Nitartha Digital Library
Tibetan
 
no previousཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།next

ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།


DKG011_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་ཉི་ཤུ་བརྒྱད་པ། ཁྱོད་ཀྱི་འདོད་པ་གནས་བཟང་པོར་སྐྱེས་ཏེ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དང་ཕྲད་པར་བདག་གིས་བྱའོ། །དེས་དེ་རྒྱལ་པོ་ཤར་བ་དང་ལྷན་ཅིག་ཕྲད་པར་བྱས་ཏེ། ནོར་ལྷས་བྱིན་དེ་དང་ལྷན་ཅིག་ཤིན་ཏུ་ཆགས་པར་གྱུར་པ་དང་། གསེར་ཕྲེང་ཅན་གྱིས་སྦྱོར་བ་འཆང་ལ་ལྷ་ནི་གསོན་ཏེ། རྒྱལ་པོ་གཏུམ་པོ་རབ་སྣང་གི་སྲས་མོ་ནོར་ལྷས་བྱིན་ལ་གླང་པོ་ཆེའི་ཆོ་ག་སློབ་བོ་ཞེས་སྤྲིང་ངོ་། །དེས་ཀྱང་རྒྱན་ལྔ་མི་མངོན་པར་བྱས་ནས་བདག་ཉིད་གོས་ཧྲུལ་པོ་བགོས་ཏེ་མིང་དཔྱིད་ལྡན་ཞེས་བྱ་བར་བཏགས་ནས་སྨྱོན་པའི་ཆ་ལུགས་ཀྱིས་འཕགས་རྒྱལ་དུ་སོང་ངོ་། །དེ་དེར་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དག་ཏུ་རྒྱུག་མཆོང་རྒལ་ཞིང་དཔྱིད་ལྡན་དགའོ་ཞེས་སྨྱོན་ཚིག་ཀྱང་སྨྲའོ། །གང་དག་གིས་འདི་སྦྱོར་བ་འཆང་བ་ཡིན་ནོ་ཞེས་དེ་ངོ་ཤེས་པ་དེ་དག་ལ་ནི་དེས་རྒྱན་བྱིན་པ་དང་། དེ་དག་གིས་དེ་བླངས་ནས་ཅང་མི་ཟེར་བར་


DKG011_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའོ། །གང་དག་མི་ཤེས་པ་དེ་དག་ནི་འདི་སྨྱོན་པ་ཞིག་གོ་ཞེས་ཡལ་བར་གཏོང་སྟེ། དེ་རྒྱལ་པོའི་ཕོ་བྲང་འཁོར་དང་ཁྱིམ་བཟང་པོ་གང་དུ་ཞུགས་པ་དེར་བཟའ་བ་དང་། མེ་ཏོག་དང་གོས་དག་ཀྱང་རྙེད་ཅིང་ཤར་བ་དང་ལྷན་ཅིག་གསང་སྟེ་གྲོས་གཅིག་གོ །ཇི་ཙམ་དུས་གཞན་ཞིག་ན་ནོར་ལྷས་བྱིན་གྱིས་རྒྱལ་པོ་ཤར་བའི་བུ་ལ་སྨྲས་པ། ལྷ་གལ་ཏེ་ན་བདག་གི་ཕས་ཚོར་དུ་མཆིས་ཚུར་སྤྱོན་འབྲོས་སོ། །དེས་སྨྲས་པ། ལྷ་མོ་གལ་ཏེ་དེ་ལྟ་ན་སོང་ལ་ཕ་ལ་འདི་སྐད་ཅེས་ཡབ་བདག་གིས་གླང་པོ་ཆེའི་ཆོ་ག་ནི་ལོབས་ན་འོན་ཀྱང་ལས་སུ་བགྱི་བ་མ་མཐོང་སྟེ། དེའི་སླད་དུ་ལྷས་བདག་ལ་གླང་པོ་ཆེ་མོ་བཟང་ལྡན་ཅི་བདེར་བགྱིད་དུ་སྩོལ་ཅིག་དང་དེ་ལ་འཚལ་ནས་ལས་དག་བལྟ་བར་བགྱིའོ་ཞེས་གྱིས་ཤིག །དེ་སོང་ནས་རྒྱལ་པོ་ལ་དེ་བཞིན་སྨྲས་པ་དང་། རྒྱལ་པོ་གཏུམ་པོ་རབ་སྣང་གིས་ཀྱང་གླང་པོ་ཆེའི་རྫི་རྣམས་ལ་ཤེས་ལྡན་དག་གླང་པོ་ཆེ་མོ་བཟང་ལྡན་བུ་མོ་ནོར་ལྷས་བྱིན་ལ་ཅི་བདེར་གྱིས་ལ། དེ་ལ་ཞོན་ནས་ལས་དག་བལྟར་ཆུག་ཤིག་ཅེས་བསྒོའོ། །དེ་དག་གིས་དེ་ལ་གླང་པོ་ཆེ་མོ་བཟང་ལྡན་ཅི་བདེར་བྱས་པ་དང་། དེ་རྒྱལ་པོ་ཤར་བའི་བུ་དང་ལྷན་ཅིག་དེ་ལ་ཞོན་ནས་འབྲོས་པའི་ཐབས་ཤོམ་པར་རྩོམ་སྟེ། རེས་འགའ་ནི་སྔ་དྲོ་སོང་ཞིང་ཉི་མ་ཕྱེད་ན་སླར་འོང་། རེས་འགའ་ནི་ཉི་མ་ཕྱེད་ན་སོང་ཞིང་ཕྱི་དྲོ་སླར་འོང་། རེས་འགའ་ནི་ཕྱི་དྲོ་སོང་ནས་དགོངས་སུ་སླར་འོང་། རེས་འགའ་ནི་དགོངས་སོང་ནས་མཚན་མོ་ནམ་ཕྱེད་ན་སླར་འོང་། རེས་འགའ་ནི་འཇིང་ལ་སླར་འོང་། རེས་འགའ་ནི་ལྔ་ཚིགས་ལ་སླར་འོང་། རེས་འགའ་ནི་ནམ་ཆུང་ན་སླར་འོང་། རེས་འགའ་ནི་སྐྱ་རེངས་ཤར་ན་སླར་འོང་ངོ་། །


DKG011_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བས་སྦྱོར་བ་འཆང་ལ་འབྲོས་པའི་ཐབས་སྨྲས་པ་དང་། དེས་གླང་པོ་ཆེའི་ལྕི་བ་དག་ཕྱིར་དབྱུང་བར་བརྩམས་སོ། །ཆབ་སྒོ་བ་དག་གིས་སྨྲས་པ། དཔྱིད་ལྡན་འདི་ཅི་ཡིན། དེས་སྨྲས་པ། ཤེས་ལྡན་དག་རྒྱལ་པོའི་བཤོས་སུ་བྱས་ཏེ་འདི་དག་དེར་ལ་དུར་འགྱུར་རོ་ཞེས་བྱས་པ་དང་། དེ་དག་གིས་བགད་ནས་འདི་ནི་སྨྱོན་པའོ་སྙམ་ནས་ཅང་མི་སྨྲ་བར་འདུག་གོ །དེས་ཀྱང་དེ་དག་ཁྱེར་ཏེ་ཀཽ་ཤཱམྦཱིའི་ལམ་གྱི་བར་བར་དུ་ཤིང་གི་ཡལ་ག་ལ་དཔྱངས་སོ། །ཡང་གླང་པོ་ཆེའི་གཅིན་དག་གིས་བུམ་པ་བཀང་སྟེ་བཀུར་བར་བརྩམས་པ་དང་། སྒོ་བ་དག་གིས་དེ་བཞིན་དུ་དྲིས་པ་དང་། དེས་སྨྲས་པ། ཤེས་ལྡན་དག་རྒྱལ་པོའི་བཤོས་སུ་བྱས་ཏེ་འདི་ནི་དེར་སྐྱེམས་སུ་འགྱུར་རོ་ཞེས་བྱས་པ་དང་། དེ་དག་དེ་བཞིན་དུ་འདི་ནི་སྨྱོན་པ་ཡིན་ནོ་སྙམ་ནས་བགད་དེ་འཁོད་དོ། །དེས་ཀྱང་དེ་ཁྱེར་ཏེ་ཀཽའུ་ཤཱམྦཱིའི་ལམ་གྱི་བར་བར་དུ་ཤིང་གི་ཡལ་ག་ལ་དཔྱངས་སོ། །རྒྱལ་པོ་ཤར་བ་དང་། སྦྱོར་བ་འཆང་དང་། གསེར་ཕྲེང་ཅན་གྱིས་ཉི་མ་ཆེ་གེ་མོ་ཞིག་ལ་ཕྱོགས་ཆེ་གེ་མོ་ཞིག་ཏུ་ཐམས་ཅད་འདུ་བར་བྱའོ་ཞེས་དུས་བཏབ་ནས་རྒྱལ་པོ་ཤར་བའི་བུ་དང་། ནོར་ལྷས་བྱིན་གླང་པོ་ཆེ་མོ་བཟང་ལྡན་ལ་ཞོན་ནས་ཕྱོགས་དེར་སོང་སྟེ། སྦྱོར་བ་འཆང་དང་། གསེར་ཕྲེང་ཅན་ཡང་དེ་ཉིད་ལ་ཞོན་ཏེ། དེ་རྣམས་པི་བང་སྙན་པ་ལེན་ཞིང་དོང་བ་ན། རྒྱལ་པོ་ཤར་བའི་བུས་པི་བང་སྙན་པ་བླངས་པ་དང་། སྦྱོར་བ་འཆང་དགའ་བ་སྐྱེས་ཏེ་གླུ་བླངས་པ། བཟང་ལྡན་མ་དང་དབྱངས་སྙན་དང་། །ནོར་ལྷས་བྱིན་དང་ཤར་བ་དང་། །གསེར་ཕྲེང་ཅན་དང་དཔྱིད་ལྡན་དང་། །འདི་དག་དོན་མཐུན་འདོང་བ་ཡིན། །དུས་གང་དུ་དེ་དག་སླར་འོང་བའི་དུས་དེ་ཡང་མྱུར་དུ་ཐལ། དུས་ཐ་མ་གང་ཡིན་པ་དེ་ཡང་ཐལ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་གསོས་པ་ལ་སྨྲས་པ། གསོས་པ་ནོར་ལྷས་བྱིན་དེང་ཐོགས་ན་འདི་ཅི་ལས་གྱུར་ཅེས་བྱས་པ་དང་། གསོས་པས་བཙལ་བར་བརྩམས་པ་ལས་མ་རྙེད་ནས། དེས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཤར་བའི་བུས་གླང་པོ་ཆེ་མོ་བཟང་ལྡན་ལ་འཚལ་ཏེ། ནོར་ལྷས་བྱིན་ཁྲིད་ནས་བྲོས་ལགས་སོ། །རྒྱལ་པོ་སྔངས་ནས་སྨྲས་པ། གསོས་


DKG011_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

པ་མྱུར་དུ་སོང་ལ་གླང་པོ་ཆེ་འདམ་བུའི་རི་ལ་ཞོན་ཏེ་ཤར་བ་དང་། ནོར་ལྷས་བྱིན་ཁྲིད་དེ་ཤོག་ཤིག །དེ་རིངས་པ་རིངས་པར་གླང་པོ་ཆེ་འདམ་བུའི་རི་ལ་ཞོན་ནས་བསྙགས་སོ། །དེས་བསྙགས་ཏེ་སླེབས་ལ་ཐུག་ནས་སྦྱོར་བ་འཆང་གིས་གླང་པོ་ཆེའི་ལྕི་བའི་ཐུམ་པོ་བཤིག་པ་དང་། འདམ་བུའི་རིས་དེ་བསྣམ་པར་བརྩམས་སོ། །ཇི་སྲིད་སྣོམ་པ་དེའི་བར་དུ་གླང་པོ་ཆེ་མོ་བཟང་ལྡན་གྱིས་དཔག་ཚད་བཅུ་འདས་སོ། །ཡང་འདམ་བུའི་རིས་སླེབས་ལ་ཐུག་ནས་སྦྱོར་བ་འཆང་གིས་གཅིན་གྱི་བུམ་པ་གཅིག་པ་དང་འདམ་བུའི་རིས་དེ་བསྣམས་པར་བརྩམས་སོ། །ཇི་སྲིད་སྣོམ་པ་དེའི་བར་དུ་གླང་པོ་ཆེ་མོ་བཟང་ལྡན་གྱིས་དཔག་ཚད་གཞན་བཅུ་འདས་ཏེ། གཞན་གྱི་ཡུལ་དུ་ཕྱིན་པར་གྱུར་པ་དང་། གསོས་པས་བསམས་པ་འདི་ནི་གཞན་གྱི་ཡུལ་ཡིན་པས་གླང་པོ་ཆེ་འདམ་བུའི་རི་ཡང་ཤོར་དུ་འོང་གིས་ལྡོག་གོ་སྙམ་ནས་དེ་རེ་ཐག་ཆད་དེ་སླར་ལོག་གོ །རྒྱལ་པོ་གཏུམ་པོ་རབ་སྣང་གིས་སྨྲས་པ། གསོས་པ་ཅི་གྲག །དེས་སྨྲས་པ། ལྷ་ཅི་ཞིག་གདའ་བྲོས་ལགས་མོད་ཅེས་བྱས་པ་དང་། རྒྱལ་པོ་ལག་པ་འགྲམ་པ་ལ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག་གོ །རྒྱལ་པོ་ཤར་བའི་བུ་ཡང་སྲོག་སྟོར་བ་ལས་སླར་རྙེད་དེ། ཀཽ་ཤཱམྦཱིར་འོངས་ནས་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། ཕོངས་པ་དང་། མཛའ་བོ་དང་། ཕུ་ནུ་དང་། གཉེན་རྣམས་ལ་སྦྱིན་པ་དག་བྱིན་ཞིང་དགའ་སྟོན་ཆེན་པོ་བྱས་ནས་ནོར་ལྷས་བྱིན་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དུས་གཞན་ཞིག་ན་ཁང་བཟངས་ཀྱི་ཐོག་ཏུ་བྱུང་ནས་ནོར་ལྷས་བྱིན་དང་ལྷན་ཅིག་ཏུ་བྲེ་མོ་གཏམ་དག་ཟེར་ཞིང་འཁོད་པ་ལས་སྨྲས་པ། ལྷ་མོ་ཁྱོད་ཀྱང་ངས་དེ་ལྟར་སྒྱུས་ཕྲོགས་པ་ཡིན་ནོ། །དེས་སྨྲས་པ། ལྷ་ཁྱོད་ཀྱང་དེ་བཞིན་དུ་བདག་གི་ཕས་ཐབས་ཀྱིས་བཟུང་སྟེ་བཞག་པ་ལགས་སོ། །དེས་སྨྲས་པ། ལྷ་མོ་ཅི་སྟེ་ཁྱོད་ཀྱི་ཕ་འདིར་བཀུག་སྟེ་ཐ་ག་པའི་ལས་སློབ་ཏུ་མ་བཅུག་ན། ང་རྒྱལ་པོ་ཤར་བའི་བུ་མ་ཡིན་དུ་ཟད་ཅེས་བྱས་པ་དང་། དེ་ཁྲོས་བཞིན་དུ་ཅང་མི་སྨྲ་བར་འདུག་གོ། །རྒྱལ་པོ་ཤར་བས་


DKG011_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་འཆང་ལ་སྨྲས་པ། ངའི་མི་དགའ་བ་ཁྱོད་ཀྱིས་བསལ་བར་ནུས་སམ། ལྷ་ཅི་ཞིག་བགྱི། རྒྱལ་པོ་གཏུམ་པོ་རབ་སྣང་མགུལ་པ་ནས་ཐོགས་ཏེ་འདིར་ཁུག་ལ་ཐ་ག་པའི་ལས་སློབ་ཏུ་ཆུག་ཤིག །དེས་སྨྲས་པ། ལྷ་གང་གི་ཚེ་ཁྱོད་ཀྱིས་ནོར་ལྷས་བྱིན་དང་གླང་པོ་ཆེ་མོ་བཟང་ལྡན་ཕྲོགས་པའི་ཚེ་དོན་གྱིས་ན་ཁྱོད་ཀྱི་མི་དགྱེས་པ་བསལ་ལགས་མོད་ཀྱི། འོན་ཀྱང་གལ་ཏེ་རྔོ་ཐོག་ཀྱང་གདས་བསམས་ཏེ་བགྱིའོ་ཞེས་བྱས་ཏེ། དེས་འཕགས་རྒྱལ་དུ་འགྲོ་བའི་ཟོང་དག་སྟ་གོན་བྱས་ནས་དེད་དཔོན་སྤྲོ་བ་བསྐྱེད་དེ། སྨད་འཚོང་མ་གཟུགས་དང་ན་ཚོད་དང་ལྡན་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་ཀྱང་དེད་དཔོན་གྱི་ཆུང་མར་བྱས་ནས་དེ་རིམ་གྱིས་གྲོང་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་རྣམས་སུ་ཚོང་དུས་དག་ལྟ་ཞིང་འཕགས་རྒྱལ་དུ་ཕྱིན་ཏོ། །རྒྱལ་པོ་གཏུམ་པོ་རབ་སྣང་གིས་ནོར་མང་པོ་དང་ལྡན་པའི་དེད་དཔོན་ཞིག་འོངས་སོ་ཞེས་ཐོས་སོ། །དེས་ཐོས་ནས་ཀྱང་བདག་ཉིད་ནོར་རྩིར་སོང་སྟེ་དེས་འགྲོན་པོ་དེ་དག་ལ་དྲིས་པ། ཤེས་ལྡན་དག་དེད་དཔོན་གྱི་ཁྱིམ་གང་ཡིན། དེ་དག་གིས་དེད་དཔོན་གྱི་ཁྱིམ་ནི་འདི་ཡིན་ནོ་ཞེས་བྱས་པ་དང་། རྒྱལ་པོ་དེར་སོང་སྟེ་སྒོར་འདུག་ནས་དེད་དཔོན་གང་ན་འདུག་ཅེས་དྲིས་པ་དང་། དེ་རྣམས་ཀྱིས་སྨྲས་པ། སྒོར་བྱུང་སྟེ་སོང་ངོ་། །དེས་སྨྲས་པ། འདི་ན་སུ་འདུག་དེ་རྣམས་ཀྱིས་སྨྲས་པ། དེད་དཔོན་གྱི་ཆུང་མ་མཆིས་སོ། །དེས་སྒོ་གཏན་ཕྱེ་སྟེ་ནང་དུ་ཞུགས་པ་དང་ཇི་ཙམ་ན་དེད་དཔོན་གྱི་ཆུང་མ་གཟུགས་དང་ན་ཚོད་བཟང་བས་འཕགས་རྒྱལ་ན་གནས་པའི་བུད་མེད་ཐམས་ཅད་ཟིལ་གྱིས་གནོན་པ་ཞིག་མཐོང་ངོ་། །དེས་དེ་མཐོང་ནས་ཀྱང་རབ་ཏུ་ཆགས་པར་གྱུར་ཏེ་སྨྲས་པ། བཟང་མོ་ང་དང་ལྷན་ཅིག་དགའ་མགུར་སྤྱད་ན་དེད་དཔོན་གྱི་ཤོ་གམ་གཏང་ངོ་། །དེས་སྨྲས་པ། གལ་ཏེ་དེ་ལྟ་ན་མལ་འདིར་འདུག་ཤིག་ཅེས་བྱས་པ་དང་། འདོད་ཆགས་ཀྱིས་ལོག་པར་གྱུར་པས་ནི་མི་བྱ་བ་ཅི་ཡང་མེད་པའི་ཕྱིར་དེ་དེར་འདུག་པ་དང་། རྒྱལ་པོའི་མི་རྣམས་ཀྱིས་སྒོ་བཅད་དེ་ཁྱོགས་སུ་བཅུག་ནས་མི་བཞིས་བཏེག་སྟེ་གླུ་ལེན་ཅིང་སྒོ་གཅིག་ནས་འཕགས་རྒྱལ་དུ་ཞུགས་སོ། །དེ་ན་ཁ་ཅིག་ནི་


DKG011_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་མོ་རྡོབ། ཁ་ཅིག་ནི་རྒོད། ཁ་ཅིག་ནི་འདི་སྐད་དུ་གླུ་ལེན་ཏེ། སྦྲང་མ་དག་གིས་ཟླ་བ་ཟོས། །རྣམ་ཐོས་བུ་ནི་གཉེར་པས་དེད། །ས་གཞི་ནགས་བཅས་མཁའ་ལ་འཕགས། །སྨད་འཚོང་མས་ནི་རབ་སྣང་ཁྲིད། །ཅེས་བྱས་པ་དང་། འཕགས་རྒྱལ་ན་གནས་པ་རྣམས་ཀྱིས་བསམས་པ། ཅིའི་ཕྱིར་ཚོང་པ་འདི་དག་དེ་སྐད་ཅེས་ཟེར་སྙམ་པ་ལས། དེ་རྣམས་སྒོ་གཞན་དུ་བྱུང་སྟེ། སྨྱགས་བཅད་དེ་བྲོས་ཏེ་སོང་ངོ་། །གསོས་པ་ཡང་ཕན་ཚུན་དུ་རྒྱལ་པོ་ཚོལ་ཞིང་དེ་རིམ་གྱིས་ཀཽ་ཤཱམྦཱིར་སོང་ངོ་། །བློན་པོ་དག་གིས་རྒྱལ་པོ་ཤར་བ་ལ་སྨྲས་པ། ལྷ་དགྱེས་པར་མཛད་དུ་གསོལ། རྒྱལ་པོ་རབ་སྣང་ནི་འདིར་ཁུགས་ལགས་སོ་ཞེས་བྱས་པ་དང་། རྒྱལ་པོ་ཤར་བས་སྨྲས་པ། ཤེས་ལྡན་དག་དེང་ལ་དེ་ཐོགས་ཏེ་ཐ་ག་པའི་ལས་སློབ་ཏུ་ཆུག་ཤིག །རྒྱལ་པོ་རབ་སྣང་འདིར་འོངས་པར་ནོར་ལྷས་བྱིན་ལ་སུ་ཡང་མ་ཟེར་ཅིག་པར་ཁྲིམས་སུ་ཡང་ཆོས་ཤིག་ཅེས་བསྒོའོ། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་ཤར་བའི་བུ་ནོར་ལྷས་བྱིན་དང་ལྷན་ཅིག་ཏུ་ཁང་བཟངས་ཀྱི་སྟེང་དུ་བྱུང་སྟེ་འདུག་པ་ན་རྒྱལ་པོ་གཏུམ་པོ་རབ་སྣང་ཐགས་ཀྱི་གྲ་ཁང་ནས་བྱ་བ་ཞིག་གི་ཕྱིར་སྒོར་བྱུང་བ་དང་རྒྱལ་པོ་ཤར་བས་དེ་མཐོང་ནས། དེས་ནོར་ལྷས་བྱིན་ལ་སྨྲས་པ། མི་འོ་ནི་སུ་ཡིན་ཁྱོད་ཀྱིས་ཤེས་སམ། དེས་ཀྱང་རིང་ཞིག་དུ་བརྟགས་པ་དང་། རྒྱལ་པོ་དེ་སྤྱི་གཅེར་ཡིན་པས་ངོ་ཤེས་ནས་དེ་མཆི་མས་བརྣངས་བཞིན་དུ་འདུག་སྟེ་དེས་བསམས་པ། རྒྱལ་པོ་ངན་པ་འདིས་ངའི་ཕ་འདི་འདྲ་བའི་གནས་སྐབས་སུ་བྱས་ཀྱིས་གལ་ཏེ་རྒྱལ་པོ་ངན་པ་འདི་མ་བསད་ན་ནོར་ལྷས་བྱིན་མ་ཡིན་དུ་ཟད། ཇི་ལྟར་བསད་པ་ཡང་བདག་ཉིད་ཀྱིས་མི་ཚོར་བ་དེ་ལྟར་གསད་དོ་སྙམ་མོ། །རྒྱལ་པོ་དེ་ཡང་ཡིད་རྣོ་བ་ཞིག་པས་དེ་ཁྲོས་པར་ཤེས་ནས་དེས་སྦྱོར་བ་འཆང་ལ་བསྒོ་བ། སྦྱོར་བ་འཆང་དགྲ་ལ་ཤ་ལོན་ཟིན་གྱིས་སོང་ལ་རྒྱལ་པོ་གཏུམ་པོ་རབ་སྣང་ཁྲོལ་ཏེ་ཁྲུས་གྱིས་ཟན་བྱིན་ལ་བཀུར་སྟི་ཆེན་པོས་འཕགས་རྒྱལ་དུ་སྐྱོལ་ཅིག་ཅེས་བསྒོ་བ་དང་། དེས་ཀྱང་ཇི་ལྟར་བསྒོ་བ་བཞིན་དུ་འཕགས་རྒྱལ་དུ་བསྐྱལ་ཏོ། །ནོར་ལྷས་བྱིན་


DKG011_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསམས་པ། གལ་ཏེ་བདག་གིས་འདི་ང་ཉིད་གསད་པའི་ཐབས་བརྩམས་ན་གཡོན་ཅན་འདིས་འཕྲིགས་པར་འོང་བས་དུས་ཆུང་ཞིག་གིས་བར་དུ་བྲིད་དོ་སྙམ་ནས། དེས་དེ་ལ་རེ་ཞིག་ཅུང་ཟད་ཅིག་བགད་པ་དང་། དགའ་བ་དང་། རྩེ་བ་དང་། དགའ་མགུར་སྤྱད་པ་དག་གིས་བྲིད་དོ། །དེ་ནས་དེ་གོས་དྲི་མ་ཅན་གྱོན་ཏེ་ཁྲིའུ་དྲ་བ་ཅན་ལ་ཉལ་ཞིང་འདུག་པ་དང་། རྒྱལ་པོ་ཤར་བའི་བུས་སྨྲས་པ། ལྷ་མོ་འདི་ཅིའི་ཐ་ཚིག །དེས་སྨྲས་པ། ལྷ་ལྷ་རྣམས་འཁྲུགས་ལགས་སོ། །དེས་སྨྲས་པ། ལྷ་མོ་མི་བདོག་གམ། ཅི་ཇི་ལྟར་དམ་བཅས་པ་གཞན་གྱིས་ཤིག །དེས་སྨྲས་པ། ལྷ་གང་བདག་གིས་དམ་བཅས་པ་དེ་མི་འགྲུབ་ལགས་མོད། རྒྱལ་པོས་སྨྲས་པ། ཁྱོད་ཀྱིས་དམ་ཅི་བཅས། གང་གིས་ན་ཁྱོད་མི་དགའ་བར་གྱུར་པ་སྨྲོས་ཤིག་དང་ཐམས་ཅད་ཡོངས་སུ་རྫོགས་པར་བྱས། ཁྱོད་མི་དགའ་བར་མ་བྱེད་ཅིག །དེས་སྨྲས་པ། གང་གི་ཚེ་བདག་གི་ཕས་ལྷ་བཟུང་སྟེ་བཞག་པ་དེའི་ཚེ་བདག་གིས་ལྷ་ལ་འདི་སྐད་དུ་ཅི་སྟེ་ལྷ་དང་བདག་ལྷན་ཅིག་བདེ་ལེགས་སུ་ཀཽ་ཤཱམྦཱིར་ཕྱིན་ན། དེར་ལྷ་དང་བདག་ལྷན་ཅིག་ཉིན་ཞག་བདུན་གྱི་བར་དུ་ཟས་མི་བཟའ་ཞིང་ཞག་བདུན་འདས་ནས། ལྷ་ནི་མེ་ཏོག་གི་ཕྲེང་བས་རྐང་པའི་རྩེ་མོ་ནས་སྤྱི་བོའི་བར་དུ་དཀྲིས་ཏེ་ར་བའི་ཁར་འདུག་པར་བྱའོ། །བདག་ནི་དཀའ་ཐུབ་རྫོགས་ནས་བྲམ་ཟེ་སྟོང་ལ་ཟན་བྱིན་ལ་མཆོད་པ་དང་བཀུར་སྟི་ཆེར་བྱའོ་ཞེས་དམ་བཅས་ན་ད་ལྟ་བཙུན་མོའི་འཁོར་རྒྱ་ཆེ་བར་གྱུར་པས་ཅིའི་སླད་དུ་འདི་ལྟ་བུ་མཛད་པར་འགྱུར་སྙམ་དུ་བདག་དེ་སེམས་ཤིང་མཆིས་ཏེ། མདོར་ན་གུམ་ལགས་སུ་བས་སོ། །རྒྱལ་པོས་སྨྲས་པ། ལྷ་མོ་ཁྱོད་ཀྱིས་ལྷ་ལ་གསོལ་བ་བཏབ་པ་ཡང་དོན་གྱིས་ན་ངའི་ཆེད་ཁོ་ན་ཡིན་པས་ལོངས་ཤིག་དང་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་བྱས་པ་དང་། དེ་ལངས་ཏེ་དེས་ཁྱི་གུ་གཉིས་ཤིག་ར་བའི་དྲུང་དུ་བཏགས་ཏེ་བཞག་ནས། དེ་ཇི་ཙམ་མི་ཙམ་གྱི་ཤ་ཟ་ནུས་པ་དེ་ཙམ་དུ་ཤ་གོང་ནས་གོང་དུ་བསྐྱེད་དེ་བྱིན་ནོ། །གང་གི་ཚེ་ཁྱི་གུ་དེ་གཉིས་ཤ་དེ་ཙམ་ཟ་ནུས་པ་དེའི་ཚེ་རྒྱལ་པོ་དང་ལྷན་ཅིག་ཉིན་ཞག་བདུན་གྱི་བར་དུ་འདུག་ཅིང་དེ་ནི་མཚན་མོ་ཟ།


DKG011_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཤར་བ་ནི་ཆུང་མ་དེ་ལ་ཆགས་པས་ཉིན་ཞག་བདུན་གྱི་བར་དུ་མ་ཟོས་པས་དེ་ལུས་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་ཤ་བྲི་ངན་པ་དང་། ཉམ་ཆུང་བ་དང་། རྨྱ་བར་གྱུར་ཏོ། །ཞག་བདུན་ལོན་པ་དང་། ནོར་ལྷས་བྱིན་གྱིས་མེ་ཏོག་ཕྲེང་རྒྱུད་མཁན་རྣམས་ལ་ཡང་རྒྱུས་པ་དག་གིས་མེ་ཏོག་དྲི་ཞིམ་པོ་དག་རྒྱུས་ལ་མྱུར་དུ་ཁྱེར་ཏེ་ཤོག་ཤིག་ཅེས་བསྒོའོ། །སྦྱོར་བ་འཆང་ལ་ཡང་དེང་དུ་ལྷའི་དཀའ་ཐུབ་རྫོགས་ཀྱིས་ཁྱོད་ཀྱིས་གྲོང་ཁྱེར་མཛེས་པར་གྱིས་ལ་བྲམ་ཟེ་སྟོང་དང་། རྒྱལ་པོ་བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་ཁྱེར་གྱི་སྐྱེ་བོའི་ཚོགས་དང་བཅས་པའི་ཟན་སྦྱོར་ཅིག་ཅེས་བསྒོའོ། །བློན་པོ་གཞན་དག་ནི་མི་ཚོར་བར་བྱ་བའི་ཕྱིར་གནས་གཞན་དང་གཞན་དག་ཏུ་ལས་སུ་བསྐོས་སོ། །སྦྱོར་བ་འཆང་ཡང་རྒྱལ་པོ་ལ་སྙིང་ཉེ་ཞིང་རྗེས་སུ་ཆགས་པས་གྲོང་ཁྱེར་དེ་རྡོ་དང་། གསེག་མ་དང་། གྱོ་མོ་ནི་མེད་པར་བྱས། ཙན་དན་གྱི་ཆུས་ནི་ཆག་ཆག་བཏབ། བདུག་པ་དྲི་ཞིམ་པོའི་པོག་ཕོར་ནི་བཞག །རྒྱལ་མཚན་དང་། བ་དན་དག་ནི་བསྒྲེང་། མུ་ཏིག་དང་། དར་གྱི་ཆུན་པོ་དང་། ལྡ་ལྡི་ནི་དཔྱངས། མེ་ཏོག་རྣམ་པ་སྣ་ཚོགས་ནི་བཀྲམ་སྟེ་ལྷ་རྣམས་ཀྱི་སྐྱེད་མོས་ཚལ་དགའ་བའི་ཚལ་བཞིན་དུ་དགའ་དགའ་ལྟར་བྱས་ནས་གནས་དང་གནས་རྣམས་སུ་རོལ་མོའི་སྒྲ་སྣ་ཚོགས་ནི་བསྒྲགས། གར་མཁན་དང་། སྙན་དངགས་མཁན་དང་། འཇོ་ཚར་ཅན་གྱི་བྲོ་མཁན་རྣམས་ཀྱིས་ནི་བྲོ་གར་བྱ་བར་བརྩམས་སོ། །ཅ་ཅོ་ཆེན་པོ་བྱུང་བ་དེའི་ཚེ་ནོར་ལྷས་བྱིན་གྱིས་རྒྱལ་པོ་ཤར་བའི་བུ་ར་བའི་ཁར་རྐང་པའི་རྩེ་མོ་ནས་སྤྱི་བོའི་བར་དུ་མེ་ཏོག་གིས་དཀྲིས་ནས་བསྙལ་ལོ། །དེ་ནས་ར་བའི་ཁ་ནས་ཕུལ་ནས་ལྷུང་མ་ཐག་ཏུ་གསོན་པོར་ཁྱི་དག་གིས་རུས་གོང་འབའ་ཞིག་ལུས་པར་བྱས་ཏེ། བྱ་རོག་དང་། བྱ་རྒོད་དང་། ཝ་དང་། མི་རོ་ལ་ཟ་བའི་སྲོག་ཆགས་གཞན་དག་ཀྱང་འཐབ་པར་གྱུར་ཏོ། །ཀོ་ཤཱམྦཱིར་ལྷ་ར་བའི་ཁ་ནས་གྲོང་ཁྱེར་མཛེས་པ་ལྟ་བ་ལས་ལྷུང་སྟེ། ཁྱི་དག་གིས་ཟོས་སོ་ཞེས་ཀུ་ཅོའི་སྒྲ་ཆེར་གྱུར་པ་དང་། དེ་ན་ཁ་ཅིག་ནི་ངུ་། ཁ་ཅིག་ནི་དགའ། ཁ་ཅིག་ནི་ཐ་མལ་པར་འདུག །


DKG011_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་ནི་འཕྲོག་རློམ་བྱེད་པར་གྱུར་ཏོ། །ཀུ་ཅོ་ཆེན་པོ་བྱུང་བ་དེའི་ཚེ་ཀཽ་ཤཱམྦཱི་ན་གནས་པའི་དགེ་སློང་དག་སོ་སོར་བྲོས་ནས་ཁ་ཅིག་ནི་མཉན་ཡོད་དུ་སོང་ངོ་། །ཁ་ཅིག་ནི་གནས་གཞན་དང་གཞན་དུ་སོང་ངོ་། །སྐབས་དེར་སྦྱོར་བ་འཆང་བ་དང་། བློན་པོ་གཞན་རྣམས་དང་། ཀཽ་ཤཱམྦཱི་ན་གནས་པའི་མིའི་གཙོ་བོ་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་ཀུ་ཆོ་ཞི་བར་བྱས་ཏེ་དེ་ནས་སྦྱོར་བ་འཆང་གིས་ཇི་ལྟར་རྒྱལ་པོ་ར་བའི་ཁར་སོང་ངོ་། །ཇི་ལྟར་ར་བའི་དྲུང་ན་ཁྱི་འདུག་པར་གྱུར་ཅེས་ཀུན་ཏུ་བརྟག་པར་བརྩམས་སོ། །དེས་དེ་ལྟར་བརྟགས་པ་དང་། ནོར་ལྷས་བྱིན་གྱིས་ཇི་ལྟར་ཐབས་ཀྱིས་བསད་པ་རྩད་ཆོད་དེ་དེ་ཁྲོས་ནས་ནོར་ལྷས་བྱིན་རྒྱ་སྐྱེགས་ཀྱི་ཁང་པར་བཅུག་སྟེ་བསྲེགས་སོ། །དགེ་སློང་དག་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རྒྱལ་པོ་ཤར་བའི་བུས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཁྱི་དག་གིས་འཚལ་ཏེ་དུས་ལས་འདས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རྒྱལ་པོ་ཤར་བའི་བུ་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ་འོང་བ་བཞིན་དུ་ཉེ་བར་གནས་པ་གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་ཏེ། དགེ་སློང་དག་རྒྱལ་པོ་ཤར་བའི་བུས་ལས་བྱས་ཤིང་བསགས་པ་དག་གཞན་སུས་སོ་སོར་ཉམས་སུ་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མ་ཡིན། མེའི་ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ཡིན་གྱི། འོན་ཀྱང་དགེ་བ་དང་མི་དགེ་བའི་ལས་བྱས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་ཏེ། བསྐལ་པ་བརྒྱ་ཕྲག་རྣམས་སུ་ཡང་། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཚོགས་ཤིང་དུས་ལ་བབ་པ་ན། །ལུས་ཅན་རྣམས་ལ་འབྲས་བུར་སྨིན། །དགེ་སློང་དག་སྔོན་བྱུང་བ་རི་འོར་ཞིག་ན་བྲམ་ཟེ་མདུན་ན་འདོན་ཞིག་འདུག་གོ །སངས་རྒྱས་འབྱུང་བ་མེད་པ་ན་རང་


DKG011_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཕོངས་པ་དང་། དམན་པ་ལ་ཐུགས་བརྩེ་བ། བས་མཐའི་གནས་མལ་དག་ལ་དགའ་བ། སྦྱིན་གནས་གཅིག་པུར་གྱུར་པ་དག་འཇིག་རྟེན་དུ་འབྱུང་བས་རང་སངས་རྒྱས་ཤིག་ལྗོངས་རྒྱུ་བ་རྒྱུ་ཞིང་རི་འོར་དེར་ཕྱིན་པ་དང་། ཕྱོགས་ཞིག་ཏུ་ནུབ་མོ་གནས་སོ། །དེ་ཕྱི་དེ་ཉིན་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ལྷུང་བཟེད་ཐོགས་ནས་རི་འོར་གྱི་གྲོང་དེར་བསོད་སྙོམས་ལ་ཞུགས་པ་དང་། མདུན་ན་འདོན་དེ་ཡང་ཁྱི་ཁྲིད་ནས་ཕྱིར་བྱུང་སྟེ། དེས་རང་སངས་རྒྱས་བདག་ཉིད་ཆེན་པོ་ཉེས་པ་མེད་ཅིང་གནོད་པ་མི་བྱེད་པ་དེ་ལ་ཁྱི་སྦད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། མདུན་ན་འདོན་གང་ཡིན་པ་དེ་ནི་རྒྱལ་པོ་ཤར་བའི་བུ་འདི་ཡིན་ཏེ། འདིས་དེའི་ཚེ་དེའི་དུས་ན་རང་སངས་རྒྱས་ཉེས་པ་མེད་ཅིང་གནོད་པ་མི་བྱེད་པ་ལ་ཁྱི་སྦད་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་རབས་ལྔ་བརྒྱར་ཁྱིས་ཟོས་ནས་དུས་ལས་འདས་ཏེ། ད་ལྟར་གྱི་བར་དུ་ཡང་ཁྱིས་ཟོས་ཏེ་དུས་ལས་འདས་པར་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་གནག་གཅིག་ཏུ་དཀར་བ་རྣམས་ཀྱི་ཡང་གཅིག་ཏུ་དཀར། འདྲེན་མ་རྣམས་ཀྱི་ཡང་འདྲེན་མ་སྟེ། དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་དང་། འདྲེན་མ་རྣམས་སྤངས་ནས་ལས་གཅིག་ཏུ་དཀར་བ་དག་ཁོ་ན་ལ་བརྩལ་བར་བྱས་ཏེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །རྒྱལ་པོ་ཤར་བའི་བུ་དུས་ལས་འདས་ནས་རྒྱལ་པོ་གཏུམ་པོ་རབ་སྣང་འགྲན་ཟླ་མེད་པར་རྒྱལ་པོ་བྱེད་པར་གྱུར་ཏོ། །དེ་དུས་གཞན་ཞིག་ན་ཁང་བཟངས་ཀྱི་སྟེང་དུ་བྱུང་ནས་བློན་པོའི་ཚོགས་ཀྱིས་བསྐོར་ཏེ་གཏམ་བཟང་པོ་མ་ཡིན་པ་དག་ཟེར་ཞིང་འཁོད་དེ། ཤེས་ལྡན་དག་གྲོང་དང་གྲོང་ཁྱེར་དང་གནས་གང་ན་སྨད་འཚོང་མ་བཟང་མོ་ཡོད། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་རྡོ་འཇོག་ན་སྨད་འཚོང་མ་བཟང་མོ་ཞེས་བགྱི་བ་གཟུགས་དང་ན་ཚོད་དང་།


DKG011_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་སྒྱུ་རྩལ་དྲུག་བཅུ་རྩ་བཞི་ལ་མཁས་པ་ཞིག་མཆིས་ཏེ། མཐོང་མ་ཐག་ཏུ་ཆགས་པར་མི་འགྱུར་བའི་མི་གང་ལགས་པ་དེ་ནི་སའི་སྟེང་ན་འགའ་ཡང་མ་མཆིས་སོ། །རྒྱལ་པོ་གཏུམ་པོ་རབ་སྣང་གིས་དེའི་གཟུགས་དང་ན་ཚོད་དང་ལྡན་པ་ཐོས་ནས་ཐོས་མ་ཐག་ཏུ་ཆགས་པར་གྱུར་ཏེ་སྨྲས་པ། གསོས་པ་ཅི་བྱས་ཀྱང་མི་ཕན་དེ་ལྟ་བུའི་བུད་མེད་ལ་དགའ་མགུར་སྤྱད་དགོས་པས་རྡོ་འཇོག་ཏུ་སོང་སྟེ་དེ་དང་ལྷན་ཅིག་དགའ་མགུར་སྤྱད་པར་བྱའོ། །དེས་སྨྲས་པ་ལྷ་རྒྱལ་པོ་པད་མའི་སྙིང་པོ་ཅན་ནི་ཡུན་རིང་པོ་ནས་ཁྱོད་ཀྱི་གཤེད་མར་གྱུར་པ། ཕྱིར་རྒོལ་བར་གྱུར་པ། མི་མཛའ་བར་གྱུར་པ་ལགས་ལ། དེ་ནི་རྟག་ཏུ་རྡོ་འཇོག་ན་མཆིས་ལགས་པས་ཅི་སྟེ་ལྷ་རྡོ་འཇོག་ཏུ་གཤེགས་ན་གདོན་མི་འཚལ་བར་དེས་ལྷ་བརླག་པར་བགྱིད་ལགས་སོ། །དེས་སྨྲས་པ། མི་རྣམས་ཀྱི་ནང་ན་མི་གཟུ་ལུམས་ཅན་དག་ལྟ་ཡོད་མོད་ཀྱི། འོན་ཀྱང་ཁྱོད་ནི་འདི་ལ་འདུག་ཤིག །ང་ནི་འགྲོའོ། །དེས་སྨྲས་པ། ཅི་སྟེ་ལྷ་དེ་ལྟ་བུར་དགྱེས་ན་ལྷ་ཉིད་མཁྱེན་མོད་ཀྱི། འོན་ཀྱང་བག་མཛད་པའི་རིགས་སོ། །རྒྱལ་པོ་རབ་སྣང་བུད་མེད་ལ་བརྐམ་ཆགས་ཅན་ཡིན་པས་དེས་དེའི་ཚིག་མ་མཉན་ནས་གླང་པོ་ཆེའི་གཙོ་བོ་འདམ་བུའི་རི་ལ་ཞོན་ཏེ་རྡོ་འཇོག་ཏུ་སོང་ངོ་། །དེ་རིམ་གྱིས་སོང་ནས་གཏུན་ཤིང་རི་ལ་ཕྱིན་པ་དང་། དེས་དེར་གླང་པོ་ཆེའི་གཙོ་བོ་འདམ་བུའི་རི་བཞག་ནས་རྡོ་འཇོག་ཏུ་སོང་ངོ་། །དེ་ནས་མུ་ཏིག་གི་དོ་ཤལ་སྲང་བརྒྱ་སྟོང་རི་བ་མགུལ་ནས་བཀྲོལ་ཏེ་བཟང་མོ་གཟུགས་ཀྱིས་འཚོ་བའི་གན་དུ་སོང་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །འཕགས་རྒྱལ་ན་གནས་པའི་བྲམ་ཟེ་དང་ཁྱིམ་བདག་དག་ཤེས་ལྡན་དག་རྒྱལ་པོ་མི་སྣང་ན་གར་བཞུད་ཅེས་དཔྱོད་པ་ལ་ཞུགས་པ་དང་། དེ་ན་ཁ་ཅིག་གིས་སྨྲས་པ། དེ་ཅི་མི་ཕལ་པ་ཡིན་ནམ། དེས་ན་མི་མངོན་མངོན་པར་འགྱུར་དུ་ཟད་ཀྱི། དེ་གར་ཡང་ནི་མ་བཞུད་དོ། །གཞན་དག་གིས་སྨྲས་པ། དེ་ནི་བཙུན་མོའི་འཁོར་རྒྱ་ཆེ་བ་ཡིན་པས་ཅིའི་ཕྱིར་ཕྱི་རོལ་དུ་འབྱུང་སྟེ། བཙུན་མོའི་འཁོར་ཉིད་ན་དགའ་


DKG011_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་རྩེད་མོ་སོ་སོར་ཉམས་སུ་མྱོང་བར་བྱེད་དོ། །ཁ་ཅིག་གིས་སྨྲས་པ། འདི་ལ་ཐེ་ཚོམ་བྱར་ཅི་ཡོད། ཚུར་ཤེག་གསོས་པ་ལ་འདྲིར་འདོང་ངོ་། །ཁ་ཅིག་གིས་ལེགས་ཀྱིས་དེ་ལྟར་བྱའོ་ཞེས་སྨྲས་ནས་དེ་དག་ཐམས་ཅད་འདུས་ཏེ་གསོས་པའི་དྲུང་དུ་དོང་ནས་སྨྲས་པ། གསོས་པ་ལྷ་མི་སྣང་ན་ག་ཤེད་དུ་མ་བཞུད་གྲང་། དེས་སྨྲས་པ། ཤེས་ལྡན་དག་ཅི་རིངས་མཐོང་བར་འགྱུར་རོ། །དེ་དག་གིས་སྨྲས་པ། གསོས་པ་ཇི་སྲིད་ན་མཐོང་བར་འགྱུར། དེས་སྨྲས་པ། ལོ་བཅུ་གཉིས་ལོན་ནས་སོ། །དེ་དག་ཁྲོས་ནས་སྨྲས་པ། གསོས་པ་གང་གི་ཕྱིར་དེ་སྐད་སྨྲ་བ་ལས་ན་གདོན་མི་ཟ་བར་ཁྱོད་ཀྱིས་ལྷ་བསད་ནས་བདག་ཉིད་རྒྱལ་སྲིད་བྱེད་པར་འདོད་དོ། །དེའི་ཕྱིར་རེ་ཞིག་གལ་ཏེ་ཞག་བདུན་ན་ལྷ་ལྟར་ཡོད་ན་དེ་ལྟ་ན་ལེགས་ཇི་སྟེ་མེད་ན་ནི་ངེད་ཀྱིས་གཞན་ཞིག་རྒྱལ་པོར་དབང་བསྐུར་བར་བྱའོ་ཞེས་བྱས་པ་དང་། དེ་ཅང་མི་ཟེར་བར་ལག་པ་འགྲམ་པ་ལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་བ་ལང་སྐྱོང་གི་མ་ཞི་བས་ཐོས་ནས་བོས་ཏེ་དྲིས་པ། གསོས་པ་ཁྱོད་ཅིའི་ཕྱིར་ལག་པ་འགྲམ་པ་ལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག །དེས་སྨྲས་པ། ལྷ་མོ་བྲམ་ཟེ་དག་འདི་སྐད་ཅེས་མཆི་ན་ཇི་ལྟར་སེམས་ཁོང་དུ་ཆུད་ཅིང་མི་མཆིས། དེས་སྨྲས་པ། གསོས་པ་གལ་ཏེ་དེ་ལྟ་ན་སོང་ལ་ནས་ཀྱི་ཆས་མར་དང་སྦྲང་རྩིས་བསྐུས་པ་གསེར་སྣོད་ཀྱི་ནང་དུ་ལུགས་ཏེ། རྟ་མང་ལག་ལ་རྒྱུས་པ་གང་ཡིན་པ་དེའི་མདུན་དུ་ཞོག་ལ་འདི་སྐད་ཅེས་གང་ཞིག་ངེད་ཉིད་རྡོ་འཇོག་ཏུ་འགྲོ་བར་སྤྲོ་བ་དེ་ནས་ཀྱི་ཆས་མར་དང་སྦྲང་རྩིས་བསྐུས་པ་འདི་དག་ཟོ་ཤིག་ཅེས་སྨྲོས་ལ་དེ་ལྟར་བྱ་སྟེ་རྟ་བཟང་པོ་གང་གིས་ཟོས་པ་ངེད་ལ་སྦྲོན་ཅིག །གསོས་པས་ཇི་ལྟར་བསྒོ་བ་བཞིན་དུ་བྱས་ན་འགའ་ཡང་ཟ་བར་སྤྲོ་བ་མེད་དོ། །ཕྱོགས་གཞན་ཞིག་ན་རྟ་རིད་རྐེ་བ་ལུས་རྨྱ་བར་གྱུར་པ། ངན་མ་ཟ་བ། དབུགས་རྒོད་པ། རྣ་བ་ཆག་པ་ཞིག་འདུག་པ་དེའི་དྲུང་དུ་དེ་སོང་སྟེ་མདུན་དུ་འདུག་ནས། གང་ཞིག་ངེད་ཉིད་རྡོ་འཇོག་ཏུ་འགྲོ་བར་སྤྲོ་བ་དེ་ནས་ཀྱི་ཆས་མར་དང་སྦྲང་རྩིས་བསྐུས་པ་འདི་དག་ཟོ་ཤིག་ཅེས་སྨྲས་པ་དང་།


DKG011_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དེས་དེ་དག་ཟོས་སོ། །གསོས་པ་སོང་ནས། བ་ལང་སྐྱོང་གི་མ་ཞི་བ་ལ་ཇི་ལྟར་གྱུར་པ་སྨྲས་པ་དང་། དེས་སྨྲས་པ། གསོས་པ་སོང་ལ་སྟོད་ཅིག །གལ་ཏེ་སྟོད་པའི་ཚེ་མི་སྲུན་བྱེད་ན་ཁྱོད་ཀྱིས་མ་འཇིགས་པར་དཔུང་སྐྱེད་ཅིག །སེམས་སྟོབས་དང་ལྡན་པ་ལ་ནི་སུས་ཀྱང་མི་རྫིའོ། །དེ་སོང་ནས་དེ་བསྟད་པར་བརྩམས་པ་དང་། དེ་སྟོད་པའི་ཚེ་རབ་ཏུ་འཇིགས་པ་ཆེན་པོའི་གཟུགས་སུ་བདག་ཉིད་སྤྲུལ་ནས། ཀྭའི་མི་ཁྱོད་ཀྱིས་སྔོན་ཆད་འདི་ལྟ་བུའི་རྟ་མཐོང་བ་འགའ་ཡོད་དམ་ཞེས་སྨྲས་སོ། །དེས་རལ་གྲི་ཤུབས་ནས་ཕྱུང་སྟེ་བསྡིགས་ནས་ཀྭའི་རྟའི་སྲིན་པོ་ཁྱོད་ཀྱིས་སྔོན་ཆད་རྟ་ཞོན་པ་སུ་ལ་ཡང་ལྕག་འདི་ལྟ་བུ་མཐོང་བ་ཡོད་དམ་ཞེས་སྨྲས་པ་དང་། དེས་སྨྲས་པ། ཀྱེ་མི་སྔོན་མ་མཐོང་ངོ་། །དེས་ཀྱེ་རྟའི་སྲིན་པོ་གལ་ཏེ་རེ་ཞིག་མི་སྲུན་མི་བྱེད་ན་དེ་ལྟ་ན་ལེགས། ཅི་སྟེ་བྱེད་ན་མགོ་དྲུངས་ནས་བཅད་དེ་ས་ལ་དོར་བར་བྱའོ། །དེས་སྨྲས་པ། ཀྱེ་མི་ཅི་སྟེ་དེ་ལྟ་ན་གལ་ཏེ་བདག་ཕྱིར་འདིར་ཁྲིད་དེ་མི་འོང་བར་དམ་འཆའ་ན་འགྲོའོ། །དེས་སྨྲས་པ། ལེགས་ཀྱིས་དེ་བཞིན་དུས་བྱས་འདོད་དོ་ཞེས་སྨྲས་ནས། དེས་དེ་ལ་ཞོན་ཏེ་སོང་ནས་རིམ་གྱིས་རྡོ་འཇོག་ཏུ་ཕྱིན་ཏོ། །རྒྱལ་པོ་གཏུམ་པོ་རབ་སྣང་གིས་མཐོང་ནས་སྨྲས་པ། གསོས་པ་འོངས་སམ། དེས་སྨྲས་པ། ལྷ་མཆིས་སོ། །དགོས་པ་ཅི་ཞིག་གི་ཕྱིར་ཞེས་བྱས་པ་དང་། དེས་ཇི་ལྟར་གྱུར་པ་རྣམས་བརྗོད་དོ། །རྒྱལ་པོས་སྨྲས་པ། གསོས་པ་རེ་ཞིག་ཞག་བདུན་གྱི་བར་དུ་རྩེས་ལ་ཞག་བདུན་འདས་པ་དང་དུས་ཤེས་པར་བྱའོ། །ཞེས་བྱས་ནས་ཞག་བདུན་གྱི་བར་དུ་གཟུགས་ཀྱིས་འཚོ་བ་བཟང་མོ་དང་ལྷན་ཅིག་དགའ་མགུར་སྤྱད་དེ་ཞག་བདུན་འདས་ནས་སོང་ངོ་། །གཏུན་ཤིང་རིར་ཕྱིན་ནས་བདག་ཉིད་ཀྱིས་གླང་པོ་ཆེའི་གཙོ་བོ་འདམ་བུའི་རི་བསྟད་པར་བརྩམས་པ་དང་། དེས་བསྟད་པ་ན་སྐད་ཕྱུང་བ། དེ་དང་མི་རིང་བ་ཞིག་ན་བྲམ་ཟེ་ལྟས་མཁན་ལོང་བ་ཞིག་གནས་པ་དེས་ཐོས་ནས། དེས་སྨྲས་པ། གླང་པོ་ཆེའི་གཙོ་བོ་འདིའི་སྐད་དང་སྦྱར་ན། འདི་ནི་འདི་ནས་དཔག་ཚད་བརྒྱར་སོང་ནས་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་


DKG011_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཆུ་འཐུང་བར་འགྱུར་རོ། །དེ་ནས་རྒྱལ་པོ་རབ་སྣང་དང་གསོས་པ་གླང་པོ་ཆེའི་གཙོ་བོ་འདམ་བུའི་རི་ལ་ཞོན་ཏེ་སོང་ངོ་། །རེ་ཞིག་ཅིག་ན་ཕྱོགས་ཞིག་ན་རྫ་མཁན་ཞིག་འདུག་པ་དེའི་སྣོད་སོ་མ་བཏང་བ་དག་ཅིག་འདམ་བུའི་རིའི་རྐང་པས་བརྫིས་ནས་རྫ་མཁན་གྱིས་མྱ་ངན་བྱ་བར་བརྩམས་པ་དང་། གསོས་པས་སྨྲས་པ། གང་དག་སས་འཚོ་བ་དེ་དག་ནི་འདི་ལྟར་འགྱུར་རོ། །རྒྱལ་པོ་རྣམས་ནི་ཁྭ་བཞིན་ཁུ་འཕྲིག་ཟ་བ་ཡིན་པས་རྒྱལ་པོ་རབ་སྣང་གིས་བསམས་པ། གསོས་པ་འདི་བདག་ལ་ཟུར་ཟ་སྟེ། དེ་ཅི་བདག་གཅིག་པུ་སས་འཚོ་བ་ཡིན་ནམ་མཇལ་ཏོ་སྙམ་དུ་བསམས་ནས་ཅང་མི་ཟེར་བར་སོང་ངོ་། །ཡང་ཕྱོགས་ཞིག་ན་ཐིང་རིལ་གྱིས་ལམ་ཀར་ཚང་བཅས་པ་དེའི་སྒོ་ང་དག་འདམ་བུའི་རིའི་རྐང་པས་བཅོམ་ནས་དེས་ཀྱང་མྱ་ངན་བྱ་བར་བརྩམས་པ་དང་། གསོས་པས་སྨྲས་པ། གང་དག་སྤྱོད་ཡུལ་མ་ཡིན་པར་སྤྱོད་པ་དེ་དག་ནི་འདི་ལྟར་འགྱུར་རོ། །རྒྱལ་པོ་རབ་སྣང་དེ་བཞིན་དུ་རྟོག་པ་སྐྱེས་ནས་བསམས་པ། ཡང་འདི་བདག་ལ་ཟུར་ཟ་སྟེ། ཅི་སྨད་འཚོང་མ་བདག་གི་སྤྱོད་ཡུལ་མ་ཡིན་ནམ་མཇལ་ཏོ་སྙམ་དུ་བསམས་ནས་ཅང་མི་ཟེར་བར་སོང་ངོ་། །ཡང་འདམ་བུའི་རི་ཤིང་དྲུང་ན་མར་སོང་བ་དང་། ཤིང་དེའི་ཡལ་ག་ལ་སྦྲུལ་ཞིག་གནས་པ་དེས་བསྙབས་ནས་རྒྱལ་པོ་རབ་སྣང་བཟའ་བར་བརྩམས་སོ། །རེ་ཞིག་ན་གསོས་པས་མཐོང་ནས་དེས་དེ་རལ་གྲི་ཤུབས་ནས་ཕྱུང་སྟེ་དུམ་བུ་དུམ་བུར་གཏུབས་ནས་ས་ལ་བོར་བ་དང་གཡོ་ཞིང་འགུལ་བ་གསོས་པས་བལྟས་ཏེ་སྨྲས་པ། གང་དག་དོན་དུ་གཉེར་བར་བྱ་བ་མ་ཡིན་པ་དོན་དུ་གཉེར་བ་དེ་དག་ནི་འདི་ལྟར་འགྱུར་རོ། །རྒྱལ་པོ་རབ་སྣང་དེ་ཁོ་ན་བཞིན་དུ་རྟོག་པ་སྐྱེས་ནས་བསམས་པ། འདི་བདག་ལ་ལན་གསུམ་གྱི་བར་དུ་ཟུར་ཟ་སྟེ། ཅི་སྨད་འཚོང་མ་བདག་གིས་དོན་དུ་གཉེར་བར་བྱ་བ་མ་ཡིན་ནམ་མཇལ་ཏོ་སྙམ་དུ་བསམས་ནས་ཅང་མི་ཟེར་བར་སོང་ངོ་། །དུས་གཞན་ཞིག་ན་འདམ་བུའི་རི་བང་ཐེག་སྟེ་སོང་ནས། རྒྱལ་པོས་དེ་བཟུང་བ་དང་མ་ཐུབ་ནས་གསོས་པས་སྨྲས་པ། ལྷ་བྲམ་ཟེ་ལྟས་མཁན་གྱིས་འདི་དཔག་ཚད་བརྒྱར་སོང་ནས་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་ལས་ཆུ་འཐུང་བར་འགྱུར་རོ་ཞེས་ལུང་བསྟན་གྱི་དེའི་སླད་དུ་མྱུར་དུ་ཤིང་གི་ཡལ་ག་ལ་འཇུས་


DKG011_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གླང་པོ་ཆེ་ཐོང་ཤིག་ཅེས་བྱས་པ་དང་། དེས་མྱུར་བ་མྱུར་བར་ཤིང་གི་ཡལ་ག་ལ་འཇུས་སོ། །གསོས་པས་ཀྱང་ཤིང་གི་ཡལ་ག་ལ་འཇུས་པ་དང་འདམ་བུའི་རི་འདས་ཏེ་སོང་ངོ་། །རྒྱལ་པོས་གསོས་པ་ལ་སྨྲས་པ། གསོས་པ་སོང་ལ་མ་ཚོར་བར་ཞི་བ་ལ་ལྷ་ནི་བྱོན་ནས་སྐྱེད་མོས་ཚལ་ན་བཞུགས་སོ། །ཞེས་གྱིས་ཤིག །དེ་སོང་ནས་དེ་ལ་བརྗོད་པ་དང་། དེ་དགའ་བ་སྐྱེས་ནས་ཅང་མི་ཟེར་བར་འདུག་གོ །རྒྱལ་པོས་ཀྱང་སྟོར་ཁུང་ནས་འཛུལ་བར་བརྩམས་པ་ལས། རེ་ཞིག་ན་བུ་མོ་གཉིས་ཤིག་བཤང་སར་བྱུང་བ་དང་། དེ་ན་གཅིག་གིས་སྨྲས་པ། གྲོགས་མོ་ལྷ་འོངས་སོ་ཞེས་གྲག་གོ །ཅིག་ཤོས་ཀྱིས་དེ་སྟོར་ཁུང་ནས་འཛུལ་ལོ་ཞེས་སྨྲས་པ་དང་། རྒྱལ་པོས་ཐོས་ནས་དེས་བསམས་པ། གསོས་པ་ལ་བདག་གིས་ཁྱོད་ཀྱིས་མ་ཚོར་བར་ཞི་བ་ལ་སྨྲོས་ཤིག་ཅེས་བསྒོ་ན་དེས་ཁྱིམ་ན་འདུག་པ་རིལ་ལ་སྨྲས་སོ་སྙམ་དུ་བསམས་ཏེ་དེ་ཁྲོས་ནས་དེས་གསོས་པ་ལ་ཇི་ལྟར་གྱུར་པ་དྲན་པར་བྱས་ནས་ཀླན་ཀ་བཙལ་བ། གསོས་པ་ཁྱོད་ཀོ་ང་ལ་གནོད་པ་བྱེད་པར་ཞུགས་པ་ལྟ་ང་གཅིག་པུ་སས་འཚོ་བ་ཡིན་ནམ། ཅི་ན་གང་གི་ཕྱིར་ཁྱོད་ང་ལ་ཕྱོགས་ཆེ་གེ་མོ་ཞིག་ཏུ་གང་དག་སས་འཚོ་བ་དེ་དག་ནི་འདི་ལྟར་འགྱུར་རོ་ཞེས་ཟུར་ཟ། སྨད་འཚོང་མ་ངའི་སྤྱོད་ཡུལ་མ་ཡིན་ནམ་ཅི་ན་ཡང་ཕྱོགས་ཞིག་ཏུ་གང་དག་སྤྱོད་ཡུལ་མ་ཡིན་པར་སྤྱོད་པ་དེ་དག་ནི་འདི་ལྟར་འགྱུར་རོ་ཞེས་ཟུར་ཟ། སྨད་འཚོང་མ་ངས་དོན་དུ་གཉེར་བར་བྱ་བ་མ་ཡིན་ནམ་ཅི་ན་ཡང་ཕྱོགས་ཞིག་ཏུ་ཡང་གང་དག་དོན་དུ་གཉེར་བར་བྱ་བ་མ་ཡིན་པ་དོན་དུ་གཉེར་བ་དེ་དག་འདི་ལྟར་འགྱུར་རོ་ཞེས་ཟུར་ཟ། ད་གཟོད་ཀྱང་ང་སྐྱེད་མོས་ཚལ་ན་འདུག་པས་ཁྱོད་སོང་ལ་མ་ཚོར་བར་ཞི་བ་ལ་ལྷ་བྱོན་ཏེ་སྐྱེད་མོས་ཚལ་ན་བཞུགས་སོ་ཞེས་གྱིས་ཤིག་ཅེས་བསྒོ་བསྒོ་ན། ཁྱོད་ཀྱིས་ཁྱིམ་ན་འདུག་པ་རིལ་ལ་སྨྲས་པས་ཁྱོད་ནི་ང་ལ་གནོད་པ་བྱེད་པར་ཞུགས་སོ། །དེ་དོགས་ཤིང་མི་དགའ་ནས་ཡིད་ཆེས་པར་བྱ་བའི་ཕྱིར་སྨྲས་པ། ལྷ་སྡིག་པས་ནི་བརླག་སྟེ་བདག་གིས་ལྷ་ལ་ཟུར་བགྱིས་པ་མ་མཆིས་སོ། །བདག་གིས་ལྷ་ལ་ཇི་ལྟར་ཟུར་བགྱིས། ལྷ་འདི་སྐད་དུ་གནས་ཆེ་གེ་མོ་ཞིག་ཏུ་ཁྱོད་ཀྱིས་ང་ལ་གང་དག་སས་འཚོ་བ་དེ་དག་ནི་འདི་ལྟར་འགྱུར་རོ་ཞེས་ཟུར་བྱས་སོ་ཞེས་གསུང་བ་གང་ལགས་པ་ནི་ཕྱོགས་དེར་རྫ་མཁན་གྱི་སྣོད་སོ་མ་བཏང་བ་དག་ཅིག་འདམ་བུའི་རིའི་རྐང་པས་བརྫིས་ནས་རྫ་མཁན་དེས་མྱ་ངན་


DKG011_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི་བར་བརྩམས་པ་དང་། བདག་གིས་དེ་ལས་བསམས་ནས། འདི་སྐད་དུ་གང་དག་སས་འཚོ་བ་དེ་དག་ནི་འདི་ལྟར་འགྱུར་རོ་ཞེས་བགྱིས་པརབས་སོ། །ཕྱོགས་ཆེ་གེ་མོ་ཞིག་ཏུ་ཁྱོད་ཀྱིས་ང་ལ་གང་དག་སྤྱོད་ཡུལ་མ་ཡིན་པར་སྤྱོད་པ་དེ་དག་ནི་འདི་ལྟར་འགྱུར་རོ་ཞེས་ཟུར་བྱས་སོ་ཞེས་གསུང་བ་གང་ལགས་པ་ནི་ཕྱོགས་དེར་སྲོག་ཆགས་ཐིང་རིལ་གྱི་སྒོ་ང་དག་ཅིག་འདམ་བུའི་རིའི་རྐང་པས་བཅོམ་ནས་དེ་ཡང་མྱ་ངན་བྱེད་པར་བརྩམས་པ་དང་། བདག་གིས་དེ་ལས་བསམས་ནས་འདི་སྐད་དུ་གང་དག་སྤྱོད་ཡུལ་མ་ཡིན་པར་སྤྱོད་པ་དེ་དག་ནི་འདི་ལྟར་འགྱུར་རོ་ཞེས་བགྱིས་པར་བས་སོ། །ཕྱོགས་ཆེ་གེ་མོ་ཞིག་ཏུ་ཁྱོད་ཀྱིས་ང་ལ་གང་དག་དོན་དུ་གཉེར་བ་མ་ཡིན་པ་དོན་དུ་གཉེར་བ་དེ་དག་ནི་འདི་ལྟར་འགྱུར་རོ་ཞེས་ཟུར་བྱས་སོ་ཞེས་གསུང་བ་གང་ལགས་པ་ནི་ཕྱོགས་དེར་ཤིང་གི་ཡལ་ག་ལ་སྦྲུལ་ཞིག་གནས་པ་དེས་བསྙབས་ནས་ལྷ་བཟའ་བར་བརྩམས་པ་དང་། བདག་གིས་རལ་གྲི་ཤུབས་ནས་ཕྱུང་སྟེ་དུམ་བུ་དུམ་བུར་བཅད་ནས་དེ་ས་ལ་ལྷུང་བ་དང་། བདག་གིས་དེ་ལས་བསམས་ནས། འདི་སྐད་དུ་གང་དག་དོན་དུ་གཉེར་བར་བྱ་བ་མ་ཡིན་པ་དོན་དུ་གཉེར་བ་དེ་དག་ནི་འདི་ལྟར་འགྱུར་རོ་ཞེས་བགྱིས་པར་བས་སོ། །ངས་ཁྱོད་ལ་མ་ཚོར་བར་ཞི་བ་ལ་ལྷ་སྐྱེད་མོས་ཚལ་ན་བཞུགས་སོ་ཞེས་གྱིས་ཤིག་ཅེས་བྱས་ན་ཁྱོད་ཀྱིས་ཁྱིམ་ན་གནས་པ་རིལ་ལ་སྨྲས་སོ་ཞེས་གསུང་བ་གང་ལགས་པ་དེ་ཡང་བདག་གིས་མ་ཚོར་བ་ཁོ་ནར་ཞི་བ་ལ་བགྱིས་ན་བདག་ཇི་ལྟར་ལྷ་ལ་གནོད་པ་བགྱིད་པར་ཞུགས་པ་ལགས། རྒྱལ་པོས་སྨྲས་པ། གསོས་པ་ཁྱོད་ཀྱིས་ང་ལ་ལན་ཐམས་ཅད་ལེགས་པར་གླན་ན། ད་གཟོད་ང་སྟོར་ཁུང་ནས་འཛུལ་བ་ན་ང་བདག་ཉིད་ཀྱིས་བུད་མེད་གཉིས་ཤིག་ལས་གཅིག་གིས་གྲོགས་མོ་ལྷ་བྱོན་ཏོ་ཞེས་གྲག་གོ་ཞེས་བྱས་པ་དང་། ཅིག་ཤོས་ན་རེ་དེ་སྟོར་ཁུང་ནས་འཛུལ་ལོ་ཞེས་ཟེར་བ་ཐོས་ན་དེ་སུས་བྱས་ཞིག་གུ་ལྷ་དེ་དག་ནི་ཕྲ་མེན་མ་ལགས་ན་ལགས་ཀྱང་འཚལ་མོད། དེར་ཡང་བདག་གིས་ལྷ་ལ་གནོད་པ་མ་བགྱིས་སོ། །རྒྱལ་པོས་སྨྲས་པ། གསོས་པ་ཁྱོད་ཀྱིས་ཇི་སྐད་སྨྲས་པ་དེ་དེ་ལྟ་ཡིན་མོད་ཀྱི་ངས་ཁྱོད་བགམས་པར་ཟད་ཀྱིས་མི་དགའ་བར་མ་བྱེད་ཅིག །འོན་ཀྱང་ང་རྡོ་འཇོག་ཏུ་སོང་བའི་ཚེ་བྲམ་ཟེ་གང་དག་


DKG011_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གཞན་ཞིག་རྒྱལ་པོར་དབང་བསྐུར་བར་བརྩམས་པ་དེ་དག་ཐག་གཞུག་པའི་དུས་འདི་ཡིན་པས་དེ་རྣམས་གསད་པར་བྱའོ། །དེས་སྨྲས་པ། ལྷ་བྲམ་ཟེ་རྣམས་རེ་ཞིག་གཞག་ཏུ་གསོལ། ཕྲ་མེན་མ་དེ་རྣམས་ཇེ་དགུམ་པར་བགྱིའོ། །རྒྱལ་པོས་སྨྲས་པ། གསོས་པ་དེ་རྣམས་ཇི་ལྟར་གསད་པར་ནུས། ལྷ་བདག་གིས་དེ་རྣམས་ཁུམས་པའི་ཐབས་ཞིག་བགྱིའོ། །གསོས་པ་ལེགས་ཀྱིས་དེ་བཞིན་དུ་གྱིས་ཤིག་ཅེས་བྱས་པ་དང་། གསོས་པས་མདུན་ན་འདོན་གྱི་ཁྱེའུ་རིག་སྔགས་སྨྲ་བ་མཁས་པ་ཞིག་ཡོད་པ་དེའི་དྲུང་དུ་སོང་ནས་བུ་ཕྲ་མེན་མ་འདི་དག་སྐྱེ་བོ་མང་པོ་གསོད་པར་བྱེད་ན། དེ་དག་གཟུང་བར་བྱ་བའི་ཐབས་དེ་འགའ་ཡོད་དམ་ཞེས་སྨྲས་པ་དང་། དེས་སྨྲས་པ། ཡབ་ཅི་བགྱིར་མཆིས་བདག་གིས་གཟུང་བར་བས་སོ། །བུ་ལེགས་སོ་ཞེས་བྱས་པ་དང་། དེས་མིའི་ལག་པ་ལས་ཨུཏྤལ་འདྲ་བར་བསྒྱུར་ནས་མིའི་ལག་ཏུ་བསྐུར་ཏེ་སྨྲས་པ། ཀྱེ་མི་ཁྱོད་སོང་ལ་སྲང་དུ་ཕྱིན་ནས་འདུག་ལ། སུ་རིན་གྱིས་ཉོ་བ་དེ་ལ་མ་སྦྱིན་པར་གང་ཞིག་མཐོང་ན་དགོད་པ་དེའི་མིང་དྲིས་ཏེ་གླེགས་བུ་ལ་བྲིས་ཤིག །དེས་དེ་ཐོགས་ཏེ་འདུག་ནས་གང་ཞིག་རིན་གྱིས་ཉོ་བ་དེ་ལ་མི་སྟེར། གང་ཞིག་མཐོང་ནས་དགོད་པ་དེའི་མིང་ནི་དྲིས་ནས་གླེགས་བུ་ལ་འདྲི་བར་བྱེད་དེ། དེས་དེ་ལྟར་འཕགས་རྒྱལ་གྱི་ཕྲ་མེན་མ་ལྔ་བརྒྱའི་མིང་དྲིས་ནས་བྲིས་སོ། །དེ་ནས་གསོས་པ་ལ་བསྟན་ནས་གསོས་པས་ཀྱང་རྒྱལ་པོ་ལ་བསྟན་པ་དང་། རྒྱལ་པོས་སྨྲས་པ། གསོས་པ་ཕྲ་མེན་མ་མང་པོ་འདི་དག་ཅི་ལྟར་ཁ་བཏག །དེས་སྨྲས་པ། ལྷ་དེ་རྣམས་ཇི་ལྟར་དགུམ་པའི་ཐབས་བདག་ལ་འཚལ་གྱིས་ལྷ་ཐུགས་ཁྲལ་བསྐྱུད་དུ་གསོལ། དེས་སྨྲས་པ། གསོས་པ་ལེགས་ཏེ་ཁྱོད་ཉིད་ཤེས་སོ། །དེས་འཕགས་རྒྱལ་གྱི་ཕྱོགས་ཞིག་ཏུ་འཁོར་གྱི་ཁྱམས་ཞིག་བྱས་ནས། དེས་ལྷ་ནི་མའི་དམ་ཚིག་ལ་འཇུག་གིས་འཕགས་རྒྱལ་ན་སྲིན་མོ་ཇི་སྙེད་གནས་པ་ཐམས་ཅད་འཁོར་གྱི་ཁྱམས་སུ་འདུ་བར་གྱིས་ཤིག་ཅེས་དྲིལ་བསྒྲགས་པ་དང་། དེ་དག་གིས་བསམས་པ། ལྷ་འཁོར་གྱི་ཁྱམས་སུ་མའི་དམ་ཚིག་ལ་འཇུག་པ་དེར་བདག་ཅག་ལ་རྫས་བཟང་པོ་མང་དུ་སྟེར་གྱིས་འགྲོ་བར་བྱའོ་སྙམ་ནས་གང་དག་མི་མངོན་པར་འདུག་འདུག་པ་དེ་དག་ཀྱང་རྙེད་པ་ལ་ཆགས་པས་བདག་ཉིད་ཉེ་བར་བསྟན་ཏེ་སྲིན་མོ་


DKG011_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བརྒྱ་ལྷག་ཙམ་འཁོར་གྱི་ཁྱམས་སུ་ལྷགས་སོ། །དེ་ནས་མདུན་ན་འདོན་གྱི་བུ་དེས་དེ་དག་ཐམས་ཅད་རིག་སྔགས་ཀྱི་ཞགས་པས་བཅིངས་པ་དང་། གསོས་པས་ཀྱང་དེ་རྣམས་ཁ་བཏག་གོ །རྒྱལ་པོས་འཕགས་རྒྱལ་ན་གནས་པའི་བྲམ་ཟེ་རྣམས་བོས་ནས་ཤེས་ལྡན་དག་གིས་ཕྲ་མེན་མ་འདི་སྙེད་ཅིག་བསད་པས་བསོད་ནམས་མ་ཡིན་པ་མང་པོ་བསྐྱེད་ཀྱིས། ཁྱོད་ཀྱིས་བདག་འཁོར་བའི་དགོན་པ་དེ་ལས་དབྱུང་བའི་ཕྱིར་ཉིན་གཅིག་བཞིན་འཁོར་གྱི་ཁྱམས་སུ་འདུ་ཞིང་ཟན་ཟོ་ཤིག་ཅེས་བསྒོ་བ་དང་། དེ་རྣམས་ཀྱིས་ཤིས་པ་བརྗོད་པ་བྱས་ནས་ཁས་བླངས་སོ། །རྒྱལ་པོ་རབ་སྣང་གིས་སྒོ་བ་ལ་བསྒོ་བ། ཀྱེ་སྐྱེས་བུ་བྲམ་ཟེ་ཇི་སྙེད་ཅིག་འཁོར་གྱི་ཁྱམས་སུ་ཟན་ཟོས་ནས་འགྲོ་བ་དེ་དག་ཐམས་ཅད་ཁྱོད་ཀྱིས་ལེགས་པར་གྲོངས་ཏེ་ང་ལ་སྙོད་ཅིག །དེས་སྨྲས་པ། ལྷ་དེ་ལྟར་བགྱི་སྟེ་གསོལ་བར་འཚལ་ལོ། །རྒྱལ་པོས་བློན་པོ་རྣམས་ལ་ཡང་བསྒོ་བ་ཤེས་ལྡན་དག་འཕགས་རྒྱལ་ན་གནས་པའི་བྲམ་ཟེ་ཇི་སྙེད་ཅིག་འཁོར་གྱི་ཁྱམས་སུ་ཟན་ཟ་བ་ཐམས་ཅད་ལ་ཁ་ཟས་བསོད་པ་ཕལ་ཆེར་བྱིན་ཅིག །བྲམ་ཟེ་རྣམས་ནི་ཕལ་ཆེར་ལྟོ་མདུན་ཅན་ཡིན་པས་རྒྱལ་པོ་དེས་དེ་ལྟར་བྱེད་དུ་བཅུག་གོ་ཞེས་ཐོས་ནས་ཐམས་ཅད་ལྷགས་ནས་ཟན་བཟའ་བར་བརྩམས་སོ། །དེ་རྣམས་ཟན་ཟོས་ནས་འཁོར་གྱི་ཁྱམས་ནས་ཕྱིར་བྱུང་བ་དང་། སྒོ་བས་བགྲངས་ན་ལྷག་ཆད་མེད་པར་བྲམ་ཟེ་བརྒྱད་ཁྲི་བྱུང་སྟེ། དེས་རྒྱལ་པོ་ལ་ལྷ་ལྷག་ཆད་མ་མཆིས་པར་བྲམ་ཟེ་བརྒྱད་ཁྲི་མཆིས་སོ་ཞེས་གསོལ་ཏོ། །རྒྱལ་པོས་གང་གིས་ན་འདི་J01,Vo11,Po10A རྣམས་དུས་གཅིག་ཏུ་མགོ་བཅད་པའི་ཐབས་དེ་གང་ཡིན་སྙམ་དུ་བསམས་ནས་དེས་ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ། བྲམ་ཟེ་ཟན་ཟ་བ་རེ་རེའི་རྒྱབ་ཏུ་གཤེད་མ་མི་རལ་གྲི་ཐོགས་པ་རེ་རེ་ཞོག་ལ། གང་གི་ཚེ་ངས་ཞོ་འོན་ཅིག་ཅེས་སྨྲས་པ་དེའི་ཚེ་ཐམས་ཅད་ཀྱི་མགོ་ཆོད་ཅིག །རྒྱལ་པོ་གཏུམ་པོ་རབ་སྣང་གིས་དེ་ལྟར་བྱས་པ་དང་། འཕགས་རྒྱལ་ན་གནས་པའི་བྲམ་ཟེ་རྣམས་ལས་འཆི་བདག་གི་ཞགས་པས་ཟིན་པ་བརྒྱད་ཁྲི་ཐམ་པ་འཁོར་གྱི་ཁྱམས་སུ་འདུས་པ་དེ་དག་སྦྱོར་བ་དེས་ཅིག་ཅར་མགོ་བཅད་དོ། །དེ་ན་འཕགས་རྒྱལ་ན་གནས་པའི་


DKG011_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེ་ལས་བྲམ་ཟེ་བརྒྱད་ཁྲི་རྒྱལ་པོ་རབ་སྣང་གིས་བསད་དོ། །དེས་དེ་དག་བསད་ནས་ནུབ་མོ་མལ་ཆེན་པོར་ཉལ་བ་ན་རྨི་ལམ་དུ་ས་བླའི་སྒྲ་དྲུག་དང་། བར་སྣང་གི་སྒྲ་དྲུག་ནི་ཐོས། རྨི་ལམ་རྣམ་པ་བརྒྱད་ནི་མཐོང་ངོ་། །ས་བླའི་སྒྲ་དྲུག་གང་ཞེ་ན། འདི་ལྟ་སྟེ། དྲུག །མེད། བདག །ངན། སེམས། བདག་ཅག་འདི་རྣམས་ཞེས་བྱ་བ་སྟེ། འདི་དག་ནི་འདིར་ཚིགས་སུ་བཅད་པ་དྲུག་གི་ཡི་གེ་དང་པོ་ཡིན་ནོ། །དེ་ལ་དྲུག་ཅེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། ལོ་ནི་སྟོང་ཕྲག་དྲུག་བཅུ་དང་། །ལོ་ནི་བརྒྱ་ཕྲག་དྲུག་བཅུ་རུ། །སེམས་ཅན་དམྱལ་བར་འཚེད་རྣམས་ཀྱི། །ནམ་ཞིག་མཐར་ནི་ཕྱིན་པར་འགྱུར། །མེད་ཅེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། མཐའ་མེད་མཐའ་ལྟ་ག་ལ་ཡོད། །ང་དང་ཁྱེད་ཅག་ཉིད་ཀྱིས་ནི། །མཐའ་ཉིད་དམིགས་པར་མི་འགྱུར་བ། །དེ་ལྟར་སྡིག་པའི་ལས་བྱས་སོ། །བདག་ཅེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། བདག་ཅག་གིས་ནི་ལོངས་སྤྱོད་དག །མཐུན་དང་མི་མཐུན་པས་བསྒྲུབས་པ། །གཞན་དག་བདེ་བས་དགའ་བྱེད་ཀྱི། །བདག་ཅག་སྡུག་བསྔལ་སྐལ་ཅན་གྱུར། །ངན་ཞེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། འདི་ན་བདག་ཅག་འཚོ་བ་ངན། །བདག་ཅག་གང་བདོག་དེ་མ་བཏང་། །ལོངས་སྤྱོད་དག་ནི་ཡོད་པའི་ཚེ། །བདག་ཉིད་ལ་ནི་ཕན་མ་བྱས། །སེམས་ཞེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། སེམས་ཀྱིས་སུ་ནི་བསླུས་གྱུར་ཅིང་། །མི་ཤེས་པས་ནི་བདས་གྱུར་པ། །སེམས་ཅན་དམྱལ་བར་སྐྱེས་རྣམས་ཀྱིས། །གཉའ་ནི་སུ་ཞིག་J01,Vo11,Po10B བྱེད་པར་གྱུར། །བདག་ཅག་འདི་རྣམས་ཞེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། བདག་ཅག་འདི་རྣམས་བདེ་འགྲོ་རུ། །སོང་སྟེ་དགེ་བ་མང་བྱས་ནས། །དེ་ནས་བསོད་ནམས་བྱས་གྱུར་ཅིང་། །ཤིས་པས་བྱས་རྣམས་མཐོ་རིས་འདོང་། །བར་སྣང་གི་སྒྲ་དྲུག་གང་ཞེ་ན། འདི་ལྟ་སྟེ། ཐམས་ཅད། སུ། གང་། ད་ནི། དེ་རྣམས། འདི་དག་ཅེས་བྱ་བ་སྟེ། འདི་དག་ནི་ཚིགས་སུ་བཅད་པ་དྲུག་གི་ཡི་གེ་དང་པོ་ཡིན་ནོ། །དེ་ལ་ཐམས་ཅད་ཅེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། ཐམས་ཅད་གསོག་ཏུ་ཕྱུང་ཟིན་ཏེ། །འདི་ལ་སྙིང་པོ་ཙམ་ཞིག་ལུས། །རྒྱལ་པོ་སྲིན་ཏེ་སྙིང་པོ་ལ། །དགའ་བ་མེད་པས་


DKG011_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བ་བོར། །སུ་ཞེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། སུ་ཞིག་གཉེར་ལེན་ཚུལ་ངན་པོའི། །མིག་ཡ་གཅིག་ཀྱང་འཇོར་བྱེད་པ། །དེས་ནི་བདག་གི་བུ་ཚ་དང་། །བདག་ཀྱང་སྡུག་བསྔལ་ལས་ཐར་བྱས། །གང་ཞེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། རྫིང་འདི་ཉ་དང་རུས་སྦལ་ནི། །མང་པོ་དག་གིས་གང་བ་ལས། །ད་ནི་སྦལ་བས་འཚོ་མོད་ཀྱི། །བདག་གིས་གནས་ནི་མི་འདོར་རོ། །ད་ནི་ཞེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། གང་ཞིག་རི་བོ་གཏུམ་ལྡན་ལ། །བདག་ལ་རྐང་པས་ནོམ་བྱེད་པའི། །ལོང་བ་ཉོན་མོངས་དེ་དག་ནི། །ད་ནི་མགོན་ཡང་མེད་པར་གྱུར། །དེ་རྣམས་ཞེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། དེ་རྣམས་མཚོ་ནི་བཟང་པོ་ལས། །ཆུ་ནི་བསིལ་ཞིང་ཞིམ་པ་དག །བདེ་བླག་ཉིད་དུ་རྙེད་པར་འགྱུར། །བདག་ཀྱང་ད་ལྟར་དེར་དགའོ། །འདི་དག་ཅེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། འདི་དག་ཁྲུས་བྱས་ཟོས་ནས་ནི། །ཕྱོགས་དང་ཕྱོགས་སུ་འགྲོ་བར་བྱེད། །བདག་ནི་རྙི་ཡིས་བཟུང་གྱུར་པ། །སྔོན་གོ་སྡིག་པ་ཅི་ཞིག་བྱས། །རྨི་ལམ་བརྒྱད་ཅེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། ཙན་དན་དཀར་པོས་ལུས་བྱུགས་པ་དང་། ཙན་དན་དམར་པོས་གཏོར་བ་དང་། ཀླད་ལ་མེ་འབར་བ་དང་། མཆན་ཁུང་གཉིས་ནས་སྦྲུལ་གཉིས་འཕྱང་བ་དང་། རྐང་པ་གཉིས་ལ་ཉ་ཁར་བ་གཉིས་ལྡག་པ་དང་། ངང་པ་གཉིས་ནམ་མཁའ་ལ་འཕུར་བ་དང་། རི་ནག་པོ་ཞིག་མདུན་ན་ཚུར་འོང་བ་དང་། ཆུ་སྐྱར་དག་མགོ་ལ་རྟུག་པས་འཐོར་བ་མཐོང་ངོ་། །དེ་J01,Vo11,Po11A གཉིད་སད་ནས་འཇིགས་པར་གྱུར། བག་ཚ་བར་གྱུར་ཅིང་སྤུ་ཟིང་ཞེས་བྱེད་ནས་གཞི་འདི་ལས་བདག་རྒྱལ་སྲིད་ལས་ཉམས་པའམ། སྲོག་གི་བར་ཆད་དུ་མི་འགྱུར་གྲང་སྙམ་མོ། །དེས་རྨི་ལམ་དེ་དག་བྲམ་ཟེ་རྨི་ལམ་གྱི་དཔྱད་ཤེས་པ་གང་དག་ཡིན་པ་དེ་དག་བོས་ཏེ་བསྙད་པ་དང་། དེ་དག་གིས་བསམས་པ། ལྷས་རྨི་ལམ་དེ་དག་བཟང་པོ་ཞིག་མཐོང་མོད་ཀྱི་འོན་ཀྱང་བསྔགས་པར་ནི་མི་བྱ་སྟེ། གལ་ཏེ་བསྔགས་ན་འདི་ཇི་ལྟ་བ་ངན་པར་གྱུར་ནས་བྲམ་ཟེ་ལྷག་མ་གང་དག་ཡིན་པ་དེ་དག་ཀྱང་མ་ལུས་པར་བྱེད་པར་འོང་ངོ་སྙམ་དུ་རིག་ནས་གྲོས་བྱས་ཏེ་སྨྲས་པ། ལྷ་རྨང་ལམ་ནི་མི་བཟང་བ་དག་


DKG011_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་གོ། །དེས་སྨྲས་པ། ཤེས་ལྡན་དག་འབྲས་བུ་ཅིར་འགྱུར། དེ་དག་གིས་སྨྲས་པ། གཞི་དེ་ལས་ལྷ་རྒྱལ་སྲིད་ལས་ཉམས་པའམ། སྲོག་གི་བར་ཆད་དུ་འགྱུར་རོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་གང་གིས་ང་རྒྱལ་སྲིད་ལས་ཀྱང་ཉམས་པར་མི་འགྱུར་ཞིང་སྲོག་གི་བར་ཆད་དུ་ཡང་མི་འགྱུར་བའི་ཐབས་དེ་ལྟ་འགའ་ཡོད་དམ། དེ་དག་གིས་སྨྲས་པ། ལྷ་ཁྱོད་ཀྱིས་སྡིག་ཆེན་པོ་བྱས་ཏེ་བྲམ་ཟེ་བརྒྱད་ཁྲི་བསད་པས་དེའི་སླད་དུ་གལ་ཏེ་སྤྱོད་ན་ཐབས་གཅིག་ཅིག་མཆིས་སོ། །དེ་བྲམ་ཟེ་བསད་པ་དྲན་ནས་སྙིང་ཀུན་ཏུ་འདར་ཏེ་སྨྲས་པ། ཤེས་ལྡན་དག་ཅི་བྱ་སྨྲོས་ཤིག །དེ་དག་གིས་སྨྲས་པ། ལྷ་སྐྱེད་མོས་ཚལ་དུ་རྫིང་བུ་རྐོར་སྩལ་ཏེ། བརྐོས་ནས་རྡོ་ཐལ་གྱི་ཉུག་ཏུ་སྩོལ་ཅིག །དེ་ནས་དེར་ཡན་ལག་གི་མཆོག་ལྔ་པོ་གསོས་པ་དང་། མདུན་ན་འདོན་དང་། བ་ལང་སྐྱོང་གི་མ་ཞི་བ་དང་། སྐྱ་བསེང་གི་བུ་མོ་སྒྲོལ་མ་དང་། གཞོན་ནུ་བ་ལང་སྐྱོང་རྣམས་བསད་དེ་བཅུག་ལ་དེ་རྣམས་ཀྱི་ཁྲག་གིས་ཁྲུས་མཛད་དེ་རྫིང་བུ་ནས་བྱུང་ལ་པུས་མོ་གཉིས་ས་ལ་བཙུགས་ནས་བྲམ་ཟེ་རྣམས་ཀྱི་རྐང་པ་ལ་ལྕེས་བལྡགས་ནས། དེ་ལྟ་ན་ཁྱོད་རྒྱལ་སྲིད་ལས་ཀྱང་ཉམས་པར་མི་འགྱུར་ཞིང་། སྲོག་གི་བར་ཆད་དུ་ཡང་མི་འགྱུར་རོ། །རྒྱལ་པོས་བསམས་པ། གལ་ཏེ་བདག་གིས་ཡན་ལག་གི་མཆོག་ལྔ་པོ་གསོས་པ་དང་། མདུན་ན་འདོན་དང་། བ་ལང་སྐྱོང་གི་མ་ཞི་བ་དང་། སྐྱ་བསེང་གི་བུ་མོ་སྒྲོལ་མ་དང་། གཞོན་ནུ་བ་ལང་སྐྱོང་རྣམས་བསད་ན་བདག་རྒྱལ་པོ་བྱས་ཏེ་ཡང་ཅི་རུང་སྙམ་དུ་བསམས་ནས་བྲམ་ཟེ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་J01,Vo11,Po11B ཀྱིས་གང་སྨྲས་པ་དེ་ངས་ཐོས་ཀྱིས་དེང་ཤིག་དང་རེ་ཞིག་བསམས་ཏེ་བྱའོ། །བྲམ་ཟེ་རྣམས་དོང་བ་དང་དེ་ལག་པ་འགྲམ་པ་ལ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག་པ་བ་ལང་སྐྱོང་གི་མ་ཞི་བས་མཐོང་སྟེ་དེས་སྨྲས་པ། ལྷ་ཅིའི་སླད་དུ་ཕྱག་འགྲམ་པ་ལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་བཞུགས། དེས་ཇི་ལྟར་གྱུར་པ་ཐམས་ཅད་དེ་ལ་བསྙད་པ་དང་། དེས་སྨྲས་པ། ལྷ་བྲམ་ཟེ་དེ་དག་ནི་རྟག་ཏུ་མི་རིགས་པ་བསྟེན་པ་ལགས་པས་དེ་དག་ཅི་འཚལ། བཞུད་ལ་འཕགས་པ་ཀ་ཏྱའི་བུ་ཆེན་པོ་ལ་ཞུས་ཤིག །དེས་སྨྲས་པ། ཞི་བ་ལེགས་


DKG011_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ལེགས་སོ། །ཁྱོད་ཀྱིས་དུས་སུ་འཕགས་པ་ཀ་ཏྱའི་བུ་ཆེན་པོ་ལ་གཏད་པས་འགྲོའོ་ཞེས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ག་ལ་བ་དེར་སོང་ངོ་། །དེར་སོང་སྟེ་སོང་ནས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །སློབ་དཔོན་ཀ་ཏྱའི་བུ་ཆེན་པོ་འདི་ན་བདག་མཚན་མོ་མལ་ཆེན་པོ་ཞིག་ན་ཉལ་ཞིང་མཆིས་པའི་ཚེ་རྨི་ལམ་དུ་ས་བླའི་སྒྲ་དྲུག་དང་། བར་སྣང་གི་སྒྲ་དྲུག་ནི་ཐོས། རྨི་ལམ་བརྒྱད་ནི་མཐོང་སྟེ། ས་བླའི་སྒྲ་དྲུག་གང་ཞེ་ན། འདི་ལྟ་སྟེ། དྲུག །མེད། བདག །ངན། སེམས། བདག་ཅག་འདི་རྣམས་ཞེས་བྱ་བ་སྟེ། འདི་དག་ནི་འདིར་ཚིགས་སུ་བཅད་པ་དྲུག་གི་ཡི་གེ་དང་པོ་ལགས་སོ། །དེ་ལ་དྲུག་ཅེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། ལོ་ནི་སྟོང་ཕྲག་དྲུག་བཅུ་དང་། །ལོ་ནི་བརྒྱ་ཕྲག་དྲུག་བཅུ་རུ། །སེམས་ཅན་དམྱལ་བར་འཚེད་རྣམས་ཀྱི། །ནམ་ཞིག་མཐར་ནི་ཕྱིན་པར་འགྱུར། །མེད་ཅེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། མཐའ་མེད་མཐའ་ལྟ་ག་ལ་ཡོད། །ང་དང་ཁྱེད་ཅག་ཉིད་ཀྱིས་ནི། །མཐའ་ཉིད་དམིགས་པར་མི་འགྱུར་བ། །དེ་ལྟར་སྡིག་པའི་ལས་བྱས་སོ། །བདག་ཅེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། བདག་ཅག་གིས་ནི་ལོངས་སྤྱོད་དག །མཐུན་དང་མི་མཐུན་པས་བསྒྲུབས་པ། །གཞན་དག་བདེ་བས་དགའ་བྱེད་ཀྱི། །བདག་ཅག་སྡུག་བསྔལ་སྐལ་ཅན་གྱུར། །ངན་ཞེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། འདི་ན་བདག་ཅག་འཚོ་བ་ངན། །བདག་ཅག་གང་བདོག་དེ་མ་བཏང་། །ལོངས་སྤྱོད་དག་ནི་ཡོད་པའི་ཚེ། །བདག་ཉིད་ལ་ནི་ཕན་མ་J01,Vo11,Po12A བྱས། །སེམས་ཞེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། སེམས་ཀྱིས་སུ་ནི་བསླུས་གྱུར་ཅིང་། །མི་ཤེས་པས་ནི་བདས་གྱུར་པ། །སེམས་ཅན་དམྱལ་བར་སྐྱེས་རྣམས་ཀྱི། །གཉའ་ནི་སུ་ཞིག་བྱེད་པར་འགྱུར། །བདག་ཅག་འདི་རྣམས་ཞེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། བདག་ཅག་འདི་རྣམས་བདེ་འགྲོ་རུ། །སོང་སྟེ་དགེ་བ་མང་བྱས་ནས། །དེ་ནས་བསོད་ནམས་བྱས་གྱུར་ཅིང་། །ཤིས་


DKG011_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱས་རྣམས་མཐོ་རིས་འདོང་། །བར་སྣང་གི་སྒྲ་དྲུག་གང་ཞེ་ན། འདི་ལྟ་སྟེ། ཐམས་ཅད། སུ། གང་། ད་ནི། དེ་རྣམས། འདི་དག་ཅེས་བྱ་བ་སྟེ། འདི་དག་ནི་ཚིགས་སུ་བཅད་པ་དྲུག་གི་ཡི་གེ་དང་པོ་ལགས་སོ། །དེ་ལ་ཐམས་ཅད་ཅེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། ཐམས་ཅད་གསོག་ཏུ་ཕྱུང་ཟིན་ཏེ། །དེ་ལ་སྙིང་པོ་ཙམ་ཞིག་ལུས། །རྒྱལ་པོ་སྲིན་ཏེ་སྙིང་པོ་ལ། །དགའ་བ་མེད་པས་རེ་བ་བོར། །སུ་ཞེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། སུ་ཞིག་གཉེར་ལེན་ཚུལ་ངན་པོའི། །མིག་ཡ་གཅིག་ཀྱང་འཇོར་བྱེད་པ། །དེས་ནི་བདག་གི་བུ་ཚ་དང་། །བདག་ཀྱང་སྡུག་བསྔལ་ལས་ཐར་བྱས། །གང་ཞེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། རྫིང་འདི་ཉ་དང་རུས་སྦལ་ནི། །མང་པོ་དག་གིས་གང་བ་ལས། །ད་ནི་སྦལ་བས་འཚོ་མོད་ཀྱི། །བདག་གིས་གནས་ནི་མི་འདོར་རོ། །ད་ནི་ཞེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། གང་ཞིག་རི་བོ་གཏུམ་ལྡན་ལ། །བདག་ལ་རྐང་པས་ནོམ་བྱེད་པའི། །ལོང་བ་ཉོན་མོངས་དེ་དག་ནི། །ད་ནི་མགོན་ཡང་མེད་པར་འགྱུར། །དེ་རྣམས་ཞེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། དེ་རྣམས་མཚོ་ནི་བཟང་པོ་ལས། །ཆུ་ནི་བསིལ་ཞིང་ཞིམ་པ་དག །བདེ་བླག་ཉིད་དུ་རྙེད་པར་འགྱུར། །བདག་ཀྱང་ད་ལྟར་དེར་དགའོ། །འདི་དག་ཅེས་བྱ་བ་ལས་ཚིགས་སུ་བཅད་པ་ནི། འདི་དག་ཁྲུས་བྱས་ཟོས་ནས་ནི། །ཕྱོགས་དང་ཕྱོགས་སུ་འགྲོ་བར་བྱེད། །བདག་ནི་རྙི་ཡིས་བཟུང་གྱུར་པ། །སྔོན་གོ་སྡིག་པ་ཅི་ཞིག་བྱས། །རྨི་ལམ་བརྒྱད་ཅེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། ཙན་དན་དཀར་པོས་ལུས་བྱུགས་པ་དང་། ཙན་དན་དམར་པོས་གཏོར་བ་དང་། ཀླད་ལ་མེ་འབར་བ་དང་། མཆན་ཁུང་གཉིས་ནས་སྦྲུལ་གཉིས་འཕྱང་བ་དང་། རྐང་པ་གཉིས་ལ་ཉ་ཁར་བ་གཉིས་ལྡག་པ་དང་། ངང་པ་གཉིས་ནམ་མཁའ་ལ་འཕུར་བ་དང་། རི་ནག་པོ་ཞིག་མདུན་ནས་ཚུར་འོང་བ་དང་། ཆུ་སྐྱར་དག་མགོ་ལ་རྟུག་པས་འཐོར་བ་J01,Vo11,Po12B མཐོང་སྟེ། གཉིད་སད་ནས་འཇིགས་པར་གྱུར། བག་ཚ་བར་གྱུར་ཅིང་སྤུ་ཟིང་ཞེས་བགྱིད་ནས། གཞི་འདི་ལས་བདག་རྒྱལ་སྲིད་ལས་ཉམས་པའམ། སྲོག་གི་བར་ཆད་དུ་མི་འགྱུར་གྲང་སྙམ་བགྱིད་དོ། །འཕགས་པ་ཀ་ཏྱའི་བུ་ཆེན་པོ་ལ་བདག་དོན་འདི་


DKG011_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་ན། གཞི་འདི་ལས་བདག་རྒྱལ་སྲིད་ལས་ཉམས་པའམ། སྲོག་གི་བར་ཆད་དུ་མི་འགྱུར་བ་ལགས་གྲང་། ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྒྲ་དེ་དག་དང་། རྨི་ལམ་དེ་དག་གཞན་འགའ་ཞིག་ལ་བསྙད་དམ། དེས་སྨྲས་པ། འཕགས་པ་བསྙད་དོ། །སུ་ཞིག་ལ། བྲམ་ཟེ་རྣམས་ལའོ། །དེ་དག་གིས་ཁྱོད་ལ་ཇི་སྐད་དུ་ལུང་བསྟན། དེས་ཇི་ལྟར་གྱུར་པ་རྒྱས་པར་བསྙད་པ་དང་། དེས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་དག་ནི་རྟག་ཏུ་འདོད་པ་ལ་ལོངས་སྤྱོད་པ་དང་། ལྷའི་འཇིག་རྟེན་མངོན་པར་འདོད་པ་ཡིན་ཏེ། དེ་དག་ཅི་ཤེས། ཁྱོད་ཀྱིས་སྒྲ་བཟང་པོ་དག་ཅིག་ཀྱང་ཐོས། རྨི་ལམ་བཟང་པོ་དག་ཅིག་ཀྱང་མཐོང་གིས། ཁྱོད་མ་འཇིགས་ཤིག་དང་། གཞི་དེ་ལས་ཁྱོད་རྒྱལ་སྲིད་ལས་ཉམས་པར་ཡང་མི་འགྱུར། སྲོག་གི་བར་ཆད་དུ་ཡང་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་རྨི་ལམ་ན་ས་བླའི་སྒྲ་དྲུག་ཐོས་པ་གང་ཡིན་པ་དེ་གང་གི་ལྟས་ཡིན་ཞེ་ན། ཁྱོད་ཀྱི་མདུན་རོལ་གྱི་རྒྱལ་པོ་དྲུག་ཅིག་གིས་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་བཅུག་པས་ལུས་ཞིག་ནས་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེས་སོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་ཉི་ཤུ་དགུ་པ། དེ་ན་གཅིག་གིས་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱིས་ཉེན་ནས་ཚིགས་སུ་བཅད་པ། ལོ་ནི་སྟོང་ཕྲག་དྲུག་བཅུ་དང་། །ལོ་ནི་བརྒྱ་ཕྲག་དྲུག་བཅུ་རུ། །སེམས་ཅན་དམྱལ་བར་འཚེད་རྣམས་ཀྱི། །ནམ་ཞིག་མཐར་ནི་ཕྱིན་པར་འགྱུར། །ཞེས་བྱ་བ་སྨྲས་སོ། །གཉིས་པས་ཚིགས་སུ་བཅད་པ། མཐའ་མེད་མཐའ་ལྟ་ག་ལ་ཡོད། །ང་དང་ཁྱེད་ཅག་གཉིས་ཀྱིས་ནི། །མཐའ་ཉིད་དམིགས་པར་མི་འགྱུར་བ། །དེ་ལྟར་སྡིག་པའི་ལས་བྱས་སོ། །ཞེས་བྱ་བ་སྨྲས་སོ། །གསུམ་པས་ཚིགས་སུ་བཅད་པ། བདག་ཅག་གིས་ནི་ལོངས་སྤྱོད་དག །མཐུན་དང་མི་མཐུན་པས་བསྒྲུབས་པ། །གཞན་དག་བདེ་བས་དགའ་བྱེད་ཀྱི། །བདག་ཅག་སྡུག་བསྔལ་སྐལ་ཅན་གྱུར། །ཅེས་བྱ་བ་J01,Vo11,Po13A སྨྲས་སོ། །བཞི་པས་ཚིགས་སུ་བཅད་པ། འདི་ན་བདག་ཅག་འཚོ་བ་ངན། །བདག་ཅག་གང་བདོག་དེ་མ་བཏང་། །ལོངས་སྤྱོད་


DKG011_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི་ཡོད་པའི་ཚེ། །བདག་ཉིད་ལ་ནི་ཕན་མ་བྱས། །ཞེས་བྱ་བ་སྨྲས་སོ། །ལྔ་པས་ཚིགས་སུ་བཅད་པ། སེམས་ཀྱིས་སུ་ནི་བསླུས་གྱུར་ཅིང་། །མི་ཤེས་པས་ནི་བདས་གྱུར་པ། །སེམས་ཅན་དམྱལ་བར་སྐྱེས་རྣམས་ཀྱི། །གཉའ་ནི་སུ་ཞིག་བྱེད་པར་འགྱུར། །ཞེས་བྱ་བ་སྨྲས་སོ། །དྲུག་པས་ཚིགས་སུ་བཅད་པ། བདག་ཅག་འདི་རྣམས་བདེ་འགྲོ་རུ། །སོང་སྟེ་དགེ་བ་མང་བྱས་ནས། །དེ་ནས་བསོད་ནམས་བྱས་གྱུར་ཅིང་། །ཤིས་པ་བྱས་རྣམས་མཐོ་རིས་འདོང་། །ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་དེའི་ལྟས་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་བར་སྣང་ལས་སྒྲ་དྲུག་ཐོས་པ་གང་ཡིན་པ་དེ་གང་གི་ལྟས་ཡིན་ཞེ་ན། ཁྱོད་ཀྱི་ཁྱིམ་གྱི་གདུང་མ་དེ་ལ་སྲིན་བུ་ཞིག་གནས་པ་དེས་དེའི་སྙིང་པོ་མ་ཡིན་པ་ཐམས་ཅད་ཟོས་ནས་སྙིང་པོ་ཉི་ཚེ་ལུས་པ་དང་། དེ་དེར་མངོན་པར་མི་དགའ་ནས་ཚིགས་སུ་བཅད་པ། ཐམས་ཅད་གསོག་ཏུ་ཕྱུང་ཟིན་ཏེ། །འདི་ལ་སྙིང་པོ་ཙམ་ཞིག་ལུས། །རྒྱལ་པོ་སྲིན་དེ་སྙིང་པོ་ལ། །དགའ་བ་མེད་པས་རེ་བ་བོར། །ཞེས་སྨྲས་སོ། །ནམ་མཁའི་སྒྲ་དང་པོ་ནི་དེ་ཡིན་ཏེ། དེ་བས་ན་ཁྱོད་ཀྱིས་ཕྱུང་ལ་གདུང་གཞན་ཞིག་ཆུག་ཤིག །རྒྱལ་པོ་ཆེན་པོ་གཞན་ཡང་ཁྱོད་ཀྱི་རྟ་རྫི་གཉེར་ལེན་ཞེས་བྱ་བ་དེས་བྱ་རོག་མོའི་སྒོ་ང་བྱུང་ཞིང་བྱུང་བ་རྣམས་བཅོམ་པ་དང་། དེ་བུ་དང་བྲལ་བས་ཡིད་མི་བདེ་བ་སྐྱེས་ཏེ། སྙིང་རྗེ་རྗེ་སྐད་དུ་ངུ་ཞིང་དལ་བུས་ཚིགས་སུ་བཅད་པ། སུ་ཞིག་གཉེར་ལེན་ཚུལ་ངན་པོའི། །མིག་ཡ་གཅིག་ཀྱང་འཇོར་བྱེད་པ། །དེས་ནི་བདག་གི་བུ་ཚ་དང་། །བདག་ཀྱང་སྡུག་བསྔལ་ལས་ཐར་བྱས། །ཞེས་བྱ་བ་སྨྲས་ཏེ། ནམ་མཁའི་སྒྲ་གཉིས་པ་ནི་དེ་ཡིན་གྱིས། །ཁྱོད་ཀྱིས་དེ་འཇོམས་སུ་མ་གཞུག་ཤིག །གཞན་ཡང་ཁྱོད་ཀྱི་ཁྱིམ་ན་རྩེ་བའི་རྫིང་བུ་བྱ་རོག་གིས་བཏུང་སླེབས་ཙམ་དུ་ཆུས་ཁ་ད་ཆད་དུ་གང་བ་ཉ་དང་། རུས་སྦལ་དང་། སྦལ་བ་མང་པོ་གནས་པ་དེ་ན་ཆུ་སྐྱར་གཅིག་ཅིག་ཉ་དག་ཟ་ཞིང་འདུག་པ་ལས་དེང་སྐམས་ཏེ་ཆུ་མེད་པར་གྱུར་པ་དང་། ཆུ་སྐྱར་དེས་དེ་ལྟ་བུ་དེ་མཐོང་ནས་མི་དགའ་སྟེ་ཚིགས་སུ་བཅད་པ། རྫིང་འདི་ཉ་དང་རུས་སྦལ་ནི། །མང་པོ་དག་གིས་གང་བ་ལས། །J01,Vo11,Po13B ད་ནི་སྦལ་བས་འཚོ་མོད་ཀྱི། །བདག་གིས་གནས་ནི་མི་འདོར་རོ། །ཞེས་བྱ་


DKG011_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྨྲས་ཏེ། ནམ་མཁའི་སྒྲ་གསུམ་པ་ནི་དེ་ཡིན་གྱིས་ཁྱོད་ཀྱིས་དེ་ཆུས་ཁོང་ཤིག །གཞན་ཡང་ཁྱོད་ཀྱི་ཡུལ་ན་རི་བོ་གཏུམ་ལྡན་ཞེས་བྱ་བ་དེ་ལ་གླང་པོ་ཆེ་དང་གླང་པོ་ཆེ་མོ་དམུས་ལོང་ཞིག་གནས་ཏེ། དེ་གཉིས་ལ་བུ་གཅིག་ཡོད་པ་དེ་དེ་དག་གི་རིམ་གྲོ་བྱེད་དོ། །དེ་དེ་གཉིས་ཀྱི་ཟས་ཀྱི་ཕྱིར་སོང་བ་ན་གླང་པོ་ཆེ་མོ་ཞིག་དང་ལྷན་ཅིག་འདུས་པར་གྱུར་པ་ལས། དེ་ཁྱོད་ཀྱིས་ཐབས་ཀྱིས་བྲོངས་ཏེ་ཁྲིད་དེ་འོངས་ནས་བཏགས་ཏེ་བཞག་པ་དང་། དེ་མ་དང་ཕའི་རྗེས་སུ་མྱ་ངན་བྱེད་ཅིང་རྩྭ་ཡང་མི་ཟ་ཆུ་ཡང་མི་འཐུང་བར་དེ་དག་རྗེས་སུ་དྲན་ཞིང་མི་དགའ་བར་གྱུར་ནས་ཚིགས་སུ་བཅད་པ། གང་ཞིག་རི་བོ་གཏུམ་ལྡན་ལ། །བདག་ལ་རྐང་པས་ནོམ་བྱེད་པའི། །ལོང་བ་ཉོན་མོངས་དེ་དག་ནི། །ད་ནི་མགོན་ཡང་མེད་པར་གྱུར། །ཅེས་བྱ་བ་སྨྲས་ཏེ། ནམ་མཁའི་སྒྲ་བཞི་པ་ནི་དེ་ཡིན་གྱིས། ཕ་མའི་གྲོགས་བྱེད་པ་ཤི་ན་མི་རུང་བས་ཁྱོད་ཀྱིས་དེ་ཐོང་ཤིག །གཞན་ཡང་ཁྱོད་ཀྱི་ཁྱིམ་ན་རི་དགས་ཞིག་བཟུང་སྟེ་འདུག་པ་དེ་ཁྱུ་དང་བྲལ་བས་དགོན་པའི་རི་དགས་རྣམས་དྲན་ནས་ཚིགས་སུ་བཅད་པ། དེ་རྣམས་མཚོ་ནི་བཟང་པོ་ལས། །ཆུ་ནི་བསིལ་ཞིང་ཞིམ་པ་དང་། །བདེ་བླག་ཉིད་དུ་རྙེད་པར་འགྱུར། །བདག་ཀྱང་ད་ལྟར་དེར་དགའོ། །ཞེས་བྱ་བ་སྨྲས་ཏེ། བར་སྣང་གི་སྒྲ་ལྔ་པ་ནི་དེ་ཡིན་གྱིས་ཁྱོད་ཀྱིས་དེ་ཐོང་ཤིག །གཞན་ཡང་ཁྱོད་ཀྱི་ཁྱིམ་ན་ངང་པ་དག་ཅིག་བཟུང་སྟེ་འདུག་པ་དེ་དག་གིས་ངང་པ་གནམ་ལ་འཕུར་བ་དག་མཐོང་ནས་མི་དགའ་སྟེ་ཚིགས་སུ་བཅད་པ། འདི་དག་ཁྲུས་བྱས་ཟོས་ནས་ནི། །ཕྱོགས་དང་ཕྱོགས་སུ་འགྲོ་བར་བྱེད། །བདག་ནི་རྙི་ཡིས་བཟུང་གྱུར་པ། །སྔོན་གོ་སྡིག་པ་ཅི་ཞིག་བྱས། །ཞེས་བྱ་བ་སྨྲས་ཏེ། ནམ་མཁའི་སྒྲ་དྲུག་པ་ནི་དེ་ཡིན་པས་དེ་དག་ཀྱང་ཁྱོད་ཀྱིས་གཏང་བར་བྱ་སྟེ་དེ་ནི་དེ་དག་གི་ལྟས་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་རྨི་ལམ་བརྒྱད་མཐོང་བ་གང་ཡིན་པ་དེ་ཅིའི་སྔ་ལྟས་ཡིན་ཞེ་ན། རེ་ཞིག་ཙན་དན་དཀར་པོས་ལུས་བྱུགས་པར་མཐོང་བ་གང་ཡིན་པ་ནི་ཁྱོད་ལ་ལུས་འཕགས་ཀྱི་རྒྱལ་པོས་གོས་བེའུ་རས་ཡུག་པོ་ཆེ་ཞིག་སྐྱེས་སུ་བསྐུར་བ་ལམ་དུ་ཞུགས་ཤིང་འདུག་སྟེ་དེ་ཞག་བདུན་ན་


DKG011_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པར་འགྱུར་བས་ཁྱོད་ཀྱི་རྨི་ལམ་དང་པོ་ནི་དེའི་སྔ་ལྟས་ཡིན་ནོ། །ཁྱོད་ཀྱིས་ལུས་ལ་ཙན་དན་དམར་པོས་J01,Vo11,Po14A གཏོར་བར་མཐོང་བ་གང་ཡིན་པ་ནི་ཁྱོད་ལས་འཛིན་གྱི་རྒྱལ་པོས་ལ་བ་རིན་པོ་ཆེ་ཞིག་སྐྱེས་སུ་བསྐུར་བ་ལམ་དུ་ཞུགས་ཤིང་འདུག་སྟེ། དེ་ཡང་ཞག་བདུན་ན་ཕྱིན་པར་འགྱུར་བས་རྨི་ལམ་གཉིས་པ་ནི་དེའི་སྔ་ལྟས་ཡིན་ནོ། །ཁྱོད་ཀྱིས་ཀླད་པ་ལ་མེ་འབར་བར་མཐོང་བ་གང་ཡིན་པ་ནི་ཁྱོད་ལ་ཡུལ་ཡ་བ་ནའི་རྒྱལ་པོས་གསེར་གྱི་ཕྲེང་བ་ཞིག་སྐྱེས་སུ་བསྐུར་བ་ལམ་དུ་ཞུགས་ཤིང་འདུག་སྟེ། དེ་ཡང་ཞག་བདུན་ན་ཕྱིན་པར་འགྱུར་བས་རྨི་ལམ་གསུམ་པ་ནི་དེའི་སྔ་ལྟས་ཡིན་ནོ། །ཁྱོད་ཀྱིས་མཆན་ཁུང་གཉིས་ནས་སྦྲུལ་གཉིས་འཕྱང་བ་མཐོང་བ་གང་ཡིན་པ་ནི་ཁྱོད་ལ་རྒྱའི་རྒྱལ་པོས་རལ་གྲི་ཟུང་ཅིག་སྐྱེས་སུ་བསྐུར་བ་ལམ་དུ་ཞུགས་ཤིང་འདུག་སྟེ། དེ་ཡང་ཞག་བདུན་ན་ཕྱིན་པར་འགྱུར་བས་ཁྱོད་ཀྱི་རྨི་ལམ་བཞི་པ་ནི་དེའི་སྔ་ལྟས་ཡིན་ནོ། །ཁྱོད་ཀྱིས་རྐང་པ་གཉིས་ལ་ཉ་ཁར་བ་གཉིས་ལྡག་པ་མཐོང་བ་གང་ཡིན་པ་ནི་ཁྱོད་ལ་སིང་ག་ལའི་རྒྱལ་པོས་ནོར་བུའི་ལྷམ་ཟུང་ཅིག་སྐྱེས་སུ་བསྐུར་བ་ལམ་དུ་ཞུགས་ཤིང་འདུག་སྟེ་དེ་ཡང་ཞག་བདུན་ན་ཕྱིན་པར་འགྱུར་བས་ཁྱོད་ཀྱི་རྨི་ལམ་ལྔ་པ་ནི་དེའི་སྔ་ལྟས་ཡིན་ནོ། །ཁྱོད་ཀྱིས་ངང་པ་གཉིས་ནམ་མཁའ་ལ་འཕུར་བ་མཐོང་བ་གང་ཡིན་པ་ནི་ཁྱོད་ལ་བྷཾ་ག་ལའི་རྒྱལ་པོས་རྟ་གཉིས་ཞིག་སྐྱེས་སུ་བསྐུར་བ་ལམ་དུ་ཞུགས་ཤིང་འདུག་སྟེ་དེ་ཡང་ཞག་བདུན་ན་ཕྱིན་པར་འགྱུར་བར་ཁྱོད་ཀྱི་རྨི་ལམ་དྲུག་པ་ནི་དེའི་སྔ་ལྟས་ཡིན་ནོ། །ཁྱོད་ཀྱིས་རི་ནག་པོ་ཞིག་མདུན་ནས་ཚུར་འོང་བ་མཐོང་བ་གང་ཡིན་པ་ནི་ཁྱོད་ལ་ཀ་ལིང་ཀའི་རྒྱལ་པོས་གླང་པོ་ཆེའི་གཙོ་བོ་ཞིག་སྐྱེས་སུ་བསྐུར་བ་ལམ་དུ་ཞུགས་ཤིང་འདུག་སྟེ་དེ་ཡང་ཞག་བདུན་ན་ཕྱིན་པར་འགྱུར་བས་ཁྱོད་ཀྱི་རྨི་ལམ་བདུན་པ་ནི་དེའི་སྔ་ལྟས་ཡིན་ནོ། །ཁྱོད་ཀྱིས་ཆུ་སྐྱར་དག་མགོ་ལ་རྟུག་པས་འཐོར་བ་མཐོང་བ་གང་ཡིན་པ་དེ་ནི་ཁྱོད་དང་བ་ལང་སྐྱོང་གི་མ་ཞི་བ་ཤེས་པར་འགྱུར་རོ། །ཁྱོད་ཀྱིས་བྲམ་ཟེ་རྣམས་ལ་ཡང་ངན་སེམས་བསྐྱེད་པར་མི་བྱའོ། །དེ་སྐད་ཅེས་སྨྲས་པ་དང་། རྒྱལ་པོ་རབ་སྣང་སྲོག་སྟོར་བ་ལས་ཕྱིར་རྙེད་པ་བཞིན་དུ་དགའ་བ་དང་། མགུ་བ་དང་། རབ་ཏུ་དགའ་བ་དང་། རངས་པ་དང་།


DKG011_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་དང་། ཡིད་བདེ་བ་སྐྱེས་ནས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོས་བཤད་པ་ལ་རྗེས་སུ་ཡི་རངས་ནས་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ཏེ་སོང་ངོ་། །དེ་རང་གི་J01,Vo11,Po14B ཁྱིམ་དུ་སོང་ནས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོས་ཇི་སྐད་སྨྲས་པ་དེ་ཐམས་ཅད་བསྒྲུབས་ཏེ་གདུང་མ་ཡང་གཞན་ཞིག་བཅུག །རྟ་རྫི་གཉེར་ལེན་ཡང་དེ་ལྟར་བྱེད་དུ་མ་བཅུག །རྫིང་བུ་ཡང་ཆུས་བཀང་། གླང་པོ་ཆེ་དང་། རི་དགས་དང་། ངང་པ་རྣམས་ཀྱང་བཏང་ངོ་། །ཞག་བདུན་ན་དེའི་སྐྱེས་ཇི་སྐད་བསྟན་པ་ཐམས་ཅད་ཀྱང་ཕྱིན་ནས་དེ་ནོར་རྙེད་པས་ཡིད་བདེ་བ་སྐྱེས་ནས། ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་ལ་ཇེ་སེམས་མངོན་པར་དད་པར་གྱུར་ཏེ་བསམས་པ། བདག་གི་ཁྱིམ་ན་དཔལ་དང་དབང་ཐང་ཕུན་སུམ་ཚོགས་པ་གང་ཅུང་ཟད་ཡོད་པ་དེ་ཐམས་ཅད་ནི་འཕགས་པ་ཀ་ཏྱའི་བུ་ཆེན་པོ་ལ་བརྟེན་ནས་བྱུང་བ་ཡིན་ནོ། །དེའི་ཕྱིར་རེ་ཞིག་གོས་བེའུ་རས་ཡུག་པོ་ཆེ་འདི་བསྐུར་ལ་ཕྱིས་རྒྱལ་སྲིད་བསྟབས་པར་བྱའོ་སྙམ་དུ་རིག་ནས་མི་ཞིག་ལ་སྨྲས་པ། ཀྱེ་སྐྱེས་བུ་ཁྱོད་ཚུར་གོས་བེའུ་རས་ཡུག་པོ་ཆེ་འདི་ཁྱེར་ལ་འཕགས་པ་ཀ་ཏྱའི་བུ་ཆེན་པོ་ལ་ཕུལ་ཅིག་ཅེས་བྱས་པ་དང་། དེས་གོས་བེའུ་རས་ཡུག་པོ་ཆེ་དེ་ཁྱེར་ནས་འཕགས་པ་ཀ་ཏྱའི་བུ་ཆེན་པོ་ལ་བྱིན་ནོ། །དེ་ནས་བ་ལང་སྐྱོང་གི་མ་ཞི་བ་དང་། སྐྱ་བསེང་གི་བུ་མོ་སྒྲོལ་མ་དང་། གཞོན་ནུ་བ་ལང་སྐྱོང་དང་། གསོས་པ་དང་། མདུན་ན་འདོན་ལ་སྨྲས་པ། ཤེས་ལྡན་དག་ང་ལ་ཡུལ་སྣ་ཚོགས་ལ་དབང་བའི་རྒྱལ་པོ་རྣམས་ཀྱིས་སྐྱེས་འདི་དག་བསྐུར་གྱིས་ཁྱེད་གང་ཇི་ལྟར་འདོད་པ་བཞིན་ཁྱེར་ཅིག །དེ་ནས་བ་ལང་སྐྱོང་གི་མ་ཞི་བས་ནི་གསེར་གྱི་ཕྲེང་བ་ཁྱེར། སྐྱ་བསེང་གི་བུ་མོ་སྒྲོལ་མས་ནི་ལ་བ་རིན་པོ་ཆེ། གཞོན་ནུ་བ་ལང་སྐྱོང་གིས་ནི་རྟ་གཉིས། གསོས་པས་ནི་རལ་གྲི་ཟུང་ཅིག །མདུན་ན་འདོན་གྱིས་ནི་ནོར་བུའི་ལྷམ་ཟུང་ཅིག་ཁྱེར་ཏེ་གླང་པོ་ཆེའི་གཙོ་བོ་ལུས་པ་དེ་རྒྱལ་པོས་ཁྱེར་རོ། །དེ་ནས་རྒྱལ་པོ་རབ་སྣང་ཡན་ལག་གི་མཆོག་ལྔ་ལ་རིན་པོ་ཆེ་དག་གི་བགོ་བཤའ་བྱས་ནས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་


DKG011_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་པོ་རབ་སྣང་གིས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་སྨན་འདོགས་ཤིང་གཅེས་སྤྲས་མཛད་པ་ལགས་ཏེ། དེའི་སླད་དུ་བདག་འཕགས་པ་ལ་རྒྱལ་སྲིད་སྟོབས་ན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་རྒྱལ་སྲིད་བཞེས་སུ་གསོལ། ཚེ་དང་ལྡན་པ་ཀ་ཏྱའི་བུ་J01,Vo11,Po15A ཆེན་པོས་སྨྲས་པ། རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་རྒྱལ་སྲིད་བྱེད་པ་བཀག་གོ །རྒྱལ་པོས་སྨྲས་པ། འཕགས་པ་གལ་ཏེ་དེ་ལྟར་ན་འདོད་པ་ཐམས་ཅད་སྟོབས་ན། འདོད་པ་ཐམས་ཅད་ཡོངས་སུ་སྤྱད་དུ་གསོལ། དེས་སྨྲས་པ། རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་ཀྱིས་འདོད་པ་ཐམས་ཅད་ཀྱང་བཀག་གོ །རྒྱལ་པོས་སྨྲས་པ། འཕགས་པ་གལ་ཏེ་དེ་ལྟ་ན་ལོངས་སྤྱོད་དང་། ལོངས་སྤྱོད་ཀྱི་མཆོག་རྣམས་སྟོབས་ན་ཡོངས་སུ་སྤྱད་དུ་གསོལ། དེས་སྨྲས་པ། རྒྱལ་པོ་ཆེན་པོ་རེ་ཞིག་བཅོམ་ལྡན་འདས་ལ་ཞུས་ཏེ་བྱའོ། །རྒྱལ་པོས་སྨྲས་པ། འཕགས་པ་དེ་ལྟར་མཛོད་ཅིག་དེའི་ཚེ་ན་བཅོམ་ལྡན་འདས་ནི་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སྐབས་དེ་ལྟ་བུ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མི་མཁྱེན་པ་དང་། མི་གཟིགས་པ་དང་། མི་རིག་པ་དང་། རྣམ་པར་མི་རིག་པ་ཅུང་ཟད་ཀྱང་མི་མངའ་སྟེ། བཅོམ་ལྡན་འདས་ཀྱིས་དགོངས་པ། དགེ་སློང་ཀ་ཏྱའི་བུ་ཆེན་པོ་ལོངས་སྤྱོད་དང་ལོངས་སྤྱོད་ཀྱི་མཆོག་རྣམས་དོན་དུ་གཉེར་བ་མ་ཡིན་མོད་ཀྱི་འོན་ཀྱང་སྐྱེ་བོ་ཕྱི་མ་རྣམས་ལ་ཕན་གདགས་སོ་སྙམ་དུ་དགོངས་ནས་འཇིག་རྟེན་པའི་ཐུགས་བསྐྱེད་པ་མཛད་དོ། །ཆོས་ཉིད་ཀྱིས་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པ་དེའི་ཚེ། སྲོག་ཆགས་གྲོག་སྤུར་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཐུགས་སེམས་ཀྱིས་ཤེས་སོ། །གང་གི་ཚེ་འཇིག་རྟེན་ལས་འདས་པའི་ཐུགས་བསྐྱེད་པ་དེའི་ཚེ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཐུགས་སེམས་ཀྱིས་མི་ཤེས་ན། བྱོལ་སོང་གི་སྐྱེ་གནས་སུ་སོང་བ་རྣམས་ཀྱིས་ལྟ་སྨོས་ཀྱང་


DKG011_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་དགོས། དོན་འདི་ལ་ནི་བཅོམ་ལྡན་འདས་དང་། ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོའི་ཐུགས་དང་སེམས་སུ་འཕྲོད་པའི་འཇིག་རྟེན་པའི་ཐུགས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་དང་། ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོས་ལྷའི་མིག་དང་ལྷའི་རྣ་བ་མངོན་པར་བསྒྲུབས་ནས་ཕན་ཚུན་ལྟ་བ་དང་ཉན་པར་ཡང་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དགེ་སློང་གིས་དགེ་འདུན་གྱི་ཆེད་དུ་ལོངས་སྤྱོད་དང་ལོངས་སྤྱོད་J01,Vo11,Po15B ཀྱི་མཆོག་དག་བླང་དུ་རུང་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀ་ཏྱའི་བུ་ཆེན་པོ་སྐྱེ་བོ་ཕྱི་མ་རྣམས་ལ་སྙིང་བརྩེ་བའི་ཕྱིར་དང་། སྦྱིན་པ་པོ་རྣམས་ཀྱི་ལོངས་སྤྱོད་འཕེལ་བར་བྱེད་པའི་ཕྱིར་རུང་སྟེ། དེ་ལྟ་བས་ན་དགེ་འདུན་ལ་ལོངས་སྤྱོད་དང་ལོངས་སྤྱོད་ཀྱི་མཆོག་རྣམས་གནང་གི་གང་ཟག་ལ་ནི་མ་ཡིན་ནོ། །དེ་ལ་ལོངས་སྤྱོད་ནི་འདི་དག་ཡིན་ཏེ། གྲོང་དང་། ཞིང་རྣམས་སོ། །ལོངས་སྤྱོད་ཀྱི་མཆོག་ནི་བ་ལང་དང་། མ་ཧེ་དང་། ར་དང་། ལུག་རྣམས་སོ། །དེ་ནས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོས་བཅོམ་ལྡན་འདས་ལ་ཞུས་ནས་རྒྱལ་པོ་རབ་སྣང་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་ཕྱི་མ་རྣམས་ལ་སྙིང་བརྩེ་བའི་ཕྱིར་དང་། སྦྱིན་བདག་རྣམས་ཀྱི་ལོངས་སྤྱོད་འཕེལ་བར་བྱ་བའི་ཕྱིར་དགེ་འདུན་ལ་ལོངས་སྤྱོད་དང་ལོངས་སྤྱོད་ཀྱི་མཆོག་རྣམས་གནང་ངོ་། །དེ་ནས་རྒྱལ་པོ་རབ་སྣང་གིས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་ལས་བརྟེན་ནས་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པའི་གཙུག་ལག་ཁང་བྱེད་དུ་བཅུག་སྟེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་ནས་ལོངས་སྤྱོད་དང་ལོངས་སྤྱོད་ཀྱི་མཆོག་རྣམས་ཀྱང་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་དགེ་བསྙེན་ངའི་ཉན་ཐོས་དགེ་འདུན་ལ་ཐོག་མར་འདོད་པ་ཐམས་ཅད་སྟོབས་པ་རྣམས་ཀྱི་ནང་ན་མཆོག་ནི་འདི་ལྟ་སྟེ། འཕགས་རྒྱལ་གྱི་རྒྱལ་པོ་རབ་སྣང་འདི་ཡིན་ནོ། །དགེ་སློང་དག་ངའི་དགེ་བསྙེན་ངའི་ཉན་ཐོས་དགེ་འདུན་ལ་ཐོག་མར་བཤོས་འབུལ་བ་རྣམས་ཀྱི་ནང་ན་མཆོག་ནི་འདི་ལྟ་སྟེ།


DKG011_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་ཁབ་ཀྱི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་འདི་ཡིན་ནོ། །དགེ་སློང་དག་ངའི་དགེ་བསྙེན་ངའི་ཉན་ཐོས་དགེ་འདུན་ལ་ཐོག་མར་གནས་མལ་འབུལ་བ་རྣམས་ཀྱི་ནང་ན་མཆོག་ནི་འདི་ལྟ་སྟེ། མཉན་ཡོད་ཀྱི་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་ཡིན་ནོ། །དགེ་སློང་དག་ངའི་དགེ་བསྙེན་ངའི་ཉན་ཐོས་དགེ་འདུན་ལ་ཐོག་མར་གཙུག་ལག་ཁང་བྱེད་པ་རྣམས་ཀྱི་ནང་ན་མཆོག་ནི་འདི་ལྟ་སྟེ། ཡུལ་བཱ་རཱ་ཎ་སཱིའི་ཁྱིམ་བདག་བཟང་ལྡན་འདི་ཡིན་ནོ།། །།བར་སྡོམ་ནི། འདོད་པ་ཀུན་གྱི་རབ་སྣང་སྟེ། །དགེ་འདུན་བཤོས་ཀྱི་བཟོ་སྦྱངས་ཡིན། །གནས་མལ་མགོན་མེད་ཟས་སྦྱིན་ཏེ། །J01,Vo11,Po16A གཙུག་ལག་ཁང་གི་བཟང་ལྡན་ནོ། །རྒྱལ་པོ་རབ་སྣང་བཙུན་མོའི་འཁོར་དུ་རེས་ཀྱིས་ཟན་ཟ་སྟེ། ཉི་མ་གཅིག་ནི་བ་ལང་སྐྱོང་གི་མ་ཞི་བའི་དྲུང་དུ། གཅིག་ནི་སྐྱ་བསེང་གི་བུ་མོ་སྒྲོལ་མའི་དྲུང་དུའོ། །དེ་དུས་གཞན་ཞིག་ན་དགོངས་པ། བ་ལང་སྐྱོང་གི་མ་ཞི་བའི་ཐད་དུ་ཟན་ཟ་བ་ན་རྒྱལ་པོ་དེ་ཞོ་ལ་དགའ་བས་བ་ལང་སྐྱོང་གི་མ་ཞོའི་ཕོར་བ་ཐོགས་ཏེ་དེ་ཟན་ཟ་བའི་མདུན་ན་འདུག་གོ །ཇི་ཙམ་ན་ཕྱོགས་དེར་སྐྱ་བསེང་གི་བུ་མོ་སྒྲོལ་མ་སོང་སྟེ། དེས་ལ་བ་རིན་པོ་ཆེ་བགོས་པ་དང་། དེས་གློག་བྱུང་བ་ལྟ་བུར་རྒྱལ་པོ་དེ་བ་ལང་སྐྱོང་གི་མ་ཞི་བ་དང་བཅས་ཏེ་སྣང་བར་བྱས་སོ། །ཞི་བས་སྣང་བ་དེ་མཐོང་ནས་ཡ་མཚན་སྐྱེས་ཏེ་སྨྲས་པ། ལྷ་འདི་ཅི་ལགས། གློག་ཅིག་གློ་བུར་དུ་བྱུང་ངམ། འགའ་ཞིག་གིས་ཞུགས་མར་འཚལ། དེས་སྨྲས་པ། ཞི་བ་འདི་ནི་གློག་གི་འོད་ཀྱང་མ་ཡིན། མར་མེའི་ཡང་མ་ཡིན་གྱི། འོན་ཀྱང་སྐྱ་བསེང་གི་བུ་མོ་སྒྲོལ་མ་ཕྱོགས་འདི་ནས་སོང་སྟེ། དེས་ལ་བ་རིན་པོ་ཆེ་བགོས་པས་འདི་ནི་དེའི་འོད་ཡིན་ནོ། །ཁྱོད་ཀྱིས་ལ་བ་རིན་པོ་ཆེ་དེ་ལྟ་བུ་བཏང་སྟེ་གསེར་གྱི་ཕྲེང་བ་བླངས་པ་ནི་ཁྱོད་བླུན་ནོ། །ཇི་བདག་གི་ཁྱིམ་ན་གསེར་གྱི་ཕྲེང་བ་མེད་དམ། ཉིས་ན་རིགས་ངན་པ་ལས་སྐྱེས་པ་དེ་ཐེ་གིའོ། །དེས་སྨྲས་པ། ལྷ་དེ་ལ་དེ་ལྟ་བུའི་ཤེས་རབ་ག་ལ་མཆིས། གདོན་མ་འཚལ་བར་ཁྱོད་ཉིད་ཀྱིས་ལ་བ་རིན་པོ་ཆེ་ལོང་ཤིག་ཅེས་བསྟན་ཏེ་དེས་ན་དེས་བླངས་ལགས་མོད། རྒྱལ་པོས་སྨྲས་པ། ངས་དེ་ལ་མ་སྨྲས་ཏེ་དེས་རང་གི་


DKG011_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བློས་བླངས་སོ། །ཁྱོད་ཀྱིས་སྨྲས་སོ། །ངས་མ་སྨྲས་སོ་ཞེས་དེ་གཉིས་འཐབས་པར་གྱུར་ནས། ཞི་བས་དེའི་མགོར་ཞོའི་ཕོར་བས་བསྣུན་པ་དང་། རྒྱལ་པོ་དེ་སྤྱི་གཅེར་ཞིག་པས་དེའི་ཀླད་པ་ཞོམ་མོ། །དེས་ལག་པས་མནམས་ཏེ་བསམས་པ། བདག་གི་ཀླད་པ་ཡང་ཞོམ། བདག་གི་ཀླད་རྒྱས་ཀྱང་ལུག་པས་འདིས་ཡེ་བདག་བསད་ཀྱིས་ཇི་སྲིད་སྲོག་དང་མ་བྲལ་གྱི་བར་དུ་ཇེ་འདི་བསད་དོ་སྙམ་ནས། དེས་གསོས་པ་ལ་བསྒོ་བ། གསོས་པ་ངས་བ་ལང་སྐྱོང་གི་མ་ཞི་བ་ཡོངས་སུ་བཏང་གིས་སོད་ཅིག །གསོས་པས་བསམས་པ། དེ་འདི་ལ་ཤིན་ཏུ་འཕངས་ན་འདི་ཁྲོས་པའི་ཀུན་ནས་དཀྲིས་པས་འདི་སྐད་དུ་ཟེར་བར་ཟད་པས་འཕྲལ་ལ་གསད་J01,Vo11,Po16B པར་མི་བྱའི་ཀུན་ནས་དཀྲིས་པ་དང་བྲལ་ནས་བསམ་པ་ཤེས་པར་བྱ་སྟེ་གསད་ཀྱིས་རེ་ཞིག་གནས་དབེན་པ་ཞིག་ཏུ་གཞག་གོ་སྙམ་དུ་རིག་ནས། སྨྲས་པ། ལྷ་དེ་ལྟར་འཚལ་ཏེ་དགུམ་མོ་ཞེས་བྱས་ནས། དེས་དེ་གནས་དབེན་པ་ཞིག་ཏུ་བཞག་གོ །རྒྱལ་པོས་ཀུན་ནས་དཀྲིས་པ་དང་བྲལ་ནས་སྨྲས་པ། གསོས་པ་བ་ལང་སྐྱོང་གི་མ་ཞི་བ་ག་རེ། དེས་སྨྲས་པ། ལྷ་ཁྱོད་ཀྱིས་ངས་བ་ལང་སྐྱོང་གི་མ་ཞི་བ་ཡོངས་སུ་བཏང་གིས་སོད་ཅིག་ཅེས་བཀའ་སྩལ་པས་བདག་གིས་དེ་ལྷའི་བཀའ་བཞིན་དུ་བཀུམ་ལགས་སོ། །དེས་སྨྲས་པ། གསོས་པ་ལེགས་སོ། །ད་ནི་ང་དང་། སྐྱ་བསེང་གི་བུ་མོ་སྒྲོལ་མ་དང་། གཞོན་ནུ་བ་ལང་སྐྱོང་དང་། མདུན་ན་འདོན་ཀྱང་སོང་ལ་ཁྱོད་ཉིད་ཅོད་པན་ཆིངས་ཏེ་རྒྱལ་སྲིད་བྱེད་ལ་རག་གོ །ངས་ཀོ་དེས་ང་ལ་མ་གུས་པ་བྱས་པས་ངས་དེ་ནན་ཐུར་བྱས་ལ་ཕྱིས་དགའ་བར་བྱའོ་སྙམ་དུ་བསམ་བསམ་ན་ཁྱོད་ཀྱིས་མོད་ཁོ་ན་ལ་བསད་པ་ལྟ་ཞིག །དེས་སྨྲས་པ། ལྷ་འདི་ན་སྐྱེས་བུ་མཁས་པ་ཁ་ཅིག་སྨྲས་པའི་དོན་དཔེས་ཀྱང་ཀུན་འཚལ་བར་འགྱུར་བས་རེ་ཞིག་དཔེ་གསན་དུ་གསོལ། བསྡུས་པའི་སྡོམ་ནི། ཁྲ་བོ་དང་ནི་སྒྲེན་མོ་དང་། །རྙེད་པར་དཀའ་དང་སླུ་བ་དང་། །མི་ངོམས་པ་དང་གཉིད་གཏོགས་པར། །བསྡུས་པའི་སྡོམ་དུ་ཡང་དག་བསྡུས། །སྡོམ་ནི། ཁྲ་བོ་སྤྲེའུ་དང་འཇིག་རྟེན་ན། །ལོང་བ་དག་སྟེ་ཐ་མ་ཡིན། །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་རིའི་ཕྱོགས་མི་འདུ་བ་དང་འཇིགས་པ་མ་


DKG011_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་པ་ཤིང་སྣ་ཚོགས་ཀྱི་ཚལ་གྱིས་བརྒྱན་པ། སེང་གེ་དང་། སྟག་དང་། དྲེད་དང་། བྱི་ལ་དང་། རི་དགས་དང་། ཕག་རྒོད་རྒྱུ་བ། བྱའི་ཚོགས་སྣ་ཚོགས་ཀྱིས་བསྟེན་པ་གཅིག་ཅིག་ཏུ་སྲོག་ཆགས་ཐི་བས་ཤིང་ཆེན་པོ་ཞིག་གི་ཁར་ཚང་བཅས་ཏེ། དེས་དེ་འབྲས་བུ་སྨིན་པ་རྣམས་ཀྱིས་བཀང་ནས་ཆུང་མ་ལ་སྨྲས་པ། བཟང་མོ་ཁྱོད་ཀྱིས་འབྲས་བུ་འདི་དག་བཟའ་བར་མི་བྱ་སྟེ། ད་ལྟ་ནི་གང་ཡང་རུང་བས་བདག་ཉིད་འཚོ་བར་བྱའོ། །ནམ་རླུང་དང་། ཡུལ་ངན་བྱུང་བ་དེའི་ཚེ་འདི་དག་བཟའ་བར་བྱའོ། །དེས་སྨྲས་པ། ལེགས་ཏེ་དེ་བཞིན་བྱའོ། །ཇི་ཙམ་ན་རླུང་དང་ཉི་མས་ཕོག་པས་འབྲས་བུ་རྣམས་སྐམས་ཏེ་ཚང་དེ་འགྲིབས་པར་གྱུར་པ་དང་། ཐི་བས་སྨྲས་པ། བཟང་མོ་ངས་ཁྱོད་ལ་ཁྱོད་ཀྱིས་འབྲས་བུ་འདི་དག་J01,Vo11,Po17A བཟའ་བར་མི་བྱ་སྟེ། རླུང་ངམ་ཡུལ་ངན་བྱུང་བའི་ཚེ་བཟའ་བར་བྱའོ་ཞེས་མ་བཀག་གམ། འོ་ན་ཅིའི་ཕྱིར་ཁྱོད་ཀྱིས་ཟོས། དེས་སྨྲས་པ། བདག་གིས་མ་ཟོས་སོ། །དེས་སྨྲས་པ། ངས་ཚང་འདི་བཀང་སྟེ་བཞག་ན། གལ་ཏེ་ཁྱོད་ཀྱིས་མ་ཟོས་ན་འོ་ན་ཚང་འདི་ཅིའི་ཕྱིར་འགྲིབས་པར་གྱུར། དེས་སྨྲས་པ། ཚང་འདི་ཅིའི་ཕྱིར་འགྲིབས་མ་ཤེས། བདག་གིས་ནི་འདི་ལས་འབྲས་བུ་ཅིག་ཀྱང་མ་ཟོས་སོ། །ཁྱོད་ཀྱིས་ཟོས་སོ་ངས་མ་ཟོས་སོ་ཞེས་དེ་གཉིས་ལན་དང་ཡང་ལན་འདེབས་པ་ན་ཐབ་མོ་བྱུང་སྟེ་དེས་ཐི་བ་མོ་དེ་མཆུས་བསྣུན་ནས་སྲོག་དང་བྲལ་ཏེ་དེ་དེ་ཉིད་ན་འཕྱང་ཞིང་འདུག་གོ །རེ་ཞིག་ཅིག་ན་དུས་མ་ཡིན་པའི་ཆར་ཆེན་པོ་བབ་པ་དང་། ཡང་ཚང་དེ་དེ་ཁོ་ན་བཞིན་དུ་འབྲས་བུ་དེ་དག་གིས་གང་ནས་དེས་བསམས་པ། ཚང་འདི་འབྲས་བུ་དག་གིས་ཡང་གང་བ་ལས་ན་དེས་འདི་དག་མ་ཟོས་སོ་སྙམ་ནས། དེས་དེ་ལ་བཟོད་པ་གསོལ་བར་བརྩམས་པ། ཁྲ་མོ་སྡུག་པ་ལོངས་ཤིག །འདི་དག་ཁྱོད་ཀྱིས་མ་ཟོས་ཏེ་བདག་གི་ཚང་འདི་གང་གིས་ཉེས་པ་ཅིག་བཟོད་པར་མཛོད་ཅིག་ཅེས་བྱས་པ་དང་། ལྷས་ཚིགས་སུ་བཅད་དེ་སྨྲས་པ། ནགས་ཚལ་རྒྱུ་བའི་ཐི་བ་ནི། །འདབ་མ་ཁྲ་བོ་མིག་དམར་བ། །རང་གིས་སྡུག་མ་བསད་ནས་ནི། །བློ་ངན་ཅི་ཞིག་མྱ་ངན་བྱེད། །ཇི་ལྟར་ཐི་བ་བབ་ཅོལ་སྤྱོད་པ་ཡིས། །འདི་ན་སྡུག་པ་


DKG011_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་མེད་བསད་ནས་ནི། །བློ་རྨོངས་མྱ་ངན་བྱེད་ཅིང་བཟང་མོ་ཞེས། །དེ་ལ་བཞམས་ཏེ་ཉེས་ཅིག་བཟོད་གསོལ་བ། །དེ་བཞིན་རྒྱལ་པོ་གཟུ་ལུམས་སྤྱོད་པ་ཡིས། །ཞི་བ་ཡིད་དང་འཐད་པ་འདིར་བསད་ནས། །བློ་རྨོངས་མྱ་ངན་བྱེད་ཅིང་བཟང་མོ་ཞེས། །དེ་ལ་བཞམས་ཏེ་ཉེས་ཅིག་བཟོད་པ་གསོལ། །ཞེས་བགྱི་བ་ལགས་ཏེ། ལྷ་ཁྱོད་ཀྱིས་གསུངས་པའི་དོན་ནི་བདག་དཔེ་དེ་དང་འདྲ་བ་སྙམ་བགྱིད་དོ། །ལྷ་གཞན་ཡང་ཁྱིམ་བདག་ཅིག་དབྱར་འདས་པ་དང་སྟོན་གྱི་དུས་སུ་སྲན་མའི་ཁུར་འཚལ་ནས་ཞིང་ཐོག་ཏུ་ཆས་སོ། །དེས་སྲན་མའི་ཁུར་དེ་ཤིང་དྲུང་ཞིག་ཏུ་བཞག་ནས་ཕ་ཟད་དུ་བཤང་བའི་སར་མཆིས་པ་དང་། ཇི་ཙམ་ན་སྤྲེའུ་ཞིག་ཤིང་དེ་ལས་བབས་ནས་སྲན་མ་ལས་སྤར་གང་བླངས་ཏེ་ཡང་ཤིང་དེ་ལས་འཛེགས་སོ། །དེ་འཛེག་པ་ན་སྲན་མ་འབྲུམ་བུ་གཅིག་ཤོར་དེ་ས་ལ་ལྷུང་ནས་དེས་སྲན་མ་སྤར་གང་པོ་དེ་བོར་ཏེ། སྲན་མ་འབྲུམ་བུ་ཅིག་པོ་དེ་བཙལ་བར་བརྩམས་པ་ན། ཁྱིམ་བདག་དེས་དེ་ལ་བོང་བ་ཅིག་J01,Vo11,Po17B བསྣུན་ཏེ་དེ་དུས་ལས་འདས་པ་དང་ལྷས་ཚིགས་སུ་བཅད་དེ་སྨྲས་པ། སྲན་མ་སྤར་གང་བོར་ནས་སུ། །གང་ཞིག་འབྲས་བུ་གཅིག་ཚོལ་བ། །ཤིན་ཏུ་ཚོགས་མང་ལྡན་པ་ཡི། །སྤྲེའུ་འདི་ཀྱེ་མ་རེ་མི་མཛངས། །ཞེས་བགྱི་བ་ལགས་ཏེ་ལྷས་གསུངས་པའི་དོན་གང་ཞིག་བ་ལང་སྐྱོང་གི་མ་བཀུམ་ནས། ཡང་བཟོད་པ་གསོལ་བར་བཞེད་པ་ནི་བདག་དཔེ་དེ་དང་འདྲ་བ་སྙམ་བགྱིད་དོ། །རྒྱལ་པོས་སྨྲས་པ། གསོས་པ་ཁྱོད་ཀྱིས་ཚིག་ཅིག་ཁོ་ནའི་ཁ་ལ་བ་ལང་སྐྱོང་གི་མ་ཞི་བ་བསད་དོ། །དེས་སྨྲས་པ། ལྷ། སྟོན་པ་གང་ཟག་ཟླ་མེད་པ། །གཅིག་པུ་ཚིག་ནི་གཅིག་གསུང་སྟེ། །གསུང་བ་དེ་ནི་ངེས་ལགས་པས། །འདི་ལ་བདག་བློ་འགྱུར་མ་མཆིས། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་ཁྱོད་ཀྱིས་གང་གི་ཕྱིར་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ང་ལོང་བར་བྱས་སོ། །དེས་སྨྲས་པ། ལྷ། ལྷ་དང་མིར་བཅས་འཇིག་རྟེན་འདིར། །ལོང་བ་གཉིས་ནི་ངེས་གྲུབ་པ། །རང་བཞིན་གྱིས་ནི་དམུས་ལོང་དང་། །གང་ཡང་ཆོས་ལ་མི་གནས་པའོ། །འཇིག་རྟེན་འདི་དང་ཕ་


DKG011_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་དུ། །གཞན་ཡང་ལོང་བ་གཉིས་ལགས་ཏེ། །གང་ལ་སྡིག་ལྟ་དེ་ཡོད་དམ། །གང་ཞིག་ཁྲིམས་ལ་མི་བརྟེན་པའོ། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། སྡོམ་ནི། སྒྲེན་མོ་ཅིར་ཡང་མི་རུང་དང་། །མ་སྤྱད་གཏུན་དང་ལན་གཅིག་དང་། །ནད་དང་བག་ཚ་བརྙས་པ་དང་། །དེ་བཞིན་དུ་ནི་བགས་ཀྱིས་སོ། །བྱིས་པ་དང་ནི་བཤེས་དག་དང་། །སྐྱེས་བུ་ཐ་ཤལ་ཉིད་དང་ནི། །ཤིང་རྟ་ཡིས་ནི་འཁོར་ལོ་དང་། །གཡོ་གཏོགས་པར་ནི་ཡོངས་སུ་རྫོགས། །རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ང་སྒྲེན་མོར་བྱས་སོ། །དེས་སྨྲས་པ། ལྷ་སྒྲེན་མོ་གསུམ་གྱི་མི་མཛེས་པ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གསུམ་གང་ཡིན། ལྷ། ཀླུང་ནི་ཆུ་མེད་སྒྲེན་མོ་སྟེ། །ཡུལ་འཁོར་འགྲོན་མེད་སྒྲེན་མོའོ། །གལ་ཏེ་མིང་པོ་བཅུ་ཡོད་ཀྱང་། །ཁྱོ་མེད་བུད་མེད་སྒྲེན་མོའོ། །ཞེས་བགྱི་བ་ལགས་སོ། །རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ང་ཅིར་ཡང་མི་རུང་བར་བྱས་སོ། །དེས་སྨྲས་པ། ལྷ་འཇིག་རྟེན་ན་ཅིར་ཡང་མི་རུང་བ་གསུམ་མཆིས་པར་ཁྱོད་ཀྱིས་མ་གསན་ཏམ། དེས་སྨྲས་པ། གསོས་པ་གསུམ་གང་ཡིན། ལྷ། རྟ་བོ་ཐལ་ཀར་བང་བུལ་དང་། །J01,Vo11,Po18A སྟོན་མོ་བྱ་ན་མེད་པ་དང་། །བུད་མེད་གང་ཞིག་ཁྱིམ་སུན་འབྱིན། །འདི་གསུམ་ཅིར་ཡང་མི་རུང་བའོ། །རྒྱལ་པོས་སྨྲས་པ། གསོས་པ་བ་ལང་སྐྱོང་གི་མ་ཞི་བ་ལོངས་མ་སྤྱད་པར་ཁྱོད་ཀྱིས་བསད་དོ། །དེས་སྨྲས་པ། ལྷ། སོལ་བ་བྱེད་པའི་གོས་དང་ནི། །བཀྲུ་བཤལ་བྱེད་པའི་ལྷམ་དག་དང་། །རྒྱལ་པོའི་བཙུན་མོའི་འཁོར་རྣམས་ནི། །ལོངས་མ་སྤྱད་པར་དེངས་པར་འགྱུར། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། ལྷ་དེ་དག་འབའ་ཞིག་ཏུ་མ་བས་གཞན་ཡང་གསུམ་སྟེ། ནགས་ཀྱི་ཤིང་གི་མེ་ཏོག་དང་། །དཀའ་ཐུབ་ཅན་གྱི་ལང་ཚོ་དང་། །ཤིང་རྟ་མཁན་གྱི་ཆུང་མ་དག །ལོངས་མ་སྤྱད་པར་དེངས་པར་འགྱུར། །རྒྱལ་པོས་སྨྲས་པ། གསོས་པ་གང་གི་


DKG011_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་ནི་གཏུན་གྱིས་བརྡེག་པའི་རྒྱུའོ། །དེས་སྨྲས་པ། ལྷ། ཤིང་མཁན་རྩང་རྩིང་འཇོག་པ་དང་། །བཟང་མཁན་སྐུད་པ་རིང་པོ་དང་། །ཁ་ལོ་སྒྱུར་བ་མིག་རྒྱང་ཐུང་། །དེ་གསུམ་གཏུན་གྱིས་བརྡེག་རྒྱུའོ། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། ལྷ་དེ་དག་འབའ་ཞིག་ཏུ་མ་བས། གཞན་ཡང་གསུམ་སྟེ། ཕོ་ཉའི་ཕོ་ཉ་གང་ཡིན་དང་། །མངག་གཞུག་པ་ཡི་མངག་གཞུག་དང་། །བུད་མེད་འཕྱོན་མ་བྱེད་པ་གང་། །དེ་གསུམ་བཏུན་གྱིས་བརྡེག་རྒྱུའོ། །ལྷ་དེ་དག་འབའ་ཞིག་ཏུ་མ་བས་གཞན་ཡང་གསུམ་སྟེ། གནག་རྫི་གྲོང་ན་རྒྱུ་བ་དང་། །འབྲེག་མཁན་ནགས་ན་རྒྱུ་བ་དང་། །མག་པ་རྟག་ཏུ་འོང་བྱེད་པ། །དེ་གསུམ་གཏུན་གྱིས་བརྡེག་རྒྱུའོ། །རྒྱལ་པོས་སྨྲས་པ། གསོས་པ་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་ལན་གཅིག་གིས་བསད་དོ། །དེས་སྨྲས་པ། ལྷ། རྒྱལ་པོ་སྨྲ་བ་ལན་གཅིག་སྟེ། །བུ་མོ་སྦྱིན་པ་ལན་གཅིག་གོ །འཕགས་པའི་གཟིགས་པ་ལན་གཅིག་སྟེ། །དེ་གསུམ་ལན་རེ་ལན་རེ་འོ། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་ནི་རང་གིས་ནད་བསླངས་སོ། །དེས་སྨྲས་པ། ལྷ། སྡར་མ་སྣ་ཚོགས་གོ་གྱོན་དང་། །རྩྭ་མཇིང་ཆུང་ངུ་ནོར་མང་དང་། །རྒན་པོ་ཆུང་མ་གཞོན་ལེན་པ། །དེ་དག་རང་གིས་ནད་བསླངས་སོ། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ང་ནི་ཁྱོད་ལ་བག་ཚའོ། །དེས་སྨྲས་པ། ལྷ། དཀའ་ཐུབ་ཅན་ནི་བླུན་མཐོང་དང་། །དཔའ་བོ་རྨ་མཚན་མེད་པ་དང་། །བུ་མོ་ཆེན་མོ་མཐོང་ནས་J01,Vo11,Po18B ནི། །སྙིང་ལ་བག་ཚ་སྐྱེ་བར་འགྱུར། །ཞེས་བགྱི་བ་ཁྱོད་ཀྱིས་


DKG011_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ང་བརྙས་སོ། །དེས་སྨྲས་པ། ལྷ། ཅལ་ལེ་ཅོལ་ལེ་སྨྲ་བ་དང་། །གཉིས་པ་གོས་ངན་གྱོན་པ་དང་། །སྐྲུ་ཞིང་ཟ་བ་གང་ཡིན་པ། །དེ་གསུམ་བརྙས་པར་བྱ་བ་ཡིན། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ངས་ཁྱོད་དགྲ་ཞིག་བགས་ཀྱིས་སྤེལ་ཏོ། །དེས་སྨྲས་པ། ལྷ། ཉ་ནི་བགས་ཀྱིས་བཟའ་བར་བྱ། །རི་བོ་ལ་ནི་བགས་ཀྱིས་གཟེག །དོན་རྣམས་བགས་ཀྱིས་བསྒྲུབ་བྱ་སྟེ། །འདི་གསུམ་བགས་ཀྱིས་བགས་ཀྱིས་བྱ། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་ནི་བྱིས་པའོ། །དེས་སྨྲས་པ། ལྷ། མ་འདྲིས་པ་ལ་ཡིད་རྟོན་དང་། །མ་རུངས་པ་ལ་སྟེན་པ་དང་། །གྱ་ཙོམ་དུ་ནི་ཡོངས་གཏོང་བ། །བྱིས་པའི་མཚན་ཉིད་རྣམ་གསུམ་མོ། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་ནི་བཤེས་པ་འབྱེད་པ་ཡིན་ནོ། །དེས་སྨྲས་པ། ལྷ། བཤེས་རྣམས་ལ་ནི་མི་སྟེན་དང་། །གཉིས་པ་ཧ་ཅང་སྟེན་པ་དང་། །དུས་མ་ཡིན་པར་སློང་བྱེད་པ། །དེས་ནི་བཤེས་རྣམས་འབྱེད་པར་བྱེད། །ཅེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་ནི་སྐྱེས་བུ་ཐ་ཤལ་ཡིན་ནོ། །དེས་སྨྲས་པ། ལྷ། རྟག་ཏུ་གཞན་གྱི་ནོར་དང་ནི། །བདག་ཉིད་འདོད་པ་རྣོག་བྱེད་དང་། །དེ་བཞིན་སྡུག་བསྔལ་ལ་དགའ་བ། །དེ་གསུམ་སྐྱེས་བུ་ཐ་ཤལ་ཡིན། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་ནི་ཤིང་རྟའི་འཁོར་ལོས་གསད་རྒྱུ་ཡིན་ནོ། །དེས་སྨྲས་པ། ལྷ། རི་མོ་མཁན་ནི་ཚོན་གཏོང་མི་ཤེས་དང་། །འཁྲུལ་འཁོར་མཁན་ནི་འབྱོར་ཀ་མི་ཤེས་དང་། །གྱད་གྱི་བུ་ནི་དོར་ཐབས་མི་ཤེས་པ། །གསད་བྱ་གསད་པར་རྟག་ཏུ་བཟློག་པ་མེད། །ཅེས་བགྱི་བ་ལྷས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་ནི་གཡོ་ཅན་ཡིན་ནོ། །དེས་J01,Vo11,Po19A སྨྲས་པ། ལྷ། བུད་མེད་ཁྱོ་གསུམ་


DKG011_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པ་དང་། །དགེ་སློང་ཕྱིར་ནི་འོངས་པ་དང་། བྱ་ནི་རྒྱ་ལས་ཤོར་དང་གསུམ། །གཡོ་ཅན་ནང་ན་དེ་གཡོ་ངན། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། སྡོམ་ནི། རྙེད་པར་དཀའ་དང་གཞན་དང་གཅིག །བསགས་དང་དེ་བཞིན་མི་མཐུན་དང་། །བརྡུངས་དང་མེད་པ་ཉིད་དང་ནི། །མི་འཚམ་པ་ནི་དོན་མེད་དོ། །གསོས་པ་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་རྙེད་དཀའ་བ་བསད་དོ། །དེས་སྨྲས་པ། ལྷ། རི་བོང་རྭ་ཅན་རྙེད་པར་དཀའ། །རུ་སྦལ་སྤུ་ཅན་རྙེད་པར་དཀའ། །སྨད་འཚོང་གཅིག་པུ་འདུག་པ་དང་། །གཟུ་བོ་དྲང་པོར་སྨྲ་རྙེད་དཀའ། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་ཁྱོད་ཀྱིས་གཞན་གྱི་ཆེད་དུ་བ་ལང་སྐྱོང་གི་མ་ཞི་བ་བསད་དོ། །དེས་སྨྲས་པ། ལྷ། གཏམས་པ་ལེན་དང་གཉའ་བོ་དང་། །གཡོན་ཅན་གྱི་ནི་ཆེ་བཞི་དང་། །སྨྱན་བྱེད་བློ་ཞན་བཞི་པོ་དག །གཞན་གྱི་དོན་དུ་མ་རུང་འགྱུར། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ང་གཅིག་པུར་བྱས་སོ། །དེས་སྨྲས་པ། ལྷ། སྐྱེ་བ་ན་ཡང་འདི་གཅིག་སྐྱེ་བར་འགྱུར། །དེ་བཞིན་འཆི་བ་ན་ཡང་འདི་གཅིག་འཆི། །སྐྱེ་བོ་གཅིག་པུས་འདི་ན་སྡུག་བསྔལ་མྱོང་། །འཁོར་བ་ལ་ནི་གྲོགས་ཡོད་མ་ཡིན་ནོ། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་ཚོགས་བསགས་པ་བསད་དོ། །དེས་སྨྲས་པ། ལྷ། ཉ་སྒོང་ཨ་མྲའི་མེ་ཏོག་དང་། །སྡུག་བསྔལ་གྱུར་པའི་དོན་གཉེར་བ། །དཔེར་ན་སྟོན་ཀའི་སྤྲིན་བཞིན་དུ། །བསགས་པ་རྣམས་ཀྱང་དོན་མེད་འགྱུར། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་ནི་མི་མཐུན་པ་ཡིན་ནོ། །དེས་སྨྲས་པ། ལྷ། ཉི་མ་གྲིབ་མར་མི་མཐུན་ཞིང་། །སྣང་བ་དང་ནི་མུན་པ་དང་། །ཉིན་པར་མཚན་མོར་མི་མཐུན་ཏེ། །ཆོས་དང་ཆོས་མིན་རྟག་མི་མཐུན། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་


DKG011_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་གི་མ་ཞི་བ་བསད་པས་ཁྱོད་ནི་བརྡུང་རྒྱུའོ། །དེས་སྨྲས་པ། ལྷ། གོས་རྣམས་བརྡུངས་ན་འཇམ་པོ་དག་ཏུ་འགྱུར། །བོང་བུ་བརྡུངས་ན་དེ་དག་མགྱོགས་པར་འགྱུར། །བུད་མེད་རྣམས་ནི་བརྡུངས་ན་དབང་དུ་འགྱུར། །J01,Vo11,Po19B རྔ་དག་མ་བརྡུངས་སྒྲ་འབྱིན་མི་འགྱུར་རོ། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་ནི་མེད་པར་བྱ་བ་ཡིན་ནོ། །དེས་སྨྲས་པ། ལྷ། རླུང་གིས་སྦུན་པ་མེད་པར་བྱེད། །སྐྱེ་བོའི་སྒྲ་ཡིས་གླུ་དེ་བཞིན། །སྐྱེས་བུ་ངན་པ་བསྟེན་པ་དང་། །མི་མཛེས་ཡོན་ཏན་མེད་པར་བྱེད། །ཅེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་ནི་འཚམ་པ་མ་ཡིན་ནོ། །དེས་སྨྲས་པ། ལྷ། རྒྱལ་པོ་བརྫུན་དུ་སྨྲ་བ་དང་། །སྨན་པ་གསུང་དང་དགེ་སྦྱོང་འཁྲུག །བློ་དང་ལྡན་པ་ཀུན་རྨོངས་པ། །བཞི་ནི་འཚམ་པ་མ་ཡིན་ནོ། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་ཁྱོད་ཀྱིས་དོན་མེད་པར་བ་ལང་སྐྱོང་གི་མ་ཞི་བ་བསད་དོ། །དེས་སྨྲས་པ། ལྷ། ཉིན་པར་མར་མེ་བུས་པ་དོན་མེད་དོ། །རྒྱ་མཚོར་ཆར་པ་བབ་པ་དོན་མེད་དོ། །འགྲངས་ལ་སྟོན་མོ་བྱིན་པ་དོན་མེད་དོ། །སྐྱེས་བུ་ངན་པ་བསྟེན་པ་དོན་མེད་དོ། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། སྡོམ་ནི། སླུ་དང་བལྟ་དང་མ་ལེགས་དང་། །བསྐྲད་དང་འཇིགས་དང་མི་དགའ་གཏང་། །སྲེད་དང་མ་བསམས་མྱ་ངན་གཏོགས། །དེ་ནི་ཚོགས་སུ་ཡང་དག་བསྒྲགས། །རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་ནི་སླུ་བ་ཡིན་ནོ། །དེས་སྨྲས་པ། ལྷ། སླུ་བ་བཞི་མཆིས་པར་ཁྱོད་ཀྱིས་མ་གསན་ཏམ། བཞི་གང་ཡིན། ལྷ། མི་འདོད་པ་ལ་འདོམས་པ་དང་། །གཉིད་ཀྱིས་དུབ་ལ་འཆད་པ་དང་། །དོན་དུ་གཉེར་མིན་དོན་གཉེར་དང་། །སྟོབས་དང་ལྡན་རྣམས་འགྱེད་པའོ། །རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་ནི་བལྟ་བར་བྱ་བ་ཡིན་ནོ། །དེས་སྨྲས་པ།


DKG011_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ། གཡུལ་ངོར་དཔའ་བོ་བལྟ་བྱ་སྟེ། །མི་བཟད་དུག་ལ་གསང་སྔགས་བལྟ། །བཟའ་བཏུང་ཚེ་ན་ཉེ་དུ་སྟེ། །དོན་རྟོགས་བྱ་ལ་མཁས་པ་བལྟ། །ཞེས་བགྱི་བ་ཁྱོད་J01,Vo11,Po20A ཀྱིས་མ་གསན་ཏམ། །རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་མ་ལེགས་པ་བྱས་སོ། །དེས་སྨྲས་པ། ལྷ། ཁྱིམ་པ་ལེ་ལོ་མ་ལེགས་ཆགས་མ་ལེགས། །རབ་བྱུང་ཡང་དག་སྡོམ་པ་མིན་མ་ལེགས། །རྒྱལ་པོ་གཟུ་ལུམས་སྤྱོད་པའང་མ་ལེགས་ཏེ། །མཁས་གང་འཁྲུག་བྱེད་དེ་ཡང་མ་ལེགས་སོ། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་ནི་བསྐྲད་པར་བྱ་བ་ཡིན་ནོ། །དེས་སྨྲས་པ། ལྷ། མི་མཁས་ཤིང་རྟ་གཅོག་པ་དང་། །ཁལ་ཆེན་འགེལ་བས་གླང་གསོད་དང་། །ཧ་ཅང་བཞོས་པས་བེའུ་གསོད་དང་། །ཉེ་དུའི་ཁྱིམ་འདུག་ཆུང་མ་བསྐྲད། །ཅེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་མཐོང་ན་ང་འཇིགས་སོ། །དེས་སྨྲས་པ། ལྷ། འུར་པ་དང་ནི་ཆུ་སྐྱར་དང་། །གསུམ་པ་ཕྱག་དར་སྲིན་བུ་དང་། །བཞི་པ་ལྷམ་བུ་ཆུ་གཤེར་ནི། །འཇིགས་བྱ་མིན་ལ་འཇིགས་པར་བྱེད། །ཅེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་བ་ལང་སྐྱོང་གི་མ་ཞི་བ་མེད་པས་མི་དགའོ། །དེས་སྨྲས་པ། ལྷ། སྤྲེའུ་ནི་གྲོང་ན་མི་དགའ་སྟེ། །ཆུ་སྲིན་བྱིས་པ་གསོད་རི་ལ། །ཆོམ་རྐུན་དགེ་སྦྱོང་ཁྱིམ་དུ་སྟེ། །བྱི་པོ་རང་གི་ཁྱིམ་མི་དགའ། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་ནི་གཏང་བར་བྱ་བ་ཡིན་ནོ། །དེས་སྨྲས་པ། ལྷ། རིགས་ཀྱི་ཕྱིར་ནི་གཅིག་གཏང་སྟེ། །གྲོང་གི་ཕྱིར་ནི་རིགས་གཏང་ངོ་། །ཡུལ་གྱི་ཕྱིར་ནི་གྲོང་གཏང་སྟེ། །བདག་གི་ཕྱིར་ནི་ཡུལ་གཏང་ངོ་། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་


DKG011_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ངའི་སྲེད་པ་འཆད་དུ་མི་བཏུབ་པོ། །དེས་སྨྲས་པ། ལྷ། རྩ་མེད་གཞན་གྱི་བུད་མེད་དང་། །ལག་པ་གཅིག་གིས་ཆུ་འཐུང་དང་། །གཞན་གྱིས་ཆང་བླུད་གང་ཡིན་པ། །དེ་དག་སྲེད་པ་འཆད་པ་མེད། །ཅེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་ཁྱོད་ཀྱིས་མ་བསམས་པ་ཁོ་ནར་བ་ལང་སྐྱོང་གི་མ་ཞི་བ་བསད་དོ། །དེས་སྨྲས་པ། ལྷ། རྒྱལ་པོ་རྒྱལ་པོའི་མཛོད་ནི་མ་བསམས་པར། །ལམ་དུ་ཞུགས་ལ་ཆོམ་པོར་མ་བསམས་པར། །ཁྱིམ་ན་བུད་མེད་ཐབ་མོ་མ་བསམས་པར། །རབ་ཏུ་བྱུང་བའི་རྙེད་པ་མ་བསམས་པར། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་མྱ་ངན་བྱ་བ་ཡིན་ནོ། །དེས་སྨྲས་པ། ལྷ། ཆགས་ཅན་རྒས་པའང་མྱ་ངན་བྱ་བ་སྟེ། །མི་བཟང་པོར་མོའང་མྱ་ངན་བྱ་བ་ཡིན། །སྨད་འཚོང་རྒས་པའང་མྱ་ངན་བྱ་བ་སྟེ། །རབ་བྱུང་གཏུམ་པོའང་J01,Vo11,Po20B མྱ་ངན་བྱ་བ་ཡིན། །སྡོམ་ནི། བལྟ་བས་མི་ངོམས་ཡིད་འཐད་དང་། །བརྩེ་བར་མི་བྱ་ནོར་དང་ནི། །སྨྲ་བར་མི་བྱ་རབ་སྡང་དང་། །མགོན་མེད་བཤེས་དང་ཡིད་བརྟན་པའོ། །རྒྱལ་པོས་སྨྲས་པ། གསོས་པ་ཁྱོད་ཀྱིས་ངའི་བ་ལང་སྐྱོང་གི་མ་ཞི་བ་བལྟ་བས་མི་ངོམས་པ་བསད་དོ། །དེས་སྨྲས་པ། ལྷ། གླང་པོའི་གཙོ་དང་རྒྱལ་པོ་དང་། །རྒྱ་མཚོ་དང་ནི་རི་རབ་དང་། །སངས་རྒྱས་སྨྲ་བ་རྣམས་ཀྱི་མཆོག །བལྟ་བ་ཡིས་ནི་མི་ངོམས་ཡིན། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་ངའི་ཡིད་དང་འཐད་པ་བསད་དོ། །དེས་སྨྲས་པ། ལྷ། གཟུགས་བཟང་མོ་དང་རིགས་ལྡན་དང་། །དེས་དང་རིགས་ནི་འཕེལ་བྱེད་པ། །དར་ལ་བབ་དང་བུད་མེད་ལྔ། །རྒྱལ་ཆེན་ཡིད་དང་འཐད་པ་ཡིན། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་དང་ལྷན་ཅིག་རྩེ་བར་མི་བྱ་བ་ཡིན་ནོ། །དེས་


DKG011_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། ལྷ། བྱིས་པ་སྦྲུལ་དང་སྦལ་བ་དང་། །གང་གི་མ་ནི་གཡེམ་པ་དང་། །མི་གང་མཛའ་ནི་མི་རྟག་དང་། །ལྷན་ཅིག་རྩེ་བར་མི་བྱའོ། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་ཀྱིས་ནོར་འཕྲོག་པ་བྱས་སོ། །དེས་སྨྲས་པ། ལྷ། རོལ་མོ་མཁན་དང་དམག་མི་དང་། །སྨན་པ་ཆོམ་རྐུན་བཙོན་རྫི་སྟེ། །དེ་དག་ཉམ་ཐག་གྱུར་པ་ལའང་། །ནོར་ནི་འཕྲོག་པར་བྱེད་པ་ཡིན། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་ནི་སྨྲ་བར་བྱ་བ་མ་ཡིན་ནོ། །དེས་སྨྲས་པ། ལྷ། ཧ་ཅང་ཕྱུག་དང་ཧ་ཅང་དབུལ། །དམའ་དང་ཧ་ཅང་མཐོ་གང་དང་། །ཧ་ཅང་རིང་དང་ཧ་ཅང་ཉེ། །དེ་དྲུག་སྨྲ་བར་བྱ་བ་མིན། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་ནི་སེམས་རབ་ཏུ་སྡང་བ་ཡིན་ནོ། །དེས་སྨྲས་པ། ལྷ། སྦྱིན་པ་མི་སྣང་མི་མཐུན་བྱེད་པ་དང་། །མཐུན་པར་མི་བྱེད་ཉེས་སྤྱོད་སྒྲོགས་པ་དང་། །སྦྱིན་པ་བྱིན་ནས་རིམ་གྱིས་ལྡོག་བྱེད་པ། །དེ་དག་རབ་ཏུ་སྡང་བའི་རྟགས་ཡིན་ནོ། །J01,Vo11,Po21A ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ང་མགོན་མེད་པར་གྱུར་ཏོ། །དེས་སྨྲས་པ། ལྷ། གནས་བརྟན་རྒྱལ་པོ་རྒན་པོ་དང་། །ཚུལ་མེད་བཀའ་བློ་མི་བདེ་དང་། །བླ་མ་ལ་ནི་གནོད་བྱེད་གང་། །དེ་དྲུག་མགོན་ནི་མེད་པར་བཤད། །ཅེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་ཁྱོད་ཀྱིས་གང་གི་ཕྱིར་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་དང་ལྷན་ཅིག་བཤེས་པར་བྱ་བ་མ་ཡིན་ནོ། །དེས་སྨྲས་པ། ལྷ། བཞད་གད་མཁན་དང་གར་མཁན་དང་། །ཕོ་ཉ་སྨད་འཚོང་ཆང་དད་ཅན། །མ་ནིང་དེ་བཞིན་གཞུང་ངན་པ། །དེ་དག་དང་ནི་བཤེས་མི་བྱ། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་


DKG011_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་ནི་ཡིད་བརྟན་པར་བྱ་བ་མ་ཡིན་ནོ། །དེས་སྨྲས་པ། ལྷ། སྐེ་ཙམ་ནུབ་པའི་ཆུ་དང་རྟ་དང་ནི། །གླང་པོ་ཆེ་དང་སྤྲེའུ་དང་སྦྲུལ་ནག་དང་། །སྤུ་འགྲེང་བ་དང་གདོང་གཉེར་གང་བ་དང་། །ཁ་སྤུ་ཉུང་ལ་ཡིད་ནི་བརྟན་མི་བྱ། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། སྡོམ་ནི། གཉིད་མེད་འདོད་པ་མ་ཡིན་དང་། །ཀུན་ནས་མནར་སེམས་དངོས་པོ་དང་། །དེ་བཞིན་སྙིང་རྗེ་ཁྭ་དང་ནི། །ཟློག་ཐབས་ཐ་མ་སྟོབས་ཡིན་ནོ། །རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ང་གཉིད་མེད་དོ། །དེས་སྨྲས་པ། ལྷ། གཡེམ་དང་སྐེམ་ནད་ཅན་དང་ནི། །ཆམ་པས་ཐེབས་དང་སྡུག་བསྔལ་དང་། །དོན་སེམས་ཁྲོས་དང་བརྩོན་པ་དང་། །འཇིགས་པ་དེ་ནི་རྣམ་ཀུན་ཏུ། །གཉིད་མི་འོང་སྟེ་འཇིག་རྟེན་ན། །བརྒྱད་ནི་རང་བཞིན་སྡུག་བསྔལ་ལོ། །ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་J01,Vo11,Po21B ང་འདོད་པ་མ་ཡིན་ནོ། །དེས་སྨྲས་པ། ལྷ། འདོད་པ་མ་ཡིན་པའི་དངོས་པོ་བརྒྱད་ཅེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། གསོས་པ་བརྒྱད་གང་ཡིན། ན་དང་རྒ་དང་འཆི་བ་དང་། །སྡུག་བྲལ་མི་སྡུག་ཕྲད་པ་དང་། །སེར་བ་ཐོག་ཏོག་མི་རྟག་ཉིད། །བརྒྱད་ནི་འཇིག་རྟེན་འདོད་མིན་རབ། །རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ང་ཁྱོད་ལ་ཀུན་ནས་མནར་སེམས་སྐྱེས་སོ། །དེས་སྨྲས་པ། ལྷ། ཀུན་ནས་མནར་སེམས་དགུ་འདུལ་བ་ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། གསོས་པ་དགུ་གང་ཡིན། ལྷ་འདི་ནི་བདག་ལ་གནོད་པར་འདོད་པ་ཕན་པ་མ་ཡིན་པར་འདོད་པ་བདེ་བ་མ་ཡིན་པར་འདོད་པ་རེག་པ་མ་ཡིན་པར་འདོད་པ། གྲུབ་པ་དང་བདེ་བ་མ་ཡིན་པར་འདོད་པ་སྟེ། འདིས་བདག་ལ་འདོད་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ་སྙམ་མོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། གཞན་ལས་བདག་གི་འདི་ལྟར་གྱུར་ན་མི་རུང་བས་བདག་གི་འདི་


DKG011_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ལྟར་འགྱུར་བར་བྱའོ་ཞེས་བྱ་བ་འདི་འགྲུབ་པར་ག་ལ་འགྱུར་སྙམ་ནས། དེ་དེ་ལ་ཀུན་ནས་མནར་སེམས་སྐྱེས་པ་སེལ་བར་བྱེད་དོ། །འདི་ནི་གང་ཞིག་བདག་ལ་གནོད་པར་འདོད་པ་ཕན་པ་མ་ཡིན་པར་འདོད་པ། བདེ་བ་མ་ཡིན་པར་འདོད་པ། རིག་པ་མ་ཡིན་པར་འདོད་པ། གྲུབ་པ་དང་བདེ་བ་མ་ཡིན་པར་འདོད་པ། དེ་ལ་གནོད་པར་འདོད་པ། ཕན་པ་མ་ཡིན་པར་འདོད་པ། བདེ་བ་མ་ཡིན་པར་འདོད་པ། རེག་པ་མ་ཡིན་པར་འདོད་པ། གྲུབ་པ་དང་བདེ་བ་མ་ཡིན་པར་འདོད་པ་སྟེ། འདིས་དེ་ལ་གནོད་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ་སྙམ་མོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། གཞན་ལས་བདག་གི་འདི་ལྟར་གྱུར་ན་མི་རུང་བས་བདག་གིས་འདི་ཁོ་ན་ལྟར་འགྱུར་བར་བྱའོ་ཞེས་བྱ་བ་འདི་འགྲུབ་པར་ག་ལ་འགྱུར་སྙམ་ནས། དེ་དེ་ལ་ཀུན་ནས་མནར་སེམས་སྐྱེས་པ་སེལ་བར་བྱེད་དོ། །འདི་ནི་གང་ཞིག་བདག་ལ་གནོད་པར་འདོད་པ། ཕན་པ་མ་ཡིན་པར་འདོད་པ། བདེ་བ་མ་ཡིན་པར་འདོད་པ། རེག་པ་མ་ཡིན་པར་འདོད་པ། གྲུབ་པ་དང་བདེ་བ་མ་ཡིན་པར་འདོད་པ། དེ་ལ་དོན་དུ་འདོད་པ། ཕན་པར་འདོད་པ། བདེ་བར་འདོད་པ། རེག་པར་འདོད་པ། གྲུབ་པ་དང་བདེ་བར་འདོད་པ་སྟེ། འདིས་དེ་ལ་ཕན་པར་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ་སྙམ་མོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། གཞན་ལས་བདག་གིས་འདི་ལྟར་གྱུར་ན་མི་རུང་བས་བདག་གིས་འདི་ཁོ་ན་ལྟར་འགྱུར་བར་བྱའོ་ཞེས་བྱ་བ་འདི་གྲུབ་པར་ག་ལ་འགྱུར་སྙམ་ནས། དེ་དེ་ལ་ཀུན་ནས་མནར་སེམས་སྐྱེས་པ་སེལ་བར་བྱེད་དོ། །རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་ནི་སྙིང་རྗེ་མེད་པ་ཡིན་ནོ། །དེས་སྨྲས་པ། J01,Vo11,Po22A ལྷ། ཁྱོད་ཀྱིས་སྙིང་རྗེ་མེད་པ་བཅུ་པོ་ཤན་པ་དང་། བྱ་གག་འཚོང་པ་དང་། ཕག་འཚོང་པ་དང་། ཉ་པ་དང་། རི་དགས་ཀྱི་རྔོན་པ་དང་། བྱ་བ་དང་། རི་བོང་རྒྱས་འཆོར་བ་དང་། ཆོམ་རྐུན་པ་དང་། གཤེད་མ་པ་དང་། བ་ལང་གསོད་པ་ལགས་པར་མ་གསན་ཏམ། རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་


DKG011_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་ནི་ཁྭ་ལྟ་བུ་ཡིན་ནོ། །དེས་སྨྲས་པ། ལྷ། ཡན་ལག་བཅུ་དང་ལྡན་ན་ཁྭ་ལྟ་བུ་ལགས་སོ་ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། གསོས་པ་བཅུ་གང་ཡིན། ལྷ། གཅོར་བ་དང་། མུ་ཅོར་སྨྲ་བ་དང་། ཐུབ་ཆོད་བྱེད་པ་དང་། འཁུ་བ་དང་། བྱས་པ་མི་གཟོ་བ་དང་། སྙིང་རྗེ་མེད་པ་དང་། མ་བྱིན་པར་ལེན་པ་དང་། བསོགས་པ་དང་། དགང་དཀའ་བ་དང་། འཆལ་པ་ལགས་སོ། །རྒྱལ་པོས་སྨྲས་པ། གསོས་པ་གང་གི་ཕྱིར་ཁྱོད་ཀྱིས་བ་ལང་སྐྱོང་གི་མ་ཞི་བ་བསད་པས་ཁྱོད་ནི་ཟློག་ཐབས་ཅན་ཡིན་ནོ། ། དེས་སྨྲས་པ། ལྷ། ཟློག་ཐབས་ཅན་བཅུ་ཞེས་བགྱི་བ་ཁྱོད་ཀྱིས་མ་གསན་ཏམ། གསོས་པ་བཅུ་གང་ཡིན། ལྷ། ཉི་མ་ཟློག་ཐབས་ཅན་དང་། ཟླ་བ་ཟློག་ཐབས་ཅན་དང་། མེ་ཟློག་ཐབས་ཅན་དང་། ཆུ་ཟློག་ཐབས་ཅན་དང་། གཞོན་ནུ་མ་ཟློག་ཐབས་ཅན་དང་། བུད་མེད་ཟློག་ཐབས་ཅན་དང་། བྲམ་ཟེ་ཟློག་ཐབས་ཅན་དང་། གཅེར་བུ་པ་ཟློག་ཐབས་ཅན་དང་། དགེ་སློང་ཟློག་ཐབས་ཅན་དང་། སླད་ས་ཟློག་ཐབས་ཅན་ལགས་སོ། །དེ་ལ་ཉི་མ་ཟློག་ཐབས་ཅན་ནི་ཉི་མ་ནི་དགུན་གློ་ནས་མཆི་ན་དྲོ་བར་ཡང་མི་འགྱུར་ལ། སོ་ག་ཐག་རིང་པོ་ནས་མཆི་ན་འོན་ཀྱང་དྲོ་བར་འགྱུར་ཏེ། འདི་ནི་ཉི་མ་ཟློག་ཐབས་ཅན་ཞེས་བགྱིའོ། །ཟླ་བ་ཟློག་ཐབས་ཅན་གང་ཞེ་ན། ཟླ་བ་ནི་གང་གི་ཚེ་ཤས་ཆུང་བ་དེའི་ཚེ་སྐྱེ་བོ་ཐམས་ཅད་ཀྱིས་ཕྱག་བྱ་བར་འགྱུར་ལ། གང་གི་ཚེ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པ་དེའི་ཚེ་སུ་ཡང་ཕྱག་མི་འཚལ་ཏེ། འདི་ནི་ཟླ་བ་ཟློག་ཐབས་ཅན་ཞེས་བགྱིའོ། །མེ་ཟློག་ཐབས་ཅན་གང་ཞེ་ན། མེ་ནི་ཚིག་པ་མེ་ཉིད་དུ་སྲེག་སྟེ། འདི་ནི་མེ་ཟློག་ཐབས་ཅན་ཞེས་བགྱིའོ། །ཆུ་ཟློག་ཐབས་ཅན་གང་ཞེ་ན། ཆུ་ནི་དགུན་རྫིང་ན་བསིལ་ན་འོན་ཀྱང་བཏུང་དུ་མི་རུང་གི། ཁྲོན་པ་ན་དྲོ་ན་འོན་ཀྱང་བཏུང་དུ་རུང་ལ། སོ་གར་རྫིང་ན་དྲོ་ན་འོན་ཀྱང་བཏུང་དུ་རུང་ལ། ཁྲོན་པ་ན་བསིལ་ན་འོན་ཀྱང་བཏུང་དུ་མི་རུང་སྟེ། J01,Vo11,Po22B འདི་ནི་ཆུ་ཟློག་ཐབས་ཅན་ཞེས་བགྱིའོ། །གཞོན་ནུ་མ་ཟློག་ཐབས་ཅན་གང་ཞེ་ན། གཞོན་ནུ་མ་ནི་གང་གི་ཚེ་མ་བྱིན་པ་


DKG011_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་གྱོས་པོའི་ཁྱིམ་ལ་དགའ་ལ། གང་གི་ཚེ་གྱོས་པོའི་ཁྱིམ་དུ་ཁྱེར་བ་དེའི་ཚེ་ཁྱིམ་ལ་ཁོང་དུ་ཡང་དགའ་ལ་ངུ་བར་བྱེད་དེ། འདི་ནི་གཞོན་ནུ་མ་ཟློག་ཐབས་ཅན་ཞེས་བགྱིའོ། །བུད་མེད་ཟློག་ཐབས་ཅན་གང་ཞེ་ན། བུད་མེད་ནི་གང་གི་ཚེ་གཞོན་ཞིང་བལྟ་ན་ཡིད་དུ་འོང་བ་དེའི་ཚེ་ལུས་བཀབ་སྟེ་འགྲོ་ལ། གང་གི་ཚེ་རྒས་ཤིང་ཡིད་དུ་མི་འོང་བ་དེའི་ཚེ་ཕྱེ་ནས་འགྲོ་སྟེ། འདི་ནི་བུད་མེད་ཟློག་ཐབས་ཅན་ཞེས་བགྱིའོ། །བྲམ་ཟེ་ཟློག་ཐབས་ཅན་གང་ཞེ་ན། བྲམ་ཟེ་ནི་གང་གི་ཚེ་བྱིས་པ་སྟེ་འདོད་པའི་འདོད་ཆགས་མ་སྐྱེས་པ་དེའི་ཚེ་ཚངས་པར་སྤྱད་པ་སྤྱོད་པ་ལ་གང་གི་ཚེ་དར་ལ་བབ་སྟེ་འདོད་པའི་འདོད་ཆགས་སྐྱེས་པ་དེའི་ཚེ་འདོད་པ་དག་སྟེན་པར་བྱེད་དེ། འདི་ནི་བྲམ་ཟེ་ཟློག་ཐབས་ཅན་ཞེས་བགྱིའོ། །གཅེར་བུ་པ་ཟློག་ཐབས་ཅན་གང་ཞེ་ན། གཅེར་བུ་པ་ནི་གང་གི་ཚེ་ཁྱིམ་ན་འདུག་པ་དེའི་ཚེ་གོས་གྱོན་ཞིང་འདུག་ལ་གང་གི་ཚེ་སྤྱོད་ཡུལ་དུ་འགྲོ་བ་དེའི་ཚེ་ནི་གཅེར་བུར་འགྲོ་སྟེ། འདི་ནི་གཅེར་བུ་པ་ཟློག་ཐབས་ཅན་ཞེས་བགྱིའོ། །དགེ་སློང་ཟློག་ཐབས་ཅན་གང་ཞེ་ན། དགེ་སློང་ནི་གང་གི་ཚེ་གཞོན་ནུ་ལང་ཚོ་ལ་བབ་ཅིང་ཟོས་པ་དང་འཐུངས་པ་དང་། འཆོས་པ་དང་མྱངས་པ་རྣམས་འཇུ་བར་ནུས་པ་དེའི་ཚེ་དེ་དག་མི་རྙེད་ལ། གང་གི་ཚེ་རྒས་ཏེ་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་རྣམས་འཇུ་བར་མི་ནུས་པ་དེའི་ཚེ་དེ་དག་རྙེད་དེ། འདི་ནི་དགེ་སློང་ཟློག་ཐབས་ཅན་ཞེས་བགྱིའོ། །སླད་ས་ཟློག་ཐབས་ཅན་གང་ཞེ་ན། སླད་ས་ནི་གང་གི་ཚེ་གཤེར་བ་དེའི་ཚེ་ཆུའི་སྟེང་ན་འཕྱོ་ལ། གང་གི་ཚེ་སྐམས་པ་དེའི་ཚེ་འབྱིང་སྟེ། འདི་ནི་སླད་ས་ཟློག་ཐབས་ཅན་ཞེས་བགྱིའོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་སུམ་བཅུ་པ། རྒྱལ་པོས་སྨྲས་པ། གསོས་པ་ཐམས་ཅད་གོ་སྟེ་ཆོག་གོ །འདི་དྲིས་དྲང་པོར་སྨྲོས་ཤིག །ཁྱོད་ཀྱིས་སྟོབས་གང་གིས་བ་ལང་སྐྱོང་གི་མ་ཞི་བ་བསད་དེས་སྨྲས་པ། ལྷ་བདག་ལ་གང་གིས་ན་བ་ལང་སྐྱོང་གི་མ་ཁུམས་པའི་སྟོབས་ག་ལ་མཆིས། ལྷ་འོན་ཀྱང་འཕགས་པ་ཀ་ཏྱའི་བུ་ཆེན་པོ་འདི་གང་གི་ཉན་ཐོས་ལགས་པ་དེ་ནི་དེ་


DKG011_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། J01,Vo11,Po23A བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་ལགས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་ཐོགས་པ་མི་མངའ་བའི་སྟོབས་ཀྱིས་འཁོར་ལོས་སྒྱུར་བ་དེ་ལ་གང་དག་དང་ལྡན་ན་དེ་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་ཞིང་ཚངས་པའི་འཁོར་ལོ་བསྐོར་བར་མཛད། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པར་མཛད་པ་སྟོབས་བཅུ་མངའོ། །བཅུ་གང་ལགས་ཞེ་ན། ལྷ་དེ་ནི་གནས་ལ་ཡང་གནས་སུ། གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ལྷ་འདི་ནི་དེའི་སྟོབས་དང་པོ་ལགས་ཏེ། སྟོབས་དེ་དང་ལྡན་པས་དེ་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་ཞིང་ཚངས་པའི་འཁོར་ལོ་བསྐོར་བར་མཛད། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པར་མཛད་དོ། །ལྷ་གཞན་ཡང་དེས་སེམས་ཅན་རྣམས་ཀྱི་ལས་དང་ཆོས་ཡང་དག་པར་བླངས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་ལ་གནས་དང་། གཞི་དང་། རྒྱུ་དང་། རྣམ་པར་སྨིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེས་སེམས་ཅན་རྣམས་ཀྱི་ལས་དང་ཆོས་ཡང་དག་པར་བླངས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་གནས་དང་། གཞི་དང་། རྒྱུ་དང་། རྣམ་པར་སྨིན་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་གང་ལགས་པ་འདི་ནི་ལྷ་དེའི་སྟོབས་གཉིས་པ་ལགས་ཏེ། སྟོབས་དེ་དང་ལྡན་པས་དེ་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་ཞིང་ཚངས་པའི་འཁོར་ལོ་བསྐོར་བར་མཛད། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པར་མཛད་དོ། །ལྷ། གཞན་ཡང་དེས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་གཞག་པ་དང་། རྣམ་པར་དག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་


DKG011_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་གཞག་པ་དང་། རྣམ་པར་དག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་པ་གང་ལགས་པ་འདི་ནི་ལྷ་དེའི་སྟོབས་གསུམ་པ་ལགས་ཏེ། སྟོབས་J01,Vo11,Po23B དེ་དང་ལྡན་པས་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་ཞིང་ཚངས་པའི་འཁོར་ལོ་བསྐོར་བར་མཛད། འཁོར་གྱི་ནང་ན་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པར་མཛད་དོ། །ལྷ་གཞན་ཡང་དེས་སེམས་ཅན་གཞན་རྣམས་དང་གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེས་སེམས་ཅན་གཞན་རྣམས་དང་གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་གང་ལགས་པ་འདི་ནི་དེའི་སྟོབས་བཞི་པ་ལགས་ཏེ། སྟོབས་དེ་དང་ལྡན་པས་དེ་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་ཞིང་ཚངས་པའི་འཁོར་ལོ་བསྐོར་བར་མཛད། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པར་མཛད་དོ། །ལྷ་གཞན་ཡང་དེས་སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་རྣམས་ཀྱིས་མོས་པ་སྣ་ཚོགས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེས་སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་རྣམས་ཀྱི་མོས་པ་སྣ་ཚོགས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་གང་ལགས་པ་འདི་ནི་ལྷ་དེའི་སྟོབས་ལྔ་པ་ལགས་ཏེ། སྟོབས་དེ་དང་ལྡན་པས་དེ་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་ཞིང་ཚངས་པའི་འཁོར་ལོ་བསྐོར་བར་མཛད། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པར་མཛད་དོ། །ལྷ་གཞན་ཡང་དེས་འཇིག་རྟེན་ཁམས་སྣ་ཚོགས་པ་དང་། ཁམས་དུ་མ་པའོ་ཞེས་བགྱི་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །


DKG011_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

དེས་འཇིག་རྟེན་ཁམས་སྣ་ཚོགས་པ་དང་། ཁམས་དུ་མ་པའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་གང་ལགས་པ་འདི་ནི་ལྷ་དེའི་སྟོབས་དྲུག་པ་ལགས་ཏེ། སྟོབས་དེ་དང་ལྡན་པས་དེ་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་ཞིང་ཚངས་པའི་འཁོར་ལོ་བསྐོར་བར་མཛད། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པར་མཛད་དོ། །ལྷ་གཞན་ཡང་དེས་ཀུན་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེས་ཀུན་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་གང་ལགས་པ་འདི་ནི་ལྷ་དེའི་སྟོབས་བདུན་པ་ལགས་ཏེ། སྟོབས་J01,Vo11,Po24A དེ་དང་ལྡན་པས་དེ་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་ཞིང་ཚངས་པའི་འཁོར་ལོ་བསྐོར་བར་མཛད། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པར་མཛད་དོ། །ལྷ་གཞན་ཡང་དེས་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དགོངས་ཏེ། འདི་ལྟ་སྟེ། ཚེ་གཅིག་ཀྱང་དགོངས། ཚེ་གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་། དགུ་དང་། བཅུ་དང་། ཉི་ཤུ་དང་། སུམ་བཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། ཚེ་བརྒྱ་དང་། ཚེ་སྟོང་དང་། ཚེ་བརྒྱ་སྟོང་དང་། ཚེ་བརྒྱ་ཕྲག་དུ་མ་དང་། ཚེ་སྟོང་ཕྲག་དུ་མ་དང་། ཚེ་བརྒྱ་སྟོང་ཕྲག་དུ་མ་དང་། འཇིག་པའི་བསྐལ་པ་དང་། འཆགས་པའི་བསྐལ་པ་དང་། འཇིག་པ་དང་འཆགས་པའི་བསྐལ་པ་དང་། འཇིག་པའི་བསྐལ་པ་དུ་མ་དང་། འཆགས་པའི་བསྐལ་པ་དུ་མ་དང་། འཇིག་པ་དང་འཆགས་པའི་བསྐལ་པ་དུ་མ་ཡང་རྗེས་སུ་དགོངས་ཏེ། གང་དུ་བདག་གི་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ལྟ་བུ། རུས་ནི་འདི་ལྟ་བུ། ཁ་ཟས་ནི་འདི་ལྟ་བུ་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་ཉམས་སུ་མྱོང་། ཚེ་ནི་འདི་ཙམ་ཐུབ། ཡུན་ནི་འདི་སྲིད་ཅིག་གནས་གནས། ཚེའི་མཐའ་ནི་འདི་སྲིད་ཅིག་ཡིན་པར་གྱུར་པ་ན་སེམས་ཅན་ནི་དེ་དག་བྱུང་ངོ་། །བདག་གནས་དེ་ནས་ཤི་འཕོས་ནས་ནི་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །དེ་ནས་ཀྱང་ཤི་འཕོས་ནས་ནི་འདིར་སྐྱེས་སོ་ཞེས་སྔོན་གྱི་གནས་རྣམ་པ་དུ་མ་རྣམ་པ་དང་བཅས། ཡུལ་


DKG011_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་དང་བཅས་པར་རྗེས་སུ་དགོངས་སོ། །དེས་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དགོངས་ཏེ། འདི་ལྟ་སྟེ། ཚེ་གཅིག་ཀྱང་དགོངས་པ་ནས། འདིར་སྐྱེས་ཞེས་བྱ་བའི་བར་སྔོན་གྱི་གནས་རྣམ་པ་དུ་མ་རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས་པར་རྗེས་སུ་དགོངས་པ་གང་ལགས་པ་འདི་ནི་ལྷ་དེའི་སྟོབས་བརྒྱད་པ་ལགས་ཏེ། སྟོབས་དེ་དང་ལྡན་པས་དེ་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་ཞིང་ཚངས་པའི་འཁོར་ལོ་བསྐོར་བར་མཛད། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པར་མཛད་དོ། །ལྷ་གཞན་ཡང་དེས་ལྷའི་སྤྱན་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་དང་། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། དམན་པ་དང་། གྱ་ནོམ་པ་རྣམས་ཀྱང་གཟིགས་ལ་སེམས་ཅན་ལས་ཇི་ལྟ་བ་བཞིན་J01,Vo11,Po24B དུ་ཉེ་བར་འགྲོ་བ་བདེ་འགྲོ་དང་། ངན་འགྲོར་འགྲོ་བ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །སེམས་ཅན་འདི་དག་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ། ངག་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་འདེབས་པ། ལོག་པར་ལྟ་བ་ཅན་ཡིན་ཏེ་ལོག་པར་ལྟ་བའི་ལས་དང་ཆོས་ཡང་དག་པར་བླངས་པའི་ཕྱིར་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་རོ། །སེམས་ཅན་འདི་དག་ནི་ལུས་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ། ངག་དང་ཡིད་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ། ཡང་དག་པའི་ལྟ་བ་ཅན་ཏེ། ཡང་དག་པའི་ལྟ་བའི་ལས་དང་ཆོས་ཡང་དག་པར་བླངས་པའི་རྒྱུས་རྒྱུ་དང་རྐྱེན་དེས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་སུ་ལྷ་དག་གི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ལྷའི་སྤྱན་ཞེས་བྱ་བ་ནས། བདེ་འགྲོ་མཐོ་རིས་སུ་ལྷ་དག་གི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །འདི་ནི་ལྷ་དེའི་སྟོབས་དགུ་པ་ལགས་ཏེ། སྟོབས་དེ་དང་


DKG011_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པས་དེ་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་ཞིང་ཚངས་པའི་འཁོར་ལོ་བསྐོར་བར་མཛད། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པར་མཛད་དོ། །ལྷ་གཞན་ཡང་དེ་ཟག་པ་རྣམས་ཟད་པའི་ཕྱིར་མཐོང་བའི་ཆོས་ཁོ་ན་ལ་ཟག་པ་མེད་པའི་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ། བདག་གི་ཟག་པ་ཟད་དོ། །ཚངས་པར་སྤྱོད་པ་བསྟན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་གསུང་ངོ་། །དེ་ཟག་པ་རྣམས་ཟད་པའི་ཕྱིར་མཐོང་བའི་ཆོས་ཁོ་ན་ལ་ཟག་པ་མེད་པའི་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་ཞེས་བྱ་བ་ནས། འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །ལྷ་འདི་ནི་དེའི་སྟོབས་བཅུ་པ་ལགས་ཏེ། སྟོབས་དེ་དང་ལྡན་པས་དེ་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་ཞིང་ཚངས་པའི་འཁོར་ལོ་བསྐོར་བར་མཛད། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པར་མཛད་དོ། །J01,Vo11,Po25A དེ་སྐད་ཅེས་སྨྲས་པ་དང་། རྒྱལ་པོ་རབ་སྣང་སྤོབས་པ་མེད་ནས་ཅང་མི་ཟེར་བར་འདུག་གོ །གསོས་པས་བསམས་པ། ལྷ་ནི་སྤོབས་པ་མེད་དེ་ཅང་མི་ཟེར་བར་འདུག་ན་འདི་དང་བ་ལང་སྐྱོང་གི་མ་ཞི་བ་ཇི་སྲིད་མཐོ་བཙམ་སྙམ་ནས་དེས་དེ་ངོམ་ཟུང་གནག་བཞིན་ཁྲིད་ནས་རྒྱལ་པོའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ། རྒྱལ་པོ་ལ་བཟོད་པ་གསོལ་བར་ཞུགས་པ། ལྷ། མི་ཡི་དབང་པོས་འདིར་རྟག་ཆོས་ཀྱི་ཚུལ། །བགྲོད་ཅིང་རྗེས་སུ་བགྲོད་པ་ཡང་དག་གཟིགས། །བཟོད་པ་རྒྱལ་པོ་རྣམས་ཀྱི་ཆོས་གཙོ་ལྷ། །བ་ལང་སྐྱོང་གི་མ་ཡི་ནོངས་བཟོད་མཛོད། །འཇིག་རྟེན་བལྟ་བྱ་ལེགས་གསུངས་རིན་པོ་ཆེ། །ཇི་སྟེ་གཟིགས་པར་མ་གྱུར་གསན་མ་གྱུར། །ཁྱོད་ཀྱིས་གླང་པོ་ཆེ་ཡང་གདུལ་བར་སྤྱོད་ལགས་ན། །ཅུང་ཟད་ནོངས་བགྱིད་བུད་མེད་སྨོས་ཅི་འཚལ། །ཁྱོད་ལས་མི་འཕྱོ་གཟུགས་དང་ཡོན་ཏན་ལྡན། །སྔོན་དང་ཕྱིས་ཀྱང་དེ་བཞིན་བཙུན་མོ་ལགས། །རྗེ་སླད་ཁོ་ནར་


DKG011_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་གཅིག་བ་ལང་མའི། །ཐམས་ཅད་བཟོད་པ་མཛོད་ཅེས་དེ་སྐད་མཆིའོ། །རྒྱལ་པོས་ཀྱང་གསོས་པ་ལ་ཚིགས་སུ་བཅད་དེ་སླར་སྨྲས་པ། རབ་སྨྲས་ལེགས་པར་སྨྲས་འདི་ཁྱོད་ཀྱིས་ནི། །ང་ལ་སྙིང་ཉེ་བསྐྱེད་དེ་སྨྲས་པ་ཡིན། །དེ་ལྟས་ཁྱོད་ལ་ཀ་ནྱཱ་ཀུབ་ཛ་སྦྱིན། །ང་ཡིས་ཞི་བ་ལ་ཡང་སྙིང་ནས་བཟོད། །གསོས་པའི་ལན་རྫོགས་སྷོ།། །།སྡོམ་ནི། དྲག་ཤུལ་ཅན་གྱིས་གསེར་སྣོད་དང་། །འོད་བཟངས་མ་དང་དགོན་པ་པ། །འཚོ་བྱེད་དང་ནི་འབྲས་སྨན་དང་། །འཁོར་ནི་མང་པོ་སུན་བྱེད་པའོ། །སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་ན་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ། །དེའི་ཚེ་བྲམ་ཟེ་དང་ཁྱིམ་བདག་མང་པོ་དཔོང་ས་ན་འདུས་ཤིང་འཁོད་པ་དག་བར་སྐབས་ཀྱི་གཏམ་འདི་ལྟ་བུ་དག་གླེང་སྟེ། ཤེས་ལྡན་དག་དགེ་སྦྱོང་གཽ་ཏ་མ་དང་དེའི་ཉན་ཐོས་རྣམས་ཀྱང་འདོད་ཆེན་ཆེ་བའོ། །མུ་སྟེགས་ཅན་དག་ནི་དེ་ལྟ་མ་ཡིན་ནོ་ཞེས་ཟེར་རོ། །དེའི་ཚེ་ཁྱིམ་བདག་དྲག་ཤུལ་ཅན་འཁོར་དེ་ཉིད་དུ་འདུས་ནས་འདུག་པར་གྱུར་ཏོ། །དེ་ནས་ཁྱིམ་བདག་དྲག་ཤུལ་གྱིས་ཡངས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་མང་པོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་རེ་ཞིག་སྡོད་ཅིག་དང་། ངས་བཅོམ་ལྡན་འདས་འདོད་ཆེན་ཆེའམ། འདོད་ཆེན་ཆུང་བ་དང་། དེའི་ཉན་ཐོས་J01,Vo11,Po25B འདོད་ཆེན་ཆེའམ། འདོད་ཆེན་ཆུང་བ་དག་ཁྱེད་ཀྱིས་མངོན་སུམ་དུ་བྱའོ་ཞེས་བྱས་ནས། དེ་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་གྱི་སྣོད་དག་བསྡོགས་ནས། སངས་རྒྱས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དང་ལྷན་ཅིག་མངོན་སུམ་དུ་ཡང་དག་པར་དགའ་བ་དང་། ཡང་དག་པར་མགུ་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དྲག་ཤུལ་ཅན་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་ལེན་དུ་འཇུག་པར་མཛད། ཡང་དག་པར་


DKG011_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་མཐུན་པའི་གཏམ་གྱིས་ཡང་དག་པར་བསྟན། །ཡང་དག་པར་ལེན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བདག་གི་སྡུམ་པར་སང་གདུགས་ཚོད་གསོལ་བར་ཅི་གནང་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དྲག་ཤུལ་ཅན་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་གྱིས་བཅོམ་ལྡན་འདས་ཅང་མི་གསུང་བར་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེས་མུ་སྟེགས་ཅན་རྣམས་ལ་ཡང་ཤེས་ལྡན་དག་སང་བདག་གི་ཁྱིམ་དུ་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གདུགས་ཚོད་ལ་སྤྱན་དྲངས་ཀྱིས་ཁྱེད་ཀྱང་དེ་ཉིད་དུ་ཟན་ལ་ཤོག་ཤིག་ཅེས་མགྲོན་དུ་བོས་སོ། །ཡངས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཡང་ཤེས་ལྡན་དག་བདག་གིས་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། མུ་སྟེགས་ཅན་རྣམས་སང་བདག་གིས་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་ཀྱིས་ཁྱེད་ཀྱང་དེའི་ཚེ་གྲོགས་བྱེད་དུ་ཤོག་ཤིག་ཅེས་བསྒོའོ། །དེ་ནས་རང་གི་ཁྱིམ་དུ་སོང་སྟེ་ཞོ་ཤས་འཚོ་བ་རྣམས་ལ་J01,Vo11,Po26A བསྒོ་བ་ཤེས་ལྡན་དག་ཞལ་ཟས་གཙང་ཞིང་བསོད་པ་མང་པོ་དག་སྟ་གོན་གྱིས་ཤིག །དེ་དག་གིས་ཞལ་ཟས་གཙང་ཞིང་བསོད་པ་མང་པོ་དག་སྟ་གོན་བྱས་སོ། །དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་ནང་པར་སྔར་ལངས་ཏེ་གདན་བཤམས་ནས་ཆུར་བཞག་སྟེ། བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱིས་བཙུན་པ་གདུགས་ཚོད་སྦྱར་ལགས་ཏེ། ད་དེའི་དུས་ལ་བབ་ན་བཅོམ་ལྡན་འདས་


DKG011_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་གདུགས་ཚོད་གདས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་དང་ཆོས་གོས་མནབས་ལྷུང་བཟེད་བསྣམས་ཏེ། ཁྱིམ་བདག་དྲག་ཤུལ་ཅན་གྱི་བཀད་ས་གང་ན་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་ཡུལ་ཡངས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་དང་ལྷན་ཅིག་ཏུ་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་གྱི་སྣོད་རྣམས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་འབྲིམ་པར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་ཁྱིམ་བདག་དྲག་ཤུལ་ཅན་ནི་བརྟག་པའི་བསམ་པས་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་གྱི་སྣོད་རྣམས་འབྲིམ་གྱིས་དགེ་སློང་ཁྱེད་ཅག་སུ་ཡང་མ་ལེན་ཅིག་བར་སྒོ་ཤིག་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་དེ་ལྟར་འཚལ་ལོ་ཞེས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དྲག་ཤུལ་ཅན་བགམ་པའི་བསམ་པས། གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་གྱི་སྣོད་རྣམས་འབྲིམ་གྱིས་དགེ་སློང་ཁྱེད་ཅག་སུ་ཡང་མ་ལེན་ཅིག་ཅེས་བཀའ་སྩལ་ཏོ། །ཞེས་བསྒོ་བ་དང་། བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་དེ་བཞིན་དུ་མི་བླང་བར་བགྱིའོ་ཞེས་སྨྲས་ནས་དེ་དག་གིས་མ་བླངས་སོ། །དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཟངས་ལས་བྱས་པ་དང་། ཁར་བ་ལས་བྱས་པའི་སྣོད་རྣམས་བྲིམས་ཏེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་པར་རིག་ནས་རང་གིས་ལག་དར་ཏེ་བཟའ་བ་དང་བཅའ་J01,Vo11,Po26B བ་གཙང་ཞིང་བསོད་པས་ཡང་དག་པར་ཚིམ་པར་བྱེད། ཡང་དག་པར་སྟོབས་པར་བྱེད་དོ། །རྣམ་གྲངས་དུ་མར་རང་གིས་ལག་དར་ཏེ་བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པས་ཡང་དག་པར་ཚིམ་པར་


DKG011_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། ཡང་དག་པར་བསྟབས་ནས། བཅོམ་ལྡན་འདས་བཤོས་གསོལ་ཏེ་ཕྱག་བཅབས་ལྷུང་བཟེད་གྱུ་བར་རིག་ནས་སྟན་ཆེས་དམའ་བ་ཞིག་བཏིང་ནས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དྲག་ཤུལ་ཅན་ལ་ཆོས་དང་མཐུན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་ལེན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་མཐུན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་ལེན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཡོན་བསྔོ་བ་བརྗོད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་མུ་སྟེགས་ཅན་མ་དུལ་བའི་ཆ་བྱད་ཅན་དག་བབ་བབ་ཏུ་ཅ་ཅོ་ཟེར་ཞིང་འདུག་པ་དང་། ཁྱིམ་བདག་དྲག་ཤུལ་ཅན་གྱིས་སྒོ་བའི་མི་ལ། ཀྱེ་ནང་རྗེ་གལ་ཏེ་མུ་སྟེགས་ཅན་འགའ་ཞིག་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་སྣོད་རྣམས་ཁྱེར་ཏེ་སྒོར་འགྲོ་ན་མ་སྦྱིན་ཅིག །ཇི་སྟེ་ངེད་ལ་ཁྱིམ་བདག་གིས་བྱིན་ནོ་ཞེས་ཟེར་དང་། ཀྱེ་ཁྱེད་ལ་ཁྱིམ་བདག་གིས་ཟན་གྱི་ཕྱིར་ཡིན་གྱི་གཏན་ནི་མ་བྱིན་ནོ་ཞེས་བྱོས་ཤིག །དེ་སྟེ་ཡང་མི་སྟེར་ན་རྒྱོབ་ལ་ཕྲོགས་ཤིག་ཅེས་བསྒོ་བ་དང་། ཁྱིམ་བདག་དེ་ལྟར་འཚལ་ལོ་ཞེས་མི་དེས་ཁྱིམ་བདག་དྲག་ཤུལ་ཅན་གྱི་ལྟར་མཉན་ནོ། །དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་གྱིས་མུ་སྟེགས་ཅན་རྣམས་ལ་གསེར་དང་། དངུལ་དང་། བཻ་ཌཱུརྱ་ལས་བྱས་པའི་སྣོད་རྣམས་བྲིམ་པར་བརྩམས་པ་དང་། སྒྲ་མཐོན་པོ་དང་། སྒྲ་མང་པོ་བཏོན་ནས་ལ་ལ་ན་རེ་ཁྱིམ་བདག་བདག་ལ་གསེར་ལས་བྱས་པ་བྱིན་ཅིག་ཅེས་ཟེར། ལ་ལ་ནི་བདག་ལ་དངུལ་ལས་བྱས་པ་བྱིན་ཅིག་ཅེས་ཟེར་ཞིང་དེ་ལྟར་དེ་དག་ཀུ་ཅོ་འདོན་པ་དེའི་ཚེ་འཐབ་མོ་བྱུང་ནས་ཕན་ཚུན་དུ་ཁུ་ཚུར་དང་། ཐལ་ལྕག་དང་། དབྱུག་པ་J01,Vo11,Po27A དང་། ལྟག་དབྱུག་དང་། རྡོག་པས་བརྡེག་པར་


DKG011_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་པ་དང་། དེ་དག་ཁྱིམ་བདག་དྲག་ཤུལ་ཅན་གྱིས་བསྡིགས་པ་དང་། གཞོམ་པ་དང་། དབྱེ་བའི་སྦྱོར་བས་ནན་གྱི་ཟན་ཟར་བཅུག་གོ །གང་གིས་སྣོད་གང་དུ་ཟན་ཟོས་པ་དེས་དེ་ཉིད་ཁྱེར་ཏེ་འགྲོ་བར་བརྩམས་པ་དང་། སྒོ་བས་གཟུང་བར་བརྩམས་སོ། །དེ་རྣམས་ཀྱིས་སྨྲས་པ། ཀྱེ་ནང་རྗེ་ཁྱིམ་བདག་གིས་ངེད་ལ་བྱིན་ན་ཅིའི་ཕྱིར་བཟུང་། དེས་སྨྲས་པ། ཁྱིམ་བདག་གིས་ཁྱེད་ཅག་ཟན་གྱི་ཕྱིར་བྱིན་གྱི་གཏན་ནི་མ་བྱིན་ནོ་ཞོག་ལ་དེང་ཤིག །དེ་དག་གིས་མ་བཞག་པ་དང་། སྒོ་བས་དེ་དག་བརྡེགས་ནས་ཀུ་ཅོ་རབ་ཏུ་ཆེ་བར་གྱུར་པ་དང་། ཡངས་པ་ཅན་ན་གནས་པའི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཞེས་བྱ་བ་སྐྱེ་བོའི་ཚོགས་ཆེན་པོ་ཐམས་ཅད་འདུས་པར་གྱུར་ཏོ། །ཁྱིམ་བདག་དྲག་ཤུལ་ཅན་གྱིས་མི་སྡུག་པ་དེ་དག་མཐོང་ནས་ཡངས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་ཁྱེད་ཀྱིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་དེ་དག་གི་ཁྱད་པར་མཐོང་ངམ། དེ་དག་གིས་སྨྲས་པ། ཁྱིམ་བདག་མཐོང་ངོ་། །དེས་སྨྲས་པ། ཤེས་ལྡན་དག་དེ་ལྟར་ན་བཅོམ་ལྡན་འདས་ཀྱང་བཞེད་ཆེན་ཆུང་ལ། དེའི་ཉན་ཐོས་དག་ཀྱང་འདོད་ཆེན་ཆུང་གིས་མུ་སྟེགས་ཅན་ཉེས་པར་བཤད་པའི་ཆོས་འདུལ་བ་ཅན་འདི་དག་ནི་དེ་ལྟ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་མངོན་པར་མ་དད་པ་མང་པོ་ནི་མངོན་པར་དད་པར་གྱུར་ཏོ། །བར་མ་རྣམས་ལས་ཀྱང་ཁ་ཅིག་ནི་བཅོམ་ལྡན་འདས་ལ་དད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་དུ་གཤེགས་ནས་ཞབས་བཀྲུས་ཏེ། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ཚོད་རིག་པ་ལ་ཕན་ཡོན་དེ་དང་གཞན་དག་ཀྱང་ཡོད་པས་དེའི་ཕྱིར་དགེ་སློང་གིས་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་ལས་བྱས་པ་ལ་སོགས་པ་རིན་པོ་ཆེའི་སྣོད་དུ་བཟའ་བར་མི་བྱ་


DKG011_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཟ་ན་འགལ་ཚབས་J01,Vo11,Po27B ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་ལ་སོགས་ཏེ་རིན་པོ་ཆེའི་སྣོད་དུ་བཟའ་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་སྐྱོན་དང་བྲལ་བ་གཞན་དག་ཅི་ཡོད་པ་དེ་དག་གི་དབང་གིས་སོ་སོའི་སྐྱེ་བོ་དག་ལྷའི་གནས་དང་། ཀླུའི་གནས་སུ་སོང་བ་ལས་དེར་དེ་དག་ཟན་ལ་བོས་པ་དང་། དེ་དག་གི་ཁྱིམ་ན་རང་གི་བསོད་ནམས་ལས་གྲུབ་པའི་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་གྱི་སྣོད་ཡོད་ཀྱི་གཞན་མེད་པས་དེ་དག་དེར་འགྱོད་དེ་ཟན་མ་ཟོས་སོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་གང་དུ་སྣོད་གཞན་རྙེད་པ་མེད་པ་དེར་ནི་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་ལ་སོགས་པའི་སྣོད་དུ་ཟ་བར་གནང་གིས་འདི་ལ་འགྱོད་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་དང་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་དུས་གཞན་ཞིག་ན་ཆུང་མ་དེ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །གང་གི་ཉིན་མོ་དེ་སེམས་ཅན་ཞུགས་པར་གྱུར་པ་དེ་ཉིད་ཀྱི་ཉིན་མོ་ནས་མདངས་བཟང་བར་གྱུར་ཏོ། །དེ་ཟླ་བ་བརྒྱད་དམ་དགུ་འདས་ནས་བུ་མོ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་སོ། །དེ་བཙས་པའི་ཚེ་དེའི་ཁྱིམ་ཉི་མའི་འོད་བཞིན་དུ་སྣང་བར་གྱུར་ནས་མཉན་ཡོད་ཀུན་དུ་ཁྱིམ་བདག་ཆེ་གེ་མོ་ཞིག་གི་བུ་མོ་


DKG011_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་སོ། །དེ་བཙས་པའི་ཚེ་དེའི་ཁྱིམ་ཉི་མའི་འོད་བཞིན་དུ་སྣང་བར་གྱུར་ཏོ་ཞེས་སྒྲ་དེ་གྲགས་པ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་ངོ་མཚར་དུ་གྱུར་ནས་ཁྱིམ་བདག་དེའི་ཁྱིམ་དུ་འདུས་སོ། །རེ་ཞིག་ན་བྲམ་ཟེ་ལྟས་མཁན་ཞིག་ཡུལ་གཞན་ནས་འོངས་པ་དེ་ཡང་ངོ་མཚར་གྱི་ཕྱིར་དེ་ཉིད་དུ་འདུས་ཏེ་དེས་དེ་ལ་ཕན་ཚུན་དུ་བལྟས་ནས་སྐྱེ་བོའི་ཚོགས་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་ཀྱིས་བུ་མོ་འདི་མཐོང་ངམ། དེ་དག་གིས་སྨྲས་པ་མཐོང་ངོ་། །ཤེས་ལྡན་དག་བུ་མོ་འདི་ནི་ཅི་ནས་ཀྱང་སྐྱེས་བུ་ལྔ་བརྒྱ་དང་ལྷན་ཅིག་དགའ་མགུར་སྤྱོད་པར་འགྱུར་རོ། །དེ་དག་གིས་སྨྲས་པ། བྲམ་ཟེ་འདིའི་གཟུགས་འདི་ལྟར་མཛེས་པ་དང་སྦྱར་ན་འདི་ནི་གདོན་མི་ཟ་བར་སྐྱེས་པ་ལྔ་བརྒྱ་དང་དགའ་མགུར་སྤྱོད་པར་འགྱུར་རོ། །མཉན་ཡོད་ཐམས་ཅད་དུ་ཡང་ཁྱིམ་བདག་ཅིག་གི་བུ་མོ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་ཏེ། དེ་བཙས་པའི་ཚེ་དེའི་ཁྱིམ་དེ་ཉི་མའི་འོད་བཞིན་དུ་སྣང་བར་གྱུར་ཏོ། །དེ་ལ་མཚན་མཁན་གྱིས་བུ་མོ་འདི་ནི་སྐྱེས་པ་ལྔ་བརྒྱ་དང་ལྷན་ཅིག་དགའ་མགུར་སྤྱོད་པར་ལུང་བསྟན་ཏོ་ཞེས་སྒྲ་གྲགས་ནས་གང་གིས་སྒྲ་ཐོས་པ་དེ་ཡང་དེར་འོང་བར་གྱུར་ཏོ། །ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་དེ་བཙས་པའི་བཙས་སྟོན་རྒྱ་ཆེན་པོ་བྱས་ནས་མིང་འདོགས་པར་བྱེད་དེ། བུ་མོ་འདིའི་མིང་ཇི་སྐད་དུ་གདགས། ཉེ་དུ་དག་གིས་སྨྲས་པ། བུ་མོ་འདི་བཙས་པའི་ཚེ་ཁྱིམ་ཉི་མའི་འོད་བཞིན་དུ་སྣང་བར་གྱུར་པས། དེའི་ཕྱིར་བུ་མོའི་མིང་འོད་བཟང་མ་ཞེས་གདགས་སོ་ཞེས་དེའི་མིང་འོད་བཟང་མ་ཞེས་བྱ་བར་བཏགས་སོ། །འོད་བཟང་མ་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་ཞོ་ལྡུད་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་ལ་གཏད་དེ། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་སར་དང་། མར་ཀར་དང་། མར་གྱི་སྙིང་གུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་གཙོ་བོ་གཙོ་བོ་


DKG011_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་བསྐྱེད་བསྲིངས་ཏེ་རྫིང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། ། དེ་གང་གི་ཚེ་ཆེན་མོར་གྱུར་པ་དེའི་ཚེ་གཟུགས་དང། ལང་ཚོ་མཛེས་པ་དང་། གཡེར་བ་དང་། སྒྱུ་རྩལ་གྱི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པས་ནགས་ཚལ་མེ་ཏོག་རྒྱས་པའི་ནང་ན་ནགས་ཚལ་གྱི་ལྷ་བཞིན་དུ་ཁྱིམ་དེ་ན་མཛེས་སོ། །དེའི་གཟུགས་དང་། ལང་ཚོ་དང་། ཁ་དོག་དང་། རྒྱུ་བ་དང་། གནས་པའི་ཁྱད་པར་གྱིས་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བའི་དྲང་སྲོང་དག་ཀྱང་སེམས་འཕྲོག་པར་བྱེད་ན་ཐོག་མ་མེད་པའི་དུས་ནས་ཉོན་མོངས་པ་ཀུན་དུ་སྤྱོད་པ་བསགས་པ་རིགས་དང་། གཟུགས་དང་། ལང་ཚོ་དང་། དབང་ཕྱུག་གི་དྲེགས་པས་རྒྱགས་པའི་མི་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱིམ་བདག་དེ་ཡང་ནང་མིའི་སྐྱེ་བོའི་འཁོར་དང་བཅས་ཏེ་དེ་སྲུང་བ་ལྷུར་ལེན་ཅིང་གཉིད་ཀྱང་མི་ལོག་གོ །ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མི་དང་བཅས་པ་དང་། གཞན་ཡང་འདབ་ཆགས་ན་གནས་པའི་རྒྱལ་པོ་དང་། བློན་པོའི་བུ་དང་། མདུན་ན་འདོན་གྱི་བུ་ལ་སོགས་པས་བསླང་བར་བསམས་ཀྱང་བུ་མོ་འོད་བཟང་མ་སྐྱེས་བུ་ལྔ་བརྒྱ་དང་ལྷན་ཅིག་དགའ་མགུར་སྤྱོད་པར་མཚན་མཁན་གྱིས་ལུང་བསྟན་པས་ན་འཇིག་རྟེན་གྱི་དཔྱས་སུ་དོགས་པའི་ཕྱིར་སུས་ཀྱང་མ་བསླངས་སོ། །དེ་ཡང་དེའི་ཁྱིམ་གྱི་སྐར་ཁུང་དྲ་བ་ཅན་དང་། སྐར་ཁུང་དང་། སྟེགས་བུ་དང་། ཁང་ཐོག་ཏུ་འདུག་ནས་སུ་སློང་སྙམ་ཞིང་སྐྱེས་པ་དག་ལ་ལྟ་བར་བྱེད་དོ། །ཁྱིམ་བདག་དེས་དེའི་སྤྱོད་པ་མཐོང་ནས་རང་གི་རིགས་རྒྱུད་དང་མཐུན་པ་གཞན་དག་ལ་མི་སློང་ཡང་དེ་བཞིན་དུ་སྦྱིན་པར་བརྩམས་ན་འགའ་ཡང་ལེན་དུ་མ་བཏུབ་པོ། །དེ་ནས་ཁྱིམ་བདག་དེ་དེ་སུ་ཡང་མ་འདོད་པས་ཡིད་མི་བདེ་བ་སྐྱེས་ཏེ་བྱ་བ་ཐམས་ཅད་ཀྱི་བློ་བཏང་ནས་དེ་སྦྱིན་པའི་ཐབས་སེམས་པས་ལུས་སྐྱ་བོ་བསེང་བསེང་པོ་ཤ་བྲི་ངན་པ་རྐེ་བ་ཤིག་ཤིག་པོ་ཞིག་ཏུ་གྱུར་ཏོ། །དེའི་ཚེ་མཉན་ཡོད་ན་ཁྱིམ་བདག་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ཞིག་གནས་པ་དེས་རིགས་


DKG011_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་ལས་ཆུང་མ་བླངས་ཀྱང་དེ་རང་གི་ལས་ཀྱིས་ཤི་བར་གྱུར་ཏོ། །དེ་བཞིན་དུ་གཉིས་པ་དང་། གསུམ་པ་ནས་བདུན་པའི་བར་བླངས་ཀྱང་དེ་ཡང་རང་གི་ལས་ཀྱིས་ཤི་བར་གྱུར་ཏོ། །དེ་དག་གིས་ཀྱང་ཚེ་ཐུང་བར་འགྱུར་བའི་ལས་བྱས་ལ་དེས་ཀྱང་དཔྱ་བར་འགྱུར་བའི་ལས་བྱས་པས་དེའི་མིང་ཆུང་མ་གསོད་པ་ཆུང་མ་གསོད་པ་ཞེས་བྱ་བར་ཆགས་སོ། །དེས་གཞན་དུ་བསླངས་པ་དང་། དེ་དག་གིས་སྨྲས་པ། ངེད་ཀྱི་བུ་མོ་ཅི་སྟེ་གསད་ཅེས་ཟེར་རོ། །དེས་ཡུགས་ས་མོ་དག་ཀྱང་བསླང་བར་བརྩམས་པ་དང་། དེ་དག་ཀྱང་ངེད་ཀྱི་ལུས་ཅིའི་ཕྱིར་དོར་ཞེས་ཟེར་ནས་དེ་ལ་ཐམས་ཅད་ཀྱིས་ཀྱང་མ་སྟེར་བ་དང་། ཆུང་མ་མེད་ཀྱང་བླ་ཞེས་ཆུང་མ་འདོད་པའི་རེ་ཐག་བཅད་ནས་དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་དུ་རྒྱུ་རྣམས་དང་ལྷན་ཅིག་བསྟེན་པར་བརྩམས་སོ། །དེའི་ཕ་སངས་རྒྱས་པའི་དགེ་བསྙེན་ཞིག་པས་དེས་བསམས་པ། བདག་གི་ཕ་སངས་རྒྱས་པའི་དགེ་བསྙེན་ཡིན་ན། བདག་ལ་དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་དུ་རྒྱུ་བ་རྣམས་ཀྱིས་ཅི་ཞིག་བྱ། བཅོམ་ལྡན་འདས་ཀྱི་ཉན་ཐོས་པ་རྣམས་ལ་བསྙེན་བཀུར་བྱ་ཞིང་དེ་དག་ལ་བྱ་བ་བྱས་ནས་དེ་ཉིད་དུ་རབ་ཏུ་འབྱུང་ངོ་སྙམ་ནས་དེ་ཡང་དང་ཡང་དུ་རྒྱལ་བྱེད་ཀྱི་ཚལ་དུ་འགྲོ་བར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན་མཛའ་བོ་ཞིག་གིས་མཐོང་ནས། དེས་སྨྲས་པ། གྲོགས་པོ་ཁྱོད་རྒྱལ་བྱེད་ཀྱི་ཚལ་དུ་ཡང་དང་ཡང་དུ་འགྲོ་ན་རབ་ཏུ་འབྱུང་བར་མི་རྩོལ་གྲང་། གྲོགས་པོ་བདག་རབ་ཏུ་བྱུང་ཟིན་ན་ཡང་རབ་ཏུ་འབྱུང་ཅི་དགོས། བདག་གིས་ཆུང་མ་གཅིག་བླངས་ཀྱང་རང་གི་ལས་ཀྱིས་ཤི་བར་གྱུར། དེ་བཞིན་དུ་གཉིས་པ་དང་། གསུམ་པ་ནས་བདུན་པའི་བར་ཡང་རང་གི་ལས་ཀྱིས་ཤི་བར་གྱུར་ཏེ། དེ་དག་གིས་ཀྱང་ཚེ་ཐུང་བར་འགྱུར་བའི་ལས་བྱས། ཁོ་བོས་ཀྱང་དཔྱ་བར་འགྱུར་བའི་ལས་བྱས་པས་ཁོ་བོའི་མིང་ཆུང་མ་གསོད་པ་ཆུང་མ་གསོད་པ་ཞེས་བྱ་བར་ཆགས་ནས་བདག་ཡི་ཆད་དོ་དགེ་སློང་དག་ལ་ངེས་པར་བསྙེན་བཀུར་བྱ་བ་ནི་བདག་གི་ཕའི་ལུགས་ཡིན་ཏེ་འདི་མི་བྱ་ན་གཞན་


DKG011_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལ་བསྙེན་བཀུར་བྱ། དེས་སྨྲས་པ། གྲོགས་པོ་དེ་ཡང་བདེན་ན་འོན་ཀྱང་གདོན་མི་ཟ་བར་བུ་བསྐྱེད་དགོས་ཏེ་གཞན་དུ་ན་རབས་འཆད་པར་འགྱུར་ན་ཅི་སྟེ་གཞན་གྱི་བུ་མོ་སློང་བར་མི་བྱེད། དེས་སྨྲས་པ། གྲོགས་པོ་ཅི་ཕན་གང་ལ་བསླངས་པ་དེ་ངེད་ཀྱི་བུ་མོ་ཅི་J01,Vo11,Po29B སྟེ་གསད་ཅེས་ཟེར་རོ། །དེས་སྨྲས་པ། གྲོགས་པོ་གལ་ཏེ་དེ་ལྟ་ན་ཡུགས་ས་མོ་དག་བསླང་ན་ཅི་ཉེས། དེས་སྨྲས་པ། གྲོགས་པོ་བདག་གིས་བསླང་ན་དེ་དག་ཀྱང་ངའི་ལུས་ཅིའི་ཕྱིར་ཡོངས་སུ་དོར་ཞེས་ཟེར་རོ། །དེས་སྨྲས་པ། གྲོགས་པོ་གལ་ཏེ་དེ་ལྟ་ན་འོད་བཟང་མ་ཅིའི་ཕྱིར་མི་བསླང་། དེས་སྨྲས་པ། གྲོགས་པོ་འཇིག་རྟེན་ཀུན་དུ་གྲགས་པ་དེས་ཇི་སྨད་འཚོང་མའི་ཁྱིམ་དུ་བྱའམ། དེས་སྨྲས་པ། གྲོགས་པོ་ཁྱོད་དད་པ་ཅན་ཡིན་པས་ཁྱོད་ཀྱིས་ཁྱིམ་དུ་དགེ་སློང་ལས་སུ་ཞིག་འོང་སློངས་ཤིག །དེས་སྨྲས་པ། གྲོགས་པོ་གལ་ཏེ་དེ་ཡང་མི་སྟེར་མོད། གྲོགས་པོ་སློངས་ཤིག་དང་། དེའི་ཕ་ཡང་སྐྱོ་ཞིང་འདུག་པས་སྟེར་བར་འགྱུར་རོ། །དེ་ཁྱིམ་བདག་དེའི་ཁྱིམ་དུ་སོང་སྟེ་དེས་སྨྲས་པ། བདེ་ལེགས་སུ་གྱུར་ཅིག །བདེ་ལེགས་སུ་གྱུར་ཅིག །ཁྱིམ་བདག་དེས་སྨྲས་པ། ཅི་ཞིག་འདོད། འོད་བཟང་མའོ། །སྦྱིན་ནོ། །དེས་དེ་དཔལ་གྱི་འབྱོར་པ་ཆེན་པོས་བག་མར་བླངས་ཏེ་ལྡེ་མིག་དང་། ལྡེ་མིག་ཀྱོག་པོ་དག་བྱིན་ནས་ཁྱིམ་གྱི་བདག་མོར་བཅུག་སྟེ་སྨྲས་པ། བཟང་མོ་ཁོ་བོ་ཅག་གི་རིགས་ཀྱི་ལུགས་ཀྱིས་ནི་སྟོན་པ་སངས་རྒྱས་དང་། དགེ་སློང་དག་སྦྱིན་གནས་ཡིན་པས་ཁྱོད་ཀྱིས་ཀྱང་དེ་དག་ལ་བྱ་བ་བྱོས་ཤིག །དེས་སྨྲས་པ། ཇོ་བོ་ལེགས་ཀྱིས་དེ་བཞིན་དུ་བགྱིའོ། །ཁྱིམ་བདག་དེའི་ཁྱིམ་དུ་དགེ་སློང་དག་ཉིན་གཅིག་བཞིན་དུ་ཟན་ཟ་བ་ལ་འོད་བཟང་མ་རང་གིས་ལག་དར་ཏེ་འབྲིམ་མོ། །དེ་ན་དགེ་སློང་གང་དག་ཁ་དོག་དང་། དབྱིབས་དང་། ལང་ཚོའི་ཁྱད་པར་ཕུན་སུམ་ཚོགས་པ་དེ་དག་དེས་མཐོང་ནས་རྣམ་པར་རྟོག་པ་སྐྱེས་པར་གྱུར་ཏོ། །དེ་དེ་དག་ལ་རྟོག་པ་འཕེལ་བས་ཡིད་བདེ་བ་སྐྱེས་པར་གྱུར་ཏོ། །ཁྱིམ་བདག་དེ་ཡང་རི་འོར་ཞིག་ཏུ་དོན་ཞིག་ཡོད་ནས་དེས་བཟང་མོ་ཁོ་བོ་ནི་རི་འོར་ཆེ་གེ་མོ་ཞིག་ཏུ་དོན་ཅིག་ཡོད་དེ།


DKG011_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དེར་འགྲོས་ཁྱོད་ཀྱིས་ཡོན་གནས་དག་དེ་བཞིན་དུ་བཤོས་གསོལ་ཅིག་ཅེས་བསྒོ་བ་དང་། དེས་སྨྲས་པ། རྗེའི་སྲས་ལེགས་ཀྱིས་དེ་བཞིན་དུ་བགྱིས་བཞུད་ཅིག །དེས་དགེ་སློང་རྣམས་ལ་ཡང་འཕགས་པ་བདག་ནི་རི་འོར་ཆེ་གེ་མོ་ཞིག་ཏུ་བགྱི་བ་ཞིག་བྱུང་ནས་བདག་དེར་མཆིའི་ཁྱེད་ཅག་དེ་བཞིན་དུ་བདག་གི་སྡུམ་པར་བཤོས་གསོལ་ཅིག་ཅེས་སྨྲས་པ་དང་། དེ་དག་གིས་སྨྲས་པ། ཁྱིམ་བདག་སོང་ཞིག་ནད་མེད་པར་གྱུར་ཅིག །ཟན་བཟའ་བར་བྱའོ་ཞེས་བྱས་པ་དང་། དེ་ཡང་རི་འོར་གྱི་གྲོང་དུ་སོང་ངོ་། །དགེ་སློང་དག་ཀྱང་དེ་བཞིན་དུ་དེའི་ཁྱིམ་དུ་J01,Vo11,Po30A ཟན་བཟའ་བར་བརྩམས་པ་དང་། འོད་བཟང་མ་བདག་གི་ཁྱོ་མེད་དོ་སྙམ་ནས། བུད་མེད་ཀྱི་གཡོ་དང་། བུད་མེད་ཀྱི་སྒྱུ་དང་། བུད་མེད་ཀྱི་ཚུལ་འཆོས་པ་གང་དག་ཡིན་པ་དེ་དག་དགེ་སློང་རྣམས་ལ་སྟོན་པར་རྩོམ་པ་དང་། དགེ་སློང་རྣམས་ཀྱིས་གཅིག་ལ་གཅིག་ཉེས་དམིགས་བྱུང་ན། འདི་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེས་བགྲོས་པ་དང་། དེ་ན་ཁ་ཅིག་གིས་སྨྲས་པ། འདི་ལ་བསྒྲུབ་ཏུ་ཅི་ཡོད། སང་ནས་མི་འོང་དུ་ཟད་མོད། གཞན་དག་གིས་སྨྲས་པ། ཚེ་དང་ལྡན་པ་བདག་ཅག་ནི་བསོད་སྙོམས་པ་ཡིན་པས་སང་ནས་བསོད་སྙོམས་ལ་འདོང་དུ་ཟད་མོད། གཞན་དག་གིས་ཀྱེ་ལེགས་ཀྱིས་དེ་བཞིན་དུ་བྱའོ་ཞེས་སྨྲས་ནས། དེ་དག་ཕྱི་དེ་ཉིན་ནས་བསོད་སྙོམས་ལ་ཞུགས་སོ། །ཇི་ཙམ་དུས་གཞན་ཞིག་ན་ཁྱིམ་བདག་དེ་སླར་འོངས་ནས་འོད་བཟང་མ་ལ་དྲིས་པ། འོད་བཟང་མ་ཡོན་གནས་དག་བཤོས་གསོལ་ཏམ། དེས་སྨྲས་པ། ཉིན་གཅིག་བྱོན་ནས་དེ་ཕན་ཆད་ཡེ་མ་བྱོན་ཏོ། །དེས་བསམས་པ། ངེས་པར་འདིས་དེ་དག་གི་མདུན་དུ་བུད་མེད་ཀྱི་གཡོ་དག་བསྟན་ཏེ་བཀུར་སྟི་མ་བྱས་པས་འཛེམ་ནས་དེ་དག་མ་འོངས་སོ་སྙམ་སྟེ། དེས་དེ་དག་གི་དྲུང་དུ་སོང་ནས་ཡང་སྤྱན་དྲངས་པ་དང་། དེ་དག་གིས་སྨྲས་པ། ཁྱིམ་བདག་བདག་ཅག་ནི་བསོད་སྙོམས་པ་ཡིན་པས་བསོད་སྙོམས་ལ་རྒྱུའོ། །དེས་སྨྲས་པ། འཕགས་པ་བདག་གིས་འཚལ་གྱིས་གཤེགས་དང་དེ་ལྟ་བུའི་ཉེས་དམིགས་མི་མཆིའོ། །དེ་དག་གིས་ཁས་


DKG011_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པ་དང་། དེ་དག་གི་རྐང་པ་ལ་ཕྱག་འཚལ་ནས་སོང་ངོ་། །དགེ་སློང་དག་ཕྱི་དེ་ཉིན་དེའི་ཁྱིམ་དུ་འོངས་པ་དང་། ཁྱིམ་བདག་དེས་འོད་བཟང་མ་ཁྱིམ་དུ་བཅུག་ནས་ཕྱི་སྒོ་བཅད་དེ་བཞག་ནས་དེ་ནས་དེ་དག་ལ་རང་གིས་ལག་དར་ཏེ་འབྲིམ་བར་བརྩམས་པ་ན་འོད་བཟང་མ་ཁྱིམ་གྱི་ནང་ན་འདུག་བཞིན་དུ་དགེ་སློང་ཟན་ཟ་བ་དེ་དག་ལ་རྣམ་པར་རྟོག་པ་སྐྱེས་པར་གྱུར་ཏེ་འཕགས་པ་ཆེ་གེ་མོ་ཞིག་གི་རྐང་པ་ནི་འདི་འདྲ། བྱིན་པ་ནི་འདི་འདྲ། བརླ་ནི་འདི་འདྲ། རྐེད་པ་དང་། རྩིབ་ལོགས་དང་། རྒྱབ་དང་། ལྟོ་དང་། བཞིན་དང་། སོ་དང་། མཆུ་དང་། སྣ་དང་། མིག་དང་། དཔྲལ་བ་དང་། མགོ་ནི་འདི་འདྲའོ་ཞེས་དེ་དེ་ལྟར་རྣམ་པར་རྟོག་པ་ན་ས་བཅུ་པའི་འདོད་ཆགས་ཀྱི་མེ་བྱུང་བར་གྱུར་པ་རྣམ་པར་རྟོག་པའི་རླུང་གི་ཤུགས་བདོ་བ་དེས་སྤར་བས་རྟུལ་ཏེ་དེ་ཉིད་དུ་འཆི་བའི་དུས་J01,Vo11,Po30B བྱས་སོ། །དགེ་སློང་དག་ཟན་ཟོས་ཏེ་ཡོན་བཤད་པ་བྱས་ནས་དོང་བ་དང་། ཁྱིམ་བདག་དེས་སྒོ་ཕྱེ་ནས་སྨྲས་པ། འོད་བཟང་མ་ཚུར་ཤོག་ཟན་ཟོ་ཞེས་བྱས་ན་དེ་དུས་ལས་འདས་པས་སུ་ཞིག་ལན་འདེབས། དེས་ནང་དུ་ཞུགས་ན་ཅི་ཙམ་ན་ས་ལ་འགྱེལ་བ་མཐོང་ངོ་། །དེས་བསམས་པ་གདོན་མི་ཟ་བར་འདི་གཉིད་ཀྱིས་ལོག་གིས་བསླང་ངོ་སྙམ་ནས་དེས་དེ་བསྒུལ་བར་བརྩམས་པ་དང་། རེ་ཞིག་ན་དུས་ལས་འདས་པར་མཐོང་ནས་དེ་ངོམ་ཟུང་གནག་ཅིང་སྨ་བབ་ནས་ནང་མི་དག་ལ་སྨྲས་པ། ཤེས་ལྡན་དག་བདག་ལྟ་བྱུར་ངན་པ་ཆུང་མ་རིན་པོ་ཆེ་འདི་ལྟ་བུ་དང་བྲལ་བར་གྱུར་གྱིས་མཛའ་གྲོགས་དང་། ཕུ་ནུ་དང་། གཉེན་དག་ལ་འོད་བཟང་མ་དུས་ལས་འདས་སོ་ཞེས་སྦྲོན་ཅིག་ཅེས་བྱས་པ་དང་། དེ་དག་གིས་ཀུ་ཆོ་བཏོན་ཏེ། ཁ་ཅིག་ནི་ས་ལ་སྒྱེལ་ནས་ངུ་ཞིང་འདུག །ཁ་ཅིག་ནི་ཁྱིམ་བདག་ངུ་བའི་ལག་པ་དང་། རྐང་པ་ནས་འཛིན་པར་བྱེད། མཛའ་བཤེས་དང་། ཕུ་ནུ་དང་། གཉེན་ཁ་ཅིག་ནི་ངུད་མོའི་སྒྲ་འབྱིན་པར་བྱེད་དོ། །ཁྱིམ་བདག་དེ་རང་གི་སྐྱེ་བོ་དང་བཤེས་ཀྱི་འཁོར་རྒྱ་ཆེ་བ་ཞིག་པས་དེ་རྣམས་ཇི་སྲིད་དུ་ངུ་བ་དེའི་བར་དུ་ཉི་མ་ནུབ་ནས་དེ་དག་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་གིས་ཁྱོགས་


DKG011_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་ཏེ། བཀུར་སྟི་ཆེན་པོས་དེ་དུར་ཁྲོད་དུ་ཁྱེར་རོ། །རེ་ཞིག་ཅིག་ན་མི་རྒོད་ལྔ་བརྒྱ་ཙམ་ཞིག་རི་འོར་ཞིག་ཏུ་སོང་ནས་རྙེད་པ་དང་ཁེ་ཕྱིན་ནས་དུར་ཁྲོད་དེ་དང་ཧ་ཅང་མི་རིང་བར་འོངས་པ་གྲོང་ཁྱེར་ན་གནས་པའི་མི་ཞིག་གིས་མཐོང་ནས་དེས་བསམས་པ། སྐྱེ་བོའི་ཚོགས་ཆེན་པོ་གྲོང་ཁྱེར་ནས་བྱུང་སྟེ་འོད་བཟང་མ་སྐྱེལ་བར་དུར་ཁྲོད་དུ་སོང་བ་རྣམས་མི་རྒོད་དེ་དག་གིས་ཚུལ་མ་ཡིན་པར་གནོད་པ་བྱས་ན་མི་རུང་གིས་སྦྲན་ཏོ་སྙམ་ནས་དེ་མགྱོགས་པར་སོང་སྟེ། སྐྱེ་བོའི་ཚོགས་ཆེན་པོ་དེ་དག་ལ་ཤེས་ལྡན་དག་མི་རྒོད་ལྔ་བརྒྱ་ཙམ་ཧ་ཅང་མི་རིང་བ་ཞིག་ན་འདུག་གིས་བྲོས་ཤིག་ཅེས་སྦྲན་པ་དང་། དེ་དག་གིས་ཀྱང་སང་རིམ་གྲོ་བྱའོ་ཞེས་སྲུང་མ་གཞག་སྟེ། འོད་བཟང་མ་ཇི་ལྟར་རྒྱན་སྣ་ཚོགས་ཀྱིས་བཀླུབས་པ་དང་། དྲི་དང་། བདུག་པ་དང་། གོས་དང་། ཕྱེ་མ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་མཛེས་པར་བྱས་ཏེ་ཕྱུང་ནས་བསྙལ་བ་བཞིན་དུ་བོར་ཏེ་འབྲོས་བསླང་ནས་གྲོང་ཁྱེར་དུ་ཞུགས་སོ། །ཅི་ཙམ་ན་མི་རྒོད་J01,Vo11,Po31A དེ་དག་ཕྱོགས་དེར་ཕྱིན་པ་དང་། སྲུང་མ་རྣམས་བྲོས་སོ། །མི་རྒོད་རྣམས་ཀྱིས་རབ་ཏུ་བརྒྱན་པ་དེ་མཐོང་ནས་མཆོག་ཏུ་ངོ་མཚར་སྐྱེས་སོ། །དེ་ནས་འོད་བཟང་མའི་གོས་རྣམས་བཤུས་ནས་བལྟས་པ་དང་། དེ་དག་གིས་དེའི་གཟུགས་གཞོན་ལ་མཛེས་པ་མཐོང་ནས་རབ་ཏུ་ཆགས་ཏེ་ཤེས་ལྡན་དག་གར་བསྐོར་ཀྱང་བུད་མེད་འདི་ལྟ་བུ་དང་ལྷན་ཅིག་དགའ་མགུར་སྤྱད་པར་ཟད་དོ་ཞེས་སྨྲས་ནས་དེ་དག་གིས་དེ་དང་ལྷན་ཅིག་དགའ་མགུར་སྤྱད་དེ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བཞག་པ་དང་། འོད་བཟང་མའི་རོ་ལ་ཡང་སྐྱེས་བུ་ལྔ་བརྒྱས་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བྱིན་ཏེ་དགའ་མགུར་སྤྱོད་དོ་ཞེས་ཀུན་ཏུ་སྒྲ་གྲགས་སོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཁྱིམ་བདག་གི་མཆིས་འབྲང་འོད་བཟང་མས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་འོད་དང་ལྡན་པར་གྱུར་ཅིང་བཙས་མ་ཐག་ཏུ་ཁྱིམ་ཐམས་ཅད་འོད་ཀྱིས་སྣང་བར་བགྱིས་པ་དང་། གུམ་ནས་ཀྱང་མི་རྒོད་ལྔ་བརྒྱས་ཀཱར་ཥཱ་པ་ཎ་ལྔ་བརྒྱ་སྩལ་ནས་དགའ་མགུར་སྤྱད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་


DKG011_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། དགེ་སློང་དག་ཁྱིམ་བདག་གི་ཆུང་མ་འོད་བཟང་མ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ། ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། དབའ་རྒལ་བཞིན་དུ་ཉེ་བར་གནས་པ་ངེས་པར་གྱུར་པ་ཡིན་ཏེ། འོད་བཟང་མས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མ་ཡིན། མེའི་ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ཡིན་གྱི། འོན་ཀྱང་དགེ་བ་དང་མི་དགེ་བའི་ལས་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་ཏེ། བསྐལ་པ་བརྒྱ་ཕྲག་རྣམས་སུ་ཡང་། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཚོགས་ཤིང་དུས་ལ་བབ་པ་ན། །ལུས་ཅན་རྣམས་ལ་འབྲས་བུར་སྨིན། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་འོད་སྲུང་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། J01,Vo11,Po31B བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། བཱ་རཱ་ཎ་སཱིའི་གྲོང་ཁྱེར་ན་ཉེ་བར་རྟེན་ཅིང་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་བཞུགས་སོ། །དེའི་ཚེ་དེའི་དུས་ན་བཱ་རཱ་ཎ་སཱིའི་གྲོང་ཁྱེར་ན་རྒྱལ་པོ་ཀྲཱི་ཀཱི་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་སྟེ། རྒྱལ་སྲིད་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་དང་། འཐབ་པ་དང་། རྩོད་པ་དང་། ནང་འཁྲུག་དང་། འཁྲུག་གློང་རབ་ཏུ་ཞི་བ། ནད་མེད་པ། སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ་ཆོས་ཀྱི་རྒྱལ་པོས་ཆོས་བཞིན་བྱེད་དུ་འཇུག་གོ །ཇི་ཙམ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་ནས་བུད་ཤིང་ཟད་པའི་མེ་བཞིན་དུ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དང་། རྒྱལ་པོ་ཀྲཱི་ཀཱི་བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། ཕོ་བྲང་


DKG011_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་མི་དང་བཅས་པས་དེའི་སྐུ་གདུང་ལ་བཀུར་སྟི་ཆེན་པོས་སྐུ་གདུང་གི་མཆོད་པ་བྱས་ནས་རིན་པོ་ཆེ་སྣ་བཞིའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་པ་ཕང་དུ་དཔག་ཚད་ཕྱེད་པ་གཅིག་བརྩིགས་སོ། །དེ་ན་ཚོང་དཔོན་གྱི་བུ་མོ་ཞིག་དད་པ་སྐྱེས་ནས་སྲོག་ཤིང་ལ་མེ་ལོང་ཅིག་བཏགས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་དད་པ་སྐྱེས་ནས་སྲོག་ཤིང་ལ་མེ་ལོང་བཏགས་པ་གང་ཡིན་པའི་ཚོང་དཔོན་གྱི་བུ་མོ་དེ་ནི་ཁྱིམ་བདག་གི་ཆུང་མ་འོད་བཟང་མ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་གང་འདིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་གྱི་སྲོག་ཤིང་ལ་མེ་ལོང་བཏགས་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་འོད་དང་ལྡན་བཞིན་དུ་སྐྱེས་ལ་སྐྱེས་མ་ཐག་ཏུ་ཡང་ཁྱིམ་ཐམས་ཅད་འོད་ཀྱིས་སྣང་བར་གྱུར་པ་ཡིན་ནོ། །གང་ཡང་ཤི་ནས་སྐྱེས་བུ་ལྔ་བརྒྱས་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བྱིན་ནས་དགའ་མགུར་སྤྱད་པ་དེ་ཡང་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་ན་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་སྟེ། རྒྱལ་སྲིད་འབྱོར་པ་J01,Vo11,Po32A དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ། ཐབ་མོ་དང་། རྩོད་པ་དང་། ནང་འཁྲུག་དང་། འཁྲུག་གློང་རབ་ཏུ་ཞི་བ། ཆོམ་རྐུན་དང་། ནད་དང་བྲལ་བ་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ། ཆོས་ཀྱི་རྒྱལ་པོས་ཆོས་བཞིན་བྱེད་དུ་འཇུག་གོ །དེའི་ཚེ་དེའི་དུས་ན་བཱ་རཱ་ཎ་སཱི་ན་གཟུགས་ཀྱིས་འཚོ་བ་བཟང་མོ་ཞེས་བྱ་བ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། སྐྱེས་པའི་ཡིད་དུ་འོང་བ། སྔོན་རྒྱལ་པོ་ཚངས་བྱིན་གྱི་ཞང་པོས་ཡོངས་སུ་སྤྱད་པ་ཞིག་འདུག་གོ །རེ་ཞིག་དུས་གཞན་ཞིག་ན་དགའ་འདུན་པ་ལྔ་བརྒྱ་བཟའ་བ་དང་བཅའ་བ་མང་པོ་དག་སྦྱར་ཏེ་སྐྱེད་མོས་ཚལ་དུ་དོང་ནས་ཕན་ཚུན་ཤེས་ལྡན་དག་བདག་ཅག་གིས་སྐྱེད་མོས་ཚལ་གྱི་ལོངས་སྤྱོད་ཐམས་ཅད་ནི་བཤམས་ན་བུད་མེད་མེད་ཀྱིས་དོང་ལ་སྨད་འཚོང་འགའ་ཞིག་དགུག་གོ་ཞེས་


DKG011_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ་དང་། ལེགས་ཀྱིས་དེ་བཞིན་དུ་བྱ་ན་སུ་ཞིག་དགུག །བཟང་མོའོ། །དེ་དག་བཟང་མོའི་དྲུང་དུ་སོང་སྟེ་བཟང་མོ་ཚུར་ཤོག །སྐྱེད་མོས་ཚལ་དུ་འདོང་ངོ་། །དེས་སྨྲས་པ། གལ་ཏེ་ཀཱར་ཥཱ་པ་ཎ་སྟོང་བྱིན་ན་འགྲོའི་གཞན་དུ་ནི་མ་ཡིན་ནོ། །དེ་དག་གིས་སྨྲས་པ། ཀཱར་ཥཱ་པ་ཎ་ལྔ་བརྒྱ་ཇེ་ཁྱེར་ཅིག །ལྔ་བརྒྱ་ནི་དགའ་མགུར་སྤྱད་ནས་སྦྱིན་ནོ། །དེས་སྨྲས་པ། ལེགས་ཀྱིས་དེ་བཞིན་དུ་བྱས་བྱིན་ཅིག །དེ་དག་གིས་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བྱིན་ནས། དེས་སྨྲས་པ། དེང་ཤིག་དྲི་དང་། ཕྲེང་བ་དང་། གོས་དག་བགོས་ལ་འོང་ངོ་ཞེས་བྱས་པ་དང་། དེ་དག་དོང་ངོ་། །དེ་འགྱོད་པ་སྐྱེས་ནས་གལ་ཏེ་བདག་དགའ་འདུན་པ་ལྔ་བརྒྱ་དང་ལྷན་ཅིག་དགའ་མགུར་སྤྱད་ན་བདག་གི་གནས་སྐབས་ཅི་འདྲ་བར་འགྱུར། བདག་གིས་ཀཱར་ཥཱ་པ་ཎ་ལྔ་བརྒྱ་ཞིག་ཀྱང་བླངས་ན་ད་ཇི་ལྟར་བྱ་སྙམ་པ་ལས། དེས་བདག་རྒྱལ་པོའི་ཞང་པོས་ཡོངས་སུ་སྤྱད་པས་དེ་ཁོ་ན་ལ་སྐྱབས་འཚལ་གྱི་གཞན་དུ་ནི་མ་ཡིན་ནོ་སྙམ་པའི་བློ་སྐྱེས་ནས་དེས་དེའི་གན་དུ་བྲན་མོ་མངག་གཞུག་མ་མངགས་ཏེ། བུ་མོ་རྒྱལ་པོའི་ཞང་པོའི་དྲུང་དུ་སོང་ལ། སོང་ནས་འདི་སྐད་ཅེས་བདག་ངན་ཏེ་དགའ་འདུན་པ་ལས་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བླངས་ན་དགའ་འདུན་པ་དེ་དག་ལྔ་བརྒྱ་ཡོད་དེ། ཇི་སྟེ་བདག་དགའ་འདུན་པ་ལྔ་བརྒྱ་དང་ལྷན་ཅིག་དགའ་མགུར་སྤྱད་པར་གྱུར་ན་བདག་གི་གནས་སྐབས་ཅི་འདྲ་བར་འགྱུར། ཁྱོད་ཀྱིས་སྔོན་བདག་ཡོངས་སུ་བཟུང་བས་དེའི་སླད་དུ་ཁྱོད་ཀྱིས བདག་དེ་དག་ལས་་J01,Vo11,Po32B ཡོངས་སུ་བསྐྱབ་པའི་རིགས་ཞེས་སྨྲོས་ཤིག །བུ་མོ་དེས་དེའི་དྲུང་དུ་སོང་སྟེ་སྨྲས་པ་དང་། དེ་ཡང་རྒྱལ་པོ་ལ་རྟེན་པ་ཡིན་པས་དེ་དག་ལས་དེ་ཕྲོགས་སོ། །སངས་རྒྱས་རྣམས་འབྱུང་བ་མེད་པ་ན་རང་སངས་རྒྱས་དམན་པ་དང་། ཕོངས་པ་ལ་ཐུགས་བརྩེ་བ། བས་མཐའི་གནས་མལ་ལ་དགའ་བ་འཇིག་རྟེན་གྱི་སྦྱིན་གནས་གཅིག་པུར་གྱུར་པ་དག་འཇིག་རྟེན་དུ་བྱུང་ངོ་། །དེ་ནས་རང་སངས་རྒྱས་ཤིག་ལྗོངས་རྒྱུ་ཞིང་བཱ་རཱ་ཎ་སཱིར་ཕྱིན་ཏེ། བདག་ཉིད་ཆེན་པོ་ཞི་བའི་བདག་ཉིད་ཅན་རབ་ཏུ་དབེན་པར་གནས་པ་དེ་རབ་ཏུ་དབེན་པར་གནས་ཚོལ་ཞིང་སྐྱེད་མོས་ཚལ་དེར་ཕྱིན་པ་དང་། དགའ་འདུན་པ་དེ་དག་གིས་ལུས་མཛེས་པ་དང་། སེམས་མཛེས་པ་མཐོང་ནས་དེ་དག་གིས་བསམས་


DKG011_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

པ། གར་བསྐོར་ཀྱང་ཡོན་གནས་ཀྱི་ཞིང་འདི་ལྟ་བུ་ལ་བྱ་བ་བྱ་དགོས་སོ་སྙམ་ནས་དེ་དག་གིས་གཅིག་ལ་གཅིག་དྲིས་ཏེ། དེ་ལ་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་གིས་ལྷུང་བཟེད་བཀང་སྟེ་ཕུལ་ལོ། །བདག་ཉིད་ཆེན་པོ་དེ་དག་ནི་ངག་གིས་ཆོས་མི་སྟོན་གྱི་ལུས་ཀྱིས་ཆོས་སྟོན་པ་ཡིན་པས་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ་འབར་བ་དང་། གསལ་བ་དང་། ཆར་འབབ་པ་དང་། གློག་འགྱུ་བ་ལ་སོགས་པའི་ཆོ་འཕྲུལ་བྱ་བར་བརྩམས་པ་དང་། སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་གྱིས་དད་པར་འགྱུར་བས་ཤིང་རྩ་བ་ནས་བཅད་པ་བཞིན་དུ་ཞབས་ལ་གཏུགས་ནས་གང་བདག་ཅག་གིས་ཡང་དག་པའི་སྦྱིན་གནས་འདི་ལྟ་བུ་ལ་བྱ་བ་བྱས་པའི་དགེ་བའི་རྩ་བ་འདིས་བདག་ཅག་གཟུགས་ཀྱིས་འཚོ་བ་ལ་ཐ་ན་ཤི་ན་ཡང་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བྱིན་ནས་དགའ་མགུར་སྤྱོད་པར་ཤོག་ཤིག་ཅེས་སྨོན་ལམ་བཏབ་བོ། །དགེ་སློང་དག་ཇི་སྙམ་དུ་སེམས། གཟུགས་ཀྱིས་འཚོ་བ་བཟང་མོ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཁྱིམ་བདག་གི་ཆུང་མ་འོད་བཟང་མ་འདི་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་དགའ་འདུན་པ་ལྔ་བརྒྱ་པོ་དེ་དག་ནི་མི་རྒོད་ལྔ་བརྒྱ་པོ་འདི་དག་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་གང་འདི་དག་གིས་རང་སངས་རྒྱས་ལ་བསོད་སྙོམས་ཕུལ་ནས་སྨོན་ལམ་བཏབ་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་འདི་དག་གིས་འཁོར་བར་འཁོར་བ་ན་ཚེ་རབས་ལྔ་བརྒྱར་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བྱིན་ཞིང་དགའ་མགུར་སྤྱད་དེ་ད་ལྟར་ཁྱིམ་བདག་གི་ཆུང་མར་གྱུར་པ་ལས་J01,Vo11,Po33A ཤི་བའི་བར་དུ་ཡང་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བྱིན་ནས་དགའ་མགུར་སྤྱད་པ་ཡིན་ནོ། །དེ་ལྟར་ན་དགེ་སློང་དག་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་གནག་པ་ཡིན། གཅིག་ཏུ་དཀར་བ་རྣམས་དང་། འདྲེན་མ་རྣམས་ཀྱི་ཡང་འདྲེན་མ་རྣམས་ཡིན་ནོ། །དེ་ལྟ་བས་ན་དགེ་སློང་དག་གཅིག་ཏུ་གནག་པའི་ལས་རྣམས་དང་། འདྲེན་མ་རྣམས་སྤངས་ཏེ་གཅིག་ཏུ་དཀར་བའི་ལས་ཁོ་ན་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་དག་དེ་ལྟ་བུའི་ཁྱིམ་དུ་འགྲོ་བ་ལས་


DKG011_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་གྱིས། དེའི་ཕྱིར་དགེ་སློང་དག་དེ་ལྟ་བུའི་ཁྱིམ་དུ་འགྲོ་བར་མི་བྱ་བར་མཁྱེན་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱིམ་བདག་གི་ཆུང་མ་འོད་བཟང་མ་དགེ་སློང་མཐོང་ནས་རྟོག་པ་སྐྱེས་ཏེ་སྲོག་དང་བྲལ་བར་གྱུར་གྱིས་དེ་ལྟ་བས་ན་དགེ་སློང་དག་དགེ་སློང་གིས་གང་འདི་ལྟ་བུའི་ཉེས་དམིགས་འབྱུང་བར་འགྱུར་བ་དེ་ལྟ་བུའི་ཁྱིམ་དུ་འགྲོ་བར་མི་བྱའོ། །དགེ་སློང་དེ་ལྟ་བུའི་ཁྱིམ་དུ་འགྲོ་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །དགེ་སློང་སྤོང་བ་པ་ཞིག་ཡོད་པ་ཡང་དང་ཡང་དགོན་པའི་གནས་སུ་སོང་ནས་བསམ་གཏན་བྱེད་དོ། །དེར་དེ་ལ་བདུད་ཀྱི་རིས་ཀྱི་ལྷ་མོ་ཞིག་གིས་ཚུལ་མ་ཡིན་པར་སྤྱད་པ་བསྒུགས་པ་ལས་དེ་མ་བཏུབ་པ་དང་། དེས་འཕགས་པ་ཁྱོད་མ་བཏུབ་དང་གནོད་པར་བྱའོ། །དེས་སྨྲས་པ། སྲིང་མོ་ང་ནི་དགེ་སློང་ཚུལ་ཁྲིམས་ཅན་ཡིན་ན་ཁྱོད་ཀྱིས་ང་ལ་གནོད་པ་བྱར་ཅི་ཡོད། དེས་འཇལ་ཞེས་བྱས་ནས་དེ་ལ་གླགས་ཚོལ་བ་ལྷུར་ལེན་ཅིང་འདུག་གོ །དེས་དུས་གཞན་ཞིག་ན་སྣམ་སྦྱར་པུས་ཁྱུད་ལྟར་མདུད་པ་བོར་ནས་གཉིད་ལོག་པར་གྱུར་པ་དང་། ལྷ་མོ་དེས་བསམས་པ། འདི་ལ་ཤ་གླན་པའི་དུས་ནི་འདི་ཡིན་ནོ་སྙམ་ནས་དེས་དེ་བླངས་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོ་སྟེང་གི་ཁང་བཟངས་ཀྱི་སྟེང་ན་གཉིད་ཀྱིས་ལོག་པའི་སྟེང་དུ་བོར་རོ། །དེ་སྔངས་ནས་གཉིད་སད་དེ་དེ་མཐོང་ནས་ཁྱོད་སུ་ཞེས་དྲིས་པ་དང་། དེས་སྨྲས་པ། དགེ་སྦྱོང་ངོ་། །དགེ་སྦྱོང་གི་ནང་ན་གང་ཞིག །ཤཱཀྱའི་བུའི་དགེ་སྦྱོང་ངོ་། །འཕགས་པ་ཁྱོད་ཇི་ལྟར་འདིར་འོང་། དེས་དེ་ལ་ཇི་ལྟར་གྱུར་པ་སྨྲས་པ་དང་། དེས་སྨྲས་པ།J01,Vo11,Po33B འཕགས་པ་ཁྱོད་ཅིའི་ཕྱིར་དེ་ལྟ་བུའི་གདུག་པ་མང་པོ་ཅན་གྱི་གནས་མལ་དུ་གནས། ཇི་སྟེ་བདག་བཅོམ་ལྡན་འདས་ལ་དད་པར་མ་གྱུར་ན་བདག་གིས་ཁྱོད་བསད་པར་འགྱུར་བའམ། བསྟན་པ་དང་བྲལ་བར་འགྱུར་རོ་ཞེས་བྱས་པ་དང་། དེ་ཅང་མི་ཟེར་བར་འདུག་གོ །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་དག་དེ་ལྟ་བུའི་གདུག་


DKG011_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

པ་མང་པོ་ཅན་གྱི་གནས་མལ་ན་གནས་པ་ལས་གྱུར་གྱིས། དེའི་ཕྱིར་དགེ་སློང་གིས་དེ་ལྟ་བུའི་གདུག་པ་མང་པོ་ཅན་གྱི་གནས་མལ་དུ་གནས་པར་མི་བྱ་བར་མཁྱེན་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་རྒྱལ་པོ་གཟུགས་ཅན་སྙིང་པོ་འཕྱ་བ་ནི་ཐོག་ཏུ་བབ་བོ། །དེ་བས་ན་དགེ་སློང་གིས་དེ་ལྟ་བུའི་གདུག་པ་མང་པོ་ཅན་གྱི་གནས་མལ་དུ་གནས་པར་མི་བྱའོ། །དགེ་སློང་དེ་ལྟ་བུའི་གདུག་པ་མང་པོ་ཅན་གྱི་གནས་མལ་དུ་གནས་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །དེའི་ཚེ་དགེ་སློང་གཞོན་ནུ་ཞིག་ཁ་ཟས་དང་སྤྱོད་ལམ་ཉེས་པ་ལས་འབྲས་ཞེས་བྱ་བའི་ནད་ཀྱིས་ཐེབས་ནས། དེ་ནད་ཀྱིས་གཟེར་བས་མཁུན་འབྱིན་ཅིང་དགེ་སློང་རྣམས་ཀྱིས་དེ་བསྐོར་ནས་འདུག་གོ །ཇི་ཙམ་ན་སྨན་པའི་རྒྱལ་པོ་འཚོ་བྱེད་འོངས་ཏེ། དེས་འཕགས་པ་དག་འདི་ཅི་ཞིག་ཅེས་དྲིས་པ་དང་། དགེ་སློང་དག་གིས་སྨྲས་པ། འཚོ་བྱེད་དགེ་སློང་གཞོན་ནུ་འདི་ནད་ཅིག་གིས་ཐེབས་ན་ནད་ཅི་ཡིན་པ་དང་། དཔྱད་ཅི་བྱ་བ་ལྟོས་ཤིག །དེས་བལྟས་ནས་སྨྲས་པ། འཕགས་པ་འབྲས་ཡིན་པས་བརྟོལ་ན་ཕན་ནོ། །དགེ་སློང་རྣམས་ཀྱིས་སྨྲས་པ། གལ་ཏེ་དེ་ལྟ་ན་རྟོལ་ཅིག །དེས་དེ་ལ་བརྟོལ་བ་དང་། དེ་བྱ་བ་ཅུང་ཟད་ཅིག་བྱུང་ནས་དེས་དེར་གླན་པ་མ་བྱས་པར་སོང་ངོ་། །དེ་རབ་ཏུ་ན་བར་གྱུར་ནས་དགེ་སློང་དག་གིས་ཚེ་དང་ལྡན་པ་དག་གང་མཁས་པ་དེས་གླན་པ་གྱིས་ཤིག་ཅེས་སྨྲས་པ་དང་། དེ་ལ་དགེ་སློང་གཞོན་ནུ་གཞན་ཞིག་གིས་གླན་པ་བྱས་སོ། །འཚོ་བྱེད་ཀྱིས་བསམས་པ། བདག་གིས་འཕགས་པ་དེའི་གླན་པ་མ་བྱས་པར་སླར་འགྲོའོ་སྙམ་ནས་དེ་སླར་ལོག་སྟེ་དྲིས་པ་འཕགས་པ་དག །འཕགས་པ་གང་ཞིག་བདག་གིས་འབྲས་བརྟོལ་བ་དེ་ག་རེ། དགེ་སློང་རྣམས་J01,Vo11,Po34A ཀྱིས་སྨྲས་པ། དེ་ཅི་ཞིག་བྱ། འཕགས་པ་གླན་པར་བགྱིའོ། །འཚོ་བྱེད་དེ་གླན་པ་བྱས་ཟིན་ནོ། །འཕགས་པ་སུས་བགྱིས། གཞོན་ནུ་འདིས་སོ། །འཕགས་པ་ཇི་ལྟར་བགྱིས་བལྟའོ། །ཞེས་དེ་དེའི་དྲུང་དུ་སོང་སྟེ་བལྟས་ན་ལེགས་པར་གླན་པ་མཐོང་ནས་དེས་སྨྲས་པ། འཕགས་པ་གླན་པ་ལེགས་ལགས་ཀྱིས་བདག་མ་མཆིས་ན་ཡང་སླན་ཆད་དེ་བཞིན་དུ་མཛོད་ཅིག །དེས་


DKG011_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། འཚོ་བྱེད་འདི་ཡང་རེ་ཞིག་བདག་གིས་གནང་བ་མེད་པར་བྱས་ན་ཡང་བྱ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། བཅོམ་ལྡན་འདས་ཀྱིས་གནང་ངམ་མི་གནང་གི་གཏོལ་མེད་དོ། །དེས་སྨྲས་པ། འཕགས་པ་བཅོམ་ལྡན་འདས་ནི་ཐུགས་རྗེ་ཅན་ལགས་པས་ཅིའི་ཕྱིར་གནང་བར་མི་འགྱུར། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གང་མཁས་པ་དེས་གློན་དུ་གནང་ངོ་། །བཅོམ་ལྡན་འདས་ཀྱིས་དགེ་སློང་གང་མཁས་པ་དེས་གློན་དུ་གནང་ངོ་ཞེས་བཀའ་སྩལ་པ་དང་། དེ་དག་གིས་ཁྱམས་དང་། རྫིང་དྲུང་དང་། སྒོ་ཁང་དང་། བང་རིམ་དག་ཏུ་གླན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབེན་པའི་ཕྱོགས་སུ་གྱིས་ཤིག །གཞན་དུ་བྱས་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གཙུག་ལག་ཁང་དུ་འོངས་ནས་དགེ་སློང་རྣམས་ལ་འཕགས་པ་བདག་ནད་འདི་ལྟ་བུ་དང་འདི་ལྟ་བུས་ཐེབས་ན་བདག་གིས་གཡར་ཟས་ནི་ཇི་ལྟ་བུ་ཞིག་འཚལ་བར་བགྱི། སྨན་ནི་ཇི་ལྟ་བུ་ཞིག་བསྟེན་པར་བགྱི་ཞེས་ཟས་ཀྱི་ཆོ་ག་དྲིས་པ་དང་། དེ་ན་དགེ་སློང་གང་དག་མི་ཤེས་པ་དེ་དག་ནི་ཅི་ཡང་མི་སྨྲའོ། །ཤེས་པ་རྣམས་ནི་ཐེ་ཚོམ་དུ་གྱུར་ནས་མ་སྨྲས་པ་དང་། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་མི་དགའ་བཞིན་དུ་དོང་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གང་མཁས་པ་དེས་ཁ་ཟས་ཀྱི་ཆོ་ག་དང་། སྨན་དཔྱད་རྣམས་སྟོན་པར་གནང་གིས་འདི་ལ་འགྱོད་པར་མི་བྱའོ། །གླེང་གཞི་ནི་མཉན་ཡོད་J01,Vo11,Po34B ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་ཆེན་པོ་བསྟན་པས་མུ་སྟེགས་ཅན་རྣམས་ནི་ཐག་བཅུག །ལྷ་དང་མི་རྣམས་ནི་ཀུན་དགའ་བར་མཛད། སྐྱེས་བུ་དམ་པ་རྣམས་ནི་མགུ་བར་མཛད་པ་དེའི་ཚེ་ཡུལ་ཐ་དད་པ་ན་གནས་པའི་མི་མ་ཡིན་པ་དག་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དེ་དང་དེ་དག་དང་། འཇིག་རྟེན་གྱི་ཁམས་གཞན་ནས་ཀྱང་མཉན་ཡོད་དུ་འོངས་སོ། །བཅོམ་ལྡན་འདས་


DKG011_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མངོན་པར་དད་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང་། བཙུན་མོ་ཕྲེང་ལྡན་མ་དང་། རྒྱལ་རིགས་དབྱར་ཚུལ་མ་དང་། ཕྱ་མཁན་དྲང་སྲོང་བྱིན་དང་། རྙིང་བ་དག་དང་། རི་དགས་འཛིན་གྱི་མ་ས་ག་དང་། གཞན་ཡང་དད་པ་ཅན་མང་པོ་མཉན་ཡོད་དུ་འོངས་ནས་དེར་ཟང་ཟིང་གི་རྙེད་པ་དང་མཆོད་པའི་བཀུར་སྟིས་སྐྱེ་བོའི་ཚོགས་མང་པོ་ཡོངས་སུ་ཚིམ་པར་བྱས་སོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་སུམ་བཅུ་རྩ་གཅིག་པ། དེ་ལྟ་བུའི་འབྱོར་པ་མཆོག་མཐོང་ནས་མི་མ་ཡིན་པ་ཁ་ཅིག་ནི་དེ་ཉིད་དུ་མངོན་པར་དགའོ། །ཁ་ཅིག་ནི་རང་གི་ཡུལ་གྱི་གནས་ཉིད་དུ་དོང་ངོ་། །གང་དག་དེར་མངོན་པར་དགའ་བ་དེ་དག་གང་གི་ཚེ་སེམས་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པར་གྱུར་པ་དེའི་ཚེ་བུད་མེད་གང་དག་གི་ཁྱོ་ཕྱི་རོལ་དུ་དོན་གཉེར་དུ་སོང་བ་དེའི་ཆ་ལུགས་སུ་བདག་ཉིད་མངོན་པར་སྤྲུལ་ནས་དེ་དག་དང་ལྷན་ཅིག་ཏུ་དགའ་མགུར་སྤྱོད་པར་བྱེད་དོ། །དེ་ནས་བུད་མེད་དེ་དག་ལས་རྒྱུ་མཐུན་པ་ལས་སྐྱེ་བའི་ཁྱེའུ་དང་བུ་མོ་དག་རྐང་ལག་དང་མིག་དང་ལུས་མི་སྡུག་པར་སྐྱེས་ཏེ། ཁ་ཅིག་ནི་གནག་ལ་མིག་དམར། ཁ་ཅིག་ནི་མགོ་ཆེ་ལ་ལུས་ཆུང་། ཁ་ཅིག་ནི་མགོ་སེར། ཁ་ཅིག་ནི་སྐྲ་ལྗང་གུའོ། །དེ་དག་མ་དེ་དག་གིས་མཐོང་བ་དང་སྔངས་ནས་ཁྱིམ་གྱི་བར་དང་། ཚང་ཚིང་གི་ཕྱོགས་དག་ཏུ་བོར་བ་དང་། དེ་དག་མི་མ་ཡིན་པའི་མདངས་ཀྱིས་གསོ་བར་བྱེད་དོ། །ཁ་ཅིག་ནི་མིའི་གཟུགས་སུ་མི་གསལ་བར་སྐྱེ་ཞིང་། གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་འགྱུར་བར་སྟོན་པར་བྱེད་དོ། །དེ་དག་ཀྱང་མས་ལམ་པོ་ཆེའི་ཁར་བོར་བ་དང་། དེ་ཡང་མི་མ་ཡིན་པའི་མདངས་ཀྱིས་གསོ་བར་བྱེད་དོ། །དྲུག་སྡེ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་དེ་དག་ཇི་སྙེད་རབ་ཏུ་J01,Vo11,Po35A འབྱིན། བསྙེན་པར་རྫོགས་པར་བྱེད་པ་དེ་དག་དང་ཇི་སྲིད་དུ་གནས་ངན་ལེན་ཀུན་ཏུ་སྤྱོད་པར་མི་ཤེས་པ་དེ་སྲིད་དུ་ལྷན་ཅིག་གནས་སོ། །གང་གི་ཚེ་ཡོངས་སུ་ཤེས་པ་དེའི་ཚེ་རང་བཞིན་དུ་གནས་པའི་དགེ་སློང་དག་དང་ལྷན་ཅིག་ཏུ་གནས་ཏེ་གཞན་དུ་ན་སྟོན་པའི་བཀས་དུས་གསུམ་དུ་ནི་ལྟར་འགྲོའོ། །རེ་ཞིག་ཚེ་དང་ལྡན་པ་ཉེ་དགའ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་


DKG011_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །དེ་བསོད་སྙོམས་ལ་རྒྱུ་བ་ན་སྲང་ན་སྐྲ་ལྗང་གུ་ཅན་ཞིག་མཐོང་ནས་དེས་བསམས་པ། འདི་ནི་ལྷུང་བཟེད་ནག་པོ་ཅན་དག་གིས་ཕྲོགས་པར་མི་འགྱུར་བས་གལ་ཏེ་རབ་ཏུ་འབྱུང་ན་འདི་རབ་ཏུ་དབྱུང་ངོ་སྙམ་དུ་བསམས་ནས་དེའི་དྲུང་དུ་སོང་སྟེ་དྲིས་པ། བཞིན་བཟངས་ཁྱོད་སུའི། དེས་སྨྲས་པ། འཕགས་པ་བདག་ལ་སུ་ཡང་ག་ལས་མཆིས། བདག་མགོན་མེད་པ་ཞིག་ལགས་སོ། །དེས་སྨྲས་པ། བཞིན་བཟངས་གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་རབ་ཏུ་མི་འབྱུང་། དེས་སྨྲས་པ། འཕགས་པ་སྐྲ་ལྗང་གུ་ཅན་བདག་སུ་ཞིག་རབ་ཏུ་འབྱིན། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་བསྟན་པ་ནི་སྙིང་རྗེས་རབ་ཏུ་ཕྱེ་བ་ཡིན་པས་གལ་ཏེ་སུས་ཀྱང་རབ་ཏུ་མ་བྱུང་ན་ཚུར་ཤོག་ངས་རབ་ཏུ་བྱུང་གིས་འདོང་ཞེས་བྱས་པ་དང་། དེ་ཡིད་བདེ་བ་སྐྱེས་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་དེས་དེ་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་སོ། །དེ་ནས་ཉིན་ཞག་མི་མང་བ་ཞིག་ཏུ་ཀུན་ཏུ་སྤྱད་པར་བྱ་བའི་ཆོས་རྣམས་བསླབས་ཏེ་བསྒོ་བ། བཞིན་བཟངས་རི་དགས་ཀྱིས་རི་དགས་མི་གསོས་ཀྱིས་མཉན་ཡོད་རང་གི་སྤྱོད་ཡུལ་ཡངས་པ་ཡང་ཡིན་ལ་ཕའི་ཡུལ་ཡང་ཡིན་པས་སློང་མོ་ལ་རྒྱུ་བས་འཚོ་བར་གྱིས་ཤིག་དེ་མི་དགའ་ནས་ཕྱི་དེ་ཉིན་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་ལྷུང་བཟེད་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །རེ་ཞིག་ན་བུད་མེད་གཅིག་བསོད་སྙོམས་ཁྱེར་ཏེ་ཕྱིར་བྱུང་བ་ལས་དེས་དེ་མཐོང་བ་དང་བྲང་བརྡུངས་ནས་སྨྲས་པ། འཕགས་པ་ཁྱོད་སྐྲ་ལྗང་གུ་ཅན་ན་སུས་རབ་ཏུ་ཕྱུང་། དེས་སྨྲས་པ། སྲིང་མོ་མཁན་པོ་ཉེ་དགའས་སྙིང་རྗེས་བདག་རབ་ཏུ་ཕྱུང་ངོ་། །དེས་སྨྲས་པ། གནས་ངན་ལེན་ཀུན་ཏུ་སྤྱོད་པ་དེ་མ་ཡིན་པ་གཞན་སུ་ཞིག་བཅོམ་ལྡན་འདས་ཀྱི་བསྟན་པ་ཀུན་ནས་མཛེས་པ་སུན་པར་བྱེད་ཅེས་བྱས་པ་དང་། གཞན་དག་ཀྱང་དེ་བཞིན་J01,Vo11,Po35B དུ་འཕྱ་སྟེ། མ་དད་པ་ཁ་ཟེར་བ་རྣམས་སྲང་དང་། བཞི་མདོ་དང་། སུམ་མདོ་དག་ཏུ་དགེ་སྦྱོང་ཤཱཀྱའི་བུ་པ་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་གོ །ཚངས་པའི་ཚུལ་ཡང་ཚིག་སྟེ། ད་ནི་སྐྲ་ལྗང་གུ་ཅན་དག་ཀྱང་རབ་ཏུ་འབྱིན་ཏོ་ཞེས་མི་སྙན་པ་སྨྲ་བའི་སྐབས་དེ་དགེ་སློང་


DKG011_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་རྣམས་དེ་ལྟ་བུ་དག་ཀྱང་རབ་ཏུ་འབྱིན་པ་ལས་གྱུར་གྱིས། དེའི་ཕྱིར་དགེ་སློང་གིས་དེ་ལྟ་བུ་དག་རབ་ཏུ་དབྱུང་བར་མི་བྱའོ་སྙམ་དུ་མཁྱེན་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་བ་ནི་ཐོག་ཏུ་བབ་བོ། །དེ་ལྟ་བས་ན་དགེ་སློང་གིས་འཁོར་སུན་པར་བྱེད་པའི་འཁོར་ཉེ་བར་གཞག་པར་མི་བྱའོ། །དགེ་སློང་གིས་འཁོར་སུན་པར་བྱེད་པའི་འཁོར་ཉེ་བར་གཞག་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་འཁོར་སུན་པར་བྱེད་པའི་འཁོར་ཉེ་བར་གཞག་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཀྱིས་འཁོར་སུན་པར་བྱེད་པ་ཇི་ལྟ་བུ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འཁོར་གྱིས་འཁོར་སུན་པར་བྱེད་པ་ནི་རྒྱུ་གཉིས་ཀྱིས་ཏེ། གང་དག་གིས་ཤེས་ན་རིགས་དང་། མཚན་མས་སོ། །དེ་ལ་རིགས་ཀྱིས་ནི་རིགས་གང་ཡང་རུང་བས་ཏེ། མ་རབས། དམན་པ། ཕོངས་པ། དཀོས་ཐག་པ། བཀྲེན་པ། བཟའ་བ་དང་། བཏུང་བ་ཆེན་པོ་མི་བདོག་པ་དེ་ལྟ་བུའི་རིགས་དག་ལས་སོ་སོར་སྐྱེས་པར་གྱུར་པ་དེ་དག་དགེ་སློང་རྣམས་རབ་ཏུ་འབྱིན་པར་བྱེད་ན་དེ་ལྟ་བུ་ནི་རིགས་ཀྱིས་ཡིན་ནོ། །མཚན་མས་ཇི་ལྟ་བུ་ཞེ་ན། སྐྲ་སེར་དང་ནི་སྐྲ་ལྗང་གུ། །དེ་བཞིན་དུ་ནི་སྐྲ་དམར་དང་། །མི་རྣམས་སྐྲ་ནི་དཀར་བ་དང་། །གླང་ཆེན་སྐྲ་དང་སྐྲ་མེད་པ། །འདི་ལྟ་བུ་ཡི་མི་དག་ནི། །དྲང་སྲོང་ཆེན་པོས་སྤངས་པ་ཡིན། །འབར་འབུར་མགོ་དང་གླང་པོ་ཆེ། །མགོ་སྨྱུང་དང་ནི་མགོ་ལེབ་དང་། །བོང་བུ་ཕག་གི་མགོ་དང་ནི། །མི་གང་མགོ་ནི་གཉིས་ཡོད་པ། །དེ་ལྟ་བུ་ཡི་མི་དག་ནི། །དྲང་སྲོང་ཆེན་པོས་སྤངས་པ་ཡིན། །གླང་པོའི་རྣ་དང་རྟ་རྣ་དང་། །བ་ལང་རྣ་དང་སྤྲེའུ་རྣ་དང་། །བོང་བུ་ཕག་གི་རྣ་བ་དང་། །རྣ་གཅིག་དང་ནི་རྣ་མེད་པ། །དེ་ལྟ་བུ་ཡི་མི་དག་ནི། །དྲང་སྲོང་ཆེན་པོས་སྤངས་པ་ཡིན། །མིག་དམར་ཧ་ཅང་མིག་ཆེ་དང་། །མིག་ཆུང་མིག་ནི་ཧ་ཅང་སེར། །ཤེལ་མིག་དང་ནི་J01,Vo11,Po36A མིག་འབུར་དང་། །མིག་


DKG011_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དང་ནི་མིག་མེད་པ། །དེ་ལྟ་བུ་ཡི་མི་དག་ནི། །དྲང་སྲོང་ཆེན་པོས་སྤངས་པ་ཡིན། །གླང་པོའི་སྣ་དང་རྟ་སྣ་དང་། །བ་ལང་དང་ནི་སྤྲེའུ་སྣ་དང་། །བོང་བུ་ཕག་གི་སྣ་དག་དང་། །སྣ་སྦུབས་གཅིག་དང་སྣ་མེད་པ། །དེ་ལྟ་བུ་ཡི་མི་དག་ནི། །དྲང་སྲོང་ཆེན་པོས་སྤངས་པ་ཡིན། །རྟ་དང་གླང་ཆེན་ཀོས་ཀོ་དང་། །བ་ལང་སྤྲེའུའི་ཀོས་ཀོ་དང་། །བོང་བུ་ཕག་གི་ཀོས་ཀོ་དང་། །ཀོས་གཅིག་པ་དང་ཀོས་མེད་པ། །དེ་ལྟ་བུ་ཡི་མི་དག་ནི། །དྲང་སྲོང་ཆེན་པོས་སྤངས་པ་ཡིན། །གླང་ཆེན་སོ་དང་རྟ་སོ་དང་། །བ་ལང་སྤྲེའུ་ཡི་སོ་དང་ནི། །བོང་བུ་ཕག་གི་སོ་དག་དང་། །སོ་གཅིག་པ་དང་སོ་མེད་པ། །དེ་ལྟ་བུ་ཡི་མི་དག་ནི། །དྲང་སྲོང་ཆེན་པོས་སྤངས་པ་ཡིན། །འཇིང་བུ་ཐུང་དང་སྐེ་རིངས་དང་། །ཕག་མིག་དང་ནི་སྒུར་པོ་དང་། །མཚན་རྡུམ་པ་ནི་རླིག་རླུགས་དང་། །རླིག་གཅིག་དང་ནི་རླིག་མེད་པ། །དེ་ལྟ་བུ་ཡི་མི་དག་ནི། །དྲང་སྲོང་ཆེན་པོས་སྤངས་པ་ཡིན། །ཧ་ཅང་རིང་དང་ཧ་ཅང་ཐུང་། །སྐེམ་དང་ངལ་སྐྱེན་ཧ་ཅང་ཚོ། །ཤ་མདོག་ཁ་དོག་བཞི་པ་དང་། །གྱོལ་པོ་གྲུམ་པོ་སོ་སྟོ་བ། །དེ་ལྟ་བུ་ཡི་མི་དག་ནི། །དྲང་སྲོང་ཆེན་པོས་སྤངས་པ་ཡིན། །ལག་རྡུམ་དང་ནི་རྐང་རྡུམ་དང་། །ལག་སོར་ཟླུམ་པོར་འཇས་པ་དང་། །མཆུ་མེད་ལུས་ནི་རི་མོ་ཅན། །ཧ་ཅང་རྒན་དང་ཧ་ཅང་གཞོན། །དེ་ལྟ་བུ་ཡི་མི་དག་ནི། །དྲང་སྲོང་ཆེན་པོས་སྤངས་པ་ཡིན། །ཐེང་པོ་སྨད་འཆལ་ཞར་བ་དང་། །སོར་རྡུམ་སྒུར་པོ་མིའུ་ཐུང་དང་། །ལྦ་བ་ཅན་དང་ལྐུགས་པ་དང་། །འོན་པ་རྟེན་འཕྱེ་རྐང་འབམ་པ། །དེ་ལྟ་བུ་ཡི་མི་དག་ནི། །དྲང་སྲོང་ཆེན་པོས་སྤངས་པ་ཡིན། །མཛེ་ཅན་འབྲས་ཅན་ཕོལ་མིག་ཅན། །གཏའ་གམ་ཤུ་བ་གཡེན་པ་དང་། །ནད་ནི་གཞན་ཅན་ཐམས་ཅད་ཀྱང་། །དྲང་སྲོང་ཆེན་པོས་སྤངས་པ་ཡིན། །བུད་མེད་ལམ་དང་ཁུར་གྱིས་དུབ། །ཡ་ཟ་མ་ལུག་གཏའ་གམ་དང་། །དེ་དག་དང་གཞན་ཡན་ལག་ཉམས། །དེ་ཀུན་འཁོར་སུན་བྱེད་པ་ཡིན། །མཛེས་པ་རབ་ཏུ་དབྱུང་བ་དང་། །ཡོངས་སུ་དག་པ་བསྙེན་རྫོགས་པར། །རྫོགས་སངས་རྒྱས་ཀྱིས་རབ་མཁྱེན་ཏེ། །བདེན་པའི་མཚན་གྱིས་བཀའ་སྩལ་ཏོ། །ཉེ་དགའས་སྐྲ་ལྗང་གུ་ཅན་


DKG011_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྐྲ་དག་ཀྱང་གར་མཁན་གྱི་ལག་ཏུ་བཙོངས་པའི་སྐབས་དེ་J01,Vo11,Po36B དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་སྐྲ་བཙོང་བར་མི་བྱའོ། །བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །སྡོམ་ལ། བྲན་ཅན་དང་ནི་སྐྱོང་བ་དང་། །གླེང་གཞི་དང་ནི་ཞུ་བ་དང་། །ཆོ་འཕྲུལ་ཆེ་དང་སྙན་ལྡན་དང་། །དམག་ཀུན་དང་ནི་སྲིན་བུ་རི། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་དགེ་ཚུལ་གཉིས་པོ་བྲན་ཅན་དང་། སྐྱོང་བ་སྟེ། དེ་དག་ཕན་ཚུན་གཏམ་འདྲེས་པ། ཕེབས་པར་སྨྲ་བ། སྨོས་འདྲིན། འགྲོགས་བཤེས་ཡིན་ནོ། །དེ་གཉིས་ལས་གཅིག་གིས་ཁྱོད་བསྙེན་པར་རྫོགས་ཤིག་དང་ངས་མཁན་པོ་དང་ཁྱོད་ཀྱི་རིམ་གྲོ་བྱའོ་ཞེས་སྨྲས་པ་དང་། ཅིག་ཤོས་ཀྱིས་ཀྱང་དེ་ཁོ་ན་བཞིན་དུ་སྨྲས་ཏེ། དེ་དག་ཕན་ཚུན་སྟངས་བྱེད་པས་གཉི་ག་ཡང་བསྙེན་པར་མ་རྫོགས་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཉེ་བ་འཁོར་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་ནས། ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་མཁན་པོ་གཅིག་དང་། སློབ་དཔོན་གཅིག་དང་། གསོལ་བའི་ལས་གཅིག་གིས་གཉིས་བསྙེན་པར་རྫོགས་སུ་རུང་ལགས་སམ། ཉེ་བ་འཁོར་རུང་ངོ་། །དེ་གཉིས་གང་རྒན་ལགས། གང་ཡང་མ་ཡིན་ནོ། །བཙུན་པ་མཁན་པོ་གཅིག་དང་། སློབ་དཔོན་གཅིག་དང་། གསོལ་བའི་ལས་གཅིག་གིས་གསུམ་བསྙེན་པར་རྫོགས་སུ་རུང་ལགས་སམ། ཉེ་བ་འཁོར་རུང་ངོ་། །དེ་དག་ལས་གང་རྒན་པ་ལགས། གང་ཡང་མ་ཡིན་ནོ། །བཙུན་པ་མཁན་པོ་གཅིག་དང་། སློབ་དཔོན་གཅིག་དང་། གསོལ་བའི་ལས་གཅིག་གིས་བཞི་བསྙེན་པར་རྫོགས་སུ་རུང་ལགས་སམ། ཉེ་བ་འཁོར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཉེ་བ་འཁོར་ཚོགས་ཀྱིས་ཚོགས་ཀྱི་ལས་དག་མི་བྱ་བས་དགེ་འདུན་གྱིས་དགེ་


