Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གངྒཱའི་ཆུ་རྒྱུན་ལས་གླེགས་བམ་གསུམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གངྒཱའི་ཆུ་རྒྱུན་ལས་གླེགས་བམ་གསུམ་པ།next

ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གངྒཱའི་ཆུ་རྒྱུན་ལས་གླེགས་བམ་གསུམ་པ།


GLG003_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གངྒཱའི་ཆུ་རྒྱུན་ལས་གླེགས་བམ་གསུམ་པ་བཞུགས་སོ། །


GLG003_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ལས། གནུབས་བན་སྐྱེ་སྤྲུལ་དུམ་པ་རྒྱ་ཞང་ཁྲོམ། །དྲ་ང་རྡོ་རྗེ་ཀུན་གྲགས་རྒྱ་ཕུར་བུ། །ལྷ་རྗེ་གནུབས་ཆུང་རྒྱ་སྟོན་སེང་གེ་དར། །གཉགས་སྟོན་ལྷ་འབར་ཞེས་རྣམས་ལ་གསོལ་བ་འདེབས། །ཞེས་པའི་ནང་ཚན་དུམ་པ་རྒྱའི་གཏེར་ནི། གནུབས་ཀྱི་བཀའ་ཤོག་རྒྱ་བོ་ཆེ་ལས། རྒྱ་གར་མཁས་པ་བི་མཱ་མི་ཏྲ་དང་། །ཨོ་རྒྱན་མཁས་པ་པདྨ་འབྱུང་གནས་དང་། །བལ་པོའི་མཁས་པ་བྷ་སུ་དྷ་ར་དང་། །བོད་ཀྱི་མཁས་པ་ཛྙཱ་ན་ཀུ་མཱ་རས། །བདག་ལ་གནང་བའི་མན་ངག་འདི་རྣམས་ཡིན། ཞེས་རྒྱ་བོད་ཀྱི་མཁས་པ་དུ་མའི་ཐུགས་ཀྱི་གསང་མཛོད་བརྟོལ་ནས་གདམས་ངག་རྒྱ་མཚོ་ཆེན་པོ་ལ་དབང་སྒྱུར་བའི་གནུབས་ཀྱི་བནྡེ་སངས་རྒྱས་ཡེ་ཤེས་ནི་སློབ་དཔོན་པདྨས་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་རྗེ་འབངས་དགུ་སྨིན་པར་མཛད་པའི་ཚེ་ལྷོ་འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་དུ་བཀའ་བབས། སྒྲགས་ཀྱི་ཡང་རྫོང་དུ་འཇམ་དཔལ་གཤིན་རྗེ་དངོས་སུ་འགྲུབ། བྲག་ལ་ཕུར་པ་འདམ་ལྟར་བཏབ། ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དམ་ལ་འདོགས་པ་


GLG003_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མཐུ་སྟོབས་རྫུ་འཕྲུལ་མངལ་སྐྱེས་ཞིག་ལ་ལྟོས་པའི་འགྲན་ཟླ་དང་བྲལ་བ་ཡིན་ཞིང་། སློབ་དཔོན་དེས་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་དང་རྒྱ་གར་མཁས་པ་བཞི་ལ་གསན་པའི་ཟབ་ཆོས་བཀའ་གཏེར་གཉིས་སུ་བཞུགས་པའི་གཏེར་མ་རྣམས་སྤྱན་འདྲེན་པ་པོ་ནི། ཟབ་པའི་ཆོས་དྲུག་གི་དཀར་ཆག་ལས། དེ་དུས་བསྐལ་བའི་མཐའ་མ་ལ༔ ང་མིན་ང་ཡི་ཆ་བྱད་ཅན༔ ཤ་ནི་སེར་ལ་སྐྲ་ནི་ལི༔ བོངས་ནི་ཐུང་ལ་གཡས་ནི་དཀར༔ གཡོན་ནི་དམར་བའི་ཤ་མཚན་ཅན༔ སོ་ནི་དཀར་ལ་སོ་ཚགས་དམ༔ སྨེ་བའི་ག་ཤ་ཡོད་པ་ཡི༔ ལོ་ནི་ཁྱི་འབྲུག་ལོ་པ་ལ༔ རུས་རྒྱ་མིང་ནི་ཞང་ཁྲོམ་ཞེས༔ དེ་ལྟ་བུ་ཡིས་རྙེད་པར་ཤོག༔ ཅེས་གནུབས་ཆེན་གྱི་སྨོན་ལམ་མཛད་པ་བཞིན་རང་གཏེར་སྤྱན་འདྲེན་པ་ལ་བསམས་བཞིན་དུ་སྐྱེ་བ་བཞེས་པ་དུམ་པ་རྒྱ་ཞང་ཁྲོམ་རྡོ་རྗེ་འོད་འབར་དུ་གྲགས་པས་སྤྱན་དྲངས་པའི་གཏེར་ཁ་རྣམས་ཡིན་ལ། གཏེར་གནས་ཀྱང་ཕུང་པོ་རི་བོ་ཆེའི་གཏེར་བྱང་ལས། གཡུང་གི་ཕུ་ཡི་རྫ་ལྷུད་ནག་པོ་ལ༔ དམ་ཆོས་བཀའ་


GLG003_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་དུམ་སྐུར་བཅས་པ་གཏད༔ གཡས་རུ་ཉུག་གི་རྡོ་རྗེ་སྒྲོམ་བུ་རུ༔ དབང་རྟགས་རྡོ་རྗེའི་བཀའ་རུ་བཅས་པ་སྦས༔ གཡས་རུ་གཙང་འཁྲིས་ཕུང་པོ་རི་བོ་ཆེར༔ དབང་རྟགས་བསེ་སྒྲོམ་སྨུག་པོར་བཅས་པ་སྦས༔ སྐལ་ལྡན་ལས་འཕྲོ་ཅན་ལ་ཁ་བྱང་བྲིས་ཏེ་བཞག༔ ལན་ཅིག་རྙེད་ནས་མི་སྤེལ་ཡིད་ལ་རྣོགས༔ དངོས་གྲུབ་ཡ་མཚན་ཆེན་པོ་འབྱུང་ངེས་ཀྱི༔ ཞེས་དང་། ཟབ་པའི་ཆོས་དྲུག་གི་དཀར་ཆག་ལས་ཀྱང༔ སྤྱིར་ཡང་གཏེར་ཁ་བརྒྱད་ཅུ་སྦས༔ གཙང་གི་ཕུང་པོ་རི་བོ་ཆེ༔ རྒྱ་ཡི་མོན་མོའི་གཙུག་རུམ༔ ཉུག་གི་རྡོ་རྗེ་སྒྲོམ་བུ༔ གཙང་འགྲམ་མཆོད་རྟེན་སྐྱེར་མ་བཞི། དེ་བཞི་ཐོན་ལ་བསྟན་པ་སྲུངས། ཞེས་གསུངས་པ་ལྟར་གཙང་གི་ཕུང་པོ་རི་བོ་ཆེ༔ ཉུག་གི་རྡོ་རྗེ་སྒྲོམ་བུ་གཡུང་གི་རྫ་ལྷུད་མོ། གཙང་འགྲམ་སྐྱེར་མ། གཞན་ཡང་སྤྲ་དུན་རྩེ༔ མཁོ་མཐིང་ལྷ་ཁང་། བསམ་ཡས་མཆིམས་ཕུ་སོགས་ནས་བྱང་ཆུབ་སྒྲུབ་པའི་ཆོས་སྡེ་དང་ཁྱད་པར་བསྟན་པ་བསྲུང་བའི་དྲག་སྔགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་པའི་གཙོ་བོར་གྱུར་བ་ནི་དུས་དགྲའི་དབང་པོ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ཚེ་བདག་ནག་པོའི་སྐོར་རྣམས་ཡིན་ལ། དེ་ཡང་བཀའ་ཤོག་རྒྱ་བོ་ཆེ་ལས། སངས་རྒྱས་བསྟན་པ་གཉན་པོ་བསྲུང་བར་བྱ་བ་དང་། །དཀོན་ཅོག་དབུ་འཕང་བསྟོད་པར་བྱ་བའི་ཕྱིར། །ལས་ཀྱི་འབྲེལ་བའི་ཡོན་ཏན་རྒྱ་མཚོ་དང་། །དད་པ་ཆེ་བ་ལེགས་པའི་སྒྲོན་མ་དང་། གྲོགས་མཆོད་དམ་པ་ཡེ་ཤེས་དབང་ཕྱུག་དང་། །རྩོལ་ཤུགས་གཏོང་ཕོད་ཆེ་བའི་བློན་རྗེ་འཕགས་པ་བཞི། །དམ་ཚིག་དམ་པ་སྙིང་ལ་འཇོག་པ་འདྲ་ནས་སུ། །དམ་ཆོས་གཞུང་བཞིན་བཀའ་ལ་བརྟེན་ཏེ་ལོ་བདུན་བར་དུ་བཤད། །ཡོན་ཏན་རྒྱ་མཚོ་མང་ཡུལ་ལན་བདུན་བཏང་། །དྲག་སྔགས་ཆོས་འདི་བསྟན་པར་མི་འོས་ཀྱང་། །


GLG003_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པའི་ཡང་གཏེར་གཞུང་ལས་འདི་ལྟར་གདའ། །སྐྱེས་བུ་བློ་རྩལ་བརྟན་ཞིང་དད་པ་མོས་པ་དང་། ལུས་དང་སྲོག་ཀྱང་མི་འཕང་གཏོང་ཕོད་ན། །དེ་དང་འབྲེལ་བར་འདོད་ན་དྲག་སྔགས་བཤད། །ཅེས་འབྱུང་བས། དེ་ཕྱིར་བདག་གིས་ཡོན་ཏན་རྒྱ་མཚོ་ལ། སྒྲུབ་ལུགས་མི་མཐུན་བརྒྱ་དང་རྩ་བདུན་གཏད་དེ་བཞག །ཅེས་པ་ལྟར་ཚེ་བདག་གི་སྐོར་རང་གི་རིགས་ཀྱི་སྲས་གནུབས་ཡོན་ཏན་རྒྱ་མཚོ་ལ་གནང་སྟེ། དེ་ནས་རིམ་གྱིས་བརྒྱུད་པའི་བཀའ་མ་ཡང་ཡོད་ལ། ཁྱད་པར་དབང་ཆུའི་བརྒྱུད་པ་བཀའ་གཏེར་གཉིས་ཀ་ནས་བརྒྱུད་པ་ཁྱད་མེད་དུ་འདྲེན་པ་ཡིན་ཞིང་། དེ་ཡང་བཀའ་འབྱེད་ལས། ཕྱི་སྐོར་ལྕགས་འདྲའི་སྐོར་དང་གཅིག༔ ནང་སྐོར་ཐོག་འདྲའི་སྐོར་དང་གཉིས༔ གནམ་ལྕགས་ཐོག་མའི་སྐོར་དང་གསུམ༔ ཞེས་ལྕགས་སྡིག་ལ་སྐོར་གསུམ་དུ་གསུངས་པར་མ་ཟད་བྷ་སུ་དྷ་རའི་སྤྱི་གཅོད་འཕྲུལ་གྱི་ལྡེ་མིག་ལས་འདྲི་ལུགས་རྣམ་པ་གསུམ་ནི་ལྕགས་འདྲ་བའི་ལུགས༔ ཐོག་འདྲ་བའི་ལུགས༔ གནམ་ཐོག་ཆེན་པོའི་ལུགས༔ ཞེས་ལྕགས་འདྲ་ལ་ཡང་སྐོར་གསུམ་དུ་གསུངས་པའི་གནམ་ཐོག་ཆེན་པོའི་སྐོར་ལ་ཡང་། པད་ལུགས་དང་གནུབས་ལུགས་གཉིས་སུ་ཡོད་པའི་ཐོག་མར་ལྕགས་སྡིག་ལྕགས་འདྲ་གཉིས་ཀའི་སྨིན་བྱེད་ཀྱི་དབང་ལ། པད་ལུགས་ཀྱི་དབང་གཞུང་སྨིན་བྱེད་དབང་གི་སྒྲོན་མ་དང་། བམ་ཆེན་གསང་བ་རབ་འབྱམས་ཀྱི་དབང་གནུབས་ལུགས་དབང་ཆོག་མུ་ཏིག་ཕྲེང་བ་སོགས་རྣམ་གྲངས་མང་དུ་ཡོད་ནའང་ལ་སྟོད་སེ་བརྒྱ་མཁར་བ་སེ་སྟོན་ཆེན་པོ་རིན་ཅེན་རྒྱལ་མཚན་ལ་བརྒྱུད་པ་དེ་དག་དང་ཁུ་ལུང་པ་ནས་བརྒྱུད་པའི་བཀའ་མ་སོགས་དབང་རྒྱུན་མ་ལུས་པ་ཡོངས་སུ་མངའ་བའི་དབང་གི་ཆུ་བོ་གཅིག་ཏུ་འདྲེས་པར་བཞུགས་ཤིང་། གསུང་ལས་ཀྱང་།


GLG003_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་རྒྱུད་མངོན་ཕྱུང་དངོས་གྲུབ་ཉེར་བསྡུས་པ། སྨིན་བྱེད་དབང་གི་སྒྲོན་མ་པདྨའི་གཞུང་། དཔང་དུ་ཉེ་བཞག་འཁྲུལ་མེད་ཕྱག་ལེན་གྱིས། ལེགས་པར་བརྒྱན་བྱས་ངེས་དོན་བདེ་འཇུག་བཀོད། ཅེས་གསུངས་པའི་དོན་ལྟར་པད་ལུགས་དཔང་པོར་བཞག་བླ་མའི་ཕྱག་ལེན་གྱིས་བརྒྱན་ཅིང་གནུབས་ལུགས་ནས་ཞལ་འཕང་དགོས་རྣམས་འཕངས། ཁ་འགེང་དགོས་རྣམས་བསྐངས་ཏེ། དབང་ཆོག་ངེས་དོན་བདེ་འཇུག་ལ་བྱང་བདག་རིགས་འཛིན་ཆེན་པོའི་ཕྱག་ལེན་གྱིས་ལེགས་པར་བརྒྱན་ཏེ་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཇི་སྐད་དུ། བདེ་ཆེན་ཡེ་ཤེས་སྐུ་དང་མཆོག་གི་བམ། །མཚན་ལྡན་གཟུང་མ་ལུས་ཀྱི་དཀྱིལ་འཁོར་དུ། ཞེས་པ་ལྟར་གཙོ་བོར་བགྲོད་པ་རྣམ་པ་གསུམ་གྱི་དཀྱིལ་འཁོར་དང་ཕྲ་མོར་ཕྱེ་ན་ཕྱི་དྲི་མ་འཁྲུད་པར་བྱེད་པ་ལས་བུམ་ལ་བརྟེན་པའི་དབང་། ནང་ནུས་པ་འཇོག་པར་བྱེད་པ་རྣམ་བུམ་ལ་བརྟེན་པའི་ཡེ་ཤེས་ལྔའི་དབང་། སྐུའི་ནུས་པ་སྟེར་བར་བྱེད་པ་ཕྱག་རྒྱའི་དབང་། གསུང་གི་ནུས་པ་སྟེར་བར་བྱེད་པ་སྔགས་ཀྱི་དབང་། ཐུགས་ཀྱི་ནུས་པ་སྟེར་བར་བྱེད་པ་ཕྱག་མཚན་གྱི་དབང་། ཡོན་ཏན་གྱི་ནུས་པ་སྟེར་བར་བྱེད་པ་གདུག་པ་ཟིལ་གནོན་དཔའ་བོའི་ཆས། བར་གཅོད་ཞི་བ་རྡོ་རྗེའི་ཚེ། གསང་བ་སྐལ་བ་སྟེར་ཞིང་དངོས་གྲུབ་ཐོབ་པར་བྱེད་པ་བམ་གྱི་དབང་། འཕྲིན་ལས་ཀྱི་ནུས་པ་སྟེར་བར་བྱེད་པ་སྦྱོར་སྒྲོལ་གྱི་དབང་། ཁམས་གསུམ་ཡོངས་སུ་སྒྲོལ་བ་དྲག་པོ་ཟོར་གྱི་དབང་། མངོན་སྤྱོད་ལས་ཀུན་འགྲུབ་པ་ཀཀྞིའི་དབང་། ཆོས་ཀྱི་རྒྱལ་སྲིད་དུ་དབང་བསྐུར་བ་རྡོ་རྗེ་སློབ་དཔོན་གྱི་དབང་། རྩ་དང་ཐིག་ལེའི་དཀྱིལ་འཁོར་ལ་བརྟེན་ནས་བདེ་བ་ཆེན་པོ་བསྐྱེད་པའི་དབང་། བྷ་གའི་དཀྱིལ་འཁོར་ལ་བརྟེན་ནས་བཅུ་དྲུག་དགའ་བཞི་རྫོགས་པའི་དབང་། རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རིག་རྩལ་ཡེ་


