་པར་འགྱུར་ཏེ། མི་གཙང་བས་གོས་པ་དེ་ཉིད་མཐོང་བཞིན་དུ་ཁས་གཙང་ཞིང་དག་པ་ཡིན་ནོ་ཞེས་པ་དང་ཆོས་མཚུངས་སོ། །རིགས་པས་བརྟགས་ན་དག་བྱེད་ཀྱི་གཡུལ་ཉིད་ཀྱང་མ་གྲུབ་པས་ཀྱང་དག་པ་མེད་དེ། རྡུལ་ཕྲན་དང་གསང་བ་བཀག་པ་བཞིན་ནོ། །འགྲོ་བ་དྲུག་གི་ཚིག་ལེའུར་བྱས་པ་ལས། ལུས་ཅན་གང་དག་གཅིག་ལ་གཅིག །གནོད་པར་དགའ་བས་གཡུལ་ངོར་གསོད། །སྡིག་ཅན་དེ་དག་སྡུག་བསྔལ་དང་། །ལྡན་པ་རལ་གྲིའི་ལོ་མར་སྐྱེ། །ཞེས་སོ། །འགལ་བ་ནི་ཁྱེད་རང་གི་ལུང་རྒྱལ་བྱེད་ལས་ཀྱང་། གང་ཡང་རང་སེམས་གདུག་པ་ཡིས། །གཞན་ལ་འཚེ་དེ་རྒྱལ་བྱེད་ཀྱི། །དྲག་པོ་དྲག་པོའི་ལས་ཅན་དེ། །ཤིན་ཏུ་སྨད་པའི་དམྱལ་བར་འགྲོ། །ཞེས་སོ། །གསུངས་པའི་མཚམས་འདིར་བཞག་ནས་སང་ཉིན་ཆོས་སྲུང་བས་དག་པ་ནས་འཆད་རྒྱུ་བྱེད། འདིའི་ཉི་མ་ཁ་ཤས་ཀྱི་ཆོས་ཁྲིད་ལ་སྤང་བྱ་ཕྱི་རོལ་མུ་སྟེགས་པའི་ལྟ་བ་ངན་པ་དགག་ས་ཏག་ཏག་རེད། དེ་ཡང་ཕྱི་རོལ་པའི་ལྟ་ངན་དྲུག་ཅུ་རེ་གཉིས། ལྟ་ལོག་སུམ་བརྒྱ་དྲུག་ཅུ། མུ་སྟེགས་སྟོན་པ་སྡེ་དྲུག སྡེ་ཚན་ངེས་པར་བཅུ་གཅིག་ལ་སོགས་པའི་དབྱེ་བ་དང་རྣམ་གྲངས་ཤིན་ཏུ་མང་ན་ཡང་། བསྡུས་ན་ཏརྐ་སྡེ་ལྔར་འདུས་པ་ལས། གྲངས་ཅན་པའི་འདོད་པ་བཀག་ཟིན་ནས། བྱེ་བྲག་པའི་སྐབས་ཀྱི་གཉིས་པ་གནོད་བྱེད་ཡོད་པ་ལས་སྤྱི་བྱེ་བྲག་གཉིས་ཀ་བཀག་ཟིན་ནས། གསུམ་པ་ཤེས་པས་མི་གྲོལ་བ་བཤད་པའི་སྐབས་འདིར། འོ་ན་རྣམ་བཤད་རིག་པ་ལས། དད་པས་ཉན་པ་གང་གིས་ན། །མཐོ་རིས་དགའ་བའི་བསོད་ནམས་དང་། །གང་གི་མྱ་ངན་འདས་ཐོབ་པའི། །ཤེས་རབ་ས་བོན་གནས་པར་འགྱུར། །ཞེས་པ་ལྟར་ཁྱེད་རང་ཡང་དད་པས་ཞུགས་ན་གང་ལྟར་ཡང་འབྲས་བུ་ཐོབ་པར་འདོད་པ་མ་ཡིན་ནམ་ཞེས་པའི་ལན་དུ། དེ་ནི་ལམ་མ་ལོག་པ་ལ་དད་པའི་དབང་དུ་བྱས་ཀྱི། ལོག་པའི་ལམ་ལ་དད་ན་ཇི་ལྟར་དད་པ་ལྟར་ཇེ་ཐུར་འགྱུར་ཏེ་ལམ་ནོར་བ་ལ་གོམ་པ་མང་དུ་དོར་བ་བཞིན་ནོ། །རྩ་ལྟུང་གི་འགྲེལ་པ་ལས། ནག་པོའི་ལས་དེ་གང་བྱས་པ། །དེ་ལས་འབྲས་དཀར་མི་འབྱུང་སྟེ། །རུལ་བའི་ཤིང་གི་ས་བོན་ལས། །བརྩམ་པའི་མྱུ་གུ་ཇི་བཞིན་ནོ། །ཞེས་སོ། །ཚུལ་འདིས་རང་གི་སྡེ་པའི་ནང་དུ་ཁས་འཆེ་བ་དག གང་ལའང་མོས་པ་བྱས་ན་བྱིན་རླབས་འབྱུང་བས། མཐར་གྲོལ་ཞེས་ཕྱོགས་འབྱམས་སུ་སྨྲ་བ་ཁེགས་སོ། །ཞེས་གསུངས་འདུག ཕྱོགས་འབྱམས་ཞེས་པ་ནི་དད་པ་བྱ་བའི་ཡུལ་ཡིན་མིན་གྱི་བརྟག་དཔྱད་དང་བཟང་ངན་གྱི་དབྱེ་བ་མེད་པར། གང་ཡིན་ཡིན་ལ་དད་པའི་རྨོངས་དད་ལ་ཕྱོགས་འབྱམས་ཞེས་གསུངས་པ་ཡིན་འདུག ཡང་བདེ་སྡུག་བླ་མ་མཁའ་འགྲོ་དང་། ཡི་དམ་གྱིས་བྱེད་པར་འདོད་པའང་ཁེགས་ཏེ། ཞེས་པའི་གདམས་པའམ་མན་ངག་འདི་ནི་ལེགས་པར་སེམས་དགོས་པའི་གཞི་ཆེན་པོ་རུ་སྣང་ཏེ། འུ་ཚོ་ནི་ཕྱི་རོལ་པ་དང་ནང་པ་སངས་རྒྱས་པ་གཉིས་ཀ་གྱོད་བཤད་ནས་སུ་ཁེ་སུ་ཕམ་བྱེད་ས་ལ་ལྟད་མོ་ལྟ་བའི་མི་མ་རེད། ཐར་འདོད་དོན་གཉེར་ཅན་གྱི་མི། ལྟ་བྱེད་ཤེས་རབ་ཀྱི་མིག་གསལ་ལ་མི་གསལ་བའི་རབ་རིབ་ཅིག་ལས་མེད་པ། ད་ལྟ་ནི་དམ་པའི་ཉིན་བྱེད་ནུབ་རིར་ཕྱོགས་པའི་དུས་ངན་ཡིན་པས། སྨག་ལ་ལོང་ནང་ནས་ལམ་རེ་སྟོན་ཤེས་ཟེར་བའི་མི་རེ་དང་ཐུག་དུས་དེས་བཤད་པ་ལ་རྣ་ཉན་བྱེད་ཞོར་དུ་སྐབས་དང་བསྟུན་ནས་འགྲོ་བའི་མི་ཡིན་པས། འདི་ལྟ་བུའི་མན་ངག་ཟབ་མོ་དེ་ལྟར་མིན་པར་འདི་ལྟར་ཡིན་པར་འཆད་པ་དང་ཕྲད་དུས་ངེས་པར་དུ་དེ་ལ་ཉན་དགོས་པ་ཡིན། དྲོས་ཇ་མ་རག་ན་ཡང་བླ་བ་ཡིན། འོ་ན་དད་པ་གྱིས་གསུངས་པའམ་མ་བྱེད་གསུངས་པ་ཡིན་སྙམ་ན། དད་པ་མ་བྱེད་ཅེས་གསུངས་པ་མ་ཡིན་པར་དད་པ་བྱེད་དགོས་པར་བསྟན་ཡོད། འོན་ཀྱང་དད་པའི་ཡུལ་དང་། དད་པ་བྱེད་ཚུལ་གསལ་པོར་ཤེས་དགོས་པ་ལས་དད་པའི་ཡུལ་དང་ཚུལ་ནོར་ན། དེ་བས་དད་པ་མ་བྱས་ན་དགའ་བའི་ཉེས་པ་མང་པོ་སྐྱེད་པ་ཡིན་ཏེ། དཔེར་ན་ལམ་ལོག་པར་ནོར་ན་སོང་ཞིང་སོང་ཞིང་ལ་ནོར་ཚབས་ཇེ་ཆེར་འགྲོ་བ་དང་འདྲ་བར་གསུངས་པ་ཡིན། དེས་ན་ཡང་དག་པའི་ལམ་དུ་ཞུགས་ནས་དད་པའི་ཡུལ་ཡང་དག་པའི་སྐྱབས་གནས་རང་ཉིད་འཁོར་བའི་གནས་ལས་ཐར་ཡོད་པ་ཞིག་ལ། དད་པ་བྱེད་ཚུལ་ཡང་བདེ་སྡུག་བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱིས་བྱེད་པ་ཡིན་སྙམ་པ་ཙམ་མ་ཡིན་པ་ཞིག་དགོས་པར་བསྟན་པ་ཡིན། འུ་ཚོ་ནི་ལམ་མ་ནོར་བ་ཐེག་ཆེན་མདོ་སྔགས་ཀྱི་བཀའ་དང་བསྟན་བཅོས་ལུང་དང་མན་ངག་ལ་བརྟེན་ནས། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐེག་ཆེན་ཐར་བའི་ལམ་ལ་ཞུགས་ཡོད་པ་རེད། དེ་ནི་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི་བགྲོད་པ་གཅིག་པུའི་ལམ་ཡིན་པས། དེའི་ལྷག་གི་ལམ་ཞིག་རྙེད་མི་དགོས་པ་ཡིན། འོན་ཀྱང་དེར་བགྲོད་པའི་གང་ཟག་གིས་འཇོན་དང་མི་འཇོན་རང་ལ་རག་ལས་པ་རེད། དེས་ན་འཕྱུག་མི་ཤོར་བར་གཟབ་དགོས་པ་ཡིན། སྤྱིར་ན་དད་པ་ནི་ཐར་བའི་སྒོར་ཚུད་བྱེད་ཀྱི་དངོས་རྒྱུ་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེས། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ། །ཅེས་གསུངས་པས་ཐེ་ཚོམ་མེད་པའི་དད་པ་མེད་ན་ཐབས་མེད་དང་། གཞན་ཡང་དད་པ་ནི་ནོར་ཐམས་ཅད་ཀྱི་མཆོག་ཡིན་པ་དང་། དད་པ་ནི་གཏེར་དང་འདྲ་བར་ཡོན་ཏན་ལ་ཟད་པ་མེད་པ་དང་། དད་པ་ནི་ཐར་བའི་ལམ་དུ་བགྲོད་བྱེད་ཀྱི་རྐང་པ་དང་། དད་པ་ནི་དགེ་བའི་རྩ་སྡུད་བྱེད་ཀྱི་ལག་པ་ལྟ་བུ་ཡིན་པར་གསུངས་པ་དང་། དད་པའི་ཡུལ་མ་ནོར་བ་ནི་སྐྱབས་ཡུལ་དཀོན་མཆོག་གསུམ་པོ་ཡིན་ལ། དེ་ནི་སངས་རྒྱས་ཆོས་དང་དགེ་འདུན་གསུམ་ཡིན་པས། དེ་གསུམ་མི་གསུམ་ཡིན་ན་མིང་གསུམ་ཟིན་དུས་ཆོག་པར་འདུག་ཀྱང་། དེ་ལྟར་མ་ཡིན་པར་སྐྱབས་འགྲོ་ལའང་ནང་གསེས་མང་དག་ཡོད་ཅེས་གསར་ཞུགས་དང་དགེ་བསྙེན་རྣམས་ཀྱིས་ཤེས་དགོས་པ་ཡིན། མ་ཚད་སྐྱབས་འགྲོ་སློབ་ཤེས་པ་ཞིག་གི་བསླབ་རོགས་བྱས་ན་ལོའི་རིང་ལ་སྐྱབས་འགྲོ་ཏག་ཏག་སྦྱོང་ནས་སྡུག་རུས་བྱེད་དགོས། དེ་ཤེས་སོང་དུས་སྐྱབས་ཡུལ་སུ་ཡིན་དང་། ཅི་འདྲའི་བྱས་ཏེ་སྐྱབས་སུ་འགྲོ་དགོས་པ་སོགས་ཤེས་ཡོང་བ་ཡིན། དེ་དུས་ཆོས་རབ་ཅིག་ཤེས་སོང་བ་རེད། འདི་དག་རྒན་བཞུགས་དང་དགེ་བསྙེན་ཚོར་བཤད་པ་ཡིན། གོམ་རེ་ལས་མ་ཐོན་ཡང་ལམ་ལོག་ཁུར་མི་ཉན། རང་རེས་ཉིན་བཞིན། བདག་ནི་དེང་ནས་སྐྱེ་དང་ཚེ་རབས་སུ། །རྒྱལ་བ་སྲས་བཅས་ཁྱེད་དང་མི་འབྲལ་ཞིང་། །རྒྱལ་བ་སྲས་བཅས་ཁྱེད་ཀྱིས་རྗེས་བཟུང་ནས། །རྒྱལ་བ་སྲས་བཅས་ཁྱེད་བཞིན་འགྲུབ་པར་ཤོག །ཅེས་སྨོན་ལམ་རྒྱག་བཞིན་ཡོད་པ་རེད། དེའི་སྐབས་ཀྱི་ཁྱེད་བཞིན་འགྱུར་སའི་རྒྱལ་བ་སྲས་བཅས་དེ་ཅི་འདྲ་ཞིག་ཡིན་ཤེས་དགོས་པ་ཡིན། འོན་ཀྱང་དཀོན་མཆོག་ལ་ཁག་བཀལ་ནས་བདེ་སྡུག་ཐམས་ཅད་བླ་མ་དང་ཡི་དམ་གྱིས་བྱེད་ཡོང་བསམ་རྒྱུ་མེད་པར་དེ་རྣམས་ཀྱིས་ཐབས་བསྟན་པ་དེ་རང་གིས་ལག་ལེན་ལ་འདེབས་དགོས་པ་དང་། དེ་ལྟར་བྱས་ན་བདེ་ནས་བདེ་བར་བགྲོད་ཐུབ་པའི་གནད་དེ་ཤེས་དགོས་པ་ཡིན་ནོ། །དེ་ནས་ཁྱབ་འཇུག་ལྷར་འཛིན་པའི་སྤྱོད་པ་པའམ་བྱེ་བྲག་པ་འགོག་པའི་སྐབས་སུ། ཐར་པ་དང་མཐོ་རིས་རང་གི་དགེ་བ་ལ་རག་ལས་པ་ཉིད་དེ། བཤེས་སྤྲིངས་ལས། ཐར་པ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱིས་གྲོགས་བགྱིར་ཅི་ཡང་མ་མཆིས་ཏེ། །ཞེས་གསུངས་པ་བཞིན་ནོ། །བདུན་ཚིགས་ལ་སོགས་པ་གཞན་གྱིས་ཤུལ་དུ་བྱས་པས་ཕན་པར་འདོད་པ་ལའང་མཚུངས་སོ་ཞེ་ནའང་། དེ་ནི་ཁོ་རང་དབང་བའི་ཆ་ཙམ་ཡོད་པའི་ནོར་ཕུལ་ནས་སྔགས་བརྗོད་པས་ཕན་པ་དང་། བསམ་པ་དག་པའི་མཐུས་ཕན་ལ། བརྩེ་བ་མེད་པའི་མཆོད་སྦྱིན་དང་མི་མཚུངས་སོ། །ཞེས་གསུངས་འདུག དེ་ཚོར་བལྟས་ན་ཆོས་དགེ་བ་ནི་ཚེ་འདིར་རང་ཉིད་ཀྱི་བསྒྲུབ་རྒྱུ་ཞིག་ཡིན་པ་ལས། མིག་སྔོ་ལྷེབ་བེ་ཕར་རྒྱབ་ལ་འགྲོ་ཚར་དུས་ཤུལ་མ་རྣམས་ཀྱིས་བསམ་པ་རྣམ་པར་དག་པས་རྒྱུ་ནོར་ཆོས་རྩར་གཏོང་བ་ནི་དཀའ་བ་མ་ཟད། གཏང་བསམ་ཡང་གཏོང་ཤེས་པ་ཡང་ཤིན་ཏུ་དཀའ་བའི་གནས་སུ་གྱུར་ཡོད། དེས་ན་ལམ་གོ་ཆོད་ཀྱང་མ་ཆོད་ཀྱང་རང་ཉིད་ལ་རག་ལས་ཡོད་པ་དེ་ཤེས་དགོས་པ་ཡིན། སྲིད་སྲུང་བས་དག་པར་སྨྲ་བ་སྟེ། མུ་སྟེགས་བྱེ་བྲག་པའི་ཆོས་ལུགས་འཛིན་པའི་མིའི་རིགས་བརྒྱུད་དེ་སྤེལ་ཐུབ་དགོས་པ་དང་། དེ་ཡང་ཕོའི་རིགས་ཇི་ལྟར་སྤེལ་ཐུབ་པ་དེ་བཞིན་དུ་སྡིག་སྒྲིབ་འདག་པ་དང་། དགྲ་དང་འཛིང་དུས་རང་གི་ཕྱོགས་རྒྱལ་བའི་ཆེད་དུ་སྙིང་རྗེ་མེད་པར་འཐབ་འཛིང་གྱིས་མི་བསད་ན་སྡིག་པ་འདག་པ་དང་། ཡང་སྒོས་ཁོ་ཚང་གི་ཆོས་ལུགས་དང་བླ་མ་ལ་གནོད་པ་བྱེད་པའི་མི་བསད་ན་སྡིག་པ་ལྷག་པར་དུ་འདག་པ་དང་། མུ་གེས་སྐབས་སུ་རྐུ་བྱས་ན་སྡིག་པ་མེད་པ་དང་། སྲོག་བཅད་ནས་ལྷ་མཆོད་དགོས་པ་དེ་ཚོ་གནའ་བོའི་ལོ་རྒྱུས་རྙིང་པ་རྐྱང་པ་ཙམ་མིན་པར་ད་ལྟ་དར་ཤུགས་ཆེར་གནས་པར་འདུག ས་སྐྱ་པཎ་ཆེན་གྱིས་མུ་སྟེགས་འཕྲོག་བྱེད་དགའ་བོ་ཚར་བཅད་ནས་བོད་ལ་སྟོན་རྒྱུ་ཁྲིད་ཡོང་དུས་བསྟན་མ་བཅུ་གཉིས་ཀྱིས་ཐོག་བརྒྱབ་ནས་བལ་བོད་གཉིས་ཀྱི་ས་མཚམས་ཤིག་ནས་བསད་སོང་བར་གསུང་ཡོད། ད་ལྟ་ཚར་བཅད་ནས་དེ་ལྟར་ཁྲིད་ཡོང་མ་དགོས་ཚད་ས་ཞིག་ལོན་ས་མི་འདུག གཞན་ཡང་ད་ལྟའི་སྐབས་བོད་ཀྱི་མི། མི་རབས་སྔོན་མ་དག་གི་རིང་ལ་ཁ་མ་ཎི་ལག་ཕྲེང་བ་བྱེད་མཁན་གྱི་བརྒྱུད་པ་གང་མང་མང་དེ་འདྲའི་གྲུབ་མཐའ་ལ་ཞུགས་པ་ཐོས་རྒྱུ་ཡོད་འདུག དེས་ན་བྱམས་པ་ཚད་མེད་སེམས་ཅན་ཐམས་ཅད་ལ་བསྐྱེད་དགོས་པ་ཙམ་མ་ཡིན་པར། སེམས་ཅན་དེ་དག་ལོག་ལམ་ལས་ལྡོག་པའི་ཆེད་དམ། གཞན་སེམས་ཅན་མང་པོ་ཞིག་ལོག་ལམ་དུ་མི་འཕྱན་པའི་ཆེད་དུ། རང་ས་རང་ཡུལ་ནས་སྔར་ནས་ད་ལྟའི་བར་དུ་མི་ལྷ་མི་དང་། ལུང་བ་ལྷ་ལུང་དཀར་པོའི་ཆོས་ཚིགས་ཀྱི་ཡུལ་དབུས་དེ་སྲུང་སྐྱོབ་བྱས་ནས། ཆོས་ཀྱི་ཁོར་ཡུག་གཙང་མ་ཞིག་གིས་འཚོ་རྒྱུ་དེ་ཡང་སྤྱི་ཁྱབ་ཀྱི་བསམ་བློ་གཏོང་ས་གལ་ཆེན་ལ་ཆགས་ཡོད། དེས་ན་རང་རེ་ལུང་པའི་ཕུག རྫ་རིའི་ཁུག ནགས་ཀྱི་གསེང་འདིར་གནས་སྡོད་བྱས་པ་ལ། མི་ཁ་ཤས་ཀྱིས་འདི་རྣམས་ཀྱིས་ཉིན་བཞིན་ལུང་ཕུག་འདི་ནས་ཅི་ཞིག་བྱེད་ཀྱིན་ཡོད་སྙམ་དུ་སྲིད་ཀྱང་། རང་རེའི་སྣང་བ་ལ་འཇིག་རྟེན་སྒྱུ་མའི་འདོད་ཡོན་དང་འདུ་འཛི་ཐམས་ཅད་འཁྲུལ་སྣང་ཡིན་པས་དེ་སྡུག་བསྔལ་རྒྱུ་འབྲས་ལས་མ་འདས་པ་མེད་ལ། ད་སྔོན་ཉི་མ་ཡན་ཆད་ལ་མི་ཐོག་མང་པོའི་རིང་ལ་སྡུག་དཀའ་ལས་མྱངས་བསམ་པ་ཞིག་གང་ན་ཡོད། སྐྱིད་ལ་ཡོང་རྒྱུ་ཞིག་དང་སྡུག་ལ་འཛད་རྒྱུ་ཞིག་མེད་པ་ལོས་ཤེས། དེ་བས་རྒྱལ་བའི་བཀའ་དང་བསྟན་བཅོས་ཀྱི་རིན་པོ་ཆེའི་མཛོད་སྒོ་ཆེན་པོ་དེ་ཚུར་ཕྱེས་ནས། ནང་སེམས་ཀྱི་ཟབ་གནད་ཀྱི་བདེ་སྐྱིད་ཚེ་འདི་ཕྱི་རང་གཞན་ཐམས་ཅད་ལ་ཕན་ཐོགས་ཡོད་པའི་ཡིད་བཞིན་གྱི་ནོར་བུ་ཅི་བསམ་ངང་གིས་འགྲུབ་པའི་བང་མཛོད་ཀྱི་ལྡེ་མིག་ལག་ཏུ་ཐོབ་ཐོབ་ཁར་དེ་སྐྱུར་ནས་ཕྱིར་འཐེན་མི་བྱེད་བསམ་པ་ལ་བློ་སེམས་གཏད་ནས་ཡོད་པ་ཡིན། མཁས་པའི་བསྟན་བཅོས་དང་དམ་པའི་ལེགས་བཤད་དེ་འཛམ་བུ་གླིང་གི་རྒྱུ་ནོར་བས་དགའ་དང་དགའ་རེད། འཛམ་བུའི་གླིང་གི་རྒྱུ་ནོར་མི་གཅིག་ལ་ཡོད་པས་ཅི་བྱེད། མི་གཅིག་ལ་ལྟོ་ཕོ་བ་འགྲང་བའི་ཟ་མ་དང་། རྒྱབ་མི་འཁྱག་བྱེད་ཀྱི་གྱོན་རྒྱུ་ཞིག་ལས་གཞན་ཅི་ཡོད་ཐམས་ཅད་སྡུག་དཀའ་ལས་སེམས་ཁུར་རྣམས་ཀྱི་གཞི་མ་ཡིན། ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ། །ཞེས་གསུངས་པ་ལྟར་དུ་དེའི་ཁོངས་ན་གནོད་པ་ལས་ཕན་པ་ཞིག་ཡོད་པ་མིན། འཛམ་བུའི་གླིང་གི་ནོར་རྫས་མི་གཅིག་ལ་དབང་ཡང་དེས་ཤི་མི་དགོས་པའི་ཐབས་ནི་མི་ཐོན། ཤི་ནས་ཐར་བ་ཐོབ་བྱེད་ནི་དེས་མི་བྱེད། ད་རུང་ཡར་འཐེན་མ་དགོས་མར་འདྲུད་ཞིག་ལོས་བྱེད། དེ་བས་མཁས་པའི་གཞུང་དང་མན་ངག་དེ་འདྲིས་བཟང་ཡིན་པས། བཤད་ཅིང་བཤད། འདྲེས་ཤིང་འདྲེས། གོམས་ཤིང་གོམས་ལ་ཇེ་བཟང་དང་ཇེ་ཡག་ཡིན། འདིའི་མན་ངག་ཟབ་མོ་འདི་ལྟ་བུ་བརྒྱུད་ནས། སེམས་ཉིད་ཡིད་བཞིན་རིན་ཆེན་སྤྲིན་གྱི་གཏེར་སྒོ་ཞིག་ནང་ནས་འབྱེད་ཐུབ་ན། ཟད་པ་མེད་པའི་དགའ་བདེ་དང་ལོངས་སྤྱོད་དེ་ན་ཡོད་པ་ཡིན། བདེ་བ་ཅན་གྱི་སེམས་ད་ལྟའི་སྐབས་སུ་རང་རྒྱུད་ལ་ཐོབ་ཐུབ་ན་ཁོར་ཡུག་གི་སྣང་བ་ཐམས་ཅད་བདེ་བ་ཅན་ལ་རང་ཤུགས་ཀྱིས་འགྲོ་བ་ཡིན། བདེ་སྡུག་ནི་སེམས་ཀྱི་འགྱུར་བག་ཅིག་ཡིན་པ་དང་། འཁོར་འདས་ནི་རང་གི་ལག་ན་ཡོད་པས། ཆོས་སྒྲུབ་པ་ཡིན་ཟེར་ནས་ཟུར་ཞིག་ནས་ཤོམ་ར་གཏོད་དགོས་པ་མ་ཡིན། སྡེ་འདིའི་བཤད་སྒྲུབ་ལས་གསུམ་གྱི་གྲྭ་ཚང་ཁག་དང་། འདིར་བཞུགས་པ་རྣམ་པ་ཐམས་ཅད་ཀྱིས་རྒྱལ་བསྟན་འཁོར་ལོ་གསུམ་གྱིས་སྤེལ་བའི་མཛད་བཟང་བསྐྱངས་དང་སྐྱོང་བཞིན་པ་ཡིན་པས་ཞུ་མ་དགོས་ཀྱང་། དེའི་གདན་ས་ཆོས་འཁོར་ཆེན་པོའི་ཉེ་འཁྲིས་ན་ཡོད་པའི་ཆོས་དད་མང་ཚོགས་ཀྱིས་ཀྱང་ནང་བསམ་པའི་དཔལ་ཡོན། རང་གི་ཁོང་ནས་ཡར་རྒྱས་པའི་ཆོས་ཀྱི་འཚོ་བ་གསར་བ་ཞིག་ལ་ཁ་ཕྱོགས་ནས། མི་རབས་རྗེས་མར་ཡ་རབས་སྤྱོད་བཟང་གི་འབྱོར་བ་ཡོད་པའི་ཤེས་བྱ་ཡོན་ཏན་གྱི་ནང་གི་རྒྱན་ཆས་མཛེས་པ་ཞིག་རང་གི་འབད་པས་བྱེད་དགོས་པ་ལས་དུས་རབས་གསར་རྙིང་གི་བརྗེ་མཚམས་དང་། སྤྱི་ཚོགས་ཀྱི་འཕེལ་ཕྱོགས་འགྱུར་བའི་སྐབས་སུ་ཕྱི་ནང་གཉིས་ཀ་དོ་མི་མཉམ་པའི་སྡུག་བསྔལ་གསར་བ་མང་པོ་བྱུང་དང་འབྱུང་བཞིན་པ་ཡིན། མདོར་ན་སྐྱིད་ན་སྐྱིད་ཀྱི་གོང་གནོན། སྡུག་ན་སྡུག་གི་སྐྱོ་གྲོགས། ཡི་ཆད་ཀྱི་བློ་འདྲི་ས། ཉམ་ཐག་གི་རེ་བཅའ་ཡུལ། ཚེ་འདི་ཕྱི་རང་གཞན་ཐམས་ཅད་ལ་ཕན་པ་ནི་དམ་པའི་ཆོས་བས་ལྷག་ཅིག་འཛམ་གླིང་ཉིན་རེ་བསྐོར་རེ་བརྒྱབ་ཀྱང་རྙེད་རྒྱུ་མེད་པས། འདིར་བཞུགས་མཆོག་ཕལ་ཐམས་ཅད་དགྱེས་བཞིན་སྤྲོ་བཞིན་དམ་པའི་ཆོས་ཀྱིས་རྟག་ཏུ་འཚོ་བའི་སྨོན་འདུན་དང་བཅས་ཏེ་ཞུས་པའོ། །དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསག་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།

ཉིན་བཅོ་ལྔ་པའི་ཆོས་ཁྲིད།

ད་ཡང་མར་གྱུར་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་སྔོན་དུ་འགྲོ་བའི་སྒོ་ནས་དམ་པའི་ཆོས་གསན་དགོས་པ་ནི། མེད་ཐབས་མེད་པའི་མདོ་སྔགས་ལམ་གྱི་གཞུང་རྟ་ཡིན། དེ་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དེ་ཡང་། སྙིང་རྗེ་སྔོན་དུ་འགྲོ་བ། སྙིང་རྗེ་དང་མ་བྲལ་བ། སྙིང་རྗེའི་ཁྱད་པར་དུ་བྱས་པ་ཞིག་ཡིན་པས། ལས་དང་པོ་པར་མཚོན་ན་བསམ་པ་བཟང་པོ་ནས་འགོ་འཛུགས་དགོས་ཕྱིར། ཚད་མེད་བཞིའམ་ཡང་ན་དེ་ཡང་བསྡུས་ཏེ་བྱམས་སྙིང་རྗེ་བསྒོམ་པ་ནས་སྦྱང་དགོས་པ་ཡིན། ཁ་རྩང་བྱམས་པ་སྒོམ་པའི་སྐབས་ཀྱི་བྱམས་པའི་དབྱེ་བ། དེའི་དམིགས་རྣམ། འབྱོངས་པའི་ཚད། ཕན་ཡན་སོགས་བཤད་ནས། དེ་རིང་དེ་ལྟར་བྱམས་པ་ལ་འབྱོངས་པས། སྙིང་རྗེ་འབྱོངས་པ་ལ་ཚེགས་མེད་པའི་གནད་དང་བསྟུན་ནས། །སྙིང་རྗེའི་སྐོར་ནས་འཆད་པ་ལ། སྙིང་རྗེ་དེ་ལ་ཡང་དབྱེ་བ། དམིགས་ཡུལ། རྣམ་པ། སྒོམ་ཐབས། དེ་འབྱོངས་པའི་ཚད། སྙིང་རྗེ་གོམས་པའི་ཕན་ཡོན་ཏེ། དེ་རྣམས་ཀྱིས་བཤད་དགོས་པས། དེ་ལ་དབྱེ་ན་གསུམ་སྟེ། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། ཆོས་ལ་དམིགས་པའི་སྙིང་རྗེ་དང་། དམིགས་པ་མེད་པའི་སྙིང་རྗེའོ། །དེ་ལ་དང་པོ་ནི། སེམས་ཅན་རྣམས་ཀྱི་ངན་སོང་གི་སྡུག་བསྔལ་ལ་སོགས་པ་མཐོང་བ་དང་ཐོས་པས་སྙིང་རྗེ་སྐྱེ་བའོ། །གཉིས་པ་ནི། རང་འཕགས་པའི་བདེན་པ་བཞི་ལ་གོམས་ཙ་ན། རྒྱུ་འབྲས་རྣམ་གཉིས་ཤེས་ནས། རྟག་པ་དང་རིལ་པོར་འཛིན་པ་ལས་བློ་ལྡོག་སྟེ། སེམས་ཅན་གཞན་རྒྱུ་འབྲས་མི་ཤེས་པར་རྟག་པ་དང་རིལ་པོར་འཛིན་པ་རྣམས་རེ་འཁྲུལ་སྙམ་དུ་སྙིང་རྗེ་སྐྱེ་བའོ། །གསུམ་པ་ནི། རང་མཉམ་པར་བཞག་ནས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ཙ་ན། སེམས་ཅན་དངོས་འཛིན་ཅན་རྣམས་ལ་ཁྱད་པར་དུ་སྙིང་རྗེ་སྐྱེ་བ་ཡིན། དེ་གསུམ་ལས་སྐབས་འདིར་ལམ་མས་འཛེགས་ཀྱི་བསྟན་པའི་བབ་རིམ་དང་བསྟུན་པ་དང་། ཁྱད་པར་རང་ཉིད་སོ་སྐྱེ་ཡིན་པའི་དབང་དུ་བྱས་ཏེ་ལས་དང་པོ་པའི་ཉམས་ལ་རན་ཚུལ་དང་བསྟུན་ནས། སྙིང་རྗེ་དང་པོ་དེ་སྒོམ་པའོ། །དེའི་དམིགས་པའི་ཡུལ་ནི་སེམས་ཅན་ཐམས་ཅད་དོ། །རྣམ་པ་ནི་སྡུག་བསྔལ་རྒྱུ་དང་བཅས་པ་དང་བྲལ་བར་འདོད་པའི་བློའོ། །བྱམས་སྙིང་རྗེ་གཉིས་ཀའི་ཁྱད་པར་ནི། བྲལ་འདོད་དང་། ལྡན་འདོད་ཀྱིས་ཁྱད་དོ། །དེ་སྒོམ་པའི་ཐབས་ནི། རྩ་བའི་མ་ལ་སྦྱར་ནས་སྒོམ་པ་སྟེ། མི་སུ་ཡིན་ཀྱང་ཤིན་ཏུ་ཐ་ཆད་པ་ཞིག་མིན་ན། མ་བས་བརྩེ་བ་ཆེ་ཞིག་མེད་པ་སྟེ། དུད་འགྲོ་ཡིན་ཀྱང་མ་ལ་བརྩེ་གདུང་ཡོད་པས་ཤེས་སོ། །ཐོག་མར་དྲིན་དྲན་པར་བྱས་ནས་རིམ་གྱིས་དེའི་ད་ལྟའི་སྡུག་བསྔལ་ལ་བསམས་ནས་སྙིང་རྗེ་བསྐྱེད་དགོས་པས། དྲིན་ཅན་གྱི་མའི་དྲིན་ལ་བསམ་བློ་བཏང་ན། དྲིན་ཆེ་བའི་ཚད་བརྗོད་ཀྱིས་མི་ལང་པ་ཡིན། དྲིན་ལན་གསབ་དགོས་ན་ལས་སླ་མོ་ཞིག་གིས་ག་ལ་འོང་། མ་དྲིན་ཆེ་ལུགས་རྣམས་རིགས་བསྡུས་ཏེ་བཤད་ན། ལུས་བསྐྱེད་པའི་དྲིན། སྲོག་བྱིན་པའི་དྲིན། ཡོ་བྱད་བསྟབས་པའི་དྲིན། འཇིག་རྟེན་བསྟན་པའི་དྲིན་དང་། སྒོས་ཁྱད་པར་དུ་ཆོས་དང་སྤྲད་པའི་དྲིན་རྣམས་ཡོད་པ་ཡིན། མ་འདིས་ད་རེས་ཀྱི་སྐྱེ་བ་འདིར་མ་བྱས་པས་མི་ཚད་པར་འཁོར་བ་ཐོག་མེད་ནས་འཁོར་བའི་རིང་ལ་ལན་གྲངས་རྩིས་སུ་མི་ཐེབས་པའི་མང་པོ་ཞིག་ཏུ་མ་བྱས་ཡོད་པ་ནི། བཤེས་སྤྲིངས་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལྡང་མི་འགྱུར། །གསུངས་པ་ལྟར་སེམས་ཅན་ཐམས་ཅད་ཀྱིས་དེ་ལྟར་མ་བྱས་པ་ཡིན། མ་བྱས་པའི་སྐབས་སུ་དྲིན་ཡང་འདྲ་འདྲ་ཡིན་པ་ནི་རྒྱལ་བའི་བཀའ་ལུང་གིས་གྲུབ་པས་མ་ཚད། བརྟགས་ཤིང་དཔྱད་ན་རིགས་པས་ཀྱང་འགྲུབ་པ་ཡིན། དེ་ལྟ་བུའི་མར་གྱུར་གྱི་སེམས་ཅན་ཚད་ནི་ནམ་མཁའི་གར་ཁྱབ་ཅེས་པ་ལས་ཚད་བཟུང་དུ་མེད་པ་ནི། བཟང་པོ་སྤྱོད་པའི་སྨོན་ལམ་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཇི་རྩམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་ཙམ་མོ། །གསུངས་པ་ལྟར་དུ་ཡིན། སྐབས་འདིར་སྙིང་རྗེ་བསྒོམ་པ་ནི་མན་ངག་གི་ལུགས་སུ་བྱས་ནས། ཐོག་མར་རྩ་བའི་མ་ནས་སྒོམ་པར་བྱེད་པ་ལ། དེ་ཡང་བདག་གི་རྩ་བའི་མ་དེ་ས་ཕྱོགས་འདི་ན་སྐྱེས་བུ་གཞན་དག་གིས་ལུས་གྲིས་བཅད་ཅིང་སོག་ལེས་དྲ། སྟ་རེས་གཏུབས། མདུང་གིས་ཕུག ཁྲོ་ཆུར་བཙོས། མེར་བསྲེགས་པའམ། ཡང་མིན་ན་གྲང་ངར་ཅན་གྱི་འཁྱག་རོམ་བུ་ཡུག་གིས་སྦྲེས་པའི་གཞི་རུ་གོས་མེད་དུ་ཤིན་ཏུ་འཁྱགས་ནས་ལུས་ཆུ་བུར་དུ་གྱུར་བ་བརྡོལ་ནས་གས་ཏེ་འདུག་ན་ཤིན་ཏུ་སྙིང་རྗེ་བ་དབང་མེད་དུ་སྐྱེའོ། །དེ་བཞིན་དུ་དམྱལ་བར་སྐྱེས་པའི་སེམས་ཅན་འདི་རྣམས་བདག་གི་མ་ཡིན་ངེས་ན། སྡུག་བསྔལ་དེ་ལྟ་བུས་ནི་གནད་གཅོད་ན། ཅི་སྟེ་སྙིང་རྗེ་མི་སྐྱེ་སྟེ། དེ་དག་སྡུག་བསྔལ་རྒྱུ་དང་བཅས་པ་དང་བྲལ་བར་འདོད་པའི་སྙིང་རྗེ་བསྒོམ་མོ། །ཡང་བདག་གི་མ་དེ་ས་ཕྱོགས་འདི་ན་ལོ་དང་ཟླ་བར་ཟས་སྐོམ་གཉིས་ཀའི་མིང་ཙམ་ཡང་མ་གོ་བར་བཀྲེས་ཤིང་སྐོམ་པས་ནི་ཉེན། ན་ཞིང་ཚ་བས་ནི་གཟིར། འཇིགས་ཤིང་ཉམ་ང་བས་ནི་དཔའ་འཁུམས་ནས་འདུག་ན་ཤིན་ཏུ་སྙིང་རྗེའོ། །དེ་བཞིན་དུ་ཡི་དྭགས་སུ་སྐྱེས་པའི་སེམས་ཅན་འདི་རྣམས་ཀྱང་བདག་གི་མ་ཡིན་ངེས་ན། སྡུག་བསྔལ་དེ་ལྟ་བུས་ནི་གཡེན་སྤྱོ་ན། ཅི་སྟེ་སྙིང་མི་རྗེ་སྟེ། དེ་རྣམས་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་བསྒོམ་མོ། །ཡང་བདག་གི་མ་དྲིན་མོ་ཆེ་དེ་ཕྱོགས་འདི་ན་རྒས་ཤིང་དམན་པའམ། གཞན་དག་གིས་དབང་མེད་པར་བཀོལ་ཞིང་སྤྱད་པའམ། རྡེག་ཅིང་འཚོག་པའམ། བསད་ཅིང་བཅད་པ་ལ་སོགས་པ་བྱེད་ཅིང་འདུག་པ་དང་། བླུན་ཞིང་རྨོངས་པའི་དབང་གིས་ཕན་ཚུན་གཅིག་གིས་གཅིག་གསོད་པའམ། འཇིགས་ཤིང་སྐྲག་པར་འདུག་ན་སྙིང་རྗེའོ། །དེ་བཞིན་དུ་དུད་འགྲོར་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱང་བདག་གི་མ་ཡིན་ངེས་ན། སྡུག་བསྔལ་དེ་ལྟ་བུས་ནི་ཉམ་ཐག་ན། ཅི་སྟེ་སྙིང་མི་རྗེ་སྟེ། དེ་རྣམས་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་བསྒོམ་མོ། །ཡང་ངན་སོང་མིན་ཀྱང་མཐོ་རིས་སུ་སྡུག་བསྔལ་པ་དག་ཀྱང་བསམ་ནས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་མྱོང་བཞིན་ཡོད་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བས་མི་ཚད་དེ་དང་དེའི་སྡུག་བསྔལ་དག་བྲལ་འདོད་ཀྱི་བློ་གོམས་པར་བྱས་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་གཤའ་མ་ཞིག་རྒྱུད་ལ་སྐྱེས་ན་དེའི་སྐབས་སུ་སྙིང་རྗེ་དངོས་འབྱོངས་པ་ཡིན། དེ་ལ་སྙིང་རྗེ་ཙམ་ཞེས་བྱ། སྙིང་རྗེའི་ཤུགས་ཀྱིས་སེམས་ཅན་རེ་རེའི་སྡུག་བསྔལ་དྲན་ཚེ་མིག་ནས་མཆི་མ་འཁྲུག་པ་ཞིག་བྱུང་ན་གཟོད་སྙིང་རྗེ་ཆེན་པོའི་སྒྲ་འཇུག་པ་དང་། རང་གི་ཚེ་འདིའི་དགྲ་བོ་ནས་བཟུང་སྟེ་ཕལ་བའི་བར་གྱི་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པའི་སྙིང་རྗེ་ཆེན་པོ་ཚད་མེད་པ་ཞིག་སྐྱེས་ན་སྙིང་རྗེ་ཚད་མེད་ཅེས་བྱའོ། །སྙིང་རྗེ་བསྒོམས་ནས་འབྱོངས་པའི་ཚད་ནི། རང་ཉིད་ལ་གཅེས་པར་འཛིན་པའི་གདོས་ཐག་འདི་ཆོད་ནས་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་དང་བྲལ་བར་འདོད་པའི་བློ། ཁ་ཙམ་ཚིག་ཙམ་མ་ཡིན་པའི་ཁྱད་པར་བ་ཞིག་སྐྱེས་ན། གཞི་ནས་སྙིང་རྗེ་འབྱོངས་བའི་ཚད་ལ་ཐོན་པ་ཡིན། དེ་ལྟ་བུའི་སྙིང་རྗེ་སྒོམ་པའི་ཡོན་ཏན་ནི་དཔག་ཏུ་མེད་དེ། བཅོམ་ལྡན་འདས་ཀྱིས། སྤྱན་རས་གཟིགས་ཀྱི་རྟོགས་པ་བརྗོད་པ་ལས། ཆོས་གཅིག་ཡོད་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་བཞག་པ་ལྟ་བུར་འགྱུར་ཏེ་གཅིག་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །ཞེས་གསུངས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་། བཅོམ་ལྡན་འདས་འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་གང་དུ་མཆིས་པ་དེར་དཔུང་གི་ཚོགས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཀྱང་། གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་བྱམས་པས་སེམས་ཅན་རྣམས་བདེ་བ་ཐོབ་པར་འདོད་ཅིང་། སྙིང་རྗེས་སྡུག་བསྔལ་དང་བྲལ་བར་འདོད་ཙ་ན། རང་གཅིག་པུ་ཞི་བདེ་ཐོབ་པར་མི་སྤྲོ་སྟེ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་དགའ་བས་ཞི་བ་ལ་ཆགས་པའི་གཉེན་པོར་འགྱུར་བ་ཡིན་ནོ། །དེ་ལྟར་ན་བྱམས་སྙིང་རྗེ་རྒྱུད་ལ་སྐྱེས་པས། རང་ལས་གཞན་གཅེས་པར་འཛིན་ཙ་ན། ཇི་སྐད་དུ། རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟར་སྐྱེས་བུ་མཆོག་གི་བློ་སྐྱེས་པ་ཡིན། བློ་དེ་ལྟ་བུ་དང་ལྡན་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སེམས་བསྐྱེད་སྐྱེས་ལ་མ་ཉམས་པའི་སྟེང་ནས་ཕྱིན་དྲུག་བསྡུ་དངོས་བཞི་ཡི་སྤྱོད་པ་རྩོམ། མཐའ་ཡས་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ནམ་མཁའ་མ་ཞིག་འཁོར་བ་མ་སྟོང་གི་བར་དུ་དགོས་པ་ཡིན་པས། ཐུགས་བསྐྱེད་དེ་ལྟ་བུའི་མདུན་པ་དང་མ་བྲལ་བའི་ངང་ནས་དམ་པའི་ཆོས་གསན་བསམ་ཉམས་བཞེས་མཛད་དགོས་པ་ཡིན་ནོ། །སྐབས་འདིར་གང་གསན་པར་བྱ་བ་གངས་ལྗོངས་རྫོགས་ཆེན་བསྟན་པའི་ཤིང་རྟ་པ་ཆེན་པོ་གསང་འཛིན་དགའ་རབ་དཔའ་བོ་གཉིས་པ་རྒྱལ་བ་ཀློང་ཆེན་པ་ཀུན་མཁྱེན་ངག་གི་དབང་པོའི་གསུང་རབ་མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན་གྱི་ནང་ནས། ཡིད་བཞིན་མཛོད་ཀྱི་འགྲེལ་བ་པདྨ་དཀར་པོ་འདི་ཉིད་འཆད་བཞིན་པ་ལས། ཐོག་མ་དགེ་བ་ཀླད་ཀྱི་དོན་སོང་ནས། བར་དུ་དགེ་བ་གཞུང་གི་དོན་ལ་སྦྱང་བྱ་འཁོར་བའི་རང་བཞིན་སྤང་བྱར་གདམས་པ་དང་། ཐོབ་བྱ་མྱ་ངན་ལས་འདས་པའི་རང་བཞིན་བླང་བྱར་གདམས་པ་གཉིས་ལས། ཕྱི་མ་འཆད་པའི་སྐབས་དང་། དེ་ལའང་གྲུབ་པའི་མཐའ་རྣམ་པར་བཞག་པའི་སྐབས་ཀྱི་སྤང་བྱ་ཕྱི་རོལ་བའི་ལྟ་གྲུབ་དགག་པ་ལས། ཕྱི་རོལ་ཏརྐ་སྡེ་ལྔའི་ནང་ནས། གྲངས་ཅན་པ་དང་། བྱེ་བྲག་པ་དགག་པ་སོང་ནས། སྤྱོད་པ་པ་དགག་པའི་སྐབས་ནས་ཀྱང་། དམ་བཅའ་བཅུ་ཁས་ལེན་པ་དེ་ཉིད་དགག་པའི་ནང་སྐབས་ཀྱི། དྲུག་པ་ཡན་ཆད་སོང་ནས། དེ་རིང་ཆོས་བསྲུངས་པས་དག་པ་དགག་པ་ནི། སྐད་ཅིག་དང་། རྡུལ་ཕྲན་གྱི་ཚུལ་གྱིས་བརྟགས་པས་ཆོས་དེ་ཉིད་ཀྱང་མ་གྲུབ་པའི་ཕྱིར་མ་གྲུབ་པའི་ཆོས་བསྲུངས་པས་དག་པའང་རང་ཤུགས་ཀྱིས་མི་འགྲུབ་པ་ཉིད་དང་། ཆོས་དང་སྟོན་པ་ལ་གནོད་པ་བྱེད་པའང་གསད་པར་མི་རིགས་ཏེ། མི་དེའང་སེམས་ཅན་ཡིན་ལ། སེམས་ཅན་ཡིན་པས་སྲོག་ལ་ཕངས་སེམས་ཡོད་ཅིང་། སེམས་ཅན་སྙིང་རྗེའི་གནས་ཡིན་པའི་ཕྱིར་ན་གསད་པར་མི་རིགས་པ་དང་། གནོད་བྱེད་མེད་ན་བཟོད་པ་སུ་ལ་སྒོམ། དེས་ན་བཟོད་པའི་རྐྱེན་ཡང་དགྲ་ཡིན་པའི་ཕྱིར་གསད་པར་མི་རིགས་པའི་ཕྱིར་དང་། དགྲ་མེད་པར་འདོད་ཀྱང་ཁྲོ་བ་མ་བཅོམ་ན་དགྲ་མི་ཟད་པར་ཧོར་རྒན་འདུལ་རྗེས་འཇང་རྒན་ལངས་པས་ཁྲོ་བ་འཇོམས་དགོས་པའི་ཕྱིར་རོ། །དེ་ཡང་རྒྱལ་སྲས་ཞི་བ་ལྷས་སྤྱོད་འཇུག་ལས། །སེམས་ཅན་མི་སྲུན་ནམ་མཁའ་བཞིན། །དེ་དག་གཞོམ་གྱིས་ཡོང་མི་ལང་། །ཁྲོ་བའི་སེམས་འདི་གཅིག་བཅོམ་ན། །དགྲ་དེ་ཐམས་ཅད་ཆོམས་དང་འདྲ། །ས་སྟེང་འདི་དག་ཀོས་གཡོགས་སུ། །དེ་སྙེད་ཀོ་བས་ག་ལ་ལང་། །ལྷམ་མཐིལ་ཙམ་གྱི་ཀོ་བས་ནི། །ས་སྟེང་ཐམས་ཅད་གཡོགས་དང་འདྲ། །ཞེས་པ་དང་། འདི་ནི་བསོད་ནམས་གེགས་བྱེད་ཅེས། །དེ་ལའང་ཁྲོ་བར་མི་རིགས་ཏེ། །བཟོད་མཚུངས་དཀའ་ཐུབ་ཡོད་མིན་ན། །བདག་ནི་དེ་ལ་གནས་མིན་ནམ། །ཞེས་པ་བཞིན་ནོ། །འདོད་པ་ནང་འགལ་བ་ནི་ཁྱོད་རང་གི་གཞུང་ཕན་པའི་ཡལ་ག་ལས། འཚེ་མེད་བདེན་པའི་ཚིག་དང་ལྡན། །ཁྲོ་བ་བརྟུལ་བ་དྲང་བ་དག །འདི་ནི་དཀའ་ཐུབ་མཆོག་ཡིན་གྱི། །ལུས་སྐམ་བྱེད་པ་མ་ཡིན་ནོ། །ཞེས་འདོད་པས་སོ། །སྲོག་བསྲུངས་པས་དག་པ་དགག་པ་ནི། ལུས་མ་གྲུབ་ན་གང་བསྲུང་བྱའི་སྲོག་ཇི་ལྟར་གྲུབ་སྟེ་རྟེན་དང་བརྟེན་པའི་རང་བཞིན་ཡིན་པའི་ཕྱིར་ན་སྔར་རྡུལ་ཕྲན་བརྟགས་ནས་ལུས་མ་གྲུབ་པ་བཞིན་ནོ། །ཐ་སྙད་དུ་མི་དགེ་སྡིག་པའི་ལས་སྲོག་གི་ཕྱིར་ཡང་བྱར་མི་རུང་སྟེ། བུ་མོ་ཟླ་མཆོག་གིས་ཞུས་པའི་མདོ་ལས། ནོར་དང་མཛའ་བཤེས་དེ་བཞིན་ཕ་མ་དང་། །སྲོག་གི་སླད་དུའང་སྡིག་པ་མི་བགྱིད་དོ། །ཞེས་སོ། །རང་ཚིག་རང་ལ་འགལ་བ་ནི་ལུང་རྒྱལ་བྱེད་ལས། རང་ལ་རྗེས་སུ་མི་མཐུན་པ། །དེ་ནི་གཞན་ལའང་མི་བྱེད་དེ། །འདི་ནི་ཆོས་རྣམས་བསྡུས་པ་ཡིན། །གཞན་ནི་འདོད་པས་འཇུག་པར་བྱ། །ཞེས་སོ། །དངོས་པོ་རྒྱུ་མེད་དགག་པ་ལ་གསུམ་སྟེ། དོན་མི་འཐད་པ། དཔེ་མ་གྲུབ་པ། རང་གཞུང་དང་འགལ་བའོ། །དང་པོ་ལའང་། ཀུན་ཏུ་ཡོད་མེད་དུ་ཐལ་བ། འབད་པ་རྒྱུན་ཆད་དུ་ཐལ་བ། མངོན་སུམ་གྱིས་བསལ་བ། རྒྱུ་མེད་དུ་སྨྲར་མི་རུང་བ། སྨྲས་པ་དོན་མེད་དུ་ཐལ་བ་དང་ལྔ་ལས། དང་པོ་ནི་བུམ་པ་རྒྱུ་མེད་ཡིན་ན། ཡུལ་གཅིག་ན་ཡོད་པ་ལྟར་ཐམས་ཅད་ན་ཡོད་པ་དང་། དུས་གཅིག་ན་ཡོད་པ་ལྟར་དུས་རྟག་ཏུ་ཡོད་པ་དང་། ལྟོ་ལྡིར་བའི་རྣམ་པ་བུམ་པར་ཡོད་པའམ། གོང་བུ་འདི་རྣམ་པ་ལྟོ་ལྡིར་བའི་རྣམ་པ་བུམ་པར་ཡོད་པ་ལྟར། སྣམ་བུར་ཡང་ཡོད་པར་ཐལ་ཏེ་སྣམ་བུ་དང་བུམ་པའི་རྣམ་པའི་ཁྱད་པར་གཉིས་ཀའི་རྒྱུ་སོ་སོར་མེད་པར་ངོ་བོས་བྱུང་བས་སོ། །དེས་ན་བུམ་པ་ཡང་སྣམ་བུའི་རྣམ་པར་དང་། སྣམ་བུ་ཡང་བུམ་པའི་རྣམ་པར་འབྱུང་བར་ཐལ་ལོ། །ཞེས་པའམ། ཡང་ན་རྒྱུ་མེད་ཡིན་ན་བུམ་པ་ལྟོ་ལྡིར་བར་རྟོག་པའམ་བློ་ངོར་སྣང་བའང་མེད་པར་ཐལ་ཏེ། རྫ་མཁན་སོགས་ཀྱིས་ཀྱང་ལྟོ་ལྡིར་བའི་རྣམ་པར་བྱ་མི་ནུས་ཏེ་དེ་ལ་རྒྱུ་མེད་པས་སོ། །ལྟོས་པ་ཚང་མ་ཚང་གི་ཁྱད་པར་མེད་པའི་ཕྱིར་དང་། རྐྱེན་ལ་ལྟོས་པས་ནི་རུང་བར་འགྱུར་ཏེ་ཞེས་པ་རང་ལུགས་རྒྱུ་ཡོད་དུ་སྨྲ་བ་ལྟར་ན་བུམ་པ་ཡུལ་དེར་སྔར་མེད་གསར་དུ་བཞག་ཚེ་ཡོད་པ་དང་གཞན་དུ་བསལ་བའི་ཚེ་དེ་ན་མེད་པ་སོགས་ཀྱི་ཐ་སྙད་ཡོད་པ་རུང་བའི་ཕྱིར་རོ། །རྣམ་ངེས་ལས། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །དངོས་པོ་རྣམས་ནི་རེ་འགའ་ཞིག །འབྱུང་བ་ལྟོས་པ་ལས་ཡིན་ནོ། །ཞེས་སོ། །གཉིས་པ་ནི་སོ་ནམ་ལ་སོགས་པས་ལོ་ཐོག་འབྲས་བུ་བསྒྲུབ་པའི་ཕྱིར་འབད་པ་རྣམས་རྒྱུན་ཆད་པར་ཐལ་ཏེ། རྒྱུ་མེད་པའི་ཕྱིར་ན་རྒྱུ་ལ་འབད་པ་དོན་མེད་པར་འགྱུར་རོ། །རྒྱུ་མེད་ལ་རྒྱུ་སོ་ནམ་ལ་འབད་ཀྱང་སྟོན་ཐོག་གི་འབྲས་བུ་འབྱུང་བར་མི་རུང་ཞིང་མི་འབྱུང་བའི་ཕྱིར་རོ། །འཇུག་པ་ལས། གལ་ཏེ་རྒྱུ་མེད་ཁོ་ནར་འགའ་ཞིག་སྐྱེ་བར་འགྱུར་ན་ནི། །དེ་ཚེ་མཐའ་དག་རྟག་ཏུ་ཐམས་ཅད་ལས་ཀྱང་སྐྱེ་འགྱུར་ཞིང་། །འབྲས་འབྱུང་ཆེད་དུ་འཇིག་རྟེན་འདི་ཡི་ས་བོན་ལ་སོགས་ནི། །བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པར་ཡང་མི་འགྱུར། །ཞེས་སོ། །གསུམ་པ་ནི་དུ་བ་མེ་ལས་བྱུང་བ་དང་། མྱུ་གུ་ས་བོན་ལས་བྱུང་བ་དང་། དབྱུ་གུ་བསྣུན་པ་ལས་རྔ་སྒྲ་འབྱུང་བ་ཉིད་མཐོང་བས་ན། རྒྱུ་ཡོད་པ་རིག་བཞིན་དུ་རྒྱུ་མེད་བཤད་དེ་ཅི་བྱེད་རྒྱུ་མེད་ཁེགས་པས་བརྩད་མི་དགོས་སོ། །བཞི་པ་ནི། ཐམས་ཅད་རྒྱུ་མེད་པའོ་ཞེས་སྨྲར་མི་རུང་སྟེ། སྨྲས་ཀྱང་སྨྲས་པ་འགྲུབ་པ་མི་འགྱུར་ཏེ་ལྕེ་དང་རྐན་མ་ཕྲད་པ་ལས་རྒྱུ་མེད་དོ་ཞེས་པའི་ཚིག་མི་འབྱུང་བས་འདི་ནི་རང་ཚིག་གིས་ཀྱང་བསལ་བ་ཡིན་ནོ། །ལྔ་པ་ནི། རྒྱུ་མེད་དུ་སྨྲས་པ་དོན་མེད་པར་ཐལ་ཏེ། ཚིག་གི་ཕ་རོལ་ལ་རྟོགས་པ་སྐྱེད་མི་ནུས་པའི་ཕྱིར་རོ། །དཔེ་མ་གྲུབ་པ་ནི། ཉི་ཤར་ཆུ་བོ་ཐུར་དུ་འབབ་ལ་སོགས་པ་ཞེས་ཀྱང་། ཉི་མར་བསྐྱེད་པའི་རྒྱུ་ཉིད་ཡོད་པ་ལས་ཤར་འོང་བ་དང་། ཆུར་སྐྱེས་པའི་རྒྱུ་ཉིད་ཡོད་པ་ལས་ཐུར་དུ་འབབ་པར་འགྲུབ་པ་ཡིན་ཏེ། རྫས་གཅིག་ལ་ཆ་ཤས་ཀྱིས་བསྐྱེད་བྱ་སྐྱེད་བྱེད་གཉིས་མི་སྲིད་པའི་ཕྱིར་ཏེ། རྒྱུ་གཅིག་ལ་ལྟོས་ནས་བསྐྱེད་མ་བསྐྱེད་ཆོས་འགལ་བས་རྫས་ཐ་དད་དུ་འགྱུར་བའི་ཕྱིར་རོ། །ཞེས་པ། ཉི་མ་ཤར་བ། ཆུ་ཐུར་འབབ། སྲན་མ་ཟླུམ་པ་ནི་ངོ་བོ་ཉིད་ཀྱིས་མ་ཡིན་ཏེ། དེ་འཆར་བ་ལ་སོགས་པའི་ཆོས་ཅན་དུ་རང་རྒྱུས་བསྐྱེད་པའི་ཕྱིར། རྒྱུ་མེད་པར་རང་གི་ངོ་བོས་བྱ་བ་བྱེད་ན་བྱེད་པོ་ཉི་མ་རྒྱུ་དང་། བྱ་བ་འཆར་བ་འབྲས་བུ་ཡིན་དགོས་ན་དེ་ཆ་གཉིས་སུ་ཐལ་བ་དང་། ཡང་ཉི་མ་བསྐྱེད་པའི་རྒྱུ་དེས་འཆར་བའང་བསྐྱེད་པ་ཡིན་གྱི་འཆར་བ་རྒྱུ་མེད་མིན་ཏེ། འཆར་བ་ཉི་མའི་ཆོས་ཡིན་པའི་ཕྱིར། ཉི་མ་གཅིག་པུ་ལ་རྒྱུས་བསྐྱེད་པ་དང་མ་བསྐྱེད་པའི་ཆོས་གཉིས་ཡོད་པ་འགལ་ཏེ་རྒྱུ་གཅིག་གིས་གྲུབ་པའི་རྫས་གཅིག་ཡིན་པས་སོ། །ཞེས་པའོ། །རྣམ་འགྲེལ་ལས། ཇི་ལྟར་ཚེར་མ་ལ་སོགས་པ། །རྣོ་བ་དག་ལ་རྒྱུ་མེད་པ། །དེས་ན་དེ་དག་རྒྱུ་མེད་འགྱུར། །ཞེས་ནི་ཁ་ཅིག་རབ་ཏུ་བརྗོད། །གང་ཞིག་སྐྱེ་ན་གང་སྐྱེ་བ། །གང་ཞིག་འགྱུར་ན་འགྱུར་བ་ཉིད། །དེ་ནི་དེ་རྒྱུར་རབ་བསྟན་པ། །དེ་དག་དེ་རྣམས་ལ་ཡང་ཡོད། །ཅེས་སོ། །སྤྲིན་ཡང་ས་ཆུའི་རླངས་པ་རླུང་གིས་བཏེག་པ་ཡིན་ལ། འཇིག་རྟེན་ཆགས་པའང་སྤྲིན་ལ་སོགས་པའི་རྒྱུ་འཇིག་རྟེན་གཞན་ནས་རླུང་གིས་ཁྱེར་ནས་འདིར་འོངས་ཏེ་ཆེར་མཆེད་ནས་ཆར་དུ་བབ་པ་ལ་སོགས་པ། ཐམས་ཅད་ཀྱི་སྤྱི་མཐུན་གྱི་ལས་ཀྱི་རྒྱུ་ལས་གྲུབ་པ་ཡིན་ཏེ། མཛོད་ལས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་སོ། །འདི་སྐབས་སྤྲིན་དང་འཇིག་རྟེན་ཆགས་པ་དག་བཤད་པ་ནི། འཇིག་རྟེན་ན་མཐོང་བའི་དཔེ་མཁའ་ལ་སྤྲིན་འདུས་པ་དེ་རྒྱུ་མེད་གློ་བུར་དུ་བྱུང་སྙམ་པ་དང་། བསྟན་བཅོས་ལས་བཤད་པ་འཇིག་རྟེན་ཞིག་ཅིང་སྟོངས་པ་ལས་སླར་ཆགས་པ་རྒྱུ་མེད་ཀྱི་དཔེར་རུང་སྙམ་པའི་ལོག་རྟོག་བཀག་པའོ། །མ་མཐོང་བའི་དངོས་པོ་རྒྱུ་མེད་འགའ་ཞིག་སྲིད་དམ་ཅེ་ན། མི་སྲིད་དེ་དུ་བ་མེ་ལས་སྐྱེ་བར་ལྐོག་ན་རྒྱུ་ཡོད་ཀྱང་འབྲས་བུ་མངོན་སུམ་དུ་གསལ་བས་དངོས་པོ་ཐམས་ཅད་རྒྱུ་ལས་སྐྱེའོ། །ཞེས་པའི་དོན་ནི་ད་ལྟའི་སྣང་བ་འདི་རྣམས་ཕལ་ཆེར་ལ་རྒྱུ་མཐོང་ཡང་མཐོང་མ་མྱོང་བ་ཁ་ཅིག་ལ་རྒྱུ་མེད་པའང་སྲིད་སྙམ་ན་མི་སྲིད་དེ། དུ་བ་མེ་ལས་མ་སྐྱེས་པར་མི་འབྱུང་བས་ན། དུ་བ་ཙམ་མཐོང་ནས་རྒྱུ་མེ་མ་མཐོང་ཡང་མེ་ལྐོག་ན་ལ་རྒྱབ་སོགས་སུ་ཡོད་པ་བཞིན། རྒྱུ་ཉིད་ལྐོག་ཏུ་གྱུར་ནས་དངོས་སུ་མ་མཐོང་ན་ཡང་། འབྲས་བུ་ཐམས་ཅད་ལ་རྒྱུ་ཡོད་པར་ངེས་ཏེ། རྒྱུ་མེད་ན་འབྲས་བུ་འབྱུང་མི་སྲིད་པར་རིགས་པས་ངེས་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །དེས་ན་སྐྱེས་དུས་ཀྱི་རྒྱུ་འབྲས་ཐམས་ཅད་ཀྱང་འཁྲུལ་སྣང་རྨི་ལམ་དང་འདྲ་བས་དཔྱད་ན་རང་བཞིན་མེད་པར་ཤེས་པར་བྱའོ། །དེ་ལྟར་ན་སྤྱོད་པ་པ་རང་གི་གཞུང་དང་འགལ་བ་ནི། ཁྱེད་ཚང་གི་རྒྱལ་བྱེད་ལས། འདིར་ནི་དགེ་དང་མི་དགེ་བའི། །རང་གིས་བྱས་པའི་ལས་རྣམས་དག །ཆུད་ཟ་བར་ནི་མི་འགྱུར་ཏེ། །དེ་ཕྱིར་སྡིག་སྤོང་མདུང་གི་བུ། །ཞེས་བཤད་པས་སོ། །ཤེས་པས་རང་མི་རིག་པ་དགག་པ་ལ་གསུམ་སྟེ། ཤེས་པ་མ་ཡིན་པར་ཐལ་བ། དོན་མི་རིག་པར་ཐལ་བ། བློ་འཁྲུལ་པར་ཐལ་བའོ། །དང་པོ་ནི་རང་རིག་ཤེས་པའི་རང་བཞིན་ཡིན་པ་དང་། རང་རིག་ཤེས་པའི་གནས་སྐབས་ཀྱང་ཡིན་པས་ན། རང་མ་རིག་པ་ལས་ལོག་ཙམ་གྱིས་དེའི་ལྡོག་པ་རང་རིག་པར་འགྱུར་ཏེ། དབུ་མ་རྒྱན་ལས། རྣམ་ཤེས་བེམ་པོའི་རང་བཞིན་ལས། །ལྡོག་པ་རབ་ཏུ་སྐྱེ་བ་སྟེ། །བེམ་མིན་རང་བཞིན་གང་ཡིན་པ། །དེ་འདིར་བདག་ཉིད་རིག་པར་བརྗོད། །ཅེས་སོ། །དེས་ན་རང་མི་རིག་ན་ཤེས་པ་ཙམ་ཡང་མ་ཡིན་པར་ཐལ་ཏེ་ཤེས་པའི་ཁྱབ་བྱེད་དང་བྲལ་བའི་ཕྱིར་རོ། །གཉིས་པ་ནི་ཤེས་པ་དེས་ཡུལ་གཏན་མི་རིག་པར་ཐལ་ཏེ་རང་མི་རིག་པའི་ཕྱིར་རོ། །དེ་ཡང་བུམ་པ་མིག་ཤེས་ཀྱིས་འགྲུབ་པ་ལ་དེའི་སྔར་ཐོག་ཏུ་དམིགས་པ་མངོན་སུམ་མིག་ཤེས་ཉིད་ཡོད་པར་གྲུབ་དགོས་པའི་ཕྱིར་ཏེ། རྣམ་ངེས་ལས། དམིགས་པ་མངོན་སུམ་མ་ཡིན་ན། །དོན་མཐོང་རབ་ཏུ་འགྲུབ་མི་འགྱུར། །ཞེས་སོ། །གལ་ཏེ་ཤེས་པ་གཞན་གྱིས་རིག་གོ་ཞེ་ནའང་མི་རུང་སྟེ། མཐར་གྲུབ་མི་གྲུབ་ཏུ་མི་འཐད་པ་དང་། དུས་མཉམ་མི་མཉམ་དུ་མི་འཐད་པའི་ཕྱིར་ཏེ། མཐར་རིག་བྱེད་གྲུབ་ན་མིག་ཤེས་དང་རྒྱུ་མཚན་མཚུངས་ཤིང་། མ་གྲུབ་ན་བུམ་པ་ནམ་ཡང་མི་འགྲུབ་པར་ཐལ་བའི་ཕྱིར་ཏེ། དུས་གཅིག་ལ་གྲུབ་ན་རྒྱུད་དུ་མར་ཐལ་བའི་ཕྱིར། རིག་བྱེད་ཕྱི་མས་གྲུབ་ན་བུམ་པ་ཡོད་དུས་ན་མ་གྲུབ་ལ། ཕྱིས་མེད་དུས་གྲུབ་པས་ཕྱིན་ཅི་ལོག་ཏུ་འགྲུབ་པར་ཐལ་ཏེ་ཕྱིས་དྲན་པ་ཙམ་ཞིག་ཡིན་པས་དུས་འགལ་བའི་ཕྱིར་རོ། །སྤྱོད་འཇུག་ལས། སེམས་དང་ལྷན་ཅིག་སྐྱེས་པའི་ཕྱིར། །ཚོར་བ་དེ་ཡིས་མཐོང་མ་ཡིན། །སྔར་དང་ཕྱི་མར་སྐྱེས་པས་ཀྱང་། །དྲན་པར་འགྱུར་གྱིས་མྱོང་མ་ཡིན། །ཞེས་སོ། །གསུམ་པ་ནི། རང་གིས་ཉམས་སུ་མྱོང་བས་གྲུབ་པ་མེད་ན། མངོན་རྗེས་ཀྱི་ཚད་མའི་སྒོ་ནས་ཡུལ་ཡོད་མེད་ཡིན་མིན་གྱི་རྣམ་པར་གཞག་པ་ཐམས་ཅད་འཁྲུལ་པར་ཐལ་ཏེ། བློས་ཡུལ་དམིགས་ནས་དེའི་ཐ་སྙད་བྱེད་དགོས་ལ། ཡུལ་དམིགས་པ་ཉིད་ཀྱང་མཐར་རང་གིས་ཉམས་སུ་མྱོང་བ་ལ་གཏུག་དགོས་ན་རང་རིག་མི་འདོད་པའི་ཕྱོགས་ལ་མྱོང་བས་གྲུབ་པ་མེད་པའི་ཕྱིར་ཏེ། རྣམ་འགྲེལ་ལས། གང་ཕྱིར་དེ་མི་གསལ་ན་ནི། །དོན་མི་གསལ་བ་ཉིད་དུ་འགྱུར། །ཞེས་སོ། །ཚུལ་འདིས་ཐབས་གཅིག་ཁོ་ནས་གྲོལ་བ་དང་། ཐ་སྙད་དུ་ཡང་བྱས་པས་སངས་མི་རྒྱ་བ་དང་། སེམས་ཀྱིས་སེམས་མི་རིག་པ་རྣམས་བཀག་པ་ཡིན་ནོ། །སྐབས་དང་འབྲེལ་བའི་མན་ངག་གི་གདམས་པ་གནང་བ་ནི། འདིར་རང་རེ་ནང་པ་སངས་རྒྱས་པའི་ཆོས་སྒོར་ཞུགས་པ་དག་གིས་ནི་སངས་རྒྱས་ཐོབ་པར་འདོད་པས་གདུལ་བྱའི་ཁམས་དབང་བསམ་པ་དང་འཚམས་པའི་ཐབས་མང་པོ་ལ་བརྟེན་ནས་གྲོལ་བ་བསྒྲུབས་ཀྱང་། གནད་ཀྱི་སྙིང་པོ་ཟིན་དགོས་པ་ནི་དངོས་པོ་དང་མཚན་མར་ཞེན་པ་མེད་པས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་ལམ་སྒོམ་ཞིང་། གཙོ་ཆེར་གཞན་ལ་ཕན་པ་སྨོན་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་གཉིས་ལ་ནན་ཏན་བྱེད་དགོས་པ་ཡིན་ཏེ། ཞི་བ་ལྷས། གཙོ་ཆེར་གཞན་གྱི་དོན་བསམ་མོ། །ཐུགས་རྗེ་མངའ་བ་རིང་གཟིགས་པས། །བཀག་པ་རྣམས་ཀྱང་དེ་ལ་གནང་། །ཞེས་པ་དང་། གཞན་དོན་རླབས་ཆེན་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་བདུན་གནང་བའི་སྐབས་ཀྱང་ཡོད་པ་ལྟར་དུ་གསུངས་པའོ། །གཞན་རྣམས་དང་ནི་བདག་ལའང་རུང་། །སྡུག་བསྔལ་ཡིན་ཀྱང་གང་ཕན་བྱ། །ཕན་དང་བདེ་བ་རྣམས་བྱ་སྟེ། །བདེ་ཡང་མི་ཕན་མི་བྱའོ། །ཞེས་གསུངས་པ་བཞིན་ནོ། །དེ་ཡན་གྱིས་ནི་སྤྱོད་པ་བའི་འདོད་པ་བཀག་པ་ཡིན་ཅིང་། འདིའི་དོན་ཚུར་བསྡུས་ན། དེ་ལྟ་བུའི་ལུགས་དེའང་ཆོས་ཅན། ཕྱིན་ཅི་ལོག་གི་གཞུང་དོར་བར་བྱ་བ་ཡིན་ཏེ། རྣམ་པར་གྲོལ་བ་ལ་ཕན་པའི་དོན་མེད་པའི་ལམ་ལྟར་སྣང་ཡིན་པའི་ཕྱིར་ཏེ། ཁྱབ་འཇུག་སོགས་གང་ཡིན་ཀྱང་སྐྱེས་ན་མི་རྟག་པས་ཁྱབ་ལ། མ་སྐྱེས་ན་མོ་གཤམ་གྱི་བུ་བཞིན་མེད་པས་ཁྱབ་སྟེ་བདེན་གྲུབ་ཏུ་ཡོད་ལ་མ་སྐྱེས་པ་ཞིག་མི་སྲིད་ལ་རྟག་དངོས་འགོག་པའི་རིགས་པས་ཀྱང་ཁེགས་སོ། །རིག་བྱེད་སྐྱེས་བུས་མ་བྱས་པ་ལ་སྒྲུབ་བྱེད་མེད་དེ། ངག་གཞན་དང་མཚུངས་པའི་ཕྱིར་དང་། དངོས་པོ་རྒྱུ་མེད་འབྱུང་ན་རྟག་ཏུ་ཡོད་མེད་དུ་ཐལ་བ་དང་། ཤེས་པས་རང་མི་རིག་ན་གསལ་བོར་ཉམས་སུ་མྱོང་བ་མི་སྲིད་པས་མཐར་ཐམས་ཅད་མུན་པ་ལྟ་བུར་ཐལ་བ་དང་། ཁྲུས་སོགས་ཙམ་གྱིས་སྒྲིབ་པ་མི་འདག་སྟེ་ཆོས་མིན་གྱི་རྒྱུ་དང་མི་འགལ་བའི་ཕྱིར་དང་། གཡུལ་སོགས་ཆགས་སྡང་གི་ལས་ཀྱིས་མི་འདག་སྟེ་དེ་དག་ངོ་བོ་མི་དགེ་བས་སོ། །དེས་ན་ལམ་དེ་ལྟ་བུ་རྣམ་གྲོལ་ལ་ཕན་པའི་དོན་མེད་པའོ། །བཞི་བ།

རིག་བྱེད་པ་བསྟན་པ།

ད་ནི་རིག་བྱེད་ཚད་མར་བྱེད་པའི་སྡེ་པ་ལས། གསང་ཚིག་གི་དམ་བཅའ་གཙོ་བོར་བྱེད་པའི་ཕྱོགས་གསང་བ་པ་བྱེ་བྲག་ཏུ་བཤད་པ་ནི། རིག་བྱེད་ཚད་མར་བྱེད་ལས་ཁྱད་པར་དུ། །གསང་ཚིག་གྲོལ་བར་སྨྲ་བའི་ཕྱོགས་དེ་ནི། །མཁའ་ལྟར་ཁྱབ་བདག་ཁྱད་པར་དགུ་ལྡན་ཉིད། །ཡང་དག་མ་ཡིན་ཀུན་བརྟགས་རྒྱ་མཚོའི་རླབས། །བརྒལ་དཀའ་སྲིད་པའི་ཆུ་གཏེར་བྱེད་དེ་མཚར། །ཞེས་གསུངས་ཏེ། སྔར་བཤད་མ་ཐག་པ་ཉིད་ཀྱི་རིག་བྱེད་དག་པར་སྨྲ་བའི་ནང་ཚན་གསང་བ་པ་དག་ནི་འཇིག་རྟེན་ཐམས་ཅད་བདག་གཅིག་གི་གཟུགས་ཀྱི་རང་བཞིན་དུ་བློས་བཀོད་ནས་ཐམས་ཅད་ལ་ཁྱབ་པའི་རང་བཞིན་ཁྱད་པར་དགུ་དང་ལྡན་པར་འདོད་པ་ནི། སྔོན་མེད་པའི་རྟོག་པའི་དབའ་རླབས་སྲིད་རྩེར་གཡོ་བས་འཁོར་བ་སྒྲུབ་པ་ཉིད་དེ། ཧ་ཅང་མི་འཐད་པ་ཉིད་ཀྱིས་མཁས་པ་དག་གིས་བཞད་གད་ཀྱི་གནས་སུ་འགྱུར་བའི་ཕྱིར་མཚར་ཞེས་བརྗོད་དེ། འཕགས་པ་བྱམས་པས་མངོན་རྟོགས་རྒྱན་ལས། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ཤེས་བྱ་ལ་ཡང་སྟོན་པ་ཡིས། །སྒྲིབ་པ་ཟད་པར་བརྗོད་པ་གང་། །དེ་ལ་ཁོ་བོས་མཚར་དུ་བརྩིས། །ཞེས་པ་བཞིན་ནོ། །འདི་ཡི་ཚུལ་རྒྱས་པར་དབྱེ་ན། ཚངས་པ་ལྷར་འཛིན་པའི་བྲམ་ཟེ་གསང་ཚིག་གཙོ་བོར་བྱེད་པ་དག་དྲན་པར་བྱེད་པ་བསླབ་པའི་འཁོར་ལོ་ལ་སོགས་པའི་གཞུང་ལ་བརྟེན་ནས། ནམ་མཁའ་ལྟ་བུར་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་བདག་ཁྱད་པར་དགུ་དང་ལྡན་པ་ཞིག་འདོད་དེ། དགུ་བོ་གང་ཡིན་ན་ངོ་བོ་སེམས་ཅན་ཡིན་པ། ལུས་ཡོད་པ། ཁྱབ་པ། རྟག་པ། གཅིག་པུ། འབྱུང་འཇིག་གི་རྟེན་ཡིན་པ། ལུས་ཅན་གྱི་སྐྱོན་ཡོན་གྱིས་མ་གོས་པ། བློའི་སྤྱོད་ཡུལ་དུ་མ་གྱུར་པ། ངག་གིས་བརྗོད་དུ་མེད་པའོ། །དང་པོ་ནི་ལུས་སུ་སྣང་ཡང་བདག་རང་གི་ངོ་བོ་ལ་ལུས་མེད་དེ་ཤེས་ཤིང་རིག་པ་ཙམ་མོ། །ལུས་ཡོད་པ་ནི། འདི་ལྟར་སྟེང་གི་ཕྱོགས་ཐམས་ཅད་སྐྱེས་བུའི་མགོའོ། །འོག་གི་ཕྱོགས་ཐམས་ཅད་རྐང་པའོ། །ནམ་མཁའ་ནི་ལྟོ་བའོ། །ཕྱོགས་བཞི་ནི་ལག་པའོ། །གཟའ་དང་སྐར་མ་རྣམས་ནི་སྐྲའོ། །རི་རབ་ནི་བྲང་ངོ་། །རིའི་ཕྲེང་བ་རྣམས་ནི་རུས་པའོ། །གངྒཱ་ལ་སོགས་པའི་ཆུ་རྣམས་ནི་རྩའི་དྲྭ་བའོ། །ནགས་ཚལ་རྣམས་ནི་སྤུ་དང་སེན་མོའོ། །མཐོ་རིས་ཀྱི་འཇིག་རྟེན་ལྷ་དང་མི་རྣམས་ནི་རྒྱབ་བོ། །ཚངས་པ་ནི་དཔྲལ་བའོ། །ཆོས་ནི་སྨིན་མ་གཡས་པའོ། །ཆོས་མ་ཡིན་པ་ནི་སྨིན་མ་གཡོན་ནོ། །འཆི་བདག་ནི་ཁྲོ་གཉེར་རོ། །ཉི་མ་ནི་མིག་གཡས་སོ། །ཟླ་བ་ནི་མིག་གཡོན་ནོ། །རླུང་རྣམས་ནི་དབུགས་སོ། །རི་བྲག་རྣམས་ནི་སོའོ། །ལྷ་མོ་དབྱངས་ཅན་ནི་ལྕེའོ། །ཉིན་མོ་ནི་མིག་ཕྱེ་བའོ། །མཚན་མོ་ནི་མིག་བཙུམས་པའོ། །སྐྱེས་པ་རྣམས་ནི་གཞོགས་གཡས་སོ། །བུད་མེད་རྣམས་ནི་གཡོན་ནོ། །རིའི་བར་རྣམས་ནི་སོར་མོའོ། །འཇིག་རྟེན་པ་རྣམས་ནི་ནུ་མའི་བར་གཡས་པའོ། །འཇིག་རྟེན་ལས་འདས་པ་རྣམས་ནི་ནུ་བར་གཡོན་པའོ། །ལྷའི་བུ་གཉིས་ནི་པུས་མོ་གཉིས་སོ། །ཐ་སྐར་ནི་རྐང་པའི་རྗེ་ངར་རོ། །ཉིན་ཞག་ནི་རྐེད་པ་མན་གྱི་སྨད་དོ། །དབང་པོ་ནི་ཕོ་ཡི་མཚན་མ་ཡིན་ནོ། །སྐྱེ་དགུའི་བདག་པོ་ནི་དགའ་བའི་རང་བཞིན་ནོ། །ཁྱབ་འཇུག་ནི་རྐང་པའོ། །ཁ་དོག་རྣམས་ནི་ཁྲག་གོ །དེས་ན་ཤེས་བྱ་ཐམས་ཅད་ལ་ཁྱབ་ཅེས་བྱའོ། །རྟག་པ་ནི། རྟག་པ་ཡིན་པའི་རྒྱུ་མཚན་ནི་བདག་དེ་ཐོག་མ་ནས་ཐ་མའི་བར་དུ་ཡོད་པས་ན་འདི་ཙམ་ནས་བྱུང་ཞེས་པའམ། འདི་ཙམ་ན་འཇིག་ཅེས་པ་མེད་པའི་ཕྱིར་རོ། །དེ་ལྟར་ཡིན་པར་གསང་བ་པ་རང་གི་གཞུང་དྲན་པ་བྱེད་པ་བསླབ་པའི་འཁོར་ལོ་ལས། །གཅིག་པུ་ཀུན་ཁྱབ་རྟག་པ་སྟེ། །ཚངས་མཆོག་འཆི་བ་མེད་པའི་གནས། །རྣལ་འབྱོར་པ་ཡིས་གོམས་བྱས་ན། །དེ་ནི་ཡང་སྲིད་ལེན་མི་འགྱུར། །ཞེས་སོ། །གཅིག་པུ་ནི། འཁྲུལ་པའི་ངོ་ལ་སྲོག་དུ་མར་ལྟར་དུ་སྣང་ཡང་། ཐམས་ཅད་ལ་བདག་གཅིག་གིས་ཁྱབ་པས་བདག་གི་ངོ་བོ་གཅིག་ལས་མེད་པར་འདོད་དེ། །རྟོག་གེ་འབར་བ་ལས། ཇི་ལྟར་བུམ་པ་ཐ་དད་ཀྱང་། །ས་ལ་ཐ་དད་འགའ་ཡང་མེད། །དེ་བཞིན་ལུས་ནི་ཐ་དད་ཀྱང་། །བདག་ལ་ཐ་དད་འགའ་ཡང་མེད། །ཅེས་ཕྱོགས་སྔར་བརྗོད་པ་བཞིན་ནོ། །འབྱུང་འཇིག་གི་རྟེན་ཡིན་པ་ནི། ལུས་ཅན་ཐམས་ཅད་འབྱུང་ཡང་ཀུན་ལ་ཁྱབ་པའེི་བདག་གི་ངང་ལས་འབྱུང་ལ། གྲོལ་ཀྱང་བདག་གི་ངང་དུ་གྲོལ་བ་སྟེ། སྔ་མ་ལས། སྲིད་པ་སྣ་ཚོགས་དེ་ལས་སྐྱེས། །དར་གྱི་སྲིན་བུའི་སྐུད་པ་བཞིན། །མཁས་པ་དེ་ཡི་ཆར་ཐིམ་པ། །ཡང་སྲིད་ལེན་པར་མི་འགྱུར་རོ། །ཞེས་སོ། །འདི་རྟོག་གེ་འབར་བའི་ཕྱོགས་སྔའི་འདོད་པ་བཀོད་པ་སྟེ། ཁོ་རང་གི་ལུགས་ཀྱི་རྣལ་འབྱོར་མཁས་པས་གོམས་པ་བྱས་ན་བདག་ཉིད་དེ་ཡི་ཆར་ཐིམ་པ་ཡིན་པས་ན། ཕྱིས་ཡང་སྲིད་ལེན་པ་མི་འགྱུར་ཞེས་པའི་དོན་ཏོ། །དེས་ན་འདི་ལས་ཆེས་ཟབ་པ་གོང་ན་གཞན་མེད་དེ། གསང་ཚིག་ལས། གང་ལས་མཆོག་གྱུར་གཞན་མེད་ཅིང་། །གང་ལས་དམ་པ་གཞན་མེད་ལ། །འདི་ལས་ཕྲར་གྱུར་གཞན་མེད་པས། །སྣ་ཚོགས་འདི་དག་རྒྱུ་གཅིག་ཉིད། །ཅེས་པ་བཞིན་ནོ། །དེས་ན་བདག་གཅིག་ལས་མེད་ཀྱང་། འཁྲུལ་ངོ་ལ་སྲོག་དུ་མར་སྣང་སྟེ། བུམ་པ་བརྒྱ་གྲུབ་པ་ན་དེ་དག་གི་ནམ་མཁའ་བརྒྱ་ཡོད་པ་བཞིན་ནོ། །གང་དག་འཁྲུལ་པ་ཟད་པ་རྣམས་ནི་བདག་ཆེན་པོ་དེར་ཐིམ་པས་འདི་ནི་སྔ་མའམ་འདི་ནི་ཕྱི་མའོ་ཞེས་དབྱེར་མེད་པར་གྱུར་ཏེ། བུམ་པ་གཅིག་གམ་གཉིས་ལ་སོགས་པ་ཆག་པ་ན། དེ་དག་གི་ནམ་མཁའ་ནམ་མཁའ་ཆེན་པོར་ཐིམ་ནས་དབྱེར་མེད་པ་བཞིན་ཏེ། དེ་ཉིད་ལས། བུམ་པ་ལ་སོགས་ཆག་པ་ན། །བུམ་པའི་ནམ་མཁའ་ལ་སོགས་པ། །ནམ་མཁའ་ཆེན་པོར་འདུ་འགྱུར་བ། །དེ་བཞིན་སྲོག་ཀྱང་བདག་འདིར་འདུ། །ཞེས་སོ། །དོན་ལ་ཤེས་བྱའི་རང་བཞིན་འཇིག་མེད་སྟོང་ཉིད་དེ་བདག་ཡིན་ལ། ད་ལྟ་ཅི་ཡང་བསམ་དུ་མེད་པར་གོམས་པས། ཤི་དུས་ལུས་ཞིག་སྲོག་འགགས་ཀྱང་འབྱུང་བ་འབྱུང་བཞིའི་ཆ་ལ་ཞ། སེམས་སྟོང་པ་དེ་ཆོས་ཐམས་ཅད་ཀྱི་སྟོང་པའི་ངང་དུ་དབྱེར་མེད་པས་རྣམ་ཤེས་ནམ་མཁའི་ངང་དུ་ཐིམ་ནས་གྲོལ་བའོ་ཞེས་འདོད་དེ། ཞེས་པ་དང་། ཡང་འདི་ནས་ལམ་གོལ་བར་མི་འཕྱན་པའི་མན་ངག་བསྟན་པ་ནི་དེང་སང་ནང་པའི་གཞུང་ལུགས་ཀྱི་སྤྱིར་ཐོས་བསམ་དང་། ཁྱད་པར་དུ་སྒོམ་པའི་སྐབས་སུ་འདི་ལྟར་དུ་སྨྲ་བ་ཤིན་ཏུ་ཡང་མང་བར་ཡོད་པ་ཡིན་ཏེ། ད་ཕྱིན་ཆད་ཐོད་པ་མགོ་ལ་མི་འགེལ་པར་སྲིད་པའི་མཐར་སྟོང་པ་ཡིན་ཟེར་ནས་མང་དག་ཅིག་གིས་བཤད་པར་སྣང་ངོ་། །ལུས་ཅན་གྱི་སྐྱོན་ཡོན་གྱིས་མ་གོས་པ་ནི། བཟང་ངན། བདེ་སྡུག སྐྱེ་ཤི། དགའ་གདུང་། དགེ་སྡིག་གིས་གོས་པ་མེད་པའོ། །འགྲོ་བ་ལ་མཁས་རྨོངས་དང་། རིགས་བཟང་ངན་ལ་སོགས་པར་སྣང་ཡང་། བདག་གི་ངོ་བོ་དེ་ལ་དེ་དག་མེད་དེ་བུམ་པ་ལ་ཆེ་ཆུང་བཟང་ངན་སྣང་ཡང་ནམ་མཁའ་ལ་མེད་པ་བཞིན་ནོ། །དེ་ཉིད་ལས། དེར་ནི་འབྱུང་བ་ཐམས་ཅད་ཀྱང་། །བདག་ཉིད་དུ་ནི་འདུས་པར་མཐོང་། །བྱིས་དང་མཁས་དང་གདོལ་པ་དང་། །བྲམ་ཟེ་སོགས་རྣམས་མཉམ་པ་ཉིད། །ཅེས་སོ། །དེ་བཞིན་ལྷ་མི་བདེ་བས་བདག་བདེ་བའམ། ངན་འགྲོ་སྡུག་བསྔལ་བས་བདག་བསྡུག་བསྔལ་བ་དེ་ལྟར་མི་འགྱུར་ཏེ། བུམ་པ་གཅིག་གི་ནམ་མཁའ་འཕེལ་བ་དང་། གཞན་འགྲིབ་པས། ནམ་མཁའ་ཆེན་པོ་ལ་འཕེལ་འགྲིབ་མི་བྱེད་པ་བཞིན་ནོ། །གསང་ཚིག་ལས། ཇི་ལྟར་བུམ་པའི་ནམ་མཁའ་གཅིག །རྡུལ་དང་དུ་བས་བསྒྲིབས་པ་ན། །ཐམས་ཅད་དེ་བཞིན་མ་ཡིན་ལྟར། །བདེ་སོགས་དེ་བཞིན་བདག་ལ་མིན། །ཞེས་སོ། །བུམ་པ་གྲུབ་པའམ། ཆག་ཀྱང་ནམ་མཁའ་ལ་སྐྱེ་འགག་མེད་པ་ལྟར། ལུས་ཅན་སྐྱེ་འཆིར་སྣང་ཡང་བདག་ལ་འགྱུར་བ་མེད་དེ། དེ་ཉིད་ལས། བུམ་པ་འབྱུང་ཞིང་འཇིག་པ་ལྟར། །ནམ་མཁའ་དེ་ཡི་བདག་ཉིད་མིན། །ལུས་ཅན་འབྱུང་ཞིང་འཇིག་པ་ལྟར། །དེ་བདག་ཡིན་པས་བདག་མི་འདོད། །ཅེས་སོ། །འབངས་མི་རྨོངས་པ་འགའ་ཞིག་གིས་ཉེས་པ་བྱས་ཏེ་ཆད་པ་བཅད་ཀྱང་རྒྱལ་པོའི་ཉེས་པ་ལ་ཆད་པ་མི་གཅོད་པ་ལྟར། གང་ཟག་འགའ་ཞིག་གིས་སྡིག་པ་བྱས་པས་དམྱལ་བར་སྐྱེས་ཀྱང་། བདག་དེར་སྐྱེ་བ་མེད་དེ། གསང་ཚིག་ལས། ལུས་ལ་གནས་ཀྱང་མ་ཆགས་དང་། །སྤྱོད་པར་བྱེད་ཀྱང་མི་གོས་ཏེ། །འདོད་བཞིན་སྤྱོད་ཀྱང་རྒྱལ་པོ་ནི། །སྡིག་པས་གནོད་པར་མི་འགྱུར་རོ། །ཞེས་སོ། །བློའི་སྤྱོད་ཡུལ་དུ་མ་གྱུར་པ་ནི། དེ་ལས་ཟབ་ཅིང་ཕྲ་བ་མེད་པས་ན་སུས་ཀྱང་རྟོགས་པར་མི་ནུས་པའི་ཕྱིར་རོ། །ངག་གིས་བརྗོད་དུ་མེད་པ་ནི། བདག་དེའི་རང་བཞིན་བདག་ཅག་གིས་བསམ་པར་མི་ནུས་པས་བརྗོད་པ་དང་བྲལ་བ་སྟེ། དེ་ཉིད་ལས། དེ་ནི་རྟག་པ་རྟོག་མེད་པ། །གང་གི་སྤྱོད་ཡུལ་གང་མ་གྱུར། །བློ་ནི་དབྱེ་བས་གྲོགས་རྣམས་ཀྱིས། །དེ་ལ་ཚིག་ཏུ་སྦྱོར་བར་བྱེད། །ཅེས་ཏེ། དོན་ལ་ཤེས་བྱའི་ངོ་བོ་སྟོང་པ་དང་། རང་གི་སེམས་དེའི་རང་བཞིན་བློའི་ཡུལ་ལས་འདས་པས། བརྗོད་དུ་མེད་ནའང་། སྒྲོ་བཏགས་ནས་འཆད་པ་ཙམ་དུ་འདོད་ཅེས་པའོ། །ཡང་འདི་ལས་འཕྲོས་ཏེ་མན་ངག་གི་ཐབས་བསྟན་པ་ནི། རང་སྡེ་ཁ་ཅིག་གིས་སྒོམ་པ་ཡང་རྟོག་མེད་རྩེ་གཅིག་ལས་མི་གཡོ་བ་སྟེ། ཕྱི་ནང་གི་སྟོང་པ་གཉིས་མ་བུ་འཕྲོད་པའི་ངང་ལ་འཇོག་ཅེས་འདོད་པ་དེ་དག་དང་གཅིག་པ་ཡིན་ནོ། །ས་སྐྱ་པཎ་ཆེན་གྱིས། གང་ཟག་གི་བདག་མེད་མ་རྟོགས་ན། མུ་སྟེགས་ཅན་རྣམས་དང་ཁྱད་པར་མེད་པ་དང་། ཆོས་ཀྱི་བདག་མེད་མ་རྟོགས་ན། ཉན་ཐོས་ཀྱི་སྒོམ་དང་ཁྱད་པར་མེད་པས་བདག་མེད་རྣམ་གཉིས་རྟོགས་པ་ལ། ཐོག་མར་ཐོས་བསམ་གྱི་ཤེས་རབ་ཀྱིས་སྒྲོ་འདོགས་གཅད་དགོས་ཤིང་། ཐོས་བསམ་ལ་མ་ལྟོས་པར་བདག་མེད་རྟོགས་མི་སྲིད་པ་དང་། བདག་མེད་མ་རྟོགས་ན་བདག་མེད་སྒོམ་མི་ཤེས། སྒོམ་མ་ཤེས་ན་བསྒོམས་བྱུང་གི་ཤེས་རབ་མི་སྐྱེ་ཞིང་། བསྒོམས་བྱུང་གི་ཤེས་རབ་མ་སྐྱེས་ན། འཕགས་པའི་མཐོང་ལམ་མི་སྐྱེ་བ་དགོངས་པ་རབ་གསལ་ལས་གསུངས་པ་དང་། རྗེ་ཙོང་ཁ་པས་ཀྱང་། ལམ་རིམ་ལས་དེ་འདྲ་བ་དེ་རྒྱ་ནག་མཁན་པོའི་ཕྱོགས་སུ་གླན་ནས་སྐྱོན་བརྗོད་པ་དང་། ཀློང་ཆེན་པས་རྫོགས་ཆེན་གྱི་སྐབས་ཀྱི་རིག་སྟོང་ཟུང་འཇུག་དང་། དབྱིངས་དང་རིག་པ་གཉིས་མེད་ཀྱི་འོད་གསལ་མ་བུའི་བྱེད་པ་ཀློང་དུ་མ་གྱུར་ནས་སྒོམ་མ་ཤེས་ན་འདི་བཞིན་མ་རྟོགས་དངོས་འགལ་ཅན་གྱི་ལོག་རྟོག་ཡིན་ཅེས་གངས་ལྗོངས་འཇམ་དབྱངས་རྣམས་གསུམ་གྱི་དགོངས་པའི་མཐིལ་གཅིག་ལ་བབ་པའི་སྒྲུབ་བྱེད་ཀྱི་རིགས་པས་བསྒྲུབས་ནས་དགོངས་པ་ལེན་པ་གལ་ཆེ་བ་ཡིན། ད་ནི་དེ་ལྟར་ཡིན་པའི་སྒྲུབ་བྱེད་འགོད་དེ། བདག་དེ་ཐམས་ཅད་ན་ཁྱབ་པར་ཡོད་དེ་བདག་གི་ཡོན་ཏན་བདེ་སྡུག་ཐམས་ཅད་ན་ཁྱབ་པར་ཡོད་པའི་ཕྱིར་དཔེར་ན་ནམ་མཁའ་བཞིན་ནོ། །ཡང་བདག་དེ་ནི་ཁྱབ་པར་ཡོད་དེ་རྟག་པའི་ཕྱིར་རོ། །དེ་ཡང་མ་ཁྱབ་ན་ནི་མི་རྟག་པར་འགྱུར་ཏེ། མ་ཁྱབ་པའི་སར་གོ་འཕོར་ཡོད་པ་དང་། འགའ་ཞིག་དེར་འོངས་ཤིང་རེས་རེག་པ་དང་རེས་མི་རེག་པར་འགྱུར་བའི་ཕྱིར་རོ། །དེ་ལྟ་བུའི་གནས་ལུགས་ཤེས་པས་གྲོལ་བ་ནི། རྨི་ལམ་ན་ལས་བྱེད་པ་དང་འབྲས་བུ་མྱོང་བར་སྣང་ཞིང་། དེ་ལ་ཡོད་པར་ཡང་ཞེན་པ་ལྟར་བདག་མ་ཤེས་ཀྱི་བར་དུ་འཁྲུལ་པ་ལས། དགེ་བ་བཅུ་སྤྱོད་པ་དང་། དེས་མཐོ་རིས་ཐོབ་པར་སྣང་བ་དང་། མི་དགེ་བ་བཅུ་སྤྱོད་པ་དང་། དེས་ངན་འགྲོར་སྐྱེ་བར་སྣང་བས་ན། མ་རྟོགས་བར་དུ་དགེ་སྡིག་ལ་ལྟོས་དགོས་པ་ཡིན་ཏེ། བདག་མ་ཤེས་ཤིང་མ་རྟོགས་པས་རྨི་ལམ་ལྟ་བུའི་བདེ་སྡུག་ལ་འདོར་ལེན་བྱེད་དགོས་པའི་ཕྱིར་ཏེ། སྔ་མ་གསང་ཚིག་ལས། རྨི་ལམ་ལོངས་སྤྱོད་ང་རྒྱལ་བཞིན། །ལས་རྣམས་སོགས་ཤིང་དགེ་བ་དང་། །མི་དགེའི་འབྲས་བུ་སྤྱོད་པ་ཡིན། །ཞེས་སོ། །གཉིད་སད་ཙམ་ན་རྨི་ལམ་གྱི་བྱ་བཞག་འཁྲུལ་པ་དོན་མེད་དུ་ཤེས་པ་ལྟར། བདག་རྟོགས་ཙམ་ན་དགེ་སྡིག་གཉིས་ཀའང་འཁོར་བའི་རྒྱུར་རིགས་ཏེ། ཅི་ཡང་མ་བྱས་པས་གྲོལ་བར་འགྱུར་ཏེ། གསང་ཚིག་དེ་ཉིད་ལས། བྱེད་པོ་དབང་ཕྱུག་གསེར་མདོག་ཏུ། །གང་གིས་མཐོང་ཞིང་ལྟ་བ་དེ། །སྡིག་དང་བསོད་ནམས་ལས་འདས་ནས། །མཆོག་ཏུ་ཞི་བ་ཐོབ་པར་འགྱུར། །ཞེས་པ་དང་། ལོ་མ་ཅན་གྱི་གསང་ཚིག་ལས། དེ་ནི་ཕྲར་གྱུར་སྐྱེ་གནས་རྣམས་ལ་གཅིག་པུར་གནས། །དེས་ནི་རྒྱས་པ་འདི་དག་ཡང་དག་བསགས་པ་ཡིན། །དེ་ནི་གཙོ་བོ་མཆོག་དང་ལྷ་དང་བསྟོད་བྱ་སྟེ། །བདག་དེས་བཟུང་ནས་ཤིན་ཏུ་ཞི་བར་འགྲོ་བར་འགྱུར། །ཞེས་པ་བཞིན་ནོ། །དེང་སང་བསམ་གཏན་པའི་མཆོག་དག་གི་མིང་དང་འབྱོར་བའི་དཔལ་གྱིས་མཐོ་བ་གྲགས་པ་དང་བསོད་ནམས་ཀྱིས་རབ་ཏུ་བརྒྱན་པ་འགའ་ཞིག་དག་ནི་འདི་ལྟར་བཞེད་དེ་།འགྲོ་བ་འདི་ལྟར་སྣང་བ་རིགས་རྣམ་པ་སྣ་ཚོགས་སུ་སྣང་ཡང་། ཤེས་རྒྱུད་གཅིག་ཡིན་ཏེ་ཕན་ཚུན་གཅིག་གིས་གཅིག་མཐོང་བ་ཀུན་དེ་དང་དེའི་སེམས་སུ་གཅིག་པའི་ཕྱིར་རོ། །གཤིས་ལ་གང་ཡང་མེད་པས་ལམ་དུ་ཅི་ཡང་མི་བྱེད་དེ་བྱས་པ་ཉིད་ཀྱིས་འཁོར་བ་ཡིན་ནོ། །འདུས་བྱས་དགེ་བཅུ་ལ་སོགས་པ་འདི་དག་མ་རྟོགས་པའི་སེམས་ཅན་གྱི་འཁྲུལ་སྣང་བཟང་འཁོར་དང་། མི་དགེ་བ་ངན་འཁོར་སྒྲུབ་པ་རྨི་ལམ་ནང་དང་འདྲ་ལ། རྣལ་འབྱོར་པ་གཉིད་སད་པ་ལྟ་བུས་བླ་མའི་མན་ངག་བྱར་མེད་སྟོང་པའི་ངང་ལ་ཅི་ཡང་མི་བྱེད་པས་གྲོལ་བ་ཡིན་ནོ། །ད་ལྟ་སངས་རྒྱས་ཡིན་པས་སྐྱེད་འདོན་དུ་མེད། སྒྱུ་ལུས་འདོར་ཡང་སེམས་དང་སྟོང་ཉིད་དབྱེར་མེད་པས་རྣམ་ཤེས་ནམ་མཁར་ཐིམ་སྟེ་ཆོས་སྐུ་འོད་གསལ་གྱི་ངང་ལ་གནས་པའོ་ཞེས་རང་ཡང་ཐུགས་ཉམས་སུ་བཞེས་ཤིང་། གཞན་ལའང་དེ་བསྟན་པས་སློབ་མའི་ཚོགས་སྐར་ཚོགས་ལྟར་རྒྱས་པ་ནི། གསང་བ་པའི་སློབ་དཔོན་གྱིས་མན་ངག་ཟབ་མོ་ཐུགས་ཉམས་སུ་བཞེས་ནས་རྒྱས་པར་མཛད་པ་ཡིན་ནོ། །ཞེས་དེ་ལྟ་བུའི་བླུན་པོ་དབང་འབྱོར་ཅན་གྱི་མགོ་འཕང་མཐོ་ནས། རི་ཁུག་ལུང་ཁུག་ཏུ་ཐོས་པས་འཚོ་བའི་བན་དེ་ཉམས་ཆུང་ཚོ་དབང་མེད་དུ་འགྱུར་བའི་སྐབས་འདིར་རྨོངས་པའི་ཁྱུ་ཚོགས་ནི། ར་ཁྱུ་ལུག་འགྲོག་བྱེད་པ་ཙམ་ལས་ཅི་ཡང་མི་ཤེས་པའི་དུས་ངན་ལ་སྐྱོའོ་ཞེས་པའོ། །ཨེ་མ་དེང་སང་བསྟན་པ་ཡི། །ཉི་མའང་ནུབ་ཀྱི་རི་མགོར་ལྷུང་། །མདོ་རྒྱུད་ཟེར་གྱི་སྣང་བ་ཡང་། །མཁས་གྲུབ་འགའ་ལས་གང་ནའང་དཀོན། །དེ་དག་གཞུང་ལ་བརྟེན་རྣམས་ཀྱང་། །གཞན་དུ་ལོག་པའི་བཤེས་ཀྱིས་ཁྲིད། །མིག་ལྡན་འགྲོ་བའང་མདོངས་གྱུར་ཅིང་། །འབྱུང་པོའི་བྱ་རྣམས་དགའ་བའི་དུས། །ཆོས་མ་ཡིན་རྣམས་རྒྱས་ལ་ལྟོས། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པས་གདམ་པ་གནང་བའོ། །དེ་ལྟར་ན་བདག་དེ་ཀུན་ལ་ཁྱབ་ཀྱང་མ་རྟོགས་པ་འཁོར་བར་འཁྱམས་པས། ད་ནི་ཤེས་ནས་ཅི་ཡང་མི་བྱེད་པའི་དོན་ལ་བསྒོམ་པར་བྱའོ་ཞེས་གསང་བ་པས་གཞུང་ཟབ་མོ་དམ་བཅས་པ་ཡིན་ནོ། །དེ་དགག་པ་ལ་གསུམ་སྟེ། སྒྲུབ་བྱེད་མེད་པ་དང་། གནོད་བྱེད་ཡོད་པ་དང་། ཤེས་པས་མི་གྲོལ་བའོ། །དང་པོ་ནི། བདེ་སྡུག་ཙམ་ཡོད་པས་བདག་བསྒྲུབས་ན་ཁྱབ་པ་མེད་ལ། བདག་གི་ཡོན་ཏན་གྱི་བདེ་སྡུག་རྟགས་སུ་འགོད་ན་རྩོད་གཞི་ཆོས་ཅན་གྱི་སྟེང་དུ་རྟགས་དེ་མ་གྲུབ་པས་ན་ཕྱོགས་ཆོས་མ་གྲུབ་སྟེ། བདག་མ་གྲུབ་པའི་ཕྱིར་བདག་གི་ཡོན་ཏན་མ་གྲུབ་བོ། །རྟག་པའི་ཕྱིར་ཐམས་ཅད་དུ་ཡོད་ཅེས་པའང་། གང་དུ་མ་ཁྱབ་པར་དེར་གསར་དུ་འཕོ་རུང་པ་ཡིན་པས་ན་རྟག་པར་དེ་ན་མེད་པ་བདེན་མོད་ཀྱི། འོན་ཀྱང་ཕྱོགས་ཆོས་མ་གྲུབ་སྟེ། བདག་གཞི་མ་གྲུབ་པས་ཆོས་ཅན་མ་གྲུབ་པའི་ཕྱིར་རོ། །གནོད་བྱེད་ཡོད་པ་ལ་གསུམ་སྟེ། དོན་མི་འཐད། དཔེ་མ་གྲུབ། གོམས་པ་མེད་པའོ། །དང་པོ་ལའང་སྣང་རུང་དང་མཚུངས་པ། གཟུགས་ཡོད་མེད་དུ་མི་རུང་བ། ཡན་ལག་ཏུ་མི་རུང་བ། འབྱུང་འཇིག་གི་རྟེན་དུ་མི་རུང་བ། སྐྱོན་ཡོན་གྱིས་མི་གོས་པ་མི་རུང་བ། བསམ་བརྗོད་དང་བྲལ་བ་མི་རུང་བ། བྱ་བ་མི་བྱེད་པར་ཐལ་བ་དང་བདུན་ལས། དང་པོ་ནི། བདག་དུ་མར་ཐལ་ཏེ་བདག་ཀུན་ལ་ཁྱབ་པར་ཁས་བླངས་པས་ན་སྣང་རུང་གི་ཤེས་བྱ་དུ་མ་ཡོད་པས་དུ་མར་སྣང་བའི་ཕྱིར་རོ། །གཉིས་པ་ནི། བདག་དེ་ལ་གཟུགས་ཡོད་པར་མི་རུང་སྟེ། སྣོད་བཅུད་འདི་དག་ཙམ་ཞིག་དེའི་གཟུགས་ཡིན་ན་བདག་ཡོད་པ་དོན་མེད་ལ། དེ་ལས་གཞན་གཟུགས་སུ་ཡོད་པ་ཡིན་ན་སྣོད་བཅུད་ཀྱི་གོར་གནས་སུ་མི་རུང་བའི་ཕྱིར་ན་ཟུར་དུ་ཡོད་དགོས་པ་དང་། བདག་དེ་ཉིད་ཡོད་པ་དངོས་སུ་མཐོང་དགོས་པར་ཡང་ཐལ་བའི་ཕྱིར་རོ། །ཁྱབ་པ་ཡོད་དེ་མི་སྣང་ན་སྣོད་བཅུད་ཀྱང་མི་མཐོང་སྣང་ན་སྣང་བར་ངོ་བོ་གཅིག་པར་མཚུངས་པའི་ཕྱིར་རོ། །འོ་ན་ཁྱོད་ཅག་གིས་སྣང་བ་སྒྱུ་མར་ངེས་པ་ལ་ཡང་མཚུངས་སོ་ཞེ་ན། དེ་ནི་སྣང་བ་ཉིད་ཆ་ཤས་མེད་ལ་སྣང་བའི་ཆོས་དེ་ཉིད་སྒྱུ་མར་འདོད་ཀྱི། དེ་ལ་ཁྱབ་པའི་སྒྱུ་མ་ལོགས་སུ་མི་འདོད་པས་ཁྱོད་ཀྱིས་འདོད་པའི་བདག་དང་མི་མཚུངས་སོ། །དེས་ན་གཟུགས་ཡོད་མེད་དང་མཐོང་མི་མཐོང་འདྲེ་བཞིན་ཏེ་འདྲེས་ནས་ཡོད་པ་མི་འཐད་པས་ཡོད་པར་མི་རུང་བ་ཉིད་དོ། །རྡུལ་ཕྲན་ལ་སོགས་པར་བརྟགས་པས་ཀྱང་མེད་པ་ཉིད་དོ། །གསུམ་པ་ནི། གྲུ་བཞི་ལ་སོགས་པའི་དབྱིབས་རྣམས་མཐའ་སྐོར་ཁོ་ནའི་དབྱིབས་ཀྱིས་འཇོག་སྟེ་གྲུ་གསུམ་དང་གྲུ་བཞི་ལ་སོགས་པའི་དབུས་ལ་ཁྱད་པར་མེད་ལ། མཐའ་དེ་ཡང་བརྟགས་ན་མེད་པས་རྐང་ལག་དང་དབྱིབས་སུ་མི་སྲིད་དོ། །འཇིག་རྟེན་རྣམས་ལ་མཐའ་མེད་པ་ལས། མགོ་དང་རྐང་ལག་གི་རིམ་པ་མི་གནས་པའི་ཕྱིར་ཏེ། མ་གྲུབ་པ་ཡིན་པའོ། །སྟེང་མགོ་ཡིན་འོག་རྐང་པ་ཡིན་ན། མདུན་གྱི་བུམ་པ་འདི་མགོ་རྐང་གཉིས་ཀ་ཡིན་པར་ཐལ་ཏེ། ཅིའི་ཕྱིར་ཞེ་ན། ལྷའི་འོག་ཡིན་པས་རྐང་པ་ཡིན་དགོས་པ་དང་། དམྱལ་བའི་སྟེང་ན་ཡོད་པ་ཡིན་པས་ན་མགོ་ཡིན་པའི་ཕྱིར་རོ། །སྐྱེས་པ་དང་བུད་མེད་གཡས་གཡོན་ཡིན་ན། དེ་དག་འགྲོ་དུས་བདག་འགྲོ་བར་ཐལ། བདག་གི་རྐེད་པ་སྐྱེས་པ་བུད་མེད་འགྲོ་བའི་ཕྱིར་རོ། །འདོད་ན་འགྱུར་མེད་རྟག་པ་བུད་དོ། །རི་བོ་བྲང་ཡིན་ན་རི་ཞིག་དུས་བྲང་ཞིག་པར་ཐལ་ལོ། །བཞི་པ་ནི། ལུས་ཅན་རྣམས་དང་རི་ལ་སོགས་པ་མེད་པ་ཙམ་ན་བདག་ཀྱང་མེད་པར་ཐལ་ཞིང་། དུས་འགྱུར་བ་ལྟར་དུ་བདག་ཀྱང་འགྱུར་བར་ཐལ་ལོ། །ལྔ་པ་ནི། ལྷ་སྦྱིན་ལ་བདག་གིས་ཁྱབ་པས་ལྷ་སྦྱིན་དམྱལ་བར་འཚོད་ཀྱང་། བདག་མི་འཚོད་ན་ལྷ་སྦྱིན་དང་དེའི་བདག་རྫས་སམ་ངོ་བོ་མི་གཅིག་པར་འགྱུར་བའི་ཕྱིར་ཏེ་བདག་གིས་ལྷ་སྦྱིན་ལ་མ་ཁྱབ་པའི་ཕྱིར་རོ། །དྲུག་པ་ནི། སྤྱིའམ་རྣམ་པ་ཙམ་བསམ་བརྗོད་དུ་མི་རུང་ན་ཐོས་བསམ་བྱར་མི་རུང་ཞིང་། དོན་བསམ་དུ་མི་རུང་ན་ཁྱེད་ཚང་གི་ལུང་ལས། རྣལ་འབྱོར་པ་ཡིས་གོམས་བྱས་ན། ཞེས་པ་བཞིན་དུ་གྲོལ་བ་ཐོབ་པ་མི་སྲིད་པར་ཐལ་ལོ། །སུས་ཀྱང་ནམ་ཡང་བརྗོད་ཅིང་བསམ་དུ་མི་རུང་ན་ཤེས་བྱ་ལ་མེད་པར་ཐལ་བའི་ཕྱིར་རོ། །བདུན་པ་ནི། བདག་དེས་བྱ་བ་ཅུང་ཟད་ཀྱང་མི་བྱེད་པར་ཐལ་ཏེ་ཀུན་ཏུ་ཁྱབ་ཅིང་རྟག་པའི་ཕྱིར་རོ། །རེས་འགའ་བ་ལ་རྟག་པ་མེད་པས་དེ་ཡང་བྱ་བ་བྱེད་པ་ལ་རེས་འགའ་དུ་མ་འགྲོ་འོང་དུ་ཡོད་པ་ལ་སོགས་པ་ཡིན་ན། བདག་དེས་དེ་མི་བྱེད་པར་འདོད་པའི་ཕྱིར་རོ། །བདག་དེས་རང་གིས་མ་ཁྱབ་པར་ཕར་གཏོང་བ་མེད་ཅིང་གཞན་ཚུར་འོང་བ་མེད་དེ་ཡེ་ནས་བདག་གི་ཁོང་ན་ཡོད་པའི་ཕྱིར་སྒྱུ་མ་བཞིན་ནོ། །དེས་ན་བདག་གིས་ཀུན་ལ་ཁྱབ་པ་མེད་དོ། །བདག་ལ་ཁྱབ་བྱ་དང་ཁྱབ་བྱེད་མེད་པ་ལྟར་དུ་བདག་མེད་ཀྱིས་ཀྱང་ཁྱབ་བྱ་ཁྱབ་བྱེད་དུ་མེད་དེ། གང་དུའང་གྲུབ་པ་མེད་པའི་ཕྱིར་སྤྲོས་པ་ལས་འདས་པ་ཉིད་དང་། ཁྱབ་མ་ཁྱབ་སྒྲོ་བཏགས་པ་ལས་གུད་དམ་ཟུར་ན་ཡང་མེད་པའི་ཕྱིར་རོ། །བདག་མེད་ཅེས་བརྗོད་ཀྱང་། ཁྱབ་མ་ཁྱབ་ཏུ་ཁས་མི་བླང་བ་ནི་དབུ་མའི་ལམ་མོ། །ཞེས་སོ། །རིན་ཆེན་ཕྲེང་བ་ལས། ཡོད་པ་པ་ནི་བདེ་འགྲོ་འགྲོ། །མེད་པ་པ་ནི་ངན་འགྲོ་འགྲོ། །ཞེས་པས་མཐའ་ལ་མི་གནས་པའི་དབུ་མའི་ལམ་གྱིས་གྲོལ་བ་འགྱུར་བ་དང་། དབུ་མ་ཉིད་ལའང་བརྟག་ཏུ་མེད་པ་ནི་བློ་འདས་བསམ་བརྗོད་བྲལ་བའི་ལམ་སྐྱོན་མེད་ཡིན་པར་བསྟན་པའོ། །སྤྱོད་འཇུག་ལས། ཀུན་ཏུ་སོང་ལ་བྱ་བ་མེད། །བྱ་བ་དང་ལྡན་རྟག་པ་མེད། །བྱ་བ་མེད་པ་མེད་དང་མཚུངས། །བདག་མེད་ལ་ཁྱོད་ཅིས་མི་དགའ། །ཞེས་སོ། །འོ་ན་རི་མི་འགུལ་ཡང་ཤིང་དང་རྩྭ་སྐྱེས་པའི་བྱ་བ་བྱེད་པ་བཞིན་ནོ་ཞེ་ན་མི་མཚུངས་ཏེ། རིས་མ་ཁྱབ་པའི་སྟེང་ནའང་ཤིང་སྐྱེ་བ་ཉིད་དང་། སྡོང་པོའི་རྩ་བས་ཆོད་པ་ན་རིའི་ས་མེད་པར་ཕུལ་བའི་ཕྱིར་རོ། །ཞེས་པའི་དོན། འགྲོ་འོང་སོགས་མེད་ན་བྱ་བ་བྱེད་པ་མི་འཐད་པར་བསྟན་པ་ལ། རི་མི་འགུལ་ཀྱང་རྩྭ་སོགས་བསྐྱེད་པ་ལྟར་བདག་ཆེན་པོ་ཁྱབ་ཅིང་རྟག་པ་འགྲོ་འོང་སོགས་མི་བྱེད་ཀྱང་བྱ་བ་བྱེད་སྙམ་ན་མི་འཐད་དེ། རིས་མ་ཁྱབ་པའི་སྟེང་ནའང་ཤིང་སྐྱེ་བ་ཉིད་དང་ཞེས། ཤིང་སྡོང་གི་རྩེ་མོ་ལྟ་བུ་ལ་རིས་མ་ཁྱབ་བཞིན་དུ་སྐྱེ་བ་ཡོད་པས་ན། བདག་གིས་ཁྱབ་བཞིན་དུ་སྐྱེད་པའི་དཔེར་མི་རུང་ངོ་། །སྡོང་པོའི་རྩ་བ་སྐྲད་ཀྱིས་གར་ཆོད་པའམ་ཁྱབ་པ་ན་རི་ཡིས་མེད་པར་ཕུལ་བའམ་དེད་པའི་ཕྱིར་རིས་ཤིང་ལ་མ་ཁྱབ་བོ། །ཞེས་པ་ལྟར་བཤད་ཀྱང་ཆོག་མོད་ལར་འབྲུ་ཟུར་ཅུང་ཉམས་པའམ་ཡང་ན་སྡོང་པོའི་རྩ་བ་ཞེས་དཔེ་ལ་ལར་བྱེད་སྒྲ་མེད་པ་ལྟར་ན་མཚོན་སོགས་ཀྱིས་བཅད་པའི་དོན་སོགས་སྣ་ཚོགས་སུ་བཤད་ན་རིགས་པའི་འཇུག་ཚུལ་དང་སྐྱོན་འཕུལ་ཚུལ་སྣ་ཚོགས་འོངས་ཀྱང་མ་སྤྲོས་ལ་སྤྱིར་རིགས་པའི་འཇུག་པ་མཐའ་ཡས་པའི་གོ་བས་ཚིག་གི་ཟུར་གཅོད་ཚུལ་སོགས་སྣ་ཚོགས་ཤིག་འོང་བས་ན་འདི་དང་འདི་འདྲའི་རིགས་ཕལ་མོ་ཆེ་ལ་དོན་གྱི་གནད་ལ་འགལ་བ་མེད་ཕན་ཆོད་ཚིག་གི་བབ་གོ་བ་འདྲ་མིན་སྣ་ཚོགས་ལེན་ཤེས་པ་ནི་བློ་གྲོས་འཇུག་པ་ཡངས་པའི་མཐུ་ཡིན་པས་ཕྱོགས་གཅིག་གི་མུན་འཐམ་སྤངས་ལ་སླར་ཡང་ཇི་བདེར་དཔྱོད་ཅིག དེ་ལྟར་ན་བདག་ཡོད་པ་འདོད་པའི་ཕྱི་རོལ་པ་དག་ཀྱང་འདོད་པ་མི་མཐུན་པ་ཡིན་ལ་བདག་དེ་ནི་ཕྱི་རོལ་པ་ཁ་ཅིག་གིས། སྐྱེས་བུའི་ལུས་བདག་ཡིན་ཏེ། ལུས་ཤོང་བ་དང་མི་ཤོང་བ་ལ་བདག་ཤོང་ངོ་ཞེས་སྨྲ་བའི་ཕྱིར་ཞེའོ། །ཁ་ཅིག་ནི། དེ་ནི་མི་རུང་སྟེ། གླང་པོ་ཆེ་ཤི་ནས་གྲོག་མར་སྐྱེ་བ་ལ། ཆེན་པོ་ལས་ཆུང་ངུར་གྱུར་པས་ན་བདག་མི་རྟག་པར་འགྱུར་བའི་ཕྱིར་ཟེར་ཏེ། བདག་གི་དངོས་པོ་ཡུངས་འབྲུ་ཙམ་ཅིག་གམ། རྡུལ་ཕྲན་ཕྲ་མོ་ཙམ་ཅིག་དང་པོར་སྐྱེ་ཙམ་ན་སྙིང་གི་དཀྱིལ་དུ་འཇུག་ལུས་ལ་གནས། ཤི་དུས་འཐོན་ནས་གཞན་དུ་འཕོ་བ་ཡིན་ཏེ། ཕན་པའི་ཡལ་ག་ལས། བདག་ནི་རྟག་ལ་བློ་ནི་འགྱུར། །རྫ་ཆག་བྱེའུ་འཕུར་བཞིན་དུ་འགྲོ། །ཞེས་སོ། །ཁ་ཅིག་དེ་ཡང་མི་རུང་སྟེ། ཤར་ནས་ནུབ། དབུས་ནས་མཐའ། འདི་ནས་ཕ་རོལ་ཏུ་ནུར་བར་འགྲོ་ལ། ནུར་ན་མི་རྟག་པར་འགྲོ་བས། བདག་ཐམས་ཅད་ན་ཁྱབ་པར་ཡོད་དེ། དེ་ལ་ཆེ་ཆུང་དང་འཕོ་འགྱུར་མེད་པར་གནས་པས་ན་ནམ་མཁའ་བཞིན་ནོ། །དཔེར་ན་ནམ་མཁའ་ཁྱབ་པར་ཡོད་པས་ཕྱོགས་གང་དུ་བུམ་པ་ལ་སོགས་པའི་སྣོད་ཀྱི་ནང་དུ་མཚུངས་པར་ཁྱབ་པར་ཞུགས་པ་བཞིན་ནོ། །ཞེས་འདོད་དོ། །དེ་ལྟ་མོད་ཀྱི་བདག་ཟེར་བ་ཞིག་ཡོད་ན་རྟག་མི་རྟག་གཉིས་ལས་མ་འདས་ཤིང་དེའང་ཁྱབ་མ་ཁྱབ་ཀྱི་དབང་དུ་བྱས་ན་མ་ཁྱབ་པ་འཕོ་བའི་བདག་རྫ་ཆག་བྱེའུ་འཕུར་ལྟ་བུ་ནི་མི་རྟག་པར་འགྱུར་ལ། ཁྱབ་པ་བརྟན་པའི་བདག་ནི་དོན་བྱེད་མི་ནུས་པའི་ཕྱིར་དོན་མེད་པར་འགྱུར་ཏེ། བཞི་བརྒྱ་པ་ལས། ལ་ལས་ཡུངས་འབྲུ་ཙམ་ཞིག་མཐོང་། །ལ་ལས་སྐྱེས་བུའི་ལུས་ཙམ་ཞིག །ལ་ལས་ཀུན་ཏུ་སོང་བར་མཐོང་། །ཤེས་རབ་ཅན་གྱིས་མེད་ཅེས་རྟོགས། །ཞེས་སོ། །དཔེ་མ་གྲུབ་པ་ནི། ནམ་མཁའ་དང་བུམ་པ་དང་རྒྱལ་པོ་རྣམས་དཔེར་བཞག་ཀྱང་དེ་དག་ཀྱང་མ་གྲུབ་པས་བདག་མི་འགྲུབ་པ་དང་། ནམ་མཁའ་གཞི་མེད་ལྟར་བདག་གི་དཔེར་མི་རུང་བ་དང་། བུམ་པ་ཐ་དད་པ་ལྟར་ཡང་དཔེར་དེ་ཡང་དཔེར་མི་རུང་བ་དང་། རྒྱལ་པོས་དམངས་ལ་མ་ཁྱབ་སྟེ། ངོ་བོ་རྫས་ཐ་དད་པའི་ཕྱིར་ཡང་དཔེ་མ་གྲུབ་བོ། །དེ་ཉིད་ལམ་དུ་བྱས་ཏེ་བསྒོམས་ན་གོམས་པ་དོན་མེད་པ། སེམས་ཉིད་རྟག་པ་ཡིན་ན། ལམ་སྒོམ་པ་ལ་དོན་མེད་དེ་སྐྱོན་རྙིང་པ་འདོར། ཡོན་ཏན་གསར་དུ་ལེན། རྒྱུད་ལ་སྔར་བས་བོགས་ཐོན་པ་རྣམས་མི་རུང་བ་ཡིན་པས་གྲོལ་བ་མེད་པར་ཐལ་བའི་ཕྱིར་རོ། །སློབ་དཔོན་ཨརྱ་དེ་ཝས་བཞི་བརྒྱ་པ་དེ་ཉིད་ལས། རྟག་ལ་གནོད་པ་ག་ལ་ཞིག །གནོད་མེད་ཐར་པ་ག་ལ་ཡོད། །ཅེས་པ་ལྟར་རོ། །གནས་སྐབས་མི་རྟག་པ་བཀག་ཟིན་ཏོ། །ཤེས་པས་མི་གྲོལ་བ་ནི། བདག་དེ་ཤེས་པས་མི་གྲོལ་ཏེ་ཤེས་བྱར་མ་གྲུབ་པའི་ཕྱིར་གཙོ་བོ་བཞིན་ནོ། །མེད་པ་ལ་ཡོད་པར་བསྒོམས་པས་སླར་ཡང་མི་གྲོལ་ཏེ་ལོག་ཤེས་ཡིན་པའི་ཕྱིར་རོ། །མདོར་ན་ཐམས་ཅད་བདག་གཅིག་གི་རང་བཞིན་མིན་ཏེ། སྣ་ཚོགས་པའི་དངོས་པོར་སྣང་ཞིང་མི་རྟག་པའི་ཕྱིར། གལ་ཏེ་རྟག་པ་ཡིན་ན་ནི་འབྱུང་འཇིག་གི་རྟེན་ཏུ་གྱུར་པའི་ཁྱད་པར་མི་འཐད་ཅིང་། སྐྱེས་བུའི་ལུས་ཀྱི་ཐ་སྙད་དུ་བློས་བཀོད་པ་དག་ཀྱང་རིམ་པ་འཁྲུགས་པ་སོགས་ཀྱིས་མི་འཐད་ཅིང་། བསམ་བརྗོད་མེད་པའི་བདག་དེ་འདྲ་ཡོད་པར་ཤེས་བྱེད་ཀྱི་ཚད་མ་མེད་པས་དམ་བཅའ་ཙམ་དུ་ཐལ་བ་སོགས་ཀྱིས་ཁེགས་སོ། །ཚུལ་འདིས་རང་གི་ཕྱོགས་སུ་ཁས་འཆེ་བ། ཆོས་ཐམས་ཅད་རང་གི་སེམས་སུ་འདོད་པ་དང་། སེམས་འགྱུར་མེད་དུ་འདོད་པ་དང་། ལྟ་བ་རྟོགས་ནས་བསོད་ནམས་ཀྱི་ཚོགས་དགེ་བ་མི་དགོས་པར་འདོད་པ་རྣམས་ཀྱང་བཀག་ཟིན་པར་ལྟའོ། །ཁོ་བོ་ཅག་ནི། སེམས་ཉིད་དང་། ཆོས་ཉིད་དང་། གཞི་ཞེས་པའི་ཆོས་སུ་བློས་སྒྲོ་མི་འདོགས་ཤིང་། སྣང་ཚོད་ཚོགས་གཉིས་དང་། རྒྱུ་འབྲས་ལ་སྐུར་པ་མི་འདེབས་པས་སྣང་སྟོང་གཞི་མེད་སྒྱུ་མའི་ཚུལ་གྱིས་བྱང་ཆུབ་བསྒྲུབ་པ་ཡིན་ནོ། །ཞེས་སྟོང་བ་ཤེས་རབ་བརྗོད་དུ་མེད་པའི་དབྱིངས་དང་། སྣང་བ་ཐབས་རིག་པའི་ཡེ་ཤེས་གཉིས་ཀ གཅིག་ཐ་དད་ཀྱི་སྒྲོ་འདོགས་ལས་འདས་པའི་གདོད་ནས་འདུ་འབྲལ་མེད་པའི་སྣང་སྟོང་དབྱེར་མེད་རོ་གཅིག་པའི་དགོངས་པ་ཡི་བདེན་གཉིས་དབྱེར་མེད་ཀྱིས་གཞི་བྱས། ཚོགས་གཉིས་དབྱེར་མེད་ཀྱིས་ལམ་བྱས། སྐུ་གཉིས་དབྱེར་མེད་ཟུང་འཇུག་གི་ཀློང་དུ་བྱང་ཆུབ་པའི་ཚུལ་བསྟན་ཅིང་སྒྲུབ་པ་ཡིན་ནོ། །དེས་ཕྱོགས་སྔའི་འདོད་པ་བཀོད་པ་དང་། དེ་ནས་ལོག་རྟོག་དེ་དགག ཞོར་དུ་རང་སྡེའི་བསྟན་པའི་བྱི་དོར་དང་བཅས་ཏེ། རང་ལུགས་འཐད་ལྡན་དུ་སྒྲུབ་པའི་ཚུལ་དེ་ཐམས་ཅད་བསྡོམས་པས་རིག་བྱེད་ཚད་མར་འདོད་པའི་ཕྱོགས་དགག་པ་དང་བཅས་པ་བཤད་ཟིན་ཏོ། །ལྔ་བ།

གཅེར་བུ་པ་བསྟན་པ།

ད་ནི་གཅེར་བུ་པའི་གྲུབ་མཐའ་རྣམ་པར་གཞག་པ་དགག་པ་དང་བཅས་པ་གཏན་ལ་དབབ་པ་ནི། གཅེར་བུ་པ་དག་ཚངས་པའི་རྗེས་འགྲོ་ཞིང་། །རྒྱལ་བས་བསྟན་དེ་ཚད་མར་བྱེད་པ་ཡི། །ཚིག་གི་དོན་བདུན་དུ་མ་གཅིག་པར་འདོད། །དེས་ནི་དམ་པའི་དོན་ཉིད་སྤངས་པས་ན། །སྲིད་པའི་ནགས་ཁྲོད་སྟུག་པོར་གནས་པ་ཡིན། །ཅེས་གསུངས་ཏེ། གཅེར་བུའི་བརྟུལ་ཞུགས་སུ་བྱེད་པ་དག་ནི། ཚངས་པ་ལྷར་འཛིན་ཅིང་། བྲམ་ཟེའི་སྟོན་པ་རྒྱལ་བ་དམ་པའི་རྗེས་སུ་འགྲོ་བས། ཤེས་བྱ་ཐམས་ཅད་ཚིག་དོན་བདུན་དུ་དབྱེ་ཞིང་། གསལ་བ་མཐའ་ཡས་པ་དག་ཀྱང་། ཡུལ་དུས་གྲངས་ཀྱི་དུ་མ་རང་བཞིན་གཅིག་པར་བསྡུས་ཏེ། ལམ་དེས་གྲོལ་བ་གཉེར་བ་རྣམས་ནི་སྲིད་པའི་ནགས་ཐིབས་པོ་ཆེ་རབ་ཏུ་མི་བཟད་པའི་ནང་དུ་ཞུགས་ནས་ཐར་པའི་དུས་སྐབས་དཀའ་བར་གནས་པ་ཡིན་ནོ། །དེའི་གཞུང་རྒྱ་ཆེར་དབྱེ་ན། ཚངས་པ་ལྷར་བྱེད་ཅིང་། རྒྱལ་བ་དམ་པ་སྟོན་པར་འཛིན་པས། རྒྱལ་བྱེད་ལ་སོགས་པའི་གཞུང་ཚད་མར་འཛིན་པའི་ནང་ཚན་ལ། གཅེར་བུ་པ། དཀའ་ཐུབ་པ། ཚངས་པ་པ། ཐལ་བ་པ། ཕྱོགས་ཀྱི་གོས་ཅན་པ། ནམ་མཁའི་གོས་ཅན་པ། རྒྱལ་བ་པ། རྒྱལ་བྱེད་པ། ཀུན་ཏུ་རྒྱུ་ཞེས་བྱ་བར་གྲགས་ཏེ། གཅེར་བུ་པ་ནི་གོས་མེད་པར་སྒྲེན་མོ་བྱེད་པས་གཅེར་བུ་པ། ནམ་མཁའ་མཐོང་སར་གནས་ཤིང་བླ་གབ་མེད་པས་དག་པར་འདོད་པས་ནམ་མཁའི་གོས་ཅན་ནམ་ཕྱོགས་ཀྱི་གོས་ཅན་ཞེས་བྱའོ། །ཟས་སྨྱུང་བ་ལ་སོགས་པའི་དཀའ་བ་སྤྱོད་པས་དཀའ་ཐུབ་པའོ། །ཚངས་པ་ལྷར་འཛིན་པས་ཚངས་པ་པའོ། །བྲམ་ཟེ་རྒྱལ་བ་སྟོན་པར་འཛིན་པས་རྒྱལ་བ་པའོ། །གཞུང་རྒྱལ་བྱེད་ལ་བརྟེན་པས་རྒྱལ་བྱེད་པའོ། །ལུས་ལ་ཐལ་བ་བྱུགས་པས་ཐལ་བ་པའོ། །གནས་ངེས་མེད་ཐམས་ཅད་དུ་འགྲོ་བས་ཀུན་ཏུ་རྒྱུ་ཞེས་བྱའོ། །འདི་དག་གི་ལུགས་ཀྱིས། ཤེས་བྱའི་རབ་ཏུ་དབྱེ་བ་དང་། སྤྱིའི་གནས་ལུགས་གཉིས་སུ་ཐམས་ཅད་སྡུད་པས་ཤེས་བྱའི་དབྱེ་བ་ནི། དོན་རྣམ་པ་བདུན་ཏེ། དཀའ་ཐུབ། སྡོམ་པ། ཉོན་མོངས་པ། བཅིངས་པ། གྲོལ་བ། སྲོག སྲོག་མ་ཡིན་ཏེ། རྒྱལ་བྱེད་ལས། གཅེར་བུ་པ་ནི་དེ་བཞིན་བདུན། །དཀའ་ཐུབ་སྡོམ་པ་ཉོན་མོངས་དང་། །བཅིངས་པ་དང་ནི་གྲོལ་བ་དང། །སྲོག་དང་སྲོག་མིན་རྣམ་གཉིས་སོ། །ཞེས་སོ། །དང་པོ་དཀའ་ཐུབ་ནི། ཟས་མི་ཟ་བ་དང་། གཅེར་བུ་དང་། མེ་ལྔ་བསྟེན་པ་དང་། སློང་མོ་སྤྱོད་པ་དང་། ཕྱུགས་ཀྱི་བརྟུལ་ཞུགས་དང་། སྐྲ་འབལ་བ་ལ་སོགས་པའོ། །དེ་ཡང་འཁོར་བའི་རྒྱུའི་གཙོ་བོ་ཟས་གོས་འཁྲིག་པ་ལ་ཆགས་པ་གསུམ་ཡིན་པས། ལུས་རྒྱགས་པ་སྤང་བའི་ཕྱིར་སྨྱུང་བར་གནས་ཏེ་རླུང་ཟས་སུ་བྱེད་པར་འདོད་དེ། དེ་ཉིད་ལས། ནུབ་གཅིག་གམ་ནི་ནུབ་གསུམ་མམ། །རྟག་ཏུའང་ནི་ཉིན་གཅིག་ཉིན། །གང་ཞིག་སྨྱུང་བར་གནས་པ་ཡི། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །ཞེས་སོ། །གོས་ཐམས་ཅད་བཅོས་མ་ཡིན་པས་སྒེག་ཆོས་དང་ངོ་ཚའི་རྟོག་པ་གཞོམ་པའི་ཕྱིར་གྲོང་དུ་གཅེར་བུར་འགྲོའོ། །དབེན་པར་ནི་གོས་ཀྱི་སྐྱབས་ཀྱང་རུང་བར་འདོད་དོ། །མེ་ལྔ་བསྟེན་པ་ནི། སོས་གའི་ཚེ་ཕྱོགས་བཞིར་མེ་བཞི། སྟེང་ནས་ཉི་མ་དང་ལྔས་གདུངས་ལ། དགུན་ཆུ་གྲང་མོས་གདུང་ཞིང་ཆར་འབབ་པའི་ཚེ་བླ་གབ་མེད་པར་སྡོད་དེ། དེ་ཉིད་ལས། དགུན་གྱི་དུས་སུ་ཆུ་ཡི་ནང་དུ་གནས། །ཚ་བའི་དུས་སུ་གདུང་བ་ལྔ་བསྟེན་བྱ། །དབྱར་གྱི་དུས་སུ་བླ་གབ་མེད་པར་གནས། །བྲམ་ཟེ་དེ་ནི་དཀའ་ཐུབ་དྲག་པོ་སྤྱོད། །ཅེས་སོ། །སློང་མོ་ནི། ནོར་བཟུང་ན་གསོག་བྲིན་འཚོ་སྐྱོང་གི་ཕྱིར་ཆགས་སྡང་གི་ཟག་པ་འཕེལ། བསམ་གཏན་གྱི་དུས་འདའ་བས་བསོད་སྙོམས་བྱའོ་ཞེས་པ་དང་། དམངས་ཀྱི་ཡོན་མི་ལེན་ཏེ་གཙང་སྦྲ་ཉམས་པར་འགྱུར་བའི་ཕྱིར། ཉམས་ན་དུད་འགྲོར་སྐྱེའོ་ཞེས་པས། རིགས་བཟང་པོའི་ཡོན་བླངས་ནས་ཀྱང་། བསོད་སྙོམས་ཀྱི་ངོར་དེའི་གཡོག་མི་བྱེད་པར་འདོད་པ་ཉིད། རྒྱལ་བྱེད་ལས། བསོད་སྙོམས་སྤྱོད་པས་གནས་པར་བྱ། །དེ་ཡང་གཙང་སྦྲ་མེད་པས་ན། །དམངས་ཀྱི་ཡོན་ནི་མི་བླངས་ཏེ། །དམངས་རིགས་ཀྱི་ནི་ཡོན་བླངས་ན། །བྲམ་ཟེ་བོང་བུར་སྐྱེ་བར་འགྱུར། །བོང་བུའི་སྐྱེ་བ་བཅུ་གཉིས་ལེན། །གྲོང་ཁྱེར་བཅུ་པའི་བྲན་བཅུ་དང་། །མྱ་ངན་གྱི་ནི་རི་དྭགས་བཅུ། །མདའ་རྒྱུའི་ཚལ་གྱི་ངུར་པ་དག །བྲམ་ཟེ་དེ་མ་བསམས་སམ་ཅི། །ཞེས་པ་དང་། གང་གིས་བྲམ་ཟེ་ཉིད་ཐོབ་ནས། །རྒྱལ་པོའི་བཀའ་བཞིན་སྒྲུབ་བྱེད་ན། །དེས་ནི་བྲམ་ཟེ་ཉིད་བོར་ནས། །དམངས་རིགས་ཉིད་དུ་འགྱུར་བ་ཡིན། །ཞེས་སོ། །དེ་བཞིན་དུ་ཕྱུགས་ཀྱི་བརྟུལ་ཞུགས་ཀྱིས་ཕྱུགས་ལྟར་རྩྭ་ལ་ཁ་བུབ་སྟེ་ཟ་བ་དང་ཆུ་འཐུང་བ་དང་། མ་ལའང་འཁྲིག་པར་བྱེད་དེ། དེ་ཉིད་ལས། བུབ་ཆུ་རྩྭ་བཅད་རང་རིགས་དང་། །མ་དང་མ་ཡི་སྤུན་ཟླ་ལ། །འཁྲིག་ཅིང་བ་གླང་བརྟུལ་ཞུགས་ནི། །ལོ་གཅིག་སྤྱད་ན་ཀུན་ལས་རྒྱལ། །ཞེས་སོ། །ཡང་རང་གི་སྐྲ་འབལ་བ་དང་། དེ་བཞིན་དུ་རྐང་པ་ཡ་གཅིག་བཙུག་སྟེ་འགྲེང་ཞིང་ཉི་མ་ལ་བལྟ་བ་དང་། མགོ་བྲེགས་ཏེ་ཙན་ཏི་ཀ་ལ་འབུལ་བ་དང་། ཏྲི་ཤུ་ལའི་མཚོན་ཆའི་རྩེ་ལ་མཆོངས་པ་ལ་སོགས་པ་བྱས་པས། ཕྱིས་སྡུག་བསྔལ་མྱོང་འགྱུར་རྣམས་སྐྱེ་བ་འདིར་མྱོང་བས་ཟད་དེ། ཡང་སྲིད་མི་ལེན་པར་འདོད་པའོ། །སྡོམ་པ་ནི། མི་དགེ་བ་བཅུ་སྤོང་བ་སྟེ། རྡོག་པའི་འོག་ཏུ་སྲོག་ཆགས་སོང་བར་དོགས་ནས་རྐང་པའི་ལོང་བུར་དྲིལ་བུ་འདོགས་པ་དང་ཤིང་མི་གཅོད་པ་དང་། མ་བྱིན་པར་མི་ལེན་ཏེ་ལམ་དུ་ཆུ་མཐོང་ཡང་སྟེར་བ་པོ་མེད་ན་སྐོམ་པར་སྡོད་པ་དང་། རྫུན་སྤོང་བས་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་བྱེད་པ་ལ་སོགས་པ་དང་། ཟས་མི་བཟའ་ནས་སྨྱུང་བར་གནས་པའོ། །ཉོན་མོངས་ནི། འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པའོ། །བཅིངས་པ་ནི། བདག་འཁོར་བར་འཁྱམས་པའི་བར་རོ། །ཐར་པ་ནི། བདག་ཉིད་ཉོན་མོངས་པའི་སྐྱོན་ཐམས་ཅད་དང་བྲལ་ནས། སྲིད་པའི་རྩེ་མོ་ན་ཐར་བ་ཞེས་པ་གདུགས་དཀར་པོ་གྱེན་དུ་བཀན་པ་ལྟ་བུའི་ཁ་དོག་དཀར་ལ་འཚེར་ཞིང་ཟླུམ་པའི་གཟུགས་སུ་འགྱུར་བ་ལ་འདོད་དེ། རྒྱལ་བྱེད་ལས། ཁ་བ་རྒྱ་སྤོས་མེ་ཏོག་མདོག །བ་ཞོ་བ་མོ་མུ་ཏིག་མདོག །གདུགས་དཀར་བཟུང་བའི་དབྱིབས་འདྲ་བ། །ཐར་པ་ཡིན་པར་རྒྱལ་བས་བཤད། །ཅེས་སོ། །སྲོག་ནི། སེམས་ཡོད་པའོ། །སྲོག་དེ་ཡང་སྡེ་ཚན་དགུ་རུ་དབྱེ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ཤིང་དང་། དབང་པོ་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པའོ། །དང་པོ་ས་ཆུ་མེ་རླུང་བཞི་ལ་སེམས་ཡོད་དེ། སེམས་ཡོད་པའི་སྒྲུབ་བྱེད་ནི་སྐྱེ་ཞིང་འབབ་ལ་འབར་ཞིང་གཡོ་བ་དང་། སྒྲ་འབྱུང་བའི་ཕྱིར་རོ། །ཤིང་ངེས་པར་སེམས་པ་ཅན་ཡིན་ཏེ། ཏིན་ཏི་ཀ་ལ་སོགས་པ་མཚན་མོ་ལོ་མ་བསྐུམ་ཞིང་ཉིན་མོ་ཡལ་ག་རྐྱོང་ལ་མེ་ཏོག་འཛུམ་པའི་ཕྱིར་རོ། །གྲང་བ་ན་འཁུམས་དྲོ་བ་ན་སྐྱེ་བའི་ཕྱིར་དང་། པགས་པ་བཤུས་ན་འཆི་བའི་ཕྱིར་དང་། དུས་ཀྱི་རྗེས་སུ་བྱེད་པས་སེམས་ཡོད་པ་མི་བཞིན་ནོ། །ཤིང་ལ་མིག་ཡོད་དེ་རྒུན་འབྲུམ་ལ་སོགས་པ་ཤིང་གཞན་ལ་བརྟེན་ནས་རྒྱས་པའི་ཕྱིར་དང་། སྨན་ཤིང་དག་ཉི་མའི་ཕྱོགས་སུ་ཁ་བལྟ་བའི་ཕྱིར་རོ། །རྣ་བ་ཡོད་དེ་སྤྲིན་སྟུག་པོའི་སྒྲ་འབྱུང་བའི་ཚེ་ཆུ་ཤིང་ལ་སོགས་པ་འབྲས་བུ་ས་ལ་ལྟུང་བར་རྩོམ་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་བ་འབྱུང་བའི་ཚུལ་མ་ཤེས་ནས་བེམ་པོ་སྲོག་དབང་ཡོད་པར་སེམས་པའོ། །སྣ་ཡོད་དེ་མ་དུ་ལུང་ཀའི་རྩ་བར་ཁྱི་རོ་རུལ་བ་བཞག་ན་དྲི་དེས་འབྲས་བུ་མང་དུ་འབྱུང་བའི་ཕྱིར་རོ། །ལྕེ་ཡོད་དེ་སྐྱུ་རུ་ར་ལ་སོགས་པ་ལ་འོ་མ་བླུགས་ན་འབྲས་བུ་མངར་པོ་འབྱུང་བའི་ཕྱིར་རོ། །ལུས་ཀྱི་དབང་པོ་ཡང་ཡོད་དེ། ས་མི་ཀ་དང་ཐལ་སྦྱར་ལ་ལག་པ་རེག་པ་ཙམ་གྱིིས་འཁུམས་པའི་ཕྱིར་སྲོག་ཆགས་རྐང་བརྒྱ་པ་བཞིན་ནོ། །ཡིད་ཡོད་དེ་ཤིང་མྱ་ངན་མེད་ལ་མེ་ཏོག་དང་འབྲས་བུ་མ་སྐྱེས་ན། བུ་མོ་ལང་ཚོ་དར་ལ་བབ་པ་འདོད་པས་མྱོས་ཤིང་སྒེག་པ་ཞིག་གི་རྐང་པ་ལ་རྐང་གདུབ་བཅུག་ཅིང་། རྒྱ་སྐྱེགས་ཀྱི་ཁུ་བ་བསྐུས་ཏེ་རྡོག་པས་མནན་པས་མེ་ཏོག་དང་འབྲས་བུ་འབྱུང་བའི་ཕྱིར་དང་། ཤིང་བ་ཀུ་ལ་ལ་མེ་ཏོག་མ་སྐྱེས་ན་བུར་ཆང་གིས་ལང་ཚོ་མའི་ཁ་བཀང་སྟེ་གཏོར་ན་མེ་ཏོག་དགོད་ཅིང་འབྱུང་བའི་ཕྱིར་རོ། །དབང་པོ་གཅིག་པ་ནི། ས་ཆུ་མེ་རླུང་བཞི་ལ་ལུས་ཀྱི་དབང་པོ་མནན་ན་ན་བ་དང་། བསྲེགས་ན་ཚ་བ་དང་། བོར་ན་གཡང་ཟ་བའམ་ཐུར་དུ་ཟག་པ་ཡོད་པས་འགྲུབ་བོ། །གཉིས་པ་ནི། དབང་པོ་མ་ཚང་བ་དང་། དབང་པོ་ཉམས་པ་དང་། དབང་པོ་ཞན་པ་ཡོད་པའི་རིགས་པས་མཆོག་ཏུ་གྱུར་པའི་དབང་པོ་ཡོད་པའང་དཔོག་པའོ། །སྲིན་བུ་དང་དུང་དང་ཉ་ཕྱིས་ལ་སོགས་པ་ལ་ལྕེ་ཡོད་པས་རོ་ཞིམ་མི་ཞིམ་ཚོར་བའི་ཕྱིར་རོ། །གསུམ་པ་ནི། སྲིན་བུ་མེ་ཁྱེར་དང་གྲོག་མ་ལ་སོགས་པ་སྟེ། ལུས་དང་ལྕེ་དང་སྣ་གསུམ་ཡོད་པས་ཚོར་རོ། །དབང་པོ་བཞི་པ་ནི། བུང་བ་དང་སྦྲང་བུ་མཆུ་རིང་ལ་སོགས་པ་ལ་མིག་ལས་གཞན་བཞི་ཚང་བས་སྒྲ་ཡང་ཐོས་སོ། །དབང་པོ་ལྔ་པ་ནི། མི་དང་། རྐང་བཞི་པ་རྟ་ལ་སོགས་པ་དང་། བྱ་དང་རི་དྭགས་ལ་སོགས་པ་ལ་མིག་དང་ལྔ་ཆར་ཚང་བས་གཟུགས་ཀྱང་མཐོང་ངོ་ཞེས་འདོད་དོ། །དེའང་ས་ཆུ་མེ་རླུང་བཞི་ལ་དབང་པོ་གཅིག་ལས་མེད་དེ། ལུས་ལས་གཞན་མེད་པའི་ཕྱིར་རོ། །ཤིང་ལ་ཐམས་ཅད་ཚང་བར་ཡོད་དེ། མི་དང་འདྲའོ། །སྲོག་ཆགས་གཞན་ལ་གཉིས་དང་གསུམ་དང་བཞི་དང་ལྔ་ལ་སོགས་པ་ཅི་རིགས་སུ་ཡོད་པའོ་ཞེས་འདོད་པ་ཡིན་ནོ། །སྲོག་མ་ཡིན་པ་ནི། སེམས་མེད་པ་སྟེ། སྒྲ་དང་། དྲི་དང་། རོ་དང་། འོད་དང་། ནམ་མཁའ་དང་། གྲིབ་མ་དང་། འཇའ་ཚོན་དང་། གཟུགས་བརྙན་ལ་སོགས་པའོ། །སྤྱིའི་གནས་ལུགས་ནི། ཤེས་བྱ་ཐམས་ཅད་ཡུལ། དུས། གྲངས་ཀྱི་དུ་མ་ལ། རང་བཞིན་གྱིས་གཅིག་པ་ཞེས་བྱ་བ་ཡིན་ནོ། །དེ་ཡང་གླིང་འདི་དང་གཞན་ནི་ཡུལ་གྱི་དུ་མའོ། །སྔོན་དང་ད་ལྟའི་ལོ་ཐོག་རྣམས་ནི་དུས་ཀྱི་དུ་མའོ། །མི་དང་། བྱ་དང་། རི་དྭགས་ལ་སོགས་པ་རྣམས་ནི་གྲངས་ཀྱི་དུ་མའོ། །དེ་དག་ཐམས་ཅད་དུ་མར་སྣང་ཡང་རང་བཞིན་གྱིས་གཅིག་པའི་ཕྱིར་ཏེ། གཟི་སྒོང་གཅིག་ལ་དཀར་ནག་དུ་མ་ཡོད་ཀྱང་གཟི་སྒོང་གཅིག་ལས་མ་འདས་པ་དང་། སྣ་ཚོགས་གཅིག་གི་གོང་བུར་སྟུག་པ་ཕུག་རོན་གྱི་སྤུ་བཞིན་ནོ། །དེ་བཞིན་དུ་བློས་འཛིན་ཚུལ་དང་ཚད་མར་གྱུར་པའི་ཚུལ་ཐམས་ཅད་ཡུལ་དུས་གྲངས་ཀྱི་དུ་མ་ལས་རང་བཞིན་གྱིས་གཅིག་པ་ཡིན་ཏེ། རྒྱལ་བྱེད་ལས། ཡུལ་དུས་གྲངས་ཀྱི་དུ་མ་སྟེ། །རང་བཞིན་གྱིས་ནི་གཅིག་ཉིད་ཡིན། །དཔེར་ན་ཁྲ་བོའི་ཁ་དོག་ལས། །ཇི་ལྟར་འདོད་བཞིན་ཁ་དོག་འཛིན། །དེ་བཞིན་དངོས་ལའང་སྣ་ཚོགས་ཕྱིར། །ཐ་དད་ཐ་དད་མིན་དངོས་འཛིན། །དུ་མའི་དངོས་པོའི་ངོ་བོ་ལ། །བརྗོད་པར་འདོད་པས་ངོ་བོར་འདོད། །ཅིག་ཆར་རིམ་གྱིས་ཚུལ་གཉིས་ལས། །ཚིག་གི་བྱ་བ་གཞན་མེད་དོ། །ཞེས་སོ། །དེ་དགག་པ་ལ་གཉིས་ཏེ། ཤེས་བྱའི་དབྱེ་བ་དགག་པ་དང་། སྤྱིའི་གནས་ལུགས་དགག་པའོ། །དང་པོ་ལ་ཕྱོགས་སྔ་མ་ལྟར་བདུན་ལས། དཀའ་ཐུབ་དགག་པ་ལ་གསུམ་སྟེ། དཀའ་སླ་ལྟོས་པ། གང་ཟག་དང་གཅིག་ཏུ་རུང་མི་རུང་། དེས་མི་གྲོལ་བའོ། །དང་པོ་ནི། འདི་དག་ནི་མུ་སྟེགས་པའི་གྲུབ་མཐའ་ཡིན་པས་མ་གོ་ཡང་བླ་ཡི་སྙམ་པ་ནི་མི་རིགས་ཏེ། ཕྱིན་ཅི་ལོག་ལས་ལྡོག་སྟེ་ཡང་དག་པའི་ལམ་དུ་སྐྱོད་པ་ལ་གང་གཡང་ས་ལྟ་བུའི་ལྟ་གྲུབ་ལོག་པ་དེ་ཤེས་ནས་སྤང་དགོས་པས། ཕྱི་ནང་གྲུབ་མཐའ་འབྱེད་པའི་ནོར་ཉམས་གཞན་ལ་འདྲི་མི་དགོས་པར་རང་གིས་ཤེས་པ་ཞིག་དགོས་ཏེ། དེང་སང་མི་ཤེས་ཤེས་ཁུལ་བྱེད་མཁན་མང་བས་དེ་དག་ལ་དྲིས་ན་མུན་པའི་ལམ་དུ་འཁྲིད་པ་ནི། དེང་སང་གཟི་དང་གཟི་འདྲ་དང་། མཛོ་དང་རྟོལ་ལེ་གཉིས་ཁ་ཁ་མ་འབྱེད་པ་མང་བ་ལྟ་བུ་ཡིན་ནོ། །སྤྱིར་དཀའ་ཐུབ་ཅེས་པའི་དངོས་པོ་མེད་དེ། དཀའ་བ་དང་། སླ་བ་ལྟོས་པས་ན། ངོ་བོ་ཉིད་ཀྱིས་མ་གྲུབ་པའི་ཕྱིར་ཏེ། ཟས་སྨྱུང་བ་དེ་མགོ་གཅོད་པ་ལ་ལྟོས་ནས་སླ་བའི་ཕྱིར། དཀའ་ཐུབ་ཅེས་གཅིག་ཏུ་བཞག་པ་མེད་པའི་ཕྱིར་རོ། །དཀའ་ཐུབ་དང་དཀའ་ཐུབ་ཅན་གཅིག་ཏུ་མི་རུང་སྟེ། བྱ་བྱེད་གཉིས་མེད་པའི་ཕྱིར་རོ། །ལྡོག་པ་ཐ་དད་ནི་སྔར་བཀག་གོ །ཐ་དད་དུའང་མི་རུང་སྟེ་བདག་ལ་མི་ཕན་པའི་ཕྱིར་གཞན་གྱིས་དཀའ་ཐུབ་བྱས་པ་བཞིན་ནོ། །མི་གྲོལ་བ་ནི། ཁྱད་པར་དུ་མེ་ལྔ་བསྟེན་པ་ལ་སོགས་པས་ཐར་པ་མི་ཐོབ་སྟེ། ཐར་བ་དང་དེ་གཉིས་འབྲེལ་པ་མ་གྲུབ་ཅིང་ངོ་བོ་མ་གྲུབ་པའི་ཕྱིར་དང་། གཉེན་པོ་སྟོབས་བཞི་མ་ཚང་ན་སྡིག་པ་མི་འདག་པའི་ཕྱིར་དང་། ལས་ཟད་ཀྱང་ཉོན་མོངས་པ་མ་སྤངས་པས་ཡང་བསོག་པའི་ཕྱིར་ཏེ། ཉོན་མོངས་ཡོད་ན་དེས་བསགས་པའི་ལས་ཡོད་པས། ལས་ལན་ཅིག་ཟད་ཀྱང་ཡང་བསོག་པས་མི་ཁེགས་ཏེ། ཆང་ལ་ངན་རྩ་བ་ནས་མ་སྤངས་ན། འགྲམ་པ་བཅག་པའི་ཁ་སྨྲས་ལན་ཅིག་དག་ཀྱང་། ཡང་ཆང་ཞིག་འཐུང་དུས་ཁ་སྨྲས་ཚོར་བའམ། གཡན་པ་སྤང་བར་མ་གྱུར་ན། ཟ་ཕྲུགས་གཏན་ནས་མེད་པར་བྱེད་དགོས་པ་ལས་ཟ་བ་ལན་ཅིག་ཕྲུགས་ཀྱང་ཡང་ཟ་ཕྲུགས་ལངས་པའམ་ལྡང་བ་བཞིན་ནོ། །དོ་ཧ་ལས། གཅེར་བུས་གལ་ཏེ་གྲོལ་གྱུར་ན། །ཁྱི་དང་ཝ་སོགས་ཅིས་མི་གྲོལ། །ཞེས་པ་དང་། སྤྱོད་འཇུག་ལས། སེམས་སྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །དཀའ་བཟློག་དད་དང་ཀརྞ་པ། །བསྲེག་དང་བཅད་སོགས་ཚར་བ་ནི། །དོན་མེད་བཟོད་བྱེད་ཐར་པ་ཡི། །དོན་དུ་བདག་ནི་ཅི་ཞིག་སྡར། །ཞེས་སོ། །འགལ་བའང་ཡིན་ཏེ། ཁྱེད་རང་གི་ལུང་རྒྱལ་བྱེད་ལས། བྲམ་ཟེ་མེ་ཡི་དཀྱིལ་གནས་ནས། །ལྔ་པ་ཉི་མས་གདུངས་པ་ཡི། །གདུང་བ་དེ་ནི་མདུང་གི་བུ། །ལྔ་པའི་དཀའ་ཐུབ་མ་ཡིན་གྱི། །བཀྲེས་དང་ཆགས་པའི་མེ་དག་དང་། །ཁྲོ་དང་འདོད་པ་མྱ་ངན་ཏེ། །ལྔ་པོ་འདི་ལས་གང་རྒྱལ་བ། །དེ་ནི་གདུང་བ་ལྔ་ཅན་འདོད། །སྡུག་བསྔལ་རང་བཞིན་དཀའ་ཐུབ་གང་། །སྡུག་བསྔལ་སྡུག་བསྔལ་བརྒྱུད་མར་འཇུག །ཤེས་པའི་རང་བཞིན་དཀའ་ཐུབ་གང་། །བདེ་བར་བདེ་བ་བརྒྱུད་མར་འཇུག །ཟླ་ཕྱེད་དང་ནི་ཟླ་ཕྱེད་དུ། །སྨྱུང་བར་སྤྱད་པར་མི་བྱ་སྟེ། །ལུས་ལ་གནོད་པར་བྱེད་པའི་ཕྱིར། །དཀའ་ཐུབ་མ་ཡིན་ཆོས་ལྡན་མིན། །ཞེས་འདོད་པས་སོ། །ཟས་བཀྲེས་པ་ཆོས་སུ་འདོད་པ་ལོག་པ་སྟེ། དྲན་པ་ཉེ་བར་གཞག་པ་ལས། ཟས་མི་ཟ་བའི་བསླབ་པ་བསྟེན་པས་པདྨ་དཀར་པོ་ལྟ་བུའི་དམྱལ་བར་སྐྱེས་སོ། །དེ་ནས་ཀྱང་ཚེ་རབས་ལྔ་བརྒྱར་ཡི་དྭགས་ཀྱི་ལུས་སུ་ཚེ་སུམ་བརྒྱར་སྐྱེས་སོ། །དེ་ནས་མིར་སྐྱེས་པ་ནའང་མུ་གེ་མང་བའི་ཡུལ་དུ་སྐྱེས་ནས་མུ་གེས་གདུངས་པའོ་ཞེས་སོ། །དེས་ན་བསྙུང་གནས་ཀྱི་སྡོམ་པ་བླངས་ན་ཅི་འགྱུར་བསམ་དགོས་པ་མིན་ཏེ། ཐབས་ཀྱི་རྒྱུད་དོན་ཞགས་དང་མི་འདྲ་བ་སྟེ་གོང་གི་ལུང་དེ་བྲམ་ཟེ་འདུལ་བའི་ངོར་གསུངས་པ་ཡིན་པ་དང་། དོན་ཞགས་ལས་གསུངས་པ་དེ་སྟོང་ཉིད་སྙིང་རྗེས་ཟིན་པའི་ཕྱིར་རོ། །སྔོན་གྱི་རྡོ་རྗེ་འཛིན་པ་དག་ནི། ཐད་ཀ་དེ་དང་དེའི་བློ་ཅན་ལ་སྨྱུང་བར་བྱ་བ་འཐད་ཀྱིས་གོང་མ་རྟོགས་ནས་དེ་ལྟར་བྱེད་ན་རྩ་ལྟུང་འབྱུང་བས། དོན་ཞགས་ཀྱི་སྨྱུང་བའང་དམྱལ་བར་འཚེད་ཅེས་གསུངས་སོ། །ཞེས་རྣལ་འབྱོར་བའི་བློ་ཁྱད་དང་སྦྱར་ནས་གསུངས་པའོ། །སྡོམ་པ་དགག་པ་ལ་གསུམ་སྟེ། དགག་བྱ་རྫུན་པ། རྒྱུན་མ་གྲུབ་པ། དོན་མེད་པའོ། །དང་པོ་ནི། སྤྱིར་སྡོམ་པ་ཉིད་མ་གྲུབ་སྟེ། བསྡོམ་བྱའི་ཡུལ་གསོད་རྐུ་རྫུན་པ་ལ་ལྟོས་པའི་ཕྱིར་དང་། རྒྱུད་གཅིག་ལ་བསྡམ་བྱ་དང་སྡོམ་བྱེད་དུས་གཅིག་ཏུ་རྫས་འགལ་བས་མ་གྲུབ་པའི་ཕྱིར་རོ། །ཞེས་པ་ནི་སྡོམ་པ་བསྡམ་བྱ་ལ་ལྟོས་པའི་ཕྱིར་དང་། རྒྱུད་གཅིག་ལ་བསྡམ་བྱ་སྡོམ་བྱེད་དུས་གཅིག་ཏུ་རྫས་འགལ་བས་མ་གྲུབ་པའི་ཕྱིར་ཞེས་པ་སྤྱིར་སྡོམ་བྱེད་བསྡམ་བྱ་ཕན་ཚུན་མ་ལྟོས་པར་མི་འགྲུབ་ལ། གཅིག་ཡོད་ཚེ་གཅིག་མེད་པས་ལྟོས་ནས་བཏགས་པ་ཙམ་ལས་དོན་དུ་མ་གྲུབ་པར་བསྟན་པའོ། །གཉིས་པ་ནི། དགེ་བ་རྒྱུན་ཆགས་པ་ཉིད་མ་གྲུབ་སྟེ། རྒྱུན་ཉིད་ཀྱང་སྐད་ཅིག་ཆ་མེད་པ་དང་། རྫས་ལས་དེ་ཉིད་དང་གཞན་དུ་མེད་པས་ཕྲད་པ་མ་གྲུབ་པའི་ཕྱིར་རོ། །གསང་བ་གྲུབ་པ་ལས། བསྡམ་བྱ་མེད་ཅིང་སྡོམ་པ་མེད། །རྩ་དང་རླུང་དང་ཐིག་ལེ་མེད། །སྟོང་པ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་སོ། །གསུམ་པ་ནི། ཤིང་སེམས་པ་ཅན་མ་ཡིན་ཏེ། ཞེས་པ་ནི་ཤིང་མི་གཅོད་པའི་སྡོམ་པ་སོགས་དོན་མེད་པར་བསྟན་པའི་སླད་དུའོ། །རྡུལ་ཆ་ཕྲ་བ་ཡང་མེད་པའི་ཕྱིར་རོ། །ཞེས་པ་འདིས་ཤིང་ལ་སེམས་མེད་པར་མ་ཟད་ཤིང་རྡུལ་ཕྲ་རབ་ཙམ་དུ་ཡང་དོན་དམ་པར་མེད་ཅེས་དགག་པའམ། རྡུལ་དུ་གྲུབ་པ་ནི་བེམ་པོ་ཡིན་པས་སེམས་མ་ཡིན་ཏེ་སེམས་རྡུལ་དུ་གྲུབ་པ་མེད་ཅེས་པ་ལྟ་བུའི་དོན་དུ་གོ་ཡང་རུང་ངོ་། །འོ་ན་ཤིང་གི་ཡལ་ག་བཅད་པས་ཀླུ་ཨེ་ལིའི་འདབ་ལ་སོགས་པར་སྐྱེ་བར་གསུངས་མོད་ཅེ་ན། ཤིང་ལ་མི་བཅད་པར་བྱས་པ་ལས། དེའི་མཚམས་དྲལ་ཏེ་སངས་རྒྱས་ལ་ཁྲོས་པས་ཀླུའི་མགོར་ཤིང་སྐྱེས་ཀྱི། ཤིང་སེམས་ཅན་ཡིན་པ་བཅད་པས་དེ་ལྟར་གྱུར་པ་མ་ཡིན་ནོ། །ཉོན་མོངས་པ་དགག་པ་ལ་གསུམ་སྟེ། ཡུལ་བརྫུན་པ། སེམས་དང་གཅིག་མི་གཅིག་ཏུ་མི་འཐད་པ། ལུས་ཀྱི་ཕྱི་ནང་ནས་མི་རྙེད་པའོ། །དང་པོ་ནི། འདོད་ཆགས་གྲུབ་པ་མེད་དེ་དེའང་ཡུལ་སྡུག་མི་སྡུག་ལ་ལྟོས་ན་ཡུལ་རྡུལ་ཆ་ཙམ་དུའང་མེད་པས། དེ་ལ་ཆགས་པའི་བློ་མེད་དེ། རིན་ཆེན་ཕྲེང་བ་ལས། གང་གི་ས་བོན་རྫུན་པ་དེའི། །སྐྱེ་བ་བདེན་པ་ག་ལ་ཞིག །ངར་འཛིན་ལས་བྱུང་ཕུང་པོ་རྣམས། །ངར་འཛིན་དེ་ནི་དོན་དུ་རྫུན། །ཞེས་སོ། །གཉིས་པ་ནི། འདོད་ཆགས་དང་སེམས་གཅིག་པར་མི་རུང་སྟེ། གཅིག་ན་མ་ཆགས་པར་སྐྱེས་དུས་ཀྱང་ཆགས་པར་སྐྱེ་བར་ཐལ་ཏེ་འདོད་ཆགས་དང་གཅིག་པར་བདེན་པའི་ཕྱིར་དང་། ཆགས་པ་དང་ཆགས་ཅན་གཉིས་རྒྱུད་གཅིག་ལ་དུས་གཅིག་པར་མ་གྲུབ་པའི་ཕྱིར་རོ། །གཞན་དུའང་མི་རུང་སྟེ། གང་ཟག་གཞན་གྱི་འདོད་ཆགས་ལྟར་བདག་ལ་མི་གནོད་པར་འགྱུར་བའི་ཕྱིར་རོ། །རྩ་ཤེ་ལས། གལ་ཏེ་འདོད་ཆགས་ཆགས་པ་དག །ཐ་དད་ཉིད་དུ་གྲུབ་གྱུར་ན། །དེ་གཉིས་ལྷན་ཅིག་ཉིད་དུ་ནི། །ཅི་ཡི་ཕྱིར་ན་ཡོངས་སུ་རྟོག །ཞེས་སོ། །གསུམ་པ་ནི། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དེ་རང་གི་ལུས་ལ་ཕྱེ་ཞིང་གཞིག་པ་ན། ཕྱི་ནང་གང་དུའང་མ་མཐོང་བས་བདག་ལ་མི་སྲིད་པ་ཡིན་ཏེ། སྤྱོད་འཇུག་ལས། ཉོན་མོངས་རྣམས་ནི་ཡུལ་ལ་མི་གནས་དབང་སོགས་ལ་མིན་བར་ནའང་མིན། །དེ་ལས་གཞན་ནའང་མིན་ན་འདི་དག་གར་གནས་འགྲོ་བ་ཀུན་གནོད་བྱེད། །འདི་ནི་སྒྱུ་འདྲ་དེ་ཕྱིར་སྙིང་ལ་འཇིགས་སྤོངས་ཤེས་ཕྱིར་བརྩོན་པ་བསྟེན། །དོན་མེད་ཉིད་དུ་བདག་ལ་དམྱལ་སོགས་རྣམས་སུ་ཅིས་ཏེ་གནོད་པ་བྱ། །ཉོན་མོངས་ཉོན་མོངས་ཤེས་རབ་མིག་གིས་སྤོངས། །བདག་ཡིད་ལས་བསལ་གང་དུ་འགྲོ་བར་འགྱུར། །གང་དུ་གནས་ནས་བདག་གནོད་བྱ་ཕྱིར་འོང་། །བློ་ཞན་བདག་ལ་བརྩོན་པ་མེད་པར་ཟད། །ཅེས་སོ། །དེ་ཡན་ཆོད་གྱིས་གཅེར་བུ་པའམ་ནམ་མཁའི་ཆོས་ཅན་པ་དག་བྲམ་ཟེ་རྒྱལ་བ་དམ་པའི་རྗེས་སུ་འབྲངས་ནས་གཞུང་རྒྱལ་བྱེད་ལ་སོགས་པ་ཚད་མ་བྱེད་པ་དང་། ཤེས་བྱའི་དབྱེ་བ་ཚིག་གི་དོན་བདུན་གྱིས་སྨྲ་བ་དགག་པའི་སྐབས་ནས། དཀའ་ཐུབ། སྡོམ་པ། ཉོན་མོངས་པ་གསུམ་པོ་བཀག་པའི་མཚམས་འདིར་བཞག་ནས། སང་ཉིན་བཅིངས་པ་དགག་པ་ནས་བཤད་རྒྱུ་བྱེད། འདིའི་ཕྱི་རོལ་པའི་ལོག་རྟོག་དགག་པའི་བར་མཚམས་བར་མཚམས་སུ་རང་སྡེ་ནང་པ་སངས་རྒྱས་པའི་མདོ་སྔགས་ཀྱི་ལྟ་བའི་འཁྱེར་སོའི་ཐད་ནས་ནོར་ས་དང་གོལ་ས་ཡོད་པར་བསྟན་པ་དང་། ཡང་བཤེས་གཉེན་གྱི་ཚུལ་ཅན་འགའ་རེ་རྨོངས་པའི་གཞན་དབང་དུ་གྱུར་ནས། རང་གིས་མི་ཤེས་བཞིན་དུ་གཞན་ལམ་ལོག་ཏུ་ཁྲིད་པའི་ངན་པའི་ཤན་དང་ལྷད་འདྲེས་ཤོར་ནས། ལྟ་བ་འཕྱུགས་ན་སྒོམ་པ་འཕྱུག་པ་དང་། སྒོམ་པ་འཕྱུགས་ན་སྤྱོད་པ་དང་འབྲས་བུ་ཡང་འཕྱུག་པ་ཡིན་པས་མུ་སྟེགས་གསང་བ་པའི་ཕྱོགས་ལ་གླན་པར་བྱ་བ་ཡང་ཡོད་པར་གསུངས་ནས་ལམ་ལ་བྱི་དོར་མཛད་པ་དང་། ལམ་ཐམས་ཅད་ཀྱི་གནད་ཀྱི་སྙིང་པོ་དངོས་པོ་དང་མཚན་མར་ཞེན་པ་མེད་པའི་སྒོ་ནས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་སྒོམ་པ་དང་། གཞན་ཕན་བྱང་ཆུབ་ཀྱི་སེམས་ལ་གཙོ་བོར་བྱེད་དགོས་ཚུལ་ཕྱི་རབས་ཀྱི་གང་ཟག་ལ་གདམས་པར་མཛད་པའོ། །མདོར་ན་གདམས་ངག་རྒྱུད་ཐོག་ལ་བླངས་ནས་ངེས་དགོས་པ་ནི། རྒྱུ་མཚན་ཉིད་ཐེག་པས་ལམ་གྱི་ཁོག་ཕུབ། འབྲས་བུ་གསང་སྔགས་ཀྱི་ཐེག་པས་དོན་གྱི་གཞི་གཟུང་། ཉེ་ལམ་སྒྲུབ་བརྒྱུད་ཀྱི་ཕྱག་བཞེས་བསྟར་ནས་མདོ་སྔགས་ཀྱི་གཞུང་ཐམས་ཅད་འགལ་མེད་སྟན་ཐོག་གཅིག་ཏུ་ཉམས་ལེན་གྱི་གནད་དུ་བསྡུ་ཤེས་པའི་མན་ངག་བསྟེན་དགོས་སོ། །དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསག་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།