DKG011_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་བསྙེན་པར་རྫོགས་པར་འགལ་ཏེ། དགེ་འདུན་གྱིས་དགེ་འདུན་བསྙེན་པར་རྫོགས་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་དེ་གཉིས་གསོལ་བའི་ལས་གཅིག་གིས་བསྙེན་པར་རྫོགས་པར་བྱས་པ་J01,Vo11,Po37A དང་། དེ་གཉིས་གང་ལ་ཕྱག་བྱ་བ་དང་། ལས་སུ་ཇི་ལྟར་བསྐོ་བར་བྱ་བ་དང་། རྙེད་པ་ཇི་ལྟར་བླང་བ་མི་ཤེས་པའི་སྐབས་དེ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉིས་ཀྱིས་གཅིག་ལ་གཅིག་ཕྱག་ནི་མི་བྱའོ། །རྙེད་པ་ནི་གང་སྔར་འོངས་པས་བླང་བར་བྱའོ། །ཕྱིས་འོངས་པ་དེ་ནི་སྔར་ལས་སུ་བསྐོ་ཞིང་རྙེད་པ་ཕྱིས་སྦྱིན་པར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་མ་འོངས་པའི་དུས་ན་དགེ་སློང་དྲན་པ་ཉམས་པ་དྲན་པ་ཞན་པ་དག་འབྱུང་སྟེ། དེ་དག་གིས་གནས་དང་། གྲོང་དང་། གྲོང་རྡལ་གང་དང་། གང་དུ་མདོ་སྡེ་གང་བཤད་པ་དང་། བསླབ་པའི་གཞི་གང་བཅས་པ་མ་འཚལ་བར་གྱུར་ན་དེ་དག་གིས་ཇི་ལྟར་བསྒྲུབ་པར་བགྱི། གཞན་ཡང་མདོ་སྡེ་དང་། འདུལ་བ་དང་། ཆོས་མངོན་པར་བསྐྱུད་པར་གྱུར་ན་དེ་དག་གིས་ཇི་ལྟར་བསྒྲུབ་པར་བགྱི། གཞན་ཡང་རྒྱལ་པོ་དང་། ཁྱིམ་བདག་དང་། དགེ་བསྙེན་རྣམས་ཀྱི་སྔོན་གྱི་བཀའ་མཆིད་དག་ལ་གནས་དང་། རྒྱལ་པོ་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཁྱིམ་བདག་དང་། དགེ་བསྙེན་རྣམས་ཀྱིས་མིང་བསྐྱུད་པར་གྱུར་ན་དེ་དག་གིས་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེ་བ་འཁོར་གང་གིས་གནས་ལ་སོགས་པའི་མིང་བརྗེད་པར་གྱུར་པ་དེ་དག་གིས་གྲོང་ཁྱེར་ཆེན་པོ་དྲུག་ལས་གང་ཡང་རུང་བའམ། ཡང་ན་དེ་བཞིན་གཤེགས་པ་གང་དུ་ལན་མང་དུ་ཞུགས་པ་བརྗོད་པར་བྱའོ། །ཇི་སྟེ་རྒྱལ་པོའི་མིང་བརྗེད་ན་ནི་གསལ་རྒྱལ་ལོ། །ཁྱིམ་བདག་གི་མིང་ནི་མགོན་མེད་ཟས་སྦྱིན་ནོ། །དགེ་བསྙེན་མ་ནི་རི་དགས་འཛིན་གྱི་མ་ས་གའོ། །སྔོན་གྱི་གཏན་གྱི་གནས་ནི་བཱ་རཱ་ཎ་སཱིའོ། །རྒྱལ་པོ་ནི་ཚངས་སྦྱིན་ནོ། །ཁྱིམ་བདག་ནི་ཁྱིམ་བདག་སྡུམས་བྱེད་དོ། །


DKG011_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་མ་ནི་ཁྱིམ་བདག་གསོ་སྦྱོང་སྐྱེས་ཀྱི་ཆུང་མ་བརྗོད་པར་བྱའོ། །མདོ་སྡེ་དང་། འདུལ་བ་དང་། ཆོས་མངོན་པ་རྣམས་བརྗེད་པར་གྱུར་ན་གླེགས་བུ་ལ་བྲིས་ནས་བཅང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་J01,Vo11,Po37B དང་། གྲོང་མི་དང་། ལྗོངས་ཀྱི་མི་དང་། ཕྱུག་པོ་དང་། ཚོང་དཔོན་དང་། དེད་དཔོན་རྣམས་ཀྱིས་རིམ་གྲོར་བྱས། བླ་མར་བྱས། ཕུ་དུད་དུ་བྱས། མཆོད་པ་བྱས་པས་བཅོམ་ལྡན་འདས་ཀྱིས་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གསོས་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་ཀྱང་བརྙེས་སོ། །མུ་སྟེགས་རྣམས་ནི་རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། གྲོང་མི་དང་། ལྗོངས་ཀྱི་མི་དང་། ཕྱུག་པོ་དང་། ཚོང་དཔོན་དང་། དེད་དཔོན་རྣམས་ཀྱིས་རིམ་གྲོ་མ་བྱས། བླ་མར་མ་བྱས། ཕུ་དུད་མ་བྱས། མཆོད་པ་མ་བྱས་པས་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་གསོས་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་ཀྱང་མ་རྙེད་པར་གྱུར་ཏོ། །དེ་ནས་བདུད་སྡིག་ཅན་འདི་སྙམ་དུ་བདག་གིས་ཡུན་རིང་པོནས་དགེ་སྦྱོང་གཽ་ཏ་མ་ལ་རྣམ་པར་མཐོ་བཙམས་ན་གླགས་མ་རྙེད་ཀྱིས་མ་ལ་བདག་གིས་མུ་སྟེགས་རྣམས་ལ་རྣམ་པར་མཐོ་བཙམ་མོ་སྙམ་མོ། །དེའི་ཚེ་རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་པོ་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐམས་ཅད་མཁྱེན་པར་ང་རྒྱལ་བྱེད་པ་རྣམས་རྒྱལ་པོའི་ཁབ་ན་རྟེན་ཅིང་འཁོད་དོ། །དེ་ནས་བདུད་སྡིག་ཅན་གྱིས་བདག་ཉིད་རྫོགས་བྱེད་ཀྱི་ཆ་བྱད་དུ་མངོན་པར་སྤྲུལ་ནས་ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུའི་མདུན་དུ་འབར་བ་དང་། སྣང་བ་དང་། ཆར་འབབ་པ་དང་། གློག་འགྱུ་བའི་ཆོ་འཕྲུལ་དག་བསྟན་པ་དང་། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུས་སྨྲས་པ། རྫོགས་བྱེད་ཁྱོད་ཀྱིས་འདི་ལྟ་བུའི་ཡོན་ཏན་གྱི་ཚོགས་རྣམས་ཐོབ་བམ། ཐོབ་བོ། །དེ་བཞིན་དུ་སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། མི་ཕམ་སྐྲའི་ལ་བ་ཅན་དང་། ཀ་ཏྱའི་བུ་ནོག་ཅན་དང་


DKG011_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་གྱི་བུ་གཅེར་བུ་པའི་མདུན་དུ་འབར་བ་དང་། སྣང་བ་དང་། ཆར་འབབ་པ་དང་། གློག་འགྱུ་བའི་ཆོ་འཕྲུལ་རྣམས་བསྟན་པ་དང་། དེས་ཀྱང་སྨྲས་པ། རྫོགས་བྱེད་ཁྱོད་ཀྱིས་འདི་ལྟ་བུའི་ཡོན་ཏན་གྱི་ཚོགས་རྣམས་ཐོབ་བམ། ཐོབ་བོ། །དེ་བཞིན་དུ་བདག་ཉིད་ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུའི་ཆ་བྱད་དུ་མངོན་པར་སྤྲུལ་ནས་ཐམས་ཅད་ཀྱི་དྲུང་དུ་སོང་J01,Vo11,Po38A བ་ནས་དེ་བཞིན་དུ་བདག་ཉིད་མི་ཕམ་སྐྲའི་ལ་བ་ཅན་དུ་མངོན་པར་སྤྲུལ་ནས་ཐམས་ཅད་ཀྱི་དྲུང་དུ་སོང་ནས་འདི་ལྟ་བུའི་ཡོན་ཏན་གྱི་ཚོགས་རྣམས་ཁྱོད་ཀྱིས་ཐོབ་བམ། ཐོབ་བོ། །ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་བཞིན་དུ་བདག་ཉིད་སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་གྱི་ཆ་བྱད་དུ་མངོན་པར་སྤྲུལ་ནས་ཐམས་ཅད་ཀྱི་དྲུང་དུ་སོང་ནས་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་བཞིན་དུ་བདག་ཉིད་ཀ་ཏྱའི་བུ་ནོག་ཅན་གྱི་ཆ་བྱད་དུ་མངོན་པར་སྤྲུལ་ནས་ཐམས་ཅད་ཀྱི་དྲུང་དུ་སོང་ནས་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་བཞིན་དུ་བདག་ཉིད་གཅེར་བུ་པ་གཉེན་གྱི་བུའི་ཆ་བྱད་དུ་མངོན་པར་སྤྲུལ་ནས་ཐམས་ཅད་ཀྱི་དྲུང་དུ་སོང་ནས་ཞེས་བྱ་བའི་བར་སྔ་མ་བཞིན་ཏེ། དེ་རྣམས་སོ་སོ་ནས་བསམས་པ། བདག་གཅིག་པུ་མ་གཏོགས་པ་འདི་དག་ཐམས་ཅད་ནི་མཐུ་ཆེ་བ་རྫུ་འཕྲུལ་ཆེ་བའོ་སྙམ་མོ། །དེ་ནས་དུས་གཞན་ཞིག་ན་རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་པོ་རྣམས་རྟོག་ཁང་དུ་འདུས་ཤིང་འཁོད་པ་ན་བར་སྐབས་ཀྱི་གཏམ་འདི་ལྟ་བུ་དག་གླེང་སྟེ། ཤེས་ལྡན་དག་སྔོན་ནི་བདག་ཅག་རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། གྲོང་མི་དང་། ལྗོངས་ཀྱི་མི་དང་། ཕྱུག་པོ་དང་། ཚོང་དཔོན་དང་། དེད་དཔོན་རྣམས་ཀྱིས་བཀུར་སྟིར་བྱས། རི་མོར་བྱས། མཆོད་པར་བྱས་པས་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ན་བའི་རྐྱེན་སྨན་དང་། ཡོ་བྱད་རྣམས་ཀྱང་རྙེད་པར་གྱུར་ཏོ། །ད་ནི་བདག་ཅག་ལ་བཀུར་སྟི་མི་བྱེད། རིམ་གྲོ་མི་བྱེད། བླ་མར་མི་བྱེད། མཆོད་པར་མི་བྱེད་ཅེས་བྱ་བ་ནས་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ན་བའི་གསོས་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་མི་རྙེད་དོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །ཤེས་ལྡན་དག་དགེ་སྦྱོང་གཽ་ཏ་མ་དེ་ལ་ནི་བཀུར་སྟིར་བྱས། རི་མོར་བྱས།


DKG011_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནས། དགེ་སྦྱོང་གཽ་ཏ་མས་ནི་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་གསོས་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་ཀྱང་རྙེད་དོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །ཤེས་ལྡན་དག་དེ་ལྟ་བས་ན་བདག་ཅག་གིས་དགེ་སྦྱོང་གཽ་ཏ་མ་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་དགུག་པར་བྱ་ཞིང་། གལ་ཏེ་དགེ་སྦྱོང་གཽ་ཏ་མས་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གཅིག་བསྟན་ན་བདག་ཅག་གིས་གཉིས། དགེ་སྦྱོང་གཽ་ཏ་མས་གཉིས་ན་བདག་ཅག་གིས་བཞི། J01,Vo11,Po38B དགེ་སྦྱོང་གཽ་ཏ་མས་བཞི་ན་བདག་ཅག་གིས་བརྒྱད། དགེ་སྦྱོང་གཽ་ཏ་མས་བརྒྱད་ན་བདག་ཅག་གིས་བཅུ་དྲུག །དགེ་སྦྱོང་གཽ་ཏ་མས་བཅུ་དྲུག་ན་བདག་ཅག་གིས་སུམ་བཅུ་རྩ་གཉིས་ཏེ། དགེ་སྦྱོང་གཽ་ཏ་མས་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཇི་སྙེད་བསྟན་པ་ལས་བདག་ཅག་གིས་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཉིས་གྱུར་སུམ་གྱུར་དུ་བསྟན་པར་བྱའོ། །དེ་ནས་རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་པོ་རྣམས་རྒྱལ་པོ་གཟུགས་ཅན་སྙིང་པོ་གང་ན་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་རྒྱལ་བ་དང་ཚེ་སྤེལ་བ་བྱས་ནས་འདི་སྐད་ཅེས་སྨྲས་སོ། །ལྷ་བདག་ཅག་ནི་རྫུ་འཕྲུལ་དང་ལྡན་པ། ཡེ་ཤེས་ཅན་དུ་སྨྲ་བ་ལགས། དགེ་སྦྱོང་གཽ་ཏ་མ་ཡང་བདག་ཉིད་རྫུ་འཕྲུལ་དང་ལྡན་པ། ཡེ་ཤེས་ཅན་དུ་སྨྲ་བ་ལགས་པར་སེམས་ན་དེའི་སླད་དུ་ཡེ་ཤེས་དང་ལྡན་པར་སྨྲ་བ་དང་། ཡེ་ཤེས་དང་ལྡན་པར་སྨྲ་བ་ལྷན་ཅིག་ཏུ་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་དུ་སྩལ་བའི་རིགས་སོ། །གལ་ཏེ་དགེ་སྦྱོང་གཽ་ཏ་མས་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གཅིག་བསྟན་ན་བདག་ཅག་གིས་གཉིས་ཞེས་བྱ་བ་ནས་བདག་ཅག་གིས་མིའི་ཆོས་བླ་མའི་ཆོ་འཕྲུལ་ཉིས་གྱུར་སུམ་གྱུར་དུ་བསྟན་པར་བགྱིའོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དགེ་སྦྱོང་གཽ་ཏ་མ་ཡང་ཤུལ་གྱི་ཕྱེད་དུ་དགུག་ཏུ་གསོལ། །བདག་ཅག་ཀྱང་ཤུལ་གྱི་ཕྱེད་དུ་མཆིའོ། །དེ་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་པོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རོ་དང་འདྲ་བ་ཁྱེད་ཀྱིས་ཀྱང་བཅོམ་ལྡན་འདས་མིའི་ཆོས་བླ་


DKG011_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་དགུག་གམ་རྒྱལ་པོས་དེ་སྐད་ཅེས་སྨྲས་པ་དང་། དེ་དག་དོང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་རྒྱལ་པོའི་ཁབ་ནས་ཕྱུང་སྟེ། བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བ་དང་། དེ་དག་དེའི་ལམ་ཀར་སོང་ནས། རྒྱལ་པོ་ལ་རྒྱལ་བ་དང་ཚེ་སྤེལ་བ་བྱས་ནས་འདི་སྐད་ཅེས་སྨྲས་སོ། །ལྷ་བདག་ཅག་ནི་རྫུ་འཕྲུལ་དང་ལྡན་པ་ཡེ་ཤེས་ཅན་དུ་སྨྲ་བ་ལགས་ཞེས་བྱས་ནས། མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་J01,Vo11,Po39A ཆོ་འཕྲུལ་ཉིས་གྱུར་སུམ་གྱུར་དུ་བསྟན་པར་བགྱི་ན་དགེ་སྦྱོང་གཽ་ཏ་མ་ཤུལ་གྱི་ཕྱེད་དུ་དགུག་ཏུ་གསོལ། བདག་ཅག་ཀྱང་ཤུལ་གྱི་ཕྱེད་དུ་མཆིའོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །རྒྱལ་པོས་སྨྲས་པ། ཀྱེ་འདིའི་ཚེ་ནི་དེར་ཟད། གལ་ཏེ་ཁྱེད་དོན་འདི་ལན་གསུམ་གྱི་བར་དུ་ཟེར་ན་ཁྱེད་སྤྱུགས་ཏེ་བཏང་ངོ་ཞེས་དེས་དེ་དག་ཐག་བཅུག་པ་དང་སླར་སོང་ངོ་། །རང་གི་གནས་སུ་ཕྱིན་པ་དང་། ཡང་བགྲོས་པ། ཤེས་ལྡན་དག་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ནི་དགེ་སྦྱོང་གཽ་ཏ་མ་ཕྱོགས་བྱེད་པས་མཉན་ཡོད་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གཟུ་བོ་ལྟ་བུ་ཞིག་ཡོད་ཅེས་གྲག་གིས། གང་གི་ཚེ་དགེ་སྦྱོང་གཽ་ཏ་མ་མཉན་ཡོད་དུ་འོངས་པ་དེའི་ཚེ་བདག་ཅག་གིས་དགེ་སྦྱོང་གཽ་ཏ་མ་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་དགུག་པར་བྱའོ། །ཅི་ཙམ་དུས་གཞན་ཞིག་ན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་ཇི་སྲིད་དགྱེས་ཀྱི་བར་དུ་བཞུགས་ནས་མཉན་ཡོད་གང་ན་བར་ལྗོངས་རྒྱུ་ཞིང་གཤེགས་སོ། །རིམ་གྱིས་ལྗོངས་རྒྱུ་ཞིང་གཤེགས་པ་ལས་མཉན་ཡོད་དུ་བྱོན་ནས། མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་པོ་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་རྗེས་བཞིན་མཉན་ཡོད་དུ་དོང་ངོ་། །དེ་ནས་རིམ་གྱིས་མཉན་ཡོད་དུ་ཕྱིན་པ་དང་། དེ་དག་ལམ་གྱིས་དུབ་པ་ངལ་བསོ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་རྒྱལ་བ་དང་ཚེ་


DKG011_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་བ་བྱས་ནས་སྨྲས་པ། ལྷ་བདག་ཅག་ནི་རྫུ་འཕྲུལ་དང་ལྡན་པ། ཡེ་ཤེས་ཅན་དུ་སྨྲ་བ་ལགས། དགེ་སྦྱོང་གཽ་ཏ་མ་ཡང་བདག་ཉིད་རྫུ་འཕྲུལ་དང་ལྡན་པ། ཡེ་ཤེས་ཅན་དུ་སྨྲ་བ་ལགས་པར་སེམས་ན། དེའི་སླད་དུ་ཡེ་ཤེས་ཅན་དུ་སྨྲ་བ་དང་། ཡེ་ཤེས་ཅན་དུ་སྨྲ་བ་ལྷན་ཅིག་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་དུ་སྩལ་བའི་རིགས་སོ། །གལ་ཏེ་དགེ་སྦྱོང་གཽ་ཏ་མས་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གཅིག་བསྟན་ན་བདག་ཅག་གིས་གཉིས། དགེ་སྦྱོང་གཽ་ཏ་མས་གཉིས་ན་བདག་ཅག་གིས་བཞི། དགེ་སྦྱོང་གཽ་ཏ་མས་བཞི་ན་བདག་ཅག་གིས་བརྒྱད། དགེ་སྦྱོང་གཽ་ཏ་མས་བརྒྱད་J01,Vo11,Po39B ན་བདག་ཅག་གིས་བཅུ་དྲུག །དགེ་སྦྱོང་གཽ་ཏ་མས་བཅུ་དྲུག་ན་བདག་ཅག་གིས་སུམ་བཅུ་རྩ་གཉིས་ཏེ། དགེ་སྦྱོང་གཽ་ཏ་མས་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཇི་སྙེད་བསྟན་པ་ལས་བདག་ཅག་གིས་ཉིས་གྱུར་སུམ་གྱུར་ཏུ་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་པར་བགྱིས། དགེ་སྦྱོང་གཽ་ཏ་མ་ཤུལ་གྱི་ཕྱེད་དུ་དགུག་ཏུ་གསོལ། བདག་ཅག་ཀྱང་ཤུལ་ཕྱེད་དུ་མཆིའོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་སྨྲས་པ། ཤེས་ལྡན་དག་གལ་ཏེ་དེ་ལྟ་ན་བདག་གིས་བཅོམ་ལྡན་འདས་ལ་ཞུས་ཏེ་བྱས་རེ་ཞིག་སྡོད་ཅིག །དེ་རྣམས་ཀྱིས་སྨྲས་པ། ལྷ་ལེགས་ཀྱིས་དེ་ལྟར་མཛད་དུ་གསོལ་སྡོད་དོ། །དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་མུ་སྟེགས་ཅན་དེ་རྣམས་བཅོམ་ལྡན་འདས་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་སྤྱན་འདྲེན་ན་དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་དུ་གསོལ། མུ་སྟེགས་ཅན་རྣམས་ཐག་སྩལ་དུ་གསོལ། ལྷ་དང་མི་རྣམས་དགའ་བར་བགྱིར་གསོལ། སྐྱེས་བུ་དམ་པ་རྣམས་གློ་བ་རངས་པར་བགྱིར་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་


DKG011_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ང་ནི་ཉན་ཐོས་རྣམས་ལ་འདི་སྐད་དུ་དགེ་སློང་དག་ཁྱེད་ཚུར་བྲམ་ཟེ་དང་ཁྱིམ་བདག་འོངས་ཤིང་འོངས་པ་རྣམས་ལ་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་ཅིག་ཅེས་ཆོས་སྟོན་པར་མི་བྱེད་ཀྱི། འོན་ཀྱང་ང་ནི་ཉན་ཐོས་རྣམས་ལ་འདི་སྐད་དུ་དགེ་སློང་དག་དགེ་བ་ནི་མ་སྤྱོམས་ཤིག །སྡིག་པ་ནི་ཤོགས་ཏེ་གནོས་ཤིག་ཅེས་ཆོས་སྟོན་ཏོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ལན་གཉིས་ལན་གསུམ་གྱི་བར་དུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་མུ་སྟེགས་ཅན་དེ་རྣམས་བཅོམ་ལྡན་འདས་མིའི་ཆོས་བླ་མའི་རྫུ་འཕྲུལ་ གྱི་ཆོ་འཕྲུལ་ལ་སྤྱན་འདྲེན་ན་དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་J01,Vo11,Po40A ཆོ་འཕྲུལ་བསྟན་དུ་གསོལ། མུ་སྟེགས་ཅན་རྣམས་ཐག་སྩལ་དུ་གསོལ། ལྷ་དང་མི་རྣམས་དགའ་བར་བགྱིར་གསོལ། སྐྱེས་བུ་དམ་པ་རྣམས་གློ་བ་རངས་པར་བགྱིར་གསོལ། བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ལན་གཉིས་ལན་གསུམ་གྱི་བར་དུ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ང་ནི་ཉན་ཐོས་རྣམས་ལ་འདི་སྐད་དུ་དགེ་སློང་དག་ཁྱེད་ཚུར་བྲམ་ཟེ་དང་ཁྱིམ་བདག་འོངས་ཤིང་འོངས་པ་རྣམས་ལ་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་ཅིག་ཅེས་ཆོས་སྟོན་པར་མི་བྱེད་ཀྱི། འོན་ཀྱང་ང་ནི་ཉན་ཐོས་རྣམས་ལ་འདི་སྐད་དུ་དགེ་སློང་དག་དགེ་བ་ནི་མ་སྤྱོམས་ཤིག །སྡིག་པ་ནི་ཤོགས་ཏེ་གནོས་ཤིག་ཅེས་ཆོས་སྟོན་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ངེས་པར་མཛད་པ་ནི་ལྔ་ཡིན་ཏེ། ལྔ་གང་ཞེ་ན། སྔ་ཕྱི་མེད་པའི་སེམས་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མཛད་པ་དང་། ཉན་ཐོས་དགེ་བའི་རྩ་བ་བསགས་པ་རྒྱལ་ཚབ་ཏུ་དབང་བསྐུར་བས་དབང་བསྐུར་བར་མཛད་པ་དང་། ཡབ་དང་ཡུམ་བདེན་པ་ལ་འགོད་པར་མཛད་པ་དང་། མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པར་མཛད་པ་དང་། སངས་རྒྱས་ཀྱིས་གདུལ་བར་བྱ་བ་ཐམས་ཅད་འདུལ་བའོ། །བཅོམ་ལྡན་འདས་ཀྱིས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོ་འཕྲུལ་ཆེན་པོ་གང་དུ་བསྟན་ཅེས་


DKG011_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ན་མཉན་ཡོད་དུ་ཡིན་པར་གཟིགས་སོ། །ཡང་སྐྱེ་བོའི་ཚོགས་ཆེན་པོས་དུས་ཇི་ཙམ་ན་ཁོང་དུ་ཆུད་པར་འགྱུར་ཞེས་དགོངས་ན་ཞག་བདུན་ལོན་ནས་འགྱུར་བར་མཁྱེན་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་སོང་ལ་དེ་བཞིན་བྱས་ཅི་རིགས་པར་སྒྲུབས་ཤིག་ཅེས་གྱིས་ཤིག །བཅོམ་ལྡན་འདས་དུས་ཇི་ཙམ་ན། རྒྱལ་པོ་ཆེན་པོ་ཞག་བདུན་ནའོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་སྟེ། མུ་སྟེགས་ཅན་རྣམས་ལ་སྨྲས་པ། ཀྱེ་བཅོམ་ལྡན་འདས་ནི་ཞག་བདུན་ན་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོ་སྟོན་པར་མཛད་ J01,Vo11,Po40B ཀྱིས་ཁྱེད་ཅག་གིས་བྱ་ཞིང་བཤམ་དགོས་པ་ཅི་ཡོད་པ་དེ་གྱིས་ཤིག །མུ་སྟེགས་ཅན་རྣམས་ཀྱིས་བགྲོས་པ། ཤེས་ལྡན་དག་ཡང་ན་ནི་དགེ་སྦྱོང་གཽ་ཏ་མ་འབྲོས་པར་འགྱུར་རོ། །ཡང་ན་ནི་གྲོགས་ཚོལ་བར་འགྱུར་ན་དེ་ལ་ཇི་ལྟར་བསྒྲུབ། དེ་དག་འདི་སྐད་ཅེས་ཀྱེ་དགེ་སྦྱོང་གཽ་ཏ་མ་ནི་གདོན་མི་ཟ་བར་གྲོགས་ཚོལ་བར་འགྱུར་བས་ཇི་སྟེ་དེ་ལྟར་གྱུར་ན་བདག་ཅག་གིས་ཀྱང་གྲོགས་བཙལ་ལོ། །དེའི་ཚེ་ཀུ་ཤའི་གྲོང་ཁྱེར་ན་ཀུན་དུ་རྒྱུ་ཤིན་ཏུ་བཟང་པོ་ཞེས་བྱ་བ་རྒས་པ། འཁོགས་པ། གཏུགས་པ། ཀུ་ཤའི་གྲོང་ཁྱེར་གྱི་གྱད་རྣམས་ཀྱིས་དགྲ་བཅོམ་པར་བཀུར་ཞིང་རིམ་གྲོ་བྱས། བཀུར་སྟིར་བྱས། བླ་མར་བྱས། མཆོད་པར་བྱས་པ་ཞིག་འདུག་གོ །དེ་རྣམས་ཀྱིས་གྲོས་བཅས་ནས་དེའི་དྲུང་དུ་སོང་སྟེ་སྨྲས་པ། ཤིན་ཏུ་བཟང་པོ་ཁྱོད་དང་བདག་ཅག་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཏེ། བདག་ཅག་གིས་དགེ་སྦྱོང་གཽ་ཏ་མ་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་བོས་ཀྱིས་གྲོགས་གྱིས་ཤིག །དེས་སྨྲས་པ། ཀྱེ་ཁྱེད་ཀྱིས་དགེ་སྦྱོང་གཽ་ཏ་མ་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་བོས་པ་ནི་མ་ལེགས་པ་ཞིག་བྱས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་ཡིན་ནོ། །ཇི་ལྟར་ཤེས། འཐད་པ་ལགས་སོ། །འདི་ལ་གཏན་ཚིགས་ཅི་ཡོད། ཤེས་ལྡན་དག་གང་གི་ཚེ་དགེ་སྦྱོང་གཽ་ཏ་མ་འཇིག་རྟེན་དུ་མ་བྱུང་བ་དེའི་ཚེ་ཁོ་བོ་དལ་གྱིས་འབབ་པ་ཞེས་བྱ་བའི་མཚོ་འགྲམ་


DKG011_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཉིན་མོ་གནས་ཤིང་ཁོ་བོ་བསོད་སྙོམས་བླངས་ནས་མཚོ་ཆེན་པོ་མ་དྲོས་པར་སོང་སྟེ་ཟའོ། །དེ་ན་ཁོ་བོ་ཕྱོགས་གཅིག་ན་འདུག་པ་ལ་མ་དྲོས་པ་ན་གནས་པའི་ལྷ་རྣམས་ཀྱིས་ཆུ་བཅུས་ཤིང་སྦྱིན་པར་བྱེད་དོ། །གང་གི་ཚེ་དགེ་སྦྱོང་གཽ་ཏ་མ་འཇིག་རྟེན་དུ་བྱུང་བ་དེའི་ཚེ་དེའི་ཉན་ཐོས་ཀྱི་མཆོག་ཤཱ་རིའི་བུ་ཞེས་བྱ་བ་དེའི་དགེ་སྦྱོང་སྐུལ་བྱེད་ཅེས་བྱ་བ་དེས་ཕྱག་དར་ཁྲོད་པ་ཁྱེར་ནས་མཚོ་ཆེན་པོ་མ་དྲོས་པར་འོངས་པ་དང་། མ་དྲོས་པ་ན་གནས་པའི་ལྷ་དེ་རྣམས་དེའི་ཕྱག་དར་ཁྲོད་པ་དེ་དག་བཀྲུས་ནས་འབུལ་བར་བྱེད་ལ། བཀྲུས་པའི་ཆུ་དེས་ཀྱང་བདག་ཉིད་ཀྱི་མགོ་བོར་འདེབས་པར་བྱེད་དོ། །དེ་ལྟ་བས་ན་བདག་ཅག་གང་གི་ཡང་སློབ་མ་དང་ཡང་མི་མཉམ་པ་དེ་ཁྱེད་ཀྱིས་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་ J01,Vo11,Po41A བོས་པ་ནི་མ་ལེགས་པར་བྱས་སོ། །དེ་རྣམས་ཕན་ཚུན་དུ་ཀྱེ་འདི་ཡང་དེའི་ཕྱོགས་ཞིག་ཡིན་པས་བདག་ཅག་གཞན་ཚོལ་དུ་འདོང་ངོ་ཞེས་སྨྲས་ནས་དེ་རྣམས་ཀྱིས་དེ་ལ་གཡོའི་ཀུན་ཏུ་སྤྱོད་པས་བཀུར་སྟི་བྱ་བ་ལྟར་བྱས་ཏེ་དོང་ནས་ས་ཕྱོགས་དབེན་པ་གཞན་ཞིག་ཏུ་འདུག་ནས་བགྲོས་པ། ཀྱེ་བདག་ཅག་གིས་གྲོགས་གཞན་ཇི་ལྟར་བཙལ་བར་བྱ་སྨྲོས་ཤིག །དེ་ལས་ཁ་ཅིག་གིས་སྨྲས་པ། གྲོང་ཁྱེར་སྐྱེད་མོས་ཚལ་གྱི་ནགས་ཞེས་བྱ་བ་འདི་ན་ལྔ་མངོན་པར་ཤེས་པ་ཆེ་གེ་མོ་ཞིག་གནས་པས་དེའི་གན་དུ་དོང་དང་། དེ་བདག་ཅག་གི་གྲོགས་བྱེད་པར་འགྱུར་རོ། །ཁ་ཅིག་གིས་སྨྲས་པ། དེས་མི་ནུས་ཀྱི་འོན་ཀྱང་དཀའ་ཐུབ་ཀྱི་ནགས་ཚལ་ཆེ་གེ་མོ་ཞེས་བྱ་བ་ན་དཀའ་ཐུབ་ཅན་ལྔ་མངོན་པར་ཤེས་པ་ཆེ་གེ་མོ་ཞེས་བྱ་བ་གནས་པ་དེའི་དྲུང་དུ་དོང་ན་དེ་བདག་ཅག་གི་གྲོགས་བྱེད་པར་འགྱུར་རོ། །དེའི་ཚེ་གངས་རིའི་སུལ་ཤིང་སྣ་ཚོགས་ཀྱི་ནགས་ཚལ་གྱིས་བརྒྱན་པ། ཆུ་མིག་དང་། མེ་ཏོག་དང་། འབྲས་བུ་དང་། རྩ་བ་ཕུན་སུམ་ཚོགས་པ། འབབ་ཆུ་དང་། མཚེ་འུས་མཛེས་པར་བྱས་པ་ན་དྲང་སྲོང་ལྔ་བརྒྱ་ཙམ་ཞིག་གནས་ཏེ་ཕལ་ཆེར་མངོན་པར་ཤེས་པ་ལྔ་དང་ལྡན་པའོ། །དེའི་ནང་ནས་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་གཅིག་གྲོང་ཁྱེར་གྱི་ཉེ་འཁོར་དུ་འོངས་ནས་དེ་ཕན་ཚུན་འཕྱན་པ་ལས་དེ་རྣམས་ཀྱི་དྲུང་དུ་འོངས་པ་དང་། དེ་རྣམས་ཀྱིས་དེ་ལ་བྱོན་པ་ལེགས་སོ་ཞེས་བྱ་བ་ཀུན་ཏུ་སྤྱད་ནས་ཁྱོད་གང་


DKG011_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འདིར་འོངས་ཞེས་དྲིས་པ་དང་། དེས་ཇི་ལྟར་གྱུར་པ་རྣམས་བརྗོད་དོ། །དེ་རྣམས་ཡིད་བདེ་བ་སྐྱེས་ནས་དེ་དག་གི་དྲུང་དུ་སོང་ངོ་། །དེ་ནས་ཕན་ཚུན་ཡང་དག་པར་དགའ་བར་བྱས་ནས་ལམ་གྱིས་དུབ་པ་ངལ་བསོ་སྟེ། ཀྱེ་ཁྱེད་དང་བདག་ཅག་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཏེ། བདག་ཅག་གིས་དགེ་སྦྱོང་གཽ་ཏ་མ་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་བོས་ན་ཁྱེད་ཀྱིས་ཀྱང་གྲོགས་གྱིས་ཤིག །དེ་དག་གིས་སྨྲས་པ། ཀྱེ་ལེགས་ཏེ་དེ་བཞིན་དུ་བྱ་ན་འོན་ཀྱང་ངེད་ལ་མཚན་མ་སྟོན་ཅིག །དེ་རྣམས་ཡིད་བདེ་བ་སྐྱེས་ནས་དེ་དག་ལ་གུས་པར་སྨྲ་བས་མགུ་བར་བྱས་ཏེ་དོང་ངོ་། །རེ་ཞིག་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་མས་དབེན་གྱི་ནུ་བོ་ J01,Vo11,Po41B རྒྱལ་བུ་གཞོན་ནུ་ན་གུ་ཞེས་བྱ་བ་དེ་དྲི་དང་མེ་ཏོག་གི་ཕྲེང་བས་བརྒྱན་ནས་རྒྱལ་པོའི་ཕོ་བྲང་གི་དྲུང་ན་མར་སོང་བ་ལས་དེའི་བཙུན་མོ་ཞིག་སྟེང་གི་ཁང་བཟངས་ཀྱི་ཐོག་ནས་མེ་ཏོག་གི་ཕྲེང་བ་བོར་བ་དང་། དེའི་ལུས་ལ་ཕོག་པ་གཞན་ཞིག་གིས་མཐོང་ངོ་། །འཇིག་རྟེན་ན་མཛའ་བ་དང་མི་མཛའ་བ་དང་ཐ་མལ་པ་ཡིན་པས་དེས་ཀྱང་བློན་པོ་ལ་བྱས་སོ། །བློན་པོས་ཀྱང་རྒྱལ་པོ་ལ་ལྷ་རྒྱལ་བུ་གཞོན་ནུ་ན་གུ་ནི་ལྷའི་བཙུན་མོ་དང་ཁྲིའོ་ཞེས་གསོལ་ཏོ། །རྒྱལ་པོ་རྣམས་ནི་མ་བརྟགས་པར་བྱེད་པ་ཡིན་པས་དེས་བློན་པོ་རྣམས་ལ་ཤེས་ལྡན་དག་ངས་རྒྱལ་བུ་གཞོན་ནུ་ན་གུ་ཡོངས་སུ་བཏང་གིས་དེང་ལ་རྐང་ལག་མེད་པར་གྱིས་ཤིག་ཅེས་བསྒོ་བ་དང་། དེ་དག་གིས་དེ་སྲང་དུ་ཁྲིད་ནས་རྐང་ལག་མེད་པར་བྱས་ཏེ་བཞག་ནས་དེའི་གཉེན་མིག་མཆི་མས་གང་བ་རྣམས་དང་། སྐྱེ་བོའི་ཚོགས་ཆེན་པོ་གཞན་དག་གིས་ཀྱང་ཡོངས་སུ་བསྐོར་ཅིང་འདུག་གོ །ཅི་ཙམ་ན་མུ་སྟེགས་ཅན་རྣམས་ཀྱང་ཕྱོགས་དེར་འོངས་པ་དང་། དེ་དག་ལ་དེའི་གཉེན་རྣམས་ཀྱིས་འཕགས་པ་རྒྱལ་བུ་གཞོན་ནུ་ན་གུའི་ཡན་ལག་དང་ཉིང་ལག་དག་ཇི་ལྟར་སྔ་མཁོ་བཞིན་དུ་འགྱུར་བའི་བདེན་པའི་ཚིག་མཛད་དུ་གསོལ་ཞེས་སྨྲས་པ་དང་། དེ་དག་སྤོབས་པ་མེད་ནས་ཅང་མི་ཟེར་བར་ལངས་ཏེ་དོང་ངོ་། །ཇི་ཙམ་ན་ཚེ་དང་ལྡན་པ་ཀུན་དགའ་བོ་བསོད་སྙོམས་ལ་རྒྱུ་བ་ལས་ཕྱོགས་དེར་ཕྱིན་པ་དང་། དེ་དག་གིས་དེ་ལ་སྨྲས་པ། འཕགས་པ་རྒྱལ་བུ་གཞོན་ནུ་ན་གུ་ཡན་


DKG011_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ལག་དང་ཉིང་ལག་ཇི་ལྟར་སྔ་མཁོ་བཞིན་དུ་འགྱུར་བར་བདེན་པའི་ཚིག་མཛད་དུ་གསོལ། དེས་སྨྲས་པ། ཤེས་ལྡན་དག་བཅོམ་ལྡན་འདས་ལ་ཞུས་ཏེ་འོང་ངོ་ཞེས་བྱས་པ་དང་། དེ་དག་འདི་ད་ནི་སོས་ཟིན་ཏོ་ཞེས་དབུགས་ཕྱིན་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་རིངས་པ་རིངས་པར་མཉན་ཡོད་དུ་སོང་སྟེ་བསོད་སྙོམས་བཞག་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་སྐབས་དེ་བཅོམ་ལྡན་འདས་ལ་རྒྱ་ཆེར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་རྒྱལ་བུ་གཞོན་ནུ་ན་གུའི་གཉེན་གྱིས་ཡན་ལག་དང་ཉིང་ལག་དག་གནས་ཇི་ལྟ་བ་བཞིན་དུ་འཇོག་ཏུ་ཆུག་ལ་བདེན་པའི་ཚིག་འདི་ལྟར་གྱིས་ཤིག །བདེན་པ་དང་བདེན་པའི་ཚིག་གང་གིས་སེམས་ J01,Vo11,Po42A ཅན་རྐང་པ་མེད་པ་དང་། རྐང་གཉིས་དང་། རྐང་བཞི་པ་དང་། རྐང་མངས་དང་། གཟུགས་ཅན་དང་། གཟུགས་མེད་པ་དང་། འདུ་ཤེས་ཡོད་པ་དང་། འདུ་ཤེས་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གང་སུ་ཡང་རུང་དེ་དག་གི་ནང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཆོག་ཏུ་གསུངས་པ་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་གང་ཅི་ཡང་རུང་བ་དེ་དག་གི་ནང་ན་འདོད་ཆགས་དང་བྲལ་བའི་ཆོས་མཆོག་ཏུ་གསུངས་པ་དང་། འདུས་པའམ། མང་པོའམ། ཚོགས་པའམ། འཁོར་གང་སུ་ཡང་རུང་དེ་དག་གི་ནང་ན་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མཆོག་ཏུ་གསུངས་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། དཀའ་ཐུབ་དང་། ཚངས་པར་སྤྱོད་པ་ལ་གནས་པ་གང་ཅི་ཡང་རུང་བ་དེ་དག་གི་ནང་ན་འཕགས་པ་དགྱེས་པའི་ཚུལ་ཁྲིམས་མཆོག་ཏུ་གསུངས་པའི་བདེན་པ་དང་བདེན་པའི་ཚིག་འདིས་རྒྱལ་བུ་གཞོན་ནུ་ན་གུའི་ཡན་ལག་དང་ཉིང་ལག་དག་སྔོན་གྱི་ཇི་ལྟ་བ་བཞིན་དུ་གྱུར་ཅིག་ཅེས་བྱོས་ཤིག་དང་སྔ་མཁོ་བཞིན་དུ་འགྱུར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་དེ་ལྟར་འཚལ་ལོ་ཞེས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་དེའི་གཉེན་རྣམས་ཀྱིས་ཡན་ལག་དང་ཉིང་ལག་གནས་ཇི་ལྟ་བ་བཞིན་དུ་བཞག་ནས་འདི་ལྟར་བདེན་པའི་ཚིག་བྱ་བར་བརྩམས་ཏེ། བདེན་པ་དང་བདེན་པའི་ཚིག་གང་གིས་


DKG011_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྐང་པ་མེད་པ་དང་ཞེས་བྱ་བ་ནས། གང་སུ་ཡང་རུང་དེ་དག་གི་ནང་ན་འཕགས་པ་དགྱེས་པའི་ཚུལ་ཁྲིམས་མཆོག་ཏུ་གསུངས་པའི་བདེན་པ་དང་བདེན་པའི་ཚིག་དེས་དེ་ཡན་ལག་དང་ཉིང་ལག་སྔ་མཁོ་བཞིན་དུ་གྱུར་ཅིག་ཅེས་བྱ་བའི་བར་སྔ་མ་བཞིན་དུ་བྱས་པ་དང་། བདེན་པའི་ཚིག་གིས་དེའི་ཡན་ལག་དང་ཉིང་ལག་ཇི་ལྟར་སྔ་མ་བཞིན་དུ་གནས་པར་གྱུར་ནས་སྐྱེ་བོའི་ཚོགས་ཀྱིས་ངོ་མཚར་དུ་གྱུར་པའི་མིག་ཕྱེ་སྟེ། ཨ་ལ་ལ་འཕགས་པ་ཀུན་དགའ་བོས་མུ་སྟེགས་ཅན་ཕམ་པར་བྱས་སོ་ཞེས་སྒྲ་བོ་ཆེ་བཏོན་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་རྒྱལ་བུ་གཞོན་ནུ་ན་གུ་ཁྲིད་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་ J01,Vo11,Po42B སྐད་ཅེས་བཙུན་པ་རྒྱལ་བུ་གཞོན་ནུ་ན་གུ་དེ་ནི་འདི་ལགས་སོ་ཞེས་གསོལ་པ་དང་། དེ་ནས་རྒྱལ་བུ་གཞོན་ནུ་ན་གུས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་འཚམ་པའི་ཆོས་བསྟན་པ་མཛད་དོ། །རྒྱལ་བུ་གཞོན་ནུ་ན་གུས་དེ་ཐོས་མ་ཐག་ཏུ་བདེན་པ་མངོན་པར་རྟོགས་ཏེ་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱས་ཤིང་རྫུ་འཕྲུལ་ཡང་ཐོབ་པར་གྱུར་ཏོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་འཕགས་པ་ཀུན་དགའ་བོས་བདེན་པའི་ཚིག་ཇི་ལྟ་བ་བཞིན་དུ་བྱས་པས་རྒྱལ་བུ་གཞོན་ནུ་ན་གུའི་ཡན་ལག་དང་ཉིང་ལག་སྔ་མཁོ་བཞིན་དུ་གྱུར་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་བུ་གཞོན་ནུ་ན་གུ་གང་ན་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་བུ་གཞོན་ནུ་ན་གུ་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་ཚུར་ཤོག་ཁྱིམ་དུ་འདོང་། དེས་སྨྲས་པ། ལྷ་བདག་ནི་བཅོམ་ལྡན་འདས་ལ་བསྙེན་བཀུར་འཚལ་ཞིང་འདི་ཉིད་དུ་མཆིས་སོ། །ལེགས་ཀྱིས་དེ་བཞིན་དུ་གྱིས་ཤིག་ཅེས་དེས་ཀུན་དགའི་ར་བའི་ནང་དེར་འཆགས་བྱས་སོ། །དེ་དེ་ན་འདུག་པ་ན་དེའི་ཡན་ལག་དང་ཉིང་ལག་དུམ་བུ་སླར་འབྱོར་པས་དེའི་མིང་དུམ་བུའི་ཀུན་དགའ་ར་བ་པ་དུམ་བུའི་ཀུན་དགའ་ར་བ་པ་


DKG011_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བར་ཆགས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་མཉན་ཡོད་ནས་རྒྱལ་བྱེད་ཀྱི་ཚལ་ཇི་སྲིད་པ་དེའི་བར་དུ་ཆོ་འཕྲུལ་ཆེན་པོ་བསྟན་པའི་འདུན་ཁང་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ལེགས་ཀྱིས་གྱིས་ཤིག་དང་དེར་གདོན་མི་ཟ་བར་སྐྱེ་བོའི་ཚོགས་ཆེན་པོ་འདུ་བར་འགྱུར་རོ་ཞེས་བཀའ་སྩལ་པ་དང་། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་མཉན་དུ་ཡོད་པ་དང་། རྒྱལ་བྱེད་ཀྱི་ཚལ་ཇི་སྲིད་པ་དེའི་བར་དུ་ས་གཞི་ཡོངས་སུ་སྦྱངས་ནས་ཆོ་འཕྲུལ་ཆེན་པོ་བསྟན་པའི་འདུན་ཁང་བཤམས་ཏེ་འདུན་ཁང་གོས་བརྒྱ་ J01,Vo11,Po43A སྟོང་རི་བས་གཡོགས་པ། ཙན་དན་གྱི་ཆུས་ཆག་ཆག་བཏབ་པ། དྲི་ཞིམ་པོའི་བདུག་པའི་སྣོད་བཞག་པ། བ་དན་དང་རྒྱལ་མཚན་བསྒྲེང་བ། དར་གྱི་ཆུན་འཕྱང་གི་ཚོགས་དཔྱངས་པ། མེ་ཏོག་སིལ་མ་སྣ་ཚོགས་བཀྲམ་པ། ལྷ་རྣམས་ཀྱི་དགའ་ཚལ་གྱི་སྐྱེད་མོས་ཚལ་བཞིན་དུ་ཉམས་དགའ་བར་བྱས་ནས་དེར་བཅོམ་ལྡན་འདས་ཀྱི་ཕྱིར་རྡོ་རྗེ་དང་། བཻ་ཌཱུརྱ་དང་། མརྒད་དང་། བྱི་རུ་དང་། ནོར་བུ་དང་། མུ་ཏིག་དང་། ཨན་ད་རྙིལ་དང་། མཐོན་ཀ་ཆེན་པོ་དང་། པདྨ་རཱ་གས་བརྒྱན་ཅིང་སྤྲས་པའི་གསེར་གྱི་སེང་གེའི་ཁྲི་ཡང་བཤམས་སོ། །མུ་སྟེགས་ཅན་གྱི་དགེ་བསྙེན་རྣམས་ཀྱིས་ཀྱང་རང་གི་འབྱོར་པ་དང་མཐུན་པའི་གོས་ཀྱིས་གཡོགས་པའི་འདུན་ཁང་དྲུག་ཀྱང་བྱས། སྟན་དྲུག་ཀྱང་བཤམས་ནས་དེ་དག་ཏུ་མུ་སྟེགས་ཅན་རྣམས་རང་གི་འཁོར་གྱིས་བསྐོར་ནས་སྔར་འོངས་ཏེ་འདུག་ནས་རྒྱལ་པོ་ལ་ལྷ་བདག་ཅག་ནི་མཆིས་ལགས་ན་དགེ་སྦྱོང་གཽ་ཏ་མ་དགུག་ཏུ་གསོལ་ཞེས་ཕོ་ཉ་བཏང་ངོ་། །རྒྱལ་པོས་ཐོས་ནས་ཀྱང་བཙུན་མོ་དང་། གཞོན་ནུ་དང་། ཕོ་བྲང་འཁོར་གྱི་མི་དང་བཅས་ཏེ་ཆོ་འཕྲུལ་ཆེན་པོའི་འདུན་ཁང་དུ་སོང་ནས་དེས་བྲམ་ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་ཁྱེའུ་ཁྱོད་ཚུར་ཤོག །


DKG011_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་གང་ན་བཞུགས་པ་དེར་སོང་ལ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བདག་གི་མཆིད་ནས་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་བདེ་བ་ལ་རེག་པར་གནས་སམ། ཁ་ན་མ་ཐོ་བ་མི་མངའ་འམ་ཞེས་སྙུན་གསོལ་ལ་འདི་སྐད་ཅེས་བཙུན་པ་མུ་སྟེགས་ཅན་དེ་རྣམས་ཚོགས་ཤིང་མཆིས་ལགས་ན། བཅོམ་ལྡན་འདས་ཀྱིས་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་ཀྱང་གསོལ་ཅིག །ལྷ་དེ་ལྟར་འཚལ་ལོ་ཞེས་བྲམ་ཟེའི་ཁྱེའུ་བླ་མ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ལྟར་མཉན་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་དང་ལྷན་ཅིག་ཕན་ཚུན་ཡང་དག་པར་དགའ་བ་དང་། ཡང་དག་པར་མགུ་བར་གྱུར་པའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བྲམ་ཟེའི་ཁྱེའུ་བླ་མས་བཅོམ་ལྡན་ J01,Vo11,Po43B འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱཻ་གཽ་ཏ་མ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གཽ་ཏ་མའི་ཞབས་ལ་ཕྱག་འཚལ་ནས་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་བདེ་བ་ལ་རེག་པར་གནས་སམ། ཁ་ན་མ་ཐོ་བ་མི་མངའ་འམ་ཞེས་སྙུན་གསོལ་ཞིང་མཆིས་ཞེས་གསོལ་པ་དང་། བྲམ་ཟེའི་ཁྱེའུ་བླ་མ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང་། ཁྱོད་བདེ་བར་གྱུར་ཅིག །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་མཆིད་ནས་ཀྱེ་གཽ་ཏ་མ་མུ་སྟེགས་ཅན་རྣམས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་དུ་ལྷགས་ནས་འདུས་ཤིང་མཆིས་ན་བཅོམ་ལྡན་འདས་ཀྱིས་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་མཆིའོ། །བཅོམ་ལྡན་འདས་ཀྱིས་བླ་མ་སོང་ཤིག་ང་ཡང་འོང་ངོ་ཞེས་བཀའ་སྩལ་པ་དང་། བྲམ་ཟེའི་ཁྱེའུ་བླ་མ་སོང་ངོ་། །བཅོམ་ལྡན་འདས་ཀྱིས་ཇི་ལྟར་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་དེ་ལྟར་བྱིན་གྱིས་བརླབས་ནས་ནམ་མཁའི་དཀྱིལ་དུ་འཕགས་ཏེ། སྲོག་ཆགས་བརྒྱ་སྟོང་དུ་མ་ངོ་མཚར་གྱི་མིག་ཕྱེ་ནས་ཨ་ལ་ལ་ཞེས་ཅ་ཅོ་དང་ག་ཞའི་སྒྲ་བཏོན་ཏེ་ལྟ་བཞིན་དུ་ནམ་མཁའ་ལས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་དུ་གཤེགས་


DKG011_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་འབྱོར་པ་དེ་དག་མཐོང་ནས་ཡ་མཚན་གྱིས་ཡིད་དད་པར་གྱུར་ཏེ་མུ་སྟེགས་ཅན་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་བཅོམ་ལྡན་འདས་ཀྱིས་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ཟིན་ཏེ། ད་ནི་ཁྱེད་ཀྱི་རེས་ལ་བབ་ཀྱིས་ཁྱེད་ཀྱིས་སྟོན་ཅིག །དེ་རྣམས་ཀྱིས་སྨྲས་པ། ལྷ་གཞེས་ཤིག་སྐྱེ་བོའི་ཚོགས་ཆེན་པོ་འདིར་འདུས་ལགས་ན་ཆོ་འཕྲུལ་ཆེན་པོ་འདི་ཅི་དགེ་སྦྱོང་གཽ་ཏ་མ་ལགས་སམ། འོན་ཏེ་བདག་ཅག་གི་ལགས་སམ་གང་གི་ལགས་སུས་འཚལ། དེ་ནས་དེའི་མོད་ལ་དུམ་བུའི་ཀུན་དགའ་ར་བ་པའི་རྫུ་འཕྲུལ་གྱིས་རི་སྤོས་ཀྱི་ངད་ལྡང་ལས་ཤིང་ཨ་མྲ་ཡལ་ག་དང་། ལོ་མ་དང་། འདབ་མ་དཀར་པོ་དུ་མས་བཀླུབས་པ། བྱའི་ཚོགས་དུ་མ་སྐད་འབྱིན་པ་བླངས་ནས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་གི་བྱང་ཕྱོགས་སུ་བཞག་པ་དང་། དེ་ཡང་རྒྱལ་པོས་མཐོང་ནས་ཡིད་བདེ་བ་སྐྱེས་ཏེ་ལན་གཉིས་ཀྱི་བར་དུ་མུ་སྟེགས་ཅན་རྣམས་ལ་འདི་སྐད་ཅེས་སྨྲས་སོ། ། J01,Vo11,Po44A བཅོམ་ལྡན་འདས་ཀྱིས་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ཟིན་ཏེ། ད་ནི་ཁྱེད་ཀྱི་རེས་ལ་བབ་ཀྱིས་ཁྱེད་ཀྱིས་སྟོན་ཅིག །དེ་དག་གིས་སྨྲས་པ། ལྷ་བདག་ཅག་གིས་ཁྱོད་ལ་སྔར་མ་གསོལ་ཏམ། ལྷ་སྐྱེ་བོའི་ཚོགས་ཆེན་པོ་འདིར་འདུས་ལགས་ན་ཆོ་འཕྲུལ་ཆེན་པོ་འདི་ཅི་དགེ་སྦྱོང་གཽ་ཏ་མའི་ལགས་སམ། འོན་ཏེ་བདག་ཅག་གི་ལགས་སམ། སུའི་ལགས་སུས་འཚལ། དེ་ནས་དེའི་མོད་ལ་ཁྱིམ་བདག་ངན་ལེགས་སྦྱིན་གྱིས་རྫུ་འཕྲུལ་གྱིས་སུམ་བཅུ་རྩ་གསུམ་གྱི་ལྷའི་དཔག་བསམ་གྱི་ཤིང་བླངས་ནས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་གི་ལྷོ་ཕྱོགས་ཀྱི་ངོས་སུ་བཞག་པ་དང་། དེ་ཡང་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་མཐོང་ནས་ཡང་ཤིན་ཏུ་དགའ་བ་དང་མགུ་བ་སྐྱེས་ནས་ལན་གསུམ་གྱི་བར་དུ་མུ་སྟེགས་ཅན་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་བཅོམ་ལྡན་འདས་ཀྱིས་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ཟིན་ཏེ། ད་ནི་ཁྱེད་ཀྱི་རེས་ལ་བབ་ཀྱིས་ཁྱེད་ཀྱིས་སྟོན་ཅིག །དེ་དག་གིས་སྨྲས་པ། བདག་ཅག་གིས་གསོལ་ལགས་མོད་ཀྱི། འོན་ཀྱང་ལན་གསུམ་གྱི་བར་དུ་གསོལ་བ་


DKG011_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི་སྟེ། ལྷ་སྐྱེ་བོའི་ཚོགས་ཆེན་པོ་འདིར་འདུས་ལགས་ན་ཆོ་འཕྲུལ་ཆེན་པོ་འདི་ཅི་དགེ་སྦྱོང་གཽ་ཏ་མའི་ལགས་སམ། འོན་ཏེ་བདག་ཅག་གི་ལགས་སམ། སུའི་ལགས་སུས་འཚལ། དེ་ནས་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་ཆེན་པོ་ལྟ་བར་སྤྲོ་བའི་སྲོག་ཆགས་བརྒྱ་སྟོང་དུ་མ་ཡང་འདུས། ལྷ་བརྒྱ་སྟོང་དུ་མ་ཡང་ནམ་མཁའི་དཀྱིལ་དུ་འདུས་པར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་གཙུག་ལག་ཁང་གི་ཕྱི་རོལ་དུ་ཞབས་བཀྲུས་ཏེ་གཙུག་ལག་ཁང་དུ་གཤེགས་ནས་གདན་བཤམས་པ་ཉིད་ལ་བཞུགས་ཏེ་མེའི་ཁམས་ལ་སྙོམས་པར་ཞུགས་སོ། །དེ་ནས་སྒོ་འཕར་གྱི་གསེབ་ནས་འོད་ཟེར་བྱུང་བས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་ཐམས་ཅད་བསྲེག་པར་བརྩམས་པ་དང་། མུ་སྟེགས་ཅན་རྣམས་ཀྱིས་སྨྲས་པ། ལྷ་ད་ནི་དགེ་སྦྱོང་གཽ་ཏ་མ་ཆོ་འཕྲུལ་ཆེན་པོའི་ཁང་པ་ཚིག་ཅིང་མཆིས་ན་གལ་ཏེ་དགེ་སྦྱོང་གཽ་ཏ་མས་རྔོ་ཐོག་ན་འདིར་མཆིས་ལ་ཞི་བར་བགྱིད་གྲང་ཞེས་བྱས་པ་དང་། རྒྱལ་པོ་ཅང་མི་ཟེར་བར་སེམས་ཁོང་དུ་ཆུད་ཅིང་འདུག་གོ །དེ་བཞིན་དུ་བཙུན་མོ་ཕྲེང་ལྡན་མ་དང་། རྒྱལ་རིགས་དབྱར་ཚུལ་མ་དང་། J01,Vo11,Po44B ཕྱ་མཁན་དྲང་སྲོང་བྱིན་དང་། རྙིང་པ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་། རི་དགས་དགྲའི་མ་ས་ག་དང་། གཞན་ཡང་དད་པ་ཅན་མང་པོ་དང་། བར་མར་གནས་པ་ཁ་ཅིག་ཀྱང་ཅང་མི་ཟེར་བར་འདུག་གོ །མུ་སྟེགས་ཅན་རྣམས་དང་། དེའི་སློབ་མ་རྣམས་ནི་རབ་ཏུ་དགའ་བར་གྱུར་ཏོ། །དེ་ནས་མེ་དེས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་གི་དྲི་མ་ཐམས་ཅད་བསྲེགས་ནས་རང་ཉིད་ཞི་བར་གྱུར་ཏེ། འདི་ལྟར་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང་། ལྷ་རྣམས་ཀྱི་ལྷའི་མཐུས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་དྲི་མ་མེད་ཅིང་གསལ་ལ་མཛེས་པར་གྱུར་ཅིང་འདུག་གོ །དེ་ནས་ཡང་རྒྱལ་པོ་སྲོག་ཤོར་བ་ལས་རྙེད་པ་ལྟ་བུར་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་མུ་སྟེགས་ཅན་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་བཅོམ་ལྡན་འདས་ཀྱིས་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ཟིན་ཏེ། ད་ནི་ཁྱེད་ཀྱི་རེས་ལ་བབ་ཀྱིས་ཁྱེད་ཀྱིས་སྟོན་ཅིག་ཅེས་


DKG011_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་དང་། དེ་དག་སྤོབས་པ་མེད་ནས་ཅང་མི་ཟེར་བར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་མངོན་པར་འདུ་བྱ་བ་དང་བཅས་པར་ཞབས་གཡས་པ་དྲི་གཙང་ཁང་གི་ནང་དུ་བསྣུན་པ་དང་ས་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ནས་ས་ཆེན་པོ་འདི་གཡོས། ཀུན་དུ་གཡོས། ཀུན་དུ་རབ་ཏུ་གཡོས། འགུལ། ཀུན་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ་བར་གྱུར་ཏེ། ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའ། བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའ། ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ། དབུས་མཐོ་ན་མཐའ་དམའ། མཐའ་མཐོ་ན་དབུས་དམའ་བར་གྱུར་ཏོ། །ས་གཡོས་པ་དེས་གངས་རིའི་ཁྲོད་ཀྱི་ཀུན་དགའ་ར་བ་ན་གནས་པའི་དྲང་སྲོང་རྣམས་བསྐུལ་བས་དེ་དག་ཕན་ཚུན་དུ་ཤེས་ལྡན་དག་བདག་ཅག་ལ་ཚངས་པ་མཚུངས་པར་སྤྱོད་པ་དེ་དག་གིས་མཚན་མ་དག་བསྟན་གྱིས་འདོང་ངོ་ཞེས་སྨྲས་ནས་དེ་དག་དོང་བ་དང་། བཅོམ་ལྡན་འདས་ཀྱིས་དེ་རྣམས་འདུལ་བ་ལ་གཟིགས་ཏེ་ཉི་མ་སྟོང་བས་ལྷག་པའི་འོད་གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་བཀྱེ་ བས་དེ་དག་གིས་བཅོམ་ལྡན་འདས་ཀྱི་དྲུང་ནས་དྲང་སྲོང་ J01,Vo11,Po45A དེ་རྣམས་ཀྱི་བར་ཐག་ཇི་སྲིད་པ་དེ་གསེར་བཞུན་མ་ལྟ་བུར་གྱུར་ཏོ། །དྲང་སྲོང་དེ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཉི་མ་དང་པོ་ཤར་བའི་དཀྱིལ་འཁོར་ལྟར་མཛེས་པ། གསེར་སྦྱངས་པའི་དུམ་བུའི་ཚོགས་སྤུངས་པ་ལྟ་བུ། མེ་ཏོག་ཀུ་རན་ད་ཀ་དང་། མྱ་ངན་འཚང་གི་ཕུང་པོ་ལྟ་བུའི་མདངས་ཅན། གསུང་དབྱངས་སྤྲིན་ཆུ་དང་བཅས་པ་དང་། རྒྱ་མཚོ་དང་། ཁྱུ་མཆོག་དང་། རྔ་སྒྲ་ལྟར་ཟབ་ཅིང་བརྟན་ལ་རྣམ་པར་གསལ་བ། མཉན་ན་བདེ་ཞིང་སྙན་པ། འཕྲལ་བའི་ཕྱོགས་འོ་མའི་རྒྱ་མཚོའི་དབུ་བ་དང་། མུ་ཏིག་གི་དོ་ཤལ་དང་། པདྨའི་རྩ་ལག་དང་། ངང་པ་དང་། མེ་ཏོག་ཀུན་ད་དང་། ཤེལ་སྤུངས་པ་ལྟ་བུར་དཀར་བའི་མཛོད་སྤུས་རྣམ་པར་བརྒྱན་པ། ཡོན་ཏན་རྨད་དུ་བྱུང་བ་བསམ་གྱིས་མི་ཁྱབ་པ་གྲངས་མེད་པའི་ཚོགས་ཀྱིས་གནས་པ། སྲིད་པའི་དགའ་བ་དང་བདེ་བ་


DKG011_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བཀུར་སྟི་ལ་མངོན་པར་དགའ་བའི་དྲི་མའི་འདམ་གྱི་སྐྱོན་དང་བྲལ་བ། དུས་དཔག་ཏུ་མེད་པ་ནས་ཚོགས་བསགས་པའི་ཡེ་ཤེས་བླ་ན་མེད་པ་ཕུལ་དུ་ཕྱིན་པའི་རྒྱན་གྱིས་བརྒྱན་པའི་གྲགས་པ་ཅན། ལྷའི་དབང་པོའི་ཅོད་པན་རིན་པོ་ཆེའི་མྱུ་གུས་ཞབས་གཉིས་ལ་གཏུགས་པ། ལྷ་དང་། ལྷ་མ་ཡིན་དང་། མི་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། སྔགས་འཆང་དང་། བྲང་འགྲོ་མཆོད་འོས་རྣམས་ཀྱིས་རྗེད་པ། མདོར་ན་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་སྤྲས་པ། འོད་འདོམ་གང་པས་བརྒྱན་པ། འོད་ཉི་མ་སྟོང་བས་ལྷག་པ། རིན་པོ་ཆེའི་རི་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ་། །ཇི་ལྟར་སེམས་ཅན་དགེ་བའི་རྩ་བ་བསགས་པའི་རྒྱུ་ཅན་གྱིས་དང་པོ་སངས་རྒྱས་མཐོང་བ་ལྟར་ལོ་བཅུ་གཉིས་སུ་ཞི་གནས་ཀྱི་སེམས་གོམས་པའམ། བུ་མེད་པས་བུ་རྙེད་པའམ། བཀྲེན་པས་གཏེར་མཐོང་བའམ། རྒྱལ་པོ་མངོན་པར་འདོད་པ་དང་པོ་རྒྱལ་པོར་དབང་བསྐུར་བ་ནི་དེ་ལྟ་མ་ཡིན་པས་དྲང་སྲོང་དེ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ །བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་པ་ J01,Vo11,Po45B མཛད་པ་དང་། དེ་རྣམས་ཀྱིས་དེ་ཐོས་ནས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་རྣམས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་ན་བདག་ཅག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་རྣམས་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་མཛད་དེ་གདམས་ངག་ཕོག་


DKG011_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དེ་རྣམས་ཀྱིས་འབད་བརྩལ་བསྒྲིམས་པས་འཁོར་བའི་འཁོར་ལོ་གཡོ་བ་དང་མི་གཡོ་བ་ཆ་ལྔ་པ་འདི་ཉིད་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་འཇིག་པ་དང་། ལྟུང་བ་དང་། འགྱེས་པ་དང་། འཇོམས་པའི་ཆོས་ཅན་དུ་རྟོགས་ཏེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བ། ཙན་དན་དང་སྟེ་འུར་མཚུངས་པ། རིག་པས་མ་རིག་པའི་སྒོ་ངའི་སྦུབས་བཅོམ་པ། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་རྙེད་པ་ལ་ཆགས་པ་དང་། བསྙེན་བཀུར་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དུ་བཅས་པའི་ལྷ་རྣམས་ཀྱིས་མཆོད་པ་དང་། རྗེད་པར་བྱ་བ་དང་། གུས་པར་བྱ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་འཁོར་དགྲ་བཅོམ་པ་ལྔ་བརྒྱ་དང་ཐབས་ཅིག་ཟླ་བ་ཁམ་པ་ལྟ་བུར་བསྐོར་ནས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་སེང་གེའི་ཁྲི་ལ་བཞུགས་སོ། །དེ་ནས་དགེ་བསྙེན་མ་རྫུ་འཕྲུལ་ལེན་གྱི་མ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐུགས་ཁྲལ་ཆུང་ངུར་མཛད་དུ་གསོལ། བདག་གིས་མུ་སྟེགས་ཅན་རྣམས་དང་ལྷན་ཅིག་མིའི་ཆོས་བླ་མའི་རྫུ་འཕྲུལ་ J01,Vo11,Po46A གྱི་ཆོ་འཕྲུལ་བསྟན་པར་བགྱི་ཞིང་མུ་སྟེགས་ཅན་རྣམས་ཐག་སྩལ་བར་བགྱི། ལྷ་དང་མི་རྣམས་དགའ་བར་བགྱི། སྐྱེ་བོ་དམ་པ་རྣམས་གློ་བ་རངས་པར་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྫུ་འཕྲུལ་ལེན་གྱི་མ་ཁྱོད་སེམས་ཁྲལ་ཆུང་ངུར་གྱིས་ཤིག །ཁྱོད་ཀྱིས་མུ་སྟེགས་ཅན་རྣམས་དང་ལྷན་ཅིག་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ཅིང་མུ་སྟེགས་ཅན་རྣམས་ཐག་གཞུག་པ་དང་། ལྷ་དང་མི་རྣམས་དགའ་བར་བྱ་བ་དང་། སྐྱེ་བོ་དམ་པ་རྣམས་སྙིང་རངས་པར་བྱ་བར་ནུས་མོད་ཀྱི། འོན་ཀྱང་འདི་རྣམས་


DKG011_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་མི་འབོད་ཀྱི། འདི་རྣམས་ང་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་འབོད་པས་ང་ཉིད་ཀྱིས་འདི་དག་ལ་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་པར་བྱའོ། །གལ་ཏེ་ཁྱོད་ཀྱིས་འདི་རྣམས་དང་ལྷན་ཅིག་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ན་མུ་སྟེགས་ཅན་རྣམས་དགེ་སྦྱོང་གཽ་ཏ་མ་ལ་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་མེད་ཀྱི། འོན་ཀྱང་འདིའི་ཉན་ཐོས་མ་རྫུ་འཕྲུལ་ལེན་གྱི་མ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་འདི་ལྟར་མཐུ་ཆེ་བ་ཞིག་ངེད་དང་ལྷན་ཅིག་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་ཏོ་ཞེས་སྨྲ་བར་འགྱུར་བས། ཁྱོད་རང་གི་སྟན་ཇི་ལྟ་བ་ལ་འདུག་ཤིག །ཅེས་བཀའ་སྩལ་པ་དང་། དེ་རང་གི་སྟན་ཇི་ལྟ་བ་ལ་འདུག་སྟེ། ཁྱིམ་བདག་ངན་ལེགས་སྦྱིན་དང་། དགེ་ཚུལ་སྐུལ་བྱེད་དང་། དགེ་ཚུལ་མ་བརྗེད་མེད་དང་། དགེ་སློང་མ་ཨུཏྤ་ལའི་མདོག་དང་། གཞན་ཡང་རྫུ་འཕྲུལ་དང་ལྡན་པ་ཕལ་མོ་ཆེ་དག་ཀྱང་དེ་དང་འདྲའོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐུགས་ཁྲལ་ཆུང་ངུར་མཛད་དུ་གསོལ། བདག་གིས་མུ་སྟེགས་ཅན་རྣམས་དང་ལྷན་ཅིག་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་པར་བགྱི་ཞིང་། མུ་སྟེགས་ཅན་རྣམས་ཐག་སྩལ་བར་བགྱི། ལྷ་དང་མི་རྣམས་དགའ་བར་བགྱི། སྐྱེ་བོ་དམ་པ་རྣམས་གློ་ J01,Vo11,Po46B བ་རངས་པར་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་ཁྱོད་སེམས་ཁྲལ་ཆུང་ངུར་གྱིས་ཤིག །ཁྱོད་ཀྱིས་མུ་སྟེགས་ཅན་རྣམས་དང་ལྷན་ཅིག་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ཅིང་། མུ་སྟེགས་ཅན་རྣམས་ཐག་གཞུག་པ་དང་། ལྷ་དང་མི་རྣམས་དགའ་བར་བྱ་བ་དང་། སྐྱེ་བོ་དམ་པ་རྣམས་སྙིང་རངས་པར་བྱ་བར་ནུས་མོད་ཀྱི། འོན་ཀྱང་འདི་རྣམས་ཁྱོད་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་མི་འབོད་ཀྱི།


DKG011_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ང་འདི་རྣམས་ཀྱིས་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་བོས་པས། ང་ཉིད་ཀྱིས་འདི་དག་ལ་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་པར་བྱའོ། །གལ་ཏེ་ཁྱོད་ཀྱིས་མུ་སྟེགས་ཅན་རྣམས་དང་ལྷན་ཅིག་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ན། མུ་སྟེགས་ཅན་རྣམས་དགེ་སྦྱོང་གཽ་ཏ་མ་ལ་ནི་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་མེད་ཀྱི། འོན་ཀྱང་འདིའི་ཉན་ཐོས་དགེ་སློང་མཽད་གལ་གྱི་བུ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་ཞིག་ངེད་དང་ལྷན་ཅིག་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་ཏོ། །ཞེས་སྨྲ་བར་འགྱུར་བས་ཁྱོད་རང་གི་སྟན་ཇི་ལྟ་བ་ལ་འདུག་ཤིག །ཅེས་བཀའ་སྩལ་པ་དང་། དེ་ཡང་རང་གི་སྟན་ཇི་ལྟ་བ་ལ་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་ལ་མུ་སྟེགས་ཅན་རྣམས་དང་ལྷན་ཅིག་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་པར་གསོལ་པ་འདེབས་པ་སུ་ཡིན། དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མུ་སྟེགས་ཅན་རྣམས་དང་། ཐབས་ཅིག་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ཅིང་། མུ་སྟེགས་ཅན་རྣམས་ཐག་སྩལ་པ་དང་། ལྷ་དང་མི་རྣམས་དགའ་བར་བགྱི་བ་དང་། སྐྱེ་བོ་དམ་པ་རྣམས་གློ་བ་རངས་པར་བགྱི་བར་གསོལ་བ་བདག་ལགས་ཏེ། དེ་ནི་དགེ་སྦྱོང་དང་བྲམ་ཟེར་བཅས། ལྷ་དང་མིར་བཅས་པའི་སྐྱེ་དགུ་ལ་ཡུན་རིང་པོའི་ J01,Vo11,Po47A དོན་དང་། ཕན་པ་དང་། བདེ་བར་འགྱུར་ལགས་སོ། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་རང་གི་སྟན་ཇི་ལྟ་བ་ལ་འདུག་གོ། །དེ་


DKG011_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཐུགས་མཉམ་པར་བཞག་ན་ཉིད་ཀྱི་གདན་ལས་མི་སྣང་བར་གྱུར་ནས། ཤར་ཕྱོགས་ཀྱི་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ་སྤྱོད་ལམ་བཞི་པོ་འདི་ལྟ་སྟེ། གཤེགས་པ་དང་། འགྲེང་བ་དང་། བཞུགས་པ་དང་། གཟིམས་པ་མཛད་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །མེའི་ཁམས་ལ་སྙོམས་པར་ཞུགས་ཏེ་སངས་རྒྱས་བཅོམ་ལྡན་འདས་མེའི་ཁམས་ལ་སྙོམས་པར་ཞུགས་པའི་སྐུ་ལས་འོད་ཟེར་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་གྱི་ཁ་དོག་ལྟ་བུ་དག་འཐོན་ཏོ། །ཟུང་གི་ཆོ་འཕྲུལ་སྐུའི་སྨད་ནས་ནི་མེ་འབར། སྐུའི་སྟོད་ནས་ནི་ཆུ་གྲང་མོའི་རྒྱུན་འབབ་པ་དང་། སྐུའི་སྟོད་ནས་ནི་མེ་འབར། སྐུའི་སྨད་ནས་ནི་ཆུ་གྲང་མོའི་རྒྱུན་འབབ་པ་དག་ཀྱང་སྟོན་པར་མཛད་དོ། །ཤར་ཕྱོགས་སུ་ཇི་ལྟ་བར་ལྷོ་དང་། ནུབ་དང་། བྱང་ཕྱོགས་སུ་ཡང་དེ་དང་འདྲ་སྟེ། ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་བཞི་བསྟན་ནས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་བཏང་སྟེ་སེང་གེའི་ཁྲི་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་མུ་སྟེགས་ཅན་རྣམས་དང་སྐྱེ་བོའི་ཚོགས་ཀྱི་མདུན་དུ་བླ་ན་མེད་པའི་ཆོ་འཕྲུལ་ཆེན་པོ་བསྟན་པར་གསོལ་བ་འདེབས་པ་སུ་ཡིན། དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ J01,Vo11,Po47B མུ་སྟེགས་ཅན་རྣམས་དང་། སྐྱེ་བོའི་ཚོགས་ཀྱི་མདུན་དུ་བླ་ན་མེད་པའི་ཆོ་འཕྲུལ་ཆེན་པོ་བསྟན་ཅིང་མུ་སྟེགས་ཅན་རྣམས་ཐག་སྩལ་པ་དང་། ལྷ་དང་མི་རྣམས་དགའ་བར་མཛད་པ་དང་། སྐྱེ་བོ་དམ་པ་རྣམས་གློ་བ་རངས་པར་མཛད་པར་བཅོམ་ལྡན་འདས་


DKG011_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་པ་བདག་ལགས་ཏེ། དེ་ནི་དགེ་སྦྱོང་དང་བྲམ་ཟེར་བཅས། ལྷ་དང་མིར་བཅས་པའི་སྐྱེ་དགུ་ལ་ཡུན་རིང་པོའི་དོན་དང་། ཕན་པ་དང་བདེ་བར་འགྱུར་ལགས་སོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་རང་གི་སྟན་ཇི་ལྟ་བ་ལ་འདུག་གོ །། །འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་སུམ་བཅུ་རྩ་གཉིས་པ། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་འཁོར་ལོ་དང་། བཀྲ་ཤིས་དང་། གཡུང་དྲུང་ཅན་དྲ་བས་འབྲེལ་པ། བསོད་ནམས་བརྒྱ་ཕྲག་དུ་མ་ལས་འཁྲུངས་པ། འཇིགས་པ་རྣམས་དབུགས་འབྱིན་པར་མཛད་པས་ས་ལ་རེག་པར་མཛད་དེ། ཀྱེ་མ་ཀླུ་རྣམས་ཀྱིས་པདྨ་ཤིང་རྟའི་འཁོར་ལོ་ཙམ་འདབ་མ་སྟོང་དང་ལྡན་པ། ཐམས་ཅད་གསེར་ལས་བྱས་པ། རིན་པོ་ཆེའི་ཆུ་བ་དང་། རྡོ་རྗེའི་ཟེ་བ་ཅན་ཁྱེར་ཏེ་འོངས་ཀྱང་སླ་ན་སྙམ་དུ་འཇིག་རྟེན་པའི་ཐུགས་བསྐྱེད་པ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཉིད་ཀྱིས་གང་གི་ཚེ་འཇིག་རྟེན་པའི་ཐུགས་བསྐྱེད་པ་དེའི་ཚེ་སྲོག་ཆགས་གྲོག་སྦུར་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཐུགས་སེམས་ཀྱིས་ཤེས་པར་འགྱུར་ལ། གང་གི་ཚེ་འཇིག་རྟེན་ལས་འདས་པའི་ཐུགས་བསྐྱེད་པ་དེའི་ཚེ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཐུགས་སེམས་ཀྱིས་ཤེས་པར་མི་འགྱུར་ན། དུད་འགྲོའི་སྐྱེ་གནས་སུ་སོང་བ་ཀླུ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་ས་ལ་རེག་པར་མཛད་སྙམ་ན་ཆོ་འཕྲུལ་ཆེན་པོ་སྟོན་པར་མཐོང་ནས་དེ་དག་གིས་པདྨ་ཤིང་རྟའི་འཕང་ལོ་ཙམ་འདབ་མ་སྟོང་དང་ལྡན་པ། ཐམས་ཅད་གསེར་ལས་བྱས་པ། རིན་པོ་ཆེའི་ཆུ་བ་དང་། རྡོ་རྗེའི་ཟེ་བ་ཅན་ཁྱེར་ཏེ་ས་བརྟོལ་ནས་བྱུང་བ་དང་། བཅོམ་ལྡན་འདས་པདྨ་དེའི་སྙིང་པོ་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་ J01,Vo11,Po48A གཡས་གཡོན་དུ་པདྨ་དེ་འདྲ་བ་གཞན་རབ་ཏུ་མང་པོ་དག་བྱུང་བར་གྱུར་ཏེ། དེ་དག་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་རྣམས་བཞུགས་པར་གྱུར་


DKG011_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །དེ་དག་གི་གཡས་གཡོན་དུ་ཡང་པདྨ་དེ་འདྲ་བ་གཞན་དག་བྱུང་བར་གྱུར་ཅིང་དེ་དག་ལ་ཡང་གཞན་ཏེ་དེ་བཞིན་དུ་འོག་མིན་གྱི་གནས་ཀྱི་བར་དུ་སངས་རྒྱས་ཕལ་པོ་ཆེ་སྤྲུལ་ཏོ། །དེ་ན་སངས་རྒྱས་ཁ་ཅིག་ནི་འབར། ཁ་ཅིག་ནི་གསལ་བར་མཛད། ཁ་ཅིག་ནི་ཆར་འབེབས། ཁ་ཅིག་ནི་གློག་འབྱིན། ཁ་ཅིག་ནི་ཀུན་ཤེས་པ་ལུང་སྟོན། ཁ་ཅིག་ནི་ཞུ་བ་ཞུ། ཁ་ཅིག་ནི་ལན་འདེབས། ཁ་ཅིག་ནི་འཆག་པ་མཛད། ཁ་ཅིག་ནི་གཞེས། ཁ་ཅིག་ནི་བཞེངས། ཁ་ཅིག་ནི་བཞུགས། ཁ་ཅིག་ནི་གཟིམས་ཏེ། ཇི་ལྟར་བྱིས་པ་གཞོན་ནུ་རྣམས་ཀྱིས་ཀྱང་སྒྲིབ་པ་མེད་པར་སངས་རྒྱས་ཀྱི་སྐུ་མཐོང་བ་དེ་ལྟར་ཡང་བྱིན་གྱིས་བརླབས་སོ། །ཆོ་འཕྲུལ་དེ་མཐོང་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མི་དང་བཅས་པ་དང་། ཡུལ་སྣ་ཚོགས་ནས་འོངས་པའི་སྲོག་ཆགས་འབུམ་ཕྲག་དུ་མ་དང་། ནམ་མཁའི་དཀྱིལ་ན་ལྷ་འབུམ་ཕྲག་དུ་མ་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་ཆེན་པོ་ལ་མིག་མི་འཛུམས་པར་ལྟ་ཞིང་རྒྱུན་མི་འཆད་པར་ཕྱག་འཚལ་ལོ། །ནམ་མཁའ་ལ་གནས་པའི་ལྷ་རྣམས་ཀྱང་རྔ་དག་རྡུང་ངོ་། །གནས་གནས་ན་ཡང་རྔ་བོ་ཆེ་རྣམས་ནི་རྡུང་། དུང་སྒྲིལ་མ་ནི་འབུད། རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་ནི་འབྱིན་ཅིང་། ལ་ལ་ནི་གླུ་ལེན། ལ་ལ་ནི་གར་བྱེད་དོ། ། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་རྣམས་ཀྱང་ཡིད་བདེ་བ་སྐྱེས་ནས་རང་གི་རིས་དང་འདྲ་བའི་སྒྲ་སྐད་རྣམ་པ་སྣ་ཚོགས་སྒྲོགས་པ་འདི་ལྟ་སྟེ། རྟ་རྣམས་ནི་འཚེར། གླང་པོ་ཆེ་རྣམས་ནི་ངུར། རྔ་མོ་རྣམས་ནི་འཁོང་། བ་ལང་རྣམས་ནི་འབོད། རྨ་བྱ་རྣམས་ནི་འགྱུར་ཏེ། ལྷ་དང་མིར་བཅས་པའི་འགྲོ་བ་དགའ་བ་དང་རབ་ཏུ་དགའ་བ་སྐྱེས་ནས། བཅོམ་ལྡན་འདས་ལ་མཆོད་པ་བྱ་བར་སྤྲོ་བར་གྱུར་ཏོ། །དེ་ནས་ལྷ་རྣམས་ཀྱིས་ལྷའི་མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། མན་དཱ་ར་བ་རྣམས་གཏོར་ཏོ། །ལྷའི་ཨ་ག་རུའི་ཕྱེ་མ་དང་། རྒྱ་སྤོས་ཀྱི་ཕྱེ་མ་དང་། J01,Vo11,Po48B ཙན་དན་གྱི་ཕྱེ་མ་དང་། ལྷ་རྫས་ཀྱི་གོས་དག་ཀྱང་གཏོར། མི་དང་མི་


DKG011_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པའི་བར་དག་ཀྱང་དེ་བཞིན་ནོ། །དེ་ལྟ་བུའི་དགའ་སྟོན་ཆེན་པོ་བྱུང་བ་ན་གདུལ་བའི་སྐྱེ་བོས་རྟོགས་པར་མཛད་པའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བརྩམ་པར་བྱ་ཞིང་ངེས་འབྱུང་བྱ། །སངས་རྒྱས་བསྟན་ལ་འབད་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་ཆོས་འདུལ་འདི་ལ་ནི། །བག་དང་ལྡན་པར་སྤྱོད་བྱེད་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་གྱི་ནི་མཐར་བྱེད་འགྱུར། །ལྷག་མ་སྤྲུལ་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གཅིག་ཅར་དུ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཇི་སྲིད་ཉི་མ་མ་ཤར་བ། །དེ་སྲིད་སྲིན་བུ་མེ་ཁྱེར་གསལ། །མཁའ་ལ་ཉི་མ་ཤར་བ་ན། །མོག་མོག་པོར་འགྱུར་གསལ་མི་འགྱུར། །ཇི་སྲིད་དེ་བཞིན་གཤེགས་མ་བྱུང་། །རྟོག་གེ་ཅན་རྣམས་སྔོན་གསལ་ཏེ། །རྫོགས་པའི་སངས་རྒྱས་འཇིག་རྟེན་སྣང་། །རྟོག་གེ་མི་གསལ་དེའི་སློབ་མིན། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཆོ་འཕྲུལ་ཆེན་པོ་མི་སྣང་བར་འགྱུར་གྱིས་མཚན་མ་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་མ་ཐག་ཏུ་མོད་ལ་མི་སྣང་བར་གྱུར་ཏོ། །དེ་མི་སྣང་བར་གྱུར་པ་དང་། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་མུ་སྟེགས་ཅན་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་བཅོམ་ལྡན་འདས་ཀྱིས་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ཟིན་ཏེ། ད་ནི་ཁྱེད་ཀྱི་རེས་ལ་བབ་པས་ཁྱེད་ཀྱིས་སྟོན་ཅིག །དེ་ནས་འོད་སྲུང་རྫོགས་བྱེད་ཅང་མི་སྨྲ་བར་ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་ལ་གྲུ་ཕུགས་བྱས་སོ། །དེས་ཀྱང་སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་ལའོ། །དེས་ཀྱང་མི་ཕམ་སྐྲའི་ལ་བ་ཅན་ལའོ། །དེས་ཀྱང་ཀ་ཏྱའི་བུ་ནོག་ཅན་ལའོ། །དེས་ཀྱང་གཅེར་བུ་པ་གཉེན་གྱི་བུ་ལའོ། །དེས་ཀྱང་འོད་སྲུང་རྫོགས་བྱེད་ལ་བྱས་ན་འགའ་ཡང་སྨྲ་བར་མི་བྱེད་དོ། །དེ་དག་ལ་ལན་གཉིས་ལན་གསུམ་གྱི་བར་དུ་རྒྱལ་པོས་དེ་སྐད་ཅེས་སྨྲས་ན། དེ་བཞིན་དུ་གཅིག་ལ་གཅིག་གྲུ་ཕུགས་བྱེད་ཅིང་ཅང་མི་ཟེར་བར་གྱུར། ཡུལ་ཡུལ་པོར་གྱུར། ཞུམ་ཞུམ་པོར་གྱུར་ནས་


DKG011_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་སྨད་ཅིང་སྤོབས་པ་མེད་དེ J01,Vo11,Po49A ་སེམས་ཁོང་དུ་ཆུད་ཅིང་འདུག་གོ །དེ་ནས་གནོད་སྦྱིན་ལག་ན་རྡོ་རྗེ་འདི་སྙམ་དུ་སྐྱེས་བུ་བླུན་པོ་འདི་རྣམས་ཡུན་རིང་པོ་ནས་བཅོམ་ལྡན་འདས་ལ་ཐོ་བཙམ་པས་དེའི་ཕྱིར་གང་གིས་ན་འདི་རྣམས་ཀུན་ཏུ་འབྲོས་པར་འགྱུར་བའི་ཐབས་ཞིག་བྱའོ་སྙམ་ནས། དེས་གང་གིས་ན་ཆོ་འཕྲུལ་གྱི་འདུན་ཁང་དེ་དེ་རྣམས་ཀྱི་མིག་ལམ་དུ་ཡང་མི་འབབ་པ་དེ་ལྟ་བུའི་རླུང་མར་དང་ཆར་དྲག་བཏང་བ་དང་། དེ་ན་ཁ་ཅིག་ནི་བྲེད་ནས་རིའི་གསེབ་ཏུ་ཞུགས། ཁ་ཅིག་ནི་རྩྭའི་ཚང་ཚིང་དུ། ཁ་ཅིག་ནི་ནགས་ཐིབས་པོར། ཁ་ཅིག་ནི་འདུན་ཁང་དུ། ཁ་ཅིག་ནི་ལྷ་ཁང་དུ་ཞུགས་སོ། ། བཅོམ་ལྡན་འདས་ནི་ཉིད་ཀྱི་ཆོ་འཕྲུལ་ཆེན་པོའི་འདུན་ཁང་ན་བཞུགས་ཤིང་ཚིགས་སུ་བཅད་པ་དག་བཀའ་སྩལ་པ། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ཀུན་དགའ་ར་བ་ལྗོན་ཤིང་དང་། །མཆོད་རྟེན་རྣམས་ལ་སྐྱབས་སུ་འགྲོ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །སྐྱབས་དེ་མཆོག་གྱུར་མ་ཡིན་ཏེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། །སྡུག་བསྔལ་ཀུན་ལས་རབ་མི་ཐར། །གང་ཞིག་གང་ཚེ་སངས་རྒྱས་དང་། །ཆོས་དང་དགེ་འདུན་སྐྱབས་སོང་ཞིང་། །འཕགས་པ་ཡི་ནི་བདེན་པ་བཞི། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འདས་པ་དང་། །མྱ་ངན་འདས་བདེར་འགྲོ་བ་ཡི། །འཕགས་ལམ་ཡན་ལག་བརྒྱད་པོ་དག །ཤེས་རབ་ཀྱིས་ནི་ལྟ་བྱེད་ན། །སྐྱབས་དེ་དག་ནི་གཙོ་ཡིན་ཞིང་། །སྐྱབས་དེ་དག་ནི་མཆོག་ཡིན་ཏེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་ཐར། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས་དེ་ལ་བརྟེན་ཏེ་གང་ཐོས་ན་སེམས་ཅན་བརྒྱ་ཕྲག་མང་པོས་ཁྱད་པར་ཆེན་པོ་ཐོབ་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་པས་ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་


DKG011_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཉན་ཐོས་ཀྱི་བྱང་ཆུབ་ J01,Vo11,Po49B ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འཁོར་དེ་ཕལ་ཆེར་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་བབ་པར་བཀོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་ལེན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་དེ་གདན་ལས་བཞེངས་ནས་གཤེགས་སོ། །དེ་ནས་འོད་སྲུང་རྫོགས་བྱེད་ལ་སློབ་མ་རྣམས་ཀྱིས་དྲིས་པ། མཁན་པོ་དེ་ཁོ་ན་ཉིད་ཇི་ལྟ་བུ་ལགས་པ་གསུང་ཤིག །དེས་སློབ་མ་དེ་དག་ཁ་ཅིག་ལ་ནི་བུ་འདི་ལྟ་སྟེ། འཇིག་རྟེན་རྟག་པ་འདི་ནི་དེ་ཁོ་ན་ཉིད་ཡིན་ནོ་ཞེས་སྨྲས། གཞན་དག་ལ་ནི་མི་རྟག་གོ །གཞན་དག་ལ་ནི་རྟག་ཀྱང་རྟག་མི་རྟག་ཀྱང་མི་རྟག་གོ །གཞན་དག་ལ་ནི་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ནོ། །གཞན་ལ་ནི་མཐའ་ཡོད་དོ། །མཐའ་མེད་དོ། །མཐའ་ཡོད་ཀྱང་ཡོད་མཐའ་མེད་ཀྱང་མེད་དོ། །མཐའ་ཡོད་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་ནོ། །སྲོག་དེ་ལུས་ཡིན་ནོ། །སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཡིན་ནོ། །དེ་བཞིན་སོང་བ་ཤི་ཕན་ཆད་ཡོད་དོ། །མེད་དོ། །ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་དོ། །དེ་བཞིན་སོང་བ་ཤི་ཕན་ཆད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་འདི་ནི་བདེན་གྱི་གཞན་ནི་རྨོངས་པ་ཡིན་ནོ་ཞེས་རྣམ་པ་གཞན་དང་གཞན་གྱིས་བསླུས་སོ། །དེ་ཡང་ངོ་ཚ་ནས་མགོ་སྨད་དེ་མྱ་ངན་གྱི་མེས་གདུངས་པས་ཆུ་བསིལ་བ་འདོད་པའི་ཕྱིར་རྫིང་བུར་སོང་བ་དང་། དེ་ནས་ལམ་དུ་མ་ནིང་ཞིག་གིས་མཐོང་ནས་དེས་ཚིགས་སུ་བཅད་དེ་སྨྲས་པ། ཐུག་རེ་རྭ་མཐུ་ཆག་པ་ལྟ་བུ་ཡི། །མདངས་མེད་ཁྱོད་ཅིག་ག་ལས་རིངས་པར་འོངས། །ཤཱཀྱའི་ཆོས་ནི་རྣམ་པར་མ་ཤེས་པས། །བོང་བུ་བཞིན་དུ་འཛེམ་པ་མེད་པར་འཕྱན། །དེས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། ང་ཡི་མདུན་ན་འདུག་འདི་འཆི་བདག་དེས། །བདག་གི་ལུས་ལ་སྟོབས་དང་བརྩོན་པ་མེད། །དངོས་པོ་ཐམས་ཅད་བདེ་དང་སྡུག་བསྔལ་སྟེན། །ཐར་ཟིན་


DKG011_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ང་ནི་བདེ་བ་བྱེད་དུ་འགྲོ། །ཉི་ཟེར་རབ་ཏུ་ཚ་བར་བྱེད་རྣམས་ཀྱིས། ། J01,Vo11,Po50A ལུས་དང་སེམས་ཀུན་གདུངས་ཤིང་ངལ་གྱུར་གྱིས། །མི་སྲུན་ཐོང་ལ་རྫིང་རབ་བསིལ་བ་དེ། །ག་ལ་ཡོད་པ་བདག་ལ་མྱུར་དུ་སྨྲོས། །དེས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། ཕོ་ངན་སྡིག་ཅན་སྐྱེས་མཆོག་མ་ཡིན་པ། །མཚེའུ་ལྟར་པད་མ་ངང་པ་དང་ལྡན་ཞིང་། །གངས་ཀྱི་ཆུ་ལྟར་ཆུ་ཡོངས་གཙང་བ་ཡི། །རྫིང་བུ་ཤིན་དུ་བཟང་པོ་མ་མཐོང་ངམ། །དེས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཀྱང་ཕོ་མིན་མི་ཡི་ཆུང་མའང་མིན། །དེ་བརྡ་ཕྲད་ཀྱིས་ཟུང་ལ་ལམ་ཕྱེ་དང་། །རྫིང་བུ་ཆུ་བཟང་ཆུ་བསིལ་གང་བར་ནི། །གདུང་བ་བསིལ་བར་བྱ་ཕྱིར་བདག་འགྲོའོ། །དེ་ལམ་དེ་ནས་བཟུར་བ་དང་རྫོགས་བྱེད་ཀྱང་རྫིང་བུའི་དྲུང་དུ་སོང་སྟེ་མགུལ་དུ་བུམ་པ་བྱེ་མས་བཀང་བ་བཏགས་ནས་དེར་ནུབ་སྟེ། དེ་ཉིད་དུ་དུས་ལས་འདས་སོ། །དེ་ནས་དེའི་སློབ་མ་རྣམས་ཀྱིས་གཅིག་ལ་གཅིག་དྲིས་པ། མཁན་པོ་ཁྱེད་སུས་མཐོང་། དེ་རྣམས་ཀྱིས་སྨྲས་པ། མ་མཐོང་ངོ་། །ཁྱེད་ལས་མཁན་པོས་ལུང་བསྟན་པ་སུ་ཡོད། དེ་ན་ཁ་ཅིག་གིས་སྨྲས་པ། ཤེས་ལྡན་དག་ངེད་ལ་ནི་མཁན་པོས་འཇིག་རྟེན་རྟག་པ་འདི་ནི་བདེན་གྱི་གཞན་ནི་རྨོངས་པ་ཡིན་ནོ་ཞེས་ལུང་བསྟན་ཏོ། །ཁ་ཅིག་གིས་སྨྲས་པ། ངེད་ལ་ནི་མི་རྟག་གོ་ཞེས་བསྟན་ཏོ། །གཞན་དག་གིས་སྨྲས་པ། ངེད་ལ་ནི་རྟག་ཀྱང་རྟག་མི་རྟག་ཀྱང་མི་རྟག་གོ །རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ནོ། །མཐའ་མེད་དོ། །མཐའ་ཡོད་དོ། །མཐའ་ཡོད་ཀྱང་ཡོད་མཐའ་མེད་ཀྱང་མེད་དོ། །མཐའ་ཡོད་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་ནོ། །དེ་བཞིན་སོང་བ་ཤི་ཕན་ཆད་ཡོད་དོ། །མེད་དོ། །ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་དོ། །དེ་བཞིན་སོང་བ་ཤི་ཕན་ཆད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་འདི་ནི་བདེན་གྱི་གཞན་ནི་རྨོངས་པ་ཡིན་ནོ་ཞེའོ། །དེ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་འདི་ལྟ་སྟེ། སྣ་ཚོགས་སུ་བཏགས་པས་བདག་ཅག་ཐམས་ཅད་མི་མཐུན་པར་གྱུར་གྱིས་མ་ལ་བདག་ཅག་གིས་མཁན་པོ་ཀུན་དུ་བཙལ་ལ་དེ་ཁོ་ན་ཉིད་ཇི་ལྟ་བུ་ཡིན་དྲིའོ་ཞེས་དེ་རྣམས་དོང་བ་དང་། དེ་རྣམས་ཀྱིས་ལམ་གྱི་དབུས་སུ་བུ་མོ་ཞིག་མཐོང་


DKG011_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེ་རྣམས་ཀྱིས་དེ་ལ་ཚིགས་ J01,Vo11,Po50B སུ་བཅད་པས་དྲིས་པ། ཆོས་ཀྱི་གོས་ནི་གྱོན་པ་པོ། །དཀའ་ཐུབ་ནལ་ཟེ་གང་ཟ་བ། །རྫོགས་བྱེད་འདི་ནས་སོང་གྱུར་པ། །བཟང་མོ་ཁྱོད་ཀྱིས་མ་མཐོང་ངམ། །དེས་ཀྱང་ཚིགས་སུ་བཅད་པས་སྨྲས་པ། ངན་སོང་སེམས་ཅན་དམྱལ་བ་པ། །ལག་པ་བརྐྱང་ནས་འགྲོ་བ་ཡི། །རྫོགས་བྱེད་དེ་ནི་ཆུས་གཡེངས་ནས། །རྐང་ལག་སྐྱ་བོར་གྱུར་ཅིང་འདུག །དེ་རྣམས་ཀྱིས་ཀྱང་ཚིགས་སུ་བཅད་པས་སྨྲས་པ། ཆོས་ཀྱི་གོས་ནི་གྱོན་པ་པོ། །ཆོས་སྤྱོད་ཐུབ་པ་དེ་ལ་ནི། །ཁྱོད་ཀྱིས་སྨྲས་དེ་ལེགས་མིན་གྱིས། །བཟང་མོ་དེ་སྐད་མ་ཟེར་ཅིག །དེས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། ཕོ་མཚན་གྱི་ནི་རྟགས་སྐྱེས་པ། །བློ་ལྡན་དེས་སུ་འཇིག་རྟེན་ན། །རྟག་ཏུ་འཇིག་རྟེན་གྱིས་མཐོང་བར། །གཅེར་བུར་གྲོང་དུ་རྒྱུ་བར་བྱེད། །ཕོ་མཚན་མདུན་ནས་དཔྱོད་བྱེད་པ། །གང་གི་ཆོས་ནི་འདི་འདྲ་བ། །དེ་ནི་རྒྱལ་པོ་རྣམ་ཐོས་བུས། །མདའ་ནི་སྟེའུ་ཀས་གཅོད་འདོང་ཤིག །ཅེས་བྱས་པ་དང་། དེ་དག་ཅང་མི་ཟེར་བར་དོང་ནས་དེ་དག་རྫིང་བུར་ཕྱིན་པ་དང་། རེ་ཞིག་ན་རྫོགས་བྱེད་བུམ་པ་བྱེ་མས་བཀང་བ་མགུལ་དུ་བཏགས་ནས་དུས་ལས་འདས་པ་མཐོང་ནས། དེ་རྣམས་ལས་གང་དག་བསླབ་པ་འདོད་པ་དེ་རྣམས་ཀྱིས་ཤེས་ལྡན་དག་འདི་ནི་བདེན་གྱི་གཞན་ནི་རྨོངས་པ་ཡིན་ནོ་ཞེས་སྨྲས་ནས། དེ་དག་ཀྱང་བུམ་པ་བྱེ་མས་བཀང་བ་མགུལ་དུ་བཏགས་ནས་དེ་ཉིད་དུ་དུས་ལས་འདས་སོ། །ལྷག་མ་རྣམས་ནི་སླར་ལོག་ནས་མཐའ་འཁོབ་ཏུ་དོང་ནས་འདུག་གོ །གང་གི་ཚེ་བཅོམ་ལྡན་འདས་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཐོགས་པ་མེད་པའི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་ཚེ་མུ་སྟེགས་ཅན་ཐམས་ཅད་ཀྱིས་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་སྤྱན་དྲངས་པ་ལས་མུ་སྟེགས་ཅན་ཐམས་ཅད་ཐག་སྩལ་ཕམ་པར་མཛད་རྒྱབ་ཀྱིས་ཕྱོགས་པར་མཛད། སྤོབས་པ་མེད་པར་མཛད་དེ། དེ་ནས་མཐའ་འཁོབ་ཀྱི་ལྗོངས་རྣམས་སུ་རྟེན་པར་གྱུར་ཏོ། །དེ་ན་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། བཙུན་


DKG011_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་ J01,Vo11,Po51A རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་སྤྱན་དྲངས་པ་ལས་མུ་སྟེགས་ཅན་ཐམས་ཅད་ཐག་སྩལ། ཕམ་པར་མཛད། རྒྱབ་ཀྱིས་ཕྱོགས་པར་མཛད། སྤོབས་པ་མེད་པར་མཛད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་ང་འདོད་ཆགས་དང་བྲལ། ཞེ་སྡང་དང་བྲལ། གཏི་མུག་དང་བྲལ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་གྲོལ་ཏེ། ཐམས་ཅད་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་པ། ཤེས་པ་དང་། ཤེས་བྱ་ཐམས་ཅད་ལ་དབང་ཐོབ་པ། སྐྱེས་བུ་འདུལ་བའི། ཁ་ལོ་སྒྱུར་བ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་ནས་མུ་སྟེགས་ཅན་ཐམས་ཅད་ཐག་བཅུག །ཕམ་པར་བྱས། རྒྱབ་ཀྱིས་ཕྱོགས་པར་བྱས། སྤོབས་པ་མེད་པར་བྱས་པ་འདི་ལ་ངོ་མཚར་ཅི་ཆེ། འདས་པའི་དུས་ན་ང་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས་པ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མ་གྲོལ་བ་ན་ཡང་སྟོན་པ་དྲུག་པོ་འཁོར་དང་བཅས་པ་འདི་དག་ཐག་བཅུག །ཕམ་པར་བྱས། རྒྱབ་ཀྱིས་ཕྱོགས་པར་བྱས། སྤོབས་པ་མེད་པར་བྱས། ཚར་བཅད་དེ་མཐའ་འཁོབ་ཀྱི་ལྗོངས་རྣམས་སུ་རྟེན་དུ་བཅུག་པ་དེ་བཤད་ཀྱིས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་ལུས་འཕགས་ཞེས་བྱ་བའི་ལྗོངས་ན་རྒྱལ་པོ་སྐྱེད་པ་ཞེས་བྱ་བ་རྒྱལ་སྲིད་འབྱོར་པ་དང་རྒྱས་པ་ཞེས་བྱ་བ་ནས། བྱེད་དུ་འཇུད་དོ་ཞེས་བྱ་བ་རྒྱས་པར་རོ། །དེ་ནས་རྒྱལ་པོ་སྐྱེད་པས་བཙུན་མོ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ་ཞིག་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད།


DKG011_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་མགུར་སྤྱོད་པར་བྱེད་དོ། །དེ་ནས་བཙུན་མོ་དེ་ལ་སེམས་ཅན་ཞུགས་པར་གྱུར་ནས་རིམ་གྱིས་ཟླ་བ་དགུ་ལོན་པ་དང་། ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཞིག་བཙས་སོ། །གཞོན་ནུ་དེ་བཙས་པ་ན་ལུས་འཕགས་ཀྱི་ J01,Vo11,Po51B ལྗོངས་རྣམས་ལོ་ལེགས་པ་དང་། བཟའ་བ་དང་། བཏུང་བ་མོད་པར་གྱུར་ཅིང་ལྷས་ཀྱང་ཆར་དུས་བཞིན་དུ་ཕབ། དུས་དང་མཐུན་པའི་རླུང་ཡང་ལྡང་སྟེ། དེས་ན་རྟག་ཏུ་བཟའ་བ་དང་། བཏུང་བ་མོད་པར་གྱུར་ཏོ། །དེ་ནས་གཞོན་ནུའི་བཙས་སྟོན་རྒྱ་ཆེར་བྱས་ནས། གཞོན་ནུའི་མིང་ཅིར་གདགས་ཞེས་རྒྱལ་པོ་སེམས་པ་ན་གང་གི་ཕྱིར་གཞོན་ནུ་འདི་བཙས་པ་ན་ཡུལ་དུ་བཟའ་བ་དང་། བཏུང་བ་མོད་པར་གྱུར་པ་དེའི་ཕྱིར་གཞོན་ནུའི་མིང་བཟའ་བཏུང་ཞེས་བཏགས་ནས། དེ་ནས་གཞོན་ནུ་བཟའ་བཏུང་མ་མ་བརྒྱད་ལ་རྗེས་སུ་གཏད་དོ། །གང་གི་ཚེ་དེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་སློབ་ཏུ་བཅུག་པ་དང་། རིང་པོ་མ་ཐོགས་པར་མཐར་ཕྱིན་པར་གྱུར་ཏོ། །རིགས་ཀྱི་བཟོའི་གནས་ལ་ཡང་རིང་པོ་མ་ཐོགས་པར་མཁས་པར་གྱུར་ཏོ་ཞེས་གོང་མ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ། །གཞོན་ནུ་དེ་ཡང་དཔའ་བ། ཚམ་ཚོམ་མེད་པ། གཏུམ་པ་རེམ་པར་གྱུར་ཏོ། །དེ་ནས་བཙུན་མོ་བུས་སྙེམས་ནས་རྒྱལ་པོ་ཡབ་ཀྱི་བཀའ་ཤིན་ཏུ་མི་ཉན་ཅིང་ཟློག་ཐབས་བྱེད་པར་གྱུར་ཏོ། །རྒྱུ་དེས་རྒྱལ་པོ་ཡང་མི་དགའ་བས་གདུངས་པ་དང་། དེ་མི་དགའ་བ་བློན་པོ་རྣམས་ཀྱིས་ཤེས་ནས་སྨྲས་པ། ལྷ་ཅིའི་སླད་དུ་མི་དགྱེས་པར་གྱུར། རྒྱལ་པོས་སྨྲས་པ། ངའི་བཙུན་མོ་བུས་སྙེམས་ནས་ད་ནི་ངའི་བཀའ་ཤིན་ཏུ་མི་ཉན་ཅིང་ཟློག་ཐབས་བྱེད་དེ་རྒྱུ་དེས་ན་ང་མི་དགའ་བར་གྱུར་ཏོ། །དེ་ནས་བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་གལ་ཏེ་འདི་བཀའ་བཞིན་མི་བགྱིད་ན་ད་གཞན་ཞིག་བླང་བར་བགྱི་སྟེ། དེས་ན་འདི་ཡང་དབང་དུ་འགྱུར་ལ། ལྷ་ཡང་གཞན་དང་ལྷན་ཅིག་དགྱེས་པ་བསྟར་པར་འགྱུར་རོ། །རྒྱལ་པོས་སྨྲས་པ། གང་ནས་བླང་བར་བྱ། བློན་པོ་རྣམས་ཀྱིས་སྨྲས་པ། ཉི་འོག་གི་རྒྱལ་པོ་འདིའི་དེ་ནས་བླང་བར་བགྱིའོ། །རྒྱལ་པོས་སྨྲས་པ། དེ་དང་ང་མི་མཛའ་བ་ཡིན་ན་ཇི་ལྟར་དེ་ནས་བླང་། བློན་


DKG011_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

པོས་སྨྲས་པ། ཉི་འོག་གི་རྒྱལ་པོ་འདི་ནི་ཆུང་བས་གཉེན་དུ་བགྱིས་ན་བཤེས་པར་འགྱུར་ལགས་ཀྱིས་ཐམས་ཅད་དུ་ཐུགས་ཁྲལ་ཆུང་བར་བཞུགས་ཤིག་དང་། འདི་བདག་ཅག་གིས་བསྒྲུབ་པར་བགྱིའོ། །དེ་ནས་བློན་པོ་རྣམས་ཉི་འོག་གི་རྒྱལ་པོ་དེའི་ཐད་དུ་སོང་ནས་དེར་དེ་དག་གིས་དེ་ཤིན་ཏུ་རངས་པར་བྱས་པ་དང་། དེས་སྨྲས་པ་ངས་དམ་ J01,Vo11,Po52A ཞིག་བཅས་ནས་བུ་མོ་སྦྱིན་ཏེ། གལ་ཏེ་ངའི་ཚ་བོ་ཞིག་ཡོད་ལ་དེ་རྒྱལ་ཚབ་ཀྱི་ཐབས་སྦྱིན་ན་དེ་ལྟ་ན་ངས་སྦྱིན་པར་བྱའོ། །དེ་རྣམས་ཀྱིས་སྨྲས་པ། དེ་བཞིན་དུ་བགྱིའོ། །རྒྱལ་པོས་སྨྲས་པ། རེ་ཞིག་སྔར་རྒྱལ་པོ་དེ་ལ་གྱིས་ལ། དེ་གལ་ཏེ་དམ་བཅས་པ་དེ་བཞིན་དུ་བཏུབ་ན་དེའི་འོག་ཏུ་སྦྱིན་པར་བྱའོ། །དེ་ནས་བློན་པོ་རྣམས་ཀྱིས་དེ་ལ་ཕྱག་འཚལ་ཏེ་སྨྲས་པ། ལྷ་རྒྱལ་ཚབ་ཏུ་སྩལ་བར་བློན་པོ་རྣམས་ཀྱི་དད་པར་བྱས་པས་ཅི་ནས་ལྷའི་དབོན་པོ་ཞིག་མཆིས་ན་དེ་རྒྱལ་ཚབ་དུ་སྩལ་བ་ཡེ་བགྱིའོ། །དེ་ནས་ཐོབ་སྟེ། དཔལ་གྱི་འབྱོར་པ་ཆེན་པོས་བག་མར་བླངས་ནས་དེ་དང་རྒྱལ་པོ་སྐྱེད་པ་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་ནས་བཙུན་མོ་དེ་གཡེར་བག་ཆེ་བ་ཞིག་པས་ཇི་ལྟར་རྒྱལ་པོ་དམ་པ་དེ་ལྟར་མཉེས་པར་བྱས་པ་དང་། རྒྱལ་པོས་སྨྲས་པ། ཁྱོད་ལ་དམ་པ་ཅི་ཞིག་སྦྱིན། དེས་ཐལ་མོ་སྦྱར་ནས་སྨྲས་པ། གལ་ཏེ་བདག་ལ་ལྷས་སྐབས་ཕྱེ་ན་བདག་གི་བུ་བཙས་པ་གང་ལགས་པ་དེ་རྒྱལ་ཚབ་ཏུ་སྩལ་བར་སྩོལ། དེའི་ཚིག་ཐོས་མ་ཐག་ཏུ་རྒྱལ་པོ་མཚོན་གྱིས་གནད་དུ་བསྣུན་པ་བཞིན་དུ་ཏིང་ཞེས་བྱེད་ནས་བསམས་པ། བདག་གིས་འདི་ལ་དམ་པ་སྦྱིན་པར་སྐབས་ཕྱེ་བ་དང་། འདིས་ཀྱང་དེ་ལྟ་བུའི་དམ་པ་བསླང་ལ་བདག་གི་བུ་བཟའ་བཏུང་འདི་ཡང་དཔའ་ཞིང་བརྩོན་པ། གཟུགས་བཟང་ཞིང་བལྟ་ན་སྡུག་པ། རིགས་དང་མཐུན་པར་སྐྱེས་པའི་བུ་གཅིག་པ་ཡིན་ན་ཇི་ལྟར་ན་འདི་བཏང་སྟེ་གཞན་རྒྱལ་ཐབས་སྦྱིན་པར་བྱས་ཏེ། ད་འདི་ལ་ཇི་ལྟར་བྱ་ཞེས་ཐེ་ཚོམ་སྐྱེས་ནས་སེམས་པ་ལ་ཞུགས་པ་དང་། རེ་ཞིག་ན་བློན་པོ་རྣམས་ཀྱིས་རྒྱལ་པོ་ཡིད་མི་བདེ་བར་རིག་ནས་ལྷ་ཅི་དགོངས་ཞེས་དྲིས་པ་དང་། རྒྱལ་པོས་དེ་རྣམས་ལ་རང་བཞིན་སྨྲས་ཏེ།


DKG011_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ངས་བཙུན་མོ་ལ་དམ་པ་སྦྱིན་པའི་སྐབས་ཕྱེ་བ་དང་། དེས་ཀྱང་བུ་ཞིག་མཆིས་པར་གྱུར་ན་རྒྱལ་ཚབ་ཏུ་སྩལ་བར་གསོལ་ཞེས་གསོལ་བ་བཏབ་ནས། དེའི་ཕྱིར་ང་སེམས་ཁོང་དུ་ཆུད་པར་གྱུར་ཏོ། །དེ་ནས་བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་འདིར་ཡང་མ་བས་ཏེ། ཉི་འོག་གི་རྒྱལ་པོ་གང་ལས་བདག་ཅག་གིས་འདི་བསླང་བ་དེ་ལས་ཀྱང་དམ་འདི་ལྟ་བུ་བཅས་པས་སྩལ་མོད་ཀྱི། ལྷ་འོན་ཀྱང་མཆིས་པར་འགྱུར་རམ། མ་མཆིས་པར་འགྱུར་རམ། J01,Vo11,Po52B ཁྱེའུའམ་བུ་མོར་འགྱུར་བ་ད་དུང་སུས་འཚལ་རེ་ཞིག་དེ་ལ་མཆོག་སྩོལ་ཅིག །དེ་ནས་རྒྱལ་པོས་ཀྱང་དེ་བཞིན་དུ་བྱའོ་ཞེས་བསྒོའོ། །དེ་ནས་གཞན་ཞིག་ན་བཙུན་མོ་སེམས་ཅན་དང་ལྡན་པར་གྱུར་ནས་ཟླ་བ་དགུ་ཚང་བ་དང་། གཞོན་ནུ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱ་ཆེར་བྱས་ནས་གཞོན་ནུ་འདིའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །དེ་ནས་རྒྱལ་པོ་སྐྱེད་པས་བསམས་པ། གང་གི་ཕྱིར་འདི་མ་བཙས་པ་ནས་རྒྱལ་སྲིད་མངོན་པར་འདོད་ཅིང་མངོན་པར་དགའ་བས་ན་དེའི་ཕྱིར་གཞོན་ནུ་འདིའི་མིང་རྒྱལ་སྲིད་ལ་མངོན་པར་དགའ་བ་ཞེས་བྱ་བར་བཏགས་སོ། །དེ་མ་མ་བརྒྱད་པོ་རྣམས་ལ་གཏད་ནས་དེ་དག་གིས་ཀྱང་དྲིལ་བ་དང་། ཕྱི་བ་དང་། བཀྲུ་བ་དང་། འོ་མ་དང་། སྦྲང་རྩི་དང་། མར་དཀར་རྣམས་ཀྱིས་བསྐྱེད་ནས་གང་གི་ཚེ་ཆེན་པོར་གྱུར་ཀྱང་རྒྱལ་ཚབ་ཏུ་མ་བཅུག་གོ །དེ་ནས་དེའི་མ་མེས་ཉི་འོག་གི་རྒྱལ་པོས་ལུས་འཕགས་ཀྱི་རྒྱལ་པོ་སྐྱེད་པ་ལ་ཕོ་ཉ་བཏང་སྟེ། ཇི་སྟེ་བདག་གི་ཚ་བོ་རྒྱལ་སྲིད་ལ་མངོན་པར་དགའ་བ་རྒྱལ་ཚབ་ཏུ་མ་བཅུག་ན་བདག་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ཏེ་ཁྱོད་ཀྱི་གན་དུ་འོང་ངོ་ཞེས་སྤྲིང་བ་དང་། དེས་ཕོ་ཉའི་ཚིག་ཐོས་ནས་འཇིགས་སྐྲག་ནས་ཡིད་མི་བདེ་ཞིང་འདུག་གོ །དེ་ནས་བློན་པོ་རྣམས་ཀྱིས་རྒྱལ་པོ་སྐྱེད་པ་སྐྲག་ཅིང་མི་དགའ་བར་རིག་ནས་སྨྲས་པ། ལྷ་ཅིའི་སླད་དུ་འདི་ལྟར་མི་དགྱེས་པར་མཛད། སྐྱེད་པས་སྨྲས་པ། ཉི་འོག་གི་རྒྱལ་པོ་དེས་ཚ་བོའི་ཕྱིར་ཕོ་ཉ་བཏང་ནས་ཕོ་ཉ་དེ་འདི་སྐད་ཅེས་ཅི་སྟེ་ངའི་ཚ་བོ་རྒྱལ་ཚབ་ཏུ་མི་གཞུག་ན་ང་


DKG011_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་ཏེ་ཁྱོད་རྒྱལ་པོ་ལས་ཕྱུང་ལ་ངའི་ཚ་བོ་གཞུག་གོ་ཞེས་ཟེར་རོ། །དེ་ནས་བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་རྒྱས་སྲིད་ལ་མངོན་པར་དགའ་བ་རྒྱལ་ཚབ་ཀྱི་ཐབས་སྩལ་ལ། གཞོན་ནུ་བཟའ་བཏུང་འདི་དགུམ་པར་བགྱིའོ། །དེ་ནས་རྒྱལ་པོ་སྐྱེད་པས་བློན་པོ་རྣམས་ལ་སྨྲས་པ། ཆོས་དང་མི་ལྡན་པའི་ཚིག་དེ་ལྟ་བུ་མ་སྨྲ་ཤིག །འདི་ལྟར་འདི་ན་བུ་ཕ་གསོད་པ་ཐོས་ཀྱི་ཕ་བུ་གསོད་པ་ནི་མ་ཡིན་པས་ང་ནི་དེ་ལྟར་གཏན་མི་བྱེད་དོ། །དེ་དག་གིས་སྨྲས་པ། ཇི་སྟེ་མི་དགུམ་ན་ཡང་ཡན་ J01,Vo11,Po53A ལག་མ་མཆིས་པར་བགྱིའོ། །དེ་ནས་རྒྱལ་པོ་སྐྱེད་པས་བློན་པོ་རྣམས་ལ་སྨྲས་པ། གལ་ཏེ་ཡན་ལག་མེད་པར་བྱས་ན་བསད་པ་ཁོ་ནར་ཟད་མོད། དེ་ནས་བློན་པོ་རྣམས་ཀྱིས་རྒྱལ་པོ་སྐྱེད་པའི་ཚིག་ཐོས་ནས་རྒྱལ་པོ་ལ་སྨྲས་པ། ལྷ་འདི་ལ་གཞན་བགྱིར་ཅི་མཆིས། བསྐྲད་པར་བགྱིའོ། །རྒྱལ་པོས་སྨྲས་པ། ཉེས་པ་མེད་པ་ཇི་ལྟར་བསྐྲད་པར་བྱ། བློན་པོ་རྣམས་ཀྱིས་སྨྲས་པ། ཅིའི་སླད་དུའང་མི་བསྡོ་རིང་པོ་མི་ཐོགས་པར་གཞོན་ནུ་ལ་ནོངས་པ་འབྱུང་བར་རྔོ་ཐོག་གིས་རེ་ཞིག་རྒྱལ་སྲིད་ལ་མངོན་པར་དགའ་བ་ལ་ཐབས་སྩོལ་ཅིག །དེ་ནས་ནི་གཞོན་ནུ་བཟའ་བཏུང་རང་ཉིད་ཀྱིས་འཚལ་བར་འགྱུར་རོ། །དེ་ནས་རྒྱལ་པོ་སྐྱེད་པས་དབང་ཐང་གི་ཉི་མ་ཤིས་པ་ལ་བཀྲ་ཤིས་དང་ཤིས་པར་བརྗོད་པ་བྱས་ནས་རྒྱལ་སྲིད་ལ་མངོན་པར་དགའ་བ་རྒྱལ་ཚབ་ཀྱི་ཐབས་བྱིན་ནོ། །དེ་ཐབས་བྱིན་པར་གཞོན་ནུ་བཟའ་བཏུང་གིས་ཐོས་ནས་བསམས་པ། ལྷས་ནི་བདག་སྤངས་པར་གྱུར་གྱིས་ད་བདག་འདིར་འདུག་ཀྱང་ཅི་ཞིག་རུང་སྟེ། བདག་བསད་པར་འོང་ངོ་སྙམ་ནས་དེ་མའི་ཐད་དུ་སོང་སྟེ་མི་བདེ་བའི་ལོ་རྒྱུས་བཤད་ནས་སྨྲས་པ། བདག་རྒྱལ་པོ་ལྔ་ལེན་གྱི་ཡུལ་དུ་མཆིས་མཁྱེན་པར་མཛོད་ཅིག །དེ་ནས་དེ་ཡང་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་ནི་མྱོས། བུ་དང་བྲལ་བའི་སྡུག་བསྔལ་དང་ནི་ལྡན། བུའི་མགུལ་ནས་ནི་འཁྱུད་དེ་སྙིང་རྗེ་རྗེ་སྐད་སྨྲེ་སྔགས་བཏོན་ཏེ། སྨྲས་པ། དུ་གུལ་རས་ཀྱི་གདིང་བས་མཛེས་བྱས་པའི། །མལ་སྟན་ཆེ་ལ་འོས་པར་བདེར་ཉལ་བ། །བུ་གཅིག་ད་ནི་ས་སྟེང་ཐང་བུ་ལ། །གོས་ཀྱིས་ཕྱོགས་གཅིག་བཏིང་ནས་


DKG011_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ཉལ། །མལ་དུ་བདེ་བར་ཉལ་ནས་རོལ་མོ་དང་། །གླུ་སྒྲ་སྣ་ཚོགས་དག་གིས་སད་བྱས་པ། །གྲང་དང་ཚ་བའི་ཆུ་ཡིས་ཕོག་གྱུར་ན། །མདངས་ཅན་ལུས་ནི་ཇི་ལྟར་ནགས་ན་དགའ། །སྔོན་ཆད་རྒྱལ་པོས་གནང་བའི་བཟའ་བཏུང་དང་། །སྟན་དང་བཞོན་དང་ཐེག་མཆོག་ལ་སྤྱོད་པ། །བྱུག་པ་རྒྱན་དང་གོས་ཀྱིས་ཕོངས་བཞིན་དུ། །སུ་ཡི་དབང་གིས་སྡུག་བསྔལ་གྱུར་པར་འཁྱམ། །འཇིག་རྟེན་དང་ཕྲད་སྐྱེ་བོའི་ཚོགས་ J01,Vo11,Po53B རྣམས་ཀྱིས། །ཐལ་མོ་རབ་སྦྱར་རྔ་སྒྲ་གླུ་དབྱངས་དག །ཡིད་དང་རྣ་འོང་རྣམས་ཀྱིས་ལེགས་མཆོད་པ། །སྐོམ་པས་མངོན་པར་གདུངས་བཞིན་གང་དུ་འཁྱམ། །གཞོན་ནུས་སྨྲས་པ། གཏན་དུ་བདེ་བ་ཡང་ནི་སུ་ཞིག་ཡོད། །གཏན་དུ་སྡུག་བསྔལ་བ་ཡང་སུ་ཞིག་ཡོད། །མི་བདེ་མ་ཐོབ་པ་ཡང་སུ་ཞིག་ཡོད། །འཐོབ་པར་མི་འགྱུར་བ་ཡང་སུ་ཞིག་ཡོད། །འགྱུར་བའི་དབང་གིས་མི་རྣམས་བདེ་སྡུག་སྟེ། །རྒྱུ་སྐར་འཁོར་ལོ་མཁའ་ལ་འཁོར་བ་བཞིན། །བདེ་བས་དགའ་མིན་སྡུག་པས་མི་དགའ་མེད། །མི་དབང་རིགས་རྗེས་འགྲོ་བའི་རྟགས་ཡིན་ནོ། །དེས་མ་ལ་དེ་ལྟ་བུ་རྣམ་པ་མང་པོ་ཁོང་དུ་ཆུད་པར་བྱས་ཏེ་ཡུལ་ལྔ་ལེན་གང་ན་བ་དེར་སོང་ངོ་། །དེ་དེར་གྲོང་དང་ཉེ་བར་ཕྱིན་ནས་ལུས་ངལ་བ་དང་། ལུས་བཀྲེས་པས་ཤིང་གི་གྲིབ་མ་ཞིག་ལ་ཉལ་ཞིང་འདུག་གོ །ཇི་ཙམ་ཞིག་ན་རྒྱལ་པོའི་བྱ་བ་ཅུང་ཟད་ཅིག་གི་ཕྱིར་ལྔ་ལེན་གྱི་བཀྲབས་པ་དག་གཅིག་ཕྱོགས་དེར་འོངས་པ་དང་། བཟའ་བཏུང་གྲིབ་མ་དེ་ལ་ཉལ་ཞིང་འདུག་པ་མཐོང་ནས་སྨྲས་པ། འདི་ལྟ་བུར་གཟུགས་བཟང་བ། བལྟ་ན་སྡུག་པ། མཁྲང་བ། སྲ་བ། ལེགས་པར་འབྲེལ་པ་རོ་སྟོད་ཆེ་བ། དཔུང་པ་རིང་བའི་སྐྱེས་བུ་འདི་སུ་ཞིག་ཅེས་དེ་དག་གིས་དེ་བསླངས་ནས་སུའི་བུ་ཡིན་ཞེས་དྲིས་པ་དང་། དེས་སྨྲས་པ། བདག་ནི་ལུས་འཕགས་ཀྱི་རྒྱལ་པོ་སྐྱེད་པའི་བུ་བཟའ་བཏུང་ཞེས་བྱ་བ་ཡིན་ནོ། །དགོས་པ་ཅི་ཞིག་གི་ཕྱིར་འོངས། དེས་དེ་རྣམས་ལ་ཇི་ལྟར་གྱུར་པ་སྨྲས་སོ། །དེ་ནས་བཀྲབས་པ་དེ་དག་གིས་རྒྱལ་པོའི་བུ་དེ་སྐྱེས་སུ་ཁྱེར་ནས་ལྔ་ལེན་གྱི་རྒྱལ་པོའི་གན་དུ་སོང་སྟེ་བཟའ་བཏུང་དེ་ལ་ཕུལ་ནས། ལྷ་འདི་རྒྱལ་པོ་སྐྱེད་པའི་བུ་


DKG011_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བཏུང་ཞེས་བགྱི་བ་ལགས་ཏེ། ཕས་འདི་ལྟ་བུ་ཞིག་གི་སླད་དུ་བསྐྲད་ནས་འདིར་ཕྱིན་པ་ལགས་སོ། །དེ་ནས་བཟའ་བཏུང་གིས་ཀྱང་ལྔ་ལེན་གྱི་རྒྱལ་པོ་ལ་ཐམས་ཅད་རྒྱས་པར་བསྙད་དོ། །ཡང་སྨྲས་པ། མི་ཡི་བདག་པོ་སྐྱེད་པ་ནི། །དབང་པོ་འདྲ་བའི་སྲས་འདི་སྟེ། །གཟུགས་ལྡན་ཡོན་ཏན་ཕུན་ཚོགས་པ། །རྒྱལ་སྲིད་ཉམས་ནས་འདིར་མཆིས་སོ། །དེ་ནས་ལྔ་ལེན་གྱི་རྒྱལ་པོས་མགུལ་ནས་འཁྱུད་དེ། དགའ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་ J01,Vo11,Po54A སྨྲས་ནས་དགའ་བ་ཁོང་དུ་ཆུད་པར་བྱས་ཏེ། དེ་ལ་བུ་མོ་དང་ཡུལ་དག་ཀྱང་བྱིན་ནོ། །དེ་ཡང་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་རེ་ཞིག་ན་སྐྱེ་དགུའི་བདག་མོ་དེ་སེམས་ཅན་དང་ལྡན་པར་གྱུར་ཏེ་ཟླ་བ་དགུ་ཚང་བ་དང་། ཁྱེའུ་གཟུགས་བཟང་བ་བལྟ་ན་སྡུག་པ། མཛེས་པ། མཐོང་ག་སེང་གེ་ལྟར་འདུག་པ། དཔུང་པ་རིང་བ། རོ་སྟོད་སེང་གེ་འདྲ་བ་ཞིག་བཙས་ནས། དེའི་བཙས་སྟོན་རྒྱ་ཆེར་བྱས་ནས་གཞོན་ནུའི་མིང་ཅིར་གདགས་སྙམ་པ་ལས། བདག་གི་མིང་བཟའ་བཏུང་ཡིན་པས་འདི་ནི་བཟའ་བཏུང་མང་པོའོ། །དེ་ནས་གཞོན་ནུ་བཟའ་བཏུང་མང་པོ་མ་མ་བརྒྱད་པོ་རྣམས་ལ་གཏད་པ་དང་། དེ་དག་གིས་བསྐུ་བ་དང་། ཕྱི་བ་དང་། བཀྲུ་བ་དང་། འོ་མ་དང་། སྦྲང་རྩི་དང་། མར་དཀར་རྣམས་ཀྱིས་བསྐྱེད་ནས་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ། ཁྱེའུ་ཡི་གེ་སློབ་པའི་གྲྭར་ཡི་གེ་སློབ་ཏུ་བཏང་ངོ་། །དེའི་ཕ་བཟའ་བཏུང་ནི་ནད་ཀྱིས་བཏབ་ནས་དེ་སྨན་པ་དང་། སྨན་དང་ནད་གཡོག་རྣམས་ཀྱིས་ཀྱང་གསོ་བར་མ་ནུས་ནས་དུས་ལས་འདས་སོ། །དེ་དུས་ལས་འདས་པ་དང་། རྒྱལ་པོའི་བུ་མོ་ཤིན་ཏུ་མྱ་ངན་གྱིས་ཐེབས་ནས་ཆོ་ངེས་བཏབ་སྟེ་སྨྲེ་སྔགས་འདོན་ཏོ། །དེ་ནས་ལྔ་ལེན་གྱི་རྒྱལ་པོས་བསམས་པ། བུད་མེད་ཐམས་ཅད་ཀྱི་བསམ་པ་ནི་ཕལ་ཆེར་སྐྱེས་པ་འདོད་པ་ཡིན་པས་གཅིག་ལ་སྦྱིན་ནོ་སྙམ་ནས། དེས་དེ་དང་གཞོན་ནུ་བཟའ་བཏུང་མང་པོ་དང་བཅས་པར་མདུན་ན་འདོན་ལ་བྱིན་ནོ། །དེ་ནས་མདུན་ན་འདོན་དེ་དེ་དང་ལྷན་ཅིག་དགའ་བ་རྒྱ་ཆེན་པོ་ཉམས་སུ་མྱོང་བར་བྱེད་དོ། །རེ་ཞིག་མདུན་ན་འདོན་དེའི་ཁྱིམ་དྲུང་ན་


DKG011_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་གག་ཅིག་སྐད་འབྱིན་པ་ཕྱོགས་དེ་ན་བྲམ་ཟེ་ལྟས་མཁན་ཞིག་འགྲོ་བས་ཐོས་ནས་དེས་མི་གང་གིས་དེའི་ཤ་ཟོས་པ་དེ་རྒྱལ་པོར་འགྱུར་རོ་ཞེས་སྨྲས་པ་དང་། ཚིག་དེ་མདུན་ན་འདོན་གྱིས་ཐོས་ནས་དེས་བྲམ་ཟེ་དེ་ལ་ཡང་དྲིས་ཏེ། དེ་ནས་མདུན་ན་འདོན་གྱིས་བྱ་གག་བཟུང་ནས་བསད་དེ་ཆུང་མ་ལ་སྨྲས་པ། བྱ་གག་འདི་འཕྲལ་དུ་ཚོས་ཤིག་དང་། ང་རྒྱལ་པོའི་ཕོ་བྲང་ནས་སླར་འོང་ངོ་ཞེས་བྱས་ནས་དེ་རྒྱལ་པོའི་ཕོ་བྲང་དུ་སོང་ངོ་། །ཇི་ཙམ་ན་ཁྱེའུ་བཟའ་བཏུང་མང་པོ་གྲྭ་ནས་བཀྲེས་ཏེ་ཁྱིམ་དུ་འོངས་ན་མ་ཡང་མི་སྣང་ངོ་། །དེ་ནས་དེས་ J01,Vo11,Po54B བདག་ཅག་གི་ཅི་དག་བཙོས། ཅི་ཞིག་བཟའ་སྙམ་ནས་རེ་ཞིག་ན་མ་ནི་མི་སྣང་གི་བལྟས་ན་རྫེའུ་ཞིག་གི་ནང་ན་བྱ་གག་ཅིག་མགོ་གྱེན་དུ་བྱུང་ཞིང་འདུག་པ་མཐོང་ངོ་། །དེ་ནས་དེས་ཀྱང་རྫེའུའི་ནང་ན་འདུག་བཞིན་དུ་མགོ་བཅད་དེ་ཟོས་སོ། །ཇི་ཙམ་ན་མ་འོངས་ནས་དེ་ལ་མགོ་སུས་ཟོས་ཞེས་དྲིས་པ་དང་། དེས་བདག་གིས་འཚལ་ཏོ་ཞེས་བྱས་པ་དང་། དེ་ནས་ཟན་བྱིན་ཏེ་གྲྭར་བཏང་ངོ་། །མདུན་ན་འདོན་ཀྱང་འོངས་ནས་བཟའ་ཞེས་བྱས་པ་དང་། བྱ་གག་གི་མགྲིན་པ་མི་སྣང་ནས་འདིའི་མགྲིན་པ་ག་རེ། ཆུང་མས་སྨྲས་པ། ཁྱེའུས་འཚལ་ཏོ་ཞེས་བྱས་པ་དང་། དེ་ནས་བྱ་གག་གི་ལྷག་མ་ཟོས་ནས་བསམས་པ། ཅི་རེ་ཞིག་བྱ་གག་རིལ་གྱིས་ཟོས་པས་རྒྱལ་པོར་འགྱུར་རམ། འོན་ཏེ་ཡན་ལག་མ་ཚང་བ་ཟོས་པས་ཀྱང་རྒྱལ་པོར་འགྱུར་སྙམ་དུ་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་གཅད་པའི་ཕྱིར་ཐབས་གཞན་ཞིག་གིས་བྲམ་ཟེ་ལྟས་མཁན་དེ་ཉིད་བོས་ཏེ་ཀྱེ་བྲམ་ཟེ་ཆེན་པོ་ཁྱོད་ཀྱིས་སྔར་གང་གིས་བྱ་གག་ཟོས་པ་དེ་རྒྱལ་པོར་འགྱུར་རོ་ཞེས་བྱ་བ་ཅི་ཡན་ལག་མ་ཚང་བ་ཟོས་པས་དེར་འགྱུར་རམ། འོན་ཏེ་རིལ་གྱིས་ཟོས་པས་འགྱུར། དེས་སྨྲས་པ། ཡན་ལག་མ་ཚང་ཡང་གང་གིས་དེའི་མགོ་ཟོས་པ་དེ་རྒྱལ་པོར་འགྱུར་རོ། །ཡང་ན་གང་གིས་དེའི་མགོ་ཟོས་པ་དེ་བསད་དེ་དེའི་མགོ་ཟོས་ན་དེ་ཉིད་རྒྱལ་པོར་འགྱུར་རོ། །དེ་ནས་མདུན་ན་འདོན་གྱི་བློ་སྐྱེས་པ་གཞོན་ནུ་འདི་བསད་ནས་འདིའི་མགོ་བཟའ་ན་མས་ཤེས་པར་མ་བྱས་ན་ནི་གསད་པའམ་བཟའ་བར་མི་ནུས་པས་རེ་ཞིག་བཏུབ་བམ་མི་བཏུབ་འདི་ཉིད་ཀྱི་མའི་ཉམ་


DKG011_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དྲོད་བླང་ངོ་སྙམ་ནས། དེས་སྙན་པའི་ཚིག་རྣམ་པ་དུ་མས་བཞམས་ཏེ། བཟང་མོ་ཅི་ཁྱོས་རྒྱལ་པོ་བྱས་ན་ལེགས་སམ། འོན་ཏེ་བུས་རྒྱལ་པོ་བྱས་ན་ལེགས་ཞེས་སྨྲས་པ་དང་། དེས་ཟུར་དང་སྣོལ་དག་ལས་ལེགས་པར་བརྟགས་ཏེ་བསམས་པ། གལ་ཏེ་བུས་རྒྱལ་པོ་བྱས་ན་ལེགས་ཞེས་སྨྲས་ན། འདི་བདག་ལས་གྱེད་པར་འགྱུར་བས་ཅི་ནས་ཀྱང་དེ་དང་མཐུན་པར་སྨྲའོ་སྙམ་ནས་དེས་ཁྱོས་རྒྱལ་པོ་བྱས་ན་ལེགས་སོ་ཞེས་སྨྲས་སོ། །བུད་མེད་དེ་ཡང་མཁས་ཤིང་མཛངས་ལ་དཔྱོད་པ་ཅན་ཞིག་པས་དེས་བསམས་ན། བྱ་གག་གི་མགོའི་ཕྱིར་ཁོན་དུ་བཟུང་ནས་བདག་གི་བུ་བསད་པར་ཆད་པར་འཕྲིགས་ཏེ་ད་ནི་དུས་ལ་བབ་ཀྱིས་ཅི་ནས་ཀྱང་བུ་བསྲུང་བར་བྱའོ་སྙམ་ནས་དེས་བུ་ལ་གསང་སྟེ་བུ་ཁྱོད་ཀྱིས་ J01,Vo11,Po55A བྱ་གག་གི་མགོ་ཟོས་པ་ནི་མ་ལེགས་པ་ཞིག་བྱས་ཀྱིས་ཡུལ་འདི་ནས་མྱུར་དུ་སོང་ཤིག །སོང་ནས་མེས་པོ་རྒྱལ་པོ་བྱེད་པ་དེ་ན་ཁྱོད་ཀྱི་རང་གི་སྐྱེ་བོའི་ཚོགས་ཡོད་པ་དེར་བདེ་བར་འདུག་ཤིག །དེ་སྐད་སྨྲས་པ་དང་། དེ་བྲོས་ནས་ལུས་འཕགས་སུ་སོང་ངོ་། །དེ་ངལ་ཞིང་བཀྲེན་སྐོམ་པས་ལུས་གཟིར་ཏེ་གནས་ཀྱི་ཉེན་ཀོར་གྱི་སྐྱེད་མོས་ཚལ་གྱི་ཤིང་ཞིག་གི་དྲུང་དུ་གོས་ཞིག་བཏིང་ནས་ཉལ་ཞིང་འདུག་གོ །དེའི་ཚེ་རྒྱལ་སྲིད་ལ་མངོན་པར་དགའ་བ་ནད་ཀྱིས་ཐེབས་ནས་སྨན་པ་དང་། སྨན་དང་། ནད་གཡོག་རྣམས་ཀྱིས་གསོ་བར་མ་ནུས་ནས་དེ་ཤི་སྟེ་རྒྱལ་པོ་རབས་ཆད་དོ། །འདི་ནི་རྒྱལ་པོའི་ཆོས་ཉིད་དེ། ཇི་སྲིད་དུ་གཞན་རྒྱལ་པོར་དབང་མ་བསྐུར་བ་དེ་སྲིད་དུ་རྒྱལ་པོའི་རོ་མི་འབྱིན་ཏོ། །ཅི་ཙམ་ན་བློན་པོ་རྣམས་དང་། རྒྱལ་པོའི་མི་གཞན་དང་། བྲམ་ཟེ་དང་། ལྟས་མཁན་རྣམས་གལ་ཏེ་བསོད་ནམས་ཀྱིས་དབང་ཆེ་བར་གྲགས་པའི་སེམས་ཅན་འགའ་ཞིག་རྙེད་ན་དེ་རྒྱལ་སྲིད་ལ་གཞག་གོ་ཞེས་ཕན་ཚུན་ཚོལ་ཞིང་སོང་སྟེ། དེ་རྣམས་ཀྱིས་བཙལ་བ་ལས་གྲོང་ཁྱེར་གྱི་ཕྱི་རོལ་ཤིང་དྲུང་ཞིག་ན་ཁྱེའུ་གཞོན་ནུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། མཐོང་ཀ་སེང་གེ་འདྲ་བ། ཉི་མ་ཡོལ་ཡང་ཤིང་གི་གྲིབ་མ་ཤར་ཕྱོགས་སུ་མི་འཁོར་བར་དེའི་ལུས་མི་གཏོང་བ་ཞིག་ཉལ་ཞིང་འདུག་པ་མཐོང་ངོ་། །དེ་ནས་བློན་པོ་དྲུག་པོ་དེ་རྣམས་ཀྱིས་དེ་མཐོང་ནས་


DKG011_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་དུ་གྱུར་ཏེ་སྨྲས་པ། བདག་ཅག་གི་བསོད་ནམས་ཀྱིས་དབང་ཆེ་བར་གྲགས་པའི་སེམས་ཅན་འདི་ལས་གཞན་བསོད་ནམས་ཀྱི་སྟོབས་དང་ལྡན་པ་མ་མཐོང་ངོ་། །ཡང་འདི་ནི་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། མཚན་དང་ལྡན་པ་ཞིག་པས་འདི་ནི་རྒྱལ་སྲིད་ལ་གཞག་པར་འོས་སོ་ཞེས་གཅིག་ཏུ་ངེས་པར་བྱས་ནས་བུ་ལོངས་ལོངས་ཞེས་བསླང་ངོ་། །དེ་ཡང་ལངས་ཏེ་དྲིས་པ། ང་བསླང་སྟེ་ཅི་བྱ། དེ་དག་གིས་སྨྲས་པ། རྒྱལ་པོར་གཞུག་གོ །དེས་སྨྲས་པ། རྒྱལ་པོ་ཉལ་བ་དེ་ལྟར་བསླང་ངམ། བློན་པོ་རྣམས་ཀྱིས་སྨྲས་པ། འོ་ན་ཇི་ལྟར་བསླང་། གཞོན་ནུས་སྨྲས་པ། གླུ་དང་། སིལ་སྙན་དང་། རོལ་མོའི་སྒྲ་མི་གྲག་པས་བསླང་མོད། དེ་རྣམས་ཀྱིས་དེ་ཐོས་པ་དང་འདི་སྙམ་དུ་འདི་ནི་རིགས་དམའ་བ་ལས་བྱུང་བ་མ་ཡིན་གྱི་འདི་ངེས་པར་རིགས་མཐོན་པོ་ལས་སྐྱེས་པ་ཡིན་ནོ་སྙམ་ནས་དེ་དག་གིས་དྲིས་པ། ཁྱོད་སུ་ J01,Vo11,Po55B ཞིག །སུའི་བུ་ཡིན། དེ་ནས་ཁྱེའུ་གཞོན་ནུ་དེས་ཀྱང་སེང་གེའི་བཞིན་དུ་བསྒྱེངས་ནས་རང་གི་རིགས་སྨྲས་པ། ལུས་འཕགས་ཀྱི་རྒྱལ་པོ་སྐྱེད་པ་ཞེས་བྱ་བ་དེའི་བུ་ནི་བཟའ་བཏུང་ངོ་། །བཟའ་བཏུང་དེའི་བུ་ནི་བཟའ་བཏུང་མང་པོ་ཞེས་བྱ་སྟེ་ང་ཡིན་ནོ། །དེ་ནས་བློན་པོ་དྲུག་པོ་རྣམས་འཛུམ་ཕྱུང་ནས་བདག་ཅག་གིས་ནི་བདག་ཅག་ཉིད་ཀྱི་གཞོན་ནུ་རྙེད་དོ་ཞེས་སྨྲས་སོ། །དེ་ནས་གནས་དེ་ཉིད་ནས་སྐྱེ་བོའི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ཅིང་གླུ་དང་། སིལ་སྙན་དང་། རོལ་མོའི་སྒྲ་དང་། ཤིས་པར་བརྗོད་པ་ལ་སོགས་པས་མདུན་དུ་དྲངས་ཏེ་གྲོང་ཁྱེར་དུ་བཅུག་ནས་རྒྱལ་པོར་དབང་བསྐུར་ཏོ། །གང་གི་ཕྱིར་འདིས་རྒྱལ་པོའི་རྒྱུད་ཆད་པ་བསབས་པ་དེའི་ཕྱིར་མིང་སྐྱེད་པ་ཁོ་ནར་བཏགས་ནས། དེའི་མིང་བཟའ་བཏུང་མང་པོ་ཞེས་བྱ་བ་གང་ཡིན་པ་དེ་མེད་པར་གྱུར་ཏོ། །དེ་ནས་དེ་རྒྱལ་སྲིད་བྱེད་དུ་འཇུག་པ་ན་བྱིས་པའོ་སྙམ་ནས་བློན་པོ་རྣམས་ཀྱིས་དེ་ཁྱད་དུ་བསད་དེ་དེ་ལ་དབང་ཅུང་ཟད་ཀྱང་མེད་དོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་བཟའ་བཏུང་མང་པོ་ཡུལ་བལྟར་སོང་སྟེ། དེས་གྲོང་དང་། གྲོང་ཁྱེར་དང་། ཚོང་དུས་རྣམས་བལྟས་ནས་གྲོང་དང་། གྲོང་ཁྱེར་དང་། རི་འོར་པ་འདི་རྣམས་སུའི་ཡིན་ཞེས་དྲིས་པ་དང་། དེ་དག་གིས་བློན་