GLG003_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྔ་རྫོགས་ཀྱི་དབང་རྣམས་ལན་གཉིས་སྨིན་རྒྱས་སུ་ལེགས་པར་ནོས་ནས། ལུང་ལ་ལྕགས་འདྲ། ཨུརྨོ་ལྕགས་སྡིག་དང་གསུམ། དང་པོ་ལ་པད་གནུབས་གཉིས་ལས། །དང་པོ་ལ་པད་ལུགས་ཀྱི་སྐོར་ལ། དཔལ་གཤིན་རྗེ་གཤེད་འཁྲུལ་འཁོར་ནག་པོ་སྡིག་པ་སྙིང་འཛིངས་གསང་བའི་རྒྱུད་ལེའུ་བཅོ་ལྔ་པ་བལ་པོའི་སློབ་དཔོན་བྷ་སུ་དྷ་ར་དང་བོད་ཀྱི་ལོ་ཙཱ་བ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་བསྒྱུར་བ། རྒྱུད་འདི་ལྕགས་སྡིག་ལྕགས་འདྲ་གཉིས་ཀ་ལ་ཡོད་ཅིང་བྱང་པ་རིགས་འཛིན་གྱི་གསན་ཡིག་ཏུ་གནུབས་ལུགས་ལྕགས་འདྲར་ཡོད་པས་གནུབས་ལུགས་ཀྱི་ལྕགས་འདྲར་ཡང་མི་གཏོགས་པ་མ་ཡིན་མོད། འོན་ཀྱང་མན་ངག་རྩ་བ་དང་དེའི་འགྲེལ་པ་སྒྲོན་མ་དྲུག་པ་སོགས་ཀྱང་རྩ་བའི་ཁུངས་རྒྱུད་འདི་ལ་བརྟེན་པའི་ཕྱིར་གཙོ་ཆེ་བའི་དབང་དུ་བྱས་ཏེ་པད་ལུགས་ཀྱི་ཐོག་མར་བཞག་པ་ཡིན་ནོ། །དྲག་པོ་སྔགས་རྒོད་སྡིག་པ་སྙིང་འཛིངས་ཀྱི་རྒྱུད་དམ་མ་ཚང་བ་ཁ་སྐོང་བ་སྙིང་པོ་དོན་གྱི་གསང་རྒྱུད་བསམ་གཏན་ལྷ་ཡུལ་དུ་གྲགས་པ་ལེའུ་བདུན་པ་འབྲི་གུང་ལུགས་ལ་ལྕགས་སྡིག་གི་ཆོས་སྡེར་མཛད་པ་མི་འགལ་ཏེ་རྩ་རྒྱུད་དང་ཁ་སྐོང་གི་རྒྱུད་གཉིས་པོ་ལྕགས་སྡིག་ལྕགས་འདྲ་གཉིས་ཀའི་རྩ་བར་འགྲོ་ཞིང་། སེ་སྟོན་ཆེན་པོའི་གསན་ཡིག་ན་པད་ལུགས་སུ་ཡོད་པས་འདི་ཡང་དེ་ལྟར་དུ་བཀོད་དོ། །བལ་པོའི་སློབ་དཔོན་ནོར་འཛིན་དང་བོད་ཀྱི་ལོ་ཙཱ་བ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་བ། སྡིག་པ་སྙིང་འཛིངས་རྩ་བའི་མན་ངག་གུ་རུ་པདྨས་མཛད་པ་གནུབས་ཆུང་སངས་རྒྱས་ཡེ་ཤེས་ཀྱི་ཁྱད་ཆོས་རོང་གི་གཡུང་ཕུའི་ཕ་བོང་གཡུ་སྒ་མོར་གཏེར་དུ་སྦས་པ་རྒྱ་སྟོན་རྡོ་རྗེ་འོད་འབར་གྱིས་སྤྱན་དྲངས་པ། སྒྲོན་མ་དྲུག་གསལ་བར་བྱེད་པའི་མན་ངག་གི་གནད་བསྡུས་པ་རིན་པོ་ཆེའི་འོད་འཕྲོ་ཕག་སྟོན་ཤཱཀྱ་མགོན་པོས་མཛད་པ། རྩ་རྒྱུད་སྡིག་པ་སྙིང་འཛིངས་ཀྱི་དོན་བསྡུས་མན་ངག་


GLG003_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་ལ་འགྲེལ་བའི་ཚུལ་དུ་ལག་ལེན་གསལ་བར་སྟོན་པ་མན་ངག་གསལ་བྱེད་སྒྲོན་མའམ་སྡིག་པ་སྙིང་འཛིངས་ཀྱི་མན་ངག་སྒྲོན་མ་དྲུག་པ་ཅེས་བྱ་བ་བྲག་ལྟག་པ་རྡོ་རྗེ་རིན་ཅེན་གྱིས་མཛད་པ། སྡིག་པ་ནག་པོ་སྙིང་ལ་རུ་འཛིངས་པ་ཡང་གསང་རང་གཤེད་ནག་པོ་སྒྲོན་མ་དྲུག་པ་ལས་རི་རབ་ཀྱི་རྩེ་ལ་གནམ་ལྕགས་ཀྱི་སོ་བརྡར་བ་གསང་བ་ལས་ཀྱི་མཚོན་ཆ་བཞིའི་ནང་ཚན་མཐར་ཐུག་མཆོད་རྟེན་ནག་པོའི་དྲིལ་སྒྲུབ་གསང་བ་ཡང་གསང་རྣོ་ངར་དུ་བསྡེབས་པ་མཆོད་རྟེན་གསལ་བར་བྱེད་པའི་སྒྲོན་མ་སེ་སྟོན་ཆེན་པོ་རིན་ཅེན་རྒྱལ་མཚན་གྱིས་མཛད་པ། བྱང་བདག་རིགས་འཛིན་ཡབ་སྲས་ཀྱི་ཞལ་གདམས་གསང་བ་ལས་ཀྱང་ཆེས་གསང་བ་སྙིང་ནང་གི་ཁྲག་ལྟ་བུ་རྡོ་རྗེ་འཆང་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱིས་མཛད་པ། དྲག་སྔགས་ལས་ཀྱི་སྡེབ་ཡིག་སྒྲུབ་པ་དྲག་པོའི་བཟླ་ལུགས་གཉིས་ལས་སྔ་མར་ཡེ་ཤེས་སེམས་དཔའ་སྐུ་མདོག་སྨུག་ནག་དང་ཕྱི་མར་རྩ་བའི་ལྷ་རྣམས་གསལ་འདེབས་ལུགས་སོགས་སྦས་ཏིག་འདི་གནུབས་ལུགས་ཀྱི་སྦས་ཏིག་དང་མི་གཅིག་པས་འདིར་བཀོད་ཀྱི་པད་གནུབས་གང་དུ་གཏོགས་སླར་ཡང་ཕྱོགས་འདིར་ཚད་མར་གྱུར་པའི་སྔགས་འཆང་བྱུང་ན་དཔྱད་དོ། །ནག་པོ་སྙིང་འཛིངས་ཀྱི་མན་ངག་ཤིན་ཏུ་ཟབ་པ། ལས་ཐམས་ཅད་པའི་འཁོར་ལོའི་འགྲེལ་པ་ཞེས་བྱ་བ་སྦྱོར་བ་རྫས་ཀྱི་ཁྱད་པར། བསྙེན་སྒྲུབ་དྲག་སྔགས་ཀྱི་ཁྱད་པར། མཇུག་སྡུད་ལས་ཀྱི་ཁྱད་པར་དང་གསུམ་གྱིས་བསྟན་པའི་ཟབ་ཁྱད་ཅན། འཇམ་དཔལ་ཚེ་བདག་གཏེར་བརྒྱུད་ཀྱི་གསོལ་འདེབས་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པ་ཀུན་ཁྱབ་ཡེ་ཤེས་མ། བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་ལས་བྱང་བརྒྱ་མཁར་བ་སེ་སྟོན་རིན་ཅེན་རྒྱལ་མཚན་གྱིས་མཛད་པ། ཟིལ་གནོན་ལས་བྱང་གི་སྔོན་འགྲོ་ཁ་སྐོང་གི་སོ་སྡེབ་དང་བཅས་པ་ཆོས་རྒྱལ་མངྒའི་མཚན་ཅན་གྱི་ལྗགས་


