རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་སྤྱི་དོན་གྱི་སྒོ་ནས་རྣམ་པར་བཤད་པ་རྒྱུད་དོན་གསལ་བྱེད་ལེགས་བཤད་སྙིང་པོའི་སྣང་བ། འགྱུར་མེད་ཀུན་བཟང་པདྨ་བསྟན་འཛིན།
རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་སྤྱི་དོན་གྱི་སྒོ་ནས་རྣམ་པར་བཤད་པ་རྒྱུད་དོན་གསལ་བྱེད་ལེགས་བཤད་སྙིང་པོའི་སྣང་བ་ཞེས་བྱ་བ་བཞུགས་སོ། །འགྱུར་མེད་ཀུན་བཟང་པདྨ་བསྟན་འཛིན།
རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་སྤྱི་དོན་གྱི་སྒོ་ནས་རྣམ་པར་བཤད་པ་རྒྱུད་དོན་གསལ་བྱེད་ལེགས་བཤད་སྙིང་པོའི་སྣང་བ་ཞེས་བྱ་བ་བཞུགས་སོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྤྱི་དོན་གྱི་སྒོ་ནས་རྣམ་པར་བཤད་པ་རྒྱུད་དོན་གསལ་བྱེད་ལེགས་བཤད་སྙིང་པོའི་སྣང་བ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །མི་འགྱུར་འཕོ་མེད་གདོད་མའི་དབྱིངས་སུ་རང་རིག་ཡེ་ཤེས་རྣམ་གྲོལ་བས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་གང་དུས་གསུམ་རྒྱལ་བའི་ངོ་བོ་ཉིད། །ལྷུན་གྲུབ་རིན་ཆེན་མཚན་དཔེའི་དཔལ་འབར་རྣམ་མང་རྒྱལ་བའི་དཀྱིལ་འཁོར་ཆེ། །སྤྲོ་བསྡུའི་བྱེད་པོ་རིགས་བདག་དྲུག་པ་དྲིན་ཅན་བླ་མ་གཙུག་ན་རྒྱལ། །དྭངས་པའི་ཤེལ་ལ་འཇའ་ཚོན་བཞིན་དུ་གཅིག་ལས་དུ་མའི་ཆོ་འཕྲུལ་དུ། །འཆད་པའི་སྐྱེས་བུ་རྒྱལ་ཚབ་རིགས་ལྔ་སྤྱི་དང་མི་བསྐྱོད་རྡོ་རྗེ་ཐུགས། །མཐའ་བྲལ་ཆོས་ཉིད་ཀློང་ཏུ་རྟོགས་ནས་མཐའ་ཡས་རྒྱུད་དོན་སྟོན་མཛད་པ། །གསང་གསུམ་རྡོ་རྗེའི་ཉིན་མོར་བྱེད་པའི་སྣང་བས་རྟག་ཏུ་ཤིས་པ་སྩོལ། །རབ་འབྱམས་བདེ་བར་གཤེགས་པ་ཀུན་གྱི་གསང་བ་མི་ཟད་དམ་པའི་མཛོད། །ལེགས་པར་བཟུང་ནས་སྐལ་ལྡན་གདུལ་བྱར་དེ་ཉིད་མ་ནོར་ལམ་སྟོན་པའི། །རྒྱལ་སྲས་ཐུ་བོ་དཔལ་ལྡན་རྡོ་རྗེ་ཆོས་ཞེས་གྲགས་པའི་མཚན་གྱི་གཟིས། །སྲིད་ཞིའི་རྒུད་པའི་སྨག་རུམ་མཐའ་དག་ཅིག་ཅར་གཞིལ་མཛད་དེ་ལ་འདུད། །གསུང་གསང་ཉི་མས་བློ་གྲོས་འདབ་སྟོང་དུ། །འཛུམ་པའི་
དམ་པའི་རིགས་ཅན་དྲ་མ་ལྔ། །རྒྱལ་པོ་ཛཿདང་ཀུ་ཀུ་རཱ་ཛ་སོགས། །མཆོག་གི་རིག་འཛིན་རྣམས་ལ་གུས་པས་འདུད། །རྒྱུད་རྒྱལ་རྡོ་རྗེའི་ཚིག་གི་མདུད་པ་རྣམས། །རྣམ་འབྱེད་མཁྱེན་རབ་སོར་མོས་བདེ་བླག་ཏུ། །འགྲོལ་ལ་ཟླ་མེད་སྒེག་པ་རྡོ་རྗེ་དང་། །སངས་རྒྱས་གསང་བའི་རྣམ་ཐར་བསམ་བཞིན་དད། །ཁྱད་པར་རྒྱལ་བ་ཀུན་གྱི་གསུང་རྡོ་རྗེ། །ཟླ་མེད་རྡོ་རྗེ་སློབ་དཔོན་ཚུལ་བཟུང་བ། །ལྔ་བདོའི་འགྲོ་ལ་ཕྱོགས་དུས་རྒྱལ་ཀུན་ལས། །ཆེས་ལྷག་པདྨ་ཀཱ་ར་གཙུག་ན་རྒྱལ། །ཏིང་འཛིན་གོམ་སྟབས་གཅིག་གི ས་ས་བཅུ་ཡི། །ཕ་མཐར་སོན་ནས་འཁོར་ལོ་ཚོགས་ཆེན་སར། །རབ་བཞུགས་འཕོ་མེད་འཇའ་ལུས་རྡོ་རྗེའི་སྐུ། །དྲི་མེད་བཤེས་གཉེན་མཆོག་དེར་སྙིང་ནས་འདུད། །བླ་མེད་གསང་ཆེན་ཟབ་མོའི་ཚིག་དོན་རྣམས། །གངས་ཅན་སྐད་དུ་ལེགས་པར་གཏན་འབེབས་པའི། །རིན་ཆེན་མཆོག་དང་ཛྙཱ་ན་ཀུ་མ་སོགས། །སྒྲ་བསྒྱུར་དམ་པའི་ཚོགས་ལའང་གུས་པས་འདུད། །ཁྱད་པར་ཚུལ་འདིའི་བཀའ་སྲོལ་ཆུ་བོ་ཀུན། །མ་ལུས་ཐུགས་ཀྱི་བུམ་པར་ལེགས་བསྡུས་ནས། །སྐལ་ལྡན་འགྲོ་ལ་ཨ་བྷི་ཥིཉྩའི་རྒྱུན། །སྟེར་མཛད་གནུབས་ཆེན་སངས་རྒྱས་ཡེ་ཤེས་བསྔགས། །ཐེག་མཆོག་བསྟན་པའི་གངས་རི་ལ་འགྱིངས་ཤིང་། །ལུང་རིགས་འཇིགས་མེད་སྒྲ་ཡིས་ལྟ་ངན་གྱི། །གཉིས་འཐུང་ཀླད་པ་འགེམས་མཛད་གདོང་ལྔ་པ། །ཟུར་རིགས་མེས་དབོན་རྣམ་གསུམ་དད་བརྒྱའི་གསོས། །འཇམ་དཔལ་རྡོ་རྗེས་རྗེས་གཟུང་རོང་ཟོམ་རྗེ། །རྒྱལ་ཀུན་ཐུགས་རྗེའི་འདུས་ཞལ་ཀློང་ཆེན་ཞབས། །མཁས་གྲུབ་ཀུན་གྱི་མཆོག་གྱུར་གཡུང་སྟོན་པ། །ཚུལ་འདིའི་འཁོར་ལོས་སྒྱུར་བ་རྣམ་གསུམ་རྒྱལ། །རབ་འབྱམས་དུས་གསུམ་རྒྱལ་བ་ཀུན་གྱི་གསང་གསུམ་རྡོ་རྗེའི་ཉིན་མོར་བྱེད། །གདུལ་བྱའི་མཁའ་ལ་ནུབ་པ་སྤངས་ཏེ་རྟག་པར་རབ་འཆར་འོད་བརྒྱ་པ། །ཐུབ་བསྟན་པདྨོ་རྣམ་པར་བཞད་ལ་འགྲན་ཟླ་ཀུན་བྲལ་ཆོས་ཀྱི་རྒྱལ། །འགྱུར་མེད་རྡོ་རྗེ་རིགས་བརྒྱའི་ཁྱབ་བདག་མཆོག་དེའི་ཞབས་ལ་ཕྱག་བགྱིའོ། །ངག་གི་དབང་ཕྱུག་ཤེས་བྱའི་ཆོས་ཀུན་ཡོངས་གཟིགས་ལེགས་བཤད་ཆོས་ཚུལ་ཀུན། །སྨྲ་བའི་དབང་ཕྱུག་མཁས་དང་གྲུབ་པ་ཀུན་གྱི་གཙུག་ཏོར་ནོར་བུའི་རྩེར། །ཞབས་སེན་ཆུ་སྐྱེས་རྣམ་པར་བཀོད་དེ་ཕྱོགས་ལས་