DKG011_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་དྲུག་ཁོ་ནའི་ལགས་སོ་ཞེས་སྨྲས་པ་དང་། དེ་གཅིག་པུས་བསམས་པ། གྲོང་དང་། གྲོང་ཁྱེར་དང་། རི་འོར་པ་འདི་སུའི་ཡིན་ཞེས་དེ་སྐད་དུ་གང་དང་གང་ལས་དྲིས་པ་དེ་དག་ཐམས་ཅད་དེ་སྐད་ཟེར་བས་བདག་ལྟ་ཞིག་བཟའ་བ་དང་བགོ་བ་ཙམ་ལ་དབང་ཕྱུག་བྱེད་ཀྱི་གཞན་ཅི་ལ་ཡང་མ་ཡིན་ནོ་སྙམ་དུ་རང་གིས་རིག་ནས་དེ་སེམས་ཁོང་གི་རྒྱ་མཚོར་ཆུད་ནས་འདི་ཇི་ལྟར་བྱ་ཞེས་སེམས་སོ། །དེ་དེ་ལྟར་སེམས་པ་ན་ལྷ་ཞིག་གིས་རྒྱལ་པོ་མི་དགའ་བར་མ་བྱེད་ཅིག །འདི་ལྟར་ཁྱོད་ཉིད་ཀྱི་ཡུལ་ན་རི་འོར་གང་པོའི་མཚན་ཞེས་བྱ་བ་དེ་ན་སྣ་ལ་གཏོགས་པ་གང་པོ་ཞེས་བྱ་བ་དེ་ལ་བུ་སྨན་ཆེན་པོ་ཞེས་བྱ་བ་ཞིག་ཡོད་པར་འགྱུར་གྱིས་དེ་ཁྱོད་ཀྱིས་བློན་པོར་ཆུག་ཤིག་དང་། དེས་ཡུལ་བདག་གིར་བྱས་ནས་ཁྱོད་ལ་འབུལ་བས་ཁྱོད་ལ་ཕན་པ་དང་། བདེ་བ་དང་། འདོད་པ་དང་ J01,Vo11,Po56A ལྡན་པར་འགྱུར་རོ་ཞེས་བསྒོའོ། །དེ་ནས་བཟའ་བཏུང་མང་པོས་མི་དག་མངགས་ཏེ་རི་འོར་གང་པོའི་མཚན་དེ་ན་སྣ་ལ་གཏོགས་པ་གང་པོ་ཞེས་བྱ་བ་དེ་ཚོལ་ཏོ། །གལ་ཏེ་རྙེད་དང་དེའི་ཆུང་མ་ལ་བུ་ཡོད་དམ་མེད་རྟོགས་ཤིག་ཅེས་བསྒོའོ། །དེ་དག་སོང་སྟེ་མཐོང་ནས་དྲིས་ན་དེས་བདག་གི་ཆུང་མ་ལ་བུ་ཡོད་དོ་ཞེས་སྨྲས་པ་དང་། དེ་དག་སླར་འོངས་ནས་རྒྱལ་པོ་ལ་གསོལ་པ། རྒྱལ་པོ་སྣ་ལ་གཏོགས་པ་དེ་མཆིས་ཏེ་དེའི་མཆིས་འབྲང་ཡང་སྦྲུམ་ལགས་སོ། །དེ་ནས་རྒྱལ་པོས་ཡི་གེ་སྤྲིང་སྟེ། གང་པོ་བཀུག་ནས་བཤེས་པའི་ཚིག་གིས་དེ་ལ་རི་འོར་དེ་བྱིན་ནས་འདིར་རང་གི་བུ་མའི་ལྟོ་ན་འདུག་པ་དེ་དེང་ཕྱིན་ཆད་ཡོངས་སུ་སྐྱོངས་ལ་ཅི་ནས་ཀྱང་དེ་ཡན་ལག་གང་ཡང་ཉམས་པར་མི་འགྱུར་བ་དེ་ལྟར་གྱིས་ཤིག་ཅེས་བསྒོའོ། །དེ་ནས་དེ་ཟླ་བ་དགུ་ཚང་བ་དང་ཁྱེའུ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ་ཞིག་བཙས་ནས་ཅི་འབྱོར་བའི་བཙས་སྟོན་རྒྱ་ཆེར་བྱས་ཏེ། ཁྱེའུ་འདི་མིང་ཅིར་གདགས་ཞེས་བྱས་ན་དེའི་མས་སྨྲས་པ། བདག་འདི་ལྟར་ཡུན་རིངས་སུ་ནད་བུ་ཅན་དུ་གྱུར་ཏེ། སྨན་པ་དང་སྨན་དང་། ནད་གཡོག་རྣམས་ཀྱིས་ནད་ཞི་བར་བྱ་མ་ནུས་པ་ལས་གང་གི་ཚེ་ཁྱེའུ་འདི་ལྟོར་ཞུགས་པ་དེ་ཉིད་ནས་ནད་ཞི་བར་གྱུར་པས་དེས་ན་འདིའི་མིང་སྨན་ཆེན་པོར་གདགས་སོ། །སྨྲས་


DKG011_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྨན་རྣམས་ཀུན་གྱི་ནང་ན་ནི། །བདག་གི་བུ་ནི་སྨན་ཆེན་པོ། །འདི་ནི་སྨན་པས་ལྷག་པའི་སྨན། །དེ་ལྟས་འདིའི་མིང་སྨན་ཡིན་ནོ། །དེ་ནས་སྨན་ཆེན་པོ་ཕའི་ཕྲག་པ་ལ་ཞོན་ཏེ་ཁྲུས་བྱ་བའི་ཕྱིར་སྲང་གི་དབུས་ནས་རྫིང་བུར་ཁྱེར་ཏེ་སོང་བ་ལས་རེ་ཞིག་ན་སའི་སྟེང་ན་ཉའི་དུམ་བུ་ཞིག་འདུག་པ་མཐོང་ནས། དེས་དེ་ལ་རིན་པོ་ཆེ་ཡིན་ནོ་སྙམ་ནས་དེ་རྐང་པའི་མཐེ་བོས་སའི་སྟེང་ནས་བླང་བར་བརྩམས་པ་དང་། ཇི་ཙམ་ན་སྨན་ཆེན་པོས་སྨྲས་པ། ཕ་གཅིག་གང་པོ་རིན་ཆེན་ལྷུང་སྙམ་སྟེ། །ལས་བཏང་མིག་མི་འཛུམས་པར་ཉ་དུམ་ལ། །རྟོག་ཅིང་དེ་ནས་རིན་ཆེན་ཡིན་པར་སེམས། །ཕ་གཅིག་གང་པོ་རྟོགས་ཤིག་རིན་ཆེན་མིན། །ཉ་དུམ་དམར་པོ་རྐང་གིས་འདྲིལ་བར་ཟད། །རྣམ་ཐོས་བུ་དེ་བག་མེད་སྤྱོད་མ་ཡིན། །དེ་ནས་དེ་རྫིང་དུ་སོང་ J01,Vo11,Po56B ནས་གང་པོས་སྨན་ཆེན་པོ་དང་། གོས་རྫིང་འགྲམ་དུ་བཞག་སྟེ་ཁྲུས་བྱ་བའི་ཕྱིར་ཆུར་ཞུགས་པ་ན་པད་མའི་སྟེང་ན་ཆུ་སྐྱར་ཞིག་འདུག་པ་དང་དེས་ཆུ་སྐྱར་དེ་བཟུང་ངོ་སྙམ་ནས་དེ་དེའི་དྲུང་དུ་སོང་བ་དང་། དེ་ཡང་དེ་ནས་འཕུར་ཏོ། །དེ་ནས་སྨན་ཆེན་པོས་སྨྲས་པ། པད་མའི་སྟེང་ནས་ཆུ་སྐྱར་འཕུར། །ཆུ་སྐྱར་འཕུར་བས་པད་མ་ལྷགས། །པད་མའི་སྟེང་ནས་ཆུ་སྐྱར་མོ། །འཕུར་བ་རེ་ཞིག་ཕ་གཅིག་གཟིགས། །དེ་ནས་ཡང་དུས་ཕྱི་ཞིག་ན་དེས་སྨན་ཆེན་པོ་ཕྲག་པ་ལ་ཁྱེར་ནས་ཆུ་བོ་གང་གཱར་ཁྲུས་བྱེད་དུ་སོང་སྟེ། དེས་དེ་དང་གོས་ཆུ་འགྲམ་དུ་བཞག་ནས་ཆུར་ཞུགས་ཏེ་ཁྲུས་བྱེད་པ་ན་ཁར་གཞོང་ཞིག་ཆུ་བོས་ཁྱེར་བ་དེའི་སྟེང་ན་ངང་མོ་ཞིག་འདུག་པ་མཐོང་ངོ་། །དེ་མཐོང་ནས་སྨན་ཆེན་པོས་སྨྲས་པ། ཆུ་བོ་གང་གཱས་ཁར་གཞོང་ཁྱེར། །ཁར་གཞོང་དེ་སྟེང་ངང་མོ་འདུག །ཁར་གཞོང་ངང་མོ་ལྷན་ཅིག་ཏུ། །གང་གཱས་ཁྱེར་བ་ཕ་གཅིག་གཟིགས། །ཇི་ཙམ་དུ་དུས་གཞན་ཞིག་ན་ཡང་ཁྲུས་བྱེད་ཅིང་སྨན་ཆེན་པོ་ཆུ་འགྲམ་དུ་གཞག་པ་དང་། རེ་ཞིག་ན་ཆུ་བོ་གང་གཱའི་རྒྱུན་ཕྱོགས་སུ་བུམ་པ་ཞིག་ཁྱེར་བ་དེའི་སྟེང་ན་ཆུ་སྲེགས་ཞིག་འདུག་པ་དེ་མཐོང་ནས་སྨན་ཆེན་པོས་ཕ་ལ་སྨྲས་པ། ཆུ་བོ་གང་གཱས་བུམ་པ་ཁྱེར། །དེ་ཡི་སྟེང་ན་ཆུ་སྲེགས་འདུག །རེ་ཞིག་ཕ་གཅིག་བུམ་པ་ནི། །ཆུ་སྲེགས་གང་གཱ་བཅས་ཏེ་གཟིགས། །ཇི་ཙམ་དུས་


DKG011_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཞིག་ན་ཡང་ཁྲུས་བྱེད་པར་འདོད་ནས་ཆུ་བོ་གང་གཱར་སོང་སྟེ། དེས་སྨན་ཆེན་པོ་ཆུ་འགྲམ་དུ་བཞག་ནས་དེར་ཁྲུས་བྱེད་པ་ལ་ཞུགས་པ་དང་། རེ་ཞིག་ན་ཆུ་བོ་གང་གཱའི་རྒྱུན་ཕྱོགས་སུ་ལུག་ཐུག་ཅིག་ཁྱེར་བ་དེའི་སྟེང་ན་བྱ་གར་ཞིག་འདུག་པ་མཐོང་ངོ་། །དེ་ནས་དེ་སྨན་ཆེན་པོས་མཐོང་ནས་སྨྲས་པ། ཆུ་བོ་གང་གཱས་ལུག་ཐུག་ཁྱེར། །དེ་བཞིན་དེ་སྟེང་བྱ་གར་འདུག །ལུག་ཐུག་བྱ་གར་ལྷན་ཅིག་ཏུ། །གང་གཱས་ཁྱེར་བ་ཡབ་གཅིག་གཟིགས། །དེ་ནས་སྨན་ཆེན་པོ་དེ་ན་བྱིས་པ་རྣམས་དང་ལྷན་ཅིག་རྩེ་བ་ལས་རེ་ཞིག་ན་བྱིས་པ་དེ་དག་འདུས་ནས་དེ་རྒྱལ་པོར་བཅུག་གོ །དེས་ཀྱང་ཁ་ཅིག་བློན་པོར་བཅུག་ནས་དེ་དེ་དག་དང་ལྷན་ཅིག་རྩེ་ཞིང་འདུག་གོ །ཅི་ཙམ་ན་བྲམ་ཟེ་རྒན་པོ་ཞིག་ཆུང་མ་གཞོན་ནུ་དར་ལ་བབ་པ་ཞིག་དང་ཁྱོ་ཤུག་ལྷན་ཅིག་ཏུ་ལམ་དུ་ཞུགས་ནས་ཡུལ་གཞན་དུ་འགྲོ་བ་ J01,Vo11,Po57A ལས་རེ་ཞིག་ན་བྲམ་ཟེ་བཤང་གཅིའི་སར་སོང་ངོ་། །དེ་ནས་གཡོན་ཅན་ཕོ་ཞིག་གིས་འཕྲིགས་ནས་བུད་མེད་དེའི་དྲུང་དུ་སོང་སྟེ་སྨྲས་པ། བཟང་མོ་ཁྱོད་ཀྱི་ཕ་དེ་གར་སོང་། བུད་མེད་ཀྱིས་སྨྲས་པ། གང་ཞིག །དེ་ནས་གཡོན་ཅན་གྱིས་སྨྲས་པ། དེ་མེས་པོ་ཡིན་པ་ལྟ་ཞིག །སྨྲས་པ། འདི་ཅི་ཟེར་བ་ཞིག །དེ་ནས་གཡོན་ཅན་གྱིས་སྨྲས་པ། དེ་ཁྱོད་ཀྱི་ཡང་མེས་པོ་ཡིན་པ་ལྟ་ཞིག །བུད་མེད་ཀྱིས་སྨྲས་པ། ངའི་ཕ་ཡང་མ་ཡིན། མེས་པོ་ཡང་མ་ཡིན། ཡང་མེས་པོ་ཡང་མ་ཡིན་གྱི་དེ་ནི་ངའི་ཁྱོ་ཡིན་ནོ། །དེ་ནས་གཡོན་ཅན་གྱིས་ཅུང་ཟད་ཅིག་བགད་དེ་སྨྲས་པ། བླུན་མོ་ཁྱོད་གྲོགས་མོའམ་ངོ་ཚ་ཤེས་པ་གཞན་གྱི་དྲུང་དུ་འདི་ལྟ་བུ་ངའི་ཁྱོ་ཡིན་ནོ་ཞེས་སྨྲ་བ་ངོ་མི་ཚའམ། ས་སྐལ་བ་ལྡན་པ་འདིའི་སྟེང་ན་སྐྱེས་བུ་ལྷའི་གཟུགས་འདྲ་བས་རབ་ཏུ་གང་བ་ཁྱོད་ཀྱིས་མ་མཐོང་ངམ། འདི་ལྟ་བུའི་གཟུགས་མཛེས་པ་ཆུད་ཟོས་སོ། །ངས་ཁྱོད་ཀྱི་ཁྱོ་བྱས་ཚུར་བདག་ཅག་ལྷན་ཅིག་འདོང་། གལ་ཏེ་ཁྱོད་ཀྱི་ཕྱིར་བྲམ་ཟེ་རྒན་པོ་དང་ང་འཐབ་མོ་བྱུང་དང་དེར་ཡང་ཁྱོད་ཀྱིས་སྐྱེ་བོའི་ཚོགས་ཆེན་པོ་ལ་ངའི་ཁྱོ་འདི་ཡིན་ནོ་ཞེས་ང་ཁྱོ་ཡིན་པར་ཕྱེ་ཤིག་ཅེས་བྱས་པ་དང་དེ་དང་གཡོན་ཅན་འགྲོགས་ཏེ་སོང་ངོ་། །བྲམ་ཟེ་ཡང་བཤང་གཅི་དང་བཀྲུ་བཤལ་བས་ནས་


DKG011_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་པ་དང་། དེས་དེ་མ་མཐོང་ངོ་། །རེ་ཞིག་ན་སྒང་བུ་མཐོན་པོ་ཞིག་གི་སྟེང་དུ་འཛེགས་ནས་བལྟས་ན་སྐྱེས་པ་གཞན་ཞིག་དང་འགྲོགས་ཏེ་སོང་བ་མཐོང་ནས་བྲམ་ཟེ་དེས་བརྒྱུགས་ཏེ་ལག་པ་ཡ་གཅིག་ནས་བཟུང་ངོ་། །གཡོན་ཅན་གྱིས་ཀྱང་ལག་པ་ཡ་གཅིག་ནས་བཟུང་བ་དང་དེ་ནས་བྲམ་ཟེས་སྨྲས་པ། ངའི་ཆུང་མ་ཅིའི་ཕྱིར་དབྲོག །གཡོན་ཅན་གྱིས་སྨྲས་པ། འདི་ངའི་ཆུང་མ་ཡིན་ན། ཀྱེ་མ་ཁྱོད་རེ་འོ་བརྒྱལ། བྲམ་ཟེས་ཀྱང་ངའི་ཡིན་ནོ། །ཞེས་སྨྲས་ནས་དེ་གཉིས་ལམ་ཀར་འཐབ་མོ་བྱུང་སྟེ་ཕར་དྲངས་ཚུར་དྲངས་པ་དང་། གཡོན་ཅན་དེ་དར་ལ་བབ་པས་སྟོབས་ཆེ་ནས་བྲམ་ཟེ་ལས་དྲངས་ཏེ་ཕྲོགས་སོ། །དེ་ནས་བྲམ་ཟེ་བཅོམ་པས་འབྲོག་དེར་བྲམ་ཟེར་མ་བྱས་ཀྱིས་ར་མདའ་ལོག་ཅེས་བྱས་སོ། །དེའི་ཚེ་ན་སྨན་ཆེན་པོ་བྱིས་པ་རྣམས་དང་ལྷན་ཅིག་དགོན་པ་ན་རྩེ་ཞིང་འདུག་པ་ལས་བྲམ་ཟེར་མ་བྱས་སོ་ཞེས་བྱ་བ་དེ་ཡང་བྱིས་པ་དག་གིས་ཐོས་སོ། ། J01,Vo11,Po57B དེ་ནས་བྱིས་པ་དེ་དག་གིས་སྨྲས་པ། ཀྱེ་སྨན་ཆེན་པོ་ཁྱེད་ཅག་ན་རེ་ང་རྒྱལ་པོའོ་ཞེ་ན། བྲམ་ཟེ་ཕ་བི་བྲམ་ཟེར་མ་བྱས་སོ་ཞེས་འབོད་ན། དེ་ཅིའི་ཕྱིར་འཇིགས་པ་ལས་མི་སྐྱོབ། དེ་ནས་དེས་བྱིས་པ་རྣམས་ལ་སོང་སྟེ་ཁྲིད་དེ་ཤོག་ཤིག་ཅེས་བཀྱེ་བ་དང་། བྱིས་པ་དེ་དག་གིས་དེ་ཀུན་ཁྲིད་དེ་འོངས་སོ། །འདི་ཅི་ཞིག་ཅེས་དྲིས་པ་དང་། བྲམ་ཟེས་སྨྲས་པ། བདག་གྲོགས་མ་མཆིས་ཤིང་ཉམ་ཆུང་བའི་ཆུང་མ་གཡོན་ཅན་སྟོབས་པོ་ཆེ་འདིས་ཕྲོགས་སོ། །གཡོན་ཅན་གྱིས་སྨྲས་པ། འདི་བརྫུན་མཆི་སྟེ། འདི་ནི་བདག་གི་ཆུང་མ་ལགས་སོ། །བུད་མེད་དེས་ཀྱང་བདག་གི་ཁྱོ་འདི་ལགས་སོ་ཞེས་གཡོན་ཅན་དེ་ཉིད་ཡིན་པར་ཕྱེའོ། །དེ་ནས་སྨན་ཆེན་པོས་བྲམ་ཟེ་དེ་མ་འོས་པར་ཡི་ཆད་པར་ཤེས་ནས་བགམ་པར་བྱའོ་སྙམ་ནས། ཀྱེ་ནང་རྗེ་ཁྱོད་ད་གཟོད་བུད་མེད་འདི་དང་འགྲོགས་ཏེ་གང་ནས་འོངས། གཡོན་ཅན་གྱིས་སྨྲས་པ། གྱོས་པོའི་ཁྱིམ་ནས་མཆིས་སོ། །དེར་ཅི་དག་ཟོས་སམ་འཐུངས། དེས་སྨྲས་པ། ཤ་དང་སྣུམ་ཁུར་དང་བེ་ཏང་དང་ཆང་དག་འཚལ་ཏོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་སུམ་བཅུ་རྩ་གསུམ་པ། སྨན་ཆེན་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་སྐྱུགས་ཤིག་དང་། །


DKG011_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་ནམ་བརྫུན་བལྟའོ་ཞེས་སྨྲས་པ་དང་། དེས་མཛུབ་མོ་ཁར་བཅུག་སྟེ། སྐྱུགས་ན་ཁ་ཟས་དེ་ལྟ་བུར་ཅང་མ་བྱུང་ངོ་། །བྲམ་ཟེ་དེ་ལ་གང་ནས་འོངས་ཞེས་དྲིས་པ་དང་། བྲམ་ཟེ་དེས་གྱོས་པོའི་ཁྱིམ་ནས་མཆིས་སོ་ཞེས་སྨྲས་སོ། །དེར་ཅི་ཟོས་དེས་དར་བ་དང་ཟན་དང་ལ་ཕུག་དང་ནས་ཀྱི་ཁུ་བ་རྣམས་ཟོས་ཞེས་སྨྲས་སོ། །དེས་སྐྱུགས་ཤིག་ཅེས་བསྒོ་བ་དང་། དེས་སྐྱུགས་པ་དང་། ཅི་ཟོས་ཅི་འཐུངས་པ་མངོན་དུ་བྱུང་ངོ་། །དེ་ལྟ་བུར་གྱུར་ནས་སྨན་ཆེན་པོས་སྐྱེས་པ་གཡོན་ཅན་འདིས་ནི་གཞོན་ནུ་མ་བསླུས་ཏེ་བྲམ་ཟེའི་ཆུང་མ་ཕྲོགས་སོ་སྙམ་བསམས་ནས་གཡོན་ཅན་དེ་དབྱུག་པ་དང་ཁུ་ཚུར་གྱིས་བརྡེགས་ནས་མི་ནུབ་པའི་དོང་བརྐོས་ཏེ་མགྲིན་པ་མན་ཆད་བཅུག་ནས་རྨ་བྱའི་མཁྲིས་པས་ཕྲལ་བར་བྲིས་ཏེ་གང་སུ་ཡང་རུང་། བུད་མེད་ལ་འདི་བཞིན་དུ་རྐུ་ན་སྨན་ཆེན་པོས་འདི་ལྟ་བུའི་ཆད་པས་གཅད་དོ། །གང་གིས་བུད་མེད་བརྐུས་པ་བཞིན་དུ་རྒྱས་པར་བྱིས་པ་རྐུ་བ་དང་། གླང་རྐུ་བ་དང་། ལ་ J01,Vo11,Po58A བ་རྐུ་བ་དང་། སྐུད་པ་རྐུ་བ་ལ་སོགས་པ་འདི་ལྟ་བུ་ལྔ་བརྒྱ་ཙམ་བཟུང་ནས་དབྱིག་པ་དང་། ཁུ་ཚུར་གྱིས་བརྡེགས་ཏེ་མགྲིན་པ་མན་ཆད་དོང་དུ་བཅུག་ནས་ཕྲལ་བར་རྨ་བྱའི་མཁྲིས་པས་དེ་རྣམས་ཀྱི་མིང་དང་། གཞན་གང་ཡང་རུང་རྐུན་པོ་བྱེད་ན་ཐམས་ཅད་སྨན་ཆེན་པོས་འདི་ལྟར་ཆད་པས་གཅད་ཅེས་བྲིས་སོ། །དེ་ནས་བློན་པོ་དྲུག་གིས་ཡུལ་ས་མངོན་དུ་ཟོས་པར་རྒྱལ་པོས་མཐོང་ནས་འདི་སྙམ་དུ་བློ་སྐྱེས་སོ། །སྨན་ཆེན་པོ་དེ་ད་ལྟར་ཅི་འདྲ་བར་འདུག་པ་ལྟད་མོ་བལྟའོ་སྙམ་ནས། བློན་པོ་རྣམས་ལ་ང་ནི་རི་དགས་ཤོར་དུ་འགྲོའོ་ཞེས་བྱས་ལ་རི་བྲགས་ཀྱི་གྲོང་རྡལ་དུ་བལྟའོ་སྙམ་ནས་རི་དགས་ཤོར་དུ་འགྲོ་བ་ལྟར་བྱས་ཏེ་འཁོར་མང་པོ་འདུས་པ་དང་རི་བྲགས་ཀྱི་གྲོང་རྡལ་ལོགས་སུ་ཆས་པ་དང་། གཡོན་ཅན་ལྔ་བརྒྱ་སའི་དོང་དུ་བཅུག་པས་རྒྱལ་པོ་དེ་མཐོང་ནས་མང་པོ་ཀུན་གྱིས་རྒྱལ་པོ་ཞེས་བོས་སོ། །རྒྱལ་པོས་སྒྲ་དེ་ཐོས་ན་མི་མི་སྣང་ནས་ཀུན་དུ་བལྟས་ཀྱང་དེ་སྐད་ཀྱི་སྒྲ་གྲག་ནས་དེ་ལ་གཡོན་ཅན་གཅིག་གིས་མཐོང་ནས་རྒྱལ་པོ་ལ་བཟླས་ཏེ། རྒྱལ་པོས་བལྟས་པ་དང་ཕྲལ་བ་ལ་རྨ་བྱའི་མཁྲིས་པས་བྲིས་པ་བཀླགས་ན། གང་བུད་མེད་རྐུ་བ་དང་།


DKG011_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བྱིས་པ་རྐུ་བ་དང་། གླང་རྐུ་བ་དང་། ལ་བ་རྐུ་བ་ལ་སོགས་པ་རྣམས་སྨན་ཆེན་པོས་འདི་ལྟ་བུའི་ཆད་པས་གཅད་དོ་ཞེས་བྲིས་སོ། །སྨན་ཆེན་པོ་ལ་སོགས་པ་བྱིས་པ་དེ་རྣམས་རྒྱལ་པོ་འོང་བ་མཐོང་ནས་ཀུན་དུ་བྲོས་སོ། །དེ་ནས་རྒྱལ་པོ་དེས་དེའི་ལས་བྱས་པ་མཐོང་ནས་སེམས་ལ་དགའ་མགུ་སྟེ་བྱིས་པ་ཡིན་མོད་ཀྱི་འདི་ལྟ་བུ་བྱེད་པ་ལ་བལྟས་ན་འདི་དག་ཉེས་པ་ནི་མ་ཡིན་ནོ་སྙམ་བསམས་ནས་རྒྱལ་པོས་དེ་དག་ཕྱུང་སྟེ་བཀྱེའོ། །པཱུརྞ་ཀཙྪ་ན་གང་པོས་རྒྱལ་པོ་དེར་ཕྱིན་པ་ཐོས་ནས་བུམ་པ་ཆུས་བཀང་བ་དང་། གདུགས་དང་། བ་དན་དང་། རྒྱལ་མཚན་ལ་སོགས་པས་བསུ་བ་དང་། རྒྱལ་པོས་ཀྱང་མ་འཇིགས་ཤིག་ཅེས་བྱས་ནས་གང་པོ་ལ་ཁྱོད་ཀྱི་བུ་བལྟས་ཁྲིད་དེ་ཤོག་ཅེས་སྨྲས་པ་དང་། གང་པོས་ལྷ་བྱིས་པ་ཆུང་ཆེས་པས་ན་དེ་ལྷའི་སྤྱན་སྔར་མི་དགུག་གོ་ཞེས་གསོལ་ཏོ། །རྒྱལ་པོས་ཡང་ཁྲིད་དེ་ཤོག་ཅེས་སྨྲས་པ་དང་། དེ་ནས་ཕས་ཁྲིད་དེ་འོངས་ནས་རྒྱལ་པོས་བལྟས་ན་གཟུགས་ལེགས་ཤིང་། བལྟ་ན་ J01,Vo11,Po58B སྡུག་པ། བཟང་བ། དཔའ་བོ་ཞིག་ན། བྱིས་པ་སྟེ་ཤེད་མ་རྫོགས་ནས་དེའི་ཕ་ལ་རྣམ་པ་དུ་མར་བསྒོ་ཞིང་གཏང་ནས་སླར་ཆས་སོ། །དུས་ཕྱི་ཞིག་ན་རྒྱལ་པོས་སྨན་ཆེན་པོ་དེ་བློ་ཅི་བདོག་པ་བགམ་ན་ཅི་འདྲི་བར་བྱ་ཞེས་བསམས་ནས་རྒྱལ་པོ་སྐྱེད་པས་པཱུརྞ་ཀཙྪའི་རི་བྲགས་ཀྱི་གྲོང་རྡལ་དུ་གྲོང་དཔོན་གང་པོ་ལ་ཕོ་ཉ་བཏང་ནས་བྱེ་མ་ལས་བྱས་པའི་ཐག་པ་ཁྲུ་བརྒྱ་པ་ཅིག་འདིར་སྐུར་ཅིག་ཅེས་སྤྲིང་སྟེ། ཕོ་ཉ་དེ་སོང་ནས་རི་བྲགས་ཀྱི་གྲོང་རྡལ་དུ་གང་པོའི་དྲུང་དུ་ཕྱིན་ནས་རྒྱལ་པོས་བཀའ་སྩལ་པ། བྱེ་མ་ལས་བྱས་པའི་ཐག་པ་ཁྲུ་བརྒྱ་པ་ཅིག་བསྐུར་ཅིག་ཅེས་བྱས་པ་དང་། གྲོང་དཔོན་གང་པོས་དེ་ཐོས་ནས་རབ་ཏུ་སེམས་ཤིང་མི་དགའ་སྐྲག་སྔངས་ཏེ། བདག་འདི་ཙམ་དུ་སྐྱེས་ནས་མ་མཐོང་མ་ཐོས་པའི་ཀླན་ཀ་ཞིག་བདག་ལ་ཚོལ་ལོ་ཞེས་སྨྲས་ཏེ་ཤིན་ཏུ་མི་དགའ་བ་དང་། གང་པོ་ལ་སྨན་ཆེན་པོས་ཕ་ཅི་ཉེས་ཏེ་མི་དགའ་ཞེས་དྲིས་པ་དང་། ཕས་བུ་བདག་གིས་ཚོར་ཀྱང་མ་ཐོས་མ་མཐོང་བ་རྒྱལ་པོས་ཕས་ནི་ཅིའི་ཐབས་ཞིག་གིས་ཆད་པས་གཅོད་པར་བྱེད་དམ་མི་ཤེས་སོ་ཞེས་སྨྲས་པ་དང་། དེ་ནས་སྨན་ཆེན་པོས་སྨྲས་པ། མི་དེ་བདག་དང་སྤྲོད་ཅིག་དང་རྒྱལ་པོ་སྐྱེད་པ་ལ་ལན་


DKG011_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་སྤྲིང་ངོ་ཞེས་བྱས་པ་དང་། ཕས་ཕོ་ཉ་དང་སྤྲད་པ་དང་། སྨན་ཆེན་པོས་ཕོ་ཉ་ལ་བདག་གི་གསོལ་བ་འདི་རྒྱལ་པོ་ལ་མ་བརྗེད་པར་གྱིས་ཤིག །བདག་ཅག་ཡུལ་སྐོལ་བ་བློ་རྩིང་ལ་མི་མཁས་ཤིང་བླུན་པས་མ་འཚལ་ཏེ། རྒྱལ་པོ་བཀའ་སྩལ་ན་བཀལ་བར་འཚལ་ན་ལྷས་དཔེ་ཁྲུ་གང་པ་ཅིག་བཀལ་ཏེ་བདག་ལ་སྐུར་ན་དཔེ་དེ་ལས་བལྟས་ཁྲུ་བརྒྱ་བས་སྟོང་ཡང་བཀལ་ཏེ་རྔོ་ཐོག་པར་བགྱིས་ནས་བསྐུར་བར་འཚལ་ལོ་ཞེས་སྤྲིང་བ་དང་། དེ་སོང་སྟེ་རྒྱལ་པོ་ལ་ལྷ་ཁོང་ཏ་འདི་སྐད་མཆིའོ་ཞེས་སྨྲས་པ་དང་། རྒྱལ་པོས་སྨྲས་པ། འདི་སྐད་གང་པོ་ཟེར་རམ་བུ་ཟེར་ཞེས་དྲིས་ན་ཕོ་ཉས་ལྷ་སྨན་ཆེན་པོ་གཞོན་ནུ་འདི་སྐད་མཆིའོ་ཞེས་སྨྲས་པ་དང་། དེ་ནས་རྒྱལ་པོ་ངོ་མཚར་སྐྱེས་ཏེ་བསམས་པ། འདི་ནི་ལྷས་བསྟན་པ་ཡང་དག་ J01,Vo11,Po59A སྟེ། འདིས་ནི་བདག་གི་རྒྱལ་སྲིད་རྒྱས་པར་བྱེད་པར་མངོན་ནོ། །དེ་ནས་ཡང་དུས་ཕྱིས་ཞིག་ན་རྒྱལ་པོས་སྨན་ཆེན་པོ་བགམ་པར་འདོད་ནས་པཱུརྞ་ཀཙྪའི་རི་བྲགས་ཀྱི་གྲོང་རྡལ་དུ་གང་པོའི་དྲུང་དུ་ཕོ་ཉ་བཏང་སྟེ་འབྲས་ཆན་གཏུན་གྱིས་ཀྱང་མ་བརྡུངས་ལ་དུམ་བུར་ཆག་པ་ཡང་མེད་པར་གྱིས་ཏེ། ཁྱིམ་གྱི་ནང་ན་ཡང་མ་ཡིན། ཕྱི་རོལ་ཀྱང་མ་ཡིན། མེས་ཀྱང་མ་ཡིན། མེ་མེད་པར་ཡང་མ་ཡིན་པར་ཚོས་ལ། ལམ་དུ་ཡང་ཁྱེར་ཏེ་མི་འོང་། ལམ་མ་ཡིན་པར་ཡང་ཁྱེར་ཏེ་མི་འོང་། ཉི་མས་ཀྱང་མ་ཕོག །གྲིབ་མ་ཡང་མ་ཡིན། བུད་མེད་ཀྱིས་ཀྱང་མི་བསྐུར། སྐྱེས་པས་ཀྱང་མ་ཡིན། བཞོན་པས་མི་བསྐུར། རྐང་པས་ཀྱང་མ་ཡིན་པར་འབྲས་ཆན་ཞིག་བསྐུར་ཅིག་ཅེས་སྤྲིང་བ་དང་། རྒྱལ་པོའི་བཀའ་ཁྱེར་ནས་ཕོ་ཉ་དེ་རིམ་གྱིས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་ལྟ་ཞིང་རིམ་གྱིས་རི་བྲགས་ཀྱི་གྲོང་རྡལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་གང་པོ་དེ་བོས་ཏེ། གང་པོ་དེ་དང་དགའ་བའི་གཏམ་སྣ་ཚོགས་བྱས་ནས། དེ་ནས་རྒྱལ་པོའི་ཚིག་ཇི་ལྟ་བུ་ཀུན་བསྒོ་ནས་རྒྱལ་པོས་བཀའ་འདི་སྐད་ཅེས་སྩལ་ཏོ། །ཞེས་སྨྲས་པ་དང་། དེས་ཚིག་དེ་ཐོས་མ་ཐག་ཏུ་དེ་ཤིན་ཏུ་མི་དགའ་རབ་ཏུ་མི་དགའ་བ་དང་། སྨན་ཆེན་པོས་ཕ་ཅི་ཉེས་ཏེ་ཡི་མ་རངས་ཞེས་དྲིས་པ་དང་། གང་པོས་བུ་ཅི་ཉེས་ཏེ་


DKG011_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

མི་སེམས། རྒྱལ་པོ་སྐྱེད་པས་རྣམ་པ་འདི་ལྟ་བུ་དག་བསྒོའོ་ཞེས་སྨྲས་སོ། །ཇི་ལྟ་བུ་ཞེས་དྲིས་པ་དང་། གང་པོས་སྔ་མ་བཞིན་དུ་ཐམས་ཅད་ཞིབ་ཏུ་སྨྲས་པ་དང་། དེ་ནས་སྨན་ཆེན་པོས་སྨྲས་པ། ཕ་མི་དགའ་བར་མ་བྱེད་ཅིག །བདག་གིས་ཀུན་ནུས་པར་བྱའོ། །དེ་ནས་སྨན་ཆེན་པོས་འབྲས་ཉི་མ་ལ་བསྐམས་ནས་སྐྱེས་པ་དང་། བུད་མེད་ཕལ་པོ་ཆེ་སོགས་ཏེ་མི་གཅིག་ཀྱང་འབྲས་སྤར་རེ་རེ་བྱིན་ནས་སེན་མོས་ཤུས་ལ་མ་ཆག་པར་བྱོས་ཏེ་འབྲུ་རེ་རེ་ནས་སོལ་ཅིག །དེ་དག་གིས་མ་ཆག་པར་བསལ་ཏེ་རྫེའུར་བླུགས་ཏེ་སྒོའི་ཐེམ་པའི་སྟེང་དུ་བཙོས་ནས་མེས་ཀྱང་མ་ཡིན། མེ་མེད་པར་ཀྱང་མ་ཡིན་པར་ཚོས་ཤིག་པ་དེ་ནི་དེའི་ངོས་སུ་ནི་མེ་སྟེང་དུ་ནི་ཉི་མས་བཙོས་སོ། །ལམ་དུ་མ་ཡིན། ལམ་མ་ J01,Vo11,Po59B ཡིན་པར་ཡང་མ་ཡིན་པར་ཁྱེར་ཏེ་ཤོག་ཤིག་པ་ནི་སྐྱེས་བུ་ལ་བསྒོ་བ། རྐང་པ་ཡ་གཅིག་ལམ་དུ་སོང་ལ་རྐང་པ་ཡ་གཅིག་ལམ་མ་ཡིན་པར་སོང་ཤིག །ཉི་མ་ལ་ཡང་མ་ཡིན། གྲིབ་མ་ལ་ཡང་ཁྱེར་ཏེ་མ་འོང་ཤིག་པ་ནི་མི་དེ་ལ་བསྒོ་བ་དབྱུག་པའི་རྩེ་མོ་ལ་རྫེའུ་ཆིངས་ལ་གོས་སྲབ་མོས་གཡོགས་ཏེ་སོང་ཤིག །བཞོན་པས་ཀྱང་མ་ཡིན། རྐང་པས་ཀྱང་མ་ཡིན་པར་ཁྱེར་ཏེ་ཤོག་ཤིག་པ་ནི་མི་དེ་ལ་བསྒོ་བ། རྐང་པ་ཡ་གཅིག་ལྷམ་གྱོན་ཡ་གཅིག་ལྷམ་མེད་པར་བྱོས་ལ་སོང་ཤིག །སྐྱེས་པས་ཀྱང་མ་ཡིན། བུད་མེད་ཀྱིས་ཀྱང་མ་ཡིན་པས་ཁྱེར་ཏེ་ཤོག་ཤིག་པ་ནི་མ་ནིང་ལ་བསྐུར་རོ། །རྒྱལ་པོ་སྐྱེད་པའི་དྲུང་དུ་དེས་ཁྱེར་ཏེ་འོངས་ནས། རྒྱལ་པོ་སྐྱེད་པས་མི་དེ་ལ་དྲིས་པ། དེས་རྒྱལ་པོ་ལ་ཞིབ་ཏུ་སྨྲས་པ་དང་། རྒྱལ་པོས་ཐོས་ནས་དགའ་སྟེ། ཅི་གང་པོས་བསྒོས་ཏེ་བསྐུར་རམ། འོན་ཏེ་སྨན་ཆེན་པོས་བསྒོ་ཞེས་དྲིས་པ་དང་། ཕོ་ཉས་སྨན་ཆེན་པོས་བསྐུར་རོ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོས་སྨྲས་པ། སྨན་ཆེན་པོ་དེ་ནི་རྟོགས་པ་དང་། ལན་ལྡོན་པ་དང་། ཚུལ་དང་། ཆོ་ག་ལ་སོགས་པར་ལྡན་ནོ། །དེ་ནས་དུས་ཕྱིས་ཞིག་ན་ཕོ་ཉ་གཞན་ཞིག་བཏང་སྟེ་འདི་ལྟར་སྐྱེད་མོས་ཚལ་ལྡུམ་ར་དང་། བཟའ་ཤིང་དང་། རྫིང་བུ་ལྡན་པ་སྐུར་ཅིག་ཅེས་སྤྲིང་བ་དང་། དེ་ནས་ཕོ་ཉ་དེ་པཱུརྞ་ཀཙྪའི་གྲོང་རྡལ་དུ་ཕྱིན་པ་དང་། གང་པོ་ལ་རྒྱལ་པོས་འདི་སྐད་ཅེས་བཀའ་སྩལ་


DKG011_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །སྐྱེད་མོས་ཚལ་ལྡུམ་ར་དང་། བཟའ་ཤིང་དང་། རྫིང་བུ་བཅས་པ་ཞིག་སྐུར་ཅིག་ཅེས་བསྒོ་བ་དང་། གང་པོས་དེ་ཐོས་ནས་མི་དགའ་སྟེ། སྐྱེད་མོས་ཚལ་འདི་སྔོན་མ་མཐོང་ན་ཐབས་ཇི་ལྟ་བུར་བྱ་ཞེས་རབ་ཏུ་སེམས་པ་དང་། དེ་ནས་སྨན་ཆེན་པོ་གཞོན་ནུས་ཕ་སེམས་པ་མཐོང་ནས་སྨན་ཆེན་པོས་སྨྲས་པ། ཕ་ཅི་ཞིག་མི་དགའ་ཞེས་དྲིས་པ་དང་། གང་པོས་དེ་ལ་བུ་ཅིའི་ཕྱིར་མི་དགའ་བར་མི་འགྱུར། རྒྱལ་པོས་བདག་ལ་འདི་སྐད་དུ་བསྒོ་སྟེ། སྐྱེད་མོས་ཚལ་ལྡུམ་ར་དང་། བཟའ་ཤིང་དང་། རྫིང་བུར་ལྡན་པ་ཞིག་སྐུར་ཅིག་ཅེ་ན་ཇི་ལྟ་བུར་སྦྱར་ཞེས་སྨྲས་པ་དང་། སྨན་ཆེན་པོས་སྨྲས་པ། བསམ་པ་མ་མཛད་ཅིག །རྒྱལ་པོ་ཇི་ལྟར་མཉེས་པར་འགྱུར་བ་བདག་གིས་དེ་ལྟར་བགྱིའོ། །དེ་ནས་ཕོ་ཉ་བོས་ནས་སྨན་ཆེན་པོས་སྨྲས་པ། རྒྱལ་པོ་ལ་སླར་འདི་སྐད་ཅེས་གསོལ་ཅིག །རི་བྲགས་ J01,Vo11,Po60A ཀྱི་སྐྱེད་མོས་ཚལ་འདི་དག་ནི་ལེགས་པར་ནི་ཅི་ཡང་མ་འཚལ་ན་ཇི་ལྟར་བགྱིས་ན་མཆི་བར་འགྱུར་བ་རྒྱལ་པོའི་ཕོ་བྲང་གི་སྐྱེད་མོས་ཚལ་ཞིག་རྒྱལ་པོས་བསྐུར་བར་གསོལ། ཕས་ཀྱི་སྐྱེད་མོས་ཚལ་དེ་ཇི་ལྟར་མཆི་བ་བལྟས་ཏེ་བསླབས་ནས། དེའི་རྗེས་བཞིན་དུ་གཏང་བར་འཚལ་ལོ་ཞེས་སྤྲིང་བ་དང་། དེ་ནས་ཕོ་ཉ་དེ་སླར་བཏང་སྟེ་རྒྱལ་པོ་ལ་དེས་ཇི་ལྟར་སྤྲིང་བ་བཞིན་གསོལ་ཏོ། །རྒྱལ་པོ་དགའ་སྟེ་ཅི་གང་པོ་རང་གི་བློས་སྨྲས་པ་ཡིན་ནམ། འོན་ཏེ་སྨན་ཆེན་པོས་སྨྲས་པ་ཡིན་ཞེས་དྲིས་པ་དང་། དེ་ནས་ཕོ་ཉས་སྨན་ཆེན་པོས་སྤྲིང་བ་ལགས་སོ་ཞེས་སྨྲས་པ་དང་། རྒྱལ་པོས་སྨྲས་པ། འདི་ལྟར་གཞོན་ནུ་དེ་ནི་ཤེས་རབ་དང་ལྡན་པ་ཞིག་གོ་ཞེས་བསམས་ནས། ཡང་དུས་ཕྱི་ཞིག་ན་ཕོ་ཉ་དེ་ལྟ་བུ་ཞིག་བཏང་ནས། རི་བྲགས་ཀྱི་གྲོང་རྡལ་དེར་ཤིང་སྐྱེད་ལ་ལོ་གཅིག་ལོན་པ་དེ་ལ་མེ་ཏོག་དང་ལྡན་པའི་འབྲས་བུར་ལྡན་པ་ཞིག་སྐུར་ཅིག་ཅེས་སྤྲིང་བ་དང་། ཕོ་ཉ་དེ་སོང་སྟེ་གང་པོ་ལ་བསྒོ་བ་དང་། གང་པོ་སྔ་མ་བཞིན་དུ་རབ་ཏུ་སེམས་ནས་མི་དགའ་བ་སྨན་ཆེན་པོས་མཐོང་ནས་སྨྲས་པ། ཕ་མི་དགའ་བར་མ་མཛད་ཅིག་དོན་དེ་མི་དཀའོ་ཞེས་སྨྲས་ནས། དེས་ཨེ་རཎྜའི་ཤིང་ཞིག་བསྐྱེད་ནས་བསྐུར་ཏེ་དེའི་ལོ་ལ་འབྲས་བུ་དང་། མེ་ཏོག་བྱུང་བ་རྒྱལ་པོས་མཐོང་ནས་


DKG011_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་བར་བསམས་ཏེ། ཕོ་ཉ་ལ་འདི་ཅི་གང་པོའི་ཐབས་སམ། སྨན་ཆེན་པོའམ་སུའི་ཞེས་སྨྲས་པ་དང་། ཕོ་ཉས་སྨྲས་པ། སྨན་ཆེན་པོའི་ལགས་སོ། །ལེགས་སོ་ལེགས་སོ་ཞེས་སྨྲས་ནས་ཅང་མི་ཟེར་བར་འདུག་གོ །དེ་ནས་དུས་ཕྱི་ཞིག་ན་རྒྱལ་པོས་རི་བྲགས་ཀྱི་གྲོང་རྡལ་དེར་གང་པོ་ལ་གླང་ལྔ་བརྒྱ་བདས་ནས་འདི་རྣམས་ལ་རྩྭ་བྱིན་ཏེ་ཞོས་ལ་འོ་མ་དང་། ཞོ་དང་། མར་དང་། པྲིས་མ་དང་། ཆུར་བ་རྣམས་བྱོས་ལ་སྐུར་ཅིག །ཕོ་ཉ་དེས་རྒྱལ་པོའི་བཀའ་མཉན་ཏེ་རིམ་གྱིས་གྲོང་དུ་སོང་ནས་གང་པོ་ལ་ཡིད་ཆེས་པའི་ཚིག་གིས་བྱས་ནས་བོས་ཏེ་སྨྲས་པ། རྒྱལ་པོས་གླང་ལྔ་བརྒྱ་པོ་འདི་བདས་ཏེ་འདི་རྣམས་ཞོས་ལ་འོ་མ་དང་། ཞོ་དང་། མར་དང་། པྲིས་མ་དང་། ཆུར་བ་གྱིས་ལ་སྐུར་ཅིག་ཅེས་བྱུང་ངོ་། །གང་པོ་དེ་སྐད་དུ་ཐོས་ནས་ཡི་ཆད་དེ་གྲོང་མི་གཞན་དག་ལ་སྨྲས་པ། རྒྱལ་པོ་ནི་ཐབས་འདི་ལྟ་ J01,Vo11,Po60B བུས་ཆད་པས་གཅད་པར་ངེས་ནས་གླང་ལས་འོ་མ་གྱིས་ཤིག་ཅེས་བྱུང་ནས་རབ་ཏུ་སེམས་ཤིང་འདུག་པ་དང་། སྨན་ཆེན་པོས་སྨྲས་པ། ཕ་ཁྱོད་མི་དགའ་བར་མ་མཛད་ཅིག་དང་། བདག་གིས་དེའི་ལན་བསམས་ལ་ཇི་ནས་རྒྱལ་པོ་མཉེས་པར་གྱུར་ཅིང་དེ་རྣམས་ཀྱང་བྱེད་དུ་མི་གཞུག །དེ་ནས་སྨན་ཆེན་པོས་སྤད་གཉིས་ཤིག་བསླབས་ཏེ་བཏང་ནས་ཁྱོད་གྲོང་ཁྱེར་ཆེན་པོར་རྒྱལ་པོ་ལས་མི་རིང་བ་ཞིག་ཏུ་སོང་ལ་ཤིང་གི་གཞོང་ཁུང་ཅིག་ལྟོར་ཆོར་ལ་གོས་ཀྱིས་དཀྲིས་ཏེ་ས་ལ་ཕར་འགྲེ་ཚུར་འགྲེ་ཞིང་ངུ་བ་ལྟར་བྱོས་ཤིག །དེ་ནས་ཁྱེའུ་ཁྱོད་ཀྱིས་ཕྱོགས་ཀུན་དུ་གསོལ་བ་ཐོབ་ལ་མེ་ཏོག་དང་། སྤོས་དང་། བཤོས་ཀྱིས་ཕྱོགས་བཅུར་གཏོར་ལ་ཕ་འདི་བདེ་ཞིང་ལེགས་ལ་བཀྲ་ཤིས་པར་བུ་བྱུང་ཞིག་ཅེས་བརྗོད་ཅིག །དེ་སྤད་གཉིས་ཇི་ལྟར་བསྟན་པ་བཞིན་དུ་ཡུལ་པཱུརྞ་ཀཙྪའི་གྲོང་རྡལ་ནས་རྒྱལ་པོ་སྐྱེད་པའི་དྲུང་དུ་སོང་སྟེ། མི་རིང་བ་ཞིག་ཏུ་འདུག་ནས་ཇི་ལྟར་བསྟན་པའི་ཆོས་དང་། སྨྲེ་ཞིང་ངུ་བ་ལ་སོགས་པ་བྱས་ཏེ། གང་འཇིག་རྟེན་ན་འཇིག་རྟེན་སྐྱོང་བས་བདག་གི་ཕ་འདི་སྲུང་ལ་བདེ་ཞིང་ལེགས་ལ་བཀྲ་ཤིས་པར་བུ་བཙས་པར་ཤོག་ཤིག་ཅེས་དེ་སྐད་དུ་བོས་པ་རྒྱལ་པོ་སྐྱེད་པས་ཐོས་ནས་དེ་ཅི་རྟོགས་ཤིག་ཅེས་མི་གཅིག་བཏང་ངོ་། །དེ་སོང་སྟེ་བལྟས་ན་སྐྱེས་


DKG011_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་གསུས་པ་ཆེ་ལ་ས་ལ་འགྲེ་ལྡོག་ཅིང་ངུ་བ་མཐོང་ངོ་། །དེའི་བུ་ཡང་གཤིན་རྗེ་དང་། ཀླུའི་རྒྱལ་པོ་དང་། ངལ་བསོ་པོ་དང་། བ་ས་ལ་སོགས་པ་ལྷའི་དབང་པོ་རྣམས་ལ་གསོལ་བ་འདེབས་པ་མཐོང་སྟེ། དེ་དག་གིས་དེ་ཅིའི་ཕྱིར་ཞེས་དྲིས་ན། དེ་ནས་ཁྱེའུས་བདག་གིས་ཕ་ལས་བུ་འབྱུང་བར་བྱ་བའི་ཕྱིར་རོ། །དེ་དག་གིས་དོང་ནས་རྒྱལ་པོ་ལ་གསོལ་པ་དང་། རྒྱལ་པོས་དེ་སྤད་གཉིས་བོས་ནས་ཁྱེའུ་དེས་བདག་གི་ཕ་ལས་བུ་བྱུང་བར་ཤོག་ཤིག་ཅེས་དེ་བཞིན་དུ་སྨྲའོ། །དེ་ནས་རྒྱལ་པོས་བགད་དེ་ངས་གང་ན་ཡང་འདི་ལྟར་སྐྱེས་པ་ལས་བུ་བྱུང་བ་ནི་མ་ཐོས་མ་མཐོང་ངོ་ཞེས་སྨྲས་པ་དང་། དེ་ནས་ཁྱེའུ་དེས་ལྷ་ཁྱོད་དེ་བཞིན་དུ་གསུང་བ་བཞིན་ལགས་སམ། དེ་བཞིན་ནོ། །དེ་ནས་ཁྱེའུ་དེས་དེ་ལྟར་ན་ཅིའི་སླད་དུ་པཱུརྞ་ཀཙྪའི་རི་བྲགས་ཀྱི་གྲོང་རྡལ་དུ་གླང་ལྔ་བརྒྱ་བདས་ཏེ་འདི་རྣམས་ལས་འོ་མ་དང་། ཞོ་དང་། མར་སར་དང་། ཆུར་བ་དག་སྐུར་ཅིག་ཅེས་བྱུང་ན་ཁྱོད་ཀྱིས་ J01,Vo11,Po61A གླང་སྦྲུམ་སྟེ་བུ་བྱུང་བ་གང་ན་གཟིགས། གང་ན་གསན་ཅེས་སྨྲས་པ་དང་། དེ་ནས་རྒྱལ་པོས་བགད་དེ་ཅི་གང་པོའི་ཡིད་བརྟན་པ་བོ་ཟེར་རམ་འོན་ཏེ་སྨན་ཆེན་པོའི་འམ་སུའི་ཞེས་དྲིས་པ་དང་། ཕོ་ཉས་ལྷ་སྨན་ཆེན་པོ་ལགས་སོ་ཞེས་སྨྲས་པ་དང་། རྒྱལ་པོ་དང་། བློན་པོ་རྣམས་ཀྱིས་ཤིན་ཏུ་ངོ་མཚར་དང་ལྡན་པར་བཟུང་ངོ་། །དེ་ནས་ཡང་དུས་ཕྱི་ཞིག་ན་རྒྱལ་པོས་བགམ་པའི་ཕྱིར་ཕོ་ཉ་དྲེའུ་ཅིག་བཀྲི་སྟེ་བཏང་ནས་པཱུརྞ་ཀཙྪའི་རི་བྲགས་ཀྱི་གྲོང་དུ་སོང་སྟེ། གང་པོ་ལ་དྲེའུ་འདི་མ་བཅིང་བར་སྲུང་ཤིག །བླ་གབ་ཡོད་པར་མ་གཞུག་པར་འཚོ་ཤིག་ཅེས་བསྒོ་ཤིག །ཕོ་ཉ་དེ་རིམ་བཞིན་དུ་པཱུརྞ་ཀཙྪའི་རི་བྲགས་ཀྱི་གྲོང་རྡལ་དུ་སོང་སྟེ། གང་པོ་ལ་ཁྱོད་ཀྱིས་དྲེའུ་འདི་སྲུང་ཤིག །དེ་ལྟ་བུའི་ཚུལ་ལས་བརྒྱ་ལ་ཤོར་ན་ལུས་ལ་ཆད་པས་ཆེར་གཅད་དོ་ཞེས་བསྒོ་བ་དང་། དེ་དེ་སྐད་ཐོས་ནས་སྐྲག་སྟེ། དེ་དག་ཐམས་ཅད་ནི་བྱར་རུང་གི་ད་ནི་འདི་ལ་མི་རུང་སྟེ། དེས་བདག་ལ་འདི་འདྲ་བར་བཀའ་སྩལ་པ་ནི་ལྷས་ཀྱང་བདེ་བར་བྱེད་མི་ནུས་སོ་སྙམ་སྟེ་རབ་ཏུ་སེམས་ཤིང་འདུག་པ་དང་། སྨན་ཆེན་པོས་ཕ་རབ་ཏུ་སེམས་པར་མཐོང་ནས་མི་དགའ་བར་མ་བྱེད་ཅིག་ཅེས་སྨྲས་ཏེ་དྲེའུ་དེ་ཉིན་མོ་ནི་གཟས་ལ་ཅི་བདེར་བཙས་ནས་ནུབ་མོ་མི་ཉི་ཤུས་བསྐོར་ནས་མི་ལྔ་ལྔས་


DKG011_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མེལ་ཙེ་ཐུན་རེ་རེར་བྱས་ནས་རྐང་ལག་ལ་མི་རེ་རེས་བཟུང་དྲེའུ་དེའི་སྟེང་དུ་རྟག་པར་མི་གཅིག་ཞོན་ཏེ་འདུག་གོ །ཐབས་དེ་ལྟ་བུར་མི་ཉི་ཤུས་བླ་གབ་མེད་པ་ལ་སྲུང་ཞིང་འདུག་གོ །རྒྱལ་པོ་སྐྱེད་པས་མངག་གཞུག་བྱེད་པའི་མི་གཅིག་གང་པོའི་དྲུང་དུ་དེ་ཇི་ལྟར་འཚོ་ལྟོས་ཤིག་ཅེས་རྟོག་ཏུ་བཏང་ངོ་། །དེས་མཐོང་སྟེ་རྒྱལ་པོ་ལ་ལྷ་འདི་ལྟ་བུའི་ཐབས་སུ་བགྱིད་དོ་ཞེས་གསོལ་པ་དང་། རྒྱལ་པོས་དེ་ལྟར་བསྲུངས་ན་འབྲོས་མི་ནུས་ཀྱིས་མི་དེ་རྣམས་ལས་གཅིག་ཁ་དྲང་ངོ་ཞེས་སྨྲས་པ་དང་། བློན་པོས་གང་ཁ་དྲང་བར་བགྱི་ཞེས་ཞུས་པ་དང་། རྒྱལ་པོས་ནུབ་མོ་སྟེང་ན་ཞོན་པ་དེ་ཁ་དྲངས་ན། གཞན་གཉིད་ཀྱིས་ལོག་པ་དང་། དེ་ཁྲིད་དེ་འོང་ངོ་ཞེས་སྨྲས་ཏེ། དེ་ནས་རྒྱལ་པོས་སྟེང་ན་ཞོན་པ་དེ་ཁ་དྲངས་ནས་དེས་ཀྱང་དྲེའུ་ཁྱེར་ཏེ་འོངས་སོ། ། J01,Vo11,Po61B ནམ་ལངས་པ་དང་གང་པོ་ལ་དྲེའུ་དེ་བྲོས་སོ་ཞེས་སྨྲས་པ་དང་། དེང་ནི་བདག་གི་འཚོ་བ་མ་རུང་བར་གྱུར་ཏོ་ཞེས་སྐྲག་ནས་སྨྲེ་སྔགས་འདོན་པར་བྱེད་པ་ནི་གང་ཇི་ལྟར་བྱ་ཞེས་དེ་མི་དགའ་ཞིང་འདུག་པ་སྨན་ཆེན་པོས་མཐོང་ནས་དེ་ཡང་སེམས་པ་ལ་ཞུགས་ཏེ་ཐབས་དེ་དག་ཐམས་ཅད་ནི་ཐབས་ཀྱིས་བསྒྲུབས་ན་འདིའི་ཐབས་ནི་མི་སྣང་ངོ་ཞེས་མི་སྨྲ་སྟེ། དེ་ཡང་སྐྲག་ནས་དེའི་ཐབས་སེམས་པ་ལས་དེས་ཕ་ལ་ཁྱོད་ཀྱིས་དོན་དེ་བསྒྲུབ་པར་ནུས་ན་ཐབས་གཅིག་ཡོད་དོ་ཞེས་སྨྲས་སོ། །ཕས་ཅི་ཞིག་ཡོད་ཅེས་དྲིས་པ་དང་། སྨན་ཆེན་པོས་ཇི་ནས་བདག་ཉིད་ལ་མཐོ་བཙམ་པར་བཟོད་ན་གདོད་དོན་སྒྲུབ་པར་འགྱུར་རོ་ཞེས་སྨྲས་པ་དང་། དེ་ནས་གང་པོས་སྨྲས་པ། ཇི་ནས་བདག་གི་འཚོ་བ་དང་བྲལ་བར་མི་འགྱུར་བ་དེ་ལྟར་གྱིས་ཤིག །དེ་ནས་སྨན་ཆེན་པོས་ཕའི་མགོ་བོ་སྐྲ་ཁྲེམ་གཉེར་བདུན་དུ་བྲེགས་ཏེ་ལེ་ཀྲུ་དང་། སྣག་ཙ་དང་། མཐིང་ཤིང་དང་། དཀར་པོ་ལ་སོགས་པས་མགོ་རི་མོར་བྱས་ནས་བོང་བུ་ལ་བསྐྱོན་ཏེ། རིམ་གྱིས་གྲོང་ཁྱེར་ཆེན་པོར་དོང་བ་དང་། སྨན་ཆེན་པོ་འོང་ངོ་ཞེས་ཀུན་དུ་སྒྲ་བསྒྲགས་སོ། །དེས་ཕའི་མགོ་བོ་ཁྲེམ་གཉེར་བདུན་དུ་བྲེགས་ཤིང་བོང་བུ་ལ་ཞོན་ཏེ་འོངས་སོ་ཞེས་ཀྱང་གྲགས་སོ། །དེ་ནས་རྒྱལ་པོ་དང་། བློན་པོ་དག་གིས་དེ་ལྟ་བུར་གྱུར་པ་ཐོས་ནས་སྨྲས་པ། དེ་མཁས་པའོ། །མཛངས་པའོ་ཞེས་གཏམ་སྙན་པ་ཐམས་ཅད་དུ་གྲགས་པ་ནི་


DKG011_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ན་ཅིའི་ཕྱིར་ན་མི་རིགས་པ་འདི་ལྟ་བུ་བྱས། དེ་ནས་རྒྱལ་པོ་སྐྱེད་པ་བློན་པོ་དང་འཁོར་དུ་བཅས་ནས་སྨན་ཆེན་པོ་ལྟར་དོང་སྟེ། ཅི་དེ་འདྲ་བ་དང་འོང་ངམ། འོན་ཏེ་བརྫུན། རྒྱལ་པོ་འཁོར་དང་བཅས་པས་དེ་ལྟ་བུ་མངོན་སུམ་དུ་མཐོང་བ་དང་། བློན་པོ་དག་གིས་རྒྱལ་པོ་ལ་ལྷ་ཅིའི་ཕྱིར་སྨན་ཆེན་པོ་ལ་མཁས་པའོ། །གསལ་བའོ། །མཛངས་པའོ་ཞེས་བསྔགས། དེས་མི་རིགས་པ་འདི་ལྟ་བུ་བགྱིད་པ་གདའ་ J01,Vo11,Po62A འམ་ཞེས་གསོལ་པ་དང་། དེ་ནས་རྒྱལ་པོས་སྨན་ཆེན་པོ་ལ་སྨན་ཆེན་པོ་ཅི་འདི་ལྟ་བུར་ཕ་ལ་མཐོ་བཙམ་པར་བྱས་ཞེས་དྲིས་པ་དང་། དེས་སྨྲས་པ། ལྷ་འདི་ནི་མཐོ་བཙམ་པ་མ་ལགས་ཀྱིས་མཆོད་པར་བགྱིས་ཏེ་བདག་ཀྱང་ཕ་བས་ཤིན་ཏུ་མང་དུ་འཚལ་བས་ན་བདག་གིས་འདི་ལ་རྣམ་པར་མཆོད་པར་བགྱིས་སོ། །རྒྱལ་པོས་སྨྲས་པ། ཅི་ཁྱོད་བཟང་ངམ། འོན་ཏེ་ཕ་བཟང་། དེས་བདག་བཟང་གི་ཕ་ངན་ཏོ་ཞེས་སྨྲས་པ་དང་། རྒྱལ་པོས་སྨྲས་པ། ཕ་བས་བུ་བཟང་བ་ནི་ངས་གང་དུ་ཡང་མ་ཐོས་མ་མཐོང་མོད་ཀྱི་ཕས་བུ་གྲགས་པར་བྱེད། མས་ནི་གསོ་བ་དང་སྐྱེད་པ་དང་སྲུང་བའི་ཕྱིར་ཏེ། དེ་བས་ན་ངེད་ཀྱིས་ནི་ཅི་ནས་ཕ་བཟང་བ་ཡིན་ནོ་སྙམ་དུ་བསམས་སོ། །དེ་ནས་སྨན་ཆེན་པོས་རྒྱལ་པོ་ལ་ཡང་ཕ་དེ་ལྟར་ལགས་སམ་མ་ལགས་ཤིན་ཏུ་རྟོགས་ཤིག་ཅེས་སྨྲས་པ་དང་། རྒྱལ་པོ་དང་བློན་པོས་དེ་བཞིན་ཡིན་གྱི་གཞན་མ་ཡིན་ནོ་ཞེས་སྨྲས་པ་དང་། དེ་ནས་སྨན་ཆེན་པོས་རྒྱལ་པོའི་རྐང་པ་ལ་གཏུགས་ཏེ་ལྷ་དེ་ལྟར་ལགས་མད་ན། ལྷས་བདག་ཅག་ལ་དྲེའུ་འཚོར་སྩལ་པ་དེ་བྲོས་ཏེ། ལྷ་དང་བློན་པོ་རྣམས་ཀྱིས་བཀའ་སྩལ་པ་ཡང་ཕ་རབ་ཏུ་བཟང་ངོ་ཞེས་བསྟོད་ན། དྲེའུ་དེའི་ཕ་ནི་བོང་བུ་འདི་ལགས་ན་སྐྱིན་པར་བཞེས་པར་གསོལ་ཞེས་སྨྲས་པ་དང་། དེ་ནས་རྒྱལ་པོ་དང་བློན་པོས་དེའི་ཚིག་གིས་ཐབས་དེ་ལྟ་བུར་སྦྱར་བ་ཐོས་ནས་ཡ་མཚན་དུ་བཟུང་ཞིང་ཨེ་མ་ཧོ་ཞེས་ཏེ་རིགས་པ་དང་མི་རིགས་པར་བྱ་བ་འདི་ལྟ་བུ་མཁས་སོ། །དེ་ལྟ་བུར་ཁོང་དུ་ཆུད་དེ་རྒྱལ་པོ་མགུ་རངས་རབ་ཏུ་དགའ་བའི་སེམས་སྐྱེས་ནས་རྣམ་པ་མང་པོའི་རྒྱན་བཀླུབས་ཏེ་བློན་པོའི་དབང་བྱིན་ནོ། །ཕ་ལ་ཡང་རི་བྲགས་ཀྱི་གྲོང་དེ་བྱིན་ནོ། །བར་གྱི་སྡོམ་སྟེ། བྱེ་མ་བཀལ་བ་འབྲས་ཅན་དང་། །


DKG011_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་རན་ཌ་ཡི་ཤིང་དང་གླང་། །དྲེའུ་དང་དེ་རུ་སོང་བ་དང་། །དེ་ལ་བློན་པོའི་ཐབས་བྱིན་པའོ། །དེ་ནས་སྨན་ཆེན་པོས་བློན་པོའི་དབང་བྱིན་པ་དང་ཅི་བྱ་བ་དང་། རྒྱལ་པོའི་དོན་ཇི་ལྟར་བྱ་ཞེས་རབ་ཏུ་བདེ་བར་སེམས་པ་ལ་ཞུགས་པ་དང་། གྲོང་ཁྱེར་ཀུན་ཏུ་ཡང་སྨན་ཆེན་པོ་བློན་པོར་བཅུག་སྟེ་མཛངས་ལ་མཁས་པའི་སྒྲ་སྒྲོགས་སོ། །དེ་ནས་དུས་ཕྱི་ཞིག་ན་བྲམ་ཟེ་ཞིག་གིས་བུ་མོ་ཞིག་བག་མར་བླངས་པའི་ཡོ་བྱད་དུ་ནོར་མང་ཞིག་ཟད་ནས་དེ་དང་ལྷན་ཅིག་མང་ཞིག་ཏུ་ཡོངས་སུ་སྤྱད་དེ་བདག་གིས་ J01,Vo11,Po62B བག་མ་བླངས་པའི་ཡོ་བྱད་དུ་ནོར་མང་དུ་ཟད་པས་ད་ནི་འདི་ལྟར་ནོར་དུ་འགྱུར་བ་ཆེན་པོ་མེད་ལ་ཁྱིམ་ན་འདུག་ན་མ་ལེགས་པར་འགྱུར་རོ་སྙམ་དུ་བསམས་ཏེ། བྲམ་ཟེ་དེ་ཁ་ཏོན་མང་དུ་ལོབས་པ་སྨྲང་དང་སྨྲང་གི་ཡན་ལག་ཏུ་ལྡན་པས་ཕ་རོལ་ཏུ་ཕྱིན་པ་ནོར་བསྒྲུབས་པའི་ཕྱིར་ལྗོངས་གཞན་དུ་སོང་ངོ་། །དེ་ཡང་དེ་ན་མཐར་གྱིས་རྒྱུ་ཞིང་སོང་བ་ལས་དེས་གསེར་གྱི་དོང་ཙེ་གནའ་མ་ལྔ་བརྒྱ་རྙེད་དེ་དེ་ཁྱེར་ནས་སླར་བདག་གི་ཁྱིམ་དུ་འོངས་སོ། །དེས་བདག་སྔར་ནོར་ཁྱེར་ལ་ཁྱིམ་དུ་མི་འཇུག་གོ །བུད་མེད་ཀྱི་སེམས་ཀྱི་སྤྱོད་པ་སུས་ཀྱང་མི་རིག་སྟེ། བྲམ་ཟེ་མོ་དེ་ཡང་དབྱིབས་ལེགས་ཤིང་བལྟ་ན་སྡུག་པ་བཟང་བས་ན་བདག་མེད་པའི་ཕྱིན་སྐྱེས་པ་གཞན་དང་ཆགས་ཤིང་འདུག་ཀྱང་སྲིད་ཀྱིས་སྙམ་དུ་བསམས་ནས། དེས་ནམ་སྲོས་པ་དང་། དུར་ཁྲོད་དུ་སོང་ནས་ཤིང་ནྱ་གྲོ་དྷཱའི་དྲུང་དུ་ཁུང་བརྐོས་ནས་དེའི་ནང་དུ་བཅུག་སྟེ་ནམ་སྲོས་ནས་ཁྱིམ་དུ་ཕྱིན་པ་དང་། ཆུང་མ་དེ་ཡང་སྐྱེས་པ་གཞན་བྲམ་ཟེ་རྣ་བོ་ཆེ་ཞེས་བྱ་བ་དེ་ལ་ཆགས་ཏེ། དེའི་ཚེ་ན་ལྷན་ཅིག་ཁ་ཟས་ཞིམ་པོ་ཟོས་ནས་བསུང་ཞིམ་པོས་ལུས་བྱུགས་ཏེ་ཉལ། མལ་གྱི་སྟེང་ན་དེ་གཉིས་དགའ་བ་མྱོང་ཞིང་འཁོད་པ་ལས་བྲམ་ཟེ་དེ་ཡང་བདག་གི་ཁྱིམ་དུ་ཕྱིན་ནས་སྒོ་ཕྱེ་ཞེས་བོས་པ་དང་། བུད་མེད་དེས་སྨྲས་པ། ཀྱེ་ཁྱེད་སུ་ཞིག་ཅེས་སྨྲས་སོ། །དེས་བདག་གི་མིང་ཕྱུང་བ་དང་། མོ་ཉིད་ཀྱིས་དགའ་དང་མགུ་བའི་སྒྲ་ཕྱུང་ནས་རྣ་བོ་ཆེ་ཉལ་ནས་བསླང་སྟེ། མལ་གྱི་འོག་ཏུ་སྦས་ནས་སྒོ་འབྱེད་དུ་འོངས་ཏེ། དེས་ཁྱོ་ལ་གཡོ་བྱེད་ཅིང་རྗེ་ས་བྱས་ཏེ་འོངས་ནས། སྒོ་ཕྱེ་སྟེ་ངུས་ནས་མགྲིན་པ་ནས་འཇུས་མཆོད་པ་དང་ཡོན་འབུལ་ལོ། །ཟས་བསོད་པ་བྱིན་ནོ། །བྲམ་ཟེ་དེ་ཟ་ཞིང་འདི་


DKG011_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྐྱེས་པ་གཞན་ཞིག་ལ་ཆགས་པར་ངེས་པས་ན་འདི་ལྟར་མཚན་མོ་ཁ་ཟས་འདི་ལྟ་བུ་སྦྱར་རོ་སྙམ་དུ་བསམས་སོ། །དེ་ཡང་དྲང་བའི་རང་བཞིན་ཅན་ཞིག་སྟེ། དེ་ལ་ཀྱེ་བཟང་མོ་ཚེས་གྲངས་ཅན་ནི་མ་ཡིན་དུས་ཀྱི་སྟོན་མོའམ། གྲོང་ཁྱེར་གྱི་དུས་ཀྱི་སྟོན་མོ་ལ་ནི་མ་བབ་ན་བཟའ་འདི་ལྟ་བུ་ག་ལས་འོངས་ཞེས་དྲིས་པ་དང་། བདག་ལ་ལྷས་ཁྱོད་ཀྱི་ཁྱོ་དེང་འོང་ངོ་ཞེས་བསྟན་པས་ན། ཁྱོད་ཀྱི་ཕྱིར་འདི་ལྟར་སྟ་གོན་བགྱིས་སོ་ཞེས་སྨྲས་སོ། །བྲམ་ཟེས་ཨེ་མ་ཧོ་ང་ནི་བསོད་ནམས་ཅན་དུ་བས་ཏེ། བདག་གི་ཆུང་མའི་རྨི་ལམ་དུ་ཡང་ལྷས་བསྟན་པ་ལྟ་ J01,Vo11,Po63A ཞེས་སྨྲས་ཏེ། དེས་ཟན་ཟོས་ནས་ཁྲུས་བྱས་ཏེ་མལ་དུ་ཉལ་ནས་གཅིག་ལ་གཅིག་མཛའ་བས་དགེའམ། ཉོན་མ་མོངས་སམ་ཞེས་གཏམ་འདྲིའོ། །དེ་ནས་ཆུང་མས་ཇོ་བོས་ཅུང་ཟད་མཆིས་སམ་ཞེས་དྲིས་པ་དང་། དེས་སྨྲས་པ། ཅུང་ཟད་ཅིག་འོངས་སོ། །དེ་ནས་ཆུང་མས་བརྡ་ཚིག་ཏུ་སྨྲས་པ། འདི་ནི་ཅི་ཟེར་བ་རྣས་ཉོན། རྣ་བོ་ཆེ་དེས་སྨྲས་པ། གསེར་གྱི་དོང་ཙེ་ལྔ་བརྒྱ་པོ་བདག་ལ་མ་བསྟན་ན་གར་བཞག །དེས་སྨྲས་པ། ནོགས་ཐུབ་པར་གྱིས་དང་ཡོད་དོ། །དེ་གང་དུ་བཞག །དེས་སྨྲས་པ། སང་བསྟན་ཏོ། །དེ་ནས་བུད་མེད་དེས་སྨྲས་པ། བདག་ཁྱོད་ཀྱི་ལུས་ཕྱེད་ན་ཅིའི་ཕྱིར་གསང་། བྲམ་ཟེ་རང་བཞིན་གྱིས་དྲང་བས་ན་གྲོང་ཁྱེར་གྱི་ཕྱི་རོལ་དུ་བཞག་གོ་ཞེས་སྨྲས་པ་དང་། བུད་མེད་དེས་སྨྲས་པ། ཉོན་ཅིག་རྣ་བོ་ཆེ་ས་ཕྱོགས་གང་དུ་བཞག་ཅེས་སྨྲས་པ་དང་། བྲམ་ཟེ་དེས་དུར་ཁྲོད་ཀྱི་ཤིང་ནྱ་གྲོ་དྷཱའི་དྲུང་དུ་ས་བརྐོས་ཏེ་བཞག་གོ་ཞེས་སྨྲས་པ་དང་། དེ་ནས་བྲམ་ཟེ་མོ་དེས་ཇོ་བོ་ལམ་ནས་བརྡབ་བརྡབ་སྟེ་མཉེལ་བ་བདག་གིས་ཀྱང་གཙེས་ཏེ། ད་ཁྱོད་མནོལ་ཅིག་ཅེས་སྨྲས་སོ། །དེ་ནས་དེ་གཉིད་ཀྱིས་ལོག་པར་རིག་ནས་རྣ་བོ་ཆེ་ལ་གང་ཁྱོད་ཀྱིས་ཐོས་པ་དེ་མྱུར་དུ་སྒྲུབས་ཞེས་བྱས་པ་དང་། དེ་ནས་རྣ་བོ་ཆེ་དལ་བུས་འཇབ་ཅིང་ཁྱིམ་དེ་ནས་བྱུང་སྟེ་དུར་ཁྲོད་དུ་སོང་ངོ་། །དེས་ཇི་ལྟར་བསྟན་པ་བཞིན་དུ་དུར་ཁྲོད་ཀྱི་ཤིང་ནྱ་གྲོ་དྷཱའི་དྲུང་ནས་དེ་བླངས་ཏེ་རྣ་བོ་ཆེ་བདག་གི་ཁྱིམ་དུ་སོང་ངོ་། །བྲམ་ཟེ་དེ་དེའི་ཕྱི་དེ་ཉིན་བལྟས་ཏེ་དུར་ཁྲོད་དུ་སོང་ནས་བལྟས་ན་དེའི་ཕྱོགས་ནས་མ་རྙེད་དོ། །དེ་ནས་མགོ་དང་བྲང་རྡུང་ཞིང་ཁྱིམ་དུ་འོངས་


DKG011_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཆུང་མ་དང་། གཉེན་འདུན་དང་། གཞན་གྲོགས་པོ་དང་། ཕུ་ནུ་དག་གིས་ཅི་ཉེས་ཞེས་དྲིས་པ་དང་། དེས་གསེར་གྱི་དོང་ཙེ་ལྔ་བརྒྱ་བསླངས་ནས་ཁྱེར་ཏེ་འོངས་ནས་ཁར་རྩང་མི་རྒྱུན་ཆད་པའི་དུས་སུ་དུར་ཁྲོད་དུ་བརྐོས་ཏེ་བཞག་ནས་ཁྱིམ་དུ་སོང་ངོ་། །དེ་རིང་བདག་གིས་བཙལ་ན་མི་སྣང་ངོ་ཞེས་སྨྲས་པ་དང་། དེ་དག་གིས་སྨན་ཆེན་པོའི་དྲུང་དུ་སོང་དང་། བློན་པོའི་མཆོག་དེ་མཁས་ཤིང་ཤེས་ལ་བརྟག་པ་དང་། དཔྱད་པ་ཡང་རྟོགས་ཤིང་དོན་རྣམས་ལ་རྗེས་སུ་དཔོག་པས་རིག་ J01,Vo11,Po63B གིས་དེ་ལ་སྐྱབས་སུ་སོང་ཤིག་དང་། དེས་གལ་ཏེ་ཐོབ་པར་བྱེད་ཀྱང་སྲིད་ཀྱིས་སྐྱབས་གཞན་མི་སྣང་ངོ་ཞེས་བསྟན་པ་དང་། དེ་ནས་བྲམ་ཟེ་དེ་གདོང་ལ་མཆི་མ་ཟག་ཅིང་ངུ་བཞིན་དུ་སྨན་ཆེན་པོའི་དྲུང་དུ་ཕྱིན་ནས་རྒྱལ་བ་དང་། ཚེ་རིང་བར་ཤོག་ཤིག་ཅེས་བརྗོད་ནས་གསོལ་པ། ལྷ་འདི་ལྟར་བདག་གིས་བསླངས་པ་འཚལ་ཏེ་མཆིས་ནས་ཁར་རྩང་མི་རྒྱུན་ཆད་པའི་དུས་ན་དུར་ཁྲོད་དུ་བརྐོས་ཏེ་སྦས་ནས་ཁྱིམ་དུ་མཆིས། དེང་བདག་སླར་དེར་མཆིས་ན་མ་རྙེད་པར་གྱུར་ཏོ། །དེ་ནས་བློན་པོའི་མཆོག་སྨན་ཆེན་པོ་དེ་ཇི་ལྟ་བུ་ཞིག་ཅེས་སྐད་ཅིག་ཅང་མི་སྨྲ་བར་འདུག་ནས། བྲམ་ཟེ་དེ་ལ་ཀྱེ་བྲམ་ཟེ་ཁྱོད་ཀྱིས་ཕྱོགས་གང་དུ་བཞག །དུས་ནི་ཇི་ཙམ་ན། ཁ་ཅིག་གིས་མཐོང་བའམ། ཁ་ཅིག་ལ་སྨྲས་པ་ལྟ་མེད་དམ་ཞེས་དྲིས་པ་དང་། དེས་ཇི་ལྟ་བུར་གྱུར་པ་ཞིབ་ཏུ་སྨྲས་སོ། །དེ་ནས་ཡང་བྲམ་ཟེ་མོ་དེ་སྐྱེས་པ་གཞན་ལ་ཆགས་ཏེ་དེའི་སྒྱུ་ཡིན་པར་གདོན་མི་ཟའོ་ཞེས་བསམས་ནས། བྲམ་ཟེ་དེ་དབུགས་དབྱུང་བའི་ཕྱིར་ཁྱོད་མི་དགའ་བར་མ་བྱེད་ཅིག་དང་། དེ་མེད་ན་བདག་ཉིད་ཀྱི་ནོར་ལས་སྦྱིན་ནོ། །དེ་ལྟར་བྲམ་ཟེ་དབུགས་ཕྱུང་ནས་སྨྲས་པ། ཁྱོད་ཀྱི་ཁྱིམ་ན་ཁྱི་ལྟ་ཡོད་དམ། བྲམ་ཟེ་དེས་མཆིས་སོ་ཞེས་སྨྲས་སོ། །སོང་ལ་བྲམ་ཟེ་བརྒྱད་བོས་ཤིག །བཞི་ནི་ཁྱོད་ཉིད་ཀྱིས་བོས་ཤིག །བཞི་ནི་ཆུང་མ་ལ་ཁྱོད་ཀྱིས་ཀྱང་བོས་ཤིག་ཅེས་བསྒོ་ལ་དེ་ནས་འདི་སྐད་སྨྲོས་ཤིག །བདག་ཁྱིམ་དུ་སླར་དགེ་ཞིང་བཀྲ་ཤིས་པར་འཁོར་ན་བྲམ་ཟེ་བརྒྱད་ཟན་སྦྱིན་པར་ལྷ་དབང་ཕྱུག་གི་སྤྱན་སྔར་ཁས་བླངས་སོ་ཞེས་བྱོས་ཤིག །དེ་ནས་དེ་ཁྱིམ་དུ་སོང་བ་ཆུང་མ་ལ་བདག་ལམ་དུ་ཞུགས་ཏེ་སོང་བའི་ཚེ་ལྷའི་སྤྱན་སྔར་ཇི་སྟེ་དགེ་ཞིང་


DKG011_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་ཏེ་སླར་འཁོར་ན་བྲམ་ཟེ་བརྒྱད་ཟན་སྦྱིན་པར་དམ་བཅས་པ་དེང་བོད་ཀྱིས་ཁྱོད་ཀྱིས་ནི་བཞི་བོས་ཤིག །བདག་གིས་ཀྱང་བཞི་བོད་དོ། །དེ་བཞིན་བྱའོ་ཞེས་མཉན་ནས་བྲམ་ཟེ་དེས་བཞི་བོས། བྲམ་ཟེ་མོས་ཀྱང་བཞི་མགྲོན་དུ་བོས་སོ། །དེ་ལྟར་མགྲོན་དུ་བོས་ནས་སྨན་ཆེན་པོའི་དྲུང་དུ་སོང་སྟེ་དེ་དག་བོས་ལགས་སོ་ཞེས་སྨྲས་པ་དང་། དེ་ནས་ཡང་ J01,Vo11,Po64A སྨན་ཆེན་པོས་སྨྲས་པ། ནམ་དེ་དག་ཁྱིམ་དུ་ཁྲིད་པ་ན་བདག་གི་དྲུང་ནས་མི་འདི་ཁྲིད་ལ་དེ་དག་ནང་དུ་འདོང་བའི་ཚེ་སྒོར་ཞོག་ཤིག །ཟན་ཟ་བའི་ཚེ་ཅི་ཡང་བྱེད་དུ་མ་གཞུག་པར་མདུན་དུ་ཞོག་ཤིག །མི་དེ་ལ་ཡང་ཁྱོད་ཀྱིས་མཚན་མ་རྣམས་བཟུང་སྟེ། དེ་དག་ནང་དུ་འཇུག་པའི་ཚེ་བྲམ་ཟེ་གང་ལ་ཁྱི་ཟུགས་པ་དང་། གང་ལ་མཇུག་མ་འདྲིལ་བར་འགྱུར་བ་ལྟོས་ཤིག །ཁྱིའི་ཚུལ་ནི་འདི་ལྟ་བུའོ་ཞེས་དེ་ལ་བསྒོའོ། །བྲམ་ཟེ་དེ་ལ་ཡང་ཁྱོད་ཀྱིས་བྲམ་ཟེ་དེ་རྣམས་ལ་མ་འབྲིམ་པར་བྲམ་ཟེ་མོ་དེ་ཉིད་འབྲིམ་དུ་ཆུག་ཤིག་ཅེས་བསྒོའོ། །མི་དེ་ཡང་ཁྱོད་ཀྱིས་བརྟག་པ་ནི་བྲམ་ཟེ་མོ་དེ་འབྲིམ་པའི་ཚེ། གང་ལ་མཚན་མར་བྱེད་མིག་བཙུགས་ཤིང་ལྟ་བ་དང་། དགོད་ཅིང་ཚིག་འབྱིན་ལ་ལྷག་པར་འབྲིམ་པ་རྣམས་ཤེས་པར་གྱིས་ཤིག་ཅེས་བསྒོའོ། །དེ་ལྟར་བསྟན་པ་དང་། བྲམ་ཟེ་དེས་མི་དེ་ཁྲིད་དེ་སྒོ་དྲུང་དུ་བཞག་གོ །བྲམ་ཟེ་མོ་ལ་ཁྱོད་ཀྱིས་བྲམ་ཟེ་གང་མགྲོན་དུ་བོས་པ་དེ་དག་ཁྱོད་ཉིད་ཀྱིས་བོས་ཤིག་ཅེས་བསྒོ་ནས་རང་གིས་གང་མགྲོན་དུ་བོས་པ་དེ་དག་ཀྱང་བདག་ཉིད་ཀྱིས་བོས་སོ། །དེ་དག་རིམ་གྱིས་ནང་དུ་དོང་བ་ལ་ཁྱི་ཟུགས་སོ། །ནམ་རྣ་བོ་ཆེ་དེ་འོངས་པ་དང་ཁྱི་དེས་བལྟས་ནས་རྣ་བ་ཕབ་མཇུག་མ་དྲིལ་ནས་ཕྱི་བཞིན་དུ་འབྲངས་ཏེ། ནང་དུ་ཞུགས་ནས་ཁྱི་འདྲིས་པའི་སྒྲ་འབྱིན་པ་དང་། རྒྱལ་པོའི་མི་དེས་རྣ་བོ་ཆེ་འདི་ཡིན་པར་ཤེས་སོ། །དེ་ནས་དེས་ཟས་འབྲིམ་པ་ལ་བལྟས་ན་བྲམ་ཟེ་མོ་དེ་འབྲིམ་པ་ལ་ཞུགས་པ་དང་། རྣ་བོ་ཆེ་ལ་སྨིན་མའི་བརྡ་བྱེད་ཅུང་ཟད་དགོད། མིག་དེར་ཆགས། དེ་དང་ལྷན་ཅིག་གཏམ་ཟེར་ལྷག་པར་ཡང་དེར་འབྲིམ་པ་དང་། དེ་ནས་རྒྱལ་པོའི་མི་དེས་ཇི་ལྟར་མཐོང་བ་བཞིན་དུ་ཇོ་བོ་ཚུལ་འདི་འདྲའོ་ཞེས་སྨན་ཆེན་པོ་ལ་བཟླས་པ་དང་། སྨན་ཆེན་པོས་དེ་ཐོས་མ་ཐག་ཏུ་རྣ་བོ་ཆེ་དེ་ཁུག་ཤིག་ཅེས་རྒྱལ་པོའི་མི་


DKG011_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་ངོ་། །དེ་འོངས་ནས་སྨན་ཆེན་པོས་དེ་ལ་གཞན་གྱི་ནོར་དབྲོག་པར་བྱ་བ་དེ་ལྟ་བུ་ཅི་བྲམ་ཟེའི་ཆོས་ཡིན་ནམ། ཁྱོད་ཀྱིས་ J01,Vo11,Po64B ཁྱེར་བ་དེ་སླར་བྱིན་ཅིག་ཅེས་བསྒོ་ན། དེས་སྡིག་པ་ཞི་བར་གྱུར་ཅིག་བདག་གིས་ཡོང་མ་འཚལ་ཏོ་ཞེས་སྨྲས་པ་དང་། དེ་ནས་སྨན་ཆེན་པོས་མི་རྣམས་ལ་ངན་པ་ཅན་འདི་བཙོན་རར་ཆུག་ལ་ཇི་ནས་རུས་པ་བྱུང་བ་དེ་ལྟ་བུར་ནན་ལ་འོར་ཅིག་ཅེས་བསྒོ་བ་དང་། དེ་དེ་ལྟ་བུས་བསྡིགས་པས་འཇིགས་སྐྲག་ཤིན་ཏུ་གདུངས་པས་ན་ལྷས་སྐྱོབས་ཤིག །བདག་གིས་དེ་སླར་འབུལ་ལོ་ཞེས་སྨྲས་སོ། །དེ་ནས་རྣ་བོ་ཆེ་དེ་བདག་གི་ཁྱིམ་ནས་གསེར་གྱི་དོང་ཙེ་གནའ་མ་ལྔ་བརྒྱ་ཇི་ལྟར་བཅིངས་པ་བཞིན་དུ་ཁྱེར་ཏེ་འོངས་ནས་སྨན་ཆེན་པོ་ལ་ཕུལ་ལོ། །དེ་ནས་སྨན་ཆེན་པོས་ཀྱང་བྲམ་ཟེ་དེ་ལ་བྱིན་ནོ། །དེ་ནས་བྲམ་ཟེ་དེ་དགའ་མགུ་ནས། ཡིད་རབ་ཏུ་དགའ་བར་གྱུར་ཏེ། དེ་ནས་བྲམ་ཟེ་དེ་འདི་སྙམ་དུ་སེམས་པར་གྱུར་ཏོ། །བདག་གི་གསེར་གྱི་དོང་ཙེ་གནའ་མ་ལྔ་བརྒྱ་མེད་པ་ལས་སླར་རྙེད་པ་ནི་ཐམས་ཅད་ཀྱང་སྨན་ཆེན་པོའི་མཐུ་ཡིན་ཏེ། ཇི་ནས་བདག་གིས་དེ་ལ་བཀུར་སྟི་བྱ་ཞིང་ལན་གླན་ནོ། །སྨན་ཆེན་པོ་བདག་ལ་བྱམས་པ་དང་། བདག་གིས་ཀྱང་ལན་གློན་པར་འགྱུར་རོ། །སྙམ་དུ་བསམས་ནས། དེས་གསེར་གྱི་དོང་ཙེ་གནའ་མ་དེ་དག་ལས་ཕྱེད་ཁྱེར་ཏེ་སྨན་ཆེན་པོའི་དྲུང་དུ་སོང་ནས་སྐྱེས་འདི་བཞེས་ཤིག་ཅེས་ཕུལ་ལོ། །སྨན་ཆེན་པོས་ཀྱང་བླངས་ནས་དེ་ཉིད་ལ་སླར་བྱིན་ནོ། །དེའི་སྙན་པས་ཀྱང་གྲོང་ཁྱེར་དེར་ཁྱབ་པར་གྱུར། རྒྱལ་པོ་དང་། བློན་པོ་དང་། གྲོང་ཁྱེར་པ་རྣམས་ཀྱིས་ཀྱང་དེ་མཁས་པ་དང་ལྡན་ནོ། །ཞེས་བྱ་བའི་སྒྲ་ཀུན་དུ་བསྒྲགས། བདག་ཅག་བསོད་ནམས་དང་ལྡན་པས་ན་འདི་འདྲ་བའི་བློན་པོ་བདོག་གོ་སྙམ་དུ་སེམས་སོ། །དེ་ནས་མི་གཞན་ཞིག་རང་གི་དོན་ཅིག་གི་ཕྱིར་ཡུལ་གཞན་དུ་སོང་སོང་བ་ལས་སླར་ལོག་སྟེ། རྫིང་འགྲམ་ཞིག་ཏུ་འོངས་ནས་ཕྱེའི་རྐྱལ་པ་ཁ་ཕྱེ་སྟེ་ཕྱུང་ནས་ཟན་ཟོས་སོ། །ཟན་ཟོས་ནས་རྐྱལ་པ་ཁ་མ་བཅིངས་བཞིན་དུ་ཕྱི་རོལ་གྱི་སར་སོང་ངོ་། །དེ་དེར་འདུག་པ་དང་སྦྲུལ་རེག་ན་གདུག་པའི་ J01,Vo11,Po65A དུག་ཅན་དེའི་རྐྱལ་པའི་ནང་དུ་ཞུགས་སོ། །མི་དེ་སླར་འོངས་ཏེ་དེས་མ་བརྟགས་པར་རྐྱལ་


DKG011_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁ་བཅིངས་ཏེ་ཕྲག་པ་ལ་ཐོགས་ནས་གྲོང་ཁྱེར་ཆེན་པོར་ཕྱིན་པ་དང་། དེ་ནས་ལྟས་མཁན་ཞིག་གིས་རིགས་ཀྱི་བུ་འདི་ནི་འཚོ་བ་དང་འབྲལ་དུ་ཉེའོ་ཞེས་ལུང་བསྟན་ཏོ། །མི་དེས་ཀྱང་སླར་ལོག་སྟེ་དེ་ལ་བལྟས་སོ། །དེ་ནས་དེ་ལ་ཚིག་དེ་སྐད་ཐོས་པའི་འོག་ཏུ་ཅིའི་ཕྱིར་བདག་གིས་ལྟས་མཁན་དེ་ལ་མ་དྲིས་ཞེས་འགྱོད་པ་སྐྱེས་སོ། །དེ་ཐེ་ཚོམ་སྐྱེས་ནས་བདག་གིས་དོན་དེའི་ཕྱིར་བློན་པོ་སྨན་ཆེན་པོ་ལ་མ་དྲིས་ཀྱི་བར་དུ་ཁྱིམ་དུ་མི་འགྲོའོ་སྙམ་དུ་བསམས་ནས་ཚིག་ཏུ་ཡང་སྨྲས་སོ། །དེ་སྨན་ཆེན་པོའི་དྲུང་དུ་སོང་སྟེ། འདི་ལྟར་བདག་གྲོང་ཁྱེར་དུ་མཆི་བའི་ཚེ་ལྟས་མཁན་གྱིས་འདི་ལྟར་ལུང་བསྟན་པའི་དོན་དེ་དག་སྨྲས་ནས། དེ་ལ་སླར་བདག་གིས་ནི་མ་དྲིས་ཏེ་དེ་བས་ན་ཁྱོད་ལ་གསོལ་ལོ་ཞེས་དྲིས་པ་དང་། སྨན་ཆེན་པོས་གང་ནས་འོངས་ཞེས་དྲིས་ནས་དེས་ཇི་ལྟ་བུར་གྱུར་པ་ཞིབ་ཏུ་སྨྲས་སོ། །དེས་བསམས་པ། རྐྱལ་པའི་ནང་དུ་སྦྲུལ་རེག་ན་གདུག་པ་ཡོད་ཡང་དག་གིས་ལྟས་མཁན་དེས་ཀྱང་དེའི་ཕྱིར་སྨྲས་སོ་སྙམ་ནས། དེ་ནས་སྨན་ཆེན་པོས་སྐྱེ་བོ་མང་པོའི་མངོན་སུམ་དུ་རྐྱལ་པ་འདི་ཁ་ཁྲོལ་ལ་རྒྱང་མ་ནས་ཤིང་གིས་ཁ་ཕྱེ་ཤིག་དང་གདོད་ཤེས་པར་འགྱུར་རོ། །དེ་ལྟ་བུར་བྱས་པ་དང་། རེག་ན་གདུག་པ་དེའི་ནང་ནས་མགོ་ནི་བཏེག །དབུགས་ནི་རྒོད། ལྕེ་ནི་བསྐྱོད་བཞིན་དུ་ཕྱིར་བྱུང་བ་དང་། སྨན་ཆེན་པོས་ཁྱོད་ཀྱི་དོགས་པ་དེ་ནི་འདི་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་སྨན་ཆེན་པོ་ཡུལ་བལྟ་བའི་ཕྱིར་ཡན་ལག་བཞིའི་སྟོབས་མང་པོ་རྣམས་གོ་བསྐོན་ཏེ་ཕྱིར་བྱུང་ངོ་། །དེ་ནས་གྲོང་དང་། གྲོང་ཁྱེར་དང་། ཚོང་དུས་དག་བལྟས་ན་གྲོང་དང་། གྲོང་ཁྱེར་དང་། གྲོང་འདབ་འདི་སུའི་ཡིན་ཞེས་དྲིས་ན། ཡུལ་ན་གནས་བདག་གིས་འདི་ནི་བློན་པོ་ཆེ་གེ་མོ་ཞིག་གི་ལགས་སོ། །འདི་ནི་འདི་དག་གིའོ་ཞེས་སྨྲས་པ་དང་། དེ་ནས་སྨན་ཆེན་པོས་བརྟགས་ཏེ་བལྟས་ན་འདི་ལྟར་ཡུལ་ཐམས་ཅད་བློན་པོ་དྲུག་གིས་ཀུན་བསྣམས་ཏེ་རྒྱལ་པོ་སྐྱེད་པ་ནི་བཟའ་བ་དང་། བཏུང་བ་ཙམ་འབའ་ཞིག་ལ་དབང་ངོ་སྙམ་དུ་བསམས་སོ། །དེ་ནས་ J01,Vo11,Po65B སྨན་ཆེན་པོས་ལྷ་གྲོང་དང་། རི་བྲགས་ཀྱི་གྲོང་དང་། གྲོང་ཁྱེར་རྣམས་སུ་དབང་ཞེས་གསོལ་པ་དང་། རྒྱལ་པོ་དེ་


DKG011_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བྱ་དེའི་ཕྱིར་སྙིང་བརྩེ་བའི་ལྷ་རྣམས་ཀྱིས་བདག་ལ་བསྟན་པ་ནི་པཱུརྞ་ཀཙྪའི་རི་བྲགས་ཀྱི་གྲོང་ན་གང་པོ་ཞེས་བྱ་བའི་བུ་སྨན་ཆེན་པོ་ཁྱོད་ཀྱི་བློན་པོ་ཆེན་པོར་ཆུག་ཤིག་དང་། ཁྱོད་ཀྱི་ཡུལ་རྣམས་རྒྱས་པར་བྱས་པས་འབུལ་བར་འགྱུར་ཏེ། དེའི་ཚེ་ན་ཁྱོད་ཉིད་ཀྱང་ཐམས་ཅད་ལ་དབང་བའི་རྒྱལ་པོར་འགྱུར་རོ་ཞེས་ལུང་བསྟན་ཏེ། ཁྱོད་ནི་འདི་ལྟ་བུར་དགོས་པའི་ཕྱིར་བདག་གིས་རུམ་ན་འདུག་ཚུན་ཅད་བདེ་བའི་ཡོ་བྱད་ཀྱིས་བསྐྱེད་པ་ཡིན། ད་ལྟར་ཡང་བློན་པོའི་མཆོག་ཏུ་བཅུག་ན་ད་ནི་ལྷའི་ཚིག་དང་། ཁྱོད་བདག་གི་བློས་ལྕོགས་པ་སྟོན་པ་ཅི་ནས་བདག་རྒྱལ་པོའི་དབང་ཕྱུག་ཏུ་འགྱུར་བར་བྱོས་ཤིག་ཅེས་སྨྲས་པ་དང་། དེ་ནས་སྨན་ཆེན་པོས་རྒྱལ་པོ་སྐྱེད་པ་ལ་ཕྱག་བྱས་ནས་ཐུགས་བརྟན་པར་མཛོད་ཅིག་དང་། ཇི་ལྟར་བདག་གིས་ལྷ་མཉེས་པར་འགྱུར་བ་དེ་ལྟར་བགྱིའོ་ཞེས་སྨྲས་སོ། །དེ་ནས་སྨན་ཆེན་པོས་ཡུལ་དང་། གྲོང་དང་། གྲོང་ཁྱེར་དང་། རི་བྲགས་ཀྱི་གྲོང་དེ་དག་ན་གཙོ་བོ་གང་ཡིན་པ་དེ་རྣམས་དབྱེན་བཅུག་སྟེ་སོ་སོར་ཕྱེ་ནས་ཅི་ནས་ཁྱེད་བདག་ལ་དགའ་བར་གྱུར་པ་དེ་ལྟ་བུར་བདག་གིས་བྱའོ། །བློན་པོ་དེ་དག་ནི་འདོད་ཆེན་ཆེ་བས་དཔྱ་ནར་མ་དང་། བླ་སྐྱེས་དག་ཀྱང་མི་རིགས་པར་འབེབས་ཏེ། གནོད་པར་གྱུར་པས་ན་དེའི་ཕྱིར་རིག་པར་བྱས། འདི་ལྟར་བདག་གི་ཚིག་བཞིན་དུ་བྱས་ན་བདག་གིས་ཀྱང་ཁོང་དུ་ཆུད་པར་བསྟན་ཏེ་དཔྱ་ཡང་རིགས་པར་དབབ། གཞན་ཡང་བདེ་བར་དགོད་ཅིང་། བདེ་བའི་ཡོ་བྱད་རྣམས་ཀྱིས་ཀྱང་བསྐྱང་བར་བྱས། ཅི་ནས་ཁྱོད་ཅག་མི་མཐུན་པར་བྱོས་ཤིག །ཁྱེད་མི་མཐུན་པར་བྱས་པ་ལས་ཇི་སྟེ་རྒྱལ་པོ་དང་། བློན་པོ་རྣམས་ལྷགས་ན་ཡང་བདག་མེད་ཀྱི་བར་དུ་དེ་དག་གི་དབང་དུ་མ་འགྲོ་བར་འདི་སྐད་སྨྲོས་ཤིག །དེ་སྟེ་བློན་པོའི་མཆོག་སྨན་ཆེན་པོ་འོངས་ན་དེ་ལ་བདག་ཅག་གིས་བློན་པོ་དེའི་དབང་དུ་བྱའི་གཞན་ལ་མ་ཡིན་ནོ་ཞེས་སྨྲོས་ཤིག །དེ་ནས་དེས་འདི་ལྟ་བུའི་རིག་པ་སྔར་སྦྱར་ནས་ཡུལ་དེ་དག་ཀུན་མི་མཐུན་པར་བྱེད་ཅིང་བྱེད་དུ་ J01,Vo11,Po66A བཅུག་པས་ན་བཀའ་རྣམས་ཀྱང་བཅོག་པར་གྱུར་ཏོ། །དེ་ནས་བློན་པོ་དེ་དག་གིས་རྒྱལ་པོ་ལ་གསོལ་པ་དང་། འདི་ལྟར་རྒྱལ་པོ་སྐྱེད་པས་བློན་པོ་དྲུག་པོ་དེ་དག་


DKG011_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡན་ལག་བཞིའི་སྟོབས་མང་པོ་དང་ལྷན་ཅིག་བཀྱེ་ཡང་དེ་དག་གིས་གྲོང་དང་རི་བྲགས་ཀྱི་གྲོང་གཅིག་ལ་ཡང་དབང་བྱེད་པར་མ་ནུས་སོ། །དེ་ནས་རྒྱལ་པོ་ལ་ལྷ་ཉིད་མ་བྱོན་ན་འདི་དག་དབང་དུ་བགྱིར་མི་ནུས་སོ་ཞེས་ཕོ་ཉ་བཏང་བ་དང་། དེ་ནས་རྒྱལ་པོ་ཉིད་འོངས་ཀྱང་རི་བྲགས་ཀྱི་གྲོང་གཅིག་ཀྱང་དབང་བྱར་མ་ནུས་ཏེ། འཐབས་པས་མང་ཞིག་ཤི་བ་དང་། རྒྱལ་པོ་དང་། བློན་པོ་དྲུག་པོ་དེ་དག་ཀྱང་མི་དགའ་བར་གྱུར་ཏོ། །དེ་ནས་རི་བྲགས་ཀྱི་གྲོང་མི་དག་གིས་དེ་སྟེ་སྨན་ཆེན་པོ་འདིར་འོངས་ན་དེའི་ངག་མཉན་ཅིང་དེའི་དབང་བཞིན་དུ་བགྱིས་ཏེ་བདག་ཅག་རྒྱལ་པོ་སྐྱེད་པ་དང་མི་མཐུན་བར་བགྱིད་པ་ནི་མ་ལགས་ཀྱི་བློན་པོ་རྣམས་བདག་ཅག་ལ་གནོད་པར་བགྱིད་པའི་ཕྱིར་རོ་ཞེས་སྨྲས་པ་དང་། དེ་ནས་རྒྱལ་པོས་སྨན་ཆེན་པོ་ལ་ངེད་ཀྱིས་ཡུལ་རྣམས་ཕེབས་པར་མ་ནུས་ཀྱིས་ཁྱོད་ཚུར་ཤོག་ཤིག་ཅེས་ཕོ་ཉ་བཏང་ངོ་། །དེ་ནས་སྨན་ཆེན་པོས་ཡི་གེ་དེ་མཐོང་མ་ཐག་ཏུ་རྒྱལ་པོའི་དྲུང་དུ་འོངས་སོ། །དེ་མཐོང་ནས་ཡུལ་མི་ཀུན་གྱིས་ཕྱག་བྱས་ཏེ་ཡུལ་མི་དེ་རྣམས་ལ་མ་འཇིགས་ཤིག །དཔྱ་ཡང་ཆོས་བཞིན་དབབ། དམན་པ་དང་། དབུལ་བ་དང་། སྐྱབས་མེད་པ་རྣམས་ཀྱང་དབུགས་དབྱུང་བར་བྱས། ཡུལ་ན་གནས་པ་དང་། གྲོང་ཁྱེར་པ་རྣམས་ལ་ཕ་མ་དང་། ཕུ་ནུ་དང་། རང་གི་སྐྱེ་བོ་བཞིན་བཀུར་སྟི་དང་བྱ་དགའས་ཀུན་སྙོམས་པར་བྱས་ནས་པང་ནས་འཁྱུད་དོ། །དེ་ནས་ཡུལ་ན་གནས་པའི་རྒན་པ་དང་། གཞོན་པ་དང་། བུད་མེད་དེ་དག་ཐམས་ཅད་ཀྱིས་ཀྱང་སྨན་ཆེན་པོ་ལ་བུ་དང་བདག་གི་མིང་པོ་བཞིན་དུ་ལྟ་བར་གྱུར། དེས་ཀྱང་ཐམས་ཅད་ལ་སེམས་དགའ་བར་བྱས་ཤིང་། དེ་ནས་མཐར་གྱིས་ཡུལ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་རྒྱལ་པོ་སྐྱེད་པ་དང་ལྷན་ཅིག་སླར་རྒྱལ་པོའི་ཕོ་བྲང་དུ་འོངས་སོ། །དེ་ལྟ་བུའི་ལས་བྱས་པས་རྒྱལ་པོ་གཞན་དག་ལ་ཡང་སྙན་པའི་སྒྲ་གྲགས་པར་གྱུར་ཏོ། །དེ་ནས་རྒྱལ་ J01,Vo11,Po66B པོ་མཉེས་པས་ན་བདག་གི་བུ་མོ་སྨན་ཆེན་པོའི་ཆུང་མར་བྱིན་ཏེ་དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་ནས་ཡང་ཡུལ་གཞན་ཞིག་ནས་རྒྱལ་པོ་ལོངས་སྤྱོད་ཉམས་པ་ཞིག་རྒྱལ་པོ་སྐྱེད་པའི་དྲུང་དུ་འོངས་ནས་རྒྱལ་པོ་སྐྱེད་པས་ཀྱང་དེ་མ་འདོད་ནས་དེ་སྨན་ཆེན་པོའི་དྲུང་དུ་


DKG011_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་སོ། །དེས་སྙིང་རྗེ་བའི་དབང་གིས་བླངས་ཏེ་ལོངས་སྤྱོད་ཀྱང་བྱིན་ནོ། །དེ་ནས་དུས་ཕྱི་ཞིག་ན་བྲམ་ཟེ་ཞིག་འོངས་ཏེ། དེ་ནས་བྲེ་གང་ཞིག་བསླངས་པ་དང་དེས་ཀྱང་ཁས་བླངས་ཏེ་བང་ཀ་བ་ལ་གཏད་ན་སང་སྦྱིན་གནངས་སྦྱིན་ལས་མ་བྱིན་ནོ། །དེ་ནས་དུས་ཕྱི་ཞིག་ན་རྒྱལ་པོ་ལ་བློན་པོ་རྣམས་དང་། གྲོང་ཁྱེར་པ་དང་། ལྗོངས་པ་དག་གིས་བསྐོར་ཏེ་མི་མང་པོ་ཕྱག་འཚལ་བའི་གནས་ན་འདུག་གོ །དེས་བློན་པོ་རྣམས་ལ་ཀྱེ་བློན་པོ་རྣམས་གསང་བ་ནི་སུ་ལ་སྨྲ་བར་བྱ། གང་ལ་ཡིད་བརྟན་པར་བྱ་ཞེས་སྨྲས་པ་དང་། དེ་ནས་བློན་པོ་དག་སེམས་པ་ལ་ཞུགས་སོ། །དེ་དག་ལས་གཅིག་གིས་ནི་མཛའ་བོ་ལ་སྨྲ་བའི་རིགས་ཞེས་བྱས། ཁ་ཅིག་གིས་ནི་ལྷ་དེ་ཆུང་མ་ལ། ཁ་ཅིག་གིས་ནི་མ་ལ། ཁ་ཅིག་གིས་ནི་སྲིང་མོ་དང་ཕ་ལ། ཁ་ཅིག་གིས་ནི་ཕུ་ནུ་ལའོ་ཞེས་གཞན་དག་གིས་དེ་སྐད་སྨྲས་པ་དང་། རྒྱལ་པོས་སྨན་ཆེན་པོ་གཞན་གྱིས་ནི་ཇི་ལྟར་བསམས་པ་བཞིན་སྨྲས་ན་ཁྱོད་ཀྱིས་ཅིའི་ཕྱིར་མི་སྨྲ་ཞེས་དྲིས་པ་དང་། དེ་ནས་སྨན་ཆེན་པོས་རྒྱལ་པོ་ལ་ལྷ་བདག་གིས་ནི་འདི་སྙམ་དུ་བསམས་ཏེ། གསང་བ་དེ་ནི་སུ་ལ་ཡང་བགྱི་བར་མི་རིགས་ན་ཆུང་མ་ལྟ་ཅི་སྨོས་ཏེ། དེ་ནི་བདག་གིས་ལྷའི་སྤྱན་སྔར་མངོན་པར་བགྱིའོ་ཞེས་སྨྲས་སོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོའི་རྨ་བྱ་སྟོར་བ་སྨན་ཆེན་པོས་བཙལ་ཏེ་ཕྱོགས་གཞན་ཞིག་ཏུ་སྦས་ནས་དེ་དང་འདྲ་བ་གཞན་ཞིག་བཟུང་སྟེ། ཆུང་མ་ཁྱོད་ཀྱིས་རྒྱལ་པོའི་ཕོ་བྲང་ནས་རྨ་བྱ་སྟོར་བ་ཐོས་སམ་ཞེས་དྲིས་པ་དང་། དེས་ཀྱང་བདག་གིས་ཐོས་སོ་ཞེས་སྨྲས་སོ། །སྨན་ཆེན་པོས་ཁྱོད་ཀྱིས་སུ་ལ་ཡང་མ་ཟེར་བར་འདི་མྱུར་དུ་ཚོས་ཤིག་དང་བཟའོ་ཞེས་བསྒོའོ། །དེས་རི་བྲགས་ཀྱི་གྲོང་མི་འདིས་རྒྱལ་པོའི་རྨ་བྱ་ཟ་བ་ལྟོས་ཤིག །བདག་གི་ཕ་ནི་འདི་ལ་ཤིན་ཏུ་ཡིད་བརྟན་པར་བྱེད་ན་འདི་ནི་རྒྱལ་པོ་ལ་གནོད་པའི་ལས་བྱེད་དོ་སྙམ་དུ་བསམས་སོ། །ཡང་རེ་ཞིག་ན་རྒྱལ་ J01,Vo11,Po67A པོའི་བཙུན་མོ་འདྲ་བ་བུད་མེད་སྨད་འཚོང་མ་ཞིག་རྒྱན་ཐམས་ཅད་ཀྱིས་བཀླུབས་ཏེ་བདག་གི་བུད་མེད་ཀྱི་ནང་དུ་བཅུག་ནས་ཆུང་མ་ལ་འདི་ནི་རྒྱལ་པོའི་བཙུན་མོ་འདི་ཞེས་བྱ་བ་ཡིན་ཏེ། བདག་འདི་ལ་ཤིན་ཏུ་ཡིད་བརྟན་གྱིས་ཁྱོད་བདག་ལ་སྡུག་ན་སུ་ལ་ཡང་མ་ཟེར་ཅིག་ཅེས་བསྒོ་བ་དང་།


DKG011_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོའི་བུ་མོ་དེ་འདི་ནི་སྨན་ཆེན་པོ་དང་ལྷན་ཅིག་ཏུ་འདུག་གོ་སྙམ་བསམས་ནས་ཁྲོས་པས་འཁྲུག་པ་སྐྱེས་ཏེ་ཕ་ལ་འཕྱ་ནས་བདག་གི་ཕ་འདི་ལྟ་བུར་དོན་ལ་རྟོག་པ་ཅིའང་མེད་དེ། རི་བྲགས་ཀྱི་གྲོང་མི་རིགས་ངན་པ་ལས་བྱུང་ན་བློན་པོའི་མཆོག་ཏུ་བཅུག་ཅིང་ངན་པ་འདི་ལ་རྒྱལ་པོའི་དོན་ཐམས་ཅད་གཏད་པ་ག་ལ་རིགས། དེ་ཅི་ནས་སྔོན་གྱི་གནས་རྙིང་པར་གཞག་པ་དེ་ལྟ་བུར་བྱའོ་ཞེས་བསམས་ཏེ་སོང་ནས་ཕ་ལ་ཡབ་ཀྱིས་ངན་པ་དེ་ལྟ་བུ་མ་བརྟགས་པར་བློན་པོའི་མཆོག་ཏུ་བཅུག་ཅིང་ཡིད་བརྟན་པར་བགྱིས་པ་ག་ལ་རིགས། དེས་འདི་ལྟར་རྒྱལ་པོའི་བཙུན་མོ་ལ་གློ་བ་རེངས་ཏེ་ཡབ་ཀྱི་བཙུན་མོ་འདི་ཞེས་བགྱི་བ་དང་ལྷན་ཅིག་ཏུ་སྤྱོད། རྒྱལ་པོའི་རྨ་བྱ་དེ་ཡང་འདིས་ཟོས། ཡུལ་གཞན་ནས་མི་འོངས་པ་རྣམས་ཀྱང་བསྙེན་ཅིང་ཡོ་བྱད་ཀུན་སྦྱོར་བར་བགྱིད་ན་ཡབ་ནི་རྟག་ཏུ་ཡང་བདག་ལ་སྨན་ཆེན་པོ་འདི་ཐམས་ཅད་པས་སྡུག །འདི་ལས་ཡིད་དུ་འོང་བ་མེད་དོ་ཞེས་གསུང་ན་དེ་ནི་འདི་ལྟ་བུ་མི་བགྱི་བ་རྣམས་བགྱིད་ཀྱིས་ཇི་ལྟ་བུ་ཡིན་པ་མཁྱེན་པར་གྱིས་ཤིག་ཅེས་སྨྲས་པ་དང་། དེ་ནས་རྒྱལ་པོས་དོན་དེ་དག་བརྟག་པའི་ཕྱིར་གཤེད་མ་མི་རྣམས་ལ་སོད་ཅིག་ཅེས་བཀྲིའོ། །དེ་ནས་རིགས་ངན་པ་དེ་དག་གིས་ཤིང་ཀ་ར་བཱི་རའི་མེ་ཏོག་གི་ཕྲེང་བ་ནི་མགུལ་དུ་བཏགས། བོང་སྐད་ལྟ་བུའི་རྔ་བརྡུངས། ཚིག་རྩུབ་པོས་སྤྱོས། བསྡིགས། ཚར་བཅད་དེ་མཚོན་ཐོགས་པ་གཤིན་རྗེའི་མི་ལྟ་བུའི་རིགས་ངན་རྣམས་ཀྱིས་དུར་ཁྲོད་དུ་ཁྲིད་མོད་ཀྱི། དེ་གསད་པར་ནི་གང་ཡང་མི་དད་དོ། །གྲོང་ཁྱེར་གྱི་སྐྱེ་བོ་དང་ལྗོངས་པ་རྣམས་ནི་མིག་ནས་མཆི་མ་ཟག་ཅིང་བདག་གི་བུ་བསད་པ་ལྟར་སྡུག་བསྔལ་ནས་ཉམ་ཐག་པའི་སྒྲ་འབྱིན་ཅིང་ལྷ་དག་ལ་གསོལ་བ་འདེབས་སོ། །ཅི་ཙམ་ J01,Vo11,Po67B ཞིག་ན་སྨན་ཆེན་པོས་རྒྱལ་རིགས་དབུལ་པོ་བསྙེན་ཅིང་ལོངས་སྤྱོད་བགོས་ཏེ་བྱིན་པ་དེ་དག་གིས་རྒྱལ་པོའི་མི་རྣམས་ལ་བདག་ཅག་གིས་འདི་བསད་ཀྱིས་ཁྱེད་ཅག་སླར་ལོག་ཤིག་ཅེས་སོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་སུམ་བཅུ་རྩ་བཞི་པ། ཅི་ཙམ་ན་དེ་གྲོང་ཁྱེར་ནས་བྱུང་བ་དང་། བྲམ་ཟེ་མོང་རྟུལ་ཞེས་བྱ་བས་གོས་ཀྱི་མཐའ་མ་ནས་འཇུས་ནས་ཁྱོད་ཀྱིས་ནས་བྲེ་གང་སྦྱིན་པར་


DKG011_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་དེ་བྱིན་ལ་སོང་ཤིག་ཅེས་ཟེར་རོ། །སྨན་ཆེན་པོས་གནས་དེར་ཚིགས་སུ་བཅད་དེ་སྨྲས་པ། རྒྱལ་པོ་གྲོགས་སུ་འགྱུར་བ་མེད། །གདོལ་པ་ལ་ནི་བཤེས་པ་མེད། །བུད་མེད་རྣམས་ལ་གསང་མི་བརྗོད། །རྨ་བྱའི་ཤ་ནི་བཟའ་མི་བྱ། །བྲམ་ཟེ་མོང་རྟུལ་པོ་ཡི་ནི། །ནས་བྲེ་གང་ཡང་འཆགས་མི་བྱ། །དེས་དེ་སྐད་སྨྲ་ཞིང་སོང་བ་དང་། དེ་ནས་གཤེད་མ་མི་རྣམས་ཀྱིས་སྨྲས་པ། སྨན་ཆེན་པོ་དེ་ཅི་ཁྱོད་ཤེས་པ་དང་། རྣམ་པར་ཤེས་པ་ཕུན་སུམ་ཚོགས་པ་ཡིན་ན་བླ་བར་བྱེད་དམ། སྨན་ཆེན་པོས་སྨྲས་པ། ཁོ་བོ་ནི་མི་བླ་སྟེ། འོན་ཀྱང་དེ་ཅི་བླ། དེས་སྨྲས་པ། ལྷ་བདག་མི་བླ་སྟེ། འོན་ཀྱང་བདག་སྡུག་བསྔལ་གྱིས་ཉམ་ཐག་ནས་དགོས་པ་སྨྲའོ། །དེ་ཅི་ཡིན། དེས་སྨྲས་པ། རྒྱལ་པོ་གྲོགས་སུ་འགྱུར་བ་མེད་ཅེས་བྱ་བ་རྒྱ་ཆེར་རོ། །དེས་ཡང་སྨྲས་པ། ལྷ་གསོལ་བ་འཚལ་ན་རེ་ཞིག་གསན་དུ་གསོལ། བདག་གིས་རྒྱལ་པོ་གྲོགས་སུ་འགྱུར་བ་མེད་ཅེས་གང་སྨྲས་པ་ནི་སྔོན་ལྷ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་རྣམས་ཀྱི་དོན་གང་ལ་ཡང་མི་མངའ་བར་གྱུར་ཏེ། ཁྱོད་གང་གི་ཕྱིར་དེ་སྐད་སྨྲ་བ་སྨྲས་པ་དེའི་དོན་ཁྱོད་ཀྱིས་མ་གོ་བར་ཟད་དོ། །དེ་རྣམས་སོང་སྟེ། རྒྱལ་པོ་སྐྱེད་པ་ལ་སྨན་ཆེན་པོ་ཅི་ཞིག་བླ་ན་དེ་བླ་བ་ཟློས་སུ་སྩལ་བར་གསོལ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོས་བོས་ནས་དྲིས་པ། ཞལ་ཟས་དང་། བཏུང་བ་དང་། སླས་གང་དག་ལགས་པ་དེ་ལ་མངའ་བ་ལས་ལྷ་དེང་ས་ལ་དབང་བའི་རྒྱལ་པོ་དང་། རྒྱལ་སྲིད་དང་། དཔུང་དང་། མཛོད་དང་། དམག་ལ་མངའ་མཛད་པར་གྱུར་པ་གང་ལགས་པ་དེ་ལྟ་བུ་བདག་གིས་བགྱིས་ན་བདག་ལ་ཁྱོད་ཀྱིས་སྔོན་བྱས་པ་གཟོ་བ་ཉིད་མ་དགོངས་པར་ལྷས་དགུམ་དུ་བཏང་བས་དེའི་སླད་དུ་བདག་ J01,Vo11,Po68A འདི་སྐད་དུ་རྒྱལ་པོ་གྲོགས་སུ་འགྱུར་བ་མེད་ཅེས་མཆིའོ། །གདོལ་པ་ལ་ནི་བཤེས་པ་མེད་ཅེས་བགྱི་བ་ནི་ལྷ་གདོལ་པ་མལ་དང་གོས་དང་བྲལ་བ་འདི་རྒྱལ་པོ་སྐྱེད་པས་བདག་ལ་འཚོ་བའི་ཡོ་བྱད་བྱིན་ན་དེས་བདག་འཚོ་བར་བྱའོ་སྙམ་ནས་ལྷའི་དྲུང་དུ་མཆིས་པ་ལས་ལྷས་ཡོངས་སུ་མ་བཟུང་ངོ་། །བདག་གིས་ནི་བཀྲེན་པའོ་སྙམ་པ་དང་། ཡུལ་ནས་འཁྱམས་པའོ་སྙམ་ནས་བགོ་བཤའ་བགྱིས་པ་ལས་འདི་ལྟར་དེང་སང་བདེ་བར་གྱུར་པ་ལགས་ན་དེང་


DKG011_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དགུམ་པའི་སླད་དུ་ཆས་པས་དེའི་སླད་དུ་བདག་འདི་སྐད་དུ་གདོལ་པ་ལ་ནི་བཤེས་པ་མེད་ཅེས་མཆིའོ། །བུད་མེད་རྣམས་ལ་གསང་མི་བརྗོད་ཅེས་བགྱི་བ་ནི་རྒྱལ་པོ་དུས་གཅིག་ན་འཁོར་གྱི་ནང་དུ་བཞུགས་ནས་ཚིག་འདི་སྐད་དུ་ཇི་ལྟར་སུ་ལ་ཡིད་གཅུགས་པར་བྱ་ཞེས་གསུངས་པ་དང་། དེ་ན་བློན་པོ་རྣམས་ཀྱིས་ཕ་དང་། མ་དང་། སྲིང་མོ་དང་། ནེའུ་ལྡངས་རྣམས་ལའོ་ཞེས་གང་ལ་སྨྲ་བར་བགྱི་བ་དེ་སྨྲས་སོ། །ལྷས་ཀྱང་ཆུང་མ་ལ་བརྗོད་པར་བྱ་སྟེ། འདི་ལྟར་ཆུང་མ་ནི་ལུས་ཀྱི་ཕྱེད་ཡིན་པས་དེའི་ཕྱིར་བརྗོད་པར་བྱའོ་ཞེས་གསུངས་སོ། །དེ་ནས་བདག་གིས་དོན་འདི་ལྷའི་སྤྱན་སྔར་བབ་པར་བགྱིའོ་སྙམ་ནས་བགམ་པའི་སླད་དུ་རྒྱལ་པོའི་རྨ་བྱ་སྦས་ནས་རྨ་བྱ་གཞན་ཞིག་བླངས་ཏེ་འཚལ་ལོ། །སླས་ལས་ཀྱང་སླས་ཆེ་གེ་མོ་ཞིག་ལས་རྒྱན་བཙལ་ཏེ་སྨད་འཚོང་མ་ཆེ་གེ་མོ་ཞིག་གི་མགུལ་དུ་བཏགས་ནས་ཁྱིམ་དུ་བཞག་སྟེ་ལྷ་སྨད་འཚོང་མ་དེ་ཡང་གཟིགས་སུ་གསོལ། དེ་ནས་རྒྱལ་པོས་བཀུག་ནས་སླས་དང་། སྨད་འཚོང་མ་ཕྱོགས་གཅིག་ཏུ་གཞག་སྟེ་གཉི་ག་བལྟས་ན། རྟགས་དང་། ཁ་དོག་དང་། ཚུལ་དང་། དབྱིབས་མཚུངས་ཏེ་གཅིག་ལ་ཡང་ཁྱད་པར་དམིགས་པ་མ་ཡིན་ལ་ཅིག་ཤོས་ལ་ཡང་མ་ཡིན་ནོ། །དེ་ནས་རྒྱལ་པོས་བརྟགས་ནས་བདག་གིས་སྨན་ཆེན་པོ་ནི་ཉེས་པ་མེད་པར་ཁོང་དུ་ཆུད་དོ། །བྲམ་ཟེ་མོང་རྟུལ་པོ་ཡི་ནི། །ནས་བྲེ་གང་ཡང་ཆགས་མི་བྱ། །ཞེས་གང་སྨྲས་པ་ནི་བདག་ལྷས་དགུམ་པར་བཏང་ནས་གཤེད་མ་པ་རྣམས་ཀྱིས་ཁྲིད་པ་ན་དེས་ནས་བྲེ་གང་བྱིན་ཅིག་ཅེས་ནས་བྲེ་གང་གི་དོན་དུ་གོས་ཀྱི་མཐའ་ J01,Vo11,Po68B ནས་བཟུང་བས་དེའི་སླད་དུ་བདག་གིས་དེ་སྐད་སྨྲས་སོ། །དེ་ནས་རྒྱལ་པོ་དོན་དེ་ཐམས་ཅད་མངོན་སུམ་དུ་བསྟན་པས་དགའ་སྟེ་བཀྲོལ་ནས་བཀུར་སྟི་ཆེན་པོས་བཀུར་སྟི་བྱས་སོ། །དེ་ནས་རྒྱལ་པོ་ལ་ཕྱག་བྱས་ནས་གསོལ་པ། ལྷ་ཁྱོད་ཀྱིས་བུད་མེད་རྣམས་ཀྱི་གསང་གཟིགས་སམ། ཁྱོད་ཀྱི་སྲས་མོ་ནི་བདག་ལ་ཡོང་དགོས་པ་མ་མཆིས་སོ། །འོན་ཀྱང་རིགས་དང་། གཟུགས་དང་། ངང་ཚུལ་དང་། ཤེས་རབ་བདག་དང་འདྲ་བ་དེ་ཁོ་ན་ལྟ་བུའི་མཆིས་འབྲང་ཞིག་བླང་


DKG011_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བར་བགྱིའོ། །དེས་རྒྱལ་པོ་ལ་གནང་བ་གསོལ་ནས་བདག་ཉིད་བྲམ་ཟེའི་ཆ་བྱད་དུ་བྱས་ཏེ་ལག་པ་གཡས་པ་བྱ་མ་བུམ་ཐོགས། ལུས་མཆོད་ཕྱིར་ཐོགས་ཀྱིས་མཛེས་པར་བྱས། ལུས་ལ་རི་དགས་ཀྱི་པགས་པ་གོས་སུ་བགོས། གདོང་ལ་བྱུགས་རིས་གསུམ་བྱས་ནས་རི་འོར་ནགས་ཀྱི་ཚང་ཚིང་ཅན་ག་ལ་བ་དེར་བུ་མོ་བཙལ་བའི་ཕྱིར་ཆས་སོ། །ཇི་ཙམ་ན་ལམ་གྱི་བར་དུ་གྲོང་ཞིག་ཏུ་མུན་སྲོས་པར་གྱུར་ཏོ། །ཐ་གི་ཙམ་ན་བྲམ་ཟེ་ཞིག་གིས་དྲིས་པ་གང་ནས་འོངས། དེས་སྨྲས་པ། ལུས་འཕགས་པའི་ལྗོངས་ནས་སོ། །གང་དུ་འགྲོ་བར་སེམས། ནགས་ཀྱི་ཚང་ཚིང་ཅན་དུའོ། །ཅི་གང་གི་ཁྱིམ་དུ་བྲང་གདབ་པའི་ངོ་ཤེས་འགའ་ཁྱོད་ལ་ཡོད་དམ། དེས་སྨྲས་པ་མེད་དོ། །དེ་ནས་དེས་ཁྱིམ་དུ་ཁྲིད་དེ་ཚུལ་དང་མཐུན་པའི་འབྱོར་པས་ཕུ་དུད་བྱས་སོ། །དེས་དེའི་ཆུང་མ་ལ་ཡང་འདི་ནི་སྐྱེས་པ་གཞན་ལ་ཆགས་པས་རུང་བ་མ་ཡིན་ནོ་ཞེས་འཕྲིགས་སོ། ། དེ་ཕྱི་དེ་ཉིན་དྲིས་ནས་ཆས་པ་དང་། བྲམ་ཟེས་ཀྱང་སྨྲས་པ། གྲོགས་པོ་བདག་གི་ཁྱིམ་འདི་སྟེ། ཕན་ཚུན་འགྲོ་བའི་ཚེ་ཕྱིན་པ་ན་རང་གི་ཁྱིམ་བཞིན་དུ་སོམས་ཤིག །དེ་བཞིན་བགྱིའོ་ཞེས་སྨྲས་ནས་ཆས་སོ། །ཇི་ཙམ་ན་ལམ་གྱི་བར་ཞིག་ན་ནས་ཀྱི་ཞིང་ཞིག་ཡོད་པ་དེ་ན་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་པ། རིགས་བཙུན་པ་ཤིན་ཏུ་ཞི་བ་དང་ལྡན་པ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་དེའི་ཡིད་དེ་ལ་ཞེན་ཏོ། །དེ་ནས་དྲིས་པ། བཟང་མོ་ཁྱོད་གང་ཞིག་ཡིན། སུའི་ཡིན། ཁྱོད་ཀྱི་མིང་ཅི། དེས་སྨྲས་པ། ས་གའོ། །ཁྱོད་སུའི་ཡིན། སྨྲས་པ། J01,Vo11,Po69A གང་ཞིག་གྲོང་ཐམས་ཅད་ཀྱི་ཤིང་སྒྲུབ་པར་བྱེད་པའིའོ། །དེ་ནས་སྨན་ཆེན་པོས་བསམས་པ། འདི་བྱད་ནི་བཟང་མོ་ཞིག་ཡིན་ན་ད་རེ་ཞིག་བློ་ཅི་འདྲ་བ་བློ་བགམ་པར་བྱའོ་སྙམ་མོ། །དེ་ནས་དེ་གྲོ་ཞིང་ཞིག་ཏུ་ཞུགས་ཏེ་ལག་པ་བསྒྲེང་ནས་ལག་པ་ཕངས་པར་བྱ་བའི་ཕྱིར་རྐང་པས་གྲོ་ཕུར་བ་དང་། དེ་ནས་ས་གས་སྨྲས་པ། མཁན་པོ་ཇི་ལྟར་ལག་པ་ཕངས་པ་དེ་བཞིན་དུ་ཁྱོད་རྐང་པ་གཉིས་ཀྱང་ཕངས་པར་གྱིས་ཤིག །དེས་བསམས་པ། བུ་མོ་འདི་ནི་མཛངས་མ་ཞིག་གོ་སྙམ་མོ། །དེ་ནས་ཡང་བྲམ་ཟེས་བགད་ནས་སྨྲས་པ། བུ་མོ་


DKG011_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་རྣ་ཆ་གདུབ་ཀོར་གདུ་གུ་ཞིག་སྟེ་ཤིན་ཏུ་ལྷང་ངེའོ། །ས་གས་སྨྲས་པ། མཁན་པོ་རྣ་བ་གཉིས་དགབ་པའི་སླད་དུའོ། །དེ་ནས་སྨན་ཆེན་པོས་སྨྲས་པ། བུ་མོ་བྱད་བཟང་ཞིང་བལྟ་ན་སྡུག་པ་མཛེས་པ་ཡིན་ནོ། །ས་གས་སྨྲས་པ། གྲོང་གི་བདག་པོ་རྣམས་ཀྱི་བཀའ་དྲིན་གྱིས་སོ། །ཅུང་ཞིག་འདུག་ནས་སྨྲས་པ། ཁྱོད་ཀྱི་ཕ་གར་སོང་། བུ་མོས་སྨྲས་པ། ལམ་གཅིག་གཉིས་སུ་བགྱིད་དུ་མཆིས་ཏེ་ཚེར་མའི་ཡལ་ག་བསྡུས་ནས་ལམ་གཅོད་པར་བགྱིད་དོ། །དེས་ན་སྐྱེ་བོ་དག་ཤུལ་གཉིས་པ་བགྱིད་དོ། །ཁྱོད་ཀྱི་མ་ཡང་གར་སོང་། ཞིང་ཐོག་ནས་ས་བོན་གྱི་ཕྱིར་མཆིས་སོ། །བུ་མོ་ངའི་ཆུང་མ་བྱའམ། བུ་མོས་སྨྲས་པ། གལ་ཏེ་གྲོང་གི་བདག་པོ་བཏུབ་ནའོ། །དེས་སྨྲས་པ། ནགས་ཀྱི་ཚང་ཚིང་ཅན་དུ་ལམ་གང་ནས་འགྲོ་ན་བདེ་བ་དང་མི་འཁྱོག་པ་དེ་སྟོན་ཅིག །ཡང་སྨྲས་པ། ནགས་ཀྱི་ཚང་ཚིང་ཅན་གྱི་ལམ། །ཚེར་མ་མེད་ཅིང་ཐིབས་པོ་མེད། །བདེ་ཞིང་མི་འཁྱོག་འཇམ་པ་ནི། །གང་ནས་བདག་འགྲོ་དྲིས་པ་སྟོན། །དེས་དེ་ལ་ལམ་འཁྱོག་པ་ཞིག་བསྟན་ནས། ལམ་གཞན་ནས་མདུན་དུ་རྒྱུགས་ཏེ། རྫིང་བུ་ཞིག་ཏུ་གོས་རྣམས་ཕུད་ནས་མིག་ཡ་གཅིག་བཙུམས་ཏེ་ཅི་ངོ་ཤེས་སམ། འོན་ཏེ་མ་ཡིན་ཞེས་གློ་གཅིག་གིས་སྙེས་ཏེ་འདུག་གོ །ཡང་སྨྲས་པ། གང་གིས་ཟ་བགྱིད་དེ་ནས་བཞུད། །གང་གིས་ཟ་བར་མི་བགྱིད་པ། །དེ་ནི་དོར་བར་བགྱིས་ནས་སུ། །ཟན་གྱི་ནགས་སུ་ J01,Vo11,Po69B བཞུད་པར་མཛོད། །དེ་ནས་སྨན་ཆེན་པོས་ཇི་སྐད་བསྟན་པའི་ལམ་ནས་སོང་བ་དང་། ཅི་ཙམ་ན་རྒྱང་རིང་པོ་ནས་དེ་ངོ་ཤེས་ནས་སྨྲས་པ། རས་བལ་ཐགས་སུ་བཏགས་པ་མི་བདོག་པས། །མ་བཀལ་ཐགས་སུ་མ་བཏགས་གྱོན་བྱེད་པ། །མཛེས་ལྡན་གཡོན་པའི་མིག་ཅན་གང་ནས་ནི། །མེ་ཏོག་གྲོང་དུ་འགྲོ་བ་བདག་ལ་སྟོན། །དེ་ནས་བུ་མོས་ཅུང་ཞིག་བགད་ནས་སྨྲས་པ། འདིར་ནི་གཡོན་པའི་ལམ་འོར་ལ། །གང་ན་ཡོས་ནི་ཡོད་པ་དང་། །པ་ལ་ཤ་ཡི་མེ་ཏོག་རྒྱས། །དེ་ནས་བྲམ་ཟེ་བཞུད་དུ་གསོལ། །དེ་སོང་སོང་སྟེ་ཕྱིན་ནས་སྨྲས་ཏེ་ས་གའི་ཕའི་ཁྱིམ་དུ་སོང་ན་དེའི་ཕ་མ་མི་སྣང་ངོ་། །དེ་ནས་གྲོང་གི་བདག་པོ་རྣམས་ལ་སྨྲས་


DKG011_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

པ། གལ་ཏེ་ཁྱོད་ཀྱིས་གནང་ན་ས་ག་འདི་བདག་གི་ཆུང་མ་བགྱིད་དོ། །ཚིག་དེ་སྨྲས་མ་ཐག་ཁོ་ནར་གྲོང་གི་བདག་པོ་དེ་ཐམས་ཅད་ཀྱིས་ཚིག་མཐུན་པར་བྲམ་ཟེ་ངན་པ་སློང་མོ་པ་ཁྱོད་གང་ངེད་ཀྱི་ས་ག་ལྷའི་བུ་མོ་འདྲ་བ་སློང་བ་ངོ་མི་ཚའམ། ཡུལ་འདི་ནས་ཡེ་སོང་ཤིག །ཁྱོད་ལ་ཁྱི་མི་སྲུན་པ་དག་ཟར་བཅུག་ག་རེ་ཞེས་སྤྱོས་སོ། །དེ་སྐྱེ་བོས་བསྐྲད་ནས་དེ་ཁོ་ནའི་དྲུང་དུ་སོང་བ་དང་། ས་གས་རྒྱང་རིང་པོ་ནས་མཐོང་ནས་བྱོན་པ་ལེགས་སོ་ཞེས་སྨྲས་སོ། །དེ་ནས་སྨན་ཆེན་པོས་དེ་རྣམས་ཀྱིས་དེའུ་བརྡེགས་སོ་ཞེས་གྲོང་གི་བདག་པོ་རྣམས་ཀྱི་གཏམ་སྨྲས་པ་དང་། ས་གས་སྨྲས་པ། ཁྱོད་ཀྱིས་ཇི་ལྟར་རམ་ཐབས་ཅི་ཞིག་གིས་སྨྲས། དེ་ནས་སྨན་ཆེན་པོས་གཏམ་ཇི་ལྟ་བ་བཞིན་དུ་བསྙད་པ་དང་། དེ་ནས་ས་གས་སྨན་ཆེན་པོ་ལ་སྨྲས་པ། བྲམ་ཟེ་ཆེན་པོ་ཁྱོད་ཐ་གི་མི་སྒོམ་མོ། །བུ་མོ་བསླང་བ་ཇི་ལྟར་ཁྱོད་ཀྱིས་མཛད་པ་དེ་ལྟར་བགྱིའམ། བྲམ་ཟེས་སྨྲས་པ། གཞན་དུ་ཇི་ལྟར་བྱ། བུ་མོས་སྨྲས་པ། རེ་ཞིག་སྔར་ཉེ་བར་བཞུད་དོ། །དེ་ནས་རྗེས་སུ་མཐུན་པར་བགྱིའོ། །རྗེས་སུ་མཐུན་པར་བགྱིས་ནས་མགྲོན་དུ་འབོད་ཅིང་ཟས་སྐོམ་བདའ་བའི་སྟོན་མོས་སྟོན་ཏེ་སླད་ཀྱིས་ཁྱོད་ཀྱི་བགྱི་བ་གང་ལགས་པ་དེ་བགྱི་མོད། དེས་སོང་སྟེ་ཇི་སྐད་བསྟན་པ་བཞིན་དུ་གྲོང་གི་བདག་པོ་རྣམས་ཁ་ཟས་ཀྱི་རྣམ་པ་བསོད་པས་སྟོན་ཏོ། །དེ་ནས་ལངས་ཏེ་ས་ག་བསླངས་པ་དང་། དེ་རྣམས་ཀྱིས་དེང་ཁྱོད་ཀྱི་ཡིད་ལ་བསམས་ J01,Vo11,Po70A པ་བཞིན་རྫོགས་པར་བྱའོ་ཞེས་ཁས་བླངས་སོ། །དེ་ལྟ་བུའི་དོན་ལ་ཞུགས་པ་ན་ཐ་གི་ཙམ་ན་དེའི་ཕ་མ་འོངས་སོ། །དེ་ནས་སྨན་ཆེན་པོ་དང་གྲོང་གི་བདག་པོས་ཕ་མ་ལ་གསོལ་བ་བཏབ་པ་དང་སྨྲས་པ། དོན་དེ་བསམས་དགོས་སོ། །དེ་ནས་གྲོང་གི་བདག་པོ་རྣམས་ཀྱིས་སྨྲས་པ། འདི་ལ་ཅི་བསམ་དུ་ཡོད། བྲམ་ཟེ་གཞོན་ནུ་བྱད་བཞིན་བཟང་ཞིང་བལྟ་ན་སྡུག་ལ་བསྟན་བཅོས་མང་པོ་ཤེས་ཤིང་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་དུ་སོན་པ་ཞིག་ཡིན་པས་ཅིར་ཡང་མི་འགྱུར་གྱིས་བྱིན་ཅིག །དེ་ནས་སྨན་ཆེན་པོས་ཀྱང་བྲམ་ཟེ་རྣམས་བོས་ནས་བུ་མོ་བླང་བར་བྱས་སོ། །དེ་ནས་ཉི་མ་གཞན་ཞིག་ལ་གྱོས་པོ་དང་སྒྱུག་མོ་བོས་ནས་བཀུར་སྟི་བྱས་ཏེ་གོས་བསྐོན་ནས་གཉོད་བཅུག་སྟེ་ལུས་འཕགས་སུ་སྐྱེད་པའི་དྲུང་དུ་ཆས་


DKG011_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ནས་འགྲོ་བ་ན་དེ་བྲམ་ཟེ་ཞིག་གིས་བཅུ་བཞི་པའི་སྟོན་མོས་སྟོན་ཏེ་ཡོན་དུ་ནས་བྲེ་གང་བྱིན་ནོ། །དེས་ནས་བྲེ་གང་གོས་ཀྱི་མཐའ་མར་ཕུར་ཏེ་གྲོགས་པོའི་ཁྱིམ་དུ་སོང་ནས་སྒོ་བརྡུངས་པ་དང་། བྲམ་ཟེ་མོས་སྨྲས་པ། དེ་སུ་ཞིག །དེས་སྨྲས་པ། ང་ནི་ཁྱོད་ཀྱི་ཁྱིམ་ཐབ་ཀྱི་གྲོགས་པོ་དེ་ཡིན་ནོ། །དེས་སྨྲས་པ། འདི་ན་དེ་ཡང་མེད་ལ་འགའ་ཡང་མེད་པས་ཁྱིམ་བདག་དེ་མེད་པར་སྐྱེས་པ་གཞན་ཁྱིམ་དུ་འཇུག་ཏུ་མི་རུང་གིས་གཞན་ཞིག་ཏུ་བྲང་ཐོབ་ཤིག །ཅི་ཙམ་ན་སྨན་ཆེན་པོས་བདག་ཅིའི་ཕྱིར་འཇུག་ཏུ་མི་སྟེར་སྙམ་དཔྱད་ན་རེ་ཞིག་ན་སྐྱེས་པ་གཞན་བཅུག་པར་མཐོང་ངོ་། །དེ་ནས་སྨན་ཆེན་པོས་སྨྲས་པ། འདིས་འཇུག་ཏུ་མ་སྟེར་བ་ནི་རུང་ངོ་། །དེ་དེ་ལྟར་སེམས་པ་དང་། ཐ་གི་ཙམ་ན་བྲམ་ཟེ་དེ་གྲོང་གཞན་ཞིག་ནས་འོངས་ནས་སྒོར་བོས་པ་དང་། དེས་ཁྱོའི་སྒྲ་ཐོས་ནས་དེ་ཇི་ལྟར་བྱ་སྙམ་ནས་མི་དགའ་སྟེ་དེ་སྤྱད་དུ་བཅུག་གོ །དེ་ནས་གཉི་ག་ཞུགས་ནས་བདེ་བར་འཁོད་དོ། །ཅི་ཙམ་ན་སྨན་ཆེན་པོས་བྲམ་ཟེ་མོ་ལ་སྨྲས་པ། ནས་འདི་དག་གར་གཞག །བྲམ་ཟེ་མོས་སྨྲས་པ། ས་ལའོ། །བྲམ་ཟེས་སྨྲས་པ། བྱི་བས་ཟོས་པར་འོང་མོད་དེས་མལ་གྱི་འོག་དང་། ཁྱིམ་གྱི་གྲ་ཕན་ཚུན་དུ་བརྟགས་ན་དེ་མི་སྣང་ངོ་། ། J01,Vo11,Po70B ཐ་གི་ཙམ་ན་ཕྱོགས་གཅིག་ན་སྤྱད་ཞིག་སྣང་བ་དང་། དེས་དེ་ནི་འདི་ན་ཡོད་དོ་སྙམ་མོ། །དེ་ནས་སྨན་ཆེན་པོས་སྨྲས་པ། སྤྱད་འདིར་ནས་བླུགས་སོ། །བྲམ་ཟེ་མོས་སྨྲས་པ། འདི་ན་བདག་གི་ནོར་གཅེས་པ་ཡོད་ན་འདིར་ནས་ཇི་ལྟར་བླུགས། དེ་ནས་ཁྱོས་སྨྲས་པ། བྲམ་ཟེ་མོ་སྐྱོན་ཅན་དེ་སྣོད་གང་ཡང་རུང་བ་ཞིག་ཏུ་བྱོ་ཤིག་དང་། དེ་ནས་དེར་ནས་ལྡུགས་སོ། །སྨན་ཆེན་པོས་ཀྱང་སྨྲས་པ། གཞན་དུ་ནི་ནས་རྣམས་བྱི་བས་མ་རུང་བར་བྱེད་པས་དེའི་ཕྱིར་འདིར་བླུགས་པར་བྱའོ། །དེ་ནས་བྲམ་ཟེ་མོས་ངེས་པར་རྟོགས་ནས་འཇིགས་ཤིང་སྐྲག་སྟེ་སྨྲས་པ། སྤྱད་འདི་ཡང་གཤེར་ལ་ནས་རྣམས་ཀྱང་མ་རུང་བར་འགྱུར་རོ། །དེ་ནས་སྨན་ཆེན་པོས་བྲམ་ཟེ་མོ་ལ་སྨྲས་པ། ཡང་ཁྱོད་ཀྱིས་སེམས་ཁྲལ་བྱ་མི་དགོས་པར་ཁོ་བོས་ཅི་ནས་ཀྱང་གཤེར་བར་མི་འགྱུར་བ་དང་། ནས་ཀྱང་མ་རུང་བར་