GLG003_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིགས། སེ་སྟོན་ལས་བྱང་གི་ཟུར་འདེབས་སྒོམ་དོན་ངག་ཏུ་བླང་བདེ་བའི་ཆེད་དུ་རྣམ་ངེས་རིན་ཅེན་སྒྲོན་མེའི་གསུང་རྒྱུན་ཚིགས་བཅད་དུ་བྱང་བདག་རིགས་འཛིན་ཆེན་པོས་བསྡེབས་པ། སྙིང་འཛིངས་གཏེར་སྲུང་གི་མཆོད་པ་འགྱུར་མེད་མ་དང་། ཁ་སྐོང་སྤྱན་འདྲེན་རིགས་འཛིན་པད་འབྱུང་མ་དང་བཅས་པ། ཟིལ་གནོན་མངོན་རྟོགས་རྒྱུན་ཁྱེར་སེ་སྟོན་རིན་ཅེན་རྒྱལ་མཚན་གྱིས་མཛད་པའི་དྲག་སྔགས་ཅོག་བརྡུང་དུ་གྲགས་པ། ཚེ་བདག་ནག་པོའི་རྒྱུན་ཁྱེར་གཏོར་འབུལ་བསྟོད་པ་བཟླས་པ་བཀྲ་ཤིས་སྨོན་ལམ་དང་བཅས་པ་ཚང་བའི་སྒྲུབ་ཐབས་ཟབ་བསྡུས་སྔགས་འཆང་ལེགས་ལྡན་རྡོ་རྗེའི་ཟབ་བཞེས། བཅོམ་ལྡན་འདས་ཕྱག་རྒྱ་ཟིལ་གནོན་གྱི་འཕྲིན་ལས་ཀྱི་རིམ་པ་གསལ་བར་བྱེད་པའི་རྣམ་པར་ངེས་པ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་བརྒྱ་མཁར་བ་སེ་སྟོན་ཆེན་པོ་རིན་ཅེན་རྒྱལ་མཚན་གྱིས་མཛད་པ། ཁྲོ་བོ་ཕྱག་རྒྱ་ཟིལ་གནོན་གྱི་བམ་ཆེན་གསང་བའི་དབང་བསྐུར་བའི་ལག་ལེན་རྡོ་རྗེའི་ལས་རིམ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ཕྱག་ལེན་ཇི་ལྟ་བ་གཡུང་གི་རྫ་ལྷུད་མོ་ནས་རྒྱ་ཞང་ཁྲོམ་གྱིས་གདན་དྲངས་པ། བརྒྱ་མཁར་བ་སེ་སྟོན་རིན་ཅེན་རྒྱལ་མཚན་གྱིས་མཛད་པའི་བཅོམ་ལྡན་འདས་ཕྱག་རྒྱ་ཟིལ་གནོན་གྱི་དབང་གི་ཆོ་ག་ངེས་པའི་དོན་བདེ་བླག་ཏུ་འཇུག་པ། དགོངས་རྒྱུད་ཆེན་མོ་ལས་ཕྱུང་བའི་ཞི་བའི་སྦྱིན་སྲེག །རྒྱས་པའི་སྦྱིན་སྲེག །དབང་གི་སྦྱིན་སྲེག །དྲག་པོའི་སྦྱིན་སྲེག །ལས་ཀྱི་མཐའ་རྒྱས་སྲེག་པ་མེའི་སྦྱོར་བ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་སྒྲགས་ཀྱི་གནུབས་བན་སངས་རྒྱས་ཡེ་ཤེས་ཀྱི་ཁྱད་ཆོས་ཕ་བོང་གཡུ་སྒ་མོ་ནས་རྒྱ་རྡོ་རྗེ་འོད་འབར་གྱིས་གདན་དྲངས་པ། རྟེན་མཁར་བརྩེག་པ། དམག་བཟློག་པ། གསལ་ཤིང་འཛུགས་པ། རྒྱ་བྲེ་བ། དྲོད་ཚད་བྱ་ར། འགྲུལ་སྲང་


GLG003_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གཏོད་པ། བླ་རྡོ། ཕྲ་མ། ཟ་ལམ། ལྷ་འདྲེའི་ཕོ་བྲང་གདབ་པ། དབང་པོ་བཞག་པ། དགྲ་ཟིན་གཡུལ་བསྐྲད་པ། དམག་ཟས་བྱིན་པ། སྒྲིབ་ཤིང་གཟུགས་པ་རྣམས་སྟོན་པའི་མན་ངག་གསེར་ཐུར། ཕྱི་ནང་གི་སྒྲུབ་པ་འགྲུབ་མ་འགྲུབ་ཀྱི་སྐྱོན་དང་། ཟ་ཁ་མ་ཁྲེལ་བ། ལོངས་སྤྱོད་ཆུང་ཞིང་འཁུ་ལྡོག་ཆེ་ན་སྤང་བླང་གི་མན་ངག །དངོས་ཉམས་རྨི་ལམ་གྱི་ངན་ལྟས་བཟང་ལྟས། ཁྲི་ལན་འཁོན་ནག་ཆ་བཞིར་བགོས་ཏེ། ལྟས་ངན་དངོས་གྲུབ་ཏུ་བླང་བའི་ཟབ་གནད་སྔགས་ནག་རྣམས་ཀྱི་གཅེས་ནོར། ཞེ་སྡང་ཐམས་ཅད་ཀྱི་བཅུད་ཕྱུང་བ་ཁྱད་པར་གྱི་གདམས་པ་ཚེ་བདག་ཙཀྲ་ཀཱིརྟིའི་མན་ངག་ཟབ་མོ། ཚེ་བདག་ནག་པོའི་ཐུན་གྱི་དམིགས་པ་དགུ་མ་རུས་སྦལ་སྙིང་གཟེར་ནག་པོའི་རྒྱུད་ཀྱི་ལེའུ་དྲུག་པ་ནས་ཕྱུང་བ། བར་གཅོད་བགེགས་ཀྱི་སྦྱོར་བ་མྱུར་མགྱོགས་ཀྱི་ཕོ་ཉས་བཟློག་ཅིང་གཞོམ་པ་ཐུན་རྫས་མདའ་ལྟར་འཕེན་པ་དྲག་པོ་ཟོར་གྱི་ལས། ཟོར་གྱི་བཀྲ་རྟགས་སྟོན་པ་རུས་སྦལ་སྙིང་གཟེར་ནག་པོའི་རྒྱུད་ཀྱི་ལེའུ་དྲུག་པ་ནས་ཕྱུང་བ། དེ་དང་འདྲ་མིན་གཅིག །ཕྱག་རྒྱ་ཟིལ་གནོན་གྱི་ཨུཥྞཱི་ཥ་ལ་བརྟེན་པའི་ཕྱིར་བཟློག །ངན་སྔགས་ཀྱི་བཅུད་ཕྱུང་བ་རྡོ་རྗེ་གནམ་ལྕགས་ཨུརྨོ་མུ་སྟེགས་ཁ་འབར་ནག་པོའི་རྒྱུད་ལ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསྒྱུར་བ་ལྷ་སྔགས་ལ་དཔགས་ན་མན་ངག་ཟུར་པ་ཞིག་ཏུ་ཡིད་གཉིས་དང་གཏེར་སྟོན་ཀྱང་གསལ་བར་མ་བྱུང་རུང་། ད་ལྟ་རྒྱ་ཞང་གི་གཏེར་མར་ངོས་འཛིན་ཞིང་ཚེ་བདག་ལས་ཕྲན་དུ་མཛད་པ་ནི་ལས་ཕྲན་གྱི་རིགས་ལ་མཐའ་གཅིག་ཏུ་མ་ངེས་པས་མིན་ཞེས་གྱ་ཚོམ་དུ་སྨྲ་བར་མི་རིགས་མོད་སླར་ཡང་གནུབས་བན་ཟབ་ཆོས་ལ་མཁས་ཤིང་གྲུབ་པ་བརྙེས་པ་རྣམས་ཀྱིས་དཔྱད་པར་མཛོད་ཅིག །དུས་རྫས་སྔགས་ཏིང་ངེ་འཛིན་གྱི་སྦྱོར་བ་བཞི་དང་ལྡན་པས་སྦྱོར་བ་བཞི་པར་གྲགས་པ་ཚངས་པ་རླུང་གནོན་དུ་གཏེར་དུ་སྦས་པ་


GLG003_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཞལ་གདམས་ལག་ལེན་མན་ངག་སྙིང་གི་ཡི་གེ །ཡང་བཟློག་གཟེ་མ་ཆུ་སྤར་བ་ནག་པོ། གོང་གི་ལག་ལེན་བླ་མའི་གསུང་བཞིན་བྲིས་པ་རྣམས། ལོ་ཟླ་ཞག་ཟ་མའི་སྐག་བཟློག །དགྲ་བོ་ལོངས་སྤྱོད་དང་བྲལ་བ། དམག་དཔུང་གཞོམ་པའི་སྦྱོར་བ། མཁར་དང་དབྲལ་བ། ཉི་ཀླུང་གུད་པ་གསོ་བའི་སྦྱོར་བ། དར་གུད་འཕོ་བའི་སྦྱོར་བ། ལྟས་ངན་དབབ་པའི་སྦྱོར་བ། ཡུལ་ཁམས་འཕུང་བའི་སྦྱོར་བ། རྟགས་གསོ་བའི་སྦྱོར་བ་རྣམས་སོ། །དེ་ཡང་ལྕགས་འདྲའི་ཆོས་སྡེ་ལ་ཐེམ་བྱང་སོགས་མེད་པས་ཆོས་ཀྱི་མཐའ་ཆོད་པ་དཀའ་མོད། འོན་ཀྱང་ལྕགས་འདྲ་པད་ལུགས་སུ་གྲགས་པ་ནི་པདྨའི་མན་ངག་རྩ་བ་སོར་བཞག་པ་ལ་དེ་དང་རྗེས་འབྲེལ་གྱི་ཡིག་སྣ་རྣམས་ལ་ངོས་འཛིན་ལ་མཇུག་གི་ལས་ཕྲན་རྣམས་མན་ངག་རྩ་བ་ལས་འཕྲོས་པའི་ངེས་པ་བཀའ་ཡང་མཛད་པ་པོ་སོགས་དང་བསྟུན་ཆོས་སྡེར་མཛད་ཅིང་། པད་ལུགས་ཚེ་བདག་གི་སྐོར་འདི་ཅུང་ཟད་ཉུང་བའི་རྒྱུ་མཚན་དེ་དུས་རྒྱལ་ཁྲིམས་གཉན་པས་མངོན་སྤྱོད་ལ་རག་མ་ལུས་པར་གནུབས་ཀྱིས་སློབ་དཔོན་ཆེན་པོ་ལ་གཤེད་སྐོར་གྱི་མཐའ་རྒྱ་གཅོད་པ་མ་བྱུང་བས་སོ། །གཉིས་པ་གནུབས་ལུགས་ཀྱི་སྐོར་ལ། རྒྱ་ཞང་ཁྲོམ་ཉ་མོ་ལྷ་ཁང་དུ་བྱོན་པས་རྣལ་འབྱོར་པ་དང་མཇལ་བའི་ལོ་རྒྱུས་སོགས་གཏེར་བྱུང་བསྡུས་པ་ཕུང་པོ་རི་བོ་ཆེའི་གཏེར་བྱུང་རྒྱས་པ། ཟབ་པའི་ཆོས་དྲུག་གི་དཀར་ཆག་དྲག་སྔགས་མཚོན་ཆ་ནག་པོའི་རྒྱུད་དམ་རྡོ་རྗེའི་ཐོག་འབེབས་སྐུའི་རྒྱུད་ལེའུ་དགུ་པ་ལྷ་ཡུལ་དུ་གྲགས་པ་བལ་པོའི་སློབ་དཔོན་བྷ་སུ་དྷ་ར་དང་བོད་ཀྱི་ལོ་ཙཱ་བ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བ་ར་ས་རུ་མཁའ་འགྲོ་དང་བཀའ་བགྲོས་ཏེ་བསྒྱུར་བ། དཔལ་ཚེ་བདག་ནག་པོའི་རྒྱུད་དྲག་