རྣམ་པར་རྒྱལ་བ་ཡི། །རྒྱལ་བའི་མཚན་མ་ཐེག་མཆོག་བསྟན་པའི་བ་གམ་རྩེར་འཕྱར་དྷརྨ་ཤྲིར་འདུད། །གང་གི་བཤད་དང་སྒྲུབ་པ་ཡི། །བཀའ་སྲོལ་འཛིན་ལ་ཟླ་བྲལ་བ། །དྷརྨ་ཀིརྟི་ལ་སོགས་པའི། །བཀའ་དྲིན་དྲན་པས་མཆོག་ཏུ་འདུད། །བདག་བློའི་ཞིང་སར་ལེགས་བཤད་ཀྱི། །ཚིག་འབྲུ་གཅིག་མཚོན་ཙམ་གྱི་ཆར། །བློ་གྲོས་མྱུ་གུ་བསྐྱེད་མཛད་པ། །ཀུན་ལའང་སྙིང་ནས་ཕྱག་བགྱིའོ། །ཕུང་ཁམས་སྐྱེ་མཆེད་ལྟར་སྣང་རྟོག་ཚོགས་ཆོས། །ཡེ་ནས་རྣམ་པར་གྲོལ་བ་ལྷའི་འཁོར་ལོ། །ལྷག་པ་བདེན་པ་དབྱེར་མེད་ཆོས་ཀྱི་སྐུ། །རང་རིག་བྱང་ཆུབ་སེམས་ཀྱི་ངོ་བོར་འདུད། །རྣམ་དག་ཟབ་དོན་གསང་ཆེན་རྒྱུད་སྡེའི་ཉི། །ལུང་རིགས་མན་ངག་གསེར་གྱི་ཤིང་རྟ་ཡིས། །བློ་གྲོས་ནམ་མཁའི་ལམ་ལ་ལེགས་དྲངས་ནས། །ལེགས་བཤད་སྣང་བའི་མཛོད་སྒོ་དེང་འདིར་དབྱེ། །དེ་ལ་འདིར། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་རྩ་བའི་རྒྱུད་དཔལ་གསང་བའི་སྙིང་པོ་ངེས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཀྱི་སྤྱི་དོན་གྱི་རྣམ་པར་བཤད་པ་འདི་འཆད་པ་ལ་གཉིས་ཏེ། གང་ལས་བརྒྱུད་པའི་ལོ་རྒྱུས་དང་། ལོ་རྒྱུས་དེ་ལྡན་གྱི་རྒྱུད་དོན་བཤད་པ་གཉིས་ལས། དང་པོ་ནི། སྟོན་པས་ཇི་ལྟར་གསུང་ཚུལ། དེ་ལས་ཇི་ལྟར་བརྒྱུད་ཚུལ་ལོ། །དང་པོ་ནི། སློབ་དཔོན་ཉི་འོད་སེང་གེ་ནི། འོག་མིན་གྱི་གནས་སུ་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུས་གསང་སྔགས་རྡོ་རྗེ་ཐེག་པ་ཉིད་སྟོན་པའི་ཚེ། དེ་དང་དུས་མཚུངས་པར། མིའི་ཡུལ་དུ་མཆོག་གི་སྤྲུལ་པའི་སྐུས་རྡོ་རྗེ་གདན་དུ་འཚང་རྒྱ་ཚུལ་མ་བསྟན་པའི་གོང་རོལ་དུ་རྒྱུད་མཐའ་དག་གསུངས་པར་བཞེད་དེ། དེས་མཛད་པའི་རྒྱ་ཆེར་འགྲེལ་དུ་དེ་ལྟར་དུ་བཤད་པས་སོ། །ཡང་སློབ་དཔོན་སྒེག་པ་རྡོ་རྗེ་ནི། མིའི་ཡུལ་དུ་མཆོག་གི་སྤྲུལ་སྐུས་ཐུན་མོང་གི་ཐེག་པ་གསུངས་པ་དང་དུས་མཚུངས་པར་སྟོན་པ་རིགས་དྲུག་པས་འོག་མིན་དུ་གསུངས་པར་བཞེད་དེ། དེས་མཛད་པའི་སྤར་ཁབ་ལས། དྲུག་པའི་སྟོན་པ་ལྷུན་གྱིས་གྲུབ་པའི་ཐབས་དང་སྨོན་ལམ་གྱི་སྒོ་འཕྱེ་ནས་ལེའུ་དང་པོར་སྣང་བར་མཛད། གཉིས་པར་རྐྱེན་སྦྱར། གསུམ་པར་ཐུན་མོང་བཅའ་གཞིའི་སྟོན་པ་དྲུག་སྣང་བར་མཛད་དེ། དུས་
མཚུངས་པར་ཐ་དད་པའི་རྒྱུད་རྣམས་བྱུང་བའོ། །ཞེས་བཤད་ལ། འདི་དང་མཚུངས་པར་རྒྱ་བོད་ཀྱི་བླ་མ་ཕལ་ཆེ་བ་ཞིག་ཀྱང་འོག་མིན་གྱི་གནས་སུ་གསུངས་པར་བཞེད་དེ། སྤྱན་འགྲེལ་ལས། གསང་བའི་འོག་མིན་དང་། གྲགས་པའི་འོག་མིན་དང་། དོན་གྱི་འོག་མིན་དང་། འོག་མིན་ཆེན་པོ་ལས་གདུལ་བྱའི་སྣང་བ་ལ་མ་མཐའ་ཉིད་དུའོ། །ཞེས་དང་། བླ་མའི་འགྲེལ་པ་མུན་སེལ་ལས། འོག་མིན་ཆེན་པོ་དབྱིངས་ཀྱི་གཟུགས་བརྙན་སྣང་བའི་གནས་སུ་ཞེས་འོག་མིན་ཆེན་པོར་གྲགས་པའི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་གསུངས་པར་བཤད་ལ། རྒྱུད་ལས་ཀྱང་། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན། ཞེས་སོགས་ཀྱིས་འོག་མིན་ཆེན་པོའི་གནས་སུ། སྟོན་པ་རིགས་དྲུག་པ་ཀུན་ཏུ་བཟང་པོས། དགོངས་པ་གཉིས་སུ་མེད་པའི་འཁོར་དང་རིག་པ་ཁྱད་པར་ཅན་གྱི་འཁོར་རྣམས་ལ་བསྟན་པ་སྟེ། རྒྱུད་ཀྱི་གླེང་གཞི་སྒྲ་ཇི་བཞིན་པ་ལྟར་བཞེད་པ་ཡིན་ནོ། །དེ་ལྟར་ལུགས་གཉིས་ལས། སྔ་མས་ནི། ལོངས་སྐུས་འོག་མིན་དུ་གསུངས་པ་དང་དུས་མཚུངས་པར་སྤྲུལ་པའི་སྐུས་མི་ཡུལ་དུ་གསུངས་པའི་ཕྱོགས་བཞེད་ལ། དེ་ཡང་། ཁུངས་ལྷ་ཡུལ་ནས་བྱུང་བར་སྙད་ནས་ཕྱག་རྡོར་གྱིས་སྟོན་ཅིག་པར་སྟོན་པའི་བཀས་གནང་བར་ཡང་བཤད་ལ། ཕྱི་མས་དེའི་ཕྱོགས་བཟུང་ནས་ལོངས་སྐུའི་གླེང་གཞི་དང་སྦྱར་ནས་གསུངས་པས་ལུགས་གཉིས་འགལ་མེད་དུ་འཆད་ཐུབ་ཅིང་མཆོག་གི་སྤྲུལ་སྐུ་ཐུབ་པའི་དབང་པོ་ཡང་སྟོན་པ་རིགས་དྲུག་པ་ལས་གཞན་དུ་མེད་པའི་ཕྱིར། ནམ་མཁའི་ཟླ་བ་ཆུ་སྣོད་དུ་མར་སྣང་བ་བཞིན་དུ་གདུལ་བྱའི་སྣང་བ་ལ་སོ་སོར་གསུངས་པའང་མི་འགལ་བ་མ་ཟད་རྒྱུད་གཞུང་གཅིག་ལ་གླེང་གཞི་ཐ་དད་པ་བཤད་ཚུལ་འཇམ་དཔལ་སྒྱུ་འཕྲུལ་དྲ་བའི་བཤད་རྒྱུད་ལས་ཀྱང་བཤད་པའི་ཕྱིར། དེ་ལྟར་ལུགས་གཉིས་པོ་འགལ་མེད་དུ་བསྒྲུབས་ནས་བརྒྱུད་པའི་བཀའ་སྲོལ་གྱི་འཆད་ཚུལ་ཕྱི་མ་ཉིད་ཡིན་པས་འདིར་ཡང་འགྲེལ་པ་སྤར་ཁབ་ཀྱི་ལུགས་ལྟར་ཁས་བླང་བར་བྱའོ། །སྔགས་ཁ་ཅིག་མི་ཡུལ་དུ་སྤྲུལ་པའི་སྐུས་ལམ་སྟེགས་ཀྱི་ཐེག་པ་ཙམ་ལས་མཧཱ་ཡོ་གའི་རྒྱུད་རྣམས་མ་གསུངས་པར་འདོད་པ་ནི་མི་རིགས་ཏེ། རྩ་རྒྱུད་དུ་སྤྲུལ་སྐུའི་བསྟན་པའི་འདུལ་