DKG011_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་བ་དེ་ལྟར་བྱའོ་ཞེས་དེས་ལངས་ནས་རི་དགས་ཀྱི་པགས་པ་སྔ་ལོག་ཕྱི་ལོག་བྱས། མཆོད་ཕྱིར་ཐོགས་ཉིས་ལྟབ་ཏུ་མགུལ་དུ་ཐོགས་ཏེ་སྤྱད་སྐམ་མོ་ཞེས་སྤྱད་དུ་བ་ལང་གི་ལྕི་བ་དང་ཤིང་དག་བསྐྱ་བར་བརྩམས་པ་དང་། དེ་ནས་བྲམ་ཟེ་མོ་སྡུག་པ་དང་བྲལ་བ་ལས་སྐྱེས་པའི་སྡུག་བསྔལ་མངོན་དུ་མཐོང་སྟེ། འདི་ད་ནི་མེད་པར་འོང་ངོ་སྙམ་ནས་བྱི་བོ་དེའི་ཁྱིམ་དུ་འདི་ལྟར་གྱུར་གྱིས་མྱུར་དུ་ཤེག་ཤིག་ཅེས་བང་ཆེན་བཏང་ངོ་། །དེ་ནས་དེའི་ཕས་ཐོས་མ་ཐག་ཁོ་ནས་སོང་སྟེ་སྨན་ཆེན་པོ་ལ་སྨྲས་པ། སྤྱད་འདི་རིན་གྱིས་བླང་ངོ་། །དེས་སྨྲས་པ། བག་རྟོན་ལ་ལོང་ཤིག །ཇི་ལྟར་བྱ། གསེར་གྱི་དོང་ཚེ་ལྔ་བརྒྱ་དག་གིས་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་དེ་སྐད་ཀྱང་ཟེར་ཞིང་སྤྱད་དེའི་ཉེན་ཀོར་དུ་མེ་སྒྲོན་ཡང་སྦོར་བར་བྱེད་པ་དང་། དེའི་ཕས་བསམས་པ། དོན་འདི་ནི་བསྙད་དུ་མི་རུང་ངོ་སྙམ་ནས་ཁྱིམ་སྒོ་ཕྱེ་སྟེ་མི་སྟོབས་པོ་ཆེས་བཏེག་ནས་རང་གི་ཁྱིམ་དུ་ཁྱེར་རོ། །སྨན་ཆེན་པོས་ཀྱང་ཕྱི་དེ་ཉིན་གསེར་གྱི་དོང་ཚེ་བརྒྱ་ཕྲག་གཅིག་ནི་ཁྱིམ་བདག་དེ་ལ་བྱིན་ཏེ། དེ་ལ་ཁྱོད་ཀྱི་ཆུང་མ་དེ་ནི་འདི་ལྟ་བུ་ཡིན་ནོ་ཞེས་ཁྱིམ་གྱི་གཏམ་དེ་དང་དེ་བས་ན་ཁྱོད་ཀྱིས་བག་གྱིས་ཤིག་ཅེས་སྨྲས་སོ། །གསེར་གྱི་དོང་ཚེ་ལྷག་མ་ J01,Vo11,Po71A བཞི་བརྒྱ་ནི་བྲམ་ཟེ་དེའི་ལག་ཏུ་གཏད་ནས་འདི་རྣམས་ནགས་ཀྱི་ཚང་ཚིང་ཅན་དུ་སོང་ལ་བདག་གིས་བསླངས་པའི་ས་ག་ལ་བྱིན་ཅིག །དེ་དག་ལ་ཁོ་བོ་བྲམ་ཟེ་མ་ཡིན་ཏེ། ཁོ་བོ་ནི་ལུས་འཕགས་པའི་རྒྱལ་པོ་སྐྱེད་པའི་བློན་པོའི་མཆོག་སྨན་ཆེན་པོ་ཞེས་བྱ་བ་ཡིན་ཏེ་ཁོ་བོ་རྟགས་འདིས་ཚོལ་བའི་ཕྱིར་འོངས་པར་ཟད་དོ། །དེའི་ཕྱིར་བུ་མོ་ཡོངས་སུ་སྐྱོངས་ཤིག་ཅེས་ཀྱང་གྱིས་ཤིག་དེས་གསེར་གྱི་དོང་ཚེ་དེ་རྣམས་བརྫངས་ནས་ཕྲིན་ཡིག་ཀྱང་སྤྲིང་སྟེ་རྒྱལ་པོ་སྐྱེད་པའི་དྲུང་དུ་སོང་ངོ་། །བྲམ་ཟེ་དེས་ཀྱང་ནགས་ཀྱི་ཚང་ཚིང་ཅན་དུ་སོང་སྟེ། ས་ག་ལ་ཕྲིན་ཡིག་དང་གསེར་གྱི་དོང་ཚེ་སུམ་བརྒྱ་བྱིན་ནོ། །ཅི་ཙམ་ན་ས་གས་བཀླགས་ན། བཞི་པོ་ཡི་ནི་ཆ་དག་ལས། །གལ་ཏེ་ཅ་གཅིག་མ་སྟེར་ན། །ཤིང་གི་སུ་མི་འདོད་བླངས་ནས། །དེར་འདི་ཆུག་ལ་ཆ་དོ་ཤིག །དེས་གསེར་གྱི་དོང་ཚེ་བརྒྱ་ཕྲག་གཅིག་མ་ཐོབ་པར་མཐོང་ནས་དེ་ནས་


DKG011_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རིངས་པར་མལ་གྱི་འོག་ཏུ་ཚོལ་བ་དང་། དེས་སྨྲས་པ། དེར་ཅི་ཚོལ། དེས་སྨྲས་པ། ཕོ་བྲང་འཁོར་ནས་རྒྱལ་པོའི་མི་འོངས་ན་གནོད་པ་བྱེད་པ་ཟུང་ཤིག་ཅེས་བྱུང་སྟེ། དེའི་ཕྱིར་སུ་མ་འདོང་ཚོལ་ལོ། །དེས་བླངས་ཏེ་བྲམ་ཟེ་དེ་ལ་སྨྲས་པ། དེར་དེ་ལྟ་བུ་སུ་ཞིག་ཁྲིད་ཀྱང་ཁོ་མོས་མ་ཤེས་ན་རེ་ཞིག་འདིར་རྐང་པ་ཆུད་དམ་མི་ཆུད་སད་ཀྱིས་ཐང་ཅིག་ཆུག་ཤིག །བྲམ་ཟེས་ཀྱང་བསམ་པ་མནག་པའི་ཕྱིར་རྐང་པ་བཅུག་པ་དང་། དེས་རིངས་པར་གཟེར་བ་བཏབ་པོ། །བྲམ་ཟེས་སྨྲས་པ། ང་ཅིའི་ཕྱིར་གཟུང་། དེས་སྨྲས་པ། དེས་བཞི་བརྒྱ་བཀུར་ན་ཁྱོད་ཀྱིས་དེ་ལས་བརྒྱ་བསྐུམས་པས་སོ། །དེ་ནས་བྲམ་ཟེ་ཡ་མཚན་སྐྱེས་ཏེ། དེས་བསམས་པ། སྨན་ཆེན་པོ་དང་། འདི་ནི་འདྲེ་དག་ཅིག་སྟེ། འདྲེ་ཆེན་པོ་གཉིས་གནས་གཅིག་ཏུ་འདུས་པར་གྱུར་ཏོ་སྙམ་ནས་དེས་ལྷག་མ་བྱིན་ནོ། ། ཐ་གི་ཙམ་ན་ཕ་མ་འོངས་པ་དང་གསེར་དེ་བསྟན་ནས་དེ་ནི་བྲམ་ཟེ་མ་ལགས་ཏེ་དེ་ནི་ལུས་འཕགས་པའི་རྒྱལ་པོ་སྐྱེད་པའི་བློན་པོའི་མཆོག་སྨན་ཆེན་པོ་ཞེས་བགྱི་བ་ལགས་སོ་ཞེས་སྨྲས་པ་ཐོས་ནས་ཕ་མ་དང་བུ་མོ་དེའི་གཉེན་འདུན་གྱི་སྐྱེ་བོ་དག་བདག་ཅག་གིས་ནི་ཆེན་པོ་དང་གཉེན་དུ་བྱས་སོ། །བདག་ཅག་ནི་བསོད་ནམས་དང་ལྡན་པ་དང་གཙང་བྱེད་ J01,Vo11,Po71B ཡིན་ཏེ། ད་ནི་བདག་ཅག་གི་རིགས་སྨན་ཆེན་པོས་གསོལ་བར་བྱས་སོ་ཞེས་ཤིན་ཏུ་དགའ་བ་དང་ལྡན་ནོ། །དེ་ཕྱིན་ཆད་ས་ག་དེ་བསྐུ་མཉེ་དང་། ཁྲུས་དང་། ཟས་སྐོམ་དང་། གོས་དང་། རྒྱན་གྱི་ཁྱད་པར་དག་གིས་ཤིན་ཏུ་བྱི་དོར་བྱ་བར་བརྩམས་པ་དང་རིང་པོ་མ་ལོན་པར་ཇེ་ཁྱད་པར་གཟུགས་ཤིན་ཏུ་བཟང་བ་དང་ཤིན་ཏུ་མཛེས་པར་གྱུར་ཏོ། །དེ་ནས་སྨན་ཆེན་པོ་གྲོང་ཁྱེར་དུ་སོང་བ་དང་། རྒྱལ་པོས་འོངས་སོ་ཞེས་ཐོས་སོ། །དེ་ནས་རྒྱལ་པོ་དང་བློན་པོ་རྙིང་པ་རྣམས་སྨན་ཆེན་པོ་འོངས་སོ་ཞེས་ཤིན་ཏུ་དགའ་བ་སྐྱེས་སོ། །རྒྱལ་པོ་སྐྱེད་པས་སྨྲས་པ། ཇི་ལྟར་འོངས། དེས་སྨྲས་པ། བདག་གིས་མཆིས་འབྲང་རྙེད་དོ། །རྒྱལ་པོས་སྨྲས་པ། ཅི་འདྲ་བ་ཞིག །སྨན་ཆེན་པོས་སྨྲས་པ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། བློ་ཕུན་སུམ་ཚོགས་པ་ཞིག་སྟེ། དེ་ནི་བདག་གི་སྦུ་ལ་འབབ་པ་


DKG011_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་སོ། །དེ་ལྟ་ལགས་ཀྱིས་ཀྱང་ལྷ་ལ་ད་བླང་བར་བགྱི་འམ་ཞེས་ཞུའོ། །དེ་ནས་རྒྱལ་པོས་སྨྲས་པ། ང་མ་གཏོགས་པ་གཞན་སུ་ཞིག་ཁྱོད་ཀྱི་ཐོག་ཏུ་འབབ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ནི་བློན་པོའི་མཆོག་ཡིན་ནོ། །དེ་ལྟ་བས་ན་དེ་ཅི་ནས་ཀྱང་ང་མགུ་བར་འགྱུར་བ་དེ་ལྟ་བུའི་འབྱོར་པས་བླང་བར་བྱའོ། །ལྷ་དེ་ལྟར་འཚལ་ལོ་ཞེས་སྨྲས་ནས་སྨན་ཆེན་པོ་བློན་པོའི་ཚོགས་ཀྱིས་བསྐོར་ཅིང་བྲམ་ཟེ་དང་། ཁྱིམ་བདག་དང་། སྐྱེ་བོའི་ཚོགས་མགྲོན་དུ་བོས་པ་གཞན་རྣམས་དང་། གླང་པོ་ཆེ་བ་དང་། རྟ་པ་དང་། ཤིང་རྟ་པ་དང་། དཔུང་བུ་ཆུང་གི་ཚོགས་མང་པོས་བསྐོར་ནས་རི་འོར་ནགས་ཀྱི་ཚང་ཚིང་ཅན་དུ་གྱོས་པོའི་ཁྱིམ་དུ་སོང་ངོ་། །སོང་ནས་བག་མ་བླང་བ་ཆེན་པོ་བྱས་ཏེ་མཐར་གྱིས་ཆུང་མ་ཁྲིད་ནས་གྲོང་ཁྱེར་དུ་འོངས་ཏེ་དེ་ན་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་ནས་བྱང་ཕྱོགས་ནས་ཚོང་པ་ལྔ་བརྒྱ་ཞིག་ཟོང་དུ་རྟ་ཁྱེར་ནས་ལུས་འཕགས་པའི་ལྗོངས་སུ་རྒྱལ་པོ་སྐྱེད་པའི་དྲུང་དུ་ལྷགས་སོ། །གནས་དེ་ན་སྨད་འཚོང་མ་ཚུལ་དང་། འདུལ་བ་དང་། གཟུགས་དང་། རྒྱ་ཆེ་བ་དང་མཐུན་པར་བྱེད་པ་དང་། བགད་པ་དང་། སྒེག་པ་དང་། སྤྲོ་བ་བསྐྱེད་པ་དང་། གླུ་དང་། གར་དང་། ཟུར་སྟེགས་དང་། བསམ་པ་མཁས་པ་དེ་ལྟ་བུ་ལྔ་ J01,Vo11,Po72A བརྒྱ་འཁོད་པས་ཚོང་པ་གང་དག་འོངས་ཤིང་ལྷགས་པ་རྣམས་རྫས་མེད་པར་བྱེད་དོ། །དེ་ནས་དེ་རྣམས་ཀྱིས་བྱང་ཕྱོགས་ནས་ཚོང་པའི་འགྲོན་པ་ཇི་ལྟར་ལྷགས་པ་ཐོས་ནས་དེ་རྣམས་ཀྱིས་རེ་རེས་ཚོང་པ་རེ་རེ་ལ་རིམ་གྲོ་བྱ་བར་ཁས་བླངས་པས་ཉེ་བར་བཟུང་སྟེ་དེ་དག་རྣམས་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་ནས་དེ་རྣམས་ཀྱི་དེད་དཔོན་གང་ཡིན་པ་དེ་ནི་བག་ཡོད་པ་ཅན་ཞིག་པས་དེ་དེ་རྣམས་དང་ལྷན་ཅིག་བག་མེད་པ་མི་བྱེད་དོ། །སྨད་འཚོང་མ་དེ་རྣམས་ཀྱི་ནང་ན་ཀུན་གྱི་གཙོ་མོ་གང་ཡིན་པ་དེ་ནི་དེད་དཔོན་དེ་འདོད་ན་དེད་དཔོན་ནི་མི་བཏུབ་པོ། །དེ་ནས་དེས་ཚོང་པ་དེ་རྣམས་བསྡུས་ནས་གསོལ་བ་བཏབ་པ་བདག་དང་དེད་དཔོན་མཐུན་པར་མཛོད་ཅིག །དེ་ནས་ཚོང་པ་དེ་རྣམས་དང་སྨད་འཚོང་མ་དེ་


DKG011_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཉིན་གཅིག་བཞིན་རྒྱུན་དུ་ཕེའུ་བྱས་ན་བག་མེད་པའི་དབང་དུ་མི་འགྲོའོ། །དེ་ནས་སྨད་འཚོང་མ་དེ་རང་ཉིད་འོངས་ཤིང་དེད་དཔོན་དང་ལྷན་ཅིག་བགད་པ་དང་། ག་ཞ་བྱས་པ་དང་། དེ་ནས་དེད་དཔོན་གྱིས་སྨྲས་པ། ང་ལ་འཁྲུལ་བར་བྱ་བར་མི་ནུས་ན་ཅིའི་ཕྱིར་ཉོན་མོངས། དེས་སྨྲས་པ། གལ་ཏེ་འཁྲུལ་བར་བགྱི་ན་ཤེས་ལྡན་གྱིས་ཅི་སྩལ། དེས་སྨྲས་པ། རྟའི་མཆོག་ལྔ་སྦྱིན་ནོ། །འོ་ན་འཁྲུལ་བར་མ་བགྱིས་ན་སླད་ཀྱིས་ཀཱར་ཥཱ་པ་ཎ་མ་མཆིས་བཞིན་དུ་རྗེས་སུ་འཇུག་པར་བགྱིའོ། །དེ་ནས་དེ་ལྟར་སྐུགས་བཙུགས་ནས་འབད་དེ་ཉེ་བར་སྤྱད་པ་ལས་ཀྱང་མ་ནུས་སོ། །ཅི་ཙམ་དུས་གཞན་ཞིག་ན་ཚོང་པ་དེ་རྣམས་ཀྱིས་སྨྲས་པ། དེད་དཔོན་གྲོང་ཁྱེར་གྱི་གཙོ་མོ་སྨད་འཚོང་མ་གཞག་པ་ལས་མ་ཐུག་གིས་འཇིག་རྟེན་གྱི་ཚུལ་གྱིས་ཤིག །དེ་ནས་དེད་དཔོན་གྱིས་དེ་རྣམས་ལ་སྨྲས་པ། གྲོགས་པོ་དག་མཚན་མོ་རྨི་ལམ་ན་དེ་ལ་ཡོངས་སུ་སྤྱད་དོ། །ཚོང་པ་རྣམས་ཀྱིས་ཀྱང་དེ་ལ་བསྙད་པ་དང་། དེས་དེད་དཔོན་དེ་རྒྱལ་པོའི་མི་རྣམས་འཛིན་དུ་བཅུག་ནས་ཁྱོད་བདག་དང་འདོད་པ་སྤྱད་ཀྱིས་རྟའི་མཆོག་ལྔ་བྱིན་ཅིག །དེད་དཔོན་གྱིས་སྨྲས་པ། ངན་པ་མོ་བརྫུན་དུ་སྨྲ་བ་ཟེར་རམ་ཞེས་དེ་གཉིས་རྩོད་ཅིང་རྒྱལ་པོའི་ཕོ་བྲང་དུ་དོང་ངོ་། །དེ་ནས་རྒྱལ་པོ་འཁོར་དང་བཅས་པ་ལས་ཤགས་བཀྱེ་ J01,Vo11,Po72B བ་ལས་ཉི་མ་ནུབ་ཀྱི་བར་དུ་གཅིག་ཀྱང་མ་ཕམ་ལ། ཅིག་ཤོས་ཀྱང་མ་ཡིན་ནོ། །རྒྱལ་པོ་དང་བློན་པོ་ཐམས་ཅད་ཀྱང་སྐྱོ་བར་གྱུར་ནས་བཀྲེས་པས་ཉེན་ཏེ་ཕྱིས་དཔྱད་དོ་ཞེས་རང་གི་ཁྱིམ་དུ་དོང་ངོ་། །དེ་ནས་སྨན་ཆེན་པོ་ནུབ་མོ་རང་གི་ཁྱིམ་དུ་སོང་ནས་ས་གས་དྲིས་པ། རྗེའི་སྲས་དེ་རིང་ཅིའི་སླད་དུ་ཐོགས། དེས་ཞལ་ཆེ་གཅད་པར་ཡང་མ་ནུས་པའི་གཏམ་དེ་ཐམས་ཅད་རྒྱ་ཆེར་བསྙད་དོ། །དེ་ནས་ས་གས་སྨྲས་པ། ཁྱོད་དེ་ལྟར་རྟོག་པ་དང་། སེལ་བ་ཕུན་སུམ་ཚོགས་པ་དེ་ལྟ་བུ་ཐམས་ཅད་ཀྱིས་གཅད་པར་མ་སྤྱོད་ན་ཁྱོད་སྐྱེས་པའི་ཚུལ་དེ་ལྟ་བུ་ལགས་པ་ལྟ། སྨན་ཆེན་པོས་སྨྲས་པ། དེ་ནི་དེ་ལྟ་བུ་ཡིན་ན་ཅི་ཁྱོད་ཀྱིས་གཅད་ནུས་སམ། དེས་སྨྲས་


DKG011_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པ། རྔོ་ཐོག་སྟེ། བདག་གི་བློའི་ནུས་པ་ལ་གཟིགས་ཤིག །དེས་སྨྲས་པ། གཤེགས་ལ་རྫིང་བུའི་འགྲམ་དུ་རྟའི་མཆོག་ལྔ་བཞག་སྟེ། དེ་ནས་གནས་དེ་ཉིད་དུ་རྒྱལ་པོ་དང་བློན་པོ་རྣམས་ཀྱང་འདུས་ཏེ་ཤགས་འགྱིད་དུ་སྩལ་ཅིག །གལ་ཏེ་སྨད་འཚོང་མ་གཉིས་དང་། གཉིས་འདོད་པ་སྤྱད་དོ་ཞེས་མཆི་ན་རྟའི་མཆོག་ལྔ་ཁྱེར་ཅེས་གསུངས་ཤིག །འོན་ཏེ་རྨི་ལམ་ན་འདོད་པ་སྤྱད་དོ་ཞེས་མཆི་ན་དེ་ནས་རྟའི་གཟུགས་བརྙན་ཆུ་ན་མཆིས་པ་དག་སྟོན་ཅིག །གལ་ཏེ་བླང་དུ་མི་རུང་བ་འདི་དག་བདག་ལ་ཅི་དགོས་ཞེས་སྨྲ་ན། དེ་ནས་ཇི་ལྟར་འདི་བླང་དུ་མི་རུང་བཞིན་དུ་རྨི་ལམ་གྱི་འདོད་པ་སྤྱད་པ་ཡང་དེ་དང་འདྲའོ་ཞེས་གསུངས་ཤིག །དེ་ཐོས་ནས་སྨན་ཆེན་པོ་ཉིད་ཇེ་ཡ་མཚན་དུ་གྱུར་ཏོ། །དེ་ཕྱི་ཉིན་པར་རྒྱལ་པོ་ཡང་འདུས་པ་དང་། བློན་པོ་རྣམས་ཀྱང་ཚོགས་ནས་རྟའི་མཆོག་ལྔ་ཁྲིད་དེ་རྫིང་བུར་ལྷགས་ཏེ། དེར་རྟའི་མཆོག་ལྔ་བཏགས་ནས་ཤགས་འགྱེད་དུ་བཅུག་གོ །དེ་ནས་ས་གས་བསྟན་པ་བཞིན་དུ་སྨན་ཆེན་པོས་ཞལ་ཆེ་བཅད་པ་དང་། རྒྱལ་པོ་དང་བློན་པོ་དང་ཁྲམ་གྱི་རུ་རྣམས་ཀྱིས་ཐོས་ནས་ཡ་མཚན་སྐྱེས་སོ། །རྒྱལ་པོས་སྨྲས་པ་ཀྱེ་སྨན་ཆེན་པོ་གང་འདི་ཁར་ཚང་སྨྲས་པ་དང་། ང་དང་། བློན་པོ་རྣམས་དང་། སྐྱེ་བོ་གཞན་ཡང་ཉོན་མོངས་པར་མི་འགྱུར་བ་ཞིག་ན་ཁྱོད་ཀྱི་ཐབས་སུ་ལས་བྱུང་། དེས་སྨྲས་པ། འདི་ནི་ས་གའི་ཐབས་ལགས་ཏེ། དེས་ཀྱང་ཁར་ཚང་བསྟན་ལགས་སོ། ། J01,Vo11,Po73A དེ་ནས་རྒྱལ་པོ་དང་། བློན་པོ་དག་དང་། སྐྱེ་བོའི་ཚོགས་གཞན་རྣམས་ཀྱང་ཡ་མཚན་སྐྱེས་ཏེ། ཀྱེ་མའོ་ཤིང་མཁན་གྱི་བུ་མོ་ས་ག་ནི་ཤིན་ཏུ་མཁས་སོ། །ས་ག་བློ་དང་ལྡན་ནོ་ཞེས་ཡུལ་ཐམས་ཅད་དུ་སྒྲ་གྲགས་པར་གྱུར་ཏོ། །དེ་ནས་བྱང་ཕྱོགས་ཀྱི་ཚོང་པ་ཞིག་གིས་རྒོད་མ་གཉིས་ཤིག་རྒྱལ་པོ་ལ་སྐྱེས་སུ་ཕུལ་ཏེ། ལྷ་རྒོད་མ་འདི་དག་སྨད་ལགས་ན། མ་འམ་བུ་གང་ལགས་པ་ནི་གཞན་གྱིས་མ་འཚལ་ཏོ། །དེ་ལ་ཡང་རྒྱལ་པོ་འཁོར་དང་བཅས་པ་དེ་དག་སྐྱོ་བར་གྱུར་ནས་དེ་ཁོ་ན་བཞིན་དུ་ཤིང་མཁན་གྱི་བུ་མོ་ས་ག་ལ། སྨན་ཆེན་པོས་སྨྲས་པ་དང་། རྗེའི་སྲས་གང་གི་སྤུ་གཤོར་བ་དེ་ནི་མའོ། །གང་གི་སྤུ་འཇམ་པ་ནི་བུའོ། །ཕྱི་དེ་ཉིན་དེ་བཞིན་དུ་སྨན་ཆེན་པོས་


DKG011_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་ནས། ལྷ་ས་གའི་ཐབས་ལགས་སོ་ཞེས་སྨྲས་པ་དང་། དེ་ལ་ཡང་རྒྱལ་པོ་ཡ་མཚན་སྐྱེས་སོ། །དུས་གཞན་ཞིག་ན་སྦྲུལ་ཁས་སྡིགས་པ་ཞིག་གིས་སྦྲུལ་གཉིས་ཁྱེར་ཏེ་འོངས་ནས་དེ་ལ་གཅིག་ནི་ཕོ། །ཅིག་ཤོས་ནི་མོ་ལགས་ན་གང་ཕོ་གང་མོ་ལགས་པ་ནི་མ་འཚལ་ཏོ། །དེ་ནས་རྒྱལ་པོ་དང་། བློན་པོ་དང་། མདུན་ན་འདོན་རྣམས་སྐྱོ་ནས་དེ་ཁོ་ན་བཞིན་དུ་སྨན་ཆེན་པོས་ས་ག་ལ་དྲིས་ཤིང་། གང་ཞིག་ཕོ་འམ་མོ་ཡིན་པར་མ་ཤེས་པ་ཡང་རྒྱས་པར་སྨྲས་པ་དང་། དེ་ནས་ས་གས་ཅུང་ཞིག་བགད་དེ་སྨྲས་པ། གང་དག་དོན་འདི་ལྟ་བུ་མི་རྟོགས་པ་དེ་ལྟ་བུ་ཁྱོད་ཀྱང་བློན་པོའམ། ཡོང་རྒྱལ་པོ་གོ་བློན་པོ་རྟོག་པ་དང་། སེལ་བ་ཕུན་སུམ་ཚོགས་པ་དེ་ལྟ་བུ་དྲུག་གིས་བརྒྱན་པ་ལྟ་ཞིག་དྲི་ཡིས་ཅི་ཁྱོད་ཀྱིས་ཤེས་སམ། སྨྲས་པ། ཧ་ཅང་མོད་འོད་མའི་རྩེ་མོའམ། སྨིག་མའི་རྩེ་མོ་ལ་རས་བལ་གྱི་འདབ་མ་འམ། བལ་གྱིས་དཀྲིས་ཏེ་གཉི་གའི་རྒྱབ་ཏུ་རེག་པར་བགྱིས་པ་དང་། དེ་དག་ལས་གང་རེག་ཏུ་མི་བཟོད་པ་དེ་ནི་ཕོ་ལགས་སོ། །ཕྱི་དེ་ཉིན་དེ་བཞིན་དུ་བྱས་པ་ལས་རྒྱལ་པོ་མགུ་བར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་ན་ལྷོ་ཕྱོགས་ནས་ཚོང་པ་དག་ཅིག་ཙན་དན་གྱི་སྡོང་པོ་ཞིག་ཁྱེར་ཏེ་འོངས་པ་དེའི་མགོ་མཇུག་མ་ཤེས་ཏེ། དེ་ནས་དེ་ཁོ་ན་བཞིན་དུ་ཆུང་མ་ལ་དྲིས་པ་དང་། རྗེའི་སྲས་རྫིང་བུའི་ནང་དུ་བོར་དང་། རྩ་བ་གང་ལགས་པ་དེ་འོག་ཏུ་འབྱིང་ངོ་། །དེ་ཡང་རྒྱལ་པོ་སྐྱེད་པ་དང་། J01,Vo11,Po73B གཞན་ཡང་སྐྱེ་བོའི་ཚོགས་དག་གིས་ཐོས་ནས་ཡ་མཚན་སྐྱེས་སོ། །རྒྱལ་པོ་སྐྱེད་པའི་བློ་སྐྱེས་པ་ངའི་བློན་པོ་དག་གི་ནང་ན་ནོར་བུ་རིན་པོ་ཆེ་རྟོག་སུ་མཁས་ཤེས་པར་བྱའོ་སྙམ་ནས། དེས་ཁང་པ་རྩེག་མའི་སྟེང་དུ་རྒྱལ་མཚན་གྱི་རྩེ་མོ་ལ་རིན་པོ་ཆེ་བཏགས་སོ། །དེའི་འོག་ན་རྫིང་བུ་ཞིག་ཡོད་དོ། །རྒྱལ་པོས་ཀྱང་སུས་ནོར་བུ་རིན་པོ་ཆེ་འདི་ཤེས་པ་འདི་ལ་སྦྱིན་པར་དམ་པ་བསྟབས་སོ། །རྫིང་བུ་དེར་ཞུགས་ནས་འོད་དེ་བླང་བ་ལ་ཞུགས་ན་བླང་ཡང་མ་ནུས་སོ། །དེ་ནས་ཤིང་མཁན་གྱི་བུ་མོ་ས་ག་ལ་སྨྲས་པ་དང་། རྗེའི་སྲས་སྟེང་དུ་གཟིགས་ཤིག་དང་། དེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་པ་དེའི་མཐུས་གཟུགས་བརྙན་གདའ་མོད་ཀྱི་ནང་དུ་བཞུད་


DKG011_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྒྱལ་མཚན་གྱི་རྩེ་མོ་ལས་བླང་བར་བགྱིའོ། །དེས་ཕྱི་དེ་ཉིན་དེ་བཞིན་དུ་བྱས་པ་དང་། རྒྱལ་པོས་སྨྲས་པ། འདི་སུའི་ཐབས། དེས་ས་གའི་ཐབས་ལགས་སོ་ཞེས་སྨྲས་པ་དང་། མགུ་ནས་རྣམ་པ་ཐམས་ཅད་དུ་ཤིན་ཏུ་མཁས་སོ་ཞེས་བསྟོད་དོ། །དེ་ནས་ས་ག་ཤིན་ཏུ་གཟུགས་དང་ལྡན་པར་བློན་པོ་དྲུག་གིས་ཤེས་ཏེ། དེ་བདག་ཅག་གིས་ནོར་བུ་དང་། དངུལ་དང་། དབྱིག་དང་། གསེར་དང་། ཨན་ད་རྙིལ་དང་། པད་མ་རཱ་ག་དང་། རྡོའི་སྙིང་པོ་ལ་སོགས་པས་བྲིད་ལ་ལྷན་ཅིག་ཕྲད་པར་བྱའོ་སྙམ་པ་ལས་མ་ཟུག་གོ །དེ་དག་རྒྱུན་དུ་སྨྲ་བ་དང་། དེས་སྨན་ཆེན་པོ་ལ་སྨྲས་པ། ཁྱོད་ཀྱིས་ཡུལ་ཆོས་ཀོ་བུད་མེད་གང་སུ་ཡང་རུང་གཞོན་ཞིང་གཟུགས་བཟང་བ་དེ་གཞན་གྱི་སྐྱེས་པས་སླུ་བ་དེ་ལྟ་བུ་ཞིག་ལྟ། དེས་སྨྲས་པ། འདི་ནི་ཐམས་ཅད་ཀྱི་ཆོས་ཏེ། སྐྱེས་པ་རྣམས་ནི་བུད་མེད་ཐམས་ཅད་ལ་དོན་དུ་གཉེར་མོད་ཀྱི་བུད་མེད་ཉིད་ཀྱིས་ཤེས་པར་བྱས་ཏེ། གལ་ཏེ་བུད་མེད་མཛངས་ན་དེ་བྱེད་དུ་མི་བཏུབ་པོ། །དེ་ནས་ས་གས་སྨྲས་པ། རྗེའི་སྲས་གལ་ཏེ་དེ་ལྟ་བུ་ལ་ཅོ་དྲི་བའམ། གནོད་པ་ཞིག་བགྱིས་ན་དེ་ལ་ཉེན་དུ་མི་འགྱུར་གྲང་། སྨན་ཆེན་པོས་སྨྲས་པ། བག་རྟོན་ལ་བྱོས་ཤིག །དེ་ནས་དེས་ཁྱེད་ཀྱིས་ནའོ་ཞེས་སྒྱུ་མཛོད་ཅིག་དང་། དེ་ནས་མཐོ་བཙམ་པར་བགྱིའོ། །དེ་མིན་པར་སྒྱུ་བྱས་ཏེ་འདུག་པ་དང་། དེས་ཀྱང་དེ་དག་གི་ཕོ་ཉ་གང་དག་ཡིན་པ་ J01,Vo11,Po74A དེ་དག་ལས་བཟླུགས་པ་འདི་མི་བདེ་མོད་ཀྱི། ཇི་ལྟར་བཀའ་སྩལ་པ་དེ་བཞིན་དུ་རིམ་གྲོ་འཚལ་ལོ་ཞེས་འདི་སྐད་དུ་སོ་སོར་སྤྲིང་ངོ་། །དེས་ཀྱང་ཤིང་ལས་སྨན་ཆེན་པོའི་གཟུགས་བརྙན་བྱས་ནས་དེ་གོས་ཀྱིས་གཡོགས་ཏེ་མལ་དུ་བསྙལ་ལོ། །དེ་དག་སོ་སོ་ལ་ཡང་སྨྲས་པ། སྨན་ཆེན་པོ་འདི་ནི་ཉམ་ཆུང་སྟེ། ཆེ་གེ་མོ་ཞིག་དང་། ཆེ་གེ་མོ་ཞིག་གི་དུས་སུ་གཞན་གྱིས་མ་འཚལ་བར་སྤྱོན་ཅིག་ཅེས་བྱས་ནས་སྒྲོམ་ཆེན་པོ་དྲུག་བྱས་ཏེ་རང་གི་ཁང་པ་དྲུག་ཏུ་བཅུག་གོ །དེ་ནས་དེ་དག་འོངས་པ་དང་སྒྲོམ་དུ་བཅུག་སྟེ་བཅིངས་ནས་ཕྱི་དེ་ཉིན་སྨན་ཆེན་པོ་ཤིའོ་ཞེས་སྒྲ་ཡང་བཏང་ངོ་། །དེ་ནས་རྒྱལ་པོའི་བཙུན་མོའི་འཁོར་དང་བཅས་པ་དང་། གཞན་ཡང་སྐྱེ་བོའི་ཚོགས་དག་གིས་ཐོས་ནས་མྱ་ངན་ཆེན་


DKG011_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་ལྡན་ཏེ། བདག་ཅག་སེམས་ཅན་འདི་ལྟ་བུ་དང་བྲལ་བར་གྱུར་ཏོ་ཞེས་རབ་ཏུ་སེམས་ཤིང་མྱ་ངན་གྱི་རྒྱ་མཚོར་ཞུགས་ནས་སྙིང་རྗེ་རྗེ་སྐད་དུ་སྨྲའོ། །ཤིང་མཁན་གྱི་བུ་མོ་ས་ག་དེས་ཀྱང་བློན་པོ་སྒྲོམ་དུ་བཅུག་པ་དེ་དྲུག་ལེགས་པར་བསྡམས་ནས་རྒྱལ་པོ་སྐྱེད་པའི་དྲུང་དུ་ཁྱེར་ཏེ་ལྷ་སྨན་ཆེན་པོ་ནི་དུས་ལས་འདས་ཏེ། དེའི་ནོར་གང་ལགས་པ་དབྱིག་དང་། གསེར་དང་། དར་དང་། རིན་པོ་ཆེ་ལ་སོགས་པ་དེ་དག་དེ་ཉིད་ཀྱི་རྒྱས་བཏབ་པ་འདི་དག་ལགས་སོ། །དེ་ནས་རྒྱལ་པོས། དེ་ནི་དེ་རིང་ཤི་ནས་དེང་ཉིད་ང་ལ་འདི་ཕུལ་ལོ་ཞེས་ཤིན་ཏུ་མྱ་ངན་གྱིས་གདུངས་སོ། །དེའི་སྐབས་སུ་སྨན་ཆེན་པོ་ཉིད་གནས་གཞན་ཞིག་ནས་མེ་ཏོག་གིས་བརྒྱན་ཏེ་དགོད་ཅིང་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ནས་རྒྱལ་པོ་ལ་ཕྱག་བྱས་ཏེ་སྨྲས་པ། ལྷས་བདག་གདུགས་འགའ་ཡང་བྱམས་པས་མ་བཟུང་སྟེ། དེང་ཉིད་སྡུམ་པ་རྒྱལ་པོས་བཞེས་ལགས་སམ། རྒྱལ་པོས་སྨྲས་པ། ངས་མ་བླངས་ཏེ། ཁྱོད་ཉིད་ཀྱི་ཁྱིམ་ནས་ཁྱེར་ཏེ་འོངས་སོ། །ཡང་སྨྲས་པ། རྒྱལ་པོ་ཆེན་པོ་སྨན་ཆེན་ནི། །འདི་ནས་འཇིག་རྟེན་ཕ་རོལ་མཆིས། །དེ་ཡི་རིན་ཆེན་འདི་རྣམས་ལགས། །དེ་དག་མི་དབང་བཞེས་སུ་གསོལ། །རྒྱལ་ཆེན་བདག་ནི་ཡུགས་ས་སྟེ། །ཁྱིམ་ཐབ་དང་ནི་བྲལ་བས་ན། །བདག་ལས་བརྙས་པ་ J01,Vo11,Po74B བགྱིས་ནས་ལགས། །བདག་ལས་ནོར་ནི་ཕྲོགས་སུ་མཆི། །དེ་ནས་སྨན་ཆེན་པོས་བློན་པོའི་མཆོག་རྣམས་ཀྱི་བློའི་དཔྱོད་པའི་ལེགས་པ་ཡང་བསྟན་ཏོ། ། རྒྱལ་པོ་སྐྱེད་པས་ཀྱང་བལྟས་ན་སྐྲ་དང་ཁ་སྤུ་བྲེགས། རྐང་ལག་བཞི་བསྐུམས་པའི་བློན་པོ་དྲུག་མཐོང་ནས། བགད་དེ་སྨན་ཆེན་པོ་ལ་སྨྲས་པ། སྨན་ཆེན་པོ་ཐབས་འདི་སུའི་ཡིན་སྨྲོས་ཤིག །དེས་ས་གའིའོ་ཞེས་ཐམས་ཅད་རྒྱས་པར་སྨྲས་སོ། །དེ་ནས་རྒྱལ་པོས་བསམས་པ། ཀྱེ་མ་བུད་མེད་ཀྱི་བློ་གྲོས། ཀྱེ་མ་བརྟན་པ། ཀྱེ་མ་བློའི་དཔྱོད་པ། དེས་བློན་པོའི་མཆོག་འདི་དག་འདི་ལྟར་ཅོ་དྲིས་སོ་ཞེས་མགུ་ནས་དེ་བཀུར་བ་ཆེར་བྱས་སོ། །ཡུལ་ཐམས་ཅད་དུ་ཡང་ཤིང་མཁན་གྱི་བུ་མོ་ས་ག་ནི་དེ་ལྟར་བློ་དང་ལྡན་ནོ་ཞེས་སྙན་པ་གྲགས་སོ།། །།སྡོམ་ནི། ང་ཡང་སྨན་གྱིས་དེ་བཞིན་ནོ། །ཁྱི་དང་


DKG011_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུགས་ལ་བཟས་བསོད་སྦྱིན། །དམ་བཅའ་རྡོ་བ་རོལ་མོ་རྣམས། །ཨུ་དུམ་བཱ་ར་སྒྱུར་མོར་འདྲ། །སེ་མོ་དོ་ཡང་སྟོར་བ་སྟེ། །ནེ་ཙོ་གསང་ཡང་བསྙད་པའོ། །བར་མདོ་གཉིས་པའི་ཚིགས་བཅད་དོ། །དེ་ནས་རྒྱལ་པོས་ས་ག་མཁས་ཤིང་མཛངས་པར་ཤེས་ནས་སྨན་ཆེན་པོ་བསོད་ནམས་དང་ལྡན་པས་ནི་འདི་ལྟ་བུའི་ཆུང་མ་བློ་དང་ལྡན་པ་རྙེད་དོ་སྙམ་མོ། །དེ་ནས་རྒྱལ་པོས་སྨན་ཆེན་པོ་ལ་སྨྲས་པ། གལ་ཏེ་ཁྱོད་དགའ་བར་ལྟ་ན་ང་ལ་ཡང་ཆུང་མ་འདི་ལྟར་བློ་དང་ལྡན་པ་ཞིག་བཙལ་ཏེ་བླངས་ན་ཁྱིམ་གྱི་སྲིད་དང་། གཞན་ཡང་ཕྱི་རོལ་རྒྱལ་པོའི་ཕོ་བྲང་གི་དོན་འདི་ལ་བདེ་བར་གནས་སོ། །སྨན་ཆེན་པོས་སྨྲས་པ། གང་ནས་བཙལ་བར་བགྱི། གང་གི་ཕྱིར་རྒྱལ་པོ་སྐྱེད་པས་སྨྲས་པ། ལྔ་ལེན་གྱི་རྒྱལ་པོའི་བུ་མོ་སྨན་ལྡན་ཞེས་བྱ་བ་གཟུགས་བཟང་ཞིང་མཛེས་པ། གཞན་ཡང་དྲན་པ་དང་ཤེས་བཞིན་ཅན་འདི་ལྟར་ས་ག་ཅི་འདྲ་བའི་བློ་དང་ལྡན་པ་ཞིག་ཡོད་ཅེས་ཐོས་པ་དེ་ཆུང་མར་ལོང་ཤིག །དེ་ནས་སྨན་ཆེན་པོས་སྨྲས་པ། ལྷ་འདི་ལ་ཐབས་ཞིག་བགྱི་ན་དེ་ཡང་ལྷའི་མཚམས་ལས་གཞན་པ་དགྲ་ལྟ་བུར་མཆིས་པ་སྟེ། དེ་ལ་སྔར་ཐབས་བཙལ་བར་བགྱིའོ། །དེ་ནས་རྒྱལ་པོ་སྐྱེད་པས་བློན་པོ་མདུན་ན་འདོན་དག་བཏང་སྟེ། དེ་དག་སློང་བ་ལ་ཞུགས་སོ། །དེ་ནས་ལྔ་ལེན་གྱི་རྒྱལ་པོས་བློན་པོ་རྣམས་ J01,Vo11,Po75A བསྡུས་ཏེ། ཇི་ལྟར་བྱ་ཞེས་དྲིས་པ་དང་། དེ་དག་གིས་སྨྲས་པ། རྒྱལ་པོ་སྐྱེད་པ་འདི་སྔན་ཆད་ལྷའི་བཀའ་མི་ཉན་ཏེ་དོན་འདིས་འོ་སྐོལ་གྱི་དབང་དུ་འགྱུར་བ་ནི་དེ་དག་མཆིས་ནས་ཇི་ལྟར་བགྱི་བ་གདོད་མཛད་ཀྱིས་རེ་ཞིག་སྩོལ་ཅིག་དེས་བྱིན་ནས་ཆེ་གེ་མོ་ཞིག་ན་ཟླ་བ་ཕྱེད་ཀྱི་ཉིན་པར་ཡུད་ཙམ་པ་དག་དང་སྦྱར་ཏེ། བག་མ་ལེན་དུ་ཤོག་ཤིག་ཅེས་བྱས་ནས་ཕྱིར་སོང་སྟེ། རྒྱལ་པོ་སྐྱེད་པ་ལ་བུ་མོ་སྨན་ལྡན་ནི་ཐོབ་བོ་ཞེས་ཤེས་པར་བྱས་སོ། །ཇི་ལྟར་ནམ་བླང་བར་བྱ། དེ་དག་གིས་ཚེས་གྲངས་ཆེ་གེ་མོ་ཞིག་དང་། ཡུད་ཙམ་པ་དང་སྦྱོར་ལ་ཤོག་ཤིག་ཅེས་མཆིའོ། །དུས་དེའི་འོག་ཏུ་ལྔ་ལེན་གྱི་རྒྱལ་པོས་དེས་བག་མ་གཏང་བའི་དོན་དུ་བརྩམས་པ་ནི་བཟའ་བ་དང་བཏུང་བ་དག་སྟ་གོན་བྱས་ཏེ། བཟའ་བ་དང་བཏུང་བའི་རྣམ་པ་ཐམས་ཅད་དུག་དང་བསྲེ་བ་བྱས་ནས་ལྔ་


DKG011_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་གྱི་རྒྱལ་པོས་བསྡོགས་པ་འདི་ལས་མ་འཕྱི་བར་ཤོག་ཤིག་ཅེས་ཕོ་ཉ་བཏང་ངོ་། །དེ་ནས་དེ་ཐོས་པ་དང་། སྨན་ཆེན་པོས་རྒྱལ་པོ་སྐྱེད་པ་ལ་སྨྲས་པ། ལྷ་རེ་ཞིག་འཕྲལ་དུ་བགྱིར་མི་རུང་སྟེ། དེ་ཅིའི་སླད་དུ་ཞེ་ན། དེ་ནི་གང་གི་ཕྱིར་ལྷའི་མཚམས་ལས་གཞན་པའི་རྒྱལ་པོ་སྟེ། དེ་དང་རྟག་ཏུ་རྩོད་ཅིང་འདིས་རྒྱུན་དུ་མི་མཐུན་པ་ལྷན་ཅིག་ཏུ་བགྱིས་པས་བརྟག་པར་བགྱིའོ། །རྒྱལ་པོས་སྨྲས་པ། སུ་རྟོག་ཏུ་བཏང་། དེས་སྨྲས་པ། རྒྱལ་པོ་བདེ་བར་བཞུགས་ཤིག །བདག་ལ་ནེ་ཙོ་སྤྱོད་གསལ་ཞེས་བགྱི་བ་མཁས་པ། གསལ་བ། ཡིད་གཞུངས་པ་དེ་དེར་བཏང་ལ་དེས་ཐམས་ཅད་ལ་གཏམ་བགྱིས་ནས་སླར་མཆི་བར་བགྱིའོ། །དེ་བཞིན་གྱིས་ཤིག །དེ་དེར་སོང་ནས་བསམས་པ། སུ་ལ་བཅར་ཏེ་གང་གིས་ན་ལྷན་ཅིག་འགྲོགས་ཤིང་གཏམ་བྱ། དེས་ཀུན་ཏུ་བལྟས་ན་ཅུང་ཟད་ཀྱང་མ་མཐོང་ངོ་། །འཇིག་རྟེན་གྱི་ཐ་སྙད་གང་གིས་བྱ་བསམ་མོ། །ཇི་ཙམ་ན་རྒྱལ་པོའི་ཕོ་བྲང་དུ་ཞུགས་ཏེ་དེར་བལྟས་ན་གདུང་གི་བར་ན་རི་སྐེགས་ཞིག་འདུག་པ་མཐོང་སྟེ། དེ་དེར་སོང་ནས་ཀྱང་དེ་གཉིས་ཕན་ཚུན་གཅིག་ལ་གཅིག་དགའ་བས་ཡང་དག་པར་མགུ་བར་བྱས་ནས་གང་ནས་འོངས་ཞེས་དྲིས་སོ། །ནེ་ཙོས་སྨྲས་པ། བྱང་ཕྱོགས་ཀྱི་རྒྱལ་པོ་ཤི་བི་ཞེས་ J01,Vo11,Po75B བྱ་བ་དེ་ནས་ཁོ་བོ་འོངས་སོ། །ཁོ་བོ་སྐྱེད་མོས་ཚལ་སྲུང་སྟེ། དེ་ལ་ཁོ་བོའི་ཆུང་མ་དམ་པ་གཟུགས་བཟང་བ་མཛངས་ཤིང་རྗེས་སུ་མཐུན་པ་ཡིད་དུ་འོང་བ་སྨྲ་བ་རི་སྐེགས་མོ་ཞིག་ཡོད་པ་ལས་རི་སྐགས་དེ་ཡང་གཞན་དུ་སོང་བ་ལས་ཁྲས་ཁྱེར་ཏེ། དེས་ན་ཁོ་བོ་མྱ་ངན་གྱིས་སེམས་གདུངས་ཤིང་ཕན་ཚུན་འཁྱམ་པ་ལས་ཁྱོད་ཀྱི་དྲུང་དུ་ཕྱིན་ནོ། །བཟང་མོ་ཁྱོད་ཁོ་བོའི་ཆུང་མར་མི་རུང་ངམ། དེས་སྨྲས་པ། ཇི་ལྟར་ན་ནེ་ཙོའི་ཆུང་མ་རི་སྐེགས་ཡིན་ཞེས་མ་ཐོས་མ་མཐོང་སྟེ། དེ་ལྟ་མོད་ཀྱི་ནེ་ཙོའི་ཆུང་མ་ནི་ནེ་ཙོ་ཉིད་ཡིན་ནོ་ཞེས་ཐོས་སོ། །དེ་ནས་སྤྱོད་གསལ་གྱིས་གཞན་དག་ཕན་ཚུན་འོང་ཞིང་འགྲོ་བའི་རྣམ་གྲངས་ཀྱི་རྣམ་པས་ཉེ་བར་བསྙེན་ཏོ། །ཡང་སྨྲས་པ། བཟང་མོ་བདག་ནི་ཤི་བིའི་རྒྱལ། །སྐྱེད་མོས་སྲུང་བར་གྱུར་པ་སྟེ། །ཁོ་བོའི་ཆུང་མ་རི་སྐེགས་ནི། །འཇམ་


DKG011_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚིག་ཏུ་སྨྲར་གྱུར་པ། །བྱས་ནི་ནན་གྱིས་ཁྱེར་བས་ན། །བདག་ནི་དེ་ཡིས་གདུངས་པར་གྱུར། །ཁོ་བོ་འདོད་པས་གདུངས་ནས་ནི། །ཁྱོད་ཀྱི་གན་དུ་འོངས་པ་ཡིན། །རི་སྐེགས་ཀྱིས་སྨྲས་པ། ནེ་ཙོའི་ཆུང་མ་རི་སྐེགས་ནི། །མི་རིགས་པར་ནི་བདག་གིས་བསམས། །ནེ་ཙོའི་ཆུང་མ་ནེ་ཙོ་བར། །འདི་སྐད་དུ་ནི་མཁས་པས་བསྒྲགས། །དེ་ནས་དེ་བཞིན་དུ་སྨྲས་ཤིང་བསམས་པ་བསྒྲུབས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་ནས་ནེ་ཙོ་སྤྱོད་གསལ་གྱིས་རྒྱལ་པོའི་ཕོ་བྲང་ན་བཟའ་བ་མང་པོ་སྦྲང་རྩིའི་མཆོག་ཅེས་བྱ་བ་དང་། མྱ་ངན་མེད་སྒྱུར་དང་། ཕེའུ་ཏེའུ་དག་དོག་ལེར་འཚེད་པ་དང་། བུ་རམ་ལས་བྱས་པའི་ཁ་ཟས་མང་པོ་མཐོང་ནས་རི་སྐེགས་ལ་སྨྲས་པ། ཅིའི་ཕྱིར་འདི་དག་འཚེད། ཅི་སྟེ་བདག་ཅག་གིས་ཐོབ་བམ། དེ་ནས་རི་སྐེགས་ལ་ཚིགས་སུ་བཅད་དེ་སྨྲས་པ། དོག་ལེར་མར་སར་མང་པོ་ནི། །འཚེད་པར་བྱེད་པ་འདི་རྣམས་དག །ཁ་ཅིག་བདག་ཅག་གིས་ཐོབ་བམ། །རི་སྐེགས་ཀྱིས་ནི་འཇམ་པོར་སྨྲོས། །རི་སྐེགས་ཀྱིས་སྨྲས་པ། དོག་ལེར་བཅའ་བ་ཁུར་བ་དག །འཚེད་པར་བྱེད་པ་འདི་དག་ཀྱང་། །ནེ་ཙོ་མཁས་པ་སྤྱོད་གསལ་ J01,Vo11,Po76A བ། །འདི་རྣམས་ཁྱོད་ཀྱི་བཟའ་བ་མིན། །འདི་དག་སྐྱེད་པའི་ཆེད་དུ་ནི། །དུག་གིས་ཐམས་ཅད་བསྲེས་པ་ཡིན། །དེ་ནས་སྤྱོད་གསལ་གྱིས་རིག་པ་སྔོན་དུ་བཏང་ནས་རི་སྐེགས་ལ་ཐབས་ཀྱིས་ཡང་སྨྲས་པ། ལྔ་ལེན་རང་གི་བུ་མོ་བ། །སྐྱེད་པ་ལ་ནི་བྱིན་ནོ་ཞེས། །དེ་ལྟ་བུ་ཡང་སྒྲ་དག་གིས། །ཕྱོགས་ཀུན་དུ་ནི་རྒྱས་གྱུར་ན། །དེ་ལ་སུ་ཡི་ཚིག་བདེན་ཞིང་། །གང་གི་ཚིག་དེ་དེ་བཞིན་ཡིན། །རི་སྐེགས་ཀྱིས་སྨྲས་པ། ནེ་ཙོ་མཁས་པ་སྤྱོད་གསལ་བ། །གཏུམ་པོ་དེས་ནི་མི་བྱིན་ཏེ། །བློ་གྲོས་ངན་པ་ཉིད་དག་གིས། །དེ་ལ་གསད་པ་དག་ཏུ་བརྩོན། །དེ་དག་ཐོས་ནས་སླར་ལོག་སྟེ་ནེ་ཙོ་སྤྱོད་གསལ་གྱིས་མཐོང་ཞིང་ཐོས་ནས་རྟོགས་ཤིང་ཤེས་པ་ནི་ཚོང་པས་དོན་གྱི་རྙེད་པ་ཐོབ་པ་ཡོངས་སུ་གྲུབ་པ་བཞིན་ནོ། །རི་སྐེགས་ལ་ཤི་བིའི་ཕྱིར་སྨྲས་པ། བདག་གིས་ཆུང་མ་འདྲ་རྙེད་པ། །རི་སྐེགས་འཇམ་པར་སྨྲ་བ་ནི། །ཤི་


DKG011_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བིའི་རྒྱལ་པོས་མཁྱེན་བྱའི་ཕྱིར། །བཟང་མོ་བདག་ནི་འགྲོ་བར་བྱ། །རི་སྐེགས་ཀྱིས་སྨྲས་པ། གལ་ཏེ་རྗེ་ཡི་སྲས་གཤེགས་ན། །ཤི་བིའི་རྒྱལ་པོ་མཁྱེན་གསོལ་ནས། །དགུང་བདུན་དག་ལས་གཞན་དུ་ནི། །ཡུན་མི་རིང་བར་མཁྱེན་པར་མཛོད། བདག་གི་རིགས་དང་རུས་དག་དང་། །ལོངས་སྤྱོད་ཀྱང་ནི་འདི་འདྲ་བར། །ཤི་བིའི་རྒྱལ་པོས་མཁྱེན་པར་མཛོད། །བདག་ཀྱང་སླད་རྗེས་ཁྱེད་མ་དགུམ། །དེ་སོང་ནས་ཕྱིན་པ་དང་། བློན་པོ་སྨན་ཆེན་པོ་ལ་རྒྱ་ཆེར་ཐམས་ཅད་སྨྲས་སོ། །དེ་ནས་སྨན་ཆེན་པོས་རྒྱལ་པོ་སྐྱེད་པ་ལ་མཁྱེན་པར་བྱས་སོ། །དེ་ནས་ལྔ་ལེན་གྱི་རྒྱལ་པོས་ཀྱང་མི་འོང་བར་རྟོགས་ནས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་དག་རྒྱལ་པོ་སྐྱེད་པའི་དྲུང་དུ་ཕྱིན་ནས་རྒྱལ་པོ་སྐྱེད་པའི་ཕོ་བྲང་བསྐོར་བར་བྱས་པ་དང་། དེ་ནས་བློན་པོའི་མཆོག་སྨན་ཆེན་པོས་བསམས་པ་འདིས་ལྷན་ཅིག་ཐབ་མོ་འགྱེད་པར་ཡང་མི་ནུས་ན་ཇི་ལྟར་བྱ་དབྱེན་ཞིག་བྱ་སྙམ་མོ། །དེས་ལྔ་ལེན་གྱི་རྒྱལ་ J01,Vo11,Po76B པོའི་བློན་པོ་ལྔ་བརྒྱ་ལ་རྣམ་པ་སྣ་ཚོགས་ཀྱི་སྐྱེས་བསྐུར་ཏེ་དབྱེན་བྱས་སོ། །དབྱེན་བྱས་ནས་རྒྱལ་པོ་སྐྱེད་པས་ལྔ་ལེན་གྱི་རྒྱལ་པོ་ལ་ཕོ་ཉ་བཏང་སྟེ། ཁོ་བོ་ཁྱོད་ལ་རྒོལ་བ་མི་ནུས་པ་མ་ཡིན་མོད་ཀྱི་ཁོ་བོ་དང་ཁྱོད་གཉེན་ཏེ། ཁྱོད་ཉིད་གྱོས་པོ་ཡིན་པས་མི་རྒལ་ལོ། །འོན་ཀྱང་ཁྱོད་ངའི་ལག་ཏུ་འཚོའམ་གཤིན་པ་ནི་ཤིན་ཏུ་རིག་པར་གྱིས་ཤིག །ངེད་ཀྱིས་ནུས་པར་གྱུར་ཀྱང་ཁྱོད་ལ་མི་རྒལ་ཏེ། གལ་ཏེ་ཡང་ཁྱོད་ཐེ་ཚོམ་དུ་གྱུར་ན་སྐྱེས་འདི་དང་འདི་དག་ནི་བློན་པོ་ཆེ་གེ་མོ་རྣམས་ལ་བསྐུར་བར་བརྟག་པར་བྱའོ་ཞེས་དེས་སྤྲིང་བ་ལས་སྐྱེས་དང་བཅས་སུ་བཟུང་ངོ་། །དེ་ནས་ལྔ་ལེན་གྱི་རྒྱལ་པོ་དེ་ཉིད་ཀྱི་ནུབ་མོ་ཆས་ནས་རང་གི་ཁྱིམ་དུ་སོང་སྟེ་ཕྱིན་པ་དང་། བློན་པོ་ལྔ་བརྒྱ་དེ་དག་བསད་དེ། དེ་དག་གི་བུ་རྣམས་ཀྱང་བློན་པོར་བཅུག་པ་བདེན་ནོ་ཞེས་སྨྲས་པ་འདིས་རྒྱལ་པོ་སྐྱེད་པ་དང་ལྷན་ཅིག་པ་དག་དགའ་བ་སྐྱེས་པར་གྱུར་ཏོ། །སྨན་ཆེན་པོས་ཀྱང་དེ་དག་བསད་པར་ཐོས་ནས་བདག་གིས་དེ་ལྟ་བུ་དག་བྱས་སོ་སྙམ་སྟེ་དགའ་བར་གྱུར་ཏོ། །


DKG011_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཀྱང་བསད་ནས་རྒྱལ་པོ་ལ་སྨན་ཆེན་པོས་གསོལ་པ། འདི་ལྟར་བདག་ཉིད་དངོས་དེར་མཆིས་ལ་ཐོབ་བམ་མི་ཐོབ་བརྟག་པར་བགྱིའོ། །ཞེས་སྨྲས་སོ། །གང་གི་ཕྱིར་དེ་དེར་བདག་ཉིད་ཀྱི་དཔུང་དང་བཅས་ནས་ལྔ་ལེན་གྱི་རྒྱལ་པོའི་ཡུལ་དུ་སོང་བ་དང་། ལྔ་ལེན་གྱི་རྒྱལ་པོས་གྲོང་ཁྱེར་གྱི་ནང་དུ་ཤོག་ཤིག་ཅེས་སྨྲས་སོ། །དེས་སྨྲས་པ། སྐྱེད་མོས་ཚལ་འདི་ཉིད་དུ་མཆིས་སོ། །ཇི་སྟེ་ཡང་བདག་ངེས་པར་ནང་དུ་མཆི་ན། བློན་པོ་ཆེ་གེ་མོ་ཞིག་གི་ཁྱིམ་དུ་མཆི་བར་འཚལ་ལོ། །དེ་ནས་ལྔ་ལེན་གྱི་རྒྱལ་པོ་བག་ཚ་སྟེ། ཅིའི་ཕྱིར་འདི་འདི་སྐད་དུ་སྨྲ། རེ་ཞིག་གཞན་ཡང་བདག་དང་བློན་པོ་དག་དབྱེན་བྱེད་དོ་སྙམ་སྟེ། དེ་ལྟར་དགའ་ན་དེ་ཉིད་དུ་འདུག་ཤིག་ཅེས་སྤྲིང་ངོ་། །དེའི་བློན་པོ་རྣམས་ཀྱིས་འདི་ལ་བགྲོས་པ། བདག་ཅག་གི་ཕ་ཆུད་གསན་པར་བྱས་པ་དེ་ཐམས་ཅད་ནི་སྨན་ཆེན་པོ་འདི་ཡིན་པས་བདག་ཅག་གིས་སྔོན་གྱི་ཤ་ཁོན་རྗེས་སུ་དྲན་པར་བྱས་ཏེ། རྒྱལ་པོ་ལ་དེ་བཞིན་དུ་གལ་གྱིས་བཅུས་ལ་དེ་ལྟར་འདི་ཕྱིར་མི་འགྲོ་བར་བྱའོ་ཞེས་འདུས་ནས་རྒྱལ་པོ་ལ་དེ་དག་གིས་སྨྲས་པ། རྒྱལ་པོ་སྐྱེད་པ་གང་ལ་བློའི་དཔྱོད་ཚུལ་འདི་ལྟ་བུ་དེ་ནི་སྨན་ཆེན་དེའི་ལགས་སོ། ། J01,Vo11,Po77A དེ་ལ་རྒྱལ་པོ་སྐྱེད་པ་ནི་ཕ་རོལ་ལ་གནོད་པ་བགྱིད་མི་ནུས་ཏེ། དེ་ལྟར་ན་དེ་འདི་ཉིད་ན་མཆིས་པའི་ཚེ་བདག་ཅག་གིས་གཞན་ནས་རྒྱལ་པོ་སྐྱེད་པའི་དྲུང་དུ་མཆིའོ། །དེས་སྨྲས་པ། ལེགས་པར་སྨྲས་སོ། །དེ་ནས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ཏེ། གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་དག་རྒྱལ་པོའི་ཕོ་བྲང་གང་ན་བ་དེར་སོང་ངོ་། །རྒྱལ་པོ་སྐྱེད་པ་འདིས་ཀྱང་སྟ་གོན་བྱས་སོ། །སྨན་ཆེན་པོས་ཀྱང་ལྔ་ལེན་གྱི་རྒྱལ་པོ་ལམ་ཆེ་གེ་མོ་ཞིག་ནས་རྒྱལ་པོ་སྐྱེད་པའི་ཡུལ་དུ་སོང་བར་ཤེས་སོ། །དེས་ཀྱང་དེར་ཅུང་ཟད་ཞིག་འདུག་ནས་ཕྱོགས་ཆེ་གེ་མོ་ཞིག་ན་རྒྱལ་པོའི་མཛོད་ཡོད་དེ། མཛོད་དེ་ན་རྒྱལ་པོའི་བུ་མོ་སྨན་ལྡན་མ་ཞེས་བྱ་བ་འདུག་པར་ཤེས་སོ། །དེ་ནས་དེས་ནང་འཁོར་མ་ཞིག་ཁྲིད་དེ་འཁོར་བཞག་ནས་ཇི་ཙམ་ན་རྒྱལ་པོའི་མཛོད་དུ་ཞུགས་ཏེ་མཛོད་ཕྱེ་ནས་བུ་མོ་དང་། འབྱོར་


DKG011_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

པ་དབྱིག་དང་གསེར་དག་བླངས་ནས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ་ལམ་གཞན་ཞིག་ནས་རྒྱལ་པོ་སྐྱེད་པའི་དྲུང་དུ་སོང་ངོ་། །དེ་ནས་རྒྱལ་པོ་སྐྱེད་པ་དང་། བློན་པོ་དང་། གྲོང་མི་རྣམས་དང་། གཞན་དག་ཀྱང་ལས་ཆེན་པོས་བསྒྲུབས་སོ་ཞེས་རབ་ཏུ་དགའ་སྟེ་རྗེད་ཅིང་རི་མོར་བྱ་བ་མང་པོ་དག་བྱས་སོ། །ལྔ་ལེན་གྱི་རྒྱལ་པོའི་བློན་པོ་མཆོག་ཀྱང་འོངས་ན་སྨན་ཆེན་པོས་བུ་མོ་དང་མཛོད་ཁྱེར་བ་དང་། རྒྱལ་པོའི་ཕོ་བྲང་དེ་དག་གིས་སྤངས་ཏེ་རང་གི་ཡུལ་དུ་སོང་ངོ་། །རྒྱལ་པོ་སྐྱེད་པས་ཀྱང་གང་གི་ཕྱིར་བཀྲ་ཤིས་ཀྱི་རྣམ་པ་དག་གིས་བུ་མོ་བག་མར་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་ནས་ལྔ་ལེན་གྱི་རྒྱལ་པོས་བུ་མོ་སྨན་ལྡན་ལ་ཕོ་ཉ་ཞིག་བཏང་ནས་འདི་ལྟ་བུ་སུའི་ཐབས་སུས་བརྟགས། སུས་དབྱེན་བྱས་པ་དག་གི་དོན་ཤེས་པར་གྱིས་ལ་རྟོགས་ལ་སྤྲིངས་ཤིག །དེས་བརྟགས་ནས་ཕོ་ཉ་བཏང་བ་ལ་སྨན་ཆེན་པོ་འདི་ལ་ནེ་ཙོ་སྤྱོད་གསལ་ཞེས་བྱ་བ་མིའི་སྐད་དུ་སྨྲ་བ་དེས་འདི་ལྟར་བརྟགས་སོ། ། J01,Vo11,Po77B དེ་ནས་ལྔ་ལེན་གྱི་རྒྱལ་པོས་སྨྲས་པ། ནེ་ཙོ་སྤྱོད་གསལ་ཅི་ནས་ཀྱང་སླར་ཐོང་ཤིག །དེ་ནས་དེས་རབ་ཏུ་འབད་པས་རྙིས་བཟུང་སྟེ་དེ་ལ་བསྐུར་རོ། །དེ་ནས་རྒྱལ་པོ་ཁྲོ་བས་དཀྲིས་པས་རྣམ་པ་མང་པོར་སྤྱོས་ཏེ་སོད་ཅིག་ཅེས་བསྒོའོ། །དེ་ནས་ནེ་ཙོ་སྤྱོད་གསལ་གྱིས་རྐང་པ་ལ་གཏུགས་ཏེ་རྒྱལ་པོ་ལ་གསོལ་པ། ལྷ་བདག་གི་ཕ་དང་མེས་པོ་ཇི་ལྟར་བཀུམ་པ་དེ་བཞིན་དུ་དགུམ་པར་ཅི་གནང་། གལ་ཏེ་དེ་ལྟ་ན་དེ་བཞིན་དུ་འདི་གསད་པར་གྱིས་ཤིག་ཅེས་ནས་གནང་ངོ་། །ཇི་ལྟ་བུ་ཉིད་དུ་ཕ་དང་མེས་པོ་བསད་ཅེས་དེས་དེ་ལ་དྲིས་པ་དང་། རས་བལ་གྱིས་མཇུག་མ་དཀྲིས་ཏེ་ཡུངས་མར་གྱིས་བསྐུས་ནས་བསྲེགས་ཏེ་གཏང་བ་དང་། དེ་ནམ་མཁའ་ལ་ཕུར་ཏེ་རྒྱལ་པོའི་ཕོ་བྲང་ཀུན་ནས་འབར་བར་བྱས་ཆུར་ཞུགས་སོ། །དེ་ནས་རྒྱལ་པོ་སྐྱེད་པའི་དྲུང་དུ་སོང་བ་དང་། སྨན་ཆེན་པོས་ཀྱང་དྲིས་པ་ཁྱོད་ག་ལས་འདིར་ཕྱིན། དེས་ཇི་ལྟར་བྱས་པ་ཐམས་ཅད་ཤེས་པར་བྱས་པ་དང་། དེ་མགུ་བར་གྱུར་ཏོ། །ལྔ་ལེན་གྱི་རྒྱལ་པོ་ཁྲོ་བས་དཀྲིས་པས་ཡང་ཡི་གེ་བསྐུར་བ། དེས་རྣམ་པ་འདི་ལྟ་བུས་


DKG011_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་བྱས་ཏེ་ངེས་པར་སླར་ཐོང་ཤིག །དེས་ཀྱང་བཟུང་སྟེ་བསྐུར་རོ། །ལྔ་ལེན་གྱི་རྒྱལ་པོ་ཁྲོས་པས་སྤུ་རིལ་ཕྱི་ནས་ཤའི་རི་ལུར་བཞག་སྟེ་འགྲོ་ན་སོང་ཤིག་ཅེས་ཕྱི་རོལ་དུ་བོར་བ་དང་། ཁྲས་ཁྱེར་རོ། །དེས་ཀྱང་ཁྲ་ལ་གསོལ་བ་བཏབ་པ། ཁོ་བོ་ཟོས་པ་ནི་ཉིན་གཅིག་གི་ཟས་སུ་ཟད་དེ་ཁོ་བོ་བཏང་ན་ནི་ཉིན་གཅིག་བཞིན་དུ་ཇི་ལྟ་བུའི་དགོས་པ་དང་བཟའ་བ་མང་པོ་དག་དེ་བཞིན་དུ་སྦྱར་བར་བྱའོ་ཞེས་དེས་ཡིད་ཆེས་པར་མནའ་བོར་ནས་བཏང་སྟེ། སྤྱོད་གསལ་གྱིས་སྨྲས་པ། ཕྱོགས་ཆེ་གེ་མོ་ཞིག་ན་རྒྱལ་པོའི་གཙུག་ལག་ཁང་དེར་ཞོག་ཤིག །དེས་དེ་བཞིན་དུ་བྱས་པ་དང་། དེ་གཙུག་ལག་ཁང་དུ་སོང་སྟེ་བུ་ག་ཞིག་ཏུ་ཞུགས་པ་དང་། ཕྱི་དེ་ཉིན་བྲམ་ཟེ་དག་ལྷ་མཆོད་པའི་ཕྱིར་དེར་ལྷགས། ལྷ་དྲི་མ་ཕྱིས་ཏེ། བདུག་པ་དང་། མེ་ཏོག་དང་། ལྷ་བཤོས་དང་། གཏོར་མ་སྦྱིན་པར་བརྩོན་ན། སྤྱོད་གསལ་དེས་ཀྱང་སྨྲས་པ། J01,Vo11,Po78A ཀྱེ་བྲམ་ཟེ་རྒྱལ་པོ་སྡིག་པ་ཅན་ལྔ་ལེན་གྱི་རྒྱལ་པོ་ལ་ངའི་ཚིག་འདི་བརྗོད་པར་བྱའོ། །ཉེས་པ་འདི་དང་འདི་དག་བྱས་པ་དེ་ནི་ངས་གནོད་པར་བྱས་པ་ཡིན་ནོ། །གལ་ཏེ་ངའི་ཚིག་བཞིན་མ་བྱས་ན་ཕྱིར་ཡང་བྱའོ། །དེ་ལྟར་རེ་ཞིག་ཉིན་རེ་ཞིང་ཤ་རྗེན་དམར་པོ་དང་། ཏིལ་དང་། འབྲས་ཐུག་པོ་ཆེ་བྲེའུ་ཆུང་གང་གི་ལྷ་བཤོས་བྱས་པ་དང་དེ་ནས་ཕྱིས་བསམ་མོ། །སོང་ནས་དེས་ལྔ་ལེན་གྱི་རྒྱལ་པོ་ལ་ཁོང་དུ་ཆུད་པར་བྱས་སོ། །རྒྱལ་པོས་ཀྱང་དེའི་དོན་ཁོ་ནར་ལྷ་བཤོས་དང་། གཏོར་མ་བྱ་བ་ལ་ཞུགས་ཏེ། ཉིན་གཅིག་བཞིན་དུ་རྒྱལ་པོ་དང་། བློན་པོ་དང་། མདུན་ན་འདོན་དག་ལྷགས་ནས་ལྷ་ལ་གནང་ངམ་མི་གནང་བཀའ་སྩལ་པར་གསོལ་བ་བཏབ་པ་དང་། དེ་བཞིན་དུ་བྱའོ་ཞེས་སོ། །འདི་ལྟར་དུས་མང་དུ་ལོན་ནས་ནེ་ཙོ་སྤྱོད་གསལ་དེའི་གཤོག་པ་སྐྱེས་ཤིང་འཕུར་ནུས་པར་གྱུར་པ་དང་། ཡང་འགྲོ་བའི་བློ་སྐྱེས་ཏེ། དེ་ལ་ཡང་སྨྲས་པ། འདི་ལྟར་ང་ལ་གང་ཁྱེད་སྟོབས་ཀྱི་དཔུང་དང་། ལྷ་མོ་དང་། གཞོན་ནུ་དང་། བློན་པོ་དག་དང་ལྷན་ཅིག་མགོ་གཏུན་བཞིན་བྲེགས་ལ་ངའི་དྲུང་དུ་ཤོག་ཤིག་དང་། འདི་ལྟར་བཟོད་ཅིང་གནང་བར་བྱའོ། །དེས་རྒྱལ་པོ་ལ་ཁོང་དུ་ཆུད་པར་བྱས་པ་དང་། རྒྱལ་པོས་ཀྱང་དེ་བཞིན་དུ་བྱས་ཏེ།


DKG011_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཐམས་ཅད་མགོ་གཏུན་བཞིན་དུ་བྲེགས་ནས་ལྷ་གང་དུ་སོང་སྟེ་རྐང་པ་ལ་གཏུགས་ནས་བཟོད་པ་གསོལ་པ་དང་། དེ་ནས་ནེ་ཙོ་ནམ་མཁའ་ལ་འཕུར་ཏེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །བྱེད་པ་ལ་ནི་སླར་བྱས་ཏེ། །ཕྱི་བས་སླར་ནི་ཕྱི་ལ་ལྟོས། །འདིར་ནི་གཅིག་པུ་ཕྱི་བ་ཡིས། །བཙུན་མོ་ཀུན་དང་ལེགས་པར་ཕྱི། །དེས་འདི་སྐད་དུ་སྨྲས་ཏེ། དེ་ནས་ཡང་སྨན་ཆེན་པོའི་དྲུང་དུ་སོང་བ་དང་། སྤྱོད་གསལ་ཡུན་རིང་ཞིག་ཏུ་མ་མཐོང་ན་གང་ནས་ཕྱིན་ཅེས་དྲིས་སོ། །དེས་འདི་དང་འདི་ལྟ་བུའི་ཐབས་དེ་དག་བདག་གིས་བགྱིས་སོ་ཞེས་རྒྱ་ཆེར་སྨྲས་སོ། །དེ་ནས་སྨན་ཆེན་པོ་ཡིད་དགའ་ཞིང་མགུ་སྟེ། རྒྱལ་པོ་སྐྱེད་པ་ལ་ནེ་ཙོ་སྤྱོད་གསལ་གྱིས་འདི་ལྟར་བགྱིས་སོ་ཞེས་སྨྲས་པ་དང་། རྒྱལ་པོ་ཡང་མཆོག་ཏུ་དགའ་བ་དང་ལྡན་ནས་སྨྲས་པ། ཨེ་མའོ་འདི་ལྟར་ཁྱོད་མཁས་པ་ J01,Vo11,Po78B ཤ་སྟག་དང་ཕྲད་པ་ནི་བསོད་ནམས་དང་ལྡན་ནོ་ཞེས་སྨྲས་སོ། །དེ་ནས་ཡང་དུས་ཕྱི་ཞིག་ན་རྒྱལ་པོས་བློན་པོ་རྣམས་ལ་གང་རབ་ཏུ་མཁས་པ་ཉམས་སད་དོ་སྙམ་བློ་སྐྱེས་ནས་དེ་དག་བོས་ཏེ་སོ་སོར་ཁྱི་རེ་རེ་བྱིན་ནས་འདི་དག་དུས་འདི་ཙམ་ན་ཐམས་ཅད་མི་སྐད་དུ་སྨྲ་བར་གྱིས་ཤིག་དེ་དག་གིས་དེ་ཁྱིམ་དུ་ཁྲིད་དེ་གསོ་བར་བྱས་པ་ནི་ཤེས་ཀྱི་མི་སྐད་དུ་ཟེར་བ་མི་ཤེས་སོ། །སྨན་ཆེན་པོས་ཁྱི་དེ་ཁྱིམ་དུ་ཁྲིད་དེ་སོང་ནས་ཁྲི་ལས་མི་རིང་བ་ཞིག་ཏུ་ཕུར་བ་ལ་བཏགས་ཏེ་བཞག་གོ །ནམ་སྨན་ཆེན་པོའི་ཁ་ཟས་དྲངས་ནས་བཅའ་བ་དང་། བཟའ་བ་དང་། ཁུ་བ་སྣ་ཚོགས་སུ་སྦྱར་བ་ཟ་བར་མཐོང་ཡང་ལེན་མི་ནུས་སོ། །དེ་ནས་ངན་པ་ཅུང་ཟད་ཅིག་བྱིན་པས་མ་ཤི་མ་སོས་ཙམ་དུ་ཉམ་ཆུང་ལ་རིད་དེ་སྐེམ་པར་གྱུར་ཏོ། །དེ་ནས་རྒྱལ་པོས་ཁྱི་དེ་དག་ལོབས་སམ། མ་ལོབས་བལྟས་ཁྲིད་དེ་ཤོག་ཤིག་པར་བསྒོའོ། །དེ་དག་གིས་ནི་ཐབས་ལ་མི་མཁས་པས་བསླབ་མ་ནུས་སོ། །དེ་ནས་སྨན་ཆེན་པོ་ལ་ཁྱོད་ཀྱི་ཅི་འདྲ་ཁྲིད་དེ་ཤོག་ཅེས་སྨྲས་ནས་རྒྱལ་པོའི་མདུན་དུ་འོངས་ཏེ་བལྟས་ན་སྐེམ་ཞིང་རིད་དོ། །དེས་འདི་ཅིའི་ཕྱིར་རིད་ཅེས་དྲིས་པ་དང་། སྨན་ཆེན་པོས་ལྷ་བདག་གིས་ཅི་ཟོས་ཅི་འཚལ་བ་དེ་བཞིན་འདི་ལ་སྩལ་ཏོ་ཞེས་སྨྲས་པ་དང་། ཁྱིས་སྨྲས་པ། ལྷ་འདི་ནི་བརྫུན་མཆིས་ཏེ། བདག་ལྟོགས་ཏེ་དེའུ་བཀུམ་མོ། །དེ་ནས་སྨན་ཆེན་


DKG011_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བདག་གིས་འདི་ལྟར་འདི་མིའི་སྐད་དུ་སྨྲ་བར་བགྱིས་སོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་པོ་དགྱེས་པར་གྱུར་ཏོ། །དེ་ནས་ཡང་དུས་ཕྱི་ཞིག་ན་ཡང་ཉམ་སྐྱེད་པར་འདོད་ནས་ལུག་འདི་རྣམས་ཁྱེད་ཀྱིས་བཟའ་བཏུང་ཞིམ་པོ་སྩལ་ལ་ཚིལ་མེད་ལ་མཐུ་དང་ལྡན་པར་བྱོས་ཤིག་ཅེས་བསྒོའོ། །དེ་ནས་བློན་པོ་ལྔ་བརྒྱ་པོ་དེ་དག་ནི་ཐབས་མི་ཤེས་ཏེ། དེ་གསོས་ཏེ་ཚོན་པོར་བྱས་སོ། །སྨན་ཆེན་པོས་ནི་བཟའ་བ་ཞིམ་པོ་མདུན་དུ་བཞག་ནས་ཤིང་ལ་སྤྱང་ཀིའི་གཟུགས་ཅིག་བྱས་ཏེ་ལུག་གི་མདུན་དུ་བཞག་པ་དེས་དེ་མཐོང་བས་ནི་སྐྲག་སྟེ་ཚིལ་ནི་མ་སྐྱེས་མཐུ་དང་ནི་ལྡན་པར་གྱུར་ཏོ། །དེ་དག་ཀུན་བལྟས་ན་གཞན་དག་ནི་མདོག་དང་ལྡན་ཞིང་ཚིལ་མང་བར་གྱུར་ཏོ། །སྨན་ཆེན་པོའི་ནི་ཚིལ་མེད་ལ་མཐུ་དང་ J01,Vo11,Po79A ལྡན་པར་མཐོང་ནས་རྒྱལ་པོ་དགའ་སྟེ་མཛངས་སོ་ཞེས་བསྔགས་སོ། །དེ་ནས་ཡང་དུས་ཕྱི་ཞིག་ན་གང་མཁས་པ་བགམས་ཏེ་བལྟའོ་སྙམ་དུ་བསམས་ནས་བློན་པོ་དེ་དག་གི་བུ་ལྔ་བརྒྱ་པོ་དེ་དག་སྐྱེད་མོས་ཚལ་དུ་སྔོན་ཟན་བྱས་ཏེ་ཟ་འཐུང་ཞིང་འཁོད་པ་ལས་ངོ་མཚར་དང་ལྡན་པའི་གཏམ་རྩོམ་སྟེ། སུ་གང་གིས་ངོ་མཚར་གྱི་གཏམ་མམ། ཁྱིམ་ན་ཡོད་པ་ཅི་ཐོས་པ་སྨྲོས་ཤིག །དེ་དག་མཛའ་བས་གཅིག་ལ་གཅིག་ངོ་མཚར་གང་ལ་ཅི་ཡོད་པ་དང་། ཁྱིམ་དང་གཞན་གྱི་ཕྱོགས་ན་མཐོང་བ་རྣམས་སྨྲས་སོ། །དེ་ནས་ཁྱེའུ་དག་གིས་སྨན་ཆེན་པོའི་བུ་ལ་ཁྱོད་ཀྱང་སྨྲོས་ཞེས་བསྐུལ་བ་དང་། སྨན་ཆེན་པོའི་ཁྱིམ་དུ་རྡོ་ཞིག་ཡོད་དེ་དེ་ཀ་རྟེན་ཡིན་པ་ལས་དེ་ཆུའི་སྟེང་དུ་བཞག་ན་ཕན་ཚུན་དུ་འཕྱོ་ཞིང་ཉུག་ཅིང་མཉེ་བ་ལ་སོགས་པའི་ལས་ཀུན་བྱེད་དོ། །དེ་ནས་ཁྱེའུ་དེས་བདག་གི་ཁྱིམ་ན་ཡོད་པ་དེ་དག་ལ་བསྙད་དེ་ངེད་ཀྱི་ཁྱིམ་ན་ངོ་མཚར་ཡོད་པ་དེ་ལྟ་བུ་ནི་སུ་ལ་ཡང་མེད་དོ། །དེ་དག་གིས་དེའི་རྗེས་ནས་བཟུང་བ་དང་། ངེད་ཀྱི་ཁྱིམ་ན་རྡོ་བ་ཆུའི་སྟེང་ན་འཕྱོ་ཞིང་འགྲོའོ་ཞེས་སྨྲས་པ་དང་། དེ་དག་གིས་བདག་ཅག་གིས་རྡོ་ཆུའི་སྟེང་ནས་འཕྱོ་ཞིང་འགྲོ་བ་དེ་ལྟ་བུ་ནི་མ་མཐོང་མ་ཐོས་སོ། །དེ་ནས་དེ་དང་དེ་དག་གིས་གསེར་གྱི་དོང་ཚེ་ལྔ་བརྒྱ་ལ་རྒྱལ་བཀྱེའོ། །དེ་ནས་གཞོན་ནུ་དེས་ཇི་ལྟར་གྱུར་ཅིང་དེའི་ཕྱིར་བདག་དང་རྒྱལ་བཀྱེའོ་ཞེས་ཕ་ལ་སྨྲས་པ་དང་། དེས་སྨྲས་པ། བུ་མ་བསྟན་ཅིག །དེ་ནས་དེ་དག་ལྷགས་ནས་མ་བསྟན་པ་དང་། གསེར་གྱི་དོང་ཚེ་ལྔ་བརྒྱ་རྒྱལ་དུ་ཕབ་བོ། །


DKG011_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྨན་ཆེན་པོས་སྤྲེའུ་རྣམས་བཟུང་སྟེ། རོལ་མོ་བསླབ་ནས་བུ་ལ་སྨྲས་པ། ད་ནི་སོང་ལ་སྔུན་ཟན་པའི་ནང་དུ་སྔར་གཏམ་གླེངས་ལ་ཁྱོད་ཀྱིས་ངོ་མཚར་སུས་ཅི་མཐོང་ཅི་ཐོས་ཁྱིམ་ལྟ་ན་ཡོད་པ་སྨྲོས་ཤིག་ཅེས་བྱོས་ལ་དེ་ནས་ཁྱོད་ཀྱིས་ང་ནི་རྒྱལ་ཉིས་འགྱུར་དུ་བྱས་ཏེ། བདག་གི་ཁྱིམ་ན་ནི་རོལ་མོ་མཁན་སྤྲེའུ་ཡོད་དེ་གླུ་ལ་མཁས། གར་ལ་མཁས། རྔ་རྡུང་བ་ལ་མཁས་སོ་ཞེས་བྱོས་ཤིག་ཅེས་བསྒོ་བ་དང་། དེས་ཀྱང་དེ་བཞིན་དུ་གཏམ་གཞན་ལས་བརྗོད་དེ། འདི་ལྟ་བུ་མཐོང་སྟེ་ཡོད་དོ་ཞེས་སྨྲས་པ་དང་། དེ་ནས་དེ་དག་ན་རེ་བདག་ཅག་ J01,Vo11,Po79B གིས་སྤྲེའུ་རོལ་མོ་བྱེད་པ་མ་མཐོང་མ་ཐོས་སོ། །དེས་སྨྲས་པ། དེ་སྟེ་བདག་གིས་བསྟན་ན་ཁྱེད་ཀྱིས་ཅི་སྦྱིན། དེ་དག་གིས་སྨྲས་པ། སྔར་ཡང་ཁྱོད་ལ་གསེར་གྱི་དོང་ཚེ་ལྔ་བརྒྱ་ཕབ་པ་ཡིན། ད་ཡང་དེ་བཞིན་མི་རིགས་མི་ཚུལ་བ་ཟེར་ཏེ། དེ་སྟེ་ཡང་ཁྱོད་ཀྱིས་མ་བསྟན་ན་གསེར་གྱི་དོང་ཚེ་སྟོང་དབབ་བོ། །ཇི་སྟེ་བསྟན་ན་ངེད་ཀྱིས་སྦྱིན་ནོ། །དེ་ལྟར་དམ་བཅས་ནས་སྤྲེའུ་ཁྲིད་དེ་རྒྱལ་པོའི་ཕོ་བྲང་དུ་འདོང་ངོ་། །དེས་ཀྱང་སྤྲེའུ་རྣམས་རྒྱལ་པོའི་ཕོ་བྲང་དུ་དེད་དེ་རྒྱལ་པོའི་མདུན་དུ་གླུ་དང་། གར་དང་། རྔ་རྡུང་བ་ཀུན་བསྟན་པ་དང་། དེ་ནས་དེ་དག་གིས་དེ་ལ་གསེར་གྱི་དོང་ཚེ་སྟོང་བྱིན་ནོ། །རྒྱལ་པོས་ཀྱང་ངོ་མཚར་དུ་བཟུང་སྟེ། འདི་ལྟ་བུ་དག་ནི་སྔོན་ཡང་མ་མཐོང་མ་ཐོས་སོ། །དེ་ནས་རྒྱལ་པོ་བློན་པོ་དང་གྲོང་བ་རྣམས་ཀྱིས་ཀྱེ་ཐམས་ཅད་ཡང་དེ་གཅིག་པུ་མཁས་ཤིང་བློ་དང་ལྡན་པ་ལ་ལྟོས་ཤིག །ཀུན་གྱིས་སྨན་ཆེན་པོ་ལ་བཀུར་སྟི་བྱས་སོ། །དེ་ནས་ཡུལ་བེ་དེ་ཧའི་བྲམ་ཟེ་ཞིག་འདུག་པ་དེས་བདག་དང་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་པ་ལས་ཕྱི་ཞིག་ན་བྲམ་ཟེ་མོ་དེ་སེམས་ཅན་དང་ལྡན་པར་གྱུར་པས་ཟླ་བ་དགུ་འདས་ཏེ་བཙས་ན་བུ་མོ་ཞིག་བྱུང་ན་གཟུགས་ལེགས་ཤིང་བལྟ་ན་བཟང་མོ་ཞིག་གོ །བྲམ་ཟེ་དེ་ཡང་སྨྲང་དང་སྨྲང་གི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ། རིག་པའི་གནས་བཅྭ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པ། བློ་དང་ཤེས་རབ་རྣོ་བ་དེས་འདི་གང་བདག་དང་འདྲ་བར་འགྱུར་བ་བདག་གི་དྲུང་ན་སློབ་ཅིང་འདོན་པར་བྱེད་པ་དེ་ལ་བུ་མོ་འདི་སྦྱིན་ནོ་སྙམ་དུ་བསམས་སོ། །བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ཏེ་འདིའི་མིང་ཅིར་གདགས་


DKG011_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བགྲོས་ན། བུ་མོ་འདིའི་མིང་ཨུ་དུམ་བཱ་རི་ཀར་བཏགས་ཏེ། དེ་གསོས་བསྐྱེད་ནས་ཆེན་མོར་གྱུར་ཏོ། །དེ་ནས་བྲམ་ཟེ་གཞན་ཞིག་ལ་བུ་ཁ་དོག་ངན་པ་གཟུགས་མི་སྡུག་པ་མདོག་ངན་པ་མཚན་ངན་པ་བཅྭ་བརྒྱད་དང་ལྡན་པ་ཞིག་བཙས་ཏེ། དེ་སྐྱེས་མ་ཐག་ཏུ་ཕ་མས་ཀྱང་འདི་ལྟ་བུ་མི་སྡུག་པ་ཡིད་དུ་མི་འོང་བའི་ཕྱིར་མིང་ཡང་གཟུགས་ངན་དུ་བཏགས་སོ། །དེ་གསོས་བསྐྱེད་ནས་ཆེར་སྐྱེས་པ་དང་། ཕས་བུ་ངོ་ཚ་བར་ J01,Vo11,Po80A འགྱུར་བ་གཟུགས་ངན་པ་འདི་འདྲ་བ་ལ་བསླབས་ཏེ་ཅི་རུང་སྙམ་ནས་མ་བསླབས་སོ། །དེ་ནས་ཁྱེའུ་གཟུགས་ངན་དེ་ནམ་ཆེར་གྱུར་པ་དེ་ན་བསླབ་པར་འདོད་ན་ཕས་ནི་མ་བསླབ་ཀྱིས་ཡུལ་གཞན་དུ་འགྲོའོ་སྙམ་དུ་བསམས་ནས། བྲམ་ཟེ་གཞན་ཞིག་གི་དྲུང་དུ་ཕྱིན་ཏེ། བྲམ་ཟེའི་ཁྱེའུ་དེ་ལངས་ནས་བདག་ནི་བྲམ་ཟེ་འདི་ཞེས་བགྱི་བའི་བུ་ལགས་ཏེ་ཁྱོད་ལ་སློབ་པར་འཚལ་བའི་སླད་དུ་ཁྱོད་ཀྱི་དྲུང་དུ་མཆིས་སོ་ཞེས་གསོལ་བ་དང་། དེས་ཀྱང་དེ་བཞིན་གྱིས་ཤིག་ཅེས་དེ་ལ་སྐབས་ཕྱེའོ། །དེས་རིང་པོ་མ་ལོན་པར་བྲམ་ཟེ་དེས་ཅི་ཤེས་པ་ཐམས་ཅད་གཟུགས་ངན་པ་དེས་ཀྱང་ལོབས་སོ། །དེ་ནས་སློབ་དཔོན་དེས་འདི་སྙམ་དུ་བསམས་སོ། །བདག་གི་དྲུང་ན་སློབ་ཅིང་ཤེས་པ་ཡང་བདག་དང་མཚུངས་པར་གྱུར་པ་དེ་ལ་བུ་མོ་ཨུ་དུམ་བཱ་རི་ཀ་སྦྱིན་པར་བདག་གིས་དམ་བཅས་ནས། ད་བྲམ་ཟེ་གཟུགས་ངན་འདིས་བདག་གི་དྲུང་ན་བསླབས་ལ་ཤེས་པ་ཡང་བདག་དང་མཚུངས་པར་གྱུར་ན། འདི་གཟུགས་མི་སྡུག་མོད་ཀྱི་བདག་གིས་གཞན་བྱ་མི་ནུས་ཀྱིས་གཉེན་དུ་བྱས་ཏེ་བདག་དང་ཕ་མེས་ལ་འཇིག་རྟེན་དུ་ཡང་མི་རུང་། བྲམ་ཟེ་གཞན་དག་གིས་ཀྱང་སྨད་པར་འགྱུར་གྱིས་ཅི་ནས་ཡི་དམ་བཅས་པ་བཞིན་དུ་བྱའི་སྙམ་ནས་དེས་བུ་མོ་ཨུ་དུམ་བཱ་རི་ཀ་དེ་རྒྱན་ཐམས་ཅད་ཀྱིས་བཀླུབས་ནས་བྲམ་ཟེའི་ཁྱེའུ་གཟུགས་ངན་པ་ལ་བྱིན་ནས་དེས་དེ་བླངས་ཏེ་དེ་དང་ལྷན་ཅིག་དགའ་བར་སྤྱོད་དུ་མི་སྤོབས་སོ། །དེ་ནས་དེས་བདག་ཉིད་ཀྱི་ཁྱིམ་དུ་འོངས་པ་དང་། དེ་ན་དགའ་མགུར་བྱའོ་སྙམ་དུ་བསམས་ནས་རང་གི་ཁྱིམ་དུ་ཁྲིད་དོ། །ཨུ་དུམ་བཱ་རི་ཀ་དེ་ཡང་དེ་གཟུགས་ངན་པ་མཐོང་ན་ཡང་ཡིད་དུ་མི་འོང་སྟེ་བདག་ནི་གཟུགས་དང་ལྡན་པ། འདི་ནི་མདོག་མི་སྡུག་པ་རྣམ་པ་བཅྭ་བརྒྱད་དང་ལྡན་པས་ན་ཁྱོ་འདི་ལྟ་བུ་དང་ལྡན་པ་


DKG011_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ནི་ངོ་ཚའོ་སྙམ་དུ་བསམས་ཏེ། དེ་ནས་གཟུགས་ངན་དེས་དེ་ཁྲིད་དེ་བདག་ཅག་གི་ཡུལ་དུ་སོང་བ་ལས་ལམ་གྱི་བར་དུ་རྒྱགས་ཆད་དོ། །དེ་རྫིང་གཞན་ཞིག་གི་འགྲམ་དུ་ཕྱིན་ཏེ་གཉི་ག་བཀྲེས་ཤིང་འཁོད་པ་དང་། གྲོགས་གཞན་ཞིག་ཀྱང་ཕྱེ་ཆུའི་ནང་ J01,Vo11,Po80B དུ་ཤིང་བུས་དཀྲུགས་ཏེ་འཐུང་བ་ལ་ཞུགས་པ་དང་། མོ་བྲུ་བས་གཟིར་ཏེ་བསླང་ན། དེ་ལ་གཟུགས་ངན་གྱིས་ཕྱེ་སྤར་གང་བླངས་ཏེ་བདག་ཉིད་འཐུང་ངོ་། །ཨུ་དུམ་བཱ་རི་ཀས་ཇོ་བོ་བདག་ཀྱང་ཤིན་ཏུ་བྲུ་བས་གདུངས་ན། ཁོ་མོ་འོ་ནི་ལས་ནི་ཆུ་ཞིག་འཐུང་ངོ་ཞེས་སྨྲས་པ་དང་། གཟུགས་ངན་གྱིས་བུད་མེད་ལ་འདི་འདྲ་བའི་ཆུ་གྲོག་འཐུང་དུ་སྔོན་གྱི་ཆོས་མཁན་དྲང་སྲོང་རྣམས་ཀྱིས་མ་གནང་བས་དེའི་ཕྱིར་མི་སྦྱིན་ནོ་ཞེས་ཟེར་ཏེ་མ་བྱིན་ནོ། །དེ་ནས་ཡང་ཆར་པ་མ་བབ་པའི་ཕྱིར་དགོན་པ་ལ་བྲུ་བས་གཟིར་ཅིང་དོང་བ་ལས་གཉི་གས་ཁྱི་ཤ་ཞིག་རྙེད་ན་གཟུགས་ངན་གྱིས་བསྲེགས་ཏེ་བདག་ཟོས་ནས་ཨུ་དུམ་བཱ་རི་ཀས་དེ་ཡང་བསླང་ན། འདི་ཡང་བུད་མེད་རྣམས་ལ་དྲང་སྲོང་གིས་མ་གནང་ངོ་ཞེས་ཟེར་ཏེ་མ་སྟེར་རོ། །དེས་བདག་ལྟ་བུ་བྱུར་ངན་མ་བྲུ་བའི་སྡུག་བསྔལ་གྱིས་གཟིར་ཏོ། །ཕ་མ་གཉིས་ཀྱིས་བདག་གི་ཉེས་པ་ཅི་མཐོང་ན་འདི་འདྲ་བ་ལ་བྱིན་ཞེས་བསམས་ཏེ་ཕ་མ་ལ་རྣམ་པ་མང་པོ་སྨྲའོ། །ཡང་དེ་གཉིས་དོང་བ་ལས་ཤིང་ཨུ་དུམ་བཱ་ར་སྨིན་པ་ཞིག་མཐོང་ནས་གཟུགས་ངན་དེ་ལ་འཛེགས་ཏེ་ཟ་ཞིང་འདུག་པ་དང་། ཨུ་དུམ་བཱ་རི་ཀས་ཁྱོད་གཅིག་པུ་མ་ཟ་བར་ངན་བུ་ལ་ཡང་འོར་ཞེས་སྨྲས་པ་དང་། དེས་སྨིན་པ་ནི་བདག་ཟོས་ཀྱི་མ་སྨིན་པ་མར་བོར་རོ། །དེས་བདག་ལ་མ་སྨིན་པ་མ་དོར་བར་སྨིན་པ་ལ་ཡང་སྩོལ། དེས་དེ་སྟེ་ཁྱོད་སྨིན་པ་འདོད་ན་བདག་ཉིད་འཛེགས་ཏེ་ཐོགས་ལ་ཟོ་ཤིག་ཅེས་སྨྲས་པ་དང་། བྲུ་བས་གཟིར་བའི་ཕྱིར་ནན་གྱིས་ཨུ་དུམ་བཱ་ར་ལ་འཛེགས་ཏེ་ཟ་ཞིང་འདུག་པ་དང་། གཟུགས་ངན་གྱིས་བསམས་པ། བདག་ལྟ་བུ་བསོད་ནམས་མེད་དེ་ཆུང་མ་འདི་འདྲ་བ་བདག་ཉིད་ཀྱིས་སོས་པ་ལྟ་ཅི་སྨོས། འདི་ནི་བདག་ལ་ལྟར་ཀྱང་མི་བཏུབ་པོ་སྙམ་ནས་དེ་ཤིང་ལས་བབས་ཏེ་ཤིང་ཨུ་དུམ་བཱ་རའི་དྲུང་ཚེར་མས་བསྐོར་ནས་བོར་ཏེ་སོང་ངོ་། །ཡང་སྨྲས་པ། དེ་གཉིས་སོང་བ་ནགས་ནང་ན། །ཨུ་དུམ་བཱ་ར་སྨིན་པ་མཐོང་། །དེས་ཀྱང་དེ་ལ་


DKG011_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

འཛེགས་པ་དང་། །ཟ་ཞིང་སྦྱིན་པར་མི་བྱེད་དོ། །སྙན་པར་སྨྲ་བའི་ཚིག་ཅན་མ། །དེ་ལ་བུ་མོས་སྨྲས་པ་ནི། ། J01,Vo11,Po81A བདག་ཀྱང་བཀྲེས་པར་གྱུར་པ་ལ། །ཇོ་བོ་སྩོལ་ཅིག་བདག་ལ་ཡང་། །རྩུབ་པའི་ཚིག་ཏུ་སྨྲ་བ་ནི། །དེས་ནི་དེ་ལ་ངན་པ་མོ། །དེ་སྟེ་བཟའ་བར་འདོད་ན་ནི། །ཟོ་ཤིག་བདག་ཉིད་འཛེགས་ནས་སོ། །དེས་ཀྱང་ནན་གྱིས་བསྒྲིམས་ནས་སུ། །ཤིང་ཆེན་དེ་ལ་འཛེགས་པར་གྱུར། །ཤིང་ལ་འཛེགས་པར་ཤེས་ནས་ནི། །བབས་ཏེ་ཡལ་གས་དྲུང་བསྐོར་སོང་། །དེ་ནས་དེའི་ཚེ་དེའི་དུས་ན་རྒྱལ་པོ་སྐྱེད་པ་རི་དགས་ཤོར་དུ་སོང་སྟེ། དེའི་ཕྱོགས་སུ་ཕྱིན་པ་དང་། དེ་ནས་དེ་ཁྱོ་དང་བྲལ་བའི་སྡུག་བསྔལ་གྱིས་ཉོན་མོངས་པར་གྱུར། མི་འོང་བ་ཡང་མེད་བོད་དུའང་མེད་པའི་དགོན་པ་ན་ཤིན་ཏུ་སྙིང་རྗེ་ཞིང་བརྩེ་བ་སྐད་དུ་ངུ་ཞིང་འདུག་པ་དང་། དེ་ནས་རྒྱལ་པོ་སྐྱེད་པ་དེའི་ཕྱོགས་སུ་རི་དགས་སྙེགས་པ་ལས་དེས་དེའི་སྒྲ་ཐོས་ནས་འདི་ལྟ་བུར་སྙིང་རྗེ་ཞིང་བརྩེ་བས་སྨྲེ་སྔགས་འདོན་ཅིང་དགོན་པ་ན་འདུག་པ་འདི་སུ་ཞིག །ཅི་ནས་དེ་བརྟག་གོ་སྙམ་དུ་བསམས་ནས་སྒྲ་དེ་ལོགས་སུ་སོང་སྟེ། ཨུ་དུམ་བཱ་རི་ཀའི་དྲུང་དུ་ཕྱིན་པ་དང་མིག་ཤིན་ཏུ་ལེགས་པ་ནགས་ཀྱི་ལྷ་མོ་ལྟ་བུ་གཟུགས་ལེགས་ཤིང་བལྟ་ན་སྡུག་པ་བཟང་མོ་ཞིག་མཐོང་ནས། ཡང་བཟང་མོ་ལྷ་མོའམ། གནོད་སྦྱིན་མོའམ། དྲི་ཟ་མོའམ། ལྷའི་སྲས་མོའམ་ཁྱོད་ཅི་ཡིན། དོན་ཅིའི་ཕྱིར་ཕྱོགས་འདིར་འོངས་ཞེས་དྲིས་སོ། །ཡང་སྨྲས་པ། ཤིན་ཏུ་མིག་བཟང་ཡིད་འཕྲོག་མ། །རྒྱན་ཀུན་གྱིས་ནི་བཀླུབས་པ་སྟེ། །ངང་པ་དབྱངས་སྙན་རྐང་གདུབ་ཅན། །སྤྲིན་མངས་ཀྱི་ནི་གློག་དང་འདྲ། །སྐལ་ཆེན་ལྟེ་བ་སྨིན་བཟང་ན། །ཁྱོད་ནི་ལྷ་འམ་ཀླུ་མོ་འམ། །དྲི་ཟ་མིའམ་ཅི་ཡིན་པ། །ཁྱོད་ལ་བདག་འདྲི་ལེགས་པར་སྨྲོས། །དེ་ལྟར་བདག་ལ་ཁྱོད་ཀྱིས་ཤེས་པར་བྱོས། །དེ་ནས་རྒྱལ་པོས་དེ་སྐད་དུ་དྲིས་པ་དང་། དེས་འདི་སྐད་དུ་སྨྲས་སོ། །བདག་ནི་ལྷ་མོ་ཀླུ་མ་ལགས། །དྲི་ཟ་མི་འམ་ཅི་མ་ལགས། །རྒྱལ་ཆེན་བདག་ནི་མི་ལགས་ཏེ། །ཁྱིམ་ཐབ་དང་ནི་བྲལ་བའོ། །དེ་ནས་དེས་ནི་ཤིང་ལས་ཕབ། །དེ་ཉིད་དུ་ནི་ལྷན་ཅིག་ཉལ། །རྒྱལ་པོ་ས་དབང་ཆེན་པོ་པ། །མི་དབང་དེ་ལ་སྡུག་པར་གྱུར། ། J01,Vo11,Po82B དེས་དེ་ཤིང་རྟའི་སྟེང་དུ་བསྐྱོན་ནས་གྲོང་ཁྱེར་དུ་ཁྲིད་དེ། དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་


DKG011_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྤྱོད་དོ། །བྲམ་ཟེ་དེ་གཅིག་པུ་ལམ་དུ་འགྱོད་ནས་བདག་གིས་དགོན་པར་ཆུང་མ་བོར་ཏེ་འོངས་པ་ནི་མ་ལེགས་པ་ཞིག་བྱས་ཀྱིས་སླར་སོང་ལ་དེ་ཁྲིད་དེ་འོང་ངོ་སྙམ་དུ་བསམས་ནས། དེའི་ཕྱིར་ཨུ་དུམ་བཱ་རི་ཀའི་དྲུང་དུ་ཕྱིན་ན་དེ་མི་སྣང་ནས་གཞན་ཞིག་ལས་རྒྱལ་པོ་སྐྱེད་པས་ཁྲིད་དེ་བཙུན་མོར་བྱས་སོ་ཞེས་ཐོས་པ་དང་། ཚིག་དེ་ཐོས་ནས་ཡང་ཡིད་ལ་ཤིན་ཏུ་སྡུག་བསྔལ་གྱིས་གཟིར་བར་གྱུར་ཏེ། རྒྱལ་པོའི་སྒོར་ཕྱིན་ན་ནང་དུ་མ་ཆུད་དོ། །བལྟས་ན་རྒྱལ་པོའི་འཁོར་ན་ལས་སར་པར་བྱེད་དེ། དེས་ལས་མི་འདི་དག་དང་ལྷན་ཅིག་རྡོ་བ་ཁྱེར་ཏེ་འགྲོའོ་སྙམ་བསམས་ནས་དེས་རྡོ་བ་ཁྱེར་ཏེ་རྒྱལ་པོའི་ཕོ་བྲང་དུ་ཞུགས་སོ། །བལྟས་ན་བདག་གི་ཆུང་མ་རྒྱལ་པོ་དང་ལྷན་ཅིག་ཏུ་ཨུག་ཤུད་བརྒྱ་ཞིང་འདུག་གོ །ཆུང་མ་ནི་འདི་དང་ལྷན་ཅིག་གཏམ་ཐབས་ཇི་ལྟ་བུ་ཞིག་གིས་བྱ་སྙམ་དུ་བསམས་སོ། །དེས་སྨྲས་པ། གཞི་ནི་གསེར་ལ་བྱས་པ་སྟེ། །བརྒྱད་དུ་འཇོག་ཅིང་དགའ་བར་བྱེད། །བཟང་མོ་བདག་ལ་མི་དགའ་འམ། །ཤིང་མཁན་རྡོ་བ་བླང་བར་བྱས། །གནས་དེར་བདག་གིས་སྨྲས་པ་དང་། །བུད་མེད་ཤ་ཟར་མི་རུང་ཞེས། །དེ་སྐད་སྨྲས་པའི་ཚིག་ཀྱང་དྲན། །འདི་ནི་འདོར་ཞིང་འཇོག་པར་བྱེད། །ཨུ་དུམ་བཱ་རའི་ཤིང་དང་ནི། །ཡིད་འོང་ཁྱོད་ཀྱིས་བདག་ལ་དྲིས། ག་གཱའི་དྲུང་དུ་སྐྱེས་པ་སྟེ། །ཤིང་མཁན་གྱིས་ནི་རྡོ་བ་ལོང་། །ཆུ་པྲོག་ཤིང་བུས་དཀྲུགས་པ་སྟེ། །དྲིས་པའི་ལན་ནི་བདག་ལ་སྨྲོས། །བུད་མེད་བཏུང་དུ་མི་རུང་ཞེས། །སྨྲས་པ་ཡིན་ཏེ་འདིར་བཞག་གོ །མང་ཐོས་སྣ་ཚོགས་སྨྲ་བ་སྟེ། །གསེར་འོད་གྲངས་མེད་སླད་དུ་སྨྲོས། །བཟང་མོ་བདག་ལ་མི་དགའ་འམ། །སློབ་དཔོན་རྡོ་བ་བླང་བར་གྱིས། །མ་སྨིན་རྣམས་ནི་བདག་ལ་བོར། །སྨིན་པ་དག་ནི་ཁྱོད་ཀྱིས་ཟོས། །ཚིག་རྩུབ་སྨྲས་པ་དེ་ཡང་དྲན། །འདི་ན་ཨུག་ཤུད་འདོར་ཞིང་འདུག །རི་རྩེ་ནས་ནི་བདག་འདོར་ཏེ། །དུག་ཀྱང་བཟའ་འོ་བྲམ་ཟེ་མོ། །ཁྱོད་ཀྱི་མྱ་ངན་ཕྱིར་བདག་མཆི། །ཤིང་མཁན་གྱིས་ནི་རྡོ་བ་ལོང་། ། J01,Vo11,Po82A རི་ཡི་རྩེ་ནས་བདག་འོར་ཅིག །བྲམ་ཟེ་དུག་ཀྱང་ཟ་ལ་རག །འདོད་པའི་ཚེ་ན་མ་འདོད་དོ། །ཨུག་ཤུད་ཀྱིས་ནི་ཁྱིམ་དུ་བྱས། །དེ་ནས་དེ་གཉིས་ཕན་ཚུན་དེ་སྐད་དུ་གཏམ་འཛེར་བ་ལས་རྒྱལ་པོ་དོགས་པ་སྐྱེས་ཏེ། ལྷ་མོ་ཁྱོད་ཅག་གཏམ་ཅི་འཛེར་བ་ནི་ངས་ཁོང་


DKG011_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་ཆུད་དེ། ཁྱོད་ཅག་ཅི་ཟེར་བ་བག་ཕོབ་ལ་བདག་གི་ཐོས་པར་སྨྲོས་ཤིག །རྒྱལ་པོ་ནི་བུད་མེད་ཀྱི་དབང་དུ་འགྲོ་བས་ན་བུད་མེད་ཨུ་དུམ་བཱ་རི་ཀས། ལྷ་ལ་ཇི་ལྟར་གྱུར་པ་ཀུན་ཞིབ་ཏུ་སྨྲས་སོ། །འདི་ནི་བདག་གི་ཁྱོ་ལགས་ཏེ། བདག་གི་ཕ་མས་འདིའི་ཆུང་མར་བྱིན་ནས་འདི་མཁས་པ་བྲམ་ཟེ་ཤེས་པ་དང་། ཤེས་པའི་ཡན་ལག་ཀུན་ཤེས་པའོ། །དེ་ནས་རྒྱལ་པོས་ལྷ་མོ་ལ་ཇི་ལྟར་བྱ། དེའི་སེམས་ཇི་ལྟར་མགུ་བར་བྱ། ཁྱོད་ཅི་དེ་དང་འགྲོགས་ཏེ་འགྲོ་བར་བྱའམ་ཞེས་སྨྲས་པ་དང་། དེས་ཇི་ལྟར་དེ་བདག་ལ་འདོད་པར་མི་འགྱུར་བ་དང་། དེའི་སྔགས་མ་རུངས་པས་མི་ཚུགས་པ་དང་། བྲམ་ཟེའི་སྔགས་ཀྱི་སྟོབས་སུ་མི་འགྱུར་བ་དེ་ལྟར་བདག་གིས་བགྱིའོ་ཞེས་སྨྲས་པ་དང་། དེ་ནས་རྒྱལ་པོ་སྐྱེད་པས་ཇི་ལྟར་གྱུར་པ་དེ་སྨན་ཆེན་པོ་ལ་སྨྲས་སོ། །སྨན་ཆེན་པོས་ལྷ་དང་ཇི་ལྟར་འབྲལ་བར་མི་འགྱུར་བ་དེ་ལྟར་བགྱིའོ་ཞེས་སྨྲས་པ་དང་། ཇི་ལྟར་བྱ། སྨན་ཆེན་པོས་བྲམ་ཟེ་འདི་ལྟར་ནུས་པ་ཆུང་ངུ་རྒྱ་མི་ཆེ་ལ་བཙུན་མོ་རྣམས་ཤིན་ཏུ་གཟི་བརྗིད་དང་ལྡན་པས་དེ་ལ་བདག་གིས་འདི་སྐད་ཅེས་བགྱིའོ། །དེ་བཙུན་མོ་རྣམས་ཀྱི་ནང་ནས་དེ་འདམ་དུ་བཅུག་དང་དེས་ངོ་མི་ཟིན་ཏོ་ཞེས་སྨྲས་ནས། དེ་ནས་སྨན་ཆེན་པོ་དང་རྒྱལ་པོ་ཤེས་པར་བྱས་ནས། བྲམ་ཟེ་དེ་བོས་ཏེ་མཁན་པོ་ཅི་ཚོལ། རྒྱལ་པོའི་ཕོ་བྲང་དུ་ཅིའི་ཕྱིར་འོངས་ཞེས་དྲིས་པ་དང་། དེས་སྨྲས་པ། བདག་གི་ཆུང་མ་རྒྱལ་པོ་སྐྱེད་པས་འདིར་ཁྲིད་པས་ན་དེ་ཚོལ་དུ་འོངས་སོ། །སྨན་ཆེན་པོས་སྨྲས་པ། ཁྱོད་རང་གི་ཆུང་མ་ངོ་ཤེས་སམ། གཟུགས་ངན་པོས་སྨྲས་པ། ཤེས་སོ། །སྨན་ཆེན་པོས་བཙུན་མོ་ལྔ་བརྒྱ་ཁྱོད་ཀྱི་མདུན་དུ་བཞག་ལ་དེ་རྣམས་ལས་བདག་རང་གི་མ་ཡིན་པ་བཙུན་མོ་གཞན་ཞིག་བཟུང་ན་མཚོན་གྱིས་ཁྱོད་ཀྱི་ J01,Vo11,Po82B ལུས་དུམ་བུར་བྱའོ་ཞེས་བསྒོ་ན། དེ་བཞིན་དུ་བྱའོ་ཞེས་ཟེར་རོ། །དེ་ནས་རྒྱལ་པོ་སྐྱེད་པས་བཙུན་མོ་རྣམས་ལ་རྒྱན་ཐམས་ཅད་ཀྱིས་བཀླུབས་ལ་བདག་གི་དྲུང་དུ་ཤེག་ཤིག །རྒྱན་གྱི་ཁྱད་པར་ཡོད་པར་གྱིས་ཤིག་ཅེས་བསྒོའོ། །དེ་ནས་རྒྱལ་པོ་བཤོས་གསོལ་བའི་ལམ་སྣང་བའི་སར་བརྒྱ་བྱིན་གྱི་བཙུན་མོ་བཞིན་དུ་དངར་ནས། ཨུ་དུམ་བཱ་རི་ཀ་ལྷ་མོ་བཙུན་མོ་ཐམས་ཅད་ཀྱི་མདུན་དུ་བྱས་པ་ནི་ཇི་ལྟར་ལྷའི་བུ་མོ་རྣམས་ཀྱིས་བསྐོར་བ་བཞིན་རྒྱལ་པོའི་དྲུང་དུ་ལྷགས་པ་དང་། སྨན་ཆེན་པོས་བྲམ་ཟེ་དེ་མདུན་དུ་བཞག་ནས་ཁྱོད་རང་གི་ཆུང་མ་ངོ་ཤེས་ན་འདི་ནས་ཟུང་ཤིག་ཅེས་བསྒོ་བ་དང་། དེ་ནས་བྲམ་ཟེ་དེ་ཨུ་དུམ་བཱ་རི་


DKG011_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དེ་དང་བཙུན་མོ་གཞན་ཡང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཐོང་བ་དང་། སྦྲུལ་སྔགས་ཀྱིས་བཏབ་པ་བཞིན་དུ་སྤ་གོང་ནས་འདུག་གོ །ཉི་མ་ཕྱེ་བ་ལ་བལྟར་མི་བཟོད་པ་བཞིན་བྲམ་ཟེ་དེ་དེ་རྣམས་ལ་ལྟ་ཞིང་འདུག་གོ །དེ་ནས་དེ་དག་ཕྱི་བཞིན་འདྲེ་དང་འདྲ་བའི་བྲན་མོ་ཆུ་ཆུན་མ་བཙུན་མོ་གཞན་ཞིག་གི་ཕྱི་བཞིན་འགྲོ་བ་མཐོང་བ་དང་དེའི་ལག་ནས་བཟུང་སྟེ། འདི་བདག་གི་ཆུང་མའོ་ཞེས་ཟེར་བ་དང་། སྨན་ཆེན་པོས་དེ་ཡིན་ན་ཁྱེར་ཅིག་ཅེས་སྨྲས་པ་དང་། དེས་བྲན་མོ་ཁྲིད་ནས་སྨྲས་པ། མཆོག་ལ་མཆོག་གི་ཡིད་ཀྱང་ཆགས། །འབྲིང་ལ་འབྲིང་གི་ཡིད་ཀྱང་ཆགས། །སྒུར་མོ་ལ་ཡང་བདག་ཡིད་ཆགས། །བཟང་མོ་བདག་ནི་འདྲེ་འདྲ་ཁྱོད་ཀྱང་འདྲེའོ། །ལྷ་དག་ཚལ་ན་དགའ་བཞིན་དུ་འདྲེ་མོ་ཚུར་ཤོག །བདག་ཀྱང་འདྲེ་ལྟ་བུ་སྟེ། བདག་ཅག་དགའ་བར་བྱའོ་ཞེས་སྨྲས་ནས་སོང་ངོ་། །དེ་ནས་དུས་ཕྱི་ཞིག་ན་རྒྱལ་པོ་སྐྱེད་པས་བློན་པོའི་མཆོག་སྨན་ཆེན་པོ་ཅི་ཞིག་ཉེས་ཏེ་སྤངས་སོ། །དེ་ན་རྒྱལ་པོ་སྐྱེད་མོས་ཚལ་དུ་བཙུན་མོ་དང་ལྷན་ཅིག་ཏུ་བྱུང་སྟེ། དེར་བཙུན་མོ་དང་ལྷན་ཅིག་ཉི་མ་ཐུབ་པར་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་ནས་བཙུན་མོ་མུ་ཏིག་གི་སེ་མོ་དོ་བརྒྱ་སྟོང་རི་བ་བཀྲོལ་ཏེ། ཤིང་ཨ་ཤོ་ཀའི་ཡལ་ག་ལ་གཟར་ཏེ་བཞག་ནས་རྒྱལ་པོ་དང་ལྷན་ཅིག་རྩེ་རྩེ་བ་ལས་མུ་ཏིག་གི་སེ་མོ་དོ་བརྒྱ་སྟོང་རི་བ་དེ་བརྗེད་དོ། །རྒྱལ་པོ་ཡང་བཙུན་མོ་དང་ལྷན་ཅིག་རྒྱལ་པོའི་ཁབ་ཏུ་དོང་ངོ་། ། J01,Vo11,Po83A དེ་ནམ་ཕྱེད་ན་བཙུན་མོ་དེས་མུ་ཏིག་གི་སེ་མོ་དོ་སྐྱེད་མོས་ཚལ་ཉིད་དུ་ལུས་པར་དྲན་ནོ། །མུ་ཏིག་གི་སེ་མོ་དོ་དེ་ཡང་སྤྲ་མོས་ཁྱེར་ཏེ་ཤིང་ཁར་བཞག་གོ །དེ་ནས་རྒྱལ་པོས་མི་དག་ལ་སྐྱེད་མོས་ཚལ་དུ་མུ་ཏིག་གི་སེ་མོ་དོ་དེ་ལུས་ཀྱིས་མྱུར་དུ་སོང་ལ་ཁྱེར་ཏེ་ཤོག་ཤིག་ཅེས་བསྒོའོ། །དེ་དག་དེར་དོང་ན་མ་རྙེད་དོ། །རེ་ཞིག་ན་སྤྲང་པོ་ཞིག་དེ་ན་གཞན་གྱིས་ཟོས་པའི་ལྷག་མ་བོར་བ་ཚོལ་དུ་སོང་སོང་བ་ལས་ལྷག་མ་ས་ལ་རྙེད་པ་ཟོས་ཏེ། སྐྱེད་མོས་ཚལ་ནས་བྱུང་སྟེ་འགྲོ་བ་དང་། རྒྱལ་པོའི་མི་དེ་དག་གིས་སྤྲང་པོ་དེ་བཟུང་སྟེ་གཞན་ནི་འདི་ན་སུ་ཡང་མི་སྣང་ན་མུ་ཏིག་གི་སེ་མོ་དོ་དེ་ཕུལ་ཅིག་ཅེས་བསྒོ་བ་དང་། དེས་སྨྲས་པ། མུ་ཏིག་གི་སེ་མོ་དོ་མ་ཁྱེར་མ་མཐོང་ངོ་བདག་ནི་སྤྲང་པོ་སྟེ། ཟོས་པའི་ལྷག་མ་ཚོལ་བའི་ཕྱིར་འདིའི་ནང་དུ་འོངས་སོ། །དེ་དག་གིས་དེ་ཁུ་ཚུར་དང་དབྱུག་པས་བརྡེགས་ནས་བཙོན་རར་བཅུག་གོ །དེ་དེ་ན་བཀྲེས་པས་གཟིར་ཏེ་བསམས་པ། བདག་གིས་འདིར་ཐབས་ཤིག་མ་སྦྱར་ན་ནི་


DKG011_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོགས་ཏེ་འཆིའོ་སྙམ་ནས། དེས་བཙོན་སྲུང་དག་ལ་བདག་གིས་མུ་ཏིག་གི་སེ་མོ་དོ་དེ་བླངས་པ་བདེན་མོད་ཀྱི་དེ་ཚོང་དཔོན་གྱི་བུ་འདི་ཞེས་བྱ་བ་ལ་བྱིན་ནོ་ཞེས་སྨྲས་པ་དང་། རྒྱལ་པོའི་མི་དེས་ཐོས་ནས་དེ་ཡང་དེར་བཀུག་སྟེ་གཉིས་ཀ་ཤིང་སྒྲོག་ཏུ་བཅུག་པ་དང་། ཚོང་དཔོན་གྱི་བུ་དེའི་ཁྱིམ་ནས་ཁ་ཟས་སྣ་ཚོགས་འོངས་ཤིང་ཟ་བ་ལ་སྤྲང་པོས་བསླང་བ་དང་། ཚོང་དཔོན་གྱི་བུས་སྤྱོས་ཏེ་སྨྲས་པ། ཁྱོད་ཀྱིས་ང་ལ་ཁ་ཟས་ཀྱིས་གསོ་བར་འཇུག་པའི་ཕྱིར་རྐུར་སྦྱར་གྲང་སྟེ་ཡང་མི་སྦྱིན་ནོ་ཞེས་སྨྲ་ཞིང་ཟའོ། །དེ་ནས་ཚོང་དཔོན་གྱི་བུ་བཤང་བས་མི་བདེ་ནས་དེ་ལ་ལོངས་ཏེ་འདོང་ཞེས་སྨྲས་པ་དང་། དེས་དེ་ནི་ཁྱོད་ཀྱི་ཚིག་བདག་གིས་མཉན་པ་མ་ཡིན་ཏེ་མི་འགྲོའོ་ཞེས་སྨྲས་པ་དང་། དེས་སྨྲས་པ། ད་ཕན་ཆད་ཇི་ལྟར་བདེ་བར་འགྱུར་བ་དེ་ལྟར་བྱའོ་ཞེས་དེ་ལ་ཚིག་འཇམ་པོ་དང་མནས་ཡིད་ཆེས་པར་བྱས་ཏེ་བཤང་བས་མི་བདེ་བ་ཡང་བཤངས་སོ། །དེ་ནས་ཕྱི་དེ་ཉིན་མོ་ཚོང་དཔོན་གྱི་བུ་དེས་ཁྱིམ་དུ་དེང་ཕན་ཆད་བདག་ཅག་མི་གཉིས་ཀྱི་ཟན་ཁྱེར་ཏེ་ཤོག་ཅེས་སྤྲིང་ངོ་། ། J01,Vo11,Po83B སྤྲང་པོ་དེ་བདེ་བར་གྱུར་པ་དང་། དེས་བསམས་པ། བདག་སྔན་ཆད་ནི་གྲོང་ཁྱེར་ཐམས་ཅད་བསྐོར་ཀྱང་ལྟོ་འགྲངས་པར་མ་རྙེད་ན། ད་འདིར་བཟའ་བ་དང་། བཏུང་བ་ཞིམ་པོ་ཆོག་པར་ཡོད་མོད་ཀྱི་གྲོགས་ནི་འདི་གཅིག་པུས་མི་ཆོག་གིས་སྨད་འཚོང་མ་ཞིག་ཀྱང་དགུག་གོ་སྙམ་ནས། དེ་སྨད་འཚོང་མ་ཞིག་ལ་འདི་ཡང་ཁྱེར་བ་ལ་གཏོགས་ཀྱིས་ཟུང་ཤིག་ཅེས་བསྒོ་བ་དང་། རྒྱལ་པོའི་མིས་དེ་ཡང་བཙོན་རར་བཅུག་གོ །དེ་དང་ལྷན་ཅིག་ཏུ་བཟའ་བ་དང་བཏུང་བ་ཞིམ་པོ་ཟོས་ནས་ཡང་སྨྲས་པ། ཇི་ནས་ལོ་བཅུ་གཉིས་ཀྱི་བར་དུ་འདི་ལྟ་བུ་ལས་མ་ཐར་ཡང་བླའོ། །དེ་བཞིན་ཡོངས་སུ་སྤྱོད་པ་ལས་ཕྱིས་ཡང་འདོད་པ་སྐྱེས་ཏེ་སྨད་འཚོང་མ་འདི་གཅིག་པུས་ཡང་མི་ཆོག་སྟེ། ནམ་འདོད་པ་དང་ལྡན་པར་གྱུར་པ་དེ་ན་དགའ་བ་རྒྱས་པ་མྱོང་བར་འགྱུར་གྱིས་པི་བང་མཁན་གཅིག་ཀྱང་དགུག་གོ་སྙམ་ནས། སྤྲང་པོ་དེས་པི་བང་མཁན་ཅིག་ལ་འདིས་ཀྱང་མུ་ཏིག་གི་སེ་མོ་དོ་ཁྱེར་རོ་ཞེས་སྨྲས་པ་དང་། དེ་ནས་རྒྱལ་པོའི་མི་དེས་ཡང་སྔ་མ་བཞིན་དུ་དེར་བཅུག་གོ །དེ་ཚོང་དཔོན་གྱི་བུ་དང་། སྨད་འཚོང་མ་དང་། པི་བང་མཁན་དང་བཙོན་ར་ན་ལྷན་ཅིག་ཏུ་བདེ་བ་སྤྱོད་ཅིང་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་ནས་དུས་རིང་ཞིག་འདས་པ་དང་དེ་རྣམས་ཀྱིས་སྤྲང་པོ་དེ་ལ་ཅི་ནས་ཀྱང་བདག་ཅག་ཐར་བར་གྱིས་ཤིག །བདག་ཅག་


DKG011_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་ན་ཁྱོད་ལ་ཅིས་ཀྱང་མི་བྲེལ་བར་འགྱུར་བ་དེ་ལྟ་བུར་བྱའོ། །ཞེས་གསོལ་བ་བཏབ་པ་དང་། དེས་ཀྱང་དེ་བཞིན་བྱའོ་ཞེས་ཁས་བླངས་སོ། །དེས་བསམས་པ་གཞན་གྱིས་མ་ཡིན་གྱི་སྨན་ཆེན་པོས་ནུས་སོ་སྙམ་དུ་བློ་བསྐྱེད་ནས་དེ་དག་ལ་ཡང་བདག་ཅག་གི་རྣམས་བཙོན་ར་ནས་ཕྱིན་པར་སྨན་ཆེན་པོ་གཅིག་པུས་ནུས་ཀྱི་གཞན་ནི་བདག་ཅག་གིས་མ་མཐོང་ཞེས་སྨྲས་ཏེ། དེས་རྒྱལ་པོའི་མི་རྣམས་ལ་སྨན་ཆེན་པོའི་བུ་ཡང་འདིར་གཏོགས་སོ་ཞེས་སྨྲས་པ་དང་། རྒྱལ་པོའི་མིས་དེ་ཡང་དེར་བཀུག་གོ །དེ་ནས་སྨན་ཆེན་པོས་ཁྱོད་ཀྱི་བུ་བཙོན་རར་བཅུག་གོ་ཞེས་ཐོས་པ་དང་། J01,Vo11,Po84A དེས་བསམས་པ་ཅི་ནས་ཀྱང་འདིའི་ཕྱིར་ད་ནི་རྒྱལ་པོའི་ཕོ་བྲང་དུ་མི་འགྲོར་མི་རུང་སྟེ། དེར་མ་སོང་ན་བདག་གི་བུ་ཉོན་མོངས་པར་འགྱུར་རོ་སྙམ་ནས་དེ་རྒྱལ་པོའི་ཕོ་བྲང་དུ་སོང་ངོ་། །དེར་འོངས་ནས་རྒྱལ་པོ་ལ་ལྷ་བདག་ལ་བཀའ་འབབ་ཏུ་བས་ན། བདག་གི་བུས་ལྷ་ལ་གློ་བ་རིངས་པ་ཅི་བགྱིས་ན་བཙོན་རར་སྩལ་ཅེས་གསོལ་པ་དང་། རྒྱལ་པོས་མུ་ཏིག་གི་སེ་མོ་དོ་བརྒྱ་སྟོང་རི་བ་སྐྱེད་མོས་ཚལ་ནས་སྟོར་ན། སྤྲང་པོ་དེ་ལས་དེར་སོང་ངོ་ཞེས་ཟེར་ཏེ་དེའི་ཕྱིར་རོ་ཞེས་སྨྲས་པ་དང་། དེས་ཀྱང་དེ་དག་གི་ཐབས་ཞིབ་ཏུ་ཐོས་ནས། སྨན་ཆེན་པོས་ལྷ་འདི་དག་ནི་གང་གིས་ཀྱང་མ་འཚལ་ཏེ་བདག་གིས་སྨྲས་པ་འདི་དག་གཏང་བར་གསོལ་ཞེས་སྨྲས་པ་དང་། དེ་དག་བཏང་ངོ་། །དེ་ནས་དེ་སྐྱེད་མོས་ཚལ་དུ་སོང་བ་དང་། དེ་ལ་སྔ་ན་གནས་གང་དུ་བཞུགས། ཤིང་དྲུང་དུ་བཞུགས་སོ་ཞེས་ས་ཕྱོགས་བསྟན་པ་དང་། དེས་ཤིང་དེ་ལ་བལྟས་ན་ཤིང་དེའི་རྩེ་མོ་ན་སྤྲ་མོ་ཞིག་འདུག་པ་མཐོང་ནས། དེས་བསམས་པ་འདིས་མུ་ཏིག་གི་སེ་མོ་དོ་དེ་ཁྱེར་ཡང་དག་གིས་འདི་ལ་ཐབས་ཞིག་སྦྱར་ཏེ་དགུག་གོ་སྙམ་ནས། དེས་ལྷ་བཙུན་མོ་དང་ལྷན་ཅིག་ཏུ་འདིར་གཤེགས་ཤིག་ཅེས་གསོལ་པ་དང་རྒྱལ་པོ་ཡང་བཙུན་མོ་དང་སྐྱེད་མོས་ཚལ་དེར་ལྷགས་ཏེ། དེ་ན་འཁོད་པ་དང་། ལྷ་འདིར་བཙུན་མོས་རྒྱན་བཏགས་ན་དེ་ཡང་རྒྱན་འདོགས་སོ་ཞེས་སྨྲས་པ་དང་། སྤྲ་མོ་དེ་ཡང་ཤིང་གི་རྩེ་མོར་འདུག་ནས་མུ་ཏིག་གི་སེ་མོ་དོ་དེ་བཏགས་སོ། །དེ་ནས་སྨན་ཆེན་པོས་བཙུན་མོ་གར་གྱིས་ཞེས་སྨྲས་པ་དང་། དེས་གར་བྱས་ན་སྤྲ་མོ་དེ་ཡང་ཤིང་གི་རྩེ་མོར་འདུག་ནས་གར་བྱས་པ་དང་། དེའི་མགུལ་ནས་མུ་ཏིག་གི་སེ་མོ་དོ་དེ་མ་ལྷུང་སྟེ་དེ་ཡང་མིས་ཇི་ལྟར་བྱེད་པ་དང་། ཇི་ལྟར་ཆས་པ་དེ་ལ་བལྟས་ནས་དེ་འདྲ་བར་བྱེད་དེ་སྨན་ཆེན་པོས་ལྷ་བཙུན་མོ་འདིས་མགོ་བཏུད་དེ་གར་བགྱིས་ན་


DKG011_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ངོ་ཞེས་སྨྲས་པ་དང་། རྒྱལ་པོས་དེ་བཞིན་གྱིས་ཤིག་ཅེས་བསྒོ་ནས་དེ་མགོ་བཏུད་དེ་གར་བྱེད་པ་ལ་ཞུགས་པ་དང་སྤྲ་མོ་དེས་ཀྱང་མགོ་བཏུད་དེ་གར་བྱས་པ་དང་། དེའི་མགུལ་ནས་མུ་ཏིག་གི་སེ་མོ་དོ་ J01,Vo11,Po84B དེ་ལྷུང་ངོ་། །དེ་ནས་རྒྱལ་པོ་དགའ་བས་སྨན་ཆེན་པོའི་མགུལ་ནས་འཁྱུད་དེ་མགུ་བར་བྱས་ནས་ལོངས་སྤྱོད་ཀྱང་བྱིན་ནོ། །དེ་ནས་བློན་པོ་དྲུག་པོ་དེ་དག་ལྷན་ཅིག་ཏུ་འདུས་ཏེ་སྔོན་གྱི་དུས་དང་དེའི་ཡང་སྔོན་ལོགས་ན་ནི་བདག་ཅག་ལ་རྒྱལ་པོས་རིམ་གྲོར་བྱས། བླ་མར་བྱས། བཙུན་པར་བྱས། མཆོད་པར་བྱས་ན་ད་ནི་རི་བྲགས་ཀྱི་གྲོང་མི་བློ་རྩིང་བ་ཅན་བཀྲེས་པའི་རིགས་ལས་བྱུང་བ་འདིས་བདག་ཅག་ཐམས་ཅད་གཟི་བརྗིད་ཀྱི་གནས་ནས་ཕྱུང་ན་དེ་ལ་ཇི་ལྟ་བུར་བྱ་ཞེས་བགྲོས་པ་དང་། དེ་ནས་བློན་པོ་གཞན་ཞིག་གིས་ཀྱེ་བདག་ཅག་སྔོན་གཅིག་ལ་གཅིག་སོ་སོར་བྱེ་བས་ན་བདག་ཅག་མཐུ་མེད་པར་བྱས་ཀྱིས་དེ་ལྟ་བས་ན་ད་ནི་སྐྱེད་མོས་ཚལ་དུ་འདོང་ངོ་། །དེར་དོང་ལ་མནའ་དང་། ཡིད་ཆེས་པ་དང་། གཉེན་དུ་ཡང་བྱའོ། །དེ་ལྟ་བུར་བྱས་ན་རྒྱལ་པོ་སྐྱེད་པ་དང་། སྨན་ཆེན་པོས་བདག་ཅག་ལ་ནི་སྤང་བ་མ་ཡིན་གྱི་སླར་སྟེན་པར་འགྱུར་རོ་ཞེས་སྨྲས་པ་དང་། དེ་དག་འདུས་ཏེ་སྐྱེད་མོས་ཚལ་དུ་དོང་ངོ་། །འདོང་བ་སྨན་ཆེན་པོས་མཐོང་སྟེ། དེ་ནས་སྨན་ཆེན་པོས་ནམས་ཀྱང་འདི་དག་གཅིག་ཏུ་འདུས་ཏེ་གར་ཡང་མ་དོང་ན། སྔོན་ལྟ་མ་ཡིན་པ་ཞིག་སྦྱར་རོ་སྙམ་བསམས་ནས། དེ་དོགས་པར་གྱུར་ཏེ་ནེ་ཙོ་མ་ཏ་ར་ལ་ཕྱི་བཞིན་སོང་ལ་འདི་དག་ཅི་དཔྱོད་ཅི་ཟེར་བ་དང་། །ཅི་བྱེད་པ་རྟོགས་ཤིག་ཅེས་བསྒོའོ། །དེ་ནས་བློན་པོ་དྲུག་པོ་དེ་དག་སྐྱེད་མོས་ཚལ་དུ་དོང་ནས་ཕན་ཚུན་གཉེན་དུ་བྱས་ནས་དེ་སྟེ་གཅིག་ལ་གཅིག་མཚང་འདྲུ། གསང་བརྟོལ་ན་ནི་གདོད་བདག་ཅག་ཡིད་ཆེས་པར་འགྱུར་རོ་ཞེས་སྨྲས་པ་དང་། གཞན་ཞིག་གིས་སྨྲས་པ་དེ་བཞིན་བྱའོ། །དེ་ནས་གཅིག་གིས་སྨྲས་པ། བདག་གིས་ནི་རྒྱལ་པོའི་རྨ་བྱ་ཟོས་སོ། །གཞན་ཞིག་གིས་སྨྲས་པ། བདག་གིས་ནི་རྒྱལ་པོའི་བཙུན་མོ་དང་ལྷན་ཅིག་ཉལ་བར་བྱས་


DKG011_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གཞན་ཞིག་གིས་སྨྲས་པ། བདག་གིས་ཀྱང་དེ་ལྟ་བུར་བྱའོ་སྙམ་དུ་བསམས་སོ། །འདི་བཞིན་དུ་དྲུག་པོ་དེ་དག་གིས་གཅིག་ལ་གཅིག་གསང་གཏམ་བྱས་ཏེ། སྣོད་གཅིག་ཏུ་ཟོས་པར་གྱུར་ཏོ། །ནེ་ཙོ་མ་ཏ་རས་ཀྱང་དེ་དག་ཐོས་ནས། སྨན་ཆེན་པོ་ལ་བསླབས་སོ། །དེ་ནས་སྨན་ཆེན་ J01,Vo11,Po85A པོས་རྒྱལ་པོ་སྐྱེད་པའི་དྲུང་དུ་སོང་སྟེ་ཕྱིན་ནས་དེ་ཐམས་ཅད་སྨྲས་ཏེ་ལྷའི་བློན་པོ་དག་ནི་རྣམ་པ་འདི་ལྟ་བུའི་ཚུལ་ཁྲིམས་དང་། གཙང་སྦྲ་དང་སྤྱོད་པར་ལྡན་ནོ། །དེ་ནས་རྒྱལ་པོ་སྐྱེད་པས་མངོན་པར་རྟོགས་ཤིང་དེ་དག་མཐོང་ནས་ཡུལ་མེད་པར་བྱ་སྟེ། ཨེ་མའོ་བདག་གི་བློན་པོ་འདི་དག་ནི་འདི་ལྟ་བུར་མི་རིགས་པ་ཅན་གྱིས་གང་ན་མི་དབང་བ་དེར་དེང་ཤིག་ཅེས་དེ་དག་བསྐྲད་དེ་བཀྱེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། གང་དེའི་ཚེ་དེའི་དུས་ན་སྨན་ཆེན་པོ་ནི་ང་ཉིད་ཡིན་ནོ། །རྒྱལ་པོ་སྐྱེད་པ་དེ་ནི་དགེ་སློང་ཤཱ་རིའི་བུ་འདིའོ། །གང་དེ་ན་བློན་པོ་དྲུག་པོ་དེ་དག་ནི་ད་ལྟར་གྱི་སྟོན་པ་དྲུག་པོ་དེ་དག་སྟེ། དེའི་དུས་ན་ཡང་བློན་པོར་གྱུར་ནས་ཡུལ་མེད་པར་བྱས་སོ། །ད་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་རྫུ་འཕྲུལ་དང་། ཆོ་འཕྲུལ་གྱིས་ཕམ་པར་བྱས་ཏེ་མཐའ་འཁོབ་ཏུ་བསྐྲད་དོ། །དེ་བས་ན་དགེ་སློང་ཁྱེད་ཀྱིས་དགེ་བའི་བཤེས་གཉེན་ལ་བསྟེན་པར་བརྩོན་པར་བྱའོ། །གང་ལས་ཤེས་རབ་དང་གཞུང་དང་། །ཡེ་ཤེས་མཆོག་ཏུ་གྱུར་པའོ། །དེ་ལྟ་བུའི་ཡོན་ཏན་དུ་འགྱུར་བ་དེ་ལྟ་བུ་བསྒྲུབ་པར་བྱའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་ཆེན་པོ་བསྟན་ཏེ། མུ་སྟེགས་ཅན་དག་ནི་ཇིས་ཀྱང་སྨ་བབ། ལྷ་དང་མི་ནི་དགའ་བར་མཛད། སྐྱེ་བོ་དམ་པ་རྣམས་ནི་མགུ་བར་མཛད་པ་དེའི་དུས་ན་ཡུལ་སོ་སོ་ན་གནས་པའི་བཟོ་བོ་གྲོང་དང་། གྲོང་ཁྱེར་དང་། ཕོ་བྲང་འཁོར་དང་། ཡུལ་དེ་དག་ནས་མཉན་དུ་ཡོད་པར་ལྷགས་ཏེ་རབ་ཏུ་བྱུང་བ་དང་། དེ་དག་གི་བུ་ཕོ་དང་། བུ་མོ་དང་། ཆུང་མ་དང་། གཞན་ཡང་མཛའ་བོ་དང་། གཉེན་དང་།


DKG011_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཕུ་ནུ་དག་ཕན་ཚུན་དུ་ཚོལ་ཞིང་མཉན་དུ་ཡོད་པར་ལྷགས་ཏེ་དེ་དག་མཐོང་ནས་འཕགས་པ་ཁྱེད་ཅག་ནི་འདིར་དོང་སྟེ་རབ་ཏུ་བྱུང་སྟེ་འཁོད་ན་བདག་ཅག་གི་འཚོ་བ་སུས་སྦྱོར་ཞེས་སྨྲས་པ་དང་། དེ་དག་གིས་འདི་ཉིད་དུ་འཁོད་ལ་འདི་ཉིད་དུ་ཁྱོད་སློབས་ཤིག་ཅེས་སྨྲས་པ་དང་། དེ་དག་གིས་ལགས་ཏེ་དེ་བཞིན་བགྱིའོ་ཞེས་ J01,Vo11,Po85B སྨྲས་ནས་དེ་དག་སློབ་པ་ལ་ཞུགས་པ་དང་། ཇི་ཙམ་ན་བྲམ་ཟེ་དང་ཁྱིམ་བདག་དག་ལྷགས་ནས་དེ་དག་གིས་དེ་དག་མཐོང་སྟེ། བཟོ་བོ་འདི་དག་ཐམས་ཅད་རབ་ཏུ་བྱུང་ན་བདག་གི་ལས་སུས་བྱ་ཞེས་འཛེར་ཏོ། །དེ་ལྟ་བུར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་དགོངས་པ་དེ་དང་འདྲ་བའི་སྣོད་འཆང་ན་ཉེས་པའི་དམིགས་ཡིན་ཏེ། དེ་ལྟ་བས་ན་དེ་དང་འདྲ་བའི་རྒྱུད་ལས་དེ་དང་འདྲ་བའི་ཆ་སྤྱད་མི་འཆང་བར་དགོངས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དེ་དག་དང་ཁྱིམ་བདག་དག་འཕྱ་བ་ནི་གནས་ཡིན་ནོ། །དེ་ལྟ་བས་ན་དགེ་སློང་དག་དེ་དང་འདྲ་བ་ལས་དེ་དང་འདྲ་བའི་རྒྱུད་ཀྱི་ཆ་སྤྱད་མ་འཆང་ཤིག །དགེ་སློང་དག་གིས་དེ་དང་འདྲ་བའི་ཆ་སྤྱད་འཆང་ན་འདས་པ་དང་བཅས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་དང་འདྲ་བ་ལས་དེ་དང་འདྲ་བའི་ཆ་སྤྱད་མ་འཆང་ཤིག་ཅེས་གསུངས་པ་དང་། ཅི་ཙམ་ན་སྨན་པ་གཞན་ཞིག་རབ་ཏུ་བྱུང་ནས་ལྗོངས་རྒྱུ་ཞིང་མཉན་དུ་ཡོད་པར་ཕྱིན་པ་དང་། དེ་ལ་དགེ་སློང་དག་གིས་ཚེ་དང་ལྡན་པ་དགེ་སློང་ནད་པ་འདི་ལ་སྨན་དཔྱད་བྱོས་ཤིག་ཅེས་སྨྲས་པ་དང་། དེས་ཚེ་དང་ལྡན་པ་བཅོམ་ལྡན་འདས་ཀྱིས་མ་གནང་སྟེ། དེ་འདྲ་བ་ལས་དེ་འདྲ་བ་སྤྱད་མ་འཆང་ཤིག་ཅེས་བྱུང་ན་དེ་ལ་སྨན་དཔྱད་ཅིས་བྱ་ཞེས་ཟེར་རོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་དེ་ལྟ་བས་ན་གནང་བ་ནི་སྨན་པ་རབ་ཏུ་བྱུང་ན་གཏར་དཔྱད་ཀྱི་སྤྱད་ཆོངས་ཤིག །སྔོན་ཡི་གེ་པས་ནི་རམ་ཕྱིས་ཆོངས་ཤིག །འདྲེག་མཁན་རབ་ཏུ་བྱུང་ན་ནི་སེན་མོ་གཅད་པ་ཆོངས་ཤིག་ཅེས་བཀའ་སྩལ་ཏོ།། །།


DKG011_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་སུམ་བཅུ་རྩ་ལྔ་པ། གླེང་གཞི་མཉན་དུ་ཡོད་པ་ན་སྟེ། ནམ་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ཆེན་པོ་བསྟན་ཏེ། མུ་སྟེགས་ཅན་རྣམས་ནི་སྨ་ཕབ། ལྷ་དང་མི་རྣམས་ནི་དགའ་བར་མཛད། སྐྱེ་བོ་མང་པོ་དག་གི་སེམས་མགུ་བར་མཛད་པ་དེའི་ཚེ་ན་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པའི་ J01,Vo11,Po86A ཤིན་ཏུ་རྙེད་པ་དང་བཀུར་སྟི་རབ་ཏུ་བྱུང་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་རྙེད་པ་དང་། བཀུར་སྟི་བྱུང་བ་གཅད་པར་དགོངས་ནས་སུམ་བཅུ་རྩ་གསུམ་གྱི་ལྷའི་གནས་སུ་གཤེགས་ཏེ། ལ་བ་རྡོ་དཀར་ལས་ཤིང་པ་རི་ཛཱ་ཏ་ཀ་དང་། ཀོ་བི་ད་ར་ཀ་དང་། ཤིན་ཏུ་མི་རིང་བ་ཞིག་ཏུ་དབྱར་ཚུལ་དུ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུམ་སྐྱེད་མ་དང་གཞན་ཡང་སུམ་བཅུ་རྩ་གསུམ་གྱི་གནས་ཀྱི་ལྷ་རྣམས་ལ་ཆོས་འཆད་དོ། །དེའི་ཚེ་ན་མཽད་གལ་ཡ་ན་ཆེན་པོ་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་དབྱར་ཚུལ་དུ་ཞུགས་སོ། །དེ་ནས་འཁོར་བཞི་ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོ་གང་ན་བ་དེར་དོང་སྟེ་ཕྱིན་པ་དང་། ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་འཁོར་བཞི་པོ་རྣམས་ལ་ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་སོ། །རྣམ་གྲངས་དུ་མའི་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ནས་ཅང་མི་ཟེར་བ་དང་། དེ་ནས་འཁོར་བཞི་པོ་རྣམས་སྟན་ལས་ལངས་ནས་བླ་གོས་ཕྲག་པ་ལ་གཟར་ཏེ། ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོ་གང་ན་བ་དེར་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས། ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོ་ལ་བཙུན་པ་མཽད་གལ་ཡ་ན་ཆེན་པོ་བཅོམ་ལྡན་འདས་ད་ལྟར་གང་དུ་དབྱར་ཚུལ་དུ་ཞུགས་པ་གསན་ཏམ་ཞེས་སྨྲས་པ་དང་། ཀྱེ་བཅོམ་ལྡན་འདས་ནི་སུམ་བཅུ་རྩ་གསུམ་གྱི་གནས་ལ་བ་རྡོ་དཀར་ལས་ཤིང་པ་རི་ཛཱ་ཏ་ཀ་དང་། ཀོ་བི་ད་ར་ཀ་དང་ཤིན་ཏུ་མི་རིང་བ་ཞིག་ཏུ་དབྱར་


DKG011_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དུ་ཞུགས་ཏེ་ཡུམ་སྐྱེད་མ་དང་གཞན་ཡང་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ལ་ཆོས་འཆད་པར་བདག་གིས་ཐོས་སོ་ཞེས་སྨྲས་པ་དང་། དེ་ནས་འཁོར་ J01,Vo11,Po86B བཞི་པོ་རྣམས་ཀྱིས་ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོས་བཤད་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་ནས། ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་སྟན་ལས་ལངས་ཏེ་དོང་ངོ་། །དེ་ནས་འཁོར་བཞི་པོ་རྣམས་ཟླ་བ་གསུམ་འདས་པ་དང་། ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོ་གང་ན་བ་དེར་དོང་སྟེ་ཕྱིན་པ་དང་། ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དེ། ཕྱོགས་གཅིག་ཏུ་འཁོད་ནས་འཁོར་བཞི་པོ་རྣམས་ལ་ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོས་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར་གཟེང་བསྟོད། ཡང་དག་པར་དགའ་བར་བྱས་སོ། །རྣམ་གྲངས་དུ་མའི་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ཏེ་ཅང་མི་ཟེར་བར་འདུག་པ་དང་། དེ་ནས་འཁོར་བཞི་པོ་དག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་ལ་གཟར་ནས། ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོ་ག་ལ་བ་དེར་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས། ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །འདི་ལྟར་བཙུན་པ་ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོས་མཁྱེན་པར་མཛད་དུ་གསོལ། བདག་ཅག་གིས་བཅོམ་ལྡན་འདས་མ་མཐོང་ནས་རིང་ཞིག་ལོན་ལགས་ཏེ། བཅོམ་ལྡན་འདས་ལ་ལྟ་འཚལ་བས་བདག་ཅག་ཤིན་ཏུ་སྐོམ་སྟེ། བཅོམ་ལྡན་འདས་ལ་བལྟ་བར་འཚལ་གྱིས། དེ་སྟེ་བཙུན་པ་མཽད་གལ་ཡ་ན་ཆེན་པོས་རིགས་ཤིང་ལེགས་ན་ནི་བཙུན་པ་མཽད་གལ་ཡ་ན་ཆེན་པོས་བཅོམ་ལྡན་འདས་གང་ན་བ་དེར་བཞུད་ལ་དྲུང་དུ་ཕྱིན་པ་དང་། བདག་ཅག་གི་ཚིག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བགྱིས་ཏེ་གནོད་པ་ཆུང་ངམ། གནོད་པར་མ་གྱུར་ཏམ། མྱུར་དུ་བཞེངས་སམ། འཚོའམ། མཐུ་དང་ལྡན་ནམ། བདེའམ། སྙུན་ཆུང་ངམ། བདེ་བར་བཞུགས་སམ། བདེ་བར་གྱུར་ཏམ་ཞེས་ཞུས་ལ་འདི་སྐད་