GLG003_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་དེ་ཁོ་ན་སྲོག་དམར་ལེན་གྱི་སྤུ་གྲི་ཞེས་བྱ་བ་ལེའུ་བཅུ་གཉིས་པ། སྡིག་པ་སྙིང་འཛིངས་ཀྱི་དོན་སྤྱི་གཅོད་འཕྲུལ་གྱི་ལྡེ་མིག་སྒྲོན་མ་གསལ་བའི་སྤྲ་འཁྲིད་ཅེས་བྱ་བ་ལམ་འདི་ཉམས་སུ་ལེན་པ་ལ་མེད་དུ་མི་རུང་བའི་གདམས་པ་ཟབ་མོ་བལ་པོ་བྷ་སུ་དྷ་རས་མཛད་པ། ཟིལ་གནོན་སྒྲུབ་ཁོག་ཆེན་པོའི་ཚེ་བདག་ཁ་ཐུན་ནག་པོའི་སྐོར་གྱི་གཙུག་ལག་དཔལ་དགེའི་ངན་སྔགས་ཡང་མཛོད་ཅེས་པ་ལེགས་ལྡན་ཞབས་དང་ཆོས་རྒྱལ་མངྒའི་མཚན་ཅན་གྱི་གསན་ཡིག་ན་ཞིབ་པར་འདུག་པ་དང་འདི་གཉིས་ཞུས་དག་ཕེར་བ་ལྟ་བུ་ལ་གནམ་ལྕགས་སོ་བརྡར་དང་མཐིང་གི་བྱ་ར་དགྲམ་པ་གཉིས་ངོས་འཛིན་མི་མཐུན་པ་ཙམ་འདུག །ལེགས་ལྡན་རྗེ་དང་བྱང་པ་རིགས་འཛིན་གྱི་ལྕགས་འདྲ་གནུབས་ལུགས་གསན་ཡིག་ན་སྒྲུབ་ཁོག་ཆེན་པོའི་རྩ་བ་ཞེས་འདི་བགྲངས་འདུག་པས་སྒྲུབ་ཁོག་རྩ་བ་དང་ཁ་ཐུན་ཡང་མཛོད་གཉིས་གཅིག་གམ་འདྲ་མིན་ཡིན་དང་ཕན་ཚུན་འཕྲུལ་ཤེས་པ་སོགས་གང་ཡིན་དཔྱད་མ་བཟོད། འདི་ཁ་ཐུན་ཡང་མཛོད་ཡིན་ན་བརྒྱད་པ་ལྕགས་སྡིག་དང་གཅིག་ཅིང་དཔེ་རིས་རྣམས་ལྕགས་འདྲ་ལ་བལྟོས་དགོས་པ་གསན་ཡིག་ན་འདུག་གོ །རྩ་བ་ངན་སྔགས་སྙིང་ལ་སྡིག་པ་ནག་པོ་རུ་འཛིངས་དྲིལ་སྒྲུབ་གསང་བ་ལས་ཀྱང་གསང་བ་བསྟན་དུ་མེད་པ་རྒྱ་གར་མཁས་པ་གཙུག་ལག་དཔལ་དགེས་ངན་སྔགས་སུ་ཕྱུང་བ་ཡང་མཛོད་ཀྱི་གདམས་པ་ཤིན་ཏུ་གསང་བ་རྡོ་རྗེ་ནང་འགྲས་སྡིག་པ་ནག་པོ་སྙིང་ལ་རུ་འཛིངས་པ་འཇམ་དཔལ་དྲིལ་སྒྲུབ་གསང་བ་བསྟན་དུ་མེད་པའི་ཞལ་འཁྲིད་གསང་བའི་མིག་ཕྱུང་ཡང་གསང་སྒྲོན་མ་བུདྡྷ་ཛྙ་ནའི་མན་ངག །འཁོར་ལོ་ལྟོ་བཤགས་ནག་པོའི་ཞལ་འཁྲིད་བུདྡྷ་ཛྙ་ནའི་གདམས་པ། དཔལ་གཤིན་རྗེའི་རྒྱལ་པོའི་འཁོར་ལོ་ནག་པོའི་སྒྲུབ་ཐབས་ཞེས་བྱ་བ་ཕྱི་མཆོད་རྟེན་ལ་བརྟེན་པའི་ཡང་གསང་སྙིང་པོ་དོན་གྱི་སྒྲུབ་ཐབས་རྒྱ་གར་གྱི་མཁན་པོ་ཁྲག་འཐུང་ནག་པོའི་ཞལ་གདམས། སྡིག་པ་ནག་པོ་སྙིང་


GLG003_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

འཛིངས་ལས་ཡང་གསང་སྤྲ་འཁྲིད་སྒྲོན་མ་འབྲི་གུང་པའི་ཕྱག་དཔེར་འདི་སྐོར་ལྕགས་སྡིག་ཏུ་ངེས་བཟུང་འདུག་པ་ད་ལྟ་ལྕགས་འདྲའི་ཁོངས་སུ་སོམ་ཉི་མེད་པར་ངོས་འཛིན་ཡང་གསང་སྔགས་ཟབ་མོའི་གནད་གསང་འདི་རྟོགས་པར་དཀའ་བས་ད་དུང་མཁས་པ་འདྲ་དང་ཕྲད་ན་དྲི་བསྡུར་བྱའོ། །གུ་རུ་ཁྲག་འཐུང་ནག་པོའི་ཞབས་ཀྱིས་མཛད་པ། གསང་བ་ཡང་གསང་དུ་བསྡེབས་པ་རྒྱ་གར་གྱི་མཁན་པོ་ཁྲག་འཐུང་ཞབས་ཀྱི་ཞལ་གདམས། མཆོད་རྟེན་ལག་ཏུ་བླང་བའི་སྤྲ་འཁྲིད་སྒྲོན་མ། གཤིན་རྗེ་ཚེ་བདག་ནག་པོའི་མཆོད་རྟེན་གྱི་ཐིག་གདབ་ལུས་རྒྱུད་དང་བྷ་སུ་དྷ་རའི་ཕྱག་བཞེས་བཞིན་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ། ཚེ་བདག་ནག་པོའི་མཆོད་རྟེན་ལ་བསྟོད་ཅིང་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐུལ་བ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མ་སློབ་དཔོན་བྷ་སུ་དྷ་རས་མཛད་པ། འཁོར་ལོའི་གདམས་པ་སྤུ་འཁྲིད་གསང་བ་གཙུག་ལག་དཔལ་དགེས་བལ་ཡུལ་ཡམ་བུའི་དགོན་པར་གནུབས་སངས་རྒྱས་ཡེ་ཤེས་ལ་གནང་བ། གསང་བ་ཙིཏྟ་ལ་བརྟེན་པའི་གདམས་པ་སྒྲོན་མ་སྤྲ་འཁྲིད་ནང་ནས་རང་གཤེད་གསད་པའི་སྙིང་ཐུན་སྒྲོན་མ་མནན་པའི་ལས་དྲག་སྔགས་ཀྱི་རྒྱལ་པོ་ཡང་གསང་བཅུད་གཅིག་པའི་མན་ངག་སྲོག་གི་འཁོར་ལོ། སྔགས་ཀྱི་འཁྲུལ་འཁོར་སྡིག་པ་སྙིང་འཛིངས་དྲག་པོ་དབང་སྡུད་ཀྱི་མན་ངག །ལྷ་སྲིན་མིང་སྲོག་འཕྲོག་པའི་ཏིང་ངེ་འཛིན་སྔགས་པར་ངག་གཤེད་འབེབས་པའི་གཤེད་མ། རང་གཤེད་སྡིག་པ་སྙིང་འཛིངས་ཀྱི་ངག་ཀྱི་འབྲུ་བཤད་ཐེམས་ཡིག །ཨྱེ་རིང་དྲག་པོ་སྔགས་ཀྱི་འབྲུ་འགྲེལ་སྔགས་པ་རུ་ཏྲ་ནག་པོའི་གཤེད་མ་ཡང་མཛོད་ཀྱི་གདམས་པ། སྟོང་སྲོག་འཁོར་ལོ་ནག་པོ་དྲག་སྔགས་ཀྱི་ཡང་སྙིང་དྲིལ་བ་སྟོབས་ཆེན་ནུས་པ་དབྲལ་ཞིང་