ཉིན་བཅུ་དྲུག་པའི་ཆོས་ཁྲིད།

ཐོག་མེད་ནས་དྲིན་གྱིས་བསྐྱངས་པའི་མར་གྱུར་འགྲོ་བ་སེམས་ཅན། འགའ་རེ་སྟོད་རིས་ལྷ་དང་མིའི་གནས་སུ་ཟག་བཅས་ཀྱི་བདེ་བ་སྡུག་བསྔལ་རགས་པའི་ཚོར་སྣང་ཅུང་ཟད་ཆུང་བར་མྱོང་བའི་ལུས་རྟེན་ལ་སྐྱེ་བ་བླངས་ཀྱང་། དུག་ཁོག་ཏུ་སོང་བའི་མི་ལྟར་དུ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་མ་བཏང་བ་དང་། བདེ་བ་ཅུང་ཟད་ཡོད་པའི་དགེ་འབྲས་ཟད་ནས་ངན་སོང་གི་སྡུག་བསྔལ་མྱང་མ་རག་པར་ཡོད་པ་དང་། འགའ་རེ་ད་ལྟའི་སྐབས་ལ་དམྱལ་བ་དང་ཡི་དྭགས་དུད་འགྲོ་གསུམ་པོ་གང་རུང་དུ་སྐྱེས་ནས། སྡུག་བསྔལ་དོས་དྲག་པོ་མྱོང་བཞིན་པ་དེ་ལྟར་ཡིན་ལ། འུ་ཚོས་ཁས་བཤད་ན་ཚ་གྲང་། བཀྲེས་སྐོམ། བཀོལ་སྤྱོད་ཅེས་པའི་ཚིག་རྡོག་མ་གསུམ་དེ་བརྗོད་བདེ་བ་སྟེ། ཡང་དགོས་ཁ་བྱང་ཁུར་ཡོད་པ་དག་ནི་སེམས་གཞན་ཞིག་ཏུ་གཡེང་ཞོར་དུ་ཁས་དེ་བརྗོད་ཐུབ་པ་ཡིན། དོན་དངོས་སུ་ངན་སོང་གི་སྡུག་བསྔལ་ཞེས་པ་དེ་ལས་སླ་མོ་ཞིག་ག་ལ་ཡིན། འུ་ཚོའི་ལག་པར་ཚེར་མ་ཞིག་ཟུག་པ་དང་། མེ་སྟག་ཅིག་ལུས་ཐོག་ཏུ་ཕོག་ན་ཨ་ཚ་དང་ཨ་ན་ཤོར་ནས་མི་བཟོད་པ་དང་། མཛུ་གུ་ཁེ་རུ་མ་ཞིག་མེ་ནང་དུ་བཙན་བཙན་རྒོད་རྒོད་ཀྱིས་བསྲེག་པའི་ཁྲིམས་ཆད་ཅིག་ཕོག་ན་ཇི་ཙམ་ཚ་བར་འདུག ཆུ་ཁོལ་མ་ཚ་ཚད་ཨང་གྲངས་བརྒྱ་ཅན་ཞིག་གི་ནང་དུ་ལག་འགོ་མ་དགོས་མཛུ་གུ་ཁེ་རུ་མ་ཞིག་བཙུགས་ན་ཇི་ལྟར་ཡོང་བར་འདུག དགུན་ཁར་གོན་རྒྱུ་གྱོན་བཞིན་དུ་འཁྱག་པ་ལ་ཟེར་ན། གཅེར་བུ་རུ་གངས་ནང་དུ་ཞག་གཅིག་མ་དགོས་དུས་ཚོད་གཅིག་ལ་འདུག་དགོས་ཀྱང་བཟོད་པར་འདུག་གམ། དམྱལ་བའི་སྡུག་བསྔལ་གྱི་ཆ་ཤས་ཙམ་ཡང་དེས་ག་ལ་མཚོན་ཐུབ། དམྱལ་བའི་སེམས་ཅན་དེ་དག་མི་གཞན་པ་ཏག་ཏག་ཡིན་པར་སེམས་རྒྱུ་མེད་དེ། ངས་དུས་རྒྱུན་དུ་བཤད་པ་ལྟར་དུ་འུ་ཚོའི་མི་ཐོག་གཉིས་གསུམ་ཡན་ཆད་ཀྱི་ཤི་བོ་དག་ཡིན་ངེས་ཏེ། ངེད་ཚང་གི་ཤི་བོ་རྣམས་དམྱལ་བའི་ནང་དུ་མེད་པར་འདིར་ཡོད་ཟེར་ནས་སྟོན་དུ་ཡོད་དམ། རང་གཞན་སུ་ཞིག་ལའང་སྟོན་རྒྱུ་མེད་པ་ཡིན། མི་ཤི་ནས་ལོ་ཟླ་གཅིག་གཉིས་ཙམ་འདས་ཟིན་དུས་ན་ནིང་གི་དེ་མིན་པ་ལྟར་དུ་རྩེ་ལྡིང་བྱེད་བཞིན་ཡོད་ཀྱང་། འུ་ཚོ་ཤི་དུས་ཀྱང་ཤུལ་མ་དག་དེ་དང་དེའི་རང་བཞིན་ཡིན། ད་ལྟའི་སྐབས་སུ་ཨ་ཕ་དང་ཨ་མ། ཨ་ཞང་དང་ཨ་ཁུ། ཨ་ནེ་དང་ཨ་སྲུ། མིང་ལི་སྲིང་རྒན་མ་སོགས་སུ་འབོད་ནས་ཁྱོད་མེད་དུས་ཆགས་རྟེན་འཁྲི་རྟེན་གཉིས་ཀ་མེད་ཅེས་ཟེར་ཁུལ་བྱེད་ཀྱང་། ཞག་གསུམ་རོ་སྒོག་ཕྱིར་ཕུད་བརྒྱབ་རྗེས་དེ་ལྟར་གཏན་ནས་མིན། དེས་མ་ཚད་ཁོ་ཚོ་ཡང་དེ་དང་དེའི་རང་བཞིན་ལས་མ་འདས་པ་སྟེ། བྱ་སྔ་མ་ཤི་བའི་རོ་ལ་བལྟས་ན། རྗེས་མ་མི་རྟག་དེ་དང་འདྲ་བ་འབའ་ཞིག་ཡིན། འདི་ཅི་ཞིག་དོན་དུ་བཤད་པ་ཡིན་ཞེ་ན། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ང་ཅི་འདྲ་ཁྱོད། ཁྱོད་ཅི་འདྲ་ང་། ཐམས་ཅད་དབང་མེད་སྡུག་བསྔལ་འབའ་ཞིག་གིས་མནར་བཞིན་ཡོད་པའི་སྙིང་རྗེའི་ཡུལ་ཤ་སྟག་ཡིན་ལ། བྱམས་སྙིང་རྗེ་གཉིས་ཁ་རྩང་ཡན་ཆད་ཉི་མ་གཉིས་ལ་བཤད་ཡོད་ཅིང་། བྱམས་པ་བསྒོམས་པའི་ཕན་ཡོན་བྱམས་ཆོས་ཡོན་ཏན་བརྒྱད་ལྡན་སོགས་ཐོབ་པ་ལྟར་དུ། སྙིང་རྗེ་བསྒོམས་ན་ཡང་དེ་བཞིན་དུ་ཕན་ཡོན་ཆེ་བ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་ཐོབ་པར་བྱེད་པ་ནི་སྙིང་རྗེ་ཡིན། འོན་ཀྱང་ཇི་མི་སྙམ་པར་རང་གར་ང་ལ་སྙིང་རྗེ་ཡོད་ཅེས་བསྡད་ན་སྡར་མའི་ལག་ཆ་ལྟ་བུ་ཞིག་ཏུ་འགྲོ་བ་སྟེ། བུས་མ་འཇོན་ཚེ་ལག་ཆ་ཡོད་མ་ཡོད་མེད་པ་ལྟ་བུ་ཡིན་པས། བྱམས་སྙིང་རྗེ་ཅན་གྱི་མིས་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་དགོས་པ་ཡིན། སངས་རྒྱས་དེ་ཅི་ཞིག་ཅེ་ན། མ་རིག་པའི་གཉིད་ལས་སངས་ཤིང་ཤེས་བྱར་བློ་གྲོས་རྒྱས་པ་ཞེས་བྱིས་པ་དག་གིས་ཀྱང་བློར་སྐྱོར་བཞིན་པ་དེ་ཡིན་སྟེ། དོན་ལ་སྤང་དགོས་རྒྱུ་ཐམས་ཅད་སྤངས། རྟོགས་དགོས་རྒྱུ་ཐམས་ཅད་རྟོགས་པ་སྟེ། ཁ་སྐད་བྱས་ན་ཡོད་མི་ཉན་རྒྱུ་མེད་དགོས་པའི་སྐྱོན་ཆ་གཞི་དང་བཅས་པ་མེད་པར་བྱས། ཡོད་དགོས་པ་མེད་ན་མི་ལོ་རྒྱུའི་ཡོན་ཏན་ཐམས་ཅད་ཚོགས་པར་བྱས་པ་ལ་སངས་རྒྱས་སུ་གྲགས་པ་ཡིན། དེ་ཡང་སྐྱེས་བུ་ཆུང་འབྲིང་གཉིས་ཀའི་ལམ་ནས་ཐོབ་རྒྱུ་ཞིག་མ་ཡིན་པར། ཐེག་པ་ཆེན་པོའི་ལམ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་ཚོགས་བསགས་སྒྲིབ་པ་སྦྱངས་པའི་མཐར། གཞི་ནས་སྟོབས་བཅུའི་སྟོབས་མངའ། དབང་བཅུའི་དབང་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན། སངས་རྒྱས་ལྟ་བུའི་སྟོབས་དང་ནུས་པ། ཡེ་ཤེས་ཡོན་ཏན་ཐམས་ཅད་རྫོགས་པའི་ནུས་མཐུ་ཅན་ཞིག་མིན་དུས། ཕ་དང་མ་ལ་སོགས་པ་སུ་ཞིག་དམྱལ་བར་ཡོད་ཀྱང་། དེ་ཕན་སེམས་ཀྱི་སྒོ་ནས་ཕན་མི་ཐོགས་པ་ཡིན། དེས་ན་བྱམས་སྙིང་རྗེ་སྔོན་དུ་འགྲོ་བའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པ་ཡིན། འོ་ན་སེམས་ཇི་ལྟར་བསྐྱེད་དགོས་ཤེ་ན། སེམས་བསྐྱེད་དེ་ཡང་། རྟེན། ངོ་བོ། དབྱེ་བ། དམིགས་པ། རྒྱུ། བླང་ཡུལ། ཆོ་ག། ཕན་ཡོན། ཉེས་དམིགས། འཆོར་རྒྱུ། བཅོས་ཐབས། བསླབ་བྱ་སྟེ་དོན་བཅུ་གཉིས་པོ་འདི་དག་གིས་བྱང་ཆུབ་མཆོག་གི་སེམས་བསྐྱེད་བསྡུས་ནས་བཤད་ན་ཆ་ཚང་ཞིབ་རྒྱས་སུ་བསྟན་ཐུབ་པ་ཡིན། འོན་ཀྱང་དེ་ཐམས་ཅད་ཞུས་ན་དུས་ཚོད་རིང་དྲགས་པས་དེ་ལས་མདོར་བསྡུས་ཏེ་ཆོས་ཞུ་བའི་མཐུན་རྐྱེན་དམ་པ་གསུམ་ཚང་པའི་སེམས་བསྐྱེད་ཀྱི་གོ་བ་བློ་ངོར་ཆགས་ཐབས་སུ་དང་པོར་འགོ་ནས་འཆད་དགོས་པས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་རྟེན་གྱི་གང་ཟག་ནི་ཐེག་པ་ཆེན་པོའི་རིགས་དང་ལྡན་པ་ཞིག་དགོས་པ་སྟེ། དེ་ཡང་མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་བ་ཡང་དག་སྤྱོད་པ་ནི། རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་གསུངས་པ་ནི་སངས་རྒྱས་ཀྱི་ཉེ་རྒྱུ་དངོས་ཡིན་ལ། རིགས་ཆད་ནི་ཐེག་ཆེན་པས་སྤྱིར་མི་འདོད་ཀྱང་། མེད་དྲུག་འཛོམས་པའི་མི་ཁྱད་པར་དུ་དམ་པའི་ཆོས་ཁས་མི་ལེན་མཁན། མདོ་རྒྱུད་ལས་བཤད་པའི་འཁོར་བ་ངན་སོང་གི་གཏིང་ལ་སྙིགས་པའི་སྔ་རྟགས་ད་ལྟ་ནས་ཚང་ཡོད་པ། མདོ་སྡེ་རྒྱན་ལས། ལ་ལ་གཅིག་ཏུ་ཉེས་པ་སྤྱོད་ངེས་ཡོད། །ལ་ལ་དཀར་པོའི་ཆོས་རྣམས་ཀུན་དུ་བཅོམ། །ལ་ལ་ཐར་པ་ཆ་མཐུན་དགེ་བ་མེད། །དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །ཞེས་གསུངས་པ་ལྟ་བུ་དེ་དག་གོ། །དེ་ལས་འགའ་རེ་ཉེ་དུ་འམ་ངོ་ཤེས་སུ་ཡོད་ཀྱང་དེ་དག་ཡར་འཐེན་མ་དགོས་རང་མར་འདྲུད་དུ་མ་ཤོར་ན་རབ་ཡིན་པའོ། །མེད་དྲུག་ནི། འཁོར་བའི་སྐྱོན་རྣམས་མཐོང་ཡང་སྐྱོ་བ་ཅུང་ཟད་མེད། །སངས་རྒྱས་ཡོན་ཏན་ཐོས་ཀྱང་དད་པ་ཅུང་ཟད་མེད། །ཁྲེལ་མེད་ངོ་ཚ་མེད་ཅིང་སྙིང་རྗེ་ཅུང་ཟད་མེད། །སྡིག་པ་ལྷག་པར་སྤྱོད་ལ་འགྱོད་པ་ཅུང་ཟད་མེད། །མེད་དྲུག་འཛོམ་ལ་སངས་རྒྱས་སྐལ་བ་མེད། །ཅེས་དམན་ལ་དགག་པའི་སྒྲ་སྦྱར་ནས་གསུངས་པའོ། །འོ་ན་སངས་རྒྱས་ཀྱི་སྐལ་བ་ཅན་ནི་ཇི་ལྟར་ཞེ་ན། འཇུག་པ་ལས། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་། །ལུས་ཀྱི་བ་སྤུ་ལྡང་བ་འགྱུར་བ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །ཅེས་གསུངས་པ་དེའོ། །མདོར་ན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་རྟེན་གྱི་གང་ཟག་ནི། ཐེག་པ་ཆེན་པོའི་རིགས་དང་ལྡན་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་དང་། སོ་སོར་ཐར་པའི་སྡོམ་པ་རིགས་བདུན་གང་རུང་ཐོབ་ལ་མ་ཉམས་པ་དགོས་སོ། །བྱང་ཆུབ་སེམས་སྡོམ་ལེན་སྐབས་རང་ལུགས་ལ་སྨོན་འཇུག་སྟབས་གཅིག་ཏུ་ལེན་པ་དང་། རིམ་གྱིས་ལེན་པའང་ཡོད་ཀྱང་། གང་ལྟར་སྨོན་པའི་སེམས་བསྐྱེད་པ་རྣམས་ནི། འཇུག་པའི་སེམས་བསྐྱེད་ཀྱི་རྟེན་ཡིན་ལ། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་མན་ཆད་དང་ལྡན་པ་ནི། སྨོན་པའི་སེམས་བསྐྱེད་ཀྱི་རྟེན་གྱི་གང་ཟག་ཡིན་ནོ། །འཇུག་པའི་རྟེན་ཡང་ཡིན་པ་སྨོས་མ་དགོས་ལ། སྨོན་འཇུག་གཉིས་ངོ་བོ་གཅིག་ལ་ལྡོག་པས་དབྱེ་བའི་འཆད་སྲོལ་ཀུན་མཁྱེན་ཆེན་པོའི་ཐུན་མིན་གྱི་དགོངས་པ་ལེན་ཚུལ་ཡང་ཡོད་ཅིང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྐབས་སུ་ཐེག་ཆེན་གྱི་རིགས་ཅན་ཡིན་པས་མ་ཟད་རིགས་སད་པ་ཞིག་དགོས་ལ། འོ་ན་རིགས་དེ་རྐྱེན་ཅིས་སད་པར་འགྱུར་ཞེ་ན། འགལ་བའི་རྐྱེན་དང་ནི་བྲལ། མཐུན་པའི་རྐྱེན་གྱིས་ཟིན་ན་ནི་རིགས་སད་པར་འགྱུར་ཏེ། དེ་ལས་བཟློག་ན་རིགས་མི་སད་པར་གནས་སོ། །མཐུན་པའི་རྐྱེན་གཉིས་ཏེ། ཕྱི་དམ་པའི་ཆོས་སྟོན་པ་གཞན་གྱི་རྐྱེན་དང་། ནང་ཚུལ་བཞིན་ཡིད་ལ་བྱེད་པ་དགེ་བའི་ཆོས་ལ་འདུན་པ་ལ་སོགས་པ་སྟེ་དེ་དག་ཚོགས་ན་རིགས་སད་པར་འགྱུར་བའོ། །འོ་ན་རིགས་སད་པའི་མཚན་མ་ཇི་ལྟ་བུ་ཞེ་ན། གཉེན་པོ་ལ་མ་ལྟོས་པར་ལུས་ངག་རང་བཞིན་གྱིས་འཇམ་པ་དང་། སེམས་གཡོ་སྒྱུ་ཤས་ཆུང་བ་དང་། སེམས་ཅན་ལ་བྱམས་ཤིང་དྭངས་བ་དག་ཡིན་ནོ། །ཡང་ན་སྦྱོར་བ་ཅི་བྱེད་ཀྱི་སྔོན་རོལ་ནས། སེམས་ཅན་ལ་སྙིང་རྗེ་སྐྱེ་བ་དང་། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་། དཀའ་བ་སྤྱོད་པ་ལ་ཇི་མི་སྙམ་དུ་བཟོད་པ་དང་། ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཡང་དག་པར་སྤྱོད་པའོ། །དེའི་ཐོག་ཏུ་བྱམས་སྙིང་རྗེ་ཚད་མེད་ཀྱི་བློ་འབྱོངས་དུས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་བསྲུངས་ན། ཚོགས་བསགས་སྒྲིབ་སྦྱངས་ཐམས་ཅད་ཀྱི་གོ་དེས་ཆོད་ནས་རང་གཞན་གཉིས་ཀའི་དོན་ཆེན་འགྲུབ་པ་ཡིན་ནོ། །ཆོས་ཁྲིད་རྗེས་མ་རྣམས་སུ་མུ་འཐུད་ནས་བཤད་པས་ཆོག་གོ །སྐབས་བབ་ཀྱི་བཤད་བྱ་ནི་ཡིད་བཞིན་རིན་པོ་ཆེའི་མཛོད་འཆད་པའི་སྐབས་ལས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དེ་ལྟ་བུའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཆེད་དུ། ཆོས་ཉན་པ་ཡིན་བསམ་པའི་ཀུན་སློང་དང་བཅས་ཏེ། གཞུང་འདིའི་སྤྱི་དོན་གཉིས་པའི་སྤང་བྱ་ཕྱི་རོལ་མུ་སྟེགས་པའི་ལྟ་གྲུབ་དགག་པ་དང་བཅས་པ་བཤད་པ་ལས། མང་ཆེ་བ་སོང་ནས་ད་ལྟ་ནི་གཅེར་བུ་པའི་གྲུབ་མཐའི་རྣམ་པར་བཞག་པའི་སྐབས་ཀྱི། ཕྱོགས་སྔའི་ལྟ་གྲུབ་འབྲས་བུ་དང་བཅས་པ་སྔ་རྒོལ་དུ་བཀོད་ནས་དེ་དག་གི་ལོག་རྟོག་སྲིད་པའི་ནགས་ཀློང་འཐུག་པོའི་ནང་ནས་ཕྱིར་ཐར་ཐབས་དཀའ་བ་ཡིན་པའི་ཚུལ་བསྟན་པ་ལས། ཤེས་བྱའི་རབ་ཏུ་དབྱེ་བ་དང་། སྤྱིའི་གནས་ལུགས་གཉིས་ཀའི་ནང་དུ་ལུགས་ཐམས་ཅད་བསྡུ་བའི་དང་པོ་ཤེས་བྱའི་དབྱེ་བ་དོན་བདུན་ཡོད་པ་ལས། དཀའ་ཐུབ་དང་། སྡོམ་པ། ཉོན་མོངས་གསུམ་པོ་དགག་པ་སོང་ནས། དེ་རིང་བཞི་པ་བཅིང་པ་དགག་པ་ལ་གསུམ་སྟེ། བཅིང་བར་བྱ་བྱེད་གཅིག་མི་གཅིག་དུ་མི་འཐད། རྟག་མི་རྟག་འཁོར་བར་མི་འཐད། དབུས་མེད་པའོ། །དང་པོ་ནི། ལས་དང་ཉོན་མོངས་ཀྱིས་གང་ཟག་འཁོར་བར་བཅིངས་པ་ན། གང་བཅིང་བར་བྱ་བ་དང་གིས་བཅིང་བར་བྱེད་པ་གཅིག་ཏུ་མི་རུང་སྟེ། བྱ་བྱེད་ཆ་གཉིས་མེད་པའི་ཕྱིར། བཙོན་ལ་བཙུད་ནས་ལྕགས་སྒྲོག་བརྒྱབ་ན་བཙོན་ཉིད་ལྕགས་སྒྲོག་མ་ཡིན་པ་བཞིན་དུ་བཅིང་བྱ་བཅིང་བྱེད་མ་ཡིན་ནོ། །གཞན་ནམ་ཐ་དད་པར་མི་རུང་སྟེ་གཅིག་ཡིན་པའི་ཕྲད་པ་བཀག་ཅིང་། གཉིས་ཡིན་རུང་གཉིས་མ་ཕྲད་ན་འཆིང་བྱེད་ཀྱིས་མི་གནོད་པའི་ཕྱིར་གླིང་གཞན་གྱི་ལྕགས་སྒྲོག་བཞིན་ནོ། །གཉིས་པ་ནི། འཁོར་བར་སེམས་ཅན་འཁྱམས་ན། སེམས་ཅན་རྟག་པ་འཁོར་རམ་མི་རྟག་པ་འཁོར། རྟག་པ་ལ་འཁོར་བ་མེད་དེ། གཡོ་འགུལ་མི་རུང་བའི་ཕྱིར་རོ། །མི་རྟག་པ་མི་འཁོར་བ་ཡིན་ཏེ་གཅིག་ནས་གཅིག་ཏུ་འཁོར་བར་གཟོ་བའམ་འཁོར་བ་ལ་ཕྱོགས་དུས་ནས་འགག་པ་སྐད་ཅིག་གིས་མི་རྟག་པ་ཡིན་པས། འཁོར་མཁན་མེད་པའི་ཕྱིར་རོ། །དེས་ན་རྒྱུན་འཁོར་བ་རེད་སྙམ་ན་རྒྱུན་ཡང་མི་འཁོར་ཏེ་སྐད་ཅིག་ཕྲད་པ་མེད་པས་རྒྱུན་ཉིད་མ་གྲུབ་པར་སྔར་བཀག་ཟིན་པའི་ཕྱིར་རོ། །རྩ་ཤེར་ལས། དེ་དག་རྟག་ན་མི་འཁོར་ཏེ། །མི་རྟག་ན་ཡང་འཁོར་མི་འགྱུར། །སེམས་ཅན་ལ་ཡང་རིགས་འདིི་མཚུངས། །ཞེས་སོ། །དབུས་མེད་པ་ནི། སྔ་ཕྱི་མེད་པས་ད་ལྟར་གྱི་དབུས་ཁེགས་ཏེ། མཐའ་མེད་པས་དབུས་མི་སྲིད་པའི་ཕྱིར་ཏེ་ཟླ་བའི་མཐའ་རྡུལ་ཆ་མེད་པས་མཐར་མི་རུང་ན། དབུས་སུའང་དེ་དང་མཚུངས་པས་མ་གྲུབ་པའི་ཕྱིར་རོ། །དེ་ཉིད་ལས། འཁོར་བ་ཐོག་མ་ཐ་མ་མེད། །དེ་ལ་སྔོན་མེད་ཕྱི་མ་མེད། །གང་ལ་ཐོག་མ་ཐ་མ་མེད། །དེ་ལ་དབུས་ནི་ག་ལ་ཡོད། །ཅེས་སོ། །གྲོལ་བ་དགག་པ་ལ་གསུམ་སྟེ། འཁོར་བ་མེད་པས་ཁེགས་པ། བཅིངས་མ་བཅིངས་ཀྱི་དུས་སུ་མི་གྲོལ་བ། དངོས་པོ་དང་དངོས་མེད་དུ་མི་རུང་བའོ། །དང་པོ་ནི། འཁོར་བ་ཁེགས་པས་ཐར་པ་ཁེགས་ཏེ་བཟུང་ནས་ཐར་བ་ལ་ཐར་བའི་མིང་ཐོབ་པ་ཡིན་ཅིང་། མ་བཟུང་པའམ་མ་བཅིང་པའི་ཐར་པ་ཞིག་མི་སྲིད་པའི་ཕྱིར་ཏེ་བཙོན་ཁང་མེད་ན་བཙོན་ཁང་ལས་ཐར་བ་མེད་པ་བཞིན་ནོ། །གཉིས་པ་ནི། བཅིངས་དུས་གྲོལ་ལམ། གྲོལ་དུས་གྲོལ་ལམ། གཉིས་ཀའི་མཚམས་སུ་གྲོལ། བཅིངས་དུས་གྲོལ་བ་མེད་དེ་བཅིང་གྲོལ་རྫས་འགལ་པས་མཉམ་པོ་མེད་བའི་ཕྱིར་རོ། །གྲོལ་དུས་གྲོལ་མི་དགོས་ཏེ། གྲོལ་ཟིན་པའི་ཕྱིར་རོ། །གཉིས་ཀའི་མཚམས་སུ་གྲོལ་བ་མི་སྲིད་དེ། བཅིངས་གྲོལ་ཕྲད་ན་གཅིག་ཏུ་འགྱུར་བས་མཚམས་མེད་ལ། མ་ཕྲད་ན་དེ་གཉིས་ཀའི་མཚམས་སུ་མི་རུང་བའི་ཕྱིར་རོ། །རྩ་ཤེར་ལས། རེ་ཞིག་བཅིངས་པ་མི་གྲོལ་ཏེ། །མ་བཅིངས་པ་ཡང་གྲོལ་མི་འགྱུར། །བཅིངས་པ་གྲོལ་བཞིན་ཡིན་གྱུར་ན། །བཅིངས་དང་གྲོལ་བ་དུས་གཅིག་འགྱུར། །ཞེས་པ་དང་། ཡུམ་ལས། གཟུགས་ནི་མ་བཅིངས་མ་གྲོལ་བའོ། །གཟུགས་མེད་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །གཟུགས་དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ་ཞེས་བཅིངས་གྲོལ་མེད་པར་བསྟན་པ་ཉིད། གསང་སྙིང་ལས། བཅིངས་མེད་རྣམ་པར་གྲོལ་མེད་པ། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་སོ། །གསུམ་པ་ནི། ཡང་ཐར་པ་དེ་དངོས་པོ་ཡིན་ནམ་དངོས་མེད་ཡིན། ཐར་བ་དངོས་པོ་པ་ནི་རིགས་པས་བརྟགས་ན་གཞི་མེད་པས་གཞི་མི་སྲིད་པའི་ཕྱིར་རོ། །དངོས་མེད་ཡིན་ནའང་གཞིར་མ་གྲུབ་པས་ཐོབ་བྱར་མི་རུང་བའི་ཕྱིར་ཏེ། རྩ་བ་ཤེས་རབ་ལས། སྤངས་པ་མེད་པ་ཐོབ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འགག་པ་མེད་པ་སྐྱེ་མེད་པ། །དེ་ནི་མྱ་ངན་འདས་པར་བརྗོད། །རེ་ཞིག་མྱང་འདས་དངོས་པོ་མིན། །རྒ་ཤིའི་མཚན་ཉིད་ཐལ་བར་འགྱུར། །རྒ་དང་འཆི་བ་མེད་པ་ཡི། །དངོས་པོ་ཡོད་པ་མ་ཡིན་ནོ། །གལ་ཏེ་མྱ་ངན་འདས་དངོས་མིན། །དངོས་མེད་ཇི་ལྟར་རུང་བར་འགྱུར། །གང་ཞིག་རྟེན་ནས་མ་ཡིན་པའི། །དངོས་མེད་ཡོད་པ་མ་ཡིན་ནོ། །བཅོམ་ལྡན་མྱ་ངན་འདས་གྱུར་ན། །ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེའམ་གཉིས་ཀ་དང་། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །བཅོམ་ལྡན་བཞུགས་པར་གྱུར་ན་ཡང་། །ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེའམ་གཉིས་ཀ་དང་། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་འདི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་པ་དང་། ཡུམ་ལས། མྱ་ངན་ལས་འདས་པ་ཡང་། རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་ཤིག་ཡོད་ནའང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་ང་སྨྲའོ་ཞེས་སོ། །སྲོག་དགག་པ་ལ་གཉིས་ཏེ། རང་བཞིན་པ་སྤྱིར་དགག་པ་དང་། ཁྱད་པར་ཅན་ཐ་སྙད་དུ་དགག་པའོ། །དང་པོ་ལ་ལྔ་སྟེ། མཚན་ཉིད་དགག་པ། ཐོག་མཐའ་དགག་པ། སྲོག་ཆད་པ་དགག་པ། ཚེ་འཕོ་བ་དགག་པ། ཚེ་སྔ་ཕྱི་དགག་པའོ། །དང་པོ་ནི། སྲོག་གི་མཚན་ཉིད་རྣམ་ཤེས་རིས་གཅིག་ཏུ་གནས་པ་ཉིད་ནི་མི་རུང་སྟེ། རྒན་པོ་དང་གཞོན་ནུའི་རྣམ་ཤེས་ཐ་དད་གཅིག་ཏུ་མ་ཚོགས་པའི་ཕྱིར་དང་། རྒན་གཞོན་དེ་གཉིས་སྲོག་ཀྱང་རིགས་མི་གཅིག་པའི་ཕྱིར་རོ། །འོན་ཏེ་རྒན་གཞོན་དེ་གཉིས་ཀྱི་དུས་ཀྱི་རྣམ་ཤེས་རིགས་གཅིག་གོ་ཞེ་ན་དེའང་མ་ཡིན་ཏེ། རྣམ་ཤེས་ཀྱི་རིགས་གཅིག་ཏུ་བསྡུ་ཐུབ་ན། མི་ནས་ཁྱིར་སྐྱེས་པ་ལ་ཚེ་གཅིག་ཏུ་འགྱུར་ཏེ། མི་དང་ཁྱི་གཉིས་ཀ་འདོད་ཁམས་པ་ཡིན་པས་འདོད་པའི་སར་རིགས་གཅིག་པས་སོ། །འོན་ཏེ་ད་ལྟར་བའི་རྣམ་ཤེས་རིགས་གཅིག་གོ་ཞེས་པའང་མ་ཡིན་ཏེ། མིག་རྣ་ལ་སོགས་པའི་དབང་པོའི་རྡུལ་ཕྲན་འགག་པས། དབང་པོ་དེའི་དབང་ཤེས་མི་འགྲུབ་པས། དབང་པོ་དང་ཤེས་པ་གཉིས་མཉམ་དུ་ཚོགས་པའང་མ་གྲུབ་པའི་ཕྱིར་རོ། །དེས་ཀྱང་ད་ལྟའི་རྣམ་ཤེས་རིགས་གཅིག་པར་མི་འགྲུབ་བོ། །སྤྱི་དགག་པས་རིགས་ཀྱང་གཅིག་པ་ཐམས་ཅད་ཁེགས་པའི་ཡང་ཕྱིར་ཡང་མི་འགྲུབ་པ་ཡིན་པའི་ཕྱིར་རོ། །ལུས་སེམས་ཚོགས་པའང་མི་རུང་སྟེ། ཚོགས་ན་ཕྲད་ནས་ཚོགས་པར་བྱེད་དམ་མ་པར་ཕྲད་པ་ཡིན། ཕྲད་ནས་ཚོགས་པ་ཡིན་ན་ཕྲད་པ་བཀག་ཟིན་ཏེ། མ་ཕྲད་ཀྱང་ཡོད་ཙམ་གྱིས་ཚོགས་ཞེས་མིང་འདོགས་པ་ཡིན་ན། འགྲོ་བ་རིགས་སྣ་ཚོགས་དང་ཚེ་རབས་སྔ་ཕྱི་ཀུན་མཉམ་དུ་ཚོགས་པར་རིགས་ཏེ། ཡོད་པས་རུང་ན་འཇིག་རྟེན་ན་དེ་ཡང་ཡོད་པའི་ཕྱིར་རོ། །སྲོག་གི་ཐོག་མཐའ་དགག་པ་ནི། ཚེ་གཅིག་ཅེས་པ་ལ། སྐྱེས་ནས་མ་ཤིའི་བར་ཚེ་གཅིག་ཏུ་མི་རུང་སྟེ། ཚེ་གཅིག་ཏུ་དུས་ཀྱི་བཞག་ན་དུས་སོ་སོའང་མེད་དེ། དང་པོ་འདས་ཕྱི་མ་མ་སྐྱེས་ད་ལྟ་བ་སྔ་ཕྱི་ལས་གཞན་དུ་ཕྲད་པ་མ་གྲུབ་པས་ཁེགས་པས་དུས་མེད་ལ། དུས་ཞེས་པ་ཡོད་དུ་ཆུག་ནའང་དུས་གསུམ་གཅིག་ཏུ་མི་རུང་བས་དུས་གསུམ་དེས་བསྡུས་པའི་ཚེ་གསུམ་གཅིག་ཏུ་མི་རུང་བའི་ཕྱིར་དང་། གཅིག་དང་དུ་མ་གཉིས་ཀར་མ་གྲུབ་པས་ཀྱང་གཅིག་པ་མེད་པའི་ཕྱིར་རོ། །དེས་ན་ཐོག་མཐའ་གཉིས་ཆར་ད་ལྟ་བ་ལ་ལྟོས་ལ། ལྟོས་ས་ད་ལྟར་གྱི་སྔ་ཆ་འགགས། ཕྱི་ཆ་མ་སྐྱེས་པས་མེད་པའི་ཕྱིར་སྔ་ཕྱི་གཉིས་ཀྱི་ལྟོས་ཆོས་མ་གྲུབ་པས་ཀྱང་ཐོག་མཐའ་མ་གྲུབ་པའི་ཕྱིར་རོ། །སྲོག་འཆད་པའང་མི་རུང་སྟེ་སྲོག་མ་གྲུབ་པའི་ཕྱིར་ཏེ། སྲོག་གི་རྫས་སྐད་ཅིག་རེ་རེ་བ་ནི་ཆ་མེད་པ་དང་། འགག་པ་མ་གྲུབ་པ་ལྟར་འདས་པ་འགག་ནས་མེད་ཅིང་། མ་སྐྱེས་པའི་སྐད་ཅིག་མེད་ནས་མ་གྲུབ་པས་རྒྱུན་ཡང་མ་གྲུབ་པའི་ཕྱིར་ཏེ། སྲོག་གི་རྒྱུན་དང་སྐད་ཅིག་མ་གྲུབ་པའི་ཕྱིར་རོ། །ཚེ་འཕོ་བ་ཡང་མི་རུང་སྟེ། མི་ནས་ལྷར་འཕོ་བའི་ཚེ་དེ་དག་གཅིག་ན་རྟག་པས་ཚེ་འཕོར་མི་རུང་ཞིང་། མི་གཅིག་ན་རང་འཕོ་ལོང་མེད་པར་སྐད་ཅིག་སྔ་ལོགས་སུ་མིའི་ཚེ་འགགས་པས་ལྷར་འཕོ་རྒྱུ་མ་གྲུབ་པའི་ཕྱིར། ཚེ་འཕོས་པ་མེད་པ་ཉིད་དོ། །དེས་ན་ལྷ་དང་མི་ཚེ་གཅིག་ན་རྒྱུད་གཅིག་ཏུ་འགྱུར་བས་འཕོས་པ་མེད་ལ་རྟག་པར་ཡང་འགྱུར་ཞིང་། མིའི་ཚེ་ལས་གཞན་ཞིག་ལྷར་འཕོས་ན། མི་ལྷར་ཚེ་འཕོས་པར་འགྱུར་བའི་ཐ་སྙད་ཀྱང་མེད་ལ་འཐད་པའང་མ་ཚོགས་པའི་ཕྱིར་རོ། །རྩ་ཤེར་ལས། གལ་ཏེ་ལྷ་དེ་མི་དེ་ན། །དེ་ལྟ་ན་ནི་རྟག་པར་འགྱུར། །ལྷ་ནི་མ་སྐྱེས་ཉིད་འགྱུར་ཏེ། །རྟག་པ་སྐྱེ་བ་མེད་ཕྱིར་རོ། །གལ་ཏེ་ལྷ་ལས་མི་གཞན་ན། །དེ་ལྟ་ན་ནི་མི་རྟག་འགྱུར། །གལ་ཏེ་ལྷ་མི་གཞན་ཡིན་ན། །རྒྱུད་ནི་འཐད་པར་མི་འགྱུར་རོ། །ཞེས་པ་དང་། བྱང་ཆུབ་སེམས་འགྲེལ་ལས། དེ་བཞིན་ཕུང་པོ་ཉིང་མཚམས་སྦྱོར། །སྲིད་པ་གཞན་དུ་སྐྱེ་བ་དང་། །འཕོ་བ་མེད་པར་མཁས་རྣམས་ཀྱིས། །རྟག་ཏུ་ངེས་པར་བྱ་བ་ཡིན། །ཞེས་པ་དང་། ཟླ་བ་དྲི་མ་མེད་པའི་མདོ་ལས། ཆོས་འདི་རྣམས་ནི་ནམ་མཁའ་ལྟ་བུ་སྟེ། །གང་ཡང་མི་སྐྱེ་སུ་ཡང་མི་འཆི་སྟེ། །སྲིད་པ་གཞན་དུ་འཕོ་བ་འགའ་མེད་ཀྱང་། །འགྲོ་བ་སྐྱེ་ཞིང་འཆི་བར་སྣང་བ་ནི། །རྨི་ལམ་འདྲ་ཞིང་ངོ་བོ་ཉིད་ཀྱིས་སྟོང་། །བྱིས་པ་བདག་ཏུ་འཛིན་པས་རྨོངས་པ་ཡིན། །ཞེས་པ་དང་། དཀོན་མཆོག་ཏ་ལ་ལའི་མདོ་ལས། བྱིས་པའི་བློ་ཅན་མཚན་མར་འཛིན་པས་ན། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་པ་དང་། ཡུམ་ལས། གཟུགས་འཕོ་བ་མེད་ཅིང་ཉིང་མཚམས་སྦྱོར་བ་མེད་དེ། གཟུགས་རྣམ་པར་དག་པའི་ཕྱིར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འཕོ་བ་མེད་ཅིང་། ཉིང་མཚམས་སྦྱོར་བ་མེད་དེ། རྣམ་པར་དག་པའི་ཕྱིར་རོ་ཞེས་གསུངས་སོ། །ཚེ་སྔ་ཕྱི་དགག་པ་ལ་གསུམ་སྟེ། ལྟོས་པ། སྒྲོ་བཏགས་པ། མ་ཕྲད་པའོ། །ལྟོས་པ་ནི། སྔ་ཕྱི་གྲུབ་པ་མེད་དེ། ད་ལྟར་བ་ཉིད་སྔ་མ་ལ་ལྟོས་ན་ཕྱི་མ་ཡིན་ལ། ཕྱི་མ་ལ་ལྟོས་ན་སྔ་མ་ཡིན་པས་གཅིག་ཏུ་སྔ་ཕྱི་གང་རུང་དུ་མ་གྲུབ་པའི་ཕྱིར་རོ། །སྒྲོ་བཏགས་པ་ནི། ཚེ་ད་ལྟ་བ་སྔ་ཕྱི་ལ་ལྟོས་ལ། ལྟོས་ཆོས་སྔ་ཕྱི་དང་ལྟོས་ས་ད་ལྟ་བའི་ཚེ་འགགས་པ་དང་མ་སྐྱེས་པས་དངོས་པོར་མེད་པ་ལ་ཡིད་ཀྱིས་ཡོད་པར་སྒྲོ་བཏགས་པའི་ཕྱིར་རོ། །མ་ཕྲད་པ་ནི། སྔ་ཕྱི་ད་གསུམ་རིག་པའི་རྒྱུན་གཅིག་ཏུ་མི་རུང་སྟེ་ཕྲད་པ་བཀག་པས་སོ། །ཐོག་མཐའ་མ་གྲུབ་པས་ཀྱང་ཐོག་མཐའ་ལ་ལྟོས་ཏེ་དཀྱིལ་ལམ་ད་ལྟ་བཞག་དགོས་ན་ད་ལྟ་བ་ཁེགས་པས་མ་གྲུབ་སྟེ། ཡང་རྩ་ཤེར་ལས། གལ་ཏེ་འཇིག་རྟེན་མཐའ་ཡོད་ན། །འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར། །གལ་ཏེ་འཇིག་རྟེན་མཐའ་མེད་ན། །འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར། །ཞེས་སོ། །འོ་ན་རྒྱང་འཕེན་པ་འགོག་པར་ཐུག་དུས་བསྒྲུབས་པར་བྱས་ལ། གཅེར་བུ་པ་འགོག་པར་ཐུགས་དུས་བཀག་པ་ཇི་ལྟར་ཡིན་ཞེ་ན། བདེན་པ་གཉིས་ཀྱི་བཞུགས་ཚུལ་དངོས་པོ་གཤིས་ཀྱི་གནས་ལུགས་ལ་ལྟོས་པས། ཀུན་རྫོབ་ཏུ་རྨི་ལམ་སྒྱུ་མ་ལྟར་ཡོད་པ་དང་། དོན་དམ་པར་མེད་པ་གཉིས་མི་འགལ་ཏེ། བདེན་གཉིས་ལས། རིགས་པས་བརྟགས་ན་དངོས་མ་ཡིན། །དེ་ལས་གཞན་དུ་དངོས་པོ་སྟེ། །དེས་ན་དངོས་པོ་དེ་ཉིད་ལ། །དངོས་དང་དངོས་མེད་ཇི་ལྟར་འགལ། །ཞེས་པའི་ཚུལ་ལམ་མ་འཁྲུལ་བའི་དངོས་པོ་གཤིས་ཀྱི་གནས་ཚུལ་ལ་མེད་ལ། འཁྲུལ་ངོར་མེད་བཞིན་སྣ་ཚོགས་སུ་སྣང་བ་ཡིན་པ་སྟེ། རྩ་ཤེར་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པ་གསུངས། །ཞེས་སོ། །ཡང་གཅིག་ཏུ་ན་དབུ་མ་པས་ཕ་རོལ་གྱི་ལོག་རྟོག་གི་འདོད་པ་ཐམས་ཅད་སྒྲོ་བཏགས་ཡིན་པས་ན་ཅི་འདོད་གང་འདོད་ཅིས་ཀྱང་འགོག་ལ། འགོག་ལུགས་གང་བྱས་བཀག་ཀྱང་འགོག་ཐུབ་པའང་ཡིན་ནོ། །རང་ལ་སྒྲུབ་འདོད་ཀྱི་དམ་བཅའ་འདི་ཞེས་ཆེད་དུ་བྱེད་པ་མེད་པས། ཚེ་སྔ་ཕྱི་བཀག་པ་དང་སྒྲུབ་པ་འགའ་ཡང་མེད་དེ། རྩོད་པའི་ངོར་བྱས་པ་ལྟར་སྣང་བ་དེ་ཉིད་ཐམས་ཅད་འཁྲུལ་སྣང་དུ་ཤར་བས་ཡང་དག་པ་མ་ཡིན་ནོ་ཞེས་པ། རྩོད་བཟློག་ལས། ཇི་ལྟར་སྒྱུ་མས་སྒྱུ་མ་ལ། །དགག་པར་བྱས་པ་ཅི་འདྲ་བ། །དགག་པ་འདི་ཡང་དེ་འདྲར་འདོད། །ཅེས་སོ། །དེས་ན་ཇི་ལྟར་སྣང་ཡང་དེ་ལྟར་མ་གྲུབ་པས་གཞི་མེད་དུ་ཕྱམ་གདལ་བ་ཡིན་ནོ། །ཞེས་ཕྱམ་གདལ་ཞེས་པ་འདི་གོང་མའི་ཆོས་སྐད་དེ། གཞི་མེད་སྤྲོས་པ་དང་བྲལ་བར་ཕྱམ་ཕྱམ་ཡངས་པ་ཆེན་པོར་ངང་གིས་ཞོགས་ཞེས་པ་ལྟར་དུ། སྤྲོས་བྲལ་དབུ་མ་ཆེན་པོ་རྫོགས་ཆེན་སེམས་སྡེའི་མན་ངག་དང་སྦྱར་ན་ཡང་ཆོག་པའི་ཚིག་གོ །ཁྱད་པར་ཅན་ཐ་སྙད་དུ་དགག་པ་ནི། ཤིང་དང་རྡོ་ལ་ཐ་སྙད་དུའང་སེམས་མེད་དེ། དངོས་སུ་སྲོག་ཆགས་ཡིན་པར་སྣང་རུང་མ་དམིགས་པའི་རྟགས་ཀྱིས་ཁེགས་པའི་ཕྱིར་རོ། །སྲོག་མ་ཡིན་པ་དགག་པ་ལ། རང་བཞིན་པ་སྤྱིར་དགག་པ། ཁྱད་པར་ཅན་ཐ་སྙད་དུ་དགག་པའོ། །དང་པོ་ལྟོས་ས་སྲོག་ཉིད་མ་གྲུབ་པས་དེའི་ལྟོས་ཆོས་སྲོག་མ་ཡིན་པ་ཞེས་པའི་ཁྱད་པར་གྱི་ཆོས་ཀྱང་མ་གྲུབ་ལ། ཁྱད་གཞི་སྒྲ་ལ་སོགས་པ་ཆ་ཕྲ་མོར་ཡང་མ་གྲུབ་པས་དེའི་ཁྱད་ཆོས་དེ་བས་ཀྱང་མི་འགྲུབ་པ་ཡིན་པ་དོན་དམ་པར་ཁེགས་སོ། །གཉིས་པ་ལ་སྲོག་སྲོག་མིན་མཚུངས་པ། རང་གི་རྣམ་གཞག་འགལ་བ། ཐམས་ཅད་ཐམས་ཅད་དུ་ཐལ་བའོ། །དང་པོ་ས་སོགས་ལ་ལུས་དབང་དང་སེམས་ཡོད་པ་རེག་བྱའི་སྒོ་ནས་བསྒྲུབ་ན། འོ་ན་སྒྲ་དང་དྲི་དང་འོད་སོགས་ལའང་རྣ་ཤེས་དང་སྣ་ཤེས་མིག་ཤེས་སོགས་ཡོད་པར་ཐོས་བྱ་བསྣམ་བྱ་མཐོང་བྱ་སོགས་ཀྱིས་ཅིས་མི་བསྒྲུབ་སྟེ་བསྒྲུབ་པར་བྱ་རིགས་སོ། །གལ་ཏེ་འབྲེལ་བ་མེད་པས་དེ་དག་བསྒྲུབ་མི་ནུས་སོ་སྙམ་ན། ས་སོགས་ལའང་རེག་བྱ་ཡོད་ཙམ་ཀྱིས་དེ་ལ་ལུས་ཤེས་ཡོད་པའི་སྒྲུབ་བྱེད་དུ་མི་འབྲེལ་བར་འགྱུར་རོ། །ཡང་སྒྲ་དང་དྲི་སོགས་ལ་ཐག་རིང་ནས་ཐག་ཉེ་འོང་བ་ལ་སོགས་པའི་འགྲོ་འོང་དང་ཅི་དགར་འཛིན་དུ་མི་བཏུབ་པ་ ཡོད་པས་སྒྲ་སོགས་འདི་དག་ལའང་སེམས་ཡོད་པར་ཅིས་མི་བསྒྲུབ། དེ་བཞིན་ནམ་མཁའ་འང་གཟུང་བར་བྱར་མེད་པ་དང་། སྣོད་ཀྱི་དབྱིབས་དང་མཚུངས་པར་འཇུག་པའི་ཕྱིར་ན་སེམས་པ་ཅན་དུ་ཅིས་མི་བསྒྲུབ། ནམ་མཁའ་སོགས་དེ་དག་ནི་སེམས་ཡོད་པའི་གཏན་ཚིགས་མིན་ཏེ། རང་གི་ངོ་བོས་རྫས་དྭངས་པར་སྐྱེས་པ་དང་། རྒྱུ་རྐྱེན་གྱི་དབང་གིས་དེ་ལྟར་སྣང་བ་ཙམ་དུ་ཟད་དོ་སྙམ་ན། ས་སོགས་ལ་རེག་བྱ་ཡོད་པ་དང་། ཆུ་ཤིང་འབྲུག་སྒྲས་སྐྱེ་བ་སོགས་ཀྱང་རྒྱུ་རྐྱེན་གྱི་དབང་གིས་དེ་ལྟར་གྱུར་པ་ཙམ་ལས་སེམས་ཡོད་པའི་སྒྲུབ་བྱེད་དུ་མི་རུང་ངོ་། །རྟེན་ཅིང་འབྲེལ་འབྱུང་གི་དབང་གིས་བྱུང་བ་དེ་མ་ཤེས་དུས་གང་ལྟར་བཤད་ཀྱང་ཡང་དག་ཅིག་མི་འབྱུང་ངོ་། །གཉིས་པ་ས་སོགས་ངོ་བོ་ཉིད་ཀྱི་ཤེས་པ་ཡིན་ནམ། ས་སོགས་ལ་ཤེས་པ་ཡོད་པ་ཡིན། དང་པོ་ལྟར་ས་སོགས་ངོ་བོ་ཉིད་ཀྱི་ཤེས་པ་ཡིན་ན་རྡུལ་རེ་རེ་ཤེས་པ་རེ་རེ་ཡིན་པ་དང་། རྡུལ་དུ་མ་ཤེས་པ་གཅིག་ཡིན་པ་གཉིས་ཀ་མི་འཐད་ལ། བེམ་ཤེས་ཀྱི་གཞི་མཐུན་ཡོད་ན་སྒྲ་སོགས་ཀྱང་ཤེས་པར་ཐལ་བ་དང་། ཤི་བའི་ལུས་ལས་རྣམ་ཤེས་མི་ལྡོག་པར་ཐལ་བ་དང་། ཚེ་སྔ་ཕྱི་སོགས་མི་འགྲུབ་པར་ཐལ་བ་དང་། གཞན་ཡང་སྲོག་སྲོག་མིན་མཚུངས་པར་ཁས་ལེན་པའི་རང་གཞུང་དང་འགལ་བ་དུ་མ་ཡོད་པ་ཉིད་ཀྱིས་ཁས་བླང་འོས་མིན་ལ། གཉིས་པ་ས་སོགས་ལ་ཤེས་པ་ཡོད་པ་ལྟར་ན། སྒྲ་སོགས་ལའང་ཤེས་པ་མི་ཁེགས་ཏེ། དྭངས་པའི་ལུས་ཡོད་པ་མི་འགལ་ལ། རེག་བྱ་དང་བྲལ་བའི་ཤེས་པ་མི་སྲིད་པ་ཁས་བླངས་ན། ཤི་བའི་རྣམ་ཤེས་ལའང་རེག་པར་བྱར་ཡོད་པ་སོགས་སུ་ཐལ་ཞིང་། ཁྱོད་ཀྱིས་ཆོས་སུ་འདོད་པའི་རང་གི་སྐྲ་འབལ་བ་སོགས་བྱེད་པ་ཡིན་ན་སྲོག་བཅད་ཀྱི་ཉེས་པས་རེག་པར་ཐལ་ལ། དེ་ལ་ཚོར་བ་མེད་པས་སེམས་མེད་དོ་སྙམ་ན་ས་སོགས་ལའང་སེམས་མེད་པར་གྲུབ་བོ། །གསུམ་པ་འབྲེལ་མེད་ཀྱི་རྟགས་དེ་དང་རྒྱུ་མཚན་དེ་འདྲ་བས་བསྒྲུབ་བྱ་ཡོད་མེད་དུ་འགྲུབ་ན། མུན་པ་སེལ་བྱེད་ཀྱི་མར་མེ་མུན་པ་ཅན་དུ་ཐལ་བ་དང་གང་བསལ་བྱ་མུན་པ་སྣང་བ་ཅན་དུ་ཐལ་བ་དང་། དབྱུག་པ་མེད་པ་མེད་པའི་རྟགས་ཀྱིས་ལག་པ་མེད་པ་བསྒྲུབས་ནས་ལག་པ་ཅན་ལྡོག་པར་ཐལ་བ་སོགས་ཐམས་ཅད་ཐམས་ཅད་དུ་ཐལ་བས་ཤེས་བྱའི་རྣམ་གཞག་ཀུན་ནུབ་པར་འགྱུར་རོ། །དེས་ན་འབྲེལ་མེད་ཀྱི་རྟགས་དེ་འདྲ་དོན་སྒྲུབ་བྱེད་མིན་ཏེ། རྣམ་འགྲེལ་ལས། ལྡན་པ་ཅན་སོགས་གང་དག་ལ། །དེ་འདྲའི་འབྲེལ་བ་ཡོད་མིན་པ། །དེ་དག་འཁྲུལ་པ་སྲིད་པའི་ཕྱིར། །གཏན་ཚིགས་མིན་ཞེས་བཤད་པ་ཡིན། །ཞེས་དང་། ཆོས་འགའ་ཞིག་རྗེས་སུ་འགྲོ་བས་ཐམས་ཅད་ཕར་ཡིན་ཚུར་ཡིན་ཀྱང་མ་ཡིན་ཏེ། རྣམ་འགྲེལ་ལས། ཐམས་ཅད་གཉིས་ཀའི་ངོ་བོ་ཉིད། །དེ་ཡི་ཁྱད་པར་བསལ་བའི་ཕྱིར། །ཞོ་འཐུང་ཞེས་ནི་བསྐུལ་པ་ན། ཅི་ཕྱིར་རྔ་མོ་ལ་མི་རྒྱུག །ཅེས་སོ། །སྤྱིའི་གནས་ལུགས་དགག་པ་ནི། ཡུལ་དུས་གྲངས་ཀྱི་དུ་མ་ལ་རང་བཞིན་གྱིས་གཅིག་ཡིན་པ་མི་སྲིད་དེ། སྤྱི་དང་མཚུངས་པ་དང་། འཁྲུལ་མ་འཁྲུལ་དུ་མི་འཐད་པ་དང་། ཞེས་པ་ནི། དུ་མ་གཅིག་ཡིན་ན་ལྷས་བྱིན་ལྷས་བྱིན་དུ་རྟོག་པ་མ་འཁྲུལ་པ་དང་། ལྷས་བྱིན་ལ་མཆོད་སྦྱིན་དུ་རྟོག་པ་འཁྲུལ་པ་ཡིན་པར་མི་འཐད་དེ། དེ་གཉིས་གཅིག་ཡིན་པའི་ཕྱིར། དངོས་པོ་རྫས་ཐ་དད་ངོ་བོ་གཅིག་པ་མངོན་སུམ་གྱིས་ཁེགས་པའི་ཕྱིར་ཏེ། བུམ་པ་དང་ཀ་བ་བཞིན་ནོ། །ཚུལ་འདིས་རང་སྡེའི་ནང་པ་ཁ་ཅིག་ཀྱང་ཕྱི་སྣ་ཚོགས་མ་འདྲེས་པར་སྣང་བ་རང་གི་སེམས་སུ་གཅིག་པ་དང་། ཐམས་ཅད་མྱ་ངན་ལས་འདས་པར་འདོད་པ་དང་། རི་དང་། བྲག་དང་། ཤིང་དུ་སྣང་ཡང་དོན་ལ་ལྷ་འདྲེའི་གཟུགས་སུ་འདོད་པ་ཀུན་ཁེགས་པ་ཡིན་ནོ་ཞེས་གདམས་པ་གནང་བའོ། །ཀུན་མཁྱེན་བླ་མ་རྗེས་འབྲངས་དང་བཅས་པ་ཁོ་བོ་ཅག་གི་འདོད་པ་ནི་འཁྲུལ་སྣང་ལ་ཇི་ལྟར་སྣང་བའི་དངོས་པོ་རྒྱུ་འབྲས་ཐ་དད་དུ་སྣང་ཡང་གཤིས་ལ་གང་དུའང་མ་གྲུབ་པར་འདོད་ཅིང་། སྣང་ཚོད་དུ་འཁོར་འདས་ཐ་དད་ཀྱང་། གནས་ཚུལ་གཤིས་ཀྱི་ངོ་བོ་ལ་གཅིག་དང་། ཐ་དད་ལས་འདས་པ་དང་། རི་བྲག་ལྷ་འདྲེས་བདག་ཏུ་བཟུང་བའི་གནས་ཡིན་གྱི་གཟུགས་མ་ཡིན་ཞེས་འདོད་པ་ཡིན་ནོ། །རྩ་ཤིང་ལ་སོགས་པ་གཞི་བདག་གི་ཅོ་ཐོ་དང་ཁ་སྤུ་ཡིན་པས་བཅད་མི་རུང་ཞེས་པ་ལ་གསུངས་པའོ། །དེ་དག་གིས་གཅེར་བུ་པའི་ཕྱོགས་དགག་པ་དང་བཅས་པ་གཏན་ལ་ཕབ་ཟིན་ཏོ། །དེ་ལྟ་བུའི་ལུགས་དེས་ནི་དངོས་པོའི་གནས་ཚུལ་ལེགས་པར་མ་རྟོགས་པས་དམ་པའི་དོན་ཉིད་སྤངས་བས་ན། སྲིད་པའི་ནགས་ཁྲོད་འཐུག་པོར་གནས་པ་ཡིན་གྱི་ཡང་དག་པའི་ལམ་མ་ཡིན་ཏེ། དཀའ་ཐུབ་སོགས་དོན་དམ་པར་མ་གྲུབ་ལ། ཀུན་རྫོབ་ཏུ་དེས་ལས་ཟད་པར་བྱས་པས་མི་གྲོལ་ཏེ། ཉོན་མོངས་མ་སྤངས་ན་ལས་སྤོང་མི་ནུས་པ་དང་། སྲོག་དང་སེམས་གཅིག་མིན་ཏེ་རྒན་གཞོན་གྱི་ཤེས་པ་དུས་གཅིག་ཏུ་མ་ཚོགས་ལ་མི་ནས་ཁྱིར་སྐྱེས་པའི་ཚེ་སྲོག་གཅིག་ཏུ་ཐལ་བ་སོགས་ཀྱིས་གནོད་པ་དང་། ཤིང་སོགས་ལ་སེམས་ཡོད་པ་སྣང་རུང་མ་དམིགས་པས་ཁེགས། ཡུལ་དུས་གྲངས་ཀྱི་དུ་མ་ལ་རང་བཞིན་གཅིག་པ་མི་སྲིད་དེ་སྤྱི་བཞིན་ནོ། །བཅིང་གྲོལ་གྱི་བདག་རྟག་པ་ཡོད་ན་ཐར་པ་མི་རུང་བ་སོགས་ཀྱིས་ལུགས་དེ་དོན་མེད་པར་ཤེས་སོ། །དེ་ཡན་གྱིས་གཅེར་བུ་པ་བཀག་ནས། དྲུག་པ།

