Nitartha Digital Library
Tibetan
 
no previousདབུ་མ་རྩ་བ་ཤེས་རབ་ཀྱི་རྣམ་བཤད་རིག་པའི་རྒྱ་མཚོར་འཇུག་པའི་གྲུ་གཟིངས།next

དབུ་མ་རྩ་བ་ཤེས་རབ་ཀྱི་རྣམ་བཤད་རིག་པའི་རྒྱ་མཚོར་འཇུག་པའི་གྲུ་གཟིངས།

དབུ་མ་རྩ་བ་ཤེས་རབ་ཀྱི་རྣམ་བཤད་རིག་པའི་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ཞེས་བྱ་བ་བཞུགས།

དབུ་མ་རྩ་བ་ཤེས་རབ་ཀྱི་རྣམ་བཤད་རིག་པའི་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ཞེས་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་དང་རྗེ་བཙུན་ཙོང་ཁ་པ་ཆེན་པོ་དབྱེར་མི་ཕྱེད་པའི་ཞབས་ལ་གུས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བས་རྗེས་སུ་བཟུང་ནས་ཟབ་དོན་རྫོགས་པར་རྟོགས་པའི་བློའི་མཆོག་སྦྱིན་མཛད་དུ་གསོལ་ལོ། །ཚོགས་གཉིས་སྟོབས་བཅུའི་ལུས་རྩལ་རབ་རྫོགས་ཤིང་། །གཟུངས་སྤོབས་ཏིང་འཛིན་མི་འཇིགས་མཆེ་སྡེར་འབར། །སོ་སོ་ཡང་དག་རིག་བཞིའི་གཡུ་རལ་ཅན། །སྨྲ་བའི་སེངྒེ་ཐུབ་དབང་དེ་ལ་འདུད། །རབ་འབྱམས་རྒྱལ་བ་ཀུན་གྱི་མདུན་ས་ཆེར། །ཟབ་དོན་སྒྲོགས་ལ་འགྲན་ཟླ་མ་མཆིས་པས། །འཁྱེན་པའི་གཏེར་ཆེན་སྨྲ་བའི་དབང་ཕྱུག་ཞེས། །ཡོངས་སུ་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །རྒྱལ་བ་ཉིད་གྱིས་ཟབ་མོའི་དོན་འགྲེལ་པར། །ལུང་བསྟན་ཇི་བཞིན་ཤིང་རྟའི་སྲོལ་ཕྱེ་ནས། །ཐུབ་བསྟན་གསལ་མཛད་ཀླུ་སྒྲུབ་ལྷ་ཟླ་བ། །རྒྱལ་བ་གཉིས་པ་ཡབ་སྲས་བཅས་ལ་འདུད། །རྗེ་བཙུན་བླ་མའི་གསུང་རབ་རྒྱ་མཚོ་ནས། །ལྷུན་པོ་མཆོག་ལྟར་མངོན་པར་འཕགས་གྱུར་པ། །ཊཱིཀ་ཆེན་རིགས་པའི་རྒྱ་མཚོའི་དགོངས་ཟབ་གནད། །རྣམ་དཔྱོད་དད་པས་མདོར་བསྡུས་བྲི་བར་བྱ། ༧ དེ་ལ་འདིར་བདག་ཅག་གི་སྟོན་པ་དེ་ཉིད་ཀྱིས་ཡུམ་རྒྱས་འབྲིང་བསྡུས་པ་གསུམ་སོགས་གསུང་རབ་དུ་མ་ནས་སྟོང་ཉིད་ཟབ་མོ་ཇི་སྐད་གསུངས་པའི་དོན་འཕགས་པ་ཀླུ་སྒྲུབ་ཀྱིས་ལེགས་པར་གཏན་ལ་ཕབ་པ་བཞིན་རྗེ་ཉིད་ཀྱིས་གསལ་བར་མཛད་པ་ལྟར་འཆད་པར་བྱ་སྟེ་འདི་ལ་གཉིས། འཕགས་པས་ཇི་ལྟར་བཀྲལ་པ་དང་། སྐབས་ཀྱི་དོན་བཤད་པའོ། །དང་པོ་ནི། སྤྱིར་འཕགས་པས་མདོ་སྔགས་ཀྱི་བསྟན་བཅོས་དུ་མ་མཛད་ཅིང་། ཁྱད་པར་དུ་ཟབ་དོན་འགྲེལ་པ་ལ་དབུ་མ་རིགས་པའི་ཚོགས་དྲུག་མཛད་དོ། །དེས་ཟབ་དོན་ལུང་རིགས་གཉིས་ཀྱི་སྒོ་ནས་གཏན་ལ་འབེབ་པར་མཛད་དེ། དེ་ཡང་ལུང་གི་སྒོ་ནས་གཙོ་བོར་སྒྲུབ་པ་ལ་མདོ་ཀུན་ལས་བཏུས་པ་དང་། རིགས་པའི་སྒོ་ནས་གཙོ་བོར་སྒྲུབ་པ་ལ་དབུ་མ་རྩ་བ་ཤེས་རབ་སོགས་གསུངས་པའི་ཕྱིར། ཕྱི་མ་གྲུབ་སྟེ། རྩ་བ་ཤེས་རབ་ཀྱིས་ཡུལ་རང་བཞིན་མེད་པའི་སྟོང་ཉིད་རིགས་པས་གཙོ་བོར་སྒྲུབ། ཞིབ་མོ་རྣམ་འཐག་གིས་ཟབ་དོན་རྟོགས་པའི་ཡུལ་ཅན་གྱི་ཡེ་ཤེས་དེ་ཐར་པ་དང་ཐམས་ཅད་མཁྱེན་པ་གཉིས་ཀ་ཐོབ་བྱེད་ཀྱི་རྩ་བར་བསྟན། སྟོང་ཉིད་བདུན་ཅུ་པས་རང་བཞིན་མེད་པ་ལ་བྱ་བྱེད་འཐད་ཚུལ་སྤྱིར་བསྟན་ནས། རྩོད་བཟློག་གིས་བྱེ་བྲག་ཏུ་དགག་སྒྲུབ་འཐད་ཚུལ་བསྟན། རིག་པ་དྲུག་ཅུ་པས་མཐའ་གཉིས་སྤངས་པའི་ལྟ་བ་དེ་ཐར་པ་ཐོབ་བྱེད་ཀྱི་རྩ་བར་བསྟན་ནས། རིན་ཆེན་ཕྲེང་བས་ལྟ་བ་དེ་ཐམས་ཅད་མཁྱེན་པ་ཐོབ་བྱེད་ཀྱི་རྩ་བ་ཡང་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། དེ་རྣམས་ལས་རྩ་ཤེ་ནི་ལུས་ལྟ་བུ་དང་། །གཞན་ལྔ་ནི་དེ་ལས་འཕྲོས་པའི་ཡན་ལག་ལྟ་བུའི་བསྟན་བཅོས་སོ། ཟབ་དོན་ལ་ཐོས་བསམ་བྱས་པའི་ཕན་ཡོན་ནི་རྡོར་གཅོད་སོགས་ལས་གསུངས་པ་མདོ་ཀུན་ལས་བཏུས་སུ་དྲངས་པ་ལྟར་རྗེའི་གསུང་ལས་ཀྱང་འབྱུང་སྟེ་གོ་སླའོ། །༈ གཉིས་པ་ལ་གསུམ། མཚན་གྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ནི། བསྟན་བཅོས་འདིའི་མཚན་ལ། རྒྱ་གར་གྱི་སྐད་དུ། པྲ་ཛཱ་ནཱ་མ་མཱུ་ལ་མཱ་དྷྱ་མ་ཀ་ཀཱ་རི་ཀཱ་ཞེས་འབྱུང་ཞིང་། དེ་བོད་སྐད་དུ་བསྒྱུར་ན། པྲ་ཛཱ་ནི་ཤེས་རབ། མཱ་དྷྱ་མ་ཀ་ནི་དབུ་མ། མཱུ་ལ་ནི་རྩ་བ། ཀཱ་རི་ཀ་ནི་ཚིག་ལེའུར་བྱས་པ། ནཱ་མ་ནི་ཞེས་བྱ་བའོ། དོན་ཡང་ཤེས་རབ་ནི་ཤེར་ཕྱིན་སྟོན་པ་དང་། དབུ་མ་ནི་རྟག་ཆད་གཉིས་དང་བྲལ་བའི་དབུ་མའི་དོན་སྟོན་པ་དང་། རྩ་བ་ནི་དབུ་མའི་བསྟན་བཅོས་གཞན་ཀུན་གྱི་གཞི་ལྟ་བུ་དང་། ཚིག་ལེའུར་བྱས་པའི་དོན་ཚིགས་བཅད་དུ་བྱས་པ་དང་། ནཱ་མ་ནི་ཞེས་བྱ་བ་སྟེ་མིང་དེ་སྐད་ཅེས་བྱའོ། །གཉིས་པ་ལ་གསུམ། སྟོན་པ་ལ་རྟེན་འབྱུང་གསུང་པའི་སྒོ་ནས་བསྟོད་པ། རྟེན་འབྱུང་མཐའ་བརྒྱད་དང་བྲལ་བར་འགྲེལ་ཚུལ། སྟོན་པའི་བཀའ་དྲིན་དྲན་པའི་ཕྱག་གོ །དང་པོ་ལ་གཉིས། སྤྱིའི་དོན་དང་། །ཡན་ལག་གི་དོན་ནོ། །དང་པོ་ལ། རྟེན་འབྱུང་མཐའ་བརྒྱད་དང་བྲལ་བ་ནི་འདིའི་བརྗོད་བྱ། འདི་ལ་བརྟེན་ནས་དོན་དེ་ཁོང་དུ་ཆུད་པ་ནི་དགོས་པ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མྱང་འདས་མཐར་ཐུག་ནི་ཉིང་དགོས། ཆོས་གསུམ་ཕྱི་མ་སྔ་མ་ལ་འབྲེལ་བ་ནི་འདིའི་འབྲེལ་བའོ། །དོན་ལ་དེ་ལྟར་ཡིན་ཀྱང་སྐབས་འདིར་མཆོད་བརྗོད་ཀྱིས་དེ་ལྟར་ཡིན་ཚུལ་དངོས་སུ་སྟོན་པ་ནི་མིན་ནོ། །ཐེག་དམན་གྱི་མདོ་ལས་ཀྱང་སྟོང་ཉིད་མདོར་བསྡུས་བསྟན་མོད། ཐེག་ཆེན་དུ་རིགས་པའི་རྣམ་གྲངས་དུ་མས་རྒྱས་པར་སྟོན་པས་ཁྱད་པར་ཡོད་དེ། མགོན་པོས། དེ་ཕྱིར་དེ་ནི་ཐེག་ཆེན་ལས། ཁྱོད་ཀྱིས་ཚང་བར་བསྟན་པ་ལགས། །ཞེས་གསུངས་པས་སོ། རྟེན་འབྲེལ་གྱི་དོན་ནི། དེའི་སྐད་དོད་ལ། པྲ་ཏི་ཨི་ཏིམ་ས་མུད་པ་ད་ཞེས་ཡོད་པ་ལ། རྐྱེན་གྱི་དབང་གིས་པྲ་ཏི་ཏྱཱ་ས་མུད་པཱ་ད་ཞེས་པ་སྟེ་ཕྲད་པ་དང་བརྟེན་པ་དང་བལྟོས་ནས་འབྱུང་བའི་དོན་གསུམ་ལ་འཇུག་ཅིང་། བརྟེན་ནས་འབྱུང་བའི་དོན་ནི། བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པ་པོ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པར། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །ཞེས་འབྱུང་བ་ལྟར། ཆོས་ཐམས་ཅད་ཕན་ཚུན་གཅིག་ཅིག་ཤོས་ལ་བརྟེན་ནས་འཇོག་དགོས་པའི་དོན་ཡིན་གྱི། རྒྱུ་རྐྱེན་ལས་འབྱུང་བའི་དོན་ཙམ་མིན་ནོ། །གཉིས་པ་ནི། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་བ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པའོ། །དོན་ནི། ཕྱག་འཚལ་ལོ་ཞེས་དྲང་ངོ་། །གང་ལ་ན་སྨོན་པ་གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པའི་ཐུབ་དབང་རྫོགས་པའི་སངས་རྒྱས་དེ་ལའོ། །ཇི་ལྟར་ན་རྟེན་འབྱུང་དེ་ནི་མཉམ་བཞག་ཟག་མེད་ཀྱི་ཡུལ་གྱི་རང་བཞིན་ལ་ལྟོས་ནས་སྐད་ཅིག་མར་འཇིགས་པའི་འགགས་པ་དང་། རང་གི་ངོ་བོ་ཐོབ་ཕྱིར་སྐྱེ་བ་དང་སྔ་མ་རྒྱུན་ཆད་པ་དང་མི་འཇིག་པའི་རྟག་པ་དང་ཚུར་འོང་བ་དང་ཕར་འགྲོ་བ་དང་དགོས་སོགས་ཀྱི་དོན་སོ་སོ་བའི་ཐ་དད་པ་དང་དོན་སོ་སོ་བ་མིན་པའི་གཅིག་པ་རྣམས་ནི་མེད་དོ་ཞེས་དགག་ཚིག་མཐར་སྦྱར་རོ། །རྟེན་འབྱུང་གི་ཆོས་ཉིད་འཕགས་པའི་ཡེ་ཤེས་ཀྱིས་ཇི་ལྟར་གཟིགས་པའི་གཟིགས་ངོར་སྐྱེ་འགག་ལ་སོགས་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་དང་། དེར་སེམས་དང་སེམས་བྱུང་གི་རྣམ་རྟོག་གི་རྒྱུ་བ་མེད་པས་སྐྱེ་རྒ་སོགས་ཀྱིས་ཉེ་བར་འཚེ་བ་ཐམས་ཅད་དང་དང་བྲལ་བའི་ཕྱིར་ཞི་བའོ། །རྟེན་འབྱུང་གི་དེ་ཉིད་རྫོགས་པའི་སངས་རྒྱས་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་གཟིགས་ནས་གཞན་ལ་ལེགས་པར་བསྟན་པས་སྨྲ་བ་རྣམས་ཀྱི་དམ་པ་ཞེས་བྱའོ། །འདིར་འགག་སོགས་བརྒྱད་གསུངས་པ་ནི་རང་གཞན་གྱི་རྩོད་པའི་གཞིའི་གཙོ་བོ་ཡིན་པ་ལ་དགོངས་ལ། དེ་ཡང་འགག་སོགས་བརྒྱད་ནི་འཕགས་པའི་མཉམ་བཞག་གི་གཟིགས་ངོར་མེད་ཀྱང་ཐ་སྙད་དུ་ཡོད་དོ། །འགག་པ་མེད་པ་ནི་སྐྱེ་བ་མེད་པ་ཞེས་པའི་སྔོན་དུ་འབྱུང་བ་རང་བཞིན་གྱིས་གྲུབ་ན་སྐྱེ་འགག་གོ་རིམ་མ་ངེས་པར་འགྱུར་བར་སྟོན་པའི་ཆེད་དོ། །གཉིས་པ་ལ་གཉིས། རབ་བྱེད་ཀྱི་གཞུང་ཉམས་ལེན་གྱི་རིམ་པར་བསྒྲིག་པ་དང་། གཞུང་རྣམས་སོ་སོར་བཤད་པའོ། །དང་པོ་ལ། དམིགས་པ་གང་ཟག་ལ་དམིགས་ནས་རྣམ་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་བློ་ནི་གང་ཟག་གི་བདག་འཛིན་དང་། དམིགས་པ་གང་ཟག་མ་ཡིན་པའི་ཕུང་སོགས་ཀྱི་ཆོས་ལ་དམིགས་ནས་རྣམ་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་བློ་ནི་ཆོས་ཀྱི་བདག་འཛིན་ཏེ། བློ་སྔོན་མས་བཟུང་བ་ལྟར་མེད་པ་ནི་གང་ཟག་གི་བདག་མེད་ཡིན་ལ། ཕྱི་མས་བཟུང་བ་ལྟར་མེད་པ་ནི་ཆོས་ཀྱི་བདག་མེད་དོ། །དེས་ན་མེད་རྒྱུའི་བདག་ཅིག་གང་ཟག་གི་སྟེང་དུ་བཀག་པ་གང་ཟག་གི་བདག་མེད་དང་། ཆོས་ཀྱི་སྟེང་དུ་བཀག་པ་ཆོས་ཀྱི་བདག་མེད་ཡིན་པས་དགག་གཞི་སོ་སོ་ཡིན་ཡང་དགག་བྱའི་བདག་ལ་ཁྱད་པར་མེད་དོ། །དེའི་ཕྱིར་བདག་མེད་གཉིས་ལ་ཕྲ་རགས་ཀྱི་ཁྱད་པར་མེད་ཀྱང་གང་ཟག་གི་སྟེང་དུ་ངེས་སླ་ཞིང་ཆོས་ཀྱི་སྟེང་དུ་ངེས་དཀའ་བའི་ཁྱད་པར་ནི་ཡོད་དོ། །འཇིག་ལྟ་ནི་གང་ཟག་གི་བདག་འཛིན་གྱི་བྱེ་བྲག་སྟེ། དེ་ཡང་རང་རྒྱུད་ཀྱི་ང་ལ་དམིགས་ནས་ང་དང་ང་ཡིའོ་སྙམ་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་ཞིག་གོ །དེས་ན་འདིར་འགོག་རྒྱུ་ལ་ཡུལ་འགོག་པ་དང་ཡུལ་ཅན་འགོག་པ་གཉིས་ཏེ། དེ་ལ་བློ་དེ་གཉིས་ཀྱིས་ཡུལ་ཇི་ལྟར་བཟུང་བའི་དོན་ལ་རིགས་པའི་གནོད་པ་བསྟན་ནས་ཡུལ་ཅན་གྱི་འཛིན་པ་ཡང་འགོག་པའོ། །དེའི་ཚེ་ཡུལ་ཅན་དེ་དག་གིས་ཇི་ལྟར་བཟུང་བའི་དོན་ཐ་སྙད་དུ་ཡོད་པ་མི་འགོག་གི །ཐ་སྙད་ཀྱི་དབང་གིས་བཞག་ཙམ་མ་ཡིན་པར་ཡོད་པ་འགོག་སྟེ་ཡོད་པ་ཐམས་ཅད་ལ་འདྲའོ། །སྐྱེས་སམ་མ་སྐྱེས་འོངས་སམ་མ་འོངས་ཞེས་སོགས་དཔྱོད་པ་ནི་ཐ་སྙད་དུ་ཁས་ལེན་ཀྱང་། དེ་ཙམ་གྱིས་མ་ཚིམ་པར་ཐ་སྙད་བཏགས་པའི་བཏགས་དོན་དེ་ཇི་འདྲ་བ་ཞིག་ཏུ་གྲུབ་པར་བཙལ་བ་ན་རྙེད་པར་ཁས་མི་ལེན་ཏེ་སྔ་མ་ནི་ཐ་སྙད་ཀྱི་དཔྱོད་པ་ཡིན་ལ། ཕྱི་མ་ནི་དོན་ལ་དཔྱོད་པ་ཡིན་པའི་ཕྱིར་རོ། །ཚུལ་འདི་ལ་རིགས་པས་དཔྱད་མི་བཟོད་པ་དང་རིགས་པས་གནོད་པ་དང་རིགས་ཤེས་ཀྱིས་མ་རྙེད་པ་དང་། །དེས་བཀག་པ་རྣམས་སོ་སོར་ཕྱེད་པ་དགོས་ཤིང་། ཡིད་བདག་གཉིས་དང་བདག་མེད་གཉིས་ལ་ཞུགས་མ་ཞུགས་ཀྱི་ཁྱད་པར་ཡང་ཤེས་པར་བྱའོ། །རབ་བྱེད་རྣམས་ཀྱིས་ཇི་ལྟར་བསྟན་པའི་བསྡུས་དོན་ནི། དེ་ལ་ཐོག་མར་བདག་དང་བདག་གིར་འཛིན་པའི་མ་རིག་པའི་ཞེན་ཡུལ་མེད་པར་གཏན་ལ་དབབ་དགོས་པས་དེ་རབ་བྱེད་བཅོ་བརྒྱད་པས་སྟོན། གང་ཟག་ལ་རང་བཞིན་མེད་ན་འཇིག་རྟེན་ཕ་རོལ་ནས་འདིར་འོང་བ་དང་འདི་ནས་ཕ་རོལ་ཏུ་འགྲོ་བ་དང་ལས་དགེ་སྡིག་བྱེད་པ་མི་འཐད་སྙམ་པ་འགོག་པ་ལ་འགྲོ་འོང་བརྟག་པ་དང་བྱེད་པ་པོ་བརྟག་པ་གཉིས། བྱེད་པ་པོ་རང་བཞིན་མེད་པར་བསྟན་པ་ལ་ལེན་པ་པོར་མི་རུང་ངོ་སྙམ་པ་འགོག་པར་སྔ་རོལ་ན་གནས་པ་བརྟག་པ། ཉེ་བར་ལེན་པ་པོ་ལ་རང་བཞིན་ཡོད་པར་སྒྲུབ་པའི་དཔེ་དགག་པ་ནི་བཅུ་པ་དང་། དེའི་རྟགས་འགོག་པ་ལ་བཅུ་གཅིག་པ་དང་བཅུ་གཉིས་པ། ཆོས་ཀྱི་བདག་འགོག་པ་ལ་སྐྱེ་བ་རང་བཞིན་གྱིས་ཡོད་པ་འགོག་པ་ལ་རབ་བྱེད་དང་པོ། །ལུང་ལས་ཕུང་སོགས་ལ་རང་བཞིན་ཡོད་པར་གསུངས་སོ་སྙམ་པ་ལ་སྐྱེ་མཆེད་བརྟག་པ་སོགས་གསུམ། ཆགས་སོགས་དང་སྐྱེ་འཇིག་གནས་གསུམ་དང་དེའི་རྒྱུ་ལས་དང་བྱེད་པ་པོ་ཡོད་པས་དེ་དག་ལ་རང་བཞིན་ཡོད་དོ་སྙམ་པ་འགོག་པར་འདོད་ཆགས་བརྟག་པ་སོགས་གསུམ། གང་ཟག་དང་ཆོས་ལ་རང་བཞིན་ཡོད་པའི་སྒྲུབ་བྱེད་དུ་ཆོས་རྣམས་ཀྱི་འཕྲད་པ་དང་སྐྱེད་པའི་རྒྱུ་རྐྱེན་ཉེ་བར་ལེན་པ་དང་གཅིག་ནས་གཅིག་ཏུ་འཁོར་བ་ཡོད་ཅེས་སྨྲ་བ་འགོག་པ་ལ་ཕྲད་པ་དང་རང་བཞིན་དང་བཅིངས་ཐར་བརྟག་པ་གསུམ། འཁོར་བ་ལ་རང་བཞིན་ཡོད་པའི་སྒྲུབ་བྱེད་ལས་འབྲས་ཀྱི་འབྲེལ་བའི་རྟེན་ཡིན་པ་འགོག་པ་ལ་ལས་འབྲས་བརྟག་པ། དངོས་པོ་ལ་རང་བཞིན་ཡོད་པའི་སྒྲུབ་བྱེད་དུ་དུས་གསུམ་གདགས་པའི་རྒྱུ་ཡིན་པའི་ཕྱིར་ཞེས་འགོག་པ་ལ་དུས་བརྟག་པ། དུས་ལ་རང་བཞིན་ཡོད་པར་སྒྲུབ་བ་ལ་འབྲས་བུའི་བྱེད་རྐྱེན་དང་འབྱུང་འཇིག་གི་རྒྱུ་ཡིན་པ་འགོག་པ་ལ་ཚོགས་པ་དང་འབྱུང་འཇིག་བརྟག་པ་གཉིས། སྲིད་རྒྱུན་རང་བཞིན་མེད་པར་བསྟན་པ་ན་དེའི་རྒྱུན་དེ་བཞིན་གཤེགས་པ་དང་ཉོན་མོངས་ཡོད་པས་མི་འཐད་དོ་སྙམ་དུ་དོགས་པ་ལ་དེ་བཞིན་གཤེགས་པ་བརྟག་པ་དང་ཕྱིན་ཅི་ལོག་བརྟག་པ་གཉིས། རང་བཞིན་གྱིས་སྟོང་པ་ལ་བདེན་བཞི་སོགས་མི་འཐད་སྙམ་པ་ལ་བདེན་པ་བརྟག་པ། དེ་ལ་མྱང་འདས་མི་འཐད་སྙམ་པ་འགོག་པར་མྱང་འདས་བརྟག་པ། །རྟེན་འབྱུང་མཐོང་ན་དབུ་མའི་ལམ་མཐོང་བར་གསུངས་པའི་དོན་སྟོན་པ་ལ་རྟེན་འབྲེལ་བརྟག་པ། རྟེན་འབྱུང་གི་དེ་ཉིད་རྟོགས་ན་ལྟ་བ་ངན་པ་ཐམས་ཅད་ལྡོག་པར་སྟོན་པ་ལ་ལྟ་བ་བརྟག་པ་གསུངས་ཏེ། ཐམས་ཅད་ཀྱང་རང་རྒྱུད་ལ་ཐར་ལམ་བསྐྱེད་པ་དང་བརྟན་པ་དང་འཕེལ་བར་བྱ་བའི་ཆེད་དུ་ཡིན་གྱི་གཞན་དང་རྩོད་པ་ཙམ་གྱི་ཕྱིར་མིན་ཏེ། དབུ་མ་འཇུག་པ་ལས། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་གསུམ། རྟེན་འབྱུང་རང་བཞིན་གྱིས་སྟོང་པར་བསྟན་པ། དེ་རྟོགས་མ་རྟོགས་ལས་འཁོར་བར་ལྡོག་འཇུག་བྱེད་ཚུལ། རྟོགས་ན་ལྟ་ངན་ལྡོག་ཚུལ་ལོ། །དང་པོ་ལ་གཉིས། དངོས་དང་། རྩོད་སྤོང་ངོ་། དང་པོ་ལ་གཉིས། བདག་མེད་གཉིས་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། རྒྱུ་འབྲས་ཀྱི་བྱ་བྱེད་ལ་བརྟགས་ནས་ཆོས་ལ་རང་བཞིན་དགག་པ་དང་། འགྲོ་འོང་གི་བྱ་བྱེད་ལ་བརྟག་ནས་གང་ཟག་ལ་རང་བཞིན་དགག་པའོ། །དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ངེས་དོན་གྱི་ལུང་དང་སྦྱར་བ། མཚན་བསྟན་པའོ། །དང་པོ་ལ་གཉིས། འབྲས་བུ་ལ་སྐྱེ་བའི་རང་བཞིན་དགག་པ་དང་། སྐྱེད་བྱེད་ལ་རྐྱེན་ཀྱི་རང་བཞིན་དགག་པའོ། །དང་པོ་ལ་གཉིས། མཐའ་བཞིའི་སྐྱེ་བ་དགག་པ་དང་། གཞན་སྐྱེ་བཀག་པ་ལ་ལུང་འགལ་སྤང་བའོ། །དང་པོ་ལ་གཉིས། སྐྱེ་བ་འགོག་པའི་དམ་བཅའ་བ་དང་། དེ་འགོག་པའི་རིགས་པའོ། །དང་པོ་ལ་གཉིས། དངོས་དང་། འཕྲོས་དོན་ནོ། དང་པོ་ནི། བདག་ལས་མ་ཡིན་བཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས། དོན་ནི། ཕྱི་ནང་གི་དངོས་པོ་གང་དག་ཆོས་ཅན། བདག་ལས་ཡུལ་དང་དུས་དང་གྲུབ་པའི་མཐའ་གང་ན་ཡང་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། བདག་ལས་སྐྱེ་ན་སླར་ཡང་སྐྱེ་བ་དོན་མེད་པ་དང་སླར་ཡང་སྐྱེ་བ་ཐུག་པ་མེད་པའི་ཉེས་པར་འགྱུར་བའི་ཕྱིར་རོ། ཇི་ལྟར་ན་མྱུ་གུ་ཆོས་ཅན། སླར་རང་གི་རྒྱུའི་སྐད་ཅིག་གཉིས་པར་སྐྱེ་བ་དོན་མེད་པར་ཐལ། རང་གི་རྒྱུའི་དུས་ན་རང་གི་བདག་ཉིད་རྫོགས་པར་གྲུབ་ཟིན་པའི་ཕྱིར། མ་ཁྱབ་ན། དེ་ཆོས་ཅན། ཁྱོད་སླར་ཡང་སྐྱེ་བ་ཐུག་པ་མེད་པར་ཐལ། རང་གི་རྒྱུའི་དུས་ན་རང་གི་བདག་ཉིད་ཐོབ་ཟིན་ཀྱང་སླར་ཡང་སྐྱེ་བ་དོན་ཡོད་པའི་ཕྱིར། དངོས་པོ་གང་དག་ཆོས་ཅན། གཞན་ལས་ཡུལ་དུས་གྲུབ་མཐའ་གང་ན་ཡང་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། གཞན་ལས་སྐྱེ་ན་ཀུན་ལས་ཀུན་སྐྱེ་བར་འགྱུར་བའི་ཕྱིར། ཇི་ལྟར་ན། ས་བོན་ཆོས་ཅན། མྱུ་གུ་དང་འབྲེལ་མེད་དོན་གཞན་དུ་ཐལ། མྱུ་གུ་དང་ལྟོས་མེད་ཀྱི་གཞན་ཡིན་པའི་ཕྱིར། འདོད་ན། ཁྱོད་ལས་མྱུ་གུ་སྐྱེ་བ་ལྟར་རྡོ་སོལ་སོགས་ཐམས་ཅད་སྐྱེ་བར་ཐལ། མྱུ་གུ་ཁྱོད་དང་འབྲེལ་མེད་དོན་གཞན་ཡིན་ཡང་སྐྱེ་བའི་ཕྱིར་རྟགས་ཁས་བླངས། དེ་བཞིན་དུ་དངོས་པོ་གང་དག་ཆོས་ཅན། རང་གཞན་གཉིས་ལས་ཡུལ་དུས་གྲུབ་མཐའ་གང་ན་ཡང་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། བདག་ལས་ཀྱང་མི་སྐྱེ། གཞན་ལས་མི་སྐྱེ་བའི་ཕྱིར་ཏེ། རིགས་པ་བསྟན་ཟིན་པའི་ཕྱིར། དངོས་པོ་གང་དག་ཆོས་ཅན། རྒྱུ་མེད་ལས་ཡུལ་དུས་གྲུབ་མཐའ་གང་ན་ཡང་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། རྒྱུ་མེད་དུ་སྐྱེ་ན་ཡུལ་དུས་སོ་སོར་ངེས་པ་མི་འཐད་ཅིང་། རྒྱུ་སྒྲུབ་པ་རྣམས་དོན་མེད་པར་འགྱུར་བའི་ཕྱིར། ཇི་ལྟར་ན། མྱུ་གུ་ཆོས་ཅན། རྒྱུ་མེད་དུ་མི་འབྱུང་སྟེ། ཡུལ་དུས་སོ་སོར་ངེས་པའི་སྐྱེ་བ་མཐོང་བ་དང་། འབྲས་བུའི་དོན་དུ་རྒྱུ་རྩོལ་བས་སྒྲུབ་པ་ཡང་མཐོང་ཞིང་དོན་ཡོད་པའི་ཕྱིར། གཉིས་པ་ནི། འདིར་དགག་པ་གཉིས་ཀྱི་ཁྱད་པར་ཤེས་དགོས་པས་དེའི་ཚུལ་ནི་རྒྱས་པར་གཞན་དུ་བསྟན་ཟིན་པ་ལས་ཤེས་པར་བྱས། །བསྡུ་ན། མེད་དགག་ནི། བློས་དགག་བྱ་དངོས་སུ་བཅད་ནས་ཆོས་གཞན་མི་འཕེན་པ་ཞིག་སྟེ། རང་བཞིན་མེད་པ་དང་། དངོས་པོ་མེད་པ་ལྟ་བུའོ། །མ་ཡིན་དགག་ནི་བློས་དགག་བྱ་བ ཅད་ནས་ཆོས་གཞན་འཕེན་པ་ཞིག་སྟེ། བུམ་པ་མ་ཡིན་པ་ལས་ལོག་པ་དང་། བུམ་མིན་ཡོད་པ་ལྟ་བུ། གཞན་ཡང་ཇི་སྐད་དུ། དགག་པ་དོན་གྱིས་བསྟན་པ་དང་། །ཚིག་གཅིག་སྒྲུབ་པར་བྱེད་པ་དང་། །དེ་ལྡན་རང་ཚིག་མི་སྟོན་པ། །ཞེས་འབྱུང་བ་ལྟར་བཞི་སྟེ་སླའོ། །འདིར་བསྟན་པའི་དམ་བཅའ་བཞིའི་ཞེན་དོན་མེད་དགག་ཡིན་ལ། མྱུ་གུ་རང་བཞིན་མེད་པ་ཡང་མེད་དགག་ཡིན་པས། རིགས་ཤེས་ཀྱིས་མྱུ་གུ་རང་བཞིན་མེད་པར་གྲུབ་ཀྱང་རང་བཞིན་མེད་པ་ཡོད་པ་ནི་དངོས་ཤུགས་གང་རུང་ལ་གྲུབ་པ་མིན་ནོ། །འོན་ཀྱང་བར་དུ་ཚད་མ་གཞན་བརྒྱུད་པ་ལ་མ་བལྟོས་པར་རིག་ཤེས་ཀྱི་སྟོབས་ལས་མྱུ་གུ་རང་བཞིན་མེད་པ་དེ་མེད་པར་དོགས་པའི་སྒྲོ་འདོགས་དང་འཛིན་སྟངས་དངོས་སུ་འགལ་བའི་བློ་བསྐྱེད་ནུས་ཤིང་། དེ་ཉིད་ཀྱིས་སྒྲོ་འདོགས་དེ་གཅོད་ནུས་ཏེ། འདི་ཅུང་དཀའ་བའི་གནས་ཡིན་པས་ཞིབ་ཏུ་དཔྱད་དགོས་སོ། །འདི་ལེགས་པར་མ་ཤེས་ན་ལྟ་བ་སྐྱོང་བའི་ཚེ། རང་བཞིན་མེད་པའི་མེད་དགག་ཉིད་བློའི་འཛིན་སྟངས་ཀྱི་ཡུལ་དུ་མི་བྱེད་པར་མ་ཡིན་དགག་བློ་ཡུལ་དུ་སྒྲུབ་པར་བྱས་ན་ལྟ་བ་རྙེད་པའི་གེགས་སུ་འགྱུར་རོ། །གཉིས་པ་ལ་གཉིས། བདག་སྐྱེ་འགོག་པ་དང་། གཞན་སྐྱེ་འགོགས་པའི་རིགས་པའོ། དང་པོ་ནི། སངས་རྒྱས་བསྐྱངས་ཀྱིས་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་སྐྱེ་བ་ཐུག་པ་མེད་པ་ཉིད་དུ་འགྱུར་བའི་ཕྱིར། ཞེས་གསུངས་པ་ལ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སྐྱོན་བརྗོད་པ་དང་། ཟླ་བས་སྐྱོན་དེ་སྤོང་བའི་ཚུལ་རྣམས་ནི་དབུ་མའི་གཞུང་ལས་ཤེས་པར་བྱ་སྟེ་འདིར་མང་དུ་དོགས་ནས་མི་བརྗོད་ལ། གཉིས་པ་གཞན་སྐྱེ་བཀག་པ་ལ་ཡང་སྐྱོན་བརྗོད་ཚུལ་དང་དེ་སྤོང་ཚུལ་ཡང་གཞན་དུ་ཤེས་པར་བྱའོ། མདོར་ན་རྩ་བའི་གཞུང་འདི་དག་གིས་མཐའ་བཞིའི་སྐྱེ་བ་མེད་པའི་དམ་བཅའ་དངོས་སུ་མཛད་ནས་སྒྲུབ་བྱེད་དངོས་སུ་མ་བསྟན་ཀྱང་གཞུང་འོག་མ་རྣམས་ཀྱི་སྐབས་ཕལ་ཆར་དང་འགྲེལ་པ་ལས་གསལ་བར་བསྟན་པ་ལྟར་རོ། །མཐའ་བཞིའི་སྐྱེ་བ་ཁས་ལེན་པ་རྣམས་ཀྱིས་སྐྱེ་རྒྱུའི་དངོས་པོ་རྣམས་རང་བཞིན་གྱིས་གྲུབ་པར་བཟུང་སྟེ་མཐའ་བཞི་གང་རུང་ལས་སྐྱེ་བར་འདོད་པ་ཡིན་ལ། འདིར་དངོས་པོ་རྣམས་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བ་ཉིད་ཀྱིས་མཐའ་བཞིའི་སྐྱེ་བ་འགོག་པ་ཡིན་ཏེ། འདི་ལྟར་རྒྱུ་མེད་ལས་སྐྱེ་བ་ནི་འགོག་སླ་ཞིང་། རྒྱུ་ཡོད་ཀྱང་རང་དང་ངོ་བོ་གཅིག་པ་དང་ཐ་དད་པའི་རྒྱུ་གང་རུང་ལས་སྐྱེ་དགོས་པས། རང་དང་ངོ་བོ་གཅིག་པའི་རྒྱུ་ལས་སྐྱེ་བ་འདོད་ཚུལ་ནི་བདག་སྐྱེ་འདོད་ཚུལ་ཡིན་པས་དེ་སླར་ཡང་སྐྱེ་བ་དོན་མེད་དུ་ཐལ་བ་སོགས་ཀྱིས་འགོག་ལ། རང་དང་ངོ་བོ་ཐ་དད་པའི་འབྲེལ་མེད་དོན་གཞན་ལས་སྐྱེ་བར་འདོད་པ་ནི་གཞན་སྐྱེ་འདོད་ཚུལ་ཏེ། དེ་ནི་ཐམས་ཅད་ལས་ཐམས་ཅད་སྐྱེ་བ་འགོག་པའི་རིགས་པས་འགོག་པའི་ཕྱིར་གཉིས་ཀ་ལས་སྐྱེ་བར་འདོད་པ་ནི་རིགས་པ་དེ་རྣམས་ཀྱིས་འགོག་ནུས་སོ། །གཉིས་པ་ལ་གཉིས། རྩོད་པ་དང་། ལན་ནོ། །དང་པོ་ནི། རང་སྡེ་དངོས་སྨྲ་བ་རྣམས་ན་རེ། རང་གི་རྒྱུའི་བདག་ཉིད་ལས་སྐྱེ་བ་མི་འཐད་པས་བདག་སྐྱེ་མི་རིགས་ཤིང་། དེ་མི་རིགས་པས་གཉིས་ཀ་ལས་སྐྱེ་བ་ཡང་མི་རིགས་ལ། རྒྱུ་མེད་ལས་སྐྱེ་བ་ནི་ཤིན་ཏུ་ཐ་ཆད་པས་མི་རིགས་ནའང་། གཞན་ལས་མིན་ཞེས་གཞན་སྐྱེ་འགོག་པ་འདི་མི་འཐད་དེ། རྒྱལ་བས་རྐྱེན་བཞི་གཞན་དུ་འགྱུར་བ་ཁོ་ན་འབྲས་བུ་རྣམས་ཀྱི་སྐྱེད་བྱེད་དུ་གསུངས་པའི་ཕྱིར། དེ་ཡང་གང་ཞེ་ན། རྐྱེན་རྣམ་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། །རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཞེས་སོ། །འདི་ལྟར་རྐྱེན་ནི་རྣམ་པ་བཞི་སྟེ། འབྲས་བུ་གང་གི་སྒྲུབ་བྱེད་ས་བོན་གྱི་ངོ་བོར་གནས་རྒྱུའི་རྐྱེན་དང་། ཡང་དེ་བཞིན་དུ་དམིགས་པ་གང་གིས་སེམས་སེམས་བྱུང་གང་སྐྱེ་བར་འགྱུར་པ་དམིགས་པའི་རྐྱེན་དང་། རྒྱུ་འགག་མ་ཐག་གང་གིས་འབྲས་བུ་སྐྱེད་པར་བྱེད་པ་ནི་དེ་མ་ཐག་པའི་རྐྱེན་དང་། གང་ཞིག་ཡོད་ན་གང་རང་དབང་དུ་སྐྱེད་པ་བདག་པོའི་རྐྱེན་ཡིན་ལ། དེར་མ་འདུས་པའི་རྐྱེན་ལྔ་པ་ནི་ཡོད་པ་མ་ཡིན་ཏེ། མིང་མི་མཐུན་པའི་རྐྱེན་མཚན་ཉིད་པ་རྣམས་ནི་བཞི་པོ་དེར་འདུས་ལ། གཞན་གྱིས་བཏགས་པའི་དབང་ཕྱུག་རྟག་པ་སོགས་ནི་རྐྱེན་དུ་མི་རུང་བའི་ཕྱིར། དེས་ན་གཞན་སྐྱེ་བཀག་པ་ལུང་དང་འགལ་ཞེས་ཟེར་རོ། །གཉིས་པ་ལན་ལ་གཉིས། རང་བཞིན་གྱིས་སྐྱེ་བ་འགོག་པ་དང་། རང་བཞིན་གྱིས་གཞན་ཡིན་པ་འགོག་པའོ། །དང་པོ་ནི། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་ལ་ཡོད་མ་ཡིན། །བདག་གི་དངོས་པོ་ཡོད་མིན་ན། །གཞན་དངོས་ཡོད་པ་མ་ཡིན་ནོ། །ཞེས་སོ། །འབྲས་བུའི་དངོས་པོ་རྣམས་ཀྱི་རང་བཞིན་ཏེ་ངོ་བོ་མྱུ་གུ་ལ་སོགས་པ་ནི་ཆོས་ཅན། ས་བོན་ལ་སོགས་པའི་རྐྱེན་ཚོགས་པ་དང་ཁ་ཡར་བ་དང་གཉིས་ཀ་སོགས་གང་ལ་ཡང་རང་སྐྱེས་པའི་སྔ་རོལ་ཏུ་ངོ་བོ་ཐ་དད་པའི་ཚུལ་དུ་བརྟེན་ནས་ཡོད་པ་མ་ཡིན་ཏེ། དེ་ལྟར་ཡོད་པ་ནི་དམིགས་རུང་མ་དམིགས་པས་ཁེགས་ཤིང་། སླར་ཡང་སྐྱེ་བ་དོན་མེད་པར་འགྱུར་བའི་ཕྱིར། འབྲས་བུའི་བདག་གི་དངོས་པོ་མྱུ་གུ་སོགས་ཆོས་ཅན། རང་རྒྱུ་ས་བོན་དོན་གཞན་ལས་འབྱུང་པའི་དངོས་པོར་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པས་གཞན་ལས་སྐྱེ་བ་མེད་དེ། རང་རྒྱུ་ས་བོན་གྱི་དུས་ན་ཡོད་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། ས་བོན་དོན་གཞན་ལས་ངོ་བོ་ཉིད་ཀྱིས་སྐྱེས་ན་ས་བོན་གྱི་དུས་དེར་ཡང་བྱ་བའི་རྟེན་དུ་ཡོད་དགོས་པའི་ཕྱིར། དེར་ཐལ། རང་བཞིན་གྱིས་གྲུབ་ན། གྲུབ་པའི་དུས་ཐམས་ཅན་རྟེན་བརྟེན་པར་ཡོད་དགོས་ཤིང་། དེ་མེད་ན་རང་བཞིན་གྱིས་གྲུབ་པའི་དོན་མ་ཚང་བས་ཐ་སྙད་དུ་ཡོད་པར་འགྱུར་བའི་ཕྱིར། དེ་ཡང་མྱུ་གུ་སྐྱེ་བའི་བྱ་བ་ནི་རྟེན་དང་མྱུ་གུ་ནི་བརྟེན་པའམ་བྱེད་པ་པོར་འཇོག་པ་ཡིན་ལ། རང་བཞིན་གྱིས་གྲུབ་པ་ལན་ཅིག་རྟེན་བརྟེན་པར་སོང་ན་དུས་ཐམས་ཅད་དུ་དེར་འགྲོ་དགོས་སོ། མྱུ་གུ་རང་གི་ས་བོན་ལས་སྐྱེ་ཞེས་བརྗོད་པའི་ཚེ་སྐྱེས་པའི་མྱུ་གུ་དེ་ས་བོན་གྱི་དུས་སུ་མེད་ཅིང་། ས་བོན་གྱི་དུས་སུ་ཡོད་པའི་མྱུ་གུ་ཞིག་སྐྱེ་བར་མིན་མོད། ཐ་སྙད་དུ་སྐྱེ་འགྱུར་ལ་ལྟོས་ནས་མྱུ་གུ་ས་བོན་ལས་སྐྱེ་ཞེས་བརྗོད་པ་ནི་འཐད་པས་སྐྱེ་བཞིན་པའི་བྱ་བ་བྱེད་པ་པོ་མྱུ་གུ་ཡོད་ལ། རང་བཞིན་གྱིས་སྐྱེ་ན་མྱུ་གུ་རང་གི་ས་བོན་ལས་སྐྱེ་ཞེས་བརྗོད་པ་ལྟར་མྱུ་གུ་དེ་རང་གི་ས་བོན་གྱི་དུས་སུ་ཡོད་བཞིན་དུ་སྐྱེ་དགོས་ཀྱི། མེད་ན་སྐྱེ་བ་མི་འཐད་པས་བདག་སྐྱེ་ཡོད་པར་འགྱུར་རོ། རང་ལུགས་ནི། མྱུ་གུ་རང་གི་ས་བོན་ཀྱི་དུས་སུ་མེད་ཀྱང་དེ་ལས་སྐྱེ་བར་འདོད་ཅིང་དེ་ནི་བརྫུན་པའི་ཚུལ་ལ་མི་འགལ་ཡང་བདེན་པར་གྲུབ་པ་ལ་འགལ་ལོ། །གཞན་ལས་སྐྱེ་ནའང་འབྲས་བུ་ནི་ས་བོན་ལ་ལྟོས་མེད་ཡན་གར་དུ་སྐྱེ་བར་འདོད་དགོས་པས་རྒྱུ་འབྲས་དུས་མཉམ་པར་འགྱུར་བ་སོགས་ཤེས་པར་བྱ་སྟེ། རིགས་པའི་གནད་འདི་མ་གོ་ན་འོག་ཏུ་དགག་སྒྲུབ་མཛད་པའི་དོན་ལེགས་པར་མི་གོ་བས་ཤེས་པར་བྱའོ། །གཉིས་པ་ནི། གཞུང་སྔ་མའི་མིན་ན་ཞེས་པའི་ན་སྔར་ལ་ཞེས་གནས་གཞི་དང་སྦྱར་ལ། འདིར་ན་ཞེས་དུས་ཀྱི་བདུན་པ་དང་སྦྱར་རོ། འབྲས་བུའི་དངོས་པོ་རྣམས་ཀྱི་རང་བཞིན་ནམ་ངོ་བོ་ཆོས་ཅན། ས་བོན་སོགས་རྐྱེན་ཚོགས་པ་དང་ཁ་ཡར་གང་ཡང་རྣམ་པར་མ་འགྱུར་བའི་དུས་ན་ཡོད་པ་མ་ཡིན་ཏེ། དེ་ལྟར་ཡོད་པ་མ་མཐོང་བའི་ཕྱིར་དང་ཡོད་ན་རྒྱུ་མེད་ཏུ་འགྱུར་བའི་ཕྱིར་རོ། ཡང་འབྲས་བུ་བདག་གི་དངོས་པོ་མྱུ་གུ་ཆོས་ཅན། རང་རྒྱུ་ས་བོན་ལས་ངོ་བོ་ཉིད་ཀྱིས་གཞན་གྱི་དངོས་པོ་ཉིད་དུ་ཡོད་པ་མ་ཡིན་པས་གཞན་ལས་སྐྱེ་བ་མེད་དེ། རང་རྒྱུ་ས་བོན་རྣམ་པར་མ་འགྱུར་བའི་དུས་ན་ཡོད་པ་མ་ཡིན་པའི་ཕྱིར་ཞེས་ཁྱབ་པ་ཉིད་བསྒྲུབ་བོ། དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་རྐྱེན་བཞི་གསུངས་པ་ལྟར་འདོད་ཀྱང་། གཞན་སྐྱེ་ཡོད་མི་དགོས་ཏེ། འབྲས་བུ་རང་དང་འབྲེལ་མེད་དོན་གཞན་པའི་རྒྱུ་ལས་ངོ་བོ་ཉིད་ཀྱིས་སྐྱེ་བ་ཁེགས་པའི་ཕྱིར། དེར་ཐལ། གཞན་སྐྱེ་འདོད་པ་དག་གིས་འབྲས་བུ་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རྒྱུ་གཞན་ལས་སྐྱེ་བར་འདོད་པས་དེ་ལྟར་ན་རྒྱུ་འབྲས་གཉིས་སོ་སོར་འབྲེལ་མེད་དུ་འདོད་དགོས་ནའང་དེ་འདྲ་མི་འཐད་པའི་ཕྱིར། འདི་དག་གིས་རིགས་པ་གསུམ་བསྟན་ཏེ། གཞན་དང་སྐྱེ་བའི་གཞི་མཐུན་དང་སྐྱེ་བ་དང་རྒྱུ་འབྲས་གཉིས་ངོ་བོ་ཉིད་ཀྱིས་གཞན་ཡིན་པ་ལ་གནོད་བྱེད་བསྟན་ནས་འགོག་པའོ། དགག་བྱ་ཡང་སྤྱིར་ནི་རང་བཞིན་གྱིས་གྲུབ་པ་ཞེས་འབྱུང་བ་དེ་ཡིན་ལ། དེ་ནི་གསར་དུ་བཅོས་པ་མ་ཡིན་པ་དང་། རང་གི་ངོ་བོ་གཞན་ལ་བལྟོས་ནས་བཅོས་པ་མིན་པ་དང་། ཕྱིན་ཆད་གཞན་དུ་མི་འགྱུར་བའི་ཁྱད་ཆོས་གསུམ་ཚང་དགོས་ཏེ། རབ་བྱེད་བཅོ་ལྔ་པར། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་བལྟོས་པ་མེད་པ་ཡིན། །ཞེས་དང་། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། ཁྱད་ཆོས་དེ་གསུམ་ཚང་བ་ཙམ་གྱིས་རང་བཞིན་གྱིས་གྲུབ་མི་དགོས་ཀྱང་། རང་བཞིན་གྱིས་གྲུབ་ན་ཁྱད་ཆོས་དེ་གསུམ་པོ་ཚང་དགོས་ཏེ། རང་བཞིན་གྱིས་གྲུབ་ན་དུས་ཐམས་ཅད་དེ་ལྟར་གྲུབ་པ་དང་། གཞན་ལ་མ་ལྟོས་པར་དེ་ལྟར་གྲུབ་པ་དང་། དང་པོ་ནས་དེ་ལྟར་གྲུབ་དགོས་པས་འགོག་པའི་ཚེ་གནད་དེ་ལྟར་དུ་བསམ་ནས་འགོག་དགོས་ཀྱི། ཐ་སྙད་དུ་གནས་པའི་དོན་ནི་མི་འགོག་གོ །བུམ་པ་ལྟ་བུ་རང་བཞིན་གྱིས་གཅིག་ཏུ་གྲུབ་ན་བུམ་པ་གྲུབ་ཙམ་ཉིད་ནས་ཆ་ཐམས་ཅད་ནས་གཅིག་ཏུ་གྲུབ་དགོས་པས་བུམ་པའི་སྟེང་ན་ཐ་དད་པའི་ཆ་ཡིན་པ་མི་སྲིད་དགོས་པ་དང་། ས་མྱུག་གཉིས་རང་བཞིན་གྱིས་ཐ་དད་ན་དེ་སོ་སོའི་སྟེང་དུ་གཅིག་ཡིན་པ་མི་སྲིད་པ་སོགས་སུ་འགྱུར་ཏེ། དེ་དག་ལ་གཅིག་དང་ཐ་དད་ཡིན་པའི་ཆ་མི་འདྲ་བ་སྲིད་ན་ནི་བདེན་པར་གྲུབ་པའམ་རང་བཞིན་གྱིས་གྲུབ་པའི་དོན་མ་ཚང་ངོ་། ཚུལ་འདི་ནི་གནད་དུ་ཆེ་སྟེ། འོག་ནས་འཆད་པའི་ལམ་གསུམ་ལ་གོམས་པ་རང་བཞིན་གྱིས་གྲུབ་པ་འགོག །་པ་སོགས་ལ་ནུས་པ་ཆེའོ། །མདོར་ན་རིགས་པའི་འཕུལ་མཚམས་ཕྲ་བ་རྣམས་ལ་སྔར་བཤད་པའི་ཁྱད་ཆོས་གསུམ་མམ་གང་རུང་གི་སྤྱི་ཤར་བར་བྱས་ན་ངེས་པ་ཆེན་པོ་སྟེར་བར་འགྱུར་གྱི། གཞན་དུ་ན་ཚིག་ཙམ་ཞིག་ཏུ་འགྲོའོ། །གཉིས་པ་ལ་གསུམ། རྐྱེན་གྱི་རང་བཞིན་ཐུན་མོང་དུ་དགག་པ། སོ་སོར་དགག་པ། འགོག་ཚུལ་གཞན་བསྟན་པའོ། དང་པོ་ལ་གཉིས། བྱེད་པའི་སྒོ་ནས་རྐྱེན་དུ་རྟོག་པ་དགག །ལས་ཀྱི་སྒོ་ནས་དེར་རྟོག་པ་དགག་པའོ། །དང་པོ་ལ་གཉིས། སྐྱེ་བའི་བྱ་བ་སྒྲུབ་པའི་སྒོ་ནས་རྐྱེན་རྟོག་པ་དགག །འབྲས་བུ་སྐྱེ་བའི་སྒོ་ནས་རྐྱེན་དུ་རྟོག་པ་དགག་པའོ། །དང་པོ་ནི། བྱ་བ་རྐྱེན་དང་ལྡན་པ་མེད། །རྐྱེན་དང་མི་ལྡན་བྱ་བ་མེད། བྱ་བ་རྐྱེན་དང་མི་ལྡན་མིན། །བྱ་བ་ལྡན་རེ་འོན་ཏེ་ན། །འདི་དག་ལ་བརྟེན་སྐྱེ་བས་ན། །དེ་ཕྱིར་འདི་དག་རྐྱེན་ཞེས་གྲག །ཅི་སྲིད་མ་སྐྱེ་དེ་སྲིད་དུ། །འདི་དག་རྐྱེན་མིན་ཇི་ལྟར་མིན། །ཞེས་སོ། །དེ་ཡང་སྤྱིར་མཐོ་གང་ཙམ་དུ་སྐྱེ་བའི་མྱུ་གུ་ཡོད་ལ། དེས་རང་གི་སྐྱེ་བའི་བྱ་བ་བརྩམས་ནས་མཐོ་གང་ཚད་དུ་མ་སྐྱེས་ཀྱི་བར་རང་ཉིད་སྐྱེ་བའི་བྱ་བ་བྱེད་བཞིན་པར་བཞག་དགོས་ཀྱང་། སྐྱེ་བཞིན་པའི་དུས་སུ་ནི། བྱེད་པ་པོ་མྱུ་གུ་མེད་ཅིང་། སྐྱེས་པའི་ཚེ་སྐྱེ་བའི་བྱ་བ་འགགས་པས་སྐྱེ་བཞིན་པ་ཡང་མེད་དེ། འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་རྒྱུ་འགགས་པ་ལ་མངོན་དུ་ཕྱོགས་པ་གཉིས་དུས་མཉམ། འབྲས་བུ་སྐྱེས་ཟིན་པ་དང་རྒྱུ་འགག་ཟིན་པའི་བྱ་བ་གཉིས་ཀྱང་དུས་མཉམ་པའི་ཕྱིར་རོ། །དེའི་ཚེ་མྱུ་གུ་ལྟ་བུ་རང་གི་བྱ་བ་སྐྱེ་བཞིན་པ་དང་འགག་བཞིན་པ་གཉིས་ལ་ཐུན་མོང་དུ་བརྟེན་པ་ཡིན་གྱི་བྱ་བ་གཉིས་སོ་སོ་ལ་ཐུན་མོང་མ་ཡིན་པའི་མྱུ་གུ་རེ་རེ་བརྟེན་པ་མ་ཡིན་ཏེ། ཡིན་ན་མྱུ་གུ་སྐྱེ་བཞིན་པའི་དུས་ནའང་མྱུ་གུ་ཡོད་དགོས་པས་མྱུ་གུའི་ཆ་ཐམས་ཅད་ནས་སྐྱེ་བཞིན་པར་འགྱུར་བའི་ཕྱིར་མྱུ་གུ་སྐྱེས་མ་ཟིན་པར་འགྱུར་ལ། མྱུ་གུ་ལྟ་བུ་རང་གི་སྐྱེས་ཟིན་གྱི་བྱ་བ་ཁོ་ན་ལ་བརྟེན་ན་མྱུ་གུ་སྐྱེ་བའི་བྱ་བ་བྱེད་པ་པའོ་མྱུ་གུ་མེད་པར་འགྱུར་བ་སོགས་ཡིན་པའི་ཕྱིར། དེ་བཞིན་དུ་མིག་གི་རྣམ་ཤེས་སོགས་ལའང་སྦྱར་རྒྱུ་ཡིན་ནོ། དེ་ལྟར་གོ་བར་བྱས་ནས་གཞུང་གི་དོན་ནི། མིག་གི་རྣམ་ཤེས་ཆོས་ཅན། ཁྱོད་སྐྱེ་བའི་བྱ་བ་རང་གི་ངོ་བོས་གྲུབ་པའི་མིག་སོགས་ལ་རྐྱེན་དང་ལྡན་པའི་སྒོ་ནས་བསྒྲུབ་པ་མེད་དེ། ཁྱོད་མ་སྐྱེས་པ་སྐྱེད་པའི་བྱ་བ་དོན་དམ་པར་མེད་ཅིང་། སྐྱེས་ཟིན་སླར་སྐྱེ་བའི་བྱ་བ་ཡང་མེད་པའི་ཕྱིར། དེ་ཆོས་ཅན། ཁྱོད་སྐྱེ་བའི་བྱ་བ་རྐྱེན་དང་མི་ལྡན་པའི་སྒོ་ནས་བསྒྲུབ་པ་ཡང་མེད་དེ། དེ་ལྟར་འབྱུང་བ་མི་སྲིད་པའི་ཕྱིར། དེ་ཆོས་ཅན། མིག ། སོགས་སྐྱེ་བའི་བྱ་བ་དོན་དམ་པར་མི་ལྡན་པར་ཁྱོད་ཀྱི་རྐྱེན་དུ་རང་བཞིན་གྱིས་མེད་དེ། དེའི་ཚེ་མིག་སོགས་ཐ་སྙད་དུ་ཁྱོད་ཀྱི་རྐྱེན་ཡིན་ཡང་དོན་དམ་པའི་རྐྱེན་མ་ཡིན་པའི་ཕྱིར། དེ་ཆོས་ཅན། མིག་སོགས་རྐྱེན་གྱིས་བྱ་བ་སྒྲུབ་པའི་སྒོ་ནས་ཀྱང་དོན་དམ་པར་མི་སྐྱེ་སྟེ། ཁྱོད་སྐྱེད་བྱེད་ཀྱི་བྱ་བ་རང་ངོས་ནས་ལྡན་པར་ཡོད་པ་ནི་མ་ཡིན་པ་འོན་ཏེ་ཁོ་ན་མ་ཡིན་པའི་ཕྱིར། རང་ལུགས་ནི་བརྒྱུད་རྒྱུ་དང་དངོས་རྒྱུ་གཉིས་ཀས་འབྲས་བུ་སྐྱེ་བའི་བྱ་བ་སྒྲུབ་པར་བྱེད་པས་བྱ་བ་རྐྱེན་ལྡན་ཡིན་ཡང་། འདིར་བྱ་བ་རྐྱེན་ལྡན་ལ་རང་བཞིན་འགོག་པའོ། །དེ་ཡང་མིག་སོགས་རྣམས་འབྲས་བུ་རྣམ་ཤེས་སོགས་སྐྱེ་བའི་བྱ་བ་སྒྲུབ་པའི་རྐྱེན་ཏེ། མཐར་དེས་བསྒྲུབས་པའི་བྱ་བའི་ཁྱད་པར་ཞིག་ལས་འབྲས་བུ་སྐྱེ་བར་འདོད་དགོས་སོ། །གཉིས་པ་ནི། མདོ་སྡེ་པ་སོགས་ན་རེ། བྱ་བ་རྐྱེན་དང་ལྡན་མི་ལྡན་གྱི་དཔྱོད་པ་འདིས་ཅི་བྱ། མིག་སོགས་རྐྱེན་འདི་དག་ལ་བརྟེན་ནས་མིག་གི་རྣམ་ཤེས་སོགས་སྐྱེ་བར་མཐོང་བས་ན། རྒྱུ་མཚན་དེའི་ཕྱིར་མིག་སོགས་འདི་དག་རང་དབང་གིས་རྣམ་ཤེས་ཀྱི་རྐྱེན་དུ་འཇོག་གོ་ཞེས་གྲག་པ་སྟེ་ཟེར་རོ། །དེ་ལྟར་སྨྲ་བར་མི་རིགས་ཏེ། ས་བོན་ལས་ཇི་སྲིད་དུ་འབྲས་བུ་མི་སྐྱེ་བ་སྟེ་སྐྱེ་བའི་བྱ་བ་དངོས་སུ་མ་མཐོང་བ་དེ་སྲིད་དུ་ས་བོན་འདི་དག་འབྲས་བུའི་རྐྱེན་མིན་པ་ཇི་ལྟར་མིན་ཏེ་རྐྱེན་མིན་པ་ཁོ་ན་ཡིན་པའི་ཕྱིར་ཏེ། འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་སུ་རྐྱེན་རྣམས་བྱ་བ་དང་ལྡན་གྱི། དེའི་སྔོན་དུ་མི་ལྡན ་པར་ཁྱོད་ཀྱིས་ཁས་བླངས་པ་ལྟར་འཐད་པའི་ཕྱིིར། དེར་ཐལ། བརྒྱུད་རྒྱུའི་དུས་སུ་འབྲས་བུ་དེ་སྐྱེ་བའི་བྱ་བ་སྒྲུབ་ཀྱང་དེ་ད་དུང་མ་སྐྱེས་ཤིང་། བྱ་བ་དེ་དངོས་རྒྱུའི་དུས་ཁོ་ནར་ཡོད་པའི་ཕྱིར། དེས་ན་རྐྱེན་ཡིན་ན་རང་དུས་སུ་འབྲས་བུ་དེ་སྐྱེ་བའི་བྱ་བ་དངོས་སུ་ཡོད་མི་དགོས་སོ། །གཉིས་པ་ནི། ཡོད་དམ་མེད་པའི་དོན་ལ་ཡང་། །རྐྱེན་ནི་རུང་བ་མ་ཡིན་ཏེ། །མེད་ན་གང་གི་རྐྱེན་དུ་འགྱུར། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་སོ། །འདི་ལ་བརྟེན་ནས་འདི་སྐྱེའོ་ཞེས་པའི་འབྲེལ་བ་འདི་ཡོད་པས་འདི་འདིའི་རྐྱེན་དུ་འཇོག་གོ་ཞེ་ན། དེ་ཡང་མི་འཐད་དེ། ས་བོན་ལ་བརྟེན་ནས་སྐྱེའོ་ཞེས་པའི་འབྲེལ་བ་ཡོད་པས་རྐྱེན་ལས་རང་བཞིན་གྱིས་སྐྱེ་བ་མི་འགྲུབ་པའི་ཕྱིར་ཏེ། ས་བོན་གྱི་དུས་སུ་ཡོད་པ་དང་མེད་པའི་དོན་གང་ལ་ཡང་དོན་དམ་པར་རྐྱེན་དུ་ནི་རུང་བ་མིན་པའི་ཕྱིར། དམ་ཞེས་པས་རྐྱེན་དུ་ཡོད་ན་དེ་གཉིས་གང་རུང་དུ་ཡོད་དགོས་པ་དང་། ཏེ་ཞེས་པ་ལྷག་མ་འདྲེན་པའོ། །རྟགས་སྒྲུབ་པ་ནི། རང་རྒྱུ་ས་བོན་གྱི་དུས་སུ་འབྲས་བུ་ཡོད་པར་རང་བཞིན་གྱིས་མེད་ཅིང་། །མེད་པར་ཡང་རང་བཞིན་གྱིས་མེད་དེ། ས་བོན་ནི་འབྲས་བུ་སྐྱེས་པའི་སྔ་རོལ་ན་མེད་པར་རང་བཞིན་གྱིས་གྲུབ་ན་ས་བོན་དེ་འབྲས་བུ་གང་གི་རྐྱེན་དུ་འགྱུར་བར་མེད་པའི་ཕྱིར། གལ་ཏེ་ས་བོན་གྱི་དུས་སུ་ཡོད་ནའང་དེ་ལ་འབྲས་བུའི་རྐྱེན་མི་འགྲུབ་སྟེ། གྲུབ་ཟིན་པ་ལ་སླར་འགྲུབ་བྱེད་ཀྱི་རྐྱེན་གྱིས་ཅི་ཞིག་བྱ་སྟེ་མི་དགོས་པའི་ཕྱིར་རོ། གཉིས་པ་སོ་སོར་དགག་པ་ལ་བཞི། རྒྱུ་རྐྱེན་གྱི་མཚན་ཉིད་དགག་པ་དང་། དེ་བཞིན་དུ་དམིགས་རྐྱེན་དང་། དེ་མ་ཐག་རྐྱེན་དང་། བདག་རྐྱེན་གྱི་མཚན་ཉིད་དགག་པའོ། །དང་པོ་ནི། གང་ཚེ་ཆོས་ནི་ཡོད་པ་དང་། །མེད་དང་ཡོད་མེད་མི་འགྲུབ་པས། །ཅི་ལྟར་སྒྲུབ་བྱེད་རྒྱུ་ཞེས་བྱ། །དེ་ལྟར་ཡིན་ན་མི་རིགས་སོ། །ཞེས་སོ། །གལ་ཏེ་རྒྱུ་རྐྱེན་གྱི་མཚན་ཉིད་ཡོད་པས་རྒྱུ་རྐྱེན་དོན་དམ་པར་ཡོད་དོ་ཞེ་ན། དེ་ནི་མི་རིགས་ཏེ། གང་གི་ཚེ་འབྲས་བུའི་ཆོས་ནི་རང་གི་རྒྱུ་རུ་ཡོད་པ་དང་མེད་པ་དང་ཡོད་མེད་གཉིས་ཀར་དཔྱད་ན་དོན་དམ་པར་རྒྱུས་མི་འགྲུབ་པས་དེའི་ཕྱིར་ཏེ། རྟགས་དེ་ལྟར་ན་ཇི་ལྟར་སྒྲུབ་པར་བྱེད་པའི་རྒྱུའི་མཚན་ཉིད་རང་ངོས་ཀྱིས་ཡོད་པ་ཡིན་ཞེས་བྱ་བར་མི་རུང་བའི་ཕྱིར། རྒྱུ་མཚན་དེ་ལྟར་ཡིན་ན་སྟེ་ཡིན་པ་དེའི་ཚེ་རྒྱུ་རྐྱེན་དོན་དམ་པར་ཡོད་ཅེས་སྨྲ་བ་དེ་མི་རིགས་སོ། །དེ་ཡང་རྒྱུ་དུས་སུ་ཡོད་པ་རྒྱུས་སྒྲུབ་ན་ནི་སྐྱེ་བ་དོན་མེད་ཐུག་མེད་དུ་འགྱུར་ལ། རྒྱུ་དུས་སུ་མེད་པའི་དངོས་མེད་རྒྱུས་སྒྲུབ་མི་ནུས་ཀྱང་། དེའི་ཚེ་འབྱུང་འགྱུར་ཙམ་ཞིག་རྒྱུས་སྒྲུབ་པར་བྱེད་དོ། །གཉིས་པ་ནི། ཡོད་པའི་ཆོས་འདི་དམིགས་པ་ནི། །མེད་པ་ཁོ་ན་ཉེ་བར་བསྟན། །ཅི་སྟེ་ཆོས་ནི་མེད་དམིགས་ན། །དམིགས་པ་ཡོད་པ་ག་ལ་འགྱུར། །ཞེས་སོ། །གལ་ཏེ་རྣམ་ཤེས་ཀྱི་གནས་དམིགས་རྐྱེན་རང་བཞིན་གྱིས་ཡོད་དོ་སྙམ་ན། །འོ་ན་དམིགས་རྐྱེན་དེ་རང་གི་དམིགས་བྱ་དམིགས་པའི་སྔ་རོལ་ན་ཡོད་པ་དང་མེད་པའི་ཤེས་པ་གང་ལ་འདོད། །དང་པོ་མི་རིགས་ཏེ། ཡོད་པའི་ཆོས་སེམས་ལ་སོགས་པ་འདི་དམིགས་པ་ནི་མེད་པ་ཁོ་ན ར་ཁྱེད་རང་འདོད་ཀྱིས་དམིགས་པ་དང་བཅས་སོ་ཉེ་བར་བསྟན་པ་ཙམ་དུ་ཟད་པར་འགྱུར་བའི་ཕྱིར་ཏེ། དམིགས་རྐྱེན་དེ་དམིགས་བྱ་དམིགས་པ་ལ་མ་ལྟོས་པར་དེའི་སྔར་ཡོད་པར་ཁས་བླངས་པའི་ཕྱིར། ཅི་སྟེ་བརྟག་པ་ཕྱི་མ་ལྟར་དམིགས་རྐྱེན་དེ་དམིགས་བྱ་དམིགས་པའི་སྔར་མེད་ཅིང་ཕྱིས་ཡོད་པར་འདོད་དོ་ཞེ་ན། དེ་ཡང་མི་འཐད་དེ། དེ་ལྟར་ན་དམིགས་པའི་ཆོས་སེམས་སེམས་བྱུང་ལ་ནི་དམིགས་པ་ཡོད་པ་ག་ལ་འགྱུར་ཏེ་མི་འགྱུར་བའི་ཕྱིར་ཏེ། དམིགས་པའི་ཕྱིས་ཡོད་པ་ཉིད་དམིགས་རྐྱེན་དུ་ཁས་བླངས་པའི་ཕྱིར། ཁྱོད་ལྟར་ན་དམིགས་བྱ་དམིགས་བྱེད་གཉིས་མ་འབྲེལ་ཏེ། དམིགས་བྱའི་དུས་སུ་དམིགས་བྱེད་མེད་ཅིང་དམིགས་བྱེད་ཀྱི་དུས་སུ། དམིགས་བྱ་མེད་པའི་ཕྱིར། འདིར་དམིགས་པ་ཙམ་ཐ་སྙད་དུ་དགག་མི་ནུས་པས་བལྟོས་མེད་དམ་དོན་དམ་པར་གྲུབ་པ་འགོག་པའོ། མདོ་སྡེ་པ་སོགས་ཀྱིས་ཤེས་པ་དེའི་དམིགས་རྐྱེན་ནི་རང་གི་སྔ་རོལ་ཏུ་འབྱུང་བར་འདོད་དེ་ཅུང་དཀའ་བའི་གནས་སོ། །གསུམ་པ་ནི། ཆོས་རྣམས་སྐྱེས་པ་མ་ཡིན་ན། །འགག་པ་འཐད་པར་མི་འགྱུར་རོ། །དེ་ཕྱིར་དེ་མ་ཐག་པའི་རིགས། །འགགས་ན་རྐྱེན་ཡང་གང་ཞིག་ཡིན། །ཞེས་སོ། །གལ་ཏེ་དངོས་པོ་གཞན་འགགས་མ་ཐག་པ་ལས་འབྲས་བུ་གཞན་སྐྱེས་བས་དེ་རང་བཞིན་གྱིས་ཡོད་དོ་ཞེ་ན། མྱུ་གུ་སོགས་འབྲས་བུའི་ཆོས་རྣམས་ཆོས་ཅན། རང་རྒྱུ་ས་བོན་འགགས་མ་ཐག་པ་དེ་ཁྱོད་ཀྱི་དེ་མ་ཐག་རྐྱེན་དུ་མི་རིགས་ཏེ། སྐྱེས་བ་མ་ཡིན་ན་སྟེ་སྐྱེས་པའི་སྔ་རོལ་དུ་ཁྱོད་ཀྱི་ས་བོན་འགགས་པ་འཐད་པར་མི་འགྱུར་བ་དེའི་ཕྱིར། དེར་ཐལ། ཁྱོད་སྐྱེས་པ་དང་ཁྱོད་ཀྱི་ས་བོན་འགག་པ་དུས་མཉམ་པའི་ཕྱིར། གལ་ཏེ་ཁྱོད་ཀྱི་ལྟར་འགག་པར་འདོད་ན་ནི་མི་འཐད་པར་ཐལ། དེ་ལྟར་ན། འབྲས་བུའི་རྐྱེན་ཡང་གང་ཞིག་ཡིན་ཏེ་མེད་པའི་ཕྱིར། རང་ལུགས་ནི་རྣམ་ཤེས་སྔ་མ་འགག་ཁ་མ་ཕྱི་མའི་དེ་མ་ཐག་རྐྱེན་དུ་འདོད་ཀྱི། འགག་ཟིན་དེར་ཁས་མི་ལེན་ནོ། །གཞུང་འདིས་གཟུགས་ལའང་དེ་མ་ཐག་རྐྱེན་འདོད་པའི་རྒོལ་བ་ཞིག་བསྟན་ཏེ་བྱེ་སྨྲ་ཞིག་ལ་དགོངས་སོ། །བཞི་པ་ནི། དངོས་པོ་རྣམས་ཀྱི་རང་བཞིན་ནི། །ཡོད་པ་གང་ཕྱིར་ཡོད་མིན་ན། །འདི་ཡོད་པས་ན་འདི་འབྱུང་ཞེས། །བྱ་བ་འདི་ནི་འཐད་མ་ཡིན། །ཞེས་སོ། གལ་ཏེ་བདག་རྐྱེན་རང་བཞིན་གྱིས་ཡོད་དོ་ཞེ་ན། ཤེས་བྱ་ཆོས་ཅན། རྒྱུ་འདི་རང་བཞིན་གྱིས་ཡོད་པས་ན་འབྲས་བུ་འདི་རང་དབང་དུ་འབྱུང་ངོ་ཞེས་བྱ་བ་འདི་ནི་བདག་རྐྱེན་གྱི་མཚན་ཉིད་དུ་འཐད་པ་མ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་དངོས་པོ་རྣམས་ཀྱི་ཡོད་པ་ནི་རང་བཞིན་གྱིས་ཡོད་པ་མ་ཡིན་པའི་ཕྱིར་ཏེ། རྟེན་འབྲེལ་ལ་རང་བཞིན་གྱིས་གྲུབ་པ་ཁེགས་པའི་ཕྱིར་རོ། །གསུམ་པ་ལ་གཉིས། འབྲས་བུ་ལ་སྐྱེ་བ་བཀག་པའི་འཇུག་བསྡུ་བ་དང་། སྐྱེད་བྱེད་ལ་རྐྱེན་གྱི་རང་བཞིན་བཀག་པའི་མཇུག་བསྡུ་བའོ། །དང་པོ་ནི། རྐྱེན་རྣམས་སོ་སོ་འདུས་པ་ལ། །འབྲས་བུ་དེ་ནི་མེད་པ་ཉིད། །རྐྱེན་རྣམས་ལ་ནི་གང་མེད་པ། །དེ་ནི་རྐྱེན་ལས་ཇི་ལྟར་སྐྱེ། །ཅི་སྟེ་འབྲས་བུ་དེ་མེད་ཀྱང་། །རྐྱེན་དེ་དག་ལས་སྐྱེ་འགྱུར་ན། །རྐྱེན་མིན་རྣམས་ལས་འབྲས་བུ་ནི། །ཅི་ཡི་ཕྱིར་ན་སྐྱེ་མི་འགྱུར། །ཞེས་སོ། །གལ་ཏེ་རྐྱེན་ལས་འབྲས་བུ་འབྱུང་བ་མཐོང་བས་དེ་ལ་དེ་ཡོད་དོ་ཞེ་ན། སྣལ་མ་ལ་སོགས་པའི་རྐྱེན་རྣམས་སོ་སོ་བ་དང་འདུས་པ་ཆོས་ཅན། ཁྱོད་གང་ལ་ཡང་འབྲས་བུ་སྣམ་བུ་དེ་ནི་མེད་པ་ཁོ་ན་ཉིད་ཡིན་པར་ཐལ། དེ་ལྟར་དམིགས་རུང་མ་དམིགས་པའི་ཕྱིར། རྐྱེན་རྣམས་ལ་ནི་གང་མེད་པའི་སྣམ་བུ་དེ་ནི་ཆོས་ཅན། རྐྱེན་སྣལ་མ་སོགས་ལས་རང་དབང་དུ་ཇི་ལྟར་སྐྱེ་སྟེ་མི་སྐྱེ་པར་ཐལ། དེ་ལ་མེད་པའི་ཕྱིར། ཅི་སྟེ་འབྲས་བུ་དེ་ནི་རྐྱེན་རྣམས་ལ་མེད་ཀྱང་རྐྱེན་དེ་དག་ལས་རང་བཞིན་གྱིས་སྐྱེ་བར་འགྱུར་ན་སྣམ་བུ་དེ་ཆོས་ཅན། རྐྱེན་མིན་པ་འཇག་མ་ལ་སོགས་པ་རྣམས་ལས་ཀྱང་སྐྱེ་བར་འགྱུར་བར་ཐལ། དེ་ལྟར་ན་དེ་དག་ལས་ཀྱང་ཅི་ཡི་ཕྱིར་ན་སྐྱེ་བར་མི་འགྱུར་ཏེ་སྐྱེ་རིགས་པའི་ཕྱིར་ཏེ། རྐྱེན་ལ་མེད་ཀྱང་རང་བཞིན་གྱིས་སྐྱེ་བའི་ཕྱིར། རྐྱེན་རེ་རེ་ཁོ་ནས་སྣམ་བུ་གཅིག་བསྐྱེད་པར་བྱར་མི་ནུས་ཏེ། ནུས་ན་སྣམ་ཡུག་གཅིག་ཉིད་དུམ་བུ་དུ་མར་སྐྱེ་བར་ཐལ་བའི་ཕྱིར་དང་། རྒྱུ་རྐྱེན་ཚོགས་པ་ལ་མ་བལྟོས་པར་འགྱུར་པའི་ཕྱིར། གལ་ཏེ་སྣམ་བུ་དེ་ནི་རྐྱེན་ཚོགས་པ་ལ་ངོ་བོ་ཉིད་ཀྱིས་སྐྱེའོ་ཞེ་ན། དེ་ཡང་མི་འཐད་པར་ཐལ། རྐྱེན་ཚོགས་པ་ལའང་སྣམ་བུ་ངོ་བོ་ཉིད་ཀྱིས་མེད་པའི་ཕྱིར། དཔེར་ན་བྱེ་མ་ཚོགས་པ་ལས་ཏིལ་མར་མི་འབྱུང་བ་བཞིན་ནོ། །གཉིས་པ་ནི། འབྲས་བུ་རྐྱེན་གྱི་རང་བཞིན་ན། །རྐྱེན་རྣམས་བདག་གི་རང་བཞིན་མིན། །བདག་དངོས་མིན་ལས་འབྲས་བུ་གང་། །དེ་ནི་ཇི་ལྟར་རྐྱེན་རང་བཞིན། དེ་ཕྱིར་རྐྱེན་གྱི་རང་བཞིན་མིན། །རྐྱེན་མིན་རང་བཞིན་འབྲས་བུ་ནི། །ཡོད་མིན་འབྲས་བུ་མེད་པས་ན། །རྐྱེན་མིན་རྐྱེན་དུ་ག་ལ་འགྱུར། །ཞེས་སོ། །གལ་ཏེ་འབྲས་བུ་རྐྱེན་གྱི་རང་བཞིན་ནམ་རྣམ་འགྱུར་ཡིན་པས་སྔར་གྱི་རིགས་པས་མི་གནོད་དོ་ཞེ་ན། དེ་ཡང་མི་རིགས་ཏེ། སྣལ་མ་སོགས་རྐྱེན་རྣམས་བདག་གི་ངོ་བོས་གྲུབ་པའི་རང་བཞིན་དུ་ཡོད་པ་མ་ཡིན་པའི་ཕྱིར་ཏེ། དེ་རྣམས་ནི་རང་རང་གི་ཆ་ཤས་ཚོགས་པ་ལ་བཏགས་ནས་བཞག་པ་ཙམ་ཡིན་པའི་ཕྱིར། བདག་གི་དངོས་པོ་སྟེ་ངོ་བོ་ཉིད་ཀྱིས་གྲུབ་པ་མིན་པའི་སྣལ་མ་སོགས་ལས་བྱུང་བའི་འབྲས་བུ་སྣམ་བུ་སོགས་ག །ང་ཡིན་པ་དེ་ནི་ཆོས་ཅན། ཇི་ལྟར་ཡང་རྣལ་མ་ལ་སོགས་པའི་རྐྱེན་གྱི་རང་བཞིན་དུ་ངོ་བོས་ཡོད་པ་མི་རུང་སྟེ། རྐྱེན་གྱི་རང་བཞིན་ཅན་དུ་ངོ་བོས་གྲུབ་པའི་འབྲས་བུ་ཡོད་པ་མ་ཡིན་པ་དེའི་ཕྱིར་ཏེ། དེ་སྐད་དུའང་བཞི་བརྒྱ་པ་ལས། སྣམ་བུ་རྒྱུ་ལས་གྲུབ་འགྱུར་ཞིང་། རྒྱུ་ཡང་གཞན་ལས་འགྲུབ་འགྱུར་ན། །གང་ཞིག་རང་གིས་གྲུབ་མེད་པ། །དེས་གཞན་སྐྱེད་པར་ཇི་ལྟར་འགྱུར། །ཞེས་གསུངས་པ་ལྟར་རོ། །གལ་ཏེ་རྐྱེན་ཡིན་པའི་རང་བཞིན་དུ་གྲུབ་པའི་འབྲས་བུ་ནི་ཡོད་པར་འདོད་ནའང་རིགས་པ་མ་ཡིན་ཏེ། དེ་འདྲ་མི་སྲིད་པའི་ཕྱིར། ཁོ་ན་རེ། རྐྱེན་དང་རྐྱེན་མ་ཡིན་པའི་ངེས་པ་ཡོད་དེ། ཏིལ་ལས་འབྲུ་མར་འབྱུང་གི་འོ་མ་མི་འབྱུང་། ཞོ་ལས་མར་འབྱུང་གི་འབྲུ་མར་མི་འབྱུང་། བྱེ་མ་ལས་དེ་གཉིས་ཀ་མི་འབྱུང་བས་རྐྱེན་དང་རྐྱེན་མིན་རང་བཞིན་གྱིས་ཡོད་དོ་ཞེ་ན། རྐྱེན་དང་རྐྱེན་ཅན་གྱི་འབྲས་བུ་རང་བཞིན་གྱིས་མེད་པར་བཤད་ཟིན་པས་ན་འདི་ནི་འདིའི་རྐྱེན་དུ་ཡོད་དོ། །འདི་ནི་རྐྱེན་མིན་ནོ་ཞེས་པའི་ངེས་པ་རང་བཞིན་གྱིས་ཡོད་པར་ག་ལ་འགྱུར་ཏེ། རྐྱེན་དང་རྐྱེན་མིན་གཉིས་ཕན་ཚུན་བལྟོས་ནས་འཇོག་པའི་ཕྱིར་རོ། གཉིས་པ་ནི། རང་བཞིན་གྱིས་སྐྱེ་བ་མེད་བཞི་རིགས་པ་ཙམ་གྱིས་བསྒྲུབ་པ་མིན་གྱི། རང་བཞིན་གྱིས་སྐྱེ་མེད་སྟོན་པའི་གསུང་རབ་ཐམས་ཅན་ནས་བཤད་པའི་དོན་རབ་བྱེད་འདིས་སྟོན་ནོ་ཞེས་ཕྱོགས་ཙམ་མཚོན་པ་ནི་འཕགས་པ་དཀོན་མཆོག་འབྱུང་གནས་གྱི་མདོ་དྲངས་པ་སྟེ། འོག་མ་རྣམས་ལའང་དེ་ལྟར་ཤེས་པར་བྱའོ། །དེ་ལྟར་མཛད་པ་ཐམས་ཅད་ནི་རྒྱུ་རྐྱེན་ལ་སོགས་པའི་འཁོར་འདས་ཀྱི་བྱ་བྱེད་ཀྱི་རྣམ་གཞག་ཐམས་ཅད་བརྟག་དོན་མ་བཙལ་བར་མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་ཡིན་པའི་ཕྱིར། དོན་རང་གི་ཡུལ་སྟེང་ནས་ངོ་བོས་གྲུབ་པའི་ཚུལ་གྱིས་མིན་ནོ་ཞེས་གོ་བའི་ཆེད་དེ་མཚོན་པ་ཙམ་མོ། །གསུམ་པ་ནི། རྐྱེན་བརྟག་པ་ཞེས་བྱ་བ་རབ་བྱེད་དང་པོ་སྟེ་དེའི་རྣམ་པར་བཤད་པའོ། །༈ གཉིས་པ་འགྲོ་འོང་གི་བྱ་བྱེད་ལ་བརྟག་པ་གང་ཟག་ལ་རང་བཞིན་དགག་པ་ལ་གསུམ། གཞུང་དོན་བཤད་པ། ལུང་དང་སྦྱར་བ། མཚན་བསྟན་པའོ། །དང་པོ་ལ་གཉིས། རྒྱས་པར་བཤད་པ་དང་། མཇུག་བསྡུ་བའོ། དང་པོ་ལ་བཞི། ལས་ལ་བརྟག་ནས་དགག་པ། དེ་བཞིན་དུ་བྱེད་པ་པོ་ལ། བྱ་བ་ཡོད་པའི་སྒྲུབ་བྱེད་ལ། བྱ་བའི་ངོ་བོ་ལ་བརྟག་ནས་དགག་པའོ། །དང་པོ་ལ་གཉིས། ལམ་གསུམ་ལ་བྱ་བ་སྤྱིར་དགག་པ་དང་། བགོམ་བཞིན་པ་ལ་བྱེ་བྲག་ཏུ་དགག་པའོ། །དང་པོ་ནི། སྤྱིར་འདི་ལམ་དུ་འགྲོའོ་ཞེས་བརྗོད་པ་ན་བྱེད་པོ་ལམ་དུ་འགྲོ་བ་པོ་གཅིག་དང་། དེ་ལམ་གང་དུ་འགྲོ་བའི་བྱ་བ་ཡང་གཅིག་ཡིན་གྱི་དུ་མ་མིན་ནོ། །འགྲོ་སའི་ལམ་ནི་གསུམ་སྟེ། སོང་ཟིན་པ་དང་འགྲོ་བཞིན་པ་དང་མ་སོང་ཞིང་བྱ་བ་མ་རྩོམ་པའོ། །འདིར་སོང་མ་སོང་གཉིས་ལ་འགྲོ་བའི་བྱ་བ་ཐ་སྙད་དུ་འགོག་ཅིང་། དེར་བགོམ་བཞིན་པ་ལ་དགག་བྱ་སྦྱར་ནས་འགོག་པ་ཡིན་ཏེ། སོང་བ་ལ་བྱ་བ་འགགས་ཟིན་ལ། མ་སོང་བའི་བྱ་བ་མ་སྐྱེས་ཤིང་། ད་ལྟ་བགོམ་བཞིན་པ་ལ་བྱ་བ་འཇོག་པའི་ཕྱིར། དེ་ཡིད་ལ་བཞག་ནས། རེ་ཞིག་སོང་ལ་མི་འགྲོ་སྟེ། །མ་སོང་བ་ལ་འགྲོ་བ་མིན། སོང་དང་མ་སོང་མ་གཏོགས་པར། བགོམ་པ་བྱེད་པར་མི་འགྱུར་རོ། །ཞེས་སོ། །རེ་ཞིག་མི་དགག་པའི་རིམ་པ་སྟོན་པ་ཡིན་ལ། ཤེས་བྱ་ཆོས་ཅན། འགྲོ་བ་པོ་གང་ཞིག་འགྲོ་བའི་བྱ་བ་འགགས་པ་སོང་བའི་ལམ་ལ་མི་འགྲོ་བ་སྟེ་འགྲོ་བའི་བྱ་བ་མེད་ཅིང་། འགྲོ་བའི་བྱ་བ་མ་སྐྱེས་པ་མ་སོང་བའི་ལམ་ལ་འགྲོ་བའི་བྱ་བ་ཡོད་པ་མ་ཡིན་ཏེ། འགྲོ་བའི་བྱ་བ་ནི་ད་ལྟ་བ་ཉིད་ཡིན་པའི་ཕྱིར། གལ་ཏེ་འགྲོ་བཞིན་པའི་ལམ་ལ་བྱ་བ་རང་མཚན་པ་ཡོད་དོ་ཞེ་ན། དེ་ཡང་མེད་དེ། བགོམ་བཞིན་པའི་ལམ་རང་དབང་དུ་མེད་པའི་ཕྱིར་ཏེ། རྐང་པས་སོང་བའི་ཆ་འགའ་ཞིག་གི་བྱ་བ་འགགས་པ་དང་། དེས་མ་སོང་བའི་ཆ་འགའ་ཞིག་གི་བྱ་བ་མ་སྐྱེས་པ་མ་གཏོགས་པར་བགོམ་བཞིན་པའི་ལམ་བདེན་པ་ཚད་མས་ཤེས་པར་མི་འགྱུར་བའི་ཕྱིར་ཏེ། རྐང་པ་ལ་ཆ་དུ་མ་ཡོད་པའི་རྐང་པའི་སོར་མོའི་རྒྱབ་ཀྱིས་མནན་པའི་ཆ་ནི་དེས་སོང་བའི་ཁོངས་སུ་གཏོགས་ལ། རྟིང་བས་མནན་པའི་མདུན་གྱི་ཕྱོགས་ནི་དེས་མ་སོང་བའི་ཁོངས་སུ་གཏོགས་པའི་ཕྱིར། འོན་ཀྱང་བགོམ་བཞིན་པའི་ལམ་མེད་པར་མི་འདོད་དེ། རྐང་པའི་ཆ་དང་ཆ་ཅན་གང་གིས་མནན་པའི་ཕྱོགས་དེ་དེའི་བགོམ་བཞིན་པར་ཐ་སྙད་དུ་འཇོག་རིགས་པའི་ཕྱིར་ཏེ། མི་འཇོག་ན་གང་ལ་བལྟོས་ཏེ་སོང་མ་སོང་ཡང་བཞག་མི་ནུས་པར་འགྱུར་བའི་ཕྱིར་རོ། །རིགས་པ་དེས་སོང་མ་སོང་བགོམ་བཞིན་པ་གསུམ་ལྟོས་ནས་གྲུབ་པར་ཤེས་ཏེ་དེ་གསུམ་རང་བཞིན་གྱིས་མེད་པར་ཤེས་པར་འགྱུར་ལ། དེ་ཤེས་ན་ལམ་དེ་གསུམ་དུ་འཇོག་པའི་རྐང་པ་དང་དེས་འགྲོ་བ་པོ་རང་བཞིན་མེད་པར་ཤེས་པར་འགྱུར་རོ། །གཉིས་པ་ལ་གཉིས། ཕྱོགས་སྔ་མ་དང་། དེ་དགག་པའོ། །དང་པོ་ནི། གང་ན་གཡོ་བ་དེ་ན་འགྲོ། །དེ་ཡང་གང་ཕྱིར་བགོམ་པ་ལ། གཡོ་བ་སོང་མིན་མ་སོང་མིན། །དེ་ཕྱིར་བགོམ་ལ་འགྲོ་བ་ཡོད། །ཅེས་སོ། ཁོ་ན་རེ། བགོམ་བཞིན་པའི་ལམ་ལ་འགྲོ་བའི་བྱ་བ་ཡོད་ཙམ་མིན་པར་ངོ་བོས་ཡོད་དེ། ཡུལ་གང་ན་རྐང་པ་འདེགས་འཇོག་ལ་སོགས་པའི་ལུས་གཡོ་བ་དེ་ན་འགྲོ་བའི་བྱ་བ་ཡོད་ལ། གཡོ་བ་དེ་ཡང་འགྲོ་བ་པོ་གང་གི་ཕྱིར་དུ་བགོམ་བཞིན་པའི་ལམ་ལ་ཡོད་ཀྱི། གཡོ་བ་དེ་སྔར་ལྟར་སོང་ཟིན་མིན་པ་དང་མ་སོང་བའི་ལམ་དུ་ཡོད་པ་མིན་པ་དེའི་ཕྱིར་ཞེ་ན། གཉིས་པ་ལ་གསུམ། ལས་ཚིག་དོན་དང་བཅས་ན་བྱ་བའི་ཚིག་དོན་གྱིས་སྟོང་པ། དེ་ལས་ལྡོག་པ། གཉིས་ཀ་དོན་དང་བཅས་ན་ཧ་ཅང་ཐལ་བའོ། །དང་པོ་ནི། བགོམ་ལ་འགྲོ་བ་ཡིན་པར་ནི། །ཇི་ལྟ་བུར་ན་འཐད་པར་འགྱུར། །གང་ཚེ་འགྲོ་བ་མེད་པ་ཡི། །བགོམ་པ་འཐད་པ་མེད་ཕྱིར་རོ། །ཞེས་སོ། །བགོམ་བཞིན་པའི་ལམ་ལ་འགྲོ་བའི་བྱ་བ་རང་ངོས་ནས་གྲུབ་པ་ཡིན་པར་ནི་ཚུལ་ཇི་ལྟར་བུར་ན་འཐད་པར་འགྱུར་ཞེས་པ་མི་འཐད་དེ། གང་གི་ཚེ་སྟེ་གང་གི་ཕྱིར་འགྲོ་བའི་བྱ་བ་ཚིག་གི་དོན་དུ་མེད་པ་ཡི་བགོམ་བཞིན་པའི་ལམ་ཞེས་པ་ནི་འཐད་པ་མེད་པའི་ཕྱིར། བྱ་བ་པ་ཡོད་དེ། འགྲོ་བའི་བྱ་བ་དེ་བགོམ་བཞིན་པའི་ལམ་ཞེས་པའི་ལས་ཚིག་གི་དོན་དུ་ཡོད་པའི་ཚུལ་གྱིས་ངོ་བོས་ཡོད་ན། བྱ་བ་དེ་འགྲོའོ་ཞེས་པའི་བྱ་ཚིག་གི་དོན་དུ་མེད་དགོས་ཀྱང་དེའི་དོན་དུ་ཡོད་པའི་ཕྱིར་ཏེ། ཡོད་ཀྱང་བྱ་བ་དེ་དེ་འདྲའི་ལས་ཚིག་གི་དོན་དུ་ངོ་བོས་གྲུབ་ན་ལམ་གྱི་ངོ་བོར་གྲུབ་དགོས་ལ། འགྲོ་ཞེས་པའི་བྱ་ཚིག་གི་དོན་དུ་གྲུབ་ན་འགྲོ་བ་པོའི་ངོ་བོར་གྲུབ་དགོས་པ་ལས། བྱ་བ་ངོ་བོས་གྲུབ་པ་གཅིག་ཉིད་གཞི་སོ་སོ་ལ་བལྟོས་པར་འགལ་བའི་ཕྱིར་རོ། །གཉིས་པ་ནི། གང་གི་བགོམ་པ་ལ་འགྲོ་བ། །དེ་ཡི་བགོམ་ལ་འགྲོ་མེད་པར། །ཐལ་བར་འགྱུར་ཏེ་གང་གི་ཕྱིར། །བགོམ་ལ་འགྲོ་བ་ཡིན་ཕྱིར་རོ། །ཞེས་སོ། །རྒོལ་བ་གང་གི་ལྟར་ན་འགྲོ་བའི་བྱ་བ་དེ་འགྲོའོ་ཞེས་པའི་བྱ་ཚིག་གི་དོན་དུ་ངོ་བོས་གྲུབ་པའི་སྒོ་ནས་བགོམ་པ་ལ་འགྲོ་ཞེས་བརྗོད་པ་དེ་ཡི་ཕྱོགས་ལ་ཆོས་ཅན། བགོམ་པའི་ལམ་ཞེས་པའི་ལས་ཚིག་གི་དོན་ལ་འགྲོ་བའི་བྱ་བ་མེད་པར་ཐལ་བར་འགྱུར་ཏེ། རྒྱུ་མཚན་གང་གི་ཕྱིར་ན་འགྲོ་བའི་བྱ་བ་གཅིག་ལས་མེད་ཅིང་། གཅིག་པོ་དེ་བགོམ་པ་ལ་འགྲོ་བ་ཞེས་པའི་བྱ་ཚིག་གི་དོན་དུ་ངོ་བོས་ཡོད་པ་ཡིན་པའི་ཕྱིར་རོ། །འདི་ཡང་ངོ་བོས་གྲུབ་པ་འགོག་གི །ཐ་སྙད་དུ་བྱ་བ་གཅིག་ཉིད་ཚིག་དེ་གཉིས་ཀྱི་དོན་དུ་ཡོད་པ་མི་འགོག་སྟེ། ཐ་སྙད་དུ་དེ་ལྟར་འདོད་པ་མི་འགལ་བའི་ཕྱིར། འདི་ནི། གང་དག་རང་མཚན་ཉིད་ཀྱིས་སོ་སོ་བ། །དེ་དག་རྒྱུད་གཅིག་གཏོགས་པར་རིགས་པ་ཡིན། །ཞེས་གསུངས་པ་ལྟར་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་ཆོས་གཅིག་ཐུན་མོང་དུ་བརྟེན་པ་འགལ་བའི་དོན་ནོ། །གསུམ་པ་ནི། བགོམ་ལ་འགྲོ་བ་ཡོད་ན་ནི། །འགྲོ་བ་གཉིས་སུ་ཐལ་འགྱུར་ཏེ། །གང་གིས་དེ་བགོམ་གྱུར་པ་དང་། །དེ་ལ་འགྲོ་བ་གང་ཡིན་པའོ། །འགྲོ་བ་གཉིས་སུ་ཐལ་འགྱུར་ན། །འགྲོ་བ་པོ་ཡང་གཉིས་སུ་འགྱུར། །གང་ཕྱིར་འགྲོ་བོ་མེད་པར་ནི། །འགྲོ་བ་འཐད་པར་མི་འགྱུར་རོ། །ཞེས་སོ། །གལ་ཏེ་འགྲོ་བའི་བྱ་བ་གཅིག་པོ་དེ་བགོམ་པ་དང་འགྲོ་ཞེས་པའི་ཚིག་གཉིས་ཀའི་དོན་དུ་ངོ་བོས་ཡོད་དོ་ཞེ་ན། དེ་ཡང་མི་རིགས་ཏེ། དེ་ལྟར་ན་དེའི་ཚེ་ལམ་དང་ངོ་བོ་གཅིག་པའི་འགྲོ་བའི་བྱ་བ་དང་། ལམ་ལས་ངོ་བོ་ཐ་དད་པའི་འགྲོ་བའི་བྱ་བ་གཉིས་སུ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། ཇི་ལྟར་ན། བྱ་བ་གང་གིས་བགོམ་བཞིན་པའི་ལམ་དེ་བགོམ་ཞེས་པའི་ཐ་སྙད་འཐོབ་པར་འགྱུར་བའི་བྱ་བ་དེ་ལམ་དང་ངོ་བོ་གཅིག་པ་དང་། ལམ་དེ་ལ་འགྲོ་ཞེས་པའི་ཐ་སྙད་བྱ་བའི་ཚིག་གི་དོན་དུ་གྱུར་བའི་བྱ་བ་གང་ཡིན་དེ་འགྲོ་བ་པོའི་ངོ་བོར་ཡོད་ཅིང་ལམ་གྱི་ངོ་བོར་མེད་པའི་ཕྱིར་དང་། བྱ་བ་དེ་གཉིས་རང་བཞིན་གྱིས་གྲུབ་པའི་སོ་སོ་བར་ཁས་བླངས་པའི་ཕྱིར། ཁྱབ་སྟེ། རང་བཞིན་གྱིས་གྲུབ་པ་ག །ཅིག་གཞི་སོ་སོ་གཉིས་ལ་བརྟེན་པ་མི་འཐད་པའི་ཕྱིར་ཏེ། འཐད་ན་དེའི་ཚེ་འགྲོ་བ་པོ་ཡང་ངོ་བོ་ཐ་དད་པ་གཉིས་སུ་འགྱུར་བའི་ཕྱིར་ཏེ། རྒྱུ་མཚན་གང་གི་ཕྱིར་ན་རྟེན་འགྲོ་བ་པོ་མེད་པར་བརྟེན་པ་འགྲོ་བའི་བྱ་བ་འཐད་པར་མི་འགྱུར་བའི་ཕྱིར་རོ། །གལ་ཏེ་སྐྱོན་མེད་དེ། གང་ཟག་གཅིག་ཉིད་ཀྱིས་སྨྲ་བ་དང་འདུན་པ་དང་ལྟ་བའི་བྱ་བ་གསུམ་དུས་གཅིག་ཏུ་བྱེད་པ་ལྟ་བུ་ཡིན་པའི་ཕྱིར་ཞེ་ན། མི་མཚུངས་ཏེ། གང་ཟག་གཅིག་ལ་དུས་གཅིག་ཏུ་ལྕེ་ལ་སོགས་པའི་ནུས་པའི་བྱེད་པ་པོ་གསུམ་ལས་སྨྲ་བ་ལ་སོགས་པའི་བྱ་བ་གསུམ་འབྱུང་བ་མི་འགལ་ཡང་། ལམ་གྱི་སྟེང་དུ་འགྲོ་བའི་བྱ་བ་ལམ་དང་ངོ་བོ་གཅིག་མི་གཅིག །གཉིས་རྐང་པ་གཅིག་གིས་དུས་གཅིག་ཏུ་བྱེད་མི་ནུས་པས། དེ་ལྟ་བུའི་བྱ་བ་གཉིས་དུས་གཅིག་ཏུ་ཡོད་ན་བྱ་བ་དེ་བྱེད་པ་པོ་ཡང་གཉིས་སུ་འགྱུར་བའི་ཕྱིར་རོ། །གཉིས་པ་བྱེད་པ་པོ་ལ་བརྟགས་ནས་དགག་པ་ལ་གསུམ། འགྲོ་བ་པོའི་བྱ་བའི་རྟེན་དུ་ཡོད་པ་དགག །རྣམ་གྲངས་གསུམ་གྱི་གང་ཟག་ལ་འགྲོ་བ་སྤྱིར་དགག །འགྲོ་བ་པོ་ལ་འགྲོ་བ་བྱེ་བྲག་ཏུ་དགག་པའོ། །དང་པོ། གལ་ཏེ་འགྲོ་བ་མེད་གྱུར་ན། །འགྲོ་བ་འཐད་པར་མི་འགྱུར་ཏེ། །འགྲོ་བ་མེད་ན་འགྲོ་བ་པོ། །ཡོད་པ་ཉིད་དུ་ག་ལ་འགྱུར། །ཞེས་སོ། །གལ་ཏེ་ལྷས་བྱིན་འགྲོའོ་ཞེས་པའི་ཐ་སྙད་འཐད་པ་ལས་ན་འགྲོ་བ་པོ་དམིགས་ལ། དེའི་ཕྱིར་འགྲོ་བའི་བྱ་བ་ཡང་ངོ་བོས་ཡོད་དོ་སྙམ་ན། སྔར་འགྲོ་བ་པོ་མེད་ཅིང་བསལ་བར་གྱུར་ན་དེ་ལ་བལྟོས་པའི་འགྲོ་བའི་བྱ་བ་འཐད་པར་མི་འགྱུར་ཏེ། དཔྱད་པའི་ཚེ་འགྲོ་བ་མེད་ན་འགྲོ་བའི་བྱ་བ་རང་མཚན་དང་ལྡན་པའི་སྒོ་ནས་འགྲོ་བ་པོ་ཡོད་པ་ཉིད་དུ་ག་ལ་འགྱུར་ཏེ་མི་འགྱུར་བའི་ཕྱིར། མི་འགྱུར་ཏེ། འགྲོ་བ་དང་འགྲོ་བ་པོ་གཉིས་ཕན་ཚུན་བལྟོས་པའི་རྟེན་བརྟེན་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རེ་ཞིག་འགྲོ་བོ་འགྲོའོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །འགྲོ་བ་པོ་མིན་འགྲོ་བ་མིན། །འགྲོ་བོོ་འགྲོ་བོ་མིན་པ་ལས། །གསུམ་པ་གང་ཞིག་འགྲོ་བར་འགྱུར། །ཞེས་སོ། རེ་ཞིག་འགྲོ་བ་པོ་ཆོས་ཅན། ངོ་བོ་ཉིད་ཀྱིས་འགྲོའོ་ཞེས་པ་ཇི་ལྟར་འཐད་པ་ཉིད་དུ་འགྱུར་ཏེ་མི་འགྱུར་བར་ཐལ། བཤད་པ་དང་འཆད་པའི་རིགས་པས་གནོད་པའི་ཕྱིར། འགྲོ་བ་པོ་མིན་པ་ཆོས་ཅན། འགྲོ་བ་མིན་ཏེ། འགྲོ་བའི་བྱ་བ་མེད་པའི། འགྲོ་བ་དང་འགྲོ་བ་པོ་དེ་གཉིས་ལས་ཕུང་གསུམ་པ་ཞིག་འགྲོ་བར་འགྱུར་བ་མི་འཐད་དེ། དེ་འདྲ་མི་སྲིད་པའི་ཕྱིར་ཏེ་འགྲོ་བ་དང་འགྲོ་མིན་དངོས་འགལ་ཡིན་པའི་ཕྱིར། གསུམ་པ་ལ་གསུམ། བྱེད་ཚིག་དོན་དང་བཅས་ན་བྱེད་པ་པོའི་ཚིག་དོན་གྱིས་སྟོང་པ། དེ་ལས་ལྡོག་པ། གཉིས་ཀ་དོན་དང་བཅས་ན་ཧ་ཅང་ཐལ་བའོ། །དང་པོ་ནི། གང་ཚེ་འགྲོ་བ་མེད་པར་ནི། །འགྲོ་བ་འཐད་པར་མི་འགྱུར་ན། །རེ་ཞིག་འགྲོ་བོ་འགྲོའོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །ཞེས་སོ། །འདིར་འགྲོ་བ་པོ་ཞེས་པའི་སྔ་མ་བྱེད་པ་པོའི་ཚིག་དག་ཕྱི་མ་བྱེད་ཚིག་ཡིན་ལ། དེ་ཡང་འདི་འགྲོ་བར་བྱེད་ཅེས་པའོ། །དེས་ན། རེ་ཞིག་འགྲོ་བ་པོ་འགྲོའོ་ཞེས་པའི་དོན་ངོ་བོས་ཡོད་པ་ཇི་ལྟར་འཐད་པ་ཉིད་དུ་འགྱུར་བ་མི་འཐད་དེ། གང་གི་ཚེ་འགྲོ་བའི་བྱ་བ་ཚིག་གི་དོན་དུ་མེད་པར་ནི་འགྲོ་བ་པོ་ཞེས་པའི་བྱེད་པ་པོའི་ཚིག་འདི་འཐད་པར་མི་འགྱུར་བའི་ཕྱིར། དེར་ཐལ། འགྲོ་བ་པོ་འགྲོ་ཞེས་པའི་དོན་རང་ངོས་ནས་གྲུབ་ན་འགྲོ་བའི་བྱ་བ་གཅིག་པོ་དེ་འགྲོ་བ་པོ་ཞེས་པའི་ཚིག་གི་དོན་དུ་མེད་ཅིང་། འགྲོ་ཞེས་པའི་ཚིག་གི་དོན་དུ་ཡོད་དགོས་ཀྱི། ཚིག་དེ་གཉིས་ཀྱི་དོན་དུ་ངོ་བོས་གྲུབ་པའི་ཚུལ་གྱིས་ཡོད་པ་མི་རུང་བའི་ཕྱིར། དེར་ཐལ། འགྲོ་བ་པོ་ཞེས་པའི་ཚིག་གི་དོན་དུ་ཡོད་ན་འགྲོ་བའི་བྱ་བ་བྱེད་པ་པོ་ལ་ཡོད་དགོས་ལ། འགྲོ་ཞེས་པའི་ཚིག་གི་དོན་དུ་ཡོད་ན་ལམ་ལ་ཡོད་དགོས་པས། ངོ་བོས་གྲུབ་ན་གཞི་སོ་སོ་པ་ལ་བྱ་བ་གཅིག་ཐུན་མོང་དུ་བརྟེན་པ་མི་རིགས་པའི་ཕྱིར། གཉིས་པ་ནི། གང་གི་ཕྱོགས་ལ་འགྲོ་བ་པོ། །འགྲོ་བ་དེ་ལ་འགྲོ་མེད་པའི། འགྲོ་བོ་ཡིན་པར་ཐལ་འགྱུར་ཏེ། འགྲོ་བོ་འགྲོ་བར་འདོད་ཕྱིར་རོ། །ཞེས་སོ། །གལ་ཏེ་རྒོལ་བ་གང་གི་ཕྱོགས་ལ་འགྲོ་བའི་བྱ་བ་དེ་འགྲོ་བ་པོའི་ཚིག་གི་དོན་དུ་ངོ་བོས་ཡོད་པར་འདོད་པ་དེ་ལ་ཆོས་ཅན། འགྲོ་ཞེས་པའི་ཚིག་གི་དོན་དུ་འགྲོ་བའི་བྱ་བ་མེད་པའི་འགྲོ་བ་པོ་ཡིན་པར་ཐལ་བར་འགྱུར་ཏེ། འགྲོ་བའི་བྱ་བ་གཅིག་ལས་མེད་ལ། གཅིག་པོ་དེ་འགྲོ་བ་པོ་ཞེས་པའི་ཚིག་གི་དོན་དུ་ཡོད་པའི་སྒོ་ནས་འགྲོ་བ་པོ་འགྲོ་བར་འདོད་པའི་ཕྱིར་རོ། །རྟགས་ཁྱབ་སྔར་བཞིན་བསྒྲུབ་པར་བྱའོ། །གསུམ་ནི། གལ་ཏེ་འགྲོ་བོ་འགྲོ་འགྱུར་ན། །འགྲོ་བ་གཉིིས་སུ་ཐལ་འགྱུར་ཏེ། །གང་གི་འགྲོ་བོར་མངོན་པ་དང་། །འགྲོ་བོོར་གྱུར་ནས་གང་འགྲོ་བའོ། །ཞེས་སོ། །གལ་ཏེ་འགྲོ་བ་པོ་ཞེས་དང་འགྲོ་ཞེས་པའི་ཚིག་གཉིས་ཀྱི་དོན་དུ་འགྲོ་བའི་བྱ་བ་ངོ་བོས་ཡོད་པར་འགྱུར་ན་ནི་འགྲོ་བ་པོའི་སྟེང་ན་རང་གི་ངོ་བོར་གྱུར་པའི་འགྲོ་བའི་བྱ་བ་དང་རང་ལས་ངོ་བོ་ཐ་དད་པའི་འགྲོ་བའི་བྱ་བ་གཉིས་སུ་ཡོད་པར་ཐལ་བར་འགྱུར་ཏེ། འགྲོ་བའི་བྱ་བ་གང་གོས་འགྲོ་བ་པོར་མངོན་པ་སྟེ་བརྗོད་པའི་འགྲོ་བའི་བྱ་བ་འགྲོ་བ་པོའི་ངོ་བོར་གྱུར་པ་དང་། འགྲོ་བ་པོར་གྱུར་ནས་འགྲོ་བའི་བྱ་བ་གང་ཞིག་བྱེད་པའི་ཚིག་གི་དོན་དུ་གྱུར་པའི་འགྲོ་བའི་བྱ་བ་དེ་འགྲོ་བ་པོ་ལས་ངོ་བོ་ཐ་དད་པའི་ཚུལ་གྱིས་ཡོད་པར་འགྱུར་བ་ལས་དེ་ལྟར་མི་རུང་པར་བ སྒྲུབས་ཟིན་པའི་ཕྱིར། དེ་ནི་བྱ་བ་དེ་གཉིས་ལ་བལྟོས་པའི་འགྲོ་བ་པོ་ངོ་བོ་ཐ་དད་གཉིས་ཀྱང་ཡོད་དགོས་པའི་སྐྱོན་སྟོན་པའོ། །རང་ལུགས་ནི། ཚིག་གཉིས་ཀའི་དོན་དུ་བྱ་བ་གཅིག་ཡོད་ཀྱང་ཐ་སྙད་པའི་ཡོད་ཚུལ་དུ་འདོད་པས་མི་འགལ་ལོ། །གསུམ་པ་བྱ་བ་ཡོད་པའི་སྒྲུབ་བྱེད་ལ་བརྟགས་ནས་འགོགས་པ་ལ་གཉིས། འགྲོ་བའི་བྱ་བ་ཡོད་པའི་སྒྲུབ་བྱེད་འགོག་པ་དང་། དེས་གནས་པའི་བྱ་བ་ཡང་རང་མཚན་པ་ཁེགས་པར་བསྟན་པའོ། །དང་པོ་ལ་བཞི། ཐོག་མའི་རྩོམ་པ་དགག །འགྲོ་བའི་ལམ་དགག ། འགྲོ་བའི་གཉེན་པོ་དགག །ཐ་མའི་ལྡོག་པ་དགག་པའོ། །དང་པོ་ལ་གཉིས། རྩོམ་པ་ཉིད་དགག་པ་དང་། གང་དུ་བརྩམ་པའི་ལམ་དགག་པའོ། །དང་པོ་ནི། སོང་ལ་འགྲོ་བའི་རྩོམ་མེད་དེ། །མ་སོང་བ་ལའང་འགྲོ་རྩོམ་མེད། །བགོ་ལ་རྩོམ་པ་ཡོད་མིན་ན། །གང་དུ་འགྲོ་ལ་རྩོམ་པར་བྱེད། །ཞེས་སོ། ཁོ་ན་རེ། སྐྱེས་བུ་སྡོད་པ་བཏང་ནས་འགྲོ་བར་རྩོམ་པར་བྱེད་པས་འགྲོ་བའི་བྱ་བ་ངོ་བོས་ཡོད་དོ་སྙམ་ན། ཤེས་བྱ་ཆོས་ཅན། སྐྱེས་བུ་འགྲོ་བའི་བྱ་བ་འགགས་པ་སོང་བའི་ལམ་ལ་དེའི་འགྲོ་བའི་བྱ་བ་རྩོམ་པ་མེད་ཅིང་། དེ་མ་སོང་བའི་ལམ་ལའང་དེའི་འགྲོ་བའི་རྩོམ་པ་མེད་དེ། འགྲོ་བའི་བྱ་བ་འགགས་པ་ནི་འདས་ལ། མ་སྐྱེས་པ་ནི་མ་འོངས་པ་ཡིན་པས་དེ་གཉིས་དང་འགྲོ་བར་རྩོམ་བཞིན་པའི་བྱ་བ་ད་ལྟར་ཡིན་པ་རྣམས་འགལ་བའི་ཕྱིར། འགྲོ་བཞིན་པའི་བགོམ་པ་ལ་ཡང་འགྲོ་བའི་རྩོམ་པ་ཐ་སྙད་དུ་ཡོད་ཀྱང་ངོ་བོས་ཡོད་པ་མ་ཡིན་ཏེ། བགོམ་བཞིན་པའི་ལམ་རང་མཚན་པ་མེད་པར་སྔར་བསྟན་ཟིན་པའི་ཕྱིར། དེ་ལྟར་ན་གང་དུ་འགྲོ་བ་ལ་རྩོམ་པར་བྱེད་པའི་ལམ་རང་བཞིན་གྱིས་མེད་པས་དེར་འགྲོ་རྩོམ་བྱེད་པ་རང་བཞིན་གྱིས་གྲུབ་པ་མེད་དེ། དེ་ལྟར་ཡོད་པ་འགལ་བའི་ཕྱིར། གཉིས་པ་ནི། འགྲོ་བ་རྩོམ་པའི་སྔ་རོལ་ན། གང་དུ་འགྲོ་བ་རྩོམ་འགྱུར་བའི། །བགོམ་པ་མེད་ཅིང་སོང་བ་མེད། །མ་སོང་འགྲོ་བ་ག་ལ་ཡོད། །ཅེས་སོ། སྐྱེས་བུ་འགྲོ་བ་རྩོམ་པའི་སྔ་རོལ་བསྡད་པའི་གནས་སྐབས་ན་སྐྱེས་བུ་གང་འགྲོ་བར་རྩོམ་པར་འགྱུར་བའི་བགོམ་པའི་ལམ་མེད་ཅིང་། དེ་སོང་བའི་ལམ་ཡང་མེད། དེའི་ཚེ་ལམ་གྱི་ངོ་བོ་དེ་གཉིས་མ་སྐྱེས་པའི་ཕྱིར། ཁྱབ་སྟེ། ངོ་བོ་ཉིད་ཀྱིས་འགྲོ་བར་རྩོམ་པར་བྱེད་པ་ཞིག་ཡོད་ན་འགྲོ་བར་རྩོམ་པའི་སྔ་རོལ་ཏུ་ཡོད་དགོས་པའི་ཕྱིར། དེར་ཐལ། འགྲོ་རྩོམ་བྱེད་པའི་ལམ་ནི་རང་དུས་སུ་ཡོད་པར་འཇོག་དགོས་པའི་ཕྱིར་ཏེ། །དེ་ལྟར་མིན་ན། དུས་ཀུན་ཏུ་འགྲོ་རྩོམ་བྱེད་དགོས་པར་འགྱུར་བས། འགྲོ་རྩོམ་མི་བྱེད་པ་མེད་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་འདོད་ན་མི་འཐད་དེ། ལྷས་སྦྱིན་བསྡད་པ་བཏང་ནས་འགྲོ་བའི་བྱ་བ་ལ་འཇུག་པར་འདོད་དགོས་པའི་ཕྱིར། སྐྱེས་བུ་མ་སོང་བའི་ལམ་ལ་འགྲོ་བའི་རྩོམ་པ་ག་ལ་ཡོད་དེ། དེ་ལ་འགྲོ་བའི་བྱ་བ་མ་རྩོམ་པའི་ཕྱིར་རོ། །གཉིས་པ་ནི། འགྲོ་བ་རྣམ་པ་ཐམས་ཅད་དུ། །སྣང་བ་མེད་པ་ཉིད་ཡིན་ན། །སོང་བ་ཅི་ཞིག་བགོམ་པ་ཅི། །མ་སོང་ཅི་ཞིག་རྣམ་པར་བརྟག །ཅེས་སོ། །གལ་ཏེ་སོང་མ་སོང་དང་བགོམ་བཞིན་པའི་ལམ་གསུམ་ཡོད་པས། འགྲོ་བ་མེད་ན་ནི་དེ་གསུམ་མི་རུང་ངོ་ཞེ་ན། དེ་ཡང་མི་རིགས་ཏེ། གང་གི་ཚེ་དོན་དམ་དཔྱད་ཀྱི་རིགས་པས་དཔྱད་པའི་ཚེ་འགྲོ་བའི་རྩོམ་པ་རྣམ་པ་ཐམས་ཅད་དུ་སྣང་བ་མེད་པ་ཉིད་ཡིན་པ་དེའི་ཚེ་ན། སོང་བ་ནི་ཅི་ཞིག་དང་མ་སོང་བ་ནི་ཅི་ཞིག་ཅེས་རྣམ་པར་བརྟག་པར་བྱ་བར་མེད་པའི་ཕྱིར། དེར་ཐལ། འགྲོ་བའི་རྩོམ་པ་མེད་ན་འགྲོ་བའི་ལམ་གསུམ་བཞག་ཏུ་མི་རུང་བའི་ཕྱིར་རོ། །གསུམ་པ་ནི། རེ་ཞིག་འགྲོ་བོ་མི་སྡོད་དེ། །འགྲོ་བ་པོ་མིན་སྡོད་པ་མིན། །འགྲོ་བོ་འགྲོ་བ་ཡིན་པ་ལས། །གསུམ་པ་གང་ཞིག་སྡོད་པར་འགྱུར། །གང་ཚེ་འགྲོ་བ་མེད་པར་ནི། །འགྲོ་བོ་འཐད་པར་མི་འགྱུར་ན། །རེ་ཤིག་འགྲོ་བོ་སྡོད་དོ་ཞེས། །ཅི་ལྟར་འཐད་པ་ཉིད་དུ་འགྱུར། །ཞེས་སོ། །བསྡད་པ་རང་བཞིན་གྱིས་ཡོད་པས་འགྲོ་བ་ཡོད་དོ་ཞེ་ན། རེ་ཤིག་འགྲོ་བ་པོ་ཆོས་ཅན། རང་བཞིན་གྱིས་མི་སྡོད་དེ། འོག་ཏུ་འཆད་པའི་རིགས་པས་གནོད་པའི་ཕྱིར། འགྲོ་བ་པོ་མིན་པ་སྡོད་པ་པོ་ཆོས་ཅན། རང་བཞིན་གྱིས་སྡོད་པ་མིན་ཏེ། སྡོད་པའི་སྔ་རོལ་ནས་སྡོད་པ་པོར་མ་གྲུབ་པའི་ཕྱིར། ཁྱབ་སྟེ། རང་བཞིན་གྱིས་སྡོད་ན་འདུག་པའི་བྱ་བ་ལ་མ་བལྟོས་པར་སྡོད་དགོས་པའི་ཕྱིར་ཏེ། སྡོད་པའི་བྱ་བ་ལ་བལྟོས་ཏེ་སྡོད་དགོས་ན་ཐ་སྙད་དུ་བསྡད་ཀྱི། རང་བཞིན་གྱིས་བསྡད་པར་མ་སོང་བའི་ཕྱིར། སྡོད་པའི་སྔ་རོལ་ནས་སྡོད་པ་པོར་མ་གྲུབ་སྟེ། གྲུབ་ནའང་དུས་ཐམས་ཅད་དུའང་སྡོད་པ་པོར་འགྱུར་བས་འགྲོ་བ་པོ་དང་འགྲོ་བ་སོགས་མི་འཐད་དགོས་པའི་ཕྱིར། འགྲོ་བ་པོ་དང་འགྲོ་བ་པོ་མིན་པ་ལས་གཞན་གསུམ་པ་གང་ཞིག་སྡོད་པར་འགྱུར་ཏེ། དེ་འདྲ་མི་སྲིད་པའི་ཕྱིར་རོ། །རྒྱུ་མཚན་གང་གི་ཚེ་སྟེ་ཕྱིར་འགྲོ་བའི་བྱ་བ་ཚིག་གི་དོན་དུ་མེད་པར་ནི་འགྲོ་བ་པོ་འཐད་པར་མི་འགྱུར་ན། རེ་ཤིག་འགྲོ་བ་པོ་སྡོད་དོ་ཞེས་སྨྲ་བ་ཇི་ལྟར་འཐད་པ་ཉིད་དུ་འགྱུར་ཏེ་མི་རིགས་སོ། བཞི་པ་ནི། བགོམ་ལས་ལྡོག་པར་མི་འགྱུར་ཏེ། སོང་དང་མ་སོང་ལས་ཀྱང་མིན། ཞེས་སོ། །སྔར་སོང་ཟིན་དང་མ་སོང་བ་གཉིས་ལ་འགྲོ་བའི་བྱ་བ་ལས་ཕྱིར་ལྡོག་པ་ཐ་སྙད་དུ་མེད་དོ། །དེ་གཉིས་ལས་འགྲོ་བའི་བྱ་བ་འགགས་པ་དང་མ་སྐྱེས་པའི་ཕྱིར། བགོམ་བཞིན་པ་ལས་ངོ་བོ་ཉིད་ཀྱིས་སླར་ལྡོག་པར་མི་འགྱུར་ཏེ། བགོམ་བཞིན་པར་ངོ་བོས་གྲུབ་ན་དུས་ཀུན་བགོམ་བཞིན་པར་འགྱུར་བས་ལྡོག་བཞིན་པ་མི་མཐད་པའི་ཕྱིར། དེར་ཐལ། གཞི་གཅིག་ལ་བལྟོས་པའི་ཕར་བགོམ་བཞིན་པ་དང་ཚུར་ལྡོག་བཞིན་པ་གཉིས་འགལ་བའི་ཕྱིར་རོ། །སོང་ཟིན་པ་དང་མ་སོང་པའི་ལམ་ལས་ཀྱང་འགྲོ་བའི་བྱ་བ་ལྡོག་པ་མིན་ཏེ། རིམ་པ་ལྟར་འགྲོ་བའི་བྱ་བ་ཞིག་པ་དང་མ་སྐྱེས་ཕྱིར་རོ། །གཉིས་པ་ནི། འགྲོ་བ་དང་ནི་འཇུག་པ་དང་། །ལྡོག་པ་ཡང་ནི་འགྲོ་བ་དང་། །ཞེས་སོ། །གལ་ཏེ་གནས་པ་རང་བཞིན་གྱིས་ཡོད་དོ་སྙམ་ན། གནས་པ་རང་བཞིན་གྱིས་མེད་དེ་དེ་དང་དེའི་སྒྲུབ་བྱེད་དུ་བཀོད་པའི་འགྲོ་བ་དང་གནས་པ་ལ་འཇུག་པ་རྩོམ་པ་དང་། གནས་པ་ལ་ལྡོག་པ་ལ་ཡང་ནི་འགྲོ་བ་འགོག་པའི་སུན་འབྱིན་བརྗོད་ཚུལ་སྔ་མ་དང་མཚུངས་པས་ངོ་བོས་གྲུབ་པ་འགོག་ནུས་པའི་ཕྱིར། ཇི་ལྟར་མཚུངས་ན། རེ་ཞིག་གནས་པོ་མི་འགྲོ་སྟེ། །ཞེས་སོགས་དང་། གནས་ལ་གནས་པའི་རྩོམ་མེད་དེ། །ཞེས་སོགས་བསྐྱུར་ནས་འགོག་ཚུལ་འགྲོ་བའི་ཕྱིར་རོ། །བཞི་པ་བྱ་བའི་ངོ་བོ་ལ་བརྟགས་ནས་འགོག་པ་གཉིས། འགྲོ་བ་པོ་དང་གཅིག་དང་ཐ་དད་བརྟགས་ནས་དགག་པ་དང་། འགྲོ་བ་པོར་འཇོག་པའི་བྱ་བ་ལ་གཉིས་པ་ཡོད་མེད་བརྟག་པའོ། །དང་པོ་ནི། འགྲོ་བ་དེ་དང་འགྲོ་བ་པོ། །དེ་ཉིད་ཅེས་ཀྱང་བྱར་མི་རུང་། །འགྲོ་བ་དང་ནི་འགྲོ་བ་པོ། །གཞན་ཉིད་ཅེས་ཀྱང་བྱར་མི་རུང་། །གལ་ཏེ་འགྲོ་བ་གང་ཡིན་པ། །དེ་ཉིད་འགྲོ་པོ་ཡིན་གྱུར་ན། །བྱེད་པ་པོ་དང་ལས་གཉིས་ཀྱང་། །གཅིག་པ་ཉིད་དུ་ཐལ་བར་འགྱུར། གལ་ཏེ་འགྲོ་དང་འགྲོ་བ་པོ། གཞན་པ་ཉིད་དུ་རྣམ་བརྟག་ན། །འགྲོ་པོ་མེད་པའི་འགྲོ་བ་དང་། །འགྲོ་བ་མེད་པའི་འགྲོ་བོར་འགྱུར། །གང་དག་དངོས་པོ་གཅིག་པ་དང་། དངོས་པོ་གཞན་པ་ཉིད་དུ་ནི། །གྲུབ་པར་གྱུར་པ་ཡོད་མིན་ན། །དེ་གཉིས་གྲུབ་པ་ཇི་ལྟར་ཡོད། །ཅེས་སོ། །སྐྱེས་བུ་གོམ་པ་འདོར་བ ་ཡོད་པས་འགྲོ་བ་པོ་རང་བཞིན་གྱིས་ཡོད་དོ་ཞེ་ན། དེ་མི་འཐད་པར་ཐལ། སྐྱེས་བུ་གོམ་པ་འདོར་བའི་འགྲོ་བའི་བྱ་བ་དེ་དང་འདོར་མཁན་གྱི་འགྲོ་བ་པོ་སྐྱེས་པ་གཉིས་ནི། རང་བཞིན་གྱིས་གཅིག་པ་དེ་ཉིད་ཅེས་ཀྱང་བྱར་མི་རུང་ཞིང་འགྲོ་བ་དང་ནི་འགྲོ་བ་པོ་གཉིས་ནི་རང་བཞིན་གྱིས་གཞན་པ་ཉིད་ཅེས་ཀྱང་བྱར་མི་རུང་བའི་ཕྱིར། གལ་ཏེ་རྟགས་དང་པོ་མ་གྲུབ་ན། བྱེད་པ་པོ་དང་ལས་སུ་བྱ་བ་གཉིས་ཀྱང་ཐ་དད་མེད་པའི་གཅིག་པ་ཉིད་དུ་ཐལ་བར་འགྱུར་ཏེ། འགྲོ་བའི་བྱ་བ་གང་ཡིན་པ་དེ་ཉིད་དང་འགྲོ་བ་པོ་གཉིས་རང་བཞིན་གྱིས་གཅིག་ཏུ་ཁས་བླངས་པའི་ཕྱིར། གལ་ཏེ་རྟགས་ཕྱི་མ་མ་གྲུབ་ན། དེ་ཡང་མི་འཐད་པར་ཐལ། ཡང་འགྲོ་བའི་བྱ་བ་དང་འགྲོ་བ་པོ་ངོ་བོ་ཉིད་ཀྱིས་གཞན་པའི་ཐ་དད་པ་ཉིད་དུ་གྲུབ་མ་གྲུབ་བརྟགས་ན་དེའི་ཚེ། འགྲོ་བ་པོ་ལ་བལྟོས་པ་མེད་པའི་འགྲོ་བའི་བྱ་བ་དང་། འགྲོ་བའི་བྱ་བ་ལ་བལྟོས་པ་མེད་པའི་འགྲོ་བ་པོ་བཟུང་དུ་ཡོད་པར་འགྱུར་ན་ནི་དེ་ལྟར་འཛིན་པ་ཡང་མིན་པའི་ཕྱིར། སྔ་ཕྱི་གཉིས་ཀས་བཟློག་པ་འཕེན་ནོ། །དེའི་ཕྱིར་བྱེད་པ་པོ་དང་བྱ་བ་གང་དག་དངོས་པོ་སྟེ་རང་བཞིན་གཅིག་པ་དང་། དངོས་པོ་སྟེ་རང་བཞིན་གཞན་པ་ཉིད་དུ་གྲུབ་པར་གྱུར་པ་ཡོད་པ་ཡིན་ན། དེ་གཉིས་རང་བཞིན་གྱིས་གྲུབ་པ་ཇི་ལྟར་ཡོད་པར་འགྱུར་ཏེ་མི་རིགས་པར་ཐལ། དེ་ལྟར་ཡོད་པ་ལ་རིགས་པས་གནོད་པའི་ཕྱིར། གཉིས་པ་ལ་གཉིས། བྱ་བ་གཉིས་པ་མེད་པ་དགག་པ་དང་། ཡོད་པར་འདོད་པ་དགག་པའོ། །དང་པོ་ནི། འགྲོ་བ་གང་གིས་འགྲོ་བོར་མངོན། །འགྲོ་བ་དེ་ནི་དེ་འགྲོ་མིན། །གང་ཕྱིར་འགྲོ་བའི་སྔ་རོལ་མེད། །གང་ཞིག་གང་དུ་འགྲོ་བར་འགྱུར། །ཞེས་སོ། །གལ་ཏེ་ཁྱེད་འགྲོ་བའི་བྱ་བ་གཅིག་ཉིད་ཀྱིས་འགྲོ་བར་འཇོག་པས་ཁྱེད་རང་ལ་མཚུངས་སོ་ཞེ་ན། ངེད་འགྲོ་བ་པོ་དང་འགྲོ་བའི་བྱ་བ་ཐ་སྙད་དུ་ཡོད་པར་འདོད་པས་སྐྱོན་མེད་ལ། རང་བཞིན་གྱིས་གྲུབ་པར་འདོད་པ་ལ་སྐྱོན་ཡོད་དེ། འདི་ལྟར་འགྲོ་བའི་བྱ་བ་གང་གིས་འགྲོ་བ་པོར་མངོན་པར་གསལ་བར་བྱེད་པའི་འགྲོ་བའི་བྱ་བ་དེ་ནི་འགྲོ་བ་པོར་རང་བཞིན་གྱིས་གྲུབ་པ་དེ་འགྲོ་བར་བྱེད་པ་མིན་པའི་ཕྱིར་ཏེ། གང་གི་ཕྱིར་ན་སྐྱེས་བུ་གང་ཞིག་གྲོང་ངམ་གྲོང་ཁྱེར་གང་དུ་འགྲོ་བར་མཐོང་བ་བཞིན་དུ། འགྲོ་བའི་སྔ་རོལ་དུ་འགྲོ་བའི་བྱ་བ་ལ་མ་བལྟོས་པར་འགྲོ་བ་པོ་མེད་པའི་ཕྱིར། དེར་ཐལ། འགྲོ་བ་པོ་ནི་འགྲོ་བའི་བྱ་བ་ལ་བལྟོས་ནས་འཇོག་གི །འགྲོ་བའི་བྱ་བ་ལ་བལྟོས་པ་མེད་པར་སྔར་ནས་འགྲོ་བ་པོར་འཇོག་ན་དུས་ཐམས་ཅད་དུ་འགྲོ་བ་པོར་འགྱུར་བས་སྡོད་པ་པོ་མེད་པར་ཐལ་བའི་ཕྱིར་རོ། །དེས་ན་འགྲོ་བའི་བྱ་བ་གཅིག་པོ་དེའི་སྔར་འགྲོ་བའི་བྱ་བ་གཉིས་པ་ཞིག་ཀྱང་མེད་དེ། འགྲོ་བ་པོ་མེད་པར་དེ་འགྲོ་བའི་བྱ་བ་སྔར་གྲུབ་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། འགྲོ་བ་གང་གིས་འགྲོ་བོར་མངོན། །དེ་ལས་གཞན་པ་དེ་འགྲོ་མིན། །གང་ཕྱིར་འགྲོ་པོ་གཅིག་པུ་ལ། །འགྲོ་བ་གཉིས་སུ་མི་འཐད་དོ། །ཞེས་སོ། །ཅེ་སྟེ་འགྲོ་བར་འཇོག་པའི་བྱ་བ་དེ་ལས་གཞན་པའི་བྱ་བ་གཉིས་པ་དུས་མཉམ་པ་ཞིག་གི་སྒོ་ནས་འགྲོ་བར་འཇོག་པོ་ཞེ་ན། འགྲོ་བའི་བྱ་བ་གང་གིས་འགྲོ་བ་པོ་ལ་མངོན་པར་གསལ་པར་བྱེད་པའི་བྱ་བ་དེ་ལས་གཞན་པའི་བྱ་བ་གཉིས་པ་དུས་མཉམ་པ་ཞིག་གི་སྒོ་ནས་དེ་འགྲོ་བར་བྱེད་པ་ནི་འཐད་པ་མིན་ཏེ། གང ་གི་ཕྱིར་ན་འགྲོ་བ་པོ་གཅིག་པུ་ཞིག་ལ་འགྲོ་བ་པོ་དང་ངོ་བོ་གཅིག་པ་དང་ངོ་བོ་ཐ་དད་པའི་བྱ་བ་གཉིས་སུ་ཡོད་པ་མི་འཐད་པར་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་ཐུན་མོང་དུ་འཇུག་བསྡུ་པ་ལ་གཉིས། རྣམ་གྲངས་གསུམ་གྱི་འཇུག་བསྡུ་བ་དང་། དེས་གྲུབ་པའི་དོན་ནོ། །དང་པོ་ནི། འགྲོ་བོ་ཡིན་པར་གྱུར་པ་ནི། །འགྲོ་རྣམ་གསུམ་དུ་འགྲོ་མི་བྱེད། །མ་ཡིན་པར་ནི་གྱུར་དེ་ཡང་། །འགྲོ་རྣམ་གསུམ་དུ་འགྲོ་མི་བྱེད། །ཡིན་དང་མ་ཡིན་གྱུར་པ་ཡང་། །འགྲོ་རྣམ་གསུམ་དུ་འགྲོ་མི་བྱེད། །ཅེས་སོ། །འགྲོ་བ་པོ་མིན་པར་གྱུར་པ་དེ་ནི་ཆོས་ཅན། རང་བཞིན་གྱིས་མི་འགྲོ་སྟེ། སོང་མ་སོང་བགོམ་བཞིན་པའི་འགྲོ་བའི་ལམ་རྣམ་པ་གསུམ་དུ་རང་བཞིན་གྱིས་འགྲོ་བར་མི་བྱེད་པའི་ཕྱིར། འགྲོ་བ་མ་ཡིན་པར་ནི་གྱུར་པ་དེ་ཡང་ཆོས་ཅན། རང་བཞིན་གྱིས་མི་འགྲོ་སྟེ་ལམ་དེ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་པའི་ཕྱིར། འགྲོ་བ་པོ་ཡིན་པ་དང་དེ་མ་ཡིན་པ་གཉིས་ཀར་གྱུར་པ་ཡང་ཆོས་ཅན། རང་བཞིན་གྱིས་མི་འགྲོ་སྟེ། དེ་རྣམ་པ་གསུམ་གང་དུ་འགྲོ་བར་མི་བྱེད་པའི་ཕྱིར། གཉིས་པ་ནི། དེ་ཕྱིར་འགྲོ་དང་འགྲོ་བོ་དང་། །བགྲོད་པར་བྱ་བའང་ཡོད་མ་ཡིན། །ཞེས་སོ། །ཤེས་བྱ་ཆོས་ཅན། དེ་ལྟར་འགྲོ་བའི་བྱ་བ་དང་འགྲོ་བ་པོ་དང་བགྲོད་པར་བྱ་བའི་གཞི་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། བརྟགས་ཤིང་དཔྱད་པའི་ཚེ་དཔྱད་དོན་མི་རྙེད་པ་དེའི་ཕྱིར་རོ། །གཉིས་པ་ནི། འགྲོ་འོང་རང་བཞིན་མེད་པར་སྟོན་པའི་རྒྱ་ཆེར་རོལ་པ་ལ་སོགས་པའི་ལུང་དྲངས་པ་རྣམས་སོ། །དེ་ལྟར་མཛད་པ་ཐམས་ཅད་ཀྱང་རང་བཞིན་གྱིས་གྲུབ་པ་ལ་བྱ་བྱེད་ཀྱི་རྣམ་གཞག་མི་འཐད་ཅིང་ཐ་སྙད་དུ་ཡོད་པ་ལ་འགྲོ་འོང་སོགས་བྱ་བྱེད་ཀྱི་རྣམ་གཞག་ཐམས་ཅད་འཐད་པ་ཡིན་ནོ་ཞེས་གོ་བར་བྱ་བའི་ཆེད་དེ། མཚོན་པ་ཙམ་ཞིག་བརྗོད་ལ་རྒྱས་པར་རྗེའི་ཊཱིཀྐ་སོགས་ལས་ཤེས་པར་བྱའོ། །གསུམ་པ་ནི། འགྲོ་བ་དང་འོང་བ་བརྟག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་གཉིས་པའི་རྣམ་པར་བཤད་པའོ། །གཉིས་པ་བདག་མེད་གཉིས་རྒྱས་པར་བཤད་པ་ལ་ལྔ། ཆོས་དང་གང་ཟག་སོ་སོར་ཕྱེ་སྟེ་བཤད་པ། དངོས་པོ་ཙམ་རང་བཞིན་གྱིས་སྟོང་པར་བསྟན་པ། བདག་མེད་པའི་དེ་ཁོ་ན་ཉིད་ལ་འཇུག་ཚུལ། དུས་རང་བཞིན་གྱིས་སྟོང་པར་བསྟན་པ། སྲིད་པའི་རྒྱུན་རང་བཞིན་གྱིས་སྟོང་པར་བསྟན་པའོ། །དང་པོ་ལ་གཉིས། ཆོས་ཀྱི་བདག་མེད་པ་དང་། གང་ཟག་གི་བདག་མེད་བཤད་པའོ། །དང་པོ་ལ་གཉིས། ཆོས་གསུམ་བདག་མེད་པར་བཤད་པ་དང་། དེ་ལ་བདག་ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ། སྐྱེ་མཆེད་དང་། ཕུང་པོ་དང་ཁམས་ལ་ཆོས་བདག་དགག་པའོ། དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་དེ་ལུང་དང་སྦྱར་བ། མཚན་བསྟན་པའོ། །དང་པོ་ལ་གཉིས། ཕྱོགས་སྔ་དགོད་པ་དང་། དེ་དགག་པའོ། །དང་པོ་ནི། ལྟ་དང་ཉན་དང་སྣོམ་པ་དང་། །མྱང་བར་བྱེད་དང་རེག་བྱེད་ཡིད། །དབང་པོ་དྲུག་སྟེ་དེ་དག་གི །སྤྱོད་ཡུལ་བལྟ་བར་བྱ་ལ་སོགས། །ཞེས་སོ། ཁོ་ན་རེ། ཡུལ་དང་དབང་པོ་རྣམས་རང་བཞིན་གྱིས་ཡོད་དེ། མངོན་པ་ནས་ལྟ་བ་དང་ཉན་པ་དང་སྣོམ་པ་དང་མྱང་བར་བྱེད་པ་དང་རེག་པར་བྱེད་པ་དང་སེམས་པར་བྱེད་པའི་ཡིད་དབང་པོ་དྲུག་སྟེ། དབང་པོ་དེ་དག་གི་སྤྱོད་ཡུལ་བལྟ་བར་བྱ་བ་དང་ལ་སོགས་པས་ཉན་པར་བྱ་བ་ནས་ཤེས་པར་བྱ་བའི་བར་དྲུག་གསུངས་པའི་ཕྱིར་ཞེ་ན། གཉིས་པ་དགག་པ་ལ་གཉིས། ལྟ་བའི་ཆོས་གསུམ་ལ་རང་བཞིན་དགག་པ་དང་། རིགས་པ་དེས་གཞན་ལའང་རང་བཞིན་ཁེགས་ཚུལ་ལོ། །དང་པོ་གཉིས། ལྟ་བའི་བྱེད་པ་པོ་དགག་པ་དང་། ལྟ་བའི་ལས་དང་བྱ་བ་དགག་པའོ། །དང་པོ་ལ་གཉིས། མིག་བྱེད་པ་པོ་ཡིན་པ་དགག་པ་དང་། བདག་གམ་རྣམ་ཤེས་བྱེད་པ་པོར་གྲུབ་པ་དགག་པའོ། །དང་པོ་ལ་གཉིས། རང་ལ་མི་ལྟ་བའི་རྟགས་ཀྱིས་དགག་པ་དང་། ལྟ་བའི་བྱ་བ་དང ་འབྲེལ་མ་འབྲེལ་བརྟགས་ནས་དགག་པའོ། །དང་པོ་ལ་གསུམ། རྟགས་འགོད་པ། མ་ངེས་པ་སྤང་བ། དོན་བསྡུ་པའོ། །དང་པོ་ནི། ལྟ་དེ་རང་གི་བདག་ཉིད་ནི། །དེ་ལ་ལྟ་བ་ཉིད་མ་ཡིན། གང་ཞིག་རང་ལ་མི་ལྟ་བ། དེ་དག་གཞན་ལ་ཇི་ལྟར་ལྟ། ཞེས་སོ། །ཡུལ་གཟུགས་ལ་ལྟ་བར་བྱེད་པའི་མིག་དབང་དེ་ཆོས་ཅན། རང་གི་བདག་ཉིད་དེ་ལ་ནི་ལྟ་བ་མ་ཡིན་པ་ཉིད་ཁོ་ན་སྟེ། རང་ཉིད་རང་གི་བལྟ་བྱ་ཡིན་པའི་སྒོ་ནས་རང་ལ་བྱ་བ་བྱེད་པ་འགལ་བའི་ཕྱིར། དེ་ལྟར་གང་ཞིག་རང་ལ་མི་ལྟ་བའི་མིག་དེ་དག་ཆོས་ཅན། ཁྱོད་སྔོ་སོགས་ཡུལ་གཞན་ལ་ཡང་ངོ་བོ་ཉིད་ཀྱིས་ཇི་ལྟར་ལྟ་བ་ཡོད་དེ་མེད་པར་ཐལ། རང་ལ་མི་ལྟ་བའི་ཕྱིར། དཔེར་ན། རྣ་བ་ལ་སོགས་པ་བཞིན་ནོ། །འདི་ནི་ངོ་བོ་ཉིད་ཀྱིས་ལྟ་ན་རྐྱེན་ལ་མི་བལྟོས་པས་གཞན་ལ་ལྟ་བ་བཞིན་དུ་རང་ལའང་ལྟ་དགོས་པའི་དོན་ནོ། །གཉིས་པ་ནི། ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར། །མེ་ཡི་དཔེ་ཡིས་ནུས་མ་ཡིན། །སོང་དང་མ་སོང་བགོམ་པ་ཡིས། །དེ་ནི་ལྟ་བཅས་ལན་བཏབ་བོ། །ཞེས་སོ། །གལ་ཏེ་རང་ལ་མི་ལྟ་ཡང་གཞན་ལ་རང་བཞིན་གྱིས་ལྟ་སྟེ། མེས་རང་མི་སྲེག་ཀྱང་གཞན་སྲེག་པར་བྱེད་པ་བཞིན་ནོ། །ཞེ་ན། མིག་གིས་ལྟ་བ་ངོ་བོ་ཉིད་ཀྱིས་ཡོད་པར་རབ་ཏུ་བསྒྲུབ་པའི་ཕྱིར་དུ་མེ་ཡི་དཔེ་བཀོད་པས་ནི་སྒྲུབ་པར་བྱེད་ནུས་པ་མ་ཡིན་ཏེ། སྔར་སོང་དང་མ་སོང་བགོམ་བཞིན་པ་ལ་འགྲོ་འོང་བའི་བྱ་བ་རང་མཚན་པ་འགོག་པའི་རིགས་པ་ཡིས། མེའི་དཔེ་དངོས་དེ་ནི་དོན་ལྟ་བ་དང་བཅས་པ་ལྷན་ཅིག་ལན་བཏབ་ཅིང་བཀག་པའི་ཕྱིར་ཏེ། ཇི་ལྟར་ན། རེ་ཤིག་བལྟས་ལ་མི་ལྟ་སྟེ། ཞེས་དང་། རེ་ཤིག་སྲེག་པོ་མི་སྲེག་སྟེ། །ཞེས་སྦྱོར་བའི་ཚུལ་གྱིས་བཀག་པའི་ཕྱིར། མིག་གིས་རང་ལ་མི་ལྟ་བ་ནི་མིག་ལྡན་གྱི་གང་ཟག་ལ་མི་ལྟ་བ་ནི་མིག་ལྡན་གྱི་གང་ཟག་ལ་མི་ལྟ་བའི་དོན་མིན་གྱི། མིག་ཉིད་ཀྱིས་མིག་ཉིད་ལ་དངོས་སུ་མི་ལྟ་བའི་དོན་ནོ། །གསུམ་པ་ནི། གང་ཚེ་ཅུང་ཟད་མི་ལྟ་བ། །ལྟ་བར་བྱེད་པ་མ་ཡིན་ནོ། །ལྟ་བས་ལྟ་བར་བྱེད་ཅེས་བྱར། །དེ་ནི་ཇི་ལྟར་རིགས་པར་འགྱུར། །ཞེས་སོ། །མིག་དབང་ཆོས་ཅན། གཟུགས་ལ་ལྟ་བྱེད་དུ་རང་བཞིན་གྱིས་མ་གྲུབ་པར་ཐལ། དུས་གང་གི་ཚེ་རང་དང་གཞན་ལ་ངོ་བོ་ཉིད་ཀྱིས་ཅུང་ཟད་ཀྱང་མི་ལྟར་བའི་ཕྱིར། དེས་ན་གཟུགས་ལ་རང་བཞིན་གྱིས་ལྟ་བར་བྱེད་པ་མ་ཡིན་ཏེ། ལྟ་བྱེད་དུ་རང་བཞིན་གྱིས་མ་གྲུབ་པའི་ཕྱིར། འདོད་ན། གཟུགས་ལ་རང་བཞིན་གྱིས་ལྟ་བས་ན་ལྟ་བར་བྱེད་ཅེས་བྱ་བར་བརྗོད་པ་དེ་ནི་ཆོས་ཅན། ཇི་ལྟ་བ་རིགས་པར་འགྱུར་བ་མི་འཐད་པར་ཐལ། དེ་འདྲ་མེད་པའི་ཕྱིར། གཉིས་པ་ནི། ལྟ་བ་ལྟ་ཉིད་མ་ཡིན་ཏེ། །ལྟ་བ་མིན་པ་མི་ལྟ་ཉིད། ཅེས་སོ། །མིག་ཆོས་ཅན། ཁྱོད་ལྟ་བའི་བྱེད་པ་པོར་རང་བཞིན་གྱིས་མ་གྲུབ་སྟེ། ཁྱོད་ལྟ་བ་པོར་གྲུབ་ཟིན་ནས་སླར་ལྟ་བའི་བྱ་བ་དང་འབྲེལ་བ་ཉིད་མ་ཡིན་པའི་ཕྱིར། ཁྱབ་སྟེ། སྔར་ལྟ་བའི་བྱེད་པ་པོར་གྲུབ་ཟིན་ན། སླར་ལྟ་བའི་བྱ་བ་ལ་བལྟོས་པར་མི་རིགས་པའི་ཕྱིར་ཏེ། གལ་ཏེ་སླར་བལྟོས་ན་ཁྱོད་ཀྱི་སྟེང་ན་ལྟ་བའི་བྱ་བ་རང་དང་ངོ་བོ་གཅིག་པ་དང་ངོ་བོ་ཐ་དད་པ་གཉིས་དུས་གཅིག་ཏུ་ཡོད་པར་འགྱུར་བས། དེ་ལ་ནི་སྔར་བཤད་པའི་རིགས་པས་གནོད་པའི་ཕྱིར། དེར་ཐལ། ལྟ་བའི་བྱ་བ་གཅིག་ཉིད་དུ་བྱེད་པོ་དང་བྱ་བ་གཟུགས་གཉིས་ཀྱི་སྟེང་ན་ངོ་བོས་གྲུབ་པ་མི་འཐད་པའི་ཕྱིར། གལ་ཏེ་མིག་ལྟ་བའི་རང་བཞིན་མིན་པ་དང་འབྲེལ་ཞེ་ན། དེ་ཡང་མི་རིགས་པར་ཐལ། མིག་ལྟ་བའི་རང་བཞིན་མེད་པ་ཡང་གཟུགས་ལ་མི་ལྟ་བ་ཉིད་དུ་ངེས་པའི་ཕྱིར་ཏེ། དེ་ལྟ་བའི་བྱ་བ་དང་བྲལ་བའི་ཕྱིར། སོར་རྩེ་བཞིན་ནོ། །གཉིས་པ་བདག་གམ་རྣམ་ཤེས་བྱེད་པ་པོ་ཡིན་པ་དགག་པ་ལ་གཉིས། རིགས་པ་སྔ་མས་ཁེགས་ཚུལ། རིགས་པ་གཞན་བསྟན་པའོ། །དང་པོ་ནི། ལྟ་བ་ཉིད་ཀྱིས་ལྟ་བ་པོའང་། །རྣམ་པར་བཤད་པས་ཤེས་པར་བྱ། །ཞེས་སོ། །གལ་ཏེ་བདག་གམ་རྣམ་ཤེས་ལྟ་བ་པོར་ངོ་བོ་ཉིད་ཀྱིས་ཡོད་དོ་ཞེ་ན། ཤེས་བྱ་ཆོས་ཅན། བདག་གམ་རྣམ་ཤེས་ལྟ་བ་པོར་རང་བཞིན་གྱིས་མ་གྲུབ་པར་ཐལ། མིག་ལྟ་བའི་བྱེད་པོར་རང་བཞིན་གྱིས་གྲུབ་པ་འགོག་པའི་རིགས་པ་དེ་ཉིད་ཀྱིས་བདག་དང་རྣམ་ཤེས་གཉིས་རང་བཞིན་གྱིས་ལྟ་བ་པོ་ཡིན་པའང་བཀག་པ་རྣམ་པར་བཤད་པས་ཤེས་པར་བྱ་བ་ཡིན་པའི་ཕྱིར། དེ་ཡང་། ལྟ་པོ་རང་གི་བདག་ཉིད་ནི། །ལྟ་བས་ལྟ་བ་ཉིད་མ་ཡིན། །ཞེས་སོགས་སྦྱར་ནས་འགོག་པའོ། །འདིར་ལྟ་བར་བྱེད་པ་པོ་དང་། ལྟ་བར་བྱེད་པ་དང་། ལྟ་བའི་བྱ་བའང་ཐ་སྙད་དུ་འཇོག་ཀྱང་། དེ་གསུམ་ངོ་བོ་མ་གྲུབ་པར་འདོད་ན་ལྟ་བའི་བྱ་བ་ཡང་གསུམ་ཡོད་དགོས་ཤིང་། ལྟ་བ་པོ་ཡང་གསུམ་དུས་གཅིག་ཏུ་ཡོད་པར་འགྱུར་རོ། །གཉིས་པ་ནི། མ་སྤངས་ལྟ་པོ་ཡོད་མིན་ཏེ། །ལྟ་བ་སྤངས་པ་གྱུར་ཀྱང་ངོ་། །ཞེས་སོ། །གལ་ཏེ་ལྟ་བའི་ལས་དང་བྱེད་པ་ཡོད་པས་ལྟ་བ་པོ་རང་བཞིན་གྱིས་ཡོད་དོ་ཞེ་ན། དེ་ཡང་མི་འཐད་དེ། ལྟ་བའི་བྱ་བ་མ་སྤངས་པ་སྟེ་དེ་ལ་བལྟོས་པའི་ལྟ་བ་པོ་རང་བཞིན་གྱིས་ཡོད་པ་མ་ཡིན་ཞིང་། ལྟ་བའི་བྱ་བ་སྤངས་པར་གྱུར་པ་སྟེ་དེ་ལ་མི་བལྟོས་པའི་ལྟ་བ་པོ་ཡང་ཡོད་པ་མིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ལྟ་བའི་བྱ་བ་བལྟོས་ན་ལྟ་བ་པོར་རང་བཞིན་གྱིས་ཡོད་པར་མི་རིགས་པའི་ཕྱིར། གཉིས་པ་གྲུབ་སྟེ། ལྟ་བའི་བྱ་བ་ལ་མི་ལྟོས་པའི་ལྟ་བ་པོ་མེད་པར་བསྒྲུབས་ཟིན་པའི་ཕྱིར། གཉིས་པ་ནི། ལྟ་པོ་མེད་ན་ལྟ་བྱ་དང་། །ལྟ་བ་དེ་དག་ག་ལ་ཡོད། །བལྟ་བྱ་ལྟ་བ་མེད་པའི་ཕྱིར། །རྣམ་པར་ཤེས་པ་ལ་སོགས་བཞི། །ཡོད་མིན་ཉེ་བར་ལེན་པ་སོགས། །ཇི་ལྟར་བུར་ན་འཐད་པར་འགྱུར། །ཞེས་སོ། །གལ་ཏེ་བལྟ་བྱ་ལས་དང་ལྟ་བ་རང་བཞིན་གྱིས་ཡོད་སྙམ་ན། དེ་མི་འཐད་པར་ཐལ། ལྟ་བ་པོ་རང་བཞིན་གྱིས་མེད་ན། དེ་ལ་བལྟོས་པའི་བལྟ་བྱ་དང་ལྟ་བ་དེ་དག་རང་བཞིན་གྱིས་ག་ལ་ཡོད་དེ་མེད་པའི་ཕྱིར། དེར་ཐལ། བྱེད་པོ་མེད་ན་དེའི་བྱ་བ་མི་འགྲུབ་པའི་ཕྱིར། རྣམ་པར་ཤེས་པ་ལ་སོགས་ཏེ་རེག་པ་དང་ཚོར་བ་དང་སྲེད་པ་བཞི་པོ་ཡང་རང་བཞིན་གྱིས་ཡོད་པ་མིན་ཏེ། བལྟ་བྱ་དང་ལྟ་བ་སོགས་རང་བཞིན་གྱིས་མེད་པའི་ཕྱིར། ཉེ་བར་ལེན་པ་དང་སོགས་ཀྱིས་སྲིད་པ་དང་སྐྱེ་རྒ་སོགས་ཀྱང་ཇི་ལྟར་བུར་ན་རང་བཞིན་གྱིས་ཡོད་པརའགྱུར་ཏེ། རྣམ་ཤེས་སོགས་བཞི་རང་བཞིན་གྱིས་མེད་པའི་ཕྱིར། གཉིས་པ་རིགས་པ་དེ་གཞན་ལ་སྦྱར་བ་ནི། ལྟ་བས་ཉན་དང་སྣོམ་པ་དང་། །མྱང་བར་བྱེད་དང་རེག་བྱེད་ཡིད། །ཉན་པ་པོ་དང་གཉན་པོ་སོགས། །རྣམ་པར་བཤད་པས་ཤེས་པར་བྱ། །ཞེས་སོ། །ལྟ་བའི་ཆོས་གསུམ་ལ་རང་བཞིན་འགོག་པའི་རིག་པ་དེ་ཉིད་ཀྱིས། རྣ་བས་ཉན་པ་དང་། སྣས་སྣོམ་པ་དང་། ལྕེས་མྱང་བར་བྱེད་པ་དང་། ལུས་ཀྱིས་རེག་པར་བྱེད་པ་དང་། ཡིད་ཀྱིས་སེམས་པར་བྱེད་པ་དང་། ཉན་པ་པོ་དང་། མཉན་པར་བྱ་བ་དང་། སོགས་ཀྱིས་སྣོམ་པ་པོ་དང་། སྣམ་པར་བྱ་བ་ནས་སེམས་སོ་སོ་དང་སེམས་པར་བྱ་བ་རྣམས་ཀྱང་རང་བཞིན་མེད་པར་རྣམ་པར་བཤད་པར་ཤེས་པར་བྱ་སྟེ། ཉན་པ་རང་གི་བདག་ཉིད་ནི། །དེ་ལ་ཉན་པ་ཉིད་མ་ཡིན། །ཞེས་སོགས་སྦྱར་བའི་ཚུལ་གྱིས་འགོག་པ་ཡིན་པའི་ཕྱིར། ལས་ནི་ཡུལ་དྲུག་དང་། བྱ་བ་ནི་ལྟ་བ་དང་ཉན་པ་སོགས་དང་། བྱེད་པ་པོ་ལ་གཉིས་ཏེ་མིག་སོགས་བྱེད་པ་པོ་དང་། ཡང་ན་བདག་གམ་རྣམ་ཤེས་དྲུག་བྱེད་པ་པོར་འཇོག་སྟེ། ཕྱི་མ་བྱེད་པ་པོར་འཇོག་པའི་ཚེ། དབང་པོ་དྲུག་ལ་ནི་བྱེད་པ་ཞེས་བྱའོ། །གཉིས་པ་ནི། སྲིད་པ་འཕོ་བའི་མདོ་ལ་སོགས་པ་རྣམས་སོ། །གསུམ་པ་ནི། དབང་པོ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་གསུམ་པའི་རྣམ་པར་བཤད་དོ། །གཉིས་པ་ཕུང་པོ་ལ་ཆོས་བདག་དགག་པ་ལ་གསུམ། རབ་བྱེད་ཀྱི་གཞུང་། ལུང་སྦྱར་བ། མཚན་བསྟན་པའོ། དང་པོ་ལ་གསུམ། གཟུགས་ཕུང་རང་བཞིན་གྱིས་གྲུབ་པ་དགག །རིགས་པ་དེ་ཕུང་པོ་ལྷག་མ་ལ་སྦྱར་བ། རྩོད་འཆད་ཀྱི་ལན་གདབ་ཚུལ་ལོ། །དང་པོ་ལ། ཁོ་ན་རེ། མངོན་པ་ལས་གཟུགས་མི་འབྱུང་བ་བཞི་དང་། འབྱུང་གྱུར་གྱི་གཟུགས་སུ་གསུངས་པས། རྒྱུ་འབྲས་རྣམས་ལ་རང་བཞིན་ཡོད་དོ་ཞེ་ན། དེ་དགག་པ་ལ་གསུམ། དོན་གཞན་པ་ལ་རྒྱུ་འབྲས་དགག ། ཡོད་མེད་ལ་རྒྱུ་འབྲས་དགག །འདྲ་མི་འདྲ་ལ་རྒྱུ་འབྲས་དགག་པའོ། །དང་པོ་ལ་གཉིས། དམ་བཅའ་བ་དང་། སྒྲུབ་བྱེད་བསྟན་པའོ། །དང་པོ་ནི། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ནི་དམིགས་པར་མི་འགྱུར་རོ། །གཟུགས་ཞེས་བྱ་བས་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ་། །ཞེས་སོ། མིག་དབང་ལ་སོགས་པའི་འབྲས་གཟུགས་ཀྱི་རྒྱུ་བ་སོགས་འབྱུང་བ་བཞི་པོ་དེ་དག་ལས་ནི་མ་གཏོགས་པར་ཏེ་ངོ་བོ་ཉིད་ཀྱིས་ཐ་དད་པའི་མིག་སོགས་འབྱུང་གྱུར་གྱི་གཟུགས་ནི་དམིགས་པས་མི་འགྱུར་ལ། དེར་མ་ཟད་འབྲས་བུ་འབྱུང་གྱུར་གྱི་གཟུགས་ཞེས་བྱ་བ་མ་གཏོགས་པར་ཏེ་ངོ་བོ་ཉིད་ཀྱིས་ཐ་དད་པའི་འབྱུང་གྱུར་གྱི་གཟུགས་ཀྱི་རྒྱུ་འབྱུང་བ་བཞི་ཡང་མི་སྣང་སྟེ། འབྱུང་བ་དང་འབྱུང་གྱུར་གཉིས་ཕན་ཚུན་བལྟོས་ནས་གྲུབ་པའི་ཕྱིར་རོ། །གཉིས་པ་ནི། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ན་གཟུགས་ནི་རྒྱུ་མེད་པར། །ཐལ་བར་འགྱུར་ཏེ་དོན་གང་ཡང་། །རྒྱུ་མེད་པ་ནི་གང་ནའང་མེད། །གལ་ཏེ་གཟུགས་ནི་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཞིག་ཡོད་ན་ནི། །འབྲས་བུ་མེད་པའི་རྒྱུར་འགྱུར་ཏེ། །འབྲས་བུ་མེད་པའི་རྒྱུ་མེད་དོ། །ཞེས་སོ། །ངོ་བོ་ཉིད་ཀྱིས་ཡོད་ན་འབྲས་གཟུགས་ཀྱི་རྒྱུ་འབྱུང་བ་ལ་ནི་མ་གཏོགས་པར་ཏེ་ངོ་བོ་ཐ་དད་པའི་འབྲས་གཟུགས་མིག་སོགས་ཡོད་པར་འགྱུར་ལ། དེ་ལྟར་ན་འབྲས་གཟུགས་དེ་དག་ནི་རྒྱུ་མེད་པར་འབྱུང་བར་ཐལ་བར་འགྱུར་ཞིང་། དེ་ལ་འདོད་མི་ནུས་ཏེ། དོན་དངོས་པོ་གང་ཡང་རྒྱུ་མེད་པ་ནི་གང་ནའང་མེད་པའི་ཕྱིར། གལ་ཏེ་འབྲས་བུའི་གཟུགས་ནི་མ་གཏོགས་པར་ཏེ་དེར་བལྟོས་མེད་དུ་གཟུགས་ཀྱི་རྒྱུ་ཞིག་ངོ་བོ་ཉིད་ཀྱིས་ཡོད་ན་ནི་དེ་མི་རིགས་ཏེ། རྒྱུའི་གཟུགས་འབྱུང་བ་བཞི་ནི་འབྲས་བུ་མེད་པའི་རྒྱུར་འགྱུར་བའི་ཕྱིར། འབྲས་བུ་མེད་པའི་རྒྱུ་ནི་མེད་དེ། རྒྱུར་རྣམ་པར་འཇོག་བྱེད་མེད་པའི་ཕྱིར། ནམ་མཁའི་མེ་ཏོག་བཞིན་ནོ། རང་བཞིན་གྱིས་གྲུབ་ན་བལྟོས་མེད་དུ་ཡོད་དགོས་པའི་རིགས་པ་སྟེ་སྔར་བཤད་པའི་རང་བཞིན་གྱི་དོན་དྲན་དགོས་སོ། །གཉིས་པ་ནི། གཟུགས་ཡོད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །གཟུགས་མེད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །རྒྱུ་མེད་པ་ཡི་གཟུགས་དག་ནི། །འཐད་པར་མི་རུང་རུང་མིན་ཉིད། །དེ་ཕྱིར་གཟུགགས་ཀྱི་རྣམ་པར་རྟོག །འགལ་ཡང་རྣམ་པར་བརྟག་མི་བྱ། ཞེས་སོ། །རྒྱུ་འབྱུང་བ་རྣམས་ནི་འབྲས་བུ་འབྱུང་གྱུར་ཡོད་མེད་གང་གི་རྒྱུར་ངོ་བོ་ཉིད་ཀྱིས་མ་གྲུབ་སྟེ། གལ་ཏེ་འབྲས་གཟུགས་ནི་ངོ་བོ་ཉིད་ཀྱིས་ཡོད་ན་ཡང་རྒྱུས་འབྲས་བུ་ལ་ཅི་ཡང་མི་ནུས་པས་གཟུགས་ཀྱི་རྒྱུ་ཡང་འཐད་པར་མི་འགྱུར་བ་ཉིད་དང་། འབྲས་གཟུགས་མེད་ན་ཡང་རྒྱུས་དགོས་པ་མེད་པས་འབྲས་གཟུགས་ཀྱི་ནི་རྒྱུ་ཡང་འཐད་པར་མི་འགྱུར་བ་ཉིད་ཡིན་པའི་ཕྱིར། རྒྱུ་གཟུགས་མེད་ནའང་འབྲས་གཟུགས་རང་བཞིན་གྱིས་ཡོད་དོ་སྙམ་ན། དེ་ནི་ཤིན་ཏུ་མི་རིགས་ཏེ། རྒྱུ་མེད་པ་ཡི་འབྲས་བུའི་གཟུགས་དག་ནི་འཐད་པར་མི་རུང་ཞིང་རུང་བ་མིན་པ་ཉིད་ཀྱི་ཕྱིར་ཏེ། རྒྱུ་མེད་ལས་སྐྱེ་བ་ནི་ཤིན་ཏུ་ཐ་ཆད་པའི་ཕྱིར། རྒྱུ་མཚན་དེའི་ཕྱིར་རྣལ་འབྱོར་བ་དེ་ཉིད་རིགས་པས་གཟུགས་ཀྱི་རྣམ་པར་རྟོགས་པ་ཐོགས་བཅས་ཐོགས་མེད་ཅེས་བྱ་བ་ལ་སོགས་པ་འགལ་ཡང་རང་བཞིན་གྱིས་ཡོད་པར་རྣམ་པར་བརྟག་པར་མི་བྱ་ཞིང་བྱར་མི་འོས་སོ། །གསུམ་པ་རྒྱུ་དང་འདྲ་མི་འདྲ་ལ་འབྲས་བུ་དགག་པ་ནི། འབྲས་བུ་རྒྱུ་དང་འདྲ་བ་ཞེས། །བྱ་བ་འཐད་པ་མ་ཡིན་ཏེ། འབྲས་བུ་རྒྱུ་དང་མི་འདྲ་ཞེས། །བྱ་བའང་འཐད་པ་མ་ཡིན་ནོ། །ཞེས་སོ། །གཞན་ཡང་། འབྲས་བུའི་གཟུགས་མིན་སོགས་ནི་རྒྱུ་འབྱུང་བ་རྣམས་དང་ངོ་བོ་ཉིད་ཀྱིས་འདྲ་བ་ཞེས་བྱ་བ་ནི་འཐད་པ་མ་ཡིན་ཏེ། འབྱུང་བ་བཞི་ནི་སྲ་གཤེར་དྲོད་གཡོ་བའི་རྣམ་པ་ཅན་ཡིན་ལ། འབྱུང་འགྱུར་དབང་པོ་སོགས་ནི་དེ་ལྟར་མ་ཡིན་པའི་ཕྱིར། ཁྱབ་སྟེ། ངོ་བོ་ཉིད་ཀྱིས་འདྲ་ན་ཆ་ཐམས་ཅད་ནས་འདྲ་དགོས་པའི་ཕྱིར། འབྲས་བུའི་གཟུགས་མིག་སོགས་ཆོས་ཅན། རང་རྒྱུ་འབྱུང་བ་རྣམས་དང་རིགས་མི་འདྲ་བར་འབྱུང་ཞེས་བྱ་བའང་འཐད་པ་མ་ཡིན་པར་ཐལ། རིགས་གཏན་མི་འདྲ་བར་བསྐྱེད་ན་གཟུགས་ཀྱི་རིགས་ཅན་བསྐྱེད་པ་མི་འཐད་པས། མི་འདྲ་བ་ཐམས་ཅན་ཀྱང་བསྐྱེད་པར་འགྱུར་བའི་ཕྱིར། གཉིས་པ་རིགས་པ་དེ་ཕུང་པོ་ལྷག་མ་ལ་སྦྱར་བ་ནི། ཚོར་དང་འདུ་ཤེས་འདུ་བྱེད་དང་། །སེམས་དང་དངོས་པོ་ཐམས་ཅད་ཀྱང་། །རྣམ་པ་དག་ནི་ཐམས་ཅད་དུ། །གཟུགས་ཉིད་ཀྱིས་ནི་རིམ་པར་མཚུངས། །ཞེས་སོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་སེམས་དང་མཚན་མཚོན་དང་རྒྱུ་འབྲས་དང་ཆ་དང་ཆ་ཅན་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱང་རང་བཞིན་གྱིས་མེད་དེ། གཟུགས་དེ་རང་གི་རྒྱུ་ལས་དེ་ཉིད་དང་གཞན་དུ་ཡོད་མེད་རྣམ་པར་དཔྱོད་པའི་རིགས་པར་དཔྱད་ནས་མི་རྙེད་པའི་རིགས་པ་དེ་ཉིད་ཀྱིས་ནི། འགོག་ཚུལ་གྱི་རིམ་པ་ཇི་ལྟ་བ་བཞིན་དུ་རྣམ་པ་དག་ནི་ཐམས་ཅད་དུ་མི་རྙེད་པར་མཚུངས་པའི་ཕྱིར། གསུམ་པ་རྩོད་འཆད་ཀྱི་ཚེ་ལན་གདབ་ཚུལ་ནི། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡི་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །སྟོང་པ་ཉིད་ཀྱིས་བཤད་བྱས་ཚེ། །གང་ཞིག་སྐྱོན་འདོགས་སྨྲ་བྱེད་པ། །དེ་ཡི་ཐམས་ཅད་སྐྱོན་བཏགས་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་སོ། །རང་བཞིན་སྟོང་པ་ཉིད་ཀྱི་དོན་བསྟན་པའི་སྒོ་ནས་གཟུགས་ལ་རང་བཞིན་མེད་དོ་ཞེས་བརྩད་པ་སྟེ་རྩོད་པ་བྱས་པའི་ཚེ། རྒོལ་གང་ཞིག་གཟུགས་ལ་རང་བཞིན་ཡོད་དེ། ཚོར་བ་ལ་རང་བཞིན་ཡོད་པའི་ཕྱིར་ཞེས་ལན་འདེབས་སྨྲ་བར་བྱེད་པ་དེ་ཡི་དེ་ལྟ་བུ་ཐམས་ཅད་ནི་ཡང་དག་པའི་ལན་བཏབ་པ་མ་ཡིན་ཏེ། དེ་འདྲ་བ་དེ་སྒྲུབ་བྱེད་བསྒྲུབ་པར་བྱ་བ་དང་མཚུངས་པ་ཅན་དུ་འགྱུར་བའི་ཕྱིར། ཡང་རང་བཞིན་སྟོང་པ་ཉིད་དུ་སྨྲ་བ་རྒྱུར་བྱས་པ་ཉིད་ཀྱི་སྒོ་ནས་གཟུགས་ལ་རང་བཞིན་མེད་པའི་བཤད་པ་བྱས་པའི་ཚེ། སློབ་མ་ལྟ་བུ་གང་ཞིག་སྔར་བཞིན་སྐྱོན་འདོགས་སྨྲ་བར་བྱེད་ཅིང་རྒོལ་བར་བྱེད་པ་དེ་ཡི་རྒལ་བ་དེ་ཐམས་ཅད་སྐྱོན་ལེགས་པར་བཏགས་པ་མིན་ཏེ། སྒྲུབ་བྱེད་ནི་བསྒྲུབ་པར་བྱ་བ་དང་བསྒྲུབ་དགོས་མཚུངས་པའི་ཕྱིར་ཏེ། དེའི་ཚེ་སྒྲུབ་བྱེད་ཀྱང་རང་བཞིན་མེད་པར་བསྒྲུབ་དགོས་པས་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། ཤེས་རབ་སྙིང་པོ་དང་ཏིང་ངེ་འཛིན་རྒྱལ་པའི་མདོ་ལ་སོགས་པ་རྣམས་སོ། །གསུམ་པ་ནི། ཕུང་པོ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཞི་པའི་རྣམ་བཤད་དོ། །གསུམ་པ་ཁམས་ལ་ཆོས་བདག་དགག་པ་ལ་གསུམ། རབ་བྱེད་གྱི་གཞུང་། ལུང་དང་སྦྱར་བ། མཚན་བསྟན་པའོ། །དང་པོ་ལ་གཉིས། ཁམས་དྲུག་རང་བཞིན་གྱིས་གྲུབ་པ་དགག་པ། ཡོད་མེད་ཀྱི་འཐར་ལྟ་བ་སྨད་པའོ། །དང་པོ་ལ་གཉིས། ནམ་མཁའི་ཁམས་རང་བཞིན་གྱིས་གྲུབ་པ་དགག་པ་དང་། རིགས་པ་དེས་ཁམས་ལྷག་མ་ལ་རང་བཞིན་ཁེགས་པར་བསྟན་པའོ། །དང་པོ་ལ་གཉིས། ནམ་མཁའ་མཚན་མཚོན་དུ་གྲུབ་པ་དགག་པ་དང་། མཇུག་བསྡུ་པའོ། །དང་པོ་ལ་གསུམ། མཚན་གཞི་དགག་པ། མཚན་ཉིད་དགག་པ། མཇུག་བསྡུ་པའོ། དང་པོ་ལ་གཉིས། ནམ་མཁའ་ལ་མཚན་ཉིད་འཇུག་པ་དགག་པ་དང་། མཚན་གཞི་ཁེགས་པར་བསྟན་པའོ། །དང་པོ་ལ་གཉིས། སྔ་ཕྱི་གང་དུ་འཇུག་བརྟག་པ་དང་། མཚན་ཉིད་ཡོད་མེད་གང་ལ་འཇུག་བརྟག་པའོ། །དང་པོ་ནི། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །གལ་ཏེ་མཚན་ལས་སྔ་གྱུར་ན། །མཚན་ཉིད་མེད་པར་ཐལ་བར་འགྱུར། །མཚན་ཉིད་མེད་པའི་དངོས་པོ་ནི། །འགའ་ཡང་གང་ནའང་ཡོད་མ་ཡིན། །མཚན་ཉིད་མེད་པའི་དངོས་མེད་ན། །མཚན་ཉིད་གང་དུ་འཇུག་པར་འགྱུར། །ཞེས་སོ། །འདིར་མཚན་གཞི་ནི་མཚོན་བྱ་ཞེས་པ་ཡིན་པས། མཚོན་བྱ་ནམ་མཁའ་ནི་མ་བསྒྲིབས་པའི་མཚན་ཉིད་དུ་སྔར་འཇུག་མི་སྲིད་དེ་ནམ་མཁའི་མཚན་ཉིད་ཐོགས་མེད་སྒྲིབ་པ་མེད་པའི་སྔ་རོལ་ན། མཚན་གཞིའམ་མཚོན་བྱ་ནམ་མཁའ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར། དེར་ཐལ། གལ་ཏེ་ནམ་མཁའི་མཚན་ཉིད་དེ་ལས་ནམ་མཁའ་སྔ་བར་གྱུར་ན། སྔ་བའི་ནམ་མཁའ་དེ་ལ་མཚན་ཉིད་མེད་པར་ཐལ་པར་འགྱུར་ན་དེ་ཡང་མི་འཐད་པའི་ཕྱིར། མི་འཐད་དེ་མཚན་ཉིད་མེད་པའི་མཚོན་བྱའི་དངོས་པོ་ནམ་མཁའ་ནི་འགའ་ཡང་གང་ནའང་ཡོད་པ་མ་ཡིན་པའི་ཕྱིར། མཚན་ཉིད་ཀྱི་སྔ་རོལ་ན་མཚན་ཉིད་མེད་པའི་དངོས་པོ་སྟེ་དོན་མཚོན་བྱ་མེད་ཅིང་དེ་མེད་ན་མཚན་ཉིད་དེ། སྔ་དུ་འཇུག་པར་འགྱུར་ཏེ། འཇུག་པའི་གཞི་མེད་པའི་ཕྱིར། རང་ལུགས་ལ་མཚན་མཚོན་གཉིས་དུས་མཉམ་པ་ཡིན་ཡང་། མཚན་ཉིད་མཚོན་བྱ་ལ་ངོ་བོ་ཉིད་ཀྱིས་འཇུག་ན་མཚོན་བྱ་སྔ་ལ་མཚན་ཉིད་ཕྱི་དགོས་ཏེ། འཇུག་གཞི་གྲུབ་ཟིན་ནས་མཚན་ཉིད་འཇུག་དགོས་པའི་ཕྱིར་རོ། །གཉིས་པ་ནི། མཚན་ཉིད་མེད་ལ་མཚན་ཉིད་ནི། །མི་འཇུག་མཚན་ཉིད་བཅས་ལ་མིན། །མཚན་བཅས་མཚན་ཉིད་མེད་པ་ལས། །གཞན་ལའང་འཇུག་པར་མི་འགྱུར་རོ། །ཞེས་སོ། །ཡང་མཚན་ཉིད་མེད་པའི་ནམ་མཁའ་ལ་མཚན་ཉིད་སྒྲིབ་མེད་ནི་འཇུག་ཅིང་། མཚན་ཉིད་བཅས་པར་རང་བཞིན་གྱིས་གྲུབ་པ་ལའང་སླར་མཚོན་པའི་ཕྱིར་དུ་འཇུག་པ་མིན་ཏེ། སླར་མཚོན་པ་ལ་དགོས་པ་མེད་པའི་ཕྱིར། མཚན་ཉིད་དང་བཅས་པ་དང་མཚན་ཉིད་མེད་ལས་གཞན་པ་ལའང་འཇུག་པར་མི་འགྱུར་ཏེ། དེ་འདྲ་མི་སྲིད་པའི་ཕྱིར། གཉིས་པ་དེས་མཚན་གཞི་ཁེགས་ཚུལ་ནི། མཚན་ཉིད་འཇུག་པ་མ་ཡིན་ན། མཚན་གཞི་འཐད་པར་མི་འགྱུར་རོ། །ཞེས་སོ། །གང་གི་ཚེ་མཚན་ཉིད་འཇུག་པ་ངོ་བོས་ཡོད་པ་མ་ཡིན་ན་དེའི་ཚེ་མཚན་གཞི་རང་བཞིན་གྱིས་ཡོད་པ་འཐད་པར་མི་འགྱུར་ཏེ། མཚན་མཚོན་གཉིས་ཕན་ཚུན་བལྟོས་ནས་བཞག་པའི་ཕྱིར། གཉིས་པ་མཚན་ཉིད་དགག་པ་ནི། མཚན་གཞི་འཐད་པ་མ་ཡིན་ན། །མཚན་ཉིད་ཀྱང་ནི་ཡོད་མ་ཡིན། །ཞེས་སོ། །གང་གི་ཚེ་མཚན་གཞི་སྟེ་མཚོན་བྱ་རང་བཞིན་གྱིས་ཡོད་པ་འཐད་པ་མ་ཡིན་ན་དེའི་ཚེ་མཚན་ཉིད་ཀྱང་ནི་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། འཇུག་གཞི་མེད་ན་འཇུག་པ་བྱེད་མི་རིགས་པའི་ཕྱིར། གསུམ་པ་དོན་བསྡུ་བ་ནི། དེ་ཕྱིར་མཚན་གཞི་ཡོད་མིན་ན། །མཚན་ཉིད་ཀྱང་ནི་ཡོད་མ་ཡིན། །ཞེས་སོ། །རྒྱུ་མཚན་དེའི་ཕྱིར་ནམ་མཁའི་མཚན་ཉིད་ཀྱང་ནི་རང་བཞིན་གྱིས་ཡོད་པ་ཉིད་མ་ཡིན་ཏེ། མཚན་གཞི་ནམ་མཁའ་ངོ་བོས་ཡོད་པ་ཉིད་མིན་པའི་ཕྱིར། གཉིས་པ་ལ་གཉིས། དངོས་ཀྱི་དོན་དང་། དེའི་རྩོད་སྤང་ངོ་། དེའི་དང་པོ་ནི། མཚན་གཞི་མཚན་ཉིད་མ་གཏོགས་པའི། དངོས་པོ་འགའ་ཡང་ཡོད་མ་ཡིན། །དངོས་པོ་ཡོད་པ་མ་ཡིན་ན། །དངོས་མེད་གང་གི་ཡིན་པར་འགྱུར། །ཞེས་སོ། །བྱེ་བྲག་སྨྲ་བས་ནི་ནམ་མཁའ་དངོས་པོའི་རང་བཞིན་དུ་འདོད་ལ། རང་སྡེ་གཞན་རྣམས་ཀྱིས་ནམ་མཁའ་ནི་ཐོགས་རེག་དང་བྲལ་བའི་སྟོང་ཆ་ལ་འདོད་དོ། །དེས་ན་བྱེ་སྨྲ་ན་རེ་ནམ་མཁའ་དངོས་པོའི་རང་བཞིན་དུ་ངོ་བོས་ཡོད་དོ་ཞེ་ན། ནམ་མཁའ་ཆོས་ཅན། དངོས་པོའི་རང་བཞིན་དུ་མ་གྲུབ་པར་ཐལ། སྔར་བཤད་པ་ལྟར་མཚན་གཞི་དང་མཚན་ཉིད་གང་དུའང་རང་བཞིན་གྱིས་མེད་པའི་ཕྱིར། ཁྱབ་སྟེ། མཚན་མཚོན་དེ་གང་དུ་མ་གཏོགས་པའི་ནམ་མཁའི་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར། མདོ་སྡེ་བ་སོགས་ན་རེ། ནམ་མཁའ་དངོས་མེད་དུ་རང་བཞིན་གྱིས་གྲུབ་བོ་ཞེ་ན། དེ་ནི་མི་འཐད་དེ། སྔར་ལྟར་དགག་བྱ་གཟུགས་ཀྱི་དངོས་པོ་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ན་དེའི་ཚེ། དགག་བྱ་གང་གི་དངོས་པོ་མེད་པའི་ནམ་མཁའ་ངོ་བོས་གྲུབ་པ་ཇི་ལྟར་ཡིན་པར་འགྱུར་ཏེ་འགྱུར་མི་རུང་བའི་ཕྱིར་རོ། །གཉིས་པ་ནི། དངོས་དང་དངོས་མེད་མི་མཐུན་ཆོས། །གང་གི་དངོས་དང་དངོས་མེད་ཤེས། །ཞེས་སོ། །གལ་ཏེ་བརྟག་བྱའི་དངོས་མེད་ངོ་བོས་ཡོད་དོ་སྙམ་ན། དེ་ཡང་མི་རིགས་ཏེ། གང་གིས་དངོས་པོ་དང་དངོས་མེད་ཤེས་ཤིང་དཔྱོད་པར་བྱེད་པ་པོ་དེ་ནི་དངོས་པོ་དང་དངོས་མེད་ཀྱི་ཆོས་མི་མཐུན་པ་གཉིས་དང་དེ་གཉིས་གང་ཡང་མིན་པའི་ཕུང་གསུམ་གྱི་རྟོག་པ་པོར་རང་བཞིན་གྱིས་མང་བའི་ཕྱིར། ཁྱབ་སྟེ། རྟོག་བྱེད་རང་བཞིན་གྱིས་མེད་ན་བརྟག་བྱ་རང་བཞིན་གྱིས་ཡོད་པ་མི་འཐད་པའི་ཕྱིར་རོ། །གཉིས་པ་རིགས་པ་དེ་ཁམས་ལྷག་མ་ལ་སྦྱར་བ་ནི། གཞན་གང་དག་ཀྱང་ནམ་མཁའ་མཚུངས། །ཞེས་པ་སྟེ། ནམ་མཁར་མ་ཟད་ས་སོགས་ཁམས་ལྷག་མ་གཞན་གང་ཡིན་པ་དེ་དག་ཀྱང་ཆོས་ཅན། རང་བཞིན་གྱིས་མེད་དེ། ནམ་མཁའ་ལ་བཤད་པའི་རིགས་པས་འགོག་ནུས་པར་མཚུངས་པའི་ཕྱིར་ཏེ། དེ་ཡང་ས་ཁམས་མཚན་ཉིད་སྔ་རོལ་ན། །ས་ནི་ཅུང་ཟད་ཡོད་མིན་ཏེ། །ཞེས་སོགས་སྦྱར་ནས་འགོག་རིགས་པའི་ཕྱིར་རོ། ། གཉིས་པ་ཡོད་མེད་ཀྱི་མཐར་ལྟ་བ་སྨད་པ་ནི། །བློ་ཆུང་གང་དག་དངོས་རྣམས་ལ། །ཡོད་པ་ཉིད་དང་མེད་ཉིད་དུ། །བལྟ་བ་དེས་ནི་བལྟ་བྱ་བ། །ཉེ་བར་ཞི་བ་ཞི་མི་མཐོང་། །ཞེས་སོ། །ཡོད་མེད་ཀྱི་མཐར་ལྟ་བའི་བློ་ཆུང་གང་དག་ཆོས་ཅན། བལྟ་བར་བྱ་བ་སྤྲོས་པ་ཉེ་བར་ཞི་བའི་ཞི་བ་མྱ་ངན་ལས་འདས་པ་མངོན་སུམ་དུ་མི་མཐོང་སྟེ། དངོས་པོ་རྣམས་ལ་རང་བཞིན་གྱིས་ཡོད་པ་ཉིད་དང་ཐ་སྙད་དུ་མེད་པ་ཉིད་དུ་བལྟ་བ་དེ་དག་དེའི་དབང་གིས་རྟག་ཆད་ཀྱི་མཐའ་གཉིས་སུ་ལྷུང་བའི་ཕྱིར། གཉིས་པ་ནི། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ལ་སོགས་པ་རྣམས་སོ། །གསུམ་པ་ནི། ཁམས་བརྟག་པ་ཞེས་བྱ་རབ་ཏུ་བྱེད་པ་ལྔ་པའི་རྣམ་བཤད་དོ།། །། གཉིས་པ་དེ་ལ་བདག་ཡོད་པའི་སྒྲུབ་བྱེད་དགག་ལ་གསུམ། བརྟེན་པ་ཀུན་ནས་ཉོན་མོངས་ཡོད་པ་དགག །མཚན་ཉིད་སྐྱེ་འཇིགས་གནས་གསུམ་དགག །ལས་དང་བྱེད་པ་པོ་ཡོད་པ་དགག་པའོ། །དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་། ལུང་དང་སྦྱར་བ། མཚན་བསྟན་པའོ། །དང་པོ་ལ་གསུམ། འདོད་ཆགས་དང་ཆགས་པ་རང་བཞིན་གྱིས་ཡོད་པ་དགག །བཀག་པའི་འཇུག་བསྡུ་བའོ། །དེ་གཞན་ལ་སྦྱར་བའོ། །དང་པོ་ལ་གཉིས། སྔ་ཕྱིར་འབྱུང་བ་དགག་པ་དང་། ལྷན་ཅིག་འབྱུང་བ་དགག་པའོ། །དང་པོ་གཉིས། འདོད་ཆགས་ཀྱི་སྔ་རོལ་ན་ཆགས་པ་ཡོད་མེད་དགག་པ་དང་། དེ་ལས་ལྡོག་སྟེ་ཡོད་མེད་དགག་པའོ། །དང་པོ་ནི་གལ་ཏེ་འདོད་ཆགས་སྔ་རོལ་ན། །འདོད་ཆགས་མེད་པའི་ཆགས་ཡོད་ན། །དེ་ལ་བརྟེན་ནས་འདོད་ཆགས་ཡོད། ཆགས་ཡོད་འདོད་ཆགས་ཡོད་པར་འགྱུར། །ཆགས་པ་ཡོད་པར་མ་གྱུར་ནའང་། །འདོད་ཆགས་ཡོད་པར་ག་ལ་འབྱུང་། །ཞེས་སོ། ཁོ་ན་རེ། འདོད་ཆགས་ཡོད་པས་ཆགས་པ་པོ་རང་བཞིན་གྱི་ཡོད་དོ་ཞེ་ན། འདོད་ཆགས་དང་ཆགས་པ་པོའི་སེམས་སམ་གང་ཟག་རང་བཞིན་གྱིས་མེད་དེ། གལ་ཏེ་འདོད་ཆགས་ཀྱིས་སྔ་རོལ་ན་འདོད་ཆགས་མེད་པའི་ཆགས་པ་པོ་ཞིག་ཡོད་ན་དེ་ལ་བརྟེན་ནས་ཕྱིས་འདོད་ཆགས་ཡོད་པར་འགྱུར་དགོས་པ་ལས་དེ་མི་འཐད་པའི་ཕྱིར། ཡང་འདོད་ཆགས་མ་སྐྱེས་པའི་སྔ་རོལ་ན་འདོད་ཆགས་ཀྱང་ཡོད་པར་འགྱུར་ཏེ། དེའི་སྔ་རོལ་ན་ཆགས་པ་པོ་ཡོད་པའི་ཕྱིར། གལ་ཏེ་ཆགས་པ་པོ་ཡོད་པའི་འདོད་ཆགས་ཡོད་དོ་ཞེ་ན་དེ་ནི་མི་རིགས་ཏེ། སྔར་ཆགས་པ་པོ་ཡོད་པར་མ་གྱུར་ན་དེ་ལ་བརྟེན་པའི་འདོད་ཆགས་ཡོད་པར་ག་ལ་འགྱུར་ཏེ་མི་རིགས་པའི་ཕྱིར་ཏེ། འདོད་ཆགས་རང་བཞིན་གྱིས་གྲུབ་ན་རྟེན་སྔར་ཡོད་ལ་བརྟེན་པ་འདོད་ཆགས་ཕྱིས་ཡོད་དགོས་པའི་ཕྱིར་ཏེ། འདོད་ཆགས་འདི་གཞི་འདི་ལ་བརྟེན་ནས་གྲུབ་བོ་ཞེས་བྱ་བར་རིགས་པའི་ཕྱིར། དེས་ན་ཆགས་པ་པོ་གང་ཟག་དང་སེམས་ནི་འདོད་ཆགས་དང་སྔ་ཕྱི་ཡོད་པ་མི་འཐད་དེ། འདོད་ཆགས་ཀྱི་རྟེན་མེད་པར་འགྱུར་བའི་ཕྱིར། སྐབས་འདིའི་ཆགས་པ་ནི་གང་ཟག་དང་རྣམ་ཤེས་ཅི་རིགས་ལ་བྱའི། འདོད་ཆགས་ལ་མི་བྱའོ། །གཉིས་པ་ནི། ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །ཞེས་སོ། །ཆགས་པའི་སྔ་རོལ་ན་འདོད་ཆགས་མེད་དེ། ཡོད་ན་འདོད་ཆགས་ལ་རྟེན་མེད་པར་འགྱུར་ཞིང་། འདོད་ཆགས་ཕྱིས་ཡོད་པའི་ཆགས་པ་པོ་འདོད་ན་འདོད་ཆགས་དང་བྲལ་བའི་དགྲ་བཅོམ་ལའང་འདོད་ཆགས་ཡོད་པར་འགྱུར་བའི་རིམ་པ་མཚུངས་པའི་ཕྱིར་རམ། ཡང་ན་ཆགས་པ་ལ་ཡང་འདོད་ཆགས་ནི་སྔ་རོལ་དུ་ཡོད་དམ་མེད་ཀྱང་སྔར་བཤད་པ་དང་རིམ་པ་མཚུངས་པའི་ཕྱིར། གཉིས་པ་ལྷན་ཅིག་འབྱུང་པ་དགག་པ་ལ་གཉིས་ཀྱི་དང་པོ་ནི། འདོད་ཆགས་དང་ནི་ཆགས་པ་དག །ལྷན་ཅིག་ཉིད་དུ་སྐྱེ་མི་རིགས། །འདི་ལྟར་འདོད་ཆགས་ཆགས་པ་དག །ཕན་ཚུན་བལྟོས་པ་མེད་པར་འགྱུར། ཞེས་སོ། །གལ་ཏེ་འདོད་ཆགས་དང་ཆགས་པ་ངོ་བོ་ཉིད་ཀྱིས་ཐ་དད་ཡིན་ནོ་སྙམ་ན། འདོད་ཆགས་དང་ནི་ཆགས་པ་པོ་དག་ཆོས་ཅན། ངོ་བོ་ཉིད་ཀྱིས་ལྷན་ཅིག་ཐ་དད་པ་ཉིད་དུ་སྐྱེ་བ་མི་རིགས་པར་ཐལ། དེ་ལྟར་ན་ཁྱོད་ཕན་ཚུན་བལྟོས་པ་མེད་པར་འགྱུར་བ་ལས་ཕན་ཚུན་བལྟོས་པའི་ཕྱིར། གཉིས་པ་ལ་གཉིས། གཅིག་དང་ཐ་དད་ལ་ལྷན་ཅིག་སྤྱིར་དགག་པ་དང་། །ཐ་དད་པ་ལྷན་ཅིག་བྱེ་བྲག་ཏུ་དགག་པའོ། །དང་པོ་ནི། གཅིག་ཉིད་ལྷན་ཅིག་ཉིད་མེད་དེ། །དེ་ཉིད་དེ་དང་ལྷན་ཅིག་མིན། །ཅི་སྟེ་ཐ་དད་ཉིད་ཡིན་ན། །ལྷན་ཅིག་ཉིད་དུ་ཅི་ལྟར་འགྱུར། །གལ་ཏེ་གཅིག་པུ་ལྷན་ཅིག་ན། །གྲོགས་མེད་པར་ཡང་དེར་འགྱུར་རོ། །གལ་ཏེ་ཐ་དད་ལྷན་ཅིག་ན། །གྲོགས་མེད་པར་ཡང་དེར་འགྱུར་རོ། །ཞེས་སོ། །འདོད་ཆགས་དང་ཆགས་པ་གཉིས་ལྷན་ཅིག་གཅིག་གམ་ཐ་དད་གང་ལ་འདོད། དང་པོ་ལྟར་ན། མི་འཐད་དེ། དེ་གཉིས་གཅིག་ཉིད་ཡིན་ན་ནི་ལྷན་ཅིག་པ་ཉིད་དུ་མེད་པའི་ཕྱིར་ཏེ། འདོད་ཆགས་ལྟ་བུ་གཅིག་པུ་དེ་ཉིད་དེ་དང་ལྷན་ཅིག་ཏུ་ཡོད་ཅེས་པ་འཐད་པ་མ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། ཅི་སྟེ་དེ་གཉིས་ངོ་བོ་ཉིད་ཀྱིས་ཐ་དད་པ་ཉིད་ཡིན་ན་ཡང་མི་འཐད་དེ། ངོ་བོ་ཉིད་ཀྱིས་ཐ་དད་ན་ལྷན་ཅིག་པ་ཉིད་དུ་ཇི་ལྟར་འགྱུར་ཏེ་མི་རིགས་པའི་ཕྱིར། །སྣང་མུན་བཞིན་ནོ། །བརྟག་པ་གཉིས་ཀ་ལྟར་ནའང་གལ་ཏེ་དེ་གཉིས་གཅིག་པུ་གང་ཡིན་ཡང་ལྷན་ཅིག་ཏུ་རྟོགས་ན་དེ་ཡང་མི་འཐད་དེ། གྲོགས་མེད་པའི་བ་ལང་སོགས་གཅིག་པུ་ཡང་ལྷན་ཅིག་པ་དེར་འགྱུར་བའི་ཕྱིར། གལ་ཏེ་དེ་གཉིས་ངོ་བོ་ཉིད་ཀྱི་ཐ་དད་པ་ཡང་ལྷན་ཅིག་ཡིན་ནའང་མི་འཐད་དེ། གྲོགས་མེད་པར་སོ་སོར་གནས་པའི་གཅིག་པུ་ཡང་ལྷན་ཅིག་དེར་འགྱུར་བའི་ཕྱིར་རོ། །སྤྱིར་འདོད་ཆགས་དང་ཆགས་པ་གཉིས་དུས་མཉམ་པ་དང་ལྷན་ཅིག་གནས་པར་འདོད་དགོས་ཀྱང་། ངོ་བོ་ཉིད་གྱིས་གྲུབ་ན་བལྟོས་མེད་དུ་གནས་དགོས་པ་དེ་ལ་ནི་རྟེན་བརྟེན་པར་ལྷན་ཅིག་པའི་གཅིག་དང་ཐ་དད་ཀྱང་མི་རུང་བའོ། །གཉིས་པ་གསུམ། ཐ་དད་དུ་མ་གྲུབ་པས་ལྷན་ཅིག་མི་འགྲུབ་པ་དང་། ཐ་དད་དུ་གྲུབ་ན་ལྷན་ཅིག་དགོས་པ་མེད་པ་དང་། ཐ་དད་ལྷན་ཅིག་ལ་བལྟོས་ན་ཕན་ཚུན་བརྟེན་པར་བསྟན་པའོ། །དང་པོ། གལ་ཏེ་ཐ་དད་ལྷན་ཅིག་ན། །ཅི་གོ་འདོད་ཆགས་ཆགས་པ་དག །ཐ་དད་ཉིད་དུ་འགྲུབ་འགྱུར་རམ། །དེས་ན་དེ་གཉིས་ལྷན་ཅིག་འགྱུར། །ཞེས་སོ། །ལག་ཏེ་འདོད་ཆགས་དང་ཆགས་པ་ངོ་བོ་ཉིད་ཀྱིས་ཐ་དད་པ་ལ་ལྷན་ཅིག་འདོད་ན་དེ་ནི་མི་འཐད་དེ། ཅི་གོ་འདོད་ཆགས་དང་ཆགས་པ་དག་ཕན་ཚུན་མི་བལྟོས་པའི་ཐ་དད་པ་ཉིད་དུ་གྲུབ་པར་འགྱུར་རམ་སྟེ་མི་འགྱུར་བའི་ཕྱིར། དེས་ན་དེ་གཉིས་རྟ་དང་བ་ལང་ལྟར་འབྲེལ་མེད་ཀྱི་ལྷན་ཅིག་ཉིད་དུ་འགྱུར་བར་ཐལ། དེ་གཉིས་ཕན་ཚུན་བལྟོས་མེད་ཀྱི་སོ་སོ་བ་ཡིན་པའི་ཕྱིར་ཏེ། ངོ་བོ་ཉིད་ཀྱིས་སོ་སོ་བ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་འདོད་ཆགས་ཆགས་པ་དག །ཐ་དད་ཉིད་དུ་གྲུབ་འགྱུར་ན། །དེ་དག་ལྷན་ཅིག་ཉིད་དུ་ནི། །ཅི་ཡི་ཕྱིར་ན་ཡོངས་དུ་རྟོག །ཅེས་སོ། གལ་ཏེ་འདོད་ཆགས་དང་ཆགས་པ་དག་རང་བཞིན་གྱིས་ཐ་དད་པ་ཉིད་དུ་གྲུབ་པར་གྱུར་ན་མི་འཐད་དེ། དེ་ལྟར་འདོད་ཆགས་འདིས་ཆགས་ལྡན་འདི་ཡུལ་འདི་ལ་ཆགས་ཞེས་པའི་བལྟོས་པ་མི་གྲུབ་པའི་ཕྱིར། འདོད་ཆགས་དང་ཆགས་པ་དེ་དག་ཆོས་ཅན། ལྷན་ཅིག་པ་ཉིད་དུ་ནི་ཅི་ཡི་ཕྱིར་ན་ཡོངས་སུ་རྟོག་སྟེ་མི་རིགས་པར་ཐལ། ངོ་བོ་ཉིད་ཀྱིས་ཐ་དད་ན་བལྟོས་པ་མེད་པས་ལྷན་ཅིག་པ་ཉིད་དུ་མི་རུང་པའི་ཕྱིར། གསུམ་པ་ནི། ཐ་དད་གྲུབ་པར་མ་གྱུར་པས། །དེ་ཕྱིར་ལྷན་ཅིག་འདོད་བྱེད་ན། །ལྷན་ཅིག་རབ་ཏུ་སྒྲུབ་པའི་ཕྱིར། །ཐ་དད་ཉིད་དུ་ཡང་འདོད་དམ། །ཐ་དད་དངོས་པོ་མ་གྲུབ་པས། །ལྷན་ཅིག་དངོས་པོ་གྲུབ་མི་འགྱུར། །ཞེས་སོ། །དེ་གཉིས་ཐ་དད་ཁོ་ན་ལ་འདིས་འདི་ལ་ཆགས་ཞེས་པའི་བལྟོས་པ་གྲུབ་པར་མ་གྱུར་པ་མཐོང་ནས། དགོས་པ་དེ་འགྲུབ་པའི་ཕྱིར། ལྷན་ཅིག་ཏུ་གནས་པར་འདོད་པར་བྱེད་ན་མི་འཐད་དེ། དེ་ལ་ཕན་ཚུན་བལྟོས་པའི་ལྷན་ཅིག་ཏུ་ཡོད་པ་མི་རུང་ལ། དེ་རུང་བར་རབ་ཏུ་སྒྲུབ་པའི་ཕྱིར་དུ་ཐ་དད་པ་ཉིད་དུ་ཡང་འདོད་པར་བྱེད་དགོས་ན་དེ་ནི་ཚུགས་མ་ཐུབ་པས་གླང་པོ་ཆེའི་ཁུས་བྱེད་པ་འདྲ་བའམ་སླར་ཡང་སྐྱོན་ཅན་དུ་འགྱུར་བའི་ཕྱིར་དེས་ན་དེ་གཉིས་ངོ་བོས་ཐ་དད་པའི་དངོས་པོ་མ་གྲུབ་པས་ལྷན་གཅིག་པའི་དངོས་པོ་ཡང་འགྲུབ་པར་མི་འགྲུབ་པར་མི་འགྱུར་ཏེ། དེ་ནི་ཐ་དད་པ་ཁོ་ན་ལ་འཇོག་པའི་ཕྱིར། །སྤྱིར་ལྷན་ཅིག་པ་ལ་ཕན་ཚུན་བལྟོས་པས་མ་ཁྱབ་ཀྱང་། ངོ་བོ་ཉིད་ཀྱིས་ལྷན་ཅིག་ཏུ་གྲུབ་ན་དུས་ཀུན་ཏུ་ལྷན་ཅིག་མི་འབྲལ་བར་ཡོད་དགོས་པས་དེ་འགོག་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་འདོད་ཆགས་ཆགས་པ་དག །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །ཅེས་སོ། །དེ་ལྟར་ཇི་སྐད་བཤད་པའི་རིགས་པས་འདོད་ཆགས་དང་ཆགས་པ་དག་ཆོས་ཅན། རང་བཞིན་གྱིས་མ་གྲུབ་སྟེ། དུས་མཉམ་པའི་ལྷན་ཅིག་པ་དང་ལྷན་ཅིག་པ་མིན་པ་གང་ཡང་ངོ་བོས་ཡོད་པ་མི་འགྲུབ་པའི་ཕྱིར། །གསུམ་པ་རིགས་པ་དེ་གཞན་ལ་སྦྱར་བ་ནི། འདོད་ཆགས་བཞིན་དུ་ཆོས་རྣམས་ཀུན། །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །ཅེས་སོ། །འདོད་ཆགས་ལ་བཤད་པ་བཞིན་དུ་ཞེ་སྡང་དང་སྡང་བ་པོ་ལ་སོགས་པའི་ཆོས་རྣམས་ཀུན་ཆོས་ཅན། ལྷན་ཅིག་དང་ལྷན་ཅིག་མིན་པ་གང་དུ་ཡང་རང་བཞིན་གྱིས་ཡོད་པར་མི་འགྲུབ་སྟེ། ཇི་སྐད་བཤད་པའི་རིགས་པས་གནོད་པར་མཚུངས་པའི་ཕྱིར་རོ། །གཉིས་པ་ནི་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལ་སོགས་པ་རྣམས་སོ། །གསུམ་པ་ནི། འདོད་ཆགས་དང་ཆགས་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་དྲུག་པའི་རྣམ་བཤད་དོ།། །། གཉིས་པ་མཚན་ཉིད་སྐྱེ་གནས་འཇིགས་པ་དགག་པ་ལ་གསུམ། རབ་བྱེད་ཀྱི་གཞུང་། ལུང་དང་སྦྱར་བ། མཚན་བསྟན་པའོ། །དང་པོ་ལ་གཉིས། ཕྱོགས་སྔ་མ་དགོད་པ་དང་། དེ་སུན་དབྱུང་བའོ། །དང་པོ་ནི། ཆོས་མངོན་པ་ལས་སྐྱེ་འཇིག་གནས་གསུམ་གསུངས་པ་ནི་ལྡན་མིན་གི་འདུ་བྱེད་ཀྱིས་བསྡུས་པ་རང་སྡེ་གོང་འོག་ཕལ་ཆེར་འདོད་ཅིང་། དེ་ཡང་མདོ་སྡེ་བ་ཡན་གྱིས་བཏགས་ཡོད་དང་། བྱེ་བྲག་སྨྲ་བས་རྫས་ཡོད་དུ་འདོད་དོ། །སྐྱེ་སོགས་ཀྱི་མཚན་ཉིད་དེ་དག་ནི་འདུས་བྱས་གང་ཡིན་པ་དེའི་བྱ་བ་ལ་མདོ་སྡེ་བ་ཡན་གྱིས་འདོད་ཅིང་། བྱེ་སྨྲས་བྱེད་པའི་ཁྱད་པར་ལ་འདོད་པའི་ཚུལ་ཤེས་པར་བྱའོ། །གཉིས་པ་ལ་གསུམ། འདུས་བྱས་ཀྱི་མཚན་ཉིད་རང་བཞིན་གྱིས་གྲུབ་པ་དགག །དེས་འདུས་མ་བྱས་རང་བཞིན་གྱིས་གྲུབ་པ་ཁེགས་ཚུལ། ལུང་དང་འགལ་སྤང་ངོ། །དང་པོ་ལ་གཉིས། སྤྱི་དང་ཁྱད་པར་གྱི་མཚན་ཉིད་དགག་པའོ། །དང་པོ་ལ་གཉིས། ཐུན་མོང་དང་སོ་སོར་དག །ག་པའོ། །དང་པོ་ལ་གསུམ། འདུས་བྱས་ཡིན་མིན་བརྟགས་ནས་དགག །གང་གིས་མཚོན་པ་བརྟགས་ནས་དགག །མཚན་ཉིད་གཞན་ཡོད་མེད་བརྟགས་ནས་དགག་པའོ། དང་པོ་ནི། གལ་ཏེ་སྐྱེ་བ་འདུས་བྱས་ན། །དེ་ལའང་མཚན་ཉིད་གསུམ་ལྡན་འགྱུར། ཅི་སྟེ་སྐྱེ་བ་འདུས་མ་བྱས། །ཅི་ལྟར་འདུས་བྱས་མཚན་ཉིད་མིན། །ཞེས་སོ། །དེ་ཡང་བྱེ་བྲག་སྨྲ་བས་འདུས་བྱས་རྣམས་རང་ལས་རྫས་གཞན་པའི་སྐྱེ་སོགས་ཀྱིས་མཚོན་པར་འདོད་པས་དེ་ལྟར་ན། སྐྱེ་བ་དེ་འདུས་བྱས་སམ། འདུས་མ་བྱས་གང་ཡིན། གལ་ཏེ་སྐྱེ་བ་དེ་འདུས་བྱས་ཡིན་ནོ་ཞེ་ན། སྐྱེ་བ་ཆོས་ཅན། ཁྱོད་ལའང་སྐྱེ་གནས་འཇིག་པའི་མཚན་ཉིད་རང་ལས་རྫས་གཞན་པ་གསུམ་ལྡན་པ་སྟེ་ཚོགས་པ་ཡོད་པར་འགྱུར་བར་ཐལ། དེ་གསུམ་ནི་ཁྱོད་སོགས་འདུས་བྱས་ཐམས་ཅད་ལ་མི་འཁྲུལ་པའི་ཕྱིར། འདོད་ན་མ་ཡིན་པར་ཐལ། སྐྱེ་བ་ཕུང་སོགས་འདུས་བྱས་སུ་མཚོན་པའི་མཚན་གཞི་རྫས་གཞན་དུ་ཁས་བླངས་པའི་ཕྱིར། དེར་ཐལ། སྐྱེ་བས་འདུས་བྱས་མཚོན་པ་ན་རྫས་གཞན་པའི་ཚུལ་གྱིས་མཚོན་པར་ཁས་བླངས་པའི་ཕྱིར། རང་ལུགས་ནི། སྐྱེ་འཇིག་གནས་གསུམ་གྱིས་འདུས་བྱས་མཚོན་ཡང་ངོ་བོ་གཅིག་པའི་ཚུལ་གྱིས་མཚོན་པ་ཡིན་ནོ། །ཅི་སྟེ་སྐྱེ་བ་འདུས་མ་བྱས་ཡིན་ནོ་ཞེ་ན། སྐྱེ་བ་ཆོས་ཅན། ཇི་ལྟར་འདུས་བྱས་མཚོན་པའི་མཚན་ཉིད་ཡིན་ཏེ་མིན་པར་ཐལ། འདུས་བྱས་མ་ཡིན་པའི་ཕྱིར། ནམ་མཁའ་བཞིན། །གཉིས་པ་ནི། སྐྱེ་ལ་སོགས་གསུམ་སོ་སོ་ཡིས། །འདུས་བྱས་མཚན་ཉིད་བྱ་བར་ནི། །ནུས་མིན་ཞེས་སོ། སྐྱེ་སོགས་རེ་རེས་རིམ་གྱིས་སམ། ཅིག་ཅར་དུ་མཚོན། དང་པོ་ནི། སྐྱེ་བ་ལ་སོགས་པ་མཚན་ཉིད་གསུམ་པོ་སོ་སོ་སྟེ་ཁོ་ན་ཡིས་ཕུང་སོགས་འདུས་བྱས་སུ་མཚོན་པའི་མཚན་ཉིད་བྱ་བར་ནུས་པ་མིན་ཏེ། སྐྱེ་སོགས་གསུམ་པོ་རེ་རེ་ཁོ་ན་དང་ལྡན་པ་མི་སྲིད་པའི་ཕྱིར་ཏེ། མྱུ་གུ་སྐྱེ་བ་དེ་ནི་རང་དུས་སུ་གནས་པ་དང་འཇིག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར། གཉིས་པ་ནི། གཅིག་ལ་དུས་གཅིག་ཏུ། །འདུས་པ་ཡང་ནི་ཇི་ལྟར་རུང་། །ཞེས་སོ། །མདོ་སྡེ་པ་སོགས་ན་རེ། འདུས་བྱས་གཅིག་གི་སྐྱེ་སོགས་གསུམ་གྱིས་དུས་གཅིག་ཏུ་མཚོན་པ་ཡིན་ནོ་ཞེ་ན། མཚན་ཉིད་གསུམ་པོ་དེ་གཞི་གཅིག་ལ་དུས་གཅིག་ཏུ་འདུས་བྱས་སུ་ངོ་བོ་ཉིད་ཀྱིས་མཚོན་པ་ཡང་ནི་ཇི་ལྟར་རུང་སྟེ་མི་རུང་བར་ཐལ། དེ་གསུམ་ངོ་བོ་ཉིད་ཀྱིས་ལྷན་ཅིག་ཚོགས་པ་མི་སྲིད་པའི་ཕྱིར། དེར་ཐལ། རང་བཞིན་གྱིས་གནས་པར་གྲུབ་པའི་དུས་སུ་རང་བཞིན་གྱིས་འཇིག་པ་མི་འཐད་པའི་ཕྱིར། དེར་ཐལ། རང་བཞིན་གྱིས་གྲུབ་ན་རང་གྲུབ་པའི་སྐད་ཅིག་གཉིས་པར་ཡང་སྡོད་དགོས་པའི་ཕྱིར་རོ། །གསུམ་པ་ལ་གཉིས། དངོས་དང་། སྐྱོན་སྤོང་ངོ་། །དང་པོ་ནི། སྐྱེ་དང་གནས་དང་འཇིག་རྣམས་ལ། །འདུས་བྱས་མཚན་ཉིད་མཚན་གཞི་ནི། །གལ་ཏེ་ཡོད་ན་ཐུག་མེད་འགྱུར། །མེད་ན་དེ་དག་འདུས་བྱས་མིན། །ཞེས་སོ། །སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་ལ་སླར་འདུས་བྱས་སུ་མཚོན་པའི་མཚན་ཉིད་མཚན་གཞི་ལ་སྐྱེ་སོགས་དོན་གཞན་ཡོད་དམ་མེད། གཉིས་ཀ་ལྟར་ཡང་མི་འཐད་དེ། གལ་ཏེ་ཡོད་ན་ཕུང་པོ་འདུས་བྱས་སུ་མཚོན་པའི་མཚན་ཉིད་ཐུག་མེད་དུ་ཐལ་བར་འགྱུར་ལ། མེད་ན་སྐྱེ་སོགས་དེ་དག་ཆོས་ཅན། འདུས་བྱས་མ་ཡིན་པར་ཐལ། སྐྱེ་སོགས་མཚོན་བྱེད་དོན་གཞན་མེད་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །གཉིས་པ་ལ་གཉིས། ཐལ་བ་དང་པོའི་སྐྱོན་སྤོང་དགག་པ་དང་། གཉིས་པའི་སྐྱོན་སྤོང་དགག་པའོ། །དང་པོ་ལ་གཉིས། སྐྱོན་སྤོང་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། སྐྱེ་བའི་སྐྱེ་བས་རྩ་བ་ཡི། སྐྱེ་བ་འབའ་ཞིག་སྐྱེ་བྱེད་ལ། །རྩ་བའི་སྐྱེ་བས་སྐྱེ་བ་ཡི། །སྐྱེ་བའང་སྐྱེད་པར་བྱེད་པ་ཡིན། །ཞེས་སོ། །མང་བ ཀུར་བ་སོགས་ན་རེ། སྐྱེ་བ་ལ་སྐྱེ་བའི་སྐྱེ་བ་དང་། སྐྱེ་བའི་གནས་པ་སོགས་ཡོད་པ་འདུས་མ་བྱས་སུ་མི་འགྱུར་ལ། རྩ་བའི་མཚན་ཉིད་རྗེས་སུ་མཐུན་པའི་མཚན་ཉིད་སྒྲུབ་པར་བྱེད་པས་ཐུག་མེད་དུ་མི་འགྱུར་རོ། །དེ་ལ་སྐྱེ་བའི་སྐྱེ་བས་རྩ་བ་ཡི་སྐྱེ་བ་འབའ་ཞིག་སྐྱེད་པར་བྱེད་ལ། རྩ་བའི་སྐྱེ་བས་ནི་སྐྱེ་བ་ཡི་སྐྱེ་བའང་སྐྱེད་པར་བྱེད་པའང་ཡིན་ཞེས་ཟེར་རོ། གཉིས་པ་ནི། གལ་ཏེ་ཁྱོད་ཀྱི་སྐྱེ་བའི་སྐྱེས། །རྩ་བའི་སྐྱེ་བ་སྐྱེད་བྱེད་ན། ཁྱོད་ཀྱི་རྩ་བས་མ་བསྐྱེད་དེས། །དེ་ནི་ཅི་ལྟར་སྐྱེད་པར་བྱེད། །གལ་ཏེ་ཁྱོད་ཀྱི་རྩ་བ་ཡིས། །བསྐྱེད་བ་དེ་ཡིས་རྩ་སྐྱེད་ན། དེས་མ་བསྐྱེད་པའི་རྩ་བ་དེས། །དེ་ནི་ཇི་ལྟར་སྐྱེད་པར་བྱེད། །གལ་ཏེ་མ་སྐྱེས་པ་དེ་ཡིས། །དེ་སྐྱེད་པར་ནི་བྱེད་ནུས་ན། ཁྱོད་ཀྱི་སྐྱེ་བཞིན་པ་དེ་ཡིས། །དེ་སྐྱེད་པ་ནི་འདོད་ལ་རག །ཞེས་སོ། །གལ་ཏེ་ཁྱོད་ལུགས་ཀྱི་སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་སྐྱེད་པར་བྱེད་ན་ཁྱོད་ཀྱི་རྩ་བའི་སྐྱེ་བས་སྔར་མ་བསྐྱེད་པའི་སྐྱེ་བའི་སྐྱེ་བ་དེས་རྩ་བའི་སྐྱེ་བ་དེ་ནི་ཇི་ལྟར་སྐྱེད་པར་བྱེད་དེ་བྱེད་པར་མི་རིགས་ཏེ། ཁྱོད་ལྟར་ན་སྐྱེ་བའི་སྐྱེ་བ་དེ་རྩ་བའི་སྐྱེ་བས་སྐྱེད་དགོས་པའི་ཕྱིར། གལ་ཏེ་ཁྱོད་ལུགས་ཀྱི་རྩ་བ་ཡིས་བསྐྱེད་པའི་སྐྱེ་བ་དེ་ཡིས་རྩ་བ་བ སྐྱེད་ཅེས་སྨྲ་ན་སྐྱེ་བའི་སྐྱེ་བ་དེས་སྔར་མ་བསྐྱེད་པའི་རྩ་བ་དེས་ཇི་ལྟར་ན་སྐྱེ་བའི་སྐྱེ་བ་དེ་ནི་སྐྱེད་པར་བྱེད་དེ་བྱེད་མི་རིགས་པར་ཐལ། རྩ་བ་དེ་སྐྱེ་བའི་སྐྱེ་བས་སྐྱེད་དགོས་པའི་ཕྱིར། དེས་ན་ཐུག་མེད་དུ་འགྱུར་བ་ལས་མ་འདས་སོ། །གལ་ཏེ་སྔར་མ་སྐྱེས་པས་མི་སྐྱེད་ཀྱང་། དེ་གཉིས་སྐྱེ་བཞིན་པས་ཕན་ཚུན་སྐྱེད་དོ་ཞེ་ན། དེ་ཡང་མི་འཐད་པར་ཐལ། གལ་ཏེ་རང་ཉིད་མ་སྐྱེས་པ་དེ་ཡིས་མ་སྐྱེས་པ་གཞན་དེ་སྐྱེད་པར་ནི་བྱེད་ནུས་ན་ཁྱོད་ཀྱི་སྐྱེད་བཞིན་པ་གཉིས་པོ་དེ་ཡིས་ཕན་ཚུན་དེ་གཉིས་སྐྱེད་པར་ནི་འདོད་པ་ལ་རག་པ་ཞིག་ན་སྐྱེ་བཞིན་པ་ནི་དུས་དེར་མ་འོངས་པ་ཡིན་པས་དེས་གཞན་སྐྱེད་པར་མི་ནུས་པའི་ཕྱིར། གནས་པ་སོགས་ལའང་སྔར་ལྟར་སྦྱར་ནས་འགོག་པར་བྱའོ། །གཉིས་པ་ལ་གཉིས། །སྐྱོན་སྤོང་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ཅི་ལྟར་མར་མེ་རང་དང་གཞན། །སྣང་བར་བྱེད་པ་དེ་བཞིན་དུ། །སྐྱེ་བའང་རང་དང་གཞན་གྱི་དངོས། །གཉིས་ཀ་བྱེད་པར་བྱེད་པ་ཡིན། །ཞེས་སོ། ཁོ་ན་རེ་ཇི་ལྟར་མར་མེ་ནི་སྣང་བའི་རང་བཞིན་ཡིན་པས་དེས་རང་དང་དངོས་པོ་གཞན་གཉིས་ཀ་སྣང་བར་བྱེད་པ་དེ་བཞིན་དུ། སྐྱེ་བའང་སྐྱེ་བའི་རང་བཞིན་ཡིན་པས་སྐྱེ་བ་རང་དང་གཞན་གྱི་དངོས་པོ་གཉིས་ཀ་སྐྱེད་པར་བྱེད་པ་ཡིན་ནོ་ཟེར། གཉིས་པ་གཉིས། དཔེ་དགག་པ་དང་། དོན་དགག་པའོ། །དང་པོ་ལ་གཉིས། དམ་བཅའ་ལ་གནོད་པ་སྟོན་པ་དང་། རྟགས་མ་ངེས་པར་བསྟན་ནས་དགག་པའོ། །དང་པོ་ནི། མར་མེ་དང་ནི་གང་དག་ན། །དེ་འདུག་པ་ན་མུན་པ་མེད། །མར་མེས་ཅི་ཞིག་སྣང་བར་བྱེད། །མུན་པ་སེལ་པའི་སྣང་བྱེད་ཡིན། གང་ཚེ་མར་མེ་སྐྱེ་བཞིན་པ། །མུན་པ་དང་ནི་ཕྲད་མེད་ན། །ཇི་ལྟར་མར་མེ་སྐྱེ་བཞིན་པས། མུན་པ་སེལ་བར་བྱེད་པ་ཡིན། །མར་མེ་ཕྲད་པ་མེད་པར་ཡང་། །གལ་ཏེ་མུན་པ་སེལ་བྱེད་ན། །འཇིག་རྟེན་ཀུན་ན་གནས་པའི་མུན། །འདི་ན་གནས་པ་དེས་སེལ་འགྱུར། །ཞེས་སོ། །མར་མེས་རང་དང་གཞན་རང་བཞིན་གྱིས་སྣང་བར་བྱེད་པ་ནི་མི་རིགས་ཏེ། མར་མེ་ནི་མུན་པ་སེལ་པར་བྱེད་པའི་སྒོ་ནས་སྣང་བྱེད་ཡིན་ལ། མར་མེ་ལ་བསལ་བྱའི་མུན་པ་མེད་པས་རང་མི་གསལ་ཞིང་དང་། མར་མེ་དག་ནི་ཉེ་བའི་ཡུལ་གང་དག་ན་མར་མེ་དེ་འདུག་པ་སྟེ་འོད་ཀྱིས་ཁྱབ་པ་དེ་ན་མུན་པ་མེད་པའི་ཕྱིར། དེ་ལྟར་ན་ཚུལ་དེས་མར་མེས་རང་གཞན་ཅི་ཞིག་སྣང་བར་བྱེད་དེ། དེ་ལྟར་བྱེད་པ་མི་འཐད་དོ། །གལ་ཏེ་མུན་པ་སེལ་པའི་ནུས་པ་དེ་མར་མེ་སྐྱེ་བཞིན་པས་བྱེད་དོ་ཞེ་ན། ཇི་ལྟར་ན་མར་མེ་སྐྱེ་བཞིན་པས་མུན་པ་སེལ་བར་བྱེད་པ་རང་བཞིན་གྱིས་ཡོད་པ་མིན་ཏེ་མ་ཡིན་པར་ཐལ། གང་གི་ཚེ་མར་མེ་སྐྱེ་བཞིན་པ་མུན་པ་དང་ཡུལ་དུས་གཅིག་ཏུ་ཚོགས་པའི་ཕྲད་པ་མེད་པའི་ཕྱིར། གལ་ཏེ་མ་ཁྱབ་བོ་ཞེ་ན། འཇིག་རྟེན་ཁམས་ན་གནས་པའི་མུན་པ་རྣམས་ཡུལ་འདི་ན་གནས་པའི་མར་མེ་དེས་སེལ་བར་བྱེད་པར་འགྱུར་བར་ཐལ། མར་མེ་དང་མུན་པ་ཕྲད་པ་མེད་པར་ཡང་མུན་པ་སེལ་པར་བྱེད་ནུས་པའི་ཕྱིར། ཁྱབ་སྟེ་གསལ་བྱ་སེལ་བྱེད་རང་བཞིན་གྱིས་གྲུབ་པ་ན་རྒྱུ་རྐྱེན་ལ་མི་བལྟོས་པར་འབྱུང་རིགས་པའི་ཕྱིར། གཉིས་པ་ནི། མར་མེས་རང་གཞན་དངོས། །གལ་ཏེ་སྣང་བར་བྱེད་འགྱུར་ན། །མུན་པའང་རང་དང་གཞན་གྱི་དངོས། །སྒྲིབ་པར་འགྱུར་བར་ཐེ་ཚོམ་མེད། །ཅེས་སོ། །གལ་ཏེ་མར་མེས་རང་དང་གཞན་གྱི་དངོས་པོ་གཉིས་སྣང་བར་བྱེད་པར་འགྱུར་པར་འདོད་ནའང་མི་འཐད་དེ། དེ་ལྟ་ན་མུན་པའང་རང་དང་གཞན་གྱི་དངོས་པོ་གཉིས་ཀ་སྒྲིབ་པར་བྱེད་པར་འགྱུར་བར་ཐེ་ཚོམ་མེད་པའི་ཕྱིར། ཁྱབ་སྟེ། མར་མེ་སྣང་བྱེད་དང་མུན་པ་སྒྲིབ་བྱེད་དུ་མཚུངས་པའི་ཕྱིར་མུན་པས་མུན་པ་ནི་མི་སྒྲིབ་སྟེ། བསྒྲིབས་ན་མུན་པ་མི་མཐོང་བའི་སྐྱོན་དུ་འགྱུར་བའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ། །རང་ལུགས་ལ་མར་མེ་སྐད་ཅིག་དང་པོའི་འོད་དང་མུན་པའི་ཟུར་ཐ་སྙད་དུ་ཕྲད་པ་ཡོད་ཅིང་། དེ་བཞིན་དུ་མར་མེ་རིམ་གྱིས་སྐྱེས་པ་ན་ཟུར་ཕྲད་པའི་ཚུལ་གྱིས་མུན་པ་རིམ་གྱིས་འགག་ཅིང་། ཡུལ་རུང་དེར་མར་མེ་རྫོགས་པར་སྐྱེས་ཟིན་པ་དང་མུན་པ་རྫོགས་པར་འགག་ཟིན་པ་གཉིས་དུས་མཉམ་མོ། །མར་མེས་རང་གཞིན་གསལ་བར་བྱེད་པ་དང་མུན་པས་རང་གཞན་སྒྲིབ་པར་བྱེད་པ་ནི་ཐ་སྙད་དུ་ཡོད་ལ་མར་མེས་རང་གསལ་བར་བྱེད་པ་དང་མུན་པས་རང་སྒྲིབ་པར་བྱེད་པ་ནི་ཐ་སྙད་དུ་མེད་དོ། །འོན་ཀྱང་མར་མེ་སྐྱེས་པའི་ཚེ་མར་མེ་མཐོང་བར་སྣང་བས་ཞིབ་ཏུ་དཔྱད་དགོས་པར་མངོན་ནོ། །གཉིས་པ་ནི། སྐྱེ་བ་འདི་ནི་མ་སྐྱེས་པས། །རང་གི་བདག་ཉིད་ཇི་ལྟར་སྐྱེ། །ཅི་སྟེ་སྐྱེས་པས་སྐྱེད་བྱེད་ན། །སྐྱེས་ན་ཅི་ཞིག་བསྐྱེད་དུ་ཡོད། ཅེས་སོ། །སྐྱེ་བས་རང་ཉིད་བསྐྱེད་ན་མ་སྐྱེས་པས་བསྐྱེད་དམ། སྐྱེས་ཟིན་པས་བསྐྱེད། དང་པོ་ལྟར་ན་སྐྱེ་བ་འདི་ནི་ཆོས་ཅན། ཁྱོད་མ་སྐྱེས་པས་རང་གི་བདག་ཉིད་ཇི་ལྟར་བསྐྱེད་པར་བྱེད་དེ་མི་བྱེད་པར་ཐལ། མ་སྐྱེས་པས་སྐྱེད་མི་ནུས་པའི་ཕྱིར། ཅི་སྟེ་སྐྱེས་པ་ཉིད་ཀྱིས་རང་ཉིད་སྐྱེད་པར་བྱེད་ན་ཡང་མི་འཐད་དེ། སྐྱེས་ཟིན་ན་ཅི་ཞིག་བསྐྱེད་དུ་ཡོད་དེ་མེད་པའི་ཕྱིར། གཉིས་པ་སོ་སོར་དགག་པ་ལ་གསུམ། སྐྱེ་བ་དང་གནས་པ་དང་འཇིག་པ་རང་བཞིན་གྱིས་གྲུབ་པ་དགག་པའོ། །དང་པོ་ལ་གསུམ། བསྐྱེད་བྱ་ལ་དུས་གསུམ་དུ་དཔྱད་ནས་དགག །ཡོད་མེད་གསུམ་དུ་དཔྱད་ནས་དགག །འགག་བཞིན་པ་ཡིན་མིན་གཉིས་སུ་དཔྱད་ནས་དགག་པའོ། །དང་པོ་ལ་གསུམ། ཐུན་མོང་དང་བྱེ་བྲག་ཏུ་སྐྱེ་བ་དགག །བཀག་པ་ལ་རྩོད་སྤོང་། སྐྱེ་བཞིན་པ་ཁས་བླངས་ནས་ཀྱང་དགག་པའོ། དང་པོ་ལ་གཉིས། དུས་གསུམ་གྱི་སྐྱེ་བ་ཐུན་མོང་དུ་དགག་པ་དང་། སྐྱེ་བཞིན་པ་བྱེ་བྲག་ཏུ་དགག་པའོ། །དང་པོ་ནི། སྐྱེས་ད ང་མ་སྐྱེས་སྐྱེ་བཞིན་པ། །ཅི་ལྟ་བར་ཡང་མི་སྐྱེད་པས། །དི་ནི་སོང་དང་མ་སོང་དང་། །བགོམ་པས་རྣམ་པར་བཤད་པ་ཡིན། །ཞེས་སོ། །སྐྱེ་བ་ཆོས་ཅན། རང་ལས་གཞན་པར་ངོ་བོ་ཉིད་ཀྱིས་མི་སྐྱེད་དེ། སྐྱེས་ཟིན་འགགས་པ་དང་མ་སྐྱེས་པ་བྱ་བ་མ་བརྩམས་པ་དང་སྐྱེ་བཞིན་པ་གང་ཡང་ངོ་བོ་ཉིད་ཀྱིས་ཅི་ལྟ་བར་ཡང་མི་སྐྱེད་པའི་ཕྱིར་ཏེ། དེ་ནི་རབ་བྱེད་གཉིས་པར་སོང་བ་དང་མ་སོང་བ་དང་བགོམ་བཞིན་པ་བཀག་པའི་རིགས་པས་རྣམ་པར་བཤད་པ་ཡིན་པའི་ཕྱིར། གཉིས་པ་ནི། གང་ཚེ་སྐྱེ་བ་ཡོད་པ་ན། །སྐྱེ་བཞིན་འདི་འབྱུང་མེད་པའི་ཚེ། །ཅི་ལྟར་སྐྱེ་ལ་བརྟེན་ནས་ནི། །སྐྱེ་བཞིན་ཞེས་ནི་བརྗོད་པར་བྱ། །ཞེས་སོ། །གལ་ཏེ། སྐྱེས་མ་སྐྱེས་གཉིས་མི་སྐྱེ་ཡང་སྐྱེ་བཞིན་པ་སྐྱེ་བས་སྐྱེ་བ་ངོ་བོ་ཉིད་ཀྱིས་ཡོད་དོ། །ཞེ་ན། དུས་གང་གི་ཚེ་སྐྱེ་བའི་བྱ་བ་ཡོད་པ་ན། དེ་ལ་བརྟེན་ནས་སྐྱེ་བཞིན་པ་འདི་འབྱུང་ཞེས་འདོད་པའི་སྐྱེ་བཞིན་པའི་མྱུ་གུ་ཆོས་ཅན། །ཅི་ལྟར་སྐྱེ་བའི་བྱ་བ་ལ་བརྟེན་ནས་ནི་སྐྱེ་བཞིན་པའོ་ཞེས་ནི་ངོ་བོ་ཉིད་ཀྱིས་ཡོད་པར་བརྗོད་པར་བྱ་སྟེ་མི་རིགས་པར་ཐལ། དེའི་དུས་སུ་ཁྱོད་སྐྱེ་བའི་བྱ་བ་རང་བཞིན་གྱིས་མེད་པ་དེའི་ཚེ་སྟེ་ཕྱིར། དེར་ཐལ། དེའི་ཚེ་བསྐྱེད་བྱ་ཁྱོད་མེད་པའི་ཕྱིར། ཁྱབ་སྟེ། རང་བཞིན་གྱིས་གྲུབ་ན་རྟེན་བརྟེན་པ་འབྲལ་མི་རུང་བའི་ཕྱིར། གཉིས་པ་ལ་གཉིས། །དུས་གསུམ་གྱི་སྐྱེ་བ་བཀག་པ་ལ་རྩོད་སྤོང་དང་། སྐྱེ་བཞིན་ལ་སྐྱེ་བ་བཀག་པའི་རྩོད་སྤོང་ངོ་། དང་པོ་ནི། རྟེན་ཅིང་འབྱུང་བ་གང་ཡིན་པ། །དེ་ནི་ངོ་བོ་ཉིད་ཀྱིས་ཞི། །དེ་ཕྱིར་སྐྱེ་བཞིན་ཉིད་དང་ནི། །སྐྱེ་བ་ཡང་ནི་ཞི་བ་ཉིད། །ཅེས་སོ། ཁོ་ན་རེ། རྒྱལ་བས་གདུལ་བྱ་ལ་རྟེན་འབྲེལ་གྱི་ཆོས་གསུངས་པས། ཁྱོད་ཀྱིས་རྟེན་འབྲེལ་རང་བཞིན་མེད་པར་བསྟན་ནས་རྟེན་འབྲེམ་ལ་སྐུར་བ་འདེབས་པར་བྱེད་དེ་ཞེ་ན། ཁྱོད་ཟེར་པ་དེ་མི་རིགས་པར་ཐལ། རྒྱལ་བས་རྟེན་ཅིང་འབྱུང་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པས་དེ་ཞི་བར་བསྟན་གྱི་ངོ་བོ་ཉིད་ཀྱིས་ཡོད་པར་མ་བསྟན་པའི་ཕྱིར། རྒྱུ་མཚན་དེའི་ཕྱིར་ན་སྐྱེ་བཞིན་པ་ཉིད་དང་སྐྱེ་བ་ཡང་ནི་ཆོས་ཅན། ངོ་བོ་ཉིད་ཀྱིས་ཞི་བ་ཉིད་ཅེས་བྱ་བར་ངེས་ཏེ། རྟེན་འབྱུང་ཡིན་པའི་ཕྱིར། དེར་ཐལ། གང་སྐྱེ་རྒྱུའི་དངོས་པོ་དང་དེ་སྐྱེ་བ་དང་སྐྱེ་བཞིན་རྣམས་ཕན་ཚུན་བརྟེན་ནས་གྲུབ་པའི་ཕྱིར། གཉིས་པ་ནི། གལ་ཏེ་དངོས་པོ་མ་སྐྱེས་པ། །འགའ་ཞིག་གང་ན་ཡོད་འགྱུར་ན། །དེ་ནི་སྐྱེ་འགྱུར་དངོས་པོ་དེ། །མེད་ན་ཅི་ཞིག་སྐྱེ་བར་འགྱུར། །ཞེས་སོ། །གལ་ཏེ་མྱུ་གུ་སྐྱེ་བཞིན་པ་དེ་རང་གི་སྐྱེ་བས་སྐྱེད་པ་ནི་ངོ་བོས་ཡོད་དེ། མྱུ་གུ་སྐྱེ་བཞིན་པ་དེ་རང་གི་སྐྱེ་བའི་བྱ་བ་ལ་བརྟེན་ནས་སྐྱེ་པའི་ཕྱིར་ཞེ་ན། དེ་མི་འཐད་པར་ཐལ། སྐྱེ་བའི་སྔར་མྱུ་གུའི་དངོས་པོ་མ་སྐྱེས་པ་འགའ་ཞིག་ཡུལ་གང་དུ་ཡོད་ན་དེ་སྐྱེ་བའི་བྱ་བ་ལ་བརྟེན་ནས་རང་བཞིན་གྱིས་སྐྱེ་བར་འགྱུར་ན་ཡང་དེ་ནི་མེད་པའི་ཕྱིར། དེར་ཐལ། མྱུ་གུ་སྐྱེ་བའི་སྔར་སྐྱེ་འགྱུར་གྱི་མྱུ་གུའི་དངོས་པོ་དེ་མེད་ན་རང་བཞིན་གྱིས་ཅི་ཞིག་སྐྱེ་བར་འགྱུར་ཏེ་མི་རིགས་པའི་ཕྱིར། དེར་ཐལ། རང་བཞིན་གྱིས་སྐྱེ་ན་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་སུའང་ཡོད་དགོས་པའི་ཕྱིར། དེར་ཐལ། སྔར་སྐྱེ་བཞིན་པའི་དུས་སུ་མེད་པར་སྐྱེ་ན་ཐ་སྙད་དུ་སྐྱེ་ཚུལ་ཡིན་པར་འདོད་རིགས་པའི་ཕྱིར། གསུམ་པ་དགག་པ་ནི། གལ་ཏེ་སྐྱེ་བ་དེ་ཡིས་ནི། །སྐྱེ་བཞིན་པ་དེ་སྐྱེ་བྱེད་ན། །སྐྱེ་བ་དེ་ནི་སྐྱེ་བ་ལྟ། །གང་ཞིག་གིས་ནི་སྐྱེད་པར་བྱེད། །གལ་ཏེ་སྐྱེ་བ་གཞན་ཞིག་གིས། །དེ་སྐྱེད་ཐུག་པ་མེད་པར་འགྱུར། །ཅི་སྟེ་སྐྱེ་བ་མེད་སྐྱེ་ན། །ཐམས་ཅན་དེ་བཞིན་སྐྱེ་བར་འགྱུར། །ཞེས་སོ། །གལ་ཏེ་ཁྱོད་ཀྱི་སྐྱེ་བ་དེ་ཡིས་ནི་འབྲས་བུ་སྐྱེ་བཞིན་པ་དེ་སྐྱེད་པར་བྱེད་ན་སྐྱེ་བ་དེ་ནི་ཆོས་ཅན། ཇི་ལྟར་སྐྱེ་བར་ལྟ་སྟེ་མི་རིགས་པར་ཐལ། གཞན་གང་ཞིག་གིས་ནི་སྐྱེད་པར་བྱེད་པ་མི་འཐད་པའི་ཕྱིར། གལ་ཏེ་སྐྱེ་བ་དོན་གཞན་ཞིག་གིས་སྐྱེ་བ་དེ་སྐྱེད་པར་བྱེད་ན་དེ་ཡང་གཞན་དང་དེ་ལའང་གཞན་གྱིས་སྐྱེ་དགོས་པས་མི་འཐད་དེ། ཐུག་པ་མེད་པར་ཡང་ཡང་སྐྱེ་བར་འགྱུར་བའི་ཕྱིར། ཅི་སྟེ་སྐྱེ་བའི་བྱ་བ་དོན་གཞན་མེད་པར་སྐྱེ་ནའང་མི་འཐད་དེ། སྐྱེ་བཞིན་པ་སོགས་དངོས་པོ་ཐམས་ཅད་ཀྱང་དེ་བཞིན་དུ་བྱ་བ་དོན་གཞན་མེད་པར་སྐྱེ་བར་འགྱུར་བ་ཁྱེད་མི་འདོད་པའི་ཕྱིར། །གཉིས་པ་དགག་པ་ནི། རེ་ཞིག་ཡོད་དང་མེད་པ་ཡང་། །སྐྱེ་བ་རིག་པ་མ་ཡིན་ཞིང་། །ཡོད་མེད་ཉིད་ཀྱང་མ་ཡིན་ཞེས། །གོང་དུ་བསྟན་པ་ཉིད་ཡིན་ནོ། །ཞེས་སོ། །སྐྱེ་བ་རང་བཞིན་གྱིས་མ་གྲུབ་སྟེ། རེ་ཞིག་རྒྱུ་དུས་སུ་ཡོད་པ་དང་། དེའི་དུས་སུ་མེད་པ་ཡང་སྐྱེ་བ་རིགས་པ་མ་ཡིན་ཞིང་། དེའི་དུས་སུ་ཡོད་མེད་གཉིས་ཀ་ཡིན་པ་ཉིད་ཀྱང་རང་བཞིན་གྱིས་སྐྱེ་བ་མ་ཡིན་ཞེས་གོང་དུ་ཡོད་དམ་མེད་པའི་དོན་ལ་ཡང་ཞེས་པའི་སྐབས་སུ་བསྟན་ཟིན་པ་ཉིད་ཡིན་པའི་ཕྱིར། གསུམ་པ་དགག་པ་ནི། དངོས་པོ་འགག་བཞིན་ཉིད་ལ་ནི། །སྐྱེ་བ་འཐད་པ་མི་འགྱུར་རོ། །གང་ཞིག་འགག་བཞིན་མ་ཡིན་པ། །ད་ནི་དངོས་པོར་མི་འཐད་དོ། །ཞེས་སོ། །གཞན་ཡང་ཁྱོད་དངོས་པོ་འགག་བཞིན་པ་ཉིད་ལ་སྐྱེ་བ་རྟོག་ན་ནི་མི་རིགས་ཏེ། སླར་ཡང་སྐྱེ་བ་འཐད་པར་མི་འགྱུར་བའི་ཕྱིར་ཏེ། འགག་བཞིན་པ་ད་ལྟ་བར་གྲུབ་ཟིན་པའི་ཕྱིར། འདས་མ་འོངས་གང་ཞིག་འགག་བཞིན་པ་མ་ཡིན་པའི་དངོས་མེད་ལ་སྐྱེ་བ་མེད་དེ། དེ་ནི་དངོས་པོར་མི་འཐད་པའི་ཕྱིར། དེར་ཐལ། དེ་འགག་བཞིན་པ་མིན་པའི་ཕྱིར། རང་ལུགས། མྱུ་གུ་འགག་བཞིན་པ་ལ་སྐྱེ་བ་ཡོད་ཅིང་། མྱུ་གུ་སྐྱེ་བཞིན་པའི་དུས་སུ་དེ་འགག་བཞིན་པར་མི་འདོད་ཀྱང་། མྱུ་གུ་ཡིན་ན་འགག་བཞིན་པས་ཁྱབ་པར་འདོད་དོ། །གཉིས་པ་གནས་པ་རང་བཞིན་གྱིས་གྲུབ་པ་དགག་པ་ལ་གསུམ། གནས་བྱ་དུས་གསུམ་དུ་དཔྱད་ནས་དགག །འགག་བཞིན་པ་ཡིན་མིན་གཉིས་སུ་དཔྱད་ནས་དགག །གནས་བྱེད་གཞན་ཡོད་མེད་དཔྱད་ནས་དགག་པའོ། །དང་པོ་ནི། དངོས་པོ་གནས་པ་མི་གནས་ཏེ། །དངོས་པོ་མི་གནས་གནས་པ་མིན། །གནས་བཞིན་པ་ཡང་མི་གནས་ཏེ། །མ་སྐྱེས་གང་ཞིག་གནས་པར་འགྱུར། །ཞེས་སོ། །བུམ་པའི་དངོས་པོ་གནས་ཟིན་པའི་བྱ་བ་འདས་པ་ནི་ཆོས་ཅན། བུམ་པའི་དངོས་པོར་མི་གནས་ཏེ། དེར་གནས་པའི་བྱ་བ་འགགས་ཟིན་པའི་ཕྱིར། བུམ་པའི་དངོས་པོ་མི་གནས་པའི་བྱ་བ་མ་འོངས་པ་ཆོས་ཅན། བུམ་པའི་དངོས་པོར་གནས་པ་མིན་ཏེ། དེར་གནས་པའི་བྱ་བ་མ་སྐྱེས་པའི་ཕྱིར། བུམ་པའི་དངོས་པོར་གནས་བཞིན་པ་ཡང་ཆོས་ཅན། ངོ་བོ་ཉིད་ཀྱིས་མི་གནས་ཏེ། གནས་བཞིན་པ་སླར་གནས་པ་མེད་ཅིང་། གནས་པ་ངོ་བོ་ཉིད་ཀྱིས་མེད་པའི་ཕྱིར་ཏེ། སྐྱེ་བ་ངོ་བོ་ཉིད་ཀྱིས་མེད་པར་བཤད་ཟིན་པའི་ཕྱིར། ཁྱབ་སྟེ། ངོ་བོ་ཉིད་ཀྱིས་མ་སྐྱེས་པ་གང་ཞིག་ངོ་བོ་ཉིད་ཀྱིས་གནས་པར་འགྱུར་མི་རུང་པའི་ཕྱིར། གཉིས་པ་ནི། དངོས་པོ་འགག་བཞིན་ཉིད་ལ་ནི། །གནས་པ་འཐད་པར་མི་འགྱུར་རོ། །གང་ཞིག་འགག་བཞིན་མ་ཡིན་པ། །དེ་ནི་དངོས་པོར་མི་འཐད་དོ། །དངོས་པོ་ཐམས་ཅད་དུས་ཀུན་དུ། །རྒ་དང་འཆི་བའི་ཆོས་ཡིན་ན། །གང་དབང་རྒ་དང་འཆི་མེད་པར། །གནས་པའི་དངོས་པོ་གང་ཞིག་ཡིན། །ཞེས་སོ། །བུམ་སོགས་ཀྱི་དངོས་པོ་འགག་བཞིན་པ་ཉིད་ལ་ནི་ཆོས་ཅན། གནས་པ་ངོ་བོས་ཡོད་པ་འཐད་པར་མི་འགྱུར་ཏེ། ངོ་བོས་གྲུབ་ན་རང་དུས་སུ་འགག་བཞིན་པའི་བྱ་བ་ཡོད་པ་མི་འཐད་པའི་ཕྱིར། གང་ཞིག་འགག་བཞིན་པ་མ་ཡིན་པ་དེ་ནི་ཆོས་ཅན། དངོས་པོར་མི་འཐད་དེ། འཇིག་བཞིན་པ་མིན་པའི་ཕྱིར། གཞན་ཡང་གནས་པའི་དངོས་པོ་ངོ་བོ་ཉིད་ཀྱིས་མེད་དེ། ཇི་ལྟར་ན་དངོས་པོ་ཐམས་ཅད་དུས་ཀུན་དུ་རྒ་བ་སྟེ་གཞན་དུ་འགྱུར་བ་དང་འཆི་བ་སྟེ་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར། དེར་ཐལ། དངོས་པོ་གང་དག་ལ་དེ་ལྟ་བུའི་རྒ་བ་དང་འཆི་བ་མེད་པར་གནས་པའི་དངོས་པོ་གང་ཞིག་ཡིན་ཏེ་མེད་པའི་ཕྱིར། དངོས་པོ་ཐམས་ཅད་རང་གྲུབ་པའི་དུས་སྐད་ཅིག་གཉིས་པར་མི་སྡོད་པའི་ཕྱིར། དེར་ཐལ། དུས་ཀྱི་དབང་དུ་བྱས་ན་ཟླ་བ་བཅུ་གཉིས་སོང་བ་ན་ལོ་རྫོགས་ནས་དེའི་སྐད་ཅིག་གཉིས་པར་མི་གནས་ལ། དེ་བཞིན་དུ་ཉིན་ཞག་སུམ་ཅུས་ཟླ་བ་དང་། ཆུ་ཚོད་སུམ་ཅུ་ལྡན་པའི་ཉིན་མཚན་གྱིས་ཉིན་ཞག་དང་། ཉིན་མཚན་རང་རང་སོ་སོའི་མཐའ་འདས་པ་ན་ཉིན་མཚན་སོ་སོ་དང་སྔ་དྲོ་ཕྱི་དྲོ་སོ་སོའི་མཐའ་འདས་པའི་ཚེ་རང་རང་སོ་སོ་རྫོགས་ནས་མི་སྡོད་པའི་ཕྱིར་རོ། །དེའི་ཕྱིར་འདུས་བྱས་ཐམས་ཅད་སྐད་ཅིག་མར་གསུངས་ཀྱི་སྐད་ཅིག་མའི་དོན་ནི་ཡུད་ཙམ་ལས་མི་སྡོད་པའི་དོན་མིན་ཏེ། བསྐལ་པ་དང་ལོ་ཞེས་པ་ཡུད་ཙམ་ཞིག་ལས་མི་གནས་པ་མིན་པའི་ཕྱིར། གསུམ་པ་ནི། གནས་པ་གནས་པ་གཞན་དང་ནི། །དེ་ཉིད་ཀྱང་ནི་གནས་མི་རིགས། །ཅི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་སྐྱེད་པ་མ་ཡིན་བཞིན། །ཞེས་སོ། །གནས་པ་ངོ་བོ་ཉིད་ཀྱིས་ཡོད་ན་གནས་བྱེད་གཉིས་ལས་མི་འདའ་ལ། དེ་ཡང་གནས་པས་ནི་གནས་པར་བྱེད་པ་གཞན་གྱིས་གནས་པར་བྱེད་པ་མིན་ཞིང་། གནས་པ་དེ་ཉིད་ཀྱིས་ཀྱང་ནི་གནས་པར་བྱེད་པ་མི་རིགས་ཏེ། ཅི་ལྟར་སྐྱེ་བ་ནི་རང་དང་ནི་རང་ལས་དོན་གཞན་གྱིས་ཀྱང་སྐྱེད་པ་མ་ཡིན་པ་བཞིན་ཡིན་པའི་ཕྱིར་ཏེ། རང་གིས་རང་གནས་ན་བྱ་བྱེད་གཅིག་ཏུ་འགྱུར་ཞིང་། དོན་གཞན་གྱིས་གནས་པར་བྱེད་ན་དེ་ཡང་གཞན་གྱིས་གནས་པར་བྱེད་དགོས་པས་གནས་བྱེད་ཐུག་མེད་དུ་འགྱུར་བ་སྔར་དང་འདྲ་བའི་ཕྱིར། འདི་ལ་ནི་མྱུ་གུ་གནས་པར་ནི་འདོད་དགོས་ལ། དེ་ནི་སྔར་ལྟར་གནས་བྱེད་ཀྱིས་གནས་པར་མི་བྱེད་ཀྱང་རང་གི་རྐྱེན་གྱི་ཆས་གནས་པར་བྱེད་པ་ཐ་སྙད་དུ་ཁས་ལེན་ནོ། །གསུམ་པ་ལ་ལྔ། དུས་གསུམ་དང་གནས་པ་ཡིན་མིན་དང་གནས་སྐབས་རང་གཞན་དང་དངོས་པོ་ཡོད་མེད་དང་འཇིག་བྱེད་གཞན་ཡོད་པ་ལ་བརྟགས་ནས་དགག་པའོ། །དང་པོ་ནི། འགགས་པ་འགག་པ་མི་འགྱུར་ཏེ། །མ་འགགས་པ་ཡང་འགག་མི་འགྱུར། །འགག་བཞིན་པ་ཡང་དེ་བཞིན་མིན། །མ་སྐྱེས་གང་ཞིག་འགག་པར་འགྱུར། །ཞེས་སོ། །འགགས་ཟིན་པའི་དངོས་པོ་ཆོས་ཅན། སླར་འགག་པར་མི་འགྱུར་ཏེ། འགག་པའི་བྱ་བ་འདས་པའི་ཕྱིར། འགག་པའི་བྱ་བ་མ་སྐྱེས་པའི་མ་འགག་པ་ཡང་ཆོས་ཅན། འགག་པར་མི་འགྱུར་ཏེ། རང་འགག་པའི་བྱ་བ་མ་འོངས་པའི་ཕྱིར། འགག་བཞིན་པའི་དངོས་པོ་ཡང་ཆོས་ཅན། དེ་བཞིན་དུ་རང་བཞིན་གྱིས་འགག་པར་འགྱུར་བ་མ་ཡིན་ཏེ། རང་གི་འགགས་མ་འགགས་ཆ་ཤས་སུ་མེད་པའི་འགག་བཞིན་པ་མེད་པའི་ཕྱིར། ངོ་བོ་ཉིད་ཀྱིས་མ་སྐྱེས་པ་གང་ཞིག་རང་བཞིན་གྱིས་འགག་པར་འགྱུར་ཏེ་མི་འགྱུར་པར་ཐལ། དེ་འདྲ་འགལ་བའི་ཕྱིར། གཉིས་པ་ནི། རེ་ཤིག་དངོས་པོ་གནས་པ་ལ། །འགག་པ་འཐད་པར་མི་འགྱུར་རོ། །དངོས་པོ་མི་གནས་པ་ལ་ཡང་། །འགག་པ་འཐད་པར་མི་འགྱུར་རོ། །ཞེས་སོ། །རེ་ཤིག་བུམ་པའི་དངོས་པོ་གནས་པ་ཆོས་ཅན། ཁྱོད་ལ་འགག་པ་ངོ་བོ་ཉིད་ཀྱིས་ཡོད་པ་འཐད་པ་མི་འགྱུར་ཏེ། དེ་ཡོད་ན་གནས་པའི་བྱ་བ་འཐད་པར་མི་འགྱུར་བའི་ཕྱིར། དེར་ཐལ། རང་བཞིན་གྱིས་གནས་པ་དང་འགག་པ་འགལ་བའི་ཕྱིར། དངོས་པོ་རང་དུས་སུ་མི་གནས་པ་ཆོས་ཅན། ཁྱོད་ལ་ཡང་འགག་པའི་བྱ་བ་འཐད་པར་མི་འགྱུར་བར་ཐལ། དེ་འདྲ་མེད་པའི་ཕྱིར། དེར་ཐལ། ཡོད་ན་རང་དུས་སུ་ཡོད་དགོས་པའི་ཕྱིར། གསུམ་པ་ལ་གཉིས། དངོས་དང་། རྩོད་སྤང་ངོ་། དང་པོ་ནི། གནས་སྐབས་དེ་ཡིས་གནས་སྐབས་ནི། །དེ་ཉིད་འགག་པ་ཉིད་མི་འགྱུར། །གནས་སྐབས་གཞན་གྱིས་གནས་སྐབས་ནི། །གཞན་ཡང་འགག་བ་ཉིད་མི་འགྱུར། །ཞེས་སོ། །ངོ་བོ་ཉིད་ཀྱིས་འགག་པ་ཡོད་ན་གནས་སྐབས་གཉིས་ལས་མི་འདའ་སྟེ། དེ་ཡང་འོ་མའི་གནས་སྐབས་དེ་ཡིས་ནི་འོ་མའི་གནས་སྐབས་ནི་དེ་ཉིད་འགག་པ་ཉིད་དུ་མི་འགྱུར་ཏེ། རང་གིས་རང་བྱེད་ལ་འགལ་བའི་ཕྱིར། འོ་མའི་གནས་སྐབས་ལས་གཞན་ཞོའི་གནས་སྐབས་ཀྱིས་ནི་གཞན་འོ་མའི་གནས་སྐབས་ཡང་འགག་པར་བྱེད་པ་ཉིད་དུ་མི་འགྱུར་ཏེ། གནས་སྐབས་ཀྱི་འཇིག་བྱ་འཇིག་བྱེད་གཉིས་དུས་གཅིག་ཏུ་མེད་པའི་ཕྱིར། དེར་ཐལ། འོ་ཞོ་གཉིས་དུས་གཅིག་ཏུ་མེད་པའི་ཕྱིར། ཞོའི་གནས་སྐབས་སྐྱེས་པའི་ཚེ་འོ་མའི་གནས་སྐབས་ཞིག་ཀྱང་འཇིག་པ་ནི་མིན་ཏེ། དེའི་ཚེ་འོ་མའི་གནས་སྐབས་འཇིག་བཞིན་པ་མིན་པའི་ཕྱིར་ཏེ། དེའི་ཚེ་ཞིག་ཟིན་པའི་ཕྱིར་རོ། །གཉིས་པ་ནི། གང་ཚེ་ཆོས་རྣམས་ཐམས་ཅད་ཀྱི། །སྐྱེ་བ་འཐད་པར་མི་འགྱུར་བ། དེ་ཚེ་ཆོས་རྣམས་ཐམས་ཅད་ཀྱི། །འགག་པ་འཐད་པར་མི་འགྱུར་རོ། །ཞེས་སོ། །དུས་གང་གི་ཚེ་འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་སྐྱེ་བ་རང་བཞིན་གྱིས་འཐད་པར་མི་འགྱུར་པར་བཤད་པ་དེའི་ཚེ། ཆོས་དེ་རྣམས་ཐམས་ཅད་ཀྱི་འགག་པ་རང་བཞིན་གྱིས་འཐད་པར་མི་འགྱུར་ཏེ། འགག་པའི་གཞི་མེད་པའི་ཕྱིར་རོ། །བཞི་པ་དགག་པ་ནི། རེ་ཞིག་དངོས་པོ་ཡོད་པ་ལ། །འགག་པ་འཐད་པར་མི་འགྱུར་རོ། །གཅིག་ཉིད་ན་ནི་དངོས་པོ་དང་། དངོས་པོ་མེད་པ་འཐད་པ་མེད། །དངོས་པོ་མེད་པར་གྱུར་པ་ལའང་། །འགག་པ་འཐད་པར་མི་འགྱུར་རོ། །མགོ་གཉིས་པ་ལ་ཅི་ལྟར་ནི། །གཅད་དུ་མེད་པ་དེ་བཞིན་ནོ། །ཞེས་སོ། །འགག་པ་ངོ་བོས་ཡོད་ན་དངོས་པོ་ཡོད་མེད་གཉིས་ལས་མི་འདའ་ལ། དེ་ཡང་རེ་ཤིག་དངོས་པོ་ཡོད་པ་བུམ་སོགས་ལ་རང་བཞིན་གྱིས་འགག་པ་འཐད་པར་མི་འགྱུར་ཏེ། བུམ་སོགས་ཀྱི་དངོས་པོ་དང་དེ་ཞིག་པའི་དངོས་པོ་མེད་པ་གཉིས་གཞི་གཅིག་པ་ཉིད་ཡིན་ན་ནི། དེའི་ཚེ་བུམ་སོགས་ཀྱི་དངོས་པོ་དང་དེའི་དངོས་པོ་མེད་པ་གཉིས་སུ་འཐད་པ་མེད་པ་ཉིད་ཡིན་པའི་ཕྱིར། བུམ་སོགས་ཀྱི་དངོས་པོ་མེད་པར་གྱུར་པ་ཆོས་ཅན། ཁྱོད་ལའང་འགག་པ་འཐད་པར་མི་འགྱུར་ཏེ། འདུས་མ་བྱས་ཡིན་པའི་ཕྱིར། ཇི་ལྟར་ཏེ། དཔེར་ན་མགོ་གཉིས་མེད་པ་ལ་དེ་གཉིས་གཅད་དུ་མེད་པ་དེ་བཞིན་ནོ། །ལྔ་པ་ནི། འགག་པ་རང་གི་བདག་ཉིད་ཀྱིས། །ཡོད་མིན་འགག་པ་གཞན་གྱིས་མིན། །ཅི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་སྐྱེད་པ་མ་ཡིན་བཞིན། །ཞེས་སོ། །དེ་ཡང་འགག་པ་ཆོས་ཅན། རང་གི་བདག་ཉིད་ཀྱིས་འགག་པར་བྱེད་པ་ཡོད་མིན་ཞིང་། འགག་པ་རང་ལས་དོན་གཞན་གྱིས་ཀྱང་འགག་པར་བྱེད་པ་མིན་ཏེ། ཅི་ལྟར་སྐྱེ་བ་རང་དང་དོན་གཞན་གྱིས་སྐྱེད་པ་མིན་པར་སྔར་བཤད་པ་བཞིན་ཡིན་པའི་ཕྱིར། སྐྱེ་འཇིག་སོགས་བཏགས་དོན་བཙལ་ནས་རྙེད་པར་འདོད་པའི་ལུགས་ལ་སྔར་བཤད་པའི་སྐྱོན་དེ་རྣམས་འཇུག་ཀྱང་། བཏགས་དོན་མ་བཙལ་བར་འཇོག་པའི་ལུགས་ལ་མི་འཇུག་པའི་ཁྱད་པར་ཤེས་དགོས་ཏེ། ཐལ་འགྱུར་བ་མ་གཏོགས་གཞན་རྣམས་ཀྱིས་སྐྱེ་འཇིག་སོགས་བཏགས་དོན་བཙལ་ནས་རྙེད་པར་བཟུང་སྟེ་འཇོག་པ་ལ་རིགས་པའི་གནོད་བྱེད་དེ་ལྟར་འཇུག་གོ །ལུགས་འདིར་རིག་ཤེས་ཀྱིས་མ་བརྟག་མ་དཔྱད་པའི་མིང་རྐྱང་བཏགས་ཡོད་ཙམ་ལ་སྐྱེ་འཇིག་སོགས་འཐད་པར་འཇོག་པས། ཇི་སྐད་བཤད་པའི་རིགས་པས་མི་གནོད་དོ། །འོ་ན། མྱུ་གུ་སོགས་སྐྱེ་འཇིག་གནས་གསུམ་དང་ལྡན་ན་དེ་དག་སྐྱེ་འཇིག་གནས་གསུམ་དུ་འཇོག་གམ་མི་འཇོག་ཅེ་ན། མྱུ་གུ་ལྟ་བུ་རང་གི་སྐྱེ་འཇིག་གནས་གསུམ་དུ་མི་འཇོག་ཀྱང་། སྤྱིར་སྐྱེ་འཇིག་གནས་གསུམ་དུ་འཇོག་དགོས་ཏེ། མྱུ་གུ་སོགས་དངོས་པོ་ཐམས་ཅད་སྐྱེས་ཀྱང་གཞན་དུ་འགྱུར་བ་ཡོད་པས་སྐྱེ་བ་ཡིན་ལ། རང་དུས་སུ་གནས་ཤིང་སྐད་ཅིག་གཉིས་པར་མི་སྡོད་པའི་མི་རྟག་པ་ཡིན་པས་འཇིག་པ་ཡང་མིན་ནོ། །འགག་བཞིན་པ་དང་འཇིག་བཞིན་པ་ཡིན་པས་འཇིག་པ་ཡིན་ཡང་འགགས་པ་དང་འཇིག་ཟིན་པ་མིན་ནོ། །འོན་ཀྱང་ལུགས་འདིར་ཞིག་པ་ཡོད་ཅིང་དེ་དངོས་པོ་ཡིན་ལ། རང་རྒྱུད་པ་མན་ཆད་ཀྱིས་ཞིག་པ་དངོས་པོར་མི་འདོད་དེ་ཞིབ་པར་རྗེའི་ཊཱིཀྐ་དང་འཇུག་པའི་རྣམ་བཤད་ལས་ཤེས་པར་བྱའོ། །དངོས་པོ་ཐམས་ཅད་ཀྱི་སྐྱེ་འཇིག་གནས་གསུམ་ནི་ལྡན་མིན་འདུ་བྱེད་ཡིན་ཡང་། སྐྱེ་འཇིག་གནས་གསུམ་ཡིན་ན་ལྡན་མིན་འདུ་བྱེད་ཡིན་མི་དགོས་ཏེ་སྔར་བཤད་པ་ལྟར་རོ། །གཉིས་པ་འཇུག་བསྡུས་ཏེ་དགག་པ་ནི། སྐྱེ་དང་གནས་དང་འཇིག་པ་དག །མ་གྲུབ་ཕྱིར་ན་འདུས་བྱས་མེད། །ཅེས་སོ། །འདུས་བྱས་སྤྱིའི་མཚན་ཉིད་དམ་མཚོན་བྱེད་རང་བཞིན་གྱིས་མ་གྲུབ་ཀྱང་། བྱེ་བྲག་སྨྲ་བས་སའི་མཚན་ཉིད་སྲ་བ་སོགས་རང་བཞིན་གྱིས་ཡོད་དོ་སྙམ་ན་དེ་མི་འཐད་པར་ཐལ། ཁྱད་བཞི་འདུས་བྱས་རང་བཞིན་གྱིས་མེད་པའི་ཕྱིར། དེར་ཐལ། སྐྱེ་བ་དང་གནས་པ་དང་འཇིག་པ་དག་རང་བཞིན་གྱིས་མ་གྲུབ་པའི་ཕྱིར། གཉིས་པ་ནི། འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་འགྲུབ། །ཞེས་སོ། །གལ་ཏེ་འདུས་བྱས་ཀྱི་ལྡོག་ཕྱོགས་འདུས་མ་བྱས་རང་བཞིན་གྱིས་ཡོད་དོ་ཞེ་ན། འདུས་བྱས་ནི་སྔར་བཤད་པ་ལྟར་ངོ་བོ་ཉིད་ཀྱིས་རབ་ཏུ་མ་གྲུབ་པས་འདུས་མ་བྱས་ནམ་མཁའ་སོགས་ནི་ཇི་ལྟར་ན་ངོ་བོ་ཉིད་ཀྱིས་ཡོད་པར་འགྲུབ་སྟེ་མི་འགྲུབ་པར་ཐལ། ཁྱད་གཞི་འདུས་བྱས་མེད་པའི་ཁྱད་ཆོས་བྱས་འདུས་མ་བྱས་མི་འགྲུབ་པའི་ཕྱིར། གསུམ་པ། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། དེ་བཞིན་དུ་ནི་འཇིག་པར་གསུངས། །ཞེས་སོ། །གལ་ཏེ་ཁྱོད་ཀྱིས་སྐྱེ་སོགས་རང་བཞིན་གྱིས་ཡོད་པ་བཀག་པ་ནི། སྟོན་པས་འདུས་བྱས་སྐྱེ་བར་ཡང་མངོན་ནོ། །ཞེས་སོགས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་བར་ཐལ། སྟོན་པའི་ལུང་དེས་རྨི་ལམ་ཇི་བཞིན་དང་སྒྱུ་མ་ཇི་བཞིན་དང་དྲི་ཟའི་གྲོང་ཁྱེར་སོགས་སྐྱེ་འཇིག་བྱེད་པ་ཇི་བཞིན་དུ། འདུས་བྱས་རྣམས་ཀྱང་དེ་བཞིན་དུ་ནི་སྐྱེ་བ་དང་། དེ་བཞིན་དུ་གནས་པ་དང་། དེ་བཞིན་དུ་འཇིག་པར་གསུངས་ཀྱི། ངོ་བོ་ཉིད་ཀྱིས་སྐྱེ་འཇིག་སོགས་བྱེད་པར་མ་གསུངས་པའི་ཕྱིར། དེ་ལྟར་ཡིན་ཏེ། རྨི་ལམ་སོགས་ནི་སྣང་བ་ལྟར་མེད་ཀྱང་བྱ་བ་བྱེད་པ་ལྟར་འདུས་བྱས་རྣམས་རང་བཞིན་གྱིས་མེད་ཀྱང་ཐ་སྙད་དུ་བྱ་བ་བསྟན་པའི་ཕྱིར། གཉིས་པ་ནི། ཏིང་འཛིན་རྒྱལ་པོའི་མདོ་ལ་སོགས་པ་རྣམས་སོ། །གསུམ་པ་ནི། སྐྱེ་བ་དང་གནས་པ་དང་འཇིག་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བདུན་པའི་རྣམ་བཤད་དོ།། །། གསུམ་པ་རྒྱུ་ལས་དང་བྱེད་པ་པོ་ཡོད་པ་དགག་པ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ལུང་དང་སྦྱར་བ། མཚན་བསྟན་པའོ། །དང་པོ་ལ་གསུམ། ལས་དང་བྱེད་པ་པོ་རང་བཞིན་གྱིས་གྲུབ་པ་དགག་པ། ཐ་སྙད་དུ་བརྟེན་ནས་འཇོག་ཚུལ། རིགས་པ་དེ་གཞན་ལ་སྦྱར་བའོ། །དང་པོ་ནི། སྟོན་པས་ལས་དགེ་སྡིག་བྱེད་པ་པོའི་གང་ཟག་ཡོད་པར་བསྟན་པས། ལས་དང་དེ་བྱེད་པ་པོ་ལ་རང་བཞིན་ཡོད་དོ་སྙམ་ན། འདི་དགག་པ་ལ་གཉིས། ཕྱོགས་མཐུན་དང་ཕྱོགས་མི་མཐུན་གྱི་བྱ་བྱེད་ངོ་བོས་གྲུབ་པ་དགག་པའི་དང་པོ་ལ་གཉིས། མུ་དང་པོ་གཉིས་ཀྱི་བྱ་བྱེད་དང་། མུ་གསུམ་པའི་བྱ་བྱེད་དགག་པའོ། །དང་པོ་ལ་གཉིས། དམ་བཅའ་བ་དང་། སྒྲུབ་བྱེད་བསྟན་པའོ། །དང་པོ་ནི། བྱེད་པོ་ཡིན་པར་གྱུར་པ་དེ། །ལས་སུ་གྱུར་པ་མི་བྱེད་དོ། །བྱེད་པོ་མ་ཡིན་གྱུར་པ་ཡང་། །ལས་སུ་མ་གྱུར་མི་བྱེད་དོ། ཞེས་སོ། །བྱ་བ་དང་ལྡན་པའི་སྒོ་ནས་བྱེད་པ་པོ་ཡིན་པར་གྱུར་པ་དེས་བྱ་བ་དང་ལྡན་པའི་སྒོ་ནས་ལས་སུ་གྱུར་པ་ངོ་བོ་ཉིད་ཀྱིས་མི་བྱེད་དེ། འོག་གི་རིགས་པས་གནོད་པའི་ཕྱིར། བྱེད་པ་པོ་མ་ཡིན་པར་གྱུར་པ་ཡང་ལས་སུ་མ་གྱུར་བའི་བྱ་བ་མི་བྱེད་དེ། རིགས་པས་གནོད་པའི་ཕྱིར། གཉིས་པ་ལ་གཉིས། དམ་བཅའ་དང་པོའི་སྒྲུབ་བྱེད་དང་། གཉིས་པའི་སྒྲུབ་བྱེད་དོ། །དང་པོ་ལ་གཉིས། སུས་ཀྱང་མ་བྱས་པའི་ལས་ཡོད་པར་ཐལ་བས་དགག །ཅི་ཡང་མི་བྱེད་པའི་བྱེད་པ་པོ་ཡོད་པར་ཐལ་བས་དགག་པའོ། །དང་པོ་ནི། ཡིན་པར་གྱུར་ལ་བྱ་བ་མེད། །བྱེད་པོ་མེད་པའི་ལས་སུ་འགྱུར། །ཞེས་སོ། །བྱེད་པ་པོ་བྱ་བ་བྱེད་པའི་སྒོ་ནས་འཇོག་པས་སྔར་རྫ་བུམ་སོགས་བྱེད་པ་པོ་ཡིན་པར་གྱུར་བ་དེ་ལ་ནི་ད་གཟོད་གང་གིས་ལས་དེ་བྱེད་པའི་བྱ་བ་གཞན་མེད་དེ། ཡོད་ན་བྱ་བ་དེ་བྱེད་པ་པོ་མེད་པའི་ལས་སུ་འགྱུར་བ་དེ་ནི་མི་རིགས་པའི་ཕྱིར། དེར་ཐལ། ལས་བྱ་བྱེད་གཉིས་ངོ་བོ་ཉིད་ཀྱིས་གྲུབ་ན་བྱ་བ་རིས་སུ་ཆད་ནས་སོ་སོར་གནས་དགོས་ལ། དེ་ལྟར་ན་བྱ་བ་གཉིས་སུ་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། དེར་ཐལ། བྱ་བ་གཅིག་ཉིད་རྫ་མཁན་གྱི་སྟེང་དུ་ངོ་བོས་ཡོད་ན་རྫ་བུམ་གྱི་སྟེང་དུ་ཡོད་པ་འགལ་ཞིང་། ཡོད་ན་བྱ་བ་གཅིག་གཉིས་སུ་འགྱུར་པའི་ཕྱིར། རང་ལུགས་རྫ་བུམ་བཟོ་བའི་བྱ་བ་གཅིག་ཉིད་རྫ་མཁན་དང་རྫ་བུམ་གཉིས་ཀྱི་སྟེང་ན་ཡོད་ཀྱང་ཐ་སྙད་དུ་ཡོད་པར་འདོད་པས་མི་འགལ་ལོ། །གཉིས་པ་ནི། ཡིན་པར་གྱུར་ལ་བྱ་བ་མེད། །ལས་མེད་བྱེད་པ་པོར་ཡང་འགྱུར། །ཞེས་སོ། །ལས་ཡིན་པར་བྱེད་པ་པོས་བྱས་པའི་སྒོ་ནས་འཇོག་པས། བྱ་བ་དང་ལྡན་པས་ལས་ཡིན་པར་གྱུར་པ་དེ་ལ་ནི་ད་གཟོད་གང་གིས་ལས་དེ་བྱེད་པར་འགྱུར་བའི་བྱ་བ་གཞན་མེད་དེ། གང་གི་ཚེ་བྱ་བ་མེད་པས་ལས་མི་བྱེད་པ་དེའི་ཚེ་ལས་བྱེད་པ་པོ་མེད་པའི་གང་ཟག་དེ་བྱེད་པ་པོར་ཡང་འགྱུར་དགོས་ན་དེ་མི་འཐད་པའི་ཕྱིར། དེར་ཐལ། བྱ་བའི་ལས་ཅི་ཡང་མི་བྱེད་པའི་བྱེད་པ་པོ་མེད་པའི་ཕྱིར། གཉིས་པ་ལ་གཉིས། རྒྱུ་མེད་དུ་ཐལ་བས་དགག་པ་དང་། དེ་ལ་གནོད་པ་བརྗོད་པའོ། །དང་པོ་ནི། གལ་ཏེ་བྱེད་པོར་མ་གྱུར་པས། །ལས་སུ་མ་གྱུར་བྱེད་ན་ནི། །ལས་ལ་རྒྱུ་ནི་མེད་པར་འགྱུར། །བྱེད་པ་པོ་ཡང་རྒྱུ་མེད་འགྱུར། །ཞེས་སོ། །གལ་ཏེ་བྱེད་པ་པོར་གྱུར་པས་ལས་སུ་མ་གྱུར་བ་བྱེད་པར་འདོད་ན་ནི་མི་འཐད་དེ། བྱ་བའི་ལས་དེ་ལ་ནི་རྒྱུ་མེད་པར་འགྱུར་བའི་ཕྱིར། དེར་མ་ཟད་བྱ་བ་དེ་བྱེད་པ་པོར་འཇོག་པའི་རྒྱ་ཡང་མེད་པར་འགྱུར་ཏེ། བྱ་བ་དང་བྲལ་བའི་ཕྱིར་རོ། །གཉིས་པ་ནི། རྒྱུ་མེད་ན་ནི་འབྲས་བུ་དང་། །རྒྱུ་ཡང་འཐད་པར་མི་འགྱུར་རོ། །དེ་མེད་ན་ནི་བྱ་བ་དང་། །བྱེད་པ་པོ་དང་བྱེད་མི་རིགས། །བྱ་བ་ལ་སོགས་མི་རིགས་ན། །ཆོས་དང་ཆོས་མིན་ཡོད་མ་ཡིན། །ཆོས་དང་ཆོས་མིན་མེད་ན་ནི། །དེ་ལས་བྱུང་བའི་འབྲས་བུ་མེད། །འབྲས་བུ་མེད་ན་ཐར་པ་དང་། །མཐོ་རིས་འགྱུར་པའི་ལམ་མི་འཐད། །བྱ་བ་དག་ནི་ཐམས་ཅད་ཀྱང་། །དོན་མེད་ཉིད་དུ་ཐལ་བར་འགྱུར། ཞེས་སོ། །དེ་ལྟར་བྱ་རྒྱུ་དང་བྱེད་མཁན་ལ་རྒྱུ་མེད་ན་ནི་འབྲས་བུ་རྫ་བུམ་སོགས་མེད་པ་དང་། དེ་མེད་ན་དེའི་རྒྱུ་རྫ་མཁན་དང་འཁོར་ལོ་ལ་སོགས་པ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་འབྲས་གཉིས་པོ་དེ་གཉིས་མེད་ན་ནི། རྫ་བུམ་བྱེད་པའི་བྱ་བ་དང་བྱེད་པ་པོ་དང་། དེས་རྫ་བུམ་བྱེད་པར་ཡང་མི་རིགས་སོ། །བྱ་བ་ལ་སོགས་པ་མི་རིགས་ན་ནི་ཆོས་དགེ་བ་དང་ཆོས་མིན་མི་དགེ་བ་རྣམས་ཡོད་པ་མ་ཡིན་པར་འགྱུར་ཏེ། ཆོས་དང་ཆོས་མིན་དེ་དག་མེད་ན་ནི་དེ་གཉིས་ལས་བྱུང་བའི་འབྲས་བུ་བདེ་སྡུག་གཉིས་མེད་ལ། འབྲས་བུ་བདེ་སྡུག་གཉིས་མེད་ན་ཐར་པ་དང་མཐོ་རིས་སུ་འགྱུར་བའི་ལམ་ཡང་མི་འཐད་པས། དེ་ལྟར་ན་འཇིག་རྟེན་གྱི་བྱ་བ་ཞིང་ལས་ལ་སོགས་པ་དག་ནི་ཐམས་ཅད་ཀྱང་རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་པ་འདིས་བྱེད་པ་པོ་མེད་པའི་ལས་མེད་དོ་ཞེས་བསྟན་ཅིང་། བྱ་བའི་ལས་ནི་བྱེད་པ་པོ་ལ་བརྟེན་ནས་འབྱུང་བའི་ཕྱིར། སྔར་བཤད་པ་དེ་ཐམས་ཅད་འཐད་ཅིང་ཡོད་དོ་ཞེས་བཟློག་པ་འཕངས་སོ། །གཉིས་པ་མུ་གསུམ་པའི་བྱ་བྱེད་དགག་པ་ནི། བྱེད་པ་པོར་གྱུར་མ་གྱུར་པས། །གྱུར་མ་གྱུར་དེ་མི་བྱེད་དེ། །ཡིན་དང་མ་ཡིན་གྱུར་གཅིག་ལ། །ཕན་ཚུན་མི་འགལ་ག་ལ་ཡོད། །ཅེས་སོ། །རྣམ་གྲངས་ཀྱིས་བརྗོད་ན། བྱེད་པ་པོར་གྱུར་བ་དང་དེར་མ་གྱུར་པ་གཉིས་ཀས་ལས་སུ་གྱུར་པ་དང་མ་གྱུར་པ་གཉིས་ཀ་ཡིན་པ་དེ་མི་བྱེད་དེ། ལས་ཡིན་པ་དང་མ་ཡིན་པར་གྱུར་པ་ནི་གཞི་གཅིག་ལ་ཕན་ཚུན་མི་འགལ་བ་ག་ལ་ཡོད་དེ་འགལ་བའི་ཕྱིར། གཉིས་པ་ཕྱོགས་མི་མཐུན་པ་དགག་པ་ལ་གཉིས། ཕྱོགས་མི་མཐུན་པ་རེ་རེས་རེ་རེ་དང་། རེ་རེས་གཉིས་རེ་བྱེད་པ་དགག་པའོ། །དང་པོ་ནི། བྱེད་པ་པོར་ནི་གྱུར་པ་ཡིས། །མ་གྱུར་ལས་ནི་མི་བྱེད་དེ། །མ་གྱུར་པས་ཀྱང་གྱུར་མི་བྱེད། །འདིར་ཡང་སྐྱོན་དེར་ཐལ་བར་འགྱུར། ཞེས་སོ། །བྱེད་པ་པོར་ནི་གྱུར་པ་རེ་རེས་ཡིས་ལས་སུ་མ་གྱུར་པ་ནི་མི་བྱེད་ཅིང་། བྱེད་པ་པོར་མ་གྱུར་པ་རེ་རེས་ཀྱང་ལས་སུ་གྱུར་པ་ཡང་མི་བྱེད་དེ། ལས་མེད་པའི་བྱེད་པ་པོ་དང་བྱེད་པ་པོ་མེད་པའི་ལས་ཡོད་པར་སྔར་བསྟན་པ་ལྟར་འདིར་ཡང་སྐྱོན་དེར་ཐལ་བར་འགྱུར་བའི་ཕྱིར། གཉིས་པ་ནི། བྱེད་པ་པོར་མི་གྱུར་པ་དང་། བཅས་པ་ལས་ནི་མ་གྱུར་དང་། །གྱུར་དང་མ་གྱུར་མི་བྱེད་དེ། །གཏམ་ཚིགས་གོང་དུ་བསྟན་ཕྱིར་རོ། །བྱེད་པ་པོར་ནི་མ་གྱུར་དང་། །ལས་མི་གྱུར་དང་བཅས་པ་དང་། །གྱུར་དང་མ་གྱུར་མི་བྱེད་དེ། །གཏན་ཚིགས་གོང་དུ་བསྟན་ཕྱིར་རོ། །བྱེད་པ་པོར་གྱུར་མ་གྱུར་ནི། །ལས་སུ་གྱུར་དང་མ་གྱུར་པ། །མི་བྱེད་པར་ཡང་གཏན་ཚིགས་ནི། །གོང་དུ་བསྟན་པས་ཤེས་པར་བྱ། །ཞེས་སོ། །བྱེད་པ་པོར་ནི་གྱུར་པ་བྱ་བ་དང་བཅས་པ་ཆོས་ཅན། ཁྱོད་ཀྱིས་ལས་སུ་ནི་མ་གྱུར་པ་དང་ལས་སུ་གྱུར་མ་གྱུར་གཉིས་ཀ་བྱེད་དེ། དེའི་གཏན་ཚིགས་ཀྱི་རིགས་པ་ནི་གོང་དུ་ཡིན་པར་གྱུར་ལ་བྱ་བ་མེད་ཅེས་སོགས་ཀྱིས་བསྟན་པའི་ཕྱིར་རོ། །བྱེད་པ་པོར་ནི་མ་གྱུར་པ་ཆོས་ཅན། ཁྱོད་ཀྱིས་བྱ་བའི་ལས་སུ་ནི་གྱུར་པ་དང་བཅས་པ་དང་གྱུར་དང་མ་གྱུར་གཉིས་ཀ་མི་བྱེད་དེ། གཏན་ཚིགས་རིགས་པ་ནི་གོང་དུ་ཡིན་པར་གྱུར་ལ་བྱ་བ་མེད་ཅེས་སོགས་ཀྱིས་བསྟན་པའི་ཕྱིར་རོ། །བྱེད་པ་པོར་གྱུར་པ་དང་མ་གྱུར་པ་གཉིས་ཀ་ཡིན་པ་ནི་ཆོས་ཅན། ཁྱོད་ཀྱིས་ལས་སུ་གྱུར་པ་དང་མ་གྱུར་པ་རེ་རེ་ནས་མི་བྱེད་དེ། འདིར་ཡང་གཏན་ཚིགས་ནི་གོང་དུ་ཡིན་དང་མ་ཡིན་གྱུར་ཅིག་ནི་ཞེས་སོགས་ཀྱིས་བསྟན་པ་ལས་ཤེས་པར་བྱ་དགོས་པའི་ཕྱིར། གཉིས་པ་ཐ་སྙད་འཇོག་ཚུལ་ནི། བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པ་པོ་ཉིད་ལ། །བརྟེན་ནས་འབྱུང་བར་མ་གཏོགས་པ། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །ཞེས་སོ། །བྱ་བྱེད་རང་བཞིན་གྱིས་མེད་ཀྱང་ཕན་ཚུན་བལྟོས་ནས་འཇོག་པ་ཡིན་ཏེ། ལྷས་སྦྱིན་ལྟ་བུ་ལས་བྱེད་པ་པོ་ནི་བྱ་བའི་ལས་ལ་བརྟེན་བྱས་ཤིང་། དེར་མ་ཟད་ལས་ཀྱང་བྱེད་པ་པོ་ཉིད་ལ་བརྟེན་ནས་འབྱུང་གི །དེ་མ་གཏོགས་པ་བྱ་བྱེད་ངོ་བོ་ཉིད་ཀྱིས་འགྲུབ་པའི་རྒྱུ་སྟེ་ཐབས་གཞན་ནི་མ་མཐོང་བའི་ཕྱིར། དེ་ལྟར་ན་ལས་དང་བྱེད་པ་པོ་ངོ་བོ་ཉིད་ཀྱིས་ཡོད་ཅེས་སྨྲ་བར་མི་བྱའོ། །གསུམ་པ་གཞན་ལ་སྦྱར་བ་ནི། དེ་བཞིན་ཉེར་ལེན་ཤེས་པར་བྱ། །ལས་དང་བྱེད་པོ་བསལ་ཕྱིར་རོ། །བྱེད་པ་པོ་དང་ལས་དག་གིས། །ལྷག་མ་དངོས་པོ་ཤེས་པར་བྱ། །ཞེས་སོ། །ཇི་སྐད་བཤད་པ་དེ་བཞིན་དུ་ཉེར་ལེན་ཏེ་ཉེ་བར་བླང་བྱ་དང་ཉེ་བར་ལེན་པ་པོ་ཡང་ཕན་ཚུན་བལྟོས་ནས་གྲུབ་ཀྱི། ངོ་བོ་ཉིད་ཀྱིས་གྲུབ་པ་མིན་པར་ཤེས་པར་བྱ་སྟེ། རིགས་པ་གང་གིས་ལས་དང་བྱེད་པ་པོ་ངོ་བོས་གྲུབ་པ་བསལ་བ་སྟེ་བཀག་པའི་ཕྱིར་རོ། །གཞན་ཡང་བྱེད་པ་པོ་དང་ལས་དག་གི་རང་བཞིན་ལ་རྣམ་པར་དཔྱོད་པའི་རིགས་པ་དེས་དངོས་པོ་ལྷག་མ་གཞན་རྣམས་ཀྱང་ཕན་ཚུན་བལྟོས་ནས་གྲུབ་ཀྱི། ངོ་བོ་ཉིད་ཀྱིས་གྲུབ་པ་མིན་པར་ཤེས་པར་བྱ་སྟེ། དེ་ཐམས་ཅད་ཀྱང་རང་བཞིན་གྱིས་མེད་ཅིང་ཐ་སྙད་དུ་ཡོད་པར་མཚུངས་པའི་ཕྱིར། གཉིས་པ་ནི། ཉེ་བར་འཁོར་གྱིས་ཞུས་པའི་མདོ་ལ་སོགས་པ་རྣམས་སོ། །གསུམ་པ་ནི། བྱེད་པ་པོ་དང་ལས་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བརྒྱད་པའི་རྣམ་བཤད་དོ།། །།གཉིས་པ་གང་ཟག་གི་བདག་མེད་པར་བཤད་པ་ལ་གཉིས། གང་ཟག་རང་བཞིན་གྱིས་གྲུབ་པ་དགག་པ་དང་། དེ་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ལུང་དང་སྦྱར་བ། མཚན་བསྟན་པའོ། །དང་པོ་ལ་གཉིས། ཕྱོགས་སྔ་མ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ལྟ་དང་ཉན་པ་ལ་སོགས་དང་། །ཚོར་སོགས་དང་ཡང་དབང་བྱས་པ། །གང་གི་ཡིན་པ་དེ་དག་གི །སྔ་རོལ་ཡོད་ཅེས་ཁ་ཅིག་སྨྲ། །དངོས་པོ་ཡོད་པ་མ་ཡིན་ན། །ལྟ་བ་ལ་སོགས་ཇི་ལྟར་འགྱུར། །དེ་ཕྱིར་དེ་དག་སྔ་རོལ་ན། །དངོས་པོ་གནས་པ་དེ་ཡོད་དོ། །ཞེས་སོ། །ལྟ་བ་དང་ཉན་པ་ལ་སོགས་པ་དང་ཚོར་བ་ལ་སོགས་པ་རྣམས་ཉེ་བར་ལེན་པ་པོ་གང་གི་ཉེ་བར་བླང་བྱ་ཡིན་པའི་ཉེ་བར་ལེན་པ་པོ་དེ་ནི་ཉེ་བར་བླང་བྱ་དེ་དག་གི་སྔ་རོལ་ན་ཡོད་དོ་ཞེས་མང་བཀུར་བ་ཁ་ཅིག་སྨྲའོ། །ཡང་ནི་ལྷག་མ་བསྡུས་པ་དག་འདིར་གཏོགས་པའི་དོན་དང་། དབང་བྱས་པ་ནི་རྐང་པ་དང་པོ་འདི་གཉིས་སེམས་སེམས་བྱུང་ཐམས་ཅད་བསྡུ་པའི་དབང་དུ་བྱས་ཞེས་པའོ། །གང་ཟག་སྔ་རོལ་ན་ཡོད་པའི་རྒྱུ་མཚན་ནི། དངོས་པོ་སྟེ་གང་ཟག་ལྟ་བ་སོགས་ཀྱི་སྔ་རོལ་དུ་ཡོད་པ་མ་ཡིན་ན་དེས་ལྟ་བ་ལ་སོགས་པ་ཇི་ལྟར་འགྱུར་ཏེ་མི་འགྱུར་ལ། དེའི་ཕྱིར་ལྟ་བ་སོགས་དེ་དག་གི་སྔ་རོལ་ན་དངོས་པོ་སྟེ་ལྟ་མཁན་གྱི་གང་ཟག་གནས་པ་དེ་ཡོད་དོ་ཞེས་མཛད་ཏོ། །གཉིས་པ་ལ་གསུམ། ཉེ་བར་ལེན་པ་པོ་ངོ་བོས་ཡོད་པ་དགག །དེའི་ཉེ་བར་བླང་བྱ་ངོ་བོས་ཡོད་པ་དགག །ཉེ་བར་ལེན་པ་པོ་ངོ་བོ་ཉིད་ཀྱིས་མེད་པ་ལ་རྩོད་པ་སྤང་པའོ། །དང་པོ་ལ་གསུམ། ལེན་པ་པོ་བླང་བྱ་ཐམས་ཅན་ཀྱི་སྔ་རོལ་ན་ཡོད་པ་དགག །རེ་རེའི་སྔར་ཡོད་པ་དགག་པ། ཐམས་ཅད་ཀྱི་སྔར་ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གཉིས། བླང་བྱ་ལས་སྔ་ན་གདགས་པའི་རྒྱུ་མེད་པས་ཐལ་བས་དགག་པ་དང་། ལེན་པ་པོ་སྔ་ན་བླང་བྱ་གནས་པའི་རྟེན་མེད་པས་དགག་པའོ། །དང་པོ་ནི། ལྟ་དང་ཉན་ལ་སོགས་པ་དང་། །ཚོར་བ་ལ་སོགས་ཉིད་ཀྱི་ནི། །སྔ་རོལ་དངོས་པོ་གང་གནས་པ། །དེ་ནི་གང་གིས་གདགས་པར་བྱ། །ཞེས་སོ། །ལྟ་བ་དང་ཉན་པ་ལ་སོགས་པ་དང་ཚོར་བ་ལ་སོགས་པ་ཉིད་ཀྱི་སྔ་རོལ་གང་གནས་པའི་གང་ཟག་དེ་ནི་ཆོས་ཅན། ལྟ་བ་པོ་ལ་སོགས་པར་གཞག་ཏུ་མི་རུང་བར་ཐལ། རྒྱུ་མཚན་གང་གིས་དེ་དག་ཏུ་གཏགས་པར་བྱ་བའི་ཕྱིར། དེར་ཐལ། དེའི་སྔ་རོལ་ལྟ་བ་སོགས་མེད་པའི་ཕྱིར། ཁྱབ་སྟེ། ལྟ་བ་པོ་སོགས་ནི་ལྟ་བ་སོགས་ལ་བརྟེན་ནས་ག །དགས་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ནི། ལྟ་བ་ལ་སོགས་མེད་པར་ཡང་། །གལ་ཏེ་དེ་ནི་གནས་གྱུར་ན། །དེ་མེད་པར་ཡང་དེ་དག་ནི། །ཡོད་པར་འགྱུར་བ་ཐེ་ཚོམ་མེད། །ཅི་ཡིས་གང་ཞིག་གསལ་བར་བྱེད། །གང་གིས་ཅི་ཞིག་གསལ་བར་བྱེད། །ཅི་མེད་གང་ཞིག་ག་ལ་ཡོད། །གང་མེད་ཅི་ཞིག་ག་ལ་ཡོད། །ཅེས་སོ། །ལྟ་བ་ལ་སོགས་པ་མེད་པར་ཡང་གལ་ཏེ་ལྟ་བ་པོ་སོགས་དེ་ནི་དེ་དག་གི་སྔ་རོལ་ན་གནས་པར་གྱུར་ན་དེ་ནི་འཐད་པ་མིན་པར་ཐལ། དེ་ལྟར་ཡིན་ན་ལྟ་བ་པོ་སོགས་གང་ཟག་དེ་མེད་པར་ཡང་ལྟ་བ་སོགས་དེ་དག་ནི་ལོགས་ཤིག་ན་ཡོད་པར་འགྱུར་པར་ཐེ་ཚོམ་མེད་པའི་ཕྱིར། དེ་ལྟར་འདོད་མི་ནུས་ཏེ། ལྟ་བ་དང་ཉན་པ་སོགས་ཉེ་བར་བླང་བྱ་ཅི་ཞིག་གིས་ལེན་པོའི་གང་ཟག་གང་ཞིག་པོ་གསལ་བ་དང་ཤེས་པར་བྱེད་ཅིང་། མིག་སོགས་འདི་ནི་གང་ཟག་འདིའི་ཉེ་བར་བླང་བྱའོ་ཞེས་ལེན་པ་པོའི་བདག་གང་ཞིག་གིས་ལྟ་བ་སོགས་ཉེ་བར་བླང་བྱ་ཅི་ཞིག་པོ་གསལ་བར་བྱེད་པའི་ཕྱིར། ཁྱབ་སྟེ། བླང་བྱ་ཅི་ཞིག་པོ་ལ་བལྟོས་པ་མེད་པར་ལེན་པ་པོ་གང་ཞིག་པོ་ག་ལ་ཡོད་ཅིང་། ལེན་པ་པོ་གང་ཞིག་པོ་ལ་བལྟོས་མེད་དུ་བླང་བྱ་ཅི་ཞིག་པོ་ག་ལ་ཡོད་དེ་མེད་པའི་ཕྱིར། དེར་ཐལ། དེ་གཉིས་ཕན་ཚུན་བལྟོས་ནས་གྲུབ་པའི་ཕྱིར། གཉིས་པ་བླང་བྱ་རེ་རེའི་སྔ་རོལ་ན་ཡོད་པ་དགག་པ་ལ། ཕྱོགས་སྔ་མ་བརྗོད་པ་དང་། དེ་སུན་དབྱུང་པའོ། དང་པོ་ནི། ལྟ་བ་ལ་སོགས་ཐམས་ཅད་ཀྱི། །སྔ་རོལ་གང་ཞིག་ཡོད་པ་མིན། །ལྟ་སོགས་ནང་ནས་གཞན་ཞིག་གིས། །གཞན་གྱི་ཚེ་ན་གསལ་བར་བྱེད། །ཅེས་སོ། །གལ་ཏེ་ལྟ་བ་དང་ཉན་པ་ལ་སོགས་ཐམས་ཅད་ཀྱི་སྔ་རོལ་ན་ལེན་པ་པོ་གང་ཞིག་པོ་དེ་ཡོད་པ་མིན་གྱི། དེ་རེ་རེའི་སྔར་ཡོད་དོ། །དེའི་ཕྱིར་ལྟ་བ་ལ་སོགས་པའི་ནང་ནས་ལྟ་བའི་དབང་པོ་སོགས་ཀྱིས་གང་ཟག་དེ་གསལ་བར་བྱེད་པའི་དུས་ན་དེ་ལས་གཞན་པའི་དབང་པོ་ཞིག་གིས་དུས་དེ་ལས་གཞན་གྱི་ཚེ་ན་གསལ་བར་བྱེད་དོ་ཞེ་ན། གཉིས་པ་ནི། ལྟ་བ་ལ་སོགས་ཐམས་ཅད་ཀྱི། སྔ་རོལ་གལ་ཏེ་ཡོད་མིན་ན། །ལྟ་ལ་སོགས་པ་རེ་རེ་ཡི། །སྔ་རོལ་དེ་ནི་ཇི་ལྟར་ཡོད། །ལྟ་བ་དེ་ཉིད་ཉན་པོ་དེ། །གལ་ཏེ་ཚོར་པོའང་དེ་ཉིད་ན། །རེ་རེའི་སྔ་རོལ་ཡོད་འགྱུར་ན། །དེ་ནི་དེ་ལྟར་མི་རིགས་སོ། །གལ་ཏེ་ལྟ་པོ་གཞན་ཉིད་ལ། །ཉན་པ་པོ་གཞན་ཚོར་གཞན་ན། །ལྟ་པོ་ཡོད་ཚེ་ཉན་པོར་འགྱུར། །བདག་ཀྱང་མང་པོ་ཉིད་དུ་འགྱུར། །ཞེས་སོ། །གལ་ཏེ་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་བདག་དེ་ཡོད་པ་མིན་ན། ལྟ་བ་ལ་སོགས་པ་རེ་རེ་ཡི་སྔ་རོལ་ན་བ དག་དེ་ནི་ཇི་ལྟར་ཡོད་དེ་མེད་པར་ཐལ། ཚོགས་པའི་སྔར་མེད་ན་ཡ་གྱལ་རེ་རེའི་སྔ་རོལ་ན་ངོ་བོས་ཡོད་པ་མི་འཐད་པའི་ཕྱིར། གང་ཟག་གཅིག་ལ་ལྟ་བ་པོ་དེ་ཉིད་ཉན་པ་པོ་དེ་ཉིད་དང་གལ་ཏེ་ཚོར་བ་པོའང་དེ་ཉིད་ཡིན་པའི་ཚུལ་གྱིས་ཡོད་ན། ལྟ་བ་ལ་སོགས་རེ་རེའི་སྔ་རོལ་ན་ངོ་བོས་ཡོད་པར་འགྱུར་ན་དེ་ནི་དེ་ལྟར་མི་རིགས་ཏེ། རིགས་ན་ལྟ་བའི་བྱ་བ་དང་བྲལ་བའི་ཉན་པ་པོ་ཡང་ལྟ་བ་པོ་དང་། ཉན་པའི་བྱ་བ་དང་བྲལ་བའི་ལྟ་བ་པོ་ཡང་ཉན་པ་པོར་འགྱུར་བའི་ཕྱིར་རོ། །རང་ལུགས་ནི། ལེན་པ་པོ་བླང་བྱ་ཐམས་ཅད་སྔར་མེད་ཀྱང་། རེ་རེའི་སྔར་ཡོད་པ་ནི་སྲིད་དེ་འཆད་དོ། །གལ་ཏེ་གང་ཟག་གཅིག་ཉིད་ལ་བལྟོས་པའི་ལྟ་བ་པོ་དེ་ནི་ཉན་པ་པོ་སོགས་ལས་གཞན་དུ་དངོས་པོ་གྲུབ་པ་ཉིད་ཡིན་ཞིང་ཉན་པ་པོ་སོགས་ནི་ལྟ་བ་པོ་ལས་གཞན་དང་ཚོར་པ་པོ་ལས་གཞན་དུ་ངོ་བོས་གྲུབ་ན་མི་འཐད་དེ། གང་ཟག་གཅིག་པོ་དེ་ཉིད་ལྟ་བ་པོར་ཡོད་པའི་དུས་སུ། ལྟ་བ་པོ་ལས་རྒྱུད་གཞན་པའི་ཉན་པ་པོར་ཡང་འགྱུར་བའི་ཕྱིར་ཏེ། དེའི་ཚེ་ངོ་བོ་ཉིད་ཀྱིས་ཐ་དད་པའི་ལྟ་བ་པོ་དང་ཉན་པ་པོར་ཡོད་པའི་ཕྱིར། དེ་ལྟར་འདོད་མི་རིགས་པར་ཐལ། གང་ཟག་གཅིག་ལ་དུས་གཅིག་ཏུ་བདག་ཀྱང་རྫས་ཐ་དད་པ་མང་པོ་ཡོད་པ་ཉིད་དུ་འགྱུར་བའི་ཕྱིར། གསུམ་པ་ནི། ལྟ་དང་ཉན་ལ་སོགས་པ་དང་། །ཚོར་པ་དག་ལ་སོགས་པ་ཡང་། །གང་ལས་འབྱུང་བའི་རྒྱུ་དེ་ལའང་། །དེ་ནི་ཡོད་པ་མ་མིན་ནོ། །ཞེས་སོ། །ལྟ་བ་དང་ཉན་པ་ལ་སོགས་པ་དང་ཚོར་བ་དག་ལ་སོགས་པ་ཡང་ངོ་བོས་མ་གྲུབ་པར་མ་ཟད། དེ་གང་ལས་འབྱུང་བའི་རྒྱུ་འབྱུང་བ་བཞི་པོ་དེ་ཆོས་ཅན། ཁྱོད་ལའང་བདག་ངོ་བོ་ཉིད་ཀྱིས་གྲུབ་པ་དེ་ནི་ཡོད་པ་མ་ཡིན་ཏེ། ཇི་སྐད་བཤད་པའི་རིགས་པས་གནོད་པར་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། ལྟ་དང་ཉན་ལ་སོགས་པ་དང་། །ཚོར་བ་དག་ལ་སོགས་པ་ཡང། །གང་གི་ཡིན་པ་གལ་ཏེ་མེད། །དེ་དག་ཀྱང་ནི་ཡོད་མ་ཡིན། །ཞེས་སོ། །བླང་བྱ་ལྟ་བ་སོགས་དེ་དག་ཀྱང་ནི་ཆོས་ཅན། ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ། ལྟ་བ་དང་ཉན་པ་ལ་སོགས་པ་དང་ཚོར་བ་དག་ལ་སོགས་པ་ཡང་ལེན་པ་པོ་གང་གི་བླང་བྱ་ཡིན་པའི་ལེན་པ་པོ་དེ་ནི་ངོ་བོས་གྲུབ་པ་མེད་པའི་ཕྱིར། ཁྱབ་སྟེ། གལ་ཏེ་དེ་གཉིས་ཕན་ཚུན་བལྟོས་ནས་འཇོག་པའི་ཕྱིར། གསུམ་པ་རྩོད་སྤང་ནི། གང་ཞིག་ལྟ་ལ་སོགས་པ་ཡི། །སྔ་རོལ ་ད་ལྟ་ཕྱི་ན་མེད། །དེ་ལ་ཡོད་དོ་མེད་དོ་ཞེས། །རྟོག་པ་དག་ནི་ལྡོག་པར་འགྱུར། །ཞེས་སོ། །ཉེ་བར་ལེན་པ་པོའི་གང་ཟག་གང་ཞིག་ཆོས་ཅན། རང་བཞིན་གྱིས་མེད་དེ། བླང་བྱ་ལྟ་བ་ལ་སོགས་པ་ཡི་སྔ་རོལ་དང་ད་ལྟ་ལྷན་ཅིག་ཏུའང་ངོ་བོས་མེད་ཅིང་དེའི་ཕྱིར་ཡང་མེད་པའི་ཕྱིར། དང་པོ་གྲུབ་སྟེ། གདགས་པའི་རྒྱུ་མེད་པར་འགྱུར་བའི་ཕྱིར། གཉིས་པ་གྲུབ་སྟེ། ལྷན་ཅིག་ཏུ་ངོ་བོས་གྲུབ་ན་ཕན་ཚུན་བལྟོས་མེད་དུ་འགྱུར་བའི་ཕྱིར། རང་ལུགས་ནི་ཐ་སྙད་དུ་ལྟ་བ་པོ་སོགས་དང་། ལྟ་བ་སོགས་ལྷན་ཅིག་ཏུ་དུས་མཉམ་པར་འདོད་དེ། སོ་སོའི་དབང་དུ་བྱས་པའོ། །ལྟ་ཉན་གྱི་བྱ་བ་རེ་རེ་རིམ་པར་འབྱུང་བའང་ཡོད་དེ། གང་ཟག་གཅིག་ཉིད་སྔར་གཟུགས་ཞིག་ལ་ལྟ་བ་པོར་གྱུར་ནས་ཕྱིས་སྒྲ་ཞིག་ཉན་པ་པོར་འགྱུར་བའང་ཡོད་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། བྱེད་པ་པོ་མེད་པའི་ལས་མི་སྲིད་པའི་ཕྱིར། དེས་ན་ལེན་པ་པོ་དེ་ཆོས་ཅན། ངོ་བོ་ཉིད་ཀྱིས་མེད་དེ། སྔར་གྱི་རྣམ་པར་དཔྱོད་པ་དེས་ཁྱོད་ལ་ངོ་བོ་ཉིད་ཀྱིས་ཡོད་དོ་ཞེས་པ་དང་། གཏན་མེད་དོ་ཞེས་བྱ་བར་རྟོག་པ་དག་ནི་ལྡོག་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། འགྲོ་འོང་བརྟག་པའི་སྐབས་སུ་དྲངས་པའི་ལུང་རྣམས་སོ། །གསུམ་པ་ནི། སྔ་རོལ་ན་གནས་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་དགུ་པའི་རྣམ་བཤད་དོ།། །།གཉིས་པ་གང་ཟག་ལ་རང་བཞིན་ཡོད་པའི་སྒྲུབ་བྱེད་དགག་པ་ལ་གཉིས། གྲུབ་བྱེད་ཀྱི་དཔེ་དགག་པ་དང་། སྒྲུབ་བྱེད་ཀྱི་གཏན་ཚིགས་དགག་པའོ། །དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ལུང་དང་སྦྱར་བ། །མཚན་བསྟན་པའོ། །དང་པོ་ལ་གསུམ། མེ་དང་བུད་ཤིང་ངོ་བོས་གྲུབ་བ་དགག །རིགས་པ་དེ་གཞན་ལ་སྦྱར་བ། བཀག་པའི་དོན་དུ་ལྟ་བ་སྨད་པའོ། །དང་པོ་ལ་གསུམ། སྔར་མ་བཤད་པའི་རིགས་པས་དགག །བཤད་པའི་རིགས་པས་དགག །འཇུག་བསྡུ་པའོ། །དང་པོ་ལ་གཉིས། །རང་བཞིན་གཅིག་པ་དགག་པ་དང་། ཐ་དད་པ་དགག་པའོ། །དང་པོ་ནི། བུད་ཤིང་གང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལ་གཅིག་འགྱུར། །ཞེས་སོ། ཁོ་ན་རེ། བླང་བྱ་དང་ལེན་པ་པོ་རང་བཞིན་གྱིས་ཡོད་དོ། །བསྲེག་དང་སྲེག་བྱེད་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེ་ན། བུད་ཤིང་གང་ཡིན་པ་དེ་ཆོས་ཅན། མེ་དང་ངོ་བོ་ཉིད་ཀྱིས་གཅིག་མ་ཡིན་པར་ཐལ། ཡིན་ན་བྱེད་པ་པོ་དང་བྱ་བའི་ལས་གཉིས་གཅིག་པ་ཉིད་དུ་འགྱུར་བའི་ཕྱིར་ཏེ། དེ་ལྟར་ན་རྫ་མཁན་དང་རྫ་བུམ་གཉིས་ཀྱང་གཅིག་ཏུ་འགྱུར་ལ་དེ་ནི་མི་རིགས་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་ཐ་སྙད་དུའང་གཅིག་པ་མི་རིགས་ན་ངོ་བོ་ཉིད་ཀྱིས་གཅིག་པ་ལྟ་ཅི་སྨོས་པའི་ཕྱིར། གཉིས་པ་ལ་གཉིས། རང་བཞིན་ཐ་དད་པའི་བསྒྲུབ་བྱ་དགག་པ་དང་། དེའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གཉིས། རང་བཞིན་གྱིས་ཐ་དད་ན་ཤིང་ལ་མི་བལྟོས་པ་དང་། ཤིང་དང་མི་ཕྲད་པར་འགྱུར་བའོ། དང་པོ་ལ་གཉིས། དགག་པ་དངོས་དང་། མ་ངེས་པ་སྤང་པའོ། །དང་པོ་ལ་གཉིས། ཤིང་མེད་པར་འབྱུང་བ་དང་། རྟག་ཏུ་འབར་བ་སོགས་སུ་འགྱུར་བའོ། །དང་པོ་ནི། གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །ཞེས་སོ། །གལ་ཏེ་བུད་ཤིང་ལས་མེ་ངོ་བོ་ཉིད་ཀྱིས་གཞན་ཡིན་ན་དེ་མི་འཐད་དེ། བུད་ཤིང་ལ་བལྟོས་པ་མེད་པར་མེ་འབྱུང་བར་འགྱུར་དགོས་པའི་ཕྱིར། གཉིས་པ་ནི། རྟག་ཏུ་འབར་བ་ཉིད་དུ་འགྱུར། །འབར་བྱེད་རྒྱུ་ལས་མི་འབྱུང་ཞིང་། །རྩོམ་པ་དོན་མེད་ཉིད་དུ་འགྱུར། །དེ་ལྟ་ཡིན་ན་ལས་ཀྱང་མེད། །གཞན་ལ་བལྟོས་པ་མེད་པའིི་ཕྱིར། །འབར་བ་བྱེད་རྒྱུ་ལས་མི་འབྱུང་། །རྟག་ཏུ་འབར་བ་ཉིད་ཡིན་ན། །རྩོམ་པ་དོན་མེད་པ་ཉིད་འགྱུར། །ཞེས་སོ། མེ་བུད་ཤིང་ལས་ངོ་བོ་ཉིད་ཀྱིས་ཐ་དད་ན་མི་རུང་བར་ཐལ། དེ་ལྟར་ན་མེ་རྟག་ཏུ་འབར་བ་ཉིད་དུ་འགྱུར་བ་དང་། འབར་བ་བྱེད་པའི་རྒྱུ་ལས་མི་འབྱུང་བར་འགྱུར་ཞིང་། བུད་ཤིང་ལེན་པ་སོགས་ལ་རྩོམ་པའི་འབད་པ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར། དེ་ལྟ་ཡིན་ན་ལས་ཐམས་ཅད་ཀྱང་མེད་པར་འགྱུར་རོ། དེས་ན་མེ་ཆོས་ཅན། བུད་ཤིང་ལས་ངོ་བོ་ཉིད་ཀྱིས་གཞན་དུ་མེད་དེ། ཡོད་ན་གཞན་བུད་ཤིང་ལ་བལྟོས་པ་མེད་པར་འགྱུར་བའི་ཕྱིར་དང་། འབར་བྱེད་བུད་ཤིང་གི་རྒྱུ་ལས་མི་འབྱུང་བར་འགྱུར་བའི་ཕྱིར་དང་། རྟག་ཏུ་འབར་བ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་རྟག་ཏུ་འབར་བ་ཡིན་ན་ནི་མི་རིགས་ཏེ། མེ་འབར་བའི་ཆེད་དུ་བུད་ཤིང་སྒྲུབ་བའི་རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། འདིར་བུད་ཤིང་ཞེས་པ་ནི་ཤིང་ཁོ་ནར་མི་བཟུང་གི