GLG003_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བཤིག་པ། གུ་རུ་གཙུག་ལག་དཔལ་དགེས་གནུབས་ལ་གནང་བའི་ཡང་མཛད་གདམས་པ་སྔགས་ཐེམས། ལུས་སོ་སྤུ་གྲི་གསུམ་ལ་བརྟེན་པས་སྟོང་སྲོག་གཅིག་ཏུ་བསྡེབས་འདི་མེད་ན་ཡུངས་ཀར་སྤང་ལ་གཏོར་བ་དང་འདྲ་བར་གསུངས། པའི་ཞལ་འཁྲིད་གཡས་རུ་རྡོ་རྗེ་སྒྲོན་བུ་ཉུག་གི་བྲག་ནས་རྒྱས་སྤྱན་དྲངས་པ། དྲག་སྔགས་རྣམ་པར་བཤད་པའི་འགྲེལ་པ་སྔགས་དོན་གསལ་བར་བྱེད་པའི་སྒྲོན་མེ། ལྷ་སྒོམ་པའི་རིམ་པ་ཞེས་བྱ་བ་ཕྱག་རྒྱ་རིན་པོ་ཆེ་གསལ་བའི་སྒྲོན་མ། བྷ་སུ་དྷ་རས་གནུབས་ལ་གཏད་པ། མཆོད་བསྟོད་གསལ་འཇམ་དཔལ་རྫུས་སྐྱེས་ཞེས་པ་སློབ་དཔོན་ཆེན་པོར་ངོས་འཛིན་ན་ལྕགས་འདྲར་གཏོགས་སམ་སྙམ་པར་དཔྱད། བའི་སྒྲོན་མེ་ཞར་བྱུང་ཡུམ་གྱི་བསྐུལ་དང་བཅས་པ། བསྲུང་བ་བསམ་གཏན་སྟོང་སྲོག་གི་འཁོར་ལོའི་བྲི་བརྒྱུད་བསྲུང་བཟློག་གཉིས་ཀྱི་མཐར་ཐུག་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་རྒྱ་གར་དུ་ལན་གསུམ་བྱོན་ཏེ་གྲུབ་ཐོབ་གསུམ་ལ་ཞུས་ནས་ཕྱི་མ་བསམ་ཡས་མཆིམས་ཕུའི་བྲག་ལ་སྦས་པ་རྒྱ་ཞང་ཁྲོམ་གྱིས་སྤྱན་དྲངས་པ། དཔལ་གཤིན་རྗེ་ཚེ་བདག་ནག་པོའི་སྒྲུབ་ཐབས་གནུབས་ཀྱི་ལས་རིམ་གསལ་སྒྲོན་དུ་གྲགས་པ། གཤིན་རྗེ་ཚེ་བདག་ནག་པོའི་བམ་གྱི་བཀང་བ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་ཕུང་པོ་རི་བོ་ཆེ་ནས་རྒྱ་ཞང་ཁྲོམ་གྱིས་གདན་དྲངས་པ། གཤིན་རྗེ་ཚེ་བདག་ནག་པོའི་སྦྱིན་སྲེག་གི་ཆོ་ག་འཇམ་དཔལ་བཤེས་གཉེན་ནས་རྒྱལ་པོ་ཀུན་སྐྱོང་ཡན་ཆད་དུ་ཞལ་གྱི་གདམས་པར་གནས་པ་ལས་གཙུག་ལག་དཔལ་དགེས་ཡི་གེ་བཀོད་པ། ཕྱི་བུམ་པ་ལ་བརྟེན་ནས་ནད་གདོན་དག་པར་བྱེད་པའི་ཁྲུས། ནང་བསམ་གཏན་ལ་བརྟེན་ནས་སྡིག་སྒྲིབ་དག་པའི་ཁྲུས། ཆོས་ཉིད་ཀྱི་ཁྲུས་ལ་བརྟེན་ནས་སྟོང་པའི་གོ་ཆ་བླ་ན་མེད་པ། འབྱུང་བ་བཞི་ལས་ལ་བཀོལ་བའི་མཚོན་ཆ་ཟླ་གསང་ནག་པོའི་ནང་ནས་ཟབ་པའི་མཐར་


GLG003_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་རྣལ་འབྱོར་པ་ཉལ་ཡང་དགྲ་འཆི་བར་ངེས་པ། བྱད་དང་ངག་འགྲོལ་བ་གསེར་གྱི་ལྡེ་མིག་བུམ་བཅས་དང་བྱད་འགྲོལ་བའི་ལག་ལེན་སྟོན་པའི་རྩ་བ། བུམ་བཅས་ཕན་ཡོན་བསྲུང་བ་འདྲི་ཐབས་རྨི་ལྟས་ལོ་རྒྱུས་མངོན་རྟོགས་རྣམ་པ་སྟོན་པ་སློབ་དཔོན་ཁྲག་འཐུང་ནག་པོས་རྡོ་རྗེ་གདན་གྱི་བྱང་ཕྱོགས་མཆོད་རྟེན་སྔོན་པོའི་ཁྲི་འཕང་ནས་གཏེར་བཏོན་ཏེ་གནུབས་སངས་རྒྱས་ཡེ་ཤེས་ལ་གནང་བ་གཡུང་གི་རྫ་ལྷུད་མོ་ནས་རྒྱས་སྤྱན་དྲངས་པ། བྱད་འགྲོལ་གསེར་གྱི་ལྡེ་མིག་གི་མངོན་རྟོགས་དང་མཇུག་ཏུ་འདོན་རྒྱུའི་དམོད་བཅོལ། བྱད་འགྲོལ་བའི་འཁོར་ལོའི་གཟུངས་རིང་། བྱད་འགྲོལ་གྱི་ལག་ལེན་ཆོ་གའི་བྱ་ཐབས་བྱད་འགྲོལ་ཀུན་གྱི་བཅུད་ཕྱུང་བ་ཁྲིགས་བསྡེབས་ལག་ལེན་ཀུན་ཚང་མངའ་རིས་རིགས་འཛིན་ཆེན་པོས་མཛད་པ། རིགས་གསུམ་མགོན་པོ་ལ་བརྟེན་པའི་ཏིང་ངེ་འཛིན་གྱི་བསྲུང་བ་ཟབ་མོ། རིགས་གསུམ་མགོན་པོ་ལ་བརྟེན་པའི་བསྲུང་འཁོར་འདྲི་ཐབས། གླང་དམར་གྱི་བཟློག་པ། ཚེ་བདག་འཆི་བདག་སྲོག་བདག་གསུམ་གྱི་ཟ་ཡིག་བསྐྱེད་ཆོག་རྫོང་ཆེན་མ། འཇམ་དཔལ་ཚེ་བདག་ནག་པོའི་བཟློག་པའི་ལོག་གནོན་ཟབ་རྒྱ་ཅན་ཀུན་ཚང་བྲག་ནས་རྒྱས་སྤྱན་དྲངས་པ། གཏོར་ནག་ལ་བརྟེན་པའི་ཨུརྨོ་ནང་གཅོད་ཀྱི་ཕྱིར་བཟློག་དྲག་པོའི་སྔགས། འཇམ་དཔལ་གྱི་དྲག་སྔགས་ཐུགས་ཀྱི་བཅུད་བསྡུས་པ་མཚན་བརྗོད་ལས་རྡོ་རྗེ་རལ་གྲི་མ་ལུས་གཅོད་ཅེས་པ་ལ་བརྟེན་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། ཟས་ལྷ་སྤྲུལ་པ་གསུམ་དབང་དུ་བསྡུ་པའི་མན་ངག །གཤིན་རྗེའི་གཏད་ཁྲམ་བཅུ་གཉིས་ཀྱིས་ཁྲམ་ལ་གཏད་པ། སྒྲོན་གསལ་གྱི་བར་གཅོད་ཉམས་ལེན་མ་ལྔ་ཡང་བཟློག་ཅེས་པ་མྱུལ་ལེ་སྐྲོད་པ། གནམ་ཐོག་