DKG011_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ཀྱང་གསོལ་ཅིག །བཙུན་པ་འཛམ་བུའི་ J01,Vo11,Po87A གླིང་གི་འཁོར་བཞི་པོ་དག་བཅོམ་ལྡན་འདས་ལ་བལྟ་བར་འཚལ་ན་བཙུན་པ་སུམ་བཅུ་རྩ་གསུམ་གྱི་ལྷའི་གནས་སུ་འཛེག་ཅིང་བཅོམ་ལྡན་འདས་ཀྱི་དྲུང་དུ་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བའི་ཕྱིར་མཆིར་འཛམ་བུའི་གླིང་གི་མི་རྣམས་ལ་དེ་འདྲ་བའི་རྫུ་འཕྲུལ་དང་མཐུ་མ་མཆིས་སོ། །གང་སུམ་བཅུ་རྩ་གསུམ་གྱི་གནས་ཀྱི་ལྷ་དེ་རྣམས་ནི་འཛམ་བུའི་གླིང་དུ་བབས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་དུ་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བགྱིད་དུ་མཆི་བར་ནི་སུམ་བཅུ་རྩ་གསུམ་གྱི་ལྷ་ལ་རྫུ་འཕྲུལ་དང་། མཐུ་མཆིས་ན། བཅོམ་ལྡན་འདས་སུམ་བཅུ་རྩ་གསུམ་གྱི་ལྷའི་གནས་ནས་འཛམ་བུའི་གླིང་དུ་གཤེགས་པར་ཐུགས་རྗེར་དགོངས་ན་ལེགས་སོ་ཞེས་གསུང་ཤིག་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོས་འཁོར་བཞི་པོ་རྣམས་ལ་ཅང་མི་སྨྲ་བར་གནང་ངོ་། །དེ་ནས་འཁོར་བཞི་པོ་དག་ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོས་ཅང་མི་སྨྲ་བས་གནང་བར་རིག་སྟེ། ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་སྟན་ལས་ལངས་ཏེ་དོང་ངོ་། །དེ་ནས་ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོས་འཁོར་བཞི་པོ་དག་དོང་ནས་རིང་པོ་མ་ལོན་པར་རིག་པ་དང་དེ་འདྲ་བའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་གོ །ཇི་ལྟར་སེམས་མཉམ་པར་གཞག་པ་ན་འདི་ལྟ་སྟེ། སྟོབས་དང་ལྡན་པའི་སྐྱེས་བུས་དཔུང་པ་བསྐུམ་པ་ལས་བརྐྱང་བའམ། བརྐྱང་བ་ལས་བསྐུམ་པ་ཙམ་དུ་དེ་ལྟར་དེ་བཞིན་ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོ་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ། སུམ་བཅུ་རྩ་གསུམ་གྱི་ལྷའི་གནས་ལ་བ་རྡོ་དཀར་ལས་ཤིང་པ་རི་ཛཱ་ཏ་ཀ་དང་། ཀོ་བི་ད་ར་ཀ་དང་། ཤིན་ཏུ་མི་རིང་བ་ཞིག་ཏུ་དེའི་དུས་ན་བཅོམ་ལྡན་འདས་ལྷའི་འཁོར་བརྒྱ་སྟོང་དུ་མའི་མདུན་ན་བཞུགས་ཤིང་ཆོས་འཆད་པ་ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོས་མཐོང་ངོ་། །བཅོམ་ལྡན་འདས་ལྷའི་འཁོར་བརྒྱ་སྟོང་དུ་མའི་མདུན་ན་བཞུགས་ཤིང་ཆོས་འཆད་པ་མཐོང་ནས་འཛུམ་པ་བྱས་ཏེ། བཅོམ་ལྡན་འདས་འདི་ J01,Vo11,Po87B ན་ཡང་ལྷ་མང་པོ་དང་བཞུགས་པ་ནི་འདི་ལྟ་སྟེ། འཛམ་བུའི་གླིང་གི་འཁོར་བཞི་པོ་


DKG011_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོའི་བསམ་པ་མཁྱེན་ནས། ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽད་གལ་ཡ་ན་ཆེན་པོ་རང་གིས་འདུ་བྱེད་པ་ནི་མ་ཡིན་མོད་ཀྱི། ནམ་གྱི་ཚེ་ངས་འོང་བར་བསམས་པ་དེའི་ཚེ་ན་ནི་འོང་ངོ་། །ནམ་གྱི་ཚེ་འགྲོ་བར་བསམས་པ་དེའི་ཚེ་ན་འགྲོ་སྟེ། ངའི་སེམས་ལ་སེམས་ཀྱིས་ཤེས་ནས་འོང་བ་དང་འགྲོ་བའོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོ་ལྷའི་འཁོར་ཐམས་ཅད་དུ་བལྟས་ནས་བཅོམ་ལྡན་འདས་ལ་བཙུན་པ་ལྷའི་འཁོར་འདི་དག་ནི་རྣམ་པ་སྣ་ཚོགས་འདུས་ཤིང་མཆིས་སོ། །དེའི་འཁོར་འདུས་ཤིང་མཆིས་པ་འདི་དག་ནི་གང་སངས་རྒྱས་ཤེས་ཏེ་དད་པ་དང་ལྡན་པས་ལུས་དང་བྲལ་ནས་འདིར་སྐྱེས་པ་དག་མཆིས་སོ། །དེའི་འཁོར་འདུས་ཤིང་མཆིས་པ་འདི་དག་ནི་གང་ཆོས་དང་། དགེ་འདུན་དང་། འཕགས་པ་བཞེད་པའི་ཚུལ་ཁྲིམས་དང་ལྡན་པས་ལུས་དང་བྲལ་ནས་འདིར་སྐྱེས་སོ་ཞེས་གསོལ་པ་དང་། དེ་ལྟར་དེ་བཞིན་ཏེ་མཽད་གལ་ཡ་ན་ཆེན་པོ་རྣམ་པ་སྣ་ཚོགས་ཀྱི་ལྷའི་འཁོར་འདི་དག་འདུས་ཤིང་འཁོད་དོ། །ལྷའི་འཁོར་འདི་དག་ལས་གང་སངས་རྒྱས་ལ་ཤེས་ཤིང་དད་པ་དང་ལྡན་པས་ན་ལུས་དང་བྲལ་ནས་འདིར་སྐྱེས་པ་ཡོད་དོ། །ཆོས་དང་། དགེ་འདུན་དང་། འཕགས་པ་བཞེད་པའི་ཚུལ་ཁྲིམས་དང་ལྡན་པས་ལུས་དང་བྲལ་ནས་འདིར་སྐྱེས་པ་ཡང་ཡོད་དོ། །དེ་ནས་བརྒྱ་བྱིན་ལྷའི་དབང་པོ་བཅོམ་ལྡན་འདས་དང་། ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོས་བཤད་པའི་རྗེས་སུ་བསྔགས་ནས་ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །དེ་ལྟར་དེ་བཞིན་ནོ། །བཙུན་པ་མཽད་གལ་ཡ་ན་ཆེན་པོ་དེ་ལྟར་དེ་བཞིན་ཏེ་ J01,Vo11,Po88A རྣམ་པ་སྣ་ཚོགས་ཀྱི་ལྷའི་འཁོར་འདུས་ཤིང་འཁོད་དོ། །ལྷའི་འཁོར་འདི་དག་ལས་གང་སངས་རྒྱས་ཤེས་ཤིང་དད་པ་དང་ལྡན་པས་ལུས་དང་བྲལ་བས་འདིར་སྐྱེས་པ་ཡང་མཆིས་སོ། །ཆོས་དང་། དགེ་འདུན་དང་། འཕགས་


DKG011_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞེད་པའི་ཚུལ་ཁྲིམས་དང་ལྡན་པས་ལུས་དང་བྲལ་ནས་འདིར་སྐྱེས་པ་ཡང་མཆིས་སོ། །དེ་ནས་ལྷའི་བུ་གཞན་ཞིག་གིས་བཅོམ་ལྡན་འདས་དང་། ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོ་དང་། བརྒྱ་བྱིན་ལྷའི་དབང་པོས་བཤད་པ་ལ་རྗེས་སུ་བསྔགས་ནས་ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽད་གལ་ཡ་ན་ཆེན་པོ་དེ་ལྟར་དེ་བཞིན་ནོ། །དེ་ལྟར་དེ་བཞིན་ཏེ་རྣམ་པ་སྣ་ཚོགས་ཀྱི་ལྷའི་འཁོར་འདུས་ཤིང་འཁོད་དོ། །ལྷའི་འཁོར་འདི་དག་ལས་གང་སངས་རྒྱས་ཤེས་ཤིང་དད་པ་དང་ལྡན་པས་ལུས་དང་བྲལ་ནས་འདིར་སྐྱེས་པ་ཡང་མཆིས་སོ། །ཆོས་དང་། དགེ་འདུན་དང་། འཕགས་པ་བཞེད་པའི་ཚུལ་ཁྲིམས་དང་ལྡན་པས་ལུས་དང་བྲལ་ནས་འདིར་སྐྱེས་པ་ཡང་མཆིས་སོ། །དེ་ནས་དེའི་ཚེ་ལྷ་གཅིག་ཅིག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་བཙུན་པ་བདག་ནི་སངས་རྒྱས་ལ་ཤེས་ཤིང་དད་པ་དང་ལྡན་པས་ལུས་དང་བྲལ་ཏེ་འདིར་སྐྱེས་སོ་ཞེས་གསོལ་པ་དང་གཞན་ཞིག་གིས་ཀྱང་འདི་སྐད་དུ་སྨྲས་སོ། །བདག་ནི་ཆོས་ལ། བདག་ནི་དགེ་འདུན་ལ། བདག་ནི་འཕགས་པ་བཞེད་པའི་ཚུལ་ཁྲིམས་དང་ལྡན་པས་ལུས་དང་བྲལ་ནས་འདིར་སྐྱེས་སོ། །དེར་ལྷ་བརྒྱ་སྟོང་དུ་མས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོ་སོར་རྒྱུན་དུ་ཞུགས་པའི་ལུང་བསྟན་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོས་ལྷའི་འཁོར་རྣམས་ལས་དབེན་པར་ཤེས་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་ལ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ J01,Vo11,Po88B ཏོ། །བཙུན་པ་འཛམ་བུའི་གླིང་ནས་འཁོར་བཞི་པོ་རྣམས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་གནོད་པ་ཆུང་ངམ། གནོད་པར་མ་གྱུར་ཏམ། མྱུར་དུ་བཞེངས་སམ། འཚོའམ། མཐུ་དང་ལྡན་ནམ། བདེའམ། སྙུན་ཆུང་ངམ། བདེ་བར་བཞུགས་སམ། བདེ་བར་གྱུར་ཏམ་ཞེས་སྙུན་གསོལ་ལོ། །མཽད་གལ་ཡ་ན་ཁྱོད་དང་། འཛམ་


DKG011_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་གླིང་གི་འཁོར་བཞི་པོ་དག་ཀྱང་བདེ་བར་གྱུར་ཅིག །བཙུན་པ་འཛམ་བུའི་གླིང་གི་འཁོར་བཞི་པོ་དག་བཅོམ་ལྡན་འདས་ལ་བལྟ་བར་འཚལ་ཏེ། འདི་སྐད་གསོལ་ལོ། །བཙུན་པ་འཛམ་བུའི་གླིང་གི་མི་རྣམས་སུམ་བཅུ་རྩ་གསུམ་གྱི་ལྷའི་གནས་སུ་འཛེག་ཅིང་བཅོམ་ལྡན་འདས་ཀྱི་དྲུང་དུ་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བའི་ཕྱིར་མཆི་བར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་དང་མཐུ་འཛམ་བུའི་གླིང་གི་མི་རྣམས་ལ་མ་མཆིས་ཀྱི་བཙུན་པ་སུམ་བཅུ་རྩ་གསུམ་གྱི་ལྷ་དེ་རྣམས་ནི་འཛམ་བུའི་གླིང་དུ་འབབ་ཅིང་། བཅོམ་ལྡན་འདས་ཀྱི་དྲུང་དུ་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བར་མཆི་བ་དེ་ལྟ་བུའི་རྫུ་འཕྲུལ་དང་མཐུ་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ལ་མཆི་ན། བཅོམ་ལྡན་འདས་ཐུགས་རྗེས་དགོངས་ཏེ་སུམ་བཅུ་རྩ་གསུམ་གྱི་ལྷའི་གནས་ནས་འཛམ་བུའི་གླིང་དུ་གཤེགས་ན་ལེགས་སོ་ཞེས་གསོལ་ལོ། །དེ་བས་ན་མཽད་གལ་ཡ་ན་ཁྱོད་འཛམ་བུའི་གླིང་དུ་སོང་ལ་འཁོར་བཞི་པོ་རྣམས་ལ་བཅོམ་ལྡན་འདས་ནི་དེང་ནས་ཞག་བདུན་ན་སུམ་བཅུ་རྩ་གསུམ་གྱི་ལྷའི་གནས་ནས་འཛམ་བུའི་གླིང་གི་གྲོང་ཁྱེར་སང་ཀཱ་ཤིའི་ཨ་པ་ཛ་རིའི་ནགས་ཤིང་ཨུ་དུམ་བཱ་རའི་དྲུང་དུ་གཤེགས་སོ་ཞེས་བསྒོ་ཤིག །དེ་ནས་ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོས་བཅོམ་ལྡན་འདས་ལས་མཉན་ཏེ་ཞབས་ལ་མགོ་བོས་ཕྱག་འཚལ་ནས་དེ་འདྲ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ །ཇི་ལྟར་སེམས་མཉམ་པར་བཞག་པ་ན་འདི་ལྟ་སྟེ། སྟོབས་དང་ལྡན་པའི་སྐྱེས་བུས་དཔུང་པ་བསྐུམ་པ་ལས་བརྐྱང་བའམ། བརྐྱང་བ་ལས་བསྐུམ་པ་བཞིན་ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོ་སུམ་བཅུ་ J01,Vo11,Po89A རྩ་གསུམ་གྱི་ལྷའི་གནས་ནས་མི་སྣང་བར་གྱུར་ཏེ་འཛམ་བུའི་གླིང་དུ་ཕྱིན་ཏོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་ཡ་ན་ཆེན་པོ་འཛམ་བུའི་གླིང་དུ་འོངས་ནས་འཁོར་བཞི་པོ་དག་ལ་ཀྱེ་བཅོམ་ལྡན་འདས་ནི་དེང་ནས་ཞག་བདུན་ན་སུམ་བཅུ་རྩ་གསུམ་གྱི་ལྷའི་གནས་ནས་འཛམ་བུའི་གླིང་གི་གྲོང་ཁྱེར་སང་ཀཱ་ཤིའི་ཨ་པ་ཛ་རིའི་ནགས་ཤིང་ཨུ་དུམ་བཱ་རའི་དྲུང་དུ་གཤེགས་སོ་ཞེས་བསྒོའོ། །དེ་ནས་འཁོར་བཞི་པོ་དག་ཞག་བདུན་སོང་བ་ན་དྲི་དང་བྱུག་པ་དག་ཁྱེར་ཏེ་གྲོང་ཁྱེར་སང་ཀཱ་ཤེར་དོང་ངོ་། །དེ་ནས་སང་ཀཱ་ཤེ་ན་གནས་པའི་སྐྱེ་བོ་མང་པོ་དག་གིས་གྲོང་ཁྱེར་སང་


DKG011_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་ཤེ་རྡོ་བ་དང་གྱོ་མོ་དང་བོང་བ་དག་མེད་པར་བྱས་ཏེ་ཙན་དན་གྱི་ཆུས་ཆག་ཆག་བཏབ་ནས་བདུག་པ་ཞིམ་པོའི་པོག་པོར་དཔྱངས། རྒྱལ་མཚན་དང་། ལྷའི་འཕན་དག་བསྒྲེང་། དར་གྱི་ལྡ་ལྡི་རྣམས་ནི་བྲེས་ཏེ། མེ་ཏོག་སྣ་ཚོགས་ཀྱིས་གཏོར་བས། ཡིད་དགའ་བར་འགྱུར་བ་ནི་ལྷའི་དགའ་བའི་ཚལ་དུ་སྐྱེད་མོས་ཚལ་བཞིན་ཏེ། སའི་ཕྱོགས་ཡངས་ཤིང་བླ་གབ་མེད་པར་གདན་བཏིང་ཞིང་བཤམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ཏེ་སུམ་བཅུ་རྩ་གསུམ་གྱི་ལྷའི་གནས་ནས་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་དང་ལྷན་ཅིག་ཏུ་མི་སྣང་བར་གྱུར་ཏེ་མཚེ་མར་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཚེ་མའི་ལྷ་རྣམས་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ནས་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་དང་། མཚེ་མའི་ལྷ་རྣམས་དང་ལྷན་ཅིག་མི་སྣང་བར་གྱུར་ཏེ་དེ་བཞིན་དུ་དགའ་ལྡན་དུ་གཤེགས་སོ། །དེ་བཞིན་དུ་འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ J01,Vo11,Po89B ཆུང་དང་། ཚད་མེད་དགེ་དང་། མ་ལུས་དགེ་དང་། སྤྲིན་མེད་དང་། བསོད་ནམས་འཕེལ་དང་། འབྲས་བུ་ཆེ་དང་། མི་ཆེ་བ་དང་། མི་དྲོས་དང་། གྱ་ནོམ་སྣང་དང་། ཤིན་ཏུ་མཐོང་དང་། འོག་མིན་དུ་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷ་རྣམས་དང་ཐབས་ཅིག་ཏུ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་འོག་མིན་གནམ་གྱི་ལྷ་རྣམས་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ནས་འོག་མིན་གནས་ནས་མི་སྣང་བར་གྱུར་ཏེ། གྱ་ནོམ་སྣང་གི་ལྷའི་གནས་སུ་གཤེགས་སོ། །ལྷ་རྣམས་ལ་སླད་རིམ་གྱིས་སུམ་བཅུ་རྩ་གསུམ་གྱི་ལྷའི་རིས་ཀྱི་བར་དུ་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷ་རྣམས་དང་ཐབས་ཅིག་


DKG011_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གཤེགས་སོ། །དེ་ནས་བརྒྱ་བྱིན་ལྷའི་དབང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་འཛམ་བུའི་གླིང་དུ་གཤེགས་སམ། ཀཽ་ཤི་ཀ་འབབ་པོ། ཅི་རྫུ་འཕྲུལ་གྱིས་འབབ་བམ། འོན་ཏེ་ཞབས་ཀྱིས་གཤེགས། ཀཽ་ཤི་ཀ་རྐང་གིས་སོ། །དེ་ནས་བརྒྱ་བྱིན་ལྷའི་དབང་པོས་ལྷའི་བུ་ལས་ཐམས་ཅད་དང་ལྡན་པ་ལ་བསྒོ་བ། ལས་ཐམས་ཅད་དང་ལྡན་པ་གསེར་དང་། བཻ་ཌཱུརྱ་དང་། ཤེལ་གྱི་སྐས་གསུམ་སྤྲུལ་ཅེས་སྨྲས་པ་དང་། ཀཽ་ཤི་ཀ་ཁྱེད་མཆོག་ཏུ་བཟང་ངོ་ཞེས་སྨྲས་ནས་ལྷའི་བུ་ལས་ཐམས་ཅད་དང་ལྡན་པས་བརྒྱ་བྱིན་ལྷའི་དབང་པོ་ལས་མཉན་ཏེ་གསེར་དང་། བཻ་ཌཱུརྱ་དང་། ཤེལ་གྱི་སྐས་གསུམ་སྤྲུལ་ཏོ། །དེ་ནས་བཅོམ་ལྡན་འདས་ནི་བཻ་ཌཱུརྱའི་སྐས་ལ་གཤེགས། ཚངས་པ་འཁོར་གྱི་དབང་པོ་ནི་གཡས་ཕྱོགས་ནས་ནོར་བུའི་རྔ་ཡབ་བརྒྱ་སྟོང་ཐོགས་ཏེ་གཟུགས་ཡོད་པ་ན་སྤྱོད་པའི་ལྷ་དག་དང་ལྷན་ཅིག་ཏུ་གསེར་གྱི་སྐས་ལས་འབབ་བོ། །བརྒྱ་བྱིན་ལྷའི་དབང་པོས་ནི་བཅོམ་ལྡན་འདས་ཀྱི་གཡོན་ཕྱོགས་ནས་རྩིབས་མ་བརྒྱ་པའི་གདུགས་ཐོགས་ཏེ་འདོད་པ་ན་སྤྱོད་པའི་ལྷ་དག་དང་ལྷན་ཅིག་ཏུ་ཤེལ་གྱི་སྐས་ལས་འབབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་ལྟར་གལ་ཏེ་རྐང་པས་ J01,Vo11,Po90A འབབ་ན་ནི་མུ་སྟེགས་ཅན་དག་དགེ་སྦྱོང་གོའུ་ཏ་མས་སུམ་བཅུ་རྩ་གསུམ་གྱི་ལྷའི་གནས་སུ་རྫུ་འཕྲུལ་གྱིས་སོང་ན་ཡིད་འཕྲོག་པའི་གཟུགས་སུ་མཐོང་བས་དེའི་རྫུ་འཕྲུལ་ཉམས་པར་གྱུར་ཏེ། འཛམ་བུའི་གླིང་དུ་རྐང་པས་བབས་སོ། །ཞེས་ཟེར་རོ། །དེ་སྟེ་རྫུ་འཕྲུལ་གྱིས་བབས་ན་ནི་ཐམས་ཅད་དང་ལྡན་པའི་སྐྱེས་བུའི་བྱེད་པའི་འབྲས་བུ་མེད་པར་འགྱུར་ན། ཇི་ལྟ་ནས་ད་ཕྱེད་ནི་རྐང་པས་འབབ་བོ། །ཕྱེད་ནི་རྫུ་འཕྲུལ་གྱིས་འབབ་བོ་སྙམ་དུ་དགོངས་སོ། །དེ་ནས་བཅོམ་ལྡན་འདས་བར་བར་ནི་ཞབས་ཀྱིས། བར་བར་ནི་རྫུ་འཕྲུལ་གྱིས་སོ། །དཔག་ཚད་བཅུ་གཉིས་མན་ཆད་མིའི་དྲི་མ་མནམ་སྟེ་ལྷ་རྣམས་སྣོམ་པར་མི་བཟོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཙན་དན་གོར་ཤིར་ཥའི་དྲིར་མངོན་དུ་སྤྲུལ་ཏེ་དྲི་དེ་མི་མནམ་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། གལ་ཏེ་སྐྱེས་པས་ལྷའི་བུ་མོའམ་བུད་མེད་ཀྱིས་ལྷའི་བུ་མཐོང་ན། འདི་ལྟར་དེ་དག་གང་ཁྲག་དྲོན་པོར་སྐྱུགས་ཏེ་དུས་བྱེད་པར་ནི་གདོན་མི་ཟ་


DKG011_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་གྱིས་ཅི་ནས་ངས་ཇི་ལྟར་སྐྱེས་པས་ལྷའི་བུ་མཐོང་ཞིང་བུད་མེད་ཀྱིས་ལྷའི་བུ་མོ་མཐོང་བར་འགྱུར་བ་དེ་ལྟ་བུར་རྫུ་འཕྲུལ་མངོན་དུ་འདུ་བྱ་བ་མངོན་དུ་བྱའོ། །དེ་ནས་བཅོམ་ལྡན་འདས་ཇི་ལྟར་སྐྱེས་པས་ནི་ལྷའི་བུ་མཐོང་ཞིང་བུད་མེད་ཀྱིས་ནི་ལྷའི་བུ་མོ་མཐོང་བར་འགྱུར་བ་དེ་ལྟ་བུ་རྫུ་འཕྲུལ་འདུས་བྱས་པ་མངོན་དུ་འདུས་བྱས་སོ། །དེའི་དུས་ན་ཚེ་དང་ལྡན་པ་རབ་འབྱོར་ཤིང་གཞན་ཞིག་གི་དྲུང་ན་ཉིན་བར་སྤྱོད་པའི་ཕྱིར་འདུག་སྟེ། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལོངས་སྤྱོད་མཆོག་དང་སུམ་བཅུ་རྩ་གསུམ་གྱི་ལྷའི་གནས་ནས་འཛམ་བུའི་གླིང་དུ་བབས་པ་མཐོང་ངོ་། །མཐོང་ནས་འདི་སྙམ་དུ་གྱུར་ཏོ། །ལྷ་འདི་དག་ནི་འདི་བཞིན་དུ་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ་ཡང་བཅོམ་ལྡན་འདས་བོར་ཏེ་རང་གི་གནས་སུ་དོང་ངོ་། །མི་འདི་དག་ཀྱང་ལོ་བརྒྱ་འདས་པ་དང་དུས་བྱེད། བཅོམ་ལྡན་འདས་ཀྱང་ཡོངས་སུ་མྱ་ངན་ལས་འདས་ཏེ་འདི་ལྟ་བུའི་ལོངས་སྤྱོད་ཆེན་པོ་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་རོ། །དེ་ལ་ J01,Vo11,Po90B བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་དེ་ནི་འདུས་བྱས་ཐམས་ཅད་མི་རྟག །མི་བརྟན། ཡིད་བརྟན་དུ་མི་རུང་། འགྱུར་བའི་ཆོས་ཅན་ཏེ་འདུས་བྱས་ཐམས་ཅད་ཀྱིས་ཆོག་གོ །སྐྱོ་བར་རིགས་སོ། །མི་འདོད་པའི་རིགས་སོ། །རྣམ་པར་གྲོལ་བར་བྱ་བ་ཤེས་ནས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ཉིད་དུ་ཡིད་ལ་བྱེད་པ་ལ་ཞུགས་ཏེ། དེས་ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡིད་ལ་བྱས་པས་ན་མི་རྟག་པའི་རྣམ་པས་འདི་བཞིན་འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་གྱེན་དུ་བྱུང་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །དེ་ནས་བདེན་པ་མཐོང་ཞིང་ཤེས་ཏེ་དད་པ་དང་ལྡན་པས་མྱུར་དུ་སྐྱིལ་མོ་ཀྲུང་བཤིག་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ལ་ཕྱག་བྱས་སོ། །དེ་ནས་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མས་འདི་ལྟར་བཅོམ་ལྡན་འདས་སུམ་བཅུ་རྩ་གསུམ་ལྷའི་གནས་ནས་འཛམ་བུའི་གླིང་དུ་བབས་ན་དེ་ལ་ཐབས་ཅི་ཞིག་གིས་བདག་གིས་བཅོམ་ལྡན་འདས་ལ་ཐོག་མར་ཕྱག་བྱ། དེ་སྟེ་


DKG011_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཞིན་དུ་སོང་ན་ནི་དགེ་སྦྱོང་མ་མགོ་རེག་མའོ་ཞེས་ཟེར་ནས་ཆེ་ཞིང་ཆེ་བའི་ལྷ་དང་མིས་བཅོམ་ལྡན་འདས་བསྐོར་བས་ནང་དུ་འགྲོར་ཡང་མི་སྟེར་གྱིས་ཅི་ནས་བདག་ནི་རྫུ་འཕྲུལ་གྱིས་འགྲོའོ་སྙམ་དུ་བསམས་ཏེ། དེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆ་ལུགས་སུ་བདག་ཉིད་མངོན་དུ་སྤྲུལ་ཏེ་རིན་པོ་ཆེ་སྣ་བདུན་གྱིས་ཐོག་མར་དྲངས། བློན་པོ་སྟོབས་ཀྱི་མཆོག་ས་ཡ་ཕྲག་བདུན་བཅུ་རྩ་དགུས་ནི་བསྐོར། རྣམ་པ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པའི་བུ་སྟོང་གིས་ཀྱང་ཟླ་བ་ཁམ་པ་བཞིན་དུ་བསྐོར། མུ་སྟེགས་ཅན་དང་། བྲམ་ཟེ་དང་། ཕོངས་པ་དང་། དམན་པ་དང་། མིའི་མཆོག་སྟོང་གིས་ནི་རྗེས་སུ་འབྲང་། རྩིབས་མ་བརྒྱ་པའི་གདུགས་སྤྱི་བོར་འཛིན། ཉི་མའི་འོད་ཟེར་སྟོང་ཤར་ཅིང་འཕྲོ་བ་དང་། ཟླ་བ་དང་། སྐར་མ་དང་། གཞལ་མེད་ཁང་མཛེས་པར་བཅས་པ་ཟིལ་གྱིས་གནོན་ J01,Vo11,Po91A ཅིང་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་བ་དང་། འཁོར་དེ་དག་གིས་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མ་རྒྱང་མ་ནས་མཐོང་ངོ་། མཐོང་ནས་ཡ་མཚན་དུ་གྱུར་ཏེ་མིག་ཚུགས་ཀྱིས་ལྟ་ཞིང་རྟོག་པ་སྣ་ཚོགས་སུ་གྱུར་ཏོ། །ཁ་ཅིག་ནི་ཀྱེ་རྒྱལ་པོ་འདི་ལྟ་བུ་གང་ནས་འོངས་ཞེས་སྨྲ། ཁ་ཅིག་གིས་ནི་འདི་རྒྱལ་པོའི་སའི་སྟེང་ན་འདི་ལྟ་བུ་དམག་ཕུན་སུམ་ཚོགས་པ་ནི་ག་ལ་ཡོད་ཀྱི་འདི་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་གཞན་ནས་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འོངས་ཡང་དག་ཅེས་ཟེར་རོ། །དེ་དག་གིས་འཁོར་ལོས་སྒྱུར་བ་དེའི་ལོངས་སྤྱོད་དེ་ལྟ་བུ་མཐོང་ནས་ཨེ་མའོ་བདག་ཅག་ཀྱང་འདི་ལྟ་བུའི་དངོས་པོར་མངོན་པར་སྒྲུབས་ཤིག་ཅེས་ཆགས་པ་སྐྱེས་ཏེ། དེ་དག་གིས་གོ་ཡང་ཕྱེའོ། །དེའི་དུས་ན་ཚེ་དང་ལྡན་པ་འཆར་ཀ་འཁོར་འདུས་པ་དེའི་ནང་ན་འདུག་སྟེ། དེས་སྨྲས་པ། ཀྱེ་འདི་ནི་འཁོར་ལོས་སྒྱུར་བ་མ་ཡིན་གྱི་འདི་ནི་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མ་སྟེ། རྫུ་འཕྲུལ་གྱིས་བཅོམ་ལྡན་འདས་བལྟ་བའི་ཕྱིར་འོངས་སོ། །དེ་དག་གིས་སྨྲས་པ། འཕགས་པ་འདི་དགེ་སློང་མ་ཨུཏྤ་ལའི་ཁ་དོག་ཡིན་པར་ཁྱོད་ཀྱིས་ཇི་ལྟར་ཤེས་དེ་སྨྲས་པ། ཀྱེ་ཨུཏྤ་ལའི་དྲི་ཤིན་ཏུ་མནམ་པས་ན་འདི་ནི་ཨུཏྤ་ལའི་ཁ་དོག་མ་སྟེ། རྫུ་འཕྲུལ་གྱིས་བཅོམ་ལྡན་འདས་ཀྱི་དྲུང་དུ་འོངས་སོ། །དེ་ནས་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མས་རྫུ་འཕྲུལ་མངོན་པར་འདུས་བྱས་པ་


DKG011_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

སླར་བསྡུས་ནས་བཅོམ་ལྡན་འདས་གང་ན་བ་དེར་ཕྱིན་པ་དང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་མ་སོང་ཤིག་ངའི་མདུན་དུ་མ་འདུག་ཤིག །དགེ་སློང་མས་སྟོན་པའི་སྤྱན་སྔར་རྫུ་འཕྲུལ་བྱེད་པ་ནི་མི་རིགས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསྐྲད་པ་དང་ཕྱོགས་གཅིག་ཏུ་སོང་སྟེ་འདུག་གོ །བཅོམ་ལྡན་འདས་ཀྱིས་དགོངས་པ། གང་སུ་ཞིག་དགེ་སློང་མ་སྟོན་པའི་སྤྱན་སྔར་རྫུ་འཕྲུལ་བསྟན་ན་ཉེས་པའི་དམིགས་ J01,Vo11,Po91B ཡིན་ཏེ། དེ་ལྟ་བས་ན་དགེ་སློང་མས་སྟོན་པའི་སྤྱན་སྔར་རྫུ་འཕྲུལ་མི་བྱ་བར་དགོངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མས་སྟོན་པའི་སྤྱན་སྔར་རྫུ་འཕྲུལ་སྟོན་པར་མི་རིགས་ཏེ། དེ་ལྟ་བས་ན་དགེ་སློང་མས་སྟོན་པའི་སྤྱན་སྔར་རྫུ་འཕྲུལ་མ་སྟོན་ཅིག །དགེ་སློང་མས་སྟོན་པའི་སྤྱན་སྔར་སྟོན་ན་འདས་པ་དང་བཅས་པར་འགྱུར་རོ། །དེ་ལ་ཁ་ཅིག་གིས་ནི་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མའི་འཁོར་ལོས་སྒྱུར་བའི་ལོངས་སྤྱོད་དུ་མཐོང་ནས་མིར་ཆགས་པ་སྐྱེས་སོ། །ཁ་ཅིག་ནི་ལྷ་རྣམས་ཀྱི་རྫུ་འཕྲུལ་གྱི་ལོངས་སྤྱོད་དུ་མཐོང་ནས་ལྷ་རྣམས་སུ་ཆགས་པ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་དང་མིར་སྐྱེ་བ་ལས་བཟློག་པའི་ཕྱིར་འཁོར་དེ་དག་ལ་འདི་ལྟ་བུའི་ཆོས་བཤད་དེ་གང་གིས་དེ་ཐོས་པས་ན་ཁ་ཅིག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །ཁ་ཅིག་གིས་ནི་ཕྱིར་མི་ལྡོག་པའི་འབྲས་བུ། ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་དུ་བྱས་སོ། །ཁ་ཅིག་གིས་ནི་ཉན་ཐོས་པའི་བྱང་ཆུབ་ཏུ། ཁ་ཅིག་གིས་ནི་རང་བྱང་ཆུབ་ཏུ། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་དྲོད་དུ་གྱུར་པའི་དགེ་བའི་རྩ་བ་རྣམས་བསྐྱེད་དོ། །ཁ་ཅིག་གིས་ནི་སྤྱི་བོ། ཁ་ཅིག་གིས་ནི་བཟོད་པ་ཆུང་ངུ་དང་འབྲིང་པོར་བསྐྱེད་དོ། །འཁོར་དེ་དག་ལས་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ། ཆོས་ལ་འབབ། དགེ་འདུན་ལ་རབ་ཏུ་བབ་པར་བཀོད་དོ། །དེ་ནས་བཅོམ་


DKG011_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་དེ་ལྟ་བུའི་ཕྱིར་ཚིགས་སུ་བཅད་དེ་གསུངས་པ། ས་རྣམས་གཅིག་གིས་ཐོབ་པ་དང་། །ལྷ་རྣམས་སུ་ཡང་འགྲོ་བ་དང་། །ཡང་ན་ཏིང་འཛིན་ཐོབ་པ་བས། །རྒྱུན་དུ་ཞུགས་པའི་འབྲས་བུ་མཆོག །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བ་བསྐྱེད་དེ་གདན་ལས་ J01,Vo11,Po92A བཞེངས་ཏེ་བཞུད་པ་དང་། དགེ་སློང་དག་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་འཆར་ཀས་ཨུཏྤ་ལའི་ཁ་དོག་མའི་དྲི་ལས་རྟོགས་པ་ལ་གཟིགས་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་མ་ཡིན་གྱི། འདི་ལྟར་འདས་པའི་དུས་ན་ཡང་འཆར་ཀས་དྲི་ལས་རྟོགས་སོ། །དེ་བས་ན་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་ནི་ཡུལ་འཁོར་མོ་འཇིག་གི་གྲོང་ཁྱེར་ན་དེད་དཔོན་གཞན་ཞིག་གནས་ཏེ། རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་ལ་རྩེ་དགའ་ཡོངས་སུ་སྤྱོད་པ་ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏོ། །དེད་དཔོན་དེ་ཡང་རྒྱ་མཚོ་མཆིང་རྣམ་ཆེན་པོར་ཆས་ནས་དེས་དེ་ལ་བཟང་མོ་བདག་ནི་ཟོང་ཁྱེར་ཏེ་ཡུལ་གཞན་དུ་འགྲོས། ཁྱིམ་གྱི་བྱ་བ་ལ་བག་ཡོད་པར་བྱོས་ཤིག་ཅེས་སྨྲས་པ་དང་། དེས་ཇོ་བོ་དེ་སྟེ་དེ་ལྟར་ན་བདག་ཀྱང་མཆིས་ཁྲིད་ཅིག་ཅེས་ཟེར་རོ། །དེས་བཟང་མོ་ཁྱོད་ལ་དེ་ན་སུ་ཞིག་གཡོག་བྱེད་ཅེས་སྨྲས་པ་དང་། དེ་ངུ་ཞིང་འདུག་ནས་གཡོག་པོ་དག་གིས་དེད་དཔོན་ཅིའི་ཕྱིར་ན་འདི་ལྟར་དེད་དཔོན་གྱི་བཙུན་མོ་ངུ་ཞེས་སྨྲས་པ་དང་། དེས་འདི་ཡང་བདག་དང་ལྷན་ཅིག་ཏུ་འགྲོ་བར་འདོད་དོ། །དེ་བདག་གིས་མ་ཁྲིད་དེ་དེའི་ཕྱིར་ན་ངུ་ཞིང་འདུག་གོ་ཞེས་སྨྲས་པ་དང་། དེ་དག་གིས་དེད་དཔོན་དེ་སྟེ་དེ་བཞིན་ཅི་ཕྱིར་མི་བཀྲི། དེ་ན་སུ་ཞིག་འདི་ལ་གཡོག་བྱེད། དེད་དཔོན་དེ་ལྟར་ཉེས་པ་མེད་ཀྱིས་ཁྲིད་ཅིག་དང་བདག་ཅག་གིས་གཡོག་བྱའོ་ཞེས་སྨྲས་པ་དང་། དེས་དེ་ཁྲིད་དེ་རིམ་བཞིན་དོང་བ་ལས་རྒྱ་མཚོ་མཆིང་རྣམ་ཆེན་པོའི་ནང་དུ་ཞུགས་སོ། །དེ་དག་རྒྱ་མཚོ་མཆིང་རྣམ་ཆེན་པོར་ཞུགས་པ་དང་། གྲུ་བོ་ཆེ་ཆུ་སྲིན་ཉ་ལྟ་


DKG011_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བུས་མི་རིགས་པར་བཟློག་པས་ན་དེ་དེར་དུས་ལས་འདས་སོ། །དེའི་ཆུང་མ་ནི་ཤིང་ལེབ་ཅིག་ལ་འཇུས་ཏེ་རླུང་གིས་རིམ་བཞིན་དུ་ཕུལ་བས་གླིང་ཀཱ་ཤེ་རུར་ཕྱིན་པ་དང་། དེ་ན་བྱའི་རྒྱལ་པོ་གཤོག་བཟངས་གནས་ཏེ། དེས་དེ་ཆུང་མར་བླངས་སོ། །དེས་ཟླ་བ་ J01,Vo11,Po92B དགུ་འདས་པ་དང་བཙས་ན་བུ་ཕོ་ཞིག་བྱུང་སྟེ་གཟུགས་ལེགས་ཤིང་བལྟ་ན་སྡུག་པ་བཟང་པོ་ཞིག་གོ །དེ་ནས་ཡང་བྱའི་རྒྱལ་པོ་གཤོག་བཟངས་དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་དག་རྩེ་དགའ་ཡོངས་སུ་སྤྱད་པས་བུ་བྱ་གཤོག་བཟངས་ཤིག་བཙས་ཏེ་དེ་ནས་དུས་ཕྱི་ཞིག་ན་བྱའི་རྒྱལ་པོ་གཤོག་བཟངས་དུས་ལས་འདས་པ་དང་། བྱ་མང་པོ་འདུས་ན་གཤོག་བཟངས་འདས་པའི་སྐྱིན་པར་བུ་རྒྱལ་པོར་བཅུག་གོ །དེ་ལ་མས་བུ་ཁྱོད་ནི་ཕའི་སྐྱིན་པར་བུ་རྒྱལ་པོར་བཅུག་ན་ཁྱོད་ཀྱིས་ཕུ་བོ་འདི་འཁོར་མོ་འཇིག་གི་མིའི་རྒྱལ་པོར་ཆུག་ཤིག་ཅེས་སྨྲས་པ་དང་། དེས་སྨྲས་པ། དེ་ལྟར་གཞུག་པར་བགྱིའོ། །དེའི་དུས་ན་འཁོར་མོ་འཇིག་གི་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་ཞིག་བྱེད་དེ་དེ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་ལོ་ལེགས་པ་དང་མི་ལ་སོགས་པ་སྐྱེ་བོ་མང་པོ་དང་ལྡན་པའི་འཐབ་པ་དང་། རྩོད་པ་དང་། འཁྲུག་པ་དང་། མི་འདུམ་པ་རྣམས་རབ་ཏུ་ཞི་བ། འཕྲོག་རློམ་དང་ནད་དང་བྲལ་བ། འབྲས་དང་། བུ་རམ་ཤིང་དང་། ཕྱུགས་དང་། མ་ཧེར་ལྡན་པ་ཆོས་ཀྱི་རྒྱལ་པོ་བཞིན་དུ་རྒྱལ་པོ་བྱེད་དོ། །དེ་དོན་བྱེད་པའི་ཕྱིར་འདུས་པ་ལས་བྱའི་རྒྱལ་པོ་གཤོག་བཟངས་ཀྱི་སྦར་མོས་ལག་པ་ནས་བཟུང་སྟེ། རྒྱ་མཚོ་ཆེན་པོར་བོར་ནས་ཕུ་བོ་དེ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་སེང་གེའི་སྟན་དེ་ལ་བཞག་གོ །དེ་ནས་བློན་པོ་དག་ལ་ཀྱེ་འདི་ནི་ཁྱོད་ཀྱི་རྒྱལ་པོ་ཡིན་ཏེ། འདི་ལ་གང་གིས་ཉེས་པ་ཅུང་ཟད་ཅིག་བྱས་ན་དེ་ལ་བདག་གིས་འདི་འདྲ་བའི་གནས་སུ་བྱའོ་ཞེས་སྨྲས་པ་དང་། དེ་དག་སྐྲག་སྟེ་དེའི་ཚིག་བཞིན་མཉན་པར་གྱུར་ཏོ། །དེ་དག་གིས་དེ་སུ་ལ་ཡང་མ་སྨྲས་པས་འཇིག་རྟེན་པ་དག་ནི་དེ་ཉིད་ཚངས་བྱིན་ཡིན་པར་ཤེས་སོ། །དེས་བྱའི་རྒྱལ་པོ་ལ་ནུ་བོ་ཁྱོད་ཀྱིས་བདག་དུས་དུས་སུ་ལྟོས་ཤིག་ཅེས་སྨྲས་པ་དང་། དེས་ཀྱང་ལེགས་ཀྱིས་བལྟའོ་ཞེས་སྨྲས་སོ། །དེ་ནས་དུས་ཕྱི་ཞིག་ན་རྒྱལ་པོ་ཚངས་བྱིན་གྱི་བལ་གླང་མོ་ལ་བེའུ་བྱུང་


DKG011_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་ཏེ། དེའི་བེའུ་མངལ་གྱི་སྒོར་ཐོགས་ནས་བློན་པོ་དག་གིས་ J01,Vo11,Po93A རྒྱལ་པོ་ལ་གསོལ་པ་དང་། དེས་བཙུན་མོའི་འཁོར་དུ་ཁྲིད་ལ་བཙུན་མོ་རྣམས་ཀྱིས་བདེན་པའི་ཚིག་གིས་ཟུག་རྔུ་མེད་པར་བྱོས་ཤིག་ཅེས་སྨྲས་པ་དང་། དེས་དེ་བཙུན་མོའི་འཁོར་དུ་ཁྲིད་པ་དང་། བཙུན་མོ་རྣམས་ཀྱིས་ཀྱང་བདེན་པའི་ཚིག་གིས་སྨོན་ལམ་བཏབ་ན་དེ་དག་གིས་ཀྱང་དེའི་ཟུག་རྔུ་དང་བྲལ་བར་མ་ནུས་ནས་དེར་སྒྲ་ཆེན་པོ་སྒྲ་དྲག་པོར་བྱུང་བར་གྱུར་ཏེ། རྒྱལ་པོའི་ཕོ་བྲང་ནས་མི་རིང་བ་ཞིག་ན་བ་ལང་རྫི་མོ་ཞིག་གནས་པ་དེས་ཐོས་ནས་དེས་གཞན་ཞིག་ལ་རྒྱལ་པོའི་ཕོ་བྲང་ན་སྒྲ་དྲག་པོ་སྒྲ་ཆེན་པོ་འདི་ཅི་ཞིག་ཅེས་དྲིས་པ་དང་། དེས་ཇི་ལྟར་གྱུར་པ་སྨྲས་ན་དེས་བདག་གི་བདེན་པའི་ཚིག་གིས་སྨོན་ལམ་བཏབ་སྟེ་དེའི་ཟུག་རྔུ་དབྲལ་བར་བྱའོ་ཞེས་སྨྲས་པ་དང་། དེ་དག་གིས་བློན་པོ་དག་ལ་གསོལ་ཏེ། བློན་པོ་དག་གིས་དེ་བཙུན་མོའི་འཁོར་དུ་ཁྲིད་དེ་དེས་བདེན་པའི་ཚིག་གིས་སྨོན་ལམ་བཏབ་པོ། །དེས་བདག་ལ་ཁྱོ་གཅིག་པུར་ཟད་དེ་སྐྱེས་པ་གཉིས་པ་མེད་པར་བདེན་ན་བདེན་པའི་ཚིག་འདིས་བ་ལང་མོ་ཟུག་རྔུ་དང་མྱུར་དུ་བྲལ་བར་གྱུར་ཅིག་ཅེས་བདེན་པའི་ཚིག་གིས་སྨོན་ལམ་བཏབ་པ་དང་། དེ་ལས་བེའུ་བྱུང་ན་མཇུག་མ་ལ་ཐོགས་པ་དང་། མོས་བགད་དེ་འདི་ཙམ་ཡང་བཟོད་པར་མ་ནུས་སོ། །བཙུན་མོ་དག་གིས་དེ་ཅི་ཞིག་ཅེས་དྲིས་པ་དང་། དེས་སྨྲས་པ། བདག་བུ་ཁྱེའུ་ཆུང་ངུ་ཞིག་པང་པར་བླངས་ནས་དེ་གཅིན་གཅིས་པ་དང་། གཅིན་དེ་བདག་གི་མོ་མཚན་དུ་སོང་བ་དེ་བདག་གིས་དགའ་བར་ཚོར་བས་དེའི་ཕྱིར་མཇུག་མ་ཐོགས་སོ། །དེས་ཇི་ལྟར་གྱུར་པ་དེ་ཡང་སྨྲས་ནས་མཇུག་མ་ཡང་དེ་ནས་བྱུང་ངོ་། །བློན་པོ་དག་གིས་རྒྱལ་པོ་ལ་ལྷ་བལ་གླང་མོ་དེ་ནི་བེའུ་འབྲངས་ལགས་སོ་ཞེས་གསོལ་ནས་དེ་ཟུག་རྔུ་ལས་སུས་ཕྲལ་ཞེས་སྨྲས་པ་དང་། དེ་དག་གིས་ཇི་ལྟར་གྱུར་པ་སྨྲས་ནས། རྒྱལ་པོས་བསམས་པ། གདོན་མི་ཟ་བར་བདག་གི་བཙུན་མོ་ཐམས་ཅད་ནི་ཚུལ་ཁྲིམས་ངན་པར་གྱུར་པས་ན་བ་ལང་རྫི་མོས་བདེན་པའི་ཚིག་གི་སྨོན་ལམ་བཏབ་པས་ཟུག་རྔུ་ལས་བྲལ་བར་བྱས་སོ་སྙམ་དུ་རིག་ནས། ཀྱེ་བ་ལང་རྫི་མོ་དེ་ལ་དྲིས་བོས་ཤིག་ཅེས་བསྒོ་བ་ J01,Vo11,Po93B དང་། དེ་དག་གིས་བོས་ནས་རྒྱལ་པོས་


DKG011_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་བལ་གླང་མོ་དེ་བདེན་པའི་ཚིག་གིས་ཟུག་རྔུ་ལས་བྲལ་བར་བྱས་པ་བདེན་ནམ་ཞེས་སྨྲས་པ་དང་། ལྷ་མད་དོ། །རྒྱལ་པོས་གང་འདི་འདྲ་བར་གྱུར་པའི་བུ་མོ་ཡང་འདི་འདྲ་བར་འགྱུར་རོ། །དེ་སྟེ་འདི་ལ་བུ་མོ་ཞིག་ཡོད་ན་དེ་ཆུང་མར་བླང་གིས་སྐད་ཅིག་འདྲིའོ་སྙམ་བསམས་ནས་ཁྱོད་ལ་བུ་མོ་ཡོད་དམ་ཞེས་སྨྲས་པ་དང་ལྷ་མཆིས་སོ། །མིང་ཅི། ལྷ་མིང་ནི་ཤོ་ཤུམ་པའོ། །མ་མ་སུ་ལ་བྱིན་ནམ་མ་བྱིན། ལྷ་སུ་ལ་ཡང་མ་སྩལ་ཏོ། །མ་མ་དེ་སྟེ་དེ་ལྟར་ན་ང་ལ་ཕུལ་ཅིག་ཆུང་མར་བླང་ངོ་། །ལྷ་གསོལ་ལོ། །དེ་དེས་བྱིན་པ་དང་། རྒྱལ་པོས་དཔལ་ཆེན་པོའི་ཚོགས་དང་སྦྱར་ཏེ་བག་མར་བླངས་སོ། །རྒྱལ་པོས་དེ་སྟེ་འདི་བཙུན་མོ་དག་གི་འཁོར་འདིར་བཞག་ན་ནི་ཚུལ་ཁྲིམས་ངན་པ་ཅན་དུ་གདོན་མི་ཟ་བར་འགྱུར་རོ་སྙམ་དུ་བསམས་ནས་དེས་བྱའི་རྒྱལ་པོ་གཤོག་བཟངས་ལ་ཇི་ལྟར་གྱུར་པ་སྨྲས་ནས་ཁྱོད་ཀྱིས་འདི་ཉིན་པར་ནི་ཀ་ཤེ་རུའི་གླིང་དུ་ཁྲིད་ལ་མཚན་མོ་ཁྲིད་དེ་ཤོག་ཤིག་ཅེས་བསྒོའོ། །དེ་ན་རེ་ལེགས་ཀྱིས་དེ་བཞིན་བགྱིའོ་ཞེས་སྨྲས་ཏེ། དེས་བྱ་གཤོག་བཟངས་ལ་བསྐྲིས་ནས། འདི་ལྟར་ཕར་ཁྲིད་ལ་ཚུར་ཁྲིད་དེ་ཤོག་ཤིག །དེས་ཉིན་པར་ནི་ཀ་ཤེ་རུའི་གླིང་དུ་ཁྲིད། མཚན་མོ་ནི་འཁོར་མོ་འཇིག་ཏུ་ཁྲིད་ཅིང་འོང་ངོ་། །ཀ་ཤེ་རུའི་གླིང་ན་མེ་ཏོག་ཏི་མ་རི་ཞེས་བྱ་བ་དྲི་ཞིམ་པོ་ཞིག་ཡོད་དེ་ཕྲེང་བ་བརྒྱུས་ཏེ་རྒྱལ་པོ་ཚངས་བྱིན་ལ་ཉིན་གཅིག་བཞིན་དུ་བསྐུར་རོ། །འཁོར་མོ་འཇིག་ན་བྲམ་ཟེའི་ཁྱེའུ་གཞན་ཞིག་གནས་ཏེ་དུས་ཕྱི་ཞིག་ན་ཡམ་ཤིང་གི་ཕྱིར་ནགས་སུ་སོང་བ་དང་། དེ་དེར་མི་འམ་ཅི་མོ་ཞིག་གིས་མཐོང་ནས་དེས་བྲག་ཕུག་ཏུ་བཅུག་སྟེ་བཞག་གོ། །མོ་དེ་དང་ལྷན་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །ནམ་མོ་མེ་ཏོག་དང་འབྲས་བུའི་ཕྱིར་འགྲོ་བ་དེ་ན་བྲག་ཕུག་གི་སྒོ་བྲམ་ཟེའི་ཁྱེའུས་བསྐྱོད་མི་ནུས་པའི་རྡོ་ལེབ་ཆེན་པོས་འགེབས་སོ། །ཇི་ཙམ་ན་དེ་ལ་བྲམ་ཟེའི་ཁྱེའུ་དེའི་བུ་ཞིག་བཙས་ནས་དེ་གར་འགྲོ་ཡང་མྱུར་དུ་འགྲོ་བས་ན་དེའི་མིང་མྱུར་འགྲོར་བཏགས་སོ། །བྲམ་ཟེའི་ཁྱེའུ་དེས་ J01,Vo11,Po94A དེའི་མདུན་ན་རྟག་ཏུ་ཡུལ་འཁོར་མོ་འཇིག་གི་ཡོན་ཏན་བརྗོད་དེ། བུ་འཁོར་མོ་འཇིག་གི་གྲོང་ཁྱེར་ན་ཡོན་ཏན་འདི་དག་དང་འདི་ལྟ་བུ་ཡོད་དོ་ཞེས་བརྗོད་པ་དང་། དེས་ཕ་ཁྱོད་ཡུལ་


DKG011_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་ཞེས་དྲིས་པ་དང་། དེས་བདག་ནི་ཡུལ་འཁོར་མོ་འཇིག་ན་སྐྱེས་སོ་ཞེས་སྨྲས་སོ། །ཕ་དེ་ལྟར་ལགས་ན་ཅིའི་ཕྱིར་མི་འབྲོས་ཞེས་སྨྲས་པ་དང་། དེས་བུ་ཁྱོད་ཀྱི་མ་ནམ་མེ་ཏོག་དང་འབྲས་བུའི་ཕྱིར་འགྲོ་བ་དེའི་ཚེ་བྲག་ཕུག་གི་སྒོ་འདི་རྡོ་ལེབ་ཆེན་པོས་བཀག་ཅིང་འགྲོ་སྟེ། འདི་ནི་ངས་བསྐྱོད་པར་མི་ནུས་ན་ཇི་ལྟར་འབྲོས་ཞེས་སྨྲས་པ་དང་། དེས་ཕ་བདག་གིས་དབྱེའོ། །བུ་ལེགས་སོ། །དེས་རྡོ་བ་ལ་གོམས་པར་བྱའོ་ཞེས་ཟེར་ཏེ་ཉི་མ་གཅིག་ནི་རྡོ་བ་ཆུང་ངུ་ཞིག་བཏེག་གོ །གཉིས་པར་ནི་དེ་བས་ཆེའོ། །གསུམ་པར་ནི་དེ་བས་ཤིན་ཏུ་ཆེ་སྟེ། འདི་བཞིན་དུ་རྡོ་ལེབ་ནམ་འདེག་ནུས་ཀྱི་བར་དུ་གོམས་པར་བྱེད་དོ། །དེ་ནས་དེས་ཕ་རྡོ་ལེབ་དོར་གྱིས་བྲོས་ཏེ་བཞུད་དོ་ཞེས་སྨྲས་པ་དང་། དེས་བུ་འདི་ལྟར་ཁྱོད་ཀྱི་མ་མེ་ཏོག་དང་འབྲས་བུའི་ཕྱིར་སོང་བའང་སླར་མྱུར་དུ་འོང་གིས་མི་འབྲོས་སོ། །ལམ་དུ་ཕྲད་པ་དང་གདོན་མི་ཟ་བར་ཡུ་བུ་ཅག་དོན་མེད་པར་བྱས་སོ་ཞེས་སྨྲས་པ་དང་། དེས་ཕ་ཅི་ནས་དེ་མྱུར་དུ་མི་འཁོར་བ་དེ་ལྟར་བདག་གིས་བགྱིའོ་ཞེས་སྨྲས་པ་དང་། བུ་ལེགས་སོ། །དེས་མེ་ཏོག་དང་འབྲས་བུ་ཁྱེར་ཏེ་འོངས་པ་དང་། དེས་དེ་ཁར་བཅུག་ཅིང་བཅུག་ཅིང་བོར་ནས་མས་བུ་ཅིའི་ཕྱིར་ཁར་བཅུག་ཅིང་བཅུག་ཅིང་བོར་ཞེས་དྲིས་པ་དང་། དེས་སྨྲས་པ། མ་ཁྱོད་ལེ་ལོ་བྱེད་དེ། ཉེན་ཀོར་ན་མེ་ཏོག་དང་འབྲས་བུ་ཁ་བ་སྐྱུར་བ་ཤ་དག་ཁྱེར་ཏེ་འོངས་པས་མི་ཞིམ་སྟེ་ཟ་མི་ནུས་ན་ལགས་ཀྱིས་དོར་མོད། མས་བུ་དེ་སྟེ་དེ་བཞིན་དུ་སང་ནི་རིང་དུ་འགྲོའོ། །ཉེ་བ་ན་ནི་ཞིམ་པོ་མེད་ཀྱིས་སང་རིང་དུ་འགྲོའོ་ཞེས་སྨྲས་པ་དང་། དེས་ལེགས་ཀྱིས་མ་དེ་བཞིན་དུ་གྱིས་ཤིག་དང་ཞིམ་པོ་ནི་བཟའོ་ཞེས་སྨྲས་སོ། །དེའི་ཕྱི་དེ་ཉིན་རིང་མོ་ཞིག་ཏུ་སོང་ངོ་། །མྱུར་འགྲོས་ཕ་བདག་གིས་རིང་དུ་བཏང་གིས་ད་ནི་འབྲོས་པའི་དུས་ལ་བབ་བོ་ཞེས་སྨྲས་པ་དང་། དེས་སྨྲས་པ། བུ་ལེགས་ J01,Vo11,Po94B ཀྱིས་རྡོ་ལེབ་བོར་ཅིག །དེས་རྡོ་ལེབ་བོར་བ་དང་། དེ་མྱུར་འགྲོ་དང་ལྷན་ཅིག་ཏུ་བྲོས་ཏེ་འཁོར་མོ་འཇིག་ཏུ་ཕྱིན་པ་དང་། དེ་ཡང་མེ་ཏོག་དང་འབྲས་བུ་ཁྱེར་ཏེ་རིང་ཞིག་ལོན་ནས་འོངས་ཏེ་བལྟས་ན་བྲག་ཕུག་སྟོང་པར་གྱུར་པ་དང་། དེ་ངུ་ཞིང་འདུག་ནས་གྲོགས་མོས་མཐོང་སྟེ་ཅིའི་ཕྱིར་ངུ་ཞེས་དྲིས་པ་དང་། དེས་ཕུ་ནུ་མོ་བྲམ་ཟེའི་ཁྱེའུ་དེས་ངའི་བུ་དེ་ཡང་ཁྲིད་དེ་


DKG011_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བྲོས་སོ་ཞེས་བསྙད་པ་དང་། དེས་སྨྲས་པ། ཕུ་ནུ་མོ་དེ་མི་ཡིན་ཏེ་མིའི་ནང་ན་དེ་མྱ་ངན་ཅི་ཡོད། དེས་བདག་དང་ལྷན་ཅིག་མི་གནས་པའི་ཕྱིར་ནི་མྱ་ངན་མི་བྱེད་ཀྱི་བདག་གིས་དེ་ལ་འཚོ་བ་ཅུང་ཟད་ཀྱང་མ་བྱིན་ནོ། །ཕུ་ནུ་མོ་ཅི་སྟེར་རམ། བདག་གི་ལག་ཏུ་སྐུར་དང་། དེ་སྟེ་མཐོང་དང་སྦྱིན་ནོ་ཞེས་སྨྲས་སོ། །དེས་དེའི་ལག་ཏུ་པི་བང་ཅིག་བྱིན་ནས་སྨྲས་པ། ཕུ་ནུ་མོ་དེ་ལ་ཁྱོད་ཀྱིས་པི་བང་འདི་ལོང་ལ་འཚོ་བར་གྱིས་ཤིག །རྒྱུད་ཡ་ཐོག་མ་ལ་མ་རེག་ཤིག །ཉེས་པའི་དམིགས་སུ་གྱུར་ཏ་རེ། དེས་དེ་ཁྱེར་ཏེ་སོང་ངོ་། །བྲམ་ཟེ་དེས་ཁྱེའུ་མྱུར་འགྲོ་དེ་བྲམ་ཟེ་མང་པོ་སློབ་པ་ལ་ཕུལ་ནས་བྲམ་ཟེའི་ཁྱེའུ་འདི་སློབས་ཤིག་ཅེས་སྨྲས་ནས། དེས་དེ་ཀློག་ཏུ་བཅུག་གོ །ཁྱེའུ་དེ་དག་གསངས་ཏེ་གང་གི་དུས་ན་མི་ཀློག་པར་གྱུར་པ་དེའི་དུས་ན་ཡམ་ཤིང་ཐུར་འདོང་ངོ་། །ཅི་ཙམ་ན་ཁྱེའུ་དེ་དག་མི་ཀློག་པར་གྱུར་ནས་དེ་དག་ཡམ་ཤིང་ཐུར་དོང་བ་དང་། མྱུར་འགྲོ་དེ་ཤིན་ཏུ་རིང་བར་སོང་བ་ན་དེའི་མའི་གྲོགས་མོས་མཐོང་སྟེ་བུ་གཏམ་ཅི་གྲག་ཅེས་དྲིས་པ་དང་། དེས་ཇི་འདྲ་བའི་གཏམ་ཞིག་བཀྲེས་སྐོམ་པས་གཟིར་ཏོ་ཞེས་སྨྲས་པ་དང་། དེས་སྨྲས་པ། བུ་ཁྱོད་ཀྱི་མ་དེ་ནི་མྱ་ངན་བྱེད་དེ་ངུ་ཞིང་འདུག་ན་ཅི་དེའི་དྲུང་དུ་མི་འགྲོའམ། མ་འབར་མ་མོ་དེ་དང་ལྷན་ཅིག་ཏུ་སྨྲ་བར་མི་ནུས་སོ། །བུ་དེ་སྟེ་མི་འགྲོ་ན་ཁྱོད་ཀྱི་འཚོ་བ་ཞིག་སྦྱིན་གྱིས་དེ་སུ་ལ་ཡང་མ་སྦྱིན་ཅིག །དེ་སྩོལ་ཅིག་དང་དེ་སུ་ལ་ཡང་མི་སྦྱིན་པར་བགྱིའོ། །དེས་དེ་ལ་པི་བང་དེ་བྱིན་ཏེ་འདི་ལོང་ལ་འཚོ་བར་གྱིས་ཤིག །ཉེས་པའི་དམིགས་སུ་མི་འགྱུར་བའི་ཕྱིར་རྒྱུད་ལྟག་མ་ལ་མ་རེག་ཤིག་ཅེས་བསྒོ་བ་དང་། དེས་མ་ལེགས་ཀྱིས་དེ་བཞིན་བགྱིའོ་ཞེས་སྨྲས་ནས་དེས་བླངས་ཏེ་བྲམ་ཟེའི་ཁྱེའུ་དེ་ J01,Vo11,Po95A དག་གི་ནང་དུ་སོང་བ་དང་། དེ་དག་གིས་ཁྱེའུ་ཁྱོད་ཅིའི་ཕྱིར་རིང་ཞིག་ཐོགས་ཏེ་འོངས་པི་བང་འདི་ཡང་སུས་བྱིན་ཞེས་དྲིས་པ་དང་། དེས་སྨྲས་པ། ཀྱེ་བདག་གི་མའི་གྲོགས་མོས་མཐོང་ནས་དེས་བདག་ལ་པི་བང་འདི་བྱིན་ནོ། །དེ་དག་གིས་ཁྱེའུ་ཁྱོད་པི་བང་ལེན་ཤེས་སམ་ཞེས་དྲིས་པ་དང་། དེས་སྨྲས་པ། ཤེས་སོ། །བལྟས་ལོང་ཤིག །དེས་དེ་བླངས་ཏེ་ལེན་ཅིང་གླུ་ལེན་ཏོ། །དེས་རྒྱུད་ལྟག་མ་ལ་མ་རེག་པ་དང་དེ་དག་གིས་སྨྲས་པ། ཁྱེའུ་ཅིའི་ཕྱིར་ན་


DKG011_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་རྒྱུད་ལྟག་མ་ལ་མ་རེག་ཅེས་དྲིས་པ་དང་། དེས་ཀྱེ་དེ་སྟེ་འདི་ལ་རེག་ན་ནི་ཉེས་པའི་དམིགས་སུ་འགྱུར་རོ་ཞེས་སྨྲས་པ་དང་། དེ་དག་གིས་བྲམ་ཟེའི་བུས་རེག་པ་ལྟ་ལ་ཉེས་པའི་དམིགས་སུ་འགྱུར་བ་ཅི་ཡོད་ཅེས་སྨྲས་ཏེ། དེ་དག་གིས་རེག་པ་དང་། དེ་དག་ཐམས་ཅད་མཆོང་རྒལ་ཞིང་གར་བྱེད་དོ། །དེ་དག་གར་བྱས་པས་འཕྱིས་པར་གྱུར་ཏེ་དེ་དག་ནུབ་ཀར་མཁན་པོའི་དྲུང་དུ་འོངས་པ་དང་། དེས་ཁྱེའུ་དག་ཅིའི་ཕྱིར་རིང་ཞིག་ལོན་ཏེ་འོངས་ཞེས་དྲིས་པ་དང་། དེ་དག་གིས་ཇི་ལྟར་གྱུར་པ་ཞིབ་ཏུ་སྨྲས་ནས་དེས་མྱུར་འགྲོ་དེ་ལ་ཁྱོད་པི་བང་ལེན་ཅིང་གླུ་ལེན་ཤེས་སམ་ཞེས་དྲིས་པ་དང་། འཚལ་ཏོ། །བྲམ་ཟེའི་བུ་དེ་ལྟར་ན་པི་བང་མཉན་གྱིས་ལོང་ཤིག །དེས་དེ་ལེན་ཅིང་གླུ་བླངས་ཏེ་དེས་རྒྱུད་ལྟག་མ་ལ་མ་རེག་པ་དང་། དེས་བྲམ་ཟེའི་བུ་ཅིའི་ཕྱིར་ཁྱོད་ཀྱིས་རྒྱུད་ལྟག་མ་ལ་མ་རེག་ཅེས་དྲིས་པ་དང་། དེས་སྨྲས་པ། མཁན་པོ་དེ་སྟེ་འདི་ལ་རེག་ན་ནི་ཉེས་པའི་དམིགས་སུ་འགྱུར་རོ། །དེས་བྲམ་ཟེའི་བུ་འདི་ལ་རེག་ན་ཉེས་པའི་དམིགས་སུ་འགྱུར་བ་ཅི་ཡོད། རེག་ཤིག་ཅེས་སྨྲས་པ་དང་། དེས་རེག་པ་དང་། བྲམ་ཟེ་ཆུང་མ་དང་བཅས་ཏེ་མཆོང་རྒལ་ཞིང་གར་བྱེད་དོ། །ཁྱིམ་དེ་ཐམས་ཅད་ཀྱང་མཆོངས་པས་ཞིག་པར་གྱུར་ཏོ། །དེ་ཞིག་པས་རྫ་མ་དང་སྣོད་ཐམས་ཅད་ཆག་པ་དང་། བྲམ་ཟེ་དེ་ཁྲོས་ནས་དེས་བྲམ་ཟེའི་བུ་དེའི་མགྲིན་པ་ནས་བཟུང་སྟེ་བསྐྲད་དོ། །བསྐྲད་པ་དང་དེ་པི་བང་བླངས་ཏེ་ལེན་པས་འཚོ་བ་སྦྱོར་བ་ལ་ཞུགས་སོ། །ཕྱི་ཞིག་ན་ཚོང་པ་ལྔ་བརྒྱ་ཙམ་ཞིག་རྒྱ་མཚོ་ཆེན་པོར་འདོང་བའི་ J01,Vo11,Po95B ཟོང་རྣམས་སྦྱར་ཏེ་རྒྱ་མཚོ་ཆེན་པོར་ཆས་པ་དང་། དེ་དག་གིས་སྨྲས་པ། ཀྱེ་བདག་ཅག་རྒྱ་མཚོ་ཆེན་པོར་ཞུགས་ན་ཡིད་བསླང་བར་བྱས་རོལ་མོ་མཁན་ཞིག་བཀྲིའོ། །དེ་དག་ལ་གཅིག་གིས་གང་བཀྲི་ཞེས་སྨྲས་པ་དང་། གཞན་ཞིག་གིས་བྲམ་ཟེའི་བུ་མྱུར་འགྲོ་ཞེས་བྱ་བ་བཀྲིའོ་ཞེས་སྨྲས་སོ། །ཁ་ཅིག་གིས་ལེགས་གྱིས་དེ་བཞིན་བྱའོ་ཞེས་སྨྲས་ནས། དེ་དག་གིས་བྲམ་ཟེའི་བུ་མྱུར་འགྲོ་ཁྲིད་དེ་རྒྱ་མཚོ་ཆེན་པོར་ཞུགས་སོ། །དེ་ནས་རྒྱ་མཚོ་ཆེན་པོའི་ནང་དུ་དོང་བ་དང་། མྱུར་འགྲོ་རོལ་མོ་པི་བང་མཉན་གྱིས་ལོང་ཤིག་ཅེས་སྨྲས་པ་དང་། དེས་པི་བང་ལེན་ཅིང་གླུ་ལེན་པ་ལ་ཞུགས་ན་དེས་པི་


DKG011_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བང་དེའི་རྒྱུད་ལྟག་མ་ལ་མ་རེག་ནས་ཚོང་པ་དེ་དག་གིས་མྱུར་འགྲོ་རྒྱུད་ལྟག་མ་འདི་ལ་ཅིའི་ཕྱིར་མི་རེག་ཅེས་སྨྲས་པ་དང་། ཀྱེ་དེ་སྟེ་འདི་ལ་རེག་ན་ནི་ཉེས་པའི་དམིགས་སུ་འགྱུར་རོ། །དེ་དག་གིས་བྲམ་ཟེའི་བུ་ཉེས་པའི་དམིགས་སུ་འགྱུར་བ་ཅི་ཤིག་ཡོད་རེག་ཞིག་ཅེས་སྨྲས་པ་དང་། དེས་རེག་པ་དང་གྲུ་བོ་ཆེ་འཕར་ཏེ་གྲུ་བུབ་ཅིང་ཞིག་པས་ཚོང་པ་དེ་དག་དུས་ལས་འདས་སོ། །དེ་ནི་སྔོན་གྱི་ལས་ཀྱི་མཐུས་ཤིང་ལེབ་ཅིག་ཟིན་ཏེ་མྱུར་བའི་རླུང་གིས་གླིང་ཀ་ཤེར་ཕུལ་ལོ། །དེ་དེ་ན་སྐྱེད་མོས་ཚལ་གཞན་ཞིག་ན་འདུག་སྟེ་དེ་ནས་མི་གཞན་ནི་མེད་ཀྱི་དེས་ཤོ་ཤུམ་པ་དེ་མཐོང་བ་དང་དེ་དང་དེ་ལྷན་ཅིག་ཏུ་ཉལ་ལོ། །དེ་ཉིན་པར་ནི་མྱུར་འགྲོ་དང་ཡོངས་སུ་སྤྱོད། མཚན་མོ་ནི་རྒྱལ་པོ་ཚངས་སྦྱིན་དང་སྤྱོད་དོ། །དེས་བཟང་མོ་ཁྱོད་མཚན་མོ་གང་དུ་འགྲོ་ཞེས་སྨྲས་པ་དང་། དེ་དེ་དང་མཛའ་བར་གྱུར་པས་ཐམས་ཅད་སྨྲས་ནས། དེས་སྨྲས་པ། བཟང་མོ་དེ་སྟེ་དེ་བཞིན་བདག་ཀྱང་འཁོར་མོ་འཇིག་ཏུ་ཁྲིད་ཅིག །དེས་སྨྲས་པ། ཇོ་བོ་ལེགས་ཀྱིས་བཀྲིའོ། །ཁྱོད་ཀྱི་མིང་ཅི་སྨྲོས་ཤིག །དེས་སྨྲས་པ། བཟང་མོ་བདག་གི་མིང་ནི་མྱུར་འགྲོ་ཞེས་བྱའོ། །ཁྱོད་ཀྱི་མིང་ཅི་ཞེས་བྱ་སྨྲོས་ཤིག །ཇོ་བོ་བདག་གི་མིང་ནི་ཤོ་ཤུམ་པ་ཞེས་བགྱིའོ། །དེས་རྡོ་བ་ལས་ཐབས་སུ་སྦྱར་བར་བརྩམས་ཏེ་ཉིན་གཅིག་ནི་རྡོ་ཆུང་ངུ་ཞིག་བླངས་ཏེ་བྱ་གཤོག་བཟངས་ལ་ཞོན། ཉི་མ་གཉིས་ན་རྡོ་དེ་ཙམ་གཉིས་སོ། །ཉི་མ་གསུམ་ན་རྡོ་དེ་ཙམ་གསུམ་པོ་ནས་དེ་བཞིན་དུ་མིའི་ཚད་དང་མཉམ་པའི་བར་དུ་ཁྱེར་རོ། །དེ་ནས་མྱུར་འགྲོ་ J01,Vo11,Po96A དང་ལྷན་ཅིག་ཏུ་བྱ་གཤོག་བཟངས་ལ་ཞོན་ཏེ་དོང་ནས། ཤོ་ཤུམ་པ་ན་རེ་ཇོ་བོ་མིག་མ་དབྱེ་ཉེས་པ་བྱུང་ཏ་རེ་ཞེས་སྨྲས་པ་དང་། དེས་མིག་བཙུམས་ནས་ནམ་འཁོར་མོ་འཇིག་དང་ཉེ་བར་ཕྱིན་ན་དེས་སྐྱེ་བོ་མང་པོ་དག་གི་སྒྲ་ཅ་ཅོ་ཐོས་པ་དང་། དེས་བསམས་པ། ད་ནི་ཕྱིན་གྱིས་བལྟའོ། །དེས་མིག་ཕྱེ་བ་དང་མིག་བྱུང་སྟེ་ལོང་བར་གྱུར་ཏོ། །ཤོ་ཤུམ་པས་དེ་སྐྱེད་མོས་ཚལ་དུ་བཞག་སྟེ་རྒྱལ་པོ་ཚངས་སྦྱིན་གྱི་བཙུན་མོ་རྣམས་ཀྱི་ནང་དུ་སོང་ངོ་། །དེ་ནས་དུས་ཕྱི་ཞིག་ན་དཔྱིད་ཀྱི་དུས་ལ་བབ་སྟེ། ཤིང་དག་ནི་ཁ་འབུས། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། ཤ་རི་ཀ་དང་། ཀོ་ཀི་ལ་དང་། འཚོ་བ་འཚོ་བྱེད་རྣམས་སྒྲ་འབྱིན་


DKG011_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནགས་སྟུག་པོར་ཚངས་བྱིན་བཙུན་མོས་བསྐོར་ཏེ་ཤོ་ཤུམ་པ་དང་ལྷན་ཅིག་ཏུ་སྐྱེད་མོས་ཚལ་དུ་དོང་བ་དང་། བྲམ་ཟེའི་བུ་མྱུར་འགྲོ་མེ་ཏོག་ཏི་མི་རའི་དྲི་མནམ་ནས་དེས་བསྣམས་ཏེ། དེ་འདྲ་བའི་གླུ་བླང་བར་བསམས་ནས། རླུང་གིས་སུ་ནི་བསྐྱོད་པ་དང་། ཏི་མི་ར་ཡི་དྲི་མནམ་མོ། །གང་ན་ཤོ་ཤུམ་པ་གནས་པ། ཀ་ཤེ་རུ་ཡི་གླིང་དག་གོ །དེ་རྒྱལ་པོ་ཚངས་བྱིན་གྱིས་ཐོས་ནས་དེས་བཙུན་མོ་དག་ལ་ཀྱེ་འདི་ན་གླུ་ལེན་པ་སུ་ཡིན་ཚོལ་ཅིག་ཅེས་བསྒོ་བ་དང་། དེ་དག་གིས་ལྷ་མིག་དང་བྲལ་བའི་སྐྱེས་བུ་ཞིག་སྐྱེད་མོས་ཚལ་འདི་ན་གླུ་ལེན་ཅིང་མཆིས་སོ་ཞེས་སྨྲས་སོ། །དེ་རྒྱལ་པོས་བོས་ཏེ་ཀྱེ་སྐྱེས་བུ་ཁྱོད་ཀྱིས་གླུ་བླངས་སམ་ཞེས་སྨྲས་པ་དང་། ལྷ་བདག་གིས་གླུ་བླངས་སོ། །ཀྱེ་སྐྱེས་བུ་ཡང་ལོང་ཤིག་དང་ཡང་མཉན་ནོ། །དེས་བསམས་པ། གཞན་མ་ཡིན་གྱི་བདག་གིས་བླངས་པ་དེ་སྙན་པ་ལྟ་ཞིག་སྟེ། དེའི་ཕྱིར་རྒྱལ་པོ་ཉན་པར་འདོད་དེ། གལ་ཏེ་ཅུང་ཟད་ཐོབ་ཀྱང་སྲིད་སྙམ་ནས་དེས་གླུ་བླངས་པ། རླུང་གིས་སུ་ནི་བསྐྱོད་པ་དང་། །ཏི་མི་ར་ཡི་དྲི་མནམ་མོ། །གང་ན་ཤོ་ཤུམ་པ་གནས་པ། །ཀ་ཤེ་རུ་ཡི་གླིང་དག་གོ །རྒྱལ་པོས་ཀྱེ་སྐྱེས་བུ་ཀ་ཤེ་རུའི་གླིང་འདི་ནས་ཇི་སྲིད་ཅེས་དྲིས་པ་དང་། དེ་ཚིགས་སུ་བཅད་དེ་སྨྲས་པ། འདི་ནས་དེའུ་དཔག་ཚད་བརྒྱའི། །རྒྱ་མཚོ་ཆེན་པོའི་ཆུ་རྣམས་ཏེ། །དེ་ན་གནས་པ་ཤོ་ཤུམ་པ། ། J01,Vo11,Po96B ཀ་ཤེ་རུ་ཡི་གླིང་དག་ནའོ། །དེ་ལ་རྒྱལ་པོ་ཚངས་སྦྱིན་གྱིས་དེའི་ལན་ཚིགས་སུ་བཅད་དེ་སྨྲས་པ། དེ་སྟེ་བདག་གི་ཡིད་འོང་བ། །ཤོ་ཤུམ་པ་ཞེས་བྱ་བ་དེ། །ཁྱོད་ཀྱིས་ཉེས་པར་མཐོང་ཐོས་ན། །ལུས་ལ་མཚན་ཡོད་པ་ཡང་སྨྲོས། །དེས་ཀྱང་སླར་ཚིགས་སུ་བཅད་དེ་སྨྲས་པ། སྭ་སྟི་ཀ་ནི་བརླ་ལ་ཡོད། །དེ་ཡི་ནུ་ཀ་འཁྱིལ་པ་སྟེ། །ཏི་མི་ར་ཡི་མེ་ཏོག་རྣམས། །རྒྱུད་པ་ཁྱོད་ཀྱི་ཕྱི་རུའོ། །རྒྱལ་པོས་འདི་ཡང་འདི་ལྟར་ངན་པ་སྤྱོད་པ་གྱུར་པ་ལྟ་སྟེ། འདི་མི་དགོས་ཀྱིས་ལོང་བ་འདི་ལ་སྦྱིན་ནོ་སྙམ་བསམས་པ་ལས་ཕྱིས་ཡང་ཁྲོས་ཏེ་ཚིགས་སུ་བཅད་དེ་སྨྲས་པ། ཤོ་ཤུམ་པ་ནི་ཁྱོད་སྦྱིན་པ། །རྒྱན་ཀུན་གྱིས་ནི་བཀླུབས་བཞིན་ཏེ། །བོང་བུ་བསྐྱོན་ལ་སྤུགས་ནས་ནི། །གྲོང་ཁྱེར་ནས་ནི་མྱུར་དུ་དེང་། །རྒྱལ་པོ་དེ་ཁྲོས་ནས་བཞོན་པ་བོང་བུ་ལ་ཤོ་ཤུམ་པ་དང་ལོང་བ་ལྷན་ཅིག་ཏུ་བསྐྱོན་ཏེ་


DKG011_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུང་ངོ་། །དེས་དེ་ཁྲིད་དེ་ཕན་ཚུན་དུ་འཁྱམ་འཁྱམ་ནས། ཉི་མ་ནུབ་པ་དང་རི་བྲགས་ཀྱི་གྲོང་གཞན་ཞིག་ཏུ་ཕྱིན་ཏེ། དེ་ན་ལྷ་ཁང་སྟོང་པ་ཞིག་ཏུ་གནས་སོ། །དེའི་ནུབ་མོ་མི་རྒོད་ལྔ་བརྒྱ་ཙམ་ཞིག་རི་བྲགས་ཀྱི་གྲོང་ཁྱེར་འཇོམས་སུ་ལྷགས་པ་དང་། རི་བྲགས་ཀྱི་གྲོང་ན་གནས་པའི་སྐྱེ་བོ་མང་པོ་དག་གིས་ཚོར་ནས་དེ་དག་གིས་ཀུན་དུ་བསྒྲགས་ཏེ། རི་བྲགས་ཀྱི་གྲོང་པ་དག་གིས་མི་རྒོད་རྣམས་བཏགས་བཅོམ་མོ། །དེ་ནས་མི་རྒོད་ཀྱི་དཔོན་པོ་དེ་མ་ཟིན་ནས་ལྷའི་ཁང་པ་དེ་ཉིད་དུ་ཞུགས་པ་དང་། རི་བྲགས་ཀྱི་གྲོང་མི་དག་གིས་ལྷའི་ཁང་པ་དེ་ཁོ་ར་ཁོར་ཡུག་ཏུ་བསྐོར་ནས་མི་རྒོད་དཔོན་པོ་དེས་སྒོ་བཅད་དོ། །རི་བྲགས་ཀྱི་གྲོང་མི་དག་གིས་ཀྱེ་འདི་ན་སུ་ཞིག་གནས་ཞེས་སྨྲས་པ་དང་། བྲམ་ཟེའི་བུ་མྱུར་འགྲོས་སྨྲས་པ། ཀྱེ་བདག་ཅག་ནི་འགྲོན་པོའོ། །དེ་དག་གིས་སྨྲས་པ། མི་རྒོད་འདི་ཕྱིར་བྱུང་ཤིག །གྱིན་ད་ཁྱོད་ཉིད་དོན་མེད་པར་བྱས་ས་རེ། མི་རྒོད་ཀྱི་སྡེ་དཔོན་དེས་ཤོ་ཤུམ་པ་ལ་ཀྱེ་ལོང་བ་འདིས་ཅི་ཞིག་བྱ་འདི་བསྐྲད་ལ་བདག་ཅག་གཉིས་ཡོངས་སུ་སྤྱད་དོ་ཞེས་སྨྲས་པ་དང་། དེས་ཇོ་བོ་ལེགས་ཀྱིས་དེ་བཞིན་མཛོད་ཅིག་དང་། བདག་ནི་ཁྱོད་ཀྱིའོ་ཞེས་སྨྲས་ནས་དེ་དང་མི་རྒོད་ཀྱི་སྡེ་དཔོན་གྱིས་ལོང་བ་དེ་ར་བའི་རྩིག་པའི་ཁ་ནས་བོར་བ་དང་། རི་བྲགས་ཀྱི་གྲོང་ J01,Vo11,Po97A མི་དེ་དག་གིས་དེའི་མགོ་བཅད་དེ་བོར་རོ། །དེ་ཕྱི་དེ་ཉིན་མི་རྒོད་ཀྱི་སྡེ་དཔོན་གྱིས་ཁྲིད་དེ་དོང་བ་ལས་ཆུ་བོ་ཀ་ར་ད་བར་ཕྱིན་ཏེ་རྒལ་དུ་གྲུ་མེད་ནས་དེས་བཟང་མོ་ཀ་ར་ད་བ་འདི་ནི་ཆུས་གང་བ་ལ་བརྒལ་བར་བྱ་ན། ཁྱོད་རྒྱན་དང་བཅས་ཏེ་རྒལ་དུ་ནི་མི་ནུས་ཀྱིས་། ཁྱེད་རེ་ཞིག་ཁྲུས་བྱེད་ཅིང་འདུག་ཤིག་དང་ངས་རྒྱན་རྣམས་བསྐྱལ་ཏོ། །ཕྱིར་འོངས་ནས་ཕྱིས་ཁྱོད་བསྒྲལ་བར་བྱའོ་ཞེས་སྨྲས་པ་དང་། མོས་ཇོ་བོ་ལེགས་ཀྱིས་དེ་བཞིན་དུ་ཁྲུས་བྱའོ་ཞེས་སྨྲས་ནས། དེས་དེ་ལ་གོས་དང་རྒྱན་ཐམས་ཅད་བྱིན་ཏེ། དེ་ཆུའི་ནང་དུ་ཞུགས་ཏེ་སྒྲེན་མོར་འདུག་གོ །དེ་ཡང་ཆུའི་དབུས་སུ་ཕྱིན་པ་དང་དེ་ལ་འདིས་བདག་གི་རྒྱན་དང་གོས་རྣམས་ཕྲོགས་ཏེ་མི་འོང་ངམ་ཞེས་འགྱོད་པ་སྐྱེས་ནས་དེས་ཚིགས་སུ་བཅད་དེ་སྨྲས་པ། ཀ་ར་ད་འདི་ཆུ་ཡིས་གང་། །བཟང་མོས་ཁྱོད་ལ་རྫས་ཀུན་བྱིན། །བདག་གི་དོགས་པ་


DKG011_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པར་གྱུར། །སྡིག་ཅན་ཁྱོད་ཀྱིས་བདག་མ་སླུ། །དེས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། མི་བཤེས་ཁྱོད་ཀྱིས་བཤེས་རྙིང་བསད། །སྐྱེས་བུ་དེ་ནི་དོན་མེད་དོ། །དེ་བས་ཁྱོད་ལ་ཡིད་བརྟན་དཀའ། །བདག་ཀྱང་ཁྱོད་ཀྱིས་མི་བསད་དམ། །དེས་དེ་ལ་ཕྲོགས་ཏེ་བྲོས་སོ། །དེ་ཡང་སྒྲེན་མོར་རྩྭ་སྟུག་པོའི་ནང་དུ་ཞུགས་ཏེ་འདུག་པ་དང་། ཅི་ཙམ་ན་ཝ་རྒན་པོ་གཞན་ཞིག་ཤ་ལྟར་ལྟར་པོ་ཞིག་ཁྱེར་ཏེ། ཆུ་བོ་ཀ་ར་ད་བའི་འགྲམ་ནས་སོང་བ་དང་ཉ་ཞིག་ཀྱང་རྒྱགས་ཆེས་པས་ཆུ་ལ་རྒལ་བ་དང་། སྐམ་ས་ལ་ལྷུང་ནས་དེས་ཤ་དེ་བོར་ཏེ་ཉའི་ཕྱིར་བརྒྱུགས་པ་དང་། ཉ་ནི་ཕྱིར་ཆུ་བོ་ཀ་ར་ད་བར་ཞུགས། ཤ་དེ་ཡང་བྱ་འོལ་བས་ཁྱེར་ནས་དེ་གཉིས་ཀ་ལས་བྲལ་བས་རྣ་བ་ཕབ་སྟེ་འགྱོད་ཅིང་འདུག་པ། ཤོ་ཤུམ་པ་རྩྭ་སྟུག་པོའི་ནང་ན་འདུག་པས་མཐོང་ནས་མོས་ཚིགས་སུ་བཅད་དེ་སྨྲས་པ། ཤ་དུམ་དེ་ནི་འོལ་བས་ཕྲོགས། །ཉ་ནི་ཆུ་བོའི་ནང་དུ་བྲོས། །གཉིས་ཀ་ལས་སུ་བྲལ་བར་གྱུར། །ཝས་ནི་མྱ་ངན་ཅིར་མི་བྱེད། །དེས་ཕྱོགས་བཞིར་བལྟས་པ་དང་། །སུ་ཡང་མ་མཐོང་སྟེ། དེ་ནས་ཚིགས་སུ་བཅད་དེ་ J01,Vo11,Po97B སྨྲས་པ། མི་རྒོད་གར་ཡང་མི་བྱེད་ཅིང་། །གླུ་ལའང་བདག་ནི་མི་དགའ་ན། །རྩྭ་ཡི་ནང་ན་གནས་པ་སུ། །བདག་ལ་འཕྱ་ཞིང་དགོད་པར་བྱེད། །དེས་ཞང་པོ་བདག་ནི་ཤོ་ཤུམ་པའོ་ཞེས་སྨྲས་པ་དང་། ཝ་དེ་ཁྲོས་ཏེ་དེས་བསམས་པ། སྦྱར་མ་འདི་བདག་ལ་འཕྱ་བར་ཤེས་ནས་ཚིགས་སུ་བཅད་དེ་སྨྲས་པ། ཁྱོ་ནི་ཁྱོད་ཀྱིས་བསད་པ་ཡིན། །བྱི་བོ་དེ་ནི་བྲོས་པས་ན། །གཉི་ག་ལ་ནི་བྲལ་བར་གྱུར། །སྦྱར་མ་མྱ་ངན་ཅིར་མི་བྱེད། །མོས་སླར་ཚིགས་སུ་བཅད་དེ་སྨྲས་པ། བདག་གི་ཁྱིམ་དུ་སོང་ནས་ནི། །ཁྱོ་མཆོག་ཅིག་ནི་བླང་བར་བྱ། །དེ་ནས་ཁྱོ་ཅིག་རྙེད་པ་དང་། །རིགས་སུན་དབྱུང་བར་མི་བྱའོ། །ཝས་ཚིགས་སུ་བཅད་དེ་སྨྲས་པ། གང་གི་དུས་ན་གང་གཱ་སླར་ལོག་ཅིང་། །ཞོ་ཡི་ཁ་དོག་ཏུ་ནི་བྱ་རོག་གྱུར། །འབྲས་བུ་བྱུང་བ་དེ་དུས་ན། །ཁྱོད་གདོད་ཚུལ་ཁྲིམས་ལྡན་པར་འགྱུར། །ནམ་ཞིག་བྱ་རོག་འུག་པ་གཉིས། །ཤིང་གཅིག་ལ་ནི་གནས་བཅས་ནས། །ཡིད་དགའ་བ་རུ་གྱུར་པ་ན། །དེ་ཚེ་ཚུལ་ཁྲིམས་ཁྱོད་ལྡན་ནོ། །ནམ་ཞིག་སྦྲུལ་དང་སྲེ་མོ་གཉིས། །


DKG011_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཁུང་བུ་གཅིག་ཏུ་གནས་པ་ན། །དགའ་བར་གྱུར་ཅིང་འཁོད་པ་སྟེ། །དེ་ཚེ་ཚུལ་ཁྲིམས་ཁྱོད་ལྡན་ནོ། །ནམ་ཞིག་རུས་སྦལ་བལ་ལས་ནི། །བགོ་བ་དག་ནི་ལེགས་བྱས་ནས། །དགུན་གྱི་བགོ་བར་གྱུར་པ་ན། །དེ་ནི་ཚུལ་ཁྲིམས་ཁྱོད་ལྡན་ནོ། །ནམ་ཞིག་སྦྲང་བུའི་རྗེ་ངར་ལས། །སྐས་ཀ་རུ་ནི་ལེགས་བཅས་ཏེ། །མཐོ་རིས་འགྲོ་བའི་སྐས་བཙུགས་ན། །དེ་ཚེ་ཚུལ་ཁྲིམས་ཁྱོད་ལྡན་ནོ། །ནམ་ཞིག་ཀུན་དའི་སྡོང་བུ་ལ། །ཟམ་པ་རབ་ཏུ་ལེགས་བྱས་ནས། །བལ་གླང་དེ་རུ་འགྲོ་བར་གྱུར། །དེ་ཚེ་ཚུལ་ཁྲིམས་ཁྱོད་ལྡན་ནོ། །ནམ་ཞིག་རྒྱ་མཚོའི་དབུས་ནས་ཀྱང་། །ལེགས་པར་ཡང་ནི་མེ་འབར་ལ། །སྐྱེ་བོ་དག་ནི་དེ་ལ་འཇུག །དེ་ཚེ་ཚུལ་ཁྲིམས་ཁྱོད་ལྡན་ནོ། །ཤོ་ཤུམ་པ་བདག་གིས་བཞད་གད་བྱས་པ་ནི་དེར་ཟད་ན། བདག་གིས་ཁྱོད་སྔོན་གྱི་གནས་སུ་སླར་གཞག་པར་བྱ་ན་ཁྱོད་ཀྱིས་བདག་ལ་ལན་ཅི་ཞིག་བྱ་ཞེས་སྨྲས་པ་དང་། དེས་ཞང་པོ་དེ་སྟེ་བདག་ཁྱོད་ཀྱིས་སྔོན་གྱི་གནས་སུ་བཞག་ J01,Vo11,Po98A ན་ནི་ཁྱོད་ལ་བདག་གིས་ཁྱོད་ཉིན་རེ་ཞིང་ཤ་དུམ་བུ་རེ་རེ་སྦྱིན་ནོ་ཞེས་སྨྲས་པ་དང་། དེས་དེ་བཞིན་གཞག་གིས་ལྟོས་ཤིག །ཁྱོད་ཆུ་ཀླུང་དུ་ཞུགས་ལ་ལྐོག་མ་མན་ཆད་ཆུར་ཆུག་ལ་ཤར་ཕྱོགས་སུ་ལྟོས་ཏེ་འདུག་ཤིག་དང་། བདག་གིས་ལྷ་ལ་གསོལ་ལོ་ཞེས་ཟེར་ཏེ། དེས་རྒྱལ་པོའི་ཕོ་བྲང་དང་ཉེ་བར་སོང་སྟེ། ལྷ་འདི་ལྟར་ཤོ་ཤུམ་པ་ནི་དགེ་ཞིང་བདེན་ཏེ་དཀའ་ཐུབ་སྤྱོད་པ་བྱེད་ཀྱི་མྱུར་དུ་བོད་པའི་རིགས་སོ་ཞེས་གསོལ་པ་དང་། རྒྱལ་པོ་ཚངས་བྱིན་གྱིས་ཝའི་སྐད་ལ་མཁས་ནས་དེས་བློན་པོ་ལ་ཀྱེ་ཆུ་བོ་ཀ་རན་ད་ན་ཤོ་ཤུམ་པ་དཀའ་ཐུབ་སྤྱོད་ཅིང་འདུག་གོ་ཞེས་ཐོས་ཀྱིས་དེ་ཚུར་ཁུག་ཤིག་ཅེས་བསྒོའོ། །དེ་དག་གིས་གོས་དང་རྒྱན་བསྐོན་ཏེ་འོངས་པ་དང་། རྒྱལ་པོས་སྔོན་གྱི་གནས་སུ་སླར་བཞག་གོ །མོས་དེ་ལ་ཉི་མ་རེ་རེ་ཞིང་ཤའི་དུམ་བུ་རེ་རེ་བྱིན་ནོ། །ཇི་སྲིད་ཅིག་གི་དུས་སུ་བྱིན་ཏེ། དེ་ནམ་མ་བྱིན་པ་དང་། ཝ་དེས་རྒྱལ་པོའི་ཕོ་བྲང་དང་ཉེ་བར་འདུག་ནས་ཤོ་ཤུམ་པ་དེ་སྟེ་ཁྱོད་ཀྱིས་བདག་ལ་ཤའི་དུམ་བུ་བྱིན་ན་ནི་དགེའོ། །མ་བྱིན་ན་ནི་ལེགས་པར་བརྡེགས་ལ་ཇི་ལྟར་སྔོན་གྱི་གནས་སུ་ཕྱིར་ཡང་གཞག་གོ་ཞེས་བསྡིགས་པ་དང་། མོས་ཐོས་ནས་སྐྲག་སྟེ་ཡང་དེ་ལ་ཉི་མ་རེ་རེ་ཞིང་ཤའི་དུམ་བུ་སྦྱིན་པ་ལ་ཞུགས་སོ། །


DKG011_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་དག་ཇི་སྙམ་དུ་སེམས། གང་ཤོ་ཤུམ་པ་དེ་ནི་འདི་ལྟར་འདི་བཞིན་དེའི་དུས་ན་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མའོ། །གང་མྱུར་འགྲོ་དེ་ནི་དེའི་ཚེ་དེའི་དུས་ན་འདི་ལྟར་དགེ་སློང་ཕ་འཆར་ཀའོ། །དེའི་ཚེ་དེའི་དུས་ན་ཡང་འདི་ལྟར་འདིས་དྲི་ལས་ཤེས་ཏེ། ད་ལྟར་ཡང་འདིས་དྲི་ལས་ཤེས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་པ་དང་། དགེ་སློང་ཕ་དག་བཅོམ་ལྡན་འདས་ཀྱིས་བཤད་པ་ལ་ཡི་རངས་ནས་མངོན་པར་དགའོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་སུམ་བཅུ་རྩ་དྲུག་པ། སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། ཆུ་བོ་བལ་གུ་མ་ཏིའི་འགྲམ་ན་དགེ་སློང་དག་འཇིམ་པའི་རིལ་བུ་དང་ཕོ་ལོང་གི་སྦྱོར་བས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་ J01,Vo11,Po98B དུ་བྱས་པ་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དག་གིས་འདི་བཞིན་དུ་འཇིམ་པའི་རི་ལུ་དང་ཕོ་ལོང་གི་སྦྱོར་བ་བྱས་ཏེ་བརྩོན་པར་བྱོས་ཤིག །ནན་ཏན་དུ་བྱོས་ཤིག །འབད་པར་བྱོས་ཤིག །ཇི་ལྟར་ཆུ་བོ་བལ་གུ་མ་ཏིའི་འགྲམ་ན་དགེ་སློང་རྣམས་བརྩོན་པར་བྱས། ནན་ཏན་དུ་བྱས། འབད་པར་བྱས་པ་བཞིན་ནོ། །དགེ་སློང་དག་གིས་བརྩོན་འགྲུས་མ་གཏང་ཤིག །དགེ་སློང་དག་གིས་བརྩོན་འགྲུས་བཏང་ན་འདས་པ་དང་བཅས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་གྲོང་ཀི་ཏ་ཞེས་བྱ་བའི་དྲུང་རི་ཀ་ཏའི་ནགས་སྟུག་པོ་ན་བཞུགས་སོ། །དེའི་ཚེ་རི་ཀ་ཏའི་དགེ་སློང་ཐ་སྐར་སྐྱེས་དང་ནབ་སོ་དང་། དགེ་སློང་དམར་སྐྱ་རྣམས་གནས་ཏེ། དེ་དག་གིས་འདི་ལྟ་བུ་དང་། འདི་འདྲ་བར་འཐབ་པ་དང་། འཐབ་ཏུ་འཇུག་པ་དང་། ཆེད་དུ་ལྟར་འདོང་ཞིང་འཁོད་པ་དེ་འདི་ལྟ་སྟེ། བལ་གླང་འཐབ་པ་དང་། རྟ་འཐབ་པ་དང་། ཤིང་རྟ་འཐབ་པ་དང་། དཔུང་བུ་ཆུང་འཐབ་པ་དང་། དབྱུག་པས་འཐབ་པ་དང་། ཁུ་ཚུར་གྱིས་འཐབ་པ་དང་། ཁྱུ་མཆོག་འཐབ་པ་དང་། མ་ཧེ་འཐབ་པ་དང་། ར་ཐུག་འཐབ་པ་དང་། ཐུག་རེ་འཐབ་པ་དང་། ཁྱི་འཐབ་པ་དང་། བྱ་འབར་ཏ་ཀ་འཐབ་པ་དང་། བྱ་ལ་བ་ཀ་འཐབ་པ་དང་། བྱ་གག་འཐབ་པ་དང་། བུད་མེད་སྟོབས་འགྱེད་པ་དང་། སྐྱེས་པ་སྟོབས་འགྱེད་པ་དང་།


DKG011_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་སྟོབས་འགྱེད་པ་དང་། གཞོན་ནུ་མ་རྣམས་སྟོབས་འགྱེད་དུ་འཇུག་པ་དང་། དད་པའི་བྲམ་ཟེ་དང་ཁྱིམ་བདག་དག་འཕྱ་ཞིང་སྨོད་དམ་ངན་དུ་ཟེར་ནས། འདི་ལྟར་དགེ་སློང་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཡང་བལ་གླང་འཐབ་པར་བྱེད་བྱེད་དུ་འཇུག་པའི་དགེ་སྦྱོང་མགོ་རེག་འདི་ལ་ཅི་ཕྱིར་བསོད་སྙོམས་སྦྱིན་པ་དང་། མཆོད་པར་བྱ་སྙམ་དུ་སེམས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་ནི་རིགས་པར་འཕྱའོ། །དེ་ལྟ་བས་ན་དགེ་སློང་དག་གིས་བལ་གླང་ལ་སོགས་པ་འཐབ་ཏུ་མི་གཞུག །J01,Vo11,Po99A བལྟ་བར་ཡང་མི་བྱའོ། །དགེ་སློང་དག་གིས་བལ་གླང་ལ་སོགས་པ་འཐབ་པར་བྱེད་དམ་བྱེད་དུ་འཇུག་གམ། བལྟས་ན་འདས་པ་དང་བཅས་པར་འགྱུར་རོ།། །།མདོར་ན། བཙའ་ཞུགས་པ་དང་དགེ་སློང་མས། །ཡོངས་སུ་དྲིས་པ་སྨྲས་པའོ། །ལས་རྣམས་དག་ཀྱང་བྱ་བ་སྟེ། །སླར་བབས་པ་ཡི་དགེ་སློང་མ། །སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ཤཱཀྱ་མོ་ལྔ་བརྒྱ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་པ་དང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ལ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་སོ། །རྣམ་གྲངས་དུ་མར་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ཏེ་ཅང་མི་གསུང་བ་དང་། གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དེ་སྟེ་བུད་མེད་ཀྱིས་དགེ་སྦྱོང་གི་འབྲས་བུ་བཞི་འཐོབ་པའི་སྐབས་མཆིས་ན་བུད་མེད་རྣམས་ལེགས་པར་


DKG011_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོ་སྤྱོད་ཅིང་བུད་མེད་རྣམས་བཅོམ་ལྡན་འདས་ཀྱི་དྲུང་ན་ཚངས་པར་སྤྱད་པ་སྤྱོད་དུ་གསོལ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཽ་ཏ་མཱི་ཁྱོད་འདི་ལྟར་ཁྱིམ་མི་མོའི་གོས་དཀར་པོ་གྱོན་ལ་ནམ་འཚོའི་བར་དུ་དེ་འབའ་ཞིག་པ་ལ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ་ཡོངས་སུ་བྱང་བར་ཚངས་པར་སྤྱད་པ་སྤྱོད་ཅིག་དང་། ཁྱོད་ལ་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་འགྱུར་རོ། །གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོས་ལན་ J01,Vo11,Po99B གཉིས་ལན་གསུམ་དུ་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དེ་སྟེ་བུད་མེད་ཀྱིས་དགེ་སྦྱོང་གི་འབྲས་བུ་བཞི་འཐོབ་པའི་སྐབས་མཆིས་ན་བུད་མེད་རྣམས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་སྤྱོད་ཅིང་བུད་མེད་རྣམས་བཅོམ་ལྡན་འདས་ཀྱི་དྲུང་ན་ཚངས་པར་སྤྱད་པ་སྤྱོད་དུ་གསོལ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལན་གཉིས་ལན་གསུམ་དུ་ཡང་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཽ་ཏ་མཱི་ཁྱོད་འདི་ལྟར་ཁྱིམ་མི་མོའི་གོས་དཀར་པོ་གྱོན་ལ་ནམ་འཚོའི་བར་དུ་དེ་འབའ་ཞིག་པ་ལ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བར་ཚངས་པར་སྤྱད་པ་སྤྱོད་ཅིག་དང་། ཁྱོད་ལ་ཡུན་རིང་པོའི་དོན་དང་། ཕན་པ་དང་བདེ་བར་འགྱུར་རོ། །ཞེས་བཀའ་སྩལ་པ་དང་། དེ་ནས་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་བཅོམ་ལྡན་འདས་ཀྱིས་ལན་གསུམ་དུ་མ་གནང་བ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་དྲུང་ནས་དོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་སེར་སྐྱའི་གནས་ན་ཇི་སྲིད་དགྱེས་ཀྱི་བར་དུ་བཞུགས་ནས་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། ཡུལ་ན་དི་ཀ་གང་ན་བ་དེར་རྒྱུ་ཞིང་གཤེགས་པ་དང་། གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ཇི་སྲིད་དགྱེས་ཀྱི་བར་དུ་བཞུགས་ནས་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། ཡུལ་ན་དི་ཀ་གང་ན་བ་དེར་རྒྱུ་ཞིང་གཤེགས་པར་ཐོས་སོ། །དེ་ལྟར་


DKG011_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པ་དང་ཤཱཀྱ་མོ་ལྔ་བརྒྱ་དང་ལྷན་ཅིག་ཏུ་རང་གིས་མགོ་བྲེགས་ཏེ་ཆོས་གོས་བགོས་སོ། །མགོ་བྲེགས་ཤིང་སྦྱར་མ་གྱོན་ཏེ་བཅོམ་ལྡན་འདས་ཀྱི་དགོངས་མལ་དུ་རྗེས་བཞིན་འབྲང་ཞིང་དོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱི་ཡུལ་བྲཱི་ཛི་ནས་ལྗོངས་རྒྱུ་ཞིང་ན་དི་ཀར་བྱོན་ཏེ་ན་དི་ཀའི་གུ་ཇིའི་གནས་ན་བཞུགས་སོ། །དེ་ནས་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ལུས་ངལ། ལུས་ཆད། ལུས་དུབ་སྟེ། རྡུལ་གྱིས་ལུས་ལ་ཕོག་བཞིན་དུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ཏེ། རྣམ་གྲངས་དུ་མར་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ཏེ་ཅང་མི་གསུང་བར་བཞུགས་པ་དང་། གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དེ་སྟེ་བུད་མེད་ཀྱིས་དགེ་སྦྱོང་གི་འབྲས་བུ་བཞི་འཐོབ་པའི་སྐབས་མཆིས་ན་བུད་མེད་རྣམས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་སྟེ། བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོ་སྤྱོད་ཅིང་བུད་མེད་རྣམས་བཅོམ་ལྡན་འདས་ཀྱི་དྲུང་ན་ཚངས་པར་སྤྱད་པ་སྤྱོད་དུ་གསོལ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཽ་ཏ་མཱི་ཁྱོད་འདི་ལྟར་འདི་བཞིན་དུ་ནམ་འཚོའི་བར་དུ་མགོ་བྲེགས་ཏེ་སྦྱར་མ་གྱོན་ལ་ནམ་འཚོའི་བར་དུ་དེ་འབའ་ཞིག་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བར་ཚངས་པར་སྤྱད་པ་སྤྱོད་ཅིག་དང་། ཁྱོད་ལ་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོས་ལན་གཉིས་ལན་གསུམ་དུ་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །


DKG011_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ་དེ་སྟེ་བུད་མེད་ཀྱིས་དགེ་སྦྱོང་གི་འབྲས་བུ་བཞི་འཐོབ་པའི་སྐབས་མཆིས་ན་བུད་མེད་རྣམས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་སྤྱོད་ཅིང་། བུད་མེད་རྣམས་བཅོམ་ལྡན་འདས་ཀྱི་དྲུང་ན་ཚངས་པར་སྤྱད་པ་སྤྱོད་དུ་གསོལ། ཞེས་དེ་སྐད་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལན་གཉིས་ལན་གསུམ་དུ་ཡང་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ལ་ གཽ་ཏ་མཱི་ཁྱོད་ཀྱིས་འདི་ལྟར་འདི་བཞིན་དུ་ནམ་འཚོའི་བར་དུ་མགོ་བྲེགས་ཏེ་སྦྱར་མ་གྱོན་ལ་དེ་འབའ་ཞིག་ཡོངས་སུ་རྫོགས་པ་དང་། ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བར་ཚངས་པར་སྤྱད་པ་སྤྱོད་ཅིག་དང་། ཁྱོད་ལ་ཡུན་རིང་པོའི་དོན་དང་ཕན་པ་དང་བདེ་བར་འགྱུར་རོ། །གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ལ་ལན་གཉིས་ལན་གསུམ་དུ་བཅོམ་ལྡན་འདས་ཀྱིས་མ་གནང་བ་དང་ཕྱི་རོལ་གྱི་སྒོ་ཁང་གི་ཕྱོགས་གཅིག་ཏུ་འདུག་སྟེ་ངུ་ཞིང་མཆི་མ་འབྱིན་ཏོ། །ཚེ་དང་ལྡན་པ་ཀུན་དགའ་བོས་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ཕྱི་རོལ་གྱི་སྒོ་ཁང་གི་ཕྱོགས་གཅིག་ཏུ་འདུག་ནས་ངུ་ཞིང་མཆི་མ་བྱུང་བ་མཐོང་ངོ་། །དེ་ལྟར་མཐོང་བ་དང་། གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཽ་ཏ་མཱི་ཁྱོད་ཅིའི་ཕྱིར་ན་ཕྱི་རོལ་གྱི་སྒོ་ཁང་གི་ཕྱོགས་གཅིག་ཏུ་འདུག་ལ་ངུ་ཞིང་མཆི་མ་འབྱིན་ཅེས་སྨྲས་པ་དང་། བཙུན་པ་ཀུན་དགའ་བོ་འདི་ལྟར་བུད་མེད་ཀྱིས་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་ཏེ་དགེ་སློང་མའི་དངོས་པོར་མ་གནང་ངོ་། །གཽ་ཏ་མཱི་དེ་ལྟ་ན་སྡོད་ཅིག་དང་ངས་བཅོམ་ལྡན་འདས་ལ་གསོལ་ལོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་དྲུང་དུ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་བཙུན་པ་དེ་སྟེ་བུད་མེད་དགེ་སྦྱོང་གི་འབྲས་བུ་བཞི་འཐོབ་པའི་སྐབས་མཆིས་ན་བུད་མེད་དག་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་སྤྱོད་ཅིང་། བཅོམ་ལྡན་འདས་ཀྱི་དྲུང་ན་བུད་མེད་རྣམས་ཚངས་པར་སྤྱད་པ་སྤྱོད་དུ་གསོལ་ཞེས་དེ་སྐད་གསོལ་པ་དང་། ཀུན་


DKG011_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བོ་ཁྱོད་བུད་མེད་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་སློང་མའི་དངོས་པོར་མ་གསོལ་ཅིག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་བུད་མེད་རབ་ཏུ་ཕྱུང་ན་ཆོས་ཀྱི་ འདུལ་བ་དེ་ཡུན་རིང་དུ་གནས་པར་མི་འགྱུར་རོ། །དེ་འདི་ལྟ་སྟེ་ཀུན་དགའ་བོ་དཔེར་ན་ཁྱིམ་གང་ན་བུད་མེད་མང་ཞིང་སྐྱེས་པ་ཉུང་བ་དེ་ན་རྐུན་པོ་དང་མི་ལ་རྐུ་བ་རྣམས་ཀྱིས་ཆོམས་པར་འགྱུར་ཞིང་རབ་ཏུ་ཆོམས་པར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་དུ་ཆོས་འདུལ་བ་ལ་བུད་མེད་རབ་ཏུ་ཕྱུང་ན་ཆོས་འདུལ་བ་དེ་ཡུན་རིང་དུ་གནས་པར་མི་འགྱུར་རོ། །འདི་ལྟ་སྟེ། ཀུན་དགའ་བོ་དཔེར་ན། འབྲས་སཱ་ལུ་ཕུན་སུམ་ཚོགས་པའི་ཞིང་ལ་སེར་བའི་འཁོར་ལོ་མི་བཟད་པ་བབས་ན། འབྲས་སཱ་ལུ་དེ་ཉིད་ཉམས་པར་འགྱུར། རྣམ་པར་ཉམས་པར་འགྱུར། ཚུལ་མ་ཡིན་པས་མ་རུང་བར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་དུ་ཆོས་འདུལ་བ་ལ་བུད་མེད་རབ་ཏུ་བྱུང་ན། ཆོས་འདུལ་བ་འདི་ཡུན་རིང་དུ་མི་གནས་པར་འགྱུར་རོ། །འདི་ལྟ་སྟེ་ཀུན་དགའ་བོ་ཞིང་རྨེད་པའི་ཁྱིམ་བདག་བུ་རམ་ཤིང་ཕུན་སུམ་ཚོགས་པ་ལ་བཙའི་ནད་བྱུང་ན་བུ་རམ་ཤིང་དག་མ་རུང་བར་འགྱུར། ཆུད་ཟོས་པར་འགྱུར་རོ། །ཀུན་དགའ་བོ་དེ་ལྟར་དེ་བཞིན་དུ་ཆོས་འདུལ་བ་ལ་བུད་མེད་རབ་ཏུ་བྱུང་ན་ཆོས་འདུལ་བ་འདི་ཡུན་རིང་དུ་གནས་པར་མི་འགྱུར་རོ། །འོན་ཀྱང་ཀུན་དགའ་བོ་ངས་བུད་མེད་རྣམས་ལ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བརྒྱད་བཅས་པ་ལ་བུད་མེད་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །དེ་འདི་ལྟ་སྟེ་ཀུན་དགའ་བོ་ཁྱིམ་བདག་ཞིང་པས་དབྱར་འདས་ཏེ་སྟོན་གྱི་དུས་ན་ཆུ་བོའམ་ཡུར་བ་ཡང་རུང་ཆུ་བཅད་ན་ཆུ་དེ་བགགས་པས་འདའ་བར་མི་འགྱུར་རོ། །ཀུན་དགའ་བོ་དེ་ལྟར་དེ་བཞིན་དུ་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་བླ་མའི་ཆོས་བརྒྱད་བཅའ་བར་བྱའོ། །དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་གྱིས་ཤིག །བརྒྱད་གང་ཞེ་ན། ཀུན་དགའ་བོ་དགེ་སློང་རྣམས་ལས་བུད་མེད་རྣམས་ཀྱིས་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་འགྱུར་བ་རབ་ཏུ་རྟོགས་པར་


DKG011_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཀུན་དགའ་བོ་ངས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་དང་པོར་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །ཀུན་དགའ་བོ་དགེ་སློང་མ་དག་གིས་དགེ་སློང་ཕ་རྣམས་ལ་ཟླ་བ་ཕྱེད་ཕྱེད་ཅིང་སྟོན་པའི་ལུང་རྗེས་སུ་བསྟན་པ་བཙལ་བར་བྱའོ། །ཀུན་དགའ་བོ་ངས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་གཉིས་སུ་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །ཀུན་དགའ་བོ་དགེ་སློང་མ་དག་གིས་དགེ་སློང་ཕ་མེད་པའི་གནས་སུ་དབྱར་ཚུལ་དུ་མི་འཇུག་ པར་བྱ་སྟེ། ཀུན་དགའ་བོ་ངས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་གསུམ་དུ་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །ཀུན་དགའ་བོ་དགེ་སློང་མ་དབྱར་ཚུལ་དུ་ཞུགས་པས་དགེ་འདུན་གཉིས་ཀ་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་དུ་སྐབས་དབྱེ་བར་བྱ་སྟེ། ཀུན་དགའ་བོ་ངས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བཞིར་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །ཀུན་དགའ་བོ་དགེ་སློང་མས་དགེ་སློང་ཕ་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པ་ལ་གླེང་བར་མི་བྱ་དྲན་པར་མི་བྱ་སྟེ། ཀུན་དགའ་བོ་དགེ་སློང་མས་དགེ་སློང་ཕ་ལ་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པ་རྣམས་གླེང་བ་དང་། དྲན་པར་བྱེད་པ་དག་མི་གནང་ངོ་། །དགེ་སློང་དག་གིས་ནི་དགེ་སློང་མ་ལ་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པ་ལ་གླེང་བ་དང་། དྲན་པར་བྱེད་པ་ལ་དགག་པ་མེད་དེ། ཀུན་དགའ་བོ་ངས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་ལྔར་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །ཀུན་དགའ་བོ་དགེ་སློང་མས་དགེ་སློང་ཕ་ལ་ཚིག་ངན་པ་མི་སྨྲ། ཁྲོ་བར་མི་བྱ། བསྡིགས་པར་མི་བྱའོ། །ཀུན་དགའ་བོ་དགེ་སློང་མས་དགེ་


DKG011_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སློང་ལ་ཚིག་ངན་པ་སྨྲ་བ་དང་། ཁྲོ་བ་དང་། བསྡིགས་པ་རྣམས་མི་གནང་སྟེ། ཀུན་དགའ་བོ་ངས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་དྲུག་པར་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །ཀུན་དགའ་བོ་བླ་མའི་ཆོས་ཉམས་ན་དགེ་སློང་མས་དགེ་འདུན་གཉི་ག་ལ་ཟླ་བ་ཕྱེད་ཀྱི་བར་དུ་མཉེས་པར་བྱ་བ་སྤྱོད་ཅིག །ཀུན་དགའ་བོ་ངས་འདི་ནི་བུད་མེད་རྣམས་ ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བདུན་དུ་བཅས་ཏེ། དེ་ལ་ཀུན་དགའ་བོ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །ཀུན་དགའ་བོ་དགེ་སློང་མ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ད་གཟོད་བསྙེན་པར་རྫོགས་པའི་དགེ་སློང་ལ་ཚིག་སྙན་པ་དང་། བསྟོད་པ་དང་ལྡང་བ་དང་། ཐལ་མོ་སྦྱར་བ་དང་། ཕྱག་བྱ་བ་བྱ་སྟེ། ཀུན་དགའ་བོ་ངས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བརྒྱད་དུ་བཅས་ཏེ། འདི་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །ཀུན་དགའ་བོ་དེ་སྟེ་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོས་བླ་མའི་ཆོས་འདི་བརྒྱད་ལ་ཡང་དག་པར་བཟུང་ཞིང་ནན་ཏན་དུ་བྱས་ན་འདི་ཉིད་དེ་ལ་རབ་ཏུ་བྱུང་བའོ། །དེ་ཉིད་བསྙེན་པར་རྫོགས་པའོ། །དེ་ཉིད་ཉེས་པའི་དངོས་པོ་ཞེས་བཀའ་སྩལ་པ་དང་། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་། །གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ལ་འདི་སྐད་ཅེས་སྨྲས་སོ། །གཽ་ཏ་མཱི་བུད་མེད་རྣམས་ཀྱིས་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་ཏེ་དགེ་སློང་མའི་དངོས་པོར་ནི་གནང་མོད་ཀྱི་འོན་ཀྱང་གཽ་ཏ་མཱི་བཅོམ་ལྡན་འདས་ཀྱི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བརྒྱད་བཅས་ཏེ། འདི་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །ནན་ཏན་དུ་བྱའོ། །བཙུན་པ་ཀུན་དགའ་བོ་བཀའ་སྩལ་པ་དེ་ཉན་ཀྱིས་གསུང་ཤིག །གཽ་ཏ་མཱི་བཅོམ་ལྡན་


DKG011_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་ནི་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དགེ་སློང་ལས་བུད་མེད་རྣམས་ཀྱིས་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཏེ་དགེ་སློང་མའི་དངོས་པོར་རབ་ཏུ་རྟོགས་པར་བྱའོ། །གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བཅས་པ་དང་པོ་སྟེ། དེ་ལ་བུད་མེད་རྣམས་ཀྱིས་ ནམ་འཚོའི་བར་དུ་བསླབ་པར་བྱའོ། །གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་ཡང་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་རྣམས་ཀྱི་དྲུང་ན་དགེ་སློང་མས་ཟླ་བ་ཕྱེད་ཕྱེད་ཅིང་སྟོན་པའི་ལུང་རྗེས་སུ་བསྟན་པ་བཙལ་བར་བྱའོ། །གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་གཉིས་སུ་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་ཡང་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་མས་དགེ་སློང་མེད་པའི་གནས་སུ་དབྱར་ཚུལ་དུ་མ་འཇུག་ཅིག །གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་གསུམ་དུ་བཅས་ཏེ། འདི་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་ཡང་བཀའ་སྩལ་པ། ཀུན་དགའ་བོ་དབྱར་ཚུལ་དུ་ཞུགས་པའི་དགེ་སློང་མས་དགེ་འདུན་གཉིས་ཀ་ལ་མཐོང་བ་དང་། ཐོས་པ་དང་། དོགས་པའི་གནས་གསུམ་དུ་སྐབས་དབྱེ་བར་བྱའོ། །གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བཞིར་བཅས་ཏེ། འདི་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་ཡང་འདི་སྐད་གསུངས་སོ། །ཀུན་དགའ་བོ་དགེ་སློང་མས་དགེ་སློང་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པ་ལ་གླེང་བར་མི་བྱ། དྲན་པར་མི་བྱའོ། །ཀུན་དགའ་བོ་དགེ་སློང་མས་དགེ་སློང་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པ་ལ་གླེང་བར་བྱ་བ་དང་། དྲན་པར་བྱ་བ་མི་གནང་ངོ་། །ཀུན་དགའ་བོ་དགེ་སློང་གིས་ནི་དགེ་སློང་མ་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་


DKG011_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པ་ལ་གླེང་བར་བྱེད། དྲན་པར་བྱེད་པ་ལ་མི་གནང་བ་མེད་དོ། །གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་ བྱ་བའི་ཕྱིར་བླ་མའི་ཆོས་ལྔ་པར་བཅས་ཏེ་འདི་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་ཡང་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་མས་དགེ་སློང་ལ་ཚིག་ངན་པ་སྨྲ་བར་མི་བྱའོ། །ཁྲོ་བར་མི་བྱ། བསྡིགས་པར་མི་བྱའོ། །ཀུན་དགའ་བོ་དགེ་སློང་མས་དགེ་སློང་ལ་ཚིག་ངན་པ་སྨྲ་བ་དང་། ཁྲོ་བ་དང་། བསྡིགས་པ་རྣམས་མི་གནང་སྟེ། གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་དྲུག་པར་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །གཽ་ཏ་མཱི་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བླ་མའི་ཆོས་བྱུང་བའི་དགེ་སློང་མས་དགེ་འདུན་སྡེ་གཉིས་ལ་ཟླ་བ་ཕྱེད་ཕྱེད་ཀྱི་བར་དུ་མཉེས་པར་སྤྱོད་དོ། །གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བདུན་དུ་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་ཡང་བཀའ་སྩལ་པ། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་མས་ད་གཟོད་བསྙེན་པར་རྫོགས་པའི་དགེ་སློང་ལ་ཚིག་སྙན་པ་དང་། བསྟོད་པ་དང་ལྡང་བ་དང་། ཐལ་མོ་སྦྱར་བ་དང་། ཕྱག་བྱ་བར་བྱའོ། །གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བརྒྱད་དུ་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཡང་བཀའ་སྩལ་པ། ཀུན་དགའ་བོ་དེ་སྟེ་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་བླ་མའི་ཆོས་འདི་བརྒྱད་ཡང་དག་པར་བཟུང་ཞིང་ནན་ཏན་བྱས་ན་དེ་ལ་འདི་ཉིད་དེའི་རབ་ཏུ་བྱུང་བའོ། །འདི་ནི་བསྙེན་པར་རྫོགས་པའོ། །འདི་ནི་དགེ་སློང་མའི་དངོས་པོ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་བུད་མེད་རྣམས་ཀྱི་ཉེས་པ་དགག་


DKG011_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་མི་འདའ་བར་ བྱ་བའི་ཕྱིར་བླ་མའི་ཆོས་བརྒྱད་འདི་རྣམས་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བགྱི་བ་འདི་ནི་བདག་གིས་ངག་དང་། ཡིད་དང་། སྤྱི་བོས་ཀྱང་མནོད་དོ། །བཙུན་པ་ཀུན་དགའ་བོ་དེ་འདི་ལྟ་སྟེ། རྒྱལ་རིགས་ཀྱི་བུ་མོའམ། བྲམ་ཟེའི་བུ་མོའམ། རྗེའུ་རིགས་ཀྱི་བུ་མོའམ། དམངས་རིགས་ཀྱི་བུ་མོ་ཡང་རུང་རབ་ཏུ་བཀྲུས་པ། རབ་ཏུ་བྱུགས་པ། སྐྲ་དང་སེན་མོ་བྱད་བྱས་པ། གོས་དཀར་པོ་བགོས་པ་ལ་ཁ་ཅིག་གིས་མེ་ཏོག་ཨུཏྤ་ལའི་ཕྲེང་བའམ། ཙམ་པ་ཀའི་ཕྲེང་བ་དང་། བ་རི་ཤི་ཀའི་ཕྲེང་བ་དང་། ཨ་ཏི་མུག་ཏིའི་ཕྲེང་བ་ཡང་། རུང་བ་བྱིན་ན་དེས་དེ་ལ་ཡིད་དགའ་རངས་ཏེ་ལག་པ་གཉིས་ཀྱིས་བླངས་ནས་ཡན་ལག་གི་མཆོག་མགོ་བོ་ལ་འཇོག་གོ །བཙུན་པ་ཀུན་དགའ་བོ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བརྒྱད་པོ་འདི་རྣམས་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བགྱི་བ་འདི་དག་ནི་བདག་གིས་ངག་དང་། ཡིད་དང་། སྤྱི་བོས་ཀྱང་མནོད་དེ། བཅོམ་ལྡན་འདས་ཀྱིས་ནམ་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོས་བླ་མའི་ཆོས་རྣམས་ཉམས་སུ་བླངས་པས་ན་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་དགེ་སློང་མའི་དངོས་པོར་གནང་བ་དེ་ན་སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་བཙུན་པ་བཅོམ་ལྡན་འདས་ཀྱིས་ནི་དེ་སྟེ་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོས་བླ་མའི་ཆོས་བརྒྱད་ཡང་དག་པར་བཟུང་ནས་ནན་ཏན་བྱས་ན་དེ་ལ་འདི་ཉིད་རབ་ཏུ་བྱུང་བའོ། །འདི་ཉིད་བསྙེན་པར་རྫོགས་པའོ། །འདི་ཉིད་དགེ་སློང་མའི་དངོས་པོའོ་ཞེས་བཀའ་སྩལ་ན། བཙུན་པ་དེ་ལས་གཞན་པའི་བུད་མེད་རྣམས་ཇི་ལྟར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་བགྱི་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པཱ་ལི་བུད་མེད་གཞན་ནི་རིམ་བཞིན་དུ་རབ་ཏུ་དབྱུང་ཞིང་བསྙེན་པར་རྫོགས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བུད་མེད་གཞན་ནི་རིམ་བཞིན་དུ་རབ་ཏུ་དབྱུང་ཞིང་བསྙེན་པར་རྫོགས་པར་བྱོས་ཤིག་ཅེས་བཀའ་སྩལ་ན་དགེ་སློང་དག་གིས་ ཇི་ལྟ་བུ་རིམ་བཞིན་དུ་བྱ་བ་མི་ཤེས་ནས་དེ་ལྟ་བུར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་


DKG011_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་ཤཱཀྱ་མོ་ལྔ་བརྒྱ་རྣམས་ནི་བླ་མའི་ཆོས་རྣམས་ཁས་བླངས་པས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་སློང་མའི་དངོས་པོར་གྱུར་ཏོ། །བུད་མེད་གཞན་ནི་རིམ་བཞིན་བྱས་ཏེ་དགེ་སློང་མ་གང་ལ་ཡང་རུང་རབ་ཏུ་འབྱུང་བར་འདོད་པ་ཞིག་གི་དྲུང་དུ་འོངས་ནས་དེས་བར་ཆད་ཀྱི་ཆོས་རྣམས་དྲིས་ལ་གཟུང་བར་བྱའོ། །བཟུང་ནས་སྐྱབས་གསུམ་དང་། དགེ་བསྙེན་མའི་བསླབ་པའི་གཞི་ལྔ་བྱིན་ཅིག །སྐྱབས་གསུམ་གང་ཞེ་ན། སངས་རྒྱས་དང་། ཆོས་དང་། དགེ་འདུན་ནོ། །བསླབ་པའི་གཞི་ལྔ་གང་ཞེ་ན། སྲོག་གཅོད་པ་རབ་ཏུ་སྤངས་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཆང་དང་འབྲུའི་ཁུ་བ་མྱོས་པར་འགྱུར་བ་བག་མེད་པའི་གནས་རབ་ཏུ་སྤངས་ཤིང་ཆང་དང་འབྲུའི་ཁུ་བ་མྱོས་པ་བག་མེད་པའི་གནས་ལས་རབ་ཏུ་སྤངས་པ་དེ་ལྟར་འདི་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་དེང་གི་ཉིན་པར་ནས་ནམ་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། ཆང་དང་འབྲུའི་ཁུ་བ་མྱོས་པར་འགྱུར་བ་བག་མེད་པའི་གནས་རབ་ཏུ་སྤངས་པའོ། །འདི་བཞིན་དུ་ཡང་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་སྦྱིན་པར་བྱའོ། །ཐོག་མར་སྟོན་པ་ལ་ཕྱག་བྱེད་དུ་ཆུག་ཤིག །དེ་ནས་དགེ་སློང་མ་གང་གིས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་སྦྱིན་པ་དེ་ལ་ཕྱག་འཚལ་ཞིང་ཐལ་མོ་སྦྱོར་དུ་ཆུག་ལ། དེ་ནས་དེས་འདི་སྐད་དུ་སྨྲ་བར་བྱའོ། །འཕགས་མ་དགོངས་ཤིག །བདག་མིང་འདི་ཞེས་བགྱི་བ་ནམ་འཚོའི་བར་དུ་རྐང་པ་གཉིས་ཀྱི་ནང་ན་གཙོ་བོ་སངས་རྒྱས་ལ་སྐྱབས་སུ་འཆིའོ། །འདོད་ཆགས་དང་བྲལ་བའི་ནང་ན་མཆོག་དམ་པའི་ཆོས་ལ་སྐྱབས་སུ་མཆིའོ། །མང་པོའི་ནང་ན་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་མར་འཕགས་པས་གཟུང་དུ་གསོལ། དེ་བཞིན་ལན་གཉིས་ལན་གསུམ་དུ་བྱའོ། ། དེ་ནས་བསླབ་པའི་གཞི་ལྔ་བྱིན་ཅིག །འཕགས་མ་དགོངས་ཤིག །ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ནམ་འཚོའི་བར་དུ་སྲོག་


DKG011_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པ་སྤངས་ཤིང་སྲོག་གཅོད་པ་ལས་རབ་ཏུ་སྤངས་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་དེང་གི་ཉིན་པར་ནས་བཟུང་སྟེ། ནམ་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཤིང་སྲོག་གཅོད་པ་ལས་རབ་ཏུ་སྤངས་ཏེ་ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པའི་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་དགྲ་བཅོམ་པ་དེ་དག་གིས་ནམ་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཆང་དང་། འབྲུའི་ཁུ་བ་མྱོས་པ་བག་མེད་པའི་གནས་སྤངས་ཤིང་རབ་ཏུ་སྤངས་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་དེང་གི་ཉི་གཉིས་ནས་བཟུང་སྟེ། ནམ་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། བག་མེད་པའི་གནས་སྤངས་ཤིང་། ཆང་དང་འབྲུའི་ཁུ་བ་མྱོས་པ་བག་མེད་པའི་གནས་ནས་སླར་ལོག་སྟེ། བདག་ཡན་ལག་ལྔ་པོ་འདིས་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པའི་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །སློབ་དཔོན་མས་ཐབས་ཡིན་ནོ། །ཞེས་བརྗོད་པར་བྱའོ། །དགེ་བསྙེན་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བྱའོ། དེ་ནས་དགེ་འདུན་གྱི་ནང་དུ་སྒྲོགས་པའི་དགེ་སློང་མ་སྐོས་ཤིག །གང་བསྐོས་པ་དེས་ཀྱང་དགེ་སློང་མ་དེ་ལ་ཁྱོད་ཀྱིས་འདི་ལ་བར་ཆད་ཀྱི་ཆོས་དྲིས་སམ་ཞེས་དྲིས་ཤིག །མ་དྲིས་པར་བསྒྲག་པར་བྱས་ན་འདས་པ་དང་བཅས་པར་འགྱུར་རོ། །དེ་ནས་དགེ་སློང་མ་དེས་དགེ་འདུན་འདུས་ཤིང་འཁོད་དམ། སོ་སོའི་གནས་ཁང་དུ་ཡང་རུང་འདི་སྐད་དུ་སྒྲོགས་ཤིག །གསོན་ཅིག་འཕགས་པའི་དགེ་འདུན་མ་རྣམས་མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་བྱུང་བར་འཚལ་ཏེ། ཁྱིམ་པ་མོ་གོས་དཀར་པོ་སྐྲ་མ་བྲེགས་པ་ལས་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་སློང་མའི་དངོས་པོར་གསོལ་ན། མིང་འདི་ཞེས་བགྱི་བ་འདི་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་བགོས་ནས་ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་མཁན་མོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་ན། དེ་ཡང་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་མོ་ཉིད་མཆི་ན་ཅི་


DKG011_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བྱུང་ཤིག་གམ། ཐམས་ཅད་ཀྱིས་ཀྱང་དེ་སྟེ་ཡོངས་སུ་དག་ནའོ་ཞེས་སྨྲོས་ཤིག །དེ་སྟེ་འདི་བཞིན་སྨྲ་ན་ནི་ལེགས། འོན་ཏེ་མ་སྨྲས་ན་འདས་པ་དང་བཅས་པར་འགྱུར་རོ། །དེ་ནས་མཁན་མོར་གསོལ་བ་བྱ་སྟེ། སློབ་དཔོན་མ་དགོངས་ཤིག །བདག་མིང་འདི་ཞེས་བགྱི་བ་སློབ་དཔོན་མ་ལ་མཁན་མོར་གསོལ་ཏེ། སློབ་དཔོན་མ་བདག་གི་མཁན་མོར་གྱུར་ཅིག །སློབ་དཔོན་མ་མཁན་མོ་ལས་རབ་ཏུ་དབྱུང་བར་གསོལ་ལོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཚིག་གསུམ་པ་ལ་མཁན་མོ་མཁན་མོ་ལས་ཞེས་བརྗོད་པར་བྱའོ། །མཁན་མོས་ཐབས་ཡིན་ཞེས་བརྗོད། རབ་ཏུ་བྱུང་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །ཅི་རབ་ཏུ་བྱུང་ཤིག་གམ། ཐམས་ཅད་ཀྱིས་ཀྱང་དེ་སྟེ་ཡོངས་སུ་དག་ནའོ་ཞེས་སྨྲོས་ཤིག །དེ་སྟེ་འདི་བཞིན་སྨྲ་ན་ནི་ལེགས། འོན་ཏེ་མ་སྨྲས་ན་འདས་པ་དང་བཅས་པར་གྱུར་རོ། དེ་ནས་མཁན་མོས་འབྲེག་པའི་དགེ་སློང་མ་ལ་སྐྲ་བྲེག་པར་གསོལ་ཅིག །དེས་ཀྱང་ནུ་མོ་སྐྲ་བྲེག་གམ་ ཞེས་དྲིས་ཤིག །དེ་སྟེ་བྲེག་གོ་ཞེས་སྨྲ་ན་བྲེག །དེ་སྟེ་མ་ཡིན་ནོ་ཞེས་སྨྲ་ན་འདི་ནས་སོང་ཞེས་སྨྲོས་ཤིག །དགེ་སློང་དག་གིས་སྐྲ་འབྲེག་པའི་དགེ་སློང་མས་དེ་ལྟར་མངོན་དུ་སྤྱད་པའི་ཆོས་བཅས་ཏེ། སྐྲ་འབྲེག་པའི་དགེ་སློང་མས་འདི་ལྟར་གྲང་བར་གྱུར་ན་ཆུ་དྲོན་པོས་ཁྲུས་བྱའོ། །འོན་ཏེ་ཚ་བར་གྱུར་པའི་ཚེ་ན་ཆུ་གྲང་མོས་ཁྲུས་བྱའོ། །དེ་ནས་སྐད་ཅིག་གཅིག་ལ་ལུས་ཀྱི་ཆུ་བསྐམས་ཏེ་ཤམ་ཐབས་གྱོན་ཅིག །ཤམ་ཐབས་བསྐོན་པ་ན་མཚན་མ་མེད་པའམ། མཚན་གཉིས་པའམ། གླེ་འདམས་པ་མ་ཡིན་ནམ་ཞེས་མོ་མཚན་བརྟག་པར་བྱའོ། །སྐྲ་འབྲེག་པའི་དགེ་སློང་མས་དེ་ལྟར་མངོན་དུ་སྤྱད་པའི་ཆོས་བཅས་པ་ཡང་དག་པར་བླངས་ཏེ་མི་སྤྱོད་ན་འདས་པ་དང་བཅས་པར་འགྱུར་རོ། །དེ་ནས་རབ་ཏུ་བྱུང་བ་ཉེ་བར་བསྒྲུབ་པར་བྱ་སྟེ། དང་པོ་སྟོན་པ་ལ་ཕྱག་འཚལ་དུ་བཅུག །དེའི་འོག་ཏུ་མཁན་མོ་ལ་འཚལ་དུ་བཅུག་སྟེ། མདུན་དུ་ཙོག་པུར་འདུག་ཏུ་བཅུག་ལ་ཐལ་མོ་སྦྱོར་དུ་བཅུག་ནས་དེ་ནས་དེས་འདི་སྐད་དུ་སྨྲ་བར་བྱའོ། །མཁན་མོ་དགོངས་ཤིག །བདག་མིང་འདི་ཞེས་བགྱི་བ་ནམ་འཚོའི་བར་དུ། རྐང་གཉིས་ཀྱི་ནང་ན་གཙོ་བོ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བའི་ནང་ན་དམ་པའི་ཆོས་ལ་སྐྱབས་སུ་མཆིའོ། །མང་པོའི་ནང་ན་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་


DKG011_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཤཱཀྱ་སེང་གེ་ཤཱཀྱའི་རྒྱལ་པོ་གཙོ་བོ་དེ་རབ་ཏུ་བྱུང་བའི་རྗེས་སུ་བདག་རབ་ཏུ་བྱུང་སྟེ་ཁྱིམ་པའི་རྟགས་སྤང་ངོ་། །རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་བཟླས། མཁན་མོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །རབ་ཏུ་བྱུང་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནས་མཁན་མོས་དགེ་ཚུལ་མའི་བསླབ་པའི་གཞི་འབོགས་པའི་དགེ་སློང་མ་གསོལ་ཅིག །གང་ལ་གསོལ་བ་དེས་སྟོན་པ་ལ་ཕྱག་འཚལ་དུ་ཆུག་ལ་མདུན་དུ་ཙོག་པུར་ཞོག་སྟེ་ཐལ་མོ་སྦྱོར་དུ་ཆུག་ལ་སྐྱབས་སུ་འགྲོ་བ་དང་དགེ་ཚུལ་མའི་བསླབ་པའི་གཞི་རྣམས་ཕོག་ཤིག །འཕགས་མ་དགོངས་ཤིག །བདག་མིང་འདི་ཞེས་བགྱི་བ་ནམ་འཚོའི་བར་དུ། རྐང་གཉིས་ཀྱི་ནང་ན་གཙོ་བོ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བའི་ནང་ན་དམ་པའི་ཆོས་ལ་སྐྱབས་སུ་མཆིའོ། །མང་པོའི་ནང་ན་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་མར་འཕགས་མས་གཟུང་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཚིག་གསུམ་པ་ལ་སློབ་དཔོན་མས་ཞེས་བརྗོད་པར་བྱའོ། །སློབ་དཔོན་མས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །དགེ་ཚུལ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་རྗེས་ལ་དགེ་སློང་མ་ཞིག་གིས་གྲིབ་ཚོད་གཞལ་བར་བྱ་ཞིང་། སྐྱེས་བུ་དང་རྩ་བ་དང་ཉིན་མཚན་གྱི་ཆ་དང་དུས་ཚོད་ཀྱང་བརྗོད་པར་བྱའོ། །དེ་ནས་བསླབ་པའི་གཞི་བཅུ་བྱིན་ཅིག །འཕགས་མ་དགོངས་ཤིག །ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ནམ་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་དེང་གི་དུས་འདི་ནས་བཟུང་སྟེ་ནམ་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་གོ །བདག་ཡན་ལག་དང་པོ་འདིས་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་བསླབ་པའི་རྗེས་སུ་སློབ་པོ། །རྗེས་སུ་སྒྲུབ་པོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ནམ་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། འབྲས་བུའི་ཆང་


DKG011_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་དང་། གར་དང་། བརྡུང་བ་དང་། ཕྲེང་བ་དང་། དྲི་དང་། བྱུག་པ་དང་། ཁ་དོག་འཆང་བ་རྣམས་དང་། མལ་སྟན་མཐོན་པོ་དང་མལ་སྟན་ཆེན་པོ་དང་། དུས་མ་ཡིན་པར་ཟ་བ་དང་། གསེར་དངུལ་བླང་བ་རྣམས་སྤངས་ཏེ། གསེར་དངུལ་བླང་བ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་དེང་གི་དུས་འདི་ནས་བཟུང་སྟེ། ནམ་འཚོའི་ བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་འབྲས་བུའི་ཆང་མྱོས་པར་འགྱུར་བ་བག་མེད་པར་འགྱུར་བའི་གནས་དང་། གླུ་དང་། གར་དང་། བརྡུང་བ་དང་། ཕྲེང་བ་དང་། དྲི་དང་། བྱུག་པ་དང་། ཁ་དོག་འཆང་བ་རྣམས་དང་། མལ་སྟན་མཐོན་པོ་དང་མལ་སྟན་ཆེན་པོ་དང་། དུས་མ་ཡིན་པར་ཟ་བ་དང་། གསེར་དངུལ་བླང་བ་དག་སྤངས་ནས་གསེར་དངུལ་བླང་བ་ལས་སླར་ལོག་སྟེ། བདག་ཡན་ལག་བཅུ་པོ་འདིས་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་བསླབ་པའི་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །སློབ་དཔོན་མས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །དགེ་ཚུལ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་སྟེ་ཁྱིམ་དུ་གནས་པ་ལོ་བཅུ་ལོན་པའམ། གཞོན་ནུ་མ་ལོ་བཅྭ་བརྒྱད་ལོན་པ་དེ་ལ་ནི་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་གི་བསླབ་པ་བྱིན་ཅིག །འདི་བཞིན་དུ་སྦྱིན་པར་བྱ་སྟེ། དགེ་སློང་མའི་དགེ་འདུན་འདུས་ཤིང་འཁོད་དོ། ། ཉུང་ན་ཡང་དགེ་སློང་མ་བཅུ་གཉིས་འདུས་པའི་འཁོར་ལ་ཕྱག་འཚལ་དུ་ཆུག་ལ་རྒན་པའི་དྲུང་དུ་ཙོག་པུར་ཞོག་ལ་མཁན་མོར་གསོལ་བར་བྱའོ། །མཁན་མོ་ལ་ཕྱག་འཚལ་དུ་བཅུག་ལ་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱོར་དུ་བཅུག་ནས་དེ་སྟེ་མཁན་མོ་ཡིན་ན་ནི་འདི་བཞིན་གསོལ་ལོ། །དགོངས་ཤིག་མཁན་མོ་བདག་མིང་འདི་ཞེས་བགྱི་བ་མཁན་མོ་ལ་མཁན་མོར་གསོལ་ན་མཁན་མོ་བདག་གི་མཁན་མོར་གྱུར་ཅིག །མཁན་མོ་ལས་བསླབ་པའི་སྡོམ་པ་ཡང་དག་པར་བླང་བར་གསོལ་ལོ། །དེ་སྟེ་སློབ་དཔོན་མ་ཡིན་ན་ཡང་འདི་སྐད་དུ་གསོལ་བར་བྱའོ། །སློབ་དཔོན་མ་དགོངས་ཤིག་བདག་མིང་འདི་ཞེས་བགྱི་བ་སློབ་དཔོན་ལས་མཁན་མོར་གསོལ་ཏེ། སློབ་དཔོན་མ་བདག་


DKG011_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཁན་མོར་གྱུར་ཅིག །སློབ་དཔོན་མ་མཁན་མོ་ལས་བསླབ་པའི་སྡོམ་པ་ཡང་དག་པར་བླང་བར་གསོལ་ལོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་མོ། །གསུམ་པ་ལ་མཁན་མོ་ཞེས་བརྗོད། མཁན་མོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནས་བསླབ་པའི་སྡོམ་པ་གསོལ་བར་བྱའོ། །གསོན་ཅིག །འཕགས་མའི་དགེ་འདུན་རྣམས་བདག་མིང་འདི་ཞེས་བགྱི་བས་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། མཁན་མོ་འདི་ཞེས་བགྱི་བ་ལས་རབ་ཏུ་རྫོགས་པར་འཚལ་ན། བདག་མིང་འདི་ཞེས་བགྱི་བ་མཁན་མོ་མཚན་འདི་ཞེས་བགྱི་སྟེ། འཕགས་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་གི་བསླབ་པ་གསོལ་ན། འཕགས་མའི་དགེ་འདུན་མས་བདག་མིང་འདི་ཞེས་བགྱི་བ་ཁྱིམ་ན་གནས་པ་ལོ་བཅུ་ལོན་པའམ་གཞོན་ནུ་མ་ལོ་བཅྭ་བརྒྱད་ལོན་ཏེ། ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་གི་བསླབ་པ་ཐུགས་བརྩེ་བ་ཅན་བརྩེ་བའི་སླད་དུ་སྩལ་དུ་གསོལ་ཏེ། དེ་བཞིན་ལན་གཉིས་ལན་གསུམ་དུ་བྱའོ། །དེའི་འོག་ཏུ་དགེ་སློང་མ་གཅིག་གིས་གསོལ་བ་ཐོབ་ལ་ལས་བྱོས་ཤིག །གསོན་ཅིག །འཕགས་མའི་དགེ་འདུན་མ་རྣམས་མིང་འདི་ཞེས་བགྱི་བ་ཁྱིམ་ན་གནས་པ་ལོ་བཅུ་ལོན་པའམ། གཞོན་ནུ་མ་ལོ་བཅྭ་བརྒྱད་ལོན་ཏེ་འཕགས་མའི་དགེ་འདུན་མ་ ལས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་གསོལ་ན། དེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་འཕགས་མའི་དགེ་འདུན་མ་རྣམས་ཀྱིས་གནང་ལ་འཕགས་མའི་དགེ་འདུན་མ་རྣམས་ཀྱིས་མིང་འདི་ཞེས་བྱ་བ་ཁྱིམ་ན་གནས་པ་ལོ་བཅུ་ལོན་པའམ། གཞོན་ནུ་མ་ལོ་བཅྭ་བརྒྱད་མ་སྟེ། མཁན་མོ་མིང་འདི་ཞེས་བགྱི་བས། དགེ་སློང་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་གི་བསླབ་པ་སྩོལ་ཅིག །འདི་ནི་གསོལ་བའོ། །ལས་ནི་འདི་བཞིན་དུ་བྱའོ། །གསོན་ཅིག་འཕགས་མའི་དགེ་འདུན་མ་རྣམས་མིང་འདི་ཞེས་བགྱི་བ་ཁྱིམ་ན་གནས་པ་ལོ་བཅུ་ལོན་པའམ། གཞོན་ནུ་མ་ལོ་བཅྭ་བརྒྱད་མ་སྟེ། མཁན་མོ་མིང་འདི་ཞེས་བགྱི་བས་འཕགས་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་