མེ་འབར་བའི་རྒྱུ་ཀུན་ལ་གོ་བར་བྱ་དགོས་སོ། །གཉིས་པ་ནི། དེ་ལ་གལ་ཏེ་འདི་སྙམ་དུ། །སྲེག་བཞིན་བུད་ཤིང་ཡིན་སེམས་ན། །གང་ཚེ་དེ་ཙམ་དེ་ཡིན་ན། །གང་གིས་བུད་ཤིང་དེ་སྲེག་བྱེད། །ཅེས་སོ། །སྔར་གྱི་རིགས་པ་དེ་ལ་གལ་ཏེ་འདི་སྙམ་དུ་མེས་སྲེག་བཞིན་པ་དེ་ཙམ་བུད་ཤིང་ཡིན་ལ། མེ་ཡང་དེ་ལ་བརྟེན་ནས་མཐོང་གི ཡན་གར་དུ་མི་མཐོང་ངོ་སྙམ་དུ་སེམས་ན། དེ་མི་རིགས་པར་ཐལ། གང་གི་ཚེ་སྲེག་བཞིན་པ་དེ་ཙམ་ཞིག་བུ ད་ཤིང་དེ་ཡིན་ན། བུད་ཤིང་ལས་བལྟོས་མེད་ཀྱི་མེ་གང་ཞིག་གིས་བུད་ཤིང་དེ་སྲེག་པར་བྱེད་དེ་བྱེད་མི་རིགས་པའི་ཕྱིར། དེར་ཐལ། དེའི་ཚེ་སྲེག་བཞིན་པ་དེ་ཉིད་བུད་ཤིང་ཡིན་གྱི་དེ་ལས་ངོ་བོ་ཉིད་ཀྱིས་ཐ་དད་པའི་བུད་ཤིང་མེད་པའི་ཕྱིར། དེས་ན་འབར་བ་ལ་མ་བལྟོས་པའི་བུད་ཤིང་ངོ་བོ་ཉིད་ཀྱིས་མེད་ལ་གལ་ཏེ་ཡོད་ན་མི་འཐད་དེ། དངོས་པོ་ཐམས་ཅད་ཀྱང་བུད་ཤིང་དུ་ཐལ་བར་འགྱུར་བའི་ཕྱིར། དེས་ན་འབར་བར་མི་རྩོམ་པའི་བུད་ཤིང་གི་སྟ་གོན་ལ་གནས་པ་དེ་བུད་ཤིང་མིན་པར་སེམས་སོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་དང་། མ་ངེས་པ་སྤང་པའོ། །དང་པོ་ནི། གཞན་ཕྱིར་མི་ཕྲད་ཕྲད་མེད་ན། སྲེགས་པར་མི་འགྱུར་མི་སྲེག་ན། འཆི་བར་མི་འགྱུར་མི་འཆི་ན། རང་རྟགས་དང་ཡང་ལྡན་པར་གནས། །ཞེས་སོ། །གཞན་ཡང་ཁྱེད་ལྟར་ན་བུད་ཤིང་ལས་མེ་ངོ་བོ་ཉིད་ཀྱིས་གཞན་དུ་ཡོད་པའི་ཕྱིར་དེ་གཉིས་སྣང་མུན་ལྟར་མི་ཕྲད་པར་འགྱུར་ན་དེ་ནི་མི་འཐད་དེ། གཏན་ཕྲད་པ་མེད་ན་རྒྱང་རིང་བར་གནས་པའི་བུད་ཤིང་ལྟར་སྲེག་ནུས་པར་མི་འགྱུར་བར་ཐལ་བའི་ཕྱིར། མི་སྲེག་ན་འཆི་བར་ཡང་མི་འགྱུར་ཏེ། དེ་ལ་འཆི་བའི་རྒྱུ་མེད་པས་འཆི་བར་མི་རིགས་པའི་ཕྱིར། མི་འཆི་ན་ནི་རང་གི་རྟགས་རབ་ཏུ་འབར་བ་དང་ཡང་དག་ལྡན་པར་རྟག་ཏུ་གནས་པར་འགྱུར་ན་མི་འཐད་དེ། འཆི་བ་ཡོད་པ་མཐོང་བའི་ཕྱིར། གཉིས་པ་ནི། ཇི་ལྟར་བུད་མེད་སྐྱེས་པ་དང་། །སྐྱེས་པའང་བུད་མེད་ཕྲད་པ་བཞིན། །གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་དང་ཕྲད་པར་རུང་བར་འགྱུར། །གལ་ཏེ་མེ་དང་ཤིང་དག་ནི། །གཅིག་དང་གཅིག་ནི་བསལ་བར་འགྱུར། །ཤིང་དང་མེ་གཞན་ཉིད་ཡིན་ཡང་། །ཤིང་དང་ཕྲད་པར་འདོད་ལ་རག །ཞེས་སོ། ཁོ་ན་རེ། གལ་ཏེ་བུད་ཤིང་ལ་བལྟོས་ནས་མེར་འཇོག་ཅིང་ཤིང་ལས་མེ་གཞན་ཡིན་ན་ཡང་ཤིང་དང་ཕྲད་པར་རུང་པར་འགྱུར་ཏེ། ཇི་ལྟར་དེ་དཔེར་ན་བུད་མེད་སྐྱེས་པ་དང་སྐྱེས་པའང་བུད་མེད་དང་འཕྲད་པ་བཞིན་ནོ་སྙམ་ན། དེ་ནི་མི་འཐད་དེ། གལ་ཏེ་དེ་ལྟར་འདོད་ན་མེ་དང་ཤིང་དག་ནི་གཅིག་གིས་གཅིག་བསལ་བ་སྟེ་སྐྱེས་པ་དང་བུད་མེད་ལྟར་ཕན་ཚུན་བལྟོས་པ་མེད་པ་སྟེ་འབྱུང་བར་འགྱུར་བ་དེ་མི་འཐད་ཅིང་ཤིང་དང་མེ་ངོ་བོ་ཉིད་ཀྱིས་གཞན་ཡིན་ན་ཡང་ཤིང་དང་ཕྲད་པར་འདོད་ལ་རག་ན་ནི་དེ་ལྟ་བུ་མི་སྲིད་པའི་ཕྱིར། གཉིས་པ་ལ་གཉིས། བལྟོས་པའི་སྒྲུབ་བྱེད་དང་། མཐོང་བའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ། དུས་གསུམ་ལ་དཔྱད་ནས་བལྟོས་པ་དགག ། ལྟོས་ཆོས་ཡོད་མེད་ལ་དཔྱད་ནས་བལྟོས་པ་དགག །བལྟོས་མ་བལྟོས་གཉིས་ཀ་དགག་པའོ། །དང་པོ་ལ་གཉིས། དུས་སྔ་ཕྱིར་དང་མཉམ་པ་ལ་བལྟོས་པ་དགག་པའོ། །དང་པོ་ནི། གལ་ཏེ་ཤིང་བལྟོས་མེ་ཡིན་ལ། །གལ་ཏེ་མེ་བལྟོས་ཤིང་ཡིན་ན། །གང་བལྟོས་མེ་དང་ཤིང་འགྱུར་བ། །དང་པོར་གྲུབ་པ་གང་ཞིག་ཡིན། །གལ་ཏེ་ཤིང་བལྟོས་མེ་ཡིན་ན། །མ་གྲུབ་པ་ལ་སྒྲུབ་པར་འགྱུར། །བུད་པར་བྱ་བའི་ཤིང་ལ་ཡང་། །མེ་མེད་པར་ཡང་འགྱུར་བ་ཡིན། །ཞེས་སོ། །གལ་ཏེ་ངོ་བོ་ཉིད་ཀྱིས་ཡོད་པའི་མེ་འདི་བུད་ཤིང་འདིའི་སྲེག་པ་པའོ་ཞེས་བུད་ཤིང་ལ་བལྟོས་ནས་མེར་འཇོག་པ་ཡིན་ལ། གལ་ཏེ་ཤིང་འདི་མེ་འདིའི་བསྲེག་བྱའོ་ཞེས་མེ་ལ་བལྟོས་ཏེ་བུད་ཤིང་འཇོག་པ་ཡིན་ན། གང་ལ་བལྟོས་ནས་མེ་དང་ཤིང་དུ་འགྱུར་བ་གཉིས་ལས་དང་པོར་གྲུབ་པའི་བལྟོས་པ་དེ་གང་ཞིག་ཡིན། བུད་ཤིང་དང་པོར་ཡོད་ན་མི་རིགས་ཏེ། གལ་ཏེ་ཤིང་དང་པོར་གྲུབ་པ་ལ་བལྟོས་ནས་མེར་འཇོག་པ་ཡིན་ན། གང་ལ་བལྟོས་ནས་མེ་དང་ཤིང་དུ་འགྱུར་བ་གཉིས་ལས་དང་པོར་གྲུབ་བའི་བལྟོས་པ་དེ་གང་ཞིག་ཡིན། བུད་ཤིང་དང་པོར་ཡོད་ན་མི་རིགས་ཏེ། གལ་ཏེ་ཤིང་དང་པོར་གྲུབ་པ་ལ་བལྟོས་ནས་མེར་འཇོག་པ་ཡིན་ན། མེ་ནི་ཤིང་ལ་བལྟོས་པ་མེད་པར་བུད་ཤིང་ལས་ལོགས་སུ་འགྱུར་ལ། དེ་ལྟ་ན་མེ་ནི་ཤིང་ལ་གྲུབ་པ་སྟེ་མེད་པ་ལ་སྒྲུབ་དགོས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་འདོད་པ་ཡང་མི་རིགས་ཏེ། སྐྱོན་དེར་མ་ཟད་བུད་པར་བྱ་བའི་ཤིང་ལ་ཡང་སྟེ་ཤིང་ནི་མེ་མེད་པར་ཡང་གྲུབ་པར་འགྱུར་བར་ཐལ་པའི་ཕྱིར་རོ། །གཉིས་པ་དགག་པ་ནི། གལ་ཏེ་དངོས་པོ་གང་བལྟོས་འགྲུབ། །དེ་ཉིད་ལ་ཡང་བལྟོས་ནས་ནི། །བལྟོས་བྱ་གང་ཡིན་དེ་འགྲུབ་ན། །གང་ལ་བལྟོས་ནས་གང་ཞིག་འགྲུབ། །ཞེས་སོ། །གལ་ཏེ་མེ་དང་བུད་ཤིང་གཉིས་དུས་མཉམ་པས་མི་གནོད་དོ་ཞེ་ན། གལ་ཏེ་མེའི་དངོས་པོ་གང་ཞིག་བུད་ཤིང་ལ་བལྟོས་ནས་འགྲུབ་ལ། དེའི་བལྟོས་ཆོས་མེ་དེ་ཉིད་ལ་ཡང་བལྟོས་ནས་ནི་བལྟོས་བྱ་བུད་ཤིང་གང་ཡིན་པ་དེ་འགྲུབ་ན། ད་ནི་གང་ལ་བལྟོས་ནས་མེ་ཤིང་གང་ཞིག་ངོ་བོ་ཉིད་ཀྱིས་འགྲུབ་པར་འགྱུར་ཏེ་མི་རིགས་པར་ཐལ། མེ་དང་བུད་ཤིང་བལྟོས་པས་དེ་གཉིས་གཅིག་ཅིག་ཤོས་ངོ་བོ་ཉིད་ཀྱིས་གྲུབ་པའི་སྒྲུབ་བྱེད་དུ་མི་རིགས་པའི་ཕྱིར། ཁྱབ་སྟེ། གཅིག་ཡོད་ཅིག་ཤོས་ལ་བལྟོས་ན་ངོ་བོས་མེད་ཅིང་ཐ་སྙད་དུ་ཡོད་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། དངོས་པོ་བལྟོས་གྲུབ་གང་ཡིན་པ། །དེ་མ་གྲུབ་ན་ཇི་ལྟར་བལྟོས། །ཅི་སྟེ་གྲུབ་པ་བལྟོས་ཞེ་ན། །དེ་ནི་བལྟོས་པར་མི་རུང་ངོ་། །ཞེས་སོ། །མེའི་དངོས་པོ་བུད་ཤིང་ལ་ངོ་བོ་ཉིད་ཀྱིས་བལྟོས་གྲུབ་ཏུ་འདོད་པ་གང་ཡིན་པ་དེ་ཆོས་ཅན། ངོ་བོ་ཉིད་ཀྱིས་མ་གྲུབ་ན་ཇི་ལྟར་དེ་ལ་ངོ་བོ་ཉིད་ཀྱིས་བལྟོས་པར་མི་རིགས་པར་ཐལ། སྤྱིར་མེ་མ་གྲུབ་ན་བུད་ཤིང་ལ་བལྟོས་པ་མི་འཐད་པ་བཞིན་ཡིན་པའི་ཕྱིར། ཅེ་སྟེ་མེ་གྲུབ་པ་ལ་བལྟོས་སོ་ཞེ་ན། དེ་ལྟ་ན་དེ་འདྲ་བ་དེ་ནི་ཆོས་ཅན། བུད་ཤིང་ལ་རང་གི་ངོ་བོས་བལྟོས་པར་མི་རུང་བར་ཐལ། གྲུབ་ཟིན་སླར་བུད་ཤིང་ལ་བལྟོས་མི་དགོས་པའི་ཕྱིར། གསུམ་པ་ནི། ཤིང་ལ་བལྟོས་པའི་མེ་མེད་དེ། །ཤིང་ལ་མ་བལྟོས་མེ་ཡང་མེད། །མེ་ལ་བལྟོས་པའི་ཤིང་མེད་དེ། །མེ་ལ་མ་བལྟོས་ཤིང་ཡང་མེད། །ཅེས་སོ། །ཤིང་ལ་བལྟོས་པའི་མེ་ཆོས་ཅན། ངོ་བོ་ཉིད་ཀྱིས་མེད་དེ། བལྟོས་ན་ངོ་བོས་གྲུབ་པ་མི་འཐད་པའི་ཕྱིར། བུད་ཤིང་ལ་མ་བལྟོས་མེ་ཡང་ཆོས་ཅན། ཐ་སྙད་དུ་མེད་དེ། ཡོད་ན་རྒྱུ་མེད་དུ་ཐལ་བའི་ཕྱིར། །མེ་ལ་བལྟོས་པའི་ཤིང་ཡང་ཆོས་ཅན། ངོ་བོ་ཉིད་ཀྱིས་མེད་དེ། ངོ་བོ་ཉིད་ཀྱིས་གྲུབ་ན་བལྟོས་པ་འཐད་པ་མ་ཡིན་པའི་ཕྱིར། མེ་ལ་མ་བལྟོས་པའི་ཤིང་ཡང་ངོ་བོས་མེད་དེ། སྲེག་བཞིན་པ་མ་ཡིན་བུད་ཤིང་དུ་མི་འཐད་པའི་ཕྱིར། གཉིས་པ་ནི། མེ་ནི་གཞན་ལས་མི་འོངས་ཏེ། །ཤིང་ལ་མེ་ནི་ཡོད་མ་ཡིན། །ཞེས་སོ། །མེས་བུད་ཤིང་སྲེག་པ་མངོན་སུམ་གྱིས་མཐོང་བས་ངོ་བོས་ཡོད་དོ་ཞེ་ན། དེ་མི་རིགས་པར་ཐལ། མེ་ནི་བུད་ཤིང་ལས་གཞན་ནས་ལོགས་སུ་མི་འོང་བའི་ཕྱིར་ཏེ། །འོང་ན་ནི་རྒྱུ་མེད་པར་འགྱུར་བའི་ཕྱིར་དང་། མེ་དོང་ནས་བུད་ཤིང་དང་བཅས་ཏེ་འོངས་ནས་སླར་ཡང་བུད་ཤིང་ལས་འོང་ན་མེ་སླར་འོང་བར་མ་ཟད་བུད་ཤིང་ལས་ཀྱང་བུད་ཤིང་སླར་འོང་དགོས་པར་མཚུངས་པའི་ཕྱིར། ཤིང་ཉིད་ལས་མེ་ནི་ངོ་བོ་ཉིད་ཀྱིས་མི་འོངས་ཏེ། ཤིང་ལ་མེ་དེ་ནི་ཡོད་པ་མིན་པའི་ཕྱིར། གཉིས་པ་ནི། དེ་བཞིན་ཤིང་གི་ལྷག་མ་ནི། །སོང་དང་མ་སོང་བགོམ་པས་བསྟན། །ཞེས་སོ། །སྔར་བཤད་པ་དེ་བཞིན་དུ་བུད་ཤིང་གི་སྐབས་སུ་སུན་འབྱིན་པའི་ལྷག་མ་ནི་ཆོས་ཅན། ངོ་བོས་གྲུབ་པ་འགོག་ཚུལ་ཡོད་དེ། སྔར་སོང་དང་མ་སོང་བགོམ་པ་ལ་ཞེས་སོགས་བཤད་པས་བསྟན་ཟིན་པ་བསྒྱུར་པའི་སྒོ་ནས་སུན་འབྱིན་པར་བྱེད་རིགས་པའི་ཕྱིར། དེ་ཡང་རེ་ཤིག་བསྲེག་ལ་མི་སྲེག་སྟེ། །ཞེས་སོགས་སྦྱར་ནས་འགོག་པ་ཡིན་པའི་ཕྱིར། གསུམ་པ་ནི། ཤིང་ཉིད་མེ་ནི་མ་ཡིན་ཏེ། །ཤིང་ལས་གཞན་ལ་མེ་ཡང་མེད། །མེ་ནི་ཤིང་དང་ལྡན་པ་མིན། མེ་ལ་ཤིང་མེད་དེར་དེ་མེད། །ཅེས་སོ། །ཤིང་ཉིད་ཆོས་ཅན། མེ་དང་ནི་གཅིག་མ་ཡིན་ཏེ། ཡིན་ན་བྱེད་པ་པོ་དང་ལས་གཅིག་ཏུ་འགྱུར་བའི་ཕྱིར། ཤིང་ཆོས་ཅན། ཁྱོད་ལས་བལྟོས་མེད་གཞན་དུ་ཡང་མེ་མེད་དེ། མེ་ཁྱོད་ལ་བལྟོས་ཏེ་འབྱུང་བའི་ཕྱིར། མེ་ནི་ཆོས་ཅན། ཤིང་དང་ངོ་བོ་ཉིད་ཀྱིས་ལྡན་པ་མ་ཡིན་ཏེ། ངོ་བོ་ཉིད་ཀྱིས་གཅིག་པ་དང་ཐ་དད་པའི་ཕྱོགས་བཀག་པའི་ཕྱིར། མེ་དེ་ལ་བུད་ཤིང་ངོ་བོ་ཉིད་ཀྱིས་བརྟེན་པ་ཡང་མེད་ལ། བུད་ཤིང་དེར་མེ་དེ་ཡང་ངོ་བོ་ཉིད་ཀྱིས་བརྟེན་པ་ཡང་མེད། རང་བཞིན་གྱིས་གཞན་དུ་གྲུབ་པ་བཀག་ཟིན་པའི་ཕྱིར། གཉིས་པ་ནི། མེ་དང་བུད་ཤིང་བདག་དང་ནི། །ཉེ་བར་ལེན་པའི་རིམ་པ་ཀུན། །བུམ་སྣམ་སོགས་དང་ལྷན་ཅིག་ཏུ། །མ་ལུས་པར་ནི་རྣམ་པར་བཤད། །ཅེས་སོ། །སྔར་མེ་དང་བུད་ཤིང་རང་བཞིན་མེད་པར་བཤད་པའི་རིགས་པས་ཉེ་བར་ལེན་པ་པོ་བདག་དང་ནི་ཉེ་བར་ལེན་པའི་རིམ་པ་ཀུན་དང་། དེར་མ་ཟད་བུམ་པ་དང་སྣམ་བུ་ལ་སོགས་པའི་དངོས་པོ་གཞན་དང་ལྷན་ཅིག་ཏུ་མ་ལུས་པར་ནི་རང་བཞིན་མེད་པར་རྣམ་པར་བཤད་པ་ཡིན་ཏེ། དེ་ལ་སྔར་བཤད་པ་ལྟར་གཅིག་དང་ཐ་དད་བལྟོས་པ་བལྟོས་དང་འགྲོ་འོང་གི་རིགས་པ་སྦྱོར་ཚུལ་འདྲ་བའི་ཕྱིར། གསུམ་པ་ནི། གང་དག་བདག་དང་དང ོས་པོ་རྣམས། །དེ་བཅས་ཉིད་དང་ཐ་དད་པར། །རྟོག་པ་དེ་དག་བསྟན་དོན་ལ། །མཁས་སོ་སྙམ་དུ་མི་སེམས་སོ། །ཞེས་སོ། །གང་དག་ལེན་པ་པོ་བདག་དང་། བདག་དེ་དང་བཅས་པ་རང་བཞིན་གཅིག་པ་ཉིད་དང་། རང་བཞིན་ཐ་དད་པ་དང་དེ་བཞིན་དུ་དངོས་པོ་གཞན་རྣམས་ཀྱང་རང་བཞིན་གཅིག་པ་དང་ཐ་དད་པར་རྟོག་པ་དེ་དག་ཆོས་ཅན། བསྟན་པའི་དོན་རྟེན་འབྱུང་གི་དེ་ཁོ་ན་ཉིད་ལ་མཁས་སོ་སྙམ་དུ་མགོན་པོ་ཀླུ་སྒྲུབ་མི་སེམས་ཏེ། རིགས་པས་གནོད་པ་འབབ་པའི་དོན་གསུང་རབ་ཀྱི་དགོངས་པར་ཁས་ལེན་པའི་ཕྱིར། དེར་ཐལ། བརྟེན་ནས་འབྱུང་བའི་དོན་རང་བཞིན་མེད་པའི་དོན་ཡིན་པར་མ་གོ་བར་རང་བཞིན་གྱིས་གྲུབ་པར་བསྟན་པའི་དོན་དུ་ཁས་བླངས་པའི་ཕྱིར། གཉིས་པ་ནི། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལ་སོགས་པ་རྣམས་སོ། །གསུམ་པ་ནི། མེ་དང་བུད་ཤིང་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅུ་པའི་རྣམ་བཤད་དོ།། །།གཉིས་པ་གང་ཟག་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་ཀྱི་གཏན་ཚིགས་དགག་པ་ལ་གཉིས། སྐྱེ་འཆིའི་བྱ་བ་ཡོད་པའི་རྟགས་དགག་པ་དང་། སྡུག་བསྔལ་ཡོད་པའི་རྟགས་དགག་པའོ། །དང་པོ་ལ་གསུམ་རབ་བྱེད་ཀྱི་གཞུང་བཤད་པ། ལུང་དང་སྦྱར་བ། མཚན་བསྟན་པའོ། །དང་པོ་ལ་གཉིས། འཁོར་བ་རང་བཞིན་གྱིས་གྲུབ་པ་དགག་པ་དང་། རིགས་པ་དེ་གཞན་ལ་སྦྱར་བའོ། །དང་པོ་ལ་གཉིས། འཁོར་བ་ལ་ཐོག་མཐའ་བར་གསུམ་གྱི་ཆ་དགག་པ་དང་། སྐྱེ་འཆི་ལ་སྔ་ཕྱི་ལྷན་ཅིག་གི་ཆ་དགག་པའོ། །དང་པོ་ནི། སྔོན་མཐའ་མངོན་ནམ་ཞེས་ཞུས་ཚེ། །ཐུབ་པ་ཆེན་པོས་མིན་ཞེས་གསུངས། །འཁོར་བ་སྔོན་དང་མཐའ་མེད་དེ། །དེ་ལ་སྔོན་མེད་ཕྱི་མ་མེད། །གང་ལ་ཐོག་མ་ཐ་མེད་པ། །དེ་ལ་དབུས་ནི་ག་ལ་ཡོད། ཅེས་སོ། ཁོ་ན་རེ། སྟོན་པས་འཁོར་བ་བརྒྱུད་པའི་ཐོག་ཐ་མེད་པར་གསུངས་པས་དེ་རང་བཞིན་གྱིས་ཡོད་དོ་སྙམ་ན། དེ་མི་རིགས་པར་ཐལ། འཁོར་བ་རང་བཞིན་གྱིས་ཡོད་ན་དེ་ལ་ཐོག་ཐ་ཡོད་དགོས་པ་ལས། འཁོར་བའི་སྔོན་གྱི་མཐའ་མངོན་ནམ་ཞེས་སྟོན་པ་ལ་ཞུས་པའི་ཚེ་ཐུབ་པ་ཆེན་པོས་སྔོན་གྱི་མཐའ་མངོན་པ་མིན་ཞེས་གསུངས་པའི་ཕྱིར། དེར་ཐལ། དེ་ལྟར་བསྟན་པ་དེས་འཁོར་བ་ལ་རང་བཞིན་གྱིས་མེད་པར་གསལ་བར་བསྟན་པ་ཡིན་པའི་ཕྱིར། དེར་ཐལ། འཁོར་བ་ནི་གཅིག་ནས་གཅིག་ཏུ་འགལ་མེའི་འཁོར་ལོ་འཁོར་བ་ལྟར་བརྒྱུད་པའི་ཚུལ་གྱིས་བྱུང་བར་བསྟན་པ་ནི་ངོ་བོས་གྲུབ་པ་མེད་པར་གོ་བའི་ཆེད་ཡིན་པའི་ཕྱིར། སྟོན་པས་འཁོར་བ་དེ་ལ་སྔོན་དང་ཕྱི་མའི་མཐའ་མེད་དེ། སྐྱེ་བ་དང་རྒ་ཤིའི་འཁོར་བ་ནི་ཐོག་མ་དང་ཐ་མ་མེད་དོ་ཞེས་གསུངས་པའི་སྔོན་གྱི་མཐའ་ནི་ཆ་སྔ་མ་དང་། ཕྱི་མའི་མཐའ་ནི་ཆ་ཕྱི་མ་ལ་དགོངས་པས་དེའི་ཚེ་འཁོར་བ་རང་བཞིན་གྱིས་མེད་པར་ཐལ། དེ་ལ་ངོ་བོས་གྲུབ་པའི་སྔོན་གྱི་ཆ་མེད་ཅིང་། ཕྱི་མའི་ཆ་ཡང་མེད་པའི་ཕྱིར་ཞེས་པ་འདིར་འགྱུར་པའི་ཕྱིར། འཁོར་བ་ནི་སྔ་ཕྱི་རིམ་གྱིས་བརྒྱུད་པ་ལ་འཇོག་པས་ཆ་སྔ་ཕྱི་ཐ་སྙད་དུ་ཡོད་ཀྱང་ངོ་བོས་གྲུབ་པའི་ཆ་སྔ་ཕྱི་མེད་དེ། ངོ་བོས་གྲུབ་པ་ཆ་སྔ་ཕྱིར་བརྒྱུད་པ་མི་འཐད་པའི་ཕྱིར། རང་ལུགས་འཁོར་བ་ལ་ཐོག་མའི་མཐའ་མེད་ཅིང་། ཕྱི་མའི་མཐའ་ཡོད་དེ་ཐོག་མའི་མཐའ་ཡོད་ན་རྒྱུ་མེད་དུ་འབྱུང་བ་དང་། ཕྱི་མའི་མཐའ་མེད་ན་འཁོར་བ་སྤངས་པའི་དུས་མི་སྲིད་པར་འདོད་དགོས་ན་དེ་མི་འཐད་པའི་ཕྱིར། སྐབས་འདིར་སྔོན་མཐའ་དང་ཕྱི་མཐའ་མེད་པར་གསུངས་པ་ནི་སྔ་མ་དང་དོན་མི་འདྲ་སྟེ། སྐབས་འདིའི་འཁོར་བ་བརྒྱུད་པའི་སྔ་ཕྱིའི་ཆ་དུ་མ་ཡོད་ཀྱང་ཆ་གཉིས་སུ་བསྡུས་ནས་རང་བཞིན་གྱིས་མེད་ཅེས་བསྟན་པ་ཡིན་པའི་ཕྱིར། འཁོར་བ་གང་ཡིན་པ་དེ་ཆོས་ཅན། ཁྱོད་ལ་དབུས་ནི་རང་བཞིན་གྱིས་གྲུབ་པ་ག་ལ་ཡོད་དེ། ཐོག་མ་དང་ཐ་མ་གཉིས་རང་བཞིན་གྱིས་མེད་པའི་ཕྱིར། གཉིས་པ་ལ་གསུམ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་པའོ། །དང་པོ་ནི། དེ་ཕྱིར་དེ་ལ་སྔ་ཕྱི་དང་། །ལྷན་ཅིག་རིམ་པ་མི་འཐད་དོ། །ཞེས་སོ། །འཁོར་བ་དེ་ཆོས་ཅན། ཁྱོད་ལ་སྐྱེ་འཆི་སྔ་ཕྱི་དང་ལྷན་ཅིག་ཏུ་ངོ་བོ་ཉིད་ཀྱིས་གྲུབ་པའི་རིམ་པ་མི་འཐད་དེ། ཁྱོད་ལ་སྔར་ལྟར་ཐོག་ཐ་དབུས་གསུམ་ངོ་བོ་ཉིད་ཀྱིས་མེད་པ་དེའི་ཕྱིར། གཉིས་པ་ལ་གཉིས། སྔ་ཕྱི་དགག་པ་དང་། དུས་མཉམ་པ་དགག་པའོ། །དང་པོ་ནི། གལ་ཏེ་སྐྱེ་བ་སྔ་གྱུར་ལ། །རྒ་ཤི་ཕྱི་བ་ཡིན་ན་ནི། །སྐྱེ་བ་རྒ་ཤི་མེད་པ་དང་། །མ་ཤི་བར་ཡང་སྐྱེ་བར་འགྱུར། །གལ་ཏེ་སྐྱེ་བ་ཕྱི་གྱུར་ལ། །རྒ་ཤི་སྔ་མ་ཡིན་ན་ནི། །སྐྱེ་བ་མེད་པའི་རྒ་ཤི་ནི། །རྒྱུ་མེད་པར་ནི་ཇི་ལྟར་འགྱུར། །ཞེས་སོ། །གལ་ཏེ་ཁ་ཅིག་གི་ངོ་བོས་གྲུབ་པའི་སྐྱེ་བ་སྔ་བར་གྱུར་ལ། རྒ་བ་དང་ཤི་བ་སྟེ་འཆི་བ་ཕྱི་བ་ཡིན་པར་གྱུར་ན་ནི། དེ་ནི་མི་འཐད་དེ། གང་ཟག་དེའི་སྐྱེ་བ་ལ་རྒ་བ་དང་ཤི་བ་སྟེ་འཆི་བ་གཉིས་མེད་པར་འགྱུར་བའི་ཕྱིར་ཏེ། རང་བཞིན་གྱིས་གྲུབ་ན་དུས་གཉིས་པར་གཞན་དུ་འགྱུར་བ་མི་འཐད་པའི་ཕྱིར། ཡང་གང་ཟག་དེ་སྔར་མ་ཤི་བར་ཡང་ཚེ་འདིར་སྐྱེ་བར་འགྱུར་བར་ཐལ། གང་ཟག་གཅིག་པོ་དེའི་བདག་སྤྱི་ཙམ་དང་བདག་བྱེ་བྲག་པ་གཉིས་གཅིག་ཏུ་ངོ་བོས་གྲུབ་པའི་ཕྱིར། ངོ་བོ་ཉིད་ཀྱིས་གྲུབ་ན་གཅིག་དང་ཐ་དད་གང་རུང་ལས་མ་འདས་པས། ངོ་བོ་ཉིད་ཀྱིས་གཅིག་ན་ཐ་དད་གཏན་མེད་ཀྱི་གཅིག་ཏུ་འགྱུར་བའི་ཕྱིར། །སྐྱེ་བ་སྔ་ཕྱིའི་བདག་ཀྱང་གཅིག་ཏུ་འགྱུར་ལ། ཐ་དད་ན་ཡང་མི་འཐད་དེ། སྔ་ཕྱི་གཉིས་འབྲེལ་མེད་དུ་འགྱུར་བས་སྔ་མ་ལ་མ་བལྟོས་པར་སྐྱེ་བ་ཕྱི་མའི་གང་ཟག་ཞིག་ལོགས་སུ་འབྱུང་བར་འགྱུར་བའི་ཕྱིར། རང་ལུགས་གང་ཟག་ལྷས་སྦྱིན་ལྟ་བུ་གཅིག་ལའང་ཚེ་འདིའི་དུས་ཀྱི་ང་དང་ལོ་ཟླ་ཞག་གི་དབྱེ་བས་ང་ཆ་ཤས་ཐ་དད་པ་རེ་རེ་དང་། དུས་སྔ་ཕྱི་མ་ཕྱེ་བར་ཆ་ཅན་གྱི་ང་སྤྱི་ཙམ་པ་གཅིག་ཀྱང་ཡོད་ལ་དེ་ནི་སྐྱེ་བ་སྔ་ཕྱི་ཐམས་ཅད་དུ་ཁྱབ་པའི་ཐ་སྙད་པའི་ང་ཡིན་ལ། ཚེ་འདི་དང་ལོ་ཟླ་ཞག་གི་དབྱེ་བས་བྱུང་བའི་ང་རྣམས་ནི་ང་དེའི་ཆ་ཤས་ཡིན་པས་ཞིབ་ཏུ་ཤེས་དགོས་པ་ཡིན་ནའང་གཞན་དུ་བཤད་ཟིན་པས་འདིར་མི་བརྗོད་དོ། །གཞན་ཡང་། གལ་ཏེ་སེམས་ཅན་གྱི་སྐྱེ་བ་ཕྱི་བར་གྱུར་ལ་དེའི་རྒ་ཤི་སྔ་བ་ཡིན་པར་འདོད་ན་ནི་ཤིན་དུ་མི་འཐད་དེ། སྐྱེ་བ་མེད་པའི་རྒ་ཤི་དེ་ནི་རྒྱུ་མེད་པར་ཇི་ལྟར་འགྱུར་ཏེ་མི་རིགས་པའི་ཕྱིར། གཉིས་པ་ནི། སྐྱེ་བ་དང་ནི་རྒ་ཤི་དག །ལྷན་ཅིག་རུང་བ་མ་ཡིན་ཏེ། །སྐྱེ་བཞིན་པ་ནི་འཆི་འགྱུར་ཞིང་། །གཉིས་ཀ་རྒྱུ་མེད་ཅན་དུ་འགྱུར། །ཞེས་སོ། །སྐྱེ་བ་དང་ནི་རྒ་ཤི་དག་ཆོས་ཅན། ལྷན་ཅིག་ཏུ་ངོ་བོ་ཉིད་ཀྱིས་ཡོད་པར་རུང་བ་མ་ཡིན་ཏེ། །ཡོད་ན་བར་སྲིད་གཅིག་སྐྱེ་བཞིན་པའི་དུས་སུ་ནི་དེ་འཆི་བཞིན་པར་འགྱུར་བའི་ཕྱིར། དེ་ལྟ་བུ་མི་རུང་སྟེ། སྤྱིར་སྐྱེ་འཇིག་གཉིས་མི་འགལ་ཡང་གཞི་གཅིག་ལ་བལྟོས་པའི་སྐྱེ་འགག་གཉིས་འགལ་བའི་ཕྱིར་ཏེ། སྐྱེ་བ་ནི་འཕེལ་བ་དང་འགག་པ་ནི་ཟད་པར་འགྱུར་པ་ལ་འཇོག་པའི་ཕྱིར། སྐྱེ་འཆི་གཉིས་ཀ་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། དུས་མཉམ་པ་གཅིག་ཅིག་ཤོས་ཀྱིི་རྒྱུར་མི་རུང་བའི་ཕྱིར། གསུམ་པ་ནི། གང་ལ་སྔ་ཕྱི་ལྷན་ཅིག་གི །རིམ་པ་དེ་དག་མི་སྲིད་པའི། །སྐྱེ་བ་དེ་དང་རྒ་ཤི་དེ། །ཅི་ཡི་ཕྱིར་ན་སྤྲོས་པ་བྱེད། །ཅེས་སོ། །དེ་ལྟར་སྐྱེ་བ་དང་རྒ་ཤི་གང་ལ་སྔ་བ་དང་ཕྱི་བ་རང་ལྷན་ཅིག་གི་རིམ་པ་དེ་དག་མི་སྲིད་པ་དེ་ལ་ཁྱེད་ཅག་སྐྱེ་བ་ནི་དེ་དང་རྒ་ཤི་ནི་དེའོ་ཞེས་ཅི་ཡི་ཕྱིར་ན་སྤྲོས་པ་བརྗོད་པར་བྱེད་དེ་བྱེད་མི་རིགས་ཏེ། སྐྱེ་བ་དང་རྒ་ཤིའི་རིམ་པ་རྣམས་རང་བཞིན་གྱིས་མེད་པར་འཕགས་པའི་ཡེ་ཤེས་ཀྱིས་གཟིགས་པ་ལྟར་འཐད་པའི་ཕྱིར། རང་ལུགས་ནི་ཐ་སྙད་དུ་སེམས་ཅན་གཅིག་གི་ཚེ་གཅིག་ལ་བལྟོས་ཏེ་སྐྱེ་བ་སྔ་ལ་རྒ་ཤི་ཕྱི་ཡང་། སྤྱིར་ནི་གོ་རིམ་མཐའ་གཅིག་ཏུ་མ་ངེས་སོ། །ངོ་བོས་གྲུབ་ན་སྔ་ཕྱི་རྣམས་ཐ་དད་གཏན་མེད་ཀྱི་གཅིག་ཏུ་འགྱུར་བའམ། འབྲེལ་མེད་ཀྱི་སོ་སོ་བར་འགྱུར་བས། དེ་ལ་ནི་སྔར་བཤད་པའི་རིགས་པའི་གནོད་པ་འཇུག་གི །ཐ་སྙད་དུ་སྔ་ཕྱི་བར་གསུམ་འདོད་པ་ལ་ནི་གནོད་བྱེད་དེ་མི་འཇུག་པའི་ཚུལ་ཤེས་པར་བྱ་ཞིང་། སྔར་བཤད་པ་ལྟར་གང་ཟག་གཅིག་གི་ཚེ་འདི་ལ་བལྟོས་པའི་སྐྱེ་ཤི་དང་ཚེ་སྔ་ཕྱི་ཀུན་ལ་བལྟོས་པའི་སྐྱེ་འཆི་སོ་སོ་བ་དང་སྤྱི་ཙམ་པའི་ཁྱད་པར་རྣམས་ཕྱེད་པར་བྱའོ། །གཉིས་པ་ནི། འཁོར་བ་འབའ་ཞིག་སྔོན་གྱི་མཐའ། །ཡོད་མ་ཡིན་པར་མ་ཟད་ཀྱི། །རྒྱུ་དང་འབྲས་བུ་ཉིད་དང་ནི། །མཚན་ཉིད་དང་ནི་མཚན་གཞི་ཉིད། །ཚོར་དང་ཚོར་བ་ཉིད་དང་ནི། །དོན་ཡོད་གང་དག་ཅི་ཡང་རུང་། །དངོས་རྣམས་ཐམས་ཅད་ཉིད་ལ་ཡང་། །སྔོན་གྱི་མཐའ་ནི་ཡོད་མ་ཡིན། །ཞེས་སོ། །སེམས་ཅན་གྱི་འཁོར་བ་འབའ་ཞིག་གི་སྐྱེ་འཆི་ལ་སྔོན་གྱི་མཐའ་སྔ་བ་དང་ཕྱི་བ་དང་ལྷན་ཅིག་གི་རིམ་པ་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པར་མ་ཟད་ཀྱི། གཞན་རྒྱུ་དང་འབྲས་བུ་ཉིད་དང་ནི་མཚན་གཞི་ཉིད་དང་ཚོར་བ་དང་ཚོར་བ་པོ་ཉིད་དང་ནི་གཞལ་བྱ་སོགས་དོན་ཡོད་པའི་དངོས་པོ་གང་དག་ཅི་ཡང་རུང་བ་ཆོས་ཅན། ཁྱོད་ཐམས་ཅད་ཉིད་ལའང་སྔོན་གྱི་མཐའ་སོགས་གསུམ་ནི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ། སྔར་བཤད་པའི་རིགས་པའི་གནོད་བྱེད་འཇུག་པར་མཚུངས་པའི་ཕྱིར། དེར་ཐལ། རྒྱུ་སྔ་བར་ངོ་བོས་གྲུབ་ན་འབྲས་བུ་མི་འཐད་པ་དང་། མཚན་ཉིད་སྔ་ན་མཚོན་རྒྱུ་མེད་པ་དང་། ཚོར་བ་སྔ་ན་ཚོར་མཁན་མེད་པ་དང་། ཚོར་མཁན་སྔ་ན་ཚོར་བ་མེད་པ་སོགས་སུ་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། དཀོན་མཆོག་སྤྲིན་ལ་སོགས་པའི་ལུང་རྣམས་སོ། །གསུམ་པ་ནི། སྔོན་དང་ཕྱི་མཐའ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅུ་གཅིག་པའི་རྣམ་བཤད་དོ།། །། གཉིས་པ་བརྟེན་པ་སྡུག་བསྔལ་ཡོད་པའི་རྟགས་དགག་པ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ལུང་དང་སྦྱར་བ། མཚན་བསྟན་པའོ། །དང་པོ་ལ་གཉིས། སྡུག་བསྔལ་རང་བཞིན་གྱིས་ཡོད་པ་དགག་པ་དང་། རིགས་པ་དེ་གཞན་ལ་སྦྱར་བའོ། །དང་པོ་ལ་གཉིས། དམ་བཅའ་བཞག་པ་དང་། སྒྲུབ་བྱེད་བསྟན་པའོ། །དང་པོ་ནི། ཁ་ཅིག་སྡུག་བསྔལ་བདག་གིས་བྱས། །གཞན་གྱིས་བྱས་དང་གཉིས་ཀས་བྱས། །རྒྱུ་མེད་པ་ལས་བྱུང་པར་འདོད། །དེ་ནི་བྱ་བར་མི་རུང་ངོ་། །ཞེས་སོ། །གྲངས་ཅན་པ་དང་བྱེ་བྲག་པ་ཁ་ཅིག་སྡུག་བསྔལ་བདག་གིས་བྱས་པར་འདོད་པ་དང་། རང་གཞན་གྱི་སྡེ་བ་ཕལ་ཆེར་གྱིས་སྡུག་བསྔལ་གཞན་གྱིས་བྱས་པ་དང་། གཅེར་བུ་པས་ལས་ཀྱིས་བྱས་པས་རང་དང་སྲོག་གིས་བྱས་པས་གཞན་གྱིས་བྱས་ཏེ་གཉིས་ཀས་བྱས་པ་དང་། རྒྱང་འཕེན་པས་ནི་རྒྱུ་མེད་ལས་བྱུང་བར་འདོད་པའི་སྡུག་བསྔལ་དེ་ནི་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་རྣམ་པ་ཐམས་ཅད་དུ་བྱར་མི་རུང་སྟེ། འཆད་པར་འགྱུར་བའི་རིགས་པས་གནོད་པའི་ཕྱིར། གཉིས་པ་ལ་གཉིས། རང་གཞན་རེ་རེ་བས་བྱས་པ་དགག་པ་དང་། ཚོགས་པ་དང་རྒྱུ་མེད་ལས་སྐྱེ་བ་དགག་པའོ། །དང་པོ་ལ་གསུམ། །སྡུག་བསྔལ་ལ་བལྟོས་ཏེ་རང་བཞིན་རེ་རེ་བས་བྱས་པ་དགག །གང་ཟག་ལ་བལྟོས་ཏེ་རང་བཞིན་རེ་རེ་བས་བྱས་པ་དགག །རང་གཞན་རེ་རེ་བས་མ་བྱས་པའི་སྒྲུབ་བྱེད་བསྟན་པའོ། །དང་པོ་ལ་གཉིས། རང་དང་གཞན་གྱིས་བྱས་པ་དགག་པའོ། །དང་པོ་ནི། གལ་ཏེ་བདག་གིས་བྱས་གྱུར་ན། །དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །གང་ཕྱིར་ཕུང་པོ་འདི་དག་ལ། །བརྟེན་ནས་ཕུང་པོ་དེ་དག་འབྱུང་། །ཞེས་སོ། །གལ་ཏེ་སྡུག་བསྔལ་བདག་རང་གིས་རང་བྱས་པར་འདོད་པར་གྱུར་ན་ནི་དེ་མི་རིགས་པར་ཐལ། རྒྱུ་མཚན་དེའི་ཕྱིར་ན་སྡུག་བསྔལ་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བར་མི་འགྱུར་བའི་སྐྱོན་དུ་འགྱུར་བའི་ཕྱིར། དེར་ཐལ། །སྡུག་བསྔལ་རང་ཡོད་ན་རང་གིས་བསྐྱེད་མི་དགོས་ཤིང་མེད་ན་རང་གིས་བསྐྱེད་མི་ནུས་པའི་ཕྱིར། སྡུག་བསྔལ་དེ་ཆོས་ཅན། རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་སྟེ། རྒྱུ་མཚན་གང་གི་ཕྱིར་ན་འཆི་དུས་ཀྱི་སྡུག་བསྔལ་གྱི་ཕུང་པོ་འདི་དག་ལ་བརྟེན་ནས་སྐྱེ་བའི་ཆར་གཏོགས་ཀྱི་ཕུང་པོ་དེ་དག་འ བྱུང་བའི་ཕྱིར། གཉིས་པ་ནི། གལ་ཏེ་འདི་ལས་དེ་གཞན་ཞིང་། །གལ་ཏེ་དེ་ལས་འདི་གཞན་ན། །སྡུག་བསྔལ་གཞན་གྱིས་བྱས་འགྱུར་ཞིང་། །གཞན་དེ་དག་གིས་དེ་བྱས་འགྱུར། །ཞེས་སོ། །སྡུག་བསྔལ་གཞན་གྱིས་མ་བྱས་པར་ཐལ། །གལ་ཏེ་འཆི་དུས་ཀྱི་ཕུང་པོ་འདི་ལས་སྐྱེ་བའི་ཆར་གཏོགས་ཀྱི་ཕུང་པོ་དེ་ངོ་བོ་ཉིད་ཀྱིས་གཞན་ཡིན་ཞིང་། གལ་ཏེ་ཕུང་པོ་ཕྱི་མ་དེ་ལས་སྔ་མ་འདི་ངོ་བོ་ཉིད་ཀྱིས་གཞན་ཡིན་ན། ད་ལྟར་གྱི་ཕུང་པོ་གཞན་དེ་དག་གིས་ཕྱི་མའི་ཕུང་པོ་དེ་བྱས་པར་འགྱུར་བས་སྡུག་བསྔལ་གཞན་གྱིས་བྱས་པར་འགྱུར་བ་ཞིག་ན། དེ་ནི་མི་འཐད་དེ། ངོ་བོ་ཉིད་ཀྱིས་གཞན་དུ་ཡོད་པ་ལ་རྒྱུ་འབྲས་ཀྱི་འབྲེལ་བ་མི་རུང་པའི་ཕྱིར། གཉིས་པ་ལ་གཉིས། གང་ཟག་རང་གིས་བྱས་པ་དགག་པ་དང་། གཞན་གྱིས་བྱས་པ་དགག་པའོ། །དང་པོ་ནི། གལ་ཏེ་གང་ཟག་བདག་གིས་ནི། །སྡུག་བསྔལ་བྱས་ན་གང་བདག་གིས། །སྡུག་བསྔལ་བྱས་པའི་གང་ཟག་དེ། །སྡུག་བསྔལ་མ་གཏོགས་གང་ཞིག་ཡིན། །ཞེས་སོ། །གལ་ཏེ་སྡུག་བསྔལ་གྱིས་རང་ཉིད་མ་བྱས་ཀྱང་གང་ཟག་གིས་སྡུག་བསྔལ་དེ་བྱས་སོ་སྙམ་ན་གང་ཟག་བདག་གིས་ནི་གང་ཟག་དེར་འདོགས་པའི་སྡུག་བསྔལ་དེ་བྱས་ན་ནི་མི་འཐད་དེ། སྡུག་བསྔལ་གང་བདག་གིས་བྱས་པའི་གང་ཟག་དེ་བྱས་པའི་སྡུག་བསྔལ་ལས་མ་གཏོགས་པ་གང་ཞིག་ཡིན་ཏེ་མེད་པའི་ཕྱིར་ཏེ། གལ་ཏེ་ཡོད་ན་དེའི་ཚེ་སྡུག་བསྔལ་དེ་ནི་འདི་ཡིན་ལ། སྡུག་བསྔལ་བྱེད་པ་པོ་ནི་འདི་ཡིན་ནོ་ཞེས་སོ་སོར་ངོ་བོ་ཉིད་ཀྱིས་ཡོད་པར་བརྗོད་དགོས་ན་དེ་འདྲ་མེད་པའི་ཕྱིར། དེར་མ་ཟད་དེའི་ཚེ་སྡུག་བསྔལ་བ་པོ་དེ་གདགས་གཞིའི་སྡུག་བསྔལ་ལས་དོན་གཞན་དུ་ཡོད་པ་ཡང་མིན་ཏེ། དེ་དེ་དང་ངོ་བོ་གཅིག་པའི་ཕྱིར། དེར་ཐལ། སྡུག་བསྔལ་ལ་བརྟེན་ནས་སྡུག་བསྔལ་དང་ལྡན་པར་བཏགས་པའི་ཕྱིར། གཉིས་པ་ནི། གལ་ཏེ་གང་ཟག་གཞན་ལས་ནི། །སྡུག་བསྔལ་འབྱུང་ན་གཞན་ཞིག་གིས། སྡུག་བསྔལ་དེ་བྱས་གང་སྦྱིན་ཏེ། །སྡུག་བསྔལ་མ་གཏོགས་ཅི་ལྟར་རུང་། །གལ་ཏེ་གང་ཟག་གཞན་སྡུག་བསྔལ། །འབྱུང་ན་གང་གིས་དེ་བྱས་ནས། །གཞན་ལ་སྟེར་པའི་གང་ཟག་གཞན། །སྡུག་བསྔལ་མ་གཏོགས་གང་ཞིག་ཡིན། །བདག་གིས་བྱས་པ་མ་གྲུབ་པས། །སྡུག་བསྔལ་གཞན་གྱིས་ག་ལ་བྱས། །གཞན་གྱི་སྡུག་བསྔལ་གང་བྱས་པ། །དེ་ནི་དེ་ཡི་བདག་བྱས་འགྱུར། །ཞེས་སོ། །གལ་ཏེ་མིས་ནི་མིའི་སྡུག་བསྔལ་མི་བྱེད་ཀྱི། མིས་རང་ལྷར་སྐྱེ་བའི་ལྷའི་སྡུག་བསྔལ་བྱས་ནས་དེ་ལ་སྟེར་རོ་ཞེ་ན། མིའི་གང་ཟག་ལྷ་ལས་གཞན་པ་དེ་ལས་ནི་ལྷའི་སྡུག་བསྔལ་འབྱུང་བར་འདོད་དགོས་ན་དེ་ཡང་མི་རིགས་ཏེ། གཞན་མིའི་གང་ཟག་ཞིག་གིས་སྡུག་བསྔལ་དེ་བྱས་ན་གང་ལ་སྦྱིན་པའི་གང་ཟག་དེ་སྦྱིན་བྱའི་སྡུག་བསྔལ་དེ་ལས་མ་གཏོགས་པ་གཞན་ཞིག་ཏུ་ཇི་ལྟར་ཡོད་པར་མི་རུང་བའི་ཕྱིར་ཏེ། དེའི་ཚེ་ཡང་སྡུག་བསྔལ་བ་པོའི་ལྷ་ནི་རང་གི་སྡུག་བསྔལ་གྱི་ཕུང་པོ་ལ་བཏགས་པ་ཙམ་ཡིན་པའི་ཕྱིར། གལ་ཏེ་མིའི་གང་ཟག་གཞན་ལ་ལྷའི་སྡུག་བསྔལ་དེ་འབྱུང་བར་འདོད་ནའང་མི་རིགས་ཏེ། གང་གིས་ལྷའི་སྡུག་བསྔལ་དེ་བྱས་ནས་གཞན་ལྷ་ལ་སྟེར་བའི་གང་ཟག་གཞན་རང་གི་སྡུག་བསྔལ་གྱི་ཕུང་པོ་ལས་མ་གཏོགས་པ་གང་ཞིག་ཡིན་དེེ་ལས་ལོགས་སུ་མེད་པའི་ཕྱིར་ཏེ། སྡུག་བསྔལ་གང ་གིས་གང་ལ་སྟེར་བ་སོགས་ངོ་བོས་གྲུབ་པ་མེད་པའི་ཕྱིར། གཞན་ཡང་སྡུག་བསྔལ་བདག་གིས་བྱས་པ་ངོ་བོ་ཉིད་ཀྱིས་ཡོད་པར་མ་གྲུབ་པ་སྔར་བཤད་པས་ན། ལྷའི་སྡུག་བསྔལ་དེ་ལྷ་ལ་བལྟོས་ཏེ་གཞན་གྱིས་ག་ལ་བྱས་ཏེ། ལྷ་ལས་གཞན་གྱིས་སྡུག་བསྔལ་གང་བྱེད་པ་དེ་ནི་མི་དེ་ཡི་བདག་གིས་བྱས་པར་འགྱུར་བ་ཡིན་པའི་ཕྱིར། གསུམ་པ་ནི། རེ་ཤིག་སྡུག་བསྔལ་བདག་བྱས་མིན། །དེ་ཉིད་ཀྱིས་ནི་དེ་མ་བྱས། །གལ་ཏེ་གཞན་བདག་མ་བྱས་ན། །སྡུག་བསྔལ་གཞན་བྱས་ག་ལ་འགྱུར། །ཞེས་སོ། །རེ་ཤིག །སྡུག་བསྔལ་བདག་གིས་བྱས་པ་མིན་པར་ཐལ། སྡུག་བསྔལ་དེ་ཉིད་ཀྱིས་ནི་དེ་ཉིད་མ་བྱས་པའི་ཕྱིར། དེར་ཐལ། རང་གིས་རང་ལ་བྱེད་པ་འགལ་བའི་ཕྱིར། གལ་ཏེ་སྡུག་བསྔལ་གཞན་བདག་གིས་མ་བྱས་ན་སྡུག་བསྔལ་དེ་གཞན་གྱིས་བྱས་པར་སྨྲ་བའང་དེར་ག་ལ་འགྱུར་ཏེ། འདིས་བྱེད་དོ་ཞེས་བཏགས་པའི་གཞན་དེ་ངོ་བོ་ཉིད་ཀྱིས་མེད་པའི་ཕྱིར། དེར་ཐལ། སྡུག་བསྔལ་རྣམས་རྒྱུ་ལ་བལྟོས་པའི་ཕྱིར། མི་བལྟོས་ན་སྡུག་བསྔལ་ཅན་ཀུན་ནི་རྟག་ཏུ་སྡུག་བསྔལ་བ་སོགས་སུ་འགྱུར་ན་དེ་ནི་མི་འཐད་དེ། སྡུག་བསྔལ་རེས་འགའ་འབྱུང་བར་མཐོང་བའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་རེ་རེས་བྱས་གྱུར་ན། །སྡུག་བསྔལ་གཉིས་ཀས་བྱས་པར་འགྱུར། །གཞན་གྱིས་མ་བྱས་བདག་མ་བྱས། །སྡུག་བསྔལ་རྒྱུ་མེད་ག་ལ་འགྱུར། །ཞེས་སོ། །གལ་ཏེ་སྡུག་བསྔལ་རང་གཞན་རེ་རེས་མ་བྱས་ཀྱང་གཉིས་ཀ་ཚོགས་ནས་བྱས་སོ་སྙམ་ན། རང་གཞན་རེ་རེས་སྡུག་བསྔལ་བྱས་པར་གྱུར་ན་སྡུག་བསྔལ་དེ་གཉིས་ཀ་ཚོགས་པས་བྱས་པར་འགྱུར་བར་རིགས་ན་དེ་ནི་མི་འཐད་དེ། སྔར་བཀག་ཟིན་པའི་ཕྱིར། བདག་གིས་མ་བྱས་ཤིང་གཞན་གྱིས་ཀྱང་མ་བྱས་ན་སྡུག་བསྔལ་རྒྱུ་མེད་དུ་ག་ལ་འགྱུར་ཏེ། རྒྱུ་མེད་ལས་སྐྱེ་བ་མེད་པའི་ཕྱིར། གཉིས་པ་ནི། སྡུག་བསྔལ་འབའ་ཞིག་རྣམ་པ་བཞི། །ཡོད་པ་མིན་པར་མ་ཟད་ཀྱི། །ཕྱི་རོལ་དངོས་པོ་རྣམས་ལ་ཡང་། །རྣམ་པ་བཞི་པོ་ཡོད་མ་ཡིན། །ཞེས་སོ། །ནང་སེམས་ཀྱི་སྡུག་བསྔལ་འབའ་ཞིག་ལ་བདག་གིས་བྱས་པ་སོགས་རྣམ་པ་བཞི་ཡོད་པ་མ་ཡིན་པར་མ་ཟད་ཀྱི། ས་མྱུག་སོགས་ཕྱི་རོལ་གྱི་དངོས་པོ་རྣམས་ལ་ཡང་རྣམ་པ་དེ་བཞི་པོ་ཡོད་པ་མ་ཡིན་ཏེ། ཇི་སྐད་བཤད་པའི་རིགས་པའི་གནོད་པ་འཇུག་པར་མཚུངས་པའི་ཕྱིར། འདིར་སྡུག་བསྔལ་རང་གིས་བྱས་པ་ནི་བདག་ལས་སྐྱེ་བ་དང་། རང་དབང་གིས་སྐྱེ་བ་འགོག་པའི་རིགས་པ་དང་བརྟེན་ནས་འབྱུང་བའི་རིགས་པས་འགོག་ལ། །སྡུག་བསྔལ་གཞན་གྱིས་བྱས་པ་ནི་ཕྱི་མ་དེས་འགོག་ཅིང་། དེའི་ཕྱིར་གཉིས་ཀས་བྱས་པའང་དེས་འགོག་གོ །རྒྱུ་མེད་ལས་སྐྱེ་བ་ནི་དགག་པར་སླའོ། །འོན་ཀྱང་སྡུག་བསྔལ་སོགས་བརྟེན་ནས་འབྱུང་བས་ཐ་སྙད་དུ་ཡོད་པར་ནི་འདོད་དགོས་པས་རང་ལུགས་ནི་སྡུག་བསྔལ་རྐྱེན་གྱིས་བྱས་པར་འདོད་ལ། སྡུག་བསྔལ་སྔོན་ལ་གྲུབ་ན་དེས་སྡུག་བསྔལ་བྱེད་པའི་གཞི་མེད་ཅིང་། སྡུག་བསྔལ་བ་པོ་སྔོན་ལ་གྲུབ་ན་སྡུག་བསྔལ་བར་འདོགས་པའི་གཞི་མེད་པས་སྡུག་བསྔལ་དང་སྡུག་བསྔལ་བ་པོ་གཉིས་དུས་མཉམ་ལ། དེའི་ཚེ་སྡུག་བསྔལ་བ་པོ་ནི་རང་གི་གདགས་གཞི་སྡུག་བསྔལ་ལ་བརྟེན་ནས་འདོགས་པར་གྲུབ་བོ། །འོན་ཀྱང་སྡུག་བསྔལ་འབྱུང་བའི་གཞི་ཞིག་སྔོན་ལ་ཡོད་དགོས་ཏེ། མེད་ན་མི་འཐད་ལ། ཡོད་པ་དེ་ནི་སྡུག་བསྔལ་བ་པོའི་རིགས་རྒྱུན་སྔ་མ་ཡིན་གྱི། སྡུག་བསྔལ་མྱོང་བ་པོར་མི་འཇོག་སྟེ། འཇོག་ན་ནད་ཀྱིས་མ་ཟིན་པའི་སྐྱེས་བུ་དེ་ཡང་ན་བར་འདོད་དགོས་ན་དེ་མི་རིགས་པའི་ཕྱིར། ཚུལ་དེ་ནི་བདེ་བ་དང་བདེ་བ་མྱོང་བ་པོ་སོགས་ལ་སྦྱར་རོ། །གཉིས་པ་ནི། ཏིང་འཛིན་རྒྱལ་པོའི་ལུང་ལ་སོགས་པ་རྣམས་སོ། །གསུམ་པ་ནི། བདག་གིས་བྱས་པ་དང་གཞན་གྱིས་བྱས་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅུ་གཉིས་པའི་རྣམ་བཤད་དོ།། །།གཉིས་པ་དངོས་པོ་ཙམ་རང་བཞིན་གྱིས་སྟོང་པར་བསྟན་པ་ལ་གཉིས། དེ་རང་བཞིན་གྱིས་ཡོད་པ་དགག་པ་དང་། རང་བཞིན་ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད། ལུང་དང་སྦྱར་བ། མཚན་བསྟན་པའོ། །དང་པོ་ལ་གསུམ། གཞན་ལ་གྲགས་པའི་ལུང་གིས་རང་བཞིན་མེད་པར་བཤད་པ། དེའི་རྩོད་སྤོང་། དེའི་དོན་གཞན་དུ་འཆད་པ་དགག་པའོ། །དང་པོ་ནི། བཅོན་ལྡན་འདས་ཀྱིས་ཆོས་གང་ཞིག །བསླུ་བ་དེ་ནི་བརྫུན་པར་གསུངས། །འདུ་བྱེད་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། །ཞེས་སོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག་བསླུ་བ་ཡིན་པ་དེ་ནི་བརྫུན་ནོ་ཞེས་བསླུ་བ་ལ་བརྫུན་པས་ཁྱབ་པར་གསུངས་པས། དེས་ན་འདུ་བྱེད་དེ་དག་ཆོས་ཅན། བརྫུན་པ་ཡིན་ཏེ། རང་བཞིན་གྱིས་མེད་ཀྱང་དེར་གྲུབ་པ་ལྟར་སྣང་བའི་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་བསླུ་ཆོས་གང་ཡིན་པ། །དེ་བརྫུན་དེ་ལ་ཅིག་ཞིག་བསླུ། །བཅོམ་ལྡན་འདས་ཀྱིས་དེ་གསུངས་པས། །སྟོང་ཉིད་ཡོངས་སུ་བསྟན་པ་ཡིན། །ཞེས་སོ། །གལ་ཏེ་བསླུ་བར་བསྟན་པས་བརྫུན་པར་གསུངས་ན་དངོས་པོ་ལ་སྐུར་འདེབས་ཀྱི་ལོག་ལྟར་མི་འགྱུར་རམ་ཞེ་ན། བསླུ་བའི་ཆོས་གང་ཡིན་པ་དེ་ནི་བརྫུན་ནོ་ཞེས་བཤད་པ་དེའི་ཚེ་དེ་ལ་ཅི་ཞིག་དངོས་པོ་མེད་པར་འཛིན་པའི་སྐུར་འདེབས་ཀྱིས་བསླུ་བར་འགྱུར་བ་མེད་དེ། བཅོམ་ལྡན་འདས་ཀྱིས་འདུ་བྱེད་གང་ཡིན་པ་དེ་བརྫུན་པར་གསུངས་པ་དེས་ནི་དེ་རྣམས་དངོས་པོ་མེད་པར་མི་སྟོན་གྱི་རང་བཞིན་གྱིས་མ་སྐྱེས་པའི་སྟོང་ཉིད་ཡོངས་སུ་བསྟན་པ་ཡིན་པའི་ཕྱིར་ཏེ། མ་དྲོས་པས་ཞུས་པ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་པའི་ཕྱིར། །གསུམ་པ་ལ་གཉིས། །ལུང་དོན་གཞན་དུ་འཆད་ཚུལ་དང་། དེ་ལྟར་འཆད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། དངོས་རྣམས་ངོ་བོ་ཉིད་མེད་ན། གཞན་དུ་འགྱུར་བར་སྣང་ཕྱིར་རོ། །དངོས་པོ་ངོ་བོ་ཉིད་མེད་མེད། །གང་ཕྱིར་དངོས་རྣམས་སྟོང་པ་ཉིད། །གལ་ཏེ་ངོ་བོ་ཉིད་མེད་ན། །གཞན་དུ་འགྱུར་བ་གང་ཞིག་ཡིན། །ཞེས་སོ། ཁོ་ན་རེ། དངོས་པོ་རྣམས་ལ་རང་གི་ངོ་བོས་གྲུབ་པའི་ངོ་བོ་ཉིད་མེད་ན་འདི་རྣམས་གཞན་དུ་འགྱུར་བ་མི་འཐད་པས་གཞན་དུ་འགྱུར་བ་སྣང་བའི་ཕྱིར་རང་གི་ངོ་བོས་མ་གྲུབ་པ་མདོའི་དོན་མིན་གྱི། ངོ་བོ་གཞན་དུ་འགྱུར་བས་རང་བཞིན་ལ་མི་གནས་པ་མདོའི་དོན་ཏེ། དེས་ན་དངོས་པོ་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པ་ནི་མེད་ཀྱང་། བདག་མེད་པ་ནི་ཡོད་དེ་རྒྱུ་མཚན་གང་གི་ཕྱིར་ན་དངོས་པོ་རྣམས་ཀྱི་ཆོས་ཉིད་སྟོང་པ་ཉིད་ཡོད་པར་འདོད་དགོས་པའི་ཕྱིར། གལ་ཏེ་དངོས་པོ་ལ་ངོ་བོས་གྲུབ་པའི་ངོ་བོ་ཉིད་མེད་ན་གཞན་དུ་འགྱུར་བ་འདི་ཆོས་གང་ཞིག་གི་ངོ་བོ་ཡིན་ཞེས་ཟེར་རོ། །གཉིས་པ་ལ་གཉིས། གཞན་འགྱུར་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་དགག་པ་དང་། སྟོང་ཉིད་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གཉིས། རང་བཞིན་དང་གཞན་འགྱུར་གཉིས་འགལ་བས་དགག་པ་དང་། གཞན་འགྱུར་རང་བཞིན་གྱིས་གྲུབ་པ་མི་སྲིད་པས་དགག་པའོ། །དང་པོ་གལ་ཏེ་ངོ་བོ་ཉིད་ཡོད་ན། །ཅི་ལྟ་བུར་ན་གཞན་དུ་འགྱུར། །ཞེས་སོ། །གལ་ཏེ་དངོས་པོ་རྣམས་ཀྱི་ཡོད་པ་རང་གི་ངོ་བོ་ཉིད་དེ་རང་བཞིན་གཤིས་སུ་ཡོད་ན་མི་འཐད་དེ། ཅི་ལྟ་བུར་ན་དེ་ལས་གཞན་དུ་འགྱུར་བ་མི་རིགས་པའི་ཕྱིར། གཉིས་པ་ནི། དེ་ཉིད་ལ་ནི་གཞན་འགྱུར་མེད། །གཞན་ཉིད་ལ་ཡང་ཡོད་མ་ཡིན། །གང་ཕྱིར་གཞོན་ནུ་མི་རྒ་སྟེ། །གང་ཕྱིར་རྒས་པའང་མི་རྒའོ། །གལ་ཏེ་དེ་ཉིད་གཞན་འགྱུར་ན། །འོ་མ་ཉིད་ནི་ཞོར་འགྱུར་རོ། །འོ་མ་ལས་གཞན་གང་ཞིག་ནི། །ཞོ་ཡི་དངོས་པོ་ཡིན་ལ་འགྱུར། །ཞེས་སོ། །དངོས་པོ་སྔར་གྱི་གནས་སྐབས་ན་གནས་བཞིན་པ་དེ་ཉིད་ལ་ནི་གཞན་དུ་འགྱུར་བ་མེད་དེ། གང་གི་ཕྱིར་ན་འདི་ལྟར་གཞན་དུ་འགྱུར་བ་ནི་རྒ་བའི་རྣམ་གྲངས་ཡིན་ན་ལང་ཚོའི་སྐབས་ལ་གནས་པའི་གཞོན་ནུ་ལ་ནི་མི་རྒ་བ་སྟེ་རྒ་བ་ཡོད་པ་མིན་པའི་ཕྱིར་ཏེ། ལང་ཚོའི་སྐབས་དེ་ཉིད་ནས་ལང་ཚོ་ལས་གཞན་དུ་འགྱུར་བ་མི་འཐད་པའི་ཕྱིར། གཞན་རྒས་པ་ཉིད་ལ་ཡང་གསར་དུ་རྒ་བ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ན་རྒས་པའང་སླར་མི་རྒ་སྟེ་རྒ་བར་འགྱུར་མི་དགོས་པའི་ཕྱིར། རང་ལུགས་ནི་འཇིག་རྟེན་གྱི་ཐ་སྙད་ལྟར་གཞོན་ནུའི་དུས་སུ་རྒན་པོ་ཡིན་པར་འགལ་བས། རྒན་གཞོན་གྱི་དུས་གཉིས་འགལ་བ་ལྟར་རྒན་གཞོན་གཉིས་ཀྱང་འགལ་ལ། གང་ཟག་གཅིག་གི་གཞོན་དུས་སུ་རྒས་པ་མེད་ཅིང་རྒས་པའི་དུས་སུ་གཞོན་ནུ་ཡང་མེད་པས་སྔ་ཕྱི་འགྱུར་བ་ནི་ཐ་སྙད་དུ་ཁས་ལེན་ཡང་དེ་ལ་ནི་སྔར་གྱི་སྐྱོན་དེ་མི་འཇུག་ལ། །གཞན་འགྱུར་ངོ་བོ་ཉིད་ཀྱིས་ཡོད་པར་འདོད་པ་ལ་སྔར་གྱི་སྐྱོན་རྣམས་འཇུག་སྟེ། དེ་ལ་ནི་གནས་སྐབས་གཉིས་ཀྱང་དུས་གཅིག་ཏུ་གནས་པའི་སྐྱོན་ཡོད་དོ། །གལ་ཏེ་གཞོན་ནུ་དེ་ཉིད་གཞན་རྒས་པའི་གཞན་དུ་འགྱུར་བ་ངོ་བོ་ཉིད་ཀྱིས་ཡོད་ན་མི་འཐད་དེ། དེ་གཉིས་ན་འོ་མ་ཉིད་ནི་ངོ་བོ་མ་འགྱུར་བར་ཞོར་འགྱུར་བའི་ཕྱིར། ཅི་སྟེ་འོ་མའི་གནས་སྐབས་བཏང་ནས་ཞོར་འགྱུར་བར་འདོད་ཅིང་འོ་མ་ཞོ ར་མི་འགྱུར་རོ་ཞེ་ན་མི་འཐད་དེ། འོ་མ་མི་འགྱུར་ན་དེ་ལས་དོན་གཞན་གང་ཞིག་ནི་ཞོའི་དངོས་པོ་ཡིན་པར་འགྱུར་བ་མི་རིགས་པའི་ཕྱིར། གཉིས་པ་སྟོང་ཉིད་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་དགག་པ་ལ་གཉིས། དངོས་དང་། ལུང་འགལ་སྤང་པའོ། །དང་པོ་ནི། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །སྟོང་མིན་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །ཞེས་སོ། ཁྱེད་ཅག་འདོད་པ་ལྟར་གལ་ཏེ་སྟོང་མིན་ཏེ་རྟེན་རང་གི་ངོ་བོས་གྲུབ་པ་ཅུང་ཟད་ཅིག་ཡོད་ན་ནི། དེ་ལ་བརྟེན་པའི་སྟོང་པའང་ངོ་བོས་གྲུབ་པ་ཅུང་ཟད་ཡོད་པར་འགྱུར་ནའང་དེ་ནི་མི་འཐད་དེ། སྟོང་པ་དང་བདག་མེད་གཉིས་སྤྱིའི་མཚན་ཉིད་དུ་ཁས་བླངས་པས་རྟེན་ངོ་བོ་ཉིད་ཀྱིས་སྟོང་པ་མ་ཡིན་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ན་དེའི་སྟོང་པ་ཉིད་ངོ་བོ་ཉིད་ཀྱིས་ཡོད་པར་ག་ལ་འགྱུར་ཏེ་མི་འགྱུར་བའི་ཕྱིར། དེ་ཡང་དངོས་པོར་སྨྲ་བ་རྣམས་ཀྱིས་ཆོས་ཅན་དང་ཆོས་གཉིས་ཀ་ངོ་བོས་གྲུབ་པར་འདོད་ལ། དབུ་མ་པས་དེ་གཉིས་ཀ་བདེན་པའི་ངོ་བོ་ཉིད་ཀྱིས་མེད་པར་འདོད་དེ་ཁྱད་པར་རོ། །དེ་བས་ན་བུམ་པ་ལྟ་བུའི་བདེན་སྟོང་དེ་བདེན་པར་གྲུབ་ན་དེའི་རྟེན་བུམ་པ་ཡང་བདེན་པར་གྲུབ་དགོས་ཏེ། བདེན་གྲུབ་གྱི་རྟེན་བརྫུན་པས་བྱེད་པ་འགལ་བའི་ཕྱིར་རོ། །གཉིས་པ་ནི། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱུང་བར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་སོ། །སྟོང་ཉིད་བདེན་གྲུབ་ཏུ་བལྟ་བར་བྱར་མི་རུང་སྟེ། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད་ནི་བདེན་འཛིན་གྱིི་ལྟ་ངན་ཀུན་ངེས་པར་འབྱུང་བ་སྟེ་འབྱིན་པའི་ཆེད་དུ་གསུངས་པའི་ཕྱིར། གང་དག་སྟོང་པ་ཉིད་ངོ་བོ་ཉིད་ཀྱིས་ཡོད་པར་ལྟ་བར་བྱེད་པ་དེ་དག་ཆོས་ཅན། ཤིན་དུ་སྨད་པའི་གནས་ཡིན་ཏེ། བསྒྲུབ་ཏུ་མེད་པ་སྟེ་གསོར་མི་རུང་པའི་ལྟ་བ་ཅན་དུ་གསུངས་པའི་ཕྱིར། དཔེར་ན་སྨན་ནད་ཀྱི་རྒྱུར་སོང་བ་བཞིན་ནོ། །གཉིས་པ་ནི། དཀོན་མཆོག་འབྱུང་གནས་ཀྱི་མདོ་དྲངས་པ་ལྟ་བུའོ། །གསུམ་པ་ནི། འདུ་བྱེད་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅུ་གསུམ་པའི་རྣམ་བཤད་དོ།། །།གཉིས་པ་དངོས་པོ་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག་པ་ལ་གསུམ། ཕྲད་པ་རང་བཞིན་གྱིས་ཡོད་པ་དང་། རྒྱུ་རྐྱེན་བདག་གིར་བྱེད་པ་དང་། བཅིངས་ཐར་རང་བཞིན་གྱིས་ཡོད་པ་དགག་པའོ། །དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ལུང་དང་སྦྱར་བ། མཚན་བསྟན་པའོ། །དང་པོ་ལ་གཉིས། ཕྲད་པ་རང་བཞིན་གྱིས་གྲུབ་པ་དགག་པ་དང་། དེས་ཕྲད་བཞིན་པ་སོགས་ཁེགས་པར་བསྟན་པའོ། །དང་པོ་ལ་གཉིས། དམ་བཅའ་བཞག་པ་དང་། སྒྲུབ་བྱེད་བསྟན་པའོ། །དང་པོ་ནི། བལྟ་བྱ་ལྟ་བ་ལྟ་བ་པོ། །གསུམ་པོ་དེ་དག་གཉིས་གཉིས་དང་། །ཐམས་ཅད་ཀྱང་ནི་ཕན་ཚུན་དུ། །ཕྲད་པར་འགྱུར་བ་ཡོད་མ་ཡིན། །དེ་བཞིན་འདོད་ཆགས་ཆགས་པ་དང་། །ཆགས་པར་བྱ་བ་ཉོན་མོངས་པ། །ལྷག་མ་དང་ནི་སྐྱེ་མཆེད་ཀྱི། །ལྷག་པའང་རྣམ་པ་གསུམ་གྱིས་སོ། །ཞེས་སོ། །བལྟ་བྱ་གཟུགས་དང་ལྟ་བ་མིག་དང་ལྟ་བ་པོ་རྣམ་ཤེས་གསུམ་པོ་དེ་དག་ལས། མིག་དང་གཟུགས་སམ་མིག་དང་རྣམ་ཤེས་དང་གཟུགས་གཉིས་གཉིས་དང་། དེར་མ་ཟད་གསུམ་པོ་ཐམས་ཅད་ཀྱང་ནི་དུས་གཅིག་ཏུ་ཕན་ཚུན་དུ་ཕྲད་པར་འགྱུར་བ་རང་བཞིན་གྱིས་ཡོད་པ་མ་ཡིན་ལ། དེ་བཞིན་དུ་འདོད་ཆགས་དང་ཆགས་པའམ་འདོད་ཆགས་དང་ཆགས་པར་བྱ་བ་ཡང་གཉིས་གཉིས་དང་གསུམ་པོ་ཐམས་ཅད་ཀྱང་ཕན་ཚུན་དུས་གཅིག་ཏུ་ཕྲད་པར་མི་འགྱུར་བར་བལྟ་བར་བྱའོ། །དེ་བཞིན་དུ་ཉོན་མོངས་པ་ལྷག་མ་ཞེ་སྡང་དང་གཏི་མུག་ལ་སོགས་པ་རྣམས་དང་། སྐྱེ་མཆེད་ཀྱི་ལྷག་མ་ཉན་པ་དང་ཉན་པ་པོ་དང་མཉན་པར་བྱ་བ་ལ་སོགས་པའང་རྣམ་པ་གསུམ་གསུམ་དུ་སྦྱར་བ་ཉིད་ཀྱིས་གཉིས་དང་གསུམ་ཆར་ངོ་བོ་ཉིད་ཀྱིས་ཕྲད་པ་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་དམ་བཅའོ། །གཉིས་པ་ལ་གཉིས། གཞན་རང་བཞིན་གྱིས་མེད་པ་ཕྲད་པ་དགག་པ་དང་། གཅིག་དང་ཐ་དད་ལ་དཔྱད་ནས་དགག་པའོ། །དང་པོ་ལ་གསུམ། སྦྱོར་བ་འགོད་པ། ཚུལ་དེ་གཞན་ལའང་སྦྱར་བ། གཏན་ཚིགས་སྒྲུབ་པའོ། །དང་པོ་ནི། གཞན་དང་གཞན་དུ་ཕྲད་འགྱུར་ན། །གང་ཕྱིར་བལྟ་བ་ལ་སོགས་ལ། །གཞན་དེ་ཡོད་པ་མ་ཡིན་པ། །དེ་ཕྱིར་ཕྲད་པར་མི་འགྱུར་རོ། །ཞེས་སོ། །ཕྲད་པར་འགྱུར་བ་ངོ་བོ་ཉིད་ཀྱིས་ཡོད་ན་ཕན་ཚུན་གཞན་དང་གཞན་དུ་ངོ་བོ་ཉིད་ཀྱིས་ཕྲད་པར་འགྱུར་དགོས་ན་དེ་ནི་མི་འཐད་དེ། གང་གི་ཕྱིར་བལྟ་བྱ་ལ་སོགས་པ་གཞན་དེ་ངོ་བོས་ཡོད་པ་མ་ཡིན་པ་དེའི་ཕྱིར། དེས་ན་ཇི་སྐད་བརྗོད་པའི་ཆོས་དེ་རྣམས་ལ་ཕྲད་པ་ངོ་བོ་ཉིད་ཀྱིས་ཡོད་པར་མི་འགྱུར་རོ། །གཉིས་པ་ནི། །བལྟ་བྱ་ལ་སོགས་འབའ་ཞིག་ལ། །གཞན་ཉིད་མེད་པར་མ་ཟད་ཀྱི། །གང་ཡང་གང་དང་ལྷན་ཅིག་ཏུ། །གཞན་པ་ཉིད་དུ་མི་འཐད་དོ། །ཞེས་སོ། གཞན་ཡང་བལྟ་བར་བྱ་བ་ལ་སོགས་པའི་དངོས་པོ་འབའ་ཞིག་ལ་གཞན་པ་ཉིད་དུ་ངོ་བོ་ཉིད་ཀྱིས་མེད་པར་མ་ཟད་ཀྱི། དངོས་པོ་གང་ཡང་ཟླའོ་གང་དང་ལྷན་ཅིག་ཏུ་གཞན་པ་ཉིད་དུ་ངོ་བོ་ཉིད་ཀྱིས་ཡོད་པ་མི་འཐད་དེ། རིགས་པའི་གནོད་པ་འཇུག་ཚུལ་འདྲ་བའི་ཕྱིར། གསུམ་པ་ལ་གཉིས། རྟགས་འགོད་པ་དང་། སྐྱོན་སྤང་པའོ། །དང་པོ་ནི། གཞན་ནི་གཞན་ལ་བརྟེན་ཏེ་གཞན། གཞན་མེད་པར་ཡང་གཞན་མི་འགྱུར། །གང་ལ་བརྟེན་ཏེ་གང་ཡིན་པ། །དེ་ནི་དེ་ལས་གཞན་མི་འཐད། །ཅེས་སོ། །བུམ་པ་སྣམ་བུ་ལས་གཞན་ནོ་ཞེས་བརྗོད་པའི་གཞན་དེ་ཆོས་ཅན། སྣམ་བུ་ལ་བརྟེན་ནས་གཞན་དུ་འཇོག་པ་ཡིན་ཏེ། གཞན་པ་སྣམ་བུ་ལ་བལྟོས་པ་མེད་པར་ཡང་གཞན་བུམ་པ་ནི་སྣམ་བུ་ལས་གཞན་དུ་མི་འགྱུར་བའི་ཕྱིར། ཆོས་གང་ལ་བརྟེན་ཏེ་གཞན་དུ་འཇོག་པ་གང་ཡིན་པ་དེ་ནི་ཆོས་ཅན། རྟེན་པ་དེ་ལས་གཞན་དུ་ངོ་བོས་ཡོད་པ་མི་འཐད་དེ། ཁྱོད་སོགས་གཞན་དུ་འཇོག་པ་ཐམས་ཅད་གཞན་པ་ཞིག་ལ་བརྟེན་ནས་བརྟེན་ནས་འཇོག་དགོས་པའི་ཕྱིར། གཉིས་པ་ལ་གཉིས། །མ་ངེས་པ་སྤོང་བ་དང་། མ་གྲུབ་པའི་སྐྱོན་སྤང་པའོ། །དང་པོ་ནི། གལ་ཏེ་གཞན་ནི་གཞན་ལས་གཞན། །དེ་ཚེ་གཞན་མེད་པར་གཞན་འགྱུར། །གཞན་མེད་པར་ནི་གཞན་འགྱུར་བ། །ཡོད་མིན་དེ་ཡི་ཕྱིར་ན་མེད། །ཅེས་སོ། །བུམ་པ་སྣམ་བུ་ལས་ཐ་སྙད་དུ་གཞན་ཡིན་ཡང་ངོ་བོ་ཉིད་ཀྱིས་གཞན་མིན་ཏེ། གལ་ཏེ་གཞན་བུམ་པ་ནི་གཞན་སྣམ་བུ་ལས་ངོ་བོ་ཉིད་ཀྱིས་གཞན་ཡིན་ན་ནི། དེའི་ཚེ་གཞན་པའི་སྣམ་བུ་ལ་བལྟོས་པ་མེད་པར་བུམ་པ་གཅིག་པུ་ཡང་སྣམ་བུ་ལས་གཞན་ནོ་ཞེས་ཐ་སྙད་བྱེད་དགོས་པར་འགྱུར་ན་དེ་ནི་མ་མཐོང་བའི་ཕྱིར། བུམ་པ་སྣམ་བུ་ལས་གཞན་ཡིན་པ་དེ་སྣམ་བུ་ལ་བལྟོས་པས་ན་ངོ་བོ་ཉིད་ཀྱིས་མེད་དེ། གཞན་སྣམ་བུ་མེད་པར་བུམ་པ་ནི་སྣམ་བུ་ལས་གཞན་དུ་འགྱུར་བ་ཡོད་པ་མ་ཡིན་པ་དེའི་ཕྱིར། རང་ལུགས་ནི། བུམ་པ་སྣམ་བུ་ལ་མ་བལྟོས་ཀྱང་བུམ་པ་སྣམ་བུ་ལས་གཞན་ནམ་ཐ་དད་ཡིན་པ་དེ་སྣམ་བུ་ལ་བལྟོས་པའི་ཁྱད་པར་བྱེད་དགོས་ཤིང་། བུམ་པ་ནི་སྣམ་བུ་ལས་གཞན་དུ་འཇོག་ཀྱང་སྤྱིར་བུམ་པ་དེ་གཞན་དུ་འཇོག་མི་འཇོག་བརྟག་པར་བྱ་སྟེ། བུམ་པ་དེ་སྣམ་བུ་ལས་ཐ་དད་ཡིན་ཡང་ཐ་དད་ཡིན་པར་བཞག་ཏུ་མི་རུང་བའི་ཕྱིར་ཏེ། བུམ་པ་དང་ཀ་བ་སོགས་རེ་རེ་ནས་ནི་གཅིག་ཏུ་འཇོག་དགོས་པའི་ཕྱིར། འོན་ཀྱང་བུམ་པའི་སྟེང་ན་གཞན་ནམ་ཐ་དད་དང་རང་ངམ་གཅིག་ཡིན་པ་ནི་ཡོད་པར་འདོད་དགོས་སོ། །གཉིས་པ་ནི། གཞན་ཉིད་གཞན་ལ་ཡོད་མ་ཡིན། །གཞན་མ་ཡིན་པའང་ཡོད་མ་ཡིན། །གཞན་ཉིད་ཡོད་པ་མ་ཡིན་ན། །གཞན་ན་དེ་ཉིད་ཡོད་མ་ཡིན། །ཞེས་སོ། །འདིར་གཞན་ཉིད་ཅེས་པའི་སྤྱི་དེ་གསལ་བ་བྱེ་བྲག་གཞན་དུ་གྲུབ་པ་ལ་དོན་གཞན་དུ་ཡོད་པ་མ་ཡིན་ཏེ། གསལ་བ་ལ་མ་བལྟོས་པའི་གཞན་ཉིད་ཅེས་པའི་སྤྱི་མི་རུང་བའི་ཕྱིར། དེར་མ་ཟད་གཞན་མ་ཡིན་པའང་གཞན་ཉིད་ཀྱི་སྤྱི་དོན་གཞན་ཡོད་པ་མ་ཡིན་ཏེ། གཞན་དང་གཞན་མ་ཡིན་པ་གཉིས་འགལ་བའི་ཕྱིར། གཞན་ཉིད་ཅེས་པའི་སྤྱི་སྔར་བཤད་པ་ལྟར་ཡོད་པ་མ་ཡིན་ན། གཞན་མ་གཅིག་པ་དེ་ཉིད་ཀྱང་ངོ་བོས་ཡོད་པ་མ་ཡིན་ཏེ། གཞན་དང་གཞན་མི་གཅིག་པ་གཉིས་ཕན་ཚུན་བལྟོས་ནས་བཞག་པའི་ཕྱིར། གཉིས་པ་ནི། དེ་ནི་དེ་དང་ཕྲད་པ་མེད། །གཞན་དང་གཞན་ཡང་ཕྲད་མི་འགྱུར། །ཞེས་སོ། །གལ་ཏེ་འདུས་པ་ཡོད་པས་ཕྲད་པ་དང་ལྟ་བ་སོགས་ཀྱང་རང་བཞིན་གྱིས་ཡོད་དོ་སྙམ་ན་དེ་ནི་མི་འཐད་དེ། །དེ་དག་རང་བཞིན་གྱིས་ཡོད་ན་གཅིག་གམ་ཐ་དད། དང་པོ་ལྟར་ན། ཆོས་གང་ཡིན་ཡང་དེ་ནི་དེ་ཉིད་དང་ཕྲད་པའི་ཐ་སྙད་མེད་དེ། ཕྲད་པ་ནི་གཞན་ཞིག་དང་ཕྲད་པ་ལ་འཇོག་པའི་ཕྱིར། གཞན་ཡིན་ཡིན་ཡང་ངོ་བོ་ཉིད་ཀྱིས་སོ་སོར་གནས་པའི་གཞན་དང་གཞན་ཡང་ཕྲད་པར་མི་འགྱུར་ཏེ། ཆུ་དང་སོ་སོར་རྒྱང་ཆད་དུ་གནས་པའི་འོ་མ་ནི་ཆུ་དང་ཕྲད་པར་མི་འཇོག་པའི་ཕྱིར་རོ། །གཉིས་པ་ནི། ཕྲད་བཞིན་པ་དང་ཕྲད་པ་དང་། །ཕྲད་པ་པོ་ཡང་ཡོད་མ་ཡིན། །ཞེས་སོ། །ཕྲད་པ་ངོ་བོ་ཉིད་ཀྱིས་ཡོད་ན་ཆ་ཐམས་ཅད་ནས་ཕྲད་དམ། ཕྱོགས་གཅིག་ཕྲད་ལ་ཕྱོགས་གཅིག་མ་ཕྲད་པ་གང་ཡིན། དང་པོ་ལྟར་ན་ཆ་ཐམས་ཅད་ནས་ཐམས་ཅད་དུ་གཅིག་ཅིང་འདྲེས་པར་འགྱུར་ལ། ཕྱི་མ་ལྟར་ན་ངོ་བོ་ཉིད་ཀྱིས་ཕྲད་པ་འགལ་བས། ཕྲད་བཞིན་པ་དང་ཕྲད་ཟིན་པ་དང་ཕྲད་པ་པོ་རྣམས་ངོ་བོས་གྲུབ་པ་ཡང་ཡོད་པ་མ་ཡིན་ནོ། །རང་ལུགས་ནི། ཐ་སྙད་དུ་མ་བུ་དང་མེ་ཤིང་དང་འོ་ཆུ་སོགས་ལ་ཕྲད་པའི་ཆ་ཡོད་པར་འདོད་ཀྱང་། ཕྲད་པའི་ཚུལ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་པའི་ཚེ་མི་རྙེད་པ་འདྲའོ། །གཉིས་པ་ནི། ཉེ་བར་འཁོར་གྱིས་ཞུས་པའི་མདོ་དྲངས་པ་ལྟ་བུའོ། །གསུམ་པ་ནི། ཕྲད་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅུ་བཞི་པའི་རྣམ་བཤད་དོ།། །།གཉིས་པ་རྐྱེན་ཉེ་བར་ལེན་པ་རང་བཞིན་གྱིས་ཡོད་པ་དགག་པ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ལུང་དང་སྦྱར་བ། མཚན་བསྟན་པའོ། །དང་པོ་གཉིས། དངོས་པོ་རྣམས་རང་བཞིན་གྱིས་ཡོད་པ་དགག་པ་དང་། རང་བཞིན་གྱིས་ཡོད་པར་སྨྲ་བ་མཐར་འཛིན་ལས་མི་འདའ་བའི་ཚུལ་ལོ། །དང་པོ་ལ་གཉིས། དེའི་སྒྲུབ་བྱེད་དགག་པ་དང་། གནོད་བྱེད་བསྟན་པའོ། །དང་པོ་ལ་གསུམ། དངོས་ཀྱི་དོན་དང་། མཐའ་གཞན་ཁེགས་ཚུལ། བཀག་པའི་དོན་དུ་ལྟ་བ་སྨད་པའོ། །དང་པོ་ལ་གཉིས། རང་བཞིན་རྒྱུ་རྐྱེན་མི་དགོས་ཤིང་འགལ་བར་བསྟན་པ་དང་། རང་ལུགས་ཀྱིས་རང་བཞིན་འཇོག་ཚུལ་ལོ། །དང་པོ་ནི། རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བ་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་གང་བྱུང་བའི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་བྱས་པ་ཅན་ཞེས་བྱར། །ཅི་ལྟར་བུར་ན་རུང་བར་འགྱུར། །ཞེས་སོ། །གལ་ཏེ་འདུས་བྱས་ལ་རང་བཞིན་ཡོད་ན་སྐྱོན་ཅི་ཡོད་ཅེ་ན། འདིས་བྱས་རྣམས་ལ་རང་བཞིན་ན་ནི་དེ་རྣམས་ཆོས་ཅན། །རང་གི་རྒྱུ་དང་རྐྱེན་ལས་ནི་འབྱུང་བར་རིགས་པ་མ་ཡིན་པར་ཐལ། རང་བཞིན་དུ་ཡོད་པའི་ཕྱིར། ཁྱབ་པ་མེད་དོ་ཞེ་ན། ཁྱེད་འདོད་པའི་རྒྱུ་དང་རྐྱེན་ལས་གང ་བྱུང་བའི་རང་བཞིན་དེ་ཆོས་ཅན། རྒྱུ་རྐྱེན་གྱིས་བྱས་པ་ཅན་དུ་འདོད་རིགས་པར་འགྱུར་བར་ཐལ། འདོད་པ་དེའི་ཕྱིར། འདོད་ན་མི་འཐད་པར་ཐལ། རང་བཞིན་ཡིན་པ་ནི་བྱས་པ་ཅན་ཞེས་བྱ་བར་ཇི་ལྟ་བུར་ན་སྨྲ་རུང་བར་འགྱུར་བ་མི་འཐད་པའི་ཕྱིར་ཏེ། གཅིག་ཡིན་པ་ཅིག་ཤོས་ཡིན་པ་འགལ་བའི་ཕྱིར་ཏེ། རང་བཞིན་ནི་རྐྱེན་གྱིས་མ་བཅོས་པ་དང་། བྱས་པ་ནི་རྐྱེན་གྱིས་བཅོས་པའི་ཕྱིར། གཉིས་པ་ནི། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་བལྟོས་པ་མེད་པ་ཡིན། །ཞེས་སོ། །རང་བཞིན་ནི་ཇི་ལྟ་བུ་ཞིག་ལ་འཇོག་ཅེ་ན། །སྔར་མེད་གསར་དུ་སྐྱེས་པའི་བཅོས་མ་མ་ཡིན་པའི་མེའི་གཉུག་མའི་ངོ་བོ་དང་། དུས་གསུམ་དུ་མེ་ལ་མི་འཁྲུལ་བ་དང་། ཆུའི་ཚ་བ་ལྟ་བུ་སོགས་རྐྱེན་གཞན་ལ་བལྟོས་པ་མེད་པའི་མེ་བདེན་པས་སྟོང་པ་དེ་ནི་མེའི་རང་བཞིན་དག་ནི་ཡིན་པར་བརྗོད་དེ། མེ་ཚ་བའི་རང་བཞིན་ཅན་དུ་གྲང་བ་ནི་ཁྱད་ཆོས་དེ་གསུམ་དང་བྲལ་བས་མེའི་རང་བཞིན་དུ་མི་འདོད་པའི་ཕྱིར་དང་། དེ་མེའི་གཤིས་ལུགས་སུ་མི་རུང་བའི་ཕྱིར། འོ་ན་འཇིག་རྟེན་ན་ཚ་བ་མེའི་རང་བཞིན་དང་། གཤེར་བ་ཆུའི་རང་བཞིན་ནམ་མཚན་ཉིད་དུ་འདོད་པ་ཅི་ཡིན་ཞེ་ན། སྐྱོན་མེད་དེ་དེ་ནི་གནས་སྐབས་རེ་འགའ་བའི་མཚན་ཉིད་དམ་རང་བཞིན་ཡིན་པས་འདིར་བཤད་པ་ལྟ་བུའི་ཁྱད་ཆོས་ཡོད་མི་དགོས་ཤིང་། གཉིས་ཀའང་ཐ་སྙད་དུ་ཁས་བླངས་ཀྱང་མི་འགལ་བའི་ཕྱིར། དེས་ན་རང་བཞིན་ཡོད་ཀྱང་རང་བཞིན་གྱིས་གྲུབ་པ་མེད་ཅེས་བྱའོ། །གཉིས་པ་ནི། རང་བཞིན་ཡོད་པ་མ་ཡིན་ན། །གཞན་གྱི་དངོས་པོ་ག་ལ་ཡོད། །གཞན་གྱི་དངོས་པོའི་རང་བཞིན་ནི། །གཞན་གྱི་དངོས་པོ་ཡིན་ཞེས་བརྗོད། །རང་བཞིན་དང་ནི་གཞན་དངོས་དག །མ་གཏོགས་དངོས་པོ་ག་ལ་ཡོད། །རང་བཞིན་དང་ནི་གཞན་དངོས་དག །ཡོད་ན་དངོས་པོ་འགྲུབ་པར་འགྱུར། །ལག་ཏེ་དངོས་པོ་མ་གྲུབ་ན། །དངོས་མེད་འགྲུབ་པར་མི་འགྱུར་རོ། །དངོས་པོ་གཞན་དུ་འགྱུར་བ་ནི། །དངོས་མེད་ཡིན་པར་སྐྱེ་བོ་སྨྲ། །ཞེས་སོ། །གལ་ཏེ་གཞན་དངོས་རང་བཞིན་གྱིས་ཡོད་དོ་ཞེ་ན། འདིར་རྣམ་པར་དཔྱད་པ་ན་དངོས་པོ་གང་ཡང་རང་བཞིན་དུ་ཡོད་པ་མ་ཡིན་ན་དེའི་ཚེ་གཞན་གྱི་དངོས་པོ་རང་བཞིན་གྱིས་ག་ལ་ཡོད་དེ། གཞན་གྱིས་དངོས་པོའི་རང་བཞིན་ཏེ་ངོ་བོས་གྲུབ་པ་ལ་ནི་གཞན་གྱི་དངོས་པོ་རང་བཞིན་གྱིས་གྲུབ་པ་ཡིན་ཞེས་བརྗོད་པའི་ཕྱིར། རང་བཞིན་དང་ནི་གཞན་དངོས་དག་མ་གཏོགས་པའི་དངོས་པོ་ག་ལ་ཡོད་དེ། སྔར་ལྟར་རང་བཞིན་དང་ནི་གཞན་དངོས་གང་རུང་ངོ་བོས་ཡོད་ན་ནི་དངོས་པོ་ངོ་བོ་ཉིད་ཀྱིས་ཡོད་པར་འགྲུབ་པར་འགྱུར་ཡང་དེ་འདྲ་མེད་པའི་ཕྱིར། གལ་ཏེ་དངོས་མེད་རང་བཞིན་གྱིས་ཡོད་དོ་སྙམ་ན། དངོས་པོ་རང་བཞིན་གྱིས་མ་གྲུབ་ན་དངོས་མེད་རང་བཞིན་གྱིས་ཡོད་པ་འགྲུབ་པར་མི་འགྱུར་ཏེ། དངོས་པོ་རྣམས་ད་ལྟ་བའི་གནས་སྐབས་ལས་གཞན་དུ་གྱུར་པ་ནི་སྔར་གྱི་དངོས་པོ་དེ་མེད་པ་ཡིན་པར་ནི་འཇིག་རྟེན་ན་སྐྱེ་བོ་དག་སྨྲ་བའི་ཕྱིར། དེས་ན་འདིར་དངོས་པོ་ཞིག་པ་དངོས་མེད་དུ་འདོད་པའི་ལུགས་ཀྱི་དངོས་མེད་ངོ་བོས་གྲུབ་པ་འགོག་པ་ཡིན་ནོ། །གསུམ་པ་ནི། གང་དག་རང་བཞིན་གཞན་དངོས་དང་། །དངོས་དང་དངོས་མེད་ཉིད་ལྟ་བ། །དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་ཡིན་ནོ། །ཞེས་སོ། །གྲུབ་མཐའ་སྨྲ་བ་གང་དག་གསུང་རབ་ཀྱི་དོན་འཆད་པའི་ཚེ། སའི་རང་བཞིན་སྲ་བ་དང་མེའི་རང་བཞིན་ཚ་བ་དང་ཚོར་བའི་རང་བཞིན་མྱོང་བ་སོགས་ཀྱི་རང་བཞིན་དང་གཞན་དངོས་དང་རྣམ་ཤེས་སོགས་ད་ལྟར་བའི་དངོས་པོ་དང་། དེ་དག་འདས་དང་མ་འོངས་པ་ནི་དངོས་པོ་མེད་པ་ཉིད་དུ་ངོ་བོས་གྲུབ་པར་ལྟ་བ་དེ་དག་ནི་སངས་རྒྱས་ཀྱི་བསྟན་པ་འདི་ལ་རྟེན་འབྱུང་གི་ཟབ་མོའི་དེ་ཁོ་ན་ཉིད་མཐོང་བ་དང་ལེགས་པར་སྨྲ་བ་མ་ཡིན་ཏེ། རྒྱལ་བས་རིགས་པ་དང་འགལ་བའི་དོན་རང་ལུགས་སུ་མི་བཞེད་པའི་ཕྱིར་རོ། །གཉིས་པ་གནོད་བྱེད་ལ་གཉིས། ལུང་དང་རིགས་པའི་གནོད་བྱེད་དོ། །དང་པོ་ནི། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏྱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀ་དགག་པར་མཛོད། །ཞེས་སོ། །དངོས་པོ་ཆོས་ཅན། ཁྱོད་རང་བཞིན་གྱིས་མེད་དེ། དེར་ཡོད་ན་ལུང་གིས་གནོད་པའི་ཕྱིར་ཏེ། བཅོམ་ལྡན་འདས་དངོས་པོ་དང་དངོས་པོ་མེད་པའི་གནས་ལུགས་ལེགས་པར་མཁྱེན་པ་དེས་ཀ་ཏྱ་ཡ་ན་ཡི་གདམས་ངག་ཅེས་པའི་མདོ་ལས་ནི་དངོས་པོ་རང་བཞིན་གྱིས་ཡོད་པའི་མཐའ་དང་། ཐ་སྙད་དུ་མེད་པའི་མཐའ་གཉིས་ཀའང་དགག་པར་མཛད་པའི་ཕྱིར། །གཉིས་པ་ནི། གལ་ཏེ་རང་བཞིན་གྱིས་ཡོད་ན། །དེ་ནི་མེད་ཉིད་མི་འགྱུར་རོ། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པར་མི་འགྱུར་རོ། །རང་བཞིན་ཡོད་པ་ལ་ཡིན་ན། །གཞན་དུ་འགྱུར་བ་གང་གི་ཡིན། །རང་བཞིན་ཡོད་པ་ཡིན་ན་ཡང་། གཞན་དུ་འགྱུར་བ་གང་གི་ཡིན། །ཞེས་སོ། །གལ་ཏེ་དངོས་པོ་རང་བཞིན་གྱིས་ཡོད་ན་རང་བཞིན་དེ་ནི་སླར་གཞན་དུ་འགྱུར་བའི་སྒོ་ནས་མེད་པ་ཉིད་དུ་མི་འགྱུར་ཏེ། རང་བཞིན་གྱིས་ཡོད་པ་གཞན་དུ་འགྱུར་བ་ནི་ནམ་ཡང་འཐད་པར་མི་འགྱུར་བའི་ཕྱིར། ནམ་མཁའ་མི་སྒྲིབ་པ་ནི་གཞན་དུ་མི་འགྱུར་བ་བཞིན་ནོ། ཁོ་ན་རེ། གལ་ཏེ་དངོས་པོ་རང་བཞིན་གྱིས་ཡོད་པ་མ་ཡིན་ནའང་གཞན་དུ་འགྱུར་བ་སྣང་བ་འདི་གང་གི་ཡིན། དེའི་ཕྱིར་རང་བཞིན་གྱིས་ཡོད་པ་ཉིད་འཐད་དོ་ཞེ་ན། མི་འཐད་དེ། རང་བཞིན་དེ་ངོ ་བོས་ཡོད་པ་ཡིན་ནའང་གཞན་དུ་འགྱུར་བར་གང་གི་ཡིན་ཏེ་མི་རུང་བའི་ཕྱིར་ཞེས་མགོ་མཚུངས་བསྟན་ཏོ། །གཉིས་པ་ནི། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །གང་ཞིག་རང་བཞིིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །སྔོན་བྱུང་ད་ལྟ་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་སོ། །དངོས་པོ་རང་བཞིན་གྱིས་ཡོད་ཅེས་བྱ་བར་འཛིན་པ་ནི་རྟག་པར་འཛིན་པ་སྟེ་རྟག་པའི་མཐར་འཛིན་དང་། དངོས་པོ་གཏན་ནས་མེད་ཅེས་བྱ་བ་ནི་ཆད་པར་ལྟ་བར་འགྱུར་བས། དེའི་ཕྱིར་ཡོད་མཐའ་དང་མེད་པའི་མཐའ་གཉིས་ལ་མཁས་པས་གནས་པར་མི་བྱ་སྟེ། བྱས་ན་བྱང་གྲོལ་ལ་བར་དུ་གཅོད་པར་འགྱུར་བའི་ཕྱིར། ལྟ་བ་དེ་གཉིས་ཡོད་ན་རྟག་ཆད་དུ་འགྱུར་ཚུལ་ཡོད་དེ། གང་ཞིག་རང་བཞིན་གྱིས་ཡོད་པར་བརྗོད་པ་དེ་ནི་རང་བཞིན་ལ་ལྡོག་པ་མེད་པས་ནམ་ཡང་མེད་པ་མིན་པས་རྟག་ལྟར་འགྱུར་ལ། དུས་སྔོན་མར་དངོས་པོར་བྱུང་བ་རང་བཞིན་གྱིས་གྲུབ་པར་ཁས་བླངས་ནས་ཕྱིས་ད་ལྟ་ཞིག་ནས་མེད་ཅེས་ཁས་བླངས་པ་དེས་ན་ཆད་པར་ལྟ་བར་ཐལ་བར་འགྱུར་བའི་ཕྱིར། ཕྱི་མ་གྲུབ་སྟེ། དངོས་པོ་རང་བཞིན་གྱིས་གྲུབ་ན་ནམ་ཡང་མི་འཇིག་པར་འདོད་དགོས་པ་ལས་ཕྱིས་ཞིག་ནས་མེད་པར་ཁས་བླངས་པའི་ཚེ་དངོས་པོའི་རང་བཞིན་ལ་སྐུར་འདེབས་སུ་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། ལང་ཀར་གཤེགས་པའི་མདོ་ལ་སོགས་པ་རྣམས་སོ། །གསུམ་པ་ནི། རང་བཞིན་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅོོ་ལྔ་པའི་རྣམས་བཤད་དོ།། །།གསུམ་པ་བཅིངས་ཐར་རང་བཞིན་གྱིས་ཡོད་པ་དགག་པ་ལ་གཉིས། །དངོས་ཀྱི་དོན་དང་། དེའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ལུང་དང་སྦྱར་བ། མཚན་བསྟན་པའོ། །དང་པོ་ལ་གསུམ། འཁོར་འདས་རང་བཞིན་གྱིས་གྲུབ་པ་དགག་པ། བཅིངས་ཐར་རང་བཞིན་གྱིས་གྲུབ་པ་དགག་པ། མྱང་འདས་ཀྱི་དོན་དུ་རྩོམ་པ་དོན་མེད་དུ་ཐལ་བ་སྤང་པའོ། ། དང་པོ་ལ་གཉིས། འཁོར་བ་དང་མྱང་འདས་རང་བཞིན་གྱིས་གྲུབ་པ་དགག་པའོ། །དང་པོ་ལ་གཉིས། བླང་བྱ་ཕུང་པོ་འཁོར་བ་དགག་པ་དང་། ལེན་པ་པོ་སེམས་ཅན་འཁོར་བ་དགག་པའོ། །དང་པོ་ལ་གཉིས། རྟག་པ་འཁོར་བ་དང་མི་རྟག་པ་འཁོར་བ་དགག་པའོ། །དང་པོ་ནི། གལ་ཏེ་འདུ་བྱེད་འཁོར་ཞེ་ན། །དེ་དག་རྟག་ན་མི་འཁོར་སྟེ། །ཞེས་སོ། །འཁོར་བ་རང་བཞིན་གྱིས་ཡོད་ན་ཕུང་པོ་དང་སེམས་ཅན་གང ་འཁོར། དེ་ལ་གལ་ཏེ་འདུ་བྱེད་ཀྱི་ཕུང་པོ་འཁོར་རོ་ཞེ་ན། འོན་དེ་རྟག་གམ་མི་རྟག །དེ་དག་རྟག་ན་མི་འཁོར་ཏེ། །འཁོར་བའི་བྱ་བ་དང་བྲལ་བའི་ཕྱིར། ཁྱབ་སྟེ། འཁོར་བ་ནི་སྔ་མ་ནས་ཕྱི་མའི་སྐྱེ་བ་རྣམས་སུ་འཁོར་བ་ཡིན་པའི་ཕྱིར། གཉིས་པ་ནི། མི་རྟག་ན་ཡང་འཁོར་མི་འགྱུར། །ཞེས་སོ། །ཕུང་པོ་དེ་དག་ཆོས་ཅན། མི་རྟག་ན་ཡང་འཁོར་བ་ངོ་བོ་ཉིད་ཀྱིས་ཡོད་པར་མི་འགྱུར་ཏེ། །སྐྱེས་མ་ཐག་ནས་སྐད་ཅིག་གིས་འཇིག་ལ་ཞིག་པ་ནི་མི་འཁོར་བའི་ཕྱིར། རང་ལུགས་ནི་ཕུང་པོ་རེ་རེ་བ་དང་སྐད་ཅིག་མ་སྔ་ཕྱིར་མི་འཁོར་ཡང་ཕུང་པོ་སྤྱི་ལ་རྗེས་སུ་འགྲོ་བའི་རྒྱུ་ཙམ་ཐ་སྙད་དུ་འཁོར་བར་འདོད་ཀྱང་། ངོ་བོ་ཉིད་ཀྱིས་མི་འཁོར་ཏེ། རྒྱུན་ཡང་རྒྱུན་ཅན་གྱི་ཕུང་པོ་སྔ་ཕྱི་ལ་བརྟེན་ནས་བཞག་པའི་ཕྱིར། གཉིས་པ་ལ་གཉིས། ཕུང་པོ་ལས་ངོ་བོ་ཐ་དད་པའི་སེམས་ཅན་འཁོར་བ་དགག་པ་དང་། ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་གང་ཟག་འཁོར་བ་དགག་པའོ། །དང་པོ་ནི། །སེམས་ཅན་ལ་ཡང་རིམ་འདི་མཚུངས། །ཞེས་སོ། །གལ་ཏེ་ཕུང་པོ་དང་ངོ་བོ་ཐ་དད་པའི་བདག་རྫས་ཡོད་པ་དེ་འཁོར་རོ་ཞེ་ན། དེ་མི་འཐད་དེ། དེ་འདྲའི་སེམས་ཅན་འཁོར་བ་ལ་ཡང་སྔར་བཤད་པའི་རིམ་པ་འདི་མཚུངས་པའི་ཕྱིར་ཏེ། རྟག་ན་འགྲོ་འོང་གི་བྱ་བ་དང་བྲལ་བས་མི་འཁོར་ལ། མི་རྟག་ནའང་སྐད་ཅིག་དང་རྒྱུན་ལ་དཔྱད་པའི་རིམ་པ་ལྟར་མི་འཁོར་བའི་ཕྱིར། རང་ལུགས་ཕུང་པོའི་རྒྱུན་ལ་བརྟེན་ནས་བཏགས་པའི་མི་རྟག་པའི་སེམས་ཅན་ནི་ཐ་སྙད་དུ་འཁོར་བ་པོར་འཇོག་པ་ལ་སྔར་གྱི་རིགས་པས་མི་གནོད་དོ། །གཉིས་པ་ནི། གལ་ཏེ་གང་ཟག་འཁོར་ཞེ་ན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ལ། །དེ་ནི་རྣམ་པ་ལྔས་བཅོལ་ན། །མེད་ན་གང་ཞིག་འཁོར་བར་འགྱུར། །ཉེ་བར་ལེན་ནས་ཉེར་ལེན་པར། །འཁོར་ན་སྲིད་པ་མེད་པར་འགྱུར། །སྲིད་མེད་ཉེ་བར་ལེན་མེད་ན། །དེ་གང་ཅི་ཞིག་འཁོར་བར་འགྱུར། །ཞེས་སོ། །གལ་ཏེ་མང་པོས་བཀུར་བ་རྣམས་ན་རེ། རྟག་མི་རྟག་གི་དཔྱད་པས་མི་གནོད་དེ། གང་ཟག་ཕུང་པོ་ལས་དེ་ཉིད་དང་གཞན་དུ་རྟག་མི་རྟག་གང་དུའང་བརྗོད་དུ་མེད་པས་དེ་འདྲ་བའི་གང་ཟག་འཁོར་རོ་ཞེ་ན། དེ་ཡང་མི་རིགས་ཏེ། ངོ་བོས་གྲུབ་པའི་བདག་དེ་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལ་གཅིག་དང་ཐ་དད་ལ་སོགས་པའི་རྣམ་པ་ལྔས་བཙལ་བ་ན་རྙེད་པ་མེད་ན་གང་ཞིག་འཁོར་བར་འགྱུར་ཏེ་མི་འཁོར་བར་ཕྱིར། གཞན་ཡང་མིའི་ཉེ་བར་ལེན་པ་ནས་ལྷའི་ཉེ་བར་ལེན་པར་འཁོར་བ་ན་མིའི་སྲིད་པ་བཏང་ངམ་མ་བཏང་། དང་པོ་ལྟར་ན། ལྷ་མིའི་སྲིད་པ་གཉིས་ཀྱི་བར་དུ་ཕུང་པོ་ལྔ་ལྡན་གྱི་སྲིད་པ་མེད་པར་ལྷར་སྐྱེ་བ་ལེན་པར་འགྱུར་དགོས་ན་དེ་ནི་མི་འཐད་དེ། དེ་གཉིས་ཀྱི་བར་ན་བར་སྲིད་པ་ག །ཅིག་ཡོད་པའི་ཕྱིར་ཏེ། དེ་གཉིས་ཀྱི་བར་ན་སྲིད་པ་གཞན་མེད་ཅིང་ཉེ་བར་ལེན་པའི་ཕུང་པོ་ཡང་མེད་ན་བདག་ཏུ་འདོགས་པའི་རྒྱུ་མེད་པས་གང་ཟག་དེ་ནི་གང་ཞིག་ཡོད་དེ་མེད་པའི་ཕྱིར། མེད་ན་ཅི་ཞིག་ཏུ་འཁོར་བར་གྱུར་ཏེ་མི་རིགས་པར་ཐལ། གང་དུ་འཁོར་བ་དེ་ཡང་མེད་པའི་ཕྱིར། གཉིས་པ་ལྟར་ནའང་མི་རིགས་ཏེ། མི་དང་ལྷའི་བདག་གཉིས་གཅིག་ཏུ་འགྱུར་བའི་ཕྱིར། གཉིས་པ་ནི། འདུ་བྱེད་མྱ་ངན་འདས་པ་ནི། །ཅི་ལྟར་བུར་ནའང་མི་འཐད་དོ། །སེམས་ཅན་མྱ་ངན་འདའ་བ་ཡང་། །ཅི་ལྟར་བུར་ཡང་འཐད་མི་འགྱུར། །ཞེས་སོ། །གལ་ཏེ་གང་ཟག་མྱ་ངན་ལས་འདའ་བ་རང་བཞིན་གྱིས་ཡོད་དོ་ཞེ་ན། །འདུ་བྱེད་ཕུང་པོ་མྱ་ངན་ལས་འདའ་བ་རང་བཞིན་གྱིས་ཡོད་པར་ནི་ཇི་ལྟར་བུར་ཡང་མི་འཐད་དེ། ཕུང་པོ་དང་གང་ཟག་གང་ཡང་རང་བཞིན་གྱིས་མེད་པའི་ཕྱིར། །སེམས་ཅན་ཕུང་པོ་ལས་རྫས་ཐ་དད་པ་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་གང་ཟག་མྱ་ངན་ལས་འདའ་བ་རང་བཞིན་གྱིས་ཡོད་པར་ཇི་ལྟ་བུར་ཡང་འཐད་པར་མི་འགྱུར་ཏེ། ཕུང་པོ་ལས་རྫས་ཐ་དད་པ་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མི་རུང་བའི་གང་ཟག་མི་སྲིད་པའི་ཕྱིར། འདིར་འཁོར་མཁན་རང་བཞིན་གྱིས་མེད་པར་ངེས་ན་འཁོར་བ་རང་བཞིན་མེད་པར་ངེས་ནུས་ཤིང་། དེ་ངེས་ན་ཐར་པ་ཐོབ་མཁན་དང་ཐོབ་བྱའི་ཐར་པ་ཡང་རང་བཞིན་གྱིས་མེད་པར་ངེས་ནུས་པར་འགྱུར་བས་ཐོག་མར་གང་ཟག་རང་བཞིན་མེད་པར་རྟོགས་པ་ལ་འབད་པར་བྱའོ། །གཉིས་པ་ལ་གཉིས། བཅིངས་ཐར་རང་བཞིན་གྱིས་གྲུབ་པ་ཐུན་མོང་དུ་དགག་པ་དང་། སོ་སོར་དགག་པའོ། །དང་པོ་ནི། སྐྱེ་འཇིག་ཆོས་ཅན་འདུས་བྱས་རྣམས། །མི་འཆིང་གྲོལ་བར་མི་འགྱུར་ཏེ། །སྔ་མ་བཞིན་དུ་སེམས་ཅན་མང་། །མི་འཆིང་གྲོལ་བར་མི་འགྱུར་རོ། །ཞེས་སོ། །སྐྱེ་བ་དང་འཇིག་པའི་ཆོས་ཅན་གྱི་འདུ་བྱེད་རྣམས་ལ་ནི་མི་འཆིང་བ་སྟེ་འཆིང་བ་ངོ་བོ་ཉིད་ཀྱིས་མེད་དེ། རྒྱུན་དང་སྐད་ཅིག་མ་སོ་སོ་ལ་འཆིང་བ་ངོ་བོ་ཉིད་ཀྱིས་མེད་པའི་ཕྱིར། དེར་ཐལ། ལོ་ཟླ་ཞག་གསུམ་དང་སྔ་དྲོ་ཕྱི་དྲོ་ལ་སོགས་པའི་སྐད་ཅིག་རྣམས་རེ་རེ་ནས་འཆིང་བར་མི་ནུས་ཤིང་རྒྱུན་ཡང་འཆིང་བར་མི་ནུས་པའི་ཕྱིར། དེ་རྣམས་ནི་ངོ་བོ་ཉིད་ཀྱིས་གྲོལ་བར་མི་འགྱུར་ཏེ། རྒྱུ་མཚན་ནི་སྔར་ལྟར་དང་། སྔ་མ་འདུ་བྱེད་ལ་བཅིངས་ཐར་མི་འཐད་པའི་བཤད་པའི་རིམ་པ་བཞིན་དུ་སེམས་ཅན་ཡང་ངོ་བོ་ཉིད་ཀྱིས་མི་འཆིང་ཤིང་གྲོལ་བར་མི་འགྱུར་བའི་ཕྱིར། དེར་ཐལ། རྟག་ན་འཆིང་གྲོལ་མི་འཐད་ཅིང་། །མི་རྟག་ནའང་དེ་མི་འཐད་པའི་ཕྱིར། ཕྱི་མ་དེར་ཐལ། སྐད་ཅིག་རེ་རེ་བཞིན་སྐྱེས་ནས་འཇིག་པའི་སྐད་ཅིག་མ་རྣམས་ངོ་བོ་ཉིད་ཀྱིས་འཆིང་གྲོལ་མི་ནུས་ལ། རྒྱུན་ཡང་དེ་ལྟར་མི་འཆིང་མི་གྲོལ་པའི་ཕྱིར། གཉིས་པ་ལ་གཉིས། །བཅིངས་པ་རང་བཞིན་གྱིས་ཡོད་པ་དང་ཐར་པ་རང་བཞིན་གྱིས་ཡོད་པ་དགག་པའོ། །དང་པོ་ནི། གལ་ཏེ་ཉེ་བར་ལེན་འཆིང་ན། །ཉེ་བར་ལེན་བཅས་འཆིང་མི་འགྱུར། །ཉེ་བར་ལེན་མེད་མི་འཆིང་སྟེ། །གནས་སྐབས་གང་ཞིག་འཆིང་བར་འགྱུར། །གལ་ཏེ་བཅིང་བྱའི་སྔ་རོལ་ན། །འཆིང་བ་ཡོད་ན་འཆིང་ལ་རག །དེ་ཡང་མེད་དེ་ལྷག་མ་ནི། །སོང་དང་མ་སོང་བགོམ་པས་བསྟན། །ཞེས་སོ། །གལ་ཏེ་ཆགས་སོགས་ཀྱིས་ཉེ་བར་ལེན་པ་འཆིང་བ་ཡོད་པས་བཅིངས་པ་རང་བཞིན་གྱིས་ཡོད་དོ་ཞེ་ན། ཆགས་སོགས་ཉེ་བར་ལེན་པའི་ཕུང་པོ་འཆིང་བྱེད་དུ་ངོ་བོ་ཉིད་ཀྱིས་མེད་དེ། ཡོད་ན་གཉིས་ལས་མི་འདའ་བས་ཆགས་སོགས་ཉེ་བར་ལེན་པ་དང་བཅས་པ་ལ་ནི་རང་བཞིན་གྱིས་འཆིང་བར་མི་འགྱུར་ཞིང་། འཆིང་ན་དེ་ལ་སླར་ཡང་འཆིང་བྱེད་དོན་གཞན་དགོས་ན་དེ་ཡང་མི་འཐད་པའི་ཕྱིར། ཉེ་བར་ལེན་པ་མེད་པ་ནི་མི་འཆིང་སྟེ། འཆིང་བ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ན་གནས་སྐབས་གང་ཞིག་ཏུ་གྱུར་པ་ཞིག་འཆིང་བར་འགྱུར་བ་མི་རིགས་ཏེ། ཉེ་བར་ལེན་པ་དང་བཅས་གང་ཡང་རང་བཞིན་གྱིས་འཆིང་བ་མེད་པའི་ཕྱིར། གལ་ཏེ་ལྕགས་སྒྲོག་ལྟར་བཅིང་བྱའི་སྔ་རོལ་ན་འཆིང་བར་བྱེད་པའི་ཆགས་སོགས་ཡོད་ན་དེའི་ཚེ་བཅིང་བྱ་གང་ཞིག་འཆིང་ལ་རག་ན་དེ་ནི་མི་འཐད་དེ། དེའི་ཚེ་འཆིང་བྱ་དེ་ཡང་མེད་པས་འཆིང་བྱ་འཆིང་བྱེད་མ་འབྲེལ་བའི་ཕྱིར། དེར་ཐལ། འཆིང་བྱེད་ལས་ངོ་བོ་ཉིད་ཀྱིས་ཐ་དད་པའི་འཆིང་བྱ་ལ་སླར་འཆིང་བ་མི་དགོས་པའི་ཕྱིར་རོ། །འདིའི་སུན་འབྱིན་ལྷག་མ་ནི་སོང་དང་མ་སོང་བགོམ་པ་ལ་ཞེས་སོགས་གྱི་འདོད་པ་བསྒྱུར་ནས་དགག་པར་བསྟན་པར་བྱ་སྟེ། རེ་ཤིག་བཅིངས་པ་མི་འཆིང་སྟེ། །ཞེས་སོགས་སྦྱར་བ་བྱ་བ་ཡིན་པའི་ཕྱིར། གཉིས་པ་ནི། རེ་ཤིག་བཅིངས་པ་མི་གྲོལ་ཏེ། །མ་བཅིངས་པ་ཡང་གྲོལམི་འགྱུར། །བཅིངས་པ་གྲོལ་བཞིན་ཡིན་འགྱུར་ན། །བཅིངས་དང་གྲོལ་བ་དུས་གཅིག་འགྱུར། །ཞེས་སོ། །གལ་ཏེ་གྲོལ་བ་རང་བཞིན་གྱིས་ཡོད་དོ་ཞེ་ན། རེ་ཤིག་བཅིངས་པ་ལ་ནི་མི་གྲོལ་བ་སྟེ་གྲོལ་བ་རང་བཞིན་གྱིས་མེད་དེ། དེ་བཅིངས་པ་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། བཅིངས་གྲོལ་གཉིས་རང་བཞིན་གྱིས་ཡོད་ན་དུས་གཅིག་ཏུ་སོ་སོར་ཡོད་རིགས་པའི་ཕྱིར། དེར་མ་ཟད་ཉོན་མོངས་ཀྱིས་མ་བཅིངས་པའི་གང་ཟག་ལ་ཡང་གྲོལ་བ་ངོ་བོ་ཉིད་ཀྱིས་ཡོད་པར་མི་འགྱུར་ཏེ། དེ་གྲོལ་བ་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། གྲོལ་བ་འཆིང་ན་དགྲ་བཅོམ་པ་ཡང་འཆིང་བར་འགྱུར་བའི་ཕྱིར། བཅིངས་པ་བཞིན་དུ་གྲོལ་བཞིན་པ་ཡིན་པར་ངོ་བོས་གྲུབ་པ་ཡོད་པར་འགྱུར་ན་མི་འཐད་དེ། བཅིངས་པ་དང་གྲོལ་བ་དུས་གཅིག་ཏུ་འགྱུར་བར་ཐལ་བའི་ཕྱིར་རོ། །གསུམ་པ་ནི། བདག་ནི་ལེན་མེད་མྱ་ངན་འདའ། །མྱང་འདས་བདག་གིར་འགྱུར་རོ་ཞེས། །དེ་ལྟར་གང་དག་འཛིན་དེ་ཡིས། །ཉེ་ལེན་འཛིན་པ་ཆེན་པོ་ཡིན། །གང་ལ་མྱ་ངན་འདས་བསྐྱེད་མེད། །འཁོར་བ་བསལ་བའང་ཡོད་མིན་པ། །དེ་ལ་འཁོར་བ་ཅི་ཞིག་ཡིན། །ཞེས་སོ། །ཐར་འདོད་རྣམས་ཀྱིས་མྱང་འདས་དེ་ནི་བདག་གི་བར་ནམ་ཞིག་ན་འགྱུར་སྙམ་པ་འབྱུང་བས་མྱང་འདས་རང་བཞིན་གྱིས་ཡོད་དོ་ཞེ་ན། དེ་ནི་མི་འཐད་དེ། བདག་དང་བདག་གིར་ངོ་བོ་ཉིད་ཀྱིས་ལྟ་བ་དང་བཅས་ཏེ་བདག་ནི་ཡང་སྲིད་ལེན་པ་མེད་པར་མྱང་ངན་ལས་འདའོ། །མྱང་འདས་ནི་བདག་གི་བར་འགྱུར་རོ་ཞེས་དེ་ལྟར་ཐར་པ་འདོད་པ་གང་དག་འཛིན་པར་འགྱུར་བ་དེ་ཡི་འཛིན་པ་དེ་ནི་ཉེར་ལེན་ཏེ་འཇིག་ཚོགས་ལ་ལྟ་བ་ཆེན་པོ་ཡིན་པའི་ཕྱིར། ཇི་སྲིད་དུ་འཛིན་པ་དེ་མ་དོར་བ་དེ་སྲིད་དུ་ཐར་པ་ཐོབ་པའི་ཆེད་དུ་འབད་པ་ནི་དོན་མེད་དེ། ཐར་པ་ནི་བདག་གིར་འཛིན་པའི་ཞེན་ཡུལ་སུན་ཕྱུང་བའི་ཚུལ་གྱིས་མངོན་དུ་བྱེད་དགོས་པའི་ཕྱིར་ཏེ། གང་གི་ཕྱིར་དོན་དམ་པ་གང་ལ་མྱ་ངན་ལས་འདས་པ་བསྐྱེད་པ་སྟེ་སྒྲོ་བཏགས་པ་མེད་ཅིང་། འཁོར་བ་བསལ་བ་སྟེ་ཟད་པ་ཡོད་པ་མིན་པ་དེ་ལ་འདི་སྙམ་དུ་སྤང་བྱ་འཁོར་བ་ངོ་བོ་ཉིད་ཀྱིས་གྲུབ་པ་ཅི་ཞིག་ཡིན་པ་དང་། ཐོབ་བྱ་མྱ་ངན་འདས་པའང་ངོ་བོ་ཉིད་ཀྱིས་གྲུབ་པ་ཅི་ཞིག་ཡིན་པར་བརྟག་སྟེ་རྟག་ཏུ་མི་རུང་བའི་ཕྱིར། དེར་ཐལ། སྤང་བྱ་འཁོར་བ་དང་ཐོབ་བྱ་མྱ་འདས་གཉིས་རང་བཞིན་གྱིས་མེད་པར་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། བདུད་འདུལ་བའི་ལུང་ལ་སོགས་པ་རྣམས་སོ། །གསུམ་པ་ནི། བཅིངས་པ་དང་ཐར་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་བ་བཅུ་དྲུག་པའི་རྣམ་བཤད་དོ།། །། གཉིས་པ་བཅིངས་ཐར་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་དགག་པ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ལུང་དང་སྦྱར་བ། མཚན་བསྟན་པའོ། །དང་པོ་ལ་གཉིས། གཞན་གྱི་རྩོད་པ་དང་ལན་ནོ། །དང་པོ་ལ་གཉིས། དགེ་མི་དགེའི་རྣམ་གཞག་དང་། རྟག་ཆད་སྤོང་ཚུལ་ལོ། །དང་པོ་ལ་གཉིས། སེམས་ཀྱི་དགེ་མི་དགེའི་རྣམ་གཞག་སྤྱི་དང་། ལས་ཀྱི་རབ་དབྱེ་བཤད་པའོ། །དང་པོ་ནི། བདག་ཉིད་ལེགས་པར་སྡོམ་པ་དང་། །གཞན་ལ་ཕན་འདོགས་བྱམས་སེམས་གང་། །དེ་ཆོས་དེ་ནི་འདི་གཞན་དུ། །འབྲས་བུ་དག་གི་ས་བོན་ཡིན། །ཞེས་སོ། །བདག་ཉིད་སྲོག་གཅོད་སོགས་ལས་ལེགས་པར་སྡོམ་པའི་སེམས་དང་། བསྡུ་བཞི་སོགས་གཞན་ལ་ཕན་འདོགས་པའི་སེམས་དང་། མཛའ་བཤེས་སོགས་ལ་དམིགས་པའི་བྱམས་པའི་སེམས་གང་ཡིན་པ་དེ་ནི་ཆོས་ཅན། དཀར་ཆོས་དེ་ཉིད་ཡིན་ཏེ། ཚེ་འདི་དང་གཞན་དུ་རྣམ་སྨིན་གྱི་འབྲས་བུ་ཡིད་འོང་དག་འབྱིན་པའི་ས་བོན་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། དང་པོ་ནི། དྲང་སྲོང་མཆོག་གི་ལས་རྣམས་ནི། །སེམས་པ་དང་ནི་བསམ་པར་གསུངས། །ལས་དེ་དག་གི་བྱེ་བྲག་ནི། །རྣམ་པ་དུ་མར་ཡོངས་སུ་བསྒྲགས། །ཞེས་སོ། །ཐུབ་པ་དྲང་སྲོང་མཆོག་གིས་ལས་རྣམས་ནི་རྩ་བའི་དབྱེ་བ་རྣམ་པ་གཉིས་སུ་གསུངས་ཏེ། སེམས་པའི་ལས་དང་བསམ་པའི་ལས་ཞེས་གསུངས་ལ། ལས་གཉིས་པོ་དེ་དག་གི་བྱེ་བྲག་སྟེ་དབྱེ་བ་ནི་རྣམ་པ་དུ་མར་ཡོངས་བསྒྲགས་པ་སྟེ་བཤད་པའི་ཕྱིར། གཉིས་པ་ལ་གཉིས། །གཉིས་ལས་གསུམ་དུ་དབྱེ་བ་དང་། གསུམ་ལས་བདུན་དུ་དབྱེ་བའོ། །དང་པོ་ནི། དེ་ལ་ལས་གང་སེམས་པ་ཞེས། །གསུངས་པ་དེ་ཉིད་ཡིད་ཀྱིར་འདོད། །བསམ་པ་ཞེས་ནི་གང་གསུང་པ། །དེ་ནི་ལུས་དང་ངག་གིར་འདོད། །ཅེས་སོ། །ལས་དེ་གཉིས་པོ་ཆོས་ཅན། སོ་སོའིི་ཁྱད་པར་ཡོད་དེ། སེམས་པའི་ལས་ཞེས་སྔར་གང་གསུངས་པ་དེ་ནི་ཡིད་ཀྱི་ལས་སུ་འདོད་ཅིང་། བསམ་པའི་ལས་ཞེས་གང་གསུངས་པ་དེ་ནི་ལུས་དང་ངག་གང་རུང་གི་བསྡུས་པའི་ལས་སུ་འདོད་པའི་ཕྱིར་ཏེ། སྔ་མ་ནི་ལུས་ངག་ལ་མ་བལྟོས་པར་ཡིད་དང་མཚུངས་ལྡན་དུ་འཇུག་ལ། ཕྱི་མ་ནི་ལུས་ངག་གང་རུང་གི་བྱ་བ་ལ་བལྟོས་པའི་རིགས་ཅན་ཡིན་པའི་ཕྱིར། གཉིས་པ་ནི། ངག་དང་བསྐྱོད་དང་མི་སྤོང་པའི། རྣམ་རིག་མིན་ཞེས་བྱ་བ་གང་། །སྤོང་བའི་རྣམ་རིག་བྱེད་མིན་པ། །གཞན་དག་ཀྱང་ནི་དེ་བཞིན་འདོད། །ལོངས་སྤྱོད་ལས་བྱུང་བསོད་ནམས་དང། །བསོད་ནམས་མ་ཡིན་ཚུལ་དེ་བཞིན། །སེམས་པ་དེ་ནི་ཆོས་དེ་བདུན། །ལས་སུ་མངོན་པར་འདོད་པ་ཡིན། །ཞེས་སོ། །ལས་གསུམ་པོ་དེ་ལ་བདུན་དུ་དབྱེ་སྟེ། དགེ་མི་དགེའི་ངག་གི་རྣམ་པར་རིག་བྱེད་དང་། དེའི་ལུས་ཀྱི་བསྒུལ་བསྐྱོད་གཉིས་དང་། རིག་བྱེད་ཀྱི་དབྱེ་བ་གཉིས་ཡོད་པ་དེ་བཞིན་དུ་རིག་བྱེད་ལས་གཞན་རིག་བྱེད་མ་ཡིན་པ་དག་ཀྱང་ནི་དགེ་མི་དགེ་གཉིས་སུ་འདོད་པ་དང་། དགེ་འདུན་སོགས་ལ་ཕུལ་བའི་ལོངས་སྤྱོད་སྤྱད་པ་ལས་བྱུང་བའི་བསོད་ནམས་དང་། ཚུལ་དེ་བཞིན་དུ་སྲོག་གཅོད་པའི་དོན་དུ་ཁང་པ་བརྩིགས་པ་ལས་བྱུང་བའི་བསོད་ནམས་མ་ཡིན་པའི་ལས་དང་། དགེ་མི་དགེ་ལ་འདུ་བྱེད་པའི་སེམས་པ་དང་ཆོས་དེ་བདུན་ནི་ལས་སུ་མངོན་པར་འདོད་པའི་ཕྱིར། མི་དགེ་བ་མི་སྤོང་བའི་རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པ་དེ་ཆོས་ཅན། མི་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་སྟེ། སྲོག་གཅོད་སོགས་མི་དགེ་བ་དེ་དང་དེ་བྱེད་པར་ཁས་བླངས་པ་ལས་བྱུང་བའི་རྣམ་པར་རིག་བྱེད་པ་མ་ཡིན་པ་དེ་ཡིན་པའི་ཕྱིར། མི་དགེ་བ་སྤོང་བའི་རྣམ་པར་རིག་བྱེད་མ་ཡིན་པ་དེ་ཆོས་ཅན། དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་སྟེ། སྲོག་བཅོད་སོགས་དགེ་བ་དེ་དང་དེ་བྱེད་པར་ཁས་བླངས་པ་ལས་བྱུང་བའི་རྣམ་རིག་མིན་པ་དེ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། །དོགས་པ་དགོད་པ་དང་། དེ་སྤོང་བའི་ཚུལ་ལོ། །དང་པོ་ནི། གལ་ཏེ་སྨིན་པའི་དུས་བར་དུ། །གནས་ན་ལས་དེ་རྟག་པར་འགྱུར། །གལ་ཏེ་འགགག་ན་འགགས་གྱུར་པས། །ཇི་ལྟར་འབྲས་བུ་སྐྱེད་པར་འགྱུར། །ཞེས་སོ། རྒོལ་བ་ཁ་ཅིག་གི་གལ་ཏེ་ལས་མང་པོ་ཞིག་ཡོད་པ་དེ་ལ་ལས་དེ་རྣམས་རྣམ་སྨིན་ཕྱུང་བའི་དུས་ཀྱི་བར་དུ་གནས་སམ་མི་གནས། དང་པོ་ལྟར་ན་མི་འཐད་དེ། ལས་དེ་རྟག་པར་འགྱུར་བའི་ཕྱིར། གལ་ཏེ་གཉིས་པ་ལྟར་རོ་ཞེ་ནའང་། ལས་དེ་བྱས་པའི་དུས་གཉིས་པར་འགགས་ན་ཇི་ལྟར་འབྲས་བུ་སྐྱེད་པར་འགྱུར་ཏེ། ལས་འགགས་ཟིན་པར་གྱུར་པས་ནི་འབྲས་བུ་སྐྱེད་མི་ནུས་པར་ཆད་པར་འགྱུར་བའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས། རྒྱུན་ཁས་བླངས་ནས་རྟག་ཆད་སྤོང་ཚུལ་དང་། ཆུད་མི་ཟ་བར་ཁས་བླངས་ནས་རྟག་ཆད་སྤོང་ཚུལ་ལོ། །དང་པོ་ལ་གཉིས། དངོས་དང་། ལས་ལམ་བཅུ་འབྲས་བུ་དང་བཅས་ངོས་བཟུང་བའོ། དང་པོ་ལ་གཉིས། དཔེ་དགོད་པ་དང་། དོན་ལ་སྦྱོར་བའོ། །དང་པོ་ནི། མྱུ་གུ་ལ་སོགས་རྒྱུན་གང་ཡིན། །ས་བོན་ལས་ནི་མངོན་པར་འབྱུང་། །དེ་ལས་འབྲས་བུ་ས་བོན་ནི། །མེད་ན་དེ་ཡང་འབྱུང་མི་འགྱུར། །གང་ཕྱིར་ས་བོན་ལས་རྒྱུན་དང་། །རྒྱུན་ལས་འབྲས་བུ་འབྱུང་འགྱུར་ཞིང་། །ས་བོན་འབྲས་བུའི་སྔོན་འགྲོ་བ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་སོ། །མདོ་སྡེ་པ་དང་ཁ་ཆེ་བ་སོགས་སྤྱིའི་ནི། དེ་ལྟར་ལས་ལ་རྟག་ཆད་དུ་འགྱུར་བའི་སྐྱོན་མེད་དེ། །མྱུ་གུ་ལ་སོགས་པའི་འབྲས་བུའི་རྒྱུན་ནི་གང་ཡིན་པ་དེ་ནི་ས་བོན་ལས་ནི་མངོན་པར་འབྱུང་བར་འགྱུར་ཞིང་གྱུར་ནས་འགགས་ལ། རྒྱུན་དེ་ལས་ནི་མཐའི་འབྲས་བུའི་ཚོགས་རྣམས་འབྱུང་ངོ་། །འབྲས་བུ་དེ་ནི་ས་བོན་སྔོན་དུ་སོང་བ་མེད་ན་མྱུ་གུ་སོགས་ཀྱི་རྒྱུན་དེ་ཡང་འབྱུང་བར་མི་འགྱུར་རོ། །གང་གི་ཕྱིར་ན་ས་བོན་ལས་མྱུ་གུ་སོགས་ཀྱི་རྒྱུན་དང་རྒྱུན་ལས་མཐའི་འབྲས་བུ་འབྱུང་བར་འགྱུར་ཞིང་། ས་བོན་ནི་འབྲས་བུའི་སྔོན་དུ་འགྲོ་བ་དེའི་ཕྱིར་འབྲས་བུའི་རྒྱུན་ཆད་པ་དང་མི་འཇིག་པར་གནས་པའི་རྟག་པར་ཐལ་བའི་སྐྱོན་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་དོན་ལ་སྦྱོར་བ་ནི། སེམས་ཀྱི་རྒྱུན་ནི་གང་ཡིན་པ། སེམས་ལས་མངོན་པར་འབྱུང་བར་འགྱུར། །དེ་ལས་འབྲས་བུས་སེམས་ལྟ་ཞིག །མེད་ན་དེ་ཡང་འབྱུང་མི་འགྱུར། གང་ཕྱིར་སེམས་ལས་རྒྱུན་དང་ནི། །རྒྱུན་ལས་འབྲས་བུ་འབྱུང་འགྱུར་ཞིང་། །ལས་ནི་འབྲས་བུའི་སྔོན་འགྲོ་བ། །དེ་ཕྱིར་ཆད་མིན་རྟག་པ་མིན། །ཞེས་སོ། །དཔེ་ཇི་སྐད་བཤད་པ་དེ་བཞིན་དུ་དོན་ལ་སྦྱོར་ཚུལ་ཡོད་དེ། སེམས་ལས་སེམས་ཀྱི་རྒྱུན་ཕྱི་མ་གང་ཡིན་པ་དེ་ནི་མངོན་པར་འབྱུང་བར་འགྱུར་ལ། དགེ་བའི་སེམས་ཀྱི་རྒྱུན་དེ་ལས་ནི་འབྲས་བུ་རྣམ་སྨིན་ཡིད་དུ་འོང་བ་སྐྱེའོ། །སྔ་མའི་སེམས་ལྟ་ཞིག་མེད་ན་ནི་ཕྱི་མའི་སེམས་ཀྱི་རྒྱུན་དེ་ཡང་འབྱུང་བར་མི་འགྱུར་རོ། །གང་གི་ཕྱིར་སྔ་མའི་སེམས་ལས་ཕྱི་མའི་སེམས་ཀྱི་རྒྱུན་དང་རྒྱུན་དེ་ལས་མཐའི་འབྲས་བུ་ཡིད་དུ་འོང་འབྱུང་བར་འགྱུར་ཞིང་། སེམས་པའི་ལས་ནི་འབྲས་བུའི་སྔོན་དུ་འགྲོ་བ་དེའི་ཕྱིར་ལས་ཀྱི་རྒྱུན་ཆད་པ་དང་མི་འཇིག་པར་གནས་པའི་རྟག་པ་མ་ཡིན་པར་རྟག་ཆད་དུ་འགྱུར་བ་མ་ཡིན་ནོ། །གཉིས་པ་ནི། དཀར་པོའི་ལས་ཀྱི་ལམ་བཅུ་པོ། །ཆོས་སྒྲུབ་པ་ཡི་ཐབས་ཡིན་ཏེ། །ཆོས་ཀྱི་འབྲས་བུ་འདི་གཞན་དུ། །འདོད་པའི་ཡོན་ཏན་རྣམ་ལྔ་པོ། །ཞེས་སོ། ལུས་ཀྱི་ལས་གསུམ་དང་ངག་གི་བཞི་དང་ཡིད་ཀྱི་གསུམ་སྟེ་དཀར་པོའི་ལས་ཀྱི་ལ མ་བཅུ་པོ་བཤད་པ་དེ་དག་ཆོས་ཅན། མངོན་མཐོ་དང་ངེས་ལེགས་ཀྱི་ཆོས་སྒྲུབ་པའི་ཐབས་ཡིན་ཏེ། དེའི་རྒྱུ་ཡིན་པའི་ཕྱིར་ཏེ། ཆོས་ཀྱི་འབྲས་བུ་ཚེ་འདི་དང་ཚེ་གཞན་དུ་འདོད་པའི་ཡོན་ཏན་རྣམ་པ་ལྔ་པོ་ལ་ཉེ་བར་ལོངས་སྤྱོད་པ་དང་། ངེས་ལེགས་ཀྱང་འགྲུབ་པའི་རྒྱུ་བྱེད་པའི་ཕྱིར། དེས་ན་ལས་དེ་དག་རང་བཞིན་གྱིས་ཡོད་དོ་སྙམ་ན། གཉིས་པ་ལ་གཉིས། སྡེ་པ་གཞན་གྱི་ལན་གདབ་པ་དང་། རང་གི་ལན་གདབ་པའོ། །དང་པོ་ནི། གལ་ཏེ་བརྟག་པ་དེར་འགྱུར་ན། །ཉེས་པ་ཆེན་པོ་མང་པོ་འགྱུར། །དེ་ལྟ་བས་ན་བརྟག་པ་དེ། །འདི་ནི་འཐད་པ་མ་ཡིན་ནོ། །ཞེས་སོ། །གལ་ཏེ་ས་བོན་དང་མྱུ་གུ་འབྱུང་བའི་དཔེས་ལས་ལ་རྟག་ཆད་སྤོང་བའི་བརྟག་པ་དེར་ཏེ་དེ་ཙམ་དུ་འགྱུར་ན་ནི་མི་འཐད་དེ། མཐོང་བ་དང་མ་མཐོང་བ་དང་འགལ་བའི་ཉེས་པ་ཆེན་པོ་དང་གྲངས་མང་པོར་འགྱུར་བའི་ཕྱིར། དེར་ཐལ། ས་ལུའི་ས་བོན་སོགས་ལས་རང་གི་རིགས་མཐུན་གྱི་འབྲས་བུ་ཁོ་ན་སྐྱེ་ཞིང་མི་མཐུན་པ་མི་སྐྱེ་བ་དེ་བཞིན་དུ། །ལས་རྣམས་ལས་ཀྱང་རང་རང་དང་རིགས་མཐུན་ཁོ་ན་སྐྱེ་ཞིང་རིགས་མི་མཐུན་པ་མི་སྐྱེ་བའི་སྐྱོན་དུ་འགྱུར་བས་ལྷ་གང ་ཡིན་ལྷ་དང་མི་གང་ཡིན་མི་ཁོ་ནར་སྐྱེ་ཞིང་། འགྲོ་བ་གཞན་དུ་མི་སྐྱེ་བ་སོགས་སུ་འགྱུར་བའི་ཕྱིར། དེ་བས་ན་གཞན་གྱིས་སྨྲས་པའི་བརྟག་པ་དེ་ཙམ་ནི་ལས་ལ་བརྟག་ཆད་སྤོང་བའི་ལན་གྱི་སྐབས་འདིར་འཐད་པ་མ་ཡིན་ནོ། །གཉིས་པ་ལ་གསུམ། །མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུས་ཏེ་རྟག་ཆད་སྤོང་བའོ། །དང་པོ་ནི། སངས་རྒྱས་རྣམས་དང་རང་རྒྱལ་དང་། །ཉན་ཐོས་རྣམས་ཀྱིས་གང་གསུངས་པའི། །བརྟག་པ་གང་ཞིག་འདིར་འཐད་པ། །དེ་ནི་རབ་ཏུ་བརྗོད་པར་བྱ། །དཔང་རྒྱ་ཇི་ལྟར་དེ་བཞིན་ཆུད། །མི་ཟ་ལས་ནི་བུ་ལོན་བཞིན། །ཞེས་སོ། །སངས་རྒྱས་རྣམས་དང་རང་རྒྱལ་དང་ཉན་ཐོས་རྣམས་ཀྱིས་གང་གསུངས་པའི་བརྟག་པ་གང་ཞིག་ལན་གྱི་སྐབས་འདིར་འཐད་པ་དེ་ནི་རབ་ཏུ་བརྗོད་པར་བྱ་སྟེ། དེ་གང་ཞེ་ན། ལས་བྱས་པའི་སྐད་ཅིག་གཉིས་པར་ཞིག་ཀྱང་འབྲས་བུ་མེད་པ་མིན་པས་བྱེད་པ་པོའི་རྒྱུད་ལ་ཇི་ལྟར་བུ་ཡོད་གྱི་དཔང་རྒྱ་དང་འདྲ་བའི་ལས་ཀྱི་ཆུད་མི་ཟ་བ་ཞེས་བྱ་བ་སྐྱེ་ལ། ལས་ནི་བུ་ལོན་བཞིན་དུ་རིག་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ། དབྱེ་བ་དང་རང་བཞིན། སྤང་བྱ་གང་ཡིན། སྐྱེ་འགག་བྱེད་ཚུལ་ལོ། །དང་པོ་ནི། དེ་ནི་ཁམས་ལས་རྣམ་པ་བཞི། །དེ་ཡི་རང་བཞིན་ལུང་མ་བསྟན། །ཞེས་སོ། །བྱེ་སྨྲ་ཁ་ཅིག་ན་རེ། ཆུད་མི་ཟ་བ་དེ་ནི་ཆོས་ཅན། ཁམས་ཀྱི་དབྱེ་བ་ལས་རྣམ་པ་བཞི་ཡོད་དེ། ཁམས་གསུམ་དང་ཟག་མེད་ཀྱི་དབྱེ་བས་བཞི་ཡོད་པའི་ཕྱིར། དེ་ཡི་རང་བཞིན་གྱི་ཁྱད་པར་ཡོད་དེ། དགེ་མི་དགེ་གང་རུང་མིན་གྱི་ལུང་མ་བསྟན་ཡིན་པའི་ཕྱིར། གཉིས་པ་ནི། མཐོང་བས་སྤངས་པ་མ་ཡིན་ཏེ། །སྒོམ་པས་སྤངས་པ་ཉིད་ཀྱང་ཡིན། །དེ་ཕྱིར་ཆུད་མི་ཟ་བ་ཡིས། །ལས་ཀྱི་འབྲས་བུ་སྐྱེད་པར་འགྱུར། །གལ་ཏེ་སྤོང་བས་སྤངས་པ་དང་། །ལས་འཕོ་བ་ཡིས་འཇིག་འགྱུར་ན། དེ་ལ་ལས་འཇིག་ལ་སོགས་པའི། །སྐྱོན་རྣམས་སུ་ནི་ཐལ་བར་འགྱུར། །ཞེས་སོ། །ཆུད་མི་ཟ་བ་དེ་ཆོས་ཅན། མཐོང་བའི་ལམ་གྱི་སྤོང་བས་སྤངས་པར་བྱ་བ་མ་ཡིན་ཏེ། སྒོམ་པས་སྤོང་བར་བྱ་བ་ཉིད་ཡིན་པའི་ཕྱིར། ཀྱང་ནི་ཁམས་ལས་འདས་པར་གཏོགས་པའི་ལས་ཀྱི་ཆུད་མི་ཟ་བ་སྤོང་བ་བསྡུའོ། །དེའི་ཕྱིར་ལས་ཀྱི་ཆུད་མི་ཟ་བ་ཡིས་ཕྱིས་ལས་ཀྱི་འབྲས་བུ་བསྐྱེད་པར་འགྱུར་ཏེ། ལས་གཉེན་པོས་འཇིག་ཀྱང་ཆུད་མི་ཟ་བའི་རྒྱུན་འཇུག་པའི་ཕྱིར། གལ་ཏེ་སོ་སྐྱེའི་ལས་མཐོང་སྤང་སྤོང་བས་སྤངས་པ་དང་ལས་འཕོ་བ་སྟེ་འཇིག་པ་ཡིས་དེ་དག་གི་ཆུད་མི་ཟ་བ་འཇིག་པར་འགྱུར་ན་མི་འཐད་དེ། དེ་ལ་སྟེ་དེའི་ཚེ་ན་ལས་བྱས་པ་ཆུད་ཟོས་ཤིང་འཇིག་པར་འགྱུར་བའི་ཕྱིར། ལ་སོགས་པས་ནི་གཞན་སྡུད་དོ། །ཆུད་མི་ཟ་བ་དེ་མཐོང་ལམ་གྱིས་སྤོང་ན་ནི་མི་འཐད་དེ། འཕགས་པའི་རྒྱུད་ལ་ལས་ཀྱི་འབྲས་བུ་གང་ཡང་མི་འབྱུང་བར་འགྱུར་བས་ལས་མ་བྱས་པ་དང་ཕྲད་པ་དང་བྱས་པ་ཆུད་ཟོས་པའི་སྐྱོན་རྣམས་སུ་ནི་ཐལ་བར་འགྱུར་བའི་ཕྱིར། གསུམ་པ་ལ་གཉིས། སྐྱེ་ཚུལ་དང་། འགག་ཚུལ་ལོ། །དང་པོ་ནི། ཁམས་མཚུངས་ལས་ནི་ཆ་མཚུངས་དང་། ཆ་མི་མཚུངས་པ་ཐམས་ཅད་ཀྱི། །དེ་ནི་ཉིང་མཚམས་སྦྱོར་བའི་ཚེ། །གཅིག་པུ་ཁོ་ན་སྐྱེ་བར་འགྱུར། །མཐོང་བའི་ཆོས་ལ་རྣམ་གཉིས་པོ། །ཐམས་ཅད་ལས་དང་ལས་ཀྱི་དེ། །ཐ་དད་པར་ནི་སྐྱེ་འགྱུར་ཞིང་། རྣམ་པར་སྨིན་ཀྱང་གནས་པ་ཡིན། །ཞེས་སོ། །ཉིང་མཚམས་སྦྱོར་བའི་ཚེ་ཆུད་མི་ཟ་བ་སྐྱེ་ཚུལ་ཡོད་དེ། ཁམས་མཚུངས་པར་ཉིང་མཚམས་སྦྱོར་བའི་ཚེ་ལས་ནི་ཆ་སྟེ་རིགས་མཚུངས་པ་དང་། ཆ་སྟེ་རིགས་མི་མཚུངས་པ་ཐམས་ཅད་ཀྱི་ཆུད་མི་ཟ་བ་དེ་ནི་ཁམས་གསུམ་པོ་གང་དུ་ཉིང་མཚམས་སྦྱོར་བའི་ཚེ་ལས་ཐམས་ཅད་བཤིག་ནས་གཅིག་པུ་ཁོ་ན་སྐྱེ་བར་འགྱུར་བའི་ཕྱིར། ཉིང་མཚམས་སྦྱར་ནས་ཆུད་མི་ཟ་བ་སྐྱེ ་ཚུལ་ཡོད་དེ། ཆུད་མི་ཟ་བ་དེ་ནི་མཐོང་བའི་ཆོས་ཚེ་འདི་ལ་ཟག་བཅས་དང་ཟག་མེད་རྣམ་པ་གཉིས་པོ་ཐམས་ཅད་ཀྱི་སྟེ་སེམས་པ་དང་བསམ་པའི་དགེ་མི་ད གེ་ལས་དང་ལས་ཀྱི་ཆུད་མི་ཟ་བ་དེ་ཐ་དད་པ་ནི་རེ་རེ་སྐྱེ་བར་འགྱུར་ཞིང་། རྣམ་པར་སྨིན་པ་བྱུང་ཟིན་ཀྱང་གནས་པ་ཡིན་པའི་ཕྱིར། གཉིས་པ་ནི། དེ་ནི་འབྲས་བུ་འཕོ་བ་དང་། །ཤི་བར་གྱུར་ན་འགག་པར་འགྱུར། །དེ་ཡི་རྣམ་དབྱེ་ཟག་མེད་དང་། །ཟག་དང་བཅས་པར་ཤེས་པར་བྱ། །ཞེས་སོ། ཆུད་མི་ཟ་བ་དེ་ཞིག་ནས་འགྲོ་བའི་སྐབས་གཉིས་ཡོད་དེ། དེ་ནི་རྒྱུན་ཞུགས་ལ་སོགས་པའི་འབྲས་བུ་འཕོ་བའི་དུས་དང་། ཤི་བར་གྱུར་བའི་ཚེ་ན་འགག་པར་འགྱུར་བ་གཉིས་ཡོད་པའི་ཕྱིར། ཆུད་མི་ཟ་བ་དེའི་དབྱེ་བ་ནི་རྣམ་པ་གཉིས་ཏེ། ཟག་མེད་དང་ཟག་པ་དང་བཅས་པའི་ཁྱད་པར་གཉིས་སུ་ཤེས་པར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ནི། སྟོང་པ་ཉིད་དང་ཆད་པ་དང་། །འཁོར་བ་དང་ནི་རྟག་པ་མིན། །ལས་རྣམས་ཆུད་མི་ཟ་བའི་ཆོས། །སངས་རྒྱས་རྣམས་ཀྱིས་བསྟན་པ་ཡིན། །ཞེས་སོ། །ལས་ནི་བྱས་མ་ཐག་ཏུ་འགག་པ་བདག་མེད་པའི་སྟོང་པ་ཉིད་དུ་འཐད་པས་ཆད་པའི་སྐྱོན་མེད་དེ། ཆུད་མི་ཟ་བས་བཟུང་བའི་ལས་ཀྱི་འབྲས་བུ་འཐད་པའི་ཕྱིར་དང་། ལས་ཀྱིས་འགྲོ་བ་ལྔའི་འཁོར་བ་འགྲུབ་བ་ཡང་ཡིན་པའི་ཕྱིར། ལས་རྟག་པར་སྨྲ་བ་ཡང་མིན་ཏེ། སྐད་ཅིག་གཉིས་པར་མི་གནས་པར་འདོད་པའི་ཕྱིར། ལས་རྣམས་ཆུད་མི་ཟ་བ་ཞེས་པའི་ཆོས་འདི་ནི་ཆོས་ཅན། ཁྱོད་གང་གིས་བསྟན་པ་ཡོད་དེ། སངས་རྒྱས་རྣམས་ཀྱིས་བསྟན་པ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ། ལས་དང་རང་བཞིན་མེད་པས་རྟག་ཆད་སྤོང་ཚུལ། ལས་རང་བཞིིན་གྱིས་ཡོད་པ་དགག་པ། རང་བཞིན་མེད་པ་ལ་བྱ་བྱེད་འཐད་པའི་དཔེའོ། །དང་པོ་ནི། གང་ཕྱིར་ལས་ནི་སྐྱེ་བ་མེད། །འདི་ལྟར་རང་བཞིན་མེད་དེའི་ཕྱིར། །གང ་ཕྱིར་དེ་ནི་མ་སྐྱེས་པ། །དེ་ཕྱིར་ཆུད་ཟར་མི་འགྱུར་རོ། །ཞེས་སོ། །ལས་རང་གི་ངོ་བོས་སྐྱེ་ན་ནི་རྟག་ཆད་གང་རུང་དུ་འགྱུར་ནའང་གང་གི་ཕྱིར་ལས་དེ་ནི་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་མེད་དེ། འདི་ལྟར་རང་བཞིན་གྱིས་མེད་པ་དེའི་ཕྱིར། རྒྱུ་མཚན་གང་གི་ཕྱིར་ལས་དེ་ནི་ཆོས་ཅན། ཆུད་ཟ་བར་མི་འགྱུར་ཏེ། རང་བཞིན་གྱིས་མ་སྐྱེས་པ་དེའི་ཕྱིར། ལན་སྔ་མ་གཉིས་ནི་ཐུན་མོང་བ་ཡིན་ལ། ཕྱི་མ་འདི་ནི་ཐུན་མོང་མ་ཡིན་པའི་རང་ལུགས་གྱི་ལན་ཡིན་ཏེ། །འཇུག་པ་ལས། གང་ཕྱིར་རང་བཞིན་གྱིས་དེ་མི་འགག་པ། །དེ་ཕྱིར་ཀུན་གཞི་མེད་ཀྱང་འདི་ནུས་ཤིང་། ལ་ལར་ལས་འགགས་ཡུན་རིང་ལོན་ལས་ཀྱང་། །འབྲས་བུ་ཡང་དག་འབྱུང་བར་རིག་པར་གྱིས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་གཉིས། རང་བཞིན་གྱིས་ཡོད་པ་ལ་གནོད་བྱེད་དང་། དེའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གཉིས། རྟག་ཅིང་མ་བྱས་པར་ཐལ་བ་དང་། རྣམ་སྨིན་ཐུག་མེད་དུ་འབྱིན་པར་ཐལ་བའོ། །དང་པོ་ལ་གཉིས། དངོས་དང་། དེ་འདོད་པ་ལ་གནོད་བྱེད་དོ། །དང་པོ་ནི། གལ་ཏེ་ལས་ལ་རང་བཞིན་ཡོད། །རྟག་པར་འགྱུར་བ་ཐེ་ཚོམ་མེད། །ལས་ནི་བྱས་པ་མ་ཡིན་འགྱུར། རྟག་ལ་བྱ་བ་མེད་ཕྱིར་རོ། །ཞེས་སོ། །གལ་ཏེ་ལས་ལ་རང་བཞིན་གྱིས་གྲུབ་པ་ལ་ཡོད་ན་མི་འཐད་དེ། ཐེ་ཚོམ་མེད་པར་རྟག་པར་འགྱུར་བའི་ཕྱིར་རོ། དེ་ལྟར་ན་ལས་དེ་ཆོས་ཅན། བྱེད་པ་པོས་བྱས་པ་མ་ཡིན་པར་འགྱུར་ཏེ། རྟག་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྟག་པ་ལ་བྱེད་པོས་བྱ་བ་མེད་པའི་ཕྱིར། འདོད་ན་མི་འཐད་དེ། ལས་མ་བྱས་པ་དང་ཕྲད་པ་མེད་པའི་ཕྱིར། གཉིས་པ་ལ་གཉིས། བསྟན་བཅོས་དང་འགལ་བ་དང་། འཇིག་རྟེན་གྲགས་པ་དང་འགལ་བའོ། །དང་པོ་ནི། ཅི་སྟེ་ལས་ནི་མ་བྱས་ན། །མ་བྱས་པ་དང་ཕྲད་འཇིགས་འགྱུར། །ཚངས་སྤྱོད་གནས་པ་མ་ཡིན་པའང་། །དེ་ལ་སྐྱོན་དུ་ཐལ་བར་འགྱུར། །ཞེས་སོ། །ཅི་སྟེ་ལས་ནི་བྱེད་པ་པོས་མ་བྱས་ན་སྲོག་གཅོད་སོགས་མ་བྱས་ཀྱང་དེ་བྱས་པ་དང་འབྲེལ་བས་ལས་མ་བྱས་པའི་འབྲས་བུ་དང་ཕྲད་པའི་འཇིགས་པར་འགྱུར་བར་ཐལ། ལས་ནི་མ་བྱས་ཀྱང་རྣམ་སྨིན་འབྱུང་བའི་ཕྱིར། ཚངས་སྤྱོད་ལ་གནས་ཀྱང་དེ་ལ་གནས་པ་མ་ཡིན་པའི་སྐྱོན་དུའང་འགྱུར་བར་ཐལ། མི་ཚངས་སྤྱོད་མ་བྱས་པར་ཡོད་པའི་ཕྱིར། གཉིས་པ་ནི། ཐ་སྙད་ཐམས་ཅད་ཉིད་དང་ཡང་། །འགལ་བར་འགྱུར་བར་ཐེ་ཚོམ་མེད། །བསོད་ནམས་དང་ནི་སྡིག་བྱེད་པའི། །རྣམ་པར་བྱེད་པའང་འཐད་མི་འགྱུར། །ཞེས་སོ། །དེ་ལྟར་ན་ཞིང་རྨོས་ཤིག །སྣམ་བུ་ཐོགས་ཤིག་ཅེས་བྱ་བ་ལ་སོགས་པའི་འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་ཉིད་དང་ཡང་འགལ་བར་འགྱུར་བར་ཐེ་ཚོམ་མེད་དེ། ལས་མ་བྱས་ན་སྣམ་བུ་སོགས་ཀྱང་མ་བྱས་པར་འབྱུང་དགོས་པར་མཚུངས་པའི་ཕྱིར། འདི་ནི་བསོད་ནམས་བྱེད་པ་དང་འདི་ནི་སྡིག་པ་བྱེད་པའོ་ཞེས་པའི་རྣམ་པར་དབྱེ་བའང་འཐད་པར་འགྱུར་བར་ཐལ། དེ་གཉིས་མ་བྱས་པར་འབྱུང་བའི་ཕྱིར། གཉིས་པ་ནི། དེ་ནི་རྣམ་པར་སྨིན་གྱུར་པ། །ཡང་དང་ཡང་དུ་རྣམ་སྨིན་འགྱུར། །གལ་ཏེ་རང་བཞིན་ཡོད་ན་ནི། །གང་ཕྱིར་ལ་གནས་དེ་ཡི་ཕྱིར། །ཞེས་སོ། །ལས་དེ་ནི་ཆོས་ཅན། རྣམ་སྨིན་སྨིན་ཟིན་པར་གྱུར་པས་ཀྱང་ཡང་དང་ཡང་དུ་རྣམ་སྨིན་ཐུག་མེད་དུ་འབྱིན་པར་འགྱུར་བར་ཐལ། རང་བཞིན་གྱིས་ཡོད་པའི་ཕྱིར། ཁྱབ་པ་ཡོད་དེ། གལ་ཏེ་ལས་རང་བཞིན་གྱིས་ཡོད་ན་ནི་གང་གི་ཕྱིར་རྣམ་སྨིན་ཕྱུང་མ་ཕྱུང་བའི་སྐབས་ཐམས་ཅད་དུའང་ལས་དེ་རང་གི་ངོ་བོ་ལས་མི་ཉམས་པར་གནས་དགོས་པ་དེའི་ཕྱིར། གཉིས་པ་ལ་གསུམ། ལས་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག །ལས་ཉོན་གཉིས་ཀ་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག །ལས་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་གཞན་དགག་པའོ། །དང་པོ་ནི། ལས་འདི་ཉོན་མོངས་བདག་ཉིད་ལ། །ཉོན་མོངས་དེ་དག་ཡང་དག་མིན། །གལ་ཏེ་ཉོན་མོངས་ཡང་དག་མིན། །ལས་ནི་ཡང་དག་ཇི་ལྟར་ཡིན། །ཞེས་སོ། །ཟག་བཅས་ཀྱི་ལས་འདི་ཉོན་མོངས་པའི་བདག་ཉིད་ལས་བྱུང་བ་ཡིན་ལ། ཉོན་མོངས་དེ་དག་ཀྱང་ཆོས་ཅན། ཡང་དག་པར་ཡོད་པ་མིན་ཏེ། རྣམ་རྟོག་གི་དབང་ལས་བྱུང་བའི་ཕྱིར་རོ། །གལ་ཏེ་ཉོན་མོངས་དེ་དག་ཡང་དག་པར་ཡོད་པ་མིན་པ་དེའི་ཚེ་དེ་ལས་བྱུང་བའི་ལས་ནི་ཆོས་ཅན། ཡང་དག་པ་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུ་ནི་ཡང་དག་པར་མ་གྲུབ་པའི་ཕྱིར། གཉིས་པ་ནི། ལས་དང་ཉོན་མོངས་འདི་དག་ནི། །ལུས་རྣམས་ཀྱི་ནི་རྐྱེན་དུ་བསྟན། །གལ་ཏེ་ལས་དང་ཉོན་མོངས་པ། །དེ་སྟོང་ལུས་ལ་ཇི་ལྟར་བརྗོད། །ཅེས་སོ། །རྒྱལ་བས་ལས་དང་ཉོན་མོངས་པ་དག་ནི་ལུས་རྣམས་ཀྱི་རྐྱེན་དུ་བསྟན་ལ། གལ་ཏེ་ལས་དང་ཉོན་མོངས་པ་དེ་དག་རང་བཞིན་གྱིས་སྟོང་པར་བཤད་ཟིན་པ་ལྟར་འཐད་པར་གྲུབ་ན་དེའི་ཚེ་ལས་དེ་དག་གི་འབྲས་བུ་ལུས་ནི་ཆོས་ཅན། ཁྱོད་ལ་རང་བཞིན་མེད་པར་བརྗོད་པ་ལྷག་མ་ཅི་ལྟར་རམ་ཅི་ཞིག་ཡོད་དེ། ལོགས་སུ་བརྗོད་དུ་མི་དགོས་པའི་ཕྱིར། གསུམ་པ་ནི། མ་རིག་བསྒྲིབས་པའི་སྐྱེ་བོ་གང་། །སྲེད་ལྡན་དེ་ནི་ཟ་བ་པོ། །དེ་ཡང་བྱེད་ལས་གཞན་མིན་ཞིང་། །དེ་ཉིད་དེ་ཡང་མ་ཡིན་ནོ། །གང་གི་ཕྱིར་ན་ལས་འདི་ནི། །རྐྱེན་ལས་བྱུང་བ་མ་ཡིན་ཞིང་། །རྐྱེན་མིན་ལས་བྱུང་ཡོད་མིན་པ། །དེ་ཕྱིར་བྱེད་པ་པོ་ཡང་མེད། །གལ་ཏེ་ལས་དང་བྱེད་མེད་ན། །ལས་སྐྱེས་འབྲས་བུ་ག་ལ་ཡོད། །ཅི་སྟེ་འབྲས་བུ་ཡོད་མིན་ན། །ཟ་བ་པོ་ལྟ་ག་ལ་ཡོད། །ཅེས་སོ། ཁོ་ན་རེ། ལས་ཀྱི་འབྲས་བུ་མྱོང་བ་པོ་རང་བཞིན་གྱིས་ཡོད་དེ། མ་རིག་པས་བསྒྲིབས་པའི་སྐྱེ་བོ་གང་སྲེད་པའི་འཆིང་བ་དང་ལྡན་པ་དེ་ནི་ལས་ཀྱི་འབྲས་བུའི་ཟ་བ་པོ་དང་། དེ་ཡང་རྒྱུའི་བྱེད་པ་པོ་ལས་གཞན་མིན་ཞིང་། ཟ་བ་པོ་དེ་ཉིད་ལས་ཀྱི་བྱེད་པ་པོ་དེ་ཡང་མ་ཡིན་ཏེ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའིི་ཕྱིར་རོ་ཞེ་ན། གང་གི་ཕྱིར་ན་ལས་འདི་ནི་ཆོས་ཅན། རྐྱེན་ལས་རང་བཞིན་གྱིས་བྱུང་བ་མིན་པར་ཐལ། རྐྱེན་བཞི་ལས་བྱུང་བ་རང་བཞིན་གྱིས་ཡོད་པ་མ་ཡིན་པར་བཤད་ཟིན་པའི་ཕྱིར། །རྐྱེན་མིན་ལས་བྱུང་བ་མ་ཡིན་པར་ཐལ། དེ་འདྲ་ཡོད་པ་མ་ཡིན་པའི་ཕྱིར། དེའི་ཕྱིར་ལས་ཀྱི་བྱེད་པ་པོ་ཡང་རང་བཞིན་གྱིས་མེད་དེ། གལ་ཏེ་ལས་དང་བྱེད་པ་པོ་རང་བཞིན་གྱིས་མེད་ན་ལས་ལས་སྐྱེས་པའི་འབྲས་བུ་ངོ་བོས་གྲུབ་པ་ག་ལ་ཡོད་དེ་མེད་ལ། །ཅི་སྟེ་ལས་ཀྱི་འབྲས་བུ་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ན་དེའི་ཟ་བ་པོ་ངོ་བོས་གྲུབ་པ་ལྟ་ག་ལ་ཡོད་དེ། རྒྱུ་འབྲས་གཉིས་རང་བཞིན་གྱིས་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་དུ་མཚུངས་པའི་ཕྱིར་རོ། །གསུམ་པ་ནི། ཅི་ལྟར་སྟོན་པས་སྤྲུལ་པ་ནི། །རྫུ་འཕྲུལ་ཕུན་ཚོགས་ཀྱིས་སྤྲུལ་ཞིང་། །སྤྲུལ་པ་དེ་ཡང་སྤྲུལ་པ་ན། །སླར་ཡང་གཞན་ནི་སྤྲུལ་པ་ལྟར། །དེ་བཞིན་བྱེད་པོ་དེ་ལས་གང་། །བྱས་པའང་སྤྲུལ་པའི་རྣམ་པ་བཞིན། །དཔེར་ན་སྤྲུལ་པས་སྤྲུལ་གཞན་ཞིག །སྤྲུལ་པ་མཛད་པ་དེ་བཞིན་ནོ། །ཉོན་མོངས་ལས་དང་ལུས་རྣམས་དང་། །བྱེད་པ་པོ་དང་འབྲས་བུ་དག །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །ཞེས་སོ། །གལ་ཏེ་ལས་འབྲས་རང་བཞིན་གྱིས་མེད་ན་སྟོན་པས་ལས་འབྲས་ཀྱི་རྣམ་གཞག་གསུངས་པ་ཐམས་ཅད་ལ་སྐུར་བ་བཏབ་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཇི་ལྟར་ཏེ་དཔེར་ན་སྟོན་པས་རྫུ་འཕྲུལ་ཕུན་ཚོགས་ཀྱིས་སྤྲུལ་པ་སྤྲུལ་པ་དེ་ཡང་སྤྲུལ་པ་ན། སྤྲུལ་པ་དེས་ཀྱང་སླར་སྤྲུལ་པ་གཞན་ཞིག་སྤྲུལ་པ་ལྟར། སྤྲུལ་པ་དེ་གཉིས་རང་བཞིན་གྱིས་སྟོང་ཡང་ཐ་སྙད་དུ་བྱ་བྱེད་འཐད་པ་དེ་བཞིན་དུ་ལས་ཀྱི་བྱེད་པ་པོ་ནི་སྤྲུལ་པའི་རྣམ་པ་བཞིན་རང་བཞིན་གྱིས་སྟོང་པ་ཡིན་ལ། བྱེད་པ་པོ་དེས་ལས་གང་ཅུང་ཟད་ཅིག་བྱས་པ་དེའང་དཔེར་ན་སྤྲུལ་པས་སྤྲུལ་པ་གཞན་ཞིག་སྤྲུལ་པར་མཛད་པ་དེ་བཞིན་དུ་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །སྤྲུལ་པའི་དཔེ་ཙམ་དུ་མ་ཟད་དཔེ་གཞན་འདི་དག་གིས་རང་བཞིན་མེད་པ་ལ་བྱ་བྱེད་འཐད་པའི་ཚུལ་ཤེས་པར་བྱ་སྟེ། ཆགས་སོགས་ཀྱི་ཉོན་མོངས་པ་དང་བསོད་ནམས་དང་བསོད་ནམས་མིན་པ་དང་མི་གཡོ་བའི་ལས་དང་ལུས་རྣམས་དང་། བྱེད་པ་པོ་དང་འབྲས་བུ་རྣམ་སྨིན་དག་ནི་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་སྨིག་རྒྱུ་དང་རྨི་ལམ་དང་འདྲ་བར་རང་བཞིན་གྱིས་མེད་པ་ཡིན་པར་རིག་པར་བྱ་དགོས་པར་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། དཀོན་མཆོག་སྤྲིན་ལ་སོགས་པའི་ལུང་རྣམས་སོ། །གསུམ་པ་ནི། ལས་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅུ་བདུན་པའི་རྣམ་བཤད་དོ།། །། གསུམ་པ་བདག་མེད་པའི་དེ་ཁོ་ན་ཉིད་ལ་འཇུག་ཚུལ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ལུང་དང་སྦྱར་བ་དང་། མཚན་བསྟན་པའོ། །དང་པོ་ལ་ལྔ། །དེ་ཁོ་ན་ཉིད་ལ་འཇུག་ཚུལ། ལུང་དང་འགལ་སྤོང་། དེ་ཁོ་ན་ཉིད་ལ་བཀྲི་བའི་རིམ་པ། དེ་ཁོ་ན་ཉིད་ཀྱི་མཚན་ཉིད། དོན་དེ་ངེས་པར་བསྒྲུབ་དགོས་པར་བསྟན་པའོ། །དང་པོ་ལ་གཉིས། ལྟ་བ་གཏན་ལ་དབབ་པ་དང་། །བསྒོམས་པས་ཉེས་སྐྱོན་ལྡོག་ཚུལ་ལོ། །དང་པོ་ལ་གཉིས། བདག་ངོ་བོ་ཉིད་ཀྱིས་གྲུབ་པ་དགག་པ་དང་། དེས་བདག་གི་བ་ངོ་བོས་གྲུབ་པ་ཁེགས་ཚུལ་ལོ། །དང་པོ་ལ་གཉིས། དང་པོར་དཔྱོད་ལུགས་དང་། དེ་ནས་ལྟ་བ་གཏན་ལ་འབེབས་ལུགས་སོ། །དང་པོ་ནི། ཊཱིཀ་ཆེན་ལས་ཤེས་པར་བྱ་བ་ལ། གཉིས་པ་ལ་གཉིས། བདག་ཕུང་གཉིས་རང་བཞིན་གཅིག་ཡིན་པ་དགག་པ་དང་། རང་བཞིན་ཐ་དད་ཡིན་པ་དགག་པའོ། །དང་པོ་ནི། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་སོ། སྤྱིར་ཐ་སྙད་པའི་བདག་ཡོད་ཀྱང་འདིར་དེ་རང་བཞིན་གྱིས་གྲུབ་པ་འགོག་པའི་དབང་དུ་མཛད་པས་ན། བདག་དེ་ཕུང་པོ་དང་རང་བཞིན་གྱིས་གཅིག་གམ་ཐ་དད་གང་ཡིན་སྙམ་དུ་བརྟག་པར་བྱ་སྟེ། ཡོད་ན་གཅིག་དང་ཐ་དད་གང་རུང་ལས་མི་འདའ་བའི་ཕྱིར་རོ། །དེ་ལྟར་བརྟགས་པ་ན་གལ་ཏེ་ཕུང་པོ་དང་བདག་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་ཡིན་ན་དེ་ནི་མི་འཐད་དེ། བདག་དེ་སྐད་ཅིག་སོ་སོ་ལ་སྐྱེ་བ་དང་འཇིག་པ་ཅན་དུ་འགྱུར་བའི་ཕྱིར། དེར་ཐལ། ཕུང་པོ་རྣམས་ནི་སྐྱེ་བ་དང་འཇིག་པར་མཐོང་བའི་ཕྱིར། བདག་ཕུང་པོ་སྤྱི་ཙམ་དང་རང་བཞིན་གཅིག་ཡིན་ན། ཚེ་འདིའི་ཕུང་པོ་དང་ཡང་བདག་གཅིག་ཏུ་འགྱུར་ལ་དེ་ནི་མི་རིགས་ཏེ། ཚེ་འདིའི་ཕུང་པོ་ཕྱི་མར་མི་སྐྱེ་བའམ། ཡང་ན་བདག་ཕྱི་མར་སྐྱེ་བ་ལྟར་ཚེ་འདིའི་ཕུང་པོ་ཉིད་ཀྱང་ཕྱི་མར་ཉིང་མཚམས་སྦྱོར་བར་འགྱུར་བའི་ཕྱིར། གཞན་ཡང་ཕུང་པོའི་སྐད་ཅིག་སོ་སོ་ལ་བདག་སྐྱེ་འཇིག་བྱེད་ནའང་མི་འཐད་དེ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྐད་ཅིག་སོ་སོ་བ་ལ་འབྲེལ་བ་འཇོག་མི་ནུས་པས་སྐྱེ་བ་དྲན་པའང་མི་སྲིད་པར་ཐལ་བའི་ཕྱིར། གཞན་ཡང་ཕུང་པོ་སོ་སོ་བ་རེ་རེ་དང་གཅིག་ན་མི་འཐད་དེ། ཕུང་པོ་ལ་མང་པོ་ཡོད་པ་ལྟར་བདག་ཀྱང་ངོ་བོ་ཐ་དད་པ་དུ་མ་དུས་གཅིག་ཏུ་ཡོད་པར་འགྱུར་ན་དེ་ནི་མ་མཐོང་བའི་ཕྱིར། གཉིས་ཀ་ལྟར་ནའང་བདག་ཕུང་པོའི་རྣམ་གྲངས་ཙམ་དུ་འགྱུར་ཞིང་། ཉེ་བར་ལེན་པ་པོ་དང་བླང་བྱ་ཐམས་ཅད་ཀྱང་གཅིག་ཏུ་འགྱུར་བའི་སྐྱོན་ཡོད་དོ། །གཉིས་པ་ནི། གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་སོ། །གལ་ཏེ་བདག་དེ་ཕུང་པོ་རྣམས་ལས་རང་བཞིན་གྱིས་གཞན་དུ་གྲུབ་ན་མི་འཐད་དེ། བདག་དེ་ལ་ཕུང་པོ་འདུས་བྱས་སུ་མཚོན་པའི་མཚན་ཉིད་སྐྱེ་འཇིག་གནས་གསུམ་མེད་པར་འགྱུར་བའི་ཕྱིར། རྟ་ནི་བ་ལང་གི་མཚན་ཉིད་དང་བྲལ་བ་བཞིན་ནོ། །བདག་ནི་ཕུང་པོ་འདུས་བྱས་སུ་མཚོན་པའི་མཚན་ཉིད་ཅན་ཡིན་ཏེ། ཕུང་པོ་ལ་བརྟེན་ནས་བདག་ཏུ་འདོགས་ཤིང་བདག་སྐྱེ་འཇིག་གནས་གསུམ་བྱེད་པ་ནི་ཕུང་པོ་དེ་ལྟར་བྱེད་པའི་སྒོ་ནས་འཇོག་པའི་ཕྱིར། གཞན་ཡང་གཟུགས་ཕུང་ནི་གཟུགས་སུ་རུང་བ་དང་། ཚོར་བ་མྱོང་བའི་མཚན་ཉིད་ཅན་སོགས་ལས་བདག་ངོ་བོ་ཉིད་ཀྱིས་གཞན་དུ་གྲུབ་པར་ཐལ། བདག་ཕུང་གཉིས་ངོ་བོ་ཉིད་གྱིས་ཐ་དད་དུ་གྲུབ་པའི་ཕྱིར། འདོད་ན། གཟུགས་ལས་སེམས་གཞན་དུ་འཛིན་པ་བཞིན་དུ་བདག་ཕུང་པོ་ལས་ངོ་བོ་ཐ་དད་པར་ཐལ་ལོ། །མདོར་ན་བདག་ཕུང་གཉིས་རང་གི་མཚན་ཉིད་ཀྱིས་གཅིག་ཏུ་གྲུབ་ན་བདག་སྤྱི་ཙམ་པ་དང་བདག་བྱེ་བྲག་པ་རྣམས་གཅིག་ཏུ་འགྱུར་བས་བདག་སྤྱི་ཙམ་དེ་ཚེ་འདི་དང་སྔ་ཕྱི་གཉིས་སུའང་འཇུག་པ་དེ་བཞིན་དུ། བདག་བྱེ་བྲག་པ་རྣམས་ཀྱང་ཚེ་སྔ་ཕྱི་ཐམས་ཅད་དུ་ཡོད་པར་ཐལ་བ་དང་། ཡང་ན་ཚེ་འདིའི་བདག་སོགས་བདག་བྱེ་བྲག་བ་རྣམས་ནི་ཚེ་སྔ་ཕྱི་ཐམས་ཅད་དུ་མི་འབྱུང་བའི་རེ་རེ་བ་ཡིན་པ་དེ་བཞིན་བདག་སྤྱི་ཙམ་པ་དེ་ཡང་དེ་ལྟར་འགྱུར་ལ། དེ་གཉིས་རང་གི་མཚན་ཉིད་ཀྱིས་ཐ་དད་ན་སྐྱེ་བ་སྔ་ཕྱི་བར་གསུམ་གྱི་བདག་རྣམས་ནི་འབྲེལ་མེད་ཀྱི་སོ་སོ་བར་འགྱུར་བ་སོགས་སོ། །གཉིས་པ་ནི། བདག་ནི་ཡོད་པ་མ་ཡིན་ན། །བདག་གི་ཡོད་པར་ག་ལ་འགྱུར། །ཞེས་སོ། །གལ་ཏེ་བདག་གི་བ་རང་བཞིན་གྱིས་གྲུབ་པོ་སྙམ་ན། །བཤད་པ་ལྟར་བདག་ནི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ན་བདག་གི་བ་ཡང་ངོ་བོས་ཡོད་པར་ག་ལ་འགྱུར་ཏེ། ཁྱད་གཞི་མེད་པའི་ཁྱད་ཆོས་མི་རིགས་པའི་ཕྱིར། གཉིས་པ་བསྒོམ་ཚུལ་ནི། བདག་དང་བདག་གི་ཞི་བའི་ཕྱིར། །ངར་འཛིན་ང་ཡིར་འཛིན་མེད་འགྱུར། །ང་དང་ང་ཡིར་འཛིན་མེད་གང་། །དེ་ཡང་ཡོད་པ་མ་ཡིན་ཏེ། །ངར་འཛིན་ང་ཡིར་འཛིན་མེད་པར། །གང་གིས་མཐོང་བས་མི་མཐོང་ངོ་། །ཞེས་སོ། །ང་དང་ངར་འཛིན་གྱི་ཡུལ་བདག་དང་བདག་གི་བའི་མཚན་མ་ཉེ་བར་ཞི་བའི་ཕྱིར་རྣལ་འབྱོར་བས་ང་རང་བཞིན་གྱིས་གྲུབ་པར་འཛིན་པ་དང་ང་ཡི་བ་རང་བཞིན་གྱིས་གྲུབ་པར་འཛིན་པའི་འཇིག་ལྟ་སྤངས་ནས་མེད་པར་འགྱུར་ཏེ། འཇིག་ལྟ་གཉིས་ཀྱི་ཞེན་ཡུལ་མེད་པར་རྟོགས་པའི་ཡང་དག་པའི་དོན་ལ་ཞུགས་པའི་ཕྱིར། དེ་དག་དང་དེ་ལས་གཞན་པའི་ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་ཅིང་སྤོང་བ་གང་ཡིན་པའི་རྣལ་འབྱོར་པ་དེ་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ། གང་གི་ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་པར་སྤོང་བའི་རྣལ་འབྱོར་བ་ངོ་བོས་ཡོད་དོ་སྙམ་དུ་མཐོང་བ་སྟེ་འཛིན་པ་དེས་ནི་དེ་ཁོ་ན་ཉིད་ཀྱི་མི་དོན་མཐོང་བའི་ཕྱིར། གསུམ་པ་ནི། ནང་དང་ཕྱི་རོལ་ཉིད་དག་ལ། །བདག་དང་བདག་གི་སྙམ་ཟད་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང་། །དེ་ཟད་པས་ན་སྐྱེ་བ་ཟད། །ཅེས་སོ། དེ་ལྟར་བདག་དང་བདག་གི་བ་ལ་དམིགས་པས་ནང་དང་ཕྱི་རོལ་གྱི་བདག་དང་བདག་གི་བ་ཉིད་དག་ལ་བདག་དང་བདག་གི་སྙམ་པའི་འཇིག་ལྟ་གཉིས་ཟད་ན་ཉེ་བར་ལེན་པ་གཞན་བཞི་ཡང་འགག་པར་འགྱུར་བ་ཡིན་ཏེ། ཉོན་མོངས་པ་གཞན་ཐམས་ཅད་ཀྱི་རྩ་བ་འཇིག་ལྟ་ཡིན་པས་དེ་གཉིས་ཀྱི་ཞེན་ཡུལ་སུན་དབྱུང་ནུས་ན་གཞན་རྣམས་ཀྱང་སྤོང་ནུས་པའི་ཕྱིར། གཞན་བཞི་ནི་འདོད་པ་ཉེ་བར་ལེན་པ་སོགས་བཞིའོ། །དེ་རྣམས་ཟད་པ་ན་དེའི་དབང་གིས་སྐྱེ་བ་ལེན་པ་ཟད་པར་འགྱུར་ཏེ། དེའི་རྒྱུ་མེད་པའི་ཕྱིར་རོ། །གཉིས་པ་ནི། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་སོ། །སྐྱེ་བའི་ལྡོག་རིམ་དེ་ལྟར་ཡིན་པས་ལས་དང་ཉོན་མོངས་པ་ཟད་པས་ཐར་པར་འགྱུར་ཏེ། འཁོར་བར་སྐྱེ་བའི་རྒྱུ་ལས་ནི་ཉོན་མོངས་པ་ལས་སྐྱེ་ཞིང་ཉོན་མོངས་པ་རྣམས་ཀྱང་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལས་བྱུང་ལ། རྣམ་རྟོག་དེ་དག་ཀྱང་སྐྱེས་པ་དང་བུད་མེད་ལ་སོགས་པའི་ཐ་སྙད་སྣ་ཚོགས་ལ་བདེན་པར་ཞེན་པའི་སྤྲོས་པ་ཐོག་མེད་ནས་གོམས་པ་ལས་སྐྱེ་བ་དང་། བདེན་འཛིན་གྱི་སྤྲོས་པ་ནི་ཡུལ་དེ་རྣམས་སྟོང་པ་ཉིད་དུ་ལྟ་བ་གོམས་པས་ནི་ཟད་ཅིང་འགག་པར་འགྱུར་བས་ན་ཐར་པར་འཇོག་པའི་ཕྱིར། གཉིས་པ་ལ་གཉིས། ལུང་དང་འགལ་སྤང་དངོས་དང་། དོན་དམ་པར་བརྗོད་མི་ནུས་པའི་རྒྱུ་མཚན་ནོ། །དང་པོ་ནི། བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང་། །བདག་མེད་ཅེས་ཀྱང་བསྟན་པར་གྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། ཞེས་སོ། །སངས་རྒྱས་རྣམས་ཀྱིས་ནི་མདོ་སྡེ་འགའ་ཞིག་ཏུ་བདག་གོ་ཞེས་ཀྱང་བདག་ཡོད་པར་བཏགས་པར་གྱུར་པ་སྟེ་བསྟན་པ་ལྟར་གསུངས་ལ། ཡང་འགའ་ཞིག་ཏུ་ནི། རང་རྐྱ་ཐུབ་པའི་བདག་མེད་དོ་ཞེས་ཀྱང་བསྟན་པར་གྱུར་ཅིང་། ཡང་འགའ་ཞིག་ཏུ་བདག་དང་བདག་མེད་པ་འགའ་ཡང་རང་བཞིན་གྱིས་གྲུབ་པ་མེད་དོ་ཞེས་ཀྱང་བསྟན་ཏེ། རིམ་པ་བཞིན་དུ་བློ་དམན་དག་ལས་འབྲས་ལ་སྐུར་བ་མི་འདེབས་པ་དང་། འཇིག་ལྟ་ལྷོད་པ་དང་། ཟབ་མོའི་དོན་རྟོགས་ནུས་པའི་གདུལ་བྱའི་དོན་དུའོ། །བཤད་ཚུལ་གཅིག་ལ་གྲངས་ཅན་པ་ལ་སོགས་པ་ཁ་ཅིག་བདག་རྟག་པ་ཡོད་དོ་ཞེས་བཏགས་ལ། རྒྱང་ཕན་པས་ཕྱི་མར་འགྲོ་འོང་བྱེད་པའི་བདག་མེད་དོ་ཞེས་ཀྱང་བསྟན་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་བདག་དང་བདག་མེད་པ་འགའ་ཡང་རང་བཞིན་གྱིས་གྲུབ་པ་མེད་དོ་ཞེས་ཀྱང་བསྟན་ཏོ། གཉིས་པ་ནི། །བརྗོད་པར་བྱ་བ་ལྡོག་པ་སྟེ། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། ཞེས་སོ། །འཕགས་པའི་མཉམ་བཞག་གི་གཟིགས་ངོའི་དབང་དུ་མཛད་ནས་དོན་དམ་པར་བརྗོད་པར་བྱ་བ་ལྡོག་པ་སྟེ་ཡོད་པ་མིན་པས་སངས་རྒྱས་ཀྱིས་དོན་དམ་པར་ཅུང་ཟད་ཀྱང་མ་བསྟན་ཏེ། །དོན་དམ་པར་སེམས་ཀྱི་སྤྱོད་ཡུལ་གྱི་དམིགས་པ་ལྡོག་པའི་ཕྱིར་ཏེ། དོན་དམ་པར་མ་སྐྱེས་པ་དང་མ་འགགས་པའི་ཆོས་ཉིད་སྤྲོས་པ་ཞི་བའི་མྱ་ངན་ལས་འདས་པ་དང་མཚུངས་པར་གྱུར་པའི་ཕྱིར་རོ། རྡོར་གཅོད་སོགས་ལས་སངས་རྒྱས་ཀྱིས་ཆོས་གང་ཡང་བསྟན་པ་མེད་ཅེས་གསུངས་པ་ནི་དོན་དམ་པའི་དབང་དུ་མཛད་པ་སྟེ། ཐ་སྙད་དུ་ནི་སངས་རྒྱས་ཀྱིས་བསྟན་པར་འདོད་དགོས་སོ། །གསུམ་པ་ནི། ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་རྗེས་བསྟན་པའོ། །ཞེས་སོ། །གལ་ཏེ་དོན་དམ་པར་མ་བསྟན་ན་ཅི་ལྟར་བསྟན་ཞེ་ན། རྒྱལ་བས་འཇིག་རྟེན་རྗེས་སུ་གཞུག་པའི་ཆེད་དུ་ཐོག་མར་མ་རིག་པས་བཏགས་པའི་སྣོད་བཅུད་ཐམས་ཅད་ཡང་དག་པ་སྟེ་བདེན་ནོ་ཞེས་གསུངས་ཤིང་དེ་ལྟར་འཛིན་དུ་གཞུག་གོ །དེ་ལ་ཕྱིས་འདུས་བྱས་འདི་དག་སྐད་ཅིག་རེ་རེ་ལ་འཇིག་པའི་གཞན་དུ་འགྱུར་བ་ཡོད་པས་ཡང་དག་པ་མིན་ནོ་ཞེས་བསྟན་ལ། དེ་ནས་འགའ་ཞིག་གི་ངོ་བོར་སྣོད་བཅུད་འདི་དག་ཡང་དག་པ་དང་། །འཕགས་པའི་རྗེས་ཐོབ་ཀྱི་ཡེ་ཤེས་ལ་བལྟོས་ནས་ཡང་དག་པ་མ་ཡིན་པ་བརྫུན་པ་ཉིད་དོ་ཞེས་བསྟན་ཅིང་། །ཟབ་མོ་ལ་མོས་པའི་ངོ་བོར་འདུས་བྱས་རྣམས་ཡང་དག་མིན་པ་སྟེ་སྐད་ཅིག་རེ་རེ་ལ་གཞན་དུ་འགྱུར་བར་ངོ་བོ་ཉིད་ཀྱིས་གྲུབ་པ་ཡང་མིན་ལ། ཡང་དག་པ་སྟེ་སྐད་ཅིག་རེ་རེ་ལ་གཞན་འགྱུར་བ་མེད་པ་ཡང་མིན་ནོ་ཞེས་གཉིས་ཀ་བཀག་སྟེ། གཞན་འགྱུར་ཡོད་མེད་བརྩི་བའི་གཞི་ནི་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་རོ། །སྔར་བཤད་པ་ལྟར་ཆོས་སྟོན་ཚུལ་དེ་ནི་སངས་རྒྱས་ཀྱི་གདུལ་བྱ་རྗེས་སུ་འཛིན་པའི་ཆེད་དུ་རྗེས་སུ་བསྟན་པ་ཡིན་ཏེ། གདུལ་བྱའི་བློ་དང་འཚམས་པར་བསྟན་ནས་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། བཞི་པ་ལ་གཉིས། འཕགས་པའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དང་། འཇིག་རྟེན་པའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དོ། །དང་པོ་ནི། གཞན་ལ་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་སོ། །ཆོས་རྣམས་རང་བཞིན་གྱིས་མེད་པ་དེ་ནི་ཆོས་ཅན། མཚན་ཉིད་དམ་ཁྱད་པར་ལྔ་དང་ལྡན་ཏེ། གཞན་གྱིས་བསྟན་པ་ཙམ་ལས་དངོས་སུ་ཤེས་པ་མིན་གྱི་གཉིས་སྣང་ལོག་པའི་ཚུལ་གྱིས་མཐོང་དགོས་པ་དང་། ངོ་བོ་ཉིད་ཀྱིས་ཞི་བ་དང་། དོན་དམ་པར་སྤྲོས་པར་བྱེད་པའི་ངག་གི་སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ་སྟེ་མ་བརྗོད་པ་དང་། རྣམ་རྟོག་གི་རྒྱུ་བ་རྣམས་མེད་པ་དང་། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རིགས་མཚུངས་པས་དོན་ཐ་དད་པ་མིན་པ་སྟེ་དེ་དག་ནི་ལོག་རྟོག་སེལ་བ་ལ་ལྟོས་པའི་དེ་ཁོ་ན་ཉིད་ཀྱིས་མཚན་ཉིད་དུ་རིགས་པའི་ཕྱིར། གཉིས་པ་ནི། །གང་ལ་བརྟེན་ནས་གང་འབྱུང་བ། །དེ་ནི་རེ་ཤིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཕྱིར། །དེ་ཕྱིར་ཆད་མིན་རྟག་པ་མིན། །ཞེས་སོ། །རྒྱུ་གང་ལ་བརྟེན་ཏེ་གང་འབྱུང་བའི་འབྲས་བུ་དེ་ཆོས་ཅན། རེ་ཤིག་རྒྱུ་དེ་ཉིད་དང་ངོ་བོ་ཉིད་ཀྱི་གཅིག་ཏུ་ཡོད་པ་མིན་ཏེ། གཅིག་ན་བསྐྱེད་བྱ་སྐྱེད་བྱེད་ཐམས་ཅད་གཅིག་ཏུ་འགྱུར་བའི་ཕྱིར། དེ་ཆོས་ཅན། རྒྱུ་དེ་ལས་ངོ་བོ་ཉིད་ཀྱིས་གཞན་པའང་མིན་ཏེ། །དེ་ལ་མ་བལྟོས་པར་མི་འབྱུང་བའི་ཕྱིར། དེའི་རྒྱུ་ཉིད་འབྲས་བུར་འཕོས་པའི་རྟག་པ་མིན་ཞིང་། རྒྱུ་ལས་མི་འབྱུང་པའི་ཚུལ་གྱིས་རྒྱུན་ནི་རྒྱུན་ཆད་པ་ཡང་མིན་ཏེ། །རྒྱུ་ལ་བརྟེན་ནས་ཐ་སྙད་པའི་ཚུལ་དུ་འབྱུང་བའི་ཕྱིར། ལྔ་པ་ནི། སངས་རྒྱས་འཇིག་རྟེན་མགོན་རྣམས་ཀྱི། །བསྟན་པ་བདུད་རྩིར་གྱུར་པ་དེ། །དོན་གཅིག་མ་ཡིན་ཐ་དད་མིན། །ཆད་པ་མ་ཡིན་རྟག་པ་མིན། །རྫོགས་སངས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་པར་རབ་ཏུ་སྐྱེ། །ཞེས་སོ། །སངས་རྒྱས་འཇིག་རྟེན་གྱི་མགོན་དུ་གྱུར་བ་རྣམས་ཀྱི་བསྟན་པ་དམ་པའི་ཆོས་ཀྱི་བདུད་རྩིར་འགྱུར་བ་དེ་ནི། བརྟེན་ནས་བཏགས་པའམ་འབྱུང་བས་ངོ་བོ་ཉིད་ཀྱིས་དོན་གཅིག་པ་དང་ཐ་དད་པ་མིན་ཞིང་། ཆད་པ་དང་རྟག་པ་ཡང་མིན་པའི་ཟབ་མོའི་དོན་རྟོགས་པ་ལ་འབད་པར་བྱ་སྟེ། གལ་ཏེ་འབད་ཀྱང་ཚེ་འདིར་དེ་ཁོ་ན་ཉིད་རྟོགས་ནས་མྱང་འདས་མ་ཐོབ་ཀྱང་དེ་ལ་བག་ཆགས་ལེགས་པོ་བཞག་ན་སྐྱེ་བ་གཞན་དུ་དེ་ཁོ་ན་ཉིད་རྟོགས་ནས་མྱང་འདས་ཐོབ་པར་འགྱུར་པའི་ཕྱིར། དཔེར་ན་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་མ་བྱུང་ཞིང་ཉན་ཐོས་རྣམས་ཀྱང་ཟད་གྱུར་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི་དགེ་བའི་བཤེས་གཉེན་སོགས་གཞན་ལ་བརྟེན་པ་མེད་པར་རབ་ཏུ་སྐྱེ་བ་བཞིན་ནོ། །གཉིས་པ་ནི། སྔར་བདག་དང་བདག་གི་བ་རང་བཞིན་མེད་པར་བཤད་པའི་སྐབས་སུ་དྲངས་པའི་ལུང་ལ་སོགས་པ་རྣམས་སོ། །གསུམ་པ་ནི། བདག་དང་ཆོས་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅོ་བརྒྱད་པའི་རྣམ་བཤད་དོ།། །།བཞི་པ་དུས་རང་བཞིན་གྱིས་སྟོང་པར་བསྟན་པ་ལ་གཉིས། དུས་ངོ་བོ་ཉིད་ཀྱིས་ཡོད་པ་དགག་པ་དང་། །དེའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ལུང་དང་སྦྱར་བ། མཚན་བསྟན་པའོ། །དང་པོ་ལ་གཉིས། དུས་གསུམ་རང་བཞིན་གྱིས་ཡོད་པ་སྤྱིར་དགག །རང་གཞན་གྱི་སྡེ་པའི་འདོད་པ་སོ་སོར་དགག་པའོ། །དང་པོ་ལ་གསུམ། །འདས་པ་ལ་བལྟོས་མ་བ ལྟོས་ཀྱི་དུས་གཉིས་རང་བཞིན་གྱིས་ཡོད་པ་དགག་པ། །རིགས་པ་དེ་དུས་གཞན་གཉིས་ལ་སྦྱར་བ། ཆོས་སུ་མཚན་གཞན་ལ་སྦྱར་བའོ། །དང་པོ་ལ་གཉིས། འདས་པ་དང་མ་འོངས་པ་ལ་བལྟོས་པའི་དུས་རང་བཞིན་གྱིས་ཡོད་པ་དགག་པའོ། །དང་པོ་ནི། །ད་ལྟ ར་བྱུང་བ་མ་འོངས་པ། །གལ་ཏེ་འདས་ལ་བལྟོས་གྱུར་ན། །ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། །ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་དེ་ན་མེད་གྱུར་ན། །ད་ལྟར་བྱུང་དང་མ་འོངས་པ། །ཇི་ལྟར་དེ་ལ་བལྟོས་པར་འགྱུར། །ཞེས་སོ། །གལ་ཏེ་དངོས་པོ་རྣམས་རང་བཞིན་གྱིས་ཡོད་དེ། དུས་གསུམ་རང་བཞིན་གྱིས་ཡོད་པའི་ཕྱིར་རོ་སྙམ་ན། ད་ལྟར་བ་དང་མ་འོངས་པ་གཉིས་རང་བཞིན་གྱིས་ཡོད་ན་གཉིས་ལས་མི་འདའ་བས་ད་ལྟར་བྱུང་བ་དང་མ་འོངས་པ་གཉིས་འདས་པའི་དུས་ལ་བལྟོས་པར་གྱུར་ན་འཐད་དེ། གལ་ཏེ་བལྟོས་ན་ད་ལྟར་བྱུང་བ་དང་མ་འོངས་པ་གཉིས་འདས་པའི་དུས་ན་ཡོད་པར་འགྱུར་བའི་ཕྱིར་ཏེ། དུས་དེ་གཉིས་རང་བཞིན་གྱིས་གྲུབ་ན་དེ་གཉིས་འདས་པ་ལ་བལྟོས་པ་ཡང་རང་བཞིན་གྱིས་ཡོད་པར་འགྱུར་ལ། བལྟོས་གྲུབ་ལ་རང་བཞིན་གྱིས་གྲུབ་པ་མི་འཐད་པའི་ཕྱིར་ཏེ། རང་བཞིན་ནི་གཞན་དུ་འགྱུར་བ་མི་འཐད་པའི་ཕྱིར་རོ། །གལ་ཏེ་ད་ལྟར་བྱུང་བ་དང་མ་འོངས་པ་གཉིས་འདས་པའི་དུས་དེ་ན་མེད་པར་གྱུར་ན་ནི་དུས་དེ་གཉིས་ཇི་ལྟར་ན་དུས་དེ་ལ་ངོ་བོ་ཉིད་ཀྱིས་བལྟོས་པར་འགྱུར་བ་མི་འཐད་དེ། དེའི་ཚེ་ན་མེད་པའི་ཕྱིར། ཁྱབ་སྟེ། ངོ་བོ་ཉིད་ཀྱིས་བལྟོས་ན་བལྟོས་གཞི་དང་བལྟོས་ཆོས་གཉིས་དུས་གཅིག་ཡོད་རིགས་པའི་ཕྱིར། རང་ལུགས་ནི་ཐ་སྙད་དུ་དུས་གསུམ་ཕན་ཚུན་བལྟོས་པ་ཡིན་ཡང་སྔར་ཕྱི་མ་ལ་བལྟོས་ཞེས་གཞན་གྱིས་འདོད་པ་དང་མི་འདྲའོ། །འཇིག་རྟེན་གྲགས་ཚོད་ཀྱི་དུས་གསུམ་ནི་སྔོན་དང་ད་ལྟར་དང་ཕྱི་མའི་དུས་གསུམ་ལ་འདོད་ཀྱང་། འདིར་དངོས་པོ་ད་ལྟར་བ་རེ་རེ་ལ་བལྟོས་པའི་འདས་མ་འོངས་གཉིས་དང་བཅས་པ་ལ་དུས་གསུམ་དུ་འཇོག་ཅིང་། དེ་ཡང་མྱུ་གུ་ལྟ་བུ་ནི་ད་ལྟར་བ་དང་། མྱུ་གུར་སྐྱེ་བའི་རྒྱུ་ཡོད་ཀྱང་རེ་ཞིག་མ་སྐྱེས་པའི་ཆ་ནི་མ་འོངས་པ་དང་། མྱུ་གུ་ཞིག་པ་ནི་འདས་པར་འཇོག་པས་མ་འོངས་པ་ནི་སྔོན་དང་འདས་པ་ནི་རྗེས་སུ་འབྱུང་བ་ཡིན་ནོ། །གཉིས་པ་ནི། འདས་པ་ལ་ནི་མ་བལྟོས་པར། །དེ་གཉིས་འགྲུབ་པ་ཡོད་མ་ཡིན། །དེ་ཕྱིར་ད་ལྟར་བྱུང་བ་དང་། །མ་འོངས་དུས་ཀྱང་ཡོད་པ་ཡིན། །ཞེས་སོ། །གལ་ཏེ་འདས་པ་དེ་དུས་གཞན་གཉིས་ལ་བལྟོས་ཀྱང་དེ་གཉིས་འདས་པ་ལ་མ་བལྟོས་སོ་ཞེ་ན། འདས་པ་ལ་ནི་མ་བལྟོས་པར་དུས་དེ་གཉིས་གྲུབ་པ་ཡོད་པ་མ་ཡིན་ཏེ། འདས་པ་ནི་ད་ལྟ་བ་ཞིག་འདས་པ་ལ་འཇོག་པས་ད་ལྟ་བ་ནི་དེ་ལ་དངོས་སུ་བལྟོས་ཞིང་དེས་ན་མ་འོངས་པ་ཡང་བརྒྱུད་ནས་འདས་པ་ལ་བལྟོས་པའི་ཕྱིར། འདས་པ་ལ་བལྟོས་མི་བལྟོས་གཉིས་ཀའང་ངོ་བོས་གྲུབ་པ་མེད་པ་དེའི་ཕྱིར་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་གཉིས་ཀྱང་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། རིམ་པའི་ཚུལ་ནི་འདི་ཉིད་ཀྱིས། །ལྷག་མ་གཉིས་པོ་བསྣོར་བ་དང་། །ཞེས་སོ། །སྔར་བཤད་པ་ལྟར་དུས་གཞན་གཉིས་འདས་པ་ལ་བལྟོས་མ་བལྟོས་ངོ་བོ་ཉིད་ཀྱིས་སམ་ཡང་བཤད་པའི་རིགས་པའི་རིམ་པའི་ཚུལ་ནི་འདི་ཉིད་ཀྱིས་འདས་པའི་ལྷག་མ་ད་ལྟར་དང་མ་འོངས་པ་གཉིས་པོ་ལ་བལྟོས་མ་བལྟོས་ངོ་བོ་ཉིད་ཀྱིས་ཡོད་པ་འགོག་པའི་སུན་འབྱིན་བསྣོར་བའང་ཤེས་པར་བྱ་སྟེ། འདས་པ་དང་ནི་མ་འོངས་པ། །གལ་ཏེ་ད་ལྟར་བྱུང་བལྟོས་ན། །ཞེས་སོགས་དང་། འདས་དང་ད་ལྟར་བྱུང་བ་ནི། །གལ་ཏེ་མ་འོངས་བལྟོས་གྱུར་ན། །ཞེས་སོགས་འདོད་པར་བསྒྱུར་ནས་ཤེས་པར་བྱ་དགོས་པའི་ཕྱིར། གསུམ་པ་ནི། མཆོག་དང་ཐ་མ་འབྲིང་ལ་སོགས། །གཅིག་ལ་སོགས་པའང་ཤེས་པར་བྱ། །ཞེས་སོ། །ཇི་སྐད་བཤད་པའི་རིམ་པ་འདི་ཉིད་ཀྱིས་མཆོག་དང་ཐ་མ་དང་འབྲིང་ལ་སོགས་པ་སྟེ་དགེ་མི་དགེ་ལུང་མ་བསྟན་གསུམ་དང་། སྐྱེ་གནས་འཇིགས་གསུམ་ལ་སོགས་པའི་གསུམ་ཚན་རྣམས་དང་གཅིག་གཉིས་གསུམ་ལ་སོགས་པའི་མང་བ་གསུམ་ཚན་དང་འབྲེལ་བ་ཐམས་ཅད་ལའང་རྣམ་པར་བཤད་པས་ཤེས་པར་བྱ་སྟེ། དེ་རྣམས་ཕན་ཚུན་བལྟོས་མ་བལྟོས་གང་ཡང་ངོ་བོས་གྲུབ་པ་མེད་པའི་ཕྱིར་རོ། །གཉིས་པ་ལ་གཉིས། གཞན་སྡེ་འདོད་པའི་དུས་དགག་པ་དང་། རང་སྡེ་དངོས་སྨྲ་བས་འདོད་པའི་དུས་དགག་པའོ། །དང་པོ་ནི། མི་གནས་དུས་ནི་འཛིན་མི་བྱེད། །གང་ཞིག་བཟུང་བར་བྱ་བའི་དུས། གནས་པ་ཡོད་པ་མ་ཡིན་པས། །མ་བཟུང་དུས་ནི་ཇི་ལྟར་གདགས། །ཞེས་སོ། །གཞན་སྡེ་ན་རེ། དུས་རང་བཞིན་ཀྱིས་ཡོད་དེ། སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དང་ཉིན་མཚན་ལ་སོགས་པ་ཚད་དོན་གཞན་དང་ལྡན་པའི་ཕྱིར་རོ་ཞེ་ན། དེ་མི་རིགས་ཏེ། དུས་ནི་སྐད་ཅིག་རེ་རེ་བཞིན་ཞིག་ནས་འགྲོ་བས་ཐེར་ཟུག་ཏུ་མི་གནས་པའི་ཕྱིར་དང་དུས་ལས་ངོ་བོ་ཐ་དད་པའི་སྐད་ཅིག་ལ་སོགས་པའི་སྒོ་ནས་འཛིན་པར་མི་བྱེད་པའི་ཕྱིར། ཕྱི་མ་གྲུབ་སྟེ། དུས་ནི་དེ་དག་ཅི་རིགས་ལ་བརྟེན་ནས་འདོགས་པ་ཙམ་ཡིན་ཕྱིར་རོ། ཁོ་ན་རེ། དུས་ཀྱིས་འབྱུང་བ་སྨིན་པ་སོགས་བྱེད་པས་ཐེར་ཟུག་ཏུ་གནས་པའི་དུས་ནི་ཡོད་དོ་སྙམ་ན། དེ་ནི་མི་འཐད་དེ། གང་ཞིག་སྐད་ཅིག་ལ་སོགས་པ་གསལ་ཞིང་བཟུང་བར་བྱ་བའི་དུས་ནི་ཐེར་ཟུག་ཏུ་གནས་པ་ཡོད་པའི་མ་ཡིན་པའི་ཕྱིར་ཏེ། སྐད་ཅིག་དང་ཐང་ཅིག་ལ་སོགས་པ་ལས་ངོ་བོ་ཐ་དད་པའི་དུས་ནི་དམིགས་རུང་མ་དམིགས་པས་ཁེགས་པའི་ཕྱིར་ཏེ། དེ་འདྲ་བ་ཡོད་པ་ཚད་མ་གང་གིས་ཀྱང་མ་བཟུང་བའི་ཕྱིར། དེ་ལྟར་མ་བཟུང་བའི་དུས་དེ་ནི་སྐད་ཅིག་ལ་སོགས་པའི་ཚད་ཀྱིས་ཇི་ལྟར་གདགས་པར་ཡང་མི་ནུས་ཏེ། མ་འབྲེལ་བའི་ཕྱིར་རོ། །གཉིས་པ་ནི། །གལ་ཏེ་དུས་ནི་དངོས་རྟེན་ཏེ། །དངོས་མེད་དུས་ནི་ག་ལ་ཡོད། །དངོས་པོ་འགའ་ཡང་ཡོད་མ་ཡིན། །དུས་ལྟ་ཡོད་པར་ག་ལ་འགྱུར། །ཞེས་སོ། གལ་ཏེ་རྟག་པའི་དུས་མེད་ཀྱང་སྐད་ཅིག་སོགས་ལ་བརྟེན་ནས་ཐ་དད་དུ་བཞག་པའི་དུས་ནི་ངོ་བོས་ཡོད་དོ་ཞེ་ན། གལ་ཏེ་གཟུགས་ལ་སོགས་པའི་དངོས་པོ་མེད་པ་སྟེ་དེ་དག་ལས་ངོ་བོ་ཐ་དད་པའི་དུས་ནི་ག་ལ་ཡོད་དེ། དུས་ནི་དངོས་པོ་ལ་བརྟེན་ནས་འཇོག་པའི་ཕྱིར། དངོས་པོ་འགའ་ཡང་རང་བཞིན་གྱིས་ཡོད་པ་མིན་ན་དེ་ལ་བཏགས་པའི་དུས་ལྟ་རང་བཞིན་གྱིས་ཡོད་པར་ག་ལ་འགྱུར་ཏེ། གདགས་གཞི་ངོ་བོས་གྲུབ་པ་མེད་ན་བཏགས་ཆོས་ངོ་བོས་གྲུབ་པ་མི་འཐད་པའི་ཕྱིར། དུས་གསུམ་གྱི་རྣམ་གཞག་ནི་བདག་གིས་འཇུག་པའི་རྣམ་བཤད་སོགས་ལས་བཤད་ཟིན་པས་འདིར་མི་འཆད་དོ། གཉིས་པ་ནི། གླང་པའི་རྩལ་གྱི་མདོ་སོགས་པ་རྣམས་སོ། །གསུམ་པ་ནི། དུས་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅུ་དགུ་པའི་རྣམ་བཤད་དོ།། །།གཉིས་པ་དུས་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག་པ་ལ་གཉིས། དུས་འབྲས་བུ་བྱུང་བའི་ལྷན་ཅིག་བྱེད་རྐྱེན་ཡིན་པ་དགག་པ་དང་། དེ་འབྲས་བུ་འབྱུང་འཇིག་གི་རྒྱུ་ཡིན་པ་དགག་པའོ། །དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། །ལུང་དང་སྦྱར་བ། མཚན་བསྟན་པའོ། །དང་པོ་ལ་གསུམ། རྒྱུ་རྐྱེན་གྱི་ཚོགས་པ་ལས་སྐྱེ་བ་དགག །རྒྱུ་ཉིད་ལས་སྐྱེ་བ་དགག །ཚོགས་པ་ལས་སྐྱེ་བ་འགོག་པའི་རིགས་པ་གཞན་བསྟན་པའོ། །དང་པོ་ལ་གསུམ། ཚོགས་པ་སྔ་མ་དང་དུས་མཉམ་དང་ཕྱི་མ་ལས་སྐྱེ་བ་དགག་པའོ། །དང་པོ་ལ་གཉིས། ཚོགས་པ་ལས་དངོས་སུ་སྐྱེ་བ་དགག་པ་དང་། །དང་པོ་ལ་གཉིས། ཚོགས་ལ་ཡོད་མེད་སྐྱེ་བ་དང་། དེ་ལ་ཡོད་མེད་ཉིད་དགག་པའོ། །དང་པོ་ནི། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ཞིང་། ཚོགས་ལ་འབྲས་བུ་ཡོད་ན་ནི། །ཅི་ལྟར་ཚོགས་པ་ཉིད་ལས་སྐྱེ། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ཞིང་། །ཚོགས་ལ་འབྲས་བུ་མེད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །ཞེས་སོ། །འབྲས་བུ་རྒྱུ་རྐྱེན་ཚོགས་པ་ལས་དངོས་སུ་སྐྱེ་ན་དེ་ལ་ཡོད་པ་སྐྱེའམ་མེད་པ་ཉིད་སྐྱེ། དང་པོ་ལྟར་ན་མི་འཐད་དེ། གལ་ཏེ་འཐད་ན་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་འབྲས་བུ་རང་བཞིན་གྱིས་སྐྱེ་བར་འགྱུར་ཞིང་། རྒྱུ་རྐྱེན་གྱི་ཚོགས་པ་ལ་འབྲས་བུ་ཡོད་ན་ནི་ཇི་ལྟར་ན་རྒྱུ་རྐྱེན་གྱི་ཚོགས་པ་ཉིད་ལས་འབྲས་བུ་རང་བཞིན་གྱིས་སྐྱེ་ཞེས་པ་དེ་མི་འཐད་པའི་ཕྱིར་ཏེ། ཚོགས་པ་ལ་འབྲས་བུ་རང་བཞིན་གྱིས་ཡོད་ན་སླར་སྐྱེ་བ་ལ་དགོས་པ་མེད་པའི་ཕྱིར། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་འབྲས་བུ་སྐྱེ་བར་འགྱུར་ཞིང་ཚོགས་པ་ལ་འབྲས་བུ་གནས་པ་མེད་ན་ནི་ཇི་ལྟར་ན་ཚོགས་པ་ཉིད་ལས་སྐྱེ་ཞེས་འདོད་པ་ནི་མི་འཐད་དེ། རང་བཞིན་གྱིས་གྲུབ་བཞིན་དུ་དེ་ལ་མེད་ན་རང་བཞིན་གྱིས་སྐྱེད་མི་ནུས་པའི་ཕྱིར་ཏེ། རང་བཞིན་གྱིས་གྲུབ་པ་སྐྱེ་ན་ནི་རྒྱུ་དུས་སུ་ཡོད་པའི་ཚུལ་གྱིས་སྐྱེ་དགོས་པའི་ཕྱིར་ཏེ། །རྒྱུ་དུས་སུ་མེད་ཀྱང་སྐྱེད་པར་འདོད་ན་ནི་གློ་བུར་བའི་སྐྱེད་ཚུལ་དུ་འགྲོ་བས་རང་བཞིན་གྱིས་གྲུབ་པ་མི་འཐད་པའི་ཕྱིར། གཉིས་པ་ནི། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱིས། །ཚོགས་ལ་འབྲས་བུ་ཡོད་ན་ནི། །ཚོགས་ལ་བཟུང་དུ་ཡོད་རིགས་ན། །ཚོགས་པ་ཉིད་ལ་བཟུང་དུ་མེད། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱིས། །ཚོགས་ལ་འབྲས་བུ་མེད་ན་ནི། །རྒྱུ་རྣམས་དང་ནི་རྐྱེན་དག་ཀྱང་། །རྒྱུ་རྐྱེན་མ་ཡིན་མཚུངས་པར་འགྱུར། །ཞེས་སོ། །གཞན་ཡང་གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ལ་འབྲས་བུ་བརྟེན་པའི་སྒོ་ནས་ཡོད་ན་ནི་མི་འཐད་དེ། དེ་ཡིན་ན་ཚོགས་པ་ལ་འབྲས་བུ་དངོས་སུ་བཟུང་དུ་ཡོད་རིགས་ན་ཚོགས་པ་ཉིད་ལ་དེ་ཚད་མ་གང་གིས་ཀྱང་བཟུང་དུ་མེད་པའི་ཕྱིར། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ལ་འབྲས་བུ་མེད་ན་ཡང་ནི་མི་འཐད་དེ། མྱུ་གུ་ལྟ་བུའི་རྒྱུ་རྣམས་དང་ནི་རྐྱེན་དག་ཀྱང་དེའི་རྒྱུ་རྐྱེན་མ་ཡིན་པ་རྡོ་སོལ་སོགས་དང་མཚུངས་པར་འགྱུར་བའི་ཕྱིར་ཏེ། ངོ་བོ་ཉིད་ཀྱིས་ཡོད་པ་ནི་ཚོགས་པ་ལ་མེད་ནའང་། རྒྱུས་སྐྱེད་མི་ནུས་པ་དེའི་རྒྱུ་མིན་རྡོ་སོལ་སོགས་དང་འབྲེལ་མེད་དོན་གཞན་དུ་མཚུངས་པའི་ཕྱིར། གཉིས་པ་ནི། གལ་ཏེ་རྒྱུ་ཡིས་འབྲས་བུ་ལ། །རྒྱུ་བྱིན་ནས་ནི་འགག་འགྱུར་ན། །གང་བྱིན་པ་དང་གང་འགགས་པའི། །རྒྱུ་ཡི་བདག་ཉིད་གཉིས་སུ་འགྱུར། །གལ་ཏེ་རྒྱུ་ཡིས་འབྲས་བུ་ལ། །རྒྱུ་མ་བྱིན་པར་འགག་འགྱུར་ན། །རྒྱུ་འགགས་ནས་ནི་སྐྱེས་པ་ཡི། འབྲས་བུ་དེ་དག་རྒྱུ་མེད་འགྱུར། །ཞེས་སོ། །གལ་ཏེ་རྒྱུས་རང་གི་འབྲས་བུ་ལ་དངོས་སུ་སྐྱེད་པའི་ནུས་པ་བྱིན་ནས་འབྲས་བུའི་སྔར་འགགས་པས་སྔར་གྱི་རིགས་པས་མི་གནོད་དོ་ཞེ་ན། གལ་ཏེ་རྒྱུ་ཡིས་ནི་འབྲས་བུ་ལ་བྱེད་རྒྱུ་བྱིན་ནས་ནི་འགག་པར་འགྱུར་ན་འབྲས་བུ་ལ་གང་བྱིན་པའི་བྱེད་རྒྱུ་དང་གང་ཞིག་འགགས་པའི་རྒྱུ་ཡི་བདག་ཉིད་གཉིས་སུ་རྫས་སོ་སོ་བར་འགྱུར་ན་དེ་མི་རིགས་ཏེ། དེ་གཉིས་ཀའང་རྒྱུར་མཚུངས་པས་འབྲས་བུ་སྔར་འགག་དགོས་པར་ཡང་འདྲ་བའི་ཕྱིར། གལ་ཏེ་རྒྱུ་ཡིས་ནི་འབྲས་བུ་ལ་བྱེད་རྒྱུ་མ་བྱིན་པར་སྔ་ལོགས་ནས་འགག་པར་འགྱུར་ན་ནི་མི་འཐད་དེ། རྒྱུ་འགགས་པའི་རྗེས་ནས་ནི་སྐྱེས་པ་ཡི་འབྲས་བུ་མྱུ་གུ་ལྟ་བུ་དེ་དག་ནི་རྒྱུ་ལས་དངོས་སུ་མི་སྐྱེ་བ་ཁོ་ནར་འགྱུར་བས་རྒྱུ་མེད་དུ་འབྱུང་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་ཏེ། འབྲས་བུ་དང་རྒྱུ་འགགས་པ་རང་བཞིན་གྱིས་གྲུབ་ན་དེ་རྒྱུ་ལ་བརྟེན་པ་ཡང་རང་བཞིན་གྱིས་ཡོད་དགོས་ལ། ཡོད་ན་འབྲས་བུ་དེ་འབྱུང་བ་ཡང་རྒྱུ་མེད་དུ་འབྱུང་རིགས་པའི་ཕྱིར། དེ་ལྟར་ན་རྒྱུ་འགགས་ཟིན་ནས་འབྲས་བུ་སྐྱེ་དགོས་ན་དེ་མི་འཐད་དེ། རྒྱུ་འགགས་ཟིན་པ་དང་འབྲས་བུ་སྐྱེས་ཟིན་པ་གཉིས་དུས་མཉམ་པའི་ཕྱིར། །གཉིས་པ་ནི། གལ་ཏེ་ཚོགས་དང་ལྷན་ཅིག་ཏུ། །འབྲས་བུ་ཡང་ནི་སྐྱེ་འགྱུར་ན། །སྐྱེད་པར་བྱེད་དང་བསྐྱེད་བྱ་གང་། དུས་གཅིག་པར་ནི་ཐལ་བར་འགྱུར། །ཞེས་སོ། གལ་ཏེ་རྒྱུ་རྐྱེན་གྱི་ཚོགས་པ་ནི་འབྲས་བུ་དང་ལྷན་ཅིག་སྐྱེས་པ་ཉིད་འབྲས་བུའི་སྐྱེད་བྱེད་དུ་འགྱུར་རོ་ཞེ་ན། གལ་ཏེ་རྒྱུ་རྐྱེན་གྱི་ཚོགས་པ་དང་ལྷན་ཅིག་ཏུ་འབྲས་བུ་ཡང་ནི་སྐྱེ་བར་འགྱུར་ན་ནི་མི་འཐད་དེ། སྐྱེད་པར་བྱེད་པ་རྒྱུ་དང་བསྐྱེད་པར་བྱ་བ་འབྲས་བུ་གང་ཡིན་པ་དེ་ནི་དུས་གཅིག་ཏུ་ཡོད་པར་ནི་ཐལ་བར་འགྱུར་བའི་ཕྱིར། དེ་ལྟར་མི་རུང་སྟེ། དུས་མཉམ་པ་ལ་བསྐྱེད་བྱ་སྐྱེད་བྱེད་མ་མཐོང་བའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་ཚོགས་པའི་སྔ་རོལ་ཏུ། །འབྲས་བུ་སྐྱེས་པར་འགྱུར་ན་ནི། །རྒྱུ་དང་རྐྱེན་རྣམས་མེད་པ་ནི། །འབྲས་བུ་རྒྱུ་མེད་འབྱུང་བར་འགྱུར། །ཞེས་སོ། །བྱེ་བྲག་སྨྲ་བ་ན་རེ། འབྲས་བུ་རྣམས་རྒྱུ་རྐྱེན་ཚོགས་པའི་སྔ་རོལ་གྱི་མ་འོངས་པའི་དུས་སུ་གནས་པ་ཡང་ཡིན་ལ་རྒྱུ་རྐྱེན་ཚོགས་པས་ནི་ད་ལྟ་བའི་གནས་སྐབས་སྐྱེད་ཀྱི། རྫས་ནི་སྔ་ཕྱིར་ཡང་གནས་སོ་ཞེ་ན། དེ་ནི་མི་རིགས་ཏེ། །གལ་ཏེ་རྒྱུ་རྐྱེན་གྱི་ཚོགས་པའི་སྔ་རོལ་དུ་འབྲས་བུ་སྐྱེས་པ་སྟེ་གྲུབ་པར་གྱུར་ན་ནི། འབྲས་བུ་དེ་རྒྱུ་དང་རྐྱེན་རྣམས་ལ་བལྟོས་པ་མེད་པར་འགྱུར་ལ། དེ་ལྟར་ན་དེ་ཡི་འབྲས་བུ་རྒྱུ་མེད་པར་འབྱུང་བ་ཅན་དུ་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། གཉིས་པ་ལ་གཉིས། རྒྱུ་འབྲས་ངོ་བོ་གཅིག་པའི་ཕྱོགས་དགག་པ་དང་། ངོ་བོ་ཐ་དད་པའི་ཕྱོགས་དགག་པའོ། །དང་པོ་ནི། གལ་ཏེ་རྒྱུ་འགགས་འབྲས་བུ་ན། །རྒྱུ་ནི་ཀུན་དུ་འཕོ་བར་འགྱུར། །སྔོན་སྐྱེས་པ་ཡི་རྒྱུ་ཡང་ནི། །ཡང་སྐྱེ་བ་ནི་ཐལ་བར་འགྱུར། །ཞེས་སོ། །གལ་ཏེ་རྒྱུ་འགག་ནས་འབྲས་བུའི་བདག་ཉིད་དུ་གནས་པ་ཡིན་ནོ་ཞེ་ན། དེ་ནི་མི་འཐད་དེ། གལ་ཏེ་རྒྱུ་འགགས་ནས་འབྲས་བུའི་བདག་ཉིད་དུ་འཕོ་ན་ཟློོས་གར་མཁན་ཆ་ལུགས་གཞན་དང་གཞན་དུ་བསྒྱུར་བ་ལྟར་རྒྱུ་ནི་དུས་ཀུན་དུ་འཕོ་བ་ཙམ་དུ་འགྱུར་གྱི། འབྲས་བུ་སྔར་མེད་གསར་དུ་མི་སྐྱེ་བར་འགྱུར་བའི་ཕྱིར་ཏེ་དེ་ལྟ་ན་རྒྱུ་དེ་རྟག་པར་འགྱུར་བས་འབྲས་བུ་སྐྱེད་པ་ཡང་མི་རིགས་པའི་ཕྱིར། །གཞན་ཡང་སྔོན་སྐྱེས་ཟིན་པ་ཡི་རྒྱུ་ཡང་ནི་སླར་ཡང་སྐྱེ་བར་ནི་ཐལ་བར་འགྱུར་ན་དེ་ནི་མི་རིགས་ཏེ། སྐྱེས་ཟིན་སྐྱེ་མི་དགོས་ཤིང་ཐུག་མེད་དུ་སྐྱེ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་གཉིས། རྒྱུས་འབྲས་བུ་སྐྱེ་བའི་བྱ་བ་སྦྱོར་བ་བྱེད་པ་དགག་པ་དང་། རྒྱུ་ཉིད་རང་བཞིན་གྱིས་ཡོད་པ་དགག་པའོ། །དང་པོ་ལ་བདུན། རྒྱུ་འགགས་པ་དང་གནས་པས་འབྲས་བུ་སྐྱེད་པ་དགག །རྒྱུས་མཐོང་བ་དང་མ་མཐོང་བས་དེ་སྐྱེད་པ་དགག །རྒྱུས་ཕྲད་པ་དང་མ་ཕྲད་པར་དེ་བསྐྱེད་པར་འགག །འབྲས་བུས་སྟོང་མི་སྟོང་གི་རྒྱུས་དེ་སྐྱེད་པར་དགག །འབྲས་བུ་སྟོང་མི་སྟོང་གི་རྒྱུས་དེ་སྐྱེད་པར་དགག །རང་བཞིན་གཅིག་དང་ཐ་དད་ཀྱི་རྒྱུས་འབྲས་བུ་སྐྱེད་པ་དགག །འབྲས་བུ་ངོ་བོ་ཉིད་ཀྱིས་ཡོད་མེད་རྒྱུད་སྐྱེས་པ་དགག་པའོ། །དང་པོ་ནི། འགགས་པ་ནུབ་པར་གྱུར་པ་ཡིས། །འབྲས་བུ་སྐྱེད་པ་ཇི་ལྟར་སྐྱེད། །འབྲས་བུ་དང་ནི་འབྲེལ་བའི་རྒྱུ། །གནས་པས་ཀྱང་ནི་ཇི་ལྟར་སྐྱེད། ཅི་སྟེ་རྒྱུ་འབྲས་མ་འབྲེལ་ན། །འབྲས་བུ་གང་ཞིག་སྐྱེད་པར་བྱེད། །ཅེས་སོ། གཞན་ཡང་རྒྱུས་འབྲས་བུ་རང་བཞིན་གྱིས་སྐྱེད་ན་རྒྱུ་དེ་འབྲས་བུའི་སྔར་འགགས་སམ་མ་འགགས་སྐྱེ། འབྲས་བུ་ཡང་སྐྱེས་ཟིན་མ་སྐྱེད་བརྟག་གྲང་། དང་པོ་ལྟར་ན། མྱུ་གུ་སོགས་ཀྱི་རྒྱུ་འགགས་པ་ནུབ་པ་སྟེ་ཞིག་པར་གྱུར་པ་ཡིས་འབྲས་བུ་སྐྱེད་པ་དེ་ཇི་ལྟར་སྐྱེད་དེ་མི་རིགས་པར་ཐལ། རྒྱུ་འགགས་པའི་ཚེ་ན་རྒྱུ་མེད་པས་མེད་པ་འགྱུར་མི་རིགས་པའི་ཕྱིར། ཅི་སྟེ་གཉིས་པ་ལྟར་རོ་ཞེ་ན་མི་འཐད་པར་ཐལ། འབྲས་བུ་དང་ནི་འབྲེལ་བའི་རྒྱུ་གནས་པ་སྟེ་མ་ཞིག་པས་ཀྱང་ནི་འབྲས་བུ་ཇི་ལྟར་ན་རང་བཞིན་གྱིས་སྐྱེད་པ་མི་འཐད་པའི་ཕྱིར། ཅི་སྟེ་འབྲས་བུ་གྲུབ་ཟིན་མི་སྐྱེད་པས་རྒྱུའི་དུས་ན་འབྲས་བུ་དང་མ་འབྲེལ་བ་སྐྱེད་དོ་ཞེ་ན་དེ་ཡང་མི་འཐད་དེ། དེ་ལྟ་ན་རྒྱུས་འབྲས་བུ་གང་ཞིག་རང་བཞིན་གྱིས་སྐྱེད་པར་བྱེད་ཅེས་པ་མི་འཐད་པའི་ཕྱིར་ཏེ། ཐ་སྙད་དུ་རྒྱུ་དུས་སུ་མེད་པའི་འབྲས་བུ་སྐྱེད་པ་ལ་འགལ་བ་མེད་ཀྱང་། རང་བཞིན་གྱིས་གྲུབ་ན་འབྲས་བུ་ནི་རྒྱུ་དུས་སུ་ཡོད་དགོས་པའི་ཕྱིར་ཏེ། མེད་ན་རང་བཞིན་གྱིས་གྲུབ་པའི་དོན་མ་ཚང་བའི་ཕྱིར། གཉིས་པ་ནི། རྒྱུས་ནི་མཐོང་དང་མ་མཐོང་པར། །འབྲས་བུ་སྐྱེད་པར་མི་བྱེད་དོ། །ཞེས་སོ། །ཡང་རྒྱུས་ནི་རང་གི་འབྲས་བུ་མཐོང་ནས་སམ་མ་མཐོང་པར་སྐྱེད། མཐོང་ནས་མི་སྐྱེད་དེ། མཐོང་ནས་གྲུབ་ཟིན་པས་དེ་སླར་སྐྱེད་མི་དགོས་པའི་ཕྱིར། རྒྱུས་འབྲས་བུ་མ་མཐོང་པར་རང་བཞིན་གྱིས་སྐྱེད་པར་མི་བྱེད་དེ། སྐྱེད་ན་རྒྱུ་གཅིག་གིས་ཀྱང་འབྲས་བུ་ཐམས་ཅད་ཅིག་ཅར་སྐྱེད་པར་འགྱུར་བའི་ཕྱིར། རང་ལུགས་ལ་ནི་རྒྱུས་འབྲས་བུ་མ་མཐོང་པར་སྐྱེད་ཀྱང་རང་བཞིན་གྱིས་མི་སྐྱེད་པས་མི་འགལ་ལོ། །གསུམ་པ་ནི། འབྲས་བུ་འདས་པ་རྒྱུ་འདས་དང་། །མ་སྐྱེས་པ་དང་སྐྱེས་པ་དང་། །ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །འབྲས་བུ་སྐྱེས་པ་རྒྱུ་མ་སྐྱེས། །འདས་པ་དང་ནི་སྐྱེས་པ་དང་། །ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། འབྲས་བུ་མ་སྐྱེས་རྒྱུ་སྐྱེས་དང་། །མ་སྐྱེས་པ་དང་འདས་པ་དང་། །ལྷན་ཅིག་ཕྲད་པར་འགྱུར་ན་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །ཕྲད་པ་ཡོད་པ་མ་ཡིན་ན། །རྒྱུས་ནི་འབྲས་བུ་ཅི་ལྟར་སྐྱེད། །ཅེས་སོ། །གཞན་ཡང་རྒྱུས་འབྲས་བུ་རང་བཞིན་གྱིས་སྐྱེད་ན་དེ་གཉིས་ཕྲད་པ་སྟེ་ལྷན་ཅིག་ཏུ་ཚོགས་དགོས་པས་དེ་ཡང་རིགས་ཤེས་ཀྱིས་དཔྱད་མི་བཟོད་དེ། མྱུ་གུ་ལ་སོགས་པའི་འབྲས་བུ་འདས་པ་ནི་ས་བོན་ལ་སོགས་པའི་རྒྱུ་འདས་པ་དང་ལྷན་ཅིག་ཕྲད་པར་འགྱུར་བ་ནི་ནམ་ཡང་ཡོད་པ་མ་ཡིན་ཏེ། དེ་གཉིས་ཞིག་པའི་ཚེ་དེ་གཉིས་ཀ་མེད་པའི་ཕྱིར། དེ་བཞིན་དུ་འབྲས་བུ་འདས་པ་ནི་རྒྱུ་མ་སྐྱེས་པ་མ་འོངས་པ་དང་ཕྲད་པ་མེད་དེ། དེ་གཉིས་དུས་ཐ་དད་པའི་ཕྱིར། ཡང་འབྲས་བུ་འདས་པ་ནི་རྒྱུ་སྐྱེས་པ་ད་ལྟ་བ་དང་ཕྲད་པ་མེད་དེ། དེ་གཉིས་ཀྱང་དུས་སོ་སོ་བ་ཡིན་པའི་ཕྱིར། འབྲས་བུ་སྐྱེས་པ་སྟེ་ད་ལྟར་བ་དང་དེའི་རྒྱུ་མ་སྐྱེས་པ་སྟེ་མ་འོངས་པ་དང་རྒྱུ་འདས་པ་དང་ནི་སྐྱེས་པ་སྟེ་ད་ལྟར་བ་དང་ལྷན་ཅིག་ཏུ་ཕྲད་པར་འགྱུར་བ་ནི་ནམ་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ། རྒྱུ་འདས་པ་དང་མ་འོངས་པ་གཉིས་ནི་དུས་ཐ་དད་པའི་ཕྱིར་དང་། རྒྱུ་འབྲས་ད་ལྟར་བ་གཉིས་ལ་ཐ་སྙད་དུ་ཕྲད་པའི་ཆ་སྔ་ཕྱི་བ་ཡོད་ཀྱང་རང་བཞིན་གྱིས་ཕྲད་པ་མེད་པའི་ཕྱིར། ཕྱི་མ་གྲུབ་སྟེ། རང་བཞིན་གྱིས་ཡོད་ན་དུས་སྔ་ཕྱི་བ་མི་རུང་བས་དུས་མཉམ་དུ་ཕྲད་དགོས་པའི་ཕྱིར། འབྲས་བུ་མ་སྐྱེས་པའི་མ་འོངས་པ་ནི་རྒྱུ་སྐྱེས་པ་ད་ལྟར་བ་དང་མ་སྐྱེས་པ་མ་འོངས་པ་དང་འདས་པ་གཉིས་དང་ལྷན་ཅིག་ཕྲད་པར་འགྱུར་བ་ནི་ནམ་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། རྒྱུ་འབྲས་ད་ལྟར་ནི་དུས་ཐ་དད་ཅིང་རྒྱུ་འབྲས་མ་འོངས་པའི་དུས་སུ་དེ་གཉིས་གང་ཡང་མེད་ཕྱིར་རོ། །དེ་ལྟར་དཔྱད་པ་ན་ཕྲེང་བ་རང་བཞིན་གྱིས་ཡོད་པ་མ་ཡིན་ན་རྒྱུས་ནི་འབྲས་བུ་ཇི་ལྟར་ན་རང་བཞིན་གྱིས་སྐྱེད་པར་བྱེད་དེ་བྱེད་མི་ནུས་སོ། །ཅེ་སྟེ་ཡང་རྒྱུ་འབྲས་རང་བཞིན་གྱིས་ཕྲད་པ་ཡོད་པ་ཡིན་ན་ཡང་རྒྱུས་ནི་འབྲས་བུ་ཇི་ལྟར་ན་རང་བཞིན་གྱིས་སྐྱེད་པར་བྱེད་པ་མི་འཐད་དེ། རྒྱུ་འབྲས་བུ་དང་ལྷན་ཅིག་མ་ཚོགས་ན་རང་བཞིན་གྱིས་མི་ཕྲད་ཅིང་། ཚོགས་ན་ནི་སླར་ཡང་སྐྱེ་བ་དོན་མེད་པའི་ཕྱིར་རོ། །རང་ལུགས་མྱུ་གུ་སོགས་ནི་རང་གི་བརྒྱུད་རྒྱུ་དང་མ་ཕྲད་ཀྱང་ཁས་ལེན་པ་ཡིན་ཏེ། དངོས་རྒྱུའི་སྐད་ཅིག་ཐ་མ་དང་འབྲས་བུའི་སྐད་ཅིག་དང་པོ་གཉིས་ཕྲད་དགོས་པའི་ཕྱིར་ཏེ། ཡེ་ཕྲད་ན་དངོས་སུ་བསྐྱེད་བྱ་སྐྱེད་བྱེད་དུ་མི་འགྱུར་ཞིང་དངོས་རྒྱུ་དང་འབྲས་བུའི་བར་དུ་ཆོས་གཞན་གྱིས་ཆོད་པའི་སྐྱོན་ཡོད་པའི་ཕྱིར། དེ་བཞིན་དུ་མྱུ་གུ་ལྟ་བུ་རང་གི་དངོས་འབྲས་ཀྱི་ཆ་དང་ཕྲད་པར་འདོད་དགོས་ཏེ། ཐ་སྙད་དུ་ཕྲད་པ་ལ་ཆ་གཅིག་ཕྲད་པས་ཆོག་གི །རང་བཞིན་གྱིས་ཕྲད་ན་དུས་མཉམ་ཆ་ཐམས་ཅད་ནས་ཕྲད་དགོས་པའི་ཕྱིར། ཕྱི་མ་གྲུབ་སྟེ། ཕྲད་མ་ཕྲད་ཀྱི་ཆ་དབྱེར་ཡོད་ན་ཆ་བཅས་ཡིན་པས་རྟེན་འབྲེལ་དུ་འགྱུར་ཞིང་རང་བཞིན་གྱིས་མེད་པར་འགྱུར་བའི་ཕྱིར། བཞི་པ་ནི། གལ་ཏེ་འབྲས་བུ་སྟོང་པའི་རྒྱུས། །ཇི་ལྟར་འབྲས་བུ་སྐྱེད་པར་བྱེད། །གལ་ཏེ་འབྲས་བུས་མི་སྟོང་རྒྱུས། །ཇི་ལྟར་འབྲས་བུ་སྐྱེད་པར་བྱེད། །ཅེས་སོ། །གཞན་ཡང་གལ་ཏེ་འབྲས་བུས་སྟོང་པ་སྟེ་མེད་པའི་རྒྱུས་ནི་ཇི་ལྟར་ན་འབྲས་བུ་རང་བཞིན་གྱིས་སྐྱེད་པར་བྱེད་དོ་མི་བྱེད་དེ། ཆུ་ལ་མར་གྱི་རྒྱུ་མེད་པ་བཞིན་ནོ། །གལ་ཏེ་རང་གི་འབྲས་བུས་མི་སྟོང་པའི་རྒྱུས་ཀྱང་ཇི་ལྟར་ན་འབྲས་བུ་རང་བཞིན་གྱིས་སྐྱེད་པར་བྱེད་དེ། འབྲས་བུ་ཡོད་པ་སླར་ཡང་མི་སྐྱེ་བའི་ཕྱིར། ལྔ་པ་ནི། འབྲས་བུས་མི་སྟོང་སྐྱེ་མི་འགྱུར། །མི་སྟོང་འགགས་པར་མི་འགྱུར་རོ། །མི་སྟོང་དེ་ནི་མ་འགགས་དང་། །མ་སྐྱེད་པར་ཡང་འགྱུར་བ་ཡིན། །སྟོང་པ་ཇི་ལྟར་སྐྱེ་འགྱུར་ཞིང་། །སྟོང་པ་ཇི་ལྟར་འགགས་པར་འགྱུར། །སྟོང་པ་དེ་ཡང་མ་འགགས་དང་། །མ་སྐྱེས་པར་ཡང་ཐལ་བར་འགྱུར། །ཞེས་སོ། །འབྲས་བུ་སྐྱེ་བ་རང་བཞིན་གྱིས་སྟོང་པའམ་མི་སྟོང་གང་ཞིག་སྐྱེ་གྲང་། དེ་ལ་འབྲས་བུ་རང་བཞིན་གྱིས་ཡོད་པས་མི་སྟོང་པ་ཆོས་ཅན། །སྐྱེ་བར་མི་འགྱུར་པར་ཐལ། རྟེན་འབྲེལ་མ་ཡིན་པའི་ཕྱིར། དེ་འདྲ་བའི་མི་སྟོང་པ་དེ་ནི་ཆོས་ཅན། འགག་པར་མི་འགྱུར་བར་ཐལ། རང་བཞིན་གྱིས་གྲུབ་པའི་ཕྱིར། ཁྱབ་སྟེ། རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར། དེ་བཞིན་དུ་མི་སྟོང་པར་འདོད་ན་ནི་མི་འཐད་དེ། དེ་ནི་མ་འགགས་པ་དང་མ་སྐྱེས་པར་ཡང་འགྱུར་བ་ཡིན་པའི་ཕྱིར། འབྲས་བུ་རང་བཞིན་གྱིས་ཡོད་པས་སྟོང་པ་ནི་ཆོས་ཅན། །ཇི་ལྟར་ངོ་བོ་ཉིད་ཀྱིས་སྐྱེ་བར་འགྱུར་ཞིང་ཇི་ལྟར་ན་ངོ་བོ་ཉིད་ཀྱིས་འགག་པར་འགྱུར་བར་ནི་མི་འཐད་དེ། རང་བཞིན་གྱིས་སྟོང་པའི་ཕྱིར། འབྲས་བུ་རང་བཞིན་གྱིས་སྟོང་པར་འདོད་པ་དེ་ཡང་ངོ་བོ་ཉིད་ཀྱིས་མ་འགགས་པ་དང་མ་སྐྱེས་པར་ཡང་ཐལ་བར་འགྱུར་བ་ལ་ནི་ཁོ་བོ་ཅག་ནི་འདོད་ཀྱང་ཁྱེད་དེ་ལྟར་མི་འདོད་དེ་འགལ་བ་ཡིན་ནོ། །དྲུག་པ་ནི། རྒྱུ་དང་འབྲས་བུ་གཅིག་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཞན་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཅིག་ཡིན་ན། །བསྐྱེད་བྱ་སྐྱེད་བྱེད་གཅིག་ཏུ་འགྱུར། །རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་སོ། །གཞན་ཡང་རྒྱུས་འབྲས་བུ་རང་བཞིན་གྱིས་སྐྱེད་ན་གཉིས་ལས་མི་འདའ་བས་རྒྱུ་དང་འབྲས་བུ་རང་བཞིན་གྱིས་གཅིག་པ་ཉིད་དུ་ནམ་ཡང་འཐད་པར་མི་འགྱུར་ལ། །རྒྱུ་དང་འབྲས་བུ་གཉིས་རང་བཞིན་གྱིས་གཞན་པ་ཉིད་དུ་ཡང་ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཉིས་རང་བཞིན་གྱིས་གཅིག་པ་ཉིད་ཡིན་ན་མི་འཐད་དེ། བསྐྱེད་བྱ་འབྲས་བུ་སོགས་དང་སྐྱེད་བྱེད་རྒྱུ་ལ་སོགས་ཐམས་ཅད་ཀྱང་གཅིག་ཏུ་འགྱུར་བའི་ཕྱིར། རྒྱུ་དང་འབྲས་བུ་གཉིས་རང་བཞིན་གྱིས་གཞན་པ་ཉིད་ཡིན་ནའང་མི་འཐད་དེ། རང་བཞིན་གྱིས་གྲུབ་པའི་གཞན་ལ་རྒྱུ་ཡིན་པ་དང་རྒྱུ་མ་ཡིན་པ་རྣམས་ཀུན་ནས་མཚུངས་པར་འགྱུར་བའི་ཕྱིར་ཏེ། འབྲེལ་མེད་དོན་གཞན་ལ་ནི་རྒྱུ་འབྲས་ཡིན་མིན་གྱི་དབྱེ་བ་མི་རུང་བའི་ཕྱིར་རོ། །བདུན་པ་ནི། འབྲས་བུ་ངོ་བོ་ཉིད་ཡོད་ན། །རྒྱུས་ནི་ཅི་ཞིག་སྐྱེད་པར་བྱེད། །འབྲས་བུ་ངོ་བོ་ཉིད་མེད་ན། །རྒྱུས་ནི་ཅི་ཞིག་སྐྱེད་པར་བྱེད། །ཅེས་སོ། །རྒྱུས་འབྲས་བུ་སྐྱེད་ན་འབྲས་བུ་ངོ་བོ་ཉིད་ཀྱིས་ཡོད་པའམ་མེད་པ་གང་སྐྱེད། དེ་ལ་འབྲས་བུ་ངོ་བོ་ཉིད་ཀྱིས་ཡོད་ན་རྒྱུས་ཅི་ཞིག་སྐྱེད་པར་བྱེད་དེ། ངོ་བོ་ཉིད་ཀྱིས་གྲུབ་ཟིན་སླར་ཡང་སྐྱེད་མི་དགོས་པའི་ཕྱིར། འབྲས་བུ་ངོ་བོ་ཉིད་ཀྱིས་མེད་ན་རྒྱུས་ནི་ཅི་ཞིག་སྐྱེད་པར་བྱེད་དེ། ཁྱེད་ལྟར་ན་རང་བཞིན་གྱིས་མེད་པ་དང་མེད་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །གཉིས་པ་ནི། སྐྱེད་པར་བྱེད་པ་མ་ཡིན་ན། །རྒྱུ་ནི་འཐད་པར་མི་འགྱུར་རོ། །རྒྱུ་ནི་འཐད་པ་ཡོད་མིན་ན། །འབྲས་བུ་གང་གི་ཡིན་པར་འགྱུར། །ཞེས་སོ། །གལ་ཏེ་རྒྱུ་རང་བཞིན་གྱིས་ཡོད་པས་འབྲས་བུ་རང་བཞིན་གྱིས་ཡོད་དོ་ཞེ་ན། །མི་འཐད་དེ། རྒྱུས་འབྲས་བུ་རང་བཞིན་གྱིས་སྐྱེད་པར་བྱེད་པ་མ་ཡིན་ན་རྒྱུ་ཉིད་ཀྱང་རང་བཞིན་གྱིས་ཡོད་པ་འཐད་པར་མི་འགྱུར་ལ། རྒྱུ་ཉིད་རང་བཞིན་གྱིས་ཡོད་པ་འཐད་པ་མ་ཡིན་ན་འབྲས་བུ་རང་བཞིན་གྱིས་ཡོད་པ་དེ་རྒྱུ་གང་གི་ཡིན་པར་འགྱུར་བ་ཡང་མི་འཐད་དགོས་ན། འབྲས་བུ་གང་ཡིན་པ་དེ་འབྲས་བུ་དེ་སྐྱེད་པའི་རྒྱུ་དེའི་ཡིན་པར་འདོད་དགོས་པའི་ཕྱིར། གསུམ་པ་ནི། རྒྱུ་རྣམས་དང་ནི་རྐྱེན་དག་གི །ཚོགས་པ་གང་ཡིན་དེ་ཡིས་ནི། །བདག་གིས་བདག་ཉིད་མི་སྐྱེད་ན། །འབྲས་བུ་ཇི་ལྟར་སྐྱེད་པར་བྱེད། །དེ་ཕྱིར་ཚོགས་ལས་བྱས་པ་མིན་། །ཚོགས་མིན་བྱས་པའི་འབྲས་བུའང་མེད། །འབྲས་བུ་ཡོད་པ་མ་ཡིན་ན། །རྐྱེན་གྱི་ཚོགས་པ་ག་ལ་ཡོད། །ཅེས་སོ། རྒྱུས་རྐྱེན་ཚོགས་ནས་འབྲས་བུ་སྐྱེད་དོ་ཞེ་ན། རྒྱུ་རྣམས་དང་ནི་རྐྱེན་དག་གི་ཚོགས་པ་གང་ཡིན་པ་དེ་ཡིས་ནི་རང་གིས་རང་སྐྱེད་དམ་མི་སྐྱེད། སྐྱེད་དོ་ཞེ་ན། རྒྱུ་རྐྱེན་གྱི་ཚོགས་པ་བདག་གིས་བདག་ཉིད་ནི་མི་སྐྱེད་དེ། འབྲས་བུ་སྐྱེ་བ་དོན་མེད་པ་དང་རང་ལ་བྱེད་པ་འགལ་བ་དང་ཚོགས་པ་རྫས་སུ་མེད་པའི་ཕྱིར་རོ། །ཚོགས་པ་རྫས་སུ་མེད་པས་རང་གིས་བདག་ཉིད་མི་སྐྱེད་ན་དེ་ལྟར་ན་འབྲས་བུ་རང་བཞིན་གྱིས་སྐྱེད་པར་བྱེད་དེ། མོ་གཤམ་གྱི་བུ་བཞིན་ནོ། །དེའི་ཕྱིར་རྒྱུ་རྐྱེན་གྱི་ཚོགས་པ་ལས་བྱས་པའི་འབྲས་བུ་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ། །རང་ལུགས་ནི་རྒྱུ་རྐྱེན་ཚོགས་པ་ལས་འབྲས་བུ་སྐྱེ་ཡང་ཚོགས་པ་བརྫུན་པས་འབྲས་བུ་ཡང་བརྫུན་པ་སྐྱེད་པར་བྱེད་པས་མི་འགལ་ལོ། །རྒྱུ་རྐྱེན་གྱི་ཚོགས་པ་མིན་པས་བྱས་པའི་འབྲས་བུའང་མེད་དེ། དེ་ནི་ཤིན་ཏུ་ཡང་འགལ་བའི་ཕྱིར། ཇི་སྐད་བཤད་པའི་རིགས་པས་རྣམ་པར་དཔྱད་པ་ན་འབྲས་བུ་རང་བཞིན་གྱིས་ཡོད་པ་མ་ཡིན་ན་རྒྱུ་རྐྱེན་གྱི་ཚོགས་པ་རང་བཞིན་གྱིས་ག་ལ་ཡོད། རྒྱུ་འབྲས་གཉིས་རང་བཞིན་གྱིས་ཡོད་མེད་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། རྒྱ་ཆེར་རོལ་པའི་ལུང་ལ་སོགས་པ་རྣམས་སོ། །གསུམ་པ་ནི། ཚོགས་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་ཉི་ཤུ་པའི་རྣམ་བཤད་དོ།། །།གཉིས་པ་དུས་འབྱུང་འཇིག་གི་རྒྱུ་ཡིན་པ་དགག་པ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ལུང་དང་སྦྱར་བ། མཚན་བསྟན་པའོ། །དང་པོ་ལ་གཉིས། སྐྱེ་འཇིག་རང་བཞིན་གྱིས་གྲུབ་བ་དགག་པ་དང་། དེ་ལྟར་འདོད་པ་ལ་རྟག་ཆད་ཀྱི་སྐྱོན་བསྟན་པའོ། དང་པོ་ལ་གཉིས། འབྱུང་འཇིག་རང་བཞིན་གྱིས་ཡོད་པའི་བསྒྲུབ་བྱ་དགག་པ་དང་། དེ་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ། །འབྱུང་འཇིག་ལྷན་ཅིག་ཡིན་མིན་བརྟགས་ནས་དགག ། འབྱུང་འཇིག་རྟེན་གང་ལ་ཡོད་བརྟགས་ནས་དགག །འབྱུང་འཇིག་གཅིག་དང་ཐ་དད་བརྟགས་ནས་དགག་པའོ། །དང་པོ་ལ་གསུམ། དམ་བཅའ་བཞག་པ། སྒྲུབ་བྱེད་བསྟན་པ། །དེ་དག་གི་དོན་བསྡུ་བའོ། དང་པོ་ནི། །འཇིག་པ་འབྱུང་བ་མེད་པར་རམ། ལྷན་ཅིག་ཡོད་པ་ཉིད་མ་ཡིན། །ཞེས་སོ། །གལ་ཏེ་འབྱུང་འཇིག་རང་བཞིན་གྱིས་ཡོད་ན་འཇིག་པ་ནི་འབྱུང་བ་མེད་པར་ཡོད་པའམ་འབྱུང་བ་དང་ལྷན་ཅིག་ཏུ་རང་བཞིན་གྱིས་ཡོད་པ་ཉིད་མ་ཡིན་ལ། འབྱུང་བ་ནི་འཇིག་པ་མེད་པར་ཡོད་པའམ་འཇིག་པ་དང་ལྷན་ཅིག་ཏུ་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ་ཞེས་པ་ནི་དམ་བཅའ་བའོ། །གཉིས་པ་ལ་གཉིས། འཇིག་པ་འབྱུང་བ་དང་ལྷན་ཅིག་ཡིན་མིན་དགག་པ་དང་། འབྱུང་བ་འཇིག་པ་དང་ལྷན་ཅིག་ཡིན་མིན་དགག་པའོ། །དང་པོ་ནི། འཇིག་པ་འབྱུང་བ་མེད་པར་ནི། །ཇི་ལྟར་བུར་ན་ཡོད་པར་འགྱུར། །སྐྱེ་བ་མེད་པར་འཆི་བར་འགྱུར། །འཇིག་པ་འབྱུང་བ་མེད་པར་མེད། །འཇིག་པ་འབྱུང་དང་ལྷན་ཅིག་ཏུ། །ཇི་ལྟར་ཡོད་པ་ཉིད་དུ་འགྱུར། །འཆི་དང་སྐྱེ་བ་དུས་གཅིག་ཏུ། །ཡོད་པ་ཉིད་ནི་མ་ཡིན་ནོ། །ཞེས་སོ། །འཇིག་པ་འབྱུང་བ་སྟེ་སྐྱེ་བ་མེད་པར་ནི་ཇི་ལྟ་བུར་ན་ཡོད་པར་འགྱུར་ཏེ། སྐྱེ་བ་མེད་པར་འཆི་བར་འགྱུར་བ་ཡོད་པ་མི་འཐད་པའི་ཕྱིར་རོ། །དེས་ན་འཇིག་པ་ནི་འབྱུང་བ་མེད་པར་གནས་པ་མེད་དོ། །དངོས་པོའི་འཇིག་པ་ཆོས་ཅན། འབྱུང་བ་དང་ལྷན་ཅིག་དུས་ཅིག་ཅར་དུ་ཇི་ལྟར་ན་རང་བཞིན་གྱིས་ཡོད་པ་ཉིད་དུ་འགྱུར་ཏེ་མི་འགྱུར་བར་ཐལ། འགྱུར་ན་འཆི་བ་དང་སྐྱེ་བ་དུས་གཅིག་ཏུ་ཅིག་ཅར་དུ་རང་བཞིན་གྱིས་ཡོད་པར་འགྱུར་བའི་ཕྱིར། དེ་ལྟ་བུ་ཡོད་པ་ནི་མ་ཡིན་ཏེ། ཕན་ཚུལ་འགལ་བའི་སྣང་མུན་བཞིན་ནོ། །གཉིས་པ་ནི། །འབྱུང་བ་འཇིག་པ་མེད་པར་ནི། །ཇི་ལྟར་ཡོད་པ་ཉིད་དུ་འགྱུར། །དངོས་པོ་རྣམས་ལ་མི་རྟག་ཉིད། །ནམ་ཡང་ཡོད་པ་མ་ཡིན་ནོ། །འབྱུང་བ་འཇིག་དང་ལྷན་ཅིག་ཏུ། །ཇི་ལྟར་ཡོད་པ་ཉིད་དུ་འགྱུར། །སྐྱེ་དང་འཆི་བ་དུས་གཅིག་ཏུ། །ཡོད་པ་ཉིད་ནི་མ་ཡིན་ནོ། །ཞེས་སོ། །འབྱུང་བ་ཆོས་ཅན། འཇིག་པ་མེད་པར་ནི་ཇི་ལྟ་བུར་ན་ཡོད་པར་འགྱུར་ན་མི་འཐད་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཁྱབ་སྟེ། དངོས་པོ་རྣམས་ལ་མི་རྟག་པ་ཉིད་ནམ་ཡང་མེད་པ་མ་ཡིན་པའི་ཕྱིར། འབྱུང་བ་ཆོས་ཅན། འཇིག་པ་དང་ལྷན་ཅིག་ཏུ་ཇི་ལྟ་བུར་ན་རང་བཞིན་གྱིས་ཡོད་པ་ཉིད་དུ་འགྱུར་བ་མི་འཐད་པར་ཐལ། དེ་ལྟར་འགྱུར་ན་སྐྱེ་བ་དང་འཆི་བ་ཡང་དུས་གཅིག་ཏུ་འགྱུར་བའི་ཕྱིར། དེ་ལྟར་བུ་ནི་ཡོད་པ་མ་ཡིན་ཏེ། ཕན་ཚུན་འགལ་བའི་ཕྱིར་རོ། །གསུམ་པ་ནི། གང་དག་ཕན་ཚུན་ལྷན་ཅིག་གམ། །ཕན་ཚུན་ལྷན་ཅིག་མ་ཡིན་པར། །གྲུབ་པ་ཡོད་པ་མ་ཡིན་པ། །དེ་དག་གྲུབ་པ་ཇི་ལྟར་ཡོད། །ཅེས་སོ། །དངོས་པོ་གང་དག་ཕན་ཚུན་དུ་ལྷན་ཅིག་པ་སྟེ་དུས་གཅིག་གམ་ཕན་ཚུན་ལྷན་ཅིག་མ་ཡིན་པར་གྲུབ་པ་རང་བཞིན་གྱིས་ཡོད་པ་མ་ཡིན་པའི་འབྱུང་འཇིག་དེ་དག་ཆོས་ཅན། རང་བཞིན་གྱིས་གྲུབ་པ་ཇི་ལྟར་ཡོད་དེ་མེད་པར་ཐལ། ཡོད་ན་ཡོད་ཚུལ་གཉིས་པོ་དེ་གང་རུང་དུ་ཡོད་དགོས་པ་ལས་མེད་པའི་ཕྱིར་རོ། གཉིས་པ་ལ་གསུམ། ཟད་མ་ཟད་ཀྱི་རྟེན་ལ་འབྱུང་འཇིག་དགག །དངོས་པོའི་རྟེན་ལ་དེ་དགག །སྟོང་མི་སྟོང་གི་རྟེན་ལ་དེ་དགག་པའོ། །དང་པོ་ནི། ཟད་ལ་འབྱུང་བ་ཡོད་མ་ཡིན། །མ་ཟད་པ་ལའང་འབྱུང་བ་མེད། ཟད་ལ་འཇིག་པ་ཡོད་མ་ཡིན། །མ་ཟད་པ་ལའང་འཇིག་པ་མེད། །ཅེས་སོ། །འབྱུང་འཇིག་རང་བཞིན་གྱིས་གྲུབ་ན་དངོས་པོ་ཟད་པའི་ཆོས་ཅན་གཉིས་གང་ལ་ཡོད། དངོས་པོ་ཟད་པ་སྟེ་ཞིག་པའི་ཆོས་ཅན་ལ་འབྱུང་བ་སྟེ་སྐྱེ་བ་རང་བཞིན་གྱིས་ཡོད་པ་མ་ཡིན་ཞིང་། མ་ཟད་པ་ལའང་འབྱུང་བ་རང་བཞིན་གྱིས་མེད་དེ། རང་བཞིན་གྱིས་གྲུབ་པ་ལ་སྐྱེ་བ་དང་ཟད་པ་གཉིས་གཞི་གཅིག་ལ་འདུ་བ་མི་རུང་བའི་ཕྱིར། དངོས་པོ་ཆོས་ཅན། ཁྱོད་ཟད་པ་ལ་འཇིག་པ་རང་བཞིན་གྱིས་ཡོད་པ་མིན་ཞིང་། མ་ཟད་པ་ལ་འཇིག་པ་རང་བཞིན་གྱིས་མེད་པར་ཐལ། རང་བཞིན་གྱིས་གྲུབ་པའི་ཟད་མི་ཟད་གཉིས་ལ་སྐྱེ་འཇིག་མི་འཐད་པའི་ཕྱིར། གཉིས་པ་ནི། དངོས་པོ་ཡོད་པ་མ་ཡིན་པར། །འབྱུང་དང་འཇིག་པ་ཡོད་མ་ཡིན། །འབྱུང་དང་འཇིག་པ་མེད་པར་ནི། །དངོས་པོ་ཡོད་པ་མ་ཡིན་ནོ། །ཞེས་སོ། །གལ་ཏེ་འབྱུང་འཇིག་རང་བཞིན་གྱིས་ཡོད་དེ། དེའི་རྟེན་དངོས་པོ་རང་བཞིན་གྱིས་ཡོད་པས་སོ་ཞེ་ན། དེ་མི་འཐད་པར་ཐལ། དངོས་པོ་རང་བཞིན་གྱིས་ཡོད་པ་མ་ཡིན་པར་འབྱུང་བ་དང་འཇིག་པར་རང་བཞིན་གྱིས་ཡོད་པ་མ་ཡིན་པའི་ཕྱིར་ཏེ། དེ་སྔར་བཀག་ཟིན་པའི་ཕྱིར། འབྱུང་བ་དང་འཇིག་པ་རང་བཞིན་གྱིས་ཡོད་པ་ཡང་བཀག་ཟིན་པས་དེ་མེད་པར་ནི་དངོས་པོ་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། དངོས་པོ་ནི་འབྱུང་འཇིག་གི་མཚན་ཉིད་ཅན་ཡིན་པའི་ཕྱིར། གསུམ་པ་ནི། སྟོང་ལ་འབྱུང་དང་འཇིག་པ་དག །འཐད་པ་ཉིད་ནི་མ་ཡིན་ནོ། །མི་སྟོང་པ་ལའང་འབྱུང་འཇིག་དག །འཐད་པ་ཉིད་ནི་མ་ཡིན་ནོ། །ཞེས་སོ། །གཞན་ཡང་འབྱུང་འཇིག་རང་བཞིན་གྱིས་ཡོད་ན་སྟོང་མི་སྟོང་གང་ལ་རྟེན། སྟོང་པ་ཆོས་ཅན། ཁྱོད་ལ་འབྱུང་དང་འཇིག་པ་དག་རང་བཞིན་གྱིས་ཡོད་པ་ཉིན་ནི་འཐད་པ་མ་ཡིན་པར་ཐལ། སྟོང་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ། །རང་བཞིན་གྱིས་མི་སྟོང་པ་ཆོས་ཅན། ཁྱོད་ལའང་འབྱུང་འཇིག་དག་ཡོད་པ་འཐད་པ་ནི་མ་ཡིན་པར་ཐལ། དེའི་རྟེན་དུ་མི་རུང་བའི་ཕྱིར། གསུམ་པ་ནི། འབྱུང་བ་དང་ནི་འཇིག་པ་དག །གཅིག་པ་ཉིད་ནི་མི་འཐད་དོ། །འབྱུང་བ་དང་ནི་འཇིག་པ་དག །གཞན་པ་ཉིད་དུའང་མི་འཐད་དོ། །ཞེས་སོ། །འབྱུང་བ་དང་ནི་འཇིགས་པ་བད་ཆོས་ཅན། ངོ་བོ་ཉིད་ཀྱིས་གཅིག་པ་ཉིད་ནི་མི་འཐད་དེ། དུས་ཀྱིས་འགལ་བའི་ཕྱིར། འབྱུང་བ་དང་འཇིག་པ་དག་ཆོས་ཅན། ངོ་བོ་ཉིད་ཀྱིས་གཞན་དུ་ཡོད་པ་ཉིད་དུ་ཡང་མི་འཐད་དེ། འབྲེལ་བ་གྲུབ་བའི་ཕྱིར། གཉིས་པ་ལ་གཉིས། མཐོང་བ་སྒྲུབ་བྱེད་མིན་པ་དང་། དེའི་སྒྲུབ་བྱེད་བསྟན་པའོ། །དང་པོ་ནི། འབྱུང་བ་དང་ནི་འཇིག་པ་དག །མཐོང་ངོ་སྙམ་དུ་ཁྱོད་སེམས་ན། །འབྱུང་བ་དག་ནི་འཇིག་པ་དག །གཏི་མུག་ཉིད་ཀྱིས་མཐོང་བ་ཡིན། །ཞེས་སོ། །གལ་ཏེ་འབྱུང་འཇིག་གཉིས་རང་བཞིན་གྱིས་གྲུབ་པར་མཆོག་དམན་བར་གསུམ་གྱིས་མཐོང་བས་སོ་ཞེ་ན། །འབྱུང་བ་དང་འཇིག་པ་དག་ངོ་བོ་ཉིད་ཀྱིས་གྲུབ་པར་མཐོང་ངོ་སྙམ་དུ་ཁྱོད་དེ་ལྟར་སེམས་ན་དེ་ནི་མི་འཐད་པར་ཐལ། འབྱུང་འཇིག་གཉིས་རང་བཞིན་གྱིས་གྲུབ་པར་སྣང་བའི་ཚུལ་གྱིས་ཕྱིན་ཅི་ལོག་ཏུ་མཐོང་བ་ཡིན་གྱི། ཡང་དག་པའི་གནས་ཚུལ་མཐོང་བ་མིན་པའི་ཕྱིར་ཏེ། གཞན་དག་སྒྱུ་མ་དང་སྨིག་རྒྱུ་དང་དྲི་ཟའི་གྲོང་ཁྱེར་དང་རབ་རིབ་ཅན་གྱི་སྐྲ་ཤད་དང་སྦྲང་མ་དང་རྨ་བྱའི་མདོངས་ལ་སོགས་པ་ལྟར། འབྱུང་བ་དང་ནི་འཇིག་པ་དག་གཏི་མུག་མ་རིག་པ་དང་དེས་བསླད་པ་ཉིད་ཀྱིས་རང་བཞིན་གྱིས་གྲུབ་པ་ལྟར་མཐོང་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས། འབྱུང་འཇིག་རང་དང་རིགས་མཐུན་མི་མཐུན་ལས་སྐྱེ་བ་དགག་པ་དང་། རང་དང་གཞན་ལས་སྐྱེ་བ་དགག་པའོ། །དང་པོ་ནི། དངོས་པོ་དངོས་ལས་མི་སྐྱེ་སྟེ། །དངོས་པོ་དངོས་མེད་ལས་མི་སྐྱེ། །དངོས་མེད་དངོས་མེད་མི་སྐྱེ་སྟེ། །དངོས་མེད་དངོས་ལས་མི་སྐྱེའོ། །ཞེས་སོ། །འོ་ན་དངོས་པོའི་འབྱུང་འཇིག་གཞན་ལ་རང་བཞིན་གྱིས་གྲུབ་པར་སྣང་བ་འདི་གཏི་མུག་གིས་བསླད་པ་ཅིས་འགྲུབ་ཞེ་ན་རིགས་པ་ལས་སོ། །དེ་ཡང་རེ་ཞིག་དངོས་པོ་འབྱུང་བ་ནི་དངོས་པོ་སྟེ་འབྱུང་བ་རིགས་འདྲ་སྔ་མ་ལས་ངོ་བོ་ཉིད་ཀྱིས་མི་སྐྱེ་སྟེ། དེ་ལྟར་སྐྱེ་ན་རྒྱུ་འབྲས་དུས་མཉམ་པ་སོགས་སུ་འགྱུར་བའི་ཕྱིར། དངོས་པོ་སྟེ་སྐྱེ་བ་ནི་དངོས་པོ་མེད་པ་སྟེ་འཇིག་པ་ལས་ངོ་བོ་ཉིད་ཀྱིས་མི་སྐྱེ་སྟེ། །རང་བཞིན་གྱིས་གྲུབ་པའི་ཚུལ་གྱིས་འཇིག་ན་སྐྱེ་བ་ཡང་མེད་པས་དངོས་པོ་ལ་སྐུར་འདེབས་སུ་འགྱུར་བའི་ཕྱིར། དངོས་པོ་མེད་པ་སྟེ་འཇིག་པ་ནི་དངོས་པོ་མེད་པའི་འཇིག་པ་ལས་རང་བཞིན་གྱིས་མི་སྐྱེ་སྟེ། འཇིག་རྒྱུའི་དངོས་པོ་ལོག་པ་ལ་ནི་རང་བཞིན་གྱིས་སྐྱེད་པའི་ནུས་པ་མེད་པའི་ཕྱིར་ཏེ། ཁྱོད་ཀྱིས་ཞིག་པ་དངོས་མེད་དུ་འདོད་ལ། ཞིག་པའི་ཚེ་ན་འཇིག་རྒྱུའི་དངོས་པོ་ནི་ལོག་པའི་ཕྱིར། དངོས་པོ་མེད་པའི་འཇིག་པ་ནི་དངོས་པོ་འབྱུང་བ་ལས་ངོ་བོ་ཉིད་ཀྱིས་མི་སྐྱེ་སྟེ། དེ་ལྟར་སྐྱེ་ན་ནི་མ་ཞིག་པའི་དངོས་པོས་རང་དང་རིགས་མི་མཐུན་པའི་དངོས་པོ་སྐྱེ་བ་བཞིན་དུ་སྒྲོན་མེ་ལས་མུན་པ་སྐྱེ་བར་འགྱུར་བའི་ཕྱིར། རང་ལུགས་ནི་བུམ་པ་ལྟ་བུའི་འཇིག་པ་དང་ཞིག་པ་ནི་བུམ་པ་སོགས་འབྱུང་བའི་རྒྱུ་ལས་སྐྱེ་བར་འདོད་ཀྱང་འབྱུང་འཇིག་རང་བཞིན་གྱིས་གྲུབ་པར་འདོད་ན། ཞིག་པ་དངོས་པོར་འགལ་བ་དང་འཇིག་བཞིན་པའི་དུས་སུ་ཡང་ཞིག་དགོས་པས། །ཞིག་འཇིག་གཅིག་ཏུ་འགྱུར་ཞིང་དེ་ལྟར་ན་ཞིག་པ་ལ་རྒྱུ་མེད་ཅེས་འདོད་པ་ལྟར་འཇིག་པ་ལ་ཡང་རྒྱུ་མེད་པ་སོགས་ཀྱི་སྐྱོན་ཡོད་དོ། །གཉིས་པ་ནི། དངོས་པོ་བདག་ལས་མི་སྐྱེ་སྟེ། །གཞན་ལས་སྐྱེ་བ་ཉིད་མ་ཡིན། །བདག་དང་གཞན་ལས་སྐྱེ་བ་ནི། །ཡོད་ན་ཇི་ལྟར་སྐྱེ་བར་འགྱུར། ཞེས་སོ། འོ་ན་དངོས་པོ་རང་བཞིན་གྱིས་མི་སྐྱེ་བ་ཇི་ལྟར་འགྲུབ་ཞེ་ན། །དངོས་པོ་ཆོས་ཅན། རང་བཞིན་གྱིས་མི་སྐྱེ་སྟེ། བདག་ལས་མི་སྐྱེ་སྟེ་གཞན་ལས་སྐྱེ་བ་ཉིད་ཀྱང་ཡོད་པ་མིན་ལ། བདག་དང་གཞན་དང་གཉིས་ཀ་ལས་ཀྱང་སྐྱེ་བ་ནི་ཡོད་པ་མ་ཡིན་པའི་ཕྱིར། བདག་དང་གཞན་ལས་སྐྱེ་བ་ནི་ཆོས་ཅན། །མེད་དེ། ཡོད་ན་ཇི་ལྟར་སྐྱེ་བར་འགྱུར་བ་མི་འཐད་བའི་ཕྱིར། གཉིས་པ་ལ་གསུམ། དངོས་པོ་རང་བཞིན་གྱིས་ཡོད་པར་འདོད་ན་རྟག་ཆད་དུ་འགྱུར་ཚུལ། སྐྱོན་དེ་སྤོང་བའི་ལན་དགག །བཀག་པའི་དོན་བསྡུ་བའོ། །དང་པོ་ནི། དངོས་པོ་ཡོད་པར་ཁས་བླངས་ན། །རྟག་དང་ཆད་པར་ལྟ་བ་ནི། །ཐལ་བར་འགྱུར་དེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། །ཞེས་སོ། །འདིར་དངོས་པོ་རང་བཞིན་གྱིས་མེད་པར་ཁས་བླང་བར་བྱའི། དེ་ལྟ་མ་ཡིན་པར་དངོས་པོ་རང་བཞིན་གྱིས་ཡོད་པར་ཁས་བླངས་ན་རྟག་པ་དང་ཆད་པར་ལྟ་བར་ནི་ཐལ་བར་འགྱུར་ཏེ། གང་གི་ཕྱིར་ཞེ་ན་དངོས་པོ་དེ་ནི་རྟག་པར་སྨྲས་ན་རྟག་པར་ལྟ་བར་འགྱུར་ལ། མི་རྟག་པར་སྨྲས་ན་ནི་ཆད་པར་ལྟ་བ་ཅན་དུ་འགྱུར་བའི་ཕྱིར། ཕྱི་མ་གྲུབ་སྟེ། རང་བཞིན་གྱིས་གྲུབ་བཞིན་དུ་མི་རྟག་པར་འདོད་ན་མི་རྟག་པའི་སྐད་ཅིག་སྔ་ཕྱི་རྣམས་འབྲེལ་མེད་དུ་འགྱུར་བའི་ཚུལ་གྱིས་ཞིག་ནས་མེད་པའི་སྐུར་འདེབས་སུ་འགྱུར་བའི་ཕྱིར། གཉིས་པ་ལ་གཉིས། རང་བཞིན་གྱིས་གྲུབ་པར་ཁས་བླངས་ནས་རྟག་ཆད་སྤོང་ཚུལ་དང་། དེ་དགག་པའོ། །དང་པོ་ནི། དངོས་པོ་ཡོད་པར་ཁས་བླངས་ཀྱང་། །ཆད་པར་མི་འགྱུར་རྟག་མི་འགྱུར། །འབྲས་བུ་རྒྱུ་ཡི་འབྱུང་འཇིག་གི །རྒྱུན་དེ་སྲིད་པ་ཡིན་ཕྱིར་རོ། །ཞེས་སོ། ཁོ་ན་རེ། དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཡོད་པར་ཁས་བླངས་ཀྱང་ཆད་པར་ལྟ་བ་དང་རྟག་པར་ལྟ་བར་མི་འགྱུར་ཏེ། གང་གི་ཕྱིར་ན་འབྲས་བུའི་འབྱུང་བ་སྟེ་སྐྱེས་བ་དང་རྒྱུ་ཡི་འཇིག་པ་སྟེ་ཞིག་པ་གཉིས་རྒྱུན་ལྡན་དུ་འབྱུང་བའི་རྒྱུན་དེ་སྲིད་པ་འཁོར་བ་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་རྒྱུ་འགགས་ནས་དེའི་འབྲས་བུ་མི་སྐྱེ་བར་འདོད་ན་ཆད་པ་དང་རྒྱུ་མི་འགག་པར་གནས་ན་རྟག་པར་འགྱུར་ཡང་དེ་ལྟར་མི་འདོད་པས་རྟག་ཆད་དུ་ཐལ་བའི་སྐྱོན་མེད་དོ་ཞེ་ན། གཉིས་པ་ལ་གཉིས། །རྒྱུན་ཁས་བླངས་ཀྱང་རྟག་ཆད་སྤོང་མི་ནུས་པ་དང་། རྒྱུན་ཉིད་རང་བཞིན་གྱིས་གྲུབ་པར་བསྟན་པའོ། །དང་པོ་ནི། གལ་ཏེ་འབྲས་བུའི་འབྱུང་འཇིག་གི །རྒྱུན་དེ་སྲིད་པ་ཡིན་འགྱུར་ན། །འཇིག་ལ་ཡང་སྐྱེ་མེད་པའི་ཕྱིར། རྒྱུན་ནི་ཆད་པར་ཐལ་བར་འགྱུར། །དངོས་པོ་ངོ་བོ་ཉིད་ཡོད་ན། །དངོས་མེད་འགྱུར་བར་མི་རིགས་སོ། །མྱ་ངན་འདས་པའི་དུས་ན་ཆད། །སྲིད་རྒྱུན་རབ་ཏུ་ཞི་ཕྱིར་རོ། །ཞེས་སོ། །གལ་ཏེ་ཁྱོད་འདོད་པ་ལྟར་འབྲས་བུའི་འབྱུང་བ་དང་རྒྱུ་ཡི་འཇིག་པའི་རྒྱུན་དེ་སྲིད་པ་ཡིན་པར་གྱུར་ན་རྒྱུ་ཡི་སྐད་གཅིག་འཇིག་པ་སྟེ་འགགས་པ་ལ་སླར་ཡང་སྐྱེ་བ་མེད་པའི་ཕྱིར་ན་རྒྱུའི་རྒྱུན་ནི་ཆད་པར་ཐལ་བར་འགྱུར་ཏེ། རང་བཞིན་གྱིས་གྲུབ་པའི་རྒྱུན་སྔ་མ་འགགས་ནས་སླར་སྐྱེ་བ་མི་རིགས་པའི་ཕྱིར། དེས་ན་འབྲས་བུ་སྐྱེས་ཀྱང་རྒྱུའི་རྒྱུན་ཆད་པ་ལ་མི་ཕན་ནོ། །དངོས་པོ་རང་བཞིན་གྱིས་གྲུབ་པར་འདོད་ན་རྟག་པར་ལྟ་བར་ཡང་འགྱུར་ཏེ། དངོས་པོ་ངོ་བོ་ཉིད་ཀྱིས་ཡོད་ན་ནི་ཕྱིས་དངོས་པོ་མེད་པར་འགྱུར་བར་མི་རིགས་པའི་ཕྱིར་ཏེ། རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར་རོ། །དེས་ན་རྟག་པར་ལྟ་བའང་སོ་ན་གནས་སོ། །གཞན་ཡང་ལྷག་མེད་མྱ་ངན་ལས་འདས་པའི་ཚེ་ན་སྲིད་པ་སྟེ་ཕུང་པོའི་རྒྱུན་ཆད་ནས་རང་བཞིན་གྱིས་འཇུག་པ་རབ་ཏུ་ཞི་བ་སྟེ་འགགས་པའི་ཕྱིར་ན་དེ་ཡང་མི་འཐད་དོ། །གཉིས་པ་ནི། ཐ་མ་འགག་པར་གྱུར་པ་ན། །སྲིད་པ་དང་པོ་རིགས་མི་འགྱུར། །ཐ་མ་འགགས་པར་མ་གྱུར་ཚེ། སྲིད་པ་དང་པོ་རིགས་མི་འགྱུར། །གལ་ཏེ་ཐ་མ་འགག་བཞིན་ན། །དང་པོ་སྐྱེ་བ་འགྱུར་ན་ནི། །འགག་བཞིན་པ་ཡི་གཅིག་འགྱུར་ཞིང་། །སྐྱེ་བཞིན་པ་ཡང་གཞན་དུ་འགྱུར། །ཞེས་སོ། །དེ་ལ་སྲིད་པ་དང་པོ་ཉིང་འཚམས་སྦྱར་བ་དེ་སྔོན་མའི་འཆི་དུས་ཀྱི་སྲིད་པ་ཐ་མ་འགགས་པ་དང་མ་འགགས་པ་དང་འགག་བཞིན་གང་ལས་སྐྱེ་བརྟག་གྲང་། དང་པོ་ལྟར་རོ་ཞེ་ན་སྲིད་པ་ཐ་མ་འགགས་པར་འགྱུར་བ་ན་དེ་ལས་ཕྱི་མའི་སྲིད་པ་དང་པོའི་སེམས་སྐྱེ་རིགས་པར་མི་འགྱུར་ཏེ། རང་གི་རྒྱུ་རང་གི་སྔ་རོལ་དུ་འགགས་ན་དེའི་ཚེ་རྒྱུ་མེད་པས་ཕྱི་མའི་སྲིད་པ་དང་པོའི་སེམས་དེ་རྒྱུ་མེད་དུ་འགྱུར་བའི་ཕྱིར། གཉིས་པ་ལྟར་ན་སྲིད་པ་ཐ་མ་འགགས་པར་མ་གྱུར་བའི་ཚེ་དེ་ལས་སྲིད་པ་དང་པོ་དེ་སྐྱེ་བ་རིགས་པར་མི་འགྱུར་ཏེ། །སྐྱེ་བ་སྔ་ཕྱི་གཉིས་དུས་ག །ཅིག་ཏུ་ཡོད་པར་འགྱུར་བའི་ཕྱིར། གལ་ཏེ་སྲིད་པ་ཐ་མ་འགག་བཞིན་པའི་དུས་ན་སྐྱེ་བ་ཕྱི་མའི་དང་པོའི་སེམས་རང་བཞིན་གྱིས་སྐྱེ་བར་འགྱུར་ན་ནི་མི་འཐད་དེ། འགག་བཞིན་པའི་མིའི་སྲིད་པ་ནི་གཅིག་ཏུ་འགྱུར་ཞིང་སྐྱེ་བཞིན་པའི་ལྷའི་བར་དོའི་སྲིད་པ་ཡང་གཞན་གཅིག་ཏུ་འགྱུར་བས་སྲིད་པ་མི་མཐུན་པ་གཉིས་དུས་ཅིག་ཅར་དུ་ཡོད་པར་འགྱུར་རོ། །གསུམ་པ་ནི། གལ་ཏེ་འགག་བཞིན་སྐྱེ་བཞིན་དག །ལྷན་ཅིག་ཏུ་ཡང་རིགས་མིན་ན། །ཕུང་པོ་གང་ལ་འཆི་འགྱུར་བ། དེ་ལ་སྐྱེ་བའང་འབྱུང་འགྱུར་རམ། །དེ་ལྟར་དུས་གསུམ་དག་ཏུ་ཡང་། སྲིད་པའི་རྒྱུན་ནི་མི་རིགས་ན། །དུས་གསུམ་དག་ཏུ་གང་མེད་པ། །དེ་ནི་ཇི་ལྟར་སྲིད་པའི་རྒྱུན། །ཞེས་སོ། །གལ་ཏེ་འགག་བཞིན་པའི་འགག་པ་པོ་དང་སྐྱེ་བཞིན་པའི་སྐྱེ་བ་པོ་དག་ལྷན་ཅིག་སྟེ་དུས་གཅིག་ཏུ་ཡང་རིགས་པ་མིན་ལ། །དེ་ལས་གཞན་དུའང་རིགས་པ་མིན་ན་ད་ཅི་ཕུང་པོ་གང་ལ་གནས་ནས་འཆི་བར་འགྱུར་བའི་ཕུང་པོ་དེ་དག་ཉིད་ལ་སྐྱེ་བའང་རང་བཞིན་གྱིས་ཇི་ལྟར་འབྱུང་བར་འགྱུར་ཏེ། །སྐྱེ་བཞིན་པའི་དུས་ན་འཆི་བཞིན་པར་ནི་ཤིན་ཏུ་འགལ་བའི་ཕྱིར། དེ་ལྟར་འགགས་མ་འགགས་འགག་བཞིན་པའི་དུས་གསུམ་དག་ཏུ་ཡང་སྲིད་པ་དང་པོ་སྐྱེ་བའི་སྲིད་རྒྱུན་རང་བཞིན་གྱིས་ཡོད་པ་ནི་མི་རིགས་ན། གང་ཞིག་དུས་གསུམ་དུ་རང་བཞིན་གྱིས་ཡོད་པ་དེ་ནི་ཇི་ལྟར་ན་རང་བཞིན་གྱིས་ཡོད་པར་འགྱུར་ཏེ། དེའི་ཕྱིར་སྲིད་པའི་རྒྱུན་རང་བཞིན་གྱིས་མེད་དོ། །གཉིས་པ་ནི། ཏིང་ངེ་འཛིན་རྒྱལ་པོ་སོགས་ཀྱི་ལུང་རྣམས་སོ། །གསུམ་པ་ནི། འབྱུང་བ་དང་འཇིག་པ་བརྟག་པ ་ཞེས་བྱ་བ་རབ་ཏུ་བྱེད་པ་ཉི་ཤུ་རྩ་གཅིག་པའི་རྣམ་བཤད་དོ།། །།ལྔ་པ་སྲིད་པའི་རྒྱུན་རང་བཞིན་གྱིས་སྟོང་པར་བསྟན་པ་ལ་གཉིས། དེ་བཞིན་གཤེགས་པ་རང་བཞིན་གྱིས་ཡོད་པ་དགག་པ་དང་། ཉོན་མོངས་པ་རང་བཞིན་གྱིས་ཡོད་པ་དགག་པའོ། །དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ལུང་དང་སྦྱར་བ། མཚན་བསྟན་པའོ། །དང་པོ་ལ་བཞི། དེ་བཞིན་གཤེགས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དགག །དེ་ལ་ལོག་ལྟ་གཞན་གྱི་གནས་མེད་པར་བསྟན་པ། །ལོག་པར་བཟུང་བའི་ཉེས་དམིགས་བསྟན་པ། རིགས་པ་དེ་གཞན་ལ་སྦྱར་བའོ། །དང་པོ་ལ་གསུམ། ལེན་པ་པོར་རང་བཞིན་གྱིས་གྲུབ་པ་དགག ། བླང་བྱ་རང་བཞིན་གྱིས་གྲུབ་པ་དགག །དེ་གཉིས་ཀའི་འཇུག་བསྡུ་བའོ། །དང་པོ་ལ་གསུམ། དེ་བཞིན་གཤེགས་པ་རྫས་སུ་ཡོད་པ་དགག །ཕུང་པོ་ལ་བརྟེན་ནས་བཏགས་པ་རང་བཞིན་གྱིས་ཡོད་པ་དགག །དེ་རྣམས་ཀྱི་འཇུག་བསྡུ་བའོ། །དང་པོ་ནི། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་སོ། །དེ་བཞིན་གཤེགས་པ་རང་བཞིན་གྱིས་ཡོད་ན་དེ་རང་གི་གཟུགས་སོགས་ཀྱི་ཕུང་པོ་དང་རང་བཞིན་གཅིག་གམ་ཐ་དད། དང་པོ་ལྟར་རོ་ཞེ་ན། དེ་བཞིན་གཤེགས་པ་དེ་ཉིད་རང་གི་ཕུང་པོ་ལྔ་དང་རང་བཞིན་གྱིས་གཅིག་ཏུ་ཡོད་པ་མིན་ཏེ། ཡོན་ན་རང་གི་ཕུང་པོ་ལྔ་དང་ཐ་དད་གཏན་མེད་ཀྱི་གཅིག་ཏུ་འགྱུར་བས། གདགས་གཞི་དང་བཏགས་ཆོས་ཅན་གཉིས་གཅིག་ཏུ་འགྱུར་བ་དང་། བྱེད་པ་པོ་དང་ལས་གཅིག་སོགས་ཀྱང་གཅིག་ཏུ་འགྱུར་བའི་ཕྱིར། ཕྱི་མ་ལྟར་རོ་ཞེ་ན། དེ་བཞིན་གཤེགས་པ་ནི་རང་གི་ཕུང་པོ་ལས་རང་བཞིན་གྱིས་གཞན་མིན་ཏེ། ཡིན་ན་དེ་བཞིན་གཤེགས་པ་ལ་ཕུང་པོ་ལྔ་མེད་པ་དང་། ཕུང་པོ་འདུས་བྱས་སུ་མཚོན་པའི་མཚན་ཉིད་དང་མི་ལྡན་པ་སོགས་སུ་འགྱུར་བའི་ཕྱིར། འདི་དག་ནི་རབ་བྱེད་བཅོ་བརྒྱད་པར་བཤད་པ་བཞིན་དུ་སྦྱར་བར་བྱའོ། དེ་བཞིན་གཤེགས་པ་དེ་ལ་ཕུང་པོ་བརྟེན་པ་དང་ཕུང་པོ་དེ་བཞིན་གཤེགས་པ་དེར་བརྟེན་པ་ཡང་ངོ་བོ་ཉིད་ཀྱིས་མེད་དེ། དེ་བཞིན་གཤེགས་པ་དང་རང་གི་ཕུང་པོ་རང་བཞིན་གྱིས་ཐ་དད་དུ་མ་གྲུབ་པའི་ཕྱིར། དེ་བཞིན་གཤེགས་པ་ཕུང་པོ་དང་ལྡན་པ་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ཏེ། ལྷས་སྦྱིན་བ་ལང་དང་ལྡན་པ་ལྟར་ངོ་བོ་ཐ་དད་པ་དང་རྣ་བ་དང་ལྡན་པ་ལྟར་ངོ་བོ་གཅིག་ཏུ་རང་བཞིན་གྱིས་མེད་པའི་ཕྱིར། དེ་བཞིན་གཤེགས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་གང་ཞིག་ཡོད་པ་ཡིན་ཏེ། འགའ་ཡང་མེད་དེ། དེ་ལྟར་རྣམ་པ་ལྔས་བཙལ་ན་མི་རྙེད་པའི་ཕྱིར་རོ། གཉིས་པ་ལ་གཉིས། ཕུང་པོ་ལ་བརྟེན་ནས་བཏགས་པའི་དེ་བཞིན་གཤེགས་པ་རང་བཞིན་གྱིས་ཡོད་པ་དགག་པ་དང་། དེ་བཞིན་གཤེགས་པ་དང་ཕུང་པོ་ལེན་པ་དང་བླང་བྱ་རང་བཞིན་གྱིས་ཡོད་པ་འགག་པའོ། །དང་པོ་ལ་གཞི། ཕུང་པོ་ལ་བརྟེན་ནམ་བཏགས་པ་ཡིན་རང་བཞིན་གྱིས་ཡོད་པ་མིན་པ། དེ་གཉིས་མི་འགལ་པའི་ལན་དགག །རང་དངོས་མ་གྲུབ་ན་གཞན་དངོས་མ་གྲུབ་པ། དེས་ན་དེ་བཞིན་གཤེགས་པ་རང་བཞིན་གྱིས་མེད་པར་གྲུབ་པའོ། །དང་པོ་ནི། གལ་ཏེ་སངས་རྒྱས་ཕུང་པོ་ལ། །བརྟེན་ནས་རང་བཞིན་ལས་ཡོད་མིན། །རང་བཞིན་ལས་ནི་གང་མེད་པ། །དེ་གཞན་དངོས་ལས་ག་ལ་ཡོད། །ཅེས་སོ། །མང་བཀུར་བ་དག་ན་རེ། དེ་བཞིན་གཤེགས་པ་ཕུང་པོ་དང་ཐ་དད་མེད་པའི་གཅིག་དང་ངོ་བོ་ཐ་དད་པའི་གཞན་མིན་ཡང་ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་ཅིང་། ཕུང་པོ་ལ་བརྟེན་ནས་ཀྱང་འཇོག་པ་ཡིན་ནོ་ཞེ་ན། གལ་ཏེ་སངས་རྒྱས་ཕུང་པོ་ལ་བརྟེན་ནས་འདོགས་ན་འོ་ན་སངས་རྒྱས་ཆོས་ཅན། རང་བཞིན་ལས་སམ་རང་བཞིན་གྱིས་ཡོད་པ་མ་ཡིན་པར་ཐལ། །རང་གི་ཕུང་པོ་ལ་བརྟེན་བཏགས་པ་སྟེ་གཟུགས་བརྙན་བཞིན་ནོ། །གང་ཞིག་རང་བཞིན་ལས་ནི་སྟེ་རང་གི་ངོ་བོས་གྲུབ་པ་གང་མེད་པ་དེ་ཕུང་པོ་ལ་བརྟེན་ནས་གཞན་གྱི་དངོས་པོ་ལས་ངོ་བོ་ཉིད་ཀྱིས་ག་ལ་ཡོད་དེ། རང་གི་ངོ་བོ་ཉིད་ཀྱིས་མ་གྲུབ་ན་གཞན་གྱི་ངོ་བོ་ཉིད་ཀྱིས་གྲུབ་པར་འགལ་བའི་ཕྱིར། གཉིས་པ་ནི། གང་ཞིག་གཞན་གྱི་དངོས་བརྟེན་ནས། །དེ་བདག་ཉིད་དུ་མི་འཐད་དོ། །གང་ཞིག་བདག་ཉིད་མེད་པ་དེ། །ཇི་ལྟར་དེ་བཞིན་གཤེགས་པར་འགྱུར། །ཞེས་སོ། །སངས་རྒྱས་གང་ཞིག་གཞན་གྱི་དངོས་པོ་ལ་བརྟེན་ནས་གཟུགས་བརྙན་ལྟར་ཡོད་པར་འདོད་ན་ནི་དེ་བདག་ཉིད་དམ་རང་གི་ངོ་བོས་ཡོད་པའི་རང་བཞིན་དུ་མི་འཐད་དེ། གང་ཞིག་གཟུགས་བརྙན་ལྟར་རང་གི་བདག་ཉིད་ཀྱིས་མེད་པ་དེ་ཇི་ལྟར་ན་དེ་བཞིན་གཤེགས་པར་རང་བཞིན་གྱིས་ཡོད་པར་འགྱུར་བར་མི་རིགས་པའི་ཕྱིར། གསུམ་པ་ནི། གལ་ཏེ་རང་བཞིན་ཡོད་མིན་ན། །གཞན་དངོས་ཡོད་པ་ཇི་ལྟར་འགྱུར། །ཞེས་སོ། །གལ་ཏེ་སངས་རྒྱས་ངོ་བོ་ཉིད་ཀྱིས་ཡོད་པའི་རང་བཞིན་མིན་ན་དེ་ལ་བལྟོས་ན་ཕུང་པོའི་རྣམས་གཞན་གྱི་དངོས་པོའི་རང་བཞིན་དུ་ཡོད་པར་ཇི་ལྟར་འགྱུར་ཏེ། སངས་རྒྱས་དང་དེའི་ཕུང་པོ་རྣམས་ཕན་ཚུན་བལྟོས་ནས་གྲུབ་པའི་ཕྱིར། བཞི་པ་ནི། །རང་བཞིན་དང་ནི་གཞན་དངོས་དག །མ་གཏོགས་དེ་བཞིན་གཤེགས་དེ་གང་། །ཞེས་སོ། །ཇི་སྐད་བཤད་པ་ལྟར་རང་དངོས་དང་གཞན་དངོས་ངོ་བོས་གྲུབ་པ་མིན་ན་རང་བཞིན་དང་ནི་གཞན་དངོས་མ་གཏོགས་པའི་དེ་བཞིན་གཤེགས་པ་རང་བཞིན་གྱིས་གྲུབ་པ་དེ་གང་ཞིག་ཡོད་དེ་མེད་དོ། །གཉིས་པ་ནི། གལ་ཏེ་ཕུང་པོ་མ་བརྟེན་པར། །དེ་བཞིན་གཤེགས་པ་འགའ་ཡོད་ན། །ད་ནི་ད་གདོད་བརྟེན་འགྱུར་ཞིང་། །བརྟེན་ནས་དེ་ནས་འགྱུར་ལ་རག །ཕུང་པོ་རྣམས་ལ་མ་བརྟེན་པར། །དེ་བཞིན་གཤེགས་པ་འགའ་ཡང་མེད། །གང་ཞིག་མ་བརྟེན་ཡོད་མིན་ན། །དེས་ནི་ཅི་ལྟར་ཉེར་ལེན་འགྱུར། །ཉེ་བར་བླངས་པ་མ་ཡིན་པ། །ཉེ་བར་ལེན་པ་ཇི་ལྟར་འགྱུར། །ཉེ་བར་ལེན་པ་མེད་པ་ཡི། །དེ་བཞིན་གཤེགས་པ་ཅི་ཡང་མེད། །ཅེས་སོ། །མང་བཀུར་བ་ཁྱོད་འདོད་པ་ལྟར་གལ་ཏེ་ཕུང་པོ་ལས་དེ་ཉིད་དང་བརྗོད་དུ་མེད་པའི་དེ་བཞིན་གཤེགས་པ་ཡོད་པའི་ཚེ། ཕུང་པོ་ལ་མ་བརྟེན་པར་ཕུང་པོའི་སྔར་དེ་བཞིན་གཤེགས་པ་འགལ་ཞིག་ཡོད་ན། དེ་ནི་ད་གཟོད་ཕུང་པོ་དག་ལ་བརྟེན་པར་འགྱུར་ཞིང་། ཕུང་པོ་ལ་བརྟེན་ནས་དེ་ནས་དེའི་ལེན་པ་པོར་འགྱུར་ལ་རག་ནའང་དེ་མི་འཐད་དེ། ཕུང་པོ་རྣམས་མ་བརྟེན་པར་ཏེ་དེའི་སྔར་དེ་བཞིན་གཤེགས་པ་འགའ་ཡང་མེད་པའི་ཕྱིར་ཏེ། དེ་ནི་ཕུང་པོ་ལྔ་ལ་བརྟེན་ནས་བཏགས་པའི་ཕྱིར། ཁྱབ་སྟེ། སངས་རྒྱས་གང་ཞིག་ཕུང་པོ་ལ་མ་བརྟེན་པར་ཕུང་པོའི་སྔར་ཡོད་པ་ཡིན་ན། དེ་བཞིན་གཤེགས་པ་དེས་ནི་ཇི་ལྟར་ན་རང་བཞིན་གྱིས་ཕུང་པོ་ཉེ་བར་ལེན་པར་འགྱུར་བའང་མི་འཐད་པའི་ཕྱིར། དེ་བཞིན་གཤེགས་པ་ཕུང་པོ་སྔར་མེད་ན་ནི་རང་བཞིན་གྱིས་ཉེ་བར་བླངས་པ་མིན་པར་ཕུང་པོ་རྣམས་དེའི་ཉེ་བར་ལེན་པར་རང་བཞིན་གྱིས་ཇི་ལྟར་འགྱུར་ཏེ། རང་གི་སྔར་རང་བཞིན་གྱིས་ཉེ་བར་ལེན་པ་པོ་མེད་པའི་ཕྱིར། རང་བཞིན་གྱིས་ཉེ་བར་ལེན་པ་མེད་པ་ཡི་དེ་བཞིན་གཤེགས་པ་རང་བཞིན་གྱིས་གྲུབ་པ་ཅི་ཡང་མེད་དེ། དེ་བཞིན་གཤེགས་པས་ཕུང་པོ་རྣམས་རང་བཞིན་གྱིས་ཉེ་བར་མ་བླངས་པའི་ཕྱིར་རོ། གསུམ་པ་ནི། རྣམ་པ་ལྔས་ནི་བཙལ་བྱས་ན། །གང་ཞིག་དེ་ཉིད་གཞན་ཉིད་དུ། །མེད་པའི་དེ་བཞིན་གཤེགས་པ་དེ། །ཉེ་བར་ལེན་པས་ཇི་ལྟར་གདགས། །ཞེས་སོ། །ཇི་སྐད་བཤད་པའི་བརྟག་པ་རྣམ་པ་ལྔས་ནི་དཔྱད་ཅིང་བཙལ་བར་བྱས་ན་སངས་རྒྱས་གང་ཞིག་ཕུང་པོ་ལས་དེ་ཉིད་གཞན་ཉིད་དུ་ངོ་བོ་ཉིད་ཀྱིས་མེད་པའི་དེ་བཞིན་གཤེགས་པ་དེ་རང་བཞིན་གྱིས་ཡོད་པར་ཉེ་བར་ལེན་པའི་ཕུང་པོས་ཇི་ལྟར་གདགས་པར་ནུས་ཏེ། བཏགས་དོན་རྣམ་པ་ལྔས་བཙལ་ན་མི་རྙེད་པའི་ཕྱིར། གཉིས་པ་ནི། གང་ཞིག་ཉེ་བར་བླངས་པ་དེ། །དེ་ནི་རང་བཞིན་ལས་ཡོད་མིན། །བདག་གི་དངོས་ལ་གང་མེད་པ། །དེ་གཞན་དངོས་པོས་ཡོད་རེ་སྐན། །ཞེས་སོ། དཔྱད་པ་ལྔས་དེ་བཞིན་གཤེགས་པ་རང་བཞིན་གྱིས་མ་གྲུབ་པར་བསྟན་པར་མ་ཟད་ཀྱི། གང་ཞིག་ཉེ་བར་བླངས་པ་གཟུགས་ཚོར་སོགས་ལྔ་པོ་དེ་ཡང་རང་བཞིན་ལས་ཏེ་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། དེ་རྣམས་ནི་རྟེན་འབྲེལ་ཡིན་པའི་ཕྱིར་དང་སྔར་བཀག་ཟིན་པའི་ཕྱིར། གལ་ཏེ་ཉེ་བར་ལེན་པ་དེ་རྒྱུ་རྐྱེན་གྱི་དངོས་པོ་ལ་བརྟེན་ནས་རང་བཞིན་གྱིས་ཡོད་དོ་སྙམ་ན། གཞན་ལ་མ་བརྟེན་པར་བདག་གི་དངོས་པོ་ལས་ངོ་བོ་ཉིད་ཀྱིས་གང་མེད་པ་དེ་ནི་རྒྱུ་རྐྱེན་གཞན་གྱི་དངོས་པོ་ལས་རང་བཞིན་གྱིས་ཡོད་རེ་སྐན་ཏེ་ཡོད་མི་སྲིད་དེ། རང་གི་ངོ་བོས་གྲུབ་པ་དང་གཞན་ལ་བལྟོས་པ་གཉིས་འགལ་བའི་ཕྱིར། གསུམ་པ་ནི། དེ་ལྟར་ཉེར་བླང་ཉེར་ལེན་པོ། །རྣམ་པ་ཀུན་གྱིས་སྟོང་པ་ཡིན། །སྟོང་པས་དེ་བཞིན་གཤེགས་སྟོང་པ། །ཇི་ལྟ་བུར་ན་འདོགས་པར་འགྱུར། །ཞེས་སོ། །དེ་ལྟར་ཉེ་བར་བླང་པར་བྱ་བ་དང་ཉེ་བར་ལེན་པ་པོ་གཉིས་རང་བཞིན་གྱིས་གྲུབ་པས་རྣམ་པ་ཀུན་གྱིས་སྟོང་པ་ཡིན་ལ། ཉེ་བར་བླང་བྱ་རང་བཞིན་གྱིས་སྟོང་པས་དེ་བཞིན་གཤེགས་པ་རང་བཞིན་གྱིས་སྟོང་པ་ཡང་ཇི་ལྟ་བུར་ན་ངོ་བོ་ཉིད་ཀྱིས་ཡོད་པར་འདོགས་པར་འགྱུར་མི་རུང་ངོ་། །གཞུང་འདི་རྣམས་ཀྱིས་བརྟེན་ནས་བཏགས་པ་དང་རང་བཞིན་གྱིས་གྲུབ་པ་འགལ་བ་འབད་པས་བསྒྲུབས་སོ། །གཉིས་པ་ནི། །སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང་། །གཉིས་དང་གཉིས་མིན་མི་བྱ་སྟེ། གདགས་པའི་དོན་དུ་བརྗོད་པར་བྱ། །རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །གང་གིས་དེ་བཞིན་གཤེགས་ཡོད་ཅེས། །འཛིན་པ་སྡུག་པོས་བཟུང་གྱུར་པ། །དེ་ནི་མྱ་ངན་འདས་པ་དང་། །མེད་ཅེས་རྣམ་རྟོག་རྟོག་པར་བྱེད། །རང་བཞིན་གྱིས་ནི་སྟོང་དེ་ལ། །སངས་རྒྱས་མྱ ་ངན་འདས་ནས་ནི། །ཡོད་དོ་ཞེའམ་མེད་དོ་ཞེས། བསམས་པའང་འཐད་པ་ཉིད་མི་འགྱུར། །ཞེས་སོ། ཁོ་ན་རེ། ཁྱོད་ཀྱིས་དེ་བཞིན་གཤེགས་པ་རང་བཞིན་གྱིས་མེད་པར་བཤད་ནས་དེ་ལ་སྐུར་བ་བཏབ་པས་ཁྱེད་དང་བརྩད་པས་ཆོག་གོ་ཞེ་ན། ཁོ་བོ་ཅག་གིས་དེ་བཞིན་གཤེགས་པའི་གནས་ཚུལ་ཇི་ལྟ་བ་བཞིན་འཆད་ཀྱིས། དེ་བཞིན་གཤེགས་པ་ལ་སྐུར་པ་ག་ལ་འདེབས། དེ་བཞིན་གཤེགས་པ་སྟོང་ངོ་སྟེ་མེད་དོ་ཞེས་ཀྱང་ཁོ་བོ་ཅག་མི་བརྗོད་ལ། རང་བཞིན་གྱིས་མི་སྟོང་ངོ་ཞེས་ཀྱང་མི་བྱ་ཞིང་དེ་གཉིས་ཀ་དང་གཉིས་མ་ཡིན་པར་ཡང་ངོ་བོ་ཉིད་ཀྱིས་ཡོད་ཅེས་བརྗོད་པར་མི་བྱ་སྟེ། དེ་ལྟ་ནའང་གདུལ་བྱའི་བསམ་པ་དང་མཐུན་པར་ཐ་སྙད་ཀྱི་དབང་དུ་མཛད་ནས་གདགས་པའི་དོན་དུ་བརྗོད་པར་བྱ་བ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་ལ་སྟོང་པ་ལ་སོགས་པ་བཞི་མི་མངའ་བ་ལྟར། འཇིག་རྟེན་རྟག་པ་དང་མི་རྟག་པ་ལ་སོགས་ཀྱིས་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་བཞིར་ལྟ་བ་ཡང་སངས་རྒྱས་ངོ་བོ་ཉིད་ཀྱིས་ཡོད་པ་ཞི་བ་འདི་ལ་ག་ལ་ཡོད་དེ་མེད་དོ། །དེ་བཞིན་དུ་འཇིག་རྟེན་མཐའ་དང་ལྡན་པ་དང་མཐའ་མེད་པ་དང་ལྡན་མི་ལྡན་ལ་སོགས་པ་བཞིར་བཟུང་བའི་དོན་ཡང་ཞི་བ་འདི་ལ་ག་ལ་ཡོད། རྒོལ་བ་གང་གིས་མཐའ་དེ་ལྟར་བདེན་གྱི་གཏི་མུག་གོ་ཞེས་འདོད་ཅིང་འཛིན་པ་སྡུག་པོས་བཟུང་བར་གྱུར་བ་དེ་ནི་སངས་རྒྱས་མྱ་ངན་ལས་འདས་པ་ལ་དེ་བཞིན་གཤེགས་པ་ཡོད་དོ་ཞེའམ་མེད་དོ་ཞེས་པ་དང་། ཡོད་མེད་གཉིས་ཀ་དང་གཉིས་ཀ་མ་ཡིན་པར་རྣམ་པར་རྟོག་པས་རྟོག་པར་བྱེད་ལ། ཁོ་བོ་ཅག་ལྟར་ན་དེ་བཞིན་གཤེགས་པ་རང་བཞིན་གྱིས་ནི་སྟོང་པ་དེ་ལ་སངས་རྒྱས་མྱ་ངན་ལས་འདས་ནས་ནི་དེ་ཡོད་དོ་ཞེའམ་མེད་དོ་ཞེའམ། གཉིས་ཀ་དང་གཉིས་ཀ་མ་ཡིན་ནོ་ཞེས་བསམ་པས་བཟུང་བ་ལྟར་འཐད་པ་ཉིད་དུ་མི་འགྱུར་ཏེ། དེ་ལྟར་ལྟ་བ་རྣམས་ནི་ལྟ་བ་ངན་པ་ཡིན་པའི་ཕྱིར། གསུམ་པ་ནི། གང་དག་སངས་རྒྱས་སྤྲོས་འདས་ཤིང་། །ཟད་པ་མེད་པ་སྤོས་བྱེད་པ། །སྤྲོས་པས་ཉམས་པ་དེ་ཀུན་གྱིས། །དེ་བཞིན་གཤེགས་པ་མཐོང་མི་འགྱུར། ཞེས་སོ། །གང་དག་བློ་ཞན་པས་སངས་རྒྱས་སྤྲོས་པ་ཐམས་ཅད་ལས་འདས་ཤིང་། རང་བཞིན་གྱིས་སྐྱེ་བ་མེད་པས་རང་བཞིན་གཞན་དུ་འགྲོ་བའི་ཟད་པ་མེད་ལ། སྔར་བཤད་པའི་རྟག་མི་རྟག་ལ་སོགས་པའི་ལོག་པའི་རྟོག་པས་སྤྲོས་པར་བྱེད་པ་སྤྲོས་པ་དེ་དག་གིས་ཡེ་ཤེས་ཀྱི་མིག་ཉམས་པ་དེ་དག་ཀུན་གྱིས་ནི་དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་མཐོང་བར་མི་འགྱུར་ཏེ། དམུས་ལོང་གིས་ཉི་མ་བཞིན་ནོ། །རྡོར་གཅོད་དུ། གང་དག་ང་ལ་གཟུགས་སུ་མཐོང་། །ཞེས་གསུངས་པ་ནི་དོན་འདི་ལྟ་བུ་ལ་དགོངས་པ་ཡིན་ཏེ། བདེན་འཛིན་གྱི་རྣམ་རྟོག་གིས་བཅིངས་ནས་སངས་རྒྱས་ཀྱི་གཟུགས་སྐུ་བདེན་པར་བཟུང་ན་ཆོས་སྐུ་དེ་བཞིན་ཉིད་མི་མཐོང་བའི་དོན་ཡིན་པའི་ཕྱིར། བཞི་པ་ནི། དེ་བཞིན་གཤེགས་པའི་རང་བཞིན་གང་། །དེ་ནི་འགྲོ་འདིའི་རང་བཞིན་ཡིན། །དེ་བཞིན་གཤེགས་པ་རང་བཞིན་མེད། །འགྲོ་བ་འདི་ཡི་རང་བཞིན་མེད། །ཅེས་སོ། །དེ་བཞིན་གཤེགས་པ་རྣམ་པ་ལྔས་ཡོད་མེད་བརྟགས་པས་ནི་སེམས་ཅན་གྱི་འཇིག་རྟེན་རྣམས་ཀྱང་བརྟགས་པ་ཡིན་པས། །དེ་བཞིན་གཤེགས་པ་ལ་རང་བཞིན་མེད་པ་ལྟར་བཅུད་ཀྱི་སེམས་ཅན་ལའང་རང་བཞིན་མེད་དེ། དེ་བཞིན་གཤེགས་པའི་རང་བཞིན་གང་ཡིན་པ་དེ་དང་འདྲ་བར་འགྲོ་བ་འདི་ཡི་རང་བཞིན་ཡང་ཡིན་པའི་ཕྱིར། དེ་བཞིན་གཤེགས་པའི་རང་བཞིན་གང་ཞེ་ན། དེ་བཞིན་གཤེགས་པ་ཕུང་པོ་ལ་བརྟེན་ནས་བཏགས་པ་ཉིད་ཀྱིས་ངོ་བོས་གྲུབ་པ་མེད་པས་རང་བཞིན་གྱིས་གྲུབ་པ་མེད་ལ། དེ་བཞིན་དུ་འགྲོ་བ་འདི་དག་ཀྱང་བལྟོས་པ་དེ་དང་དེ་ལ་བརྟེན་ནས་བཏགས་པའི་ཕྱིར་ངོ་བོས་གྲུབ་པ་ཡི་རང་བཞིན་མེད་དེ། གོང་དུ་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་ནི། །ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལ་སོགས་པ་རྣམས་སོ། །གསུམ་པ་ནི། དེ་བཞིན་གཤེགས་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་ཉི་ཤུ་རྩ་གཉིས་པའི་རྣམ་བཤད་དོ།། །།གཉིས་པ་ཉོན་མོངས་རང་བཞིན་གྱིས་ཡོད་པ་དགག་པ་ལ་གསུམ། རབ་བྱེད་ཀྱི་བཞུང་བཤད། ལུང་དང་སྦྱར་བ། མཚན་བསྟན་པའོ། །དང་པོ་ལ་གཉིས། དངོས་དང་། དེའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་ལྔ། རྟེན་འབྲེལ་གྱིས་རྟགས་ཀྱིས་དགག །རྟེན་འབྲེལ་རང་བཞིན་གྱིས་མེད་པའི་རྟགས་ཀྱིས་དགག །རྒྱུ་རང་བཞིན་གྱིས་མེད་པའི་རྟགས་ཀྱིས་དགག །དམིགས་པ་རང་བཞིན་གྱིས་མེད་པའི་རྟགས་ཀྱིས་དགག །རྒྱུ་རང་བཞིན་གྱིས་མེད་པའི་རྟགས་གཞན་གྱིས་དགག་པའོ། །དང་པོ་ནི། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཀུན་ཏུ་རྟོག་ལས་འབྱུང་བར་གསུངས། །སྡུག་དང་མི་སྡུག་ཕྱིན་ཅི་ལོག །བརྟེན་པ་ཉིད་ལས་ཀུན་ཏུ་འབྱུང་། །གང་དག་སྡུག་དང་མི་སྡུག་དང་། །ཕྱིན་ཅི་ལོག་ལ་བརྟེན་འབྱུང་བ། དེ་དག་རང་བཞིན་ལས་མེད་དེ། །དེ་ཕྱིར་ཉོན་མོངས་ཡང་དག་མེད། །ཅེས་སོ། །གལ་ཏེ་ཉོན་མོངས་པས་སྲིད་པའི་རྒྱུ་བྱེད་པས་དེ་རང་བཞིན་གྱིས་ཡོད་དོ་སྙམ་ན། མདོ་སྡེ་ལས་འདོད་ཆགས་དང་ཞེ་སྡང་གཏི་མུག་རྣམས་ཚུལ་བཞིན་མ་ཡིན་པའི་ཀུན་ཏུ་རྟོག་པ་ལས་འབྱུང་བར་གསུངས་ཏེ། དེ་ཡང་སྡུག་པའི་རྣམ་པ་ལ་བརྟེན་ནས་འདོད་ཆགས་དང་མི་སྡུག་པ་ལས་ཞེ་སྡང་དང་། གཏི་མུག་གི་ཚོགས་ནི་ཚུལ་བཞིན་མ་ཡིན་པའི་ཕྱིན་ཅི་ལོག་ལ་བརྟེན་པ་ཉིད་ལས་ཀུན་ཏུ་འབྱུང་ངོ་། །གང་དག་ཡུལ་སྡུག་པ་དང་མི་སྡུག་པ་དང་ཕྱིན་ཅི་ལོག་ལ་བརྟེན་ནས་འབྱུང་བ་དེ་དག་ནི་རང་བཞིན་ལས་མེད་དེ། རང་བཞིན་གྱིས་ཡོད་ན་རྐྱེན་ལ་བལྟོས་མེད་དུ་འབྱུང་བར་རིགས་ན། དེ་ལྟར་མི་འབྱུང་བར་ཡུལ་སྡུག་མི་སྡུག་སོགས་ལ་བལྟོས་པའི་ཕྱིར། དེས་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་དེ་དག་ཆོས་ཅན། ཡང་དག་པར་མེད་དེ། སྡུག་མི་སྡུག་སོགས་བརྟེན་ནས་འབྱུང་བ་དེའི་ཕྱིར་རོ། །དུག་གསུམ་ནི་གོ་སླ་ལ་ཀུན་རྟོག་ནི་སྡུག་མི་སྡུག་སོགས་སུ་ལྟ་བ་སྟེ། དེ་རྣམས་ནི་ཡུལ་ཕྱིན་ཅི་ལོག་ལ་བརྟེན་ནས་སྐྱེ་བས་རང་བཞིན་གྱིས་སྟོང་པར་ངེས་སླ་བའི་ཕྱིར། །དེ་བསྐྱེད་པའི་ཉོན་མོངས་གཞན་ཡང་རང་བཞིན་གྱིས་སྟོང་པར་ངེས་ནུས་པར་འགྱུར་རོ། །གཉིས་པ་ལ་གཉིས། བདག་རྟེན་ཏུ་མེད་པའི་རྟགས་ཀྱིས་དགག་པ་དང་། སེམས་རྟེན་དུ་མེད་པའི་རྟགས་ཀྱིས་དགག་པའོ། །དང་པོ་ནི། བདག་གི་ཡོད་ཉིད་མེད་ཉིད་ནི། །ཅི་ལྟ་བུར་ཡང་འགྲུབ་པ་མེད། །དེ་མེད་ཉོན་མོངས་རྣམས་ཀྱི་ནི། །ཡོད་ཉིད་མེད་ཉིད་ཇི་ལྟར་འགྲུབ། །ཉོན་མོངས་འདི་དག་གང་གི་ཡིན། །དེ་ཡང་གྲུབ་པ་ཡོད་མ་ཡིན། འགར་མེད་པར་ནི་གང་གིས་ཡང་། །ཉོན་མོངས་པ་དག་ཡོད་མ་ཡིན། །ཞེས་སོ། །བདག་གི་བ་ཡོད་པ་ཉིད་དང་མེད་པ་ཉིད་ནི་ཇི་ལྟ་བུར་ཡང་རང་བཞིན་གྱིས་གྲུབ་པ་ནི་སྔར་བཤད་ཟིན་ལ། །དེ་མེད་པའི་ཕྱིར་ན་བདག་དང་བདག་གི་བ་ལ་བརྟེན་པའི་ཉོན་མོངས་རྣམས་ཀྱི་ཡོད་པ་ཉིད་དང་མེད་པ་ཉིད་རང་བཞིན་གྱིས་འགྲུབ་པ་ཇི་ལྟར་འགྱུར་ཏེ། རྟེན་རང་བཞིན་གྱིས་མེད་པར་བརྟེན་པ་ཉོན་མོངས་རང་བཞིན་གྱིས་ཡོད་པ་མི་རིགས་པའི་ཕྱིར། ཉོན་མོངས་འདི་དག་ཆོས་ཅན། ཁྱོད་གང་གི་ཡིན་པའི་རྟེན་མེད་པར་མི་འབྱུང་སྟེ། རྩིག་ངོས་ཀྱི་རི་མོ་བཞིན་དུ་རྟེན་ལ་ལྟོས་པའི་ཕྱིར། རྟེན་དེ་ཡང་ཆོས་ཅན། རང་བཞིན་གྱིས་གྲུབ་པ་ཡོད་པ་མ་ཡིན་ཏེ། བདག་གམ་སེམས་ཅན་གང་ཡིན་བརྟགས་ན་བཏགས་དོན་མི་རྙེད་པའི་ཕྱིར། རྟེན་འགའ་ཡང་རང་བཞིན་གྱིས་མེད་པར་ནི་རྟེན་གང་གི་ཡང་ཉོན་མོངས་པ་དག་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། གཞི་མེད་དུ་འབྱུང་མི་རིགས་པའི་ཕྱིར། གཉིས་པ་ནི། རང་ལུས་ལྟ་བཞིན་ཉོན་མོངས་རྣམས། །ཉོན་མོངས་ཅན་ལ་རྣམ་ལྔར་མེད། །རང་ལུས་ལྟ་བཞིན་ཉོན་མོངས་ཅན། །ཉོན་མོངས་པ་ལ་རྣམ་ལྔར་མེད། །ཅེས་སོ། །གལ་ཏེ་ཉོན་མོངས་ཀྱི་རྟེན་བདག་སྔོན་དུ་མེད་ཀྱང་ཉོན་མོངས་ཅན་གྱི་སེམས་ལ་བརྟེན་ནས་ཉོན་མོངས་སྐྱེ་ཞིང་སེམས་ཀྱང་ཉོན་མོངས་ཀྱང་ལྷན་ཅིག་སྐྱེའོ་སྙམ་ན། རང་གི་ལུས་ལ་ལྟ་བའི་འཇིག་ལྟའི་ཞེན་ཡུལ་གྱི་བདག་དེ་རྣམ་པ་ལྔར་དཔྱད་ན་མི་རྙེད་པ་དེ་བཞིན་དུ། ཉོན་མོངས་པ་རྣམས་ནི་ཉོན་མོངས་པར་བྱ་བའི་ཉོན་མོངས་ཅན་ལ་ཡང་རྣམ་པ་ལྔར་དཔྱད་ན་མེད་དེ། རིགས་པའི་གནོད་བྱེད་འཇུག་ཚུལ་མཚུངས་པའི་ཕྱིར། རང་གི་ལུས་ལ་ལྟ་བའི་འཇིག་ལྟས་བཟུང་བའི་བདག་རྣམ་པ་ལྔར་མེད་པ་དེ་བཞིན་དུ། ཉོན་མོངས་ཅན་གྱི་སེམས་ཀྱང་ཉོན་མོངས་པ་ལ་རྣམས་པ་ལྔར་མེད་དེ། སྔར་བཤད་པ་བཞིན་དུ་སྦྱར་འོས་པའི་ཕྱིར། གསུམ་པ་ནི། སྡུག་དང་མི་སྡུག་ཕྱིན་ཅི་ལོག །རང་བཞིན་ལས་ནི་ཡོད་མིན་ན། །སྡུག་དང་མི་སྡུག་ཕྱིན་ཅི་ལོག །བརྟེན་ནས་ཉོན་མོངས་གང་དག་ཡིན། །ཞེས་སོ། །ཡུལ་སྡུག་པ་དང་མི་སྡུག་པ་དང་ཕྱིན་ཅི་ལོག་རྣམས་ནི་རང་གི་རང་བཞིན་ལས་ཏེ་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར། དེས་ན་སྡུག་དང་མི་སྡུག་ཕྱིན་ཅི་ལོག་ལ་བརྟེན་ནས་བྱུང་བའི་ཉོན་མོངས་གང་དག་ཡིན་པ་ཆོས་ཅན། རང་བཞིན་གྱིས་མེད་དེ། ཡུལ་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ། །བཞི་པ་ནི། གཟུགས་སྒྲ་རོ་དང་རེག་པ་དང་། །དྲི་དང་ཆོས་དང ་རྣམ་དྲུག་ནི། །གཞི་སྟེ་འདོད་ཆགས་ཞེ་སྡང་དང་། །གཏི་མུག་གི་ནི་ཡིན་པར་བརྟག ། གཟུགས་སྒྲ་རོ་དང་རེག་པ་དང་། དྲི་དང་ཆོས་དག་འབའ་ཞིག་སྟེ། །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །ཞེས་སོ། །ཡུལ་དྲུག་རང་བཞིན་གྱིས་ཡོད་པས་དེ་ལ་དམིགས་པའི་ཉོན་མོངས་པ་ཡང་རང་བཞིན་གྱིས་ཡོད་དོ་སྙམ་ན། གཟུགས་སུ་རུང་བས་ན་གཟུགས་དང་སྒྲོགས་ཤིང་སྟོན་པས་སྒྲ་དང་མྱང་བར་བྱ་བས་རོ་དང་བསྣོམ་པར་བྱ་བས་དྲི་དང་རེག་པར་བྱ་བས་རེག་བྱ་དང་མཚན་ཉིད་འཛིན་པས་ཆོས་ཏེ་རྣམ་པ་དྲུག་ནི་འདིར་གཞི་སྟེ་དམིགས་པ་ཡིན་ལ། གང་གིས་དགའ་བར་བྱེད་བས་འདོད་ཆགས་དང་ཡིད་ལ་སྡང་བར་བྱེད་པས་ཞེ་སྡང་དང་སེམས་གཏི་མུག་ཏུ་བྱེད་པའི་གཏི་མུག་གི་ནི་གཞི་ཡིན་ཏེ། །དེ་རྣམས་ནི་ཡུལ་དེ་དྲུག་ལ་བརྟེན་ནས་སྐྱེ་བའི་ཕྱིར། དེ་རྣམས་ཀྱི་ཡུལ་དེ་དག་ཉོན་མོངས་པའི་གཞིར་བརྟགས་ཀྱང་གཟུགས་དང་སྒྲ་དང་རོ་དང་རེག་པ་དང་དྲི་དང་ཆོས་དག་འབའ་ཞིག་སྟེ་བཏགས་པ་ཙམ་དུ་ཟད་ཀྱི་རང་བཞིན་གྱིས་གྲུབ་པ་མེད་དོ། །མེད་བཞིན་དུ་དམིགས་པ་ནི་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་སྨིག་རྒྱུ་དང་རྨི་ལམ་དང་འདྲ་བ་ཡིན་ནོ། །ལྔ་པ་ནི་གཉིས། ཆགས་སྡང་གི་རྒྱུ་རང་བཞིན་གྱིས་གྲུབ་པ་དགག་པ་དང་། །གཏི་མུག་གི་རྒྱུ་རང་བཞིན་གྱིས་གྲུབ་པ་དགག་པའོ། །དང་པོ་ནི། སྒྱུ་མའི་སྐྱེས་བུ་ལྟ་བུ་དང་། །གཟུགས་བརྙན་འདྲ་བ་དེ་དག་ལ། །སྡུག་པ་དང་ནི་མི་སྡུག་པ། །འབྱུང་བར་ཡང་ནི་ག་ལ་འགྱུར། །གང་ལ་བརྟེན་ནས་སྡུག་པ་ཞེས། །གདགས་པར་བྱ་བ་མི་སྡུག་པ། །སྡུག་ལ་མ་བལྟོས་ཡོད་མིན་པས། །དེ་ཕྱིར་སྡུག་པ་འཐད་པ་མིན། །གང་ལ་བརྟེན་ནས་མི་སྡུག་པར། །གདགས་པར་བྱ་བ་སྡུག་པ་ནི། །མི་སྡུག་མ་བལྟོས་ཡང་ཡིན་པས། །དེ་ཕྱིར་མི་སྡུག་འཐད་མ་ཡིན། །སྡུག་པ་ཡོད་པ་མ་ཡིན་ན། །འདོད་ཆགས་ཡོད་པ་ག་ལ་འགྱུར། །མི་སྡུག་ཡོད་པ་མ་ཡིན་ན། །ཞེ་སྡང་ཡོད་པར་ག་ལ་འགྱུར། །ཞེས་སོ། །ཡུལ་ཅན་དྲུག་ཡུལ་ཕྱིན་ཅི་ལོག་རྣམས་ལ་དམིགས་ནས་རང་བཞིན་གྱིས་མེད་བཞིན་དུ་སྒྱུ་མ་ལྟར་སྟོང་པར་སྐྱེ་བ་དེའི་ཚེ་ཡུལ་དྲུག་ནི་སྒྱུ་མའི་སྐྱེས་བུ་ལྟ་བུ་དང་གཟུགས་བརྙན་འདྲ་བ་དེ་དག་ལ་སྡུག་པའི་མཚན་མ་དང་མི་སྡུག་པའི་མཚན་མ་ནི་རང་བཞིན་གྱིས་ཡོད་པ་འབྱུང་བར་ཡང་ནི་ག་ལ་འགྱུར་ཏེ། །རྟེན་ལོག་པའི་དབང་ཉིད་ཀྱིས་བྱུང་བ་ཙམ་ཡིན་པའི་ཕྱིར། སྡུག་མི་སྡུག་གཉིས་ཕན་ཚུན་བལྟོས་ནས་གྲུབ་བ་ཡིན་ཏེ། མི་སྡུག་པ་གང་ལ་བརྟེན་པ་སྟེ་བལྟོས་ནས་སྡུག་པ་ཞེས་གདགས་པ་སྟེ་བཞག་པར་བྱ་བའི་བལྟོས་པ་མི་སྡུག་པ་དེ་ཆོས་ཅན། སྡུག་པ་ལ་བལྟོས་པ་ཡིན་ཏེ། དེ་ལ་མ་བལྟོས་པར་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པའི་ཕྱིར། དེའི་ཕྱིར་ཡུལ་སྡུག་པ་ཆོས་ཅན། རང་བཞིན་གྱིས་ཡོད་པ་འཐད་པ་མ་ཡིན་ཏེ། ཡུལ་མི་སྡུག་པ་ལ་བལྟོས་པའི་ཕྱིར། ཁྱབ་སྟེ། །བལྟོས་ས་ངོ་བོ་ཉིད་ཀྱིས་མེད་ན་བལྟོས་ཆོས་ངོ་བོ་ཉིད་ཀྱིས་ཡོད་པར་འགལ་བའི་ཕྱིར། ཡུལ་སྡུག་པ་གང་ལ་བརྟེན་པ་སྟེ་བལྟོས་ནས་མི་སྡུག་པར་གདགས་པར་བྱ་བའི་བལྟོས་ས་སྡུག་པ་དེ་ནི་མི་སྡུག་པ་ལ་མི་བལྟོས་པར་ཡང་ཡོད་པ་མིན་པས་དེའི་ཕྱིར་མི་སྡུག་པ་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་ནི་འཐད་པ་མ་ཡིན་ནོ། །དེ་ལྟར་སྡུག་པའི་མཚན་མ་ནི་ངོ་བོས་ཡོད་པ་མ་ཡིན་ན་དེའི་རྒྱུ་ཅན་གྱི་སྟེ་འབྲས་བུ་འདོད་ཆགས་ཀྱང་ངོ་བོས་ཡོད་པར་ག་ལ་འགྱུར་ཞིང་། མི་སྡུག་པའི་མཚན་མ་ཡང་ངོ་བོས་ཡོད་པ་མ་ཡིན་ན་དེའི་རྒྱུ་ཅན་གྱི་ཞེ་སྡང་ཀྱང་ངོ་བོས་ཡོད་པར་ག་ལ་འགྱུར་ཏེ། དེ་ལྟར་འགྱུར་བའི་རྒྱུ་མེད་པའི་ཕྱིར་རོ། །སྡུག་མི་སྡུག་བལྟོས་ནས་འཇོག་པ་ཡིན་ཏེ། གང་ཟག་གི་བློ་ངོ་ལ་བལྟོས་ཏེ་སྡུག་མི་སྡུག་མཐའ་གཅིག་ཏུ་མ་ངེས་པའི་ཕྱིར་ཏེ། གཞན་ཞིག་གི་ངོ་བོར་སྡུག་པ་དེ་དུས་གཞན་དང་གང་ཟག་གཞན་ཞིག་གི་ངོ་བོར་མི་སྡུག་པར་འགྱུར་སྲིད་པའི་ཕྱིར། དེ་བཞིན་དུ་བཟང་ངན་འབྲིང་སོགས་ཀྱང་དེ་ལྟར་རོ། །གཉིས་པ་ལ་བཞི། ཕྱིན་ཅི་ལོག་རང་བཞིན་གྱིས་གྲུབ་པ་དགག །དེ་དང་ལྡན་པ་རང་བཞིན་གྱིས་གྲུབ་པ་དགག །དེའི་ཡུལ་ཡོད་མེད་བརྟགས་ནས་དགག །དེ་ལྟར་འགོག་པ་དོན་ཆེ་བར་བསྟན་པའོ། །དང་པོ་ལ་གསུམ། རྟག་འཛིན་ཕྱིན་ཅི་ལོག་ཏུ་རང་བཞིན་གྱིས་གྲུབ་པ་དགག །མི་རྟག་པར་འཛིན་པ་ཕྱིན་ཅི་མ་ལོག་པར་རང་བཞིན་གྱིས་གྲུབ་པ་དགག །འཛིན་པ་ཙམ་རང་བཞིན་གྱིས་གྲུབ་པ་དགག་པའོ། །དང་པོ་ནི། གལ་ཏེ་མི་རྟག་རྟག་པ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། སྟོང་ལ་མི་རྟག་ཡོད་མིན་པས། །འཛིན་པའང་ཇི་ལྟར་ལོག་པ་ཡིན། །ཞེས་སོ། །འདིར་ཕྱིར་ཅི་ལོག་ནི་བཞི་སྟེ། ཕུང་པོ་ལྔ་མི་རྟག་པ་ལ་རྟག་གོ་སྙམ་པ་དང་། ཉེར་ལེན་གྱི་ཕུང་པོ་སྡུག་བསྔལ་གྱི་བདེན་པ་ལ་བདེའོ་སྙམ་པ་དང་། ལུས་མི་གཙང་བ་ལ་གཙང་ངོ་སྙམ་པ་དང་། ཕུང་པོ་བདག་གི་མཚན་ཉིད་དང་མི་མཐུན་པ་ལ་བདག་ཏུ་འཛིན་པ་བཞིའོ། །གལ་ཏེ་ཕུང་པོ་མི་རྟག་པ་ལ་རྟག་པའོ་ཞེས་དེ་ལྟར་འཛིན་པ་ནི་ཕྱིན་ཅི་ལོག་ཡིན་ནོ་ཞེས་འཇོག་ན། ཕུང་པོ་རང་བཞིན་གྱིས་སྟོང་པ་ལ་མི་རྟག་པ་རང་གི་ངོ་བོས་ཡོད་པ་མིན་པས་དེའི་ཚེ་ཕུང་པོ་རྟག་པར་འཛིན་པ་ཇི་ལྟར་ན་ཕྱིན་ཅི་ལོག་ཏུ་རང་བཞིན་གྱིས་གྲུབ་པ་ཡིན་ཏེ་མིན་ནོ། །ཕྱིན་ཅི་ལོག་བཞི་པོ་ཐ་སྙད་དུ་ཕྱི་ཅི་ལོག་ཏུ་྄འཇོག་ཀྱང་ཕྱིན་ཅི་ལོག་ཏུ་རང་བཞིན་གྱིས་གྲུབ་པར་མི་འཇོག་སྟེ། གང་གིས་གང་ཞིག་གང་དུ་འཇོག་པ་ཐམས་ཅད་ཀྱང་ཐ་སྙད་དུ་ཡིན་གྱི་རང་བཞིན་གྱིས་མེད་པའི་ཕྱིར། གཉིས་པ་ནི། གལ་ཏེ་མི་རྟག་རྟག་གོ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་མི་རྟག་པའོ་ཞེས། །འཛིན་པ་ཇི་ལྟར་ལོག་མ་ཡིན། །ཞེས་སོ། །གལ་ཏེ་མི་རྟག་པ་ལ་རྟག་གོ་ཞེས་དེ་ལྟར་འཛིན་པ་ཕྱིན་ཅི་ལོག་ཡིན་ནོ་ཞེས་འཇོག་ན། དངོས་པོ་རྣམས་རང་བཞིན་གྱིས་སྟོང་པ་ལ་རང་བཞིན་གྱིས་མི་རྟག་པའོ་ཞེས་འཛིན་པའང་ཇི་ལྟར་ན་ཕྱིན་ཅི་ལོག་མ་ཡིན་ཏེ་མིན་ནོ། །ཡུལ་ཆོས་ཅན། མི་རྟག་པར་འཛིན་པའི་ཤེས་པ་རང་བཞིན་གྱིས་གྲུབ་ན་ཡུལ་མི་རྟག་པ་ཡང་རང་བཞིན་གྱིས་གྲུབ་དགོས་ཏེ། ཡུལ་རང་བཞིན་གྱིས་མེད་པའི་ཀུན་རྫོབ་ལ་བརྟེན་ནས་ཡུལ་ཅན་ངོ་བོས་གྲུབ་པར་སྐྱེ་བ་མི་འཐད་པའི་ཕྱིར་རོ། །གསུམ་པ་ནི། །གང་གིས་འཛིན་དང་གང་འཛིན་དང་། །འཛིན་པ་པོ་དང་གང་བཟུང་བ། །ཐམས་ཅད་ཉེ་བར་ཞི་བ་སྟེ། །དེ་ཕྱིར་འཛིན་པ་ཡོད་མ་ཡིན། །ཞེས་སོ། །གལ་ཏེ་ཕྱིན་ཅི་ལོག་གི་འཛིན་པ་རང་བཞིན་གྱིས་མེད་ཀྱང་འཛིན་པ་ཙམ་ཞིག་ནི་རང་བཞིན་གྱིས་ཡོད་དོ་སྙམ་ན། དེ་མི་འཐད་དེ། གང་གིས་འཛིན་པ་དང་གང་འཛིན་པའི་བྱ་བ་དང་འཛིན་པ་པོ་དང་། གང་བཟུང་བའི་ལས་ཐམས་ཅད་ཀྱང་རང་བཞིན་གྱིས་ཉེ་བར་ཞི་བ་སྟེ་མ་སྐྱེས་ལ་དེའི་ཕྱིར་འཛིན་པ་ཙམ་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ། །གཉིས་པ་ལ་གསུམ། གང་ལ་ལྡན་པ་པོ་རང་བཞིན་གྱིས་ཡོད་པ་དགག །ཕྱིན་ཅི་ལོག་གི་རྟེན་གང་ཟག་རང་བཞིན་གྱིས་གྲུབ་པ་དགག །ཕྱིན་ཅི་ལོག་ཉིད་རང་བཞིན་གྱིས་སྐྱེས་པ་དགག་པའོ། །དང་པོ་ནི། ལོག་པའམ་ཡང་དག་ཉིད་དུ་ནི། །འཛིན་པའང་ཡོད་པ་མ་ཡིན་ན། །གང་ལ་ཕྱིན་ཅི་ལོག་ཡོད་ཅིང་། །གང་ལ་ཕྱིན་ཅི་མ་ལོག་ཡོད། །ཅེས་སོ། །ཇི་སྐད་བཤད་པ་ལྟར་བྱ་བྱེད་ལས་རྣམས་རང་བཞིན་གྱིས་མེད་པས་ཕྱིན་ཅི་ལོག་པའམ་ཡང་དག་པ་ཉིད་དུ་སྟེ་ཕྱིན་ཅི་མ་ལོག་པར་འཛིན་པའང་རང་བཞིན་གྱིས་ཡོད་པ་མ་ཡིན་ན། དེ་དག་གང་ལ་ལྡན་པའི་གང་ཟག་གང་ལ་ཕྱིན་ཅི་ལོག་ཡོད་ཅིང་གང་ལ་ཕྱིན་ཅི་མ་ལོག་པ་ཇི་ལྟར་རང་བཞིན་གྱིས་ཡོད་དེ། རྟེན་ཆོས་མེད་ན་བརྟེན་པ་ཡང་མི་འཐད་པའི་ཕྱིར་རོ། །གཉིས་པ་ནི། ཕྱིན་ཅི་ལོག་ཏུ་གྱུར་པ་ལ། །ཕྱིན་ཅི་ལོག་དག་མི་སྲིད་དོ། །ཕྱིན་ཅི་ལོག་ཏུ་མ་གྱུར་ལའང་། །ཕྱིན་ཅི་ལོག་དག་མི་སྲིད་དོ། །ཕྱིན་ཅི་ལོག་ཏུ་གྱུར་བཞིན་ལའང་། །ཕྱིན་ཅི་ལོག་དག་མི་སྲིད་དོ། །གང་ལ་ཕྱིན་ཅི་ལོག་སྲིད་པ། །བདག་ཉིད་ཀྱིས་ནི་རྣམ་པར་དཔྱོད། ཅེས་སོ། གཞན་ཡང་ཕྱིན་ལོག་རྟེན་ལ་རང་བཞིན་གྱིས་ཡོད་ན་གསུམ་ལས་མི་འདའ་བས་ཕྱིན་ཅི་ལོག་ཏུ་གྱུར་ཟིན་པ་ལ་ཕྱིན་ཅི་ལོག་དག་རང་བཞིན་གྱིས་ཡོད་པ་མི་སྲིད་དེ། ཕྱིན་ཅི་ལོག་ཏུ་འཛིན་པ་པོར་འཇོག་པའི་ཕྱིན་ཅི་ལོག་ལས་དོན་གཞན་པའི་ཕྱིན་ཅི་ལོག་དང་ལྡན་པ་མེད་པའི་ཕྱིར་ཏེ། ཕྱིན་ཅི་ལོག་དེ་བྱ་བ་དང་འབྲེལ་བའི་སྔ་རོལ་ནས་ཕྱིན་ཅི་ལོག་པ་པོར་མ་གྲུབ་པའི་ཕྱིར་ཏེ། དེའི་སྔར་ནས་ཕྱིན་ཅི་ལོག་པ་པོར་གྲུབ་ན་སླར་ཕྱིན་ཅི་ལོག་གི་བྱ་བ་འབྲེལ་མི་རིགས་པའི་ཕྱིར། ཕྱིན་ཅི་ལོག་ཏུ་མ་གྱུར་པའི་གང་ཟག་ལའང་ཕྱིན་ཅི་ལོག་དག་མི་སྲིད་དེ། སྲིད་ན་སངས་རྒྱས་ལའང་ཕྱིན་ལོག་ཡོད་པར་ཐལ་བའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་གྱུར་པ་ལའང་ཕྱིན་ཅི་ལོག་རང་བཞིན་གྱིས་མི་སྲིད་དེ། ཕྱིན་ཅི་ལོག་གི་བྱ་བ་ཞིག་པ་དང་མ་སྨོས་པ་ལ་ཆ་ཤས་སུ་མ་གཏོགས་པའི་ཕྱིན་ཅི་ལོག་བཞིན་པ་མེད་པའི་ཕྱིར། །དེ་ལྟ་ན་རྟེན་གང་ལ་ཕྱིན་ཅི་ལོག་རང་བཞིན་གྱིས་ཡོད་སྲིད་ཅེས་བདག་ཉིད་ཀྱིས་ནི་གཟུ་བོར་གནས་པའི་བློས་རྣམ་པར་དཔྱོད་ཅིག་དང་རང་བཞིན་གྱིས་མེད་པར་ངེས་ནུས་སོ། །གསུམ་པ་ནི། ཕྱིན་ཅི་ལོག་རྣམས་མ་སྐྱེས་ན། །ཇི་ལྟ་བུར་ན་ཡོད་པར་འགྱུར། །ཕྱིན་ཅི་ལོག་རྣམས་སྐྱེ་མེད་ན། །ཕྱིན་ཅི་ལོག་ཅན་ག་ལ་ཡོད། །དངོས་པོ་བདག་ལས་མི་སྐྱེ་སྟེ། །གཞན་ལས་སྐྱེ་བ་ཉིད་མ་ཡིན། །བདག་དང་གཞན་ལས་མ་ཡིན་ན། །ཕྱིན་ཅི་ལོག་ཅན་ག་ལ་ཡོད། །ཅེས་སོ། །གཞན་ཕྱིན་ཅི་ལོག་གི་དངོས་པོ་རྣམས་རང་བཞིན་གྱིས་མ་སྐྱེས་ན་ཇི་ལྟ་བུ་ན་རང་བཞིན་གྱིས་ཡོད་པར་འགྱུར་ཏེ་མི་འགྱུར་ལ། ཕྱིན་ཅི་ལོག་རྣམས་རང་བཞིན་གྱིས་སྐྱེ་བ་མེད་ན་ནི་ཕྱིན་ཅི་ལོག་པ་ཅན་གྱི་གང་ཟག་ངོ་བོས་གྲུབ་པ་ག་ལ་ཡོད་དེ་མེད་པའི་ཕྱིར་ཏེ། རྒྱུ་མཚན་ནི་དངོས་པོ་བདག་ལས་མི་སྐྱེ་སྟེ་གཞན་ལས་སྐྱེ་བ་ཉིད་ཀྱང་མ་ཡིན་ལ། །བདག་དང་གཞན་ཚོགས་པ་ལས་ཀྱང་སྐྱེ་བ་མ་ཡིན་པའི་ཕྱིར་རོ། །དེས་ན་ཕྱིན་ལོག་དེ་རང་བཞིན་གྱིས་མེད་པའི་ཕྱིར་ཕྱིན་ཅི་ལོག་པ་ཅན་གྱི་གང་ཟག་ཀྱང་རང་བཞིན་གྱིས་གྲུབ་པ་ག་ལ་ཡོད་དེ་མེད་དོ། །གསུམ་པ་ནི། གལ་ཏེ་བདག་དང་གཙང་བྱ་དང་། །རྟག་དང་བདེ་བ་ཡོད་ན་ནི། །བདག་དང་གཙང་དང་རྟག་པ་དང་། །བདེ་བ་ཕྱིན་ཅི་ལོག་མ་ཡིན། །གལ་ཏེ་བདག་དང་གཙང་བ་དང་། །རྟག་པ་བདེ་བ་མེད་ན་ནི། །བདག་མེད་མི་གཙང་མི་རྟག་དང་། །སྡུག་བསྔལ་ཡོད་པ་མ་ཡིན་ནོ། །ཞེས་སོ། །གལ་ཏེ་བདག་དང་གཙང་བ་དང་རྟག་པ་དང་བདེ་བ་རང་བཞིན་གྱིས་ཡོད་ན་ནི་བདག་དང་གཙང་བ་དང་རྟག་པ་དང་བདེ་བ་དེ་རྣམས་ནི་ཕྱིན་ཅི་ལོག་མ་ཡིན་པར་འགྱུར་ཏེ་བདག་མེད་བཞིན་ནོ། །གལ་ཏེ་བདག་དང་གཙང་བ་དང་རྟག་པ་དང་བདེ་བ་རང་བཞིན་གྱིས་མེད་ན་ནི་བདག་མེད་པ་དང་མི་གཙང་བ་དང་མི་རྟག་པ་དང་སྡུག་བསྔལ་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། དགག་བྱ་མེད་ན་དེ་བཀག་པ་བདེན་ཡོད་དུ་མི་རིགས་པའི་ཕྱིར་རོ། །བཞི་པ་ནི། །དེ་ལྟར་ཕྱིན་ཅི་ལོག་འགགས་པས། །མ་རིག་པ་ནི་འགག་པར་འགྱུར། །མ་རིག་འགགས་པར་གྱུར་ན་ནི། །འདུ་བྱེད་ལ་སོགས་འགག་པར་འགྱུར། །ཞེས་སོ། །སྔར་བཤད་པ་ལྟར་དཔྱོད་པ་ནི་དོན་ཆེ་སྟེ། དེ་ལྟར་རྣལ་འབྱོར་པས་ཕྱིན་ཅི་ལོག་མ་དམིགས་པས་ཕྱིན་ཅི་ལོག་འགག་པར་འགྱུར་ལ་དེ་འགགས་པས། དེའི་རྒྱུ་ཅན་གྱི་མ་རིག་པ་ནི་འགག་པར་འགྱུར་རོ། །མ་རིག་པ་འགགས་པར་གྱུར་ན་ནི་འདུ་བྱེད་ལ་སོགས་པ་སྲིད་པའི་ཡན་ལག་གྱི་ཆ་ཐམས་ཅད་འགག་པར་འགྱུར་པའི་ཕྱིར་རོ། གཉིས་པ་ནི། གལ་ཏེ་ལ་ལའི་ཉོན་མོངས་པ། །གང་དག་རང་བཞིན་གྱིས་ཡོད་ན། །ཇི་ལྟར་བུར་ན་སྤོང་བར་འགྱུར། །ཡོད་པ་སུ་ཞིག་སྤོང་བར་བྱེད། །གལ་ཏེ་ལ་ལའི་ཉོན་མོངས་པ། །གང་དག་རང་བཞིན་གྱིས་མེད་ན། །ཅི་ལྟ་བུར་ན་སྤོང་བར་འགྱུར། །མེད་པ་སུ་ཞིག་སྤོང་བར་བྱེད། །ཅེས་སོ། །གལ་ཏེ་ཉོན་མོངས་སྤོང་བ་རང་བཞིན་གྱིས་ཡོད་པས་ཉོན་མོངས་པ་ཡང་རང་བཞིན་གྱིས་ཡོད་དོ་སྙམ་ན། དེ་ཡང་མི་འཐད་དེ། གལ་ཏེ་གང་ཟག་ལ་ལའི་ཉོན་མོངས་པ་གང་དག་རང་བཞིན་གྱིས་ཡོད་ན་ཇི་ལྟ་བུར་ན་གཉེན་པོས་སྤོང་བར་འགྱུར་བ་མི་རིགས་པའི་ཕྱིར་ཏེ། རང་བཞིན་གྱིས་ཡོད་པ་ནི་བསྒྱུར་མི་ནུས་པས་སུ་ཞིག་གིས་སྤོང་བར་བྱེད་པར་འགྱུར་བ་མི་ནུས་པའི་ཕྱིར་ཏེ། རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར་རོ། །གལ་ཏེ་གང་ཟག་ལ་ལའི་ཉོན་མོངས་པ་གང་དག་རང་བཞིན་གྱིས་མེད་ནའང་ཇི་ལྟ་བུར་ན་སྤོང་བར་ནུས་པར་འགྱུར་ཏེ། རང་བཞིན་གྱིས་གྲུབ་པ་མ་ཡིན་ན་གཏན་མེད་པར་ཁས་བླངས་པས་མེད་པ་ནི་གཉེན་པོ་སུ་ཞིག་གིས་སྤོང་བར་བྱེད་མི་ནུས་པའི་ཕྱིར་རོ། །རང་ལུགས་ནི་རང་བཞིན་གྱིས་མེད་པའི་སྤང་བྱ་སྤོང་བ་ཆེས་འཐད་ཀྱང་འདི་ནི་ཕ་རོལ་པོས་རང་བཞིན་གྱིས་མེད་པ་དང་མེད་པའི་ཁྱད་པར་མ་ཕྱེད་པ་ལ་སྐྱོན་སྟོན་པའི་དབང་དུ་མཛད་པའོ། །གཉིས་པ་ནི། ལྷག་བསམ་བརྟན་པས་ཞུས་པའི་མདོ་ལ་སོགས་པ་རྣམས་སོ། །གསུམ་པ་ནི། ཕྱིན་ཅི་ལོག་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་ཉི་ཤུ་རྩ་གསུམ་པའི་རྣམ་བཤད་དོ།། །།གཉིས་པ་དེ་ལ་རྩོད་པ་སྤོང་བ་ལ་གཉིས། བདེན་པ་དང་། མྱང་འདས་བརྟག་པའོ། །དང་པོ་ལ་གཉིས། རབ་བྱེད་ཀྱི་གཞུང་བཤད་པ་དང་། མཚན་བསྟན་པའོ། །དང་པོ་ལ་གཉིས། །རྩོད་པ་དང་། ལན་ནོ། །དང་པོ་ལ་གཉིས། འབྱུང་འཇིག་སོགས་མི་འཐད་པའི་རྩོད་པ་དང་། ལས་འབྲས་སོགས་མི་འཐད་པའི་རྩོད་པའོ། །དང་པོ་ལ་གསུམ། བདེན་བཞིའི་བྱ་བྱེད་མི་འཐད་པ་དང་། ཞུགས་འབྲས། དཀོན་མཆོག་གསུམ་མི་འཐད་པའི་རྩོད་པའོ། །དང་པོ་ནི། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། ཁྱོད་ལ་མེད་པར་ཐལ་བར་འགྱུར། །འཕགས་བའི་བདེན་པ་བཞི་མེད་པས། །ཡོངས་སུ་ཤེས་དང་སྡང་བ་དང་། །བསྒོམ་དང་མངོན་དུ་བྱ་བ་དག ། འཐད་པར་འགྱུར་བ་མ་ཡིན་ནོ། །ཞེས་སོ། །ཉན་ཐོས་སྡེ་པ་དག་ན་རེ། གལ་ཏེ་ཕྱི་ནང་གི་དངོས་པོ་འདི་དག་ཀུན་རང་བཞིན་གྱིས་སྟོང་ངོ་ཞེས་འདོད་ན་ཉེས་པ་མང་པོ་དང་ཆེན་པོར་འགྱུར་ཏེ། གང་ཞེ་ན་དེ་ལྟར་འདོད་ན་ནི་དངོས་པོ་འགའ་ཡང་འབྱུང་བ་མེད་ཅིང་འཇིག་པ་མེད་པར་འགྱུར་བས་འཕགས་པའི་བདེན་པ་བཞི་པོ་རྣམས་རང་བཞིན་མེད་པར་སྨྲ་བ་ཁྱོད་ལ་མེད་པར་ཐལ་བར་འགྱུར་བའི་ཕྱིར། དེར་ཐལ། དངོས་པོ་འབྱུང་འཇིག་མེད་ན་ཀུན་འབྱུང་ལས་སྡུག་བསྔལ་འབྱུང་བ་མི་འཐད་ཅིང་། དེ་མི་འཐད་ན་ལམ་གྱིས་སྤོང་བ་དང་སྡུག་བསྔལ་འགག་པའི་འགོག་པ་ཡང་འཐད་པར་མི་འགྱུར་བའི་ཕྱིར། དེ་ལྟར་གྱུར་ན་འཕགས་པའི་བདེན་པ་བཞི་མེད་པས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་ཀུན་འབྱུང་སྤོང་བ་དང་ལམ་བསྒོམ་པར་བྱ་བ་འགོག་པ་མངོན་དུ་བྱ་བ་དག་འཐད་པར་འགྱུར་བ་མ་ཡིན་ཏེ། །ཤེས་པར་བྱ་བ་སོགས་བཞི་མེད་ན་ཤེས་པར་བྱེད་པ་སོགས་བཞི་ཡང་མི་འཐད་པའི་ཕྱིར། །གཉིས་པ་ནི། དེ་དག་ཡོད་པ་མ་ཡིན་པས། །འབྲས་བུ་བཞི་ཡང་ཡོད་མ་ཡིན། །འབྲས་བུ་མེད་ན་འབྲས་གནས་མེད། །ཞུགས་པ་དག་ཀྱང་ཡོད་མ་ཡིན། །ཞེས་སོ། །སྡུག་བདེན་ཤེས་པ་ལ་སོགས་པ་དེ་དག་ཡོད་པ་མ་ཡིན་པས་འབྲས་བུ་བཞི་ཡང་ཡོད་པ་མ་ཡིན་ནོ། །རྒྱུན་ཞུགས་སོགས་ཀྱི་འབྲས་བུ་བཞི་པོ་དེ་དག་མེད་ན་དེ་དག་ལ་གནས་པའི་འཕགས་པའི་གང་ཟག་འབྲས་བུ་ལ་གནས་པ་བཞི་ཡང་མེད་དོ། །དེ་མེད་ན་དེའི་ཞུགས་པ་བཞི་པོ་དག་ཀྱང་ཡོད་པ་མ་ཡིན་ནོ། །གསུམ་པ་ནི། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད། །དེ་དག་མེད་པ་དགེ་འདུན་མེད། །འཕགས་པའི་བདེན་རྣམས་མེད་པའི་ཕྱིར། །དམ་པའི་ཆོས་ཀྱང་ཡོད་མ་ཡིན། །ཆོས་དང་དགེ་འདུན་ཡོད་མིན་ན། །སངས་རྒྱས་ཇི་ལྟར་ཡོད་པར་འགྱུར། །དེ་སྐད་སྟོང་པ་ཉིད་སྨྲ་ན། །དཀོན་མཆོག་གསུམ་ལ་གནོད་བྱེད་ཅིང་། །ཞེས་སོ། །གལ་ཏེ་འབྲས་གནས་བཞི་དང་ཞུགས་པ་བཞི་སྟེ་སྐྱེས་བུ་གང་ཟག་བརྒྱད་པོ་དེ་དག་མེད་ན་དགེ་འདུན་དཀོན་མཆོག་ཀྱང་མེད་དོ། །དེས་ན་འཕགས་པའི་བདེན་པ་བཞི་རྣམས་མེད་པའི་ཕྱིར་དགེ་འདུན་དཀོན་མཆོག་མེད་ལ། །དེ་མེད་ན་དེའི་དམ་པའི་ཆོས་ཀྱང་ཡོད་པ་མ་ཡིན་ནོ། །འགོག་ལམ་གཉིས་རྟོགས་པའི་དམ་ཆོས་དངོས་དང་། དེ་སྟོན་པར་བྱེད་པའི་ལུང་ལུང་གི་དམ་ཆོས་སོ། །དམ་པའི་ཆོས་དང་དགེ་འདུན་དེ་དག་ཡོད་པ་ཡིན་ན་སངས་རྒྱས་ཀྱང་ཇི་ལྟར་ཡོད་པར་འགྱུར་ཏེ། སངས་རྒྱས་ནི་དམ་པའི་ཆོས་བསྒྲུབས་ལས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་སྟོང་པ་ཉིད་ཀྱི་དོན་དེ་སྐད་དུ་སྨྲ་ན་དཀོན་མཆོག་གསུམ་ལ་ཡང་གནོད་པ་བྱེད་པ་ཡིན་ནོ། གཉིས་པ་ནི། འབྲས་བུ་ཡོད་པ་ལ། ཆོས་མ་ཡིན་དང་ཆོས་ཡིན་དང་། །འཇིག་རྟེན་པ་ཡི་ཐ་སྙད་ནི། །ཀུན་ལའང་གནོད་པ་བྱེད་པ་ཡིན། །ཞེས་སོ། །གཞན་ཡང་དེ་སྐད་སྨྲ་བ་ཁྱོད་ལ་ཆོས་མ་ཡིན་པ་མི་དགེ་བ་ཆོས་དགེ་བ་ཡིན་པ་ལས་བྱུང་བའི་འབྲས་བུ་ཡིད་དུ་འོང་མི་འོང་གཉིས་ཡོད་པ་མི་འཐད་པ་དང་། སོངས་ཤིག་འདུག་ཅིག་ཟོ་ཤིག་ཅེས་བྱ་བ་ལ་སོགས་པའི་འཇིག་རྟེན་པ་ཡི་ཐ་སྙད་ནི་ཀུན་ལའང་གནོད་པ་བྱེད་པ་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་ལན་ལ་བཞི། གཞན་གྱིས་སྨྲས་པ་དེ་རྟེན་འབྱུང་གི་དེ་ཉིད་མ་རྟོགས་པའི་རྩོད་པར་བསྟན་པ། རང་གི་བཞེད་པ་སྟོང་པའི་དོན་རྟེན་འབྱུང་གི་དོན་དུ་བསྟན་པ། དེ་ལྟར་མི་འདོད་པ་ལ་རྣམ་གཞག་ཐམས་ཅད་ལ་མི་རུང་བའི་ཚུལ། རྟེན་འབྱུང་གི་དེ་ཉིད་མཐོང་ན་བདེན་བཞིའི་དེ་ཉིད་མཐོང་བར་འགྱུར་བའོ། །དང་པོ་ལ་གཉིས། གཞན་གྱིས་བཀོད་པའི་སྐྱོན་རང་ལ་མི་འཇུག་པའི་ཚུལ་དང་། །སྐྱོན་དེ་འགོག་པ་པོ་ཉིད་ལ་འཇུག་པའི་ཚུལ་ལོ། །དང་པོ་ལ་གསུམ། །སྐྱོན་བརྗོད་མི་འཇུག་པའི་རྒྱུ་མཚན་དང་། དེ་མི་འཇུག་པར་བསྟན་པ་དང་། །སྐྱོན་མེད་པར་མ་ཟད་ཡོན་ཏན་ཡོད་པའི་ཚུལ་ལོ། །དང་པོ་ལ་གཉིས། དོན་གསུམ་མ་རྟོགས་པའི་རྩོད་པར་བསྟན་པ་དང་། དེ་ལྟར་རྩོད་པས་བདེན་གཉིས་མི་རྟོགས་པར་བསྟན་པའོ། དང་པོ་ནི། །དེ་ལ་བཤད་པ་ཁྱོད་ཀྱིས་ནི། །སྟོང་ཉིད་དགོས་དང་སྟོང་ཉིད་དང་། །སྟོང་ཉིད་དོན་ནི་མ་རྟོགས་པས། །དེ་ཕྱིར་དེ་ལྟར་གནོད་པ་ཡིན། །ཞེས་སོ། ཁྱོད་ཀྱི་རྩོད་པ་དེ་ལ་ལན་བཤད་པར་བྱ་སྟེ། ཁྱོད་ཀྱིས་ནི་སྟོང་ཉིད་བསྟན་པའི་དགོས་པ་དང་སྟོང་ཉིད་ཀྱི་ངོ་བོ་ཉིད་ཀྱི་དོན་ནི་ཇི་ལྟར་ཡིན་པ་མ་རྟོགས་པས་དེའི་ཕྱིར་ཁྱོད་ཀྱིས་དེ་ལྟར་རྩོད་པ་བསྟན་པའི་སྒོ་ནས་ཁོ་བོ་ཅག་ལ་གནོད་པར་སེམས་པ་ཡིན་ནོ། །གཉིས་པ་ལ་ལྔ། གང་ཞིག་མ་རྟོགས་པའི་བདེན་པའི་ངོ་བོ། བདེན་གཉིས་མི་ཤེས་ན་གསུང་རབ་ཀྱི་དེ་ཉིད་མི་ཤེས་པ། དེ་གཉིས་བསྟན་པའི་དགོས་པ། དེ་གཉིས་ལ་ལོག་པར་བཟུང་བའི་ཉེས་དམིགས། དེ་གཉིས་རྟོགས་དཀའ་བས་སྟོན་པས་དང་པོར་མ་བསྟན་པའི་ཚུལ་ལོ། །དང་པོ་ནི། །སངས་རྒྱས་རྣམས་ཀྱིས་ཆོས་སྟོན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་ཀྱི་བདེན་པའོ། །ཞེས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི་བདེན་པ་གཉིས་ལ་ཡང་དག་པར་བརྟེན་ནས་འཇུག་ལ། བདེན་པ་གཉིས་ནི་འཇིག་རྟེན་ཀུན་རྫོབ་ཀྱིི་བདེན་པ་དང་དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་པ་དེའོ། །དེ་གཉིས་ཀྱི་ཁྱད་པར་ཡོད་དེ། །ཐ་སྙད་པའི་ཚད་མའི་རྙེད་དོན་གཟུགས་སྒྲ་སོགས་ནི་ཀུན་རྫོབ་བདེན་པ་དང་། མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱི་རྙེད་དོན་རང་བཞིན་མེད་པའི་སྟོང་པ་ཉིད་ནི་དོན་དམ་པའི་བདེན་པར་འཇོག་པའི་ཕྱིར། རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །གཉིས་པ་ནི། གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཞེས་སོ། །སེམས་ཅན་གང་དག་བདེན་གཉིས་ཀྱི་རྣམ་དབྱེ་སྔར་བཤད་པ་ལྟར་རྣམ་པར་མི་ཤེས་པ་དེ་དག་གིས་སངས་རྒྱས་ཀྱི་བསྟན་པའི་ཟབ་མོའི་རྟེན་འབྱུང་གི་དེ་ཁོ་ན་ཉིད་རྣམ་པར་མི་ཤེས་སོ། །གསུམ་པ་ནི། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མ་རྟོགས་ན། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་སོ། །བརྗོད་བྱ་རྗོད་བྱེད་དང་ཤེས་བྱ་ཤེས་བྱེད་སོགས་ཐ་སྙད་ཀུན་རྫོབ་པའི་བདེན་པ་ཁས་བླངས་པ་ལ་ནི་མ་བརྟེན་པར་དམ་པའི་དོན་ནི་བསྟན་པར་མི་ནུས་ལ། བསྟན་ན་དམ་པའི་དོན་ནི་རྟོགས་མི་ནུས་ཤིང་མ་རྟོགས་ན་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་རོ། །བཞི་པ་ནི། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་བྱེད། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིག་སྔགས་ཉེས་པར་སྒྲུབ་པ་བཞིན། ཞེས་སོ། །རང་བཞིན་མེད་ན་བྱ་བྱེད་མི་འཐད་པར་བཟུང་ནས་རང་བཞིན་མེད་པ་ལ་སྐུར་བ་འདེབས་པ་དང་། བྱ་བྱེད་མི་རུང་སྟོང་པ་ཉིད་ཀྱི་དོན་དུ་བཟུང་ནས་དེ་ལ་མོས་པའི་ཤེས་རབ་ཆུང་བ་གཉིས་ཀའང་སྟོང་པ་ཉིད་ལ་ལྟ་ཚུལ་ཉེས་པ་ཡིན་ལ། དེ་ལྟ་ན་དེ་ལྟར་ལྟ་བའི་ཤེས་རབ་ཆུང་བ་དེ་རྣམས་ཕུང་བར་འགྱུར་ཏེ། ཇི་ལྟར་དེ་དཔེར་ན་སྦྲུལ་ལས་ནོར་བུ་ལེན་པར་འདོད་པ་ཁ་ཅིག་སྦྲུལ་དེ་ལ་བཟུང་ཉེས་ན་འཛིན་པོ་ཕུང་བར་བྱེད་པ་དང་། རིགས་སྔགས་ཁ་ཅིག་ལ་ཤེས་པར་ཕྱིན་ཅི་ལོག་ཏུ་ཉེས་པར་བསྒྲུབས་ན་སྒྲུབ་པ་པོ་ཕུང་བར་བྱེད་པ་བཞིན་ནོ། །ལྔ་པ་ནི། དེ་ཕྱིར་ཞེན་པས་ཆོས་འདི་ཡི། །གཏིང་དཔག་དཀའ་བར་མཁྱེན་འགྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་ལོག་པར་གྱུར་བ་ཡིན། །ཞེས་སོ། །རྒྱུ་མཚན་དེའི་ཕྱིར་སྟོན་པ་ཐོག་མར་སངས་རྒྱས་ནས་ཤེས་རབ་ཞན་པ་དག་གིས་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཀྱི་ཆོས་འདི་ཡི་གཏིང་རྟོགས་དཀའ་བར་མཁྱེན་པར་གྱུར་ནས་ཐུབ་པའི་ཐུགས་ནི་རེ་ཞིག་ཆོས་བསྟན་པ་ལས་རབ་ཏུ་ལོག་པ་སྟེ་མི་སྟོན་པ་ལྟར་གྱུར་པ་ཡིན་ནོ། །གཉིས་པ་ནི། སྐྱོན་དུ་ཐལ་བར་འགྱུར་བ་ནི། །སྟོང་ལ་འཐད་པ་མ་ཡིན་པས། ཁྱོད་ནི་སྟོང་ཉིད་སྤོང་བྱེད་པ། །གང་དེ་ང་ལ་མི་འཐད་དོ། །ཞེས་སོ། ཁྱེད་ཅག་གིས་སྔར་གལ་ཏེ་འདི་དག་ཀུན་སྟོང་ན། ཞེས་སོགས་ཀྱི་སྐྱོན་དུ་ཐལ་བར་འགྱུར་བ་མང་པོ་བཀོད་པ་ནི། བདེན་གཉིས་ཀྱི་རྣམ་གཞག་མ་ཤེས་པས་སྟོང་ཉིད་དང་དེའི་དོན་དང་དེའི་དགོས་པ་མ་ཤེས་ནས་བཀོད་པ་ཡིན་པས་ཁོ་བོ་ཅག་སྟོང་པ་ཉིད་དུ་སྨྲ་བ་ལ་སྐྱོན་དེ་འཇུག་པར་འཐད་པ་མ་ཡིན་ནོ། །དེའི་ཕྱིར་ཁྱོད་ནི་སྟོང་པ་ཉིད་ལ་སྐྱོན་བརྗོད་ནས་སྟོང་ཉིད་སྤོང་བར་བྱེད་པ་གང་ཡིན་པ་དེ་ངའི་ལུགས་ལ་འཇུག་པ་མི་འཐད་དོ། །གསུམ་པ་ནི། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །ཞེས་སོ། །འདི་ལྟར་ལུགས་གང་ལ་རང་བཞིན་གྱིས་སྟོང་པ་ཉིད་རུང་བ་དེ་ལ་ནི་ཇི་སྐད་སྨྲས་པ་དེ་དག་ཐམས་ཅད་རུང་བར་འགྱུར་ཏེ། རང་བཞིན་གྱིས་སྟོང་པ་ལ་བྱ་བྱེད་ཐམས་ཅད་འཐད་པ་ནི་བཤད་ཅིང་འཆད་པར་འགྱུར་པའི་ཕྱིར། །གཉིས་པ་ལ་གསུམ། སྐྱོན་འཇུག་ཚུལ་དངོས། དེེས་རང་སྐྱོན་གཞན་སྐྱོན་དུ་བཟུང་ཚུལ། སྐྱོན་དེ་དག་གསལ་བར་བསྟན་པའོ། །དང་པོ་ནི། གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་མི་རུང་འགྱུར། །ཞེས་སོ། །ལུགས་གང་ལ་རང་བཞིན་གྱིས་སྟོང་ཉིད་མི་རུང་བ་དེ་ལ་རྟེན་འབྲེལ་མི་རུང་བས་རྣམ་གཞག་ཐམས་ཅད་མི་རུང་སྟེ་འཆད་པར་འགྱུར་རོ། །གཉིས་པ་ནི། ཁྱོད་ནི་རང་གི་སྐྱོན་རྣམས་ནི། །ང་ལ་ཡོངས་སུ་སྒྱུར་བྱེད་པ། །རྟ་ལ་མངོན་པར་ཞེན་བཞིན་དུ། །རྟ་ཉིད་བརྗེད་པར་གྱུར་པ་བཞིན། །ཞེས་སོ། ཁྱོད་ནི་སྐྱོན་ཡོན་གང་ལ་གནས་པ་མ་མཐོང་བས་རང་གི་སྐྱོན་རྣམས་ནི་ང་ལ་སྒྱུར་བར་བྱེད་པ་ཡིན་ཏེ། །དཔེར་ན་འགའ་ཞིག་རྟ་ལ་མངོན་པར་ཞོན་བཞིན་དུ་དེ་ཉིད་བརྗེད་པར་གྱུར་བའི་ཚེ། །རྟ་དེ་དོར་བའི་འདུ་ཤེས་ཀྱིས་གཞན་ལ་ཀླན་ཀ་ཚོལ་བ་དེ་བཞིན་དུ་རང་བཞིན་གྱིས་སྟོང་པའི་རྟེན་འབྱུང་གི་མཚན་ཉིད་ཅན་གྱི་རྟ་ལ་ཞོན་པ་བཞིན་དུ་སེམས་གཡེངས་ནས་ཁོ་ཅག་རང་བཞིན་མེད་པར་སྨྲ་བ་ལ་རྩོད་པ་ཡིན་ནོ། །གསུམ་པ་ནི། གལ་ཏེ་དངོས་རྣམས་རང་བཞིན་ལས། །ཡོད་པར་རྗེས་སུ་ལྟ་བྱེད་ན། །དེ་ལྟ་ཡིན་ན་དངོས་པོ་རྣམས། །རྒྱུ་རྐྱེན་མེད་པར་ཁྱད་ལྟའོ། །འབྲས་བུ་དང་ནི་རྒྱུ་ཉིད་དང་། བྱེད་པ་པོ་དང་བྱེད་དང་བྱ། །སྐྱེ་བ་དང་ནི་འགག་པ་དང་། །འབྲས་བུ་ལ་ཡང་གནོད་པ་བྱེད། ཅེས་སོ། །སྐྱོན་དེ་དག་གང་ཞེ་ན། །གལ་ཏེ་ཁྱོད་དངོས་པོ་རྣམས་རང་བཞིན་ལས་ཏེ་རང་བཞིན་གྱིས་ཡོད་པར་རྗེས་སུ་ལྟ་བར་བྱེད་ན། །དེ་ལྟ་ཡིན་ན་རང་བཞིན་ལྡོག་པ་མེད་པས་དངོས་པོ་རྣམས་ནི་རྒྱུ་དང་རྐྱེན་ལ་བལྟོས་པ་མེད་པར་ཁྱོད་ལྟ་བ་སྟེ་འདོད་དགོས་སོ། རང་བཞིན་གྱིས་ཡོད་ན་རྒྱུ་རྐྱེན་སྒྲུབ་པ་ཡང་མི་འཐད་པས་བུམ་སོགས་འབྲས་བུ་དང་ནི་རྒྱུ་ཉིད་མེད་པ་ཅན་དུ་འགྱུར་རོ། །བུམ་པ་སོགས་མེད་ན་ནི་དེ་བྱེད་པ་པོ་རྫ་མཁན་སོགས་དང་དེ་བྱེད་པ་འཁོར་ལོ་སོགས་དང་དེ་བྱེད་པའི་བྱ་བ་ཡང་མེད་པར་འགྱུར་རོ། །དེ་དག་མེད་པས་སྐྱེ་བ་དང་ནི་འགག་པ་ཡང་མེད་པས་འབྲས་བུ་ཀུན་ལ་ཡང་གནོད་པ་བྱེད་དོ། །མདོར་ན་སྐྱེ་འགག་སོགས་རང་བཞིན་གྱིས་ཡོད་ན་འགྱུར་དུ་མི་རུང་བས་སྔར་བཀོད་པའི་སྐྱོན་ཐམས་ཅད་ཉིད་ལ་འགྱུར་གྱི། ཁོ་བོ་ཅག་ལ་ནི་མི་འགྱུར་རོ། །གཉིས་པ་ནི། །རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་འང་ཡོད་པ་མ་ཡིན་ནོ། །ཞེས་སོ། ཁོ་བོ་ཅག་གི་ཕྱོགས་ལ་རྣམ་གཞག་ཐམས་ཅད་འཐད་དེ། ཁོ་བོ་ཅག་རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་པ་དེ་ནི་རང་བཞིན་གྱིས་སྐྱེས་པས་སྟོང་པའི་དོན་ཉིད་དུ་བཤད་པ་ལྟར་འདོད་པའི་ཕྱིར་རོ། །རང་བཞིན་གྱིས་སྟོང་པའི་ཆོས་དེ་ནི་ཆོས་ཅན། །བརྟེན་ནས་གདགས་པར་བཞག་སྟེ། གདགས་གཞི་ཆ་ཤས་སོགས་ལ་བརྟེན་ནས་བཞག་པའི་ཕྱིར། །རྟེན་འབྲེལ་རང་བཞིན་མེད་པས་དེ་ནི་ཆོས་ཅན། མཐའ་གཉིས་སྤངས་པའི་དབུ་མ་དང་དེའི་ལམ་སྟེ་དབུ་མ་པས་བགྲོད་པའི་ཤུལ་ཡིན་ཏེ། །གང་ཞིག་རྟོགས་ན་སྐྱོན་ཟད་ཅིང་ཡོན་ཏན་སྐྱེད་པའི་དམིགས་པ་མཐར་ཐུག་ཡིན་པའི་ཕྱིར། རྒྱུ་མཚན་གང་གི་ཕྱིར་རྟེན་འབྱུང་མ་ཡིན་པའི་ཆོས་འགའ་འང་ཡོད་པ་མ་ཡིན་ལ། རྟེན་འབྱུང་ཡ ང་རང་བཞིན་གྱིས་གྲུབ་པས་སྟོང་པ་དེའི་ཕྱིར་རང་བཞིན་གྱིས་སྟོང་པ་མ་ཡིན་པའི་ཆོས་འགའ་ཡང་ཡོད་པ་མ་ཡིན་ནོ། །རྟེན་འབྱུང་གི་དོན་ལ་ཐུན་མོང་པ་དང་ཐུན་མོང་མ་ཡིན་པ་གཉིས་ཡོད་ལ། མྱུ་གུ་ལ་སོགས་པའི་དངོས་པོ་གང་ཡང་རང་གི་རྒྱུ་རྐྱེན་ལས་འབྱུང་བ་མཐོང་བའི་ཚེ་མྱུ་གུ་སོགས་དང་དེ་དག་དེའི་རྒྱུ་རྐྱེན་དང་དེ་ལས་མྱུ་གུ་འབྱུང་བ་སོགས་ཐམས་ཅད་ཀྱང་བརྟེན་ནས་བཏགས་པར་ངེས་པར་བྱ་ལ། བརྟེན་ནས་བཏགས་པ་ཉིད་ཀྱིས་རང་བཞིན་གྱིས་མེད་པ་ལ་ངེས་པ་འདྲེན་པར་བྱ་སྟེ། དེ་ལྟར་བྱེད་པ་གོམས་པས་ཕྱིས་མྱུ་གུ་སོགས་རྒྱུ་རྐྱེན་ལས་འབྱུང་བ་མཐོང་བ་དང་ཐོས་པ་དང་དྲན་པའི་མོད་ལ་རང་བཞིན་མེད་པར་ངེས་པར་འགྱུར་རོ། །གསུམ་པ་ལ་དྲུག །བདེན་བཞི་མི་འཐད་པར་ཐལ་བ། དཀོན་མཆོག་གསུམ་མི་འཐད་པར་ཐལ་བ། བྱེད་པ་པོ་དང་ལས་འབྲས་མི་རུང་པར་ཐལ་བ། འཇིག་རྟེན་པའི་ཐ་སྙད་མི་རུང་པར་ཐལ་བའོ། །འཇིག་རྟེན་ལས་འདས་པའི་ཐ་སྙད་མི་རུང་བར་ཐལ་བའོ། །དང་པོ་ནི། །གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། ཁྱོད་ལ་མེད་པར་ཐལ་བར་འགྱུར། །རྟེན་ཅིང་འབྲེལ་འབྱུང་མ་ཡིན་ན། །སྡུག་བསྔལ་ཡོད་པར་ག་ལ་འགྱུར། །མི་རྟག་སྡུག་བསྔལ་གསུངས་པ་དེ། །རང་བཞིན་ཉིད་ལ་ཡོད་མ་ཡིན། །རང་བཞིན་ལས་ན་ཡོད་ཡིན་ན། །ཅི་ཞིག་ཀུན་ཏུ་འབྱུང་བར་འགྱུར། །དེ་ཕྱིར་སྟོང་ཉིད་གནོད་བྱེད་ལ། །ཀུན་འབྱུང་ཡོད་པ་མ་ཡིན་ནོ། །སྡུག་བསྔལ་རང་བཞིན་གྱིས་ཡོད་ལ། །འགོག་པ་ཡོད་པ་མ་ཡིན་ནོ། །རང་བཞིན་ཉིད་ནི་ཡོངས་གནས་ཕྱིར། །འགོག་པ་གནོད་པ་བྱེད་པ་ཡིན། །ལམ་ལ་རང་བཞིན་ཡོད་ན་ནི། །བསྒོམ་པ་འཐད་པར་མི་འགྱུར་རོ། །ཅི་སྟེ་ལམ་དེ་བསྒོམས་བྱས་ནས། ཁྱོད་ཀྱི་རང་བཞིན་ཡོད་མ་ཡིན། །གང་ཚེ་སྡུག་བསྔལ་ཀུན་འབྱུང་དང་། །འགོག་པ་ཡོད་པ་མ་ཡིན་ན། །ལམ་གྱིས་སྡུག་བསྔལ་འགོག་པ་ནི། །གང་ཞིག་འཐོབ་པར་འགྱུར་བར་འདོད། །ཅེས་སོ། །གལ་ཏེ་དངོས་པོ་འདི་ཀུན་རང་བཞིན་གྱིས་གྲུབ་པས་མི་སྟོང་ན་ནི་འབྱུང་བ་སྟེ་སྐྱེ་བ་མེད་ཅིང་འཇིག་པ་མེད་པར་འགྱུར་རོ། །དེའི་ཚེ་འཕགས་པའི་བདེན་པ་བཞི་པོ་རྣམས་དངོས་པོར་སྨྲ་བ་ཁྱོད་ལ་མེད་པར་ཐལ་བར་འགྱུར་ཏེ། རང་བཞིན་གྱིས་གྲུབ་ན་བརྟེན་ནས་འབྱུང་བར་མི་རིགས་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་ན་མི་རྟག་པ་ཡང་མ་ཡིན་ཏེ་ནམ་མཁའི་མེ་ཏོག་བཞིན་ནོ། །དེའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ཡོད་པར་ག་ལ་འགྱུར་ཏེ། སྡུག་བསྔལ་གྱི་བདེན་པ་ནི་མི་རྟག་ཅིང་འགྱུར་བའི་ཕྱིར། ཟག་བཅས་ཀྱི་མི་རྟག་པ་རྣམས་ནི་སྡུག་བསྔལ་བདེན་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ནི་རང་བཞིན་གྱིས་གྲུབ་པ་ཉིད་ལ་ཡོད་པར་ཁས་ལེན་དུ་མི་རུང་སྟེ། །དེ་ལེན་ན་དངོས་པོ་ལ་ཡོད་པ་མ་ཡིན་པའི་ཕྱིར་སྡུག་བསྔལ་དུ་མི་རུང་ངོ་། །སྡུག་བསྔལ་རང་བཞིན་ལས་ནི་ཡོད་པ་མ་ཡིན་ན་དེར་སྐྱེ་བར་མི་རུང་བའི་ཕྱིར། རང་རྒྱུ་ཀུན་འབྱུང་ལས་ཅི་ཞིག་ཀུན་ཏུ་འབྱུང་བར་འགྱུར་བར་མི་རིགས་སོ། །དེའི་ཕྱིར་སྡུག་བསྔལ་རང་བཞིན་གྱིས་སྟོང་པ་ཉིད་ལ་གནོད་པ་བྱེད་པ་ལ་ཀུན་འབྱུང་ཡོད་པ་མ་ཡིན་ཏེ། སྡུག་བསྔལ་འབྱུང་བས་ཀུན་འབྱུང་དུ་འཇོག་པའི་ཕྱིར་རོ། །སྡུག་བསྔལ་རང་བཞིན་གྱིས་ཡོད་པར་འདོད་པ་ལ་འགོག་པའི་བདེན་པ་ཡོད་པ་མ་ཡིན་ཏེ། སྡུག་བསྔལ་འགག་པས་འགོག་པར་འཇོག་དགོས་ན་སྡུག་བསྔལ་རང་བཞིན་གྱིས་གྲུབ་ན་འགོག་ཏུ་མི་རུང་བའི་ཕྱིར་ཏེ། རང་བཞིན་ཉིད་ལ་ལྡོག་པ་མེད་པའི་ཕྱིར་དང་། རང་བཞིན་གྱིས་ཡོད་ན་ནི་དུས་ཀུན་དུ་དོན་དུ་གནས་དགོས་པའི་ཕྱིར། དེས་ན་འགོག་པའི་བདེན་པ་ལ་གནོད་པ་བྱེད་པ་ཡིན་ནོ། །ལམ་གྱི་བདེན་པ་ལ་རང་བཞིན་གྱིས་གྲུབ་པ་ཡོད་ན་ནི་དེ་མ་བསྒོམས་ཀྱང་ཡོད་པར་འགྱུར་བའི་ཕྱིར་བསྒོམ་པ་འཐད་པར་མི་འགྱུར་ཏེ་དགོས་པ་མེད་དོ། །ཅི་སྟེ་ལམ་གྱི་བདེན་པ་དེ་བསྒོམ་པར་བྱ་བར་འདོད་ནས། ཁྱོད་ཀྱི་ལམ་གྱི་བདེན་པ་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། །གསར་དུ་བསྒོམས་པར་བྱ་དགོས་པའི་ཕྱིར་རོ། །རང་བཞིན་གྱིས་ཡོད་ན་གང་གི་ཚེ་སྡུག་བསྔལ་གྱི་ཕུང་པོ་ཀུན་འབྱུང་བ་དང་སྡུག་བསྔལ་འགོག་པ་ཡོད་པ་མ་ཡིན་ན། ལམ་གྱིས་ཀུན་འབྱུང་སྤོང་བའི་སྒོ་ནས་སྡུག་བསྔལ་འགོག་པའི་བདེན་པ་ནི་གང་ཞིག་འཐོབ་པར་འདོད་པའི་འགོག་པ་མེད་པའི་ཕྱིར་ལམ་བསྒོམ་པ་ནི་མི་འཐད་དོ། །གཉིས་པ་ནི། གལ་ཏེ་རང་བཞིན་ཉིད་ཀྱིས་ནི། །ཡོངས་སུ་ཤེས་པ་མ་ཡིན་ན། །དེ་ནི་ཇི་ལྟར་ཡོངས་ཤེས་འགྱུར། །རང་བཞིན་གནས་པ་མ་ཡིན་ནམ། །དེ་བཞིན་དུ་ནི་ཁྱོད་ཉིད་ཀྱི། །སྤང་དང་མངོན་དུ་བྱ་བ་དང་། །བསྒོམ་དང་འབྲས་བུ་བཞི་དག་ཀྱང་། །ཡོངས་ཤེས་བཞིན་དུ་མི་རུང་ངོ་། །རང་བཞིན་ཡོངས་སུ་འཛིན་པ་ཡི། །འབྲས་བུ་རང་བཞིན་ཉིད་ཀྱིས་ནི། །འཐོབ་པ་མིན་པ་གང་ཡིན་དེ། །ཇི་ལྟར་འཐོབ་པ་ཉིད་དུ་འགྱུར། །ཞེས་སོ། །གལ་ཏེ་སྡུག་བསྔལ་ཡོངས་སུ་ཤེས་པ་མ་ཡིན་པའི་རང་བཞིན་ཉིད་ཀྱིས་གནས་པ་ཡིན་ན། དེ་ནི་ཇི་ལྟར་ན་ཡོངས་སུ་ཤེས་པར་འགྱུར་ཏེ། རང་བཞིན་གྱིས་གྲུབ་ན་དེ་ནི་མེའི་ཚ་བ་ལྟར་གནས་པ་མ་ཡིན་ནམ་ཏེ་ཡིན་པའི་ཕྱིར་ཏེ། རང་བཞིན་གྱིས་གྲུབ་ན་གཞན་འགྱུར་བ་འགལ་བའི་ཕྱིར། དེ་བཞིན་དུ་ནི་ཁྱོད་ཉིད་ཀྱི་ལྟར་ན་ཀུན་འབྱུང་སྤང་བ་དང་འགོག་པ་མངོན་དུ་བྱ་བ་དང་ལམ་བསྒོམ་པ་ཡང་མི་རུང་སྟེ། སྔར་རང་བཞིན་གྱིས་གནས་པ་ནི་ཕྱིས་སྤོང་བ་དང་མངོན་དུ་བྱ་བ་དང་བསྒོམ་པ་མི་འཐད་པའི་ཕྱིར་ཏེ། རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར། སྔར་ཡོངས་ཤེས་བཤད་པ་བཞིན་དུ་མི་རུང་བ་དེས་དགག་སྟེ་གཞན་ལའང་དེ་ལྟར་རོ། །དེ་བཞིན་དུ་རྒྱུན་ཞུགས་ལ་སོགས་པའི་འབྲས་བུ་བཞི་དག་ཀྱང་སྔར་མེད་ན་ཕྱིས་ཀྱང་ཡོད་པར་མི་འགྱུར་ལ། འབྲས་བུ་བཞི་ཡོད་པར་སྔར་ཐོབ་པ་མིན་པའི་རང་བཞིན་ཉིད་ཀྱིས་གནས་པ་གང་ཡིན་པ་དེ་ཕྱིས་ཇི་ལྟར་འཐོབ་པ་ཉིད་དུ་འགྱུར་ཏེ། རང་བཞིན་ཡོངས་སུ་འཛིན་པ་ཡི་སྟེ་དེ་ལ་ལྡོག་པ་མེད་པའི་ཕྱིར། གསུམ་པ་ནི། །འབྲས་བུ་མེད་ན་འབྲས་གནས་མེད། །ཞུགས་པ་དག་ཀྱང་ཡོད་མ་ཡིན། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད། །དེ་དག་མེད་ན་དགེ་འདུན་མེད། །འཕགས་པའི་བདེན་རྣམས་མེད་པའི་ཕྱིར། །དམ་པའི་ཆོས་ཀྱང་ཡོད་མ་ཡིན། །ཆོས་དང་དགེ་འདུན་ཡོད་མིན་ན། །སངས་རྒྱས་ཇི་ལྟར་ཡོད་པར་འགྱུར། ཁྱོད་ཀྱི་སངས་རྒྱས་བྱང་ཆུབ་ལ། །མ་བརྟེན་པར་ཡང་ཐལ་བར་འགྱུར། ཁྱོད་ཀྱི་བྱང་ཆུབ་སངས་རྒྱས་ལ། །མ་བརྟེན་པར་ཡང་ཐལ་བར་འགྱུར། ཁྱོད་ཀྱི་རང་བཞིན་ཉིད་ཀྱིས་ནི། །སངས་རྒྱས་མིན་པ་གང་ཡིན་དེས། །བྱང་ཆུབ་སྤྱོད་ལ་བྱང་ཆུབ་ཕྱིར། །བཙལ་ཡང་བྱང་ཆུབ་ཐོབ་མི་འགྱུར། །ཞེས་སོ། །འབྲས་བུ་བཞི་དང་དེ་དག་ཐོབ་པ་མེད་ན་འབྲས་བུ་ལ་གནས་པ་དང་དེེར་ཞུགས་པ་བཞི་དག་ཀྱང་ཡོད་པ་མ་ཡིན་ནོ། །གལ་ཏེ་སྐྱེས་བུ་ཟུང་བཞི་དང་གང་ཟག་ཡ་བརྒྱད་པོ་དེ་དག་མེད་ན་དགེ་འདུན་དཀོན་མཆོག་མེད་པར་འགྱུར་ལ། འཕགས་པའི་བདེན་པ་རྣམས་མེད་པའི་ཕྱིར་དམ་པའི་ཆོས་ཀྱང་ཡོད་པ་མ་ཡིན་ནོ། །ཆོས་དང་དགེ་འདུན་ཡོད་པ་མ་ཡིན་ན་སངས་རྒྱས་ཇི་ལྟར་ན་ཡོད་པར་འགྱུར་ཏེ་མི་རིགས་སོ། ཁྱོད་ཀྱི་ལྟར་སངས་རྒྱས་རང་བཞིན་གྱིས་ཡོད་ན་བྱང་ཆུབ་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མ་བརྟེན་པར་ཐལ་བར་འགྱུར་ལ། དེ་བཞིན་དུ་ཁྱོད་ཀྱི་བྱང་ཆུབ་ཡེ་ཤེས་ཀྱང་སངས་རྒྱས་ལ་མ་བརྟེན་པར་རང་དབང་དུ་ཡོད་པར་ཐལ་ཏེ། །རང་བཞིན་གྱིས་གྲུབ་པ་ལ་བལྟོས་པ་མི་རུང་བའི་ཕྱིར་རོ། ཁྱོད་ཀྱི་ལྟར་ན་སངས་རྒྱས་པའི་སར་སངས་རྒྱས་མིན་པའི་རང་བཞིན་ཉིད་ཀྱིས་གནས་པའི་གང་ཟག་གང་ཡིན་པ་དེེས་བྱང་ཆུབ་ཐོབ་པའི་ཕྱིར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བཙལ་བ་སྟེ་བརྩོན་ཡང་བྱང་ཆུབ་ཐོབ་པར་མི་འགྱུར་ཏེ། །དེ་འདྲ་བའི་རང་བཞིན་ལ་ནམ་ཡང་ལྡོག་པ་མེད་པའི་ཕྱིར་རོ། །བཞི་པ་ནི། །འགའ་ཡང་ཆོས་དང་ཆོས་མིན་པ། །ནམ་ཡང་བྱེད་པར་མི་འགྱུར་ཏེ། །མི་སྟོང་པ་ལ་ཅི་ཞིག་བྱ། །རང་བཞིན་ལ་ནི་བྱ་བ་མེད། །ཆོས་དང་ཆོས་མིན་མེད་པར་ཡང་། །འབྲས་བུ་ཁྱོད་ལ་ཡོད་པར་འགྱུར། །ཆོས་དང་ཆོས་མིན་རྒྱུས་བྱུང་བའི། འབྲས་བུ་ཁྱོད་ལ་ཡོད་མ་ཡིན། །ཆོས་དང་ཆོས་མིན་རྒྱུས་བྱུང་བའི། །འབྲས་བུ་གལ་ཏེ་ཁྱོད་ལ་ཡོད། །ཆོས་དང་ཆོས་མིན་ལས་བྱུང་བའི། །འབྲས་བུ་ཅི་ཕྱིར་སྟོང་མ་ཡིན། །ཞེས་སོ། །གཞན་ཡང་རང་བཞིན་གྱིས་གྲུབ་པར་འདོད་ན་མི་འཐད་དེ། །འདོད་ན་གང་ཟག་འགའ་ཡང་ཆོས་དགེ་བ་དང་ཆོས་མིན་པ་མི་དགེ་བ་ནམ་ཡང་བྱེད་པར་མི་འགྱུར་བའི་ཕྱིར་ཏེ། །རང་བཞིན་གྱིས་ཡོད་པས་མི་སྟོང་པ་ལ་ཅི་ཞིག་ཕྱིར་ཡོད་དེ་མེད་པའི་ཕྱིར་ཏེ། །རང་བཞིན་གྱིས་ཡོད་པ་ལ་ནི་ཅི་ཡང་བྱ་བ་གང་ཡང་མེད་པའི་ཕྱིར། །གཞན་ཡང་ཆོས་དང་ཆོས་མིན་པ་བྱས་པ་མེད་པར་ཡང་དེའི་འབྲས་བུ་བདེ་སྡུག་གཉིས་ཁྱོད་ལ་ཡོད་པར་འགྱུར་ཏེ། ཆོས་དང་ཆོས་མིན་གཉིས་གསར་དུ་བྱེད་པ་ལ་མ་བལྟོས་པར་ངོ་བོ་ཉིད་ཀྱིས་ཡོད་པའི་ཕྱིར། དེ་ལྟ་ན་ཆོས་དང་ཆོས་མིན་གྱི་རྒྱུ་ལས་བྱུང་བའི་འབྲས་བུ་གཉིས་ནི་ལས་གཉིས་ཀྱིས་བྱས་པ་མིན་པར་ཁྱོད་ལ་ཡོད་པ་མ་ཡིན་ཏེ། རྒྱུ་མཚན་དེའི་ཕྱིར། །གལ་ཏེ་འབྲས་བུ་གཉིས་ཆོས་དང་མིན་གྱི་རྒྱུ་ལས་བྱུང་བ་ཡོད་ན་ནི་འབྲས་བུ་གཉིས་པོ་དེ་ཆོས་ཅན། །ཅིའི་ཕྱིར་རང་བཞིན་གྱིས་སྟོང་པ་མ་ཡིན་ཏེ་ཡིན་པར་ཐལ། ཆོས་དང་ཆོས་མིན་ལ་འབྱུང་བའི་ཕྱིར། གཟུགས་བརྙན་བཞིན་ནོ། །ལྔ་པ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ཡི། །སྟོང་པ་ཉིད་ལ་གནོད་བྱེད་གང་། །འཇིག་རྟེན་པ་ཡི་ཐ་སྙད་ནི། །ཀུན་ལའང་གནོད་པ་བྱེད་པ་ཡི