མཆོག་དངོས་གྲུབ་པ་འབའ་རོམ་བཀའ་བརྒྱུད་ཀྱི་མགུར་མཚོའི་ཁོག་དབུབ་ལེགས་བཤད་ཞི་བའི་སྒྲ་དབྱངས་ཀུན་ཁྱབ་ལྷ་ཡི་རྔ་བོ་ཆེ།
མཆོག་དངོས་གྲུབ་པ་འབའ་རོམ་བཀའ་བརྒྱུད་ཀྱི་མགུར་མཚོའི་ཁོག་དབུབ་ལེགས་བཤད་ཞི་བའི་སྒྲ་དབྱངས་ཀུན་ཁྱབ་ལྷ་ཡི་རྔ་བོ་ཆེ་ཞེས་བྱ་བ་བཞུགས་སོ།
ཨེ་མ་ཧོ། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང༌། སོགས་ནས། གད་རྒྱང་བཞད་མཛད་འབའ་རོམ་བཀའ་བརྒྱུད་བསྟོད། དེའང་སྒྲོན་མེའི་བསྐལ་པ་བཟང་པོའི་འཇིག་རྟེན་གྱི་ཁམས་འདིར་མཉམ་མེད་ཤཱཀྱའི་རྒྱལ་པོའི་བསྟན་པ་གང་ཇི་སྙེད་ཅིག་བཞུགས་པ་ཀུན་གྱི་སྙིང་པོར་གྱུར་ཅིང༌། ཁྱད་པར་ཟབ་གསང་རྡོ་རྗེ་ཐེག་པའི་རྒྱུད་རྣམས་ཀུན་གྱི་རྒྱལ་པོ། རིམ་དགུའི་ཐེག་པ་ཡོངས་ཀྱི་རྩེ་མོ་བྱང་ཆུབ་བླ་ན་མེད་པར་འཇུག་པའི་ཉེ་ལམ་དུ་གྱུར་པའི་ཕྱི་བཤད་རྒྱུད་ཀྱི་ཐེག་པ། ནང་མན་ངག་གནད་ཀྱི་གདམས་པ་ཟབ་ལམ་ནཱ་རོའི་ཆོས་དྲུག་བཀའ་བཞི་དོན་གྱི་བརྒྱུད་པ་སོགས་འཕགས་ཡུལ་གྲུབ་པའི་ཐུགས་མཛོད་དུ་བཞུགས་པ། སྔོན་ཆད་གངས་ཅན་གྱི་ལྗོངས་འདིར་འབྱོན་དུ་མ་བཏུབ་ཅིང༌། རྒྱ་གར་འཕགས་པའི་ཡུལ་དུའང་ཁྱབ་བརྡལ་དུ་མ་གྲགས་པའི་སྙིང་པོ་དོན་གྱི་བསྟན་པ་རིན་པོ་ཆེ་མཚུངས་པའི་ཟླ་ཐམས་ཅད་དང་བྲལ་བ་འདི་ཉིད། དགྱེས་མཛད་དངོས་བྱོན་མངའ་བདག་ལོ་ཙཱ་བ་ཆེན་པོས་བསིལ་ལྡན་གྲུབ་པའི་ལྗོངས་འདིར་ཤིང་རྟའི་ལམ་སྲོལ་ཆེན་པོ་གསར་དུ་ཕྱེས་ནས། ཐོག་མར་བསྟན་པ་དབུ་བརྙེས་པ་ལ་མངའ་བདག་མར་པའི་བཀའ་བརྒྱུད་དུ་གྲགས། དེ་ཡི་ཐུགས་སྲས་ཡོངས་ཀྱི་གཙོ་བོ་ཐེག་མཆོག་གྲུབ་པའི་དབང་ཕྱུག་རྗེ་བཙུན་བཞད་པ་རྡོ་རྗེ་ཞེས་ས་གསུམ་འགྲོ་བའི་བླ་མ་ཆེན་པོ་རུ་བྱོན་ཅིང༌། དེ་ཡི་བསྟན་པའི་དཔལ་འཛིན་པ་ལ་འགྲན་པའི་ཟླ་མ་མཆིས་ཤིང་རྒྱལ་བས་མདོ་སྡེ་དུ་མ་ནས་ལུང་གི་བསྔགས་