Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཞེ་དགུ་པ།


   
འཕགས་པ་དགོངས་པ་ངེས་འགྲེལ་ལས། དང་པོ། དོན་ཟབ་དགོངས་པ་ངེས་པར་འགྲེལ་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousའཕགས་པ་དགོངས་པ་ངེས་འགྲེལ་ལས། དང་པོ། དོན་ཟབ་དགོངས་པ་ངེས་པར་འགྲེལ་པའི་ལེའུ། next

འཕགས་པ་དགོངས་པ་ངེས་འགྲེལ་ལས། དང་པོ། དོན་ཟབ་དགོངས་པ་ངེས་པར་འགྲེལ་པའི་ལེའུ།


DKG049_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་སན་དྷི་ནིར་མོ་ཙ་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་ཤིན་ཏུ་མངའ་བ། གནས་ཀྱི་བྱེ་བྲག་ཤིན་ཏུ་རྣམ་པར་ཕྱེ་བ། མཐའ་ཡས་པ་རྣམ་པར་གཞག་པ། དཀྱིལ་འཁོར་ཡོངས་སུ་མ་ཆད་པ། ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ། འཇིག་རྟེན་ལས་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། དབང་སྒྱུར་བའི་རྣམ་པར་རིག་པ་ཤིན་ཏུ་རྣམ་པར་རིག་པའི་མཚན་ཉིད། དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དགེ་འདུན་རྗེས་སུ་དོང་བ། ལྷ་དང་ཀླུ་


DKG049_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་མཐའ་ཡས་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བརྟན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་མཛད་པས་ཉེ་བར་གནས་པ། ཉོན་མོངས་པའི་དྲི་མའི་གནོད་པ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བཀོད་པ། དྲན་པ་དང་བློ་གྲོས་དང་། རྟོགས་པ་ཆེན་པོས་ངེས་པར་འབྱུང་བ། ཞི་གནས་དང་ལྷག་མཐོང་ཆེན་པོ་བཞོན་པ་ཡིན་པ། རྣམ་པར་ཐར་པའི་སྒོ་ཆེན་པོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་ནས་འཇུག་པ། རིན་པོ་ཆེའི་པད་མའི་རྒྱལ་པོ་ཆེན་པོ་ཡོན་ཏན་གྱི་ཚོགས་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་རྟེན་པ་ན་བཞུགས་ཏེ། བཅོམ་ལྡན་འདས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ། ཀུན་ཏུ་སྤྱོད་པ། གཉིས་མི་མངའ་བ། མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པ། སངས་རྒྱས་ཀྱི་གནས་པས་གནས་པ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ། སྒྲིབ་པ་མེད་པའི་རྟོགས་པ་ཐུགས་སུ་ཆུད་པ། ཕྱིར་མི་ཟློག་པའི་ཆོས་དང་ལྡན་པ། སྤྱོད་ཡུལ་གྱིས་མི་འཕྲོགས་པ། བསམ་གྱིས་མི་ཁྱབ་པ་རྣམ་པར་འཇོག་པ། དུས་གསུམ་ལ་མཉམ་པ་ཉིད་ཚར་ཕྱིན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་པའི་སྐུ་ལྔ་དང་ལྡན་པ། ཆོས་ཐམས་ཅད་ལ་ཐེ་ཙོམ་མེད་པའི་མཁྱེན་པ་མངའ་བ། སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ། ཆོས་ཤེས་པ་ལ་ནེམ་ནུར་མི་མངའ་བ། རྣམ་པར་མ་