ཕུར་བུ་པ་བསྟན་པ།

ད་ནི་ཕུར་བུ་པའི་རང་བཞིན་གཏན་ལ་དབབ་པ་ནི། ཕུར་བུ་པ་དག་གཞུང་ལམ་བདུན་པོ་ལ། །ཉེ་བར་བརྟེན་ནས་ནམ་མཁའི་རྗེས་འགྲོ་བས། །རང་གཞན་བསླུ་བས་འཇིག་རྟེན་ཀུན་གནོད་བྱེད། །ཅེས་གསུངས་ཏེ། ལྷའི་བླ་མའི་རྗེས་སུ་འབྲངས་པའི་ཕུར་བུ་པ་དག་ནི། ཚེ་སྔ་ཕྱི་མེད་པ་ལ་སོགས་པའི་གྲུབ་པའི་མཐའ་བདུན་ཚད་མར་བྱེད་པས་ནམ་མཁའི་ཡིད་ཅན་མེད་པའི་ཕྱོགས་ལྷུར་བྱེད་པ་དེ་ནི། རང་དང་གཞན་ལ་འདི་ཕྱིར་གནོད་པ་མངོན་པར་སྒྲུབ་པས་འཇིག་རྟེན་བསླུ་བ་ཉིད་དེ། དོ་ཧ་ལས། ནམ་མཁའི་ཡིད་ཅན་གནོད་བྱེད་ལམ་གྱི་གཟུགས། །ཐར་པའི་ཆེད་དུ་བདག་ཉིད་འགྲོ་བྱེད་བསླུ། །ཞེས་གསུངས་པ་བཞིན་ནོ། །འདིར་དེའི་གཞུང་ངེས་པར་བྱ་བ་ནི། སྔོན་ལྷའི་ཡུལ་དུ་ལྷ་མ་ཡིན་པའི་དམག་བརྩམ་པ་ན། རྒྱུ་འབྲས་ཚད་མར་འཛིན་པས་འཐབ་པ་ལ་སྤྲོ་བ་སུ་ཡང་མེད་པའི་ཚེ། ལྷའི་བླ་མ་དྲང་སྲོང་ཕུར་བུས་ཐམས་ཅད་ལ་སྐུར་པ་འདེབས་པ་ལྟ་བའི་སྙིང་པོ་ཞེས་བྱ་བའི་བསྟན་བཅོས་བརྩམས་པ་ལས། གྲོག་མཁར་བས་མིའི་ཡུལ་དུ་དར་བར་བྱས་ཏེ། ཕུར་བུ་སྟོན་པར་འཛིན་ཅིང་། བརྒྱ་བྱིན་དང་། ཉི་ཟླ་ལྷར་བྱེད་པས། ལྟ་བའི་སྙིང་པོ་དང་། ཕུར་བུའི་རྒྱུད་སྡེ་དྲུག་ལ་སོགས་པའི་གཞུང་འཛིན་པ་ལ། ཚེ་སྔ་ཕྱི་རྒྱང་དུ་བོར་ནས་འདི་ལ་ཕན་པ་སྒྲུབ་པས་རྒྱང་འཕེན་པ་དང་། སྐྱེ་བ་སྔ་ཕྱི་མེད་པར་འདི་རྐྱང་པར་འདོད་པས་རྐྱང་པ་པ་དང་། ལས་འབྲས་དང་མ་མཐོང་བའི་འགྲོ་བ་མེད་པར་འདོད་པས་མེད་པ་པ་དང་། ཚེ་ཚུ་རོལ་འདིར་གང་བདེ་གང་མཛེས་བྱེད་པས་ཚུ་རོལ་མཛེས་པ་པ་དང་། ཉི་མ་ལྷར་འཛིན་པས་ཉི་མ་པ་དང་། ཟླ་བ་ལྷར་འཛིན་པས་ཟླ་བ་པ་དང་། དབང་པོ་ལྷར་འཛིན་པས་དབང་པོ་པ་དང་། ཕུར་བུ་སྟོན་པར་འཛིན་པས་ཕུར་བུ་པ་ཞེས་བྱ་སྟེ། དེ་དག་གི་ཐུན་མོང་གི་འདོད་པ་སྒྲུབ་ཚུལ་ལྷའི་དབང་གིས་མི་འདྲ་ཡང་། གྲུབ་མཐའ་གཞུང་གཅིག་པར་སྨྲ་བས། དེའི་འདོད་པ་བརྗོད་པ་ནི། བདུན་ཏེ། འབྱུང་བ་བཞི་དོན་དམ་དུ་འདོད་པ་དང་། ལུས་སེམས་རྫས་གཅིག་ཏུ་འདོད་པ་དང་། འཇིག་རྟེན་སྔ་ཕྱི་མེད་པ་དང་། ལས་རྒྱུ་འབྲས་མེད་པ། ཐར་པ་དང་ཐམས་ཅད་མཁྱེན་པ་མེད་པ། མ་མཐོང་བའི་འགྲོ་བ་མེད་པ། རྗེས་དཔག་ཚད་མ་མ་ཡིན་པའོ། །དང་པོ་ནི། ས་ཆུ་མེ་རླུང་བཞི་དོན་དམ་དུ་ཡོད་ལ། སེམས་ནི་ལུས་ཀྱི་ནུས་པའི་རང་བཞིན་བེམ་པོ་དྭངས་པ་ལས་གསལ་བར་ལུས་གྲུབ་པ་དང་མཉམ་དུ་བྱུང་བས་ལུས་ཀྱི་རྫས་ཡིན་ཏེ། ལུས་བདེ་སྡུག་གི་རྗེས་སུ་སེམས་བྱེད་པ་དང་། འདོད་ཆགས་ལ་སོགས་པ་ལུས་དར་གུད་ཀྱི་རྗེས་སུ་འཕེལ་འགྲིབ་བྱེད་པའི་ཕྱིར་དང་། མཚོན་བསྣུན་པས་སེམས་ན་བའི་ཕྱིར་རོ། །འཇིག་རྟེན་སྔ་ཕྱི་མེད་དེ་ལུས་སེམས་རྫས་གཅིག་པའི་ཕྱིར་དང་། གཉིས་བཅས་དང་དུ་མ་དུས་གཅིག་ཏུ་འབྱུང་བ་དང་། ཐ་སྙད་གོམས་པ་མེད་པ་དང་། ཕྱིར་འོང་བ་མེད་པའི་ཕྱིར་རོ། །དེའང་ལུས་རྡུལ་ཕྲན་དུ་དེངས་པས་སེམས་ཀྱང་གཞན་དུ་སྐྱེ་བ་མེད་ལ། དེ་གཉིས་བཅས་ཀྱིས་འཇིག་རྟེན་ཕ་རོལ་ནས་འོང་བ་མེད་པར་བསྒྲུབ་པ་དང་། ལུས་ཀྱི་རྐྱེན་གྱི་རྗེས་སུ་སེམས་དུ་མ་འབྱུང་བ་དང་། སྐྱེས་མ་ཐག་ཏུ་ཅི་ཡང་མི་ཤེས་པས་ཕྱིས་སློབ་དགོས་པའི་ཕྱིར་ཏེ། སྔ་མ་ཡོད་ན་སློབ་མི་དགོས་ཏེ། གཉིད་སད་དུས་སྔར་གྱི་ཤེས་པ་མ་བརྗེད་པ་བཞིན་ནོ། །འགའ་ཞིག་ཤི་ནས་ལོག་འོང་བ་མེད་པའི་ཕྱིར་ཡང་ཚེ་སྔ་ཕྱི་མེད་པ་ཡིན་ནོ། །དེ་ཡང་སེམས་ནི་ལུས་ཀྱི་སྔ་ཕྱིར་མེད་དེ། ལུས་དང་རྫས་དབྱེར་མེད་ཡིན་པའི་ཕྱིར། ཆང་དང་ཆང་གི་རོ་བཞིན་ནོ། །ཆང་གི་རོ་ཡང་བཙོ་དུས་འབྲུ་དང་མཉམ་དུ་འབྱུང་གི་ཆང་གི་སྔོན་རོལ་ནས་འཕོས་ཏེ་བྱུང་ནས་དེར་ཞུགས་པ་ནི་མ་ཡིན་ནོ། །གཞན་ཡང་བུམ་པ་ནི་འཇིག་རྟེན་ཕ་རོལ་ནས་མ་འོངས་པའི་སྐྱེས་བུའམ་བུམ་པ་ཉིད་གང་རུང་བས་གཉིས་དང་བཅས་པ་ཡིན་ཏེ། ཨུཏྤལ་མ་ཡིན་པའི་ཕྱིར་རྩིག་པ་བཞིན་ནོ། །དེའང་བུམ་པ་ལ་ཨུཏྤལ་མ་ཡིན་པའི་ཕྱོགས་ཆོས་གྲུབ་ལ། རྩིག་རྩར་བུམ་པ་བཞག་པའི་ཚེ་གང་རུང་གིས་ཁྱབ་པ་གྲུབ་ཅིང་། བུམ་པ་ལ་བུམ་པ་དེ་ཉིད་ཟླ་བོར་འགལ་བས་ན། སྐྱེས་བུ་ལས་འོས་མེད་པའོ། །འདི་སྐབས་གཉིས་བཅས་ཞེས་པ་ནི་རྒྱང་འཕེན་པའི་འཇིག་རྟེན་ཕ་རོལ་མེད་པའི་གཏན་ཚིགས་བཀོད་པ་ཡིན་ཏེ། དེ་ཡང་ཟོལ་སྦྱོར་གྱི་སྒོ་ནས་གྲུབ་པར་རེ་བས་འདི་སྐད་དུ། བུམ་པ་ཆོས་ཅན། འཇིག་རྟེན་ཕ་རོལ་ནས་མ་འོང་བའི་སྐྱེས་བུའམ། བུམ་པ་གང་རུང་གི་གཉིས་དང་བཅས་པ་ཡིན་ཏེ། ཨུཏྤལ་མ་ཡིན་པའི་དངོས་པོ་ཡིན་པའི་ཕྱིར། བུམ་ལྡན་རྩིག་པ་བཞིན་ཞེས་འགོད། ཡང་ན་ཆོས་ཅན་དང་རྟགས་དང་དཔེ་འདྲ་བ་ལ་ལུས་སེམས་རྫས་གཅིག་པའི་སྐྱེས་བུའི་ལུས་དང་བུམ་པ་གང་རུང་གི་གཉིས་དང་བཅས་པ་ཡིན་ཏེ་ཞེས་སྦྱར། དེ་གཉིས་གང་ཡིན་ཀྱང་དོན་འདྲ་སྟེ། འཇིག་རྟེན་ཕ་རོལ་མེད་པར་སྒྲུབ་པའི་གཏན་ཚིགས་དངོས་སུ་འགོད་མ་ནུས་ནས། བུམ་པ་དེ་ལུས་སེམས་རྫས་གཅིག་པའི་སྐྱེས་བུའི་ལུས་སམ། འཇིག་རྟེན་ཕ་རོལ་ནས་མ་འོངས་པའི་སྐྱེས་བུའི་གཉིས་བཅས་སུ་སྒྲུབ་པ་རྟགས་ཨུཏྤལ་མིན་པ་བཀོད་ནས་འདི་སྙམ་དུ། བུམ་པ་ལ་ཨུཏྤལ་མིན་པའི་ཕྱོགས་ཆོས་གྲུབ་ལ། དཔེ་བུམ་པ་རྩིག་རྩར་བཞག་པ་ན་རྩིག་པ་དེ་ལ་གང་རུང་གི་གཉིས་བཅས་ཀྱི་ཁྱབ་པ་གྲུབ་སྟེ་རྩིག་པ་དེ་ཨུཏྤལ་མིན་པའི་དངོས་པོ་ཡིན་ལ། བུམ་པའི་གཉིས་བཅས་ཀྱང་ཡིན་པའོ། །དེ་ལྟ་ན་སྐབས་ཀྱི་ཆོས་ཅན་བུམ་པ་ནི་བུམ་པ་རང་ཉིད་ཀྱི་གཉིས་བཅས་སམ་ཟླ་བཅས་སུ་མི་སྲིད་པས། སྐབས་འདིར་སྨོས་པའི་ཟླ་བོ་འཇིག་རྟེན་ཕ་རོལ་ནས་འོང་བ་མིན་པའི་སྐྱེས་བུའམ། ལུས་སེམས་རྫས་གཅིག་པའི་སྐྱེས་བུའི་གཉིས་བཅས་ལས་འོས་མེད་པས་དེ་སྒྱུ་ཐབས་ཀྱིས་འགྲུབ་པར་རེ་བའོ། །དེ་ལ་དངོས་པོ་ཡིན་ན་དངོས་པོ་གཞན་གྱི་གཉིས་དང་བཅས་པས་ཁྱབ་པ་ཡོད་པ་ནི་སྤྱིར་བཏང་སྟེ། དངོས་པོ་རྣམས་ནི་གཅིག་ཁོ་ན་མིན་པར་དུ་མ་སྲིད་པས་ན་དངོས་པོ་ཡིན་ཚད་རང་དང་ཅིག་ཤོས་སུ་བགྲང་རྒྱུ་ཡོད་པ་ཙམ་གྱི་གཉིས་བཅས་ཡིན་ལ། དེའི་ཕྱིར་ཨུཏྤལ་མིན་པའི་དངོས་པོ་ཡིན་ནའང་གཉིས་བཅས་ཙམ་ཡིན་པ་གཞིར་བཞག་ལ་བསམས་ནས། ངག་སྦྱོར་བའི་སྐབས་སུ་སྐྱེས་བུའི་ཚིག་ཚིག་གྲོགས་སུ་བཞག་པས་གཉིས་བཅས་སུ་འདོད་ན་སྐྱེས་བུའི་གཉིས་བཅས་གྲུབ་པ་ལས་འོས་མེད་ལ། སྐྱེས་བུ་དེ་ཡང་འཇིག་རྟེན་ཕ་རོལ་ནས་མ་འོང་པའམ། ལུས་སེམས་རྫས་གཅིག་པའི་ཆོས་དང་ལྡན་པར་སྨྲས་པས་དོན་ལ་སྐྱེས་བུ་ནི་འཇིག་རྟེན་ཕ་རོལ་ནས་མ་འོང་པའམ། ལུས་སེམས་རྫས་གཅིག་པས་ལུས་ཀྱི་སྔོན་དུ་བློ་མེད་ལ། ལུས་ཞིག་ནས་ཀྱང་སེམས་མེད་པས་འཇིག་རྟེན་སྔ་ཕྱི་མེད་པར་གྲུབ་སྙམ་པའོ། །དེ་ཡང་དེ་འདྲའི་སྐྱེས་བུའི་གཉིས་བཅས་རྐྱང་པར་སྨྲས་ན་དཔེ་ལ་རྗེས་འགྲོ་བསྟན་མི་ནུས་པས་འཇིགས་ནས། བུམ་པ་དང་གང་རུང་གི་གཉིས་བཅས་ཞེས་གཡོ་ཐབས་སུ་འགོད་པའང་། འདི་ལྟ་བུའི་ཟོལ་སྦྱོར་གྱི་རྟགས་དེས་ཞེ་འདོད་ནི་སྒྲུབ་པར་མི་ནུས་པས་ཅི་ཡང་མི་ཕན་ལ། སྨྲས་ཆོས་ལ་སྨྱོན་པ་གཏོལ་མེད་ཀྱི་རྡོལ་ཐབས་སྨྲ་བ་ལྟ་བུའི་སྐྱོན་ཆགས་པ་ལས་ལེགས་པ་ཅི་ཡང་མེད་དེ། སྤྱིར་དངོས་པོ་ལ་དུ་མ་ཡོད་པས་དངོས་པོ་གང་ཡང་གཉིས་དང་བཅས་པ་ཙམ་ནི་གྲུབ་ཟིན་པས་བསྒྲུབ་མི་དགོས་ལ། སྐབས་ཀྱི་ངག་སྦྱོར་གྱི་དོན་ལྟར་ན་གང་རུང་གི་གཉིས་བཅས་གཏན་ནས་མིན་ཏེ་བུམ་པ་བུམ་པའི་གཉིས་བཅས་དང་གློ་བུར་བའི་སྐྱེས་བུའི་གཉིས་བཅས་གཉིས་ཀ་མིན་པའི་ཕྱིར་ཏེ། བུམ་པ་བུམ་པའི་ཟླ་བོར་འགལ་ལ། གློ་བུར་བའི་སྐྱེས་བུ་རི་བོང་རྭ་བཞིན་དུ་གཞི་མ་གྲུབ་པས་དེའི་གཉིས་བཅས་ཡིན་པ་འགལ་ལོ། །དེས་ན་དཔེ་བུམ་ལྡན་རྩིག་པ་ལའང་སྤྱིར་གཉིས་བཅས་ཙམ་ཡོད་ཀྱང་སྐབས་འདིའི་ཞེ་འདོད་ཀྱི་གཉིས་བཅས་ནི་གཏན་མེད་པས་ཅི་ཡང་མི་ཕན་ནོ། །གལ་ཏེ་ལུས་བུམ་མ་ཕྱེ་བར་དེ་གཉིས་ཐུན་མོང་གི་སྤྱི་ཙམ་ལ་བཟུང་ན་རུང་སྙམ་ན་མི་རུང་སྟེ་ལུས་བུམ་གཉིས་མིན་པའི་གང་རུང་ཞེས་པ་དོན་གཞན་ཅི་ཡང་མེད་པས་སོ། །འོ་ན་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། བུམ་པ་བཞིན་ཅེས་པ་ལའང་། དཔེ་དང་ཆོས་ཅན་ལ་ཐུན་མོང་དུ་གནས་པའི་བྱས་པ་དང་མི་རྟག་པ་མེད་པས་དེ་ཡང་མི་གྲུབ་བོ་ཞེ་ན་མི་མཚུངས་ཏེ། མི་རྟག་པ་ཙམ་སྒྲ་དང་བུམ་པའི་ཁྱད་པར་མ་བྱས་པར་སྒྲུབ་རུང་སྟེ་སྒྲ་བུམ་གཉིས་ཀའང་མི་རྟག་པར་ཁྱད་མེད་པས་ན་མི་རྟག་པ་དེ་གཉིས་ཀ་ལ་ཡོད་ཀྱང་། ལུས་བུམ་གང་རུང་གི་སྤྱི་ཞེས་པ་དོན་གཞན་ཞིག་ཡོད་པར་གྱུར་ན། བུམ་པ་ལ་མི་རྟག་པ་ཡོད་པ་བཞིན་དུ་ལུས་བུམ་གང་རུང་ཞེས་པའང་ཡོད་པར་འགྱུར་དགོས་ན་དེ་མི་སྲིད་པའི་ཕྱིར་རོ། །དེས་ན་དེ་འདྲའི་རྟགས་འགོད་པ་ནི་གྱི་ན་སྟེ། རྣམ་འགྲེལ་ལས། བརྗོད་བྱས་སྟོང་པ་བརྗོད་རྣམས་ཀྱི། །འདི་དེ་མི་ཤེས་ཀྱིས་བསླད་ཡིན། །ཞེས་གསུངས་པ་བཞིན་ནོ། །གཞན་ཡང་ཤའི་ཕུང་པོ་རི་རབ་ཙམ་སྤུངས་ཏེ། དེར་ཞག་བདུན་གྱི་བར་དུ་ཆར་བབས་པས། ཤའི་ཕུང་པོའི་ཚད་ཁོ་ན་ཙམ་གྱི་སྲིན་བུའི་ཕུང་པོ་སྐྱེ་བར་འགྱུར་ན། སེམས་ཅན་དེ་སྙེད་ཀྱི་སེམས་དེ་དག་གཞན་ནས་དུས་གཅིག་ལ་འཆི་བའམ་འོང་བ་ཡོད་དམ་དེ་མེད་དོ། །འཇིག་རྟེན་སྔ་མ་མེད་པས་དེའི་ཐ་སྙད་གོམས་པ་མེད་པའི་ཕྱིར། བྱིས་པ་ལ་བརྡ་དང་ཡིག་རྩིས་སོགས་གདོད་སློབ་དགོས་སོ། །འཇིག་རྟེན་ཕྱི་མའང་མེད་དེ་རྒན་པོ་ཤི་བ་རྣམས་འོང་བ་མེད་པའི་ཕྱིར་རོ། །དེས་ན་ལུས་ཅན་ཐམས་ཅད་སྐྱེ་བ་གཞན་ནས་མ་འཕོས་པར་སྤང་ལས་ཤ་མོའི་ཚུལ་དུ་ཕ་མའི་འདུ་འཕྲོད་ལས་གློ་བུར་དུ་ལུས་གྲུབ་དུས་དེའི་རྡུལ་ཕྲན་དྭངས་པ་ལས་སེམས་གྲུབ་པ་ཡིན་ནོ། །ཡང་ཤི་དུས་འབྱུང་བ་རྣམས་ནུས་པ་རྙིང་སྟེ་སྣུམ་ཟད་པ་ལས་མར་མེ་ཤི་བ་ལྟར་འབྱུང་བ་བཞི་རང་རང་གི་བག་ལ་ཞ་ཞིང་སེམས་ནམ་མཁའི་དབྱིངས་སུ་ཡལ་བས་སུ་ཡང་སྐྱེ་བ་ཕྱི་མ་མི་ལེན་ཏེ། གྲོག་མཁར་བའི་གསང་ཚིག་ལས། མ་ཤིའི་བར་དུ་ཅི་བདེར་སྤྱོད། །ཤི་ནས་དེ་ཡི་སྤྱོད་ཡུལ་མིན། །ལུས་ནི་ཐལ་བ་ལྟར་གྱུར་ནས། །སླར་སྐྱེ་བ་དག་ག་ལ་སྲིད། །ཅེས་སོ། །ཚིག་འདི་སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་ཀྱིས་ཕྱོགས་སྔར་དྲངས་པ་ཡིན་ནོ། །ལས་རྒྱུ་འབྲས་ཀྱང་མེད་དེ། སྲོག་བཅད་པས་ཚེ་ཐུང་བ་དང་། བྱམས་པ་བསྒོམས་པས་གཟུགས་མཛེས་པ་ལ་སོགས་པའི་ལས་ཀྱི་འབྲས་བུ་ཚེ་འདིར་སྨིན་པ་ནི་མ་མཐོང་ཞིང་ཕྱི་མ་ལ་མེད་པ་ཉིད་དོ། །རྒྱུ་འབྲས་ཀྱི་ཚུལ་འདི་སངས་རྒྱས་པས་དགེ་སྦྱོང་མགོ་རེག་དག་མ་སོས་པར་འཚོ་བའི་ཕྱིར་གཡོ་སྒྱུས་སྨྲས་པ་ཡིན་ཏེ། ལྟ་བའི་སྙིང་པོའི་མདོ་ལས། སྐྱེ་རྒ་ན་འཆི་མེད་ཅིང་འཇིག་རྟེན་སྔ་ཕྱི་ཕ་རོལ་མེད། །བསོད་ནམས་བསོད་ནམས་མ་ཡིན་ལས་སྐྱེས་འབྲས་མེད་རྒྱུ་དང་བྱེད་པ་མེད། །རྙེད་ཕྱིར་འདི་ནི་ཤཱཀྱའི་བུ་ཡིས་སྨྲས་ཀྱིས་དད་པས་མ་འགྲོ་ཞིག །ཅེས་བརྗོད་པ་བཞིན་ནོ། །མུ་སྟེགས་རྟག་པར་སྨྲ་བས་འདོད་པའི་རིག་བྱེད་ལས་བྱུང་བའི་མཆོད་སྦྱིན་གྱིས་ཕན་པའང་མེད་དེ། རིག་བྱེད་ཉིད། མི་དམན་པ་འགའི་འཚོ་བ་བསྒྲུབ་པའི་ཕྱིར། གཡོན་ཅན་གཙང་སྦྲ་ཅན་རྣམས་འདུས་ནས་བྱས་ཏེ། ལ་ལས་གོས་ལ་སོགས་པ་འགའ་ཞིག་ཚོས་བསྒྱུར་ནས། །ཕྱུགས་བསད་སྙིང་པོར་གྱུར་རྣམས་བསླུས་པ་རྣམས་ཀྱིས་ཟོས། །རྭ་དང་རྨིག་པ་པགས་པ་ལ་སོགས་ཙན་ཏི་ཀ་ལ་སྟེར། །ཁྱིམ་མེད་མ་དང་མཆོད་སྦྱིན་ཤིང་ཤུན་ཅན། །མགྲིན་པ་སྐུད་པས་བཅིངས་དང་འབྲེག་མཁན་དང་། །རྗེའུའི་རིགས་དང་མཆིལ་ལྷམ་མཁན་པོ་དང་། །དྲུག་གིས་རིག་བྱེད་འདི་ནི་བཏགས་པ་ཡིན། །མེ་ཡི་སྦྱིན་སྲེག་གསུམ་རིགས་འདོད་འདི་ནི། །དབྱུ་གུ་གསུམ་ཅན་ཐལ་བ་སྐུད། །བློ་དང་རྩོལ་བ་དམན་རྣམས་ཀྱིས། །འཚོ་ཕྱིར་བྱས་ཞེས་ཕུར་བུས་སྨྲ། །ཞེས་སོ། །ཐར་པ་དང་གྲོལ་བ་མེད་དེ། ལམ་བསྒོམས་པས་ཐར་པའམ་ཐམས་ཅད་མཁྱེན་པ་ཚེ་འདིར་ཐོབ་པ་མ་མཐོང་ཞིང་ཕྱི་མ་ལ་མི་དམིགས་པའི་ཕྱིར་ཏེ། ཕྱི་མ་ཉིད་སུས་ཀྱང་མ་མཐོང་བའི་ཕྱིར་རོ། །འགྲོ་བ་ཡང་མི་དང་དུད་འགྲོ་གཉིས་དང་། སྐྱེ་བ་ཡང་མངལ་དང་དྲོད་གཤེར་སྒོང་སྐྱེས་གསུམ་ལས་གཞན་པའི་འགྲོ་བ་དང་། རྫུས་སྐྱེས་མི་སྲིད་དེ་མ་མཐོང་བའི་ཕྱིར་རོ། །ཇི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུའང་དེ་ཙམ་ཁོ་ནར་ཟད། །བཟང་མོ་མང་ཐོས་གང་སྨྲ་བ། །དེ་དག་སྤྱང་ཀིའི་རྗེས་དང་འདྲ། །ཞེས་སོ། །རྗེས་དཔག་ནི་ཚད་མ་མ་ཡིན་ཏེ། དོན་སྤྱི་ཡུལ་དུ་བྱེད་པའི་ཕྱིར་དངོས་མེད་ཉིད་དངོས་པོར་བརྫུས་པའི་སྨིག་རྒྱུ་ལ་ཆུར་འཛིན་པ་བཞིན་ནོ། །སྤྱིར་ཚུལ་གསུམ་པའི་རྟགས་ལ་འཁྲུལ་པ་མཐོང་བའི་ཕྱིར་ཏེ། རྒྱབ་བསྟན་པའི་དཀར་ཤམ་ལ་ལྷ་སྦྱིན་གྱི་བུ་ཡིན་པའི་རྟགས་ཀྱིས་སྔོ་བསངས་སུ་དཔོག་པ་བཞིན་ནོ། །ཁྱད་པར་དུ་རྟགས་གསུམ་མི་རུང་བའི་ཕྱིར་ཏེ། མེ་ནི་གཙུབ་ཤིང་དང་། མེ་རྡོ་དང་། རྡོ་སོལ་དང་། གནམ་ལྕགས་ལས་འབྱུང་བར་མཐོང་བས་རྒྱུའི་ངེས་པ་མེད་པ་དང་། རང་བཞིན་གྱི་རྟགས་ཀྱང་དུང་གི་དཀར་ཟླུམ་ལྟར་གཅིག་ཏུ་དབྱེར་མེད་དུ་མཐོང་བ་གཞན་དུ་ཐ་དད་དུ་མཐོང་བས་སོ། །དེས་ན་འབྲས་བུ་དང་ཁྱབ་བྱ། རྒྱུ་དང་ཁྱབ་བྱེད་སྒྲུབ་པ་ལ་འཁྲུལ་པས་ནི། རྒྱུ་དང་ཁྱབ་བྱེད་བཀག་པས་འབྲས་བུ་དང་ཁྱབ་བྱ་འགོག་པ་ལ་འཁྲུལ་པས་མི་དམིགས་པའི་རྟགས་ཀྱང་མི་རུང་བའི་ཕྱིར་རོ་ཞེས་འདོད་དོ། །དེ་དགག་པ་ལ་ཕྱོགས་སྔ་མ་ལྟར་བདུན་ལས། དང་པོ་འབྱུང་བ་བཞི་དོན་དམ་དུ་འདོད་པའི་རགས་པ་སྔར་དབང་ཕྱུག་པར་བཀག་ཅིང་། ཕྲ་བ་ཉན་ཐོས་པར་འགོག་གོ །གཉིས་པ། ལུས་སེམས་ནི་རྫས་གཅིག་ཏུ་མི་རུང་སྟེ། མིག་ཤེས་ཀྱིས་ལུས་སེམས་ཀྱི་ངོ་བོར་མི་དམིགས་ཤིང་། རང་རིག་གིས་ལུས་སེམས་ཀྱི་ངོ་བོར་མ་དམིགས་པ་དང་། སེམས་ཀྱི་དགའ་གདུང་གི་རྣམ་པ་མིག་གིས་མི་མཐོང་བའི་ཕྱིར་ལུས་ལ་མེད་ལ། །ལུས་ཀྱི་ཁ་དོག་དང་དབྱིབས་སེམས་ལ་མེད་པས། ལུས་སེམས་གཉིས་གཅིག་ཡིན་ན་ཆོས་འགལ་བ་དང་ལྡན་པའི་ཕྱིར་བུམ་པ་དང་སྣམ་བུ་བཞིན་ཏེ། རྣམ་ངེས་ལས། ལུས་ཉིད་ནི་བློ་མ་ཡིན་ཏེ་གྲུབ་ཀྱང་བློའི་རྣམ་པར་རྟོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་ཞེས་སོ། །གལ་ཏེ་ལུས་འཛིན་གྱི་ཤེས་པས་མ་མཐོང་བས་སེམས་ཁེགས་ན། སྔོ་འཛིན་གྱིས་མ་མཐོང་བས་སྔོན་པོའི་སྐད་ཅིག་ཁེགས་སོ་ཞེ་ན། སྐད་ཅིག་ནི་ཡོད་ཀྱང་མི་མཐོང་སྟེ། རྣམ་པ་མི་གསལ་བས་སོ། །སེམས་ཀྱང་ཡོད་མེད་ཀྱི་ཚད་མས་མི་མཐོང་སྟེ། རྣམ་པ་མི་གསལ་བས་སོ་ཞེ་ན། རང་རིག་གིས་ཀྱང་མི་མཐོང་བར་ཐལ་ལོ། །སྐད་ཅིག་ཀྱང་མི་གསལ་ན་བྱིས་པའི་ཚད་མ་གང་གིས་ཀྱང་མི་མཐོང་བར་ཐལ་ལོ་ཞེ་ན་འདོད་དེ། བྱིས་པས་སྐད་ཅིག་དངོས་སུ་མཐོང་བ་མེད་པ་ཡིན་ནོ། །ཞེས་པ་ནི་འཁྲུལ་རྒྱུས་བསླད་པ་དང་བྲལ་ནས་དོན་ངེས་པའི་ཚུལ་གྱིས་མཐོང་བ་མེད་ཅེས་པའི་དོན་ཏེ། རྟོག་མེད་ཤེས་པས་སྐད་ཅིག་མ་མཐོང་མ་མྱོང་ཞེས་པའི་དོན་དུ་བཟུང་བར་མི་བྱའོ། །གསུམ་པ། ཚེ་སྔ་ཕྱི་མེད་པའི་སྒྲུབ་བྱེད་ཐམས་ཅད་མི་འཐད་དེ། གཉིས་བཅས་ཀྱི་རྟགས་ལ་སྣམ་བུ་ལ་སོགས་པར་ཆོས་ཅན་བུམ་པ་དང་གློ་བུར་བའི་སྐྱེས་བུ་གཉིས་ཀ་འབྲེལ་བ་མ་གྲུབ་པས་དོན་མེད་པར་མཐོང་བ་དང་། ཨུཏྤལ་མ་ཡིན་པ་ལ་གང་རུང་གིས་ཁྱབ་པ་མ་གྲུབ་པ་ཉིད་དོ། །དུ་མ་དུས་གཅིག་ཏུ་འབྱུང་བའང་མ་ངེས་ཏེ། དྲི་ཟ་དཔག་ཏུ་མེད་པ་ཤའི་དྲི་ལ་འཁོར་བས་ཆགས་ནས་ལུས་འདོར་བས་སམ། ཡུངས་འབྲུ་ཙམ་གྱི་ཁོང་ནའང་འགྲོ་བ་དཔག་ཏུ་མེད་པ་གནས་པས་ན། དེ་ཙམ་ལའང་དུ་མ་སྐད་ཅིག་རེ་ལ་ལུས་འདོར་བས་སོ། །དེས་ན་དུས་གཅིག་ལ་སྐྱེ་འཆི་མང་པོ་འགྲུབ་པ་ཡིན་ནོ། །དེ་དག་ཀྱང་རིགས་པས་མི་འགྲུབ་བོ་ཞེ་ན། ལུང་འགལ་བ་གསུམ་བྲལ་ནི་ཚད་མ་ཉིད་དུ་ཁས་འཆེ་བའམ་ཐེ་ཚོམ་ཟ་བ་ཉིད་ཀྱིས་ཀྱང་ཁྱེད་ཀྱི་ངེས་པའི་དམ་བཅའ་ཁེགས་ཏེ། འདི་ནི་གཞན་དུའང་ཤེས་པར་བྱའོ། །ཐ་སྙད་ཀྱི་བརྡ་ལ་མ་གོམས་པ་དང་། རྒན་པོ་ཤི་ནས་ཕྱིར་འོང་བ་མེད་པའང་མ་གྲུབ་པ་དང་། སྔོན་གྱི་བྱ་དངོས་མ་ངེས་ཏེ་མངལ་གྱི་དྲི་མས་བརྗེད་པ་དང་། ལག་པ་ཅན་ལ་སོགས་པས་ཚེ་རབས་དྲན་པས་བརྡ་ཤེས་པའང་མཐོང་བའི་ཕྱིར་རོ། །བཞི་བ། ལས་འབྲས་མེད་པའང་མི་འགྲུབ་སྟེ། སྐྱེ་བ་གཞན་དུ་སྨིན་པ་ལ་འགོག་བྱེད་མེད་པ་དང་། སྒྲུབ་བྱེད་ཡོད་དེ་རྒྱལ་པོའི་བུ་མོ་རྡོ་རྗེ་ལ་སོགས་པ་འགའ་ཞིག་གཟུགས་མི་མཛེས་པ་ལ་སོགས་པ་འདིར་ཡང་སྨིན་པ་མཐོང་བ་དང་། ཕལ་ཆེར་སྡིག་ཅན་རྣམས་ལ་སྡུག་བསྔལ་སྣ་ཚོགས་འབྱུང་ལ། གང་ཟག་དམ་པ་རྣམས་ལ་བདེ་བ་སྣ་ཚོགས་མཐོང་ཆོས་སུ་འབྱུང་བས་ཤེས་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་ཐེ་ཚོམ་ཟ་བ་ཉིད་ཀྱིས་ཀྱང་རྒྱུ་བླང་དོར་ལ་འཇུག་པ་ཡིན་ཏེ། ཞིང་ལས་མགོ་རྩོམ་པ་དང་། རྒྱ་མཚོར་ནོར་བུ་ལེན་པ་བཞིན་ནོ། །ལྔ་བ། ཐར་པ་དང་ཐམས་ཅད་མཁྱེན་པ་ལས་ཅན་འགའ་ཞིག་གིས་ཚེ་འདིར་ཡང་ཐོབ་སྟེ་གྲོལ་བར་སྨྲ་བའི་སངས་རྒྱས་བཞིན་ནོ། །ཚེ་གཞན་དུ་ཐོབ་པའང་མི་ཁེགས་ཏེ་འདིར་ཐོབ་པ་ཡང་སྔ་མ་ལས་གཞན་ཡིན་པ་བཞིན་ནོ། །བཞི་བརྒྱ་པ་ལས། དེ་ཉིད་ཤེས་པས་གལ་ཏེ་འདིར། །ངེས་པར་བྱང་ཆུབ་མ་ཐོབ་ཀྱང་། །སྐྱེ་བ་གཞན་དུ་འབད་མེད་པར། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །ཞེས་སོ། །དྲུག་པ། མ་མཐོང་བའི་འགྲོ་བ་མེད་པའང་མི་འཐད་དེ། གང་ཟག་ཐམས་ཅད་ཀྱིས་ཐམས་ཅད་དུ་མ་མཐོང་བའི་ཕྱིར་ཞེས་པ་ནི་མི་སྲིད་དེ། ཐམས་ཅད་མཁྱེན་པས་གཟིགས་ལ། བདག་ཉིད་ཀྱིས་དངོས་སུ་མ་མཐོང་བའི་ཕྱིར་མེད་པར་ཐལ་བའི་ཁྱབ་པ་མ་གྲུབ་སྟེ། རང་གི་གློ་སྙིང་གིས་མ་ངེས་སོ། །བདུན་པ། རྗེས་དཔག་ཚད་མ་མ་ཡིན་པ་མི་འཐད་དེ། སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པས་སོ། །སྣང་ཡུལ་དོན་སྤྱི་ཡིན་པ་དེ་ལ་ངེད་ཀྱིས་ཀྱང་ཚད་མར་མི་འདོད་ལ། ཞེན་ཡུལ་དོན་རང་མཚན་ལ་ལྟོས་ནས་མི་བསླུ་བའི་ཕྱིར་དང་། ལྷ་སྦྱིན་གྱི་བུས་སྔོ་བསངས་སུ་དཔོག་པ་ལ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཉིད་དུ་ཚད་མས་ངེས་པའི་རྟགས་ཀྱི་བསྒྲུབ་བྱར་འགྲོ་བའི་རྗེས་འགྲོ་དང་། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་འཇུག་པ་མི་སྲིད་པའི་ལྡོག་པ་མེད་པས་རྟགས་ཡང་དག་ཉིད་མ་ཡིན་པའི་ཕྱིར་མི་འགྲུབ་པ་དང་། ལྷ་བྱིན་གྱི་བུ་ཡིན་པས་སྔོ་སངས་སུ་དཔོག་པ་ལ་རྗེས་འགྲོ་ལྡོག་ཁྱབ་གཉིས་ཀ་མེད་པའི་རྟགས་ལྟར་སྣང་བས་འགྲུབ་པ་མིན་ནོ། །འབྲས་བུ་ཙམ་གྱིས་རྒྱུ་ཙམ་ཞིག་སྒྲུབ་པ་ལ་སྤུ་རིས་ཟིན་ན་སོ་སོའི་རྒྱུ་བསྒྲུབས་ནའང་འཁྲུལ་བ་མེད་པའི་ཕྱིར་དང་། ངོ་བོ་གཅིག་པ་ཙམ་རྟགས་སུ་མི་འགོད་ཀྱི་རང་བཞིན་འབྲེལ་བའི་ཁྱབ་བྱ་དང་ཁྱབ་བྱེད་ལ་འཁྲུལ་པ་མེད་པའི་ཕྱིར་ཏེ། དེས་ན་རྒྱུ་དང་ཁྱབ་བྱེད་བཀག་པས་འབྲས་བུ་དང་ཁྱབ་བྱ་ཁེགས་པའི་ཕྱིར་རོ། །འོ་ན་རྗེས་དཔག་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་སྣང་བ་བདེན་གྲུབ་ཏུ་གྲུབ་བོ་ཞེ་ན། མ་ཡིན་ཏེ་མེ་དུ་ཉིད་ཀྱང་རྨི་ལམ་གྱི་མེ་དུ་དང་ཁྱད་པར་མེད་པས་སོ། །རྗེས་དཔག་ཚད་མ་ཡིན་པར་ཁས་མ་བླངས་པའི་གནོད་བྱེད་ནི། རྗེས་དཔག་ཚད་མ་མ་ཡིན་ན། བསྟན་བཅོས་དོན་མེད་པ་དང་། འཇུག་ལྡོག་མི་འཐད་པ་དང་། རང་ཚིག་གིས་བསལ་བར་ཡང་འགྱུར་རོ། །ཁྱེད་ཀྱིས་སྨྲས་པའི་བསྟན་བཅོས་ཀྱང་དོན་མེད་དེ། ཕ་རོལ་ལ་འདོད་པའི་དོན་གྲུབ་པ་གོ་བར་རྗེས་སུ་དཔོག་པ་མ་གྲུབ་པའི་ཕྱིར་རོ། །འཇུག་པ་མི་འཐད་པ་ནི། རྗེས་དཔག་མེད་ན་ཟས་ཟ་བའང་མི་འཐད་དེ། གཟོད་ངོམས་ཤིང་འགྲངས་པར་མི་རྟོག་པ་ཉིད་དང་། སྔར་ཟོས་པའི་ཤིང་འབྲས་ཀྱི་གཟུགས་ཀྱིས། ཕྱིས་ལྗོན་ཤིང་དེའི་འབྲས་བུའི་རོ་དང་རེག་པའང་མི་རྟོག་པར་འགྱུར་རོ། །ཉི་མའི་འོད་མཐོང་བ་དེར་རྒྱུག་པའང་མི་འཐད་དེ། ཁ་དོག་ལས་དྲོ་བ་མི་རྟོགས་པས་སོ། །ལྡོག་པའི་རྣམ་གཞག་ནི་ཆུ་དང་མེ་དང་གཡང་མཐོང་བས་མི་མཆོང་བ་དང་། མཚོན་དང་སྟག་དང་རྦབ་ལ་སོགས་པ་མཐོང་བས་མི་འབྲོས་པར་འགྱུར་ཏེ། དེ་དག་ལ་ཉེས་དམིགས་སུ་ཤེས་པའི་རྗེས་དཔག་མེད་པས་སོ། །རང་ཚིག་གིས་བསལ་བ་ནི། རྗེས་དཔག་ཙམ་ཚད་མ་མ་ཡིན་ནོ་ཞེས་སྨྲས་པའི་ཚེ། རྗེས་དཔག་ཚད་མ་མ་ཡིན་ནོ་ཞེས་ཟེར་བའི་ཕྱིར་རོ་ཞེས་པའི་བློ་རྗེས་དཔག་ཏུ་ཤུགས་ལ་ཁས་བླངས་པས་སོ། །གལ་ཏེ་རྗེས་དཔག་གྲུབ་ཀྱང་ཚད་མར་མ་གྲུབ་བོ་ཞེ་ནའང་། དེ་དང་དེའི་རྟགས་མཐོང་བ་ལ་ཡིད་ཆེས་པའི་བློ་སྐྱེ་བས་ཚད་མར་གྲུབ་པར་མཚུངས་པའི་ཕྱིར་བརྩད་པས་ཆོག་གོ །མདོར་ན་མེད་པར་ལྟ་བ་འདི་ལྟ་བ་རྣམས་ཀྱི་ནང་ནས་ཤིན་ཏུ་སྨད་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། མདོར་ན་མེད་པར་ལྟ་བ་ཉིད། །ལས་ཀྱི་འབྲས་བུ་མེད་ཅེས་བྱ། །བསོད་ནམས་མ་ཡིན་ངན་སོང་བ། །ལོག་པར་ལྟ་བ་ཞེས་བཤད་དོ། །མདོར་ན་ཡོད་པར་ལྟ་བ་ཉིད། །ལས་ཀྱི་འབྲས་བུ་ཡོད་ཅེས་པ། །བསོད་ནམས་བདེ་འགྲོའི་རྒྱུ་མཐུན་པ། །ཡང་དག་ལྟ་བ་ཞེས་བཤད་དོ། །ཞེས་པ་དང་། གང་ཞིག་ཆོས་ལ་ཆོས་མིན་དང་། །ཆོས་མ་ཡིན་ལ་ཆོས་སུ་སྨྲ། །སྐྱེས་བུ་དམ་པ་དག་ལ་སྡང་། །མེད་པར་ལྟ་བས་མནར་མེད་ལྷུང་། །ཞེས་སོ། །དེ་དག་གི་དོན་བསྡུ་ན་ཚེ་སྔ་མ་ཡོད་དེ་སྐྱེ་སེམས་སྐད་ཅིག་དང་པོ་རང་གི་རིགས་འདྲ་སྔ་མ་སྔོན་དུ་མ་སོང་བར་མི་འབྱུང་བར་གྲུབ་ཅིང་། དེའི་ཉེར་ལེན་ནི་ཤེས་པ་ལས་ས་སོགས་ཡིན་པ་མི་འཐད་པའི་ཕྱིར། ཕྱི་མར་སྐྱེ་བ་ལ་རྒྱུ་ཚོགས་པ་ཚང་ཞིང་གེགས་མེད་པའི་ཕྱིར་དང་། ད་ལྟ་མ་མཐོང་བ་ཀུན་མེད་ན་སང་ཕན་ཆད་ཀྱི་རང་གཞན་ཡང་མི་མཐོང་བས་དེ་དག་གི་ཆེད་དུ་ཟས་སོགས་སྟ་གོན་མི་རིགས་པ་དང་། རང་གི་དོན་སྣོད་ཀྱང་མེད་པར་ཐལ་ལོ། །དེ་དག་ཡུལ་དུས་གཞན་དུ་མཐོང་བས་ན་མེད་པར་མི་སྒྲུབ་བོ་ཞེ་ན། འཇིག་རྟེན་སྔ་ཕྱི་ཡང་ཡུལ་དུས་གཞན་དུ་མཐོང་བ་ལ། གནོད་བྱེད་མེད་ཅིང་སྒྲུབ་བྱེད་ཡོད་པས་སོ། །རྗེས་དཔག་ཚད་མ་མིན་ཟེར་བའང་མི་འཐད་དེ། ཚུལ་གསུམ་ལྟར་སྣང་མིན་པར་ཡང་དག་པར་ཚང་བ་ལ་འཁྲུལ་བ་མི་སྲིད་ཅིང་། དོན་སྤྱི་དངོས་ཡུལ་དུ་བྱས་ཀྱང་རང་མཚན་ལ་མི་བསླུ་བའི་ཕྱིར་དང་། རྗེས་དཔག་ཚད་མ་མིན་ན་རྒྱང་འཕེན་པའི་གཏན་ཚིགས་ལས་འཇིག་རྟེན་ཕ་རོལ་མེད་པར་རྗེས་སུ་མི་དཔོག་པའི་ཕྱིར་རོ། །གཞན་ཡང་ཁྱོད་མངོན་སུམ་ཁོ་ནས་གཞལ་བྱ་བསྒྲུབ་ན་འཇིག་རྟེན་ཕ་རོལ་མེད་པར་མངོན་སུམ་གྱིས་མ་མཐོང་ན་དེ་ཇི་ལྟར་གཞལ། མངོན་སུམ་མ་ཞུགས་པ་ཙམ་གྱིས་དེ་འགྲུབ་ན་འགལ་ཏེ། མངོན་སུམ་ཞུགས་པ་སྒྲུབ་བྱེད་མིན་པར་འགྱུར་ཞིང་། སྒྲུབ་བྱེད་ཚད་མ་ལྡོག་པས་བསྒྲུབ་བྱ་འགྲུབ་པ་ནི་བཞད་གད་ཀྱི་གནས་སོ། །ཚུལ་འདིས་དགེ་སྡིག་ལས་ཕན་གནོད་མེད་པ་དང་། སྣང་བ་སེམས་སུ་འདོད་པ་དང་། ལྷ་འདྲེ་རང་མཚན་མེད་པའོ་ཞེས་སྣང་ཚོད་དུ་སྐུར་པ་འདེབས་པ་ཐམས་ཅད་ཀྱང་བཀག་པ་ཉིད་དོ། །ཁོ་བོ་ཅག་ནི། སྣང་ཙམ་ཐ་སྙད་དུ་ཇི་ལྟར་སྣང་བ་རྒྱུ་འབྲས་ཀྱི་རྟེན་འབྲེལ་དུ་ཤེས་པས་ལས་འབྲས་ལ་འདོར་ལེན་བྱེད་ཅིང་། ཚེ་སྔ་ཕྱི་ཐར་པ་དང་ཐམས་ཅད་མཁྱེན་པ་རང་ལས་ཐ་དད་པའི་འགྲོ་བ་འདོད་ཅིང་། གཤིས་ལ་ཡོད་མེད་སྒྲོ་སྐུར་ལས་འདས་པར་འདོད་དེ། རིན་ཆེན་ཕྲེང་བ་ལས། མེད་པ་པ་ནི་ངན་འགྲོར་འགྲོ། །ཡོད་པ་པ་ནི་བདེ་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར། །གཉིས་ལ་མི་བརྟེན་ཐར་པར་འགྱུར། །ཞེས་པ་དང་། ཤེས་རབ་གསལ་བ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད། །དྲི་ཟའི་གྲོང་ཁྱེར་བཞིན་དུ་གསལ། །སྣ་ཚོགས་རང་བཞིན་གྱིས་མི་གནས། །ནམ་མཁའི་མེ་ཏོག་ལྟ་བུའང་མིན། །ཞེས་གསུངས་པ་བཞིན་ནོ། །དེ་དག་གིས་ཆད་པར་ལྟ་བའི་ཕྱོགས་དགག་པ་དང་བཅས་པ་སྟེ། བསྡོམས་པས་ཕྱི་རོལ་པའི་གྲུབ་པའི་མཐའ་གཏན་ལ་ཕབ་ཟིན་ཏོ།། །།དེ་ཡན་གྱིས་སྤང་བྱ་ཕྱི་རོལ་པའི་སྟོན་པ་དྲུག འཇིག་ཚོགས་ཉི་ཤུ། དྲུག་ཅུ་རྩ་གཉིས། སུམ་བརྒྱ་དྲུག་ཅུ། ཏརྐ་སྡེ་ལྔའམ་དྲུག་གི་འདོད་པ་དང་ལྟ་ལོག་ཐམས་ཅད་དགག་པ་སོང་བ་དང་། ཁྱད་པར་དུ་རྟོག་གེ་སྡེ་ལྔ་ལས་གྲངས་ཅན་པ། དབང་ཕྱུག་པ། ཁྱབ་འཇུག་པ། རྒྱལ་བ་པ་སྟེ་རྟག་པར་ལྟ་བ་བཞི། ཆད་པར་སྨྲ་བ་ད་ལྟ་བཤད་མ་ཐག་པའི་ཕུར་བུ་པའམ་རྒྱང་འཕེན་པ་དང་ལྔ་བོ་ཚང་མའི་ལྟ་ངན་ཐམས་ཅད་ཚར་བཅད་པ་སོགས་སོང་ནས། ཡིད་བཞིན་མཛོད་ཀྱི་འགྲེལ་ཊཱིཀ་པདྨ་དཀར་པོའི་སྔ་དུམ་མམ་པོད་སྔ་མ་ཨེ་དུམ་པ་འཆད་ཉན་ཚར་གཅིག་གྲུབ་སྟེ། སང་ཉིན་ནས་པོད་གཉིས་པ་ཝཾ་དུམ་པའི་ཞལ་ཕྱེས་ནས་བླང་བྱ་ནང་པ་སངས་རྒྱས་པའི་གཞུང་དང་ཐེག་པའི་རིམ་པ་བཤད་པའི་སྐབས་རེད། དེ་རིང་གི་ཆོས་ཁྲིད་ལས་མུ་སྟེགས་གཅེར་བུ་པའི་ཕྱོགས་སྔའི་འདོད་པ་བཀོད་ནས། ལུང་དང་རིགས་པ་དཔེ་གསུམ་དང་། ཚུལ་གསུམ་ཚད་མའི་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་བཀག་པ་བྱས་པ་རེད། དེ་ལ་སྤྱིར་མུ་སྟེགས་པའི་ལྟ་ངན་དྲུག་ཅུ་རྩ་གཉིས། ལྟ་ལོག་སུམ་བརྒྱ་དང་དྲུག་ཅུ་ལ་སོགས་པའི་ལྟ་བ་ངན་པ་མང་ཡང་བསྡུ་ན་ཏརྐ་སྡེ་ལྔ། དེ་ཡང་རྟག་ཆད་ཀྱི་སྡེ་གཉིས་ལ་བསྡུས་ཏེ་དགག་སྒྲུབ་ཀྱི་རྣམ་བཞག་མཛད་པ་ལ། འདི་དག་ནི་གནའ་མི་ལོ་ཉིས་སྟོང་ཡར་སྔོན་གྱི་ལོ་རྒྱུས་དང་འབྲེལ་བ་རྒྱ་གར་གྱི་ཡི་གེ་ལས་འགྱུར་བའི་བཀའ་དང་བསྟན་བཅོས་ལ་གཞི་བཟུང་ནས་གཏན་ལ་ཕབ་པ་ཡིན། འདི་དག་ལས་ལུགས་འགའ་རེ་དེང་སང་བསྟན་པ་ནུབ་ནས་མེད་པ་དང་། འགའ་རེ་ཡང་རྣམ་པ་འགྱུར་སོང་བ་དང་། འགའ་རེ་གཞི་དེའི་སྟེང་ལ་སྲིད་དོན་ལ་སོགས་པའི་གནས་སྟངས་སྣ་ཚོགས་པའི་དབང་གིས་མིང་མི་འདྲ་བ་ཡང་ཡོད་སྲིད། མིང་མ་འདྲ་ཡང་དོན་འདྲ་བ་དང་། ད་རུང་སྔར་གྱི་དེ་ཚོ་བས་གནོད་ཚབས་ཆེ་བའི་ཆོས་ལུགས་དང་དེའི་རིགས་མཚུངས་ཀྱི་རིག་གཞུང་ཡང་ཇི་ལྟར་མེད། ཡིན་ན་ཡང་ཆོས་བྱེད་ཀྱི་ཆོས་པ་ཞིག་ལ་མཚོན་ན་ཁ་ཕྱིར་བལྟས་འཛམ་བུའི་གླིང་དུ་ཕྱོགས་ཏེ་གཞན་གྱི་ལྟ་གྲུབ་དགག་པའི་སྔོན་དུ། ནང་རང་ཉིད་ཀྱི་རྒྱུད་ཀྱི་མུ་སྟེགས་པའི་ལྟ་བ་ངན་པ་དང་ཆ་འདྲ་བའི་བློ་ངན་ཉེས་སྐྱོན་ནོར་འཁྲུལ་ཅན། རང་རྨོངས་པའི་དབང་གིས་མ་ཤེས་པ་དང་། གཞན་རྨོངས་པས་ལམ་ནོར་ལ་ཁྲིད་ནས་མགོ་འཁོར་བ་རྣམས་ཞིབ་བཤེར་དང་གཙང་སེལ་བྱེད་པར་ཕན་པ་དང་། ཀུན་མཁྱེན་ཆེན་པོས་མན་ངག་གནང་བ་ལྟར་དུ་རང་སྐྱོན་ལྟ་བའི་མེ་ལོང་དུ་བྱེད་དགོས་པ་ཡིན། བདག་འཛིན་གྱི་ནགས་ཚལ་སྟུག་པོའི་ནང་དུ་རྨོངས་པའི་མུན་པས་བཏུམས་ནས་ཐོག་མེད་ནས་ད་བར་མགོ་འཁོར་ནས་ཡོད་པས། སྟོན་པའི་དམ་ཆོས་རང་རྒྱུད་འདུལ་བྱེད་ཀྱི་སྨན་དུ་མ་སོང་དུས་ཆོས་འཆད་ཉན་བྱས་པའི་དགོས་དོན་སྟོར་བ་ཡིན་པས། མུ་སྟེགས་པའི་ལྟ་ལོག་སུན་འབྱིན་པ་དང་མཉམ་དུ་རང་རྒྱུད་ཀྱི་ལྟ་ངན་དེ་དང་ཆ་འདྲ་བ་བཟློག་ཐུབ་དགོས། མུ་སྟེགས་རྣམས་ཀྱིས་ཀྱང་ཆད་ལྟ་རྒྱང་འཕེན་པ་ལས་གཞན་གྱིས་ཕྱི་མའི་བདེ་སྐྱིད་དོན་གཉེར་བྱེད་པ་ཡིན། དཀའ་ཐུབ་དྲག་པོས་གདུང་བས་རང་གི་ལུས་ཚར་གཅད་པ་ཡང་ཕྱི་མར་ཐར་བ་ཐོབ་པའི་ཆེད་དུ་ཡིན། ཕྱོགས་གཅིག་ནས་བཤད་ན་ཚེ་ཕྱི་མ་དང་ལས་རྒྱུ་འབྲས་མི་ཤེས་ཤིང་། བཤད་ན་ཁས་མི་ལེན་པ་རྣམས་བས་དེ་རྣམས་ལྷག་པར་སྣང་འདུག་སྟེ། ཕྱི་མ་ལ་བསམ་བློ་བཏང་ནས་གཏན་གྱི་བདེ་བ་ཞིག་ཐོབ་དགོས་པར་བསམ་པའི་ཕྱིར། འོན་ཀྱང་ལམ་ལོག་པར་སོང་ནས་ལྟ་བ་ངན་པས་རྒྱུད་སླད་ནས་ནོར་འཁྲུལ་དུ་སོང་བ་རེད། མདོར་ན་རྨོངས་པའི་གཞན་དབང་དུ་ཤོར་བའི་ལོག་པའི་ཤེས་རབ་དང་། འཆལ་བའི་ཤེས་རབ་ལས་ཡང་དག་པའི་ཤེས་རབ་ཀྱི་མིག་མེད་པས་དེ་ལྟར་གྱུར་བ་ཡིན། ཡིད་བཞིན་མཛོད་འདི་ནི་མན་ངག་གི་བསྟན་བཅོས་ཡིན་པས་ཐམས་ཅད་ཚད་མར་འཛིན་ཆོག་ཕྱིར། ཆོས་འཆད་ཉན་གྱི་ཚིག་རེ་དོན་རེ་ཡིན་ཀྱང་། དེ་རང་ཉིད་ཀྱིས་ཐར་བ་སྒྲུབ་པའི་མིག་ཏུ་འཛིན་ནས། ཉིན་རེ་ཡིན་ཀྱང་བསམ་སྤྱོད་སྣ་རེ་བཟང་པོའི་ཕྱོགས་སུ་འཆོས་ཐུབ་པར་བྱུང་ན། ཉིན་བརྒྱ་སོང་ན་དོན་བརྒྱ་འགྲུབ་ནས། ཉིན་རྟག་པར་རྫ་ཕུག་ཏུ་ཡར་རྒྱུག་བསྡད་པ་དེས། མར་ཐོན་དུས་སྔར་དང་མི་འདྲ་བར། སེམས་རྒྱུད་ཇེ་འཇམ། སྙིང་རྗེ་ཇེ་ཆེ། ཁོག་རྒྱ་ཇེ་ཡངས། བག་ཇེ་དྲོ་ལ་སོང་བ་ཞིག་དགོས་པ་ཡིན། རང་རྒྱུད་ནང་ནས་ཐུལ་དུས་གཞན་སྣང་དགེ་ལ་རང་ཤུགས་ཀྱིས་འགྱུར་ཐུབ་པ་ཡིན། བླ་སེར་རྣམ་པ་ཆེ་གྲས་ཚོར་ཞུ་ཅི་དགོས་ཀྱང་། གྲྭ་ཆུང་ཚོ་ཡིན་ན་ངག་འཇམ་པོ། ཀུན་སྤྱོད་ཡག་པ། ཞེ་ས་ཁྱེད་ལགས་སྤྲད་མཁན། ངོ་ཚ་ཁྲེལ་ཡོད་དང་ལྡན་པ། དྲན་ཤེས་བཞིན་བག་ཡོད་རྣམ་པ་གསུམ་དང་རྒྱུན་དུ་མི་འབྲལ་བར་དུས་དང་རྣམ་པ་རྒྱུན་དྲུག་ལ་ཆོས་སྤྱོད་རྣམ་པ་བཅུ་ལ་བརྩོན་མཁན། མདོར་ན་ཉིན་རེ་ཡིན་ཀྱང་ཆོས་ཀྱིས་འདའ་བའི་དལ་རྟེན་དོན་ཡོད་མཛད་པ་ནི་མདོ་རྩ་ཀུན་འདུས་ཆོས་ཐོས་བསམ་བྱས་པའི་ཡང་དགོས་ཡིན་ནོ། །དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསག་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།

ཉིན་བཅུ་བདུན་པའི་ཆོས་ཁྲིད།

ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པས། ཚེ་འདི་འབབ་ཆུ་འདྲ་སྟེ་རྟག་བརྟན་མེད། །ལུས་འདི་གཡར་བོ་འདྲ་སྟེ་ཡིད་བརྟན་མེད། །སྐྱེ་ཤི་འཁོར་ལོ་འདྲ་སྟེ་ཕ་མཐའ་མེད། །ཆོས་ཀུན་སྒྱུ་མ་འདྲ་སྟེ་སྙིང་པོ་མེད། །ཅེས་གསུངས་ཏེ། དེ་ལས་ཚེ་འདི་འབབ་ཆུ་འདྲ་སྟེ་རྟག་བརྟན་མེད། །ཅེས་པ་ནི་འུ་ཅག་གི་གཡོན་ཟུར་ནས་ཐུར་དུ་གངས་ཆུ་དཀར་པོ་རྒྱུག་བཞིན་ཡོད་པ་འདི་ལ་མཚོན་ན། དང་པོ་ལྷ་ཁང་ནང་དུ་ཡར་འཛུལ་ཡོང་དུས་ཀྱི་འབབ་ཆུ་དེ་སྒོ་རུ་ཕྱིར་སོང་དུས་ཀྱང་ད་ལྟའི་དེ་རེད་སྙམ་པ་ཡོད་ཀྱང་ག་ལ་ཡིན། དེས་མ་ཚད་སྐད་ཅིག་སྐད་ཅིག་གིས་མི་སྡོད་པར་རྒྱུན་སྔ་ཕྱིར་འགྱུར་ནས་འགྲོ་བཞིན་ཡོད་པས། འདི་ཉིན་མཚན་ཀུན་ཏུ་རྒྱུན་ཆད་མེད་པར་རྒྱུག་ཅིང་འགྱུར་བ་ཡིན། སྐྱེས་བུའི་ཚེ་འདི་གལ་ཏེ་སྐྱེ་བོ་དག་ཉིན་མོར་བྲེལ་ནས་མཚན་མོར་ཉལ་ནས་སྡོད་པ་ལྟ་བུ་ཞིག་ཡིན་ན། ཉིན་ཀ་ལས་མཚན་མོ་མི་འཛད་པ་ཡིན་ན་ཡང་། དེ་ལྟར་མ་ཡིན་པར་ཉིན་མཚན་ཀུན་ཏུ་འབབ་ཆུ་རྒྱུན་ཆད་མེད་པར་འབབ་པ་བཞིན་དུ་ཚེ་མི་རྟག་ཟད་པའི་ཕྱོགས་སུ་འགྲོ་བཞིན་ཡོད་པའི་དྲན་སྐུལ་གནང་བ་དང་། ཡང་ལུས་འདི་གཡར་བོ་འདྲ་སྟེ་ཡིད་བརྟན་མེད། །ཅེས་པ་ནི། ལུས་འདི་ལ་ངའི་ལུས་ཡིན་བསམ་ནས་ཐམས་ཅད་ལས་ཀྱང་གཅེས་པར་འཛིན་པ་བྱེད་ན་ཡང་། གཡར་བོའི་ཅ་ལག་སྔ་ཕྱི་ལ་མ་ལྟོས་པར་ཕྱིར་སྤྲོད་དགོས་པ་བཞིན་དུ། ལོ་གཅིག་འདུག་པའི་ཚེ་མ་དགོས་ཞག་གཅིག་འདུག་པའི་དུས་ཨེ་ཡོད་མི་ཤེས་བཞིན་དུ་ལོ་བརྒྱར་ད་རུང་འདུག་རྒྱུ་ཡོད་པ་ལྟ་བུའི་ལས་ཀྱིས་བྲེལ་ནས་རྟག་འཛིན་བྱེད་མ་འདུག་མ་གཏོགས། ཚེ་ལ་ཡིད་བརྟན་མེད་པས་ཉིན་ཞིག་མགོ་ངན་འགེལ་ཡོང་ཞེས་པ་དང་། སྐྱེ་ཤི་འཁོར་ལོ་འདྲ་སྟེ་ཕ་མཐའ་མེད། །ཆོས་ཀུན་སྒྱུ་མ་འདྲ་སྟེ་སྙིང་པོ་མེད། །ཅེས་གསུངས་པ་ནི། སྐྱེ་ཤི་གཉིས་ཀྱི་ཁ་བརྒྱུད་ནས་ཨ་འཁོར་ཡང་འཁོར་བྱས་ཏེ་འཁོར་བའི་སྡུག་བསྔལ་མྱོང་བའི་ཕ་མཐའ་ལ་ཐུག་འགྲོ་རྒྱུ་ཞིག་ཡོད་པ་མིན་པ་དང་། དེ་བཞིན་དུ་ཆོས་ཐམས་ཅད་སྒྱུ་མ་མཁན་གྱིས་སྒྱུ་མའི་ལྟད་མོ་བསྟན་པ་དང་མཚུངས་པར་དོན་ལ་ཅི་ཡང་མེད་པས་འཁོར་བའི་སྡུག་བསྔལ་འདི་ལས་ཐར་ཞིང་རང་གཞན་གནས་སྐབས་དང་མཐར་ཐུག་གི་གཏན་བདེར་འགོད་པའི་ཆེད་དུ་མི་བསླུ་ངེས་པར་ཅན་གྱི་དམ་པའི་ཆོས་རྣམ་དག་ཅིག་སྒྲུབས་ཞེས་གསུངས་པ་སྟེ། དམ་པའི་ཆོས་དེ་ལ་ཡང་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ལམ་གྱི་རྣམ་བཞག་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་ཡོད་པ་ཡིན། རང་རེ་ནི་དེ་ལས་ཐེག་པ་ཆེན་པོའི་ཆོས་སྒོར་ཞུགས་ཏེ། ཐེག་ཆེན་མདོ་སྔགས་གཉིས་ཀྱི་ཆོས་ལ་ཉན་སེམས་བྱས། སོར་བྱང་སྔགས་གསུམ་གྱི་སྡོམ་པ་བླངས་ནས། འཐོབ་དགོས་པའི་ཆོས་ཀྱི་རིགས་ཐམས་ཅད་མ་ཚང་བ་མེད་པར་ཐོབ་ཡོད་ཅིང་། དེ་ཐོབ་པའི་ཕན་ཡོན་ཡང་བསམ་གྱིས་མི་ཁྱབ་པར་ཡོད་པ་སྨོས་མ་དགོས་ལ། འོན་ཀྱང་གཙོ་ཆེར་ལམ་སྟོན་པ་ཙམ་ལས་ལམ་དངོས་སུ་གོམ་པ་གང་ཙམ་ཡང་སྤོ་ཐུབ་མེད་ན་ཉི་མ་བརྒྱ་མ་དགོས་ལོ་བརྒྱའི་དུས་ཚོད་སོང་ན་ཡང་ཐོན་འགྲོ་རྒྱུ་ཞིག་ཡོད་པ་མིན། དེས་ན་ཐེག་ཆེན་མདོ་དང་སྔགས་ཀྱི་མྱུར་ལམ་ཡིན་དང་མིན་རང་གི་གོམ་པ་ལེན་སའི་ཕྱོགས་དང་། ལེན་ལུགས་ལ་རག་ལས་པས་ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ། ཐེག་པ་ཆེན་པོའི་དགེ་རྩ་རླབས་ཆེན་དམ་པ་གསུམ་གྱིས་རྩིས་ཟིན་རྒྱུ་དེ་མ་ཚང་དུས། དགེ་རྩའི་གཟུགས་བརྙན་གྱི་རྣམ་པ་ཕར་བལྟས་སུ་རྒྱ་ཆེན་ལྟར་སྣང་ཡང་གོ་ཆོད་པ་མིན། དེས་ན་དེ་རིང་ཞོར་དུ་རྒ་རྒས་རྣམས་ལ་གོ་སླ་ཉན་བདེའི་གཏམ་ཞིག་བཤད་ན། སེམས་བསྐྱེད་ཀྱིས་ཟིན་པའི་གཙུག་ལག་ཁང་ལ་སྐོར་བ་གཅིག་བརྒྱབ་པ་དང་། མ་ཟིན་པའི་སྐོར་བ་བརྒྱ་བྱས་པ་གཉིས་སེམས་བསྐྱེད་ཀྱིས་ཟིན་པའི་སྐོར་བ་གཅིག་བྱས་པ་དེས་ས་ཆོད་དང་ཕན་ཡོན་ཆེ་བ་ཡིན་པ་དང་། དེ་བཞིན་དུ་དངོས་གཞི་དམིགས་མེད་དང་། རྗེས་བསྔོ་བ་ཁྱད་པར་ཅན་གྱིས་ཟིན་དང་མ་ཟིན་གྱི་ཁྱད་པར་ཡང་གནམ་ས་འདྲ་འདྲ་ཞིག་ཡོད་པ་ཡིན། སྤྱིར་དགེ་རྩ་གང་སྒྲུབ་ཀྱང་ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་ནས་ཐེག་པ་ཆེན་པོའི་དགེ་རྩ་ཐེག་ཆེན་ཐར་བ་ཆ་མཐུན་དང་། སངས་རྒྱས་འཐོབ་བྱེད་ཀྱི་རྒྱུར་འགྱུར་བ་དེ་ནམ་དང་ནམ། ཨ་དང་ཡང་གིས་གལ་བོ་ཆེ་ལ་ནན་ཏན་གྱིས་བཤད་པ་ཡིན། དེ་ཡང་ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆག་གི་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་འདི་སྐྱེ་ཐབས་ལ་འབད་དགོས་པ་ཡིན། དེར་འབད་པར་བྱེད་པ་ལ་བྱམས་སྙིང་རྗེ་གཉིས་ཀས་གཞི་བཅས་ནས། སེམས་བསྐྱེད་ཐོབ་ལ་མ་ཉམས་པ་ཞིག་རྒྱུད་ལ་ཡོད་པ་ཡིན་ན། སྡིག་པ་སྟོབས་ཆེན་དེས་དག་པ་དང་། བསོད་ནམས་སྟོབས་ཆེན་དེས་སོག་པ་ཡིན། དེས་ན་དོན་གཅིག་གིས་བསམ་པ་བརྒྱ་ཐམ་པ་མཉམ་གཅིག་ཏུ་འགྲུབ་པར་བྱེད་པའི་བྱང་ཆུབ་སེམས་མཆོག་གི་ཡིད་བཞིན་གྱི་ནོར་བུ་དེ་ལག་ཏུ་ལེན་པ་ཞིག་བྱེད་དགོས་ལ། དེ་ལོན་པར་བྱེད་པ་ལ་སེམས་བསྐྱེད་ཀྱི་རྟེན་གྱི་གང་ཟག་དེ་ཇི་ལྟར་ཞིག་དགོས་པ་གོང་དུ་ཞུས་པ་བཞིན་དུ། དམ་པའི་ཆོས་ལ་མོས་པ་ཡོད་པ་དང་། མ་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་འདོད་ཀྱི་སེམས་ཡོད་པ་ལ་སོགས་པའི་ཐད་ནས་རང་རེ་ཡང་ཐེག་ཆེན་གྱི་རིགས་ཅན་ཞིག་ཡིན་ཆག་བྱས་ཏེ། མཐུན་རྐྱེན་གྱི་ཐད་ནས་ཀྱང་ཕྱིའི་མཐུན་རྐྱེན་ཆོས་སྟོན་མཁན་ཡོད་པ་དང་། ནང་གི་མཐུན་རྐྱེན་ཆོས་ཞུ་འདོད་དང་སྒྲུབ་འདོད་ཡོད་པ་གཞིར་བཞག་གི་སྟེང་ནས། བྱང་ཆུབ་སྒྲུབ་པའི་རྟེན་ནམ་སེམས་བསྐྱེད་ལེན་པའི་རྟེན་གྱི་གང་ཟག་ཅིག་གི་ཆ་རྐྱེན་ཡོད་པའི་འདང་རྒྱག་བྱས་ཤིང་། དེའི་སྟེང་དུ་ཇི་ལྟར་དགོས་ན། སྐྱབས་སུ་འགྲོ་དགོས་པ་ཡིན། སྐྱབས་སུ་འགྲོ་བ་ནི་འཁོར་བ་ངན་སོང་གི་འཇིགས་པ་དང་། རང་དོན་ཡིད་བྱེད་ཀྱི་འཇིགས་པ་གཉིས་ཀས་སྐྲག་ནས། དཀོན་མཆོག་གསུམ་ལ་དེའི་འཇིགས་པ་དག་ལས་སྐྱོབ་པའི་ཡོན་ཏན་ཡོད་པར་བསམ་པའི་དད་པ་སྟེ། འཇིགས་དད་གཉིས་ཀའི་སྒོ་ནས་སྐྱབས་སུ་འགྲོ་དགོས་པ་ཡིན། གོང་དུ་ཡིད་བཞིན་མཛོད་ཀྱི་སྤང་བྱ་མུ་སྟེགས་པའི་ལྟ་གྲུབ་བཤད་པའི་སྐབས་ནས་ལོག་པའི་སྐྱབས་ཚངས་པ། དབང་ཕྱུག། ཁྱབ་འཇུག་ལ་སོགས་པ་ནི་སྐྱབས་ཡང་དག་མིན་པར་ཤེས་པ་དང་། གཞན་ཡང་རང་རང་གི་ས་ཆའི་རི་བྲག་མཚོ་གསུམ་གནས་པ་ཅན་དུ་བསྙད་པ་རྣམས་ཀྱིས་ཀྱང་སྐྱོབ་མི་ནུས་པར། རྒྱལ་སྲས་ལག་ལེན་ལས། རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡི། །འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། །ཞེས་པས་གོ་ལ། ཕར་སྐྱབས་བཅོལ་མི་དགོས་པར་ཚུར་སེམས་པ་ནི་ཚེ་འདིའི་ཕ་མ་གཉིས་ཀ་ཡིན་ལ། ཕ་མ་ཇི་ལྟར་ངན་རུང་རང་གི་བུ་རྒྱུད་གཅེས་པ་ཡིན། འོན་ཀྱང་ཚེ་འདི་ཕྱིའི་འཇིགས་པ་ལས་སྐྱོབ་མ་དགོས་ཚེ་འདིའི་ཚེ་རིང་ནད་མེད་ཙམ་ཞིག་དང་། བྱ་བ་ལམ་འགྲོའི་གནད་ཙམ་ཞིག་ཀྱང་མི་ཤེས་པར་རྒྱུ་འབྲས་འཆོལ་ཉོག་ཏུ་སྤྱོད་པར་བྱེད་པའི་རང་གཞན་གཉིས་ཀ་བླུན་ཞིང་གཏི་མུག་པ། འཁོར་བའི་སེམས་ཅན་བླང་དོར་གྱི་གནད་མ་ཤེས་ནས་སྡུག་བསྔལ་རྒྱུ་འབྲས་གཉིས་ལ་སྤྱོད་བཞིན་པ་འདི་ཡིན། དེས་ན་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ཐུབ་པ་ནི་རང་ཉིད་འཁོར་བའི་སྡུག་བསྔལ་ལས་གྲོལ་བ་ཞིག་ཡིན་དགོས་པས་སྡུག་བསྔལ་ཐམས་ཅད་ལས་ཐར་ཞིང་གྲོལ་སོང་བ་ནི་སངས་རྒྱས་ཉག་གཅིག་ཡིན་པ་དང་། སངས་རྒྱས་ཐོབ་བྱེད་ཀྱི་ལམ་ནི་ཆོས་གཅིག་པུ་ལས་མེད་པ་དང་། ཆོས་སྒྲུབ་པའི་གྲོགས་ནི་དགེ་འདུན་གཅིག་པུ་ལས་མེད་པས། དེ་གསུམ་ལ་སྐྱབས་སུ་མི་འགྲོ་བར་དེ་ལས་ལྷག་པའི་སྐྱབས་གནས་ཤིག་རྙེད་དུ་མེད་པ་ཡིན། མདོ་མྱང་འདས་ལས། དཀོན་མཆོག་གསུམ་ལ་སྐྱབས་སོང་བ། །འཇིགས་པ་མེད་པར་ཐོབ་པར་འགྱུར། །ཞེས་གསུངས་ཤིང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་རྟེན་གྱི་གང་ཟག་ཅིག་གི་ཆ་རྐྱེན་ཚང་བའི་སྟེང་དུ་སྐྱབས་འགྲོའི་ཡན་ལག་ཚང་དགོས་ལ། སྐྱབས་འགྲོའི་ནང་དོན་དེ་ཇི་ལྟར་ཞེ་ན། སྐྱབས་འགྲོ་ལ་དབྱེ་བ་དང་རྟེན་དང་ཡུལ་དང་དུས་ལ་སོགས་པ་མང་རབ་ཡོད་ལ། ངས་གོང་ནས་ལས་དང་པོ་བའི་ཆོས་པ་རྣམས་ཀྱིས་ལོ་གཅིག་ལ་སྐྱབས་འགྲོའི་སྐོར་ཤེས་ཐུབ་སོང་ན་རབ་ཅིག་ཤེས་སོང་བ་ཡིན་ཞེས་བཤད་པ་ཡིན། ཡིན་ན་ཡང་དང་པོའི་ལས་ཅན་གྱིས་སྦྱོར་བ་སེམས་བསྐྱེད་ཀྱི་དམིགས་རྣམ་ཙམ་ཞིག་ཤེས་པ་ལ་ཡང་སྐྱབས་འགྲོའི་ཚུལ་དེ་ཚང་དགོས། སྐྱབས་འགྲོའི་དབྱེ་བ་ལའང་ཐུན་མོང་དང་ཁྱད་པར་གྱི་སྐྱབས་འགྲོའི་ཁྱད་པར་ཡོད་པ་དང་། སྐྱབས་སུ་འགྲོ་བའི་རྟེན་གྱི་གང་ཟག་ལ་ཡང་དེ་བཞིན་དུ་ཁྱད་ཡོད་ཅིང་། ཐུན་མོང་པའི་རྟེན་གྱི་གང་ཟག་དེ་ཇི་ལྟར་ཞིག་ཅེ་ན། འཁོར་བའི་སྡུག་བསྔལ་གྱིས་སྐྲག་ནས་དཀོན་མཆོག་གསུམ་ལ་ལྷར་འཛིན་པ་དང་། ཁྱད་པར་ཅན་གྱི་རྟེན་གྱི་གང་ཟག་ནི་ཐེག་པ་ཆེན་པོའི་རིགས་ཅན་ལྷ་མིའི་ལུས་ཐོབ་པ་ཞིག་གོ །སྐྱབས་སུ་འགྲོ་བའི་ཡུལ་ལ་ཡང་དེ་བཞིན་དུ་ཁྱད་པར་ཡོད་ཅིང་། དེ་རིང་ཆོས་ཁྲིད་ཀྱི་གཞུང་ནས་ཀྱང་དེའི་སྐོར་འབྱུང་བ་ཡིན། གཞན་རྣམས་རྗེས་མར་འཆད་རྒྱུ་བྱེད། སྐབས་སུ་བབ་པ་གང་ཞིག་འཆད་ཉན་བྱ་བའི་ཆོས་ཀྱི་རིམ་པ་ནི། ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པའི་གསུང་རབ་ཀློང་ཆེན་མཛོད་བདུན་ལས། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་ཊཱིཀ་པདྨ་དཀར་པོ་འདི་ཉིད་འཆད་བཞིན་པ་ལས། ཁ་སང་ཡན་ཆོད་པོ་ཏི་སྔ་མའི་རྡོ་རྗེའི་གནས་དང་པོ་འཁོར་བའི་རང་བཞིན་སྤང་བྱར་གདམས་པ་དང་། དེ་ཡང་གཞི་གང་ལས་སྣང་བ། གང་ལས་སྣང་བའི་འཇིག་རྟེན། ཇི་ལྟར་སྣང་བའི་ཚུལ་ལ་སོགས་པ་བཤད་ནས། གནས་གཉིས་པ་མྱང་འདས་ཀྱི་རང་བཞིན་བླང་བྱར་བསྟན་པ་ལའང་སྦྱོང་བྱེད་ལམ་གྱི་རིམ་པ། དེ་ལ་ཐོས་བསམ་སྒོམ་པས་ཇི་ལྟར་འཇུག་ཚུལ། ཁྱད་པར་དུ་ཐོས་དོན་གཏན་ལ་དབབ་པ་ལ་སྤང་བྱ་ཕྱི་རོལ་པ་དང་། བླང་བྱ་ནང་པ་གཉིས་ཀྱི་ས་བཅད་བཞག་ནས། ཕྱི་རོལ་བའི་སྟོན་པ་དྲུག འཇིག་ཚོགས་ཉི་ཤུ། དྲུག་ཅུ་རྩ་གཉིས། སུམ་བརྒྱ་དྲུག་ཅུ། སྡེ་ཚན་བཅུ་གཉིས། ཏརྐ་སྡེ་ལྔ་རྣམས་ཀྱི་འདོད་པ་ཕྱོགས་སྔར་བཞག་ནས་ལོག་རྟོག་བསལ། དེའི་ནང་གི་རྟོག་གེ་སྡེ་ལྔར་གྲགས་པའི་གྲངས་ཅན་པ་དང་། དབང་ཕྱུག་པ་དང་། ཁྱབ་འཇུག་པ། རྒྱལ་བ་པ་སྟེ་རྟག་པར་ལྟ་བ་བཞི་དང་། ཆད་པར་སྨྲ་བ་ཕུར་བུ་པ་དང་། རྒྱང་འཕེན་པ་སྟེ་ལྔ་ཡིས་ལྟ་བ་ངན་པ་ཐམས་ཅད་ཚར་བཅད་ནས། གཉིས་པ་བླང་བྱ་ནང་པ་སངས་རྒྱས་པའི་གཞུང་དང་ཐེག་པའི་རིམ་པ་འཆད་པའི་སྐབས་སུ་བབ་པ་ལ། བསྟན་བཤད་བསྡུ་གསུམ། དང་པོ།