GLG003_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ལུགས་སྲོལ་མིན་པའི་མ་ཧཱ་ཡོ་ག་དང་མཐུན་པའི་ལས་བྱང་། ལྷན་སྐྱེས་གནམ་ལྕགས་འབར་བའི་སྙིང་པོ་འབྲོག་ནག་སངས་རྒྱས་རྒྱལ་པོས་མཛད་པ། འཇམ་དཔལ་ཞི་བའི་སྒྲུབ་ཐབས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྣམས་དཔེ་རིས་སྐོར་ལ། མུན་སྨག་སྟེང་འོག་འཁོར་ལོ། ཞེ་སྡང་ཁྲོས་པའི་གཞུ་གཅག་པ། དེ་དང་འདྲ་མིན་གཅིག །གནམ་ལྕགས་སོ་བརྡར་མཆོག་ཕག །གསང་བ་ཙིཏྟ་ལ་བརྟེན་པའི་སྟེང་འོག་འཁོར་ལོ། མཆོག་ཕག་གསང་སྒྲུབ་སྟོང་སྲོག་འཁོར་ལོ། བཙད་པོ། སློབ་མ་དམ་ཉམས། དམ་ཚིག་གཅིག་པའི་སྔགས་པ། སྤྱིའི་སྦུན། བོན་པོ། ཨུརྨོ་མཁན་གསོད་པའི་ལིང་ག་དྲུག །གཏད་བཟློག་དྲིལ་སྒྲུབ། ངག་གནོན་དུ་ནན་ལྔ་པ་མཆོད་རྟེན་གྱི་འོག་ཏུ་གནོན་པའི་དཔེ་དང་བཅས་པ། གཏད་བཟློག་ཀླུ་བདུད་ལྟོ་འཁོར། རུས་སྦལ་གྱི་ལྟོ་བར་བྲིས་པའི་བསྲུང་བ་ཕྱག་རྒྱ་བསམ་གཏན། ལུས་ལ་འདོགས་པའི་བསྲུང་འཁོར། གསད་པ་གནམ་ལྕགས་ཨུརྨོ་སྦལ་སྡིག་མ། མ་ཉེས་པར་དགྲ་ལངས་ན་སེང་གེའི་ལྟོ་བར་གསད་པ། བཙད་པོར་སེང་གེ་ཁ་འཐབ། མ་མོ་མཁན་ལ་ཤྭ་ན་ལྕེ་འཐབ། གཤིན་རྗེ་མཁན་ལ་ཁྱ་མོ་གཤོག་འཐབ། སློབ་མ་ལ་རྡོ་རྗེ་མར་འཐབ། གཏད་མཁན་ལ་སྦྲུལ་ནག་ལྕེ་འཐབ། བྱ་ཁྱུང་མཁན་ལ་རྨ་བྱ་མཇིང་བསྣོལ། སྔགས་པར་རུས་སྦལ་ལྟོ་སྡེབ། དྲག་སྔགས་མཁན་ལ་སྟག་མོ་ཁ་འཐབ། དགེ་འདུན་གྱི་སྡེ་ལ་གླང་ཆེན་མཆེ་འཐབ། བོན་དང་མུ་སྟེགས་ལ་རྐང་མགྱོགས་བཟློག་པ། དྲག་སྔགས་མཁན་ལ་ཐོག་འཁོར། རུས་སྦལ་སྙིང་འཕྲོག་རུས་སྦལ་བསྣོལ་མ། སྟེང་དུ་ལྡིང་བའི་རུས་སྦལ་ལྟོ་འཁོར། རྣོན་པོ་ནང་གཅོད་ཙཀྲ་ཀཱིརྟི། འབྱུང་བཞི་ལས་བཅོལ་འཁོར་ལོ། གནམ་ལྕགས་སོ་བརྡར་འབྲུབ་ཁུང་། གསང་བ་ཙིཏྟའི་འབྲུབ་


GLG003_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཁུང་། བསྣལ་བཟློག་དཀྲུག་པའི་འབྲུབ་ཁུང་ཕོ་ཉ་རྐང་མགྱོགས་བཟློག་པའི་འབྲུབ་ཁུང་། ཙིཏྟ་དཀྲུགས་པའི་འབྲུབ་ཁུང་། སྟོང་སྲོག་འབྲུབ་ཁུང་། ཐོད་པ་ཞལ་དབྱེ་དང་ཡུམ་འཁོར། སྟེང་གཅོད་ནམ་མཁའི་འཁོར་ལོ། འོག་འདེགས་རླུང་འཁོར། བྱ་ཁྱུང་སོ་བརྡར། གཏད་ཀྱིས་དམིགས་སྡིག་པའི་ལུས་ཚད། སྦྱིན་སྲེག་གི་སྟེང་གཅོད། སྦྱོར་བའི་འཁོར་ལོ། གདན་འཁོར། འོག་འདེགས། སྟེགས་པའི་རུས་སྦལ་མཆོད་རྟེན་གྱི་ཕྱི་ནང་། སྒྲུབ་གཏོར། མཆོད་གཏོར། གཏེར་བསྲུངས་གཏོར་མ། བམ་བཀང་རྣམས་སོ། །འདི་ཙམ་ཁོ་བོས་ཐོས་པ་ཡིན་ཞིང་གཞན་ཡང་ཟོར་གྱི་བྱུང་རབས་རྒྱལ་བ་སོགས་དང་བསྲུང་བཟློག་གསད་མནན་གྱི་ཡིག་སྣ་མང་བ་ཟུར་ཀུན་མཁྱེན་རྩ་བའི་བླ་མ་སོགས་ཀྱིས་གཟིགས་པ་དང་མིང་གི་རྣམ་གྲངས་གསན་པ་བྱུང་འདུག་ཀྱང་ཆོས་རྒྱུན་མ་རྙེད་མོད། གཙོ་ཆེ་བའི་དངོས་དོན་གྱི་སྙིང་པོ་ནི་མ་ཚང་བ་མེད་དོ། །དེ་ཡང་ཚེ་བདག་ལྕགས་སྡིག་དང་ཡང་བཟློག་སོགས་ལ་མཁས་ཤིང་སྒྲུབ་པ་བརྙེས་པའི་འབྲི་གུང་པ་རིགས་འཛིན་ཆོས་ཀྱི་གྲགས་པས་ལྕགས་འདྲའི་དོན་ལྕགས་སྡིག་དང་འདྲ་བས་ན་ལྕགས་འདྲར་བཤད་པའི་སྒྲུབ་བྱེད་དང་འདྲ་བའི་ཕྱོགས་དངོས་མ་ཡིན་པས་ལྕགས་འདྲ་མི་ཟབ་པར་གསུངས་པ་ནི་ཅུང་ཟད་འཐད་པར་མ་སེམས་ཤིང་། གསུང་ལ་དཔགས་ན་འབྲི་གུང་ཕྱོགས་སུ་ལྕགས་འདྲ་དེ་ཚེ་བདག་པད་ལུགས་ཡིན་ཁུལ་ལས་མཐའ་ཆོད་པར་ཡོད་པ་ཞིག་མ་མངོན། འབྲུག་པ་པད་དཀར་གྱི་ཚེ་བདག་ལས་བྱང་དུ་བཀའ་བརྒྱད་ཀའི་ཟོར་དང་ཤར་ཕྱོགས་སྒོ་མ་རྟ་གདོང་དཀར་སོགས་ཚེ་བདག་ལ་ཡོང་དོན་མེད་པ་མང་པོ་བཀའ་བརྒྱད་གསང་རྫོགས་ནས་བྲིས་པའི་རྫ་གཅོག་སྣ་ཚོགས་འདུག་པར་བརྟེན་ཆོས་


GLG003_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་བཀྲ་ཤིས་སྟོབས་རྒྱལ་གྱིས་ཅོ་འབྲིའི་ཚུལ་དུ་དྲི་བ་མཛད་པའི་ལན་དུ། པདྨས་མི་མཁྱེན་གནུབས་ཀྱིས་ཤེས་སྨྲ་མིན། །དང་པོ་ཟབ་སྦས་ཕྱི་མ་གསལ་བསྟན་ཡིན། ཞེས་པད་ལུགས་ལ་ཟབ་མོ་རྣམས་སྦས་པས་མི་ཟབ་པ་དང་གནུབས་ལུགས་གསལ་བར་བསྟན་པས་ཟབ་ཁུལ་གསུང་པའི་དོན་འབྲུག་པ་པད་དཀར་གྱི་ཞེ་འདོད་ལ་ལྕགས་འདྲ་དཔེ་ལུགས་དང་། ལྕགས་སྡིག་གནུབས་ལུགས་སུ་བྱས་ནས། བཀའ་འབྱེད་དུ། ཨོ་རྒྱན་པདྨས་མཛད་པ་ལ༔ ཆོས་ཚན་སུམ་ཅུ་རྩ་བརྒྱད་ཡོད༔ འཁོར་ལོ་ཉི་ཤུ་རྩ་བདུན་ཡོད༔ ཤོག་ལྡེབས་གསུམ་ལ་ཚང་བར་ཡོད༔ སྡིག་པའི་ཆོས་ལ་བསྒྲིག་ཏུ་མེད༔ ཐུན་མོང་བསྲུང་མཚམས་ཙམ་དུ་འགྲོ༔ ཞེས་པ་དེ་ལྕགས་འདྲ་པད་ལུགས་ཡིན་ཁུལ་དུ་བསམས་ནའང་པད་ལུགས་ནི་མན་ངག་རྩ་བ་ལ་ཟེར་བས། དེ་ལ་ཆོས་ཚན་སུམ་ཅུ་རྩ་བརྒྱད་མེད་ཅིང་ཤོག་ལྡེབས་ཀྱང་གསུམ་ལས་མང་བས་བཀའ་འབྱེད་ཀྱི་ནང་དུ་རིགས་འཛིན་རྣམས་ཀྱིས་མཛད་ཅེས་བགྲངས་བ་དེ་རྣམས་ལྕགས་འདྲ་རང་ལ་ཕྱི་སྐོར། ལྕགས་འདྲ་ནང་སྐོར་ཐོག་འདྲ། གསང་སྐོར་གནམ་ཐོག་ཆེན་མོའི་སྐོར་གསུམ་དུ་བཤད་པའི་ཕྱི་སྐོར་ལྕགས་འདྲའི་ཆོས་ཚན་དུ་གཏོགས་ནའང་། མན་ངག་རྩ་བ་སོགས་དང་གནུབས་ལུགས་ཀྱི་ལྕགས་འདྲ་གོང་དུ་སྨོས་པ་རྣམས་ནི་གནམ་ཐོག་ཆེན་མོའི་སྐོར་ཤིན་ཏུ་ཟབ་པ་སྟེ། རྒྱུ་མཚན་བྷ་སུ་དྷ་རས། གཞལ་ཡས་ཁང་ལྷུན་གྲུབ། ལྷ་ལྐོག་བཞེངས། སྔགས་ཐུག་ཕྲད་ཡིན་ཚུལ་སྤྱི་གཅོད་དུ་གསལ་བར་གསུངས་སོ། །འབྲུག་སྤྲུལ་གྱིས་ལྕགས་སྡིག་ལས་གཞན་པའི་ལྕགས་འདྲའི་གནུབས་ལུགས་ཡེ་རྩད་མ་ཆོད་ཅིང་། བཀའ་འབྱེད་ཀྱི་ཚིག་དེས་འཁྲུལ་གཞི་བྱས་ནས་རྗེ་འབྲི་གུང་པ་དང་འབྲུག་པ་


GLG003_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་ཚེ་བདག་པད་ལུགས་མི་ཟབ་ཅིང་ལྕགས་སྡིག་ཟབ་པར་བཞེད་ཀྱང་གནམ་ཐོག་ཆེན་པོའི་ལམ་སྲོལ་གྱི་ལྕགས་འདྲའི་པད་གནུབས་གཉིས་ཀའི་སྐོར་དང་། ལྕགས་སྡིག་གི་སྒྲུབ་ཐབས་ཆེ་འབྲིང་གཉིས་སུ་རྒྱུ་དང་རྐྱེན་ལས་མ་བསྐྱེད་པར་ལྷ་བསྒོམ་པ་སོགས་གནམ་ཐོག་ཆེན་པོའི་ལམ་སྲོལ་དང་མཐུན་ལ། སྒྲོན་མ་དྲུག་གི་འཁོར་ལོ་སོགས་མན་ངག་དངོས་བསྟན་གང་ཡོད་ཟབ་མཉམ་ལས་ལྕགས་སྡིག་ལ་སྒེར་དུ་ལྷག་པར་མེད་ཅིང་། ལྕགས་སྡིག་ཟབ་པར་གྲགས་པ་ལྕགས་འདྲ་ལུགས་གཉིས་ལ་མེད་པའི་འཁོར་ལོ་བཅུ་གསུམ་ལྷན་ཅིག་ཏུ་ལག་ཏུ་ལེན་པ་སོགས་འཁོར་ལོ་མན་ངག་རྣམ་གྲངས་མང་བ་ཙམ་གྱིས་ཟབ་པར་གྲགས་པ་ཡིན། ལྕགས་སྡིག་ལས་བྱང་མ་ཧཱ་ཡོ་ག་ལྟར་བསྒོམས་པས་ལྕགས་སྡིག་ཐམས་ཅད་གནམ་ཐོག་ཆེན་པོའི་ལམ་སྲོལ་ཡིན་མིན་ཀྱང་དཔྱད་དགོས་སོ། །འབྲི་འབྲུག་གཉིས་ཀར་གནུབས་ལུགས་ཡིན་ན་ལྕགས་སྡིག་ཡིན་པ་ལས་འོས་མེད་དེ་འདྲ་ཧ་ཅང་ཐལ་ཆེས་པར་མངོན་ཏེ། ཟབ་པའི་ཆོས་དྲུག་གི་དཀར་ཆག་ལས། གནུབས་ཀྱི་བན་ཆུང་སངས་རྒྱས་ངས༔ ལོ་ནི་བརྒྱ་དང་སུམ་ཅུ་ལོན༔ ཉོན་མོངས་བོད་ཡུལ་དབུས་སུ་ལངས༔ འཚོ་བའི་ཟས་རྣམས་འབངས་ཀྱིས་ཕྲལ༔ རྒྱ་གར་ཡུལ་དུ་ལན་བདུན་ཕྱིན༔ དཀར་ཆག་གནུབས་ཡུལ་རོང་དུ་བཏབ༔ རྩལ་ཆེན་རྡོ་རྗེ་སྒྲོམ་བུར་རྫོགས༔ བླ་མ་བཅུ་གཅིག་ཞབས་ནས་བཏེག༔ འོན་ཀྱང་མཁས་པ་བཞི་ལ་གཏུགས༔ སློབ་དཔོན་དཔལ་གྱི་སེང་གེ་དང་༔ རྒྱ་གར་ཁྲག་འཐུང་ནག་པོ་དང་༔ འཕུང་བྱེད་ཤིནྟཾ་གརྦྷ་དང༔ བལ་པོ་བྷ་སུ་དྷ་ར་བཞི༔ མཁས་པ་བཞི་ཡི་ཐུགས་བརྟོལ་ནས༔ ཟབ་པའི་ཆོས་དྲུག་ཐུགས་ལ་བཅངས༔
གཞན་ཡང་གདམས་ངག་རྩིས་ལས་འདས༔ ཞེས་བཤད་མ་ཐག་པའི་མཁས་པ་བཞིའི་མན་ངག་རྣམས་བོད་དུ་གདན་དྲངས་པའི་ནང་ཚན་ཚེ་བདག་གི་སྐོར་རྣམས་ལྕགས་འདྲ་གནུབས་ལུགས་ལས་འོས་མེད་ཅིང་། ལྕགས་འདྲ་ཟབ་པའི་མཐར་ཐུག་གནམ་ཐོག་ཆེན་པོའི་ལམ་སྲོལ་པད་གནུབས་གཉིས་ཀར་ལམ་གྱི་གནད་ལ་ཁྱད་པར་མེད་པ་ས་ཕྱོགས་འདི་ལ་འཁྲུལ་པའི་དྲི་མ་ཙམ་ཡང་མི་མངའ་བའི་བརྒྱ་མཁར་བ་སེ་སྟོན་རིན་ཅེན་རྒྱལ་མཚན་གྱི་གསུང་ལས། དེ་ལྟར་ཚེ་བདག་ཕྱག་རྒྱ་ཟིལ་གནོན་ལམ། །པདྨའི་མན་ངག་རྩ་བ་སོར་བཞག་ལ། །པད་ལུགས་ཞེས་གྲགས་གནུབས་ཀྱི་ཡང་མཛོད་འདི། སྒྲུབ་ཁོག་སོར་བཞག་གནུབས་ལུགས་ཞེས་གྲགས་མོད། །ལམ་གྱི་གནད་ལ་ཁྱད་པར་ཅི་ཡང་མེད། འོན་ཀྱང་འཕྲིན་ལས་བྱང་བུའི་བརྗེད་བྱང་ལ། །ཁྱད་པར་ཅུང་ཟད་ཡོད་པ་ལེགས་ཕྱེ་ནས། འདིར་ནི་པདྨའི་ལུགས་ཉིད་གསལ་བར་བྱས། །ཞེས་པས་ཀྱང་ཤེས་པར་ནུས་ལ་ཧ་ཅང་རྒྱས་པ་ཚིག་མང་བས་མ་སྤྲོས་སོ། །


no previousཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གངྒཱའི་ཆུ་རྒྱུན་ལས་གླེགས་བམ་གསུམ་པ།next