DKG049_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པའི་སྐུ་མངའ་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡེ་ཤེས་ཡང་དག་པར་བླངས་པ། སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ། དམ་པའི་ཕ་རོལ་ཏུ་བྱོན་པ། དེ་བཞིན་གཤེགས་པ་མ་འདྲེས་པའི་རྣམ་པར་ཐར་པར་མཛད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ། མཐའ་དང་དབུང་མེད་པའི་སངས་རྒྱས་ཀྱི་ས་མཉམ་པ་ཉིད་ཐུགས་སུ་ཆུད་པ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་དེ། ཉན་ཐོས་ཀྱི་དགེ་འདུན་ཚད་མེད་པ་ཐམས་ཅད་ཀྱང་། ཅང་ཤེས་པ། སངས་རྒྱས་ཀྱི་སྲས། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ། ཆོས་འདོད་པ་རྣམས་དང་བདེ་བར་ཕྲད་པ། མང་དུ་ཐོས་པ། ཐོས་པ་འཛིན་པ། ཐོས་པ་བསྩགས་པ། ལེགས་པར་བསམ་པ་སེམས་པ། ལེགས་པར་སྨྲ་བ་རྗོད་པ། ལེགས་པར་བྱ་བའི་ལས་བྱེད་པ། ཤེས་རབ་མྱུར་བ། ཤེས་རབ་མགྱོགས་པ། ཤེས་རབ་རྣོ་བ། ངེས་པར་འབྱུང་བའི་ཤེས་རབ་ཅན། ངེས་པར་རྟོགས་པའི་ཤེས་རབ་ཅན། ཤེས་རབ་ཆེ་བ། ཤེས་རབ་ཡངས་པ། ཤེས་རབ་ཟབ་པ། ཤེས་རབ་མཉམ་པ་མེད་པ། ཤེས་རབ་རིན་པོ་ཆེ་དང་ལྡན་པ། རིག་པ་གསུམ་དང་ལྡན་པ། ཚེ་འདི་ལ་བདེ་བར་གནས་པའི་མཆོག་ཐོབ་པ། ཡོངས་སུ་སྦྱོང་བ་ཆེན་པོ། སྤྱོད་ལམ་རབ་ཏུ་ཞི་བ་ཕུན་སུམ་ཚོགས་པ། བཟོད་པ་དང་ངེས་པ་ཆེན་པོ་དང་ལྡན་པ། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཤ་སྟག་དང་། སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཐམས་ཅད་ཀྱང་གནས་ཆེན་པོ་ལ་གནས་ཤིང་ཡང་དག་པར་ཞུགས་པ། ཐེག་པ་ཆེན་པོའི་ཆོས་ཀྱིས་ངེས་པར་བྱུང་བ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ། རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་ཐམས་ཅད་བྲལ་བ། བདུད་དང་ཕྱིར་རྒོལ་བ་ཐམས་ཅད་བཅོམ་པ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ཐམས་ཅད་ལས་རིང་དུ་གྱུར་པ། ཆོས་ཀྱི་རོའི་དགའ་བ་


DKG049_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བདེ་བ་ཆེན་པོས་བརྟན་པ། འཇིགས་པ་ཆེན་པོ་ལྔ་ལས་ཡང་དག་པར་འདས་པ། ཕྱིར་མི་ལྡོག་པའི་ས་བགྲོད་པ་གཅིག་པར་གྱུར་པ། སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ས་མངོན་དུ་གྱུར་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཟབ་དགོངས་པ་ངེས་པར་འགྲེལ་དང་། ཚུལ་བཞིན་ཀུན་འདྲི་དང་། ཆོས་འཕགས་དང་། བློ་གྲོས་ཤིན་ཏུ་རྣམ་དག་དང་། བློ་གྲོས་ཡངས་པ་དང་། ཡོན་ཏན་འབྱུང་གནས་དང་། དོན་དམ་ཡང་དག་འཕགས་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་སོགས་པ་དང་ཐབས་ཅིག་གོ །དེ་ནས་བྱང་ཆུབ་སེམས་དཔའ་ཚུལ་བཞིན་ཀུན་འདྲིས་ཀྱིས་བརྗོད་དུ་མེད་པ་དང་། གཉིས་སུ་མེད་པའི་མཚན་ཉིད་དོན་དམ་པ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་དོན་ཟབ་དགོངས་པ་ངེས་པར་འགྲེལ་པ་ལ་དྲི་བ་དྲིས་པ། ཀྱེ་རྒྱལ་བའི་སྲས་ཆོས་ཐམས་ཅད་གཉིས་སུ་མེད་པ་ཆོས་ཐམས་ཅད་གཉིས་སུ་མེད་པ་ཞེས་བྱ་ན། ཆོས་ཐམས་ཅད་ནི་གང་། ཇི་ལྟར་ན་གཉིས་སུ་མེད་པ་ཡིན། རིགས་ཀྱི་བུ་ཆོས་ཐམས་ཅད་ཆོས་ཐམས་ཅད་ཅེས་བྱ་བ་ནི་གཉིས་ཇི་ཙམ་པ་སྟེ། འདུས་བྱས་དང་། འདུས་མ་བྱས་སོ། །དེ་ལ་འདུས་བྱས་ནི་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ནོ། །འདུས་མ་བྱས་ནི་འདུས་མ་བྱས་ཀྱང་མ་ཡིན། འདུས་བྱས་ཀྱང་མ་ཡིན་ནོ། །སྨྲས་པ། ཀྱེ་རྒྱལ་བའི་སྲས་ཇི་ལྟར་ན་འདུས་བྱས་ནི་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ལ། འདུས་མ་བྱས་ཀྱང་འདུས་མ་བྱས་ཀྱང་མ་ཡིན། འདུས་བྱས་ཀྱང་མ་ཡིན། རིགས་ཀྱི་བུ་འདུས་བྱས་ཞེས་བྱ་བ་དེ་ནི་སྟོན་པས་བཏགས་པའི་ཚིག་ཡིན་ཏེ། སྟོན་པས་བཏགས་པའི་ཚིག་གང་ཡིན་པ་དེ་ནི། ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་ཡིན་ལ། ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་གང་ཡིན་པ་དེ་ནི། ཀུན་ཏུ་རྟོག་པ་སྣ་ཚོགས་ཀྱི་ཐ་སྙད་དུ་བརྗོད་པ་གཏན་ཡོངས་སུ་མ་གྲུབ་པའི་ཕྱིར་འདུས་བྱས་མ་ཡིན་