པའི་རྒྱལ་བ་གཉིས་པ་དྭགས་སྒོམ་ཟླ་འོད་གཞོན་ནུ་ཞེས་བསྐལ་བཟང་རྣམ་འདྲེན་བཞི་པ་ཉིད་སླར་ཡང་འཇིག་རྟེན་དུ་བྱོན་པ་ལྟ་བུའི་རྣམ་ཐར་དང་ཕྲིན་ལས་ཀྱི་མཛད་པས་སྒྲུབ་བརྒྱུད་རྒྱལ་བསྟན་རིན་པོ་ཆེ་སྲིད་དང་ཞི་བའི་ཁྱོན་ཀུན་ཁྱབ་བརྡལ་དུ་མཛད་པ་ལ་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཞེས་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཡོངས་སུ་གླེང་ཞིང༌། དེ་ཡི་འཁོར་དུ་གྲུབ་ཐོབ་ཁམས་པ་མི་གསུམ་སོགས་ཁམས་དབུས་གཙང་གསུམ་ནས་སྐལ་ལྡན་གྱི་སློབ་ཚོགས་རྒྱ་མཚོ་ལྟ་བུའི་ཉེ་བར་བསྟན་པའི་དབུས་ན་ཉམས་རྟོགས་ཀྱི་ཡོན་ཏན་ཀུན་ལས་མངོན་པར་མཐོ་ཞིང༌། གྲུབ་པའི་འཁོར་ལོས་བསྒྱུར་བ་ཆེན་པོ་རྒྱལ་བ་འབའ་རོམ་དར་མ་དབང་ཕྱུག་ཅེས་བྱ་བ་བྱོན་ཅིང༌། འདི་བརྒྱུད་འཛིན་གྱི་གཙོ་བོ་འགྲོ་མགོན་ཏི་ཤྲཱི་རས་ཆེན་ནས་བཟུང་འདྲེན་མཆོག་དམ་པ་འཇིགས་མེད་ཆོས་ཀྱི་སེངྒེའི་བར་དུ། འམ་ད་ལྟའི་བླ་བརྒྱུད་གང་རུང་གི་མཚན་ནས་སྨོས། བརྒྱུད་པ་གསེར་གྱི་ཕྲེང་བ་ཟམ་མ་ཆད་པར་བྱོན་པ་ལ་འབའ་རོམ་བཀའ་བརྒྱུད་དུ་གྲགས་པའི་དབྱངས་ཀྱི་རྔ་བོ་ཆེས་ཞིང་རྣམས་ཀུན་ཏུ་རྒྱུ་ཞིང༌། དེ་ལྟ་བུའི་སྔོན་བྱོན་གྲུབ་པའི་དབང་པོ་དེ་རྣམས་ཀྱིས་གནས་སྣང་འཁོར་བའི་རྫུན་པོ་ཆེའི་ཕུག་རྡེབ་སྟེ། ཕྱི་རྙེད་བཀུར་གྱི་འདུ་འཛི། ནང་གཉེན་འདུན་གྱི་འཛིན་པ། ཆོས་བརྒྱད་ཚེ་འདིར་ཞེན་པ་རང་ལོག་ཏུ་བོར་ནས། བརྒལ་དཀའ་སྲིད་པའི་ཁྲི་མུན་ལས་རིང་དུ་བྲོས་ཏེ། གནས་གཡའ་ཁྲོད་དང༌། གངས་ལྗོངས། མཚོ་གླིང་དང༌། བྲག་སྐྱིབས་སོགས། ངེས་མེད་བས་མཐའི་ནགས་སུ། ལུས་འགྲོ་འཆག་ལས་དབེན་པ་སྤང་གི་བེ་ཕུར་ལྟ་བུ། ངག་སྨྲ་བརྗོད་ལས་དབེན་པ་པི་ཝང་གི་སྒྲེང་ཐག་ཆད་པ་ལྟ་བུ། སེམས་རྣམ་རྟོག་གི་བྱུང་ཚུལ་ལས་དབེན་པ་ལས་ཟིན་གྱི་སྐྱེས་བུ་བཞིན་དུ་དབེན་པ་གསུམ་གྱི་མཚམས་པོ་ཆེ་ལེགས་པར་སྤྱད་ནས། དུས་གསུམ་རྒྱལ་བ་ཐམས་ཅད་གང་ནས་གཤེགས་པའི་ལམ་པོ་ཆེའི་རྗེས་སུ་བསྙེགས་ཏེ། བྱིན་རླབས་དོན་གྱི་རྒྱུད་པ་གདམས་པ་སངས་རྒྱས་ལག་བཅང་དུ་ངོས་སྤྲད་པ་སྙིང་ལ་བརྣགས་ཏེ་རྩེ་གཅིག་སྒྲུབ་པའི་དམ་བཅའ་སྙིང་པོར་བཞེས་ནས། སྐུ་ཚེ་དེ་ཉིད་དུ་ཐེག་པ་མཆོག་གི་གསང་བ་བླ་ན་མེད་པར་གྲུབ་པ་ལ་རྩོད་པ་མེད་ཅིང་ཡུལ་སྣང་འཁྲུལ་པའི་འཁོར་ལོ་ཞེན་མེད་ཆོས་དབྱིངས་སུ་དག་ནས་སེམས་བྱུང་རྟོག་ཚོགས་ཀྱི་འཇུག་པ་དག་པ་ཡེ་ཤེས་ཆེན་པོར་གྲོལ་བས། རྩོལ་མེད་ཀྱི་བྱིན་རླབས་སྣོད་བཅུད་ཀུན་ལ་འཇུག་པར་ནུས་པའི་མཐུ་ཐོབ་སྟེ། རང་སྣང་དབང་དུ་འདུས་པས་གཞན་སྣང་ཟིལ་གྱིས་གནོན་པའི་སྤྱོད་པ། སྐུ་རྫུ་འཕྲུལ་ཡ་མ་ཟུང་སྟོན་པ་དང༌། ངག་མགྲིན་པའི་རྩ་མདུད་རང་སར་གྲོལ་བས་རྡོ་རྗེའི་གླུ་མཛོད་བརྡོལ། སྣང་བ་ཐམས་ཅད་བརྡ་དང་དཔེ་རུ་མཐོང་བས་གང་ཤར་དབྱངས་སུ་ལེན། བརྗོད་བྱེད་ཚིག་གི་མཐའ་ཀུན་རྟོགས་པས་དེ་བཞིན་གཤེགས་པའི་གསུང་རབས་མ་ལུས་པ་འཆད་པ་དང་རྩོམ་པས་གསུང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་རང་དབང་ཐོབ་ཅིང༌། ཐུགས་ཟག་བཅས་མཚན་མའི་སྤྲོས་པ་ལས་ཡོངས་སུ་གྲོལ་ནས་མ་བསླབ་པར་དགོངས་པའི་ཤེས་རབ་ཀློང་ནས་བརྡོལ། མངོན་པར་ཤེས་པ་ལ་ཐོགས་པ་མེད་པས་ཁམས་དབང་བསམ་པའི་བྱེ་བྲག་ཇི་ལྟ་བ་བཞིན་རིས་དང་ཕྱོགས་ལྷུང་མེད་པར་སྙིང་རྗེའི་གཞན་དབང་དུ་སོང་བས་བསམ་བཞིན་སྲིད་པའི་གནས་སུ་གདུལ་བྱ་བློ་གྲོས་དག་པའི་ཡིད་མཚོར་བསྐལ་པ་དང་འཚམ་པའི་སྤྲུལ་པ་ཚད་མེད་པར་སྣང་ཞིང༌། སྲིད་པ་དང་ཞི་བའི་མྱ་ངན་གྱི་ཐང་དུ་འཁྱམས་པ་མཐའ་དག་དབུགས་འབྱིན་པ་གཡར་གྱིས་བཞེས་པ་བདག་གིར་མཛད་པའི་སྐྱེས་བུ་བགྲང་ལས་འདས་པ་སྔར་ཡང་བྱོན། ཕྱིས་ཀྱང་ཇི་སྲིད་རྒྱལ་བའི་བསྟན་པ་ནམ་གནས་ཀྱི་བར་དུ་འབྱོན་པར་འགྱུར་བ་ལས། ད་ལན་བཀའ་བརྒྱུད་ཆེ་བཞིའི་ཡ་གྱལ་དུ་གྱུར་པའི་རྒྱལ་བ་འབའ་རོམ་པའི་དོན་བརྒྱུད་རྟོགས་པའི་འདྲ་འབག་དོ་ཧ་རྡོ་རྗེའི་མགུར་ལེན་པ་ལ། ཐོག་མར་མགུར་གྱི་མཚན་ཉིད་དང་བྱུང་ཚུལ། བར་དུ་མགུར་ལེན་པའི་དུས་དང་དགོས་པ། ཐ་མ་མགུར་ཇི་ལྟར་བླང་པའི་ཚུལ་དང་ལྔ་ལས། །དང་པོ་མགུར་གྱི་མཚན་ཉིད་ནི། ལེན་པ་པོའི་ངག་གི་རིག་བྱེད་ཀྱི་བརྡ་ལས་བྱུང་བ། ཉན་པ་པོས་སྣང་བ་གཞན་དུ་བསྒྱུར་ཞིང༌། རྒྱུད་དགེ་བ་ལ་བསྐུལ་བའི་མཚན་ཉིད་དུ་བཤད་དོ། །གཉིས་པ་མགུར་ལེན་པའི་ཁུངས་ནི། ཧེ་རུ་ཀ་འདུས་པ་ལས། གླུ་དང་གར་གྱི་སྤྱོད་པ་ཀུན། རྒྱལ་བའི་མཛད་པར་རབ་ཏུ་དེས། ཞེས་གསུངས་པ་བཞིན། རྒྱལ་བ་མ་ལུས་པའི་ཁྱབ་བདག་གསང་བ་བླ་ན་མེད་པའི་སྟོན་པ་རྡོ་རྗེ་འཆང་ཆེན་པོ་ཉིད་ཤེས་རབ་རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་དུ་ཟུང་འཇུག་བདེ་བ་ཆེན་པོའི་སྐུར་བཞེངས་ནས། ཧེ་རུ་ཀ་བརྟུལ་ཞུགས་གྲུབ་པའི་ཚོགས་ལ་དོན་དམ་མི་ཤིགས་རྡོ་རྗེའི་སྒྲ་དབྱངས་དུས་བཞི་མཉམ་པ་ཉིད་དུ་གསུངས་ཤིང༌། རིགས་གསུམ་གདུལ་བྱའི་ཞིང་དུ་འདུལ་བྱེད་སྟོན་པ་བཅོམ་ལྡན་འདས་ཀྱིས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་དག་ཀྱང་གསུང་ཚངས་པའི་དབྱངས་ཀྱིས་བསྙད་པ་དང༌། དམ་པའི་ཆོས་འདུལ་བ་ལས་ཀྱང་དེ་བཞིན་གཤེགས་པ་ལ་བསྟོད་པའི་ཚིགས་སུ་བཅད་པ་དབྱངས་ཀྱིས་བརྗོད་པར་བྱའོ། །ཞེས་དང༌། མདོ་སྡེའི་སྡེ་སྣོད་རྣམས་ལས་ཀྱང༌། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་གྱི་ཡོན་ཏན་བརྗོད་པ་དང༌། དམ་པའི་ཆོས་སྟོན་པ་ན་ཚིག་ལྔའམ་དྲུག་གི་རྗེས་སུ་སྐྱེས་པའི་དབྱངས་ཀྱིས་འདོན་པར་བྱའོ། །ཞེས་གསུངས་ཤིང༌། ཁྱད་པར་ཟབ་མོ་རྡོ་རྗེ་ཐེག་པའི་རྒྱུད་རྣམས་ཀུན་གྱི་ཡང་རྩེ་རྣལ་འབྱོར་མ་བདེ་བ་མཆོག་གི་རྒྱུད་ལས། རྣལ་འབྱོར་པ་ཡི་མི་ཤིགས་སྒྲ། ཡང་དག་ཉིད་དུ་བརྗོད་པར་བྱ། ཞེས་དང༌། རྡོ་རྗེ་རྣལ་འབྱོར་མའི་རྒྱུད་ལས། དེ་ཚེ་ཉམས་ཀྱི་གླུ་ཡང་བླངས། ཞེས་གསུང་པ་སོགས་མཐའ་ཡས་ལ། གཞན་ཡང་དཔའ་བོ་དང་མཁའ་འགྲོ་མ་དགྱེས་པ་བསྐྱེད་པ་ཧེ་རུ་ཀ་རང་བྱུང་གི་གླུ། རྟོགས་པའི་ཡེ་ཤེས་མངོན་སུམ་སྟོན་པ་གྲུབ་ཐོབ་རྣམས་ཀྱི་དོ་ཧ། མོས་གུས་དང་སྙིང་རྗེ་རྩོལ་མེད་དུ་སྐྱེས་ཚེ་བླ་མའི་ཐུགས་རྒྱུད་བསྐུལ་བ་བླ་མ་རྒྱང་འབོད་ཀྱི་གླུ། ཉམས་མྱོང་རྒྱུད་ཐོག་ཏུ་ཁེལ་ནས་གང་ཤར་ལྷུག་པར་སྨྲ་བ་རྣལ་འབྱོར་པའི་ཉམས་གླུ། ཉམས་རྟོགས་ཀྱི་རྩལ་འབྱོངས་པའི་ཚེ་རྟོགས་པའི་སྐྱིད་གླུ། གང་ལ་ཡང་འཇིགས་པ་མེད་པའི་ཉམས་ཤར་བའི་ཚེ་སྣང་བ་ཟིལ་གནོན་གྱི་གླུ། འགྱོད་མེད་དུ་དགེ་སྦྱོར་གྲུབ་ནས་བློ་བདེ་གུ་ཡངས་ཀྱི་གླུ། ཐམས་ཅད་མཉམ་ཉིད་དུ་རྟོགས་པ་འཁོར་འདས་རོ་མཉམ་གྱི་གླུ་སོགས་མཐའ་ཡས་པའོ། །གསུམ་པ་མགུར་ལེན་པའི་དུས་ནི། དུས་གསུམ་རྒྱལ་བ་མཆོད་པ་བས། བླ་མ་མཆོད་པ་ཡོན་ཏན་ཆེ། ཞེས་པ་ལྟར། དེ་ལྟ་བུ་མཆོད་པའི་ཐབས་ལའང༌། འདི་ཉིད་གཙོ་བོར་བསྔགས་པས་ན་བརྒྱུད་པའི་བླ་མ་རྣམས་ཀྱི་དུས་ཆེན་དང༌། གཞན་ཡང་རྒྱལ་བའི་དུས་ཆེན་བཞི་དང༌། སྣོད་བཅུད་བྱིན་གྱིས་བརླབས་པ། དམ་ཚིག་གི་འདུ་བ་ལ་སྤྱོད་པ། ཉམས་གྱི་བོགས་ཆེན་འབྱིན་པ། རྟོགས་པའི་སྐྱེད་བསྲིངས་བ། དཀྱིལ་འཁོར་ཆེན་པོ་བསྒྲུབ་ཅིང་བདག་ཉིད་འཇུག་པའི་ལས་མཐའ་རྒྱས་སུ་བྱེད་པའི་དུས་སུ་ལེན་པའོ། །བཞི་པ་མགུར་ལེན་པའི་དགོས་པ་ནི། དེ་ཡང་བླ་མ་དྲན་པས་འཆི་བ་ཟློག །གསོལ་བ་བཏབ་པས་རྐྱེན་ལས་ཐར། ཞེས་སོགས་གསུངས་པ་ལྟར། གནས་སྐབས་སུ་ནད་གདོན་འགལ་རྐྱེན་སོགས་ཞི་ཞིང་ཚེ་རིང་བ་དང༌། འབད་པ་མེད་པར་འདོད་དགུ་ལྷུན་གྱིས་གྲུབ་ཅིང༌། ཐུན་མོང་གི་དངོས་གྲུབ་ཆེན་པོ་བརྒྱད་འཐོབ་པ་དང༌། ཁྱད་པར་དུའང་སྐལ་པ་མཆོག་དང་ལྡན་པའི་གང་ཟག་རྣམས་ལམ་སྒྲུབ་པ་ལ་མི་ལྟོས་པར་སྟན་ཐོག་འདི་ཉིད་ལ་གྲོལ་བ་ཐོབ་ཅིང༌། འབྲིང་རྣམས་ཀྱང་ལམ་གྱི་བདུད་ལས་རྒྱལ་ཞིང༌། ཉམས་ཀྱི་ཤུབ་ནས་དོན། ལྟ་བའི་གཟེབ་ལས་གྲོལ་ཏེ། ལམ་གོང་མ་གོང་མའི་ཡོན་ཏན་འབད་མེད་དུ་རྫོགས་ནས་ཆོས་ཉིད་གནས་ལུགས་ཀྱི་དོན་རྟོགས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཚེ་དེ་ཉིད་ལ་མངོན་དུ་བྱེད་ཅིང༌། ཤིན་ཏུ་སྐལ་པ་དམན་པ་ཐ་ཤལ་བ་དག་ཀྱང་རེ་ཞིག་ཐ་མལ་གྱི་རྟོག་པ་རྒྱུན་གཅོད། སྒྲུབ་བརྒྱུད་རིན་པོ་ཆེའི་རྣམ་ཐར་ལ་མི་ཕྱེད་པའི་དད་པས་རྗེས་སུ་འཇུག་པ་དང༌། གཞན་ཡང་སེམས་ཅན་གང་གི་རྣ་བར་ལན་གཅིག་བསྒྲགས་པས་འཁོར་བའི་རྒྱུན་གཅོད། དད་པའི་རྐྱེན་བྱེད། ཐར་པའི་ས་བོན་བསྐྲུན་པ་སོགས་དགོས་པ་མཐའ་ཡས་སོ། །ལྔ་པ་མགུར་ཇི་ལྟར་བླང་བའི་ཚུལ་ནི། མདོ་ལས། གང་གི་སངས་རྒྱས་ཡིད་བྱེད་པ། དེ་ཡི་མདུན་ན་ཐུབ་དབང་བཞུགས། ཞེས་གསུངས་པ་བཞིན། རྩ་བ་དང་བརྒྱུད་པའི་བླ་མ་མངོན་སུམ་དུ་བཞུགས་པར་མོས་པའི་སྤྱན་སྔར་དད་གསུམ་མོས་གུས་དྲག་པོས་རྒྱུད་བསྐུལ། བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གིས་ཀུན་ནས་བསླངས་ཏེ། སྣང་སྲིད་ཐམས་ཅད་བླ་མའི་གསང་གསུམ་དུ་ངེས་པས། བླ་མ་རང་སེམས་དབྱེར་མེད་དུ་ཐག་བཅད་དེ། གནས་ལུགས་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་ལས་མ་གཡོས་པར་ལུས་ངག་ཡིད་གསུམ་གནད་རྣམ་པ་གསུམ་དུ་དྲིལ་ནས། རང་རྒྱུད་དུ་སྤྲོ་བ་བསྐྱེད་པ། གཞན་རྒྱུད་ལ་དྭངས་བ་འདྲེན་པ། འབྲེལ་ཚད་བློ་ཁ་ཆོས་སུ་བསྒྱུར་ནུས་པར་ངག་གི་ལམ་ནས་ལྷག་ཆད་མེད་པར་སྒྲུབ་བརྒྱུད་གོང་མའི་ཕྱག་བཞེས་ཇི་