DKG011_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གི་བསླབ་པ་གསོལ་ན། དེའི་སླད་དུ་འཕགས་མའི་དགེ་འདུན་མས་མིང་འདི་ཞེས་བགྱི་བ་ཁྱིམ་ན་གནས་པ་ལོ་བཅུ་ལོན་པའམ། གཞོན་ནུ་མ་ལོ་བཅྭ་བརྒྱད་མ་སྟེ། མཁན་མོ་མིང་འདི་ཞེས་བགྱི་བས་དགེ་སློང་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་གི་བསླབ་པ་གསོལ་ན། གང་མིང་འདི་ཞེས་བགྱི་བ་ཁྱིམ་ན་གནས་པ་ལོ་བཅུ་ལོན་པའམ། གཞོན་ནུ་མ་ལོ་བཅྭ་བརྒྱད་མ་སྟེ། ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་གི་བསླབ་པ་སྩལ་བར་འཕགས་མའི་དགེ་འདུན་རྣམས་གང་བཟོད་པ་ནི་ཅང་མ་གསུང་ཤིག །མི་བཟོད་པ་རྣམས་ནི་གསུང་ཤིག །མིང་འདི་ཞེས་བགྱི་བ་ཁྱིམ་ན་གནས་པ་ལོ་བཅུ་ལོན་པ་དང་། གཞོན་ནུ་མ་ལོ་བཅྭ་བརྒྱད་མ་སྟེ། ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་འཕགས་མའི་དགེ་འདུན་རྣམས་ཀྱིས་སྩལ་ཏེ། འཕགས་མའི་དགེ་འདུན་མ་རྣམས་བཟོད་ཅིང་གནང་སྟེ་ཅང་མི་གསུང་བས་ན་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནས་དེ་ལ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་ཞིབ་ཏུ་སྟོན་ཅིག །དྲུག་གང་ཞེ་ན། གཅིག་པུ་གྲོང་དུ་མི་འགྲོ་དང་། །ཆུ་བོ་ཕ་རོལ་མི་རྒལ་ལོ། །སྐྱེས་པ་དག་དང་རེག་མི་བྱ། །སྐྱེས་པ་དང་ཡང་གནས་མི་གཅིག །སྨྱན་དུ་འགྱུར་བ་མི་བྱ་སྟེ། །ཁ་ན་མ་ཐོ་མི་བཅབ་པོ། །འདི་ནི་དེ་བཞིན་གཤེགས་པ་ཡིས། །གསུང་རབ་ཀྱི་ནི་ཆོས་དྲུག་གསུངས། །རྗེས་སུ་འབྲང་བའི་ཆོས་དྲུག་གང་ཞེ་ན། གསེར་ལ་སོགས་པ་མི་བཟུང་སྟེ། །གསང་བའི་སྤུ་ནི་བྲེག་མི་བྱ། །ས་ཡང་བརྐོ་ བར་མི་བྱ་ཞིང་། །གླེན་པས་རྩྭ་སྔོན་མི་གཅད་དོ། །བྱིན་ལེན་མ་བྱས་ཟས་མི་བཟའ། །གཞག་པ་རྣམས་ནི་བཟའ་མི་བྱ། །རྗེས་སུ་འབྲང་བའི་ཆོས་དྲུག་འདི། །བདེ་བར་གཤེགས་པས་མ་གནང་ངོ་། །ནམ་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་གིས་བསླབ་པར་གྱུར་ན། དེ་ནས་ཚངས་པར་སྤྱོད་པ་ལ་རིམ་གྲོར་བྱ་བའི་སྡོམ་པ་སྦྱིན་པར་བྱའོ། །ཐོག་མར་མཁན་མོས་ཆོས་གོས་ལྔ་དང་། ལྷུང་བཟེད་ཤོམས་ལ་གསང་བ་སྟོན་པ་དང་། ལས་བྱེད་པའི་དགེ་སློང་མ་གསོལ་ཅིག །དེའི་འོག་ཏུ་དགེ་སློང་མའི་དགེ་འདུན་མ་རྣམས་འདུས་ཤིང་འཁོད་པ་དང་། ཉུང་ན་ཡང་དགེ་སློང་མ་བཅུ་གཉིས་འདུས་པའི་འཁོར་ལ་ལན་གསུམ་


DKG011_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕྱག་བྱས་ནས་མཁན་མོར་གསོལ་བ་བྱས་ཏེ། དེ་སྟེ་མཁན་མོ་ཡིན་ན་ནི་འདི་བཞིན་གསོལ་ལོ། །དགོངས་ཤིག་མཁན་མོ། བདག་མིང་འདི་ཞེས་བགྱི་བ་མཁན་མོ་ལ་མཁན་མོར་གསོལ་ན། མཁན་མོ་བདག་གི་མཁན་མོར་གྱུར་ཅིག །མཁན་མོ་ལས་བསྙེན་པར་རྫོགས་པར་གསོལ་ལོ། །དེ་སྟེ་སློབ་དཔོན་མ་ལ་ཡང་འདི་སྐད་དུ་གསོལ་བ་བྱའོ། །སློབ་དཔོན་མ་དགོངས་ཤིག །བདག་མིང་འདི་ཞེས་བགྱི་བ་སློབ་དཔོན་མ་ལས་མཁན་མོར་གསོལ་ཏེ། སློབ་དཔོན་མ་བདག་གི་མཁན་མོར་གྱུར་ཅིག །སློབ་དཔོན་མ་མཁན་མོ་ལས་བསྙེན་པར་རྫོགས་པར་གསོལ་ལོ། །དེ་བཞིན་ལན་གཉིས་ལན་གསུམ་མོ། །དེ་ནས་ཆོས་གོས་རྣམས་བྱིན་གྱིས་བརླབ་པར་བྱའོ། །མཁན་མོ་དགོངས་ཤིག །བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་སྦྱར་མར་བྱིན་གྱིས་བརླབས་ཏེ་བྱས་པ་རྫོགས་པའི་ཆོས་གོས་ཀུན་དུ་སྤྱད་པའོ། །དེ་བཞིན་ལན་གཉིས་ལན་གསུམ། འདི་བཞིན་དུ་སྟོད་གཡོགས་དང་། བར་དུ་བགོ་བ་དང་། ཁུ་སུལ་དང་། རྔུལ་གཟན་རྣམས་བྱིན་གྱིས་བརླབ་པོ། །དེ་ནས་ལྷུང་བཟེད་དགེ་སློང་མའི་དགེ་འདུན་མ་ལ་བསྟན་ཏོ། །དགེ་སློང་མ་དག་གིས་ལྷུང་བཟེད་བཟང་ངོ་ཞེས་སྨྲོས་ཤིག །དེ་ནས་ལྷུང་བཟེད་བྱིན་གྱིས་བརླབས་ཏེ། མཁན་མོ་དགོངས་ཤིག །བདག་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་འདི་ནི་དྲང་སྲོང་གི་སྣོད་དེ། བསླང་བའི་སྣོད་དུ་བྱིན་གྱིས་བརླབ་པོ། །བཟའ་བར་ཀུན་དུ་སྤྱད་དོ། །དེ་བཞིན་ལན་གཉིས་ལན་གསུམ་མོ། །དེའི་འོག་ཏུ་ཐོས་པའི་གནས་ནས་སྤངས་ ནས་མཐོང་བའི་གནས་སུ་ཐལ་མོ་སྦྱར་ལ་མང་པོ་འདུས་པ་ལོགས་སུ་སྟོན་ལ་ཞོག་ཤིག །དེ་ནས་ལས་བྱེད་པའི་དགེ་སློང་མས་མིང་འདི་ཞེས་བྱ་བའི་གསང་བ་སྟོན་པར་སུ་ལ་གསོལ་སྨྲོས་ཤིག །གང་བསྐོས་པ་དེས་ཀྱང་མིང་འདི་ཞེས་བགྱི་བའོ་ཞེས་སྨྲོས་ཤིག །དེ་ནས་ལས་བྱེད་པའི་དགེ་སློང་མས་ཐོག་མར་དད་པར་བྱོས་ཤིག །མིང་འདི་ཞེས་བྱ་བ་མཁན་མོ་མིང་འདི་ཞེས་བྱ་བ་སྟེ། མིང་འདི་ཞེས་བྱ་བའི་གསང་བ་སྟོན་པར་དད་དེ། དེ་སྟེ་དད་ན་དེས་དད་དོ་ཞེས་སྨྲོས་ཤིག །དེ་ནས་ལས་བྱེད་པའི་དགེ་སློང་མས་གསོལ་བ་ཉི་ཚེ་བྱོས་ཤིག །གསོན་ཅིག་འཕགས་པའི་དགེ་འདུན་མ་རྣམས། མཁན་མོ་མིང་འདི་ཞེས་བགྱི་སྟེ། མིང་འདི་ཞེས་བགྱི་བའི་གསང་སྟེ་སྟོན་པར་མིང་འདི་ཞེས་བགྱི་བ་དད་ན། དེ་


DKG011_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་འཕགས་མའི་དགེ་འདུན་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་མ་རྣམས་ཀྱིས་གནོང་ཤིག་དང་། འཕགས་མའི་དགེ་འདུན་མ་རྣམས་མཁན་མོ་མིང་འདི་ཞེས་བགྱི་སྟེ། མིང་འདི་ཞེས་བགྱི་བ་ལ་གསང་བ་སྟོན་ཏེ། འདི་ནི་གསོལ་བའོ། །དེ་ནས་གསང་བ་སྟོན་པའི་དགེ་སློང་མས་མདུན་དུ་ཙོག་པུར་ཞོག་སྟེ་ཐལ་མོ་སྦྱར་དུ་ཆུག་ལ་སྨྲོས་ཤིག །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །འདི་ནི་ཁྱོད་ཀྱི་བདེན་པའི་དུས། འདི་ནི་ཡང་དག་པའི་དུས་ཏེ། ངས་ཁྱོད་ལ་ཅུང་ཟད་ཅིག་དྲིས་པ་དེ་ཐམས་ཅད་ཁྱོད་ཀྱིས་མ་འཛེམ་པར་བྱུང་བ་ལ་ནི་བྱུང་ཞེས་བྱ། མ་བྱུང་བ་ལ་ནི་མ་བྱུང་ཞེས་མ་ནོར་བར་སྨྲོས་ཤིག །ཁྱོད་བུད་མེད་དམ། བུད་མེད་དོ། །ཁྱིམ་དུ་གནས་པ་ལོ་བཅུ་གཉིས་པའམ། གཞོན་ནུ་མ་ལོ་ཉི་ཤུ་ཚང་ངམ། ཚང་ངོ་། །ཁྱོད་ཀྱི་ཆོས་གོས་ལྔ་དང་ལྷུང་བཟེད་དུ་ལྡན་ནམ། ལྡན་ནོ། །ཁྱོད་ཀྱི་ཕ་མ་དང་ཁྱིམ་ཐབ་རྣམས་གསོན་ནམ། ཕ་དང་མ་དང་ཁྱོ་རྣམས་ཀྱིས་གནང་ངམ། བྲན་མོ་མ་ཡིན་ནམ། ཕྲོགས་པ་མ་ཡིན་ནམ། རྙེད་པ་མ་ཡིན་ནམ། བཙོངས་པ་མ་ཡིན་ནམ། རྩོད་པ་མེད་དམ། རྐུས་པ་མ་ཡིན་ནམ། གཞན་གྱི་ཆགས་པ་མེད་དམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། རྒྱལ་པོ་ལ་གཙེས་པ་མ་ཡིན་ནམ། རྒྱལ་པོ་དང་འཁོན་པ་མ་ཡིན་ནམ། རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་མ་ཡིན་ནམ། ཁྱོད་ཀྱིས་རྒྱལ་པོ་ལ་གནོད་པའི་ལས་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་ནམ། མི་སྲུན་པ་མ་ཡིན་ནམ། མྱ་ངན་ གྱིས་གདུངས་པ་མ་ཡིན་ནམ། སྦྲུམ་མ་མ་ཡིན་ནམ། མཚན་མེད་པ་མ་ཡིན་ནམ། མཚན་གཉིས་པ་མ་ཡིན་ནམ། གླེ་འདམས་པ་མ་ཡིན་ནམ། རྟག་ཏུ་ཁྲག་འཛག་པ་མ་ཡིན་ནམ། ཁྲག་མེད་པ་མ་ཡིན་ནམ། མཚན་མ་ཙམ་ཡོད་པ་མ་ཡིན་ནམ། དགེ་སློང་བསླུས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ཅན་དུ་འགྲོ་བ་མ་ཡིན་ནམ། རྐུན་པོའི་རྒྱལ་མཚན་ཅན་མ་ཡིན་ནམ། རྐུན་གནས་པ་མ་ཡིན་ནམ། སོ་སོར་གནས་པ་མ་ཡིན་ནམ། མི་གནས་པ་མ་ཡིན་ནམ། ཅི་ཁྱོད་སྔོན་རབ་ཏུ་


DKG011_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་མ་ཡིན་ནམ། དེ་སྟེ་རབ་ཏུ་བྱུང་བའོ་ཞེས་སྨྲ་ན། འོ་ན་སླར་སོང་ཤིག་ཅེས་སྨྲོས་ཤིག །དེ་སྟེ་རབ་ཏུ་མ་བྱུང་ཞེས་སྨྲ་ན། ཅི་ཁྱོད་ཀྱིས་ད་ལྟར་རབ་ཏུ་བྱུང་ནས་ཁྱོད་ཀྱིས་ཚངས་པར་སྤྱོད་པ་ཡང་དག་པར་སྤྱད་དམ། ཁྱོད་ཀྱིས་དགེ་སློང་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་བསླབ་པ་གསོལ་ཏམ། གསོལ་ཏོ། །ཁྱོད་ཀྱིས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་གི་བསླབ་པ་བསླབས་སམ། བསླབས་སོ། །ཁྱོད་ལ་དགེ་སློང་མའི་དགེ་འདུན་གྱིས་ཚངས་པར་སྤྱད་པ་སྐྱེད་པའི་སྡོམ་པ་ཕོག་གམ། ཕོག་གོ །ཁྱོད་ལ་དགེ་སློང་མའི་དགེ་འདུན་གྱིས་སྔར་བྱ་བའི་རྣམས་བྱས་སམ། བགྱིས་སོ། །ཁྱོད་ཀྱིས་དགེ་སློང་མའི་དགེ་འདུན་རྣམས་ཀྱི་སེམས་གུས་པར་བྱས་སམ། གུས་པར་བགྱིས་སོ། །བར་ཆད་ཀྱི་ཆོས་རྣམས་ལས་ཡོངས་སུ་དག་གམ། ཡོངས་སུ་དག་གོ །ཁྱོད་ལ་གཞན་གྱི་བུ་ལོན་མང་ཡང་རུང་། ཉུང་ཡང་རུང་ཆགས་པ་མེད་དམ། ཁྱོད་ཀྱི་མིང་ཅི། ཁྱོད་ཀྱི་མཁན་མོའི་མིང་ཅི། བདག་གི་མིང་ནི་འདི་ཞེས་བགྱི། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་མོའི་མིང་ནི་འདི་ཞེས་བགྱིའོ། །ཁྱོད་མིང་འདི་ཞེས་བྱ་བ་ཉོན་ཅིག །བུད་མེད་ཀྱི་ལུས་ལ་གནོད་པར་འགྱུར་བ་ལུས་ཀྱི་ནད་འདི་འདྲ་བ་ཡོད་དེ། དེ་འདི་ལྟ་སྟེ། མཛེ་དང་། འབྲས་དང་། ཤུ་བ་དང་། ཕོལ་མིག་དང་། ཚད་པ་དང་། ཤ་བཀྲ་ཅན་དང་། རྐོམ་པོ་དང་། ཀློག་པ་དང་། རབ་ཏུ་གཡན་པ་དང་། སྐྱིགས་བུ་དང་། སྐྱུགས་པ་དང་། གཞང་འབྲུམ་དང་། རིམས་དང་། ཟ་ངད་དང་། མྱོས་པ་དང་། ཆུ་བགགས་པ་དང་། ངལ་བ་དང་། རྨོང་བུ་དང་། དབུགས་མི་བདེ་བ་དང་། ལུད་པ་དང་། སྐེམ་པ་དང་། བརྗེད་བྱེད་དང་། འཇས་པ་དང་། དཀར་པོའི་ནད་དང་། རྐང་འབམ་དང་། མཚན་བར་རྡོལ་བ་དང་། སྐྲན་དང་། ཁྲག་ནད་དང་། མཁྲིས་པ་དང་། རྐུབ་འབྲུམ་དང་། ལྷོག་པ་དང་། ཡན་ལག་ཚ་བ་དང་། རྩིབ་ལོགས་ཚ་བ་དང་། རུས་པ་ཞིགས་པ་དང་། རིམས་དྲག་པོ་དང་། རིམས་ཞག་གཅིག་པ་དང་། ཞག་གཉིས་པ་དང་། ཞག་གསུམ་པ་དང་། ཞག་བཞི་པ་དང་། རིམས་ཉིན་རེ་དང་། འདུས་པའི་རིམས་དང་། རྟག་


DKG011_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིམས་དང་། རིམས་ལྡང་དུབ་པ་དང་། ཁྱོད་ཀྱི་ལུས་ལ་འདི་ལྟ་བུའི་ལུས་ཀྱི་ནད་དང་། ལུས་ལ་གནོད་པར་འགྱུར་བ། གཞན་དག་མེད་དམ། དེ་སྟེ་ཡོངས་སུ་གཙང་བར་གྱུར་ན། གསང་སྟེ་སྟོན་པས་ཇི་ལྟར་བདག་གིས་ཁྱོད་ལ་དྲིས་པ་དེ་བཞིན་དུ་དགེ་འདུན་གྱི་ནང་དུ་ཡང་སྨྲོས་ཤིག་ཅེས་བསྒོ་ལ་འདིར་འདུག་སྟེ་མ་བོས་ཀྱི་བར་དུ་མ་འོང་ཤིག །དེ་ནས་གསང་སྟེ་སྟོན་པ་ལམ་གྱི་བར་དུ་འདུག་ལ་འདི་སྐད་སྨྲོས་ཤིག །དགོངས་ཤིག་འཕགས་མ། བདག་གིས་མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་བསྟན་ཅིང་དྲིས་ན། ཡོངས་སུ་དག་གོ་ཞེས་ཉིད་མཆི་ན། ཅི་མཆི་ཞིག་གམ། དགེ་སློང་མ་ཐམས་ཅད་ཀྱིས་ཀྱང་དེ་སྟེ་ཡོངས་སུ་དག་པར་གྱུར་ན་ཚུར་ཤོག་ཅེས་སྨྲོས་ཤིག །དེ་ལྟར་སྨྲས་ན་ནི་ལེགས། མ་སྨྲས་ན་ནི་འདས་པ་དང་བཅས་པར་འགྱུར་རོ། །དེ་ནས་ལས་བྱེད་པའི་དགེ་སློང་མས་མདུན་དུ་ཞོག་ལ་ཚངས་པར་སྤྱོད་པ་སྐྱེད་པའི་སྡོམ་པ་གསོལ་ཅིག །གསོན་ཅིག་འཕགས་མའི་དགེ་འདུན་མ་རྣམས། བདག་མིང་འདི་ཞེས་བགྱི་བ་མིང་འདི་ཞེས་བགྱི་བ་ལས་བསྙེན་པར་རྫོགས་པར་འཚལ་ཏེ། དེ་ཡང་བདག་མིང་འདི་ཞེས་བགྱི་བ་འཕགས་མའི་དགེ་འདུན་མ་རྣམས་ལས་ཚངས་པར་སྤྱོད་པ་སྐྱེད་པའི་སྡོམ་པ་གསོལ་གྱིས་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་མོ་མིང་འདི་ཞེས་བགྱི་སྟེ། འཕགས་མའི་དགེ་འདུན་གྱིས་བདག་མིང་འདི་ཞེས་བགྱི་བ་ལ་ཚངས་པར་སྤྱོད་པ་སྐྱེད་པའི་སྡོམ་པ་གསོལ་ཅིག །བརྩེ་བ་ཅན་བརྩེ་བའི་ཕྱིར་རོ། །དེ་བཞིན་ལན་གཉིས་ལན་གསུམ་མོ། ། དེ་ནས་ལས་བྱེད་པའི་དགེ་སློང་མས་གསོལ་བ་ཐོབ་ལ་ལས་བྱོས་ཤིག །གསོན་ཅིག་འཕགས་མའི་དགེ་འདུན་མ་རྣམས། མིང་འདི་ཞེས་བྱ་བ་མིང་འདི་ཞེས་བགྱི་བ་ལས་བསྙེན་པར་རྫོགས་པར་འཚལ་ཏེ། མིང་འདི་ཞེས་བགྱི་བ་འདི་མཁན་མོའི་མིང་འདི་ཞེས་བགྱི་བ་སྟེ། འཕགས་མའི་དགེ་འདུན་མ་རྣམས་ལས་ཚངས་པར་སྤྱད་པ་སྐྱེད་པའི་སྡོམ་པ་གསོལ་ན། དེ་སྟེ་འཕགས་མའི་དགེ་འདུན་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན་འཕགས་མའི་དགེ་འདུན་མ་རྣམས་ཀྱིས་གནོང་ཤིག །བདག་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་ནང་དུ་བར་ཆད་ཀྱི་ཆོས་འདི་འདྲི་སྟེ། འདི་ནི་གསོལ་བའོ། །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག་འདི་ནི་ཁྱོད་


DKG011_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདེན་པའི་དུས། འདི་ནི་ཡང་དག་པའི་དུས་ཏེ་ངས་ཁྱོད་ལ་ཅུང་ཟད་ཅིག་དྲིས་པ་དེ་ཐམས་ཅད་ཁྱོད་ཀྱིས་མ་འཛེམ་པར་བྱུང་བ་ལ་ནི་བྱུང་ཞེས་མ་བྱུང་བ་ལ་ནི་མ་བྱུང་ཞེས་མ་ནོར་བར་སྨྲོས་ཤིག །བུད་མེད་དམ། བུད་མེད་དོ་ཞེས་བྱ་བ་ནས། ཁྱོད་ཀྱི་ལུས་ལ་འདི་འདྲ་བའི་ནད་ཀྱིས་གནོད་པ་དང་གཞན་ཡང་མེད་དམ། དེས་མེད་དོ་ཞེས་སྨྲོས་ཤིག་པའི་བར་དུ་སྦྱར་རོ། །དེ་ནས་གསོལ་བ་བྱོས་ཤིག །གསོན་ཅིག་འཕགས་མའི་དགེ་འདུན་མ་རྣམས། མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བ་ལས་བསྙེན་པར་རྫོགས་པར་འཚལ་ཏེ། ཁྱིམ་ན་གནས་པ་ལོ་བཅུ་གཉིས་པའམ། གཞོན་ནུ་མ་ལོ་ཉི་ཤུ་ཚང་ལ་ཆོས་གོས་ལྔ་དང་ལྷུང་བཟེད་དུ་ཡང་ལྡན། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་གཙང་ངོ་ཞེས་བདག་ཉིད་མཆི་སྟེ། མིང་འདི་ཞེས་བགྱི་བ་འདི་མཁན་མོའི་མིང་འདི་ཞེས་བགྱི་སྟེ། འཕགས་མའི་དགེ་འདུན་མ་རྣམས་ལས་ཚངས་པར་སྤྱད་པ་སྐྱེད་པའི་སྡོམ་པ་གསོལ་ན། དེ་སྟེ་འཕགས་མའི་དགེ་འདུན་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན་འཕགས་མའི་དགེ་འདུན་མ་རྣམས་ཀྱིས་གནོང་ལ། འཕགས་མའི་དགེ་འདུན་མ་རྣམས་ཀྱི་མིང་འདི་ཞེས་བགྱི་བ་མཁན་མོའི་མིང་འདི་ཞེས་བགྱི་སྟེ། དེ་ལ་ཚངས་པར་སྤྱད་པ་སྐྱེད་པའི་སྡོམ་པ་སྩོལ་ཅིག །མཁན་མོའི་མིང་འདི་ཞེས་བགྱི་སྟེ། འདི་ནི་གསོལ་བའོ། །ལས་ཀྱང་འདི་བཞིན་བྱའོ། །གསོན་ཅིག་འཕགས་མའི་དགེ་འདུན་མ་རྣམས་ མིང་འདི་ཞེས་བགྱི་བ་འདི་མིང་འདི་ཞེས་བགྱི་བ་ལས་བསྙེན་པར་རྫོགས་པར་འཚལ་ཏེ། ཁྱིམ་ན་གནས་པ་ལོ་བཅུ་གཉིས་པའམ། གཞོན་ནུ་མ་ལོ་ཉི་ཤུར་ཚང་ལ་ཆོས་གོས་ལྔ་དང་ལྷུང་བཟེད་དུ་ཡང་ལྡན། བར་ཆད་ཀྱི་ཆོས་ཀྱང་གཙང་ངོ་ཞེས་བདག་ཉིད་མཆི་སྟེ། མིང་འདི་ཞེས་བགྱི་བ་འདི་ནི་མཁན་མོ་མིང་འདི་ཞེས་བགྱི་སྟེ། འཕགས་མའི་དགེ་འདུན་མ་རྣམས་ལ་ཚངས་པར་སྤྱད་པ་སྐྱེད་པའི་སྡོམ་པ་གསོལ་ན། འཕགས་མའི་དགེ་འདུན་མ་རྣམས་ཀྱིས་མིང་འདི་ཞེས་བགྱི་བ་ལ་མཁན་མོ་མིང་འདི་ཞེས་བགྱི་སྟེ། དེ་ལ་ཚངས་པར་སྤྱད་པ་སྐྱེད་པའི་སྡོམ་པ་གསོལ་ན། འཕགས་མའི་དགེ་འདུན་མ་རྣམས་ལས་མིང་འདི་ཞེས་བགྱི་སྟེ། མཁན་མོ་


DKG011_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མིང་འདི་ཞེས་བགྱི་སྟེ། དེ་ལ་ཚངས་པར་སྤྱད་པ་སྐྱེད་པའི་སྡོམ་པ་སྩལ་བར་གང་ལ་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་ལ་མི་བཟོད་པ་དེ་དག་ནི་གསུང་ཤིག །འཕགས་མའི་དགེ་འདུན་མ་རྣམས་ཀྱིས་མིང་འདི་ཞེས་བགྱི་བ་ལ་མཁན་མོ་མིང་འདི་ཞེས་བགྱི་སྟེ། དེ་ལ་ཚངས་པར་སྤྱད་པ་སྐྱེད་པའི་སྡོམ་པ་སྩལ་ཏེ། འཕགས་མའི་དགེ་འདུན་མ་རྣམས་ཀྱིས་བཟོད་ཅིང་གནང་བས་ན་ཅང་མི་གསུང་སྟེ། དེ་དེ་བཞིན་དུ་འཛིན་ཏོ། །དེའི་འོག་ཏུ་དགེ་སློང་ཕའི་དགེ་འདུན་ཐམས་ཅད་འདུས་ཤིང་འཁོད་དེ་ཉུང་ན་ཡང་དགེ་སློང་གི་གྲངས་བཅུའི་འཁོར་དང་། དགེ་སློང་མ་ཐམས་ཅད་འདུས་ཤིང་འཁོད་ལ་ཉུང་ན་ཡང་དགེ་སློང་མ་བཅུ་གཉིས་ཀྱི་འཁོར་དུ་ལས་བྱེད་པའི་དགེ་སློང་ཕའི་མདུན་དུ་རྩྭ་ཆུན་པོའམ། སྟན་ཁོང་ཚངས་ཅན་གྱི་སྟེང་དུ་ཞོག་ལ་ཐལ་མོ་སྦྱར་ཏེ་དགེ་འདུན་གཉིས་ཀ་ལས་བསྙེན་པར་རྫོགས་པར་གསོལ་བར་བྱའོ། །གསོན་ཅིག་བཙུན་པའི་དགེ་འདུན་སྡེ་གཉིས་རྣམས། བདག་མིང་འདི་ཞེས་བགྱི་བ་དོན་གྱི་སླད་དུ། མཚན་ནས་སྨོས་ཏེ་མཁན་མོའི་མིང་འདི་ཞེས་བགྱི་བ་ལས་བསྙེན་པར་རྫོགས་པར་འཚལ་ཏེ། བདག་མིང་འདི་ཞེས་བགྱི་བ་དགེ་འདུན་སྡེ་གཉི་ག་ལས་བསྙེན་པར་རྫོགས་པར་གསོལ་ན། བཙུན་པའི་ དགེ་འདུན་གཉིས་ཀས་བདག་བསྙེན་པར་རྫོགས་པར་བགྱི་བར་གསོལ། བཙུན་པའི་དགེ་འདུན་གཉིས་ཀས་བདག་དབྱུང་བར་གསོལ། བཙུན་པའི་དགེ་འདུན་གཉི་གས་བདག་རྗེས་སུ་གཟུང་བར་གསོལ། བཙུན་པའི་དགེ་འདུན་གཉི་གས་བདག་ལ་ཐུགས་བརྩེ་བར་གསོལ། ཐུགས་བརྩེ་བ་ཅན་ཐུགས་བརྩེ་བའི་ཕྱིར་རོ། །འདི་བཞིན་ལན་གཉིས་ལན་གསུམ་དུ་བྱའོ། །དེའི་འོག་ཏུ་ལས་བྱེད་པའི་དགེ་སློང་ཕས་གསོལ་བ་གྱིས་ཤིག །གསོན་ཅིག་བཙུན་པའི་དགེ་འདུན་གཉི་གའི་རྣམས། མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བ་ལ་བསྙེན་པར་རྫོགས་པར་འཚལ་ཏེ། མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་སྟེ། དགེ་འདུན་གཉི་ག་ལས་བསྙེན་པར་རྫོགས་པར་གསོལ་ན། དེ་སྟེ་དགེ་འདུན་གཉི་གའི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གཉི་གས་གནོང་ཤིག །བདག་གིས་འདི་ལ་དགེ་


DKG011_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་གཉི་གའི་ནང་དུ་བར་ཆད་ཀྱི་ཆོས་རྣམས་འདྲི་སྟེ། འདི་ནི་གསོལ་བའོ། །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །འདི་ནི་ཁྱོད་ཀྱི་བདེན་པའི་དུས། འདི་ནི་ཡང་དག་པའི་དུས་ཏེ། ངས་ཁྱོད་ལ་ཅུང་ཟད་ཅིག་དྲིས་པ་དེ་ཐམས་ཅད་ཁྱོད་ཀྱིས་མ་འཛེམ་པར་བྱུང་བ་ལ་ནི་བྱུང་ཞེས་བྱ། མ་བྱུང་བ་ལ་ནི་མ་བྱུང་ཞེས་མ་ནོར་བར་སྨྲོས་ཤིག །ཁྱོད་བུད་མེད་དམ། བུད་མེད་དོ། །ཁྱིམ་ན་གནས་པ་ལོ་བཅུ་གཉིས་དང་། གཞོན་ནུ་མ་ལོ་ཉི་ཤུ་ཚང་ངམ། ཚང་ངོ་། །ཁྱོད་ཀྱི་ཆོས་གོས་ལྔ་དང་། ལྷུང་བཟེད་དུ་ལྡན་ནམ། ལྡན་ནོ། །ཁྱོད་ཀྱི་ཕ་དང་། མ་དང་། ཁྱིམ་ཐབ་གསོན་ནམ། གསོན་ནོ། །ཕ་དང་མ་དང་ཁྱིམ་ཐབ་ཀྱིས་གནང་ངམ། གནང་ངོ་། །བྲན་མོ་མ་ཡིན་ནམ། ཕྲོགས་པ་མ་ཡིན་ནམ། རྙེད་པ་མ་ཡིན་ནམ། བཙོངས་པ་མ་ཡིན་ནམ། ཆགས་པ་མེད་དམ། སྤྲུལ་པ་མ་ཡིན་ནམ། རྒྱལ་པོའི་གཙེས་པ་མ་ཡིན་ནམ། རྒྱལ་པོ་དང་འཁོན་པ་མ་ཡིན་ནམ། །རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་མ་ཡིན་ནམ། ཁྱོད་ཀྱིས་རྒྱལ་པོ་ལ་གནོད་པ་བྱས་པའམ། གནོད་པ་བྱེད་དུ་བཅུག་པ་མ་ཡིན་ནམ། མི་སྲུན་པ་མ་ཡིན་ནམ། མྱ་ངན་གྱིས་གདུངས་པ་མ་ཡིན་ནམ། སྦྲུམ་མ་མ་ཡིན་ནམ། མཚན་མེད་པ་མ་ཡིན་ནམ། མཚན་གཉིས་པ་མ་ཡིན་ནམ། གླེ་འདམས་པ་མ་ཡིན་ནམ། རྟག་ཏུ་ཁྲག་འཛག་པ་མ་ཡིན་ནམ། ཁྲག་མེད་པ་མ་ཡིན་ནམ། མཚན་མ་ཙམ་ཡོད་པ་མ་ཡིན་ནམ། དགེ་སློང་བསླུས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ཅན་དུ་འགྲོ་བ་མ་ཡིན་ནམ། རྐུན་པོའི་རྒྱལ་མཚན་ཅན་མ་ཡིན་ནམ། རྐུན་གནས་པ་མ་ཡིན་ནམ། སོ་སོར་གནས་པ་མ་ཡིན་ནམ། མི་གནས་པ་མ་ཡིན་ནམ། ཅི་ཁྱོད་སྔོན་རབ་ཏུ་བྱུང་ངམ། དེ་སྟེ་རབ་ཏུ་བྱུང་ངོ་ཞེས་སྨྲ་ན། འོ་ན་སོང་ཤིག་ཅེས་སྨྲོས་ཤིག །དེ་སྟེ་རབ་ཏུ་མ་བྱུང་ངོ་ཞེས་ཟེར་ན། ཅི་ཁྱོད་ད་ལྟར་རབ་ཏུ་བྱུང་ངམ། བྱུང་ངོ་། །ཅི་ཁྱོད་ཀྱིས་ཚངས་པར་སྤྱད་པ་ཡང་དག་པར་སྤྱད་དམ། ཅི་ཁྱོད་ཀྱིས་དགེ་སློང་མའི་དགེ་འདུན་


DKG011_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འབྲང་བའི་ཆོས་དྲུག་བསླབ་པ་བྱིན་ནམ། བྱིན་ནོ། །ཁྱོད་ཀྱིས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་བསླབ་པ་བསླབས་སམ། བསླབས་སོ། །ཁྱོད་ལ་དགེ་སློང་མའི་དགེ་འདུན་གྱིས་ཚངས་པར་སྤྱད་པ་སྐྱེད་པའི་སྡོམ་པ་ཕོག་གམ། ཕོག་གོ །ཁྱོད་ལ་དགེ་སློང་མའི་དགེ་འདུན་གྱིས་སྔར་བྱ་བའི་ལས་རྣམས་ བྱས་སམ། བགྱིས་སོ། །ཁྱོད་ཀྱིས་དགེ་སློང་མའི་དགེ་འདུན་རྣམས་ཀྱི་སེམས་གུས་པར་བྱས་སམ། གུས་པར་བགྱིས་སོ། །བར་ཆད་ཀྱི་ཆོས་རྣམས་ལས་ཡོངས་སུ་དག་གམ། ཡོངས་སུ་དག་གོ །ཁྱོད་ལ་གཞན་གྱི་བུ་ལོན་མང་ཡང་རུང་། ཉུང་ཡང་རུང་ཆགས་པ་མེད་དམ། ཁྱོད་ཀྱི་མིང་ཅི། ཁྱོད་ཀྱི་མཁན་མོའི་མིང་ཅི། བདག་གི་མིང་ནི་འདི་ཞེས་བགྱི། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་མོའི་མིང་ནི་འདི་ཞེས་བགྱིའོ། །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བུད་མེད་ཀྱི་ལུས་ལ་གནོད་པར་འགྱུར་བ་ལུས་ཀྱི་ནད་འདི་འདྲ་བ་ཡོད་དེ། དེ་འདི་ལྟ་སྟེ། མཛེ་དང་། འབྲས་དང་། ཤུ་བ་དང་། ཕོལ་མིག་དང་། ཚད་པ་དང་། ཤ་བཀྲ་ཅན་དང་། རྐོམ་པོ་དང་། གློག་པ་དང་། རབ་ཏུ་གཡའ་བ་དང་། སྐྱུགས་པ་དང་། གཞང་འབྲུམ་དང་། སྐྱིགས་བུ་དང་། རིམས་དང་། ཟ་ངད་དང་། མྱོས་པ་དང་། ངལ་བ་དང་། མགོ་གཡུང་དང་། ཚད་པ་དང་། ལུད་པ་དང་། དབུགས་མི་བདེ་བ་དང་། སྐེམ་པ་དང་། བརྗེད་བྱེད་དང་། འཇས་པ་དང་། ནད་དཀར་པོ་དང་། རྐང་འབམ་དང་། མཚན་བར་རྡོལ་བ་དང་། སྐྲན་དང་། ཁྲག་ནད་དང་། མཁྲིས་པ་དང་། རྐུབ་འབྲུམ་དང་། ལྷོག་པ་དང་། ཡན་ལག་ཚ་བ་དང་། རྩིབ་ལོགས་ཚ་བ་དང་། རུས་པ་ཞིགས་པ་དང་། རིམས་དྲག་པོ་དང་། རིམས་ཞག་གཅིག་པ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། རིམས་ཉིན་རེ་བ་དང་། འདུས་པའི་རིམས་དང་། རིམས་ལྡང་དུབ་པ་དང་། རྟག་པའི་རིམས་དང་། ཁྱོད་ཀྱི་ལུས་ལ་འདི་ལྟ་བུའི་ལུས་ཀྱི་ནད་དང་། ལུས་ལ་གནོད་པར་འགྱུར་བ་དང་། དེ་ལས་གཞན་ཀྱང་མེད་དམ་དེ་ལས་ཁྱོད་ཀྱིས་ཡང་དག་པ་ཇི་བཞིན་པར་སྨྲོས་ཤིག །།། འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་


DKG011_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སུམ་བཅུ་རྩ་བདུན་པ། དེ་ནས་གསོལ་བ་བྱེད་པའི་དགེ་སློང་གིས་གསོལ་བ་ཐོབ་སྟེ་ལས་བྱོས་ཤིག །གསོན་ཅིག་བཙུན་པའི་དགེ་འདུན་གཉི་ག་རྣམས། མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བ་དགེ་འདུན་གཉི་ག་ལས་བསྙེན་པར་རྫོགས་པར་འཚལ་ཏེ། མིང་འདི་ཞེས་བགྱི་བ་མཁན་མོ་མིང་འདི་ཞེས་བགྱི་བས་དགེ་འདུན་གཉི་ག་ལས་བསྙེན་པར་རྫོགས་པར་གསོལ་ཏེ། བུད་མེད་ཀྱང་ལགས། བུད་མེད་ཀྱི་དབང་པོ་དང་ལྡན། བུད་མེད་ཁྱིམ་ན་གནས་པ་ལོ་བཅུ་གཉིས་སམ། གཞོན་ནུ་མ་ལོ་ཉི་ཤུ་ཚང་བ་སྟེ། འདིའི་ཆོས་གོས་ལྔ་དང་ལྷུང་བཟེད་དུ་ཡང་ལྡན། ཕ་མ་དང་ཁྱིམ་ཐབ་ཀྱིས་ཀྱང་གནང་། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག །འདིས་ཚངས་པར་སྤྱོད་པ་ཡང་ལེགས་པར་སྤྱད། དགེ་སློང་མའི་དགེ་འདུན་གྱིས་འདི་ལ་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་གི་བསླབ་པ་ཡང་ཕོག་སྟེ། འདིས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་བསླབ་པ་ཡང་བསླབས། དགེ་སློང་མའི་དགེ་འདུན་མ་རྣམས་ཀྱིས་འདི་ལ་ཆོས་གསུམ་གྱིས་ཚངས་པར་སྤྱད་པ་སྐྱེད་པའི་སྡོམ་པ་ཡང་བྱིན། དགེ་སློང་མའི་དགེ་འདུན་རྣམས་ཀྱིས་འདི་ལ་བྱ་བ་རྣམས་ཀྱང་སྔོན་དུ་བྱས་ཟིན། དགེ་སློང་མའི་དགེ་འདུན་རྣམས་ཀྱི་སེམས་མཉེས་པར་བྱིན་ཟིན། བར་ཆད་ཀྱི་ཆོས་རྣམས་གཙང་ངོ་ཞེས་བདག་ཉིད་མཆི་ན། མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་སྟེ། དགེ་འདུན་གཉི་ག་ལས་བསྙེན་པར་རྫོགས་པར་གསོལ་ན། དེ་སྟེ་དགེ་འདུན་གཉི་གའི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གཉིས་ཀས་གནོང་ལ་དགེ་འདུན་གཉིས་ཀས་མིང་འདི་ཞེས་བགྱི་བ་འདི་མཁན་མོའི་མིང་འདི་ཞེས་བགྱི་སྟེ་བསྙེན་པར་རྫོགས་པར་གསོལ་ཅིག །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱོས་ཤིག །གསོན་ཅིག་བཙུན་པའི་དགེ་འདུན་གཉི་གའི་རྣམས། མིང་འདི་ཞེས་བགྱི་བ་འདི་མཁན་མོའི་མིང་འདི་ཞེས་བགྱི་བ་གཉིས་ཀའི་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ཏེ། མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་གཉི་གའི་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། བུད་མེད་ཀྱང་ལགས། བུད་མེད་ཀྱི་དབང་པོ་དང་ཡང་


DKG011_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། བུད་མེད་ཁྱིམ་ན་གནས་པ་ལོ་བཅུ་གཉིས་སམ། གཞོན་ནུ་མ་ལོ་ཉི་ཤུར་ཡང་ཚང་སྟེ། འདི་ལ་ཆོས་གོས་ལྔ་དང་ལྷུང་བཟེད་དུ་ཡང་ལྡན། ཕ་མ་དང་ཁྱིམ་ཐབ་ཀྱིས་ཀྱང་གནང་། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག །འདིས་ཚངས་པར་སྤྱོད་པ་ཡང་ལེགས་པར་སྤྱད། དགེ་སློང་མའི་དགེ་འདུན་གྱིས་འདི་ལ་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་བསླབ་པ་ཕོག་སྟེ། འདིས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་གི་བསླབ་པ་ལ་ཡང་བསླབས། དགེ་སློང་མའི་དགེ་འདུན་རྣམས་ཀྱིས་འདི་ལ་ཚངས་པར་སྤྱད་པ་སྐྱེད་པའི་སྡོམ་པ་ཡང་བྱིན། དགེ་སློང་ མའི་དགེ་འདུན་གྱིས་འདི་ལ་བྱ་བའི་རྣམས་ཀྱང་སྔོན་དེ་བྱས་ཟིན་བདག་གིས་དགེ་སློང་མའི་དགེ་འདུན་གྱི་སེམས་མཉེས་པར་ཡང་བྱས། བར་ཆད་ཀྱི་ཆོས་རྣམས་གཙང་ངོ་ཞེས་བདག་ཉིད་མཆི་སྟེ། མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་སྟེ། དགེ་འདུན་གཉི་ག་ལས་བསྙེན་པར་རྫོགས་ཤིང་དགེ་སློང་མའི་དགེ་འདུན་རྣམས་ཀྱི་མིང་འདི་ཞེས་བགྱི་བ་འདི་མཁན་མོའི་མིང་འདི་ཞེས་བགྱི་སྟེ། དགེ་འདུན་གཉི་གས་བསྙེན་པར་རྫོགས་པར་མཛད་ན། ཚེ་དང་ལྡན་པ་རྣམས་མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་སྟེ། དགེ་འདུན་གཉི་གས་བསྙེན་པར་རྫོགས་པར་མཛད་དེ། དགེ་འདུན་གཉི་གས་བཟོད་ཅིང་གནང་ན་ཅང་མ་གསུང་ཤིག །གང་ལ་མི་བཟོད་པ་དག་ནི་གསུང་ཤིག །འདི་ནི་ལས་དང་པོའི་ཚིག་སྟེ། དེ་བཞིན་དུ་ལས་ཀྱི་ཚིག་རྣམས་ལན་གཉིས་ལན་གསུམ་དུ་སྨྲ་བར་བྱའོ། །མིང་འདི་ཞེས་བགྱི་བ་མཁན་མོ་མིང་འདི་ཞེས་བགྱི་བ་སྟེ། དགེ་འདུན་གཉི་གས་བསྙེན་པར་རྫོགས་པར་མཛད་དེ། དགེ་འདུན་གཉི་གས་བཟོད་ཅིང་གནང་བས་ན་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནས་གྲིབ་མ་གཅལ་བར་བྱའོ། །དགེ་སློང་མ་དག་གིས་རིང་པོ་རིང་པོས་གྲིབ་མ་གཅལ་བ་དང་། བཅོམ་ལྡན་འདས་ཀྱིས་ཤིང་ལྕུག་མ་རིང་ཞིང་རིང་པོས་གྲིབ་མ་གཅལ་བར་མ་བྱེད་ཅིག་ཅེས་བཀའ་སྩལ་ཏོ། །རྐང་པས་གཅལ་ནས་བཅོམ་ལྡན་འདས་ཀྱིས་རྐང་པས་གཅལ་བར་མི་བྱའོ། །ཤིང་བུ་སོར་བཞི་པས་གཅོལ་ཅིག །ཤིང་བུ་ཇི་སྲིད་


DKG011_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཙམ་ལ་སྐྱེས་བུ་ཞེས་བྱའོ། །དེའི་འོག་ཏུ་དུས་ཚོད་རིག་པར་བྱོས་ཤིག །དགུན་གྱི་དུས་དང་། དཔྱིད་ཀྱི་དུས་དང་། དབྱར་གྱི་དུས་དང་། དབྱར་ཟད་པ་དང་དུས་རིང་པོའོ། །དེ་ལ་དགུན་གྱི་དུས་ནི་ཟླ་བ་བཞིའོ། །དཔྱིད་ཀྱི་དུས་ནི་ཟླ་བ་བཞིའོ། །དབྱར་གྱི་དུས་ནི་ཟླ་བ་གཅིག་གོ །དབྱར་ཟད་པ་ནི་ཉིན་ཞག་གཅིག་གོ །དུས་རིང་པོ་ནི་ནུབ་གཅིག་གིས་ཉུང་བའི་ཟླ་བ་གསུམ་མོ། །དུས་ཀྱང་རིག་པར་བྱ་སྟེ། སྐྱ་རེངས་དང་པོ་དང་། སྐྱ་རེངས་བར་མ་དང་། སྐྱ་རེངས་ཐ་མ་དང་། ཉི་མ་མ་ཤར་བ་དང་། ཉི་མ་ཤར་བ་དང་། ཉི་མ་ཤར་བའི་བརྒྱད་ཆ་དང་། ། ཉི་མ་ཤར་བའི་བཞི་ཆ་དང་། ཉི་མ་མ་ཕྱེད་པ་དང་། ཉི་མ་ཕྱེད་པ་དང་། ཉི་མ་ཕྱེད་ཡོལ་བ་དང་། ཕྱི་དྲོའི་བཞི་ཆ་དང་། ཕྱི་དྲོའི་བརྒྱད་ཆ་དང་། ཉི་མ་ནུབ་པ་དང་། ཉི་མ་མ་ནུབ་པ་དང་། སྐར་མ་མ་ཤར་བ་དང་། སྐར་མ་ཤར་བའོ། །དེ་ནས་གནས་གསུམ་སྨྲ་བར་བྱའོ། །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་མཁྱེན་ཅིང་གཟིགས་ཏེ། འདི་ལྟ་བུར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་དགེ་སློང་མ་ལ་གནས་འདི་གསུམ་གསུངས་ཏེ། དགེ་སློང་མས་དེ་ལ་གནས་ན་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ། དགེ་སློང་མའི་དངོས་པོར་འགྱུར་བ་སྟེ། གསུམ་གང་ཞེ་ན། ཆོས་གོས་ཀྱི་ནང་དུ་རྡུལ་ཁྲོད་པ་ནི་རུང་བ་དང་མོད་པ་སྟེ། གང་ལ་གནས་ན་དགེ་སློང་མ་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་འགྱུར་བ་རྡུལ་ཁྲོད་པའི་ཆོས་གོས་ཀྱིས་ཚེ་དང་ལྡན་མ་མིང་འདི་ཞེས་བྱ་བ་ཁྱོད་དུས་འདི་ནས་ནམ་འཚོའི་བར་དུ་ཆོག་པར་དད་དམ། དེས་དད་དོ་ཞེས་སྨྲོས་ཤིག །ལྷག་པར་བྱེད་ན་དར་རམ། རས་སམ། བགོ་བའམ། སེང་རས་སམ། ལྡུམ་བུ་ཤ་ནའི་གོས་སམ། སྲིན་པའམ། རས་ཨ་མི་ལའམ། སོ་མི་ལའམ། ལ་བའི་ཁ་དོག་སྲིན་བུ་སྨུག་པོ་འདྲ་བའམ། ཀ་ཤི་ཀའི་ཕྲ་མོའམ། ཟར་མའི་ཕྲ་མོའམ། རྩྭ་དུ་གུ་ལ་ཀ་ཕྲ་མོའམ། རས་ཀོ་ཏམ་པ་ཀ་ཕྲ་མོ་རྣམས་ཏེ། གང་གཞན་ཡང་


DKG011_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བའི་གོས་དགེ་འདུན་ལས་རྙེད་དམ་གང་ཟག་ལས་ཀྱང་རུང་སྟེ་དེ་དག་ལས་ཁྱེད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཅི་དེ་འདྲ་བའི་གནས་ལ་མངོན་དུ་ཡི་དམ་འཆའ་འམ། དེས་ཀྱང་མངོན་དུ་ཡི་དམ་བཅའོ་ཞེས་སྨྲོས་ཤིག །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །ཟས་ཀྱི་ནང་ན་བསོད་སྙོམས་ནི་རུང་བ་མོད་པ་སྟེ། དེ་ལ་གནས་ན་དགེ་སློང་མ་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་སློང་མའི་དངོས་པོར་འགྱུར་རོ། །བསོད་སྙོམས་ཀྱི་ཟས་ཀྱིས་མིང་འདི་ཞེས་བྱ་བ་ཁྱོད་དེང་ནས་ནམ་འཚོའི་བར་དུ་ཆོག་པར་དད་དམ། དེས་དད་དོ་ཞེས་སྨྲོས་ཤིག །ལྷག་པར་རྙེད་ན་འབྲས་ ཆན་ནམ། སྐྱོ་མའམ། ཐུག་པའམ། རྟག་པའིའམ། མགྲོན་དུ་བོས་པའིའམ། འཕྲལ་ལ་བོས་པའིའམ། སྤགས་པའིའམ། ལྔ་སྟོན་ནམ། བརྒྱད་པའིའམ། བཅུ་བཞི་པའིའམ། ཉ་སྟོན་རྣམས་ཀྱི་སྟེ། གང་གཞན་ཡང་རུང་བའི་བསོད་སྙོམས་དགེ་འདུན་ལས་སམ། གང་ཟག་ལས་རུང་སྟེ། དེ་དག་ལས་ཀྱང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཅི་འདི་འདྲ་བའི་གནས་ལ་ཡི་དམ་འཆའའམ། དེས་ཀྱང་ཡི་དམ་བཅའོ་ཞེས་གྱིས་ཤིག །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བཀུས་པའི་སྨན་ནི་རུང་བ་དང་མོད་པ་སྟེ། དེ་ལ་གནས་ན་དགེ་སློང་མ་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད་དེང་ནས་ནམ་འཚོའི་བར་དུ་བཀུས་ཏེ་བོར་བའི་སྨན་གྱིས་ཆོག་པར་དད་དམ། དེས་དད་དོ་ཞེས་སྨྲོས་ཤིག །ལྷག་པར་རྙེད་ན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་དང་། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དང་། སྔ་དྲོ་བ་དང་། ཕྱི་དྲོ་བ་དང་། བདུན་པའི་དང་། ནམ་འཚོའི་བར་དུའོ། །དེ་ལྟ་བུ་ལ་སོགས་ཏེ་གཞན་ཡང་རུང་བའི་སྨན་དག་དགེ་འདུན་ལས་སམ། གང་ཟག་ལས་རྙེད་ཀྱང་རུང་སྟེ། དེ་དག་ལས་ཀྱང་ཁྱོད་ཀྱིས་ལོང་ལ་ཚོད་རིག་པར་གྱིས་ཤིག །ཅི་འདི་འདྲ་བའི་གནས་


DKG011_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མངོན་དུ་ཡི་དམ་འཆའ་འམ། དེས་ཀྱང་ཡི་དམ་བཅའོ་ཞེས་སྨྲོས་ཤིག །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་མཁྱེན་ཅིང་གཟིགས་ནས་འདི་ལྟར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་དགེ་སློང་མ་ལ་ལྟུང་བའི་ཆོས་བརྒྱད་གསུངས་ཏེ། དགེ་སློང་མས་གནས་དེ་ལ་གང་ཡང་རུང་སྟེ། བརྟུན་ཅིང་བྱས་མ་ཐག་ཏུ་དགེ་སློང་མ་མ་ཡིན། དགེ་སྦྱོང་མ་མ་ཡིན། ཤཱཀྱའི་སྲས་མོ་མ་ཡིན་ནོ། །དགེ་སློང་མའི་དངོས་པོ་མེད་པར་འགྱུར། དགེ་སྦྱོང་མའི་ཡང་མེད་པར་འགྱུར་ཏེ་མེད་པའོ། །བསྲུབས་པའོ། །ལྟུང་བའོ། །ཕས་ཕམ་པ་སྟེ། དེ་ལ་དགེ་སྦྱོང་མར་སླར་དབྱུང་དུ་མེད་དོ། །འདི་ལྟ་སྟེ་ཤིང་ ཏ་ལའི་མགོ་བཅད་པ་བཞིན་ཏེ་སྔོན་པོར་མི་འགྱུར། མི་སྐྱེ། མི་རྒྱས། མི་འཕེལ་ལོ། །ཆེར་སྐྱེར་སྐལ་བ་མེད་པ་དེ་ལྟར་དེ་བཞིན་དུ་དགེ་སློང་མས་གནས་དེ་བརྒྱད་ལས་གང་ཡང་རུང་། གནས་དེ་བརྒྱད་ལ་བརྟུན་ཅིང་བྱས་ན་དེ་ལ་བརྟུན་ཅིང་བྱས་མ་ཐག་ཏུ་དགེ་སློང་མ་མ་ཡིན། དགེ་སྦྱོང་མ་མ་ཡིན། ཤཱཀྱའི་སྲས་མོ་མ་ཡིན་ནོ། །དགེ་སློང་མའི་དངོས་པོ་མེད་པར་འགྱུར། དགེ་སྦྱོང་མའི་ཡང་མེད་པར་འགྱུར་ཏེ་མེད་པའོ། །བསྲུབས་པའོ། །ལྟུང་བའོ། །ཕས་ཕམ་པ་སྟེ། དེ་ལ་དགེ་སྦྱོང་མར་སླར་དབྱུང་དུ་མེད་དོ། །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བརྒྱད་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མ་ལས་ཀྱང་འདོད་པ་སྨད་པ་ནི་འཛིན་པའོ། །འདོད་པ་ནི་ཆགས་པའོ། །འདོད་པ་ནི་སེམས་པའོ། །འདོད་པ་ནི་སྡུག་པའོ། །འདོད་པ་ནི་གནས་སོ། །འདོད་པ་ནི་གདོན་མི་ཟ་བའོ། །འདོད་པ་ནི་ཤིན་ཏུ་ཆགས་པ་སྟེ། འདོད་པ་སྤངས་པ་ནི་སོ་སོར་བསྔགས་པའོ། །སླར་བསྐུར་བའོ། །ཟད་པའོ། །འདོད་ཆགས་དང་བྲལ་བའོ། །འཕགས་པའོ། །རྣམ་པར་ཞི་བའོ། །ནུབ་པའོ་ཞེས་བསྟོད་པའོ། །བསྟོད་དུ་འཇུག་གོ །བསྔགས་སོ། །བསྒྲགས་པ་ཡིན་གྱིས། མིང་འདི་ཞེས་བྱ་བ་ཁྱོད་ཀྱིས་དེང་ཕན་ཆད་ཆགས་པའི་སེམས་ཀྱིས་སྐྱེས་པ་ལ་མིག་གིས་མིག་ཚུགས་སུ་ཡང་ཆགས་ཤིང་མི་བལྟ་ན་གཉིས་སྤྲད་ཅིང་མི་ཚངས་


DKG011_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤྱོད་པ་འཁྲིག་པའི་ཆོས་སུ་སྤྱད་པ་ལྟ་ཅི་སྨོས། བཅོམ་ལྡན་འདས་ཀྱིས་གསུངས་པ་ཡང་དགེ་སློང་མ་དགེ་སློང་མ་དང་ལྷན་ཅིག་ཏུ་བསླབ་པ་མཚུངས་པ་མཉམ་པར་གྱུར་པ་ལས་བསླབ་པ་མ་ཕུལ་ལམ། བསླབ་པ་སྟོབས་ཆུང་ངམ། མ་བཤམས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བྱས་ན་ཆུང་ངུ་ན་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པ་དང་ལྷན་ཅིག་པ་ཡང་རུང་སྟེ། དེ་ལྟ་བུའི་གནས་གང་དུ་ཡང་རུང་། དགེ་སློང་མས་བརྟུན་ཅིང་བྱས་ན། བརྟུན་ཅིང་བྱས་མ་ཐག་ཏུ་དགེ་སློང་མ་མ་ཡིན། དགེ་སྦྱོང་མ་མ་ཡིན། ཤཱཀྱའི་སྲས་མོ་མ་ཡིན། །དགེ་སློང་མའི་དངོས་པོ་མེད་པར་འགྱུར། དགེ་སྦྱོང་མའི་དངོས་པོ་ཡང་མེད་པར་འགྱུར་ཏེ། མེད་ པའོ། །བསྲུབས་པའོ། །ལྟུང་བའོ། །ཕས་ཕམ་པ་སྟེ། དགེ་སློང་མར་སླར་དབྱུང་དུ་མེད་དོ། །འདི་ལྟ་སྟེ་ཤིང་ཏ་ལའི་མགོ་བཅད་པ་བཞིན་སྔོན་པོར་མི་རུང་། སྐྱེར་མི་རུང་། འཕེལ་ཞིང་རྒྱས་པར་མི་རུང་སྟེ། དེ་བཞིན་དུ་དགེ་སློང་མས་འདི་འདྲ་བའི་གནས་ལ་བརྟུན་ཅིང་བྱས་ན། དེ་བརྟུན་དེ་བྱས་མ་ཐག་ཏུ་དགེ་སློང་མ་མ་ཡིན། དགེ་སྦྱོང་མ་མ་ཡིན། ཤཱཀྱའི་སྲས་མོ་མ་ཡིན། དགེ་སློང་མའི་དངོས་པོ་མེད་པར་འགྱུར། དགེ་སྦྱོང་མའི་དངོས་པོ་ཡང་མེད་པར་འགྱུར་ཏེ། མེད་པའོ། །བསྲུབས་པའོ། །ལྟུང་བའོ། །ཕས་ཕམ་པ་སྟེ། དགེ་སྦྱོང་མར་སླར་དབྱུང་དུ་མེད་དོ། །དེ་ལ་ཁྱོད་ཀྱིས་དེང་ཕན་ཆད་མི་སྤྱོད་པ་དང་། བརྟུན་ཅིང་མི་འཇུག་པ་དང་། མི་སྤྱོད་པར་སྤོང་བ་ལ་སྨྱུར་ཏེ་སེམས་སྲུངས་ལ། དྲན་པ་དང་། བག་ཡོད་པ་དང་། བརྩོན་པར་གྱིས་ཤིག །ཅི་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་དོ་ཞེས་སྨྲོས་ཤིག །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མ་ལས་ཀྱང་མ་བྱིན་པར་ལེན་པ་ནི་རྣམ་པར་སྨད་དོ། །མ་བྱིན་པར་ལེན་པ་སྤངས་པ་ནི་བསྟོད་དོ། །བསྟོད་དུ་འཇུག་གོ །བསྔགས་སོ། །བསྒྲགས་པ་ཡིན་གྱིས་དེང་ཕན་ཆད་མིང་འདི་ཞེས་བྱ་བ་ཁྱོད་རྐུ་བའི་སེམས་ཀྱིས་ཕ་རོལ་པོའི་མ་བྱིན་པར་ཏིལ་གྱི་ཕུབ་མ་ན་ཡང་མི་བླངས་ན། མཱ་ཤ་ལྔའམ། མཱ་ཤ་ལྔ་ལས་འདས་པ་ལྟ་ཅི་སྨོས་བཅོམ་ལྡན་


DKG011_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་ཀྱང་གསུངས་པ། དགེ་སློང་མ་གྲོང་ན་འདུག་པའམ། དབེན་པ་ན་འདུག་པ་ཡང་རུང་། གཞན་གྱིས་མ་བྱིན་པར་རྐུ་བར་གྲགས་པ་བླངས་ན་ནི་ཅི་ཙམ་མ་བྱིན་པར་བླངས་པས་དེ་རྒྱལ་པོའམ། བློན་པོས་ཀྱང་རུང་བཟུང་ནས་བསད་པ་དང་། བཅིང་བ་དང་། སྤྱུགས་པ་ཡང་རུང་དེ་ལ་འདི་སྐད་ཅེས་ཟེར་རོ། །ཀྱེ་ཁྱེད་ནི་རྐུ་བའོ། །མི་ཤེས་པ། བླུན་པའོ། །རྐུ་བའོ་ཞེས་འདི་ལྟ་བུའི་གནས་སུ་བརྟུན་ཅིང་བྱས་ན། དེས་བརྟུན་ཅིང་བྱས་མ་ཐག་ཏུ་དགེ་སློང་མ་མ་ཡིན། དགེ་སྦྱོང་མ་མ་ཡིན། ཤཱཀྱའི་སྲས་མོ་མ་ཡིན་ནོ་ཞེས་བྱ་བ་ནས་སྔ་མ་བཞིན་ཏེ། དྲན་པས་བག་ཡོད་པ་དང་། བརྩོན་པར་གྱིས་ཤིག་པའི་བར་དུ་སྦྱར་རོ། །ཅི་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་དོ་ཞེས་བྱོས་ཤིག །མིང་འདི་ཞེས་བྱ་བ་ ཁྱོད་ཉོན་ཅིག །བཅོམ་ལྡན་འདས་ཀྱིས་སྲོག་གཅོད་པ་ནི་རྣམ་གྲངས་དུ་མ་ལས་ཀྱང་རྣམ་པར་སྨད་དོ། །སྲོག་གཅོད་པ་སྤངས་པ་ལ་བསྟོད་དོ། །བསྟོད་དུ་འཇུག་གོ །བསྔགས་སོ། །བསྒྲགས་པ་ཡིན་གྱིས་མིང་འདི་ཞེས་བྱ་བ་ཁྱོད་ཀྱིས་དེང་ཕན་ཆད་སྲོག་ཆགས་གྲོག་སྦུར་ཡང་བསམས་བཞིན་དུ་སྲོག་མི་གཅད་ན། མིའམ་མི་ལུས་སུ་གྱུར་པ་ལྟ་ལ་ཅི་སྨོས་བཅོམ་ལྡན་འདས་ཀྱིས་གསུངས་པ། གང་ཡང་དགེ་སློང་མས་མིའམ་མིའི་ལུས་སུ་གྱུར་པ་ཡང་རུང་། བསམས་ནས་རང་གི་ལག་གིས་སྲོག་བཅད་པ་དང་། དེ་ལ་མཚོན་བྱིན་ནམ། དེ་ལ་མཚོན་ཐོགས་པ་གཉེར་ཏམ། དེ་ལ་འཆི་བ་བསྐུལ་ཏམ། དེ་ལ་འཆི་བའི་ཡོན་ཏན་བསྔགས་ཀྱང་དེ་འདི་སྐད་ཅེས་ཟེར་ཏེ། ཀྱེ་མི་ཁྱོད་འདི་ལྟར་སྡིག་པ་མི་གཙང་བར་སྡུག་ཅིང་འཚོ་བ་ཅི་རུང་གི་ཀྱེ་སྐྱེས་བུ་འཚོ་བ་བས་ཆེས་ཤི་ན་ལེགས་སོ་ཞེས་སེམས་ལ་བསམ། སེམས་ལ་བརྟུན་ཅིང་རྣམ་གྲངས་དུ་མར་འཆི་བར་དེ་ལ་བསྐུལ་ཏམ། དེས་འཆི་བའི་ཡོན་ཏན་བསྔགས་ཀྱང་རུང་སྟེ། དེ་ཡང་དེ་ལྟ་བུའི་ཐབས་ཀྱིས་དུས་བྱས་ཏེ། དེ་ལྟ་བུའི་གནས་སུ་དགེ་སློང་མས་བརྟུན་ཅིང་བྱས་ན། དེ་བརྟུན་ཅིང་བྱས་མ་ཐག་ཏུ་དགེ་སློང་མ་མ་ཡིན། དགེ་སྦྱོང་མ་མ་ཡིན། ཤཱཀྱའི་སྲས་མོ་མ་ཡིན། དགེ་སློང་མའི་དངོས་པོ་མེད་པར་


DKG011_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་ནས་སྔ་མ་བཞིན་ཏེ་དྲན་པར་གྱིས་ལ་བག་ཡོད་པ་དང་བརྩོན་པའི་བར་དུ་སྦྱར་རོ། །གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་དོ་ཞེས་སྨྲོས་ཤིག །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བརྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མ་ལས་ཀྱང་རྣམ་པར་སྨད་དེ། བརྫུན་དུ་སྨྲ་བ་སྤངས་པ་ལ་བསྟོད་དོ། །བསྟོད་དུ་འཇུག་གོ །བསྔགས་སོ། །བསྒྲགས་པ་ཡིན་གྱིས་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །ཆུང་ངུ་ན་རྩེད་མོའི་ཕྱིར་ཡང་ཤེས་བཞིན་པའི་བརྫུན་མི་སྨྲ་བར་བྱ་ན། མེད་ལ་ཀུན་མེད་བཞིན་དུ་མིའི་བླ་མའི་ཆོས་བརྫུན་དུ་སྨྲ་བ་ལྟ་ཅི་སྨོས། བཅོམ་ལྡན་འདས་ཀྱིས་གསུངས་པ། ཡང་གང་ཡང་དགེ་སློང་མ་མངོན་དུ་མི་ཤེས། ཀུན་དུ་མི་ཤེས་ཤིང་མེད་ལ། ཀུན་མེད་བཞིན་དུ་མིའི་བླ་མའི་ཆོས་ཀྱི་སྒྲུབ་པ་འཕགས་པའི་ཁྱད་པར་ཆུད་པར་ཤེས་པའམ། མཐོང་བའམ། རེག་པར་གནས་པ་ཡང་རུང་སོ་སོར་ཤེས་ཏེ། འདི་ཤེས་སོ། །འདི་མཐོང་ངོ་ཞེས་ཟེར་བ་ལས་ཅི་ཤེས་ཞེ་ན། སྡུག་བསྔལ་ཤེས་སོ། །ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཤེས་སོ། །ཇི་མཐོང་ཞེ་ན། ལྷ་མཐོང་ངོ་། །ཀླུ་དང་། གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཤ་ཟ་དང་། ཡི་དགས་དང་། གྲུལ་བུམ་དང་། ལུས་སྲུལ་པོ་མཐོང་ངོ་། །ལྷ་རྣམས་ཀྱིས་ཀྱང་བདག་མཐོང་ངོ་། །ཀླུ་དང་། གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཤ་ཟ་དང་། ཡི་དགས་དང་། གྲུལ་བུམ་དང་། ལུས་སྲུལ་པོ་རྣམས་ཀྱིས་ཀྱང་བདག་མཐོང་ངོ་། །ལྷ་རྣམས་ཀྱི་སྒྲ་ཐོས་སོ། །ཀླུ་དང་། གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཤ་ཟ་དང་། ཡི་དགས་དང་། གྲུལ་བུམ་དང་། ལུས་སྲུལ་པོ་རྣམས་ཀྱི་སྒྲ་ཐོས་སོ། །ལྷ་རྣམས་ཀྱིས་ཀྱང་བདག་གི་སྒྲ་ཐོས་སོ། །ཀླུ་དང་། གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཤ་ཟ་དང་། ཡི་དགས་དང་། གྲུལ་བུམ་དང་། ལུས་སྲུལ་པོ་རྣམས་ཀྱིས་


DKG011_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བདག་གི་སྒྲ་ཐོས་སོ། །ལྷ་རྣམས་ལ་ལྟར་འགྲོའོ། །ཀླུ་དང་། གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཤ་ཟ་དང་། ཡི་དགས་དང་། གྲུལ་བུམ་དང་། ལུས་སྲུལ་པོ་རྣམས་ལ་ལྟར་འགྲོའོ། །ལྷ་རྣམས་ཀྱང་བདག་ལ་ལྟར་འོང་ངོ་། །ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཤ་ཟ་དང་། ཡི་དགས་དང་། གྲུལ་བུམ་དང་། ལུས་སྲུལ་པོ་རྣམས་ཀྱང་བདག་ལ་བལྟ་བའི་ཕྱིར་འོང་ངོ་། །ལྷ་རྣམས་དང་ལྷན་ཅིག་ཏུ་སྨྲའོ། །ཀུན་དུ་སྨྲའོ། །སོ་སོར་དགའ་བར་བྱེད། རྟག་ཏུ་ལྷན་ཅིག་ཏུ་འདུག་གོ །ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཤ་ཟ་དང་། ཡི་དགས་དང་། གྲུལ་བུམ་དང་། ལུས་སྲུལ་པོ་རྣམས་ཀྱིས་ལྷན་ཅིག་ཏུ་སྨྲའོ། །ཀུན་དུ་སྨྲའོ། །སོ་སོར་དགའ་བར་བྱེད། རྟག་ཏུ་ལྷན་ཅིག་ཏུ་འདུག་གོ །ལྷ་རྣམས་ཀྱང་བདག་དང་ལྷན་ཅིག་ཏུ་སྨྲའོ། །ཀུན་དུ་སྨྲས་སོ། །སོ་སོར་དགའ་བར་བྱེད། རྟག་པར་ལྷན་ཅིག་ཏུ་འདུག་གོ །ཀླུ་དང་། གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། ལྟོ་འཕྱེ་ཆེན་པོ་དང་། མི་འམ་ཅི་དང་། ཤ་ཟ་དང་། ཡི་དགས་དང་། གྲུལ་བུམ་དང་། ལུས་སྲུལ་པོ་རྣམས་ཀྱང་བདག་དང་ལྷན་ཅིག་ཏུ་རྟག་ཏུ་སྨྲའོ། །ཀུན་དུ་སྨྲའོ། །སོ་སོར་དགའ་བར་བྱེད། རྟག་ཏུ་ལྷན་ཅིག་ཏུ་འདུག་གོ །འདི་ལྟར་མ་ཐོབ་བཞིན་དུ་ངས་མི་རྟག་པའི་འདུ་ཤེས་ཐོབ་པོ་ཞེས་ཟེར་བ་དང་། མི་རྟག་པ་ལ་སྡུག་བསྔལ་བར་འདུ་ཤེས། སྡུག་བསྔལ་བ་ལ་བདག་མེད་པར་འདུ་ཤེས། ཟས་ལ་མི་མཐུན་པར་འདུ་ཤེས། འཇིག་རྟེན་ཐམས་ཅད་ལ་མི་མོས་པར་འདུ་ཤེས། ཉེས་པའི་དམིགས་སུ་འགྱུར་བར་འདུ་ཤེས། སྤང་བར་འདུ་ཤེས། འདོད་ ཆགས་དང་བྲལ་བར་འདུ་ཤེས། འགོག་པར་འདུ་ཤེས། འཆི་བར་འདུ་ཤེས། མི་གཙང་བར་འདུ་ཤེས། རྣམ་པར་སྔོས་པར་འདུ་ཤེས། རྣམ་པར་རྣགས་པར་འདུ་ཤེས། རྣམ་པར་རུལ་བར་འདུ་ཤེས། རྣམ་པར་འབུས་གཞིགས་པར་འདུ་ཤེས། རྣམ་པར་བམ་པར་འདུ་ཤེས། རྣམ་པར་ཟོས་པར་འདུ་ཤེས། རྣམ་


DKG011_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པར་དམར་བར་འདུ་ཤེས། རྣམ་པར་འཐོར་བར་འདུ་ཤེས། རུས་གོང་དུ་འདུ་ཤེས། སྟོང་པ་ཉིད་དུ་སོ་སོར་རྟོགས་པར་འདུ་ཤེས། མ་ཐོབ་བཞིན་དུ་ངས་ཐོབ་པོ་ཞེས་ཟེར་བ་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྣམས་སོ། །མ་ཐོབ་བཞིན་དུ་ངས་ཐོབ་པོ་ཞེས་ཟེར་བ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། རྫུ་འཕྲུལ་གྱི་ཡུལ་དང་། རྫུ་འཕྲུལ་གྱི་རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་དང་། ཤི་འཕོ་དང་། སྐྱེ་བ་དང་། ཟག་པ་ཟད་པ་དང་། དགྲ་བཅོམ་པ་དང་། རྣམ་པར་ཐར་པ་བརྒྱད་ལ་སྒོམ་པ་དང་། ཆ་གཉིས་ལས་རྣམ་པར་གྲོལ་བ་དེ་འདྲ་བའི་གནས་ལ་དགེ་སློང་མས་བརྟུན་ཅིང་བྱས་ན་དེས་བརྟུན་ཅིང་བྱས་མ་ཐག་ཏུ་དགེ་སློང་མ་མ་ཡིན། དགེ་སྦྱོང་མ་མ་ཡིན། ཤཱཀྱའི་སྲས་མོ་མ་ཡིན། དགེ་སློང་མའི་དངོས་པོ་མེད་པར་འགྱུར། དགེ་སྦྱོང་མའི་དངོས་པོ་ཡང་མེད་པར་འགྱུར་ཏེ། མེད་པའོ། །བསྲུབས་པའོ། །ལྟུང་བའོ། །ཕས་ཕམ་པ་སྟེ། དགེ་སྦྱོང་མར་སླར་དབྱུང་དུ་མེད་དོ། །དེ་འདི་ལྟ་སྟེ། ཤིང་ཏ་ལའི་མགོ་བཅད་པ་བཞིན་ཏེ་སྔོན་པོར་མི་རུང་། སྐྱེར་མི་རུང་། འཕེལ་ཞིང་རྒྱས་པར་མི་རུང་ངོ་། །དེ་ལྟར་དེ་འདྲ་བ་ལ་དགེ་སློང་མས་བརྟུན་ཅིང་བྱས་ན་དེས་བརྟུན་ཏེ་བྱས་མ་ཐག་ཏུ་དགེ་སློང་མ་མ་ཡིན། དགེ་སྦྱོང་མ་མ་ཡིན། ཤཱཀྱའི་སྲས་མོ་མ་ཡིན། དགེ་སློང་མའི་དངོས་པོ་མེད་པར་འགྱུར། དགེ་སྦྱོང་མའི་དངོས་པོ་མེད་པར་འགྱུར་ཏེ་མེད་པའོ། །བསྲུབས་པའོ། །ལྟུང་བའོ། །ཕས་ཕམ་པ་སྟེ། དགེ་སྦྱོང་མར་སླར་དབྱུང་དུ་མེད་དོ། །དེ་ལ་ཁྱོད་ཀྱིས་དེང་ཕན་ཆད་མི་སྤྱོད་པ་དང་། བརྟུན་ཅིང་མི་འཇུག་པ་དང་། མི་སྤྱོད་པར་སྤོང་བ་ལ་སྨྱུར་ཏེ་སེམས་ སྲུངས་ལ་དྲན་པ་དང་། བག་ཡོད་པ་དང་། བརྩོན་པར་གྱིས་ཤིག །གང་སུ་ཞིག་གནས་འདི་ལྟ་བུ་ལ་མི་སྤྱོད་དམ།


DKG011_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དེས་མི་སྤྱོད་དོ་ཞེས་སྨྲོས་ཤིག །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བཅོམ་ལྡན་འདས་ཀྱིས་གསུངས་པ་གང་ཡང་དགེ་སྦྱོང་མ་ཆགས་བཞིན་དུ་ཆགས་ནས་སྐྱེས་པ་དང་ལྷན་ཅིག་མན་ཆད། པུས་མོ་ཡན་ཆད་རེག་ཅིང་ཀུན་རེག་པ་ལ་དགའ་བར་ཚོར་རམ། དགེ་སློང་མས་འདི་འདྲ་བའི་གནས་ལ་བརྟུན་ཅིང་བྱས་ན་དེ་བརྟུན་ཏེ་བྱས་མ་ཐག་ཏུ་དགེ་སློང་མ་མ་ཡིན། དགེ་སྦྱོང་མ་མ་ཡིན། ཤཱཀྱའི་སྲས་མོ་མ་ཡིན་ནོ་ཞེས་བྱ་བ་ནས་བརྟུན་ཅིང་མི་འཇུག་པ་དང་། མི་སྤྱོད་པར་སྤོང་བ་ལ་སྨྱུར་ཏེ་སེམས་སྲུངས་ལ་དྲན་པ་དང་། བག་ཡོད་པ་དང་། བརྩོན་པའི་བར་དུ་སྦྱར་རོ། །གང་སུ་ཞིག་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་དོ་ཞེས་སྨྲོས་ཤིག །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བཅོམ་ལྡན་འདས་ཀྱིས་གསུངས་པ། གང་ཡང་དགེ་སློང་མ་ཆགས་ཤིང་ཆགས་ནས་སྐྱེས་པ་དང་ལྷན་ཅིག་ཏུ་བརྡའི་ཚིག་དང་། རྩེ་བ་དང་། དགོད་པ་དང་། དྲེགས་པ་དང་། རྒྱུག་པ་དང་། ལུས་ལ་འཚོག་པར་བྱེད་པ་དང་། བསྟན་ཏམ་དུས་འདོར་རམ། མཚན་མ་འཛུགས་པ་དང་། སྐྱེས་པ་འོངས་སམ། སོང་ཡང་རུང་དགའ་བར་ཚོར་ན་དེ་དང་འདྲ་བས་ཕྱོགས་དེར་ལུས་ཕབ་ཅིང་སྐྱེས་པའི་དབང་དུ་བུད་མེད་གྱུར་ཏེ་དངོས་པོ་དེ་ལྟ་བུ་བརྒྱད་དང་ལྡན་ཞིང་དགེ་སློང་མས་འདི་འདྲ་བའི་གནས་ལ་བརྟུན་ཅིང་བྱས་ན་དེས་བརྟུན་ཏེ་བྱས་མ་ཐག་ཏུ་དགེ་སློང་མ་མ་ཡིན། དགེ་སྦྱོང་མ་མ་ཡིན། ཤཱཀྱའི་སྲས་མོ་མ་ཡིན་པ་ནས། གང་བརྟུན་ཅིང་མི་འཇུག་པ་དང་། མི་སྤྱོད་པར་སྤོང་བ་ལ་སྨྱུར་ཏེ་སེམས་སྲུངས་ལ་དྲན་པ་དང་། །བག་ཡོད་པ་དང་། བརྩོན་པའི་བར་དུ་བྱའོ། །གང་སུ་ཞིག་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་དོ་ཞེས་སྨྲོས་ཤིག །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བཅོམ་ལྡན་འདས་ཀྱིས་གསུངས་པ། གང་ཡང་དགེ་སློང་མ་ཞིག་གིས་སྔོན་ཕས་ཕམ་པ་བྱུང་ཞིང་མི་གནས་པར་གྱུར་པ་དགེ་སློང་མ་ཞིག་གིས་ཤེས་ཀྱང་དེས་གང་གི་ཚེ་ཤི་བར་གྱུར་པའམ། སླར་བབས་པར་གྱུར་པའམ། ཡུལ་གཞན་དུ་བྲོས་པ་དེའི་འོག་ཏུ་འདི་སྐད་དུ་འཕགས་མ་དག་སྔོན་བདག་གིས་ དགེ་སློང་མ་དེ་ཇི་ལྟར་ཕས་ཕམ་སྟེ་གནས་སུ་མི་རུང་བར་ཤེས་སོ་ཞེས་སྨྲས་


DKG011_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དགེ་སློང་མའི་ཁ་ན་མ་ཐོ་བ་དང་བཅབས་པ་དེ་འདྲ་བའི་གནས་ལ་བརྟུན་ཅིང་བྱས་ན། དེས་བརྟུན་ཏེ་བྱས་མ་ཐག་ཏུ་དགེ་སློང་མ་མ་ཡིན། དགེ་སྦྱོང་མ་མ་ཡིན། ཤཱཀྱའི་སྲས་མོ་མ་ཡིན་པ་ནས་སྔ་མ་བཞིན་ཏེ་མི་སྤྱོད་དམ། མི་སྤྱོད་དོ། །སྐྱོ་བ་དང་། རབ་ཏུ་བསམ་པས་ཀུན་དུ་བསྲུངས་ཏེ་དྲན་པ་དང་། བག་ཡོད་པ་དང་། བརྩོན་པའི་བར་དུ་བྱའོ། །གང་སུ་ཞིག་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་དོ་ཞེས་སྨྲོས་ཤིག །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། གང་ཡང་དགེ་སློང་མས་འདི་ལྟར་དགེ་སློང་ཕ་དགེ་སློང་གི་དགེ་འདུན་འདུས་པས་སྤང་བར་འགྱུར་བའི་ལས་བྱས། དགེ་སློང་མའི་དགེ་འདུན་འདུས་པར་གྱུར་པས་ཀྱང་དེ་ལ་ཕྱག་མི་སྟེར་བར་སྡོམ་པ་བཅས་པར་གྱུར་ནས། དེ་སྐྲ་ལངས་པ་དང་། ཉལ་བཞིན་དུ་དགེ་འདུན་རྣམས་ལ་སྤུ་ཉལ་བར་བྱེད། འབྱུང་བར་འཇུག །ཕྱག་བྱེད་པར་སྟོན། མཚམས་ཀྱི་ནང་ན་འདུག་ཅིང་བཟོད་པ་གསོལ་བར་ཤེས་བཞིན་དུ་དེ་ལ་འདི་སྐད་ཅེས་ཟེར་རོ། །འཕགས་པ་ཁྱོད་སྐྲ་ཉལ་བ་དང་། ལངས་བཞིན་དུ་དགེ་འདུན་རྣམས་ལ་སྤུ་ཉལ་བ་དང་། འབྱུང་བར་འཇུག་པ་ཡང་མ་བྱེད་ཅིག །ཕྱག་བྱེད་པར་སྟོན་པ་དང་། མཚམས་ཀྱི་ནང་ན་འདུག་ཅིང་བཟོད་པ་གསོལ་བ་ཡང་མ་བྱེད་ཅིག །བདག་གིས་འཕགས་པ་ཁྱོད་ཀྱི་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ཀློག་པ་དང་། ཁ་ཏོན་དང་། རྣལ་འབྱོར་ཡིད་ལ་བྱ་བ་དང་། འཕགས་པ་ལ་ཅི་དང་ཅིས་བྲེལ་བར་གྱུར་པ་དེ་དང་དེ་དག་ཐམས་ཅད་ཀྱིས་མི་བྲེལ་བར་བྱེད་པའི་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་དུ་བསྒོ་ཤིག །འཕགས་མ་ཁྱེད་དགེ་སློང་ཕ་དེ་ནི་འདུས་པའི་དགེ་འདུན་གྱིས་སྤངས་པའི་ལས་བྱས་པ་ཡིན། དགེ་སློང་མའི་དགེ་འདུན་གྱིས་ཀྱང་དེ་ལ་ཕྱག་མི་བྱ་བའི་སྡོམ་པ་བཅས་པ་ཡིན་ཏེ། དགེ་སློང་ཕ་དེ་སྐྲ་ལངས་པ་དང་ཉལ་བ་བཞིན་དུ་དགེ་འདུན་ལ་སྤུ་ཉལ་བར་བྱེད། འབྱུང་བར་འཇུག །ཕྱག་བྱེད་པར་སྟོན། མཚམས་ཀྱི་ནང་ན་འདུག་ཅིང་བཟོད་པ་གསོལ་


DKG011_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཤེས་བཞིན་དུ་དེ་ལ་འཕགས་མ་ཁྱོད་ཀྱིས་འདི་སྐད་ཅེས་མ་སྨྲ་ཤིག །འཕགས་པ་ཁྱོད་སྐྲ་ཉལ་བ་དང་ལངས་བཞིན་དུ་དགེ་འདུན་ལ་སྤུ་ཉལ་བ་དང་འབྱུང་བར་འཇུག་པ་ཡང་མ་བྱེད་ཅིག །ཕྱག་བྱེད་པར་སྟོན་པ་དང་། མཚམས་ཀྱི་ནང་ན་འདུག་ཅིང་བཟོད་པར་གསོལ་བར་ཡང་མ་བྱེད་ཅིག་དང་། བདག་གིས་ཁྱོད་ལ་ཀུན་སྦྱར་ཏེ། ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ཀློག་པ་དང་། ཁ་ཏོན་དང་། རྣལ་འབྱོར་ཡིད་ལ་བྱ་བ་དང་། ཅི་དང་ཅིས་འཕགས་པ་ཁྱོད་ལ་བྲེལ་བར་གྱུར་པ་དེ་དང་དེ་དག་ཐམས་ཅད་བདག་གིས་མི་བྲེལ་བར་སྦྱར་རོ། །འཕགས་མ་ཁྱོད་ཀྱིས་སྤངས་པའི་རྗེས་སུ་འཇུག་པའི་ཚིག་གིས་ལམ་དེ་ལྟ་བུ་ཐོང་ཤིག་ཅེས་དགེ་སློང་མ་དེ་ལ་དེ་ལྟ་བུར་དགེ་སློང་མ་རྣམས་ཀྱིས་བསྒོ་སྟེ། དོན་དེ་ལྟར་བཏང་ན་ནི་ལེགས། དེ་སྟེ་མ་བཏང་ན་ལན་གཉིས་ལན་གསུམ་གྱི་བར་དུ་བསྒོ་ཞིང་སྟོན་ཅིག །དོན་དེ་སླར་སྤང་བའི་ཕྱིར་ལན་གཉིས་ལན་གསུམ་དུ་བསྒོ་ཞིང་བསྟན་པ་ལས་དོན་དེ་སླར་བཏང་ན་ནི་ལེགས། དེ་སྟེ་མ་བཏང་ཞིང་དགེ་སློང་མ་སྤངས་པའི་རྗེས་སུ་འཇུག་ཅིང་དེ་ལྟ་བུའི་གནས་སུ་བརྟུན་ཅིང་བྱས་ན་དེ་བརྟུན་ཅིང་བྱས་མ་ཐག་ཏུ་དགེ་སློང་མ་མ་ཡིན། དགེ་སྦྱོང་མ་མ་ཡིན། ཤཱཀྱའི་སྲས་མོ་མ་ཡིན་པ་ནས་སྔ་མ་བཞིན་ཏེ། རབ་ཏུ་བསམས་པས་ཀུན་ཏུ་བསྲུང་སྟེ་དྲན་པ་དང་། བག་ཡོད་པ་དང་། བརྩོན་པའི་བར་དུ་བྱའོ། །གང་སུ་ཞིག་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་དོ་ཞེས་སྨྲོས་ཤིག །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བརྒྱད་པོ་འདི་དག་ནི་བཅོམ་ལྡན་འདས་མཁྱེན་ཅིང་གཟིགས་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འདི་ནི་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་དགེ་སློང་མ་རྣམས་ལ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་སུ་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །བརྒྱད་གང་ཞེ་ན། མིང་འདི་ཞེས་བྱ་བ་བུད་མེད་ཀྱིས་དགེ་སློང་རྣམས་ ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་འགྱུར་བར་རབ་ཏུ་རྟོགས་པར་བྱའོ། །མིང་འདི་ཞེས་བྱ་བ་


DKG011_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ལ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་དང་པོར་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །དགེ་སློང་མ་རྣམས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་ཕ་རྣམས་ལས་སྟོན་པའི་ལུང་རྗེས་སུ་བསྟན་པ་བཙལ་བར་བྱའོ། །མིང་འདི་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ལ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་གཉིས་སུ་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །དགེ་སློང་ཕ་མེད་པའི་གནས་སུ་དགེ་སློང་མ་དབྱར་ཚུལ་དུ་མ་འཇུག་ཤིག །མིང་འདི་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ལ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་གསུམ་དུ་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །དགེ་སློང་མས་དབྱར་ཚུལ་ནས་བྱུང་བའི་ཚེ་དགེ་འདུན་སྡེ་གཉིས་ལ་མཐོང་བ་དང་། ཐོས་པ་དང་། དོགས་པའི་གནས་གསུམ་དུ་སྐབས་དབྱེ་བར་བྱའོ། །མིང་འདི་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ལ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བཞིར་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །དགེ་སློང་མས་དགེ་སློང་ལ་ཚུལ་ཁྲིམས་ཉམས་སམ། ལྟ་བ་ཉམས་སམ། སྤྱོད་པ་ཉམས་སམ། འཚོ་བ་ཉམས་ཀྱང་རུང་མ་གླེང་ཤིག །དྲན་པར་མ་བྱེད་ཅིག །དགེ་སློང་མས་དགེ་སློང་ཕ་ཚུལ་ཁྲིམས་ལས་ཉམས་སམ། ལྟ་བ་ལས་ཉམས་སམ། སྤྱོད་པ་ལས་ཉམས་སམ། འཚོ་བ་ལས་ཉམས་ཀྱང་རུང་གླེང་ཞིང་དྲན་པར་བྱེད་པ་མི་གནང་ངོ་། །དགེ་སློང་ཕས་ནི་དགེ་སློང་མས་ཚུལ་ཁྲིམས་ཉམས་སམ། ལྟ་བ་ཉམས་སམ། སྤྱོད་པ་ཉམས་སམ། འཚོ་བ་ཉམས་པ་ལ་གླེང་བ་དང་། དྲན་པར་བྱེད་པ་ལ་མི་གནང་བ་མེད་དེ། འདི་ནི་མིང་འདི་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་ མེད་རྣམས་ལ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་ལྔར་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །དགེ་སློང་མས་དགེ་སློང་ལ་ཁ་ངན་


DKG011_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱ། ཁྲོ་བར་མི་བྱ། བསྡིགས་པར་མི་བྱ། དགེ་སློང་མས་དགེ་སློང་ལ་ཁ་ངན་དང་། ཁྲོ་བ་དང་། བསྡིགས་པ་མི་གནང་སྟེ། མིང་འདི་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ལ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་དྲུག་ཏུ་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །དགེ་སློང་མ་ལ་བླ་མའི་ཆོས་ཤིག་བྱུང་ན། དེས་དགེ་འདུན་གཉི་ག་ལ་ཟླ་བ་ཕྱེད་ཀྱི་བར་དུ་ཡིད་དགའ་བར་བྱ་བ་སྤྱོད་ཅིག །མིང་འདི་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ལ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བདུན་དུ་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་མས་ད་གཟོད་བསྙེན་པར་རྫོགས་པའི་དགེ་སློང་ལ་ཚིག་སྙན་པ་དང་། བསྟོད་པ་དང་། ལྡང་བ་དང་། ཐལ་མོ་སྦྱར་བ་དང་། ཕྱག་བྱ་བ་བྱས་ཏེ། མིང་འདི་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ལ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བརྒྱད་དུ་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །ཅི་བླ་མའི་ཆོས་འདི་བརྒྱད་ཡང་དག་པར་བཟུང་སྟེ་སྤྱོད་དམ། སྤྱོད་དོ། །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བཅོམ་ལྡན་འདས་ཀྱིས་བཞི་པོ་འདི་དག་ནི་སྔ་མ་བཞིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་པའི་བར་དུ་སྦྱར་རོ། །བཞི་གང་ཞེ་ན། དེང་ཕན་ཆད་མིང་འདི་ཞེས་བྱ་བ་ཁྱོད་ངན་པར་སྨྲ་བ་ལ་སླར་མི་སྨྲ། ཁྲོས་པ་ལ་སླར་མ་ཁྲོ་ཤིག །རྡེག་པ་ལ་སླར་མི་རྡེག །འཕྱ་བ་ལ་སླར་མི་འཕྱ། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །ཁྱོད་སྔོན་འདི་ལྟར་བདག་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་ཤོག་ཤིག་ཅེས་སྨོན་པ་དེ་ནི་ཁྱོད་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ། མཁན་མོ་ཚུལ་ཁྲིམས་དང་ལྡན་པ་དང་། སློབ་དཔོན་ཚུལ་ཁྲིམས་དང་ལྡན་པ་དང་། དགེ་འདུན་གཉི་ག་ཚོགས་འདུས་པས། གསོལ་བ་དང་བཞིའི་ལས་ཀྱི་ཕྱིར་བྱ་བ་མེད་པ་དང་། གཞག་པར་བྱ་བ་མེད་པས་རབ་ཏུ་བྱུང་ཞིང་


DKG011_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པར་རྫོགས་སོ། །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །གང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་མས་བསླབ་པ་དེ་ནི་དེང་བསྙེན་པར་རྫོགས་པས་ཀྱང་དེ་ལ་བསླབ་པར་བྱའོ། །གང་དེང་བསྙེན་པར་རྫོགས་པས་བསླབ་པ་དེ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་དེ་བསླབ་པར་བྱའོ། །གང་ཚུལ་ཁྲིམས་མཚུངས་པར་བསླབ་པ་མཐུན་པ་དང་། སོ་སོར་ཐར་པའི་མདོ་ཁ་ཏོན་ཀློག་པར་མཚུངས་པ་ལ་དེང་ཕན་ཆད་ཁྱོད་ཀྱིས་མཉེས་པར་བྱའོ། །མི་མཉེས་པར་མི་བྱའོ། །དེང་ཕན་ཆད་མིང་འདི་ཞེས་བྱ་བའི་མཁན་མོ་ལ་མར་འདུ་ཤེས་གཞག་པར་བྱའོ། །མཁན་མོས་ཀྱང་དེ་ལ་བུ་མོར་འདུ་ཤེས་གཞག་པར་བྱའོ། །དེང་ཕན་ཆད་ཁྱོད་ཀྱིས་མཁན་མོ་ལ་ནམ་འཚོའི་བར་དུ་བསྙེན་བཀུར་བྱོས་ཤིག །མཁན་མོས་ཀྱང་ཁྱོད་ལ་ནམ་འཚོའི་བར་དུ་བསྙེན་བཀུར་བྱོས་ཤིག །དེང་ཕན་ཆད་མིང་འདི་ཞེས་བྱ་བ་ཁྱོད་ཀྱིས་འཇིགས་པའི་དབང་དུ་བྱས་ཤིང་བླ་མ་དང་ཚངས་པ་མཚུངས་པར་སྤྱོད་པ་དང་། གནས་བརྟན་མ་དང་། བར་མ་དང་། གསར་བུ་རྣམས་ལ་རི་མོ་བྱོས་ཤིག །མིང་འདི་ཞེས་བྱ་བ་ཁྱོད་དེང་ཕན་ཆད་ལུང་ནོས་ཤིག །ལྷོགས་ཤིག །ཁ་ཏོན་གྱིས་ཤིག །ཕུང་པོ་ལ་མཁས། ཁམས་ལ་མཁས། སྐྱེ་མཆེད་ལ་མཁས། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱའོ། །ཁྱོད་ཀྱིས་མ་ཐོབ་པ་ཐོབ་པའི་ཕྱིར། ཁོང་དུ་མ་ཆུད་པ་ཁོང་དུ་ཆུད་པའི་ཕྱིར། མངོན་དུ་མ་བྱས་པ་མངོན་དུ་བྱ་བའི་ཕྱིར་བརྩོན་འགྲུས་མ་གཏང་ཤིག །འདི་དག་ནི་ངས་ཁྱོད་ལ་ཆེན་པོ་ཆེ་བའི་རྣམས་བསླབ་པའི་གཞིར་བཤད་དོ། །གཞན་ནི་ཁྱོད་ཀྱི་སློབ་དཔོན་དང་། མཁན་མོ་དང་། སློབ་དཔོན་གཅིག་པ་དང་། མཁན་མོ་གཅིག་པ་དང་། སྨྲ་བ་དང་། ཀུན་དུ་སྨྲ་བ་དང་། བསྟོད་པ་དང་། མཛའ་བ་དག་གིས་ཀྱང་དེ་བཞིན་སྟོན་ཏོ། །ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་ཀློག་པ་ལ་ཉོན་ཅིག །འདི་ལྟར་བསྙེན་པར་རྫོགས་པ་ནི། །ཤེས་རབ་མཆོག་གི་བསྟན་པ་ལ། །ད་ནི་བསྙེན་པར་ཁྱོད་རྫོགས་ཏེ། །ཁོམ་པ་ཕུན་སུམ་ཚོགས་རྙེད་དཀའ། །འདི་ལ་སྐྱོ་བར་མ་བྱེད་ ཅིག །བཟང་མོ་ལས་ནི་རབ་


DKG011_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བྱུང་། །ཡོངས་སུ་དག་ལས་བསྙེན་པར་རྫོགས། །བདེན་ཞེས་བྱ་བའི་སངས་རྒྱས་ཀྱིས། །རབ་ཏུ་མཁྱེན་ནས་གསུངས་པའོ། །མིང་འདི་ཞེས་བྱ་བ་ཁྱོད་བསྙེན་པར་རྫོགས་ཀྱིས་བག་ཡོད་པར་སྤྱོད་ཅིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ནམ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་འཁོར་ཤཱཀྱ་མོ་ལྔ་བརྒྱ་རྣམས་ཀྱིས་བླ་མའི་ཆོས་ཡི་དམ་བཅས་ཏེ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་ཏེ་དགེ་སློང་མའི་དངོས་པོ་ལ་རྗེས་སུ་ཡི་རང་བ་དེའི་ཚེ་དེ་དག་གིས་གཞན་དག་དགེ་སློང་མར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་སོ། །དེ་དག་གིས་ཀྱང་གཞན་དག་སྟེ། དེ་ན་དགེ་སློང་མའི་དགེ་འདུན་མ་མང་ཞིང་འཕེལ་བར་གྱུར་ཏོ། །དེ་ནས་དགེ་སློང་མ་གནས་བརྟན་དང་གནས་བརྟན་མ་དེ་དག་སྐྱེ་དགུའི་བདག་མོ་ཆེན་མོ་གང་ན་བ་དེར་དོང་སྟེ་ཕྱིན་པ་དང་། གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ལ་འདི་སྐད་སྨྲས་སོ། །ཨེ་མའོ་འཕགས་མ་དགེ་སློང་མ་གནས་བརྟན་མ་འདི་དག་ལ་གང་དགེ་སློང་ཕ་གསར་བུ་དང་། བར་མ་དང་། གཞོན་ནུ་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པ་དེ་དག་གཅིག་ལ་གཅིག་རྒན་རིམས་སུ་ཕྱག་འཚལ་དང་ཅེས་འདི་སྐད་སྨྲས་པ་དང་། གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོས་དགེ་སློང་མ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །དེ་བས་ན་ནུ་མོ་དག་སྡོད་ཅིག་དང་། བདག་གིས་འཕགས་པ་ཀུན་དགའ་བོ་ལ་ཞུས་ཏེ་བྱའོ། །དེ་ལྟར་གྱུར་པ་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྨྲས་སོ། །དེ་སྐད་སྨྲས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ལ་དེ་བས་ན་གཽ་ཏ་མཱི་སྡོད་ཅིག་དང་། བདག་གིས་བཅོམ་ལྡན་འདས་ལ་གསོལ་ལོ་ཞེས་སྨྲས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ཨེ་མའོ་བཅོམ་ལྡན་འདས་དགེ་སློང་མའི་གནས་བརྟན་དང་གནས་བརྟན་མ་དེ་དག་ལ་གང་དགེ་སློང་ཕ་གསར་བུ་དང་། བར་མ་དང་། གཞོན་ནུ་རབ་ཏུ་བྱུང་ ནས་རིང་པོ་མ་ལོན་པ་འདི་དག་གཅིག་


DKG011_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཅིག་ཇི་ལྟར་རྒན་རིམས་སུ་ཕྱག་འཚལ་ཡང་མི་བསྔོའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་འདི་ལྟ་བུའི་ཚིག་ཕྱིན་ཆད་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཀུན་དགའ་བོ་བུད་མེད་དག་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་མ་བྱུང་བར་གྱུར་ན་ནི་ད་དུང་ཡང་དད་པའི་བྲམ་ཟེ་དང་། ཁྱིམ་བདག་དག་གིས་དགེ་སློང་ལ་བསོད་སྙོམས་དྲ་བ་བཀང་སྟེ་ཐེག་དྲོད་ཀྱིས་སྟེར་རོ། །ཀུན་དགའ་བོ་བུད་མེད་དག་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་མ་བྱུང་ན་ནི་ད་དུང་ཡང་བྲམ་ཟེ་དང་། ཁྱིམ་བདག་དད་པ་དག་གིས་མ་བགོས་པའི་གོས་སར་པ་ཁ་ཚར་རིང་པོ་དག་སྲང་གི་ནང་དུ་བཏིང་སྟེ་འདི་སྐད་ཅེས་སྨྲ་བར་འགྱུར་རོ། །དགེ་སྦྱོང་དག་རས་སར་པ་ཁ་ཚར་རིང་པོ་བཏིང་པ་འདིའི་སྟེང་དུ་གཤེགས་ཤིག །བདག་ཅག་ཡུན་རིང་པོའི་དོན་དང་ཕན་པ་དང་བདེ་བར་འགྱུར་རོ། །གལ་ཏེ་ཀུན་དགའ་བོ་བུད་མེད་རྣམས་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་མ་བྱུང་བར་གྱུར་ན་ནི་ད་དུང་ཡང་བྲམ་ཟེ་དང་ཁྱིམ་བདག་དད་པ་དག་གིས་ཡན་ལག་གི་མཆོག་ལས་སྐྱེས་པའི་སྐྲ་ས་ལ་བཏིང་སྟེ། དགེ་སྦྱོང་དག་སྐྲ་འདིའི་སྟེང་དུ་གཤེགས་ཤིག །དེ་ནི་བདག་ཅག་ལ་ཡུན་རིང་པོའི་དོན་དང་ཕན་པ་དང་བདེ་བར་འགྱུར་ཞེས་སྨྲའོ། །གལ་ཏེ་ཀུན་དགའ་བོ་བུད་མེད་རྣམས་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་མ་བྱུང་བར་གྱུར་ན་ནི་ད་ཡང་ངའི་ཉན་ཐོས་པ་དག་གི་འོད་ཀྱིས་ཟླ་བ་དང་། ཉི་མ་འདི་གཉིས་ལྟ་བུ་མཐུ་ཆེ་བ་དང་རྫུ་འཕྲུལ་ཆེ་བ་ཡང་ཟིལ་གྱིས་གནོན་ན་མུ་སྟེགས་ཅན་རྣམས་ལྟ་ཅི་སྨོས། ཀུན་དགའ་བོ་བུད་མེད་རྣམས་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་མ་བྱུང་ན་ནི་ད་དུང་ངའི་བསྟན་པ་ལོ་སྟོང་ཚང་བར་ཉེས་པ་མེད་ཅིང་ཉམས་པ་མེད་པར་གནས་པར་འགྱུར་རོ། །དེ་ལྟ་བས་ན་ཀུན་དགའ་བོ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་མས་ཀྱང་ད་གཟོད་བསྙེན་པར་རྫོགས་པའི་དགེ་སློང་ཕ་ལ་ཚིག་སྙན་པ་དང་། བསྟོད་པ་དང་། ལྡང་བ་དང་། ཐལ་མོ་སྦྱར་བ་དང་། ཕྱག་བྱ་བ་ལ་སོགས་པའི་ལས་


DKG011_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བྱོས་ཤིག །གླེང་གཞི་མཉན་ དུ་ཡོད་པ་ན་སྟེ། དགེ་སློང་མ་རྣམས་ལས་སྡེ་བཞི་འདུས་པས་བྱ་བ་དང་། སྡེ་ལྔ་འདུས་པས་བྱ་བ་དང་། སྡེ་བཅུ་གཉིས་འདུས་པས་ལས་བྱ་བ་ཡང་ཡོད་དེ། དེ་དག་གིས་དགེ་འདུན་གཉི་ག་བསྡུས་པ་དང་བྱ་བ་མང་པོར་གྱུར་ཏོ། །བྱ་བ་མང་པོས་བཤད་པ་དང་། བཀླག་པ་དང་། བཟླས་པ་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་རྣམས་ཀྱི་བར་ཆད་དུ་གྱུར་ཏོ། །དེ་ལྟར་གྱུར་པའི་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་དབྱུང་བ་དང་། བསྙེན་པར་རྫོགས་པ་དང་། སྤྱིས་བྱ་བའི་ལས་མ་གཏོགས་པར་དགེ་སློང་ཕའི་ལས་ཀྱང་ལོགས་ཤིག་ཏུ་བྱོས་ཤིག །དགེ་སློང་མ་རྣམས་ཀྱང་ལོགས་ཤིག་ཏུ་བྱོས་ཤིག་ཅེས་བཀའ་སྩལ་ཏོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་དུས་ན་མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་འདུག་སྟེ་རིགས་མཉམ་པ་ལས་ཆུང་མ་ཞིག་བླངས་ཏེ་དེ་དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་ལ་རྩེ་དགའ་ཡོངས་སུ་སྤྱོད་པ་ལས་ཕྱི་ཞིག་ན་དེའི་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏེ་ཟླ་བ་དགུ་འདས་པ་དང་བུ་མོ་ཞིག་བཙས་ནས་དེ་བཙས་མ་ཐག་ཕ་དུས་ལས་འདས་སོ། །དེ་མས་གསོས་ཤིང་བསྐྱེད་དེ་ཆེན་པོར་གྱུར་པ་དང་། དེའི་མ་ཡང་དུས་ལས་འདས་སོ། །དེ་ནས་དུས་ཕྱི་ཞིག་ན་སྦོམ་དགའ་མོ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་། དེས་དེ་སྲང་ཞིག་ཏུ་མཐོང་སྟེ་བུ་མོ་ཁྱོད་སུའི་ཡིན་ཞེས་སྨྲས་པ་དང་། དེས་འཕགས་མ་སུའི་ཡང་མ་ལགས་ཏེ་མགོན་མེད་པའོ་ཞེས་སྨྲས་པ་དང་། དེས་བུ་མོ་དེ་སྟེ་དེ་བཞིན་ན་ཅིའི་ཕྱིར་རབ་ཏུ་མི་འབྱུང་ཞེས་སྨྲས་པ་དང་། དེས་སུ་ཞིག་གིས་རབ་ཏུ་འབྱིན་ཞེས་སྨྲས་པ་དང་། དེས་བུ་མོ་ངས་རབ་ཏུ་དབྱུང་གིས་ཚུར་ཤོག །འདོང་ཞེས་སྨྲས་པ་དང་ལེགས་སོ་ཞེས་ཟེར་ཏེ་དེ་དང་ལྷན་ཅིག་ཏུ་དབྱར་མོ་ཁང་དུ་དོང་ནས་སྦོམ་དགའ་མོས་རབ་ཏུ་ཕྱུང་བ་དང་། དེ་ཉོན་མོངས་པས་གཟིར་ནས་སླར་བབས་སོ། །སྦོམ་དགའ་མོ་བསོད་སྙོམས་ལ་ཞུགས་པ་དང་། མཐོང་ནས་དེས་བུ་མོ་ཇི་ལྟར་འཚོ་ཞིང་ འདུག་ཅེས་སྨྲས་པ་དང་། དེས་རྐང་པ་ལ་ཕྱག་བྱས་ཏེ་སྨྲས་པ། འཕགས་མ་སྡུག་བསྔལ་ཞིང་འཚོའོ། །བུ་མོ་དེ་


DKG011_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་དེ་བཞིན་ན་ཅིའི་ཕྱིར་ཡང་རབ་ཏུ་མི་འབྱུང་། དེས་སྨྲས་པ། འཕགས་མ་སུ་ཞིག་བདག་སླར་བབས་པ་ལས་རབ་ཏུ་འབྱིན། བུ་མོ་བདག་གིས་རབ་ཏུ་དབྱུང་ངམ། ལེགས་སོ་ཞེས་སྨྲས་པ་དང་། དེས་རབ་ཏུ་ཕྱུང་སྟེ་བསོད་སྙོམས་ལ་ཞུགས་པ་དང་བྲམ་ཟེ་དང་ཁྱིམ་བདག་དག་གིས་མཐོང་ནས་མ་ལེགས་སོ། །དགེ་སློང་ཤཱཀྱའི་བུ་མོ་དག་ནི་ཆོས་ལ་ངལ་བསོས་ཤིང་ངལ་བསོས་ཤིང་ཆོས་ལ་སྤྱོད་དོ་ཞེས་འཕྱའོ། །དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། གང་ཉེས་པའི་དམིགས་སུ་གྱུར་པ་ནི་དགེ་སློང་མ་དག་བབས་ཤིང་སླར་རབ་ཏུ་བྱུང་བའི་ཕྱིར་ཏེ། དེ་ལྟ་བས་ན་དགེ་སློང་མ་དག་གིས་བབས་པ་ལས་སླར་རབ་ཏུ་མི་དབྱུང་བར་དགོངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་ནི་རིགས་པར་འཕྱ་སྟེ། དེ་ལྟ་བས་ན་དགེ་སློང་མ་དག་གིས་ལན་གཅིག་བབས་པ་མཐུ་མེད་པ་དགེ་སློང་མ་རབ་ཏུ་མ་དབྱུང་ཤིག །རབ་ཏུ་འབྱིན་ན་འདས་པ་དང་བཅས་པར་འགྱུར་རོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་སུམ་བཅུ་རྩ་བརྒྱད་པ། མདོར་ན། འཕྱན་པ་དག་དང་འདོད་ཆེན་དང་། །གཤེ་བ་དང་ཡང་འཕྱ་བ་སྟེ། །དགེ་སློང་ལ་ནི་དགེ་སློང་མ། །འཕྱ་བ་དགེ་སློང་དགེ་ཚུལ་མའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་ན་ཡུལ་འཁོར་མོ་འཇིག་ན་ཁྱིམ་བདག་གཽ་ཏ་མ་ཞེས་བྱ་བ་ཞིག་འདུག་པ་ཕྱུག་ལ་ནོར་མང་ལ་ལོངས་སྤྱོད་ཆེན་པོ་ཞིག་སྟེ། དེས་རིགས་མཉམ་པ་ལས་ཆུང་མ་ཞིག་བླངས་ནས་དེ་དང་ ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་དུས་ཕྱི་ཞིག་ན་ཟོང་ཁྱེར་ནས་ཡུལ་རྡོ་འཇོག་ཏུ་སོང་སྟེ་ཁྱིམ་བདག་གཞན་ཞིག་གི་ཁྱིམ་དུ་ཕྱིན་པ་དང་། དེས་དེ་ལ་བདེ་བར་འོངས་སམ་ཞེས་བྱ་བའི་ཚིག་གིས་སྙན་པ་བརྗོད་ནས་ངལ་བསོས་ཏེ། གཅིག་ལ་གཅིག་བྱམས་པ་ལས་ཁྱིམ་བདག་གཽ་ཏ་མ་དེ་དང་ལྷན་ཅིག་མཛའ་བོར་གྱུར་ཏོ། །ཁྱིམ་བདག་གཽ་ཏ་མས་ཟོང་རྣམས་བཙོངས་ཏེ་སླར་གྱི་ཟོང་


DKG011_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཁྱེར་ནས་གྲོང་ཁྱེར་འཁོར་མོ་འཇིག་ཏུ་སོང་ངོ་། །ཡུལ་རྡོ་འཇོག་གི་ཁྱིམ་བདག་ཀྱང་དུས་ཕྱི་ཞིག་ན་ཟོང་ཁྱེར་ནས་འཁོར་མོ་འཇིག་ཏུ་འོངས་ཏེ། དེ་ཡང་ཁྱིམ་བདག་གཽ་ཏ་མ་ཁྱིམ་དུ་ཕྱིན་པ་དང་། དེས་ཀྱང་དེ་ལ་རི་མོ་དང་མཛའ་བའི་ཚིག་གིས་བདེ་བར་འོངས་སམ་ཞེས་སྨྲས་ནས་ངལ་བསོས་སོ། །དེ་གཉིས་གཅིག་ལ་གཅིག་མཛའ་བ་རབ་ཏུ་སྐྱེས་པར་གྱུར་ཏོ། །ཡུལ་རྡོ་འཇོག་ན་གནས་པའི་ཁྱིམ་བདག་གིས་ཁྱིམ་བདག་གཽ་ཏ་མ་ལ་གྲོགས་པོ་བདག་ཅག་གཉིས་དུས་ལས་འདས་པའི་འོག་ཏུ་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚ་དག་མཛའ་བའི་རྒྱུན་མི་འཆད་པར་བྱ་བའི་ཐབས་ཅི་ཡོད་ཅེས་སྨྲས་པ་དང་། གཽ་ཏ་མས་སྨྲས་པ། གྲོགས་པོ་ལེགས་ཏེ། བདག་གིས་ཀྱང་དེ་སྙམ་བསམས་སོ། །དེ་བས་ན་ཚུར་ཤོག་བུ་མ་བྱུང་བ་ནས་གཉེན་དུ་བྱས་ཏེ། དེ་སྟེ་བདག་ལས་བུ་ཕོ་ཞིག་བྱུང་ལ་ཁྱོད་ལས་བུ་མོ་ཞིག་བྱུང་ན་ཁྱོད་ཀྱིས་བདག་གི་བུ་ལ་བྱིན་ཅིག །འོན་ཏེ་ཁྱོད་ལ་བུ་ཕོ་ཞིག་སྟེ། བདག་ལ་བུ་མོ་ཞིག་ན་བདག་གིས་ཁྱོད་ཀྱི་བུ་ལ་སྦྱིན་ནོ། །དེས་སྨྲས་པ། གྲོགས་པོ་ལེགས་ཀྱིས་དེ་བཞིན་བྱའོ་ཞེས་ཟེར་ནས་ཡུལ་རྡོ་འཇོག་ན་གནས་པའི་ཁྱིམ་བདག་དང་། ཁྱིམ་བདག་གཽ་ཏ་མ་གཉིས་ལྷན་ཅིག་ཏུ་བུ་མ་བྱུང་བ་ནས་གཉེན་དུ་འཐམས་ནས་དེས་ཟོང་བཙོངས་ཏེ་སླར་གྱིས་ཟོང་ཁྱེར་ནས་ཡུལ་རྡོ་འཇོག་ཏུ་སོང་ངོ་། །དེས་དེ་ན་ཆུང་མ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་པ་ལས་ཕྱི་ཞིག་ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ནས་དེ་ཟླ་བ་བརྒྱད་དམ་དགུ་འདས་པ་དང་བཙས་ན་བུ་ཕོ་ཞིག་བྱུང་ངོ་། །དེ་ཞག་བདུན་གསུམ་ཉི་ཤུ་གཅིག་གི་བར་དུ་བཙས་པའི་བཙས་སྟོན་ཆེན་པོ་རྒྱས་པར་བྱས་ཏེ། དེ་རིགས་དང་མཐུན་པའི་མིང་ཞིག་ བཏགས་སོ། །འཁོར་མོ་འཇིག་གི་ཁྱིམ་བདག་གིས་ཡུལ་རྡོ་འཇོག་གི་ཁྱིམ་བདག་ལས་བུ་ཕོ་ཞིག་བཙས་པར་ཐོས་ནས། དེས་བདག་གི་གྲོགས་པོ་ལ་བུ་ཕོ་ཞིག་བཙས་ཏེ་ཁྱེའུ་དེ་ནི་བདག་གི་མག་པར་འགྱུར་ཡང་སྲིད་ཀྱིས་དེའི་གོས་དང་རྒྱན་རྣམས་བསྐུར་རོ་སྙམ་བསམས་ནས། དེས་དེ་ལ་གོས་དང་རྒྱན་རྣམས་བསྐུར་ཏེ། ཡུལ་རྡོ་འཇོག་ན་གནས་པའི་ཁྱིམ་བདག་དེ་ལ་གྲོགས་པོ་ཁྱོད་ལ་


DKG011_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཕོ་ཞིག་བཙས་སོ་ཞེས་ཐོས་ནས་གྲོགས་པོ་ལས་བུ་བཙས་པ་བདག་ཤིན་ཏུ་དགའ་སྟེ་ཁྱེའུའི་ཕྱིར་གོས་དང་རྒྱན་ཞིག་བསྐུར་གྱིས་ལོང་ཤིག་ཅེས་ཡི་གེ་སྤྲིང་ངོ་། །དེས་སྤྲིང་ཡིག་བཀླགས་ཏེ་སླར་གྱི་ལན་སྤྲིང་བ་དང་། ཁྱིམ་བདག་གཽ་ཏ་མས་དེ་བཀླགས་ནས་བུ་མོ་ཞིག་འབྱུང་དུ་སྨོན་ཏེ་ཆུང་མ་དང་ལྷན་ཅིག་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་ལ་རྩེ་དགའ་ཡོངས་སུ་སྤྱོད་པ་ལས་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ནས་དེ་ཟླ་བ་དགུ་འདས་པ་དང་བཙས་ན་བུ་མོ་ཞིག་བྱུང་སྟེ། གཟུགས་ལེགས་ཤིང་བལྟ་ན་སྡུག་པ་དང་། བཟང་མོ་ཞིག་ན་ཆུང་ཟད་དུ་རིད་ཅིང་ཉམ་ཆུང་བ་ཞིག་ནས་དེ་ཞག་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་ཆེན་པོ་རྒྱས་པར་བྱས་ནས་མིང་འདོགས་པ་ལ་ཞུགས་ཏེ། བུ་མོ་འདི་མིང་ཅིར་གདགས་ཞེས་བགྲོས་པ་དང་། གཉེན་དག་གིས་སྨྲས་པ། བུ་མོ་འདི་རིད་ཅིང་ཉམ་ཆུང་ཁྱིམ་བདག་གཽ་ཏ་མའི་བུ་མོ་སྟེ། དེ་བས་ན་བུ་མོ་འདིའི་མིང་ནི་སྐེམ་མོ་གཽ་ཏ་མ་ཞེས་མིང་དུ་བཏགས་སོ། །ཡུལ་རྡོ་འཇོག་ན་གནས་པའི་ཁྱིམ་བདག་གིས་འདི་ལྟར་འཁོར་མོ་འཇིག་གི་ཁྱིམ་བདག་གཽ་ཏ་མ་ལ་བུ་མོ་ཞིག་བཙས་སོ། །ཞེས་ཐོས་ནས་དེས་བདག་གི་གྲོགས་ལས་བུ་མོ་ཞིག་བཙས་ཏེ་བུ་མོ་དེ་ནི་བདག་གི་མནའ་མར་འགྱུར་བར་ངེས་ཀྱིས་དེ་ལ་གོས་དང་རྒྱན་རྣམས་བསྐུར་བར་རིགས་སྙམ་བསམས་ཏེ། ཁྱིམ་བདག་གཽ་ཏ་མ་ལ་གྲོགས་པོ་བདག་གིས་ནི་ཁྱོད་ལས་བུ་མོ་ཞིག་བཙས་སོ་ཞེས་ཐོས་ནས་བདག་ཤིན་ཏུ་དགའ་སྟེ་གྲོགས་པོའི་བུ་མོ་ལ་གོས་དང་རྒྱན་རྣམས་བསྐུར་གྱིས་ལོང་ཤིག་ཅེས་དེས་སྤྲིང་ངོ་། །དེས་ཡི་གེ་བཀླགས་ཏེ་སླར་གྲོགས་པོ་མཛའ་བོས་བྱས་པ་དེ་ནི་ལེགས་ཏེ། བདག་དང་གཉེན་བྱས་ཏེ་བུ་མོ་སྐྱེས་ནས་བླང་བར་ བྱའོ་ཞེས་ལན་སྤྲིང་ངོ་། །ཁྱིམ་བདག་གཽ་ཏ་མས་ཡི་གེ་བཀླགས་ནས་བུ་མོ་དེ་བུད་མེད་ཀྱིས་བསླབ་པ་རྣམས་སློབ་ཏུ་བཅུག་གོ །ཡུལ་རྡོ་འཇོག་ན་གནས་པའི་ཁྱིམ་བདག་གིས་ཀྱང་བུ་དེ་བསླབ་པ་སློབ་ཏུ་བཅུག་སྟེ། དེས་སྨད་འཚོང་མ་དག་དང་སྔོན་ལྷན་ཅིག་འདུག་འདུག་པ་དེ་ལ་བུ་མོ་འདི་བསླབ་པ་རྣམས་སློབ་ཤིག་པར་གཏད་དོ། །དེས་དེ་ལ་བསླབ་པར་


DKG011_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་སོ། །དེས་ཇི་སྲིད་ཚིག་ཏུ་བསླབས་པ་དང་། དེ་ན་རེ་བདག་གིས་བསླབ་པ་རྣམས་ལོབས་ཀྱིས་ད་ནི་འགྲོའོ། །ཞེས་སྨྲས་པ་དང་། བུད་མེད་དེས་བུ་ལེགས་ཀྱིས་ལོབས་པར་བྱས། ད་དུང་དུ་མ་འགྲོ་ཤིག་ཅེས་སྨྲས་པ་དང་། དེས་མ་མ་བདག་གིས་ལེགས་པར་ལོབས་ཟིན་གྱིས་ང་འགྲོའོ་ཞེས་ཟེར་རོ། །དེས་རྒྱ་སྐྱེགས་ཀྱི་ཐུམ་པོ་ཞིག་ཐོགས་ཏེ་བུ་དེ་སྟེ་ཁྱོད་བཤོལ་བཞིན་དུ་འགྲོ་བར་འདོད་ན་བདག་གིས་མགོ་བོ་བརྡུང་ངོ་། །ཞེས་སྨྲས་པ་དང་། དེས་མ་མ་དེ་ལྟར་མ་བྱེད་དང་བདག་མི་འགྲོ་བར་བྱའོ། །དེ་འདུག་པ་དང་། མོས་སྨྲས་པ། བཀྲེན་པ་ཁྱོད་ན་རེ་ངས་བསླབ་པའི་རྣམས་ལོབས་སོ་ཞེས་ཟེར་ན་ཁྱོད་ཀྱིས་འདི་ཙམ་ཡང་མ་ཤེས་སོ། །གཞན་གྱི་བུའི་ཕྱིར་མགོ་བོ་བརྡུང་། ཁྱོད་ནི་ཤེས་པ་ཅན་མ་ཡིན་ནོ། །དེ་ཡང་ཅི་སྲིད་ཅིག་ཏུ་འདུག་ནས་མ་མ་འགྲོའོ་ཞེས་ཟེར་བ་དང་། མོས་བུ་འདུག་ཤིག་ཅེས་སྨྲས་ཀྱང་དེ་འདུག་ཏུ་མི་བཏུབ་པ་དང་། མོས་བུ་དེ་སྟེ་ཁྱོད་བཤོལ་བཞིན་དུ་ཡང་འགྲོ་བར་འདོད་ན་བདག་གི་ལུས་ཁྲོན་པར་མཆོང་ངོ་ཞེས་སྨྲས་པ་དང་། དེས་མ་མ་དེ་ལྟར་ན་བདག་མི་འགྲོས་མ་བྱེད་ཅིག་འདུག་གོ་ཞེས་སྨྲས་པ་དང་། མོས་སྨྲས་པ་བཀྲེན་པ་ཁྱོད་ན་རེ་ངས་བསླབ་པ་རྣམས་ལོབས་ཟིན་ཏོ་ཞེས་ཟེར་ན། འདི་ཙམ་ཀྱང་ཁྱོད་ཀྱིས་མི་ཤེས་ཏེ། འདི་ལྟར་གཞན་གྱི་བུའི་ཕྱིར་བདག་ཉིད་ཁྲོན་པར་ཅིའི་ཕྱིར་མཆོང་སྟེ། ཁྱོད་འདུག་ཏུ་མ་བཏུབ་ན་བདག་གིས་ཁྲོན་པའི་ནང་གློད་བཅས་པ་དེར་བདག་འདུག་ཏུ་ཟད་ཀྱི་ཁྱོད་ཤེས་པ་ཅན་མ་ཡིན་གྱིས་འདུག་ཤིག །དེས་ཀྱང་ཇི་སྲིད་ཅིག་ཏུ་འདུག་ནས་མ་མ་མཆིའོ་ཞེས་སྨྲས་པ་དང་། མོས་སྨྲས་པ། བུ་དེ་སྟེ་འདི་ལྟར་ངུས་ཀྱིས་ཐེན་ན་སྡོད་ལ་འོ་ཐུག་བཙོས་ཏེ་འཐུང་ལ་སོང་ཤིག །དེ་འདུག་པ་དང་། དེས་འོ་ཐུག་བཙོས་ཏེ་དེ་ཉིད་ཀྱི་མདུན་དུ་ སྣོད་དུ་མར་དང་སྦྲང་རྩིས་བཏབ་སྟེ་འཐུངས་ནས་སྣོད་དེ་ཉིད་དུ་སླར་སྐྱུགས་སོ། །སྐྱུགས་ནས་ཡང་རྫེའུ་དེ་ཉིད་དུ་བླུགས་ནས་མོས་བུ་ཚུར་ཤོག །འདི་འཐུང་ཤིག་ཅེས་སྨྲས་པ་དང་། དེས་མ་མ་འདི་ནི་སྐྱུགས་པ་ཡིན་ན་ཇི་ལྟར་བཏུང་ཞེས་སྨྲས་པ་དང་། མོས་ངུ་བ་ལྟར་བྱས་པ་དང་། ཁྱིམ་ཚེས་དེ་དག་གིས་ཐོས་ནས་དེ་དག་ཐམས་ཅད་


DKG011_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཏེ་ཀྱེ་ཅིའི་ཕྱིར་ངུ་ཞེས་དྲིས་པ་དང་། དེས་ཇི་ལྟར་གྱུར་པ་ཐམས་ཅད་ཞིབ་ཏུ་སྨྲས་ནས་དེ་དག་གིས་བུ་ཁྱོད་ཀྱི་ཕྱིར་ཐུག་པ་འདི་སྦྱར་ན་ཅིའི་ཕྱིར་མི་འཐུང་ཞེས་སྨྲས་པ་དང་། དེས་ཀྱེ་འདི་ནི་སྐྱུགས་པ་ན་སྐྱུགས་པ་ཇི་ལྟར་བཏུང་ཞེས་སྨྲས་སོ། །དེ་ཕྱི་ཕྱིར་བྲང་བརྡུངས་ཏེ་ངུ་ཞིང་འདུག་ནས། ཀྱེ་ཅིའི་ཕྱིར་ཁོ་མོས་འདི་ལ་སྐྱུགས་པ་བླུད་ཅེས་སྨྲས་པ་དང་། དེ་འཁོར་གྱི་ཁྱིམ་ཚེས་དེ་དག་གིས་ནན་གྱིས་བླུད་ནས་དེས་འཐུང་བར་བརྩམས་པ་དང་། མོས་དེའི་ལག་པ་ནས་བཟུང་སྟེ། གདོང་དུ་ཐལ་མོ་ཞིག་བརྒྱབ་ནས་སྨྲས་པ། བཀྲེན་པ་ཁྱོད་ན་རེ་ངས་བསླབ་པ་རྣམས་ལོབས་སོ་ཞེས་ཟེར་ན། ཇི་ལྟར་ན་ཁྱོད་ཀྱིས་བསླབ་པ་རྣམས་ལོབས་འདི་ལྟར་ཁྱོད་ཀྱིས་མངོན་སུམ་དུ་སྐྱུགས་པ་མཐོང་ཡང་འཐུང་བར་ཤོམ་ན་ཁྱོད་ནི་ཤེས་པ་ཅན་མ་ཡིན་ནོ་ཞེས་སྨྲས་ནས་དེས་དེ་བསྐྲད་དེ་བཏང་ངོ་། །དེ་དུས་ཕྱི་ཞིག་ན་ཚོང་པ་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཟོང་ཁྱེར་ཏེ་ཡུལ་གྱི་དབུས་སུ་དོང་ངོ་། །དེས་ཚོང་པ་དེ་དག་གི་མདུན་དུ་ཕྱི་ཕྱིར་ཞིང་བུད་མེད་ལ་སྨོད་དོ། །དེ་དག་རིམ་བཞིན་དུ་འཁོར་མོ་འཇིག་ཏུ་ཕྱིན་ཏོ། །ཚོང་པ་དེ་དག་སྔོན་ནི་སྨད་འཚོང་མ་དེ་དག་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་དག་ཀྱང་དེ་དང་བསྟེན་པས་ཀྱང་བུད་མེད་ལ་སྨོད་དེ་སྨད་འཚོང་མ་གང་གི་ཁྱིམ་དུ་ཡང་མི་འདོང་བ་དང་། སྨད་འཚོང་མ་དེ་དག་གཅིག་ལ་གཅིག་གྲོས་བྱེད་དེ། དེ་དག་ལས་གཅིག་གིས་ཆེ་ཞེ་སྔོན་ནི་ཡུལ་རྡོ་འཇོག་གི་ཚོང་པ་དག་ལྷགས་ནས་དེ་དག་ཡུ་བུ་ཅག་དང་ལྷན་ཅིག་ཏུ་ཡོངས་སུ་སྤྱོད་པར་འོང་ན་ད་ནི་ཐམས་ཅད་ཀྱང་འདོད་ཆགས་དང་བྲལ་བར་གྱུར་ཏེ། སུ་ཡང་བདག་ཅག་དང་ལྷན་ཅིག་ཡོངས་སུ་མི་སྤྱོད་དོ་ཞེས་སྨྲས་པ་དང་། གཞན་གྱིས་ཆེ་ཞེ་བདག་གིས་ནི་དེ་དག་གི་དེད་དཔོན་དེ་ནི་གཡེམ་པའི་ཆོ་ག་ལ་མཁས་ པས་བུད་མེད་ལ་ཤིན་ཏུ་སྤྱོད་དོ་ཞེས་ཐོས་སོ། །དེ་དང་བསྟེན་པས་ན་དེ་དག་ཀུན་ཀྱང་བདག་ཅག་དང་ལྷན་ཅིག་ཏུ་མི་སྤྱོད་དོ་ཞེས་སྨྲས་པ་དང་། དེ་དག་གི་ནང་ནས་སྨད་འཚོང་མ་རྒན་མོ་ཞིག་གིས་སྨྲས་པ། བུ་མོ་དེ་སྐྱེས་པ་ཡིན་ནམ་འོན་ཏེ་མ་ཡིན། དེ་དག་གིས་ཆེ་ཞེ་དེ་ནི་སྐྱེས་པ་སྟེ་སྐྱེས་པའི་དབང་པོ་དང་ལྡན་པའོ་ཞེས་སྨྲས་པ་དང་།


DKG011_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དེས་དེ་སྟེ་བདག་གི་བུ་མོས་དེ་བསྒྱུར་ན་དེ་སྟེ་ཁྱོད་ཀྱིས་དཔོན་མོར་གཞུག་གམ་ཞེས་སྨྲས་པ་དང་། དེ་དག་གིས་གཞུག་ཏུ་མི་རུང་ན་དེ་སྟེ་མ་འགྱུར་ན་ཁྱོད་ཀྱིས་ཅི་སྦྱིན་ཞེས་སྨྲས་པ་དང་། མོས་སྨྲས་པ། ཀཱར་ཥཱ་པ་ཎ་ལྔ་བརྒྱ་ཁྱོད་ལ་སྦྱིན་ནོ། །དེ་དག་གིས་སྨྲས་པ། ལེགས་ཀྱིས་དེ་བཞིན་བྱའོ། །དེ་ནས་བུད་མེད་རྒན་མོ་དེས་དེ་དག་དང་ཉེ་བའི་ཁྱིམ་ཞིག་གླས་ནས་སྣོད་སྤྱད་མང་དུ་བསགས་པ་དང་། དེ་དེད་དཔོན་དེའི་ཁྱེའུ་དག་དེར་འོངས་ཤིང་ལྷགས་ཏེ་སྣོད་སྤྱད་དག་རྙེན་ནོ། །དེས་དེ་དག་ལ་བུ་ཁྱེད་སུ་ཞེས་དྲིས་པ་དང་། དེ་དག་གིས་སྨྲས་པ། མ་མ་བདག་ཅག་ནི་ཡུལ་རྡོ་འཇོག་གི་དེད་དཔོན་གྱིའོ། །དེས་སྨྲས་པ། བུ་བདག་གི་བུ་ཡང་དེད་དཔོན་ཡིན་ཏེ་ཟོང་ཁྱེར་ནས་ཡུལ་གཞན་དུ་སོང་ན། དེའི་ཁྱེའུ་དག་ཀྱང་ཇི་ལྟར་ཁྱེད་བཞིན་དུ་དེ་དག་ཀྱང་གཞན་ལས་སྣོད་རྙེན་པ་སྙམ་གྱིས་དེ་བས་ན་ཁྱིམ་འདི་ན་སྣོད་ཡོད་པ་དེ་དག་ཀུན་ཁྱེད་ཅག་ཉིད་ཀྱི་དང་འདྲས་ཅི་བདེ་བར་སྤྱོད་ཅིག །དེ་ནས་སྣོད་སྤྱད་ཉིན་གཅིག་བཞིན་བླངས་ཤིང་འོངས་པ་དང་། དེ་དག་ལ་དེད་དཔོན་གྱིས་ཀྱེ་ཁྱེད་ལ་ཉིན་གཅིག་བཞིན་སྣོད་སྤྱད་དང་ཡོ་བྱད་སུས་བྱིན་ཞེས་དྲིས་པ་དང་། དེ་དག་གིས་དེད་དཔོན་གནས་འདི་ནི་དེད་དཔོན་གྱི་མ་ཞིག་འདུག་སྟེ། དེ་ན་རེ་བདག་གི་བུ་ཡང་ཡུལ་གཞན་དུ་ཟོང་ཁྱེར་ཏེ་སོང་ན་དེའི་ཁྱེའུ་དག་ཀྱང་འདི་ལྟར་ཁྱེད་བཞིན་དུ་གཞན་ལས་སྣོད་སྤྱད་རྙེན་དུ་གདོན་མི་ཟས་དེ་ལྟ་བས་ན་ཁྱིམ་འདི་ན་སྣོད་སྤྱད་ཡོད་པ་དེ་དག་ཀུན་ཁྱེད་ཅག་ཉིད་ཀྱི་དང་འདྲས་ཅི་བདེར་སྤྱོད་ཅིག་ཅེས་མཆི་སྟེ། དེ་ནས་སྣོད་སྤྱད་འཚལ་ཞིང་མཆིའོ་ཞེས་སྨྲས་པ་དང་། དེས་དེ་ལ་བྱམས་པ་སྐྱེས་ནས། ཀྱེ་ཁྱེད་དེ་ལ་དེ་དང་བྱམས་པར་བྱེད་ན། དེ་བདག་གི་ཡང་མ་ཡིན་ནོ་ཞེས་སྨྲས་སོ། །དེ་དག་གིས་དེ་ལ་སྨྲས་པ། མ་མ་དེད་དཔོན་ནི་ཁྱེད་ལ་ཡོན་ཏན་ཤིན་ཏུ་བརྗོད་དོ། །འདི་ལྟར་ ཁྱེད་ལ་ཀུན་སྦྱོར་བ་དེ་བདག་གི་ཡང་མ་ཡིན་ནོ་ཞེས་ཟེར་རོ། །མོས་དེ་ལྟར་ན་བུ་མཐོང་ཡང་ཅི་མ་རུང་ཞེས་སྨྲས་པ་དང་། དེ་དག་གིས་ཀྱང་མ་མ་ལེགས་ཀྱིས་དེད་དཔོན་ལ་བགྱིའོ་ཞེས་སྨྲས་ནས་དེ་དག་གིས་དེ་ལ་དེད་དཔོན་མ་མ་ནི་ཁྱེད་ལ་ལྟ་བར་འཚལ་ལོ་ཞེས་སྨྲས་པ་དང་། དེས་ཀྱང་


DKG011_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་ལེགས་ཀྱིས་འདོང་ངོ་ཞེས་སྨྲས་ནས་དེ་དེའི་ཁྱིམ་དུ་སོང་ངོ་། །མོས་དེ་བསྟི་སྟང་དུ་བཅས་པས་བདེ་བར་འོངས་སམ་ཞེས་བྱ་བའི་ཚིག་སྙན་པ་བརྗོད་དེ་བུ་བདག་གི་བུ་ཡང་ཁྱོད་ཅི་འདྲ་བ་བཞིན་ནོ་ཞེས་སྨྲས་པ་དང་དེས་ཀྱང་མིང་སྨོས་སོ། །མོས་སྨྲས་པ། བུ་དེའི་མིང་ཡང་དེ་བཞིན་ཏེ། མདོར་ན་ཁྱོད་དང་དེ་གཉིས་བདག་གི་བུ་ཁྱད་པར་མེད་ཀྱིས་ཁྱོད་གཞན་དུ་མ་སེམས་ཤིག་ཅེས་སྨྲས་སོ། །དེས་སྨྲས་པ། མ་མ་དེ་ལྟར་ན་དེ་བཞིན་ཏེ་དེ་ཉིད་བདག་སྟེ། ཁྱོད་ཀྱི་བུ་དང་ཁྱད་པར་མེད་དོ། །དེས་ཁྱིམ་བདག་གི་ཆུང་མ་དེས་བུ་མོ་བོས་ཏེ་བུ་མོ་ཚུར་ཤོག །མིང་པོའི་ཞབས་ལ་ཕྱག་འཚོལ་ཅིག་ཅེས་བོས་སོ། །དེའི་ཕྱིར་བྱུང་ན་ན་ཚོད་དང་དེས་དེའི་གཟུགས་བཟང་པོ་དར་ལ་བབ་ཅིང་མཛེས་པ་མཐོང་ནས་རླུང་གི་ཤུགས་བཞིན་དུ་འདོད་ཆགས་ཀྱི་མཐུས་ཡོག་པས་ན་བདག་ཉིད་ཀྱིས་མ་ཚོར་བར་གྱུར་ཏེ། དེས་དེ་ལ་ཀུན་དུ་བརྟགས་ནས་མ་མ་བུ་མོ་འདི་སུའི་ཞེས་དྲིས་པ་དང་། མོས་སྨྲས་པ། བུ་ཁྱོད་ཉིད་ཀྱི་སྲིང་མོ་ཡིན་ནོ། །དེས་སྨྲས་པ། མ་མ་གཞན་ལ་བྱིན་ནམ་མ་བྱིན། མོས་སྨྲས་པ། བུ་འདི་སུ་ལ་ཡང་མ་བྱིན་ནོ། །དེས་དེ་སྟེ་དེ་ལྟར་ན་ཁོ་བོ་ལ་ཅི་ཕྱིར་མི་སྦྱིན་ཞེས་སྨྲས་པ་དང་། མོས་སྨྲས་པ། བུ་གཞན་ལྟ་སུ་ཞིག་ལ་སྦྱིན། ཅུང་ཟད་དུ་ན་ཁྱོད་ལ་ཉེས་པ་ཞིག་ཡོད་དེ། ཁྱེད་ནི་བཤེས་མི་བརྟན་པས་ཆུང་མར་བླངས་ཤིང་བླངས་ནས་བོར་ཞིང་འདོང་ངོ་། །དེས་སྨྲས་པ། མ་མ་སྩོལ་ཅིག་དང་མི་འདོར་བར་མཐོན་དམན་དུ་ཁྲིད་དེ་མཆིའོ། །མོས་སྨྲས་པ། བུ་ཁྱོད་ཀྱིས་བདག་གི་རྫས་ཐམས་ཅད་འདིར་བསྐྱས་ཏེ་བཞག་ན་གདོང་མཐོན་དམན་དུ་ཁྲིད་ཅི་འགྲོ་བར་ཁོ་མོ་ཡིད་ཆེས་སོ། །དེས་སྨྲས་པ། མ་མ་དེ་ལྟར་ན་གཞག་པར་བྱའོ། །དེས་དེའི་ཁྱིམ་དུ་རྫས་རྣམས་བསྐྱས་ན། དེའི་ཁྱིམ་གཉིས་ཡོད་དེ་དེས་ནི་སྒོ་གཅིག་ནས་ནང་དུ་བསྐྱས་ན། མོས་ཀྱང་སྒོ་གཉིས་པ་ནས་གུད་དུ་བསྐྱས་སོ། ། ནམ་དེས་ནོར་རྫས་ཐམས་ཅད་བསྐྱས་པ་དང་། མོས་ཀྱང་གུད་དུ་བསྐྱས་ནས་གདོད་དེ་ལ་བུ་མོ་བྱིན་ནོ། །དེས་ཞག་དང་ཚེས་གྲངས་དང་མཐུན་པར་སྦྱར་ཏེ་བག་མ་ལེན་པའི་ཚེ་མོས་སྨད་འཚོང་མ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཀུན་མགྲོན་


DKG011_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བོས་ཏེ་དེས་བག་མ་བླང་བ་དེ་ན་ཕན་ཚུན་དུ་རྒྱུ་ཞིང་འཁོད་པ་དང་། དེད་དཔོན་དེས་སྨྲས་པ། མ་འདི་ན་ཐམས་ཅད་ཀྱང་བུད་མེད་དེ་སྐྱེས་པ་གཅིག་ཀྱང་མེད་དམ། དེས་བརྒྱངས་སོ། །གཞན་ཞིག་གིས་དེའི་རྣ་དྲུང་དུ་གསང་སྟེ། དེད་དཔོན་འདི་ལྟ་བུར་གྱུར་པ་ཁྱོད་ཀྱིས་མ་ཤེས་སམ། བདག་ཅག་ཀུན་ཀྱང་སྨད་འཚོང་མ་ཡིན་ན། སྐྱེས་པ་ག་ལ་ཡོད་ཅེས་སྨྲས་པ་དང་། དེས་བདག་གིས་ནི་སྨད་འཚོང་མ་ཞིག་བླངས་བ་ལྟ་སྟེ། མདོར་ན་འདི་ནི་བདག་བསླུས་སོ་སྙམ་དུ་བསམས་སོ། །བུ་མོ་ང་ཡང་དེ་དང་ལྷན་ཅིག་ཇི་སྲིད་ཅིག་ཏུ་ལོངས་སྤྱོད་དེ་ཇོ་བོ་ཀཱར་ཥཱ་པ་ཎ་སྩོལ་ཅིག་ཅེས་སྨྲས་པ་དང་། དེས་སྨྲས་པ། བཟང་མོ་བདག་གི་ནོར་རྫས་ཅི་ཡོད་དོ་ཅོག་ཐམས་ཅད་འདིར་བསྐྱས་ཏེ། འོངས་ན་བདག་ལ་ཀཱར་ཥཱ་པ་ཎ་གཞན་ག་ལ་ཡོད་ཅེས་སྨྲས་པ་དང་། དེ་གཉིད་ཀྱིས་ཤིན་ཏུ་ལོག་པ་དང་མོས་རེ་ལྡེའི་ནང་དུ་དཀྲིས་ཏེ་ཚོང་དུས་ཀྱི་དབུས་སུ་བོར་རོ། །ནང་པར་ནམ་ནངས་པ་དང་གྲོང་ཁྱེར་ན་གནས་པའི་སྐྱེ་བོ་མང་པོ་དག་འོངས་ཤིང་འདོང་བས་སད་པར་བྱས་ནས་བདག་གིས་བལྟས་པ་དང་། དེས་བདག་ཉིད་མི་རིགས་པ་མཐོང་ནས་སེམས་དང་སེམས་ལས་བྱུང་བའི་རྒྱུ་བ་རྣམས་ཉམས་ཏེ་མིག་མཆི་མས་གང་ནས་འཁོར་མོ་འཇིག་གི་ཚོང་དུས་དང་། སྲང་དང་ལམ་གྱི་བཞི་མདོ་དང་། སུམ་མདོ་དག་ན་འཁྱམས་པ་ལས་བཀྲེས་པས་གཟིར་ཏེ་ཟས་ཚོལ་བའི་ཕྱིར་གླ་མི་དག་གནས་པར་སོང་ནས་འདུག་གོ །དེའི་ཚེ་ན་ཁྱིམ་བདག་གཽ་ཏ་མའི་ཁྱིམ་རྩིག་སྟེ། དེར་གླ་མི་རྣམས་ཚོལ་བ་ལས་དེ་མི་གཞན་ཞིག་གིས་ཁྱིམ་བདག་གཽ་ཏ་མ་དྲུང་དུ་ཁྲིད་པ་དང་། དེས་དེ་མཐོང་ནས་ཀྱེ་འདི་ནི་རབ་ཏུ་གཞོན་ཞིང་ཤིན་ཏུ་གཞོན་པ་ཞིག་སྟེ་སྔོན་སུའི་ལས་ཀྱང་མ་བྱས་པ་ཞིག་གིས་གཞན་ཞིག་ཚོལ་ཅེས་སྨྲས་པ་དང་། དེའི་མིག་མཆི་མས་གང་བཞིན་དུ་ཁྱིམ་བདག་གཽ་ཏ་མའི་གདོང་དུ་ལྟའོ། །དེ་ལ་ཁྱིམ་བདག་གཽ་ཏ་མས་བུ་ཁྱོད་སུའི་ཡིན་གང་ནས་འདིར་འོངས་པ་སྨྲོས་ཤིག་ཅེས་དྲིས་པ་དང་། དེ་སྙིང་རྗེ་ཞིང་དམན་ལ་སྡུག་བསྔལ་བས་མིག་མཆི་མས་ གང་སྟེ་ཚིག་ཀྱང་བརྣངས་བཞིན་དུ་ངལ་ནས་སྨྲས་པ། ཕ་བདག་ནི་བྱང་ཕྱོགས་ན་རྡོ་འཇོག་གི་གྲོང་ཁྱེར་དེ་ནས་སྔོན་གྱི་ལས་ཀྱིས་འདིར་བདེ་བར་