DKG049_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །རིགས་ཀྱི་བུ་འདུས་མ་བྱས་ཞེས་བྱ་བ་དེ་ཡང་ཐ་སྙད་ཀྱི་ཁོངས་སུ་གཏོགས་པ་་་་ཡིན་ལ། འདུས་བྱས་དང་འདུས་མ་བྱས་སུ་མ་གཏོགས་པ་གང་ཅི་བརྗོད་ཀྱང་དེ་ཡང་དེ་དང་འདྲ་བ་ཉིད་དུ་གྱུར། དེ་ཡང་དེ་དང་འདྲ་བ་ཉིད་དུ་འགྱུར་རོ། །བརྗོད་པ་ནི་དངོས་པོ་མེད་པ་ཅན་ཡང་མ་ཡིན་ཏེ། དངོས་པོ་དེ་ཡང་གང་ཞེ་ན། འཕགས་པ་རྣམས་ཀྱི་འཕགས་པའི་ཤེས་པ་དང་། འཕགས་པའི་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡིན་པ་སྟེ། བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་བྱས་ཞེས་མིང་དུ་བཏགས་སོ། ། རིགས་ཀྱི་བུ་འདུས་མ་བྱས་ཞེས་བྱ་བ་་་་དེ་ཡང་སྟོན་པས་བཏགས་པའི་ཚིག་ཡིན་ཏེ། སྟོན་པས་བཏགས་པའི་ཚིག་གང་ཡིན་པ་དེ་ནི་ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་ཡིན་ལ། ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་གང་ཡིན་པ་དེ་ནི་ཀུན་ཏུ་རྟོག་པ་སྣ་ཚོགས་ཀྱི་ཐ་སྙད་དུ་བརྗོད་པ་གཏན་ཡོངས་སུ་མ་གྲུབ་པའི་ཕྱིར་འདུས་མ་བྱས་མ་ཡིན་ནོ། །རིགས་ཀྱི་བུ་འདུས་བྱས་ཞེས་བྱ་བ་དེ་ཡང་ཐ་སྙད་ཀྱི་ཁོངས་སུ་གཏོགས་པ་ཡིན་ལ། འདུས་བྱས་དང་འདུས་མ་བྱས་སུ་མ་གཏོགས་པ་གང་ཅི་བརྗོད་ཀྱང་དེ་ཡང་དེ་དང་འདྲ་བ་ཉིད་དུ་གྱུར། དེ་ཡང་དེ་དང་འདྲ་བ་ཉིད་དུ་འགྱུར་རོ། །བརྗོད་པ་ནི་དངོས་པོ་མེད་པ་ཅན་ཡང་མ་ཡིན་ཏེ། དངོས་པོ་དེ་ཡང་གང་ཞེ་ན། འཕགས་པ་རྣམས་ཀྱིས་འཕགས་པའི་ཤེས་པ་དང་། འཕགས་པའི་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡིན་པ་སྟེ། བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་མ་བྱས་ཞེས་མིང་དུ་བཏགས་སོ། །ཀྱེ་རྒྱལ་བའི་སྲས་ཇི་ལྟར་ན་འཕགས་པ་རྣམས་ཀྱིས་དངོས་པོ་དེ་འཕགས་པའི་ཤེས་པ་དང་། འཕགས་པའི་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ཤིང་བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཞེས་མིང་དུ་


DKG049_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་ནམ་སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། རྩྭ་དག་གམ། ལོ་མ་དག་གམ། ཤིང་དག་གམ། གསེག་མ་དག་གམ། གྱོ་དུམ་དག་གཅིག་ཏུ་བསྡུས་ནས་སྒྱུ་མའི་ལས་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང་རྟ་པའི་ཚོགས་དང་ཤིང་རྟའི་ཚོགས་དང་དཔུང་བུ་ཆུང་གི་ཚོགས་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུཪྱ་དང་། དུང་དང་། མན་ཤེལ་དང་། བྱི་རུའི་ཚོགས་དང་། ནོར་དང་འབྲུ་དང་མཛོད་དང་བང་བའི་ཚོགས་རྣམ་པར་བསྟན་ན། དེ་ལ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན། རྨོངས་པའི་རང་བཞིན་ཅན། ཤེས་རབ་འཆལ་པའི་རང་བཞིན་ཅན། རྩྭ་དང་ལོ་མ་དང་ཤིང་དང་གསེག་མ་དང་གྱོ་དུམ་དེ་དག་མི་ཤེས་པ་དེ་དག་ནི་དེ་མཐོང་ངམ་ཐོས་ན་འདི་སྙམ་དུ་སེམས་ཏེ། གླང་པོ་ཆེའི་ཚོགས་སྣང་བ་གང་ཡིན་པ་དེ་ནི་ཡོད་དོ། །རྟའི་ཚོགས་དང་ཤིང་རྟའི་ཚོགས་དང་དཔུང་བུ་ཆུང་གི་ཚོགས་དང་ནོར་བུ་དང་མུ་ཏིག་དང་བཻ་དཱུཪྱ་དང་དུང་དང་མན་ཤེལ་དང་བྱི་རུའི་ཚོགས་དང་ནོར་དང་འབྲུ་དང་མཛོད་དང་བང་བའི་ཚོགས་སྣང་བ་གང་ཡིན་པ་འདི་ནི་ཡོད་དོ་སྙམ་དུ་སེམས་ཤིང་། དེ་དག་ཇི་ལྟར་མཐོང་བ་དང་། ཇི་ལྟར་ཐོས་པ་བཞིན་དུ། དེ་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་ཡང་བྱེད་དེ། དེ་ནི་དེ་དག་གིས་ཕྱིས་ཉེ་བར་བརྟག་པར་བྱ་དགོས་པ་ཡིན་ནོ། །དེ་ལ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་མ་ཡིན་པ། རྨོངས་པའི་རང་བཞིན་ཅན་མ་ཡིན་པ། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་རྩྭ་དང་ལོ་མ་དང་ཤིང་དང་གསེག་མ་དང་གྱོ་དུམ་དེ་དག་ཤེས་པ་དེ་དག་ནི་དེ་མཐོང་ངམ་ཐོས་ན་འདི་སྙམ་དུ་སེམས་ཏེ། གླང་པོ་ཆེའི་ཚོགས་སྣང་བ་གང་ཡིན་པ་འདི་ནི་མེད་དོ། །རྟ་པའི་ཚོགས་དང་ཤིང་རྟའི་ཚོགས་དང་དཔུང་བུ་ཆུང་གི་ཚོགས་དང་། ནོར་བུ་དང་མུ་ཏིག་དང་བཻ་དཱུཪྱ་དང་དུང་དང་མན་ཤེལ་དང་བྱི་རུའི་ཚོགས་དང་། ནོར་དང་འབྲུ་དང་མཛོད་དང་བང་བའི་ཚོགས་སྣང་བ་གང་ཡིན་པ་འདི་ནི་མེད་ཀྱི། གང་ལ་གླང་པོ་ཆེའི་ཚོགས་ཀྱི་འདུ་ཤེས་དང་། གླང་པོ་ཆེའི་ཚོགས་ཀྱི་རྣམ་གྲངས་ཀྱི་འདུ་ཤེས་འབྱུང་བ་དང་། ནོར་དང་འབྲུ་དང་མཛོད་


DKG049_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

དང་བང་བའི་ཚོགས་ཀྱི་བར་གྱི་འདུ་ཤེས་དང་། དེ་དག་གི་རྣམ་གྲངས་ཀྱི་འདུ་ཤེས་འབྱུང་བ་སྒྱུ་མ་བྱས་པ་འདི་ནི་ཡོད། མིག་སླུ་བར་བྱེད་པ་འདི་ནི་ཡོད་དོ་སྙམ་དུ་སེམས་ཤིང་། དེ་དག་ཇི་ལྟར་མཐོང་བ་དང་ཇི་ལྟར་ཐོས་པ་བཞིན་དུ་དེ་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་མི་འདོགས་ཀྱི། འདི་ལྟར་དོན་རྣམ་པར་རིག་པར་བྱ་བའི་ཕྱིར་རྗེས་སུ་ཐ་སྙད་འདོགས་པར་བྱེད་དེ། དེ་ནི་དེ་དག་གིས་ཕྱིས་ཉེ་བར་བརྟག་པར་བྱ་མི་དགོས་པ་ཡིན་ནོ། །དེ་བཞིན་དུ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་སོ་སོའི་སྐྱེ་བོར་གྱུར་པ། ཤེས་རབ་འཕགས་པ་འཇིག་རྟེན་ལས་འདས་པ་མ་ཐོབ་པ། ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་ཆོས་ཉིད་མངོན་པར་མི་ཤེས་པ་དེ་དག་ནི་འདུས་བྱས་དང་། འདུས་མ་བྱས་ཏེ་མཐོང་ངམ་ཐོས་ན། འདི་སྙམ་དུ་སེམས་ཏེ། འདུས་བྱས་དང་འདུས་མ་བྱས་སྣང་བ་གང་ཡིན་པ་འདི་ནི་ཡོད་དོ་སྙམ་དུ་སེམས་ཤིང་། དེ་དག་ཇི་ལྟར་མཐོང་བ་དང་། ཇི་ལྟར་ཐོས་པ་བཞིན་དུ་དེ་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་ཡང་བྱེད་དེ། དེ་ནི་དེ་དག་གིས་ཕྱིས་ཉེ་བར་བརྟག་པར་བྱ་དགོས་པ་ཡིན་ནོ། །དེ་ལ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་མ་ཡིན་པ། བདེན་པ་མཐོང་བ། ཤེས་རབ་འཕགས་པ་འཇིག་རྟེན་ལས་འདས་པ་ཐོབ་པ། ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་ཆོས་ཉིད་མངོན་པར་ཤེས་པ་དེ་དག་ནི། འདུས་བྱས་དང་། འདུས་མ་བྱས་དེ་མཐོང་ངམ། ཐོས་ན་འདི་སྙམ་དུ་སེམས་ཏེ། འདུས་བྱས་དང་། འདུས་མ་བྱས་སྣང་བ་གང་ཡིན་པ་འདི་ནི་མེད་ཀྱི། གང་ལ་འདུས་བྱས་དང་། འདུས་མ་བྱས་ཀྱི་འདུ་ཤེས་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་རྣམ་གྲངས་