ལྟ་བ་བཞིན་དབྱངས་སྙན་པོས་གདོན་པར་བྱ་བ་ལས། ཐོག་མར་བརྒྱུད་པའི་གསོལ་འདེབས་སོགས། ཞེས་པ་དང༌། དེ་ཙམ་མི་ལྕོགས་ན། དེ་ཡང་ཐེག་མཆོག་གྲུབ་པའི་རྒྱལ་པོ་གསང་བ་བླ་ན་མེད་པའི་དཀྱིལ་འཁོར་དུ་སྒོ་གསུམ་སྨིན་པར་བྱས་ནས། ཨེ་ཝཾ་ཟུང་དུ་འཇུག་པའི་འཕོ་མེད་ཡེ་ཤེས་ཆེན་པོའི་སྡོམ་པ་མངོན་དུ་མཛད་དེ། ཐབས་མཆོག་རྟོགས་པའི་རྡོ་རྗེ་སྟོང་ཆེན་དོན་གྱི་དགའ་མར་རྟག་ཏུ་རོལ་ཞིང༌། དུག་ལྔ་ཡེ་ཤེས་ཆེན་པོའི་ལམ་དུ་བྱས་ནས། སྤང་བླང་བྲལ་ཐོབ་ཀྱི་མཚན་མ་རང་སར་ཞི་ཞིང༌། འཁྲུལ་སྣང་དང་འཁྲུལ་འཛིན་གཉིས་ཀ་དབྱིངས་ཡེ་གཉིས་མེད་དུ་གྲོལ་ཏེ། ཁ་སྦྱོར་ཡན་ལག་བདུན་ལྡན་ཟུང་འཇུག་དྲུག་པའི་དབང་ཕྱུག་ཁྱབ་པ་དང་རྟག་པའི་བདག་ཉིད་ཅན་དེ་མངོན་དུ་བརྙེས་ནས། སེམས་ཅན་འཁོར་བ་ནས་འཁོར་བར་འཁྱམས་ཞིང་སྡུག་བསྔལ་ནས་སྡུག་བསྔལ་དུ་བརྒྱུད་པ་རྣམས་ལ་ཐུགས་རྗེའི་འཇུག་པ་དུས་ལས་མི་ཡོལ་བར། ཐུགས་གསུང་སྐུ་ཡི་སྤྱོད་པ་འབྱམས་ཀླས་པར་སྟོན་པ་ནི་སུ་ཞིག་གིས་བཤད་པ་མི་སྤོབས་ཀྱང༌། སྐབས་འདིར་རྣལ་འབྱོར་གྱི་དབང་ཕྱུག་དེ་རྣམས་ཀྱིས་གནས་ལུགས་རྟོགས་པའི་མགུར། སྣང་བ་བརྡར་ཤར་བའི་མགུར། མི་རྟག་གཞན་བསྐུལ་གྱི་མགུར་སོགས་ཅི་རིགས་པར་བཞུགས་པ་ལས་ལྷག་ཆད་ནོར་འཁྲུལ་མེད་པར་གདོན་པ་ལ། ཐོག་མར་བརྒྱུད་པའི་གསོལ་འདེབས་མན་ངག་སོགས། གཞུང་ལྟར་རོ། །ཅེས་པ་འདིའང་ཁྱབ་བདག་དཔལ་ལྡན་བླ་མ་བཀའ་བརྒྱུད་བཀྲ་ཤིས་ནས་བཀའ་ཡི་ཕེབས་ཚོགས་སྤྱི་བོར་བླངས་ནས། ༧སྤྲུལ་མིང་ཀརྨ་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཕྲིན་ལས་ཀུན་ཏུ་ཁྱབ་པའི་སྡེས་སྤྱི་འབྱམས་ཐུབ་བསྟན་དར་རྒྱས་གླིང་གི་ཡངས་དབེན་རིག་འཛིན་གྲུབ་པའི་སྨན་ལྗོངས་སྒྲུབ་ཁང་བསམ་ཏན་ཆོས་གླིང་དུ་བྲིས་པ་སརྦ་མངྒ་ལཾ།། །།ཐེང་བཅུ་གཅིག་ཞུས་སོ། །