DKG011_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ན་ད་ནི་གར་མཆིས་ཀྱང་མ་འཚལ་ཏེ། བར་མ་དོར་དུས་ལས་འདའ་བ་ཞིག་ཏུ་འགྱུར་ཡང་མ་འཚལ་ལོ་ཞེས་སྨྲས་པ་དང་། དེས་དེའི་ཉམས་དང་ཚིག་གི་རྒྱུད་ཐོས་ཏེ། ཁྱིམ་བདག་གཽ་ཏ་མས་དེ་ལ་ཡིད་ཀྱིས་སྡུག་པར་གྱུར་ཏེ། བུ་རྡོ་འཇོག་ན་གནས་པའི་སྐྱེ་བོ་མང་པོ་དག་ཁྱོད་ཀྱིས་ཤེས་སམ་ཞེས་དྲིས་སོ། །ཕ་འཚལ་ཏོ། །བུ་ཁྱིམ་བདག་འདི་ཞེས་བྱ་བ་ཁྱོད་ཀྱིས་ཤེས་སམ། ཕ་དེ་ནི་བདག་སྐལ་བ་ཉམས་པའི་ཕ་ལགས་ཏེ་འཚལ་ལོ། །ཁྱིམ་བདག་གཽ་ཏ་མ་ཡིད་ལ་ཡང་ཤིན་ཏུ་སྡུག་པར་གྱུར་ནས་བུ་མི་དགའ་བར་བྱ་མི་དགོས་ཀྱིས་མ་ངུ་ཤིག །ཁྱོད་ནི་ངའི་མག་པར་འགྱུར་ཏེ་ཁྱིམ་འདི་དག་ཁྱོད་ཉིད་ཀྱི་ཡིན་ནོ་ཞེས་སྨྲས་ཏེ། དེ་ཡང་སྤྲོ་བ་སྲིངས་ཏེ་དེ་ཡང་མི་དགའ་བ་དང་བྲལ་ལོ། །ཁྱིམ་བདག་གཽ་ཏ་མས་བྱུག་པ་དང་། བཟའ་བ་དང་། བཏུང་བ་དང་། གོས་དང་རྒྱན་དང་། ཁྱིམ་དང་། མལ་སྟན་དང་། གཡོག་དང་། དགའ་བའི་ཚིག་གིས་ངལ་བསོས་ཏེ་ཆུང་མ་ལ་སྨྲས་པ། བཟང་མོ་ཁྱོད་ཀྱི་མག་པ་འོངས་ཏེ། བུ་མོ་བག་མར་གཏང་གིས་སྟ་གོན་བྱོས་ཤིག །དེས་དེའི་ཉི་མ་དང་། ཚེས་གྲངས་དང་། སྐད་ཅིག་མ་དང་། སྐར་མ་དག་བརྟགས་ཏེ། རིམ་བཞིན་དུ་བཤམས་ནས་ཕུ་ནུ་དང་། མཛའ་བོ་དང་། གཉེན་བཤེས་སུ་བཅས་པས་བུ་མོ་ལོང་ཤིག་ཅེས་སྨྲས་པ་དང་། དེས་ཕ་སྐད་ཅིག་མི་བླང་གི་ནོར་རྣམས་ཇེ་བཙལ་བར་བྱའོ་ཞེས་སྨྲས་པ་དང་། དེས་བུ་ཁྱིམ་ན་ནོར་ཡོད་པ་འདི་དག་ཐམས་ཅད་ཁྱོད་ཀྱི་ཡིན་ནོ། །ནོར་གྱིས་ཅི་ཞིག་བྱ་ཞེས་སྨྲས་པ་དང་། དེ་ཡང་སྨད་འཚོང་མ་དེ་ལ་འཁོན་ལན་གློན་པར་འདོད་ནས་སྨྲས་པ། ཕ་དེ་ནི་དེ་ལྟ་ལགས་མོད་ཀྱི་བདག་མི་མ་རབས་བཞིན་དུ་བག་མ་མི་ལེན་ཏོ་ཞེས་སྨྲས་པ་དང་། དེ་ཅང་མི་ཟེར་བར་འདུག་གོ། །དེ་འཁོར་མོ་འཇིག་ནས་བྱུང་སྟེ་ཡན་མན་དུ་འཁྱམ་ཞིང་འདུག་པ་ལས་ཆུ་འགྲམ་དུ་སོང་བ་དང་། ཆུ་དེའི་ནང་ནས་མི་རོ་ཞིག་ཁྱེར་འོངས་ཏེ། བྱ་རོག་ཞིག་ཆུའི་འགྲམ་དུ་འདུག་ནས་མི་རོ་དེ་ཟ་བར་འདོད་ན་མཆུས་མ་སླེབས་སོ། །དེ་ནས་མཆུ་དེ་ཤིང་བུ་ཞིག་ལ་བདར་བ་དང་། རིང་པོ་ཞིག་ཏུ་གྱུར་ཏེ་དེས་རོ་དེ་ཟོས་ སོ། །དེ་ནས་ཡང་དེས་ཤིང་གཞན་ཞིག་ལ་མཆུ་བདར་བ་དང་། ཇི་ལྟར་སྔ་མ་བཞིན་


DKG011_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་ཏོ། །དེད་དཔོན་དེས་ཀྱང་ལག་པས་ཤིང་བུ་དེ་གཉིས་བླངས་ཏེ་ཁྱིམ་དུ་སོང་ངོ་། །དེ་ནས་ཀཱར་ཥཱ་པ་ཎ་ལྔ་བརྒྱ་ཁྱེར་ནས་སྨད་འཚོང་མ་དེའི་ཁྱིམ་དུ་སོང་སྟེ་བཟང་མོ་ཁྱོད་ཀྱིས་བདག་ལ་ཀཱར་ཥཱ་པ་ཎ་མེད་པའོ་ཞེས་བསྐྲད་ན། ད་ནི་ཀཱར་ཥཱ་པ་ཎ་འདི་རེ་ཡོངས་སུ་སྤྱད་ཀྱིས་ཚུར་ཤོག་ཅེས་སྨྲས་པ་དང་། དེ་ཡང་ཀཱར་ཥཱ་པ་ཎ་ལ་ཆགས་ནས་དེ་དང་ལྷན་ཅིག་ཏུ་ཡོངས་སུ་སྤྱད་དོ། །དེ་ནས་དེད་དཔོན་དེས་དེ་ལ་ཡོངས་སུ་སྤྱད་དེ། དེའི་སྣ་ཤིང་བུ་དེས་བདར་བ་དང་ཤིན་ཏུ་རིང་བར་གྱུར་ནས་དེས་སྨན་པ་ཐམས་ཅད་བཀུག་སྟེ་བསྟན་ན་ཡང་དེ་དག་གིས་སྨན་དཔྱད་བྱ་བར་མ་ནུས་ཏེ། དེ་ལྟར་དེ་སྨན་པ་ཐམས་ཅད་ཀྱིས་སྤངས་པ་དང་། དེས་དེད་དཔོན་ལ་ཇོ་བོ་བཟོད་པར་གསོལ། འདིའི་སྨན་དཔྱད་མཛོད་ཅིག་ཅེས་སྨྲས་པ་དང་། དེས་སྨྲས་པ། དེ་སྟེ་ཁྱེར་བ་དེ་ཀུན་སླར་སྦྱིན་པར་དམ་བཅའ་ན་གདོད་བྱའོ། །མོས་ཇོ་བོ་ཉི་རིམ་དུ་ཡང་སླར་འབུལ་གྱིས་མཛོད་ཅིག་ཅེས་སྨྲས་པ་དང་། དེས་ཤིང་བུ་གཉིས་པས་བདར་ན། ཇི་ལྟར་སྔ་མ་བཞིན་དུ་གྱུར་ཏེ་དེས་ཟོང་ཅི་ཁྱེར་བ་ཐམས་ཅད་དེ་ལ་སླར་བྱིན་ནོ། །དེ་ནས་དེད་དཔོན་དེས་བུ་མོ་སྐེམ་མོ་གཽ་ཏ་མཱི་དཔལ་ཆེན་པོ་དང་སྦྱར་ཏེ་བག་མར་བླངས་སོ། །ཁྱིམ་བདག་གཽ་ཏ་མ་རི་བྲགས་ཀྱི་གྲོང་གཞན་ཞིག་ན་ཞིང་རྨེད་དེ། དེས་མག་པ་དེ་ལ་སྨྲས་པ། བུ་ཁྱོད་ཀྱིས་ཆུང་མ་འདི་ཁྲིད་ལ་རི་བྲགས་ཀྱི་གྲོང་འདི་ཞེས་བྱ་བར་འདུག་ཤིག །དེས་དེ་ལ་རི་བྲགས་གྲོང་གི་ཞིང་ཐམས་ཅད་བྱིན་ནས་དེས་སྐེམ་མོ་གཽ་ཏ་མཱི་ཤིང་རྟ་ལ་ཞོན་ཏེ་དེར་སོང་ནས་འདུག་གོ །དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་དེ་ལ་རྩེ་དགའ་ཡོངས་སུ་སྤྱོད་པ་ལས་དུས་ཕྱི་ཞིག་ན་སྐེམ་མོ་གཽ་ཏ་མཱི་སེམས་ཅན་དང་ལྡན་པར་གྱུར་ནས་དེ་བུ་འབྱུང་བའི་དུས་ལ་བབ་པ་དང་། ཇོ་བོ་བདག་བུ་བཙར་ཉེས་བདག་གཉེན་གྱི་ཁྱིམ་དུ་མཆིའོ། །དེར་བདག་ལ་བདག་གི་མ་གཡོག་བགྱིད་དོ་ཞེས་སྨྲས་པ་དང་། དེས་ཀྱང་ལེགས་སོ་ཞེས་སྨྲས་ནས་དེས་བུ་མོ་གཉེན་གྱི་ཁྱིམ་དུ་བསྐྱལ་བ་དང་། དེ་ལ་དེར་བཙས་ན་བུ་ཁྱེའུ་ཞིག་བྱུང་ནས་ཞག་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་ སྟོན་ཆེན་པོ་རྒྱས་པར་བྱས་ཏེ་རིགས་དང་མཐུན་པའི་མིང་བཏགས་ནས། དེས་ཁྱེའུ་དེ་ཁྱེར་ཏེ་སླར་རི་བྲགས་


DKG011_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གྲོང་ཉིད་དུ་འོངས་སོ། །དེ་ཕྱིས་ཡང་སེམས་ཅན་དང་ལྡན་པར་གྱུར་ནས་བུ་འབྱུང་བའི་དུས་སུ་བབ་པ་དང་། ཇོ་བོ་བུ་འབྱུང་བའི་དུས་ལ་བབ་ཀྱིས་གཉེན་གྱི་ཁྱིམ་དུ་མཆིའོ། །དེར་བདག་ལ་མ་བདག་གི་གཡོག་བགྱིད་དོ་ཞེས་སྨྲས་པ་དང་། དེས་ཀྱང་བཟང་མོ་ལེགས་ཀྱིས་འདོང་བར་བྱའོ་ཞེས་སྨྲས་པ་དང་། དེས་མ་དང་བུར་བཅས་ཏེ་ཤིང་རྟ་ལ་བསྐྱོན་ནས་དོང་བ་དང་། དེ་ལམ་གྱི་ཕྱེད་དུ་བུ་བཙས་པར་གྱུར་ཏོ། །དེས་བུ་བཙས་པར་མཐོང་ནས་ཤིང་རྟ་ལ་བབས་ཏེ་ཤིང་གཞན་ཞིག་གི་དྲུང་དུ་འདུག་པ་དང་དེ་ཉིད་དུ་གཉིད་ཀྱིས་ལོག་གོ །དེ་གཉིད་ཀྱིས་ཆེར་ལོག་པ་དང་སྦྲུལ་གདུག་པས་ཟིན་ནས་དུས་ལས་འདས་སོ། །མོ་ཡང་ཤིང་རྟའི་སྟེང་ཉིད་དུ་བུ་ཁྱེའུ་ཞིག་བཙས་ཏེ་དེ་ཤིང་རྟ་ལས་བབས་ནས་ཤིང་དྲུང་དུ་སོང་སྟེ། ཇོ་བོ་ཁྱོད་ཀྱི་བུ་ཁྱེའུ་ཞིག་བཙས་ཀྱིས་དགྱེས་པ་སྐྱེད་ཅིག་ཅེས་སྨྲས་པ་དང་། དེ་སེམས་མེད་པས་ལན་མ་གླན་ནོ། །དེས་ལག་པས་བསྒུལ་ཏེ་བརྟགས་ན་དུས་ལས་འདས་པ་མཐོང་ངོ་། །མོ་དེ་ན་ངུ་བར་གྱུར་པ་དང་། བ་ལང་ཡང་མ་བྱིན་པར་ལེན་པས་ཕྲོགས་སོ། །དེ་ནས་དེ་རིང་ཞིག་ཏུ་ངུས་ནས་མི་དགའ་བ་སྐྱེས་ཏེ་ཕྱོགས་བཞིར་བལྟས་ཏེ་དེས་བུ་ད་གཟོད་བཙས་པ་ནི་པང་དུ་ཐོགས་སྔ་མ་ནི་ལག་པ་ནས་བཟུང་སྟེ་སོང་བ་དང་། དེ་ན་དུས་མ་ཡིན་པའི་སྤྲིན་ཆེན་པོ་ལངས་ཏེ་དེས་མཚོ་དང་། ལྟེང་ཀ་དང་། ཁྲོན་པ་དག་ཆུས་གང་ནས་དེའི་ལམ་ཀ་ན་ཆུ་བོ་རྒལ་དགོས་པར་གྱུར་ནས། དེས་བསམས་པ་དེ་སྟེ་ཁྱེའུ་དང་ལྷན་དུ་རྒལ་ན་ནི་བདག་ཀྱང་མེད་ཁྱེའུ་ཡང་མེད་པར་འགྱུར་ན་རེ་ཞིག་ཁྱེའུ་ཇེ་བསྒྲལ་ལོ། །ཕུ་བོ་དེ་ཆུ་བོའི་འགྲམ་དུ་བཞག་སྟེ་ཆུང་ངུ་ཁྱེར་ཏེ་རྒལ་ཏོ། །དེ་ནས་དེ་ཡང་འགྲམ་དུ་བཞག་སྟེ་ཕུ་བོའི་ཕྱིར་ཡང་རྒལ་ཏེ་ཆུ་བོ་ཕྱེད་དུ་ཕྱིན་པ་དང་ཁྱེའུ་ཆུང་ངུ་དེ་ཝས་ཁྱེར་རོ། །དེ་ནས་མོས་ཆུ་བོའི་དབུས་སུ་འདུག་སྟེ་ལག་པ་གཡབས་ནས་ཀུ་ཀུ་ཞེས་བོས་པ་དང་། ཁྱེའུ་ཕུ་བོ་དེ་མ་བདག་ལ་བོད་དོ་སྙམ་བསམས་ནས་དེ་ཆུའི་ནང་དུ་མཆོངས་པ་དང་། ཆུ་འགྲམ་ཡང་གད་པ་ཆད་པ་ཞིག་སྟེ་ ལྷུང་མ་ཐག་ཏུ་དུས་ལས་འདས་ནས་དེ་ནས་མོ་རིངས་ཤིང་མྱུར་བར་བྱུང་སྟེ། ཝ་དེའི་རྗེས་བཞིན་དུ་བསྙགས་པ་དང་དེས་དེ་བོར་ཏེ་སོང་ནས་དེ་ལ་བལྟས་ན་དུས་ལས་འདས་པར་མཐོང་


DKG011_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་མོས་ངུས་ནས་དེ་ཆུར་བོར་ཏེ། དེ་ནས་བུ་ཆེན་པོ་དེ་ཡང་ཆུས་ཁྱེར་བར་མཐོང་ནས་དེ་མི་དགའ་བ་ཆེར་གྱུར་ཏེ་ངུ་ཤིང་བརྒྱུགས་པ་དང་དེ་ཡང་དུས་ལས་འདས་པར་མཐོང་ངོ་། །དེ་ཁྱོ་དང་བུ་ལས་བྲལ་བས་ཡི་ཆད་པར་གྱུར་ནས་གཅིག་པུ་གོས་གཅིག་གི་སྨད་གཡོགས་ཏེ་ཆུ་བོའི་འགྲམ་ན་རླུང་དང་ནགས་ཆེན་པོ་དང་། ཆུ་བོ་རྣམས་ཀྱི་སྒྲ་དང་བྱའི་སྒྲ་དུ་མ་རྣམས་མཉན་ཅིང་ཐོས་ནས་ཀྱི་ཧུད་ཀྱི་ཧུད་ཁྱོ། ཀྱི་ཧུད་བུ་ཆེན་པོ། ཀྱི་ཧུད་བུ་ཆུང་ངུ་མ་ཞེས་སྙིང་རྗེ་ཞིང་བརྩེ་བས་མཆི་མས་བརྣངས་བཞིན་དུ་ངུ་སྟེ་ས་ལ་ཕན་ཚུན་འགྲེ་ཞིང་འདུག་པ་དང་། ལས་ཀུན་རྒྱས་ཤིང་རྫོགས་པར་ངེས་པ་གདོན་མི་ཟ་བར་རྣམ་པར་སྨིན་པར་འགྱུར་ཏེ། དེ་མ་ཐག་ཏུ་འདི་ཕ་དང་མ་དང་ཁྱིམ་གྱི་སྐྱེ་བོ་མང་པོ་དག་གནམ་ལྕགས་ཀྱིས་ཕོག་སྟེ་ཤིའོ། །དེའི་ནང་ནས་སྐྱེས་པ་གཅིག་ཅིག་ཐར་ཏེ། སྙིང་རྗེ་ཞིང་བརྩེ་བས་མཆི་མས་བརྣངས་བཞིན་དུ་མྱུར་བར་འགྲོ་ཞིང་དེའི་མདུན་ལོགས་སུ་འོངས་པ་དང་། མོས་དེ་སྐྲག་པ་ལྟ་བུར་མཐོང་ནས་ཀྱེ་སྐྱེས་བུ་ཅིའི་ཕྱིར་རིངས་པར་རྒྱུ་གཅེས་དྲིས་པ་དང་། དེས་དེའི་མདུན་དུ་རང་གི་ལུས་བརྡབས་ནས་ངུ་ཞིང་མཆི་མས་བརྣངས་བཞིན་དུ་སྨྲས་པ། ཁྱོད་ཀྱི་ཕ་དང་མ་དང་ཁྱིམ་གྱི་སྐྱེ་བོ་མང་པོ་ཀུན་གནམ་ལྕགས་བབ་པས་ཕོག་སྟེ་བདག་གཅིག་པུ་ནི་ལས་ཀྱིས་ཐར་རོ། །དེ་ཐོས་ནས་ཕྱི་ཕྱིར་མྱ་ངན་སློས་ཤིང་ངུས་པར་གྱུར་པ་བདག་གིས་སྔོན་གྱི་ཚེ་རབས་སུ་སྡིག་ཅི་ཞིག་བྱས་ན་དུས་གཅིག་ཏུ་ཁྱོ་དང་བུ་ལ་སོགས་པ་གཉེན་བཤེས་དང་བྲལ། དེ་བས་ཁྱིམ་ན་གནས་པས་ཅི་ཞིག་བྱས། །སྐལ་བ་མེད་པས་གང་དུ་ཅི་སྙེད་པ། །ཁྱོ་དང་གཉེན་བཤེས་དང་ཡང་བདག་བྲལ་བ། །བདག་འགྲོ་ཁྱིམ་ན་གནས་པར་མི་རིགས་ཏེ། །དགོན་པ་རྣམ་པར་དབེན་པ་དེ་དག་དང་། །ཁྱིམ་སྟོང་དེ་དག་ཏུ་ནི་གནས་པར་བླ། །ཁྱིམ་ན་གནས་པ་སྡིག་སྟེ་ཅིར་མི་རུང་། །མྱ་ངན་སྡུག་བསྔལ་རྣམ་པར་འཕེལ་བར་གྱུར། །དེར་ཕྱོགས་གཅིག་ཏུ་ཞུགས་ཏེ་སོང་ནས་ཕན་ཚུན་དུ་འཁྱམ་འཁྱམ་པ་ལས་རི་བྲགས་ཀྱི ་གྲོང་གཞན་ཞིག་ཏུ་ཕྱིན་ནས། དེ་ན་བུད་མེད་རྒན་མོ་གཞན་ཞིག་རས་འཁལ་བ་ཞིག་འདུག་སྟེ་དེ་དེའི་དྲུང་དུ་སོང་བ་དང་། དེས་དེ་ལ་ངལ་བསོས་ནས་དེ་དང་ལྷན་ཅིག་ཏུ་རས་འཁལ་བ་ལ་ཞུགས་སོ། །དེ་ན་


DKG011_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་ག་པ་ཁྱེའུ་གཞོན་ནུ་གཞན་ཞིག་རང་གི་བཟོས་འཚོ་བ་ལ་ཞུགས་ཏེ། དེ་ལ་བུད་མེད་རྒན་མོ་དེ་དུས་དུས་སུ་རས་ཀྱི་སྐུད་པ་དེ་ལ་འཚོང་ངོ་། །དེ་ནས་གཞན་ཞིག་ཏུ་དེས་སྐུད་པ་ཕྲ་མོ་ཞིག་ཁྱེར་ཏེ་དེའི་དྲུང་དུ་སོང་བ་དང་། དེས་མ་མ་ཁྱོད་ཀྱིས་སྔོན་ནི་སྦོམ་པོར་འཁོལ་ན་ད་འདི་ལྟ་བུ་གང་ནས་འོངས་ཞེས་དྲིས་པ་དང་། དེས་བུ་འདི་ནི་བདག་གིས་མ་བཀལ་ལོ། །མ་མ་འོ་ན་སུས་བཀལ། བུ་བདག་གི་ཁྱིམ་ན་བུད་མེད་གཅིག་ཅིག་འདུག་སྟེ། དེས་བཀལ་བ་འདི་ཡིན་ནོ་ཞེས་སྨྲས་པ་དང་། དེས་མ་མ་ཁྱོད་ཀྱིས་ཅིའི་ཕྱིར་ན་བདག་ལ་དེ་མི་སྦྱིན་བདག་ལ་ཡང་ཆུང་མ་མེད་དོ། །བདག་གིས་དེའི་བཟའ་བ་དང་བགོ་བ་དང་འཚོ་བའི་ཡོ་བྱད་དག་སྦྱར་རོ་ཞེས་སྨྲས་པ་དང་། མོས་བུ་རེ་ཞིག་དེ་ལ་གསོལ་བར་བྱ་སྟེ་ཅི་ཟེར་བ་ལས་ལན་ཕྱིས་སྦྱིན་ནོ་ཞེས་སྨྲས་པ་དང་། དེས་དེའི་སྐུད་པའི་རིན་རྒྱལ་བར་བྱིན། ཟན་ཀྱང་བྱིན་ནས་དེ་ནས་དྲི་དང་མེ་ཏོག་གིས་བརྒྱན་ཏེ་བཏང་བ་དང་སྐེམ་མོ་གཽ་ཏ་མཱིས་སྨྲས་པ། མ་མ་སྐུད་པ་སུ་ལ་བཙོངས་ན་རིན་རྒྱལ་ཞིང་ལེགས་ཏེ་ཁྱོད་ཀྱང་དྲི་དང་མེ་ཏོག་གིས་སུས་བརྒྱན། དེས་བུ་མོ་དྲི་དང་མེ་ཏོག་གིས་བརྒྱན་པ་འབའ་ཞིག་མ་ཡིན་གྱི་ཟན་ཀྱང་བྱིན་ན་ཞེས་སྨྲས་པ་དང་། དེའི་ཕྱིར་འདི་ལྟ་བུ་ག་ལས་བྱུང་ཞེས་འདྲིའོ། །དེས་ཀྱང་ཇི་ལྟར་གྱུར་པ་ཞིབ་ཏུ་སྨྲས་ནས་ཁྱེའུ་ཐ་ག་པའི་ཡོན་ཏན་གྱི་ཁྱད་པར་སྙན་པར་བརྗོད་དེ་སྨྲས་པ། བུ་མོ་ཁྱེའུ་ཐ་ག་པ་དེ་ཁྱོད་སློང་སྟེ། དེའི་ཆུང་མ་མེད་ཀྱིས་ཁས་ལོང་ཤིག་དང་བདེ་བར་འགྱུར་རོ། །དེས་མ་མཆོག་གིས་ཕྱིན་ཆད་འདི་སྐད་མ་སྨྲ་ཤིག །བདག་ནི་ཁྱིམ་ན་གནས་པས་སྐྱོས་ཇི་ལྟ་བུར་ཡང་རུང་དེ་ལྟ་བུའི་འཚོ་བ་མི་བྱའོ་ཞེས་སྨྲས་པ་དང་། དེས་སྨྲས་པ། བུ་མོ་བུད་མེད་རྟེན་མེད་པ་ནི་སྡུག་བསྔལ་བའི་གནས་ན་འདུག་སྟེ་ཕྱི་རོལ་གྱི་སྐྱེས་པ་དག་གླགས་ལྟ་བར་ཡང་འགྱུར་གྱིས་གནས་སུ་སོམས་ལ་ཁས་ལོང་སྟེ་འདུག་ཤིག །དེས་ཁས་མ་བླངས་ནས། དེས་དེ་ལ་ཉེས་པའི་དམིགས་སུ་འགྱུར་བར་སྨྲས་པ་དང་། གདོད་དེས་ཁས་བླངས་སོ། དེ་ནས་ཁྱེའུ་ཐ་ག་པས་དེ་ཉི་མ་དང་ཚེས་གྲངས་དང་སྐར་མའི་རིམ་དང་སྦྱར་ཏེ་ཁྱིམ་དུ་བླངས་སོ། །དེ་ཡང་མི་སྲུན་ཅིང་སྨྱོ་ལ་ཁྲོ་བས་རྟག་ཏུ་དེ་ལ་དབྱིག་པ་དང་ཐལ་མོས་རྡེག་སྟེ། དེས་བུད་མེད་རྒན་མོ་དེ་ལ་སྨྲས་པ།


DKG011_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

མ་མ་ཁྱོད་ཀྱིས་བདག་སྲིན་པོ་ལ་ཕུལ་ཏེ། དེས་བདག་ལ་ཉིན་གཅིག་བཞིན་དུ་དབྱུག་པ་དང་། ཐལ་མོས་རྡེག་ན་ཇི་ལྟར་བྱ་མ་ཤེས་སོ། །བུ་མོ་ནམ་ཁྱོད་ལ་བུ་མ་བྱུང་གི་བར་དུ་ཁྱོད་ལ་ཁོ་རྡེག་གོ །ཁྱོད་ཀྱང་བུ་མཐུར་གྱུར་པ་དང་། ཁྱིམ་དེ་ཡང་ཁྱོད་ཉིད་དབང་བྱེད་ཀྱིས་མི་དགའ་བར་མ་བྱེད་ཅིག །དེ་དུས་ཕྱི་ཞིག་ན་དེ་སེམས་ཅན་དང་ལྡན་པར་གྱུར་ནས་ཁྱེའུ་ཐ་ག་པ་དེ་མོ་ལ་བྱམས་པར་གྱུར་ཏོ། །མོ་ཡང་དེ་ལ་བརྙས་པར་བྱེད་དོ། །དེས་ཀྱང་སྡོད་ཅིག་ཅེས་བྱས་ནས་མནགས་སོ། །དེ་ནས་དུས་ཕྱི་ཞིག་ན་ཁྱེའུ་དེ་ཐ་ག་པའི་གྲོགས་པོ་རྣམས་ཀྱིས་ཆང་མང་དུ་བླུད་པས་ར་རོ་ནས་སྨྱོ་ཞིང་ཁྱིམ་དུ་འོངས་སོ། །དེ་ཡང་སྒོ་བཅད་དེ་བུ་འབྱུང་ཞིང་འདུག་པའི་ཚེ་དེས་སྒོ་ཕྱེ་ཞེས་བྱས་ན་དེ་བུ་འབྱུང་བའི་སྡུག་བསྔལ་གྱིས་ཀུན་ཏུ་གཟེར་བས་སྒོ་མ་ཕྱེ་བ་དང་། དེ་རབ་ཏུ་ཁྲོ་བ་སྐྱེས་ནས་ཕྱོགས་གཅིག་ཏུ་སོང་སྟེ་འདུག་གོ །དེས་བུ་བྱུང་ནས་སྒོ་ཕྱེ་བ་དང་དེ་ནང་དུ་འོངས་པ་ལ་དེས་གུས་པར་བྱས་ཏེ་སྨྲས་པ། ཇོ་བོ་དགྱེས་པར་མཛོད་ཅིག །ཁྱོད་ཀྱི་བུ་ཕོ་ཞིག་བཙས་སོ། །དེས་དེ་ལ་ཁྲོ་བས་ཀུན་ཁེབས་པ་དང་ནི་མ་བྲལ་གྱི་གནོད་སེམས་ཀྱིས་ཀུན་དུ་ཁེབས་པར་གྱུར་ཏེ། དེས་འདི་བུ་མ་བྱུང་བས་ཀྱང་བདག་ལ་བརྙས་པར་བྱེད་ན། གང་གི་ཚེ་འདིའི་བུ་སྐྱེས་པར་གྱུར་ན་འདི་དང་བུས་བསྡོངས། ནས་བདག་ལ་གདོན་མི་ཟ་བར་གསོད་པར་བྱེད་དོ་སྙམ་དུ་བསམས་ནས་དེས་སྨྲས་པ། བཟང་མོ་ཐབ་ཏུ་མེ་བུས་ལ་ཟངས་ཚུགས་ཤིག །དེས་ཐབ་ཏུ་མེ་བུས་ཏེ་ཟངས་བཙུགས་པ་དང་སྨྲས་པ། ཡུངས་མར་ལུགས་ལ་སྐོལ་ཅིག །དེས་ཡུངས་མར་བླུགས་ཏེ་བསྐོལ་བ་དང་། དེས་བུ་ཆུང་འདིར་ཆུག་ལ་སྐོལ་ཅིག་ཅེས་སྨྲས་པ་དང་མོས་ཇོ་བོ་འདི་ནི་ཁྱོད་ཉིད་ཀྱི་བུ་ཡིན་ན་འདིར་ཅི་ཞིག་ཉེས་གཞོན་ནུར་མ་བསད་ཅེས་སྨྲས་པ་དང་། དེས་དེ་ལ་དབྱིག་པས་བརྡེགས་སོ། །བདག་ལས་སྡུག་པ་མེད་པས་དེས་སྐྲག་སྟེ། དེ་ཡུངས་མར་ཁོལ་བའི་ནང་དུ་བཅུག་པ་དང་དུས་ལས་འདས་སོ། །ནམ་དེ་ཚོས་པར་གྱུར་པ་ན་དེས་སྨྲས་ པ། ད་ཕྱུང་ཞེས་བསྒོ་བ་དང་། དེས་དེ་ཕྱུང་བ་དང་། སྨྲས་པ། ཟོ་ཤིག་ཅེས་བསྒོའོ། །དེས་སྨྲས་པ། ཇོ་བོ་བུའི་ཤ་ཇི་ལྟར་བཟའ་ཞེས་སྨྲས་པ་དང་། དེས་དེ་ཉིད་ཀྱི་ལུས་ཐམས་ཅད་དུ་བརྡེགས་རབ་ཏུ་བརྡེགས་པ་དང་།


DKG011_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དེས་བརྡེགས་པས་བུའི་ཤ་ཡང་ཟོས་སོ། །བཅོམ་ལྡན་འདས་ཀྱིས་གསུངས་པ། འདོད་ཆགས་ནི་ཁ་ན་མ་ཐོ་བ་ཆུང་མོད་ཀྱི་འབྲལ་བ་ནི་དཀའོ། །ཞེ་སྡང་ནི་ཁ་ན་མ་ཐོ་བ་ཆེ་ལ་འབྲལ་བ་སླ་བས་ཐ་ག་པའི་ཁྱེའུ་དེ་ཕྱིས་འགྱོད་པའི་མེས་གདུངས་ཏེ་རིང་ཞིག་ཏུ་མ་ལོག་པས་ན་གཉིད་ཀྱིས་མྱོས་ཏེ་དེ་ཤིན་ཏུ་ལོག་པར་གཽ་ཏ་མཱིས་རིག་ནས་བསམས་པ། འདིས་བུ་བསད་ནས་བདག་ལ་ཡང་བུའི་ཤ་ཟར་བཅུག་སྟེ། མི་འདི་ནི་སྲིན་པོ་ཡིན་གྱིས་འབྲོས་སྙམ་ནས་རྒྱགས་ཅི་ཐེག་ཅིག་ཁྱེར་དེ་བྲོས་པ་དང་། བྱང་ཕྱོགས་ཀྱི་ལམ་གྲོགས་དག་ཅིག་ཡུལ་འཁོར་མོ་འཇིག་ཏུ་ཟོང་རྣམས་བཙོངས་ཏེ་སླར་གྱིས་ཟོང་རྣམས་ཁྱེར་ནས་བྱང་ཕྱོགས་ཀྱི་ལམ་དུ་ཞུགས་ཏེ་འདོང་བ་དང་། དེ་དག་དང་མོ་ལྷན་ཅིག་ཏུ་སོང་ངོ་། །ཇི་ཙམ་ན་དེད་དཔོན་གྱིས་དེའི་གཟུགས་མཛེས་པར་མཐོང་ངོ་། །མཐོང་ནས་དེ་ལ་ཆགས་ཏེ་དེས་ཁྱོད་སུའི་ད་གང་དུ་འགྲོ་ཞེས་དྲིས་པ་དང་། མོས་སྨྲས་པ། དེད་དཔོན་བདག་གི་ཁྱོ་ནི་སྦྲུལ་གདུག་པས་ཟོས་སོ། །བུ་གཉིས་ལས་གཅིག་ནི་ཝས་སོ། །གཅིག་ནི་ཆུ་བོའི་ནང་དུ་དུས་ལས་འདས་སོ། །མ་དང་ཕ་ནི་གནམ་ལྕགས་ཀྱིས་བསད་དོ། །བདག་ནི་མགོན་མེད་པས་གར་དགའ་བར་འགྲོ་སྟེ་འགྲོན་པ་མང་པོ་དེ་དག་གར་འདོང་བ་དེར་མཆིའོ། དེས་བསམས་པ། རིང་དུ་གར་སོང་ཡང་འདི་འདྲ་བའི་བུད་མེད་དང་ལྷན་ཅིག་ཡོངས་སུ་སྤྱོད་དོ། །སྙམ་ནས་དེས་དེ་ཆུང་མ་བྱས་ཏེ། ཇི་ཙམ་ཞིག་ན་འགྲོན་པ་མང་པོ་དེ་དག་མི་རྒོད་ཀྱིས་བཅོམ་སྟེ། དེད་དཔོན་དེ་ཡང་འཐབ་པ་ལས་བསད་དོ། །སྐེམ་མོ་གཽ་ཏ་མཱི་ནི་མི་རྒོད་ཀྱི་དཔོན་གྱིས་ཆུང་མར་བྱས་པ་དང་། མི་རྒོད་ཀྱི་སྡེ་དཔོན་དེ་ཡང་ཕྱོགས་ཀྱི་རྒྱལ་པོས་བསད་དོ། །སྐེམ་མོ་གཽ་ཏ་མཱི་ནི་རྒྱལ་པོའི་བཙུན་མོ་ཆེན་མོར་གྱུར་ཏོ། །ཇི་ཙམ་ན་རྒྱལ་པོ་དེ་ཡང་དུས་ལས་འདས་ནས་བཙུན་མོ་དང་། གཞོན་ནུ་དང་བློན་པོ་དང་། སྐྱེ་བོ་མང་པོ་དག་གི་དེ་སྐེམ་མོ་གཽ་ཏ་མཱི་དང་ལྷན་ཅིག་ཏུ་བཀུར་སྟི་ཆེར་བྱས་ཏེ་མཆད་པའི་ནང་དུ་བཅུག་གོ །བྱང་ ཕྱོགས་ཀྱི་མི་རྣམས་དུར་རྐུ་སྟེ། དེ་དག་གི་མཆད་པ་བྲུས་པ་དང་། སྐེམ་མོ་གཽ་ཏ་མཱི་སྣར་རྡུལ་སོང་ནས་དེས་སྦྲིད་པ་བྱུང་བ་དང་། དུར་རྐུ་བའི་མི་རྣམས་སྐྲག་སྟེ་རོ་ལངས་སོ་སྙམ་ནས་དེ་དག་བྲོས་པ་དང་། སྐེམ་མོ་གཽ་ཏ་མཱི་


DKG011_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཁུང་བུ་བྲུས་ནས་བྱུང་ངོ་། །དེས་སྡུག་བསྔལ་རྣམ་པ་དུ་མར་བརྟགས་པས་རླུང་རབ་ཏུ་ལངས་ཤིང་ཁ་ཟས་མེད་པའི་རྐྱེན་གྱིས་སྨྱོན་མར་གྱུར་ནས་དེས་སྨད་གཡོགས་བོར་ཏེ་ལག་པ་དང་རྐང་པ་གས་ཤིང་རྩུབ་སྐྲ་རིང་ཞིང་སྐྱ་མོ་བསིང་བསིང་མོར་གྱུར་ཏེ། ཕན་ཚུན་འཁྱམ་འཁྱམ་པ་ལས་མཉན་དུ་ཡོད་པར་ཕྱིན་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ། སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་བོ། །དེས་སྔོན་བྱས་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བར་གྱུར་ནས་སྔོན་གྱི་ལས་ཀྱིས་ཛེ་ཏའི་ཚལ་དུ་ཕྱིན་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་བརྒྱ་སྟོང་དུ་མའི་མདུན་དུ་ཆོས་འཆད་ཅིང་བཞུགས་པ་སྐེམ་མོ་གཽ་ཏ་མཱིའི་རྒྱང་མ་ནས་སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ནི་ཡང་དག་པར་བརྒྱན། དཔེ་བྱད་བཟང་པོ་བརྒྱད་བཅུས་ནི་སྐུ་ལ་རྣམ་པར་སྤྲས། འོད་ཀྱི་དཀྱིལ་འཁོར་ཉི་མ་སྟོང་ལས་འདས་པའི་འོད་འདོམ་གང་བ་རིན་པོ་ཆེའི་རི་འགྲོ་བ་བཞིན་པ་ཁོ་ར་ཁོར་ཡུག་ནས་བཟང་བ་མཐོང་ངོ་། །མཐོང་ནས་ཀྱང་བདག་གི་སེམས་དྲན་པ་སླར་ཐོབ་སྟེ་དེ་ངོ་ཚ་བའི་ཚུལ་དུ་གྱུར་ནས་ཕྱོགས་གཅིག་ཏུ་ཙོག་པུར་འདུག་གོ །དེའི་བར་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་མཁྱེན་པའམ། མི་གཟིགས་པའམ། མི་རིག་པའམ། རྣམ་པར་མི་རིག་པ་ཅུང་ཟད་ཀྱང་མེད་དེ། སངས་རྒྱས་བཅོམ་ལྡན་འདས་ནི་ཆོས་ཉིད་ཀྱིས་ཐུགས་རྗེ་ཆེན་པོ་འཇིག་རྟེན་ལ་ཕན་འདོགས་པར་གྱུར་པ། སྲུང་བ་གཅིག་པུ་དཔའ་བོ་གཅིག་པ། གཉིས་སུ་མེད་པ་གཉིས་སུ་མི་སྨྲ་བ། ཞི་གནས་དང་། ལྷག་མཐོང་ལ་གནས་པ། དུལ་བའི་དངོས་པོ་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་མཐིལ་རབ་ཏུ་བརྟན་པ། མི་འཇིགས་པ་བཞིས་བསྙེངས་པ་མེད་པ། ཡན་ལག་ལྔ་རྣམ་པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་ འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། གནས་དྲུག་ལ་རྟག་ཏུ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་བརྒྱན་པ། ལམ་གྱི་ཡན་ལག་བརྒྱད་འཆང་བ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་


DKG011_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པར་གྲགས་པ་རྣམས་བརྒྱ་ཕྲག་བཅུའི་དབང་དུ་གྱུར་པ་ལས་རབ་ཏུ་ངེས་པ་ནི་མཚན་ལན་གསུམ་ཉིན་ལན་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ནས་ཡེ་ཤེས་ཀྱི་གཟིགས་པ་འབྱུང་སྟེ། གང་ལ་ཉམས། གང་ལ་འཕེལ་བར་གྱུར། གང་ལ་སྡུག་བསྔལ་བར་གྱུར། གང་དོག་པར་གྱུར། གང་གནོད་པར་གྱུར། གང་སྡུག་བསྔལ་དང་དོག་པ་དང་གནོད་པར་གྱུར། གང་ངན་སོང་ལ་གཞོལ། གང་ངན་སོང་ལ་འབབ། གང་ངན་སོང་ལ་རབ་ཏུ་འབབས། ངས་གང་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་ལ་གཞག་པར་བྱ། གང་དགེ་བའི་རྩ་བ་དུ་མ་སྐྱེས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པར་བྱ། གང་བསྐྱེད་པ་རྣམས་ལ་ཡོངས་སུ་སྨིན་པར་བྱ། གང་སྨིན་པ་རྣམས་ལ་རྣམ་པར་གྲོལ་བར་བྱ། ཡང་གསུངས་པ། རྒྱ་མཚོ་ཆུ་སྲིན་གནས་དེ་ཡང་། །གལ་ཏེ་དུས་ལས་ཡོལ་ཡང་སྲིད། །གདུལ་བར་གྱུར་པའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་འདའ་མི་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེད་དཔོན་གྱི་ཆུང་མ་སྐེམ་མོ་གཽ་ཏ་མཱི་ལ་བླ་གོས་བྱིན་ཅིག་དང་འདི་ལ་ཆོས་བཤད་པར་བྱའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་དེད་དཔོན་གྱི་ཆུང་མ་གཽ་ཏ་མཱི་ལ་བླ་གོས་བྱིན་ནོ། །དེ་ནས་དེད་དཔོན་གྱི་ཆུང་མ་སྐེམ་མོ་གཽ་ཏ་མཱི་གོས་གྱོན་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་རྣམས་མཁྱེན་ནས་འཕགས་པའི་བདེན་པ་བཞི་ཡང་དག་པར་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་དོ། །གང་ཐོས་པས་དེད་དཔོན་ གྱི་ཆུང་མ་སྐེམ་མོ་གཽ་ཏ་མཱིས་འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་གྱེན་དུ་བྱུང་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །དེ་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་བཅོམ་


DKG011_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་སློང་མའི་དངོས་པོར་གྱུར་ཅིང་། བཅོམ་ལྡན་འདས་ཀྱི་དྲུང་དུ་བདག་ཚངས་པར་སྤྱད་པ་སྤྱོད་དུ་གནང་ངམ་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཏད་ནས་དེས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས་འདུལ་བ་བསླབས་ཏེ་ལུང་བསྒོ་བ་བྱིན་ནས་དེ་བརྩོན་པ་བྱས། ནན་ཏན་དུ་བྱས། བསྒྲུབ་པར་བྱས་པས་ན་འཁོར་བའི་འཁོར་ལོ་འདི་གཡོ་བ་དང་མི་གཡོ་བ་ཤེས་ཏེ་འདུས་བྱས་ཀྱི་རྒྱུད་ཐམས་ཅད་ཞིག་པ་དང་། ལྷུང་བ་དང་། རྣམ་པར་འགྱེས་པ་རྣམ་པར་འཇིག་པའི་ཆོས་ཉིད་ཀྱིས་རབ་ཏུ་བཅོམ་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་མངོན་དུ་བྱས་ཏེ་དགྲ་བཅོམ་པར་གྱུར་ཏོ། །ཁམས་གསུམ་གྱི་འདོད་ཆགས་དང་བྲལ། བོང་བ་དང་གསེར་དུ་འདྲ། ནམ་མཁའ་ལ་ལག་མཐིལ་ཆགས་པ་མེད་པ་བཞིན་དུ་སེམས་མཉམ་པ། སྟེའུ་དང་ཙན་དན་དུ་འདྲ་བ། རིག་པས་སྒོ་ངའི་མཛོད་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་ཡང་དག་པར་སོ་སོར་རིག་པ་ནི་ཐོབ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་ཏེ། དབང་པོ་དང་ཉེ་དབང་པོ་དང་། ལྷར་བཅས་པ་རྣམས་ཀྱིས་མཆོད་ཅིང་ཕྱག་བྱ་བ་དང་ཚིག་སྙན་པས་བརྗོད་པར་གྱུར་ཏོ། །དེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་སོང་བ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་མའི་དགེ་སློང་མ་འདུལ་བ་འཛིན་པའི་ནང་ན་འདི་ལྟ་སྟེ་མཆོག་ནི་དགེ་སློང་མ་སྐེམ་མོ་གཽ་ཏ་མཱིའོ། །ནམ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་གཽ་ཏ་མཱི་འདུལ་བ་འཛིན་པའི་ནང་ན་མཆོག་ གོ་ཞེས་གསུངས་པ་དང་། དེའི་ཚེ་དེའི་དྲུང་དུ་དགེ་སློང་མ་རྣམས་འདོང་ངོ་། །དེས་འོངས་པ་དེ་དག་སྐྱོ་བ་བསྐྱེད་པའི་ཕྱིར་ལས་ཀྱི་རྒྱུད་རྣམས་བརྗོད་དོ། །དགེ་སློང་མ་དག་གིས་ཀྱང་དགེ་སློང་དག་ལ་དེ་ལྟ་བུར་གྱུར་པ་ཞིབ་ཏུ་སྨྲས་སོ། །དེ་ནས་དུས་ཕྱི་ཞིག་ན་སྐེམ་མོ་གཽ་ཏ་མཱི་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་བའི་ཕྱིར་སོང་བ་དང་། དགེ་སློང་དག་གིས་མཐོང་ནས་གཅིག་ལ་གཅིག་དེའི་ལས་ཀྱི་


DKG011_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་རྣམས་འཛེར་ཏོ། །དེ་ནས་སྐེམ་མོ་གཽ་ཏ་མཱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་། །མཁྱེན་བཞིན་དུ་འདྲི་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཅིའི་ཕྱིར་ཀུན་དགའ་བོ་དགེ་སློང་རྣམས་ཕན་ཚུན་དུ་རྣ་བར་བཅུག་ཅེས་སྨྲས་པ་དང་། དེས་ཞིབ་ཏུ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སེམས་ཅན་རྣམས་ཀྱི་རྒྱུད་དང་ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་བོ། །འཇིག་རྟེན་པའི་རྣམས་ནི་རང་གི་ལས་སོ། །ལས་ནི་སྐྱེ་གནས་སོ། །ལས་ནི་ཉིང་མཚམས་སོ། །ལས་ནི་རྗེས་སུ་འཇུག་པ་སྟེ། གང་གིས་ཇི་ལྟར་ལས་བྱས་པ་དེ་རྣམ་པར་སྨིན་པ་སོ་སོར་མྱོང་བར་འགྱུར་རོ། །དགེ་སློང་དག་ཐེ་ཚོམ་སྐྱེས་པ་དང་། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དགེ་སློང་མ་སྐེམ་མོ་གཽ་ཏ་མཱིས་ལས་ཅི་བགྱིས་ན་དེའི་ཕྱིར་འདིའི་ཁྱོ་སྦྲུལ་གྱིས་ཟོས་ཏེ་དུས་ལས་འདས། བུ་གཅིག་ཝས་བཀུམ། གཉིས་པ་ནི་ཆུ་བོས་འཚལ་ཏེ་དུས་ལས་འདས། ཕ་མ་གཉིས་ནི་གནམ་ལྕགས་བབས་པས་བཀུམ་པར་གྱུར། བུའི་ཤ་ཡང་འཚལ་ནས་སྨྱོས་ཤིང་གཡེང་བའི་སེམས་ཀྱིས་དེ་ངང་དེ་དག་ཏུ་འཁྱམ་འཁྱམ་པ་ལས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་དུ་བགྱིས། བཅོམ་ལྡན་འདས་ཀྱིས་ཀྱང་འདུལ་བ་འཛིན་མའི་ནང་ན་མཆོག་གོ་ཞེས་ཅིའི་སླད་དུ་བཀའ་སྩལ་ཅེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་གསུངས་པ། དགེ་སློང་དག་དགེ་སློང་མ་སྐེམ་མོ་གཽ་ཏ་མཱི་ཉིད་ཀྱིས་ལས་བྱས་ཤིང་ཚོགས་པས་རྙེད་ཅིང་ རྐྱེན་སྨིན་པ་ནི་ཆུ་བོ་བཞིན་མངོན་དུ་འབྱུང་སྟེ་ངེས་པར་འགྱུར་རོ། །སྐེམ་མོ་གཽ་ཏ་མཱིས་ལས་བྱས་ཤིང་བསགས་པའི་གཞན་གྱིས་མྱོང་བར་མི་འགྱུར་རོ། །དགེ་སློང་རྣམས་ལས་བྱས་ཤིང་བསགས་པ་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་མི་སྨིན། ཆུའི་ཁམས་ལ་མ་ཡིན། མེའི་ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ཡིན་གྱི། ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་འདི་ཉིད་ལ་དགེ་བ་དང་མི་དགེ་བའི་ལས་བྱས་པ་རྣམ་པར་སྨིན་ཏོ། །ལས་རྣམས་


DKG011_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྟོར་པར་མི་འགྱུར་བ། །བསྐལ་པ་དག་ནི་བརྒྱ་ལོན་ཀྱང་། །དུས་དང་འཕྲོད་ནས་འཐོབ་པ་ནི། །ལུས་ཅན་རྣམས་ལ་འབྲས་བུར་སྨིན། །དགེ་སློང་དག་སྔོན་བྱུང་བ་ནི་རི་བྲགས་ཀྱི་གྲོང་གཞན་ཞིག་ན་ཁྱིམ་བདག་ཅིག་འདུག་སྟེ། ཕྱུག་ལ་ནོར་མང་ཞིང་ལོངས་སྤྱོད་ཆེ་གནས་ཡངས་ཤིང་རྒྱ་ཆེ་བ་ནི་ངལ་བསོས་པོའི་ནོར་དང་འདྲ་སྟེ། ངལ་བསོས་པའི་ནོར་ལ་སྔོ་བ་ཞིག་ནས་རིགས་དང་མཉམ་པ་ཞིག་ལས་ཆུང་མ་ཞིག་བླངས་ཏེ། དེ་དང་ལྷན་ཅིག་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེས་རྩེ་དགའ་ཡོངས་སུ་སྤྱད་ཀྱང་བུ་ཕོ་ཡང་མེད། བུ་མོ་ཡང་མེད་དེ། བདག་གི་ཁྱིམ་དུ་ནོར་དུ་མ་ཞིག་འདུས་ན་དེ་ལ་བུ་ཕོ་ཡང་མེད་བུ་མོ་ཡང་མེད་དེ། བདག་འདས་པ་དང་བདག་གི་དབང་བ་ཐམས་ཅད་བུ་མེད་པའོ་ཞེས་ཟེར་ཏེ་རྒྱལ་པོའི་དཀོར་དུ་འགྱུར་རོ་ཞེས་དེ་འགྲམ་པ་ལག་པ་ལ་གཏད་དེ་རབ་ཏུ་སེམས་ཤིང་འདུག་པ་དེའི་ཆུང་མས་མཐོང་ནས། ཇོ་བོ་ཁྱོད་ཅིའི་ཕྱིར་ལག་པས་འགྲམ་པར་གཏད་དེ་རབ་ཏུ་སེམས་ཤིང་འདུག་ཅེས་སྨྲས་པ་དང་། དེས་སྨྲས་པ། བཟང་མོ་བདག་གི་ཁྱིམ་ན་ནོར་དུ་མ་ཞིག་འདུས་ཀྱང་བུ་ཕོ་ཡང་མེད་བུ་མོ་ཡང་མེད་པས་བདག་འདས་པ་དང་བདག་གི་དབང་བ་ཐམས་ཅད་བུ་མེད་པའོ། །ཞེས་ཟེར་ཏེ་རྒྱལ་པོའི་དཀོར་དུ་འགྱུར་ན་ཅིའི་ཕྱིར་རབ་ཏུ་སེམས་ཤིང་མི་འདུག །དེས་བསམས་པ། ཅི་འདིའི་སྐལ་བ་ཆུང་ངམ། བུ་ཕོ་ཡང་མེད་བུ་མོ་ཡང་མེད་ན། ཅི་བདག་གི་སྐལ་བ་ཆུང་ངམ་འདི་ནི་གཞན་མ་ཡིན་གྱི་བདག་ལ་ཉེས་པའི་སྐྱོན་བཏགས་ཏེ་ཆུང་མ་གཞན་ལེན་པར་འདོད་དོ། །དེའི་ཕྱིར་བདག་གི་མདུན་དུ་འགྲམ་པ་ལག་པར་གཏད་དེ་རབ་ཏུ་སེམས་ཤིང་འདུག་ལ་འདི་སྐད་དུ་བདག་གི་ཁྱིམ་ན་ནོར་དུ་མ་འདུས་ཀྱང་བུ་ཕོ་དང་བུ་མོ་མེད་པས་བདག་འདས་པ་དང་བདག་ གི་དབང་བ་ཐམས་ཅད་བུ་མེད་པའོ་ཞེས་ཟེར་ཏེ་རྒྱལ་པོའི་དཀོར་དུ་འགྱུར་རོ་ཞེས་ཟེར་གྱིས་དེ་བས་ན་བདག་ཉིད་ཐམ་པར་བྱའོ་ཞེས་བསམས་ནས་སྨྲས་པ། ཇོ་བོ་འདི་ལྟར་བདག་སྐལ་བ་ཆུང་བས་ཁྱོད་ཀྱི་བུ་ཕོ་དང་བུ་མོ་མེད་ཀྱིས་ཆུང་མ་གཞན་ཞིག་ལོང་ཤིག་དང་། དེ་ལས་བུ་ཕོ་དང་བུ་མོ་ཡང་འབྱུང་བར་འགྱུར་རོ། །དེས་སྨྲས་པ། བཟང་མོ་ཁྱོད་ཀྱིས་སྐྱེས་བུ་གང་ལ་ཆུང་མ་གཉིས་ཡོད་ན། དེ་ནི་ནམ་ཡང་ཆུ་གྲང་མོའི་སྐྱོ་མ་མི་འཐུང་སྟེ་རྟག་ཏུ་དེའི་ཁྱིམ་ན་འཐབ་པ་དང་འཁྲུག་པ་དང་མི་འདུམ་


DKG011_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་རྩོད་པས་ནང་གི་སྐྱེ་བོ་རྣམས་དཀྲུགས་པར་བྱས་ཏེ་རང་གི་ལས་ལ་བརྩོན་པར་མི་འགྱུར་རོ་ཞེས་མ་ཐོས་སམ། མོས་སྨྲས་པ། ཇོ་བོ་རེ་ཞིག་ལོང་ཤིག་དང་དེ་སྟེ་ཕུ་ནུ་མོ་ཙམ་དུ་གྱུར་ན་ནི་ཕུ་ནུ་མོར་འདུ་ཤེས་ཀྱིས་བསྐྱང་བར་བྱའོ། །འོན་ཏེ་བུ་མོ་ཙམ་ཞིག་ན་ནི་བུ་མོར་འདུ་ཤེས་ཀྱིས་བསྐྱང་བར་བྱའོ། །དེས་དེ་ལ་གཡོ་བྱས་ཏེ་སྨྲས་པས་དེ་ཡང་བུ་མོ་ཚོལ་བ་ལ་ཞུགས་སོ། །དེ་ནས་རི་དྲགས་ཀྱི་གྲོང་གཞན་ཞིག་ན་ཁྱིམ་བདག་ཅིག་གི་བུ་མོ་ཞིག་བཙས་ནས་སྐྱེས་པ་དང་། ཕ་མ་གཉིས་དུས་ལས་འདས་པ་ཞིག་སྟེ། དེས་དེ་ལ་དེའི་མིང་པོ་ལས་དེ་བསླངས་ནས་དཔལ་ཆེན་པོ་དང་སྦྱར་ཏེ་བག་མར་བླངས་སོ། །ཐམས་ཅད་ཀྱང་ཆོས་ཉིད་ཀྱིས་སར་པས་རྙིང་པ་ཟིལ་གྱིས་གནོན་པས་དེས་དེ་ལ་ཤིན་ཏུ་བྱམས་ཤིང་སེམས་ཞུགས་པར་གྱུར་ཏོ། །དེ་ནས་དེའི་ཆུང་མ་རྙིང་པ་དེ་རང་བཞིན་གྱིས་ཕྲག་དོག་གིས་མངལ་གྱི་གནས་དག་པར་གྱུར་ཏེ། སེམས་ཅན་དང་ལྡན་པར་གྱུར་ནས་དེ་དགའ་བ་སྐྱེས་ཏེ་དེ་ལ་སྨྲས་པ། ཇོ་བོ་དགའ་བ་སྐྱེད་ཅིག་བདག་ནི་སེམས་ཅན་དང་ལྡན་པར་གྱུར་ཏོ། །དེས་སྨྲས་པ། བཟང་མོ་ལེགས་སོ། །དེ་སྟེ་བུ་ཕོ་ཞིག་བཙས་ན་ནི་བདག་འདས་པ་དང་ཁྱིམ་གྱི་བདག་པོར་འགྱུར་རོ། །མོས་སྨྲས་པ། ཇོ་བོ་ཁྱོད་ཀྱི་ཆུང་མས་མངལ་ནས་ལྷུང་བའི་ཆོ་ག་ཞིག་སྦྱར་ཏེ་ལྷུང་བར་མ་བྱས་ན་ནི་ཁྱིམ་གྱི་བདག་པོར་འགྱུར་རོ། །དེས་སྨྲས་པ། བཟང་མོ་སྔོན་ཡང་བདག་གིས་འདི་ལྟ་བུའི་ཕྱིར་སྨྲས་ན། ད་དུང་བུ་ཅུང་ཟད་ཀྱང་མེད་པར་ཁྱོད་ཀྱིས་བརྩམ་མམ། དེ་ལན་མེད་དེ་ཅང་མི་ཟེར་བར་འདུག་གོ །དེ་ཟླ་བ་བརྒྱད་དམ་དགུ་འདས་པ་དང་ ཁྱེའུ་ཞིག་བཙས་སོ། །དེ་བཙས་པའི་བཙས་སྟོན་ཆེར་བྱས་ཏེ་རིགས་དང་མཐུན་པ་ལས་མིང་བཏགས་སོ། །དེས་སྔོན་ལས་ཀྱིས་འདི་བཙས་ན་སེམས་ཅན་འདི་མ་ཡར་མོ་འདིས་འདི་མི་གསོད་པ་ལ་ཕན་གྱིས་དེ་བས་ན་འདི་ཉིད་ལ་གཞར་རོ་ཞེས་བསམས་ནས་དེས་དེ་ལ་སྨྲས་པ། ཆེ་ཞེ་ཁྱེའུ་འདི་ཁྱོད་དང་བདག་གི་ཡིན་གྱིས་བདག་ཅག་གཉིས་ཀས་བསྐྱེད་དོ། །དེས་ལེགས་ཀྱིས་འདི་བཞིན་བགྱིའོ་ཞེས་སྨྲས་ནས་དེ་སྐྱེད་པ་ལ་ཞུགས་སོ། །དེས་དེ་བསྐྱེད་ན་ལོག་པར་རྟོག་པ་སྐྱེས་ཏེ་གང་གི་བུ་ཡིན་པ་དེའི་ཁྱིམ་སྟེ། དེ་བས་ན་འདི་བསྐྱེད་ཀྱང་འདི་ལྟར་ཁྱིམ་གྱི་བདག་པོར་


DKG011_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་དང་། བདག་ནི་བྲན་མོར་འགྱུར་གྱིས་འདི་ནི་གསད་དོ་སྙམ་ནས་དེ་ལོག་པར་རྟོག་པས་བསྐྱོད་པས་ཁྱེའུ་དེའི་ཁར་སྨིག་མའི་ཐུར་མ་ཞིག་བཙུགས་པ་དང་། དེ་སྡུག་བསྔལ་གྱིས་གཟིར་བས་ངུ་བར་གྱུར་ནས་དེས་སྨྲས་པ། ཁྱེའུ་འདི་ཅིའི་ཕྱིར་ངུ་ཞེས་དྲིས་པ་དང་། དེས་སྨྲས་པ། ཆེ་ཞེ་ཅིའི་ཕྱིར་ངུ་མ་འཚལ་ཏོ། །དེས་དེ་བླངས་ཏེ་དགའ་བར་བྱ་བར་བརྩམས་ཏེ་ལག་པས་འཁྱུད་དེ་འོ་བྱས་ནས་པང་པར་བླངས་ཀྱང་མི་བཏུབ་ནས། དེས་དེ་ལ་ནུ་མ་བླུད་ནས་ཇི་ཙམ་ན་བལྟས་པ་དང་སྨིག་མའི་ཐུར་མ་ཞིག་ཁར་བཙུགས་པར་མཐོང་ནས། དེས་མྱུར་དུ་ཁ་ཕྱེ་སྟེ་ལག་པས་དྲངས་པ་དང་ཁྱེའུ་དེ་དབུགས་མེད་དེ་དུས་ལས་འདས་ནས་དེས་བྲང་བརྡུངས་ཏེ་ངུ་ཞིང་ས་ལ་སྒྱེལ་བ་དང་ཁྱིམ་གྱི་སྐྱེ་བོ་དག་བརྒྱུགས་ནས་འདི་ཅི་ཉེས་ཞེས་དྲིས་པ་དང་། དེས་སྙིང་རྗེ་ཞིང་བརྩེ་བས་མཆི་མས་བརྣངས་བཞིན་དུ་སྨྲས་པ། ཀྱེ་མ་མ་ཡར་མོ་སྡིག་པའི་ཆོས་སྤྱོད་པ་འདི་ཕྲག་དོག་གིས་ཁྲོས་ནས་བདག་གི་བུའི་ཁར་སྨིག་མའི་ཐུར་མ་བཙུགས་ཏེ་བསད་དོ། །དེ་དག་ཀྱང་ངུ་བར་གྱུར་ནས་འཁོར་གྱི་ཁྱིམ་མཚེས་དག་གིས་ཐོས་ནས་དེ་དག་གིས་ཀྱང་བརྒྱུགས་ཏེ་སྨྲས་པ། ཨེ་མའོ་འདི་ནི་གློ་བུར་ཞིག་བྱས་ཏེ་བྱིས་པ་འདི་ཉེས་པ་མེད་ཅིང་གནོད་པ་མེད་པར་བསད་དོ་ཞེས་ཟེར་ནས། དེ་དེ་ལ་སྐྱེ་བོ་མང་པོ་དག་གིས་ཨེ་མའོ་ཞེས་ཟེར་ཞེང་ཀུན་དུ་བསྐོར་ཏོ། །དེ་ནི་བྲང་རྡུང་ཞིང་ངུ་སྟེ་མནའ་བོར་བ་དེ་སྟེ། བདག་གིས་ཁྱོད་ཀྱི་བུ་བསད་པར་གྱུར་ན་བདག་གི་ཁྱོ་སྦྲུལ་གྱིས་ཟོས་ཏེ་དུས་བྱེད་པར་ཤོག་ཤིག །བུ་གཅིག་ནི་ཝས་ཟོས་པར་ཤོག་ཤིག །གཉིས་པ་ནི་ཆུ་བོར་ལྷུང་སྟེ་དུས་བྱེད་པར་ཤོག་ཤིག །ཕ་མ་གནམ་ལྕགས་ཀྱིས་གསོད་པར་ཤོག་ཤིག །བུའི་ཤ་ཡང་ཟོས་ལ་སྨྱོས་ཤིང་འཕྱར་བའི་སེམས་ཀྱིས་ཕན་ཚུན་འཁྱམ་པར་ཤོག་ཤིག་ཅེས་མནའ་བོར་རོ། །དགེ་སློང་དག་ཇི་སྙམ་དུ་སེམས། ཁྱིམ་བདག་དེའི་ཆུང་མ་གཉིས་པ་ནི་འདི་ལྟར་འདི་བཞིན་དགེ་སློང་མ་སྐེམ་མོ་གཽ་ཏ་མཱི་འདིའོ། །འདི་ཤིན་ཏུ་ཉོན་མོངས་པས་ཀུན་དུ་ཁེབས་པས་ན་ཁྱེའུ་བསད་ན་ཡང་བརྫུན་དུ་སྨྲ་ཞིང་མནའ་བོར་བ་དེའི་ལས་ཀྱི་རྣམ་པར་སྨིན་པས་འདིའི་ཁྱོ་སྦྲུལ་གྱིས་ཟོས་ཏེ་དུས་ལས་འདས་སོ། །བུ་གཅིག་ནི་ཝས་བསད་དོ། །གཅིག་ནི་ཆུ་བོར་ལྷུང་སྟེ་དུས་ལས་


DKG011_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

འདས་སོ། །ཕ་མ་ནི་གནམ་ལྕགས་ལྷུང་བས་དོག་གོ །བུའི་ཤ་ཟོས་ཏེ་སྒྲེན་མོར་སྨྱོས་ཤིང་ཡན་མན་དུ་གཡེངས་པའི་སེམས་ཀྱིས་ཕན་ཚུན་དུ་འཁྱམ་མོ། །གཞན་ཡང་བཅོམ་ལྡན་འདས་འོད་སྲུང་ལས་རབ་ཏུ་བྱུང་བར་གྱུར་ཏེ། དེར་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་མང་པོ་གང་ཡང་མ་ཆུད་དོ། །གང་ལ་རབ་ཏུ་བྱུང་བའི་མཁན་མོ་དེ་བཅོམ་ལྡན་འདས་འོད་སྲུང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འདུལ་བ་འཛིན་པའི་ནང་ན་མཆོག་ཏུ་གསུངས་སོ། །དེ་ན་འདིས་འཆི་བའི་ཚེ་སྨོན་ལམ་བཏབ་པ། གང་བདག་གིས་བཅོམ་ལྡན་འདས་འོད་སྲུང་བླ་ན་མེད་པ་ཡོན་གནས་ཀྱི་དྲུང་དུ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་མང་པོ་ཅིག་ཀྱང་མ་ཆུད་དེ་བདག་དགེ་བའི་རྩ་བ་འདིས་ན་གང་བཅོམ་ལྡན་འདས་འོད་སྲུང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྲམ་ཟེའི་བུ་བླ་མ་ལ་བྲམ་ཟེའི་བུ་ཁྱོད་སྐྱེ་བོའི་ཚེ་ལོ་བརྒྱ་ཐུབ་པ་ན་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བར་ལུང་བསྟན་པ་དེའི་བསྟན་པ་ལ་བདག་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་དུ་བྱས་ནས། ཇི་ལྟར་བདག་གི་མཁན་མོ་འདི་ལ་བཅོམ་ལྡན་འདས་འོད་སྲུང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འདུལ་བ་འཛིན་པའི་ནང་ན་མཆོག་ཏུ་གསུངས་པ་དེ་བཞིན་དུ་བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་ པོ་དེས་འདུལ་བ་འཛིན་པའི་ནང་ན་མཆོག་ཏུ་གསུངས་པར་ཤོག་ཤིག །འདིས་དེ་ན་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་པས་ན་དེ་ངའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་མངོན་དུ་བྱས་སོ། །གང་འདུལ་བ་འཛིན་པའི་ནང་ན་མཆོག་ཏུ་ཤོག་ཤིག་ཅེས་སྨོན་ལམ་བཏབ་སྟེ། སྨོན་ལམ་དེའི་མཐུས་ན་ད་ལྟར་དེ་བཞིན་གཤེགས་པས་འདུལ་བ་འཛིན་པའི་ནང་ན་མཆོག་ཏུ་གསུངས་སོ། །གཞན་ཡང་དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྐེམ་མོ་གཽ་ཏ་མཱི་ཕ་མ་གཉིས་ཀྱིས་ལས་ཅི་བགྱིས་ན་ལས་གང་གི་རྣམ་པར་སྨིན་པས་གནམ་ལྕགས་ལྷུང་སྟེ་གུམ་པར་འགྱུར། ཁྱོས་ལས་ཅི་བགྱིས་ན་སྦྲུལ་གྱིས་འཚལ་ནས་དུས་ལས་འདས། བུ་གཉིས་ཀྱིས་ལས་ཅི་བགྱིས་ན་གཅིག་ནི་


DKG011_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཝས་འཚལ་གཅིག་ནི་ཆུ་བོར་ལྷུང་སྟེ་དུས་ལས་འདས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་དག་ཉིད་ཀྱིས་ལས་བྱས་ཤིང་བསགས་པས་ཚོགས་རྙེད་ཅིང་རྐྱེན་སྨིན་པ་ནི་ཆུ་བོ་བཞིན་དུ་ཉེ་བར་གནས་པ་ནི་གདོན་མི་ཟ་བར་འགྱུར་རོ། །དེ་དག་གིས་ལས་བྱས་ཤིང་བསགས་པ་ནི་གཞན་སུས་ཀྱང་མྱོང་བར་མི་འགྱུར་རོ། །དགེ་སློང་རྣམས་ལས་བྱས་ཤིང་བསགས་པ་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་མི་སྨིན། ཆུའི་ཁམས་ལ་མ་ཡིན། མེའི་ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ཡིན་གྱི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་འདི་ཉིད་ལ་དགེ་བ་དང་མི་དགེ་བའི་ལས་བྱས་པ་རྣམ་པར་སྨིན་ཏོ། །ལས་རྣམས་སྟོར་བར་མི་འགྱུར་བ། །བསྐལ་པ་དག་ནི་བརྒྱར་ལོན་ཀྱང་། །དུས་དང་འཕྲོད་ནས་འཐོབ་པ་ནི། །ལུས་ཅན་རྣམས་ལ་འབྲས་བུར་སྨིན། །དགེ་སློང་དག་སྔོན་བྱུང་བ་ན་བསྐལ་པ་བཟང་པོ་འདིར་སྐྱེ་བོ་ཚེ་ལོ་ཉི་ཁྲི་ཐུབ་པ་ན་འོད་སྲུང་ཞེས་བྱ་བའི་སྟོན་པ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་མཁན་པོ། སངས་རྒྱས་བཅོམ་ལྡན་འདས་ཡུལ་འཁོར་མོ་འཇིག་གི་གྲོང་ཁྱེར་གྱི་དྲང་སྲོང་བཞིན་གྱི་ རི་དགས་གནས་ན་བཞུགས་སོ། །དེའི་དུས་ན་ཡུལ་འཁོར་མོ་འཇིག་ན་ཁྱིམ་བདག་གཞན་ཞིག་གནས་ཏེ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། གནས་ཡངས་ཤིང་རྒྱ་ཆེ་བ། ངལ་བསོ་པོའི་བཞིན་ནོར་འདུས་པ། ངལ་བསོ་པོའི་ནོར་ལ་སྡོ་བ་དེས་ཆུ་བོ་བ་ར་ཀ་ཡའི་ཕ་རོལ་ཏུ་གཙུག་ལག་ཁང་ཞིག་བརྩིགས་ཏེ་དེར་ཡུལ་སོ་སོ་ན་གནས་པའི་དགེ་སློང་དག་གནས་ཏེ། ཁྱིམ་བདག་དེ་ལས་སྐྱེས་བུ་གྲོང་མི་དག་གིས་ཟོང་བླངས་ཤིང་འདོང་ངོ་། །དེ་ལ་གཅིག་གིས་ལན་གསུམ་གྱི་བར་དུ་ཟོང་ཆུད་གསན་པ་དང་། དེས་དེ་ལ་སྨྲས་པ། འདི་ལྟར་དྲིན་མེད་པ་ཁྱོད་ཀྱིས་བརྣོགས་ཏེ་བདག་གི་ཟོང་ལན་གསུམ་དུ་ཆུད་གསན་གྱིས་མ་བྱིན་གྱི་བར་དུ་མ་འགྲོ་ཤིག །དེས་སྨྲས་པ། ཁྱིམ་བདག་ང་ལན་གཅིག་སྩལ་ལ་དེ་ཆུད་གསན་ན་བདག་གི་བུ་གསུམ་དང་། བདག་ཆུང་མར་བཅས་པ་ཁྱོད་ཀྱི་བྲན་དུ་སྣོམས་ཤིག་དེས་ཡང་


DKG011_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་རྒྱ་བྲིས་ནས་དེ་ལ་ཟོང་བྱིན་ནོ། །དེས་ཡང་ཅུང་ཟད་ཀྱང་མི་ནུས་པ་ཞིག་སྟེ། དེ་ཡང་ཆུད་གསན་ནས་ཁྱིམ་བདག་དེས་དེ་ཆུང་མ་དང་བུར་བཅས་ཏེ་གཙུག་ལག་ཁང་དེའི་ལས་བྱེད་པར་ཕུལ་ལོ། །དེ་ཡུལ་འཁོར་མོ་འཇིག་ན་གནས་པས་ཉི་མ་རེ་རེ་ཞིང་ཆུ་བོ་རྒལ་ནས་གཙུག་ལག་ཁང་དེར་དགེ་སློང་གི་དགེ་འདུན་གྱི་འབྲས་ཆན་འཚེད་དེ། ཆུང་མ་དང་བུ་དག་ནི་ཕྱག་ཚང་བྱེད་དོ། །གཙུག་ལག་ཁང་དེ་ན་དགེ་སློང་དགྲ་བཅོམ་པ་ཞིག་དགེ་འདུན་གྱི་ཞལ་ཏ་བྱེད་དེ། དེ་ནས་དུས་ཕྱི་ཞིག་ན་ཆར་པ་བབ་པས་ཆུ་བོ་བ་ར་ཀ་ཆུས་གང་སྟེ། ལས་བྱེད་པ་བུ་དང་ཆུང་མར་བཅས་ཏེ་རིང་དུ་ཐོགས་པ་དང་དགེ་སློང་དགྲ་བཅོམ་པ་དེ་འོངས་ནས་སྨྲས་པ། ཀྱེ་སྐྱེས་བུ་གདུགས་ཚོད་འདི་ཙམ་འདས་ཀྱི་བར་དུ་ད་དུང་ཡང་ཁྱོད་མི་འོང་ན་ཅི་དགེ་སློང་གི་དགེ་འདུན་བཤོས་རྣམས་གཅད་པར་བྱའམ། དེ་སྐད་སྨྲས་པ་དང་ཆུང་མ་དང་བཅས་ནས་ཁྲོས་ཏེ་སྨྲས་པ། འདི་འོང་བ་ན་ཀླད་པར་ཅིའི་ཕྱིར་གནམ་ལྕགས་མ་བབ། བུ་ཕོས་སྨྲས་པ། འདི་སྦྲུལ་གདུག་པས་ཅིའི་ཕྱིར་མ་ཟོས། བུ་འབྲིང་པོས་སྨྲས་པ་འདི་ཅིའི་ཕྱིར་ཆུ་བོར་ལྷུང་སྟེ་དུས་ལས་མ་འདས། བུ་ཆུང་ངུས་སྨྲས་པ། འདི་ཝས་ཅིའི་ཕྱིར་མ་ཟོས། དགེ་སློང་དག་ཇི་སྙམ་དུ་སེམས། གང་ཁྱིམ་བདག་ཆུང་མར་བཅས་ པ་དེ་གཉིས་ནི་སྐེམ་མོ་གཽ་ཏ་མཱི་ཕ་མའོ། །གང་བུ་ཆེན་པོ་དེ་ནི་འདིའི་ཁྱོའོ། །གང་བུ་འབྲིང་པོ་དེ་ནི་འདིའི་བུ་ཆེན་པོའོ། །གང་བུ་ཐ་ཆུངས་དེ་ནི་འདིའི་བུ་ཆུང་ངུ་སྟེ། དེ་ལྟར་དགྲ་བཅོམ་པ་ལ་ངན་སེམས་ཀྱིས་ཚིག་རྩུབ་པོ་ཕྱུང་སྟེ། དེའི་ལས་ཀྱི་རྣམ་པར་སྨིན་པས་གནམ་ལྕགས་དང་། སྦྲུལ་གདུག་པ་དང་། ཝ་ལ་སོགས་པས་བསད། ཆུ་བོར་ལྷུང་བ་དང་བཞི་ཆར་དུས་ལས་འདས་སོ། །དེ་ལྟ་བས་ན་དགེ་སློང་དག་ཤིན་ཏུ་གནག་པའི་ལས་ཀྱི་རྣམ་པར་སྨིན་པའང་ཤིན་ཏུ་གནག་གོ །ཤིན་ཏུ་དཀར་བའི་ལས་ནི་ཤིན་ཏུ་དཀར་བ། འདྲེས་པ་ལས་ནི་འདྲེས་པ། དེ་ལྟ་བས་ན་དགེ་སློང་དག་ཤིན་ཏུ་གནག་པ་དང་འདྲེས་པའི་ལས་སྤངས་ཏེ། ཤིན་ཏུ་དཀར་བའི་ལས་ལ་ནན་ཏན་བྱའོ། །དེ་བཞིན་དུ་དགེ་སློང་དག་ཁྱེད་ཀྱིས་བསླབ་པར་བྱོས་ཤིག །བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས་པ་དང་། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་


DKG011_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལ་མངོན་པར་དགའོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་སུམ་བཅུ་རྩ་དགུ་པ། གླེང་གཞི་མཉན་དུ་ཡོད་པ་ན་སྟེ། ནམ་སྐྱེས་བུ་གླེན་པ་འཕགས་སྐྱེས་པོས་ཤཱཀྱ་རྣམས་ལ་ཉེས་པ་མེད་ཅིང་གནོད་པ་མེད་པར་བསད་པ་དང་ཤཱཀྱའི་ཆུང་མ་རྣམས་ཀྱི་མིང་པོ་དང་། ཁྱོ་དང་། ཕ་རྣམས་ལས་བྲལ་བར་གྱུར་ནས་སྡུག་བསྔལ་གྱིས་ཉོན་མོངས་ཏེ་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ངོ་། །སྡུག་བསྔལ་ནི་དྲིལ་གྱི་སྒྲ་དང་འདྲ་སྟེ། ནམ་དེ་དག་མྱ་ངན་གྱི་བྲལ་བ་དང་དེའི་ཚེ་འདོད་ཆགས་རབ་ཏུ་ཆེ་བའི་ཉོན་མོངས་པས་གཟིར་ཏེ་བཟོད་པར་བྱ་བ་མ་ནུས་སོ། །བཅོམ་ལྡན་འདས་ཀྱིས་གསུངས་པ། སྦྲུལ་ནག་པོ་ལ་ཉེས་པའི་དམིགས་ལྔ་སྟེ། ལྔ་གང་ཞེ་ན། ཁྲོ་བ་ཅན་དང་། ཁོན་དུ་འཛིན་པ་ཅན་དང་། སྙིང་རིང་བ་དང་། བྱས་པ་མི་གཟོ་བ་དང་། དུག་རྣོ་བའོ། །དེ་ལྟར་དེ་བཞིན་དུ་བུད་མེད་ཁ་ཅིག་ལ་ཡང་ཉེས་དམིགས་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། ཁྲོ་བ་ཅན་དང་། ཁོན་དུ་འཛིན་པ་ཅན་དང་། སྙིང་རིང་བ་དང་། བྱས་པ་མི་གཟོ་བ་དང་། དུག་རྣོ་བའོ། །དེ་ལ་བུད་མེད་ཀྱི་དུག་རྣོ་བ་གང་ཞེ་ན། བུད་མེད་ནི་ཕལ་ཆེར་འདོད་ཆགས་ཆེའོ། །དེ་དག་གཅིག་ལ་གཅིག་གྲོས་བྱས་ནས་དགེ་སློང་མ་སྦོམ་དགའ་མོ་གང་ན་བ་དེར་དོང་སྟེ་ཕྱིན་པ་དང་སྦོམ་དགའ་མོའི་རྐང་པ་ལ་ཕྱག་བྱས་ཏེ་མདུན་དུ་འཁོད་ནས་འཕགས་མ་ཉོན་མོངས་པ་རྣམས་ནི་གཟུང་བར་དཀའ་སྟེ། བུད་མེད་རྣམས་ལ་བསླུ་བར་བགྱིད་ན་ཇི་ལྟར་བདག་ཅག་གིས་བཟློག་པར་བགྱི་བ་བཤད་དུ་གསོལ། དེས་སྨྲས་པ། ནུ་མོ་དག་དེ་ལ་ཤེས་པར་བྱ་བ་ཅི་ཞིག་ཡོད་ཁྱེད་ཅག་ནི་ན་ཆུང་དར་ལ་བབ་པ་ཡིན་གྱིས་ངེད་ལ་ཁྲིམས་ཕུལ་ཏེ་ནོར་ཅན་དང་། ཚོང་དཔོན་དང་། དེད་དཔོན་དང་། གཞན་ཡང་ནལ་གྱི་བུ་དང་། སུའི་བུ་གཏོལ་མེད་པ་རྣམས་དང་ལྷན་ཅིག་ཏུ་ཡོངས་སུ་སྤྱོད་ཅིག །དེ་སྟེ་ང་ཡང་གཞོན་ན་ནི་ཁྱེད་ཅག་དང་ལྷན་ཅིག་ཏུ་འགྲོའོ། །དེས་དེ་དག་བསླུས་པ་དང་རྐང་པ་ལ་ཕྱག་འཚལ་ཏེ་དོང་ནས་སྨྲས་པ། ཆེ་ཞེ་འཕགས་མ་སྦོམ་དགའ་མོ་ན་རེ་འདི་ལ་ཤེས་པར་བྱ་བ་ཅི་ཞིག་ཡོད་ཅེས་ཟེར་རོ། །དེ་དག་ལས་ཁ་ཅིག་གིས་ཆེ་ཞེ་དེས་སྨྲས་པ་ལེགས་ཀྱིས་འདོད་ལ་ཡོངས་སུ་སྤྱོད་དོ་ཞེས་སྨྲས་པ་དང་། ཁ་ཅིག་


DKG011_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྨྲས་པ། ནུ་མོ་བུད་མེད་རྣམས་ཀྱིས་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ནི་རྙེད་པར་དཀའ་ན་སྐད་ཅིག་འཕགས་མ་སྐེམ་མོ་གཽ་ཏ་མཱི་ལ་ཡང་དྲིའོ། །དེ་དག་གིས་ཆེ་ཞེ་ལེགས་ཀྱིས་དེ་བཞིན་དུ་བགྱིའོ་ཞེས་སྨྲས་ཏེ། དེ་དག་སྐེམ་མོ་གཽ་ཏ་མཱིའི་དྲུང་དུ་དོང་སྟེ་རྐང་པ་ལ་ཕྱག་བྱས་ནས་འཕགས་མ་ཉོན་མོངས་པ་ནི་གཟུང་བར་དཀའ་སྟེ། བུད་མེད་རྣམས་སླུ་བར་བགྱིད་ན་བདག་ཅག་གིས་ཇི་ལྟར་བཟློག་པར་བགྱི་བ་བཤད་དུ་གསོལ། དེས་སྨྲས་པ། ཆེ་ཞེ་དག་འདོད་པ་རྣམས་ཀྱི་མིང་ཡང་མ་འཛིན་ཅིག །དེ་ཅིའི་ཕྱིར་ཞེ་ན། འདོད་པ་ནི་བདེ་བ་ཆུང་ལ་སྡུག་བསྔལ་ཆེ། ཉེས་པའི་དམིགས་མང་ངོ་། །བཅོམ་ལྡན་འདས་ཀྱིས་གསུངས་པ། ཉེས་པའི་དམིགས་ལྔ་ཡང་དག་པར་མཐོང་ཞིང་མཁས་པས་ནི་འདོད་པ་ལ་བསྟེན་པའི་མི་རིགས་སོ། །ལྔ་གང་ཞེ་ན། འདོད་པ་ནི་དགའ་བ་ཆུང་ཞིང་སྡུག་བསྔལ་ཆེ་ལ་ཉེས་པའི་དམིགས་མང་པོར་ཡང་དག་པར་མཐོང་བའི་མཁས་ པས་འདོད་པ་ལ་བསྟེན་པར་མི་རིགས་སོ། །འདོད་པ་ལ་བསྟེན་པས་སྦྱོར་བའི་རྣམ་པར་འཕེལ་བར་འགྱུར་བར་མཐོང་བའི་མཁས་པས་འདོད་པ་ལ་བསྟེན་པར་མི་རིགས་སོ། །འདོད་པ་ལ་བསྟེན་ན་གཏོང་བ་དང་། ངོམས་པ་དང་། ཆོག་པ་མེད་པར་མཐོང་བའི་མཁས་པས་འདོད་པ་ལ་བསྟེན་པར་མི་རིགས་སོ། །འདོད་པ་ལ་བསྟེན་པ་ནི་སྡིག་པའི་ལས་མི་བྱེད་པ་ནི་ཅུང་ཟད་ཀྱང་མེད་པར་མཐོང་བའི་མཁས་པས་འདོད་པ་ལ་བསྟེན་པར་མི་རིགས་སོ། །འདོད་པ་ནི་རྣམ་གྲངས་དུ་མ་ལས་ཀྱང་སངས་རྒྱས་དང་། སངས་རྒྱས་ཀྱི་ཉན་ཐོས་དང་། མཁས་པ་དང་། ཡང་དག་པར་སོང་བའི་སྐྱེས་བུ་དམ་པ་དག་གིས་སྨད་པར་མཐོང་བའི་མཁས་པས་འདོད་པ་ལ་བསྟེན་པར་མི་རིགས་སོ། །ཡོན་ཏན་ལྔ་མཐོང་བའི་མཁས་པ་ནི་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བའི་རིགས་སོ། །ལྔ་གང་ཞེ་ན། རང་གི་དོན་མ་འདྲེས་པ་མཐོང་བའི་མཁས་པས་རབ་ཏུ་བྱུང་བ་ལ་མོས་པར་བྱ་བའི་རིགས་སོ། །བདག་གང་བྲན་མོ་དང་། མངག་གཞུག་མ་དང་། སྐྱོ་བ་དང་། དབང་བྱེད་པ་དང་། གར་དགར་འགྲོར་མེད་པ་ལས་དེ་དག་གིས་མཆོད་པ་དང་། བསྔགས་པར་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བའི་རིགས་སོ། །བླ་ན་མེད་པའི་རྣལ་འབྱོར་བདེ་བ་དང་། མྱ་ངན་ལས་འདའ་བ་འཐོབ་པར་འགྱུར་བ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་


DKG011_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་རིགས་སོ། །བདག་བླ་ན་མེད་པའི་རྣལ་འབྱོར་བདེ་བ་དང་། མྱ་ངན་ལས་འདའ་བ་འཐོབ་པ་དག་མ་ཐོབ་ན་ཡང་ལྷར་སྐྱེ་བར་འགྱུར་རོ། །ཞེས་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བའི་རིགས་སོ། །རྣམ་གྲངས་དུ་མ་ལས་ཀྱང་རབ་ཏུ་འབྱུང་བ་ནི་སངས་རྒྱས་དང་། སངས་རྒྱས་ཀྱི་ཉན་ཐོས་དང་། མཁས་པ་དང་། ཡང་དག་པར་སོང་བ་དང་། སྐྱེས་བུ་དམ་པ་དག་གིས་བསྟོད་པར་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བའི་རིགས་སོ། །ཅི་བདག་གིས་ཚེ་གཞན་དུ་འདོད་པའི་ཕྱིར་སྡུག་བསྔལ་མྱོང་བར་དེ་མཉན་པར་འདོད་དམ། འོན་ཏེ་ཚེ་འདི་ལ་མྱོང་བའི་རྣམས་མཉན་པར་འདོད། དེ་དག་གིས་འཕགས་མ་ཁྱོད་ཀྱིས་ཚེ་གཞན་དུ་འདོད་པའི་ཕྱིར་སྡུག་བསྔལ་མྱོང་བ་ནི་རེ་ཞིག་ཞོག་ལ་གང་ཚེ་འདི་ལ་མྱོང་བ་རྣམས་གསུང་ཤིག་ཅེས་སྨྲས་པ་དང་། དེས་དེ་དག་ལ་མ་དང་། ཕ་དང་། ཁྱོ་དང་། བུ་རྣམས་ལས་བྲལ་བའི་སྡུག་བསྔལ་དང་། བུའི་ཤ་ཟོས་པའི་སྡུག་བསྔལ་ཇི་ལྟར་གྱུར་པ་ཞིབ་ཏུ་སྨྲས་པ་དང་། དེ་དག་སྐྱོ་ནས་བ་སྤུ་ཀུན་ཁུང་ནས་གཡོས་ཏེ་རྣ་བ་བྱོ་ནས་སྐེམ་མོ་གཽ་ཏ་མཱིའི་གདོང་དུ་བལྟས་པ་དང་། དེས་དེ་དག་གི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་རྣམས་ཤེས་ནས་འཕགས་པའི་བདེན་པ་བཞི་ཡང་དག་པར་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་དོ། །དེ་ཐོས་པ་ནས་དེ་དག་གིས་འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་གྱེན་དུ་བྱུང་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །དེ་དག་བདེན་པ་མཐོང་སྟེ་འཕགས་མ་བདག་ཅག་དོ་ཞིག་གོ །བདག་ཅག་རབ་ཏུ་དོ་ཞིག་གོ །འཕགས་མ་སྦོམ་དགའ་མོས་བདག་ཅག་འདོད་པའི་འདམ་དུ་དོ་བཅུག་གོ་ཞེས་སྨྲས་པ་དང་། སྐེམ་མོ་གཽ་ཏ་མཱིས་ནུ་མོ་དག་ཅི་བྱས་ཞེས་དྲིས་པ་དང་། དེ་དག་གིས་ཀྱང་ཞིབ་ཏུ་སྨྲས་སོ། །དེས་ནུ་མོ་དག་འདི་ལ་ཅི་ཞིག་བྱ། དེ་ནི་ཉེས་པ་སྦོམ་པོ་ལ་སྤྱོད་པ་སྟེ། དེས་བཅོམ་ལྡན་འདས་ཀྱི་བསྟན་པ་ཆུ་འགྲམ་གྱི་གད་པ་


DKG011_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འདོར་རོ་ཞེས་སྨྲས་པ་དང་། དོན་ཆུང་ངུའི་དགེ་སློང་མ་དག་འཕྱ་སྤང་སྟེ། ཁ་ངན་དུ་འཛེར་བ་ནི་དགེ་སློང་མས་དགེ་སློང་མ་དག་སླར་ཁྱིམ་དུ་བསྐྲད་པ་ག་ལ་སྲིད་ཅེས་འཛེར་ཏོ། །དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མས་དགེ་སློང་མ་ཁྱིམ་དུ་འཇུག་པར་མ་བྱེད་ཅིག །འཇུག་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་གཞན་ཞིག་དགེ་སློང་ལ་སྤྱོས་པ་དང་། དགེ་སློང་དེ་སྐྲག་པར་གྱུར་ཏེ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་ཕ་ལ་སྤྱོ་བར་བྱེད་ན་འདས་པ་དང་བཅས་པར་འགྱུར་རོ། །ཇི་ལྟར་དགེ་སློང་མས་དགེ་སློང་ཕ་ལ་ མི་བྱ་བ་བཞིན་དུ་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་ལ་མི་བྱའོ། །དགེ་སློབ་མས་དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་ལ་མི་བྱའོ། །དགེ་ཚུལ་མས་དགེ་སློང་ཕ་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་ལ་ཡང་མི་བྱའོ། །མདོར་ན། མདུན་དུ་འགྲོ་བར་མི་བྱ་སྟེ། །ལྡང་བར་བྱའོ་དགེ་སློང་མ། །ཞུས་ནས་འདུག་པར་བྱ་བ་དང་། །སྐྱིལ་མོ་ཀྲུང་དང་རྣམ་གྲངས་མེད། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་མཉན་དུ་ཡོད་པའི་སྔོན་གྱི་སྐྱེད་མོས་ཚལ་རི་དགས་སྒྲའི་ཁང་པ་ན་འདུག་གོ །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གྱོན་ལྷུང་བཟེད་ཁྱེར་ཏེ་མཉན་དུ་ཡོད་པར་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དགེ་སློང་མ་སྦོམ་དགའ་མོ་ཡང་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གྱོན་ལྷུང་བཟེད་ཁྱེར་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་ཞུགས་པ་དང་། དེས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་མཐོང་ནས་གླེན་པ་འདི་ལ་མི་


DKG011_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བར་བྱའོ་སྙམ་བསམས་ནས་ཁྱིམ་གང་དུ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འགྲོ་བ་དེར་མོ་ཐོག་མར་དོང་སྟེ། སྒོའི་ནང་ལོགས་སུ་འདུག་ནས་འཕགས་པ་ད་ལྟར་ནི་སྦྱར་བ་ཅུང་ཟད་ཀྱང་མེད་ཀྱིས་སོང་ཤིག་ཅེས་སྨྲས་པ་དང་། དེ་ཁྱིམ་གཞན་དུ་སོང་ངོ་། །དེར་ཡང་མོ་སྔར་སོང་སྟེ་སྔ་མ་བཞིན་དུ་གཙེས་སོ། །འདི་བཞིན་དུ་ཡང་གཅིག་ནས་གཅིག་ཏུ་བྱས་པ་དང་། མ་དགོངས་པར་ནི་དགྲ་བཅོམ་པའི་ཡེ་ཤེས་ཀྱིས་གཟིགས་པ་མི་འཇུག་སྟེ། སུ་ཞིག་བདག་ལ་འཚེ་སྙམ་དགོངས་ན། སྦོམ་དགའ་མོ་ཡིན་པར་གཟིགས་ནས་དེས་སྨྲས་པ། སྲིང་མོ་ཁྱོད་ཀྱིས་ནི་མ་ཉེས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོས་ཉེས་ཏེ། ཉེས་པ་སྦོམ་པོ་སྤྱོད་པའི་བུད་མེད་དག་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་གནང་བར་བྱས་པས་ཉེས་སོ། ། དེ་ལྟར་གྱུར་པ་དགེ་སློང་དག་གིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། གང་ཅུང་ཟད་དགེ་སློང་མས་དགེ་སློང་ཕ་སྤྱོད་ཡུལ་དུ་འགྲོ་བའི་མདུན་དུ་སོང་ན་ཉེས་པའི་དམིགས་སུ་འགྱུར་ཏེ། དེ་ལྟ་བས་ན་དགེ་སློང་མས་དགེ་སློང་གི་སྤྱོད་ཡུལ་དུ་བསོད་སྙོམས་མི་བསླང་བར་དགོངས་ནས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་འོད་སྲུང་གིས་དགེ་སློང་མ་ལ་རིགས་པར་སྤྱོས་སོ། །དེ་ལྟ་བས་ན་དགེ་སློང་མས་དགེ་སློང་གི་སྤྱོད་ཡུལ་དུ་བསོད་སྙོམས་མ་བསླང་ཤིག །དགེ་སློང་མས་དགེ་སློང་གི་སྤྱོད་ཡུལ་དུ་བསོད་སྙོམས་བསླངས་ན་འདས་པ་དང་བཅས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་མས་དགེ་སློང་གི་སྤྱོད་ཡུལ་དུ་བསོད་སྙོམས་མ་བསླང་ཤིག་ཅེས་གསུངས་པ་དང་། དགེ་སློང་མས་དགེ་སློང་གི་སྤྱོད་ཡུལ་སྤངས་པ་དང་། དེ་དག་བསོད་སྙོམས་ཀྱིས་ཕོངས་པར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་སྨྲས་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལྟ་བས་ན་དགེ་སློང་མས་དགེ་སློང་སྤྱོད་ཡུལ་དུ་འདོང་བའི་མདུན་དུ་འགྲོ་བར་མི་བྱའོ། །གང་སྤྱོད་ཡུལ་དགེ་སློང་དག་གིས་སྤངས་པར་དགེ་སློང་མ་དག་དེ་དག་འདོང་བར་བྱོས་


DKG011_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ཅེས་བཀའ་སྩལ་ཏོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོ་འཁོར་བརྒྱ་དུ་མའི་མདུན་ན་འདུག་ཅིང་ཆོས་འཆད་དོ། །ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལམ་དེར་སོང་བ་དང་འཁོར་དེ་དག་གིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་མཐོང་ནས་ལངས་སོ། །སྦོམ་དགའ་མོ་ནི་རྐུབ་ཀྱང་མ་བསྐྱོད་པ་དང་། དེ་དག་གིས་འཕགས་པ་འོད་སྲུང་ཆེན་པོ་ལྷ་དང་མིས་མཆོད་པ་དེ་མཐོང་བ་དང་། བདག་ཅག་ནི་ལངས་ན་ཁྱོད་སྟན་ལས་ཀྱང་མ་འཕགས་པ་ནི་མ་ལེགས་སོ་ཞེས་སྨྲས་པ་དང་། དེས་འདི་ནི་མུ་སྟེགས་ཅན་ལས་རབ་ཏུ་བྱུང་སྟེ། བླུན་པ་རབ་ཏུ་བླུན་པ། གླེན་པ། རབ་ཏུ་གླེན་པ་ན་བདག་ཤཱཀྱ་མོ་རབ་ཏུ་བྱུང་བ་སྡེ་སྣོད་གསུམ་པ། ཆོས་ཀྱི་གཏམ་ཅན། རིག་པ་དང་གྲོལ་བ་ལ་སྤོབས་པས་ཅི་ཕྱིར་འདི་མཐོང་བ་དང་སྟན་ལས་ལྡང་ཞེས་སྨྲས་པ་དང་། དགེ་སློང་དག་ གིས་ཐོས་ཏེ་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དད་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ནི་རིགས་པར་འཕྱའོ། །དེ་ལྟ་བས་ན་དགེ་སློང་མས་དགེ་སློང་མཐོང་མ་ཐག་ཏུ་སྟན་ལས་ལོངས་ཤིག །མ་ལངས་ན་འདས་པ་དང་བཅས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་གསུངས་པ། དགེ་སློང་མས་དགེ་སློང་མཐོང་མ་ཐག་ཏུ་སྟན་ལས་ལོངས་ཤིག་ཅེས་གསུངས་པ་དང་། དུས་ཕྱི་ཞིག་ན་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མ་དབྱར་མོ་ཁང་གི་ཕྱི་རོལ་ན་འཁོར་བརྒྱ་ཕྲག་དུ་མའི་མདུན་ན་འདུག་སྟེ་ཆོས་འཆད་དོ། ། ཚེ་དང་ལྡན་པ་ཀུན་དགའ་བོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གྱོན་ལྷུང་བཟེད་ཁྱེར་ཏེ་མཉན་དུ་ཡོད་པར་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ལས་མཉན་དུ་ཡོད་པ་ནས་བསོད་སྙོམས་ལས་སླར་བསྐོར་ཏེ། གང་ན་དགེ་སློང་མའི་དབྱར་མོ་ཁང་ཡོད་པ་དེར་སོང་བ་དང་། དགེ་སློང་མ་ཨུཏྤ་ལའི་ཁ་དོག་མ་ཚེ་དང་ལྡན་པ་ཀུན་དགའ་བོ་མཐོང་སྟེ། མཐོང་མ་ཐག་ཏུ་སྟན་ལས་ལངས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལ་འདུག་གོ། །འདུག་ནས་སྲིང་མོ་ཁྱོད་ཀྱིས་མདོ་སྡེ་གང་ཞིག་བརྩམས་ཞེས་དྲིས་པ་དང་དེས་སྨྲས་པ། འཕགས་པ་འདི་ཞེས་བགྱི་བའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་མདོ་སྡེ་རྒྱས་པར་བཤད་པར་


DKG011_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་པ་དང་། ཨུཏྤ་ལའི་ཁ་དོག་མ་འགྲེང་བཞིན་དུ་རྣ་བ་བྱོ་སྟེ་ཉན་ཏོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཆོས་འཆད་པ་ལ་ཆགས་པས་དེ་ལ་འདུག་ཅེས་མ་སྨྲས་པ་དང་། དེ་རིང་ཞིག་འགྲེང་བས་ཉི་མའི་འོད་ཟེར་ཚ་བས་རྨྱ་སྟེ་བརྒྱལ་བར་གྱུར་ནས་ས་ལ་འགྱེལ་བ་དང་མ་དད་པ་དག་གིས་སྨྲས་པ། ཀྱེ་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མ་འདོད་ཆགས་དང་བྲལ་ལོ་ཞེས་ཐོས་ན་ཤཱཀྱ་གཞོན་ནུ་གཟུགས་སྡུག་པ་མཐོང་བ་དང་འདོད་ཆགས་ཀྱིས་བསྐྱོད་པའི་རྟོག་པས་ས་ལ་འགྱེལ་ཏོ་ཞེས་འཛེར་བ་དགེ་སློང་དག་གིས་ཐོས་ཏེ་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་ཁྱིམ་བདག་དག་རིགས་པར་འཕྱ་སྟེ། དེ་ལྟ་བས་ན་དགེ་སློང་དག་ཆོས་འཆད་ན་འཕགས་མ་འདུག་ཅེས་སྨྲོས་ཤིག །དེ་སྟེ་དགེ་སློང་བྲེལ་ཏེ་མ་དྲན་ན་དགེ་སློང་མས་ཞུས་ལ་འདུག་ཤིག །འཕགས་པ་མཁྱེན་པར་མཛོད་ཅིག་བདག་མཆིས་སོ་ཞེས་བརྗོད་ཅིག །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་དག་ཉི་མ་ནི་ཤར། བྱ་རོག་ནི་སྐད་འབྱིན། ཞིང་པ་ནི་ཞིང་རྨེད། མི་རྒོད་ནི་ངུའོ། །དེ་ལྟ་བས་ན་དགེ་སློང་དག་དོན་འདི་ནི་དཔེ་ཡིན་པར་ཤེས་པར་བྱའོ། །དེའི་དོན་ཡང་འདི་ལྟར་བལྟའོ། །དགེ་སློང་དག་ཉི་མ་ཤར་རོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་བླ་དགས་སོ། །བྱ་རོག་སྒྲ་འབྱིན་ཏོ་ཞེས་བྱ་བ་ནི་ཆོས་འཆད་པའི་གང་ཟག་གི་ཚིག་བླ་དགས་སོ། །ཞིང་པ་ཞིང་རྨེད་དོ་ཞེས་བྱ་བ་ནི་གཏོང་བ་སྦྱིན་པ་དག་གི་ཚིག་བླ་དགས་སོ། །མི་རྒོད་ངུའོ་ཞེས་བྱ་བ་ནི་བདུད་ཀྱི་འཁོར་གྱི་ཚིག་བླ་དགས་སོ། །དེ་ལྟ་བས་ན་དགེ་སློང་དག་འདི་ལྟར་སྟོན་པ་རྗེས་སུ་བརྩེ་བ་ཅན་ཐུགས་རྗེ་ཅན་དོན་དུ་བཞེད་པ། ཕན་པར་བཞེད་པ། ཐུགས་རྗེ་བ་ངས་ཉན་ཐོས་ཁྱེད་རྣམས་ལ་བྱ་བ་ནི་བྱས་ཟིན་གྱིས་ད་ནི་ཁྱེད་ཅག་གིས་དགོན་པ་དང་། ཤིང་དྲུང་དང་། ཁྱིམ་སྟོང་པ་དང་། ལུང་བ་དང་། བྲག་ཕུག་དང་། སོག་མ་སྤུངས་


DKG011_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པ་བླ་གབ་མེད་པ་དང་། དུར་ཁྲོད་དང་། ནགས་དང་། རི་དང་། བས་མཐའ་འདི་དག་ཏུ་གནས་ཤིང་སྒོམས་ཤིག །དགེ་སློང་རྣམས་བག་མེད་པར་མ་བྱེད་ཅིག །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་འདི་ནི་ངའི་བསྟན་པའོ། །དགེ་སློང་དག་མཚོ་དང་། ལྟེང་ཀ་དང་། བྲག་ཕུག་དང་། སྐྱེད་མོས་ཚལ་དང་། ཆུ་མིག་དང་། མེ་ཏོག་དང་། འབྲས་བུས་བརྒྱན་པའི་ཤིང་དེ་ལྟ་བུའི་སྟེང་ན་ཁྱད་པར་ཅན་དུ་དགའ་བའི་གནས་སུ་དོང་ནས་ཡིད་ལ་བྱེད་པ་སྒྲུབ་པ་ལ་རྩོམ་མོ། །དགེ་སློང་མ་ཡང་རྒྱལ་པོའི་ཀུན་དགའ་ར་བ་དང་ཉེ་བའི་ཚལ་སྟུག་པོར་གཞན་ཡང་བུད་མེད་དང་མཐུན་པའི་གནས་དག་ཏུ་དོང་སྟེ་ཡིད་ལ་བྱེད་པ་སྒྲུབ་པ་ལ་རྩོམ་མོ། །དེ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་བསྒྱུར་བས་བུད་མེད་ཅེས་བྱ་བའི་རྨའི་སྒོར་སྲོག་ཆགས་དག་ཞུགས་པར་བཅོམ་ལྡན་འདས་ཀྱིས་གསན་ནས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དག་དགེ་སློང་མ་ ཡིད་ལ་བྱེད་པ་སྒོམ་པ་ན་སྐྱིལ་མོ་ཀྲུང་བཅས་ཏེ་མ་འདུག་པར་སྐྱིལ་མོ་ཀྲུང་ཕྱེད་དུ་ཆོས་ལ་འདུག་པས་ཡིད་ལ་བྱེད་པ་སྒོམས་ཤིག །བཅོམ་ལྡན་འདས་ཀྱིས་དགེ་སློང་མས་སྐྱིལ་མོ་ཀྲུང་ཕྱེད་ཆོས་ཏེ་འདུག་པས་ཡིད་ལ་བྱེད་པ་སྒོམས་ཤིག་ཅེས་གསུངས་ན། དགེ་སློང་མ་དག་གིས་སྐྱིལ་མོ་ཀྲུང་ཕྱེད་དུ་བཅས་ཏེ་འདུག་ནས་ཡིད་ལ་བྱེད་པ་བསྒོམ་པ་ལ་རྩོམ་པ་དང་། འོན་ཀྱང་དེའི་མོ་མཚན་དུ་སྲོག་ཆགས་ཕྲ་མོ་དག་ཞུགས་པ་གསན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་དེར་འདབ་མའམ་ལོ་མ་སྲབ་མོ་ལྷུང་བས་གློན་ལ་སྐྱིལ་མོ་ཀྲུང་ཕྱེད་དུ་ཆོས་ཏེ་འདུག་ཤིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཚེ་དང་ལྡན་པ་ཨུ་པཱ་ལིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ནམ་དགེ་སློང་མས་ཁྲིམས་ཕུལ་ནས་བབས་པར་གྱུར་པས་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་སླར་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་འཚལ་ན་རབ་ཏུ་འབྱུང་ངམ་རབ་ཏུ་མི་འབྱུང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པཱ་ལི་རབ་ཏུ་མི་འབྱུང་ངོ་། །ཨུ་པཱ་ལི་ལན་གཅིག་བབས་པའི་དགེ་སློང་མས་ཕྱིར་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་དབྱུང་དུ་མེད་


DKG011_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཚེ་དང་ལྡན་པ་ཨུ་པཱ་ལིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་གང་བཅོམ་ལྡན་འདས་ཀྱིས་ནི་འདི་ན་དགེ་སློང་མས་དགེ་སློང་ལ་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པའོ་ཞེས་གླེང་བར་མི་བྱ། དྲན་པར་མི་བྱའོ་ཞེས་གསུངས་ན། བཙུན་པ་ཅི་དགེ་སློང་མས་དགེ་སློང་ཕ་ལ་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པའོ་ཞེས་གླེང་བར་བགྱི་བ་དང་། དྲན་པར་བགྱི་བའི་རྣམ་གྲངས་འགའ་ཙམ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པཱ་ལི་དགེ་སློང་མས་དགེ་སློང་ལ་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པའོ་ཞེས་གླེང་བར་བྱ་བ་དང་། དྲན་པར་ བྱ་བའི་རྣམ་གྲངས་གང་ཡང་མེད་དོ།། །།མདོར་ན། ཚོང་དཔོན་གྱིས་ཀྱང་ཟས་ལྷག་མ། །བཞག་པ་དག་ནི་མི་སྤང་སྟེ། །བར་ཆད་ཆོས་ནི་མི་དྲི་བ། །གཞན་ཕྱིར་དག་དང་ཁྲག་འཛག་པའོ། །གླེང་གཞི་མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཚོང་དཔོན་གཞན་ཞིག་གནས་པ་ཕྱུག་ལ་ནོར་མང་ཞིང་ལོངས་སྤྱོད་ཆེ་བ་དེས་རིགས་མཉམ་པ་ལས་ཆུང་མ་ཞིག་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་ལ་རྩེ་དགའ་སྤྱོད་ཀྱང་བུ་ཕོ་ཡང་མ་བྱུང་། བུ་མོ་ཡང་མ་བྱུང་ངོ་། །དེ་དུས་ཕྱི་ཞིག་ན་ནོར་ཟད་པར་གྱུར། ལོངས་སྤྱོད་ཀྱང་ཟད་པར་གྱུར་ནས་དེས་ཆུང་མ་ལ་བཟང་མོ་ད་ནི་བདག་རྒས་པས་ནོར་བཙལ་བར་མི་ནུས་ཀྱིས་ཛེ་ཏའི་ཚལ་དུ་སོང་སྟེ་རབ་ཏུ་འབྱུང་ངོ་ཞེས་སྨས་པ་དང་། དེས་ཇོ་བོ་དེ་སྟེ་ཁྱོད་རབ་ཏུ་འབྱུང་ན། བདག་སུའི་དྲུང་ན་འདུག་གིས་བདག་ཀྱང་རབ་ཏུ་འབྱུང་ངོ་ཞེས་སྨྲས་པ་དང་། དེས་བཟང་མོ་ལེགས་ཀྱིས་འདོང་ཞེས་སྨྲས་ནས། དེ་ཁྲིད་དེ་གཽ་ཏ་མཱི་སྐྱེ་དགུའི་བདག་མོའི་དྲུང་དུ་འོངས་ནས་རྐང་པ་ལ་ཕྱག་བྱས་ཏེ། འཕགས་མ་རང་གི་སླས་འདི་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བར་འཚལ་གྱིས་རབ་ཏུ་ཕྱུང་ཤིག །བདག་ཛེ་ཏའི་ཚལ་དུ་མཆིས་ལ་རབ་ཏུ་འབྱུང་ངོ་ཞེས་སྨྲས་ནས་དེས་སྨྲས་པ། བུ་ཁྱོད་ཆུང་མ་དང་བཅས་ཏེ་སེམས་བསྐྱེད་པ་ནི་ལེགས་ཏེ་རབ་


DKG011_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བྱུང་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡོན་ཏན་ལྔ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བའི་རིགས་སོ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་སངས་རྒྱས་དང་། སངས་རྒྱས་ཀྱི་ཉན་ཐོས་པ་དང་། མཁས་པ་དང་། ཡང་དག་པར་སོང་བ་དང་། སྐྱེས་བུ་དམ་པ་རྣམས་ཀྱིས་རྣམ་གྲངས་དུ་མས་ཀྱང་རབ་ཏུ་འབྱུང་བ་ནི་བསྟོད་ཀྱིས་ལེགས་ཏེ་རབ་ཏུ་དབྱུང་གིས་སོང་ཤིག་ཅེས་སྨྲས་ནས་དེ་རབ་ཏུ་ཕྱུང་ངོ་། །དེ་ཡང་ཛེ་ཏའི་ཚལ་དུ་སོང་ནས་དགེ་སློང་དག་ལས་རབ་ཏུ་བྱུང་སྟེ། དེ་མཉན་དུ་ཡོད་པའི་ཚོང་དཔོན་ཞིག་རབ་ཏུ་བྱུང་ངོ་ཞེས་མིང་དུ་གྱུར་ཏེ། བསོད་ནམས་ཆེན་པོས་ཐོབ་པ་ནི་ཆོས་གོས་དང་བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་རྐྱེན་སྨན་ དཔྱད་དང་། ཡོ་བྱད་རྣམས་སོ། །དེ་དུས་ཕྱི་ཞིག་ན་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དེའི་ཆུང་མ་དེ་ཡང་བསོད་སྙོམས་ལ་ཞུགས་པ་དང་། དེའི་དུས་ན་མུ་གེ་ཆེན་པོ་བྱུང་སྟེ་དེ་བསོད་སྙོམས་ཀྱིས་ཕོངས་སོ། །དེས་དེ་མཐོང་ནས་སྨྲས་པ། སྲིང་མོ་ཇི་ལྟར་འཚོ་ཞིང་འདུག །དེས་འཕགས་པ་མུ་གེའི་དུས་ལ་བབ་པས་བསོད་སྙོམས་ཀྱི་ཟས་སུ་ཡང་མི་སྟེར་ཏེ་སྡུག་བསྔལ་ཞིང་འཚོ་མོད་ཅེས་སྨྲས་པ་དང་། དེས་སྲིང་མོ་ང་ལ་བསོད་སྙོམས་འབྱོར་མོད་ཀྱི་བཅོམ་ལྡན་འདས་ཀྱིས་གནང་ན་བསོད་སྙོམས་ཀྱི་ཕྱེད་སྦྱིན་ནོ་ཞེས་སྨྲས་པ་དང་། དེ་ཅང་མི་ཟེར་བར་དབྱར་མོ་ཁང་དུ་སོང་ནས་ཇི་ལྟ་བུར་གྱུར་པ་དགེ་སློང་མ་དག་ལ་སྨྲས་པ། དེ་དག་གིས་དགེ་སློང་ལ་སྨྲས་པ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འདི་འདྲ་བའི་དགེ་སློང་མ་ལ་གང་དགེ་སློང་གིས་བསོད་སྙོམས་ཞིག་འབྱོར་ན་དགེ་སློང་དེས་མུ་གེའི་དུས་ན་དེ་ལ་བསོད་སྙོམས་ཀྱི་ཕྱེད་སྦྱིན་པར་བྱ་སྟེ། དེ་ལ་ཐེ་ཚོམ་མ་བྱེད་ཅིག་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་འདི་འདྲ་བའི་དགེ་སློང་མ་ལ་གང་དགེ་སློང་གིས་བསོད་སྙོམས་ཞིག་འབྱོར་ན་དགེ་སློང་དེས་མུ་གེའི་དུས་ལ་བབ་པ་དང་། དེ་ལ་བསོད་སྙོམས་ཀྱི་ཕྱེད་བྱིན་ཅིག་ཅེས་བཀའ་སྩལ་ནས། དེས་དེ་ལ་བསོད་སྙོམས་ཀྱི་ཕྱེད་བཞག་པ་དང་། དེས་དེ་ཟ་ཤིང་སོང་ངོ་། །དེ་ལ་དུས་ཕྱི་ཞིག་ན་འཕྲལ་བྱིན་པའི་བསོད་སྙོམས་ཞིག་རྙེད་དེ། དགེ་


DKG011_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སློང་དེའི་དྲུང་དུ་མ་སོང་བ་དང་། དགེ་སློང་དེས་བསམས་པ། དེ་ནི་གུད་ནས་ཟས་རྙེད་དུ་ངེས་ཏེ། དེའི་ཕྱིར་འདིར་མ་འོངས་ན་འདི་སུའི་ཕྱིར་གཞག་སྙམ་དུ་བསམས་ནས། དེས་དེ་མ་བཞག་པ་དང་། ཇི་ཙམ་ཞིག་ན་དགེ་སློང་མ་དེ་ཡང་འོངས་ཏེ་དེས་སྲིང་མོ་ཁྱོད་མི་འོང་སྙམ་ནས། བདག་གིས་བསོད་སྙོམས་མ་བཞག་སྟེ། ཟས་འདི་ནི་བཞག་པ་ཞིག་ན། དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་ནི་འདི་བདག་གིས་སྦྱིན་ནོ་ཞེས་སྨྲས་པ་དང་། དེས་དེའི་རྐང་པ་ལ་ཕྱག་བྱས་ནས་དབྱར་མོ་ཁང་དུ་སོང་སྟེ། དེས་ཇི་ལྟ་བུར་གྱུར་པ་དགེ་སློང་མ་དག་ལ་སྨྲས་ནས་དེ་དག་གིས་ དགེ་སློང་དག་ལ་སྨྲས་ཏེ། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དག་གིས་བཞག་པ་དགེ་སློང་མས་བྱིན་ལེན་བྱོས་ལ་བཟའ་བར་གནང་ངོ་། །གང་ཡང་དགེ་སློང་མས་བཞག་པ་དེ་ནི་དགེ་སློང་གིས་བྱིན་ལེན་བྱོས་ཤིག །འདི་ལ་ཐེ་ཚོམ་མ་བྱེད་པར་དགེ་སློང་མས་ནི་དགེ་སློང་ལ་བྱིན་ལེན་བྱའོ། །དགེ་སློང་དག་གིས་ཀྱང་དགེ་སློང་མ་ལས་བྱིན་ལེན་བྱའོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་དག་གིས་དགེ་སློང་མའི་དགེ་འདུན་གྱི་དབུས་སུ་ཐུན་མོང་མ་ཡིན་པའི་བར་ཆད་ཀྱི་ཆོས་དྲིས་པ་དང་། དེ་ངོ་ཚ་ནས་གདོང་སྨད་དེ་འདུག་གོ །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་སློང་མ་དང་ཐུན་མོང་མ་ཡིན་པའི་བར་ཆད་ཀྱི་ཆོས་དྲི་བ་མི་བྱའོ། །དགེ་སློང་མ་ཉིད་ཀྱིས་དྲིས་ཤིག །དགེ་སློང་གིས་དགེ་སློང་མ་ལ་དགེ་སློང་མ་དེ་ཐུན་མོང་མ་ཡིན་པའི་བར་ཆད་ཀྱི་ཆོས་འདྲི་ན་འདས་པ་དང་བཅས་པར་འགྱུར་རོ། །དགེ་སློང་ཕ་དག་གིས་ཐུན་མོང་གི་དྲི་བར་བརྩམས་ན་འོན་ཀྱང་ངོ་ཚ་ནས་མ་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དྲུང་དུ་ཞོག་ལ་དྲིས་ཤིག །དེས་ནི་དགེ་སློང་མ་ལ་སྨྲོས་ཤིག །དགེ་སློང་མ་དེས་ཀྱང་དགེ་སློང་ལ་སྨྲོས་ཤིག །གླེང་གཞི་མཉན་དུ་ཡོད་པ་ན་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་དགེ་སློང་མ་གཞན་ཞིག་བསྙེན་པར་རྫོགས་ཏེ། འདི་


DKG011_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཁྱོད་ཤེས་རབ་མཆོག་གི་བསྟན་པ་ལ་བསྙེན་པར་རྫོགས་ནས་ཇི་ལྟར་ཁོམ་པ་ཕུན་སུམ་ཚོགས་པ་རྙེད་པར་དཀའ་བ་འདི་ལ་སྐྱོ་བར་མ་བྱེད་ཅིག་ཅེས་བསྒོ་བ་དེའི་བར་དུ་དེར་ཁྲག་ཟགས་ནས། དེ་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་སྲིང་མོ་ལོངས་ཏེ་སོང་ཤིག་ཅེས་སྨྲས་པ་དང་། དེ་ཁྲག་ཟགས་ཏེ་ངོ་ཚ་ནས་ཡིད་ལ་གནོང་བས་མ་ལངས་པ་དང་ཚེ་དང་ལྡན་པ་ཤཱ་རིའི་བུས་དེ་ཤེས་ནས་སོང་ངོ་། །དེ་ལ་དགེ་སློང་མ་དག་གིས་ནུ་མོ་དཀྱིལ་འཁོར་ཉིད་དུ་ཁྱོད་ཀྱིས་སློབ་ དཔོན་ལ་མ་དད་པར་བྱའམ་ལོངས་ཞེས་བསྒོ་ན་ཁྱོད་ཅི་ཕྱིར་མི་ལྡང་ཞེས་སྨྲས་པ་དང་། དེས་ཕུ་ནུ་མོ་དག་འདི་ནི་ཡོན་ཏན་ཆེན་པོ་དག་འདི་ལྟ་བུའི་ལས་མེད་ན་ཁྱོད་ཀྱང་འདི་སྐད་སྨྲའམ། བདག་ཙོག་པུར་འདུག་པས་ཁྲག་ཟགས་ན་ཇི་ལྟར་ལྡང་ཞེས་སྨྲས་པ་དང་། དེ་དག་ཅང་མི་ཟེར་བར་འདུག་གོ །དེ་ལྟར་གྱུར་པ་དེ་དག་གིས་དགེ་སློང་དག་ལ་བྱས་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མ་བསྙེན་པར་རྫོགས་པར་བྱེད་པ་ཙོག་པུར་མ་འདུག་པར་ཕ་གུའམ། རྩྭའམ། སྟན་ནང་ཚངས་ཅན་གྱི་སྟེང་དུ་བཞག་པར་བྱ་སྟེ་བུད་མེད་ལྟོ་སྙི་བའི་ཕྱིར་རོ། །མདོར་ན། དགེ་སློང་ལྷག་མ་མི་རུང་སྟེ། མི་གཙང་བ་ནི་རྐེད་ཆིངས་དང་། །ནུ་རྟེན་དང་ཡང་ནུ་མཆིངས་ཀྱི། །བར་ཆད་དེ་དག་བཅང་མི་བྱ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་འཁོར་ལྔ་བརྒྱ་དང་ལྗོངས་རྒྱུ་ཞིང་དོང་བ་ལས་ཉི་མ་ནུབ་ཀར་ཛེ་ཏའི་ཚལ་དུ་ཕྱིན་ནས། དེས་མཉན་དུ་ཡོད་པར་འདོང་དུ་ནི་དུས་ལས་ཡོལ་ན་འདི་ཉིད་དུ་འདི་ཇི་ལྟ་བུ་པ་དེ་ལྟ་བུར་ནུབ་མོ་གནས་ཏེ་ནང་པར་ནམ་ནངས་ནས་འདོང་ངོ་སྙམ་བསམས་ཏེ། དེ་ས་ལ་ཉལ་བས་དེའི་ཆོས་གོས་རྣམས་རྡུལ་གྱིས་གོས་པར་གྱུར་ཏོ། །དེ་ནང་པར་ནམ་ནངས་ནས་ཕྱིར་ཡང་འོང་དགོས་ཀྱིས། ཅིག་ཆར་སྟོན་པ་ལ་ཕྱག་བྱས་ཏེ་འདོང་ངོ་སྙམ་བསམས་ནས། དེ་དག་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ་སྤྱན་སྔར་འཁོད་པ་


DKG011_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བཅོམ་ལྡན་འདས་ཀྱིས་དེའི་ཆོས་གོས་ལ་རྡུལ་གོས་པ་གཟིགས་ནས་གཽ་ཏ་མཱི་ཁྱོད་ཀྱི་ཆོས་གོས་ལ་རྡུལ་སུས་བསྒོས་ཞེས་སྨྲས་པ་དང་། དེས་ཇི་ལྟ་བུར་གྱུར་པ་ཞིབ་ཏུ་གསོལ་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་དག་གིས་དགེ་སློང་མ་ལ་དགེ་སློང་གིས་མལ་སྟན་གྱི་ལྷག་མ་མ་བྱིན་ནམ། མ་སྩལ་ཏོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ན་གནང་བ་ནི་དགེ་སློང་གི་མལ་སྟན་གྱི་ལྷག་མ་དགེ་སློང་མ་ལ་བྱིན་ཅིག །དེ་ལ་ཐེ་ཚོམ་མ་བྱེད་ཅིག །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གིས་དགེ་སློང་གི་མལ་སྟན་གྱི་ལྷག་མ་དགེ་སློང་མ་ལ་བྱིན་ཅིག་ཅེས་བཀའ་སྩལ་པ་དང་། དགེ་སློང་གཞན་གྱིས་མལ་སྟན་ཤིན་ཏུ་བཟང་པོ་བླངས་ཏེ་དེའི་ལྷག་མ་དགེ་སློང་དག་གིས་དགེ་སློང་མ་དེ་དག་ལ་བྱིན་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་པོ་ལས་མ་སྦྱིན་པར་གོས་རྙིང་པའམ། སྣམ་བུའམ། རས་ལྟ་བུ་ལས་བྱིན་ཅིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གྱོན། ལྷུང་བཟེད་ཐོགས་ཏེ་མཉན་དུ་ཡོད་པར་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དགེ་སློང་མ་སྦོམ་དགའ་མོ་ཡང་གཙུག་ལག་ཁང་དུ་ཞུགས་ཏེ། སྔོན་གྱི་དུས་སུ་གྱུར་པས་ཆུ་བོ་རྣམས་ཆུས་གང་བས་ན་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཟམ་པ་ལ་རྒལ་བ་དང་། སྦོམ་དགའ་མོས་མཐོང་ནས། དེས་བསམས་པ། བླུན་པོ་འདི་མི་དགའ་བར་འགྱུར་བ་ཞིག་བྱའོ་སྙམ་ནས། དེས་འགྲོས་མགྱོགས་ཤིང་མྱུར་དུ་སོང་སྟེ་དེ་ཟམ་པ་རྒལ་བ་ལ་དེས་ཟམ་པ་དེ་བསྒུལ་བ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལྷུང་ནས་དེའི་སྦྱར་མ་དང་ཤམ་ཐབས་དག་ཆུས་གཤེར་ལྷུང་བཟེད་ཤོར་བས་ཆུར་ནུབ་པོ། །ཁར་གསིལ་ནི་ཁྱེར་རོ། །དེས་སྨྲས་པ། སྲིང་མོ་འདི་ཁྱོད་ཀྱིས་ནི་མ་ཉེས་ཀྱི། ཚེ་དང་ལྡན་པ་ཀུན་དགའ་བོས་ཉེས་ཏེ། འདི་ལྟར་ཉེས་པ་སྦོམ་པོ་སྤྱོད་པའི་བུད་མེད་རྣམས་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་རྗེས་སུ་ཡི་རང་བས་ལན། དེ་ལྟར་གྱུར་པ་དགེ་


DKG011_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སློང་དག་གིས་ཐོས་ཏེ། བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། གང་སུ་ཞིག་དགེ་སློང་མ་དང་། དགེ་སློང་དང་ལྷན་ཅིག་ཏུ་ཟམ་པ་གཅིག་རྒལ་ན་ཉེས་པའི་དམིགས་ཡིན་ཏེ། དེ་ལྟ་བས་ན་དགེ་སློང་མས་དགེ་སློང་ཕ་དང་ལྷན་ཅིག་ཏུ་ཟམ་པ་གཅིག་ལ་མ་རྒལ་ཅིག །རྒལ་ན་འདས་པ་དང་བཅས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་མ་དགེ་སློང་དང་ལྷན་ཅིག་ཏུ་ཟམ་པ་གཅིག་ལ་མ་རྒལ་ཅིག་ཅེས་བཀའ་སྩལ་པ་དང་། ཟམ་པ་བརྟན་པ་ཞེང་ཆེན་པོ་གཞན་ལ་ཡང་དེ་དག་མ་རྒལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟམ་པ་གང་བརྟན་ཞིང་ཞེང་ཆེ་བ་ལ་ནི་དེ་དག་རྒལ་བར་བྱ་སྟེ། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེ་ནས་དགེ་སློང་མ་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས། ལྷུང་བཟེད་ཐོགས་ཏེ་མཉན་དུ་ཡོད་པར་བསོད་སྙོམས་ཀྱི་ཕྱིར་ཞུགས་ནས། རིམ་བཞིན་དུ་བཙུན་མོ་ཕྲེང་ལྡན་མའི་དྲུང་དུ་སོང་བ་དང་། དེས་བདེ་བར་འོངས་པའི་ཚིག་སྙན་པར་སྨྲས་ནས་སྟན་བཏིང་ངོ་། །དེ་གཏམ་ཟེར་ཞིང་སྐད་ཅིག་འདུག་ནས་ཕྲེང་ལྡན་མ་ཁྱོད་ཀྱི་རྐེད་པ་ཕྲ་ཞིང་ཕྲའོ་ཞེས་སྨྲས་པ་དང་། དེས་འཕགས་མ་ཁྱོད་ཀྱིས་འདི་དྲིས་ཏེ་ཅིར་དགོས། བདག་ནི་ཇི་ནས་ཀྱང་རྣམ་པ་གང་གིས་ལྷའི་སེམས་མཉེས་པར་བྱེད་དོ་ཞེས་སྨྲས་པ་དང་། དེས་ཕྲེང་ལྡན་མ་དེ་བཞིན་མོད་ཀྱི་འོན་ཀྱང་ཐེ་ཚོམ་དགྲོལ་བ་ཙམ་དུ་དྲིས་སྨྲོས་ཤིག་ཅེས་བྱས་པ་དང་། དེས་འཕགས་མ་བདག་ནི་རྐེད་ཆིངས་བཅངས་སོ་ཞེས་སྨྲས་པ་དང་། དེས་ལེགས་ཏེ་དེའི་ཕྱིར་ཁྱོད་ལ་སྐྱེ་བོ་མང་པོ་དག་གི་ཡིད་མགུ་བ་དང་དགའ་བར་བྱེད་དོ་ཞེས་སྨྲས་པ་དང་། དེ་ཅང་མི་ཟེར་བར་འདུག་གོ །སྦོམ་དགའ་མོ་དབྱར་མོ་ཁང་དུ་སོང་ནས་རྐེད་བཅིངས་བཅངས་སོ། །དུས་ཕྱི་ཞིག་ན་སྦོམ་དགའ་མོ་ཆུ་བོ་ཨ་ཛིར་བ་ཏིའི་དྲུང་ན་དགེ་སློང་མ་དག་དང་ལྷན་ཅིག་ཁྲུས་བྱེད་པ་ན་དེ་དག་གིས་མཐོང་ནས། འཕགས་མ་བདག་ཅག་གི་རྐེད་པ་ནི་སྦོམ་ཞིང་སྦོམ་ལ། ཁྱོད་ཀྱི་ཕྲ་ཞིང་ཕྲ་བ་འདི་ཅིའི་ཕྱིར་ཞེས་དྲིས་པ་དང་། དེས་ནུ་མོ་དག་བདག་ནི་རྐེད་བཅིངས་བཅངས་སོ། །དེ་བས་ན་བདག་གི་


DKG011_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྐེད་པ་འདི་འདྲའོ་ཞེས་སྨྲས་སོ། །དེ་དག་གིས་འཕགས་མ་ཁྱོད་རྐེད་ཆིངས་བཅང་དུ་རུང་ངམ་ཞེས་དྲིས་པ་དང་། དེས་ནུ་མོ་དག་རུང་ཡང་བླ་མི་རུང་ཡང་བླ་སྟེ་བདག་གིས་ནི་བཅངས་སོ་ཞེས་སྨྲས་པ་དང་། དགེ་སློང་མ་དག་འཕྱ་ཞིང་སྨོད་དོ། །ངན་དུ་ འཛེར་བ་ནི་དགེ་སློང་མས་རྐེད་ཆིངས་འཆང་བ་ལྟ་ག་ལ་སྲིད། དེ་ལྟར་གྱུར་པ་དེ་དག་གིས་དགེ་སློང་རྣམས་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མས་རྐེད་ཆིངས་མ་འཆང་ཤིག །དགེ་སློང་མས་རྐེད་ཆིངས་འཆང་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེ་ནས་དགེ་སློང་མ་སྦོམ་དགའ་མོས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ལྷུང་བཟེད་ཐོགས་ཏེ་སྔ་མ་བཞིན་དུ། སྐད་ཅིག་འདུག་པའི་བར་དུ་གཏམ་བྱས་པ་དང་། ཕྲེང་ལྡན་མ་ཁྱོད་ཀྱི་ནུ་མ་ཅི་ཕྱིར་མཐོ་ཞིང་འགྲེང་ཞེས་དྲིས་པ་དང་། འཕགས་མ་འདི་དྲིས་ཏེ་ཁྱོད་ལ་ཅི་དགོས། བདག་ནི་རྣམ་པ་ཅི་དང་ཅིས་ཀྱང་ལྷའི་སེམས་མཉེས་པར་བྱེད་དོ་ཞེས་སྨྲས་པ་དང་། དེས་ཕྲེང་ལྡན་མ་དེ་བཞིན་མོད་ཀྱིས་ཐེ་ཚོམ་དགྲོལ་བའི་ཕྱིར་དྲིས་པ་སྨྲོས་ཤིག་ཅེས་སྨྲས་པ་དང་། དེས་འཕགས་མ་བདག་ནི་ནུ་རྟེན་འཆང་ངོ་ཞེས་སྨྲས་སོ། །དེས་ལེགས་སོ་དེ་ལྟ་བས་ན་ལྷ་མོ་ཁྱོད་ནི་བུད་མེད་རིན་པོ་ཆེའོ་ཞེས་སྨྲས་པ་དང་། དེ་ཅང་མི་ཟེར་བར་འདུག་གོ །སྦོམ་དགའ་མོ་དབྱར་མོ་ཁང་དུ་སོང་ངོ་། །དེས་དབྱར་མོ་ཁང་དུ་སོང་ནས་ནུ་རྟེན་བཅངས་པ་ནས། སྔ་མ་དང་འདྲ་བའི་བར་དུ་སྟེ། དེ་ལྟ་བས་ན་དགེ་སློང་དག་དགེ་སློང་མས་ནུ་རྟེན་མ་འཆང་ཤིག །དགེ་སློང་མས་ནུ་རྟེན་འཆང་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེ་ནས་དགེ་སློང་མ་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ལྷུང་བཟེད་ཐོགས་ཏེ་སྔ་མ་དང་འདྲ་བ་ནས། སྐད་ཅིག་གཏམ་ཟེར་ཞིང་འདུག་པའི་བར་དུ་ཕྲེང་ལྡན་མ་ཅི་ཕྱིར་ཁྱོད་ཀྱི་ནུ་མ་འཕྱར་ཅེས་སྨྲས་པ་དང་། དེས་འཕགས་མ་ཁྱོད་ཀྱིས་འདི་དྲིས་ཏེ་ཅི་དགོས་བདག་གི་རྣམ་པ་ཅི་དང་ཅིས་ལྷའི་སེམས་མཉེས་པར་བགྱིད་དོ་ཞེས་སྨྲས་པ་དང་། ཕྲེང་ལྡན་མ་དེ་


DKG011_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མོད་ཀྱི་ཐེ་ཚོམ་དགྲོལ་བའི་ཕྱིར་དྲིས་པ་སྨྲོས་ཤིག་ཅེས་སྨྲས་པ་དང་། དེས་འཕགས་མ་བདག་ནི་ནུ་མའི་བར་ཆད་འཆང་ངོ་ཞེས་སྨྲས་པ་དང་། དེས་ལེགས་སོ་ ཞེས་བྱས་ན། ཁྱོད་ལ་ནང་གི་བཙུན་མོ་དགའ་ཞིང་ཡིད་མགུའོ་ཞེས་སྨྲས་པ་དང་། དེ་ཅང་མི་ཟེར་བར་འདུག་གོ །སྦོམ་དགའ་མོ་ཡང་དབྱར་མོ་ཁང་དུ་སོང་ངོ་། །དེས་དབྱར་མོ་ཁང་དུ་སོང་ནས་ནུ་མའི་བར་ཆད་བཅངས་པ་ནས་སྔ་མ་དང་འདྲ་བའི་བར་དུ་སྟེ། དེ་ལྟ་བས་ན་དགེ་སློང་མས་ནུ་མའི་བར་ཆད་མ་འཆང་ཤིག །དགེ་སློང་མ་ནུ་མའི་བར་ཆད་འཆང་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྐེད་ཆིངས་མ་འཆང་ཤིག་ཅེས་གསུངས་པ་དང་། སྦོམ་དགའ་མོས་རས་ཅི་དང་ཅི་ཡང་རུང་དེས་རྐེད་པ་བཅིངས་པ་དང་། དེ་ནས་དུས་ཕྱི་ཞིག་ན་སྦོམ་དགའ་མོ་ཆུ་བོ་ཨ་ཛིར་བ་ཏིར་དགེ་སློང་མ་དང་ལྷན་ཅིག་ཏུ་ཁྲུས་བྱེད་པ་དེ་དག་གིས་དེ་མཐོང་ནས། འཕགས་མ་དགེ་སློང་མའི་རྐེད་པ་རྐེད་ཆིངས་ཀྱིས་བཅིང་དུ་བཅོམ་ལྡན་འདས་ཀྱིས་མ་གནང་ན། ཁྱོད་ཀྱི་རྐེད་པ་ཕྲ་བ་ཕྲ་བ་ཞེས་དྲིས་པ་དང་། དེས་ནུ་མོ་བདག་ནི་རས་ཅི་དང་ཅི་ཡང་རུང་བས་དཀྲིས་སོ་ཞེས་སྨྲས་པ་དང་། དེ་དག་གིས་ཁྱོད་རས་ཅི་དང་ཅིས་ཀྱང་དཀྲིས་རུང་ངམ་ཞེས་དྲིས་པ་དང་། དེས་ནུ་མོ་དག་རུང་ཡང་བླ་མི་རུང་ཡང་བླ་སྟེ། བདག་གིས་ནི་བཅིངས་སོ་ཞེས་ཟེར་བ་དང་། དགེ་སློང་མ་དག་འཕྱ་སྨོད་ངན་དུ་འཛེར་བ་ནི་དགེ་སློང་མས་རས་ཅི་དང་ཅིས་ཀྱང་རྐེད་པ་དཀྲི་བ་ག་ལ་རིགས། དེ་ལྟར་གྱུར་པ་དེ་དག་གིས་སྔ་མ་དང་འདྲ་བའི་བར་དུ་སྟེ། དགེ་སློང་མས་རས་ཅི་དང་ཅིས་ཀྱང་རུང་རྐེད་པ་མ་དཀྲི་ཤིག །དགེ་སློང་མས་རས་ཅི་དང་ཅིས་ཀྱང་རུང་། རྐེད་པ་དཀྲིས་ན་འདས་པ་དང་བཅས་པར་འགྱུར་རོ།། །།མདོར་ན། བཙོག་པའི་གནས་སུ་མི་དོར་ཏེ། །མངལ་དང་མི་གཙང་མི་བཏུང་ངོ་། །བདག་གི་བུ་ལ་རེག་པར་བྱ། །གཞན་གྱི་བུ་ལ་རེག་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་


DKG011_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བགོས་ལྷུང་བཟེད་ཐོགས་ཏེ་མཉན་དུ་ཡོད་པར་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དགེ་སློང་མ་སྦོམ་དགའ་མོ་ཡང་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་། ཚེ་དང་ ལྡན་པ་འོད་སྲུང་ཆེན་པོ་བཤང་སའི་ཆུ་ཁུང་དང་ཉེ་བ་ཞིག་ནས་མར་སོང་བ་དང་། སྦོམ་དགའ་མོས་མཐོང་སྟེ། དེས་བསམས་པ། བླུན་པོ་འདི་མི་དགའ་བར་འགྱུར་བ་ཞིག་བྱའོ་སྙམ་ནས་མྱུར་ཞིང་རིངས་པར་སོང་སྟེ། བཤང་སའི་ཆུ་ཁུང་གི་ནང་དུ་ཕ་གུ་འཕངས་པ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོའི་ཆོས་གོས་དང་བསོད་སྙོམས་ཀྱི་སྣོད་རྣམས་མ་རུང་བར་བྱས་ནས་དེས་སྨྲས་པ། སྲིང་མོ་ཁྱོད་ཀྱིས་ནི་མ་ཉེས་པ་ནས་སྔ་མ་བཞིན་ཏེ་དེ་ལྟ་བུར་གྱུར་པ་དགེ་སློང་དག་གིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་བའི་བར་དུ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དག་དགེ་སློང་མས་དགེ་སློང་ཕ་ལ་མི་གཙང་བས་མ་རུང་བར་མ་བྱེད་ཅིག །དགེ་སློང་ཕ་ལ་མི་གཙང་བས་མ་རུང་བར་བྱེད་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཞིག་འདུག་སྟེ། དེས་རིགས་མཉམ་པ་ལས་ཆུང་མ་ཞིག་བླངས་ཏེ་དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡང་ཡོངས་སུ་སྤྱོད་དོ། །དེ་དུས་ཕྱི་ཞིག་ན་ཟོང་ཁྱེར་ནས་ཡུལ་གཞན་དུ་སོང་བ་དང་། དེས་ཆུང་མ་ལ་སྨྲས་པ། བཟང་མོ་ང་ཟོང་ཁྱེར་ཏེ་ཡུལ་གཞན་དུ་འགྲོས་ཁྱོད་མི་གཡེང་ཞིང་བག་ཡོད་པར་ཁྱིམ་སྲུངས་ཤིག །དེས་ཇོ་བོ་ལེགས་ཏེ་དེ་བཞིན་དུ་བགྱིས། དུས་དུས་སུ་གཏམ་སྤྲིངས་ཤིག་ཅེས་སྨྲས་སོ། །དེ་ཟོང་ཁྱེར་ཏེ་ཡུལ་གཞན་དུ་སོང་བ་དང་། དེའི་ཆུང་མ་དེ་གོས་དང་ཟས་བཟང་བའི་ཕྱིར་ཉོན་མོངས་པས་གཟིར་བར་གྱུར་ཏེ། དེས་སྐྱེས་པ་གཞན་དང་ལྷན་ཅིག་ཏུ་ཡོངས་སུ་སྤྱད་པས་སེམས་ཅན་དང་ལྡན་པར་གྱུར་ནས་བསམས་པ། མངལ་ན་གནས་པ་བསད་དོ། །བདག་གི་ཁྱོ་འོངས་པ་དང་མ་རུང་བར་བྱེད་དོ་སྙམ་ནས། དེས་མངལ་ན་གནས་པ་བསད་ནས་ལྟུང་བར་བྱ་སྟེ། འདི་ཇི་ལྟར་དོར། གང་དུ་དོར་མི་ཤེས་ཏེ་རབ་ཏུ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང་། སྦོམ་དགའ་མོ་ཁྱིམ་དེར་བསོད་སྙོམས་ལ་


DKG011_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཏེ། དེས་མཚན་བཟངས་མ་བསོད་སྙོམས་བྱིན་ཅིག་ཅེས་སྨྲས་པ་དང་། དེས་བདག་མི་དགའ་བས་གཟིར་བས་ བསོད་སྙོམས་སྦྱིན་དུ་སུ་ཡང་མེད་ཀྱིས་བཞུད་ཅིག་ཅེས་སྨྲས་པ་དང་། དེས་སྨྲས་པ། མཚན་བཟངས་མ་ཤི་བའམ་ཅིག་མེད་དམ། དེས་འཕགས་མ་སུ་ཡང་མ་ཤི་མོད་ཀྱི་བདག་ལས་བུ་ཞིག་བྱུང་སྟེ། ཇི་ལྟར་དོར། གང་དུ་དོར་བ་བདག་གིས་མི་ཤེས་སོ་ཞེས་སྨྲས་པ་དང་། དེས་སྨྲས་པ། མཚན་བཟངས་མ་དེ་བདག་གིས་དོར་ན་བདག་ལ་བསོད་སྙོམས་སྦྱིན་ནམ། འཕགས་མ་གསོལ་ལོ། །ཕྱི་བཞིན་འབྲང་བའི་དགེ་སློང་མ་ལ་ཡང་སྦྱིན་ནམ་གསོལ་ལོ། །དགེ་སྐོས་ལ་ཡང་སྦྱིན་ནམ། གསོལ་ལོ། །ལེགས་ཀྱིས་དོར་རོ། །དེས་དེ་ལྷུང་བཟེད་ཆེན་པོར་བཅུག་སྟེ། ཁང་པ་སྟོང་པར་ཁྱེར་ནས་དེར་དོར་བ་ལ་ཞུགས་པ་དང་། ཁྱིམ་སྟོང་པ་དེར་སྔོན་སྐྱེས་པ་ཞིག་ཞུགས་པ་དེས་མཐོང་ནས་དེས་མགོ་རེག་དགེ་སྦྱོང་མ་ཅི་བྱེད་ཅེས་སྨྲས་པ་དང་། དེས་ཁྱེད་ཅག་ལྟ་བུ་ནལ་གྱི་བུ་དང་སུའི་བུ་གཏོལ་མེད་པས་རིགས་དང་ལྡན་པའི་བུད་མེད་འདི་འདྲ་བའི་ལས་བྱས་པ་དེ་འདོར་རོ་ཞེས་སྨྲས་པ་དང་། དེས་དེ་ལ་བརྒྱད་བཀག་སྟེ་སོང་ངོ་། །དེས་དགེ་སློང་མ་ཞིག་མཐོང་ནས་དགེ་སློང་མ་མི་སྲུན་པ་ཁྱོད་ཀྱི་སྦོམ་དགའ་མོས་འདི་དང་འདི་ལྟ་བུ་བྱས་སོ་ཞེས་སྨྲས་པ་དང་། དེ་ལན་མེད་ནས་ཅང་མི་ཟེར་བར་འདུག་གོ །དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་ཕ་དག་ལ་སྨྲས་ཏེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་དགོངས་པ། འདི་ལྟར་དགེ་སློང་མས་ལྷུང་བཟེད་ཆེན་པོ་འཆང་ན་ཉེས་པའི་དམིགས་ཡིན་ཏེ། དེ་ལྟ་བས་ན་དགེ་སློང་མ་དག་གིས་ལྷུང་བཟེད་ཆེན་པོ་མི་བཅང་བར་མཁྱེན་ནས་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་དག་དགེ་སྦྱོང་མ་མ་ཡིན་པའི་སྦོམ་དགའ་མོས་དགེ་སློང་མ་མ་ཡིན་པ་བྱས་ཏེ། དེ་ལྟ་བས་ན་དགེ་སློང་མས་འདི་འདྲ་བའི་ལས་མི་བྱ་སྟེ། ལྷུང་བཟེད་ཆེན་པོ་ཡང་མ་འཆང་ཤིག །དགེ་སློང་མས་དེ་འདྲ་བའི་ལས་བྱེད་དམ། ལྷུང་བཟེད་ཆེན་པོ་འཆང་ན་འདས་པ་དང་བཅས་པར་འགྱུར་རོ། །


DKG011_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མས་ལྷུང་བཟེད་ཆེན་པོ་མ་འཆང་ཤིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དགེ་སློང་གི་ལྷུང་བཟེད་ཆུང་ངུ་ནི་དགེ་སློང་མའི་ཆེན་པོའོ། །གླེང་གཞི་ནི་མཉན་ དུ་ཡོད་པ་ན་སྟེ། ནམ་དགེ་སློང་མ་གུབ་ཏས་གཅིན་གྱི་ཐིགས་པ་ཅིག་ནི་ཁར་བླུགས། ཅིག་ནི་མངལ་གྱི་སྒོར་བཅུག་པ་དང་། སེམས་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པས་གཞོན་ནུ་འོད་སྲུང་བྱུང་སྟེ། དེ་ལ་གུབ་ཏས་མ་རེག་པ་དང་དེ་ངུ་ནས། དེའི་གཉེན་བཤེས་དག་གིས་གུབ་ཏ་ཁྱེའུ་ཅིའི་ཕྱིར་ངུ་ཞེས་དྲིས་པ་དང་། དེ་ཅང་མི་ཟེར་ནས་དགེ་སློང་མ་དག་གིས་ཚེ་དང་ལྡན་པ་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅས་ཏེ། དགེ་སློང་མས་སྐྱེས་པ་ལ་མ་རེག་ཅིག །འདིས་དེ་ལ་མ་རེག་སྟེ། དེ་བས་ན་ངུའོ་ཞེས་སྨྲས་པ་དང་། དེ་དག་གིས་བཅོམ་ལྡན་འདས་ནི་ཐུགས་རྗེ་ཅན་ན་ཅིའི་ཕྱིར་ན་རང་གི་བུ་རེག་པ་ལ་འགོག་པར་འགྱུར། བྱིས་པ་ཁྱེའུ་འདི་ལ་དེ་སྟེ་མས་མ་རེག་ན་འདི་དུས་བྱེད་པར་ངེས་སོ་ཞེས་སྨྲས་པ་དང་། དེ་དག་གིས་ལེགས་ཀྱིས་དེ་བས་ན་བཅོམ་ལྡན་འདས་མཁྱེན་པར་བྱའོ་ཞེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་རེག་པར་བྱའོ། །བསྙོད་པར་བྱའོ། །གསོ་བར་བྱའོ། །བསྐྱེད་པར་བྱའོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་བསྙོད་པར་བྱའོ། །གསོ་བར་བྱའོ། །བསྐྱེད་པར་བྱའོ་ཞེས་གསུངས་པ་དང་། བུད་མེད་ནི་སྲེད་པ་ཅན་ཏེ་དགེ་སློང་མ་དག་གིས་པང་པར་ཁྱེར་ཏེ། པང་པ་ནས་པང་པར་སྤོས་པས་རིད་ཅིང་ཉམ་ཆུང་སྟེ་རྐེ་ནས་ལུས་རྨྱ་ཞིང་མ་རྟས་པར་གྱུར་པ་དང་། དེའི་གཉེན་བཤེས་དག་གིས་མཐོང་ནས། དེ་དག་གིས་ཅིའི་ཕྱིར་ཁྱེའུ་འདི་རིད་ཅིང་ཉམ་ཆུང་ལ་རྨྱ་སྟེ་ལུས་མ་རྟས་པར་གྱུར་ཅེས་དྲིས་པ་དང་། དེས་དེ་དག་ལ་ཞིབ་ཏུ་སྨྲས་ན་གཉེན་དེ་དག་བྱམས་པས་འཕྱ་བ་ལ་ཞུགས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་ཐོས་ནས་བཅོམ་ལྡན་འདས་


DKG011_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མ་དག་དགེ་སློང་མས་གཞན་གྱི་བུ་ལ་མ་རེག་ཤིག་གཞན་གྱི་བུ་ལ་རེག་ན་འདས་པ་དང་བཅས་པར་འགྱུར་རོ། །ཕྲ་མོའི་སྒོ་དྲུག་རྫོགས་སོ།། །།


no previousཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།next