བླང་བྱ་ནང་པའི་གཞུང་མདོར་བསྟན་པ།

ད་ནི་ནང་པ་སངས་རྒྱས་པའི་གཞུང་རྒྱ་ཆེར་བཤད་པ་ལ་གཉིས་ཏེ། ཕྱི་རོལ་པ་ལས་ཁྱད་པར་དུ་འཕགས་པ་དང་། ཁྱད་པར་ཅན་གྱི་གཞུང་ཉིད་དབྱེ་བའོ། །དང་པོ་ལའང་བརྟེན་པ་སྐྱབས་ཀྱི་ཁྱད་པར། གནས་ལུགས་ལྟ་བའི་ཁྱད་པར། གོམས་པ་སྒོམ་པའི་ཁྱད་པར། བྱ་བ་སྤྱོད་པའི་ཁྱད་པར། ཐོབ་བྱ་འབྲས་བུའི་ཁྱད་པར་དང་ལྔ་ལས། དང་པོ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་འཛིན་པ་ནང་པ། མི་འཛིན་པར་ཚངས་པ་དང་ཁྱབ་འཇུག་ལ་སོགས་པ་གཞན་འཛིན་པ་ཕྱི་པའོ། །ཟླ་བ་གྲགས་པས། གང་དག་སངས་རྒྱས་སྐྱབས་སོང་བས། །ལྷ་གཞན་དག་ལ་ཕྱག་མི་འཚལ། །ཞེས་གསུངས་པ་བཞིན་ནོ། །ནང་བ་སངས་རྒྱས་པས་དཀོན་མཆོག་གསུམ་སྐྱབས་སུ་འཛིན་པར་འདྲ་ན་ཡང་། སྐྱབས་གསུམ་ངོས་འཛིན་ལུགས་ནི་ཐེག་པ་ཆེ་ཆུང་ལ་ཁྱད་པར་ཡོད་པས། ཐེག་པ་ཆུང་ངུ་པས་སངས་རྒྱས་ནི་མཆོག་གི་སྤྲུལ་བའི་སྐུ་ཤཱཀྱ་ཐུབ་པ་ལྟ་བུ། སྤྲུལ་བའི་ཞེས་པ་ནི་ཐེག་ཆེན་གྱི་ཚིག་ཤན་ཞུགས་པ་ལས། ཁོ་རང་གི་ལུགས་ལ་སྤྲུལ་སྐུར་འདོད་པ་མིན། ཆོས་ལུང་རྟོགས་ཀྱི་བདག་ཉིད་ཅན། དགེ་འདུན་ཉན་རང་གི་དགེ་འདུན་ཞུགས་པ་བཞི་དང་གནས་པ་གསུམ་ལྟ་བུ་དང་། ཐེག་ཆེན་པ་ལྟར་ན། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་དང་། ཆོས་མདོ་རྒྱུད་ལྟ་དང་ཏིང་འཛིན་གྱི་ནང་དོན་ཡོད་པ། དགེ་འདུན་འཕགས་པ་སློབ་དང་མི་སློབ་སངས་རྒྱས་བྱང་སེམས་རིག་འཛིན་དང་བཅས་པའོ། །སྐྱབས་སུ་འགྲོ་ཚུལ་ལ། རྒྱུ་དང་འབྲས་བུའི་སྐྱབས་འགྲོ་རྣམ་པ་གཉིས་ཡོད་པས། དམིགས་པ་འབྲས་བུ་ལ་དམིགས་ནས་སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་སུ་བཟུང་ནས་སྐྱབས་སུ་འགྲོ་བ་རྒྱུའི་སྐྱབས་འགྲོ་དང་། སྐྱབས་གསུམ་མ་འོངས་པར་རང་རྒྱུད་ལ་ཐོབ་པའི་དོན་དུ་སྐྱབས་སུ་འགྲོ་བ་འབྲས་བུའི་སྐྱབས་འགྲོ་སྟེ། སྐྱབས་སུ་འགྲོ་ཡུལ་གཅིག་ཡིན་ཀྱང་། དམིགས་པའི་ཆ་ནས་རྒྱུ་འབྲས་ཀྱི་སྐྱབས་འགྲོ་རུ་བཏགས་པའོ། །གཉིས་པ། ཐེག་པ་ཐུན་མོང་བ་ལྟར་དུ་ཆོས་རྟགས་ཀྱི་ཕྱག་རྒྱའི་སྡོམ་བཞི་ལྟ་བུ་འོག་ནས་འབྱུང་མ་རག་པའི་འདུས་བྱས་ཐམས་ཅད་མི་རྟག་དང་། སྡུག་བསྔལ། བདག་མེད། ཞི་བ་བཞི་བསྒོམ་པ་དང་། ཐུན་མོང་མ་ཡིན་པ་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་ཞིང་བདག་མེད་པའི་རང་བཞིན་ཇི་ལྟ་བུར་ཤེས་པ་མཐའ་བྲལ་བསམ་བརྗོད་ལས་འདས་པ་ཁས་ལེན་པ་ནང་པ། མི་ལེན་པར་རྟག་ཆད་ཀྱི་མཐར་ལྷུང་བ་ཕྱི་པ་སྟེ། དཀོན་མཆོག་བརྩེགས་པ་ལས། རྒྱལ་བའི་བསྟན་ལ་དད་པས་ཞུགས་རྣམས་ཀྱིས། །འདུས་བྱས་མི་རྟག་བསླུ་བར་མཐོང་ནས་ནི། །སྡུག་བསྔལ་སྤང་ཕྱིར་བདག་མེད་ཞི་བའི་ཆོས། །ནམ་མཁའ་ལྟ་བུའི་དོན་ལ་ནན་ཏན་བྱ། །ཞེས་སོ། །གོང་ནས་གསུངས་བའི་སྡོམ་བཞི་ནི། འདུས་བྱས་ཐམས་ཅད་མི་རྟག་པ་ཞེས། རྒྱུ་རྐྱེན་ལས་སྐྱེས་བའི་འདུས་བྱས་ཀྱི་ཆོས་ཐམས་ཅད་ནི། འཕྲལ་དུ་སྡུག་བསྔལ་བསྐྱེད་ཅིང་། དུས་གཉིས་པར་མི་སྡོད་པ་ཡིན་པས་ན་མི་རྟག་པ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་པ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་མེད་པའི་ཕྱིར་ན་བདག་ཁེགས་པའོ། །ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་ཞེས་པ་ནི། འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་གྲོལ་བ་མྱ་ངན་ལས་འདས་པ་འཐོབ་པར་བྱེད་པ་ལ་འཁོར་བས་བསྡུས་བའི་ཆོས་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཡིན་པར་ཤེས་དགོས་པས་ན། སྡུག་བསྔལ་གྱི་རྒྱུ་འབྲས་ལས་མ་འདས་པ་ནི། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བའོ། །འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་གྲོལ་བའི་མྱ་ངན་ལས་འདས་པ་ནི་ཞི་བ་བསིལ་བ་གྱ་ནོམ་པ་ལ་སོགས་པ་སྟེ། འདི་བཞི་བོའི་རྒྱས་འགྲེལ་སྡེ་སྣོད་གསུམ་གྱི་བརྗོད་བྱ་རྗོད་བྱེད་ཐམས་ཅད་ཡིན་པའོ། །སྒོམ་པ་གོམས་པའི་ཁྱད་པ་ཡང་ཐར་པ་ལ་དམིགས་ནས་དཀོན་མཆོག་སྐྱབས་སུ་འཛིན་པས་ཐེག་པ་ཐུན་མོང་བ་བདག་མེད་པའི་དོན་དྲན་པ་ཉེ་བར་བཞག་པ་བཞི། ཡང་དག་པའི་སྤོང་བ་བཞི་ལ་སོགས་པའི་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རིམ་པས་བསྒོམ་ཞིང་། ཐུན་མོང་མ་ཡིན་པ་ཐེག་པ་ཆེན་པོས་ཆོས་ཐམས་ཅད་ནམ་མཁའི་རང་བཞིན་དུ་རྟོགས་ནས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་བསྒོམ་ན་ནང་པ། མི་བསྒོམ་པར་སེམས་རྟོག་པ་བཀག་ཙམ་དང་། བདེ་གསལ་མི་རྟོག་ཙམ་པོ་ཕྱོགས་རེའི་ངང་ལ་སེམས་འཛིན་པ་ཕྱི་པ་སྟེ། ལྟ་བ་ངན་སེལ་ལས། གང་བློ་བྱང་ཆུབ་སྙིང་རྗེ་དང་། །ཇི་བཞིན་མི་རྟོག་སྟོང་པ་ཉིད། །བདག་མེད་རྣལ་འབྱོར་པ་དེ་བརྩོན། །བཟློག་པ་གཞན་གྱི་ཕྱོགས་སུ་བཤད། །ཅེས་སོ། །སྤྱོད་པ་ནི། ཆགས་སྡང་གཏི་མུག་གི་རང་བཞིན་ཡུལ་ལ་ཞེན་པ་དང་། གཞན་ལ་འཚེ་བ་ལམ་གྱི་གེགས་སུ་འདོད་ཅིང་གཞན་གནོད་གཞི་དང་བཅས་པ་སྤངས་ཤིང་གཞན་ཕན་གཞི་དང་བཅས་པ་སྒྲུབ་པ་དེ་ཉིད་ནང་པ་སངས་རྒྱས་པ། དེ་དག་མི་འདོད་པར་དེ་ལས་བཟློག་པའི་སྤྱོད་པ་འཚེ་བ་ཆོས་སུ་སྨྲ་བ། དཀའ་ཐུབ་ངན་པས་དག་གྲོལ་དུ་ལྟ་བ་རྣམས་ནི་ཕྱི་རོལ་པ་སྟེ། སྐྱབས་འགྲོ་བདུན་ཅུ་པ་ལས། དམ་པའི་ཆོས་ལ་སྐྱབས་སོང་བས། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །ཞེས་པ་བཞིན་ནོ། །འབྲས་བུ་ནི། ལམ་དེ་ཉིད་ཀྱིས་དངོས་སུ་ཐར་པ་ཉན་རང་དགྲ་བཅོམ་སངས་རྒྱས་གསུམ་གང་རུང་ཐོབ་པ་ནི་ནང་པ་ཡིན་ལ། མི་ཐོབ་པ་ནི་ཕྱི་པ་ཡིན་ཏེ། ཡུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སེམས་ཅན་ཐམས་ཅད་མྱ་ངན་ལས་འདའ་བའི་ཕྱིར་ཉེ་བར་གནས་ཏེ། ཉན་ཐོས་ཀྱི་ས་ལ་མྱ་ངན་ལས་འདའ་བར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །རང་སངས་རྒྱས་ཀྱི་ས་དང་བླ་ན་མེད་པའི་སངས་རྒྱས་ཀྱི་ས་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་དང་། ཉན་ཐོས་ཞི་བ་འཚོལ་རྣམ་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་ལ་སོགས་པ་མངོན་རྟོགས་རྒྱན་གྱི་མཆོད་བརྗོད་ཀྱིས་བསྟན་པ་ལྟ་བུའི་ལུང་དོན་ཏོ། །གཞན་ཀུན་ཏུ་རྒྱུ་དེ་དག་ལ་ལམ་ཡང་མེད་ལམ་མངོན་པར་རྟོགས་པ་ཡང་མེད་དོ་ཞེས་གསུངས་པ་བཞིན་ནོ། །གཉིས་པ་ཁྱད་པར་ཅན་གྱི་གཞུང་ཉིད་རྒྱ་ཆེར་དབྱེ་བ་ལ་གཉིས་ལས། མདོར་བསྟན་པ་ནི། ཐར་པ་དམ་པའི་རྗེས་འགྲོ་རྒྱལ་བའི་གཞུང་། །གང་དག་འཛིན་པ་དེ་ཡང་རྣམ་པ་གཉིས། །ཐེག་པ་དམན་དང་བླ་ན་མེད་པའོ། །ཞེས་གསུངས་ཏེ། སྤྱིར་ན་སངས་རྒྱས་ཀྱིས་གསུངས་བའི་བཀའ་ཐམས་ཅད་དོན་བཞིའི་ནང་དུ་བསྡུས་ན་སྡོམ་བྱེད་ཐུབ་ཅིང་། དེ་ཡང་གཉེན་པོ་ལ་དགོངས་ཏེ་གསུངས་པ་དང་། དབྱེ་བ་ལ་དགོངས་ཏེ་གསུངས་པ་དང་། གང་ཟག་གི་བློ་རིམ་ལ་དགོངས་ཏེ་གསུངས་པ་དང་། བསྡུས་པ་ལ་དགོངས་ཏེ་གསུངས་པ་བཞིའི་ཁུངས་སུ་བསྡུས་ན། གཉེན་པོ་ལ་དགོངས་ཏེ་རྒྱས་པར་བཀའ་སྩལ་བ་ནི། དུག་གསུམ་ཆ་མཉམ་དང་བཅས་པ་འདུལ་བའི་གཉེན་པོ་རུ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པ་ལྟ་བུ། དབྱེ་བར་དགོངས་ཏེ་གསུངས་པ་ནི་འབྲིང་དུ་བཀའ་སྩལ་བ་ཡིན་ཅིང་། བསྟན་པ་མཐའ་དག་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ནང་དུ་བསྡུས་ཏེ་བསྟན་པ་ལྟ་བུ་དང་། བསྡུས་པ་ལ་དགོངས་ཏེ་བཀའ་སྩལ་བ་སྡེ་སྣོད་གསུམ་དུ་བསྡུས་པ་དང་། གང་ཟག་གི་བློ་རིམ་ལ་དགོངས་ཏེ་བསྟན་པ་ནི་ཐེག་པའི་རྣམ་བཞག་རིམ་པ་སོ་སོར་བསྟན་པ་ལྟ་བུ་ཡིན་པས། འདི་ནས་དེའི་ཚུལ་བསྟན་པར་ནང་པ་སངས་རྒྱས་པ་དག་ནི་སངས་རྒྱས་སྟོན་པར་བྱེད་པ་དང་སྡེ་སྣོད་གསུམ་གཞུང་དུ་འཛིན་ཅིང་། ཐེག་པ་གསུམ་གྱི་རང་རང་གི་ཐར་པར་འགྲོ་བ་ལ་བགྲོད་ལམ་མ་ནོར་བ་ཉིད་ཀྱིས་ཐེག་པ་གསུམ་དུ་རྣམ་པར་གཞག་ནའང་། རེ་ཞིག་འདིར་དགོས་པའི་དབང་གིས་ཐེག་པ་ཆུང་ངུ་དང་། ཆེན་པོ་གཉིས་སུ་རྣམ་པར་གཞག་གོ །གཉིས་པ་ལ། ཐེག་པ་ཆུང་ངུ་དང་། ཆེན་པོ་གཉིས་ལས། དང་པོ་ལའང་བསྟན་བཤད་གཉིས་ལས། དང་པོ།

ཐེག་པ་ཆུང་ངུ་མདོར་བསྟན་པ།

དེ་ལ་དང་པོ་བསྟན་པ་ལ་འཇུག་པའི་རིམ་པའི་ཡང་སྒོར་གྱུར་པ་དང་། བླང་དོར་བྱེད་པའི་གཞུང་ཕལ་གྱི་ཕྱི་མོར་གྱུར་པ་དང་། ལས་དང་པོ་པ་དབང་པོ་རྟུལ་པོ་བས་འཇུག་པའི་རིམ་པ་ཡིན་པའི་ཕྱིར་སོ་སོའི་རྣམ་པར་གཞག་པ་རྒྱས་པར་བཤད་པའི་དབྱེ་བ་དང་པོ་བསྟན་པ་ནི། དམན་པའང་དབང་པོའི་རིམ་པ་རྣམ་པ་གཉིས། །ཉན་ཐོས་དང་ནི་རང་སངས་རྒྱས་པ་ཉིད། །ཅེས་གསུངས་ཏེ། རང་ཉིད་ཞི་བ་ཙམ་མཐར་ཐུག་གི་དོན་གྱི་གཉེར་བྱའི་གཙོ་བོར་བྱས་ཏེ། གཞན་ལ་ཕན་འདོགས་ནའང་རང་དོན་སྒྲུབ་པའི་དགེ་བར་སེམས་པས་བློ་ཆུང་ཞིང་། སྤྱོད་པ་དང་སྨོན་ལམ་རླབས་པོ་ཆེ་གཞན་དོན་དུ་སྒྲུབ་པ་མེད་པས་ཐབས་ཀྱི་རིམ་པ་དམན་པ་ལ་ཞུགས་པ་ཡིན་ཏེ། འདི་ནི་མན་ངག་གི་གཞུང་ཡིན་པས་བཤད་ཚད་ཇི་ལྟར་རང་རྒྱུད་ལ་སྦྱར་བའི་སྒོ་ནས་འགྲེལ་ཏེ་བཤད་དགོས་པས། འུ་ཚོས་ཀྱང་སངས་རྒྱས་ཆོས་ཚོགས་མ་ཞིག་དང་། སེམས་ཅན་ཐམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་རྒྱུན་དུ་འདོན་རུང་། དོན་དངོས་སུ་སྲོག་བསླུ་ཞིག་ཡིན་ནའང་རང་ཉིད་ཚེ་རིང་ནད་མེད་ཀྱི་ཆེད་དམ། དེས་བཟང་ཞིག་བསམ་ན་ཡང་ང་སངས་རྒྱས་ཐོབ་ཆེད། འབུམ་ལྔའི་བསགས་སྦྱངས་དང་ཉམས་ལེན་གྱི་ཐུན་རེ་བྱེད་ནའང། ང་ཤི་ཁར་སྐྲག་སྣང་མེད་པ་ཞིག་ཏུ་བསམ་ན་ཐེག་ཆེན་གྱི་ཆོས་མ་དགོས། ཐེག་དམན་གྱི་ཆོས་ཡང་དག་པའི་ལམ་དུ་འགྲོ་བ་མིན་པའི་ཚུལ་ཤེས་དགོས་སོ། །རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་པས། །ཐེག་པ་ཆེན་པོར་ག་ལ་འགྱུར། །ཞེས་སོ། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་སྤྱོད་པ་ཡོངས་བསྔོ་སོགས་རྣམ་དག་ཅིག་མེད་ན་ཐེག་ཆེན་གྱི་ཆོས་མིན་ཅེས་སོ། །ལྟ་བའང་ཆོས་དང་གང་ཟག་གི་བདག་མཐའ་དག་གིས་སྟོང་པའི་ཆོས་ཉིད་བདག་མེད་རྣམ་གཉིས་རྟོགས་པའི་ཤེས་རབ་མ་རྟོགས་པས། རང་གི་ལྟ་བའི་མཐའ་གང་ཟག་གི་བདག་དང་། གཟུང་བ་རང་བཞིན་མེད་པ་ཙམ་ལ་དག་གྲོལ་དུ་ཤེས་ནས་ལམ་སྒོམ་པ་ལ་འཇུག་པ་ཡིན་ཏེ། དེ་ཡང་དམིགས་པ་སྒྲུབ་པ་ཡེ་ཤེས་བརྩོན་འགྲུས་རྣམས་ཀྱིས་ཀྱང་ཐེག་ཆེན་ཁྱད་པར་འཕགས་པ་ནི། ཕུག་གི་འདུན་པ་དང་ཁྱད་དུ་བྱ་བ་རང་དོན་སྒྲུབ་པ་དང་། སྒྲུབ་པ་ཐབས་ཤེས་ཁྱད་པ་ཅན་ཟུང་དུ་མ་འབྲེལ་བ། ཡེ་ཤེས་བདག་མེད་གཅིག་དང་ཕྱེད་གཉིས་ལས་མ་རྟོགས་པ། བརྩོན་འགྲུས་ཡང་གཞན་དོན་ལ་སྤྲོ་བ་ཞན་པས་ཡལ་བར་འདོར་བ་རྣམས་ནི་ཐེག་དམན་ཉན་རང་གི་ལམ་ཡིན་ནོ། །མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་སོ། །གཉིས་པ་ལ། ཉན་ཐོས། རང་རྒྱལ་གཉིས། དང་པོ། སྤྱི་བྱེ་བྲག་གཉིས། དང་པོ་ལ་བསྟན་བཤད་གཉིས། དང་པོ།

ཉན་ཐོས་ཀྱི་ཐེག་པ་མདོར་བསྟན་པ།

དེ་ལྟར་ཉན་རང་གཉིས་ཀ་གཞུང་ཐེག་པ་འོག་མ་ཙམ་དུ་གཅིག་ཀྱང་། ལྟ་བ་དང་གྲུབ་ཚུལ་ཅུང་ཟད་མི་འདྲ་བ་དམིགས་པའི་ཕྱིར། སྐབས་འདིར་ཉན་ཐོས་དང་རང་རྒྱལ་རྣམ་པ་གཉིས་སུ་བརྗོད་པ་ལས། དང་པོ་ཉན་ཐོས་ཀྱི་རྣམ་པར་གཞག་པ་ནི། ཉན་ཐོས་ལ་ནི་སྡེ་ཚན་རང་བཞིན་དང་། །གྲུབ་པའི་མཐའ་སྟེ་རྣམ་པ་གསུམ་ཉིད་དོ། །ཞེས་པས་བསྟན་ནས་རྒྱས་བཤད་ལ། སྡེ་ཚན། རང་བཞིན། གྲུབ་མཐའ་གསུམ། དང་པོ།

སྡེ་བ་སོ་སོའི་དབྱེ་བ་བསྟན་པ།

ཉན་ཐོས་ཀྱི་ཐེག་པའི་རྣམ་པར་གཞག་པ་ལ་གསུམ་སྟེ། སྡེ་པ་སོ་སོའི་དབྱེ་བ་དང་། ཐར་པ་འཚོལ་བའི་རང་བཞིན། གྲུབ་པའི་མཐའ་རབ་ཏུ་དབྱེ་བའོ། །དང་པོ་ནི། ཕལ་ཆེན་པ་དང་གནས་བརྟན་རབ་དབྱེ་བས། །སྡེ་ཚན་བཅོ་བརྒྱད་ཕྱིས་ནི་གཞན་ཡང་དབྱེ། །ཞེས་གསུངས་ཏེ། དེ་ཡང་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་དང་བཅུ་དྲུག་ན་ཁ་ཆེའི་གྲོང་ཁྱེར་མེ་ཏོག་གིས་བརྒྱན་པར་རྒྱལ་པོ་དྷརྨ་ཨ་ཤོ་ཀ་སྟེ་ཆོས་རྒྱལ་མྱ་ངན་མེད་ཅེས་བྱ་བ་བྱུང་ངོ་། །དེའི་ཚེ་བདུད་སྡིག་ཅན་གྱིས་དགེ་སློང་ཞིག་ཏུ་སྤྲུལ་ནས་དབྱེན་ཆེན་པོ་སྐྱེད་དེ་དགེ་འདུན་རྣམས་འཁྲུགས་སོ། །གཞན་ཡང་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་ལོ་བརྒྱད་ཅུའི་སྐབས་ཤིག་ཏུ་དགེ་སློང་ལྷ་ཆེན་པོས། ཧུ་ལུ་ཧུ་ལུ་ཡི་རང་དང་། །ཀུན་སྤྱོད་སྣོད་དང་ལན་ཚྭ་དང་། །ལ་སོགས་པའི་མི་རུང་བའི་གཞི་བཅུ་བཅས་པ་དེ་ཚོ་བསལ་བའི་ཆེད་དུ། ཆོས་རྒྱལ་དྷ་རྨ་ཨ་ཤོ་ཀས་སྦྱིན་བདག་བྱས་ནས། ཆོས་སྡེ་སྣོད་གསུམ་དགྲ་བཅོམ་ཉེར་སྦས་ཀྱིས་བསྡུས་པའང་ཡོད་དོ། །རྗེས་མ་བདུད་སྡིག་ཏོ་ཅན་དགེ་སློང་གི་ཆ་བྱད་དུ་སྤྲུལ་ནས་ཆོས་ལོག་བསྟན་པའི་རྐྱེན་གྱིས། རྒྱལ་པོ་ཀྲྀ་ཀྲྀའི་རྨི་ལམ་གྱི་ལུང་བསྟན་ལྟར་དུ། རྩ་བ་སྡེ་བཞི། གྱེས་པ་བཅོ་བརྒྱད་དུ་གྱུར་ཏོ། །དེའི་ཚེ་གཞོན་ནུ་ཕལ་པ་མདོ་སྡེ་འཛིན་པ་ཕལ་མོ་ཆེ་ཕྱོགས་གཅིག་ཏུ་ཆད་པ་ལས། ཕལ་ཆེན་སྡེ་ཞེས་པ་དང་། རྒན་པོ་ཉུང་བ་འདུལ་བ་འཛིན་པ་ཁ་ཅིག་ཕྱོགས་གཅིག་ཏུ་ཆད་པ་ལ་གནས་བརྟན་སྡེ་ཞེས་གྲགས་སོ། །སངས་རྒྱས་ཀྱིས་གསུངས་པའི་འདུལ་བ་དང་། མདོ་སྡེ་གཙོ་ཆེར་ཁས་ལེན་པའི་དབྱེ་བས་གྲུབ་མཐའ་ཡང་སོ་སོར་གྱེས་ཏེ། ལྟུང་བ་དང་བསླབ་པའི་གཞི་ལའང་གྲངས་མང་ཉུང་སོ་སོར་བྱུང་ངོ་། །དེ་ནས་རིམ་གྱིས་ཕལ་ཆེན་པའང་བརྒྱད་དུ་གྱེས་ཏེ། གྱེས་པའི་ཕལ་ཆེན་པ། ཐ་སྙད་གཅིག་པ། འཇིག་རྟེན་ལས་འདས་པར་སྨྲ་བ། མང་དུ་ཐོས་པ། རྟག་པར་སྨྲ་བ། མཆོད་རྟེན་པ། ཤར་གྱི་རི་བོའི་སྡེ། ནུབ་ཀྱི་རི་བོའི་སྡེའོ། །གནས་བརྟན་པའང་བཅུ་རུ་གྱེས་ཏེ། གངས་རི་པ། ཐམས་ཅད་ཡོད་པར་སྨྲ་བ། རྒྱུར་སྨྲ་བ། གནས་མ་བུ་པ། ཆོས་མཆོག་པ། བཟང་པོའི་ལམ་པ། ཀུན་གྱིས་བཀུར་བ། མང་སྟོན་པ། ཆོས་སྦས་པ། ཆར་བཟང་འབེབས་པ་སྟེ། དེ་ལྟར་སྡེ་པ་བཅོ་བརྒྱད་དོ། །ཕྱིས་ནི་ཡོད་པར་སྨྲ་བ་ཡང་རྣམ་པར་ཕྱེ་སྟེ་ཡོད་པར་སྨྲ་བ་དང་། གོས་དམར་བ་གཉིས་སུ་གྱེས་སོ། །ཆར་བཟངས་འབེབས་པ་ཡང་། འོད་སྲུངས་པ་དང་། བླ་མ་པ་གཉིས་སོ། །གནས་མ་བུ་པ་ལའང་། རི་ཆེན་པོ་པ་དང་། འཕོ་བར་སྨྲ་བ་གཉིས་སོ། །ཀུན་གྱིས་བཀུར་བ་དང་། ཆོས་མཆོག བཟང་པོའི་ལམ་པ་རྣམས་ཀྱང་གྱེས་པར་བཤད་དོ། །རྩ་བའི་སྡེ་བཞི་ནི། གནས་བརྟན་པ། ཐམས་ཅད་ཡོད་པར་སྨྲ་བ། མང་པོས་བཀུར་བ། ཕལ་ཆེན་པ་དང་བཞི་སྟེ་རྩ་བ་དེ་ལས་གྱེས་པའོ། །འདིའི་སྐབས་ནས་གསུངས་བའི་གནས་བརྟན་པ་ནི། སྨྱུག་མ་མཁན་གྱི་རིགས་ལས་རབ་ཏུ་བྱུང་བ་མཐའ་འཁོབ་འདུལ་བའི་མཆོག་ཏུ་བསྟན་པའི་འཕགས་པ་ཀཱ་ཏྱ་ཡཱ་ན་ཆེན་པོའི་སློབ་བརྒྱུད། ཨ་ཝ་བྷྲཾ་ཤ་ཟུར་ཆག་པའི་སྐད་དུ་སྨྲ་བ། སྣམ་ཕྲན་ནི་དགུ་ཡན་ཆད་ཉི་ཤུ་རྩ་གཅིག་མན་ཆད་ལ་རྟགས་སུ་དུང་བྲིས་པའོ། །གཞི་ཐམས་ཅད་ཡོད་པ་སྨྲ་བ་ནི། བཅོམ་ལྡན་འདས་ཀྱིས་བསླབ་པ་ལ་གུས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་ལུང་བསྟན་པ། རྒྱལ་རིགས་སྒྲ་གཅན་འཛིན་རབ་ཏུ་བཟང་པོ་བཅོམ་ལྡན་འདས་ཀྱི་སྲས་སུ་གྱུར་པ་དེའི་སློབ་བརྒྱུད། སཾ་སྐྲྀ་ཏའི་སྐད་དུ་སྨྲ་ཞིང་། སྣམ་སྦྱར་གྱི་སྣམ་ཕྲན་དགུ་ཡན་ཆད་ཉི་ཤུ་རྩ་ལྔ་མན་ཆད་དེ། རྟགས་སུ་ཨུཏྤ་དང་པད་མ་དང་རིན་པོ་ཆེ་དང་ཤིང་ལོ་འབྱུང་བའོ། །རང་རེའི་སྡོམ་རྒྱུན་ཡང་འདི་ཡིན་ནོ། །མང་པོས་བཀུར་བ་ནི། འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པ། ཤཱཀྱའི་བསྟན་པ་ལ་རུས་མི་གཙོ་རིགས་མི་གཙོ། འབྲེག་མཁན་ཉེ་བར་འཁོར་གྱི་རྐང་པ་ལ། ཤཱཀྱའི་རྒྱལ་པོ་བཟང་ལྡན་གྱིས་ཕྱག་བྱས་པ་ཞེས་དུས་རྒྱུན་དུ་བཤད་པའི་འབྲེག་མཁན་གྱི་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་ཉེ་བ་འཁོར་གྱི་སློབ་བརྒྱུད། པི་ཤ་ཙིའི་སྐད་དུ་སྨྲ་བ། སྣམ་ཕྲན་ནི་གནས་བརྟན་པ་དང་མཐུན་པ་དང་། རྟགས་ནི་དུང་ངོ་། །ཕལ་ཆེན་པ་ནི། བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བ། སྦྱངས་པའི་ཡོན་ཏན་དང་ལྡན་པ་རྣམས་ཀྱི་ནང་ནས་མཆོག་ཏུ་ལུང་བསྟན་པ་གནས་བརྟན་འོད་སྲུང་ཆེན་པོའི་སློབ་བརྒྱུད། པྲ་ཀྲྀ་ཏའི་སྐད་ཡུལ་སྡེ་སོ་སོ་བ་དང་མཐུན་པའི་སྐད་དུ་སྨྲ་བ། སྣམ་སྦྱར་གྱི་སྣམ་ཕྲན་དགུ་ཡན་ཆད་ཉི་ཤུ་རྩ་གསུམ་མན་ཆད་དེ་རྟགས་སུ་གཡུ་དྲུང་འཁྱིལ་པ་དང་དཔལ་བེའུ་འབྱུང་བའོ། །དེ་ལྟ་བུའི་གནས་བརྟན་པ། མང་པོས་བཀུར་བ། ཐམས་ཅད་ཡོད་པར་སྨྲ་བ། ཕལ་ཆེན་སྡེ་བ་དང་བཞི་སྟེ་རྩ་བའི་སྡེ་བ་བཞི་སྟེ། དེ་ཡང་བརྟག་གཉིས་ལས། གནས་བརྟན་ཐམས་ཅད་ཡོད་སྨྲ་དང་། །ཀུན་བཀུར་དགེ་འདུན་ཕལ་ཆེན་ནོ། །ཞེས་སོ། །འདི་དག་ལ་དབྱེ་བས་གྱེས་པ་བཅོ་བརྒྱད་དུ་རྣམ་པར་གཞག་པ་གཞན་ཡང་ཡོད་དེ། ཁོ་བོས་བྱས་པའི་བསྟན་བཅོས་གྲུབ་པའི་མཐའ་རིན་པོ་ཆེའི་མཛོད་དུ་ཤེས་པར་བྱའོ། །དེ་དག་ལས་གནས་བརྟན་པ་རྣམས་ནི་གྲུབ་མཐའ་བྱེ་བྲག་ཏུ་སྨྲ་བར་འདུ་ལ། ཕལ་ཆེན་པ་རྣམས་མདོ་སྡེ་པར་འདུས་པར་བཤད་དོ། །དེ་དག་གི་གྲུབ་མཐའི་རྣམ་བཞག་འོག་ནས་འབྱུང་མ་རགས་པའི་སྡེ་པ་དེ་དག་སོ་སོའི་ངེས་ཚིག་ནི། མདོ་སྡེ་འཛིན་པའི་དགེ་འདུན་ཕལ་ཆེན་པ་ཕྱོགས་གཅིག་ཏུ་ཆད་པས་ཕལ་ཆེན་པའི་སྡེ་ཞེས་བྱའོ། །དེ་ལས་ཀྱང་ཐོག་མར་གྱེས་པས་གྱེས་པའི་ཕལ་ཆེན་པའོ། །སངས་རྒྱས་ཀྱིས་ཤེས་བྱ་ཐམས་ཅད་སྐད་ཅིག་གཅིག་ལ་མཁྱེན་པར་འདོད་པས་ཐ་སྙད་གཅིག་པའོ། །སངས་རྒྱས་ལ་འཇིག་རྟེན་པའི་ཆོས་མི་མངའ་ཟེར་བས་འཇིག་རྟེན་ལས་འདས་པར་སྨྲ་བའོ། །མང་དུ་ཐོས་པའི་སློབ་དཔོན་གྱིས་རྗེས་སུ་སྟོན་པས་མང་སྟོན་པའོ། །འདུས་བྱས་ལ་བརྟགས་ན་རྡུལ་ཆར་རྟག་ཟེར་བས་རྟག་པར་སྨྲ་བའོ། །མཆོད་རྟེན་ཅན་གྱི་རི་ལ་གནས་པས་མཆོད་རྟེན་པའོ། །གྲོང་ཁྱེར་མེ་ཏོག་གིས་བརྒྱན་པའི་ཤར་གྱི་རི་ལ་གནས་པས་ཤར་གྱི་རི་ལ་གནས་པའོ། །ནུབ་ཀྱི་རི་ལ་གནས་པས་ནུབ་རིར་གནས་པའོ། །གནས་བརྟན་པའི་རིགས་ཡིན་པས་གནས་བརྟན་པའོ། །གངས་རི་པ་ནི་གངས་ཀྱི་རི་ལ་གནས་པའོ། །དུས་གསུམ་དང་གཞི་ལྔ་རྫས་ཡོད་དུ་སྨྲ་བས་ཡོད་སྨྲ་བའོ། །དུས་གསུམ་ལས་འབྲས་བུ་འབྱུང་བའི་ལས་འགའ་ཞིག་མེད་ལ། འབྲས་བུ་མ་བྱུང་བའི་ལས་འགའ་ཞིག་ཡོད་པར་སྨྲ་བས་རྣམ་པར་ཕྱེ་སྟེ་སྨྲ་བའོ། །གོས་དམར་ཅན་གྱི་ལུགས་སྟོན་པས་གོས་དམར་ཅན་ནོ། །བྱུང་བ་དང་འབྱུང་འགྱུར་ཐམས་ཅད་རྒྱུ་བཅས་སུ་སྨྲ་བས་རྒྱུར་སྨྲ་བའོ། །ཀུན་ཏུ་རྒྱུར་གནས་པའི་བུད་མེད་ཅིག་གི་བུ་ཚུར་ཤོག་གིས་རབ་ཏུ་བྱུང་ཡང་ལྟ་བ་བརྗོད་དུ་མེད་པའི་བདག་ཁས་ལེན་པས་གནས་མ་བུ་པའོ། །སློབ་དཔོན་ཆོས་མཆོག་གི་རྗེས་སུ་སྟོན་པས་ཆོས་མཆོག་པའོ། །བཟང་པོའི་ལམ་པའི་སློབ་མ་ཡིན་པས་བཟང་པོའི་ལམ་པའོ། །ཀུན་གྱིས་བཀུར་བས་སློབ་དཔོན་གྱི་ལུགས་སྟོན་པས་ཀུན་གྱིས་བཀུར་བའོ། །སྐྱེ་བོ་མང་པོ་ལ་སྲིད་པ་མི་འབྱུང་བར་སྟོན་པས་མང་སྟོན་པའོ། །ཆོས་སྦས་ཀྱི་ལུགས་སྨྲ་བས་ཆོས་སྦས་པའོ། །དམ་པའི་ཆོས་ཀྱི་ཆར་འབེབས་པས་ཆར་བཟང་འབེབས་པའོ། །སློབ་དཔོན་འོད་སྲུངས་ཀྱི་རྗེས་སུ་བྱེད་པས་འོད་སྲུངས་པའོ། །སློབ་དཔོན་བླ་མ་ཡིན་པས་བླ་མ་པའོ། །འཇིག་རྟེན་འདི་ནས་ཕ་རོལ་ཏུ་གང་ཟག་འཕོ་བར་སྨྲ་བས་འཕོ་བར་སྨྲ་བའོ། །ཞར་ལ་དེ་དག་གི་འདོད་པ་ཅུང་ཟད་དགག་པ་ནི། གནས་མ་བུ། ཆོས་སྦས་པ། བཟང་པོའི་ལམ་པ། ཀུན་གྱིས་བཀུར་བ། བླ་མ་པ་ལྔས་བདག་འདོད་པ་ནི་སྔར་བཀག་པ་བཞིན་ནོ། །ཕལ་ཆེན་པས་ནི་གང་ཞིག་འདྲི་བ་ལ། གཞན་ལ་འདུད་པས་ལན་གདབ་པ་དང་། མི་ཤེས་པ་དང་། ཡིད་གཉིས་དང་། ཡོངས་སུ་བརྟག་པ་དང་། བདག་ཉིད་གསོ་བར་བྱེད་པ་སྟེ་དེ་ལྟ་བུའི་བསླབ་པའི་གཞི་ལྔ་འདོད་པ་མི་འཐད་དེ། དེ་དག་མུ་སྟེགས་པ་ལ་ཡོད་པའི་ཕྱིར་དང་། བདུད་ཀྱིས་བསླུས་པ་དང་། ཟས་ལ་ཆགས་པ་ལམ་གྱི་གེགས་ཡིན་པའི་ཕྱིར་རོ། །ཐ་སྙད་པས་སངས་རྒྱས་ལ་འཇིག་རྟེན་པའི་ཆོས་མི་མངའ། བྱང་ཆུབ་སེམས་དཔའི་དུས་ན་མེར་མེར་པོ་ལ་སོགས་པ་མི་འཇུག བྱང་ཆུབ་སེམས་དཔའ་ངན་འགྲོར་འདོད་པས་སྐྱེ་བ་ལེན། སངས་རྒྱས་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་མེད་ཅེས་པའང་མི་རུང་སྟེ། དེ་བཞིན་གཤེགས་པ་ངན་འགྲོར་འདོད་པས་སྐྱེ་བ་ལེན་པ་སྔར་སྐྱེ་བ་བཀག་པ་ཉིད་ཀྱི་ཁེགས་པ་དང་། དེས་ན་འཇུག་པ་དང་ལེན་པ་རང་ཤུགས་ཀྱིས་མེད་པའམ་ཁེགས་པའི་ཕྱིར་རོ། །འདི་དག་གི་སྐབས་སུ་འཇམ་མགོན་བླ་མས། ཉན་ཐོས་ཀྱི་གྲུབ་མཐའི་སྐབས་སུ་སྡེ་བ་བཅོ་བརྒྱད་སོ་སོའི་འདོད་ཚུལ་འགོག་པ་རྣམས་དོན་ལ་འགལ་བ་མི་འདུག་ཀྱང་ཚིག་གི་བརྗོད་སྒྲོས་ཅུང་མི་གསལ་བ་རྣམས་ཡི་གེ་ཉམས་པ་ཕྲ་མོ་བྱུང་བ་འདྲ་སྟེ་མ་དཔེ་གང་ནའང་མི་གསལ་བ་རྣམས་ནི་སྤྱི་བརྟོལ་གྱིས་བཅོས་པར་མ་བྱས་པར་སོར་བཞག་པས་ན། སླར་ཡང་དཔེ་དག་ངེས་མཐོང་ནས་དོན་ཇི་བཞིན་སློང་ནུས་པ་བྱུང་ན་འབྲུ་ཟུར་བཅོས་པར་གྱིས་ཤིག ཅེས་གསུངས་འདུག་ཀྱང་དེང་སང་དཔེ་གསར་མང་ཡང་དག་མ་ངོ་མ་དེ་དཀོན་པར་འདུག མང་ཐོས་པས་དགེ་འདུན་འཇིག་རྟེན་ལས་འདས་པ་དང་། མཉམ་གཞག་ལ་ངག་འཇུག་པ་ཡོད་པའང་མི་རུང་ཞིང་ཡོད་པར་འདོད་པའང་མི་རུང་སྟེ། འདས་པ་འགྲོ་བ་བཀག་པས་ཁེགས་ལ། ངག་ཀྱང་དེ་བཞིན་དུ་སྔར་བཀག་པའི་ཕྱིར་རོ། །རྟག་སྨྲའི་ཕུང་པོ་མེད་པའི་སྡུག་བསྔལ་དོན་དམ་དུ་འདོད་པ་མི་རུང་སྟེ། སྡུག་བསྔལ་ཉིད་ཚོར་བའི་ཕུང་པོས་ཕྱེ་བ་དང་། བདེན་པ་བཀག་པའི་ཕྱིར་རོ། །མཆོད་རྟེན་པ་དང་ཤར་ནུབ་ཀྱི་རི་བོའི་སྡེ་ནི་གོང་གི་ཕལ་ཆེན་པ་བཞིན་ཏེ་བཀག་ཟིན་ཏོ། །གནས་བརྟན་པས་དགྲ་བཅོམ་པ་ལ་གཞན་གྱིས་སྟོན་པ་མེད། གང་ཟག་དང་འདས་མ་འོངས་ཡོད་པར་སྨྲ་བའང་མི་རུང་སྟེ། སྟོན་པ་ཡོད་ནས་སྟོན་པ་ལ་ཆོས་ཉན་པའི་ཕྱིར་དང་། གང་ཟག་དང་དུས་སྔར་ཡང་བཀག་པ་བཞིན་ནོ། །གངས་རི་པས་བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོ་མ་ཡིན། མྱ་ངན་ལས་འདས་དུས་ཕུང་པོ་འགགས་ཀྱང་གང་ཟག་རྟག་ཅེས་བྱ་བའང་མི་རུང་སྟེ། དེ་ལ་སོ་སོའི་སྐྱེ་བོ་ཡོད་པ་དང་། བདེན་པ་དང་། གང་ཟག་རྣམས་སྔར་བཀག་པའི་པའི་ཕྱིར་ན་ཁེགས་ཕྱིར་རོ། །ཡོད་སྨྲས་གང་ཟག་དང་། འདས་མ་འོངས་མེད། རྒྱུན་ཞུགས་བསམ་གཏན་ཐོབ། དགྲ་བཅོམ་ཡང་ཉམས་སྲིད། ལྷ་རྣམས་ལའང་ཚངས་པར་སྤྱོད་པ་ཡོད། མདོ་སྡེ་ཐམས་ཅད་དྲང་དོན་ཡིིན་ཞེས་པའང་མི་རུང་སྟེ། དུས་གསུམ་རྫས་ཡོད་འོག་ནས་བཀག་པ་འོག་ནས་དགག་འགྱུར་དང་། ཐོབ་པའང་དེ་བཞིན་དུ་འོག་ནས་བཀག་པ་དང་། མདོ་སྡེ་དྲང་དོན་ཡིན་ན་བསྟན་བཅོས་མཁན་པོས་ངེས་དོན་མི་རྙེད་པའི་ཕྱིར་རོ། །དེ་འགོག་པ་ལའང་ཉན་ཐོས་པ་རང་གི་ལུང་དེ་མཆོག མདོ་དྲང་དོན་ཞེས་པའི་མཚན་གྱིས་ཀྱང་ཤེས་པ་ལྟར་རོ། །མང་སྟོན་པས་འདས་མ་འོངས་མེད་སྡུག་བསྔལ་མཐོང་ན་བདེན་པ་བཞི་ཀ་མཐོང་། བར་སྲིད་མེད། དགྲ་བཅོམ་ཡང་བསོད་ནམས་སོགས་གང་ཟག་ལུས་དང་མཉམ། སངས་རྒྱས་དགེ་འདུན་དུ་གཏོགས་ཞེས་པའང་མི་རུང་སྟེ། བདེན་བཞི་འོག་ནས་བཀག་པ་འགྱུར་པ་དང་། བར་དོའི་ཚེ་ཚད་གསུངས་པ་དང་། གང་ཟག ལུས། མཉམ་པ་གསུམ་སྔར་བཀག་ཟིན་པ་དང་། དགེ་འདུན་ལས་སངས་རྒྱས་གཞན་དུ་གསུངས་པའི་ཕྱིར་རོ། །ཆོས་སྦས་པས་སངས་རྒྱས་དགེ་འདུན་དུ་མ་གཏོགས་པའང་མ་ཡིན་ཏེ། སངས་རྒྱས་རང་རྒྱུད་པ་འདོད་ན་དེ་ཉིད་དགེ་འདུན་མ་ཡིན་པ་དང་འགལ་བའི་ཕྱིར་ཏེ་དགེ་བ་ལ་ཐུགས་འདུན་པའི་ཕྱིར་རོ། །འོད་སྲུངས་པས་རྣམ་སྨིན་འབྱུང་བར་འདོད་པའང་མི་རུང་སྟེ། དངོས་པོ་ལ་རྟག་མི་རྟག་མེད་པས་ཁེགས་པའི་ཕྱིར་རོ། །གོས་དམར་བས་གང་ཟག་དང་ཕུང་པོ་མེད་པ་དང་ཡོད་དོ་ཞེས་པའང་གཉིས་ཀ་མི་རུང་སྟེ། ཡོད་མེད་རྫས་འགལ་བའི་ཕྱིར་དང་། བརྟགས་ཡོད་ཀྱི་གང་ཟག་ཁས་བླང་དགོས་ལ། རྫས་ཡོད་ཀྱི་ཕུང་པོའང་མེད་པའི་ཕྱིར་རོ། །བླ་མ་པས་ཕུང་པོ་ལྔ་འདི་ནས་ཕ་རོལ་ཏུ་འཕོ། ལམ་མ་རྟོགས་པར་ཕུང་པོ་མི་འགག གང་ཟག་དོན་དམ་པར་མེད་ཅེས་པའང་འཕོ་བ་ཉིད་བཀག་པ་དང་། ཕུང་པོའི་རྒྱུན་མ་གྲུབ་པ་དང་། གང་ཟག་བརྟགས་ཡོད་ཙམ་དང་འགལ་བ་དང་། ལམ་ཉིད་མ་གྲུབ་པའི་ཡང་ཕྱིར་རོ། །གནས་མ་བུ་པས་ཉེ་བར་བླང་བྱ་དང་ལེན་པ་ནི་རྟག་པ། ཆོས་གང་ཡང་འདི་ནས་ཕ་རོལ་ཏུ་འཕོ་བ་མེད། གང་ཟག་ནི་ཕུང་པོ་ལྔ་ཉེ་བར་བླངས་ནས་འཕོ། འདུས་བྱས་སྐད་ཅིག་དང་སྐད་ཅིག་མ་ཡིན་པའང་ཡོད། གང་ཟག་ནི་ཕུང་པོ་ལས་གཅིག་པ་དང་ཐ་དད་པར་མི་བརྗོད། མྱ་ངན་ལས་འདས་པ་ནི་གཅིག་པ་དང་ཐ་དད་པ་གང་དུའང་མི་བརྗོད། སེམས་ཅན་དང་སངས་རྒྱས་ཐམས་ཅད་ལ་བརྗོད་དུ་མེད་པའི་བདག་དམ་པ་རྟག་པར་ཡོད་ཅེས་པའང་མི་རུང་སྟེ། དེ་ཡང་སྔོན་སངས་རྒྱས་མྱ་ངན་ལས་འདས་པའི་ཚེ། གཅེར་བུ་པའི་སྟོན་པ་ཞིག་འོང་པ་ལ་ཚུར་ཤོག་གིས་རབ་ཏུ་བྱུང་བས་ཉན་ཐོས་སུ་འགྱུར་བ་དེས། གང་ཟག་གི་བདག་ཕུང་པོ་དང་གཅིག་གམ་ཐ་དད་དམ། གཉིས་ཀའམ་གཉིས་ཀ་མ་ཡིན་པར་ཡོད་ཅེས་དྲིས་པ་ལས། ཅང་མི་གསུང་པས་ལན་བཏབ་ཀྱང་། བརྗོད་དུ་མེད་པར་ཡོད་པར་གོ་ནས་ཆོས་འདི་པར་ཞུགས་ཀྱང་ལྟ་བ་མུ་སྟེགས་དང་འདྲེས་ཏེ་བརྗོད་དུ་མེད་པའི་བདག་ཁས་ལེན་པའོ། །འཇིག་པའི་རང་བཞིན་ཅན་ཡིན་པས་སྐད་ཅིག་ལ་འཇིག་རྒྱུ་མི་དགོས་ཤིང་། རྟག་ན་བཤིག་མི་ནུས་པས་འཇིག་པ་ལ་རྒྱུ་མི་དགོས་པའི་ཕྱིར་ན་འཇིག་པ་རྒྱུ་བཅས་མི་སྲིད་དོ། །སྐད་ཅིག་མིན་པའི་དངོས་པོ་བཀག་ཟིན་པ་དང་། བླང་བྱའི་ཕུང་པོ་དང་། ལེན་པ་པོའི་བདག་དུས་མཉམ་དང་མི་མཉམ་དུས་མི་མཉམ་ན་བླང་དུ་མེད་ལ། མཉམ་ན་རྫས་ཐ་དད་དུ་འགྱུར་བའི་ཕྱིར་མི་འགྲུབ་པ་དང་། མཐའ་གང་ཡང་མ་གྲོལ་ན་བདག་དང་ཕུང་པོ་མི་སྲིད་པར་ཐལ་བ་དང་། བདག་གམ་སེམས་ཀྱིས་ལུས་ལེན་པ་ཁེགས་པ་ཡིན་ལ། བརྗོད་དུ་མེད་པའི་ངོ་བོ་ལ་བདག་མི་རུང་སྟེ་བདག་ཏུ་བརྗོད་དུ་མི་རུང་པས་ན་མ་གྲུབ་བའི་ཕྱིར་རོ། །མང་པོས་བཀུར་བའི་ཆད་པར་གྱུར་པ་དང་ཆད་པ་དང་། གྲོལ་བར་གྱུར་པ་དང་གྲོལ་བ་དང་གྲོལ་བའི་རྣམ་པར་ཤེས་པ་ཡོད་པའང་མི་རུང་སྟེ། རྒྱུན་བཀག་པས་ཆད་པ་རང་ཤུགས་ཀྱིས་བཀག་པ་དང་། ཚེ་སྔ་ཕྱི་དང་ཤར་ནུབ་ལ་སོགས་པར་འགྲོ་བ་བཀག་པའི་ཕྱིར་དང་། རྣམ་ཤེས་སྔར་བཀག་པའི་ཕྱིར་རོ། །ཆོས་མཆོག་པ་དང་བཟང་པོའི་ལམ་པས། སྐྱེ་འགག་ལ་རག་མ་ལས་པ་དང་། འགག་པའོ་ཞེས་པ་ལ། ཡང་དག་ཏུ་སྐྱེ་བ་དང་འགག་པ་མ་གྲུབ་པ་དང་། ཐ་སྙད་དུ་རང་རང་གི་དངོས་པོ་སྐྱེ་འགག་ལ་རག་མ་ལས་པ་མི་སྲིད་པའི་ཕྱིར་དང་། གཞན་གཞན་གྱི་དངོས་པོར་འགྱུར་མི་སྲིད་པའི་ཕྱིར་རོ། །དེ་དག་ཐམས་ཅད་ཅིག་ཅར་ཁེགས་ཏེ། སྡུག་བསྔལ་ལ་སོགས་པ་ཐ་སྙད་དུ་རིམ་གྱིས་དམིགས་པ་ཉིད་དང་། སྐད་ཅིག་དང་འཕོ་བ་བཀག་པའི་ཕྱིར་རོ། །དེ་ཡན་གྱིས་ནི་སྡེ་བ་སོ་སོའི་དབྱེ་བ་བཤད་པ་དང་། འདོད་པ་ཡང་མ་དག་པ་འགའ་རེ་མུ་སྟེགས་པ་དང་མཉམ་དུ་བཀག་པས་ཁེགས་ཟིན་པ་དང་། འགའ་རེ་སྡེ་པ་སོ་སོའི་འགའ་ཞིག་བཀག་པས་འགའ་ཞིག་དེའི་ཞོར་དུ་ཁེགས་པ་དང་། འགའ་རེ་འོག་ནས་ཀྱང་དགག་པར་འགྱུར་བའོ། །གཉིས་པ།

ཐར་པ་འཚོལ་བའི་རང་བཞིན་བསྟན་པ།

ད་ནི་ཉན་ཐོས་སྡེ་བ་སྤྱི་མཐུན་པའི་ཐར་བ་འཚོལ་བའི་རང་བཞིན་བརྗོད་པ་ནི། ཉན་ཐོས་ལམ་གང་ཚུལ་གནས་ཐོས་དང་བསམ། །དགེ་སྦྱོང་ཆོས་སོགས་ལམ་དང་ཐར་པ་དག །ཐུན་མོང་མཐུན་ཕྱིར་བདེན་པ་དགག་བྱ་ཉིད། །ཅེས་གསུངས་ཏེ། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱར། །ཞེས་པའི་ཚུལ་གྱིས་དང་པོར་བསྟན་པའི་སྒོར་རབ་ཏུ་བྱུང་ནས་ཚུལ་ཁྲིམས་སོར་ཐར་རིགས་བདུན་གང་རུང་གི་ཚུལ་ཁྲིམས་ཀྱིས་རྒྱུད་བསྡམས་པ་ཡིན་དགོས་པས། དགེ་སློང་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས། དགེ་སློབ་མ་སྟེ་རབ་བྱུང་གི་ཕྱོགས་ཀྱི་ལྔ་དང་། དགེ་བསྙེན་ཕ་མ་ཁྱིམ་པའི་ཕྱོགས་ཀྱི་གཉིས་བསྣན་པས་བདུན་ནོ། །བསྙེན་གནས་ཀྱི་སྡོམ་པ་དུས་རེ་འགའ་བ་ཡིན་པས་ཡོན་ཏན་གྱི་རྟེན་དུ་མ་བཞག་པའོ། །དེ་ལྟ་བུའི་ཚུལ་ཁྲིམས་ལ་གནས་པ་དང་། གཤེ་ཡང་སླར་མི་གཤེ། ཁྲོས་ཀྱང་སླར་མི་ཁྲོ། བརྡེག་ཀྱང་སླར་མི་བརྡེག མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བ་སྟེ་དགེ་སྦྱོང་གི་ཆོས་བཞི་དང་། ཟས་བསོད་སྙོམས་པ་གོས་ཕྱགས་དར་ཁྲོད་པ་ལ་སོགས་པ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་འབྲེལ་དང་། ལམ་དང་ལམ་མ་ཡིན་པ་དང་གནས་དང་གནས་མ་ཡིན་པ་ལ་སོགས་པ་ལ་བླང་དོར་གྱི་དམིགས་ཤེས་པར་བྱ་བའི་ཕྱིར་ལམ་བསླབ་པ་གསུམ་གྱི་ཉམས་ལེན་གྱི་ཆེད་དུ་ལུང་སྡེ་སྣོད་གསུམ་ལ་ཐོས་བསམ་བྱ་བ་དང་། ཚོགས་དང་སྦྱོར་བ་ལ་སོགས་བའི་ལམ་ལ་སློབ་པར། དྲན་པ་ཉེར་བ་བཞག་པ་བཞི་སོགས་པའི་ཆོས་སུམ་ཅུ་རྩ་བདུན་བསྒོམས་པས་ཐར་པ་སྒྲུབ་པ་དང་། ཟས་ཀྱི་ཚོད་རིག་པ་དང་། སྲོད་དང་ཐོ་རངས་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང་། འདོད་ཆགས་ལ་སོགས་པའི་གཉེན་པོ་རང་བཞིན་གྱི་ལུས། རྣམ་པར་བམ་པ་དང༌། རྣམ་པར་འབུས་གཞིག་པ་དང༌། རྣམ་པར་དམར་བ་དང༌། རྣམ་པར་སྔོ་བ་དང༌། རྣམ་པར་གནག་པ་དང༌། རྣམ་པར་ཟོས་པ་དང༌། རྣམ་པར་འཐོར་བ་དང༌། རྣམ་པར་ཚིག་པ་དང༌། རྣམ་པར་རུལ་བ་དང་། ཀེང་རུས་ཀྱི་འདུ་ཤེས་ཀྱིས་མི་གཙང་བ་དང་། ཞེ་སྡང་གི་གཉེན་པོ་དབུགས་འབྱུང་རྔུབ་ལ་སོགས་པ་བསྒོམ་པ་དང་། སོགས་ཁོངས་སུ་ཚོགས་ལམ་ཆུང་ངུའི་སྐབས་སུ་ནི་སེམས་དྲན་པ་ཉེར་བཞག་པ་ཞི་ལྷག་གི་རྣམ་པས་རྟོག་པ་ཞི་བ་དང་། སེམས་ཀྱི་རྒྱུན་ཀུན་རྫོབ་བདེན་པ་ཡིན་པར་དེ་བརྟགས་ན། ཆ་མེད་དོན་དམ་བདེན་པ་ཡིན་པ་དེའི་ངང་དུ་བདག་མེད་སྒོམ་པ་ལ་སོགས་པ་ཡོད་དོ། །རབ་ཏུ་བྱུང་བའི་རྟགས་ཆོས་གོས་དང་། ལྷུང་བཟེད་དང་འཁར་གསིལ་འཆང་བ་དང་འདོད་པ་ཆུང་བ་དང་། ཆོག་ཤེས་པ་ལ་སོགས་པ་དང་། བདེན་པ་བཞི་དང་། རྟེན་འབྲེལ་སྒོམ་པ་ལ་སོགས་པ་ནི། ཐེག་པ་མཐུན་པར་ཁས་ལེན་པས་དགག་པར་བྱ་བ་མ་ཡིན་ཏེ། ཡང་དག་པའི་ལམ་དོན་དུ་གཉེར་བྱ་ཁོ་ན་ཡིན་པའི་ཕྱིར་རོ། །འོན་ཀྱང་དེ་དག་ལ་དག་གྲོལ་དུ་བདེན་ཞེན་ཡོད་ན་བདེན་ཞེན་གྱི་བློ་ཉིད་འགོག་གི་ཡུལ་ཙམ་འགོག་པ་མ་ཡིན་ཏེ། ཞི་བ་ལྷས། འདིར་ནི་སྣང་ཉིད་དགག་མིན་གྱི། །གང་ལ་སྡུག་བསྔལ་རྒྱུར་གྱུར་པ། །བདེན་པར་རྟོག་པ་བཟློག་བྱ་ཡིན། །ཞེས་གསུངས་པ་བཞིན་ནོ། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི། མདོ་ཀུན་ལས་བཏུས་པ་ལས། ཕྱགས་དར་ཁྲོད་དང་ཙོག་པུ་པ། །ཕྱིས་མི་ལེན་པ་ཕྱིང་བ་པ། །ཆོས་གོས་གསུམ་པ་ཤིང་དྲུང་པ། །སྟན་ཅིག་པ་དང་ཇི་བཞིན་གནས། །དུར་ཁྲོད་བླ་གབ་མེད་པ་དང་། །དགོན་པ་པ་དང་བསོད་སྙོམས་ཏེ། །ཐུབ་པ་ཞི་བའི་ཐུགས་མངའ་བས། །སྦྱངས་པ་བཅུ་གཉིས་འདི་དག་གསུངས། །ཞེས་སོ། །གཞན་རྣམས་སྔར་བསྟན་པ་དང་ཕྱིས་ཀྱང་འཆད་པར་འགྱུར་རོ། །གསུམ་པ།