DKG049_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འདུ་ཤེས་འབྱུང་བ། རྣམ་པར་རྟོག་པ་ལས་བྱུང་བ། འདུ་བྱེད་ཀྱི་མཚན་མ་སྒྱུ་མ་ལྟ་བུ་འདི་ནི་ཡོད། བློ་རྣམ་པར་རྨོངས་པར་བྱེད་པ་འདི་ནི་ཡོད་དོ་སྙམ་དུ་སེམས་ཤིང་དེ་དག་ཇི་ལྟར་མཐོང་བ་དང་། ཇི་ལྟར་ཐོས་པ་བཞིན་དུ་དེ་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་མི་འདོགས་ཀྱི། འདི་ལྟར་དོན་རྣམ་པར་རིག་པར་བྱ་བའི་ཕྱིར་རྗེས་སུ་ཐ་སྙད་འདོགས་པར་བྱེད་དེ། དེ་ནི་དེ་དག་གིས་ཕྱིས་ཉེ་བར་བརྟག་པར་བྱ་མི་དགོས་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་ན་འཕགས་པ་རྣམས་ཀྱིས་དངོས་པོ་དེ་འཕགས་པའི་ཤེས་པ་དང་། འཕགས་པའི་མཐོང་བས་བརྗོད་དུ་མེད་པར་སངས་རྒྱས་ཤིང་བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་བྱས་དང་། འདུས་མ་བྱས་ཞེས་མིང་དུ་བཏགས་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་དོན་ཟབ་དགོངས་པ་ངེས་པར་འགྲེལ་གྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཟབ་མོ་བྱིས་པའི་སྤྱོད་ཡུལ་མ་ཡིན་པ། །བརྗོད་མེད་གཉིས་མིན་རྒྱལ་བས་བསྟན་མཛད་ཀྱང་། །བྱིས་པ་གཏི་མུག་རྨོངས་པ་འདི་དག་ནི། །སྨྲ་བའི་སྤྲོས་ལ་དགའ་ཞིང་གཉིས་ལ་གནས་། །མ་རྟོགས་པ་འམ་ལོག་པར་རྟོག་པ་དག །ལུག་དང་བ་ལང་དག་ཏུ་ཡང་སྐྱེ་ཞིང་། །དེ་དག་ཤེས་པའི་སྨྲ་བ་དེ་བོར་ནས། །ཤིན་ཏུ་ཡུན་རིང་འཁོར་བ་འདིར་འཁོར་འགྱུར། །དོན་ཟབ་དགོངས་པ་ངེས་པར་འགྲེལ་གྱི་ལེའུ་སྟེ་དང་པོའོ།། །།


no previousའཕགས་པ་དགོངས་པ་ངེས་འགྲེལ་ལས། དང་པོ། དོན་ཟབ་དགོངས་པ་ངེས་པར་འགྲེལ་པའི་ལེའུ། next