ན། །སྟོང་པ་ཉིད་ལ་གནོད་བྱེད་ན། །བྱ་བ་ཅི་ཡང་མེད་འགྱུར་ཞིང་། །རྩོམ་པ་མེད་པའི་བྱ་བར་འགྱུར། །མི་བྱེད་པ་ཡང་བྱེད་པོར་འགྱུར། །རང་བཞིན་ཡོད་ན་འགྲོ་ལ་རྣམས། །མ་སྐྱེས་པ་དང་མ་འགགས་དང་། །ཐེར་ཟུག་ཏུ་ཡང་གནས་འགྱུར་ཞིང་། །གནས་སྐབས་སྣ་ཚོགས་བྲལ་བར་འགྱུར། །ཞེས་སོ། །གཞན་ཡང་དངོས་པོ་རང་བཞིན་གྱིས་ཡོད་པར་འདོད་མི་རིགས་པར་ཐལ། དེ་ལྟར་འདོད་ན་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡི་སྟོང་པ་ཉིད་ལ་གནོད་པ་བྱེད་ལ། དེ་ལྟར་བྱེད་པ་གང་ཡིན་པ་དེ་ནི་སོང་ཤིག་འདུག་ཅིག་ལ་སོགས་པའི་འཇིག་རྟེན་པའི་ཐ་སྙད་ནི་ཀུན་ལ་གནོད་པ་བྱེད་པ་པོར་འགྱུར་བའི་ཕྱིར། གཞན་ཡང་རང་བཞིན་གྱིས་སྟོང་པ་ཉིད་ལ་གནོད་པ་བྱེད་ན་མི་འཐད་དེ། །རང་བཞིན་གྱིས་མི་སྟོང་པ་ལ་སུས་ཀྱང་བྱ་བ་ཅི་ཡང་བྱེད་པ་མི་འགྱུར་པས་རྩོམ་པ་མེད་པ་སྟེ་མ་བྱས་པ་ཡང་བྱ་བ་འགྱུར་ལ། །བྱ་བ་ཅི་ཡང་བྱེད་པ་ཡང་བྱེད་པ་པོར་འགྱུར་ན་དེ་མི་རིགས་པའི་ཕྱིར། །གཞན་ཡང་ཆོས་རྣམས་རང་བཞིན་གྱིས་ཡོད་ན་འགྲོ་བ་རྣམས་ཀྱང་མ་སྐྱེས་པ་དང་མ་འགགས་པར་འགྱུར་ཞིང་། །སྔ་ཕྱི་འགྱུར་མེད་ཀྱི་ཐེར་ཟུག་ཏུ་ཡང་གནས་པར་འགྱུར་བས་འགྲོ་བ་རྣམས་གནས་སྐབས་སྣ་ཚོགས་པ་འདི་རྣམས་དང་བྲལ་བ་སྟེ་མེད་པར་འགྱུར་ཏེ། རང་བཞིན་གནས་པ་མ་ཡིན་པ་དང་ནམ་ཡང་མི་ལྡོག་པའི་ཕྱིར་རོ། །དྲུག་པ་ནི། གལ་ཏེ་སྟོང་པ་ཡོད་མིན་ན། །མ་ཐོབ་ཐོབ་པར་བྱ་བ་དང་། །སྡུག་བསྔལ་མཐར་བྱེད་ལས་དང་ནི། །ཉོན་མོངས་ཐམས་ཅད་སྤོང་བའང་མེད། །ཞེས་སོ། །གལ་ཏེ་རང་བཞིན་གྱིས་གྲུབ་པས་སྟོང་པ་ཡོད་པ་མ་ཡིན་ན་ནི་ཤིན་ཏུ་ཡང་མི་འཐད་དེ། སྔར་འབྲས་བུ་མ་ཐོབ་པ་ཕྱིར་ཐོབ་པར་བྱ་བ་དང་། །སྔར་གྱི་སྡུག་བསྔལ་ཕྱིིས་ཟད་པའི་མཐར་བྱེད་པ་དང། ལས་དང་ཉོན་མོངས་པ་ཐམས་ཅད་སྤོང་བའང་མེད་པར་འགྱུར་བའི་ཕྱིར་རོ། །བཞི་པ་ནི། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །མཐོང་བ་དེས་ནི་སྡུག་བསྔལ་དང་། ཀུན་འབྱུང་དང་ནི་འགོག་པ་དང་། །ལམ་ཉིད་དེ་དག་མཐོང་བ་ཡིན། །ཞེས་སོ། །རྣལ་འབྱོར་བ་གང་གིས་རང་བཞིན་གྱིས་སྟོང་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་ཅན་མཐོང་བ་དེས་ནི་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ཉིད་དེ་བདེན་པ་བཞི་པོ་དེ་དག་མཐོང་བ་ཡིན་ནོ། །གཉིས་ནི། འཕགས་པའི་བདེན་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བཞི་པའོ།། །།གཉིས་པ་མྱང་འདས་བརྟག་པ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ལུང་དང་སྦྱར་བ། མཚན་བསྟན་པའོ། །དང་པོ་ལ་གཉིས། རྩོད་པ་དང་། ལན་ནོ། །དང་པོ་ནི། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །གང་ཞིག་སྤོང་ཞིང་འགགས་པ་ལས། །མྱ་ངན་འདས་པར་འགྱུར་བར་འདོད། །ཅེས་སོ། ཁོ་ན་རེ། །གལ་ཏེ་ཁྱོད་ཕྱི་ནང་གི་ཆོས་འདི་དག་ཀུན་རང་བཞིན་གྱིས་གྲུབ་པས་སྟོང་པར་འདོད་ན་འབྱུང་བ་དང་འཇིག་པ་ཅུང་ཟད་ཀྱང་མེད་པར་འགྱུར་བའི་ཕྱིར་ཉོན་མོངས་པ་གང་ཞིག་སྤོང་ཞིང་སྤངས་པ་དང་། །ཉེར་ལེན་གྱི་ཕུང་པོ་གང་ཞིག་འགགས་པ་ལས་མྱང་འདས་གཉིས་ཀྱིས་སྒོ་ནས་མྱ་ངན་ལས་འདའ་བར་འགྱུར་བར་འདོད་པར་མི་རིགས་ཏེ། ཕུང་པོ་དང་སྡུག་བསྔལ་རང་བཞིན་གྱིས་གྲུབ་པའི་ཕྱིར་རོ་ཞེས་ཟེར། གཉིས་པ་ལ་བཞི། དངོས་པོ་རང་བཞིན་གྱིས་གྲུབ་པའི་ཕྱོགས་ལ་མྱང་འདས་མི་འཐད་པ་དང་། རང་ལུགས་ཀྱི་མྱང་འདས་ངོས་བཟུང་བ་དང་། དེ་ལས་ཚུལ་བཞིན་དུ་སྨྲ་བ་དགག་པ་དང་། །དེ་ལྟར་བཀག་པ་ལ་ལུང་དང་འགལ་བ་སྤངས་པའོ། །དང་པོ་ནི། གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །སྤོང་བ་དང་ནི་འགགས་པ་ལས། །མྱ་ངན་འདའ་བར་འགྱུར་བར་འདོད། །ཅེས་སོ། །གལ་ཏེ་དངོས་པོ་འདི་དག་ཀུན་རང་བཞིན་གྱིས་གྲུབ་པས་མི་སྟོང་ན་མི་འཐད་དེ། རང་བཞིན་གྱིས་གྲུབ་ན་གསར་དུ་འབྱུང་བ་དང་གསར་དུ་འཇིག་པ་མེད་པས་ཉོན་མོངས་དང་ཕུང་པོ་གང་ཞིག་སྤོང་བ་དང་འགགས་པ་ལས་འདའ་བར་འདོད་མི་རིགས་པའི་ཕྱིར་ཏེ། ཕུང་ཉོན་རང་བཞིན་གྱིས་གནས་ན་ལྡོག་པར་མི་ནུས་པའི་ཕྱིར་རོ། །གཉིས་པ་ནི། སྤངས་པ་མེད་ཅིང་ཐོབ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འགག་པ་མེད་པ་སྐྱེ་མེད་པ། །དེ་ནི་མྱ་ངན་འདས་པར་བརྗོད། །ཅེས་སོ། །འོ་ན་ཁྱོད་ཀྱི་མྱང་འདས་དེ་ཇི་ལྟ་བུ་ཞེ་ན། ཡོད་དེ། ཆགས་སོགས་ལྟར་སྤངས་པ་མེད་ཅིང་དགེ་སྦྱོང་འབྲས་བུ་ལྟར་ཐོབ་པ་མེད་པ་དང་ཉེར་ལེན་གྱི་ཕུང་པོ་སོགས་ལྟར་ཆད་པ་དང་མི་སྟོང་བ་ལྟར་རྟག་པ་དེ་བཞིན་རང་བཞིན་གྱིས་མེད་པ་དང་། རང་བཞིན་གྱིས་འགག་པ་མེད་པ་དང་སྐྱེ་བ་མེད་པ་ལ་སོགས་པའི་སྤྲོས་པ་ཉེ་བར་ཞི་བའི་མཚན་ཉིད་ཅན་གྱི་དེ་ནི་མྱ་ངན་འདས་པར་བརྗོད་པའི་ཕྱིར་རོ། །ལུགས་གཞན་གྱི་མྱང་འདས་གཉིས་ནི་ཉེར་ལེན་གྱི་ཕུང་པོའི་ལྷག་མ་དང་བཅས་མ་བཅས་ཀྱི་སྒོ་ནས་ཡིན་ཡང་། ལུགས་འདིར་མཉམ་བཞག་ཏུ་གཉིས་སྣང་གི་སྤྲོས་པ་མེད་པ་དང་རྗེས་ཐོབ་ཏུ་དེ་ཡོད་པའི་སྒོ་ནས་མྱང་འདས་གཉིས་སུ་འཇོག་སྟེ། གཉིས་ཀས་ཀྱང་ཉོན་མོངས་སྤངས་པ་ཞིག་གི་སྟེང་ནས་བརྗོད་པ་ལ་ནི་འདྲའོ། །གསུམ་པ་ལ་གསུམ། །མྱང་འདས་མཐའ་བཞིར་གྲུབ་པ་དགག །དེ་ཐུགས་སུ་ཆུད་པོ་མཐའ་བཞིར་མ་གྲུབ་པར་བསྟན། དེས་གྲུབ་པའི་དོན་ནོ། །དང་པོ་ལ་གསུམ། །མྱང་འདས་དངོས་པོར་ཡོད་མེད་སོ་སོའི་མཐར་འདོད་པ་དགག །དེ་གཉིས་ཀའི་མཐར་འདོད་པ་དགག །གཉིས་ཀ་མ་ཡིན་པའི་མཐར་འདོད་པ་དགག་པའོ། །དང་པོ་ལ་བཞི། དངོས་པོའི་མཐར་དང་། དངོས་མེད་ཀྱི་མཐར་འདོད་པ་དགག །མཐའ་གཉིས་སྤངས་པའི་མྱང་འདས་གང་ལ་འཇོག་པ། མཐའ་གཉིས་སུ་ལྟ་བ་སྟོན་པས་སྨད་ཚུལ་ལོ། །དང་པོ་ནི། རེ་ཞིག་མྱ་ངན་འདས་དངོས་མིན། །རྒ་ཤིའི་མཚན་ཉིད་ཐལ་བར་འགྱུར། རྒ་དང་འཆི་བ་མེད་པ་ཡི། །དངོས་པོ་ཡོད་པ་མ་ཡིན་ནོ། །གལ་ཏེ་མྱ་ངན་འདས་དངོས་ན། །མྱ་ངན་འདས་པ་འདུས་བྱས་འགྱུར། །དངོས་པོ་འདུས་བྱས་མ་ཡིན་པ། །འགའ་ཡང་གང་ནའང་ཡོད་མ་ཡིན། །གལ་ཏེ་མྱ་ངན་འདས་དངོས་ན། །ཇི་ལྟར་མྱང་འདས་དེ་བརྟེན་ཡིན། དངོས་པོ་བརྟེན་ནས་མ་ཡིན་པ། །འགའ་ཡང་གང་ནའང་ཡོད་མ་ཡིན། །ཞེས་སོ། །བྱེ་བྲག་སྨྲ་བ་ན་རེ། མྱང་འདས་ནི་རང་གི་སྤང་བྱ་འགོག་པའི་དངོས་པོ་ཡིན་ནོ་ཟེར་རོ། །རེ་ཞིག་མྱ་ངན་ལས་འདས་པ་ཆོས་ཅན། རང་གི་སྤང་བྱ་འགོག་པའི་དངོས་པོ་མ་ཡིན་པར་ཐལ། ཡིན་ན་རྒ་བ་སྟེ་གཞན་དུ་འགྱུར་བ་དང་ཤི་བ་སྟེ་འཇིག་པའི་མཚན་ཉིད་ཅན་དུ་ཐལ་བར་འགྱུར་བའི་ཕྱིར་ཏེ། དངོས་པོ་ནི་དེ་འདྲ་བའི་རྒ་ཤི་ལ་མི་འཁྲུལ་བའི་ཕྱིར། རྟགས་གྲུབ་སྟེ། དེ་ལྟ་བུའི་རྒ་བ་དང་འཆི་བ་མེད་པའི་དངོས་པོ་ནི་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་མྱ་ངན་ལས་འདས་པ་ནི་དངོས་པོ་ཡིན་ན་མི་རིགས་ཏེ། མྱ་ངན་ལས་འདས་པ་དེ་ནི་འདུས་བྱས་སུ་འགྱུར་བའི་ཕྱིར། འདུས་མ་བྱས་ཡིན་པ་ནི་ཕྱི་ནང་གི་དངོས་པོ་ལ་རང་བཞིན་གྱིས་བརྟེན་པ་འགའ་ཡང་ཡུལ་དུས་གྲུབ་པའི་མཐའ་གང་ནའང་ཡོད་པ་མ་ཡིན་ཏེ་འགལ་བའི་ཕྱིར། གཞན་ཡང་གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་ཡིན་ན་ཇི་ལྟར་ན་མྱང་འདས་དེ་ནི་རང་གི་རྒྱུ་ལ་བརྟེན་ནས་སྐྱེ་བ་མིན་ཏེ་ཡིན་དགོས་ཏེ། །རྒྱུ་ཚོགས་པ་ལ་བརྟེན་ནས་སྐྱེ་བ་མ་ཡིན་པའི་དངོས་པོ་ནི་འགའ་ཡང་གང་ན་ཡོད་པ་མ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །གཉིས་པ་ནི། །གལ་ཏེ་མྱང་འདས་དངོས་མིན་ན། །དངོས་མེད་ཇི་ལྟར་རུང་བར་འགྱུར། །གང་ལ་མྱ་ངན་འདས་དངོས་མིན། །དེ་ལ་དངོས་མེད་ཡོད་མ་ཡིན། །གང་ལ་མྱ་ངན་འདས་དངོས་མིན། །ཇི་ལྟར་མྱང་འདས་དེ་བརྟེན་མིན། །གང་ཞིག་བརྟེན་ནས་མ་ཡིན་པའི། །དངོས་མེད་ཇི་ལྟར་མ་ཡིན་ནོ། །ཞེས་སོ། །མདོ་སྡེ་པ་ན་རེ། གལ་ཏེ་དངོས་པོ་མིན་ཡང་དངོས་མེད་ཡིན་ལ། དེ་ཡང་ཉོན་མོངས་དང་སྐྱེ་བ་ལོགས་པ་ཙམ་ལ་འཇོག་གོ་ཞེ་ན། འདི་ཡང་དངོས་མེད་དེར་ཐ་སྙད་ཙམ་གྱིས་བཞག་པ་མ་ཡིན་པར་ངོ་བོ་ཉིད་ཀྱིས་འཇོག་པ་ཡིན་པས་དེ་ལྟར་ན་ཚུལ་དེ་ཡང་མི་འཐད་པར་ཐལ། གལ་ཏེ་མྱ་ངན་འདས་པ་དངོས་པོ་མ་ཡིན་ན། དངོས་མེད་དུ་ངོ་བོ་ཉིད་ཀྱིས་ཇི་ལྟར་ཡོད་དུ་རུང་བར་འགྱུར་བ་མི་རིགས་པའི་ཕྱིར། །ཕྱོགས་གང་ལ་བསྟན་ཟིན་པའི་ཉེས་པས་འདས་པ་དངོས་པོ་མིན་པའི་ཕྱོགས་དེ་ལ་སྟེ་དེས་མྱང་འདས་དངོས་མེད་དུའང་དངོས་པོ་ཡོད་པར་ཁས་བླང་པར་རིགས་པ་མ་ཡིན་ཏེ། །དངོས་པོ་གཞན་དུ་གྱུར་པ་ལ་དངོས་མེད་དུ་སྨྲ་བའི་ཕྱིར་དང་རང་བཞིན་གྱིས་ཡོད་པ་གཞན་དུ་འགྱུར་བ་མི་རིགས་པའི་ཕྱིར། གཞན་ཡང་གལ་ཏེ་གང་ལ་མྱང་འདས་དངོས་པོ་མིན་པར་རང་གི་ངོ་བོས་ཡོད་ན། བུམ་པ་ཞིག་པ་བུམ་པ་ལ་བརྟེན་ནས་འཇོག་པ་བཞིན་དུ་མྱང་འདས་དེ་ཇི་ལྟར་ན་རང་གི་དགག་བྱའི་དངོས་པོ་ཞིག་པ་ལ་བརྟེན་ནས་འདོགས་པ་མིན་ཏེ་ཡིན་ནོ། །དེའི་ཕྱིར་གང་ཞིག་དངོས་པོ་ལ་བརྟེན་ནས་འདོགས་པ་མ་ཡིན་པའི་དངོས་མེད་རང་གི་ངོ་བོས་ཡོད་པ་མིན་ཏེ། རིགས་པས་འགྲུབ་པའི་ཕྱིར། གསུམ་པ་ནི། །འོང་བ་དང་ནི་འགྲོ་བའི་དངོས། བརྟེན་ཏམ་རྒྱུར་བྱས་གང་ཡིན་པ། །དེ་ནི་བརྟེན་མིན་རྒྱུར་བྱས་མིན། །མྱ་ངན་འདས་པ་ཡིན་པར་བསྟན། །ཞེས་སོ། །གལ་ཏེ་མྱང་འདས་དངོས་དང་དངོས་མེད་གཉིས་སུ་ངོ་བོས་མེད་ན་འོ་ན་མྱང་འདས་དེ་གང་ཞེ་ན། ཡོད་དེ། སྐྱེ་བ་སྔོན་ནས་འདིར་འོང་བ་དང་ནི་འདི་ནས་ཕྱི་མར་འགྲོ་བའི་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་པའི་དངོས་པོ་རང་དང་རང་གི་རྒྱུ་རྐྱེན་གྱི་ཚོགས་པ་བརྟེན་པའམ། མར་མེ་ལས་འོད་སྐྱེ་བ་ལྟར་ཚོགས་པ་རྒྱུར་བྱས་ནས་འདོགས་པ་གང་ཡིན་པ་དེ་ནི་རང་གི་རྒྱུ་རྐྱེན་ཚོགས་པ་ལ་བརྟེན་པ་ཡིན་ལ་དེ་ལྟར་བརྟེན་པ་མིན་པ་དང་རྒྱུར་བྱས་ནས་འཇུག་པ་མིན་པར་ཉོན་མོངས་པ་དང་ཕུང་པོའི་སྤྲོས་པ་སྔར་བཤད་པ་ལྟར་ཞི་བའི་སེམས་ཀྱི་ཆོས་ཉིད་དེ་ནི་མྱ་ངན་ལས་འདས་པ་ཡིན་པར་བཅོམ་ལྡན་འདས་ཀྱིས་བསྟན་ལ། །དེ་ཙམ་ནི་དངོས་མེད་ཡིན་ཡང་དེར་ངོ་བོས་གྲུབ་པ་མ་ཡིན་པའི་ཕྱིར། བཞི་པ་ནི། འབྱུང་བ་དང་ནི་འཇིག་པ་དག །སྤོང་བར་སྟོང་པས་བཀའ་སྩལ་ཏོ། །དེ་ཕྱིར་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་ཡིན་པར་རིགས། །ཞེས་སོ། །ཡང་། འབྱུང་བའི་སྲེད་པ་དང་ནི་འཇིག་བའི་སྲེད་པ་དག་སྤང་བར་སྟོན་པས་བཀའ་བསྩལ་པ་དེའི་ཕྱིར་མྱ་ངན་འདས་པ་ནི་དངོས་པོ་མིན་ཞིང་། དངོས་མེད་དུ་རང་བཞིན་གྱིས་ཡོད་པ་མིན་པར་རིགས་ཏེ། གལ་ཏེ་དེ་གཉིས་ངོ་བོས་ཡོད་ན་མྱང་འདས་ཀྱང་འདོད་བྱར་འགྱུར་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ན། །དངོས་དང་དངོས་པོ་མེད་པ་དག །ཐར་པར་འགྱུར་ན་དེ་མི་རིགས། །གལ་ཏེ་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་ཉིད་ཡིན་ན། །མྱ་ངན་འདས་པ་མ་བརྟེན་མིན། །དེ་གཉིས་བརྟེན་ནས་ཡིན་ཕྱིར་རོ། །ཇི་ལྟར་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ཏེ། །མྱ་ངན་འདས་པ་འདུས་མ་བྱས། །དངོས་དང་དངོས་མེད་འདུས་བྱས་ཡིན། །ཇི་ལྟར་མྱ་ངན་འདས་པ་ལ། །དངོས་དང་དངོས་མེད་གཉིས་ཡོད་དེ། །དེ་གཉིས་གཅིག་ལ་ཡོད་མིན་ཏེ། །སྣང་བ་དང་ནི་མུན་པ་བཞིན། །ཞེས་སོ། །གལ་ཏེ་ཁ་གཅིག་མྱང་འདས་དེ་དངོས་པོ་དང་དངོས་མེད་རེ་རེ་རང་བཞིན་གྱིས་མེད་ཀྱང་གཉིས་ཀར་རང་བཞིན་གྱིས་ཡོད་པ་ཡིན་ནོ་ཞེ་ན། མྱ་ངན་ལས་འདས་པ་ཐར་པ་ནི་ཆོས་ཅན། དངོས་དང་དངོས་མེད་གཉིས་ཀར་རང་བཞིན་གྱིས་མེད་པར་ཐལ། གཉིས་ཀ་རེ་རེ་ཡང་རང་བཞིན་གྱིས་མེད་པའི་ཕྱིར། གཉིས་ཀར་རང་བཞིན་གྱིས་ཡོད་ན་མི་རིགས་པར་ཐལ། དེའི་ཚེ་དངོས་པོ་དང་དངོས་པོ་མེད་པ་དག་ཐར་པར་འགྱུར་དགོས་པའི་ཕྱིར། དེ་ལྟ་ན་འདུ་བྱེད་རང་གི་སྐད་ཅིག་དང་པོ་ཐོབ་པ་དང་སྐད་ཅིག་གཉིས་པར་དེ་དང་བྲལ་བ་ཐམས་ཅད་ཀྱང་ཐར་པར་འགྱུར་ན་དེ་དག་ནི་ཐར་པར་མི་རིགས་སོ། །གཞན་ཡང་གལ་ཏེ་མྱ་ངན་འདས་པ་ནི་དངོས་དང་དངོས་མེད་གཉིས་སུ་རང་བཞིན་གྱིས་གྲུབ་པ་ཡིན་ན། དེའི་ཚེ་མྱ་ངན་འདས་པ་རྒྱུ་རྐྱེན་ལ་མ་བརྟེན་པ་མིན་པར་བརྟེན་ནས་སྐྱེས་བར་འགྱུར་ཏེ། དངོས་པོ་དང་དངོས་མེད་རང་བཞིན་གྱིས་གྲུབ་པའི་ཚུལ་གྱིས་སྐྱེ་ན་དེ་གཉིས་ནི་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བར་འདོད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་མི་རུང་བས་ཇི་ལྟར་ན་མྱ་ངན་འདས་པ་ནི་དངོས་པོ་དང་དངོས་མེད་གཉིས་སུ་རང་བཞིན་གྱིས་གྲུབ་པ་འཐད་པ་མ་ཡིན་ཏེ། །ཡིན་ན་མྱ་ངན་ལས་འདས་པ་འདུས་མ་བྱས་མ་ཡིན་པར་འདུས་བྱས་སུ་འགྱུར་བའི་ཕྱིར་ཏེ། དེ་ལྟར་འཁོར་བའི་དངོས་པོ་དང་འཁོར་བའི་དངོས་པོ་ཟད་པའི་དངོས་མེད་དུ་རང་གི་ངོ་བོས་གྲུབ་པ་གཉིས་ཀའང་འདུས་བྱས་ཡིན་པའི་ཕྱིར་ཏེ། ཁྱོད་ཀྱིས་མྱང་འདས་ནི་འཁོར་བའི་དངོས་པོ་ཞིག་པ་ལ་འདོད་ཅིང་། ཞིག་པ་ནི་འདུས་བྱས་སུ་རིགས་པའི་ཕྱིར། གལ་ཏེ་ཅི་སྟེ་སྔ་མ་ལྟར་མི་འདོད་ཀྱི་མྱང་འདས་ལ་དངོས་པོ་དང་དངོས་མེད་གཉིས་རང་བཞིན་གྱིས་ཡོད་དོ་ཞེ་ན། །མྱ་ངན་ལས་འདས་པ་ལ་དེ་ལྟར་ན་དངོས་དང་དངོས་མེད་གཉིས་རང་བཞིན་གྱིས་ཡོད་དེ། གཞི་གཅིག་ལ་དེ་གཉིས་དངོས་པོ་ཡོད་པ་ནི་མ་ཡིན་པའི་ཕྱིར་ཏེ། ཕན་ཚུལ་འགལ་པའི་ཕྱིར། །སྣང་བ་དང་མུན་པ་བཞིན་ནོ། །གསུམ་པ་ནི། དངོས་མིན་དངོས་པོ་ཡོོད་མིན་པ། །མྱ་ངན་འདས་པ་གང་སྟོན་པ། །དངོས་པོ་མེད་དང་དངོས་པོ་དག །གྲུབ་པ་འདི་ནི་འགྲུབ་པར་འགྱུར། །གལ་ཏེ་མྱ་ངན་འདས་པ་ནི། དངོས་མིན་དངོས་པོ་མེད་མིན་ན། དངོས་མིན་དངོས་པོ་མེད་མིན་ཞེས། གང་ཞིག་གང་གིས་དེ་མངོན་བྱེད། །ཅེས་སོ། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་མིན་ལ་དངོས་པོ་མེད་པ་ཡང་མིན་པར་རང་བཞིན་གྱིས་ཡོད་པར་གང་སྟོན་པ་དེ་ལྟར་ནའང་མི་རིགས་ཏེ། ཤེས་བྱ་ལ་དངོས་པོ་མེད་པ་དངོས་པོ་དག་རང་བཞིན་གྱིས་གྲུབ་ན་དེ་དག་གི་ཁྱད་པར་བཀག་པའི་སྒོ་ནས་དེ་གཉིས་ཀྱི་ཁྱད་པར་འགའ་ཞིག་རང་བཞིན་གྱིས་གྲུབ་པར་འགྱུར་ནའང་དེ་མི་རིགས་པའི་ཕྱིར། གཞན་ཡང་གལ་ཏེ་མྱ་ངན་ལས་འདས་པ་ནི་དངོས་པོ་མིན་པ་དང་དངོས་པོ་མེད་པ་མིན་པའི་ངོ་བོར་རང་བཞིན་གྱིས་གྲུབ་པ་ཡང་མི་འཐད་དེ། གྲུབ་ན་དངོས་པོ་མིན་ཞིང་དངོས་པོ་མེད་པའང་མིན་པའི་ངོ་བོར་རང་བཞིན་གྱིས་ཡོད་དོ་ཞེས་མྱང་འདས་གང་ཞིག་གང་ཟག་གང་གིས་མངོན་པར་གསལ་བར་བྱེད་པ་རིགས་ན་བསྟན་དུ་མེད་པའི་ཕྱིར། གཉིས་པ་ནི། བཅོམ་ལྡན་མྱ་ངན་འདས་གྱུར་ནས། །ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེའམ་གཉིས་ཀ་དང་། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །བཅོམ་ལྡན་བཞུགས་པར་གྱུར་ན་ཡང་། །ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེས་སམ་གཉིས་ཀ་དང་། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །ཞེས་སོ། །ཇི་ལྟར་མྱང་འདས་མུ་བཞིར་བཟུང་བ་ལྟར་མེད་པ་དེ་བཞིན་དུ། མྱང་འདས་ཐུགས་སུ་ཆུད་པའི་བཅོམ་ལྡན་འདས་ནི་མྱ་ངན་ལས་འདས་པར་གྱུར་ནས་རང་བཞིན་གྱིས་ཡོད་པར་མི་མངོན་པ་སྟེ་གཟུང་དུ་མེད་ལ། དེ་བཞིན་དུ་མེད་དོ་ཞེས་པར་ཡང་རང་བཞིན་གྱིས་མ་གྲུབ་ཅིང་། ཡོད་མེད་གཉིས་ཀ་ཚོགས་པར་ཡོད་པ་དང་གཉིས་ཀ་ཚོགས་པ་མིན་པའི་ངོ་བོར་རང་བཞིན་གྱིས་ཡོད་དོ་ཞེས་ཀྱང་མི་མངོན་ནོ། །གཞན་ཡང་བཅོམ་ལྡན་འདས་བཞུགས་པར་གྱུར་བའི་དུས་ན་ཡང་རང་བཞིན་གྱིས་ཡོད་པར་མི་མངོན་པ་དེ་བཞིན་དུ་མེད་དོ་ཞེའམ་གཉིས་ཀ་དང་གཉིས་ཀ་མ་ཡིན་པར་རང་བཞིན་གྱིས་ཡོད་དོ་ཞེས་ཀྱང་མི་མངོན་ཏེ། ཐ་སྙད་དུ་ཡོད་པ་ལས་མཐའ་དེ་བཞིར་རང་བཞིན་གྱིས་མེད་པའི་ཕྱིར། གསུམ་པ་ལ་གཉིས། སྲིད་ཞི་མཉམ་ཉིད་དུ་གྲུབ་པ་དང་། །ལུང་མ་བསྟན་གྱི་ལྟ་བ་དགག་པའོ། །དང་པོ་ནི། །འཁོར་བ་མྱ་ངན་འདས་པ་ལས། ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་པ་འཁོར་བ་ལས། ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་སོ། །མྱང་འདས་མཐའ་བཞི་དང་བྲལ་བ་ལྟར་འཁོར་བ་ཡང་མཐའ་བཞི་དང་བྲལ་བས་འཁོར་བ་མྱ་ངན་ལས་འདས་པ་དང་། མྱ ་ངན་ལས་འདས་པ་འཁོར་བ་ལས་ཕན་ཚུན་དུ་ངོ་བོས་གྲུབ་མ་གྲུབ་ཀྱི་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དོན་དམ་དཔྱོད་བྱེད་གྱི་རིགས་པས་སྔར་ལྟར་དཔྱད་ན་མི་རྙེད་པར ་མཚུངས་པའི་ཕྱིར་ཏེ། འཁོར་འདས་གཉིས་ཕན་ཚུན་བལྟོས་ནས་བཞག་པའི་ཕྱིར་ཏེ། འདི་ལྟར་འཁོར་བ་སྤངས་པའི་སྒོ་ནས་མྱང་འདས་འཇོགས་པའི་ཕྱིར། དེས་ན་མྱ་ངན་ལས་འདས་པའི་ཡང་དག་པའི་མཐའ་སྟོང་ཉིད་ཀྱི་སྟོང་ཚུལ་གང་ཡིན་པ་དེ་ནི་འཁོར་བའི་ཡང་དག་པའི་མཐའ་སྟོང་པ་ཉིད་ཀྱི་སྟོང་ཚུལ་ཡིན་ཏེ། དེ་གཉིས་ལ་ནི་རིགས་མི་འདྲ་བའི་ཁྱད་པར་ནི་ཤིན་ཏུ་ཕྲ་བའང་ཅུང་ཟད་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གང་འདས་ཕན་ཆད་མཐའ་སོགས་དང་། །རྟག་ལ་སོགས་པར་ལྟ་བ་དག །རྟག་མྱ་འདས་དང་ཕྱི་མཐའ་དང་། །སྔོན་གྱིས་མཐའ་ལ་བརྟེན་པ་ཡིན། །དངོས་པོ་ཐམས་ཅད་སྟོང་པ་ལ། །མཐའ་ཡོད་ཅི་ཞིག་མཐའ་མེད་ཅི། །མཐའ་དང་མཐའ་མེད་མིན་པའང་ཅི། །དེ་ཉིད་ཅི་ཞིག་གཞན་ཅི་ཞིག །རྟག་པ་ཅི་ཞིག་མི་རྟག་ཅི། །རྟག་དང་མི་རྟག་གཉིས་ཀ་ཅི། །གཉིས་ཀ་མིན་པའང་ཅི་ཞིག་ཡིན། །ཞེས་སོ། །སྲིད་སྒོ་མཉམ་པ་ཉིད་དུ་མ་ཟད་ཀྱི། དེ་བཞིན་གཤེགས་པ་གང་མྱ་ངན་ལས་འདས་པའམ། གྲོང་ནས་ཕན་ཆད་ཡོད་མེད་སོགས་ཀྱི་མཐར་ལྟ་བ་དག་བཞི་ནི་མྱང་འདས་ལ་ལོག་པར་མཆོག་ཏུ་འཛིན་པ་དང་། །འཇིག་རྟེན་མཐའ་དང་ལྡན་པ་ལ་སོགས་ཀྱིས་མཐའ་དང་མི་ལྡན་པ་དང་། ལྡན་མི་ལྡན་གཉིས་ཀ་དང་། གཉིས་ཀ་མིན་པར་རང་བཞིན་གྱིས་ཡོད་པར་ལྟ་བ་དག་ནི་ཕྱི་མའི་མཐའ་ལ་བརྟེན་པ་དང་། འཇིག་རྟེན་རྟག་པ་ལ་སོགས་པ་སྟེ་མི་རྟག་པ་དང་གཉིས་ཀ་དང་གཉིས་ཀ་མིན་པའི་ངོ་བོ་རང་བཞིན་གྱིས་ཡོད་པར་ལྟ་བ་དག་ནི་སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ལ། དེ་ལྟ་བུའི་ལྟ་བ་དེ་དག་ནི་དངོས་པོ་རང་བཞིན་གྱིས་གྲུབ་ན་འཐད་མོད་ཀྱང་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལ་མཐའ་ཡོད་ཅི་ཞིག །དེ་བཞིན་དུ་མཐའ་མེད་དང་མཐའ་ཡོད་དང་མཐའ་མེད་གཉིས་ཀ་དང་། འཐའ་མེད་དང་མཐའ་མེད་མིན་པར་ལྟ་བའང་ཅི་ཞིག་ཡིན་ལ། ལུས་དེ་ཉིད་སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ་སྙམ་པ་དང་། རྟག་པ་ཅི་ཞིག་དང་དེ་བཞིན་དུ་མི་རྟག་པ་དང་རྟག་མི་རྟག་གཉིས་ཀ་དང་གཉིས་ཀ་མིན་པར་ལྟ་བའང་ཅི་ཞིག་ཡིན་ཏེ་དེ་དག་གིས་བཟུང་བ་ལྟར་དོན་མེད་དོ། །བཞི་པ་ནི། དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། །སྤྲོས་པ་ཉེར་ཞི་ཞི་བ་སྟེ། །སངས་རྒྱས་རྣམས་ཀྱིས་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏེ། །ཞེས་སོ། །དེ་ལྟར་རྟག་ཆད་ལ་སོགས་པའི་སྤྲོས་པ་ཉེར་བ་ཞི་ཞིང་ཞི་བ་ལ་བཅོམ་ལྡན་འདས་མཚན་མར་མི་གནས་པའི་ཚུལ་གྱིས་གནས་ཤིང་། མཚན་འཛིན་གྱི་དམིགས་པ་ཐམས་ཅད་ཉེ་བར་ཞི་ཞིང་མི་དམིགས་པའི་དབང་དུ་མཛད་ནས་སངས་རྒྱས་ཀྱིས་ནི་ལྷ་ཡུལ་ལམ་མི་ཡུལ་གང་དུའང་ལྷ་མི་སུ་ལའང་ཀུན་བྱང་གི་ཆོས་འགའ་ཡང་མ་བསྟན་ཏོ་ཞེས་གསུངས་ཏེ། གང་དུ་གསུངས་པ་ནི་རྡོར་གཅོད་སོགས་ལས་སོ། །དེས་ན་སངས་རྒྱས་ཀྱིས་ཆོས་བསྟན་པ་ནི་གདུལ་བྱའི་ཐ་སྙད་པའི་བློ་ངོར་ཡིན་གྱི། རིགས་ཤེས་ཀྱི་ངོ་བོར་ཡོད་པ་མིན་ནོ། །གཉིས་པ་ནི། མདོ་སྡེའི་མཐའ་ལ་སོགས་པའི་ལུང་དྲངས་པ་རྣམས་སོ། །གསུམ་པ་ནི། མྱང་འདས་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་ཉི་ཤུ་རྩ་ལྔ་པའི་རྣམ་བཤད་དོ།། །།གཉིས་པ་རྟེན་འབྱུང་རྟོགས་མ་རྟོགས་ལས་འཁོར་བའི་འཇུག་ལྡོག་བྱེད་ལུགས་ལ་གཉིས། རབ་བྱེད་ཀྱི་གཞུང་བཤད་པ་དང་། མཚན་བསྟན་པའོ། །དང་པོ་ལ་གཉིས། ལུགས་འབྱུང་གི་རྟེན་འབྲེལ་དང་། །ལུགས་བཟློག་གི་རྟེན་འབྲེལ་ལོ། །དང་པོ་ལ་གཉིས། འཕེན་བྱེད་ཀྱི་རྒྱུ་འབྲས་དང་། །འགྲུབ་བྱེད་ཀྱི་རྒྱུ་འབྲས་སོ། །དང་པོ་ནི། མ་རིག་བསྒྲིབས་པས་ཡང་སྲིད་ཕྱིར། །འདུ་བྱེད་རྣམ་པ་གསུམ་པོ་དག །མངོན་པར་འདུ་བྱེད་གང་ཡིན་པའི། །ལས་དེ་དག་གིས་འགྲོ་བར་འགྲོ །འདུ་བྱེད་རྐྱེན་ཅན་རྣམ་པར་ཤེས། །འགྲོ་བ་རྣམས་སུ་འཇུག་པར་འགྱུར། །རྣམ་པར་ཤེས་པ་ཞུགས་གྱུར་ན། །མིང་དང་གཟུགས་ནི་འཆགས་པར་འགྱུར། །མིང་དང་གཟུགས་ནི་འཆགས་གྱུར་ན། །སྐྱེ་མཆེད་དྲུག་ནི་འབྱུང་བར་འགྱུར། །སྐྱེ་མཆེད་དྲུག་ལ་བརྟེན་ནས་ནི། །རེག་པ་ཡང་དག་འབྱུང་བར་འགྱུར། །མིག་དང་གཟུགས་དང་དྲན་བྱེད་ལ། །བརྟེན་ནས་སྐྱེ་བ་ཁོ་ན་སྟེ། །དེ་ལྟ་མིང་དང་གཟུགས་བརྟེན་ནས། །རྣམ་པར་ཤེས་པ་སྐྱེ་བར་འགྱུར། །མིང་དང་གཟུགས་དང་རྣམ་པར་ཤེས། །གསུམ་པོ་འདུས་པ་གང་ཡིན་པ། །དེ་ནི་རེག་པའོ་རེག་དེ་ལས། །ཚོར་བ་ཀུན་ཏུ་འབྱུང་བར་འགྱུར། །ཞེས་སོ། །ཆོས་དང་གང་ཟག་ལ་དམིགས་ནས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་མ་རིག་པས་ཡང་དག་པའི་དོན་བསྒྲིབས་པའི་གང་ཟག་གིས་ཡང་སྲིད་ཀྱི་ཕྱིར་དུ་མངོན་པར་འདུ་བྱེད་པའི་ལས་དཀར་ནག་གཉིས་ཀྱིས་བསྡུས་པའི་བསོད་ནམས་དང་བསོད་ནམས་མིན་པ་དང་མི་གཡོ་བའི་ལས་རྣམ་པ་གསུམ་པོ་དག་མངོན་པར་འདུ་བྱེད་པ་སྟེ་སྐྱེད་པར་བྱེད་དོ། །དེ་ནི་ཡང་སྲིད་ཕྱི་མ་འབྱུང་བའི་ཆེད་དུ་འདུ་བྱེད་པ་ཡིན་ལ། །དེ་ལྟ་བུའི་ལས་གང་ཡིན་པའི་ལས་དེ་དག་གི་དབང་གིས་འགྲོ་བར་འགྱུར་རོ། །གང་ཟག་དེའི་རྣམ་པར་ཤེས་པ་འདུ་བྱེད་ཀྱི་རྐྱེན་ཅན་འཁོར་བའི་ས་བོན་དུ་གྱུར་པ་ནི་འདུ་བྱེད་དང་མཐུན་པའི་འགྲོ་བ་ལྷ་ལ་སོགས་པ་རྣམས་སུ་འཇུག་པར་འགྱུར་ཏེ། །དེ་ཡང་འཆི་སྲིད་འགགས་པ་ན་སྲིད་མཐའི་མཐོ་དམན་གྱི་ཚུལ་དུ་བར་དོ་དང་ཕྱི་མར་ཉིང་མཚམས་སྦྱོར་བར་འགྱུར་རོ། །དེ་ལྟར་མངལ་དུ་རྣམ་པར་ཤེས་པ་ཞུགས་ནས་རྒྱལ་བར་གྱུར་པ་ན་དེའི་རྐྱེན་ཅན་གྱི་མིང་བཞིའི་ཕུང་པོ་ཆགས་པར་འགྱུར་རོ། །འདིར་མིང་བཞི་ནི་གཟུགས་མིན་པའི་ཚོར་བ་སོགས་བཞིའོ། །དེ་ལྟར་མིང་བཞི་དང་མེར་མེར་པོ་སོགས་གཟུགས་ནི་ཆགས་པར་གྱུར་ན་མིག་རྣ་ལ་སོགས་པའི་སྐྱེ་མཆེད་དྲུག་ནི་མིང་གཟུགས་ཀྱི་རྐྱེན་ལས་འབྱུང་བར་འགྱུར་རོ། །དེ་ནས་སྐྱེ་མཆེད་དྲུག་ལ་བརྟེན་ནས་ནི་རེག་པ་ཡང་དག་པར་འབྱུང་བར་འགྱུར་རོ། །རེག་པ་ཇི་ལྟ་བུ་ཞེ་ན། བདག་རྐྱེན་མིག་དང་དམིགས་རྐྱེན་གཟུགས་དང་དེ་མ་ཐག་རྐྱེན་དྲན་བྱེད་ཡིད་ལ་བྱེད་པ་ལ་བརྟེན་ནས་མིག་གི་རྣམ་པས་ཤེས་པ་སྐྱེ་བ་ཁོ་ནའོ། །དེ་ལྟར་དྲན་བྱེད་ཀྱིས་མཚོན་པའི་དེ་མ་ཐག་རྐྱེན་གྱིས་ཚོར་བ་ལ་སོགས་པའི་ཕུང་པོ་བཞིའི་མིང་དང་རྐྱེན་དང་པོ་གཉིས་ཀྱི་གཟུགས་ལ་བརྟེན་ནས་ནི། མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བའི་མིག་དང་གཟུགས་དང་རྣམ་པར་ཤེས་པ་གསུམ་པོ་འདུས་པ་གང་ཡིན་པ་དེ་ནི་རེག་པའི་སྐྱེ་ཚུལ་ལམ་མཚན་ཉིད་དེ། །རྣ་བ་སོགས་གཞན་ལྔ་ལའང་ཤེས་པར་བྱའོ། །གསུམ་པོ་འདུས་པའི་ཚེ་ཡུལ་ཡིད་དུ་འོང་མི་འོང་བར་མ་གསུམ་གཅོད་དོ། །དེ་ནས་རེག་པ་དེ་ལས་ཡིད་དུ་འོང་མི་འོང་སོགས་བཅད་པ་དང་མཐུན་པར་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ཀུན་ཏུ་འབྱུང་བར་འགྱུར་ལ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་ནི་ཚོར་བ་གཞན་ལྔ་ལའང་ཤེས་པར་བྱའོ། །དེ་ལྟར་ན་གང་འཕངས་ན་མིང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་འབྲས་དུས་ཀྱི་རྣམ་ཤེས་སོ། །གང་གིས་འཕངས་ན་མ་རིག་པ་ལ་བརྟེན་པའི་འདུ་བྱེད་ཀྱིས་སོ། །ཇི་ལྟར་འཕངས་ན་རྣམ་ཤེས་ལ་ལས་ཀྱི་བག་ཆགས་བསྒོས་པའི་ཚུལ་གྱིས་སོ། །གཉིས་པ་ནི། །ཚོར་བའི་རྐྱེན་གྱི་སྲེད་པར་འགྱུར། །སྲེད་པར་གྱུར་ན་ཉེ་བར་ལེན། །རྣམ་པ་བཞི་པོ་ཉེར་ལེན་འགྱུར། །ཉེར་ལེན་ཡོད་ན་ལེན་པ་པོའི། །སྲིད་པ་ཀུན་ཏུ་འབྱུང་བར་འགྱུར། །གལ་ཏེ་ཉེ་བར་ལེན་མེད་ན། །གྲོལ་བར་འགྱུར་ཏེ་སྲིད་མི་འགྱུར། །སྲིད་པ་དེ་ཡང་ཕུང་པོ་ལྔ། །སྲིད་པ་ལས་ནི་སྐྱེ་བར་འགྱུར། །རྒ་ཤི་དང་ནི་མྱ་ངན་དང་། །སྨྲེ་སྔགས་འདོན་བཅས་སྡུག་བསྔལ་དང་། །ཡིད་མི་བདེ་དང་འཁྲུགས་པ་རྣམས། །དེ་དག་སྐྱེན་ལས་རབ་ཏུ་འབྱུང་། །དེ་ལྟར་སྡུག་བསྔལ་ཕུང་པོ་ནི། །འབའ་ཞིག་པོ་འདི་འབྱུང་བར་འགྱུར། །ཞེས་སོ། །དེ་ནས་ཚོར་བའི་རྐྱེན་གྱི་སྲེད་པ་སྐྱེ་བར་འགྱུར་ཞིང་། སྲེད་པ་ཅན་དེ་ཚོར་བའི་དོན་དུ་སྲེད་པར་འགྱུར་རོ། །སྲེད་ཚུལ་ནི་བདེ་བ་ལ་མི་འབྲལ་བ་དང་སྡུག་བསྔལ་འབྲལ་འདོད་དང་བཏང་སྙོམས་ལ་མི་ཉམས་པའི་ཆེད་དུ་སྲེད་དོ། །དེ་ལྟར་སྲེད་པར་གྱུར་པ་ན་དེ་ལས་འདོད་པ་དང་ལྟ་བ་དང་ཚུལ་ཞུགས་དག་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་རྣམ་པ་བཞི་པོ་སྲེད་ལྡན་དེས་ཉེ་བར་ལེན་པར་འགྱུར་རོ། །ཉེ་བར་ལེན་ལ་བཞི་པོ་དེ་ཡོད་ན་ལེན་པ་པོའི་གང་ཟག་དེའི་ལེན་པའི་རྐྱེན་གྱིས་སྲིད་པ་ཀུན་ཏུ་འབྱུང་བར་འགྱུར་ལ། གལ་ཏེ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་ཚོར་བ་ལ་སྲེད་པ་བདག་གིར་མ་བྱས་ན་ཡེ་ཤེས་མངོན་དུ་བྱས་ཏེ་ཉེ་བར་ལེན་པར་མེད་པར་གྱུར་ན་ནི། །གང་ཟག་དེ་གྲོལ་བར་འགྱུར་ཏེ་ཡང་སྲིད་ཡོད་པར་མི་འགྱུར་རོ། །སྲེད་པ་དེ་ཡང་ཕུང་པོ་ལྔའི་རང་བཞིན་དུ་རིག་པར་བྱ་སྟེ། རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པའོ། །ལས་ཀྱི་ནུས་པ་མཐུ་ཅན་དུ་སོང་བའི་སྲིད་པའི་ལས་དེ་ནི་ཕྱི་མའི་སྐྱེ་བ་འབྱུང་བར་འགྱུར་ལ། དེ་ནས་ཕུང་པོ་སྨིན་པའི་རྒ་བ་དང་འཇིག་པའི་ཤི་བ་དང་། །དེ་ལ་བརྟེན་ནས་ཡིད་ལ་མྱ་ངན་དང་ངག་གིས་སྨྲེ་སྔགས་འདོན་པ་དང་ལུས་ཀྱི་དབང་པོ་ལྔ་ལ་གནོད་པའི་སྡུག་བསྔལ་དང་། ཡིད་མི་བདེ་བ་དང་ལུས་སེམས་འཁྲུགས་པ་རྣམས་ཏེ་དེ་དག་ནི་སྐྱེ་བ་ལས་རབ་ཏུ་འབྱུང་ངོ་། །དེ་ལྟར་སྡུག་བསྔལ་གྱིས་ཕུང་པོ་ནི་བདེ་བ་དང་མ་འདྲེས་པར་སྡུག་བསྔལ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ། །དེ་ལ་གང་འགྲུབ་ན་སྐྱེ་རྒའོ། །གང་གིས་ན་སྲེད་པའི་རྐྱེན་ཅན་གྱིས་ལེན་པས་སོ། །ཇི་ལྟར་ན་འདུ་བྱེད་ཀྱི་ལས་རྣམ་ཤེས་ལ་བསྒོས་པའི་ལས་གྱི་བག་ཆགས་ནུས་མཐུ་ཅན་ཅན་དུ་གྱུར་བའི་ཚུལ་གྱིས་སོ། །གཉིས་པ་ནི། འཁོར་བའི་རྩ་བ་འདུ་བྱེད་དེ། །དེ་ཕྱིར་མཁས་རྣམས་འདུ་མི་བྱེད། །དེ་ཕྱིར་མི་མཁས་བྱེད་པ་ཡིན། །མཁས་མིན་དེ་ཉིད་མཐོང་ཕྱིར་རོ། །མ་རིག་འགགས་པར་གྱུར་ན་ནི། །འདུ་བྱེད་རྣམ་ཀུན་འབྱུང་མི་འགྱུར། །མ་རིག་འགག་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་བསྒོམས་པས་སོ། །དེ་དང་དེ་ནི་འགགས་གྱུར་པས། །དེ་དང་དེ་ནི་མངོན་མི་འབྱུང་། །སྡུག་བསྔལ་ཕུང་པོ་འབའ་ཞིག་པོ། །དེ་ནི་དེ་ལྟར་ཡང་དག་དགག །ཅེས་སོ། །དེ་ལྟར་འཁོར་བར་རྣམ་ཤེས་ཉིང་མཚམས་སྦྱོར་བ་ལ་སོགས་པའི་རྩ་བ་སྟེ་རྒྱུའི་གཙོ་བོ་ནི་འདུ་བྱེད་ཡིན་ཏེ། དེའི་ཕྱིར་འཕགས་པའི་མཁས་པ་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་རྣམས་ཀྱིས་ལས་དེ་འདུ་མི་བྱེད་པས་མི་འཁོར་ལ། དེ་ཁོ་ན་ཉིད་མ་མཐོང་བའི་མི་མཁས་པ་ནི་འཁོར་ཏེ་འདུ་བྱེད་ཀྱི་ལས་བྱེད་པ་པོ་ཡིན་པའི་ཕྱིར་རོ། །སྔར་བཤད་པའི་མཁས་པ་ནི་ལས་དེའི་བྱེད་པ་པོ་མིན་ཏེ། དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །དེ་ལྟར་མ་རིག་པ་ཡོད་ན་འདུ་བྱེད་སོགས་འབྱུང་ལ་དེ་མེད་ན་མི་འབྱུང་བའི་ཕྱིར་མ་རིག་པ་འགགས་པ་སྟེ་སྤངས་པར་གྱུར་ན་ནི་འདུ་བྱེད་རྣམས་རྣམ་པ་ཀུན་ཏུ་འབྱུང་བར་མི་འགྱུར་ཏེ། རྒྱུ་མ་ཚང་བའི་ཕྱིར་རོ། །མ་རིག་པ་དེ་གང་གིས་འགོག་ཅེ་ན། མ་རིག་པ་འགགས་པར་འགྱུར་བ་ནི་རྟེན་འབྱུང་གི་དེ་ཁོ་ཉིད་ཤེས་པས་དེ་ཁོ་ན་ཉིད་ཀྱི་དོན་བསྒོམས་པ་ལ་བརྟེན་ནས་མ་རིག་པ་སོགས་རིམ་གྱིས་འགག་པར་འགྱུར་ཏེ། དེ་ནས་འདུ་བྱེད་སོགས་ཡན་ལག་སྔ་མ་དེ་དང་དེ་ནི་འགགས་པར་གྱུར་བས་ཡན་ལག་ཕྱི་མ་དེ་དང་དེ་ནི་མངོན་པར་མི་འབྱུང་ལ། དེ་ལྟ་བུའི་ཚུལ་གྱིས་རྣལ་འབྱོར་བའི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་དེ་ནི་སླར་མི་འབྱུང་བས་དེ་ལྟར་ཡང་དག་པར་འགག་པ་སྟེ་ཟད་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། །སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་ཉི་ཤུ་རྩ་དྲུག་པའི་རྣམ་པར་བཤད་པའོ།། །།གསུམ་པ་བརྟེན་འབྱུང་རྟོགས་པ་ལྟ་བ་ངན་པ་ལས་ལྡོག་ཚུལ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། །ངེས་དོན་གྱི་ལུང་དང་སྦྱར་བ། མཚན་བསྟན་པའོ། །དང་པོ་ལ་གཉིས། །ལྟ་བ་ངན་པ་བཅུ་དྲུག་ངེས་བཟུང་བ་དང་། རྟེན་འབྲེལ་རྟོགས་པས་དེ་ལ་མི་གནས་པའི་ཚུལ་ལོ། །དང་པོ་ནི། འདས་དུས་བྱུང་ལ་བྱུང་ཞེས་དང་། །འཇིག་རྟེན་རྟག་པ་ལ་སོགས་པར། །ལྟ་བ་གང་ཡིན་དེ་དག་ནི། །སྔོན་གྱི་མཐའ་ལ་བརྟེན་པ་ཡིན། །མ་འོངས་དུས་གཞན་འབྱུང་འགྱུར་དང་། །མི་འབྱུང་འཇིག་རྟེན་མཐའ་སོགས་པར། །ལྟ་བ་གང་ཡིན་དེ་དག་ནི། །ཕྱི་མའི་མཐའ་ལ་བརྟེན་པ་ཡིན། །ཞེས་སོ། །ཅི་འདས་པའི་དུས་ན་བདག་བྱུང་བ་དང་མ་བྱུང་བ་དང་། དེ་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་ལྟ་བ་དང་། འཇིག་རྟེན་རྟག་པ་ལ་སོགས་ཏེ་འཇིག་རྟེན་མི་རྟག་པ་དང་། །གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ལྟ་བ་སྟེ་བརྒྱད་པོ་གང་ཡིན་པ་དེ་དག་ནི་འདས་པའི་ལུས་ལ་སྔོན་གྱི་ཞེས་བྱ་སྟེ་མཐའ་ནི་སྐྱེ་འཆི་བརྒྱུད་པའི་ཆ་སྔ་མ་དང་། དེ་ལ་བརྟན་པ་ཡིན་པ་ནི་དམིགས་པའི་དོན་ནོ། །བདག་མ་འོངས་པའི་དུས་གཞན་ན་འབྱུང་བར་འགྱུར་བ་དང་མི་འབྱུང་བར་འགྱུར་བ་དང་། གཉིས་ཀ་དང་གཉིས་མིན་པར་ལྟ་བ་བཞི་དང་། འཇིག་རྟེན་མཐའ་དང་ལྡན་པ་དང་སོགས་ཀྱིས་གཉིས་ཀ་དང་གཉིས་ཀ་མིན་པར་ལྟ་བ་བཞི་གང་ཡིན་པ་དེ་དག་ནི་ཕྱིས་འབྱུང་འགྱུར་གྱི་ཕུང་པོ་ལ་ཕྱི་མ་ཞེས་བྱ་བའི་མཐའ་ལ་བརྟེན་ནས་འབྱུང་བ་ཡིན་ཏེ་བཅུ་དྲུག་གོ །གཉིས་པ་ལ་གཉིས། ཐ་སྙད་དུ་གཟུགས་བརྙད་ལྟ་བུའི་རྟེན་འབྲེལ་གྱི་དབང་དུ་བྱས་ནས་ལྟ་བ་དེ་དག་ལ་གནས་པ་དགག་པ་དང་། དོན་དམ་པར་སྤྲོས་པ་ཐམས་ཅད་ཞི་བས་ལྟ་བ་དེ་དག་ལ་གནས་པ་དགག་པའོ། །དང་པོ་ལ་བཞི། སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་བཞི་ཚན་དང་པོ་དགག །དེས་ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་བ་བཞི་ཚན་དང་པོ་ཁེགས་པར་བསྟན་པ། སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་བཞི་ཚན་གཉིས་པ་དགག །ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་བ་བཞི་ཚན་གཉིས་པ་དགག་པའོ། །དང་པོ་ལ་གཉིས། འདས་པའི་དུས་སུ་བྱུང་མ་བྱུང་དུ་ལྟ་བ་གཉིས་དགག་པ་དང་། མཇུག་བསྡུས་ཏེ་ལྟ་བ་གཞན་གཉིས་མི་འཐད་པར་བསྟན་པའོ། །དང་པོ་ལ་གཉིས། འདས་པའི་འབྱུང་བར་ལྟ་བ་དགག་པ་དང་། དེའི་དུས་སུ་མ་བྱུང་བར་ལྟ་བ་དགག་པའོ། །དང་པོ་ལ་གཉིས། དགག་པ་དངོས་དང་། བཀག་པའི་མཇུག་བསྡུ་པའོ། །དང་པོ་ནི། འདས་པའི་དུས་ན་འབྱུང་གྱུར་ཅེས། །བྱ་བ་འདི་ནི་མི་འཐད་དོ། །སྔོན་ཚེ་རྣམས་སུ་གང་བྱུང་བ། །དེ་ཉིད་འདི་ནི་མ་ཡིན་ནོ། །དེ་ཉིད་བདག་ཏུ་འགྱུར་སྙམ་ན། །ཉེ་བར་ལེན་པ་ཐ་དད་འགྱུར། །ཉེ་བར་ལེན་པ་མ་གཏོགས་པའི། ཁྱོད་ཀྱི་བདག་ནི་གང་ཞིག་ཡོད། །ཉེ་བར་ལེན་པ་མ་གཏོགས་པའི། །བདག་ཡོད་མ་ཡིན་བྱས་པའི་ཚེ། །ཉེ་བར་ལེན་པ་བདག་ཡིན་ན། ཁྱོད་ཀྱི་བདག་ནི་མེད་མ་ཡིན། །ཉེ་བར་ལེན་ཉིད་བདག་མ་ཡིན། །དེ་འབྱུང་བ་དང་འཇིག་པ་ཡིན། །ཉེ་བར་བླང་བ་ཇི་ལྟ་བུར། །ཉེར་བར་ལེན་པོ་ཡིན་པར་འགྱུར། །བདག་ནི་ཉེ་བར་ལེན་པ་ལས། །གཞན་དུ་འཐད་པ་ཉིད་མ་ཡིན། །གལ་ཏེ་གཞན་ན་ལེན་མེད་པར། །གཟུགས་ཡོད་རིགས་ན་གཟུང་དུ་མེད། །ཅེས་སོ། །འཇིག་ལྟས་བདག་ནི་སྔར་འདས་པའི་ཚེ་རབས་ཀྱི་དུས་རྣམས་སུ་བྱུང་བར་གྱུར་ཏོ་ཞེས་བྱ་བར་ལྟ་བ་འདི་ནི་དོན་མཐུན་དུ་མི་འཐད་དེ། སྔོན་གྱི་ཚེ་རབས་རྣམས་ཀྱི་དུས་སུ་གང་འབྱུང་བའི་བདག་དེ་ཉིད་ཚེ་འདིའི་བདག་འདི་ནི་མ་ཡིན་པའི་ཕྱིར་རོ། །རང་ལུགས་ནི་ཚེ་སྔོན་མའི་བདག་བྱེ་བྲག་པ་རྣམས་ནི་ཚེ་འདིར་ངོ་བོ་ཉིད་ཀྱིས་མ་བྱུང་ཡང་ཚེ་སྔ་ཕྱི་ཀུན་ལ་སྤྱིའི་ཚུལ་གྱིས་ཐ་སྙད་དུ་འཇུག་པའི་བདག་སྤྱི་ཙམ་པ་ཞིག་ཡོད་ཅིང་། བདག་སྔ་ཕྱི་རེ་རེ་བ་རྣམས་ནི་དེའི་ཆ་ཤས་ཡིན་པས་དེ་དང་འབྲེལ་ལ། །དེའི་དབང་གིས་ཚེ་འདིའི་བདག་སོགས་ཀྱིས་བྱས་པ་ཡང་སྤྱི་ཙམ་པའི་བདག་གི་ཀྱང་བྱས་པར་འགྱུར་བས། ཚེ་འདིའི་བདག་གིས་སྐྱེ་བ་དྲན་པ་ན་བདག་སྔོན་དེ་དང་དེར་གྱུར་ཏོ་སྙམ་དུ་སྐྱེ་བ་དྲན་པའང་འཐད་པ་ཡིན་ཏེ། ཅུང་ཟད་སྔར་བཤད་ཅིང་གཞན་དུ་བཤད་ཟིན་པས་མི་སྤྲོའོ། །བདག་སྤྱི་དང་བྱེ་བྲག་པའི་ཁྱད་པར་མ་ཕྱེད་ན་འདིར་བཤད་པའི་སྐྱོན་རྣམས་འབྱུང་གི །ལེགས་པར་ཕྱེད་ན་ནི་སྐྱོན་དེ་དག་མི་འཇུག་གོ །གཞན་ཡང་གལ་ཏེ་ཚེ་སྔོན་མའི་བདག་དེ་ཉིད་ཚེ་འདིའི་དུས་ཀྱི་བདག་ཏུ་འགྱུར་རོ་སྙམ་ན། དེ་མི་འཐད་པར་ཐལ། །དེ་ལྟར་དེ་གཉིས་ཀྱི་སྐབས་ཀྱི་ཕུང་པོ་གཉིས་ཀྱང་གཅིག་ཏུ་འགྱུར་ན་དེ་མི་འཐད་པའི་ཕྱིར་ཏེ། །ཚེ་སྔ་ཕྱིའི་ཉེ་བར་ལེན་པའི་ཕུང་པོ་གཉིས་རྒྱུ་དང་དུས་ཐ་དད་པའི་ཕྱིར། ཉེ་བར་ལེན་པའི་ཕུང་པོ་ལས་མ་གཏོགས་པར་ཏེ་དེ་ལས་ངོ་བོ་ཐ་དད་པའི་ཁྱོད་ཀྱི་བདག་ནི་གང་ཞིག་ཡོད་པ་ཡིན་ཏེ་མེད་དོ། །ཉེ་བར་ལེན་པའི་ཕུང་པོ་མ་གཏོགས་པའི་བདག་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ་ཞེས་བྱས་པའི་ཚེ། །ཉེ་བར་ལེན་པའི་ཕུང་པོ་ཉིད་བདག་ཏུ་ཡོད་པ་ཡིན་སྙམ་ན་དེ་ལྟ་ན་ཁྱོད་ཀྱིས་བདག་ངོ་བོ་ཉིད་ཀྱིས་ཁས་བླངས་པ་དེ་དོན་མེད་དེ། བདག་ནི་ཕུང་པོའི་རྣམ་གྲངས་ཙམ་དུ་ཁས་བླངས་པར་སོང་བར་བདག་ལོགས་སུ་འདོད་པ་ནི་དོན་མེད་པའི་ཕྱིར། ཡང་ཉེ་བར་ལེན་པའི་ཕུང་པོ་ཉིད་བདག་དང་རང་བཞིན་གྱིས་གཅིག་ཉིད་མ་ཡིན་ཏེ། །ཡིན་ན་ཕུང་པོ་དེ་རྣམས་སྐད་ཅིག་རེ་རེ་ལ་འབྱུང་བ་དང་འཇིག་པ་ཡིན་པ་དེ་བཞིན་དུ་བདག་ཀྱང་དེ་ལྟར་འགྱུར་ན་དེ་ཡང་མི་རིགས་པའི་ཕྱིར། ཁྱོད་ཀྱིས་བདག་རང་བཞིན་གྱིས་མི་རྟག་པར་ཁས་བླངས་པས་རང་བཞིན་གྱིས་གྲུབ་པ་ཕུང་པོ་ལྟར་སྐྱེ་འཇིག་ཅན་དུ་འདོད་ན་བདག་ཆད་པར་ཐལ་བར་འགྱུར་ཏེ། །བདག་ཕུང་གཉིས་རང་བཞིན་གྱིས་གྲུབ་ན་ནི་འབྲལ་མི་རུང་བའི་ཕྱིར་རོ། །གལ་ཏེ་མི་འཇིག་པར་སྨྲ་ནའང་མི་རིགས་ཏེ། །བདག་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཉེ་བར་བླང་བར་བྱ་བ་དེ་ཇི་ལྟ་བུར་ན་ཉེ་བར་ལེན་པ་པོའི་བདག་ཡིན་པར་འགྱུར་ཏེ། དེ་ལྟར་མི་རུང་བའི་ཕྱིར་ཏེ། ལས་དང་བྱེད་པ་པོ་གཅིག་ཏུ་འགྱུར་བའི་ཕྱིར། གལ་ཏེ་ཕུང་པོ་ཙམ་ཞིག་བདག་མིན་ཡང་ཉེ་བར་ལེན་པའི་ཕུང་པོ་ལས་རང་བཞིན་གྱིས་ཐ་དད་པའི་བདག་ནི་ཡོད་དོ་སྙམ་ན། དེ་ཡང་མི་འཐད་དེ། ལེན་པ་པོའི་བདག་ནི་ཉེ་བར་ལེན་པ་ལས་རང་བཞིན་གྱིས་གཞན་དུ་ཡོད་པར་འཐད་པ་ཉིད་མ་ཡིན་པའི་ཕྱིར་ཏེ། གལ་ཏེ་དེ་གཉིས་རང་གི་ངོ་བོས་གཞན་དུ་གྲུབ་ན་ཉེ་བར་ལེན་པའི་ཕུང་པོ་མེད་པར་ལེན་པ་པོའི་བདག་དེེ་བཟུང་དུ་ཡོད་པར་རིགས་ན་བཟུང་དུ་མེད་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་ལེན་པ་ལས་གཞན་མིན། །དེ་ནི་ཉེར་ལེན་ཉིད་ཀྱང་མིན། །བདག ། ནི་ཉེ་བར་ལེན་མེད་མིན། །མེད་པ་ཉིད་དུའང་དེ་མ་ངེས། །ཞེས་སོ། །དེ་ལྟར་ཕུང་པོ་ལ་མ་བལྟོས་པར་བདག་བཟུང་དུ་མེད་པའི་ཕྱིར་བདག་ནི་ཉེ་བར་ལེན་པ་ལས་རང་བཞིན་གྱིས་གཞན་པའང་མ་ཡིན་ལ། ལས་དང་བྱེད་པ་པོ་གཅིག་ཏུ་འགྱུར་བའི་ཕྱིར་བདག་དེ་ནི་ཉེ་བར་ལེན་པའི་ཕུང་པོ་ཉིད་ཀྱང་མིན་ནོ། །བདག་ཏུ་གདགས་པའི་རྒྱུ་མེད་པར་ཐལ་བའི་ཕྱིར་བདག་ནི་ཉེ་བར་ལེན་པ་ལ་བལྟོས་པ་མེད་པར་ཡོད་པའང་མིན་ནོ། །འོན་ཀྱང་དེ་ནི་མེད་པ་ཉིད་དུའང་མ་ངེས་ཏེ། ཕུང་པོ་ལ་བརྟེན་ནས་འདོགས་པའི་ཕྱིར་རོ། །མོ་གཤམ་གྱི་བུ་ལྟར་བཏགས་པའང་མིན་ཏེ། །འདོགས་པའི་གཞི་ཐ་སྙད་དུ་ཡོད་མེད་མི་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། འདས་པའི་དུས་ན་མ་བྱུང་ཞེས། བྱ་བ་དེ་ཡང་མི་འཐད་དོ། །སྔོན་ཚེ་རྣམས་སུ་གང་བྱུང་བ། །དེ་ལས་འདི་གཞན་མ་ཡིན་ནོ། །གལ་ཏེ་འདི་ནི་གཞན་གྱུར་ན། །དེ་མེད་པར་ཡང་འབྱུང་བར་འགྱུར། །དེ་བཞིན་དེ་ནི་གཞན་འགྱུར་ཞིང་། དེར་མ་ཤི་ན་སྐྱེ་བར་འགྱུར། །ཆད་དང་ལས་རྣམས་ཆུད་ཟ་དང་། །གཞན་གྱིས་བྱས་པའི་ལས་རྣམས་ནི། །གཞན་གྱིས་སོ་སོར་མྱོང་བ་དང་། །དེ་ལ་སོགས་པར་ཐལ་བར་འགྱུར། །མ་བྱུང་བ་ལས་འབྱུང་མིན་ཏེ། །འདི་ལ་སྐྱོན་དུ་ཐལ་བར་འགྱུར། །བདག་ནི་བྱས་པར་འགྱུར་བ་དང་། །འབྱུང་བའང་རྒྱུ་མེད་ཅན་དུ་འགྱུར། །ཞེས་སོ། །འདས་པའི་ཚེ་རབས་ཀྱི་དུས་སུ་སྔོན་བདག་གཏན་མ་བྱུང་ངོ་ཞེས་བྱ་བ་དེ་ཡང་མི་འཐད་དེ། སྔོན་གྱི་ཚེ་སྟེ་དུས་རྣམས་སུ་གང་བྱུང་བའི་བདག་ནི་རྒྱུད་གཞན་དུ་རང་བཞིན་གྱིས་གྲུབ་པ་མ་ཡིན་པའི་ཕྱིར་ཏེ། གལ་ཏེ་ཚེ་འདིའི་བདག་འདི་ནི་བདག་སྔོན་མ་ལས་གཞན་དུ་ངོ་བོ་གྲུབ་པར་གྱུར་ན་དེ་སྔར་བདག་དེ་ལ་བལྟོས་པ་མེད་པར་འབྱུང་བར་འགྱུར་བ་དང་། །བདག་སྔ་མ་ནི་དེ་ནི་རང་གི་དུས་དེ་བཞིན་དུ་ཕྱི་མར་སྐྱེས་ནས་མ་འགགས་པར་གནས་པར་འགྱུར་བས་ཚེ་སྔ་མ་དེར་མ་ཤི་བར་ཡང་ཚེ་འདིར་སྐྱེ་བར་འགྱུར་བའི་ཕྱིར། དང་པོ་དེ་ལྟར་འབྱུང་ན་སྐྱོན་མང་དུ་ཡོད་དེ། བདག་སྔ་མ་དེ་རྒྱུན་ཆད་ན་ནི་ལས་འབྲས་ཀྱི་རྟེན་ཆད་པ་དང་། །དེ་ཆད་ན་དེ་སྤྱོད་པ་པོ་ཡང་མེད་པས་ལས་རྣམས་ཀྱི་འབྲས་བུ་ཆུད་ཟ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་བདག་སྔ་མས་བྱས་པའི་ལས་ཀྱི་འབྲས་བུ་ཕྱི་མས་ལོངས་སྤྱོད་འདོད་ན་དེ་ཡང་མི་འཐད་དེ། རང་བཞིན་གྱིས་གྲུབ་ན་བདག་སྔ་ཕྱི་རྣམས་བ ལྟོས་པར་མི་རུང་བས་ངོ་བོ་ཉིད་ཀྱིས་སོ་སོ་བར་འགྱུར་བའི་ཕྱིར་དེ་ལྟར་ན་གཞན་གྱིས་བྱས་པའི་ལས་རྣམས་ཀྱི་འབྲས་བུ་ནི་རྒྱུད་གཞན་གྱིས་སོ་སོར་མྱོང་བ་དང་། །དེ་ལ་སོགས་པ་སྟེ་མ་བྱས་པ་དང་ཕྲད་པ་དང་བྱས་པ་ཆུད་ཟོས་པའི་སྐྱོན་རྣམས་བཟློག་ཏུ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཕྱི་མ་རང་བཞིན་གྱིས་གྲུབ་པའི་བདག་སྔ་མ་དེ་ཕྱི་མ་འདིར་སྐྱེས་ན་ནི་མི་འཐད་དེ། དེ་ལ་ངའོ་སྙམ་པའི་ཐ་སྙད་ཀྱི་གཞིའི་བདག་སྔར་མ་བྱུང་བར་ཕྱིས་འབྱུང་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། བདག་ཙམ་ནི་སྔར་མ་བྱུང་བ་ལས་ཕྱིས་འབྱུང་བ་མ་ཡིན་ཏེ། དེ་ལྟར་འདོད་པ་འདི་ལ་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་ཏེ། འདི་ལྟར་ཕྱི་མའི་བདག་དེ་ནི་བྱེད་པ་པོ་འབྲེལ་མེད་དོན་གཞན་གྱི་རྒྱུས་བྱས་པར་འགྱུར་བ་དེ་ནི་མི་རིགས་པའི་ཕྱིར། །སྐབས་འདིར་ཡང་ང་སྤྱི་ཙམ་དང་བྱེ་བྲག་པའི་ཁྱད་པར་མི་ཕྱེད་པ་ལ་སྐྱོན་དེ་དག་འཇུག་པ་སྔ་མ་དང་འདྲ་སྟེ། ལྷས་བྱིན་གྱི་ཚེ་འདི་ཙམ་གྱི་བདག་དེ་ཚེ་སྔ་མར་མ་བྱུང་ཡང་དེའི་བདག་སྤྱི་ཙམ་སྔར་མ་བྱུང་བར་ཚེ་འདིར་གསར་དུ་འབྱུང་བ་ཡིན་ན། དེ་རྒྱུ་མེད་པ་ཅན་དུ་འགྱུར་པ་སོགས་ཀྱི་སྐྱོན་ཡོད་པའི་ཕྱིར། གཉིས་པ་ནི། དེ་ལྟར་བདག་བྱུང་བདག་མ་བྱུང་། །གཉིས་ཀ་གཉིས་ཀ་མ་ཡིན་པར། །འདས་ལ་ལྟ་བ་གང་ཡིན་པ། །དེ་ནི་འཐད་པ་མ་ཡིན་ནོ། །ཞེས་སོ། །དེ་ལྟར་བདག་འདས་པའི་དུས་སུ་ན་བྱུང་བ་དང་བདག་དེའི་དུས་སུ་མ་བྱུང་བའི་ངོ་བོ་སོ་སོ་པ་དང་། །གཉིས་ཀ་ཚོགས་པ་དང་གཉིས་ལ་ཚོགས་པ་མ་ཡིན་པའི་ངོ་བོར་རང་བཞིན་གྱིས་གནས་པར་ལྟ་བ་གང་ཡིན་པ་དེ་འདས་པའི་མཐའ་ལ་ལྟ་བ་ཡིན་ལ་དེ་ནི་འཐད་པ་མིན་ཡིན་ཏེ། ལྟ་བ་དེ་རྣམས་ཀྱིས་ཇི་ལྟར་བཟུང་བ་ལྟར་གྱི་དོན་མེད་པའི་ཕྱིར་རོ། །གཉིས་པ་ནི། མ་འོངས་དུས་གཞན་འབྱུང་འགྱུར་དང་། །འབྱུང་བར་མི་འགྱུར་ཞེས་བྱ་བར། །ལྟ་བ་གང་ཡིན་དེ་དག་ནི། །འདས་པའི་དུས་དང་མཚུངས་པ་ཡིན། །ཞེས་སོ། །བདག་ནི་མ་འོངས་པའི་དུས་གཞན་ན་འབྱུང་བར་འགྱུར་བ་དང་། དུས་དེར་འབྱུང་བར་མི་འགྱུར་ཞེས་བྱ་བར་རང་བཞིན་གྱིས་གནས་པར་ལྟ་བ་གང་ཡིན་པ་ཕྱི་མའི་མཐའ་ལ་བརྟེན་པ་དེ་དག་ཀྱང་ཆོས་ཅན། ཁྱོད་དགག་པར་བྱ་ཚུལ་ཡོད་དེ། སྔར་འདས་པའི་དུས་སུ་བྱུང་མ་བྱུང་དུ་ལྟ་བ་དགག་པ་དང་མཚུངས་པ་ཡིན་པའི་ཕྱིར་ཏེ། དེ་ཡང་མ་འོངས་དུས་ན་འབྱུང་འགྱུར་ཞེས། །བྱ་བ་འདི་ནི་མི་འཐད་དེ། ཞེས་སོགས་འདོད་པ་བསྒྱུར་བའི་ཚུལ་གྱིས་དགག་པར་བྱ་བ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གཉིས། རྟག་མི་རྟག་གི་ལྟ་བ་དང་པོ་གཉིས་དགག་པ་དང་། མཐར་ལྟ་བ་ཕྱི་མ་གཉིས་དགག་པའོ། །དང་པོ་ནི། གལ་ཏེ་ལྷ་དེ་མི་དེ་ན། །དེ་ལྟ་ན་ནི་རྟག་པར་འགྱུར། །ལྷ་ནི་མ་སྐྱེས་ཉིད་འགྱུར་ཏེ། །རྟག་པ་སྐྱེས་བ་མེད་ཕྱིར་རོ། །གལ་ཏེ་ལྷ་ལས་མི་གཞན་ན། །དེ་ལྟ་ན་ནི་མི་རྟག་འགྱུར། །གལ་ཏེ་ལྷ་ལས་མི་གཞན་ན། །རྒྱུད་ནི་འཐད་པར་མི་འགྱུར་རོ། །ཞེས་སོ། །མིའི་འགྲོ་བ་ཁ་ཅིག་ལྷར་སྐྱེ་བ་ངོ་བོ་ཉིད་ཀྱིས་ཡོད་དོ་ཞེ་ན། དེ་ལྟར་ཡོད་ན་གཉིས་ལས་མི་འདའ་བས་གལ་ཏེ་ཕྱིས་ཀྱི་ལྷ་དེ་སྔར་གྱི་མི་དེ་ཉིད་དང་ངོ་བོ་ཉིད་ཀྱིས་གཅིག་ན་མི་འཐད་དེ། དེ་ལྟ་ན་ནི་མི་དེ་རྟག་པར་འགྱུར་བའི་ཕྱིར་ཏེ། །དེ་ཡིན་ན་མིའི་སྐྱེ་བ་མ་དོར་བར་ལྷར་སྐྱེ་བ་ལེན་དགོས་པའི་ཕྱིར་རོ། །ལྷ་ནི་མ་སྐྱེས་པ་ཉིད་དུའང་ཡོད་པར་འགྱུར་ཏེ། རྟག་པ་ལ་སྐྱེ་བ་མེད་པའི་ཕྱིར་རོ། །གལ་ཏེ་ལྷ་ལས་མི་དེ་རང་བཞིན་གྱིས་གཞན་ཡིན་ན་ནི་མི་འཐད་དེ། དེ་ལྟ་ན་ནི་རྒྱུད་གཅིག་པར་མི་རུང་བས་སྔར་ཕྱི་མིའི་རྒྱུན་མི་རྟག་པ་སྟེ་ཆད་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་ལྷ་ལས་མི་རང་བཞིན་གྱིས་གཞན་ཡིན་ན་དེ་གཉིས་རྒྱུད་གཅིག་ནི་འཐད་པར་མི་འགྱུར་བས་དེ་ཡང་རིགས་པ་མིན་ཏེ། རྒྱུད་སྔ་མ་ལས་ཕྱི་མ་རྗེས་སུ་འཇུག་པ་ཡོད་པའི་ཕྱིར་རོ། །དེས་ན་མཐའ་དེ་དག་ལ་དམིགས་ནས་འཇིག་རྟེན་རྟག་མི་རྟག་ཏུ་ལྟ་བ་ནི་མི་འཐད་དོ། །གཉིས་པ་ནི། གལ་ཏེ་ཕྱོགས་གཅིག་ལྷ་ཡིན་ལ། །ཕྱོགས་གཅིག་མི་ནི་ཡིན་གྱུར་ན། །རྟག་དང་མི་རྟག་འགྱུར་བ་ཡིན། །དེ་ཡང་རིགས་པ་མ་ཡིན་ནོ། །གལ་ཏེ་རྟག་དང་མི་རྟག་པ། །གཉིས་ཀ་འགྲུབ་པར་འགྱུར་ན་ནི། །རྟག་པ་མ་ཡིན་མི་རྟག་མིན། །འགྲུབ་པར་འགྱུར་བ་འདོད་ལ་རག །གལ་ཏེ་གང་ཞིག་གང་ནས་གར། །འོངས་ཤིང་གང་དུ་འགྲོ་འགྱུར་ན། །དེ་ཕྱིར་འཁོར་བ་ཐོག་མེད་པར། །འགྱུར་ན་དེ་ནི་ཡོད་མ་ཡིན། །གལ་ཏེ་རྟག་པ་འགའ་མེད་ན། །མི་རྟག་གང་ཞིག་ཡིན་པར་འགྱུར། །རྟག་པ་དང་ནི་མི་རྟག་དང་། །དེ་གཉིས་གསལ་བར་གྱུར་བའོ། །ཞེས་སོ། །གལ་ཏེ་ལུས་རིལ་པོ་རྟག་པ་དང་མི་རྟག་པའི་སྐྱོན་མེད་དེ་ཕྱོགས་གཅིག་ནས་མིའི་ལུས་བཏང་ནས་ཕྱོགས་གཅིག་གིས་ལྷའི་ལུས་ལེན་པའོ་ཞེ་ན། གལ་ཏེ་མི་འདི་ཕྱོགས་གཅིག་སྟེ་བདག་གི་ངོས་ནས་ལྷ་ཡིན་ལ་ཕྱོགས་གཅིག་སྟེ་ལུས་ཀྱི་ངོས་ནས་མི་ནི་ཡིན་པར་གྱུར་ན་དེ་ནི། དེའི་ཚེ་ལྷའི་ཕྱོགས་གཅིག་ནས་མིའི་དུས་སུ་ཡང་གནས་པས་རྟག་པ་དང་མིའི་ཕྱོགས་གཅིག་ནི་ལྷའི་དུས་སུ་ཞིག་པས་མི་རྟག་པར་འགྱུར་བ་ཡིན་པའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ནོ། །གལ་ཏེ་རྟག་པ་དང་མི་རྟག་པ་གཉིས་ཀ་ངོ་བོས་གྲུབ་པར་གྱུར་ན་ནི། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་ངོ་བོས་གྲུབ་པར་འགྱུར་བ་འདོད་ལ་རག་ན་དེ་ནི་མི་འཐད་དེ། བཀག་ཟིན་པའི་ཕྱིར། གལ་ཏེ་འཁོར་བ་པོ་རྟག་པ་འགའ་ཡང་མེད་ན་དེས་སྐྱེ་བ་ལེན་པའི་ཚེ་ཕུང་པོ་སྔ་མ་མི་འདོར་བའི་མི་རྟག་པ་གང་ཞིག་ཡིན་པར་འགྱུར་ཏེ་མེད་དོ། །དེའི་ཕྱིར་རྟག་པ་དང་མི་རྟག་པ་གཉིས་ཀ་ཚོགས་པ་དང་རྟག་མི་རྟག་དེ་གཉིས་ཀ་བསལ་པར་གྱུར་བ་སྟེ་གཉིས་ཀ་ཡིན་པ་ཡང་ངོ་བོ་ཉིད་ཀྱིས་ག་ལ་ཡོད་དེ། རྟག་མི་རྟག་གཉིས་ཀ་སོ་སོ་བ་ཡང་རང་བཞིན་གྱིས་མེད་པའི་ཕྱིར་རོ། །དེས་ན་མཐའ་དེ་དག་ལ་ལྟ་བ་ཡང་མི་འཐད་དོ། །བཞི་པ་ལ་གཉིས། མཐའ་དང་ལྡན་མི་ལྡན་ཀྱི་མཐར་ལྟ་བ་དང་པོ་གཉིས་དགག་པ་དང ་། མཐར་ལྟ་བ་ཕྱི་མ་གཉིས་དགག་པའོ། །དང་པོ་ནི། གལ་ཏེ་འཇིག་རྟེན་མཐའ་ཡོད་ན། །འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར། །གལ་ཏེ་འཇིག་རྟེན་མཐའ་མེད་ན། །འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར། །གང་ཕྱིར་ཕུང་པོ་རྣམས་ཀྱི་རྒྱུན། །འདི་ནི་མར་མེའི་འོད་དང་མཚུངས། །དེ་ཕྱིར་མཐའ་ཡོད་ཉིད་དང་ནི། །མཐའ་མེད་ཉིད་ཀྱང་མི་རིགས་སོ། །གལ་ཏེ་སྔ་མ་འཇིགས་འགྱུར་ཞིང་། །ཕུང་པོ་འདི་ལ་བརྟན་བྱས་ན། །ཕུང་པོ་དེ་ནི་མི་འབྱུང་ན། །དེས་ནི་འཇིག་རྟེན་མཐའ་ཡོད་འགྱུར། །གལ་ཏེ་སྔ་མ་མི་འཇིག་ཅིང་། །ཕུང་པོ་འདི་ལ་བརྟེན་བྱས་ནས། །ཕུང་པོ་དེ་ནི་མི་འབྱུང་ན། །དེས་ན་འཇིག་རྟེན་མཐའ་མེད་འགྱུར། །ཞེས་སོ། །གལ་ཏེ་སེམས་ཅན་གྱི་འཇིག་རྟེན་གྱི་ཚེ་འདིའི་མཇུག་ཏུ་ཞིག་ནས་ཕྱིས་སེམས་ཅན་འབྱུང་བ་མེད་པའི་མཐའ་ཡོད་ན་སེམས་ཅན་གྱི་འཇིག་རྟེན་ཕ་རོལ་ཡོོད་པར་ཇི་ལྟར་འགྱུར་ཏེ། འཇིག་རྟེན་ཕ་རོལ་ནི་ཡོད་པས་དེ་ལྟ་བུའི་མཐའ་ཡོད་པ་མི་འཐད་པའི་ཕྱིར་རོ། །ཅེ་སྟེ་སེམས་ཅན་གྱི་འཇིག་རྟེན་ཚེ་འདིའི་འཇུག་ཏུ་མཐའ་སྟེ་ཞིག་པ་མེད་ན་འཇིག་རྟེན་ཕ་རོལ་ཡོད་པར་ཇི་ལྟར་འགྱུར་ཏེ། །ཚེ་འདིའི་སེམས་ཅན་མ་ཤི་བར་ཕྱི་མར་སྐྱེ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟ་བུའི་མཐའ་མེད་པ་ཡང་མི་འཐད་དོ། །གང་གི་ཕྱིར་ཕུང་པོ་རྣམས་ཀྱི་རྒྱུན་ནི་རྒྱུ་འབྲས་སུ་འབྲེལ་ནས་བར་མ་ཆད་པར་འཇུག་ཅིང་སྐད་ཅིག་རེ་རེ་བཞིན་འཇིག་པ་འདི་ནི་ཆོས་ཅན། རྒྱུན་ལྡན་ཡིན་ཏེ། མར་མེའི་འོད་དང་མཚུངས་པར་འཇུག་པ་དེའི་ཕྱིར་ཞེས་པའི་ཚུལ་གྱིས་སེམས་ཅན་གྱི་འཇིག་རྟེན་ཚེ་འདིའི་མཐར་ཞིག་ནས་ཕྱིས་མེད་པའི་མཐའ་ཡོད་པ་ཉིད་དང་། ཚེ་འདིའི་མཇུག་ཏུ་ཞིག་པའི་མཐའ་མེད་ཉིད་ཀྱང་མི་རིགས་སོ། །ཇི་ལྟར་ཞེ་ན་གལ་ཏེ་སྔ་མ་མིའི་ཕུང་པོ་འཇིག་པར་འགྱུར་ཞིང་མིའི་ཕུང་པོ་འདི་ལ་བརྟེན་པར་བྱས་ནས་ལྷའི་འགྲོ་བའི་ཕུང་པོ་ཕྱི་མ་དེ་ནི་མི་འབྱུང་ན། རྒྱུ་མཚན་དེས་ན་སྙིང་པོ་ཟད་པའི་མར་མེ་ལྟར་སེམས་ཅན་གྱི་འཇིག་རྟེན་མཐའ་ཡོད་པར་འགྱུར་ན་ནི་དེ་མི་འཐད་དེ། །སྔ་མ་ལ་བརྟེན་ནས་ཕྱི་མའི་ལུས་འབྱུང་བའི་ཕྱིར་རོ། །དེ་ན་དེ་ལྟ་བུའི་མཐའ་ཡོད་པ་ཡང་མ་ཡིན་ནོ། །གལ་ཏེ་མིའི་ཕུང་པོ་སྔ་མ་ཚེ་འདིའི་མཐར་མི་འཇིག་ཅིང་མིའི་ཕུང་པོ་འདི་ལ་བརྟེན་པར་བྱས་ནས་ལྷའི་ཕུང་པོ་ཕྱི་མ་དེ་ནི་མི་འབྱུང་ན། །དེས་ན་རང་གི་ངོ་བོ་ལས་ཉམས་པས་འཇིག་རྟེན་ཞིག་པའི་མཐའ་མེད་པར་འགྱུར་ན་དེ་མི་འཐད་དེ། ཕུང་པོ་སྔ་མ་འཇིག་ཅིང་ཕུང་པོ་ཕྱི་མ་སྐྱེ་བའི་ཕྱིར་རོ། །དེས་ན་དེ་ལྟར་བུའི་མཐའ་མེད་པ་ཡང་མི་འཐད་དོ། །གཉིས་པ་ནི། གལ་ཏེ་ཕྱོགས་གཅིག་མཐའ་ཡོད་པ། །ཕྱོགས་གཅིག་མཐའ་ནི་མེད་འགྱུར་ན། །འཇིག་རྟེན་མཐའ་ཡོད་མཐའ་མེད་འགྱུར། །དེ་ཡང་རིགས་པ་མ་ཡིན་ནོ། །ཅི་ལྟ་བུར་ན་ཉེར་ལེན་པོའི། །ཕྱོགས་གཅིག་རྣམ་པར་འཇིག་འགྱུར་ལ། །ཕྱོགས་གཅིག་རྣམ་པར་འཇིག་མི་འགྱུར། །དེ་ལྟ་བ་ནི་མི་རིགས་སོ། །ཇི་ལྟ་བུར་ན་ཉེར་བླང་བའི། །ཕྱོགས་གཅིག་རྣམ་པར་འཇིག་མི་འགྱུར། །དེ་ལྟར་དེ་ཡང་མི་རིགས་སོ། །གལ་ཏེ་མཐའ་ཡོད་མཐའ་མེད་པ། །གཉིས་ཀ་འགྲུབ་པར་འགྱུར་ན་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །འགྲུབ་པར་འགྱུར་བ་འདོད་ལ་རག །ཅེས་སོ། །གལ་ཏེ་སེམས་ཅན་གྱི་འཇིག་རྟེན་འདིའི་ཕྱོགས་གཅིག་མཐའ་ཡོད་པ་སྟེ་འཇིག་ལ། ཕྱོགས་གཅིག་མཐའ་ནི་མེད་པ་སྟེ་མི་འཇིག་པར་ཕྱིར་མར་འགྲོ་བར་འགྱུར་ན་འཇིག་རྟེན་མཐའ་ཡོད་དང་མཐའ་མེད་གཉིས་ཀར་འགྱུར་ན་དེ་ཡང་རིགས་པ་མ་ཡིན་ཏེ། འགལ་བའི་ཕྱིར་རོ། །གལ་ཏེ་ཕྱོགས་གཅིག་འཇིག་ཅིང་ཕྱོགས་གཅིག་མི་འཇིག་པ་ཇི་ལྟར་མི་རིགས་ཞེ་ན། འོ་ན་དེ་འདྲ་བ་དེ་བདག་གམ་ཕུང་པོ་གང་ལ་རྟོགས་གྲང་། དང་པོ་མི་རིགས་ཏེ། ཇི་ལྟར་བུར་ན་ཉེ་བར་ལེན་པ་པོའི་བདག་གི་ཕྱོགས་གཅིག་རྣམ་པར་འཇིག་པར་འགྱུར་ལ། དེའི་ཕྱོགས་གཅིག་རྣམ་པར་འཇིག་པར་མི་འགྱུར་བའི་འཐད་པ་གང་ཡང་མེད་པའི་ཕྱིར། དེའི་ཕྱིར་དེ་ལྟར་རྟོག་ན་ནི་རིགས་སོ། །ཕྱོགས་གཉིས་པ་ལྟར་ནའང་མི་རིགས་ཏེ། ཇི་ལྟ་བུར་ན་ཉེ་བར་བླང་བར་བྱ་བ་ཕུང་པོའི་ཕྱོགས་གཅིག་ནི་རྣམ་པར་འཇིག་པར་འགྱུར་ལ། ཕྱོགས་གཅིག་ནི་རྣམ་པར་འཇིག་པར་མི་འགྱུར་བའི་འཐད་པ་འགའ་ཡང་མེད་པའི་ཕྱིར། དེས་ན་དེ་ལྟར་རྟོག་པ་དེ་ཡང་མི་རིགས་སོ། །གལ་ཏེ་འཇིག་རྟེན་མཐའ་ཡོད་པ་དང་མཐའ་མེད་པ་གཉིས་ཀ་གྲུབ་པར་འགྱུར་ན་ནི་དེ་རེ་རེ་ནས་བཀག་པའི་མཐའ་ཡོད་མ་ཡིན་ཞིང་། མཐའ་མེད་ཀྱང་མིན་པ་གྲུབ་པར་འགྱུར་བ་འདོད་ལ་རག་ན་ནི་དེ་ཡང་མི་རིགས་ཏེ། དགག་བྱ་རང་བཞིན་གྱིས་མེད་ན་དེ་བཀག་པ་རང་བཞིན་གྱིས་ཡོད་པ་མི་འགྲུབ་བའི་ཕྱིར་རོ། །གཉིས་པ་ནི། ཡང་ན་དངོས་པོ་ཐམས་ཅད་དག །སྟོང་ཕྱིར་རྟག་ལ་སོགས་ལྟ་ན། །གང ་དང་གང་དུ་གང་ལ་ནི། །ཅི་ལས་ཀུན་ཏུ་འབྱུང་བར་འགྱུར། །ཞེས་སོ། །ཡང་ལྟ་བ་དེ་དག་གིས་བཟུང་བ་ལྟར་གྱི་དོན་ཐ་སྙད་དུ་མེད་པར་མ་ཟད། དངོས་པོ་ཐམས་ཅད་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་གཏན་ཚིགས་ཀྱིས་རང་བཞིན་གྱིས་ཡོད་པར་སྟོང་པར་བསྟན་པ་དེའི་ཕྱིར་རྟག་པ་ལ་སོགས་ཀྱིས་བསྡུས་པ་མི་རྟག་པ་དང་རྟག་མི་རྟག་གཉིས་ཀ་མ་ཡིན་པ་ལ་སོགས་པར་ལྟ་བ་གང་དག་དང་། ཡུལ་གང་དུ་དམིགས་ནས་ལྟ་རྣམས་འབྱུང་བའི་དམིགས་པ་དང་། གང་གི་རྒྱུད་ལ་ནི་ལྟ་བ་རྣམས་འབྱུང་བའི་གང་ཟག་གམ་ཕུང་པོ་དང། །རྒྱུ་མཚན་ཅི་ལས་ལྟ་བ་རྣམས་ཀུན་ཏུ་འབྱུང་བར་འགྱུར་བ་རྣམས་ཀྱང་རང་བཞིན་གྱིས་སྟོང་སྟེ། དེ་དག་དངོས་པོའི་ཁོངས་སུ་འདུ་བའི་ཕྱིར་ཁྱབ་པ་ཡོད་དེ། དངོས་པོ་རྣམས་རང་བཞིན་གྱིས་སྟོང་པར་སྔར་རིགས་པས་རྒྱས་པར་གཏན་ལ་ཕབ་ཟིན་པའི་ཕྱིར་རོ། །གཉིས་པ་ནི། ས་ལུ་ལྗང་པའི་མདོ་དྲངས་པ་ལྟ་བུ་སྟེ། འདིར་མ་དྲངས་ཀྱང་མདོ་གཞན་ནས་དེ་ལྟར་འབྱུང་བ་རྣམས་ཀྱི་དོན་ཡང་གཏན་ལ་འབེབས་པ་ཡིན་པས། དེ་དག་ཀྱང་འདིར་དྲངས་པའི་ཁོངས་སུ་བསྡུ་བར་འོས་ཤིང་། སྔར་བཤད་པ་རྣམས་ལའང་དེ་ལྟར་ཤེས་པར་བྱའོ། །གསུམ་པ་ནི། ལྟ་བ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན་པའི་རྣམ་བཤད་དོ།། །།མཚམས་འདི་ན་ཤོག་གྲངས་༡༠༧པ་ཆད་འདུགཆེད་དུ་དགོངས་པ་འགྲེལ་པའི་བསྟན་བཅོས་རྩོམས་ཤིག་ཅེས་བསྐུལ་བ་དང་། རང་ཉིད་ཀྱིས་ཀྱང་དད་པས་ཀུན་ནས་བསླངས་ཏེ། རྗེའི་དགོངས་པ་དང་མཐུན་པར་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་བློ་བཟང་དོན་གྲུབ་བོ། །འདིས་ཀྱང་ཟབ་དོན་ལ་མོས་ཤིང་ཤེས་རབ་ཀྱི་བསླབ་པ་དོན་གཉེར་ཅན་དང་། བསྟན་པ་ལ་ཕན་ཐོགས་པར་གྱུར་ཅིག། །། མངྒ་ལཾ། །


no previousདབུ་མ་རྩ་བ་ཤེས་རབ་ཀྱི་རྣམ་བཤད་རིག་པའི་རྒྱ་མཚོར་འཇུག་པའི་གྲུ་གཟིངས།next