གྲུབ་པའི་མཐའ་རབ་ཏུ་དབྱེ་བ།

ད་ནི་སྡེ་པ་ཀུན་འདོད་པ་ཐུན་མོང་པ་མཐུན་པར་ཁས་ལེན་པའི་གྲུབ་མཐའ་རབ་ཏུ་དབྱེ་བ་ནི། གྲུབ་པའི་མཐའ་དག་དབྱེ་ན་རྣམ་པ་གཉིས། །ཐུན་མོང་པ་དང་སོ་སོའི་རིམ་པའོ། །ཐུན་མོང་འདོད་པ་རྣམ་པ་བདུན་ཉིད་དེ། །དམན་པ་དགག་པས་འདིར་ནི་རབ་ཤེས་བྱ། །ཞེས་གསུངས་ཏེ། ཉན་ཐོས་པ་དག་གི་ཐུན་མོང་དུ་ཁས་ལེན་པའི་འདོད་པ་བདུན་དང་། སོ་སོའི་རང་བཞིན་རྒྱས་པར་བསྟན་པ་གཉིས་ལས། དང་པོ་ལ་བདུན་ཏེ། ཡུལ་བདེན་པ་བཞི་དང་། རྩོམ་བྱེད་དོན་དམ་པ་དང་། དགྲ་བཅོམ་མཐར་ཐུག་པ་དང་། ཀུན་གཞི་མེད་པ་དང་། ཐེག་ཆེན་མེད་པ་དང་། ས་བཅུ་མེད་པ་དང་། སངས་རྒྱས་རང་རྒྱུད་པའོ། །དང་པོ་ནི། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་བདེན་པ་ཉིད་དང་བཞི་སྟེ། བདེན་བཞི་དེ་དག་བླང་དོར་བྱ་བ་དག་གི་དམིགས་པའི་ཡུལ་ལོ། །དང་པོ་གྱུར་བ་སྡུག་བསྔལ་བདེན་པ་ནི། འབྲས་བུའི་ཕུང་པོ་སྟེ། སེམས་ཅན་སྐྱེ་བ་དང་། སྐྱེ་བའི་གནས་གཉིས་སོ། །སྐྱེ་བ་ནི། འགྲོ་བ་རིགས་དྲུག་པོ་གཅིག་ནས་གཅིག་ཏུ་འཁོར་བའོ། །གནས་ནི། ཕྱི་སྣོད་ཀྱི་འཇིག་རྟེན་སྔར་སྨོས་པ་བཞིན་ནོ། །དེ་ན་སྡུག་བསྔལ་གྱི་རྣམ་གྲངས་ནི། སྐྱེ་བ་ལ་སོགས་པ་མང་པོ་དག་གོ །འཁོར་བའི་སྣོད་བཅུད་ཀྱིས་བསྡུས་པའི་སྡུག་བསྔལ་བདེན་པ་དེ་ནི། ནད་དང་འདྲ་བ་ལུས་ངག་ཡིད་གསུམ་ལ་ཕྱི་ནང་གི་རྐྱེན་གྱིས་བསླངས་ནས་ཟུག་ངུ་ཡིད་དུ་མི་འོང་པ་སྣ་ཚོགས་ཡོང་བ་དང་། དེས་མཚོན་པའི་འཁོར་བའི་ཕུང་ལྔ་ཉེར་ལེན་དང་བཅས་པ་སྤང་ཆེད་དུ་སྡུག་བསྔལ་གྱི་རང་བཞིན་ཤེས་པར་འཇུག་དགོས་སོ། །ཀུན་འབྱུང་ནི། སྡུག་བསྔལ་གྱི་རྒྱུའི་ཆ་སྟེ། ལས་དང་ཉོན་མོངས་པ་གཉིས་སོ། །ཉོན་མོངས་པ་ནི། འདོད་ཆགས་ལ་སོགས་པའོ། །ལས་ནི། བསམ་པ་དང་། སེམས་པ་གཉིས་ཏེ། དགེ་མི་དགེ་ལུང་མ་བསྟན་དང་གསུམ་མོ། །དེའང་། བསམ་པ་ལུས་དང་ངག་གི་སྟེ། །སེམས་པ་ཡིད་ཀྱི་ཡིན་པར་འདོད། །ཅེས་པ་ལྟར་རོ། །མི་དགེ་བ་ནི། སྲོག་གཅོད་པ་ལ་སོགས་པ་བཅུ་དང་། ཕ་མ་གསོད་པ་ལ་སོགས་པ་མཚམས་མེད་པ་ལྔ་དང་། བྱང་ཆུབ་སེམས་དཔའ་གསོད་པ་ལ་སོགས་པ་ཉེ་བ་ལྔ་དང་། བསླབ་པ་འདྲལ་བ་ལ་སོགས་པའོ། །དགེ་བ་ནི། སྲོག་གཅོད་པ་སྤོང་བ་ལ་སོགས་པ་བཅུ་དང་གཞན་ཡང་ངོ་། །ལུང་མ་བསྟན་ནི། བཟོ་འདྲུབ་པ་ལ་སོགས་པའོ། །ཀུན་འབྱུང་ནི་ནད་ཀྱི་རྒྱུ་དང་འདྲ་བ་དང་། ལས་ནི་ཀུན་བྱེད་རི་མོ་མཁན་དང་འདྲ་བ་དང་། རྒྱུ་དུག་གསུམ་གྱིས་སྡུག་བསྔལ་སྣ་ཚོགས་བསྐྱེད་པ་ཡིན་པས་ཀུན་འབྱུང་སྤང་བ་ལ་འཇུག་གོ །འགོག་པ་ནི། སྡུག་བསྔལ་རྒྱུ་དང་བཅས་པ་གཏན་ནས་ཞི་བ་སྟེ་ལྷག་བཅས་ལྷག་མེད་དང་། སོ་སོར་བརྟགས་པ་དང་། བརྟགས་མིན་གྱི་འགོག་པའོ། །འགོག་པའི་བདེན་པ་ནི་ནད་ལས་གྲོལ་བའི་བདེ་བ་ལྟ་བུ། འཁོར་བའི་རིམས་ནད་ལས་གྲོལ་བའི་དགའ་བ་ཁྱད་པར་ཅན་གྱི་འབྲས་བུ་ཡིན་པས། དེ་ཐོབ་པར་བྱ་བའམ་འགོག་པ་མངོན་དུ་བྱ་བར་འཇུག་པའོ། །ལམ་ནི། སྡུག་བསྔལ་ཤེས། ཀུན་འབྱུང་སྤང་། འགོག་པ་མངོན་དུ་བྱེད། ལམ་རྒྱུད་ལ་བརྟེན་པའི་ཚུལ་གྱིས། ཚོགས་ལམ། སྦྱོར་ལམ། མཐོང་ལམ། བསྒོམ་ལམ། མི་སློབ་པའི་ལམ་དང་ལྔའོ། །ལམ་གྱི་བདེན་པ་ནི་སྨན་དང་འདྲ་བར་སྡུག་བསྔལ་གྱི་ནད་ལས་གྲོལ་བྱེད་ཡིན་པས། ལམ་སྒོམ་ཞིང་རྒྱུད་ལ་བརྟེན་པར་བྱ་བ་ལ་འཇུག་དགོས་པའོ། །དེ་ཡང་མཛོད་ལས། བདེན་པ་དག་ནི་བཞིར་བཤད་དོ། །སྡུག་བསྔལ་ཀུན་འབྱུང་དེ་བཞིན་དུ། །འགོག་དང་ལམ་སྟེ་དེ་ལྟར་ན། །དེ་དག་ཇི་ལྟར་མངོན་རྟོགས་རིམ། །ཞེས་སོ། །རྒྱུད་བླ་མ་ལས་ཀྱང་། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེ་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་པ་དང་གཅིག་གོ །རྩོམ་བྱེད་དོན་དམ་ནི། རགས་མཐའ་རྡུལ་ཕྲན་ཐོ་བ་ལ་སོགས་པས་གཞིག་མི་ནུས་པ་དང་། ཤེས་མཐའ་སྐད་ཅིག་བློས་གཞིག་མི་རུང་བ་སྟེ། དེ་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་པར། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་སོ། །དེ་ཡང་རི་ལ་སོགས་པ་ནི། དཔག་ཚད་དུ་རགས་པ་ཉེ་ཕྲ་སོང་ནས་ཞིག་པ་ནས། རྒྱང་གྲགས་དང་། འདོམ་དང་། ཁྲུ་དང་། སོར་དང་། ནས་དང་། ཤིག་དང་། སྲོ་མ་དང་། ཉི་རྡུལ་དང་། གླང་རྡུལ་དང་། ལུག་རྡུལ་དང་། རི་བོང་རྡུལ་དང་། ཆུ་རྡུལ་དང་། ལྕགས་རྡུལ་དང་། རྡུལ་ཕྲན་དང་ཕྲ་རབ་རྣམས་ཀྱི་བར་དུ་ཞིག་པས་སོ། །ཉི་འོད་ཀྱི་རྡུལ་འབྲིང་པོ་གཅིག་བཞི་བཅུ་རྩ་དགུར་བགོས་པའི་ཆ་གཅིག་ཙམ་པ་ཟླུམ་གོང་དེ་ནི་དོན་དམ་པ་ཡིན་ཏེ། བློས་གཉིས་སུ་མི་རུང་བས་འཕགས་པ་རྣམས་ཀྱིས་ཀྱང་ཆ་ཤས་ཅན་དུ་ནི་མ་གཟིགས་ཏེ། མཚོན་གྱིས་བཅད་པ་དང་། གཏུན་དུ་ཞིབ་མོར་བརྡུངས་ཀྱང་གཉིས་སུ་འགྱེས་མི་སྲིད་པའི་ཕྱིར་རོ། །དེ་རྡུལ་ཕྲན་ཆ་མེད་དང་། དུས་མཐའ་སྐད་ཅིག་ཆ་མེད་ནི། མི་ཚེ་དང་བསྐལ་པ་ནི་ཀུན་རྫོབ་ཡིན་ཏེ་ལོའི་ཕུང་པོ་ཡིན་པས་ལོ་དུ་མར་ཞིག་པས་སོ། །ལོ་ཉིད་ཟླ་བའི་ཕུང་པོ་དང་། ཞག་དང་། ཡུད་ཙམ་དང་། ཐང་ཅིག་དང་། དབུགས་དང་། རྩ་འཕར་བ་ཡང་མི་བདེན་ཏེ། སྐད་ཅིག་དྲུག་ཅུར་ཞིག་པས་སོ། །མི་དར་མ་ཁམས་སྙོམས་པའི་རྩ་འཕར་བ་གཅིག་ལ་དྲུག་ཅུར་བགོས་པའི་ཆ་གཅིག་ཙམ་གྱི་དུས་ནི་དོན་དམ་ཡིན་ཏེ། མྱུར་ཡང་སྐད་ཅིག་གི་ཕྱིར་དང་། མདའ་ལ་སོགས་པ་མགྱོགས་པས་ཀྱང་དེའི་བར་དུ་ནུར་བའམ་འགྱུར་དུ་མེད་པའི་ཕྱིར་རོ། །དེ་ཉིད་ལས། གཟུགས་མིང་དུས་མཐའ་རྡུལ་ཡིག་དང་། །སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ཉི་ཟེར་རྡུལ་དང་ཕྲ་མོ་དང་། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་གཅིག་ཅེས་བྱ་གོང་བདུན་འགྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་དག་ཀྱང་། །དྲུག་ཅུ་ལ་ནི་ཐང་ཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུར་འགྱུར། །ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་སོ། །དེ་ལྟར་སིལ་བུ་ཆ་ཤས་མེད་པ་དག་འཐོར་དུ་མེད་པ་ནི་རླུང་དྲག་པོས་མི་འགྱེས་པར་གནས་པ་ནི་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་བསྡུས་པའམ། ཡང་ན་ལྡན་པ་ཞེས་པས་མི་འགྱེས་པ་བསྡུད་པ་བྱེད་པ་ཡོད་པ་དེས་ཡིན་ནོ། །རྡུལ་དུ་མ་ལས་རི་ལ་སོགས་པའི་དངོས་པོ་རགས་པ་རྩོམ་པ་དང་། སྐད་ཅིག་མ་མཐུད་པས་ཡུན་རིང་པོར་རི་ལ་སོགས་པ་གནས་པར་སྣང་བ་ནི་བྱིས་པ་བློ་རགས་པའི་འཁྲུལ་པ་ལ་སྣང་བ་ཡིན་ནོ། །འཕགས་པ་རྣམས་ཀྱི་སྣང་ངོར་རྡུལ་ཕྲན་དང་སྐད་ཅིག་ཀྱང་འགག་པར་མཁྱེན་ཏེ། བཙུན་པ་དཔལ་ལེགས་ཀྱི་རྡུལ་བདུན་ཅུ་པ་ལས། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །མི་རྣམས་ཀྱིས་ནི་མི་རྟོགས་ལ། །དེ་ཉིད་མིག་ཏུ་སོང་ན་ནི། །མི་བདེ་བ་དག་སྐྱེད་པ་ལྟར། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་རྣམས། །དེ་ཡིས་ཡིད་ཀྱང་ཤིན་ཏུ་འབྱུང་། །ཞེས་སོ། །གཟུགས་རགས་པ་ཐམས་ཅད་ཀྱི་རྩོམ་གཞི་མཐར་ཐུག་པ་རྡུལ་ཕྲན་ཆ་མེད་དང་། ཤེས་པའི་རྩོམ་གཞི་དུས་མཐའི་སྐད་ཅིག་ཆ་མེད་གཉིས་ཀ་དོན་དམ་དུ་ཡོད་པ་ཡིན། དེ་ནས་རིམ་པར་བརྩམས་པ་ཡིན་ཅེས་སོ། །དགྲ་བཅོམ་མཐར་ཐུག་ནི། དགྲ་བཅོམ་ལྷག་མེད་དུ་མྱ་ངན་ལས་འདས་པ་ནི་མར་འཁོར་བར་ཡང་མི་ལྟུང་སྟེ། མཐོང་སྤང་སྒོམ་སྤང་གི་ཕྲ་རྒྱས་སྤངས་པས་ཁམས་གསུམ་དུ་སྐྱེ་བ་ལེན་པའི་རྒྱུ་ཟད་པའི་ཕྱིར་དང་། ཡར་སངས་རྒྱ་བ་མི་སྲིད་དེ་རིགས་ཉན་ཐོས་སུ་ངེས་པས་ན་སངས་རྒྱས་ཀྱི་རྒྱུར་མི་རུང་བའི་ཕྱིར་རོ། །སྤྱིར་ལུང་ལས་སངས་རྒྱས་འབྱུང་བར་གསུངས་པ་དེ་ནི་སྐྱེས་བུ་རབ་རྣམས་ཡིན་གྱི། བདག་གིས་བསྐལ་པ་གྲངས་མེད་དུ་འཁོར་བར་གནས་ན་སྡུག་བསྔལ་བསྲན་མི་བཟོད་ཅིང་ལམ་ལས་ཉམས་པར་འགྱུར་ལ། སེམས་ཅན་དམུ་རྒོད་བཟློག་ཏུ་མེད་པ་རྣམས་ཀྱི་དོན་བྱ་བར་མི་ནུས་པའི་ཕྱིར་ཞེས་སོ། །དགྲ་བཅོམ་ལྷག་མེད་མྱ་ངན་ལས་འདས་པ་ཁམས་གསུམ་དུ་སྐྱེ་བའི་རྒྱུ་ཟད་པས་མར་འཁོར་བར་མི་ལྟུང་། ཡར་སངས་རྒྱས་པར་མེད་དེ་ཉན་ཐོས་སུ་རིགས་ངེས་པ་ཡིན། མྱ་ངན་ལས་ངེས་པར་འདའ་བ་ནི་དཔེ་སྣུམ་ཟད་ཀྱི་མར་མེ་བཞིན་ཞེས་པའོ། །ཀུན་གཞི་མེད་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པར་ཀུན་གཞིའམ་ལེན་པའི་རྣམ་ཤེས་མ་བསྟན་ཅིང་། དེ་ནི་ཤེས་བྱ་ཤིན་ཏུ་ཕྲ་བ་རྟོགས་དཀའ་བ་ཡིན་པ་དང་། ཉན་ཐོས་རྣམས་ཀྱིས་འཁོར་བའི་སྡུག་བསྔལ་ཞི་བའི་ཐབས་ཙམ་མ་གཏོགས། ཤེས་བྱ་ཕྲ་བ་ཐམས་ཅད་ལྷག་པར་ཤེས་བའི་རིགས་མིན་པས་ཀྱང་མ་བསྟན་ཏོ། །དེས་ཕྱིར་ཀུན་གཞི་ཁས་ལེན་པ་མིན་ལ། མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་བར་དུ་འཇུག་པའི་རྣམ་ཤེས་ཚོགས་དྲུག་ནི་རེ་མོས་སུ་ཡོད་ཀྱི་དེ་དག་ལས་གཞན་ཀུན་གཞིའི་རྣམ་པར་ཤེས་པ་ནི་མེད་དེ་མ་དམིགས་པའི་ཕྱིར་དང་། བརྟན་པའི་སེམས་ཤིག་གྲུབ་ན་དེ་ཉིད་གང་ཟག་གི་བདག་ཡིན་པའི་ཕྱིར་རོ། །ཞེས་ཚོགས་དྲུག་གི་རྣམ་ཤེས་རྣམས་རེས་བསྐོར་ནས་འཆར་བ་ཡིན་གྱི། དེའི་ཕན་དུ་ཀུན་གཞི་ཞེས་པ་ཞིག་ལོགས་སུ་མེད་དོ། །གལ་སྲིད་ཐམས་ཅད་ཀྱི་གཞིར་གྱུར་བའི་བརྟན་པའི་སེམས་ཤིག་ཡོད་དུས་གང་ཟག་གི་བདག་ཡིན་ཅེས་སྒྲུབ་བྱེད་དུ་བཀོད་པའོ། །ཐེག་ཆེན་མེད་པ་ནི། སངས་རྒྱས་ཀྱིས་ནི་འདུལ་བ་ལུང་སྡེ་བཞི་སོ་སོར་ཐར་པ་དང་བཅས་པ་དང་། མདོ་སྡེ་གཅིག་ལས་འཕྲོས་པ་ལ་སོགས་པ་དང་། མངོན་པ་གདག་པའི་སྡེ་བདུན་ལ་སོགས་པ་ཙམ་གསུངས་ཀྱི། དེ་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་དང་། དཀོན་མཆོག་བརྩེགས་པ་དང་། ཕལ་པོ་ཆེ་ལ་སོགས་པ་ནི་སངས་རྒྱས་ཀྱིས་མ་གསུངས་པ་ཡིན་ཏེ། སངས་རྒྱས་མྱ་ངན་ལས་འདས་ནས་བདུད་དང་མུ་སྟེགས་རྣམས་ཀྱིས་བསྟན་པ་ལ་མཐོ་བརྩམ་པའི་ཆེད་དུ་བྱས་པ་ཡིན་ཏེ། གནས་བརྟན་འོད་སྲུངས་ཆེན་པོ་ལ་སོགས་པ་ཉན་ཐོས་ཆེན་པོ་དེ་དག་རྟག་ཏུ་སྟོན་པའི་སྐུ་དྲུང་ན་འབྲལ་མེད་དུ་ཡོད་པ་ལས་དེ་དག་གིས་མ་ཐོས་པའི་ཕྱིར་དང་། འདི་ནས་འགལ་བ་གསུམ་གྱི་རྒྱུ་མཚན་གྱིས་ཐེག་ཆེན་སྟོན་པའི་བཀའ་མ་ཡིན་པར་བསྒྲུབས་པ་སྟེ། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དང་འགལ་བའི་ཕྱིར་དང་། སྡེ་སྣོད་གསུམ་དང་འགལ་བའི་ཕྱིར་དང་། ལས་རྒྱུ་འབྲས་དང་འགལ་བའི་ཕྱིར་ན་ཐེག་ཆེན་སངས་རྒྱས་ཀྱི་བཀའ་མིན་ཕྱིར་རོ། །དེ་ཡང་ཕྱག་རྒྱ་བཞི་དང་འགལ་བའི་འགལ་ལུགས་ནི་དང་པོ་འདུས་བྱས་མི་རྟག་པ་དང་འགལ་ཏེ་ཐེག་ཆེན་པས་འདོད་པའི་ལོངས་སྐུ་རྟག་པར་སྟོན་པའི་ཕྱིར་རོ། །དེ་ནི་འདུས་བྱས་མི་རྟག་པར་གསུངས་བ་དང་འགལ་བའོ། །གཉིས་པ་ཆོས་བདག་མེད་པ་དང་འགལ་ཏེ་བདེ་གཤེགས་སྙིང་པོས་ཁྱབ་པར་ཁས་ལེན་པ་དང་། དེས་མ་ཚད་ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ་བར་བསྟན་པའི་ཀུན་གཞིའི་རྣམ་ཤེས་སྟོན་པ་ཆོས་བདག་མེད་པ་དང་འགལ་པའི་ཕྱིར་རོ། །ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིའི་ནང་གི་གསུམ་པ་དང་འགལ་ཏེ་ཟག་བཅས་ཐམས་ཅད་སྡུག་བསྔལ་དང་འགལ་ཏེ། བྱང་ཆུབ་སེམས་དཔའ་བདེ་བ་ནས་བདེ་བའི་སར་འགྲོ་བ་འདོད་པའི་ཕྱིར་རོ། །མྱང་འདས་ཞི་བ་དང་འགལ་ཏེ་ཉན་ཐོས་སངས་རྒྱས་སུ་ལུང་བསྟན་པ་དེ་དང་འགལ་པའི་ཕྱིར་དང་། སངས་རྒྱས་ནམ་ཡང་མྱ་ངན་ལས་མི་འདའ་བར་འདོད་པའི་ཕྱིར་མྱ་ངན་ལས་འདས་པ་ཞི་བ་དང་འགལ་ཕྱིར་རོ། །སྡེ་སྣོད་གསུམ་དང་ཡང་འགལ་ཏེ། ཁྱིམ་པ་ལའང་ཕྱག་བྱ་བར་སྟོན་པའི་ཕྱིར་དང་། དགེ་བསྙེན་གྱིས་བསད་པ་དང་རྐུ་བ་ལ་སོགས་པའང་བྱ་བར་སྟོན་པའི་ཕྱིར་རོ། །ལས་འབྲས་དང་ཡང་འགལ་ཏེ། ལུས་ཅན་དག་གིས་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་པ་ཡིན་པ་ལ། མཚམས་མེད་སྤྱད་པའི་སྡིག་ཀྱང་ཚེ་འདིར་དག་པར་འདོད་པའི་ཕྱིར་རོ། །དེས་ན་ལས་འབྲས་དང་ཡང་འགལ་བའོ། །སངས་རྒྱས་སྐུ་ངོ་མའི་ཞལ་ནས་གསུངས་ཤིང་ཉན་ཐོས་དགྲ་བཅོམ་ཐམས་ཅད་ཀྱིས་བསྡུས་པ་དེ་བཀའ་ཡིན། ཐེག་ཆེན་གྱི་ལུགས་འདི་བསྟན་པ་ལ་ཐོ་འཚམ་ཆེད་དུ་བདུད་ཀྱིས་བྱས་པ་ཡིན། ཅིའི་ཕྱིར་ཞེ་ན། སྡེ་སྣོད་གསུམ་དང་ཕྱག་རྒྱ་བཞི་ལ་སོགས་པ་སངས་རྒྱས་ཀྱི་བཀའ་དངོས་དང་མི་མཐུན་པས་སོ། །ས་བཅུ་མེད་པ་ནི། ས་བཅུ་ཞེས་པ་བདེན་པ་མཐོང་ནས་འཁོར་བར་བསྐལ་པ་མང་པོ་གནས་པ་ནི་མེད་ཀྱི། སོ་སོ་སྐྱེ་བོའི་ས་ལ་གྲངས་མེད་གསུམ་དུ་ཚོགས་བསགས་ནས་ངེས་འབྱེད་ཡན་ཆད་སྟན་ཅིག་ལ་ནུབ་གཅིག་གི་ཚེ་མངོན་དུ་བྱེད་པ་ཡིན་ནོ། །ས་བཅུར་བགྲོད་པ་ཡང་མེད་དེ་བདེན་པ་མཐོང་བས་བསྐལ་བ་མང་པོ་འཁོར་བའི་ནང་དུ་གནས་དགོས་པ་མིན་ལ། སངས་རྒྱས་མཁན་གྱིས་ངེས་འབྱེད་ཡན་ཆོད་སྟན་གཅིག་གི་ཐོག་ཏུ་ནུབ་གཅིག་ལ་བྱེད་པ་ཡིན་ཅེས་སོ། །སངས་རྒྱས་ནི། ཉན་ཐོས་ཀྱི་གང་ཟག་རང་རྒྱུད་པ་ཞིག་གིས་ཉན་ཐོས་ཀྱི་ལམ་འདི་བསླབས་ནས་ཚོགས་ཡུན་རིང་བསགས་པ་ཞིག་ཡིན་གྱི། སྤྲུལ་བའི་སྐུ་ཞེས་པ་ཞིག་ཡོད་པ་མ་ཡིན་ཏེ་ཁྲག་ཟགས་པ་དང་། སྐུ་རྒྱབ་སྙུང་བ་ལ་སོགས་པ་རྣམ་སྨིན་གྱི་ཆ་ལྷག་མ་དང་བཅས་པ་ཡོད་པའོ། །རྟག་ཏུ་མཉམ་པར་གཞག་པའང་མ་ཡིན་ཏེ། ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་བསོད་སྙོམས་ལས་གཤེགས་སོ། །ཞེས་ལུང་ལས་འབྱུང་བའི་ཕྱིར་ན་རྟག་ཏུ་མཉམ་པ་བཞག་པ་མིན་ཕྱིར་རོ། །མྱ་ངན་ལས་འདས་ནས་འགྲོ་དོན་རྒྱུན་ཆད་པ་ཡིན་ནོ་ཞེས་འདོད་དོ། །དེ་དགག་པ་ལ་ཕྱོགས་སྔ་མ་ལྟར་བདུན་ལས། བདེན་པ་དགག་པ་ལའང་བཞི་ཡོད་པའི། དང་པོ་སྡུག་བསྔལ་དགག་པ་ལ། ནང་སེམས་ཅན། ཕྱི་སྣོད། སྡུག་བསྔལ་གྱི་རྣམ་གྲངས་དགག་པ་གསུམ་ལས། དང་པོ་ནི། འགྲོ་བ་རིགས་ལྔའམ་དྲུག་མ་གྲུབ་སྟེ་དམྱལ་བའམ་ལྷ་ཙམ་པོ་ཉིད་སྔར་སྤྱི་དགག་པ་དང་མཚུངས་ནས་ཁེགས་སོ། །དེའང་མི་ཤི་ནས་ལྷར་སྐྱེ་བ་མི་འཐད་དེ། ལྷར་སྐྱེས་ན་མི་མ་ཡིན་ལ། མ་སྐྱེས་ན་ལྷ་མ་ཡིན་པའི་ཕྱིར་དང་། ཕྲད་པ་མ་གྲུབ་པའི་ཕྱིར་རོ། །སྣོད་དགག་པ་ནི། འཇིག་རྟེན་ཆགས་པ་མི་རུང་སྟེ། ཡོད་དུས་དང་མེད་དུས་སུ་ཆགས་སུ་མི་རུང་བའི་ཕྱིར་རོ། །འདིའི་སྐོར་ལ་བློ་སྦྱོང་མྱངས་བ་ཞིག་ལ་ནི་ཚིག་འདི་ལས་དགོས་པ་མིན་ཀྱང་། གྲུབ་མཐའི་འདོད་པ་དང་ཚུལ་གསུམ་བཀོད་ནས་རིགས་ལམ་གྱིས་དགག་བཞག་རྒྱུས་ལེན་བྱེད་མ་མྱངས་པ་ཞིག་ལ་ཚིག་སྡུད་བྱས་སོང་བའི་དབང་གིས་གོ་བཀའ་ཡང་། དེས་ན་ཡོད་ན་ཆགས་མི་རིགས་ཆགས་ཅི་དགོས། མེད་པ་ཆགས་རྒྱུ་མེད་པས་སོ། །གནས་པ་མེད་དེ་སྐད་ཅིག་ཡིན་པས་འགག་པའི་ཕྱིར་རོ། །འཇིག་པ་མེད་དེ་ཡོད་དུས་མེད་དུས་སུ་འཇིག་པ་མི་རུང་བའི་ཕྱིར་རོ། །ཡང་གོང་བཞིན་ནོ། །སྟོངས་པ་མེད་དེ་ནམ་མཁའ་བཀག་པའི་ཕྱིར་རོ། །སྔར་ཞིག་པའི་ཤུལ་དེར་ཕྱིས་ཆགས་པ་མེད་དེ་ཤུལ་གྱི་ནམ་མཁའ་མ་གྲུབ་པའི་ཕྱིར་རོ། །དེ་ནི་གཞན་ལུགས་བཀག་པའོ། །འོ་ན་ཁྱེད་ཀྱིས་ཆགས་འཇིག་བཤད་པའང་མེད་དོ་ཞེ་ན། རང་ལུགས་སྒྲུབ་པ་ནི་དངོས་པོ་ལ་མེད་ཀྱང་འཁྲུལ་ངོར་སྣང་བ་ལ་འགལ་བ་མེད་དེ་དཔེ་རྨི་ལམ་གྱི་སྐྱེ་འཇིག་བཞིན་ནོ། །དོན་བསྡུ་བ་ནི་དེས་ན་སྣོད་བཅུད་ལ་ཆགས་གནས་འཇིག་པ་རང་མཚན་པ་མེད་དེ་སྣང་དུས་ཉིད་ནས་རང་བཞིན་མེད་པའི་ཕྱིར་རོ། །འདིའི་མཚམས་ནས་རྒྱབ་སྐྱོར་གྱི་ལུང་འདྲེན་པ་ནི་ཏིང་ངེ་འཛིན་རྒྱལ་པོ་ལས། ནམ་ཞིག་འཇིག་རྟེན་ཁམས་ནི་བྱུང་བ་དང་། །འཇིག་རྟེན་ཐམས་ཅད་ནམ་མཁར་གྱུར་པའི་ཚེ། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །འཇིག་རྟེན་འདི་ན་ཇི་སྙེད་ཅི་ཡོད་པ། །ཆུ་ཡི་ཕུང་པོ་འདི་ནི་འོག་ཏུ་འགྲོ། །འོག་ཏུ་ཅི་འདྲ་སྟེང་དུའང་དེ་འདྲ་སྟེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལས། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང་། །ཐོག་མ་གང་ལས་བྱུང་བ་ཤེས་པར་བྱ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་བཞིན་ནོ། །བསྐལ་པའི་འཕེལ་འགྲིབ་མེད་དེ། རྟག་མི་རྟག་ལ་འཕེལ་འགྲིབ་མེད་པའི་ཕྱིར་རོ། །རི་དང་གླིང་ལ་སོགས་པ་རགས་པར་མ་གྲུབ་པས་དབྱིབས་དང་ཚད་གཞལ་དུའང་མི་རུང་བའི་ཕྱིར་རོ། །འདོམ་དང་སོར་ལ་སོགས་པའི་ཚད་ཀྱང་མེད་དེ། འཇལ་བཞིན་པའི་ཚེ་སྔར་གཞལ་བ་ཉིད་འགགས་ནས་མེད་པའི་ཕྱིར་རོ། །མདོ་ལས། གཟུགས་འདི་ནི་ཚད་མེད་ཅིང་བལྟར་མེད་པ་བསམ་གྱིས་མི་ཁྱབ་པའོ་ཞེས་སོ། །དེས་ན་སྣོད་མ་གྲུབ་པ་ཡིན་ནོ། །སྡུག་བསྔལ་གྱི་རྣམ་གྲངས་དགག་པ་ནི། སྡུག་བསྔལ་ལ་སྐྱེ་བ་དང་། རྒས་པ། ན་བ། སྡུག་པ་དང་བྲལ་བའི་སྡུག་བསྡུལ་བསྔལ། མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ་ལ་སོགས་པ་ཡོད་པ་ལས། སྐྱེ་བ་མེད་དེ་ལུས་སྐྱེ་བ་ཡིན་ན། རྡུལ་ཆ་མེད་པ་འདོད་པ་ཡིན་པས་སྐྱེ་བ་པོ་གཏན་ནས་མ་གྲུབ་པས་མེད་ལ། ཡོད་ཀྱང་སྐད་ཅིག་གིས་འགགས་པས་སྐྱེ་བ་མི་སྲིད་དེ། སྐྱེ་བའི་སྐད་ཅིག་འགག་པར་གྱུར་པའི་ཕྱིར་རོ། །རྒས་པ་ཡང་དེ་བཞིན་དོན་དུ་མེད་དེ་དུས་མཐའི་སྐད་ཅིག་དང་རྡུལ་ཕྲན་ལ་གཞིག་ཅིང་དཔྱད་ན་རྒན་གཞོན་མ་གྲུབ་པ་ཆ་མེད་ཡིན་པའི་ཕྱིར་རོ། །སྐྱེ་བ་དང་རྒས་པ་མ་གྲུབ་པའི་རྒྱུ་མཚན་གྱིས་ན་བའང་མེད་དེ་ལུས་དང་ན་བ་གཅིག་ན་ལུས་གཅིག་ཉིད་ལ་ན་བ་དང་། ལུས་ཐ་དད་དུ་མི་འགྱུར་ལ། ལུས་དང་ན་བ་ཐ་དད་ཡིན་ན་ན་བ་ན་བ་ལས་ལུས་ན་བར་མི་རུང་ངོ་། །མི་སྡུག་པ་དང་ཕྲད་པ་དང་། སྡུག་པ་དང་བྲལ་བ་མེད་དེ་ཕྲད་པ་དང་བྲལ་རྒྱུ་སྔར་ནས་བཀག་ཟིན་པའི་ཕྱིར་རོ། །འདོད་པ་མ་རྙེད་པ་དང་བསྲུངས་ཀྱིས་མ་ཐུབ་པ་མེད་དེ་རྙེད་སྲུང་བྱེད་མཁན་གྱི་བདག་དང་རྙེད་སྲུང་བྱ་རྒྱུའི་དངོས་པོ་མ་གྲུབ་པའི་ཕྱིར་རོ། །དེས་ན་མེད་པ་ལ་ཡོད་པར་སྣང་བ་འདི་ནི་ཇི་ལྟ་བུ་ཞེ་ན་རྟེན་འབྲེལ་ཙམ་ཉིད་དང་འཁྲུལ་བའི་སྣང་བ་ཞེས་བྱ་སྟེ། ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །སྡུག་བསྔལ་ཡོད་པར་ག་ལ་འགྱུར། །མི་རྟག་སྡུག་བསྔལ་གསུངས་པ་དེ། །རང་བཞིན་ཉིད་ལ་ཡོད་མ་ཡིན། །ཞེས་པ་དང་། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །ལས་རྒྱུར་སྨྲ་བ་ཉིད་བཀག་ཟིན་ཏོ། །གསོད་པ་དང་། རྐུ་བ་ཡང་དངོས་པོ་དེ་དུས་གསུམ་དུ་ཕྱེ་ལ་ཕྲད་པ་བརྟགས་པ་དང་། སྐད་ཅིག་སྔ་ཕྱིར་དབྱེ་བས། རྐུ་དུས་འགགས་པས་དངོས་པོ་མ་གྲུབ་པར་འགྱུར་བ་བཞིན་ཀུན་ལ་མཚུངས་སོ། །དེས་ན་རྫུན་སྣང་གི་ལས་རྨི་ལམ་དང་འདྲ་བས་རང་བཞིན་མེད་པ་ཉིད་དོ། །རྩ་ཤེ་ལས། རང་བཞིན་ལས་ནི་ཡོད་ཡིན་ན། །ཅི་ཞིག་ཀུན་ཏུ་འབྱུང་བར་འགྱུར། །དེ་ཕྱིར་སྟོང་ཉིད་གནོད་བྱེད་ལ། །ཀུན་འབྱུང་ཡོད་པ་མ་ཡིན་ནོ། །ཞེས་སོ། །འགོག་པ་ཡང་། སྡུག་བསྔལ་ཀུན་འབྱུང་ཁེགས་པས། དེ་གཉིས་འགག་པའི་འགོག་པ་ཤུགས་ལ་ཁེགས་ཏེ། དགག་གཞི་མེད་ན་འགོག་པ་མེད་པས་ནད་མེད་པ་ལ་སྨན་མི་དགོས་པ་བཞིན་ནོ། །དེ་ཉིད་ལས། སྡུག་བསྔལ་རང་བཞིན་གྱིས་ཡོད་ལ། །འགོག་པ་འཐད་པ་མ་ཡིན་ནོ། །ཞེས་སོ། །ལམ་དགག་པ་ནི། ཉོན་མོངས་པའི་གཉེན་པོར་ལམ་སྒོམ་པ་ན། ཉོན་མོངས་པ་དང་དུས་མཉམ་མམ་ཐ་དད་དུ་སྒོམ། མཉམ་ན་རྒྱུད་གཅིག་ལ་སྤང་གཉེན་རྫས་འགལ་ལ། ཐ་དད་ན་གནོད་བྱ་གནོད་བྱེད་དུ་མི་རུང་སྟེ། ན་ནིང་གི་ནད་ལ་ད་ལོའི་སྨན་བཞིན་ནོ། །ལམ་དེ་ནི་གོང་དུ་འགྲོ་བ་ཡང་མེད་དེ་འགྲོ་བ་ཉིད་དུས་གསུམ་དུ་ཕྱེས་པས་བཀག་གོ །དེ་ཡན་གྱིས་ལམ་བཀག་ནས། ལམ་དུ་མི་རུང་སྟེ། ལམ་ཞེ་བྱ་བ་བགྲོད་པར་བྱ་བའི་གཞི་ཞིག་ཡིན་པས་གང་ཞིག་གང་གིས་བགྲོད་པ་པོ་དང་བགྲོད་ལམ་དུས་གཅིག་ཐ་དད་རྟག་མི་རྟག་གིས་བརྟགས་པས་ཁེགས་སོ། །སྤྱོད་འཇུག་ལས། རྣམ་ཤེས་ལུས་མེད་པ་ལ་ནི། །ཕྲད་པ་འཐད་པ་མ་ཡིན་ཉིད། །ཅེས་པ་དང་། རྩ་ཤེ་ལས། གང་ཚེ་མར་མེ་སྐྱེ་བཞིན་པ། །མུན་པ་དང་ནི་ཕྲད་པ་མེད། །ཇི་ལྟར་མར་མེ་སྐྱེ་བཞིན་པས། །མུན་པ་སེལ་བར་བྱེད་པ་ཡིན། །མར་མེས་ཕྲད་པ་མེད་པར་ཡང་། །གལ་ཏེ་མུན་པ་སེལ་བྱེད་ན། །འཇིག་རྟེན་ཀུན་ན་གནས་པའི་མུན། །འདི་ན་གནས་པ་དེས་སེལ་འགྱུར། །ཞེས་སོ། །ལམ་དང་ལམ་དེའི་སྤང་བྱ་དག སྐད་ཅིག་སྔ་ཕྱི་ཕྲད་པ་མེད་པས་མ་གྲུབ་པ་ཡིན་ནོ། །འགོག་པ་མངོན་དུ་བྱེད་པར་མི་རུང་སྟེ། འགོག་པ་ཉིད་བཀག་པས་མངོན་དུ་བྱེད་པ་ཁེགས་པའི་ཕྱིར་རོ། །དུས་གསུམ་གྱི་དཔྱད་བའི་ཐོག་ནས་དཔྱད་ན་དེ་ཡང་དགག་བྱ་འདས་ན་འགོག་མི་དགོས་ཏེ་འདས་ཟིན་པའི་ཕྱིར་རོ། །མ་འགགས་ན་བཀག་ཀྱང་མི་ཁེགས་པ་དང་། འགག་མ་འགག་དེ་གཉིས་དུས་མཉམ་ན་ངོ་བོ་འགལ་བ་གཉིས་ཐ་དད་པས་མི་རུང་། མི་མཉམ་ན་དགག་བྱ་དང་འགོག་བྱེད་དུ་མི་རུང་བའི་ཕྱིར་ཏེ་མ་གྲུབ་པ་ཁོ་ནའོ། །ཚོགས་ལམ་ལ་སོགས་པའང་སྒོམ་པའི་བློ་དེ་ཉིད་ཚོགས་ལམ་ལ་སོགས་པ་ཡིན་ན། བསྒོམ་བྱ་སྒོམ་བྱེད་ཐ་དད་ཀྱི་རྫས་སུ་མི་རུང་ལ། སྒོམ་པའི་བློ་ཚོགས་ལམ་སོགས་ལས་གཞན་ཡིན་ན་དེའི་བློ་མ་ཡིན་པ་དེའི་ལམ་དུ་མི་སྲིད་པས་སྒོམ་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །དེས་ན་བདེན་པ་བཞི་ཆར་མ་གྲུབ་པ་ཉིད་དེ། ལང་ཀར་གཤེགས་པ་ལས། སྐྱེ་བ་མེད་པ་བདེན་པ་གཅིག་ཡིན་ཏེ། །བྱིས་པ་རྣམས་ནི་བདེན་པ་བཞི་ཞེས་སྨྲ། །བྱང་ཆུབ་སྙིང་པོར་ཞུགས་ནས་བདེན་གཅིག་ཀྱང་། །གྲུབ་པར་མ་མཐོང་བཞི་ལྟ་ག་ལ་ཡོད། །ཅེས་པ་དང་། ཡུམ་ལས། འཕགས་པའི་བདེན་པ་རྣམས་ཀྱང་ངོ་བོ་ཉིད་མེད་དོ་ཞེས་སོ། །རྩོམ་བྱེད་དོན་དམ་དགག་པ་ལ་གཉིས་ཏེ། གཟུགས་ཅན་དང་། དུས་ཅན་དགག་པའོ། །དང་པོ་ནི། རྡུལ་ཕྲན་དེ་དག་ལ་བརྟག་པ་ལྔ་ལས། ཕྲད་མ་ཕྲད་ནི། རགས་པ་རྩོམ་ན་རྡུལ་རྣམས་ཕན་ཚུན་ཕྲད་དམ་མ་ཕྲད། མུ་སྟེགས་བྱེ་བྲག་པ་ཕྲད་པར་འདོད། ཉན་ཐོས་བྱེ་བྲག་སྨྲ་པ་བར་དང་བཅས་པར་འདོད། མདོ་སྡེ་པ་འབྱར་ལ་མ་རེག་པར་འདོད་དོ། །དེ་ཡང་ཕྲད་ན་དབུས་ཀྱི་རྡུལ་དེ་ཕྱོགས་བཞི་སྟེང་འོག་གཉིས་ཏེ་དྲུག་གི་རྡུལ་དང་ཕྲད་པའི་ཚེ། ངོས་ཆ་དྲུག་གིས་ཕྲད་དམ། ཤར་ལ་སོགས་པ་གཅིག་གི་ངོས་ནས་འཕྲད་པ་ཡིན། ཤར་ལ་སོགས་པར་ཕྲད་པའི་ངོས་དེ་ཉིད་ཀྱིས་ཕྲད་། ངོས་དྲུག་གིས་ཕྲད་ན། དབུས་རྡུལ་དེ་ཉིད་ཆ་དྲུག་ཏུ་ཐལ་ཏེ་ཕྲད་པའི་ངོས་དྲུག་ཡོད་པའི་ཕྱིར་རོ། །ཤར་སོགས་དྲུག་ཅར་དང་འབྱར་རོ་ཞེ་ན། ངོས་དྲུག་གི་རྡུལ་ཉིད་ཤར་ཕྱོགས་མ་ཁོ་ནའི་གོ་ན་ཡོད་པར་ཐལ་ཏེ། ཤར་ངོས་དང་འབྱར་བའི་ཕྱིར་རྡུལ་ཉིད་བཞིན་ནོ། །གལ་ཏེ་མ་འབྱར་ཞེ་ན། བར་དུ་སྣང་མུན་གྱི་རྡུལ་གྱིས་ཆོད་དམ་མ་ཆོད། མ་ཆོད་པ་མི་རུང་སྟེ། གཟུགས་ཅན་གྱི་བར་ཙམ་ལ་སྐྱ་ཐལ་ལེ་བ་སྣང་བའི་རྡུལ་དང་ནག་ཐིབས་སེ་བ་མུན་པའི་རྡུལ་གཉིས་གང་རུང་ཅིག་ལས་མི་འདའོ། །ཆོད་ན་སྣང་མུན་གྱི་རྡུལ་དེ་དག་དང་འབྱར་རམ་མ་འབྱར། རྡུལ་དང་རྡུལ་མ་འབྱར་ན་བར་དུ་ཆོད་པའི་སྣང་མུན་གྱི་རྡུལ་དང་འབྱར་དང་མ་འབྱར། འབྱར་ན་ཕྱོགས་དྲུག་གམ་གཅིག་གིས་འབྱར་བ་གང་ལྟར་ལས་མི་འདའོ། །མ་འབྱར་ན་དེ་ལ་ཡང་སྔོན་ལྟར་དུ་བར་ཡོད་པར་འགྱུར་བས་ན། བར་དེར་ཡང་གང་ལྟར་དུ་སྣང་མུན་ཞུགས་པ་དང་མ་ཞུགས་པ་གཉིས་ལས་མི་འདའོ། །གལ་ཏེ་ཐུག་མེད་དུ་ཡང་དེ་ལྟར་མ་འབྱར་པ་བར་ཏག་ཏག་གིས་ཆོད་པའོ་ཞེ་ན། ཡུངས་འབྲུ་གཅིག་གི་ནང་དུའང་གླང་པོ་ཆེ་ཤོང་བར་ཐལ་ཏེ། བར་ལ་དཔག་ཚད་ཐུག་པ་མེད་པའི་ཕྱིར་རོ། །གཞན་ཡང་མ་འབྱར་ན་ནི་བར་ཡོད་པས་ན་མཚོན་གྱིས་ལུས་ཆོད་པ་དང་། སྒྱོགས་ཀྱིས་མཁར་འཇིག་པ་དང་། ཀ་བས་གདུང་འདེགས་པ་དང་། རྔ་ལས་སྒྲ་འབྱུང་བའང་རྒྱུན་ཆད་པར་ཐལ་ལོ། །དེས་ན་དངོས་པོ་ཕྲ་བ་ལས་རགས་པ་བརྩམ་པར་སྣང་ཡང་དོན་དུ་ཕྲད་མ་ཕྲད་དུ་ཡོད་པ་མ་ཡིན་ཏེ་རྨི་ལམ་གྱི་རི་བཞིན་ནོ། །ཉི་ཤུ་པ་ལས། དྲུག་གི་ཆར་ནི་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་པ་དང་། སེམས་འགྲེལ་ལས། ཕྱོགས་བཅུའི་དབྱེ་བས་ཕྱེ་བ་ཡིས། །རྡུལ་ཕྲན་ལ་ཡང་དབྱེ་བ་མཐོང་། །གང་ལ་ཆ་ཤས་ཀྱིས་བརྟགས་པ། །དེ་ལ་རྡུལ་ཕྲན་ཇི་ལྟར་འདོད། །ཅེས་སོ། །གཉིས་པ་བལྟས་མ་བལྟས་ཀྱིས་བརྟག་པ་ནི། རགས་པའི་རྩོམ་གཞི་རྡུལ་ཕྲན་འབྱར་རམ་མ་འབྱར་ཀྱང་བླ་སྟེ། དབུས་རྡུལ་གྱི་ཕྱོགས་དྲུག་གི་ངོས་ལ་བལྟས་ན་ཆ་དྲུག་ཏུ་འགྱུར་ལ། ཤར་ངོས་མ་ཉིད་ཀྱི་ཕྱོགས་ལ་བལྟས་ན་རི་ལ་སོགས་པའི་དངོས་པོ་ཐམས་ཅད་ཤར་ངོས་ཁོ་ན་ན་ཡོད་པར་འགྱུར་རོ། །དབུ་མ་རྒྱན་ལས། དབུས་གནས་རྡུལ་ཕྲན་རྡུལ་གཅིག་ལ། །ལྟ་བའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་ལྟ་བ་ཡང་། །དེ་ཉིད་གལ་ཏེ་ཡིན་བརྗོད་ན། །དེ་ལྟ་ཡིན་ན་ས་ཆུ་སོགས། །ཇི་ལྟར་རྒྱས་འགྱུར་མ་ཡིན་ནམ། །རྡུལ་ཕྲན་གཞན་ལ་ལྟ་བའི་ངོས། །གལ་ཏེ་གཞན་ཉིད་ཡིན་བརྗོད་ན། །རབ་ཏུ་ཕྲ་རྡུལ་ཇི་ལྟ་བུ། །གཅིག་པུ་ཆ་ཤས་མེད་པར་འགྱུར། །ཞེས་སོ། །གསུམ་པ་གྲིབ་མ་དང་ཉི་ལོགས་ཀྱིས་བརྟག་པ་ནི། སྔ་དྲོ་ཉི་མ་ཤར་བའི་ཚེ་ཆ་མེད་ཀྱི་རྡུལ་རིལ་པོ་ཁེར་བུ་ཞིག་ཉི་ལོགས་སུ་ཡོད་ན། རྡུལ་ཕྲན་ལ་ཆ་མེད་པས་ན་ཉི་མ་ཤར་བའི་ལོགས་སུ་བལྟས་པའི་ཆ་དང་། ཉི་མ་མ་ཕོག་པར་གྲིབ་མ་ཅན་གྱི་ཆ་གཉིས་ཡོད་མི་ཤེས་ཏེ་ཡོད་ན་ཆ་གཉིས་སུ་འགྱུར་ལ། ཆ་གཉིས་མེད་པར་ཆ་ཐམས་ཅད་ལ་ཉི་མ་ཕོག་ན་གྲིབ་མ་གཏན་ནས་མེད་པས་ཤར་ངོས་མའི་གྲིབ་མ་ནུབ་ངོས་མ་ལ་འཕོག་པ་མེད་ཅིང་དེའི་ཚུལ་གྱིས་རྡུལ་ཐམས་ཅད་ལ་གྲིབ་མ་མེད་པར་སྣང་བ་སྒྲིབ་པ་མི་སྲིད་པས་རི་རབ་ཀྱི་ཤར་དུ་ཉི་མ་ཤར་བ་ནུབ་ཏུ་གཅིག་གིས་གཅིག་ལ་མི་སྒྲིབ་པར་ཐལ་ཏེ། ཤེལ་གོང་བཞིན་ནོ། །ཡང་ཆ་རིལ་པོ་ཐམས་ཅད་གྲིབ་མ་ཡིན་ན་ཉིན་པར་ཡང་མུན་ནག་ཏུ་ཐལ་ཏེ། ཉི་འོད་ཕོག་པ་ཤར་གྱི་ཕུག་པ་ལྟ་བུའང་ཉི་འོད་མ་ཕོག་པ་བྱང་བལྟས་ཕུག་པ་བཞིན་དུ་འགྱུར་ཏེ་གང་ལ་ཡང་ཉི་མའི་འོད་མ་ཕོག་པའི་ཕྱིར་མཚན་མོ་བཞིན་ནོ། །དེས་ན་གོང་བུ་ལྟ་བུ་ལ་ཉི་འོད་འཕོག་ཚེ་རྡུལ་ཕྲ་རབ་ལ་ཕོག་དགོས་པས་དེ་ལ་ཉི་འོད་ཕོག་མ་ཕོག་གི་ཆ་ལ་དཔྱད་པ་དེ་ལྟར་བྱའོ། །དེ་གཉིས་ཀ་མིན་པར་ཤར་ངོས་ཉི་མ་ཕོག་པ་ཡིན་ལ། ནུབ་ངོས་གྲིབ་མའོ་ཞེ་ན། རྡུལ་ཕྲན་ཆ་མེད་པ་མིན་པ་རྡུལ་ཕྲན་གཅིག་ལ་ཤར་ནུབ་ཀྱི་ཆ་གཉིས་ཡོད་པར་འགྱུར་རོ། །དེས་ན་རགས་པ་རྡུལ་ཕྲན་ཚོགས་པ་ལས་མི་འདའ་ལ། དེ་ཉིད་དུ་ཉི་མ་ཕོག་མ་ཕོག་གིས་སྒྲིབ་མི་སྒྲིབ་བརྟགས་པ་ཡིས་ཆ་མེད་མི་འགྲུབ་པ་ཡིན་ནོ། །བཞི་པ་འཕོ་བའི་བརྟག་པ་ནི། མི་རྩལ་ཆེན་ཞིག་གིས་མདའ་འཕངས་པ་མྱུར་དུ་འགྲོ་བ་དང་། ཉི་མ་ཕོག་ཡོད་ས་དང་མེད་སའི་གྲིབ་མཚམས་ཀྱི་ཁང་མིག་ཅིག་ཏུ་ཉི་ཟེར་ནུར་ཏེ་འགྲོ་བའི་རྡུལ་དག་དེའི་ལམ་གྱི་རྡུལ་དང་ཁ་བསྣོལ་ནས་ཐུག་བའི་ཡུན་རིང་ཐུང་ཡོད་དམ་མེད། ཡུན་རིང་ཐུང་མེད་ན། གཉིས་ཀས་ཅུང་ཟད་ཀྱང་མི་སྡོད་པར་ས་གཞིའི་ཁྱོན་རིམ་བཞིན་འདའ་དགོས་ལ། ཆ་མེད་ཀྱི་རྡུལ་གཅིག་གི་ཁྱོན་ལས་ཆུང་བ་ནི་སུས་ཀྱང་འདའ་རྒྱུ་མེད་པས་ན། ཆ་མེད་ཀྱི་རྡུལ་རེ་རེ་ནས་མི་སྡོད་པར་འདའ་བར་མཚུངས་པའི་ཕྱིར། མདའ་དང་ཁང་མིག་གི་གྲིབ་མ་མགྱོགས་བུལ་མཉམ་པར་ཐལ་ལ། །མི་མཉམ་པར་བསྣོལ་བ་ལ་དུས་རིང་ཐུང་ཡོད་པ་ཉི་ཟེར་རམ་གྲིབ་མ་ཡིས་ས་ནས་གང་ཙམ་གཅོད་པའི་ཡུན་ལ་མདའ་ཡིས་ས་ནས་སྟོང་ཕྲག་མང་པོའི་ས་ཁྱོན་གཅོད་ནུས་ན། གྲིབ་མ་དང་ཉི་ཟེར་ནུར་བས་ལམ་གྱི་རྡུལ་འདའ་བྱ་ཆ་མེད་གཅིག་གི་ཁྱོན་འགྲོགས་པའི་བར་དུ་མདའ་འགྲོ་བས་མདའི་རྡུལ་གྱིས་ཆ་མེད་ཀྱི་རྡུལ་སྟོང་གི་ཁྱོན་འདའ་རུ་ཡོད་པའམ་སྟོང་ཆོད་པར་ཐལ་ལོ། །ཅིའི་ཕྱིར་ན། ཇི་ལྟར་མགྱོགས་ཀྱང་ཆ་མེད་རེ་རེ་ནས་འདའ་དགོས་ལ། ཉི་ཟེར་གྱི་ཆ་གཅིག་གཅོད་ཡུན་ལ་མདས་དེ་འདྲ་སྟོང་ཙམ་ཆོད་ཐུབ་པས་མདའི་དུས་ཆ་སྟོང་ལྟ་བུ་དེ་རིམ་ཅན་དུ་འབྱུང་ཞིང་དུས་ཆ་རེ་རེ་ལ་ས་ཁྱོན་རེ་རེ་ཆོད་རྒྱུ་ཡོད་དགོས་པས་སོ། །དེ་ལྟར་ཆོད་པར་འདོད་ན་དེ་དང་མཉམས་དུ་དེའི་བར་ལ་རྡུལ་ཆ་སྟོང་ཡོད་པ་བཞིན་དུ་དུས་ཆ་ཡང་སྟོང་གྲུབ་པར་ཐལ་ཏེ། དུས་ཀྱི་དེ་ཉིད་འཕོ་བ་གཅིག་ཙམ་ལ་ཡུལ་གཅིག་ན་སྔར་གནས་པ་དང་ཅིག་ཤོས་ན་ཕྱིས་གནས་པས་ཁྱབ་པའི་ཕྱིར་རོ། །དེ་ལྟར་འདོད་ན་མདའི་རྡུལ་གྱིས་ལམ་གྱི་རྡུལ་ཕྲན་སྟོང་གཅོད་པའི་བར་དུ་གྲིབ་མའི་རྡུལ་གོ་སྟོང་འཕོས་པར་ཐལ་ཏེ། མི་སྡོད་པར་ལན་སྟོང་དུ་ནུར་བའི་ཕྱིར་རོ། །ཁྱབ་པ་ཡོད་དེ་ནུར་བ་ཙམ་ལ་སྔ་མ་དོར་ནས་ཕྱི་མ་ལེན་དགོས་པ་ཡིན་པས་ན་ཁྱབ་པའི་ཕྱིར་རོ། །འདོད་ན་ལམ་གྱི་རྡུལ་ཆ་སྟོང་ཡོད་པར་ཐལ་ཏེ། རྡུལ་གཅིག་གི་གོ་མ་ཟད་པར་རམ་མ་ཟད་གོང་ནས་གོ་སྟོང་ཡོད་པར་འཕོས་པའི་ཕྱིར་རོ། །འདིས་ནི་སྐད་ཅིག་ཆ་མེད་ཀྱང་ཁེགས་ཏེ། གྲིབ་མ་གནས་པའི་སྐད་ཅིག་ལ་མདའ་འཕོས་པའི་དུས་ཆ་སྟོང་གྲུབ་པས་སོ། །དེ་བཞིན་དུ་ཆ་མེད་མི་འགྲུབ་པའི་རིགས་པ་གཞན་ཡང་ཡོད་པ་སྟེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་རྒྱལ་སྲིད་སྣ་བདུན་ཡོད་པ་ལས་རྟ་མཆོག་རིན་པོ་ཆེ་རྩལ་མྱུར་བ་འགྲོས་མགྱོགས་པ་དེ་པདྨས་བརྒྱན་པའི་མཚོ་སྟེང་ནས་མེ་ཏོག་པདྨ་འབའ་ཞིག་ལ་བརྫིས་ནས་མྱུར་བའི་ཤུགས་ཀྱིས་ཕྱིན་པའི་ཚེ། མེ་ཏོག་པདྨ་རྣམས་མ་ཉམས་ཤིང་ཆུའི་ནང་དུ་ནུབ་ལོང་མེད་པར་རྐང་པ་ཡར་འདེགས་པ་དང་། དེའི་རྐང་པ་ལ་པདྨ་རེག་གི་བར་དུ་དེ་ན་གནས་པའི་ཀླུས་རྟའི་རྐང་པ་ལ་མི་གནོད་པར་རྐང་པ་ལན་ཅིག་དཀྲིས་ཏེ་འགྲོ་བ་དང་། ཡང་སྦྲུལ་དེ་རྟའི་རྐང་པར་ལན་ཅིག་འཁྲིལ་བའི་བར་དུ་ཀུན་དགའ་བོས་དུས་ཐུང་ངུ་དེའི་ཚེར་ཚིག་བདུན་བློར་འཛིན་པ་དང་། ཀུན་དགའ་བོ་དེ་ཡིས་ཚིག་གཅིག་འཛིན་པའི་བར་དུ་མཽངྒལ་གྱི་བུས་རྫུ་འཕྲུལ་གཅིག་སྟོན་པ་དང་། མོོངྒལ་གྱི་བུས་རྫུ་འཕྲུལ་གཅིག་སྟོན་པའི་བར་དུ་ཤཱ་རིའི་བུས་ཆོས་ཀྱི་དོན་གཅིག་སེམས་པས་ན་དེའི་ཚེ་མདའི་ལམ་གྱི་རྡུལ་གཅིག་འཕོ་བའི་བར་དུ་ཡང་དུས་ཀྱི་ཆ་འབུམ་ཕྲག་དུ་མ་འགགས་པ་དང་། རྡུལ་ཆ་གཅིག་ལས་ཆ་དུ་མར་འཕོ་བ་ཡིན་ནོ། །མདའ་འཕངས་པ་ལས་ཀྱང་མཁའ་རྒྱུའི་ཡི་དྭགས་སོགས་ཀྱིས་མགྱོགས་པར་གསུངས་པའི་ཚུལ་ལའང་། འགོམ་བྱ་འགོམ་བྱེད་ཀྱི་རྡུལ་བསྣོལ་ཏེ་འདའ་ཚུལ་དེ་བཞིན་དུ་དཔྱད་པས་ཆ་མེད་མི་གྲུབ་པར་ཤེས་སོ། །རིགས་པ་དེས་དུས་ཆ་མེད་ཀྱང་དུ་མར་མཆེད་པས་མ་གྲུབ་པར་གཏན་ལ་ཕེབས་སོ། །མདའ་དེས་སྔ་མའི་ས་ཁྱོན་བཏང་ནས་ཕྱི་མ་ཕྱི་མའི་གཞིར་རིམ་བཞིན་འཇུག་པ་མིན་པར་ཅིག་ཅར་དུ་འགྲོ་བར་ནི་སྨྲ་བར་མི་ནུས་ཏེ། ལམ་གྱི་ཆ་རྣམས་ཐམས་ཅད་ཀྱི་སྟེང་ན་མདས་ རེས་འཇོག་མེད་པར་ཅིག་ཆར་སྣང་བ་དཔེར་ན་འཇའ་ཚོན་ལྟར་ཏེ་འཇའ་ཚོན་དེ་ཡུལ་གྱི་ཆ་གང་ན་སྣང་བ་དེ་ཕྱོགས་གཅིག་ཏུ་ངེས་པ་མེད་པར་ཕ་ཀི་ནས་བལྟས་ན་ཚུར་ཁར་དང་། ཚུར་ཁ་ནས་བལྟས་ན་ཕ་ཀིར་སྣང་ཞིང་གར་ཡང་ཁྱབ་པ་ལྟར་ཡིན་པར་འགྱུར་དགོས་ནའང་དེ་ལྟར་མ་ཡིན་པར་མཐོང་བའི་ཕྱིར་རོ། །དེས་ན་རིམ་ཅན་དུ་འགྲོ་བ་ཡིན་ནོ། །འཕོ་བ་སྔ་ཕྱིར་བཅས་པའི་ཕྱིར། །སྐད་ཅིག་དུས་ཆ་དུ་མར་འགྱུར། །ནུར་བ་འདོར་ལེན་བྱེད་པའི་ཕྱིར། །རྡུལ་ཕྲན་ཆ་ནི་དུ་མར་འགྱུར། །ཞེས་བརྗོད་པ་བཞིན་ནོ། །ལྔ་པ་རིང་ཐུང་གི་བརྟག་པ་ནི། རྡུལ་གཉིས་གཤིབས་པའི་ཐོག་ཏུ་དེ་གཉིས་ཀྱི་སྲུབ་ནོན་དུ་རྡུལ་གཅིག་བཞག་དུས། འོག་གི་གཉིས་པོ་དང་སྟེང་གི་གཅིག་པོ་ལ་ས་ཁྱོན་ཆེ་ཆུང་ངམ་རིང་ཐུང་ཡོད་དམ་མེད། མེད་ན་རྡུལ་དུ་མ་གཤིབ་ཀྱང་རྡུལ་གཅིག་གི་གོར་གཅིག་ཐིམ་ནས་ཇེ་ཆེར་མེད་པར་འགྱུར་ཏེ། གཅིག་ལས་མ་འཕེལ་བའི་ཕྱིར་རོ། །ཡོད་ན་སྟེང་འོག་གི་རྡུལ་གསུམ་པོ་ཆ་གཉིས་གཉིས་སུ་ཐལ་ཏེ། འོག་མ་གཉིས་པོའི་ཕྱེད་སྟེང་མས་ནོན་ཅིང་ཕྱེད་མ་ནོན་པའི་ཆ་ཡོད་དགོས་ལ། སྟེང་མའི་ཕྱེད་ཀྱིས་ཤར་ནོན་ཅིང་ཕྱེད་ཀྱིས་ནུབ་ནོན་པའི་ཕྱིར་རོ་སྟེ། སྟེང་མ་ལའང་ཕྱེད་རྡུལ་ཤར་ངོས་པ་ནོན་པའི་ཆ་དང་། ཕྱེད་ནུབ་ངོས་པ་ནོན་པའི་ཆ་ཡིན་པས་གཉིས་སུ་ཐལ་ལོ། །དེ་ཡང་དཔེར་ན་ཡུངས་ཀར་གཉིས་གཅིག་ལ་གཅིག་ཕྲད་པར་གཤིབ་པའི་སྲུབ་མཚམས་དེར་གཅིག་བཞག་རུང་བ་བཞིན་དུ་རྡུལ་ཆ་མེད་གཉིས་གཤིབ་པའི་སྲུབ་ཏུ་གཅིག་བློས་བཞག་སྟེ་དཔྱད་པའོ། །སྐད་ཅིག་དགག་པ་ལ་གཉིས་ཏེ། ཕྲད་མ་ཕྲད་ཀྱི་བརྟག་པ་དང་། རིང་ཐུང་གི་བརྟག་པས་དགག་པའོ། །དང་པོ་ནི། ཡུལ་དང་ཤེས་པ་ལ་སོགས་པའི་སྐད་ཅིག་དུ་མ་མཐུད་ནས་རྒྱུན་རྩོམ་པ་ན་སྐད་ཅིག་སྔ་ཕྱི་དག་ཕྲད་དམ་མ་ཕྲད། མ་ཕྲད་ན་ཤེས་པ་མེད་བའི་བེམ་གོག་རོ་ཡིན་པ་བཞིན་དུ་ལུས་འདི་ཡང་རོར་ཐལ་ཏེ་ཤེས་པ་སྔ་མ་འགགས་ལ། ཕྱི་མ་མ་སྐྱེས་ཀྱི་བར་ཤེས་པ་འགའ་ཡང་མེད་པའི་ཕྱིར་རོ། །ཤེས་པ་ཕྱི་མ་རྒྱུ་མེད་དུ་ཐལ་ཏེ། སྔ་མའི་རྒྱུན་མེད་པའི་ཆད་པ་ལས་ཤེས་པ་སྐྱེ་བའི་ཕྱིར་རོ། །ཕྲད་ན་དཔེར་ན་མི་ཞིག་གིས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་དུས་ཨཱཿདེ་སྔུན་གྱི་ཨོཾ་དང་རྗེས་ཀྱི་ཧཱུྃ་གཉིས་དང་དུས་གཅིག་གམ་མཉམ་པོར་ཕྲད་དང་རེ་མོས་སུ་ཕྲད། དུས་གཅིག་ཕྲད་ན་དུས་གསུམ་གྱི་དངོས་པོ་ཐམས་ཅད་དུས་མཉམ་བྱུང་བས་ན་སྐད་ཅིག་ཁོ་ན་ལས་མི་སྲིད་པར་ཐལ་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར། རེ་མོས་སུ་ཕྲད་ན་ཨཱཿའི་སྐད་ཅིག་དེ་ཉིད་ཆ་གཉིས་སུ་ཐལ་ཏེ། སྔ་ཆ་ཨོཾ་དང་ཕྲད་ཅིང་། ཕྱི་ཆ་ཧཱུྃ་དང་ཕྲད་པའི་ཕྱིར་རོ། །འདོད་ན་སྐད་ཅིག་ཆ་མེད་ཉམས་སོ། །སྔ་ཕྱི་གཉིས་ཀྱིས་ཕྲད་པ་ན། །སྐད་ཅིག་དུས་ཆ་གཉིས་སུ་འགྱུར། །གཉིས་པོ་དག་ནི་དུས་མཉམ་ན། །བསྐལ་པ་སྐད་ཅིག་གཅིག་པར་འགྱུར། །ཞེས་བྱའོ། །རིང་ཐུང་གི་བརྟག་པ་ནི། ལྷ་སྦྱིན་མཆོད་སྦྱིན་གཉིས་ཤེས་པའི་སྐད་ཅིག་གི་ཚེ། ལྷ་སྦྱིན་གྱི་ཤེས་པ་སྐད་ཅིག་གཉིས་སུ་ཐལ་ཏེ། སྐྱེ་བའི་སྲུབ་ནོན་དུ་མཆོད་སྦྱིན་གྱི་ཤེས་པ་སྐད་ཅིག་གཅིག་སྐྱེས་པའི་ཚེ། གཉིས་པོ་དང་གཅིག་པོ་ལ་དུས་རིང་ཐུང་ཡོད་དམ་མེད། མེད་ན་བསྐལ་པའང་སྐད་ཅིག་ཏུ་ཐལ་ཏེ་མཐུད་པས་རིང་ཐུང་དུ་མ་གྱུར་པའི་ཕྱིར་རོ། །ཡོད་ན་སྐད་ཅིག་དེ་ཆ་གཉིས་སུ་ཐལ་ལོ། །དེའང་ལྷ་སྦྱིན་གྱི་ཤེས་པ་སྔ་མ་ཉིད་ཆ་གཉིས་སུ་ཐལ་ཏེ། སྔ་ལོགས་མཆོད་སྦྱིན་གྱི་ཤེས་པ་དང་མི་འགྲོགས་པའི་ཆ་གཅིག་དང་། ཕྱི་ལོགས་འགྲོགས་པའི་ཆ་གཅིག་ཡོད་ཕྱིར་རོ། །མཆོད་སྦྱིན་གྱི་ཤེས་པའང་ཆ་གཉིས་སུ་ཐལ་ཏེ། སྔ་ལོགས་ལྷ་སྦྱིན་གྱི་ཤེས་པ་དང་འགྲོགས་ཤིང་ཕྱི་ལོགས་མི་འགྲོགས་པའི་ཕྱིར་རོ། །དེ་ཡང་རྟོག་པ་སྔ་ཕྱི་གཉིས་པོ་དེ་ཕྲད་མ་ཕྲད་བརྟག་པ་ཡིན་ནོ། །ཞེས་པ་ནི། ལྷས་བྱིན་དུ་ཤེས་པ་དང་མཆོད་སྦྱིན་དུ་ཤེས་པའི་བློའི་སྐད་ཅིག་གཉིས་སྐྱེ་བ་ན། དེའི་མཚམས་སུ་སྲུབ་ནོན་དུ་མཆོད་སྦྱིན་ཤེས་པའི་ཤེས་པ་སྐད་ཅིག་མ་སྐྱེས་ན། ཤེས་པ་གཉིས་པོ་དང་སྲུབ་ནོན་གཅིག་པོ་ལ་ཡུན་རིང་ཐུང་ཡོད་དམ་མེད། ཡོད་ན་གསུམ་ཀ་ཆ་བཅས་སུ་ཐལ་ལ་མེད་ན་བསྐལ་པའང་སྐད་ཅིག་ཏུ་ཐལ་ཏེ་སྐད་ཅིག་དུ་མ་མཐུད་ཀྱང་སྐད་ཅིག་གཅིག་ལས་རིང་རྒྱུ་མེད་པས་སོ། །འདིར་རང་རྒྱུད་གཅིག་གི་དབང་དུ་བྱས་ཀྱང་རྣམ་པར་དཔྱད་པ་འཇུག་པས་འགལ་བ་མེད་ཀྱང་། བློ་ལ་འཆར་བདེ་བའི་ཕྱིར་རྒྱུད་ཐ་དད་པའི་དབང་དུ་བྱས་ན་སྐྱེས་བུ་ལྷས་བྱིན་གྱི་རྟོག་པ་སྐད་ཅིག་གཉིས་སྐྱེ་བའི་མཚམས་དེར། མཆོད་སྦྱིན་གྱི་རྟོག་པ་སྐད་ཅིག་གཅིག་སྐྱེས་ཏེ། དེ་ཡང་ལྷས་བྱིན་གྱི་རྟོག་པ་སྔ་མ་ཙམ་མ་སྔ། ཕྱི་མ་ཙམ་མ་ཕྱི་བའི་བར་དེར་སྐྱེ་བ་སྲིད་པས་ན། དེ་འདྲའི་སྐད་ཅིག་གསུམ་ལ་ཡུན་རིང་ཐུང་ཡོད་མེད་བརྟགས་པས་སྐད་ཅིག་ཆ་མེད་མ་གྲུབ་ཚུལ་གཏན་ལ་ཕེབས་སོ། །བར་དེར་སྐྱེ་བ་སྲིད་པ་ཡང་སྐད་ཅིག་གཉིས་ཀྱི་ཡུན་ལ་གཅིག་མི་ཤོང་མི་སྲིད་ལ་དེ་ཡང་དབུས་སམ་བར་མཚམས་དེར་སྐྱེ་བ་ལ་འགོག་བྱེད་མེད་པས་སོ། །གཞན་ལུགས་རིམ་གྱིས་དགག་ནས་རྒྱབ་རྟེན་གྱི་ལུང་ནི། རིན་ཆེན་ཕྲེང་བ་ལས། ཐོག་མ་དབུས་དང་ཐ་མ་ཡང་། །སྐད་ཅིག་བཞིན་དུ་བསམ་བྱས་ན། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་སོ། །འདི་ལྟ་བུའི་རིགས་པས་ཆོས་རྣམས་སྣང་ལ་མ་གྲུབ་པར་ཤེས་དུས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་པ་ལ་འཇུག་སྟེ། སྡུད་པ་ལས། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ཞེས་སོ། །རང་ལུགས་ལུང་དང་བཅས་པས་དེ་ལྟར་བསྒྲུབས་པའོ། །སྡེབ་ཉི་ཤུ་རྩ་ལྔ་རེད་འདུག་དེ་རིང་འདིར་བཞག་ནས་སང་ཉིན་དགྲ་བཅོམ་མཐར་ཐུག་དགག་པ་ནས་བཤད་རྒྱུ་བྱེད། ཡིད་བཞིན་མཛོད་འདི་ནི་ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིན་པས། ཐེག་པ་ཆེན་པོའི་མན་ངག་གི་ཁོངས་སུ་ཐེག་པ་འོག་མའི་ལྟ་གྲུབ་ཀྱི་གནད་ཐམས་ཅད་ཀྱང་ཡར་ལྡན་དུ་རྫོགས་པའི་ཚུལ་གྱིས་འདུས་ཡོད་པས་ཐེག་པ་ཐམས་ཅད་དམ་ཤེས་བྱའི་ཆོས་ཐམས་ཅད་གཏན་ལ་ཕབ་དགོས་པ་ཡིན། སྤང་བྱ་ཕྱི་རོལ་བའི་ལྟ་གྲུབ་ཕྱོགས་སྔ་དང་བཅས་པ་བཀོད་ནས། དེ་ལ་ལུང་རིག་ཚད་མས་དགག་བཞག་སྒྲུབ་གསུམ་མཛད་པ་དང་། དེ་རིང་ནས་བླང་བྱ་ནང་པ་སངས་རྒྱས་པའི་གཞུང་རྒྱ་ཆེར་བཤད་པ་ལ་ཁེལ་བ་རེད། དེ་ལ་ཡང་གདུལ་བྱའི་ཁམས་དབང་བསམ་པ་དང་མོས་པའི་ཁྱད་པར་ལྟར་དུ། ཐུབ་པ་བཅོམ་ལྡན་འདས་ཀྱིས་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གསང་སྔགས་ཀྱི་གདུལ་བྱ་དང་བཅས་པ་ལ་རང་རང་གི་བློ་དང་འཚམས་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཡོད་པས། དེ་དང་མཐུན་པའི་ཐེག་པའི་རྣམ་བཞག་ཀྱང་བྱུང་བ་ཡིན། དེ་ལས་ཐེག་དམན་ཉན་རང་གི་ལམ་ཉན་ཐོས་བྱེ་བྲག་སྨྲ་བ་ལ་མཚོན་ན། ཉན་ཐོས་བྱེ་བྲག་སྨྲ་བ་འདིའི་ཕུང་པོ་ལྔ་དང་འདུས་མ་བྱས་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་དེ་ཤེས་བྱ་གཞི་ལྔ་རུ་བསྡུ་བ་ཡིན། དེ་ཡང་གཟུགས་དང་སེམས་སེམས་བྱུང་ལྡན་མིན་འདུ་བྱེད་འདུས་མ་བྱས་ལྔ་བོ་དེ་རྫས་ཐ་དད་པའི་གཞི་ལྔ་རུ་ཁས་ལེན་ལ། དེའི་ནང་ནས་འདུས་བྱས་ཀྱི་ཕྱོགས་ཐམས་ཅད་སྐད་ཅིག་མ་དང་རྡུལ་ཕྲ་རགས་ཀྱི་ཆ་ནས་ཕྱེ་དུས་གཟུགས་ཅན་ཐམས་ཅད་རྡུལ་ཕྲན་ཆ་མེད་ཀྱི་མཐའ་ཅན་དང་། ཤེས་པ་ཡོད་ཚད་པོ་སྐད་ཅིག་ཆ་མེད་ཀྱི་ཕྲེང་བར་རིམ་པར་སྐྱེ་བ་ཙམ་ལ་བློས་རྟོག་བྱས་ནས། བདེན་བཞིའི་ཉམས་ལེན་གྱི་སྒོ་ནས་གང་ཟག་གི་བདག་མེད་རྟོགས་པ་དང་། ཆ་མེད་གཉིས་ཀ་དོན་དམ་པར་གྲུབ་པར་འདོད་པ་ཡིན། སྐྱེ་འགག་དང་ཀུན་བྱང་གི་ཆོས་ཐམས་ཅད་སྟོང་ཉིད་མ་ཤེས་ནས་ཆོས་ཀྱི་བདག་མེད་མ་རྟོགས་པའི་དབང་གིས་རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ་ལམ་ལྷག་མ་ཅན་དུ་གྱུར་པའོ། །སྒོམ་པ་ཉོན་མོངས་དུག་གསུམ་གྱི་གཉེན་པོར་མི་སྡུག་པ་སོགས་སྒོམ་པ་དང་། སྤྱོད་པ་སོ་ཐར་གྱི་ཚུལ་ཁྲིམས་ལ་གནས་པའི་སྒོ་ནས་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ལ་སྤྱོད་པས། འབྲས་བུ་གང་ཟག་ཟུང་བཞི་ཡ་བརྒྱད་དེ། གནས་སྐབས་ཀྱི་འབྲས་བུ་བདུན་དང་མཐར་ཐུག་གི་འབྲས་བུ་ཁམས་གསུམ་གྱི་ཀུན་སྦྱོར་ཐམས་ཅད་ཟད་ནས་དགྲ་བཅོམ་པ་ཐོབ་པའོ། །དེའི་གྲུབ་མཐའ་དེའི་རྨང་གཞིའི་སྟེང་ནས་ཐ་སྙད་ཀྱི་ཚུལ་ལ་དངོས་སྟོབས་ཀྱི་རིགས་པ་དང་མཐུན་པའི་ཁས་ལེན་འགའ་ཞིག་གིས་འཕགས་པའི་མདོ་སྡེ་པའི་གྲུབ་མཐའ་རུ་ལོགས་སུ་བཞག་པ་སྟེ། ལྟ་སྒོམ་སྤྱོད་འབྲས་ཕལ་ཆེ་གཅིག་ཡིན་པའི་ཉན་ཐོས་ཀྱི་གྲུབ་མཐའ་འོ། །འདིའི་མན་ངག་གི་འགྲོས་ཐོས་བསམ་ཉམས་ལེན་གྱི་གནད་ལ་སྦྱར་ན། གོང་ནས་གསུངས་པ་ལྟར་དུ་མཛོད་ཀྱི་ལུང་། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་ལྟར་དུ་དང་པོར་སངས་རྒྱས་བསྟན་པའི་སྒོར་ཞུགས་ནས་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ཚུལ་ཁྲིམས་རྣམ་པར་དག་པ་མིག་གི་འབྲས་བུ་བཞིན་དུ་བསྲུངས། དགེ་སྦྱོང་གི་ཆོས་བཞི་བསྟེན་པ་དང་། སྦྱོང་བའི་ཡོན་ཏན་བཅུ་གཉིས་ལ་གནས་པར་བྱེད། དེ་ནས་ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་གནས་དང་གནས་མ་ཡིན་པ་རྣམས་ལ་མཁས་པ་བྱས་ནས་བླང་དོར་གྱི་དམིགས་ཕྱེས་ནས། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒོམ་ནས་ལམ་ལྔ་མཐར་ཕྱིན་པར་བྱེད་པའོ། །རང་རེས་ཀྱང་དེ་དག་གིས་སྤྱིར་སྡེ་སྣོད་གསུམ་དང་། ཁྱད་པར་འདུལ་བའི་བསླབ་པ་ལ་ནན་ཏན་དུ་མཛད་པའི་ངོ་མཚར་ཅན་གྱི་མཛད་སྤྱོད་ལ་བསླབ་ཅིང་སྦྱོང་དགོས་ཏེ། ཨོ་རྒྱན་རིན་པོ་ཆེས། ཕྱི་ལྟར་ལག་ལེན་མདོ་སྡེའི་ལུགས་སུ་སྤྱད། །རྒྱུ་འབྲས་སྤང་བླང་ཞིབ་པའི་དགོས་པ་ཡོད། །ཅེས་གསུངས་པ་ལྟར་དུ་བསམ་པ་ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་དགོས་པ་ནི་རྒྱུན་གྱི་ལམ་འཁྱེར་ཡིན་པས་འབྲལ་ག་ལ་ཉན། དེས་ན་དང་པོར་དགེ་སྦྱོང་གི་ཆོས་བཞི་བོ་ཡང་ལོ་ཁ་ཤས་ལ་སྦྱང་དགོས་ཐུག་ན་སྦྱང་དགོས་ཏེ། ཉན་ཐོས་ཀྱི་ཀུན་སྤྱོད་མེད་པ་ཞིག་གིས་ཐེག་ཆེན་བྱང་སེམས་ཀྱི་སྤྱོད་པའི་ཕྱོགས་ཙམ་ལ་གཅར་བ་མ་ཡིན། རྫོགས་ཆེན་གྱི་ལམ་ནས་གསུངས་པའི་སྤྱོད་པ་བདུན་ལས་དགེ་སྦྱོང་གཞོན་ནུ་ལྟ་བུའི་སྤྱོད་པ་བྱེད་དགོས་པར་གསུངས་པ་དེ་དང་མཐུན་པ་ཡིན། དེས་ན་ཐོག་མར་དགེ་སྦྱོང་གི་ཆོས་འདིར་བསྒྲུབ་དགོས་པར་སེམས། འོ་ན་དགེ་སྦྱོང་གི་ཆོས་བཞི་དེ་གང་ཡིན་ཞེ་ན། གཤེ་ཡང་སླར་མི་གཤེ་བ། ཁྲོས་ཀྱང་སླར་མི་ཁྲོ་བ། བརྡེགས་ཀྱང་སླར་མི་བརྡེག་པ། མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བ། བཞི་བོ་ཡིན་ལ། གསར་བུ་དང་དགེ་བསྙེན་རྒན་ཞུགས་ཚང་མས་དང་པོར་དེའི་ཚིག་བཞི་བོ་དེ་བློར་ལེན་དགོས། དེ་ཡང་གཤེ་ཁྲོ་བརྡེག་དང་མཚང་འབྲུ་བཞི་བོ་དེ་མི་བྱེད་པ་ཡིན། གཤེ་བ་ལ་སླར་མི་གཤེ་བ་ཞེས་པ་ནི། གཤེ་བ་ནི་ཚིག་རྩུབ་ཀྱིས་ངན་ཟེར་དང་། ངན་སྨོད་བྱེད་པ་སྟེ། རང་གར་རང་ལམ་རང་གིས་བླངས་ནས་འགྲོ་བའི་དུས་སུ་དོན་མེད་དུ་འཕུལ་རྒྱག་གློ་མདུང་བྱས་ནས་ཁྱོད་ཀྱིས་ཕ་རོ་ཟོ། ཁྱོད་བུ་བཟང་ཨེ་ཡིན། མི་ངན་ཨ་ཁ་མ། ངོ་གདོང་ལ་བལྟས་ན་ཆེ་གེ་མོ་ཞིག་ལ་རིགས་པ་ལ་སོགས་བྱས་ཡོང་ན། དེའི་ལན་དུ་དེ་དང་མཚུངས་པ་ཞིག་བརྗོད་མི་རུང་བ་ཡིན། དེ་ལ་གཤེ་ཡང་སླར་མི་གཤེ་བ་ཟེར་བ་ཡིན། དེ་དང་མཚུངས་པ་ཞིག་ཕར་སྨྲས་ན་གཤེ་བ་ལ་སླར་གཤེ་བར་སོང་བ་ཡིན། དེ་དུས་བསམ་བློ་ཅི་ཞིག་གཏོང་དགོས་ན་ང་ནི་ཤཱཀྱའི་དགེ་བསྙེན་ནམ། རབ་ཏུ་བྱུང་བའམ། དགེ་ཚུལ་ལམ། དགེ་སློང་ངམ། བཙུན་པའམ། བཙུན་མ་ཡིན་པས་དེ་དང་མཚུངས་པ་ཞིག་བྱེད་མི་རུང་བསམ་དགོས་པ་ཡིན། ཆོས་པ་ཞིག་ཡིན་ན་མ་མཐའ་ཡང་དེ་ལྟར་དགོས་པ་ཡིན། དེ་ནས་ཁྲོས་པ་ལ་སླར་མི་ཁྲོ་བ། བརྡེགས་པ་ལ་སླར་མི་བརྡེག ཚུར་ལ་ཁྲོས་ཀྱང་ཕར་ལ་མི་ཁྲོ། ཚུར་ལ་བརྒྱབ་ཀྱང་དེའི་ལན་དུ་ཕར་ལ་རྒྱག་པ་ག་ལ་དྲན་ཏེ་ཚིག་ངན་ཙམ་ཡང་སྨྲ་མི་རུང་བ་ཡིན། བརྒྱབ་པ་བས་ཐུ་ད་རུང་རུས་ཀྱི་མཚང་། རིགས་ཀྱི་མཚང་། ཡོན་ཏན་གྱི་མཚང་འབྲུ་བ་སྙིང་དྲན་པ་སྐོར་ལོག་རྒྱག་བྱེད་ཅིག་སྨྲས་ཡོང་ན་ཡང་། ཕར་ལ་དེའི་ལན་མི་བྱེད་པས་མི་ཚད་ད་དུང་དེའི་སྤྱོད་པ་དེ་བྱང་ཆུབ་ཀྱི་སེམས་ཀྱི་རྩིས་ཟིན་པ་ཞིག་བྱེད་དེ། འདིས་ངར་བརྙས་བཅོས་བྱེད་པའི་དབང་གིས་བྱུང་བའི་སྡིག་པ་དང་ཉེས་པ་མི་འབྱུང་བར་ཤོག ང་ལ་བསྟོད་དམ་སྨད་དམ་སྐུར་བ་འདེབས་པ་ལ་སོགས་པའི་བཟང་ངན་ལས་ཀྱི་འབྲེལ་ཚད་ཐམས་ཅད་ང་ནམ་ཞིག་སངས་རྒྱས་པའི་སྐབས་སུ་དེ་དག་འཁོར་གྱི་ཐོག་མར་སྐྱེས་ནས། ངས་ཆོས་སྟོན་ཏེ་འཁོར་བ་ལས་བསྒྲལ་བར་འགྱུར་བར་ཤོག་ཅིག་བསམ་པར་བྱའོ། །ཡང་དེ་དང་མཉམ་དུ་གསང་སྔགས་ཀྱི་བསྐྱེད་རྫོགས་ཀྱི་ལམ་ནས། སྣང་ཚད་ལྷ་དང་ཞིང་ཁམས། གྲགས་ཚད་སྔགས་ཀྱི་སྒྲ་དབྱངས། དྲན་བསམ་ཐུགས་ཀྱི་རོལ་བར་བསམས་ནས་ཉམས་ལེན་གྱི་གནད་ལ་སྦྱར་ན་སོར་བྱང་སྔགས་གསུམ་གྱི་སྡོམ་པ་དང་མཐུན་པའི་ཆོས་པ། ཨོ་རྒྱན་རིན་པོ་ཆེས། ནང་ལྟར་གསང་སྔགས་ཐུན་མོང་ལུགས་སུ་སྤྱད། །བསྐྱེད་རྫོགས་དོན་དང་འབྲེལ་བའི་དགོས་པ་ཡོད། །གསང་བ་གསང་ཆེན་ཨ་ཏིའི་ལུགས་སུ་སྤྱད། །ཚེ་གཅིག་འོད་སྐུར་གྲོལ་བའི་དགོས་པ་ཡོད། །ཅེས་གསུངས་པ་ལྟར་དུ་སྡོམ་གསུམ་ཡར་ལྡན་དུ་རྫོགས་པའི་གནད་དང་མཐུན་པར་བྱས་ནས་ཡིད་བཞིན་མཛོད་ཀྱི་མན་ངག་སྐྱོར་སྦྱང་ཉམས་ལེན་བྱས་ནས་རྒྱུད་ལ་སྦྱར་དགོས་པ་ལས། འདི་སློབ་གྲྭའི་སློབ་ཁྲིད་སློབ་མས་སྦྱོང་པ་ལྟ་བུ་དང་། རྒན་པོའི་གནའ་སྒྲུང་བྱིས་པས་ཉན་པ་ལྟ་བུ་ཞིག་ཏུ་མི་འགྲོ་བར་འབད་དགོས། འདི་ཐད་ཀྱི་ལྟད་མོ་དང་ལོ་རྒྱུས་ཀྱི་དཔེ་དེབ་མ་ཡིན་པས། གྲོལ་བར་དོན་གཉེར་གྱི་ཆེད་དང་། བྱིན་རླབས་རྒྱུད་ལ་ཞུགས་པའི་ཆེད་དང་། ཐོས་གྲོལ་ཉམས་རྟོགས་ཀྱི་ཡོན་ཏན་སྐྱེས་ནས་རང་རྒྱུད་ཆོས་དང་འདྲེས་པའི་ཆེད་དུ་ཡིན་པས། བསམ་སྦྱོར་ཆ་འགྲིག་པའི་འབད་པ་གང་ཟག་རང་ཉིད་ཀྱི་མཛད་རྒྱུ་གནད་ཆེ་བ་ཡིན། ཀློག་པ་ཐོས་བསམ་པ་རྣམས་ཀྱིས་ཐེག་པ་དང་གྲུབ་མཐའ་སོ་སོའི་ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་བཞག་དང་། དེའི་འགལ་སྤང་མཐུན་སྒྲུབ་ཀྱི་བརྒལ་བརྟག་ལ་རྒྱུན་དུ་སྦྱོང་པ་དང་། འཆད་རྩོད་རྩོམ་གསུམ་གྱིས་ཐེག་པ་གསུམ་གྱི་རྣམ་བཞག་ཚང་མ་གཏན་ལ་ཕབ་བཞིན་ཡོད་ལ། སྤང་བ་བསམ་གཏན་པ་ཚོས་ཀྱང་དེ་དང་མཐུན་པའི་རྣམ་དཔྱོད་ཀྱིས་གཞལ་ན། ཐོས་པ་མ་རིག་མུན་སེལ་སྒྲོན་མེ་ཡིན། །ཞེས་གསུངས་པ་ཡིན་པས་ཅི་ཙམ་གཟིགས་ཐུབ་ན་དེ་ཙམ་བཟང་པ་ཡིན། མདོར་ན་སུ་དང་གང་ཡིན་ཀྱང་ཐོས་པ་ཁ་ཕྱིར་བལྟས་སུ་མ་ཤོར་བར་ཐམས་ཅད་ཉམས་ལེན་གྱི་གནད་དུ་འཛིན་པ་ནི་གལ་ཆེན་ནན་གྱིས་གདམས་པའི་ཚིག་བརྒྱ་བཤད་པའི་སྙིང་པོའོ། །དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསག་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།

ཉིན་བཅོ་བརྒྱད་པའི་ཆོས་ཁྲིད།

ད་རེས་ཐོབ་དཀའ་བ་དལ་འབྱོར་ཚང་པའི་མི་ལུས་རིན་པོ་ཆེ་ཐོབ། རྙེད་དཀའ་བ་ཚེ་གཅིག་གིས་རྫོགས་འཚང་རྒྱ་བའི་ཐེག་ཆེན་མདོ་སྔགས་ཀྱི་ཆོས་ཚུལ་དང་འཕྲད་ནས་ཡོད་པས། རྟེན་འདིའི་ཐོག་ནས་རང་གཞན་གྱི་དོན་ཆེན་བསྒྲུབ་དགོས་པ་ལས་མིར་སྐྱེས་པ་དེ་ལ་ཁའི་རི་དྭགས་དང་། སྒོ་ཁའི་ཕྱུགས་ཟོག་རྣམས་དང་འདྲ་འདྲར་གྱུར་ནས་ཟ་ཉལ་འགྲོ་འདུག་ཙམ་ལས་ཅི་ཡང་མི་ཤེས་པར་དུས་ཚོད་དོན་མེད་དང་དོན་ཆུང་ལ་ཤོར་ན། མི་ཚེ་སྟོང་ཟད་དུ་སོང་བའི་ཚུལ་ལ་སྔ་བསམ་ཕྱི་འདེང་དང་པོ་ནས་རྒྱག་དགོས་པས་མ་ཚད། ཁྱད་པར་དུ་ཤཱཀྱའི་བསྟན་ལ་ཞུགས་ནས་དགེ་འདུན་གྱི་བཞུགས་གྲལ་ལ་བསྙེགས་པ་ཞིག་ཡིན་ཚེ། ལྡན་གྲོལ་གྱི་ཡོན་ཏན་ཆ་ཚང་སྟབས་གཅིག་ཏུ་མ་ལྡན་ན་ཡང་། དགེ་ལ་གཅིག་ཏུ་འདུན་པ་དང་མི་ཕྱེད་པའི་དགེ་འདུན་གྱི་མཚན་གཞི་རང་ཐོག་ནས་ཚང་བའི་དང་བ་འདྲེན་པའི་མིག་རྒྱན་དུ་དམ་པའི་ལྷ་གྲལ་ན་བཞུགས་ནས་འཆད་རྩོད་རྩོམ་པས་དུས་འདའ་བའམ། ཡང་ན་ཉན་སེམས་སྒོམ་པས་རང་རྒྱུད་དུལ་བར་བྱེད་དགོས་པ་ནི་ཞུ་མ་དགོས་པར་མཁྱེན་བཞིན་པའི་ཐོག་ནས། ཆོས་སྒྲུབ་པ་དང་ཆོས་ལམ་ལ་ཞུགས་པའི་ཐར་ལམ་དོན་གཉེར་བྱེད་པ་ཞིག་ཡིན་ཚེ། ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་རྣམ་པ་ཀུན་ཏུ་འབྲལ་མི་རུང་པ་ཡིན་པས། དེ་ཡང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་རྒྱུད་ལ་བསྐྱེད་པ་ལ་སྙིང་རྗེ་ཡོད་དགོས་ཤིང་། སྙིང་རྗེ་དེ་ཡང་བསམ་པ་བཟང་པོ་ནས་འགོ་བཙུགས་ཏེ་བསྐྱེད་དགོས། དེ་ཡང་ཕར་དབྱེ་ན་ཚངས་གནས་བཞི་འམ་ཚད་མེད་བཞི་དང་། ཚུར་བསྡུ་ན་བྱམས་སྙིང་རྗེ་ནས་འགོ་བཟུང་སྟེ། ཞི་བའི་མཐའ་ལ་མི་གནས་པའི་ཐབས་དང་འབྲེལ་བའི་བྱམས་སྙིང་རྗེ་བསྒོམ་ལུགས་ཐུན་མོང་རགས་སྡུས་ཙམ་གླེང་ནས། ད་སེམས་བསྐྱེད་ཀྱི་རྟེན་གྱི་གང་ཟག་དེ་ཇི་ལྟ་བུ་ཞིག་དགོས་པ་དང་། སྐྱབས་འགྲོ་སྔོན་དུ་མ་སོང་ཐབས་མེད་ཡིན་པ་དང་། སྐྱབས་འགྲོའི་རྟེན་དང་། དབྱེ་བ་རྣམས་ཀྱང་བཤད་ཟིན་ལ། དེ་རིང་སྐྱབས་ཡུལ་ངོས་འཛིན་པའི་ཐད་ལ་བསམ་བློ་ཕྱོགས་ན། སྐྱབས་འགྲོའི་ཡུལ་འདི་ལ་ཐུན་མོང་གི་སྐྱབས་ཡུལ་ཞིག་དང་། ཁྱད་པར་གྱི་སྐྱབས་ཡུལ་ཞིག་སྟེ་གཉིས་ཀྱི་དབྱེ་བ་ཡོད་པ་ལས། ཐུན་མོང་བའི་ཡུལ་འཆད་པ་ལ། སངས་རྒྱས་དཀོན་མཆོག་ནི། སྤངས་པ་དང་། ཡེ་ཤེས་དང་། ཆེ་བའི་བདག་ཉིད་ཕུན་སུམ་ཚོགས་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་སོ། །ཆོས་དཀོན་མཆོག་ལ་ཡང་གཉིས་ལས། བསྟན་པའི་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་སོ། །རྟོགས་པའི་ཆོས་ནི་ལམ་གྱི་བདེན་པ་དང་། འགོག་པའི་བདེན་པའོ། །དགེ་འདུན་དཀོན་མཆོག་ལ་གཉིས་ལས། སོ་སོའི་སྐྱེ་བོའི་དགེ་འདུན་ནི། དགེ་སློང་རྣམ་པར་དག་པ་བཞི་ཡན་ཆད་ཚོགས་པ་ཡིན་ལ། འཕགས་པའི་དགེ་འདུན་ནི། འཕགས་པ་ས་ལ་བཞུགས་པ་དག་གོ །ཁྱད་པར་གྱི་ཡུལ་ནི། མདུན་ན་བཞུགས་པའི་ཡུལ་དང་། མངོན་པར་རྟོགས་པའི་ཡུལ་དང་། དེ་ཁོ་ན་ཉིད་ཀྱི་ཡུལ་དང་གསུམ་མོ། །དེ་ལ་མདུན་ན་བཞུགས་པའི་ཡུལ་ནི། སངས་རྒྱས་ནི་དེ་བཞིན་གཤེགས་པའི་སྐུ་གཟུགས། ཆོས་ནི་ཐེག་པ་ཆེན་པོའི་པོ་ཏི། དགེ་འདུན་ནི་བྱང་ཆུབ་སེམས་དཔའི་དགེ་འདུན། མངོན་པར་རྟོགས་པའི་ཡུལ་ནི། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་ནོ། །ཆོས་ནི་དམ་པའི་ཆོས་ཞི་བ་དང་མྱ་ངན་ལས་འདས་པའོ། །དགེ་འདུན་ནི་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའོ། །དེ་ཁོ་ན་ཉིད་ཀྱི་ཡུལ་གྱི་དབང་དུ་བྱས་ན། སྐྱབས་སུ་འགྲོ་བའི་ཡུལ་ནི་སངས་རྒྱས་ཉག་ཅིག་ཡིན་ནོ། །དེའི་སངས་རྒྱས་དེ་ཡང་སྐུ་གསུམ་གྱི་མཐར་ཐུག་ཆོས་སྐུ་ལ་ངོས་འཛིན་ཅིང་། ཆོས་དང་དགེ་འདུན་གཉིས་ཀ་ཡང་དེར་འདུས་པ་ལས་ཟུར་དུ་མེད་དེ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་གསུངས་སོ། །ཡིན་ན་ཡང་གདུལ་བྱ་རིམ་གྱིས་དྲང་བའི་ཆེད་དུ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་དང་། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས་ཏེ། ཡོན་ཏན་གསུམ་དང་། ཐེག་པ་གསུམ་དང་། བྱེད་པ་གསུམ་དང་། མོས་པ་གསུམ་གྱི་དབང་དུ་བྱས་ནས་བཞག་པ་ཡིན་ནོ། །དེ་ཡང་སྟོན་པའི་ཡོན་ཏན་བསྟན་པའི་དོན་དུ། བྱང་ཆུབ་སེམས་དཔའི་ཐེག་པའི་གང་ཟག་དང་། སངས་རྒྱས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ན་སངས་རྒྱས་སྐྱབས་ཡིན་ཏེ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་སོ། །བསྟན་པའི་ཡོན་ཏན་བསྟན་པའི་དོན་དུ། རང་རྒྱལ་གྱི་ཐེག་པའི་གང་ཟག་དང་། ཆོས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ན་ཆོས་སྐྱབས་ཡིན་ཏེ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཞེས་པའོ། །སློབ་པའི་ཡོན་ཏན་བསྟན་པའི་དོན་དུ། ཉན་ཐོས་ཀྱི་ཐེག་པའི་གང་ཟག་དང་། དགེ་འདུན་ལ་མཆོག་ཏུ་བྱ་བ་བྱེད་པའི་དབང་དུ་བྱས་ན་དགེ་འདུན་སྐྱབས་ཡིན་ཏེ། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་པའོ། །དེ་ལྟར་དོན་རྣམ་པ་གསུམ་གྱིས་གང་ཟག་དྲུག་གི་དབང་དུ་བྱས་ནས། སྐྱབས་གསུམ་རྣམ་པར་བཞག་པ་འདི་ནི། བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་ཙམ་དུ་སེམས་ཅན་རྣམས་ཐེག་པ་ལ་རིམ་གྱིས་གཞུག་པའི་དོན་དུ་གསུངས་པ་ཡིན་ནོ། །དེས་སྐྱབས་སུ་འགྲོ་བའི་ཡུལ་བཤད་ནས། སྐྱབས་སུ་འགྲོ་བའི་དུས་ལ་ཡང་གཉིས་ལས། ཐུན་མོང་བའི་དུས་ནི། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྐྱབས་སུ་འགྲོ་བའོ། །ཁྱད་པར་ཅན་ནི། དུས་འདི་ནས་བཟུང་སྟེ་ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཡིན་ནོ། །བསམ་པ་ལ་ཡང་གཉིས་ལས། ཐུན་མོང་བ་ནི། རང་གཅིག་པུས་སྡུག་བསྔལ་མ་བཟོད་པའི་བསམ་པའོ། །ཁྱད་པར་ཅན་ནི། གཞན་གྱི་སྡུག་བསྔལ་མ་བཟོད་པའི་བསམ་པས་སོ། །སྐྱབས་འགྲོའི་སྡོམ་པ་ལེན་པའི་ཆོ་ག་ལ་ཡང་རྒྱས་བསྡུས་ཀྱི་ཕྱག་ལེན་དང་ཁྱད་པར་ཡོད་པ་ཡིན་པ་དང་། སྐྱབས་སུ་སོང་པའི་ཕན་ཡོན་ནི། ཐུན་མོང་པའི་སྐྱབས་འགྲོ་ཙམ་གྱིས་ཀྱང་ཚེ་འདིའི་གནོད་པ་ཐམས་ཅད་ལས་སྐྱོབ་པ་དང་། ངན་འགྲོའི་འཇིགས་པ་མཐའ་དག་སེལ་བ་དང་། ཐབས་མ་ཡིན་པ་དང་། འཇིག་ཚོགས་ལ་ལྟ་བ་རྣམས་ལས་སྐྱོབ་པའོ། །ཁྱད་པར་ཅན་གྱི་སྐྱབས་འགྲོས་ནི། ཐེག་པ་དམན་པ་མན་ཆད་ཀྱི་ལམ་མིན་གཡང་སར་འཕྱན་པ་ཀུན་ལས་སྐྱོབ་པའོ། །སྐྱབས་འགྲོའི་བསླབ་བྱ་ལ། སྒྲུབ་དང་དགག་པ་ཆ་མཐུན་གྱི་བསླབ་བྱའམ། སྤྱིའི་བསླབ་བྱ་གསུམ། བྱེ་བྲག་གི་བསླབ་བྱ་གསུམ། ཆ་མཐུན་གྱི་བསླབ་བྱ་གསུམ་སྟེ་དགུ་ཡོད་དོ། །དེ་ལ་དང་པོ་ནི། དུས་རྟག་ཏུ་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱ་ཞིང་། ཐ་ན་རང་ཟས་ཅི་ཟ་བའི་ཕུད་ཀྱིས་ཀྱང་མཆོད་པ་དང་། སྲོག་དང་། བྱ་དགའི་ཕྱིར་ཡང་དཀོན་མཆོག་མི་སྤང་བ་དང་། དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ་ལ་བསླབ་བོ། །བྱེ་བྲག་གི་བསླབ་བྱ་གསུམ་ལས། སངས་རྒྱས་ལ་སྐྱབས་སུ་སོང་བས་ལྷ་གཞན་ལ་སྐྱབས་སུ་མི་འགྲོ་བ་དང་། ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་རྣམས་ལ་རྣམ་པར་འཚེ་བ་མི་བྱེད་པ་དང་། དགེ་འདུན་ལ་སྐྱབས་སུ་སོང་བས་མུ་སྟེགས་ཅན་ལ་མི་བརྟེན་པའོ། །ཆ་མཐུན་པའི་བསླབ་བྱ་གསུམ་ལས། སངས་རྒྱས་དཀོན་མཆོག་གི་རྟེན་དེ་བཞིན་གཤེགས་པའི་སྐུ་གཟུགས་ཐ་ན་སཱཙྪའི་ཆག་དུམ་ཡན་ཆད་ལ་གུས་པར་བྱ་བ་དང་། ཆོས་དཀོན་མཆོག་གི་རྟེན་དམ་ཆོས་ཀྱི་པོ་ཏི་དང་གླེགས་བམ། ཐ་ན་དེའི་ཡི་གེ་འབྲུ་རེ་ཡན་ཆད་ལ་གུས་པར་བྱ་བ་དང་། དགེ་འདུན་དཀོན་མཆོག་གི་རྟེན་སྟོན་པའི་ཆ་ལུགས་དང་། ཐ་ན་སེར་པོའི་ལྷན་པ་བཏབ་པ་ཡན་ཆད་ལ་གུས་པར་བྱའོ། །དེ་དག་གིས་མཚོན་ནས་རང་གི་བློས་དཔྱད་པ་བྱས་ཏེ། རུང་བ་དང་སྒྲུབ་པའི་ཕྱོགས་དང་ཉེར་བར་འདུག་ན་དུང་དུ་ལེན་པ་དང་། མི་རུང་བ་དང་དགག་པའི་ཕྱོགས་དང་ཉེ་བར་འདུག་ན་འདོར་བར་བྱེད་པའི་སྤང་བླང་འདོར་ལེན་གྱི་ཕྱོགས་ཕྱེད་ཐུབ་དགོས་པ་ཡིན། དེ་ཡང་གཙོ་བོ་ཀུན་སློང་ངམ་བསམ་པ་དག་མིན་ལ་རག་ལས་པ་དཔེར་ན་སཱཙྪ་གཅིག་གིས་མི་གསུམ་སངས་རྒྱས་པ་ལྟ་བུ་ཡིན། སྐྱབས་སུ་སོང་བའི་ཕན་ཡོན་ལ་བརྒྱད་དེ། ནང་པ་སངས་རྒྱས་པར་ཚུད་པ་དང་། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་དང་། སྔར་བྱས་ཀྱི་སྡིག་པ་ཐམས་ཅད་ཟད་པར་འགྱུར་བ་དང་། མི་དང་མི་མ་ཡིན་པའི་བར་ཆད་ཀྱིས་མི་ཚུགས་པ་དང་། བསམ་པའི་དངོས་པོ་ཐམས་ཅད་འགྲུབ་པ་དང་། རྒྱུ་བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་བ་དང་། ངན་སོང་དུ་མི་ལྟུང་བ་དང་། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའོ། །དེ་ལྟ་བུའི་སྐྱབས་འགྲོའི་རྨང་གཞི་དེའི་སྟེང་ནས་སོ་ཐར་གྱི་སྡོམ་པ་ལེན་པ་དང་། དེ་ནས་བྱང་ཆུབ་ཀྱི་སེམས་མཆོག་རིན་པོ་ཆེ་བསྐྱེད་དགོས་པ་ཡིན་པས། དེ་ལྟ་བུའི་གོ་རིམ་ཅན་གྱི་སེམས་བསྐྱེད་ཐོབ་ལ་མ་ཉམས་པར་བྱེད་པའམ། དེ་ལྟ་བུའི་འདུན་མོས་དང་བཅས་ཏེ་སྦྱོར་བ་སེམས་བསྐྱེད་དང་མ་བྲལ་བའི་སྟེང་དེ་ནས། ད་སྐབས་སུ་བབ་པ་གང་ཞིག་ཐོས་བསམ་བྱ་བ་ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་འདི་ཉིད་འཆད་ཉན་བྱེད་བཞིན་པ་ལས། འདིའི་གཞུང་དོན་རྡོ་རྗེའི་གནས་རྣམ་པ་གཉིས་ཡོད་པ་ལས། ཕྱི་མ་ནང་པ་སངས་རྒྱས་པའི་གཞུང་རྒྱ་ཆེར་བཤད་བའི་སྐབས་སྟེ། དེ་ལ་ཡང་ཕྱི་རོལ་པ་ལས་ཁྱད་པར་དུ་འཕགས་ཚུལ་དང་། ཁྱད་པར་ཅན་གྱི་གཞུང་ཉིད་བསྟན་པའི་ས་བཅད་གཉིས་ལས་སྔ་མ་སོང་ནས། ཕྱི་མ་ཁྱད་པར་ཅན་གྱི་གཞུང་ཉིད་བཤད་པའི་སྐབས་ལ་ཐེག་པ་གསུམ་གྱི་རྣམ་བཞག་ཡོད་པ་ལས། རེ་ཞིག་ཐེག་པ་ཆུང་ངུ་དང་ཆེན་པོ་གཉིས་སུ་ཕྱེས་ནས། ཐེག་པ་ཆུང་ངུ་དེ་ཉིད་སྔོན་དུ་བསྟན་པའོ། །དེ་ཉིད་སྔོན་དུ་བསྟན་དགོས་པའི་དོན་ནི། བསྟན་པའི་འཇུག་རིམ་གྱི་སྒོར་གྱུར་བ་དང་། བློང་དོར་བྱེད་པའི་གཞུང་ཕལ་གྱི་ཕྱི་མོར་གྱུར་བའི་དབང་གིས་དེའི་རྣམ་བཞག་དང་པོར་བསྟན་པའོ། །ཐེག་པ་ཆུང་ངུ་དེ་རྣམ་པ་ཀུན་ཏུ་དགག་བྱ་མིན་ལ། འོན་ཀྱང་རང་དོན་ཉི་ཚེ་བའི་བློ་དང་། གཞི་ལམ་འབྲས་བུའི་ཕྱོགས་སུ་བདེན་པར་ཞེན་པའི་གྲུབ་མཐའི་བློ་སྐྱོན་འགོག་དགོས་པས། དེ་ཉིད་དགག་པ་ལ། ཉན་ཐོས་ཀྱི་ནང་གསེས་ལའང་སོ་སོའི་འདོད་པ་ཡོད་ཀྱང་། འགའ་ཞིག་སྔར་བཀག་པ་དང་། ཕྱིས་སུ་འགོག་འགྱུར་གྱིས་གོ་ཐུབ་པ་ཡིན་ལ། གཙོ་ཆེ་བའི་ཕྱོགས་ནས་ཐུན་མོང་གི་འདོད་པ་བདུན་བཤད་ནས། དེ་ཉིད་དགག་པའི་སྐབས་ལས། ཁ་རྩང་ཡུལ་བདེན་གཞི་དང་རྩོམ་བྱེད་དོན་དམ་དགག་པ་གཉིས་སོང་ནས། དེ་རིང་གསུམ་པ་དགྲ་བཅོམ་མཐར་ཐུག་དགག་པ་ནི། དགྲ་བཅོམ་མཐར་ཐུག་དགག་པ་ལ་གསུམ་སྟེ། ཚོགས་མི་གསོག་པ་དགག་པ། རིགས་ངེས་པ་དགག་པ། འཕགས་པའི་གནས་ཚུལ་ལོ། །དང་པོ་ནི། དགྲ་བཅོམ་ནི་མཐར་ཐུག་ཁམས་གསུམ་གྱི་ཀུན་སྦྱོར་ཐམས་ཅད་སྤངས་ཏེ་དགྲ་བཅོམ་ཐོབ་སོང་དུས། དེའི་ལམ་གྱིི་མཐར་ཐུག་པ་ཡིན་ཅེས་པ་དེ་ཉིད་དགྲ་བཅོམ་འཚང་མི་རྒྱ་སྟེ་ཚོགས་མི་གསོག་པའི་ཕྱིར་རོ་ཞེས་པའི་ཕྱོགས་སྔའི་འདོད་པ་ལ་ཕྱོགས་ཆོས་མ་གྲུབ་སྟེ། ཚོགས་གསོག་མི་གསོག་ཏུ་དངོས་སུ་ནི་མ་དམིགས་པའི་ཕྱིར་རོ། །ཚོགས་མི་གསོག་པ་སྟེ་བསག་མི་དགོས་ཏེ་ཁམས་གསུམ་དུ་སྐྱེ་བ་མི་ལེན་པའི་ཕྱིར་ཏེ། ལེན་པའི་རྒྱུ་མཐོང་སྤངས་སྒོམ་སྤངས་ཀྱི་ཕྲ་རྒྱས་སྤང་བའི་ཕྱིར་རོ་ཞེས་པའང་མ་གྲུབ་སྟེ། སངས་རྒྱས་མ་ཐོབ་ན་ཕྲ་རྒྱས་ཕྲ་མོའི་གནས་ངན་ལེན་ཐམས་ཅད་སྤང་མི་སྲིད་པའི་ཕྱིར་ཏེ། ཉན་ཐོས་དགྲ་བཅོམ་གྱིས་ཡུལ་དུས་རང་བཞིན་མཚན་ཉིད་ཀྱིས་བསྐལ་དོན་མི་ཤེས་ཤིང་། དེ་ཡང་ཡུལ་གྱིས་བསྐལ་བས་མི་ཤེས་པ། འཕགས་པ་མོོངྒལ་གྱི་བུས་རང་གི་ཕ་སངས་རྒྱས་ཀྱི་ཞིང་འོད་ཟེར་ཅན་དུ་སྐྱེས་པ་མ་ཤེས་པ་དང་། དུས་ཀྱིས་བསྐལ་བས་མི་ཤེས་པ་སྔོན་དུ་གཏམ་རྒྱུད་བཤད་པའི་འཕགས་པ་ཤཱ་རིའི་བུས་ཁྱིམ་བདག་དཔལ་སྐྱེས་ཀྱི་རྒྱུད་ལ་ཐར་བའི་ས་བོན་ཡོད་པ་མ་ཤེས་པ་ལྟ་བུ་དང་། རང་བཞིན་གྱིས་བསྐལ་བས་མི་ཤེས་པ་ཉན་ཐོས་དེ་དག་གིས་སངས་རྒྱས་ཀྱི་ཆོས་མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་རབ་ཏུ་མང་པོ་མི་ཤེས་པ་དང་། མཚན་ཉིད་ཀྱིས་བསྐལ་བས་མི་ཤེས་པ། རྨ་བྱའི་མདོངས་བཀྲ་གཅིག་ལ་ཡང་། །རྒྱུ་ཡི་དབྱེ་བ་ཐ་དད་པ། །དེ་མཁྱེན་པ་ནི་ཀུན་མཁྱེན་ཏེ། །ཀུན་མཁྱེན་ཡེ་ཤེས་མིན་པས་མིན། །ཅེས་པ་ལྟར་དུ་ཡུལ་དུས་རང་བཞིན་མཚན་ཉིད་ཀྱིས་བསྐལ་དོན་མི་ཤེས་ཤིང་། ལམ་འདྲི་བར་དགོས་པའི་ཕྱིར་རོ། །རྒྱུད་བླ་མ་ལས། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་སྲིད་དེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །ཞེས་སོ། །འོད་དང་འོད་ཟེར་མེད་པའི་ཉི་མ་ཞིག་རིག་ཐབས་མེད་པ་བཞིན་དུ། སངས་རྒྱས་ཀྱི་ཡོན་ཏན་མིན་པའི་ཐོབ་བྱ་མཐར་ཐུག་ཅིག་མེད་དོ། །དེས་ན་དགྲ་བཅོམ་ཐོབ་བྱ་མཐར་ཐུག་མིན་པ་གྲུབ་ཅིང་། མཐར་ཐུག་གི་ཐོབ་བྱའི་རྒྱུ། ཚོགས་མ་རྫོགས་ཤིང་མ་བསགས་པ་ཡང་རང་བཞིན་གྱིས་གྲུབ་བོ། །རིགས་ངེས་པའང་མི་འཐད་དེ། དགྲ་བཅོམ་ཉན་ཐོས་ཀྱི་རིགས་ངེས་ཡིན། སངས་རྒྱས་མི་ཐོབ་ཅེས་པར། སྒྲིབ་པ་གློ་བུར་བ་ཡིན་པས་སྦྱང་རུང་དུ་མཚུངས་པས་དེ་སྦྱངས་ན་ཉན་ཐོས་ཀྱང་སངས་རྒྱས་སུ་མི་འགྱུར་བ་མེད་པའི་ཕྱིར་རོ། །དགྲ་བཅོམ་འཕགས་པའི་གནས་ཚུལ་བཅོམ་ལྡན་འདས་ཀྱིས་དེ་སྐད་དུ་བསྟན་པ་ནི། དབང་པོ་དམན་པ་རྣམས་སྐྲག་པ་སྤངས་ཤིང་འཁོར་བའི་སྡུག་བསྔལ་ངལ་གསོར་འཇུག་པ་ལ་དེ་སྐད་བརྗོད་དེ། ཐེག་གསུམ་གྱི་རྣམ་བཞག་གསུང་དགོས་དོན་ཡང་གདུལ་བྱ་བློ་ཆེ་འབྲིང་ཆུང་གསུམ་གྱི་དབང་དུ་བྱས་ནས་གསུངས་པའོ། །དམ་པའི་ཆོས་པདྨ་དཀར་པོ་ལས། འདི་ལྟར་མྱ་ངན་འདའ་བར་གང་བརྗོད་པ། །འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཡང་། །ཁྱེད་ནི་ད་དུང་མྱ་ངན་ཡོངས་མི་འདའ། །སངས་རྒྱས་ཐེག་པའི་མཆོག་འདི་བཙལ་བར་གྱིས། །འདྲེན་པ་རྣམས་ཀྱི་རྣམ་འཕྲུལ་འདི་འདྲ་སྟེ། །ངལ་གསོའི་ཕྱིར་ནི་མྱ་ངན་འདས་པར་སྟོན། །ངལ་སོས་ནས་ནི་མྱ་ངན་ཀུན་འདའ་ཕྱིར། །ཐམས་ཅད་མཁྱེན་པའི་ས་ལ་དཀྲི་བར་བྱོས། །ཞེས་པ་དང་། ཤཱ་རིའི་བུ་ཡང་དེ་བཞིན་གཤེགས་པ་པདྨའི་འོད་ཅེས་བྱ་བར་འགྱུར་རོ། །རབ་འབྱོར་ཡང་དེ་བཞིན་གཤེགས་པ་ཟླ་བའི་ཏོག་ཅེས་བྱ་བར་འགྱུར་ཏེ་ཞེས་པ་དང་། ཉན་ཐོས་དེ་དག་ཇི་སྲིད་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་བ། །དེ་སྲིད་ཡེ་ཤེས་ལུས་གཅིག་གིས། །ཏིང་འཛིན་མྱོས་པས་བརྒྱལ་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་ཆགས་འབྱུང་ཞིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་སོ། །དེའི་ཕྱིར་ན་རིགས་ངེས་མི་འགྲུབ་བོ། །དེ་ལྟར་འགོག་པའི་དབྱིངས་སུ་བསྐལ་པ་སྟོང་ཕྲག་བཅུར་གནས་པ་ལ། བསྐུལ་ནས་དག་པའི་ཞིང་དུ་པདྨོ་ལས་སྐྱེས་ཏེ། གདོད་བྱང་ཆུབ་ཏུ་སེམས་སྐྱེད་དེ། ཉན་ཐོས་སངས་རྒྱས་པ་ཡོད་དེ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། དགྲ་བཅོམ་པ་ཡང་ཡོངས་སུ་མྱ་ངན་ལས་འདས་ནས་འགོག་པར་ཞུགས་ཏེ། བསྐལ་པ་སྟོང་ཕྲག་བཅུ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ནོ་ཞེས་སོ། །དེ་ལྟར་སེམས་བསྐྱེད་ནས་ལམ་སྒྲུབ་དུས་སྔར་གྱི་ཞི་བ་གཅིག་པུ་ཚོལ་པའི་སྐྱེས་བུ་ཆུང་ངུའི་བློ་ངན་དེ་གོམས་པས། འཁོར་བ་ལ་ཡིད་འབྱུང་ཞིང་མྱུར་དུ་མྱ་ངན་ལས་འདའ་བར་འདོད་པའི་བློ་དེ་ཡོད་པའི་སྐྱོན་དེས་རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ་རྫོགས་སྨིན་སྦྱོང་གསུམ་དགོས་པས་སངས་རྒྱས་ཀྱི་ཞིང་སྦྱོང་ཞིང་སེམས་ཅན་སྨིན་པའི་ཚོགས་རྫོགས་པ་ལ་བར་དུ་གཅོད་པས་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཞིག་དང་། དམན་ལམ་སྔོན་སོང་གི་དགྲ་བཅོམ་གཉིས་ཀ དང་པོ་སེམས་བསྐྱེད་པ་དུས་མཉམ་ཡང་། ཉན་ཐོས་སེམས་བསྐྱེད་པ་དེ་ཕྱིར་བསྐལ་པ་བཞི་བཅུས་བུལ་བར་བཤད་དེ། མདོ་སྡེ་རྒྱན་ལས། དེ་གཉིས་ཡང་དང་ཡང་དུ་ནི། །རང་སེམས་ཀུན་ཏུ་འབྱུང་ལྡན་པས། །མྱ་ངན་འདས་ལ་མངོན་དགའི་ཕྱིར། །རྟོག་པ་བུལ་བ་ཡིན་པར་འདོད། །ཅེས་སོ། །དེ་གཉིས་ཡང་དང་ཡང་དུ་ནི་ཞེས་པའི་དེ་གཉིས་ནི་ཉན་རང་གི་དགྲ་བཅོམ་ཐེག་ཆེན་དུ་ཞུགས་ནས་སེམས་བསྐྱེད་པ་ལ་ཟེར་རོ། །དེ་ཡང་ཉན་ཐོས་ཀྱི་དགྲ་བཅོམ་གྱིས་སྟོང་ཉིད་རྟོགས་སམ་མ་རྟོགས་ཤེ་ན། སློབ་དཔོན་སྔ་རབས་པ་ཁ་ཅིག་ནི་ཉན་ཐོས་དགྲ་བཅོམ་གྱིས་གང་ཟག་གི་བདག་མེད་ལས་མ་རྟོགས་པར་འདོད་ལ། རང་སངས་རྒྱས་ཀྱིས་ཆོས་ཀྱི་ཕྱེད་གཟུང་བར་རང་བཞིན་མེད་པར་རྟོགས་པ་ལས། བདག་མེད་ཕྱེད་དང་གཉིས་ཙམ་ལས་གཉིས་ཀ་མ་རྟོགས་པར་འདོད་ལ། ཁ་ཅིག་གིས་རྟོགས་པར་འདོད་པས་རྩོད་ནའང་། ཁོ་བོ་ཀློང་ཆེན་པས་ནི། འདི་ལྟར་རིག་སྟེ། སྔོན་ཉན་ཐོས་ཀྱི་སྡེ་པ་སོ་སོར་གྱེས་དུས་ཀྱང་ལ་ལས་བདག་འདོད་པ་དང་། ལ་ལས་མི་འདོད་པ་དང་། ལ་ལས་གཟུགས་བརྙན་ལྟར་འདོད་པ་འདྲ་དང་མི་འདྲའི་འདོད་ཚུལ་ཐ་དད་པས་ལམ་སྒྲུབ་པ་ཡོད་པ་ཡིན་པས། ལྟ་སྒོམ་སྤྱོད་འབྲས་རྒྱུད་གཅིག་ཏུ་འབྲེལ་བའི་ཕྱིར་འབྲས་བུའི་དུས་སུའང་སྔར་གྱི་ལམ་གྱི་རྗེས་སུ་བྱེད་པས་ཐམས་ཅད་རྟོགས་རིགས་གཅིག་ཡིན་དགོས་པའི་ངེས་པ་མེད་ཅིང་། རྟོགས་མ་རྟོགས་གཉིས་སུ་བྱུང་བར་རིག་གོ །དེའང་བྱེ་བྲག་སྨྲ་པའི་ལམ་ལ་ཞུགས་པ་དག་གི་དགྲ་བཅོམ་པས་ནི་སྔོན་ཡོད་པར་ཞེན་པ་ལ་གོམས་པ་ཤས་ཆེ་བས་གང་ཟག་གི་བདག་མེད་ཙམ་ལས་ཆོས་ཀྱི་བདག་མེད་མ་རྟོགས་པར་སྨྲ་སྟེ་དེ་དག་མཚན་མར་འཛིན་པ་ཤས་ཆེ་བའི་ཕྱིར་རོ། །ལྟ་སྒོམ་སྤྱོད་འབྲས་རྣམས་ནི་གཅིག་ལ་གཅིག་བརྟེན་ཡིན་པས། དང་པོ་གཞི་ལྟ་བ་གཏན་ལ་ཕབ་པའི་ཤེས་རབ་ཀྱི་ཁྱད་པར་ལྟར་ཏུ་དེ་ལ་མོས་པའི་ངེས་པ་ཡོད་ཅིང་། ཉན་ཐོས་བྱེ་བྲག་སྨྲ་བས་སྣང་གཞི་ཕུང་ཁམས་སྐྱེ་མཆེད་ལ་སོགས་པའི་ཕྱི་རོལ་གྱི་བེམ་པོ་རགས་པར་སྣང་བའི་རྒྱུ་ནི་རྡུལ་ཕྲ་རབ་དང་། ནང་གི་རྣམ་ཤེས་སྐད་ཅིག་མ་དོན་དམ་མམ་བདེན་པར་ཡོད་པར་ལྟ་ཞིང་། ད་དུང་འདུས་མ་བྱས་རྟག་པར་འདོད་པ་དང་། གང་ཟག་གི་བདག་མེད་ཙམ་ལས་ཆོས་ཀྱི་བདག་མེད་མ་རྟོགས་པ་ནི་མཚན་མར་འཛིན་པ་ཤས་ཆེ་ཆུང་གིས་ཀྱང་ཁྱད་པ་འབྱེད་པ་དང་ནི། མདོ་སྡེའི་ཕྱོགས་ལས་ལམ་བསྒྲུབས་ན། ལྡན་མིན་འདུ་བྱེད་དང་། འདུས་མ་བྱས་སོགས་བྱེད་བྲག་སྨྲ་པ་ལྟར་དུ་རྫས་སུ་མི་འདོད་པར་བཏགས་པ་ཙམ་དུ་འདོད་པ་དང་། ཕྱི་རོལ་གྱི་རྣམ་པར་ཤེས་པ་ལ་ཤར་བའི་སྒོ་ནས་ཡུལ་རིག་པས་ཕྱི་དོན་དངོས་ལྐོག་ན་མོའི་ཚུལ་དུ་འདོད་པ་ལ་སོགས་པའི་དངོས་སྟོབས་ཀྱི་རིགས་པའི་ཤེས་རབ་ཟབ་པས་མཚན་འཛིན་གྱི་བློ་དེ་ཉིད་ཀྱང་གཟུགས་བརྙན་དང་འདྲ་བ་ལ་སོགས་པའི་ཕྱིར་ཞེས་སོགས་ཁོངས་སུ་རྟེན་འབྲེལ་ཙམ་དུ་རྟོགས་པའི་ཆོས་ཉིད་ཡོད་པར་བསྟན་པའོ། །མདོར་ན་གཅིག་ཤོས་ལས་འཕགས་པའི་རྟོགས་རིགས་ཡོད་པའོ་སྙམ་དུ་རིག་གོ །དེ་ཡང་སྤྱིར་བྱེ་སྨྲ་དང་མདོ་སྡེ་བ་གང་ཡིན་ཀྱང་དབང་པོ་རྣོ་བས་ནི། གཟུགས་ཀྱི་ཆོས་ལས་དཔགས་ནས་ཀུན་མཐུན་པར་རྟོགས་ཆོག་ལ། དབང་པོ་རྟུལ་བས་གང་བསྟན་པ་དེ་ལས་གཞན་མི་ཤེས་སོ། །གང་ལྟར་ཡང་ཉན་ཐོས་བྱེ་མདོ་གཉིས་ཀའི་རྡུལ་དང་སྐད་ཅིག་བདེན་པར་ཁས་ལེན་པར་འདྲ་བ་ཡིན་པས་ན། རང་བཞིན་དུ་རྟོགས་རིགས་ཀྱི་ཐད་ནས་བདག་མེད་ཙམ་དུ་རྟོགས་པར་མཐུན་པས་གཉིས་ཀས་ཀྱང་ཕུང་པོའི་འཛིན་པ་སྟོང་པར་རྟོགས་དགོས་ཏེ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཀྱང་ནི་སྐྱེ་བར་འགྱུར། །ཞེས་པ་དང་། དངོས་པོ་གཅིག་བདག་མེད་དུ་རྟོགས་ན་ཀུན་བདག་མེད་དུ་རྟོགས་དགོས་པར། ལངྐར་གཤེགས་པ་ལས། གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །དངོས་པོ་གཅིག་ལ་གང་ལྟ་བ། །དེ་ནི་ཀུན་ལ་ལྟ་བར་བརྗོད། །ཅེས་སོ། །དེ་ཡང་བདག་ཏུ་འཛིན་པའི་ཉེས་པས་འཁོར་བར་འཇུག་པར་ཤེས་ནས་ཆོས་ཐམས་ཅད་བདག་མེད་པར་ལྟ་བ་ལ་རྣོ་རྟུལ་གཉིས་ཀ་སྒོ་གཅིག་ཀྱང་། ཞེས་པའི་ཀྱང་སྒྲས་རྟོགས་རིགས་ལ་རགས་ཕྲ་འམ་ཟབ་ཁྱད་ཡོད་པར་བསྟན་པ་ཡིན། རྟུལ་པོས་ཐམས་ཅད་གཞི་མེད་པ་ཆོས་ཉིད་ལ་སྤྱོད་པའི་སྟོང་པར་མ་རིག་ཅིང་མཚན་འཛིན་གྱི་བློ་ཡོད་པ་ཡིན་པས་ཆོས་ཀྱི་བདག་མེད་མ་རྟོགས་ཞེས་དམན་པ་ལ་དགག་པའི་སྒྲས་བརྗོད་ལ། རྣོན་པོས་རྟེན་འབྲེལ་ཙམ་དུ་ཤེས་པའི་ཆོས་ཉིད་ཡོད་ཀྱང་རྨི་ལམ་གྱི་བདེ་སྡུག་ཙམ་ལའང་སྐྲག་པས་ཞི་བར་མོས་པ་ཤས་ཆེ་བའི་ཕྱིར་རོ། །དེ་ལྟར་མ་རྟོགས་པའམ་ཡང་དག་ཉིད་དུ་མ་རྟོགས་པའི་སྐྱོན་ཡོད་པ་དེས་ན། དམན་པ་དགག་པ་ཙམ་དུ་ལུང་ཁ་ཅིག་ལས་ཆོས་ཀྱི་བདག་མེད་མ་རྟོགས་པར་བཤད་དེ། ལངྐར་གཤེགས་པ་ལས། དགྲ་བཅོམ་པ་དེ་དག་ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལས་བྱུང་བར་མཐོང་བས་མྱ་ངན་ལས་འདའ་བར་སེམས་ཏེ་ཆོས་ཀྱི་བདག་མེད་པར་མ་རྟོགས་པས་མྱ་ངན་ལས་འདས་པ་མེད་དོ་ཞེས་པ་དང་། དྲི་མ་མེད་པའི་མདོ་ལས། སྟོང་པ་ཉིད་ལ་མོས་པའི་ཉོན་མོངས་པ་ཅན་ཉིད་བླའི། ཉན་ཐོས་དང་རང་སངས་རྒྱས་དམིགས་པ་དང་བཅས་པའི་ཉོན་མོངས་པ་མེད་པ་ནི་དེ་ལྟ་མ་ཡིན་ནོ། །དེ་དག་གི་འདུས་མ་བྱས་མངོན་སུམ་དུ་བྱས་ནས་དམིགས་པ་དང་བཅས་པ་ཇི་ལྟར་ལགས་བཀའ་སྩལ་པ། དེའི་འདུས་མ་བྱས་ནི་རྒྱ་མཚོ་ལས་སྐྲའི་རྩེ་མོས་བླངས་པ་ལྟར་ཤིན་ཏུ་ཆུང་ངོ་། །ཞེས་དང་། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཤཱ་རིའི་བུས་སྨྲས་པ། ཉན་ཐོས་སྒྲའི་རྗེས་སུ་འབྲང་བར་རང་གི་རྒྱུད་སྣང་བ་ཉི་ཚེ་བའི་ཡེ་ཤེས་ཀྱིས་རྣམ་པར་གྲོལ་བའི་ཤེས་རབ་དེས་བདག་ཤེས་རབ་ཅན་གྱི་མཆོག་ཏུ་གསུངས་ཀྱི། ཞེས་པ་དང་། གསུངས་པ་ལྟར་དུ་རང་ལམ་གྱི་སྒྲའི་རྗེས་སུ་འབྲངས་བའི་བདག་མེད་དམ་སྟོང་ཉིད་རྟོགས་ཡོད་ཟེར་ཆོག་གོ །དེའི་སྒྲ་ཡང་འཇུག་པས་སོ། །འོད་སྲུངས་ཀྱིས་ཞུས་པའི་མདོ་ལས། དེ་དག་གིས་རྟོགས་པའི་སྟོང་པ་ཉིད་ནི་ཡུངས་འབྲུ་སྲིན་གྱིས་ཟོས་པའི་ནང་གི་ནམ་མཁའ་ལྟར་ཆུང་ངོ་། །ཞེས་པ་དང་། ནམ་མཁའ་ཆེན་པོ་ལྟར་དུ་རྒྱ་མི་ཆེ་རུང་ཡུངས་འབྲུ་སྲིན་གྱིས་ཟོས་པའི་ནམ་མཁའ་ཡང་ནམ་མཁའ་ཡིན་པ་བཞིན་ནོ། །རྒྱུད་བླ་མའི་འགྲེལ་པར། སྤྲིན་མཐོངས་མཁའ་ལ་ཉི་བཞིན་འདིར་ནི་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་ཐམས་ཅད་རབ་ཏུ་མཐོང་མ་ལགས། །ཞེས་བཤད་པ་རྣམས་སོ། །དངོས་པོ་འདི་དག་བདག་མེད་པའི་སྟོང་པར་མ་རྟོགས་པ་མ་ཡིན་ཏེ། རགས་པ་རྡུལ་ཕྲན་ལ་སོགས་པར་རྟོགས་པས་ཀྱང་བདག་མེད་དེ་རགས་པར་འཛིན་པའི་བློ་ཞིག་པས་སོ། །སྤྱིར་ན་སྟོང་པ་དང་བདེན་མེད་གནད་གཅིག་ཡིན་ཅིང་། བདེན་པར་གྲུབ་པར་འཛིན་པའི་བློ་ལྡོག་དགོས་ཤིང་། བདག་དང་ཆོས་སུ་བདེན་པར་བཟུང་བའི་གཟུང་འཛིན་སྣ་ཚོགས་པའི་དབང་གིས་ཉོན་ཤེས་ཀྱི་སྒྲིབ་པར་འབྱུང་ཞིང་། བདག་དང་ཆོས་སུ་འཛིན་པའི་བློ་དེ་ལྡོག་པ་ལ། རགས་པ་ཕྲ་བར་རྟོགས་ཀྱང་བདེན་མེད་ཀྱི་གནད་རྟོགས་པ་ཡིན་པས། དེ་ཉིད་རྟོགས་པ་ལའང་རྟོགས་ཞེས་བའི་ཐ་སྙད་ཐོབ་པ་ཡིན་ཅེས་སོ། །འོན་ཀྱང་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་ཆོས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེའི་ཐབས་ལ་ཞུམ་ཞིང་འཁོར་བའི་ཉེས་པས་སྐྱོ་བའི་ཕྱིར་རོ། །ཉན་རང་ལ་སེམས་ཅན་ཐམས་ཅད་སྡུག་བསྔལ་བ་ལ་སྙིང་རྗེ་བ་མེད་པ་མིན་པར་ཡོད་ཀྱང་། སྡུག་བསྔལ་ལས་བསྐྱབ་རྒྱུ་དེ་བསྒྲུབ་བྱར་མི་བྱེད་པ་ཡིན། ཡུམ་ལས་ཀྱང་། ཉན་ཐོས་ཀྱི་ས་ལ་མྱ་ངན་ལས་འདའ་བར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་པ་དང་། མི་མཉམ་པ་དང་མཉམ་པའི་ལེའུ་འདི་བསྟན་པའི་ཚེ། དགེ་སློང་ལྔ་བརྒྱ་དང་། དགེ་སློང་མ་བརྒྱ་ཕྲག་ཉི་ཤུས་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ཞེས་པ་ལ་སོགས་པ་འདིའི་དོན་ཇི་ལྟར་དྲང་། ཉན་ཐོས་ཀྱིས་སྟོང་ཉིད་གཏན་ནས་མ་རྟོགས་ཞེ་ན་འདི་ཚོ་ཇི་ལྟར་འགྲེལ་ཞེས་པའོ། །དེས་ན་འཁྲུལ་སྣང་བདག་མེད་དུ་རྟོགས་པའི་ཤེས་རབ་བདག་མེད་པ་ཙམ་མཚུངས་ལ། ཕུང་པོ་ལྔ་རགས་པར་སྣང་བ་བསླུ་མེད་མཐོང་ཆོས་སུ་གྱུར་བ་འདི། རགས་པ་ནས་རྡུལ་ཕྲ་རབ་ཀྱི་བར་དུ་བཤིག་དུས། ཕུང་ལྔ་རིལ་བོ་དང་རགས་པར་མེད་པ་རྟོགས་ནུས་ཤིང་། དེ་དུས་དེ་ལ་ང་ཞེས་འཛིན་པ་མིན་ལ། བདག་ཅེས་པ་ཕུང་པོ་ལ་རྟེན་ནས་བཏགས་པ་ཙམ་མ་གཏོགས་རང་གི་ངོ་བོ་ཉིད་མེད་པར་ཤེས་པ་དེས་བདག་འཛིན་ལྡོག་ཐུབ་པ་ཡིན་ནོ། །འཁྲུལ་སྣང་འདིར་ཡུན་རིང་དུ་གནས་ནས་ཞི་བ་ལ་མི་ཤོར་བའི་སེམས་ཅན་གྱི་དོན་རླབས་པོ་ཆེ་ཇི་སྲིད་འཁོར་བའི་གནས་འདི་མ་སྟོང་གི་བར་དུ་བྱེད་པའི་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་མཐའ་གཉིས་ལ་མི་གནས་དང་དེ་དང་མཐུན་པའི་རྣམ་པར་གྲོལ་བ་མཐར་ཐུག་ལ་གནས་པའི་འགྲོས་མྱུར་བུལ་ལ་མི་མཚུངས་པར་ཤེས་པར་བྱའོ། །ཉན་རང་འཕགས་པ་དེ་དག་ཐེག་ཆེན་ཚོགས་ལམ་ཆུང་ངུ་ནས་འཇུག་སྟེ། ཐེག་ཆེན་གྱི་སངས་རྒྱས་ཐེག་ཆེན་རང་ལམ་གྱི་ལམ་ལྔ་དང་རྗེས་སུ་འགྲོ་ལྡོག་གི་འབྲེལ་བ་གྲུབ་དགོས་པའི་ཕྱིར་རོ། །ཉན་རང་འཕགས་པ་ཐེག་ཆེན་ཚོགས་ལམ་དུ་ཞུགས་ན་ཕྱིར་སོར་སྐྱེ་འགྱུར་རམ་ཞེ་ན། འཕགས་པ་སོ་སོ་སྐྱེ་བོར་ཡང་མི་འགྱུར་ཏེ་སྔར་དགྲ་བཅོམ་ཐོབ་པའི་ཕྱིར་རོ། །འོན་ཀྱང་ཐེག་ཆེན་འཕགས་པར་ཡང་མི་འགྱུར་ཏེ། ཐེག་ཆེན་འཕགས་པའི་མཐོང་ལམ་གྱི་སྤངས་རྟོགས་དང་ནུས་པ་མཉམ་པ་མ་ཐོབ་པའི་ཕྱིར། ཐེག་ཆེན་ཚོགས་སྦྱོར་སྒོམ་པའི་ཉན་རང་གི་འཕགས་པ་ཡིན་པའི་ཕྱིར་གྱི་རྟགས་ཀྱི་ཟུར་གཉིས་ཀྱིས་ཐེག་ཆེན་འཕགས་པར་མི་འགྲུབ་སྟེ་ཁྱབ་པ་མེད་དོ། །རྟགས་ཀྱི་ཟུར་གཉིས་ནི། མཐོང་ལམ་གྱི་སྤངས་རྟོགས་ཀྱི་ནུས་པ་མཉམ་པ་མ་ཐོབ་པ་དང་གཅིག འཕགས་པ་ཡིན་ཀྱང་ཐེག་ཆེན་ཚོགས་སྦྱོར་བ་ཡིན་པས་ཉན་རང་འཕགས་པ་ཡིན་པའོ། །གལ་ཏེ་ཁྱབ་པ་ཡོད་ན་ས་དང་པོའི་སེམས་དཔའ་སངས་རྒྱས་སུ་སྤྲུལ་དུས་སངས་རྒྱས་ཡིན་པར་ཐལ། འཕགས་པ་ཡིན་ལ་སངས་རྒྱས་སུ་སྣང་བའི་ཕྱིར་རོ་ཞེས་པ་དང་མཚུངས་སོ། །འདི་དག་གི་རྣམ་གཞག་རྒྱས་པར་ཁོ་བོའི་བསྟན་བཅོས་རིན་ཆེན་ཐེམ་སྐས་སུ་བལྟ་བར་བྱའོ། །ཀུན་གཞི་མེད་པ་དགག་པ་ཡང་། ཚོགས་དྲུག་གི་རྣམ་ཤེས་དྲུག་པོ་རེས་མོས་ཉིད་དུ་ཁ་དོག་ལྔ་རེ་མོས་དང་མཚུངས་ཤིང་། ཐ་སྙད་དུ་ཀུན་གཞི་རྣམ་ཤེས་མེད་པ་ནི་མི་རུང་སྟེ། འཁོར་བར་འཇུག་པར་མི་རུང་བ་དང་། ལྡོག་པར་མི་རུང་བ་དང་། ཆད་ནས་འབྱུང་བར་མི་རུང་བའི་ཕྱིར་རོ། །དང་པོ་ནི། དུས་རྟག་ཏུ་རྒྱུན་ཆགས་སུ་འཇུག་པའི་ཀུན་གཞི་མེད་ན་འཁོར་བར་ལུས་ལེན་པ་མེད་པར་ཐལ་ཏེ་བག་ཆགས་ཀྱི་རྟེན་མེད་པའི་ཕྱིར་དང་། མེར་མེར་པོའི་དུས་ན་གཟུགས་མཐོང་བ་དང་། རྟོག་པ་ལ་སོགས་པའི་ཚོགས་དྲུག་མེད་པའི་ཕྱིར་རོ། །ཀུན་གཞིའི་རྣམ་ཤེས་མེད་ན་དེའི་རྗེས་ཀྱི་འཇུག་ཤེས་རྣམས་ས་བོན་མེད་པ་ལས་སྐྱེས་པའི་མྱུ་གུ་ལྟར་དུ་ཀུན་གཞི་མེད་ན་ཉོན་མོངས་པའི་ཀུན་ཉོན་འབྱུང་ལུགས་མེད་དོ། །ཀུན་གཞི་མེད་ན་འཁོར་བ་ལས་ལྡོག་པར་མི་རུང་བ་ནི། ཤེས་པ་རྫས་གཅིག་གི་སྟེང་དུ་ཉོན་མོངས་པ་སྤང་བྱ་སྤོང་བྱེད་གཉིས་མེད་པའི་ཕྱིར་ཏེ། སྒོ་ལྔའི་རྣམ་ཤེས་ནི་འཕགས་པའི་ལམ་ལ་མཉམ་པར་བཞག་དུས་འགགས་པས་སོ། །རྒྱུན་ཞུགས་ཀྱིས་མཐོང་སྤང་སྤོང་བའི་གནས་སྐབས་ན། སྒོ་ལྔའི་རྣམ་ཤེས་ཐམས་ཅད་འགག་ནས་མེད་པའི་སྐབས་སུ། ཀུན་གཞིའི་རྣམ་ཤེས་མེད་པ་ཡིན་ན། སྒོམ་སྤང་གི་ཉོན་མོངས་དང་ཉེ་ཉོན་གྱི་ས་བོན་ཡོད་པར་མི་རུང་སྟེ། ཉོན་མོངས་པའི་ས་བོན་གནས་ས་མེད་ཅིང་། རྣམ་བྱང་དང་ཉོན་མོངས་པ་ངོ་བོ་ཉིད་ཀྱིས་འགལ་བ་ཡིན་པས་ལྷན་ཅིག་ཏུ་འབྱུང་ཞིང་ལྷན་ཅིག་ཏུ་འགག་པ་མི་རུང་པས་སོ། །ཆད་ནས་འབྱུང་བ་མི་རུང་བ་ནི། བརྒྱལ་བ་ལ་སོགས་པའི་རྗེས་ལ་ཚོགས་དྲུག་འབྱུང་བས་ན། ཚོགས་དྲུག་སྔ་མ་ལས་མི་འབྱུང་སྟེ། འགགས་ནས་རིང་ཞིག་བར་དུ་ཆོད་པའི་ཕྱིར་རོ། །ལུས་ཀྱང་མི་འབྱུང་སྟེ། ཉེར་ལེན་གྱི་ཤེས་པ་མིན་པའི་ཕྱིར་རོ། །ལངྐར་གཤེགས་པ་ལས། རྣམ་པར་ཤེས་པ་ཡིད་ལས་བྱུང་། །ཡིད་ནི་ཀུན་གཞི་ལས་བྱུང་སྟེ། །ཀུན་གཞི་ལས་ནི་སེམས་ཀུན་ཡང་། །དབའ་རླབས་བཞིན་དུ་འབྱུང་བར་འགྱུར། །ཞེས་པ་དང་། དགོངས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོགས་པར་འགྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་པ་དང་། ཉན་ཐོས་ཀྱིའང་གཅིག་ལས་འཕྲོས་པའི་ལུང་དེ་བཞིན་གཤེགས་པའི་ཕན་ཡོན་བཞི་བསྟན་པའི་མདོ་ལས། སྐྱེ་དགུ་ཀུན་གཞི་ལ་དགའ་བ་ཀུན་གཞི་ལ་ཀུན་ཏུ་དགའ་བ་ཀུན་གཞི་ལས་ཡང་དག་པར་འབྱུང་བ། ཀུན་གཞི་ལ་མངོན་པར་དགའ་བ་ཅན་དག་ལ་ཀུན་གཞི་སྤང་བར་བྱ་བའི་ཕྱིར་ཆོས་བསྟན་ན་ཉན་པར་འདོད་དོ། །ཞེས་པ་བཞིན་ནོ། །རྟེན་ཀུན་གཞི་མེད་ན་རྒྱུན་ཆགས་སུ་འཇུག་པ་མེད་པའི་ཕྱིར། འཁོར་བར་ལུས་ལེན་པ་དང་། འཁོར་བ་ལས་ལྡོག་པ་མི་རུང་སྟེ། བག་ཆགས་ཀྱི་རྟེན་མེད་ལ་སོགས་ཀྱི་ཕྱིར་དང་། ཚོགས་དྲུག་འགགས་པའི་སེམས་མེད་ཀྱི་རྗེས་ནས་ཡང་སེམས་འབྱུང་བར་མི་རིགས་ཏེ། རྒྱུན་ཆད་ཅིང་ཉེར་ལེན་མེད་པའི་ཕྱིར་དང་། གཞན་ཡང་སྣང་བ་ཐམས་ཅད་སེམས་སུ་དངོས་སྟོབས་ཀྱི་རིགས་པས་འགྲུབ་པ་ན། བག་ཆགས་ཀྱི་རྟེན་ནི་ཉི་ཚེ་བའི་ཤེས་པས་མི་རུང་བས། ཐུན་མོང་གི་རྟེན་ཀུན་གཞི་ཡོད་པར་ཤེས་པར་བྱའོ། །ཐེག་ཆེན་མེད་པ་དགག་པ་ལ་གསུམ་སྟེ། སྒྲུབ་བྱེད་མེད་པ་དང་། གནོད་བྱེད་ཡོད་པ་དང་། ཚུལ་མཚུངས་པའོ། །དང་པོ་ནི། ཐེག་ཆེན་གྱི་ཆོས་བསྟན་པ་འདུས་བྱས་མི་རྟག་པ་དང་མི་འགལ་བ་ཡིན་ཏེ། ལོངས་སྐུ་མཚན་གཞིར་བཞག་ནས་བཤད་ཡོད་པར། ལོངས་སྐུ་འདུས་བྱས་མ་ཡིན་པའི་ཕྱིར་ཡང་མ་གྲུབ་པ་ཡིན་ཏེ། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་སོ། །རྟག་དང་མི་རྟག་གི་མཐའ་ལས་འདས་པ། རྟག་པ་དམ་པ་ཁ་སྦྱོར་ཡན་ལག་བདུན་གྱི་བདག་ཉིད་ཅན་ཡིན་པས་སོ། །ཁ་ཅིག་ནི། རྫས་མི་རྟག་པའམ་སྐད་ཅིག་གི་ཕྲེང་བ་ཡིན་ལ། ལོངས་སྐུ་དེ་ཉིད་རྒྱུན་རྟག་པར་འདོད་པས་བསོད་ནམས་ལས་འདུས་བྱས་པར་འདོད་པ་ནི། ཐེག་ཆེན་ལ་བློ་ཁ་མ་ཕྱོགས་པར་ཟད་དོ། །ལོངས་སྤྱོད་རྫོགས་སྐུ་དེ་ཉིད་ཉོན་ཡིད་གནས་གྱུར་ནས་མཉམ་ཉིད་ཡེ་ཤེས་སུ་གྱུར་བ་དང་། ཡེ་ཤེས་གནས་གྱུར་ནས་སོར་རྟོག་ཡེ་ཤེས་སུ་འགྱུར་བས། དེ་ལྟ་བུའི་ཁྱད་པར་གང་ཞིག་དེ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་རྫོགས་པར་འཛད་པ་ཞིག་ལ་གོ་བའོ། །དེའང་སྙིང་པོའི་ཁམས་ལ་ངོ་བོ་གཅིག་པའི་ཡོན་ཏན། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན་འགྱུར་བ་མེད་པའི་སྔ་ཕྱི་མེད་པ་ལ་གློ་བུར་པའི་ཉོན་ཤེས་ཀྱི་སྒྲིབ་པའི་དྲི་མ་ལམ་ཚོགས་གཉིས་ཀྱིས་བསལ་བས་འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་མངོན་དུ་གྱུར་པར་བྱས་པ་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་མིན་པར་རྒྱུས་བསྐྱེད་པར་བརྟགས་ཀྱང་ཡིན་པ་ནི་བྲལ་རྒྱུ་ཡིན་ཏེ། མདོ་སྡེ་རྒྱན་ལས། སྔ་མ་ཕྱི་མར་ཁྱད་མེད་ཀྱང་། །དེ་བཞིན་ཉིད་ནི་དག་གྱུར་པ། །ཞེས་པ་ལ་སོགས་པས་གསལ་ལོ། །དེ་ལྟར་ན་དེ་བས་ཀྱང་རྟག་དངོས་སུ་འགྱུར་སྙམ་ན་མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་ཐམས་ཅད་ལས་གྲོལ་བ་དེ་བཞིན་གཤེགས་པའི་ཡེ་ཤེས་གཟིགས་པ་དག་པའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་འཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱི་ཡང་བསམ་བྱ་མིན། །ཞེས་སོ། །ལོངས་སྤྱོད་རྫོགས་སྐུ་དངོས་ནི་ས་བཅུ་བའི་བྱང་ཆུབ་སེམས་པ་རྣམས་ཀྱིས་ཀྱང་སྤྱོད་ཡུལ་དུ་མ་གྱུར་པ་ཡིན་པའོ། །དངོས་པོ་ལས་གྲོལ་ཡང་། དངོས་མེད་ལས་ཀྱང་གྲོལ་དུས་བདག་མེད་དང་འགལ་ལོ་སྙམ་ན་མི་འགལ་ཏེ། བྲལ་གཞི་བདེ་གཤེགས་སྙིང་པོ་ནི་གློ་བུར་བའི་ཆོས་ཀྱིས་སྟོང་ཞིང་། བྲལ་བྱ་ཀུན་གཞི་སྒྲིབ་པ་སྐད་ཅིག་གི་ཕྲེང་བ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་དང་མི་འགལ་ཏེ་སྤྱིར་ཟག་པ་དང་བཅས་པ་མིན་ཅིང་། སྡུག་བསྔལ་སྲབ་པ་ལ་བདེ་བར་ཁྱེད་ཀྱང་འདོད་པའི་ཕྱིར་རོ། །ཞི་བ་དང་མི་འགལ་ཏེ་ཁྱེད་ཀྱི་འདོད་པ་ལྟར་དུ་དགྲ་བཅོམ་གཏན་གྱི་མྱང་འདས་མ་ཡིན་ཞིང་། འཁོར་བའི་སྡུག་བསྔལ་རགས་པ་ཙམ་ཞིག་ཞི་བའི་ཕྱིར་དང་། ཁོ་བོ་ཅག་ཐེག་ཆེན་པས་ནི། སངས་རྒྱས་ཆོས་སྐུ་ལ་བྱེད་ལ། ཆོས་སྐུ་ནི་དག་པ་གཉིས་ལྡན་ཆོས་དབྱིངས་ཤིན་ཏུ་རྣམ་དག་གི་རང་བཞིན་ལས་ཐམས་ཅད་དུ་ཐ་དད་མེད་པར་གཅིག་ཏུ་མཉམ་པ། གཟུགས་སྐུ་གཉིས་ཀྱི་རྟེན་ནམ་གཞིར་གྱུར་བ་དེ་ཉིད་ལ་ཆོས་སྐུར་ངོས་འཛིན་པས། ཁྱེད་ཀྱང་འགོག་པ་མངོན་དུ་བྱས་པ་ཞིག་ལ་མྱ་ངན་ལས་འདའ་བར་མི་འདོད་པའི་ཕྱིར་རོ། །སྡེ་སྣོད་དག་དང་ཡང་མི་འགལ་ཏེ། མི་ནག་མདུང་ཐུང་ཅན་བསད་པ་ལྟ་བུའི་དགོས་པ་ཆེན་པོའི་ངོར་དགག་བྱ་ཆུང་ངུ་གནང་བའི་ཕྱིར་དང་། ཉོན་མོངས་པ་དང་མི་ཤེས་པ་ཡིས་བསླད་པའི་དགག་བྱར་ཤེས་རབ་ཀྱི་ཁྱད་པར་གྱི་དབང་དུ་བྱས་པས་བྱང་ཆུབ་སེམས་དཔའ་རྣམས་རྣམ་པར་ཀུན་ཏུ་དེ་ལྟ་བུ་ལ་མི་སྤྱོད་པའི་ཕྱིར་དང་། ལས་འབྲས་དང་མི་འགལ་ཏེ། སྒྲིབ་གཉིས་མ་བྱང་གི་བར་དུ་ལས་རང་ཟད་དུ་འགྱུར་བ་ཐེག་ཆེན་ཡང་མི་འདོད་པའི་ཕྱིར་རོ། །གནོད་བྱེད་ཡོད་པ་ནི། ཐེག་ཆེན་གྱི་ཆོས་མེད་ན་སངས་རྒྱས་འབྱུང་མི་སྲིད་དེ་གཞན་དོན་དུ་སྙིང་རྗེ་ཆེན་པོ་ལ་སོགས་པ་ཉན་ཐོས་ཀྱི་ཆོས་ལ་མེད་ལ། དམན་ལ་དགག་པའི་སྒྲ་སྦྱར་ནས་ཉན་ཐོས་ལ་སྙིང་རྗེ་མེད་པ་གསུངས་ཀྱི། སྤྱིར་སོ་སོའི་སྐྱེ་བོ་དང་ཉན་རང་ལ་སྙིང་རྗེ་ཡོད་ཀྱང་། དེ་མི་བསྙམ་པའི་ཕྱིར་སྙིང་རྗེ་ཆེན་པོ་མིན་ཅིང་། བྱང་ཆུབ་སེམས་པའི་སྙིང་རྗེ་ནི་ཡོངས་ལ་བསྙམས་པ་ཞིག་ཡིན་ཅིང་། བསྙམས་ལུགས་ཀྱང་ཚོར་བ་བདེ་སྡུག་བཏང་སྙོམས་ཐམས་ཅད་དང་ལྡན་པ་ལ་སྙིང་རྗེ་ཡོད་པ་དང་། ཡོད་ས་དེ་ཡང་སྲིད་རྩེ་ནས་མནར་མེད་ཀྱི་བར་གྱི་སེམས་ཅན་ཐམས་ཅད་ལ་བསྙམས་པ་ཡིན་པའོ། །བྱང་ཆུབ་སེམས་པའི་སྙིང་རྗེ་དེ་སོ་སྐྱེ་དང་ཉན་རང་གི་སྙིང་རྗེ་ལྟ་བུ་རྒྱུན་ཆད་པ་ཞིག་མིན་པར་སློབ་པ་ལམ་གྱི་གནས་སྐབས་ནས་རྒྱུན་ཆགས་པར་འབྱུང་བ་དང་། དེས་མ་ཚད་ཕུང་པོ་ལྷག་མེད་མྱ་ངན་ལས་འདའ་བའི་དབྱིངས་སུ་ཞུགས་ཀྱང་ཟད་རྒྱུ་མེད་པ་རྟག་པའི་སྙིང་རྗེ་ཡིན་པས་ན་སྙིང་རྗེ་ཆེན་པོ་ཞེས་སོ། །འཇུག་པ་ལས་ཀྱང་། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདི། །ས་བོན་དང་ནི་སྤེལ་ན་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་འདོད་གྱུར་པ། །ཞེས་པ་ལྟ་བུ་ཡིན་ཅིང་། ཡོན་ཏན་སྙིང་རྗེ་ལ་སོགས་པ་ནི་ཉན་ཐོས་ཀྱི་ཆོས་ལ་མེད་པས་སངས་རྒྱས་ཀྱི་རྒྱུ་མ་ཚང་བའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། མ་ཚང་བ་དང་འགལ་བ་དང་། །ཐབས་མིན་དེ་ལྟར་མི་སྟོན་ཕྱིར། །ཉན་ཐོས་ཀྱི་ནི་ཐེག་པ་འདི། །ཐེག་ཆེན་ཆོས་ཞེས་བྱ་བ་མིན། །ཞེས་སོ། །ཚུལ་མཚུངས་པ་ནི། ཐེག་ཆེན་བཀའ་མ་ཡིན་ན་ཁྱེད་ཀྱི་ལུང་སྡེ་བཞི་མདོ་སྡེ་དང་བཅས་པའང་བཀའ་མ་ཡིན་པར་མཚུངས་སོ། །ངེད་ཀྱི་ལུང་ཁྱེད་ཀྱིས་ཀྱང་ཁས་ལེན་པས་མཐུན་ལ། ཁྱེད་ཀྱི་ལུང་ངེད་ཀྱིས་ཁས་མི་ལེན་པས་མ་ཡིན་ནོ་ཞེ་ན། མཐུན་སྣང་གཅིག་ཏུ་མ་གྲུབ་པས་བཀའ་མ་ཡིན་པར་སྒྲུབ་ཐུབ་པ་ཡིན་ན། ཁྱེད་ཀྱི་ལུང་འདི་དག་ཕྱི་རོལ་པ་དང་མཐུན་སྣང་དུ་མ་གྲུབ་པས་བཀའ་མ་ཡིན་པར་ཐལ་ལོ། །ངེད་ཀྱི་ཉན་ཐོས་ཀྱིས་མ་ཐོས་པའི་ཕྱིར་བཀའ་མ་ཡིན་ནོ་ཞེས་པའང་མི་འཐད་དེ། རབ་འབྱོར་ལ་སོགས་པ་ཡོད་པས་ཐོས་པའི་ཕྱིར་རོ། །ཐེ་ཚོམ་ཟ་བ་ཡིན་པས་བཀའ་མ་ཡིན་ནོ་ཞེ་ན། སངས་རྒྱས་ཀྱི་གསུང་ཐམས་ཅད་བཀའ་མ་ཡིན་པར་ཐལ་ཏེ། བདུད་དང་མུ་སྟེགས་བྱེད་དེ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །སྤྱོད་འཇུག་ལས། གལ་ཏེ་ཐེག་ཆེན་བཀའ་མིན་ན། །སྐྱོན་ནི་ཁྱེད་ཅག་ལ་ཡང་མཚུངས། །ཞེས་སོ། །ཐེག་ཆེན་གྱི་བཀའ་ཐམས་ཅད་སྡེ་སྣོད་གསུམ་དང་ཕྱག་རྒྱ་བཞིའི་དོན་སོགས་དང་འགལ་བ་མེད་པར་མ་ཟད། འོག་མའི་བསྟན་དོན་ལས་ཕུལ་དུ་བྱུང་བར་གྲུབ་པ་དང་། ཐེག་དམན་ལ་འཚང་རྒྱ་བའི་ལམ་གྱི་རྣམ་པ་མ་ཚང་བའི་ཕྱིར་དང་། ཐེག་ཆེན་ན་ཚང་ཞིང་ལམ་འབྲས་མཆོག་ཏུ་གྱུར་པར་རིགས་པས་གྲུབ་པའི་ཕྱིར་ཐེག་པ་ཆེན་པོ་ཡོད་པར་འགྲུབ་བོ། །ས་བཅུ་མེད་པ་དགག་པ་ནི། ས་བཅུ་མ་ཐོབ་པར་སོ་སོ་སྐྱེ་བོའི་སར་ཚེ་དང་ལས་དང་ཡེ་ཤེས་ལ་སོགས་པའི་དབང་རྣམས་མ་ཐོབ་པས་སོ་སོའི་སྐྱེ་བོའི་ས་ལས་ཚོགས་ཅུང་ཟད་ལས་མི་རྫོགས་པའི་ཕྱིར། འཕགས་པའི་ས་མཐོང་སྒོམ་དུ་གསོག་ན་ཚོགས་ཆེན་མྱུར་དུ་འདུམ་པའི་ཐབས་ཡིན་པས་ན་དེ་ཉིད་འཐད་དོ། །སོ་སྐྱེ་ས་ནས་ཉོན་མོངས་མ་སྤངས་ན་ལམ་ལ་བར་ཆད་མང་བས་བར་ཆད་དུ་འགྱུར་བའི་ཕྱིར་རོ། །ཆོས་སྦས་པའི་གཞུང་ལས། གང་ཚེ་མར་མེ་མཛད་ཀྱིས་ང་། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་ཐོབ་གྱུར་ཅིང་། །དབང་བཅུ་དག་ཀྱང་ཐོབ་པར་འགྱུར། །ཞེས་འབྱུང་བ་བཞིན་ནོ། །སོ་སོའི་སྐྱེ་བོའི་ས་ལ་དབང་རྣམས་མ་ཐོབ་པས་ཚོགས་མཐའ་དག་རྫོགས་མི་ནུས་ལ། ཉོན་མོངས་དང་བཅས་པས་ལམ་ལ་བར་ཆད་མང་བས་ན། འཕགས་ལམ་ཐོབ་ནས་ཀྱང་ཚོགས་བསགས་པར་འཐད་ཅིང་། སྤང་བྱ་སྒྲིབ་པ་བཅུའི་གཉེན་པོ་ས་བཅུའི་ཡེ་ཤེས་རིམ་གྱིས་སྐྱེ་བ་ལ་འགལ་བ་མེད་ཅིང་སྒྲུབ་བྱེད་ཡོད་པའི་ཕྱིར་རོ། །སངས་རྒྱས་རང་རྒྱུད་པ་དགག་པ་ནི། སངས་རྒྱས་ནི་རྣམ་སྨིན་དང་བཅས་པའི་གང་ཟག་རང་རྒྱུད་པ་ཡིན་པར་འདོད་པ་དེ་ལྟར་ཡིན་ན་ཐུབ་པ་ཉིད་སངས་རྒྱས་མ་ཡིན་པར་ཐལ། ཀླད་ནད་ལ་སོགས་པ་རྣམ་པར་སྨིན་པའི་སྒྲིབ་པ་མ་སྤངས་པའི་ཕྱིར་དང་། ལྷག་སྤྱོད་དང་རིང་འཕུར་ལ་དྲིས་པས་མ་རིག་པ་མ་སྤངས་པའི་ཕྱིར་དང་། འདས་ནས་འགྲོ་དོན་རྒྱུན་ཆད་པ་ན་ཐུགས་རྗེ་མེད་པའི་ཕྱིར་རོ། །སྒྲིབ་པ་དང་མ་རིག་མ་སྤངས་ཤིང་འདས་ནས་འགྲོ་དོན་རྒྱུན་ཆད་ན། ཐུགས་རྗེ་མེད་པ་སོགས་ཉི་ཚེ་བའི་གང་ཟག་དེ་ལྟ་བུའི་ཐམས་ཅད་མཁྱེན་པ་ནི་མི་འཐད་ལ། འོད་གསལ་བའི་སྙིང་པོ་དྲི་མ་མཐའ་དག་གིས་དག་པ་མངོན་དུ་གྱུར་ཏེ་སངས་རྒྱས་པའི་ཚེ་སྤྲུལ་བའི་རྣམ་འཕྲུལ་གདུལ་བྱ་འདུལ་བའི་དབང་གིས་སྣ་ཚོགས་སུ་སྣང་ན་ཡང་རང་རྒྱུད་པའི་ཚུལ་དུ་མེད་པར་གྲུབ་བོ། །འདི་ནས་གོ་དོན་གྱི་སྙིང་པོ་མན་ངག་གི་གནད་དུ་བསྡུས་ནས་གདམས་པ་གནང་བ་སྟེ། ཚུལ་འདིས་རང་སྡེའི་ཐེག་ཆེན་པར་ཁས་འཆེ་བ་འགས་ཀྱང་ཀུན་གཞི་གཏན་མེད་དུ་འདོད་པ་དང་། ཉན་ཐོས་སངས་མི་རྒྱ་བར་འདོད་པ་དང་། ནང་གི་རྟོགས་པ་འཕགས་པ་དང་མཉམ་ཡང་ཕྱིར་རོལ་དུ་སའི་ཡོན་ཏན་མེད་ལ། འོན་ཀྱང་ཡོན་ཏན་མེད་བཞིན་དུ་འཕགས་པའི་ཆོས་ཐོབ་པར་འདོད་པ་དང་། ཤི་ནས་ཐོད་པ་བོར་ཆོག་ལས་གཞན་དུ་སྤྲུལ་བ་མི་འབྱུང་བར་འདོད་པ་རྣམས་ཀྱང་ཞོར་དུ་ཁེགས་པ་ཡིན་ནོ། །གཉིས་པ་བྱེ་བྲག་ལ་བསྟན་བཤད་གཉིས། དང་པོ།

བྱེ་བྲག་ཏུ་བཤད་པ་མདོར་བསྟན་པ།

ད་ནི་ཉན་ཐོས་ཀྱི་གྲུབ་མཐའ་སོ་སོའི་རང་བཞིན་རྒྱས་པར་བསྟན་པ་ནི། སོ་སོའི་རང་བཞིན་རྣམ་པ་གཉིས་ཉིད་དེ། །བྱེ་བྲག་པ་དང་མདོ་སྡེ་སྤྱོད་པའོ། །ཞེས་གསུངས་ཏེ། ཕྱོགས་སྔའི་སྡེ་བ་སོ་སོའི་འདོད་པ་ཇི་ལྟར་བྱུང་བའི་ཁུངས་གསུངས་པ་སྟེ། དེ་ཡང་མདོ་སྡེ་ནི་སངས་རྒྱས་ཀྱིས་གདུལ་བྱ་དབང་པོ་རྣོན་པོ་བྱང་ཆུབ་ཉེ་བ་ལ་དགོངས་ནས་དགོངས་པ་སྣ་ཚོགས་ཀྱིས་བསྟན་པས། འུ་ཅག་བློ་དམན་པ་ཚུ་རོལ་མཐོང་བ་རྣམས་ཀྱིས་མི་རྟོགས་ཤིང་ཤིན་ཏུ་ལྐོག་གྱུར་གྱི་རིགས་འདི་དག་གཏན་ལ་མི་ཕེབས་ཏེ། རེ་ཞིག་ཡིད་ཆེས་པའི་ལུང་ཙམ་མོ། །དེའི་དགོངས་པ་ཇི་ལྟར་ཡིན་པ་རྟོགས་ནས་གཏན་ལ་ཕབ་པ་ནི་བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོ་ཡིན་པས། དེ་ཇི་ལྟ་བ་བཞིན་ཚད་མར་ཁས་བླང་ངོ་ཟེར་ནས་དེའི་རྗེས་སུ་ཞུགས་པ་ནི། བྱེ་བྲག་ཏུ་སྨྲ་བ་ཡིན་ལ། ཡང་བསྟན་བཅོས་ནི་གང་ཟག་གིས་བྱས་པ་ཡིན་པས་རང་གི་རྟོག་པས་བསླད་ནས་དྲང་པོའམ་གཟུ་བོར་མ་སྦྱར་བའང་སྲིད་པས་དེ་ཚད་མར་འཛིན་མི་རུང་བས་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་སྤྱན་རྒྱས་པ་ཐུབ་པ་ཉིད་ཀྱིས་གསུངས་པའི་མདོ་ཚད་མར་བཟུང་ངོ་། །ཞེས་དེའི་རྗེས་སུ་འབྲང་བ་ལ་མདོ་སྡེ་པ་ཞེས་བྱའོ། །གཉིས་པ་ལ། བྱེ་སྨྲ་དང་། མདོ་སྡེ་པ་གཉིས། དང་པོ།