བ་རྣམ་པ་བཞི་ལས་གསུང་གི་འདུལ་བའི་སྐབས་སུ་བླ་ན་མེད་པའི་ཐེག་པས། ཞེས་དང་། བཤད་རྒྱུད་ལས། བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་བཤད་པ་ཕྱིར། དེ་ནི་འདིའི་ལམ་སྟེགས་ཀྱི་ཐེག་པ་རྒྱུད་སྡེ་འོག་མ་རྣམས་ལ་དགོངས་སོ་ཞེ་ན། མ་ཡིན་ཏེ། དེའི་ཐད་ཀྱི་སྤྱན་འགྲེལ་ལས། ཐབས་ཀྱི་རྒྱུད་དུ་ལམ་ཐུན་མོང་པ་རྣམས་འདུས་པ་སྟེ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས་ཀྱི་ཕྱིར་རོ། །ཞེས་བཤད་པས་གསལ་ལོ། །འོ་ན། མདོ་དགོངས་འདུས་ལས། ངེས་པའི་ཐེག་པ་ཡོངས་མ་གསུངས། །ཞེས་དང་། ང་ནི་འདི་ནས་མི་སྣང་ན། །ཞེས་སོགས་ཀྱིས་གསང་སྔགས་ཕྱིས་འབྱུང་བར་ལུང་བསྟན་པ་དང་འགལ་ལོ་ཞེ་ན། རེ་ཞིག་རྡོ་རྗེ་ཐེག་པས་འདུལ་བའི་དུས་ལ་མ་བབས་པའི་ཕྱིར། ཐུབ་པའི་དབང་པོས་གདུལ་བྱ་ཕལ་པ་ཡོངས་གྲགས་སུ་མ་གསུངས་ཀྱང་རིགས་ཅན་ལྔ་དང་རྒྱལ་པོ་ཛཿ ཟླ་བཟང་སོགས་ལ་མ་གསུངས་པར་མ་ངེས་ལ། ཕྱིས་འབྱུང་བར་ལུང་བསྟན་པ་ནི་འཇིག་རྟེན་དུ་གསང་སྔགས་ཡོངས་སུ་གྲགས་པའི་ཚུལ་ལ་དགོངས་པའི་ཕྱིར་སྐྱོན་མེད་དོ། །གཉིས་པ་ལ། རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་དང་གསུམ་ལས། དང་པོ་ནི། རྒྱལ་མཆོག་ཀུན་ཏུ་བཟང་པོས་རྒྱལ་ཚབ་རིགས་ལྔ་དང་། རིགས་ལྔས་རྒྱལ་སྲས་སེམས་དཔའ་སོགས་ལྷན་ཅིག་པའི་འཁོར་ལ་བརྒྱུད་པའོ། །གཉིས་པ་ལ། མི་མ་ཡིན་ལ་བརྒྱུད་པ་དང་། མི་དང་མི་མ་ཡིན་གཉིས་ཀ་ལ་བརྒྱུད་པ་གཉིས་ཀྱི་དང་པོ་ནི། རྒྱལ་སྲས་སེམས་དཔའི་འཁོར་རྣམས་ཀྱི་ནང་ནས་འཇམ་དཔལ་གྱིས་ལྷ་གྲགས་ལྡན་མཆོག་སྐྱོང་ལ་བཤད་དེ་ལྷའི་གནས་སུ་དར་བར་བྱས། སྤྱན་རས་གཟིགས་ཀྱིས་ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད་དེ་དར། ཕྱག་ན་རྡོ་རྗེས་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད་དེ་གནོད་སྦྱིན་གྱི་གནས་སུ་བརྒྱུད་ཅིང་དར་བར་བྱས། གཉིས་པ་ནི། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་འདས་པ་ན་དམ་པའི་རིགས་ཅན་དྲ་མ་ལྔ་རང་རང་གི་མངོན་ཤེས་དང་རྫུ་འཕྲུལ་གྱིས་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེར་འདུས་ཏེ་
གདུང་ཚིག་བཏོན་པས། གསང་བའི་བདག་པོ་མངོན་སུམ་དུ་བྱོན་ཏེ་རིགས་ཅན་ལྔ་ལ་བརྒྱུད་ཅིང་དར་བའོ། །གསུམ་པ་ནི། མི་ཡུལ་དུ་རྒྱུད་འདི་ཐོག་མར་བབས་ཚུལ། དེ་ལས་ཇི་ལྟར་བརྒྱུད་ཚུལ་ལོ། །དང་པོ། གསང་བདག་གིས་དྲ་མ་ལྔ་ལ་ཆོས་འཁོར་བསྐོར་བ་དེའི་ཚེ་ན། དེའི་བྱིན་རླབས་ཀྱིས་རྒྱ་གར་གྱི་ཤར་ཕྱོགས་ཟ་ཧོར་ཡུལ་གྱི་ཉེ་འཁོར་ན་ལང་ཀའི་ཡུལ་རི་མ་ལ་ཡ་ཡོད་པའི་ཤར་ལྷོའི་ངོས་ཨ་སུ་རའི་བྲག་ཕུག་ཡོད་པར་དེར་རྒྱལ་པོ་ཛཿསྒྲུབ་པ་མཛད་ཅིང་བཞུགས་པ་ལ་རྨི་ལྟས་ངོ་མཚར་བ་བདུན་བྱུང་བ་དང་རྗེས་མཐུན་པར་རྒྱུད་ཀྱི་གླེགས་བམ་རྣམས་རྒྱལ་པོ་ཛཿ བཞུགས་པའི་ཡང་ཐོག་ཏུ་དངོས་སུ་བབས་པར་བླ་མ་གོང་མ་ཕལ་ཆེ་བ་དག་བཞེད་ཅིང་། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པར་ཟ་ཧོར་གྱི་ཡུལ་ཉིད་དུ་བབས་པར་གསུངས་སོ། །འོ་ན་ཟ་ཧོར་ནི་རྡོ་རྗེ་གདན་གྱི་ཤར་ན་ཡོད་ལ། ལངྐ་ནི་ལྷོ་ནུབ་ན་ཡོད་པར་བཤད་པས་ལངྐའི་ཡུལ་དེ་ཟ་ཧོར་གྱི་ཉེ་འཁོར་ན་ཡོད་པ་མི་རིགས་སོ་སྙམ་ན། འདིར་བསྟན་གྱི་ལངྐའི་ཡུལ་དེ་རྔ་ཡབ་ལངྐའི་ཡུལ་མ་ཡིན་ཏེ། སྔོན་བཅོ མ་ལྡན་འདས་ལངྐའི་བདག་པོ་སྒྲ་སྒྲོག་གི་བུ་མགྲིན་བཅུ་པས་སྤྱན་དྲངས་ནས་བློ་གྲོས་ཆེན་པོས་ཞུས་པ་ལས། ལངྐར་གཤེགས་པའི་མདོ་གསུངས་པའི་གནས་འཛམ་བུའི་གླིང་གི་ཤར་ལྷོའི་མཚམས་ན་ཡོད་པ་དེ་ཡིན་ཞིང་། ཡུལ་དེ་ནི་སྔོན་སྲིན་པོས་གཟུང་བས་ལངྐའི་ཡུལ་དང་། ཕྱིས་དེད་དཔོན་སེང་གེས་གཟུང་བས་སིང་གྷ་ལའི་གླིང་ཞེས་གྲགས་པ་དེ་ཡིན་ཏེ། པཎ་ཆེན་ནགས་ཀྱི་རིན་ཆེན་གྱི་གསུང་ནས། སིང་གྷ་ལའི་གླིང་དེ་ནི་གསུང་རབ་ལས་ལང་ཀའི་གླིང་དུ་གྲགས་པ་དེ་ཡིན་ཏེ། རཱ་མ་ཎས་འཛམ་བུའི་གླིང་དང་ལངྐའི་གླིང་གི་བར་དུ་རྡོའི་ཟམ་པ་བཙུགས་པ་རྣམས་ཀྱང་རྒྱ་མཚོའི་ནང་ན་རྡོའི་ཕུང་པོ་འདུག་པ་དངོས་སུ་སྣང་ཞིང་། སྐབས་འགར་རྡོའི་ཕུང་པོ་ལ་རྫིངས་ཐོགས་འོང་བས་བྱོལ་ནས་འགྲོ་དགོས་པ་དང་། གླིང་དེ་ན་སྲིན་པོ་ལངྐ་མགྲིན་བཅུ་བསད་པའི་ཁྲག་གིས་སྦགས་པ་ཡིན་ཟེར་བའི་རྡོ་དམར་པོ་སྔ་གྲོ་ཙམ་གྱི་སའི་ཆ་ཁྱབ་པར་འགྲོ་དགོས་པ་དང་། གླིང་དེ་ན་སུ་མ་ན་ཀུ་ཊ་ཟེར་བའི་རི་བོ་སུམ་གཅིག་ཡན་བྲག་རིའི་ཟེ་བས་བསྐོར་བས་སྐྱེ་བོ་ཕལ་གྱིས་བགྲོད་མི་ནུས་པ་དེར།
པཎ་ཆེན་འཁོར་བཅས་ཀྱིས་བྱོན་པའི་གཏམ་རྒྱུད་གསུང་ཚུལ་རྣམ་ཐར་ལས་བྱུང་ཞིང་། པཎ་ཆེན་ནགས་རིན་གྱིས་གླིང་དེར་ལོ་དྲུག་བཞུགས་པར་གྲགས་པས་གཏམ་ཁུངས་མ་ཡིན་ནོ༑ ༑འོ་ན་ལྷོ་ནུབ་རྔ་ཡབ་གླིང་ནའང་རི་བོ་མ་ལ་ཡ་སོགས་ཡོད་པར་བཤད་པས་སོ་སྙམ་ན༑ གནས་ཀྱི་མིང་དང་མཚན་ཉིད་འདྲ་བ་གཞན་ན་མེད་པས་མ་ཁྱབ་སྟེ། ཨ་སུ་རའི་བྲག་ཕུག་གཅིག་རྒྱ་བལ་གྱི་མཚམས་ནའང་ཡོད་ལ་ཞི་བྱེད་ཆུ་ཀླུང་རོལ་པའི་རྒྱུད་གསུངས་པའི་སིངྒྷ་ལའི་གླིང་དེའང་འདིར་བསྟན་གྱི་སིངྒྷའི་གླིང་དང་དོན་མི་གཅིག་པ་རྒྱུད་དེ་ལས་བཤད་པའི་ཕྱིར་རོ། །དེ་ལྟར་རྒྱལ་པོ་ཛཿ ལ་རྨི་ལྟས་དང་མཐུན་པར་དངོས་སུ་རྒྱུད་ཀྱི་གླེགས་བམ་རྣམས་དང་ཕྱག་རྡོར་གྱི་སྐུ་ཁྲུ་གང་པ་ཞིག་ཟ་ཧོར་གྱི་ཡུལ་རང་གི་ཁང་པའི་སྟེང་དུ་བབས་ཏེ༑ གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་རྟོགས་ནས། ཕྱག་རྡོར་གྱི་སྐུ་ལ་བ རྟེན་ཏེ་ཟླ་བ་དྲུག་བསྒྲུབས་པས་རྡོ་རྗེ་སེམས་དཔའ་ཞལ་མཐོང་ཞིང་བྱིན་གྱིས་བརླབས་པའི་མཐུས་གླེགས་བམ་གྱི་དོན་མ་ལུས་པ་རྟོགས་པར་བཤད་ཅིང་། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པ་དང་། མཉམ་སྦྱོར་གྱི་འགྲེལ་བ་སོགས་ལས། རྒྱལ་པོ་རང་གིས་དོན་རྟོགས་ཀྱང་། གདུལ་བྱ་རང་གར་འཇུག་པ་དགག་པའི་ཕྱིར་མ་རྟོགས་པ་ལྟར་བྱས་ནས། གླེགས་བམ་རྣམས་ཤིང་རྟ་ལ་དྲངས་ཏེ་ཨུ་པ་རཱ་ཛ་ལ་བསྟན་པས་བརྡ་མ་མཇལ། དེ་ནས་དགེ་སློང་ཀུ་ཀུ་རཱ་ཛ་ལ་བསྟན་པས། དེས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་རྟོགས་ཏེ་སྒྲུབ་པས་ཞལ་མཇལ་ནས་ཕྱག་རྡོར་གྱིས་སྟོན་པར་ལུང་བསྟན། སླར་ཡང་སྒྲུབ་པས་གསང་བདག་བྱོན་ཏེ། དོན་གྱི་བསྟན་པ་དང་ཐེག་པ་མཐའ་དག་རྫོགས་པའི་དབང་བསྐུར། ཚིག་གི་བསྟན་པ་ལི་ཙ་ཝི་དྲི་མ་མེད་པ་ལ་ཞུས་ཤིག་པར་ལུང་བསྟན་པ་ལྟར་བསྒྲུབས་ཏེ་སློབ་དཔོན་ཀུ་ཀུ་རཱ་ཛས་ཏནྟྲ་སྡེ་བཅོ་བརྒྱད་དུ་ཕྱེ་ནས་རྒྱལ་པོ་ཛཿ ལ་བསྟན་པར་བཞེད་དོ། །དེ་གཉིས་ཀ་ལའང་འགལ་བ་མེད་དེ། རྒྱལ་པོ་ཉིད་ཀྱིས་རྟོགས་ཀྱང་གཞན་གྱི་ཟུ་ལུམ་དགག་པའི་སླད་དུ་ཀུ་ཀུ་རཱ་ཛ་ལ་བརྟེན་པ་ལྟར་མཛད་པའི་ཕྱིར་རོ། །འོན་ཀྱང་འདིར་རྒྱལ་པོ་རང་གིས་རྟོགས་པའི་ཕྱོགས་ཁས་བླང་བར་བྱ་སྟེ། རྒྱལ་པོ་ཉིད་ཀྱིས་མཛད་པའི་ལམ་རྣམ་བཀོད་
དང་། སངས་རྒྱས་གསང་བའི་ལམ་རིམ་སོགས་ལས་རང་ཉིད་ཀྱིས་རྟོགས་པར་བཤད་ཀྱིས་གཞན་ལ་བརྟེན་པར་མ་བཤད་པའོ། །འགའ་ཞིག་ན་རེ། གླེགས་བམ་བལྟས་པས་འགྲུབ་ན༑ གསང་སྔགས་རང་ཉིད་ལེན་པ་ནི། །ལུས་ཅན་དམྱལ་བ་འབའ་ཞིག་ཏུ། །ཞེས་བླ་མ་མེད་པར་མི་འགྲུབ་པར་བཤད་པ་དང་འགལ་ལོ་ཟེར་ན། སྐལ་མེད་ལ་དེ་ལྟར་འགལ་ཡང་། སྐལ་ལྡན་ལ་ངེས་པ་མེད་པས་མཐའ་གཅིག་ཏུ་དགག་པར་མི་ནུས་ཏེ། དགྱེས་རྡོར་དང་། གདན་གཞིའི་རྒྱུད་བི་རཱུ་པ་དང་། ཀླུ་སྒྲུབ་ལ་སོགས་པས་ལྐུག་པར་བརྫུས་ཏེ་ཨོ་རྒྱན་གྱི་ཡུལ་ནས་བརྐུས་ཏེ་བྲོས་པས་མཁའ་འགྲོ་མ་རྣམས་ཀྱིས་བདས་པས་མ་ཟིན་པར་སྐལ་ལྡན་རྣམས་ལ་དར་བར་གྱིས་ཤིག་ཅེས་གནང་བ་སྦྱིན་པ་ལས་སློབ་དཔོན་གྱིས་དར་བར་མཛད་ཅེས་གྲགས་པའི་ཕྱིར། བི་རཱུ་པ་སོགས་ལ་གསང་སྔགས་རང་ཉིད་ལེན་པའི་སྐྱོན་མེད་དེ་བདག་མེད་མས་བསྟན་པའི་ཕྱིར་ཞེ་ན། རྒྱལ་པོ་ཛཿལ་ཡང་གསང་སྔགས་རང་ཉིད་ལེན་པའི་སྐྱོན་མི་འཇུག་སྟེ་གསང་བདག་གིས་དངོས་དང་:རྒྱུད་༼བརྒྱུད་ནས༽ བྱིན་གྱིས་བརླབས་པ་ལས་བསྟན་པའི་ཕྱིར་རོ། །དེར་མ་ཟད་གླེགས་བམ་བབས་ཚུལ་ལ་ཀླན་ཀ་བྱེད་པ་དག་ཡོད་མོད་ཀྱི། ཚུལ་འདི་ཐུན་མོང་གི་ལུང་ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་བ་ལས་གསལ་བར་བཤད་པ་དང་། ལོ་ཙཱ་བ་གཟུ་དགའ་རྡོར་གྱིས་ན་ལེནྡྲའི་གཙུག་ལག་ཁང་ན་པུསྟི འི་ཆར་བབས་པའི་བཀོད་པ་རི་མོར་བྲིས་པ་མཐོང་བ་སོགས་མཁས་པ་ལ་གྲགས་པའི་གཏམ་ཁུངས་མ་མང་དུ་ཡོད་པས་ཀུན་སློང་ངན་པའི་ཀླན་ཀ་དག་མ་མཛད་ཅིག དེ་ལས་ཇི་ལྟར་བརྒྱུད་ཚུལ་ནི། རྒྱལ་པོ་ཛཿས་ཏནྟྲ་སྡེ་བཅོ་བརྒྱད་པོ། ཀུ་ཀུ་རཱ་ཛ་ལ་བཤད། དེས་ཨིནྡྲ་བྷུ་ཏི། དེས་སིངྷ་རཱ་ཛ། དེས་སྲས་མོ་གོ་མ་དེ་ཝཱི་ལ་བསྟན་ཏེ་སྒྲུབ་པས་རང་རང་གི་ཚོམ་བུ་དང་བཅས་ཏེ་རིག་འཛིན་གྱི་སར་གཤེགས་སོ། །སྲས་མོས་རྒྱལ་པོ་ཀུ་ཀུ་རཱ་ཛ། སློབ་དཔོན་སྒེག་པ་རྡོ་རྗེ། སངས་རྒྱས་གསང་བ་གསུམ་ལ་བཤད། རྒྱལ་པོ་ཀུ་ཀུ་རཱ་ཛས། རོ་ལངས་བདེ་བའི་དངོས་གྲུབ། དྲང་སྲོང་གྷ་ཤི་ཏ་གཉིས་ལ། སྔ་མས་རྡོ་རྗེ་བཞད་པ་ལ། དེ་དང་ཕྱི་མ་གཉིས་ཀས་ཟ་ཧོར་གྱི་རྒྱལ་པོ་པྲ་ཧསྟི་ལ་བཤད། དེ་ལ་སློབ་དཔོན་སངས་རྒྱས་
གསང་བ་དང་། སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝས་གསན་ནོ། །ཡང་སྒེག་པ་རྡོ་རྗེ་དང་། སངས་རྒྱས་གསང་བ་གཉིས་ཀྱིས་པཎྜི་ཏ་ཆེན་པོ་བི་མ་མི་ཏྲ་ལ་བཤད། དེས་བོད་དུ་རྨ་རིན་ཆེན་མཆོག