འདུས་པའི་རྩ་རྒྱུད་ཀྱི་བཤད་ཐབས་བསྡུས་དོན་ཡང་གསལ་སྒྲོན་མེ།འདུས་པའི་རྩ་རྒྱུད་ཀྱི་བཤད་ཐབས་བསྡུས་དོན་ཡང་གསལ་སྒྲོན་མེ་ཞེས་བྱ་བ་བཞུགས། ན་མོ་མཉྫུ་གྷོ་ཥཱ་ཡ། ཟུང་འཇུག་གོ་འཕང་བདེ་ཆེན་ལམ་ཉིད་ཀྱིས། །འཐོབ་པར་བསྟན་ཕྱིར་རང་དང་རིག་མ་གཉིས། །མཉམ་སྦྱོར་ཁྱབ་བདག་རྡོ་རྗེ་འཆང་ཆེན་དང་། །དབྱེར་མེད་བླ་མ་མཆོག་ལ་གུས་ཕྱག་འཚལ། །རྒྱུད་ཀྱི་མཐར་ཐུག་དཔལ་ལྡན་འདུས་པ་ཉིད། །མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་རྡོ་རྗེའི་ཚིག །གསལ་མཛད་ཀླུ་སྒྲུབ་ཡབ་སྲས་རྣམས་དང་ནི། །བློ་བཟང་རྒྱལ་བ་གཉིས་པར་བཅས་ལ་འདུད། །རྒྱུད་དོན་རྒྱ་མཚོ་གཏིང་དཔག་རབ་དཀའ་བ། །རྣམ་བདུན་རྒྱན་གྱིས་འཆད་པའི་ཚུལ་ཙམ་ཞིག །ཀུན་མཁྱེན་ཙོང་ཁ་བ་ཡིས་བཀྲལ་བ་བཞིན། །གནད་བསྡུས་གོ་སླའི་ངག་གིས་བཤད་པར་བྱ། །འདི་ལ་གསུམ། རྒྱུད་ཀྱི་དོན་འགྲེལ་ཚུལ་བསྟན་པ་དང་། ལེའུ་སོ་སོའི་བསྡུས་དོན་བཤད་པ་དང་། བཤད་དོན་ལམ་གྱི་རིམ་པར་བསྒྲིག་པའོ། །དང་པོ་ལ་གཉིས། རྒྱུད་ཀྱི་དོན་ཀུན་བསྡུས་ཏེ་བསྟན་པ། རྒྱུད་བཤད་ཐབས་ཀྱི་མན་ངག་གོ །དང་པོ་ལ་གསུམ། རྒྱུད་དོན་དུ་ཞིག་ཏུ་འདུ་བ། རྒྱུད་དོན་ལེགས་པར་ཤེས་པའི་ཚད། སྔོན་དུ་རིམ་ལྔ་བསླབས་ནས་ཕྱིས་རྒྱུད་ལ་འཇུག་པར་བྱ་བའོ། །དང པོ་ལ་གཉིས། རིམ་ལྔ་བསྟན་པ་དང་། དེར་རྒྱུད་དོན་འདུས་པར་བསྟན་པའོ། །དང་པོ་ནི། ཟླ་བའི་སྒྲོན་གསལ་ལས། གསང་སྔགས་སྐུ་ནི་རབ་སྒྲུབ་བྱེད། །བསྐྱིད་པའི་རིམ་པ་དང་པོ་ཡིན། །སེམས་ལ་དམིགས་པ་ཙམ་ཞིག་ནི། །རིམ་པ་གཉིས་པ་ཞེས་བརྗོད་དོ། །ཀུན་རྫོབ་བདེན་པ་བསྟན་པ་ནི། །ཡིད་འོང་རིམ་པ་གསུམ་པའོ། །ཀུན་རྫོབ་བདེན་པ་དག་པ་ནི། །རིམ་པ་བཞི་བ་ཞེས་བརྗོད་དོ། །བདེན་གཉིས་སྦྱོར་བ་གང་ཡིན་པ། །ཟུང་འཇུག་ཅེས་བྱ་ལྔ་བ་སྟེ། ཞེས་གསུངས་ཤིང་། འདིའི་དོན་ནི་མཚན་འགྲེལ་ལས། གསང་སྔགས་ཀྱི་སྐུ་ནི་རབ་ཏུ་སྒྲུབ་པར་བྱེད་པ་རིམ་ལྔའི་གསང་སྔགས་ཀྱི་སྐུ་དེ་གང་ཡིན་སྙམ་ན། འདི་བའི་ལུགས་ཀྱི་རིམ་པ་གཉིས་ཀྱི་ལྷའི་སྐུ་ལ་རིམ་པ་བཞིན་དུ་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་ཞེས་ཟེར་བས། སྔགས་ཀྱི་སྐུ་ནི་བསྐྱེད་པའི་རིམ་པའི་ལྷའི་སྐུ་སྟེ་རིམ་པ་དང་པོ་ཡིན་ནོ། །རྡོར་བཟླས་མཐར་ཕྱིན་པའི་རྗེས་སུ་དེ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དྲངས་པའི་ཡེ་ཤེས་གསུམ་སེམས་ཀྱི་དེ་ཁོ་ན་ཉིད་ལ་དམིགས་པར་བསྐྱེད་པས། སེམས་ཀྱི་དེ་ཁོ་ན་ཉིད་ལ་དམིགས་པའི་སྣང་མཆེད་ཐོབ་གསུམ་ཙམ་ཞིག་ནི་རིམ་ལྔའི་རིམ་པ་གཉིས་པ་ཞེས་བརྗོད་དོ། །སེམས་དབེན་གྱི་རླུང་སེམས་ཙམ་ལས་བསྒྲུབས་པའི་ལྷ་ཡེ་ཤེས་ཀྱི་སྐུ་ཀུན་རྫོབ་བདེན་པ་ཞེས་བསྟན་པ་འཇའ་ལུས་རྡོ་རྗེ་སེམས་དཔའི་སྐུ་ནི། ཡིད་འཕྲོག་པའི་ཡིད་དུ་འོང་བ་རིམ་པ་ལྔའི་རིམ་པ་གསུམ་པའོ། །ཀུན་རྫོབ་ཀྱི་བདེན་པ་སྒྱུ་མའི་ལུས་དེ་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་འཇུག་པ་ལ་ཡང་དང་ཡང་དུ་གོམས་པར་བྱས་པས་མཐར་སྒྱུ་ལུས་རྣམ་པར་དག་ནས་དོན་གྱི་འོད་གསལ་དུ་ཞུགས་པའི་ཡེ་ཤེས་ནི་རིམ་ལྔའི་རིམ་པ་བཞི་བ་ཞེས་བརྗོད་དོ། །རླུང་སེམས་ཙམ་ལས་བསྒྲུབ་པའི་དག་པའི་སྒྱུ་མའི་སྐུ་ཀུན་རྫོབ་ཀྱི་བདེན་པ། དོན་དམ་པའི་བདེན་པ་དང་རོ་གཅིག་ཏུ་ཞུགས་པའི་དོན་གྱི་འོད་གསལ་གྱི་ཡེ་ཤེས་ཀྱི་བདེན་པ་གཉིས་སྔ་མ་སྐུ་དང་ཕྱི་མ་ཐུགས་སུ་ངོ་བོ་གཅིག་ཏུ་སྦྱོར་བ་གང་ཡིན་པ་མཚན་ཟུང་འཇུག་ཅེས་བྱ་བ་ནི་རིམ་ལྔའི་རིམ་པ་ལྔ་བའོ། །ཞེས་གསུངས་པ་ལྟར་ཏེ། དེ་ཡང་འདིར་རྫོགས་རིམ་གྱི་ལུས་དབེན་དང་རྡོར་བཟླས་གཉིས་སེམས་དབེན་གྱི་རིམ་པར་བསྡུས་ཤིང་། བསྐྱེད་རིམ་རིམ་ལྔའི་དང་པོར་མཛད་པ་ཡིན་ལ། རྡོར་བཟླས་དང་པོར་བྱས་པའང་ཡོད་དེ་མི་འགལ་ལོ། །གཉིས་པ་ནི། སྒྲོན་གསལ་ལས། འདི་ནི་སྒྲུབ་པའི་ཡན་ལག་མཆོག །རྒྱུད་ཀུན་གྱི་ནི་དོན་བསྡུས་པའོ། །ཞེས་གསུངས་ཏེ། འདིའི་མཆན་ལས། དེ་འདྲ་བའི་རིམ་པ་ལྔ་བོ་འདི་ནི་རྡོ་རྗེ་འཆང་སྒྲུབ་པའི་ཡན་ལག་སྟེ་ཐབས་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པས་འདིའི་གོང་ན་གཞན་མེད་པའོ། །འོག་ནས་འདུས་པ་རྒྱུད་སྡེ་ཀུན་གྱི་རྩ་བར་སྟོན་པས་རྒྱུད་ཀུན་ཞེས་པ་རྒྱུད་སྡེ་བཞི་ཀ་ལ་བྱ་ལ། དེ་རྣམས་ཀྱི་གཙོ་བོ་ཀུན་རིམ་པ་ལྔ་བོ་འདིར་བསྡུས་པའོ་ཞེས་བསྟན་པ་གསུང་རབ་ཐམས་ཅད་ཀྱི་གནད་མེད་མི་རུང་བ་རྣམས་འདུས་པའི་སྡོམ་དུ་བསྟན་ནོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དེ་ཉིད་ལས། རིམ་པ་འདི་ཡི་དབྱེ་བ་ཡང་། སྤྲོས་པའི་རིམ་པ་རྣམ་པ་མང་། དེ་རྣམས་ཡན་ལག་བསྡུས་པ་ནི། གང་གིས་ཤེས་པ་རྒྱུད་རིག་དེ། །ཞེས་གསུངས་ཤིང་།མཆན་འགྲེལ་ལས། སྔར་བཤད་པའི་རིམ་ལྔར་རྒྱུད་ཀུན་གྱི་གནད་རྣམས་འདུ་བ་དེ་བས་ན་སྔར་བཤད་པའི་བསྐྱེད་རིམ་དང་རྫོགས་རིམ་གྱི་རིམ་པ་འདི་ལས་བརྩམས་པ་ཡི་དབྱེ་བ་ཡང་བླ་མེད་ཀྱི་རྒྱུད་སོ་སོར་རྒྱ་ཆེར་སྤྲོས་པའི་རིམ་པས་རྣམ་པ་མང་བོ་ཡོད་ཀྱང་། དེ་རྣམས་འདིར་བཤད་པའི་རིམ་ལྔར་ཡང་དག་པར་བསྡུས་པ་ནི་སྒྲུབ་པ་པོ་གང་གིས་ཤེས་པ་དེས་འདུས་པའི་རྒྱུད་རིག་པར་འཇོག་གོ །ཞེས་གསུངས་པ་ལྟར་དང་། འདིའི་ཟུར་མཆན་ལས། འདིར་རིམ་ལྔར་ལམ་གཞན་རྣམས་འདུ་བར་ཤེས་དཀའ་བས་དེ་ཇི་ལྟར་ཡིན་སྙམ་ན། མི་སློབ་པའི་ཟུང་འཇུག་གི་སྐུ་གཉིས་ཀྱི་རིགས་འདྲའི་རྒྱུ་ནི་སྔར་བཤད་པའི་སློབ་པའི་ཟུང་འཇུག་གི་སྐུ་དང་ཐུགས་ཡིན་ཏེ། ལམ་གྱི་སྐབས་ཀྱི་རྫོགས་རིམ་གྱི་གཙོ་བོ་ལ་དེ་འདྲ་ཅིག་དགོས་པ་ནི། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཀུན་ལ་འདྲའོ། །ཟུང་འཇུག་དེ་བསྐྱེད་པ་ལ་ཡ་གཉིས་སྔོན་དུ་བསྐྱེད་དགོས་པས་སྔོན་དུ་དེ་གཉིས་ཀྱི་བསྐྱེད་ཚུལ་དགོས་པ་དང་། གོ་རིམས་ཀྱང་དང་པོར་ཀུན་རྫོབ་སྒྱུ་མ་དང་། དེ་ནས་འོད་གསལ་གྱི་ཡེ་ཤེས་བསྐྱེད་པ་དང་། དེ་གཉིས་ཀྱི་སྔོན་དུ་སྒྱུ་མ་དང་། དོན་གྱི་འོད་གསལ་གང་ལས་བསྒྲུབ་པའི་གཞི་བསྐྱེད་ཚུལ་དང་། དེའི་སྔོན་དུ་དེ་འདྲེན་པའི་ཐབས་ལུས་ལ་གནད་དུ་བསྣུན་དགོས་པ་ཡང་འདྲའོ། །དེ་རྣམས་ལ་ཡང་སྔོན་དུ་དེ་རྣམས་སྐྱེ་བའི་རྒྱུད་སྨིན་བྱེད་སྐྱེ་ཤི་བར་དོ་གསུམ་སྐུ་གསུམ་དུ་འཁྱེར་བ་ལས་བརྩམས་པའི་རགས་པ་དང་ཕྲ་བའི་རིམ་པ་དང་པོ་བསྐྱེད་དགོས་པའི་ཚུལ་རྣམས་ལེགས་པར་ཤེས་པ་ཡིན་གྱི། འདུས་པ་ལྟ་བུ་གཅིག་ནས་བཤད་པ་ཇི་མ་ཇི་བཞིན་པ་ཁོ་ན་རྒྱུད་གཞན་ནས་བཤད་དགོས་པར་སྟོན་པ་མིན་ནོ། །དེས་ན་སྔར་བཤད་པའི་རིམ་པ་དེའི་ཕྱག་རྒྱས་རྒྱས་བཏབ་པ་ལས་མ་འདས་པར་རྒྱུད་རྣམས་ཀྱི་དོན་གཏན་ལ་འབེབས་ནུས་ན། དེ་ནི་རྒྱུད་འདི་ལྟ་བུ་རྣམས་ལ་མཁས་པར་འཇོག་གོ །ཞེས་གསུངས་སོ། །གསུམ་པ་ནི། དེ་ཉིད་ལས། སྔགས་དང་སེམས་དང་ལུས་དང་ནི། །རྣམ་དག་དང་ནི་ཟུང་འཇུག་པ། །རིམ་པ་ལྔ་ཡི་བསྡུས་པའི་དོན། །ཤེས་ནས་མཐའ་དྲུག་ལ་འཇུག་གོ །ཞེས་གསུངས་ཤིང་། འདིའི་མཆན་འགྲེལ་ལས། འདུས་པའི་རྒྱུད་འཆད་ཉན་ལ་འཇུག་རིམ་ཇི་ལྟར་བྱ་ཞེ་ན། སྔོན་དུ་ཡབ་སྲས་ཀྱིས་གསུངས་པའི་རིམ་གཉིས་ཀྱི་གཞུང་ཕྲན་རྣམས་ལས་ཇི་ལྟར་བཤད་པ་ལྟར་གྱི་སྔགས་ཀྱི་སྐུ་བསྐྱེད་པའི་རིམ་པ་དང་། སེམས་དབེན་གྱི་རིམ་པ་དང་སྒྱུ་ལུས་ཀྱི་རིམ་པ་དང་ནི་སྒྱུ་ལུས་རྣམ་པར་དག་པ་འོད་གསལ་གྱི་རིམ་པ་དང་ནི་བདེན་གཉིས་ཟུང་འཇུག་གི་རིམ་པ་ལྔའི་བསྡུས་པའི་དོན་གྱི་གནད་རྣམས་ལེགས་པར་ཤེས་པར་བྱས་ནས། དེའི་རྗེས་སུ་མཐའ་དྲུག་པ་རྩ་བའི་རྒྱུད་འཆད་པ་དང་ཉན་པ་ལ་འཇུག་པར་བྱ་སྟེ། སྔོན་དུ་རྒྱུད་སོ་སོའི་རིམ་གཉིས་ཀྱི་མན་ངག་ལ་ལེགས་པར་འཁྲིད་དེ་གོ་བ་ཆགས་པར་བྱས་ནས་དེའི་འོག་ཏུ་རྒྱུད་ལ་འཇུག་པའི་རིམ་པ་འདི་ནི་མན་ངག་ཆེན་པོ་བྱིན་པའོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་བཞི། བཤད་བྱའི་རྒྱུད་ཀྱི་ཆེ་བ། རྒྱན་བདུན་གྱིས་མ་བཤད་ན་དེའི་དོན་མི་ཤེས་པར་བསྟན་པ། དེས་ན་རྒྱན་བདུན་གྱིས་བཤད་དགོས་པ་རྒྱན་བདུན་གྱི་བཤད་པ་དངོས་སོ། །དང་པོ་ལ་གཉིས། འདུས་པ་རྒྱུད་སྡེ་ཀུན་གྱི་རྩ་བར་བསྟན་པ། མདོ་སྡེ་ཀུན་གྱི་ཟ་མ་ཏོག་ཏུ་བསྟན་པའོ། །དང་པོ་ནི། ཇི་སྲིད་ཡ་ར་ལ་ཧའི་བར། །ཀ་ཁ་གྷ་མཐའ་ཎ་ཛ་མཐའ། །ད་དྷའི་མཐའ་དང་མ་མཐར་བཅས། །དེ་དེའི་རྩ་བ་ཡི་གེ་གསུམ། །ཞེས་གསུངས་ཏེ། མཆན་འགྲེལ་ལས། བཤད་བྱ་རྒྱུད་ཀྱི་ཆེ་བ་ནི་ཇི་སྲིད་ཡ་ར་ཝ་ནི་མཐར་གནས་ཀྱི་སྡེ་དང་། ཤ་ནས་ཧའི་བར་ནི་དྲོ་བའི་སྡེ་མཚན་ནོ། །ཀ་ཁ་གྷ་ནི་ཀ་སྡེ་ཡིན་ལ། མཐའ་ནི་རྒྱུད་ཀྱི་མཚན་གྱི་མཐར་ཡི་གེ་དེ་རྣམས་ཡོད་པ་སྟེ། དཔེར་ན་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་མཐར་ས་མུད་ཙ་ཡ་ཞེས་ཡ་དང་། དགོངས་པ་ལུང་སྟོན་གྱི་མཐར་བྱཱ་ཀ་ར་ཎ་ཞེས་ཎ་དང་། རྡོ་རྗེ་འཕྲེང་བའི་མཐར་མཱ་ལ་ཞེས་ལ་འབྱུང་བ་ལྟ་བུའོ། །ཎ་ནི་ཊ་སྡེ་དང་ཛ་ནི་ཙ་སྡེ་སྟེ་དེ་རྣམས་ཀྱི་མཐའ་ཅན་དང་། ཏ་འ་ད་དྷ་ནི་ཏ་སྡེ་རྣམས་ཀྱི་མཐའ་དང་མ་ནི་པ་སྡེ་སྟེ་དེ་རྣམས་ཀྱི་མཐར་བཅས་ནི་མཐའ་ཅན་ནོ། །གསལ་བྱེད་ཀྱི་ཡེ་གེའི་མཐའ་ཅན་གྱི་རྒྱུད་སྡེའི་རྩ་བར་གསུངས་པ་ནི་མཚོན་པ་ཙམ་ཡིན་པས་དབྱངས་ཀྱི་ཡི་གེ་རྣམས་ཀྱི་མཐའ་ཅན་གྱི་རྒྱུད་སྡེ་དེ་དང་དེའི་རྩ་བ་ནི་ཡི་གེ་གསུམ་ཞེས་པས་ས་མ་ཛ་སྟེ་འདུས་པའོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། ཐུབ་པ་ཆེན་པོས་ཆོས་ཕུང་བོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡི། །དཔལ་ལྡན་འདུས་འདི་སྣོད་ཡིན་ཏེ། དེ་བས་དེ་ནི་རྒྱུད་ཀྱི་རྩེ། ཞེས་དང་། མཆན་འགྲེལ་ལས། ཐུབ་པ་ཆེན་པོས་འདོད་ཆགས་ལ་སྤྱོད་པ་ལ་སོགས་པའི་གཉེན་པོར་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡི་དཔལ་ལྡན་འདུས་པ་འདི་སྣོད་རིན་པོ་ཆེ་འཇུག་པའི་ཟ་མ་ཏོག་ལྟ་བུ་ནི་ཡིན་ཏེ། རྒྱུད་རྡོ་རྗེ་འཕྲེང་བ་ལས། དཔལ་ལྡན་འདུས་པ་བརྡ་ཙམ་གང་། །རྣལ་འབྱོར་བླ་ན་མེད་རྒྱུད་དུ། །ཐུབ་པ་ཆེན་པོ་ཆོས་ཕུང་བོ། །བརྒྱད་ཁྲི་དང་ནི་བཞི་སྟོང་ངོ་། །ཞེས་གསུངས་པ་ལྟར་རོ། །རྒྱུད་སྡེ་ཀུན་གྱི་རྩ་བ་དང་མདོ་སྡེ་ཀུན་གྱི་ཟ་མ་ཏོག་ཡིན་པ་དེ་བས་ན། འདུས་པ་དེ་ནི་རྒྱུད་ཀུན་གྱི་རྩེ་མོ་སྟེ་མཐོ་ཤོས་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ནི། གཞུང་ཉུང་བ་ལ་དོན་མང་བ། འདུས་པའི་རྒྱུད་ནི་རྙེད་དཀའ་ཞིང་། །རྒྱན་བདུན་རྟོགས་པར་དཀའ་བས་ན། །ཐམས་ཅད་དུ་ནི་རྣམ་པར་འཁོར། །ཞེས་དང་། མཆན་འགྲེལ་ལས། ཆེ་བ་གཉིས་དང་ལྡན་པའི་རྒྱུད་དེ་རྒྱན་བདུན་གྱི་སྒོ་ནས་བཤད་དགོས་པར་སྟོན་པ་ནི། རྗོད་བྱེད་ཀྱི་གཞུང་ཉུང་བ་དང་བརྗོད་བྱའི་དོན་མང་ཞིང་། །འདུས་པའི་རྒྱུད་ནི་བློས་རྙེད་པ་སྟེ་རྟོགས་པར་དཀའ་བ་ལ། རྒྱན་བདུན་གྱི་སྒོ་ནས་བཤད་པ་ཤིན་ཏུ་རྟོགས་པར་དཀའ་བས་ན། ཐམས་ཅད་དུ་ནི་སྟེ་རྣམ་པ་ཀུན་ཏུ་རྣམ་པར་འཁོར་བ་སྟེ་འཁྲུལ་བར་འགྱུར་རོ། །ཞེས་གསུངས་སོ། །གསུམ་པ་ནི་དེ་བས་བླ་མའི་བཀའ་དྲིན་གྱིས། །འབད་དེ་རྣམ་པར་ཤེས་ནས་ནི། །སེམས་ཅན་རྗེས་བཟུང་འདོད་པ་ཡིས། །དེ་ཡི་རྣམ་པར་དབྱེ་བར་བྱ། །ཞེས་དང་། མཆན་འགྲེལ་ལས། རྒྱན་བདུན་གྱི་སྒོ་ནས་མ་བཤད་ན་རྒྱུད་དོན་རྫོགས་པར་མི་རྟོགས་པ་དེ་བས་ན། བླ་མ་འཕགས་པ་ཡབ་སྲས་གཉིས་ལ་སོགས་པའི་བཀའ་དྲིན་གྱིས་ཏེ་དེ་ལ་བརྟེན་ནས་རྒྱན་བདུན་གྱི་སྒོ་ནས་འཆད་ཚུལ་འབད་དེ་རྣམ་པར་ཤེས་ནས་ནི། གདུལ་བྱའི་སེམས་ཅན་རྗེས་སུ་བཟུང་བར་འདོད་པ་ཡིས། རྒྱན་བདུན་པོ་དེ་ཡི་རྣམ་པར་དབྱེ་བ་བཤད་པར་བྱའོ། །ཞེས་གསུངས་ཏེ། འདིར་བླ་མ་ནི་རྗེ་ཉིད་ལ་བསྒྱུར་འོས་སོ། །བཞི་བ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ནི། གླེང་བསླང་བ་ཡི་གྲངས་ནི་ལྔ། །ཚུལ་ནི་རྣམ་པ་བཞི་ཡིན་ལ། །རྒྱས་བཤད་མཐའ་ནི་རྣམ་པ་དྲུག །བཤད་པ་ཡང་ནི་རྣམ་པ་བཞི། །ལྔ་བའི་དབྱེ་བ་རྣམ་པ་གཉིས། །དྲུག་པ་དབྱེ་བ་ལྔ་དང་ལྡན། །བདུན་པའི་དབྱེ་བ་རྣམ་གཉིས་ཏེ། །རྒྱན་རྣམས་མདོ་རུ་བསྡུས་པའོ། །ཞེས་གསུངས་ཤིང་། མཆན་ལས། རྒྱན་བདུན་དང་དེའི་དབྱེ་བ་ཇི་ལྟར་ཡིན་ཞེ་ན། གླེང་བསླང་བ་ཡི་རྒྱན་གྱི་དབྱེ་བའི་གྲངས་ནི་རྣམ་པ་ལྔའོ། །འཚང་རྒྱ་ཚུལ་གྱི་རྒྱན་ལ་ནི་དབྱེ་བ་རྣམ་པ་བཞི་ཡིན་ལ། གཞུང་འགྲེལ་ཚུལ་ལ་གཉིས་ཡོད་པའི་རྒྱས་པར་ཏེ་གཞུང་སོ་སོའི་དོན་བཤད་པའི་རྒྱན་ལ་ནི་དབྱེ་བ་རྣམ་པ་དྲུག་གོ །གཞུང་གཅིག་ནི་དོན་བཤད་པའི་རྒྱན་ལ་ཡང་ནི་རྣམ་པ་བཞིའོ། །རྒྱན་ལྔ་དོན་གང་སློབ་མ་ལ་འཆད་ཚུལ་གྱི་རྒྱན་ལ་ནི་དབྱེ་བ་རྣམ་པ་གཉིས་སོ། །དྲུག་པ་རྒྱུད་ལ་འཇུག་པའི་གང་ཟག་གི་རྒྱན་ལ་ནི་དབྱེ་བ་རྣམ་པ་ལྔ་དང་ལྡན་ནོ། །རྒྱན་བདུན་པ་དགོས་པའི་རྒྱན་ལ་དབྱེ་བ་རྣམ་པ་གཉིས་ཏེ། དེ་རྣམས་ནི་རྒྱན་རྣམས་མདོ་རུ་བསྡུས་པ་སྟེ་མདོར་བསྟན་པའོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་བཞི། རྒྱན་བདུན་བཤད་པར་དམ་བཅའ་བ། དེའི་དོན་སོ་སོར་བཤད་པ། བཤད་ཚུལ་དེ་རྙེད་ཞིང་འདོར་མི་རུང་བ་དང་། བཤད་རྒྱུད་ལ་མཁས་པ་བརྟེན་ནས་རྒྱུད་བཟུང་བར་གདམས་པའོ། །དང་པོ་ནི། བཤད་པའི་རྒྱུད་ཀྱི་རྗེས་འབྲང་ནས། །རྒྱན་ནི་བདུན་པོ་རྣམས་ཀྱི་ནི། །རིམ་བཞིན་དུ་ནི་རེ་རེ་ཡི། །བསྟན་པ་དག་ནི་བདག་གིས་བྱ། །ཞེས་དང་། མཆན་ལས། རྒྱན་ཉེར་བརྒྱད་པོ་རྣམས་ཀྱི་རེ་རེའི་མཚན་ཉིད་ཇི་ལྟར་ཡིན་ཞེ་ན། འདུས་པའི་བཤད་པའི་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་རྗེས་སུ་འབྲང་ནས་རྒྱན་བདུན་པོ་རྣམས་ཀྱི་ནི་དབྱེ་བ་རྣམས་མདོར་བསྟན་གྱི་རིམ་པ་བཞིན་དུ་ནི་དབྱེ་བ་རེ་རེ་ཡི་ངོས་འཛིན་བསྟན་པ་དག་ནི་བདག་གིས་བྱའོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི་རྒྱན་བདུན་གྱི་མཐའ་དྲུག་དང་ཚུལ་བཞིའི་རྒྱན་ས་བཅད་གཅིག་ཏུ་བསྡུས་ཏེ་འཆད་པ་ལ་དྲུག །བཤད་པར་བྱ་བའི་གཞི་གླེང་བསླང་གི་རྒྱན། བཤད་དོན་ལམ་གྱི་རིམ་པར་སྡུད་པ་འཚང་རྒྱ་ཚུལ་གྱི་རྒྱན། གཞུང་དོན་ཇི་ལྟར་འགྲེལ་བ་མཐའ་དྲུག་དང་ཚུལ་བཞིའི་རྒྱན། ཉན་པ་པོ་གང་ལ་གང་འཆད་པ་བཤད་ཚུལ་གྱི་རྒྱན། རྒྱུད་ལ་འཇུག་པའི་གང་ཟག་ཉན་པ་པོའི་རྒྱན། བཤད་དོན་ཇི་ལྟར་ངེས་པ་བདེན་གཉིས་ངེས་པའི་རྒྱན་ནོ། །དང་པོ་གླེང་བསླང་བའི་རྒྱན་ལྔ་ནི། རྒྱུད་ཀྱི་མིང་ནི་ཅི་ཞིག་ཡིན། །གང་གི་དོན་དུ་འདི་ཉིད་མཛད། །སུ་ཞིག་བྱེད་པོ་འདིའི་ཚད་གང་། །འདི་ཡི་དགོས་པའང་ཅི་ཞིག་ཡིན། །ཞེས་དྲི་བ་ལྔ་བཀོད་ནས་དེའི་ལན་དུ། རྒྱུད་ཀྱི་མཚན་ནི་མིང་ཡིན་ལ། །སྐྱེ་བོ་འདོད་ཆགས་ཅན་དོན་དུ། །འདི་ཡི་བྱེད་པོ་རྡོ་རྗེ་སེམས། །ཚད་དག་ཀྱང་ནི་བཤད་བྱ་སྟེ། །ལེའུ་དེ་ནི་ཆོ་ག་དང་། །དུམ་བུ་དེ་བཞིན་རིམ་པར་ཕྱེ། །དེ་ནི་རྣམ་པ་བཞིར་འགྱུར་ཏེ། །གཞུང་ཉིད་ཀྱི་ནི་གྲངས་ཀྱང་ངོ་། །དགོས་པ་ཡང་ནི་བཤད་བྱ་སྟེ། །ཞི་སོགས་བྱ་བའི་ཆོ་ག་དང་། །དེ་བཞིན་གྲུབ་པ་བརྒྱད་དང་ནི། །སངས་རྒྱས་ཀྱང་ནི་མཆོག་ཡིན་ནོ། །ཞེས་གསུངས་ཏེ། འདིར་རྩ་འགྲེལ་གཉིས་ཀྱི་དོན་བསྡུས་ཏེ་བཤད་ན། བཤད་བྱའི་རྒྱུད་ཀྱི་མིང་གང་ཡིན་འདྲི་བ་དང་། རྒྱུད་འདི་གདུལ་བྱ་གང་གི་དོན་དུ་མཛད་པ་དང་། རྒྱུད་མཛད་པ་པོ་གང་གིས་མཛད་པ་དང་། རྒྱུད་འདིའི་ཚིག་དོན་གྱི་ཚད་གང་ཡིན་པ་དང་། རྒྱུད་དོན་རྟོགས་པའི་དགོས་པ་སྟེ་ལྔ་དྲིས་ནས། ལན་དུ་རྒྱུད་ཀྱི་མཚན་ལ་འདུས་པ་ཞེས་བྱ་བ་དང་། གདུལ་བྱ་དབང་བོ་གཉིས་སྦྱོར་གྱི་ཆགས་ཅན་འདུལ་བའི་དོན་དང་། མཛད་པ་པོ་རྡོ་རྗེ་སེམས་དཔའ་དང། ཚད་ནི་ལེའུ་སོགས་རྣམ་པ་བཞི་དང་། དགོས་པ་ནི་ལས་བཞི་དང་དངོས་གྲུབ་བརྒྱད་དང་སངས་རྒྱས་ཀྱི་གོ་འཕང་རྣམས་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །གཉིས་པ་འཚང་རྒྱ་ཚུལ་གྱི་རྒྱན་ལ་གཉིས། དབྱེ་བ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། གླེང་བསླང་བ་ནི་འདས་ཟིན་ཏེ། །གཉིས་པ་ཡང་ནི་བཤད་པར་བྱ། །རྒྱུད་དག་དང་ནི་གླེང་གཞི་དང་། །ངེས་པའི་ཚིག་དང་རྒྱུ་ཡིན་ནོ། །ཞེས་གསུངས་ཏེ་གོ་སླ་ཞིང་འཆད་པར་ཡང་འགྱུར་རོ། །གཉིས་པ་ལ་གཉིས། ཆགས་བྲལ་གྱི་འཚང་རྒྱ་ཚུལ་དཔེར་དགོད་པ་དང་། དེ་ལ་བརྟེན་ནས་ཆགས་ཅན་གྱི་འཚང་རྒྱ་ཚུལ་ངེས་པར་བྱ་བའོ། །དང་པོ་ནི། མི་ཡི་སྐྱེ་བར་འཁྲུངས་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་བརྗོད། །བཙུན་མོའི་འཁོར་གྱི་ནང་ནས་ནི། །ངེས་པར་འབྱུང་བ་གླེང་གཞི་ཡིན། །འདུལ་བས་སྡོམ་པ་བསྟན་པ་ནི། །ངེས་པའི་ཚིག་ཅེས་བྱ་བར་བཤད། །འབྲས་བུ་འདོད་པས་ཆོས་སྤྱོད་པ། །དེ་ནི་རྒྱུ་ཞེས་བརྗོད་བྱ་སྟེ། །འདི་ནི་འདོད་ཆགས་བྲལ་ཆོས་ཀྱི། །ཚུལ་ནི་རྣམ་པ་བཞི་ཡིན་ནོ། །ཞེས་གསུངས་ཤིང་། འདིའི་དོན་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་འགྲེལ་བ་དང་། སྔགས་རིམ་ལས་ཀྱང་གསལ་མོད། འདིར་མཆན་འགྲེལ་ལྟར་བཤད་ན་དེ་ཉིད་ལས། ཚུལ་བཞི་འདི་ལ་གཉིས་ཡོད་པའི་ཆགས་བྲལ་གྱི་ཚུལ་བཞི་ནི། དང་པོར་འཛམ་བུ་གླིང་བའི་མིའི་སྐྱེ་བར་འཁྲུངས་པ་རྒྱུད་ཅེས་བྱ་བ་ཡིན་པར་བརྗོད་དོ། །དེ་ནས་བཙུན་མོའི་འཁོར་གྱི་ནང་ནས་བྱུང་ནས་ནི་ངེས་པར་འབྱུང་བ་སྟེ་རབ་ཏུ་བྱུང་བ་ནི་དང་པོའི་བཅའ་གཞི་ཡིན་པས་གླེང་གཞི་ཡིན་ནོ། །དེ་ནས་འདུལ་བ་ལས་སྡོམ་པ་བསྲུང་ཐབས་ཇི་ལྟར་བསྟན་པ་དེ་ལྟར་བསྲུང་བ་ནི་གདོན་མི་ཟ་བར་བསྟེན་དགོས་པས་ངེས་པ་ཞེས་བྱ་ལ། དེ་ལྟར་བྱེད་པའི་གནས་ཡིན་པས་ཚིག་ཅེས་བཤད་པ་ཡིན་ཏེ། ཚིག་གི་སྐད་དོད་པཱ་ད་ནི་གནས་པ་ལའང་འཇུག་པའི་ཕྱིར་རོ། །དེ་ནས་འབྲས་བུ་བྱང་ཆུབ་འདོད་པས་དཀའ་བའི་ཆོས་སྤྱོད་པའམ་བསམ་གཏན་བཞི་བའི་ཏིང་ངེ་འཛིན་ཁྱེད་པར་ཅན་བརྙེས་པ་དེ་ནི་ཉེ་བའི་རྒྱུ་ཞེས་བརྗོད་པར་བྱ་སྟེ། འདི་ནི་འདོད་ཆགས་དང་བྲལ་བའི་སྤྱོད་པ་ཅན་གྱི་ཆོས་ཀྱི་འཚང་རྒྱ་བའི་ཚུལ་ནི་རྣམ་པ་བཞིར་འདོད་དོ། །ཞེས་གསུངས། གཉིས་པ་ནི། འདོད་ཆགས་ཆོས་ཀྱི་ཚུལ་གྱིས་ནི། །དོན་གསལ་རྟོགས་ཕྱིར་བཤད་པར་བྱ། །རིགས་ལྔའི་སངས་རྒྱས་བསྐྱེད་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་བརྗོད། །སླར་ཡང་རིགས་གཅིག་གྱུར་པ་ནི། །གླེང་གཞི་ཡིན་པར་རབ་ཏུ་བསྟན། །རྡོ་རྗེ་ལ་སོགས་བཟུང་བ་ཉིད། །ངེས་པའི་ཚིག་ནི་ཡིན་པར་བཤད། །སྒེག་པ་ལ་སོགས་སྤྱོད་པ་ནི། །རྒྱུ་ཞེས་བྱ་བ་ཡིན་པར་བཤད། །ཅེས་གསུངས་ཤིང་། མཆན་ལས། འདོད་ཆགས་ཀྱི་ཆོས་ཀྱི་ཚུལ་གྱིས་འཚང་རྒྱ་ཚུལ་ནི་དོན་གསལ་པོར་རྟོགས་པར་བྱ་བའི་ཕྱིར་བཤད་པར་བྱའོ། །ཐེག་པ་གཞན་གྱི་ལུགས་ཀྱིས་འདོད་པར་འཚང་རྒྱ་བ་ལ་མིར་སྐྱེ་བ་ཅིག་དགོས་པ་བཞིན་དུ་འདིར་ཡང་དགོས་ཤིང་། ཐ་མལ་པའི་ཕུང་སོགས་ཀྱི་སྣང་ཞེན་དོར་ནས་རིགས་ལྔ་དང་འབྲེལ་བའི་སངས་རྒྱས་སུ་བདག་ཉིད་བསྐྱེད་དེ་སྐྱེ་བ་བླངས་པ་དང་འདྲ་བ་ཅིག་དགོས་པ་ནི རྒྱུད་ཅེས་བྱ་བ་ཡིན་པར་བརྗོད་དོ། །དེས་ནི་བསྐྱེད་རིམ་ཐམས་ཅད་སྟོན་ནོ། །ཐེག་པ་གཞན་ལ་མིར་སྐྱེས་པ་དེ་ར བ་བྱུང་མཛད་དགོས་པ་བཞིན་དུ་འདིར་ཡང་བསྐྱེད་རིམ་ལ་ལོབས་པའི་འོག་ཏུ་སླར་ཡང་རིགས་གཅིག་ཏུ་གྱུར་པ་ནི་གླེང་གཞི་ཡིན་པར་རབ་ཏུ་བསྟན་ནོ། །ཐེག་པ་གཞན་གྱི་ལྟར་ན་རབ་ཏུ་བྱུང་བ་དེས་འདུལ་བའི་ཀུན་སྤྱོད་ལ་ངེས་པར་གནས་དགོས་པ་བཞིན་དུ་འདིར་ཡང་རྡོ་རྗེའི་རིགས་སོགས་ཀྱི་ཆུ་དབང་སོགས་བསྐུར་བ་དང་། རྡོ་རྗེའི་རིགས་ལ་སོགས་པའི་དམ་ཚིག་ཚང་བར་བཟུང་བ་དགོས་ལ། དེ་ནི་གདོན་མི་ཟ་བར་བསྟེན་པའི་གནས་ཡིན་པས་ངེས་པའི་ཚིག་ནི་ཡིན་པར་བཤད་དོ། །ཐེག་པ་གཞན་གྱི་ལྟར་ན་འབྲས་བུ་འདོད་པས་དཀའ་སྤྱད་སྤྱད་དགོས་པ་བཞིན་དུ་འདིར་ཡང་སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པའི་སྤྱོད་པ་གསུམ་གང་རུང་སྤྱད་དགོས་པ་ནི་འབྲས་བུའི་ཉེ་བའི་རྒྱུ་ཞེས་བྱ་བ་ཡིན་པར་བཤད་དོ། །ཞེས་གསུངས་པ་ལྟར་རོ། །རྒྱན་གསུམ་པས་ལ་གཉིས། དངོས་དང་། དོགས་གཅོད་དོ། །དང་པོ་ལ་གཉིས། གཞུང་གི་ཚིག་དོན་སོ་སོར་འཆད་ཚུལ་མཐའ་དྲུག་གི་རྒྱན། གཞུང་གཅིག་གི་དོན་རྫོགས་པར་འཆད་ཚུལ་ཚུལ་བཞིའི་རྒྱན་ནོ། །དང་པོ་གསུམ། བཤད་པའི་མཚམས་སྦྱོར་བ། གྲངས་ངེས་ཀྱི་སྒོ་ནས་མདོར་བསྟན་པ། མཚན་ཉིད་ཀྱི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ནི། རྒྱན་ནི་གསུམ་པ་ཉིད་ཀྱང་ནི། །རྣལ་འབྱོར་རྒྱུད་ཚུལ་ལས་བཤད་པའི། །མཐའ་དྲུག་ཚིག་གིས་ངེས་བྱས་པ། །རྒྱས་བཏབ་དོན་ནི་རབ་རྟོགས་བྱ། །ཞེས་གསུངས་ཏེ་གོ་སླའོ། །གཉིས་པ་ནི། དྲང་བ་དང་ན་ངེས་དོན་བཅས། །དགོངས་པས་བཤད་དང་དགོངས་མིན་དང་། །ཇི་བཞིན་སྒྲ་དང་མ་ཡིན་ཏེ། མཐའ་ནི་དྲུག་ཏུ་ཤེས་པར་བྱ། །ཞེས་གསུངས་ཏེ། དོན་ནི་མཆན་ལས། དྲུག་པོ་དེ་གང་ཞེ་ན། དྲང་བའི་དོན་དང་ངེས་པའི་དོན་གཉིས་དོན་མཐའ་ལ་བརྟེན་པ་དང་། དགོངས་བཤད་པ་དང་དགོངས་པ་མ་ཡིན་པས་བཤད་པ་གཉིས་སྒྲ་མཐའ་ལ་བརྟེན་པ་དང་། སྒྲ་ཇི་བཞིན་པ་དང་སྒྲ་ཇི་བཞིན་པ་མ་ཡིན་པ་གཉིས་སྒྲ་དོན་གཉིས་གའི་མཐའ་ལ་བརྟེན་པ་སྟེ་མཐའ་ནི་རྣམ་པ་དྲུག་ཏུ་ཤེས་པར་བྱའོ། །ཞེས་དང་། ཟུར་མཆན་ལས། མཐའི་སྐད་དོང་ཀོ་ཊི་ནི་རྩེ་མོ་དང་སྒོ་ལའང་འཇུག་པས་སོ་སོར་བཤད་པའི་སྒོ་དྲུག་གོ །ཞེས་གསུངས་ལྟར་རོ། །གསུམ་པ་ལ་གསུམ། དྲང་ངེས་ཀྱི་མཚན་ཉིད། དགོངས་དགོངས་མིན་གྱི་མཚན་ཉིད། སྒྲ་ཇི་བཞིན་ཡིན་མིན་གྱི་མཚན་ཉིད་བསྟན་པའོ། །དང་པོ་ནི། སྐལ་ངན་རྣམས་ལ་རྒྱལ་བ་ཡིས། །སྦས་ཏེ་བཤད་པ་དྲང་པའི་དོན། །ཡང་དག་དོན་ནི་རབ་སྟོན་ཕྱིར། །ངེས་པའི་དོན་ཡང་གསུངས་པ་ཡིན། །ཞེས་གསུངས་ཤིང་། མཆན་ལས། དེ་ལྟར་མིང་གི་དབྱེ་བ་བསྟན་ནས་སོ་སོའི་ངོས་འཛིན་སྟོན་པ་ལ། དྲང་ངེས་གཉིས་ནི་གཞན་ནས་གཞུང་སོ་སོས་བདེན་གཉིས་སོ་སོ་སྟོན་ག་ལ་བཤད་པ་ལྟར་མ་ཡིན་གྱི། འདིར་གཞུང་གཅིག་གི་དོན་ལ་གཉིས་སུ་འབྱེད་པ་ཡིན་ནོ། །དེ་ཡང་སྐལ་ངན་ཏེ་དབང་བོ་དམན་པ་ཙནྡན་ལྟ་བུ་ལ་སོགས་པ་རྣམས་ལ་གསང་བར་བྱ་བའི་ངེས་དོན་ཚིག་དེའི་དོན་ལ་ཡོད་ཀྱང་། རྒྱལ་བའི་ས་དངོས་སུ་མི་སྟོན་པར་སྦས་ཏེ་བཤད་པ་ནི་ད་དུང་དངོས་ཟིན་ཏེ་མིན་པའི་དོན་གཉིས་པ་ཅིག་དྲང་དུ་ཡོད་པས་དྲང་པའི་དོན་ནོ། །དྲང་དོན་དུ་བཤད་པའི་གཞུང་དེ་ཉིད་ཀྱིས་ཡང་དག་པའི་དོན་རྫོགས་རིམ་ཡན་ལག་དང་བཅས་པ་ནི་རབ་ཏུ་སྟོན་པའི་ཕྱིར། དྲང་དོན་དུ་གསུངས་པར་མ་ཟད་ངེས་པའི་དོན་ཡང་གསུངས་པ་ཡིན་ནོ། །ཞེས་གསུངས། འདིར་ཟུར་མཆན་ལྟར་ན། རྩ་རྒྱུད་དུ་སྦས་པ་དེ་ལ། སྐལ་ངན་ལ་རེ་ཞིག་གསང་བའི་ཚུལ་གྱིས་སྦས་པ་དང་། སྐལ་བཟང་ཡིན་ཡང་བླ་མ་ལ་རག་ལས་ཕྱིར་སྦས་པ་གཉིས་ཡོད་པས་ཁྱད་པར་ཤེས་དགོས་སོ། །བཤད་བྱའི་རྒྱུད་ཀྱི་མཚན་གཞི་མང་ཡང་། རྩ་རྒྱུད་ལེའུ་གསུམ་པ་ལས། རིན་ཆེན་ཁ་དོག་སྣ་ལྔ་བ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་ཏུ། །རྣལ་འབྱོར་གྱིས་ནི་རྟག་ཏུ་བསྒོམ། །ཞེས་པ་ལྟ་བུ་སྟེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་འགྲེལ་པར་རྗེས། སྣའི་རྩེ་མོར་ཡུངས་ཀར་གྱི་ཚད་ཙམ་གྱི་རིན་ཆེན་ཁ་དོག་སྣ་ལྔ་བ་བསྒོམ་པར་གསུངས་པའི་འདི། ཁ་དོག་ལྔའི་རླུང་ལྡང་འཇུ ག་ནས་གསུམ་ཡི་གེ་གསུམ་དང་དབྱེར་མེད་དུ་སྦྱོར་བའི་རྡོར་བཟླས་བསྒོམ་པ་དངོས་སུ་མི་མངོན་པར་སྦས་ནས། དངོས་ཟིན་ལ་སྟེང་གི་སྣ་རྩེར་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་རྣམ་པ་ལྔ་བསྒོམ་པར་བཤད་པ་ལྟ་བུའོ། །དེ་ལ་ཕྱག་མཚན་བསྒོམ་པ་ནི་དྲང་དོན་དང་། རླུང་བསྒོམ་པ་ནི་ཡང་དག་པའི་ངེས་དོན་ནོ། །ཞེས་གསུངས་པ་ལྟར་ཏེ། རྫོགས་རིམ་སྦས་ནས་བསྐྱེད་རིམ་དངོས་སུ་སྟོན་པའི་གཞུང་ཕལ་ཆེར་ནི་དྲང་ངེས་སྟོན་པའི་གཞུང་དུ་གསུངས་སོ། །རྫོགས་རིམ་སྦས་པ་ཁོ་ནར་མ་ངེས་ཏེ། འགྲེལ་བ་དེར་ག་བུར་དང་ཁྲག་དང་ཙནྡན་དམར་བོ་དང་རྡོ་རྗེ་དང་པདྨ་དང་ཕྱག་རྒྱའི་དོན་གཉིས་པ་ངེས་དོན་ཁུ་བ་དང་ཟླ་མཚན་དང་ཁུ་ཁྲག་འདྲེས་པ་དང་ལིང་ག་དང་བྷ་ག་དང་ལས་རྒྱ་ལ་ཡང་གསུངས་པ་ལྟར་རོ། །གཉིས་པ་ནི། མཆོག་འདོད་སེམས་ཅན་རྣམས་ཀྱི་ཕྱིར། །ཆོས་ཀྱི་དེ་ཉིད་རབ་སྟོན་པ། །འགལ་བའི་ཚིག་གི་སྦྱོར་བ་ཡིས། །གསུངས་པ་གང་ཡིན་དགོངས་བཤད་དེ། དབང་བོ་དམན་པའི་སེམས་ཅན་རྣམས། །རྟོགས་ཕྱིར་མཆོག་ཏུ་གསལ་བ་ཡིས། །དེ་ཉིད་ངེས་པར་སྟོན་པ་ནི། །དགོངས་པ་མིན་པ་བཤད་པའོ། །ཞེས་གསུངས་ཤིང་། མཆན་ལས། མཆོག་གི་དངོས་གྲུབ་འདོད་པའི་སེམས་ཅན་དབང་རྣོན་རྣམས་ཀྱི་ཕྱིར་དུ་ཆོས་ཀྱི་དེ་ཉིད་ལ་འོད་ཟུང་ལྟ་བུ་རབ་ཏུ་སྟོན་པ་ན། དོན་དེ་ལ་སྒྲ་འགལ་བའི་ཚིག་གི་སྦྱོར་བ་ཡིས་གསུངས་པ་གང་ཡིན་པ་ནི་དོན་གཞན་ལ་དགོངས་ནས་སྒྲ་འགལ་བ་གཞན་གྱིས་བཤད་པའི་ཕྱིར་དགོངས་པས་བཤད་པའོ། །གསང་ཆེན་གྱི་སྣོད་དུ་རུང་བའི་དབང་པོ་དམན་པའི་སེམས་ཅན་རྣམས་ཀྱིས་རྟོགས་པའི་ཕྱིར་དུ་སྒྲ་དྲང་པོར་མཆོག་ཏུ་སྟོ་ཤིན་ཏུ་གསལ་བ་ཡིས་འོད་ཟུང་ལྟ་བུའི་དེ་ཉིད་ངེས་པར་སྟོན་པ་ནི། དོན་གཞན་ལ་དགོངས་ནས་སྒྲ་འགལ་བས་མི་སྟོན་པར་དྲང་བོར་སྟོན་པའི་ཕྱིར་དགོངས་པ་མ་ཡིན་པས་བཤད་པའོ། །ཞེས་གསུངས་པ་ལྟར་རོ། །དགོངས་པས་བཤད་རྒྱུའི་གཙོ་བོ་ལ་འོད་གསལ་དང་ཟུང་འཇུག་ལྟ་བུ་དགོས་པ་ཡིན་ཡང་། དེར་མ་ངེས་ཏེ། རྩ་རྒྱུད་ལས། དེ་བཞིན་གཤེགས་བ་རྣམས་ཀྱིས་ཀྱང་མི་ཤེས་ན་ཞེས་པ་རིན་པོ་ཆེ་ལྟ་བུའི་གང་ཟག་དང་། བྱང་ཆུབ་པ་རྣམས་ཀྱིས་ལྟ་ཅི་སྨོས་ཞེས་པ་ཙནྡན་ལྟ་བུ་སོགས་ལ་དགོངས་ནས་གསུངས་པ་འདི་དགོངས་བཤད་དུ་སྒྲོན་གསལ་མཆན་དང་ཡེ་ཤེས་རྡོ་རྗེ་ཀུན་བཏུས་ཀྱི་འགྲེལ་བ་རྣམས་ལས་གསུངས་པའི་འཕྱིར་རོ། །རྒྱུད་ཀྱི་མཚན་གཞི་ནི། རྩ་རྒྱུད་ལེའུ་བརྒྱད་པ་ལས། ན་ཆུང་གཞོན་ནུ་མིག་ཡངས་པ། །གཟུགས་བཟང་བཞོན་པ་བརྒྱན་པ་ནི། །ལོ་གྲངས་ཉི་ཤུ་ལྔ་ལོན་རྙེད། །བྱོལ་སོང་ལས་ཀྱང་བརྟག་པར་བྱ། །ཞེས་པ་ལྟ་བུ་སྟེ། འདིས་འོད་ཟུང་གཉིས་ལ་ན་ཆུང་མིག་ཡངས་པའི་སྒྲས་བརྗོད་ནས་བསྟན་ནོ། །དགོངས་མིན་དུ་བཤད་རྒྱུའི་གཞུང་ནི་རྩ་རྒྱུད་ལེའུ་དང་པོ་ལས། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་སེམས་ནི་རབ་བྱུང་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རབ་ཏུ་མི་རྟོགས་གནས་མེད་པའོ། །ཞེས་པ་ལྟ་བུ་སྟེ། འདིས་ཀྱང་འོད་ཟུང་གཉིས་སྒྲ་དྲང་ཐང་དུ་བསྟན་ནོ། །མདོར་ན་སྣོད་རུང་དབང་བོ་རྣོན་པོའི་དབང་དུ་མཛད་ནས་ངེས་དོན་དེ་ལ་སྒྲ་གཞན་གྱིས་བརྗོད་པའི་སྒོ་ནས་གསུངས་པ་ནི་དགོངས་བཤད་དང་། སྣོད་རུང་གི་དབང་རྟུལ་ལ་སྒྲ་དྲང་བོར་གསལ་བར་སྟོན་པའི་སྒོ་ནས་དགོངས་མིན་དུ་འགྱུར་རོ། །དེས་ན་དགོངས་མིན་མ་སྦས་པར་སྟོན་པ་དང་། དགོངས་བཤད་ནི་སྦས་ནས་སྟོན་པ་ཞིག་གོ །འོན་ཀྱང་ཚུལ་བཞིའི་སྦས་བཤད་དང་ཁྱད་པར་ཡོད་པས་ཕྱེད་པར་བྱ་སྟེ། དགོངས་བཤད་ནི་ཚུལ་བཞིའི་མཐར་ཐུག་གི་བཤད་པར་འདུ་བའི་ཕྱིར་རོ། །གསུམ་པ་ནི། དཀྱིལ་འཁོར་སོགས་དང་ཆོག་ཞིབ་ལ། །སྤྱོད་པ་ཇི་ལྟ་ཇི་ལྟར་གསུངས། །དོན་རྒྱས་བཤད་པ་གང་ཡིན་པ། །དེ་ནི་ཇི་བཞིན་སྒྲར་གསུངས་པའོ། །ཀོ་ཊ་ཁྱ་ལ་སོགས་པའི་སྒྲ། །འཇིག་རྟེན་བསྟན་བཅོས་ལ་མེད་ཅིང་། །དེ་བཞིན་གཤེགས་པའི་བརྡར་གྱུར་བ། །དེ་ནི་ཇི་བཞིན་མིན་པར་བསྒྲགས། །ཞེས་གསུངས་ཤིང་། མཆན་ལས། དཀྱིལ་འཁོར་ཐིག་མཚོན་གྱིས་བྲི་བ་དང་། སོགས་པས་ལྷ་ཉེར་སྤྱོད་ཀྱིས་མཆོད་པ་སོགས་ཀྱི་མཆོད་སྦྱིན་དང་གཏོར་མའི་ཆོ་ག་དང་སྨན་གྱི་སྦྱོར་བ་དང་ཞི་སོགས་ཀྱི་ལས་ཚོགས་དང་། དངོས་གྲུབ་བརྒྱད་བསྒྲུབ་པའི་ཆོ་ག་ཞི་བ་སྟེ་རྒྱུད་སྡེ་འོག་མ་གསུམ་གྱི་རྟོག་བཅུ་སྤྱོད་པ་ཇི་ལྟ་ཇི་ལྟར་གསུངས་པ་དོན་རྒྱས་པ་སྟེ་གསལ་བར་བཤད་པ་གང་ཡིན་པ་དེ་དང་དེ་ནི་ཇི་བཞིན་པའི་སྒྲར་གསུངས་པའོ། །དེར་མ་ཟད་བླ་མེད་ཀྱི་རྟོག་པ་རྣམས་སུ་ཡང་ལས་ཚོགས་ལ་སོགས་པ་སྒྲ་ཇི་བཞིན་པ་མང་ངོ་། །སྒྲ་ཇི་བཞིན་པ་ནི་ཤས་ཆེར་དོན་གཉིས་པ་མེད་པ་ཞིག་ལ་བྱ་དགོས་ཏེ། དེར་ངེས་པ་ནི་མ་ཡིན་ནོ། །ཀོ་ཊ་ཁྱ་དང་ལ་སོགས་པས་ཀོ་ཊ་ཝ་ཀོ་ཊ། ཞེས་པ་ནས། དེ་ལྟ་བུའི་སྒྲ་འཇིག་རྟེན་པ་དང་སྒྲའི་བསྟན་བཅོས་ལ་མིང་དེ་དོན་དེའི་དངོས་ཀྱི་མིང་དུ་འཇུག་པ་མིང་ཅིང་། དེ་བཞིན་གཤེགས་པས་དེ་ལྟར་བརྡར་མཛད་པར་གྱུར་པ་དེ་ནི་སྒྲ་ཇི་བཞིན་པར་མ་ཡིན་པར་བསྒྲགས་སོ། །ཞེས་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་འགྲེལ་པར་ཡང་དེ་བཞིན་དུ་གསུངས་སོ། །བཤད་རྒྱུའི་མཚན་གཞི་ནི་སྔར་བཤད་པ་དེས་ཤེས་ཤིང་། ཀོ་ཊ་ཁྱ་ལ་སོགས་པའི་གཞུང་དེ་སྒྲ་ཇི་བཞིན་པ་མིན་པའི་གཞུང་དང་དགོངས་བཤད་ཀྱི་གཞུང་དུའང་གསུངས་སོ། །དྲང་ངེས་ཀྱི་དོན་གཉིས་འགལ་ཡང་གཞུང་གཅིག་ཡིན་ལ། དགོངས་དགོངས་མིན་གཉིས་ཀྱི་གཞུང་འགལ་ཡང་དོན་འདྲ་བ་དང་།སྒྲ་ཇི་བཞིན་ཡིན་མིན་གཉིས་ནི་གཞུང་དོན་གཉིས་ཀའང་སོ་སོ་བ་གཙོ་ཆེའོ། །གཉིས་པ་ལ་གསུམ། བཤད་པར་དམ་བཅའ་བ། སོ་སོའི་མིང་དང་དབྱེ་བ། སོ་སོའི་དོན་བསྟན་པའོ། །དང་པོ་ནི། མཐའ་དྲུག་དབྱེ་བ་བསྟན་ནས་ནི། །བཤད་པའི་དབྱེ་བ་བརྗོད་པར་བྱ། །ཞེས་གསུངས་ཏེ་གོ་སླའོ། །གཉིས་པ་ནི། ཚིག་གི་དོན་དང་སྤྱི་ཡི་དོན། །སྦས་དང་དེ་བཞིན་མཐར་ཐུག་པའོ། །དང་པོ་གཅིག་པུ་ཁོ་ན་ཉིད། །སྤྱི་ཡི་དོན་གྱི་དབྱེ་བ་གཉིས། །སྦས་པ་རྣམ་པ་གསུམ་དུ་བཤད། །མཐར་ཐུག་པ་ནི་རྣམ་པ་གཉིས། །ཞེས་གསུངས་ཤིང་། མཆན་འགྲེལ་ལས། དབྱེ་གཞི་ནི་ཚིག་གི་དོན་ནམ་ཡི་གེའི་དོན་དང་། སྤྱིའི་དོན་དང་། སྦས་པའི་དོན་དང་། དེ་བཞིན་མཐར་ཐུག་པའི་དོན་ནོ་ཞེས་མིང་གིས་དབྱེ་བ་བསྟན་ནོ། །དང་པོ་ཡིག་དོན་ལ་ནི་དབྱེ་བ་མེད་པ་གཅིག་པུ་ཁོ་ན་ཉིད་ཅེས་གསུངས་སོ། །སྤྱིའི་དོན་གྱི་དབྱེ་བ་ནི་རྣམ་པ་གཉིས་སུ་ཡོད་དོ། །སྦས་པའི་དོན་ལ་ནི་དབྱེ་བ་རྣམ་པ་གསུམ་དུ་བཤད་དོ། །མཐར་ཐུག་པའི་དོན་ནི་དབྱེ་བ་རྣམ་པ་གཉིས་སོ། །ཞེས་གསུངས་སོ། །གསུམ་པ་བཞི། ཡིག་དོན། སྤྱི་དོན། སྦས་དོན་མཐར་ཐུག་གི་དོན་བཤད་པའོ། །དང་པོ་ནི། སྒྲ་ཙམ་ལ་ནི་རབ་གཞོལ་བའི། །ཕྱི་རོལ་བསྟན་བཅོས་མཁས་པ་ཡིས། །དེ་ཡི་བཀོད་པ་རབ་བསྟན་པ། །ཡི་གེའི་དོན་ནི་ཡིན་པར་བཤད། །ཅེས་གསུངས་ཤིང་། འདིའི་མཆན་ལས། སྒྲའི་གཞུང་ཙམ་ལ་རབ་ཏུ་གཞོལ་བའི་སྒོ་ནས་ནང་རིག་པའི་སྡེ་སྣོད་ལས་ཕྱི་རོལ་ཏུ་གྱུར་བའི་སྒྲའི་བསྟན་བཅོས་ལ་མཁས་པ་ཡིས་སྒྲ་དེ་ཡི་བཀོད་པས་ཏེ་དོན་འདི་ལ་སྒྲ་འདི་འཇུག་ཅེས་པའི་སྒོ་ནས་རབ་ཏུ་བསྟན་པ་ནི་ཡི་གེའི་དོན་ནི་ཡིན་པར་བཤད་དོ། །ཞེས་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་འགྲེལ་བ་ལས། དེ་ལྟར་ན་གཞུང་དེ་ལ་སྒྲའི་གཞུང་དང་བསྟུན་ནས་རང་རང་གི་དོན་སྟོན་པའི་ནུས་པ་གང་ཐོན་པའི་ཆ་ནས་བཤད་པ་ནི་ཡིག་དོན་དང་། ཞེས་གསུངས་པ་ལྟར་རོ། །ཡིག་དོན་ནི་ཚིག་གི་དངོས་ཟིན་གྱི་ཐོབ་ཚུལ་གཙོ་བོར་འཆད་པའི་དབང་དུ་མཛད་པ་ཡིན་ཡང་། ཡིག་དོན་དང་སྤྱི་དོན་མི་འགལ་ཏེ། འགྲེལ་བ་དེ་ལས། སྤྱི་དོན་བཤད་པའི་སྒོ་ནས་བསྟན་པའི་དོན་དེ་ཡིག་དོན་འཆད་ཚུལ་གྱི་སྒོ་ནས་བཤད་དུ་མི་རུང་བ་མིན། ཞེས་གསུངས་པས་སོ། །དེར་མ་ཟད་མཐའ་དྲུག་གི་སྒྲ་ཇི་བཞིན་པའི་བཤད་པ་རྣམས་ཡིག་དོན་དུའང་འགྱུར་ཏེ། འགྲེལ་བ་དེར། འོག་ནས་མཐའ་དྲུག་གི་སྒྲ་ཇི་བཞིན་པའི་བཤད་པ་ཡི་གེའི་དོན་དུ་གསུངས་པ་དེས་གོ་ནུས་པར་དགོངས་ནས་སྐབས་འདིར་མ་བཤད་དོ། །ཞེས་གསུངས་པས་སོ། །འཆད་བྱའི་རྒྱུད་ཀྱི་མཚན་གཞི་མང་ཡང་། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་པ་ནས། བཙུན་མོའི་བྷ་ག་ལ་བཞུགས་སོ། །ཞེས་པའི་བར་ལྟ་བུའོ། །གཉིས་པ་ནི། མདོ་སོགས་ལ་ནི་རབ་ཞུགས་པའི། །འགྱོད་པ་ཟློག་པར་བྱེད་པ་དང་། །བསྐྱེད་པའི་རིམ་དང་ལྡན་པ་དག །སྤྱི་ཡི་དོན་ནི་ཡིན་པར་གསུངས། །ཞེས་དང་། མཆན་ལས། མཚན་ཉིད་ཀྱི་ཐེག་པའི་མདོ་སྡེ་དང་སོགས་པས་འདུལ་བ་དང་མངོན་པའི་སྡེ་སྣོད་ལ་ནི་རབ་ཏུ་ཞུགས་པའི་གང་ཟག་གིས། རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་ཐོས་པ་ན་རང་གིས་ཁས་བླངས་པའི་གསུང་རབ་དེ་རྣམས་དང་རྣམ་པ་ཐམས་ཅད་དུ་མི་མཐུན་པའོ་སྙམ་དུ་བཟུང་ནས་སྨོད་པ་དང་། འགྱོད་པ་སྟེ་ཐེ་ཚོམ་ཟ་བ་ཟློག་པར་བྱེད་པའི་དོན་དུ་ཐེག་པ་གཞན་དང་ཐུན་མོང་བ་མང་དུ་བཤད་པ་དང་། བསྐྱེད་པའི་རིམ་པའི་རྣལ་འབྱོར་དང་ལྡན་པ་དག་ནི་སྤྱིའི་དོན་ཡིན་པར་གསུངས་ཏེ། ཞེས་དང་། ཐེག་པ་གཅིག་ཡིན་ཀྱང་རྒྱུད་སྡེ་འོག་མ་གསུམ་གྱི་གདུལ་བྱས་འདི་ལ་སྨོད་པ་དང་ཐེ་ཚོམ་བཟློག་པའི་ཕྱིར་དུ་དེ་དག་དང་མཐུན་པར་བཤད་པ་རྣམས་ཀྱང་སྤྱི་དོན་ཡིན་པས་མཚན་ཉིད་ཀྱི་ཐེག་པ་བ་དང་ཐུན་མོང་བ་དང་། རྒྱུད་སྡེ་འོག་མ་བ་དང་ཐུན་མོང་བ་ཡིན་པས་སྤྱི་དོན་དུ་བྱས་པ་དང་། བསྐྱེད་རིམ་ལྟ་བུ་དངོས་གྲུབ་གཉིས་སྒྲུབ་པའི་གང་ཟག་གཉིས་དང་ཐུན་མོང་བས་སྤྱི་དོན་དུ་བཞག་པ་ཡང་ཡོད་དོ། །ཞེས་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་འགྲེལ་བར་ཡང་དེ་ལྟར་འབྱུང་ཞིང་སྤྱི་དོན་དུ་བཞག་པའི་གཙོ་བོ་ནི་མཚན་ཉིད་ཀྱི་ཐེག་པ་དང་ཐུན་མོང་བའི་དབང་དུ་མཛད་པར་གསུངས་ལ། སྤྱི་ཞེས་པ་ནི་ཐུན་མོང་བ་ཞེས་པའི་དོན་ཡིན་པར་བཤད་དོ། །བཤད་བྱའི་གཞུང་ནི། རྩ་རྒྱུད་ལེའུ་གཉིས་པའི་དངོས་པོ་མེད་པས་བསྒོམ་པ་མེད། ཞེས་སོགས་ལྟ་བུ་སྟེ། དེས་རྣམ་ཐར་སྒོ་གསུམ་སྟོན་པ་ལྟ་བུ་སྤྱི་དོན་ནོ། །གསུམ་པ་ནི། འདོད་ཆགས་ཆོས་ནི་རབ་སྟོན་དང་། །ཀུན་རྫོབ་བདེན་པ་རྟོགས་པ་དང་། །ཡེ་ཤེས་གསུམ་པོ་རྣམ་བརྟགས་པའི། །སྙིང་བོ་ཡོད་པས་སྦས་པའོ། །མཆན་ལས། རིག་མ་དང་མཉམ་པར་སྦྱོར་བའི་འདོད་ཆགས་ཀྱི་ཆོས་ནི་རབ་ཏུ་སྟོན་པའི་འདོད་ཆགས་ཆོས་སྦས་དང་། ཀུན་རྫོབ་ཀྱི་བདེན་པ་སྒྱུ་མའི་སྐུ་རྟོགས་པ་སྟེ་བསྟན་པའི་ཀུན་རྫོབ་སྒྱུ་མའི་སྦས་པ་དང་། སྨད་མཆེད་ཐོབ་གསུམ་གྱི་ཡེ་ཤེས་གསུམ་པོ་རྣམ་པར་བརྟགས་པ་སྟེ་བསྒོམ་པའི་སྣང་བ་སེམས་ཀྱི་སྦས་པ་གསུམ་སྙིང་པོར་ཡོད་པས་སྦས་པའོ། །ཞེས་དང་། ཟུར་མཆན། ལས་གང་ལ་སྦས་པ་ནི། ཐ་མ་གཉིས་དང་པོའི་ཆ་གཅིག་བསྐྱེད་རིམ་པ་དང་། གསུམ་ག་རྒྱུད་སྡེ་འོག་མ་བ་སོགས་ལ་སྦས་པ་ཡིན་ལ། སྦས་ཚུལ་ནི་ཕྱི་ནས་མི་མངོན་པར་ནང་ནས་སྙིང་བོར་ཡོད་པའི་ཚུལ་གྱིས་སྦས་པའོ། །ཞེས་གསུངས་ཤིང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་འགྲེལ་བར་ཡང་། སྣང་བ་སེམས་ཀྱི་སྦས་པ་དང་། འདོད་ཆགས་ཆོས་ཀྱི་སྦས་པ་དང་། ཀུན་རྫོབ་སྒྱུ་མའི་སྦས་པ་གསུམ་བཤད་པ་ནི་ཚུལ་བཞིའི་ནང་ནས་སྦས་དོན་གྱི་བཤད་པའོ། །ཞེས་གསུངས་པས་སོ། །དེ་ཡང་གཙོ་བོའི་དབང་དུ་བྱས་ཀྱི། དེར་ངེས་པ་ནི་མ་ཡིན་ཏེ། དེ་ཉིད་ལས། གསུམ་པ་དེ་ཙམ་ཞིག་སྦས་དོན་དུ་གསུངས་པ་ནི་གཙོ་བོ་ལ་དགོངས་ཀྱི། དེ་ཙམ་དུ་མ་ངེས་ཏེ། སྒྲོན་གསལ་ལས་གསང་བ་གསུམ་ཚུལ་བཞིར་བཤད་པའི་སྐབས་སུ་འཇུག་གནས་ལྡང་གསུམ་སྦས་པར་བཤད་པས། རྡོ་རྗེའི་བཟླས་པ་སྦས་དོན་དུ་གསུངས་པ་ཡེ་ཤེས་གསུམ་གྱི་སྦས་པའི་ཁོངས་སུ་སྡུད་དགོས་པ་བཞིན་ནོ། །དེས་ན་ལུས་དབེན་ཀྱང་སྦས་པ་དེའི་ཁོངས་སུ་བསྡུའོ། །ཞེས་གསུངས་པས་སོ། །འཆད་བྱའི་གཞུང་ནི། ཚུལ་བཞིའི་བཤད་པ་འཇུག་པ་ཐམས་ཅད་ལ་སྦས་དོན་གྱི་བཤད་པ་འཇུག་པས། འདི་སྐད་བདག་གིས་སོགས་དང་། དངོས་པོ་མེད་པས་བསྒོམ་པ་མེད། །ཅེས་སོགས་ལྟ་བུ་དང་། དེར་མ་ཟད་རྩ་རྒྱུད་ཀྱི་ལེའུ་དང་པོ་ལས། དེ་ནས་དེ་མ་ཐག་ཏུ་ནམ་མཁའི་དབྱིངས་འདི་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ངོ་བོར་གནས་པར་གྱུར་ཏོ། །ཞེས་པ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོ། །ཞེས་པའི་གཞུང་འདིས་འདོད་ཆགས་ཆོས་སྦས་བསྟན་ཏོ། །མདོར་ན་གཞི་ལམ་གྱི་དུས་སུ་ཕོ་མོ་གཉིས་སྙོམས་པར་འཇུག་ཚུལ་སྦས་ནས་སྟོན་པ་འདོད་ཆགས་ཆོས་སྦས་དང་། སེམས་དབེན་གྱི་སྣང་བ་གསུམ་སྦས་ནས་སྟོན་པ་སྣང་བ་སེམས་སྦས་དང་། རིམ་པ་གསུམ་པའི་སྒྱུ་ལུས་སྦས་ནས་སྟོན་པ་ནི་ཀུན་རྫོབ་སྒྱུ་མའི་སྦས་པ་སྟོན་པའི་གཞུང་དུ་འགྱུར་རོ། །བཞི་བ་ནི། འོད་གསལ་བ་ནི་རབ་སྟོན་དང་། ཟུང་དུ་འཇུག་པ་རྟོགས་པ་སྟེ། །རྣམ་པ་གཉིས་སུ་མཐའ་བཤད་དེ། །མཐའ་ནི་མུར་ཐུག་པ་ཡི་ཚིག །ཞེས་གསུངས་ཤིང་། མཆན་ལས། རིམ་པ་བཞི་བའི་འོད་གསལ་ནི་རབ་ཏུ་སྟོན་པ་དང་། ཟུང་དུ་འཇུག་པའི་རིམ་པ་རྟོགས་པ་སྟེ། དེ་ལྟར་རྣམ་པ་གཉིས་སུ་མཐར་ཐུག་པར་བཤད་དེ། མཐའ་ནི་མུར་ཐུག་པ་ཡི་ཚིག་ཡིན་ནོ། །ཞེས་དང་། ཟུར་མཆན་ལས་ཀྱང་། འདིར་གང་གིས་མཐར་ཐུག་པ་ནི་གཉིས་སྟེ། དོན་དམ་པའི་བདེན་པ་དང་དག་པའི་སྒྱུ་མའི་སྐུའོ། །གང་མཐར་ཐུག་པ་ཡང་གཉིས་ཏེ། སེམས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོར་སྐྱེས་པ་དང་། གཉུག་མའི་ལུས་ཤིན་ཏུ་ཕྲ་བའི་རླུང་དང་དེའི་བཞོན་པ་ཅན་གྱི་སེམས་ཏེ་རླུང་སེམས་ཀྱི་ལུས་སོ། །ཇི་ལྟར་མཐར་ཐུག་པ་ནི། དང་པོ་ནི་ཤེས་བྱ་དོན་དམ་བདེན་པ་མངོན་སུམ་དུ་རྟོགས་ཏེ་ཆུ་ལ་ཆུ་བཞག་པ་བཞིན་དུ་རོ་གཅིག་ཏུ་ཞུགས་པའོ། །གཉིས་པ་ནི་གཉུག་མའི་ལུས་རླུང་སེམས་གཉིས་རྡོ་རྗེའི་སྐུར་དངོས་སུ་སྐྱེས་པའོ། །ཞེས་གསུངས་པ་ལྟར་རོ། །དེ་བཞིན་དུ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་འགྲེལ་བར་ཡང་། དེའི་ཕྱིར་ལྷན་ཅིག་སྐྱེས་པའི་བདེ་བའི་སེམས་དེ་ཁོ་ན་ཉིད་ཀྱི་མཐར་ཐུག་པ་ནི་འོད་གསལ་གྱི་མཐར་ཐུག་པའོ། །ཞེས་པ་ནས། ཟུང་འཇུག་གི་མཐར་ཐུག་ལུགས་ནི་ཡུལ་ཅན་བདེ་བ་ཆེན་པོའི་ཡུལ་དོན་དམ་པའི་མཐར་ཐུག་པ་དང་། ཤིན་ཏུ་ཕྲ་བའི་རླུང་འོད་ཟེར་ལྔའི་གཉུག་མའི་ལུས་རྡོ་རྗེ་སེམས་དཔའི་སྐུ་མཚན་དཔེས་བརྒྱན་པའི་མཐར་ཐུག་པ་སྟེ། ཞེས་གསུངས་སོ། །འདིར་མཐར་ཐུག་གི་དོན་བཤད་མ་ཐག་པ་ལྟར་ཡིན་གྱི། ལམ་གྱི་བགྲོད་པ་མཐར་ཕྱིན་པའི་མཐར་ཐུག་གི་ཡོན་ཏན་ཡིན་པ་ལ་མི་བྱེད་དེ། ལུང་དེའི་མཇུག་ཉིད་ནས། མཐར་ཐུག་ལུགས་དེ་ལྟར་ཡིན་གྱི། ལམ་གྱི་བགྲོད་པ་མཐར་ཐུག་པ་མ་ཡིན་པས་དེ་གཉིས་ཀ་སློབ་ལམ་ན་ཡང་ཡོད་དོ། །ཞེས་གསུངས་པའི་ཕྱིར་རོ། །བཤད་བྱའི་གཞུང་གི་མཚན་གཞི་མང་ཡང་། རེ་ཞིག་རྩ་རྒྱུད་ལེའུ་དང་པོའི་འདི་སྐད་ཅེས་པའི་སྐད་དོད་རྒྱ་དཔེ་ལ་ཨེ་ཝཾ་ཞེས་འབྱུང་ཞིང་། ཨེ་ཝཾ་གྱི་ཨེས་དོན་དམ་འོད་གསལ་མཚོན་ཞིང་སྟོན་ལ། ཝས་དགའ་བའི་སྒྱུ་ལུས་དང་། ཐིག་ལེས་དེ་གཉིས་དངོས་པོ་གཅིག་ཏུ་སྦྱོར་བའི་ཟུང་འཇུག་མཚོན་ཅིང་གོ་བར་བྱེད་པས་ན། གཞུང་དེ་ཚུལ་བཞི་དང་དེའི་ནང་ནས་མཐར་ཐུག་གི་གཞུང་དུ་སྦྱོར་བ་དང་། གཞན་ཡང་ལེའུ་གཉིས་པའི་གཞུང་རྣམས་ཀྱིས་འོད་གསལ་དང་ཟུང་འཇུག་གཙོ་བོར་སྟོན་པས། དེ་ཡང་དེའི་གཞུང་དུ་བྱའོ། །གཞན་ཡང་ཚུལ་བཞི་འཆད་པའི་གཞུང་མི་འགལ་ཏེ། ཚུལ་བཞིའི་བཤད་པ་ཅིག་ཅར་དུ་འཇུག་པའི་གཞུང་དུ་མ་ཡོད་པའི་ཕྱིར་ཏེ། འདི་སྐད་བདག་གིས་སོགས་དང་། དངོས་པོ་མེད་པས་སོགས་དང་། ཡང་ལེའུ་དང་པོར་འདུས་པ་གསང་བ་ལས་བྱུང་བ། ཞེས་པའི་སྐབས་སུ་གསང་བ་འདུས་པའི་དོན་ལ་ཚུལ་བཞིར་བཤད་ཅིང་། དེ་ཡང་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའམ། མཐའ་གཅོད་ལྟར་ན། རྡོ་རྗེ་གསུམ་དུ་སྐུ་གསུང་ཐུགས་སུ་སྣང་བ་དེ་ཉིད་སངས་རྒྱས་དང་པདྨ་རྡོ་རྗེ་འཆང་གཅིག་ཏུ་གྱུར་པ་ནི་ཡིག་དོན་གྱི་གསང་འདུས་དང་། ཡི་གེ་གསུམ་ལས་རྡོ་རྗེ་འཆང་དུ་གྱུར་ནས་རིག་མ་དང་རྡོ་རྗེ་དང་པདྨ་གཉིས་འདུས་པ་ནི་སྤྱི་དོན་གྱི་གསང་འདུས་དང་། སྣང་བ་གསུམ་རླུང་གི་གཞོན་པ་དང་ལྡན་པ་དེ་ཉིད་ཐབས་ཤེས་ཀྱི་བདག་ཉིད་སྒྱུ་མ་ལྟ་བུའི་སྐུར་ལྡང་བ་ནི་སྦས་དོན་གྱི་གསང་འདུས་དང་། བདེན་པ་གཉིས་ཟུང་དུ་འཇུག་པ་གཉིས་སུ་མེད་པ་ནི་མཐར་ཐུག་གི་གསང་བ་འདུས་པའི་དོན་ཡིན་པར་བཤད་པའི་ཕྱིར་དང་། དྲང་ངེས་ཀྱི་གཞུང་དང་དགོངས་བཤད་ཀྱི་གཞུང་ཕལ་ཆེར་ལ་ཚུལ་བཞིའི་བཤད་པ་ཅིག་ཅར་དུ་འཇུག་པ་ཡོད་པའི་ཕྱིར་རོ། །འོན་ཀྱང་གཞུང་གཅིག་ལ་མཐའ་དྲུག་གི་བཤད་པ་ཅིག་ཅར་དུ་འཇུག་པ་ནི་མེད་དེ། དགོངས་དགོངས་མིན་གཉིས་དང་སྒྲ་ཇི་བཞིན་ཡིན་མིན་གྱི་གཞུང་གཉིས་འགལ་བའི་ཕྱིར་རོ། །གསུམ་པ་ནི། གོང་དུ་བཤད་པའི་མཐའ་དྲུག་དང་། ཚུལ་བཞིའི་བཤད་པ་དེ་རྣམས་བླ་མེད་གཞན་དང་རྒྱུད་སྡེ་འོག་མ་གསུམ་དང་མདོ་ཕྱོགས་ལ་ཡོད་མེད་དང་། དེ་དག་འགལ་མི་འགལ་ཇི་ལྟར་ཡིན་ཞེ་ན། འདིའི་ལན་མཆན་བུ་ལས་ཕྱོགས་གཅིག་ཏུ་བཀོད་ནས་གསལ་བར་བཤད་པ་མི་འདུག་ཀྱང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་འགྲེལ་བར་རྗེ་ཉིད་གྱིས་ཕྱོགས་གཅིག་མཛད་པ་ལྟར་བཀོད་ན། དེ་ཉིད་ལས། གལ་ཏེ་རྒྱུད་བཤད་ཐབས་ཀྱི་མན་ངག་མཐའ་དྲུག་ཚུལ་བཞི་ཡིན་ན། བཤད་པ་དེ་རྒྱུད་སྡེ་བཞི་གང་ལ་འཇུག་པ་ཡིན་སྙམ་ན་འདི་ལ་ཚུལ་བཞིའི་བཤད་པ་ནི་གཞུང་གཅིག་ལ་དོན་བཞི་ཀའི་བཤད་པ་འཇུག་པ་ཡིན་ལ། རྒྱུད་སྡེ་འོག་མའི་དོན་དང་ཡིག་སྤྱིའི་དོན་གྱི་གཞི་མཐུན་ཡོད་མེད་ཀྱང་། དེ་ལ་ཚུལ་ལྷག་མ་གཉིས་ཀྱི་བཤད་པ་མི་འཇུག་པས་ཚུལ་བཞིའི་བཤད་པ་ནི་རྣལ་འབྱོར་བླ་མེད་ཁོ་ན་ལ་བྱའོ། །མཐའ་དྲུག་གི་བཤད་པ་ཚང་བ་རྒྱུད་སྡེ་འོག་མ་ལ་མེད་ཀྱང་། དེའི་ཕྱོགས་གཅིག་སྒྲ་ཇི་བཞིན་པའི་བཤད་པ་ནི་རྒྱུད་སྡེ་འོག་མ་གསུམ་ལ་འཇུག་པར་རྒྱུད་འདིར་གསུངས་པས། དེ་ནི་རྒྱུད་སྡེ་བཞི་ཀའི་ཐུན་མོང་ངོ་། །ཕ་རོལ་ཏུ་ཕྱིན་པ་དང་རྒྱུད་སྡེ་འོག་མ་ལ་བདེན་གཉིས་སྟོན་པའི་ཆ་ནས་དྲང་དོན་དང་ངེས་དོན་དུ་བཞག་པ་ཡོད་མོད་ཀྱང་། མཐའ་དྲུག་གི་ཡ་གྱལ་གྱི་དྲང་ངེས་གྱི་བཤད་པ་ནི་དེ་དག་ལ་མི་འཇུག་སྟེ། །དེ་རྣམས་མིང་འདྲ་ཡང་དོན་མི་འདྲ་བའི་ཕྱིར་རོ། །འདི་ལྟར་དེ་དག་གི་དྲང་ངེས་ནི་གཞུང་ཕན་ཚུན་དུ་འགལ་བ་སོ་སོ་བ་ཡིན་ལ། འདིར་དྲང་ངེས་གཉིས་ཀྱི་བཤད་པ་གཞུང་གཅིག་ལ་བྱེད་པའི་ཕྱིར་དང་། དྲང་ངེས་འཇོག་ཚུལ་མི་མཐུན་པའི་ཕྱིར་རོ། །ཞེས་དང་། ཆོས་ཀྱི་དེ་ཉིད་སྟོན་པ་ན་སྒྲ་འགལ་བས་དོན་གཞན་སྟོན་པ་དང་། སྒྲ་དྲང་ཐང་དུ་དེ་ཁོ་ན་ཉིད་སྟོན་པ་ཡང་ཐེག་པ་གཞན་དང་རྒྱུད་སྡེ་འོག་མ་ལ་ཡོད་མོད་ཀྱང་། མཐའ་དྲུག་གི་ཡ་གྱལ་གྱི་དགོངས་དགོངས་མིན་གྱི་བཤད་པ་གཉིས་མེད་དེ། །དེའི་གཙོ་བོའི་དོན་ནི་རྒྱུད་འདིར་བཤད་པ་མཐར་ཐུག་ཏུ་བཤད་པ་དེ་ཉིད་ཡིན་ལ། དེ་ལས་གཞན་པའི་དགོངས་དགོངས་མིན་གྱི་བཤད་པ་ཡང་གཞན་དང་ཐུན་མོང་མ་ཡིན་པའི་དོན་རྣམས་ལ་བཤད་སྣང་བའི་ཕྱིར་རོ། །སྒྲ་ཇི་བཞིན་པ་མ་ཡིན་པའི་བཤད་པ་ལ་གཉིས་ལས། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་བཤད་པའི་སྒྲ་ཇི་བཞིན་པ་མ་ཡིན་པ་ནི་ལུང་དེ་ནས་ཇི་ལྟར་བཤད་པ་དེ་ལྟར་དུ་དོན་བཟུང་དུ་མི་རུང་བ་ཡིན་ལ། མཐའ་དྲུག་གི་ཡ་གྱལ་གྱི་སྒྲ་ཇི་བཞིན་མ་ཡིན་པ་ནི་འཇིག་རྟེན་པ་དང་བསྟན་བཅོས་ལ་གྲགས་པ་ལྟར་མེད་ཀྱང་། དེ་བཞིན་གཤེགས་པས་བརྡ་མཛད་པ་ཙམ་ལ་བཞག་པ་ཡིན་ལ། དེ་ནི་ངན་སོང་སྦྱོང་རྒྱུད་ནས་ཀོ་ཊ་ཁྱ་ལ་སོགས་པའི་སྒྲས་ཕྱག་རྡོ་རྗེའི་མཚན་བཅུ་བསྟན་པར་གསུངས་པས། རྒྱུད་སྡེ་འོག་མ་དང་ཐུན་མོང་བའོ། །ཞེས་དང་། འོ་ན་ཚུལ་བཞིས་བཤད་དུ་རུང་བ་ཐམས་ཅད་ལ་དྲང་ངེས་གཉིས་ཀྱིས་བཤད་པ་དང་། དྲང་ངེས་གཉིས་ཀྱིས་བཤད་དུ་རུང་བ་ཐམས་ཅད་ལ་ཚུལ་བཞིས་བཤད་པས་ཆོག་གམ་མི་ཆོག་སྙམ་ན། ལེའུ་དྲུག་པར། སྣ་ཡི་རྩེ་མོར་ཉུངས་ཀར་བསམ། །ཞེས་སོགས་རྐང་བ་བཞི་སྒྲོན་གསལ་གྱི་དྲང་ངེས་གཉིས་སུ་བཤད་པས་ན། དྲང་དོན་ལ་གཞིའི་འདོད་ཆགས་ཆོས་སྦས་དང་། བསྐྱེད་རིམ་པའི་ཕྲ་མོ་བསྒོམ་པ་གཉིས་དང་། ངེས་དོན་ལ་རྡོར་བཟླས་དང་། མ་དག་པའི་སྒྱུ་མ་དང་དག་པའི་ལྷའི་དེ་ཁོ་ན་ཉིད་བཤད་པས། ཚུལ་བཞིའི་བཤད་པ་རུང་བ་རྣམས་ཀྱི་དོན་ལ་དྲང་ངེས་གཉིས་སུ་བསྡུས་ཀྱང་ཆོག་པས། ཚུལ་བཞིའི་བཤད་པ་འཇུག་པ་ལ་དྲང་ངེས་གཉིས་ཀྱིས་ཀྱང་བཤད་དུ་རུང་བར་མངོན་ཏེ། འོན་ཀྱང་སོ་སོར་བཤད་པ་ནི་དབྱེ་བསྡུའི་དབང་དུ་མཛད་པའོ། །དྲང་ངེས་གཉིས་ཀྱི་བཤད་པ་རུང་བ་ལ་ཚུལ་བཞིར་བཤད་དུ་རུང་བའི་ངེས་པ་མེད་དེ། དྲང་དོན་ལ་ཡིག་སྤྱི་གཉིས་ཡོད་མེད་དང་། ངེས་དོན་ལ་སྦྲས་མཐའ་གཉིས་ཡོད་མེད་ཅི་རིགས་སུ་འགྱུར་བའི་ཕྱིར་རོ། །ཚུལ་བཞིས་འཆད་པ་རྣམས་བསྡུས་ན་དྲང་ངེས་གཉིས་ཀྱིས་བཤད་དུ་རུང་བ་འདི་ལྟར་བྱས་ན། རྒྱུད་འདིར་མཐར་ཐུག་གི་དོན་དེ་ཉིད་དགོངས་དགོངས་མིན་དང་། སྒྲ་ཇི་བཞིན་པའི་དོན་ཡིག་དོན་དུ་གསུངས་དང་། སྒྲོན་གསལ་ལས་ལེའུ་རེ་རེའི་མཐར་མཐའ་དྲུག་གིས་བཤད་པའོ། །ཞེས་པ་ནས། གསུངས་པ་རྣམས་ཀྱང་ལེགས་པར་དྲང་བར་འགྱུར་རོ། །ཞེས་དང་། ཚུལ་བཞི་དང་དྲང་ངེས་ཀྱི་བཤད་པ་གཉིས་མི་འགལ་ན། མཐའ་དྲུག་གི་ལྷག་མ་བཞི་དང་ཚུལ་བཞིའི་བཤད་པ་འགལ་ལམ་མི་འགལ་སྙམ་ན། སྔར་དྲངས་པའི་ལེའུ་གསུམ་པའི་གཞུང་རེ་ལ་རིམ་ལྔར་དགོངས་བཤད་དུ་གསུངས་ཤིང་། ཚུལ་བཞིས་ཀྱང་བཤད་པས་ན་དགོངས་བཤད་དང་ཚུལ་བཞིར་བཤད་པ་གཉིས་མི་འགལ་ལོ། །ལེའུ་དྲུག་པ་ལས། སྣ་ཡི་རྩེ་མོར་ཉུངས་ཀར་བསམ། །ཞེས་སོགས་གསུངས་པའི་དོན་རིམ་ལྔར་དགོངས་བཤད་དུ་གསུངས་ལ། སྒྲོན་གསལ་ལས་དྲང་ངེས་གཉིས་ཀྱིས་བཤད་པས་ན་གཞུང་གཅིག་ལ་ཚུལ་བཞི་དང་དྲང་ངེས་གཉིས་དང་དགོངས་བཤད་དེ་བཤད་པ་བདུན་རུང་བ་ཡོད་དོ། །དགོངས་མིན་དང་སྒྲ་ཇི་བཞིན་པ་ཡིན་མིན་ལ་ཚུལ་བཞིར་བཤད་པ་ཡབ་སྲས་ཀྱི་ག ཞུང་ནས་མི་གསལ་ལོ། །ཞེས་དང་། འོ་ན་དགོངས་མིན་དང་སྒྲ་ཇི་བཞིན་པ་གཉིས་འགལ་ལམ་མི་འགལ་སྙམ་ན། དགོངས་མིན་ནི་གཙོ་ཆེར་དེ་ཁོ་ན་ཉིད་ཀྱི་དོན་སྟོན་པ་དང་། སྒྲ་ཇི་བཞིན་པ་ནི་དེ་མི་གཙོ་བའི་ཁྱད་པར་ཡོད་ཀྱང་འགལ་བ་མེད་པར་སེམས་སོ། །ཞེས་དང་། ཡང་དགོངས་བཤད་མཛད་པ་རྣམས་ལའང་སྒྲ་འགལ་བ་ཤས་ཆེ་བ་དང་གཙོ་བོ་ཡིན་པས་དེ་ལྟར་བཤད་ཀྱི། གཞུང་དེ་ལ་སྒྲ་དྲང་ཐད་དུ་སྟོན་པ་མེད་པ་མིན་ནོ། །རིགས་པ་འདི་དགོངས་མིན་ལ་ཡང་ཤེས་པར་བྱའོ། །ཞེས་གསུངས་པ་རྣམས་ཤེས་དགོས་སོ། །གཞན་ཡང་ལེའུ་དང་པོའི་མཇུག་གི་ཟུར་མཆན་ལས། གཞུང་འཆད་ཚུལ་གཉིས་ཡོད་ཀྱང་། ཚུལ་བཞིའི་བཤད་པ་མ་སྨོས་པ་ནི་བཤད་པ་དེ་མཐའ་དྲུག་གི་བཤད་པར་འདུ་བ་ལ་དགོངས་ཏེ། ལེའུ་ལྷག་མ་ཐམས་ཅད་ལའང་དེ་བཞིན་དུ་ཤེས་པར་བྱའོ། །སྤྱིར་མཐའ་དྲུག་གིས་བཤད་ཅེས་པ་དྲུག་ཀ་ཚང་མི་དགོས་ལ། ལེའུ་དང་པོ་ལ་མཐའ་དྲུག་གི་ལྔས་བཤད་པ་ཡོད་ཅིང་སྒྲ་ཇི་བཞིན་མ་ཡིན་པའི་བཤད་པ་གསལ་བར་མཛད་ཀྱང་། གླེང་གཞིའི་ཡི་གེ་རེ་རེས་སྐབས་ཀྱི་དོན་དེ་རྣམས་སྟོན་པ་ལྟ་བུ་ལ་ནི་སྒྲ་ཇི་བཞིན་པ་མ་ཡིན་པའི་དོན་ཚང་བས་མཐའ་དྲུག་ཀའི་བཤད་པ་ཡོད་དོ། །ཞེས་གསུངས་པ་ལྟར་ཤེས་དགོས་ཤིང་། ཚུལ་བཞིའི་བཤད་པ་མཐའ་དྲུག་གི་བཤད་པར་འདུ་ཚུལ་ཡོད་དེ། ཡིག་སྤྱི་གཉིས་དྲང་དོན་དང་སྒྲ་ཇི་བཞིན་པའི་བཤད་པར་འདུ་ལ། སྦས་བཤད་ནི་ངེས་དོན་དང་སྒྲ་ཇི་བཞིན་པ་མ་ཡིན་པའི་བཤད་པ་དང་། མཐར་ཐུག་གི་བཤད་པ་ནི་ངེས་དོན་དང་དགོངས་དགོངས་མིན་གྱི་བཤད་པ་ཅི་རིགས་སུ་འདུ་བའི་ཕྱིར་རོ། །མཐའ་དྲུག་དང་ཚུལ་བཞིའི་སྒོ་ནས་འཆད་ཚུལ་འདི་ནི་འདུས་པ་ཙམ་དུ་མ་ཟད་བླ་མེད་ཀྱི་རྒྱུད་གཞན་འགའ་ཞིག་དང་། བཤད་པ་ཕྱོགས་རེ་ནི་བླ་མེད་རྣམས་དང་རྒྱུད་སྡེ་འོག་མ་གསུམ་ལའང་རུང་བས་རྒྱུད་ཀུན་གྱི་དོན་འཆད་ཚུལ་ཡང་འདུ་བ་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་འགྲེལ་བ་ལས། མཐའ་དྲུག་དང་ཚུལ་བཞི་ཚང་བའི་བཤད་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་མ་གཏོགས་པ་ལ་མི་རུང་ཡང་། ཡི་གེའི་དོན་དང་སྒྲ་ཇི་བཞིན་པ་ལ་སོགས་པའི་བཤད་པ་འགའ་ཞིག་རྒྱུད་སྡེ་འོག་མ་ལ་ཡང་རུང་བས། མཐའ་དྲུག་དང་ཚུལ་བཞིའི་བཤད་པ་ཕྱོགས་རེ་བ་ཡན་ཆད་འཇུག་པའི་རྒྱུད་ཀུན་གྱི་རྣམ་གཞག་སྟོན་པ་ནི། ཞེས་དང་། གཞན་རྣལ་འབྱོར་བླ་ན་མེད་པའི་རྒྱུད་མཐའ་དྲུག་དང་ཚུལ་བཞིའི་འཆིང་བས་བཅིངས་པ་ཐམས་ཅད་ཀྱི་འཆད་ཚུལ་སྟོན་པས། གསང་འདུས་ཁོ་ནའི་འཆད་བྱེད་དུ་མི་གཟུང་ངོ་། །ཞེས་གསུངས་པའི་ཕྱིར་རོ། །རྒྱན་བཞི་བ་བཤད་ཚུལ་གྱི་རྒྱན་ལ་གསུམ། དབྱེ་བ། སོ་སོའི་ངོས་འཛིན། དོན་བསྡུ་བའོ། །དང་པོ་ནི། འཆད་པས་ཉན་པར་འདོད་པ་ལ། །དབྱེ་བ་ཡང་ནི་གཉིས་ཡོད་དེ། །ཚོགས་ལ་བཤད་པར་བསྟན་པ་དང་། གཉིས་པ་སློབ་མ་ལ་བཤད་པའོ། །ཞེས་གསུངས་ཏེ་གོ་སླའོ། །གཉིས་པ་ནི། ཇི་བཞིན་སྒྲ་དང་དགོངས་མིན་དང་། །དྲང་བའི་དོན་དུ་གང་གྱུར་དང་། །ཡི་གེའི་དོན་དང་སྤྱི་ཡི་དོན། །ཚོགས་པ་ལ་བཤད་ཡིན་པར་བརྗོད། །ཇི་བཞིན་མིན་སྒྲ་ངེས་དོན་དང་། །དེ་བཞིན་དགོངས་ཏེ་བཤད་པ་དང་། །སྦས་དང་མཐར་ཐུག་པ་རྣམས་ནི། །སློབ་མ་ལ་ནི་བཤད་པར་འདོད། །ཞེས་གསུངས་པ་ལྟར་ཏེ། དེ་ཡང་གཙོ་བོའི་དབང་དུ་བྱས་པ་ཡིན་གྱི། སྤྱིར་ཚོགས་བཤད་སློབ་བཤད་གཉིས་མི་འགལ་ལོ། །གསུམ་པ་ནི། བཤད་པའི་རྒྱུད་ཀྱི་རྗེས་འབྲང་ནས། །བདེ་གཤེགས་རྣམས་ཀྱིས་གདུལ་བྱ་ལ། །རིམ་པ་གཉིས་ལ་བརྟེན་ནས་ནི། །བཤད་པའི་དབྱེ་བ་གསུངས་པ་ཡིན། །ཞེས་གསུངས་ཏེ། འདིའི་དཀྱུས་མཆན་གྱི་དོན་ནི་གོ་སླ་ཞིང་། ཟུར་མཆན་ལས། དེ་ལྟར་ན་གདུལ་བྱ་ལ་འཆད་ཚུལ་གྱི་དབྱེ་བ་གཉིས་ནི། གདུལ་བྱ་འདི་ལ་ལམ་འདི་འཆད་ཅེས་པའི་དབྱེ་བ་ཡིན་པས། རྒྱུད་མཐའ་དྲུག་དང་ཚུལ་བཞིས་འཆད་པའི་འཆད་ཚུལ་དང་མི་འདྲ་བས་ཕྱེད་པར་བྱའོ། །གལ་ཏེ་མཐའ་དྲུག་དང་ཚུལ་བཞིའི་ལྔ་ཚན་རེ་རེ་ཚོགས་དང་སློབ་མ་ལ་བཤད་དགོས་ན། རིན་པོ་ཆེ་ལྟ་བུའི་གང་ཟག་ལ་བསྐྱེད་རིམ་མི་འཆད་པར་འགྱུར་ལ། དེ་ལྟ་ན་དེའི་ལམ་ལ་རིམ་པ་གཉིས་མེད་པར་འགྱུར་རོ། །ཚོགས་བཤད་ཀྱི་གང་ཟག་ལ་དགོངས་བཤད་སོགས་མི་འཆད་ན་དེ་དག་ལ་རྒྱུད་འཆད་པའི་ཚེ་གཞུང་མང་བོ་ཅིག་བཞག་དགོས་པས། རྒྱུད་གཞུང་མ་ལུས་པ་བཤད་དུ་མི་རུང་བར་འགྱུར་ན། དེ་ནི་ཆེས་མི་རིགས་ཏེ། ལེའུ་བཅུ་བདུན་པའི་འགྲེལ་པ་ལས་གསང་བ་འདུས་པ་འདི་ལ་དེ་ཁོ་ན་ཉིད་རྟོགས་པ་རྣམས་ཀྱིས་མཐོང་བའི་ཆོས་ཉིད་ལ། ཚེ་འདི་ཉིད་དུ་སངས་རྒྱས་ཉིད་ཐོབ་པ་ཐོས་ཤིང་། ཞེས་པ་ནས། བཤད་པ་གཉིས་ཀྱི་གང་ཟག་རེ་རེ་ལ་རྒྱུད་ཀུན་མི་འཆད་པ་མིན་ནོ། །དེ་ལྟར་ན་བཤད་པ་གཉིས་སོ་སོར་མཛད་པ་ནི་སྣོད་མ་ཡིན་པར་བརྟགས་ནས་ཞེས་སོགས་གསུངས་པ་ལྟར་ཤེས་པར་བྱའོ། །རྒྱན་ལྔ་བ་ཉན་པ་པོའི་རྒྱན་ལ་ལྔ། གང་ཟག་གི་དབྱེ་བ། ཕྱེ་བ་སོ་སོའི་དོན། དབང་བོ་དང་སྣོད་ཀྱི་ཁྱད་པར། བཤད་པ་གཉིས་ཀྱི་སྣོད་དུ་འགྱུར་ཚུལ། སྣོད་བརྟགས་ནས་བཤད་དགོས་པར་བསྟན་པའོ། །དང་པོ་ནི། རྣམ་པ་ཀུན་ཏུ་ཉན་འདོད་པའི། །འཇིག་རྟེན་ངེས་པར་གྱུར་པ་ནི། །བློ་ཡི་རྣམ་པ་དཔག་མེད་ལས། །གང་ཟག་དབྱེ་བ་ལྔར་འདོད་དོ། །ཨུཏྤལ་དང་པད་དཀར་དང་། པདྨ་ཚནྡན་རིན་པོ་ཆེ། །རང་བཞིན་ཐ་དད་མིང་གིས་དེ། །ཐམས་ཅད་མཁྱེན་པས་གསུངས་པ་ཡིན། །ཞེས་གསུངས་ཏེ་གོ་སླའོ། །གཉིས་པ་ལ་ལྔ། ཨུཏྤ་ལའི་གང་ཟག་ནས། རིན་པོ་ཆེ་ལྟ་བུའི་གང་ཟག་གོ །དང་པོ་ནི། དེ་ནི་མ་ལུས་ཐོས་གྱུར་ལ། །འཛིན་པ་ལ་ནི་རྣམ་པར་མཁས། །སྐད་ཅིག་གིས་ནི་བརྗེད་འགྱུར་བ། །ཨུཏྤ་ལ་ཞེས་བྱའི་གང་ཟག་གོ །ཞེས་སོ། །གཉིས་པ་ནི། གཟུང་བྱ་མང་དུ་ཐོས་གྱུར་ཀྱང་། །སྟོན་པ་ཡི་ནི་ནུས་མེད་པས། །བུམ་པའི་རས་བལ་ས་བོན་འདྲ། །པད་དཀར་ཞེས་བྱའི་གང་ཟག་གོ །ཞེས་སོ། །གསུམ་པ་ནི། དད་དང་ལྡན་ཞིང་སྙིང་རྗེ་ཤེས། །ཐོས་ན་བློ་ཡི་ཁ་འབྱེ་ལ། །ཚིག་མེད་འོག་མ་བཞིན་འཛག་པ། །པདྨ་ཞེས་བྱའི་གང་ཟག་གོ །ཞེས་སོ། །བཞི་བ་ནི། ཐོས་པ་ཉུང་ཞིང་ང་རྒྱལ་ལྡན། །རྩ་བ་མེད་པར་མང་དུ་སྨྲ། །རྗེས་སུ་བཟུང་བར་མི་ནུས་པ། །ཙནྡན་ཞེས་བྱའི་གང་ཟག་གོ །ཞེས་སོ། །ལྔ་བ་ནི། ཚུལ་ཁྲིམས་དག་ཅིང་མཁས་ལ་སྒྲིན། །ཤེས་རབ་ལྡན་ཞིང་རྒྱུད་གཅིག་པ། །ཐོས་ནས་ལེགས་པར་སྟོན་པ་ནི། །རིན་ཆེན་ཞེས་བྱའི་གང་ཟག་གོ །ཞེས་གསུངས་ཏེ། དོན་རྒྱས་པར་ནི་མཆན་དུ་གསལ་ལོ། །གསུམ་པ་ནི་མཐའ་གཅོད་དུ་བལྟ་བར་བྱའོ། །བཞི་བ་ནི། །ཨུཏྤལ་བདེ་བཞིན་པད་དཀར་དང་། །པདྨ་ཙནྡན་ཉིད་དག་སྟེ། །གང་ཟག་བཞི་བོ་འདི་དག་ནི། །ཚོགས་པ་ལ་བཤད་གང་ཟག་གོ །རྫོགས་པའི་རིམ་གྱི་སྐལ་ལྡན་ཞིང་། །རྟག་ཏུ་སྤྱོད་པས་རྣམ་བརྒྱན་པ། །འདི་ནི་རིན་ཆེན་གང་ཟག་སྟེ། །སློབ་མ་ལ་བཤད་སྣོད་ཡིན་ནོ། །ཞེས་གསུངས། ལྔ་བ་ནི། གང་ཟག་ཤེས་པའི་དབྱེ་བ་ཡིས། །སྣོད་དང་སྣོད་མིན་ཡོངས་བརྟགས་ནས། །རྡོ་རྗེ་སློབ་དཔོན་མཁས་པས་ནི། །བཤད་པ་རྣམ་པ་གཉིས་བྱའོ། །ཞེས་གསུངས་པ་ལྟར་ཏེ་གོ་སླའོ། །དྲུག་པ་བདེན་གཉིས་ངེས་པའི་རྒྱན་ནི། རྒྱན་ནི་དྲུག་གོ་དེ་རྣམས་ཀྱིས། །བདེན་གཉིས་རྣམ་པར་ངེས་བྱས་པ། །དེ་ནི་རྒྱན་གྱུར་བདུན་པ་སྟེ། །རྫོགས་པའི་རིམ་པ་སྒྲུབ་པའོ། །ཞེས་གསུངས་ཏེ། དེ་ཡང་སྔར་ལྟར་རྒྱན་དྲུག་གི་སྒོ་ནས་བདེན་གཉིས་ཟུང་འཇུག་ལ་གོ་བ་རྣམ་དག་སྐྱེས་པ་དེ་རྒྱན་བདུན་པར་འཇོག་པའི་དོན་ཡིན་ཏེ། མཆན་ལས། སྔར་བཤད་པའི་རྒྱན་ནི་དྲུག་པོ་དེ་རྣམས་ཀྱིས་ཞེས་པ་ནི་བཤད་གཞི་རྒྱུད་འདིའི་དགོངས་པ་འགྲེལ་བའི་སྒོ་གཉིས་ཀྱིས་བཀྲལ་བའི་ལམ་གྱི་རིམ་པ་བཞི་བཤད་པའི་དབྱེ་བ་གཉིས་ཀྱིས་གང་ཟག་ལྔ་ལ་བཤད་པས། ཀུན་རྫོབ་བདེན་པ་སྒྱུ་མའི་སྐུ་དང་དོན་དམ་བདེན་པ་རོ་གཅིག་ཏུ་གྱུར་པའི་འོད་གསལ་གྱི་ཡེ་ཤེས་ཀྱི་བདེན་པ་གཉིས་རྣམ་པར་ངེས་པར་བྱས་པའི་གོ་བ་སྐྱེས་པ་དེ་ནི་རྒྱན་དུ་གྱུར་པ་བདུན་པ་དགོས་པ་བདེན་གཉིས་ངེས་པ་སྟེ། དེ་ནི་རྫོགས་པའི་རིམ་པའི་གཙོ་བོ་ཟུང་འཇུག་སྒྲུབ་པ་ལ་མེད་དུ་རུང་བའོ། །ཞེས་དང་། ཟུར་མཆན་ལས་ཀྱང་། འདིས་ནི་རྒྱན་དྲུག་གི་སྒོ་ནས་བཤད་པས་འདུས་པ་ལ་རྣམ་པར་དག་པའི་གོ་བ་ཆགས་པ་དེ་རྒྱན་བདུན་པར་བཤད་ལ། གོ་བ་ཡང་རྒྱུད་ཀྱི་དོན་གང་ཡིན་ཀུན་ལ་མི་བྱེད་ཀྱི། གོ་བའི་གཙོ་བོ་བདེན་གཉིས་དབྱེར་མེད་ཟུང་འཇུག་ལེགས་པར་གོ་ཞིང་དེའི་ཡན་ལག་ཏུ་འོད་གསལ་དང་སྒྱུ་ལུས་དང་ལུས་ངག་སེམས་གསུམ་གྱི་དབེན་པ་གསུམ་དང་། བསྐྱེད་རིམ་དབང་དང་བཅས་པ་དགོས་ཚུལ་ལེགས་པར་ངེས་པ་ཞིག་གལ་ཆེ་སྟེ་མཐའ་གཅོད་དུ་འཆད་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །འོན་ཟུང་འཇུག་ལ་གོ་བ་རྣམ་དག་རྙེད་ན་ཕན་ཡོན་ཇི་ལྟར་ཡོད་སྙམ་ན། དེའི་ཚུལ་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་ག ཏུས་ལས་གསུངས་པའི་དོན་འཆད་པ་ན་དེའི་འགྲེལ་བར་རྗེས། བདེ་ཆེན་སྒྱུ་མའི་སྐུ་ལ་མོས་ཙམ་གྱི་ཕན་ཡོན་ནི། ཐེག་པ་འདིའི་ལམ་གཞན་ཚང་བ་མི་དགོས་ཏེ། སྒྱུ་ལུས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་འབའ་ཞིག་སྟེ་གཅིག་པུ་ལ་དེ་མངོན་དུ་བྱས་པ་མི་དགོས་ཀྱི། ལེགས་པར་ཤེས་ནས་ལྷག་པར་མོས་པ་ཙམ་གྱིས། ལས་དང་པོ་བ་བསྐྱེད་རིམ་མཐར་ཕྱིན་པ་ལ་གནས་པ་དང་འདྲ་བའི་ཕན་ཡོན་ཆེན་པོ་འཐོབ་པར་འགྱུར་ཏེ། དེར་མ་ཟད་ཐེག་པ་འདི་ལས་ཕྱིར་མི་ལྡོག་པ་སྟེ་ལམ་འདིའི་རིགས་ངེས་པའི་ལམ་ལ་ཡང་སློབ་བཞིན་པར་འགྱུར་རོ། །ཞེས་གསུངས་པ་ལྟར་ཏེ། ཟུང་འཇུག་ལ་གོ་བ་རྣམ་དག་རྙེད་ན་ཕན་ཡོན་དེ་བས་ཀྱང་ཆེ་བ་གདོན་མི་ཟའོ། །གསུམ་པ་ནི། བཤད་པའི་རྒྱུད་ཀྱི་རྗེས་འབྲང་ནས། །བཤད་སྨྲ་ཤིན་ཏུ་རྙེད་པར་དཀའ། །འདི་ལྟར་དྲངས་ཏེ་བཤད་པ་ནི། །རྣལ་འབྱོར་རྒྱུད་ལས་གཞན་ན་མིན། །ཞེས་གསུངས་ཏེ། འདིར་བཤད་རྒྱུད་དང་རྣལ་འབྱོར་རྒྱུད་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཡིན་ལ། དོན་བསྡུ་ན་འདིས་རྒྱན་བདུན་གྱི་སྒོ་ནས་ལེགས་པར་འཆད་མཁན་རྙེད་དཀའ་བར་སྟོན་པའོ། །བཞི་བ་ནི། སྒྲོན་གསལ་ལས། དེ་བས་རྡོ་རྗེ་སློབ་དཔོན་གྱིས། །གླེང་གཞི་རིམ་པའི་སྦྱོར་བ་བཅས། །བཤད་པའི་རྒྱུད་ལ་མཁས་པ་ཡིས། །འབད་དེ་རྣལ་འབྱོར་རྒྱུད་བཟུང་ངོ་། །ཞེས་གསུངས་ཏེ། འདིས་བཤད་རྒྱུད་ལ་མཁས་པ་བརྟེན་ནས་རྒྱུད་གཟུང་བར་གདམས་པ་ཡིན་ནོ། །གསུམ་པ་ནི། དེ་ཉིད་ལས། རྒྱན་རྣམ་པ་བདུན་བཤད་པའི་རིགས་པའོ། །ཞེས་གསུངས་ཏེ། རིགས་པ་ནི་ཚུལ་ལ་བསྒྱུར་བའང་ཡོད་དོ། །འདིར་རྒྱན་བདུན་ཞེས་གསུངས་པའི་རྒྱན་གྱི་དོན་གང་ཡིན་ཞེ་ན། དེ་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་འགྲེལ་བར་རྗེས། རྒྱན་གྱི་དོན་ནི་དཔེར་ན་རང་བཞིན་གྱི་རྒྱན་གཟུགས་བཟང་བོ་ལ་མཛེས་བྱེད་ཀྱི་རྒྱན་གཙུག་རྒྱན་ལ་སོགས་པས་སྤུད་ན་ཡིད་ལ་དགའ་བ་སྐྱེད་པ་བཞིན་དུ། འདིར་ཡང་རང་བཞིན་གྱི་རྒྱན་རྒྱུད་ཀྱི་གཞུང་བཟང་བོ་ལ་བཤད་ཚུལ་གཉིས་ལ་སོགས་པའི་རྒྱན་གྱིས་བརྒྱན་པ་ན། མཁས་པའི་ཡིད་འཕྲོག་པར་བྱེད་པས་ན་རྒྱན་ནོ། །ཞེས་གསུངས་པ་ལྟར་རོ། །རྒྱན་བདུན་གྱིས་འཆད་པའི་གནད་བསྡུ་ན་འདི་ལྟར་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་འགྲེལ་བ་ལས། དོན་དེ་དག་མདོར་བསྡུ་ན་བཤད་གཞིའི་རྒྱུད་འདི་འདྲ་བ་ཞིག །དགོངས་པ་འགྲེལ་ཚུལ་འདི་འདྲ་ཞིག་གིས་བཀྲལ་བའི་དོན་རྣམས། ལམ་བགྲོད་པའི་རིམ་པ་འདི་འདྲ་ཞིག་ཏུ་བསྡུས་ནས། ཉན་པ་པོའི་གང་ཟག་འདི་ལྟ་བུ་ཞིག་ལ། བཤད་ལུགས་གཉིས་པོ་འདི་འདྲ་ཞིག་བྱས་ནས། གོ་བའི་གཙོ་བོ་འདི་འདྲ་ཞིག་གི་དོན་ངེས་པ་ཅིག་བྱུང་ན་རྩ་བའི་རྒྱུད་ཀྱི་དོན་ཕྱིན་ཅི་མ་ལོགས་པར་ཤོད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ། །གཉིས་པ་བསྡུས་དོན་དགོད་ཚུལ་ནི། འགྲེལ་བ་དང་མཆན་པུ་རྫོགས་པར་དྲངས་ན་མང་དུ་དོགས་པས། དེ་གཉིས་ཀྱི་དོན་བསྡུས་ཏེ་འཆད་པ་ལ་གཉིས། ལེའུ་སོ་སོའི་དོན་གྱི་གཙོ་བོ་ངོས་བཟུང་པ་དང་། ལེའུ་སོ་སོའི་གཞུང་ལ་རྒྱས་བཏབ་ཚུལ་ལོ། །དང་པོ་ལ་བཅུ་བདུན་ཡོད་པའི་ལེའི་དང་པོ་ལས་ནི་དབང་བསྐུར་བའི་ཚུལ་དང་། རིམ་གཉིས་ཀྱི་གནད་རགས་པ་ཞིག་ཚང་བར་བསྟན་ཅིང་། ལྷ་བཅུ་གསུམ་ཕྱུང་བས་ནི་ལྷ་གཞན་མཚོན་པའི་སྒོ་ནས་ལྷ་སོ་གཉིས་ཀྱི་དཀྱིལ་འཁོར་སྟོན་ལ། དེ་ཡང་བདག་མདུན་གྱི་དཀྱིལ་འཁོར་གཉིས་ལ་སྦྱོར་དགོས་ཤིང་། གཟུངས་དཀྱིལ་གྱི་སྐབས་སུ་རིམ་གཉིས་ཀྱི་དཀྱིལ་འཁོར་རྒྱལ་མཆོག་བཤད་པར་མ་ཟད། གླེང་གཞིའི་དམ་ཚིག་རྡོ་རྗེ་ལ་སོགས་པའི་འཁོར་རྣམས་དཀྱིལ་འཁོར་རྒྱལ་མཆོག་གི་འཁོར་ལ་བཤད་པ་དང་། བསྡུས་དཀྱིལ་གྱི་གསལ་བ་དེ་ཡི་ངོ་བོ་ཉིད། ཅེས་སོགས་རྐང་བ་གཉིས་ཀྱིས་རྟེན་གྱི་དཀྱིལ་འཁོར་དང་། སངས་རྒྱས་སྤྲིན་གྱིས་ཀུན་ཏུ་ཁྱབ། །ཅེས་སོགས་ཀྱིས་བརྟེན་པའི་དཀྱིལ་འཁོར་བ་ཡང་སྟོན་ཏེ། དེ་ནི་ལྷག་མོས་དང་དཀྱིལ་འཁོར་རྒྱལ་མཆོག་གཉིས་ཀ་ལ་སྦྱོར་དགོས་སོ། །མདོར་ན་ལེའུ་དང་པོས་རྒྱུད་ཀྱི་དོན་རྣམས་བསྡུས་ནས་མདོར་བསྟན་ཅིང་། ལེའུ་ལྷག་མ་རྣམས་ཀྱིས་རྒྱས་པར་འཆད་པ་ཡིན་ཏེ་འོག་ཏུ་བཤད་པར་བྱའོ། །ལེའུ་གཉིས་པས་ནི། རྫོགས་རིམ་ཉིད་གཙོ་བོར་སྟོན་ཅིང་། དེ་ཡང་ཟུར་མཆན་ལས། ལེའུ་གཉིས་པས་ཐུབ་པ་ཆེན་པོ་དྲུག་གི་རིམ་པ་ཐ་མ་གསུམ་གྱི་བྱང་ཆུབ་ཀྱི་སེམས་འཆད་ཚུལ་དྲུག་གི་ཚུལ་དུ་བཤད་པ་མཛད་པར་གསུངས་ཏེ། དེ་ལ་མཆོད་བརྗོད་མཛད་ཀྱང་འོད་ཟུང་གི་དེ་ཉིད་སྟོན། ཞེས་གསུངས། འོན་ཀྱང་རྡོ་རྗེ་འཆང་གི་བྱང་ཆུབ་ཀྱི་སེམས་ཀྱི་ཡིག་སྤྱི་གཉིས་བསྐྱེད་རིམ་དང་ཐུན་མོང་བ་ཡིན་པ་དང་། སེམས་ལུས་ལྟ་བུ་སོགས་ཀྱིས་ཀྱང་དྲང་དོན་ལ་བསྐྱེད་རིམ་གྱི་ཆ་སྟོན་ནོ། །ལེའུ་གསུམ་པས་ནི། རིམ་གཉིས་ལྷའི་སྐུ་སྟོན་ཅིང་། དེ་ཡང་། ལུང་སྟོན་ལས། རྣམ་ལྔ་མངོན་པར་བྱང་ཆུབ་པའི། །ཕྲ་མོའི་རྣལ་འབྱོར་གསུམ་པ་ཡིན། །ཞེས་གསུངས་པ་ལྟར་མངོན་བྱང་ལྔ་ལས་ལྷའི་སྐུ་བསྐྱེད་ཚུལ་དང་། ཕྲ་མོའི་རྣལ་འབྱོར་སྟོན་ཅིང་། གཙོ་བོ་དྲུག་གི་འཕོ་ཚུལ་ཡང་བསྟན་པར་གསུངས་སོ། །ལེའུ་བཞི་བས་ནི། རྡུལ་ཚོན་ལ་བརྟེན་ནས་དབང་བསྐུར་བའི་དཀྱིལ་འཁོར་སྟོན་ཅིང་། དེ་ལ་གཟུངས་ཀྱི་དཀྱིལ་འཁོར་ཡང་ཟེར་ཏེ། ལུང་སྟོན་ལས། དབང་བསྐུར་བ་ནི་རྣམ་པ་བཞི། གཟུངས་ཀྱི་དཀྱིལ་འཁོར་ཉིད་བཞི་བ། ཞེས་གསུངས་ལ། དེ་ནི་ལེའུ་དང་པོས་བསྟན་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་གཟུངས་དཀྱིལ་གྱི་དོན་འཆད་པར་གསུངས་སོ། །ལེའུ་ལྔ་བས་ནི། བོགས་འབྱིན་པའི་སྤྱོད་པ་དང་། རྒྱུད་ཀྱི་ཆེ་བ་དང་སྲོག་གཅོད་སོགས་ཀྱི་དགོངས་པའི་དོན་གྱི་བསླབ་པའི་གཞི་དང་། དགོངས་གསུང་ལ་དོགས་པ་བསལ་བ་དང་། ལས་རྒྱ་ལ་བརྟེན་པའི་དྲང་ངེས་དང་། རྡོ་རྗེ་འཆང་ལ་རིགས་ལྔའི་སྒོ་ནས་བསྟོད་པ་རྣམས་གསུངས་སོ། །ལེའུ་དྲུག་པས་ནི། རིམ་གཉིས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་བརླབ་དང་། མཆོད་པའི་ཆོ་ག་དང་། རྫོགས་རིམ་གྱི་རིམ་པ་དྲུག་དང་། རིམ་གཉིས་ཀྱི་ཕྲ་མོའི་རྣལ་འབྱོར་དང་སྤྱོད་པའི་ཆོ་ག་རྣམས་སྟོན་པར་གསུངས་སོ། །ལེའུ་བདུན་པས་ནི། སྤྱོད་པའི་སྐོར་རྒྱས་པར་འཆད་ཅིང་། ལུས་དབེན་སོགས་ཀྱི་རྗེས་སུ་དྲན་པ་དྲུག་དང་། རིམ་གཉིས་ཐུན་མོང་གི་ཕྱག་རྒྱ་དང་། སྙོམས་པར་འཇུག་པའི་ཆོ་ག་དང་། རྗེས་དྲན་བཅུ་དྲུག་དང་དེའི་ཕན་ཡོན་རྣམས་སྟོན་ནོ། །ལེའུ་བརྒྱད་པས་ནི། རིམ་གཉིས་སོ་སོ་དང་ཐུན་མོང་གི་མཆོད་པ་དང་། སློབ་དཔོན་གྱིས་གསང་དབང་བསྐུར་བའི་དཀྱིལ་འཁོར་གྱི་བྱ་བ་དང་། གསང་དབང་བསྐུར་ཚུལ་ཕན་ཡོན་དང་བཅས་པ་དང་། སློབ་མས་ལྷ་དང་བླ་མ་ལ་མཆོད་ཚུལ་སྟོན་ནོ། །ལེའུ་དགུ་བས་ནི། སྲོག་གཅོད་སོགས་བྱས་པ་ལས་བྱང་ཆུབ་ཐོབ་ཚུལ་ལ་དྲང་ངེས་གཉིས་དང་། དེ་ལ་དོགས་པ་བསལ་བ་དང་། སྔགས་ཀྱི་སྤྱོད་པ་བདེན་གཉིས་ཀྱི་སྒོ་ནས་མཆོག་ཏུ་སྒྲུབ་པ་དང་། ངོ་མཚར་བའི་བསྟོད་པ་རྣམས་གསུངས་སོ། །ལེའུ་བཅུ་བས་ནི། རིམ་གཉིས་ཀྱི་ལྷའི་སྙིང་བོ་བསྐུལ་ཚུལ་གསུངས་སོ། །ལེའུ་བཅུ་གཅིག་པས་ནི། རིགས་དྲུག་གི་སྔགས་ཀྱི་སྐུ་བསྐྱེད་ཚུལ་དང་། ཡེ་ཤེས་ཀྱི་སྐུ་བསྐྱེད་ཚུལ་དང་། རིགས་གསུམ་གྱི་སེམས་དཔའ་སུམ་བརྩེགས་བསྒོམས་ནས་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་འཇུག་ཚུལ་སྟོན་ནོ། །ལེའུ་བཅུ་གཉིས་པས་ནི། སྒྱུ་ལུས་འོད་གསལ་དུ་འཇུག །བསྐྱེད་རིམ་པས་ཕྱག་མཚན་དང་རིལ་བུ་ལ་བརྟེན་ནས་དང། རིག་འཛིན་སྒྲུབ་པ་དང་། སྐྱེ་བོ་འགུག་པ་དང་། ཤ་ལྔ་དང་བཤང་གཅི་ལ་ལོངས་སྤྱོད་ཚུལ་དང་། ལྷ་རྣམས་ཚིམ་པའི་ཆོ་ག་དང་། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་ཚུལ་ཕན་ཡོན་དང་བཅས་པ་དང་། ཐུན་མོང་བའི་བསྙེན་པ་རྡོ་རྗེ་བཞི་དང་། མཆོག་གི་བསྙེན་པ་ཡན་ལག་དྲུག་དང་། བསྙེན་པ་གཉིས་མདོར་བསྡུས་ནས་དངོས་གྲུབ་འགྲུབ་པའི་དུས་ཀྱི་ངེས་པ་དང་། སྐུ་གསུང་ཐུགས་བྱིན་གྱིས་རློབ་པའི་གསོལ་གདབ་རྣམས་གསུངས་སོ། །ལེའུ་བཅུ་གསུམ་པས་ནི། རྡོ་རྗེ་འཆང་གི་བཟླས་པ་དང་། རིམ་གཉིས་ཀྱི་མཆོད་པ་དང་། སྐུ་གསུང་ཐུགས་དང་རིན་པོ་ཆེ་དང་ཐོགས་མེད་ཁྲོ་བོ་དང་དུག་གསུམ་དང་མ་ནིར་རྣམས་ཀྱི་བཟླས་པ་དང་། བུད་མེད་ཀྱིས་ཀྱང་ཚེ་གཅིག་ལ་བྱང་ཆུབ་ཐོབ་ནུས་པ་དང་། བསྐྱེད་རིམ་པའི་ལས་ཚོགས་མདོར་བསྟན་ནས་རྫོགས་རིམ་པའི་ལས་ཚོགས་རྒྱས་པར་འཆད་པ་དང་། རིམ་གཉིས་ཀྱི་ལྷ་སྐུ་བསྐྱེད་ཚུལ་རྣམས་གསུངས་སོ། །ལེའུ་བཅུ་བཞི་བས་ནི། ཕྲེང་སྔགས་བཅུ་གསུམ་གྱི་སྒོ་ནས་ལས་སྒྲུབ་པ་དང་། དགུག་པའི་ལས་དྲུག་དང་། ཀླུ་དང་རིག་འཛིན་གྱི་བུ་མོ་དགུག་པ་དང། དྲག་ལས་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཕུར་གདབ་སོགས་ལས་ཚོགས་རྣམས་གསུངས་སོ། །ལེའུ་བཅོ་ལྔ་བས་ནི། བསྐྱེད་རིམ་པའི་སྤྲོས་མེད་ཀྱི་སྤྱོད་པ་རིགས་ངེས་པའི་ཕྱག་རྒྱ་གཅིག་ལ་བརྟེན་པ་དང་། རྫོགས་རིམ་པས་རིགས་མ་ངེས་པས་ཕྱག་རྒྱ་བཞི་གང་རུང་གཅིག་དང་། སྤྲོས་མེད་ཀྱི་སྤྱོད་པ་མཆོག་བསྒྲུབ་པ་དང་། བསྐྱེད་རིམ་པའི་དྲག་ལས་དང་། རྫོགས་རིམ་པའི་སྤྲོས་མེད་འབྲིང་བསྡུས་ཀྱི་སྤྱོད་པ་དང་། རིལ་བུའི་སྦྱོར་བ་བཅུ་དང་། རྫོགས་རིམ་བསལ་ལས་བསྒྲུབ་པ་དང་། རིགས་ཀྱི་དབྱེ་བས་ལྷ་ལ་དབང་བསྐུར་བ་དང་། གནད་དབབ་ཀྱི་ཆོ་ག་དང་། གདུག་པ་འདུལ་བའི་དྲག་ལས་དང་། དུག་ནད་གསོ་བ་དང་། དངོས་གྲུབ་ཐམས་ཅད་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བས་ཟིན་ན་འགྲུབ་པར་འགྱུར་རོ། །ཞེས་སྟོན་ནོ། །ལེའུ་བཅུ་དྲུག་པས་ནི། ལེའུ་བཞི་བ་ལས་གསུངས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་སྤྲོས་ཏེ་གསུངས་ལ། དེ་ཡང་སྐུད་དཀྱིལ་དང་གསུང་དཀྱིལ་བྲི་ཚུལ་དང་། ལྷ་གཞན་རྣམས་གཙོ་བོར་སོང་བའི་དཀྱིལ་འཁོར་དང་། དཀྱིལ་འཁོར་གྱི་ཆོ་ག་སོགས་དང་། གཞན་ཡང་རིལ་བུ་དང་། མངག་གཞུག་བསྒྲུབ་པ་དང་། རྒྱལ་བོ་སོགས་དབང་དུ་བྱ་བ་དང་། གདུག་པ་འདུལ་བ་དང་། བཀྲེས་སྐོམ་སོགས་ཞི་ཐབས་དང་། དཔའ་བོ་རྡོ་རྗེ་དང་སྐུལ་བྱེད་མ་དང་ཛམྦྷ་ལའི་སྒྲུབ་ཐབས་དང་། སྤྱོད་པའི་གྲོགས་ཕྱག་རྒྱ་བཙལ་ནས་སྤྱོད་པ་བྱེད་ཚུལ་རྣམས་གསུངས་སོ། །ལེའུ་བཅུ་བདུན་པས་ནི། སྐུ་གསུང་ཐུགས་དང་ཉན་རང་གཉིས་དང་འཇིག་རྟེན་པའི་གཙོ་བོ་གསུམ་དང་། རྫུ་འཕྲུལ་ཆུང་བ་ལྔའི་དམ་ཚིག་སྡོམ་པ་དང་ལས་ཀྱི་ལམ་དག་པ་དང་། ཕྱག་བྱ་བའི་ཚུལ་གཉིས་དང་། དེ་ཁོ་ན་ཉིད་རྟོགས་པའི་ཐབས་དང་། ལུས་བརྟས་པར་བྱ་བ་དང་། མཚན་མེད་ཀྱི་ཏིང་ངེ་འཛིན་དང་སྤྱོད་པ་དང་། བླ་མ་ལ་བསྙེན་བཀུར་བའི་ཚུལ་དང་། བསམ་གཏན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། རྡོ་རྗེ་མཁའ་འགྲོའི་སྦྱོར་བ་དང་། ཟས་ཀྱི་བྱ་བ་མཆོད་པ་དང་བཅས་པ་དང་། མཆོད་པའི་དག་བྱེད་དང་རྫོགས་རིམ་པའི་བྱ་བ་ཡིན་མིན་གྱི་ཆ་དང་། ལས་ཕྲན་ཚེགས་དང་། ལས་ཀྱི་མཐའ་རྡོ་རྗེ་ཨཉྩ་ན་བསྒྲུབ་པ་དང་། རྒྱུད་ཀྱི་ཆེ་བ་དང་། ཐོས་བསམ་གྱི་འབྲས་བུ་དང་། རྒྱུད་གཏད་པ་དང་། ཉེ་བར་བསྡུ་བ་རྣམས་སྟོན་པ་མཆན་བུ་ལས་གསུངས་སོ། །གཉིས་པ་ནི། ལེའུ་དང་པོའི་སྐབས་སྒྲོན་གསལ་ལས། འདི་སྐད་བདག་གིས་ཞེས་བྱ་བ་ནས། བྷ་ག་ལ་བཞུགས་སོ་ཞེས་བྱ་བའི་བར་དུ་ནི་བཤད་པའི་ཚུལ་བཞི་དང་ལྡན་པར་བཤད་དོ། །བརྗོད་ཀྱིས་མི་ལང་བའི་ཞེས་བྱ་བའི་འཁོར་ནས་བརྩམས་ཏེ། བྱང་ཆུབ་ཀྱི་རྡོ་རྗེ་དེ་བཞིན་གཤེགས་པའི་ཐུགས་ལ་ཞུགས་སོ། །ཞེས་བྱ་བའི་བར་དུ་ནི་དྲང་བའི་དོན་དང་ངེས་པའི་དོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སྐུ་དང་གསུང་དང་ཐུགས་བསླུ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། རྣམ་པ་བཞིར་བཤད་དོ། །འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དེ་བཞིན་དུ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་པ་ཐམས་ཅད་ལ་སྦྱར་ནས། དམ་ཚིག་འབྱུང་བ་རྡོ་རྗེ་དང་། རིན་པོ་ཆེ་འབྱུང་བའི་རྡོ་རྗེ་དཔལ་དང་།འདོད་ཆགས་ཆེན་པོ་འབྱུང་བའི་རྡོ་རྗེ་དང་། གདོན་མི་ཟ་བའི་དམ་ཚིག་འབྱུང་བའི་རྡོ་རྗེ་དང་། རྡོ་རྗེ་འཛིན་མཉེས་པའི་དམ་ཚིག་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་མཉེས་པར་བྱེད་པའི་རྡོ་རྗེ་དང་། འདོད་ཆགས་འཛིན་པ་རྗེས་སུ་ཆགས་པར་བྱེད་པའི་རྡོ་རྗེ་དང་། རྣམ་པར་སྣང་མཛད་རྡོ་རྗེ་འཁོར་ལོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་རྡོ་རྗེ་དང་། ཆོས་རིན་པོ་ཆེ་འབྱུང་གནས་དང་། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་དྲང་བའི་དོན་དང་ངེས་པའི་དོན་ནོ། །སྐུ་གསུང་ཐུགས་གསང་བ་ཞེས་བྱ་བ་དང་། འདུས་པ་ཞེས་བྱ་བ་དང་། རྡོ་རྗེའི་དམ་ཚིག་འབྱུང་བའི་ཚིག་གིས་ཞེས་བྱ་བ་ནི། ཚུལ་རྣམ་པ་བཞིར་བཤད་དོ། །རིགས་པ་ཆེན་པོའི་སྐྱེས་བུའི་གཟུགས་ཞེས་བྱ་བ་དང་། མཆོད་པ་སྤྲོས་པར་གྱུར་བའི་དམ་ཚིག་རིན་པོ་ཆེའི་སྤྲིིན་ཞེས་བྱ་ནི་དྲང་བའི་དོན་དང་ངེས་པའི་དོན་ནོ། །ཨེ་མ་འོ་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་སེམས་ནི་རབ་བྱུང་བ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་རབ་ཏུ་མི་རྟོག་གནས་མེད་པའོ། །ཞེས་བྱ་ནི་དགོངས་པ་མ་ཡིན་པས་བཤད་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལེགས་སོ་ལེགས་སོ། །འོན་ཀྱང་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཐེ་ཚོམ་སྐྱེ་བར་བྱེད་པ་ཡིན་ན། ཞེས་བྱ་བ་ནས། སྐུ་གསུང་ཐུགས་ཀྱི་གསང་བ་སྟོན་པ་མི་སྤྲོ་བ་དེ་ཞེས་བྱ་བའི་བར་དུ་ནི་དགོངས་པས་བཤད། ཞེ་སྡང་གི་རིགས་ཞེས་བྱ་བ་ནས། བྱང་ཕྱོགས་ཀྱི་སྒོར་བཞུགས་སོ། །ཞེས་བྱ་བའི་བར་དང་། རྡོ་རྗེ་སེམས་དཔའ་ཕྱུང་བ་ནས་བརྩམས་ཏེ་ཁྲོ་བོ་བདུད་རྩི་ཐབས་སྦྱོར་ཕྱུང་བའི་བར་དུ་ནི་སྒྲ་ཇི་བཞིན་པའོ། །དེ་ནས་བཛྲ་དྷྲྀཀ་ནས། བིགྷྣཱན་ཏ་ཀྲྀཏ། ཅེས་བྱ་བའི་བར་བཀོད་ནས་དྲང་བ་དང་ངེས་པའི་དོན་ཏོ། །ཞེས་གསུངས་སོ། །ལེའུ་གཉིས་པའི་སྐབས་སུ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སེམས་ཀྱི་ཡོངས་སུ་རྟོགས་པ་ཡང་ཐུགས་ཀྱིས་མཁྱེན་ནས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་བྱ་བའི་བར་དུ་ནི་སྒྲ་ཇི་བཞིན་པའོ། །ཁྱེད་ཀྱིས་སེམས་ལུས་ལྟ་བུ་དང་ཞེས་བྱ་བ་ནས། སྐྱེད་ཅིག་ཅེས་བྱ་བའི་བར་དུ་ནི་དྲང་བའི་དོན་དང་ངེས་པའི་དོན་ཏོ། །དེ་ནས་བསྡུས་ཏེ་བཤད་ན། ཨེ་མའོ་ཀུན་ཏུ་བཟང་པོ་ཡི། །ཞེས་སོགས་ཀྱི་རྐང་བ་བཞི་ནི་དགོངས་པ་མ་ཡིན་པས་བཤད། དངོས་པོ་མེད་པས་བསྒོམ་པ་མེད། །ཅེས་སོགས་ཀྱི་རྐང་བ་བཞི་ནི་ཚུལ་བཞིས་བཤད། དངོས་པོ་ཐམས་ཅད་དང་བྲལ་བ། །ཞེས་པ་ནས། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེ་པའི་བར་ནི་དགོངས་པ་མ་ཡིན་པས་བཤད་དོ། །ལེའུ་གསུམ་པའི་སྐབས་སུ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་ༀ་དྷརྨཱ་དྷཱ་ཏུ་སྲ་བྷཱ་ཝ་ཨཏྨཱ་ཀོ྅་ཧཾ་ཞེས་པའི་བར་ནི་དྲང་ངེས་ཀྱིས་བཤད། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཞེས་བྱ་བ་ནས། སྤྲོ་བའི་བདག་ཉིད་ཅན་གྱིས་སྤྲོ། །ཞེས་པའི་བར་ནི་ཚུལ་བཞིས་བཤད། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །ནས། རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ལེའུའི་བར་ནི་དྲང་ངེས་གཉིས་ཀྱིས་བཤད་དོ། །ལེའུ་བཞི་བའི་དེ་ནས་ཞེས་པ་ནས། བསྟོད་པའི་རྒྱལ་བོ་འདིས་གསོལ་བ་བཏབ་པོའི་བར་ནི་སྒྲ་ཇི་བཞིན་པ། དེ་བཞིན་གཤེགས་པས་ཀུན་ཞི་བ། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་པའི་བར་ནི་དགོངས་མིན། དེ་ནས་སྟོན་པ་རྡོ་རྗེ་འཛིན། །ནས། དཀྱིལ་འཁོར་རབ་ཏུ་ཉམས་དགར་བཤད། །ཅེས་པའི་བར་ནི་སྒྲ་ཇི་བཞིན་པ། དེ་ནས་ཐུགས་ཀྱི་དཀྱིལ་འཁོར་མཆོག །ཞེས་པ་མན་དྲང་ངེས་གཉིས་ཀྱིས་བཤད་དོ། །ལེའུ་ལྔ་བའི་དེ་ནས། ཞེས་པ་ནས། སྤྱོད་པའི་མཚན་ཉིད་བཀའ་སྩལ་ཏོའི་བར་སྒྲ་ཇི་བཞིན་པ། རྣམ་པར་མི་རྟོག་དོན་ལས་བྱུང་། ནས། དངོས་གྲུབ་རབ་མཆོག་སྒྲུབ་པར་བྱེད། །ཅེས་པའི་བར་ནི་དགོངས་མིན། རིགས་ངན་ནས། བསྒྲུབས་ཀྱང་འགྲུབ་པར་ཡོངས་མི་འབྱུང་། །ཞེས་པའི་བར་ནི་སྒྲ་ཇི་བཞིན་པ། སྲོག་གཅོད་པ་ཡི་ཞེས་པ་ནས། །དེ་དག་བསྒྲུབ་པའི་སྣོད་དུ་འགྱུར། །ཞེས་པའི་བར་ནི་དགོངས་བཤད་པ་དང་། སྲིང་མོ་ནས། །དེ་ནི་སངས་རྒྱས་འགྲུབ་པར་འགྱུར། །ཞེས་པའི་བར་ནི་དྲང་ངེས། དེ་ནས་ཞེས་པ་ནས། བྱང་ཆུབ་སྤྱོད་པའི་གནས་འདི་ཡིན། །ཞེས་པའི་བར་ནི་སྒྲ་ཇི་བཞིན་པ། དེ་ནས་བརྗོད་ཀྱིས་མི་ལང་བའི་ནས། བརྒྱལ་བར་གྱུར་ཏོའི་བར་ནི་དྲང་ངེས། དེ་ནས་བཅོམ་འདས་ནས། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པ། དེ་ནས་བཅོམ་ལྡན་འདས་ནས། རང་རང་གི་སྟན་ལ་གནས་པར་གྱུར་ཏོའི་བར་ནི་དྲང་ངེས། དེ་ནས་ཞེས་པ་ནས། སྤྱོད་པ་མཆོག་གི་ལེའུའི་བར་ནི་དགོངས་མིན་གྱིས་བཤད་དོ། །ལེའུ་དྲུག་པའི་དེ་ནས་ཞེས་པ་ནས། མཆོག་རབ་འདི་ཡི་བསྒྲུབ་པ་ཉིད་དུ་བྱ། །ཞེས་པའི་བར་ནི་དྲང་ངེས། དེ་ནས་བཅོམ་ལྡན་འདས་ནས། བྱང་ཆུབ་སྦྱོར་བ་བསྒོམ་པར་བྱ། །ཞེས་པའི་བར་ནི་དགོངས་བཤད། དེ་ནས་དཔའ་ལྡན་ནས། ལུས་ངག་སོགས་ལས་འདས་པའོ། །ཞེས་པའི་བར་ནི་དྲང་ངེས་གཉིས་ཀྱིས་བཤད་དོ། །ལེའུ་བདུན་པའི་དེ་ནས་བཅོམ་ལྡན་འདས་ནས། བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་པའི་བར་ནི་སྒྲ་ཇི་བཞིན་པ། སློང་མོ་ཟ་ཞིང་ནས། སྲེག་པར་འགྱུར། ཞེས་པའི་བར་ནི་དྲང་ངེས། སངས་རྒྱས་ཞེས་པ་ནས། རིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ། །ཞེས་པའི་བར་ནི་ཚུལ་བཞིས། སངས་རྒྱས་རྗེས་སུ་དྲན་པ་སྦྱོར། །ནས། བྱང་ཆུབ་ཐོབ་པར་འགྱུར། །ཞེས་པའི་བར་ནི་དགོངས་བཤད། བུད་མེད་རབ་ཏུ་མདངས་བཟང་བ། །ནས། ཡིད་དུ་འོང་བ་བསྒོམ་པར་བྱ། །ཞེས་པའི་བར་ནི་དགོངས་མིན། སངས་རྒྱས་རྗེས་དྲན་ནས། དཀྱིལ་འཁོར་ཚུལ་བྱ། ཞེས་པའི་བར་ནི་དགོངས་བཤད། དེ་ལ་སྐུ་རྗེས་སུ་དྲན་པ་ནས། བདག་གི་སེམས་ཀྱང་དེ་འདྲར་འགྱུར། །ཞེས་པའི་བར་སྒྲ་ཇི་བཞིན་པ། དེ་ལ་སེམས་ཅན་ནས། དངོས་གྲུབ་རབ་ཏུ་མཐོང་བར་འགྱུར། ཞེས་པའི་བར་ནི་དགོངས་བཤད། དེ་ལ་ཤེས་རབ་ཀྱི་ནས། འབྱུང་བའང་མེད། ཞེས་པའི་བར་ནི་དགོངས་མིན། དེ་ལ་མ་སྐྱེས་པ་ནས། སྤྱོད་པའི་ལེའུའི་བར་ནི་སྒྲ་ཇི་བཞིན་བར་བཤད་པའོ། །ལེའུ་བརྒྱད་པའི་དེ་ནས་བཅོམ་ལྡན་འདས་ནས་བཤད་དུ་གསོལ་བའི་བར་ནི་སྒྲ་ཇི་བཞིན་པ། འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །ནས། ཕྱག་འཚལ་རྡོ་རྗེ་ཐེག་པ་ལའོ། །ཞེས་པའི་བར་ནི་དྲང་ངེས། དེ་ནས་ཞེས་པ་ནས། རྡོ་རྗེ་རིན་ཆེན་འཛིན། ཞེས་པའི་བར་ནི་དགོངས་མིན། དེ་བཞིན་གཤེགས་པ་ནས། བྱོལ་སོང་ལས་ཀྱང་རབ་ཏུ་བརྟག །ཞེས་པའི་བར་ནི་དགོངས་བཤད། ས་ཕྱོགས་གཙང་ཞིང་ནས། མཆོད་པའི་སྤྲིན་རྣམས་སྤྲོ། །ངེས་པའི་བར་ནི་སྒྲ་ཇི་བཞིན་པ། མཁས་པས་ནས། རབ་ཏུ་བརྟག །ཞེས་པའི་བར་ནི་དྲང་ངེས། དཔག་ཚད་བརྒྱ་ཡི། ནས། སྔགས་རྣམས་དངོས་གྲུབ་བྱེད་པར་གསུངས། ཞེས་བའི་བར་ནི་སྒྲ་ཇི་བཞིན་བར་བཤད་པའོ། །ལེའུ་དགུ་བའི་དེ་ནས་རྒྱལ་བོ་རྡོ་རྗེ་འཛིན། །ནས། ཉམས་དགའ་མཆོག་ནི་རབ་ཏུ་བཤད། །ཞེས་པའི་བར་སྒྲ་ཇི་བཞིན་པ། ནམ་མཁའི་དབྱིངས་ཀྱི་དབུས་གནས་བར། །ནས། རྡོ་རྗེ་བཀོད་བས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་པའི་བར་ནི་དྲང་ངེས། དེ་ནས་ཡང་། ནས། ཀུན་རྫོབ་ཏུ་ཡང་བཤད་པ་མཆེར། ཞེས་པའི་བར་ནི་དགོངས་བཤད་དོ། །ལེའུ་བཅུ་བའི་དེ་ནས་བཅོམ་ལྡན་འདས་ནས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒོམ། །ཞེས་པའི་བར་ནི་དགོངས་མིན། དེ་ནས་ཞེས་པ་ནས། དེ་ཡི་སྲོག་ནི་དེར་ཟད་འགྱུར། །ཞེས་པའི་བར་ནི་སྒྲ་ཇི་བཞིན་པ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ནས། རྡོ་རྗེ་སེམས་དཔའ་ཚེ་དེས་འཐོབ། །ཞེས་པའི་བར་དགོངས་བཤད་དོ། །ལེའུ་བཅུ་གཅིག་པའི་དེ་ནས་ཞེས་པ་ནས། དམ་ཚིག་རྡོ་རྗེ་ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པ། ཡེ་ཤེས་དཀྱིལ་འཁོར་ནས། རྡོ་རྗེ་ཟླ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་བར་ནི་དགོངས་བཤད། འོད་ཟེར་འབར་བའི་ཡི་གེ་ཐིཾ། ནས། མངོན་པར་བྱང་ཆུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་བར་ནི་དགོངས་མིན། རྣམ་པར་དབེན་པའི་ནས། བསམ་གཏན་བསྡུས་པ་འདི་དག་བསྒོམ། ཞེས་པའི་བར་ནི་དྲང་ངེས། མི་བསྐྱོད་ཡེ་ཤེས་ནས། རྡོ་རྗེ་མངོན་བར་མཁྱེན་པའི་བར་ནི། སྒྲ་ཇི་བ ཞིན་པ། རྡོ་རྗེ་ཆེན་པོ་ནས་རྡོ་རྗེ་རིགས་པའི་སྐྱེས་བུའི་ལེའུའི་བར་ནི་དགོངས་བཤད་དོ། །ལེའུ་བཅུ་གཉིས་པའི། དེ་ནས་སྟོན་པ་རྡོ་རྗེ་འཛིན། །ནས། རོལ་མོ་འདི་དག་རབ་ཏུ་བསྒོམ། །ཞེས་པའི་བར་ནི་དགོངས་མིན། དགོན་པ་ཆེན་པོ་ནས། དངོས་གྲུབ་ཐམས་ཅད་བསྡུས་པ་བསྒྲུབ། ཞེས་པའི་བར་ནི་དྲང་ངེས། ལུས་དང་ངག་སེམས་ནས། དེ་མ་ཐག་ཏུ་དེ་འགྱུར་རོ། །ཞེས་པའི་བར་ནི་དགོངས་བཤད། འཁོར་ལོ་འོད་འཕྲོ་ནས། ཡེ་ཤེས་རྡོ་རྗེ་འགྲུབ་པར་འགྱུར། །ཞེས་པའི་བར་ནི་སྒྲ་ཇི་བཞིན་པ། བསྙེན་པའི་ཡེ་ཤེས་ནས། སྔགས་ཀྱི་དེ་ཉིད་དོན་བསྒྲུབ་པའོ། །ཞེས་པའི་བར་ནི་དགོངས་བཤད། དགོན་པ་ཆེན་པོ་ནས། དངོས་གྲུབ་འཐོབ་པར་འགྱུར་ཞེས་པའི་བར་ནི་དྲང་ངེས། དུས་བཞི་དག་ཏུ་ནས། རབ་ཏུ་བསྟན། ཞེས་པའི་བར་ནི་སྒྲ་ཇི་བཞིན་པ། གསང་བ་མཆོག་སོགས་རྐང་བ་གཉིས་ནི་དགོངས་བཤད། དེ་ལ་འདི་ནི་ནས། དམ་ཚིག་སྒྲུབ་པའི་མཆོག་བསྟན་པའི་ལེའུའི་བར་ནི་སྒྲ་ཇི་བཞིན་བར་བཤད་དོ། །ལེའུ་བཅུ་གསུམ་པའི་དེ་ནས་ཞེས་པ་ནས། མཆོད་དེ་རྡོ་རྗེ་དབྱངས་འདི་གསུངས། ཞེས་པའི་བར་ནི་སྒྲ་ཇི་བཞིན་པ། ཨེ་མའོ་སངས་རྒྱས་ཚུལ་དེ་བཟང་། །ནས། སྔགས་ཀྱི་ཚུལ་རེ་བརྟན། ཞེས་པའི་བར་ནི་དགོངས་བཤད། མ་སྐྱེས་པ་ཡི་ནས། རབ་ཏུ་བཤད། ཞེས་པའི་བར་ནི་དགོངས་མིན། ཡིད་འོང་སྔགས་རྣམས་ནས། བཟླས་པ་མ་ནིང་ཤེས་བྱའོ། །ཞེས་པའི་བར་ནི་དགོངས་བཤད། འདོད་ཆགས་དེ་ཉིད་ནས། བསྟེན་ན་འགྲུབ། ཞེས་པའི་བར་ནི་སྒྲ་ཇི་བཞིན་པ། གཏི་མུག་དམ་ཚིག་ནས། དོན་གྱིས་འགྲུབ་པར་འགྱུར། །ཞེས་པའི་བར་དྲང་ངེས། ཡེ་ཤེས་འཁོར་ལོ་ཅན་རྣམས་ཀྱི། ནས། བྱང་ཆུབ་བསྲུང་བའི་དོན་ཚ ན་བྱ། །ཞེས་པའི་བར་ནི་སྒྲ་ཇི་བཞིན་པ། ནམ་མཁའ་རྡོ་རྗེ་དབུས་ནས། རྡོ་རྗེ་སྔགས་རིན་པོ་ཆེ་རབ་ཏུ་སྣང་བར་བྱེད་པའི་ཏིང་ངེ་འཛིན་གྱི་བར་ནི་དགོངས་བཤད། རྣམ་པའི་མཆོག་ནས། ཆུ་ཡི་སྟེང་དུ་བཅག་པར་བྱ། །ཞེས་པའི་བར་ནི་སྒྲ་བཞིན་པ། རྐང་བ་མཉམ་བཞག་ནས། རྡོ་རྗེ་རྒྱ་མཚོ་རྐང་བ་ལ་གནོན་པའི་ཏིང་ངེ་འཛིན་གྱི་བར་ནི་དགོངས་བཤད། དབང་ཆེན་དཀྱིལ་འཁོར་ནས། རྡོ་རྗེ་དམ་ཚིག་གནོད་མི་མཛེས་རབ་ཏུ་འབྱུང་བའི་ཏིང་ངེ་འཛིན་གྱི་བར་ནི་སྒྲ་ཇི་བཞིན་པ། འགོག་པའི་ཁྲོ་བོའི་འཁོར་ལོ་ནི། ནས། འགྲུབ་པར་འགྱུར། ཞེས་པའི་བར་ནི་དྲང་ངེས་གཉིས་ཀྱིས་བཤད་དོ། །ལེའུ་བཅུ་བཞི་བ་སོགས་བཞིའི་དོན་སླ་བར་དགོངས་ཏེ་བསྡུས་ནས་གསུངས་པ་ལྟར་ཏེ། དེ་ཡང་སྒྲོན་གསལ་ལས། ལེའུ་བཅུ་བཞི་བ་ལས་འཕྲེང་བའི་སྔགས་རྣམས་དང་། ལས་ཚོགས་རྣམས་ནི་སྒྲ་ཇི་བཞིན་པས་བཤད་པའོ། །པར་བར་ན་ལ་ལ་ནི་དགོངས་པས་བཤད་པ་ཡང་ཡོད་དོ། །དེ་བཞིན་དུ་ལེའུ་བཅོ་ལྔ་བ་དང་། ལེའུ་བཅུ་དྲུག་པ་དང་། ལེའུ་བཅུ་བདུན་པ་ལ་ནི་རྡོ་རྗེའི་ཚིག་ལ་ལ་ནི་དགོངས་བས་བཤད་པའོ། །ལ་ལ་ནི་དགོངས་པ་མ་ཡིན་པས་བཤད་པའོ། ཁ་ཅིག་ནི་སྒྲ་ཇི་བཞིན་བས་བཤད་པའོ། །འགའ་འགའ་ནི་སྒྲ་ཇི་བཞིན་པ་མ་ཡིན་པའོ། །ལ་ལ་ནི་དྲང་བ་དང་ངེས་པའི་དོན་ཏོ། །ཞེས་གསུངས་པ་ལྟར་ཅི་རིགས་སུ་འགྱུར་ཚུལ་ཞིབ་པར་སྒྲོན་གསལ་མཆན་དང་བཅས་པ་ལས་ཤེས་བར་བྱའོ། །གསུམ་པ་ལ། སྤྱིར་བཤད་དོན་ལམ་གྱི་རིམ་པར་སྡུད་ཚུལ་ནི་གོང་གི་འཚང་རྒྱ་ཚུལ་གྱི་རྒྱན་བཤད་པ་དེ་ཡིན་ཡང་། འདིར་ལེའུ་དང་པོས་བསྟན་ཚུལ་གྱི་དབང་དུ་བྱས་ནས་མཐའ་གཅོད་དུ་འབྱུང་བ་ལྟར་འཆད་པ་ལ། དེ་ཉིད་ལས། ལམ་གྱི་རིམ་པར་ཁྲིད་ཆགས་སུ་བསྡུ་བ་ན། སྔར་ལེའུ་དང་པོས་དོན་འདི་སྟོན་གྱི་བསྡུས་དོན་གྱི་སྐབས་སུ་འགྲེལ་བར་གསུངས་བ་ལྟར་བྱ་བ་ལ། རིམ་པ་དང་པོའི་སྐབས་ལ་སྦྱར་ཏེ་བཤད་ན། ཡང་ལྷ་བཅུ་གསུམ་ཕྱུང་བ་ནི་དབང་གི་དཀྱིལ་འཁོར་ལ་གསུངས་པས། དེ་བཤད་པས་མཚོན་ནས་དབང་བསྐུར་བའི་ཆོ་ག་ལྷག་མ་ཁ་བསྐང་ནས་དབང་གི་དཀྱིལ་འཁོར་དུ་རིག་པའི་དབང་བསྐུར་བ་བྱིན་པ་སྔོན་དུ་བླང་ངོ་། །དབང་བསྐུར་བ་བཞི་བྱེད་པ་ནི། །དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱིན་གྱིས་བརླབས་པར་མཛད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་སྦྱང་བའི་ཚིག་གིས་ཞེས་པ་ལ་ཚུལ་བཞིར་བཤད་པས་སྟོན་ཏོ། །དབང་གི་སྣོད་རུང་དུ་བསྒྲུབས་པ་ལ་རིམ་པ་གཉིས་ཀྱི་ལམ་བསྟན་དགོས་པས། དེ་ནི་གླེང་གཞི་དང་གཟུངས་དཀྱིལ་དང་བསྡུས་དཀྱིལ་གྱི་མདོར་བསྟན་དང་རྒྱས་བཤད་ཀྱི་དོན་བཤད་པ་ལས་འབྱུང་ངོ་། །ཇི་ལྟར་འབྱུང་ན་བསྡུས་དཀྱིལ་གྱིས་རྟེན་གྱི་དཀྱིལ་འཁོར་དང་བརྟེན་བའི་རྡོ་རྗེ་འཆང་དང་ལྷག་མོས་ལུས་ལ་བསྡུ་བ་དང་། ཟིལ་གནོན་རྡོ་རྗེ་སྤྱི་དོན་དུ་བཤད་པས་ལྷག་མོས་ཀྱི་བསྐྱེད་ཚུལ་དང་། ལྷག་མོས་ཀྱི་དཀྱིལ་འཁོར་ཚང་བར་བཏོན་ནས་དེ་རྣམས་ཀྱིས་མཛད་པ་མཛད་ཚུལ་རྣམས་སྟོན་ནོ། །དེ་ནས་གླིང་གཞིའི་ཡི་གེའི་དོན་རྗེས་འཇུག་གི་ཉམས་ལེན་ལྟར་བཤད་པས་མངོན་བྱང་ལྔ་ལས་རྡོ་རྗེ་འཆང་དུ་བསྐྱེད་པ་བསྟན་པ་ལ། ས་བོན་དང་ཕྱག་མཚན་གཉིས་ནི་དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་དྲང་དོན་དུ་བཤད་པའི་ཚེ་ཡི་གེ་གསུམ་དང་རྡོ་རྗེ་ལས་བསྐྱེད་པ་བྱུང་བ་དེར་སྦྱར། དེ་ནས་དང་པོའི་མགོན་པོ་རྡོར་སེམས་སུ་བསྒྱུར་བ་ནི་ཟིལ་གནོན་རྡོ་རྗེའི་ཡིག་དོན་དང་སྦས་བཤད་དང་སྦྱར། བསྒྱུར་བ་ལ་ལུས་དཀྱིལ་ཚང་བར་འགོད་པ་དང་སྐུ་གསུང་ཐུགས་བྱིན་བརླབ་དང་སེམས་དཔའ་གསུམ་བརྩེགས་སུ་བྱ་བ་ནི། སྐྱེས་བུའི་གཟུགས་འདི་སྔགས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་བཤད་པ་དྲང་དོན་དུ་བཤད་པ་བསྟན། དེ་ནས་རིག་མ་འདུ་བྱ་བ་ནི་གླེང་གཞི་སྤྱི་དོན་དུ་བཤད་པའི་སྐབས་དང་གཟུགས་དཀྱིལ་གྱི་ལྷ་མོ་སྤྲུལ་བ་དྲང་དོན་དུ་བཤད་པས་བསྟན། སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་དང་ས་བོན་གྱི་སྔགས་ལས་ཡུམ་གྱི་པདྨར་ལྷ་རྫོགས་པར་བསྐྱེད་པ་ཡང་གླེང་གཞི་སྤྱི་དོན་དུ་བཤད་པ་ལས་བསྟན། ཡུམ་གྱི་པདྨར་རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་ནི་བསྡུས་དཀྱིལ་གྱི་སྐབས་སུ་བཙུན་མོའི་བྷ་ག་ལ་རྟེན་གྱི་དཀྱིལ་འཁོར་སྤྲུལ་བས་བསྟན་པ་ནི་རྣམ་གཞག་གི་དགོངས་པའོ། །འཁོར་ཕུན་སུམ་ཚོགས་པ་དྲང་དོན་དུ་བཤད་པ་ལྟར་ན་དངོས་སུ་མོས་པ་ཉེར་གཉིས་དང་། མ་སྨོས་པ་བཅུ་མངལ་དུ་བསྐྱེད་པ་ཕྱིར་ཕྱུང་ནས་དཀྱིལ་འཁོར་གྱི་གནས་སུ་འགོད་པ་སྟོན་ཏེ། ལྷ་བཅུ་གསུམ་ཕྱུང་བའི་སྐབས་ཀྱི་དྲང་དོན་ལ་བཤད་པའི་སྟེང་ནས་འཁོར་དྲང་དོན་དུ་བཤད་པ་གསལ་དུ་བཏང་བར་ཤེས་པར་བྱའོ། །ལྷ་བཅུ་གསུམ་ཕྱུང་བ་ནི་དབང་གི་སྐབས་ཁོ་ན་མིན་གྱི། བསྐྱེད་རིམ་ལ་ཐུན་བཞིར་བྱེད་པའི་སྐབས་ཀྱི་དཀྱིལ་འཁོར་རྒྱལ་མཆོག་ཀྱང་ཤེས་པར་བྱའོ། །རྫོགས་རིམ་སྟོན་ཚུལ་ལ་གླེང་གཞིས་བསྟན་ཚུལ་ནི། གླེང་གཞིའི་སྦས་བཤད་ཀྱི་སྐབས་སུ་ལུས་དབེན་དང་ངག་དབེན་ཅུང་ཟད་དང་། དེ་གཉིས་སྔོན་དུ་བཏང་བ་ལ་བརྟེན་ནས་ཕྱིའི་ཕྱག་རྒྱ་དང་སྦྱོར་ཚུལ་དང་། ནང་གི་རྐྱེན་སྲོག་རྩོལ་རླུང་གི་རྣལ་འབྱོར་གྱིས་གཞི་ལ་ལུགས་འབྱུང་དང་ལུགས་བཟློག་གི་སྟོང་བ་བཞི་ཇི་ལྟར་གནས་པ་དེ་བཞིན་དུ་བསྐྱེད་དེ་སེམས་དབེན་རྫོགས་པར་བྱེད། དེ་ལས་སྒྱུ་ལུས་སྒྲུབ་པའི་ཕྱིར་དུ་སྤྱོད་པ་བྱས་ནས་སྒྱུ་ལུས་སྒྲུབ། དེ་གྲུབ་པ་དང་དོན་གྱི་འོད་གསལ་གྱི་ཡེ་ཤེས་བསྐྱེད་པའི་ཕྱིར་དུ་སྤྱོད་པའང་བསྡུ། དེ་ལྟར་སྤྱོད་པ་བྱས་པས་སྒྱུ་ལུས་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུག་པའི་འོད་གསལ་དང་ཟུང་འཇུག་གཉིས་ནི། གླེང་གཞི་མཐར་ཐུག་ཏུ་བཤད་པ་ལས་འབྱུང་ངོ་། །ཟུང་འཇུག་ཐོབ་པ་དེས་ཟུང་འཇུག་པའི་དཀྱིལ་འཁོར་རྒྱལ་མཆོག་སྤྲུལ་བ་ནི་འཁོར་ཕུན་སུམ་ཚོགས་པ་ངེས་དོན་དུ་བཤད་པའི་དོན་ནོ། །གླེང་གཞིས་རྫོགས་རིམ་བསྟན་པ་ཅུང་ཟད་གསལ་བ་ནི་གཟུངས་དཀྱིལ་མན་ཆད་ཀྱི་རྫོགས་རིམ་བཤད་པ་རྣམས་ཀྱིས་སྟོན་པ་ལ། གཟུངས་དཀྱིལ་ངེས་དོན་དུ་བཤད་པ་ན་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རིག་མ་ལ་བརྟེན་ནས་སྲོག་དྷཱུ་ཏཱིར་སྡུད་ནུས་པ་དང་། གང་ལ་དམིགས་ནས་རྡོར་བཟླས་བྱ་བའི་ཡུལ་རྩ་བ་དང་ཡན་ལག་གི་རླུང་དགུ་བསྒོམས་པས་སྲོག་དྷཱུ་ཏཱིར་བསྡུས་པ་ལས་ཡེ་ཤེས་གསུམ་བསྐྱེད་པར་བསྟན་ལ། ཡེ་ཤེས་གསུམ་རླུང་གི་བཞོན་པ་དང་བཅས་པ་ལས་སྒྱུ་མའི་སྐུ་སྒྲུབ་པ་དང་། སྐུ་དེ་འོད་གསལ་དུ་འཇུག་པ་དང་། འོད་གསལ་ལས་ལངས་པ་ན་ཟུང་འཇུག་གི་ལོངས་སྤྲུལ་གཉིས་བསྐྱེད་པ་ནི་བསྡུས་དཀྱིལ་གྱི་མདོར་བསྟན་པ་ངེས་དོན་དུ་བཤད་པ་ལས་འབྱུང་ངོ་། །དེ་ནས་ཟིལ་གནོན་རྡོ་རྗེ་མཐར་ཐུག་ཏུ་བཤད་པས་སྟོང་བ་བཞི་རིམ་གྱིས་འོད་གསལ་དུ་འཇུག་པ་དང་། དམ་ཚིག་འབྱུང་བ་ངེས་དོན་དུ་བཤད་པས་འོད་གསལ་ལས་འཁྲུངས་པའི་ཟུང་འཇུག་གི་སྐུ་གཉིས་སྟོན་ནོ། །སྔར་གྱི་འཁོར་ཕུན་ཚོགས་རྗེས་འཇུག་ལ་ངེས་དོན་དུ་བཤད་པ་ནི་ལྷ་བཅུ་གསུམ་ཕྱུང་བའི་དཀྱིལ་འཁོར་ངེས་དོན་དུ་བཤད་པས་གསལ་བར་བྱེད་དོ། །ཞེས་གསུངས་པ་ལྟར་ཏེ། ལེའུ་གཞན་གྱིས་རིམ་གཉིས་བསྟན་པ་ཡང་དེ་རྣམས་ཅི་རིགས་སུ་འདུའོ། །འོ་ན་ལེའུ་དང་པོར་གླེང་གཞི་དང་། གཟུངས་དཀྱིལ་དང་། བསྡུས་དཀྱིལ་དང་། ཕྱུང་བའི་དཀྱིལ་འཁོར་བཞི་གསུངས་པ་དེ་རྣམས་ཀྱི་གཞུང་གཅོད་མཚམས་ཇི་ལྟར་ཡིན་ཞེ་ན། དེ་ནི། ཐོག་མའི་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་པ་ནས། ནམ་མཁའི་དབྱིངས་ཐམས་ཅད་ཤིན་ཏུ་གང་བར་སྣང་བར་གྱུར་ཏོ། །ཞེས་པའི་བར་ནི་གླེང་གཞི་སྟེ། དེ་ཡང་། འདི་སྐད་ནས་རྡོ་རྗེའི་བཙུན་མོའི་བྷ་ག་ལ་བཞུགས་སོ། །ཞེས་པའི་བར་གྱིས་སྟོན་པ་དང་དུས་དང་གནས་ཕུན་སུམ་ཚོགས་པ་ཚུལ་བཞིར་བཤད། བརྗོད་ཀྱིས་མི་ལང་བའི་ནས། གང་བར་སྣང་བར་གྱུར་ཏོའི་བར་གྱིས་འཁོར་ཕུན་སུམ་ཚོགས་པ་གཉིས་དྲང་ངེས་གཉིས་ཀྱིས་འཆད་ལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོ། །ཞེས་པ་ནས། ལ་ལ་ནི་རེག་གི་ངོ་བོ་ལྟ་བུར་ཡང་དག་པར་གནས་པར་གྱུར་ཏོའི་བར་གྱིས་གཟུངས་དཀྱིལ་དྲང་ངེས་གཉིས་ཀྱི་སྒོ་ནས་བཤད། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པས་ཞེས་པ་ནས། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཐུགས་ལ་ཞུགས་སོ། །ཞེས་པའི་བར་གྱིས་བསྡུས་དཀྱིལ་དྲང་ངེས་གཉིས་ཀྱིས་མདོར་བསྟན་ནས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ། ཞེས་པ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོའི་བར་གྱིས་བསྡུས་དཀྱིལ་རྒྱས་པར་བཤད་ཅིང་། དེ་ལའང་ཟིལ་གནོན་རྡོ་རྗེ་དང་། དམ་ཚིག་འབྱུང་བ་རྡོ་རྗེ་ཏིང་ངེ་འཛིན་གཉིས་ཡོད་པའི་དང་པོ་ནི། དེ་ནས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོའི་བར་ཏེ་ཡིག་དོན་ཁ་བསྐང་ནས་ཚུལ་བཞིས་བཤད། གཉིས་པ་ནི། དེ་ནས་བཅོམ་ལྡན་འདས་ནས་གཟིགས་པར་གྱུར་ཏོའི་བར་ཏེ་དྲང་ངེས་གཉིས་ཀྱིས་བཤད་ཅིང་། དེ་ནས་དེ་བཞིན་གཤེགས་པ་ནས། རབ་ཏུ་མི་རྟོག་ནས་མེད་པའོ། །ཞེས་པའི་བར་ནི་དེ་དག་གི་ཆེད་བརྗོད་དེ་དགོངས་མིན་གྱིས་བཤད། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་གཅིག་ཏུ་འདུས་ནས། ཞེས་པ་མན་ཆད་ཀྱིས་ལྷ་བཅུ་གསུམ་ཕྱུང་བའི་དབང་གི་དཀྱིལ་འཁོར་སྟོན་ཅིང་། དེ་ལའང་གསོལ་བ་གདབ་པ་རྒྱུད་དོན་རྟོགས་དཀའ་བ་སླར་གསོལ་བ་ལན་གསུངས་པ་དང་བཞི་ཡོད་པའི་དང་པོ་ནི་དེ་ནས་ནས། བཤད་དུ་གསོལ་བའི་བར་ཏེ་གསོལ་ཏེ་གསོལ་ཏོ་ཡན་གྱིས་དྲང་ངེས་གཉིས་དང་འདུས་པ་ཚུལ་བཞིས་བཤད། གཉིས་པ་ནི་དེ་ནས་ནས། ལྟ་ཅི་སྨོས་ཀྱི་བར་ཏེ་དགོངས་པས་བཤད། གསུམ་པ་ནི། དེ་ནས་ནས། བསྟན་དུ་གསོལ་བའི་བར་ཏེ་དགོངས་བཤད་སྔ་མའི་འཕྲོ་དང་། སྐུ་གསུང་ཐུགས་ཀྱི་གསང་བ་དང་རྡོ་རྗེ་དམ་ཚིག་འབྱུང་བའི་ཚིག་གཉིས་ནི་ཚུལ་བཞིས་བཤད། བཞི་བ་ནི། དེ་ནས་བཅོམ་ལྡན་འདས་ནས། བྱང་ཕྱོགས་སུ་བཞུགས་སོའི་བར་ཏེ་ཡེ་ཤེས་སྒྲོན་མེ་ཚུལ་བཞི་དང་གཞན་དྲང་ངེས་གཉིས་དང་སྒྲ་ཇི་བཞིན་པ་ཅི་རིགས་དང་མཚན་སྔགས་རྣམས་དྲང་ངེས་གཉིས་ཀྱིས་བཤད་དོ། །དེ་དག་ནི་གོང་དུ་བརྗོད་པའི་བསྡུས་དོན་གྱི་ཁོངས་སུ་གཏོགས་མོད། འདིར་གོ་བདེ་བའི་ཆེད་དུ་བཀོད་པ་ཡིན་ནོ། །མདོར་ན། ལེའུ་དང་པོའི་ཟུར་མཆན་ལས། གཟུངས་དཀྱིལ་ནས་དམ་ཚིག་འབྱུང་བའི་བར་གྱི་རྒྱུད་ལེགས་པར་ཤོད་ན། འགྲེལ་བས་བཤད་པ་ལྟར་གྱི་དོན་རྣམས་ཐོན་ནས་འོང་བས་དེ་ལ་ཤིན་ཏུ་ངོ་མཚར་བའོ། །ཞེས་དང་། དེ་ཡང་རྒྱས་པར་བཤད་མོད་མདོར་བསྡུས་ཏེ་དྲན་པར་བྱས་ན། གཟུངས་དཀྱིལ་སྤྲུལ་པས་ལམ་གྱི་སྲོག་བདེ་བ་ཆེན་པོར་སྟོན་པ་དང་། དེ་འདྲེན་པ་ལ་ཕྱི་ནང་གི་ཐབས་ཁྱད་པར་ཅན་རྣམས་སྟོན་ཚུལ་དང་། དེ་ནས་མི་བསྐྱོད་པས་དཀྱིལ་འཁོར་སྤྲུལ་བའི་ངེས་དོན་བཤད་པས། གཟུངས་དཀྱིལ་དུ་བཤད་པའི་སྟོང་བ་རྣམས་ཀྱི་རླུང་སེམས་ཀྱིས་སྒྱུ་ལུས་སྤྲུལ་བ་དང་། དཀྱིལ་འཁོར་བཙུན་མོའི་བྷ་གའི་ནང་དུ་ཆུད་པར་བསྟན་པས་སྒྱུ་ལུས་འོད་གསལ་དུ་འཇུག་པ་དང་། རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་བཞག་པ་དང་། འཁོར་གྱི་ལྷ་ཞུགས་པས་ཟུང་འཇུག་གི་ལོངས་སྤྲུལ་གཉིས་སྟོན་པ་སོགས་ཀྱི་དྲང་ངེས་ཀྱི་དོན་ལེགས་པར་རྟོགས་ཤེས་ན། འདི་ནི་རྨད་དུ་གྱུར་པའོ་སྙམ་དུ་ལན་ཅིག་མིན་པར་མཁས་པའི་ཡིད་འཕྲོག་པར་བྱེད་པས། རྒྱུད་དོན་ལ་ཇི་ལྟར་ཡོད་ཤེས་པས་དགའ་བ་རྒྱས་པར་བྱེད་པར་ཟུངས་ཤིག །ཞེས་གསུངས་པ་ལྟར་བྱའོ། །སྨྲས་པ། རྒྱལ་བས་མདོ་རྒྱུད་ཆོས་ཀྱི་ཚུལ། །ཇི་སྙེད་གསུངས་པ་ཀུན་གྱི་ནང་། །རྒྱལ་མཚན་ཏོག་ལྟར་མངོན་འཕགས་པ། །དེ་ནི་དཔལ་ལྡན་འདུས་པའི་རྒྱུད། །གང་དེའི་དགོངས་དོན་རྒྱན་བ དུན་གྱིས། །འཆད་ཚུལ་ཟླ་བའི་སྒྲོན་གསལ་གྱི། །བཤད་སྲོལ་རྗེ་བཙུན་བླ་མའི་གསུང་། །མཆན་འགྲེལ་མཐའ་གཅོད་བཅས་འདི་རྨད། །མཁས་གྲུབ་དུ་མ་འབྱུང་བའི་གནས། །སྟོད་སྨད་རྒྱུད་ཀྱི་བཤད་གྲྭ་རུ། །ཚུལ་འདི་ཇི་བཞིན་འཛིན་མཛད་པའི། །མཁས་མང་རིམ་པར་བརྒྱུད་དེ་བྱོན། །དེང་དུས་མདོ་སྨད་ཕྱོགས་ཀྱི་ཆར། །ཅོ་ནེའི་དཔོན་གྱི་རིགས་བརྒྱུད་ལས། །མངོན་བྱོན་ལྷ་བཙུན་ཆེན་པོ་དེས། །མདོ་སྔགས་བསྟན་པ་ཟུང་འབྲེལ་བཙུགས། །དེ་ཚེ་བླ་མའི་གོ་ས་པ། །གང་གིས་རྒྱུད་ཀྱི་རྒྱལ་བོ་ཉིད། །བཤད་ཐབས་མན་ངག་མཐར་ཐུག་པ། །ཅུང་ཟད་བརྗོད་པ་ཉིད་དུ་ཐལ། །ཚུལ་འདིར་མ་བཤད་ལོག་བཤད་ཀྱི། །ཉེས་གང་རང་གི་བློ་ཡི་སྐྱོན། །ལེགས་བཤད་དགེ་ཀུན་རྗེ་ཉིད་ཀྱི། །མདོ་སྔགས་བསྟན་པ་རྒྱས་ཕྱིར་བསྔོ། །ཅེས་པ་འདི་ཡང་། ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་དད་པས་ཅོ་ནེའི་གཟིམས་ཁང་ཉིད་དུ་སྦྱར་བའོ།། །།།གང་ཐུགས་ལྷན་སྐྱེས་བདེ་བའི་ཡེ་ཤེས་ཉིད། །དམ་ཚིག་སྐུ་གསུང་ཐུགས་དང་བདེ་ཆེན་གྱི། །བརྟེན་པའི་འཁོར་ལོ་ལྔ་ཡི་ལྷ་ཚོགས་སུ། །སྤྲུལ་མཛད་འཁོར་ལོ་སྡོམ་པའི་ཞབས་ལ་འདུད། །འདིར་བདེ་མཆོག་གི་རྩ་རྒྱུད་ཉུང་ངུའི་བསྡུས་དོན་ཞིག་འཆད་པ་ལ་འཇུག་པར་བྱ་སྟེ། འདི་ལ་གསུམ། རྩ་བཤད་ཀྱི་རྒྱུད་གཉིས་ཀྱི་གྲངས་བཤད་པ་དང་། བསྡུས་དོན་བཤད་པ་དང་། འཆད་ཚུལ་བཤད་པའོ། །དང་པོ་ལ་གསུམ། གྲངས་བཤད་པ་དངོས་དང་། བཤད་རྒྱུད་རྣམས་ཀྱིས་རྩ་རྒྱུད་འཆད་ཚུལ་མདོར་བསྟན་པ། གྲུབ་ཆེན་གང་གི་རྗེས་སུ་འབྲང་ནས་འཆད་པའོ། །དང་པོ་ནི། བདེ་མཆོག་གི་རྩ་རྒྱུད་དེ་ལ་གསུམ་ཡོད་དེ། རྒྱས་པ་འབུམ་ཕྲག་གསུམ་པ་དང་། འབྲིང་བོ་འབུམ་ཕྲག་གཅིག་པ་དང་། དེ་གཉིས་ལས་བཏུས་པའི་བསྡུས་པ་ཉུང་ངུའི་རྩ་རྒྱུད་གསུམ་ཡོད་པའི་ཕྱིར་ཏེ། མཁའ་འགྲོ་རྒྱ་མཚོ་ལས། དེ་ལྟར་ངེས་བརྗོད་འབུམ་གསུམ་ལས། ཕྱུང་བ་བདེ་མཆོག་ཉུང་ངུ་སྟེ། ཞེས་དང་། ཀུན་སྤྱོད་ལས། འབུམ་དུ་བརྗོད་པའི་རྒྱུད་ལས་ནི། བདེ་མཆོག་ཉུང་ངུ་བཏུས་པ་དང་། །ཞེས་གསུངས་པས་སོ། །འོན་ཀྱང་འདིར་རྩ་རྒྱུད་ཉུང་ངུ་མ་གཏོགས་གཞན་མ་འགྱུར་རོ། །བཤད་རྒྱུད་ནི། མངོན་བརྗོད། རྡོ་རྗེ་མཁའ་འགྲོ། ཀུན་སྤྱོད། སྡོམ་འབྱུང་། མཁའ་སྦྱོར། ཕག་མོ་མངོན་འབྱུང་དང་བཅས་པའོ། །ཕྱོགས་མཐུན་གྱི་རྒྱུད་ནི། ཧེ་རུ་ཀ་མངོན་འབྱུང་། མཁའ་འགྲོ་རྒྱ་མཚོ། རྣལ་འབྱོར་མ་བཞི་ཞལ་སྦྱོར་རྣམས་སོ། །གཉིས་པ་ནི། རྩ་རྒྱུད་ཀྱི་དོན་འགྲེལ་བའི་དབང་དུ་བྱས་ནས། མངོན་བརྗོད་ལས་ནི་རྫོགས་རིམ་གྱི་སྐོར་འགའ་རེ་ཡང་བཤད་མོད། གཙོ་བོར་བསྐྱེད་རིམ་གྱི་སྐོར་འཆད་ཅིང་ལྷ་རེ་གཉིས་པའི་དཀྱིལ་འཁོར་མི་འདྲ་བ་དུ་མ་དང་། སྐུ་གསུང་ཐུགས་ཀྱི་བདེ་མཆོག་ཡབ་ཡུམ་སོ་སོས་གཙོ་བོ་བྱས་པའི་འཁོར་ལ་ནི་རང་རང་གི་དཔའ་བོ་དཔའ་མོ་བཅུ་དྲུག་རེས་བསྐོར་བའི་སྟེང་དུ་སྙིང་བོའི་རྣལ་འབྱོར་བཞི་དང་། སྒོ་འཚམས་མ་བརྒྱད་བསྣན་པའི་ལྷ་སུམ་ཅུ་བའི་དཀྱིལ་འཁོར་གསུམ་དང་། ཡང་། དམ་ཚིག་གི་འཁོར་ལོའི་གཙོ་བོ་ཡབ་ཡུམ་ལ་སྙིང་བོའི་རྣལ་འབྱོར་མ་བཞི་དང་། སྒོ་མཚམས་མ་བརྒྱད་བསྣན་པའི་ལྷ་བཅུ་བཞི་བའི་དཀྱིལ་འཁོར་དང་། གཙོ་བོ་ཡབ་ཡུམ་ལ་སྙིང་བོའི་རྣལ་འབྱོར་མ་བཞིས་བསྐོར་བའི་ལྷ་ལྔ་འམ་ལྷ་དྲུག་པའི་དཀྱིལ་འཁོར་དང་། གཙོ་བོའི་ཡབ་ཡུམ་གཅིག་པུའི་དཀྱིིལ་འཁོར་ཞིག་ཀྱང་བཤད་ལ། ལེའུ་བཞི་པར་བདེ་མཆོག་དཀར་བོ་ཞལ་བཞི་ཕྱག་བཞི་བ་ནས་འབུམ་གྱི་བར་ཡོད་པར་བཤད་དེ། རྩ་རྒྱུད་ལེའུ་སོགས་གཉིས་པའི་དོན་ནོ། །རྡོ་རྗེ་མཁའ་འགྲོ་ལས་ནི་བསྐྱེད་རྫོགས་གཉིས་ཀ་དང་། ལས་ཚོགས་ཀྱི་སྐོར་མང་པོ་བཤད་ཅིང་། སྡོམ་འབྱུང་ལས་ནི། རིམ་གཉིས་དང་དབང་གི་སྐོར་བཤད། ཀུན་སྤྱོད་ལས་ནི། རིམ་གཉིས་སྤྱི་དང་བསྐྱེད་རིམ་ཡན་ལག་དང་བཅས་པ་རྒྱས་པར་བཤད་ཅིང་། ཁ་སྦྱོར་ལས་ནི། བསྐྱེད་རྫོགས་གཉིས་ཀ་དང་དབང་བསྐུར་ཚུལ་འཆད་དོ། །མཁའ་འགྲོ་རྒྱ་མཚོ་དང་། ཧེ་རུ་མངོན་འབྱུང་སོགས་ལས་ནི་རིམ་གཉིས་ཅི་རིགས་འཆད་པར་མཛད་དོ། །གསུམ་པ་ནི། སྐབས་འདིར་ལཱུ་དྲིལ་ནག་གསུམ་གྱི་མན་ངག་ལ་བརྟེན་ནས་རྩ་རྒྱུད་འཆད་ཅིང་། གྲུབ་ཐོབ་དེ་རྣམས་ཀྱི་མན་ངག་བསྡུས་དོན་འཆད་ཚུལ་ནི་ནཱ་རོ་བའི་བཤད་སྲོལ་མཁས་བསྡམས་མཛད་པའི་རྗེས་སུ་འབྲང་ནས་རྗེ་ཉིད་ཀྱིས་བཤད་པ་ལྟར་འཆད་དོ། །གཉིས་པ་ལ་གསུམ། རྩ་རྒྱུད་འདིར་ལེའུ་ང་གཅིག་ཏུ་གསུངས་པའི་གྲངས་ཀྱི་དོན་དང་རྗོད་བྱེད་རྒྱུད་ཀྱི་གཞུང་གི་གོ་རིམ་དང་མཐུན་པར་ལེའུ་སོ་སོའི་ཐོག་ཐ་བཟུང་ནས་མཚན་དང་འབྲེལ་བའི་བསྡུས་དོན་དང་། རྒྱུད་ཀྱི་འགྲེལ་བ་ནས་འབྱུང་བ་ལྟར་དོན་གྱི་བསྡུས་དོན་བྱེད་ཚུལ་ལོ། །དང་པོ་ནི། མཁའ་འགྲོ་རྒྱ་མཚོ་ལས། ཨ་ཡིག་ལ་སོགས་ཀྵ་ཡིག་མཐར། །ལེའུ་རྣམས་ཇི་ལྟའི་རིམ་པ་ཡིས། །དེ་ཁོ་ན་ཉིད་དང་ལྡན་པར་སྦྱར། །ཞེས་ཨ་ནས་ཀྵའི་བར་གྱི་ཡི་གེ་ལྔ་བཅུའི་གྲངས་དང་མཚུངས་པའི་ལེའུ་ལྔ་བཅུ་དང་། ལེའུ་ཐ་མ་དབྱངས་གསལ་གྱི་ཡི་གེ་སྤྱིའི་དེ་ཉིད་དང་སྦྱར་ནས་ང་གཅིག་ཏུ་མཛད་དེ། སྦྱོར་ཚུལ་ནི་འདིར་དབྱངས་ཐབས་དང་། གསལ་བྱེད་ཤེས་རབ་ཀྱི་ཕྱོགས་ཡིན་པས། ཐབས་ཤེས་གཉིས་དབྱེར་མེད་དུ་སྦྱོར་བ་མཚོན་པའི་ཕྱིར་དེ་ལྟར་སྦྱར་བའོ། །གཉིས་པ་ནི། རྩ་རྒྱུད་ལས། དེ་ནས་དེ་ལས་གསང་ཆེན་གཤད་པར་བྱ། །ཞེས་པ་ནས། དེར་ནི་དཀྱིལ་འཁོར་བྲི་བར་བྱ། །ཞེས་པའི་བར་གྱི་ལེའུ་དང་པོས་ལུས་དཀྱིལ་དང་བྷ་ག་དང་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དང་ཕྱི་དཀྱིལ་ཡང་བསྟན་པས་ན་དཀྱིལ་འཁོར་ལ་འཇུག་པའི་ལེའུ་ཞེས་བྱའོ། །དེ་ལ་ལྕི་བ་ལྡིང་བ་ཡིས། །ནས། རབ་མཉམ་བཞག་སྟེ་མཆོད་པར་བྱ། །ཞེས་པའི་བར་གྱི་ལེའུ་གཉིས་པས་དཀྱིལ་འཁོར་དགོད་པ་དང་། དེ་ལ་མཆོད་པས་ན་འཁོར་ལོ་མཆོད་པའི་ཆོ་གའི་ལེའུའོ། །དེ་ནས་སྒྲུབ་པོས་དངོས་ཀུན་གྱིས། །ནས། དེ་ཀུན་དཔལ་ལྡན་ཁྲག་འཐུང་གནས། །ཞེས་པའི་བར་གྱི་ལེའུ་གསུམ་པས་བླ་མ་ལ་ཡོན་དབུལ་བ་དང་དབང་བསྐུར་བའི་སྐོར་སྟོན་པས་ན། ཡོན་ཏན་དང་བཅས་པའི་དབང་བསྐུར་བའི་ཆོ་གའི་ལེའུའོ། །དེ་བཞིན་དུ་ལེའུ་ཞེས་པ་རེ་རེའི་མཐར་སྦྱར་ཏེ། དེ་ནས་མཁའ་འགྲོ་རྣམས་ཀྱི་ནི། །ནས། དེ་བཞིན་གཤེགས་པས་གསུངས་པ་བཞིན། །ཞེས་པའི་བར་གྱི་ལེའུ་བཞི་བས་ཕྱི་དང་ལུས་ཀྱི་དཔའ་བོ་དཔའ་མོ་གཉིས་སུ་མེད་པར་དགོད་པའི་ཚུལ་སྟོན་ནོ། །དེ་ནས་ཆོས་ཀུན་འབྱུང་བ་ཡི། །ནས། རྩ་བའི་སྔགས་སུ་རབ་ཏུ་གྲགས། །ཞེས་པའི་བར་གྱི་ལེའུ་ལྔ་བས་རྩ་སྔགས་ཀྱི་ལུས་ཀྱི་ཡི་གེ་བཏུ་བའི་ཆོ་ག་སྟོན་ནོ། །གཞན་ཡང་ཡི་གེ་ཉི་ཤུ་གཉིས། །ནས། དྲུག་པ་མཚོན་ཆ་ཞེས་བྱར་འདོད། །ཅེས་པའི་བར་གྱི་ལེའུ་དྲུག་པས་དཔའ་བོ་དྲུག་གི་གོ་ཆའི་སྔགས་བཏུ་བའི་ཆོ་ག་སྟོན་ནོ། །དེ་ནས་དབྱངས་ཡིག་བཅུ་གསུམ་ཉིད། ནས། སྒྲུབ་པ་ཐམས་ཅད་སྒྲུབ་བྱེད་ཡིན། །ཞེས་པའི་བར་གྱི་ལེའུ་བདུན་པས་རྩ་སྔགས་ཀྱི་དབྱངས་འཐུ་ཚུལ་སྟོན་ནོ། །དེ་ནས་རང་གི་བདག་ཉིད་ཀྱི། །ནས། རིག་པའི་རྒྱལ་བོ་ཧེ་རུ་ཀ །ཞེས་པའི་བར་གྱི་ལེའུ་བརྒྱད་པས་གོ་བཟློག་གི་སྙིང་བོ་དང་། རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་བཏུ་ཚུལ་སྟོན་ནོ། །དེ་ནས་རྩ་བའི་གསང་སྔགས་ཀྱི། ནས། དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་ཡིན། །ཞེས་པའི་བར་གྱི་ལེའུ་དགུ་བས་རྩ་སྔགས་ཀྱི་ལས་ཚོགས་སྟོན་ནོ། །དེ་ནས་སྐུ་གསུམ་བཤད་པར་བྱ། །ནས། རེངས་པར་བྱེད་དོ། །ཞེས་པའི་བར་གྱི་ལེའུ་བཅུ་བས་སྐུ་གསུམ་འགྲུབ་པ་དང་སྙིང་བོའི་སྔགས་ཀྱི་ལས་ཚོགས་སྟོན་ནོ། །དེ་ནས་གཞན་ཡང་སྒྲུབ་པ་པོས། ནས། སྟེར་བར་འགྱུར་རོ། །ཞེས་པའི་བར་གྱི་ལེའུ་བཅུ་གཅིག་པས་སྐྱེ་བདུན་གྱི་མཚན་ཉིད་དང་ལུས་ལ་བརྟེན་ནས་དངོས་གྲུབ་སྒྲུབ་ཚུལ་སྟོན་ནོ། །དེ་ནས་ཉེ་བའི་སྙིང་བོ་ནི། །ནས། རྡོ་རྗེའི་ལུས་ཅན་དུ་འགྱུར་རོ། །ཞེས་པའི་བར་གྱི་ལེའུ་བཅུ་གཉིས་པས་ཉེ་སྙིང་གི་ལས་ཚོགས་སྟོན་ནོ། །དེ་ནས་གོ་ཆའི་ལས་རྣམས་ནི། །ནས། གླང་བོ་ཆེར་འགྱུར་རོ་ཞེས་པའི་བར་གྱི་ལེའུ་བཅུ་གསུམ་པས་གོ་ཆའི་སྔགས་ཀྱི་ལས་ཚོགས་སྟོན་ནོ། །དེ་ནས་སྒྲུབ་ཐབས་བཤད་པར་བྱ། །ནས། དེ་དག་ཐམས་ཅད་བརྗོད་པ་ཡིན། །ཞེས་པའི་བར་གྱི་ལེའུ་བཅུ་བཞི་བས་ཧེ་རུ་ཀ་བོང་བུའི་རྣམ་པར་མཛད་པའི་ཆོ་ག་སྟོན་ནོ། །དེ་ནས་སྡོམ་པ་ཐམས་ཅད་ལ། །ནས། གུས་པ་ལ་སྦྱིན་པར་བྱའོ། །ཞེས་པའི་བར་གྱི་ལེའུ་བཅོ་ལྔ་བས་ཡི་གེ་རེ་རེའི་བརྡའི་ཆོ་ག་སྟོན་ནོ། །དེ་ནས་སྐལ་ལྡན་སྐལ་ལྡན་མིན། །ནས། ངེས་པར་དམ་ཚིག་ཅན་ཡིན་ནོ། །ཞེས་པའི་བར་གྱི་ལེའུ་བཅུ་དྲུག་པས་རྣལ་འབྱོར་མ་བདུན་དང་རིག་དྲུག་གི་མཚན་ཉིད་བརྟག་པའི་ཆོ་ག་སྟོན་ནོ། །དེ་ནས་རྙེད་དཀའ་དལ་འབྱོར་མ། །ནས། རིགས་ཀྱི་ཕྱག་རྒྱ་ཡིན་པར་བཤད། །ཅེས་པའི་བར་གྱི་ལེའུ་བཅུ་བདུན་པས་རྣལ་འབྱོར་མ་ཐམས་ཅད་ཀྱི་གཟུགས་བརྗེ་བ་དང་ཕྱག་རྒྱའི་ཆོ་ག་རྣམས་སྟོན་ནོ། །དེ་ནས་གཞན་ཡང་བཤད་པར་བྱ། །ནས། གསང་བའི་མཚན་ཉིད་སྤྲུལ་བ་ཡིན། །ཞེས་པའི་བར་གྱི་ལེའུ་བཅོ་བརྒྱད་པས་རྣལ་འབྱོར་ཐམས་ཅད་ཀྱི་ཁ་དོག་གི་མཚན་ཉིད་དང་མཚན་མའི་ངེས་པའི་ཆོ་ག་སྟོན་ནོ། །དེ་ནས་ཡང་དག་བཤད་པར་བྱ། །ནས། མཚན་ཉིད་གྱུར་བའི་འདི་དག་ཡིན། །ཞེས་པའི་བར་གྱི་ལེའུ་བཅུ་དགུ་བས་རྣལ་འབྱོར་མ་ཐམས་ཅད་ཀྱི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་སྟོན་ནོ། །དེ་ནས་གཞན་ཡང་བཤད་པར་བྱ། །ནས། དེ་དག་ཀུན་ཀྱང་ཡང་དག་སྦྱར། །ཅེས་པའི་བར་གྱི་ལེའུ་ཉི་ཤུ་བས་རྣལ་འབྱོར་མ་ཐམས་ཅད་ཀྱི་ལག་པའི་བརྡའི་ཆོ་ག་སྟོན་ནོ། །དེ་ནས་གསང་བ་ཆེན་པོ་ཡི། །ནས། ཡང་དག་སྟོན་པར་འགྲོ་བར་འགྱུར། །ཞེས་པའི་བར་གྱི་ལེའུ་ཉེར་གཅིག་པས་རྣལ་འབྱོར་མའི་ཡན་ལག་གི་མཚན་ཉིད་ཀྱི་ཆོ་ག་སྟོན་ནོ། །དེ་ནས་གཞན་ཡང་བཤད་པར་བྱ། ནས། ཡང་དག་བལྟ་བར་འགྲོ་བར་འགྱུར། །ཞེས་པའི་བར་གྱི་ལེའུ་ཉེར་གཉིས་པས་རྣལ་འབྱོར་མའི་ཁྱད་པར་གྱི་ཕྱག་རྒྱའི་མཚན་ཉིད་ཀྱི་ཆོ་ག་སྟོན་ནོ། །དེ་ནས་ཡང་དག་བཤད་པར་བྱ། །ནས། མཁའ་འགྲོ་མ་མཆོག་ཡིན་ཞེས་བྱ། །ཞེས་པའི་བར་གྱི་ལེའུ་ཉེར་གསུམ་པས་མཁའ་འགྲོའི་ཁྱད་པར་གྱི་མཚན་མའི་ཕྱག་རྒྱའི་མཚན་ཉིད་ཀྱི་ཆོ་ག་སྟོན་ནོ། །དེ་ནས་གཞན་ཡང་བརྡ་རྣམས་ནི། །ནས། སྡེ་བཞིའི་མཚན་ཉིད་དོ། །ཞེས་པའི་བར་ཀྱི་ལེའུ་ཉེར་བཞི་བས་རིགས་སམ་སྡེ་བཞིའི་མཚན་ཉིད་ཐམས་ཅད་ཀྱི་བརྡའི་ཚིག་གི་བརྡར་བརྟགས་པའི་ཆོ་ག་སྟོན་ནོ། །དེ་ནས་དོན་ཀུན་འདོད་པ་ཡི། །ནས། བྷི་ལི་བྷི་ལིའི་བར་གྱི་ལེའུ་ཉེར་ལྔ་བས་རྩ་སྔགས་ཀྱི་ངེས་དོན་གསང་བའི་ཆོ་ག་སྟོན་ནོ། །དེ་ནས་གཞན་ཡང་འཇིག་རྟེན་ནི། ནས། གསལ་བྱེད་ཡོན་ཏན་ལྡན་པའི་མི། །ཞེས་པའི་བར་གྱི་ལེའུ་ཉེར་དྲུག་པས་སློབ་མའི་མཚན་ཉིད་དང་སྡོམ་པའི་དམ་ཚིག་བརྒྱད་སྟོན་ནོ། །དེ་ནས་དཔའ་བོ་སྤྱོད་བརྟུལ་ཞུགས། །ནས། སྦྱོར་བས་མོ་རྣམས་མཉེས་པར་འགྱུར། །ཞེས་པའི་བར་གྱི་ལེའུ་ཉེར་བདུན་པས་སྤྱོད་པའི་བརྟུལ་ཞུགས་དང་། མཆོད་པ་དང་གཏོར་མའི་ཆོ་ག་སྟོན་ནོ། །གང་ཡང་ལེགས་མཆོད་རྣམ་དག་དངོས། ནས། དེ་ནི་དོན་ནོར་སྦྱིན་དང་མཚུངས། །ཞེས་པའི་བར་གྱི་ལེའུ་ཉེར་བརྒྱད་པས་ནང་གི་སྦྱིན་སྲེག་དང་། རིགས་གཅིག་པ་དང་ལྡན་པའི་ཆོ་ག་སྟོན་ནོ། །དེ་ནས་གཞན་ཡང་བསྟན་པ་ནི། ནས། དེ་རུ་ང་ནི་རྟག་པར་གནས། །ཞེས་པའི་བར་གྱི་ལེའུ་ཉེར་དགུ་བས་ཕོ་ཉའི་མཚན་ཉིད་དང་། ནུས་པའི་གནས་སྐབས་ཀྱི་ཆོ་ག་སྟོན་ནོ། །དེ་ནས་གཞན་ཡང་བཤད་པར་བྱ། ནས། བཛྲ་ཧཱུྃ་ཧཱུྃ་ཕཊ་ཀྱི་བར་གྱི་ལེའུ་སུམ་ཅུ་པས་རྫ་རྔ་བཅིང་བའི་སྔགས་བཏུ་བ འི་ཆོ་ག་སྟོན་ནོ། །དེ་ནས་ཤ་ཆེན་ཐམས་ཅད་ཀྱི། །ནས། མཁའ་འགྲོ་དྲ་བའི་བདེ་མཆོག་ཡིན། ཞེས་པའི་བར་གྱི་ལེའུ་སོ་གཅིག་པས་བཟའ་བ་དང་སྦྱིན་སྲེག་དང་གཏོར་མའི་བྱ་བ་ལ་འཇུག་པའི་ཚེ་ལག་པའི་བརྡའི་ཆོ་ག་སྟོན་ནོ། །དེ་ནས་གཞན་ཡང་བཤད་པར་བྱ། །ནས། འདོད་པ་ཡི་ནི་དངོས་གྲུབ་འགྱུར། །ཞེས་པའི་བར་གྱི་ལེའུ་སོ་གཉིས་པས་ཕྱུགས་ཀྱི་ཤ་དགུག་པ་དང་རོ་ལངས་སྒྲུབ་པ་དང་། དེ་དག་གི་བསྐྱེད་པའི་རིམ་པའི་ཆོ་ག་སྟོན་ནོ། །དེ་ནས་སྒྲུབ་པོའི་མཆོག་ཀུན་ནི། །ནས། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པའི་བར་གྱི་ལེའུ་སོ་གསུམ་པས་ཕོ་ཉ་མོ་བསྟེན་པའི་གསང་མཆོད་དང་། བཟའ་བཏུང་བསྙེན་བཀུར་གྱི་ཆོ་ག་སྟོན་ནོ། །དེ་ནས་མཁའ་འགྲོ་མ་དྲ་བའི་འཁོར་ལོའི་ཆོ་ག་རྒྱས་པ་སྟེ། ནས། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་པའི་བར་གྱི་ལེའུ་སོ་བཞི་བས་ཕོ་ཉ་མོ་དང་སྦྱོར་བའི་སྒོ་ནས་སྦྱིན་སྲེག་བྱེད་པའི་ཆོ་ག་སྟོན་ནོ། །དེ་ནས་ལས་ཀྱི་མཆོག་རབ་ནི། །ནས། ཞལ་དུ་མཚོན་ཆ་ངེས་པར་སྦྱོར། །ཞེས་པའི་བར་གྱི་ལེའུ་སོ་ལྔ་བས་ཐབས་ཤེས་གཉིས་མེད་ཀྱི་སྦྱོར་བ་དང་། དུས་མིན་འཆི་བ་སོགས་བསླུ་བའི་ཆོ་ག་སྟོན་ནོ། །དེ་ནས་ཕྱག་རྒྱའི་མཆོད་ཆེན་དང་། ནས། ལྷ་མིན་མིར་བཅས་བསྒྲུབ་པར་བྱ། །ཞེས་པའི་བར་གྱི་ལེའུ་སོ་དྲུག་པས་ཕྱག་རྒྱ་ལ་བརྟེན་པའི་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་། ཞི་སོགས་ཀྱི་ལས་སྒྲུབ་པའི་ཆོ་ག་སྟོན་ནོ། །དེ་ནས་གཞན་ཡང་བཤད་པར་བྱ། །ནས། དེ་མཉེས་བྱས་པས་རྙེད་པར་འགྱུར། ཞེས་པའི་བར་གྱི་ལེའུ་སོ་བདུན་པས་ནང་གི་སྦྱིན་སྲེག་སོགས་ཀྱི་ཆོ་ག་སྟོན་ནོ། །དེ་ནས་བརྡ་དང་མཁའ་འགྲོ་མའི། ནས། སྒྲུབ་པ་པོ་དང་ས་སྟེང་རོལ། །ཞེས་པའི་བར་གྱི་ལེའུ་སོ་བརྒྱད་པས་རྣལ་འབྱོར་མ་ལ་བརྟེན་པས་སྤྱོད་པ་སྒྲུབ་པ་དང་། གསང་བའི་ལམ་བསྒྲུབ་པའི་དཔའ་བོའི་གནས་ཀྱི་ཆོ་ག་སྟོན་ནོ། །དེ་ནས་སྒྲུབ་པའི་རྣལ་འབྱོར་ཆེ། །ནས། འཁོར་བར་འཆི་དང་རྒ་བ་མེད། །ཅེས་པའི་བར་གྱི་ལེའུ་སོ་དགུ་བས་མཁའ་འགྲོ་མར་བལྟ་བ་དང་ཧ་ཧ་རྒོད་པའི་ཆོ་ག་སྟོན་ནོ། །དེ་ནི་རབ་ཏུ་བཤད་པར་བྱ། །ནས། ཡིད་འོང་འགྱུར་བར་གདོན་མི་ཟ། །ཞེས་པའི་བར་གྱི་ལེའུ་བཞི་བཅུ་བས་རྒྱལ་རིགས་སོགས་རིགས་ལྔ་དང་། ཕྱག་རྒྱ་རིགས་ལྔ་བོ་དབང་དུ་བྱ་བའི་ཆོ་ག་སྟོན་ནོ། །དེ་ནས་ལས་ཀྱི་རབ་མཆོག་ནི། །ནས། གཡོན་པའི་མཆོད་ལ་རབ་ཏུ་འཇུག །ཅེས་པའི་བར་གྱི་ལེའུ་ཞེ་གཅིག་པས་པཱུ་ཛ་སོགས་ཡི་གེ་ཉེར་བཞིས་མཚོན་པའི་གནས་ཉེར་བཞིར་དཔའ་བོའི་དཀྱིལ་འཁོར་དགོད་པའི་ཆོ་ག་སྟོན་ནོ། །དེ་ནས་དཔའ་བོ་མེ་ཏོག་ཆུ། ནས། གཡོན་པས་ཡོངས་སུ་བརྟག་པ་ཡིན། །ཞེས་པའི་བར་གྱི་ལེའུ་ཞེ་གཉིས་བས་རྒོད་པའི་སྔགས་བརྒྱད་དང་། མཁའ་འགྲོ་མ་རྣམས་ཀྱི་གཟུགས་ཀྱི་སྤྲུལ་བའི་ཆོ་ག་སྟོན་ནོ། །དེ་ནས་སྤྱན་རས་གཟིགས་བཤེད་དེ། ནས། སྨོན་འདེབས་ཕན་འདོགས་ནུས་པ་ཡིན། །ཞེས་པའི་བར་གྱི་ལེའུ་ཞེ་གསུམ་པས་ཉེ་སྙིང་གི་སྒོ་ནས་ལས་སྒྲུབ་པའི་ཆོ་ག་སྟོན་ནོ། །དེ་ནས་ཕོ་ཉ་ལ་བརྟེན་ཏེ། ནས། འགྲུབ་པ་ཉིད་དུ་ཐེ་ཚོམ་མེད། ཅེས་པའི་བར་གྱི་ལེའུ་ཞེ་བཞི་བས་རྣལ་འབྱོར་མ་དྲུག་གི་ཡི་གེ་བདུན་གྱི་ལས་ཀྱི་ཆོ་ག་སྟོན་ནོ། །དེ་ནས་ལས་ཀྱི་མཆོག་རབ་ནི། །ནས། དོན་ཡོད་དབང་དུ་བྱེད་པ་ཡིན། །ཞེས་པའི་བར་གྱི་ལེའུ་ཞེ་ལྔ་བས་རྣལ་འབྱོར་མ་དྲུག་གི་ཚིག་གི་དངོས་གྲུབ་དང་དགུག་པའི་ཆོ་ག་སྟོན་ནོ། །དེ་ནས་ཡི་གེ་ཧ་ལྔ་ནི། ནས། སླར་ཡང་འཚོ་བར་བྱེད་པ་ཡིན། །ཞེས་པའི་བར་གྱི་ལེའུ་ཞེ་དྲུག་པས་ཡི་གེ་ཧ་ལྔའི་ལས་སྒྲུབ་པའི་ཆོ་ག་སྟོན་ནོ། །དེ་ནས་ཡང་དག་བཤད་པར་བྱ། །ནས། ཐམས་ཅད་འགྲུབ་པར་འགྱུར་རོ། །ཞེས་པའི་བར་གྱི་ལེའུ་ཞེ་བདུན་པས་སངས་རྒྱས་མཁའ་འགྲོ་མའི་སྔགས་ཀྱི་ལས་སྒྲུབ་པའི་ཆོ་ག་སྟོན་ནོ། །དེ་ནས་གཞན་ཡང་བཤད་པར་བྱ། །ནས། དངོས་གྲུབ་ཀུན་བྱེད་དགེ་བ་ཡིན། །ཞེས་པའི་བར་གྱི་ལེའུ་ཞེས་བརྒྱད་པས་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱི་གནས་རི་རབ་སོགས་དང་། དེར་བསྒོམ་པའི་ལྷའི་དཀྱིལ་འཁོར་གྱི་ཆོ་ག་སྟོན་ནོ། །དེ་ནས་གཞན་ཡང་བཤད་པར་བྱ། །ནས། འཇིག་རྟེན་གསུམ་ན་ཡོད་མ་ཡིན། །ཞེས་པའི་བར་གྱི་ལེའུ་ཞེ་དགུ་བས་སྐྱེ་བདུན་ལ་བརྟེན་ནས་དངོས་གྲུབ་སྒྲུབ་པ་དང་། རང་གཞན་གྱི་གཟུགས་བརྗེ་བའི་ཆོ་ག་སྟོན་པས་ན་དེའི་ལེའུའོ། །དེ་ནས་སྦྱིན་སྲེག་ཆོ་ག་ནི། །ནས། གསང་བའི་དེ་ཉིད་གསུངས་པ་ཡིན། །ཞེས་པའི་བར་གྱི་ལེའུ་ལྔ་བཅུ་བས་དབང་གི་སྦྱིན་སྲེག་དང་། གཞན་ལ་སོགས་པའི་བརྡ་བཅུས་ས་བཅུ་མཚོན་པའི་ཆོ་ག་སྟོན་པས་ན་དེའི་ལེའུའོ། །དེ་ནས་གཞན་ཡང་བཤད་པར་བྱ། །ནས། དེ་དང་དེ་ལ་དགའ་བ་བཞིན། །ཞེས་པའི་བར་གྱི་ལེའུ་ང་གཅིག་པས་ལེའུ་སྔ་མ་རྣམས་ཀྱིས་བསྟན་པའི་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་གཅིག་ཏུ་བསྡུས་ནས་སྟོན་པས་ན་སྤྱིའི་ལེའུ་ཞེས་བྱའོ། །གསུམ་པ་ལ་གསུམ། །བསྡུས་དོན་གསུམ་དུ་འབྱེད་ཚུལ་དང་། དྲུག་ཏུ་འབྱེད་ཚུལ། ལམ་གྱི་རིམ་པར་བསྒྲིགས་ཚུལ་ལོ། །དང་པོ་ནི། ལེའུ་དང་པོས་མདོར་བསྟན། གཉིས་པ་ནས་ལྔ་བཅུ་བའི་བར་གྱིས་རྒྱས་པར་བཤད། ང་གཅིག་པས་མདོ་བསྟན་རྒྱས་བཤད་གཉིས་གཅིག་ཏུ་བསྡུས་ཏེ་བཤད་པའོ། །གཉིས་པ་ལ་དྲུག །དབང་བསྐུར་བ་དང་དེ་ལ་དེ་ཉིད་བསྟན་པའི་བསྡུས་དོན་སྔགས་བཏུ་བ་དང་དངོས་གྲུབ་སྒྲུབ་པ། དངོས་གྲུབ་གཉིས་ཀ་ཕོ་ཉ་མོའི་དྲིན་ལས་འགྲུབ་པ། དམ་ཚིག་དང་སྤྱོད་པའི་ཁྱད་པར་ཕྱག་ཆེན་ལ་སོགས་པའི་ཕྱག་རྒྱ་བཞི། དངོས་གྲུབ་མྱུར་དུ་འགྲུབ་པའི་མཚན་མ་རྟོག་པའི་བསྡུས་དོན་ནོ། །དང་པོ་ནི། འདི་རྣམས་འཁྲུགས་བསྡེབས་མཛད་ནས་འཆད་པས་ལེའུའི་གོ་རིམ་ཇི་ལྟ་བ་བཞིན་མིན་ཅིང་། དེ་ཡང་རྒྱུད་འགྲེལ་ནས་འབྱུང་བའི་དོན་བསྡུས་ན་ལེའུ་དང་པོ་ལས། གདོད་ནས་གྲུབ་པའི་དུར་ཁྲོད་དུ། །དེར་ནི་དཀྱིལ་འཁོར་བྲི་བར་བྱ། །ཞེས་གསུངས་པའི་དོན་ལེའུ་གཉིས་པ་དང་གསུམ་པས་འཆད་དེ། དེ་ཡང་གཉིས་པས་དཀྱིལ་འཁོར་དང་། མཆོད་པ་དང་། བུམ་པའི་མཚན་ཉིད་དང་། འགོད་ཚུལ་སོགས་བཤད་ཅིང་། གསུམ་པས་དཀྱིལ་འཁོར་དུ་གཞུག་པ་དང་། མེ་ཏོག་འདོར་བ་དང་། མིང་དབང་དང་གསང་དབང་དང་དབང་གསུམ་པ་བསྐུར་ཚུལ་བསྟན་ཏོ། །ལེའུ་སོ་གཉིས་པར། བ་ལང་གནས་དང་སྟེང་ལྡིང་བ། །ལྷག་མ་རྩ་བསྐམ་དེ་ནས་ནི། །ཞེས་པ་དང་། ལེའུ་ང་གཅིག་པར། རི་སྟེང་སྣ་ཚོགས་པདྨ་ཡི། །ལྟེ་བར་ཨཱ་ལི་ཀཱ་ལི་སྐྱེས། །ཞེས་པའི་གཞུང་གཉིས་ཀྱིས་ཀྱང་། །ལེའུའི་དང་པོའི་གསང་བ་མཆོག་གི་དགྱེས་ན། ཞེས་སོགས་ཀྱིས་བསྟན་པའི་ཕྱི་ནང་གི་དཀྱིལ་འཁོར་དང་། གཉིས་པས་བསྟན་པའི་དཀྱིལ་འཁོར་དེ་ཉིད་འཆད་དོ། །དེ་ཡང་ལེའུ་གཉིས་པར། ལྟེ་བར་དགོད་བྱ་དཔའ་བོ་ནི། །ཞེས་སོགས་ཀྱིས་གཙོ་བོ་ཡབ་ཡུམ་སོགས་དཀྱིལ་འཁོར་བའི་ལྷ་རྣམས་དངོས་ཤུགས་ཅི་རིགས་ཀྱིས་བསྟན་ལ། དངོས་གྲུབ་ཐམས་ཅད་རབ་སྟེར་བའི། །དཀྱིལ་འཁོར་འཇིགས་པ་བྲི་བར་བྱ། །ཞེས་སོགས་ཀྱིས་རྟེན་གྱི་དཀྱིལ་འཁོར་འབྲི་ཚུལ་བསྟན་ཏོ། །ལེའུ་བཞི་བས་དཀྱིལ་འཁོར་ལ་འགོད་རྒྱུའི་དཔའ་མོ་ཉེར་བཞི་སོ་སོར་བཤད་ནས། དཔའ་བོ་ཉེར་བཞི་བསྡུས་ཏེ་བསྟན་ལ། དེའི་ཤུགས་ཀྱིས་ལྷ་གཞན་ཡང་མཚོན་ཞིང་། ལྷ་རྣམས་ཀྱིས་མཚན་སྔགས་ཀྱང་བསྟན། ལེའུ་ཉེར་བརྒྱད་པས་དཔའ་བོ་ཉེར་བཞི་དང་ལྷ་མོ་བཞི་དངོས་སུ་བསྟན་ཅིང་། ཉེར་དྲུག་པ་དང་སུམ་ཅུ་བས་སྒོ་མཚམས་མ་བརྒྱད་བསྟན་ལ། མདོར་ན་དེ་རྣམས་ཀྱིས་སྔོན་དུ་དབང་བསྐུར་ནས་རིམ་གཉིས་བསྒོམ་དགོས་པར་སྟོན་ནོ། །གཉིས་པ་ནི། ལེའུ་དང་པོའི། གསང་སྔགས་ཟློས་པའི་བསམ་གཏན་དང་། ཞེས་པའི་དོན་འཆད་པ་ན། ལེའུ་ལྔ་བ་གནས་བརྒྱད་པའི་བར་གྱི་ལེའུ་བཞི་དང་། ཉི་ཤུ་རྩ་ལྔ་བ་དང་། སུམ་ཅུ་པས་ནི་གོ་རིམ་འཆོལ་བའི་བཟླས་པའི་སྔགས་བཏུ་ཚུལ་དང་། ལེའུ་ལྔ་བས་ནི་ཡབ་ཀྱི་རྩ་སྔགས་ཀྱི་གསལ་བྱེད་བཏུ་བ་དང་། བདུན་པས་རྩ་སྔགས་ཀྱི་དབྱངས་བཏུ་བ་དང་། ཉེར་ལྔ་བས་མགོར་ༀ་དང་མཐར་ཧཱུྃ་ཧཱུྃ་ཕཊ་སྦྱར་བའི་རྩ་སྔགས་ཉིད་གསུངས་ལ། ལེའུ་དྲུག་པས་ཡབ་ཀྱི་སྙི ང་བོ་དང་ཉེ་སྙིང་གི་གྲངས་དང་ཡབ་ཀྱི་གོ་ཆའི་སྔགས་བཏུ་བ་བཤད་ཅིང་། བརྒྱད་པས་ནི་ཡབ་ཀྱི་སྙིང་བོ་དང་ཡུམ་གྱི་གོ་ཆའི་སྔགས་བཏུ་བ་བསྟན། སུམ་ཅུ་བས་ཞལ་བཞི་བའི་སྔགས་བཏུ་བ་དང་བཏུས་པ་གཉིས་པ་བསྟན། ལེའུ་དགུ་པར་ཡབ་ཀྱི་རྩ་སྔགས་ཀྱི་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་དང་། བཅུ་བའི་ཕྱོགས་གཅིག་གིས་ཡབ་ཀྱི་སྙིང་བོའི་སྒོ་ནས་སྒྲུབ་པ་དང་། བཅུ་གཅིག་པས་སྐྱེ་བདུན་བརྟག་པ་དང་། དེའི་སྙིང་གའི་རོ་ཙ་ན་བླངས་ཏེ་ཡབ་ཀྱི་སྙིང་བོས་ལས་སྒྲུབ་པ་བསྟན། བཅུ་གཉིས་པས་ཡབ་ཀྱི་ཉེ་སྙིང་གིས་ལས་སྒྲུབ་ཚུལ་དང་། བཅུ་གསུམ་པས་གོ་ཆའི་སྔགས་ཀྱིས་ལས་སྒྲུབ་ཚུལ་དང་། བཅུ་བཞི་བས་ཧེ་རུ་ཀ་བོང་ཞལ་ཅན་གྱི་སྒོ་ནས་སྐྱེ་བདུན་གྱི་སྒྲུབ་པ་བསྟན། ཞེ་གསུམ་པས་ཡབ་ཀྱི་ཉེ་སྙིང་གིས་ལས་སྒྲུབ་པ་དང་། ཞེ་བཞི་བས་ཡབ་ཀྱི་ཉེ་སྙིང་དང་ཡུམ་གྱི་གོ་ཆས་ལས་སྒྲུབ་པ་དང་། ཞེ་ལྔ་བས་དཔའ་མོའི་གོ་ཆས་ལས་སྒྲུབ་པ་དང་། ཞེ་དྲུག་པས་ཧ་ལྔ་ལ་བརྟེན་ནས་ལས་སྒྲུབ་པ་དང་། ཞེ་བདུན་པས་སངས་རྒྱས་མཁའ་འགྲོ་མའི་སྔགས་ཀྱིས་ལས་སྒྲུབ་པ་དང་། ཞེ་བརྒྱད་པས་སངས་རྒྱས་མཁའ་འགྲོའི་སྔགས་དངོས་དང་། རྣལ་འབྱོར་མ་བཞི་དང་དཔའ་བོ་ཉེར་བཞི་བསྒོམ་པ་བསྟན། ཞེ་དགུ་བས་སྐྱེ་བདུན་བརྟག་ཚུལ་རྒྱས་པར་དང་། ལྔ་བཅུ་བས་བཛྲ་བཻ་རོ་ཙ་ནའི་སྔགས་ཀྱིས་ལས་སྒྲུབ་པ་བསྟན་ཏོ། །མདོར་ན་གཞུང་དེ་རྣམས་ཀྱིས་བཟླས་པ་ལ་བརྟེན་ནས་དངོས་གྲུབ་སྒྲུབ་ཚུལ་བསྟན་པ་ཡིན་ནོ། །གསུམ་པ་ནི། ལེའུ་བཅོ་ལྔ་བ་ནས་ཉི་ཤུ་རྩ་བཞི་བའི་བར་གྱིས་ནི། རྩ་རྒྱུད་ཀྱི་ལེའུ་དང་པོའི། ཕོ་ཉ་ལྷན་ཅིག་སྐྱེས་གྲུབ་པ། །ཞེས་སོགས་ཀྱི་དོན་འགྲེལ་བར་མཛད་ཅིང་། དེ་ཡང་མཁའ་འགྲོ་མ་བརྟག་པ་ལ། ཡི་གེ་རེ་རེའི་བརྡས་བརྟག་པ་ནི་བཅོ་ལྔ་བ་དང་། ཡི་གེ་དུ་མ་ཚོགས་པའི་ངག་གི་བརྡ་ནི་ཉེ་བཞི་པས་སྟོན་ཅིང་། ཉི་ཤུ་བས་ལག་པ་གཙོ་བོར་བྱས་པའི་ལུས་ཀྱི་བརྡ་དང་། ཉེར་གཅིག་པ་བལྟ་བའི་ཕྱག་རྒྱའི་ལུས་ཀྱི་བརྡ་དང་། ཉེར་གཉིས་པས་ཡན་ལག་གི་ཁྱད་པར་གྱི་ལུས་ཀྱི་བརྡ་བསྟན་ཏོ། །བཅུ་དྲུག་པས་རིགས་དྲུག་གི་མཚན་ཉིད་དང་། བཅུ་བདུན་པས་མཁའ་འགྲོ་མ་བདུན་ཚན་གཉིས་དང་། བཅོ་བརྒྱད་པས་མཁའ་འགྲོ་མའི་རིགས་ཀྱི་མཚན་ཉིད་དང་དབྱེ་བ། བཅུ་དགུ་བས་ལཱ་མའི་རིགས་ཀྱི་མཚན་ཉིད་དང་དབྱེ་བ་བསྟན་ཏོ། །མདོར་ན་གཞུང་དེ་རྣམས་ཀྱིས་མཁའ་འགྲོ་མའི་ཕྱག་རྒྱ་མ་ཁྱད་པར་ཅན་བརྟེན་ནས་ལམ་བགྲོད་ཚུལ་བསྟོན་ཏེ། མཁའ་འགྲོ་མའི་ཕྱག་རྒྱ་མ་དེ་རྣམས་ལ་བརྟེན་ནས་ལམ་བགྲོད་པ་མྱུར་པ་བདེ་མཆོག་གི་ཁྱད་ཆོས་ཡིན་པར་ཤེས་པའི་འཆེད་དོ། །བཞི་བ་ནི། རྩ་རྒྱུད་ལེའུ་དང་པོའི། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །ཞེས་སོགས་ཀྱི་དོན་འཆད་པ་ན། ལེའུ་ཉེར་དྲུག་པས། ཕོ་ཉ་མོ་མཉེས་བྱེད་བསྲུང་བའི་དམ་ཚིག་བསྟན་ཅིང་། ཉེར་བདུན་པས་དེ་ལ་བརྟེན་ནས་སྤྱོད་པ་བྱ་ཚུལ་དང་། ཉེར་བརྒྱད་དང་ཉེར་དགུ་བ་གཉིས་ཀྱིས་ཀྱང་སྤྱོད་པའི་ནང་ཚན་སྤྲོས་བཅས་ཀྱི་སྤྱོད་པ་བསྟན་ནོ། །ལེའུ་དང་པོའི། །རྣལ་འབྱོར་བ་ཉིད་བསོད་ནམས་མཆོག །དག་བྱེད་སྡིག་པ་འཇིག་བྱེད་པ། །ཞེས་པའི་དོན་འགྲེལ་བར། ལེའུ་སོ་བརྒྱད་པས་སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གཉིས་བསྟན། ལེའུ་དང་པོའི། །སྦྲང་རྩི་མཚལ་དང་ག་བུར་བཅས། །ཞེས་སོགས་ཀྱི་དོན་འཆད་པར། ལེའུ་སོ་གཅིག་སོ་གཉིས་སོགས་གསུམ་པ་གསུམ་གྱིས་སྤྱོད་པ་ལ་མཁོ་བའི་བཟའ་བའི་དམ་ཚིག་བསྟན་ཏེ། དེ་ཡང་སོ་གཅིག་པས་ལག་མཆོད་དང་། སོ་གཉིས་པས་རྫས་ཀྱི་ཁྱད་པར་དང་། སོ་གསུམ་པས་ཁ་ཟས་ཀྱི་ཆོ་ག་བསྟན་པའོ། །ལྔ་པ་ནི། ལེའུ་དང་པོའི། །མཆོད་བཞི་དཔའ་བོ་ཆེན་པོ་ཡི། །ཞེས་གསུངས་པའི་དོན་འཆད་པའི་དབང་དུ་མཛད་ནས། ལེའུ་སོ་བཞི་བ་སོགས་བཞིས་རིམ་བཞིན་དུ་ཕྱག་ཆེན་དང་ཆོས་རྒྱ་དང་ལས་རྒྱ་དབང་དུ་བྱེད་པའི་ཐབས་བསྟན་ཅིང་། དམ་ཚིག་ཕྱག་རྒྱ་ནི་གཙོ་བོ་ཡབ་ཡུམ་སྒོམ་པ་སོགས་ཡིན་ནོ། །དྲུག་པ་ནི། ལེའུ་སོ་དགུ་བ་ནས་བཞི་བཅུ་རྩ་གཉིས་ཀྱི་བར་གྱི་ལེའུ་བཞིས་སྤྱོད་པ་གསུམ་གྱི་འབྲས་བུ་མཆོག་མྱུར་དུ་འགྲུབ་པའི་མཚན་མའམ་རྟགས་བསྟན་ལ། ང་གཅིག་པས་ནི་མངོན་པར་རྟོགས་པའི་རིམ་པ་གཅིག་ཏུ་བསྡུས་ནས་བསྟན་པ་ཡིན་ནོ། །གཉིས་པ་ནི། རྩ་རྒྱུད་ཀྱི་དོན་ཐམས་ཅད་ལམ་གྱི་རིམ་པར་བསྒྲིགས་ན། །དེ་ལྟར་ལེའུ་གཉིས་པ་དང་གསུམ་པ་ནས་འབྱུང་བའི་དབང་གི་སྐོར་རྣམས་བཤད་རྒྱུད་ཀྱིས་ཁ་བསྐང་བའི་སྒོ་ནས་དབང་གི་སྣོད་རུང་དུ་བྱས་པ་ལ། ལེའུ་དང་པོའི། དེ་ནས་དེ་ལས་གསང་ཆེན་བཤད་པར་བྱ། །ཞེས་སོགས་ལྟར་རིམ་གཉིས་འཆད། དེ་ལ་གྲོགས་དམ་ཚིག་དང་ལྡན་པར་བྱས་ཏེ་བསྒོམས་པས་ནུས་པ་རྙེད་པ་ན་ཕོ་ཉ་མོ་ཁྱད་པར་ཅན་ལ་བརྟེན་ནས་ལམ་ལ་བོགས་འབྱིན་པའི་སྤྱོད་པ་གསུམ་གང་རུང་སྤྱད་པ་ལས་མཆོག་ཐུན་གྱི་དངོས་གྲུབ་རྣམ་གཉིས་མྱུར་དུ་ཐོབ་པར་འགྱུར་རོ། །འདིར་རྗེའི་རྒྱུད་ཀྱི་འགྲེལ་བ་ལས། རྩ་རྒྱུད་ཤིན་ཏུ་མི་གསལ་ཤིང་འཁྲུགས་པར་གྱུར་པ་གྲུབ་ཐོབ་ཀྱི་མན་ངག་གི་བཤད་པས། ལམ་ལ་ངེས་པ་བླ་ན་མེད་པ་སྟེར་བ་འདི་ནི་མཁས་པའི་ཡིད་འཕྲོག་པར་སྣང་བས། ཕྱིས་འབྱུང་གི་མཁས་པ་ནཱ་རོ་བའི་བཤད་སྲོལ་ལ་བརྟེན་པ་རྣམས་ཀྱིས་དེ་ཁོ་ན་བཞིན་དུ་བཤད་པར་བྱའོ། །ཞེས་གསུངས་པ་ལྟར་བསྡུས་དོན་བཤད་པ་ཡིན་ནོ། །གསུམ་པ་ནི། འོ་ན་རྩ་རྒྱུད་ཀྱི་དོན་འཆད་པའི་ཚེ། འདུས་པ་ལྟར་མཐའ་དྲུག་དང་ཚུལ་བཞིས་བཤད་དུ་རུང་དམ་མི་རུང་ཞེ་ན། རྒྱུད་འདི་འཆད་པ་ན་འདུས་པའི་རྩ་རྒྱུད་ལྟར་མཐའ་དྲུག་དང་ཚུལ་བཞིའི་བཤད་པ་མི་མང་ཡང་། དེ་དག་གི་སྒོ་ནས་བཤད་དུ་རུང་བའི་གཟུང་འགའ་རེ་སྣང་སྟེ། རྩ་རྒྱུད་ཀྱི་ལེའུ་དང་པོའི། །དེ་ནས་ཞེས་པའི་སྐད་དོད་ཨ་ཐ་ཞེས་ཡོད་པ་ལ་ནཱ་རོ་བས་ཚུལ་བཞིས་བཤད་པ་ལྟར་རྗེས་ཀྱང་དེ་བཞིན་དུ་བཤད་ཅིང་། གསང་བ་སོགས་ལ་དྲང་ངེས་གཉིས་ཀྱིས་བཤད་དེ། །དེ་བཞིན་དུ་དྲང་ངེས་ཀྱི་བཤད་པ་འཇུག་པ་གཞན་འགའ་རེ་སྣང་ངོ་། །སྒྲ་ཇི་བཞིན་པའི་བཤད་པ་དང་། སྤྱི་དོན་གྱི་སྒོ་ནས་བཤད་དུ་རུང་བ་ཡང་མང་ཞིང་། གཞན་ཕལ་ཆེར་ནི་ཡིག་དོན་གྱི་སྒོ་ནས་འཆད་པར་མཛད་དོ། །ཕོ་ཉ་མོ་ལ་བརྟེན་པར་བཤད་པའི་གཞུང་རྣམས་ཀྱིས་སྦས་པའི་དོན་བསྟན་ལ། །ལེའུ་དང་པོ་སོགས་འགའ་ཞིག་གིས་ནི་མཐར་ཐུག་ཀྱང་སྟོན་ཏེ། དེས་མཚོན་ནས་གཞན་ཡང་ཤེས་པར་བྱའོ། །བསྡུས་དོན་སྔར་བཤད་པ་ལྟར་ཤེས་ན་རྒྱུད་ཀྱི་དོན་སྤྱིའི་ལུས་རགས་རིམ་ཙམ་ཁོང་དུ་ཆུད་པར་འགྱུར་བས། རྒྱུད་དོན་ཟབ་མོ་ལ་ཐོས་བསམ་གྱིས་བག་ཆགས་ཁྱད་པར་ཅན་འཇོག་པས་ཕན་ཡོན་ཤིན་ཏུ་ཆེ་བ་ཡིན་ནོ། །གཞན་ཡང་བདེ་མཆོག་གི་རྩ་རྒྱུད་ཀྱི་དོན་ཐམས་ཅད་བསྡུས་ན་དེ་ཉིད་བཅུ་བཞིར་འདུ་བར་བཤད་ཅིང་། བཅུ་བཞི་ནི་ལེའུ་ང་གཅིག་པ་ལས། གོས་དང་ཕྱག་རྒྱ་ལྔ་ལ་སོགས། །ཤེས་རབ་ཡན་ལག་ཕུར་བུ་གུར། ཨཱ་ལི་ཀཱ་ལི་ཞེས་བརྗོད་ནས། །རྒྱུ་སོགས་སྟོང་བ་སྔོན་འགྲོ་བ། །འཇུག་པ་སྒྲ་ལ་སོགས་པ་ནས། །ཇི་སྲིད་བསྡུས་པའི་སྦྱོར་ལྡན་པ། །བདུད་རྩི་ཚིམ་བྱེད་མྱང་ངན་འདས། །ལག་པའི་མཆོད་པས་དབང་བསྐུར་བ། །གོ་ཆ་ཆེན་པོས་ཡང་དག་བསྲུང་། །སྔགས་རྣམས་ཀུན་གྱིས་མཆོད་པར་བྱ། །དེ་ལྟར་དེ་ཉིད་བཅུ་བཞི་ནི། །མདོར་བསྡུས་ནས་ནི་བཤད་པ་ཡིན། །ཞེས་གསུངས་པ་ལྟར་གོས་སམ་གནས་དང་བཅས་པའི་ཕྱག་རྒྱའི་དེ་ཉིད། ཤེས་རབ་ཡན་ལག་གི །ཕུར་གུར་གྱི། ཨཱ་ལི་དང་ཀཱ་ལིའི། །རྒྱུ་སོགས་སྟོང་བའི། འཇུག་པ་སྒྲའི། བསྡུས་སྦྱོར་གྱི། བདུད་རྩིས་ཚིམ་བྱེད་ཀྱི། མྱང་འདས་ཀྱི། ལག་མཆོད་ཀྱི། དབང་བསྐུར་བའི། གོ་ཆའི། སྔགས་མཆོད་ཀྱི་དེ་ཉིད་དོ། །སྨྲས་པ། རྒྱུད་ཀྱི་མཐར་ཐུག་བདེ་མཆོག་གི །རྩ་རྒྱུད་འཆད་པའི་བསྡུས་དོན་ཞིག །དམ་པའི་མན་ངག་ལ་བརྟེན་ནས། །གོ་སླའི་ངག་གིས་གསལ་བར་བཤད། ཅེས་པ་འདི་ཡང་ཅོ་ནེའི་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་སྦྱར་བ་སྟེ་དད་དང་རྣམ་དཔྱོད་ལྡན་པའི་གུར་བའི་དགེ་སློང་བརྩོན་འགྲུས་དཔལ་འབྱོར་ཞེས་བགྱི་བས་རྒྱུད་གྲྭར་སྔགས་རམ་པའི་མཚན་གདགས་མཛད་པའི་སྐབས་འདུས་པའི་རྒྱུད་ཀྱི་བཤད་ཐབས་དང་ལྷན་ཅིག་པར་དུ་བསྒྲུབ་པའི་ཚེ། ཡི་གེ་བ་ནི་གནས་བརྟན་བློ་བཟང་རབ་བརྟན་ནོ། །མངྒ་ལཾ།། །། |