བྱེ་བྲག་སྨྲ་བའི་གྲུབ་མཐའ་བསྟན་པ།

དེ་ལ་དང་པོ། བྱེ་བྲག་སྨྲ་བས་ཤེས་བྱ་གཞི་ལྔ་སོགས། །རྣམ་བདུན་གཞུང་གི་དོན་རིག་ཡང་དག་མིན། །ཅེས་གསུངས་ཏེ། དང་པོ་བྱེ་བྲག་ཏུ་སྨྲ་བ་ལ་གྲུབ་པའི་མཐའ་མང་ཡང་གཙོ་ཆེ་བ་བདུན་འདོད་དེ། ཤེས་བྱའི་གཞི་ལྔ། འཇིག་པ་དོན་གཞན། དུས་གསུམ་རྫས་གྲུབ། བརྗོད་མེད་ཀྱི་བདག ཤེས་པས་རང་དང་ཡུལ་མི་རིག་པ། མཚན་མཚོན་ཐ་དད། ཆུད་མི་ཟ་བའི་རྫས་སོ། །དང་པོ་ནི། ཤེས་བྱ་ཐམས་ཅད་གཞི་ལྔར་ངེས་ཏེ། གཟུགས། སེམས། སེམས་བྱུང་། མི་ལྡན་པའི་འདུ་བྱེད། འདུས་མ་བྱས་སོ། །དེ་ལ་གཟུགས་ཀྱི་གཞི་ནི། གཟུགས་སུ་རུང་བའི་མཚན་ཉིད་ལ། དབྱེ་ན་རྒྱུའི་གཟུགས་བཞི། འབྲས་གཟུགས་བཅུ་གཅིག་བསྡོམས་པས་བཅོ་ལྔ་ཡོད་དེ། མཛོད་ལས། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་སོ། །རྒྱུའི་གཟུགས་ས་ཆུ་མེ་རླུང་བཞིའོ། །འབྲས་གཟུགས་བཅུ་གཅིག་ནི། མིག རྣ་བ། སྣ། ལྕེ། ལུས་ཀྱི་དབང་པོ་དང་ལྔ། གཟུགས། སྒྲ། དྲི། རོ། རེག་བྱ་སྟེ་ཡུལ་ལྔ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །དེ་ཉིད་ནི་བསྟན་དུ་མེད་ལ། ཐོགས་པ་མེད་པའོ། །དེ་ཡང་ཡུལ་ལ་གཡེང་བ་དང་། སེམས་མེད་པའི་སྙོམས་འཇུག་ལའང་དགེ་བ་རྒྱུན་ཆགས་སུ་འབྱུང་བའི་སྡོམ་པ་དང་། མི་དགེ་བ་རྒྱུན་ཆགས་སུ་འབྱུང་བ་སྡོམ་པ་མ་ཡིན་པ་དང་། བར་མའི་དགེ་མི་དགེ་རྒྱུན་ཆགས་པར་འབྱུང་བར་ངེས་པ་སྟེ། མཛོད་ལས། གཡེང་དང་སེམས་མེད་པ་ཡི་ཡང་། །དགེ་དང་མི་དགེ་རྗེས་འབྲེལ་གང་། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། དེ་ནི་རྣམ་རིག་བྱེད་མིན་བརྗོད། །ཅེས་དང་། རྣམ་རིག་མིན་རྣམས་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །ཞེས་སོ། །གཟུགས་ཀྱི་གཞི་འདི་ལ་བསྟན་ཡོད་ཐོགས་བཅས་ཀྱི་གཟུགས། བསྟན་མེད་ཐོགས་བཅས་ཀྱི་གཟུགས། བསྟན་མེད་ཐོགས་མེད་ཀྱི་གཟུགས་དང་གསུམ་དུ་ཡོད་པ་ལས། བསྟན་ཡོད་ཐོགས་བཅས་ཀྱི་གཟུགས་ནི། ས་ཆུ་མེ་རླུང་གི་རྡུལ་ཕྲན་ཆ་མེད་རྣམས་སྐོར་བ་བར་དང་བཅས་པ་འདུས་པ་ལས་རགས་པར་གྲུབ་པ་ཀ་བུམ་སོགས་ཀྱི་གཟུགས་ལྟ་བུ་དང་། བསྟན་མེད་ཐོག་བཅས་ཀྱི་གཟུགས་ནི། དབང་རྟེན་མིག་སོགས་མཐོང་བྱ་འདིའི་ནང་ན་ཤིན་ཏུ་དྭངས་པ་ཉི་འོད་ལྟར་ཡོད་པ་ཕལ་པས་དབང་པོས་གཟུང་དུ་མེད་ཀྱང་ཐོགས་བཅས་སུ་འདོད་པ་དེ་དང་། བསྟན་མེད་ཐོགས་མེད་རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས། སྡོམ་སྡོམ་མིན་བར་བ་སྡོམ་རྣམས་ཏེ་དེ་གསུམ་ཙམ་གསུངས་ཀྱང༌། གཟུགས་བརྙན་ལ་བསྟན་ཡོད་ཐོགས་མེད་ཀྱི་གཟུགས་ཀྱི་ཐ་སྙད་ཙམ་འདོགས་རུང་བར་མངོན་ནོ། །སེམས་ཀྱི་གཞི་ནི་དོན་ཙམ་རིག་པ་སྟེ། མིག་གི་རྣམ་ཤེས་ལ་སོགས་པ་ནས་ཡིད་ཀྱི་རྣམ་ཤེས་ཀྱི་བར་གྱི་དྲུག་གོ །བྱེ་སྨྲའི་ལུགས་ལ་མདོ་སྡེ་པ་ལྟར་ཡུལ་ལྐོག་གྱུར་འཛིན་པ་མ་ཡིན་ཏེ། བུམ་སོགས་དངོས་སུ་མཐོང་བས་སོ། །ཡུལ་འཛིན་པའང་མིག་རྣ་བ་ཡིད་གསུམ་གྱིས་བུམ་སོགས་རྒྱང་ན་ཡོད་པ་འཛིན་ལ། སྣ་ལྕེ་ལུས་གསུམ་གྱིས་ནི་ཡུལ་དང་ཕྲད་དུས་ཡུལ་གྱི་རྡུལ་དང་དབང་པོའི་རྡུལ་གྲངས་མཉམ་པར་འཛིན་ཏེ། དེ་ཉིད་ལས། མིག་དང་ཡིད་དང་རྣ་བ་ནི། །ཡུལ་དང་མ་ཕྲད་གསུམ་གཞན་དུ། །སྣ་ལ་སོགས་པ་གསུམ་གྱིས་ནི། །ཡུལ་ནི་མཉམ་པར་འཛིན་པར་འདོད། །ཅེས་སོ། །གཙོ་བོ་སེམས་ཀྱི་གཞི་འདིས་དོན་ཙམ་རིག་པ་ཡིན་ཅིང་། མིག་ཤེས་ལ་སོགས་པ་དྲུག་པོ་འདིས་ཡུལ་རང་ཉིད་རྗེན་ཅེར་དུ་འཛིན་པར་འདོད་དོ། །སེམས་ལས་བྱུང་བའི་གཞི་ནི། དོན་གྱི་ཁྱད་པར་འཛིན་པ་སྟེ། དབྱེ་ན་ལྔ་བཅུ་རྩ་གཅིག་ནི། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ། གཞན་འགྱུར་བཞི་དེ་རྣམས་བསྡོམས་པས་ལྔ་ཅུ་རྩ་གཅིག་ཏུ་འགྱུར་རོ། །རེག་པ་དང་། ཡིད་ལ་བྱེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པ་སྟེ། ཀུན་ཏུ་འགྲོ་བ་ལྔ་དང་། འདུན་པ་དང་། མོས་པ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་སྟེ་ཡུལ་སོ་སོར་ངེས་པ་ལྔ་དང་། དད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་། བག་ཡོད་པ་དང་། བཏང་སྙོམས་དང་། རྣམ་པར་མི་འཚེ་བ་སྟེ། དགེ་བ་བཅུ་གཅིག་དང་། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་སྟེ་རྩ་བའི་ཉོན་མོངས་པ་དྲུག་དང་། ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། སྒྱུ་དང་། གཡོ་དང་། རྒྱགས་པ་དང་། རྣམ་པར་འཚེ་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་པ་དང་། རྒོད་པ་དང་། མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་། ཤེས་བཞིན་མ་ཡིན་པ་སྟེ་ཉི་ཤུ་ཉེ་བའི་ཉོན་མོངས་པ་དང་། གཉིད་དང་། འགྱོད་པ་དང་། རྟོག་པ་དང་། དཔྱོད་པ་སྟེ་གཞན་དུ་འགྱུར་བ་བཞི་དང་བསྡོམས་པས་ལྔ་བཅུ་རྩ་གཅིག་ནི། ཚོར་དང་སེམས་པ་འདུ་ཤེས་དང་། །འདུན་དང་རེག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དང་། །ཏིང་ངེ་འཛིན་སེམས་ཐམས་ཅད་ལའོ། །དད་དང་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྩ་བ་རྣམ་གཉིས་མི་འཚེ་དང་། །བརྩོན་འགྲུས་རྟག་ཏུ་དགེ་ལ་འབྱུང་། །ཞེས་པ་ལ་སོགས་པ་བཞིན་ནོ། །དེ་ཐམས་ཅད་ཀྱང་སེམས་ལས་རྫས་ཐ་དད་ཅིང་། གང་ཟག་གཅིག་ལ་དུས་གཅིག་ཏུ་མིག་ཤེས་གཉིས་མི་སྐྱེ་བ་ལྟར་དུ་དེའི་འཁོར་རེག་པ་ལྟ་བུའང་གཅིག་ལས་མི་སྐྱེ་བ་ཡིན་པས་རྫས་མཚུངས་པའི་ཕྱིར་ན། གནས་སམ་རྟེན་དང་། དམིགས་པ་དང་། རྣམ་པ་དང་། དུས་དང་། རྫས་མཚུངས་པ་ལྔས་སེམས་ཀྱི་རྗེས་སུ་འགྲོ་བ་སྟེ། རེག་པ་དང་མིག་ཤེས་གཉིས་དབང་པོ་གཅིག་ལས་སྐྱེས་པ་དང་། བུམ་པ་ལྟ་བུ་གཅིག་ལ་དུས་གཅིག་དམིགས་པ་དང་། གཉིས་ཀས་ཀྱང་སྔོན་པོར་འཛིན་པ་དང་། རྫས་རེ་རེ་བར་མཉམ་པ་སྟེ། མཛོད་ལས། སེམས་དང་ཡིད་དང་རྣམ་ཤེས་ནི། །དོན་གཅིག་སེམས་དང་སེམས་བྱུང་ནི། །རྟེན་དང་དམིགས་པ་རྣམ་བཅས་དང་། །མཚུངས་པར་ལྡན་པའང་རྣམ་པ་ལྔ། །ཚོར་བ་མྱོང་བ་འདུ་ཤེས་ནི། །མཚན་མར་འཛིན་པའི་བདག་ཉིད་དོ། །འདུ་བྱེད་ཕུང་པོ་བཞི་ལས་གཞན། །ཞེས་སོ། །མི་ལྡན་པའི་འདུ་བྱེད་ནི། ཉི་ཤུ་རྩ་གསུམ་སྟེ། ཐོབ་པ་དང་། འདུ་ཤེས་མེད་པའི་སྙོམས་འཇུག་དང་། འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་དང་། སྲོག་གི་དབང་པོ་དང་། རིགས་མཐུན་པ་དང་། སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པ་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་དང་། སོ་སོའི་སྐྱེ་བོ་དང་། འཇུག་པ་དང་། སོ་སོར་ངེས་པ་དང་། འབྱོར་འབྲེལ་དང་། མགྱོགས་པ་དང་། གོམས་པ་དང་། དུས་དང་། ཡུལ་དང་། གྲངས་དང་། ཚོགས་པའོ། །འདི་ཚོ་བགྲང་བའི་སྐབས་སུ་སྡོམ་བྱས་ན་བདེ་བ་སྟེ། དེ་ཡང་། ཐོབ་དང་མ་ཐོབ་སྐལ་མཉམ་དང་། །འདུ་ཤེས་མེད་དང་དེའི་སྙོམས་འཇུག །འགོག་པའི་སྙོམས་འཇུག་སྲོག་དབང་དང་། །སྐྱེ་གནས་རྒ་དང་མི་རྟག་དང་། །མིང་དང་ཚིག་དང་ཡི་གེའི་ཚོགས། །སོ་སྐྱེ་འཇུག་པ་སོ་སོར་ངེས། །འབྱོར་འབྲེལ་མགྱོགས་དང་གོ་རིམ་དུས། །ཡུལ་དང་གྲངས་དང་ཚོགས་པ་སྟེ། །ཞེས་འདིའི་ཉི་ཤུ་རྩ་བཞི་ཁོ་ནའི་གྲངས་ཀྱིས་ངེས་པ་མེད་པས། འདིས་མཚོན་གཞན་རྣམས་དེ་ལྟར་ཤེས། །གསུངས་སོ། །ལྡན་མིན་འདུ་བྱེད་དེ་ཐམས་ཅད་ཀྱང་གཟུགས་དང་སེམས་དང་སེམས་ལས་བྱུང་བ་གསུམ་ལས་རྫས་ཐ་དད་པའོ། །དཔེར་ན་ཐལ་མོ་དང་ཁུ་ཚུར་ལྟར་གནས་ཀྱི་ལྡོག་རྫས་ཐ་དད་པའོ། །འདུས་མ་བྱས་པའི་གཞི་ནི། རྒྱུ་རྐྱེན་ལས་མ་སྐྱེས་པ་སྟེ། ནམ་མཁའ་དང་། སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་མིན་གྱི་འགོག་པ་སྟེ་འདུས་མ་བྱས་རྣམ་པ་གསུམ་མོ། །དེ་ཉིད་ལས། འདུས་མ་བྱས་ཀྱང་རྣམ་པ་གསུམ། །ནམ་མཁའ་དང་ནི་འགོག་པ་གཉིས། །ཞེས་སོ། །རེག་བྱ་དང་བྲལ་བ་ནམ་མཁའ་དང་། གཉེན་པོས་བཅོམ་ནས་མེད་པ་སོ་སོར་བརྟགས་པས་འགོག་པ། རྐྱེན་མ་ཚང་བས་མ་སྐྱེས་པ་སོ་སོར་བརྟགས་མིན་གྱིས་འགོག་པ་གསུམ་པོ་འདུས་མ་བྱས་ཡིན་པ་སྟེ། དེ་གསུམ་ཆར་རྟག་དངོས་ཀྱི་རྫས་སུ་གྲུབ་པའོ། །འཇིག་པ་དོན་གཞན་ནི་བུམ་པ་འདུས་བྱས་སུ་མཚོན་པའི་མཚན་ཉིད་བཞི་སྟེ། སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པའོ། །དེ་བཞི་འདུས་བྱས་སུ་མཚོན་པ་རྗེས་སུ་མཚོན་པའི་མཚན་ཉིད་བཞི་སྟེ། སྐྱེ་བའི་སྐྱེ་བ། རྒ་བའི་རྒ་བ། གནས་པའི་གནས་པ། འཇིག་པའི་འཇིག་པའོ། །དེ་ལྟར་མཚན་ཉིད་བཞི་དང་རྗེས་སུ་མཐུན་པའི་མཚན་ཉིད་བཞི་དང་བརྒྱད། དེའི་སྟེང་དུ་བུམ་པའི་རྫས་བརྒྱད་དང་། བཅུ་དྲུག་པོ་དེ་མི་རེང་སྟེ་མི་རྡོག་མ་བཅུ་དྲུག་ལང་ནས་གཤིབས་པ་ལྟར། རྫས་ཐ་དད་པར་དུས་གཅིག་ཏུ་རྫས་སུ་གྲུབ་ནས་ཡོད་དོ། །དུས་གསུམ་རྫས་སུ་ཡོད་པ་དེ་ནམ་ཡང་མེད་པ་མི་འགྱུར་བར་འདོད་དེ། དེ་དག་སྐྱེ་བའི་སྐྱེ་ལ་སོགས། །དེ་ཆོས་བརྒྱད་དང་གཅིག་ལ་འཇུག །ཅེས་པ་བཞིན་དུ་འདོད་པའོ། །དེ་ལ་བུམ་པ་སྐྱེ་དུས་རྩ་བའི་སྐྱེ་བ་དང་སྐྱེ་བའི་སྐྱེ་བས་མ་འོངས་པའི་ས་ནས་ད་ལྟར་གྱི་སར་འདྲེན་པའོ། །དེས་ན་བུམ་པ་ལ་སོགས་པ་ཆོས་བརྒྱད་སྐྱེ་བ་ནི་སྐྱེ་བ་གཞན་པ་དེའི་མཐུ་ཡིན་ལ། དེ་སྐྱེ་བ་ནི་སྐྱེ་བའི་སྐྱེ་བའི་མཐུའོ། །དེ་བཞིན་དུ་བུམ་པ་མི་འཇིག་པ་ལ་འཇིག་པ་གཞན་པ་དེས་འཁོར་བརྒྱད་དང་བཅས་པ་འདས་པའི་སར་འཕུལ་བར་བྱེད་པ་སྟེ། མཛོད་ལས། མཚན་ཉིད་དག་ནི་སྐྱེ་བ་དང་། །རྒ་དང་གནས་དང་མི་རྟག་ཉིད། །དེ་དག་སྐྱེ་བའི་སྐྱེ་ལ་སོགས། །དེ་ཆོས་བརྒྱད་དང་གཅིག་ལ་འཇུག །ཅེས་སོ། །བུམ་པ་འདུས་བྱས་སུ་མཚོན་པའི་སྐབས་སུ་སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་སྐྱེད། རྩ་བའི་སྐྱེ་བས་བུམ་པ་དང་མཚན་ཉིད་གཞན་བདུན་དང་བརྒྱད་པོ་བསྐྱེད་པ་ལྟར་དུ་གནས་པ་དང་རྒ་བ་འཇིག་པ་རྣམས་ལ་དེ་ལྟར་དུ་མཚོན་དགོས་སོ། །དེ་ཡང་མཚོན་བྱ་དང་དེའི་མཚན་ཉིད་ཐ་དད་དེ་ཁང་པ་བྱ་རོག་གིས་མཚོན་པ་ལྟར་འདོད་པའོ། །དུས་གསུམ་རྫས་གྲུབ་ནི། དེས་ན་འདས་པའི་དངོས་པོ་བུམ་པ་ཆག་པ་ལ་སོགས་པ་རྣམས་གཏན་མ་ཞིག་པར་རྟག་ཏུ་ཡོད་པ་དང་། མ་འོངས་པའི་དངོས་པོ་ཉི་མ་བདུན་ལ་སོགས་པ་རྣམས་ཀྱང་སྔོན་ནས་རྟག་ཏུ་ཡོད་མོད་ཀྱི། འདས་པ་དང་མ་འོངས་པའི་ས་ན་བསྐལ་པས་མི་མཐོང་ཞིང་ལོངས་སྤྱོད་དུ་མེད་པའོ། །དངོས་པོ་རྣམས་རྟག་ཏུ་ཡོད་ན་དུས་གསུམ་གྱི་ཁྱད་པར་གང་གིས་འབྱེད་ཅེ་ན། རང་རང་གི་འབྲས་བུ་སྐྱེད་པའི་བྱ་བ་བྱས་ཟིན་པ་ནི་འདས་པའོ། །བྱ་བ་མ་བྱས་པ་ནི་མ་འོངས་པའོ། །བྱེད་བཞིན་པ་ནི་ད་ལྟར་བའོ། །འོ་ན་ཕྱིས་ཀྱི་བུམ་པ་འཇིམ་དུས་སུ་ཡོད་ན་གྲངས་ཅན་པ་དང་ཁྱད་པར་ཅི་ཡོད་ཅེ་ན་ཁྱད་པ་ཡོད་དེ། ད་ལྟར་གྱི་སར་སྐད་ཅིག་ལས་མི་གནས་ཤིང་སྐད་ཅིག་ཇི་སྙེད་པའི་རྒྱུ་འབྲས་འཇིམ་པ་དང་། བུམ་པ་དང་། གྱོ་མོ་ལ་སོགས་པ་ཐ་དད་པའི་ཕྱིར་རོ། །དེས་ན་བུམ་པ་ཉིད་མ་སྐྱེས་པའི་བར་དུ་མ་འོངས་པའི་ས་ན་ཡོད་ལ་སྐྱེས་པའི་སྐད་ཅིག་ཕན་ཆད་འདས་པའི་སར་འབྱོལ་བ་ཡིན་ནོ། །དེ་ཡང་འདས་དང་མ་འོངས་ཀྱང་རང་ས་ན་ཡོད་པས་དུས་གསུམ་པོ་ད་ལྟར་རྫས་སུ་ཡོད་ལ། དེ་ལྟར་ན་འདས་མ་འོངས་མཐོང་བར་ཐལ་ཟེར་ན་འགག་པ་དང་མ་སྐྱེས་པས་བསྐལ་ཏེ་མི་མཐོང་ཞེས་སོ། །གྲངས་ཅན་པའི་འདོད་པ་དང་མི་འདྲ་སྟེ་སྐད་ཅིག་མའི་རང་བཞིན་དུ་བརྒྱུད་མར་ཡོད་པའི་ཕྱིར་ཞེས་འདོད་དོ། །བརྗོད་མེད་ཀྱི་བདག་ནི། ལས་བྱེད་པ་པོ་དང་འབྲས་བུ་ལ་སྤྱོད་པ་པོའི་གང་ཟག་གི་བདག་གཅིག་ནི་ངེས་པར་ཡོད་པ་ཡིན་གྱི། གཞན་དུ་ན་མིས་ཚུལ་ཁྲིམས་བསྲུངས་ནས་ལྷར་སྐྱེས་པ་ན། ཚུལ་ཁྲིམས་བསྲུངས་པའི་མིའི་ཕུང་པོ་འགག་པས་བྱས་པ་ཆུད་ཟོས་པ་དང་། ལྷའི་ཕུང་པོས་ཚུལ་ཁྲིམས་མ་བསྲུངས་པར་འབྲས་བུ་མྱོངས་པས་མ་བྱས་པ་དང་ཕྲད་པར་ཐལ་བའི་ཕྱིར་རོ། །དེས་ན་སྲིད་པ་གཅིག་ནས་གཅིག་ཏུ་བརྒྱུད་དུས་ཕུང་པོ་འདོར་ཡང་བདག་གཅིག་པུ་དེས་སྔོན་བྱས་པའི་ལས་ཀྱི་འབྲས་བུ་ལ་སྤྱོད་དེ། ལུང་ལས། ང་དེའི་ཚེ་བྲམ་ཟེའི་བུར་གྱུར་པ་ན་དེ་བཞིན་གཤེགས་པ་རིན་ཆེན་ཏོག་ལ་མེ་ཏོག་ཕུལ་བས་ཚེ་རབས་ལྔ་བརྒྱར་ལྷའི་ལུས་ཐོབ་ནས་ད་ལྟར་སངས་རྒྱས་པ་ནའང་མཚན་གྱིས་བརྒྱན་པར་གྱུར་ཏོ་ཞེས་པས་ཤེས་ལ། བདག་གིས་དགེ་བ་སྔོན་དུ་གསོག་པར་བྱས་པ་དེའི་ཚེ་སོག་པ་པོ་ཕྱི་མར་བདག་མྱོང་པ་པོ་དེའི་མགོན་སྐྱབས་སུ་འགྱུར་ཏེ། དེ་ཉིད་ལས། བདག་ཉིད་བདག་གི་མགོན་ཡིན་གྱི། །སུ་ཞིག་བདག་གི་མགོན་དུ་འགྱུར། །བདག་གིས་བྱས་པའི་ལས་རྣམས་ནི། །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །ཞེས་སོ། །དེ་ལྟ་མོད་ཀྱི་བདག་དེ་ནི་ཕུང་པོ་འདི་ཉིད་ཀྱང་མ་ཡིན་ལ། ཕུང་པོ་ལས་ལོགས་ན་ཡང་མེད་དོ། །རྟག་པར་ཡང་བརྗོད་དུ་མེད་ལ། མི་རྟག་པ་ཡང་བརྗོད་དུ་མེད་དོ། །དེ་ཡང་ལས་བྱེད་པོ་དང་འབྲས་བུ་མྱོང་བའི་བདག་གཅིག་ངེས་པར་འདོད་དགོས་ཏེ། གཞན་དུ་ལས་འབྲས་ཀྱི་འབྲེལ་བ་མི་འཐད་པའི་ཕྱིར། དེས་ན་བདག་དེ་ནི་ཕུང་པོ་དང་གཅིག་མ་ཡིན་ལ་དེ་ལས་ཐ་དད་དུ་མེད་ཅིང་། རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་པར་འདོད་དོ། །བརྗོད་མེད་ཀྱི་བདག་རྫས་གྲུབ་ཏུ་ཁས་ལེན་པ་ནི་གནས་མ་བུའི་སྡེ་བ་ཙམ་ཡིན་པར་སྤྱིར་གྲགས་ལ་འདིར་བྱེ་སྨྲ་སྤྱིའི་འདོད་པར་བཤད་ཀྱང་ཐ་སྙད་ཀྱི་འདོད་ཚུལ་ཙམ་ཡིན་པའམ། ཉན་ཐོས་པའི་འདོད་ཚུལ་ཐུན་མིན་ཆེ་ལོང་བསྡུས་པའི་སྐབས་ཡིན་པས་བྱེ་མདོ་གཉིས་ཀྱི་ནང་ནས་བྱེ་སྨྲ་ལ་འདི་འདྲ་འདོད་མཁན་བྱུང་བ་ཙམ་བསྟན་པའི་ཆེད་སོགས་གང་ཡིན་ཀྱང་རུང་བར་སྣང་ལ། ཉན་ཐོས་པའི་གྲུབ་མཐའ་ཚུལ་བཞིན་སྨྲ་བ་ཡིན་ན་གང་ཟག་གི་བདག་མེད་སྨྲ་བ་ཡིན་པས་སྐབས་སོ་སོའི་ཤན་མ་འདྲེས་པར་བྱེད་པར་བྱ་དགོས་སོ། །ཤེས་པས་རང་དང་ཡུལ་མི་རིག་པ་ནི། བློས་རང་ཉིད་མི་རིག་སྟེ། །རིག་བྱ་རིག་བྱེད་གཉིས་མེད་པའི་ཕྱིར་རོ། །འོན་ཀྱང་གཞན་གྱིས་རིག་པའོ། །ཡུལ་རིག་པ་ནི་སེམས་ཀྱིས་མི་རིག་སྟེ། སེམས་ཐོགས་མེད་ཡིན་པས་བར་དུ་ཆོད་པའང་རིག་པར་ཐལ་བའི་ཕྱིར་རོ། །འོན་ཀྱང་དབང་པོ་ཉིད་ཀྱིས་རིག་པའོ། །དེ་ཡང་དབང་པོ་ཐམས་ཅད་ཀྱིས་ནི་མི་རིག་གི རྣམ་ཤེས་ལ་རྟེན་དང་བཅས་པས་རིག་སྟེ། མཛོད་ལས། མིག་གི་གཟུགས་རྣམས་མཐོང་རྟེན་བཅས། །དེ་ལ་བརྟེན་པའི་རྣམ་ཤེས་མིན། །གང་ཕྱིར་བར་དུ་ཆོད་པ་ཡི། །གཟུགས་རྣམས་མཐོང་བ་མེད་ཕྱིར་ལོ། །ཞེས་སོ། །དེ་ཡང་ཤེས་པས་རང་གིས་རང་རིག་པར་མི་རུང་སྟེ་རིག་བྱ་རིག་བྱེད་དུ་མེད་པའི་ཕྱིར་དང་། སེམས་དང་བཅས་པས་དབང་པོས་ཡུལ་རྗེན་ཅེར་དུ་རིག་གི་ཤེས་པ་ཤེལ་གོང་ལྟ་བུ་རྣམ་པ་མེད་པས་དེར་རྟོག་པ་ཙམ་དུ་འདོད་དོ། །མཚན་མཚོན་ཐ་དད་པ་ནི། དཀར་ཟལ་ལྐོག་ཤལ་གྱིས་བ་གླང་དུ་མཚོན་པ་ན་དཀར་ཟལ་དང་གཅིག ལྐོག་ཤལ་དང་གཉིས། བ་གླང་དེ་གསུམ་རྫས་གཅིག་ཏུ་མི་རུང་སྟེ། ལྐོག་ཤལ་དཀར་ཟལ་དང་གཅིག་ན། ལས་བྱེད་པོ་གཅིག་ཏུ་འགྱུར་ཞིང་བ་གླང་དང་བྱེད་པོ་ཡང་གཅིག་ཏུ་འགྱུར་བས། མཚན་མཚོན་དུ་མི་རུང་བའི་ཕྱིར་ཏེ། རྩམ་པ་ཞིག་འཐག་རྒྱུ་ལ་དཔེར་བླངས་ན། ཡོས་དང་། ཕྱེ་དང་། འཐག་པའི་མི་གསུམ་གཅིག་ཏུ་མི་རུང་བ་བཞིན་ནོ། །འོན་ཀྱང་མི་གསུམ་ལྟར་རྫས་ཐ་དད་པ་གསུམ་དུ་ཡོད་དོ། །ཞེས་པ་སྟེ་དེ་ཡང་དཀར་ཟལ་ལ། ལྐོག་ཤལ་གྱིས་བ་ལང་དུ་མཚོན་པ་ན། དེ་གསུམ་རྫས་ཐ་དད་དུ་ཡོད་ཀྱི། རྫས་གཅིག་ན་ལས་དང་བྱེད་པོ་གཅིག་ཏུ་འགྱུར་བས་མི་འཐད་ཅེས་འདོད་དོ། །ཆུད་མི་ཟ་བའི་རྫས་ནི། མི་ལྡན་པའི་འདུ་བྱེད་གོང་ནས་བཤད་པའི་ལྡན་མིན་འདུ་བྱེད་ཐོབ་དང་མ་ཐོབ་སྐལ་མཉམ་ཞེས་པའི་ཐོབ་པའི་བྱེ་བྲག་ལས་བྱས་པ་ཆུད་མི་ཟ་བ་ཞེས་པ་བུ་ལོན་གྱི་ཡི་གེ་ལྟ་བུ་གཞི་ལུང་མ་བསྟན་གཟུགས་དང་སེམས་དང་སེམས་བྱུང་གསུམ་ལས་ཐ་དད་པ། དེ་འགགས་ཀྱང་འབྲས་བུ་སྐྱེད་པར་བྱེད་པའོ། །དེ་ཡང་ཚེ་འདི་ལ་བརྟེན་པ་སོ་སོར་གནས་སོ། །འཆི་བའི་ཚེ་འདོད་ཁམས་པའི་ཡང་དགེ་མི་དགེ་གཅིག་ཏུ་འདྲིལ་ལོ། །འདོད་གཟུགས་གཟུགས་མེད་ཟག་མེད་ཀྱི་ཆུད་མི་ཟ་བ་དག་སྟེ། རྫས་གཅིག་ཏུ་སྦྲགས་ནས་ཚེ་འཕོས་པའོ། །དགེ་བ་ལ་སོགས་པའི་ལས་བྱས་ན་ཆུད་མི་ཟ་བའི་རྫས་ཞེས་པ་དེ་ཐོབ་པ་ཡིན་མ་གཏོགས་ཀྱི། སེམས་ལ་བག་ཆགས་བཞག་པ་མིན། ལྟུང་བ་དང་གཉེན་པོ་ལ་སོགས་པས་ཀྱང་ཐོབ་པ་གོང་ནས་གོང་དུ་འཕེལ་བ་ཡིན། འབྲས་བུ་ཐོབ་དུས་སེམས་ཀྱི་བབ་ཆགས་ཟད་པ་མིན་ཅིང་། ཕྲ་རྒྱས་ཟད་པའི་བྲལ་ཐོབ་ཟག་མེད་ཡིན་པར་འདོད་པའོ། །ལས་རྣམ་པར་སྨིན་ཡང་ཆུད་མི་ཟ་མི་འགག་པར་རོར་གནས་ཏེ། བུ་ལོན་འཁོར་བའི་ཆགས་ཡིག་མ་སུབས་པ་བཞིན་ནོ། །ནམ་འགག་ཅེ་ན་ཕྱིར་འོང་ཐོབ་དུས་རྒྱུན་ཞུགས་ཀྱི་ས་པའི་ཆུད་མི་ཟ་བ་ལ་སོགས་པ་འགགས་པས་འབྲས་བུ་འཕོས་དུས་འགག་གོ །ཁམས་ལས་འདས་པས་ཀྱང་འགག་སྟེ། ཕྱིར་མི་འོང་གཟུགས་གཟུགས་མེད་དུ་སྐྱེ་དུས་འདོད་པའི་ཆུད་མི་ཟ་བ་ཙམ་འགག་གོ །ལྷག་མེད་ཐོབ་དུས་ཐོབ་པ་ཐམས་ཅད་འགག་སྟེ། ཁམས་གསུམ་ཐམས་ཅད་ལས་འདས་པའི་ས་པ་ཡིན་པའི་ཕྱིར། རྩ་ཤེ་ལས། དཔང་རྒྱ་ཇི་ལྟ་བ་བཞིན་ཆུད། །མི་ཟ་ལས་ནི་བུ་ལོན་བཞིན། །དེ་ནི་ཁམས་ལས་རྣམ་པ་བཞི། །དེ་ཡང་རང་བཞིན་ལུང་མ་བསྟན། །སྤངས་པས་སྤངས་པ་མ་ཡིན་ཏེ། །བསྒོམས་པས་སྤང་བྱ་ཉིད་ཀྱང་ཡིན། །རྣམ་པར་སྨིན་ཀྱང་གནས་པ་ཡིན། །ཁམས་མཚུངས་པས་ནི་ཆ་མཚུངས་དང་། །ཆ་མི་མཚུངས་པ་ཐམས་ཅད་ཀྱི། །དེ་ནི་ཉིང་མཚམས་སྦྱོར་པའི་ཚེ། །གཅིག་པུ་ཁོ་ན་སྐྱེ་བར་འགྱུར། །ཞེས་སོ། །མདོར་ན་ཆོས་ཐ་དད་པའི་སྒྲ་བརྗོད་དུ་མི་རུང་བ་ཐམས་ཅད་ལ་རྫས་གཅིག་པས་ཁྱབ་བོ་ཞེས་འདོད་པ་ཡིན་ནོ། །དེ་ཡང་མི་ལྡན་པའི་འདུ་བྱེད་ཐོབ་པའི་བྱེ་བྲག ལས་བྱས་པ་ཆུད་མི་ཟ་བ་ཞེས་བུ་ལོན་གྱི་ཡི་གེ་ལྟ་བུ། ངོ་བོ་ལུང་མ་བསྟན་པ་དེ་ཡི་དབང་གིས་ལས་ཆུད་མི་ཟ་བར་འདོད་དོ། །དེ་དགག་པ་ལ་ཕྱོགས་སྔ་མ་ལྟར་བདུན་ལས། ཤེས་བྱ་གཞི་ལྔ་དགག་པའི་དང་པོ་གཟུགས་དགག་པ་ལ་དགུ་སྟེ། མཚན་ཉིད། འབྱུང་བ། དབང་པོ། ཡུལ། བསྟན་ཡོད། ཐོགས་བཅས། ཐ་མི་དད་ཀྱི་རྫས། སྒྲ་སྐྱེད་པའི་ནུས་པ། རིག་བྱེད་མ་ཡིན་པ་དགག་པའོ། །དང་པོ་ནི། རྒྱུ་གཟུགས་རགས་པ་ལ་ཕྲད་པ་དང་ཆ་ཤས་དང་ཕྱོགས་ཆས་ཁེགས་སོ། །ཡང་ས་ཕྲ་བ་ལ་སྲ་བ་དང་ས་གཉིས་གཅིག་ན་རྡུལ་ཆ་ཐ་དད་པ་མེད་པ་དང་། ཐ་དད་ན་ས་སྲ་བར་ཡང་མེད་ལ། ཆུས་གཤེར་བ་དང་། མེས་བསྲེགས་པ་དང་། རླུང་གིས་གཡོ་བའང་གཉིས་བཅས་བརྟགས་པས་ཁེགས་སོ། །འབྲས་གཟུགས་ཀྱི་དབང་པོ་ལྔ་ཡང་མི་རུང་སྟེ། ཕྲད་དང་མ་ཕྲད་ཕྲད་ན། དྲི་ལ་སོགས་པ་བཀག་པའི་ཕྱིར་རོ། །མ་ཕྲད་ཀྱང་མཐོང་ན་ཧ་ཅང་ཐལ་ཏེ་མིག་གིས་སྒྲ་ཐོས་པར་ཐལ་ལོ། །ལུས་ལས་རྫས་ཐ་དད་པའི་ལུས་ཀྱི་དབང་པོ་ཡོད་ན་ཐོགས་བཅས་མ་ཡིན་པ་དང་། དེ་ཉིད་མཐོང་བར་ཐལ་བ་དང་། ལུས་དང་རེག་པའི་རྗེས་སུ་བྱེད་པས་ཡུལ་མི་རྟོགས་པ་དང་། ཚོར་བ་ལྷན་ཅིག་མི་མྱོང་བར་ཐལ་བའི་ཕྱིར་རོ། །དབང་པོས་ཡུལ་རིག་ན་སེམས་དང་སེམས་བྱུང་དུ་ཐལ་བའི་ཕྱིར་རོ། །ཡུལ་དགག་པ་ལ་གསུམ་སྟེ། གཟུགས། སྒྲ། ཕྲད་པའི་ཡུལ་དགག་པའོ། །དང་པོ་ནི། གཟུགས་ཀྱི་དབྱིབས་མ་གྲུབ་སྟེ། ཁ་དོག་གི་རྡུལ་ཕྲན་འདུས་པ་ཙམ་ལ་བཏགས་ཀྱང་ཆ་ཤས་མེད་པའི་ཕྱིར་རོ། །ཆུང་ངུ་དང་ཆེན་པོ་མེད་དེ་ལྟོས་པ་དང་། ཕྲད་པའི་རིག་པས་མ་གྲུབ་བོ། །ཁ་དོག་ཀྱང་མེད་དེ་ཕྲ་རྡུལ་ལ་བརྟགས་པས་ཁ་དོག་གི་ཆ་ཤས་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ནི། སྒྲ་གྲག་དུས་ནུབ་ཀྱི་གོ་ནས་ཐོས་པ་དེ་བུམ་པ་མཐོང་བ་ལྟར་སྒྲ་ཤར་དེ་ན་ཡོད་པ་དེས་ཐོས་པ་ཡིན་ནམ། མདའ་འཕངས་པ་ཕོག་པ་ལྟར་སྒྲའི་རྒྱུན་ཤར་ནས་ནུབ་ཏུ་ནུར་ནས་ཐོས་པ་ཡིན། དང་པོ་ལྟར་ཤར་དེ་ན་ཡོད་ནས་ཐོས་པ་ཡིན་པ་མི་རུང་སྟེ་རྔ་བརྡུངས་ནས་ཅུང་ཞིག་ན་ཐོས་པས་ཐོས་པ་ཕྱིན་ཅི་ལོག་ཏུ་ཐལ་བའི་ཕྱིར་དང་། རྣམ་ཤེས་ཐོགས་མེད་ཡིན་པས་རླུང་གིས་མི་སྒྲིབ་པར་ཐལ་བའི་ཕྱིར་དང་། ལུང་པ་ཡངས་དོག་ལ་སྒྲ་ཆེ་ཆུང་མེད་པར་ཐལ་བའི་ཕྱིར་རོ། །གཉིས་པ་ཤར་ནས་ནུབ་ཏུ་ནུར་ནས་ཐོས་པའང་མི་རུང་སྟེ་རྒྱུན་དང་ཕྲད་པ་བཀག་པའི་ཕྱིར་དང་། སྒྲ་ཤར་དུ་མེད་པར་ཐལ་བའི་ཕྱིར་དང་། སྒྲ་ཉེ་རིང་ན་གྲག་པ་གསལ་མི་གསལ་མི་འཐད་པའི་ཕྱིར་རོ། །སྙན་མི་སྙན་མ་གྲུབ་སྟེ། སྐད་ཅིག་གིས་འགགས་པས་སྙན་མི་སྙན་ཡུན་མེད་པའི་ཕྱིར་རོ། །དྲི་དང་རོ་དང་རེག་ཀྱང་མེད་དེ་ཕྲད་པ་བཀག་པའི་ཕྱིར་རོ། །བསྟན་ཡོད་མ་གྲུབ་པ་ནི། ཆ་ཤས་དང་ཆ་ཅན་རེ་རེ་རྐྱང་བ་བསྟན་དུ་མེད་དེ། ཆ་ཤས་མེད་པའི་ཆ་ཅན་བསྟན་དུ་མི་སྲིད་ལ། ཆ་ཅན་མེད་པའི་ཆ་ཤས་མེད་དེ་ཕྲ་བ་ཆ་མེད་མ་གྲུབ་པའི་ཕྱིར་དང་། རགས་པ་ཆ་དང་བཅས་པའི་ཕྱིར་རོ། །ཆ་དང་ཆ་ཅན་གཉིས་སོ་སོར་མ་གྲུབ་པས་བསྡོམ་ནས་བསྟན་དུའང་མེད་དོ། །ཡང་འདས་མ་འོངས་མེད་པས་དང་ད་ལྟ་བ་དང་དུས་མཉམ་པས་བསྟན་དུ་མེད་དོ། །ཐོགས་བཅས་མ་གྲུབ་སྟེ། མ་ཕྲད་པ་ལ་ཐོགས་པ་ཡོད་ན་ཤར་གྱི་རི་བོ་ལ་ནུབ་ཏུ་མདའ་འཕང་བ་ཐོགས་པར་ཐལ་བ་དང་། ཕྲད་པ་ལའང་། གོ་ས་གཅིག་ཏུ་ཕྲད་ན་ཐོགས་པ་མེད་ལ། གོ་ས་ཐ་དད་ན་ཕྲད་པ་མ་གྲུབ་པའི་ཕྱིར་རོ། །ཐ་མི་དད་ཀྱི་རྫས་མེད་དེ། དུ་མ་ལ་ཐ་དད་ཀྱིས་ཁྱབ་ཅིང་ཐ་དད་ལ་ཐ་མི་དད་མ་གྲུབ་པ་དང་། དུ་མ་མེད་པ་ནི་ཕྲ་རགས་གང་དུའང་མེད་དེ། ཕྲ་བ་ཆ་མེད་མ་གྲུབ་པའི་ཕྱིར་དང་། རགས་པ་ཆ་བཅས་ལ་དུ་མས་ཁྱབ་པའི་ཕྱིར་རོ། །སྒྲ་སྐྱེད་པའི་ནུས་པ་མེད་དེ། རྒྱུ་འབྱུང་བའི་རྡུལ་ཕྲ་བ་རེ་རེ་ལ་ནུས་པ་མེད་ཅིང་། ཚོགས་པ་དེ་དག་ལས་གཞན་དུ་མེད་པའི་ཕྱིར་རོ། །དེ་བཞིན་དུ་གཟུགས་སོགས་གཞན་ལའང་སྦྱར་རོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་མེད་དེ་དགེ་མི་དགེ་ལུང་མ་བསྟན་པ་ཁེགས་པ་དང་། དེ་དག་གི་རྒྱུན་དང་སྐད་ཅིག་ཕྲད་པ་བཀག་པའི་ཕྱིར་རོ། །མདོར་ན་རྒྱུ་འབྲས་ཀྱི་གཟུགས་ཐམས་ཅད་རྡུལ་ཕྲན་བཀག་པས་ཁེགས་པ་དང་། རྣམ་རིག་མིན་པའང་གཟུགས་མཚན་ཉིད་པ་མིན་ཏེ་ལུས་ངག་ལ་བརྟེན་པའི་ལས་དགེ་སོགས་རྒྱུན་ཆགས་པར་འཕེན་པའི་འདུ་བྱེད་ཙམ་ལ་བཏགས་པ་ལས་དོན་དུ་མ་གྲུབ་པའི་ཕྱིར་རོ། །ཞེས་དེ་ལྟར་གཏན་ལ་ཕབས་ནས། ཤེས་བྱ་གཞི་ལྔ་འདོད་པའི་གཟུགས་ཀྱི་དགག་པ་སོང་ནས། གཉིས་པ་གཙོ་བོ་སེམས་དགག་པ་ལ་གསུམ་སྟེ། རང་རིག་མི་རིག་ཏུ་མི་རུང་བ། ཡུལ་རིག་མི་རིག་མི་རུང་བ། ལུས་ཀྱི་ཕྱི་ནང་ནས་མི་རྙེད་པའོ། །དང་པོ་ནི་སེམས་ཀྱིས་རང་རིག་པར་མི་རུང་སྟེ། རིག་བྱ་རིག་བྱེད་གཉིས་མེད་པའི་ཕྱིར་རོ། །སོར་མོའི་རྩེ་མོ་རང་གིས་རང་རེག་པ་དང་། རལ་གྲི་རང་གིས་རང་གཅོད་པར་མི་རུང་བ་བཞིན་ནོ། །ལངྐར་གཤེགས་པ་ལས། ཇི་ལྟར་རལ་གྲིས་རལ་གྲི་དང་། །སོར་མོ་རང་གིས་རང་ཉིད་ལ། །རེག་ཅིང་གཅོད་པར་མི་བྱེད་པ། །དེ་བཞིན་སེམས་ཀྱིས་སེམས་མི་མཐོང་། །ཞེས་སོ། །རང་མི་རིག་པར་ཡང་མི་རུང་སྟེ། བདེ་བ་ལ་སོགས་པ་རང་གི་རིག་པས་གསལ་ལོ། །ཡུལ་རིག་པའང་མི་རུང་སྟེ། ཆ་བཅས་ཆ་མེད་མཐོང་བ་མི་རུང་བའི་ཕྱིར་དང་། ཡུལ་དང་ཤེས་པ་དུས་མི་མཉམ་ན་མཐོང་བ་ཕྱིན་ཅི་ལོག་ཏུ་འགྱུར་ཞིང་མཉམ་ན་འབྲེལ་བ་མེད་པས་མི་ལྟོས་པར་ཐལ་བའི་ཕྱིར་རོ། །ཡུལ་ཆ་མེད་རིག་པའང་མི་རུང་སྟེ་རིག་བྱ་ཡུལ་ཆ་ཤས་མེད་པ་ཉིད། རིག་བྱེད་དབང་པོ་ཆ་ཤས་མེད་པ་ཉིད་ཀྱིས་རིག་ན། དེ་གཉིས་ཆ་གཉིས་འཛིན་པར་ཐལ་བའི་ཕྱིར་དང་། ཕྲད་པ་བརྟགས་པས་ཁེགས་པའི་ཡང་ཕྱིར་རོ། །ཡུལ་མི་རིག་པའང་མི་རུང་སྟེ། སྔོ་སོགས་ཉམས་སུ་མྱོང་བས་བསལ་ལོ། །ལུས་ཀྱི་ཕྱི་ནང་ནས་མི་རྙེད་པ་ནི། ལུས་ཆར་མ་གྲུབ་པས་སེམས་བརྟེན་པ་མ་གྲུབ་ལ་དེས་ན་དེར་གནས་པ་མི་འགྲུབ་པའི་ཕྱིར་དང་། སེམས་རགས་པར་ཡོད་ན་ཆ་ཤས་ཅན་བརྟགས་པས་ཁེགས་ཤིང་། ཆ་ཤས་མེད་པ་ལ་གནས་པ་པོ་མ་གྲུབ་པས་ལུས་ལ་གནས་པ་མ་གྲུབ་ལ། ལུས་མ་གྲུབ་པས་ཀྱང་སེམས་ལུས་ལ་གནས་པར་མ་གྲུབ་པ་ཡིན་ནོ། །བྱང་ཆུབ་སེམས་འགྲེལ་ལས། ནང་ངམ་དེ་བཞིན་ཕྱི་རོལ་ལམ། །ཡང་ན་གཉིས་ཀའི་བར་དག་ན། །རྒྱལ་བ་རྣམས་ཀྱིས་སེམས་མ་རྙེད། །ཅེས་པ་དང་། སྤྱོད་འཇུག་ལས། ནང་ནའང་སེམས་མིན་ཕྱི་མིན་ཞིང་། །གཞན་དུ་ཡང་ནི་རྙེད་མ་ཡིན། །གང་ཞིག་ལུས་མིན་གཞན་དུ་མིན། །འདྲེས་མིན་ལོགས་སུ་འགར་མེད་པ། །ཞེས་སོ། །འོ་ན་སེམས་སུ་རིག་པ་ཅི་ཡིན་ཞེ་ན། མེ་ལོང་གི་ནང་དུ་ཤར་བའི་གཟུགས་བརྙན་མེ་ལོང་ལས་དེ་ཉིད་དང་གཞན་དུ་མི་རྙེད་ཀྱང་སྣང་བ་ལྟར། སེམས་ཀྱང་མེད་བཞིན་དུ་སྣང་བས་འཁྲུལ་བ་ཡིན་ལ། སེམས་ལ་སྣང་བ་རྣམས་དེ་བས་ཀྱང་འཁྲུལ་སྣང་དུ་ཤར་བའི་རྒྱུ་མཚན་ཅན་ཡིན་ནོ། །ཡབ་སྲས་མཇལ་བའི་མདོ་ལས། མེ་ལོང་ཤིན་ཏུ་ཡང་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་སོ། །མདོ་འདི་ལྗོན་པས་ཞུས་པ་ལས་གསུངས་པ་མ་ཡིན་ནམ་ཞེ་ན། འགལ་བ་མེད་དེ། སྔོན་གདུལ་བྱ་ཐ་དད་པ་བཅོམ་ལྡན་འདས་ལ་ཆོས་ཉན་པ་ན། རང་རང་གི་མོས་པ་བཞིན་མདོའི་རྣམ་གྲངས་ཐོས་ཏེ། དུས་གཅིག་ལ་འཁོར་གྱི་ཁྱམས་གཅིག་ཏུའང་ཡབ་སྲས་མཇལ་བའི་མདོ། ལྗོན་པས་ཞུས་པའི་མདོ། དྲི་མ་མེད་པའི་མདོ། དཀོན་མཆོག་བརྩེགས་པའི་མདོ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལ་སོགས་པ་རང་རང་གིས་ཐོས་པ་དེ་བཟུང་ནས་གཞན་དུ་བརྗོད་པས་དེ་ལྟར་བྱུང་བ་ཡིན་ནོ། །དེའང་གནས་དང་གླེང་གཞི་མཐུན་པ་དང་། མི་མཐུན་པ་ཅི་རིགས་སུ་སེམས་ཅན་ལ་སྣང་བ་དང་། དུས་སྔ་ཕྱིར་སྣང་བ་དེ་ཉིད་སངས་རྒྱས་ཀྱི་བྱིན་རླབས་ཏེ། གནས་གཅིག་དུས་གཅིག་ན་འདུག་བཞིན་དུ་གནས་དང་དུས་ཐ་དད་པར་སྣང་བ་ཆོ་འཕྲུལ་ཡིན་པའོ། །སེམས་ལས་བྱུང་བ་དགག་པ་ལ་བཞི་སྟེ། སྤྱིར་དགག་པ། སོ་སོར་དགག་པ། འདུ་ཤེས་དགག་པ། དྲན་པ་དགག་པའོ། །དང་པོ་ལ་གཉིས་ཏེ། གཅིག་པ་དང་། ཐ་དད་པ་དགག་པའོ། །དང་པོ་ནི། སེམས་སེམས་བྱུང་གཉིས་གཅིག་ན་ཐ་སྙད་དུ་རྫས་གཞན་དུ་མ་གྲུབ་པ་དང་། སེམས་བྱུང་ལྟར་སེམས་ཀྱིས་ཀུན་འགྲོའི་ཁྱད་པར་གཅོད་པ་དང་། སེམས་ལྟར་སེམས་བྱུང་ངོ་བོ་ལ་དཔྱོད་པ་དང་། ཕན་ཚུན་གྲངས་འཆོལ་ཏེ་དྲུག་གམ་ལྔ་བཅུ་རྩ་གཅིག་ཏུ་ཐལ་བའི་ཕྱིར་དང་། སྤྱི་དང་མཚུངས་པར་ཐལ་ལོ། །ཐ་དད་ནའང་མཚན་ཉིད་མི་འཐད་པ་དང་། རྗེས་དཔག་ཆ་མང་པོར་ཐལ་བ་དང་། དོན་སྤྱི་འཛིན་མི་འཛིན་དུ་མི་འཐད་པ་དང་། ཕན་ཚུན་མ་ཁྱབ་པར་ཐལ་བའི་ཕྱིར་རོ། །དེ་ལྟར་སྤྱིར་དགགབཀག་སྟེ། སོ་སོར་དགག་པ་ལ། ངོ་བོ། རྣམ་པ། སྒྲ་དོན་མི་འཐད་པ་གསུམ། དང་པོ་སེམས་དང་གཅིག་ཐ་དད་ཀྱིས་རྗེས་སུ་འགྲོ་བ་མེད་པས་ཀུན་འགྲོ་ལྔ་མ་གྲུབ། ཡུལ་ཡུལ་ཅན་ཕྲད་མ་ཕྲད་དུས་མཉམ་མི་མཉམ་དུ་མི་རུང་བས་ཡུལ་ངེས་ལྔ་མ་གྲུབ། ལྟོས་གཞི་དགེ་བ་ཉིད་ཁེགས་པས་དགེ་བ་བཅུ་གཅིག་མ་གྲུབ། ཉོན་མོངས་བྱ་མོངས་བྱེད་དུ་མེད་པས་རྩ་ཉོན་དང་ཉེ་ཉོན་མ་གྲུབ། ཐ་དད་དུས་མཉམ་པ་ལ་དངོས་སུ་ཕན་ཚུན་ཕན་འདོགས་པ་མེད་པས་གཞན་འགྱུར་བཞི་སོགས་དང་སྔ་མ་ཀུན་ཀྱང་ཁེགས་སོ། །གཉིས་པ་ཁྱད་པར་སོ་སོའི་རྣམ་པ་ཡུལ་དུ་བྱེད་པ་གཞན་དང་གཞན་མེད་ན་སེམས་བྱུང་མི་སྲིད་ལ། དེ་དག་སོ་སོ་གཞན་དང་གཞན་དུ་གྲུབ་ན་ཡུལ་གྱི་རྣམ་པ་མཐའ་དག་ཡོངས་སུ་གཅོད་པའི་ཤེས་པ་གཅིག་མི་འགྲུབ་པར་འགྱུར་རོ། །གསུམ་པ། སྒྲ་དོན་ཡང་མི་འཐད་དེ། སེམས་ལས་བྱུང་བ་ཞེས་པ་མི་རུང་སྟེ། སེམས་དང་ཕྲད་པ་ལས་བྱུང་ན་སེམས་སུ་ཐལ་ལ། མ་ཕྲད་ན་སེམས་ལས་བྱུང་བར་མི་རུང་བའི་ཕྱིར་དང་། ཕྲད་པ་མ་གྲུབ་པས་སེམས་ལས་བྱུང་བར་མ་གྲུབ་པའི་ཕྱིར་དང་། རྫས་གཅིག་ལ་སྐྱེད་པར་བྱ་བྱེད་གཉིས་མེད་པའི་ཕྱིར་དང་། ཐ་དད་དུས་མཉམ་ལས་འབྱུང་བ་བཀག་པའི་ཕྱིར་དང་། དུས་མི་མཉམ་པ་ལས་བྱུང་ན་དུས་མཚུངས་ཉམས་པའི་ཕྱིར་རོ། །མདོ་སྡེ་རྒྱན་ལས། སེམས་ཉིད་གཉིས་སུ་སྣང་བ་སྟེ། །ཆགས་ལ་སོགས་པར་སྣང་བ་དང་། །དད་ལ་སོགས་པར་སྣང་བ་ལས། །ཉོན་མོངས་དགེ་ཆོས་ཡོད་མ་ཡིན། །ཞེས་པ་དང་། བརྟག་གཉིས་ལས། ངོ་བོ་གཟུགས་མེད་མཐོང་བ་པོ། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རེག་མེད་རེག་པ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བའང་མེད། །ཅེས་སོ། །དེ་ལྟར་ཕུང་པོ་ལྔས་བསྡུས་ཀྱི་ཆོས་ཐམས་ཅད་སྣང་ལ་རང་བཞིན་གྱིས་མེད་པ་དོན་དམ་དཔྱོད་བྱེད་ཀྱིི་རིག་ངོ་ན་ཐམས་ཅད་ངོ་བོ་ཉིད་ཀྱིས་མེད་པ་སྟེ་མ་སྐྱེས་པ་ལས་སྟོང་བ་སྒྱུ་མའི་རང་བཞིན་དུ་གསུངས་ཏེ། ཤེས་རབ་སྙིང་པོ་ལས། ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ་ཞེས་པ་དང་། སེམས་འགྲེལ་ལས། ཕན་པར་བཞེད་པ་རྣམས་ཀྱིས་ནི། །གཟུགས་དང་ཚོར་དང་འདུ་ཤེས་དང་། །འདུ་བྱེད་རྣམ་ཤེས་ཕུང་པོ་ལྔ། །དེ་དག་ཉན་ཐོས་རྣམས་ལ་གསུངས། །རྐང་གཉིས་མཆོག་གིས་རྟག་ཏུ་ཡང་། །གཟུགས་ནི་ལྦུ་བ་རྡོས་འདྲར་སྣང་། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་དང་མཚུངས་ཤིང་། །འདུ་བྱེད་ཆུ་ཤིང་དག་དང་འདྲ། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །ཕུང་པོ་བསྟན་པ་དེ་ལྟ་བུ། །བྱང་ཆུབ་སེམས་དཔའ་རྣམས་ལ་བཤད། །ཅེས་སོ། །དེའང་ཐ་སྙད་པ་རྟོག་གེ་པ་ཁ་ཕྱིར་ལྟ་བ་དག་ནི་ཀ་བ་ལྟ་བུ་གཟུགས་སོགས་རང་སྟོང་དུ་འདོད་དེ། སྣང་སྟོང་གི་ཐ་སྙད་མི་རུང་བ་བསམ་ནས་སྣང་བ་མཐོང་བ་ལྟར་སྟོང་པ་མཐོང་བ་ལ་སོགས་སྐྱོན་དམིགས་སོ། །རྣལ་འབྱོར་པ་ནང་དུ་རྟོགས་པ་དག་བློ་ཡུལ་སྟོང་པས་གཟུགས་སྟོང་། ཡུལ་གྱི་རྣམ་པ་བློ་ལ་ཤར་ཡང་གཟུགས་རང་མཚན་པ་མེད་པས་གཟུགས་དེས་བློ་སྟོང་པ་ལ་སྟོང་པ་ཉིད་གཟུགས་སོ་ཞེས་འཆད་ལ། བློ་སྣང་གི་གཟུགས་དང་། གཟུགས་སྣང་གི་བློ་དེ་ནང་དང་། བློས་སྟོང་གི་གཟུགས་དང་། གཟུགས་སྟོང་གི་ཡུལ་དེ་ཕྱི་དག་སྒྱུ་མ་རྨི་ལམ་དང་འདྲ་བས་གཅིག་ཐ་དད་ལས་འདས་པའི་ཕྱིར། སྟོང་ཉིད་བཞི་སྦྱོར་གྱིི་དགོངས་པ་དེ་ལྟར་འགྲེལ་ནས་གཟུགས་ལས་སྟོང་པ། སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་པར་དགོངས་པའོ། །སྟོང་ཉིད་ཅི་ཡང་མ་ཡིན་པའི་རྩལ་ལས་རྟེན་འབྱུང་འགོག་པ་མེད་པའི་རང་བཞིན་དུ་ཤར་བ་དེ་ལྟར་རོ། །འདུ་ཤེས་དགག་པ་ནི། དེའི་ཡུལ་བཟང་ངན་ཆེ་ཆུང་སོགས་ཕན་ཚུན་ལྟོས་པ་ཙམ་ལས་དོན་ལ་མ་གྲུབ་པ་དང་། ཡུལ་གཅིག་ལའང་འགའ་ཞིག་གི་ཡིད་དུ་འོང་ལ་འགའ་ཞིག་གི་ཡིད་དུ་མི་འོངས་པ་སོགས་ནང་གི་གོམས་པ་ཙམ་གྱིས་འཇུག་པའི་ཕྱིར་དང་། ཡུལ་དེ་ཕྲ་རགས་གང་དུའང་མ་གྲུབ་པས་དེའི་ཡུལ་ཅན་འདུ་ཤེས་པའང་རྫུན་ལ། རྫུན་བཞིན་པ་རང་གི་ངོ་བོའང་བརྟག་ན་དབེན་པའི་ཕྱིར་ཏེ། མདོ་ལས། ཇི་ཙམ་དུ་འདུ་ཤེས་པ་དེ་ཙམ་དུ་རྫུན་ནོ། །ཞེས་སོ། །དྲན་པ་དགག་པ་ལ་གསུམ་སྟེ། འདས་པའི་དོན་སྤྱིར་མ་གྲུབ། སྒྲོ་བཏགས་པ། བྱ་བའི་ཡུལ་དུ་འགལ་བའོ། །དང་པོ་ནི། བུམ་པ་དྲན་པ་ཞེས་པ་སྔར་བུམ་པ་མཐོང་མྱངས་བའི་རྣམ་པ་བློ་ལ་སྣང་བ་ལ་བྱེད་ན། བུམ་པ་མ་གྲུབ་པས་དེའི་རྣམ་པ་དྲན་དུ་མེད་པ་དང་། བློ་དངོས་པོ་དངོས་པོ་རང་མཚན་དང་དོན་སྤྱི་དངོས་མེད་སྤྱི་མཚན་གཉིས་ཀ་གཅིག་ན་ཧ་ཅང་ཐལ་ལ། མི་གཅིག་ན་ན་ནི་རྫས་ཐ་དད་པའི་དོན་བློ་ལ་དྲན་པར་ཡང་འགལ་བའི་ཕྱིར་དང་། དངོས་པོ་དངོས་མེད་གཉིས་ཀ་ཡང་རྫས་འགལ་བས་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ནི། བུམ་པའི་རྣམ་པ་མ་ཡིན་ཏེ། རང་གི་བློ་ཉིད་དེར་སྣང་བ་ལ་སྒྲོ་བཏགས་པའི་ཕྱིར་རོ། །བུམ་པ་དྲན་པ་ཁེགས་པས་ཀྱང་བུམ་པའི་རྣམ་པ་རང་བཞིན་གྱིས་མ་གྲུབ་པའོ། །གསུམ་པ་ནི། རྣམ་རྟོག་གིས་རློམ་པ་ཙམ་ལས་ཡུལ་དེ་ཉིད་དྲན་པར་བྱར་མེད་པས། ཡུལ་འདས་མ་འོངས་ད་ལྟར་བ་བློ་ད་ལྟར་བས་ཡུལ་དུ་བྱེད་པ་ཉིད་གནས་སྐབས་ཀྱིས་ཡུལ་དང་མ་འབྲེལ་བའི་ཕྱིར་ན་དུས་གསུམ་གྱི་ཡུལ་བློ་ད་ལྟ་བས་དྲན་པ་དེ་ཡུལ་དྲན་པ་མ་ཡིན་པར་ཡང་འགྱུར་རོ། །བཞི་བརྒྱ་པ་ལས། དྲན་པ་ཞེས་བྱ་འདས་པ་ཡི། །ཡུལ་ལ་ཕྱིན་ཅི་ལོག་ཏུ་འགྱུར། །ཞེས་སོ། །མདོར་ན་སེམས་དང་སེམས་བྱུང་དག་ཀྱང་དུ་མ་དང་སྐད་ཅིག་མའི་རང་བཞིན་ལ། སྐད་ཅིག་ཆ་མེད་དུ་ཡང་མ་གྲུབ་པ་དང་། ཕྱི་ནང་གང་ནས་ཀྱང་མི་རྙེད་པ་དང་། རིག་བྱ་རིག་བྱེད་དུ་མེད་པའི་ཕྱིར་དོན་དམ་པར་རང་རིག་པའང་མ་གྲུབ་ལ། རང་ལས་གཞན་རིག་པའང་མ་གྲུབ་སྟེ་འབྲེལ་བ་མེད་པ་དང་། དུས་མཉམ་པ་དང་མི་མཉམ་པ་གང་ཡང་རིག་པར་མ་གྲུབ་པའི་ཕྱིར་རོ་ཞེས་པའོ། །མི་ལྡན་པའི་འདུ་བྱེད་དགག་པ་ལ་དགུ་སྟེ། སྤྱིར་དགག་པ། ཐོབ་པ་དགག་པ། རིགས་མཐུན་དགག་པ། ཆོས་བཞི་དགག་པ། ཡི་གེ་དགག་པ། འཇུག་པ་དགག་པ། མགྱོགས་པ་དགག་པ། ཡུལ་དགག་པ། ཚོགས་པ་དགག་པའོ། །དང་པོ་ནི། མི་ལྡན་པའི་འདུ་བྱེད་རྣམས་ཐ་སྙད་དུའང་རྫས་སུ་མ་གྲུབ་སྟེ། གཟུགས་ལ་སོགས་པ་ལས་དེ་དག་དེ་ཉིད་དང་གཞན་དུ་མེད་པའི་ཕྱིར་རོ། །དེ་ཉིད་དུ་མེད་དེ་མི་རྟག་པ་གཟུགས་སུ་ཐལ་བ་དང་གཟུགས་མེད་པ་ལ་མི་རྟག་པ་མེད་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་དེ་ཉིད་དུ་མི་འགྲུབ། གཞན་དུ་ཡང་མི་རུང་སྟེ། གཞན་ཡིན་ན་གཟུགས་དང་འབྲེལ་བ་མ་གྲུབ་པ་དང་། འཇུག་པ་གཅིག་མ་ཡིན་པར་ཐལ་བའི་ཕྱིར་རོ། །རིགས་པ་གཟུགས་མ་ཡིན་པ་གཞན་ལ་ཡང་སྦྱོར་རོ། །ཐོབ་པ་དགག་པ་ལ་གསུམ་སྟེ། བྱ་བྱེད། དུས། ཐོབ་བྱ་ལ་བརྟགས་པའོ། །དང་པོ་ནི། སྡོམ་པ་ལྟ་བུ་ལ་ཐོབ་བྱ་ཐོབ་བྱེད་གཉིས་ཀ་གཅིག་ཏུ་མི་རུང་སྟེ། གཅིག་ལ་བྱ་བྱེད་གཉིས་མི་སྲིད་པའི་ཕྱིར་རོ། །གཉིས་པ་ནི། ལྷ་སྦྱིན་གྱིས་བུམ་པ་ཐོབ་དུས་ཐོབ་པར་མི་རུང་སྟེ། དུས་ལ་བརྟགས་པ་བྱས་ན་ཐོབ་ཟིན་ཐོབ་ན་འགགས་ནས་འཐོབ་རྒྱུ་མེད་ལ། མ་ཐོབ་པ་ཐོབ་ན་འཐོབ་རྒྱུ་ཞིག་མ་སྐྱེས་ལ། ཐོབ་དུས་ཐོབ་ན་བརྟགས་ན་ཕྲད་པ་མ་གྲུབ་པས་ཐོབ་པ་དུས་གསུམ་དུ་མ་གྲུབ་པས་ན་ཁེགས་པའི་ཕྱིར་རོ། །གསུམ་པ་ནི། ཐོབ་པ་རྟག་པ་ཐོབ་པ་ཡིན་ནམ་མི་རྟག་པ་ཐོབ་པ་ཡིན་རྟག་པ་ཐོབ་པ་ཡིན་ཅེ་ན། བུམ་པ་རྟག་པ་ཐོབ་བྱར་མི་རུང་སྟེ། རྟག་པ་ཐོབ་བྱའི་དངོས་པོར་མ་གྲུབ་ལ་གལ་ཏེ་ཐོབ་རྒྱུ་ཞིག་ཡིན་ན་དེ་ཉིད་མི་རྟག་པར་འགྱུར་རོ། །ཡང་མི་རྟག་པ་ཡང་ཐོབ་བྱར་མི་རུང་སྟེ། ཐོབ་བྱར་བཟོ་དུས་ཉིད་ནས་མི་རྟག་པ་ཡིན་པས་འགག་པའི་ཕྱིར་རོ། །སྤྱོད་འཇུག་ལས། དེ་ལྟར་སྟོང་པའི་དངོས་རྣམས་ལ། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །ཅེས་སོ། །རིགས་མཐུན་དགག་པ་ལ་གསུམ་སྟེ། ཕན་ཚུན་ལྟོས་པ། འདྲ་མི་འདྲར་མ་ངེས་པ། མཐུན་བྱེད་མ་གྲུབ་པའོ། །དང་པོ་ནི། བུམ་སྣམ་མི་རྟག་པར་འདྲ་བ་མེད་དེ་གཉིས་ཀ་ཆ་མེད་པས་འདྲ་བ་ལྟོས་ས་ཞིག་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ནི། ནོར་བུ་ཉི་མ་དང་འདྲ་ལ་ནོར་བུ་མུན་པ་དང་མི་འདྲ་བ་མི་འཐད་དེ། དེ་དག་དངོས་པོ་ཡིན་པ་ཙམ་དུ་ཆོས་འདྲ་བ་དང་། དཔྱད་ན་ཐམས་ཅད་མ་གྲུབ་པར་འདྲ་བའི་ཕྱིར་རོ། །གསུམ་པ་ནི། མཐིང་ཤུན་དང་ཨུཏྤལ་སྔོན་པོར་འདྲ་ཞེས་པའི་སྤྱི་མཐིང་ག་ཙམ་ཁེགས་པས། འདྲ་ཆོས་གཉིས་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་འདྲ་ཆོས་བྱེ་བྲག་གཉིས་མ་གྲུབ་པས་སྤྱི་མཐིང་གའང་མི་འགྲུབ་སྟེ་རགས་པ་དང་ཕྲ་བ་ཕྲད་པས་མ་གྲུབ་པའི་ཕྱིར་རོ། །ཆོས་བཞི་དགག་པ་ལ་གཉིས་ཏེ། གཅིག་མི་གཅིག་ཏུ་མི་རུང་། སོ་སོར་རྟག་མི་རྟག་ཏུ་མི་རུང་བའོ། །དང་པོ་ནི། སྐྱེ་བ་ནི་མེད་པ་ལས་ཡོད་པར་མི་རིགས་པ་དང་། རྒས་པ་གསར་པ་ལས་རྙིང་པར་འགྱུར་བ་དང་། གནས་པ་སྐྱེས་ནས་མ་ཞིག་པ་དང་། འཇིག་པ་ཡོད་པ་ལས་མེད་པར་འགྱུར་བ་རྣམས་མི་རུང་སྟེ། རྡུལ་དང་ཕྱོགས་ཆར་མ་གྲུབ་པ་ལ་དེའི་བྱ་བ་ཐ་དད་དུ་མི་རུང་བའི་ཕྱིར་དང་། སྐྱེ་རྒས་གནས་གསུམ་ཡོད་པས་ན་དེ་གསུམ་དང་འཇིག་པ་དང་བྱ་བ་འགལ་བ་དང་། དེ་གསུམ་ཡང་འཇིག་པར་འཕོ་བས་རྣམ་པ་མཚུངས་པའི་ཕྱིར་རོ། །སྣང་ཙམ་ལ་ཐ་དད་མ་གྲུབ་ལ། དངོས་པོ་ལ་ཆ་ཤས་མ་གྲུབ་པའི་ཕྱིར་ན་གཅིག་མི་གཅིག་གཉིས་ཀ་མི་རུང་བའི་ཕྱིར་རོ། །རྩ་ཤེ་ལས། སྐྱེ་ལ་སོགས་གསུམ་སོ་སོ་ཡིས། །འདུས་བྱས་མཚན་ཉིད་བྱ་བར་ནི། །ནུས་མིན་གཅིག་ལ་དུས་གཅིག་ཏུ། །འདུས་པ་ཡང་ནི་ཇི་ལྟར་རུང་། །ཞེས་སོ། །སྐད་ཅིག་མའི་དངོས་པོ་གཅིག་ལ་སྐྱེ་རྒ་གནས་འཇིག་དེ་བཞི་འཇུག་ཏུ་མི་རུང་ལ། སྐད་ཅིག་ལས་ཐ་དད་པ་དངོས་པོ་ལ་མེད་པ་ཡིན་པས་ན། དེ་བཞི་དེ་ལྟར་མ་ཞུགས་ན་འདུས་བྱས་ཡིན་ནོ་ཅོག་ལ་སྐྱེ་རྒ་གནས་འཇིག་དེ་བཞི་ཞུགས་པར་ཁས་བླངས་པ་ཉམས་པ་ཡིན་ནོ། །དེས་ན་དངོས་པོ་གང་ལའང་སྣང་ཚོད་དུ་དེ་ལྟར་སྣང་ཡང་འཁྲུལ་པ་ཡིན་གྱི། དངོས་པོའི་གཤིས་ལ་སྐྱེ་རྒ་གནས་འཇིག་ཙམ་དུའང་སྐད་ཅིག་གི་ཆ་ཤས་མེད་པས་མ་གྲུབ་སྟེ། དེ་ཉིད་ལས། དངོས་པོ་འགག་བཞིན་ཉིད་ལ་ནི། །སྐྱེ་བ་འཐད་པར་མི་འགྱུར་རོ། །གང་ཞིག་འགག་བཞིན་མ་ཡིན་པ། །དེ་ནི་དངོས་པོ་མི་འཐད་དེ། །དངོས་པོ་ཐམས་ཅད་དུས་ཀུན་ཏུ། །རྒ་དང་འཆི་བའི་ཆོས་ཡིན་ན། །གང་དག་རྒ་དང་འཆི་མེད་པར། །གནས་པའི་དངོས་པོ་གང་ཞིག་ཡིན། །ཞེས་སོ། །རིགས་པ་འདིས་སྣང་བའི་དངོས་པོ་རྣམས་ལ་དཔྱད་པ་ན། སྐྱེ་རྒ་གནས་འཇིག་དང་བྲལ་བའི་གཤིས་ནམ་མཁའ་ལྟ་བུ་ཕྱམ་ཕྱལ་གྱིས་སྐད་ཅིག་ལ་རིག་སྟེ། ཡུལ་སྣང་ཐམས་ཅད་སྟོང་བའི་རང་གཟུགས། རྡུལ་ཕྲན་དང་ཆ་ཤས་མེད་པ་ཡིན་པས་ན་ཕྱོགས་ཆ་དང་དངོས་པོ་མེད་པ། དུས་གསུམ་གཞི་མེད་སྟོང་བར་དག་པས་ངོ་བོ་སྟོང་ཉིད་ཕྱལ་བ། རང་བཞིན་སྣང་ལ་མ་འགག སེམས་གང་ཤར་སྐད་ཅིག་ཆ་མེད། རོལ་བ་མ་འགག་སྣ་ཚོགས་སུ་ཤར་བ། རྟག་ཆད་དང་འཕེལ་འགྲིབ་འགྲོ་འོང་མེད་པ་དང་། བྱར་མེད་ཡིན་པས་ན། གནས་ལུགས་ཀྱི་སྒོམ་པ་རང་བབས་སུ་སྐྱེ་བ་ཡིན་པས། སྲིད་པ་ཧྲུལ་པོར་བྱས་པ་ཡིན་ཏེ། བཞི་བརྒྱ་པ་ལས། ཤེས་རབ་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཙམ་ཞིག་སྐྱེ་མི་འགྱུར། །ཐེ་ཚོམ་ཙམ་ཞིག་སྐྱེད་བྱས་ནའང་། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཞེས་པ་སྟེ། རྟོགས་ན་ལྟ་སྨོས་ཀྱང་ཅི་དགོས་པའོ། །ཡུམ་ལས། མི་སྐྱེ་བ་དང་མི་གནས་པ་དང་འགག་པ་མེད་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། དགེ་སློང་ལྔ་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་མ་ཉི་ཁྲིས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྙེད་དོ་ཞེས་སོ། །དེ་ཡང་སྤོམ་ཡོར་ཙམ་དུ་སྐྱེ་བ་མེད་སྙམ་ནས་རྟོག་མེད་དུ་འཇོག་པ་མ་ཡིན་པར་གཤིས་དེ་ལྟར་སལ་གྱིས་རིག་ནས་བྱ་བ་མེད་པར་ཕྱམ་གདལ་ནས་འཇོག་པ་ཡིན་ནོ། །སྟོང་ཉིད་ཡིན་པས་སྐྱེ་བ་མེད་པ་ཡིན་དགོས་བསམ་རྒྱུའི་སྤོམ་ཡོར་ཏེ། སྤྱི་འབྱམས་ཀྱི་གོ་བ་གློ་སྟོང་འདྲ་བ་བཞག་ས་བླུགས་ཁུངས་མེད་པའི་ཧད་པོ་དང་རྒྱ་འབྱམས་མ་ཡིན་པར། སལ་གྱིས་གསལ་ནས་ཕྱམ་གྱིས་གདལ་བའི་ཕྱམ་གདལ་ལྷུན་མཉམ་མ་བཅོས་རང་གསལ། བྱ་བྱེད་རྩོལ་སྒྲུབ་དང་བྲལ་བར་འཇོག་དགོས་ཞེས་པའོ། །གཤིས་དེ་ལྟར་ཡིན་པ་ལས། བྱིས་པ་མཚན་མར་འཛིན་པས་མ་རྟོགས་ཏེ། དཀོན་མཆོག་ཏ་ལ་ལའི་མདོ་ལས། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་སོ། །དེ་ཡན་གྱིས་ཉན་ཐོས་བྱེ་བྲག་སྨྲ་པས་གཙོ་བོར་འདོད་པའི་ཤེས་བྱ་གཞི་ལྔ་དགག་པའི་སྐབས་ལས། གཟུགས་དང་སེམས་དང་སེམས་བྱུང་དགག་པ་རྣམས་སོང་ནས། ལྡན་མིན་འདུ་བྱེད་འགོག་པའི་སྐབས་ཀྱི་བཞི་བ་ཆོས་བཞི་དགག་པའི་གཅིག་མི་གཅིག་ཏུ་མི་རུང་བ་སོང་བའི་མཚམས་འདིར་དེ་རིང་བཞག་ན་ཆོག་འདུག སང་ཉིན་སོ་སོར་རྟག་མི་རྟག་ཏུ་མི་རུང་བ་ནས་འགོ་གཟུང་ཏེ་བཤད་རྒྱུ་བྱེད། ད་འདིར་བཞུགས་ཀྱི་རྣམ་པ་ཚང་མ་ཐོས་བསམ་ཉམས་ལེན་པ་ཏག་ཏག་རེད། དེ་ཡང་ཆོས་མང་དུ་ཐོས་པ་ཞེས་པ་དེ་མང་པོ་ཞིག་ཉན་པ་ཙམ་ཞིག་ལ་འཇུག་པ་མིན་པར། ཐོས་པ་གང་ཞིག་ལ་བརྟེན་ནས་ཁམས་གསུམ་ལ་སྐྱོ་བ་གྱུར་བ་དེ་ཉིད་མང་དུ་ཐོས་པ་ཡིན་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མངོན་པའི་ཆོས་ལས་གསུངས་ཤིང་། དེས་ན་གསང་ཆེན་སྔ་འགྱུར་བའི་ཆོས་སྐད་ལྟར་ན། རྒྱལ་བ་རྡོ་རྗེ་འཆང་གིས་བསྟན་པའི་ལམ། མ་གི་ཉན་ཐོས་ཐེག་པའི་བྱེ་མདོ་གཉིས་ཀ་ནས། ཡ་གི་ཐེག་རྩེ་ཨ་ཏི་ཡོ་གའི་བར་གྱི་གདུལ་བྱའི་བློ་རིམ་དང་བསྟུན་པའི་བསྟན་པའི་བབ། ཐེག་པའི་རྣམ་གཞག སྐས་ཀྱི་གདང་བུ་ལྟ་བུ་ཞིག་ཡོད་པ་དེའི་དགོངས་དོན་ཐམས་ཅད་ཚུར་བསྡུ་ན། སེམས་འདུལ་བའི་ཐབས་ལ་འགྲོ་བས་མི་ཚད་པར། མཐར་ཐུག་ཡེ་ཤེས་ཉག་གཅིག་ལ་འབབ་པ་ཡིན། སེམས་དང་ཡེ་ཤེས་ཞེས་པའི་བརྗོད་གཞི་འདིའི་སྟེང་ནས་བསམ་བློ་བཏང་ན། སེམས་དང་ཡེ་ཤེས་ཐ་སྙད་ལ་གཅིག་མིན་པར། གཅིག་འཁྲུལ་བ་དང་གཅིག་མ་འཁྲུལ་བ་ཡིན། སེམས་དེ་འཁྲུལ་བ་ཀུན་རྫོབ་འཁོར་བའི་བདེ་སྡུག་གི་འཁྲུལ་སྣང་འཆར་བའི་གཞི་ཡིན་ལ། ཡེ་ཤེས་དེ་ཉིད་མ་འཁྲུལ་པ་དོན་དམ་གནས་ལུགས་གཤིས་ཀྱི་བཞུགས་སོ་ཡིན། དེས་ན་ཐེག་རིམ་དང་གྲུབ་མཐའ་སོ་སོའི་རྣམ་གཞག་གིས། ཤེས་དང་ཤེས་བྱའི་ཆོས་ཐམས་ཅད་ཕྲ་ཞིང་ཞིབ་པར་གཏན་ལ་ཕབ་ཡོང་ན། འཁྲུལ་བའི་ལམ་ནས་མ་འཁྲུལ་བའི་དྭངས་དེ་བཙལ་ནས། འཁྲུལ་སྣང་འཁོར་བ་རྒྱུ་འབྲས་གཉིད་མ་བདེ་བའི་རྨི་ལམ་འདྲ་དེ་ཟློག་ཐབས་བྱེད་བཞིན་ཡོད་པ་ཡིན་པས་སེམས་དང་ཡེ་ཤེས་གཉིས་ཀ ཐ་སྙད་ལ་གཅིག་མིན་པས་ན། སེམས་རྟོགས་པ་ཙམ་ཞིག་གིས་སེམས་ཀྱི་ཆོས་ཉིད་ཡེ་ཤེས་མི་རྟོགས་ཀྱང་། དོན་དམ་པར་དེ་གཉིས་ཀ་ཐ་དད་མིན་པར་སེམས་ཀྱི་རང་བཞིན་ཡེ་ཤེས་ཡིན་པས་ན། ཡེ་ཤེས་རྟོགས་དུས་སེམས་ཀྱང་དེ་ལས་ཐ་དད་དང་ལོགས་སུ་གྱུར་པ་ཞིག་མ་དམིགས་པ་ཡིན། ལྟ་སྒོམ་ཟུང་དུ་འབྲེལ་དགོས་པས། རྒྱུ་དང་འབྲས་བུའི་ཐེག་པ་གང་བཤད་པའི་སྐབས་ཡིན་ཀྱང་། དངོས་དང་བརྒྱུད་ནས་ལམ་ཟབ་མོ་གཏན་ལ་འབེབ་པ་ཐམས་ཅད་ཆོས་ཉིད་དེ་ཁོ་ན་ཉིད་ལ་གཏུགས་ནས་དེ་ལྟར་དུ་བསྒོམས་ན། མཐར་ཐུག་གི་འབྲས་བུ་ཐོབ་ཏུ་ཡོད་པ་ཡིན། མཚན་ཉིད་ཐེག་པའི་སྐབས་ནས་ཀྱང་མཐའ་བྲལ་དབུ་མའི་ལམ་ལ་གཞི་བཅོལ་ཏེ། ཆོས་ཉིད་བསམ་བརྗོད་དང་བྲལ་བའི་ཡུམ་དོན་གྱི་དགོངས་པའི་གནས་ལུགས་ཐོས་བསམ་གྱི་སྒྲོ་འདོགས་བཅད་དེ་རྟོགས་པར་བྱས་ནས། རྟོགས་དོན་དེ་སྒོམ་དགོས་པ་ཡིན། དེའི་མིང་ལ་ཐོས་པ་ཁ་ཕྱིར་བལྟས་སུ་མ་ཤོར་བ་ཞེས་བརྗོད་ན་ཆོག་པར་འདུག་སྙམ། ཆོས་ཅན་གཉིས་སྣང་དབང་བཙན་བྱས་ཏེ་བསྒོམས་ནས་གྲོལ་ཞེས་པ་ཞིག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱུ་འབྲས་ཀྱི་ཐེག་པ་གང་ནས་ཀྱང་མ་གསུངས་ལ། དེ་ལྟར་ཡང་ཀུན་མཁྱེན་འཇིགས་གླིང་གིས། ཆོས་ཆེན་པོ་གསུམ་གྱི་ཉིང་ཁུ་འདི། །ཁོང་རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་དང་། །འཕགས་བོད་ཀྱི་པཎ་གྲུབ་ཚད་ལྡན་གྱིས། །འགྲེལ་བས་བཀྲལ་ཞིང་ཉམས་སུ་བསྟར། །འདི་དབུ་མ་སྣང་མེད་སྤྲོས་བྲལ་དང་། །ཕྱག་ཆེན་འཁོར་འདས་མཉམ་པར་སྦྱར། །རྫོགས་ཆེན་བློ་འདས་ཁ་ཡན་གྱི། །ཡེ་ཤེས་མཐོང་བའི་རྣལ་འབྱོར་པའི། །དྲན་རིག་ལྷུན་གྲུབ་ཆེན་པོར་གཅིག །ཅེས་གསུངས་ཡོད་པ་དེའི་གནད་དེ་མ་གོ་བར་བརྟགས་ཤིང་དཔྱད་པ་མང་པོ་ཞིག་བྱས་ཀྱང་དོན་ལས་འདས་ནས་སེམས་ཀྱི་ཆོས་ཉིད་ད་ལྟ་ནས་ཡེ་ཤེས་སུ་ཡོད་པ་དེ་མ་ཤེས་པས་སངས་རྒྱས་ཀྱི་ཡེ་ཤེས་དེ་སེམས་ཅན་ཁམས་ལ་ཤེས་བྱར་མི་སྲིད་པར་སེམས་ནས། ཕུང་པོ་རྣམ་བཅད་ཀྱི་སྟོང་པ་ཙམ་ལ་བལྟས་པས་གྲངས་མེད་གསུམ་གྱི་མཐའ་རུ་ལྷུང་བ་ཡིན་པས་སངས་རྒྱས་ཆགས་བྲལ་གྱི་རྣམ་པས་གསུངས་པའི། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །ཅེས་པའི་ཟབ་ཞི་སྤྲོས་པ་དང་བྲལ་བ་འོད་གསལ་འདུས་མ་བྱས་པའི་ཆོས་དེ། ལྟ་སྒོམ་གྱི་གནད་དུ་དྲིལ་ཐུབ་ན་ཐོས་བསམ་གཉིས་ཀྱིས་གོམ་པ་སྤོས་པའི་ལམ་གོ་ཆོད་པ་ཡིན་ནོ། །དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསག་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།