ཁྱབ་བདག་པདྨ་སྐལ་བཟང་གི་གསུང་འབུམ་གླེགས་བམ་ཉེར་བརྒྱད་པ།གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་ལྗགས་ཁྲིད་བདུད་བཞིའི་གཡུལ་རྒྱལ། བདེ་སྟོང་རླུང་རྫོགས་ཀྱི་ཟབ་ཁྲིད་ལྷན་སྐྱེས་ཡེ་ཤེས་རྒྱ་མ་ཚོའི་འཇུག་ངོགས།རྫོགས་ཆེན་པདྨ་སྐལ་བཟང་། སྤྲུལ་ཀུན་དགའ་བསྟན་འཛིན་དང་སྤྲུལ་ཐུབ་བསྟན་རང་བྱུང་གིས་ཡི་གེར་ཕབ།པདྨའི་འོད་སྣང་ཚོགས་པ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། ། ཐུགས་རྗེ་ཆེ་ཞུ།༈ སྐྱེ་རྒུའི་བདེ་སྐྱིད་ཀྱི་འབྱུང་གནས་རྒྱལ་བ་མཉམ་མེད་དོན་ཀུན་གྲུབ་པ་ཆེན་པོའི་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ངོ་མཚར་ཆོས་སྐུའི་རིང་བསྲེལ་གྱི་གཟུགས་སུ་བལྟམས་པ་གསུང་རབ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཐུབ་པའི་དགོངས་པ་རང་སྟོབས་ཀྱི་བཀྲལ་ནུས་པའི་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་མཛད་པའི་བསྟན་འགྱུར་རིན་པོ་ཆེ་སྟེ་མདོ་སྔགས་གཉིས་ལྡན་གྱི་ཡོངས་རྫོགས་བསྟན་པ་རྒྱ་མཚོ་འདི་ཉིད། དེང་གི་ཆར་གངས་རིའི་ལྗོངས་ཀྱི་ཡེ་གེ་ཁོ་ནའི་གཟུགས་སུ་བཞུགས་པ་ནི་སྤྲུལ་པའི་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་ཉག་གཅིག་ལས་བྱུང་བ་དང་། དེ་དག་མི་ནུབ་བརྒྱུད་འཛིན་ཡུན་གནས་ཀྱི་ཆེད་དུ་གངས་ལྗོངས་ཆོས་བརྒྱུད་ཁག་ལས་བྱོན་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ཀྱིས་བཀའ་བསྟན་རིན་པོ་ཆེའི་དགོངས་སྙིང་ཅན་གྱི་གསང་རབ་གླེགས་བམ་སྟོང་ཕྲག་མང་པོ་མཛད་ཅིང་། དཀའ་སྤྱད་ཐུགས་བརྩོན་སྣ་ཚོགས་གྱིས་མ་ཕྱི་གསར་བསྐྲུན་དང་བསྐྱར་བསྐྲུན་སོགས་ཀྱིས་འཇིག་རྟེན་གྱི་ཁམས་སུ་བཞུགས་པ་མཛད་མུས་བཞིན། དེང་གི་ཆར་གློག་རྡུལ་འཕྲུལ་ཆ་དང་དྲྭ་རྒྱའི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྒྱལ་སྤྱིའི་རིག་གཞུང་སྤྱི་མཚུངས་ལྟར། རྒྱལ་བའི་གསུང་རབ་རིན་པོ་ཆེ་གཙོ་བོར་གྱུར་པའི་འཕགས་བོད་མཁས་པའི་གཞུང་ལུགས་རྣམས་དྲྭ་ཐོག་ནས་བཤེར་འཚོར་དང་འདྲ་བཤུས་སྒྲིག་གཟོ་སོགས་སྟབས་བདེའི་ལམ་ནས་བཀོལ་སྤྱོད་ཐུབ་པའི་གཞི་རྒྱ་ཆེ་བའི་འཆར་འགོད་དངོས་སུ་ལས་བཞིན་པར། མཆོག་སྤྲུལ་མུ་ར་རིན་པོ་ཆེའི་གཙོས་པདྨའི་འོད་སྣང་ཚོགས་པ་ནས་༧སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་གི་གསུང་འབུམ་མཚན་བཟང་སོ་གཉིས་ཀྱི་གྲངས་ལྡན་ཅན་འདིར་གནང་འབྱོར་བྱུང་བ་ལགས་ན། ཁོང་རྣམ་པའི་རྨད་དུ་བྱུང་བའི་མཛད་རྒྱས་ལ་སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་ཆབ་གཅིག་སླད་ནས་ཀྱང་གསུང་རབ་རིན་པོ་ཆེ་ཅི་རིགས་དཔེ་སྐྲུན་གནང་ན་འདི་གར་འདྲ་བཤུས་གནང་སྩོལ་ཡོང་བར་ཅི་ནས་ཀྱང་བཀའ་དྲིན་མི་ཆུང་བ་ཞུ། ཞེས་དྲྭ་རྒྱའི་དཔེ་མཛོད་འགན་འཛིན་པ་རྫོགས་ཆེན་བསྟན་འཛིན་རྣམ་དག་ནས་ཕུལ།། གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་ལྗགས་ཁྲིད་བདུད་བཞིའི་གཡུལ་རྒྱལ།གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་ལྗགས་ཁྲིད་བདུད་བཞིའི་གཡུལ་ལས་རྒྱལ་བའི་ངེས་གསང་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་པདྨ་ཀ་ར་ཡེ། པདྨའི་དགོངས་བཅུད་སྙིང་ཐིག་གསང་མཛོད་འཛིན།། པདྨའི་རིང་ལུགས་བཤད་དང་སྒྲུབ་པས་སྤེལ།། པདྨའི་ཐུགས་སྤྲུལ་ཁྱབ་བདག་འཁོར་ལོའི་མགོན།། པདྨ་སྐལ་བཟང་ཞབས་ལ་ཕྱག་འཚལ་ལོ།། ཉིད་ཀྱི་ཞལ་གསུངས། གང་གི་ཞལ་གྱི་བུམ་བཟང་ལས་འོང་བའི།། ཞི་བྱེད་ལང་ཚོ་རྒྱས་པའི་རོ་བཅུད་ཅན།། ཀུན་མཁྱེན་བརྒྱུད་པའི་ཕྱག་རྟགས་དང་ལྡན་ཞིང་།། རྣམ་དཔྱོད་ཟབ་རྒྱའི་གཞུང་གི་དྲི་ངད་འཐུལ།། སྲིད་ན་རྙེད་པར་དཀའ་བའི་བདུད་རྩི་ཞིག། དེང་སང་སྒྲ་བྱང་བཞུགས་འདི་ཉམས་ཕངས་ནས།། མན་ངག་ཟབ་དོན་ཡི་གེར་ཕབས་ལ་བྲེལ།། བླ་མ་རྩ་གསུམ་ལྷ་ཡིས་གནང་བར་མཛོད།། དེ་ཡང་སྟོན་པ་ཕུན་སུམ་ཚོགས་པ་མཁས་བཙུན་གྲུབ་པའི་དབང་ཕྱུག སྔ་འགྱུར་བསྟན་པའི་ཉི་མ། བྱང་སེམས་བདག་ཉིད་ཆེན་པོ། ཟབ་གསང་སྙིང་ཐིག་གི་བཀའ་བབས། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་སྤྱི་དཔལ། བདག་ཅག་གི་མཚུངས་མེད་རིགས་ཀྱི་བདག་པོ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན། ཁྱབ་བདག་རྫོགས་ཆེན་པ་༧ཆོས་རྗེ་པདྨ་སྐལ་བཟང་ངམ་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་མཆོག་གིས། གནས་ཕུན་སུམ་ཚོགས་པ་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི། གངས་རྒྱན་གསེར་གྱི་པདྨའི་གཙུག་ལག་ཁང་དུ། །འཁོར་ཕུན་སུམ་ཚོགས་པ་ཕྱོགས་བཞི་མཚམས་བརྒྱད་ནས་ཆོས་འདོད་དོན་གཉེར་གྱིས་ཆེད་གཏད་དུ་ཕེབས་པ་རྣམས་དང་། གཉུག་མར་གནས་པའི་བཤད་སྒྲུབ་ལས་གསུམ་གྱི་དགེ་འདུན་གྱི་སྡེ་དང་བཅས་པའི་སློབ་ཚོགས་ཡོངས་ལ། ཆོས་ཕུན་སུམ་ཚོགས་པ་འོད་གསལ་རྫོགས་པ་ཆེན་པོ་སྙིང་ཐིག་གོང་འོག་གཙོས་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པའི་དབྱར་ཆོས་ཀྱི་ནང་ཚན་ལས། ཡུམ་དོན་ཟབ་མོ་ཤེར་ཕྱིན་གྱི་དགོངས་པ། ཡང་ཟབ་གསང་སྔགས་ཀྱི་གདམས་པ། ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི་ཐུན་མིན་བྱིན་རླབས་བརྒྱུད་པའི་བབས་སོ་དང་ལྡན་པའི་ཆོས་སྐལ་འདི་ཉིད། དུས་ཕུན་སུམ་ཚོགས་པ་བོད་རབ་རྒྱན་ཆུ་མོ་སྦྲུལ་ལོའི་བོད་ཟླ་དྲུག་པའི་ཡར་ཚེས་བདུན་ནས་དབུ་བཟུང་སྟེ་ཉིན་གསུམ་གྱི་རིང་ལ་བསྩལ་བ་ཞིག་ཡིན་ཏེ། གསུང་དལ་ལ་བརྗིད་ཆགས་པས་ཐོག་མར། ཚིག་བདུན་གསོལ་འདེབས་ལན་མང་གསུངས་པ་སོགས་ཀྱི་མཐར། ཨཿ བདག་ཉིད་ཐ་མལ་སོགས་ནས་ཡི་གེ་བརྒྱ་བ་གྲངས་མང་སོགས་དང་། གང་བློ་མ་ལན་གསུམ་དང་། བརྩེ་ལྡན་ཁྱེད་ཀྱི་སོགས་ནས། གསུང་དངོས། ཉིན་དང་པོའི་ཆོས་ཁྲིད།དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་དཔལ་མགོན་བླ་མ་དམ་པའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་བཏུད་དེ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། གྲངས་མེད་བསྐལ་བར་ཚོགས་གཉིས་རྫོགས་མཛད་ཅིང་།། འདི་ལྟར་བྱང་ཆུབ་སྙིང་པོར་མངོན་སངས་རྒྱས།། ཞི་བའི་ལམ་བཟང་སྲིད་ན་སྣང་མཛད་པ།། འགྲོ་བའི་བླ་མ་ཐུབ་པ་དེར་ཕྱག་འཚལ།། དྲི་མེད་མཚོ་གླིང་པདྨའི་སྡོང་པོའི་རྩེར།། རྒྱལ་བའི་རྣམ་སྤྲུལ་རང་བྱུང་ལྷུན་གྱིས་གྲུབ།། མཚན་རྫོགས་དཔེ་བྱད་ཡོན་ཏན་མཚུངས་འབར་བ།། པདྨ་འབྱུང་གནས་བདག་བློའི་པད་མཚོར་སྐྱོངས།། འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་།། ཐུགས་རྗེ་ལུང་རྟོགས་མཉམ་པའི་མཐུ་མངའ་ཡང་།། ནགས་ཁྲོད་དམ་པ་སྦས་པའི་བརྟུལ་ཞུགས་ཀྱིས།། འཁོར་འདས་ཆོས་སྐུར་རྟོགས་པའི་ཀློང་ཆེན་པ།། དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས།། ཤེས་བྱ་ཀུན་མཁྱེན་འགྲོ་ལ་རྗེས་བརྩེའི་གཏེར།། དྲི་མེད་འོད་ཟེར་ཡང་སྤྲུལ་ཐུགས་གཏེར་མཛོད།། འོད་གསལ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་བ།། འཇིགས་མེད་གླིང་བའི་ཞབས་ལ་གསོལ་བ་འདེབས།། བརྒྱུད་གསུམ་བྱིན་ཐོབ་དགོངས་པའི་རྩལ་ཆེན་རྫོགས།། སྣང་བཞི་མཐར་ཕྱིན་ཆོས་སྐུའི་རྒྱལ་སྲིད་བརྙེས།། གདོད་མའི་མགོན་པོ་མི་ཡི་རྫུར་ཞུགས་པ།། འཇིགས་མེད་ཡོན་ཏན་མགོན་པོར་གསོལ་བ་འདེབས།། དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས།། ཧྲཱི་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས།། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད།། རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པའི།། རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས།། བདག་གཞན་འགྲོ་བའི་བློ་སྣ་ཆོས་ལ་སྒྱུར།། གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན།། བདེ་གཤེགས་སློབ་མར་གྱུར་བ་གང་སུ་དག། དེང་འདིར་དམ་པའི་ཆོས་ཀྱི་ཆར་འབེབས་ཀྱིས།། གསན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་།། འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར།། ཐམས་ཅད་སྐད་དུ་ཆོས་འདི་འགྱུར་བར་ཤོག། དེ་ཡང་བོད་རབ་བྱུང་བཅུ་བདུན་པའི་ཆུ་མོ་སྦྲུལ་གྱི་ལོའི་གནམ་ལོ་གསར་ཚེས་ཀྱི་ནམ་ཟླ་དུས་བཞིའི་ནང་གི་དབྱར་ཟླ་གསུམ། སྣོད་ཀྱི་བྲི་བ་ཐམས་ཅད་གང་བའི་དུས་འདིར། སླར་ཡང་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི། གངས་རྒྱན་གསེར་གྱི་པདྨའི་གཙུག་ལག་ཁང་ཞེས་མཚན་དུ་བཏགས་སའི་ཆོས་གྲྭ་འདི་ན། ཕྱོགས་བཞི་མཚམས་བརྒྱད་ནས་ས་ཐག་རིང་ཐུང་གི་སྐུ་ངལ་སྣ་ཚོགས་ལ་མ་འཛེམས་ནས། ཆོས་འདོད་དོན་གཉེར་གྱིས་ཆེད་གཏད་དུ་ཕེབས་པའི་རྣམ་པ་ཚོ་དང་། འདིར་བཞུགས་གཉུག་མར་གནས་པའི་བཤད་སྒྲུབ་ལས་གསུམ་གྱི་དགེ་འདུན་འདུས་པའི་སྡེ་དང་བཅས་པ། རང་རེ་ཆོས་གྲོགས་རྣམ་པ་ལྷན་འཛོམས་ཀྱིས་ཆོས་ཀྱི་དགའ་སྟོན་ཆེན་པོ་ལ་མཉམ་དུ་རོལ་བའི་འདི་འདྲའི་སྐལ་བ་བཟང་པོ་ལྡན་སོང་བ་ཡིན་ན། འདི་སྔར་བསགས་བསོད་ནམས་སྟོབས་ཆེན་གྱི་འབྲས་བུ་ཡིན་པ་དང་། ལས་དང་སྨོན་ལམ་གཅིག་ཏུ་མཐུན་པའི་རྒྱུ་རྐྱེན་རྟེན་འབྲེལ་མང་པོ་ཞིག་གིས་དུས་ཐོག་གཅིག་ལ་འཚོགས་པ་ཡིན་པར་སྨོས་མ་དགོས་པས། གུས་པ་ངས་ཀྱང་དགའ་བཞིན་སྤྲོ་བཞིན་དུ་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་དམ་པ་གོང་མའི་ཆོས་ཁྲི་ལ་ཕྱག་གསུམ་སྔོན་ལ་འཚལ་ནས། སྙིགས་དུས་བསྟན་པ་ཉམས་དམའ་བའི་སྐབས་ལ་དམ་པའི་ཆོས་ཀྱི་བརྒྱུད་པ་ཞིག་བཟུང་སྟེ། བདེ་བར་གཤེགས་པའི་གདུང་འཚོབ་རྒྱུ་འདི་ལ་སྤོབས་པ་ཆེར་བསྐྱེད་ཀྱི་ཐོག་ནས། ཆོས་ཀྱི་ཆེ་བ་འདོན་པའི་ཕྱིར་དུ་ཁྱེད་རྣམ་པའི་གོང་ནས་མར་འཁོར་ཏེ་འདུག་རྒྱུ་བྱེད་དགོས་སོང་བ་ཡིན་ན། དབྱིངས་ན་བཞུགས་པའི་མཆོག་གསུམ་རྒྱལ་བ་སྲས་བཅས། བརྒྱུད་གསུམ་རིག་འཛིན་བླ་མ་དང་གཉིས་སུ་མ་མཆིས་པ་ཐམས་ཅད་དང་། ཚོགས་གྲལ་འདིའི་ནང་ན་བཞུགས་པའི་དངོས་དང་དངོས་མེད་ཀྱི་ཆོས་སྤྱན་ལྡན་པ་ཐམས་ཅད་ཀྱིས་གནང་བར་མཛོད་ཞུ་བ་དང་། དེ་བཞིན་དུ་སྡེ་གསུམ་སྲུང་མ་མཐུ་དང་དྲག་རྩལ་ཅན་ཐམས་ཅད་ཀྱིས་འདིའི་འཆད་ཉན་མཐར་ཕྱིན། བསྟན་པའི་སྲི་ཞུ་འགྲུབ། ཚེ་རབས་ཀུན་ཏུ་དམ་པའི་ཆོས་འཛིན་ནས་བསྟན་ལ་རི་མོར་བགྱི་བའི་སྨོན་དོན་གཟུགས་ཅན་དུ་སྨིན་པ་ལ། འགལ་རྐྱེན་ཉེར་འཚེ་སེལ་བའི་ལེགས་ཉེས་ཀྱི་བྱ་ར་མཛོད་ཞུ་བ་དང་བཅས་ཏེ། དེ་ལྟ་ན་རྣམ་པ་ཐམས་ཅད་ཀྱིས་ཐུགས་བསམ་དགོངས་པ་ནང་དུ་བསྐོར་ནས། མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རྒྱུ་ཀུན་འབྱུང་ལས་དང་ཉོན་མོངས་ལ་སྤྱོད་ཅིང་། འབྲས་བུ་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་རྣམ་པ་མང་པོ། དེ་ཡང་དོས་དྲག་ལ་རྒྱུན་རིང་བ་ཤ་སྟག་གིས་མནར་བའི་རིགས་དྲུག་གི་འགྲོ་བ་སྤྱི་དང་། ཁྱད་པར་དུ་མ་རིག་འཁྲུལ་བའི་སྣང་བ་གཟུང་འཛིན་ཆགས་སྡང་ཨ་འཐས་ཀྱི་གཞན་དབང་ལ་སོང་བའི་མི་མིན་ལྷ་འདྲེའི་རིགས་སུ་གྱུར་བ། སྲིད་པ་འདི་ན་ཆེ་ཞིང་སྟོང་ཁམས་དབང་དུ་བྱེད་པའི་ལྷ་ཀླུ་ས་བདག་བདུད་དང་སྲིན་པོ་མ་མོ་ལ་སོགས་པ་རང་རང་གི་སྡེར་གཏོགས་དང་བཅས་པ། དེ་ཡང་སྤྱིར་ན་སྟེང་འོག་བར་གསུམ་གྱི་གདོན་ཆེན། བྱེ་བྲག་ཏུ་དམ་སྲི་ཕོ་མོ། ཐེའུ་རང་བསེ་མོ། གྲི་བོ་གྲི་མོ། བསེ་རག་འགོང་པོ། ཤི་འདྲེ་དང་གསོན་འདྲེ། དེའི་སྟེང་དུ་མ་གཤིན་སྲོག་བདག རྒྱལ་འཁྱམས་སྒབ་འདྲེ་དཀོར་བདག་གི་རིགས་སུ་གྱུར་བ་ལ་སོགས་པ། མདོར་ན་སྟོབས་ཆེ་ཆུང་དང་ཁས་དྲག་ཞན་ལ་མ་ལྟོས་པར། གཞན་གྱི་ཚེ་འཕྲོག མདངས་བརྐུ། སྲོག་གཅོད། དབུགས་ལེན་པར་བྱེད་ཅིང་། དེའི་འཁྲུལ་སྣང་འབའ་ཞིག་གི་དབང་དུ་སོང་ནས་རང་སྣང་དགྲ་རུ་ལྡང་། ཉིན་མཚན་གོ་ལོག་ཏུ་ཤར་ཏེ་འཁྲུལ་སྣང་སྡུག་བསྔལ་རྒྱུ་འབྲས་ལ་ཁོར་མོར་སྤྱོད་པའི་མ་རུངས་ཉམ་ཐག་གི་སེམས་ཅན་དེ་དག་ཐམས་ཅད་སྙིང་རེ་རྗེ། བདག་གིས་ད་རེས་སྤྱིར་དལ་འབྱོར་གྱི་རྟེན་བཟང་རྙེད། སྒོས་ཐེག་ཆེན་མདོ་སྔགས་ཀྱི་བསྟན་པ་དང་མཇལ། ཁྱད་པར་ཡུམ་དོན་ཟབ་མོ་ཤེར་ཕྱིན་གྱི་དགོངས་པ། ཡང་ཟབ་གསང་སྔགས་ཀྱི་གདམས་པ། ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི་ཐུན་མིན་བྱིན་རླབས་བརྒྱུད་པའི་བབས་སོ་དང་ལྡན་པའི་ཆོས་སྐལ་འདི་ཉིད་ལ། ཐོས་བསམ་ཉམས་ལེན་བྱེད་དུ་ཡོད་པའི་སྐབས་འདི་ན། ཐོས་པ་གོ་ཡུལ་ཙམ་དང་། མངོན་རྟོགས་གྱེར་འདོན་གྱི་འུར་འབོད་ཙམ་ཞིག་ཏུ་མ་སོང་པར། སྨྲ་བསམ་བརྗོད་པ་དང་བྲལ་བའི་ཡུམ་དོན་རིག་སྟོང་སྤྲོས་བྲལ་གྱི་གདེང་རྙེད་པ་བྱས་ནས། གོང་དུ་སྨོས་མ་ཐག་པ་ཆགས་སྡང་ཨ་འཐས་སུ་གྱུར་ཅིང་ལས་ཀྱི་གཞན་དབང་ལ་འཕྱན་པའི་མི་མིན་ལྷ་འདྲེའི་རིགས་གྱུར་དེ་དག་གིས་གཙོས་པའི་སེམས་ཅན་ཐམས་ཅད་འཁྲུལ་སྣང་རང་སར་གྲོལ། ཚོགས་གཉིས་ཆིག་ཆོད་དུ་རྫོགས་ནས། གཏན་བདེ་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཆེད་དུ། ཉམས་ལེན་བདུད་གཅོད་ཀྱི་མན་ངག་ཟབ་ཁྲིད་འདི་ཉན་པར་བགྱིའོ་དགོངས་ཏེ། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དོན་གཉིས་ལྡན་པའི་སེམས་བསྐྱེད་དང་། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་། དེ་ཡང་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བའི་ཐུགས་འདུན་གནང་དགོས་སོ། །གནས་དུས་སྟོན་པ་འཁོར་ཆོས་དང་བཅས་པ་ཐུན་མོང་མ་ཡིན་པ་སྟེ། གནས་ཡུམ་ཆེན་ཆོས་སྐུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལོངས་སྐུ་ཁྲོས་མ་རིགས་ལྔར་ཤར་བ་དེའི་སྤྲུལ་སྒྱུར་ཕྲིན་ལས་ཀྱི་རོལ་རྩལ་མཁའ་དང་ས་ལ་སྤྱོད་པའི་ཞིང་ཁམས་སུ་སྣང་བའི་རང་སྣང་རྣམ་པར་དག་པའི་གནས། དེ་ཡང་སྟེང་འོག་མཐོ་དམན་ཕྱོགས་མཚམས་དང་བྲལ་བ་ན། དུས་མེད་དུས་ལས་འདས་པའི་རྣམ་དག་སྤྲོས་པ་དང་བྲལ་བ་གཉིས་མེད་བདེ་ཀློང་གཅིག་ཏུ་འཁྱིལ་བའི་དུས་ན། སྟོན་པ་ཁྱད་པར་ཅན་མ་གཅིག་ཁྲོས་མ་ནག་མོ་རྣམ་པ་བླ་མ་ཡི་དམ་གཉིས་མེད་ཀྱི་ངོ་བོར་བཞུགས་པའི་ཞལ་ནས། གསུང་ཆོས་ཀྱི་སྒྲ་དབྱངས་ཟབ་དོན་སྒྲ་ཚིག་གི་རྣམ་པར་སྒྲོག་པའི་འདུན་པ་དང་། འཁོར་རང་གཞན་དཔའ་བོ་ཌཱཀྐིའི་ཚོགས་དང་བཅས་པས་གསན་གྱིན་ཡོད་པ་སྟེ། ཕུན་སུམ་ཚོགས་པ་ལྔ་འཛོམས་ཀྱི་རང་བཞིན་དུ་གསལ་བཏབ་ནས། གང་ཞིག་གསན་པར་བྱ་བ་ཀློང་ཆེན་སྙིང་གི་ཐིག་ལེའི་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་འབྲུ་དོན་ཅུང་ཟད་འགྲོལ་བ་ལ། དེ་ཡང་དབུའི་ཞལ་བྱང་དུ། ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་བཞུགས༔ ཞེས་གསུངས་ཏེ། ཀློང་ཆེན་ཞེས་པས་ལྗོངས་འདིར་རྫོགས་ཆེན་བསྟན་པའི་འདྲེན་བྱེད་ཀྱི་ཤིང་རྟ་པ་ཆེན་པོ། གསང་འཛིན་དགའ་རབ་དཔའ་བོ་གཉིས་པར་བྱོན་པ་རྒྱལ་བ་ཀློང་ཆེན་རབ་འབྱམས་པའི་མཚན་བསྟན་པ་ཡིན། མཚན་གྱིས་དོན་ཇི་ལྟ་བུ་ཞིག་མཚོན་ན། ཀློང་ཆེན་རྒྱལ་བ་གཉིས་པའི་ཐུགས་བཅུད། ཀུན་ཏུ་བཟང་པོའི་དགོངས་པའི་ཏི་ལ་ཀ སྙིང་གི་ཐིག་ལེའི་སྒྲ་དོན་སྦྱར་བ་ཡིན། རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་དེ་བརྒྱུད་གསུམ་དགོངས་པ་གཅིག་ཏུ་འདུས་པའི་བྱིན་རླབས་ཀྱི་ཕ་ཕོགས་ཀུན་མཁྱེན་ཕྱི་མ་རིག་འཛིན་འཇིགས་མེད་གླིང་པ་ལ་འཕོས་པ་ཡིན་པས། དེའི་དགོངས་ཟབ་ནམ་མཁའ་མཛོད་ཀྱི་ཆོས་སྡེ་དེ་ཉིད་ལ་ཀློང་ཆེན་སྙིང་ཐིག་ཞུ་བ་ཡིན་ཏེ། རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་ཟབ་ཆོས་ཡིན་པ་གང་ཞིག ཐུན་མིན་གནད་ཀྱི་ཆེ་བ་མང་པོ་དང་ལྡན་པའི་ཀུན་མཁྱེན་འཇིགས་བྲལ་གླིང་པའི་དགོངས་ཀློང་ནམ་མཁའ་མཛོད་ཀྱི་ཆོས་སྡེ་རུ་བྱོན་པ་ལ་བྱིན་རླབས་ཀྱི་བརྒྱུད་པའི་བབས་སོ་མ་ཉམས། འགྲོ་དོན་ཕྲིན་ལས་ཉི་ཟླའི་སྣང་བས་ཕྱོགས་ཀུན་ཏུ་ཁྱབ་པའི་ཟབ་ཆོས་གདམས་པ་ལེ་ལག་དང་བཅས་པ་ལ་ཀློང་ཆེན་སྙིང་ཐིག་ཅེས་དང་། དེའི་བརྒྱུད་པ་རང་རྐང་དུ་བཟུང་ནས་ཚེ་འདིའི་སྟེང་ནས་འཕོ་ཆེན་འཇའ་ལུས་ཀྱི་སྐུར་བཞེངས་པའམ། མིན་ཀྱང་འཆི་ཁའམ་ཆོས་ཉིད་བར་དོ། ཡང་མཐའ་ཡིན་ཡང་སྲིད་པ་བར་དོ། རྒྱུད་ཉི་ཟླ་ཁ་སྦྱོར་ལས། ཐ་མ་རྣམས་ནི་དབུགས་དབྱུང་སྟེ། །སྤྲུལ་པ་པོ་ནི་རང་རྒྱུད་གྲོལ།། ཞེས་གསུངས་པ་ལྟར། རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ཁམས་ལྔ་རུ་འདུན་པ་གཏད་ཆོག་མའི་ཆོས་འདི་ཉམས་ལེན་བྱེད་པ་པོ་ལ་སྙིང་ཐིག་པ་ཞེས་གྲགས། ཐ་ན་ཀློང་ཆེན་སྙིང་ཐིག་གི་ཆོས་དེ་ལ་དད་ཅིང་ཐོས་བསམ་འདུན་པའི་མོས་པ་དེའི་ཕྱོགས་ལ་གཏད་པའི་སྙིང་ཐིག་པ་ཡང་གྲངས་ཀྱིས་མི་ལངས་པ་ཡོད་རེད་ཟེར་ན་ཡང་ཆོག་པ་ཡིན། འོ་ན་ཞི་བྱེད་གཅོད་ཡུལ་བརྒྱུད་པའི་ཉམས་ལེན་གྱི་ཆོས་ཚན་འདི་ཀློང་ཆེན་སྙིང་ཐིག་གི་ཁུངས་སུ་ཅིའི་ཕྱིར་གཏོགས་པ་ཡིན། ཀུན་མཁྱེན་བླ་མ་འདི་ཅི་འདྲ་ཞིག་ཡིན་སྙམ་ན། གདོད་ནས་མངོན་པར་སངས་རྒྱས་ཟིན་ཀྱང་སླར་ཡང་གདུལ་བྱའི་སྣང་ངོར་མིའི་ཤ་ཚུགས་སུ་སྤྲུལ་ནས། མ་འོངས་སངས་རྒྱས་རི་རབ་མར་མེའི་རྒྱལ་མཚན་ཞེས་པར་ཡང་འཚང་རྒྱ་འགྱུར་དང་། སྐུ་ཚེ་དེ་ཉིད་ལའང་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་ཀློང་ཆེན་དྲི་མེད་འོད་ཟེར་དང་། རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་གྱིས་རྡོ་རྗེ་གཟི་བརྗིད་དུ་མཚན་གསོལ་ནས། བྱིན་རླབས་དགོངས་པའི་དབང་ཆེན་གནང་། དེའི་ཐོག་ནས་རྗེ་བཙུན་འཕགས་མ་སྒྲོལ་མས་ཞལ་གཟིགས། ནམ་གྲུ་རེ་མ་ཏི་ཡིས་རྒྱུན་དུ་བསྲུང་། བཀའ་སྲུང་མ་གཟའ་རྡོར་གསུམ་བྲན་དུ་ཁོལ་བ་ཞིག་ཡིན་པ་དང་། བླ་མ་ཡི་དམ་གཉིས་མེད་ཀྱི་ཁྲོས་མ་ལྕགས་གདོང་མས་ཞལ་གཟིགས། མ་བརྒྱུད་མཁའ་འགྲོའི་དཀྱིལ་འཁོར་ནས་ཉེ་བརྒྱུད་ཀྱི་བྱིན་རླབས་ཐོབ་པ་དེ་ལྟ་བུའི་རྣམ་ཐར་ཡང་ཡོད། ཁྱད་པར་དུ་དགུང་ལོ་བཅུ་དྲུག་གི་ཐོག་ནས་ཆོས་རྗེ་ཟ་ལུང་བའི་མདུན་ནས་ཕ་གཅིག་དམ་པ་སངས་རྒྱས་ཀྱི་གདམས་པའི་ཞི་བྱེད་སྔ་ཕྱི་བར་གསུམ་དང་། མ་ཅིག་ལབ་ཀྱི་སྒྲོལ་མའི་མ་ཅིག་གི་གཅོད་ཡུལ་རྣམ་དྲུག་གསན་ནས། དགོངས་པ་ཀློང་དུ་གྱུར་པའི་སྟོབས་ཀྱིས་ཆོས་འདིའི་བཀའ་བབས་བརྒྱུད་པའི་བབས་སོ་དང་ལྡན་པ་ཡིན། དེ་བཞིན་དུ་ཀུན་མཁྱེན་ཕྱི་མ་རིག་འཛིན་འཇིགས་མེད་གླིང་པ་ཡང་ཟངས་མདོག་དཔལ་གྱི་རི་བོ་ལ་གུ་རུའི་དྲུང་དུ་བྱོན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལམ་དབྱིངས་ཕྱུག་མཐིང་འོད་འབར་མ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཉིད་ཀྱིས་བརྟུལ་ཞུགས་བརྡ་ཡི་དབང་བསྐུར། རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱིས་ཡེ་ཤེས་ཀྱི་སྐུས་ལན་གསུམ་རྗེས་སུ་བཟུང་ནས་དགོངས་བརྒྱུད་རྟོགས་པའི་བྱིན་རླབས་བུམ་པ་གང་བྱོའི་ཚུལ་དུ་འཕོས་པ་ཡིན་པས་ན། གཅོད་ཀྱི་གདམས་པ་ཀུན་ལས་ཀྱང་ཁྱད་དུ་འཕགས་པའི་བརྒྱུད་པའི་ཟབ་ཁྱད་ཡོད་ལུགས་དེ་ལྟར་ཡིན། རྗོགས་ཆེན་དངོས་གཞིའི་ཉམས་ལེན་གྱི་རྗེས་བོགས་འདོན་ལ་ཡང་སྒོས་འདི་ཉིད་ཟབ་པ་ཡིན། འདིའི་འོག་ནས་རྩོམ་པར་དམ་བཅའ་བའི་སྐབས་སུ་འབྱུང་མ་རག་པའི་གཅད་བྱ་གཅོད་བྱེད་དང་བྲལ་བ་ཉག་གཅིག་རྩད་ནས་གཅོད་པ་རྫོགས་པ་ཆེན་པོ་ཡིན་པར་བསྟན། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱུར་རྫོགས་པ་ཆེ། །ཞེས་གསུངས་པ་ལྟར་ཡིན། འདིའི་ཤིན་ཏུ་ཉེ་བརྒྱུད་ཀྱི་དབང་དུ་བྱས་ན། རིག་འཛིན་འཇིགས་མེད་གླིང་པའི་སྐུ་སྐྱེ་དེ་མ་ཐག་པ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ཡིན་ལ། དེས་རྗེས་བཟུང་བྱིན་རླབས་ཐོབ་པའི་སྐྱ་མོ་སྨན་ལྷ་ཚང་གི་སྐུའི་སྲས་བདག་ཅག་གི་བླ་མ་དམ་པ་འཇིགས་མེད་ཡོན་ཏན་མགོན་པོ་ཉིད། ཀུན་མཁྱེན་འཇིགས་གླིང་གི་སྤྲུལ་པ་ཡིན་པ་ཁོང་ཉིད་ཀྱིས་ཞལ་གྱིས་བཞེས་པར་མ་ཚད། དུས་ཕྱི་མའི་སྐབས་འདིར་ཡང་ཟབ་འཛིན་པ་རང་གྲོལ་གྱི་བཀའ་བབས་བརྒྱུད་འཛིན་པ་ཡིན་པའི་སྟབས་ཀྱིས། ང་ལ་ཁོང་གི་མདུན་ནས་འཛིན་གྲོལ་གྱི་དབང་ཐེངས་མ་བདུན་བརྒྱད་ཅིག་ཐོབ་མྱོང་། དེ་ནི་དུས་རྒྱུན་ཡང་དང་ཡང་དུ་ཞུས་མྱོང་བ་ལྟར་ཡིན། ཚང་མས་དེ་དུས་འཛིན་གྲོལ་གྱི་དབང་ཁྲིད་མན་ངག་གི་བརྒྱུད་པ་ཐམས་ཅད་ཁོང་གི་མདུན་ནས་ལེན་པ་ཡིན། ང་གཅིག་པུས་ཆེད་གཏད་ཞུས་བསྡད་པ་མ་རེད་དེ། སྐུའི་འཁྲིས་ན་ཡོད་པས་ནམ་ཡིན་ཞོར་དུ་ཐོབ་བསྡད་པ་ཡིན། འབྲི་གུང་གི་དུར་ཁྲོད་དང་། མཆིམས་ཕུ་ནགས་ཀྱི་དུར་ཁྲོད་བཅས་ནས་ཐུགས་ཉམས་འུར་ཏེ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པའི་ཚུལ་དང་། ཙ་རིའི་དམར་ནག་རཀྟའི་མཚོ་འགྲམ་ནས་གྲུབ་རྟགས་ཁྱད་པར་ཅན་བསྟན་པ་དེ་དག་ངེད་ཚོས་མཇལ་མྱོང་། འདི་དག་བླ་མ་རིན་པོ་ཆེའི་ཐུན་མིན་གསང་བའི་རྣམ་ཐར་གྱི་ཆ་ཤས་ཤིག་ཡིན། དེ་འདྲའི་གཅོད་བརྒྱུད་ཀྱི་དབང་ཁྲིད་ཁྱད་པར་ཅན་ཐོབ་མྱོང་བས། པདྨའི་ཐང་གི་ཆོས་སྒར་འདི་དབུ་བཟུང་ཚུན་ཆད་གཅོད་ཀྱི་དགོང་ཐུན་རེ་མི་གཅད་པའི་རྒྱུ་མཚན་དེ་ཡིན། མ་ཟད་མདོ་མཁྱེན་བརྩེའི་རྟེན་སྒམ་ནང་གི་ནང་རྟེན་ཕལ་ཆེ་བ་དེང་སང་འདི་ན་བཞུགས་ཡོད། དེ་ཡང་དགོས་དབང་ཁྱད་པར་ཅན་གྱི་རྟེན་འབྲེལ་དུས་བབས་ཤིག་ཡིན་རྒྱུ་རེད། ད་རེས་ཀྱང་གསར་ཞུགས་རྣམ་པའི་དགོས་མཁོ་ལ་ཁ་རྩང་དབང་བསྐུར། དེ་རིང་མཁའ་འགྲོའི་གད་རྒྱངས་ཁྲིད་བྱས་ནས་ཆེད་དུ་བཤད་པ་ཡིན། འདི་ཀློང་བྱང་མཁའ་འགྲོའི་བརྡ་ཡིག་རྩ་རླུང་དག་པའི་སྣང་ཆར་ཤར་བ་ཉིད། དགོངས་གསང་མགྲིན་པའི་རྩ་མདུད་གྲོལ་བའི་དབྱངས་སུ་བཀོད་པས་ན་མཁའ་འགྲོའི་གད་རྒྱངས་ཞེས་མཚན་གསོལ་བ་ཡིན། འདིའི་མཚན་གྱིས་བརྗོད་བྱ་དངོས་ཀྱི་རྡོ་རྗེའི་ལུས་ཀྱང་བསྟན་པ་དང་བཅས་ཏེ། གླེགས་བམ་གྱི་དབུའི་ཞལ་བྱང་ལ་བཀོད་པའི་མཚན་བསྟན་ནས། འདི་ན་གཅོད་ཡུལ་ཞེས་པའི་ཚིག་འདིའི་གོ་དོན་སླར་ཡང་ཞུས་ན། འདི་ཟབ་མོ་བདུད་གཅོད་ཡུལ་དུ་བྱེད་པའི་མན་ངག་ཡིན་པས་ན་གཅོད་ཡུལ་ཞེས་དང་། ཞི་བྱེད་ཅེས་པའི་གནས་སྐབས་ན་དམ་ཆོས་སྡུག་བསྔལ་ཞི་བྱེད་སྤྱི་མིང་སྒེར་ལ་ཆགས་པ་ཞིག་ཡིན། འདི་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་ཡིན། དེ་ལ་ཡང་མངོན་པར་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྙིང་པོ་དོན་གྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་ཡོད་པ་ལས། འདི་སྙིང་པོ་དོན་གྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་དོན་མན་ངག་ཏུ་དྲིལ་བ་ཡིན། འདི་ཇི་ལྟར་གསུངས་ན། རབ་འབྱོར་གྱིས་ཞུས། སྟོན་པས་གསུངས། ཀུན་དགའ་བོས་བསྡུས། བྱམས་པས་ལུང་བསྟན་ཏེ། སློབ་དཔོན་ཐོགས་མེད་ལ། དེས་སློབ་དཔོན་དབྱིག་གཉེན་ལ། དེས་ཨརྱ་དེ་ཝ་ལ། དེས་དམ་པ་སངས་རྒྱས་ལ་གསུངས། དམ་པས་བོད་ལ་སྤེལ་བ་ཡིན། ཕ་གཅིག་དམ་པ་རྒྱ་གར་དང་། མ་གཅིག་ཇོ་མོ་ལབ་སྒྲོན་གཉིས་ཀ་བོད་ལ་ཆོས་བརྒྱུད་འདི་སྤེལ་མཁན་ཡོངས་སུ་གྲགས་པའི་ཕུགས་གཏུགས་ས་གཙོ་བོ་ཡིན། ཇི་ལྟར་ཡིན་ན། རྒྱ་གར་གྱི་བེ་ཏའི་ཡུལ་གྱི་ཙ་ཏ་སེང་ངར་སྐུ་འཁྲུངས་པའི་མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལའམ་བོད་ཀྱི་དམ་པ་སངས་རྒྱས་ཞེས་པའི་གྲུབ་ཐོབ་ཆེན་པོ་འདི་ནི། ཁྱད་ཆོས་ཆེ་བ་དྲུག་ལྡན་གྱི་ཆེ་བའི་བདག་ཉིད་ཅན་ཞིག་ཡིན་ཏེ། རྟེན་སྡོམ་པ་གསུམ་འཆང་། རྣལ་འབྱོར་ཕོ་མོ་ལྔ་བཅུ་རྩ་བཞིས་རྗེས་སུ་བཟུང་བ། ཐུགས་དམ་བདེ་གཤེགས་བཅུ་གཉིས་དང་། ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་སོགས་ཀྱི་ཞལ་གཟིགས། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ། སྐུ་ལུས་བཀོད་པ་དེའི་སྟེང་དུ་དགུང་ལོ་ལྔ་བརྒྱ་དང་བདུན་ཅུར་བཞུགས་པའི་རྣམ་ཐར་ཡོད་པ་དེ་ལྟ་བུ་ཞིག་ཡིན། ཕ་གཅིག་དམ་པ་སངས་རྒྱས་བོད་ཡུལ་འདིར་ཐེངས་ལྔ་ཕེབས་ནས། སྔ་བར་ཕྱི་གསུམ་ལ་ཞི་བྱེད་སྒྲོན་མ་སྐོར་གསུམ་སོགས་བརྒྱུད་པ་གསུམ་གནང་བའི་བརྒྱུད་པ་གསུམ་ག་ཀུན་མཁྱེན་བླ་མ་ལ་བཞུགས་པ་དང་། བོད་ཡུལ་དབུས་ཕྱོགས་ཀྱི་ས་ཆ། གཡོ་རུ་ཡམ་ཤོད་ཀྱི་སྨད། ཨེ་ཆེ་མོའམ་དྭགས་པོ་གཡུ་ཡི་སའི་ལབ་ཅེས་པར་སྐུ་འཁྲུངས་པའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྤྲུལ་པ། ཕ་གཅིག་དམ་པ་སངས་རྒྱས་ཀྱིས་མན་ངག་བརྡ་ཡི་ཚིག་གཅིག་གསུངས་པས་རྒྱུད་གྲོལ་བ་མ་གཅིག་ལབ་ཀྱི་སྒྲོན་མ་སྟེ། རྣམ་པ་འདི་གཉིས་ནི་ཆོས་འདི་བོད་ལ་དར་བའི་གཙོ་བོའི་ཁུངས་གཏུགས་ས་ཡིན་པ་གོང་དུ་ཞུས་པ་ལྟ་བུའོ། །དེས་ན་ཀུན་མཁྱེན་བླ་མས་མ་གཅིག་གི་གཅོད་ཡུལ་རྣམ་དྲུག་དང་བཅས་པ་ཆ་ཚང་གསན་པར་མ་ཚད། ཁོང་ཉིད་ཀྱིས་རྩལ་འདོན་མཛད་པའི་དབང་བསྐུར་ཆོས་ཀྱི་སྒོ་འབྱེད། ངོ་སྤྲོད་ནམ་མཁའ་སྒོ་འབྱེད། སྒྲུབ་ཐབས་བྱིན་རླབས་སྒོ་འབྱེད་ལ་སོགས་པ་སྒོ་འབྱེད་རྣམ་པ་བཅུ་དང་། ཟབ་དོན་གྱི་གཞུང་ལ་སོགས་པ་མ་འོངས་ཕྱི་རབས་ཀྱི་དོན་ལ་བཞག་ནས་ཆོས་འདིའི་བཀའ་བབས་ལ་དེ་ལྟར་གྱུར་པ་ཡིན། སྤྱིར་གཅོད་ཀྱི་སྐོར་ཚོ་བསྡུ་ན་མན་ངག་བདུད་ཀྱི་གཅོད་ཡུལ། རིགས་ཀྱིས་དབྱེ་ན། བཀའ་བརྒྱུད་དང་ཉམས་བརྒྱུད་གཉིས། ཞུ་བ་པོ་གང་ཟག་གིས་དབྱེ་ན། ཕོ་བརྒྱུད་མོ་བརྒྱུད་གཉིས། ཡོངས་སུ་གྲགས་ཚུལ་གྱིས་དབྱེ་ན། བཀའ་མ་དང་གཏེར་མ་གཉིས། དངོས་པོའི་སྒོ་ནས་དབྱེ་ན། ཁྲིགས་ཆགས་དང་ཁ་འཐོར་ཁྲིགས་མེད་གཉིས་ཡིན། ཟུང་བཞི་ཡ་བརྒྱད་དུ་གྲགས་སོ། །མ་ཅིག་ལབ་ཀྱི་སྒྲོན་མ་ལ་སྤྱིར་ན་བུ་སློབ་མང་པོ་ཡོད་ཀྱང་། གཙོ་ཆེ་བ་བརྒྱུད་འཛིན་གྱི་སྲས་བཅུ་དྲུག་ཏུ་གྲགས་སོ། །དེ་ལ་སྲས་པོ་བཞི་དང་་སྲས་མོ་བཞི་སྟེ་རང་དང་མཉམ་པའི་སྲས་བརྒྱད་བྱོན་ཏེ། །སྲས་པོ་བཞི་ནི། འཁྲུངས་པའི་སྲས་རྒྱལ་བ་དོན་འགྲུབ། བརྒྱུད་འཛིན་གྱི་སྲས་རྟོགས་ལྡན་ངག་གི་དབང་ཕྱུག ཐུགས་ཟིན་གྱི་སྲས་གྲོལ་ཏི་རྒྱལ་བའི་འབྱུང་གནས། སྐལ་ལྡན་གྱི་སྲས་ཁུ་སྒོམ་ཆོས་ཀྱི་སེང་གེ་བཞིའོ། །སྲས་མོ་རྒྱན་བཞི་ནི། ལབ་ལུང་གི་འབྲོག་གཟའ་རྒྱན། གངས་དཀར་ལྕེ་རང་གི་ཞང་ལྕམ་དཔལ་རྒྱན། གནོན་ཚེའི་ལྟོ་ཆ་འབུམ་རྒྱན། འཕན་ཡུལ་གྱི་ཉང་མོ་བསོད་ནམས་རྒྱན་ནོ། །རང་དང་མཉམ་པའི་སྲས་བརྒྱད་ནི། མཁྱེན་པ་རང་དང་མཉམ་པའི་དྭགས་པོ་རོང་ཁའི་སྐྱེ་མེད་དགའ་ཡན། རྟོགས་པ་རང་དང་མཉམ་པའི་ལྷོ་བྲག་གཏམ་ཤུལ་གྱི་ཞིག་པོ་ཧུར་ཐོན། ཐུགས་རྗེ་རང་དང་མཉམ་པ་འཕན་ཡུལ་གྱི་སྐལ་ལྡན་སེངྒེ། མངོན་ཤེས་དང་རྫུ་འཕྲུལ་རང་དང་མཉམ་པ་མལ་གྲོ་ལ་ཡི་རྒྱ་སྒོམ་ཧར་ཐོན། འགྲོ་དོན་རང་དང་མཉམ་པའི་གོང་པོའི་རྗེ་བཙུན་ཟིལ་གནོན་སོགས་བརྒྱད་ཡོད་དོ། །མ་ཅིག་ལབ་ཀྱི་སྒྲོན་མའི་དགོངས་ཉམས་ལས་འཁྲུངས་བའི་གདམས་སྐོར་ལ་ཡང་། རྣམ་གྲངས་ཤིན་ཏུ་མང་པོ་ཡོད་ཀྱང་གཙོ་བོར་དབྱེ་ན། ཕ་བརྒྱུད་ཐབས་ཀྱི་བརྒྱུད་པ། མ་བརྒྱུད་ཤེས་རབ་ཀྱི་བརྒྱུད་པ། གཉིས་མེད་དོན་གྱི་བརྒྱུད་པ། མཁའ་འགྲོ་ཉམས་ཀྱི་བརྒྱུད་པ་དང་བཞིའི་ཁུངས་སུ་འདུས་པ་ཡིན། གང་ལྟར་ཡང་ཞལ་སློབ་གྲུབ་ཐོབ་ཕོ་མོ་བརྒྱ་དང་རྩ་བརྒྱད། ཡང་སློབ་དང་བཅས་པས་ད་ལྟའི་བར་དུ་ཆོས་འདིའི་བསྟན་པ་འཛིན་སྲུང་སྤེལ་གསུམ་གནང་བ་ཡིན་ནོ། །དེ་ལྟར་ན་དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་ཡིན་ཞིང་། གསང་སྔགས་དོན་གྱི་ལྟ་བ་རྣལ་འབྱོར་བླ་མེད་ཀྱི་ཉམས་ལེན་མདོ་རྒྱུད་གཉིས་ཀའི་དགོངས་པའི་གནད་གསང་གཅིག་ལ་འདུས་པ། གཅོད་བྱེད་ཀྱི་དབྱེ་བའི་དབང་དུ་བྱས་ན། ཀུན་རྫོབ་ཐབས་ཀྱི་ཁྱད་པར་སྔགས་དང་འབྲེལ་ཞིང་། དོན་དམ་ཤེས་རབ་ཀྱི་ངོ་བོ་ཕར་ཕྱིན་དང་འབྲེལ་བ་ཞིག་ཡིན། གཅད་ཡུལ་གྱི་དབྱེ་བའི་དབང་དུ་བྱས་ན། ཕྱི་བདུད་འདྲེ་ལ་གཅད། ནང་བདུད་སེམས་ལ་གཅད། གསང་བདུད་འགལ་རྐྱེན་ཐམས་ཅད་ལ་གཅད་པ་ཞིག་ཡིན་ནོ། །དེའི་ཕྱིར་ན་དམ་ཆོས་ཟབ་མོ་ཞི་བྱེད་ཀྱི་བདུད་གཅོད་འདི་ཉམས་སུ་ལེན་པ་ལ་ཐེག་ཆེན་མདོ་སྔགས་ཐུན་མོང་གི་བརྒྱུད་རིམ་ལྟར་དུ། དང་པོ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་སྡོམ་པ་འབོག བྱང་ཆུབ་སེམས་དཔའི་བསླབ་བྱ་ལ་བསླབ། དེའི་རྗེས་གསང་སྔགས་དོན་གྱི་དབང་བསྐུར། སྡོམ་དང་དམ་ཚིག་ལ་གནས་པའི་ཐོག་ཏུ་ནམ་མཁའ་སྒོ་འབྱེད་ཀྱི་ཁྲིད་ཐོབ་ནས། སྒོམ་པ་ཉམས་ལེན་གྱི་དྲོད་རྟགས་ཡོད་པ་ཞིག་བྱེད་དགོས་པ་ཡིན། དེ་ཡང་ཚོགས་བསགས་སྒྲིབ་པ་སྦྱོང་བའི་ལག་རྗེས་ལ་བརྟེན་ནས་དངོས་གཞིའི་ངོ་སྤྲོད་ཐེབས་དགོས། སྤྱིར་ན་ཚོགས་བསགས་པས་ཀྱང་སྒྲིབ་པ་འདག་པ་ཡིན་ཏེ། དགེ་སྡིག་གཉིས་ལྷན་ཅིག་ཏུ་མི་གནས་པ་ནམ་ལངས་པ་དང་མུན་པ་སངས་པ་དུས་གཅིག་པ་ལྟར་ཡིན་པས་ཚོགས་གཉིས་ལྷན་དུ་རྫོགས་པའི་ཐབས་ཡོད་ཀྱང་། འདི་སྒྲུབ་ནུས་སྟོབས་ཞན་པའི་སྐབས་སུ་དཀའ་སྤྱད་སྙིང་རུས་སྒྲིབ་སྦྱོང་དང་མཉམ་དུ་ཚོགས་བསགས་བྱས་ནས་སྒོམ་ལ་འཇུག་དགོས་པ་ཡིན། བསྒོམ་ལ་ཡང་སྐབས་འདིའི་ཆོས་སྐད་དང་བསྟུན་ན། དོན་ཁྲིད། ཚིག་ཁྲིད། ཉམས་ཁྲིད་གསུམ་དུ་བཤད་དགོས་ཏེ། དོན་ཁྲིད་དུ་སྒོམ་ངོ་སྤྲོད་པ་དང་། ཚིག་ཁྲིད་དུ་སྒོམ་གཏན་ལ་ཕབ་པ་དང་། ཉམས་ཁྲིད་དུ་སྒོམ་གྱི་ངོ་བོ་སྐྱོང་ཚུལ་བསྟན་པ་ཡིན། དེ་ཡང་གང་དྲན་སེམས་ཀྱི་འཆར་སྒོ་ལ་ཅི་ཞིག་ཤར་རུང་དངོས་པོ་དང་མཚན་མ་གྲུབ་པ་རྡུལ་ཙམ་ཡང་མེད་པས་ན། རྣམ་རྟོག་གང་ཤར། ཤར་གྲོལ་རང་ཡལ། ཕཊ་སྒྲ་དྲག་པོས་རྟོག་པའི་འགྱུ་འཕྲོ་རྦད་ཀྱིས་བཅད་ནས། བསམ་བརྗོད་བྱ་རྩོལ་དང་བྲལ་བ། མ་ཅིག་ལབ་ཀྱི་སྒྲོན་མས། སེམས་ལ་གཉིས་སུ་མ་མཆིས་པས། །བལྟ་རུ་མེད་པའི་ཚུལ་གྱིས་ལྟ། །བལྟས་པས་རང་གི་སེམས་མི་མཐོང་། །མ་མཐོང་བ་དེ་ཆོས་མཐོང་ཡིན། །ཞེས་གསུངས་པ་ལྟར། དོན་ཁྲིད་ཀྱིས་སྒོམ་ངོ་སྤྲོད་པ་ཡིན་ལ། དེ་ལྟ་བུའི་ངོ་འཕྲོད་པའི་དོན་གང་ཞེ་ན། སེམས་ཉིད་སྟོང་པ་སྐྱེ་མེད་དུ་ཡེ་ནས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་དང་གཉིས་སུ་མེད་པར་གནས་པ་ཡིན། གནས་ཀྱང་དེ་ལྟར་མ་རྟོགས་པས་ད་སྔོན་ཉི་མ་ཡན་ཆད་ལ་དངོས་པོར་སྣང་། དེ་ལ་ཞེན་འཛིན་བྱས་ནས་འཁྲུལ་བར་འཁྱམས་པ་ཡིན་ན། ད་ནི་བླ་མའི་མན་ངག་ལ་བསྟེན་ནས་ཤེས་རབ་ཀྱིས་བརྟགས་ན་ཕུང་པོའི་གཏིང་མི་རྙེད་པའི་ཚུལ་དེ་རིག་ནས། སྟོང་ཉིད་ཀྱི་གཤིས་ཇི་ལྟར་ཡིན་པའི་ཚིག་ཁྲིད་ཀྱིས་བསྒོམ་གཏན་ལ་ཕབས་པ་ཡིན། དེའི་ཐོག་ལ་ངོ་སྤྲོད་ཀྱི་གོ་བ་ཚིག་ཐོག་ཏུ་མི་ལུས་པར་མ་ཟད། གོ་ཙམ་མྱོང་ཙམ་རིག་ཙམ་ཤེས་ཙམ་གྱིས་མི་ཆོག་པར་ཉམས་ལེན་གྱི་སྙིང་པོ་རང་རྒྱུད་ལ་འདྲིས་སུ་བཅུག་སྟེ། མཉམ་གཞག་གི་སྐབས་སུ་ཡུལ་ཅིར་ཡང་མི་དམིགས་བློས་གང་དུ་ཡང་མི་འཛིན་པའི་སྟེང་ནས། རྗེས་ཐོབ་ཏུ་སྣང་ལ་བདེན་མེད་སྒྱུ་མའི་དཔེ་བཅུ་དང་འདྲ་བའི་ཚོགས་དྲུག་གི་སྣང་བ་གང་ཤར་ཡང་རྟོག་པ་ཡུལ་རྗེས་སུ་མི་འབྲང་པར་སྣང་སྟོང་ཟུང་འཇུག བདེ་སྟོང་དབྱེར་མེད། གསལ་སྟོང་འཛིན་བྲལ། དྲན་སྟོང་གཉིས་མེད་ཀྱི་ངང་དུ་ལྷ་སྒོམ་ན། སྔགས་བཟླས་ན། ཕྱག་སྐོར་སྒྲིབ་སྦྱོང་བྱེད་པ་ལ་སོགས་པ་འདུས་བྱས་ཀྱི་ཆོས་སྤྱོད་ཐམས་ཅད་ལ། ཁྱད་པར་དུ་བྱ་བ་མ་འགགས་ཤིང་བྱེད་པ་མ་གྲུབ་པར་ཤེས་པའི་ཉམས་ལེན་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ལ་བརྟན་པར་ཐོབ་ཕྱིར། ཉམས་ཁྲིད་སྒོམ་གྱིས་ངོ་བོ་བསྐྱང་བའི་དོན་འབྲས་དེ་ལྟར་ཚང་བ་ཡིན། དེ་ལྟ་བུའི་སྨིན་བྱེད་ཀྱི་དབང་གྲོལ་བྱེད་ཁྲིད་དང་འབྲེལ་ཏེ། སྒྲུབ་ཐབས་བྱིན་རླབས་སྒོ་འབྱེད་ཀྱི་བསྐྱེད་རྫོགས་ལ། རྨི་ལམ་ཉི་ཟླ་སྒོ་འབྱེད། འཕོ་བ་ཐར་བའི་སྒོ་འབྱེད། བར་དོ་འོད་གསལ་སྒོ་འབྱེད་ཀྱི་གནད་ཚང་བ་ཞིག་བསླབ་ན། གེགས་སེལ་རྟེན་འབྲེལ་སྒོ་འབྱེད། བོགས་འདོན་ཡོན་ཏན་སྒོ་འབྱེད་ཀྱི་ཉམས་ལེན་རྣམས་བརྒྱུད་ནས། གཞན་དོན་ཕྲིན་ལས་སྒོ་འབྱེད་ཀྱི་དུས་ལ་བབས་པའི་སྐབས་སོགས་སུ་ཉམས་ལེན་གྱི་རིམ་པ་དེ་ལྟར་དགོས་པ་མ་གཏོགས། བསམ་བྱ་བསྒོམ་བྱ་དྲན་རྒྱུ་དམིགས་རྒྱུ་ཅི་ཡང་མེད་པར་ཌཱ་དྲིལ་ཞིག་བཟུང་ནས་ངག་བཀུག་སྟེ་འདོན་པ་ཙམ་གྱིས་གཅོད་ཀྱི་གོ་ཆོད་པ་མ་ཡིན་ལ། ཟ་བྱེད་འཆའ་བྱེད་ཀྱི་སློང་བྱེད་ཙམ་ཞིག་དང་། མཚར་བྱེད་རྩེ་བྱེད་ཀྱི་རྩེ་ཆས་ཤིག་གྱུར་སོང་ན། དཔལ་སྤྲུལ་རིན་པོ་ཆེས། ཟླ་མཚམས་ཤིག་ཀྱང་འདུག་མ་མྱོང་། །ངོ་ཚ་མེད་པར་བྱིན་གྱིས་རློབས། །ཞེས་གསུངས་པའི་ཟིལ་གནོན་ལྟར་དང་། ཡང་། གྲོང་སྟོད་རྒད་པོ་དབང་འདུ་བསྡུས། གྲོང་སྨད་རྒན་མོ་དབང་འདུ་བསྡུས། །བུ་ཚ་བུ་མོ་དབང་འདུ་བསྡུས། །ཇ་དང་རྩམ་པ་ཆར་ལྟར་ཕོབ། །ཅེས་གསུངས་པའི་དབང་སྡུད་ཡོད་པ་དེ། དེང་སང་ཤོག་བུའི་སྒོར་མོ་ཆར་ལྟར་ཕོབ་ཅེས་ཁ་བསྒྱུར་རན་ས་ལ་ཐུག་འདུག ཨ་ལ་ཀུ་རེ་ཡིན་རང་རེ་འདིར་བཞུགས་མང་ཆེ་བར་ཆོས་འདིའི་དབང་ཐོབ་བསྙེན་བསྒྲུབ་གང་ལ་གང་འཚམས་མཐར་ཕྱིན་པ་ཡང་ཡོད་པ་ཡིན་ཞིང་། རྫོགས་པ་ཆེན་པོའི་ཉམས་ལེན་པ་ཤ་སྟག་ཕལ་ཆེར་ཡིན་པས་གཅོད་ཕལ་དང་མི་འདྲ་བའི་ཐུན་མིན་གྱི་གཅོད་བརྒྱུད་ཡིན། གསར་བ་ཚོས་ཀྱང་འདིའི་ཉམས་ལེན་གནད་ཐོག་ལ་ཁེལ་བ་ཞིག་བྱེད་བསམ་ན། དབང་ཐོབ་པ་རྐྱང་པས་མི་ཆོག་པར་བསྐྱེད་རྫོགས་ཀྱི་ཉམས་ལེན་ལ་གདེང་ཐོབ་པ་ཞིག་བྱས་ཏེ། གཞི་ནས་གཞན་དོན་ཕྲིན་ལས་ཀྱི་ཕྱོགས་ལ་བསམ་བློ་གཏོང་དགོས་པ་ཡིན། སྤྱིའི་གོ་ཡུལ་ལྟ་བུ་ཕྱོགས་མཚོན་ཞིག་ཞུས་ནས། སྐབས་དོན་དེ་ལྟ་བུའི་ཡང་ཟབ་ལུས་མེད་མཁའ་འགྲོའི་ཆོས་སྐོར་འདིའི་ཟབ་དོན་གྱི་གདམས་པ། སྔོན་འགྲོ་དངོས་གཞིའི་ཉམས་ལེན་གྱི་རྗེས་བོགས་འདོན་སྤྱོད་པ་ལ་བཟླ་གཙོ་བོར་མཛད་པའི། གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་འདི་ཉིད་འཆད་པའི་ཐོག་མར། དབྱིངས་ཕྱུག་བདེ་ཆེན་མཚོ་རྒྱལ་མ་ལ་ཕྱག་འཚལ་ལོཿ ཞེས་གསུངས་ཏེ། ཆོས་སྐུའི་དབྱིངས་ན་ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོ། ལོངས་སྐུའི་ཞིང་ན་ལོངས་སྐུ་ཁྲོས་མ་ལྷ་ལྔ། གང་འདུལ་སྣང་ངོར་སྤྲུལ་སྐུ་དབྱིངས་ཕྱུག་མཚོ་རྒྱལ་མ་སྟེ། དོན་ལ་སྐུ་གསུམ་འདུས་པའི་ངོ་བོ་བླ་མ་དང་གཉིས་སུ་མེད་པ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གནས་ལུགས་ལྟ་བའི་རང་ཞལ་མཇལ་བའི་བརྡ་ཕྱག་མཛད་པ་ཡིན། རང་བཞིན་རྫོགས་པ་ཆེན་པོ་ནིཿ ཉག་གཅིག་རྩད་ནས་གཅོད་པའི་ཕྱིརཿ གཅད་བྱ་གཅོད་བྱེད་ལས་འདས་ཀྱངཿ སྤྲོས་པ་ཅན་གྱི་གང་ཟག་དངཿ བརྟུལ་ཞུགས་སྤྱོད་པ་ལམ་སློང་ཕྱིརཿ ཕུང་པོ་གཟན་བསྐྱུར་མན་ངག་བསྟནཿ ཞེས་གསུངས་ཏེ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་གཤིས་ཀྱི་བཞུགས་ཚུལ་ནི། ཐེག་མཆོག་རྫོགས་པ་ཆེན་པོ་རང་རིག་རང་གྲོལ་དུ་རྟོགས་པའི་མཐའ་གྲོལ་ཡོངས་རྫོགས་ཀྱི་ལྟ་བ་དང་གཉིས་སུ་མ་མཆིས་པ་ཡིན། དེ་ཇི་ལྟར་ཡིན་ན། ཡོད་པའི་མཐའ་དང་བྲལ་བས་དངོས་པོའི་ཕྱོགས་ལ་མ་ལྷུང་། མེད་པའི་མཐའ་དང་བྲལ་བས་སྟོང་པའི་ངོ་བོ་ཡང་མི་འཛིན། གཉིས་ཀ་གཉིས་མིན་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བའི་གྲ་ཟུར་གཅིག་ཀྱང་མེད་པ་ནི་ཆོས་དབྱིངས་ཐིག་ལེ་ཉག་གཅིག་ཡིན། དེ་ལྟ་བུའི་གཞི་རྫོགས་འཕོ་འགྱུར་བྲལ་བའི་ཆོས་ཉིད་རིག་པ་གཅིག་པོ་དེ་ལས། ནོར་བུ་བེེ་ཌཱུརྱ་གཅིག་ལ་རྐྱེན་ཉི་མ་དང་ཟླ་བ་གཉིས་ཀ་འཆར་ལུགས་དང་འཕྲད་ལུགས་ཤིག་ལས་མེ་ཆུ་སྣ་ཚོགས་འབྱུང་བ་ལྟར་དུ། རང་ངོ་མ་ཤེས་པས་འཁྲུལ་བའི་འཁོར་བ་དང་། ཤེས་ན་མྱ་ངན་ལས་འདས་ཏེ་གྲོལ་བའི་སྣང་བ་མི་འདྲ་བ་གཉིས་ཤར་ཡང་། དོན་དུ་རིག་པ་གཅིག་གི་འཆར་ལུགས་ཙམ་མ་གཏོགས་ངོ་བོ་ཐ་དད་གཡོས་མ་མྱོང་བས། ཆོས་སྐུ་ཐིག་ལེ་ཉག་གཅིག་གྲ་ཟུར་མེད་པའི་ཀློང་དུ་ཡེ་ནས་གཟུང་འཛིན་འཁྲུལ་བའི་རྩ་བ་རྩད་ནས་གཅོད་པའི་ཕྱིར་ན། དོན་ལ་སྟོང་གསལ་ནམ་མཁའ་ལྟ་བུའི་རང་བཞིན་ལ་གཅད་བྱ་གཅོད་བྱེད་ལས་འདས་པ་ཡིན་པ་ལ། དེ་ལྟར་ལྟ་བས་ཐག་ཆོད་ཀྱང་སྒོམ་པས་ལ་དོར་ཚེ་ད་དུང་སྤྲོས་པའི་ཟུག་རྔུ་ནང་ནས་ཆོད་མཐའ་མ་ཕྱིན་པའི་སྤྲོས་པ་ཅན་གྱི་གང་ཟག་རྣམས་དང་། རྣལ་འབྱོར་པ་ལ་རབ་འབྲིང་ཐ་གསུམ་ཡོད་པས་གང་ཡིན་རུང་རྗེས་བོགས་འདོན་བརྟུལ་ཞུགས་ཀྱི་སྤྱོད་པ་གལ་ཆེ་བས་སྤྱོད་པ་ལམ་སློང་གི་ཕྱིར་དུ། བདག་ཏུ་གཅེས་པར་འཛིན་པའི་གཞི་ཕུང་པོ་འདི་གཙོ་བོ་ཡིན་པས། དེ་ཉིད་ཞེན་མེད་ལྷ་འདྲེའི་གཟན་ནམ་ཟས་སུ་ཅི་དགར་སྦྱིན་པའི་མན་ངག་འདི་བསྟན་པ་ཡིན་ནོ། །གཞུང་བཤད་པས་བཤད་ཚུལ་དང་བསྟུན་ན། རྩོམ་པ་དམ་བཅའ་བ་ལྟ་བུའི་མན་ངག་གི་ལུས་རྣམ་བཞག་དང་བཅས་ཏེ། གཞུང་དོན་ལ་འཇུག་པའི་ཡན་ལག་ཆ་ཚང་སོང་ནས། དངོས་གཞིའི་མན་ངག་བསྟན་པ་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་སྔོན་འགྲོ་ནི། དེ་ལ་མཁོ་བའི་ཡོ་བྱད་ནིཿ དྲེགས་པ་ཟིལ་གྱིས་གནོན་པའི་ཕྱིརཿ སྡེར་བཞི་མ་ཉམས་གཅན་གཟན་ལྤགསཿ ལྟ་བ་ཡས་འབུབས་ཅོག་བུ་དངཿ སྤྱོད་པ་མས་འཛེགས་ཁ་ཊཱཾ་ཀཿ ལྷ་འདྲེ་དབང་སྡུད་མཆོག་ཆེན་རྐངཿ སྣང་བ་ཟིལ་གནོན་ཌཱ་མ་རུཿ མ་ཚོགས་དབང་སྒྱུར་དྲིལ་གཡེར་དངཿ སྟག་གཟིག་རས་མ་སྐྲའི་ཅོད་པནཿ མདོར་ན་བརྟུལ་ཞུགས་སྤྱོད་པ་ལཿ འོས་པའི་ཆས་རྣམས་སྟ་གོན་བྱཿ ཞེས་གསུངས་ཏེ། རྣལ་འབྱོར་པ་སྤྱོད་པ་སྐྱོང་སར་ཕེབས་པའི་ཚེ་དེ་ལ་མཁོ་བའི་ཡོ་བྱད་ཚོགས་དགོས་པ་ནི། གཉན་ས་ཞག་བདུན་དུ་གཅོད་པ་སོགས་ཀྱི་ཆས་གོས་ཡོ་བྱད་ཚགས་སུ་བྱ་བ་ལ་གང་དང་གང་ཚོགས་དགོས་ཤེ་ན། འདི་ནས་དངོས་སུ་བསྟན་པར་བཞུགས་སའི་གདན། ཕྱག་འཁར། ཌཱ་དྲིལ། སྒོམ་ཐག་གམ་པུས་འཁྱུད། གཞན་ཡང་ལྷ་འདྲེ་ཉམ་ཆུང་གིས་ཟིལ་མི་བཟོད་པ་འགོག་བྱེད་དམ་ཞལ་ངོ་སྒྲིབ་བྱེད་ལ་ཞྭ་ཡ་མེད་གཅོད་པའི་དོམ་རའམ། དོམ་ར་དངོས་མ་ཡིན་ཡང་སྐུད་པ་ནག་པོའི་ཟ་ར་ཚགས་སུ་སྦྲེལ་ནས་བསྟར་ཡོད་པ་དང་། སྣོད་ཐབ་ཆས་སྟབས་བདེ་ཞིག ཐོད་ཕོར་སོགས་ཀྱི་གསོལ་ཞལ། དེ་དག་བཅུག་སྣོད་དྲ་ཕད་ཀྱང་དགོས། ཁྱད་པར་དུ་ལྷ་འདྲེ་རང་རྒྱུད་པ་དྲེགས་པའི་རིགས་དང་། ང་རྒྱལ་ཅན་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་དུ། རྒྱ་སྟག་དཔའ་བོའི་ཆས་གོས་མཚོན་བྱེད་དང་། ལྷ་འདྲེ་དབང་དུ་སྡུད་པའི་བརྡ་རྟགས་ལ། སྡེར་བཞི་མ་ཉམས་པའི་གཅན་གཟན་གྱི་ལྤགས་པ། དེ་ཡང་སྟག་གི་ལྤགས་པ་ལྟ་བུའི་གདན་དང་། ལྟ་བ་མཐོ་དགོས་པས་ཁྱུང་མཁའ་ལྡིང་མཁའ་ནས་འཕུར་ན་གཡང་ས་ལ་ཉམ་མི་ང་བ་ལྟར། ལྟ་བ་ཡས་འབུབས་མཚོན་བྱེད་ཀྱི་ཕུབ་རྒྱུའི་ཅོག་བུའམ་གུར་ཆུང་དང་། སྤྱོད་པ་ཞིབ་ཅིང་ཕྲ་དགོས་པས་དམའ་ས་ནས་ཡར་སྐས་ཐེམ་ལ་འཛེགས་པ་ལྟར། ལམ་གོང་མར་ཐོན་དུས་འོག་མའི་ཡོན་ཏན་རང་ཤུགས་ཀྱིས་རྫོགས་པའི་སྤྱོད་པ་མས་འཛེགས་མཚོན་བྱེད་ཁ་ཊཱྃ་ཀ ལྷ་འདྲེ་དབང་དུ་སྡུད་བྱེད་མཆོག་ཆེན་མི་རྐང་གི་གླིང་བུ། སྣང་བ་ཟིལ་གནོན་རྔམ་བརྗིད་ཀྱི་ཌཱ་མ་རུ། མ་ཚོགས་དབང་སྒྱུར་ཐབས་ཤེས་མཚོན་བྱེད་ཀྱི་དྲིལ་གཡེར་ཏེ། འདི་དག་ཀྱང་ཀུན་མཁྱེན་འཇིགས་གླིང་གི་ཕྱིན་དྲུག་ལང་ཚོ་ལས། ཕར་ཕྱིན་དྲུག་ཚང་བའི་མཚོན་བྱེད་དུ་རྣལ་འབྱོར་པ་གཅོད་པའི་ཆས་སུ་འོས་པའི་ཡོ་བྱད་ཕར་ཕྱིན་དྲུག་དང་སྦྱར་ནས་གསུངས་ཏེ། སྦྱིན་པའི་དྲྭ་བ། ཚུལ་ཁྲིམས་ཀྱི་སྟན། བཟོད་པའི་ཅོག་བུ། བརྩོན་འགྲུས་ཀྱི་དུང་། བསམ་གཏན་གྱི་སྒོམ་ཐག ཤེས་རབ་ཀྱི་ཌཱ་རུ་སོགས་དེ་དག་མཚོན་བྱེད་མཚོན་སྟངས་དང་བཅས་ཏེ་གསུངས་ཡོད། ཁྱད་པར་དུ་རྣལ་འབྱོར་དམ་ཚིག་གི་རྫས་རྐང་གླིང་དང་ཌཱ་དྲིལ་མེད་ན་ཐབས་མེད་ཡིན། མཆོག་ཆེན་རྐང་ཞེས་པ་རྐང་གླིང་མི་རྐང་ཡིན་དགོས་ཤིང་དེ་ཡང་བླ་ཡི་རུས་པ་ཡིན་དགོས། དེ་ལ་ཆོས་ཀུན་དུ་མ་རོ་གཅིག་པའི་བརྡ་ལ་ཁ་གཅིག ཟུང་འཇུག་དབྱིངས་རིག་དབྱེར་མེད་མཚོན་བྱེད་རྩ་བར་མཛོ་སྣ་ཟུང་འབྲེལ། འབུད་པ་རླུང་གི་རྟེན་འབྲེལ་རོ་རྐྱང་གི་ལས་རླུང་དབུ་མ་ཚུད་པའི་རྟགས་དང་། འདིའི་སྒྲ་ཐོས་པས་ལྷ་འདྲེའི་ཡིད་རྩ་འཁོར། རང་གིས་ཉན་པས་རང་གཞན་གྱི་སྣང་བ་འགྱུར་བ་དེ་ལྟར་རང་གཞན་དང་སྦྱར་ནས་གསུངས་ཡོད། གཅོད་ཌཱ་ལ་ཡང་འཁོར་འདས་ལམ་གསུམ་པོ་ཚང་གསུངས་ཏེ། འཁོར་བ་སྡུག་བསྔལ་གྱི་ནགས་ཁྲོད་ནས་གཟུང་འཛིན་ལམ་གྱི་ལྗོན་ཤིང་ཞིག་བཅད་ནས། མན་ངག་གི་གདེང་དང་ལྡན་པའི་ཤིང་བཟོ་དེས། འཁོར་འདས་གཉིས་ཀར་རྒྱབ་སྤྲད་ཀྱི་ཌཱ་མ་རུ་ཞིག་བཟོས་ཏེ། དེ་ལ་དབྱིངས་སྣང་རོ་གཅིག་གི་པགས་པས་གཡོགས། སྣང་སྟོང་ཟུང་འཇུག་གི་སྐེད་ཆིངས་བརྒྱབ་ཅིང་། ཌཱ་རྡེའུ་ཐབས་ཤེས་གཉིས་ཀ་མཚོན་བྱེད་དང་། ད་དུང་ཌཱ་རུའི་རྒྱན་ཆ་ལ་མཁའ་འགྲོ་བླ་ཆགས་ཀྱི་མགྲོན་མཚུངས། ཡེ་ཤེས་ལྔ་ལྡན་གྱི་སྟག་གཟིག་གི་རས་མའམ་ལན་ཚར། ཤི་སྐྲ་གསོན་སྐྲའི་ཅོད་པན། ཤི་སྐྲས་མཁའ་འགྲོ་དབང་དུ་བསྡུ། གསོན་སྐྲས་མ་མོ་བྲན་དུ་བཀོལ། ཅང་ཏེའུ་དྲིལ་བུ་ནི་ཤེས་རབ་ཀྱི་མཚོན་བྱེད་ཡིན་ཞིང་། མཚོན་དོན་གྲགས་སྟོང་དབྱེར་མེད་ཀྱི་རང་སྒྲས་བརྟན་གཡོ་མ་ལུས་པར་ཁྱབ་པར་བྱེད་པའི་དོན་ཡིན། མདོར་ན་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་མཁོ་ཞིང་འོས་པའི་ཡོ་བྱད་ཀྱི་ཆས་རྣམས་སྟ་གོན་བྱས་ཟིན་པའི་རྗེས་ཐོག་ལ། ཟིལ་གནོན་དམིགས་པ་སྐོར་གསུམ་སྔོན་དུ་འགྲོ་དགོས་པས་དེ་གསུམ་སྔོན་དུ་སོང་ནས། དངོས་གཞིའི་ཉམས་ལེན་ཕུང་པོ་གཟན་བསྐྱུར་ལ་འཇུག་དགོས་ཀྱང་། དེའི་ཐོག་མར་ས་གནད་གཉན་དམིགས་ལ་ཇི་ལྟར་འགྲོ་བའི་ཚུལ་ནི། དེ་ནས་ས་གནད་གཉན་དམིགས་སུཿ ཞེས་གསུངས་ཏེ། གོང་གི་རྣལ་འབྱོར་བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་བའི་ཆས་ཐམས་ཅད་སྟ་གོན་ཚགས་ཚུད་ཀྱིས་དགོས་མཁོ་ཚོགས་ཤིང་འགྲོ་བའི་མཚམས་དེ་ནས། ས་གནད་གཉན་དམིགས་ནི། ཆུ་མིག་མགོ་དགུ་མགོ་བདུན་ལ་སོགས་པ་ཀླུ་གདོལ་བ་ནག་པོ་སོགས་ཀླུ་རིགས་གནས་པའི་ས་ཆ། རི་བྲག་རོང་རུས་སྦལ་དང་སྡིག་པ་ར་ཙའི་དབྱིབས་ཅན་སོགས་ས་བདག་ཀླུ་གཉན་གནས་ས། ཡང་བྲག་གདོང་དང་རི་སྣ་རལ་གྲི་གྱེན་སློང་འདྲ་བ། ཁྲག་གི་རལ་བ་ལངས་འདྲ་དེ་དག་བཙན་གནས་པའི་ས་ཆ་དང་། བྲག་ཁུང་གད་ཕུག་གཅོང་རོང་དོག་མོ་ལ་དམ་སྲི་དང་སྲིན་མོ་ཐེའུ་རང་གནས་པའི་ས་དང་། ཁང་སྟོང་ཕུང་ཤུལ་མཚེར་ཤུལ་ལ་གྲི་བོ་གྲི་མོ་བསེ་རག་དང་མཁའ་རྒྱུའི་ཡི་དྭགས་གནས་ས་དང་། དུར་ཁྲོད་རོ་ཁང་མྱི་ཤི་ཤུལ་དཔའ་བོ་གཡུལ་དུ་བསད་ཤུལ་བཅས་ལ་མ་མོ་དང་གཤིན་རྗེ་སྲོག་བདག་སོགས་གནས་པའི་ས་ཡིན་ནོ། །དེ་ལ་སོགས་པའི་སྡེ་བརྒྱད་འབྱུང་པོ་མི་མིན་ལྷ་འདྲེའི་རིགས་གནས་ས་ཤིན་ཏུ་མང་ཡང་། གཙོ་ཆེར་ས་དེར་ཐོན་མ་ཐག་ཉམ་ང་ཞིང་བག་ཚ་བ། རྒྱུ་མཚན་མེད་ཀྱང་ཅོ་སྤུ་གནམ་དུ་ལངས་ཏེ་ཚ་ཟིང་ངེར་ཡོང་བའི་ས་དེ་དག་ས་གནད་དང་གཉན་དམིགས་གཉིས་ཀའི་ཡུལ་ཡིན་ནོ། །དེ་ལྟ་བུའི་གནས་སུ་གཉན་ས་གཅད་དུ་འགྲོ་བའི་ཚེ་གོང་གི་ཡོ་བྱད་དེ་དག་དགོས་པར་མ་ཟད། ཁྱད་པར་ཆ་རྐྱེན་གཙོ་བོ་ནང་རང་གི་བདག་འཛིན་ཆོད་ཡོད་དགོས། དེ་མེད་ན་དཔའ་མེད་ལག་ཆ་མང་པོ་ཅི་ཙམ་ཡོད་ཀྱང་ཕན་ཐོགས་ཡོད་དཀའ་བ་ཡིན། ལྟ་དགོངས་གང་འཚམ་ཡོད་པའི་སྟེང་ནས་མ་ཆོད་པ་ཆོད་པར་བྱེད་པ་དང་། ཆོད་ཟིན་བོགས་འདོན་བྱེད་པའི་ཆེད་དུ་གཉན་གནད་དང་ས་དམིགས་ལ་ཉམས་ལེན་ལས་ལ་སྦྱོར་དུ་འགྲོ་དགོས། མ་གཅིག་གིས། གཉན་ས་རི་ཁྲོད་འགྲིམ་པ་ཕྱི་ཡི་གཅོད། །ཕུང་པོ་གཟན་དུ་བསྐྱུར་བ་ནང་གི་གཅོད། །བདག་འཛིན་རྩད་ནས་གཅོད་པ་དོན་གྱི་གཅོད། །ཅེས་གསུངས་པ་ལྟར་རོ། །བདུད་བཞིའི་གོ་དོན་འོག་ནས་སྐབས་སུ་བབས་ཚེ་བཤད་ཆོག་ཀྱང་། གཙོ་བོ་ནང་སྙེམས་བྱེད་འཁུ་འཕྲིག་གི་བདུད་གཅོད་པའི་ཆེད་ཡིན་པས། ད་རེས་ང་གཉན་ས་གཅད་དུ་འགྲོ་དུས་བླ་མ་དཀོན་མཆོག་གི་ཐུགས་རྗེས་ང་ལ་བར་ཆད་མེད་པར་ཤོག ཅེས་དེ་འདྲ་ཟེར་རྒྱུ་བསམ་རྒྱུ་ཡོད་མི་རུང་སྟེ། དེ་ཁོ་རང་ཡང་སྙེམས་བྱེད་གཅད་བྱའི་བདུད་ཡིན་པས་སོ། །བདུད་རང་རྒྱུད་དུ་བསྒྲུབས་ནས་གཅོད་ཇི་ལྟར་འདོན། སྲུངས་ཤིག་སྐྱོབས་ཤིག་བརྒྱ་བས་ཀྱང་། །ཟོས་ཤིག་ཁྱེར་ཅིག་གཅིག་གིས་དགའ། །དེ་ཨ་མ་ཇོ་མོའི་ཆོས་ལུགས་ཡིན། །ཞེས་གསུངས་པ་ལྟར་རོ། །ཕོ་ཚོད་ལྷ་འདྲེར་བརྙས་སེམས་དངཿ ཆོས་བརྒྱད་བསམ་པས་མ་ཡིན་པརཿ ཞེས་གསུངས་ཏེ། ལྟ་དགོངས་ཏིང་འཛིན་ཉམས་དང་རྟོགས་པ་སྙིང་རྗེ་བྱང་སེམས་གཅིག་ཀྱང་མེད་པས། ཕོ་ཚོད་ཀྱིས་ལྷ་འདྲེ་ལ་བརྙས་སེམས་བྱེད་པ་དང་། རྙེད་བདེ་གྲགས་བསྟོད་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི་བསམ་པས་མ་ཡིན་པར། ཚད་མེད་བཞི་ཡིས་དཔའ་གདེང་བསྐྱེདཿ ཅེས་གསུངས་ཏེ། ལྷ་འདྲེ་གནོད་བྱེད་གདོན་བགེགས་ཀྱིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ལ་དམིགས་ནས། བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་བཞིའམ། བསྡུས་ན་བྱམས་དང་སྙིང་རྗེས་དྲངས་པའི་སྔོན་འགྲོ་སེམས་བསྐྱེད་ཀྱིས་གཞི་བཟུང་ན། གང་བྱེད་ཆོས་ལམ་ལ་འགྲོ་བ་དང་། ཅི་བྱས་འགྲོ་དོན་དུ་འགྱུར་བ་མ་གཏོགས་ཡོད་པ་མ་ཡིན། གཉན་ས་རི་ཁྲོད་འགྲོ་དུས་ཐོག་མ་ཉིད་ནས་བཀའ་ཟབ་མོ་ཕ་རོལ་དུ་ཕྱིན་པའི་དགོངས་པ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་གཤེགས་ཤུལ། གྲུབ་ཐོབ་བརྒྱུད་པ་གོང་མའི་ཕྱག་ལེན། མན་ངག་བདུད་གཅོད་ཀྱི་གདམས་པ་འདི་ཉིད་ཉམས་སུ་བླངས་ནས། ངས་སེམས་ཅན་མ་སྨིན་པ་སྨིན་པར་བྱ། མ་གྲོལ་བ་བསྒྲལ་བར་བགྱི། ཆགས་སྡང་ལྷ་འདྲེའི་རྒྱུད་ལ་སྙིང་རྗེའི་བྱང་སེམས་ཀྱི་ཐར་བའི་ས་བོན་ཞིག་འཇོག་ཐུབ་དགོས། མདོར་ན་སེམས་ཅན་རྫོགས་བྱང་ལ་འགོད་པའི་ཆེད་དུ་འགྲོ་བ་ཡིན། བླ་མ་བཀའ་བརྒྱུད། ཡི་དམ་ལྷ་ཚོགས། དཔའ་བོ་མཁའ་འགྲོ་དང་བཅས་པས་བྱིན་གྱིས་རློབས། ཇི་ལྟར་བྱིན་གྱིས་རླབས་ན་འགལ་རྐྱེན་ལམ་དུ་སློང་། བདེ་སྡུག་རོ་སྙོམས་ཐུབ། བདག་འཛིན་བློས་ཐོངས་པར་བྱིན་གྱིས་རློབས། ལམ་འདི་ལ་བརྟེན་ནས་མ་སེམས་ཅན་གྱི་དོན་ལ་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག་ཅེས་བསམ་དགོས། དེ་ལྟར་མིན་ན་གོང་ཞུས་ལྟར། ཁ་དེ་ལ་དཔའ་ཞིག་ཡོད་ན། སེམས་དེ་ན་སྡར་ཞིག་ཡོད་པས་ང་དོ་ནུབ་མི་སྐྲག་པར་ཤོག འདྲེ་གདོན་གྱིས་གནོད་པ་མེད་པར་ཤོག སྐྱོབ་རོགས་སྲུང་རོགས་ཟེར་ན་གོལ་ས་ཡིན། ལར་གཅོད་ཅེས་པ་ཕྱི་ལྷ་འདྲེར་གཅོད་པ་དང་། ནང་རང་སེམས་ལ་གཅོད་པ་གཉིས་ཀྱིས་གཅོད་ཀྱི་གོ་དོན་ཚང་བ་ཡིན། གཉན་སར་སོང་ནས་འདྲེ་དཀྲོག་མཁན་དང་འདྲེ་ཡུལ་ཕུད་མཁན། འདྲེ་ལ་སྐྲག་སློང་ཞིང་ཐོ་འཚམས་ནས་མཚང་འབྲུ་རུ་འགྲོ་བ་མ་ཡིན། ཡང་འདྲེ་དང་ཤག་པོ་བྱས་ན་འདྲེས་དངོས་གྲུབ་ཆེན་པོ་ཞིག་སྦྱིན་རྒྱུ་ཡོད་འོང་བསམ་ནས་དེའི་ཆེད་དུ་འགྲོ་བ་མ་ཡིན། ཅིའི་ཕྱིར་ཞེ་ན། ཕྱི་ན་འདྲེ་མེད་ཀྱང་ནང་ན་འདྲེ་འཛིན་ཡོད་པས་བྲག་སྲིན་མོའི་གླུ་ལས། འདྲེ་ངར་མ་བྱས་པ་ངར་འཛིན་ཡིན། །ཞེས་ཕྱིའི་འཇིགས་པའི་རྐྱེན་ལ་བརྟེན་ནས་ནང་འཇིགས་མཁན་གྱི་ཤེས་པ་རྩ་བརྡར་བཅད་ནས། ནང་གི་བདག་འཛིན་དང་གཅེས་འཛིན་གཅོད་པའི་ཆེད་དུ་མི་ཕོད་པ་ལ་ཐོག་བརྫིས་དང་མི་ནུས་པ་ལ་རོ་སྙོམས་བྱས་པས། ལམ་གྱི་གེགས་སེལ་དང་བོགས་འདོན་དུ་འགྱུར་ཞིང་སྔར་མེད་ཀྱི་ཡོན་ཏན་རྒྱུད་ལ་སྐྱེ་བར་འགྱུར་རོ། །དེས་ན་ནང་གི་བདག་འཛིན་དེ་གཅད་པའི་ཆེད་དུ་སོང་ནས་གཅོད་བྱེད་དགོས་པ་ཡིན། རྫོགས་པ་ཆེན་པོའི་སྤྱོད་པ་ཉི་ཤུ་རྩ་གཅིག་བསྟན་པའི་ནང་ནས། སྨྱོན་པ་ལྟ་བུའི་སྤྱོད་པ་ཡིས། །གཅིག་ཏུ་གནས་པའི་ཡུལ་རྣམས་སྤོངས། །སེང་གེ་ལྟ་བུའི་སྤྱོད་པ་ཡིས། །འཇིགས་པའི་སེམས་སྤངས་དུར་ཁྲོད་རྒྱུ། །ཞེས་གསུངས་པ་ལྟར་རོ། །གསང་བ་མན་ངག་སྡེའི་ཐོད་རྒལ་ཉམས་ལེན་གྱི་སྔོན་ལ་ཤིན་ཏུ་སྤྲོས་མེད་ཀྱི་དབང་གི་སྔ་རོལ་དུ། འཁོར་འདས་རུ་ཤན་གྱི་སྤྱོད་པ་བསྐྱང་བའི་སྣང་བ་དབང་སྒྱུར་གྱི་སྤྱོད་པ་དང་། གཉན་སར་འགྲིམ་པ་འདི་དག་ནང་དོན་མཚུངས་པ་ཡིན། ཉམས་ལེན་གྱི་བོགས་འདོན་ལ་འདི་ཉིད་ཟབ་པའི་གནད་ཀྱིས་རྒྱ་བོད་ཀྱི་གྲུབ་བརྙེས་རིག་འཛིན་ཐམས་ཅད་ཀྱིས་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་ཚུལ་གྱི་རྣམ་ཐར་ཤིན་ཏུ་མང་ངོ་། སྣང་བ་གང་ཤར་ཐོག་བརྫིས་བྱཿ དེ་ཚེ་ཟིལ་གནོན་དམིགས་པ་ཡིསཿ མ་གཅུན་དགྲ་ལ་བྱ་ཤོར་མཚུངསཿ དེ་ཕྱིར་རིག་པ་བརྟུལ་ཞུགས་ངངཿ ཞེས་གསུངས་ཏེ། འཇིགས་སྐྲག་གི་སྣང་བ་ཤར་ས་གང་ཡིན་དེར་གཏད་ནས་མི་ཕོད་པ་ལ་ཐོག་བརྫིས་དང་མི་ནུས་པ་ལ་རོ་སྙོམས་བྱ། ད་སྔར་མ་ནུས་པ་ལ་ད་བྱེད་དགོས་པས་གང་ལ་སྐྲག་ས། གང་ལ་འཇིགས་པ་ཡོད་ས་དེ་རུ་གྲོགས་མེད་ཁེ་རུ། འགྲོ་བའི་དུས་ཚོད་ཀྱང་མཚན་མོའི་དུས་སུ་འགྲོ་དགོས། མཚན་སྨག་ནག་ནང་ནས་ཕྱིར་ལྟས་ཤོར་བ་དང་། ཁང་སྟོང་ནང་དུ་ཁེ་རུ་མ་ཉལ་སྐབས་མགོ་ཕྱིར་བུད་མི་ཕོད་མཁན་དེ་དག་གིས་གཉན་ས་ཆོད་པ་མ་ཡིན། དེ་ཡང་སྙིང་ཁམས་ཆེ་ཆུང་དང་དྲེད་པོ་ཡིན་མིན་གྱིས་མ་ཡིན་ཏེ། བདག་འཛིན་ནང་ནས་ཆོད་མ་ཆོད་ཀྱིས་ཡིན། རོགས་པ་ཡོད་བཞིན་ཉིན་པ་དཀར་མོ་ས་གང་དུ་སོང་ཞིང་གང་དུ་ཉལ་ཡང་འཇིགས་སྐྲག་ཡོང་བ་མིན། འཇིགས་སྐྲག་མ་ཡོང་ན་ཡོན་ཏན་ཡང་སྐྱེ་རྒྱུ་མེད་དེ། གཅད་རྒྱུ་མེད་ན་ཅི་ཞིག་ཆོད་ཡོང་རལ་གྲི་ནམ་མཁའ་ལ་གཡུགས་ན་ཆོད་མ་ཆོད་གཉིས་ཀའི་ཐ་སྙད་མེད་པ་བཞིན་ནོ། །དེ་ལྟ་བུའི་ཚེ་མི་ཕོད་པ་ལ་ཐོག་བརྫིས་བྱེད་པ་ལ། ཟིལ་གནོན་དམིགས་པ་སྐོར་གསུམ་གྱིས་ཟིལ་གྱིས་མནན་ནས་ལྷ་འདྲེ་ཇི་ལྟར་སྟོབས་ཆེན་ཡིན་ཡང་། འགུལ་རྒྱུ་འཁྲིས་རྒྱུ་མེད་པར་གཏད་ནས་གནོན་ཞིང་ཐེབས་འོག་ཏུ་བཅུག་དགོས། དེ་ཡང་ཟིལ་གྱིས་གནོན་བྱེད་ཅིས་གནོན་དགོས་ན། ལྟ་བའི་གདེང་གིས་ཟིལ་གྱིས་གནོན་དགོས་ཏེ། དཔེར་ན་ཉི་མའི་འོད་ཀྱིས་སྐར་མ་ཐམས་ཅད་ཟིལ་གྱིས་གནོན་པ་བཞིན། ལྟ་བ་རྟོགས་པའི་རྣལ་འབྱོར་པ་དེས་ཕྱིའི་བདུད་ཀྱི་བར་ཆད། ནང་ཆགས་སྡང་ཆོས་བརྒྱད། གསང་བ་བཟང་ངན་གྱི་རྟོག་པ་ཕྲ་རགས་ཐམས་ཅད་ཟིལ་གྱིས་གནོན་དགོས་ལ་གནོན་ཡང་ནོན་པ་ཡིན། དེ་འདྲ་བྱས་ཏེ་ཟིལ་གནོན་གྱི་དམིགས་པས་གཅུན་མ་ཐུབ་ན། རྣལ་འབྱོར་པ་ནུས་པ་ཆེར་མེད་པའི་སེམས་འཁུ་འཕྲིག་ཅན་ཐེ་ཚོམ་གྱི་ཡར་ཁོག་གང་ཡོད་པ་དེ་ཉིད་ལྷ་འདྲེ་མངོན་ཤེས་ཅན་གྱིས་ཤེས་ནས། ཕར་ཟིལ་གྱིས་མ་མནན་གོང་ཚུར་ཟིལ་གྱིས་གནན་ཡོང་ན་ཅི་ཤེས། མ་གཅུན་དགྲ་ལ་བྱ་ཤོར་དང་མཚུངས་པ་དེས་ནའོ། །དེ་ཕྱིར་རིག་པ་བརྟུལ་ཞུགས་ངང་ཞེས་འདི་ཡོད་མང་ཆེ་བ་རྫོགས་ཆེན་སྒོམ་པའི་ཉམས་ལེན་པ་ཤ་སྟག་ཕལ་ཆེ་བ་ཡིན་ན། རིག་པ་སྟོང་གསལ་འགག་མེད་ཡེ་གྲོལ་གཤིས་ཀྱི་གནས་ལུགས་ལ་མ་བཅོས་མཉམ་པར་གཞག་པའི་བརྟུལ་ཞུགས་ཀྱི་ངང་དང་མ་བྲལ་པས། དང་པོ་སྔ་གནོན་གྱི་དམིགས་པ་ནི། ཕཊཿཅེས་རང་གི་སྙིང་ག་ནསཿ གནམ་ལྕགས་རྡོ་རྗེ་རྩེ་དགུ་པཿ སྲ་བརྟན་ལྕི་ཞིང་འཐས་པ་ལཿ འོད་ཟེར་མེད་དཔུང་འབར་བ་ཞིགཿ གང་དམིགས་གཉན་སར་ཐོག་ལྟར་ཕོབཿ དེར་གནས་ལྷ་འདྲེ་དཔུང་དང་བཅསཿ འབྲོས་ཤིང་འཁྱར་བའི་དབང་མེད་པརཿ དཔའ་ཟིལ་ཆག་སྟེ་གནས་པར་བསམཿ ཞེས་གསུངས་ཏེ། ཉམས་རྟོགས་རྒྱུད་ལ་སྐྱེ་དགོས་པའི་གང་ཟག་ཞིག་གིས་གཉན་ས་རི་ཁྲོད་ཀྱི་གནས་འགྲིམས་ནས་གཅོད་མི་བྱེད་ཐབས་མེད་ཡིན། དེ་ཡང་ཁྱད་པར་བཞི་དང་ལྡན་པས་འགྲོ་དགོས་ཏེ། ཁྱད་པར་བཞི་གང་ཞེ་ན། གང་དུ་འགྲོ་ས་གནས་ཀྱི་ཁྱད་པར་དང་། ནམ་འགྲོ་བ་དུས་ཀྱི་ཁྱད་པར་དང་། གང་འགྲོ་བ་གང་ཟག་གི་ཁྱད་པར་དང་། སོང་ནས་གང་ཉམས་སུ་བླང་བ་གདམས་ངག་གི་ཁྱད་པར་དང་བཞི་པོར་འབྱེད་པ་གནད་ཆེ། དེས་ན་གང་དུ་འགྲོ་བའི་གནས་ནི། གོང་ཞུས་ལྟར་འཇིགས་སྐྲག་དང་བྲེད་སྔངས་ཡོང་ས། ཐེ་ཚོམ་དང་རྣམ་རྟོག་སྐྱེ་བའི་ས་ཆ་སྟེ། དུར་ཁྲོད་དང་ཕུང་ཤུལ་ས་བདག་ཀླུ་གཉན་གནས་སའི་ཆུ་མིག་དང་བྲག་རོང་། བདུད་སྲིན་བཙན་དང་མ་མོ་རྒྱུ་བའི་སྲང་ལམ་ཐོན་སོང་ན་སྐྱི་གཡའ་བའི་ས་ཆ། མགོ་ཅོ་སྤུ་ཡང་གྱེན་དུ་ཟིང་སའི་ཉམ་ང་བའི་ས་ཆ་ཞིག་ཡིན་དགོས། ཕྱི་འཇིགས་ཤིང་ཡ་ང་བའི་གནས་དེ་ནས་འཇིགས་སུ་རུང་བའི་ལྷ་འདྲེ་ལ་བརྟེན་ཏེ། ནང་འཇིགས་མཁན་གྱི་རྟོག་པ་རང་རྒྱུད་ནས་རྩད་བཅད་པ་ནི་གཅོད་ཀྱི་དགོས་དོན་ཡིན། དེས་གང་དུ་འགྲོ་བ་གནས་ཀྱི་ཁྱད་པར་བསྟན་ནས། ནམ་འགྲོ་བ་དུས་ཀྱི་ཁྱད་པར་ནི། ས་དེ་ན་ཐོན་དུས་སྐྲག་སྔངས་ནམ་ཆེ་བའི་དུས་སྐབས་སུ་འགྲོ་དགོས། འོན་ཀྱང་སྤྱིར་བཏང་དགོང་མོ་དང་མཚན་མོའི་དུས་སུ་ལྷ་འདྲེ་དང་བདུད་སྲིན་གྱི་རིགས་དང་བཙན་དང་རྒྱལ་པོ་འདྲེ་མོ་སོགས་རྒྱུ་བའི་དུས་ཡིན་པས། དེའི་དུས་སུ་གྲོགས་མེད་ཁེ་རུ་འགྲོ་དགོས། གང་འགྲོ་བའི་གང་ཟག་ཅི་ལྟ་བུ་ཡིན་དགོས་ན། གོང་ནས་ཀྱང་བཤད་པ་ལྟར་སྔོན་འགྲོ་ངེས་འབྱུང་དང་སྡོམ་པས་རྒྱུད་བསྡམས། སྐྱབས་འགྲོ་སེམས་བསྐྱེད་ཀྱིས་སྣོད་རུང་བྱས། དངོས་གཞི་དབང་གིས་རང་རྒྱུད་སྨིན། ངོ་སྤྲོད་ཀྱི་ཁྲིད་སེམས་ལ་ཐེབས། གདམས་ངག་གིས་ཕྱི་ནང་གི་སྒྲོ་འདོགས་ཆོད་པ་བྱས་ནས་གདོད་འགྲོ་དགོས། དེ་མིན་ལས་རྒྱུ་འབྲས་སྙིང་རྗེ་བྱང་སེམས་ལྟ་སྒོམ་བསྐྱེད་རྫོགས་ཅི་ཡང་མེད་པ་དང་། ཐ་ན་དགེ་ངོ་སྡིག་ངོ་ཡག་པོ་ཞིག་ཀྱང་མི་ཤེས་པ་ཞིག་གི་ཕོ་ཚོད་བྱས་ནས་སོང་བས་གོ་ཅི་ཡང་ཆོད་པ་མ་ཡིན། དེ་ཅན་པོ་ལ་འདྲེ་བདུད་ཀྱིས་གནོད་པ་འོང་བ་མ་ཡིན་ཏེ། འདྲེས་འདྲེ་ལ་ཇི་ལྟར་གནོད། ཁོ་ང་རང་གི་སྡེ་ཚན་གྱི་ནང་ན་མྱི་མིན་ཟོག་མིན་འགའ་ཞིག་ཡོད་པའི་ནང་ནས་གཅིག་ཐོན་ཡོད་འདུག་ལོས་བསམ། དབང་ཁྲིད་གདམས་ངག་ཐོབ། ཉམས་ལེན་གང་འཚམས་རེ་ཡོད་ཀྱང་ད་ལྟ་དངོས་སུ་གཅིག་པུ་གཉན་ས་ཞིག་ལ་འགྲོ་དགོས་ན། དང་པོ་འགྲོ་ནུས་མི་ནུས་ཕོད་མི་ཕོད་ཡོད་ཀྱང་མི་ཕོད་པ་ལ་ཐོག་བརྫིས་བྱེད་དགོས་པ་ཡིན་གྱི། ཝ་མོས་རོ་ཟ་སྟངས་སྐྲག་ཞོར་འདར་ཞོར་ཟ་དགོས་པ་དང་སྐྲག་དགོས་པ་འདྲ་བས་མི་འོས་ཤིང་མི་འོང་། མྱི་ལ་ཁམས་མི་འདྲ་པ་ཡོད་དེ། ཁང་སྟོང་ནང་དུ་ཁེ་རུ་ཉལ་མི་ཕོད་པའང་ཡོད་པ་ཡིན། གཉན་ས་རི་ཁྲོད་འགྲིམ་སར་འགྲོ་མི་ཕོད་ཁི་བསམ་མཁན་ཡང་ཡོད་ལོས་ཆོག ངོ་མ་བཤད་ན་སྙིང་ཁམས་ཆེར་སྐྱེད་གྱིས་དང་དོན་དུ་སྐྲག་ཡོང་ས་ཞིག་ཡོད་པ་མིན་ཏེ། རྨི་ལམ་ནང་གི་གཡང་ས་བྲག་མགོ་དང་གཅིག་མཚུངས་རེད། འཁོར་འདས་སེམས་སུ་ཤེས་ན་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན་པས་སྙིང་རུས་བསྐྱེད་དགོས་པ་ཡིན། གནའ་སྔོན་ཆད་གྲྭ་ཕྲུག་གཉིས་ཉི་མ་ལྷ་སར་འབྲོས་བསམ་ནས། འགྲོ་ཆས་ཀྱི་གྲོས་བྱས་ཤིང་ལམ་ཆས་ཅ་ལག་ཚང་བ་བསྡུས་ཏེ། གཟའ་སྐར་ཚེས་གྲངས་ཀྱང་བལྟས་ནས་གཏན་ཁེལ་བྱས། དུས་ཚོད་ཐོག་དགོང་མོ་གཉིས་ཀ་མཉམ་དུ་འཛོམས་ནས་མྱི་ཚང་མ་ཉལ་རྒྱབ་ཙམ་འགྲོ་བར་གྲོས་བྱས་ཀྱང་། འགྲོ་རན་པ་ན་གཅིག་ཤོས་ཀྱིས་གཅིག་ཤོས་ལ་སྒོ་ཁར་སྨག་ནག་གམ་ཟེར་ནས། བུ་ཆུང་སྙིང་གིས་མ་བཟོད་ནས་འགྲོ་རྒྱུ་མ་འགྲིགས་པ་རེད། སྒོ་ཁའི་སྨག་ནག་གི་ག་ལ་ཚད་གནའ་སྔ་མོ་ཉི་མ་ལྷ་སར་རྐང་ཐང་འགྲོ་དུས་ཅི་ལྟ་བུའི་ཁྱི་གཅན་འཕྲང་དགྲ་ཇག་པའི་ཁར་འགྲོ་མི་དགོས། དེས་ཀྱང་མཚོན་དུ་མེད་པའི་གནའ་དམ་པ་གོང་མ་རྣམས་ཀྱིས་ཆོས་ཕྱིར་དཀའ་བར་སྤྱད་པའི་རྣམ་ཐར་ལ་བསམ་ནས་སེམས་ཐག་ཆོད་དགོས། ཡང་ཁ་ཕོ་རུས་ཙམ་དང་འགྲན་སེམས་བྱས་ནས་འགྲོ་བས་མི་ཕན། འོ་ན་ཇི་ལྟར་འགྲོ་དགོས་ན། བདེན་པའི་ཚིག་གི་མཐའ་ཆོད་པ་དང་། འཁོར་འདས་སེམས་ཀྱི་སྣང་ཚུལ་ཡིན་པ་གཏན་ལ་ཕེབས་ཡོད་པ། སེམས་ཀྱི་དེ་ཉིད་མཐོང་བས་ཕྱི་ནང་གི་སྒྲོ་འདོགས་ཆོད་པ་ཞིག་དང་། ལུས་ཀྱི་བདག་འཛིན་ཐོངས་པས་འགལ་རྐྱེན་ལམ་དུ་སློང་བ་ཞིག་བྱས་ནས་འགྲོ་དགོས། སོང་ནས་གདམས་པ་ཅི་ལྟ་བུ་ཞིག་ཉམས་སུ་ལེན་དགོས་ཤེ་ན། བཀའ་ཕ་རོལ་ཏུ་ཕྱིན་པའི་གདམས་པའི་ནང་དོན་ཉམས་ལེན་བདུད་ཀྱི་གཅོད་ཡུལ་གྱི་མན་ངག་ལ་གཞི་བཟུང་ནས། ལྟ་བ་ལྷ་མེད་འདྲེ་མེད། སྒོམ་པ་ཉིན་མཚན་ཁྲིགས་མེད། སྤྱོད་པ་རོ་མཉམ་ཐོག་བརྫིས། རིམ་གྲོ་ཤ་ཁྱེར་ཁྲག་ཁྱེར། ཉམས་ལེན་ན་དགའ་ཤི་སྐྱིད། འབྲས་བུ་གཉིས་མེད་ལྷུན་གྲུབ་ཀྱི་གཉན་ས་རི་ཁྲོད་འགྲིམ་པའི་རྣལ་འབྱོར་པ་དེ་ནི། དང་པོ་གཉན་ས་རི་ཁྲོད་ལ་འགྲིམ་ཕོད་པ་དང་། བར་དུ་བཟང་ངན་ཆོ་འཕྲུལ་ཅི་བྱུང་ཡང་རོ་མཉམ་ཐུབ་པ་དང་། མཐའ་མ་སངས་རྒྱས་མ་ཐོབ་བར་འགྲོ་དོན་ལ་སུན་པར་མེད་པ་ཞིག་བྱས་ནས་འགྲོ་དགོས་སོ། །ད་ང་ཚོ་ཚང་མས་རྩ་བའི་ཚིག་དེད་ན། ངག་ནས་ཕཊ་ཅེས་བརྗོད་པ་དང་མཉམ་དུ་རང་གི་ཐུགས་ཀ་ནས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་སྲ་བ་བརྟན་པ་སྟེ། སྲ་བ་རྡོ་རྗེ་ལྟར་ཕར་གང་ལ་བརྒྱབ་ན་དམིགས་མེད་དུ་འཇོམས་ཐུབ་ཅིང་ཚུར་གང་གིས་ཀྱང་གནོད་མི་ནུས་པ། བརྟན་པ་རི་བོ་ལྟར་ཚུགས་ཐུབ་ཅིང་འཐོར་ཞིག་ཏུ་མི་འགྱུར་བ། གར་བརྒྱབ་ལ་ཐོགས་པ་མེད་པར་ལྕི་ཞིང་འཐས་པར་འོད་ཟེར་དང་མེ་དཔུང་གི་ཚྭ་ཚྭ་འཕྲོ་ཞིང་། མེ་རི་དམར་ནག་དུད་སྤྲིན་འཁྱིལ་ཞིང་འབར་བ་ཐོག་ཆེན་ས་ལ་ལྷུང་འདྲ་ཞིག་གང་དུ་དམིགས་པའི་གཉན་ས་དེར་ཐོག་ལྟར་ཕབས་པས། ས་དེར་གནས་པའི་ལྷ་འདྲེ་སྡེ་དཔུང་འཁོར་དང་བཅས་པ་ཐམས་ཅད་བྲོས་བསམ་ཡང་བྲོས་མི་ཕོད། འཁྱར་དགོས་ན་འཁྱར་བའི་དབང་མེད་པ་བྱས་ཏེ་དཔའ་བོའི་ཟིལ་ཤུགས་སམ་རྔམས་བརྗིད་ཀྱི་དྲེགས་པ་ཆག་ནས། ཁྱུ་མཆོག་རྭ་ཆད་པ་ལྟ་བུ་ཉམ་ཆུང་བ་དབུགས་ཀྱང་འདོར་ལེན་མི་ཕོད་པའི་བར་ལ་གཏུགས་ཏེ་གནས་ཡོད་པར་བསམ་དགོས། དེ་ནི་རྣལ་འབྱོར་པ་ཐོག་མར་འགྲོ་ཆས་བྱས་ཏེ་སྔ་གནོན་འཕངས་པ་ཡིན་ནོ། །དེ་ནས་དངོས་སུ་འགྲོ་བའི་དུས་སུ་ཇི་ལྟར་དགོས་ན། དེ་ནས་ཚུལ་འཆོས་ངོ་ཚ་སོགསཿ ཐ་མལ་འཁུ་འཕྲིག་བློ་སྤངས་ལཿ བརྟུལ་ཞུགས་ངར་མའི་གདེང་ལྡན་པསཿ འགྲོ་ལུགས་རྣམ་པ་བཞི་དག་ལསཿ ལྟ་བའི་གདེང་འགྲོས་ཤུགས་ཀྱིས་འགྲོཿ ཞེས་གསུངས་ན། གཉན་ས་རི་ཁྲོད་ལ་སྤྱོད་པ་སྐྱོང་དུ་འགྲོ་བའི་དུས་དེ་ནས། རང་རེའི་དུས་རྒྱུན་ཁྲིད་ཀྱི་འཁོར་འདས་རུ་ཤན་འབྱེད་པའི་གནས་སྐབས་དང་འདྲ་བ་ཚུལ་འཆོས་དང་ངོ་ཚའི་འཛེམ་བག་སོགས་ཕྱིའི་འཁྲུལ་བ་རྩད་ནས་བཅད་དེ། ནང་ནས་གང་ཤར་སྣང་བ་གདོང་འདེད་ཀྱི་ཐོག་ནས། ཐ་མལ་འཁུ་འཕྲིག་རེ་དོགས་དང་ཐེ་ཚོམ་ཞེན་འཛིན་སོགས་ཀྱི་བློ་རྩ་བ་ཉིད་ནས་མེད་པར་བྱས་ཏེ། མཐོ་ཡ་ཀི་སྲིད་པའི་རྩེ་མོ་ནས་དམའ་ན་རག་གི་དམྱལ་ཁམས་ཡན་ཆད་དགྲ་རུ་ལངས་ནས་སྣང་སྲིད་ལྷ་འདྲེ་དམག་ལ་ཆས་ཤིང་། གནམ་ས་གཉིས་ཀ་ཆར་རླུང་རྡེབ་རྡེབ་བྱས་བྱུང་ཡང་། བདེན་མེད་སྒྱུ་མའི་གཡོ་འཕྲུལ་ཡིན་བསམ་པའི་ངང་ནས། གསང་བ་གནས་ལུགས་བདག་མེད་རྟོགས་པའི་ལྟ་བའི་གདེང་དང་ལྡན་པས་འབྲེལ་ཚད་ཐར་བའི་ལམ་ལ་འགོད་པའི་གཟུགས་མེད་ལྷ་འདྲེའི་འགྲོ་དོན་ཞིག་ད་རེས་འོང་དགོས་བསམ་ནས། ཕོ་ཚོད་ལྷ་འདྲེར་བརྙས་སེམས་མེད་པའི་ཐོག་ནས་ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་འཁྲུལ་སྣང་ཨ་འཐས་ལ་ཞེན་ཏེ། ཆགས་སྡང་རང་གར་སྤྱོད་པ་འདི་ཐམས་ཅད་ཕ་མར་གྱུར་བའི་སེམས་ཅན་ཡིན། ཕ་མར་གྱུར་བའི་སེམས་ཅན་ཀུན་སྡུག་བསྔལ་མི་འདོད་བཞིན་དེའི་རྒྱུ་ལ་སྤྱོད་བཞིན་ཡོད་པ་འབའ་ཞིག་རེད་བསམ་ནས་སྙིང་རྗེ་དང་བཅས་ཏེ། བརྟུལ་ཞུགས་ངར་མའི་གདེང་དང་ལྡན་པའི་སྤྱོད་པ་ལམ་ཁྱེར་གྱིས་འགྲོ་ལུགས་རྣམ་པ་བཞི་སྟེ། སེང་གེ་ལྟ་བུའི་འགྲོ་ལུགས་དང་། སྟག་མོ་ལྟ་བུའི་འགྲོ་ལུགས། རི་གཟར་གྱི་རྦབ་རྒོད་ལྟ་བུའི་འགྲོ་ལུགས། ལྟ་བའི་གདེང་འགྲོས་དང་བཞི་ཡིན་ནོ། །དེ་ཡང་ཉམ་ང་དང་བག་ཚ་མེད་པ་སེངྒེ་གངས་ནས་འགྱིང་པ་ལྟར་རིག་པ་ལ་ངར་བཏབ་ཤེས་པ་ལ་ཧུར་ཕྱུངས་པའི་འགྲོ་ལུགས་དང་། ངར་བའི་ཤུགས་དང་ལྡན་པ་སྟག་མོ་ནགས་ནས་མཆོངས་པ་ལྟར་དབང་པོ་ལ་བཀྲག་སྟོན་པའི་འགྲོ་ལུགས་དང་། ཐོགས་རྡུགས་མེད་པ་རི་གཟར་གྱི་རྦབ་རྒོད་ཐུར་དུ་འགྲིལ་བ་ལྟར་ཉམ་ང་བག་ཚ་མེད་པའི་འགྲོ་ལུགས་དང་། རིག་པ་ཆོས་སྐུའི་ངོ་བོ་གང་ཤར་བདེན་རྫུན་དང་བྲལ་བའི་ངང་ནས་འགྲོ་ལུགས་བཞི་ལས། བདེན་མེད་རོ་སྙོམས་ཀྱི་བརྟུལ་ཞུགས་ལྟ་བའི་གདེང་འགྲོས་ཀྱིས་འགྲོ་བ་གལ་ཆེ་བས། རེ་དོགས་རྩད་ནས་ཆོད་པའི་ཤུགས་ཀྱིས་གཙོ་བོ་འགྲོ་བར་བྱ་དགོས། ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་ཡིན་པས་ལས་ཀྱི་མངོན་ཤེས་དང་རྫུ་འཕྲུལ་གྱིས་རྣལ་འབྱོར་པ་གཉན་སར་ཐོག་བརྫིས་བྱེད་དུ་འོང་གི་ཡོད་པར་ཤེས་ནས། བཀའ་འོག་ལ་མི་འདུག་ནས་བྲོས་མཁན་དང་། ཟིལ་མི་བཟོད་ནས་འཁྱར་མཁན་ཡང་ཡོད་སྲིད་པས། སྨན་པས་ནད་པའི་ནད་གདོན་སེལ་བྱེད་ལ་གཏར་སྲེག་སོགས་དྲག་པོའི་སྤྱོད་པའང་སྐབས་འགར་མི་བྱེད་ཐབས་མེད་ཡིན་པ་ལྟར། ཆེད་དུ་བྱ་བའི་གདུལ་བྱ་དེ་རྣམས་བྲོས་འཐོར་བྱེད་དུ་མི་བཅུག་པར་དབང་དུ་བསྡུ་དགོས། དེ་ཇི་ལྟར་བསྡུ་ན། དེ་ཡང་སྣང་སྲིད་ལྷ་འདྲེ་དངཿ གནས་གདོན་ལམ་འདྲེ་འཁྱམ་པོ་ཀུནཿ བཀུག་ལ་ར་ལུག་བདས་པ་བཞིནཿ གཉན་སར་རང་དབང་མེད་པར་གཅུརཿ ཞེས་གསུངས་ཏེ། གཞན་སྣང་ཟིལ་གྱིས་གནོན་མཁན་དེ་ཡང་རང་སྣང་དབང་དུ་འདུས་པ་ཞིག་ཡིན་དགོས་པས། ལྟ་བ་ཕྱོགས་མཐའ་ཡངས་པ། སྒོམ་པ་ཉམས་རྟོགས་ལྡན་པ། སྤྱོད་པ་སྙིང་ཁམས་ཆེ་བ་ཞིག་བྱས་ནས། ན་ཚ་སྡུག་བསྔལ་རྐྱེན་ངན་བར་ཆད་ཆོ་འཕྲུལ་གདུག་རྩུབ་ཅི་ལྟ་བུ་ཞིག་ལ་ཐུག་ཀྱང་། ཉམ་ང་དང་བག་ཚ་ཐེ་ཚོམ་སོམ་ཉི་སྤང་བླང་དགག་སྒྲུབ་ཅི་ཡང་མེད་པར་བྱས་ཏེ། རི་དྭགས་ཀྱི་དབུས་ན་སེང་གེ་རྒྱུ་བ་བཞིན་དུ། དང་པོ་གཉན་སར་ཆས་པ་དེ་ནས་བཟུང་སྟེ་མཐར་མཆོད་སྦྱིན་ཆོས་སྤྱོད་ཀྱིས་ཚིམས་ཤིང་ལྷ་འདྲེའི་རང་རྒྱུད་མ་གྲོལ་གྱི་བར། སྣང་ཞིང་སྲིད་པའི་འཇིག་རྟེན་འདིའི་སྲིད་རྩེ་མན་ཆད་དམྱལ་ཁམས་ཡན་ཆད་ཀྱི་དཀར་ཕྱོགས་ལྷ་རིགས་ལ་གཏོགས་པ་ཡིན་ཡང་རུང་། ནག་ཕྱོགས་འདྲེ་རིགས་སུ་གྱུར་པ་ཡིན་ཡང་རུང་། སྟོབས་ཆེན་སྟོང་ཁམས་ལ་དབང་བསྒྱུར་ནས་འཁོར་གཡོག་བྱེ་བ་འབུམ་ཁྲི་མངའ་འོག་ཏུ་བསྡུ་མཁན་དང་། ས་ཆ་དང་ཡུལ་ཁམས་རེས་འགའ་ལ་དབང་སྒྱུར་མཁན་ནམ། འཛམ་གླིང་གནམ་ས་ཕྱེད་བསྒོས་ཀྱི་བདག་པོ་ཡིན་སྙམ་པ། ཤ་ཟ་སྲིན་པོ་སྟོང་དང་མཉམ་དུ་འགྲོགས་ནས་སྐྱེ་འགྲོའི་སྲོག་དབུགས་ལེན་མཁན་ནས་བཟུང་སྟེ། གནས་ཡུལ་གྲོང་ཚོ་རི་གཉན་ཤིང་གཉན་ལ་གནས་འཆའ་བའི་གདོན་བགེགས། ཐ་ན་ལམ་འདྲེ་འཁྱམ་པོ་དང་ཤི་འདྲེ་དབང་མེད་དང་བཅས་པ་ཐམས་ཅད་གནས་དེ་ན་ཡོད་པ་ཀུན་ཕར་བྲོས་སུ་མི་སྟེར་ཞིང་། གནས་མཐོ་དམན་ཁད་ཉེ་རིང་ལ་མ་ལྟོས་པའི་སྲིད་པ་འཇིག་རྟེན་གྱི་ཁམས་ན། སྣང་སྲིད་ལྷ་འདྲེའི་སྡེ་རིས་སུ་གཏོགས་པ་ཡོད་དོ་ཅོག་ཀུན་ར་ལུག་འུར་ཞོགས་གཅིག་གིས་བདས་པ་བཞིན་གཉན་ས་དེར་བཀུགས་ནས། རང་དབང་སྐད་ཅིག་ཏིལ་འབྲུ་ཙམ་ཡང་མེད་པར་གཅུར་ནས་ཆུན་ཏེ། བཏང་འགྲོ་བཞག་སྡོད་ལ་རང་ལག་ན་ཡོད་པ་ཞིག་བྱ་དགོས། དེ་ལྟར་གཉན་སར་སླེབས་ནས་ཇི་ལྟར་བྱ་དགོས་ཤེ་ན། གནས་དེར་སླེབས་མ་ཐག་ཉིད་དུཿ དྲག་ཤུལ་འབར་བའི་སྟངས་སྟབས་ཀྱིསཿ ལྷ་འདྲེ་ཀུན་གྱི་རྐང་བ་ནསཿ བཟུང་སྟེ་ཀླད་ལ་ལན་གསུམ་བསྐོརཿ དབང་ཆེན་གཞི་ལ་བརྡབས་པར་བསམཿ ཞེས་གསུངས་ཏེ། སྤྱིར་ན་གཅོད་མཁན་གྱི་ཆོས་ལུགས་དེ་ཅི་འདྲ་ཡིན་ན། ལྷ་འདྲེར་དོ་མི་བསྡོ། འགྲན་མི་བཙུགས། གནོད་པར་མི་སྐྱེལ་ནས། རང་དམན་ས་ལ་འདུག གཞན་མཐོ་ས་ལ་བཞག ཁེ་ཁ་གཞན་ལ་སྦྱིན། ཕམ་ཁ་རང་གིས་ལེན། གཞན་དོན་སྙིང་རྗེའི་དབང་གིས་ལུས་གཏོང་ནུས་པར་མ་ཟད། བཟང་འབྲེལ་ངན་འབྲེལ་ཐོགས་ཚད་ཕྱམ་གཅིག་སངས་རྒྱས་སར་འགོད་པའི་སེམས་སྟོབས་ཡོད་པ་ཞིག་ཡིན་དགོས། འོན་ཀྱང་གནས་སྐབས་གང་འདུལ་ཐབས་ཀྱི་འགྲོ་དོན་ལ་གདུག་རྩུབ་ཆོ་འཕྲུལ་ཆེ་ན་ལྷ་འདྲེ་ཨར་ལ་གནོན་གསུངས་པ་ལྟར། སྣ་ཚོགས་གདུལ་བྱ་ལ་འདུལ་ཐབས་མི་འདྲ་བ་དགོས་པས་ཞི་རྒྱས་དབང་དང་དྲག་པོའི་རྒྱལ་བའི་ཕྲིན་ལས་ཀྱི་མཛད་པ་སྟོན་པ་ཡིན་པས། དཔེར་ན་གཅན་གཟན་གྱི་རྒྱལ་པོ་སེངྒེ་གཅན་གཟན་གཞན་གྱི་ཁྲོད་དུ་ཐོན་ཚེ་ངར་སྐད་གཅིག་དང་འགྱིང་རྔམས་གཅིག་གིས་སྡེར་ཆགས་རི་དྭགས་གཅན་གཟན་གྱི་རིགས་སུ་གྱུར་བར་མ་ཟད། འགྲོ་བ་མིའི་རིགས་སུ་གྱུར་བ་ནས་བཟུང་སྟེ་ཐམས་ཅད་དཔའ་ཞུམ། སྙིང་འཁུམས། བླ་ཉམས། ཧོན་འཐོར་འགྲོ་བ་ལྟ་བུ། གནས་དེར་སླེབས་མ་ཐག་ཉིད་དུ་འཇིགས་རྔམས་གཅིག་གི་དྲག་ཤུལ་འབར་བའི་སྟངས་སྟབས་ཀྱིས་ཉི་ཟླ་ཡིན་ཡང་གྱུར་མིད་དང་། སྟོང་ཁམས་ཡིན་ཡང་ཁམ་གང་གིས་ཟ་འགྲོ་བ་ལྟ་བུའི་ལྟ་བའི་གདེང་གིས་ཟིལ་གྱིས་མནན་ཅིང་ཏིང་ངེ་འཛིན་གྱི་སྟོབས་ལ་གཏད་དེ། དཔེར་ན་རྒྱུན་དུ་སྐར་ཚོགས་རྣམས་ལ་རང་འོད་རེ་ཡོད་ཀྱང་། ཉི་མའི་འོད་ཀྱིས་ཐམས་ཅད་ཟིལ་གྱིས་མནན་པ་ལྟར་འཕར་རྒྱུ་འགུལ་རྒྱུ་གྲགས་རྒྱུ་གོ་རྒྱུ་མེད་ཐོག ལྷ་འདྲེ་དབང་ཆེན་དབང་ཆུང་ཀུན་གྱི་རྐང་པ་ནས་བཟུང་སྟེ། ཀླད་ལ་ལན་གསུམ་བསྐོར་ནས་དབང་ཆེན་གསེར་གྱི་ས་གཞི་ལ་བརྡབས་པར་བསམ་དགོས། གཉན་ཐོག་ལ་གཉན་བབས་པ་ཞེས་པ་སྟེ་ཀླུའི་གདུག་རྩུབ། བདུད་ཀྱི་ཆོ་འཕྲུལ། བཙན་གྱི་ཞགས་པ། མ་མོའི་དལ་ཁ་སོགས་ཇི་ཙམ་གཉན་ཡང་། ཀུན་རྫོབ་བློས་བྱས་འཁྲུལ་རྟོག་གི་ཆོས་ཐམས་ཅད་འདུས་བྱས་ཡིན་པས་འཇིག་ཅིང་གཤིག་པ་མི་ནུས་པ་ཞིག་མེད་དེ། སྟོང་ཉིད་ཀྱི་ལྟ་བའི་གདིང་རྙེད་པའི་གང་ཟག་དེའི་སེམས་ཉིད་དོན་རྟོགས་རང་རིག་རྒྱལ་པོ་དེ་ཉིད་འཇིག་རྟེན་ཀུན་གྱི་བླ་ན་ཆེ་བ་ཡིན། ཇི་ལྟར་ཆེ་ན། རྡོ་རྗེའི་ཆོས་བདུན་དང་ལྡན་པའི་མཚོན་བྱེད་རྟགས་ཀྱི་རྡོ་རྗེའི་ཆེ་བ་དང་ལྡན་ལྟར། མཚོན་བྱ་དོན་གྱི་རྡོ་རྗེ་ཆོས་ཉིད་གཡོ་བ་མེད་པའི་ངང་ལ་གནས་པས། གཤིན་རྗེའི་ཕོ་བྲང་། མ་མོའི་འདུ་ར། རྒྱལ་པོའི་ཡུལ་མཁར། བཙན་གྱི་ཇག་ལམ། བདུད་ཀྱི་གྲོང་ཆེར་ལ་སོགས་པ་གང་ཡིན་ཡང་སྟོང་ཉིད་གཞོམ་གཞིག་དང་བྲལ་བའི་རྡོ་རྗེས་འཇོམས་མི་ཐུབ་པ་གང་ཡང་ཡོད་པ་མིན། དེ་བཞིན་དུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་པས་ཚར་གཅོད་མངོན་སྤྱོད་ཀྱི་དབང་དང་དྲག་པོའི་རྗེས་ཐོགས། རྗེས་འཛིན་ཞི་དང་རྒྱས་པའི་ལས་ཀྱིས་ལྷ་འདྲེས་གཙོས་པའི་སེམས་ཅན་གྱི་རྒྱུད་སྨིན་ཅིང་གྲོལ་བར་བྱེད་དགོས་སོ། །དེ་དང་མཉམ་དུ། ཅོག་བུ་སྟན་བཅས་ཤུགས་ཀྱིས་བསྐྱུརཿ ཞེས་གསུངས་ཏེ། བརྟུལ་ཞུགས་སྤྱོད་པའི་ཡོ་བྱད་ཀྱི་ནང་དུ་ཆས་གོས་སྟན་དང་བཅས་པ་གོང་དུ་གྲ་སྒྲིག་བྱས་པ་ཐམས་ཅད་བསྣམས་ནས་ཡོད་པ་ས་དེར་ཐོན་མ་ཐག་ཤུགས་ཀྱིས་བསྐྱུར་པའམ་འཕངས་ནས་ལྟ་བའི་གདེང་བསྐྱེད་དགོས། ལྷ་འདྲེ་དབྱིངས་ཆེ་བའམ་སྟོབས་ཆེན་པོ་ཅན་གྱི་ལྷ་མ་སྲིན་སྡེ་བརྒྱད། བསྐྱེད་རིམ་ཕར་བསྒོམ་ན་ཚུར་ལ་དེ་བས་རྔམས་ཟིལ་ཆེར་སྟོན་པ་ཡང་ཡོད་པ་དང་། དྲག་ཤུལ་ཕར་བསྐྱེད་ན་ཚུར་འཇིགས་རྔམས་དེ་བས་ཆེར་རྔམས་པ་ཡང་ཡོད་སྲིད་དེ། གནའ་སྔོན་ཆད་མཁན་པོ་པད་རྡོར་ཚང་པདྨའི་ཐང་དུ་སྐུ་མཚམས་ལ་བཞུགས་ཡོད་སྐབས། རྒྱལ་འཁྱམ་སྟོབས་ཆེན་ཞིག་བྱ་ལག་དགུ་ཞིག་ཏུ་སྤྲུལ་ནས་ལྗོན་ཤིང་གི་རྩེ་ལ་བབས་བྱུང་བ་ན། མཁན་པོ་པད་རྡོར་དཔལ་ཆེན་གྲུབ་པའི་རིག་འཛིན་ཡིན་པས་དཔལ་ཆེན་པོའི་བསྐྱེད་རིམ་རྒྱས་པར་གསལ་བཏབ་ནས་བཞུགས་པ་ན། ཁོས་ཀྱང་ཁྲོ་བོ་རི་རབ་ཙམ་ཞིག་གི་བསྐྱེད་རིམ་ལ་བརྟེན་ནས་འཇིགས་རྔམས་དེ་བས་ཀྱང་ཆེ་ཞིག་གིས་ཚུར་རྫིག་ཉམས་རྔམས་པས། ཨ་ཁ་འདི་འདྲའི་བསྐྱེད་རིམ་ལ་གསལ་སྣང་ཐོབ་ཅིང་བཟླས་པའི་གྲངས་ཕྱིན་ཡང་། ཐབས་ཤེས་ཡ་བྲལ་དུ་སོང་སྟེ་རྫོགས་རིམ་སྟོང་ཉིད་ཀྱི་ལྟ་བས་མ་ཟིན་ནས། ཨ་འཐས་འཁྲུལ་བར་འཕྱན་ནས་འདྲེ་གདོན་སྲིན་པོའི་ལུས་ལེན་པ་ཡོད་འདུག་དགོངས་ནས་སྙིང་རྗེ་ཚད་མེད་ཅིག་སྐྱེས་པས། དེ་ཁོ་ལ་མེད་ཟེར་ནས་འཕུར་སོང་བ་རེད་ཟེར་བའི་རྣམ་ཐར་ངག་རྒྱུན་ས་ཕྱོགས་འདིའི་གནའ་མྱི་ཚང་མའི་ཁ་ཐོག་ལ་ཡོད་པ་ལྟ་བུའོ། །ལྷ་འདྲེ་ཇི་ལྟར་དབྱིངས་ཆེ་ཡངཿ ཞེས་གསུངས་ཏེ། ཕུ་བཏབ་པས་རི་མགོ་བསྒུལ་མ་ཐུབ་པ་ལྟ་བུ། ལྟ་སྒོམ་བསྐྱེད་པའི་གདེང་མེད་པས་འུར་འབོད་ཅི་ཙམ་བྱས། ཌཱ་དྲིལ་ག་ཚད་དབྱུགས། གཡང་གཞི་ས་ལ་ག་ཚད་བརྡབས་ཀྱང་། ལྷ་འདྲེ་སྟོབས་ཆེན་གྱི་མིག་སྔར་ང་ཚོའི་ཤ་ཐོག་ལ་འབུ་སྦྲང་ཕྲ་མོ་ཞིག་བབ་པའི་སྣང་བ་ཡོད་ས་མེད་པས། ལྷོངས་ཚད་དང་ཚར་ཚད་ཆོད་དང་མི་ཆོད་ལྟ་ཅི་ལར་ལྷ་འདྲེ་ལྷོངས་ཙམ་ཡང་ཨེ་ཐུབ་མི་ཤེས། རྣལ་འབྱོར་པ་ལ་དབང་ཐོབ། སྡོམ་དང་དམ་ཚིག་ལ་གནས། ཐོས་དོན་བསམ་པས་དཔྱད། བསམ་དོན་སྒོམ་པ་ལ་སྦྱོར། ལྟ་བའི་གདེང་དང་ལྡན། སྒོམ་པའི་ཉམས་རྩལ་གང་ལ་གང་འཚམ་རྫོགས་ནས། སྤྱོད་པ་བརྟུལ་ཞུགས་ཀྱི་ཕོ་ཚོད་ཡོད་པ་ཞིག་གོང་གི་གདམས་པའི་མན་ངག་ལྟར་གཉན་སར་ཕྱིན་པ་ཡིན་ན། ལྷ་འདྲེ་དེ་དག་ཅི་ལྟ་བུའི་དབྱིངས་ཆེ་ན་ཡང་། མི་ལྷོངས་མི་སྲིད་ཟིལ་ཁོལ་འགྲོཿ ཞེས་གསུངས་ཏེ། མི་ལྷོངས་མི་སྲིད་དེ་ཟིང་ཟིང་ལོང་ལོང་དུ་མི་འགྲོ་པ་ཞིག་མེད་ཅེས་པའི་དོན་ཡིན། འོན་ཀྱང་དེ་ཙམ་མི་ནུས་པའི་རིགས་ཅན་ཨེ་ཡིན་རང་རྒྱུས་རང་ལ་ཆེ་བ་ཡིན་པས། དེ་ཙམ་མ་ནུས་པས་ཇི་ལྟར་བྱ་ཞེ་ན། རྣལ་འབྱོར་བརྟུལ་ཞུགས་ཆུང་གྱུར་ནཿ རིམ་པས་བློ་དང་སྦྱར་ཏེ་བྱཿ ཞེས་གསུངས་ཏེ། བརྟུལ་ཞུགས་ཀྱི་སྤྱོད་པ་འདི་དག་ལྟ་བའི་བོགས་འདོན་གྱི་ཆེད་དུ་ཡིན་པས། ལྟ་བའི་ས་ཟིན་འདི་ཡིན་ཞིག་མེད་ན་ལྟ་རྐུབ་སྤྱོད་པས་ཕུད་ཟེར་བ་ལྟར། འཇིག་རྟེན་སྐྱེ་བོ་ཕལ་བའི་སྔོན་དུ་མྱིག་དཀར་ལོག་དམར་ལོག་བསྒྱུར་ནས་བྷྱོ་བྷྱོ་ཕཊ་ཕཊ་དང་། རྐང་གླིང་དྲག་འབུད་སོགས་སྙིང་འགས་པ་ལྟ་བུ་རེ་བྱས་པ་ན། ལར་འདི་ཕྱི་རུ་བལྟས་ན་རྫིག་ཉམས་ཅན་ཞིག་འདུག་པས་ནང་ལ་ཡང་ལྟ་དགོངས་ཏིང་འཛིན་བཟང་པོ་རེ་ཡོད་ངེས་སྙམ་པ་བྱ་ཆོག་ཀྱང་། ལྷ་འདྲེས་མངོན་ཤེས་ཀྱིས་དེའི་ཚོད་རིག་ནས། དབང་དུ་ཕར་སྡུད་མ་དགོས་ཚུར་སྡུད་དེ། གཉན་ས་དུར་ཁྲོད་ལ་ཕྱིན་དུ་ཉེ་བ་ན། སྙིང་གི་འཕར་རྩ་ཇེ་མགྱོགས་ཡོང་བ་རང་གིས་ཚོར་བ་ཞིག་རེད་བྱུང་ན་ཅི་ཡང་མི་ནུས་པའི་རྟགས་རེད། དེ་བས་ཉལ་སའི་ནང་ནས་སྙིང་རྗེ་སྒོམས་དང་ཁེ་ཆེ་བ་ཡིན། རྣལ་འབྱོར་བརྟུལ་ཞུགས་ཆུང་བ་ན་རིམ་པས་བློ་དང་ཇི་ལྟར་སྦྱར་དགོས་སྙམ་ན། གཉན་ས་རི་ཁྲོད་འགྲིམ་པ་ཕྱི་ཡི་གཅོད་ཡིན་ཡང་། བདག་འཛིན་ནང་ནས་ཆོད་པ་དོན་གྱི་གཅོད་ཡིན་པས་ནང་བདག་འཛིན་གྱི་རྩ་བ་རང་གི་སེམས་ནས་མ་ཆོད་ན། ཕྱིའི་ལྷ་སྲིན་འབྱུང་པོ་འདུལ་བྱེད་ཀྱི་ལག་ཆ་མེད་པ་ཡིན། སྟག་ཤམ་རུས་རྒྱན་བཅིངས་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་ཕྱིར་མི་མིན་ལྷ་འདྲེའི་ཚོགས་གྲལ་འགྲོ་བ་ལྟ་ཅི། ད་དུང་བློ་ལྡོག་རྣམ་བཞིས་བློ་སྣ་བསྟུངས་མ་ཐུབ། ངེས་འབྱུང་བྱང་སེམས་ཀྱི་བརླན་བཅུད་ཀྱི་ཤུལ་མེད། རྡོ་རྗེ་ཐེག་པའི་བཅུད་ཀྱི་དྲི་ཙམ་ཡང་མི་དྲོ་བས། གོམ་ཁ་ལམ་ལ་ཞོག་གི་མེད་ན། ཨ་མ་ཇོ་མོ་ལབ་སྒྲོན་གྱི་ཞབས་རྗེས་མཇལ་སར་ཐོན་ཡོད་པ་མ་ཡིན་པས། ཚད་མེད་རྣམ་བཞིས་བློ་སྦྱངས་ཏེ་ཐེག་ཆེན་སྐྱབས་སེམས་གཉིས་ཀ་རྒྱུད་ལ་འབྱོར་ཐབས་དང་། རང་རྒྱུད་སྨིན་གྲོལ་གྱི་ལམ་ལ་ཚུད་ཐབས་ཀྱི་འགོ་གཞི་འཛུགས་ཤིག་བྱེད་རན་པ་ཡིན། རིམ་པས་ཞེས་པས་དང་པོ་གོམ་ཁ་འཆོས་བཅུག་ནས་དེའི་རྗེས་མཆོངས་ལྡིང་བྱེད་ལུགས་སྦྱོང་ན། རིམ་པས་ཕ་རོལ་རྩལ་གྱིས་ནོན་པ་ཞིག་འོང་རྒྱུ་ཡོད་པ་ཡིན་ཞེས་པའི་དོན་ཡིན། དེས་ན་དང་པོ་གཉན་ས་རང་ཁྱིམ་གྱི་ཉལ་སའི་ནང་ནས་གཅོད་ན་གཅད་རྒྱུ་དེ་ཀ་ན་མང་པོ་ཡོད་དེ། བྲག་སྲིན་མོས་རྗེ་བཙུན་མི་ལ་ལ། འདྲེ་ང་ཡིས་མི་ཚད་མང་པོ་ཡོད་ཞུས་པ་ལྟར། ཡུལ་སྡེ་གྲོང་ཁྱིམ་གྱི་ནང་ན་གཉེན་ལ་ཆགས་པའི་བདུད་ཡོད། དགྲ་ལ་སྡང་པའི་བདུད་ཡོད། གཉིས་ཀ་ལ་རྨོངས་པའི་བདུད་ཀྱང་ཡོད། ད་དུང་ཆོས་སྒྲུབ་པ་ལ་ཕྱི་བཤོལ་བྱེད་པའི་བདུད་ཡོད། རྐྱེན་ངན་བར་ཆད་ཀྱིས་གནོད་པའི་བདུད་ཡོད། རྣམ་གཡེང་གི་བདུད། འདུ་འཛིའི་བདུད། སེམས་ཁ་མི་གང་པའི་བདུད། རྒོལ་བ་མང་པའི་བདུད། མྱི་ཁ་གཏམ་ངན་གྱི་བདུད། ཡོད་པ་ཕར་ལ་ཤོར་དོགས་དང་བྲི་དོགས་ཀྱི་བདུད། མེད་པ་ཚུར་ལ་མི་ལོན་དོགས་དང་འཚོལ་དོགས་ཀྱི་བདུད་ཡོད། སྡུག་བསྔལ་ཐམས་ཅད་བདུད་ཀྱིས་སློང་པ་ཡིན་པས་གནོད་བྱེད་ཅིག་ལ་བདུད་ཅེས་བྱ་སྟེ། དགོན་གྲྭ་ས་ལ་བསམ་ན། དེ་བཞིན་ཁྱིམ་ཆུང་སྤངས་པས་རྟ་ཟོག་ནོར་ལུག་གི་རྫི་བོར་དེའི་རྗེས་ནས་མ་སོང་ཞིང་། རྒྱུན་དུ་ཇོ་སེར་ཙམ་བྱས་ཏེ་ངུར་སྨྲིག་གི་ཆས་གོས་གོན་ནས་དགེ་འདུན་པའི་ཚོགས་གྲལ་དུ་ཡོད་མདོག་མདོག་བྱས་ཀྱང་། བླ་གྲྭ་ཇོ་སེར་ཟེར་རུང་མྱི་ཡིན་པས་ཐོས་པའི་ཆོས་ཀྱིས་རྒྱུད་དུལ་མ་ཡོད་ན་བདུད་གར་སོང་ལུས་དང་གྲིབ་མ་ལྟར་འབྲལ་མེད་ཡིན་ཏེ། གྲྭ་སར་ཆགས་སྡང་ཕྲག་དོག་གི་བདུད། ངའི་དགོན་པ། ངེད་ཀྱི་ཆོས་བརྒྱུད། གྲྭ་ས་ནང་ཁུངས་ཡིན་ཡང་བདག་བསྟོད་གཞན་སྨད་ཀྱི་བདུད། ལོག་ལྟ་ཐེ་ཚོམ་གྱི་བདུད། འགྲན་སེམས་ཕྲག་དོག་གི་བདུད། ཆོས་བརྒྱད་ཆགས་སྡང་གི་བདུད། ཟ་རློམ་རྙེད་ཚོར་གྱི་བདུད་ཡོད། གཞན་ཡང་རི་ཁྲོད་མི་མེད་ལུང་སྟོང་ཞིག་ལ་མཚོན་ན། འདུ་འཛིའི་རྣམ་གཡེང་ལས་བྲོས་ནས་ཐར་བའི་དབེན་རི་ཡིན་བསམ་ཡང་། ས་དབེན་པ་རྐྱང་བས་དབེན་མིང་ཡོད་པ་མིན་ཏེ། ཕྱི་དབེན་ནང་དབེན་གསང་དབེན་གྱི་དབེན་གསུམ་ཞི་བའི་རྒྱལ་སར། ནང་རང་གི་སེམས་རྒྱུད་ནས་བདག་གིར་བྱ་ཐུབ་མེད་ན། བདུད་ཐ་ཆད་ནང་གི་བདག་འཛིན་འགོང་པོས་སེམས་ཀྱི་བཙན་ས་བཟུང་ཤོར་བས་ཐར་ས་དང་། གབ་ས་དང་། བཟུར་ས་མི་ལོན། དེས་ན་རྣལ་འབྱོར་བརྟུལ་ཞུགས་ཆུང་ན་རིམ་པས་བློ་དང་སྦྱར་ནས་ཅི་འདྲ་བྱ་དགོས་ཤེ་ན། བློ་ལས་རུང་བླ་མ་ཕྱི་རོལ་ན་མི་འདུག་གསུངས་པ་ལྟར། རང་བློ་ལས་སུ་རུང་བ་ལ་རང་རྒྱུད་ཆོས་དང་མ་འདྲེས་པས། གཉན་ས་ནང་ནས་ཆོད་རྒྱུའི་ཚུགས་ཙམ་ཡང་གཏོད་མ་མྱོང་པ་ཞིག་གིས་ཕྱི་རོལ་དུར་ཁྲོད་གཉན་ཁྲོད་སོང་ནས་ལས་ཡོང་རྒྱུ་ཞིག་མེད། རོ་གསོན་པོ་གཡོ་འགུལ་ཅན་མང་པོ་མཉམ་དུ་ཚོགས་པའི་དུར་ཁྲོད་གསོན་པོའམ་གསོན་པོའི་དུར་ཁྲོད་འཇིགས་སུ་རུང་བ་འདི། གནའ་བཤད་སའི་འཇིགས་སུ་རུང་བའི་དུར་ཁྲོད་ལས་འཇིགས་པ། ཧ་ཧ་དགོད་པའི་དུར་ཁྲོད་ལས་སྐྲག་ཅིག་ཡིན། ཆུ་མིག་ཐམས་ཅད་རྣག་ཁྲག་དང་རྩི་ཤིང་ཐམས་ཅད་མཚོན་ཆ་ཡིན་རུང་དེ་ཙམ་ཧ་ཅི་ལས། འདི་ན་གསོན་པོའི་འདྲེ་ཡིས་གང་བསྡད་ཡོད་ས། གཞན་ངོས་ནས་བསམ་ན། ཀི་བཏབ་ནས་སྟེང་དུ་མཆོང་ཡོང་ས། གྲི་བསྣུན་ནས་སྙིང་ལ་འཛེར་འགྲོ་ས། མེ་མདའ་འཕངས་ཏེ་བརྒྱབ་ནས་བསད་འགྲོ་ས། ངོས་ནས་མ་ཐུབ་རུང་ལྐོག་ནས་སྨད་པ། ཕར་ལ་བཟང་བྱས་ན་ཚུར་ངན་བྱེད་པའི་འདྲེ། ཡར་ལ་མཐོ་གང་འགྲོ་གི་བསམ་ན་མར་འདོམ་གང་དྲུད་པའི་བདུད་ཡོད་ས། རང་ངོས་ནས་ཉམས་ལེན་ཐུན་ཞིག་བཅད་ན་རྣམ་རྟོག་འཕྲོ་འདུའི་བདུད། བྱིང་རྨུགས་རྒོད་གསུམ་གྱི་བགེགས་ནང་ནས་བུད་པ། དགོན་དང་རི་ཁྲོད་ལ་འདུག་དགོས་བསམ་ན་ཡང་། འཕོངས་མགོས་ས་མི་ནོན་པ་སྒོམ་ཆེན་གྱི་སྟན་ཞབས་ནས་བྱི་ལོང་འབུར་པ་ཟེར་བ་ལྟར། སྒྲུབ་ཚུགས་མི་ཟིན། ཆོས་འགོ་མི་ཐོན། ཆོས་མཐར་མི་ཕྱིན། དང་པོའི་བསམ་ཐོག་ལ་མཐའ་མར་མ་བསྡད་པར། ལས་མཐའ་ལོག་པ་ཡན་ཆད་ཀྱི་བདུད་རིགས་བདུད་ཀྱིས་མཐར་བསྐོར་ཡོད་ས་འདི་ནས་གཉན་ས་ཆོད་ན། ཤི་བོའི་རོ་གོག་འཕེན་སའི་དུད་ཁྲོད་ལ་ལྷག་གིས་ཆེ་རྒྱུ་ཅི་ཡོད། ལར་ས་འདི་ཆགས་ནས་མྱི་ལོ་དུང་ཕྱུར་མང་པོ་སོང་ཡོད་པས་མྱི་ཤི་མ་མྱོང་བའི་ས་ཆ་ལག་མཐིལ་ཙམ་ཞིག་ག་ལ་ཡོད། སྐབས་རེས་འགའ་ས་སྟོང་ཡིན་ན་སྐབས་རེས་འགའ་གྲོང་ཁྱེར་ཆགས། དུས་ཡུན་རིང་པོ་སོང་ན་རི་ལུང་བ་ལ་འགྱུར། ལུང་པ་རི་མགོ་ལ་འགྱུར། མཚོ་སྐམ་སར་འགྱུར། ནགས་རི་བྱེ་ཐང་དུ་འགྱུར་བ་རེད་ཟེར་དར་ན། དེ་ལ་སོགས་པ་འཇིག་རྟེན་འདིའི་ཕྱི་སྣོད་ནང་བཅུད་གཉིས་ཀྱི་འགྱུར་འགྲོས་ལ་ངེས་བརྟན་ཡོད་པ་མ་ཡིན། མདོར་ན་རྣལ་འབྱོར་རང་གི་བློ་རིམ་དང་སྦྱར་བའི་ཚོད་ནི་རང་རྒྱུས་རང་ལ་ཆེ་བས་ཚོད་རང་གིས་བཟུང་དགོས་གསུངས་པ་ཡིན་ནོ། །དེ་ཡན་ཆད་ཀྱིས་ཟིལ་གནོན་དམིགས་པ་སྐོར་གསུམ་ལས་སྔ་གནོན་གྱི་དམིགས་པ་བཤད་ཟིན། ད་ནི་བར་གནོན་གྱི་དམིགས་པ་དངོས་གཞི་གཅོད་གཞུང་ལ་ཐུག་ཏུ་ཉེ་བ་ཡིན་ན། དེ་ནས་རང་ཉིད་སྐད་ཅིག་གིསཿ གསང་བ་ཡེ་ཤེས་མཁའ་འགྲོ་མཿ ཆེ་ཆུང་སྲིད་པའི་གཏོས་དང་མཉམཿ རྣལ་འགྱུར་རྫོགས་པའི་སྐུར་བསྐྱེད་ལཿ ཞེས་གསུངས་ཏེ། གཉན་སའི་ས་དམིགས་ལ་ཐོན་ནས་དངོས་གཞི་ཉམས་ལེན་གྱི་ཐོག་མར་ཇི་ལྟར་བྱ་དགོས་ཤེ་ན། གནས་དེའི་གཞི་བདག་ལྷ་འདྲེས་གཙོས་པའི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྐྱེད། ཁྱད་པར་དུ་རྒྱུ་མ་རིག་རྨོངས་པའི་གཞན་དབང་དུ་སོང་། རྐྱེན་ཞེ་སྡང་གདུག་རྩུབ་ཀྱིས་གཞན་ལ་འཚེ་བའི་ལས་ངན་བསགས་ནས། འབྲས་བུ་ངན་སོང་ངན་འགྲོ་མུ་མཐའ་མེད་པར་འཁོར་དགོས་པའི་གཟུགས་མེད་ཡིད་ཀྱི་ལུས་ཅན་གྱི་ལྷ་འདྲེ་འབྱུང་པོ། འབྱུང་བ་གོ་ལོག་ཏུ་ཤར། སྣང་བ་ཐམས་ཅད་དགྲ་རུ་ལྡང་། ཆགས་སྡང་རང་རྒྱུད་དུ་བཟུང་བ་འདི་ཐམས་ཅད་སྙིང་རེ་རྗེ། འདི་ཐམས་ཅད་གནས་སྐབས་བདག་གི་ལུས་ཤ་ཁྲག་གི་མཆོད་སྦྱིན་གྱིས་ཚིམ་པར་བྱས་ཏེ། ཆོས་ཀྱི་སྦྱིན་པས་རྒྱུད་དུལ་དུ་བཅུག་ནས། མཐར་ཐུག་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་གཏན་བདེ་བྱང་ཆུབ་ལ་འགོད་ཐུབ་པ་ཞིག་ངས་བྱ་དགོས་བསམ་པའི་སེམས་བསྐྱེད་སྔོན་དུ་བཏང་ནས། དེ་ནས་རང་ཉིད་སྐད་ཅིག་གིས་གསང་བ་ཡེ་ཤེས་མཁའ་འགྲོ་མར་བསྒོམ་པ་འདི། བསྐྱེད་རིམ་གསལ་འདེབས་ཤིག་དང་ཕྱོགས་འདྲ་བ་སྟེ། བསྐྱེད་རིམ་གསལ་འདེབས་ལ་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པའི་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ་བཅས་ཚང་དགོས་པས། བསྐྱེད་རིམ་རྫོགས་འཕྲང་སྲོག་གསུམ་གྱི་གནད་ཚང་བ་ཞིག་བྱ་དགོས། ད་ལྟའི་སྒྱུ་ལུས་ཤ་ཁྲག་གི་རང་བཞིན་མི་གཙང་གདོས་བཅས་ཀྱི་ལུས་སེམས་འཁྲུལ་བཅས་རྣམ་རྟོག་གི་རང་བཞིན་ཅན་འདི་མ་ཡིན་པར། གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མའམ་བདེ་ཆེན་རྡོ་རྗེ་རྣལ་འབྱོར་མའི་སྐུ་རུ་ལམ་གྱིས་གསལ་དགོས། དེ་ཡང་སྟོང་དང་སྙིང་རྗེ་དབྱེར་མེད་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་གཉིས་སུ་མེད་པ། ཐུགས་སྙིང་རྗེ་ཆེན་པོའི་རྗེས་ཆགས་ཀྱིས་སེམས་ཅན་ཡལ་བ་མི་འདོར་ཞིང་། ཁམས་གསུམ་དབང་དུ་སྡུད་པའི་དབང་སྡུད་དབང་གི་ཌཱཀྐི་མཚོན་བྱེད་ཀྱི་བརྡ་རུ། སྐུ་མདོག་དམར་མོ་དུས་བསྐལ་བ་མཐའ་མའི་མེ་ཡི་འོད་ཟེར་ལྟར་འབར་བ། དུག་གསུམ་དབྱིངས་སུ་དག་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བརྡ་རྟགས་ཉི་མ་འབུམ་ལྟར་རྔམ་བརྗིད་འབར་བའི་ཁྲོ་ཉམས་དང་ལྡན་པ། སྐུ་ཆེ་ཆུང་སྲིད་པའི་གཏོས་དང་མཉམ་ཞིང་སྐུ་སྟོད་སྲིད་པའི་རྩེ་མོ་ན་བརྗིད་པ། སྐུ་སྐེད་གཟུགས་ཁམས་ཀྱི་གནས་ན་འགྱིང་བ། སྐུ་སྨད་འདོད་ཁམས་ཀྱི་གནས་སུ་རོལ་བ། འཁོར་འདས་ཐིག་ལེ་ཉག་གཅིག་ཏུ་རྫོགས་པའི་ཞལ་གཅིག སྲིད་ཞིའི་འཆིང་བ་གཅོད་པའི་དབུ་སྐྲ་ཐོར་གཙུག་ཏུ་བཅིངས་པ། སྐུ་གསུམ་རང་ལ་རྫོགས་པའི་སྤྱན་གསུམ་དམར་ཟླུམ་དུ་འཁྱིལ་བ། བདེ་ཆེན་སྒྱུ་མའི་འཕྲུལ་གྱིས་སྲིད་གསུམ་ཕྱག་རྒྱ་འཆིང་བའི་རྡོ་རྗེའི་གར་སྟབས་ཅི་ཡང་བསྒྱུར་བ། ཞལ་གྱི་མཆེ་བ་གཙིགས་ལྗགས་འདྲིལ་གློག་ལྟར་འཁྱུག ཕཊ་ཀྱིས་ཕོ་རྒྱུད་དཔའ་བོའི་བཞད་སྒྲ་དང་། ཕེཾ་གྱིས་མོ་རྒྱུད་དཔའ་མོའི་གླུ་སྒྲ་སྒྲོགས་པ་ཞིག་གསལ་འདེབས་དགོས། ཐབས་ཤེས་འདུ་འབྲལ་མེད་པའི་ཕྱག་གཉིས། ཕྱག་གཡས་པས་ཐབས་སྙིང་རྗེ་ཆེན་པོའི་བརླན་དང་ལྡན་ཞིང་བསྡུ་བ་རྣམ་བཞིའི་ཕྲིན་ལས་རྫོགས་པའི་བརྡ་རྟགས་སུ་མི་པགས་གཡང་གཞི་འཛིན་པ། ཕྱག་གཡོན་པས་ཤེས་རབ་སྟོང་ཉིད་ཀྱི་ཆོས་སྒྲས་སྐྱེ་རྒུ་མ་རིག་པའི་གཉིད་ལས་སློང་བར་བྱེད་པའི་མི་རྐང་གླིང་བུ་བཟུང་ནས་དྲག་ཏུ་འབུད་པ། འཇིག་རྟེན་གྱི་དྲེགས་བྱེད་ཐམས་ཅད་ཀྱི་ང་རྒྱལ་བཅོམ་ཞིང་ཟིལ་གྱིས་གནོན་པར་གར་དགུའི་ཉམས་ཀྱིས་སྒེག་པ། དེ་ལྟ་བུའི་རྣམ་འགྱུར་རྫོགས་པའི་སྐུ་དེ་ལ་རྒྱན་ཆ་ལུགས་ཀྱང་ཤེས་རབ་ཡུམ་གྱི་སྐུ་ལ་ཐབས་ཆེན་སྤྱོད་པའི་ཕྱག་རྒྱའི་ཕར་ཕྱིན་ལྔ་མཚོན་བྱེད་དུ་རུས་པའི་རྒྱན་ཆ་ལྔས་བརྒྱན་པ། ཐུགས་ཟག་མེད་འོད་གསལ་གྱི་ངོ་བོ་རྒྱལ་བ་ཀུན་དང་རྣམ་དབྱེར་མེད་པ་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་ཡོན་ཏན་རྫོགས་པའི་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཅན་གྱི་སྐུ་དེ་ལྟ་བུ་ཞིག་རང་ཉིད་གསལ་བཏབ་པའམ་བསྐྱེད་དགོས། བསྐྱེད་རིམ་གྱི་རིགས་འདི་ལ་གོང་ཞུས་ལྟར་དུ། རྣམ་པ་གསལ་བ་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་ཞིག་དང་། རྣམ་དག་དྲན་པ་རྟེན་དང་བརྟེན་པའི་སྤྱི་དང་བྱེ་བྲག་གི་དག་པ་དྲན་དགོས་པ་སོགས་བསྐྱེད་རྫོགས་ཀྱི་སྐབས་སོ་སོར་ཐེངས་གཅིག་མ་ཡིན་པར་ལན་མང་དུ་སྔོན་ནས་ཞུས་པ་ལྟར་རོ། །ཁྱད་པར་དུ་རྩོལ་བྲལ་ཨ་ཏིའི་དགོངས་པ་བསྐྱེད་རྫོགས་ཟུང་དུ་འཇུག་པ་ལ་མ་བསྐྱེད་ལྷུན་གྱིས་རྫོགས་པའི་རང་བཞིན་ཡོངས་ཤེས་ཀྱི་ལྟ་བའི་རྩི་ཡིས་ཟིན་དགོས། དེ་ལྟར་ན་བསྐྱེད་རིམ་རྫོགས་འཕྲང་སྲོག་གསུམ་གྱི་གནད་འཛིན་ཚུལ་དང་སྦྱར་ཏེ་བཤད་དགོས་པས། ལྟ་བ་སྟོང་ཉིད་བློ་འདས་ཀྱི་རྫོང་ཟིན་པ་དང་མཉམ་དུ། སྒོམ་པ་ཡེངས་མེད་འཛིན་བྲལ་གྱི་ངང་སྐྱོང་བས། བྱིང་རྒོད་གསལ་འགྲིབ་ཀྱི་གེགས་དང་འཕྲང་ལས་གྲོལ་བ་ན། ལྟ་སྒོམ་གཉིས་མེད་ཀྱི་འབྲས་བུ་སྤང་བླང་གཉིས་འཛིན་ཐམས་ཅད་རང་གྲོལ་དུ་གྱུར་ཏེ། རེ་དོགས་ནང་ནས་ཆོད་པའི་ཉག་གཅིག་ཆོས་སྐུའི་དགོངས་པའི་སྲོག་མཁར་ཚུགས་དགོས་པས། དེ་འདྲའི་རྫོགས་འཕྲང་སྲོག་གསུམ་གྱི་གནད་དང་སྦྱར་ནས་བསྟུན་དགོས། སྤྱིར་ན་བསྐྱེད་རིམ་ཟེར་ཚད་བསྐྱེད་རྫོགས་ཀྱི་ཟླས་ཕྱེས་པའི་བསྐྱེད་རིམ་རྐྱང་བ་ཡིན་མི་དགོས་ཏེ། ཉམས་རྟོགས་ཁྱད་པར་ཅན་གྱི་རྣལ་འབྱོར་པ་ལ་མཚོན་ན་ཡེ་ཤེས་ཀྱི་རྩལ་སྣང་ལྷའི་རྣམ་པར་ཤར་བ་ཡིན་པས། བསྐྱེད་རིམ་ཟེར་ཡང་རྫོགས་རིམ་ཡིན་པས་བསྐྱེད་རྫོགས་ཟུང་དུ་འཇུག་པ་གཉིས་མེད་ཡེ་ཤེས་ཆོས་སྐུའི་རྣམ་རོལ་ཡིན། རྫོགས་རིམ་གྱི་ལྟ་བའི་གདེང་གི་ངེས་པར་མ་རྙེད་པ་ཞིག་གིས་རྫོགས་རིམ་བསྒོམས་ཀྱང་རྟོག་པའི་གཟུགས་བརྙན་ཙམ་ལས་འདའ་བ་མ་ཡིན། དེ་འདྲ་དེས་བསྐྱེད་རིམ་སྒོམ་ཁུལ་བྱས་ཀྱང་ཨ་འཐས་ཞེན་འཛིན་ཅན་གྱི་མོས་པ་ལམ་བྱེད་ཙམ་ཞིག་མ་གཏོགས་འགྲོ་ས་མེད། འོན་ཀྱང་ལམ་ལ་སྦྱངས་ནས་བགྲོད་དགོས་པ་ཡིན་པས། བསྐྱེད་རྫོགས་དེ་དང་དེའི་ཉམས་ལེན་ཚད་ལྡན་གྱི་རྗེས་སུ་མཐུན་པ་ཞིག་དང་པོ་ནས་ཡོང་དགོས། དེ་ཡོང་བ་ལ་ཐོག་མར་ལམ་སྟོན་གྱི་བླ་མ་གནད་ཆེ་བ་ཡིན་པས། སྤྱིར་ན་མན་ངག་འདི་སྟོན་པའི་སློབ་དཔོན་ལ་ལྟ་སྒོམ་སྤྱོད་གསུམ་གྱི་ཐད་ནས། ལྟ་བ་འཁོར་འདས་གཉིས་མེད་ཀྱི་སྙེམས་ཐག་ཆོད་ནས་ཕུང་པོ་གཟན་ལ་བསྐྱུར་མཁས་པ། སྒོམ་པ་བྱར་མེད་ཀྱི་དྲན་པ་ཡེངས་མེད་དུ་ཤེས་པས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ལ་གནས་ཐུབ་པ། སྤྱོད་པ་རེ་དོགས་ཀྱི་འཛིན་པ་དབྱིངས་སུ་ཞི་བའི་བརྟུལ་ཞུགས་རོ་སྙོམས་ཀྱིས་ཉིན་མཚན་འདའ་ཐུབ་པ་དང་། གྲུབ་མཐའ་སྣང་སྟོང་བདེན་མེད་ཀྱི་དོན་མངོན་དུ་གྱུར་ནས་འཁོར་འདས་ཀྱི་ས་མཚམས་འབྱེད་པ་ལ་མཁས་པ། ཚིག་ཁྲིད་ཀྱི་ཁ་གསལ་བ། དོན་ཁྲིད་ཀྱི་གནད་ཕེབས་པ། ཉམས་ལེན་ལ་ཤ་ཁྱེར་ཁྲག་ཁྱེར་གྱི་མ་གཅིག་ཨ་མ་ཇོ་མོའི་ཆོས་ལུགས་སྟོན་མཁས་པ། འབྲས་བུ་ཡུམ་ཆེན་གྱི་དགོངས་པ་རྟོགས་ནས་སྐུ་བཞིའི་རྒྱལ་སར་སྙེགས་པ་སྟེ། དེ་ལྟ་བུའི་མཁས་པ་བརྒྱད་དང་ལྡན་པ་ཞིག་ཡིན་དགོས། དེ་དང་ཕྱོགས་མཐུན་དད་བརྩོན་མོས་གུས་གོ་ཆ་སྙིང་རུས་དང་ལྡན་པའི་ཆོས་འདིའི་རྗེས་འཇུག་གི་སློབ་མའི་མཚན་ཉིད་ལ་ཡང་། བརྒྱུད་པའི་ཕ་ཕོགས་ཐོབ་ནས་གཉན་ས་རི་ཁྲོད་འགྲིམ་པ་ལ་ཆེ་བ་གསུམ་དང་ལྡན་པ་ཞིག་དགོས་སྟེ། རྟོགས་པའི་རྦད་ཁམས་ཆེ་བ། ལུས་སྲོག་གཏོང་ཕོད་ཆེ་བ། གཅོད་ཀྱི་སྙིང་ཁམས་ཆེ་བའི་ཆེ་བ་གསུམ་དང་ལྡན་པ་ཞིག་ཡིན་དགོས། གཅོད་ཀྱི་གདམས་པ་འདི་སུས་ཉམས་སུ་བླངས་ན་རན་པ་ཡིན་སྙམ་ན། གང་ཟག་རིགས་བཞི་ཡོད་དེ། མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་ཐེ་ཚོམ་གཅད་བྱའི་ཕྱིར། །རྒྱལ་བའི་ལམ་འདི་སྐལ་ལྡན་རྣམས་ཀྱིས་ལེགས་པར་ཟུངས། །ཞེས་གསུངས་པ་ལྟར་དུ། མ་རྟོགས་པའི་གང་ཟག་ནི་ནང་ན་བདག་མེད། ཕྱི་ན་འདྲེ་མེད། བར་ན་འགལ་རྐྱེན་མེད་པའི་དོན་མ་རྟོགས་པའི་གང་ཟག་དང་། ལོག་པར་རྟོགས་པ་ནི། ནང་ན་བདག་ཡོད་པར་བསམ་ནས་གནོད་བྱར་བདེན་པར་བཟུང་། ཕྱི་ན་འདྲེ་ཡོད་པར་བསམ་སྟེ་གནོད་བྱེད་ལ་མཚན་མར་འཛིན། བར་ན་འགའ་རྐྱེན་ཡོད་པར་བསམ་ནས་རེ་དོགས་སྤང་བླང་བྱེད་པའི་རིགས་དང་། ཕྱོགས་ཙམ་རྟོགས་པ་ནི། ནང་བདག་ཏུ་འཛིན་མཁན་མེད་པར་ཤེས་ཀྱང་། ཤེས་བཞིན་འཇིགས་སྐྲག་ཡོང་བ་དེར་སྟོང་པ་མ་ཤེས། འདྲེ་ལ་སྐྲག་མི་དགོས་པ་ཙམ་ཤེས་ཀྱང་སྐྲག་ཡུལ་སྟོང་བ་ཡིན་པར་ངོས་མ་ཟིན། སྐྲག་ས་དང་སྐྲག་མཁན་དོན་ལ་རྩད་བརྡར་བཅད་ན་མེད་པར་ཤེས་ཀྱང་། ན་ཚ་རྐྱེན་ངན་བར་ཆད་འོང་བར་བདེན་མེད་མ་རྟོགས་པ་སྟེ་ཕྱོགས་ཙམ་རྟོགས་ཀྱང་རྟོགས་པ་དཔྱིས་མ་ཕྱིན་པའི་རིགས་དང་། གང་ཟག་བཞི་པ་ཐེ་ཚོམ་ཅན་ནི། འདྲེ་ཟེར་བ་ཞིག་དངོས་སུ་ཡོད་དམ་མེད་སྙམ་ནས་བློ་རྩེ་གཉིས་པ་འདི་རེད་བསམ་པའི་ངེས་ཤེས་ཀྱི་གདེང་མ་རྙེད་པ་དང་བཞི་ཡིན་ནོ། །དེ་དག་ཐམས་ཅད་ཀྱིས་རང་རང་གི་སྙེམས་ཐག་གཅད་པའི་ཕྱིར་དུ་གཅོད་ཀྱི་གདམས་པ་འདི་ཉིད་ཉམས་སུ་ལེན་དགོས་པ་ཡིན། གཞན་ཡང་ཉམས་ལེན་ལ་གེགས་བྱུང་ན་གེགས་བསལ་བའི་ཆེད་དུ་གཅོད་བྱེད་དགོས། ལྟ་སྒོམ་སྤྱོད་པ་ལ་ཡར་སྐྱེད་གཏན་ནས་ཐོན་རྒྱུ་མེད་ཅིང་རྟོགས་པ་ན་འཕར་ཐབས་མ་ཐོན་ན་ཡང་བོགས་འདོན་གྱི་ཆེད་དུ་གཅོད་བྱེད་དགོས། གཉན་ས་ལ་ཆེད་དུ་འགྲིམ་དགོས་པ་ནི་འདྲེ་འཛིན་གྱི་རྟོག་པ་བག་ཉལ་བདག་འཛིན་གྱི་དུག་རོ་ཡར་ལྷོང་ལ་ཕུད་པའི་ཆེད་དུ་ཡིན། ས་གང་ན་ལྷ་འདྲེ་མང་པོ་ཡོད་པའི་ལྷ་འདྲེའི་ཚང་ནང་ལ་བཙན་གྱིས་འཛུལ་བའམ། ཡུལ་དེ་དག་ལ་ཐོག་བརྫིས་བྱས་ནས་ཆེད་དུ་གནོད་སྐྱེལ་སར་འགྲོ་བ་མ་ཡིན་ཡང་། གཉིས་འཛིན་རྟོག་པའི་གོམས་ཤུགས་ཀྱི་འདྲེ་ཕྱི་རོལ་ན་དངོས་སུ་གྲུབ་པ་མེད་ཀྱང་ནང་འདྲེ་འཛིན་གྱི་རྟོག་པ་ས་དེ་ནས་ལྷོང་སླ་བས་དེར་འགྲོ་དགོས་པ་ཡིན། ཕྱིའི་འཇིགས་པའི་རྐྱེན་ཞིག་ལ་བརྟེན་ནས་ནང་འཇིགས་མཁན་གྱི་ཤེས་པ་རྩ་བརྡར་བཅད་པས། ཕྱི་འདྲེ་ལ་གཅོད་པའི་གཅོད་དེ་ཉིད། ནང་སེམས་ལ་གཅོད་པའི་གཅོད་དུ་བབ་ནས། ལམ་རྐྱེན་དེ་ལ་བརྟེན་ནས་ཉམས་ལེན་ལྟ་སྒོམ་སྤྱོད་པའི་བོགས་འདོན་ཡར་སྐྱེད་རྒྱག་ཡོང་གི་ཡོད་པ་ཡིན། དེའི་ཕྱིར་ན་མི་ཕོད་པ་ལ་ཐོག་བརྫིས་དང་མི་ནུས་པ་ལ་རོ་སྙོམས་བྱས་པས། ལམ་གྱི་གེགས་སེལ་ཞིང་དེ་དང་མཉམ་དུ་ནང་རྟོགས་པའི་ཡོན་ཏན་རང་ཤུགས་ཀྱིས་སྐྱེ་བས་ན། ཉམས་ལེན་གཅོད་ཀྱི་ལམ་འདི་ནི་གདམས་པ་ཤིན་ཏུ་གནད་ཆེན་ཡིན་ནོ། །མི་ཕོད་པ་ལ་ཐོག་བརྫིས་ཞེས་པ་མཐའ་གཅིག་ཏུ་དུར་ཁྲོད་དང་ཕུང་ཤུལ་བདུད་ཀྱི་ཕ་འཁར་བཙན་གྱི་རྒྱུ་ལམ་ཡོད་པའི་ས་ཞིག་ལ། འདྲེ་མི་ནག་མགོ་དགུ་ལག་པ་བཅོ་བརྒྱད་ཡོད་པ་ཞིག་གིས་ཁ་གདངས་མིག་བགྲད་བལྟས་ནས་ཡོད་པ་ཞིག་གི་ར་མགོ་གདོང་ཐོག་ཡིན་རུང་ཕྱི་ནུར་མེད་པར་རྒྱུགས་ཕོད་པ་རྐྱང་བ་ལ་གསུངས་པ་མ་ཡིན། མི་ཕོད་པའི་ཡུལ་མང་བས་སྐྲག་དགོས་ས་ཅི་འདྲ་མེད། ངར་འཛིན་ནང་ནས་མ་ཆོད་པས་ང་འཆི་ཨེ་འགྲོ། ང་ན་ཨེ་ཡོང་བསམ་ནས་སྐྲག་དགོས། གཅིག་གིས་བསྟོད་བྱུང་ན་གཞན་གྱིས་སྨད་ཨེ་འོང་བསམ་ནས་སྐྲག་དགོས། ནོར་རྫས་གཞན་ལ་སྦྱིན་མི་ཕོད་པར་ཟད་དུ་དོགས་ཏེ་སེར་སྣ་ཤོར་ནས་སྐྲག་དགོས། གཙང་དམན་གྱི་རྟོག་པ་འདོར་མི་ཕོད་པས་བདུད་རྩི་ལྔ་ལ་བཙོག་ལྟས་ཤོར། ངན་མཚང་གཞན་ལ་སྟོན་མི་ཕོད་ཅིང་ཤེས་སུ་དོགས་ནས་ཚུལ་འཆོས་བྱེད། འདྲེ་དང་གདོན་གྱིས་གནོད་ཨེ་ཡོང་བསམ་ནས་འཇིགས་སྐྲག་མེད་པའི་དུས་ཤིག་མེད་ན། དེ་དག་ཐམས་ཅད་ལ་ཐོག་བརྫིས་བྱེད་དགོས་ས་དང་། རོ་སྙོམས་ཐུབ་དགོས་ས་ཤ་སྟག་རེད། སྐྲག་འཇིགས་སེམས་ལ་ཤར་བ་ཡིན་པས། ཤར་མཁན་སེམས་ཁོ་རང་ལ་བལྟས་ན་ཕྱི་ན་མེད་ཅིང་ནང་ནའང་མེད། ཕྱི་བརྟན་པ་སྣོད་ཀྱི་འཇིག་རྟེན་རི་བྲག་དང་མཚོ་གླིང་གི་ཕྱི་ནང་བར་གསུམ་ནས་སེམས་མི་རྙེད། ནང་རང་ལུས་ཕུང་པོའི་ཚོགས་པ་འདིའི་གསེང་ནས་ཨེ་རྙེད་བསམ་ན་དེ་ནས་ཡང་མི་རྙེད། འུ་ཚོས་དུས་རྒྱུན་སེམས་ཀྱི་བྱུང་གནས་འགྲོ་གསུམ་བཙལ་བའི་སྐབས་རྙེད་རྒྱུ་མེད་པ་ལྟར་རོ། །ས་བཙན་ཞིང་འདྲེ་བདུད་མང་ས་དང་། སྔོན་ཆད་མྱི་ག་གེ་མོ་རང་ཤི་བྱས་ས་རེད་ཟེར་ས་དང་། རུ་བ་ཐམས་ཅད་ཤུལ་མེད་སོང་བའི་ཤུལ། འདྲེ་མངོན་སུམ་འགྲོ་བཞིན་འདུག་ཟེར་ས། དེ་ལྟ་བུ་ཞིག་ཏུ་དགོང་མོ་སླེབས་སོང་ན་སྔ་ལྟས་ཕྱི་ལྟས་བྱས་ནས་རྣ་ཉན་བྱས་ཏེ། ལག་ངོར་རྔུལ་ཆུ་ཟག་པ་ཞིག་བྱུང་ན་སྐྲག་འཇིགས་ཡོད་པའི་རྟགས་རེད། དེའི་དུས་སུ་ཁ་ནང་དུ་འཁོར་ནས་སྐྲག་མཁན་གང་ལ་ཡོད་འདུག མགོའི་སྐྲ་རྩེ་མན་ཆད་རྐང་སེན་རྩེ་ཡན་ཆད་ཀྱི་ཤ་རུས་པའི་གསེང་དང་རྩ་རྒྱུས་པའི་བར། ནང་ཆ་སྟོད་སྨད་ཀུན་ན་སྐྲག་མཁན་ཞིག་ཨེ་ཡོད། ཡོད་ན་ཡོད་པ་དེ་ལ་གཟུགས་ཅན་དབྱིབས་དང་ཁ་དོག་གྲུབ་པ་ཞིག་ཡོད་དགོས་པས་རིག་རྒྱུ་སྟོན་རྒྱུ་མེད་ན་མ་རྙེད་པ་དེ་རྙེད་པའི་མཆོག་ཡིན། ནང་རང་སེམས་གཞི་མེད་རྩལ་བྲལ་སྐྱེ་མེད་ཆོས་སྐུའི་དགོངས་པར་ཤར་ན། ཕྱིའི་ཡུལ་སྣང་སྐྲག་ས་དང་འཇིགས་ཡུལ་ཞིག་གདོད་ནས་གྲུབ་མ་མྱོང་པས་སྨིག་རྒྱུའི་ཆུ་དང་སྒྱུ་མའི་དམག་གི་དཔེ་རུ་སོང་བས། དེའི་བར་གྱི་རྐྱེན་དང་བར་ཆད་ཀྱང་ནམ་མཁའི་འཇའ་བཞིན་བདེན་པར་འཛིན་ཡོང་ས་ཞིག་ཡོད་དོན་ཡོད་ཁུངས་གཉིས་ཀ་མེད། དེ་ལྟ་བུའི་རྐྱེན་ལ་རྐྱང་དེད་བྱས། གདོན་ལ་སྦར་འཛིན་བྱས་པས། འཇིགས་ཡུལ་འཇིགས་མཁན་དང་བཅས་པ་སྐྲག་ས་སྐྲག་ཡུལ་ཐམས་ཅད་མེད་པའི་རང་མཚང་གདིང་ནས་རིག་པས། ཕཊ་སྒྲ་དྲག་པོ་བརྒྱབ་པ་དེ་ཁྱི་ཁ་རྩེད་བྱེད་ཀྱི་ཕཊ་སྒྲ་མ་ཡིན། རོགས་པ་ཚར་མཆོང་ཤོར་བྱེད་ཀྱི་ཕཊ་སྒྲ་ཡང་མ་ཡིན། ཁྱིམ་མཚེས་ཤག་རོགས་གཉིད་མི་འཇུག་པའི་ཕཊ་སྒྲ་ཡང་མ་ཡིན་པར། གཟུང་འཛིན་རྩད་ནས་གཅོད་པའི་ཕཊ་སྒྲ། ཡུམ་ཆེན་ཆོས་སྐུའི་ཤེར་ཕྱིན་གྱི་དགོངས་པ། མ་གཅིག་ཨ་མ་ལབ་སྒྲོན་གྱི་བརྒྱུད་འཛིན། ཞེན་འཛིན་རང་སར་གྲོལ་བའི་གནད་ཟིན་ཅིང་ཆོས་འཛིན་པ་རང་གྲོལ་ཡིན་པར་མ་ཟད་མྱི་འཛིན་པ་རང་གྲོལ་དུ་གྱུར་ནས། འཛིན་པ་རང་གྲོལ་གྱི་ལས་ཚོགས་གང་ལ་འཇུག་ན་ཕོ་ཚོད་ཡོད་པ་ཞིག་རེད་འོང་བ་ཡིན། མདོར་ན་ཞི་བྱེད་སྦྱོར་དྲུག་རིམ་ལྔ་ཆོས་དྲུག་ལམ་འབྲས་རྒྱུད་གསུམ་སོགས་ལམ་གང་ཉམས་སུ་བླངས་ཀྱང་སེམས་ཉིད་འོད་གསལ་གྱི་ངོ་བོ་མཐོང་བ། མངོན་རྟོགས་རྒྱན་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བའང་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་པ་ལྟར། སྨྲ་བསམ་བརྗོད་འདས་ནམ་མཁའ་ལྟར་མཐོང་བའི་དུས་དེར། སྔ་ཕྱི་རིས་མེད་བསལ་གཞག་དང་བྲལ་བ་མཐོང་བ་ཡིན་པས། སེམས་ཉིད་གཤིས་ཀྱི་གནས་ལུགས་མཐོང་བའི་དོན་དེ་ལ་ཕར་ཕྱིན་དབུ་མ་ཞི་བྱེད་ཕྱག་ཆེན་ཞེས་མིང་གང་བཏགས་ཀྱང་། དོན་རྫོགས་ཆེན་བློ་བྲལ་གཉིས་མེད་མཉམ་རྫོགས་རྒྱལ་བའི་དགོངས་པ། མཐའ་གྲོལ་ཀློང་ཡངས་ཆེན་པོར་རང་བྱན་ཚུད་པ་ཡིན་པས། གནས་ལུགས་མཐོང་བའི་ངོ་བོ་དེ་ལ་ཐེག་པ་དང་གྲུབ་མཐའི་ཡིད་དཔྱོད་དང་མོས་སྒོམ་གྱི་ཚིག་དང་དོན་གྱི་ཐ་སྙད་ལས་འདས་སོང་བ་ཞིག་ཡིན་པས། ཆོས་ཉིད་བློ་འདས་ཆེན་པོ་རང་གསལ་ཟང་ཐལ་རྗེན་པར་བཞག་ན། འབྲས་བུ་རང་བཞིན་དོན་གཉིས་ལྷུན་གྲུབ་འབྱུང་བ་ཡིན་པའི་འགག་བསྡོམས་ནས། དེ་རིང་གི་ཆོས་མཚམས་ཆུ་ཚོད་ཡང་ཡུན་རིང་སོང་བས་འདི་ནས་བཞག་དགོས་འདུག འོན་ཀྱང་ཆོས་ཁྲིད་མང་པོ་ཞིག་སོང་མ་ཐལ། སང་ཉིན་ནས་གཞུང་གི་ངག་འདོན་དངོས་ཀྱི་དམིགས་རིམ་སྟེང་ནས་ཚིག་རེ་བཞིན་འཇུས་ནས་འགྲོ་བར་བྱེད། དེ་རིང་རྣལ་འབྱོར་རྫོགས་པའི་སྐུར་བསྐྱེད་ལ་ཞེས་པའི་མཚམས་འདིར་བཞག་ནས། སང་ཉིན་མི་རྐང་གླིང་བུ་དྲག་ཏུ་འབུད་ཅེས་པ་ནས་དབུ་བཟུང་སྟེ་བཤད་རྒྱུ་ཡིན། ད་འདིར་བཞུགས་ཀྱི་རྣམ་པ་མང་པོ་ཞིག་ཕྱི་ཕྱོགས་ནས་ཕེབས་པའི་ཆོས་འདོད་དོན་གཉེར་པ་རེད། ཁྱེད་རྣམ་པས་ཆོས་ཕྱིར་དཀའ་སྤྱོད་མཛད། ཐོས་བསམ་ཕྱོགས་མེད་སྐྱོང་བ་ལ་རྗེས་སུ་ཡི་རངས་ཡོད། གཅིག་ན་ས་ཐག་རིང་ནས་ཕེབས་པའི་འགྲུལ་ལམ་གྱི་འོ་བརྒྱལ་ཡོད་ལ། གཉིས་སུ་རང་ཡུལ་རང་ཁྱིམ་རང་ཉིད་གཏན་བཞུགས་ཀྱི་དགོན་ཁང་དང་གྲྭ་ཤག་སོགས་དང་མཐུན་རྐྱེན་ཚོགས་མི་འཚོགས་ཀྱིས་འདྲ་རྒྱུ་མ་རེད། འགའ་རེ་ལ་ས་འདིའི་རྒྱུས་ཆ་མི་འདྲ་པ་ཡོད་ཀྱང་། གང་ལྟར་རང་ཡུལ་ངོ་མ་མིན་པས་གང་དང་གང་ཅིའི་ཐད་ནས་སྐུ་ངལ་སྣ་ཚོགས་ཡོད་རྒྱུ་རེད། འོན་ཀྱང་སྐུ་ངལ་ཁྱད་བསད་ཀྱིས་དམ་ཆོས་དོན་གཉེར་གྱི་འདུན་པ་གཙོ་བོར་མཛད་པ་འདི་དག་དུས་སྙིགས་མའི་སྐབས་ཀྱི་བསྟན་པའི་མིག་རྒྱན་རེད། ས་ཆ་འདི་ལ་མཚོན་ན་རྣམ་པ་ཚང་མས་དགོངས་བཞིན་པ་ལྟར་དུ། མདོ་ཁམས་གངས་ར་ཉེར་ལྔ་ཞེས་པའི་གུ་རུ་རིན་པོ་ཆེས་བྱིན་གྱིས་རླབས་པའི་སྦས་གནས་ཉེར་ལྔའི་ནང་ཚན། ཡོན་ཏན་གྱི་གནས་ལྔ་ཡོད་པའི་ནང་གི་གཙོ་བོ་ཡིན་གསུངས་ཡོད། ཆོས་སྡེ་འདི་གདན་ས་དྲུག་གི་ཡ་གྱལ་སྔ་འགྱུར་བསྟན་པའི་ཆུ་འགོ་ཉག་གཅིག་ཡིན་ལ་བརྗོད་ཀྱང་ཆོག བྲི་རྒྱུ་གང་བྲིས་བཞག་ཀྱང་མི་ཆོག་མཁན་དེང་སང་མེད་པ་ཡིན་ན། དོན་གྱི་སྒྲུབ་བྱེད་དང་བཅས་པ་ཡོད་ན་མྱིང་དོན་ཚང་པའི་བརྡ་ཆད་སྦྱར་ཆོག་པ་ཡིན། དེས་ན་བཀའ་མ་མདོ་སྒྱུ་སེམས་གསུམ། གཏེར་མ་བླ་རྫོགས་ཐུགས་གསུམ་གྱིས་བསྡུས་པའི་བཀའ་གཏེར་གྱི་སྒྲུབ་ཁག་བརྒྱད་ཅུ་གྱ་ཁ་གྲངས་ཀྱི་མཐོང་བརྒྱུད་ཀྱི་ཕྱག་ལེན་མ་ཉམས་ཤིང་སྨིན་གྲོལ་གྱི་བརྒྱུད་པ་མ་ཆད་པ་དང་གཅིག སྡེ་སྣོད་གསུམ་གྱི་གཞུང་བཤད་དཔལ་གྱི་ན་ལེནྟྲའི་རྒྱ་གར་མཁས་པའི་གཞུང་ལུགས་གསེར་ཞུན་མ་ལྟ་བུ་ལ་ལྷད་མ་ཞུགས་པའི་གཞུང་ཆེན་བཅུ་གསུམ་རྒྱ་གཞུང་དག་མའི་སྟེང་ནས་འཆད་ཁྲིད་དར་བ་དང་གཉིས། འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་མདོ་ཁམས་སྨད་ནས་རྙིང་མ་ཙམ་དུ་མ་ཚད་སྡོམ་རྒྱུན་གྱི་ཕུགས་ཡིན་པ་དང་གསུམ། མདོར་ན་སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞིའི་ཐད་ཀའི་གནའ་ནས་ད་ལྟའི་བར། དེའི་ཕྱག་བཞེས་རྒྱུན་མ་ཆད་པས་རྫོགས་ཆེན་དགོན་པ་ལ་སྔ་འགྱུར་བསྟན་པའི་ཆུ་འགོ་དང་། ཤྲཱི་སེང་ཧ་ལ་གངས་ལྗོངས་མཁས་པའི་འབྱུང་གནས་ཐོགས་པ་ཡིན་ན། མྱིང་དོན་མཐུན་ལུགས་ཀྱི་རྒྱུ་མཚན་ད་སྔོན་ཡན་ཆད་ཡིན་ན་དེ་འདྲ་རེད། འོན་ཏེ་སྔོན་ཆད་དེ་ལྟར་ཡིན་ཡང་གནའ་ཤྭ་བ་ཉལ་སར་དེང་སང་ཤེའུ་ཉལ་ཟེར་རྒྱུ་དཀའ་མོ་ཡིན་པ་རེད། ཁྱད་པར་རྫོགས་པ་ཆེན་པོའི་ཟབ་ཁྲིད་མན་ངག་དོན་བརྒྱུད་ཀྱི་དབང་དུ་བྱས་ན། སྐྱེས་སྔ་ཕྱིའི་དུས་རབས་གསར་རྙིང་གི་ཁྱད་པ་ཞིག་གིས་དུས་འདིའི་རྫོགས་པ་ཆེན་པོའི་མན་ངག་གི་རྒྱུན་སྤེལ་བའི་འགན་འཁྲི་ཞིག་ང་རང་ཉིད་ལ་བབས་ནས་འདི་འདྲ་བཤད་ཀྱིན་ཡོད་ན། གསང་སྔགས་བླ་མའི་མཚན་ཉིད་ཚང་བ་ལྟ་ཅི། སོར་སྐྱེས་ཐ་མལ་འཆིང་བ་ཀུན་ལྡན་ལམ་ཞུགས་པ་ཞིག་ཡིན་མིན་ཐེ་ཚོམ་གྱི་གཞི་ཅན་ཡིན་ཡང་། དམ་པ་གོང་མ་སངས་རྒྱས་དངོས་བྱོན་ལྟ་བུ་མང་མོ་ཞིག་གི་ཞལ་མཇལ། ཞབས་རྗེས་ཤིག་བསྙེགས་མྱོང་། དེ་རྣམ་པའི་དུས་བབས་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ལ་བརྟེན་ནས། དུས་འདིར་བསྟན་དང་འགྲོ་ལ་ཕན་ཅུང་ཟད་རེ་ཐོགས་པ་ཨེ་ཡིན་བསམ་ནས་ལོ་ལྟར་བཤད་བཞིན་ཡོད། རྒྱལ་བའི་ཐུགས་རྗེ་དང་འཕྲིན་ལས་བསམ་གྱིས་ཅི་ཁྱབ། བེམས་པོའི་སྒྲ་དང་གཟུགས་ལས་ཀྱང་ཆོས་ཀྱི་དོན་སྟོན་པའི་ནུས་པ་འབྱུང་བ་ཡིན་ན། སོ་སོའི་སྐྱེ་བོའི་ངག་ནས་ཀྱང་ཟབ་མོའི་ཚིག་དོན་འབྱུང་ཆོག་པའི་དག་སྣང་ངེས་ཤེས་ཡོད་པའི་སྟེང་ནས། དུས་ཀྱི་མཐའ་འདིར་རང་ཉིད་རྒྱལ་པའི་གསུང་གི་ཕྲིན་ལས་པ་ཞིག་གྱུར་ནས། གསུང་གི་གསང་བ་དེ་ཉིད་བསམ་གྱིས་མི་ཁྱབ་པ་ཡིན་ན། བསམ་གྱིས་མི་ཁྱབ་པའི་གསུང་གི་གསང་བའི་མཐིལ་ཆོས་སྐུའི་དགོངས་པ་ཡིན་པས། དོན་བརྒྱུད་དགོངས་པའི་བྱིན་རླབས་ཀྱི་ཕ་ཕོགས་བཀྲལ་མཁན་ཞིག་རང་ཤུགས་ཀྱིས་གྱུར་བ་ཡིན། སྒོ་ལུས་ངག་ཡིད་གསུམ་གཅིག་ལ་གཅིག་བརྟེན་ཡིན་པས་སྐུ་སངས་རྒྱས་སུ་མཐོང་ན་ཆོག་ཟེར་བ་མིན་ཡང་། ང་རྫོགས་ཆེན་པདྨ་སྐལ་བཟང་མཐོང་ཐོས་དྲན་རེག་གི་འགྲོ་བ། བཟང་ངན་ལས་ཀྱི་འབྲེལ་བ་ཐོགས་ཚད། ཐ་ན་མཁའ་དང་ས་ལ་རྒྱུ་བའི་སྲོག་ཆགས། གཞན་ལྟ་ཅི་ང་ལ་ཟས་ཀྱི་འདུ་ཤེས་འཇོག་མཁན་འབུ་སྦྲང་ཕྲ་མོ་ནས་བཟུང་སྟེ། རྒྱུད་ལ་བྱང་ཆུབ་སེམས་མཆོག་བརྙེས་ནས་ཐར་བའི་ས་བོན་ཐེབས་པར་ཤོག་ཅེས་སྨོན་ལམ་རྒྱུན་དུ་བཏབ་པ་ཡིན་པས། ཆོས་ཉིད་བདེན་པའི་སྟོབས་དང་ལྷག་བསམ་དག་པ་ནང་འཕྲད་པའི་སྟོབས་ཀྱིས་འགྲུབ་རྒྱུ་ཡོད་སྲིད་པ་དང་། ཁྱད་པར་དུ་ཆོས་འདི་ལྟ་བུ་བཤད་པའི་གནས་སྐབས་དང་བསྟུན་ན་འབྲེལ་ཚད་དོན་ལྡན་རེ་འབྱུང་བའི་སྨོན་ལམ་ཐེབས་རྒྱུ་རེད་བསམ་གྱིན་ཡོད། ང་མིན་ན་ཐམས་ཅད་ཀྱིས་དེ་བཞིན་ལད་མོར་མཛོད་དང་། སོར་བྱང་སྔགས་གསུམ་གྱི་ཉམས་ལེན་གདམས་པའི་སྙིང་པོ་རང་རྒྱུད་སྒོ་གསུམ་གྱི་གནད་ལ་བཟུང་ནས་རྙེད་དགོས་པ་ཡིན་ན། རང་གཞན་མི་ཚེའི་ཉི་མ་ཡུན་ཐུང་བ་ཡིན་ན། སྙིགས་དུས་འགལ་རྐྱེན་གྱི་འཚེ་བ་ནམ་ཡོང་མི་ཤེས་པས། འདིའི་རིན་ཐང་ཅན་གྱི་ཡུན་ཐུང་མི་ཚེའི་དུས་ཚོད་ཀྱི་ནང་ནས། ཁྱེད་རྣམ་པ་ཚོས་ད་ལོ་དབྱར་གང་གི་དུས་ཚོད་ངའི་ཁ་ལ་བལྟས་ནས་གཅོད་ཤོམས་ཡིན་ན། དོན་གཉེར་འདུན་པ་ཅན་གྱི་གང་ཟག་རེ་རེའི་དུས་ཚོད་སྐར་ཆ་ཙམ་ཞིག་ཀྱང་ཆུད་ཟོས་སུ་མི་འགྲོ་བའི་འདུན་པ་བྱེད་བཞིན་ཡོད། དུས་ཚོད་འདིའི་རིང་ལ་ཁྱད་པར་དུ་བྱེས་ནས་ཕེབས་མཁན་རྣམ་པས་སྐུ་གཟུགས་བདེ་ཐང་གི་འཕྲོད་བྱའི་ཕྱོགས་ལ་གཟོབ་མཛོད། འདི་ནས་ཆོས་བཤད་ནས་མྱི་ལོ་བཅུ་བོའི་ཚེ་བར་ཆད་ཅི་ཡང་ཡོང་མ་མྱོང་ཡང་། རང་ངོས་ནས་ཟས་སྤྱོད་ལྟ་བུ་ཉེས་སོང་ན་སྙུང་རྒྱུ་ལ་སོགས་པ་ཟེར་མི་ཤེས། ཚྭ་ཆུ་འདི་ཚོའི་ནང་དུ་ཚྭ་གཟིམས་རེ་གྱིས། དེའི་ཞོར་དུ་ཁྲུས་རེ་རྒྱོབ་དང་གཙང་སྦྲས་མིའི་ལུས་ཁམས་བདེ་ཐང་ལ་ཕན་ཐོགས་ཡོད་རེད། ཚྭ་ཆུ་འདི་སྨན་ཆུ་རེད་འདུག་པས་ཚང་མས་ཕན་ཐོགས་ཆེ་གི་ཟེར། ང་རང་གིས་ཀྱང་ཚྭ་ཆུ་རེ་བླངས་ཤིང་ཡར་བསྲོས་ནས་དགོང་མོར་རྐང་པ་སྲོ་བ་དང་། དྲོད་ལུམས་རེ་ཡང་བྱས་པས་ལུས་ཁམས་བདེ་ཐང་ལ་ཕན་ཐོགས་ཡོད་འདུག སྤྱིར་ན་ང་འདི་ལོ་བདུན་ཅུ་དོན་གཅིག་ནས་ད་དོན་གཉིས་ལ་བུད་ཆས་རེད། ཡིན་ན་ཡང་ནད་ན་ཚ་གཅིག་ཀྱང་ཡོད་པ་མིན། ལུས་ཁམས་བདེ་ཐང་ཡིན་རེད། སོ་སུམ་ཅུ་ཁ་ན་ཡོད། ལུས་པོའི་བདེ་ཡངས་ཀྱིས་ཁྲོ་བོའི་རྩ་འཆམ་ཞིག་འཆམ་དགོས་ན་རོགས་ས་ཡོད་ཁི་བསམ་རྒྱུ་དེ་འདྲ་ཞིག་ཡིན། བསྟན་པ་སྤྱིའི་ཞབས་རིམ་རེ་མ་གཏོགས་སྒེར་གྱི་སྐུ་རིམ་བྱས་མ་མྱོང་། བྱེད་ཀྱིན་མེད། འོན་ཏེ་མང་པོ་ཞིག་གིས་ལྐོག་ནས་སྐུ་རིམ་བྱས་པས་ཨེ་ཡིན་ན་བསམ་གི། དེའི་འཕྲོས་རྣམ་པ་ཐམས་ཅད་ཐུགས་བདེ་བདེ། ཐུགས་སེམས་སྤྲོ་སྤྲོའི་ངང་། བག་ཕེབས་མོར་མཛད་ནས་བཞུགས་རོགས་མཛོད། ས་འདི་བསམ་གཏན་སྒོམ་པའི་བསྟི་གནས་ཡིན་པས་ཡུན་རིང་པོ་ངལ་བའི་སེམས་ལ་ངལ་ཞིག་གསོ་རུ་ཆུགས། དེ་ནས་ཡང་སང་ཉིན་མཇལ་འོང་། དེ་ལྟར་ཆོས་འཆད་ཉན་སོགས་གསུངས་ནས་ཉིན་དང་པོ་གྲོལ་སོང་ངོ་།། །། ཉིན་གཉིས་པའི་ཆོས་ཁྲིད།མཆོད་བརྗོད་དུས་གསུམ་སངས་རྒྱས་སོགས་ཉིན་སྔ་མ་བཞིན་གསུངས་ནས། དེ་ཡང་གཅོད་ཡུལ་ཟབ་དོན་ཐུགས་ཀྱི་སྙིང་པོའི་གཞུང་ལས། ཀུན་མཁྱེན་འདོད་པས་སྐྱབས་སུ་འགྲོ་དང་གསོལ་བ་གདབ། །སེམས་བསྐྱེད་མཆོག་ལྡན་འགྲོ་ཀུན་ཐར་བ་ཐོབ་པའི་ལམ། །ཞེས་གསུངས་པ་ལྟར། སྐྱབས་འགྲོའི་རྨང་གཞི་བརྟན་པོས་གཞི་བཟུང་ནས། ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དེ་དག་ལམ་འདིའི་ཐོག་མཐའ་བར་གསུམ་ལ་འབྲལ་མི་རུང་བ་ཡིན་ཏེ། ང་མེད་ལ་ང་རུ་ཞེན་ཅིང་། བདག་མེད་ལ་བདག་ཏུ་བལྟས་ནས། སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་རྒྱུ་འབྲས་ལ་སྤྱོད་པའི་སེམས་ཅན་སྤྱི་དང་། ཁྱད་པར་དུ་ཆགས་སྡང་ཨ་འཐས་སུ་སོང་། འཁྲུལ་སྣང་དགྲ་རུ་ལྡང་བའི་སྣང་སྲིད་ལྷ་འདྲེའི་རིགས་གྱུར་གྱི། ཕ་མར་གྱུར་པའི་སེམས་ཅན་འདི་དག་ཐམས་ཅད་གནོད་འཚེ་གདུག་པའི་བསམ་སྦྱོར་ཐམས་ཅད་དང་བྲལ་ནས། ཞི་བ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་འབྱོངས་ཏེ། གཏན་བདེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དམ་པར་འགོད་པའི་ཆེད་དུ། བདག་གིས་ད་རེས་བཀའ་ཟབ་མོ་ཤེར་ཕྱིན་གྱི་དགོངས་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པུའི་ལམ། མན་ངག་བདུད་ཀྱི་གཅོད་ཡུལ། གྲུབ་ཐོབ་རྟོགས་ལྡན་ཐམས་ཅད་ཀྱིས་དངོས་གྲུབ་ཐོབ་པའི་གནས། བཀའ་མ་དང་གཏེར་མ། ཕོ་བརྒྱུད་དང་མོ་བརྒྱུད། བཀའ་བརྒྱུད་དང་ཉམས་བརྒྱུད། ཁྲིགས་ཅན་དང་ཁྲིགས་མེད་ཀྱི་རིམ་པ་ཟབ་རྒྱས་ཀྱི་བརྒྱུད་པའི་བཤད་སྲོལ་མཐའ་ཡས་པས་གཅིག་ཏུ་མ་ངེས་ཀྱང་། རྒྱལ་བ་རྫོགས་པའི་སངས་རྒྱས་ནས་རྗེ་བཙུན་བྱམས་པ་མགོན་པོ། ཐོགས་མེད། དབྱིག་གཉེན། སློབ་དཔོན་ཨརྱ་དེ་བ། དེས་ཕ་གཅིག་དམ་པ་སངས་རྒྱས་ནས་མ་གཅིག་ལབ་ཀྱི་སྒྲོན་མ་ལ་རིང་བརྒྱུད་དང་ཉེ་བརྒྱུད་ཀྱིས་བརྒྱུད་པའི་གཅོད་ཀྱི་གདམས་པ་ཐམས་ཅད་གཅིག་ཏུ་བསྡུས་པ། ཕྱི་ལྟར་ན་ཕར་ཕྱིན། ནང་ལྟར་ན་གསང་སྔགས། གསང་བ་ལྟར་ན་བླ་མེད་ཀྱི་རྒྱུད་སྡེའི་གནད་གསང་འདུས་པ། འདི་ཉིད་ཉམས་སུ་བླངས་ཏེ་གྲུབ་རྟགས་ཕྱི་དུས་ལ་མི་རེ་བ། ཚེ་འདིའི་ཐོག་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པ་ཞིག་ཅི་ནས་ཀྱང་བྱ་སྙམ་པའི་དགོངས་དོན་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཐབས་ཆེན་གསང་བ་སྔགས་ཀྱི་དགོངས་སྤྱོད་དང་མ་བྲལ་པའི་ཀུན་སློང་ཀུན་སྤྱོད་རྣམ་པར་དག་པས་གསན་དགོས། གང་ཞིག་གསན་པར་བྱ་བ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཆོས་སྡེ་ལས་བྱོན་པའི་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་གསན་བཞེས་ཀྱི་སྐབས་ཡིན་ན། འདི་ཉིད་འཆད་པ་ལ་དོན་གསུམ་གྱིས་བཤད་དེ། སྤྱི་ཁྲིད་དང་། ཉམས་ཁྲིད་དང་། ཞལ་གདམས་ཏེ་གནད་གསུམ་དུ་བཟུང་ནས། སྤྱི་ཁྲིད་ཀློང་ཆེན་དགོངས་པའི་གསང་མཛོད་ཀྱིས་རྒྱབ་སྐྱོར། ཉམས་ཁྲིད་ལག་ལེན་ངོ་མའི་ཁོག་གཞུང་དང་འབྲེལ་ཏེ། ཞལ་གདམས་གེགས་སེལ་བོགས་འདོན་གྱིས་ཟུར་རྒྱན་ནས། སྦྱོར་དངོས་རྗེས་གསུམ་ཚང་བའི་ཆིངས་ཀྱིས་བཅིངས་ནས་བཤད་རྒྱུ་ཡིན། ཁ་རྩང་གོང་དུ་མཚན་སྨྲོས་པ་དང་ཕྱག་འཚལ་བ་སྔོན་དུ་བཏང་ནས་གཅོད་ཡུལ་སྤྱི་ཡི་གོ་དོན་གྱིས་ཁོག་ཕུབ་ནས། བྱེ་བྲག་གདམས་པ་འདི་ཉིད་ཀྱི་དགོས་དོན་ཁྱད་པར་དུ་བཤད་པ་ཡིན་ཏེ། དེ་ཡང་སྦྱོར་བ་བརྟུལ་ཞུགས་སྤྱོད་པའི་ཡོ་བྱད་ཀྱི་ཆས་བསགས་པ་ནས་བཟུང་སྟེ། དངོས་གཞིར་འཇུག་པའི་སྔོན་འགྲོའི་སྐབས་ཀྱི་ཟིལ་གནོན་དམིགས་པ་སྐོར་གསུམ་ལས་སྔ་གནོན་བཤད་པ་ཡན་ཆད་སོང་ཞིང་། བར་གནོན་གྱི་དམིགས་པའི་སྐབས་ནས་རང་ཉིད་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཆེ་ཆུང་སྲིད་པའི་གཏོས་དང་མཉམ་པ་རྣམ་འགྱུར་རྫོགས་པའི་སྐུར་བསྐྱེད་པའི་མཚམས་ནས། དེ་རིང་གཅོད་གཞུང་དངོས་ལ་ཐུག་ཡོད། འདི་ཡང་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་འཆད་དེ། དང་པོ་སྔོན་འགྲོ་ལ་ཡང་བྲོ་བརྡུང་བ། ཅོག་བུ་འབུབས་པ་གཉིས། གཉིས་པ་དངོས་གཞི་ལུས་སྦྱིན་ལའང་ཚོགས་ཞིང་གསལ་འདེབས་པ། སྐྱབས་འགྲོ། སེམས་བསྐྱེད། མཎྜལ། བླ་མའི་རྣལ་འབྱོར་དང་བཅས་ཏེ། རང་ལུས་འདོད་ཡོན་གྱི་ཚོགས་སུ་བྱིན་གྱིས་རླབས་ནས། འགྱེད་བཞིའི་མགྲོན་ལ་མཆོད་སྦྱིན་བྱ་བ། རྗེས་བསྔོ་བ་དང་གསུམ་གྱི་འཆད་པ་ལས། དང་པོ་སྔོན་འགྲོ་བྲོ་བརྡུང་བ་ནི། མི་རྐང་གླིང་བུ་དྲག་ཏུ་འབུདཿ ལྟ་བའི་ངར་བསྐྱེད་བྲོ་བརྡུང་བྱཿ ཞེས་གསུངས་ཏེ། མཆོག་ཆེན་མི་རྐང་གི་གླིང་བུ་དྲག་པོའི་ཤུགས་ཀྱི་འབུད་པ་ལན་གསུམ་སུམ་གློག་གིས་འབུད་དགོས་པས། ཐེངས་དང་པོ་མཐོ་ལ་རིང་བའི་བརྡ་སྐད་ལ་རྔམ་བརྗིད་དཔའ་བོའི་གད་རྒྱངས། ཐེངས་གཉིས་པ་སྙན་ཞིང་འགྱུ་བའི་བརྡ་སྐད་ལ་མ་རྒྱུད་མཁའ་འགྲོའི་འགྱིང་གླུ། ཐེངས་གསུམ་པ་ཤུགས་འབྱུང་བཤུག་པའི་འབོད་བརྡ་ལ་རྣལ་འབྱོར་གསང་བའི་བརྡ་སྐད་ཅེས་བྱ། ཐེངས་གསུམ་འབུད་པ་འདི་དག་དྲང་དོན་དང་སྦྱར་ན། ཐེངས་དང་པོས་ལྷ་འདྲེ་ཟིལ་གྱིས་གནོན། བར་བས་ཐམས་ཅད་དབང་དུ་བསྡུས། གསུམ་པས་ཅི་བགྱིས་བཀའ་ཉན་གྱི་ལས་ལ་བཀོལ་བ་ཡིན། ཡང་ངེས་དོན་དང་སྦྱར་ན། འབུད་ཐེངས་དང་པོའི་རྔམ་བརྗིད་དཔའ་བོའི་གད་རྒྱངས་ཀྱིས་གཞི་བདེན་མེད་དུ་ཤེས་པ་སྟོང་ཉིད་ནམ་མཁའ་ལྟ་བུའི་ཀུན་ལ་ཁྱབ་པ་ཡིན་ལ། འབུད་ཐེངས་གཉིས་པ་མ་རྒྱུད་མཁའ་འགྲོའི་བརྡ་གླུས་ལམ་བྱར་མེད་ཀྱི་རང་རྩལ་ཐབས་མཆོག་བདེ་ཆེན་གྱི་དབྱིངས་ལ་སྦྱོར་བ་བྱས་ཏེ། ཐེངས་གསུམ་པ་རྣལ་འབྱོར་གསང་བའི་བརྡ་སྐད་ཀྱིས་འབྲས་བུ་སྤྲོས་མེད་ཀྱི་རིག་པ། རིག་སྟོང་དབྱིངས་དང་ཡེ་ཤེས་ཁ་སྦྱོར་གྱི་སྒྲོམ་ལས་གཅིག་ཀྱང་འདའ་བ་མེད་པའི་ངང་ལ་འཁོར་འདས་འུབ་ཆུབ་པ་ཡིན་པས། སྣང་ཞིང་སྲིད་པའི་ལྷ་མ་སྲིན་སྡེ་བརྒྱད། འདྲེ་བདུད་འབྱུང་པོ་རྒྱལ་འགོང་འཁྱམ་པོ་ཡན་ཆད། དང་པོ་འབྲོང་ཁྱུ་རྫ་ནས་འདྲོགས་པ་ལྟར་འུར་གྱིས་ཞོགས། བར་དུ་ཤ་རུལ་ལ་སྦྲང་མ་འཁོར་བ་བཞིན་རང་དབང་མེད་པར་འདུས། ཐ་མར་རྒྱལ་ཕྲན་བཙན་པོའི་མངའ་འོག་ལ་མཐོ་དམན་ཐམས་ཅད་ལུས་པོ་འདར་ཆམ་མེ། མགོ་འཕང་དམའ་ཞུམ་མེ་ཡོད་པ་ལྟར་རྣལ་འབྱོར་བའི་བཀའ་ལ་ཉན་ཞིང་འདུམ་པར་བསམ། དེ་ནས་ལྟ་བའི་ངར་བསྐྱེད་དེ་བྲོ་བརྡུང་བར་བྱ་བ་ལ། དང་པོ་བྲོ་ཡི་རྒྱུད་བསྐུལ་ནི། ཕཊཿ འཇིགས་མེད་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ངསཿ འཁོར་འདས་མཉམ་པར་བརྡལ་བའི་དགོངས་སྤྱོད་ཀྱིསཿ བདག་འཛིན་ལྷ་འདྲེའི་སྟེང་དུ་བྲོ་ཞིག་རྡུངཿ གཉིས་འཛིན་འཁོར་བའི་རྣམ་རྟོག་རྡུལ་དུ་རློགཿ རྩ་བརྒྱུད་རིག་འཛིན་བླ་མ་བྲོ་ལ་བྱོནཿ ཡི་དམ་དཔའ་བོ་རྒྱ་མཚོ་བྲོ་ལ་བྱོནཿ མཁའ་འགྲོ་གནས་ཉུལ་མ་ཚོགས་བྲོ་ལ་བྱོནཿ བརྟུལ་ཞུགས་ལམ་དུ་ལོངས་པར་བྱིན་གྱིས་རློབསཿ ཞེས་གསུངས་ཏེ། ཐོག་མར་ཕཊ་ཅེས་པའི་ཡི་གེའི་ཕཊ་སྒྲ་ཞིག་ཡོང་བ་འདི། ཕ་ཐབས་ཆེན་སྟོང་ཉིད་ཀྱི་ཡེ་ཤེས། ཊ་ཤེས་རབ་བདེ་ཆེན་གྱི་རང་གཟུགས། དེ་གཉིས་ཀ་གཅིག་ཏུ་བསྡུས་པའི་ཕཊ་གཉིས་མེད་ཐབས་ཤེས་ཟུང་འཇུག བདེ་སྟོང་མཉམ་པ་ཆེན་པོས་གཟུང་འཛིན་དབྱིངས་སུ་ཞི་ཞིང་། བདག་འཛིན་རྩད་ནས་གཅོད་བྱེད་ཀྱི་ཡི་གེའི་སྒྲ་སྐད་དུ་གྲུབ་པ་ཡིན། ཇི་ལྟར་གྲུབ་ཅེ་ན། གནས་ལུགས་དོན་གྱི་ཡི་གེ་དབྱིངས་དོན་དམ་ཆོས་ཉིད་ཀྱི་ངོ་བོ། ལུས་གནས་རྩ་ཡི་ཡི་གེ་ཐབས་ཤེས་དབྱངས་དང་གསལ་བྱེད་ཀྱི་རྟེན་ལ་གནས་པ་དེ། བརྗོད་པ་སྒྲ་ཡི་ཡི་གེ་རྒྱུ་རྩ་ཡིག་རླུང་གིས་བསྐྱོད་དེ། རྐྱེན་ལྕེ་དང་ཀན་ལ་སོགས་པའི་བྱེད་པས་སྒྲ་ཚིག་ལ་འཕོས་ཏེ། མཐར་ཐུག་འབྲས་བུའི་ཡི་གེ་གྲགས་སྟོང་རང་བྱུང་གི་གསུང་ལ་དབང་བསྒྱུར་བ། དེ་ལྟ་བུའི་ཕཊ་སྒྲ་ཡིས་དབྱིངས་ན་བཞུགས་པའི་རྩ་གསུམ་རྒྱ་མཚོའི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ཐུབ་པའི། ཐབས་ཆེན་དཔའ་བོའི་དགྱེས་གླུ་མཁའ་འགྲོ་གསང་བའི་བརྡ་སྐད་ཀྱིས་འགོ་བཟུང་སྟེ། ཐུགས་རྒྱུད་བསྐུལ་བའམ་ཚོགས་ཞིང་སྤྱན་འདྲེན་ནམ་བྱིན་འབེབས་པ་འདི་ཉིད་འབྱུང་བ་ཡིན། དེའི་ཚིག་སྔ་མར། འཇིགས་མེད་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ངས། །འཁོར་འདས་མཉམ་པར་བརྡལ་བའི་དགོངས་སྤྱོད་ཀྱིས། །གསུངས་ཏེ། འཇིགས་ཤིང་སྐྲག་པའི་ཡུལ་ནི་བདུད་བཞི་ཡིན་ལ། བདུད་བཞི་ངོས་འཛིན་ཐེག་པ་སྤྱི་སྐད་ལྟར་ན། ཉོན་མོངས་ཕུང་པོ་འཆི་བདག་ལྷས་བུའི་བདུད་བཞི་ཡིན་ཏེ། ཉོན་མོངས་དུག་ལྔའི་བདུད་ཀྱིས་དགེ་བ་ལ་བར་དུ་གཅོད་པར་བྱེད། ཕུང་པོའི་བདུད་ཀྱིས་ལུས་རྒས་པ་དང་ན་བས་རྒུད་པར་བྱེད། འཆི་བདག་གི་བདུད་ཀྱིས་འཆི་བའི་རྐྱེན་ལ་བརྟེན་ནས་གནས་པ་ཚེ་ཡི་བར་དུ་གཅོད་དེ་སྲོག་འཕྲོག་པར་བྱེད། སྐྱེ་འཆི་ཁ་བརྒྱུད་ནས་ཉེར་ལེན་གྱི་ཕུང་པོ་ལ་རྟེན་བཅས་ནས། ཁམས་གསུམ་མམ་སྲིད་གསུམ་གྱི་སེམས་ཅན་ལ། འཇིགས་པ་དེ་བས་ཆེ་མེད་པའི་བདུད་བཞི་ཡིན་ནོ། །ཨ་མ་ཇོ་མོའི་ཆོས་ལུགས་འདིའི་བདུད་བཞིའི་ངོས་འཛིན་ཚུལ་ལ་ཅུང་ཟད་མི་འདྲ་བ་ཡོད་ཀྱང་དོན་ལ་ཁྱད་པར་མེད་དེ། ཐོགས་བཅས་བདུད་དང་ཐོགས་མེད་བདུད། དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །ཅེས་གསུངས་ཏེ། ཐོགས་བཅས་ཀྱི་བདུད་གང་ལ་ངོས་འཛིན་ན་འབྱུང་བཞིའི་གནོད་པ། ནད་དང་སྡུག་བསྔལ་གྱི་རྐྱེན། དུག་དང་མཚོན་ཆ། དགྲ་རྐུན་གཅན་གཟན། རི་བྲག་གཡང་ས་ལ་སོགས་པ་མི་འདོད་བཞིན་དུ་རང་དབང་མེད་པར། འཇིག་རྟེན་པའི་ལུས་སེམས་ཀྱི་ཐོག་ལ་ཡོང་བཞིན་པའི། གཙོ་བོ་དབང་པོའི་ཡུལ་དུ་སྣང་བ་རྣམས་ཡིན། ཐོགས་མེད་ཀྱི་བདུད་ནི། ཕྱི་བདུད་ལྷ་འདྲེ་འབྱུང་པོ། ནང་བདུད་ཉོན་མོངས་དུག་ལྔ། གཞན་ཡང་ན་ཚ་སྡུག་བསྔལ་ལ་སོགས་པའི་འབྱུང་རྐྱེན། གཙོ་བོ་ཡུལ་གྱི་མྱོང་ཚོར་ཕྲ་རགས་འདི་དག་ཡིན། དགའ་བྲོད་བདུད་ནི། གཅོད་ཀྱི་གདམས་པ་འདི་ལྟ་བུ་ཉམས་སུ་བླངས་པས། ཕྱི་རྟགས་བདུད་དང་འདྲེ་ཡིས་མི་ཚུགས་ཤིང་ནད་དང་གནོད་པ་ཡང་ཇེ་ཉུང་། ནང་རྟགས་ནུས་པ་བྱིན་རླབས་ཅུང་ཙམ་ཡོད་ཅིང་། བཀུར་སྟི་གུས་འདུད་བྱེད་མཁན་ཇེ་མང་དང་། ཟང་ཟིང་གི་འདུ་བ་དང་བསོད་ནམས་སྙན་གྲགས་ཇེ་དགའ། གསང་རྟགས་ཉམས་རྟོགས་ཀྱི་ཡོན་ཏན་གོང་དུ་འཕར་བྱུང་ཟེར་བ་དཀའ་ཡང་འདི་དང་འདི་བཞིན་བྱས་ན་རེད་ཀྱིན་འདུག ད་དུང་འདི་བཞིན་ཡོན་ཏན་ཡར་གོང་དུ་འཕེལ་ན། འདུ་བ་རྣམ་གསུམ་དབྱར་གྱི་མཚོ་ལྟར་འཁྱིལ། འབར་བ་རྣམ་གསུམ་དུས་མཐའི་མེ་བཞིན་འབར་མ་ཐུབ་རུང་། རང་ཉིད་སྐྱིད་འདུག་ཆོག་འདུག་བསམ་ནས་རེ་བ་འདོད་པ་དང་བཅས། དགའ་བ་བྲོད་པ་དང་བཅས་པས་ཕན་ཡོན་གྱི་འབྲས་བུ་ལ་དམིགས་ནས་གཅོད་བྱེད་པ་དེ་ལ་དགའ་བྲོད་ཀྱི་བདུད་ཅེས་བྱ། སྙེམས་བྱེད་ཀྱི་བདུད་ནི། སྙེམས་བྱེད་ཅེས་པ་ང་བདག་ཞེན་འཛིན་གྱི་མདུད་པ་ནང་ནས་མ་ཁྲོལ་པ་དེ་ཡིན། ང་ད་རེས་དུར་ཁྲོད་ལུང་སྟོང་གཉན་དམིགས་ཀྱི་ས་ལ་སོང་ནས་གཉན་ས་ཞིག་གཅད་ན། ལྷ་དང་བླ་མ་མཆོག་གསུམ་རྩ་གསུམ་གྱིས་སྐྱབས་ནས་ང་ལ་བར་ཆད་ཕལ་ཆེར་མི་འོང་། གལ་ཏེ་ཡོང་ན་ཡང་ཟབ་མོ་གཅོད་ཡུལ་གྱི་གདམས་པ་ཡོད་ཅིང་། ཉམས་ལེན་གོམས་པའི་ཞེ་ཚོད་གང་ལ་གང་འཚམས་ཀྱང་ཡོད་པས། ལུས་སྦྱིན་གྱི་དམིགས་པ་རེ་བྱས་ན། དངོས་སུ་ཟ་འགྲོ་བ་ལྟ་བུའི་གནོད་ཐུབ་རྒྱུ་མ་རེད་བསམ་པ་སྙེམས་བྱེད་ཀྱི་བདུད་ཡིན། དེས་ན་ཐོགས་བཅས་ཀྱི་བདུད་ཚོགས་སྦྱོར་མན་ཆད་ཀྱི་ལམ་པ་ཞིག་ལ་མཚོན་ན། ས་ཐོབ་བདེན་པ་མ་མཐོང་བའི་འཇིག་རྟེན་པའི་ལམ་ཡིན་པས་རྟེན་གདོས་བཅས་ཀྱི་ལུས་འདི་དབང་ཆེ། བརྟེན་པ་སེམས་ལ་དབང་མ་ཐོབ་པས་འབྱུང་བ་བཞི་ལ་ཐོགས་པ་ཡིན། ཐོགས་བཅས་ཀྱི་བདུད་དེ་ཉིད་ཆོད་བཀའ་ཡང་ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ་གྱི་རང་སའི་བར་ཆད་མེད་ལམ་སོགས་རིམ་བགྲོད་ཀྱིས་མཐོང་ལམ་ཐོབ་པ་ན། ས་ཐོབ་འཇིགས་པ་ལྔ་དང་བྲལ། །ཞེས་གསུངས་པ་ལྟར་དེའི་དུས་ཐོགས་བཅས་ཀྱི་བདུད་ཀྱང་ཆོད་པ་ཡིན། དེའི་འཇིགས་པ་མེད་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་ད་ལྟ་ནས་འཆང་སྟེ། ཐོགས་མེད་ཀྱི་བདུད་ས་མ་ཐོབ་པའི་རྣལ་འབྱོར་པས་ཀྱང་ད་ལྟ་ནས་གཅད་ཆོག་པས་རིམ་བཞིན་བཅད་ནས་ཆོད་དགོས། དགའ་བྲོད་ཀྱི་བདུད་ཡར་སངས་རྒྱས་ཐོབ་པའི་རེ་བ་དང་། མར་ངན་སོང་ལྷུང་བའི་དོགས་པ་མེད་པའི་ཉམས་ལེན་གྱི་གནད་བཟུང་ནས། སྙེམས་བྱེད་རེ་དོགས་དང་བྲལ་བའི་ངང་ནས། འཁོར་འདས་མཉམ་པར་བརྡལ་བའི་དགོངས་སྤྱོད་ཕྱི་འཇིགས་པའི་རྐྱེན་ལ་བརྟེན་ནས་ནང་འཇིགས་མཁན་གྱི་རྩ་བརྡར་ཆོད། སྟོང་པ་ཉིད་ལ་བལྟ་བའི་ཡུལ་མེད་ལྟ་མཁན་གྱི་བྱེད་པོ་མེད། ཡུལ་ཅིར་ཡང་མ་དམིགས་པ་ལ་བློས་གང་དུ་ཡང་མི་འཛིན་པའི་ངང་ལ་བཞག་པས། སྒོམ་དང་བསྒོམ་པ་བྱ་བ་ཞེས་པ་ཞིག་སོ་སོར་མ་གྲུབ། འཁོར་འདས་བཟང་ངན་དུ་བཞག་པའི་གཉིས་ཆོས་ཀྱང་མ་གྲུབ་པའི་ཆོས་ཉིད་ཆོས་སྐུའི་ངང་ལས་མ་འདས་པར། བདག་འཛིན་ལྷ་འདྲེའི་སྟེང་དུ་བྲོ་ཞིག་རྡུངཿ གཉིས་འཛིན་འཁོར་བའི་རྣམ་རྟོག་རྡུལ་དུ་རློགཿ ཅེས་གསུངས་ན། སྤྱིར་ན་སྲིད་རྩ་ངར་འཛིན་གྱི་འགོང་པོ་ནི་ང་དང་ང་ཡིར་འཛིན་པའི་བདག་འཛིན་ཡིན་ན། དེའི་རྩ་བ་མ་ཆོད་པས་འཁོར་བའི་འཁྲུལ་སྣང་འདི་བྱུང་བ་ཡིན། ཁྱད་པར་ཕུང་པོ་གཟན་བསྐྱུར་གྱི་གདམས་པའི་གནད་མ་ཟིན་ནས་ལུས་ལ་གཅེས་པར་འཛིན་པའི་བདག་འཛིན་གྱི་མཁན་པོ་ཡོད་པས། ཕྱི་རོལ་འཇིགས་གཟུགས་ཀྱི་ལྷ་འདྲེར་བཟོས་པའི་བདག་འཛིན་འཁྲུལ་སྣང་གི་ལྷ་འདྲེའི་སྟེང་དུ། ནམ་ཡང་ལྡང་བ་མེད་པའི་རྡོ་རྗེའི་རྟབས་བྲོ་ཞིག་བརྡུང་བས། བདག་གཞན་བཟང་ངན་འཁོར་འདས་ལ་སོགས་པའི་གཉིས་འཛིན་འཁོར་བའི་རྣམ་རྟོག་འཁྲུལ་སྣང་འཁྲུལ་འཛིན་དང་བཅས་པ། བདག་མེད་རོ་སྙོམས་ཆེན་པོའི་བརྟུལ་ཞུགས་ཀྱིས་ཐལ་བའི་རྡུལ་ཕྲན་བཞིན་དུ་དམིགས་མེད་དུ་རློག་པར་འགྱུར་བ་ལ། རྩ་བརྒྱུད་རིག་འཛིན་བླ་མ་བྲོ་ལ་བྱོནཿ ཡི་དམ་དཔའ་བོ་རྒྱ་མཚོ་བྲོ་ལ་བྱོནཿ མཁའ་འགྲོ་གནས་ཉུལ་མ་ཚོགས་བྲོ་ལ་བྱོནཿ ཅེས་གསུངས་ན། བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་སྟེ་རྩ་བ་གསུམ་དང་། དེའི་ནང་གི་བླ་མ་ལ་མཚོན་ན་རྩ་བ་དང་ཡན་ལག་གི་བླ་མ། གཉིས་ལྡན་དང་གསུམ་ལྡན་ལ་སོགས་པ་བཀའ་དྲིན་གྱི་ངོས་ནས་སྦྱར་བའི་རྣམ་གྲངས་མང་ན། བཀའ་དྲིན་གསུམ་ལྡན་གྱི་བླ་མ་ནི་བསྟན་པ་སྤྱིའི་ལུགས་ལ་སྡོམ་གསུམ་ཐོབ་པ་ལ་གསུངས། བྱེ་བྲག་སྔགས་ལུགས་ལ་དབང་བསྐུར་རྒྱུད་བཤད་མན་ངག་གནང་མཁན་དང་། ཁྱད་པར་དུ་རང་སེམས་ཆོས་སྐུར་ངོ་སྤྲོད་མཁན་དེ་ལ་རྩ་བའི་བླ་མ་ཞེས་བྱ། དེས་ན་མཚོན་བྱེད་རྟགས་ཀྱི་བླ་མ་རྣམ་པ་མི་རུ་བྱོན་ནས་སྣང་སྤྱོད་རང་རེ་དང་མཐུན་པས་འདུལ་བར་མཛད་པ་དེ་ཉིད་ཡིན། མཚོན་བྱ་དོན་གྱི་བླ་མ་ནི་དེ་དག་གི་ཐུགས་མཆོག་དུས་གསུམ་རྒྱལ་བའི་དགོངས་པ་དང་སོ་སོར་མ་ཡིན་ཐ་མི་དད་པ། རང་གི་སེམས་ཉིད་དང་འབྲལ་བ་མེད་པར་བཞུགས་པ་དེ་ཉིད་ཡིན། གཞན་ཡང་རྩ་བའི་བླ་མ་བཀའ་དྲིན་ཅན། བརྒྱུད་པའི་བླ་མ་བྱིན་རླབས་ཅན། འདྲེན་པའི་བླ་མ་ཐུགས་རྗེ་ཅན་སོགས་གསུངས་ཏེ། བརྒྱུད་པའི་བླ་མ་ནི་སྔ་འགྱུར་རང་ལུགས་ལ་དགུ་ལྡན་བརྒྱུད་པའི་བླ་མ་ཞེས་གསུངས་ཏེ། དགོངས་པ་བརྡ་དང་སྙན་བརྒྱུད་གསུམ། ཐུགས་རྗེ་བྱིན་རླབས། མཁའ་འགྲོ་གཏད་རྒྱ། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ་སྟེ་བརྒྱུད་པ་རྣམ་པ་དྲུག་དང་། གཞན་ཡང་ཤོག་སེར་ཚིག་གི་བརྒྱུད་པ། ཟབ་མོ་དག་སྣང་གི་བརྒྱུད་པ། རྟོགས་པ་དོན་བརྒྱུད་ཀྱི་བརྒྱུད་པ་སྟེ་བརྒྱུད་པ་དགུ་ལྡན་གྱི་བླ་མ་དང་། ཐུན་མིན་གཅོད་ཡུལ་བརྒྱུད་པའི་ལུགས་ལྟར་ན། ཕ་བརྒྱུད་ཐབས་ཀྱི་བརྒྱུད་པ། མ་བརྒྱུད་ཤེས་རབ་ཀྱི་བརྒྱུད་པ། སྲས་བརྒྱུད་ཉམས་ཀྱི་བརྒྱུད་པ། ངོ་མཚར་བཀའ་བབས་ཀྱི་བརྒྱུད་པ་ལ་སོགས་པའི་རྩ་བ་དང་བརྒྱུད་པ་བཅས་པའི་བླ་མ། གཞན་ཡང་རྒྱ་བོད་རིག་འཛིན་གྲུབ་བརྙེས། བཀའ་བབས་བརྒྱུད་ལྡན་གྱི་བླ་མ་ཡོད་དོ་ཅོག་དང་། ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་སྔགས་རྒྱུད་སྡེ་བཞིའམ་དྲུག་གིས་བསྡུས་པའི་རྒྱུད་སྡེ་གསར་རྙིང་གི་ལྷ་ཚོགས། ཕོ་རྒྱུད་དཔའ་བོ་རྒྱ་མཚོ། མོ་རྒྱུད་དཔའ་མོ་ཌཱཀྐི། ཁྱད་པར་དུ་ཡི་དམ་ཁྲོས་མ་ལྷ་ལྔ། གནས་ཡུལ་ཉི་ཤུ་རྩ་བཞི། མཁའ་སྤྱོད་དང་ས་སྤྱོད་ཀྱི་བདག་པོ། མཁའ་སྤྱོད་དང་ས་སྤྱོད་ལ་དབང་སྒྱུར་བ་བྱེད་པའི་གནས་གསུམ་མཁའ་འགྲོ། གནས་ཉུལ་དབང་ཕྱུག་མ་མོའི་ཚོགས་དང་བཅས་པ་བྲོ་ལ་བྱོན་ཞེས་གསུངས་སོ། །བརྟུལ་ཞུགས་ལམ་དུ་ལོངས་པར་བྱིན་གྱིས་རློབསཿ ཞེས་གསུངས་ཏེ། བདག་གིས་ལམ་ཟབ་མོ་བདུད་ཀྱི་གཅོད་ཡུལ་འདི་ཉམས་སུ་བླངས་ནས། སྣང་བ་དབང་བསྒྱུར། ཕུང་པོ་གཟན་བསྐྱུར། མི་ཕོད་ཐོག་བརྫིས་ཀྱི་རྣལ་འབྱོར་བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་བ་ལ། བཀའ་བརྒྱུད་བླ་མ་ཡི་དམ་གྱི་ལྷ་ཚོགས། དཔའ་བོ་མཁའ་འགྲོ་དང་བཅས་པ་ཐམས་ཅད་ཀྱིས། འགལ་རྐྱེན་ལམ་དུ་སློང་། བདེ་སྡུག་རོ་སྙོམས་ཐུབ། ལུས་ཀྱི་བདག་འཛིན་ཐོངས་ནས། གཅོད་ཡུལ་མཐར་ཕྱིན་པར་བྱིན་གྱིས་རློབས། ལམ་འདི་ལ་བརྟེན་ནས་རྫོགས་པའི་བྱང་ཆུབ་ཐོབ། ལྷ་འདྲེས་གཙོ་བྱས་པའི་མར་གྱུར་གྱི་སེམས་ཅན་ཐམས་ཅད། རྒྱལ་བ་སྐུ་བཞིའི་གོ་འཕང་ལ་འགོད་ཐུབ་པར་བྱིན་གྱིས་རློབས་བསམ་པའི་ཚིག་རྗེས་སུ་དོན་དྲན་ནས་དམིགས་མེད་ཀྱི་ལྟ་བའི་ངང་དང་མ་བྲལ་བར་བྱེད་དགོས་པ་རེད། དེ་ལྟར་མ་ཡིན་པར་ཁ་རྩང་བཤད་པ་ལྟར་ང་ལྷ་འདྲེའི་གནོད་པས་ཨེ་གནོད་མི་ཤེས། དཀོན་མཆོག་གི་ཐུགས་རྗེས་སྐྱོབ་འགྲོ་རྒྱུ་རེད་ཨང་། སྐྱོབ་རོགས་མཛོད། ཁྱེད་རྣམ་པས་འདིའི་རྐྱེན་གྱིས་ང་ལ་ནད་དང་གནོད་པ་སྐྲག་སྣང་འཇིགས་སྣང་མེད་པར་བྱིན་གྱིས་རློབས་བསམ་ན་ཡང་དག་པ་མིན། དེ་ལྟར་ལྟ་བའི་ངར་བསྐྱེད་དེ་རྩ་གསུམ་རྒྱ་མཚོ་བྲོ་ལ་བྱོན་པའི་བཞེངས་བསྐུལ་འདོན་པས། སྟེང་གི་ནམ་མཁར་བརྒྱུད་གསུམ་རིག་འཛིན་གྱི་བླ་མ་ཐམས་ཅད་དང་། ཁྱད་པར་གཅོད་ཡུལ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་གར་སྟབས་ཤིགས་སེ། གསུང་ཚངས་དབྱངས་ཀྱི་མགུར་གླུ་དིར་རེ། ཐུགས་བདེ་ཆེན་གྱི་ཉམས་སྣང་འུར་ནས། འཇའ་འོད་གུར་ཁྱིམ་གྱི་ཀློང་ན་བྱིན་ཐིབས་སེ་འོད་ཕུང་ངེར་བཞུགས་ཡོད་པར་བསམ། བར་གྱི་ནམ་མཁའ་ལ་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་ཐམས་ཅད་བསམ་ཡས་སྤྲོ་བསྡུའི་རོལ་གར་དང་བཅས་པ། དེའི་འོག་ན་གནས་གསུམ་མཁའ་འགྲོ་རྒྱ་མཚོ། ཡང་སྒོས་སུ་མ་གཅིག་ཁྲོས་མ་ལྷ་ལྔ། འཁོར་གནས་ཡུལ་དུར་ཁྲོད་ཀྱི་ཞིང་སྐྱོང་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་དེ་ལྟ་བུ་ཞིག་གསལ་འདེབས་དགོས་རེད། མཁའ་འགྲོའི་ཚོགས་ཞེས་པ་འདི་རིགས་བསྡུས་ན་དབྱིངས་དང་ཡེ་ཤེས་ལས་དང་འཇིག་རྟེན་གྱི་མཁའ་འགྲོ་ཟེར་བ་ཡོད་དེ། ཆོས་སྐུ་དབྱིངས་ཀྱི་མཁའ་འགྲོ། ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ། སྤྲུལ་སྐུ་ལས་ཀྱི་མཁའ་འགྲོ། ཤ་ཟ་འཇིག་རྟེན་གྱི་མཁའ་འགྲོ་དང་བཅས་པ་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱི་མཐའ་སྐོར་ལ། ཡེ་ཤེས་དང་ལས་ལས་གྲུབ་པའི་ཆོས་སྐྱོང་སྲུང་མ་ཐམས་ཅད། ཡང་འཁོར་ཕོ་ཉའི་དམག་ཚོགས་དང་བཅས་པ་རྩ་གསུམ་རྒྱ་མཚོའི་དཀྱིལ་འཁོར་གྱིས་ནམ་མཁའ་དང་ས་གཞི་བར་སྣང་ཐམས་ཅད་གང་བར་བསམ་ནས། མདོར་ན་མ་བཅོས་སྤྲོས་མེད་ཀྱི་ངང་ལ་མཉམ་པར་བཞག་དགོས། དེས་དང་པོ་ཐུགས་བརྒྱུད་བསྐུལ་བའམ་བྱིན་འབེབས་པ་སོང་ངོ་། །དེ་ནས་གཉིས་པ་བྲོ་བརྡུང་བ་དངོས་ནི། བྲོ་བརྡུང་འདི་ལ་ཕྱོགས་བཞི་དབུས་དང་ལྔ་ཡི་བྲོ་ར་སྟེ་གླིང་བཞི་དབུས་ཕྱོགས་ལྷུན་པོ་དང་བཅས་པ་ལ། ཞེ་སྡང་རྒྱལ་པོ། ང་རྒྱལ་གཤིན་རྗེ། འདོད་ཆགས་སྲིན་མོ། ཕྲག་དོག་དམ་སྲི། གཏི་མུག་ཤི་འདྲེ་རྣམས་ཀྱི་མགོ་ལ། ཡེ་ཤེས་ལྔ་མཚོན་གྱི་བརྟུལ་ཞུགས་སྤྱོད་པའི་ཆས་དང་བཅས་པའི་བྲོ་བརྡུང་བ་ལ། དང་པོ་ཤར་ཕྱོགས་ཀྱི་བྲོ་ནི། ཕཊཿ ཤར་ཕྱོགས་ལུས་འཕགས་གླིང་དུ་བརྡུངས་ཙ་ནཿ དཔའ་བོ་མཁའ་འགྲོའི་བྲོ་ར་ཟླུམ་ལ་འཁྱིལཿ ཞེ་སྡང་རྒྱལ་པོའི་མགོ་ལ་ཆེམས་སེ་ཆེམཿ མེ་ལོང་ཡེ་ཤེས་གླིང་བུ་ཀྱུ་རུ་རུཿ ཧཱུྃ་ཧཱུྃ་ཧཱུྃཿ ཞེས་གསུངས་ཏེ། ཞིང་ཁམས་དང་འཇིག་རྟེན་གྱི་ཆགས་དབྱིབས་ལ་མཐའ་གཅིག་ཏུ་ངེས་པ་དང་ཚད་བཟུང་ཅན་ཞིག་མ་ཡིན། ནམ་མཁས་གར་ཁྱབ་སྣོད་བཅུད་ཀྱི་བཀོད་པ་སྣང་བ་ཡིན་ན། ཡུང་འབྲུ་དང་སྐྲ་རྩེའི་ཁྱོན་ཙམ་ལ་ཡང་མཐའ་ཡས་ཞིང་ཁམས་རྒྱ་མཚོ་སྣང་ཆོག་པའི་རྒྱལ་བའི་ཐུགས་རྗེ་དང་། སེམས་ཅན་གྱི་ལས་སྣང་། ཞིང་དང་གདུལ་བྱའི་བཀོད་པ་དེ་ཉིད་ཚུལ་མཐོང་གི་བློ་གུ་དོག་ཕུར་ཁུང་ལྟ་བུས་དཔོག་ག་ལ་ཐུབ། སྤྱིར་ན་རྒྱལ་བའི་གསུང་འདི་དྲང་ངེས་ལྡེམ་དགོངས་ཀྱིས་དཔྱད་དེ་ཐོས་བསམ་མ་བྱས་ན། དེང་སང་གི་བླུན་པོ་ཤེས་ལྡན། བསམ་བློ་པ་བསམ་མེད། གསར་གཏོད་གསར་བ། གསར་བ་ངོ་མའི་རྗེས་མ་ཆོད་པ་ཚང་མས་བཤད་ཚད་ཀྱི་རྗེས་ལ་བརྒྱུགས་ནས་བསམ་བློ་བཏང་ན། སྤྱིར་རྨོངས་པ་ཡིན་པའི་ཐོག་ལ་རྨོངས་པའི་བཟི་སྨན་གསར་བ་ཞིག་ཟོས་བཏང་ན། རྡོག་ལམ་ཚང་མ་ར་བེ་རིབ་བེ་ཞིག་རེད་མི་འགྲོ་བའི་ཐབས་མེད་པ་ཡིན། དངོས་གནས་བཤད་ན་ཤར་ལྷོ་ནུབ་བྱང་གི་ཕྱོགས་ཀྱང་དོན་དུ་མ་གྲུབ་ལ། འོན་ཀྱང་གདུལ་བྱའི་སྣང་ཚོད་ལ་གོ་བརྡ་སྤྲོད་བྱེད་ཀྱི་ཆེད་དུ་དེ་དང་བསྟུན་དགོས་པ་ནི། གང་འདུལ་དེར་སྟོན་རྒྱལ་བའི་ཕྲིན་ལས་ཀྱི་གོ་དོན་ཕྱོགས་གཅིག་རེད། དེས་ན་འདི་ནས་གླིང་བཞི་ཆགས་དབྱིབས་ཟླུམ་པོའི་གོ་ལ་དང་ཨེ་འགྲིག་བལྟ་བའི་ཚིག་སྣེ་རེར་བློ་གུ་དོག་གིས་འགག་འདུག་དགོས་པ་མ་ཡིན། དོན་ལ་རྟོན་པའི་ཞི་རྒྱས་དབང་དང་དྲག་པོ་མཆོག་དང་ལྔ་ཡི་བྲོ་ར་ལ། ནང་དུག་ལྔ་འདྲེ་གདོན་དུ་ཤར་བའི་འཁྲུལ་སྣང་འཁྲུལ་གཟུགས་ལ་ཡེ་ཤེས་ལྔ་ཡི་བྱིན་ཆེན་གྱི་བྱིན་ཕབས་ནས་ལྡང་བ་མེད་པའི་རྒྱ་ཡིས་གདབ་པས། སྣང་སྲིད་གཞིར་བཞུགས་ཀྱི་ཡེ་དག་ལ་གཞིར་བཞེངས་ཡང་དག་གི་འཁོར་ལོ་ལ། འཁོར་འདས་རོ་སྙོམས་ཐམས་ཅད་དག་པའི་དབྱིངས་གཅིག་ལ་ཟླུམ་པའི་དོན་ཡིན། ཤར་ཕྱོགས་ཞི་བ་ཆེན་པོའི་བྲོ་ར་ཤར་ལུས་འཕགས་གླིང་གི་རྣམ་པ། དཀར་གསལ་འཇའ་འོད་འཁྲིགས་པའི་ཀློང་དུ་བརྡུངས་ཙ་ན། དཔའ་བོ་མཁའ་འགྲོའི་བྲོ་ར་གྲྭ་ཟུར་མེད་པའི་ཟླུམ་ལ་འཁྱིལ་བ། ཕོ་གདོན་ཞེ་སྡང་ཁྲོ་གཏུམ་གྱི་རང་གཟུགས་རྒྱལ་པོའི་རྣམ་པ་ཤར་བའི་མགོ་ལ། བྱམས་པ་ཆེན་པོའི་བྲོ་བརྡུང་ཆེམས་ཆེམས་སུ་བརྡུངས་བས། ཞེ་སྡང་མེ་ལོང་ཡེ་ཤེས་སུ་དག་པའི་བརྡ་མཚོན་ལ་རྣལ་འབྱོར་བའི་ཕྱག་གཡོན་ན་ཐོག་པའི་མཆོག་ཆེན་གླིང་བུ་སྐད་གདངས་ཀྱུ་རུ་རུ། དེ་དང་མཉམ་དུ་རིག་རྩལ་བྱམས་པ་ཆེན་པོའི་ཏིང་འཛིན་དུ་ཤར་བའི་ཧཱུྃ་གི་སྣང་གླུ་སུམ་བསྟུད་དུ་བསྒྲགས་པའོ། །ལྷོ་ཡི་འཛམ་བུ་གླིང་གི་བྲོ་ཇི་ལྟ་བུ་བརྡུངས་ན། ཕཊཿ ལྷོ་ཡི་འཛམ་བུའི་གླིང་ལ་བརྡུངས་ཙ་ནཿ དཔའ་བོ་མཁའ་འགྲོའི་བྲོ་ར་ཟུར་གསུམ་དབལཿ ང་རྒྱལ་གཤིན་རྗེའི་མགོ་ལ་ཆེམས་སེ་ཆེམཿ མཉམ་ཉིད་ཡེ་ཤེས་ཐོད་རྔ་ཁྲོ་ལོ་ལོཿ ཧཱུྃ་ཧཱུྃ་ཧཱུྃཿ ཞེས་གསུངས་ཏེ། ལྷོ་ཕྱོགས་རྒྱས་པའི་བྲོ་ར་ལྷོ་འཛམ་བུའི་གླིང་གི་རྣམ་པ། སེར་གསལ་འཇའ་འོད་འཁྲིགས་པའི་ཀློང་དུ་བརྡུངས་ཙ་ན། དཔའ་བོ་མཁའ་འགྲོའི་བྲོ་ར་སོག་ཁའི་དབྱིབས་ཅན་གྲུ་གསུམ་དབལ་ཟུར་གྱི་རྣམ་པ་ཅན། མ་རུངས་ང་རྒྱལ་གྱི་རང་གཟུགས་གསོད་བྱེད་གཤིན་རྗེའི་གདོན་ཚོགས་སུ་ཤར་བའི་མགོ་ལ་རྡོག་བྲོ་ཆེམས་ཆེམས་སུ་བརྡུང་པས། ང་རྒྱལ་མཉམ་ཉིད་ཡེ་ཤེས་སུ་དག་པའི་ཕྱག་གཡས་པའི་ཐོད་རྔ་ཁྲོ་ལོ་ལོ་དཀྲོལ་བ་དང་ལྷན་དུ། རིག་རྩལ་སྙིང་རྗེ་ཆེན་པོ་ཧཱུྃ་གི་སྣང་གླུ་གསུམ་བསྟུད་མར་བྱས་ནས་བསྒྲགས། དེ་ནས་ཡང་། ཕཊཿ ནུབ་ཀྱི་བ་ལང་སྤྱོད་ལ་བརྡུངས་ཙ་ནཿ དཔའ་བོ་མཁའ་འགྲོའི་བྲོ་ར་ཟླ་གམ་འཁྱིལཿ འདོད་ཆགས་སྲིན་མོའི་མགོ་ལ་ཆེམས་སེ་ཆེམཿ སོར་རྟོག་ཡེ་ཤེས་དྲིལ་གཡེར་ཁྲོ་ལོ་ལོཿ ཧཱུྃ་ཧཱུྃ་ཧཱུྃཿ ཞེས་གསུངས་ཏེ། ནུབ་ཕྱོགས་དབང་གི་བྲོ་ར་ནུབ་བ་གླང་སྤྱོད་ཀྱི་རྣམ་པ། དམར་གསལ་འཇའ་འོད་འཁྱིལ་བའི་གུར་ཁྱིམ་ལ་བརྡུངས་ཙ་ན། དཔའ་བོ་མཁའ་འགྲོའི་བྲོ་ར་ཟླ་གམ་དབང་གི་དཀྱིལ་འཁོར་དུ་བསྐྱེད་དེ། འདོད་ཆགས་སྲེད་པའི་རང་གཟུགས་མོ་གདོན་སྲིན་མོ་ཤར་བའི་གདོན་ཚོགས་ཀྱི་མགོ་ལ་ཆེམས་ཆེམས་སུ་བརྡུངས་པས། འདོད་ཆགས་སོར་རྟོག་ཡེ་ཤེས་སུ་དག་པའི་ཕྱག་གཡོན་གྱི་དྲིལ་བུ་གཡེར་ཁ་དང་བཅས་པའི་རང་སྒྲ་ཁྲོལ་ཁྲོལ་དུ་ཁྲོལ་བས། རིག་རྩལ་དགའ་བ་ཆེན་པོའི་ཧཱུྃ་ཆེན་གསང་བའི་སྒྲ་སྐད་སུམ་བསྟུད་དུ་བསྒྲགས། དེ་ནས་བྱང་གི་སར། ཕཊཿ བྱང་གི་སྒྲ་མི་སྙན་ལ་བརྡུངས་ཙ་ནཿ དཔའ་བོ་མཁའ་འགྲོ་བྲོ་ར་གྲུ་བཞི་ལམཿ ཕྲག་དོག་དམ་སྲིའི་མགོ་ལ་ཆེམས་སེ་ཆེམཿ བྱ་གྲུབ་ཡེ་ཤེས་ཅོད་པན་པུ་རུ་རུཿ ཧཱུྃ་ཧཱུྃ་ཧཱུྃཿ ཞེས་གསུངས་ཏེ། བྱང་ཕྱོགས་དྲག་པོའི་བྲོ་ར་བྱང་སྒྲ་མི་སྙན་གླིང་གི་དབྱིབས་ཀྱི་རྣམ་པ་ཅན། མཐིང་གསལ་འཇའ་འོད་འཁྲིགས་པའི་གླིང་དུ་བརྡུངས་ཙ་ན། དཔའ་བོ་མཁའ་འགྲོའི་བྲོ་ར་གྲུ་བཞི་ལམ་མེ་བ་བྱང་སྒྲ་མི་སྙན་གྱི་གླིང་དབྱིབས་ཅན། ཕྲག་དོག་གདུག་པའི་རྟོག་ཚོགས་སླུ་བྱེད་དམ་སྲིའི་གདོན་ཚོགས་སུ་ཤར་བའི་མགོ་ལ་ཆེམས་ཆེམས་སུ་བརྡུངས་པས། ཕྲག་དོག་བྱ་གྲུབ་ཡེ་ཤེས་སུ་དག་པའི་རྣལ་འབྱོར་དབུ་ཡི་ཅོད་པན་ལིང་ལིང་དུ་གཡོ་བ་པུ་རུ་རུ་ཞེས་པས། རིག་རྩལ་བཏང་སྙོམས་ཆེན་པོའི་ཧཱུྃ་གླུ་དྲག་པོའི་སྒྲ་སྐད་རི་འགུལ་བ་ཙམ་དུ་ཡང་སུམ་བསྟུད་དུ་བསྒྲགས། དེའི་འཕྲོས་དབུས་ཕྱོགས་ལ། ཕཊཿ དབུས་ཕྱོགས་ལྷུན་པོའི་རྩེ་རུ་བརྡུངས་ཙ་ནཿ དཔའ་བོ་མཁའ་འགྲོའི་བྲོ་ར་བྱིན་རེ་ཆགསཿ གཏི་མུག་ཤི་འདྲེའི་མགོ་ལ་ཆེམས་སེ་ཆེམཿ ཆོས་དབྱིངས་ཡེ་ཤེས་ཧཱུྃ་གླུ་ཀྱུ་རུ་རུཿ ཧཱུྃ་ཧཱུྃ་ཧཱུྃཿ ཞེས་གསུངས་ཏེ། དབུས་ཕྱོགས་ཞི་རྒྱས་དབང་དྲག་མཆོག་དང་ལྔ་པོའི་ནང་གི་མཆོག་གི་བྲོ་ར་དབུས་རི་དབང་ལྷུན་པོའི་རྣམ་པ་ཅན། ཚད་མེད་བཞི་ཡི་རང་འོད་གསལ་ཞིང་བསྡུ་དངོས་བཞི་ཡི་བང་རིམ་བཀྲ་ལ་ཕར་ཕྱིན་དྲུག་གི་ཁ་ཁྱེར་ཡངས་པ། དེ་ལྟར་དབུས་ཀྱི་བྲོ་ར་ལྷུན་པོའི་རྣམ་པ་ཅན་གྱི་རྩེ་རུ་བརྡུངས་ཙ་ན། དཔའ་བོ་མཁའ་འགྲོའི་བྲོ་ར་བྱིན་ཆགས་ལས་བཞི་ཀུན་འདུས་ཀྱི་དཀྱིལ་འཁོར། གཏི་མུག་རྨོངས་པས་བསྐྱེད་པའི་ཀུན་རྟོག་འཁྲུལ་བའི་སྣང་བ་ཇི་སྙེད་ཡོད་པ་ཐམས་ཅད་ཀྱི་རང་གཟུགས་སུ་ཤར་བའི་ཤི་འདྲེ་གསོན་འདྲེ་ཡུལ་འདྲེ་འཁྱམས་པོ་གནས་གདོན་ལུས་གདོན་ལ་སོགས་པ་སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱི་མགོ་ལ་ཆེམས་ཆེམས་སུ་བརྡུངས་པས། གཏི་མུག་ཆོས་དབྱིངས་ཡེ་ཤེས་སུ་དག་པའི་རྣལ་འབྱོར་ངག་གི་གསུང་སྒྲ་ཆོས་དབྱིངས་རྣམ་པ་དག་པའི་ཧཱུྃ་གླུ་ཀྱུ་རུ་རུ་བསྒྲགས་པས། རིག་རྩལ་བྱང་ཆུབ་སེམས་ཀྱི་རང་གདངས་སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་ཤར་ནས་འཁོར་བ་མྱང་འདས་སུ་དག་པའི་ཧཱུྃ་ཆེན་རྔམ་པའི་སྒྲ་སྐད། སྟོང་ཉིད་མཚན་མེད་སྨོན་མེད་རྣམ་ཐར་སུམ་ལྡན་གྱི་སུམ་བསྟུད་དུ་བསྒྲགས་མ་ཐག་གཟུང་འཛིན་རྩད་ནས་གཅོད་པའི་ཕཊ་སྒྲ་དྲག་པོ་དང་བཅས་ཏེ། གཏན་མེད་མ་བཅོས་སྤྲོས་པ་དང་བྲལ་བའི་ངང་ལ་དལ་གཅིག་མཉམ་པར་བཞག་དགོས། ཕཊཿ ཅེས་བརྡུང་ཤེས་པ་གཏད་མེད་བཏངཿ ཞེས་གསུངས་ན། ཕཊ་ཀྱི་སྒྲ་སྐད་དང་མཉམ་དུ་ཕྱག་གི་ཌཱ་རུ་འུར་ཆེམས་དྲག་བརྡུངས་དང་བཅས་ཏེ་ཤེས་པ་གཏད་མེད་བཏང་ནས། རིག་པ་བཟོ་མེད་ཀྱི་ངང་གདངས་ལ་ལྷོད་ཀྱིས་གློད་ལ་ཞོགས་གསུངས་ཏེ། མ་ཅིག་ལབ་ཀྱི་སྒྲོན་མས། གྲིམ་གྱིས་གྲིམ་ལ་ལྷོད་ཀྱིས་གློད། །དེ་ལ་ལྟ་བའི་གནད་གཅིག་ཡོད། །ཅེས་གསུངས་པའི་ཉམས་ལེན་གྱི་མན་ངག་དེ་དུས་དྲན་པར་བྱ་དགོས། དེ་ཡན་ཆད་ཀྱིས་བྲོ་བརྡུང་སོང་བ་ཡིན། བྲོ་བརྡུང་འདི་དག་གནའ་རིག་གནས་གསར་བརྗེའི་དུས་སྐབས་ཨང་རིམ་བཞི་པའི་མི་ངན་གྱི་སྟེང་ལ་དམར་སྲུང་དམག་མི་ཐོན་པ་ལྟར། ཕར་འབའ་ཞིག་བརྡུང་རྒྱུ་འཁྲབ་རྒྱུ་བརྫི་རྒྱུའི་འདང་རྒྱག་དེ་ལྟ་བུ་མ་ཡིན། འདི་བྲོ་བརྡུང་ཕུར་གདབ་གཉིས་ཀ་ལ། བདག་དང་གནས་དང་ལྷ་འདྲེ་ཟིལ་གྱིས་གནོན་པ་གསུམ་ཚང་བ་ཡིན་ཡང་། གཙོ་ཆེ་བའི་དབང་དུ་བྱས་ནས་བྲོ་བརྡུང་གིས་གཙོ་བོ་ལྷ་འདྲེ་ཟིལ་གནོན་དང་། ཕུར་གདབ་ཀྱིས་གཙོ་བོ་བདག་གནས་གཉིས་ཀ་ཟིལ་གནོན་གྱི་ཁྱད་པར་ཡིན། སྔ་གནོན་བར་གནོན་ཕྱི་གནོན་ཏེ་ཟིལ་གནོན་གྱི་དམིགས་པ་སྐོར་གསུམ་རིམ་ཅན་དུ་བསྟན་པ་ཡིན་ཡང་། འདིའི་བདག་གནས་ལྷ་འདྲེ་ཟིལ་གནོན་གསུམ་པོ་ཟུར་ནས་ལོགས་སུ་བཀར་བ་ཞིག་བཙལ་མི་དགོས་པ་མཉམ་དུ་ཚང་བ་ཡིན། གཉིས་པ་ཅོག་བུ་འབུབས་པ་ལ། དེ་ནས་ཅོག་བུ་འབུབས་པ་ནིཿ ཞེས་གསུངས་ནས་མཚམས་སྦྱར་ཏེ། གཞི་དེའི་ལྷ་འདྲེ་གདུག་པ་ཅནཿ གན་རྐྱལ་བསྒྱེལ་བའི་ཡན་ལག་ལྔརཿ གནམ་ལྕགས་ཕུར་བུ་བཏབ་པར་བསམཿ ཞེས་གསུངས་ན། སླར་ཡང་རང་ཉིད་ཀྱི་ཐུགས་ཀ་ནས། རང་འདྲའི་ལས་བྱེད་ཀྱི་མཁའ་འགྲོ་མ་གྲངས་མེད་དཔག་ཏུ་མེད་པ་མང་པོ། འོད་ཟེར་ཡེ་ཤེས་ཀྱི་མེ་ཡི་དྲྭ་བ་དང་བཅས་པ་འཕྲོས་ནས། གཞི་ས་གནད་གཉན་དམིགས་ཀྱི་གནས་དེའམ། གཞན་ནས་ལྷགས་པའི་གསར་བ། ལྷ་འདྲེ་གདུག་པ་ཅན་ཞི་བས་མི་ཐུལ་པ་དག་འབྲོས་དབང་མེད་པར་བཀུག་སྟེ་དྲག་པོའི་ཚམ་རྔམ་འབར་བའི་སྟབས་ཀྱིས་གན་རྐྱལ་ས་ལ་བསྒྱེལ་བའི་ཡན་ལག་བཞི། མགོ་དང་ལྔ་ལ་གནམ་ལྕགས་ལས་གྲུབ་པའི་ཕུར་བུ་རེ་རེས་བཏབ་ནས་འཆོར་བ་མེད་པར་བྱས་པ་བསམ་སྟེ། ཕཊཿ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མསཿ བྱམས་པ་ཆེན་པོའི་ཕུར་པ་ཁྱེརཿ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མསཿ སྙིང་རྗེ་ཆེན་པོའི་ཕུར་པ་ཁྱེརཿ ནུབ་ཕྱོགས་པདྨ་མཁའ་འགྲོ་མསཿ དགའ་བ་ཆེན་པོའི་ཕུར་པ་ཁྱེརཿ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མསཿ བཏང་སྙོམས་ཆེན་པོའི་ཕུར་པ་ཁྱེརཿ དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མསཿ བྱང་ཆུབ་སེམས་ཀྱི་ཕུར་པ་ཁྱེརཿ བདག་འཛིན་ལྷ་འདྲེའི་མགོ་བོ་དངཿ ལྷུ་ཚིགས་བཞི་ལ་བཏབ་པ་ཡིསཿ གཡོ་འགུལ་མེད་པར་གནས་པར་གྱུརཿ ཕཊཿ ཅེས་གསུངས་ཏེ། རྣལ་འབྱོར་པ་དང་པོ་མལ་ནས་བསྐྱོད་པའི་དུས་ནས། གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ཞིག་གཉན་དམིགས་དེར་ཐོག་ཕབས་པ་ལྟར་བྱས་ནས་སྔ་གནོན་འཕེན་དགོས། དེ་ནས་ལྟ་བའི་གདེང་འགྲོས་ཀྱིས་བརྟུལ་ཞུགས་ལྡན་པའི་གོམ་སྟབས་དང་བཅས་ཏེ། གཉན་གནད་ས་དམིགས་ཀྱི་གནས་དེར་ཐོན་མ་ཐག་ལྷ་འདྲེ་ཀུན་གྱི་རྐང་པ་ནས་རང་འདྲ་རེ་རེས་བཟུང་ཞིང་ཀླད་ལ་བསྐོར་ཏེ་ས་ལ་གདབ་ནས་བར་གནོན་འཕེན་དགོས། དེ་ནས་འདོད་ཁམས་གླིང་བཞིའི་བྲོ་ར་ལ་ཟིལ་གནོན་གྱི་བྲོ་བརྡུངས་ནས་འགུལ་དབང་མེད་པར་བཅུན་པའི་ཕྱི་གནོན་འཕེན་དགོས། འདི་ནས་ཕྱི་ལྟར་རྣལ་འབྱོར་བས་ཅོག་བུ་འབུབས་པ་དང་ཆོས་མཚུངས་པ། ནང་ལྟར་ལྷ་འདྲེ་ཤིན་ཏུ་གདུག་པ་ཅན་ཨར་ལ་གཏད་ཞོར། གསང་བ་བདག་གནས་གཉིས་ཀ་ཟིལ་གྱིས་གནོན་པ་ཡིན། ཕཊ་སྒྲ་དྲག་པོ་སྟོང་གསུམ་འགེང་བ་ཙམ་གྱི་གད་རྒྱངས་སྒྲོག་པས་སྣ་དྲངས་ཏེ། རང་རིག་ཆོས་དབྱིངས་ཡེ་ཤེས་ཀྱི་རང་མདངས་ཤར་ཕྱོགས་རྡོ་རྗེའི་རིགས་ཀྱི་མཁའ་འགྲོ་མ། སྐུ་མདོག་དཀར་མོ་ཞི་འཛུམ་མཛེས་པའི་ཉམས་ཅན་དེས་རིག་རྩལ་བྱམས་པ་ཆེན་པོའི་རང་བཞིན་གྱི་ཕུར་པ་སྟེ། ཞི་བའི་ཕུར་པ་དཀར་པོ་ཟླུམ་པོའི་དབལ་ཅན་ཞིག་ཁྱེར་ནས། བདག་འཛིན་ལྷ་འདྲེའི་ལག་གཡས་པ་ཞེ་སྡང་གི་རང་བཞིན་ཅན་ལ་བཏབ་པས་ཞེ་སྡང་གནོད་སེམས་ཀྱི་རྟོག་པ་ཐམས་ཅད་རྩད་ནས་བཅོམ་པའམ་གཡོ་བ་མེད་པར་བྱས་ནས། མི་གཡོ་བྱམས་པ་ཆེན་པོའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་བསམ། དེ་བཞིན་དུ་རང་རིག་མཉམ་ཉིད་ཡེ་ཤེས་ཀྱི་རང་མདངས་ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ་སྐུ་མདོག་སེར་མོ་དགྱེས་འཛུམ་ཚིམ་པའི་རྣམ་པ་ཅན་དེས་རིག་རྩལ་སྙིང་རྗེ་ཆེན་པོའི་ཕུར་པ་སྟེ། རྒྱས་པའི་ཕུར་པ་སེར་པོ་དབལ་སོ་གྲུ་བཞི་རྩེ་རྣོན་དུ་བྱས་པ་ཞིག་ཁྱེར་ནས། བདག་འཛིན་ལྷ་འདྲེ་མ་རུངས་པའི་ལག་པ་གཡོན་པ་ང་རྒྱལ་གྱི་རང་བཞིན་ཅན་ལ་བཏབ་པས། ང་རྒྱལ་རྒྱགས་པའི་འཁྲུལ་རྟོག་རྩད་ནས་བཅོམ་པའམ་གཡོ་བ་མེད་པར་བྱས་ནས། སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་བསམ་དགོས། ཡང་རང་རིག་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རང་མདངས་ནུབ་ཕྱོགས་པདྨའི་རིགས་ཀྱི་མཁའ་འགྲོ་མ། སྐུ་མདོག་དམར་མོ་བཞད་ཅིང་ཆགས་པའི་ཉམས་ཅན་དེས་རིག་རྩལ་དགའ་བ་ཆེན་པོའི་ཕུར་པ་སྟེ། དབང་གི་ཕུར་པ་དམར་པོ་དབལ་སོ་དབང་རྟགས་ཟླ་གམ་རྩེ་རྣོན་གྱི་དབྱིབས་ཅན་ཞིག་ཁྱེར་ནས། བདག་འཛིན་ཞེན་ཆགས་ཀྱི་འདྲེ་རྒན་དེའི་རྐང་པ་གཡོན་པ་འདོད་ཆགས་ཀྱི་རང་བཞིན་ཅན་ལ་བཏབ་པས། འདོད་ཆགས་ཞེན་པའི་རྟོག་ཚོགས་རྩད་ནས་གཞོམ་པའམ་གཡོ་བ་མེད་པར་བྱས་ནས། དགའ་བ་ཆེན་པོའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་བསམ། ཡང་རང་རིག་བྱ་གྲུབ་ཡེ་ཤེས་ཀྱི་རང་མདངས་བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། སྐུ་མདོག་ལྗང་མོ་ཁྲོས་འཁྲིགས་རྔམ་པའི་ཉམས་དང་ལྡན་པ་ཞིག་གསལ་དགོས། དེ་ལྟ་བུའི་ཁྲོས་འཁྲིགས་རྔམ་པའི་ཉམས་དང་ལྡན་པ་དེས་རིག་རྩལ་བཏང་སྙོམས་ཆེན་པོའི་ཕུར་པ་སྟེ། དྲག་པོའི་ཕུར་པ་ནག་པོ་དབལ་སོ་གྲུ་གསུམ་རྩེ་རྣོན་མེ་ཡི་ཚ་ཚྭ་འཕྲོ་བ་ཞིག་ཁྱེར་ནས། བདག་འཛིན་གྱི་བདུད་པོ་དེའི་རྐང་པ་གཡས་པ་ཕྲག་དོག་གི་རང་བཞིན་ཅན་དེར་བཏབ་པས། ཕྲག་དོག་འགྲན་སེམས་ཀྱི་རྟོག་པ་རྩད་ནས་གཞོམ་པའམ་གཡོ་བ་མེད་པར་བྱས་ནས། བཏང་སྙོམས་ཆེན་པོའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་བསམ། རང་རིག་ཆོས་དབྱིངས་ཡེ་ཤེས་ཀྱི་རང་མདངས་དབུས་ཕྱོགས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ། སྐུ་མདོག་མཐིང་ཁ་ཁྲོ་ཆགས་དགྱེས་འཛུམ་གྱི་ཉམས་འགྱུར་ཐམས་ཅད་རྫོགས་པ་ཞིག་གསལ་ནས། དེས་རིག་རྩལ་བྱང་ཆུབ་སེམས་ཀྱི་ཕུར་པ་ཁྱེར་ནས། ལས་བཞི་ཡོངས་སུ་རྫོགས་པའི་ཕུར་པ་ཁ་དོག་མ་ངེས་སྣ་ཚོགས་མདོག་ཅན་ཞིག་བདག་འཛིན་ལྷ་འདྲེ་གཏུམ་པོའི་མགོ་བོ་གཏི་མུག་མ་རིག་པའི་རང་བཞིན་ཅན་དེར་བཏབ་པས། གཟུང་འཛིན་ཨ་འཐས་སུ་གོམས་བའི་འཁྲུལ་རྟོག་རྩད་ནས་བཅོམ་པའམ་གཡོ་བ་མེད་པར་བྱས་ཏེ། སྨོན་འཇུག་བྱང་ཆུབ་སེམས་ཀྱི་ངང་དུ་ལྷམ་མེར་གནས་པའི་ཏིང་འཛིན་རྒྱུད་ལ་སྐྱེས་པར་བསམ། དེ་ལྟར་དུ་དམིགས་པ་གསལ་གདབ་ནས་སླར་ཡང་། ཕཊ་སྒྲ་དྲག་པོ་དང་བཅས་ཏེ། གླིང་བུའི་འགྱུར་ཁུག་དང་ཌཱ་མ་རུའི་རྔམ་སྟབས། དྲིལ་བུའི་དབྱངས་སྙན་རྣམས་ཀྱིས་ཟིལ་གནོན་བཞད་པ་བརྒྱ་ཡི་ཉམས་འགྱུར་དང་བཅས་ཏེ། ཡོན་ཏན་ཤེས་རབ་ཕར་ཕྱིན་གྱི་དགོངས་པ། བདག་གནས་ལྷ་འདྲེ་དང་བཅས་པ། མི་དམིགས་རིག་སྟོང་སྤྲོས་བྲལ་མཉམ་གཞག་གི་ངང་ལ་དལ་གཅིག་གཞག་དགོས། དེའི་དོན་འདི་ཡིན་ཏེ། ཅེས་བརྗོད་བདག་གཞན་ལྷ་འདྲེ་གསུམཿ གང་དུ་མི་དམིགས་མཉམ་པར་གཞགཿ ཅེས་གསུངས་པས་བསྟན་པ་ཡིན་ནོ། །དེ་ཡན་ཆད་ཀྱིས་སྔོན་འགྲོ་ཟིལ་གནོན་སྐོར་གསུམ་སོང་བའོ། །གཉིས་པ་དངོས་གཞི་ལུས་ཀྱི་སྦྱིན་པ་ནི། དེ་ནས་ལྷ་འདྲེ་ངོས་ཟིན་ནསཿ ལུས་སྦྱིན་དངོས་ལ་འཇུག་པ་ནིཿ ཞེས་གསུངས་མཚམས་སྦྱར་བས། ལྷ་འདྲེ་ངོས་ཇི་ལྟར་ཟིན། གལ་ཏེ་ངོས་ཟིན་ན་བདུད་དང་བགེགས་རིགས་ཀྱི་མཚན་ཉིད་ཞོག་ཅེ་ན། རྣམ་རྟོག་གི་གྲངས་དང་མཉམ་པའི་འདྲེ་གདོན་བགེགས་རིགས་ཡོད་པས་ཤིན་ཏུ་མང་ཡང་། གང་ཞིག་དགེ་བ་ལ་བར་དུ་བཅད་ཅིང་ཐར་བར་སྒྲུབ་པའི་གེགས་བྱེད་པ་བདུད་དང་བགེགས་ཀྱི་མཚན་ཉིད་ཅེས་བྱ། འོན་ཏེ་གནོད་བྱེད་འཁྲུལ་སྣང་གི་ལྷ་འདྲེ་ངོས་བཟུང་ན་བདུད་བཞི་ལ་ཐུག དེའི་ནང་གི་རྩ་བ་ནང་བདག་འཛིན་སྙེམས་བྱེད་ཀྱི་བདུད་ལ་ཐུག་ཡོད་པས་དེ་གཅད་དགོས། གལ་ཏེ་བདུད་བཞི་ཐོག་མ་ནས་དག་པ་ཡིན་པས་གཅོད་ལར་དགོས་པ་མ་ཡིན་པས་ཅི་ཞིག་གཅོད་བསམ་ན། བདེན་མོད་ཀྱང་ད་དུང་སྤངས་རྟོགས་ཀྱི་ཡོན་ཏན་མངོན་དུ་མ་གྱུར་བ་ནི་བདུད་བཞི་ཆོད་མེད་པའི་རྟགས་ཡིན། དེས་ན་ཐོགས་བཅས་ཐོགས་མེད་ཀྱི་བདུད་གཉིས་ཀ་མེད་ན་གཅད་བྱ་མེད་པས་གཅོད་སར་ཅི་ལ་འགྲོ། མ་སོང་ན་གཅོད་པའི་བོགས་འབྱིན་གསར་དུ་མི་ཐོབ། ནང་རྟོགས་ཀྱི་ཡོན་ཏན་སོ་མ་མི་སྐྱེ། དགའ་བྲོད་ཀྱི་བདུད་ཡོད་དགོས་ཏེ། དགའ་བྲོད་བྱ་ཡུལ་གྱི་ཡོན་ཏན་ཞིག་ཐོབ་ཏུ་མེད་ན་གཅོད་བྱེད་དུ་སོང་བས་ཅི་ཞིག་བྱ། སྟོན་ཐོག་གི་འབྲས་བུ་མེད་ན་སོ་ནམ་གྱི་ཞིང་ལས་མི་བྱེད་པའི་དཔེ་རུ་བྱས་ནས་གསུངས་ཡོད། སྙེམས་བྱེད་ཀྱང་ཡོད་དགོས་ཏེ་ཉམས་ལེན་དང་གདམས་ངག་གི་ཕོ་ཚོད་གང་ཡང་མེད་ན་ཅི་འདྲ་བྱེད། དཔའ་བོ་ལག་ཆ་མེད་པ་གཡུལ་ལ་མི་ཞུགས་པ་དང་འདྲ་བ་ཡིན། དེས་ན་དང་པོ་ནས་བདུད་བཞི་སྤངས་མེད་ཀྱང་། ནད་གཞི་སྨན་གྱིས་སྤངས། སྨན་ནི་ནད་པ་སོས་ནས་རང་ཤུགས་ཀྱིས་སྤང་བ་དང་འདྲ་བ། ཁྱད་པར་དུ་དགའ་བྲོད་སྙེམས་བྱེད་གཉིས་ཀ་རྟོགས་པ་ཀློང་དུ་གྱུར་དུས་རང་ཤུགས་ཀྱིས་སྤང་བ་ཡིན། འདི་ནས་འདྲེ་ངོས་འཛིན་བྱེད་པ་ལ། འདྲེ་ཕྱི་ལ་ཡོད་པ་མ་ཡིན་ནང་རང་གི་སེམས་ལ་ཡོད་དེ། ནང་འདྲེ་འཛིན་གྱི་རྣམ་རྟོག་དང་བདག་འཛིན་གྱི་འཁྲུལ་བ་དང་། གཅེས་འཛིན་གྱི་ཞེན་པ་ཡོད་པ་དེ་ཐམས་ཅད་འདྲེ་ཡིན་ཏེ། མ་གཅིག་གིས། འདྲེ་ངར་མ་བྱ་བ་ང་འཛིན་ཡིན་སོགས་གསུངས་བ་ལྟར་ཡིན་ནོ། །འོ་ན་ཕྱི་རོལ་ཞིག་ཏུ་སོང་བས་ཅི་བྱ་ཞེ་ན། ཕྱི་འཇིགས་པའི་རྐྱེན་ལ་བརྟེན་ནས་ནང་འཇིགས་མཁན་གྱི་ཤེས་པའི་རྩ་བརྡར་གཅོད་པ་ལ་གཅོད་ཅེས་གསུངས། ནང་གི་འདྲེ་འཛིན་མ་ཞིག་ན་ཕྱིའི་འདྲེ་གདོན་ལ་ཟད་པ་མེད་པས་ཚད་མེད་པ་ཡོད་ཀྱང་། བསྡུ་ན་སྡེ་བརྒྱད་འབྱུང་པོའི་ཁོངས་སུ་འདུས་ཏེ། དཀར་པོ་ལྷ་ཡི་སྡེ། དམར་པོ་བཙན་གྱི་སྡེ། ནག་པོ་བདུད་ཀྱི་སྡེ། སེར་པོ་གནོད་སྦྱིན་གྱི་སྡེ། སྨུག་པོ་སྲིན་པོའི་སྡེ། སྟེང་ཕྱོགས་ཀྱི་དབང་ཆེན་གཟའ། འོག་ཕྱོགས་ཀྱི་དབང་ཆེན་ཀླུ། མདོར་ན་ལྷ་དང་བཙན་དང་བདུད་དང་གནོད་སྦྱིན་དང་སྲིན་པོ་དང་གཟའ་དང་ཀླུ་ཕོ་རྣམས་ལ་ཕོ་གདོན་དང་། དེའི་སྟེང་མོ་རྒྱུད་ཀྱི་འདྲེ་གདོན་སོགས་ཐམས་ཅད་མ་མོ་སྟེ། བརྒྱད་པོ་ལ་སྡེ་བརྒྱད་ཟེར་བ་ཡིན་ནོ། །ནང་བདག་འཛིན་གྱི་རྩ་བ་བཅད་ནས་འཁོར་འདས་ཀྱི་སྟོང་སྲོག་ལ་དབང་མ་འབྱོར་ན། ཕྱིའི་སྡེ་བརྒྱད་མི་མིན་འབྱུང་པོའི་ཆོ་འཕྲུལ་ལ་ཡ་ལན་ཐུབ་པ་མིན་ཏེ། ཅིའི་ཕྱིར་ཞེ་ན། འཆི་བདག་གཤིན་རྗེའི་ཁྲམ་ཁ་དེས་གང་ལ་ཐེབས་ན་རི་དྭགས་རྙི་ལ་བཟུང་བ་ལྟ་བུ་ཞིག་དང་། འདོད་ཁམས་མ་མོའི་ནད་རྐྱལ་གྱི་རིམས་ནད་དྲག་པོ་དེ་འཆི་ནད་ལུས་ལ་ཐེབས་པ་ལྟ་བུ་ཞིག་ཡིན། གདུག་པ་གཟའ་ཡི་ཁ་རླུང་དེ་ནམ་མཁའི་ཐོག་མདའ་མགོ་ལ་བབས་པ་ལྟ་བུ་ཞིག་ཡིན། གླེན་པ་ཀླུ་ཡི་གདུག་རྩུབ་དེ་རྒྱ་དུག་ཁོག་ལ་སོང་བ་ལྟ་བུ་ཞིག་ཡིན་ཞེས་སོགས་གསུངས་ཡོད། ནང་བདག་འཛིན་གྱི་ཞེན་པ་རྩད་ནས་བཅད་དེ་གཅེས་འཛིན་གྱི་བློ་དང་བྲལ་དུ་བཅུག་ན། ནང་སེམས་ཀྱི་འདྲེ་འཛིན་ཆོད་པས་ཕྱི་འདྲེ་ཡི་ཆོ་འཕྲུལ་དང་གནོད་པ་རང་ཞི་རུ་འགྲོ། སྒྱུ་མ་མཁན་པོ་ཁོ་རང་བསད་ན་སྒྱུ་མར་སྤྲུལ་བའི་དམག་སྣ་རང་ཤུགས་ཀྱིས་བཟློག་ཐུབ་པ་ལྟ་བུ་ཡིན་ནོ། །ལུས་སྦྱིན་དངོས་ལ་འཇུག་པ་ལ། ནང་གསེས་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་སྔོན་འགྲོ་ལ་ལྔ་སྟེ། ཚོགས་ཞིང་གསལ་གདབ་པ། སྐྱབས་འགྲོ། སེམས་བསྐྱེད། མཎྜལ། བླ་མའི་རྣལ་འབྱོར་དང་ལྔའོ། །དང་པོ་ཚོགས་ཞིང་གསལ་གདབ་པ་ནི། ཕཊཿ རང་སྣང་འོད་གསལ་བདེ་བ་ཆེན་པོའི་དབྱིངསཿ འབད་རྩོལ་སྤྲོས་པ་བྲལ་བའི་ནམ་མཁའ་ལཿ རྩ་བའི་བླ་མ་དྲུག་པ་རྡོ་རྗེ་འཆངཿ དགོངས་བརྡ་སྙན་བརྒྱུད་བླ་མ་ཡི་དམ་ལྷཿ མཁའ་འགྲོ་ཆོས་སྐྱོང་སྲུང་མ་སྤྲིན་ལྟར་གཏིབསཿ མ་འགགས་འཇའ་ཚོན་ཐིག་ལེའི་ཀློང་དུ་གསལཿ ཞེས་གསུངས་ཏེ། རང་སྣང་འོད་གསལ་ཞེས་པས་ཅི་ཞིག་བསྟན་ཅེ་ན། ཡུལ་ཅན་ལྷུན་གྲུབ་རིག་པ་འོད་གསལ་བའི་ཡེ་ཤེས་བསྟན་པ་དང་། བདེ་བ་ཆེན་པོའི་དབྱིངས་ཞེས་པས་ཡུལ་ཆོས་ཀྱི་དབྱིངས་སྟོང་ཉིད་དམིགས་བསམ་བརྗོད་པ་ཐམས་ཅད་ལས་འདས་པ། བདེ་སྟོང་དབྱེར་མི་ཕྱེད་པའི་བདག་ཉིད་ཆོས་ཉིད་མཉམ་པ་ཆེན་པོར་བསྟན་ནས། འབད་རྩོལ་སྤྲོས་པ་བྲལ་ཞེས་པས་དབྱིངས་དང་ཡེ་ཤེས་གཉིས་ཀ་ཟུང་དུ་འཇུག་པ་མངོན་རྟོགས་ཀྱི་རིམ་པས་ཡུལ་ཡུལ་ཅན་གཅིག་འཕྲོས་གཅིག་བཞག་ཀྱང་། དོན་ལ་སྔོན་རྗེས་ཀྱི་གོ་རིམ་ཅན་མིན་པ་གདོད་ནས་དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་བཞུགས་པའི་རང་བྱུང་བདེ་བ་ཆེན་པོའི་ཡེ་ཤེས་ཡིན་ན། དེ་ནི་སེམས་ཀྱི་ཆོས་ཉིད་དམ་གཉུག་མ་འོད་གསལ་བའི་སེམས་ཞེས། ཡོད་མེད་ཡིན་མིན་གྱི་མཐའ་ཐམས་ཅད་དང་བྲལ་བ། སྨྲ་བསམ་བརྗོད་འདས་ཀྱི་བདག་ཉིད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ཞེས་གསུངས་པ་ལྟར། མདོ་རྒྱུད་ཐམས་ཅད་ཀྱི་བསྟན་དོན་གྱི་ཡེ་ཤེས། མཐའ་བྲལ་དབུ་མ་ཆེན་པོ་དང་སྤྲོས་བྲལ་ཕྱག་རྒྱ་ཆེན་པོའི་དགོངས་པ་མཐར་ཐུག་པ། དབང་བཞི་པའི་དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས། འོད་གསལ་རྫོགས་པ་ཆེན་པོའི་སྒྲ་འཇུག་ས་ཡང་དེ་ཡིན། དེས་ན་ཕྱི་ལྟར་ན་མདུན་གྱི་ནམ་མཁའ། ནང་ལྟར་ན་རང་སྣང་དག་པ་ཆེན་པོ་ཡིད་ཀྱི་མཁའ། གསང་བ་ལྟར་ན་འཁོར་འདས་དབྱེར་མེད་ཀྱི་ཀློང་། གཞི་འབྲས་གཉིས་སུ་མེད་པ་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་དེ་ཁོ་ན་ཉིད་ཀྱི་ནམ་མཁའ་ལ། སྐྱབས་གསུམ་ཀུན་འདུས་རྩ་བའི་བླ་མ། རྩ་གསུམ་ཀུན་འདུས་བྱིན་རླབས་ཀྱི་གཏེར་མཛོད། སྐུ་གསུམ་ཀུན་འདུས་རིགས་བརྒྱའི་ཁྱབ་བདག་དགོངས་བརྒྱུད་གཅིག་ལ་འདུས་པ། དོན་གནས་ལུགས་རིག་སྟོང་གཉིས་མེད་ཐིག་ལེ་ཉག་གཅིག་ལ་འདུས་ཀྱང་། རྣམ་པ་ཟུང་འཇུག་སྣང་བའི་ཆ་ནས་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་གཞི་རུ་གྱུར་བ། རིགས་ལྔ་གཅིག་ཏུ་འདུས་པ་རིགས་དྲུག་པ་བླ་མ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ལ། རྒྱལ་བ་དགོངས་པའི་བརྒྱུད་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོས་རང་མདངས་རིགས་ལྔའི་འཁོར་ལ། དུས་བཞི་འཕོ་འགྱུར་མེད་པའི་དུས་ན། ཆོས་ཟབ་མོ་གསང་སྔགས་རྡོ་རྗེའི་ཐེག་པ་སྒྲ་ཚིག་རང་མཚན་ལས་འདས་པར་གསུངས་པ་དང་། རིག་འཛིན་བརྡ་ཡི་བརྒྱུད་པ་ཉིད་ལས་མི་གཞན་པའི་རྒྱལ་སྲས་རིགས་གསུམ་སེམས་དཔའ་འམ་རིགས་ལྔ་འཁོར་གྱི་མཁའ་འགྲོ། གསང་འཛིན་གསང་བའི་བདག་པོའམ་སྟོན་པ་དྲི་མ་མེད་པ་སོགས་སྣང་སྟེ། བརྡ་ཡིས་གྲོལ་བར་མཛད་པའི་བརྒྱུད་པའོ། །གང་ཟག་སྙན་ཁུང་གི་བརྒྱུད་པ་ལས་ཅན་དབང་པོ་ཡང་རབ་རྟོགས་གྲོལ་དུས་མཉམ་སོང་བ་ནས་གྲུབ་བརྙེས་བརྒྱུད་པའི་རིག་འཛིན་སྐྱེས་འཕགས་སྣ་ཚོགས་པའི་ཚུལ་གྱིས་བྱོན་པའི་ཞལ་ནས་སྙན་དུ་བརྒྱུད་པའི་བརྒྱུད་པ་སྟེ། དེ་ལྟ་བུ་བརྒྱུད་གསུམ་དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ་དང་། ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་ཏེ། འདིར་སྔགས་གསར་རྙིང་ཐུན་མོང་ལྟར་ན་རྒྱུད་སྡེ་བཞི། བྱ་བའི་རྒྱུད་ཀྲི་ཡ་ཏནྟྲ། སྤྱོད་པའི་རྒྱུད་ཨུ་པ་ཏནྟྲ། རྣལ་འབྱོར་རྒྱུད་ཡོ་ག་ཏནྟྲ། རྣལ་འབྱོར་ཆེན་པོའི་རྒྱུད་མ་ཧཱ་ཡོ་ག་ཏནྟྲ། ཡང་ན་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དང་བཞི། སྔ་འགྱུར་ཐུན་མིན་གྱི་རྒྱུད་སྡེ་དྲུག་སྟེ། ཕྱི་རྒྱུད་སྡེ་གསུམ་དང་། ནང་རྒྱུད་སྡེ་གསུམ་དང་དྲུག་སྟེ། བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསུམ་ལ་ཕྱི་རྒྱུད་གསུམ་དང་། མ་ཧཱ་ཨ་ནུ་ཨ་ཏི་གསུམ་ལ་ནང་རྒྱུད་གསུམ་དང་དྲུག་གོ། །སྔགས་ཕྱི་ནང་ཞེས་པ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། འདིར་གཙོ་བོ་གྲོལ་ལམ་གྱི་དབང་དུ་བྱས་ན། ལྟ་བ་བདེན་གཉིས་དབྱེར་མེད་ཡིན་མིན་དང་། སྒོམ་པ་ལྷ་ཚོགས་ཐབས་ཤེས་མཉམ་སྦྱོར་ཡིན་མིན། སྤྱོད་པ་ཤ་ལྔ་བདུད་རྩི་ལྔ་སོགས་བརྟེན་མི་བརྟེན་གྱི་ཁྱད་པར་ཡོད་པ་དང་། སྨིན་བྱེད་ཀྱི་དབང་དུ་བྱས་ན། དབང་བཞི་ཚང་དང་མི་ཚང་གི་ཁྱད་པར་གྱིས་རིམ་གཉིས་བསྐྱེད་རྫོགས་གཉིས་ཀར་ཁྱད་པར་ཆེ་བ་ཡིན། འོ་ན་གསང་སྔགས་གསར་རྙིང་ལ་ཁྱད་པར་ཅི་ཡོད་ཅེ་ན། འགྱུར་སྔ་ཕྱིའི་དབང་གིས་གསང་སྔགས་གསར་རྙིང་གི་རྣམ་པར་བཞག་པ་ཡིན། དེས་བཞག་པའི་གསང་སྔགས་ཕྱི་འགྱུར་གསར་མ་པ་ཡིན་ན་ཡང་། བླ་མེད་དང་གཙོ་བོ་ཁམས་བདེ་བ་ཆེན་པོ་ལ་བརྟེན་ནས་མཆོག་སྒྲུབ་པ་མ་རྒྱུད། གཙོ་བོ་གསལ་བ་རླུང་གི་ཐབས་ལ་བརྟེན་ནས་མཆོག་སྒྲུབ་པ་ཕ་རྒྱུད། དེ་གཉིས་ཀའི་གྲོགས་རྩ་རླུང་ཁམས་གསུམ་པོ་གནད་དུ་བསྣུན་པ་དང་། དེ་གཉིས་ཀ་གཉིས་མེད་ཟུང་འཇུག་མ་ནིང་གི་རྒྱུད་སྡེ་ཡང་ཡོད། མདོར་ན་སྔགས་གསར་མའི་བདེ་གསལ་མི་རྟོག་པའི་ཏིང་འཛིན་གྱི་ཐབས་ཀྱིས་སྐུ་དང་ཡེ་ཤེས་ཀྱི་གནས་ལུགས་མངོན་དུ་བྱེད་པ་ཡིན་པས། གསང་འདུས་བདེ་མཆོག་དུས་འཁོར་ལ་སོགས་རྒྱུད་སྡེ་མང་ངོ་། །སྔ་འགྱུར་རྙིང་མ་ལ་མཚོན་ན་མ་ཧཱ་ཨ་ནུ་ཨ་ཏི་གསུམ། དེའི་ནང་གི་མ་ཧཱ་ཡོ་གའི་ཏནྟྲ་ལ་རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་ཅེས་བྱ་སྟེ། སྣང་སྲིད་ལྷ་དང་གཞལ་ཡང་ཁང་དུ་གསལ་ཞིང་། ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་ལྷར་གསལ་བས། རླུང་ལྔ་གཙོ་བོར་གྱུར་བའི་བདེ་གསལ་མི་རྟོག་པའི་ཡེ་ཤེས་གཉིས་མེད་ལམ་དུ་བྱེད་པས་ཚེ་འདི་ལ་གྲོལ་བར་འདོད་པ་ཡིན། ངེས་བྱེད་རྒྱུད་སྡེའི་རྣམ་གྲངས་ལ་རྩ་རྒྱུད་དང་། མན་ངག་གི་རྒྱུད་གཉིས་ལས། རྩ་བའི་རྒྱུད་ལ་དཔལ་གསང་བ་འདུས་པ་ནམ་མཁའ་དང་མཉམ་པའི་རྒྱུད་སོགས་དང་། གདམས་པ་མན་ངག་གི་རྒྱུད་ལ། བར་ཆད་བསྲུང་བ་གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད་སོགས་ཡོད་དོ། ། ལུང་ཨ་ནུ་ཡོ་གའི་ཏནྟྲ་ལ་མཚོན་ན། དབྱིངས་བདེ་ཆེན་རྣལ་འབྱོར་གྱི་རྒྱུད་དེ། སྣོད་བཅུད་ལྷའི་རང་བཞིན་དུ་དབྱིངས་ནས་སངས་རྒྱས་པ་ཙམ་དུ་རྟོགས་པའི་ངང་ནས་བསྐྱེད་པ་ཐབས་ཤས་ཆུང་ཞིང་། རྫོགས་པ་རྩ་ཐིག་རླུང་གི་རྣལ་འབྱོར་བདེ་གསལ་མི་རྟོག་པའི་ཡེ་ཤེས་ལམ་དུ་བྱེད་པས་ཚེ་འདིར་གྲོལ་བར་འདོད་པའོ། །དེའི་ངེས་འབྱེད་རྒྱུད་སྡེའི་རྣམ་གྲངས་ལ་མཚོན་ན། རྩ་རྒྱུད་ཐིག་ལེ་འདུས་པ་སོགས་དང་། སྐུའི་རྒྱུད་མེ་ལྟར་འབར་བ། གསུང་གི་རྒྱུད་དབང་ཆེན་འདུས་པ། ཐུགས་ཀྱི་རྒྱུད་པུཎ་ཌ་རཱི་ཀ དེ་བཞིན་དུ་ཡོན་ཏན་ཕྲིན་ལས་ལ་སོགས་པའི་རྒྱུད་མང་བ་ཡིན། རྫོགས་ཆེན་ཨ་ཏི་ཡོ་ག་ལ་མཚོན་ན་ཤིན་ཏུ་རྣལ་འབྱོར་གྱི་རྒྱུད་རེད། དེའི་རྒྱུད་སྡེ་ལ་ནང་གསེས་དང་བཅས་པར་བཤད་ཀྱིས་མི་ལང་བར་ཡོད་ཀྱང་། འདི་ནས་དེ་དག་རྒྱས་བཤད་ཀྱི་སྐབས་མ་ཡིན། སྔགས་གསར་རྙིང་གི་རྒྱུད་སྡེ་ཞེས་པ་འདི་དག་བླ་མེད་ཀྱི་རྒྱུད་ཁོ་ནར་མིན་ཡང་། རྒྱུད་སྡེ་འོག་མ་གསུམ་པོ་ལའང་སྔ་འགྱུར་ཕྱི་འགྱུར་གྱི་རྒྱུད་སྡེའི་ཁྱད་པར་ཡོད་པ་ཡིན། དཔེར་གསར་རྒྱུད་ལ་མཚོན་ན། བྱ་རྒྱུད་ཀྱི་ལེགས་གྲུབ་དང་། བསམ་གཏན་ཕྱི་མ། གསང་བ་སྤྱི་རྒྱུད་སོགས་དང་། སྤྱོད་རྒྱུད་ཀྱི་རྩ་རྒྱུད་རྣམ་སྣང་མངོན་བྱུང་། བཤད་རྒྱུད་ཀུན་འདུས་བཀོད་པ་ལ་སོགས་པ། རྣལ་འབྱོར་རྒྱུད་ཀྱི་རྩ་རྒྱུད་དེ་ཉིད་འདུས་པ། བཤད་རྒྱུད་རྡོ་རྗེའི་རྩེ་མོ། ཆ་མཐུན་གྱི་རྒྱུད་དཔའ་མཆོག་དང་པོ་ལ་སོགས་པ་ཤིན་ཏུ་མང་ལ། དེ་བཞིན་དུ་སྔ་འགྱུར་ལ་མཚོན་ན། བྱ་རྒྱུད་ཀྱི་ལུས་ངག་ཐམས་ཅད་ཀྱི་ཁོག་འབུབ་པ་དཔུང་བཟང་གི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་དབང་བསྐུར་བ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་སོགས་དང་། སྤྱོད་རྒྱུད་ལ་མཚོན་ན་རྣམ་པར་སྣང་མཛད་མངོན་པ་བྱང་ཆུབ་པའི་རྒྱུད། མེ་རླུང་འབར་བའི་རྒྱུད་སོགས་ཡོད། ཡོ་གའི་རྒྱུད་ལ་མཚོན་ན། རྡོ་རྗེ་དབྱིངས་རྩ་བའི་རྒྱུད་སྟོང་ཕྲག་ལྔ་བ་ལེ་ལག་དང་བཅས་པ་ལ་སོགས་པ་ཤིན་ཏུ་མང་ངོ་། །དེ་ལྟར་བུའི་རྒྱུད་སྡེ་བཞིའམ་དྲུག་གི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་ཡོད་པས། དཀྱིལ་འཁོར་གཅིག་གི་ལྷ་ཚོགས་ཀྱང་སྤྲོ་བསྡུ་བསམ་ཡས་ཀྱི་ལྷ་ཚོགས་ངོ་བོ་དཀྱིལ་འཁོར་གྱི་གཙོ་བོ་གཅིག་ལ་འདུས། དེ་ཡང་བླ་མ་ལ་འདུས་ཏེ། དབང་ནི་ལྷ་ལ་མི་ཞུ་བླ་མར་ཞུ་ཞེས་གསུངས་པ་ལྟར་རོ། །གསང་སྔགས་བླ་མེད་རྒྱུད་ཀྱི་གསར་རྙིང་ལ་མ་ལྟོས་པར། ལྷའི་རྣམ་དག་ཅེས་ཕུང་ཁམས་སྐྱེ་མཆེད་རྩ་རླུང་ཁམས་བྱང་ཆུབ་ཀྱི་སེམས་དང་བཅས་པ་སྔགས་ཀྱི་དཀྱིལ་འཁོར་གསུངས་པ་ཡིན། དེ་བཞིན་དུ་མཁའ་འགྲོ་ཡང་ནང་གི་གནས་ཡུལ་ཉེར་བཞི་རྩ་ཁམས་བདེ་བའི་རང་བཞིན། གདན་གསུམ་ཚང་བའི་ཁམས་དྲུག་ལྡན་བའི་རྣལ་འབྱོར་རྡོ་རྗེའི་ལུས་འདི་ལ་འདུས་ཤིང་མ་ཚང་པ་མེད་པས། ཕྱི་ནང་གཉིས་ཀ་གནད་གཅིག་པའི་དབང་གིས་གདོད་ནས་གྲུབ་པའི་ལྷ་སྐུ་ལྷུན་གྲུབ་སྣང་སྟོང་འགག་མེད། བཀའ་སྡོད་ཆོས་སྐྱོང་སྲུང་མ་དང་བཅས་པ་སྤྲིན་ལྟར་ཐིབས་ཤིང་རླུང་ལྟར་འཕྱོ་བ། དེ་ཡང་རགས་པའི་གཟུགས་སུ་མ་གྲུབ་ཀྱང་སྣང་ཡུལ་དུ་སྟོང་གསལ་མ་འགགས་ཡེ་ཤེས་ཀྱི་སྙིང་པོ་ཅན། ཡེ་ཤེས་འོད་ལྔའི་འཇའ་ཚོན་ཐིག་ལེ་བཀྲ་བའི་ཀློང་དུ་གསལ་གདབ་དགོས། ཞེས་པས་ཚོགས་ཞིང་གསལ་བཏབ་ལཿ ཞེས་དེ་ལྟར་ཚོགས་ཞིང་གི་ལྷ་ཚོགས་གསལ་གདབ་ནས། གཉིས་པ་སྐྱབས་སུ་འགྲོ་བ་ནི། ལྷ་འདྲེས་གཙོ་བྱས་སེམས་ཅན་ཀུནཿ ཁྱེད་ཤེས་བློ་ཡིས་སྐྱབས་འགྲོ་དམིགསཿ ཞེས་གསུངས་ཏེ། སྐྱབས་འགྲོ་འདི་ལ་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གསང་བ་སྔགས་དང་བཅས་པའི་སྐྱབས་སུ་འགྲོ་ཚུལ། འགྲོ་ཡུལ། འགྲོ་ལུགས་ལ་སོགས་པའི་ཁྱད་པར་ཡོད་དེ། དད་པ་རྣམ་དག་སྐྱེས་བུ་ཆུང་བའི་ལམ། །ངེས་འབྱུང་རྣམ་དག་སྐྱེས་བུ་འབྲིང་གི་ལམ། །ལྷག་བསམ་རྣམ་དག་སྐྱེས་བུ་ཆེན་པོའི་ལམ། །ཞེས་གསུངས་པ་ལྟར་ཡིན་པས། སྐབས་འདིར་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ། ཐེག་ཆེན་བྱང་ཆུབ་སེམས་དཔའི་ལམ་ཡིན་པར་མ་ཟད། ནང་གསང་སྔགས་དོན་གྱི་ལྟ་བ་རྣལ་འབྱོར་བླ་མེད་རྒྱུད་ཀྱི་ཉམས་ལེན། ཁྱད་པར་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་ཆོས་སྡེ་ལས་བྱོན་པའི་ཕྱག་རྫོགས་གཉིས་མེད་ཀྱི་རྫོགས་རིམ་ཡང་ཡིན་ན། སྐྱབས་སུ་འགྲོ་མཁན་རང་ཉིད་གཅིག་པུས། སྐྱབས་ཡུལ་མཚན་མ་ཅན་གཞན་ཞིག་ལ་དམིགས་ནས། སྐྱབས་འགྲོ་ཉི་ཚེ་བར་བྱས་པ་ལྟར་མ་ཡིན་པར། སྐྱབས་སུ་འགྲོ་མཁན་ཉམ་ཐག་སྡུག་བསྔལ་གྱིས་གཙེས་པའི་སྣང་བ་དགྲ་རུ་ལྡང་བའི་ལྷ་འདྲེ། གནས་གདོན་ལུས་གདོན་ཡུལ་འདྲེ་འཁྱམ་པོ་སོགས་ཀྱིས་གཙོས་པའི་མར་གྱུར་སེམས་ཅན་ཀུན་གྱིས། སྐྱབས་ཡུལ་མཆོག་གསུམ་རྩ་གསུམ་སྐུ་གསུམ་གྱི་ལྷ་ཚོགས་ལ། ཡིད་ཁྱེད་ཤེས་བློ་གཏད་ལིངས་བསྐྱུར་གྱིས་སྐྱབས་སུ་འགྲོ་བ་དམིགས་བཞིན་ངག་གིས། ཕཊཿ རང་བྱུང་གི་རིག་པ་བཅོས་མེད་འདིཿ སྐྱབས་ཡུལ་གྱི་ངོ་བོར་མ་རིག་པསཿ སྡུག་བསྔལ་གྱི་རྒྱ་མཚོར་བྱིངས་པ་རྣམསཿ སྐུ་གསུམ་གྱི་དགོངས་པས་བསྐྱབ་ཏུ་གསོལཿ ཞེས་གསུངས་ཏེ། སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པའི་རྡོ་རྗེའི་མཁར་རྫོང་ལས། ཆོས་སྐུ་མི་འགྱུར་ཡུལ་མེད་ཀུན་འབྱམས་ལ། །ཕྱི་ནང་སྣོད་བཅུད་ཤར་བ་ལོངས་སྤྱོད་རྫོགས། །གཟུགས་བརྙན་ལྟ་བུར་སྣང་བ་སྤྲུལ་བའི་སྐུ། །སྐུ་གསུམ་རྒྱན་དུ་མ་རྫོགས་ཆོས་མེད་པས། །ཐམས་ཅད་སྐུ་གསུང་ཐུགས་ལས་ཤར་བ་ཡིན། །ཞེས་གསུངས་པ་ལྟར། རང་བྱུང་གདོད་མའི་རིག་པ་བཅོས་མེད་ཀ་དག་སྟོང་པ་ཆེན་པོའི་ངོ་བོ་ནི་ཆོས་སྐུ་སྤྲོས་པ་དང་བྲལ་བའི་རང་ངོ་སྐུ་གསུམ་ལྷུན་གྲུབ་རྒྱལ་བའི་ཞིང་ཁམས་ཡིན་པས། མ་དག་རིགས་དྲུག་གི་འགྲོ་བ་སྣང་ཡང་སྐུ་གསུམ་གྱི་རང་སྣང་། དག་པ་མྱང་འདས་སུ་སྣང་ཡང་སྐུ་གསུམ་རང་སྣང་། ཐམས་ཅད་གཉིས་མེད་སྐུ་གསུམ་གྱི་འཁོར་ལོ་ལས་མ་འདས་པས་སྐྱབས་ཡུལ་ངོ་བོ་རང་གི་སེམས་འདི་ལ་ཚང་སྟེ། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་གྲུབ་དགེ་འདུན་ཉིད། ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་གསུངས་པ་ལྟར་ཡིན། འོན་ཀྱང་དེ་ལྟར་སྐྱབས་ཡུལ་གྱི་ངོ་བོ་ཡིན་པ་ལ་མ་རིག་ཅིང་མ་ཤེས་པས་འཁྲུལ་ནས་རིགས་དྲུག་གི་སྡུག་བསྔལ་གྱི་རྒྱ་མཚོ་ལ་བྱིངས་ཤིང་། རྣམ་པར་འཕྱན་པའི་སྐྱབས་མེད་མགོན་བྲལ་བཤེས་མེད་ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུའི་སེམས་ཅན་རྣམས་ཏེ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡིན་ལུགས་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་སྣ་ཚོགས་སུ་འཆར་བ་སྐུ་གསུམ་གྱི་རང་གདངས་ལྷུན་གྲུབ་ཆེན་པོར་ཡེ་ནས་གནས་པ་ཡིན་པས། འཁོར་བ་ཞེས་བྱ་བའི་སྤང་བྱ་རང་མཚན་པ་ཞིག་ལོག་ན་མ་གྲུབ། མྱ་ངན་ལས་འདས་པ་ཞེས་བྱ་བའི་བླང་བྱ་མཛེས་པ་ཞིག་ཟུར་དུ་མ་གྲུབ། འཁོར་འདས་རིག་ངོ་ན་མཉམ་པའི་མ་བཙལ་ལྷུན་གྲུབ་གྱི་དགོངས་པ་ཆོས་སྐུ་དགོངས་ཀློང་གཅིག་ཏུ་འཁྱིལ་བའི་སྐུ་གསུམ་རང་ལ་ཚང་པའི་གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་དང་སྒོ་བསྟུན་པས་དགོངས་ཀློང་མངོན་འགྱུར་ཡོང་བར་བསྐྱབ་ཏུ་གསོལ་ཞེས་སྐྱབས་འགྲོའི་ཚིག་དང་བསྒྲགས་ནས། དེ་ལྟར་སྐྱབས་འགྲོའི་ངག་འདོན་ཡུལ་མཆོག་གསུམ་ལ་ནན་གྱིས་བསྐྱར་བའི་ཚུལ་དུ་ལན་གསུམ་འདོན་དགོས། ལན་གསུམ་དེ་ནས་སེམས་བསྐྱེད་ནིཿ ཞེས་མཚམས་སྦྱར་ནས། གསུམ་པ་སེམས་བསྐྱེད་ནི། ཕཊཿ སྣང་བ་ལ་དངོས་པོར་འཛིན་པའི་སེམསཿ བརྟུལ་ཞུགས་ཀྱི་སྤྱོད་པས་ཚར་བཅད་ནསཿ ཡང་དག་གི་གནས་ལུགས་རྟོགས་བྱའི་ཕྱིརཿ རེ་དོགས་དང་བྲལ་བར་སེམས་བསྐྱེད་དོཿ ཞེས་གསུངས་ཏེ། སྤྱིར་ན་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་སྨོན་དང་འཇུག་པའི་བདག་ཉིད་ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སྨོན་པའི་བསླབ་བྱ་ཚད་མེད་བཞི་ལྡན། འཇུག་པའི་བསླབ་བྱ་ཕྱིན་དྲུག་གི་སྤྱོད་པ་མཐར་ཕྱིན་པར་བྱ་བའི་དམ་བཅའ་ལེན་པ་དང་མཉམ་དུ། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཐོག་མ་མེད་པའི་དུས་ནས་ད་ལྟའི་བར་དུ། ཕྱི་སྣང་བའི་ཡུལ་ལ་དངོས་པོ་བདེན་གྲུབ་ཏུ་ཞེན་ཅིང་འཛིན་ནས་དགག་སྒྲུབ་ཆགས་སྡང་གི་དབང་དུ་ཤོར་བའི་འཁྲུལ་བའི་སེམས་འདི། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་ཚར་བཅད་ནས། ཡང་དག་པའི་མ་འཁྲུལ་དོན་གྱི་གནས་ལུགས་ཕྱིན་ཅི་མ་ལོག་པ་ཇི་བཞིན་དུ་རྟོགས་པར་བྱ་བའི་ཕྱིར་དུ། རེ་དོགས་གཉིས་འཛིན་དང་བྲལ་བའི་སེམས་བསྐྱེད་པ་ཡིན་ཞེས་ཚིག་གི་འབྲུ་དེད་ན་དེ་ལྟར་རེད། གོང་དུ་སྐྱབས་འགྲོའི་སྐབས་རང་གནས་སྐུ་གསུམ་གྱི་དགོངས་པ་ལ་སྐྱབས་སུ་སོང་བ་ལྟར། སེམས་བསྐྱེད་ཀྱི་སྐབས་འདིར་ཡང་། དེ་ཉིད་རང་གནས་རང་ངོར་ཤེས་པ། བདག་གཞན་སེམས་ཅན་ཐམས་ཅད་ཡེ་ནས་སྐུ་གསུམ་གྱི་ངོ་བོ་ཡིན་པ་ལ། ཡིན་པར་ཤེས་ནས་དེ་ལྟར་མངོན་དུ་གྱུར་པའི་སེམས་བསྐྱེད་པ་ཡིན་པས། མཉམ་བཞག་རིག་སྟོང་ནམ་མཁའ་ལྟ་བུའི་ངང་ལ་བཟོ་མེད་དུ་མཉམ་པར་བཞག་ན། བློ་བྲལ་ཅི་ཡང་མ་གྲུབ་པའི་ངོ་བོ་མཐོང་བ་དེ་ཉིད་མངོན་འགྱུར་མ་ཡེངས་པར་བསྐྱང་ན། སེམས་ཉིད་རང་བཞིན་རྣམ་དག་གློ་བུར་དྲི་མ་འབྲལ་རུང་གི་གཉིས་མེད་ཀྱི་འབྲས་བུ་ཆོས་སྐུ་གཞི་གནས་བཙལ་མི་དགོས་རང་གིས་རྙེད་པ་ཡིན། དེའི་སྟོང་པའི་དབྱིངས་ལས་བདེ་གསལ་མ་འགགས་གསལ་སྟོང་ཟུང་འཇུག་གོམས་པས་མཐར་ཐུག་འབྲས་བུའི་དུས་སུ་སྐུ་མདོག་ཞལ་ཕྱག་དང་རྒྱན་ཆ་ལུགས་ཅན་གྱི་རྣམ་པར་སྣང་ནས་ལོངས་སྤྱོད་རྫོགས་སྐུ་རང་ཆས་རང་ནས་གྲུབ་པ་དང་། རྗེས་ཐོབ་བདེན་མེད་ཀྱི་ངང་ནས་སྤྱོད་པ་མ་གྲུབ་ཀྱང་། བྱ་བ་མ་འགག་པར་ཡེངས་མེད་གོམས་པ་མཐར་ཕྱིན་ཅིར་ཡང་སྤྲུལ་པའི་སྐུར་སྣང་བ་ཡིན་པས། སངས་རྒྱས་སེམས་ཅན་གཉིས་ཀ་གཉིས་སུ་སྣང་ཡང་ངོ་བོ་གཅིག་པ་སེམས་འདི་གཅིག་གི་ཆོ་འཕྲུལ་ཡིན་ཏེ། དཔེར་ན་སོར་མོ་གཅིག་པོ་བརྐྱང་ན་ཐལ་མོ་དང་བསྐུམ་ན་ཁུ་ཚུར་ཡིན་པ་ལྟར་རོ། །དེས་ན་སྐྱབས་ཡུལ་རང་ལ་ཚང་བར་མ་ཤེས་པས་ད་སྔོན་བརྗོད་པ་སྒྲ་ཡི་སངས་རྒྱས་དང་། མཚོན་པ་བརྡ་ཡི་སངས་རྒྱས་ལ་རེ་བཅས་པ་ཡིན་ཡང་། ད་ནི་དེ་ལྟར་མི་རེ་བར་རང་སེམས་ཆོས་སྐུའི་ངོ་བོར་ངོ་ཤེས་པས་རེ་དོགས་ནང་ནས་བྲལ་ཏེ་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་ནོ། །བཞི་པ་མཎྜལ་ཡིན་པས། དེ་ནས་མཎྜལ་ནིཿ ཁོག་པ་རི་རབཿ ཡན་ལག་གླིང་བཞིཿ ཉིང་ལག་གླིང་ཕྲནཿ མགོ་བོ་ལྷ་གནསཿ མིག་གཉིས་ཉི་ཟླཿ དོན་སྣོད་ལྷ་མིའི་དཔལ་འབྱོར་དུ་བསམས་ལཿ ཞེས་གསུངས་ཏེ། མཎྜལ་ཞེས་པའི་སྒྲ་ནི། ལེགས་སྦྱར་གྱི་སྐད་དུ་མཎྜ་སྙིང་པོ་དང་ལ་ལེན་པ་ལ་འཇུག་པ་ཡིན་པས། སྙིང་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལེན་པར་བྱེད་པའི་ཐབས་ཡིན་པས་ཀྱང་སྒྲ་དེའི་དོན་ལ་འཇུག ཡང་མཎྜ་ལ་ཞེས་པ་བརྗིད་ཆགས་པ་དང་གཞི་འཛིན་པ་ལ་འཇུག་པས། དེ་ཡང་གླིང་བཞི་རི་རབ་དང་བཅས་པའི་ངོ་མཚར་གྱི་བཀོད་པའི་མཆོད་པ་ལ་གོ། དཀྱིལ་འཁོར་ལ་ཡང་འཇུག་སྟེ། དཀྱིལ་ལ་འཁོར་གྱིས་བསྐོར་བའི་དོན་ཡིན། དེས་ན་སྒྲ་གཅིག་དོན་མང་ལ་འཇུག་པའི་འགྲེལ་ཚུལ་ཡོད་པ་ཡིན་ཡང་། སྐབས་བབས་མཆོད་པའི་མཎྜལ་ལ་གོ་དགོས་པས། མཎྜལ་ཕུལ་བའི་དགོས་པ་ཚོགས་གཉིས་རྒྱ་ཆེན་པོ་རྩོལ་མེད་དུ་རྫོགས་ནས། གནས་སྐབས་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པ་ནས་མཐར་ཐུག་དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོའི་གོ་འཕང་མངོན་དུ་བྱ་བའི་ཆེད་དུ་ཡིན། དེའི་ཕྱིར་ན་གྲུབ་ཆེན་ཏེ་ལོ་པས། བུ་སྣང་བ་རྟེན་ཅིང་འབྲེལ་འབྱུང་འདི། །དོན་སྐྱེ་བ་མེད་པ་མ་རྟོགས་བར། ཚོགས་གཉིས་ཤིང་རྟའི་འཕང་ལོ་དང་། །འབྲལ་བར་མ་བྱེད་ན་རོ་པ། །ཞེས་གསུངས། ཚོགས་བསགས་པར་ལོངས་སྤྱོད་དང་ལུས་ཀྱིས་བསགས་དགོས་པ་ཡིན་པས། དེའི་གཅེས་འཛིན་གྱི་ཞེན་པ་སེམས་ནས་དོར་ཏེ་ཡོངས་སུ་དག་པའི་མཆོད་པ་དང་སྦྱིན་པ་བྱེད་རྒྱུ་ལ་འཇུག་དགོས་པ་ཡིན། ལོངས་སྤྱོད་ཅི་ཞིག་ལས་ཀྱང་ལུས་འདི་གཅེས་པར་འཛིན་པ་ཡིན་ཏེ། ལོངས་སྤྱོད་པ་པོའི་ཆེད་དུ་ལོངས་སྤྱོད་གསོག་པ་མ་གཏོགས་ལུས་མེད་ན་ལོངས་སྤྱོད་ཀྱིས་ཅི་བྱ། དེས་ན་ལོངས་སྤྱོད་ལས་ཀྱང་ལུས་གཅེས་པའི་ཕྱིར་ན། གང་གཅེས་པའི་དངོས་པོ་དེ་ཉིད་མཆོད་སྦྱིན་བྱ་བ་ནི་དངོས་པོ་གཞན་གྱི་མཆོད་སྦྱིན་ལས་ལྷག་པར་ཕན་ཡོན་ཆེ་བ་ཡིན། དེས་ན་རང་ལུས་མཎྜལ་གྱི་བཀོད་པ། ལུས་ཀྱི་ཁོག་གཞི་རིའི་རྒྱལ་པོ་རི་རབ། ཡན་ལག་རྐང་ལག་བཞི་པོ་གླིང་བཞི། ཉིང་ལག་སོར་མོ་ཐམས་ཅད་གླིང་ཕྲན། ཡན་ལག་གི་དྭངས་མ་མགོ་བོ་ལྷ་གནས། དབང་པོའི་དྭངས་མ་མིག་གཉིས་ཉི་ཟླ། དོན་སྣོད་ནང་ཁྲོལ་ཐམས་ཅད་ལྷ་དང་མི་ཡི་དཔལ་འབྱོར་དུ་བསམ་ནས་འབུལ་གསུངས། བདག་འཛིན་ནང་ནས་བཤིགས་པའི་ཡོན་ཏན་དང་། གསང་སྔགས་ཐབས་ཀྱིས་ཆེ་བའི་ཁྱད་པར་དེ་དག་མ་ཤེས་ན། ཐབས་དང་ལྟ་བ་ལ་རྨོངས་ནས་འཁོར་བ་ལས་གྲོལ་བའི་དུས་དང་། འཁོར་འདས་རོ་མཉམ་དུ་རྟོགས་པའི་དུས་ཞིག་ཡོད་པ་མིན། དེས་ན་གཞན་དོན་མ་དགོས་རང་དོན་ཙམ་ཡང་དོན་དུ་འགྲུབ་པ་མིན་ཏེ། མ་ཅིག་གི་ཞལ་ནས། ཆགས་མེད་ལུས་སྦྱིན་བྱེད་པ་འདི། །ཚོགས་གཉིས་ཡིན་པར་མ་ཤེས་པས། །ཕུང་པོ་གཉིས་འཛིན་བྱས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ཞེས་བཤགས་པར་གསུངས་པ་ལྟར་རོ། །ཕཊཿ གཅེས་འཛིན་གྱི་ཕུང་པོ་སྒྱུ་མའི་ལུསཿ མཎྜལ་གྱི་ཚོམ་བུར་རབ་བཀོད་ནསཿ ཚོགས་ཞིང་གི་ལྷ་ལ་ལྟོས་མེད་འབུལཿ བདག་འཛིན་གྱི་རྩ་བ་ཆོད་པར་ཤོགཿ ཕཊ་ཅེས་གསུངས་ཏེ། དངོས་གཞི་ལུས་སྦྱིན་གཅོད་གཞུང་དངོས་ཀྱི་སྐབས་སུ། བེམས་རིག་ཕྲལ་ནས་པགས་པ་དབང་ཆེན་གསེར་གྱི་ས་གཞིར་བསྒོམ་པ་སོགས་གསུངས་ཀྱང་། འདི་ནས་ལྷག་ཏུ་བེམས་རིག་ཕྲལ་རྒྱུའི་དམིགས་པ་མི་དགོས། ཕཊ་ཅེས་གཟུང་འཛིན་རྩད་ནས་བཅད་བདག་འཛིན་ནང་ནས་བཤིགས་པའི་ཐབས་ཤེས་ཟུང་འབྲེལ་གྱི་བརྡ་སྐད་དྲག་པོ་དེས་ཐ་མལ་འཁྲུལ་རྟོག་གི་ཞེན་འཛིན་སངས་སེ་དག་ནས། གཅེས་འཛིན་དང་ཆགས་ཞེན་བྱེད་སའི་ཕུང་པོ་སྒྱུ་མའི་ལུས་འདི་སྐུ་གསུམ་འདུས་པའི་མཎྜལ་གྱི་ཚོམ་བུར་རབ་ཏུ་བཀོད་དེ། དེ་ཡང་གནས་ཚངས་ཆེན་གྱི་བསྐལ་པའི་ཞིང་ཁམས་སྤྲུལ་སྐུའི་སྟོན་པའི་གདུལ་ཞིང་གི་ཇི་སྙེད་སྣོད་བཅུད་ལྷ་མིའི་འབྱོར་བ་ཕུན་སུམ་ཚོགས་པ་ཡོད་དོ་ཅོག་མཆོད་རྫས་ཀྱི་རྣམ་པ་རེ་རེ་ལས་ཀྱང་གྲངས་མེད་པ་ཚད་ཀྱིས་མི་ལང་པ། གཞལ་དུ་མེད་པའི་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱི་རང་བཞིན་ལ། ལུས་འདི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་བས་དམིགས་ཏེ་ཚོགས་ཞིང་གི་ལྷ་ལ་ལྟོས་མེད་རེ་དོགས་ཞེན་འཛིན་གྱི་སྣང་བ་ཞིག་པའི་ངང་ནས། གནས་ཚངས་ཆེན་གྱི་བསྐལ་པའི་ཞིང་ཁམས་ལ་བཀོད་དེ་འབུལ་བ་སྤྲུལ་སྐུའི་མཎྜལ་དང་། གནས་ཚངས་པ་རྔ་སྒྲའི་ཞིང་ཁམས་ཀྱི་འོག་མིན་སྟུག་པོ་བཀོད་པའི་རྒྱན་དང་བཀོད་པ་ཡེ་ཤེས་ལྔ་ཡི་རང་མདངས་གསལ་ཞིང་འཚེར་བ་ཟག་མེད་ཀྱི་དགའ་བས་བརྒྱན་པ་ནང་ལོངས་སྐུའི་མཎྜལ། གནས་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་ལ་ཀ་དག་སྤྲོས་བྲལ་གྱི་གཞི་ལ་ལྷུན་གྲུབ་འོད་གསལ་གྱི་སྣང་བ་ལྔ་ལྡན་ཚོམ་བུ་རང་ཤར་དུ་བཀོད་པ་གསང་བ་ཆོས་སྐུའི་མཎྜལ་ཡིན་ནོ། །དེ་ལྟ་བུའི་ཕྱི་ནང་གསང་གསུམ་གྱི་མཆོད་སྤྲིན་འཁོར་འདས་ཀྱི་སྣང་ཆར་ཤར་བ་དེ་དག་ཐམས་ཅད་ཀྱང་། རིག་སྟོང་གཉུག་མའི་ཡེ་ཤེས་ཀྱི་རང་མདངས་ལས་གཞན་དུ་མ་གྲུབ་པའི་རང་བཞིན་ཡིན་པར་ཤེས་ནས་དབྱིངས་རིག་འདུ་འབྲལ་མེད་པའི་ངང་ལ་མཉམ་པར་གཞག་པ་དེ་ཁོ་ན་ཉིད་ཀྱི་མཎྜལ་ཡིན། དེ་ལྟ་བུའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཅས་པའི་མཎྜལ། ལུས་སེམས་གཅིག་ལ་ཚང་བར་ཕུལ་བས། ལྷ་འདྲེས་གཙོས་པའི་བདག་གཞན་ཐམས་ཅད་ཀྱི་མི་འདོད་སྡུག་བསྔལ་གྱི་འབྱུང་རྩ་འཁོར་བར་འཆིང་བྱེད་ཀྱི་ཞགས་པ་བདག་འཛིན་གྱི་རྩ་བ་ཆོད་དེ། བདག་མེད་རྟོགས་པའི་ཤེས་རབ་དམ་པར་དབང་འབྱོར་བར་ཤོག་བསམ་ནས། དམིགས་མེད་དེ་ཁོ་ན་ཉིད་ཀྱི་ལྟ་བའི་ངང་ལ་བཞག་པའི་སྒོམ་པའི་གདེང་དང་མ་བྲལ་བའི་ཐོག་ནས་བདག་འཛིན་རྩ་བ་གཅོད་བྱེད་ཀྱི་ཕཊ་སྒྲ་བསྒྲགས། ལྔ་བ་བླ་མའི་རྣལ་འབྱོར་ཡིན་ཏེ། དེ་ནས་བླ་མའི་རྣལ་འབྱོར་ནིཿ ཞེས་གསུངས་མཚམས་སྦྱར་ཏེ། ཕཊཿ དབྱིངས་ཟག་མེད་ཆོས་སྐུའི་ནམ་མཁའ་ལཿ མདངས་འཇའ་ཟེར་ཐིག་ལེར་འཁྲིགས་པའི་དབུསཿ ཕ་དུས་གསུམ་ཀུན་མཁྱེན་པདྨ་འབྱུངཿ ཚུལ་བརྟུལ་ཞུགས་སྤྱོད་པའི་ཧེ་རུ་ཀཿ མ་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅསཿ སྐུ་མཚན་དཔེའི་གཟི་བྱིན་ཏ་ལ་ལཿ གསུང་གང་འདུལ་ཆོས་སྒྲ་འུ་རུ་རུཿ ཐུགས་འོད་གསལ་རྡོ་རྗེ་སྙིང་པོའི་ངངཿ བུ་མོས་གུས་དྲག་པོས་གསོལ་བ་འདེབསཿ ཕྱི་རྣམ་རྟོག་དགྲར་ལངས་ལྷ་འདྲེའི་གཟུགསཿ ནང་རེ་དང་དོགས་པའི་གཉིས་འཛིན་སེམསཿ བར་སྣང་བ་སྣ་ཚོགས་རྐྱེན་ངན་ཀུནཿ ཆོས་ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱིསཿ དུས་ད་ལྟ་སྟན་ཐོག་འདི་རུ་ཆོདཿ དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པ་རུཿ ཕ་རྗེ་བཙུན་བླ་མས་བྱིན་གྱིས་རློབསཿ ཕཊཿ ཕཊཿ ཕཊཿ ཅེས་བརྗོད་གསུངས་ཏེ། ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་ཅན་གྱི་སྐུ་གསུམ་ཀུན་འདུས་བླ་མ་ཧེ་རུ་ཀའི་སྐུ་གསུང་ཐུགས་ལ་གསོལ་བ་བཏབ་སྟེ། ཕྱི་ནང་བར་གསུམ་གྱི་རེ་དོགས་གཉིས་འཛིན་ཐམས་ཅད་ཟབ་མོ་བདུད་ཀྱི་གཅོད་ཡུལ་འདིས་བཅད་ནས། ཐུགས་ཡིད་གཉིས་མེད་ཕ་གཅིག་བླ་མའི་ཐུགས་ཀློང་དུ་དབྱེར་མེད་རྒྱལ་ས་ཟིན་པའི་བླ་མའི་རྣལ་འབྱོར་འདིར་གསོལ་འདེབས་བྱིན་ཆེན་འབེབས་པའི་གནད་ཐམས་ཅད་ཚང་བ་ཞིག་ཡིན། ཀ་དག་སྤྲོས་པ་དང་བྲལ་བའི་དབྱིངས་ཉོན་ཤེས་བག་ཆགས་དང་བཅས་པའི་སྒྲིབ་པ་མཐའ་དག་དག་པ་གཉིས་ལྡན་གྱི་ངོ་བོ་ཟད་པའི་ཟག་མེད་ཆོས་སྐུའི་དགོངས་པ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་བདག་ཉིད་ཅན། ཡེ་ཤེས་འོད་གསལ་བའི་དགོངས་པ་ལས་རྟག་ཏུ་མི་གཡོ་མཉམ་པར་གཞག་པ། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བར་ནམ་མཁའི་དཔེ་ཡིས་ཕྱོགས་ཙམ་མཚོན་པ་དང་ལྟོ་སྦྱར་ནས། འདི་ནས་རྣལ་འབྱོར་བའི་གསལ་སྣང་འདེབས་བྱེད་ལ་ཆོས་སྐུ་ནམ་མཁའི་གཟུགས་སུ་བཀོད་ནས། ཀ་དག་ཆོས་སྐུའི་དབྱིངས་ལས་ཤར་བའི་ལྷུན་གྲུབ་ལོངས་སྐུའི་རང་མདངས་ཡེ་ཤེས་ལྔ་ཡི་འོད་ཟེར་འཇའ་འོད་ཐིག་ལེའི་དྲ་བར་འཁྲིགས་པའི་གུར་ཁང་གི་དབུས་ཞེས་ཞིང་དང་གཞལ་ཡས་ཁང་གི་རྣམ་པ་བཀོད་དེ། ཆོས་སྐུའི་དབྱིངས་ལས་ལོངས་སྐུ་ཤར་ནས་དེ་ལས་གང་འདུལ་གདུལ་བྱའི་སྣང་ངོར་སྤྲུལ་སྐུ་ཤར་བ། ཕ་གཅིག་དྲིན་ཆེན་བླ་མ་དང་གཉིས་སུ་མེད་པ། དེ་ཡང་ངོ་བོ་རྩ་བའི་བླ་མ་ལ་མི་རུ་བཟུང་བའི་ལོག་ལྟ་སྤོང་བའི་ཕྱིར་རྣམ་པ་དུས་གསུམ་ཀུན་མཁྱེན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་སྐུར་གསལ་འདེབས་པ་བླ་མའི་རྣལ་འབྱོར་སྤྱིའི་ལུགས་ལྟ་བུ་ཡིན་ན། བླ་མ་སངས་རྒྱས་དངོས་མཐོང་གི་དད་པ་དངོས་སུ་ཡོད་ན་རྣམ་པ་མ་བསྒྱུར་ཀྱང་ཆོག་པ་ཡིན། སློབ་དཔོན་པདྨ་འབྱུང་གནས་ཞེས་པ་ནི། ཕྱི་དྲང་དོན་ལྟར་ན་མ་ཆགས་པདྨའི་སྡོང་པོ་ལས་རང་བྱུང་བརྫུས་ཏེ་འཁྲུངས་པས་ན་པདྨ་འབྱུང་གནས་ཞེས་དང་། ནང་ངེས་དོན་ལྟར་ན་འབྲས་ཆོས་ཉེར་ལྔའི་བདག་ཉིད་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་སྐུ་གསུམ་ལྷུན་གྲུབ་རང་བྱུང་དོན་གྱི་པདྨ་ཡེ་ནས་གནས་པ་ལས། རིག་སྟོང་མི་ཤིགས་འཆི་མེད་རྡོ་རྗེ་ལྟ་བུའི་སྐུར་བཞེངས་ཤིང་ཤར་བ་ཡིན་པས་པདྨ་འབྱུང་གནས་ཞེས་བྱ། འདིར་དུས་གསུམ་ཀུན་མཁྱེན་དང་དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ་ཞེས་གསོལ་བ་འདེབས་པའི་ནང་དོན་ལྟར་དུ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དགོངས་ཀློང་ཆོས་དབྱིངས་གཅིག་ལ་བཟླུམས་པ། ཐ་དད་ཀྱི་དབྱེ་བ་མེད་ཀྱང་དེ་བཞིན་མཁྱེན་པའི་ཡེ་ཤེས་ལ་སྒྲིབ་པ་མི་མངའ་བས་དུས་གསུམ་ཀུན་མཁྱེན་གསུངས་པ་ཡིན། འདིར་རྣལ་འབྱོར་བརྟུལ་ཞུགས་སྤྱོད་པའི་བོགས་འདོན་གྱི་སྐབས་སུ། བླ་མ་ཡང་ངོ་བོ་དུས་གསུམ་རྒྱལ་བ་ཀུན་དང་རྣམ་དབྱེར་མེད་པ་ལ། རྣམ་པའི་ཚུལ་དུ་བརྟུལ་ཞུགས་སྤྱོད་པའི་ཧེ་རུ་ཀའི་ཆས་ཅན། སྐུ་མདོག་མཐིང་ནག་གམ་མཐིང་ག་དམར་བ་ཞིག་གསལ་ཡང་ཆོག་པས་དེ་ལྟར་ཅིར་ཡང་སྒྱུར་ཆོག་པ་ཞིག་གསལ་བཏབ། ཧེ་རུ་ཀའི་ཆས་ནི་དབུ་སྐྲ་རལ་བའི་ཐོར་གཙུག་ཅན། རུས་པའི་རྒྱན་དྲུག་སྐུ་ལ་གསོལ། དབུ་ལ་ཐོད་སྐམ་དང་སྟག་ཤམ་ལ་སོགས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་པས་ཌཱ་མ་རུ་དང་གཡོན་པས་མཆོག་ཆེན་གྱི་གླིང་བུ་བསྣམས་པ། འཁོར་དུ་མཁའ་འགྲོ་སྟེ་དབྱིངས་སྒྲིབ་མེད་ཀྱི་མཁའ་ལ་རིག་པ་ཡེ་ཤེས་གྱི་རྩལ་གྱིས་འགག་མེད་དུ་འགྲོ་བའི་མཁའ་འགྲོ་ལ་གོ་ཡི་མཐའ་གཅིག་ཏུ་མོ་རྒྱུད་རྐྱང་བར་གོ་དགོས་པ་མ་ཡིན། སྙན་ངག་མངོན་བརྗོད་ལས་ནམ་མཁའི་བྱ་ལའང་མཁའ་འགྲོ་ཟེར་བའི་སྐབས་སུ་བྱ་རིགས་ཕོ་མོ་ཐམས་ཅད་ལ་གོ་བ་ལྟར་ཡིན། ཡིན་ན་ཡང་སྐབས་འདིར་མ་རྒྱུད་མཁའ་འགྲོའི་ཚོགས་ཀྱིས་གཙོ་བོར་བྱས་པའི་དཔའ་བོ་དང་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས་ཏེ། དེ་ལྟ་བུ་ཚོགས་ཞིང་གཙོ་འཁོར་ཐམས་ཅད་ཀྱང་ཉི་མ་ལས་འོད་ཟེར་འཕྲོས་པ་བཞིན་དུ། བླ་མ་ཧེ་རུ་ཀ་དཔལ་སྐུ་གསུམ་འདུས་པའི་རང་རྩལ་ལས་ཤར་བ། ཆེ་བའི་ཡོན་ཏན་མང་པོའི་ཁྱད་པར་དུ་འཕགས་པ། སྐུ་བསོད་ནམས་ཆེན་པོའི་འདུལ་བ་ཕྲིན་ལས་བཞི་ཡི་ཁ་དོག་ཅན། སྐུ་མཚན་དང་དཔེ་བྱད་ཀྱིས་རྒྱན་ཅིང་མཛེས་པའི་གཟི་བྱིན་ལྷམ་མེར་འབར་ཞིང་། རྣམ་འགྱུར་སྣ་ཚོགས་སུ་འཆར་བ་འགག་པ་མེད་པའི་སྐད་དུ་ཏ་ལ་ལ་ཞེས་གསུངས། གསུང་རྗེས་སུ་སྟོན་པས་འདུལ་བར་གང་འདུལ་ཆོས་ཀྱི་སྒྲ་དབྱངས་ཚངས་པའི་དབྱངས་སུ་སྒྲོག་པ། མ་ཞུམ་མི་འཁྲུགས་ཆུང་ངུ་བྱིས་པའི་སྐད་དོད་ལ་འུ་རུ་རུ་ཞེས་གསུངས། ཐུགས་རིག་པས་འདུལ་བར་འོད་གསལ་རྡོ་རྗེ་སྙིང་པོ་རྟོག་གེའི་རྟགས་དང་གཏན་ཚིགས་ཀྱིས་མི་དཔོག་པ་ཟག་མེད་ནང་གི་མཁྱེན་པ། ཀུན་ཁྱབ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་གཞི་ལམ་འབྲས་བུ་རོ་གཅིག་པ་དེར། བུ་མགོན་མེད་ཉམ་ཐག་དུས་མཐའི་སྐྱེ་བོ་བདག་གིས་ཕ་བླ་མ་ཁྱེད་ལ་མོས་ཤིང་གུས་པའི་གདུང་ཤུགས་དྲག་པོས་གསོལ་འདེབས་དབྱངས་སུ་གྱེར་བ་ཡིན་པས། ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས་གང་གཅད་པར་བྱ་བ། ཕྱིའི་རྣམ་རྟོག་དགྲར་ལངས་ལྷ་འདྲེའི་གཟུགས་སུ་གྲུབ་པ་ཐོགས་མེད་ཀྱི་བདུད་དང་། ནང་རེ་དང་དོགས་པའི་གཉིས་འཛིན་གྱི་སེམས་ཏེ་སྙེམས་བྱེད་དང་དགའ་བྲོད་ཀྱི་བདུད་གཉིས་པོ་དང་། བར་སྣང་བ་སྣ་ཚོགས་རྐྱེན་ངན་ཀུན་ཞེས་པས་ཐོགས་བཅས་ཀྱི་བདུད་སོགས་རྐྱེན་ངན་ལམ་དུ་སློང་མ་ནུས་པའི་དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཐམས་ཅད་བསྡུས་ནས། ཆོས་ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱིས། །དུས་ད་ལྟ་སྟན་ཐོག་འདི་རུ་ཆོད། །ཅེས་པའི་ཚིག་རྐང་གཉིས་ཀྱིས་གང་གིས་གཅོད་པར་བྱེད་པའི་ཟབ་མོ་གཅོད་ཀྱིས་ཇི་ལྟར་གཅད་པར་བྱ་བའི་ཐབས་དང་མན་ངག་བསྟན་པ་ཡིན། འདི་དག་གི་དོན་འོག་ནས་ཀྱང་འབྱུང་བ་ཡིན། དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པ་རུ། །ཕ་རྗེ་བཙུན་བླ་མས་བྱིན་གྱིས་རློབས། །ཞེས་གསུངས་པའི་ཚིག་རྐང་གཉིས་འདིས་དབང་བཞི་དོན་གྱིས་བླངས་ནས་ཐུགས་ཡིད་དབྱེར་མེད་བསྲེས་པའི་གདམས་པས་འགག་བསྡམས་ནས། གང་གི་བསྐལ་བ་བྱེ་བ་རུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་ལས། །བླ་མ་སྐད་ཅིག་དྲན་པ་མཆོག །ཅེས་གསུངས་པ་ལྟར་བླ་མ་སངས་རྒྱས་དངོས་མཐོང་གི་འདུ་ཤེས་བཞག་ནས་ཡིད་ཁྱེད་ཤེས་ཀྱི་མོས་གུས་དྲག་པོས་གསོལ་བ་བཏབ་པས། ཐུགས་ཡིད་དབྱེར་མེད་བསྲེས་པའི་སྟོབས་ཀྱིས་བྱིན་རླབས་འཕོས་ནས་རྟོགས་པ་ཁྱད་པར་ཅན་སྐྱེ་བ་ཡིན་གྱི། བླ་མ་ལ་མོས་གུས་མེད་ཅིང་དེའི་སྣང་ཆར་མ་ཤེས་པའི་བསྐྱེད་རྫོགས་ཀྱིས་གྲོལ་བ་ཐོབ་པ་ཞིག་མི་སྲིད་པ་ནི་ཀུན་མཁྱེན་ཆེན་པོའི་བཞེད་པ་དང་། ངེས་དོན་གྱི་སྡེ་སྣོད་ཐམས་ཅད་ཀྱི་དགོངས་པ་ཡང་ཡིན་ནོ། །ཕཊ་སྒྲ་སུམ་བསྟུད་ཀྱིས་སྐུ་གསུམ་དགོངས་པའི་དབྱིངས་སུ་མཉམ་པར་བཞག ཅེས་བརྗོད་པའི་ཚོགས་ཞིང་རང་ལ་བསྟིམཿ གཉིས་མེད་ངང་དུ་མཉམ་པར་གཞགཿ ཞེས་གསུངས་ཏེ། དེ་ལྟར་ཐུགས་ཡིད་དབྱེར་མེད་ཀྱི་མཉམ་པར་བཞག་པའི་ངང་ལས་སླར་ཡང་རིག་རྩལ་ཤེས་རབ་ཀྱི་རྣམ་པར་ཤར་བའི། སྐྱབས་ཡུལ་ཚོགས་ཞིང་གི་ལྷ་ཚོགས་མཐའ་ནས་རིམ་གྱིས་གཙོ་བོ་ལ་ཐིམ་ཞིང་། གཙོ་བོ་ཧེ་རུ་ཀ་དཔལ་ཡང་འོད་དུ་ཞུ་ནས་རང་དང་གཉིས་སུ་མེད་པར་བསམ་དགོས། དེ་ཡན་ཆད་ཀྱིས་སྔོན་འགྲོའི་ཆོས་ཐམས་ཅད་སོང་ནས། ད་ནི་དངོས་གཞིའི་ལུས་སྦྱིན་དངོས་ལ་གསུམ་སྟེ། རང་ལུས་ཚོགས་སུ་བྱིན་གྱིས་བརླབ་པ། མཆོད་སྦྱིན་གྱི་མགྲོན་རྣམས་སྤྱན་འདྲེན་པ། མཆོད་ནས་མགྲོན་རིགས་ཚིམ་པར་བྱ་བ་དང་གསུམ་མོ། དང་པོ་རང་ལུས་ཚོགས་སུ་བྱིན་གྱིས་བརླབ་པ་ནི། ཕཊཿ དེ་ནས་བག་ཆགས་སྙིགས་མའི་ལུསཿ ཚོ་ཞིང་སྣུམ་ལ་ལྟོས་ཆེ་བའིཿ དབུས་ནས་དྭངས་མའི་རིག་པ་ནིཿ ཁྲོས་མའི་རྣམ་པར་ཕཊ་ཅེས་དབྱེཿ ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅནཿ དེ་ཡིས་རང་ལུས་ཐོད་པ་ཕྲལཿ སྟོང་ཁམས་ཁྱབ་པའི་མི་མགོ་ཡིཿ སྒྱེད་བུ་གསུམ་གྱི་ཁར་བཞག་ནངཿ འབྱུང་ལུས་ཚོགས་སུ་བཤམས་པ་དེཿ འབྲུ་གསུམ་འོད་ཀྱིས་བདུད་རྩིར་སྦརཿ ཨོཾ་ཨཱ་ཧཱུྃཿཧ་ཧོ་ཧྲཱིཿ ཅི་མང་བརྗོད་པས་སྦྱང་སྤེལ་བསྒྱུརཿ ཅེས་གསུངས་ཏེ། ཚོགས་ཞེས་པ་བཟའ་བར་བྱ་བའི་རྫས་རྐྱང་པ་ཞིག་གི་དོན་མ་ཡིན་ཏེ། ག་ན་ཙཀྲ་ཞེས་པའི་སྒྲ་ལས་སྐལ་ལྡན་འདུས་པའི་ཚོགས་ཀྱིས་འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་འདུ་བྱས་ནས་དངོས་གྲུབ་ལྷའི་ཚོགས་ལ་ཕུལ་བས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའི་དོན་ཅན་དེ་ལྟ་བུ་ཞིག་ལ་གོ་དགོས། འདི་ནས་ཀྱང་མཆོད་ཡུལ་མཆོག་གསུམ་རྩ་གསུམ་མན་ཆད་ནས། སྦྱིན་ཡུལ་ལན་ཆགས་འདྲེ་གདོན་ཡན་ཆད་ལ་མཆོད་སྦྱིན་འགྱེད་ཆེན་གྱི་རྫས་གང་འདོད་ཅི་སྣང་གི་དངོས་པོ་མ་ཚང་མ་ཚོགས་པ་མེད་པར་བྱས་ནས་ཟད་མེད་ཡིད་བཞིན་གྱི་གཏེར་དུ་སྤྲུལ་ནས་འབུལ་བ་ཡིན། སྔོན་འགྲོའི་སྦྱོར་བ་ཐམས་ཅད་སོང་བའི་རྗེས་དེ་ནས་རང་ཉིད་ཀྱི་བག་ཆགས་སྙིགས་མའི་ལུས། ཉེ་བར་ལེན་པའི་ཕུང་པོ་འབྱུང་བཞི་རྡུལ་ཕྲན་ཚོགས་པའི་རང་བཞིན་ཅན་འདི། མི་གཙང་བའི་རྫས་སོ་དྲུག་གི་བདག་ཉིད་ཅན་འདི་ལྟ་བུ་ཞིག་མ་ཡིན་པར། གཞོན་ཞིང་དར་ལ་བབས་པ་མཛེས་ཤིང་ཡིད་དུ་འོང་བ། ཚོ་ཤིང་སྣུམ་ལ་བཀྲག་མདངས་དང་ལྡན་པ། དེ་ཡང་ལྟོས་ཆེ་བ་སྟོང་གསུམ་གྱི་སྟོང་ཆེན་པོའི་ཁྱོན་ཡོངས་རྫོགས་གང་བ་ཞིག་གསལ་བཏབ་ན་ཏིང་ངེ་འཛིན་གྱི་མཐུ་ཞེས་པ་བསམ་གྱིས་མི་ཁྱབ། སྔགས་དང་བདེན་པའི་མཐུ་ཡང་ནུས་པ་ཆེ་བས་མ་ཚད། ཟག་མེད་ཡེ་ཤེས་ཀྱི་རོལ་བས་གང་འདོད་ཀུན་བཟང་གི་མཆོད་སྤྲིན་ཟད་མེད་དགའ་བདེའི་གཏེར་ཆེན་ལ་བསྒྱུར་ཐུབ་པ་ཡིན། རང་སེམས་དོན་གྱི་རྡོ་རྗེ་རྣལ་འབྱོར་མ་ཡེ་ནས་ཡིན་པའི་ངང་ནས། སླར་ཡང་ཏིང་འཛིན་བརྟན་པའི་ངར་བསྐྱེད་དེ་ལུས་དབུས་སྙིང་ཙིཏྟ་པདྨ་འདབ་བརྒྱད་ཀྱི་ཕོ་བྲང་ན་བཞུགས་པའི་དྭངས་མའི་རིག་པ་མ་ཡུམ་ཆེན་ཁྲོས་མ་ནག་མོའི་རྣམ་པར་བཞུགས་པ་ཉིད་ཕཊ་ཅེས་སྒྲ་གཅིག་གིས་སྤྱི་བོ་ཚངས་པའི་སྒོ་ཆེན་ནས་ལིངས་ཀྱིས་དབྱེ་བའམ་འཕར་ནས། མདུན་གྱི་ནམ་མཁའ་ན་སྐུ་གཟི་བརྗིད་ཤིན་ཏུ་ཆེ་བ། ཁམས་གསུམ་དབང་དུ་སྡུད། སྲིད་གསུམ་ཟིལ་གྱིས་གནོན། སྣང་སྲིད་ཐམས་ཅད་འཁོར་འོག་དུ་ཆུད་པ། ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པ་ཞིག་གསལ་གདབ་སྟེ། ཕྱག་གཡས་པའི་ཕྱག་མཚན་གཟུང་འཛིན་རྩད་ནས་གཅོད་པའི་གྲི་གུག་དེ་ཡིས་རང་ལུས་བེམས་པོའི་ཐོད་པའི་སྨིན་མཚམས་ནས་བྲེགས་ཏེ། ལུས་དང་ཐོད་པ་ཁ་ཕྲལ་ནས་དགར་གྱིས་བཀོག་ཅིང་། སྟོང་ཁམས་ཁྱབ་པའི་རྒྱ་ཆེན་དང་དཔང་ཚད་མཉམ་པ་ཅན་གྱི་མི་མགོ་ཡི་སྒྱེད་པུ་གསུམ་གྱི་ཁར་བཞག་ནས། དེའི་ནང་ལ་འབྱུང་ལུས་ཚོགས་སུ་བཤམས་པ་དེ་འབྲུ་གསུམ་ཨོཾ་ཨཱཿཧཱུྃ་སྐུ་གསུམ་གྱི་ཡི་གེའི་འོད་ཀྱིས་བདུད་རྩིར་སྦར་བ་བསམ་ནས། ཨོཾ་ཨཱཿཧཱུྃ་དང་ཧ་ཧོ་ཧྲཱིཿཞེས་སྔགས་ཅི་མང་བརྗོད་པས་སྦྱང་སྤེལ་སྒྱུར་དགོས། འདི་ནས་དུས་རྒྱུན་ཀུ་ས་ལིའི་ཚོགས་བསགས་ཀྱི་འགྲོས་དང་མཐུན་པར་ཚིག་དེ་ཙམ་གྱི་གནད་བསྡུས་ཏེ་དོན་གྱི་གོ་དོན་ཆ་ཚང་འདུས་པར་བསྟན་པ་ཡིན། རང་ལུས་ཆེ་བ་དེ་ལྟ་བུ་ཐོད་པའི་ནང་དུ་ཆུད་སྲིད་དམ། ལུས་བས་མགོ་ཆེ་བ་ཞིག་དང་པོ་ནས་བསམ་དགོས་པ་ཨེ་ཡིན་ན། མྱི་མགོའི་སྒྱེད་པུ་གསུམ་པོ་སུ་ཡི་མགོ་བཅད་ནས་ཁྱེར་ཡོང་དགོས་པ་རེད་ཅེས་དེ་འདྲའི་གུ་དོག་བསམ་མི་དགོས། ཐམས་ཅད་སྟོང་པ་ཉིད་སྟོང་པ་རྟེན་འབྱུང་གི་ཆོས་སུ་གྲུབ་ན། རྟེན་ཅིང་འབྲེལ་འབྱུང་ལ་སྟོང་ཉིད་ཀྱིས་མ་ཁྱབ་པ་མེད་པས། གང་ལ་སྟོང་པ་ཉིད་རུང་བ་དེ་ལ་ཐམས་ཅད་རུང་བ་ཡིན་པས་ཕྲ་བ་ཡིད་ཀྱི་རྫུ་འཕྲུལ་ལ་ཚད་ཡོད་པ་མ་ཡིན། དེ་བས་ཏིང་ངེ་འཛིན་གྱི་བྱེད་ནུས་བསམ་གྱིས་མི་ཁྱབ། ད་རུང་དམིགས་པ་ལས་རུང་གིས་འདུ་ཤེས་གཞན་དུ་བསྒྱུར་ན་ཁྲོས་མ་རང་དང་འདྲ་བ་གྲངས་མེད་ཁྲོས་པའི་ཕྱག་གི་གྲི་གུག་གིས། ལུས་སེམས་མེད་ཀྱི་བེམ་པོ་དེའི་གཟུགས་བཞི་ལྷུ་བཞི་རུ་ཕྲལ། མགོ་ཡན་ལག་ལྷུ་ཚིགས་རེ་རེ་བཞིན་དུ་དུམ་བུར་གཏུབ། དབང་པོ་རྣམ་ལྔ། དོན་ལྔ་སྣོད་དྲུག་ཐམས་ཅད་པོ་བླངས་ནས་ཤ་ཡི་ཕུང་པོ་སྲིད་པའི་གཏོས་དང་མཉམ་པ། ཁྲག་གི་རྒྱ་མཚོ་ཕྱིའི་རོལ་བའི་མཚོ་ཆེན་དག་ལས་ཀྱང་མང་བ། ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་དུ་གྱུར་བར་ཆགས་ཞེན་སྤུ་ཙམ་མེད་པའི་བློ་སྐྱེད་དགོས་པ་ཡིན། དེ་ཡང་ལུས་སྦྱིན་འདོན་སྐབས་ཙམ་མ་ཟད་བདག་འཛིན་ཡུལ་ནས་འདོན་ཆུག་མ་བྱ་དགོས། ལུས་འདི་ནི་བྱིན་ཟིན་པ་ཡིན་པས་སྣང་ཙམ་གྱི་ལུས་འདི་སོང་རུང་སྡོད་རུང་བདག་པོ་མེད་པའི་ཁང་སྟོང་ལྟ་བུ་ཞིག་དང་། དུར་ཁྲོད་ནང་གི་མི་རོའམ་ལམ་ཁར་བོར་བའི་ས་རྡོ་ལྟ་བུ། སྣང་མེད་ཞེན་མེད་འཛིན་མེད་ཆགས་མེད་བདེན་མེད་ཀྱི་ངང་ལ་དུས་རྒྱུན་འཇོག་དགོས་པ་ཡིན། དེ་དང་མཉམ་དུ་ཕུང་པོ་གཟན་བསྐྱུར་གྱི་གདམས་པ། ལུས་འདི་ལ་ནད་དང་གནོད་པ་སྨད་སྡིགས་གཤེ་སྐུར་ཅི་བྱེད་ན་བྱེད་དུ་ཆུག ཅི་བྱུང་ཡང་བྱུང་། ངས་ནི་སྔ་ནས་བདག་འཛིན་གྱི་འཁྲུལ་བ་དང་ཞེན་པ་བཏང་ཟིན་པ་ཡིན་བསམ་སྟེ་ཉམས་ལེན་དོན་ཐོག་ལ་ཁེལ་དུ་བཅུག་ནས། ཐུན་རྗེས་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་ལ་དེའི་སྣང་བ་རྗེས་ཤེས་དང་མི་འབྲལ་བ་གལ་ཆེ་བ་ཡིན། དེ་ལྟ་བུའི་དམིགས་པའི་རྣམ་འཕྲུལ་རྣལ་འབྱོར་རང་གི་ཏིང་འཛིན་གྱི་རྩལ་དང་བསྟུན་པ་གནད་ཤིན་ཏུ་ཆེ། འབྱུང་ལུས་ཚོགས་སུ་བཤམས་པ་དེ་འབྲུ་གསུམ་འོད་ཀྱིས་བདུད་རྩིར་ཇི་ལྟར་སྦར་ཞེ་ན། འབྲུ་གསུམ་ཨོཾ་ཨཱཿཧཱུྃ་གསུམ་ཡིན་པར་མཁྱེན་བཞིན་པ་རེད། འབྲུ་གསུམ་རྡོ་རྗེའི་བཟླས་པའང་འདི་གསུམ། འབྱུང་འཇུག་སྔགས་ཀྱི་ངོ་བོ་གནས་པའང་འདི་གསུམ། ཁྲིད་ཀྱི་སྐབས་སུ་ཁྲིད་སྦྱོང་བྱེད་པའི་རིགས་དྲུག་བསྲེག་སྦྱོང་ཡང་འདི་གསུམ་ཡིན་པས། འདི་གསུམ་འབའ་ཞིག་ཇི་ལྟར་ཡིན་དགོས་སྙམ་ན། འདི་གསུམ་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ་སྐུ་གསུམ་འདུས་པའི་ཡི་གེ། ངོ་བོ་རང་བཞིན་ཐུགས་རྗེ་སྟེ་ཡེ་ཤེས་གསུམ་དང་དབྱེར་མི་ཕྱེད་པ་ཡིན་པས། འདུས་བྱས་ཟག་བཅས་ཀྱི་རྫས་དེ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་སྒྱུར་དགོས་པས་འཁོར་འདས་སྣོད་བཅུད་ཐམས་ཅད་རྒྱལ་བའི་ཡེ་ཤེས་ཀྱིས་ཁྱབ་ཡོད་པ་ཡིན་པས་ན། གསང་བ་གསུམ་གྱི་མངོན་རྟོགས་དེ་ཉིད་ཡི་གེ་འབྲུ་གསུམ་པོ་ལ་འདུས་ཡོད་པ་འདིས་སྦྱང་སྤེལ་སྒྱུར་གསུམ་མ་བྱས་ན་གཞན་གྱིས་བྱེད་ཐབས་ཤིག་མེད། འདི་རྫོགས་པ་ཨ་ནུ་ཡོ་ག་མ་རྒྱུད་ཀྱི་དགོངས་པ་དང་སྦྱར་ནས་བཤད་ན། རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེར་གནད་དུ་བསྣུན་ནས་རགས་པའི་འགྱུར་བ་ཐམས་ཅད་འགྱུར་མེད་ཡེ་ཤེས་ཀྱི་དབུ་མའི་དབྱིངས་སུ་བསྟིམ་པ་ཡིན། མཚན་བཅས་རྫོགས་རིམ་ཐམས་ཅད་གནད་མཐར་ཐུག་དེར་ཐུག་པ་སྔགས་གསར་རྙིང་ཐམས་ཅད་བཞེད་པ་མཐུན་པ་ཡིན། ལུས་ཀྱི་དབུས་ན་ཡོད་པའི་རྩ་གཙོ་མོ་གསུམ་གྱི་གཡས་ཐབས་ཀྱི་རྩའི་ཡི་གེ་ཨོཾ། དབུས་ཡང་དག་ཡེ་ཤེས་ཀྱི་རྩའི་ཡི་གེ་ཨཱཿ། གཡོན་ཤེས་རབ་ཀྱི་རྩའི་ཡི་གེ་ཧཱུྃ་གི་རང་བཞིན་གྱིས་མཚོན་པ་ཡིན། ཅི་ལྟར་ཡིན་ན། སེམས་ཉིད་སྐྱེ་བ་མེད་པ་དེ་ཉིད་ཀྱི་ངང་ལས་ཡི་གེ་སྣང་བ་དེ་ལ་ཡོན་ཏན་ལྷུན་གྱིས་གྲུབ་པ་ཡིན། དེ་ལྟ་བུའི་སྣང་སྟོང་གཉིས་སུ་མེད་པའི་ཡི་གེ་དེ་སུས་བྲིས་ཤིང་བཀོད་པ་ཡིན་ཞེ་ན། སེམས་ཉིད་ཡེ་ནས་དག་པ་ཆོས་དབྱིངས་འགྱུར་བ་མེད་པའི་རིག་པའི་ངང་དེར་སྐུ་གསུམ་ལྷུན་གྲུབ་ཏུ་ཡོད་པ་རང་ལ་སྣང་བས། གཞི་སྐྱེ་མེད་རིག་པའི་ངང་དུ་རང་རྩལ་ལྷུན་གྱིས་གྲུབ་པས་གསར་བྱུང་བྱིས་པའི་ཆོས་མ་ཡིན་ཞིང་ལྷུན་གྲུབ་ཡི་གེ་སྤྲིན་གྱི་འཁོར་ལོ། འཁོར་འདས་ཐམས་ཅད་ལ་ཡེ་ནས་རང་ཆས་སུ་ཡོད་པ་ཡིན། འདི་བསྒོམས་ནས་ཉམས་སུ་བླངས་ན་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་མངོན་དུ་འགྱུར་བ་ཡིན། སྙིང་གའི་རྩ་འདབ་བརྒྱད་ཀྱི་གསུམ་ཆོས་ཉིད་ཀྱི་རྩ། གསུམ་ཡེ་ཤེས་ཀྱི་རྩ། གཅིག་རང་རྒྱུད་ཀྱི་རྩ། གཅིག་ཡོན་ཏན་གྱི་རྩ་གནས་པ་ཡིན་པས། དེ་དག་ཀུན་ལ་དག་པ་ཡེ་ཤེས་ཀྱི་བག་ཆགས་གསོག་པའི་རྟེན་འབྲུ་གསུམ་དང་། མ་དག་འཁོར་བའི་བག་ཆགས་གསོག་པའི་རྟེན་ཨ་ནུ་སུ་ཏྲི་ལ་སོགས་པ་རིགས་དྲུག་གི་ས་བོན་ཡི་གེ་དྲུག་གི་རྣམ་ཤེས་ཚོགས་བརྒྱད་དང་བཅས་པའི་རྟེན་གཞི་འཆའ་བ་ཡིན། ཕྱི་རོལ་གྱི་འབྱུང་བ་རགས་པ་ཕྱི་འབྱུང་སྣོད་བཅུད་དུ་གྲུབ་པ་འདི་ཐམས་ཅད། གསང་འབྱུང་ཡེ་ཤེས་ལྔའི་གདངས་དེ་ལས། ནང་འབྱུང་ཕྲ་རགས་ཐམས་ཅད་མཆེད་དེ་རིམ་གྱིས་ཇེ་རགས་སུ་སོང་ནས་སྣང་བ་འདི་བྱུང་བ་ཡིན་པས། མདོར་ན་སྣོད་བཅུད་ཐམས་ཅད་རླུང་སེམས་ཀྱི་ཆོ་འཕྲུལ་ཕྲ་མོ་ལས་ཇེ་རགས་ལ་མཆེད་པ་ཡིན། དེའི་ཕྱིར་ན་འབྱུང་བ་རྣམས་འབྱུང་བ་ལྔ་རྣམ་ཤེས་དང་བཅས་པའི་དང་མ་ཆེན་པོ་དྲུག་གི་ས་ཆུ་གཉིས་ཟུང་དུ་འཇུག་པ་སྐུ་རྡོ་རྗེ། མེ་རླུང་གཉིས་ཟུང་དུ་འཇུག་པ་གསུང་རྡོ་རྗེ། མཁའ་སེམས་གཉིས་ཟུང་དུ་འཇུག་པ་ཐུགས་རྡོ་རྗེར་གསུངས། ཤིན་ཏུ་ཕྲ་བའི་སྒོ་གསུམ་ཞེས་པ་སྐུ་གསུང་ཐུགས་རྡོ་རྗེ་མི་ཤིགས་པ་གསུམ་འདི་ལས་སྣང་བ་མཆེད་ཅིང་བྱུང་བ་ཡིན་པས། དེ་ལྟར་བྱུང་བའི་སྣང་བ་ཐམས་ཅད་སླར་ཕྱིར་འདིའི་དབྱིངས་སུ་འགྲོ་བ་ཡིན། དེས་ན་སྐབས་འདི་ལས་སྒོས་ཆོས་ཨོཾ་ཨཱཿཧཱུྃ་འབྲུ་གསུམ་གྱིས་སྦྱངས་སྤེལ་བསྒྱུར་ནས། ཨོཾ་གྱིས་མ་དག་པའི་དངོས་པོ་སྦྱངས་ཤིང་དག་པར་བྱས། ཨཱཿ་ཡིས་མང་པོར་སྤེལ། ཧཱུྃ་གིས་གང་འདོད་མཆོད་སྦྱིན་གཉིས་ཀའི་དངོས་པོར་བསྒྱུར་ཏེ་འགྲོ་དྲུག་མཉེས་པར་བྱེད་པ་དེ་ལྟར་ཡིན། འབྲུ་གསུམ་འོད་ཀྱིས་བདུད་རྩིར་སྦར་གསུངས་བའི་སྦར་གྱིས་ཅི་བསྟན་ཞེ་ན། འགྱེད་འདི་ལ་དཀར་འགྱེད། དམར་འགྱེད། ནག་འགྱེད། ཁྲ་འགྱེད་སོགས་ཀྱི་དབྱེ་བ་ཡོད། འདི་ནས་ཐུན་མོང་དང་བསྟུན་ཏེ་བདུད་རྩིར་སྒྱུར་བ་ཀུ་ས་ལིའི་ཚོགས་གསོག་དང་མཐུན་པར། འབྲུ་གསུམ་འོད་ཀྱིས་ཡེ་ཤེས་ཀྱི་མེ་སྦར་ནས་བདུད་རྩིར་སྒྱུར་བའི་གོ་དོན་ལྟར་ཡིན། འདི་དག་མཐའ་གཅིག་ཏུ་མཚན་འཛིན་རྟོག་གེ་རིགས་པའི་ཚིག་ལ་འཆེལ་ནས་གཏན་ལ་ཕེབས་རྒྱུ་ཞིག་མ་ཡིན། སྟོང་ཁམས་ཁྱབ་པའི་སྒྱེད་རྡོ་གསུམ་གྱི་སྟེང་ལ་སྟོང་ཁམས་ཁྱབ་པའི་ཐོད་པ་ཞིག་བཙུགས་ནས་དེའི་ནང་སྟོང་ཁམས་ཁྱབ་པའི་བམ་རོ་ཞིག་བཞག་དགོས་ན། ཡང་ན་སྔོན་མ་རྣམས་སྟོང་ཁམས་ཡིན་མི་ལོ་པ། ཡང་ན་སྟོང་ཁམས་ཀྱི་ནང་སྟོང་ཁམས་མང་པོ་མི་ཤོང་པ་ལྟ་བུ་མ་ཡིན་ཏེ། མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ། །བདག་དང་གཞན་དུ་ལྟ་བ་ཐང་རེ་ཆད། །ཆེ་ཆུང་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཞེས་གསུངས་པ་ལྟར་ཆུང་བྱིས་པ་རིགས་ལམ་སྦྱོང་དུས་སུ་ཅི་ཡིན་ཡིན་བཤད་ཆོག་ཀྱང་། སྔགས་ཀྱི་ལྟ་སྤྱོད་ལ་ཐུག་དུས། མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པར་བགྱི། །ཞེས་བཤགས་དགོས་སར་ཐུག་པ་ཡིན། གོང་གི་སྟོང་ཁམས་ཀྱི་ཚད་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་མང་པོ་གར་འཇོག་འདིར་འཇོག་མེད་པ་འདི་ཆོས་ཀྱི་དབྱིངས་ལ་མི་ཤོང་བས་མ་ཡིན། རང་བློ་གུ་དོག་གི་ནང་ལ་མི་ཤོང་བས་ཡིན་ས་ཨེ་རེད། བདུད་རྩིར་སྒྱུར་གསུངས་པ་འདི་ཡིན་གཅིག་མིན་གཉིས་ཟ་རྒྱུ་འཐུང་རྒྱུ་ཞིག་གམ། ཡང་ན་རྫོགས་ཆེན་ཚང་གི་གཏོར་མ་ལ་བབས་པ་དེ་འདྲ་ལྡག་རྒྱུ་ཞིག་རྐྱང་བ་ལ་བསམ་བློ་བཏང་མི་དགོས་ཏེ། བདུད་རྩིའི་ངེས་ཚིག་བདུད་ཉོན་མོངས་པའི་རྣམ་པར་རྟོག་པ། རྩི་ཡེ་ཤེས་ཀྱི་རང་བཞིན་འདི་དོན་རྟགས་གཉིས་ཀྱི་ཐོག་ནས་འགྲེལ་རྒྱུ་ཡོད། ཇི་ལྟར་འགྲེལ་ཞེ་ན། དོན་མཚོན་བྱ་དོན་གྱི་བདུད་རྩི་སྣང་སྲིད་སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་པ་བདུད་རྩི་ཆེན་པོ་རང་བྱུང་ཡེ་ཤེས་ཀྱི་བདག་ཉིད་དུ་གནས་པ་དེ་ཉིད་ཡིན། རྟགས་མཚོན་བྱེད་རྟགས་ཀྱི་བདུད་རྩི་རྒུད་པ་ཐམས་ཅད་སེལ་པའི་འཆི་མེད་ཀྱི་རྫས་ལ་གོ་བ་ཡིན་པས། ཨོཾ་ཨཱཿཧཱུྃ་དང་ཧ་ཧོ་ཧྲཱིཿཡིས་ཐད་ཀར་གང་འདོད་མཆོད་སྦྱིན་གྱི་དངོས་པོ་བསྒྱུར་བའམ། ཡང་ན་དཀར་འགྱེད་དང་བསྟུན་པའི་དམིགས་པ་བདུད་རྩི་ཁོལ་བའི་རླངས་པ་ལས། གང་འདོད་མཆོད་སྦྱིན་གྱི་རྫས། ཡར་རྒྱལ་བ་མཆོད་པའི་མཆོད་རྫས། མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས་ལ་སོགས་པ་དང་། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན་ལ་སོགས་པའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་དང་། མར་རིགས་དྲུག་གི་མགྲོན་ལ་ཡིད་དུ་འོང་བའི་ཁང་བཟང་སྐྱེད་ཚལ་དང་ས་ཕྱོགས་ཉམས་དགའ་བ། གནས་གྲོགས་འདོད་པའི་ཡོན་ཏན་ཅི་བསམ་གང་དགོས་ལ་བསྒྱུར། དེ་བཞིན་དུ་ཤ་ཁྲག་དམར་ཟས་ལ་དགའ་བའི་འདྲེ་གདོན་ལ་སོགས་པ་རེ་རེ་ལ་ལུས་བམ་རོ་ཤ་ཁྲག་གི་ཕུང་པོ་ཆ་ཚང་རེ་རེ་ཐོབ་པ་སོགས་དམིགས་པ་གང་འདོད་ལ་བསྒྱུར་ཏེ། རང་གི་ཤ་ཁྲག་དྲོན་མོ་སྣང་སྲིད་ལྷ་འདྲེའི་ཁ་ཟས་སུ་སྦྱིན་དགོས། བྱིན་དུས་ཤ་མེད་ལ་ཤ་ཐོབ། དྲོད་མེད་ལ་དྲོད་ཐོབ། ཁྲག་མེད་ལ་ཁྲག་ཐོབ། བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་དེ་ཀུན་གྱི་སྣང་བ་བསྒྱུར་ནས་འཁོར་དུ་འདུས་ཚད་ད་ལྟའི་སངས་རྒྱས་དང་། འབྲེལ་བ་ཐོགས་ཚད་མ་འོངས་པའི་སངས་རྒྱས་སུ་འགྱུར་རྒྱུའི་སྨོན་ལམ་བཏབ་ནས། མཐར་མཆོད་བྱ་མཆོད་བྱེད་མཆོད་ཡུལ་སྦྱིན་བྱ་སྦྱིན་བྱེད་སྦྱིན་ཡུལ་དང་བཅས་ཐམས་ཅད་དམིགས་མེད་མཉམ་པ་ཆེན་པོ་གཉིས་མེད་ཆོས་དབྱིངས་ཀྱི་ཀློང་དུ་བརྡལ་ཐུབ་ན། ནང་སྙེམས་བྱེད་གདོན་གྱི་རྩ་བ་ཆོད་དེ། ལྷ་མེད་འདྲེ་མེད་ལྟ་བའི་གདེང་། །ཡེངས་མེད་འཛིན་མེད་སྒོམ་པའི་གནད། །བླང་དོར་མེད་པ་སྤྱོད་པའི་གནད། །རེ་དོགས་མེད་པ་འབྲས་བུའི་གནད། །ཞེས་གསུངས་པ་ལྟ་བུས་ཟིན་ཏེ། དངོས་གྲུབ་ཀླུ་དང་བདུད་ལས་འབྱུང་། །ཡོན་བདག་བཙན་དང་རྒྱལ་པོས་བྱེད། །ཟས་ནོར་མ་མོ་མཁའ་འགྲོས་སྦྱོར། །སྙན་པ་སྣང་སྲིད་ལྷ་འདྲེས་སྒྲོགས། །ཞེས་གསུངས་པ་ལྟར་ལྷ་འདྲེ་དབང་དུ་འདུས་པའི་རྟགས་ཐོན་པ་ཡིན་པས། ལྷོངས་ཚད་དང་ཚར་ཚད་ཆོད་ནས་འབྲས་བུ་སྨིན་ཡོང་བར་གསུངས་པས། ནད་པ་རེ་བདེ་ཐབས་དང་རང་གཞན་གྱི་འཕྲལ་རྐྱེན་ནད་གདོན་རེ་བཟློག་པ་ཙམ་གྱིས་ཚིམ་པར་མི་བྱེད་ནས། འཁོར་འདས་མཉམ་ཉིད་དུ་རྟོགས་པའི་མཆོག་གི་དངོས་གྲུབ་མ་ཐོབ་ཀྱི་བར་དུ་འབད་པར་བྱས་ནས་ཉམས་སུ་ལེན་དགོས་པ་ཡིན། དེ་རིང་ཡང་ཇི་ལྟར་བྱས་ཀྱང་ཆ་ཚང་འདོན་ཐུབ་མ་ཐལ། སང་ཉིན་འདོན་ཐུབ་ཤག་ཤག་བྱེད་དགོས། དེ་རིང་ང་ཚོས། ཅི་མང་བརྗོད་པས་སྦྱང་སྤེལ་སྒྱུར། །ཞེས་པའི་མཚམས་སུ་བཞག་དགོས་ཐུག་སོང་། སང་ཉིན། ཁྲ་བོར་འགྱེད་ན་དེ་ཉིད་ལས། །གསུངས་ས་ནས་དབུ་འཛུགས་རྒྱུ་བྱེད་ན་བསམ་གི། དེས་ན་ཆུ་ཚོད་ཡུན་རིང་སོང་ཡང་སྔ་དྲོར་ཆོས་ཁྲིད་གཅིག་མ་གཏོགས་ཡོད་པ་མིན། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་སོགས་གསུངས་ནས་གྲོལ་སོང་ངོ་།། །། ཉིན་གསུམ་པའི་ཆོས་ཁྲིད།དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སོགས་གསུངས་ནས། དེ་ཡང་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན། ཁམས་གསུམ་རིགས་དྲུག་ལམ་རྒྱུད་ལྔ་རུ་འཁོར་ཞིང་འཁྱམས་པའི་སེམས་ཅན་ཐམས་ཅད་དང་། ཁྱད་པར་དུ་འཁྲུལ་སྣང་དྲག་པོ་ལ་ཉིན་མཚན་ཁོར་མོ་ཡུག་དུ་སྤྱོད་ཅིང་དུས་རྟག་ཏུ་གཞན་གྱི་ཚེ་བརྐུ། མདངས་འཕྲོག སྲོག་ལེན་པར་བྱེད་པའི་སེམས་ཅན་མ་རུངས་པ། སྡུག་བསྔལ་རྒྱུ་འབྲས་ལ་རྟག་ཏུ་སྤྱོད་པ་འདི་དག་སྙིང་རེ་རྗེ། འདི་དག་གིས་གཙོས་པའི་ཆགས་སྡང་ཨ་འཐས་སུ་གྱུར་བའི་འགྲོ་བ་སེམས་ཅན་གྱི་རིགས་སུ་གྱུར་བ་ཐམས་ཅད་གཏན་བདེ་རྫོགས་བྱང་ལ་འགོད་པའི་ཆེད་དུ། བདག་གིས་ད་རེས་ཐེག་ཆེན་གྱི་ཆོས་དང་མཇལ། ཐབས་མང་དཀའ་བ་མེད་པའི་གསང་ཆེན་སྔགས་ཀྱི་ཐེག་པ་དང་འཕྲད་དེ། ལམ་ཟབ་མོ་ཉམས་ལེན་སྒོམ་སྒྲུབ་བྱེད་དུ་ཡོད་པའི་སྐལ་བ་ལྡན་པའི་དུས་འདིར། བརྩོན་འགྲུས་ཐང་ལྷོད་མེད་པ་ཞིག་གིས་འབད་པ་བྱེད་དགོས་དགོངས་རྒྱུའི་ཐུགས་འདུན་དང་བཅས་ཏེ། ཡང་དག་ཚུལ་དང་མཐུན་པའི་ཀུན་སྤྱོད་ཇི་ལྟར་མོས་པ་དང་བཅས་ཏེ་དམ་ཆོས་གསན་བསམ་ལ་འཇུག་དགོས། སྐབས་འདིར་གང་ཞིག་གསན་པར་བྱ་བ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་འཆད་ཁྲིད་བྱེད་བཞིན་པ་ཡིན། སྤྱིར་ན་ཟབ་མོ་གཅོད་ཀྱི་གདམས་པ་འདི་མདོ་སྔགས་གང་དུ་གཏོགས་ཤེ་ན། འདི་མདོ་ལ་གཏོགས་ཤིང་སྔགས་ལ་ཡང་གཏོགས། འདི་མདོ་ལ་གཏོགས་ཏེ་གཞུང་སྡེ་སྣོད་གསུམ་གྱི་ནང་ནས་མངོན་པའི་སྡེ་སྣོད་ལ་གཏོགས། སྔགས་ལ་ཡང་གཏོགས་ཏེ་འབུམ་རྒྱས་འབྲིང་བསྡུས་གསུམ་སོགས་ཀྱི་དངོས་བསྟན་སྟོང་ཉིད་ཟབ་མོའི་དོན་གང་ཞིག་མཚན་ཉིད་ལྡན་པའི་བླ་མས་བརྡ་དང་ཐབས་ཀྱིས་ངོ་སྤྲོད་དུ་ཡོད་ཅིང་། བསྐྱེད་རྫོགས་ཟབ་མོའི་ཐབས་ཁྱད་པར་ཅན་གྱི་ལམ་ནས་མངོན་དུ་བྱེད་པའི་ཐབས་མང་དཀའ་བ་མེད་པ་སོགས་ཀྱིས་ཁྱད་པར་དུ་བྱས་པ་ཡིན་པས་མན་ངག་རྡོ་རྗེའི་ཐེག་པ་ཉིད་ཡིན་ལ། དེ་ལ་ཡང་སྔགས་ཕྱི་ནང་གཉིས་ལས་འདི་ནང་རྒྱུད། དེ་ལའང་ནང་རྒྱུད་བསྐྱེད་རྫོགས་གཉིས་ཀྱིས་ཕྱེས་པའི་རྫོགས་པ། རྫོགས་པ་ལའང་མཚན་བཅས་མཚན་མེད་དམ་རྫོགས་པ་ཆེ་ཆུང་གི་ཟླས་ཕྱེས་པའི་འདི་ནི་གསང་བ་བླ་ན་མེད་པ་དམ་ཆོས་རྫོགས་པ་ཆེན་པོའི་ཕྱོགས་སུ་གཏོགས་སོ། །དེས་ན་འདི་བཤད་པའི་སྐབས་མདོ་སྔགས་གཉིས་ཀ་དང་སྒོ་བསྟུན་ནས་བཤད་ཆོག་སྟེ། རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཀྲལ་ན། སྡུད་པ་ལས། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ནམ་མཁའ་གང་ལའང་ཅུང་ཟད་མི་གནས་དེ་དང་འདྲ། །ཞེས་གསུངས་པ་དང་། མ་ཅིག་ལབ་ཀྱི་སྒྲོལ་མས་ཀྱང་། ཅི་ཡང་ཡིད་ལ་མ་བྱས་ན། །བར་ཆད་མི་འབྱུང་ས་ལམ་རྫོགས། །ཞེས་གསུངས་སོ། །དེ་ལྟར་ཡུམ་དོན་ལ་མཉམ་པར་བཞག་པའི་ཚེ་བདུད་བཞིའི་ལྷོངས་ཚད་དང་ཚར་ཚད་འབྱུང་ཚུལ་གསུངས་ཡོད། དེ་བཞིན་སྔགས་ཀྱི་སྐབས་ཡིན་ན། གཉན་སར་ཕྱིན་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་བ་འདི་ཉིད་མཐོང་ལམ་ཕྱག་རྒྱ་ཆེན་པོའི་མཆོག་གི་དངོས་གྲུབ་ལ་སྦྱོར་བའི་ཉེ་རྒྱུའི་སྤྱོད་པ། མགོན་པོ་ཀུན་ཏུ་སྤྱོད་པའམ་སྤྲོས་མེད་ཀྱི་སྤྱོད་པ་ཡིན་གསུངས་པ་དང་། རྫོགས་ཆེན་གྱི་གཞུང་དུ་ཡང་། སྤྱོད་པའི་དུས་གྲངས་ངེས་པ་བདུན་བཤད་པ་ལས། ཁྱི་ཕག་ལྟ་བུའི་སྤྱོད་པ། སྨྱོན་པ་ལྟ་བུའི་སྤྱོད་པ། རྣལ་འབྱོར་དབང་ཕྱུག་གི་སྤྱོད་པ་རྣམས་ཀྱང་འདི་ཉིད་དོ། །སྔགས་དང་ཕར་ཕྱིན་གྱི་གཞུང་ལམ་མཐར་ཐུག་གི་དགོངས་པ་གཅིག་ཏུ་སྡུད་མི་ཤེས་ནས་འགལ་བ་ཅན་ཏུ་འཛིན་པ་ནི་ཕྱོགས་རིས་མིག་ཅན་གྱི་བློ་མིག་ལ་མི་ཆུད་པས་ཡིན། དེའི་ཕྱིར་ན་གཅོད་ཡུལ་གྱི་གདམས་པ་འདི་སྔགས་ལ་གཏོགས་པར་མ་ཟད། སྔགས་གསར་རྙིང་གང་ལ་གཏོགས་སྙམ་ན། འདི་སྔགས་རྙིང་མའི་ཕྱོགས་སུ་གཏོགས་པ་ཡིན། ཇི་ལྟར་གཏོགས་ན་སྔགས་གསར་རྙིང་ཞེས་པ་ནི་དུས་ཀྱིས་ཕྱེས་པ་ཡིན་པས། སྔགས་མ་ཟད་གཞུང་ཕར་ཕྱིན་གྱི་དབང་དུ་བྱས་ན་ཡང་། སྤྱིར་སྡེ་སྣོད་གསུམ་དང་ཁྱད་པར་ཤེར་ཕྱིན་སྟོང་ཕྲག་བརྒྱ་བ་ལ་སོགས་པ་ཡུམ་སྲས་བཅུ་བདུན་གྱི་སྐོར་མང་ཆེ་བ་ལོ་ཆེན་བཻ་རོ་ཙ་ནས་བསྒྱུར་བ་ཡིན་པར་འགྱུར་བྱང་ལ་བལྟས་ཀྱང་ཤེས་སླ་བས་སོ། །མན་ངག་གི་དབང་དུ་ན་ནང་རྒྱུད་ཡོ་ག་སྡེ་གསུམ་དང་། ཁྱད་པར་རྫོགས་ཆེན་གྱི་སྐོར་རྣམས་སྔ་འགྱུར་པ་ཁོ་ནའི་ཁྱད་ཆོས་ཡིན་ནོ། །དེ་བས་ཀྱང་བོད་འདིར་ཟབ་མོ་གཅོད་ཀྱི་གདམས་པ་ཞེས་ཡོངས་སུ་གྲགས་པ་ནི། མ་ཅིག་ལབ་ཀྱི་སྒྲོལ་མ་ནས་བརྒྱུད་པ་ཡིན་པས་སྔགས་གསར་རྙིང་གཉིས་ཀྱི་ནང་ནས་རྙིང་མ་ལ་གཏོགས་པ་ཡིན་ཏེ། མ་ཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་འདི་ཉིད་ནི། ངེས་པ་དོན་གྱི་དབང་དུ་བྱས་ན། ཆོས་སྐུའི་དུས་ན་རྒྱལ་བ་སྲས་དང་བཅས་པ་བསྐྱེད་པའི་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའམ། དཀྱིལ་འཁོར་རྒྱ་མཚོའི་འབྱུང་གནས་ཆོས་ཉིད་ཀུན་ཏུ་བཟང་མོ་དང་། ལོངས་སྐུའི་དུས་ན་འབྱུང་ལྔ་དག་པ་དབྱིངས་ཀྱི་ཡུམ་ལྔའི་ཕྱག་རྒྱར་ཤར་བ་དང་། སྤྲུལ་སྐུའི་དུས་ན་བཅོམ་ལྡན་འདས་རྡོ་རྗེ་ཕག་མོའམ། མཁའ་འགྲོ་ལས་ཀྱི་དབང་མོ་དེ་ཉིད། སླར་ཡང་བོད་ཡུལ་གངས་ཅན་གྱི་ལྗོངས་འདི་རུ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་པར་བྱོན་པ་དེའི་སྤྲུལ་པ་རེད། སྤྲུལ་དང་སྤྲུལ་གཞིའི་ཐད་ནས་མ་བཤད་པར། ཆོས་བརྒྱུད་ཀྱི་དབང་དུ་བྱས་ཏེ་བཤད་ན་ཡང་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཡིན་ཏེ། སྤྱིར་ན་ཕ་གཅིག་དམ་པ་རྒྱ་གར་ལ་སོགས་པ་བླ་མ་མང་ཡང་། དབང་དུས་ཀྱི་ཡེ་ཤེས་བཙན་ཐབས་སུ་ངོ་སྤྲོད་མཁན་སྐྱོ་སྟོན་བསོད་ནམས་གྲགས་པ་རེད། སྐྱོ་སྟོན་བསོད་ནམས་གྲགས་པས་མཁའ་འགྲོ་བརྡ་ཡི་དབང་བསྐུར་ནས་དབང་བཞི་པའི་ཡེ་ཤེས་བརྡ་དོན་རྟགས་ཀྱི་ངོ་སྤྲོད་པའི་གནས་སྐབས་ན། མ་གཅིག་གི་སྐུ་ཞི་བའི་གར་སྟབས་ཉེར་བཞི་མཛད། གསུང་སམ་ཀྲྀ་ཏའི་བརྡ་སྐད་བསྒྲགས། ཐུགས་རྡོ་རྗེ་ལྟ་བུ་ཏིང་འཛིན་སོགས་བརྙེས་ཏེ་དབང་བཞིའི་ཡེ་ཤེས་དེ་མ་ཐག་ངོ་འཕྲོད་ནས། མཚོན་བྱ་དོན་གྱི་ཡེ་ཤེས་མངོན་དུ་གྱུར་ཏེ་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་སོང་བ་ཡིན་ནོ། །སྐྱོ་སྟོན་བླ་མ་བསོད་ནམས་གྲགས་པ་སྔ་འགྱུར་པ་ཡིན་ཏེ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་ཡུལ་ལ་རྒྱལ་བའི་བསྟན་པ་སྤེལ་ནས་རྔ་ཡབ་སྲིན་པོའི་གླིང་དུ་གཤེགས་ཁར། སྔ་འགྱུར་བསྟན་པའི་བབས་སོ་རྣམ་པ་གསུམ་ལས། དང་པོ་གཉགས་ལ་གཏད་དེ། གཉགས་ཆེན་ཡེ་ཤེས་གཞོན་ནུ་ལ་སློབ་མ་དཔལ་གྱི་མིང་ཅན་བརྒྱད་ལ་སོགས་པ་མཁས་གྲུབ་མང་པོ་བྱོན། དེ་ནས་གནུབས་ལ་བབས་ཏེ། གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་སློབ་མ་ཐུགས་སྲས་ཀྱི་བུ་ཆེན་བཞི་ལ་སོགས་པ་བྱོན། དེ་ནས་ཟུར་ལ་བབས་ཏེ། གསང་བདག་ཟུར་པོ་ཆེའི་སློབ་ཆེན་རྩེ་མོ་བཞིའི་ནང་ཚན། སྐྱོ་ཤཱཀྱ་ཡེ་ཤེས་ཀྱི་རིགས་དབོན་དུ་འཁྲུངས་པས་སྐྱོ་སྟོན་བསོད་ནམས་བླ་མ་ཞེས་གྲགས། དེས་ན་མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལབ་ཀྱི་སྒྲོལ་མ་འདི་སྔགས་རྙིང་མའི་ཆོས་བརྒྱུད་ལ་བྱོན་པ་ཡིན་ཞེས་པའི་རྒྱུ་མཚན་དེ་ཡིན་ནོ། །ཕྱིས་སུ་ཕ་དམ་པ་སངས་རྒྱས་ཀྱི་མདུན་ནས་དམ་ཆོས་སྡུག་བསྔལ་ཞི་བྱེད་ལ་སོགས་པ་གསན་ནས། དབུ་ཕྱག་རྫོགས་གསུམ་ཞི་བྱེད་དང་བཅས་པའི་ཟབ་གནད་ཐུགས་ལ་འཁྲུངས་ཤིང་། ཟབ་མོ་གཅོད་ཀྱི་གདམས་པའི་སྲོལ་འབྱེད་ཀྱི་ཤིང་རྟ་ཉག་གཅིག་ཏུ་ཡོངས་སུ་གྲགས་པ་ཡིན། དེའི་རིང་བརྒྱུད་ཀུན་མཁྱེན་ཆེན་པོ་ལ་དམ་པའི་ཞི་བྱེད་དང་། མ་ཅིག་གི་སྒོ་འབྱེད་རྣམ་དྲུག་ལ་སོགས་པ་བླ་མ་ཟ་ལུང་པ་ནས་བརྒྱུད་པ་དང་། ཉེ་བརྒྱུད་ཀྱང་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་སྐབས་སུ། ནམ་མཁའ་འོད་ཕུང་གི་ཀློང་ན་ཨོ་རྒྱན་རིན་པོ་ཆེ་སྐུ་མདོག་དཀར་པོ་འཁོར་ཌཱཀྐི་སྡེ་ལྔ་དང་བཅས་པས་ཞལ་གཟིགས་ཤིང་བྱིན་རླབས་ཐོབ། དེའི་སྔ་ཕྱི་ཅི་རིགས་པར་སློབ་དཔོན་ཡབ་ཡུམ་གྱིས་ཞལ་གཟིགས་མང་པོ་གནང་ཞིང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མཚན་ལ་རྡོ་རྗེ་གཟི་བརྗིད་གསོལ་བ་སོགས་ཐུན་མིན་རྒྱལ་ཐབས་སྤྱི་བླུགས་ཀྱི་རིག་པའི་རྩལ་དབང་བླ་མ་མཁའ་འགྲོ་གཉིས་མེད་ལས་ཐོབ། དེའི་ཡེ་ཤེས་ཀྱི་སྐུས་ལན་གསུམ་རྗེས་སུ་བཟུང་བའི་ཀུན་མཁྱེན་ཕྱི་མ་འཇིགས་མེད་གླིང་པ་ལ་བརྒྱུད་གསུམ་དགོངས་པའི་བྱིན་རླབས་ཅིག་ཆར་དུ་ཐོབ་ནས་ཀློང་ཆེན་སྙིང་ཐིག་གི་བཀའ་བབ་པ་ཡིན་པས། དེའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་གདམས་པ་འདི་བྱོན་པ་ཡིན་པ་སྔར་ཡང་ཞུས་པ་ལྟར་རོ། །མ་ཅིག་ལབ་ཀྱི་སྒྲོན་མ་ལ་སློབ་མ་མཁས་ཤིང་གྲུབ་པ་བརྙེས་པ་མང་དུ་བྱོན་པ་ཡིན་ཏེ། སྲས་ཐོད་སྨྱོན་བསམ་འགྲུབ་ལ་སོགས་པ་རང་དང་མཉམ་བའི་ཐུགས་སྲས་བརྒྱད་གཉིས་བཅུ་དྲུག་གི་རྣམ་གྲངས་ཡོད་པ་དང་། ལ་འདུས་རྡོ་རྗེ་སྒྲོན་མ་ལ་སོགས་པའི་སྲས་མོ་རྒྱན་བཞི། རྒྱ་སྒོམ་ཧར་ཐོན་སོགས་མཁས་པ་མི་བརྒྱད། དང་པོའི་ས་ཐོབ་པའི་སློབ་མ་རྐྱང་བ་ཡང་བརྒྱ་དང་ཞེ་དྲུག སྦྱོར་ལམ་ཐོབ་པ་སྟོང་དང་གཉིས་བརྒྱ་དྲུག་ཅུ་རྩ་གསུམ། ཚོགས་ལམ་ཐོབ་པའི་སློབ་མ་ཤིན་ཏུ་མང་བར་གསུངས། དེའི་ནང་ནས་ཀྱང་ཡོངས་སུ་གྲགས་ཆེ་བར་མདོ་ལུགས་ཀྱི་བརྒྱུད་འཛིན་ཐོད་སྨྱོན་བསམ་འགྲུབ། སྔགས་ལུགས་ཀྱི་བརྒྱུད་འཛིན་རྒྱལ་བ་དོན་གྲུབ། མདོ་སྔགས་ཟུང་འཇུག་གི་བརྒྱུད་འཛིན་ཆོས་ཀྱི་སེང་གེ་སོགས་ཡིན་ལ། དེ་ལས་བརྒྱུད་པའི་རྣམ་གྲངས་ལ་མཚོན་ན། ཕ་བརྒྱུད་ཐབས་ཀྱི་བརྒྱུད་པ། མ་བརྒྱུད་ཤེས་རབ་ཀྱི་བརྒྱུད་པ། སྲས་བརྒྱུད་ཉམས་ཀྱི་བརྒྱུད་པ་ལ་སོགས་པའི་རྣམ་དབྱེ་ཡོད་དོ། །འོ་ན་རང་རེའི་བརྒྱུད་པ་འདི་གང་ལྟར་ཡིན་ཞེ་ན། ཆུ་བོ་གཅིག་འདྲེས་བདག་ཅག་གི་རྩ་བའི་བླ་མ་འཇིགས་མེད་ཡོན་ཏན་མགོན་པོ་ནས་བརྒྱུད་པ་ཡིན། བརྒྱུད་པ་དེ་ལྟ་བུའི་ཟབ་ཁྲིད་གདམས་པའི་མན་ངག སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་བརྟེན་ལུང་དང་བཅས་པའི་རྒྱུན་འབུལ་བཞིན་པ་ལས། ཁ་རྩང་ཡན་ཆད་བརྟུལ་ཞུགས་སྤྱོད་པའི་ཆས་སྟ་གོན་བཤད་པ་ནས། ཟིལ་གནོན་དམིགས་པ་སྐོར་གསུམ་དང་བཅས་པའི་གཉན་ས་འགྲིམ་པ། བྲོ་བརྡུང་བ། ཅོག་བུ་འབུབས་པ། སྐྱབས་སེམས་མཎྜལ་བླ་མའི་རྣལ་འབྱོར་སོགས་ཀྱི་སྔོན་འགྲོ་དང་། དངོས་གཞི་ལུས་སྦྱིན་ནང་གི་རང་ལུས་བདུད་རྩིར་སྦར་བའི་སྦྱང་སྤེལ་སྒྱུར་བ་ཡན་ཆད་སོང་ནས། དེ་རིང་དང་པོ་འགྱེད་ཆེན་བཞིའི་དམིགས་གནད་སོ་སོར་ཕྱེས་ནས་གསུངས་པ་སྟེ། ཁྲ་བོར་འགྱེད་ན་དེ་ཉིད་ལསཿ སྐྱེད་ཚལ་ཟས་གོས་སྨན་ལ་སོགསཿ ཡིད་ལ་ཅི་འདོད་ངོ་བོར་སྦརཿ ཞེས་གསུངས་ཏེ། འགྱེད་ཆེན་བཞི་ནི། དཀར་འགྱེད། ཁྲ་འགྱེད། དམར་འགྱེད། ནག་འགྱེད་བཞིའོ། །ཁྲ་བོར་འགྱེད་ན་དེ་ཉིད་ལས། །ཞེས་གསུངས་པའི་དེ་ཉིད་ཅེས་པས་དཀར་འགྱེད་བདུད་རྩིའི་རང་བཞིན་དེ་བསྟན་པ་ཡིན། གང་ལ་འགྱེད་སའི་མགྲོན་ནི་དཀོན་མཆོག་སྲིད་ཞིའི་མགྲོན་དང་། བགེགས་རིགས་ལན་ཆགས་ཀྱི་མགྲོན་གཉིས་སུ་ཕྱེས་ནས། ཇི་ལྟར་འགྱེད་རྒྱུའི་མགྲོན་སྟོན་དུ། མཆོད་སྦྱིན་གྱི་དམིགས་པ་གཉིས་ཀྱི་ཁོངས་སུ་འདུས་པ་ཡིན་པས། དཀར་འགྱེད་ཁྲ་འགྱེད་གཉིས་ཀ་ཡར་མར་གྱི་མགྲོན་གཉིས་ཀར་འགྱེད་རྒྱུ་དང་། དམར་འགྱེད་ནག་འགྱེད་གཉིས་ཀ་མར་མགྲོན་ལ་འགྱེད་རྒྱུའི་གོ་དོན་ཤུགས་ནས་འབྱུང་བ་ཡིན། སྟེང་གི་རྩ་བརྒྱུད་བླ་མ་སངས་རྒྱས་བྱང་སེམས་ཀྱི་ཚོགས་དང་བཅས་པ། ཡི་དམ་རྒྱུད་སྡེའི་ལྷ་ཚོགས་གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པ་ལ། རང་ལུས་འབྲུ་གསུམ་གྱིས་བདུད་རྩིར་བསྒྱུར་ཏེ། བདུད་རྩིའི་བཅུད་དྲངས་པས་ཚོགས་རྫོགས་སྒྲིབ་པ་དག་དམ་ཚིག་ཉམས་ཆགས་བྱང་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ་ནས་ཡར་མགྲོན་ལ་དཀར་འགྱེད་བྱས་པ་རེད། དེ་ནས་ཡང་རང་ཉིད་ཁྲོས་མ་བརྒྱ་སྟོང་གྲངས་མེད་སྤྲུལ་ནས་སྣོད་ཡེ་ཤེས་ཀྱི་ཀ་པ་ལའི་ནང་ནས་བཅུད་ཟག་མེད་ཀྱི་བདུད་རྩིའི་ཆར་ཕབས་ནས། རིགས་དྲུག་གི་སེམས་ཅན་ལ་ངོམ་ཤིང་ཚིམ་པར་བྱས་པ་ནི་མར་མགྲོན་ལ་དཀར་འགྱེད་ཅེས་བྱ། ཁྲ་འགྱེད་ལ་མཆོད་རྫས་སྣ་ཚོགས་སྤྲུལ་ནས་མཆོད་པ་ཕུལ་བ་ཡར་མགྲོན་ལ་ཁྲ་འགྱེད་ཡིན། འདིའི་དངོས་བསྟན་བཞིན་སྐྱེད་ཚལ་ཟས་གོས་སྨན་ལ་སོགས་པའི་སོ་སོའི་ཡིད་ལ་གང་ལ་གང་འདོད་ཀྱི་ངོ་བོར་སྦར་ནས་འབུལ་བ་མར་མགྲོན་ལ་ཁྲ་འགྱེད། དེ་དག་གིས་ཡར་མར་གྱི་དཀར་འགྱེད་དང་ཁྲ་འགྱེད་བསྟན་ནས། དེ་ནས་དམར་འགྱེད་ནི། དམར་འགྱེད་རང་ཉིད་ཁྲོས་ནག་མསཿ སྙིགས་མའི་ལུས་ཀྱི་ལྤགས་པ་བཤུསཿ སྟོང་གསུམ་ཁྱབ་པར་བཀྲམ་པའི་སྟེངཿ གཟུགས་ཕུང་ཤ་ཁྲག་ཕུང་པོར་སྤུངསཿ ཤན་པའི་མདུན་ས་ལྟ་བུར་བསམཿ ཞེས་གསུངས་ན། འདིའི་འགྱེད་ཆེན་བཞི་པོ་འདི་འགྱེད་ཡུལ་གྱི་ཆ་ནས་ཁྱད་པར་དུ་བྱས་པའི་དམིགས་གནད་འདུན་པ་བསྒྱུར་ལུགས་ཙམ་ཞིག་ཡིན། རྒྱུན་གྱི་ཉམས་ལེན་འགའ་རེའི་སྐབས་ན། འགྱེད་སྔོན་མ་གཉིས་ཀྱིས་འཐུས་རྒྱུ་མཛད་ནས་ཕུང་པོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ནས་འགྲོ་དྲུག་སོ་སོར་གང་འདོད་དངོས་པོར་སྒྱུར་སྐབས། འགྱེད་འོག་མ་གཉིས་ཀ་མ་ཚང་ནས་མགྲོན་རིགས་འགའ་རེ་ཚིམ་པར་མ་བྱས་པ་མིན་ཡང་། བདག་འཛིན་ཡུལ་ནས་འདོན་པའི་བོགས་འདོན་ལ་ལུས་པོ་སྦྱིན་པ་གཏོང་ལུགས་ཕུང་པོ་གཟན་དུ་བསྐྱུར་བའི་གདམས་པ་འདི་ཆེད་དུ་བསྟན་པ་ཞིག་ཡིན། འདིའི་དམིགས་པ་ཁ་རྩང་སྔོན་ལ་ཕྱོགས་ཙམ་ཞུས་པ་ལྟར་དུ། དམར་འགྱེད་རང་གི་སྙིང་ཁར་བཞུགས་པའི་རིག་པ་སེམས་ཉིད་ཀྱི་ངོ་བོ་ཁྲོས་མ་ནག་མོ་སྐད་ཅིག་གིས་སྤྱི་བོ་འོད་རྩ་ཡི་ཚངས་པའི་བུ་ག་ནས་བརྒྱུད་དེ་སྤྱི་བོར་བྱོན། གྲངས་མེད་སྤྲུལ་པའི་ཚོགས་དང་བཅས་པའི་ཕྱག་གཡས་པའི་གྲི་གུག་གིས་སེམས་མེད་བེམས་པོར་གྱུར་བའི་སྙིགས་མའི་ལུས་ཀྱི་པགས་པ་བཤུས་ཏེ་སྟོང་གསུམ་ཁྱབ་པར་བཀྲམ་པའམ་འགེངས་པའི་སྟེང་དུ། གཟུགས་ཕུང་པོ། ཕྱི་ཤ་ལྷུ་ཚིགས། ནང་ཁྲོལ་དོན་སྙིང་། ཁྲག་དང་རྒྱུས་པ། རྐང་མ་དང་རུས་པ་ལ་སོགས་པ་ཤ་ཁྲག་དམར་གྱི་ཕུང་པོར་སྤུངས་ཏེ། ཤན་པའི་མདུན་ས་ལྟ་བུ་དམར་ལྷང་ལྷང་དུ་འགེངས་པ་ཟད་མི་ཤེས་པ་ནམ་མཁའ་ལྟ་བུའི་ཁྱོན་ཀུན་གང་བ་ཞིག་ཏུ་བསམ་ནས། འདིའི་སྐོར་འགྱེད་ཆེན་བཞི་པོ་མཆོད་སྦྱིན་གྱི་དམིགས་པ་འོག་ནས་འབྱུང་མ་རག་པའི་ངག་འདོན་ལྟར་དམིགས་པ་བསྒྱུར་བ་ཡིན་ཡང་། དམར་འགྱེད་འདི་ལ་གཙོ་བོ་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་རི་རབ། ཕྱི་ཤ་ལྷུ་དུམ། དབང་པོ་དོན་སྙིང་ལ་སོགས་པ་ཐམས་ཅད་པོ་ལ། ཁྲོས་མ་ནག་མོའི་སྤྲུལ་དང་ཡང་སྤྲུལ་ལས་བྱེད་ཀྱི་ཕོ་ཉ་ནམ་མཁའི་སྤྲིན་ཐིབས་པ་ལྟ་བུ་མང་པོ་བྱོན་ནས། སྒྲུབ་ལ་བར་ཆད་བརྩམ་ཞིང་གནོད་པར་བྱེད་པའི་ལྷ་འདྲེས་གཙོ་བྱས་པའི་ཤ་ཁྲག་དམར་ལ་དགའ་བའི་མགྲོན་རིགས་ཐམས་ཅད་ལ་རང་རང་གི་ལོངས་སྤྱོད་ཀྱི་སྐལ་བ་བྱིན་པས། ལྷ་འདྲེ་རེ་རེའི་ལུས་ཀྱང་ཁམས་གསུམ་སྲིད་པའི་ལྟོས་དང་མཉམ་པ་རེ་རེ་དང་། དེ་ཉིད་ཡང་གང་འདོད་བཟའ་བཏུང་འདོད་ཡོན་ཕུན་སུམ་ཚོགས་པར་གྱུར་བ་ཞིག་དམིགས་དགོས། དེ་ནས་ནག་འགྱེད་ནི། ནག་འགྱེད་བདག་གཞན་སེམས་ཅན་གྱིཿ ཐོག་མེད་ནས་བསགས་ནད་གདོན་དངཿ སྡིག་སྒྲིབ་ཐམས་ཅད་ནག་བུན་གྱིསཿ བསྡུས་ཏེ་གཟུགས་ཕུང་ལ་བསྟིམས་པཿ ལྷ་འདྲེས་ཟོས་པས་ཁོ་ཡི་ལུསཿ སོལ་བ་ལྟ་བུར་གྱུར་པར་བསམཿ ཞེས་གསུངས་ཏེ། འགྱེད་ཆེན་བཞི་པོ་འདི་བསྡུས་ན་ཚོགས་བསགས་སྒྲིབ་པ་སྦྱང་བའི་བསགས་སྦྱངས་གཉིས་ཀྱི་གནད་ལ་འདུས་པ་ཡིན། རེ་རེས་ཀྱང་གཉིས་ཀའི་གོ་མི་ཆོད་པ་མིན་ཡང་། ནག་འགྱེད་གཙོ་བོ་སྡིག་སྦྱོང་གི་ཆེད་དུ་དམིགས་པ་རྩལ་འདོན་མཛད་པའི་གདམས་པ་ཞིག་ཡིན། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ཐོག་མེད་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་ནས་ལྷ་འདྲེའི་གཟུགས་ཕུང་ལ་བསྟིམས་ཏེ། ལྷ་འདྲེ་སོལ་བ་ལྟ་བུའི་ནག་པོར་གྱུར་བར་བསམ་དགོས། འདིའི་སྡིག་སྒྲིབ་ཐམས་ཅད་ལྷ་འདྲེ་ལ་ཕར་བསྒོས་ནས་དེ་ལ་སྡུག་བསྔལ་བཅུག་པ་ལྟ་བུའི་གོ་བ་མ་ཡིན། དེ་ཡང་བདག་གཞན་སེམས་ཅན་ཐམས་ཅད་ཅེས་པས་ལྷ་འདྲེ་སེམས་ཅན་ཐམས་ཅད་ཀྱི་ནང་དུ་འདུས་པ་གོ་ནུས་པ་ཡིན་ན། གཙོ་བོ་ལན་ཆགས་ཀྱི་བུ་ལོན་སོད་པའི་དམིགས་པའི་ཁ་སྒྱུར་གཙོར་འདོན་བྱས་པ་ཙམ་ཡིན། ཚིག་གི་དོན་འདི་ལྟར་ཡིན་ཏེ། བྱང་ཆུབ་སེམས་ཀྱིས་ཀུན་ལ་ཁྱབ་པའི་སེམས་བསྐྱེད་ཁྱད་པར་ཅན་དང་འབྲེལ་ནས། ནག་འགྱེད་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མེད་ནས་ད་ལ་མ་ཐུག་གི་བར་དུ་བསགས་པའི་བསད་བསད་གཏུབ་གཏུབ་ཚེ་ཐུང་བའི་ལན་ཆགས། འཕྲོག་འཕྲོག་བཅོམ་བཅོམ་བརྐུས་བརྐུས་ནོར་དབུལ་བའི་ལན་ཆགས། བརྡུངས་བཙོགས་མནར་གཅོད་ལ་སོགས་པ་བཏང་བས་ནད་མང་བའི་ལན་ཆགས། གོང་མས་བསྐྱབས་པའི་ལན་ཆགས། འོག་མས་བཀུར་བའི་ལན་ཆགས། འདྲ་མཉམ་མཛའ་མཐུན་གྱི་ལན་ཆགས། མཐོ་བ་མཁར་གྱི་ལན་ཆགས། དམའ་བ་ས་ཞིང་གི་ལན་ཆགས་སོགས་དང་། ད་དུང་ཚེ་ལན་སྲོག་ལན་ཤ་ལན་རུས་ལན་སོགས་ཆགས་ནས་བྱུང་བའི་ནད་རིགས་བཞི་བརྒྱ་རྩ་བཞི། གདོན་རིགས་སྟོང་ཕྲག་བརྒྱད་ཅུ། མདོར་ན་སྡིག་སྒྲིབ་ཐམས་ཅད་མི་གཙང་བའི་དངོས་པོ་ཁ་དོག་ནག་བུན་ནེ་བ། ནག་ཉུག་གེ་ཡོད་པར་བསྡུས་ནས་གཟུགས་ཕུང་ལ་བསྟིམས་པ་དེ་ཉིད་ལྷ་འདྲེ་ལན་ཆགས་ཀྱི་བདག་པོ་བདག་མོ་ཚང་མས་ཟོས་ནས་ཚིམས་ཤིང་ངོམ་པར་གྱུར་བས། ཁོ་ཞེས་པས་ལྷ་འདྲེ་ལན་ཆགས་ཀྱི་བདག་པོ་བདག་མོ་ཚང་མའི་ལུས་སོལ་བ་ལྟ་བུ་ནག་པོ་གྱུར་པ་འདིས། དེ་དག་ཀུན་ལ་བུ་ལོན་ལན་ཆགས་གང་དགོས་ཐམས་ཅད་སོད་ནས་ཚེ་ལན་ཡོད་ན་ཚེ་ཡི་སྣོན་མར་གྱུར། སྲོག་ལན་ཆགས་ན་སྲོག་གི་ཆད་མཐུད་དུ་གྱུར། ཟས་འདོད་ལ་ཟས། གོས་འདོད་ལ་གོས། རྒྱུ་ནོར་གཉེན་གྲོགས་འདོད་པ་ལ་དེ་དང་དེར་གྱུར་ནས་འདོད་རྒུའི་ལོངས་སྤྱོད་ཟད་མེད་ཀྱི་གཏེར་དུ་གྱུར་ཏེ། ཚེ་ཟད་ཀྱི་ཚེ་མཐུད། སྲོག་མེད་ཀྱི་སྲོག་ཏུ་གྱུར། དབུགས་མེད་ལ་དབུགས། ཤ་མེད་ལ་ཤ དྲོད་མེད་ལ་དྲོད་དུ་གྱུར་ནས། ནད་པའི་སྨན་དང་། འཆི་བའི་བདུད་རྩི། ཞ་བོ་ལ་རྫུ་འཕྲུལ་གྱི་རྐང་པ། ལོང་བ་ལ་ཡེ་ཤེས་ཀྱི་སྤྱན། འོན་པ་ལ་ཟག་མེད་ཀྱི་རྣ་བ། ལྐུགས་པ་ལ་ཤེས་རབ་ཀྱི་ལྕེ་སྟེ། མདོར་ན་གང་འདོད་ལོངས་སྤྱོད་ཀྱིས་ངོམས་ཤིང་ཚིམས་ནས་ལན་ཆགས་འཁོར། བུ་ལོན་སོད། ཤ་མཁོན་བྱང་། སྡིག་སྒྲིབ་དག་པར་གྱུར་བར་བསམ་པའི་དམིགས་པ་ཡིན་ནོ། །དེ་ནས་ལུས་སྦྱིན་དངོས་ཀྱི་དང་པོ་འགྲོ་དྲུག་སྤྱན་འདྲེན་པའམ་འབོད་ཅིང་སྙན་གསན་དབབ་པ་ནི། མཆོད་སྦྱིན་མགྲོན་རྣམས་འདི་ལྟར་འབོདཿ ཅེས་མཚམས་སྦྱར་ཏེ། ཕཊཿ མཆོད་ཡུལ་རྩ་གསུམ་དམ་ཅན་ནསཿ སྡེ་བརྒྱད་འབྱུང་པོས་གཙོ་བྱས་པའིཿ སྦྱིན་ཡུལ་ལན་ཆགས་འདྲེ་གདོན་ཡནཿ བརྟུལ་ཞུགས་སྤྱོད་པའི་གནས་འདིར་བྱོནཿ ཞེས་གསུངས་ཏེ། ཤྭ་ལོ་ཀ་འདིས་གང་སྤྱན་འདྲེན་བྱའམ་འབོད་བྱ་ཡུལ་གྱི་མགྲོན། ཡར་མགྲོན་ནས་མར་མགྲོན་ཡན་གྱི་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་མགྲོན་རིགས་ཐམས་ཅད་འབོད་པ་བྱས་པ་ཡིན། མཆོད་ཡུལ་མཆོག་གསུམ་དམ་པའི་ཞིང་དང་གཉིས་སུ་མེད་པའི་རྩ་གསུམ་བླ་མ་ཡི་དམ་མཁའ་འགྲོ། བཀའ་སྡོད་དམ་ཅན་གྱི་ཆོས་སྐྱོང་ཡེ་ཤེས་དང་ལས་ལས་གྲུབ་པའི་རིག་འཛིན་ནང་གི་དགེ་འདུན་དུ་གྱུར་པའམ། དཀྱིལ་འཁོར་གཅིག་གི་སྤྲོ་བསྡུའི་བཀའ་འཁོར་ན་གནས་པ་ཡན་གྱི་མཆོད་ཡུལ་མན་ཆད་ནས། སྡེ་བརྒྱད་འབྱུང་པོ་ཞེས་པའི་སྡེ་བརྒྱད་འདི་ནི་ཁ་རྩང་གོང་དུ་ཡང་ཞུས་པ་ཡིན། འཆི་བདག་གཤིན་རྗེའི་སྡེ། འདོད་ཁམས་མ་མོའི་སྡེ་ལ་སོགས་པ་བགྲང་དུ་ཡོད། དེའི་སྡེ་རེ་རེ་ལ་ཡང་འགོ་དཔོན་ཡོད་དེ། དཔེར་ན་འཆི་བདག་གཤིན་རྗེའི་སྡེ་དཔོན་ལ་གཤིན་རྗེ་འཆི་བདག་ནག་པོ་དང་། འདོད་ཁམས་མ་མོའི་སྡེ་དཔོན་ལ་མ་མོ་སྲིད་པའི་རྒྱལ་མོ། ཆེ་གྲགས་ལྷ་ཡི་སྡེ་ཚོགས་ལ་ལྷ་ཆེན་མ་ཧཱ་དེ་བ། གདུག་རྩུབ་གནོད་སྦྱིན་གྱི་སྡེ་དཔོན་ལ་གནོད་སྦྱིན་གང་བ་བཟང་པོ། འཛིན་ཤེས་ན་གཏོང་མི་ཤེས་པའི་གླེན་པ་ཀླུ་ཡི་སྡེ་ཚོགས་ལ་ཀླུ་དགའ་བོ་འཇོག་པོ། མྱུར་མགྱོགས་སྲིན་པོའི་སྡེ་ཚོགས་ལ་སྲིན་པོ་རཀྴ་ཐོད་ཕྲེང་། ཁྲམ་བདག་བདུད་ཀྱི་སྡེ་དཔོན་ལ་བདུད་པོ་མི་ཡི་ཁ་གནོན་ཅན་སོགས་རིགས་བསྡུས་ནས་བརྒྱད་དུ་གསུངས། ད་དུང་དམུ་དང་ཐེའུ་རང་བཙན་དང་འབྱུང་པོ་སོགས་དྲུག་དང་བརྒྱད་དང་བཅོ་བརྒྱད་ལ་སོགས་པ་བཤད་ཚུལ་སྣ་ཚོགས་ཡོད་ཀྱང་། འདི་ནས་སྡེ་བརྒྱད་ལ་འདུས་ཚུལ་གསུངས་པ་འདི་ཁྱབ་ཆེ་བ་ཡིན། འབྱུང་པོ་ཞེས་པས་སྡེ་བརྒྱད་ཀྱི་གཙོ་བོ་དེ་དག་གི་བཀའ་འཁོར་དུ་འདུས་པའམ་གསར་བྱུང་གི་འདྲེ་གདོན་ལ་གོ་ཡང་། སྡེ་བརྒྱད་ཐམས་ཅད་ལ་འབྱུང་པོའི་སྒྲ་ཡིས་བསྙད་དུས་ཀྱང་ཡོད། སྡེ་བརྒྱད་འཁོར་དང་བཅས་པས་གཙོ་བོར་བྱས་པའི་ལན་ཆགས་འདྲེ་གདོན་དེ་བས་ཀྱང་དམན་པའམ་ནུས་པ་ཞན་པའི་རིགས་སོགས། མཐོ་བ་མཆོད་ཡུལ་ནས་དམའ་བ་སྦྱིན་ཡུལ་ཡན་ཆད་མགྲོན་རིགས་ཐམས་ཅད་བརྟུལ་ཞུགས་སྤྱོད་པའི་མཆོད་སྦྱིན་གྱི་གནས་འདི་རུ་བྱོན་ཞེས་སྙན་གསན་དབབ་པ་ཡིན། དེ་རིང་འཇིགས་མེད་རྣལ་འབྱོར་ངསཿ འཁོར་འདས་ཤན་འབྱེད་སྒྱུ་མའི་ལུསཿ སྟོང་གསུམ་ཁྱོན་ཡངས་ཀ་པཱ་ལརཿ བམ་ཆེན་ཚོགས་ཀྱི་འཁོར་ལོར་བཤམསཿ ཞེས་གསུངས་ན། འཇིགས་མཁན་རྩ་བརྡར་བཅད་པས་ཉམ་ང་རང་སར་ཡལ་ཞེས་གསུངས་པ་ལྟར། ལུས་སེམས་གཉིས་ཀ་སོ་སོར་ཕྲལ་ནས་ལུས་སྦྱིན་པ་བཏང་། སེམས་སྟོང་པའི་ངང་ལ་བཞག་པས་འཇིགས་མཁན་འདི་ཞེས་མཛུ་གུ་བཙུགས་ས་མེད་པ། བདག་འཛིན་དང་གཅེས་འཛིན་གྱི་མཁན་པོ་གཞི་མེད་རྩལ་བྲལ་དུ་གྱུར་པས། འཇིགས་པ་ཟེར་བ་ཞིག་ཤུལ་དུ་ལྷག་ཡོང་རྒྱུ་མེད། ལུས་དུར་ཁྲོད་ནང་གི་མི་རོ་དང་འདྲ་བ་བེམས་པོ་ས་རྡོ་རྣམས་དང་གཅིག་མཚུངས་དང་། སེམས་སྟོང་པ་དངོས་མེད་ནམ་མཁའ་བཞིན་གྱུར་བས། ནམ་མཁའ་ལ་འཇིགས་མཁན་འཇིགས་རྒྱུ་ཅི་ཞིག་གང་དུ་འཇིགས་ཏེ་འཇིགས་བྱ་འཇིགས་བྱེད་ཡོད་པ་མ་ཡིན། དེ་ལྟ་བུ་འཇིགས་པ་མེད་པའི་ཕུང་པོ་གཟན་དུ་བསྐྱུར་བའི་རྣལ་འབྱོར་ངས་ཞེས་གསུངས་ན། རྣལ་འབྱོར་ཞེས་པ་འདི་ལ་སྣ་ཚོགས་ཡོད་དེ་མཚན་མ་ཚིག་གི་རྣལ་འབྱོར་དང་། རྟགས་ཙམ་འཛིན་པའི་རྣལ་འབྱོར་ལ་སོགས་པ་བཟང་ངན་གྱི་དབྱེ་བ་མང་དུ་ཡོད། དེ་ཡང་རང་རང་གི་རྒྱུད་ཚོད་དང་བསྟུན་པའི་རྣལ་འབྱོར་ལ་གོ་དགོས་ཀྱང་། ལྟ་བའི་བབས་དང་བསྟུན་ཏེ་ཡས་རིམ་ནས་བཤད་ན། མཐར་ཕྱིན་འབྲས་བུའི་རྣལ་འབྱོར་དང་ཡང་དག་དོན་གྱི་རྣལ་འབྱོར། སྤྱོད་པའི་བབས་དང་བསྟུན་པའི་མས་རིམ་ནས་རྗེས་སུ་འཇུག་པའི་རྣལ་འབྱོར་དང་། ངང་ཉིད་ངེས་པའི་རྣལ་འབྱོར་མོས་པ་སྤྱོད་པའི་ས་ནས་ཡར་རྣམ་པར་མི་རྟོག་སྒོམ་མཁན་ཅི་ལྟ་བུ་ལ་ཟེར་ཡང་ཆོག འཁོར་བ་ངན་པ་མར་སྤངས། མྱང་འདས་བཟང་པོ་ཡར་བླངས་ནས་དྭངས་སྙིགས་བཟང་ངན་ཤན་ཕྱེས་ནས་འབྱེད་སོང་བ་ཞིག་ལ་གསུངས་པ་མིན། འདི་མན་ངག་གདམས་ཁྲིད་ཀྱི་སྐབས་ལ་ཕྱིའི་འཁོར་འདས་རུ་ཤན་ལུས་ངག་ཡིད་གསུམ་སྦྱོང་བའི་སྒོ་ནས་དབྱེ་བ་དང་། ནང་གི་འཁོར་འདས་རུ་ཤན་རིགས་དྲུག་ས་བོན་སྲེག་སྦྱོང་གིས་འབྱེད་པ་སོགས་དང་མཉམ་པ་ཡིན། འདི་ལྟར་སྣང་བ་འདི་ཐམས་ཅད་པོ་རང་ངོས་ནས་རང་བཞིན་གྱིས་བདེན་པར་གྲུབ་པ་རེད་བསམ་པའི་བདག་འཛིན་དེས་བསྐྱེད་པ་དང་བཅས་པ་འཁོར་བ་ཡིན་ལ། བདེན་པར་འཛིན་ཅིང་ཞེན་སའི་བདག་རང་བཞིན་གྱིས་གྲུབ་པ་མེད་པའི་གནས་ལུགས་མྱང་འདས་ཡིན། དེ་གཉིས་ཀ་ཆགས་སྡང་རོ་སྙོམས་པའི་སྒོ་ནས་བདག་འཛིན་རྩད་ནས་ཆོད་པའི་གདམས་པའམ་ཐབས་དེར་ཤན་འབྱེད་གསུངས་པ་རེད། དེ་ལྟར་འཁོར་འདས་ཤན་འབྱེད་དེས་གཅེས་འཛིན་དང་བྲལ་བའི་སྒྱུ་མ་ལྟ་བུའི་ལུས་ཉིད། སྟོང་པ་ཡིན་པའི་གནད་ཀྱིས་རྟེན་འབྱུང་གི་བྱ་བྱེད་ཚང་ཞིང་། དམིགས་པས་ཅི་ཡང་བསྒྱུར་དུ་རུང་བའི་ཕྱིར་ན། སྟོང་གསུམ་ཁྱོན་ཡངས་གསུངས་པ་འདིས་ཚད་ཀྱི་ལྟོས་གཞིའི་བརྡ་ཤེས་པའི་ཡན་ལག་གསུངས་པས། དེ་ལྟ་བུ་ཁྱོན་ཡངས་ཀྱི་ཀ་པ་ལར་བམ་ཆེན་ཚོགས་ཀྱི་འཁོར་ལོ་དམིགས་གནད་ཀྱི་སྐབས་བཤད་ཟིན་པ་ལྟར་དུ་བཤམས་པ་ཡན་ཆད་ཚོགས་ཀྱི་འཁོར་ལོའི་གཞི་བཤད་ནས། ཟག་མེད་ཡེ་ཤེས་བདུད་རྩིར་བསྒྱུརཿ འདོད་དགུར་འཆར་བའི་ཆོ་འཕྲུལ་ཅནཿ ཞེས་གསུངས་ཏེ། དེའི་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་ཏེ། རྣམ་པ་གང་ལ་ཅི་འདོད་མཆོད་སྦྱིན་གྱི་འདོད་རྒུ་འཆར་བའི་ཆོ་འཕྲུལ་སྣ་ཚོགས་སུ་འཆར་བ་ཅན་གྱི་ཚོགས་ཀྱི་དངོས་པོ་དེ་ཉིད། གཅེས་འཛིན་མེད་པར་འབུལ་ལགས་ཀྱིཿ སྟོན་ཆེན་མགྲོན་ལ་གཤེགས་སུ་གསོལཿ ཞེས་གསུངས་ཏེ། སྟོན་མོ་ཆེན་པོའི་ཡོ་ལང་བཤམས་ནས། མགྲོན་ཆེན་པོ་གདན་ལ་འབོད་པའི་འབོད་དོན་གང་ཞེ་ན། གོང་གི་བམ་ཆེན་ཚོགས་ཀྱི་འཁོར་ལོ་ངོ་བོ་ཟག་མེད་ཀྱི་བདུད་རྩིར་རྣམ་པ་འདོད་རྒུའི་ཆོ་འཕྲུལ་ཅན་དུ། འབུལ་སྟངས་ཇི་ལྟར་ན་གཅེས་འཛིན་མེད་པར་འབུལ་བ་ཡིན་ལགས་ཀྱི། སྟོན་ཆེན་གྱི་མགྲོན་པོ་གདོད་མའི་མགོན་པོ་མན་ཆད་ནས་བསེ་རག་འགོང་པོ་ཡན་ཆད་ཀྱི་མགྲོན་རིགས་ཐམས་ཅད་གཤེགས་སུ་གསོལ་ཞེས་དངོས་སུ་སྤྱན་དྲངས་ནས། མཆོག་ཆེན་ཐོད་རྔ་སྐད་རེ་གསངསཿ ཞིང་ཆེན་གཡང་གཞི་བརྗིད་རེ་ཆེཿ མི་རྐང་གླིང་བུ་གདངས་རེ་སྙནཿ དྲིལ་གཡེར་ཅོད་པན་དངས་རེ་སྤྲོཿ ཞེས་གསུངས་ཏེ། རྣལ་འབྱོར་གསང་བ་མཆོག་གི་དུར་ཁྲོད་ཀྱི་གནས་འདི་ན། འཁྲོལ་བའི་མཆོག་ཆེན་གྱི་ཐོད་རྔ་ཐབས་མཆོག་དཔའ་བོའི་བརྡ་སྐད་རེ་རེ་བཞིན་སྐད་གསངས་མཐོན་པོས་ཁྱབ་པ་དང་། ཞིང་ཆེན་གཡང་གཞི་བརྗིད་ཆགས་ཀྱི་གཡབ་མོ་དང་། མི་རྐང་གླིང་བུའི་གདངས་སྙན་གྱིས་འབོད་པ་དང་། དྲིལ་གཡེར་ཅོད་པན་ཤེས་རབ་དཔའ་མོའི་རང་སྒྲ་དངས་རེ་སྤྲོ་བ་དང་བཅས་པའི་བརྡ་ཡིས། མྱུར་ཞིང་རིངས་པའི་ཚུལ་གྱིས་ཇི་ལྟར་གཤེགས་པར་སྐུལ་ན། བྱ་རྒོད་ཤ་ལ་འཐིབས་པ་བཞིནཿ སྐད་ཅིག་ཉིད་ལ་གཤེགས་སུ་གསོལཿ ཞེས་གསུངས་ན། དཔེར་ན་བྱ་རྒོད་ཤ་གང་ལ་ཡོད་པར་ཤེས་བྱེད་དམིགས་བསལ་གྱི་ཚོར་བ་ཡོད་ན། ཤ་ཡོད་ས་དེར་སྤྲིན་འཐིབས་པ་བཞིན་དུ་བྱ་མང་པོ་འཚུབ་ཁ་དང་བཅས་ཏེ་ཡོང་བ་ལྟར་དུ། མགྲོན་རྣམས་ཐམས་ཅད་དུས་མཐའ་མའི་སྐད་ཅིག་ལས་ཀྱང་མྱུར་བ། ཡིད་ལྟར་མགྱོགས་པའི་རྫུ་འཕྲུལ་གྱི་ཤུགས་ཀྱིས་སྐད་ཅིག་ཉིད་ལ་གཤེགས་སུ་གསོལ་ཞེས། ཕཊ་སྒྲས་བསྐུལ་ནས། དེ་ནས་འབུལ་ཞིང་བསྔོ་བ་ནི་ཞེས་གསུངས་པས་མཚམས་སྦྱར་ཏེ། འགྱེད་ཆེན་བཞི་རིམ་པ་བཞིན་དུ། དང་པོས་ཡར་མགྲོན་ལ་དཀར་འགྱེད་དང་ཁྲ་འགྱེད་གཉིས་སམ་དཀར་འགྱེད་གཙོ་བོར་བྱས་པ་དང་། གཉིས་པས་མར་མགྲོན་ལ་གཙོ་བོར་བྱས་པའི་དམར་འགྱེད། གསུམ་པས་ནག་འགྱེད་བསྟན་པ་ཡིན། དེ་ཡང་། ཕཊཿ གདོད་མའི་མགོན་པོ་མན་ཆད་ནསཿ རྩ་བའི་བླ་མ་ཡན་ཆད་ཀྱིཿ བརྒྱུད་གསུམ་རིག་འཛིན་བླ་མ་དངཿ ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལཿ བམ་ཆེན་བདུད་རྩིའི་མཆོད་པ་འབུལཿ ལྷ་འདྲེས་གཙོ་བྱས་བདག་གཞན་གྱིཿ ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱངཿ བརྟུལ་ཞུགས་འགྲོ་དོན་མཐར་ཕྱིན་ནསཿ སྣང་བ་འོད་གསལ་སྒྱུ་མར་འབྱོངསཿ ཡ་ང་བག་ཚ་ཆོས་སྐུར་གྲོལཿ ཧེ་རུ་ཀ་ལྟར་བྱིན་གྱིས་རློབསཿ ཞེས་གསུངས་ཏེ། གདོད་མའི་མགོན་པོ་ཡེ་ཐོག་དང་པོའི་སངས་རྒྱས་ཏེ། སངས་རྒྱས་ཀུན་གྱི་སྔོན་རོལ་ཏུ་སངས་རྒྱས་པའི་ཆོས་སྐུ་ཀུན་ཏུ་བཟང་པོ་འོད་མི་འགྱུར་བ་མན་ཆད་ནས། རང་ཉིད་ཀྱི་དྲིན་ཆེན་རྩ་བའི་བླ་མ་རང་སེམས་ཆོས་སྐུར་ངོ་སྤྲོད་མཁན་ཉིད་ཡན་ཆད་ཀྱི་དགོངས་བརྡ་སྙན་ཁུང་བརྒྱུད་པའི་བྱིན་རླབས་ཀྱི་རྩ་བ་བརྒྱུད་གསུམ་རིག་འཛིན་བླ་མ་རྣམས་དང་། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་རྒྱ་མཚོ་བཀའ་སྡོད་དམ་ལ་གནས་པའི་ཆོས་སྐྱོང་དང་བཅས་པ་ལ། བམ་ཆེན་བདུད་རྩིའི་རང་བཞིན་རྣམ་པ་འདོད་རྒུར་འཕྲུལ་བའི་ཟད་མེད་ཀུན་བཟང་གི་མཆོད་སྤྲིན་ལྟ་བུའི་མཆོད་པ་འདི་ཕུལ་བས། ལྷ་འདྲེས་གཙོ་བྱས་པའི་བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་ཤིང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྟེ་སྒྲིབ་གཉིས་བྱང་ནས། སྤྱིར་ན་བརྟུལ་ཞུགས་སྔར་ཡང་བཤད་ཡོད་མོད། སྔ་མ་བརྟུལ་ནས་ཕྱི་མ་ལ་ཞུགས་པ་བརྟུལ་ཞུགས་ཀྱི་ངེས་ཚིག་ཡིན་ན། འདི་ནས་ཕཊ་དམིགས་ཀྱིས་ལྷ་འདྲེའི་འཇམ་རྩུབ་ཀྱི་སྤྱོད་པ་བརྟུལ་ནས། སྣ་ཚོགས་ཐབས་ཀྱིས་བྱང་ཆུབ་ལ་བཀོད་ཅིང་ཞུགས་པར་བྱས་པའི་བརྟུལ་ཞུགས་རོ་སྙོམས་འགྲོ་དོན་བྱེད་པའི་ཕྲིན་ལས་མཐར་ཕྱིན་ནས། སྣང་བ་འོད་གསལ་སྒྱུ་མར་འབྱོངསཿ ཡ་ང་བག་ཚ་ཆོས་སྐུར་གྲོལཿ ཧེ་རུ་ཀ་སྟེ་ཧེ་ལ་རོལ་པ་དང་། རུ་དྷི་ར་ཁྲག ཀ་རོལ་བ་པོའི་སྐྱེས་བུའི་དོན་དུ་སྔོན་གྱི་ལོ་ཙ་བ་ཆེན་པོ་རྣམས་ཀྱིས་བསྒྱུར་བར་མཛད་པ་བཞིན། ཁྲག་ལ་རོལ་བའམ་ཁྲག་འཐུང་དཔའ་བོ་ཞེས་པའི་སྐད་དོད་རེད། ཧེ་ཆོས་སྐུ། རུ་ལོངས་སྐུ། ཀ་སྤྲུལ་སྐུ་སྟེ་སྐུ་གསུམ་བདག་ཉིད། གཞི་ལམ་འབྲས་གསུམ། དུས་གསུམ། རྣམ་ཐར་གསུམ་སོགས་ལ་འགྲེལ་ལུགས་མང་ཡང་། ཐད་ཀར་འགྲེལ་ན་རང་རྒྱུད་བདག་འཛིན་དང་ཉོན་མོངས་པའི་ཁྲག་ལ་རོལ་ཟིན་ནས། གདུལ་བྱ་གཞན་རྒྱུད་ཀྱི་བདག་འཛིན་དང་ཉོན་མོངས་པའི་ཁྲག་ལ་རོལ་བ། དུག་གསུམ་རྩད་ནས་བཅད་འཁོར་བའི་ཁྲག་མཚོ་སྐེམས་པར་བྱེད་པའི་ཧེ་རུ་ཀ སྐུ་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་བླ་མ་ཧེ་རུ་ཀ་དཔལ་གདོད་མའི་མགོན་པོ་དང་གཉིས་སུ་མ་མཆིས་པས་གསང་གསུམ་གྱི་ཡོན་ཏན་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་མཐའ་ཡས་གདུལ་བྱའི་རེ་འདོད་བསྐང་བར་བྱིན་གྱིས་རློབས་གསུངས། ཕཊཿ འཇིག་རྟེན་འདས་དང་མ་འདས་ཀྱིཿ སྡེ་བརྒྱད་འབྱུང་པོ་མི་མ་ཡིནཿ ལོག་འདྲེན་ཤ་ཟའི་གདོན་ཚོགས་ལཿ སྟོང་གསུམ་ཁྱབ་པའི་ཞིང་ལྤགས་སྟེངཿ ཤ་ཁྲག་རུས་པའི་ཕུང་པོར་འབུལཿ བདག་ཏུ་འཛིན་ན་ང་རེ་ཞནཿ སྤྱོད་དུ་མ་ནུས་ཁྱོད་རེ་ལོདཿ རིངས་ན་རྗེན་པར་ཁྱུར་མིད་ཐོངསཿ ལྷོད་ན་དུམ་བུར་ཚོས་ལ་ཟོཿ རྡུལ་ཕྲན་ཙམ་ཡང་མ་བཞག་ཅིགཿ ཅེས་གསུངས་ཏེ། སྡེ་བརྒྱད་ཀྱི་རིགས་སུ་གཏོགས་པ་ཡིན་ཡང་འཇིག་རྟེན་འདས་དང་མ་འདས་ཀྱི་སོ་མཚམས་ཡོད་པས་དེ་དག་གི་ཁྱད་པར་གང་གིས་ཕྱེ་དགོས་སྙམ་ན། དབང་བསྐུར་དམ་བྱིན་ཐ་ཚིག་བསྒྲགས་ནས་གསང་བ་སྔགས་ཀྱི་དཀྱིལ་འཁོར་ཆེན་པོའི་བཀའ་འཁོར་དུ་གནས་པ་གང་ཞིག་ལ། བདེན་མཐོང་གི་ཡེ་ཤེས་ཁྱད་པར་ཅན་བརྙེས་པ་དེ་ལ་འཇིག་རྟེན་ལས་འདས་པ་ཞེས་དང་། དེ་ལ་ཡང་ལས་དང་ཡེ་ཤེས་ཀྱིས་དབྱེ་བས་ཁྱད་པར་ཡོད། འཇིག་རྟེན་པ་ལ་ཡང་འཁོར་དྲེགས་པའི་སྡེ་ཚོགས་སམ་ཡང་ན་དཀྱིལ་འཁོར་གཉན་པོའི་སྒོ་མ་མཐོང་བའི་ལྷ་སྲིན་སྡེ་བརྒྱད་འབྱུང་པོ་མི་མ་ཡིན། ལོག་འདྲེན་ཤ་ཟའི་གདོན་ཚོགས་སོགས་ལ་གསུངས་པས་དམར་འགྱེད་བྱ་ཡུལ་བསྟན་པ་ཡིན། ཤ་ཟ་ཞེས་པ་འདྲེ་དང་སྲིན་པོ་རྐྱང་པ་ལ་གོ་དུས་ཡོད་ཀྱང་འདི་ནས་ལོག་འདྲེན་གྱི་གདོན་ཚོགས་སྤྱི་ལ་ཁྱབ་པའི་ཚིག་གིས་བསྟན་པ་ཡིན། གོང་གི་འཇིག་རྟེན་ལས་འདས་པ་དཀྱིལ་འཁོར་གཉན་པོའི་བཀའ་འཁོར་དུ་གནས་པ་ཞེས་པ་ནི། སྟོན་པ་ལས་རྒྱུད་ཐ་དད་པའི་འཁོར་ཡོད་པའི་དབང་དུ་བྱས་ན་རིག་པ་ཁྱད་པར་ཅན་གྱི་འཁོར་མིན་ཡང་། དད་པས་ཉན་པའི་འཁོར་ཞེས་པ་ཨེ་ཡིན་སྙམ། གང་དམར་འགྱེད་གཏང་བྱ་རང་ལུས་བམ་ཆེན་གྱི་པགས་པ་བཤུས་པའི་སྟོང་གསུམ་ཁྱབ་པའི་ཞིང་ལྤགས་ཀྱི་སྟེང་དུ་ཤ་ཁྲག་རུས་པའི་ཕུང་པོ་སྔར་བཤད་པ་ལྟར། ཤའི་ཕུང་པོ་ཚངས་པའི་འཇིག་རྟེན་གྱི་གཏོས་ལས་མཐོ་བར་སྤུངས་པ་དང་། ཁྲག་གི་མཚོ་ཆེན་བསྐྱིལ་བར་ཕྱིའི་རྒྱ་མཚོ་ཆེན་པོས་གཞལ་མི་ནུས་པ། དེ་བཞིན་དུ་རྐང་མ་དང་། ཀླད་རྒྱས། ཕྱི་ཤ་དང་། ནང་ཚིལ་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ནམ་མཁའི་ཁམས་ཀུན་ཏུ་འགེངས་པའི་ཕུང་པོ་སྤུངས་ཏེ། ལུས་འདི་སྟོན་མོ་ཆེན་པོའི་དམར་འགྱེད་དུ་ཕུལ་བར་མ་ཟད། ལུས་འདི་བདག་རང་ལ་མི་དབང་ཁྱོད་ལྷ་སྲིན་སྡེ་བརྒྱད་ལ་དབང་བ་ཡིན། ལུས་འདི་ལ་ད་དུང་བདག་འཛིན་གྱི་འཁྲུལ་བ་མ་ཆོད་ན་ང་ཞན་པ་ཡིན་ལ། སྤྱོད་དུ་མ་ནུས་ན་ཁྱོད་ལྷ་སྲིན་གདོན་དང་བགེགས་རིགས་རྣམས་རེ་ལོད་པའམ་ཞན་པ་ཡིན། སྦྱིན་མ་ཕོད་ན་ང་ཡིན། ཟ་མ་ཐུབ་ན་ཁྱོད་རྣམས་ཞན་པ་ཡིན་ཞེས་པའི་དོན་ཏོ། །རིངས་ཤིང་ཁོམ་པ་མེད་པའི་བྲེལ་བ་ཅན་ཚོས་ཤ་རྗེན་པར་ཧེབ་ཟ་གྱིས། ཁྲག་དྲོད་མོ་ཧུབ་འཐུང་གྱིས། ཤིན་ཏུ་བྲེལ་བ་ཚོས་ཁྱུར་མིད་གྱིས་ཟོས། ལྷོད་ལྷོད་བྱས་དལ་མོ་བྱེད་ཁོམ་ཡོད་ན་དལ་མོར་གྱིས་ལ་ཚོས་ནས་ཟོས། མདོར་ན་ཤུལ་དེ་ན་རྡུལ་ཕྲན་ཙམ་ཡང་ལྷག་ལུས་མ་བཞག་པར་ཟོ་ཞིག་གསུངས་པ་ཡིན། དེ་ནས་ནག་འགྱེད་ནི། མར་མགྲོན་ལ་གཙོ་བོར་བྱས་པའི་ཁྲ་འགྱེད་ཀྱང་འདིའི་ནང་འཐུས། ཕཊཿ འཁོར་ཚེ་ཐོག་མ་མེད་པ་ནསཿ ཤ་འཁོན་ཆགས་པའི་ལན་ཆགས་དངཿ གློ་བུར་ལྷགས་པའི་སྙིང་རྗེའི་མགྲོནཿ ཁས་ཉན་དབང་ཆུང་མ་ལུས་ལཿ སོ་སོ་གང་ལ་ཅི་འདོད་ཀྱིཿ འདོད་ཡོན་མི་ཟད་གཏེར་དུ་བསྔོཿ འབྲེལ་པ་ཐོགས་ཚད་སངས་རྒྱས་ཤིངཿ བུ་ལོན་ལན་ཆགས་བྱང་བར་ཤོགཿ ཕཊཿ ཅེས་གསུངས་ན། འཁོར་བའི་ཡ་མཐའ་ཐུག་མེད་ཡིན་པས་ནམ་འཁོར་འདིས་འཁོར་འདི་ལྟར་འཁོར་ཞེས་ཐོག་མ་རྙེད་རྒྱུ་མེད་པའི་འཁོར་ཚེ་ཐོག་མ་མེད་པ་ནས། ཤ་འཁོན་ཞེས་པས་ཤ་ལན་རྡོས། སྲོག་ལན་ཆགས་པའི་གོང་དུ་བཤད་པ་ལྟར་བསད་བསད་གཏུབ་གཏུབ་ཚེ་ཐུང་བའི་ལན་ཆགས། བརྐུས་འཕྲོག་བཅོམ་གསུམ་བྱས་པས་ནོར་དབུལ་བའི་ལན་ཆགས། བརྡུང་བརྡེག་མནར་གཅོད་བཏང་བས་ནད་མང་པའི་ལན་ཆགས། གོང་མས་བསྐྱབས་པའི་ལན་ཆགས། འོག་མས་བཀུར་བའི་ལན་ཆགས། བར་མ་མཛའ་བའི་ལན་ཆགས། མཐོ་བ་མཁར་གྱི་ལན་ཆགས། དམའ་བ་ས་ཞིང་གི་ལན་ཆགས། གཉེན་གྲོགས་སྲིད་སྡེའི་ལན་ཆགས། བུ་ཚ་ཕྱུགས་ཀྱི་ལན་ཆགས་ལ་སོགས་པ་མང་བ་ཡིན། དེ་ལྟར་བུའི་ལན་ཆགས་ཀྱི་བུ་ལོན་དགོས་སའི་ཡུལ་ལན་ཆགས་ཀྱི་བདག་པོ་བདག་མོ་རྣམས་དང་། གཞན་ཡང་གློ་བུར་ལྷགས་པ་སྟེ་གསར་དུ་མགྲོན་ཐོག་ལ་ཐོན་འོང་བའི་ཉམ་ཆུང་སྙིང་རྗེའི་ཡུལ་དུ་གྱུར་བའི་མགྲོན་རིགས། ཁས་ཞན་པ། དབང་ཆུང་བ། སྟོབས་དམན་པ། རྒྱུན་དུ་ནང་ཚན་སྡེ་རིས་ནང་ནས་ཀྱང་དམན་སྡང་བརྙས་བཅོས་བྱེད་ས། དེ་མ་ཟད་འདྲེ་འདུལ་མཁན་གྱི་སྔགས་དང་རྫས་ཀྱི་ནུས་པ་ལྟ་ཅི། ཁྲོས་པའི་སྡང་མིག་གི་ཟུར་ཙམ་ཡང་མི་བཟོད་པ། དེ་ལྟ་བུའི་རིགས་སུ་གྱུར་བ་མ་ལུས་པ་དེ་དག་གི་ཆེད་དུ། སོ་སོ་གང་ལ་ཅི་འདོད་ཀྱི་དངོས་པོ་འདོད་ཡོན་མི་ཟད་པའི་གཏེར་དུ། པྲ་ཛྙཱ་རསྨིའི་བྱང་ཆུབ་སྤྱོད་སྨོན་ཕན་བདེའི་ལྗོན་པ་ལས། བདག་ནི་གནས་མེད་རྣམས་ཀྱི་ཁང་བཟང་དང་། །བཀྲེས་པས་གདུང་ལ་རོ་ལྡན་ཟ་བ་དང་། །སྐོམ་པ་རྣམས་ལ་བཏུང་བའི་མཆོག་དང་ནི། །གང་ལ་གང་འོས་འདོད་དགུ་འབྱུང་བར་ཤོག །ཅེས་གསུངས་པ་ལྟར་དུ། གང་འདོད་དགའ་ཞིང་ཚིམ་པར་བྱེད་པའི་འདོད་ཡོན་དང་། ཁྱད་པར་དུ་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱིས་ཟིན་པའི་སྦྱིན་པ་དང་བསྔོ་བས། ལུས་ཤ་ཁྲག་གི་མཆོད་སྦྱིན་བྱས་ནས་འབྲེལ་བ་ཐོགས་ཚད་མ་ཟད། བདག་མཐོང་ཐོས་དང་དྲན་རེག་གི་འགྲོ་བ་ཐམས་ཅད་ལ་འདིའི་སྟེང་ནས་ཐར་བའི་ས་བོན་རྒྱུད་ལ་ཐེབས་ཏེ་ལས་ངན་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཞི་ནས། ལམ་རིམ་བགྲོད་ཀྱིས་མི་འགྱང་བར་མྱུར་དུ་མངོན་པར་སངས་རྒྱས་ཤིང་། རྣལ་འབྱོར་པ་བདག་གིས་མཐའ་ཡས་སེམས་ཅན་གྱི་དོན་ལ་བྱང་ཆུབ་སྒྲུབ་པའི་ལམ་གྱི་བར་ཆད་ཞི་ཞིང་བུ་ལོན་ལན་ཆགས་བྱང་བར་ཤོག་ཅེས་གསུངས་སོ། །ཕཊཿ ཅེས་བརྗོད་ལྟོས་པ་མེད་པར་བྱིནཿ སྟོང་ཉིད་ངང་ལ་མཉམ་པར་བཞགཿ ཅེས་གསུངས་ན། བདག་འཛིན་གྱི་འཁྲུལ་བ་རྩད་ནས་བཅད་ཅིང་གཟུང་འཛིན་གྱི་འཁྲུལ་བ་གདིང་ནས་བཅད་དེ་འཁོར་བའི་རྒྱ་མཚོ་རྨིང་ནས་སྐེམས་པར་བྱེད་པའི་ཕཊ་སྒྲ་བརྗོད་པ་དང་བཅས་ཏེ། ལན་དང་རྣམ་སྨིན་ལ་རེ་བཞག་དང་ལྟོས་པ་མེད་པར་དམིགས་བཅས་ལུས་ཀྱི་སྦྱིན་པ་འདི་བྱིན་པའི་རྗེས་ཐོགས་སུ་དམིགས་མེད་སྟོང་ཉིད་ཀྱི་ངང་ལ་མཉམ་པར་བཞག་དགོས། མ་ཅིག་གིས། སེམས་ལ་གཉིས་སུ་མ་མཆིས་པས། །བལྟ་རུ་མེད་པའི་ཚུལ་གྱིས་ལྟ། །བལྟས་པས་རང་གི་སེམས་མི་མཐོང་། །མ་མཐོང་བ་དེ་ཆོས་མཐོང་ཡིན། །ཞེས་གོང་དུ་དྲངས་པ་ལྟར། རྣམ་རྟོག་གི་འགྱུ་འཕྲོ་ཐམས་ཅད་རྦད་ཀྱིས་བཅད་ནས་ཤེས་པ་འདི་ཡིན་དེ་མིན་གྱི་རྩིས་གདབ་མེད་པར། ཡིད་བསམ་བརྗོད་དང་བྲལ་བ། བློ་བྱ་རྩོལ་དང་བྲལ་བ། སེམས་དྲན་རྟོག་མེད་པ་ཞིག་གི་ངང་ལ་བཞག་དགོས་པ་རེད། སེམས་ཉིད་མ་རྟོགས་པའི་དུས་ན་དངོས་པོར་སྣང་ཡང་། རྟོགས་དུས་སྟོང་ཉིད་མ་གཏོགས་དེ་ལས་གཞན་དུ་གྱུར་བ་ཞིག་ཡོད་པ་མ་ཡིན། གདོད་ནས་སྟོང་ཞིང་སྐྱེ་བ་མེད་པའི་དོན་ཤེས་ན། ཟུར་ནས་མཉམ་པར་བཞག་གི་མ་བསྡད་ཀྱང་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་པས་སེམས་ཅན་གྱི་ཁམས་ལ་སྙིང་རྗེ་རང་ཤུགས་ཀྱིས་འཇུག་པ་ཡིན། དེ་ལྟར་ན་ཕྱི་ནང་གི་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་འདི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་མཐར་ཐུག་ཡིན་ཏེ། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་སོ། །སྨྲ་བསམ་བརྗོད་མེད་ཡུམ་དོན་ཤེས་རབ་ཕར་ཕྱིན་གྱི་དགོངས་པ། བཤད་ལུགས་ཇི་ལྟར་བཤད་ཀྱང་སྨྲ་བརྗོད་བསམ་བྱའི་ཡུལ་དུ་དངོས་མཚན་ཅན་ཞིག་མཐོང་ན་སྒོམ་ནོར་བའམ་ལམ་གོལ་བའི་སྐྱོན་འབྱུང་གི། སྲས་རྒྱལ་བ་དོན་འགྲུབ་ཀྱིས། བྱས་པས་ཕུང་། སྒོམ་པས་གོལ། བསམ་པས་བརླག བསྐྱུར་ལ་ཐོངས། ཀློད་ལ་ཞོག་ཅེས་གསུངས་ཡོད། རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་ལ་ཞུགས་པ་སྟེ། །སྐྱེས་བུ་དེས་ནི་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཞེས་གསུངས་ཡོད། སེམས་ཉིད་སྟོང་པ་ཡིན་པས་སེམས་བྱུང་དྲན་པའི་རྣམ་རྟོག་དགའ་སྡུག་ཆགས་སྡང་ཅི་ཞིག་ཤར་ཡང་སྟོང་ཉིད་སྐྱེ་བ་མེད་པ་ལས་འདའ་བ་མེད་པར་ཤེས་པས། ཆོས་ཐམས་ཅད་སྣང་བཞིན་སྟོང་པ་ནམ་མཁའི་དཀྱིལ་ལྟ་བུ་ལ། ཡུལ་ཅི་ཡང་མི་དམིགས་པ་ལ་བློས་གང་དུ་ཡང་མི་འཛིན་པར་བཞག་པ་ནི་སྟོང་ཉིད་ཀྱི་ངང་ལ་མཉམ་པར་གཞག་པའི་གོ་དོན་ཡིན་ནོ། ། དེ་ཚེ་ལུས་ལ་གཅེས་འཛིན་དངཿ འཇིགས་སྣང་འཁུ་འཕྲིག་བློ་སྐྱེས་ནཿ ལུས་ནི་ལྷ་འདྲེར་བྱིན་ནས་མེདཿ སེམས་ནི་གཞི་མེད་རྩ་བ་བྲལཿ འདྲེ་བས་སངས་རྒྱས་ཉིད་ཀྱིས་ཀྱངཿ གཟིགས་པ་མེད་སྙམ་གདེང་བསྐྱེད་ལཿ གང་ཤར་རང་ངོ་རྩད་གདར་བཅདཿ ཅེས་གསུངས་ཏེ། སྤྱིར་ན་གཉན་ས་རི་ཁྲོད་དང་དུར་ཁྲོད་ལ་སོགས་པ་འགྲིམས་ནས་ལུས་སྦྱིན་བྱས་ཏེ་ཕུང་པོ་གཟན་བསྐྱུར་བྱེད་བསམ་ན། ངོ་སྤྲད་ལ་བརྟན་པར་ཐོབ་ཅིང་ཉམས་ལེན་གྱི་བློ་སྐྱེད་མི་ཆུང་བ། བདེ་སྡུག་ལ་ཐོག་བརྫིས་ཐུབ་པ་ཞིག་བྱས་ཏེ་འགྲོ་དགོས། སོང་ནས་འགལ་རྐྱེན་དང་བར་ཆད་ཅི་ལྟ་བུ་བྱུང་ནའང་ཉམ་ང་དང་བག་ཚ་མེད་པ་འགལ་རྐྱེན་ལམ་དུ་ཁྱེར་ཐུབ་པ། ཤིང་ཕྲན་གྱི་ཐང་ནས་རལ་སྐོར་གཡུག་པས་ཕྲ་སྦོམ་ཚང་མ་གཅོད་འགྲོ་བ་ལྟར་དང་། གདོང་ཐུག་མ་ཐག་ངོ་ལེན་ཡོང་བ་རྡོ་ཚན་གྱི་ཐོག་ཏུ་ཁ་བ་བབ་པ་འདྲ་བ། རྗེས་ཤེས་ཀྱིས་བདེན་མེད་དུ་རྟོགས་པ་ཆུ་ལ་རལ་གྲིས་བརྒྱབ་པ་ལྟ་བུ་ཞིག་དགོས་པ་ཡིན། དང་པོ་ལྟ་བའི་སྙིང་ཁམས་ཆེ་བ་དང་གཅིག བར་དུ་བདག་འཛིན་བློ་ཡིས་ཐོངས་པ་དང་གཉིས། ཐ་མ་སྙེམས་བྱེད་བདུད་དང་བྲལ་བ་གསུམ་ཚང་ན་གཅོད་པ་ངོ་མ་རེད། དེའི་ཚོགས་དགོས་རྒྱུ་གསུམ་པོ་མ་ཚོགས་བཞིན་དུ་སོང་ན། ཁ་རྩང་བཤད་པ་ལྟར་ཟ་ཞོར་སྐྲག་ཞོར་ཝ་མོ་རོ་ཐོག་ལ་འཇབ་པ་འདྲ་བ། གཉན་ས་ཞིག་ཆོད་དགོས་སྙམ་ཡང་བདག་འཛིན་ནང་ནས་མ་ཆོད་པས་མི་སྐྲག་ཟེར་ཡང་སྐྲག་འཇིགས་ཀྱིས་ཡར་ལྟ་ཕྱིར་ལྟ། རྣ་ཉན་བྱེད་ཞོར་ལ། མྱིང་གཅོད་ཡིན་ཡང་དོན་ཆོད་ཡོད་པ་མ་ཡིན། གཅེས་འཛིན་མེད་པར་སྦྱིན་པ་ཡིན་ཟེར་མ་ཐག་ཡིན་ཡང་འཇིགས་ཤིང་སྐྲག་ནས་ལག་ངོར་རྔུལ་ཆུ་རྒྱུག་གི་འདུག་ན་ནང་གཅེས་འཛིན་མ་ཆོད་པའི་རྟགས་རེད། དེ་ཚེ་ལུས་ལ་གཅེས་འཛིན་དང་འཇིགས་སྐྲག་གི་སྣང་བ། འཁུ་འཕྲིག་སྟེ་ཐེ་ཚོམ་གྱི་འཁྲུལ་བ་མ་ཆོད་ནས། རེ་དོགས་ཀྱི་སྦུབས་སུ་ཚུད་ན་སྐྲག་འཇིགས་དང་རེ་དོགས་ཀྱི་འཁུ་འཕྲིག་མི་ཆོད་པར་གཅེས་འཛིན་བྱེད་ས་ང་རང་ཉིད་ཡིན། ང་རང་ཉིད་ཀྱང་ཚུར་དེད་ན་ལུས་སེམས་གཉིས་ཀ་འདི་མ་ཡིན་པའི་ང་ཟེར་ནས་མཛུ་གུ་བཙུགས་ཡོང་ས་ཞིག་མེད། ལུས་ལྷ་འདྲེར་བྱིན་ནས་ཡོད་པ་མ་ཡིན། སེམས་གཞི་མེད་རྩ་བྲལ་སྐྱེ་འགག་གནས་གསུམ་མེད་པས། ང་ལ་གནོད་བསྐྱལ་འོང་ན་ཅི་ཤེས། ང་ཟ་ཨེ་འགྲོ། ང་ན་ཨེ་ཡོང་སྙམ་པའི་ང་ཞེས་པ་ནི། འདྲེ་ལྟ་ཅི་སངས་རྒྱས་ཉིད་ཀྱིས་ཀྱང་གཟིགས་ཡོང་རྒྱུ་ཞིག་ཡོད་པ་མ་རེད་བསམ་ནས་མེད་སྙམ་གྱི་གདེང་ཡང་བསྐྱེད་པར་བྱས་ཏེ། གང་ཤར་ཡང་ཤར་བ་དེ་ཉིད་ཀྱི་རང་ངོ་ཐད་ཀར་ལྟོས་ལ་སྐྱེ་མེད་ཀྱི་རྩ་བརྡར་ཆོད་དང་འགག་མེད་ཀྱི་གདེང་རྙེད་རྒྱུ་ཡོད་གསུངས། སེམས་ལ་འཁུ་འཕྲིག་བྱུང་ན་བདག་འཛིན་ཡུལ་ནས་ཐོན། །ནང་འདྲེ་རང་སེམས་བཏུལ་ནས་ཕྱི་འདྲེ་སྟོང་པར་ཡལ། །མི་ཕོད་མི་ནུས་བྱུང་ན་མགོ་སྙོམས་ཐོག་བརྫིས་གྱིས། །ཉམ་ང་བག་ཚ་བྱུང་ན་རྣམ་རྟོག་ཨར་ལ་གཏད། །ཅེས་གསུངས་སོ། །གཅོད་འདི་ལ་ལོག་པའི་རྒྱུ་བཞི་ཡོད་དེ། གང་ཞེ་ན། སེམས་ལ་འཁུ་འཕྲིག་བྱུང་བ་དང་གཅིག རང་སྣང་འདྲེ་རུ་ལྡང་བ་དང་གཉིས། དགོས་དུས་ཉམས་ལེན་མི་ནུས་མི་ཕོད་པ་དང་གསུམ། ཉམ་ང་བག་ཚ་བྱུང་བ་དང་བཞི་བོ་ཡིན། སེམས་ལ་འཁུ་འཕྲིག་འབྱུང་གི་འདུག་པ་འདི་ངོ་སྤྲོད་ཡང་དག་ཅིག་མ་ཐེབས་པས། རང་སེམས་སྟོང་པ་མ་རྟོགས་ཤིང་གདམས་ངག་གི་ཐོས་པ་ཆུང་བས་འཁོར་འདས་སེམས་སུ་མ་ཤེས། ཉམས་རྟོགས་ཀྱི་དཔའ་རྩལ་མེད། ལུས་ལ་བདག་འཛིན་ཡོད། བློས་མ་ཐོངས། སྙིང་རུས་དང་ཞེ་ཆོད་མེད་པས་སེམས་ལ་འཁུ་འཕྲིག་ཤར་ཡོང་བ་ཡིན། རང་སྣང་འདྲེ་རུ་ལྡང་བ་ནི། ནང་འདྲེས་ཕྱི་འདྲེ་བཀུག་ཡོང་བ་ཡིན། ཕྱི་ན་འདྲེ་མེད་ཀྱང་ནང་ན་འདྲེ་འཛིན་གྱི་བློ་ཡོད་པས། འདྲེ་ཕྱི་ནས་མ་འོང་གོང་ནས་འདྲེ་རྟགས་ནང་ནས་སྐྱེས་ཏེ། རྩྭ་འཇག་མ་རླུང་གིས་བསྒུལ་ན་འདྲེ་ཐོན་ཐལ་སྙམ་པ་དང། ཁྱི་སྤྱང་ཀིས་ངུ་ཟུག་བྱས་ན་འདྲེ་གྲགས་ཐལ་སྙམ་པ་དང་། གྲི་ཤི་གྲགས་ཨེ་འདུག་བསམ་ནས་ཚག་ཟེར་ན་ཕྱིར་ལྟས་ཤོར། ནགས་འདམ་བུའི་ནང་ནས་ཚར་རིག་བྱུང་ན་ཕྱིར་འཕགས་ཤོར་འདུག་པ་དེ་དག ཕྱི་རོལ་གྱི་འདྲེ་ཡིས་གནོད་སྐྱེལ་བ་ཞིག་མ་ཡིན། ནང་འདྲེ་རང་སེམས་ཀྱི་འདྲེ་འཛིན་མ་ཆོད་པས་གནོད་པ་ཡིན། ཉམས་ལེན་མི་ནུས་མི་ཕོད་པ་ནི། ཅིའི་ཐད་ནས་ཡིན་ཡང་མི་ནུས་མི་ཕོད་མི་ཐུབ་ནས། ཟས་ནོར་གྱི་སྦྱིན་པ་ཞིག་བྱེད་དགོས་ན་ཡང་རང་ཤ་གཅོད་པ་ལྟར་མི་ནུས་མི་ཕོད། སྐྲག་དགོས་ས་ཞིག་ལ་འགྲོ་མི་ཕོད། ཤི་དགོས་ས་ཞིག་ཡོད་ན་དེ་བས་ཀྱང་ཅི་ཕོད། ནུས་རྒྱུ་ཕོད་རྒྱུ་ཁེ་རུ་ཞིག་མེད་པའི་ནུས་མེད་ཀྱིས་ཆོས་བྱེད་ནུས་པ་མ་ཡིན་པས་དེ་འདྲ་དེས་གཉན་ས་ཆོད་པ་མ་ཡིན། གཉན་ས་གཅོད་ཅེས་པ་ཞག་གཅིག་ཙམ་གནས་ག་གེ་མོ་ཞིག་ཏུ་ཉལ་ནས་ཕྱིར་ཐོན་ཡོང་བ་ཙམ་གྱིས་ཆོག་པ་མ་ཡིན། ཞག་པོ་བདུན་ལ་སོགས་པ་ཚར་ཚད་མ་བྱུང་གི་བར་གཅོད་དགོས། མི་ཕོད་པ་ལ་ཐོག་བརྫིས་བྱས་ནས་རབ་ན་ཆོས་ཉིད་ཀྱི་ལྟ་བ་རྟོགས་པའི་ངང་ནས་བསྡད། འབྲིང་ཡིན་རུང་བློས་བྱས་ཀྱི་ལྟ་ཐོག་ལ་བཞག ཡང་ཐ་ཡིན་ཡང་སྡུག་རུས་དང་གཉེན་པོ་བསྐྱེད་ནས། ཕུང་པོ་གཟན་དུ་བསྐྱུར་ཏེ་ལུས་སྦྱིན་གྱི་ངོས་ནས་སེམས་ཐག་ཆོད་པ་ཞིག་བྱས་ནས་འདུག་དགོས། ཉམ་ང་བག་ཚ་བྱུང་བ་ནི། ཉམ་ང་བག་ཚ་བྱུང་ན་ཨར་ལ་གཏད་པ་གསུངས་པས་ཨར་ལ་གཏད་དགོས་ཏེ། འདྲེ་དངོས་མེད་ཀྱི་སྟེང་ལ་སེམས་ཆོས་ཉིད་ཀྱི་ངང་ལ་བཞག་ན་འཇིགས་ཡུལ་འཇིགས་པ་འཇིགས་མཁན་ཀུན་འདི་འཛིན་དེ་འཛིན་མེད་པར་གྱུར་ནས་གྲོལ་འགྲོ་བ་ཡིན། གང་ཤར་རང་ངོས་ཐོག་ལ་རྩད་གདར་དེ་ལྟར་བྱས་ནས་གཅོད་དགོས། སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱིས་བཀླག་རྙེད་པ་མ་ཡིན། ཡང་ལྷ་མེད། འདྲེ་མེད། ཚེ་ཕྱི་མ་ལས་རྒྱུ་འབྲས་གཅིག་ཀྱང་ཡོད་པ་མ་ཡིན་ཟེར་ནས་ཁས་མི་ལེན་མཁན་ལ་འདྲེས་གནོད་པ་ཡང་ཡོང་བ་མ་ཡིན་ལ། ལྷ་འདྲེའི་ལྷོངས་ཚད་ཀྱང་ཡོང་བ་མ་ཡིན་ཏེ། འདྲེ་ལ་འདྲེ་ཡིས་ཇི་ལྟར་གནོད་དེ་གནོད་པ་མ་ཡིན། ཡང་རྐུ་མ་མཚན་མོར་འཇབ་པ་དང་། རྫི་བོས་ཟོག་མ་ལོན་པར་གཉན་ས་ནས་སོང་བ་དག་ལ་རང་གིས་རང་ལ་སྐྲག་བསླངས་ནས་སྙིང་ནད་ལྟ་བུ་མ་བྱུང་ན། ལྷ་འདྲེའི་ཟིལ་རྔམས་དང་ལྷོངས་ཚད་ཡོང་བ་མ་ཡིན། གཅོད་མཁན་གྱིས་ལྷ་འདྲེ་ཡར་ལྷོངས་དགོས་པས་ལྷོངས་པའི་ཚད་ཆེ་ཆུང་སྣ་ཚོགས་ཡོད། ལྷོངས་རྟགས་ནི་ཉམས་དང་རྨི་ལམ་མངོན་སུམ་ལ་ཡོང་བས་ལྷོངས་ཚད་དང་ཚར་ཚད་ཆོད་དགོས་པ་ཡིན། ཐོགས་བཅས་བདུད་དང་ཐོགས་མེད་བདུདཿ དགའ་བྲོད་བདུད་དང་སྙེམས་བྱེད་བདུདཿ ཕཊ་ཅེས་དབྱིངས་སུ་གཅོད་པ་ཡིནཿ ཞེས་གསུངས་ཏེ། བདུད་བཞིའི་སྐོར་སྔར་ཡང་ཞུས་ཡོད་མོད། ཐོགས་བཅས་ཀྱི་བདུད་འདི་ནས་མཆན་གྱི་ནང་དུ་བསྟན་ཡོད་པ། ཕྱི་རྐྱེན་འབྱུང་བ་དང་གཅན་གཟན་མི་རྒོད་སོགས་དང་ཆགས་སྡང་གི་རྣམ་རྟོག་སོགས་གསུངས་། མཆན་འདི་སུས་བཏབ་པ་ཡིན་གསལ་པོ་མི་ཤེས་ཀྱང་། ཐོགས་པ་དང་བཅས་པ་དབང་པོའི་ཡུལ་དུ་སྣང་བའི་ས་འགུལ། རི་ཉིལ། མེས་ཚིག ཆུས་ཁྱེར་ལ་སོགས་པ་དང་། དགྲ་ཇག་གཅན་གཟན་ལ་སོགས་ཡིན་དགོས། དགོས་ཀྱང་དེ་དག་གིས་བསྐྱེད་པའི་ནང་གི་ཚོར་བ་བདེ་སྡུག་ལ་བདེ་བ་ལ་ཆགས་ཤིང་སྡུག་བསྔལ་ལ་སྡང་བའི་རྣམ་རྟོག་བྱུང་རྐྱེན་བྱས་པ་ལ་གཙོ་བོ་གོ་དགོས་འདུག ཐོགས་མེད་ཀྱི་བདུད་ནང་རྐྱེན་དགའ་སྡུག་སེམས་ཚིག་པ་སོགས་གསུངས་ན། དེ་ཡང་ཕྱིའི་བདུད་ལྷ་འདྲེ་དང་ནང་གི་བདུད་ཉོན་མོངས་པ་དེ་དག་གིས་བསྐྱེད་པའི་ན་ཚ་སྡུག་བསྔལ་ལ་སོགས་པ། ཡུལ་གྱི་མྱོང་ཚོར་ཕྲ་རགས་ཀྱི་ཆར་གཏོགས་པ་ཐམས་ཅད་ཡིན། དགའ་བྲོད་ཀྱི་བདུད་རང་མཐོང་བདེ་སྐྱིད་མངོན་རློམ་སོགས་གསུངས་པ་ལྟར། འདི་ནས་ཁྱད་པར་དུ་གཅོད་ཀྱི་གདམས་པ་ཉམས་སུ་བླངས་པ་ལ་བརྟེན་ནས་རང་གི་ཉམས་རྟོགས་སྐྱོན་མེད་ཅིག་ན་འཕར་བཞིན་ཡོད་ན། དེ་དང་མཉམ་དུ་འཕྲལ་རྐྱེན་གྱི་བར་ཆད་ཀྱིས་ཀྱང་ཕལ་ཆེར་མི་ཚུགས་པ་ལྟ་བུ་རེད་འདུག ལྷག་པར་གཞན་ལ་གཅོད་རེ་བཏོན་ན་ཕན་ཐོགས་ཡོད་པ་ལྟ་བུ་རེ་བྱུང་ནས། ང་ནི་སྤྱིར་བཏང་པ་ཞིག་མ་རེད་སྙམ་ནས། ང་རྒྱལ་གྱིས་ཟང་ཟིང་གི་འདུ་ལོང་སྐྱོང་བ་དེ་ལྟ་བུ་སོགས་རིམ་གྱིས་རིམ་གྱིས་མངོན་རློམས་ཞུགས་ནས། ཆོས་བརྒྱད་ཀྱི་ཞེན་པ་ཇེ་ཆེ། ནང་བྱམས་དང་སྙིང་རྗེ་སྟོང་ཉིད་ཀྱི་ལྟ་བ་སོགས་མར་ཇེ་ཞན་སོང་ན། བཀའ་ཤེར་ཕྱིན་གྱི་དགོངས་པ་དང་མཐུན་པ་མ་ཡིན་ཞིང་། ཨ་མ་ཇོ་མོའི་ཆོས་ལུགས་དང་རྒྱབ་འགལ་སོང་ནས། རྫོགས་ཆེ་ཆུང་གཅིག་གི་གྲལ་ལ་མི་ཐེ་བའི་གཞུང་སྤྱི་ཁྱབ་ཏུ་བདུད་བཞིའི་ནང་གི་ལྷའི་བུའི་བདུད་ཀྱི་དབང་དུ་ཤོར་བ་ཡིན། སྙེམས་བྱེད་བདུད་ནི་མཆན་གྱི་ནང་དུ་འདི་ལྟར་ཏེ། ཐེ་ཚོམ་དང་ཁུ་འཕྲིག་ལ་སོགས། གསུངས་ན། སྙེམས་བྱེད་བདུད་འདི་བདུད་བཞིའི་རྩ་བ་ཡིན། གཉན་ས་རི་ཁྲོད་འགྲིམ་པ་ཕྱི་ཡི་གཅོད། །ཕུང་པོ་གཟན་དུ་བསྐྱུར་བ་ནང་གི་གཅོད། །ཉག་གཅིག་རྩད་ནས་གཅོད་པ་དོན་གྱི་གཅོད། །གསུངས་པའི་ནང་གི། ཉག་གཅིག་རྩད་ནས་གཅོད་པ་སྙེམས་བྱེད་ཀྱི་བདུད་གཅོད་རྒྱུ་འདི་ལ་གསུངས་པ་ཡིན། གཅོད་པས་འདུལ་རྒྱུའི་ལྷ་འདྲེ་དེ་ཕྱི་ན་ཡོད་པ་མ་ཡིན་ནང་ན་ཡོད་པ་ཡིན། ཕྱི་འཁྲུལ་སྣང་ལྷ་འདྲེའི་གཟུགས་ལ་གང་སྣང་ཐམས་ཅད་པོ་ནང་ངར་འཛིན་དང་བདག་འཛིན་གྱི་སྙེམས་བྱེད་མ་ཆོད་པས་ཡིན། དེས་ན་ཉག་གཅིག་བདག་འཛིན་གྱི་རྩ་བ་ནང་ནས་མ་ཆོད་ན། ཐབ་ནང་གི་མྱེ་མ་སྤངས་ན་ཐབ་སྟེང་གི་དུ་བ་ཆོད་ཐབས་མེད་པ་ལྟ་བུ་ཡིན་ཏེ། རྗེ་བཙུན་མི་ལ་རས་པས། འདྲེ་འདྲེ་རུ་བཟུང་ན་གནོད་པ་ཡིན། །འདྲེ་སེམས་སུ་ཤེས་ན་གྲོལ་བ་ཡིན། །འདྲེ་སྟོང་པར་རྟོགས་ན་ཆོད་པ་ཡིན། །ཞེས་གསུངས་པ་ལྟར། ནང་རང་ཉིད་ཀྱི་འདྲེ་འཛིན་གྱི་འཁྲུལ་རྟོག་རྩད་ནས་ཆོད་ན་གཅོད་པ་ཡིན་གྱི། ནང་འདྲེ་འཛིན་གྱི་རྣམ་རྟོག་མ་ཆོད་ན་ཐེ་ཚོམ་དང་འཁུ་འཕྲིག་ཅིག་སེམས་ལ་ཤར་ནས། ལྷ་མཐོང་འདྲེ་མཐོང་གི་འཁྲུལ་རྟོག་ཤོབ་དང་འདྲེས་མ་ཞིག་བཤད་དྲག་ན། ནམ་ཞིག་རྫུན་གྱིས་མྱི་མགོ་བསྐོར་ནས་མིའི་ཆོས་བླ་མའི་རྫུན་ཆེན་པོའི་གཞན་དབང་དུ་སོང་ནས། རང་གཞན་གཉིས་ཀ་ལག་སྦྲེལ་བྱས་ནས་ནང་གང་ཟག་གི་བདག་འཛིན་གྱི་གཡང་ས་གཟར་སར་ལྕེབ་ཀི་ཡོད་པ་ལྟ་བུ་ཞིག་རེད། ཕཊཿ ཐབས་དང་ཤེས་རབ་འབྲེལ་བའི་ཡི་གེ་ཚོགས་པ་གཅིག་པུ་འདིས། བདུད་བཞི་དབྱིངས་སུ་གཅོད་པ་མཚོན་པར་མ་ཟད། ཕཊ་ཅེས་པ་འདི་སྔགས་ཞེས་བྱ་ལ། ཅིའི་ཕྱིར་ཞེ་ན། སྔགས་ཞེས་པ་ནི། རྒྱུ་ཡི་གེ། ངོ་བོ་གྲུབ་པ་བཞི་ལྡན། འབྲས་བུ་ནུས་པ་ཐོགས་མེད་ཡིན་དགོས། སྔགས་ཀྱི་མཚན་ཉིད་དམ་ངོ་བོ་གྲུབ་པ་བཞི་ལྡན་ཞེས་པ་གང་ཞེ་ན། ཆོས་ཉིད་ངོ་བོས་གྲུབ་པ། ཆོས་ཅན་རང་བཞིན་གྱིས་གྲུབ་པ། བྱིན་གྱིས་བརླབས་པས་གྲུབ་པ། ནུས་པའི་མཐུ་ཡིས་གྲུབ་པ་དང་བཞིའོ། །ཆོས་ཉིད་ངོ་བོས་གྲུབ་པ་ཡིན་ཏེ། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཟུང་དུ་འབྲེལ་བ་སྟོང་ཉིད་བདེ་བ་ཆེན་པོ་འཁོར་འདས་མཉམ་པ་ཆེན་པོ་ལ་རང་བཞིན་ལྷུན་གྱིས་གྲུབ་པ་ཡིན་ནོ། །ཆོས་ཅན་རང་བཞིན་གྱིས་གྲུབ་པ་ཡིན་ཏེ་ཆོས་ཉིད་ཅི་ཡང་མ་ཡིན་པ་ལས་ཅིར་ཡང་འཆར་བའི་ནུས་པ་ཐོགས་མེད་འབྱུང་རུང་ཡིན་པས་ཐུན་མོང་མ་ཡིན་པའི་སྣང་བའི་རང་བཞིན་བསླུ་མེད་དུ་གྲུབ་པ་ཡིན་ནོ། །བྱིན་གྱིས་བརླབས་པས་གྲུབ་པ་ཡིན་ཏེ། རྩ་གནས་ཀྱི་ཡི་གེ་དེ་ཉིད་རླུང་སྔགས་ཀྱི་ནུས་པས་སྒྲ་དང་གཟུགས་སུ་ཤར་བ་དེ་ཉིད། སངས་རྒྱས་ཀྱི་ཡེ་ཤེས་ཉིད་སྔགས་ཀྱི་རྣམ་འཕྲུལ་དུ་ཤར་བས། ཆོས་ཐམས་ཅད་ལ་མངའ་དབང་འབྱོར་བ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཕཊ་ཡིན་ནོ། །ནུས་པའི་མཐུ་ཡིས་གྲུབ་པ་ཡིན་ཏེ། སྤྱིར་སྨན་དང་ནོར་བུ་རིགས་སྔགས་རྣམས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་ཀྱང་། ནང་བདག་འཛིན་རྩད་ནས་གཅོད་པའི་ཕཊ་སྒྲ་འདི། ཕྱིའི་ལྷ་འདྲེ་དབང་དུ་བསྡུ་བའི་ཕཊ། བར་གཟུང་འཛིན་དབྱིངས་སུ་ཞི་བའི་ཕཊ། དེར་མ་ཟད་རྣལ་འབྱོར་སྒོམ་པ་བྱིང་བའི་གནས་སྐབས་ན་ཕཊ་ཀྱིས་བྱིང་བ་ཡར་ལ་གསེང་། རྣམ་རྟོག་ངན་ཞེན་རྒོད་པ་ཨར་ལ་གཏད་དགོས་པའི་ཚེ་ཕཊ་ཀྱིས་འགོང་པོ་ཨར་གཏད། ཐ་མ་དབྱིངས་རིག་དབྱེར་མེད་ཆོས་སྐུའི་དགོངས་ཀློང་ལ་བཙན་ཐབས་ཀྱིས་འཕོ་དགོས་དུས་ཕཊ་ཀྱིས་འཕོ་བར་བྱེད་པ་ཡིན། འོ་ན་ཕཊ་སུས་བརྗོད་བསྡད་ན་དེའི་ནུས་པ་རྣམས་འབྱུང་ངམ་སྙམ་ན། སངས་རྒྱས་ཀྱི་རྣམ་འཕྲུལ་རིགས་སྔགས་ཀྱི་སྒྲ་ཐོས་པ་ཙམ་ཡང་དོན་གཏན་མེད་མ་ཡིན་པས། ངག་གི་བརྗོད་པ་ཙམ་ལ་ཡང་དེ་བཞིན་དོན་མེད་རེད་ཅེས་བརྗོད་ཤེས་པ་མ་ཡིན་ཡང་། ཟེར་ལུགས་ནོར་སོང་ན་ཕན་པ་མེད་པའི་སྟེང་ལ་གནོད་པ་འབྱུང་བ་ཡིན་ཏེ། ཕཊ་འདིའི་ཕཊ་ངོ་མ་ཤེས་ན། །ཕཊ་འདི་རང་སྲོག་གཅོད་བྱེད་ཡིན་ཟེར་དར་བས་རང་སྲོག་གཅོད་བྱེད་དུ་འགྱུར་བ་ཡང་ཡོད། སྔགས་ཀྱི་བྱིན་རླབས་འཇུག་དགོས་ན། སྔགས་འདི་རྟོག་མེད་ཡིད་བཞིན་ནོར་བུ་ལྟ་བུ་ཡིན་པས་དེའི་བྱིན་རླབས་ཇི་ལྟར་འཇུག་པ་ཡིན་སྙམ་ན། ཟླ་གཟུགས་ཆུ་ནང་དུ་འཕོས་པ་ལྟར་འཇུག་པ་ཡིན་ཏེ། ཆུ་མེད་ན་ཟླ་གཟུགས་ཤར་མི་ཐུབ་པ་ལྟར་དད་པ་མེད་ན་རང་རྒྱུད་ལ་སྔགས་ཀྱི་དངོས་གྲུབ་མི་འཇུག་པ་ཡིན། དེ་ལྟར་ན་བདུད་བཞི་དབྱིངས་སུ་ཆོད་པ་ལ་གཅོད་ཅེས་བྱ་བའི་ཐ་སྙད་སྦྱར་བ་ཡིན་ཞིང་། གཅོད་པ་པོ་ལ་བདག་སྒྲ་སྦྱར་ནས་གཅོད་པ་ཟེར་བ་ཡིན། བདུད་བཞི་དབྱིངས་སུ་ཆོད་ཟིན་པ་ཞིག་ཡིན་ན་གསར་དུ་གཅོད་དགོས་པ་མ་ཡིན། དེས་ན་མ་ཆོད་པ་ཞིག་གཅོད་དགོས་པས། ཇི་ལྟར་གཅོད་པའི་ཐབས་དང་མན་ངག་ལ་གཅོད་ཀྱི་གདམས་པ་འདི་བསྟན་པ་ཡིན། ཆ་བཞག་ན་ཐོགས་བཅས་ཀྱི་བདུད་ཆོད་དགོས་ན། ཆོས་ཉིད་ཀྱི་བདེན་པ་མཐོང་། སྣང་སེམས་ལ་རང་དབང་འབྱོར། མངོན་ཤེས་རྫུ་འཕྲུལ་ལ་ཐོགས་པ་མེད་པ་ཞིག་མིན་ན། འབྱུང་བཞིའི་གནོད་པ་མེ་ཆུ་དུག་མཚོན་གནོད་སྦྱིན་སྲིན་པོ་སོགས་ལ་ཕཊ་ཀྱི་མི་ཚད་ཅི་ཞིག་བརྗོད་ཀྱང་མི་ཆོད། དེ་བཞིན་ནད་དང་སྡུག་བསྔལ་མི་འབྱུང་ཐབས་ཀྱང་ཐོན་དཀའ། ནང་བདག་འཛིན་འདི་ལ་མདའ་རྩེ་མདུང་རྩེ་ཐམས་ཅད་བསྐོར་ནས་འདིའི་མདོག་ཅིག་ཤོར་དུ་ཉེ། ཉམས་ཤིག་དམའ་གྲབས་བྱས་བྱུང་ན། ན་རུང་ཤི་རུང་གསོད་རུང་བཏུབ་རུང་ཡ་ང་བག་ཚ་མེད་པ་ཞིག་ཡོང་བ་ནས་འགོ་བརྩམས་ནས་སྦྱོང་དགོས་པས། ཕྱི་བདུད་ལྷ་འདྲེ་དང་ནང་བདུད་ཉོན་མོངས་ལ་སོགས་གང་ལ་གང་འཚམ་ཚོགས་སྦྱོར་གྱི་དུས་ནས་གཅོད་ཀྱིན་བསྡད་ན་ཐོགས་མེད་ཀྱི་བདུད་གཅོད་པའི་ལམ་ལ་ཡང་ཞུགས་པ་ཡིན། དགའ་བྲོད་ཀྱི་བདུད་ཀྱི་དབང་དུ་བྱས་ན་ཡང་ལམ་འདི་ལ་ཞུགས་ནས་འབྲས་བུ་འདི་ཐོབ་དགོས་བསམ་རྒྱུ་ཞིག་དང་། ཉམས་ལེན་འདི་བྱས་ནས་སྔར་ལས་ཅུང་ཟད་ན་འཕར་ཏེ་ཉམས་རྟོགས་འདི་འདྲ་ཞིག་འཁྲུངས་ཐལ་བསམ་པ། ད་དུང་ལམ་ལ་སློབ་པའི་དགའ་བྲོད་མེད་པ་ཞིག་ལས་དང་པོ་པ་ལ་ག་ལ་ཡོང་། འོན་ཀྱང་རིམ་གྱིས་ཉམས་སུ་བླངས་ནས་ལྟ་བའི་གདེང་ཆེན་རྙེད་པའི་ཚེ། ཡར་སངས་རྒྱས་ལ་ཐོབ་ཏུ་རེ་བ་དང་མི་ཐོབ་པའི་དོགས་པ། མར་ངན་སོང་ལ་ལྷུང་གིས་དོགས་པ་དང་མི་ལྷུང་བའི་ཐེ་ཚོམ་མེད་པ་ཞིག་བྱུང་ཚེ། ནང་སྙེམས་བྱེད་ཀྱི་བདུད་ཀྱང་རང་སར་ཆོད་པའི་རྟགས་ཡིན་པས། ཐབས་དང་གདམས་པའི་ཉམས་ལེན་ཐམས་ཅད་གནད་གཅིག་ལ་དེ་ལྟར་འབབ་པ་ཡིན། དེས་ན་ཐམས་ཅད་སེམས་སུ་ཤེས་སེམས་ཆོས་ཉིད་ཀྱི་གནས་ལུགས་གཏན་ལ་ཕེབས་ནས་མ་བཅོས་རིག་སྟོང་ཟང་ཐལ་རྗེན་པའི་ངང་ལ་མཉམ་པར་བཞག་ན། འཛིན་པ་རང་སར་གྲོལ་བའི་གནད་ཀྱང་རང་ཤུགས་ཀྱིས་ཚང་ཡོད་ཅིང་ཞི་བྱེད་བདུད་གཅོད་ཀྱི་ཉམས་ལེན་ཞོར་དུ་འདུས་པ་ཡིན། དེ་ལྟར་ཡིན་པས་ལས་དང་པོ་བའི་གང་ཟག་ཚོས་བདུད་བཞི་རང་རྒྱུད་ནས་ཆོད་མ་དགོས་གཅོད་དགོས་པ་ཡང་མི་ཤེས་ནས། ང་ལྟ་བུས་གཅོད་འདོན་རྒྱུ་རང་གར་དགོས་མེད་རེད་བསམ་དགོས་པ་མ་ཡིན་ཏེ། ཐོགས་བཅས་ཐོགས་མེད་ཀྱི་བདུད་མེད་ན་ཅི་ཞིག་གཅོད། དགའ་བྲོད་ཀྱི་ཡོན་ཏན་ཞིག་ཨེ་ཐོབ་མ་བསམ་ན་གཅོད་བཏོན་ནས་ཅི་བྱེད། ནང་སྙེམས་བྱེད་འཁུ་འཕྲིག་དང་ཐེ་ཚོམ་ཆེ་ན་བདུད་རེད་མོད། ཉམས་ལེན་དང་ལྡན་པའི་ནུས་པ་ཅུང་ཞིག་ཡོད་བསམ་རྒྱུའི་སྙེམས་ཤིག་མ་འཆང་ན་གཉན་སར་འགྲོ་ཕོད་པ་མིན། བདུད་བཞིའི་ངོས་འཛིན་གང་ལྟར་བྱས་ན་གཅིག་རེད། བདུད་བཞི་བཅོམ་པའི་བཅོམ་ལྡན་འདས་ནི་མ་རེད་དང་པོ་ནས་བདུད་བཞི་ཆོམས་མེད་ཀྱང་མི་སྐྱོན་ཏེ། ཀུན་མཁྱེན་ཆེན་པོས། ནད་གཞི་སྨན་གྱིས་སྤང་ལ་སྨན་ནད་སོས་ནས་སྤང་བ་ལྟར། རིམ་གྱིས་རིམ་གྱིས་ལམ་སྦྱོང་ན་ཐམས་ཅད་སྤང་བར་གསུངས་ཡོད། ཐོགས་བཅས་དང་ཐོགས་མེད་ཀྱི་བདུད་གཉིས་ཀ་རྒྱུའི་དུས་ཀྱི་བདུད་ཡིན་པས་རྒྱུ་དུས་སུ་བར་ཆད་བྱེད། སྙེམས་བྱེད་ལམ་དུས་ཀྱི་བདུད་དང་བར་ཆད་ཡིན་པས་ཉམས་ལེན་གྱི་བར་ཆད་བྱེད། དགའ་བྲོད་འབྲས་བུའི་དུས་ཀྱི་བདུད་དང་བར་ཆད་ཡིན་པས་འབྲས་བུ་སྐྱེ་བ་ལ་བར་དུ་གཅོད་པ་དེ་ལྟར་གསུངས། དེས་ན་བདུད་སྔ་མ་གཉིས་ཀ་ལམ་དུས་ལ་སྤོང་བ་དང་། ཕྱི་མ་གཉིས་ཀ་འབྲས་དུས་ལ་སྤོང་བ་ཡིན། དགའ་བྲོད་སྙེམས་བྱེད་གཉིས་ཀ་ལམ་དུས་སུ་སྤོང་བྱེད་ཀྱི་གཉེན་པོའི་གྲོགས་སུ་འགྲོ་ཡང་། དེ་གཉིས་ཀ་ལམ་ཡིན་པར་མཆོག་ཏུ་ཞེན་ན་ཡང་བདུད་ཡིན་པས། འབྲས་བུ་མཐར་ཕྱིན་གྱི་སྐབས་སུ་སྤང་བྱ་སྤོང་བྱེད་གཉིས་ཀ་ལས་གྲོལ་བ་དེ་ལྟར་ཡིན། ཆོས་བསྒྲུབས་ནས་འཁོར་བ་སྤོང་དགོས་ཀྱང་། མངོན་སུམ་རྟོགས་ན་ཆོས་ཀྱང་སྤངས་ནས་བློ་ཟད་ཆོས་ཟད། ཆོས་ཟད་རང་གྲོལ་དུ་སོང་ནས་སངས་རྒྱས་པ་ཡིན། ཤིང་ཟད་པ་མེ་ལ་ལྟོས་ཀྱང་ཤིང་ཟད་ཟིན་ཚེ་མེ་ཡོད་པ་མིན་ཡང་དེ་ཙམ་དེ་མེད་པ་རྐྱང་ཆད་རེད། དེས་ན་ཡོད་མེད་གཉིས་ཀྱི་མཐའ་ལས་འདས་པའི་མཉམ་པ་ཆེན་པོ་འོད་གསལ་རིག་སྟོང་ཟུང་འཇུག་གི་དགོངས་པ་ངོ་ཤེས་དགོས། དེའི་ཕྱིར་ན་མཉམ་བཞག་ནམ་མཁའ་ལྟ་བུ་དང་རྗེས་ཤེས་སྒྱུ་མ་ལྟ་བུར་བློ་འབྱོངས་རྒྱུ་གནད་ཀྱི་སྙིང་པོ་ཡིན། གཅོད་ཀྱི་སྐབས་མིན་ཡང་མཎྜལ་དང་། གཏོར་མ། གསུར་དང་། ཆུ་གཏོར། ཕྱག་སྐོར་བ། འདོན་བཟླས་བརྗོད་གང་བྱས་ནའང་། ཀུན་རྫོབ་ཏུ་སྣང་ཆ་མ་དོར་དོན་དམ་དུ་སྟོང་ཆ་མ་དོར་སྣང་སྟོང་ཟུང་དུ་འཇུག་པས་ཉམས་སུ་ལེན་དགོས། མ་ཅིག་གི་བཀའ་ཚོམས་ཆེན་མོ་ལས། དམ་པའི་བྱིན་རླབས་གདིང་ལྡན་གྱིས། །རྣམ་རྟོག་དག་ལ་ཐོག་བརྫིས་བྱ། །རིམ་གྱིས་བྱིན་རླབས་ཞུགས་ནས་ནི། །ངེས་པར་རྟོགས་པ་འཆར་བར་འགྱུར། །ཅེས་གསུངས། དེ་ཡང་དུས་ཚོད་ལ་མཚོན་ནཿ ཐོ་རངས་ཚོགས་གཉིས་རྫོགས་པའི་ཕྱིརཿ དཀར་འགྱེད་བདུད་རྩིའི་ངོ་བོར་སྦརཿ ཉིན་གུང་ལན་ཆགས་སྦྱང་བའི་ཕྱིརཿ ཁྲ་འགྱེད་གང་ལ་འཚམས་བར་སྔོཿ ནུབ་མོ་བརྟུལ་ཞུགས་ལམ་སློང་ཕྱིརཿ བདག་འཛིན་ཚར་གཅོད་དམར་འགྱེད་གཏོངཿ སྲོད་ལ་སྡིག་སྦྱོང་ནག་འགྱེད་བྱཿ ཀུན་ཀྱང་འདུན་པ་བསྒྱུར་བ་སྟེཿ གཙོ་བོ་དམིགས་པས་ཉམས་སུ་བླངཿ ཞེས་གསུངས་ཏེ། གཅོད་འདི་ཉམས་ལེན་གདམས་པ་སྤྱིའི་ལྟ་བའི་ཤན་འབྱེད་དང་རྟོགས་པའི་བོགས་འདོན་ཡིན། འདིའི་སྒོ་ནས་ཉམས་རྟོགས་རྒྱུད་ལ་སྐྱེ་བ་ལ་གཉན་ཁྲོད་མི་འགྲིམ་ཐབས་མེད་ཡིན་པས་གཉན་ཁྲོད་ངེས་པར་དུ་འགྲིམ་དགོས། དེ་ལ་གང་དུ་འགྲོ་བའི་གནས་ཀྱི་ཁྱད་པར། ནམ་འགྲོ་བ་དུས་ཀྱི་ཁྱད་པར། གང་འགྲོ་བ་གང་ཟག་གི་ཁྱད་པར། སོང་ནས་གང་ཉམས་སུ་ལེན་པ་བློ་ཆོད་ཀྱི་ཁྱད་པར་བཅས་སྔར་ཡང་བཤད་མྱོང་སྙམ་ཡང་། འདི་ནས་ཀྱང་ཉམས་ལེན་རྒྱུན་གྱི་རྣལ་འབྱོར་བྱེད་པའི་གང་ཟག་ཞིག་གིས། འགྱེད་ཆེན་བཞི་པོའི་དམིགས་པའི་འདུན་པ་ཇི་ལྟར་བསྒྱུར་བ་དུས་དང་བསྟུན་ཏེ་གཙོ་བོར་བྱ་དགོས་གསུངས་ན། དེ་ཡང་ཉིན་ཞག་གཅིག་གི་དུས་ཚོད་ལ་མཚོན་ན། ཐོ་རེངས་སྟག་གི་དུས་སུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའི་ཕྱིར་དུ་གཙོ་བོ་དཀར་འགྱེད་བདུད་རྩིའི་ངོ་བོར་སྦར་དགོས། ལུས་ཕུང་པོ་དེ་ཉིད་ཨ་ཧཾ་གྱི་ཡི་གེ་སྟེ་ཐབས་ཤེས་བདེ་སྟོང་གི་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་སྦར་ནས་ཡར་མགྲོན་ལ་མཆོད་དགོས། ཉིན་གུང་རྟ་ཡི་དུས་སུ་སྔོན་བསགས་ལན་ཆགས་ཀྱི་བུ་ལོན་འཇལ་བའི་ཕྱིར་དུ། ཡི་གེ་འབྲུ་གསུམ་གྱིས་སྦྱང་སྤེལ་བསྒྱུར་བས་གང་འདོད་འདོད་རྒུའི་མཆོད་སྤྲིན་དུ་མཆོད་སྦྱིན་གྱི་ཡུལ་ཀུན་དང་། ཁྱད་པར་དུ་ལན་ཆགས་བགེགས་རིགས་ཀྱི་མགྲོན་ཀུན་ཚིམ་པའི་ཆེད་དུ་ཁྲ་འགྱེད་གང་ལ་གང་འཚམས་པར་བསྔོ་བ་གཙོ་བོའི་དམིགས་པ་ཡིན། དགོང་ཆེན་སྤྲེལ་གྱི་དུས་ཚོད་ནུབ་མོ་ལ་བབས་དུས། རྣལ་འབྱོར་བརྟུལ་ཞུགས་ཀྱི་སྤྱོད་པ་ལམ་སློང་གི་ཕྱིར་དུ། ནང་བདག་འཛིན་རྩད་ནས་གཅོད་པའི་དམར་འགྱེད་ཕུང་པོ་ཤ་ཁྲག་གི་མཆོད་སྦྱིན་བྱ་བ་དང་། སྲོད་གདོང་ནག་ས་རུབ་ནས་མི་ངོ་མི་ཤེས་པའི་བྱ་ཡི་དུས་ཚོད་ཙམ་ལ་སྡིག་སྦྱོང་ནག་འགྱེད། སྡིག་སྒྲིབ་བག་ཆགས་དང་བཅས་པ་དག་པར་བྱེད་པའི་དམིགས་གནད་འཛིན་པ་བྱ་བ། དེ་དག་ཀུན་ཀྱང་འདུན་པ་བསྒྱུར་བའི་ཁྱད་པར་ཡིན་ཏེ། གཙོ་བོ་ལྟ་སྒོམ་སྤྱོད་པ་གསུམ་གྱི་དམིགས་པས་ཉམས་སུ་བླང་བར་བྱ་བ་ཡིན། ལྟ་བས་སྟོང་ཉིད་དུ་ཐག་བཅད། སྒོམ་པས་དྲན་མེད་ཀྱི་ངང་དུ་འཇོག སྤྱོད་པས་བདེ་སྡུག་ཐམས་ཅད་རོ་སྙོམས་བྱས་ཏེ། གང་གཅད་ཡུལ། གཅོད་མཁན། གཅད་པའི་བྱ་བ་ཐམས་ཅད་བདེན་མེད་དུ་རྟོགས་པའི་དམིགས་པ། དེ་ཡང་བལྟ་བྱ་ལྟ་བྱེད་དང་བྲལ་བས་ཉམས་སུ་ལེན་པར་བྱ་དགོས། འདི་ནས་ལྷོངས་ཚད་དང་ཚར་ཚད་ལམ་དུ་སློང་ལུགས་ཀྱི་དམིགས་གནད་དང་དབྱེ་བའི་སྐོར་གསུངས་པ་སྟེ། དེ་ཚེ་ཆོ་འཕྲུལ་ཅི་བྱུང་ཡངཿ ཉམས་དང་བྲལ་བའི་ལྟ་བས་གཅུནཿ ཞེས་མདོར་བསྟན་པ་སྟེ། གོང་དུ་བཤད་མ་ཐག་པའི་འགྱེད་ཆེན་རྣམ་པ་བཞིའི་སྒོ་ནས་ལུས་པོ་སྦྱིན་པ་བཏང་བ་ཡིན་ན། བདག་འཛིན་ཡུལ་ནས་བཏོན། ཕུང་པོ་གཟན་དུ་བསྐྱུར་བ་དེའི་ཚེ་ན། གང་ཚེ་ཆོས་ཉིད་ངང་ལ་མཉམ་པར་སུས་བཞག་པ། །དེ་ལ་བདུད་ཚོགས་མི་བཟོད་ཆོ་འཕྲུལ་སྣ་ཚོགས་སྟོན། །ཞེས་གསུངས་པ་ལྟར། ལྷ་འདྲེའི་ཆོ་འཕྲུལ་བཟང་ངན་འཇམ་རྩུབ་ཀྱི་རྣམ་པ་ཅི་ཡང་འོང་རབས་ཡོད། འོན་ཀྱང་ཅི་བྱུང་ཡང་ཉམས་དང་བྲལ་བའམ་དེ་ལ་ཞེན་པ་མེད་པ་སྔར་བླ་མས་ངོ་སྤྲད་པའི་ཕྱིའི་གཅོད་ཡུལ་སྟོང་པར་ཤེས་པ་དང་གཅིག ནང་གཅོད་མཁན་སྟོང་པར་རྟོགས་པ་དང་གཉིས། བར་གཅོད་ཚུལ་བདེན་མེད་དུ་གོ་བ་དང་གསུམ་གྱི་སྟོང་ཉིད་ལྟ་བས་གཅུན་པར་བྱ་དགོས། གལ་ཏེ་རྣལ་འབྱོར་དབྱིངས་ཆུང་ནསཿ ལྷོངས་འཚུབས་འཆུན་པར་དཀའ་བའམཿ ལྷ་འདྲེ་དབྱིངས་ཆེས་མ་ལྷོངས་ནཿ ཀེང་རུས་དཀར་པོའི་དམིགས་པ་བྱཿ ཞེས་གསུངས་ཏེ། ཚིགས་བཅད་ཤྭ་ལོ་ཀ་འདིའི་ནང་དབྱིངས་ཞེས་པ་དང་ལྷོངས་འཚུབས་ཞེས་པའི་ཐ་སྙད་གཉིས་གསུངས་ན། དབྱིངས་ཞེས་པ་དགོངས་པ་དང་དགོངས་པའི་རྩལ་ལ་གོ་དགོས་ཏེ་རྣལ་འབྱོར་བའི་ལྟ་དགོངས་མཐོ་དམན་དང་ཆེ་ཆུང་གི་ཐད་ནས་གསུངས་པ་ཡིན། ལྷོངས་ཞེས་པ་དཔེར་ན་ཉལ་ནས་ཡོད་པ་ཞིག་ཡར་ལྷོངས་པ་སྟེ། འདྲེ་ཉལ་ཉལ་བ་ལ་ཕཊ་ཀྱིས་དཀྲོག་ཟེར་བའི་གཏམ་དཔེ་ལྟར། ལྷ་འདྲེ་རང་གར་བསྡད་ཡོད་ན་འདུག་མ་བཅུག་ནས་ཡར་དཀྲོགས་པས་ལྷ་འདྲེའི་ཆོ་འཕྲུལ་གྱིས་འཚུབས་ཆ་རླུང་འཚུབ་དྲག་པོ་ལྟ་བུ་ཟིང་ལོང་གཡོ་འཚུབས་ཅན་ལ་ལྷོངས་འཚུབས་ཞེས་བྱ། གཉན་སར་གཅོད་མཁན་དེས་དང་པོ་ལྷ་འདྲེ་ཡར་ལ་ལྷོངས་དགོས། ལྷོངས་བའི་ཚད་རྫོགས་པ་ལ་ལྷོངས་ཚད་གསུངས། དེ་ནས་འདྲེ་གདོན་གདུག་པ་ཅན་ཚར་གཅོད་དགོས་པས། ཚར་ཆོད་པའི་ཚད་ལ་ཐོན་པ་ལ་ཚར་ཚད་གསུངས། དེ་ལྟ་བུའི་ལྷོངས་ཚད་དང་ཚར་ཚད་ཀྱི་གོ་དོན་ངེས་པར་བྱས་ཏེ། འདི་ནས་གལ་ཏེ་རྣལ་འབྱོར་པ་དབྱིངས་ཆུང་། ལྟ་སྒོམ་ཉམས་རྟོགས་ཀྱི་ནུས་པ་ཞན་ནས། ལྷ་འདྲེའི་ལྷོངས་ཚད་འཆུན་པའམ་དབང་དུ་འདུས་པ་དཀའ་བའམ། ཡང་ན་ལྷ་འདྲེ་དབྱིངས་ཆེ་ཞིང་རྣལ་འབྱོར་བ་དབྱིངས་ཆུང་བས་ལྷོངས་མ་ནུས་པ་ཡང་ཡོད་གསུངས། སྐབས་འགར་ལྷ་འདྲེ་ཡོད་ས། གྲི་ཤི་གྲགས་ས། དམེ་ཤུལ་དང་ཕུང་ཤུལ་ལྟ་བུར་ཉལ་ཡང་ཅི་ཡང་ཡོང་རྒྱུ་མི་འདུག་བསམ་ན། འོང་བྱེད་ཀྱི་ལྟ་དགོངས་ཏིང་འཛིན་ལྷ་འདྲེ་འདུལ་བྱེད་ལྟ་ཅི་དཀྲོག་བྱེད་ཙམ་ཡང་རྩ་བ་ནས་མེད་ན། སུ་ལྷོངས་ནུས། སུས་འཚུབས་ཡོང་། འདྲེས་མ་ཚུགས་ནས་ལུས་པ་ཡིན་ནམ། འདྲེས་ཟ་ཉེན་མེད་ནས་བསྐྱུར་པ་ཡིན་ཅི་ཤེས། ངན་པ་འདྲེས་མི་ལེན། གྱོང་པོ་ཁྱིས་མི་ཟ། ཟེར་བའི་གཏམ་དཔེ་ཞིག་ཡོད་པ་ལྟ་བུ་ཡིན། གཉན་སར་ཐོན་ནས་ཉམས་ལེན་གྱི་ངང་དུ་ཉལ་བསྡད་པས་རབ་ཞག་གསུམ་འབྲིང་ཞག་མ་ལྔའམ་བདུན། སྐབས་འགའ་ཞག་བཅུ་རེ་ཙམ་ལའང་མི་ལྷོངས་རྒྱུ་དེ་འདྲ་ཡང་ཡོད་སྲིད། མི་ལྷོངས་པ་དང་ལྷོངས་འཚུབས་ཆུང་བ་དང་། ལྷོངས་ཕྱི་བ་དེ་དག་རྣལ་འབྱོར་པ་ནུས་པ་ཆེ་བས་ཕ་རོལ་པོ་ལྡང་མ་ནུས་པའམ། ལྡང་མ་ཐུབ་ཅིང་མ་ཕོད་པའང་ཡོད། ཡང་གདོན་བགེགས་དབྱིངས་ཆེ་རྣལ་འབྱོར་བ་དབྱིངས་ཆུང་ནས་གཡག་རྒྱབ་ཤིག་གིས་མི་ཟ་བ། མིན་ན་གཅོད་ཀྱི་དུས་ཡུན་ཐུང་ནས་ལྷོངས་ལངས་མ་གཏད་པ་དེ་དག་ཀྱང་ཡོད། གོང་དུ་བཤད་པ་ལྟར་བདག་རྣལ་འབྱོར་པ་ནུས་པ་ཞན་ན། སྤྲང་པོ་ས་སྟོང་དུ་གར་ཤི་གར་ལུས་སུ་ཉལ་བ་ལྟ་བུ་དང་། འབྲོག་པའི་རྟ་ཟོག་མ་ལོན་ནས་མཚན་མོ་ཉུལ་ནས་འགྲོ་བ་ལྟ་བུ་ཡིན་ན། ལྷ་འདྲེས་མཐོང་ཆེན་རྩ་ནས་མ་བྱས་པས་ལྷོངས་འཚུབ་ཡོང་བ་མ་ཡིན། གཅོད་བྱེད་དུས་ལྷོངས་ཚད་ཡོང་དགོས་པ་ཡིན། དམར་འགྱེད་དང་ནག་འགྱེད་དག་དུས་ཚོད་མཚན་མོར་བྱེད་དགོས་དོན་དེས་རེད། ཉིན་དཀར་སྐྲག་འཇིགས་ཡོང་བ་མ་ཡིན་ལ། ཡང་སྒོས་རོགས་པ་དང་མཉམ་དུ་སོང་ནས་གང་ན་ཉལ་བསྡད་ཀྱང་མི་སྐྲག་པས། དེས་གཉན་ས་གཅོད་པའི་གོ་ཆོད་པ་མིན། འཇིགས་སྐྲག་མེད་པས་ཡོན་ཏན་སྐྱེ་བ་མ་ཡིན། གཅོད་ཅེས་པས་གཅད་དགོས་པ་ཡིན་ན་གཅད་རྒྱུ་མེད་ན་ཅི་ཞིག་ཆོད་དེ། ནམ་མཁའ་བར་སྣང་སྟོང་པ་ལ་རལ་གྲི་གཡུགས་ན་ཆོད་མ་ཆོད་གཉིས་ཀའི་ཐ་སྙད་མེད་པ་ལྟ་བུ་ཞིག་ཡིན། ཅེ་སྤྱང་དུར་ཁྲོད་དུ་ཉུལ་ཡང་གཅོད་ཀྱི་ཡོན་ཏན་མི་སྐྱེ་བ་བཞིན་གསུངས་ཡོད། ལྷ་འདྲེ་དབྱིངས་ཆེ་བས་མ་ལྷོངས་ན་ཀེང་རུས་དཀར་པོའི་དམིགས་པ་བྱ་ཞེས་པའི་དམིགས་པ་ཇི་ལྟར་བྱ་ཞེ་ན། ཕཊཿ ཅེས་རང་ཉིད་སྐད་ཅིག་གིསཿ ཀེང་རུས་དཀར་པོ་མེ་འབར་བཿ ཤིན་ཏུ་ཚ་བ་ལས་བྱུང་བའིཿ མེ་ཡིས་སྟོང་གི་འཇིག་རྟེན་དངཿ ཁྱད་པར་ལྷ་འདྲེའི་གནས་རྟེན་བསྲེགསཿ མཐར་ནི་ཀེང་རུས་མེ་དང་བཅསཿ འོད་ཡལ་སྟོང་པའི་ངང་ལ་གཞགཿ འགོ་ནད་སྲུང་བ་ལ་ཡང་ཟབཿ ཅེས་གསུངས་ཏེ། ཕཊ་སྒྲ་དྲག་པོའི་ང་རོ་གནམ་ས་གཡོ་བར་བྱེད་པ་ལྟ་བུ་བསྒྲགས་པ་དང་བཅས་ཏེ། ཕཊ་སྒྲ་འདི་ཕ་གཅོད་བྱེད་ཐབས་ཀྱི་ཡི་གེ་ཕྱི་བདུད་འདྲེ་ལ་བཅད། ནང་བདུད་སེམས་ལ་བཅད། གསང་བདུད་འགལ་རྐྱེན་གྱི་རིགས་མཐའ་དག་ལ་བཅད་ནས། ཊ་སྡུད་བྱེད་ཤེས་རབ་ཀྱི་ཡི་གེས་ཅི་ཞིག་བསྡུས་ཞེ་ན། ཕྱི་སྣང་སྲིད་ལྷ་འདྲེ་དབང་དུ་བསྡུས། ནང་བདག་འཛིན་གྱི་འགོང་པོ་དབང་དུ་བསྡུས། གསང་བ་རེ་དོགས་ཀྱི་གཉིས་འཛིན་དབང་དུ་བསྡུས་ནས་ཚར་བཅད་དེ། མཐར་ཐུག་འཁོར་འདས་རོ་སྙོམས་ཀྱི་ལྟ་བའི་གདེང་གིས་མི་སྲུན་ལྷ་འདྲེའི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་འཁྲུངས་པར་བྱས་ནས། དེ་དག་གྲོལ་བ་མངོན་འགྱུར་སངས་རྒྱས་ཀྱི་ས་ལ་འགོད་རྒྱུ་གཅོད་བྱས་པའི་ཉིང་དགོས་ཡིན། ལྷ་འདྲེ་ཇི་ལྟར་གཉན་ཡང་ལྟ་བའི་ངར་བསྐྱེད་ནས་རྒྱུན་བསྲིང་ཐུབ་ན། མི་ལྷོངས་པ་མི་སྲིད་པ་དང་། མི་ནོན་པ་མི་སྲིད་པ་དང་། དབང་དུ་མི་འདུ་བ་མི་སྲིད་པ་ཡིན་ཏེ། མཁར་དང་མེ་སྒྱོགས་གཉིས་ཐུག་ན་མེ་སྒྱོགས་རྒྱལ། སྡོང་པོ་དང་སྟ་རེ་གཉིས་ཐུག་ན་སྟ་རེ་རྒྱལ། ཤིང་དང་མྱེ་གཉིས་ཐུག་ན་མྱེ་རྒྱལ་བ་ཡིན་ཞེས་དཔེར་བཞག་ཡོད། དེ་བཞིན་དུ་ལྷ་འདྲེ་དང་གཅོད་མཁན་གཉིས་ཐུག་ན་གཅོད་མཁན་ངོ་མ་མཚན་ཉིད་ཚང་བ་ཞིག་ཡིན་ན་གཅོད་མཁན་རྒྱལ་འགྲོ་བ་ཡིན། ཕཊ་ཅེས་བརྗོད་པ་དང་མཉམ་དུ་རང་ཉིད་སྐད་ཅིག་གིས་ཀེང་རུས་དཀར་པོ་མེ་འབར་བ་ཞིག་བསྒོམ། དེའི་ལུས་ལས་འབར་བའི་ཤིན་ཏུ་ཚ་བའི་མེ་དེ་ཡིས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་། ཁྱད་པར་གང་ལ་དམིགས་པའི་ལྷ་སྲིན་སྡེ་བརྒྱད་འབྱུང་པོའི་རིགས་སུ་གྱུར་བ་དེ་དང་དེའི་གནས་གཞིའི་རྟེན་ནི། ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་འཁྲུལ་སྣང་ཆགས་སྡང་ཨ་འཐས་ཀྱི་ཞེན་པས་ཡིད་འཕྲོག་ནས་རི་དང་། མཚོ་དང་ལྗོན་ཤིང་བྲག་དང་ཆུ་བོ་སོགས་ལ། ཡུལ་དང་ཕོ་བྲང་མཁར་དང་བང་མཛོད། སྡེ་རིས་མངའ་ཐང་བཙུན་མོ་བློན་པོ་དམག་དང་བཅས་པའི་རྟེན་གཞིར་བཅས་ཡོད་ན། དེའི་གནས་རྟེན་ཐམས་ཅད་བསྲེགས་ནས་ལྷ་འདྲེ་གདུག་པའི་གནས་མེད་པར་བྱས་པར་བསམ་ནས། མཐར་ཀེང་རུས་མེ་དང་བཅས་པ་འོད་དུ་ཡལ་ཏེ་མི་དམིགས་སྟོང་པའི་ངང་ལ་མཉམ་པར་ཞོག་གསུངས། གདོན་ཆུང་ཆུང་ལྷོངས་སླ། གནོན་ཡང་སླ། དབང་དུ་འདུས་ཀྱང་ཡོན་ཏན་དེ་ཙམ་མི་ཆེ་ཡོན་ཏན་ཆུང་བ་ཡིན། གཉན་ས་གཅོད་དུས་དང་པོ་ཞག་གཅིག་གཉིས་ལ་འཇམ་པོ་འདྲ་བ། ཡུན་དུ་བསྡད་ན་ཟིལ་རྔམས་ཇེ་ཆེར་འགྲོ་བ་དེར་གདོན་ཆེན་གནས་པའི་རྟགས་ཡིན། ལྷོངས་བར་དཀའ། ཆོ་འཕྲུལ་གྱི་འཚུབས་ཆ་ཆེ། དེ་ལྟ་བུ་ནོན་ན་ཡོན་ཏན་ཆེ་གསུངས། གང་ཟག་རང་རང་གི་ལྟ་སྒོམ་གདེང་ཚོད་ཀྱི་ཁྱད་པར་གྱིས་ཐམས་ཅད་གཅིག་འདྲ་མ་ཡིན་པས། ལྷོངས་ནས་ལྷོངས་པའི་ཚད་རྫོགས་དུས་ལྷོངས་ཚད་དང་། ནོན་ནས་ཚར་ཆོད་དུས་ཚར་ཚད་གཉིས་ཀ་ཞག་གཅིག་གིས་རྫོགས་པ་དང་། ཡང་སྔ་ནུབ་དང་ཕྱི་ནུབ་རྫོགས་པ་ལ་སོགས་ཁྱད་པར་མང་པོ་ཡོད་སྲིད། དཔེར་ན་སྲོད་ལ་ཆོ་འཕྲུལ་བྱུང་ནས་ཐོ་རངས་ཚར་ཆོད་པ་དང་། སྔ་ནུབ་ཆོ་འཕྲུལ་ཡོང་ནས་ཕྱི་ནུབ་ཚར་ཆོད་པ་སོགས་ཡོད་གསུངས། སྤྱིར་བཏང་ཡིན་ན་མང་ཆེ་བ་ཞག་གསུམ་དགོས་པ་དང་། ཉམས་ཁྲིད་ཞག་བདུན་མ་ལ་ཞག་བདུན་དུ་ཉམས་ལེན་ལ་སྦྱར་བ་ལྟར་དགོས་པ་ཡིན། གནའ་སྔོན་མ་ཡིན་ན་ཆུ་མིག་བརྒྱ་རྩ་འགྲིམ་རྒྱུ་ལ་སོགས་པ་སྒྲུབ་པ་ཉམས་ལེན་རྣལ་མར་བྱེད་པ་ཞིག་གིས་དེའི་སྤྱོད་པ་སྐྱོང་རྒྱུ་དེ་དག་རྒྱུན་སྲོལ་ལྟ་བུ་ཞིག་ཡིན་པས་མ་བྱས་ཐབས་མེད་རེད། རྣམ་པ་ཚོས་རང་གི་སྒྲུབ་ཁང་དང་གྲྭ་ཤག་གི་ནང་ནས་རང་ལུས་རྩ་ཁམས་འདུས་པའི་དུར་ཁྲོད་ཀྱི་ནང་ན། ཉོན་མོངས་དུག་ལྔའི་བདུད་དང་ལྷ་འདྲེ་ཆོས་བརྒྱད་ཆགས་སྡང་དང་རེ་དོགས་དགག་སྒྲུབ་ཀྱི་འཚུབས་རླུང་ཅན་གནས་ཡོད་པ་དེ་ཆོད་ན་ཐམས་ཅད་ཆོད་པ་ཡིན་པས་དེས་ཆོག་པ་ཡིན་ཏེ། ཆོད་ལུགས་རབ་ནང་ནས་ཆོད་པ་དེ་རེད། འོན་ཀྱང་དེ་ཙམ་མ་བྱུང་བའི་གནས་སྐབས་ན་ལམ་རྐྱེན་གཉན་སར་འགྲིམ་ནས་གང་གཉན་གཉན། གང་གི་ཚབ་ཆེ་ས། གང་ན་རྟོག་པ་དང་འཁུ་འཕྲིག་ཡོད་ས་དེར་སོང་ན་ནང་གི་བོག་འདོན་དང་ལྟ་བའི་ཤན་འབྱེད་ལ་གལ་ཆེ་བ་ཡིན། འགོ་ནད་སྲུང་བ་ལ་ཇི་ལྟར་ཟབ་པ་ཡིན་སྙམ་ན། དམ་ཆོས་གཅོད་ཀྱི་དམིགས་གནད་ཀྱི་གདེང་དང་ཆོས་ཉིད་སྟོང་པའི་ལྟ་བ་རྟོགས་པ་དེ་ཡིས། ནད་དང་གནོད་པ་གདོན་དང་གསུམ། སེམས་དང་འགལ་རྐྱེན་སྡུག་བསྔལ་གསུམ། དེའི་སྟེང་ལུས་ངག་ཡིད་གསུམ་། ཐབས་དང་དམིགས་པ་རྟེན་འབྲེལ་ཐམས་ཅད་སྟོང་པའི་ངོ་བོར་བལྟས་ཏེ། དམིགས་པ་གསལ་བར་བསྒོམ་པའི་ཉམས་ལེན་གྱིས་ཉམས་དང་རྟོགས་པའི་བོགས་འདོན་དེ་ལྟར་བྱས་པས། ཁབ་བཙལ་ས་ནས་གཡུ་རྙེད་ཅེས་པའི་དཔེར་བཞག་པ་ལྟར། ནད་གདོན་ཞི་བར་མ་ཚད་སྒྲིབ་པ་དག་ནས་ཐར་བ་སྒྲུབ་པའི་མཐུན་རྐྱེན་དུ་འགྲོ་བ་ཡིན། ད་དུང་རྟེན་འབྲེལ་ཐབས་ཀྱི་སྤྱོད་པས་ཕྱི་དང་ནང་གི་ཚོགས་བསགས་ཅི་རིགས་པའི་དངོས་པོ་སྤང་དག་འོང་། ཚོགས་རྫོགས་སྒྲིབ་པ་སྦྱངས་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བའི་རྒྱུ་ཡང་འགྱུར། འདི་སེམས་ཀྱི་དཔའ་བོའི་ཉམས་རྟོགས་ལྡན་པའི་སྟོབས་རྩལ་གྱིས་བདུད་དཔུང་འཇོམས་བྱེད་ཀྱི་རྣོ་ངར་ལྡན་པའི་ལྟ་སྤྱོད་ཀྱི་གོ་མཚོན་ལོག་ནོན་ཁྱད་པར་ཅན་དུ་ཡང་འགྱུར་བ་ཡིན་ནོ། །ཚར་ཚད་དུས་སུ་མ་བྱུང་དངཿ གནོད་འདྲེ་གདུག་པ་ཨར་གཏོད་ནཿ རིག་པ་ཁྲོས་མའི་སྐུར་གསལ་བསཿ སྙིགས་མའི་ལུས་ཀྱི་པགས་པ་བཤུསཿ སྟོང་གསུམ་ཁེངས་པའི་གཡང་གཞིའི་སྟེངཿ ཤ་རུས་གཅལ་དུ་བཀྲམ་པ་ལཿ འདྲེ་གདོན་ཟས་ལ་གདུང་བའི་མོདཿ ཁྲོས་མས་གཡང་གཞི་འུབ་ཀྱིས་དྲིལཿ སྦྲུལ་དང་རྒྱུ་མའི་ཞགས་པས་བསྡམསཿ ཀླད་ལ་བསྐོར་ཞིང་བརྡབས་པ་ཡིསཿ ཤ་མྱོག་རུས་མྱོག་དག་ཏུ་སོངཿ སྤྲུལ་བའི་གཅན་གཟན་དུ་མ་ཡིསཿ ལྷག་མ་མེད་པར་ཟོས་པར་བསམཿ དབྱིངས་རིག་བསྲེས་ཏེ་མཉམ་པར་གཞགཿ ཅེས་གསུངས་ཏེ། འདིའི་སྐབས་ལ་སྔོན་འགྲོ་ལྷོངས་དགོས། དངོས་གཞི་ནོན་དགོས། མཇུག་ཏུ་ཚར་ཚད་ཡོང་དགོས། དགོས་ཀྱང་རེ་དོགས་ནང་ནས་ཆོད་དགོས་དེ་མ་ཆོད་ན་དེ་ཡང་བདུད་ཡིན། རེ་དོགས་ཀྱི་ཞེ་འདོད་རྒྱབ་དུ་བསྐྱུར་ནས་ཆོད་ན་དགའ་རྒྱུ་དང་ང་རྒྱལ། མ་ཆོད་ན་སྡུག་རྒྱུ་དང་སེམས་ཞུམ་མེད་པ་ཞིག་གིས་གཉན་ས་གཅོད་ན། དང་པོ་ལྷོངས་རྟགས། བར་དུ་ནོན་རྟགས། ཐ་མར་ཚར་ཚད་རྣམས་མ་འདོད་ཀྱང་ཡོང་བ་ཆོས་ཉིད་ཡིན་ནོ། །ལྷ་འདྲེ་ལྷོངས་ཐུབ་པའི་རྟགས་ཅི་ཡོད་སྙམ་ན། ལྷ་འདྲེ་ལྷོངས་པ་གཅིག་པུའི་མི་ཚད་དེ། ཕྱི་རྟགས་ལྷ་འདྲེ་ལྷོངས་རྟགས་དང་། ནང་རྟགས་རྣམ་རྟོག་ལྷོངས་རྟགས། བར་རྟགས་ན་ཚ་ལྷོངས་རྟགས་ཚང་མ་འབྱུང་རྒྱུ་ཡོད་དེ། ཕྱིའི་ལྷ་འདྲེ་ལྷོངས་རྟགས་ལ་རྣལ་འབྱོར་བའི་སྟོང་ཉིད་ཀྱི་ལྟ་བའི་ཆོས་ཉིད་ཀྱི་གཟི་བརྗིད་མི་བཟོད་ནས་ཆོ་འཕྲུལ་སྣ་ཚོགས་འབྱུང་བ་ཡིན། སློབ་དཔོན་པདྨ་འབྱུང་གནས་བོད་ཡུལ་ལ་དང་པོ་བྱོན་དུས། ཞང་ཞུང་གི་དགྲ་ལྷ་ཛ་མུན་གྱིས་རི་བྲག་གཉིས་ཀྱི་བར་དུ་བཅར་བ་དང་། ཤམ་པོས་གཡག་དཀར་རི་ལོགས་ཙམ་ཞིག་སྤྲུལ་ནས་ཡོང་བ་དང་། ཐང་ལྷས་སྦྲུལ་དཀར་པོ་ཞིག་སྤྲུལ་ནས་ལམ་འཕྲང་བཅད་པ་ལ་སོགས་པ་ཅི་འདྲ་ཡོད། ངེད་ཚོའི་སྟེང་ཡིན་ནའང་གཟུགས་འཇིགས་སུ་རུང་བ་སྣ་ཚོགས་སྤྲུལ་ནས་ཟ་ཆས་རྡུང་ཆས་གསོད་ཆས་བྱེད་བཞིན་ཡོད་པ། ཡང་བསླུ་བྲིད་བྱེད་དེ་ཉོན་མོངས་གང་གི་རགས་ན་དེ་ཡར་སྟོབས་རྒྱས་བཅུག ཆགས་སྡང་སློང་བ་ལ་སོགས་པ་འདྲ་མི་འདྲ་ཡོང་རྒྱུ་ཡོད། ཡོང་ཚུལ་ལ་རྗེ་བཙུན་མི་ལའི་རྣམ་ཐར་ནང་ནའང་ཅི་འདྲ་ཡོད། རབ་མངོན་སུམ། འབྲིང་ཉམས་སྣང་། ཐ་མ་རྨི་ལམ་ནང་ཡོང་དར་བ་ཡིན། ནང་རྣམ་རྟོག་ལྷོངས་རྟགས་ལ་སེམས་མི་བདེ། སྙིང་མི་དགའ། ཁམས་འཁྲུགས། དོན་མེད་ལ་འཚིག་པ་ཟ། ཉམས་ལེན་བྱ་མི་བསམ། ཡིད་འགྱོད་སྐྱེ་བ་སོགས་ཡོང་རྒྱུ་ཡོད། དེ་དང་མཉམ་དུ་བར་ན་ཚ་ལྷོངས་རྟགས་ལ་ན་དོན་མེད་ས་ནས་ཅིག་མི་བདེ་འདུག་བསམ་པ་ལྟ་བུའི་ན་ཚ་ཡོང་བ་ཡིན། དེ་འདྲའི་དུས་སུ་ཕྱི་རྟགས་ལྷ་འདྲེའི་ལྷོངས་ཚད་ཀྱི་སྐབས་སུ་ཉམ་ང་བག་ཚ་མེད་པར་ཉམས་ལེན་གྱི་ངང་བསྐྱང་ན། བདུད་དང་འབྱུང་པོ་བཟང་པོའི་དཔལ་དུ་འཆར། རྐྱེན་ངན་དང་སྡུག་བསྔལ་ལམ་གྱི་གྲོགས་སུ་འཆར། བར་ཆད་ཅི་བྱུང་དངོས་གྲུབ་ཀྱི་སྣོན་མར་གྱུར་ནས། ནང་རང་སྣང་དབང་དུ་འདུས་པས་ཕྱིའི་གཞན་སྣང་གི་ལྷ་འདྲེ་ཟིལ་གྱིས་མནན་ཏེ། ཅི་བགྱིས་བྲན་དུ་ཁས་བླངས་ཏེ་རྣལ་འབྱོར་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་ལ་གྱུར་ནས་རང་གཞན་དོན་གཉིས་མཉམ་དུ་འགྲུབ་པ་ཡིན། འོན་ཀྱང་རྣལ་འབྱོར་བའི་བློ་ཁྱད་ཀྱིས་ལྷོངས་ཚད་བྱུང་ཡང་ཚར་ཚད་དུས་སུ་མ་བྱུང་བས་འདྲེ་བགེགས་གདུག་པ་ཅན་ཟིལ་གྱིས་མ་ནོན་དབང་དུ་མ་འདུས་ན། མཐར་གཏད་དང་ལོག་ནོན་གཉིས་བྱེད་དགོས་ཏེ། ལོག་ཆེན་མཐའ་ལ་གཏད་པའི་གདམས་ངག་འདི་ཡིན་ཏེ། ཚར་ཚད་དུས་སུ་མ་བྱུང་པ་དང་། གནོད་འདྲེ་གདུག་པ་ཅན་ལ་ཨར་གཏད་བྱ་དགོས་ན། རང་ཉིད་ཀྱི་དྭངས་མའི་རིག་པ་ཁྲོས་མ་ནག་མོའི་སྐུར་གསལ་གདབ་ནས། སྙིགས་མའི་ལུས་ཀྱི་པགས་པ་བཤུས་ཏེ་སྟོང་གསུམ་རབ་འབྱམས་ཀྱི་ཁམས་ཐམས་ཅད་གང་ཞིང་ཁེབས་བའི་གཡང་གཞིའི་སྟེང་ལ། ཤ་རུས་བཅལ་དུ་བཀྲམ་པ་ལ་འདྲེ་གདོན་གདུག་པ་ཅན་ཐམས་ཅད་ཤ་ཁྲག་གི་ཟས་ལ་གདུང་ཞིང་རྔམས་ནས་ཡོང་བའི་མོད་ལ། མ་གཅིག་ཁྲོས་མ་ནག་མོ་སྲིད་པ་གསུམ་གྱི་གཏོས་དང་མཉམ་པའི་རྔམ་ཟིལ་ཅན་དུ་གསལ་བས། གཡང་གཞི་འུབ་ཀྱིས་དྲིལ་ཏེ་ལྷ་འདྲེ་གདུག་པ་ཅན་ཐམས་ཅད་བྲོས་དབང་འཐོར་དབང་མེད་པར་དེའི་ནང་དུ་གཅུད་ནས། སྦྲུལ་དང་རྒྱུ་མའི་ཞགས་པས་དམ་པོར་བསྡོམས་ཏེ་རླུང་ཡིན་ཡང་འཆོར་ས་མེད་པ་ཞིག་བྱས་ནས། ཀླད་ལ་བསྐོར་ཞིང་ས་ལ་བརྡབས་པ་ཡིས་ཤ་མྱོག་རུས་མྱོག་དག་ཏུ་སོང་བར་མ་ཚད། སྤྲུལ་བའི་གཅན་གཟན་དུ་མའམ་མང་པོ་ཡིས་ལྷག་མ་ཙམ་ཡང་ལུས་པ་མེད་པར་ཟོས་པར་བསམ་ནས། དབྱིངས་རིག་བསྲེས་ཏེ་ཉམས་ལེན་གྱི་ངང་ལ་མཉམ་པར་བཞག་པའམ་ཞོག་གསུངས། གུ་རུ་རིན་པོ་ཆེ་ལ་གངས་དཀར་གནམ་སྨན་དཀར་མོས་གནམ་ལྕགས་ཀྱི་ཐོག་ཕབ་པའི་ཚེ་ན། སློབ་དཔོན་གྱིས་ཕྱག་མཛུབ་ལ་དཀྲིས་ནས་མཚོ་ནང་དུ་འཕངས་པས་མོ་སྐྲག་སྟེ་དཔལ་མོ་དཔལ་ཐང་གི་མཚོ་ནང་ལ་བྲོས་པའི་དུས་སུ། སློབ་དཔོན་གྱིས་ཡང་མཚོ་ཁོལ་བཅུག་ནས་ཤ་རུས་པ་གཉིས་ཀ་སོ་སོར་ཕྱེས། དེའི་ཐོག་ཏུ་རྡོ་རྗེ་འཕངས་ནས་མིག་གཡས་ཕུད་པས། གཞི་ནས་མགོ་སྒུར། ཕྱག་འཚལ། འབངས་སུ་ཁས་བླངས། སྲོག་གི་སྙིང་པོ་ཕུལ། བཀའ་སྡོད་ཀྱི་སྲུང་མར་ཁས་བླངས་དམ་བཅས། གསང་མཚན་ལ་ཤ་མེད་རྡོ་རྗེ་གཡུའི་སྒྲོན་མ་བཏགས་ནས། གཏེར་ཀ་ཆེན་པོ་ཞིག་གི་གཉེར་བྱང་གཏད་ཚུལ་གསུངས་ཡོད་པ་དེ་ལྟར་ཡིན། གནའ་ངའི་བླ་མ་འཇིགས་མེད་ཡོན་ཏན་མགོན་པོ་ཁོང་སྐོར་ཅིག་སྐུ་དྲག་ཆེན་པོ་ཚང་ཞིག་གི་མཆོད་ཁང་གི་ནང་བཞུགས་སྐབས། རྒྱལ་འགོང་གི་རྟེན་ཁ་རླངས་ཙམ་ཡང་རྒྱག་མི་ཕོད་ས་དེ་འདྲ་འགའ་ཞིག་ཡོད་ཁི། དེ་དག་ལ་ནངས་མོ་ཞིག་འཆག་ལྷམ་གྱིས་མགོའི་སྟེང་ནས་ཤད་བཞིན་ཡོད་པར་ངས་ཀྱང་མཇལ་མྱོང་། དབྱིངས་རིག་བསྲེ་ལུགས་རྫོགས་ཆེན་ཀྱི་སྐབས་ནས་གསུངས་ཡོད་པ་དང་དོན་གཅིག་པ། མ་ཅིག་གིས། ཉམས་ཕྱད་ཕྱོད་མེད་དེ་དབྱིངས་སུ་རྒྱུ། །མི་བལྟ་བ་ལ་ལྟ་བའི་མཆོག །ཅེས་གསུངས་ན། དབྱིངས་རིག་དབྱེར་མེད་ཟུང་འཇུག་མཉམ་པ་ཆེན་པོའི་ངང་ལ་ཞོག་གསུངས་པ་ཡིན། དེས་ནི་ཚར་ཚད་ངེས་འབྱུང་ཞིངཿ འདྲེ་གདོན་གདུག་པ་ཚར་ཆོད་འགྱུརཿ ཀུན་ལ་གཅེས་འཛིན་བློ་སྤངས་ཏེཿ ལྟ་བའི་གདེང་གིས་ཟིན་པ་གཅེསཿ ཞེས་གསུངས་ཏེ། དེ་ལྟར་བྱས་པས་ལོག་ཆེན་མཐའ་ལ་གཏད་པ་དེ་གཉན་ཐོག་ལ་གཉན་བབས་པ། ནད་ཐོག་ལ་མྱེ་བཙའ་བཞག་པ་འདྲ་ཞིག་བྱས་ནས་གནད་ཐོག་ལ་ཁེལ་ན། བར་ཕུང་པོའི་མཐའ་གཏད་དང་། ནང་བདག་འཛིན་གྱི་མཐའ་གཏད་མཉམ་གཅིག་ཏུ་བྱས་ནས། གནོད་བྱེད་ཀྱི་འདྲེ་རྒོད་མ་རུངས་པ་དེ་དག་གིས་གཙོ་བྱས་པའི་འབྱུང་པོ་ཐམས་ཅད་མདུན་དུ་སྤྱན་དྲངས་ནས། ལུས་ཤ་ཁྲག་མགྲོན་ཆེན་གྱི་སྟོན་མོར་བཤམས་ནས། མཐོ་སྲིད་པའི་རྩེ་མོ་མན་ཆད་ནས་དམའ་ན་རག་དམྱལ་ཁམས་ཡན་ཆད་ཀྱི། ཁྱོད་སྣང་ཞིང་སྲིད་པའི་ལྷ་འདྲེ་ཆེ་རྒུ་ཐམས་ཅད་ཀྱིས་ལུས་འབྱུང་བཞི་འདུས་པའི་ཤ་ཁྲག་གི་ཕུང་པོ་འདི། ཕོ་གདོན་སྟོད་ལ་དགའ་བ་རྣམས་སྟོད་ཁྱེར། མོ་གདོན་སྨད་ལ་དགའ་བ་རྣམས་སྨད་ཁྱེར། ཡ་མགལ་ཡ་བདུད་རྒྱལ་པོས་ཁྱེར། མ་མགལ་མ་བདུད་རྒྱལ་པོས་ཁྱེར། དོན་སྙིང་བེ་དཀར་རྒྱལ་པོས་ཁྱེར། ཀླུ་བདུད་ས་བདག་གིས་རྩ་རྒྱུས་ཁྱེར། སྦྱིན་མ་ནུས་ན་ང་ཡིན། ཟ་མ་ཕོད་ན་ཁྱོད་རྣམས་ཡིན། གསོན་པོའི་སྲོག་དབུགས་བླངས་པར་མ་ཚད། རབ་ན་དམྱལ་བའི་མེ་ནང་འཕོངས། འབྲིང་ན་གདན་ས་འདིའི་སྟེང་ནས་ལང་རྒྱུ་མེད་པ་ཞིག་གྱིས། ཐ་མ་ཡིན་རུང་ནད་དང་མཛེ་ཐོངས་ཤིག རྒྱ་ནད་སྨྱོ་འབོག་གི་ཟིན་དུ་ཆུག་ཅེས། དེ་ལྟར་ཁ་ནས་བརྗོད་ཞོར་རིག་པ་སྟོང་གསལ་འཛིན་མེད་ཀྱིས་ངང་སྐྱོང་དགོས་པ་ཡིན། དེ་ལྟ་བུའི་ངང་བསྐྱང་ན་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་གྱི་ཆོས་ཉིད་བདེན་པའི་བྱིན་རླབས་དང་། སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་ལྷ་འདྲེ་ཐམས་ཅད་ཀྱི་སེམས་རྒྱུད་འགྱུར་ནས་བུ་ཚ་ལྟ་བུའི་འདུ་ཤེས་འཇོག་པ་ཡིན། དེའི་དུས་སུ་འདྲེ་རྒོད་ཇི་ལྟར་དྲག་ཤུལ་ཆེ་ཡང་དབང་དུ་མི་འདུས་པ་ཞིག་སྲིད་པ་མ་ཡིན། དེས་ནི་ཚར་ཚད་ངེས་པར་འབྱུང་བར་ཐེ་ཚོམ་མི་དགོས་ཤིང་འདྲེ་གདོན་གདུག་པ་ཅན་ཚར་ཆོད་པར་འགྱུར། ཀུན་ལ་གཅེས་འཛིན་བློ་སྤངས་ཏེ། །ལྟ་བའི་གདེང་གིས་ཟིན་པ་གཅེས། །ཞེས་གསུངས་པའི་དོན་དེ་ཡིན། ཚར་ཚད་ཆོད་པའི་ཚད་ལ། དུས་ཀྱི་ཚར་ཚད། རྟགས་ཀྱི་ཚར་ཚད། མཐར་ཐུག་གི་ཚར་ཚད་གསུམ་དབྱེ་རྒྱུ་ཡོད། དུས་ཀྱི་ཚར་ཚད་ལ་མཚོན་ན། ཞག་གྲངས་ངེས་དང་མ་ངེས་གོང་དུ་བཤད་པ་དང་། རྟགས་ཀྱི་ཚར་ཚད་ལ་མཚོན་ན་ལྷ་འདྲེ་དབང་དུ་འདུས་རྒྱུ་དང་། མཐར་ཐུག་གི་ཚར་ཚད་ལ་མཚོན་ན་གནས་སྐབས་སུ་བར་ཆད་ཞི། དམ་ཆོས་སྒྲུབ་པའི་མཐུན་རྐྱེན་ཚང་། མཐར་ཐུག་དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བར་གསུངས་ཡོད། དེ་ཚེ་ཚར་ཚད་འདྲ་བའི་ལྷོངསཿ ལྷོངས་ཚད་འདྲ་བའི་ཚར་ཚད་དངཿ གཉིས་ཀ་འདྲ་བའི་འདྲེས་མ་དངཿ འདྲེས་མ་འདྲ་བའི་བག་ཆགས་དངཿ ཚར་ལྷོངས་གཉིས་ཀ་མཐར་ཕྱིན་གྱིཿ རྟགས་རྣམས་ཉམས་དང་སྦྱར་ཏེ་སྤྱདཿ དོན་ལ་བདག་མེད་ཀུན་བཟང་མོཿ ཡུམ་ཆེན་ཤེས་རབ་ཕར་ཕྱིན་མའིཿ དགོངས་པ་ཀློང་དུ་འགྱུར་ཙ་ནཿ གཅོད་ཡུལ་ལམ་དུ་ལོངས་པའོཿ ཞེས་གསུངས་ཏེ། དེ་ལྟར་ཕུང་པོ་གཟན་བསྐྱུར་གྱི་ཉམས་ལེན་བྱས་ཏེ་གཉན་ས་འགྲིམ་བཞིན་ཡོད་པ་དེའི་ཚེ་ན། ཚར་ཚད་འདྲ་བའི་ལྷོངས་ཚད་ལྷ་འདྲེས་མགོ་གཡོག་སྟེ་དང་པོ་ནས་དབང་དུ་འདུས་ཨེ་ཐལ་བསམ་པ་ལྟ་བུ་དང་། ལྷོངས་ཚད་འདྲ་བའི་ཚར་ཚད་ཐ་མར་ནོན་ནས་དབང་དུ་འདུས་དུས་ཀྱང་། རྔམས་ཟིལ་ཆེན་པོ་ཅན་ད་རུང་དབང་དུ་འདུས་ཡོད་ལ་མེད་ལ། ད་རུང་ལྷོངས་ཚད་ཅིག་ཨེ་རེད་གོ་བསམ་པ་དང་། ཚར་ཚད་ཡིན་པ་འདྲ་ལྷོངས་ཚད་ཡིན་པ་འདྲ་བའི་འདྲེས་མ་དང་། ཡང་ཚར་ལྷོངས་འདྲེས་མ་མིན་རུང་དེ་དང་འདྲ་བའི་བག་ཆགས་ཀྱི་རྗེས་ཤུལ་ཡིན་པ། མདོར་ན་ཚར་ཚད་དང་ལྷོངས་ཚད་གཉིས་ཀ་ཆོད་ནས་མཐར་ཕྱིན་གྱི་རྟགས་གོང་ནས་བཤད་མ་ཐག་པ་རྣམས་རྣལ་འབྱོར་རང་གི་ཉམས་དང་སྦྱར་ཏེ་སྤྱོད་པ་སྤྱད་དགོས་གསུངས་པ་ཡིན། གང་ལྟར་ཡང་དོན་ལ་ཟབ་དོན་ཉམས་སུ་བླངས་པས་རང་གནས་ཀྱི་ཡེ་ཤེས་བདག་མེད་ཀུན་ཏུ་བཟང་མོའི་རང་ཞལ་ནང་གི་དེ་ཁོ་ན་ཉིད་མཐོང་བས། བླང་དོར་གཟུང་འཛིན་གྱི་མཚན་མ་དབྱིངས་སུ་གྲོལ་ནས་ཡུམ་ཆེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་དགོངས་པ་ཀློང་དུ་གྱུར་ཙ་ན། བདག་དོན་སྤངས་རྟོགས་མཐར་ཕྱིན་གཞན་དོན་འཁོར་བ་དོང་སྤྲུག་གི་གཅོད་ཡུལ་ལམ་ལོངས་ཐུན་མིན་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་གསུངས་སོ། །ས་མ་ཡཿ གསུངས་པ་འདི་དམ་ཚིག་གི་རྒྱ་ཡིས་སྣོད་མིན་སྐལ་བ་དམན་པའི་རིགས་ཅན་ལ་གསང་བར་སྡོམ་པ་ཡིན་ནོ། །དེ་ཡན་ཆད་ཀྱིས་སྔོན་འགྲོ་དང་དངོས་གཞིའི་རིམ་པ་ཆ་ཚང་སོང་ནས། རྗེས་ལ་བསྔོ་སྨོན་བྱ་བ་སྟེ། རྗེས་ལ་བསྔོ་སྨོན་བྱ་བ་ནིཿ ཞེས་གསུངས་མཚམས་སྦྱར་ཏེ། དང་པོ་བསྔོ་བ་ནི། ཨཱཿ དགེ་དང་མི་དགེའི་རྟོག་ཚོགས་རང་གྲོལ་ལཿ རེ་དང་དོགས་པའི་མཚན་མ་མི་དམིགས་ཀྱངཿ སྣང་ཆའི་རྟེན་འབྲེལ་བསླུ་མེད་དགེ་ཚོགས་རྒྱུནཿ ཟག་མེད་ཆོས་ཀྱི་དབྱིངས་སུ་བསྔོ་བར་བྱཿ ཞེས་གསུངས་ཏེ། ཨ་འདི་སྐྱེ་བ་མེད་པ་ཆོས་སྐུའི་གསུང་། མ་བཅོས་ཡེ་གྲོལ་གྱི་དགོངས་པ་བརྗོད་མེད་ཨ་ཡིག་གིས་མཚོན་པའི་སྐྱེ་མེད་ཀྱི་རང་སྒྲས་འགོ་བཟུང་སྟེ། སྟོང་པ་ཉིད་ལ་དགེ་སྡིག་གི་ཡུལ་མེད། བཟང་ངན་གྱི་རྣམ་རྟོག་མེད། བློ་བྱས་ཀྱི་མཚན་མ་མེད་པས། སྤྲིན་དཀར་ནག་གང་ཡིན་ཡང་ནམ་མཁའ་ཀློང་ལས་མ་འདས་པ་ལྟར། རྟོག་ཚོགས་མ་སྤངས་རང་གྲོལ། གཏད་ཡུལ་བྱ་ལམ་རྗེས་མེད་ལ། རེ་བ་བྱེད་ཡོང་སའི་མཐོ་རིས་དང་ཐར་བ་ཞིག་དང་། དོགས་པ་བྱེད་ཡོང་སའི་ངན་སོང་དང་འཁོར་བ་ཞིག་གི་སྣ་ཚོགས་སྤྲོས་པའི་མཚན་མ་མི་དམིགས་ན་ཡང་། གང་སྟོང་པ་དོན་དམ་གྱི་བདེན་པའི་ངོས་ནས་སྣང་ཆ་ཀུན་རྫོབ་བདེན་པའི་ཐ་སྙད་རྟེན་འབྲེལ་བསླུ་མེད། ལུས་ཤ་ཁྲག་གི་ཕུང་པོ་མཆོད་སྦྱིན་བགྱིས་པའི་དགེ་ཚོགས་ཀྱི་རྒྱུན། འཁོར་གསུམ་དམིགས་མཐའ་བྲལ་བའི་ཟག་མེད་ཆོས་ཀྱི་དབྱིངས་སུ་མི་དམིགས་པའི་ཚུལ་གྱིས་བསྔོ་བ་བྱ་ཞེས་བསྔོ་བ་བྱས་སོ། །གཉིས་པ་སྨོན་ལམ་ནི། ཕཊཿ ཀུན་རྫོབ་ལུས་ཀྱི་སྦྱིན་པ་ལ་བརྟེན་ནསཿ བསྐལ་པར་བསགས་པའི་བུ་ལོན་ལན་ཆགས་བྱངཿ དོན་དམ་ཆོས་ཀྱི་བདེན་པས་རྒྱུད་འགྲོལ་ཚེཿ བདག་གི་འདུས་པ་དང་པོར་སྐྱེ་བར་ཤོགཿ ཅེས་གསུངས་ན། བདག་གིས་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ། བླ་མ་གྲུབ་ཐོབ་རྣམས་ཀྱི་གདམས་ངག མ་ཅིག་ལབ་ཀྱི་སྒྲོན་མའི་དགོངས་བཅུད། ཟབ་མོ་བདུད་གཅོད་ཀྱི་མན་ངག་ཉམས་སུ་བླངས་ཏེ་ཀུན་རྫོབ་ལུས་ཀྱི་སྦྱིན་པ་ཟག་མེད་བདུད་རྩིའི་སྟོན་ཆེན། གང་འདོད་ལོངས་སྤྱོད་ཀྱི་མཆོད་སྤྲིན་ལ་སྤེལ་ཏེ་སྦྱིན་པ་བྱིན་པ་འདི་ལ་བརྟེན་ནས། ཐོག་མེད་བསྐལ་པ་མང་པོ་ནས་བསགས་པའི་བུ་ལོན་ལན་ཆགས་སྡིག་སྒྲིབ་ཉམས་ཆགས་ཐམས་ཅད་བྱང་སྟེ། སྦྱིན་ཡུལ་འབྲེལ་བ་ཐོབ་པའི་ལྷ་འདྲེ་དེ་དག་དོན་དམ་ཆོས་ཀྱི་བདེན་པའི་བྱིན་རླབས་ཀྱིས། རྒྱུད་ཨ་འཐས་ཞེན་འཛིན་གྱི་འཕྲུལ་འཁོར་གཟེར་མ་བཅིངས་ལྷོད་ཀྱིས་འགྲོལ་ནས་ཐར་བ་དམ་པའི་ཆོས་ལ་བློ་ཁ་ཕྱོགས་པའི་ཚེ་ན། བདག་མངོན་སངས་རྒྱས་ཏེ་ཆོས་འཁོར་བསྐོར་བའི་བདག་གི་འདུས་པ་དང་པོའི་འཁོར་དུ་སྐྱེས་ནས། ད་ལྟ་ཤ་ཁྲག་གི་སྦྱིན་པས་ཚིམ་པར་བྱས་པ་བཞིན་དུ། དེ་དུས་ཆོས་ཀྱི་སྦྱིན་པས་ཚིམ་པར་བྱེད་པར་ཤོག་གསུངས་སོ། །དེ་ཚེ་མ་བཅོས་རང་བཞག་གཉུག་མའི་དོནཿ མི་བསྲུན་ལྷ་འདྲེའི་རྒྱུད་ལ་སྐྱེས་ནས་ཀྱངཿ ངར་འཛིན་འཁྲུལ་པའི་རྗེས་སུ་མི་འབྲང་བརཿ བྱམས་དང་སྙིང་རྗེས་ཤེས་རྒྱུད་བརླན་པར་ཤོགཿ ཅེས་གསུངས་ཏེ། དེ་ཚེ་མ་བཅོས་རང་བཞག་གསུངས་ན། འོད་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་དོན་དམ་གཉུག་མ་ཡེ་ཇི་བཞིན་པའི་གནས་ལུགས་ཀྱི་དོན་དེ་ཉིད། བདག་གི་འདུས་པ་དང་པོའི་འཁོར་དུ་གྱུར་བའི་མི་བསྲུན་ལྷ་འདྲེ་དེ་དག་གི་རྒྱུད་ལ་སྐྱེས། སྐྱེས་ནས་ཀྱང་ངར་འཛིན་འཁྲུལ་བ་འཁྱམས་པའི་ངན་གོམས་ཤུགས་དྲག་གི་རྗེས་སུ་མི་འབྲང་པར། བྱམས་དང་སྙིང་རྗེས་ཤེས་རྒྱུད་བརླན་ཏེ་ཐར་བའི་ས་བོན་ཐེབས་ནས་རིང་པོ་མི་ཐོགས་པར་གཏན་བདེའི་བྱང་ཆུབ་ལ་རེག་པར་ཤོག་ཅེས་གསུངས། བདག་ཀྱང་བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནསཿ སྐྱིད་སྡུག་རོ་སྙོམས་འཁོར་འདས་ཆོས་སྐུར་འབྱོངསཿ ཕྱོགས་ལས་རྣམ་རྒྱལ་འབྲེལ་ཚད་དོན་ལྡན་གྱིསཿ ཕྲིན་ལས་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོགཿ ཅེས་གསུངས་ཏེ། བདག་ཀྱང་འཁོར་འདས་ཤན་འབྱེད། ལྟ་བའི་བོགས་འདོན། རྣལ་འབྱོར་བརྟུལ་ཞུགས་ཀྱི་སྤྱོད་པ་ལམ་དུ་ལོངས། མཐའ་རུ་ཕྱིན་ནས། སྐྱིད་སྡུག་རོ་སྙོམས་པར་གྱུར་ཏེ་མཐར་ཐུག་དག་པ་གཉིས་ལྡན་གྱི་འབྲས་བུ་ཆོས་སྐུར་འབྱོངས་ཏེ། ཕྱི་རྣམ་རྟོག་དགྲར་ལངས་ཀྱི་ལྷ་འདྲེ་ལས་རྒྱལ། ནང་རེ་དོགས་གཉིས་སྣང་གི་ངར་འཛིན་ལས་རྒྱལ། གསང་བ་སྣང་སྲིད་འཕོ་བའི་བག་ཆགས་ཀྱི་ཤེས་སྒྲིབ་ཕྲ་བ་ལས་ཀྱང་གྲོལ་ཏེ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་རྟགས་ཀྱི་རུ་མཚོན་དེ་ཉིད་འཁོར་འདས་དབྱེར་མེད་ཀྱི་སོ་མཚམས་ལ་བཙུགས་ཏེ། འབྲེལ་ཚད་དོན་དང་ལྡན་པའི་ཕྲིན་ལས་རབ་འབྱམས་མཐར་ཕྱིན་ཏེ། ཚེ་འདིར་འཇའ་ལུས་འཕོ་བ་ཆེན་པོའི་འཕོ་མེད་སྒྱུ་མའི་སྐུར་འགྲུབ་སྟེ། འགྲོ་དོན་འཁོར་བ་མ་སྟོང་གི་བར་དུ་སྣ་ཚོགས་སྒྱུ་འཕྲུལ་གྱི་རོལ་བས་ནམ་མཁའ་ཇི་སྲིད་དུ་སེམས་ཅན་གྱི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་བྱེད་པར་ཤོག་ཅེས་གསུངས་པ་ཡིན་ནོ། །ཕཊཿ ཅེས་བརྗོད་ལྟ་བའི་ངང་མདངས་བསྐྱངསཿ སྙིང་རྗེ་ཆེན་པོའི་རྩིས་ཟིན་པསཿ བདེ་སྡུག་གཏོང་ལེན་དམིགས་པ་དངཿ ཆོས་ཀྱི་སྦྱིན་པ་རྣམ་དག་བྱཿ འབྲེལ་ཐོགས་བཟང་ངན་ཐར་ལམ་འགོདཿ ཅེས་གསུངས་ཏེ། མཇུག་གི་ཕཊ་འདིས་རིགས་དྲུག་གི་འབྲེལ་ཚད་ཀུན་འགྲོལ་བས། འཁྲུལ་བ་རྩད་ནས་གཅོད། འཁྲུལ་འཛིན་དབྱིངས་སུ་ཞི། སེམས་ཀྱི་གཞི་རྩ་ཆོད། སེམས་ཉིད་ཆོས་སྐུར་གཤེགས་པའི་གདེང་རྙེད་ནས། རྣམ་རྟོག་དང་བག་ཆགས་ཀུན་ལས་གྲོལ་ཏེ་འཁོར་བའི་ཐ་མ་གཅོད་པར་བྱེད་པའི་རྒྱས་གདབ་རེད། དེ་ལྟར་རྒྱས་བཏབ་སྟེ་ལྟ་བ་སྟོང་ཉིད་ཀྱི་ངང་མདངས་བསྐྱངས་པས་རང་རྩལ་སྙིང་རྗེ་ཆེན་པོ་འགག་མེད་དུ་ཤར། དོན་དམ་སྟོང་ཉིད་ཀྱི་རྩི་ཡིས་ཟིན་པའི་ཐོག་ནས། ཀུན་རྫོབ་སྨོན་འཇུག་བྱང་ཆུབ་ཀྱི་སེམས་དང་བདེ་སྡུག་གཏོང་ལེན་གྱི་དམིགས་པ། འདི་ནས་མཆན་ལ་འདི་རེད། བདག་གི་བདེ་བ་ལྷ་འདྲེར་བཏང་། །ལྷ་འདྲེའི་སྡུག་བསྔལ་རང་གིས་བླང་། །ཞེས་གསུངས་ན་ལྷ་འདྲེས་གཙོ་བྱས་མཁའ་མཉམ་གྱི་སེམས་ཅན་ལ་དེ་བཞིན་དམིགས་ནས། ཆོས་ཀྱི་སྦྱིན་པ་རྣམ་དག་བྱ་གསུངས་པའི་མཆན་དུ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །སོགས་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་། །སོགས་དང་། འབྱུང་པོ་གང་དག་སོགས་ཀྱི་ཤིས་བརྗོད་བྱའོ་ཞེས་གསུངས་ཡོད། རྟེན་འབྲེལ་སྙིང་པོའི་ཚིགས་བཅད་བོད་སྐད་དུ་བསྒྱུར་བ་འདི་ཡིན། འདི་ལ་འགྱུར་འདྲ་མི་འདྲ་མང་པོ་ཡོད་ཅིང་མདོ་རྒྱུད་དུ་མ་ནས་འབྱུང་བ་རེད། ཡོངས་གྲགས་ལ་ཤ་རིའི་བུ་ལ་འཕགས་པ་རྟ་ཐུལ་གྱིས་གསུངས་པའི་བྱིན་གྱིས་བརླབས་པའི་བཀའ་རུ་ཁས་ལེན་པའི་ཚིགས་བཅད་འདི་ཡིན་ཏེ། འདུལ་བ་ལུང་ལས། ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་། །དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་བསྩལ་ཏེ། །དེ་སྐད་གསུངས་པའི་ཚུལ་ཅན་དགེ་སྦྱོང་ཆེ། །ཞེས་གསུངས་པའི་དོན་གཅིག་ལ་འགྱུར་གྱི་ཚིག་མང་ཉུང་གི་ཁྱད་པར་ཙམ་ཞིག་ཡིན་ནོ། །རྟེན་ཅིང་འབྲེལ་འབྱུང་གི་ཆོས་བསྟན་པ་འདིས་མཐའ་བྲལ་དབུ་མའི་དེ་ཁོ་ན་ཉིད་ཀྱི་ཆོས་ཡོངས་རྫོགས་བསྟན་པར་འགྱུར་བའི་ཕྱིར་ན། རྫོགས་པའི་སངས་རྒྱས་ལ་སྨྲ་བ་རྣམས་ཀྱི་དམ་པ་དང་། མཉམ་མེད་ཁྱེད་ཀྱི་སེང་གེའི་སྒྲ་ཞེས་བསྟོད་བསྔགས་ཀྱང་འདི་ལྟ་བུའི་ཐོབ་པ་ཡིན། འུ་ཅག་གིས་ཨོཾ་ཡེ་དྷརྨ་ཟེར་དགོས་ན་སླ་ཡང་། འདིའི་དོན་ཞིབ་ཏུ་ཤེས་དགོས་ན་སཱ་ལུ་ལྗང་པའི་མདོ་དང་། རྟེན་འབྲེལ་མདོ་འགྲེལ་དང་། དབུ་མ་རིགས་ཚོགས་སོགས་ཞིབ་ཏུ་བལྟས་ན་མ་གཏོགས་ཤེས་དཀའ་བ་ཡིན། ཚིག་ཙམ་བཟླས་པས་ཀྱང་ཐུབ་པའི་དམ་ཆོས་བཟུང་བའི་ཕན་ཡོན་དཔག་མེད་ཐོབ་པར་གསུངས་ཡོད། སྡིག་པ་ཅི་ཡང་མི་བྱ་ཞིང་སོགས་གསུངས་པ་འདི། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སོ་སོར་ཐར་བའི་མདོ་མདོར་བསྡུས་ཏེ་བསླབ་གསུམ་གྱི་ཉམས་ལེན་དུ་བསྟན་པ་སྟེ། ལམ་ལྷག་པའི་བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་ལ་གནས་པས་སྒོ་གསུམ་གྱི་སྡིག་པ་ཅི་ཡང་མི་བྱ་ཞིང་། ལམ་ལྷག་པའི་བསླབ་པ་ཤེས་རབ་ཀྱི་བསླབ་པས་ཉོན་མོངས་པ་ཐམས་ཅད་སྤོང་པའི་དགེ་བ་ཕུན་སུམ་ཚོགས་པར་སྤྱད་དེ། ལམ་ལྷག་པའི་བསླབ་པ་ཏིང་ངེ་འཛིན་གྱི་བསླབ་པས་རང་གི་སེམས་ཡོངས་སུ་གདུལ་བར་བྱེད་པ་སྟེ། འདི་ནི་སངས་རྒྱས་བསྟན་པ་ཡིན་གསུངས་ནས་བསྟན་པ་ཡོངས་སུ་རྫོགས་པ་བསླབ་པ་གསུམ་གྱི་སྡོམ་གྱིས་བསྟན་པ་ཡིན་ནོ། །ཤྭ་ལོ་ཀ་གཉིས་པོ་འདིས་བཀའ་བསྟན་འགྱུར་ཡོངས་རྫོགས་ཆོས་སྦྱིན་བྱེད་པའི་ནང་དོན་འདུས་པ་ཡིན། འབྱུང་པོ་གང་དག་གིས་འབྱུང་པོ་མ་རུངས་མི་བསྲུན་གྱི་སྡེ་ཚོགས་ས་དང་བར་སྣང་སོགས་གང་ན་གནས་པ་ཐམས་ཅད་ཀྱི་རྒྱུད་ལ། བྱང་ཆུབ་ཀྱི་སེམས་མཆོག་རིན་པོ་ཆེ་སྐྱེས་ཤིང་ཆོས་ལ་སྤྱོད་པའི་སྨོན་ལམ་ཁྱད་པར་ཅན་བཏབ་པ་ཡིན། ས་མ་ཡཿ དམ་ཚིག་གི་རྒྱ་རྟགས་ཡིན། འདི་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་མི་ཟད་ནམ་མཁའ་མཛོད་ཀྱི་ཆོས་གཏེར་ལས་བྱོན་པ་ཡིན་པས་ན་གཏེར་རྒྱ་གསུངས། དམ་ལོག་བདུད་རིགས་ཀྱི་མི་མཐོང་བར་བྱ་བའི་ཕྱིར་དུ་སྦས་རྒྱ་གསུངས། བཀའ་གཉན་འཆོལ་བར་མི་སྤྱོད་པས་ཟབ་རྒྱ་ཞེས་པའི་དོན་ཡིན། མ་མ་ཀོ་ལིང་ས་མནྟཿ ཞེས་པས་སྨོན་འདུན་ཇི་བཞིན་འགྲུབ་པའི་བདེན་བརྗོད་དང་བཅས་ཏེ། དེས་ད་རེས་ཀྱི་ཐེངས་འདིའི་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་སྟེང་ནས་གཅོད་ཁྲིད་ཟེར་ཡང་མི་ཆོག་པ་མེད་པ། གཙོ་ཆེར་ཟབ་དོན་གྱི་གཞུང་རྒྱལ་བ་ཀློང་ཆེན་པའི་དགོངས་པ་ལྟར་དང་། མ་ཅིག་རང་གི་བཀའ་ཚོམས་དང་ཡང་བསྟུན་ཏེ་ཞུས་པ་ཡིན། འདིའི་དབང་ཁྲིད་ལུང་གསུམ་ཐོབ་ཚར་ནས་བསྙེན་ཚད་བཞག་རྒྱུ་དང་། རྒྱུན་དུ་མི་ཆགས་པར་ཡི་དམ་བསྟེན་པ་གལ་ཆེ། རྫོགས་ཆེན་གྱི་ཉམས་ལེན་པ་ཚོས་འདི་དང་འཁོར་འདས་རུ་ཤན་སྦྲེལ་ནས་གཉན་ས་བཅད་དེ་སྤྱོད་པ་སྐྱོང་རྒྱུ་ཤིན་ཏུ་གནད་ཆེ་བ་ཡིན། ཆོས་བརྒྱུད་འདིའི་དམ་པ་གོང་མ་ཚོས་དེ་འདྲ་ཞིག་མཛད་ནས་རྟོགས་པ་ཁྱད་པར་ཅན་བརྙེས་སོང་བ་ཡིན། ལྷོངས་ཚད་དག་གི་སྐབས་ལ་རྐྱེན་དྲག་པོས་འཚུབ་ལྷོངས་གཅིག་གིས་བོགས་འདོན་དུ་གྱུར་ནས། མ་བཅོས་རིག་པའི་རང་ཞལ་མངོན་སུམ་ལ་མཇལ་བར་དུས་རྒྱུན་གྱི་ཐུན་ནང་བས་ལྷག་ཡོང་རྒྱུ་ཡོད་པ་ཡིན། རྨི་ལམ་འོད་གསལ་གྱི་སྐབས་ན་འཇམ་ཟིན་པས་རྩུབ་ཟིན་གྱིས་རིག་ངོ་ཟིན་སླ་བ་ལྟ་བུ་ཡིན། དེས་ན་གཉན་ས་ཡིན་གཅིག་མིན་གཉིས་གཅད་དགོས། དང་པོའི་དུས་སུ་རོགས་པ་རེ་དང་མཉམ་དུ་འགྲོ་ཨེ་དགོས་ལྟ་ཞོར་བྱས་ནས། གསོན་འདི་གང་གི་སྨག་འགོ་ཞིག་ཀྱང་མ་ཆོད་ན་ཤི་ཕ་རྒྱབ་ཀྱི་མ་ངེས་པའི་རྟགས་དྲུག་དང་། ཡ་ང་བའི་གཡང་ས་གསུམ་པོ་ཚོ་ཅི་འདྲ་བྱེད་ཆོད་ཨེ་རེད། འོན་ཀྱང་ལམ་ལ་སྦྱོང་བའི་གནས་སྐབས་ན། ས་ཐག་རིང་གི་བགྲོད་ལམ་ལ་འགྲོ་བ་ལྟར་རིམ་བགྲོད་བྱེད་དགོས་པས། རྣམ་པ་ཐམས་ཅད་ཀྱིས་ཐོས་བསམ་མཛད་ནས་ལྟ་བའི་ཕུ་ཐག་བཅད་པ་དེ་སྒོམ་པའི་ཉམས་ལེན་གྱི་གནད་ལ་སྨིན་ཐབས་དང་། སྤྱོད་པས་བོགས་དབྱུང་ནས་འབྲས་བུ་ལ་དོར་བའི་ལྟ་སྒོམ་སྤྱོད་འབྲས་གོ་མ་ནོར་བ། ཐབས་དང་ལྡན་པ་ཇི་བཞིན་ཕྱག་ལེན་ལ་འདེབས་དགོས་པ། ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་དམ་པའི་ཆོས་ལ་མཇལ་བའི་དགོས་དོན་ཡིན་པ་འདི་ལ། ཐུགས་གསོས་སྐྱར་དུ་ཞུ་མི་དགོས་ཁི། དེ་ནས་སང་ཉིན་སྤྲེལ་ཟླའི་ཚེས་བཅུ་ལ་ཐུག་ཡོད། དེ་རིང་སྔ་དྲོ་ངོ་མས་བཤད་ན་ཚོགས་འཁོར་གྱི་གྲ་སྒྲིག་བྱེད་རྒྱུའི་དུས་ཚོད་ལ་བཀོད་སྒྲིག་བྱས་པ་ཡིན་མོད། ང་ཚོའི་ཆོས་ཁྲིད་རྔ་མ་མ་བུད་ནས་སྔ་དྲོ་དེར་འགོར་སོང་བ་ཡིན། ཀུན་མཁྱེན་འཇིགས་མེད་གླིང་པ་རྗེས་འབྲང་དང་བཅས་པའི་སྙིང་ཐིག་པ་ཡོངས་རྫོགས་ཀྱིས་སྤྲེལ་ཟླ་ཧོར་ཟླ་དྲུག་པ་འདིར་ངོས་འཛིན་པ་ཡིན། དེ་ནི་ཆོས་བརྒྱུད་འདིའི་དམ་པ་གོང་མའི་ཕྱག་བཞེས་ཀྱང་རེད། ཡང་རྒ་རྒས་ཀྱི་སྐད་ཆ་ཉོག་ནི་ཨེ་རེད་གོ་སྟེ། སྔོན་ཆད་དུས་རབས་སྔུན་མའི་དུས་ངན་གྱི་སྐབས། གཞན་དང་མི་འདྲ་བ་ཤིན་ཏུ་ཚབ་ཆེ་དུས། མ་ཎི་ཨོཾ་གཅིག་བཏོན་ན་ཆད་པ་རྟ་གཅིག་གཅོད་ཟེར་བ་ལྟ་བུའི་དུས་ཚོད་ཅན་པོ་དེ་ལ། ངེད་རྣམ་པ་ས་འདི་ཐོག་གི་བླ་མ་གྲྭ་བ་ཤི་འཕྲོ་བརླགས་རྡུམ་ཚང་མས་སྤྲེལ་ཟླའི་ཚེས་བཅུའི་ཚོགས་འཁོར་ཕལ་ཆེར་ཆད་མ་མྱོང་། དེ་འཚོགས་དགོས་དུས་བརྐུ་བྱས་པ་ལས་སྡུག་ཅིག་བྱེད་དགོས་པ་རེད། བརྐུ་བྱས་པ་བས་ཀྱང་སྡུག་དང་སྡུག བརྐུ་ཞིག་བྱས་ན་དེ་ཙམ་ཅི་ཆེ། གལ་ཏེ་ཤེས་སོང་ན་རྒྱུ་འཇལ་ཞིག་ཤོར་བ་དང་། ལུས་ལ་བརྡུང་བརྡེག་ཙམ་རེ་དང་། དེ་བས་ཆེ་ན་བཙོན་ཁང་ནང་ལོ་གཅིག་གཉིས་འདུག་དགོས་ལོས་ཐུག བསྐུངས་ནས་སྲོག་དང་བསྡོས་ཏེ་འཚོགས་དགོས་པས་ནག་ཉེན་ཆེ་བའི་དུས་རེད། འོན་ཀྱང་འཚོགས་ས་ཞིག་ལོན་སོང་ན་ལས་ཅི་ལ་ཐུག་ཀྱང་ཚོགས་བཏང་བ་ཡིན། རྐུབ་མ་སུམ་ནས་གྱོད་ཆེན་གྱི་ནག་ཉེས་ཕོག་སྟེ་སྤྲེལ་ཟླའི་ཚེས་བཅུའི་དོན་དག་གི་དགག་པ་འཐབ་འཛིང་རབ་དང་རིམ་པ་མྱོང་བ་ལ་བཤད་ཚོད་ག་ལ་ཡོད། མུན་འགོ་རུབ་དུས་རྐུན་མ་འགྲོ་འགྲོ་བྱས་གཤིན་རྗེའི་སྒྲུབ་ཕུག་ལ་དུས་ཆད་བསྒོས་ཏེ་གཤར་སོང་ནས། ཉིན་དཀར་དུ་བ་རྩ་ནས་མི་གཏོང་ཁྲ་མྱེ་འདྲ་བུས་ནས་ཇ་བསྐོལ་ཞོར་ལ། ཉེན་ཁ་མེད་ཀི་བསམ་ཚེ་ཉི་མ་གསུམ་རེ་ཙམ་ཡང་བསྡད་ནས་ཚོགས་བཏང་བ་ཡིན། འགོ་ཁྲིད་ལ་ན་མདོག་ཤི་མདོག་ཅི་ཞིག་བྱེད་དགོས་ཐུག་ནའང་ཤོབ་ཅིག་བཤད་ནས་ཆས་འགྲོ་བ་ཡིན། མཆོད་མེ་ཚོགས་རྫས་ཟེར་རྒྱུ་དེང་སང་ལྟ་བུ་འབྱོར་བ་ཡོད་མ་རེད། དེ་དུས་མི་རེ་ལ་ཉིན་རེའི་ཟ་འབྲུའི་ཆ་ཚོད་སྲང་གསུམ་བཞི་བཞི་ལྔ་རེ་རེད། རེད་ཀྱང་ཅི་ཡོད་ཤུལ་དུ་ལྷག་རྒྱུའི་བསམ་བློ་མ་བཏང་ནས་མཆོད་པ་སྨོན་ལམ་གྱི་རྟེན་བྱས་འཚོགས་པ་ཡིན། དེ་དུས་ཚོགས་པ་ཆེན་པོ་ཞིག་གཏན་ནས་འཚོགས་ས་མ་ལོན་ཏེ་ལོ་མང་པོ་སོང་བས་རྔ་རོལ་ཟེར་རྒྱུ་མང་པོ་ཞིག་ཡོད་མ་རེད་མོད། བསྐུངས་ཡོད་རྒྱུའི་ནང་ནས་ཆ་ཤས་ཕུད་དེ། དབྱངས་འདོན་སྟབས་ཤིག་བྱེད་རྒྱུ་ཆེ་ཡོད་ཆུང་ཡོད། བརྒྱ་བརྡུང་བརྡུང་ས་གར་ཡོད་བརྡུང་བཏང་བ་ཡིན། གཤིན་རྗེ་སྒྲུབ་ཕུག་ལ་ཐོན་དུས་འུར་ཅི་འདྲ་བརྒྱབ་ཀྱང་གོ་མ་རེད། དེའི་དུས་སུ་དབུ་མཆོད་རྒན་རབས་པ་གང་གི་བཟང་བཟང་མང་ཤོས་ཡོད་པས། བཀའ་བརྒྱད་དབྱངས་ཀྱིས་འགེབས་ཁི་ཡོད་པ་རེད། རོལ་མཚོའི་དབྱངས་ཀྱིས་འགེབས་བཞིན་ཡོད་པ་རེད། རྩ་བ་གསུམ་གྱི་ཚོགས་མཉམ་དུ་བཏོན། སྙིང་ཐིག་གསོལ་ཀ་ཆ་ཚང་རྒྱས་པར་བྱས་ནས་བཏོན། དེའི་སྟེང་ད་རུང་གསོལ་ཀ་གསར་རྙིང་གཉིས་ཀྱི་ནང་ནས་མངའ་གསོལ་དང་རྟགས་བསྟོད་རྣམས་མང་པོ་བླངས་ནས་བཏོན། མཁན་སློབ་ཆོས་གསུམ་གྱི་བསྟོད་པ། མཚོ་རྒྱལ་བསྟོད་པ། ཀུན་མཁྱེན་ངག་བསྟོད་དང་བཅས་པ་ཉི་མ་གཅིག་ལ་ཆ་ཚང་འདོན་བཞག་པ་རེད། སིདྡྷིའི་འཛབ་དབྱངས་བྱེད་དུས་བན་རྒན་མང་ཤོས་གནའ་བུམ་སྒྲུབ་ཚོགས་པ་དྲན་ནས་ངུ་བཞིན་ཡོད་དར། དེའི་དུས་སྐབས་ཆོས་བརྒྱུད་དང་དགོན་པའི་དབྱེ་བ་ཡོད་མི་དར། གྲྭ་བ་ཞིག་རེད་བསམ་པའི་རྒྱང་ནས་སྐེད་རགས་ཤུད་ཤུད་བཅིངས་མི་ཞིག་ཡོད་དུས་ནས། ད་རེས་མ་གཏོགས་རིག་མ་མྱོང་ཡང་ནང་མྱི་ཞིག་ལ་བརྩི་བ་རེད། ཨང་རིམ་བཞི་པའི་མི་ངན་ཞིག་ཡིན་ན་རྫོང་ཁག་གཞན་གྱི་མི་ཞིག་ཡིན་ཡང་སྐད་ཆ་བཤད་ས་མི་ལོན་ནའང་། གཅིག་གིས་གཅིག་ལ་རྒྱང་ནས་བརྡ་རེ་བྱེད་ས་ལོན་ནའང་ཁྱིམ་གཅིག་གི་མྱི་འདྲ་བའི་དགའ་ཞེན་ཡོད་པ་རེད། ང་ལ་ད་དུང་དེའི་ཚོར་སྣང་མ་ཡལ་བས་ཨེ་རེད་གོ། ཚེ་སྟོད་ས་རྡོ་གཉིས་ཀྱི་ཁ་འོག་ནས་མྱི་སྐྱ་ཕོ་མོ་ལས་ནག་གི་གྲལ་ནས་མྱི་ཚེ་ནམ་ཟླ་སོང་པ་རེད། དེང་སང་མྱི་སྐྱ་ཕོ་མོ་ཁྱིམ་ནག་པ་ཡིན་ཡང་དེ་ཙམ་སྡུག་མི་བཀལ་ཁི་ན། རང་གི་ལས་མ་བསམ་ན་ཉལ་འདུག་ཆོག་པ་རེད། རང་གི་ཁ་གསོ་རྒྱབ་འགེབ་ལ་གང་ཅན་པོས་ཐབས་དང་བཀོད་པ་བྱེད་བསམ་ན་བྱེད་ཆོག་གི། གནའ་དེ་འདྲ་ཡིན་མ་རེད། ལུས་སེམས་གཉིས་ཀས་དཀའ་སྡུག་མྱོང་ནས་མྱི་ཚེ་སོང་སོང་བས། ད་འདི་ལྟ་བུ་རེ་འཚོགས་རྒྱུའི་སྐལ་བ་ལྡན་དུས་བསོད་ནམས་ཆེན་པོ་རེད་བསམ་ནས། འདོན་པ་རི་ཁྲོད་ཀྱི་ཨ་ཅོའི་འདོན་པ་རེད་མོད། ཤེས་མཁན་རེ་ཡོད་དུས་རྒྱས་རྒྱས་གྱིས་འདོན་ཟེར་ནས། རྔ་ཆིངས་གསང་སྔགས་འཁོར་ལོ་མ་ལ་སོགས་པའི་རོལ་ཚུགས་རྒྱས་པ་དང་། བརྒྱ་བརྡུང་དེ་དག་དུས་མཆོད་ཆེན་པོའི་སྐབས་མ་གཏོགས་མི་དར་མོད། ཁྱིམ་པ་ཕོ་མོ་ཚོས་ལར་དབྱངས་རོལ་རྒྱས་པ་དེ་རྣམས་མི་ཚེ་གཅིག་ལ་མཇལ་མྱོང་རྒྱུ་མ་རེད། འདི་ལྟ་བུའི་དགེ་འདུན་པའི་འདུ་བ་རྒྱས་ས་ནས་བསྟོད་དབྱངས་གླུ་ཡི་མཆོད་པ་དང་། ཕྱག་རྒྱ་གར་གྱི་མཆོད་པ་རྣམས་མཚམས་རེ་རྒྱས་བཅུག་ན་དགག་བྱ་ཆེ་རྒྱུ་མ་རེད་བསམ་གི། ཉེར་ལྔ་ཚེས་བཅུ་ཙམ་ལ་དེ་འདྲ་ཅི་ཡང་དགོས་རྒྱུ་མ་རེད་ཟེར་རྒྱུ་རེད་མོད། མ་རེད་ཟེར་ནས་ཆོས་བཞིན་དུ་རྒོལ་ནུས་མཁན་ཡང་དཀའ་ན་ཅི་ཤེས་བསམ་གི། དེས་ན་ན་ནིང་གཞེས་ནིང་མཚམས་རེར་འུ་ཅག་གིས་དབྱངས་རོལ་རྒྱས་པ་བྱས་ཁུ་བསྡད་པ་ཡིན་ན། དང་པོ་ཅི་ཕྱིར་དྲན་ཡོང་ནི་རེད་སྙམ་ན། རྫོགས་ཆེན་ཚང་གི་དབུ་མཆོད་བརྒྱད་ཅུའི་ནང་གི་མང་ཤོས་འདིའི་ཆོས་གྲྭའི་ནང་བྱོན་ཡོང་དུས། དེ་རྣམ་པ་ནི་མཐོང་བརྒྱུད་ཀྱི་ཕྱག་བཞེས་ལ་མཁས་མི་མཁས་ཟེར་རྒྱུ་ཞིག་ཅི་ཡོད། དེ་དང་བསྟུན་ནས་མཚར་ས་ཡོད་ཁི་བསམ་ནས་རྔ་རོལ་མང་ཆེན་ཡོད་རྒྱུའི་མཐུན་རྐྱེན་འདི་བྱས་པ་རེད། ཡང་མཚམས་རེ་དེ་ཡང་ཡུན་རིང་ན་མཉེས་ཁུ་ཨེ་ཡོད་ཅི་ཤེས་བསམ་ནས་ཡང་ཨ་ཅོའི་རང་ཚིག་གི་འདོན་པ་བྱས་བཏང་པ་ཡིན། འདི་དེ་ཅི་ཡང་ཡོད་མ་རེད། འདི་དགོན་པ་དགོན་ཆེན་གྱི་ཆོས་སྡེ་ཆེན་པོའི་བཤད་སྒྲུབ་ལས་གསུམ་གྱི་སྡེ་ཚན་ཕྱེས་ཡོང་དུས། སྒྲུབ་གྲྭ་འདྲ་ཞིག་གསུངས་ཀི་འདུག་གི་མོད། དེ་མི་གསུང་རྒྱུ་ཞིག་དང་ཅི་ཡོད་ཨེ་རེད། ཐུབ་པའི་བསྟན་པ་ལུང་རྟོགས་ཀྱི་བདག་ཉིད་ཅན་ཡིན་ན། རྟོགས་པའི་བསྟན་པ་མན་ངག་ཉམས་ལེན་གྱིས་འཛིན་མཁན་མང་པོ་ཚོགས་པའི་ཁྱུ་ཡི་གྲལ་འཛོམས་ས་ལ། བཤད་སྒྲུབ་གཉིས་ཀྱི་ནང་ནས་སྒྲུབ་པར་ངོས་འཛིན་རྒྱུ་ལོས་ཡིན་ཡང་། བཤད་སྒྲུབ་ལས་གསུམ་གཅིག་གི་གྲལ་ལ་མ་ཐེ་ན་ལུང་པ་འདིའི་ནང་འདུག་དོན་མེད་ཁི་ན། སྔ་སྲོལ་གྱི་རྫོགས་ཆེན་ཚང་གི་སྒྲུབ་གྲྭ་ཟེར་ནས་མཛུབ་གུ་བཙུགས་ས་དངོས་ཁ་རྩང་ཞུས་པ་ལྟར། ཕལ་ཆེར་ཡི་དམ་གྱི་དཀྱིལ་འཁོར་གཅིག་ལ་གཙོ་བོར་བསྟེན་ནས་བསྙེན་བསྒྲུབ་ཡན་ལག་བཞི་ལྡན་གྱི་བསྐྱེད་རྫོགས་ཀྱི་གཞུང་བསྲངས་པའི་སྒྲུབ་སྡེའི་གྲྭ། རྒྱུད་སྡེ་སྒྲུབ་སྡེ་གཉིས་ཀྱི་ནང་ནས་སྒྲུབ་སྡེའི་གྲྭ་ལ་ངོས་འཛིན་པ་རེད། དེར་མཁན་པོ། ཐུན་དཔོན། དབུ་མཛད། མཆོད་དཔོན། སྒྲུབ་གཡོག་ནས་བཟུང་སྟེ་བསྐོས་རྣམ་བཞག་ཆ་ཚང་ཡོད་པ་རེད། འུ་ཅག་གི་འདི་གནས་སྐབས་ཀྱི་ཆོས་སྒར་ཞིག་ཡིན་པས། ང་ལ་སྒྲུབ་གྲྭའི་མཁན་པོའི་མྱིང་མེད་ལ། ཨ་ཅོ་ཇོ་སེར་རྣམས་ལ་སྒྲུབ་གྲྭ་བའི་མཚམས་པའི་མྱིང་ཡང་མེད་ཁི། གནའ་འདི་ན་སྐབས་རེ་ལ་ཆོས་སྒར་རྒྱས་མྱོང་པ་རེད། ཁ་རྩང་སྔོན་ལ་ཞུས་པ་ལྟར་པདྨ་བཛྲའི་སྐུ་ཚེའི་སྨད་ལོ་དུ་མ་ལ་ཤིན་ཏུ་རྒྱས་མྱོང་བ་ཡིན་ཏེ། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། རྡོ་གྲུབ་བསྟན་པའི་ཉི་མ། འཇམ་མགོན་མི་ཕམ་རིན་པོ་ཆེ་རྣམ་པས་དཔལ་གསང་བ་སྙིང་པོའི་རྒྱུད་བཤད་པདྨ་བཛྲའི་མདུན་ནས་གསན་པའི་རྒྱུན་ད་ལྟའི་བར་དུ་ད་རུང་མ་ནུབ་པ་ཡོད་པ་འདི་དང་། ཨ་འཛོམས་འབྲུག་རྒན་འགྲོ་འདུལ་དཔའ་བོ་རྡོ་རྗེ་ཡང་གནས་འདིར་བྱོན་ནས་བླ་མ་ཡང་ཏིག་ཆིག་བརྒྱུད་ཀྱི་མན་ངག་འདི་ནས་བླངས། རྒྱལ་ཚབ་པདྨ་རྣམ་རྒྱལ་གྱིས་རབ་བྱུང་འདིའི་མདུན་ནས་ཞུས། གཞན་ཡང་གཏེར་ཆེན་ལས་རབ་གླིང་པ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཨོ་རྒྱན་བསྟན་འཛིན་ནོར་བུ། དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ། བདུད་འཇོམས་རོལ་བ་རྩལ། ཀཿཐོག་མཁན་པོ་ངག་ཆུང་། རྫོགས་ཆེན་ལྔ་བ། ཞེ་ཆེན་ལྔ་བ་ལ་སོགས་པ་མཚན་བགྲང་གིས་མི་ལོང་བའི་དམ་པའི་སྐྱེས་ཆེན་མང་པོ་ཞིག་ལ། བཀའ་གཏེར་སྨིན་གྲོལ་གདམས་པའི་ཟབ་རྒྱས་ཆོས་ཆར་འབེབས་པའི་ས་ཆ་ཡང་གཙོ་བོ་པདྨ་ཐང་འདི་ཡིན་པ་ལོ་རྒྱུས་ཆོས་འབྱུང་མང་པོའི་ནང་དུ་གསལ་པ་ལྟར་རེད། དེང་སང་ཡིན་ན་ཡང་མྱི་ལོ་བཅུ་གཅིག་གི་ཚེ་ཆོས་དུང་བུས་ནས། རྫོགས་པ་ཆེན་པོའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པའི་བསྟན་རྒྱུན་མཐུད་རྒྱུའི་སྐལ་བ་བཟང་པོ་དང་ལྡན་ནས་སློབ་ཚོགས་སྟོང་ཕྲག་ཁ་ཤས་འདུས་མྱོང་པ་རེད། སེམས་བསྐྱེད་འབུམ་མཆོད་ཆེན་མོ་རྒྱས་པའི་སྐབས་སྐབས་རེ་རེ་ལ་འདུས་པ་ཁྲི་རེའི་ཡན་དུ་བརྒལ་ཐལ་མོད། ཕར་གྱེས་ཚར་ཤུལ་དེ་ན་དོན་མཛུ་གུ་བཙུགས་ས་མྱི་གཅིག་ཡོད་པ་ང་གཅིག་པུ་ཡིན། ང་རང་གཅིག་པུ་ཡིན་དུས་ཉེར་ལྔ་ཚེས་བཅུ་དྲིལ་ཆོག་བྱས་འདོན་ན་ཆོག་པ་རེད། སྟབས་མ་བདེ་ན་ཕོར་བའི་ཁ་ནས་ཚོགས་མཆོད་བྱེད་དུས་ཀྱང་ཡོད། དགོས་ཁི་བསམ་དུས་རྔ་རོལ་གཉིས་ཀ་རང་གིས་བརྡུང་ནས། རོལ་ལུང་མཛུབ་ཆུང་མའི་མགོར་བཀོན་ནས་ཁེར་ཆོག་བྱེད་དུས་ཀྱང་ཡོད། གདན་གསུམ་ལུས་ཀྱི་དཀྱིལ་འཁོར་ལ་བཅའ་བཤམས་གཉིས་ཀ་མི་དགོས་པའི་རྣལ་འབྱོར་བའི་ལུས་ལ་ཚོགས་ཚོགས་ཁར་ཡོད་པས་གང་ལྟར་བྱས་ཀྱང་སྟབས་བདེ་རེད། སང་ཉིན་ཚོགས་དང་ཆོས་ཁྲིད་ཀྱི་སྐབས་མཇལ་ཡོང་། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསགས་དང་ཡོད་པའི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་ཐམས་ཅད་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་དེ། མཐར་ཐུག་སེམས་ཅན་ཐམས་ཅད་བླ་ན་མེད་པའི་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་ཀུན་སྒྲོལ་བར་ཤོག །འཇམ་དཔལ་དཔའ་བོས་ཇིལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། །ཕྱོགས་བཅུ་ཐ་གྲུ་ཀུན་ཏུ་ཁྱབ་པ་དང་། །བློ་གྲོས་པདྨོ་རབ་ཏུ་རྒྱས་བྱེད་ཅིང་། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །གཙུག་ལག་ཁང་རྣམས་ཀློག་པ་དང་། །ཁ་ཏོན་གྱིས་བགྱིས་ལེགས་གནས་ཤིང་། །རྟག་ཏུ་དགེ་འདུན་མཐུན་པ་དང་། །དགེ་འདུན་དོན་ཡང་འགྲུབ་པར་ཤོག །ཧྲཱིཿ སྔོན་ཚེ་དེ་བཞིན་གཤེགས་པ་གཙུག་ཏོར་ཅན། །འཕགས་པའི་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རུ། །ཁ་བ་ཅན་དུ་དཔལ་ལྡན་ཐང་པ་ཞེས། །པདྨ་རིག་འཛིན་ཞབས་ལ་གསོལ་བ་འདེབས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ། །འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ། །ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་བ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ།། ཞེས་གསུངས་ནས་ཉིན་གསུམ་པའི་ཆོས་ཁྲིད་དང་བཅས་ཡོངས་སུ་གྲུབ་ཟིན་ཏོ།། །། སླར་སྨྲས་པ། ཟབ་ལས་ཆེས་ཟབ་གདམས་པའི་གདུགས་དཀར་འདི།། བསྟན་འགྲོ་སྲིད་པའི་རྩེ་རུ་རྟག་ཏུ་གཡོ།། དུས་ཀྱི་རྒུད་པའི་ཚ་གདུང་རབ་ཞི་སྟེ།། ནུབ་མེད་སྲིད་མཐའི་བར་དུ་མཛེས་གྱུར་ཅིག། དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་།། རྨད་བྱུང་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་གྲུབ།། ཡོངས་རྫོགས་རྒྱལ་བསྟན་ཕྱི་མོ་སྔ་འགྱུར་པའི།། སྙིང་ཐིག་བསྟན་པས་ས་གསུམ་ཡོངས་ཁྱབ་ཤོག། ཅེས་གུས་སློབ་ཀུན་དགའ་བསྟན་འཛིན་གྱིས་ཡི་གེར་ཕབས་པའི་སྨོན་ཚིག་ཏུ་སྦྱར་བའོ།། །། བདེ་སྟོང་རླུང་རྫོགས་ཀྱི་ཟབ་ཁྲིད་ལྷན་སྐྱེས་ཡེ་ཤེས་རྒྱ་མ་ཚོའི་འཇུག་ངོགས།ཀློང་ཆེན་སྙིང་ཐིག་གི་བདེ་སྟོང་རླུང་གི་རྫོགས་རིམ་ཡན་ལག་གེགས་སེལ་དང་བཅས་པའི་ཟབ་ཁྲིད་ལྷན་སྐྱེས་ཡེ་ཤེས་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ།། ཐུབ་བསྟན་མདོ་སྔགས་གཞུང་བརྒྱའི་དཀའ་གནད་ཀུན།། ཇི་བཞིན་འཆད་ལ་རྡོ་རྗེའི་ལྗགས་མངའ་བ།། རྒྱལ་དབང་པདྨའི་རྒྱལ་ཚབ་ཡིད་བཞིན་ནོར།། ཁྱབ་བདག་བླ་མ་བདག་སྙིང་དཔྱིད་དུ་བསུ།། བསྐལ་སྔོན་བྱང་ཆུབ་རྒྱལ་བ་ཉི་མའི་ཟེར།། བསྟན་འགྲོའི་ལེགས་ཚོགས་པདྨོ་བཞད་པའི་གཉེན།། ཐུགས་རྗེའི་རང་གཟུགས་མི་ཡི་རྣམ་རོལ་གར།། སྐྱབས་མཆོག་བླ་མ་འགྲོ་བའི་མུན་སེལ་མགོན།། གང་ཐུགས་མཁྱེན་རབ་མ་དྲོས་མཚོ་ཆེན་ལས།། ལེགས་བྱུང་མདོ་སྔགས་གཞུང་བཟང་ཁ་འབབ་ཀླུང་།། མན་ངག་ཟབ་ཁྲིད་ཞལ་ཤེས་རིན་ཆེན་སྙིང་།། ཇི་བཞིན་ཡི་གེར་བཀོད་ལ་གནང་བ་སྩོལ།། དེ་ཡང་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་གི་ལོར་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་གནས་འདུས་དང་ཁེལ་བའི་དུས་ཚེས་ཁྱད་པར་ཅན་དེར། ཡུལ་མདོ་སྨད་ཕྱོགས་ཀྱི་སྔ་འགྱུར་རྙིང་མ་པའི་ཆོས་སྡེ་ཕུར་ཐོགས་སྟོང་དང་དགུ་བརྒྱའི་གདན་སའི་སྔགས་རིགས་གོས་དཀར་ལྕང་ལོའི་སྡེ་དང་རིས་སུ་མ་ཆད་པའི་མཁན་སྤྲུལ་འདུས་པ་རྒྱ་མཚོ་སྤྱི། ཁྱད་པར་དུ་གྲུབ་ཐོབ་དཔལ་ཆེན་ནམ་མཁའ་འཇིགས་མེད་ཀྱི་རྣམ་རོལ་ངེས་པ་དོན་གྱི་བསྟན་འཛིན་གྱི་སྐྱེས་ཆེན་དགུ་སྤྲུལ་པདྨ་འཇིགས་བྲལ་ཟིལ་གནོན་རོལ་བའི་རྡོ་རྗེའམ་དགུ་རོང་མཆོག་སྤྲུལ་བསྟན་འཛིན་རིན་པོ་ཆེས་ཡང་ཡང་གསོལ་བ་བཏབ་པའི་ངོར། ༧སྐྱབས་རྗེ་ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་གིས། མདོ་སྨད་རེབ་ཀོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ཉེ་འགྲམ་རྨ་ཀླུང་གཡང་ཁུག་དགུ་བ། བོད་ཀྱི་མཁས་པ་མི་གསུམ་དང་ལྷ་ལུང་དཔལ་གྱི་རྡོ་རྗེ། བླ་ཆེན་དགོངས་པ་རབ་གསལ། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་སོགས་སྐྱེས་ཆེན་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱི་བརླབས་པའི་གནས་ཕུན་སུམ་ཚོགས་པ། དགུ་རོང་དགོན་གསང་ཆེན་རྡོ་རྗེ་གླིང་ཟིལ་གནོན་པདྨ་དབང་སྡུད་རྣམ་པར་རྒྱལ་བའི་ཕོ་བྲང་དུ། དགེ་འདུན་འདུས་པའི་སྡེ་གཉིས་ཀྱི་མཚོན་པའི་སློབ་ཚོགས་སྟོང་ཕྲག་དུ་མ་ལ་ལེགས་པར་བསྩལ་བའི་ཆོས་ནི་འདི་སྐད་དུ། ༈ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག བཀའ་དྲིན་མཚུངས་ཟླ་མ་མཆིས་པ། དཔལ་མགོན་བླ་མ་དམ་པའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་བཏུད་དེ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་བསུ་མཆིའོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ།། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས།། གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ།། གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ།། ཤཱཀྱའི་རྒྱལ་པོ་དེ་ལ་མགོས་ཕྱག་འཚལ།། དྲི་མེད་མཚོ་གླིང་པདྨའི་སྡོང་པོའི་རྩེར།། རྒྱལ་བའི་རྣམ་སྤྲུལ་རང་བྱུང་ལྷུན་གྱིས་གྲུབ།། མཚན་རྫོགས་དཔེ་བྱད་ཡོན་ཏན་མཚུངས་འབར་བ།། པདྨ་འབྱུང་གནས་བདག་བློའི་པད་མཚོར་སྐྱོངས།། འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་།། ཐུགས་རྗེ་ལུང་རྟོགས་མཉམ་པའི་མཐུ་མངའ་ཡང་།། ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་ཀྱིས།། འཁོར་འདས་ཆོས་སྐུར་རྟོགས་པའི་ཀློང་ཆེན་པ།། དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས།། ཤེས་བྱ་ཀུན་མཁྱེན་འགྲོ་ལ་རྗེས་བརྩེའི་གཏེར།། དྲི་མེད་འོད་ཟེར་ཡང་སྤྲུལ་ཐུགས་གཏེར་མཛོད།། འོད་གསལ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་བ།། འཇིགས་མེད་གླིང་པའི་ཞབས་ལ་གསོལ་བ་འདེབས།། བརྒྱུད་གསུམ་བྱིན་ཐོབ་དགོངས་པའི་རྩལ་ཆེན་རྫོགས།། སྣང་བཞི་མཐར་ཕྱིན་ཆོས་སྐུའི་རྒྱལ་སྲིད་བརྙེས།། གདོད་མའི་མགོན་པོ་མི་ཡི་རྫུར་ཞུགས་པ།། འཇིགས་མེད་ཡོན་ཏན་མགོན་པོར་གསོལ་བ་འདེབས།། དགོངས་རྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས།། ཧྲཱིཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས།། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད།། རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པ།། རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས།། བདག་གཞན་འགྲོ་བའི་བློ་སྣ་ཆོས་ལ་སྒྱུར།། གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན།། བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག། དེང་འདིར་དམ་པའི་ཆོས་ཀྱི་ཆར་འབེབས་ཀྱི།། གསན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག། ནམ་མཁའི་མཐས་གཏུགས་འཇིག་རྟེན་ཐམས་ཅད་ན།། ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལྷ་མ་ཡིན།། གྲུལ་བུམ་མིའམ་ཅི་དང་ལྟོ་འཕྱེ་སོགས།། རྫུ་འཕྲུལ་ཡིད་ལྡན་ཐམས་ཅད་འདིར་ཤོག་ཅིག། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་།། འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར།། ཐམས་ཅད་སྐད་དུ་ཆོས་འདི་འགྱུར་བར་ཤོག། མཚམས་སྦྱོར་ཞལ་གདམས།༈ ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ། སེམས་ཅན་གྱིས་གར་ཁྱབ་ལ་ལས་སྣང་སྡུག་བསྔལ་གྱིས་ཁྱབ། ནམ་མཁའ་ལ་མཐའ་མེད་པ་བཞིན་དུ་སེམས་ཅན་ལ་མཐའ་མེད་ཅིང་། དེའི་ལས་སྣང་སྡུག་བསྔལ་སྣ་ཚོགས་དེ་བས་ཀྱང་མཐའ་མེད་པ་ཡིན་ན། དེ་ལྟ་བུའི་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་རང་ཅི་འདྲ་རོགས་དེ་འདྲའི་དཔེ་ལྟར། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་ཡང་། རང་བཞིན་རྨོངས་པའི་སེམས་ཅན་ལོང་བ་ལམ་ལོག་ལ་འཁྱམས་པ་ལྟ་བུ་ཐམས་ཅད་ཀྱིས་བདེ་འདོད་བདེ་བའི་རྒྱུ་སྒྲུབ་མི་ཤེས། དེ་ལས་ལྡོག་སྟེ་མེ་ཆེ་ཐོག་ལ་ཤིང་བསྣན་པ་ལྟ་བུའི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་ཁོ་ནར་སྤྱོད་ནས། སྡུག་བསྔལ་མི་འདོད་ཀྱང་དེའི་རྒྱུ་སྤང་དགོས་རྒྱུའི་མི་དགེ་བ་སྤོང་མི་ཤེས། བློ་ངན་གོམས་ཀྱི་བག་ཆགས་ཆུ་རྒྱུན་ཐུར་ལ་བརྒྱུག་པ་ལྟ་བུའི་ངན་གཤིས་ཀྱི་རྗེས་ལ་འབད་པ་བྱེད་མི་དགོས་པར་སྙེག་གིན་ཡོད་ན། དེ་འདྲའི་ཕ་མར་གྱུར་པའི་སེམས་ཅན་ལས་ཉོན་སྡུག་བསྔལ་གྱི་གཞན་དབང་ཅན་ལམ་ལོག་མགོ་རྨོངས་དུ་གྱུར་པ་འདི་དག་ཐམས་ཅད་སྙིང་རེ་རྗེ། སྙིང་རྗེ་བ་དེ་ཁ་ཟེར་དང་རྗེས་ཟློས་ཀྱི་ལད་མོ་ཙམ་གྱིས་མི་ཡོང་བར། ཚེ་འདིའི་མ་དྲིན་མོ་ཆེ་དེ་ཉིད་སྔོན་འདི་ནས་སྐེ་བཅད་སྙིང་བླངས་གསོན་པོའི་ཁོག་ཁྲག་ལག་པས་བཅུས་སོང་བ་ཡིན་ན་ཤ་ཚ་རྒྱུ་ཨེ་རེད། སྙིང་རེ་རྗེ་རྒྱུ་ཨེ་རེད། དེ་ལྟར་བསམ་བློ་བཏང་ན། དེ་བཞིན་སེམས་ཅན་ཐམས་ཅད་རང་རེ་ཀུན་གྱི་མར་བྱས་པ་འབའ་ཞིག་ཡིན་ནི་རེད། མར་བྱས་པ་ཡང་ལན་རེ་ཙམ་གྱིས་མི་ཚད་པར། ལན་གྲངས་ཀྱི་ཐད་ནས་བསམ་བློ་བཏང་ན་ས་ཆེན་པོའི་རྡུལ་གྲངས་ལས་མང་བ་དེ་རྒྱལ་བ་བདེན་པར་སྨྲ་བའི་ལུང་ལས་ཚད་མར་གྲུབ་ཡོད་ནི་རེད། དེ་ལྟར་བཤད་ན་གནའ་མི་ཚོས་དེ་འདྲ་ཟེར་དར་མོད། རྒྱལ་བ་བདེན་པར་སྨྲ་བ་ཡིན་པ་ལུང་ཚད་མ་གཞན་ཟེར་རྗེས་བརྗོད་མ་ཡིན་པར་ཅི་ལྟར་ཤེས་ཟེར་ན། ཁྱད་པར་འཕགས་བསྟོད་ཀྱི་ནང་ནས་གསུངས་པ་ལྟར། སངས་རྒྱས་བདག་གི་གཉེན་ཡིན་ནི་མ་རེད། མི་སྟེགས་གཞན་དག་བདག་གི་དགྲ་མ་རེད་མོད། སྟོང་རྟེན་འབྱུང་ལན་བརྒྱར་བརྟགས་ཀྱང་བསླུ་བ་མི་སྲིད་པའི་བདེན་པ་གཉིས་ཀྱི་རྣམ་བཞག་གིས། འཁོར་འདས་ཤེས་བྱའི་ཆོས་ཐམས་ཅད་གཏན་ལ་ཕབ་པའི་གཙོ་བོའི་དོན་ལ་མི་བསླུ་བའི་རིག་པ་དེས་རྒྱལ་བ་བདེན་པར་སྨྲ་བ་ཡིན་པར་གྲུབ་པ་རེད། དེའི་མི་ཚད་པར་ཞིབ་མོའི་བློས་བརྟག་ཅིང་དཔྱད། རང་རེ་ང་ཞེས་གདག་སའི་གདག་གཞི་ཕུང་པོ་ལྔས་བསྡུས་པའི་སེམས་དང་། ལུས་འདི་ཡི་རིགས་རྒྱུན་དང་རྫས་རྒྱུན་གྱིས་དེད་ནས་བརྟག་ཅིང་ཞིབ་པར་དཔྱད་སོང་ན་ཡང་སྐྱེས་བུའི་ཡར་མཐའ་ཐུག་མེད། མངལ་ནས་སྐྱེས་པའི་གྲངས་ཚད་ཀྱི་ཕ་མ་རྫོགས་མེད་ཅིག་ཡོད་པ་དེ་རིག་པས་ཀྱང་གྲུབ་པ་དེ་ལྟར་ཡིན། ད་ལྟའི་མ་དང་ཁྱད་མེད་པར་ཁམས་གསུམ་རིགས་དྲུག་གི་གནས་ན་དབང་མེད་ཀྱིས་འཁོར་ཞིང་ཉམས་ཐག་སྡུག་བསྔལ་མྱོང་བའི་སེམས་ཅན་འདི་དག་ལ། རྒྱལ་སྲས་ཞི་བ་ལྷས་གསུངས་པ་ལྟར། བདག་སྙིང་རྡོ་འམ་ལྕགས་ཀྱི་གོང་བུ་འདྲ་འདྲ་ཞིག་མིན་ན་དེ་སྙིང་མི་རྗེ་རང་དབང་གང་ན་ཡོད་བསམ་རྒྱུ་ཡིན། སྙིང་རྗེ་བ་གཅིག་པུའི་མི་འོངས་པས། དེས་ན་ཅི་དགོས་པ་རེད་ཅེ་ན། དེ་བས་ཤེས་རབ་ཟབ་མོས་ཐབས་ལམ་རྣམ་པར་དག་པ་ཐར་བ་ཡང་དག་གི་ལམ་ཞིག་བཙལ་དགོས། དེ་བཙལ་རྒྱུ་ལ་ཁ་ཙམ་ཞིག་མ་ཡིན་པར་ལག་ངོ་མས་རྒྱུད་ཐོག་ལ་ཁེལ་ཐུབ་པའི་དམ་ཆོས་གཤའ་མ་ཞིག་བསྒྲུབ་ཏེ། ལུས་རྟེན་འདིའི་སྟེང་ནས་མ་རྒན་སེམས་ཅན་དེ་དག་ལ་ཕན་ཐོག་ནུས་པ་ཅན་ཞིག་བྱ་དགོས། སྟོབས་བཅུའི་སྟོབས་ཡོད་པ། དབང་བཅུའི་དབང་མངའ་བ། དེ་ཡང་སྲིད་དང་ཞི་བ་གཉིས་ཀའི་མཐར་མ་ལྷུང་པར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་རྒྱུ་དེ་སྤྱིར་ལམ་མཆོག་མ་ནོར་བ་ཡིན། དགོས་ཁྱད་པར་ཅན་ད་རེས་དལ་རྟེན་འབྱོར་བས་བརྒྱན་པའི་ལུས་རྟེན་འདི་ཐོབ། ཆོས་སྒྲུབ་པའི་མཐུན་རྐྱེན་ཚོགས་ཡོད་པའི་དུས་འདིར། བྱ་བ་བརྒྱ་སྟོང་གི་ནང་ནས་དོན་ཆེན་རང་གཞན་འདི་ཕྱི་གཉིས་ཀ་ལ་ཕན་པ་དེར་མ་འབད་པར། ད་རུང་ཁ་གདངས་ནས་ཧང་སང་སྟེ་ལུག་འགྲོ་འགྲོ་ལྟར་གཅིག་རྗེས་གཅིག་གི་དེད་ནས་འཁོར་གི་བསྡད་ན། ཚེ་འདིའི་ཟ་ཉལ་ཙམ་ཞིག་དུད་འགྲོས་ཀྱང་སྒྲུབ་བཞིན་ཡོད་པས། དེའི་ཡན་ཞིག་མ་འགྲུབ་ན་མྱི་མ་རེད་དུད་འགྲོ་ཞིག་རེད། དུད་འགྲོ་ནགས་ཀྱི་མྱི་རྒོད་ལས་ཁྱད་འབྱེད་ཀྱི་དབྱེ་ཆོས་གཞན་ཞིག་མ་ཡོད་པས། དེ་འདྲ་ཡིན་ན་འདིར་ཡོད་ལས་དང་པོ་པ་ཚོས་འདང་འདི་ལྟར་རྒྱོབས་དང་། ཐེག་ཆེན་མདོ་སྔགས་ཀྱི་དམ་ཆོས་ཞུ་སྐབས། ཐེག་ཆེན་ལམ་གྱི་གཞུང་ཤིང་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་། སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་ཤེས་རབ་གྱིས་རྫོགས་བྱང་ལ་དམིགས་པ་སྟེ་ཟུར་གཉིས་པོའམ་དོན་གཉིས་པོ་ཚང་པའི་སེམས་བསྐྱེད་དང་ལྡན་དགོས། དེའི་སྟེང་དུ་གསང་བ་སྔགས་ཀྱི་ཀུན་སློང་འཁོར་འདས་མཉམ་པ་ཆེན་པོ་སྣང་སྲིད་གཞིར་བཞུགས་ཡེ་ནས་ཡིན་པ་ལ། དེ་ལྟར་ཡིན་པར་ཤེས་པའི་གཞིར་བཞེངས་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར། གནས་དུས་སྟོན་འཁོར་ཆོས་བཅས་ཕུན་སུམ་ཚོགས་པ་ལྔ་གསལ་བཞིན། མདོ་རྒྱུད་བསྟན་བཅོས་དག་ལས་ཇི་ལྟར་འབྱུང་བ་བཞིན་དུ་ཀུན་སྤྱོད་རྣམ་པར་དག་པ་དང་བཅས་པས་ཆོས་གསན་དགོས། གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ལ་བསམ་བློ་བཏང་ན། ད་རེས་ཐེངས་འདིའི་ཆོས་ཁྲིད་ཀྱི་གཙོ་བོ་ཞབས་དཀར་ཚང་གི་གསུང་ཁྲེགས་ཐོད་གཉིས་པོ་འདི་ཡིན། འདི་རྫོགས་ཆེན་དངོས་གཞིའི་ཁྲིད་ཀྱི་འགྲོས་ལྟར་དུ་ལོ་འདིའི་རྫོགས་ཆེན་དངོས་གཞིའི་ཁྲིད་ཆེན་གྱི་ཚབ་ཏུ་བཤད་ཀྱིན་ཡོད་པས། དེའི་སྔོན་དུ་འགྲོ་བའི་ཆོས་ལ་སྔགས་བླ་མེད་ཐུན་མོང་གི་བསྐྱེད་རྫོགས་ཀྱི་རིམ་པ་དེ་འབྱུང་བ་རེད། རྩ་རླུང་འདི་སྔོན་འགྲོའི་ལམ་གྱི་ཆ་ལག་ཙམ་དང་དེའི་ས་ཁུངས་ཙམ་འཛིན་བྱེད་མ་གཏོགས་གཙོ་བོའི་ཉམས་ལེན་གྱི་གནད་ལ་འཛིན་གྱིན་ཡོད་པ་མ་རེད། སྔགས་གསར་རྙིང་ཐུན་མོང་གི་རིམ་ལྔ་སྦྱོར་དྲུག་ཆོས་དྲུག་ལ་སོགས་པའི་རྫོགས་རིམ་གྱི་དབྱེ་བ་མང་པོ་ཞིག་ཡོད་ཀྱང་། རང་ལུགས་ལ་གཙོ་བོ་སྒྱུ་ལུས་དང་། འོད་གསལ། གཏུམ་མོ་གསུམ་དུ་གཙིགས་སུ་བཟུང་པ་ཡིན་ན། དེ་ཡང་ཐུན་མིན་དབང་བཞིའི་སྒྲོམ་ལས་མི་འདའ་བར་བུམ་དབང་གིས་ལུས་ལྷ་སྐུར་སྨིན། གསང་ཤེར་གཉིས་ཀྱིས་སྲོག་རྩོལ་རླུང་གི་སྦྱོར་བ་དང་མཐུན་པའི་གཏུམ་མོའི་འབར་འཛག་ལ་བརྟེན་ནས། སྟོང་བཞིས་དྲངས་བའི་དགའ་བཞིའི་ཡེ་ཤེས་བསྐྱེད་གིན་ཡོད་ལ། ཁྱད་པར་དུ་དབང་གསུམ་པའི་སྐབས་ཀྱི་མཚོན་བྱེད་དཔེའི་ཡེ་ཤེས་དེས་གང་མཚོན་པ་འོད་གསལ་མཆོག་ཏུ་མི་འགྱུར་བ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ། མཚོན་བྱ་དོན་གྱི་ཡེ་ཤེས་དབང་བཞི་བའི་མཐར་ཐུག་ལ་མངོན་དུ་འགྱུར་བྱ་གང་ཡིན་པ་དེ་ཉིད་ཉམས་ལེན་གྱི་གཙོ་བོ་བྱེད་ཀྱིན་ཡོད་པ་རེད། དེ་ཡིན་པ་ནི་རྒྱུ་འབྲས་བྱེད་པ་མཐུན་པའི་ལམ་ནས་གཞི་འབྲས་དབྱེར་མེད་པའི་གནས་ལུགས་དག་ཐོབ་བྲལ་པའི་སེམས་སངས་རྒྱས་ལ་མངོན་དུ་བྱ་དགོས་པ་རེད། དེ་ལྟར་དཔེ་དང་དོན་གྱི་ཡེ་ཤེས་གཉིས་ཀ་དཔེ་བཞག་ན་ཆུ་ཟླས་ཟླ་གཟུགས་མཚོན་པའི་དཔེ་དོན། ཆོས་ཅན་དང་ཆོས་ཉིད་ཀྱི་འབྲེལ་བ་ཡང་གྲུབ་པ་ཞིག་ཡིན། རྫོགས་ཆེན་ཆོས་ཉིད་ལམ་བྱེད་ཀྱི་སྐབས་ལ་རྟ་ཞོན་ནས་བོང་བུར་མི་རེ་བ་ལྟ་བུ་ཡིན། ཡིན་ན་ཡང་དབང་བཞི་བའི་ཡེ་ཤེས་གནས་ལུགས་དོན་གྱི་རང་ཞལ་དེ་ཉིད་མངོན་དུ་བྱེད་པའི་འགྲོ་ལམ་ལ་བསམ་བློ་བཏང་ན། ཐབས་ལམ་དང་གྲོལ་ལམ་སྟེ་ཐབས་གྲོལ་ཀྱི་ལམ་གཉིས་ཡོད་པའི་ནང་གི་ཐབས་ལམ་པ་གཙོ་བོ་བྱས་པའི་ཉམས་ལེན་གྱི་དགོས་མཁོར་དམིགས་ནས། ཀློང་སྙིང་རང་གཞུང་གི་དགོངས་པའི་གསང་མཛོད་ལས་བྱུང་བ་འདི་ཚོ་ལ་རྫོགས་རིམ་གཞན་ལས་འཕགས་པའི་ཐུན་མིན་གྱི་ཁྱད་ཆོས་ཡོད་པས། གཏེར་ཁ་གཞན་དང་ཡིག་ཆ་གཞན་གྱི་བསྲེ་ལྷད་མ་འདྲེས་པའི་སྟེང་ནས་ཁྲིད་འཆར་རེད། སྤྱིར་བཤད་ན་རྫོགས་རིམ་ཞེས་པ་ཚང་མ་གཅིག་ཡིན་ནི་མ་རེད། རྫོགས་རིམ་ལ་ཁྱད་པར་དང་དབྱེ་བ་ཕྱེས་ཡོང་ན་ལྔར་དབྱེ་རྒྱུ་ཡོད། གང་ཡིན་ན། ལྷའི་རྫོགས་རིམ། བྱང་ཆུབ་སེམས་ཀྱི་རྫོགས་རིམ། རྩའི་རྫོགས་རིམ། རླུང་གི་རྫོགས་རིམ། ཐིག་ལེའི་རྫོགས་རིམ་དང་ལྔ་རེད། བསྐྱེད་རིམ་ལ་བརྟེན་པ་ལྷའི་རྫོགས་རིམ། བསྐྱེད་རྫོགས་དབྱེར་མེད་དུ་ཤེས་པའི་རྣལ་འབྱོར་པ་ཞིག་གིས་བསྐྱེད་རིམ་གསལ་ཡང་རྫོགས་རིམ་གྱི་གནད་ཚང་མ་དེར་འདུས་ཡོད་པ་ཡིན། དེ་ནི་བསྐྱེད་རྫོགས་དབྱེར་མེད་དུ་ཤེས་པས་རེད། སེམས་ཉིད་ལ་བརྟེན་པ་བྱང་ཆུབ་སེམས་ཀྱི་རྫོགས་རིམ་ཟེར་བ་དེ། འོད་གསལ་རིག་པའི་ཡེ་ཤེས་ལ་གནད་དུ་བསྣུན་པས་དོན་གྱི་ཡེ་ཤེས་དེ་ཉིད་ལམ་དུ་ཤེས་སོང་དུས། དཔེའི་ཡེ་ཤེས་ལ་གོང་ནས་བཤད་པ་ལྟར་དུ་ཆེད་ཐང་དུ་འཛིན་མི་དགོས། རྫོགས་པ་ཆེན་པོ་འདི་རྫོགས་རིམ་ཐམས་ཅད་ཀྱི་རྒྱལ་པོ་ཡིན། རྫོགས་རིམ་གྱི་རྒྱལ་པོ་ཅི་ལྟར་ཡིན་པ་རེད་ཅེ་ན། གང་དུ་རྫོགས་པའི་གཞི་ཡིན། གཞན་ཐམས་ཅད་དེར་རྫོགས་བྱེད་ཀྱི་ཐབས་རེད། ཐབས་དང་ཐབས་བྱུང་གི་ཁྱད་པར་ཡོད་པས་ན། ཨ་ཏི་ཡོ་ག་འབྲས་བུའི་ཐེག་པ་ལས་གསང་ཆེན་མན་ངག་སྡེ་འདི་འབྲས་བུའི་ཐུས་ཀ་ཡིན་པ་ཚིག་གིས་བཞག་པ་ཙམ་མ་ཡིན་པར་དོན་གྱིས་གྲུབ་ཅིང་བསྔགས་པ་ཡིན་པ་ནི། རྒྱལ་པོས་རྒྱལ་སྲིད་ཟིན་སོང་ན་འབངས་འཁོར་མངའ་འོག་ལ་ངང་གིས་འདུས་པ་ལྟ་བུ་ཡིན་ནོ། །དེའི་ཕྱིར་རྫོགས་པ་ཆེན་པོའི་སྐབས་ཀྱི་མི་གཡོ་རྣམ་པ་གསུམ་དང་། གཟིགས་སྟངས་གསུམ་དང་བཞུགས་སྟངས་རྣམ་གསུམ་སོགས་ལ་ཡང་ལུས་ལ་བརྟེན་པ་རྩའི་རྫོགས་རིམ་འདུས་རྒྱུ་དང་། རྩ་རླུང་སྒོམ་པ་ཕལ་བའི་སྐབས་དང་མི་འདྲ་བར། མན་ངག་སྡེའི་སྐབས་ལ་རླུང་དབུ་མར་མི་སྡུད་པར་རང་བཞག་གི་གནད་ཁྱད་པར་ཅན་ཞིག་བསྐྱངས་ཤེས་ནས་དེར་གོམས་ན། ལས་རླུང་ཐམས་ཅད་རང་སར་དྭངས་ནས་ཡེ་ཤེས་ཀྱི་རླུང་དང་རིག་པ་དེ་ཉིད་ཇེ་ཆེ་དང་ཇེ་འཕེལ་ལ་སོང་ན། མཐར་ཐུག་ལས་རླུང་དེ་ཡེ་ཤེས་ཀྱི་ཁམས་སུ་གནས་འགྱུར་བ་ཡིན། རྩ་གནས་བྱེ་བྲག་ཏུ་དམིགས་མེད་རྩོལ་བཅས་ལ་མི་ལྟོས་པ་རེད། དེས་སྟབས་ཀྱིས་དབུགས་ལ་བརྟེན་པ་རླུང་གི་རྫོགས་རིམ་ཡང་སྦུད་པ་དགང་སྟོང་གི་རྩོལ་བ་རྩུབ་མོ་ཅན་གྱི་རླུང་ལ་བརྟེན་ནི་མ་རེད། བཅུད་ལ་བརྟེན་པ་ཐིག་ལེའི་རྫོགས་རིམ་རེད། དེ་ཡང་ཀུན་རྫོབ་རྒྱུའི་ཐིག་ལེ་དེ་ཐབས་ཀྱི་རང་བཞིན་ཟག་བཅས་ཀྱི་བདེ་བའི་བདག་ཉིད་ཅན་དང་། དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་དེ་ཤེས་རབ་ཀྱི་རང་བཞིན་ཟག་མེད་ཀྱི་བདེ་བའི་བདག་ཉིད་ཅན་ཞིག་ཡིན། ཀུན་རྫོབ་རྒྱུའི་ཐིག་ལེ་དེར་བརྟེན་ནས་ཐུན་མོང་གི་དངོས་གྲུབ་ཕྲན་ཚགས་རེ་དང་སེམས་གནས་ཀྱི་ཏིང་འཛིན་ཙམ་རེ་ལམ་དུ་བྱེད་ཐུབ་པ་རེད། རེད་དེ་དོན་དམ་འོད་གསལ་ཀྱི་ཐིག་ལེ་ལྟ་བུའི་མཆོག་གི་དངོས་གྲུབ་སངས་རྒྱས་ཆོས་སྐུ་འགྲུབ་རྒྱུ་དང་ནི། ཡེ་ཤེས་རང་བབས་ཀྱི་བསམ་གཏན་མངོན་དུ་བྱེད་པ་དང་བསྡུར་ཡོང་ན། དེར་ཆ་ཙམ་ཞིག་ཡང་ཉེ་གི་ཡོད་ནི་མ་རེད། དེས་སྟབས་ཀྱིས་རྫོགས་ཆེན་དོན་གྱི་མན་ངག་གི་ལུགས་འདི་ལ། ཀུན་རྫོབ་ཀྱི་ཐིག་ལེ་ལ་ལམ་གྱི་ངོ་བོ་མིན་པའི་དབང་གིས་དོན་དམ་གྱི་ཐིག་ལེ་ལ་བརྟེན་ནས་འོད་གསལ་གྱི་རིམ་པ་གཙོ་བོ་མཛད་པ་རེད། འོ་ན་སྐབས་འདིའི་འཆད་བྱའི་ཀློང་ཆེན་སྙིང་ཐིག་གི་ཆོས་སྡེ་ལས་འདིའི་སྐོར་ཅིའི་ཕྱིར་འབྱུང་བ་རེད་ཟེར་ན། ཀུན་རྫོབ་ཀྱི་ཐིག་ལེ་ལ་ཧ་ཅང་ཞེན་པའི་སྐལ་དམན་རྗེས་སུ་འཛིན་པའི་ཐབས་ཀྱི་འཇུག་སྒོ་མ་མ་འགགས་པའི་བྱེ་བྲག་ཞིག་ལ་བཞག་ནས། ཕྱིས་སུ་དོན་དམ་གྱི་ཐིག་ལེ་དེ་ཉིད་ལ་སྦྱོར་བའི་ཐབས་ཡིན་པས་རང་རེའི་ཁྲིད་རྒྱུན་གྱི་ཕྱག་བཞེས་ལ། ལམ་དངོས་མ་ཡིན་པས་ཉམས་ལེན་གྱི་ཐབས་འགའ་རེ་རབ་བྱུང་བཙུན་པའི་སྡེ་ཡིས་རྒྱུན་དུ་ཕལ་ཆེར་བཏང་སྙོམས་སུ་བཞག་གི་ཡོད་པ་རེད། འདིའི་སྐོར་ཞིབ་ཏུ་མཁྱེན་པར་དགོངས་ན་ཚིག་དོན་མཛོད་ཀྱི་རྡོ་རྗེའི་གནས་ལྔ་བར་གཟིགས་དང་གསལ། འོ་ན་འདི་ཅིའི་ཕྱིར་བཤད་པ་ཡིན་ཟེར་ན། གཅིག་ན་ཁྲིད་བཤད་དུས་རགས་བཤད་སྤོམ་ཡུགས་སུ་མ་སོང་བར། ལམ་གྱི་རིམ་པ་ཆ་ཚང་ཞིང་དེ་ཡང་འོག་མ་འོག་མའི་དངོས་གཞི་དེ་གོང་མ་གོང་མའི་སྔོན་འགྲོར་འགྲོ་བའི་ཤེས་བྱེད་དང་། རྣམ་པ་གཅིག་ཏུ་ན་གདུལ་བྱ་ཆགས་ཅན་ལ་དགོངས་པའི་ཐབས་ལམ་ཡང་གྲོལ་ལམ་གྱི་གོང་དེ་ན་འཛིན་འོས་པ་དང་། ཁྱད་པར་དུ་གནས་འདི་སྔགས་རིག་པ་འཛིན་པ་གོས་དཀར་ལྕང་ལོ་ཅན་གྱི་སྡེ་ཚོགས་འདུས་པའི་ལྟེ་བའི་ས་གནད་ཅིག་ཡིན་པར་དམིགས་ནས། ཆེད་གཏད་ཀྱིས་ད་ལོ་འདི་ནས་རྩ་རླུང་གི་འཁྲུལ་འཁོར་སྦྱང་རྒྱུའི་དུས་ཚོད་ཀྱང་གང་ལ་གང་འཚམས་ཞིག་བཀོད་སྒྲིག་བྱས་ཡོད་པ་ཡིན། རྩ་རླུང་ཐིག་ལེ་གསུམ་པོ་དེ་གཅིག་ལ་གཅིག་བརྟེན་ཡིན། སྔོན་ལ་རླུང་དང་གཏུམ་མོར་སྦྱངས་ཤིང་འབྱོང་དགོས་རྒྱུའི་རིམ་པ་ཡིན་པ་རེད། ཡིན་ནའང་རླུང་དང་གཏུམ་མོའི་རིམ་པ་ཡང་གཞུང་ལས་འབྱུང་བ་ལྟར་དུ་ཞིབ་པར་འདིའི་རྒྱབ་ཡིག་གང་དག་ལ་བལྟ་དགོས་པ་རེད་ཟེར་ན། རྣམ་མཁྱེན་ཤིང་རྟ་དང་ངལ་གསོ་སྐོར་གསུམ། ཡིད་བཞིན་མཛོད་ཀྱི་སྨད་ཆའི་ཕྱོགས། དོན་ཁྲིད་ཟབ་དོན་རྡོ་རྗེའི་སྙིང་པོ་སོགས་ལ་གཏུགས་དགོས་རྒྱུ་དེ་འདྲ་རེད། བདེ་སྟོང་རླུང་གི་རྫོགས་རིམ་སྙན་བརྒྱུད་ཤོག་དྲིལ་ཡིད་བཞིན་ནོར་བུ་དང་སྦས་དོན་ཐབས་ལམ་མ་བསྒོམ་སངས་རྒྱས་གཉིས་ཀ་མཚམས་རེར་རེས་མོས་བྱས་ནས་འདོན་གྱིན་ཡོད་པ་རེད། འདིའི་འཕྲུལ་འཁོར་ལག་ཁྲིད་ཀྱི་ཐད་ནས་གཞུང་མན་ངག་ལ་གཏུགས་ནས། ད་དུང་བརྒྱུད་པའི་ཕྱག་བཞེས་མ་ནོར་བར་བརྟག་བཅོས་རིམ་པ་བཞིན་དུ་དགོས་པ་ཡང་ཡོད་སྲིད་རྒྱུ་རེད། ཐོག་མར་གཏུམ་མོའི་གསོལ་འདེབས་འདིར་གཟིགས། ༼ཨོཾ༽ ཆོས་ཚན་དང་པོ་གཏུམ་མོའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་།༄༅། །ཀློང་ཆེན་སྙིང་གི་ཐིག་ལེ་ལས་གཏུམ་མོའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་བཞུགས། ཨེ་མ་ཧོ། དག་པ་རབ་འབྱམས་དབུ་མའི་གྲོང་ཁྱེར་ན། །སེམས་ཀྱི་རྡོ་རྗེ་ཆོས་སྐུའི་ངོ་བོ་ཉིད། །ཕུང་པོ་ཁམས་དང་སྐྱེ་མཆེད་གདན་གསུམ་ལྷའི། །རྣམ་རོལ་རྩ་བརྒྱུད་བླ་མར་གསོལ་བ་འདེབས། །སོགས་ཀྱིས་བསྟན། ཨེ་མ་ཧོ་ཞེས་ངོ་མཚར་བའི་ཚིག་གིས་སྣ་དྲངས་ཏེ་གང་ལ་ངོ་མཚར་ན། གསང་ཆེན་སྔགས་ཀྱི་ཐེག་པའི་ཁྱད་ཆོས་ཁྱད་པར་ཅན་གྱི་ལམ་ལ་ངོ་མཚར་བའི་ཚིག་དང་བཅས་ཏེ། དག་པ་རབ་འབྱམས་དབུ་མའི་གྲོང་ཁྱེར་ན་ཞེས་གསུངས་རྒྱུ་དེ། རྟེན་རང་ལུས་རྡོ་རྗེ་ཕུང་པོའི་གྲོང་ཁྱེར། དེ་ལས་རྩ་དབུ་མ་ཡེ་ཤེས་ཀྱི་གཞལ་ཡས་ཁང་ན། སེམས་ཀྱི་རྡོ་རྗེ་ཆོས་སྐུའི་ངོ་བོ་ཉིད། ཆོས་ཅན་སེམས་ཀྱི་ཆོས་ཉིད་དེ་མི་ཤིགས་མི་འགྱུར་གཞོམ་གཞིག་དང་བྲལ་བའི་རྡོ་རྗེའི་ཆོས་མཚུངས་སུ་སྦྱར་སའི་སྟོང་བ་ཆོས་སྐུའི་ངོ་བོ་དེ་ཉིད་ལས། གསལ་མདངས་རང་བཞིན་ལོངས་སྐུར་ཤར་བ་དེ་མ་འགགས་ཐུགས་རྗེ་སྤྲུལ་སྐུའི་རོལ་གར་དུ་སྣང་ནས་རྩ་རླུང་ཐིག་ལེའི་བདག་ཉིད། ཕུང་པོ་ཁམས་དང་སྐྱེ་མཆེད་གདན་གསུམ་ལྷའི་རྣམ་རོལ་ཞེས། ཕུང་པོ་ཁམས་དང་སྐྱེ་མཆེད་དེ་གདན་གསུམ་ཚང་བའི་ལྷ་ཡི་རྣམ་རོལ་ཏུ་ཤར་བའི་ངོ་བོ་རང་བཞིན་ཐུགས་རྗེ་དཀྱིལ་འཁོར་ལས་འདའ་བ་མེད་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ལ་གསོལ་བ་འདེབས། ཞེས་ཚིག་རྐང་དང་པོ་འདིས་གཞི་ལམ་འབྲས་གསུམ་གྱི་ནང་ནས་གཞི་བསྟན་པ་རེད། རླུང་སེམས་དབྱེར་མེད་ཞི་བདེའི་ཙནྜ་ལཱི། །འཁོར་ལོ་ལྔ་ཡི་དཔའ་བོ་མཁའ་འགྲོའི་གྲོང་། །ཚོགས་ཀྱི་འཁོར་ལོའི་འདུ་བས་མཉེས་བྱས་ནས། །དབང་དང་དགའ་བཞིའི་ཡེ་ཤེས་རོས་གང་ཤོག །ཞེས་གསུངས་རྒྱུ་འདིས་ལམ་བསྟན་པ་རེད། རླུང་སེམས་དབྱེར་མེད་ཞུ་བདེའི་ཙནྜ་ལཱི་ཞེས། སྲོག་དང་རྩོལ་བའི་རྣལ་འབྱོར་གྱིས་རླུང་སེམས་དབྱེར་མེད་ཡས་བབས་དང་མས་བརྟན་གྱི་སྦྱོར་བས་སྤྱི་བོའི་ཧཾ་ཡིག་རི་བོང་འཛིན་པ་དེ་ལྟེ་བའི་ཨ་ཐུང་སྒྲ་གཅན་གྱི་མེས་བཞུ་བའི་ཞུ་བདེའི་ཡེ་ཤེས་བདེ་སྟོང་གཉིས་མེད་ཀྱི་རོ་དེས། སྤྱི་མགྲིན་སྙིང་ལྟེ་གསང་བ་དང་བཅས་པའི་རྩ་གསུམ་འཁོར་ལོ་ལྔ་ཡི་དཔའ་བོ་མཁའ་འགྲོའི་གྲོང་ཞེས་གསུངས་ན། རྩ་གསུམ་འཁོར་ལོ་ལྔ་ཡན་ལག་དང་བཅས་པ་དཔའ་བོ་མཁའ་འགྲོའི་གནས་ཡུལ་ཉེར་བཞིའི་གྲོང་ཁྱེར་ན། ཚོགས་ཀྱི་འཁོར་ལོའི་འདུ་བས་མཉེས་བྱས་ཞེས། ཚོགས་ཀྱི་འཁོར་ལོའི་འདུ་བ་ཆེན་པོས་དེ་དག་མཉེས་པར་བྱས་ནས་དབང་དང་དགའ་བཞིའི་ཡེ་ཤེས་རོས་གང་ཤོག་གསུངས་པ་རེད། དེ་དང་ཆབས་གཅིག་ཏུ་བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་དང་བཅས་པའི་དབང་བཞི་དང་། དགའ་བ་མཆོག་དགའ་ལ་སོགས་པའི་དགའ་བཞིའི་ཡེ་ཤེས་ཀྱི་རོས་གང་བར་ཤོག་ཅེས་ལམ་བསྟན། ཁྱད་པར་མཆོག་གི་གཏུམ་མོས་འཁོར་ལོ་བཞིའི། །རླུང་སེམས་ལས་རུང་དྷཱིུ་ཏིའི་རྩ་མདུད་རྣམས། །ཚོགས་དང་སྦྱོར་མཐོང་སྒོམ་པའི་ལམ་དུ་གྲོལ། །ས་བཅུའི་རྒྱུན་མཐར་གཙུག་ཏོར་རྩེན་སྨིན་ཤོག། ཅེས་གསུངས་པ་འདིས་འབྲས་བུ་བསྟན་པ་རེད། ཁྱད་པར་མཆོག་གི་གཏུམ་མོ་ཞེས་གསུངས་པ་དེ་གང་རེད་ཅེ་ན། མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་དེ་ཉིད་རེད། དེ་ལ་བརྟེན་ནས་འཁོར་ལོ་བཞིའི་རླུང་སེམས་ལས་སུ་རུང་། ལས་རླུང་དབྱིངས་སུ་དག་སྟེ་ཡེ་རླུང་དབུ་མར་ཚུད་པ་ལ་བརྟེན་ནས་དྷཱིུ་ཏིའི་རྩ་མདུད་རྣམས་གྲོལ་བའི་རིམ་པ་དང་བསྟུན་ནས། ཚོགས་དང་སྦྱོར་མཐོང་སྒོམ་པའི་ལམ་དུ་གྲོལ་ཏེ་ས་བཅུའི་རྒྱུན་གྱི་མཐའ་མ་ན་གཙུག་ཏོར་རྩེར་སྨིན་ཤོག་ཅེས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་ཤོག་ཅེས་གསུངས་པ་རེད། ཉོན་མོངས་རླུང་སེམས་འཁོར་བའི་རང་བཞིན་ནི། །རྣམ་གྲོལ་ཞི་བ་ཡེ་ཤེས་རླུང་མཆོག་གིས། །རང་དབང་གྱུར་ལས་རྩ་ཁམས་ཡི་གེའི་སྤྲིན། །འཁོར་ལོ་ཚོགས་ཆེན་ས་ལ་ལྷུན་རྫོགས་ཤོག །ཅེས་པ་འདིས་གཞི་འབྲས་དབྱེར་མེད་མཐར་ཐུག་གི་གྲོལ་ས་སྨོན་ལམ་དང་འབྲེལ་ནས་བསྟན་པ་རེད། དེ་ལྟར་ཉོན་མོངས་དང་རླུང་སེམས་ལས་འཁྲུལ་སྣང་འཁོར་བར་ཤར་བའི་སྣང་ཚུལ་གྱི་རང་བཞིན་ནི། གདོད་ནས་རྣམ་པར་གྲོལ་བ་གནས་ཚུལ་གདོད་ནས་དག་པ་ཞི་བ་ཡེ་ཤེས་ཀྱི་རླུང་མཆོག་དེ་ཉིད་དབང་དུ་བྱས་ཏེ་རང་དབང་དུ་གྱུར་བ་ལས་རྩ་ཁམས་ཐམས་ཅད་ཡི་གེའི་སྤྲིན་དུ་དག་ནས། འཁོར་ལོ་ཚོགས་ཆེན་ཞེས་གསུངས་ན་མ་ཆགས་པདྨ་ཅན་ནས་འཁོར་ལོ་ཚོགས་ཆེན་གྱི་ས་ལྷུན་གྱིས་རྫོགས་པར་ཤོག ཅེས་འདིས་གཞི་འབྲས་དབྱེར་མེད་མཐར་ཐུག་གི་གྲོལ་ས་བསྟན་པ་རེད། ས་མ་ཡ་ཞེས་དམ་ཚིག་གི་རྒྱ་རེད། རྫོགས་རིམ་ལམ་གྱི་མདོ་ཆིངས་ཀུན། །རྡོ་རྗེ་ཚིག་རྐང་འདིས་གྲོལ་བྱེད། །རྒྱ་རྒྱ་རྒྱ། རྡོ་རྗེ་ཚིག་རྐང་འདི་ཡིས་རྫོགས་རིམ་ལམ་གྱི་མདོ་ཆིངས་ཐོག་མ་འགྲོལ་ཐུབ་ཅེས་གསུངས་པ་རེད། རྫོགས་རིམ་གྱི་ལམ་ཐམས་ཅད་ཀྱི་རྩ་བ་ཡིག་ཆ་འདིའི་ཀྱང་ཆོག་གོ། ཟབ་རྒྱ། སྦས་རྒྱ། གསང་རྒྱ་ཞེས་རྒྱ་གསུམ་གྱིས་མནན་ནས་རྒྱ་རྒྱ་རྒྱ་ཞེས་གསུངས། དེ་ནས་ཆོས་ཚན་གཉིས་པ། ༼ཨཱཿ༽ ཆོས་ཚན་གཉིས་པ་སྙན་རྒྱུད་ཤོག་དྲིལ་ཡིད་བཞིན་ནོར་བུ།༂ ཀློང་ཆེན་སྙིང་གི་ཐིག་ལེ་ལས་བདེ་སྟོང་རླུང་གི་རྫོགས་རིམ་སྙན་རྒྱུད་ཤོག་དྲིལ་ཡིད་བཞིན་ནོར་བུ་བཞུགས༔ རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་མཛོད་ལས་བདེ་སྟོང་གི་ཡེ་ཤེས་བསྐྱེད་པའི་རླུང་གི་རྫོགས་རིམ། སྙན་རྒྱུད་ཅེས་གསུངས་པ་དཔེ་རྒྱུད་མ་ཡིན་པའི་སྙན་རྒྱུད་ཤོག་དྲིལ་དུ་བཀོད་པ། འདིའི་བྱེད་ལས་དང་མཐུན་པའི་མཚན་ལ་ཡིད་བཞིན་ནོར་བུ་བཞུགས་ཞེས་སོ། །ཀུན་བཟང་གདོད་མའི་ཀློང་ལ་ཕྱག་འཚལ་ལོ༔ ཞེས་གསུངས་ཏེ། དེ་ཡིས་གཞི་འབྲས་དབྱེར་མེད་པའི་བདག་ཉིད་རང་རིག་དོན་གྱི་གནས་ལུགས། ཆོས་ཉིད་གདོད་མའི་ཀློང་། དེ་གང་ཡིན་ན་ཕྱོགས་བཅུ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཡབ་བམ་སངས་རྒྱས་ཐམས་ཅད་ལ་ལམ་སྟོན་པ་པོ། ཐོག་མའི་ཀུན་བཟང་འོད་མི་འགྱུར་བ་དང་པོའི་སངས་རྒྱས་གང་ཡིན་པ་དེ་ཉིད་ཀྱི་དགོངས་པ་མི་འགྱུར་བའི་ཀློང་ལ་ཕྱག་འཚལ་ནས། མ་འོངས་དུས་ཀྱི་སེམས་ཅན་རྣམས༔ ཚེ་དང་བསོད་ནམས་ལོངས་སྤྱོད་དབུལ༔ སྒྲུབ་པའི་ལོང་མེད་སྙིང་རུས་ཆུང༔ དེ་ཚེ་སྐུ་གསུམ་བཞུགས་སྟངས་ལ༔ བརྟེན་ནས་འོད་གསལ་རྫོགས་ཆེན་དོན༔ རྩོལ་མེད་ལྟ་བུའི་ལོང་མེད་ན༔ ཞེས་མ་འོངས་ཕྱི་མའི་དུས་སྙིགས་མའི་སྐབས་ཀྱི་སེམས་ཅན་གདུལ་བྱ་བསོད་ནམས་དང་སྐལ་བ་དམན་པའི་རིགས་ཅན་དམ་ཆོས་སྒྲུབ་པའི་ཁོམ་ལོང་མེད། ཡོད་ཀྱང་བདུད་ཀྱིས་བར་ཆད་མང་། དེས་མི་ཚད་བློ་ཆུང་བས་སྒྲུབ་ཚུགས་འཛིན་པའི་སྙིང་རུས་ཆུང་བའི་རིགས་ཅན་དེ་དག་གིས། སྐུ་གསུམ་ཞེས་པ་གང་ཡིན་ན་ཆོས་ལོངས་སྤྲུལ་གསུམ་གྱི་བཞུགས་སྟངས་དང་གཟིགས་སྟངས་ལ་བརྟེན་ནས་ཟབ་ལས་ཆེས་ཟབ་ཀྱི་ཆོས་གསང་ཆེན་མན་ངག་སྡེའི། འོད་གསལ་རྫོགས་ཆེན་གྱི་རྩོལ་མེད་འབྲས་བུ་ཐེག་པའི་བསྟན་དོན་མཐར་ཐུག་སྐུ་གསུམ་འབྲས་བུའི་ཐོབ་བྱར་མི་རེ་བར། སྐུ་གསུམ་ལམ་སྣང་དུ་བྱས་ནས་སྣང་བཞི་མཐར་ཕྱིན་ཆོས་ཟད་གདོད་མའི་སར་སྐྱེ་བའི་རྩོལ་མེད་ཐོད་རྒལ་གྱི་ལམ་ཀ་དག་དང་ལྷུན་གྲུབ་ཟུང་དུ་འཇུག་པ། ཀ་དག་སྟོང་བའི་འོད་གསལ་དང་ལྷུན་གྲུབ་སྣང་བའི་འོད་གསལ་ཟུང་འབྲེལ་གྱི་དགོངས་པ་ཉམས་སུ་ལེན་རྒྱུའི་སྐལ་བ་མཆོག་དང་མ་ལྡན་ན་ཞེས་གསུངས་པ་རེད། གནད་ལ་བརྟེན་པའི་ཐབས་ཀྱི་ལམ༔ རླུང་སེམས་དབྱེར་མེད་ངེས་པའི་གནད༔ བདུན་ཕྲག་གསུམ་གྱིས་འཁོར་བ་ལ༔ མི་ལྡོག་ལམ་རྟགས་ཡོན་ཏན་ཀུན༔ མངོན་གྱུར་སྙན་བརྒྱུད་ཟབ་མོའི་ཆོས༔ རྡོ་རྗེ་སེམས་དཔའི་གསང་ལམ་ཆེ༔ འདི་ལས་གཞན་དུ་ངས་མ་བཤདཿ བདེན་རྫུན་ལག་ཏུ་ལོང་ལ་ལྟོས༔ ཞེས་གནད་ལ་བརྟེན་པའི་ཐབས་ཀྱི་ལམ་ཞེས་གསུངས་ན། གནད་གང་ཡིན་ན་གནད་རྩ་རླུང་ཐིག་ལེ་ལ་བརྟེན་པའི་གསུངས་པ་རེད། ཐབས་ཀྱི་ལམ་ཟེར་བ་དེ། ཐབས་ལམ་དང་གྲོལ་ལམ་ཀྱི་ཟླ་ཕྱེ་བའི་ཐབས་ལམ་དམིགས་སུ་བཀར་བ་མ་ཡིན་པར། ཐབས་དང་ཐབས་བྱུང་གིས་ཟླས་ཕྱེ་བའི་ཐབས་ཀྱི་ལམ་འདི་བསྟན་པ་ཡིན་ཞེས་གསུངས་པ་རེད། འདི་མྱུར་ལམ་ཡིན་པར་བསྟན་པའི་བརྡ་ཆད་ལ་རླུང་སེམས་ལས་སུ་རུང་ནས་འཁོར་བ་ལ་ལྡོག་མི་དགོས་པའི་ལམ་རྟགས་ཀྱི་ཡོན་ཏན་བརྙེས་པར་བྱེད་པའི་སྙན་བརྒྱུད་ཀྱི་གདམ་པ་ཟབ་མོ་ཡིན་ལ། དེ་ཡིན་པའི་རྟགས་ལ་བདུན་ཕྲག་གསུམ་གྱི་འཁོར་བ་ལ་ཕྱིར་ལྡོག་མི་དགོས། གང་ཟག་དབང་རྣོན་གྱི་ཆོས་རྡོ་རྗེ་སེམས་དཔའི་གསང་ལམ་འདི་ལས་ཟབ་པ་ཁོང་གིས་མ་བཤད། ཨེ་བདེན་མི་བདེན་བདེན་རྫུན་ལག་ལ་ལོངས་དང་ཤེས་ནི་རེད་ཅེས་གསུངས། འདི་དབང་རྣོན་ལ་སྒྲ་ཇི་བཞིན་པ་དང་རིམ་གྱིས་པ་ལ་ཡང་དམིགས་པ་མཆོག་ལ་བརྟེན་པའི་རྣམ་པས་བག་ཆགས་ཁྱད་པར་ཅན་འདི་རྒྱུད་ལ་བཞག་པ་ལ་དགོངས་ཏེ་དེ་ལྟར་གསུངས་པ་རེད། དེ་ལྟར་འཆད་པར་དམ་བཅས་ནས། གཅིག་ལས་གཉིས་སུ་སྤེལ་བས་ན༔ དམ་ཚིག་ཉམས་པས་དམྱལ་བར་ལྟུང༔ ཁྱད་པར་ཁ་མཁས་ཁོང་གནག་ཅིང༔ གཡོ་སྒྱུས་བླ་མའི་ངོ་སྲུང་བའི༔ དྲེད་པོ་ཆོས་ཀྱི་རྒྱུས་ཅན་ལ༔ གདམས་པ་འདི་ནི་རླུང་ཕྱོགས་ཙམ༔ བསྟན་ཀྱང་སྲོག་གི་གཤེད་མར་བྱེད༔ དེ་ཕྱིར་སྙིང་ལས་གཅེས་པར་ཟུང༔ ས་མ་ཡ༔ འདི་སྙན་བརྒྱུད་ཀྱི་གདམས་པ་ཡིན། སྤྱིར་ན་གཅིག་ལས་གཉིས་སུ་མི་སྤེལ་བ་ཆིག་བརྒྱུད་ཀྱི་གདམས་པ་ཟབ་མོ་ཡིན། ཁྱད་པར་དུ་ཁ་མཁས་ཁོག་ནག་གཡོ་རྒྱུས་ཟོལ་སྦྱོར་ལ་མཁས་པའི་དྲེད་པོ་ཆོས་རྒྱུས་ཅན་ལ་ཡང་དགོས་འདི་བསྟན་མི་ཉན། གསང་བ་མི་སྲུང་བར་དམ་ཚིག་ཉམས་པའི་རིགས་ཅན་གང་ཟག་ཐ་ཤལ་བ་དེ་འདྲ་ལ་སྙན་རྒྱུད་ཟབ་མོའི་གདམས་པ་འདི་བསྟན་བཞག་ན། སྟོན་པ་པོ་རང་ཉིད་ཀྱི་སྲོག་གི་གཤེད་མར་འགྱུར་བ། རྒྱུ་མཚན་དེའི་ཕྱིར་ན་ཕྱི་རབས་པ་རྒྱུད་འཛིན་ལས་ཅན་ཐམས་ཅད་ཀྱིས་གདམས་པ་འདི་ཉིད་སྙིང་ནས་གཅེས་པར་ཟུངས་ཞེས་གསུངས་ནས། ས་མ་ཡ་དམ་ཚིག་གི་རྒྱས་ཚིག་མཇུག་མནན་པ་ཡིན། སྐལ་ལྡན་སྙིང་འདྲའི་བུ་ལ་གཏད་དགོས་པའི་གོ་དོན་འདི་ཤུགས་ལ་འབྱུང་བ་རེད། ཤིན་ཏུ་སྣོད་དང་ལྡན་པའི་དབང་རབ་སྐལ་ལྡན་ལས་ཅན་ནམ་རྫོགས་ཆེན་ཨ་ཏིའི་ཟབ་ཁྲིད་བྱེད་ཆོག་སའི་སློབ་མ་ལ། གདམས་ངག་རྒྱུན་མི་ཆད་པའི་དགོས་པ་ལ་མང་པོར་སྤེལ་ཞིང་ཆིག་བརྒྱུད་ཀྱི་བྱིན་རླབས་མི་ཉམས་པས་བརྒྱུད་པའི་བབས་སྲོལ་དེད་དགོས་པ་རེད། འདི་ལ་སྔོན་འགྲོ་དངོས་གཞི་རྗེས་དགོས་པ་བསྟན་པ་དང་གསུམ་གྱི་ཆིངས་ཀྱིས་བསྟན་པ་ལས། དང་པོ་ཉམས་ལེན་གྱི་སྔོན་འགྲོ། དང་པོ་ཉམས་ལེན་གྱི་སྔོན་འགྲོ་ནི། དང་པོ་མར་ལས་ཧར་ལངས་ཏེ༔ ལྟོ་སྟོང་རླུང་རིག་དྭངས་པའི་ཚེ༔ སྔོན་འགྲོ་སྤྱི་དང་ཁྱད་པར་དུ༔ བླ་མའི་རྣལ་འབྱོར་གནད་དུ་བསྣུན༔ མོས་གུས་གདུང་ཞིང་དབང་བཞི་བླང༔ རྫོགས་ཆེན་སྒོམ་པའི་རྣལ་འབྱོར་པ་ཞིག་གིས་དུས་བཞིའི་མཉམ་སྦྱོར་གྱི་གདམ་པ་ཉམས་སུ་ལེན་དགོས། དེ་ལ་ཉིན་མོ་སྣང་བ་རྒྱ་ཡིས་འདེབས་པ། སྲོད་ལ་དབང་པོ་གནད་དུ་བསྡུ་བ། ནམ་གུང་ཤེས་བྱ་བུམ་པར་འཇུག་པ། ཐོ་རེངས་ཡེ་ཤེས་གསལ་བར་བྱེད་པ་དང་བཞིའི་ནང་ནས། ཐོ་རེངས་ཀྱི་སྐབས་ལ་བབས་དུས་རིག་པ་རང་གསལ་ལ་བཞག་པའི་སྐབས་དང་བསྟུན་ནས། ལྟོ་སྟོང་རླུང་རིག་དྭངས་སུ་བཅུག་ནས་སྙིང་དབུས་ཀྱི་ཨ་དཀར་དེ་སྤྱི་བོའི་ནམ་མཁར་རྒྱང་ཀྱིས་ཐོན་པའམ། སྙིང་དབུས་པདྨ་འདབ་བརྒྱད་ཀྱི་དཀྱིལ་ན་རང་སེམས་ཆོས་ཉིད་ཀྱི་ངོ་བོ་དྲིན་ཅན་རྩ་བའི་བླ་མ་དང་གཉིས་སུ་མེད་པར། མདང་ནུབ་འོད་གསལ་སྦུབས་འཇུག་གི་སྙིང་དབུས་སུ་མར་བསྡུས་པ་དེ་སྤྱི་བོར་ཡར་བྱོན་ནས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སྐྱབས་གནས་གཅིག་ཆོག་གི་ངོ་བོར་བཞུགས་པ་ལ། མོས་གུས་བླ་མའི་རྣལ་འབྱོར་གནད་དུ་བསྣུན་ནས་ལམ་དབང་བླངས་ཐུགས་ཡིད་བསྲེས། དངོས་གཞི་རླུང་གི་རྫོགས་རིམ་སྒོམ་པ་རེད། གཉིས་པ་དངོས་གཞི། དངོས་གཞི་ལུས་གནད་དྲང་པོར་བསྲང༔ རང་ཉིད་རིག་འཛིན་རྡོ་རྗེ་ཆོས༔ སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་པ༔ བརྐྱངས་བསྐུམས་འདོར་སྟབས་ཞི་མ་ཁྲོ༔ རྣལ་འབྱོར་དམར་མོ་གྲི་ཐོད་ཅན༔ དང་འཁྲིལ་རྡོར་དྲིལ་བསྣོལ་ཐབས་སྦྱོར༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ ཞེས་པ་ལ་སོགས་པ་ནི། སྔར་བླ་མའི་རྣལ་འབྱོར་གྱི་སྐབས་ལ་རྡོ་རྗེ་རྣལ་འབྱོར་མར་གསལ་བ་དེ་ཉིད་གནས་འགྱུར་ཏེ་རང་ཉིད་རིག་འཛིན་རྡོ་རྗེས་ཆོས་ལ་སྒོམ། ཅི་འདྲ་ཞིག་སྒོམ་དགོས་ཞེ་ན་སྐུ་མདོག་སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་པ་ཞབས་བརྐྱངས་བསྐུམས་དཔའ་བོའི་འདོར་སྟབས་ཅན། ཞལ་དང་སྐུའི་ཉམས་ཞི་མ་ཁྲོ། དེ་འདྲའི་རྣམ་པ་ཅན་ཞིག་བསྒོམས་ནས། ཡབ་རང་ཉིད་དང་རྣམ་པ་འདྲ་བའི་རྣལ་འབྱོར་དམར་མོ་ཕྱག་ན་གྲི་གུག་དང་ཐོད་པ་འཛིན་པ། དེ་དང་འཁྲིལ་སྦྱོར་གྱིས་ཡབ་ཀྱི་ཕྱག་གཉིས་ཀའི་རྡོར་དྲིལ་འཛིན་པ་བསྣོལ་སྟབས་ཀྱིས་སྦྱོར་ཞིང་འཁྱུད་པ། དེ་ལྟ་བུའི་ཡབ་ཡུམ་གཉིས་སུ་མེད་པ་ཡི་ཞེས་གསུངས་རྒྱུ་འདི་ཡན་ཆོད་ཀྱིས་ལུས་ཀྱི་དམིགས་གནད་བསྟན་པ་རེད། སྐུ་དབུས་དྲང་པོར་རྩ་དབུ་མ༔ མཚན་ཉིད་བཞི་ལྡན་ཆོས་ཀྱི་སྐུ༔ གཡས་གཡོན་རོ་རྐྱང་ལོངས་སྤྲུལ་གཉིས༔ ལྟེ་འོག་དབུ་མའི་མར་སྣ་ལ༔ རོལ་རྐྱང་རྣམ་གཉིས་ཆུད་པ་ཡི༔ ཡར་སྣ་ལྟག་པ་ནས་གུག་སྟེ༔ སྣ་བུག་གཉིས་སུ་ཧ་རེ་ཟུག༔ དབུ་མའི་ཡར་སྣ་ཁ་འཁྱིལ༔ ཞེས་དེ་མན་ཆོད་བརྡ་ཡིག་གིས་བསྟན། སྐུ་དབུས་དྲང་པོར་རྩ་དབུ་མ་ཞེས་གསུངས་ན་སྐུ་དབུས་དྲང་པོ་ལ་རྩ་གསུམ་ཀ་བའི་ཚུལ་དུ་ཆགས་པར་སྒོམ་དགོས། རྩ་དབུ་མ་དེ་མཚན་ཉིད་བཞི་ལྡན་ཞིག་དུ་གསུངས། མཚན་ཉིད་བཞི་བོ་གང་རེད་ཟེར་ན། དྲང་བ་ཆུ་ཤིང་གི་སྡོང་པོ་ལྟ་བུ། སྟོང་བ་ཤོག་གུ་ཁོག་སྟོང་ལྟ་བུ། གསལ་བ་ཏིལ་གྱི་མར་མེ་ལྟ་བུ། སྲབ་པ་པདྨའི་འདབ་མ་འདྲ་བ། དེ་ལྟ་བུའི་བཞི་ལྡན་ནམ་ལྔ་ལྡན་གྱི་ཆོས་ཀྱི་སྐུ་ཡི་རྩ། གཡས་གཡོན་རོ་རྐྱང་ལོངས་སྤྲུལ་གཉིས་ཞེས་པ་ནི། གཡས་གཡོན་རོ་མ་དང་རྐྱང་མ་གཉིས་ཀ་ལོངས་སྐུ་དང་སྤྲུལ་སྐུའི་རྩ་གཉིས། ལྟེ་འོག་དབུ་མའི་མར་སྣ་ལ་ཞེས་པ་རྩ་གསུམ་གྱི་འདུས་མདོ་ལ་རོ་རྐྱང་རྣམ་གཉིས་དབུ་མར་ཆུད་པ་དེ་ཡི་གེ་ཆ་ཡི་རྣམ་པ་ལྟ་བུ་ཡིན། དབུ་ཅན་གྱི་ཆ་ཡིག་གི་རྣམ་པ་ལྟ་བུ། ཡར་སྣ་ལྟག་པ་ནས་གུག་སྟེ་ཞེས་གསུངས་པ་རོ་རྐྱང་གི་ཡར་སྣ་དེ་ལྟག་པ་ནས་ཐུར་ལ་གུག་སྟེ་སྣ་བུག་གཉིས་སུ་ཧ་རེ་ཟུག་ཡོད་པ། དབུ་མའི་ཡར་སྣ་ཞེས་བརྡ་ཡིག་གིས་བསྟན་དོན་ལྟར་འོག་ཏུ་ཟླུམ་ཞིང་འཁྱིལ་ཡོད་པ་དེ་ཞལ་ཤེས་ཡིན། རོ་རྐྱང་གཉིས་ནས་ལས་ཀྱི་རླུང༔ གཡས་གཡོན་རེས་མོས་བདུན་བདུན་འབུད༔ ཉོན་མོངས་ལྔ་དང་འབྱུང་བ་ལྔར༔ བརྟེན་པའི་རླུང་དུག་སངས་ཀྱིས་ཐོན༔ རྩ་སྦུབས་སྐྱོན་དང་བྲལ་བར་སེམས༔ དེ་ནས་ཧ་ཞེས་དབུགས་བཏང་ལ༔ ངལ་གསོ་ཤེས་པ་རྣལ་དུ་ཕབ༔ རྩ་རོ་མ་དང་རྐྱང་མ་གཉིས་ནས་ལས་ཀྱི་རླུང་གཡས་གཡོན་རེས་མོས་བདུན་བདུན་དུ་རླུང་རོ་འབུད་ནས་ཉོན་མོང་ལྔ་དང་འབྱུང་བ་ལྔར་བརྟེན་པའི་དུག་རླུང་སངས་ཀྱིས་ཐོན་པར་བསམ་ནས། རྩ་སྦུབས་སྐྱོན་དང་བྲལ་བར་བསམ། དེ་སྣོད་བཀྲུ་བཤལ་བྱས་པ་དང་མཚུངས་པ་རེད། དེ་ནས་ཧ་ཞེས་དབུགས་བཏང་ལཿ ངལ་གསོ་ཤེས་པ་རྣལ་དུ་ཕབཿ འདི་ཅི་ལྟར་གསུངས་པ་དེ་བཞིན་དུ་གོ་བ་ལེན་ཆོག་པ་ཡིན། དེ་ཡན་ཆོད་ཀྱིས་རླུང་གི་དམིགས་གནད་བསྟན་པ་རེད། འདི་ན་ཟེར་རྒྱུ་ཞིག་ཡོད་རྒྱུ་འདི་མན་ཆོད་ཀྱི་མན་ངག་པྲ་ཁྲིད་ཀྱི་ཟབ་མོའི་དངོས་གཞིའི་གནད་བསྟན་པ་རེད། དེ་ནས་སྙིང་གུར་སྨུག་པོའི་དབུས༔ ཀུན་བཟང་མཐིང་ཀ་མཉམ་བཞག་ཅན༔ ཆེ་ཆུང་སྲན་མ་ཙམ་པ་ལ༔ སྐྱེ་མཆེད་ཤིན་ཏུ་དྭངས་པར་གསལ༔ དེ་ཡི་ཐུགས་ཀར་འོད་ལྔའི་ཐིག༔ ཟླུམ་པོར་འཁྱིལ་བའི་ནང་ཁོངས་སུ༔ དྭངས་གསལ་སྐྱེ་མེད་ གསལ་འཚེར་སྤུ་ཡིས་བྲིས་ལྟར་གསལ༔ ཞེས་གསུངས་ན་ད་པྲ་ཁྲིད་ཟབ་མོའི་དངོས་གཞི་ངོ་མ་འདི་ནས་མར་ཅི་ལྟར་གསུངས་པ་རེད་ཅེ་ན། དེ་ནས་སྙིང་གུར་ཞེས་པ་སྙིང་འཕྱོང་གུར་སྨུག་པོ་རིན་ཆེན་ཟུར་བརྒྱད་པ་ལྟ་བུའི་དབུས་སུ། ཀུན་བཟང་མཐིང་ཀ་མཉམ་བཞག་ཅན་ཆེ་ཆུང་སྲན་མ་ཙམ་པ་ལ་སྐྱེ་མཆེན་ཤིན་ཏུ་དྭངས་པར་ཞེས་པ་ཟབ་ཅིང་ཕྲ་བའི་དོན་རེད། དེ་ཡི་ཐུགས་ཀར་ཡེ་ཤེས་ལྔ་ཡི་རང་བཞིན་གྱི་འོད་ལྔའི་ཐིག་ལེ་ཟླུམ་པོར་འཁྱིལ་བའི་ནང་ཁོངས་ན། དྭངས་གསལ་སྐྱེ་མེད་སྲོག་གི་སྙིང་པོ་ཡི་གེ་ཨ་ཡིག་ལ་གོ་དགོས། གསལ་འཚེར་སྤུ་ཡིས་བྲིས་པ་ལྟར་དུ་གསལ། འདི་ནས་ཉམས་ལེན་ལག་ལེན་གྱི་གནད་ངོ་མ་བསྟན་པ་ཡིན་ནོ། །དེ་ནས་སྦྱོར་བ་བཞི་ལྡན་གྱིས༔ གནད་དང་ལྡན་པས་རླུང་རྔུབས་ལ༔ རོ་རྐྱང་ལམ་བརྒྱུད་སྙིང་དབུས་བསྐྱལ༔ ངླ་ཁ་རཱུ་ཌྷྱ་ཅུང་ཟད་བྱས་ཏེ༔ རླུང་ཡིག་རིག་པ་གཅིག་ཏུ་དྲིལ༔ ཞལ་ཤེས་གནད་དང་ལྡན་པ་ཡིས༔ རླུང་ཁུག་བརྒྱའམ་བདུན་ཅུ་འམ༔ སུམ་ཅུ་ལ་སོགས་ཐུན་རེར་འབད༔ དེ་ནས་སྦྱོར་བ་བཞི་ལྡན་ཞེས་པ་གང་ཡིན་ན། དགུག དགང་། གཞིལ། གཏོང་རྣམས་རེད། གནད་དང་ལྡན་པས་རླུང་རྔུབས་ལ་ཞེས་པ་དེ་ལྟ་བུའི་གནད་དང་ལྡན་པས་རླུང་འདི་སྣ་ཡིས་རྔུབས་རྒྱུ་ཡིན། འདི་རྫོགས་རིམ་སྤྱི་ཡི་འགྲོ་ལུགས་ལྟར་དུ་རླུང་རོ་སྦྱང་ནས་འབྱིན་འཇུག་བྱེད་དགོས། རོ་རྐྱང་གི་ལམ་བརྒྱུད། དབུ་མར་ཞུགས་ནས་སྙིང་དབུས་ལ་བསྐྱེད་དགོས། ཅུང་ཟད་ནང་དུ་ཞེས་གསུངས་པ་གཙོ་བོ་ཞལ་ཤེས་ཡིན། རླུང་ཡིག་རིག་པ་གཅིག་ཏུ་དྲིལ་ཞེས་གསུངས་ནས་རླུང་དང་ཨ་ཡིག་རིག་པ་དང་གསུམ་པོ་དེ་གཅིག་ཏུ་དྲིལ་དགོས་པ་ཡིན། ཞལ་ཤེས་གནད་དང་ལྡན་པ་ཡིས་ཞེས་གསུངས་ན་གེགས་སེལ་ལ་སོགས་པ་བླ་མའི་ཞལ་རྒྱུན་གྱི་ཞལ་ཤེས་མན་ངག་གི་གནད་དང་ལྡན་པ་ཡིས། འདིའི་དངོས་གཞིའི་ཉམས་ལེན་ལ་དགོས་གལ་ཆེ་བའི་རླུང་གི་རྣལ་འབྱོར་ལ་བསླབ་དུས། བསླབ་ཚུལ་ལྔ་ཡོད་པ་ཡིན། གྲངས་ལ་བསླབ་པ་དང་གཅིག འགྲོ་འོང་ལ་བསླབ་པ་དང་གཉིས། དབྱིབས་ལ་བསླབ་པ་དང་གསུམ། ཁ་དོག་ལ་བསླབ་པ་དང་བཞི། དེའི་འཕྲོར་རླུང་བུམ་པར་ཞུགས་པའི་མན་ངག་དང་ལྔ་གསུངས་ཡོད། སྤྱིར་བཤད་ན་སྐྱེས་བུ་དར་ལ་བབས་པ་ནད་མེད་ཞིག་གིས་ཉིན་ཞག་ཕྲུག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་གི་དབུགས་རྒྱུ་བ་ཡིན། སྐབས་ཐོབ་ཀྱི་བཞུགས་སྟངས་དང་བསྟུན་ཏེ་སེམས་མ་ཡེངས་པར་བཞག་ན། རྣམ་རྟོག་འཕྲོ་བ་ཇེ་ཉུང་ལ་སོང་དུས་རླུང་ཇེ་དལ་དུ་སོང་ནས་གྲངས་ཇེ་ཉུང་ལ་འགྲོ་གིན་ཡོད། དམིགས་པ་གནད་དུ་བསྣུན་ནས་བྱང་སོང་ན་ཐ་མར་རླུང་གི་འགྲོ་འོང་ཆད་ནས་ཤེས་པ་གར་གཏད་ལ་སྡོད། ལས་རླུང་ཟད་པས་རྣམ་རྟོག་ཟད། རྣམ་རྟོག་ཟད་པས་སྣང་བ་ཟད། དེ་དུས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངང་ལ་ཡུན་རིང་ནས་བར་སྐབས་རྒྱུན་དུ་གནས་ཐུབ་པར་མ་ཟད་ཇི་བཞིན་འབྱུང་སོང་དུས་ཆུ་ལ་མི་བྱིངས་པར་ནམ་མཁའ་ལ་བྱ་བཞིན་དུ་འཕུར་ནུས་པ་སོགས་པའི་གྲུབ་པའི་རྟགས་ཀྱང་འབྱུང་། དེ་བཞིན་དུ་རླུང་གི་འགྲོ་འོང་སོགས་ལ་བསླབ་ནས་ཐ་མར་རླུང་བུམ་ཅན་ལ་བསླབ་ན་ལུས་ཁ་ཟས་ལས་གྲོལ། སེམས་བདེ་སྟོང་ཏུ་གྲོལ། རིག་པ་རྣམ་རྟོག་ལས་གྲོལ། དེ་འདྲའི་གྲོལ་བ་གསུམ་གྱི་རྟགས་འབྱུང་། མཐར་ཟག་པ་ཐམས་ཅད་ལས་གྲོལ་བ་འབྱུང་བ་དེ་འདྲ་ཡིན། རླུང་ཁུག་བརྒྱའམ་བདུན་ཅུ་ཐམ༔ སུམ་ཅུ་ལ་སོགས་ཐུན་རེར་འབད༔ ཞེས་འདི་ནས་གེགས་སེལ་བསྟན་པ་ཡིན་ནོ། །མན་ངག་གནད་དང་མི་ལྡན་ན༔ སྲོག་རྩར་ལས་ཀྱི་རླུང་ཞུགས་ནས༔ སྨྱོ་བའི་ཉེན་ཡོད་ཁེ་ཉེན་ཆེ༔ གནད་དུ་སོང་ན་སྲོག་ཐུར་གྱི༔ རླུང་གཉིས་གཅིག་ཏུ་འདྲེས་གྱུར་ནས༔ དབུ་མར་ཞུགས་ནས་ཐིམ་གསུམ་གྱི༔ རང་རྩལ་རྫོགས་པའི་རྟེན་འབྲེལ་ལས༔ བུམ་ཅན་རིལ་བ་ཞབས་ཚགས་ཅན༔ མངོན་དུ་སྣང་ཞིང་འོག་རླུང་ལ༔ བཤང་བའི་དྲི་མ་མི་འབྱུང་ཞིང༔ ཞེས་པ་ལ་སོགས་པས་བསྟན། མན་ངག་གི་གནད་དང་མི་ལྡན་པར་འོལ་ཚོད་སྤྱི་བརྟོལ་གྱིས་གསང་བ་ལ་ཅི་མི་སྙམ་པའི་སྤྱོད་ཀྱིན་བསྡད་པ་ཡིན་ན། སྲོག་རྩ་ལ་ལས་ཀྱི་རླུང་ཞུགས། དམ་ཚིག་ཉམས་ནས་བཀའ་ཡིས་ཆད་པ་ཕོག་ཏེ་སྨྱོ་བའི་ཉེན་ཁ་ཡང་ཡོད་ལ་ཁེ་ཉེན་ཆེ་བས་གཟོབས་གསུངས་པ་རེད། གནད་དུ་སོང་ནས་མཐུན་རྐྱེན་ཡོངས་སུ་ཚོགས་སོང་ན། སྲོག་དང་ཐུར་སེལ་གྱི་རླུང་གཉིས་ཀ་གཅིག་ཏུ་འདྲེས་པར་གྱུར་ནས། ཐུན་རེ་རེའི་དང་པོའི་སྐབས་སུ་རླུང་ཁུག་པ་བརྒྱ་རེ་ཙམ་རེ་དང་། དེ་ནས་བར་སྐབས་དེ་ལས་ཉུང་བདུན་ཅུ་ཙམ་རེ་དང་མཐར་སུམ་ཅུ། ཡང་མཐར་དེ་ལས་ཀྱང་ཉུང་བར་འགྱུར་ཞིང་ནང་དུ་འཛིན་པའི་འབད་པ་གྱིས་གསུངས་པ་རེད། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བརྒྱུད་དགོས་པ་ཡིན། དེ་ལྟར་དང་པོ་རླུང་དབུ་མར་ཞུགས། དེ་ནས་གནས། དེ་ནས་ཐིམ། དབུ་མར་ཞུགས་གནས་ཐིམ་གསུམ་གྱི་རིམ་པ་དེ་ལྟར་བརྒྱུད། རང་རྩལ་རྫོགས་པའི་རྟེན་འབྲེལ་ལས༔ བུམ་ཅན་རིལ་པ་ཞབས་ཚགས་ཅན༔ ཞེས་པ། འདི་ཡང་རྩ་མདུད་མས་རིམ་ལས་གྲོལ་བ་རེད། བུམ་ཅན་རིལ་པ་ཞབས་ཚགས་ཅན་མངོན་དུ་སྣང་ཞིང་འོག་རླུང་ལ་བཤང་བའི་དྲི་མ་མི་འབྱུང་བ་དང་དྲི་ཆུ་ཆུ་གཙང་ལྟར་འབབ་པ་ལ་སོགས༔པ་ལམ་རྟགས་འབྱུང་། ལས་རླུང་དག་ནས་ཡེ་རླུང་ལ་འཁྱིལ་དགོས་པ་རེད། རྩ་འདབ་གོང་ནས་བཤད་པ་ལྟར་མས་རིམ་ནས་གྲོལ་བ་ཡིན་པས། ཁྱར་པར་དུ་ལྟེ་བའི་རྩ་མདུད་གྲོལ༔ དང་པོའི་ས་ཡི་རྟོག་པ་འཆར༔ ཞེས་གསུངས་ན། རྩ་མདུད་གཉིས་གཉིས་གྲོལ་བ་དང་མཉམ་དུ་ས་ཡི་ཁྱད་པར་རེ་མཐོང་གི་ཡོད་པ་རེད། མངོན་སུམ་སྣང་བ་ལྷུག་པར་མཐོང༔ ཞེས་གསུངས། ས་དང་པོར་ཆོས་ཉིད་མངོན་སུམ་མཐོང་ལམ་གྱི་བདེན་པ་རྟོགས་པ་རེད། འདི་ལ་ཐེ་ཚོམ་འགའ་ཡང་མེད༔ ས་མ་ཡ༔ ཞེས་གསུངས་ནས་རྒྱ་ཡིས་བཏབ། དེ་ཡིས་དངོས་གཞི་བསྟན། རྗེས་དགོས་པ་དང་ཕན་ཡོན་གསུང་པ་ནི། གསུམ་པ་དགོས་པ་དང་ཕན་ཡོན། འདི་ནི་རྫོགས་རིམ་ཀུན་གྱི་བཅུད༔ དབུ་མར་ཡེ་ཤེས་རླུང་ཟིན་པས༔ གཏུམ་མོའི་ནང་ནས་ཡང་རྩེ་ཡིན༔ ཞེས་གསུངས། འདི་ནི་བླ་མེད་ཐུན་མོང་གི་རྫོགས་རིམ་ཀུན་གྱི་བཅུད་དམ་སྙིང་པོའི་ཡང་བཅུད་ལྟ་བུ་ཞིག་ཡིན། རྩ་དབུ་མར་ལས་རླུང་དག་ནས་ཡེ་ཤེས་ཀྱི་རླུང་ཟིན་པའི་རྒྱུ་མཚན་གྱིས་གཏུམ་མོའི་ནང་ནས་ཡང་རྩེ་འདི་ཡིན། ཞེས་སོ། །སེམས་ཉིད་ཆོས་སྐུར་གནས་དག་པས༔ འོད་གསལ་ཀུན་གྱི་རྒྱལ་པོར་འགྱུར༔ ཞེས་པས་གཏུམ་མོའི་ཡང་རྩེ་ཡིན། འོད་གསལ་གྱི་རྒྱལ་པོ་ཡིན་ཞེས་གསུངས། དེའི་སྐབས་སུ་རྩ་སྤྲུལ་སྐུར་དག རླུང་ལོངས་སྐུར་རྫོགས། ཐིག་ལེ་ཆོས་སྐུར་སྨིན་ནས་སེམས་ཉིད་ཆོས་སྐུར་གནས་དག་པ་ཡིན་པས་ན། འོད་གསལ་སྒོམ་པའི་ལམ་ཀུན་གྱི་རྒྱལ་པོར་འགྱུར་ཞེས་གསུངས། སྣང་བའི་རྫུན་ཕུགས་རྡིབ་པ་ཡིས༔ སྒྱུ་མ་མ་བཅོས་རང་ལ་ཤར༔ ཞེས་དེ་ཡིས་སྒྱུ་ལུས་བསྟན་པ་རེད། དེའི་ཚེ་འཁྲུལ་སྣང་རང་སར་གྲོལ་ནས་སྣང་བའི་རྫུན་ཕུགས་རྡིབ་སོང་དུས་དངོས་སྣང་སྒྱུ་མའི་སྣང་ཚུལ་མ་བཅོས་རང་ལ་ཤར་བ་ཡིན་པས་སྒྱུ་ལུས་འབྱུང་བ་རེད། གར་ཤར་རྣམ་རྟོག་མ་ཡན་པ༔ རྨི་ལམ་ཀླུངས་ཚུད་སྤྲུལ་བསྒྱུར་ནུས༔ ཞེས་གསུངས་བ་འདིས་རྨི་ལམ་བསྟན། རྨི་ལམ་ཡན་པར་མ་ཤོར་བར་རྨི་ལམ་ལམ་དུ་ལྷོང་ནས་ཀློང་དུ་ཚུད་དེ་སྤྲུལ་བསྒྱུར་ནུས་པ་དེ་འདྲའི་རང་དབང་ཐོབ་པ་འབྱུང་གསུངས། ཐ་མལ་རྣམ་རྟོག་ཡེ་ཤེས་སུ༔ འཕོས་པའི་འཕོ་བའི་ཡང་རྩེ་ཡང་ཡིན༔ ཞེས་ཐ་མལ་བའི་འཁྲུལ་བའི་རྣམ་རྟོག་དག་པ་ཡེ་ཤེས་སུ་གོ་འཕོས་སོང་བས་ན་འདི་འཕོ་བའི་ཡང་རྩེ་ཡང་ཡིན་ལ། སྒོ་གསུམ་རྡོ་རྗེ་གསུམ་ལྡན་གྱི༔ གྲོང་དུ་འཇུག་པས་གྲོང་འཇུག་མཆོག༔ གསང་སྔགས་ཀུན་གྱི་འབྲས་བུ་ཡིན༔ ཞེས་སྒོ་གསུམ་སྐུ་གསུང་ཐུགས་གསུམ་རྡོ་རྗེ་གསུམ་ལྡན་གྱི་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དུ་འཇུག་པས་ན་གྲོང་འཇུག་གི་མཆོག་ཀྱང་འདི་ཡིན། མདོར་ན་འདི་ནི་གསང་སྔགས་བསྐྱེད་རྫོགས་ཀུན་གྱི་འབྲས་བུ་ཡིན་ཞེས་གསུངས་སོ། །ས་མ་ཡ༔ འདི་ལམ་གྱི་སྙིང་པོ་འོད་གསལ། ལམ་གྱི་གཞི་མ་སྒྱུ་ལུས། ལམ་གྱི་དྲོད་ཚད་རྨི་ལམ། ལམ་གྱི་བློ་ཆོད་འཕོ་བ་སོགས་ཡིན་གསུངས་ཏེ། ལམ་གྱི་བསུ་མ་བར་དོ་རང་ཤུགས་ཀྱིས་ཆོད་པ་ཤུགས་ལ་བསྟན། དེ་ཡིས་རྫོགས་རིམ་ཆོས་དྲུག་ནང་ནས་ལམ་གྱི་རྩ་བ་གཏུམ་མོའི་ཟུར་དུ་ས་བཅད་གཉིས་པ་བཞག་ནས་གསུངས་པ་དེ་ཡིན་ནོ། ། ༼ཧཱུྃ༽ ཆོས་ཚན་གསུམ་པ་འབར་འཛག་དྲོད་ཀྱི་རྣལ་འབྱོར།བདེ་སྟོང་རླུང་གི་རྫོགས་རིམ་ལས༔ དེའི་ནང་གསེས་འབར་འཛག་དྲོད་ཀྱི་རྣལ་འབྱོར་ནི༔ ཞེས་ཉམས་ལེན་སྲང་དུ་འཛུད་དུས་ཐོ་རེངས་ཀྱི་ཐ་མ་ལ་བདེ་སྟོང་དང་གཏུམ་མོ་སྒོམས་གསུངས་པ། འདིའི་གནད་ཁྲིད་ཡིག་གཞུང་ནས་འབྱུང་བ་ལྟར་དུ་ཡིན། ད་རེས་རྫོགས་ཆེན་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ཁྲིད་ཆེན་གྱི་ཡན་ལག་ཙམ་དུ་སོང་བས་ན་འདི་ནས་རྒྱས་བཤད་དགོས་པའི་སྐབས་མ་རེད། སྤྱིར་རླུང་གནད་དུ་འཆུན་ནས་ཐིག་ལེ་དག་དགོས་པ་རེད། དེ་གཉིས་ཀ་ཡང་རྩ་ལ་བརྟེན་དགོས་པ་ཡིན་པས་ན་རྡོ་རྗེ་ལུས་ཀྱི་རྩ་ཐིག་རླུང་གསུམ་པོ་འབྱོང་རྒྱུ་གལ་ཆེན་ཡིན་གསུངས། རྩ་རླུང་གི་འཕྲུལ་འཁོར་གནད་ཆེ་མོད། དང་པོ་རླུང་འབྱོང་རྒྱུ་གནད་ཆེ། ཡིན་ན་ཡང་ལག་ཁྲིད་བརྒྱུད་པའི་ཕྱག་སྲོལ་མི་ཉམས་པའི་ཆེད་དུ་འདིའི་འཕྲུལ་འཁོར་རང་ལུགས་ཀྱི་བརྒྱུད་པའི་ལག་ལེན་ལྟར་དུ་བསྐྱར་གསོ་བྱས་པ་ཡིན། འདིའི་རྐང་པ་ཚུགས་ཕན་ཆད་ནས་རླུང་དམིགས་ལ་བསླབ་རྒྱུ་གནད་ཆེན་རེད། རྩ་རླུང་ཞག་བརྒྱ་ལ་བཞུགས་མཁན་ཡིན་ན་ཕྱེད་ཀ་རླུང་གི་རྣལ་འབྱོར་དང་གཏུམ་མོའི་རྣལ་འབྱོར་ལ་བསླབ་རྒྱུ་གལ་ཆེན་ཡིན་པ་སྔར་ཡང་བཤད་མྱོང་བ་ཡིན་ནོ། །རྩ་གསུམ་སྔ་མ་ཇི་བཞིན་ལ༔ དབུ་མའི་ཡར་སྣར་ཧེ་རུ་ཀ༔ དཀར་ཆ་ཧཾ་ཡིག་རང་བཞིན་ལ༔ ནར་སྣར་དམར་ཆ་གནམ་ཞལ་མ༔ ཨ་ཤད་འོད་ཀྱི་རྣམ་པར་གསལ༔ རོ་རྐྱང་གཉིས་ནས་རླུང་རྔུབས་ཏེ༔ ལྟེ་བའི་གནམ་ཞལ་སྦར་བ་ལས༔ ཤེས་རབ་ཡེ་ཤེས་ལྷབ་ཀྱིས་འབར༔ ཞེས་གསུངས་ཏེ། རྩ་གསུམ་སྔ་མ་ཇི་བཞིན་རྣལ་འབྱོར་པའི་རྡོ་རྗེ་ལུས་ཀྱི་དབུས་དྲང་པོ་ན་རྟེན་སྲོག་རྩོལ་ལ་བརྟེན་པའི། བརྟེན་པ་ཡེ་ཤེས་ཀྱི་འོད་རྩ་ཞིག་ཡིན་པས། དབུ་མ་མཐིང་སྐྱ་དབུས་སུ་མདའ་སྨྱུག་དྲང་པོར་བསྲིང་པ་ལྟ་བུའི་དྲང་སེ་ཡོད་པའི། ལྟེ་འོག་ནས་སྤྱི་གཙུག་གི་བར་ལ་ཟུག གཡས་གཡོན་ན་རོ་རྐྱང་གཉིས་ཀ་ཡོད། རོ་རྐྱང་གཉིས་ཀ་ཕོ་མོའི་རྟེན་གྱི་ཁྱད་པར་གྱིས་གོ་ལྡོག་ནས་ཡོད། སྐྱེས་པར་གཡས་རོ་མ་དཀར། གཡོན་རྐྱང་མ་དམར་བའི་རང་བཞིན་གསལ་བཏབ་པ་གོང་ནས་གསུངས་པ་ལྟར་དང་། བུད་མེད་ལ་དེ་ལས་གོ་ལྡོག་པ་བཞིན་དུ་གསལ་བ། དེ་ལ་དབུ་མའི་ཡར་སྣར་ཧེ་རུ་ཀ་ཞེས་གསུངས་ན། དབུ་མའི་ཡར་སྣར་ཐབས་མཆོག་ཧེ་རུ་ཀའི་ངོ་བོ་དཀར་ཆ་ཧཾ་ཡིག་གི་རང་བཞིན་ཅན་ལ། དབུ་མའི་མར་སྣ་དམར་ཆ་ཤེས་རབ་ཀྱི་རང་བཞིན་ཡུམ་གནམ་ཞལ་དབྱིངས་ཀྱི་དབང་ཕྱུག་མ་མཚོན་པའི་ཨ་ཤད་འོད་ཀྱི་རྣམ་པར་གསལ་གསུངས། ཨ་ཤད་འདི་སྤྱིར་བཏང་གི་ཨ་ཕྱིས་ཤུལ་གྱི་མཐའ་ལ་ཤད་ཀྱི་རྣམ་པ་ལྟ་བུ་ཞིག་གནས་པ་དེ་ཉིད་ཀྱི་རྩེ་མོ་གྱེན་དུ་བསྟན་ནས་འོད་ཀྱི་རྣམ་པར་གསལ་བ་ལ། འདིའི་སྐབས་ལ་སྣ་བུག་གཉིས་ནས་རླུང་འབྱིན་འཇུག་བྱེད་དགོས། རོ་རྐྱང་གཉིས་ནས་རླུང་རྔུབས་ཏེ་ཞེས་གསུངས་དོན་དེ་ཡིས་རེད། ལྟེ་བའི་གནམ་ཞལ་སྦར་བ་ལས་ཞེས་གསུངས་བ་དེ་ལྟེ་བའི་ཨ་ཤད་ཡུམ་གནམ་ཞལ་དབྱིངས་ཕྱུག་མར་ཞུགས་པ་ལས། ཤེས་རབ་ཀྱི་མེ་སྦར་བ་ལས་ཤེས་རབ་ཡེ་ཤེས་ཀྱི་མེ་ལྕེ་དེ་ཉིད་ལྷབ་ཀྱིས་འབར་ཡོང་དུས། དེ་ཡང་ངོ་བོ་བདེ་བ་ལ༔ རང་བཞིན་གསལ་ཞིང་རྣམ་པ་ཚ༔ རྩེ་མོ་རྣོ་ལ་འཁྱུག་པ་ཡིས༔ ལྟེ་བའི་རྩ་འཁོར་ཡོངས་གང་ཞིང༔ བདེ་དྲོད་གློ་བུར་སྐྱེས་པར་བསམ༔ ཞེས་པ་ནི། ཡེ་ཤེས་ཀྱི་མེ་དེ་ཡང་ངོ་བོ་བདེ་བ་ཡིན་པ་ལ་བདེ་བའི་རང་བཞིན་རྨུན་པ་མ་ཡིན་པར། གསལ་ཞིང་ཚ་བའི་རྣམ་པ་ཅན། མེའི་རྩེ་མོ་དེ་ཉིད་རྣོ་ལ་འཁྱུག་པ་ཡིས་ལྟེ་བ་སྤྲུལ་བའི་འཁོར་ལོའི་རྩ་འཁོར་ཡོངས་སུ་རྫོགས་པ་གང་ཞིང་། བདེ་དྲོད་སྔར་བས་ཇེ་ཆེར་འབར་བས་གློ་བུར་དུ་སྐྱེས་པར་བསམ་དགོས། དེ་བཞིན་ཆོས་ཀྱི་འཁོར་ལོ་དང༔ ལོངས་སྤྱོད་བདེ་ཆེན་འཁོར་ལོ་སོགས༔ སོ་སོའི་གནས་སུ་རླུང་ཁུག་ནི༔ ཉེར་གཅིག་བདུན་སོགས་གོང་དང་མཚུངས༔ ཞེས་པ་ནི། ལྟེ་བའི་མི་ཚད་པར་དེ་བཞིན་དུ་སྙིང་ཀ་ཆོས་ཀྱི་འཁོར་ལོ་དང་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། ད་རུང་གསང་གནས་བདེ་ཆེན་འཁོར་ལོ་སོགས་རྩ་འཁོར་བཞི་འམ་ལྔ་སོ་སོའི་གནས་སུ་འབྱིན་འཇུག་གནས་གསུམ་གྱི་རླུང་ཁུག་ནི་ཉེར་གཅིག་དང་བདུན་སོགས་ཇེ་དལ་ཇེ་གནས་ཡིན་པ་གོང་དང་མཚུངས་པ་རེད། དེ་ནས་སྤྱི་བོའི་ཧཾ་ཡིག་ལ༔ མེ་ལྕེས་རེག་པ་ཙམ་གྱིས་ནི༔ བདེ་བ་གཡོས་ཤིང་ཐིག་ལེ་ཞུ༔ ཞུན་གྱིས་མར་མེ་འཐིགས་པ་ལྟར༔ སྤྱི་བོའི་རྩ་འདབ་ཐམས་ཅད་ཁེངས༔ ཞེས་གསུངས་པ་ནི། དེ་ནས་མཐར་སྤྱི་བོའི་ཧཾ་ཡིག་ལ་མེ་ལྕེས་རེག་པ་ཙམ་གྱིས་བདེ་བ་སྔར་ལས་ཆེ་བར་གཡོས་ཤིང་ཐིག་ལེ་ཞུ་ནས། ཞུན་གྱི་མར་མེ་ཞུ་ནས་ཐིགས་པ་ལྟར་དུ་ཐིག་ལེའི་སྤྱི་བོའི་རྩ་འདབས་ཐམས་ཅད་ཁེངས་པར་སྒོམ་དགོས། རྩ་ཁམས་དཔའ་བོ་ཌཱཀྐི་ནཱི༔ ཏིལ་གང་ཕྱུར་བ་ལྟ་བུ་ལ༔ བདེ་སྟོང་བདུད་རྩིའི་མཆོད་པ་ཕུལ༔ སྤྱི་བོའི་རྩ་ཁམས་དཔའ་བོ་དང་ཌཱཀྐི་སྟེ། མཁའ་འགྲོ་མའི་ཚོགས་ཏིལ་གང་ཕྱུར་བ་ལྟ་བུ་དཔག་ཏུ་མེད་པར་ཡོད་པ་ལ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིས་མཆོད་པ་ཕུལ་ནས་དེ་དག་མཉེས་པར་བྱས་ཏེ། ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང༔ བུམ་དབང་མངོན་དུ་ཐོབ་བྱས་ཏེ༔ དགའ་བའི་ཡེ་ཤེས་སྐྱེས་པར་བསམ༔ ཞེས་གསུངས་ན།དེ་ལྟར་མཆོད་པ་ཕུལ་བའི་མཐུས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་ཤིང་། ཉོན་ཤེས་བགས་ཆགས་དང་བཅས་པའི་སྒྲིབ་གཉིས་བྱང་བའི་འགོ་ཚུགས་ཏེ། དབང་བཞིའི་ནང་ནས་བུམ་དབང་མངོན་དུ་ཐོབ་པར་བྱས་ཏེ། དགའ་བ་བཞིའི་ནང་ནས་དགའ་བའི་ཡེ་ཤེས་སྐྱེས་པར་བསམ། དེ་བཞིན་མགྲིན་པ་སྙིང་ག་དང༔ ལྟེ་བ་ལ་ཡང་གོང་བཞིན་དུ༔ རིག་པ་སྒྲེ་ཞིང་གསང་དབང་དང༔ ཤེས་རབ་ཡེ་ཤེས་བཞི་པའི་དབང༔ རིམ་བཞིན་མངོན་དུ་ཐོབ་བྱས་ཤིང༔ མཆོག་དགའ་ཁྱད་པར་ལྷན་སྐྱེས་ཀྱི༔ ཡེ་ཤེས་ཉམས་སུ་མྱོང་བར་བསམ༔ དེ་བཞིན་ཞེས་གསུངས་པ་སྤྱི་བོ་དེ་བཞིན་མགྲིན་པ་དང་། སྙིང་ཀ་དང་ལྟེ་བའི་རྩ་འཁོར་ལ་ཡང་། གོང་ནས་གསུངས་པ་བཞིན་རིག་པ་སྒྲེ་ཤེས་དགོས་པ་རེད་ཅེས་གསུངས་པས། རིག་པ་སྒྲེ་ཞིང་གསང་དབང་དང་། ཤེས་རབ་ཡེ་ཤེས་དང་བཞི་པའི་དབང་སྟེ། དང་པོ་རྩ་འདབ་ཐམས་ཅད་ཁེངས། རྩ་ཁམས་དེའི་དཔའ་བོ་མཁའ་འགྲོ་ཐམས་ཅད་མཆོད། ཚོགས་གཉིས་གང་འཚམས་རྫོགས། སྒྲིབ་གཉིས་གང་འཚམས་དག་ནས་མགྲིན་པར་གསང་དབང་། སྙིང་ཀར་ཤེར་དབང་། ལྟེ་བར་ཚིག་དབང་དེ་དག་རིམ་བཞིན་མངོན་དུ་ཐོབ་པར་བྱས་ཤིང་། མཆོག་དགའ་ཁྱད་པར་ལྷན་སྐྱེས་ཀྱི། །ཞེས་གསུངས་ན་མགྲིན་པར་མཆོག་དགའ། སྙིང་ཀར་ཁྱད་པར་གྱི་དགའ་བ། ལྟེ་བར་ལྷན་སྐྱེས་ཀྱི་དགའ་བ་དང་བཅས་པའི་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ་ཞེས་གསུངས། དེ་ནས་རྩ་གསུམ་འདུས་མདོ་རུ༔ དྭངས་མ་ཨ་ཤད་ལ་ཕོག་ཚེ༔ སྣུམ་ཁོལ་བདུད་རྩི་བླུགས་པ་བཞིན༔ མེ་དང་བདུད་རྩི་གཉིས་མེད་འབར༔ རིག་པ་རྩལ་གྱི་དབང་ཆེན་ཐོབ༔ ཅེས་པས། དེ་ནས་ལྟེ་འོག་གི་རྩ་གསུམ་གྱི་འདུས་མདོ་རུ་བོད་ཡིག་དབུ་ཅན་གྱི་ཆ་ཁོག་སྨད་ལྟ་བུ་ཟེར་བ་དེར་བདུད་རྩིའི་དྭངས་མ་ཨ་ཤད་ལ་ཕོག་པའི་ཚེ། དཔེར་ན་སྣུམ་ཁོལ་མའི་ནང་དུ་བདུད་རྩིའམ་ཆང་བླུག་པ་བཞིན་དུ། མེ་དང་བདུད་རྩི་གཉིས་མེད་དུ་ཤིན་ཏུ་ཆེར་འབར་ཏེ་དབང་བཞི་པ་ལས་ཀྱང་ཁྱད་པར་དུ་གྱུར་བའི་རིག་པ་རྩལ་གྱི་དབང་ཆེན་ཐོབ་པ་ལ་གོ་དགོས། སྣང་སྲིད་ཐམས་ཅད་མེ་ཡིས་ཁེངས༔ སྣོད་དང་བཅུད་དུ་འཛིན་པ་ཡི༔ རྣམ་རྟོག་བག་ཆགས་ཐམས་ཅད་བསྲེག༔ དེ་ནས་སྣང་སྲིད་བརྟན་གཡོ་ཐམས་ཅད་ཡེ་ཤེས་ཀྱི་མེ་ལྕེ་དེ་ཡིས་ཁེངས་ནས། སྣོད་དང་བཅུད་དུ་འཛིན་པ་ཡི་ཐ་མལ་གྱི་རྣམ་རྟོག་ཞེན་འཛིན་བག་ཆགས་དང་བཅས་པ་ཐམས་ཅད་ཤུལ་མེད་དུ་བསྲེགས་ནས། མཐར་ནི་རང་ལུས་མེ་དང་བཅས༔ ཇེ་ཆུང་ཇེ་ཆུང་སྤྲོས་བྲལ་ངང༔ བསྡུས་ལ་གསལ་སྟོང་ངང་དུ་བཞག༔ ཞེས་པས། དེའི་མཐར་རང་ལུས་མེ་དང་བཅས་པ་ཡང་ཇེ་ཆུང་ཇེ་ཆུང་། སྤྲོལ་བྲལ་དམིགས་བསམ་བརྗོད་མེད་ཀྱི་ངང་ལ་རྫོགས་རིམ་ཆེན་པོའི་དབྱིངས་སུ་བསྡུས་ལ་གསལ་སྟོང་འཛིན་མེད་ཀྱི་ངང་དུ་ཞོག་ཅེས་གསུངས། གེགས་སེལ་ཧ་སྤྲུགས་བརྡབ་ཆུང་དང༔ ངལ་གསོ་ཤེས་རིག་རྣལ་དུ་དབབ༔ ཞེས་གསུངས་ཏེ། གེགས་འདྲ་བྱུང་ན་ཧ་སྤྲུགས་དང་བརྡབ་ཆུང་བྱ་བ་དང་ཤེས་པ་རང་བབས་མ་བཅོས་པའི་ངང་དུ་ངལ་གསོས་ནས། ཤེས་རིག་རང་མལ་ལ་རྣལ་དུ་དབབ་དགོས། འདི་ལྟར་རྣལ་དུ་ཕེབས་གྱུར་ན༔ བདེ་དྲོད་མེ་འབར་གོས་མི་དགོས༔ འབྱུང་བ་ལྔ་ལ་རང་དབང་སྒྱུར༔ ཞེས་གསུངས་ཏེ། འདི་ལྟར་དུ་ལག་ལེན་ལ་ཐེབས་ནས་སྦྱངས་པའི་རིམ་པ་ཇི་བཞིན་དུ་མ་ནོར་པར་རྣལ་དུ་ཕེབས་སོང་བ་ཡིན་ན། བདེ་དྲོད་མེ་འབར་ཞེས་ལུས་ལ་བདེ་དྲོད་མེ་ལྟར་དུ་འབར་ནས་གྲང་བའི་དུས་སུའང་གོས་མི་དགོས། འབྱུང་བ་ལྔ་ལ་རང་དབང་བསྒྱུར་ཏེ་ས་ལ་འཛུལ་ཞིང་རི་བྲག་ལ་ཐོགས་པ་མེད་པ། ཆུ་ལ་ཉ་ལྟར་དུ་འཕྱོ་ཞིང་མེས་མི་འཚིག རླུང་ལྟར་མགྱོགས་ཤིང་མི་སྣང་ནམ་མཁའི་རང་བཞིན་དུ་སྤྲུལ་བསྒྱུར་ནུས་པ་དེ་འདྲ་ཡོང་བ་ཡིན་ནོ། །མ་དག་ལས་ཀྱི་རླུང་དག་པས༔ སྤྱན་དང་མངོན་ཤེས་ལ་སོགས་ཐོབ༔ ཐུན་མོང་ཡོན་ཏན་བསམ་མི་ཁྱབ༔ མངོན་ཞེན་སྐྱེས་ན་རུ་ཏྲར་གོལ༔ ཞེས་མ་དག་པའི་ལས་ཀྱི་རླུང་ཐམས་ཅད་དག་སོང་དུས། དག་པ་ཡེ་ཤེས་ཀྱི་རླུང་གི་སྟོབས་དེ་ཆེས་ཆེར་ཡར་འཕེལ་ནས། དེའི་ཡོན་ཏན་དེ་ནི་སྤྱན་དང་མངོན་ཤེས་ལ་སོགས་ཀྱི་གྲུབ་པ་ཐོབ་པ་ཡིན། ཐུན་མོང་གི་ཡོན་ཏན་བསམ་གྱིས་མི་ཁྱབ། དེའི་ཚེ་གྲུབ་རྟགས་དེ་ཚོར་མཚན་མར་བཟུང་ནས་མཆོག་འཛིན་གྱི་མངོན་ཞེན་སྐྱེས་ན་རུ་ཏྲར་གོལ་འགྲོའོ། །ཅི་ཕྱིར་འབྲས་བུའི་ཡོན་ཏན་ནི༔ སྤངས་རྟོགས་མཐའ་རུ་ཕྱིན་པའི་དབྱིངས༔ ཆོས་ཟད་བློ་འདས་ཆེན་པོ་སྟེ༔ དེ་ཕྱིར་དེ་དག་ལམ་རྟགས་ཀྱི༔ ཡོན་ཏན་ཙམ་ལས་ས་ཟིན་མེད༔ ཅེས་པས་ཅིའི་ཕྱིར་ཞེ་ན། མངོན་ཞེན་སྐྱེས་བཏང་ན་རུ་ཏྲར་གོལ་འགྲོ་བའི་རྒྱུ་མཚན་ཅི་རེད་ཅེ་ན། འབྲས་བུའི་ཡོན་ཏན་མཐར་ཐུག་པ་གང་ཡིན་ཞེ་ན། སྤངས་རྟོགས་མཐའ་རུ་ཕྱིན་པའི་དབྱིངས་ཞེས་གསུངས་པས། སྤངས་དང་རྟོགས་པའི་ཡོན་ཏན་མཐའ་རུ་ཕྱིན་པའི་ཆོས་ཀྱི་དབྱིངས་ལ་གོ་བ་རེད། དེ་ནམ་ཐོབ་ན་བློ་ཟད་ཆོས་འདས་ཆེན་པོའི་སར་ཕྱིར་པའི་སྐབས་ཡིན། དེ་ཕྱིར་དེ་དག་ལམ་རྟགས་ཀྱི་ཞེས་པས། གོང་ནས་སྨོས་མ་ཐག་པའི་ཐུན་མོང་གི་གྲུབ་རྟགས་དེ་དག་ལམ་རྟགས་ཀྱི་ཡོན་ཏན་ཙམ་ལས་མཐར་ཐུག་གི་འབྲས་བུའི་གཞི་བཅོལ་སའི་ས་ཟིན་མེད་པས་བློ་གཏད་མེད་ཅེས་གསུངས་པ་རེད། སྤངས་ཐོབ་བྲལ་བའི་རྫོགས་ཆེན་ནི༔ ཆོས་རྣམས་ཀུན་གྱི་གྲོལ་སའོ༔ ཞེས་སྤངས་ཐོབ་དང་བྲལ་བའི་རྫོགས་པ་ཆེན་པོའི་ཆོས་ནི་རྫོགས་རིམ་ཀུན་གྱི་མཐར་ཐུག་པ་དབྱིངས་དང་ཡེ་ཤེས་གཉིས་མེད། ཆོས་རྣམས་ཀུན་གྱི་གྲོལ་ས་གཞི་འབྲས་དབྱེར་མེད་པའི་སར་ཕྱིན་པའོ། །ས་མ་ཡ༔ ཞེས་གསང་བ་དམ་ཚིག་གི་རྒྱས་སླར་ཡང་མནན་ཏེ། ཇི་ལྟར་མཁའ་འགྲོའི་གསང་མཛོད་ལས་བརྡ་བསྒྱུར་མཛད་ཚུལ་ནི། འདི་ལྟར་སྲོག་རྩོལ་རླུང་གི་གནད༔ བརྒྱ་ཕྲག་འདུས་པའི་ཡང་ཟབ་བཅུད༔ སྙིང་མཛོད་སྨུག་པོ་ཀློང་གི་སྒྲོམ༔ སྐུ་གདུང་འབར་བའི་བརྡའ་རིས་ཅན༔ ཞེས་འདི་ལྟར་གདམ་པའི་མན་ངག་འདི་ནི་སྲོག་དང་རྩོལ་བའི་རླུང་གི་གནད་གྱི་ལམ་བརྒྱ་ཕྲག་གི་སྙིང་པོ་ཐམས་ཅད་འདུས་པའི་ཡང་ཟབ་ཀྱི་བཅུད་ཡིན། གཏེར་ཁ་གསར་རྙིང་མང་པོ་ནས་སྲོག་རྩོལ་གྱི་རླུང་གི་གནད་འདི་བཤད་པ་མང་པོ་ཡོད་དེ། ཐམས་ཅད་ཀྱི་བཅུད་འདི་ལ་འདུས། འདི་བརྡ་ཕྲན་ཕལ་བ་དང་མི་འདྲ་བ་ཡིན་པས་ན་སྙིང་མཛོད་སྨུག་པོ་ཀློང་གི་སྒྲོམ། སྐུ་གདུང་འབར་བའི་བརྡའ་རིས་ཅན་ཞེས་སྙིང་པོའི་ཡང་ཞེན་ཀྱི་བརྡ་རིས་ཅན་ཡིན་གསུངས་པ་རེད། མཁའ་འགྲོའི་ཐུགས་གསང་ནམ་མཁའ་མཛོད༔ གཏེར་བཅུད་འདུས་པའི་ཕོ་བྲང་ནས༔ བརྡ་ཚིག་རྡོ་རྗེའི་དབྱིངས་སུ་བསྒྱུར༔ ཞེས་གཏེར་བདག་ཡེ་ཤེས་ཀྱི་མཁའ་འགྲོའི་ཐུགས་གསང་། ཟད་མེད་ནམ་མཁའ་མཛོད་ཀྱི་གཏེར་བཅུད་འདུས་པའི་ཕོ་བྲང་གང་ཡིན་པ་དེ་ནས་སྤྱན་དྲངས་ཏེ། ཁོང་གིས་བརྡ་ཚིག་རྡོ་རྗེའི་དབྱངས་སུ་བསྒྱུར་ནས་གོ་བར་བྱས་པ་ཡིན་གསུངས་པ་རེད། སྐལ་ལྡན་འགའ་ཡི་སྤྱོད་ཡུལ་ལས༔ གཞན་དུ་མ་ཡིན་དམ་ཚིག་རྒྱ༔ སྙིང་འདྲ་གཅིག་ལས་ཤོར་ར་རེ༔ ཞེས་སྐལ་ལྡན་འགའ་ཡི་སྤྱོད་ཡུལ་མ་གཏོགས་ཐམས་ཅད་ཀྱི་སྤྱོད་ཡུལ་མིན། གཞན་སྣོད་ཡིན་མིན་གཉིས་ཀྱི་སྤྱོད་ཡུལ་མ་ཡིན་པས་དམ་ཚིག་གི་རྒྱ་གཅིག་གིས་མི་ཚད་རིམ་པ་མང་པོས་མནན་ཏེ་སྙིང་འདྲ་གཅིག་ལས་ཤོར་ར་རེ་ཞེས། སྙིང་དང་འདྲ་བའི་སྐལ་ལྡན་གྱི་བུ་མཆོག་གཅིག་ལས་གཉིས་པར་ཤོར་ར་རེ། ཤོར་འགྲོ་ཉེན་ཆེའོ་ཞེས་འགག་མཛད་པ་རེད། ཡང་བསྐྱར་ནན་གྱིས་མནའ་ཐོ་ཡིས་བགག་སྟེ། འདི་དང་རྫོགས་ཆེན་མ་བུ་གསུམ༔ ཉམས་སུ་བླངས་ནས་མ་གྲོལ་ན༔ པདྨས་བསླུས་སོ་ཕྱི་རབས་རྣམས༔ ཞེས་འདི་དང་རྫོགས་ཆེན་མ་བུ་གཉིས་ཏེ་གསུམ་པོ་གསུངས་པ། འདི་བུ་ལྟ་བུ་ཡིན་པར་ཆག་བཞག་ན་རྫོགས་ཆེན་ཁྲེགས་ཆོད་ཐོད་རྒལ་གཉིས་མ་ལྟ་བུ་ཡིན་ལ། འདི་དག་སྔོན་རྗེས་ཀྱི་རིམ་པ་ལྟར་དུ་རྫོགས་ཆེན་མ་བུ་གསུམ་ཞེས་པར་འགྲེལ་ཆོག ཉམས་སུ་བླངས་ནས་མ་གྲོལ་ན་བདག་ཉིད་པདྨ་འབྱུང་གནས་ཁོང་གིས་བསླུས་པ་ཡིན་ཕྱི་རབས་ཀྱི་རྗེས་འཇུག་རྣམས་དེ་བས་ཡིད་ཆེས་པར་གྱིས་གསུངས་པ་རེད། འདིས་ཀྱང་རྫོགས་རིམ་ཀུན་གྱི་མཐར་ཐུག་གི་སྐྱེལ་སོ་དེ་རྫོགས་པ་ཆེན་པོ་ལ་ཐུག་པ་གོ་ཐུབ་པ་ཡིན་ནོ། །ལས་འཕྲོ་ཅན་གྱི་དཔལ་དུ་ཤོག༔ ཅེས་རྫོགས་ཆེན་བརྒྱུད་པ་དགུ་ལྡན་གྱི་ནང་གི་ཤོག་སེར་ཚིག་གི་རྒྱ། ལས་འཕྲོ་གཏེར་གྱི་རྒྱ་ཡི་རྣམ་པ་དང་བཅས་ཏེ། སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ དཔལ་སྔགས་ཀྱི་སྲུང་མས་དམ་ཉམས་བཀའ་རྐུན་ལོག་སྲེད་ཅན་གྱི་ལག་ཏུ་མ་བཏང་ཞིག༔ གལ་ཏེ་བཏང་ན་རཀྐན༔སྟེ། དམྱལ་མེ་བཟོད་དཀའ་ཞེས། དམྱལ་བར་སྐྱེ་བ་རེད་ཅེས་དམྱལ་མེས་བཟོད་དཀའི་ཐ་ཚིག་གིས་རྫོགས་པར་བྱས་པ་ཡིན་ནོ། །དེ་ནི་ཆོས་ཚན་གསུམ་པ་ཡིན། ༼སྭཱ༽ ཆོས་ཚན་བཞི་པ་གཏུམ་མོའི་འབར་འཛག་ཡིག་ཆུང་།༃ ཀློང་ཆེན་སྙིང་གི་ཐིག་ལེ་ལས་གཏུམ་མོའི་འབར་འཛག་ཡིག་ཆུང་བཞུགས། འབར་འཛག་སྙན་བརྒྱུད་ཞལ་ཤེས་ལ། དང་པོ་རྩ་གནས་བྱིན་བརླབ་ནི། རྩ་དབུ་མ་སྟོང་གསལ་གྱི་ཡར་སྣེ་རྒྱ་སྐར་ཁ་ཕྱེ་བ་ལྟ་བུའི་ནང་ཀུན་བཟང་ཡབ་ཡུམ་མགྲིན་པ་ཡན་ཆད་ཐོན་པ་ནས་མས་རིམ་རྩ་བའི་བླ་མའི་བར་བརྒྱུད་པའི་གསོལ་འདེབས་ནང་བཞིན་ཐོ་བརྩེགས་སུ་གསལ། རྩ་དབུ་མ་ཡེ་ཤེས་ཀྱི་རྩ་གོང་ནས་ཞུས་པ་ལྟ་བུའི་སྟོང་གསལ་འོད་ཀྱི་རྣམ་པ་ཅན་གྱི་ཡར་སྣེ་སྤྱི་བོའི་རྒྱ་མཐོང་གི་རྒྱ་སྐར་ཁ་ཕྱེ་བ་ལྟ་བུའི་ནང་ན། ཐམས་ཅད་ཀྱི་ཐོག་མར་ཀུན་ཏུ་བཟང་པོ་ཡུམ་ཀུན་ཏུ་བཟང་མོ་སྐུ་མདོག་དཀར་མོ་ཅན་དང་འཁྲིལ་བའི་ཀུན་བཟང་ཡབ་ཡུམ་གྱི་སྐུའི་མགྲིན་པ་ཡན་ཆད་རྒྱ་མཐོང་གི་ཁར་ཐོན་པ་ཙམ་ནས། མས་རིམ་བཞིན་དུ་དེའི་འོག་ཏུ་རིག་འཛིན་བརྒྱུད་པ་ནས་རང་གི་རྩ་བའི་བླ་མའི་བར་བརྒྱུད་པའི་གསོལ་འདེབས་ནང་བཞིན་དུ། ཐོ་བརྩེགས་སུ་གཅིག་གི་གདན་ཁྲི་ལ་གཅིག་གི་དབུ་མ་རེག་ཙམ་བརྩེགས་མར་གསལ་བཞིན། དག་པ་རབ་འབྱམས་དབུ་མའི་གྲོང་ཁྱེར་ན། །སེམས་ཀྱི་རྡོ་རྗེ་ཆོས་སྐུ་ངོ་བོ་ཉིད། །ཅེས་པ་ལ་སོགས་པའི་གསོལ་འདེབས་མོས་གུས་དྲག་པོ་བྱས་རྗེས་བླ་མ་རྣམས་རིམ་གྱིས་འོད་དུ་ཞུ་ཐིག་ལེ་དམར་པོ་གཅིག་ཏུ་གྱུར་པའི་ནང་ཁོངས་ཨ་ཤད་ཀྱི་རྣམ་པ་གསལ་ཙམ་དང་། སྤྱི་བོར་ཧཾ་ཡིག་མགོ་གྱེན་བསྟན་བསྒོམ། ཞེས་གསུངས་ན། གསོལ་འདེབས་དང་དད་པ་ཡིས་བ་སྤུ་གཡོ་བའི་མོས་གུས་དྲག་པོ་ཞིག་ཐུན་མོང་མ་ཡིན་པ་ཞིག་བྱས་པའི་རྗེས་སུ། རང་གི་མོས་གུས་ཀྱི་སྟོབས་ཀྱིས་བླ་མའི་ཐུགས་རྗེ་ཞུགས་ནས་འོད་དུ་ཞུ་སྟེ་ཐིག་ལེ་དམར་པོ་ཞིག་ཏུ་གྱུར་པའི་ཐིག་ལེ་དེའི་ནང་ཁོངས་ཨ་ཤད་ཀྱི་རྣམ་པ་གསལ་ཙམ་དང་། གོང་ནས་ཞུས་པ་ལྟར་དུ་ཨ་འདི་ལ། ཨ་གཏུམ་ཟེར་བ་ཞིག་དང་། ཨ་ཐུང་ཟེར་བ་ཞིག ཨ་ཤད་ཟེར་བ་ཞིག་བཅས་གསུམ་གྱི་དབྱེ་བ་གསུངས་ཡོད་ནི་རེད། ཨ་གཏུམ་ཞེས་པ་ཨ་ཡིག་ཆ་ཚང་བརྒྱ་བྱིན་གྱི་མིག་གིས་བརྒྱན་པ་དེ་ལ་གསུངས་པ་དང་། ཨ་ཐུང་ནི་ཨ་ཡིག་གི་ཁོག་སྨད་གྲུ་གསུམ་གྱེན་བསྟན་ལ་གསུངས་པ་དང་། ཨ་ཤད་ཅེས་པ་ཨའི་མཐའ་མའི་ཤད་ཀྱི་རྣམ་པ། དེ་ཡང་འགོ་ཐུར་བསྟན་རྩེ་མོ་རྣོ་ས་གྱེན་བསྟན་དེ་འདྲ་ཞིག་ལ་གསུངས་པ་ཡིན། སྤྱི་བོར་ཧཾ་ཡིག་དང་པོའི་སྐབས་སུ་མགོ་གྱེན་བསྟན་ལ་བསྒོམ། རོ་རྐྱང་གཉིས་ནས་རླུང་རྔུབས་ཕྲུ་མ་ཕུས་བརྒྱངས་པ་བཞིན་དུ་དབུ་མའི་མས་སྣར་ཞུགས། རོ་མ་དང་རྐྱང་མ་གཉིས་ནས་རླུང་རྔུབས་ཏེ་རྩ་རོ་རྐྱང་གཉིས་ཀ་ཕྲུ་མ་ཕུས་བརྒྱངས་པའམ་རྒྱུ་སྟོང་དབུགས་ཀྱིས་བརྒྱངས་པ་ལྟར་དུ་རླུང་དབུ་མའི་མས་སྣར་སུམ་མདོ་ཆ་ཡིག་གི་རྣམ་པ་ལྟ་བུ་ནས། ལྟེ་འོག་སོར་བཞིའི་མཚམས་ཀྱི་རྩ་དབུ་རྐྱང་རོ་གསུམ་འབྲེལ་མཚམས་ཀྱི་ཡི་གེ་ཆ་ཡིག་གི་འཕོང་ལྟ་བུ་ཞིག་ཡིན་པ་གོང་ནས་ཀྱང་ཞུས་པ་ཡིན། རོ་རྐྱང་གཉིས་ཀྱི་ལམ་དེར་བརྒྱུད་ནས་རླུང་དབུ་མའི་མས་སྣ་ནས་ཞུགས་ཏེ་ཐིག་དམར་ཨ་ཤད་ཅན་ལ་ཕོག་པས་བྱིན་རླབས་ཡེ་ཤེས་ཀྱི་མེ་ལྕེ་ལྷབ་ཀྱིས་འབར། དེ་ཡང་མཚན་ཉིད་བཞི་ལྡན་ཞིག་དགོས་པ་སྟེ། མེའི་ངོ་བོ་བདེ་བ་ཡི་གཅིག རེག་བྱ་ཚ་བ་ཡི་གཉིས། རྣམ་པ་གསལ་བ་ཡི་གསུམ། རྩེ་མོ་ཤེས་རབ་ཀྱི་རང་བཞིན་རྣོ་ལ་འཁྱུག་པ་སྟེ། དེ་འདྲའི་མཚན་ཉིད་བཞི་ལྡན་དུ་འབར་བས་གནས་ཚུལ་དང་མཐུན་པའི་རྩ་ནང་ཐམས་ཅད་དཔའ་པོ་མཁའ་འགྲོའི་གྲོང་ཁྱེར་དུ་ཁྱབ་པའི་རྩ་ནང་ཐམས་ཅད་དུ་ཡེ་ཤེས་ཀྱི་མེ་ལྕེས་ཁྱབ། འདིའི་སྐབས་སུ་རླུང་གི་ཕོ་སྐོར་ཅུང་ཟད་བྱ་གསུངས་རྒྱུ་དེ་དམིགས་བསལ་གྱི་ཞལ་ཤེས་རེད། རིམ་བཞིན་ལྟེ་བ་སྤྲུལ་བའི་འཁོར་ལོ་ནས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་བར་གྱི་རྩ་གཙོ་བོ་གསུམ་དང་། རྩ་འདབ་ཐམས་ཅད་དུ་ཞུགས་གསུངས་ནི་རེད། ལྟེ་བ་སྤྲུལ་བའི་འཁོར་ལོ་རྩ་འདབས་དྲུག་ཅུ་རེ་གཉིས་ཡིན། སྙིང་ཀ་ཆོས་ཀྱི་འཁོར་ལོ་རྩ་འདབས་བརྒྱད་དེ་སྤྱི་འགྲོས་ལྟར་དུ་རེད། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབས་བཅུ་དྲུག སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབས་སོ་གཉིས་བཅས་པ་བརྒྱུད་ནས། ལུས་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པར་ཁྱབ་པ་དེ་འདྲ་ཡིན་ནི་རེད། སྤྱི་བོའི་ཧཾ་ཡབ་ཧེ་རུ་ཀའི་ངོ་བོ་དང་། ལྟེ་འོག་གི་མེ་ཉིད་ཡུམ་གྱི་ངོ་བོར་གྱུར་པ་ཡབ་ཡུམ་གཉིས་རེག་པ་འཕྲོད་པས་ཞུ་བདེའི་ཉམས་རྒྱས། ཧཾ་ཡིག་ལས་འོད་ཟེར་མུ་མཐའ་མེད་པར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མཆོད། ཐུགས་བདེ་སྟོང་གི་རོས་ཚིམ། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས། ཧཾ་ཡིག་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་ཞིག་མཐའ་ཡས་མུ་མེད་པར་འཕྲོས། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མཆོད། རྒྱལ་བ་སྲས་དང་བཅས་པ་དེ་དག་གི་ཐུགས་བདེ་སྟོང་ཟག་མེད་ཀྱི་བདེ་བའི་རོས་ཚིམ་པས་ཐུགས་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། སྐྱོབ་པའི་ནུས་མཐུ་གསུམ་གྱི་ཡོན་ཏན་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཚུར་ལ་བསྡུས་ཏེ། ཡང་འཕྲོས་འབྱུང་བ་ལྔའི་དྭངས་བཅུད་དང་སྣོད་བཅུད་ཀྱི་བཀྲག་མདངས་གཟི་བྱིན་ཀྱང་ལྷན་ཅིག་བསྡུས་ཏེ་གསུངས་ན། ཡང་འོད་ཟེར་དེ་འཕྲོས་ཏེ་འབྱུང་བ་ལྔ་ཡི་དྭངས་བཅུད་བརྟན་པ་སྣོད། གཡོ་བ་བཅུད་ཀྱི་བཀྲག་མདངས་གཟི་བྱིན་ཀྱང་ལྷན་ཅིག་ལ་བསྡུས་ཏེ་ཧཾ་ཡིག་ལ་ཐིམ་པའི་རྐྱེན་གྱིས་ཧཾ་ཡིག་མགོ་བོ་གྱེན་ལ་བསྟན་པ་དེ་མགོ་མཇུག་ཧྲིལ་གྱིས་ལྡོག་ནས། ཞུ་བདེ་འབར་འཛག་གི་ཉམས་རྒྱས་གསུངས་ན། ཞི་བའི་བདེ་བ་འབར་འཛག་གི་ཉམས་རབ་ཏུ་རྒྱས་ཏེ། ད་འདི་ཡས་བབས་ཀྱི་དགའ་བ་བཞི་དང་སྦྲགས་ནས་དབང་བཞི་ལེན་པའི་དམིགས་པ་ཞིག་རེད། འདི་ཚོ་ཐབས་གྲོལ་གྱི་ལམ་གང་གི་སྐབས་ཡིན་ནའང་མེད་མི་རུང་བའི་རྫོགས་རིམ་གལ་ཆེན་ཡིན་ནི་རེད། དེ་ནས་གོང་གི་འབར་འཛག་དྲོད་ཀྱི་རྣལ་འབྱོར་དང་འདྲ་བར་སྤྱོ་བོ་བདེ་ཆེན་གྱི་འཁོར་ལོ་ན་སངས་རྒྱས་རྣམ་པར་སྣང་མཛད་དང་། ཡུམ་ནམ་མཁའ་དབྱིངས་ཕྱུག་མ་ལ་སོགས་ཏེ་བུདྷ་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཏིལ་གྱི་གང་བུ་ཁ་བྱེ་བ་ལྟར་བཞུགས་པ་ལ་བདེ་སྟོང་བདུད་རྩིའི་མཆོད་པ་ཕུལ། ཚོགས་རྫོགས། སྒྲིབ་པ་དག དམ་ཚིག་ཉམས་ཆག་བསྐངས། དབང་བཞིའི་ནང་གི་བུམ་པའི་དབང་ཐོབ། དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། དགའ་བ་བཞི་ཞེས་པ་དགའ་བ། མཆོག་དགའ། ཁྱད་པར་གྱི་དགའ་བ། ལྷན་ཅིག་སྐྱེས་དགའ་སྟེ་བཞི་བོ་རེད། དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་གསུངས་ནི་རེད། ཤར་ཕྱོགས་ཀྱི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཞལ་བཞེས་གནང་རྒྱུ་དེ་ཀུན་མཁྱེན་ཀློང་ཆེན་པས་ཐུན་མིན་གྱི་རང་ལུགས་ཀྱང་རེད། ཡང་མགྲིན་པར་བབས། སངས་རྒྱས་སྣང་བ་མཐའ་ཡས་དང་། ཡུམ་གོས་དཀར་མོ་ལ་སོགས་ཏེ་པདྨའི་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་ལ་མཆོད་པ་འབུལ་ཚུལ་སྔར་དང་འདྲ། གསུངས་ནི་རེད། བདེ་སྟོང་གི་བདུད་རྩིའི་མཆོད་པ་འབུལ། ཚོགས་རྫོགས། སྒྲིབ་པ་དག དམ་ཚིག་ཉམས་ཆག་བསྐངས་ནས། དབང་བཞིའི་ནང་ནས་གསང་དབང་ཐོབ་པའི་སྐབས་སུ། དགའ་བ་བཞིའི་ནང་ནས་མཆོག་དགའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། ཡང་སྙིང་ཀར་བབས། ཡེ་ཤེས་ཀྱི་བདུད་རྩི་དེ་ཉིད་སྙིང་ཀར་བབས། སངས་རྒྱས་མི་བསྐྱོད་པ་དང་ཡུམ་མཱ་མ་ཀཱི་ལ་སོགས་རྡོ་རྗེའི་རིགས་ཀྱི་དཔའ་བོ་རྣལ་འབྱོར་མ་ལ་སོགས། མཆོད་ཚུལ་སྔར་དང་འདྲ། ཡང་བདེ་སྟོང་བདུད་རྩིའི་མཆོད་པ་ཕུལ་ནས། ཚོགས་རྫོགས་སྒྲིབ་པ་དག དམ་ཚིག་ཉམས་ཆག་བསྐངས། དབང་བཞིའི་ནང་གི་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དགའ་བཞིའི་ནང་གི་ཁྱད་པར་གྱི་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། ཡང་ལྟེ་བར་བབས། རིན་ཆེན་འབྱུང་ལྡན་དང་། ཡུམ་སངས་རྒྱས་སྤྱན་མ་ལ་སོགས་ཏེ་རིན་ཆེན་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མ། མཆོད་ཚུལ་གོང་དང་འདྲ། དབང་བཞི་ཐོབ། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་རྒྱུད་ལ་སྐྱེས་བར་བསམ། ཡང་གསང་གནས་སུ་བབས། སངས་རྒྱས་དོན་ཡོད་གྲུབ་པ་དང་། ཡུམ་དམ་ཚིག་སྒྲོལ་མ་ལ་སོགས་ཏེ་ལས་ཀྱི་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་མཆོད། ཚོགས་རྫོགས། སྒྲིབ་པ་དག དམ་ཚིག་ཉམས་ཆག་བསྐངས། དེ་ནས་འདིའི་སྐབས་རིག་པའི་རྩལ་དབང་ཐོབ་གསུངས་ནི་རེད། ཀུན་རྟོག་དང་ལས་རླུང་གི་གཡོ་གདངས་མར་ལ་ཞུ་སོང་དུས་དེ་དང་མཉམ་དུ་འོད་གསལ་གྱི་ནུས་པ་ཡར་ལ་ཇེ་ཆེར་ཡོང་རྒྱུ་ཆོས་ཉིད་ཡིན་ནི་རེད། རིག་པའི་རྩལ་དབང་གི་ནང་གསལ་འབྲས་ཆོས་ཀྱི་ཡོན་ཏན་ད་ལྟ་ནས་རང་ལ་རང་ཆས་སུ་བཞུགས་པ་དེ། གཏན་ལ་དེ་ཉིད་ཕབས་ནི་ཡིན་ན། དེས་ཟབ་གནད་ངོ་ཤེས་བཞིན་པར་འདིའི་དམིགས་གནད་ལམ་དུ་ལྷོང་ནུས་ན། དེ་སྙིང་ཀ་གཞོན་ནུ་བུམ་སྐུའི་སྟེང་ན་དབྱིངས་ཐིག་རིག་གསུམ་གྱི་བསྡུས་པའི་རྡོ་རྗེ་གསུམ་གྱི་བསྐྱེད་བྱེད་ཀྱི་ནུས་པ་གཞི་ལ་ཡོད་རྒྱུ་དེ་མངོན་དུ་གྱུར་ནས། མི་ཤིགས་འོད་ལྔའི་དྭངས་མའི་ལང་ཚོ་ལྷག་པར་བཀྲག་མདངས་འབར་བར་བྱེད་ཀྱིན་ཡོད། དེའི་ཕྱིར་ན་རྫོགས་ཆེན་མ་བུ་དང་འདིར་འབྲེལ་བ། བླ་མེད་ཐུན་མོང་གི་རྫོགས་རིམ་ལས་ཁྱད་པར་འཕགས་པའི་འཕགས་ཆོས་བསྟན་ནི་རེད། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། ཞེས་པ་སྟེ། སོ་སོའི་སྐྱེ་བོའི་སེམས་དེ་རྟོག་པའི་ཡུལ་ལས་འདས་སོང་བའི་བསམ་གྱིས་མི་ཁྱབ་པའི་བརྗོད་པ་དང་བྲལ་བའི་ཡེ་ཤེས་ཆེན་པོ་དེ་ཉིད་རྒྱུད་ལ་སྐྱེས་པར་བསམ། དམིགས་པའི་གནད་འདི་ཁོང་དུ་ཆུད་ན་ཞེས། གོང་དུ་བཤད་མ་ཐག་པའི་དམིགས་པའི་གནད་འདི་དག་ཁོང་དུ་ཆུད་ནས་ལག་ལེན་ཡོང་ནས་ཉམས་སུ་ལོན་ནི་ཡིན་ན། ནང་དང་གསང་བའི་སྦྱིན་སྲེག་ཀྱང་འདི་ཡིན། ཚོགས་འཁོར་ཀྱང་འདི་ཡིན། བསོད་ནམས་བསག་ཐབས་ཀྱང་འདི་ལས་ཟབ་པ་མེད། དེ་ལྟར་ན་དམིགས་བཅས་བསོད་ནམས་ཀྱི་ཚོགས་ལ་བརྟེན་ཏེ་དམིགས་མེད་ཡེ་ཤེས་ཀྱི་ཚོགས་རང་ཤུགས་ཀྱིས་རྫོགས་ནི་ཡིན་པས་ན། དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐོང་བའི་རྒྱུར་འགྱུར་བས། དོན་དམ་པར་དཀྱིལ་འཁོར་དུ་འཇུག་པ་དང་ཞེས། དོན་དམ་པར་རམ་དོན་གྱིས་བཤད་སོང་ན་དཀྱིལ་འཁོར་དུ་འཇུག་པ་དང་དབང་ལེན་པ་ཡང་འདི་ཡིན། གསང་སྔགས་ཀྱི་དེ་ཉིད་བཅུ་བོ་དེ་འདི་ལ་མ་ཚང་པ་མེད་གསུངས་ནི་རེད། འདི་ལ་མན་ངག་གནད་ཀྱི་ཞལ་ཤེས་སྦས་དོན་ཡང་འབྱེད་ཀྱི་འཇུག་གི་ཚུར་ལ་དམིགས་པ་ཁྱད་པར་ཅན་འཛིན་ལུགས། དེ་ལས་ཧཾ་ཡིག་དེ་ཉིད་བླ་མ་སངས་རྒྱས་ཐམས་ཅད་འདུས་པར་ཤེས་པའི་མོས་གུས་དང་། གཏུམ་མོའི་མེ་དེ་ཉིད་ཀྱང་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འདུས་པའི་ཕྲིན་ལས་སུ་ཤེས་དགོས་པ་དེ་གནད་ཡིན་གསུངས་ནི་རེད། རང་གར་མེ་འབར་བ་ཞིག་སྒོམ་པས་མི་ཡོང་གསུངས་ནི་རེད། དེ་ཐུན་མོང་ལས་ཁྱད་པར་དུ་འཕགས་པའི། ཐུན་མིན་རྫོགས་ཆེན་ལམ་གྱི་ཆ་ལག་དགོས་ཆོས་གནད་ཀྱི་ཆེ་བ་འདི་དམིགས་བསལ་གྱིས་བསྟན་ནི་རེད། དེ་གསང་སྔགས་ལམ་མྱུར་བ་དང་ཐབས་ཟབ་པའི་ངེས་ཤེས་རྒྱུད་ལ་བརྟན་ཅིང་ཐེ་ཚོམ་མེད་པ་རྣམས་ལ་དངོས་གྲུབ་མྱུར་བ་སྔགས་ཀྱི་ཁྱད་ཆོས་ཡིན་ནོ། །དེ་མིན་ན་དངོས་གྲུབ་འགྲུབ་རྒྱུ་མེད་གསུངས་ནི་རེད། དད་པ་མེད་ཅིང་ཐེ་ཚོམ་བྱས་ན་དངོས་གྲུབ་མི་འབྱུང་བ་ཤུགས་བསྟན་ཡིན་ནི་རེད། རྗེས་ལ་མེ་དང་དབུ་མ་ཆེ་བསྐྱེད་ཆུང་བསྐྱེད་རེས་མོས་ཡང་ཡང་བྱ་བས་ཆེན་པོར་གྱུར་པའི་ཚེ་གསུངས་ནི་རེད། མེ་དང་དབུ་མའི་དམིགས་པ་དེ་ཚོ་རྩལ་སྦྱངས་ནས་མཚམས་རེར་རྒྱ་ཆེན་པོ་བསྒོམ་ཆོག་ནི་རེད། དབུ་མའི་ཞེས་ཡུལ་ཁམས་སྟོང་གསུམ་གང་བ། མཚམས་རེར་ཤིན་ཏུ་ཕྲ་བ་རྣལ་འབྱོར་དམིགས་པས་བསྒྱུར་ནས་ཆེན་པོ་སྒོམ་པའི་ཚེ་སྟོང་ཁམས་ཐམས་ཅད་མེས་གང་སྟེ་བར་ཆད་གདོན་བགེགས་རྣམ་རྟོག་བག་ཆགས་ལས་ཉོན་དང་བཅས་པ་གཞོལ་ཐུལ་གྱིས་ཚིག་པར་བསམ། ཆུང་ཆུང་ལ་ཕྲ་མོ་བྱས་ནས་བསྒོམ་དུས། རེས་འགའ་དབུ་མ་མེ་དང་བཅས་པ་ཇེ་ཆུང་རྟ་རྔ་བརྒྱར་གཤགས་པའི་ཆ་ཙམ་ཇེ་ཕྲར་བསྒོམ་ལ་རིག་པའི་རྩལ་སྦྱང་། མཐར་ཐམས་ཅད་མཚན་མེད་ཀྱི་རྫོགས་རིམ། མི་དམིགས་པ་རྫོགས་རིམ་ཐམས་ཅད་ཀྱི་རྒྱལ་པོ་རྫོགས་ཆེན་གྱི་ལྟ་བའི་ངང་བསྐྱངས་བ་དེའི་ཐོག་ཏུ་བསྡུས་ཏེ་དགེ་བ་བསྔོ་བར་བྱའོ།། །། ༼ཧཱ༽ ཆོས་ཚན་ལྔ་བ་རིག་འཛིན་འཁྲུལ་འཁོར་སྦས་དོན་གསལ་བ།ཀློང་ཆེན་སྙིང་གི་ཐིག་ལེ་ལས་རིག་འཛིན་འཁྲུལ་འཁོར་སྦས་དོན་གསལ་བ་བཞུགས།། རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དང་འབྲེལ་བའི་གདན་གསུམ་ལྷའི་འཁོར་ལོ་ལ་ཕྱག་འཚལ་ལོ། །གདན་གསུམ་ཚང་བའི་དཀྱིལ་འཁོར་ཞེས་པ་དེ་གོང་ལྟར་དུ། རྡོ་རྗེའི་ལུས་ཕུང་ཁམས་སྐྱེ་མཆེད་ཀྱི་བདག་ཉིད་འདི་འཁྲུལ་ངོར་མ་བརྟག་གདོས་བཅས་ཀྱི་རྣམ་པར་སྣང་བ་ཡིན་ན་ཡང་། དོན་དུ་གནས་ཡུལ་ཉེར་བཞིའི་དཔའ་བོ་མཁའ་འགྲོའི་གྲོང་ཁྱེར། དེ་ཅི་ལྟར་ཡིན་ན་ཕུང་ཁམས་གཤེགས་པ་གཤེགས་མ། དབང་ཡུལ་སེམས་དཔའ་སེམས་མ། ཡན་ལག་ཁྲོ་བོ་ཁྲོ་མོའི་རང་བཞིན་དུ་གདན་གསུམ་ཞེས་པ། གདན་གཅིག་ཏུ་འཛོམས་པའི་གདན་གསུམ་ལྷའི་འཁོར་ལོ་བརྗོད་བྱའི་དོན་གྱི་དེ་ཉིད་རིག་པའི་ལྟ་བའི་བརྡ་ཕྱག་འཚལ་བ་ཡིན་ནི་རེད། དེ་ལྟ་བུའི་ལྟ་བའི་བརྡ་ཕྱག་འཚལ་བ་སྔོན་དུ་སོང་ནས། ཐབས་གྲོལ་ལམ་གྱི་རིམ་པ་དང་འབྲེལ་བའི་སྦས་དོན་གབ་པའི་གནད་བྱང་། གབ་དོན་གསལ་བར་བྱེད་པའི་མན་ངག འཁྲུལ་འཁོར་བྱེད་རྩོལ་ལག་ལེན་གྱི་མན་ངག་རྩལ་འདོན་མཛད་པའི་དགོས་དོན་འདི་ནས་མར་ལ་སྡོམ་གྱིས་བསྟན་ཡོད། མ་བསྒོམ་སངས་རྒྱས་གཅིག་ཤོས་ལས་རྒྱའི་ལམ་གྱི་མཆོག །རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར། །འདིའི་མ་བསྒོམ་སངས་རྒྱས་གཅིག་ཤོས་ལས་རྒྱའི་ལམ་གྱི་མཆོག་ཅེས་པ་ནི། འདིའི་ལས་རྒྱ་གསུངས་རྒྱུ་དེ་མཐའ་གཅིག་ཏུ་དངོས་རིགས་ལས་ཀྱི་ཕྱག་རྒྱ་ལ་གོ་མི་དགོས། ཡིད་རིག་ཆོས་ཀྱི་ཕྱག་རྒྱ་དང་། གཏུམ་མོ་དམ་ཚིག་གི་ཕྱག་རྒྱ་བསྒོམ་པས་སྟོང་ཉིད་ཕྱག་རྒྱ་ཆེན་པོའི་བདེ་སྟོང་དབྱེར་མེད་ཀྱི་གྲུབ་མཐར་སྙེག་ཐུབ་ནི་རེད། ཁྱད་པར་དུ་དགའ་བཞིའི་ནང་གི་ཕྱི་མའི་ཡེ་ཤེས་གྱིས་རྩ་ཡི་འགྲོས་དག རླུང་གི་རྒྱུ་བ་ཐིམ། ཐིག་ལེ་འགྲོས་ཡེ་ཤེས་སུ་འཆར་བསྡད་ཏེ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་རྒྱུ་བྱེད་རྒྱུ་དེ་འདིའི་གནད་ཀྱི་གོ་བ་ཡིན་པས་དེ་འདྲའི་གོ་བ་ལོན་དགོས་ནི་རེད། རིག་འཛིན་འཁྲུལ་འཁོར་ཉེར་བཞིའི་འཁྲུལ་འཁོར་ལ་གོམས་སོང་དུས། ད་ལྟ་རྟེན་འབྲེལ་ལུས་ལ་བསྒྲིག་པ་དེ་མཐར་རྟེན་ལས་ཀྱི་བྱེད་རྩོལ་གྱིས་བརྟེན་པ་སེམས་ཀྱི་སྒྲིབ་པ་བྱང་ནས། ཐབས་ཁྱད་པར་ཅན་ལ་བརྟེན་ཏེ་རྩ་རླུང་ཐིག་ལེའི་འགྲོས་ཐིམ་ནས་རྟོག་པ་ཁྱད་པར་ཅན་རྒྱུད་ལ་འཆར་བར་བྱེད་པ་དེ་སྤྱིར་བསྟན་ནི་རེད། འུ་ཅག་གི་ད་རེས་འཁྲུལ་འཁོར་སྐབས་ལ་ལོ་ལོན་དང་རྐང་ལག་མི་བདེ་ནི་ཚོས་འཁྲུལ་འཁོར་ཨེ་ཕོག་མ་བལྟ། སྐུ་ལུས་ལ་རྡབས་སྐྱོན་འབྱུང་ཡོང་། འོན་ཀྱང་དེའི་གྲལ་ལ་ཞུགས་ན་བག་ཆགས་བཟང་པོ་འཇོག་རྒྱུའི་ཕན་ཐོགས་འབྱུང་ནི་རེད། ལུས་ཀྱི་འཁྲུལ་འཁོར་གནད་དུ་ཆུན་པ་ཞིག་མ་ནུས་ན་ཡང་རླུང་དང་གཏུམ་མོ་ལ་སྦྱོངས། ཁྱད་པར་དུ་གོང་ནས་གསུངས་རྒྱུའི་ལྔ་བ་བུམ་ཅན་འཛིན་རྒྱུ་འདི་ཚོ་གནད་ཀྱི་དོན་པོ་ལ་ཞོགས་དང་། རྫོགས་ཆེན་དངོས་གཞིའི་ཉམས་ལེན་གྱི་བོགས་འདོན་གྱི་གྲོགས་ཀྱང་ཡིན་ནི་རེད། བྱེ་བྲག་འཁྲུལ་འཁོར་སོ་སོའི་སྡོམ་དགོས་གནད་དང་བཅས་པ་འདི་ནས་མར་ལ་བསྟན་ཡོད། སྲོག་རྩོལ་གནད་དུ་ཚུད་པས་གནས་པའི་རྩ་ཁ་བྱེ། །རླུང་དང་འཁྲུལ་འཁོར་འབྲེལ་བས་རྩ་མདུད་རང་སར་གྲོལ། །ཐེམ་བུའི་མན་ངག་ཤེས་ན་བཀོད་པ་བྱང་སེམས་རྒྱས། །རྡོ་རྗེ་དབའ་རླབས་ལ་བརྟེན་འབྲས་བུའི་དེ་ཉིད་མཐོང་། །གནད་ལས་གནད་དུ་གྱུར་པའི་ཐབས་ཀྱི་གནད་མཆོག་ཡིན། །ཞེས་པས་མདོར་བསྟན་ནས། འདིའི་མན་ངག་ཆིངས་ཀྱིས་བཅིངས་ནས་བཤད་ན། རྟེན་ལུས་ལ་བརྟེན་པ་སེམས་གནས་ཤིང་། ཆོས་ཅན་སེམས་ཀྱི་ཆོས་ཉིད་ཡེ་ཤེས་ཡིན། ལུས་འདི་རྩ་རླུང་ཐིག་ལེའི་རང་བཞིན་ཅན་ཡིན་པས་འདིའི་འཁྲུལ་འཁོར་གྱི་བཤད་པས་གནས་ཤིང་འཁུམ་པའི་རྩ་ཁ་ཕྱེ་ཡོང་བ། རྩ་མདུད་ཐམས་ཅད་རང་སར་གྲོལ་འགྲོ་བ། རྩ་གནས་ཀྱི་བྱང་སེམས་རྒྱས། བྱང་སེམས་ཀྱིས་འཕོ་བ་དག་ནས་འབྲས་བུ་དེ་ཉིད་མཐོང་དགོས། སྲོག་དང་རྩོལ་བ་གཉིས་ཀྱི་རྩ་ཁ་ཕྱེས་སུ་བཅུག རླུང་དང་འཁྲུལ་འཁོར་མ་འབྲེལ་ན་རྩ་རླུང་གི་མྱིང་མེད་པས། དེ་གཉིས་འབྲེལ་བས་ན་རྩ་མདུད་རང་སར་གྲོལ་བ་ཡིན། འོག་ནས་འབྱུང་བས་ཐེམ་བུའི་མན་ངག་དང་རྡོ་རྗེ་རྦ་རླབས་ཚོས་གཏུམ་མོ་དང་འབྲེལ་བའི་བྱང་སེམས་འཕེལ་ཞིང་དག་པའི་བྱེད་ལས་ཀྱིས་ཐར་ལམ་གྱི་ཁྱད་འཕགས་ཀྱིས་ཁྱད་ཆོས་སྡོམ་གྱི་མདོར་བསྟན་ནི་རེད། རྒྱས་པར་བསྟན་ན་འདི་རེད། འདི་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། དང་པོ་སྔོན་འགྲོ། བྱང་ཆུབ་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས་གསུངས་ནི་རེད། ནམ་མཁའི་མཐའ་མཉམ་ཀྱི་སེམས་ཅན་གྱི་དོན་དུ་སྦས་དོན་ཟབ་མོའི་མན་ངག་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་སེམས་བསྐྱེད་པ་སྔོན་དུ་སོང་སྟེ། བླ་མའི་རྣལ་འབྱོར་སྒོམ་ཞེས། རྫོགས་ཆེན་ཉམས་ལེན་གྱི་སྤྱི་འགྲོས་ལྟར་བླ་མའི་རྣལ་འབྱོར་སྒོམ་ཏེ་རྒྱས་བསྡུས་གང་རུང་ལ་མ་ལྟོས་པའི་སྒོ་ནས་ཐུགས་ཡིད་དབྱེར་མེད་བསྲེས། གསོལ་བ་སྙིང་ནས་བཏབ་ལ་ཞེས། གསོལ་བ་སྙིང་ནས་ཅི་ལྟར་འདེབས་དགོས་རེད་ཟེར་ན་སྙིང་རུས་པའི་གཏིང་ནས་གསོལ་བ་ཕུར་ཚུགས་སུ་བཏབ་ལ། སྤང་སྲ་མོ་ལ་བེ་ཕུར་གདབ་ན་ཚུར་ལ་ཕུད་རྒྱུ་མེད་པ་ལྟ་བུ། སྲ་མོ་བརྟན་པོ་ཞིག་བཏབ་ལ། དེ་རིང་གདབ་ཡོད་ན་སང་ཉིན་མེད་ནི་ཅན་པོ་གནང་ཉིན་དེ་བས་ཀྱང་བཏབ་མེད་པ་ཅན་པོ་མ་ཡིན་པར། ལམ་དབང་གི་དབང་བཞི་བླངས་རྗེས་རླུང་བུམ་ཅན་ལ་གནད་དུ་བསྣུན་པའོ། །གསུངས་ནི་རེད། ལམ་དབང་བླངས་བའི་དེ་མ་ཐག་ཏུ་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་ནས། འཇམ་རླུང་བུམ་པ་ཅན་བཟུང་ནས་མཉམ་པར་བཞག་པ་སྔོན་དུ་འགྲོ་བས། གཉིས་པ་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པའི་དོན་གྱིས་རྩ་ཚིག་ཉི་ཤུས་བདག་ཉིད་ཅན་ལ་གསུངས་ནི་རེད། རྩ་ཚིག་ངོ་མ་དེ་ཉི་ཤུའི་བདག་ཉིད་ཅན་ཡིན། དེ་ལ་འབྲེལ་བའི་རྟེན་ལུས་ཀྱི་གེགས་སེལ་དང་། བརྟེན་པ་ཆོས་ཉིད་ཀྱི་གནད་ཁྱད་པར་ཅན་གཅིག་གིས་ལྷག་པའི་དོན་རྡོ་རྗེའི་ཚིག་གིས་འཁྲུལ་འཁོར་ཉེར་བཞིའི་དོན་རྡོ་རྗེ་ཚིག་གིས་བཅིངས་པ་ལྷུག་པར་དགྲོལ་བ་ལ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་གནང་བ་སྩལ་དུ་གསོལ། རྣམ་པ་ཉི་ཤུས་བྱང་ཆུབ་པའི་བདག་ཉིད་ལས་རྟེན་ལུས་དང་བརྟེན་པ་ཆོས་ཉིིད་ཀྱི་གནད་ཁྱད་པར་ཅན་གཅིག་གིས་ལྷག་པ་གེགས་སེལ་དབའ་རླབས་གཉིས་ཀ་གཅིག་ཏུ་བསྡམས་པ་དེ་རེད། ༼༡ རྡོ་རྗེ་སྐྱིལ་ཀྲུང་། རྡོ་རྗེའི་སྐྱིལ་ཀྲུང་ནི། ཉེར་བཞིའི་ནང་གི་དང་པོ་རེད། རྡོ་རྗེ་སྐྱིལ་ཀྲུང་གིས་ལུས་ཀྱི་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་སྟབས་གཅིག་ཏུ་འཆང་ཞིང་རྩ་ཁམས་ལས་སུ་རུང་བར་བྱེད་ནི་རེད། རྡོ་རྗེ་སྐྱིལ་ཀྲུང་བཅའ་ལུགས་ཅི་ལྟར་དགོས་ནི་རེད་ཟེར་ན། རྣམ་པར་སྣང་མཛད་ཀྱི་ཆོས་བདུན་ཚང་བའི་ངང་ནས་གསུངས་པའི་རྣམ་སྣང་ཆོས་བདུན་ནི། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་། སྒལ་ཚིག་མདའ་ལྟར་དུ་དྲང་པོར་བྱེད་པ། དཔུང་བ་ལྷོད་དེ་བརྒྱངས་པ། ལྕེ་རྩེ་ཡ་རྐན་ལ་སྦྱར་བ། མིག་གིས་མདའ་གང་ལ་བལྟ་བ། མགྲིན་པ་ཨེན་ཙམ་སྒུར་བ་བཅས་རེད། ལག་པ་གཉིས་དམིགས་བསལ་གྱིས་མཐེ་བོང་གཉིས་ནང་དུ་བཀུགས་ཏེ་རྡོ་རྗེ་ཁུ་ཚུར་གཉིས་པུས་མོའི་སྟེང་དུ་བཞག་པའི་འཆུན་བཙལ་ཐོག འཆུན་ཟེར་རྒྱུ་བོ་ཅི་རེད་ཟེར་ན། གྲིམ་བཅའ་ཐོན་པ་ཞིག་ལ་ཟེར་ནི་རེད། ཁུ་ཚུར་བརླ་སྟེང་ནས་གསུངས་ན། ཁུ་ཚུར་གཉིས་ཀ་བརླ་གཉིས་ཀའི་སྟེང་ནས་སྟྭ་ཟུར་ཏེ་ལུས་པོའི་གདོང་ཟུར་ལ་ཉེ་བའི་སོ་སོའི་ཕྱོགས་ལ་བྲད་པ་མཆན་ལ་བསྐོར་ཏེ་གསུངས་ན། བྲད་ཅིང་བྱུག་པ་སླར་མཆན་ལ་བསྐོར་ཏེ་དེའི་འཕྲོར་གྲུ་མོ་གྱེན་ལ་བཏེག་པ་ལན་གསུམ་གྱི་མཐར། ཁུ་ཚུར་བསྐོར་རྒྱངས་དང་ཁུ་ཚུར་ནང་སྐོར་གྱི་སྐོར་རྒྱངས་དང་བཅས་པའི་གྲུ་མོ་བགྲད་སྡིགས་མཛུབ་ཕྱིར་བསྟན་གསུངས་པ་རེད། གྲུ་མོ་བགྲད་སྡིགས་མཛུབ་གྱི་སྒོ་ནས་མཛུབ་མོ་ཕྱིར་བསྟན་བསྣོལ་བ་དེ་འདྲའི་མྱུར་སྟབས་ཀྱི་སྤྱི་བོར་འཇོག་པ་དང་། དེ་འཕྲལ་དུ་ཡང་མཁྱུད་ཚུལ་དང་བཅས་པའི་སེ་གོལ་གཏོགས་པ་དེ་འདྲའི་ལན་གསུམ་བསྟུད་མར་བྱེད་དགོས་གསུངས་ནི་རེད། རྡོ་རྗེའི་སྐྱིལ་ཀྲུང་གི་མིང་གིས་མཚོན་པའི་སྐྱིལ་ཀྲུང་གཙོ་གནད་ལ་བཟུང་བའི་འཁྲུལ་འཁོར་དང་པོ་རེད། འདིས་ཡན་ལག་གི་ནད་སེལ་དེ་འདྲ་གསུངས་ཡོད། ༼༢ སྐུ་མཉེ། གཉིས་པ་སྐུ་མཉེ་ཡིན་ནི་རེད། སྐུ་མཉེ་ཡིས་ཅི་ཞིག་ལ་ཕན་ཐོགས་ཡོད་ནི་རེད་ཟེར་ན། ལུས་ལ་བདེ་དྲོད་རང་བཞིན་གྱིས་འཕེལ་ཞིང་ལུས་རྒྱས་ཁམས་བརྟས་པར་བྱེད་ནི་རེད། དེ་ཡང་སྐུ་མཉེ་ནི་ཁུ་ཚུར་བསྐོར་རྒྱངས་དང་བཅས་ཏེ་གསུངས་ན། གོང་བཞིན་དུ་ཁུ་ཚུར་སྐོར་རྒྱངས་དང་བཅས་ཏེ་ལྟག་པ་དགྱེ་བའི་གདོང་ཐད་ལས་གསུངས་ནི་རེད། ལྟག་པ་ཡར་རྒྱབ་ལོགས་ལ་ཅུང་ཟད་དགྱེ་བའི་གདོང་བའི་ཐད་ལས་མི་དམའ་བར་ལག་པའི་ཐལ་མོའི་རྟིང་པ་གཉིས་ཀ་རྡབ་པའི་ཐག་སྒྲ་དང་བཅས་པར་བསྣོལ་ནས། གྲུ་མོའི་གྲུམ་འཆའ་བཏོན་ནས་འཆུན་བཙལ་ནས་ཨ་བ་དྲག་ཏུ་བཉེ་ཞིང་གཙུབ་ཤིང་གཙུབ་པ་ལས་བྱུང་བའི་མེ་དྲོད་ལྟ་བུ་དྲོད་མིག་ནས་རིམ་པར་མགོ་ལུས་ཀྱི་ཆ་ཤས་ཀུན་ལ་ཁྱབ་པར་འཕུར། དེ་གཉིས་པ་སྐུ་མཉེ་ཡིན་ནི་རེད། ༼༣ སོར་བསྣོལ། གསུམ་པ་སོར་བསྣོལ་རེད། སོར་བསྣོལ་ནི་རྡོ་རྗེ་ལུས་ཀྱི་རྩ་ཁམས་ཡེ་ནས་ཡི་གེར་གནས་པ་དེ་ཉིད་དག་ཅིང་སྦྱང་བར་བྱེད་པའི་བྱེད་ལས་ཅན་ཞིག་རེད། གསུམ་པ་སོར་བསྣོལ་ནི། ཁུ་ཚུར་བསྐོར་རྒྱངས་ལས་ཐག་སྒྲ་དང་བཅས་ཐལ་སྦྱར་སོར་མོ་རྣམས་བསྣོལ་བའི་རྟིང་གསུངས། ཁུ་ཚུར་བསྐོར་རྒྱངས་སྔར་བཞིན་བྱས་པ་ལས་ཐག་སྒྲ་དང་བཅས་མི་འདྲ་ས་གང་ཡོད་ནི་རེད་ཟེར་ན། ཐལ་སྦྱར་སོར་མོ་རྣམས་བསྣོལ་བའི་རྟིང་པ་ཁ་ཕྱེ་ནས་ལག་པའི་གྲུ་མོ་གཉིས་ཀ་རྒྱངས། ངག་ནས་ཨ་ཞེས་བསྒྲགས་པ་དང་ལྷན་དུ་ཐལ་སྦྱར་བྲང་ལ་བརྡབ། ཡང་ངག་ནས་ཀ་ཞེས་ཐལ་སྦྱར་དེ་གཉིས་ཁ་ཕྱིར་ལ་བསྟན་ནས་ཐད་ཀར་རྒྱངས་གསུངས་ན། མདུན་དུ་ཐད་ཀར་རྒྱངས། ཡང་ངག་ནས་ཙ་ཞེས་ནང་བསྟན་དུ་རྒྱངས། ཊ་ཞེས་བྲང་ལ་བརྡབ། ཏ་ཞེས་ཁ་ཕྱིར་བསྟན་དུ་རྒྱངས། པ་ཞེས་ནང་བསྟན་དུ་རྒྱངས། ཡ་ཞེས་བྲང་ལ་བརྡབ། ཤ་ཞེས་ཕྱིར་བསྟན་དུ་རྒྱངས། ཨ་ཧཾ་ཞེས་ནང་བསྟན་དུ་རྒྱངས། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཨ་ཧཾ། ཞེས་བརྗོད། འདི་སོར་བསྣོལ་རེད། འདི་སྲོག་རྩོལ་ལོག་པའི་གེགས་སེལ་ཀྱང་ཡིན་ནི་རེད། ༼༤ དཔུང་གཅུས། བཞི་པ་དཔུང་གཅུས་ནི། དཔུང་གཅུས་ཀྱི་རིགས་འདི་གཉིས་ཀས་རླུང་ལོག་པ་རང་མལ་དུ་སོར་ཆུད་པར་བྱེད་གསུངས་ཡོད། དཔུང་གཅུས་ནི་ཁུ་ཚུར་སྐོར་རྒྱངས་པུས་མོ་སོ་སོའི་སྟེང་དུ་གསུངས་ན། པུས་མོ་གཡས་གཡོན་སོ་སོའི་སྟེང་དུ་ཡར་ལ་སྒྲེང་ནས་དཔུང་པ་གཉིས་ཀ་གཟེངས་བསྟོད་པ་པུས་མོ་གོ་ལྡོག་གི་གསུངས་ནི་རེད། དཔུང་པ་གཡས་པུས་མོ་གཡོན་དང་ནི། དཔུང་པ་གཡོན་པུས་མོ་གཡས་ཀྱི་སྟེང་ལ་གོ་ལྡོག་གི་སྟེང་རྨྱང་བ་ལན་གསུམ་རེའི་མཐར་ཁུ་ཚུར་སྐོར་རྒྱངས་རྩ་འདར་ཐོན་པ་གསུམ་དང་། དེ་དང་མཉམ་དུ་ཡང་མགྲིན་པ་ཁྲུང་ཁྲུང་ལྟར་སྒྲེང་ཞིང་སྒྱུར་བའི་སྟབས་བྱེད་པ་དེ་འདྲ་ཡང་རྩ་འདར་ཐོན་པ་ལན་གསུམ་གསུངས། རྩ་འདར་ཐོན་པ་ཟེར་ན་རྩའི་གྲུམ་ཆ་ཐོན་པ་ཞིག་ལ་ཟེར་ནི་རེད། བཞི་པ་དཔུང་གཅུས་ཀྱིས་དཔུང་བའི་ནད་སེལ་གསུངས་ནི་རེད། ༼༥ བྱ་དཔུང་། ལྔ་པ་བྱ་དཔུང་ནི་གསུངས་ནི་རེད། འདི་ལ་བྱ་རྒོད་དཔུང་སྟངས་ཡང་ཟེར། འདིར་ཚིག་བསྡུས་བཞག་ནི་རེད། ཁུ་ཚུར་སྐོར་རྒྱངས་ལས་སྙིང་ཁར་རྒྱབ་སྤྲོད་བྱས་པ་གསུངས་ནི་རེད། ཁུ་ཚུར་སྐོར་རྒྱངས་ཀྱི་ཐོག་ནས་སྙིང་ཁར་ཁུ་ཚུར་རྒྱབ་སྤྲོད་བྱེད་པ་ཕྱི་རོལ་ཏུ་རྡོ་འཕེན་པ་བཞིན་དུ་ཤེད་བསྐྱེད་ནས་འཕང་ཡོང་དུས། ནམ་མཁའ་ལ་འཕུར་སྟངས་ལན་གསུམ་གྱི་རྗེས་འཕོངས་མཐོ་གང་ཙམ་བཏེག་པའི་འབེབ་ཆུང་གསུམ་གྱི་རྗེས་མར་འབའ་ཧ་ཧ་ཞེས་དཀྲུགས། འདིར་འབའ་དཀྲུགས་ཞིག་དགོས། འདིས་ཀྱང་སྲོག་རྩོལ་ལོག་པའི་གེགས་སེལ་འགྲོ་གསུངས་ནི་རེད། འདིའི་མན་ཆད་ནས་གྲུབ་པའི་རིག་འཛིན་མཆོག་བརྒྱད་ཀྱི་སྟངས་སྟབས་བརྒྱད་འབྱུང་། འདིའི་སྟངས་སྟབས་བརྒྱད་འདི་ལ་ཕན་ཐོགས་ཅི་ཡོད་ཟེར་ན། དངོས་ཞེན་ལྷ་སྐུར་དག ཞེན་འཛིན་རང་སར་དྭངས། འཁྲུལ་བའི་རྩ་བརྡར་གཅོད་ནི་རེད། རིག་འཛིན་མཆོག་བརྒྱད་པོ་མཁྱེན་བཞིན་པ་ལྟར་དུ། ཧཱུཾ་ཀཱ་ར། འཇམ་དཔལ་བཤེས་གཉེན། ནཱ་གཱ་རྫུ་ནའམ་ཀླུ་སྒྲུབ་སྙིང་པོ། པྲ་བྷ་ཧསྟི། དྷ་ན་སཾ་སྐྲྀ། བི་མ་མི་ཏྲ། ཤཱནྟིང་གརྦྷ། གུཧྱེ་ཙནྡྲ། དེ་དག་རེད། དེ་རྣམ་པའི་སྟངས་སྟབས་རིམ་པ་བཞིན་དུ་འབྱུང་བ་ལས། ༼༦ དཔུང་བསྣོལ། དང་པོ་ཧཱུཾ་ཆེན་ཀཱ་རའི་སྟངས་སྟབས་ཀྱི་དྲུག་པ་དཔུང་བསྣོལ་ནི། མྱུར་སྟབས་ཀྱིས་ཡར་ལངས་ཏེ་ལུས་དྲང་པོར་བསྲང་ནས། ཁུ་ཚུར་བསྐོར་རྒྱངས་ལས་ཐལ་མོ་གཡོན་པས་དཔུང་པ་གཡས་ལ་དགབ། གཡས་པས་གཡོན་ལ་དགབ་ཅིང་བསྡམ་དགོས་ནི་རེད། གྲུ་མོ་རྒྱངས། ལུས་བྱིང་པོ་གཡས་གཅུས་གཡོན་གཅུས་ཞེས། ལུས་བྱིང་པོའམ་ལུས་ཀུན་ཟེར་ནི་རེད། གཡས་གཅུས་གཡོན་གཅུས་རྒྱབ་ལོགས་མཐོང་མཐོང་གསུངས་ནི་རེད། རྒྱབ་ལོགས་མཐོང་གི་མཐོང་གི་བསམ་རྒྱུའི་མ་མཐོང་གི་བར་དུ་ཤེད་ཀྱིས་གཅུད་པ་དེ་འདྲ་བ་ལན་གསུམ་རེའི་མཐར་ཧཱུཾ་ཀཱ་རའི་རྒྱ་དེ་གཡས་པའི་རྟིང་པ་ཟེར་ན། རྐང་པ་གཡས་པའི་རྟིང་པ་ས་ལ་བཙུགས་ནས་པུས་མོ་བསྲང་། ཡང་རྐང་པ་གཡོན་པ་བསྐུམས་སྟབས་སུ་ས་ལ་བཞག་པའི་དོར་སྟབས་ཟེར་ན་གོམས་པའི་སྟབས་ཀྱིས་དོར་སྟབས་དང་བཅས་ཕྱོགས་ཀྱི་ཁུ་ཚུར་སྐོར་རྒྱངས་ལས་སྡིགས་མཛུབ་དང་བཅས། འདི་སྡིགས་མཛུབ་ཕྱིར་བསྟན་ཡིན་ནི་རེད། སྡིགས་མཛུབ་དང་བཅས་པའི་ལྟ་སྟངས་ནམ་མཁའ་ལ་ཤེད་ཀྱིས་སྒྲེང་། ཡང་རྐང་པ་བསྐུམས་ཕྱོགས་ཀྱི་བསྐུམས་ཡོད་པའི་ཕྱོགས་ཀྱི་གྲུ་མོ་རྒྱངས་པའི་སྡིགས་མཛུབ་དཀུ་ལ་མ་རེག་པ་གསུངས་ན། དཀུ་ཞེས་པ་ནི་རྐེད་པ་ལ་གསུངས་ནི་རེད། མ་རེག་ཙམ་པ་གཡས་གཡོན་དུ་གསུམ་རེའི་མཐར། ཁུ་ཚུར་གཟེངས་བསྟོད་པ་དང་བཅས་ཅུང་ཟད་འཕར་སྟངས་ལས་རྐང་པ་བགྲད་ཆུང་ཐོག་བགྲད་འབེབ་ལན་གསུམ་གསུངས་ནི་རེད། དེ་ཧཱུཾ་ཀཱ་རའི་རྒྱ་རེད། འདིས་གཙོ་བོ་རྐེད་པའི་ནད་སེལ། ལུས་ཀྱི་གེགས་སེལ་གྱི་ཐོག་ནས་བཤད་ན་དེ་འདྲ་གསུངས་ཡོད་ནི་རེད། ༼༧ བྲང་འཐེན། འཇམ་དཔལ་བཤེས་གཉེན་གྱི་སྟངས་སྟབས་རེད། བདུན་པ་བྲང་འཐེན་ནི། ཁུ་ཚུར་གྱེན་བསྟན་ཐུར་ལ་ཤེད་ཀྱིས་སྦུབ་པ་དང་བཅས་སྒུར་ཏེ། རྐང་པ་གཤིབས་པའི་བྲང་ས་སོ་སོ་ནས་ཤེད་བསྐྱེད་པའི་འཐེན་སྟངས་མཆན་རྡེབ་དང་བཅས་མཐར་ལ་ལུས་བསྲང་ནས། ལག་པ་གཉིས་ཀྱི་ཁུ་ཚུར་དཔུང་མགོར་འཐེན་ནས་དཔུང་མགོ་སོ་སོའི་ཐད་ཀྱི་ནམ་མཁའ་ཁུ་ཚུར་གྱིས་བརྟོལ་བ་ལྟར་སྒྲེང་བ་གསུམ་གྱི་མཐར། འཇམ་དཔལ་བཤེས་གཉེན་གྱི་རྒྱ་ཁུ་ཚུར་བསྐོར་རྒྱངས་ལས་རྐང་པ་གཡས་བཏེག་པའི་སྟངས་སྟབས་དང་བསྟུན་ཏེ་སྡིགས་མཛུབ་དང་བཅས་པའི་ལྟ་སྟངས་ནམ་མཁའ་ལ་སྒྲེང་ཞིང་། བསྐུམས་ཕྱོགས་ཀྱི་གྲུ་མོ་རྒྱངས་པའི་སྡིགས་མཛུབ་སྤྱི་བོར་འཇོག དེ་འདྲ་ཇི་ལྟ་བ་གཡོན་ཕྱོགས་དང་སྤེལ་བ་གཡས་གཡོན་གྱི་ལྟ་སྟངས་གསུམ་རེའི་མཐར། སྒུར་སྟངས་ཀྱིས་རྐང་པའི་བྲང་ས་ནས་སྔ་མ་ལྟར་གྱེན་དུ་འཐེན་པའི་མོད་ལ་འབེབས་པའི་སྒུར་འབེབ་གསུམ་གསུངས་ནི་རེད། དེ་འཇམ་དཔལ་བཤེས་གཉེན་ནམ་མཉྫུ་ཤྲཱིེའི་རྒྱ་རེད། འདིས་ལུས་ཀྱི་གེགས་སེལ་གྱི་སྐབས་ལ་ཆུ་རྒྱུས་ཀྱི་ནད་སེལ་རབས་དེ་འདྲ་གསུངས་ཡོད་ཐལ། ༼༨ གཞུ་འགེངས། ད་ཀླུ་སྒྲུབ་སྙིང་པོའི་སྟངས་སྟབས་རེད། བརྒྱད་པ་གཞུ་འགེངས་ནི། གཞུ་འགེངས་ཇི་ལྟར་གསུངས་ནི་རེད་ཟེར་ན། གྱད་ཀྱིས་གཞུ་འགེངས་བའི་ངང་ཚུལ་ཅན་གྱི་སྟངས་སྟབས་ཞིག་ཡིན་ནི་རེད། ལངས་ཏེ་ཁུ་ཚུར་སྐོར་རྒྱངས། ལངས་ཏེ་ཁུ་ཚུར་ཅི་ལྟར་སྐོར་དགོས་ནི་རེད་ཟེར་ན། མཁྲིག་མ་གཉིས་ཀས་མཆན་བསྐོར་གྱི་ཁུ་ཚུར་སྐོར་རྒྱངས་སྔོན་འགྲོས་གཞུ་རྒྱུད་ཤིན་ཏུ་སྲ་བའི་འཐེན་སྟངས་མཐར་མཆན་རྡེབ་དང་གསུངས་ནི་རེད། གཞུ་རྒྱུད་རེས་མོས་ཀྱི་འཐེན་དགོས་ནི་རེད། མདའ་ཕྱོགས་ཡང་རྒྱངས་ཐོག་འཐེན་སྟངས་སྔ་མ་ལྟར་བྱ་བ་གསུམ་དང་། གཡོན་ཕྱོགས་ལའང་དེ་བཞིན་ལན་གསུམ་སོང་ནས། ནཱ་གཱ་རྫུ་ནའི་རྒྱ་གྲུ་མོ་གཉིས་བགྲད་པའི་རྟ་རྒྱ་སྤྱི་བོར་བཞག་ནས་ལུས་ཀྱི་རོ་སྟོད་དཀྲུགས་པ་དང་སྦྲགས་འཚེར་སྐད་ཐོན་པའི་ཧི་སྒྲ་དབུགས་ཐེངས་གཅིག་ལ་བསྟུད་པ་གསུམ་གྱི་མཐར། ཁུ་ཚུར་བསྐོར་རྒྱངས་དང་བཅས་སྔར་བཞིན་འབེབས་ཆེན་གསུམ་གསུངས་ནི་རེད། ༼༩ རི་འཕུལ། དགུ་བ་རི་འཕུལ་ནི། འདི་པྲ་བྷ་ཧསྟིའི་སྟངས་སྟབས་ཡིན་ནི་རེད། སྐྱིལ་ཀྲུང་ལས་ཁུ་ཚུར་གདོང་རྒྱངས་ཐོག་གསུངས་ནི་རེད། འདི་ཡང་མཆུན་བཙལ་ཏེ་ལག་ངར་གཉིས་ཀྱིས་མདུན་རི་འཕུལ་བ་ལྟ་བུའི། མདུན་ཕྱོགས་ན་རི་བོ་འཕུལ་བ་ལྟ་བུའི་ཤེད་བསྐྱེད་ལན་གསུམ་དང་། པྲ་བྷ་ཧསྟིའི་རྒྱ། གྲུ་མོ་རྒྱངས་པའི་ཐལ་མོ་ཆུ་སྲིན་རྣམ་རོལ་གྱི་ཕྱག་རྒྱ་ཡི་སྒོ་ནས་ཆོས་འབྱུང་གི་རྒྱ་དང་བཅས་པའི་ནང་ཧ་སྒྲ་གསུམ་བསྟུད། མར་དབུགས་ཐེངས་གཅིག་ཏུ་དྲག་ལ་བཅད་ཐོན་པ་གསུམ་གྱི་མཐར་བར་འབེབས་ལན་གསུམ་རྒྱག་དགོས། ༼༡༠ དགྱེ་དགུ། དེའི་འཕྲོར་དྷ་ན་སཾ་སྐྲྀའི་རྒྱའམ་སྟངས་སྟབས་ཡིན་ནི་རེད། བཅུ་པ་དགྱེ་དགུ་ནི། ལངས་ཏེ་ཁུ་ཚུར་སྦུབ་རྒྱངས་ཐོག་རྐང་པའི་བྲང་ས་སོ་སོ་ནས་འཐེན་སྟངས་མཆན་རྡེབ་དང་བཅས་ཁུ་ཚུར་གཉིས་རྒྱབ་ཏུ་སྒྲེང་ཞིང་། སྐེད་སྐབས་བཅག་པ་བཞིན་དུ་གསུངས་ནི་རེད། ལུས་ཡར་ལ་བསྲང་སྟེ་སྐེད་སྐབས་བཅག་པ་བཞིན་དུ་རྒྱབ་ཏུ་དགྱེ་བ་དང་མདུན་དུ་དགུ་བ་སྤེལ་བ་གསུམ་གྱི་རྗེས་སུ། འཆུན་བཙལ་ནས། དྷ་ན་སཾ་སྐྲྀའི་རྒྱ། རྐང་པ་གཡས་གོམ་སྟབས་སུ་དོར་བའི་རྟིང་པ་ས་ལ་བཙུགས་ནས་ལུས་ཀྱི་རོ་སྨད་གཅུད་གསུངས་ན་ལུས་ཀྱི་རོ་སྨད་གཅུད་ལ་བོར་དགོས་ནི་རེད། ལག་གཡས་ཡར་གཟེངས་བསྟོད་དེ་ཐོད་རྔའམ་ཌཱ་མ་རུ་ཁྲོལ་ཚུལ་གྱི་ཕྱོགས་ལ་རོ་སྟོད་ཀྱང་གཅུ་ཞིང་། ལག་པ་ཅིག་ཤོས་ཀྱི་ཞེས་པ་གཡོན་གྱི་སྡིགས་མཛུབ་ཡང་ཐུར་བསྟན་སྟྭ་ཟུར་རམ་ལུས་ཀྱི་གདོང་ཟུར་གྱི་དཔྱི་མགོའི་ཐད་དུ་ཤེད་ཀྱིས་བརྐྱངས་པ་དང་། དེ་བཞིན་དུ་གཡོན་གྱིས་གོང་ལྟར་བྱ་བའང་སྤེལ་བ་གསུམ་རེའི་མཐར། འདིར་སྒུར་འབེབས་ལན་གསུམ་བྱ་གསུངས་ནི་རེད། འདིས་མཁལ་སྐེད་ཀྱི་ནད་སེལ་གསུངས་ནི་རེད། ༼༡༡ རྡོ་རྗེའི་འདུག་སྟངས། དེའི་འཕྲོར་བཱི་མ་ལའི་ཕྱག་རྒྱ་རེད། བཅུ་གཅིག་པ་རྡོ་རྗེའི་འདུག་སྟངས་ནི། དང་པོར་རྡོ་རྗེའི་འདུག་སྟངས་བྱས་ནས་འདུག་དགོས་ནི་རེད། ལངས་ཏེ་ཁུ་ཚུར་སྐོར་རྒྱངས་ཐོག་ལུས་དྲང་པོར་བསྲང་། རྐང་པའི་པུས་མོ་གཉིས་བགྲད་ཅིང་རྟིང་པ་གཉིས་མ་རེག་ཙམ་ནས་སྦོ་དང་སོར་མོ་ས་ལ་བཙུགས། ཐལ་མོ་ནང་བསྟན་ལས་ལག་པའི་ཁུ་ཚུར་གྱི་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་སྦྲེལ། མཛུབ་མོ་གཉིས་རྩེ་སྤྲད་པ་ཐུར་ཏུ་བསྟན་ནས་སྤྱི་གཙུག་ལ་རེག་ཅིང་གསུངས་ན། ཐུར་དུ་བསྟན་པ་དེ་ཉིད་ཀྱིས་སྤྱི་གཙུག་ལ་རེག་ཅིང་བཞག་པ་དང་བཅས་པས། གྲུ་མོ་གཉིས་ཐད་ཀར་རྒྱངས་ཏེ། སྣ་རྩེར་སློབ་དཔོན་མི་མ་ལའི་ཆོས་ཀྱི་ཕྱག་རྒྱ་ཨ་དཀར་པོ་ཆུ་ཤེལ་ལྟར་འཚེར་བ་ལ་རིག་པ་གཏད་ནས། དབུགས་ཐེངས་གཅིག་ལ་ཨ་ལྔ་ཚར་བརྗོད་པ་དང་མཉམ་དུ་སྐེད་པ་ཉེག་ཉེག་བྱས་པ་ལྟར་ལན་གསུམ་གྱི་མཐར། ཁུ་ཚུར་གདོང་རྒྱངས་དང་རྐང་པ་བགྲད་ཆུང་ཐོག རྐང་ལག་སོ་སོར་ཐད་ཀར་བསྣོལ་བའི་གཅུས་འབེབས་གསུམ། ༼༡༢ ལག་བསྣོལ། བཅུ་གཉིས་པ་ལག་བསྣོལ་ནི། འདི་ཤཱནྟིང་གརྦྷའི་རྒྱ་ཡིན། ལངས་ཏེ་ཁུ་ཚུར་བསྐོར་རྒྱངས་ཐོག་གསུངས་ནི་རེད། ཡང་མྱུར་སྟབས་ཀྱིས་ལངས་ཏེ་ལག་པའི་ཁུ་ཚུར་བསྐོར་རྒྱངས་བྱས་ཐོག སྡིགས་མཛུབ་ཕྱིར་བསྟན་གྱི་མཁྲིག་མ་བསྣོལ་བ་སྤྱི་བོར་བཞག་ནས་གྲུ་མོ་རྒྱངས་པའི་དེ་མ་ཐག ཤཱནྟིང་གརྦྷའི་རྒྱ། ཐལ་མོ་རྒྱབ་སྤྲོད་ཀྱིས་སོར་མོ་རྣམས་ཤེད་ཀྱིས་ཕྲལ་ཏེ་སོ་སོར་རྩེ་སྤྲད་པའི་འཁོར་ལོའི་རྒྱ་སྙིང་གར་རེས་མོས་གྱིས་སྤེལ་དགོས་ནི་རེད། སྤེལ་བ་ལན་གསུམ་གྱི་མཐར་བགྲད་འབེབ་གསུམ། ༼༡༣ མེ་རླུང་ཁ་སྦྱོར། བཅུ་གསུམ་པ་མེ་རླུང་ཁ་སྦྱོར་ནི། འདི་གུཧྱ་ཙནྡྲའི་རྒྱ་རེད། འདི་མེ་རླུང་ཁ་སྦྱོར་གྱི་འདྲེན་སྟངས་ཟེར་རྒྱུ་བོ་རེད། འདིའི་སྐབས་ལ་ལྟེ་བའི་རླུང་དེ་འོག་ཏུ་མར་མནན་དགོས་ནི་རེད། ལངས་ཏེ་ཁུ་ཚུར་བསྐོར་རྒྱངས་ལས་ཅུང་ཟད་སྒུར་ཏེ་ཧཱུཾ་ཞེས་ཐུར་སེལ་ལྟེ་འོག་ཏུ་མནན། གུཧྱ་ཙནྡྲའི་རྒྱ། ལག་གཉིས་སྡིགས་མཛུབ་རྒྱབ་སྤྲོད་ལས་བརྐྱངས་པ་བཞི་པོ་ལུག་རྒྱུད་དུ་སྦྲེལ་བ་ས་ལ་རེག་ནས། ལག་ངར་སྒྲེང་ཞིང་དགྱེ་བ་དང་མཉམ་དུ་སྟོང་འདྲེན་བྱེད་ཅིང་མིག་གྱེན་དུ་སྒྲིལ་ནས་ལུས་བསྲང་མི་ཐུབ་པ་དང་ཡང་ཧུ་ཞེས་སྔ་མ་ཇི་ལྟ་བའི་འདྲེན་དང་བཅས་དགྱེ་དགུ་སྤེལ་བ་གསུམ་གྱི་རྗེས་བགྲད་འབེབས་གསུམ། འདིའི་བཅུ་གཉིས་པ་དང་བཅུ་གསུམ་པའི་ས་བཅད་གཉིས་པོ་གོ་ལྡོག་པ་འདི་ཞལ་ཤེས་ཡིན་ཀྱང་མོས་པས་སྤྱོད་པ་རྣམས་ལ་མ་ངེས་སོ། །མཐའ་གཅིག་ཏུ་གོ་ལྡོག་དགོས་པས་ངེས་པ་མེད་གསུངས་ནི་རེད། འདིས་མ་ཞུ་བ་དང་ཕོ་བའི་ནད་སེལ་དེ་འདྲ་གེགས་སེལ་ནང་དུ་གསུངས་ཡོད། ༼༡༤ གླང་ཆེན་ཧུ་འདྲེན། བཅུ་བཞི་པ་གླང་ཆེན་ཧུ་འདྲེན་ནི། གླང་ཆེན་ཧུ་འདྲེན་ནི་ལངས་ཏེ་ཁུ་ཚུར་བསྐོར་རྒྱངས་ཐོག་རླུང་གནད་ཡིག་ཆུང་བཞིན་ལ། མིག་གཉིས་སྤྱི་བོར་ཡར་གཏད་ནས། དཔྱང་ཐག་སྟོང་འདྲེན་གྱི་ཐེམ་བུ་ཟེར་རྒྱུ་དེ་ཡིན་ནི་རེད། འདི་ལ་ཡིད་ཀྱི་རླུང་སྟོང་འདྲེན་བྱས་ནས་ལྟེ་བར་བསྐྱིལ་དགོས་ནི་རེད། ཁུ་ཚུར་གཉིས་སྟྭ་ཟུར་དུ་ཤད་དེ་བརྐྱངས་ནས་མཐིལ་བཞི་གསུངས་ན། རྐང་ལག་གི་མཐིལ་བཞི་བོ་ས་ལ་བཙུགས་ཏེ། ཧུ་ཞེས་རིང་པོ་དྲངས་པའི་ཡིད་ཀྱིས་སྟོང་འདྲེན་ཐོག་མགོ་ཅོག་ལན་གསུམ་གསུངས་ན། མགོ་ལྟག་པ་ལ་ཅོག་ཅོག་ལན་གསུམ་གྱི་རྗེས་ལ་སྒུར་འབེབས་གསུམ་གསུངས་ནི་རེད། ༼༡༥སེངྒེ་རལ་རྔོམ། བཅོ་ལྔ་པ་སེངྒེ་རལ་རྔོམ་ནི། ཀུན་མཁྱེན་ངག་བསྟོད་ལས། མཁྱེན་བརྩེ་ནུས་མཐུའི་གདོང་བཞི་རྔོམ། །ཞེས་པ་ལྟར། འདི་མི་ལངས་པར་བསྡད་བཞིན་པ་ལས་རྐང་པའི་རྟིང་པ་གཉིས་ས་ལ་བཙུགས། ལག་པ་ཡང་པུས་མོ་བགྲད་སྟབས་རོང་ངེར་བྱས་པའི་ནང་དུ་ཁུ་ཚུར་ལྷོད་ཆ་ཅན་གྱི་མཁྲིག་མ་གཉིས་ཀ་ས་ལ་བཞག མཐིལ་བཞི་བོ་ས་ལ་བཞག་ནི་རེད། རོ་སྟོད་གཟེངས་བསྟོད་པས་གདོང་ལྔའི་ཐ་སྙད་ཚང་གསུངས་ནི་རེད། སེངྒེ་ལ་གདོང་ལྔའི་དབང་པོ་ཞེས་མངོན་བརྗོད་ཀྱི་མིང་བཞིན་དུ་འདི་ལ་གདོང་ལྔ་ཚང་། ཨ་ཧཾ་ཞེས་འདི་སྲོག་རྩོལ་གྱི་གོ་ལྡོག་པའི་ཐེམ་བུ་ཟེར་རྒྱུ་བོ་ཡིན་ནི་རེད། མདུན་རླུང་ཅུང་ཟད་འཆུན་བཙལ་བ་དང་བཅས་ཏེ་རྒྱབ་རླུང་ཡིད་ཀྱི་ཡར་འཐེན་ནས་ཨ་ཧཾ་གི་སྒྲ་དང་བཅས་མཉམ་དུ་སྟོང་འདྲེན་བྱེད་དགོས་ནི་རེད། ཨ་ཧཾ་ཞེས་རླུང་གནད་ངེས་པར་བྱས་ནས་མགོ་རྩལ་མཇིང་པ་ལ་བསྐུར་བ་དལ་བུས་སྐོར་རྗེས་རལ་པ་གསིག་པའི་ཚུལ་གྱིས་རྒྱབ་ལོགས་སུ་བལྟ་རེས་ལན་གསུམ་རེའི་རྗེས་སུ་སྒུར་འབེབས་གསུམ་གསུངས་ནི་རེད། ༼༡༦ གྱི་ལིང་ཁྲེ་འགྲེམས། བཅུ་དྲུག་པ་གྱི་ལིང་ཁྲེ་འགྲེམས་ནི། ཡང་མི་ལངས་པར་བསྡད་བཞིན་པ་ལས་གན་རྐྱལ་ལོག་པའི་ལག་གཉིས་ཀྱི་གྲུ་མོ་བགྲད་པའི་ཐལ་མོ་སྙིང་ཀར་སྦྱར། པུས་མོ་རོང་ངེར་བྱས། པུས་མོ་གྱེན་ལ་རོང་ངེར་བྱས་ལ། འདི་ཨུར་མོ་ཁ་ཡན་གྱི་ཐེམ་བུ་ཡིན། རླུང་ཕྱིར་ལ་འཐེན་ནས་འོག་སྒོ་གཉིས་ཁ་ཡན་དུ་བཞག་ནས་འཆུན་བཙལ་དགོས་ཁུ། འདིའི་སྐབས་ལ་བར་རླུང་ཐད་ཀར་རྒྱངས་པ་དང་རིག་པ་སྤྱི་བོའི་ཚངས་དབུགས་ལ་ཡར་གཏད་དགོས་ནི་རེད། འགྲེ་ལྡོག་ལན་གསུམ་དང་། དེ་མ་ཐག་མཐིལ་བཞི་ས་ལ་བཙུགས་ནས་སྒུར་བའི་ཧ་དཀྲུགས་དང་སྦྲགས་གཞི་དཀྲུགས་ལན་གསུམ་གྱི་རྗེས། ཧར་གྱིས་ལངས་ཁུ་ཚུར་བསྐོར་རྒྱངས་ཐོག་འབེབས་ཆེན་གསུམ། ༼༡༧ རྨ་བྱ་བྱ་རྨྱང་། བཅུ་བདུན་པ་རྨ་བྱ་བྱ་རྨྱང་ནི། འབེབས་སྟན་ཁར་ཆུ་ལ་རྐྱལ་བ་ལྟར་། ལུས་ཁ་སྦུབས་ནས་ཆུ་ལ་རྐྱལ་བ་ལྟར་དུ་བྱ་དགོས་ནི་རེད། འདི་བགྲམ་ཆེན་བུམ་པའི་ཐེམ་བུ་ཟེར་བ་དེ་ཡིན་ནི་རེད། རླུང་ནང་དུ་རྔུབས་ནས་འོག་ཏུ་མནན་དགོས། ཐད་ཀར་རྒྱངས་ཡོང་དུས་ལས་ཀྱི་སྨད་ཐམས་ཅད་ལ་རླུང་གིས་ཁྱབ་པར་བྱེད་དགོས་ནི་རེད། ཁུ་ཚུར་ནང་བསྐོར་གྱི་ལག་པའི་གྲུ་མོ་གཉིས་བྲང་འོག་ཏུ་བཞག་པའི་ལག་མཐིལ་ས་ལ་སྦྱར། རྐང་པ་གཉིས་ཤད་དེ་རྨྱང་ཟེར་ན། ཕར་ལ་བརྒྱངས་དགོས་ནི་རེད། ཨོལ་ཀོ་བཏེག་སྟེ་གསུངས་ན། ཨོལ་ཀོའམ་མ་ནེ་ཡར་བཀྱགས་ཏེ་མཇིང་པའམ་སྐེ་ཡར་སྒྲེང་བ་ནས་བཟུང་ལུས་དང་ཡན་ལག་ཉིང་ལག་ཐམས་ཅད་ཀྱི་ཆ་ནས་འཆུན་བཙལ་ཏེ་རྨྱང་བ་ལན་གསུམ་དང་། ཡང་ཁུ་ཚུར་སྐོར་བཞིན་དུ་རྒྱབ་ལོགས་ཀྱི་དཔྱི་མགོའི་ཤ་བོ་ཆེར་སྦྱར། འཇིང་པ་སྒྲེང་ནས་ལུས་ཐམས་ཅད་ལ་འཆུན་བཙལ་བ་གསུམ་གྱི་རྗེས། རྐང་པ་བགྲད་ཆུང་གི་འབེབས་གསུམ། གསུངས་ནི་རེད། ༼༡༨ ཤང་ཤང་གཤོག་འགྱུར། བཅོ་བརྒྱད་པ་ཤང་ཤང་གཤོག་འགྱུར་ནི། ཤང་ཤང་གཤོག་འགྱུར་འདི་རྡོ་རྗེ་རྒྱ་གྲམ་གྱི་ཐེམ་བུ་ཡིན་ནི་རེད། རླུང་ནང་དུ་བཞག་ནས་ཕྱོགས་མཉམ་པར་འཆུན་བཙལ་དགོས། ལངས་ཏེ་ཁུ་ཚུར་སྐོར་རྒྱངས་ཐོག་རྐང་པ་གཡས་པའི་བྲང་ས་ནས་ལག་པ་གཡོན་པའི་མཁྲིག་མའི་རྒྱབ་ཀྱིས་བཏེག སྐེད་པ་བསྲང་གང་ཐུབ་ཐོག་གཡས་པའི་ཁུ་ཚུར་གྱིས་གཡོན་པའི་གྲུ་མོའི་ཐད་ནས་དཔུང་པ་དང་ལག་ངར་སྒྲེང་བཞིན་པའི་འཆུན་གྱིས་རོ་སྟོད་རྒྱབ་ལ་གཅུས་འཆུས་ནེ་ཙོའི་གཤོག་འགྱུར་བཞིན་སྐོར་བ་གསུམ་དང་དེ་བཞིན་རྐང་ལག་གོ་ལྡོག་པ་གསུམ་གྱི་རྗེས་ཁུ་ཚུར་སྐོར་རྒྱངས་ཐོག་རྐང་པ་གཡོན་ཕྱོགས་ཀྱི་སྐྱིལ་སྟངས་སྔོན་ལ་འགྲོ་བའི་རྡོར་འབེབས་གསུམ། ༼༡༩ དབུ་མ་འཛུགས་སྐོར། བཅུ་དགུ་པ་དབུ་མ་འཛུགས་སྐོར་ནི། འདིས་ལུས་ཀྱི་རྩ་ཕྲན་ཐམས་ཅད་ཀྱི་རླུང་ཀུན་སྙོམ་པར་བྱེད་ནི་རེད། རྩ་ཕྲན་གྱི་རླུང་ཐམས་ཅད་ཀུན་འདར་མར་སྡུད་པར་བྱེད་པ་ཡིན་པས་ན་འདི་ལ་དབུ་མ་འཛུགས་སྐོར་ཟེར་ནི་རེད། ལངས་འདུག་གི་ཕྱོགས་གཉིས་གང་བདེ་ལས་གསུངས་ནི་རེད། འདི་འཁོར་ལོ་ཁ་སྦྱོར་གྱི་ཐེམ་བུ་ཡིན་ནི་རེད། མཁལ་མ་ཁ་སྦྱར་ནས་རླུང་དབུ་མའི་ནང་འཛུགས་དགོས་ནི་རེད། མཁལ་མ་གཉིས་ཁ་སྦྱར་དབུ་མ་ཇེ་ཕྲར་བསླབ་པ་གསུམ་གྱི་མཐར། གཡས་གཡོན་དུ་གཅུས་བསྐོར་དང་གྱེན་འཐེན་སྤེལ་བ་གསུམ་རེའི་རྗེས། སྒུར་འབེབས་གསུམ་དང་བགྲད་འབེབས་གསུམ། ༼༢༠ ཛ་ལནྡྷ་ར། ཉི་ཤུ་པ་ཛ་ལནྡྷ་ར་ནི། འདིས་རླུང་ཐམས་ཅད་སྡུད་ཅིང་གཙུག་ཏོར་ནམ་མཁའི་འཁོར་ལོ་ཡེ་ཤེས་ཀྱི་དབྱིངས་སུ་འཆང་བར་བྱེད། ཛ་ལནྡྷ་ར་ནི་ཁུ་ཚུར་བསྐོར་རྒྱངས་ཐོག རྐང་མཐིལ་གཡས་པ་པུས་་མོ་གཡོན་པའི་སྟེང་དུ་སྦྱར། ལག་པ་གཉིས་སྒྱིད་ཁུང་གི་སྟེང་འོག་ནས་འཁྱུད་དེ་ཐལ་མོ་ཐག་སྒྲ་དང་བཅས་སྦྱར། རོ་སྟོད་ཅུང་ཟད་བསྲངས་ཏེ་མགོ་བོ་གཡོན་སྐོར་གསུམ་གྱི་ཚེ་དམིགས་པ་སྦྱི་བོའི་ཧཾ་ལ་གཏོད། དེ་བཞིན་དུ་རྐང་ལག་མགོ་གསུམ་གོ་ལྡོག་ལན་གསུམ་གྱི་མཐར་བགྲད་འབེབས་གསུམ། དེའི་ཡན་ཆོད་གྱི་རྣམ་པ་ཉི་ཤུའི་བྱང་ཆུབ་པའི་འཁྲུལ་འཁོར་ཉི་ཤུ་སོང་ཟིན་ནི་རེད། ད་ཉེར་གཅིག་པ་རྟེན་ལུས་ཀྱི་གེགས་སེལ་དང་བརྟེན་པ་ཆོས་ཉིད་ཀྱི་གནད་ཁྱད་པར་ཅན་གབ་ཏེ་བསྟན་པ་གཉིས་ཀ་གསུངས་ནི་རེད། ༼༢༡ གེགས་སེལ་རྡོ་རྗེ་དབའ་རླབས། དང་པོ་གེགས་སེལ། ཉེར་གཅིག་པ་ལ་གེགས་སེལ་དང་། རྡོ་རྗེ་དབའ་རླབས་གཉིས་ལས། དང་པོ་གེགས་སེལ་ལ་ནང་གསེས་ཀྱི་བྲབ་པ། གཞིལ་བ། ཞགས་འཕེན། གླིང་བཞི་སྡུད་པ་བཞི་ཡོད་ནི་རེད། ༡ བྲབ་པ། དེའི་ནང་གི་དང་པོ་དོན་བཞིའི་བྲབ་པ་ནི། བསྡད་བཞིན་པ་ལས་ཁུ་ཚུར་གདོང་རྒྱངས་དང་བཅས་གན་རྐྱལ་དུ་བྱས་ལ་རྐང་ལག་ཤད་དེ་བརྐྱང་། བྲབ་པ་ནི། ཐལ་ལྕག་གིས་དཔུང་བ་གཡས་གཡོན་ནུ་མ་གཉིས། མཆན་ཁུང་གཉིས། མཁལ་ཁུང་གཉིས་སུ་བྲབས། ༢ གཞིལ་བ། གཞིལ་བ་ནི། མཆན་རྡེབ་དང་བཅས་ཁུ་ཚུར་གཉིས་སྟྭ་ཟུར་དུ་ཤད་པ་གསུམ། དེ་བཞིན་དུ་རྐང་མཐིལ་གཉིས་ཀྱིས་བརླ་སྟེང་དུ་བྲབ་ཅིང་། པུས་སྟེང་ནས་ངར་པའི་གཞུང་ལ་བྱུག་པ་ལྟར་ཤད་ནས་གཞིལ། ༣ ཞགས་འཕེན། ཞགས་འཕེན་ནི། ཉལ་བཞིན་པ་ལས་རྐང་ལག་གཡས་པ་གཉིས་འཕེན་སྡུད་དྲག་པོ་ལན་གསུམ་དང་། དེ་བཞིན་གཡོན་པ་གསུམ་བརྗེ་སྟེ། གང་གི་ཚེ་ཡང་ལག་པ་ཅིག་ཤོས་ཞགས་སྡོགས་ཀྱི་ཚུལ་དང་། ༤ གླིང་བཞི་སྡུད་པ། གླིང་བཞི་སྡུད་པ་ནི། རྐང་ལག་ཐམས་ཅད་ནམ་མཁའ་ལ་སྒྲེང་བའི་ཤུགས་ཀྱིས་འཕར་སྟངས་ལན་གསུམ་གྱི་རྗེས་སྐྱིལ་ཀྲུང་དང་བཅས་འབའ་དཀྲུག་གསུམ་གྱིས་རྫོགས་པའོ། །དེ་དག་ནི་སྒྲ་ཇི་བཞིན་པ་རེད་དེ་དེའི་འཕྲོར་ཁྲིད་དཔོན་བསྟན་འཛིན་དགྲ་ལྷ་ཚང་གིས་རིམ་པ་བཞིན་དུ་ལག་ཁྲིད་བྱེད་ནི་རེད། འདི་ནས་བར་སྐབས་ཀྱི་ཚིགས་སུ་བཅད་པས་རྩ་རླུང་གི་འཁྲུལ་འཁོར་འདི་ལ་དམིགས་པའི་གནད་དང་མ་ལྡན་ན་འཁྲུལ་འཁོར་གཅིག་པུའི་གོ་མི་ཆོད་པར་མ་ཟད། འཆུན་དང་དག་སྦྱོར་དེ་ཚོ་གལ་ཆེ་བར་གདམས་པ་དང་ནི། རྩ་རླུང་ཐིག་ལེ་ལས་སུ་རུང་སོང་བ་ཡིན་ན་ས་ལམ་གྱི་ཡོན་ཏན་བརྙེས་པ་དང། འདི་ལ་དད་ཅིང་འདུན་པ་སྟོབས་སུ་སྦྱོར་ནས་འབད་པ་བྱེད་དགོས། སྔགས་ཀྱི་བསྟན་པ་མ་ནུབ་པའི་རྟགས་འདི་ལ་འདི་ལ་འཇུག་པ་ཙམ་ཡང་དགའ་བར་འོས་པའི་གནས་ཡིན་དེ་ཚོ་གསུངས་ཡོད་ནི་རེད། རྣམ་འགྱུར་མང་ཡང་འཆུན་དང་མི་ལྡན་ན། །འབོལ་སྟན་སྟེང་དུ་བྱ་མཁན་དྲངས་པ་དངོས། །དག་སྦྱོར་མེད་པའི་དུད་འགྲོའི་ལུས་འགྱུར་ཡང་། །ངན་འགྲོའི་ལམ་ལ་རྟེན་འབྲེལ་སྒྲིག་པ་བཞིན། །དེ་ཕྱིར་རྟེན་འབྱུང་བྱེད་ལས་འབྲས་གསུམ་ཀའི། །དོན་ལ་རྟོན་ཅིང་སྟོང་པ་གཞིའི་འོད་གསལ། །ཉམས་སུ་མྱོང་བ་རྡོ་རྗེ་ཐེག་པའི་ལམ། །ཡིན་པར་ངེས་ཤེས་སྐྱེས་པ་ཙམ་བྱུང་ཡང་། །སྔགས་ཀྱི་གཟུགས་བརྙན་ཡོད་སྙམ་དགའ་བ་སྐྱེས། །དམིགས་པ་དང་འདུན་པ། དག་སྦྱོར་སོགས་ཅིི་ཡང་མེད་ནི་ཞིག་གིས་དུད་འགྲོའི་སྟངས་སྟབས་བྱས་ན་རྟེན་འབྲེལ་ལོག་པའི་རྒྱུ་ཡིན་པའང་བསྟན་འདུག མ་མཐར་ཡང་དད་པ་དག་སྣང་གི་སྒོ་ནས་འཇུག་དགོས་ནི་རེད། འདི་ནས་འཁྲུལ་འཁོར་དེ་དག་གི་དགོས་པ་དང་ནི་འཁྲུལ་སེལ་དོགས་གཅོད་དང་བཅས་པ་འབྱུང་གི། དེ་ཡང་རྟེན་ཅིང་འབྲེལ་འབྱུང་གི་སྒོ་ནས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་སྟབས་གཅིག་ཏུ་འཆིང་། སྐུ་མཉེས་བདེ་དྲོད་འབར། སོར་བསྣོལ་གྱིས་རྩ་ཁམས་ཡི་གེར་སྦྱོང་། དཔུང་པའི་སྟངས་གཉིས་ཀྱིས་རླུང་རང་མལ་དུ་གསོད། དཔུང་བའི་སྟངས་གཉིས་ཟེར་ན་སྟངས་སྟབས་ཀྱི་སྟངས་རེད། སྟབས་གཉིས་ཟེར་ན་སྟངས་སྟབས་ཀྱི་སྟབས་རེད་ཁྱད་པར་མེད། རིག་འཛིན་གྱི་སྟངས་སྟབས་བརྒྱད་ཀྱིས་དངོས་ཞེན་ལྷ་སྐུར་གསལ། དམ་ཚིག་འཁྲུལ་འཁོར་ལྔས་རིགས་ལྔའི་དངོས་གྲུབ་ཐོབ། དབུ་མ་འཛུགས་སྐོར་གྱིས་རྩ་ཕྲན་ཐམས་ཅད་ཀུན་ད་མར་སྡུད། ཛ་ལནྡྷ་རས་རླུང་ཐམས་ཅད་གཙུར་ཏོར་ཡེ་ཤེས་ཀྱི་འཁོར་ལོར་འཆིང་། བྱེད་ལས་ཀྱི་སྒོ་ནས་རླུང་གིས་རྩ་ཁ་འབྱེད། འཁྲུལ་འཁོར་གྱིས་རྩ་མདུད་འགྲོལ། ཐེམ་བུས་ཐིག་ལེའི་གེགས་སེལ་བའི་ཕྱིར་རླུང་དང་འཁྲུལ་འཁོར་ཡ་མ་བྲལ་བ། དེ་ཡང་ལུས་བསྲང་བ་དང་། གཅུད་པ་དང་། དགྱེ་རྒུར་དང་། ཡན་ལག་བརྐྱང་བསྐུམ་དང་། སྡིགས་མཛུབ་ལ་སོགས་པ་གང་གི་ཐད་དུའང་དབྱིག་པས་སྲད་བུ་གཅུད་པ་ལྟར་སོར་ཚིགས་ཡན་ཆད་ལ་འཆུན་འཐོན་པར་ཆ་ཆ་ནས་སྒྲིམས་ཤིང་། གཅུ་བ་དང་། གཅུད་པ་མ་ནོར་བ། ལུས་སྤྲུགས་དང་རྩ་འདར་མ་ནོར་བ། ལྟ་སྟངས་དང་སྟངས་སྟབས་མ་ནོར་བ། ཁུ་ཚུར་དང་སྡིགས་མཛུབ་མ་ནོར་བ། བྲབ་པ་དང་གཞིལ་བ་མ་ནོར་བ་གནད་ཡིན་ལ། དེ་ལྟར་རྩ་རླུང་ཐིག་ལེའི་འཁྲུལ་འཁོར་གྱི་གནད་ལ་སྦྱངས་བའི་འབྲས་བུའི་སྒོ་ནས་བརྗོད་ན། རྩ་རླུང་ཐིག་ལེ་ལས་སུ་རུང་བས་དབུ་མར་ཞུགས་གནས་ཐིམ་གསུམ་གྱི་ཡོན་ཏན་ལས་རྩ་མདུད་ཉི་ཤུ་རྩ་གཅིག་པོ་གྲོལ་ཞིང་། དུས་སྦྱོར་བཅུ་གཉིས་ཀྱི་རླུང་དག་པས་ས་ལམ་གྱི་ཡོན་ཏན་རྗེས་དཔག་ལ་མ་ལྟོས་པར་བཙན་ཐབས་སུ་བགྲོད་ནས་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུ་མངོན་དུ་བྱེད་པའི་ཕྱིར་ཐབས་ཀྱི་ལམ་ཞེས་བྱའོ། །དེ་ཡན་ཆོད་ཀྱི་གེགས་སེལ་བསྟན་ནས། ཉེར་གཅིག་པ་ལ་དོན་ཚན་གཉིས་ཡོད་པས་ནང་ཚན། གཉིས་པ་རྡོ་རྗེ་དབའ་རླབས། གཉིས་པ་རྡོ་རྗེ་དབའ་རླབས་ནི། འདི་དབང་གི་སྐབས་ལ་དབའ་རླབས་ཀྱི་རྩ་ལྟེམས་ཞིང་གནས་ལུགས་མི་རྟོག་པའི་ཡེ་ཤེས་ངོ་སྤྲོད་མཛད་པ་དེ་ཉིད་རེད། སང་གནང་དབང་གི་སྐབས་ལ་འདི་དག་འབྱུང་ནི་རེད། ཆོས་ཉིད་ཀྱི་གནས་ལུགས་རླུང་སེམས་ཀྱིས་བསླད་པ་དང་བྲལ་བར་མངོན་སུམ་དུ་མཐོང་བའི་མན་ངག་ཡིན་ཏེ། ཐལ་འགྱུར་ལས། ལྟེམས་པས་འགགས་ལ་བཙིར་བས་འཆིང་། །མནན་པས་གནད་ལ་གཅུད་པས་གསལ། །ཞེས་པའི་དོན་བར་རླུང་བུམ་པ་ཅན་དང་སྦྲགས་རིག་པ་ཆོས་ཉིད་ཀྱི་དོན་ལ་བཞག་ཅིང་། སྟེང་རླུང་མནན། འོག་རླུང་བསྡམ། བར་རླུང་ལྟེ་བར་རླུང་བུམ་ཅན་བཟུང་བ་དང་བཅས་ཏེ་རིག་པ་སྟོང་གསལ་འགག་མེད་གཉིས་སྣང་གི་སྤྲོས་པ་མཐའ་དག་དང་བྲལ་བའི་ངང་ལ་རང་བབས་གཡོ་མེད་ཀྱིས་བཞག་ཅིང། དབའ་རླབས་ཀྱི་མན་ངག་བཞི་པོ་བླ་མའི་ཞལ་ལས་ཤེས་པར་བྱས་ནས། མན་ངག་བཞི་པོ་འདི་གང་རེད་ཟེར་ན། ལྟེམས། བཙིར། མནན། གཅུད་བཞི་བོ་དེ་དག་རེད། འདི་དག་གི་ཐབས་ལ་བརྟེན་དེ་སྟོང་བཞིའི་དྲངས་དགའ་བཞིའི་ཡེ་ཤེས་འཆར་བ་དང་ཁྱད་པར་དུ་དབའ་རླབས་ཀྱི་རྐྱེན་ལ་བརྟེན་པའམ་བདེ་སྟོང་གིས་དྲངས་པ་གང་ཅན་པོ་ཡིན་ན་ཡང་། དཔེས་མཚོན་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་བ་ཡིན་ནི་རེད། རླུང་སེམས་འདུ་ཚུལ་བཞི་ལས། དུ་བ་དང་སྨིག་རྒྱུ་ལ་སོགས་པའི་རྟགས་སྣང་ཕྲ་མོ་དང་བཅས་གསུངས་ནས། ས་ཆུ་ལ་ཐིམ་པས་སྨིག་རྒྱུ་དང་། ཆུ་མེ་ལ་ཐིམ་པས་དུ་བ། མེ་རླུང་ལ་ཐིམ་པའི་ནམ་མཁར་སྣང་བ་དང་བཅས་རྣམ་ཤེས་སྣང་བ་ལ་ཐིམ་གསུངས་ནི་རེད། རྣམ་ཤེས་སྣང་བ་ལ་ཐིམ་གྲབ་བྱས་ནས་མར་མེ་ལྟ་བུའི་སྣང་བ་དང་། ཐིམ་པ་དངོས་ཀྱི་སྐབས་སུ་སྟོང་བའི་ཡེ་ཤེས་ཀྱི་སྣང་བ་འཆར་ནི་རེད། དེ་ལྟར་རྣམ་ཤེས་སྣང་བ་ལ་ཐིམ་ནས་ཡུལ་ལྔའི་རྟོགས་པ་འགགས་པའི་མཚོན་དཔེ་ནི་སྟོན་ཁའི་ནམ་མཁའ་ལ་ཟླ་འོད་ཤར་བ་ལྟ་བུའོ། །དེའི་ཚེ་འཆིང་བའི་ཐབས་ཀྱིས་སྣང་བ་མཆེད་པར་ཐིམ་པས་ཡུལ་ཕྲ་བའི་རྟོག་པའང་འགགས་པའི་མཚོན་དཔེ་ནི་སྟོན་གནམ་རྙོག་བྲལ་ལ་ཉི་གཞོན་ཤར་བ་ལྟ་བུའོ། །དེ་ལ་གནས་པའི་ཐབས་ཀྱིས་མཆེད་པ་ཉེར་ཐོབ་ལ་ཐིམ་པས་རྟོག་པ་ཤིན་ཏུ་ཕྲ་བའང་འགགས་པའི་མཚོན་དཔེ་སྟོན་གྱི་ནམ་མཁའ་གཡའ་དག་པ་མཚམས་ཀྱི་སྨག་གིས་སློངས་པ་ལྟ་བུ་ནག་ལམ་པའི་སྣང་བ་དང་བཅས་ཏེ་དྲན་པ་ཉམས། དེ་ཉིད་གཅུད་པའི་ཐབས་ཀྱིས་ཉེར་ཐོབ་འོད་གསལ་ལ་ཐིམ་པས་ཆོས་དབྱིངས་སྤྲོས་པ་དང་བྲལ་བ་རང་གསལ་བའི་མཚོན་དཔེ་ནི་སྟོན་གནམ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ཐོ་རེངས་ཀྱི་ཐུན་དང་པོ་ལྟ་བུ་སྟེ། དེ་ལྟར་ན་ལྟེམས་པས་རྣམ་རྟོག་རེག་པ་འགགས་ཅིང་། བཙིར་བས་ཕྲ་བའམ་འཆིང་བ་དང་ནི། མནན་པས་རྟོག་མེད་ལ་གནས་པ་དང་། གཅུད་པས་ཐབས་ཀྱི་རང་སར་སྤྲོས་པ་དང་བྲལ་བར་འཆར་གྱིན་ཡོད་ནི་རེད། དེ་ཡང་ལྟེམས་པས་རྣམ་ཤེས་སྣང་བ་ལ་ཐིམ་དུས། སྟོན་ནམ་ཟླ་འོད་ཀྱི་སླངས་བ་ལྟ་བུ་དང་ནི། འཆིང་བའི་སྟོབས་ཀྱིས་སྣང་བ་མཆེད་པ་ལ་ཐིམ་པས་སྟོན་གནམ་ལ་ཉི་གཞོན་ཤར་བ་ལྟ་བུ། གཞན་ནས་སྟོན་གནམ་ཟླ་འོད་ཀྱིས་སློངས་བ་ལྟ་བུ་གསུངས་རྒྱུ་དང་གནད་ཕལ་ཆེར་གཅིག་ནི་རེད། མནན་པས་མཆེད་པ་ཉེར་ཐོབ་ལ་ཐིམ་དུས་སྟོན་ནམ་སྨག་གིས་སློངས་བ་ལ་དཔེ་འཇོག་གི་འདུག་རྒྱུ་དེ་ཡིན་ནི་རེད། འདི་ངོ་མ་བཤད་ན་མཆེད་པ་ཐོབ་པ་ལ་ཐིམ་ཟེར་རྒྱུ་ཅན་པོ་ཡིན་ནི་རེད། དེའི་འཕྲོར་བཞི་བ་དེ་གཅུད་པའི་ཐབས་ཀྱིས་ཐོབ་པ་ཉེར་ཐོབ་ལ་ཐིམ་པའམ་ཉེར་ཐོབ་འོད་གསལ་ལ་ཐིམ་པའི་སྐབས་སུ། ཆོས་དབྱིངས་སྤྲོས་པ་དང་བྲལ་བ་སྟོན་ནམ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ལྟ་བུའི་འོད་གསལ་བསམ་བརྗོད་ལས་འདས་པའི་ཡེ་ཤེས་བརྙེས་ནི་རེད། དེ་ནས་རེག་པའི་ཐིམ་རིམ་གྱི་རྟགས་ལ་དུ་བ་སྨིག་རྒྱུ་སོགས་ཤར་ནས། ཕྲ་བའི་ཐིམ་རིམ་སྣང་མཆེད་ཐོབ་གསུམ་གྱི་རིམ་པ་བཞིན་དུག་གསུམ་གྱི་ཀུན་རྟོག་བརྒྱད་ཅུ་རླུང་གིས་གཞོམ་པ་དང་བཅས་པ་དེ་འགགས་སོང་དུས། འོད་གསལ་བསམ་གྱིས་མི་ཁྱབ་པའི་དཔེའི་ཡེ་ཤེས་འཆར་ནི་རེད། འདི་ལྟ་བུའི་འོད་གསལ་གྱི་སྦྱང་བ་ལ་གོམས་སོང་ན། མཚོན་བྱེད་དཔེའི་ཡེ་ཤེས་ཀྱིས་མཚོན་བྱ་དོན་གྱི་གནས་ལུགས་རྟོགས་ཏེ་བརྗོད་མེད་དོན་གྱི་ཡེ་ཤེས་འཆར་ཐུབ་པ་ཡོང་ནི་རེད། དེ་ཡང་སྟོང་གཞི་དང་སྦྱར་ན་འདི་རེད། རླུང་ངམ་རྣམ་ཤེས་སྣང་བ་ལ་ཐིམ་དུས་རིམ་བཞིན་སྟོང་བ་དང་། སྣང་བ་མཆེད་པ་ལ་ཐིམ་དུས་ཤིན་ཏུ་སྟོང་བ། མཆེད་པ་ཉེར་ཐོབ་ལ་ཐིམ་དུས་སྟོང་པ་ཆེན་པོ། ཉེར་ཐོབ་འོད་གསལ་ལ་འདྲེས་དུས་ཐམས་ཅད་སྟོང་པའང་ཟེར་ན་ཆོག་ནི་རེད། སྟོང་པ་ཆེན་པོའམ་ཡང་ན་རབ་ཏུ་སྟོང་པ་ཟེར་དུས་ཡོད་ནི་རེད། ཞེས་བྱ་སྟེ་གསུངས་ནི་རེད། ཕྱི་མ་ནི་ཞེས་པ་འདི་རབ་ཏུ་སྟོང་པ་ཅན་པོ་དེ་རེད། གཞི་གནས་ཀྱི་ཡེ་ཤེས་འཆི་བ་འོད་གསལ་གྱི་ངོ་བོ་ཉིད་ཡིན་པས་གསུངས་ན། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པ་འཆི་བ་འོད་གསལ་གྱི་ངོ་བོ་གཞིའི་འོད་གསལ་གྱི་ངོ་བོར་འཆར་བ་ཡིན་པས་ན་དེ་ཉིད་དབའ་རླབས་ཀྱི་རྐྱེན་གྱིས་གསལ་བར་བྱས་པའམ། བདེ་སྟོང་གིས་དྲངས་པའི་ལྷན་སྐྱེ་གང་ཡིན་ཡང་འདྲ་སྟེ་གཏིང་གསལ་གཞོན་ནུ་བུམ་པའི་དཔེའི་གསུངས་ན། གཏིང་གསལ་ལམ་ནང་གསལ་འདི་ཤིན་ཏུ་ཕྲ་བའི་ཡེ་ཤེས་ལ་གོ་ནི་རེད། གཞོན་ནུ་བུམ་པ་སྐུའི་དཔེ་བཞག་ནས་དཔེའི་ཡེ་ཤེས་ཀྱི་ངང་དུ་ད་ལྟ་བཅོས་བསླད་མེད་པར་མཉམ་པར་འཇོག་པ་ལ་ཡུན་རིང་དུ་གོམས་པ་དེ་ཉིད་སད་དུས་ཀྱི་གསུངས་ན། འདི་སད་རྨི་གཉིད་འཐུག་སྙོམས་འཇུག་སྟེ་གནས་སྐབས་བཞིའི་སྐབས་ཡིན་པས། དེའི་ནང་ནས་སད་དུས་ཀྱི་ཆོས་སྐུའི་བསྲེ་བ་དང་མཚམས་སྦྱར་བ་ནི་གནད་དམ་པའོ། །འདི་ནི་རྟོགས་པ་ལ་མྱོང་བ་ཅུང་ཟད་ཐོན་པའི་གང་ཟག་རྣམས་ཀྱིས་གོ་མྱོང་རྟོགས་གསུམ་གྱི་ནང་ནས་རྟོགས་པ་ལ་མྱོང་བ་ཅུང་ཟད་ཐོན་པའི་གང་ཟག་རྣམས་ཀྱི་ཉམས་སུ་བླང་བྱ་ལས། ལས་དང་པོ་པའི་གང་ཟག་ལ་བསྟན་བྱ་མ་ཡིན་པས། ཟབ་མི་ཟབ་ཀྱི་ཐད་ལ་དེ་འདྲ་ཡིན་གསུངས་ནི་རེད། འདིའི་ཐད་ཀྱི་འཕྲོས་གཏམ་ཞིག་ཞུས་ནི་ཡིན་ན། སྔགས་མཚན་བཅས་ཐུན་མོང་པའི་ལམ་ནས་རླུང་དབུ་མར་འཛུད་ནས། དཔེའི་ཡེ་ཤེས་ཀྱིས་དོན་གྱི་ཡེ་ཤེས་ལ་འདྲེན་རྒྱུ་འདི་ལ་གྲོལ་ལམ་བླ་མའི་མན་ངག་རྫོགས་པ་ཆེན་པོའི་མན་ངག་ལ་བསྟེན་དགོས་ནི་རེད། སྣང་སེམས་འཕོ་བའི་བག་ཆགས་ཤེས་སྒྲིབ་ཕྲ་བ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་བཅོམ་བྱ་དེ། མཐའ་གཅིག་ཏུ་གསང་སྔགས་ཐབས་ལམ་ལ་མ་བརྟེན་པར་མི་འགྲུབ་པ་ཞིག་ཡིན་ནི་མ་རེད། དེ་ནི་དོན་གྱིས་འོད་གསལ་མཐར་ཐུག་དེ་གང་ཡིན་ན་དབང་བཞི་བའི་སྐབས་ཀྱི་རྟོགས་དོན། དེ་རིག་པ་རྩལ་གྱི་དབང་ཆེན་གྱི་ཁྱད་པར་དུ་ཕྱེས་པའི་དོན་གྱི་འོད་གསལ། རིག་སྟོང་སྤྲོས་པ་དང་བྲལ་བ་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་ངོ་བོར་རྗེན་གྱེར་དུ་མཐོང་བ་དེ་ཡིན་ནི་རེད་མོད། དེ་ལྟ་བུའི་མཐོང་བྱ་མཐོང་བྱེད་དང་བྲལ་བར་མཐོང་བ། མ་མཐོང་བའི་མཐོང་བ་ཆེན་པོ། ཤེས་དང་ཤེས་བྱ་རོ་གཅིག་པའི་བདག་ཉིད་དེ་ཉིད། མཚོན་བྱ་དོན་གྱི་ཡེ་ཤེས་དངོས་དེའི་ཚབ་དེ་མཚོན་བྱེད་དཔེའི་ཡེ་ཤེས་ཞིག་གི་ཡོང་ནི་མ་རེད། རླུང་དབུ་མར་ཞུགས་པ་ཙམ་གྱི་ཡེ་ཤེས་ངོས་ཟིན་དཀའ་ནི་རེད། དེ་མ་ཟིན་དུས་རླུང་དབུ་མར་ཞུགས་ཀྱང་ཕན་ཐོགས་མ་བྱུང་ནི་རེད། ཅི་ལྟར་ཕན་ཐོགས་མ་བྱུང་ནི་རེད་ཟེར་ན། དོན་གྱི་འོད་གསལ་མཚོན་པའི་སྒོར་མ་གྱུར་པས་རྩ་རླུང་ཐིག་ལེའི་འཇུ་འདུལ་ཅི་ཞིག་བྱས་ཀྱང་། ཟག་བཅས་འཇིག་རྟེན་པའི་ལམ་ལས་འདའ་ཐུབ་གི་ཡོད་ནི་མ་རེད། ལུས་ཀྱི་སྟངས་སྟབས་བྱེད་ཚུལ་དང་ནི་རྩ་རླུང་རང་ག་མའི་འགྲོས་ཙམ་ཞིག་ཕྱི་རོལ་པ་ལ་ཡང་ཡོད་ནི་རེད། དེང་སང་གང་ན་ཡིན་ན་རྒྱ་གར་གྱི་ཕྱི་རོལ་བའི་ལུགས་ལས་དར་ཡོང་བའི་ཡོ་ག་ཟེར་རྒྱུ་ཞིག་དར་གི་ཡིན་ན། ཡོ་ག་ཟེར་བའི་མིང་བཏགས་པ་འདི་ལ་སོགས་པ་མང་ནི་རེད་དེ། ཡང་དག་གི་ལམ་ལ་བསྙེག་ཐུབ་པ་མ་ཡིན། དེ་ཚོ་ཡང་རྩ་རླུང་གི་བྱེད་རྩོལ་དགོས་ནི་རེད། གོང་ནས་ཉེར་ཐོབ་འོད་གསལ་ལ་འདྲེས་གསུངས་རྒྱུའི་སྟོང་གཞིའི་མཐར་ཐུག་གི་སྐབས་དེ། ཀུན་གཞི་ཆོས་དབྱིངས་ལ་སད་པ་དང་གཉིས་ཀ་གཅིག་རེད། རྟོགས་མེད་རང་གསལ་ཡུལ་དང་འདྲེས་པ་ཙམ་ཞིག་ཀུན་གཞི་རྣམ་ཤེས་ཀྱི་མཚན་ཉིད་ཀྱང་ཡིན་ནི་རེད། ཀུན་གཞི་རྣམ་ཤེས་ཀྱི་མཚན་ཉིད་ཞོགས་ཟེར་ན། གསལ་ཞིང་རིག་པ་སེམས་ཀྱི་མཚན་ཉིད་ཇི་ལྟར་བྱས་ཀྱང་ཡིན་ནི་རེད། ཀུན་གཞི་ཆོས་དབྱིངས་ལ་སད་པ་དེར་ཆ་རྐྱེན་གང་ཚོགས་དགོས་ནི་རེད་ཟེར་ན། ཆ་རྐྱེན་གསུམ་ཚོགས་དགོས་ནི་རེད། རྟོག་མེད་རང་གསལ་དེའི་ངང་ལས་མཐོང་ཡུལ་རགས་པ་གཟུགས་སུ་འཆར་བ་ལ་སོགས་པའི་དབང་ཤེས་ལྔ་ལས་རང་ལོག་དགོས། དེ་གཅིག་རེད། དགག་སྒྲུབ་ཆགས་སྡང་ལ་རྟོག་པ་དེ་ཉོན་ཡིད་ཡིན་ནི་རེད། དེ་ལས་འདའ་དགོས་པ་དང་གཉིས་རེད། འཐིབ་ཅིང་རྨོངས་པ་ཅན་གྱི་སྒྲིབ་ལུང་མ་བསྟན་ཀུན་གཞི་ཡིན་ནི་རེད། དེ་ལས་སད་དགོས། དེ་ལྟར་སད་པའི་མཚན་ཉིད་དེ་འདི་དང་འདི་ལྟ་བུ་ཞིག་རེད་ཟེར་ནས་ངེས་ཤེས་ཀྱི་འཛིན་སྟངས། རང་སའི་སྒྲིབ་པ་རྔམ་པོ་ཆེ་དེ་དང་བྲལ་དགོས་ནི་རེད། དེ་དང་གསུམ་ཡིན་ནི་རེད། དེ་གསུམ་པོ་ཚོགས་ན་ཡེ་ཤེས་སུམ་ལྡན་རེད། ངོ་བོ་གཅིག་ལ་ལྡོག་ཆའི་དབྱེ་བའི་རང་རྩལ་མ་འགགས་པ་དེ། རྒྱལ་བའི་གསུངས་བའི་སོ་སོ་རང་རིག་པའི་ཡེ་ཤེས་ཡིན་ནི་རེད། དེའི་ཕྱིར་ན་འདིའི་དོན་ཤིན་ཏུ་རྟོགས་གོམས་མཐར་ཕྱིན་པའི་རྣལ་འབྱོར་མཉམ་བཞག་གི་སྤྱོད་ཡུལ་ཡིན་པས་སྟབས་ཀྱིས། ཀུན་གྱི་སྤྱོད་ཡུལ་དུ་མ་གྱུར་པ་ཡིན་པས་ན་གང་ཟག་ཐུན་མོང་པ་ཐམས་ཅད་ཀྱི་དབའ་རླབས་དང་བདེ་སྟོང་གི་དྲངས་དགའ་བཞིའི་ཡེ་ཤེས་ཉམས་འོག་ཏུ་མ་ཆུད་ན། ཅི་ལྟར་དགོས་ནི་རེད་ཟེར་ན། གོང་གི་གེགས་སེལ་མཇུག་ཏུ་གསུངས་པའི་འཇམ་རླུང་ཡུན་རིང་དུ་བཟུང་ནས། འཇམ་རླུང་བུམ་པ་ཅན་ཡུན་རིང་དུ་བཟུང་ནས་རྣམ་པར་མི་རྟོག་པའི་གཏུམ་མོ། རྣམ་པར་མི་རྟོག་པའི་གཏུམ་མོ་ཞེས་པ་ནི། གཏུམ་མོ་ལ་ནང་གསེས་ཀྱི་དབྱེ་བ་ཡོད་པའི་ནང་གི་མཆོག་གི་གཏུམ་པོ་ཟེར་བ་དེ་རེད། དེ་ལ་འདྲིས་པར་བྱ་བ་ནི་ཀུན་ལ་གཅེས་སོ། །རྩ་རླུང་ཐིག་ལེའི་ལམ་གང་ཡིན་ན་ཡང་ཐུན་ཐམས་ཅད་ཀྱི་མཇུག་ལ། འཇམ་རླུང་དང་སྦྲགས་ནས་རྣམ་པར་མི་རྟོག་པའི་གཏུམ་མོ་གསུངས་ན། རང་བཞིན་འོད་གསལ་བའི་ཆོས་ཉིད་ལ་མཉམ་པར་འཇོག་རྒྱུ་དེ་གནད་ཡིན་པར་གསུངས་ནི་རེད། དེ་ལྟར་གསུངས་ནས་ཆེད་དུ་གདམས་པ་ནི། གསུམ་པ་རྗེས་ཀྱི་རིམ་པ་བསྔོ་བ་སྨོན་ལམ་སྤྱི་དང་ཁྱད་པར། ཉོན་མོངས་རླུང་སེམས་འཁོར་བའི་རང་བཞིན་ནི། །ཞེས་པའི་པའི་ཤློོ་ཀ་གཅིག་པུ་གང་མང་འདོན་པར་བྱའོ། །ཞེས་པའང་ལྷོ་རྒྱུད་དུ་བསྟན་པའི་བ་དན་འཛིན་པའི་བུ་ཨབྷཱ་ཡའི་ངོར་མཁའ་འགྲོའི་གསང་མཛོད་ཀྱི་བདག་པོ་རང་བྱུང་རྡོ་རྗེས་སོ།། །། དེ་རིང་གི་ཆོས་ཁྲིད་འདི་འདྲ་ཞིག་ནས་མཚམས་འཇོག་དགོས་ནི་རེད། དེའི་འཕྲོར་བླ་སྤྲུལ་རྣམ་པས་ང་ཆོས་ཁྲིད་ལ་ཕར་འགྲོ་ཚུར་འགྲོ་ལ་བསུ་སྐྱེལ་མཛད་མི་དགོས། བླ་མ་བསུ་དང་སྐྱེལ་ལ་སོགས་པ་ཡང་དག་བླངས་པ་བརྟེན་པ་སངས་རྒྱས་ཀྱི་མཚན་དཔེ་འགྲུབ་པའི་རྒྱུ་ཡིན་ནའང་། ངས་ནི་ཆོས་རྒྱུན་ཙམ་ཞིག་སྤེལ་བའི་ཆ་མངག་པ་ཞིག་གིས་ཆ་འཕྲིན་སྤྲད་རྒྱུའི་བྱ་བ་ཞིག་དང་ཆོས་དུང་ཞིག་གི་ཚབ་བྱེད་གི་ཡོད་པས། ཁྱེད་རྣམ་པའི་མོས་གུས་ཀྱིས་རྒྱལ་བའི་བྱིན་རླབས་ཁྱི་སོ་ལ་རང་བསྲེལ་གྱི་དཔེས་འདྲེན་གི་ཡོད་སྲིད་ཀྱང་། ང་ནི་སོ་སྐྱེས་ཐ་མལ་པ་ཡིན་པས་ན་ཆོས་ཁྲིད་གྲོལ་རྗེས་ཐམས་ཅད་ཆོས་གྲོགས་ལས་ང་རང་བླ་མ་ཡིན་བསམ་རྒྱུའི་འདང་ཞིག་ལར་མ་རྩ་མེད། དེས་སྟབས་ཀྱིས་ངའི་སེམས་ཅན་ལ་ཕར་ཕན་མི་ཐོགས་གི། ཕན་བཏག་རྒྱུའི་ནུས་པ་རང་ལ་མི་འདུག དུས་སྙིགས་མའི་སྐབས་འདིར་ཚུར་ལ་ཕན་ཐོགས་ནི་རེ་ཡང་ཅུང་དཀའ་རྒྱུ་རེད། རང་གིས་འཇོན་ན་ཆོས་བླ་མ་དེས་ཡན་དུ་དགོས་ས་མེད་བསམ་ནས་མི་གྲལ་ནས་བུད་ནི་ཡིན་ཟེར་ནས་ལོ་བཅུ་གྲངས་བུད་སོང་ནི་རེད། མྱི་དང་ངག་བསྲེ་ནི་མིན་ཟེར་ནས་ལོ་འགའ་རེ་སོང་ཡོད་ནི་རེད་དེ། དམ་བཅའ་མི་བརྟན་པའི་མྱི་ཡིས། མྱི་ངོ་མ་ལྕོགས་ནས་འདི་ལྟར་མང་པོའི་ཚོགས་གསེབ་ལ་ཐོན་འདུག་དགོས་ནི་ཞིག་རེད་སོང་ནི་རེད། ཡིན་ནའང་ཚེ་རབས་ཀུན་ཏུ་དམ་པའི་ཆོས་འཛིན་རྒྱུའི་སྨོན་ལམ་དེ་སྨོན་ལམ་ཐམས་ཅད་ཀྱི་མཆོག་ལ་འཛིན་གི་ཡོད། མདོར་ན་དགེ་འདུན་འདུས་པ་བརྒྱ་སྟོང་ལ་དུས་ཀྱི་མཐའ་མར་ཆོས་ཀྱི་ལེགས་སྐྱེས་ཞིག་འབུལ་རྒྱུ་འདི་ཡང་བསྟན་པ་མི་ནུབ་འཕེལ་རྒྱས་ཀྱི་རྒྱུར་འགྲོ་བའི་སྨོན་ལམ་རེ་རྒྱག་བཞིན་པ་ཡིན། ང་གཞིས་ན་ཡོད་དུས་གསང་སྔགས་ཀྱི་དབང་སྐུར་སྐབས་ཁྲི་ཐོག་ལ་ཆོས་ཀྱི་ཆེ་བ་འདོན་ཕྱིར་འདུག་གིན་ཡོད། དེ་མ་གཏོགས་རྒྱུན་གྱི་ཆོས་ཁྲིད་ལ་འབོལ་གདན་རེའི་སྟེང་དུ་བསྡད་ནས་བཤད་རྒྱུ་དེ་ངའི་སྲོལ་ཡིན་ཏེ། འདི་ལྟར་ཕྱོགས་གཞན་ལ་ཐོན་དུས་ས་ཁོངས་ལ་སོགས་པའི་སྟབས་བདེ་ཞན་གྱིས་གཅིག་འདྲ་འདྲ་དག་དག་མི་ཡོང་ཁུ། དེ་ཅི་ཟེར་གོ་ནི་རེད་ཞེ་ན། ཁྱེད་བླ་སྤྲུལ་རྣམ་པས་ཉིན་ལྟར་ང་ཕར་ཚུར་བསུ་སྐྱེལ་མ་མཛད། ཁྱེད་རྣམ་པས་ཕྱག་ལས་མཛད་པ་གཞན་དག་གི་གོ་མ་བཀག་ཞུ་བ་ཡིན། ང་རང་ལར་ཆེན་པོ་ཞིག་གཞི་ནས་མིན། ཆེ་ཆེ་བྱེད་རྒྱུར་གོམས་མེད། ཁྱེད་རྣམ་པས་ཆེ་བཀྱག་མཛད་དུས་དོགས་མི་བདེ་བའི་སྣང་བ་འདྲ་ཞིག་འཆར་གི། ཅི་ལྟར་བྱས་ཀྱང་ཆེན་པོ་ཞིག་གནའ་དུས་རབས་སྔོན་མའི་དུས་དཀྱིལ་དུ། ཚང་མ་ཡོངས་རྫོགས་རྭ་བཅད་ནས་རུམ་ལ་བཅུག སྣ་ཕུག་ནས་རྡང་ལ་བཏགས་ཚར་ནི་རེད། ང་ལྟ་བུ་བླ་མིང་རེ་ཐོགས་ནི་བོད་ལ་བརྒྱ་ཐམ་པ་དགོས་ན་སྟོང་ཡོད་ནི་རེད། སྟོང་དགོས་ན་ཁྲི་ཡོད་ནི་རེད། རང་རང་གི་ས་ཚོད་ནས་བསྡད་ན་དེ་འཛའ་ནི་རེད་བསམ་ནི་ཡིན། དེའི་འཕྲོར་དེང་སང་ནམ་ཟླ་དབྱར་ཁ་དྲོ་བའི་དུས་རེད། ས་ཆ་འདི་བོད་ཁུལ་གྱི་ནང་ནས་གཤོང་ས་ཅུང་ཟད་དྲོ་ས་འདྲ་ཞིག་རེད་མོད་དེ། སྤྱིར་དེང་སང་སྣོད་བཅུད་ཀྱི་རྟེན་འབྲེལ་འཆུག་ནས་ནས་འབྱུང་བ་སྒང་གཤོངས་ལ་ལོག་ནས། དྲོ་དུས་དྲོ་ཆེ། འཁྱག་དུས་འཁྱག་ཆེ་རྒྱུ་དེ་འཛམ་གླིང་སྤྱི་ལ་ཡོང་གོ་ནི་རེད། རྣམ་པ་ཚོས་རང་རང་གི་འཕྲོད་བསྟེན་དང་བཞེས་ཕྱོགས་ལ་རང་རང་གིས་གཟབ་གཟབ་མཛོད། སྤྱིར་ན་ལུགས་ཟུང་འདུན་མ་ལེགས་པའི་བྱ་བ་གང་བསྒྲུབ་དགོས་ན་ལུས་ཁམས་བདེ་ཐང་གནད་ཆེ་ནི་རེད། ཁྱད་པར་ཕྱོགས་ཀྱི་ཆོས་ཞུ་བ་ཚོས་དབུ་ཐོན་ལམ་ཡག་ལ་རང་ཡུལ་གཞིས་ལ་འཁོར་རྒྱུའི་ཆེད་དུ། རང་གི་འཚོ་སྐྱོང་ལ་ལྟ་རྟོགས་རང་གིས་མཛོད་ཞུས་ནི་ཡིན། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་དང་ཡོད་པའི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་། བཟླུམས་ཏེ། བསྡམས་ནས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུ་བྱས། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱད་དེ། མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ།། །། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད།། ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་།། སྐྱེ་རྒ་ན་འཆིའི་རྦ་རླབསའཁྲུགས་པ་ཡི།། སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།། ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ།། དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་།། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།། ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན།། ཕྱོགས་བཅུ་ཐ་གྲུ་ཀུན་ཏུ་གྲགས་གྱུར་ཏེ།། བློ་གྲོས་པདྨོ་རབ་ཏུ་རྒྱས་བྱེད་ཅིང་།། སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག། ཧྲཱི། སྔོན་ཚེ་དེ་བཞིན་གཤེགས་པ་གཙུག་ཏོར་ཅན།། འཕགས་པའི་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རི།། ཁ་བ་ཅན་དུ་དཔལ་ལྡན་ཐང་པ་ཞེས།། པདྨ་རིག་འཛིན་ཞབས་ལ་གསོལ་བ་འདེབས།། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག། ཐུབ་བསྟན་མཛེས་པའི་རྒྱན་གཅིག་ཀློང་ཆེན་པ།། བཤད་སྒྲུབ་བསྟན་པའི་མངའ་བདག་འཇིག་མེད་གླིང་།། མཚུངས་མེད་བླ་མའི་བསྟན་པར་སྲིད་མཐའི་བར།། བཤད་སྒྲུབ་ཐོས་བསམ་སྒོམ་པས་འཛིན་གྱུར་ཅིག། དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན།། མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ།། འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ།། ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག། གངས་རིའི་ར་བས་སོགས། སྐར་མ་རབ་རིམ་མར་མེ་དང་།། སྒྱུ་མ་ཟིལ་བ་ཆུ་བུར་དང་།། རྨི་ལམ་གློག་དང་སྤྲིན་ལྟ་བུར།། འདུས་བྱས་ཆོས་རྣམས་དེ་ལྟར་བལྟ།། དེ་ལྟར་ཟབ་ལས་ཆེས་ཟབ་མན་ངག་བཅུད།། ཇི་བཞིན་བཀོད་ལ་བློ་ཡི་མཐུ་དབེན་པའི།། ནོངས་པ་གང་མཆིས་བླ་མ་ལྷ་ལ་བཤགས།། དགེ་ཚོགས་བླ་མའི་ཞབས་པད་བརྟན་ཕྱིར་བསྔོ།། དེ་ལྟར་ཀློང་ཆེན་སྙིང་ཐིག་གི་བདེ་སྟོང་རླུང་གི་རྫོགས་རིམ་དང་། ཡན་ལག་གཏུམ་མོ་འབར་འཛག་གེགས་སེལ་རིག་འཛིན་འཁྲུལ་འཁོར་བཅས་ཀྱི་ཟབ་ཁྲིད་ལྷན་སྐྱེས་ཡེ་ཤེས་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བ་འདི་ནི་མགོན་པོ་གང་གི་ལེགས་བཤད་བདུད་རྩི་འཐུང་བ་ལ་སྐལ་བ་མི་དམན་པའི་སློབ་མིང་ཙམ་འཛིན་པ་པདྨ་ནམ་མཁའ་འཇིགས་བྲལ་གྱིས་རབ་རྒྱན་མེ་བྱ་ལོའི་མགོ་ཟླ་བའི་དམར་ཕྱོགས་དགའ་བ་གསུམ་པའི་ཉིན་རྒྱ་ནག་སྤོས་ལྡན་གྲོང་ཁྱེར་དུ་གསུང་སྒྲ་ཇི་བཞིན་ཡི་གེར་བཀོད་པའོ།། །། |