གཉགས་ཛྙཱ་ན་ཀུ་མ་ར་གཉིས་ལ་བཤད། གཡུང་སྟོན་རྡོ་རྗེ་དཔལ་གྱིས་མངའ་བདག་ཁྲི་རལ་པའི་དུས་སུ་རྨས་བསྒྱུར་བར་གསུངས་ཀྱང་རྨ་གཉགས་ཐུན་མོང་གིས་ཆོས་རྒྱལ་ཁྲི་སྲོང་གི་དུས་བསྒྱུར་བར་ཐམས་ཅད་མཁྱེན་པ་ཀློང་ཆེན་རབ་འབྱམས་པ་བཞེད་པ་ཉིད་དོན་ལ་གནས་སོ། །སྤྱིར་རྒྱུད་འདི་ལ། སངས་རྒྱས་གསང་བ་དང་བཻ་རོ་ཙ་ནའི་སྔ་འགྱུར། པདྨ་དང་གཉགས་ཀྱི་བར་འགྱུར། བི་མ་ལ་དང་རྨ་གཉགས་ཐུན་མོང་གི་ཕྱི་འགྱུར་ཏེ་ལོ་པཎ་བསྡེབས་པའི་གཞི་འགྱུར་གསུམ་ལས། འདིར་ནི་འགྱུར་ཕྱི་མ་འཕྱོང་ཅན་ཉིད་ཡིན་ཅིང་། སྔ་བར་གཉིས་ལ་འཕྱོང་མེད་པར་གྲགས་སོ། །གཞན་ཡང་ཐར་ལོ་ཉི་མ་རྒྱལ་མཚན་གྱི་འགྱུར་དང་། འགོས་ལོ་གཞོན་ནུ་དཔལ་གྱི་འགྱུར་བཅོས་ནི་པཎྜི་ཏ་མེད་པའི་རྩལ་འགྱུར་ཏེ་འགྱུར་ལྔ་ཡོད་དོ། །དེ་ཡང་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་བརྒྱུད་པའི་བཀའ་སྲོལ་གྱི་ཆུ་བོ་གསུམ་བབས་པ་ལས། དང་པོ་ནི། རྨ་རིན་ཆེན་མཆོག་གིས་གཙུག་རུ་ུརིན་ཆེན་གཞོན་ནུ། གྱེར་རེ་མཆོག་སྐྱོང་གཉིས་ལ། དེ་གཉིས་ཀས་དར་རྗེ་དཔལ་གྱི་གྲགས་པ་དང་། ཞང་རྒྱལ་བའི་ཡོན་ཏན་གཉིས་ལ། དར་རྗེ་ལས་དབུས་ལུགས་དང་། ཁམས་ལུགས་ཞེས་བཀའ་སྲོལ་གཉིས་སུ་གྱེས་ཤིང་། ཞང་རྒྱལ་ཡོན་ལ་གནུབས་ཆེན་གྱིས་གསན་པ་སྟེ་འདི་ལ་སྒྱུ་འཕྲུལ་གདམས་ངག་ལུགས་སམ་ནོར་བུ་ལུགས་ཞེས་གྲགས་སོ། །གཉིས་པ་ནི། སློབ་དཔོན་པདྨ་དང་། བི་མ་ལ་གཉིས་ཀའི་སློབ་མ་གཉགས་ཛྙཱ་ནས། སོག་པོ་དཔལ་གྱི་ཡེ་ཤེས་ལ་བཤད། དེས་གནུབས་ལ་བརྒྱུད་དོ། །གསུམ་པ། རྨ་གཉགས་ཐུན་མོང་གི་སློབ་མ་ཁུ་བྱང་ཆུབ་འོད། ཁྱུང་པོ་དབྱིག་འོད་གཉིས་ལས། ཁུས་ཞང་དང་། ཁྱུང་པོས་དར་རྗེ་ལ་བཤད། ཞང་གིས་མཁས་པ་གཙུག་གྱེར་རྣམ་གཉིས་ཁུའི་བཤད་བཀའ་གཙོ་བོར་གཟུང་བས་བཀའ་ཕྱོགས་སྐྱོང་མ་དང་། གནས་ལ་བཏགས་ཏེ་བཀའ་མཆིམས་ཕུ་མར་ཡང་གྲགས་ཏེ། གནུབས་ཆེན་ལ་བརྒྱུད་དོ། །དེ་ལྟར་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་རྨ་གཉགས་ནས་བརྒྱུད་
པའི་བཀའ་སྲོལ་གྱི་ཆུ་བོ་ཆེན་པོ་གསུམ་འདུས་པ་ལས་གནུབས་ཆེན་ནས་ཐུགས་ཟིན་གྱི་སྲས་བཞི་དང་། སྲས་ཀྱི་དམ་པ་གཅིག་སྟེ་ལྔ། སྲས་ཀྱི་དམ་པ་ཡོན་ཏན་རྒྱ་མཚོའི་སྲས་ཡེ་ཤེས་རྒྱ་མཚོ། ཡབ་སྲས་དེ་གཉིས་དང་པོ་ཡེ་ཤེས་དབང་ཕྱུག་གིས་ཉང་ཤེས་རབ་མཆོག དེས་ཉང་ཡེ་ཤེས་འབྱུང་གནས། དེས་ཟུར་ཆེན་ཤཱཀྱ་འབྱུང་གནས། དེ་ལ་སློབ་མ་མང་དུ་བྱུང་བ་ལས། རྩེ་མོ་བཞི་ནི་མི་ཉག་འབྱུང་གྲགས། ཞང་འགོས་ཆུང་། བཟང་སྒོམ་ཤེར་རྒྱལ། ཟུར་ཆུང་ཤེས་རབ་གྲགས་པ་རྣམས་སོ། །རྗེ་ཟུར་ཆུང་པ་ལ་སློབ་མ་ཀ་བ་བཞི། གདུང་མ་བརྒྱད། ཕྱམ་བཅུ་དྲུག དྲལ་མ་སུམ་ཅུ་རྩ་གཉིས། ཡུས་པོ་ཆེ་མི་གཉིས་སོགས་མང་དུ་བྱུང་ཤིང་། ལྷ་རྗེ་ཟུར་ཆུང་པ་ལ་སྲས་རྩགས་ཚ་རྡོ་རྗེ་འབར་དང་གསང་བདག་སྒྲོ་ཕུག་པ་ཆེན་པོ་ཤཱཀྱ་སེང་གེ་གཉིས་ལས། རྗེ་སྒྲོ་ཕུག་པས། ཡབ་ཀྱི་སློབ་མ་ཀ་བ་བཞི་དང་། གླན་ཉ་ཚལ་བ་ཤཱཀྱ་བྱང་ཆུབ་རྣམས་ལ་ལེགས་པར་གསན། དེ་ལ་སློབ་མ་མང་དུ་བྱུང་བ་ལས་ཐུགས་ཟིན་གྱི་སློབ་མ་ནག་བཞི། སྟོན་བཞི། མེ་བཞི་སྟེ་བཅུ་གཉིས་བྱུང་། དེ་ཡང་ལ་སྟོད་པ་གཙང་ནག་འོད་འབར་གྱི། རྗེ་སྒྲོ་ཕུག་པ་དང་། ཟུར་དཔལ་ལེ། གཙང་པ་བྱིས་སྟོན་རྣམས་ལ་ཡང་གསན་མོད་ཀྱིས། གཙོ་བོར་ཉ་རི་དྲི་ངས་པ་ཉི་སྟོན་ཆོས་སེང་ལ་ཐུགས་ཐག་བཅད་ཅིང་། གཙང་ནག་པས། གཅུང་གི་མེས་སྟོན་མགོན་པོ། དེས་སོ་ཤེས་རབ་ཚུལ་ཁྲིམས། དེས་རྟ་ནག་བདུད་འདུལ་འབུམ། དེས་ཟུར་ཐམས་ཅད་མཁྱེན་པ་བྱམས་པ་སེང་གེ དེས་སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ། དེས་སྒྲོལ་མ་བ་སངས་རྒྱས་རིན་ཆེན། དེས་འགོས་ལོ་ཙཱ་བ་གཞོན་ནུ་དཔལ། དེས་སྤྱན་མངའ་ཡེ་ཤེས་དཔལ་བཟང་། དེས་འབྲི་ཁུང་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས། དེས་རང་གྲོལ་ཉི་ཟླ་སངས་རྒྱས། དེས་འཁོན་ཚེ་དབང་ནོར་རྒྱས་ལ་གསུངས་པ་ནི་རྩ་རྒྱུད་ཀྱི་ལུང་དང་རྒྱ་འགྲེལ་སྤར་ཁབ་ཀྱི་བཤད་སྲོལ་ཡིན་ལ། གཞན་ཡང་མདའ་ཤཱཀྱ་འཕེལ་དང་། ཟུར་བྱམས་སེང་གཉིས་ཀ་ལ། གཡུང་སྟོན་རྡོ་རྗེ་དཔལ་གྱིས་གསན། དེས་བྲག་རྒྱ་བོ་པ་སྟོན་པ་མཁའ་འགྲོ། དེས་རྒྱ་བོ་བླ་མ་བཀྲ་ཤིས། དེས་རྒྱ་བོ་སྲི་ཐར་བསམ་འགྲུབ། དེས་སློབ་དཔོན་ཨུ་ལེགས། :དེ་ལ་༼དེས༽འཁོན་ཚེ་དབང་ནོར་རྒྱས། དེས་འཁོན་
སྟོན་དཔལ་འབྱོར་ལྷུན་གྲུབ། དེས་ཟུར་ཆེན་ཆོས་དབྱིངས་རང་གྲོལ། དེས་གསང་བདག་འཕྲིན་ལས་ལྷུན་འགྲུབ། དེས་འགྲོ་འདུལ་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ། དེས་ངེས་པར་ཐམས་ཅད་མཁྱེན་པ་ལོ་ཆེན་དྷརྨ་ཤྲཱི། དེས་བདག་ཅག་གི་དྲིན་ཅན་རྩ་བའི་བླ་མ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འགྱུར་མེད་རིན་ཆེན་རྣམ་པར་རྒྱལ་བའི་སྡེ་ལ། དེས་བདག་ལ་དགྱེས་བཞིན་དུ་སྩལ་བའོ། །རྩ་བའི་ས་བཅད་གཉིས་པ་ལོ་རྒྱུས་དེ་དང་ལྡན་པའི་རྒྱུད་དོན་དངོས་བཤད་པ་ནི། དེ་ཡང་གསང་ཆེན་མ་ཧཱ་ཡོ་ག་ལ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་ཡོད་པའི་རྣམ་གྲངས་དབྱེ་ཚུལ་ལ་སྔ་རབས་ཀྱི་མཁས་པ་མང་པོ་དགོངས་བཞེད་མང་དུ་ཡོད་ཀྱང་། དཔལ་ཕྲེང་དམ་པའི་འགྲེལ་པ་སློབ་དཔོན་ཀུ་ཀུ་རཱ་ཛས་མཛད་པར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ལྔ། སྒྲུབ་པ་ལག་ལེན་ཏུ་བསྟན་པ་རོལ་པའི་རྒྱུད་ལྔ། སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་ལྔ། ཆོ་ག་མ་ཚང་བ་ཁ་སྐོང་བར་བྱེད་པ་རྒྱུད་ཕྱི་མ་ལྟ་བུ་གཉིས། དེ་ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་སྡེ་ཆེན་པོ་གཅིག་དང་བཅོ་བརྒྱད་དོ། །ཞེས་གསུངས་པ་ལྟར་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པ་དང་། གནས་ལྔ་རིག་པའི་པཎ་ཆེན་དྷརྨ་ཤྲཱི་ལ་སོགས་པའི་དགོངས་པ་ཡང་འདི་ལྟར་དུ་གནས་ཏེ་ཤིན་ཏུ་ལེགས་པ་ཉིད་དོ། །དེ་ལྟར་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་པོ་ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཡིན་ལ། ཞེས་བཤད་བྱའི་ཆོས་ངོས་བཟུང་ནས། དེ་གང་གིས་འཆད་ན་ཞེས་འཆད་བྱེད་ཀྱི་ཆོས་ཏེ། དེ་ནི་བཤད་པའི་རྒྱུད་རྣམས་དང་། བླ་མ་དམ་པ་རྣམས་ཀྱིས་དོན་ལ་རྟོན་པའི་དགོངས་འགྲེལ་མཛད་པ་དེ་དག་ལ་བརྟེན་ནས་སོ། །ཞེས་པས་བཤད་པའི་རྒྱུད་དང་རྩ་བའི་རྒྱུད་ཀྱི་དབྱེ་བ་ནི། ཧེ་རུ་ཀ་གལ་པོ་ལས། རྩ་བའི་རྒྱུད་དང་བཤད་པའི་རྒྱུད། །ཕྱི་མ་ཕྱི་མར་གྱུར་པ་དང་། །མ་ཚང་ཁ་སྐོང་དུམ་བུ་གཅོད། །ཀལྤ་རྟོགས་པ་དུམ་བུ་རྣམས། །ཞེས་པ་ལྟར། ཐོག་མར་བྱུང་ཞིང་བཤད་གཞིར་གྱུར་པ་རྩ་རྒྱུད། མ་ཚང་
ཁ་སྐོང་བ། དཀའ་བ་གཅོད་པ། འཁྲུག་པ་སྡེབས་པ་ལ་སོགས་པའི་མཚན་ཉིད་ཅན་ནི་བཤད་པའི་རྒྱུད་ཡིན་ལ། བཤད་པའི་རྒྱུད་དེ་ལ་ཡང་སྔ་རབས་ཀྱི་མཁས་པ་རྣམས་དགོངས་བཞེད་མང་དུ་ཡོད་ཀྱང་། ཟུར་ལུགས་ཀྱི་བཤད་སྲོལ། སྒྱུ་འཕྲུལ་སྡེ་བརྒྱད་དང་། བཤད་རྒྱུད་སྡེ་བཞིར་གྲགས་པ་ལས། སྒྱུ་འཕྲུལ་སྡེ་བརྒྱད་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་དབྱེར་མེད་དུ་སྟོན་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ༼༡༽། སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ་འཇམ་དཔལ་སྒྱུ་འཕྲུལ་དྲ་བ༼༢༽། དཀྱིལ་འཁོར་རྒྱས་པར་སྟོན་པ་སྒྱུ་འཕྲུལ་བརྒྱད་པ༼༣༽། འཕྲིན་ལས་རྫོགས་པར་སྟོན་པ་བཞི་བཅུ་པ༼༤༽། དབང་གཙོ་བོར་སྟོན་པ་བླ་མ་༼༥༽། རོལ་བ་མངོན་པར་རྫོགས་པ་ལ་ལྷ་མོ་སྒྱུ་འཕྲུལ་དྲ་བ༼༦༽། ཡོན་ཏན་མཐར་ཕྱིན་པར་སྟོན་པ་བརྒྱད་ཅུ་པ་༼༧༽། དམ་ཚིག་མཆོག་ཏུ་སྟོན་པ་ལེ་ལག་དང་བཅས་ཏེ་བརྒྱད་དོ༼༨༽། །བཤད་རྒྱུད་སྡེ་བཞི་ནི་རྒྱུད་འདིའི་བརྗོད་བྱའི་གཙོ་བོ་ལམ་ཐབས་གྲོལ་གཉིས་ལས། གྲོལ་ལམ་རིམ་ཅིག་ཅར་དུ་སྟོན་པ་སྒྱུ་འཕྲུལ་ཡེ་ཤེས་སྙིང་པོ་དང་། སྒྱུ་འཕྲུལ་རྡོ་རྗེ་མེ་ལོང་། ཐབས་ལམ་རིམ་ཅིག་ཅར་དུ་སྟོན་པ་སྒྱུ་འཕྲུལ་རྒྱ་མཚོ་དང་། ཐལ་རྒྱུད་དེ་སྡེ་བཞིའོ། །དེ་ལྟར་བཤད་པའི་རྒྱུད་ཆེན་དེ་རྣམས་ཀྱི་ལུང་ཚད་མ་དང་། བླ་མ་དམ་པའི་དོན་ལ་རྟོན་པའི་དགོངས་འགྲེལ་ཞེས་པ་ནི། སློབ་དཔོན་ཆེན་པོ་སྒེག་པ་རྡོ་རྗེའི་སྤར་ཁབ། སངས་རྒྱས་གསང་བའི་རྣམ་དབྱེ་འགྲེལ། པདྨའི་རྣམ་བཤད་ཆེན་མོ། བི་མ་ལའི་འགྲེལ་ཆུང་པིཎྜཪྠ། ཙནྡྲ་གོ་མིའི་བརྒྱ་མདུད་འགྲེལ་ལ་སོགས་པ་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་མཛད་པའི་མན་ངག་ཚད་མ། དེ་གཉིས་ཀྱི་རྗེས་འབྲེལ་རང་གི་རིགས་པ་ཚད་མ་སྟེ་གསུམ་གྱིས་གཞལ་བ་ལས་རྒྱུད་དོན་རྟོགས་པར་འགྱུར་བ་ནི། རྡོ་རྗེ་མེ་ལོང་ལས། ལུང་དང་རིགས་པ་མན་ངག་དང་། །ཚད་མ་དག་གིས་གང་གཞལ་བ། །ཤེས་བྱ་ཁོང་དུ་ཆུད་པར་འགྱུར། །ཞེས་དང་། བི་མ་ལའི་འགྲེལ་ཆུང་ལས། ཐུགས་ཀྱི་སྒྲོན་མ་གསང་བའི་འགྲེལ་པ་འདི། །ལུང་དང་མན་ངག་རིགས་པས་གཏན་ལ་དབབ། །ཅེས་སོ། །དེ་ལ་རྒྱུད་ལུང་མན་ངག་གི་མཚན་ཉིད་གང་ཞེ་ན། རྒྱུད་ནི་རྡོ་རྗེ་རྩེ་མོ་ལས། འབྲེལ་དང་མ་ཚང་མེད་ཕྱིར་དང་། །
ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། །ཞེས་དང་ལུང་ནི། མདོ་ལས། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པ་རྫུན་གྱི་ངག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་དང་། མན་ངག་ནི་རྒྱུད་ལས། ཐབས་མང་ཚེགས་ཆུང་དོན་དཔག་མེད། །བྱ་སླ་དཔག་དཀའ་མན་ངག་གོ །ཞེས་གསུངས་སོ། །ཇི་ལྟར་འཆད་པའི་ཚུལ་ནི། ཞེས་པ་སྤྱིར། མ་ཧཱ་ཡོ་གའི་རྒྱུད་རྣམས་རྒྱན་བདུན་གྱི་སྒོ་ནས་འཆད། ཨ་ནུ་ཡོ་ག་རྣམས་ལུང་བདུན་གྱིས། ཨ་ཏི་ཡོ་ག་སྤྱི་དོན་དྲུག་གི་སྒོ་ནས་འཆད་པར་ཧེ་རུ་ཀ་གལ་པོའི་རྒྱུད་ནས་བཤད་ཅིང་། བླ་མེད་ཀྱི་རྒྱུད་འགའ་ཞིག་ནི་ཕྱི་ནང་གཞན་གསུམ་དང་། རྟོན་པ་བཞིར་བཤད་པ་ཡང་ཡོད་ལ། སྒྲུབ་སྡེ་རྣམས་ནི། སྤྱི་སྡོམ་ལྔ། ཆིངས་ལྔ༑ ལུང་ལྔ། སྒྲུབ་ཐབས་ཀྱི་སྦྱོར་ལུགས་ལྔ་སྟེ་བཤད་ཐབས་ཉི་ཤུའི་སྒོ་ནས་འཆད་དགོས་པར་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྒྱུད་ཀྱི་སྤྱི་ཆིངས་ལས་བཤད་དོ། །དེ་ལྟར་བཤད་ཐབས་ཀྱི་མན་ངག་མང་དུ་ཡོད་ནའང་གཞན་རྣམས་བཏང་སྙོམས་སུ་བྱས་ནས། མ་ཧཱ་ཡོ་ག་སྤྱིའི་བཤད་ཐབས་རྒྱན་བདུན་དང་། འདི་ཉིད་ཀྱི་བཀའ་སྲོལ་སྤྱི་དོན་ལྔའི་འཆད་ཚུལ་རྣམས་བཤད་ན་མ་ཧཱ་ཡོ་གའི་རྒྱན་བདུན་ནི། གལ་པོ་ལས། གླེང་བསླང་བ་དང་སངས་རྒྱས་ཚུལ། །རྒྱས་བཤད་མཐའ་དང་བཤད་པའི་ཚུལ། །དབྱེ་བའི་རྣམ་པ་གང་ཟག་སྣོད། །བདེན་པའི་དགོངས་པ་ཤེས་པར་བྱ། །ཞེས་པ་ལྟར་ལས་རྒྱན་དང་པོ། དྲི་བ་དང་ལན་བསྟན་པ་ཡང་། དེ་ལས། གླེང་བསླང་བ་ཡི་གྲངས་ལྔ་ནི། །རྒྱུད་འདིའི་མིང་ནི་ཅི་ཞིག་ཡིན། །རྒྱུད་འདི་སུ་ཡི་དོན་དུ་མཛད། །བྱེད་པོ་སྟོན་པ་སུ་ཞིག་ཡིན། །རྒྱུད་འདིའི་ལྡང་ཚད་ཇི་ལྟ་བུ། །དགོས་པ་ཅི་ཞིག་ཡོད་པར་ཤེས། །ཞེས་དྲིས་པའི་ལན་དུ། འདིའི་མིང་ནི་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་བྱའོ། །གདུལ་བྱ་འདོད་ཆགས་ཅན་དབང་རྣོན་གཙོ་བོར་གྱུར་པའི་དུག་ལྔའི་སྐྱེ་བོ་རྣམས་འདུལ་བའི་དོན་དུ་མཛད། སྟོན་པ་ནི་རིགས་དྲུག་པ་ཀུན་ཏུ་བཟང་པོའོ། །ལྡང་ཚད་ནི། ཆོ་ག་དང་། ལེའུ་དང་། རིམ་པར་ཕྱེ་བ་དང་དུམ་བུ་རྣམས་སུ་ཡོད་དོ༑ ༑དགོས་པ་ནི། ཐུན་མོང་མཆོག་དང་མཐར་ཐུག་གི་འབྲས་བུ་ཐོབ་པའི་ཆེད་དུའོ། །
རྒྱན་གཉིས་པ་ནི། སངས་རྒྱས་པ་ཡི་ཚུལ་བཞི་སྟེ། །རྒྱུད་དང་གླེང་གཞི་ངེས་ཚིག་རྒྱུ། །ཞེས་པས། ཆགས་བྲལ་དང་། ཆགས་ལམ་གྱི་ཚུལ་བཞིའོ། །དེ་ལ་ཆགས་བྲལ་ནི། མིའི་སྐྱེ་བར་འཁྲུངས་པ་ཆགས་བྲལ་ཆོས་ཀྱི་རྟེན་དུ་གྱུར་པ་ནི་རྒྱུད། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ཆགས་བྲལ་གྱི་རྣམ་པས་ངེས་པ་སྟེར་བ་གླེང་གཞི། རབ་ཏུ་བྱུང་ནས་འདུལ་ཁྲིམས་བསྲུང་བ་ངེས་པར་རྟེན་པའི་གནས་སུ་རིགས་པ་ངེས་ཚིག འབྲས་བུ་བྱང་ཆུབ་ཐོབ་པའི་ལམ་ལ་སློབ་པ་རྒྱུ་: དེ་༼སྟེ་༽ ཆགས་བྲལ་:གྱིས་༼ གྱི་༽སངས་རྒྱས་ཀྱི་ཚུལ་བཞི། བདག་ཉིད་རང་རིགས་དང་མཐུན་པར་རིགས་ལྔའི་སངས་རྒྱས་སུ་བསྐྱེད་པ་ནི་གསང་སྔགས་ཀྱི་རྟེན་དུ་རིག་པས་རྒྱུད་སླར་ཡང་རིགས་ལྔ་གཅིག་ཏུ་འདུས་པའི་རྣམ་པར་གྱུར་པ་ནི་ཆགས་ལམ་གྱི་རྣམ་པ་ལ་ངེས་པ་སྟེར་བས་གླེང་གཞི། རིགས་ཀྱི་སྡོམ་པ་གཟུང་བ་དང་མཉམ་པར་སྦྱོར་བའི་ཚངས་སྤྱོད་ཀྱི་བརྟུལ་ཞུགས་གཟུང་བ་ངེས་པར་རྟེན་པའི་གནས་སུ་རིགས་པ་ངེས་ཚིག འདོད་ཆགས་ལམ་དུ་བསྒྱུར་བའི་གསང་ཆོས་ལ་སྤྱོད་པ་ནི་འབྲས་བུ་མྱུར་དུ་འགྲུབ་པའི་ཉེ་རྒྱུ་ཡིན་པས་རྒྱུ་སྟེེ་ཆགས་ལམ་གྱི་སངས་རྒྱས་ཀྱི་ཚུལ་བཞིའོ། །རྒྱན་གསུམ་པ་ནི། གལ་པོ་ལས། རྒྱས་བཤད་མཐའ་ནི་རྣམ་པ་དྲུག །དྲང་དོན་ངེས་དོན་དགོངས་པས་བཤད། །དགོངས་མིན་སྒྲ་ནི་ཇི་བཞིན་ཉིད། །ཇི་བཞིན་མ་ཡིན་ཉིད་དུ་བཤད། །ཅེས་པས་མཐའ་དྲུག་གི་སྒོ་ནས་བཤད་པ་དེ། རྡོ་རྗེའི་ཚིག་གཅིག་གིས་སྐལ་ལྡན་དང་སྐལ་མེད་ལ་དོན་ཐ་དད་པར་སྟོན་པ་སྟེ་དྲང་ངེས་གཉིས་བརྗོད་དོན་དགོངས་གཞི་ལ་ལྟོས་ནས་གོ་དགོས་པ་དགོངས་བཤད། རྗོད་བྱེད་དངོས་བསྟན་གྱི་བརྗོད་དོན་དགོངས་གཞི་ལ་ལྟོས་མི་དགོས་པར་གསལ་བར་གོ་བ་ནི་དགོངས་པ་ཅན་མ་ཡིན་པ་སྟེ་དགོངས་དགོངས་མིན་གཉིས། ཕྱི་དཀྱིལ་དང་སྦྱིན་སྲེག་ལ་སོགས་པའི་ཆོ་ག་འཇིག་རྟེན་པའི་བསྟན་བཅོས་ལ་གྲགས་པའི་ཚིག་གིས་གསུང་པ་སྒྲ་ཇི་བཞིན་པ། ཀོ་ཊ་ཁྱ་ལ་སོགས་པའི་སྒྲ་དང་། སྦྱོར་སྒྲོལ་ཨ་ལི་ཀ་ལིའི་སྒྲས་བཤད་པ་སོགས་འཇིག་རྟེན་པའི་བསྟན་བཅོས་གཞན་ལ་མ་གྲགས་པའི་བརྡས་བཅིངས་ཏེ་སྒྲ་ཇི་བཞིན་མ་ཡིན་པ་སྟེ་མཐའ་དྲུག་གོ །རྒྱན་བཞི་པ་ནི། བཤད་པའི་ཚུལ་བཞི་ཁྱོད་ལ་བསྟན། །ཚིག་སྤྱི་
སྦས་དང་མཐར་ཐུག་ཡིན། །ཞེས་པ་ལྟར། ཚིག་གི་དོན་ནི། ཡི་གེའི་འབྲུ་ནོན་ཙམ་ལ་གཞོལ་བའི་བཤད་པ་སྒྲ་ཚད་ཀྱི་གཞུང་དང་མཐུན་པར་བཤད་པ་སྟེ་གཞན་དུ་ཡི་གེའི་དོན་ཞེས་གྲགས་པའོ། །སྤྱིའི་དོན་ནི། མདོ་དང་། བསྐྱེད་རིམ་པའི་སྤྱི་དོན་གཉིས་ཀྱི་དང་པོ་ནི། སྔགས་ལམ་བདེ་ཞིང་མྱུར་བ་འདི་ལྟ་བུ་ལ་མ་ཞུགས་པར་མདོའི་ལམ་བུལ་ཞིང་དཀའ་ཐུབ་ཀྱི་ལམ་ལ་ཞུགས་པར་འགྱོད་ན། དེ་ཉིད་ཀྱང་འདིའི་ ལམ་སྟེགས་ཏེ། འདི་ཉིད་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་དང་། གཞན་ཡང་། དབང་རྣོན་ཐབས་ཤེས་ཁྱད་པར་ཅན་དང་ལྡན་ན་ཚོགས་ཀྱི་བྱ་བ་རླབས་ཆེན་གཅིག་གིས་བསྐལ་པ་མང་པོའི་ཚོགས་ཟླུམ་པ་སོགས་བདེ་མྱུར་: གྱིས་༼ གྱི་༽ལམ་མདོ་སོགས་ཀྱང་བཞེད་པ་དང་། གཙང་རྨེ་མེད་པར་སྤྱོད་པ་ཁྱི་ཕག་ལྟ་བུ་དང་། སྦྱོར་སྒྲོལ་སོགས་འཚེ་བ་ཆོས་སུ་སྨྲ་བས་མུ་སྟེགས་ཀྱི་ཆོས་སོ་སྙམ་དུ་འགྱོད་ན། མདོ་ལམ་དུ་ཡང་གཙང་རྨེར་ཞེན་འཛིན་མ་སྤངས་ན་མཉམ་ཉིད་ཀྱི་དོན་མི་མཐོང་བ་དང་ཐུབ་པའི་དབང་པོས་སློབ་ལམ་གྱི་སྐབས་སུ་མི་ནག་མདུང་ཐུང་ཅན་བསད་པ་དང་། དེད་དཔོན་གྱི་བུ་མོར་བསྒྲོད་པ་སོགས་ལྷག་པའི་བསམ་པས་ཟིན་པའི་སྦྱོར་སྒྲོལ་གྱི་ཉེས་པས་མི་གོས་ཀྱི་སྟེང་བསོད་ནམས་དཔག་ཏུ་མེད་པ་བསྐྱེད་པར་བཤད་པའི་ཕྱིར་སྤྱིའི་དོན་ཞེས་བྱ་ལ། བསྐྱེད་རིམ་པའི་སྤྱི་དོན་ནི། རྟེན་གཞལ་ཡས་ཁང་སྒོམ་པ་དང་། བརྟེན་པ་ལྷ་སྒོམ་པ་སོགས་བསྐྱེད་རིམ་དང་འབྲེལ་བ་རྣམས་བསྐྱེད་རྫོགས་གཉིས་ཀའི་ཐུན་མོང་གི་བསླབ་བྱ་རྣམས་ཏེ་སྤྱིའི་དོན་ཞེས་བྱ་བ་ཡིན་ནོ། །སྦས་པ་ནི། ལས་རྒྱ་དང་སྙོམས་པར་འཇུག་པའི་ཆོ་ག་སོགས་ཚོགས་སུ་དབྱུང་བར་མི་འོས་པའི་ཕྱིར་འདོད་ཆགས་ཆོས་སྦས་དང་། རང་བྱིན་རློབ་རྩ་རླུང་ཐིག་ལེའི་རྫོགས་རིམ་སོགས་ཀུན་རྫོབ་བདེན་པའི་སྦས་པ་སྟེ། སྤྱི་མཐར་གཉིས་ཀྱི་དབུས་སུ་ུཆུད་པས་སྙིང་པོ་ལྟ་བུར་གྱུར་པའི་ཕྱིར་སྦས་པ་ཞེས་བྱའོ། །མཐར་ཐུག་ནི། དེ་དག་གི་རྒྱས་གདབ་ཏུ་གྱུར་པ་དོན་དམ་འོད་གསལ་གྱི་རྫོགས་རིམ་དང་། བདེན་གཉིས་ཟུང་འཇུག་ཏུ་རྟོགས་པ་ནི་འབྲས་བུའི་མཐར་ཐུག་སྟེ། ཚུལ་བཞི་ཀ་རྡོ་རྗེའི་ཚིག་གཅིག་ལ་དབང་པོ་མི་འདྲ་བའི་སྒོ་ནས་འཆད་
དགོས་པའི་ཕྱིར། ཚིག་:སྡེའི་༼དེའི༽ བརྗོད་བྱ་ལྷག་མ་མ་ལུས་པ་མུར་ཐུག་པས་མཐར་ཐུག་གོ ༑རྒྱན་ལྔ་པ་ནི། གལ་པོ་ལས། ཉན་བཤད་དབྱེ་བ་རྣམ་པ་གཉིས། །ཚོགས་དང་སློབ་མ་དག་ཏུ་འདོད། །ཅེས་པས་ཚོགས་བཤད་ནི་སྒྲ་ཇི་བཞིན་པ་ཐུན་མོང་དྲང་དོན་དང་། སློབ་བཤད་ནི། སྒྲ་ཇི་བཞིན་མ་ཡིན་པ་ཐུན་མོང་མ་ཡིན་པ་ངེས་དོན་ཏེ་སྦས་མཐའ་གཉིས་སུ་འདུས་པ་ཡིན་ནོ། །རྒྱན་དྲུག་པ་ནི་སྣོད་ཀྱི་གང་ཟག་རྣམ་པ་ལྔ། །ཨུཏྤལ་པདྨ་དཀར་དམར་དང་། །ཙནྡན་རིན་པོ་ཆེ་ཡི་དཔེ། །ཞེས་པས་ལྔ་སྟེ། སློབ་དཔོན་ལ་ཐོས་ནས་ལན་གཅིག་འཛིན་པར་ནུས་ཀྱང་འདུ་འཛི་ལ་སོགས་པའི་རྐྱེན་གྱིས་མྱུར་དུ་བརྗེད་པར་གྱུར་པ་སྟེ། ཨུཏྤལ་ཆུ་ནང་དུ་རྩི་བཅུད་འཛིན་པ་ལ་སོགས་པའི་ཡོན་ཏན་ཡོད་ཀྱང་ཆུ་དང་བྲལ་བ་ལས་མྱུར་དུ་རྙིང་པར་འགྱུར་བ་བཞིན་ནོ། །ཡང་མང་དུ་ཐོས་ཤིང་བརྗེད་ངས་སུ་མ་གྱུར་ཀྱང་གཞན་ལ་འཆད་མི་ནུས་པ་ནི་པད་དཀར་ཨུཏྤལ་ལས་རྙིང་དཀའ་ཤིང་བཅུད་བརྟན་ན འང་ཉི་མ་དང་འཕྲད་ན་ཁ་ཟུམ་པས་རྩི་བཅུད་ལེན་མི་ནུས་པ་བཞིན་ནོ། །ཡང་ཤེས་རབ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་བློ་ཁ་བྱེ་སྟེ་གཞན་ལ་འཆད་པར་ནུས་ཀྱང་རྒྱུད་མི་བརྟན་པའི་ཕྱིར་ཡོན་ཏན་རིང་དུ་མི་གནས་པ་ནི་དཔེར་ན་པདྨ་དམར་པོ་ཉི་མས་ཁ་འབྱེད་ཅིང་བཅུད་འཛིན་པ་སོགས་ཀྱི་ཡོན་ཏན་ཡོད་ཀྱང་འཛག་རྐྱེན་པས་རྩི་བཅུད་རིང་དུ་མི་གནས་པ་ལྟ་བུའོ། །ཡང་ཐོས་པ་ཆུང་ཤིང་ང་རྒྱལ་ཆེ་བ་ལུང་རིགས་ཀྱི་རྩལ་ཆུང་བ་གདུལ་བྱ་རྗེས་སུ་འཛིན་མི་ནུས་པ་ནི་ཙནྡན་སྦྲུལ་སྙིང་དངོས་པོ་ཆུང་ལ་དྲི་ཆེ་བ་དུག་སྦྲུལ་གྱིས་འཁྲིལ་བས་གཞན་གྱིས་བླང་མི་ནུས་པ་བཞིན་ནོ། །ཁྲིམས་དག་ཅིང་མཁས་པ་སྒྲིམ་པ་རྒྱུད་བརྟན་པ་རང་གིས་ཐོས་ནས་གཞན་ལ་ལེགས་པར་སྟོན་ནུས་པ་ནི་རིན་པོ་ཆེ་སྐྱོན་ཐམས་ཅད་དང་བྲལ། ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པས་འདོད་རྒུ་འབད་མེད་དུ་སྩོལ་བ་ལྟ་བུའོ། །དེ་ལས། རིན་པོ་ཆེ་ནི་རབ། གཞན་གསུམ་ནི་འབྲིང་། ཙནྡན་ནི་ཐ་མ་སྟེ། རབ་སློབ་བཤད་དང་། གཞན་བཞི་པོ་ནི་ཚོགས་བཤད་ཀྱི་སྣོད་ཡིན་ནོ། །རྒྱན་བདུན་པ་ནི། གལ་པོར། བདེན་པའི་དགོངས་པ་རྣམ་པ་གཉིས། །ཀུན་རྫོབ་དོན་དམ་བཤད་པར་བྱ། །རྒྱན་སྔ་མ་དྲུག་ལ་བརྟེན་ནས་རྒྱུད་
དོན་བདེན་པ་གཉིས་སུ་ངེས་པར་བྱེད་པ་སྟེ། བསྐྱེད་རིམ་འཁོར་བཅས་དང་མཚན་བཅས་ཀྱི་རྫོགས་རིམ་ནི་ཀུན་རྫོབ་བདེན་པ། མཚན་མེད་དེ་བཞིན་ཉིད་ཀྱི་རྫོགས་རིམ་ནི་དོན་དམ་བདེན་པ། ཟུང་འཇུག་ཀྱང་ཐོབ་བྱ་ཡིན་པའི་ཕྱིར་ན་དོན་དམ་དུ་བཞག་གོ །དེ་ལྟར་རྒྱན་བདུན་གྱི་སྒོ་ནས་འཆད་ཚུལ་འདི་ནི་རྒྱུད་འདིའི་འཆད་ཐབས་ཀྱི་བརྒྱུད་པའི་བཀའ་སྲོལ་མ་ཡིན་ཡང་། མ་ཧཱ་ཡོ་གའི་སྤྱིའི་འཆད་ཐབས་ཡིན་ལ། སྔ་རབས་པ་དག་གི་འཆད་ཚུལ་ལ། མདའ་ལྟར་རྩེ་མོ་ནས་བཟུང་སྟེ་འཆད་པ་ཞེས་རྒྱུད་ཀྱི་མཚན་གྱི་ནང་དུ་ཆོས་ཐམས་ཅད་གཞི་ལམ་འབྲས་གསུམ་དུ་བསྡུས་ནས་སྟོན་པ། མདུང་ལྟར་སྐེད་པ་ནས་བཟུང་སྟེ་འཆད་པ་ཞེས་ལེའུ་ལྔ་པའི་ནང་དུ་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་དྲིལ་ནས་འཆད་པ། རལ་གྲི་ལྟར་ཡུ་བ་ནས་བཟུང་སྟེ་འཆད་པ་ཞེས་ལེའུ་ཐ་མར་རྒྱུད་ཀྱི་དོན་སྣང་བ་བཞིར་བསྡུས་ནས་སྟོན་པ་ཡིན་ནོ། །བྱེ་བྲག་བཀའ་སྡེ་ཟུར་པའི་བཤད་སྲོལ་ནི་རང་བཞིན་དངོས་པོའི་གནས་ཚུལ། མ་རྟོགས་འཁྲུལ་པའི་སྣང་ཚུལ། ཐམས་ཅད་མཁྱེན་པས་གཟིགས་ཚུལ། བརྩེ་བས་ཐུགས་རྗེ་བསྐྱེད་ཚུལ། འགྲོ་དོན་ཇི་ལྟར་མཛད་ཚུ ལ་དང་ལྔ་སྟེ། དེ་ལ་དང་པོ་ནི། རྟོགས་རུང་མ་རྟོགས་རུང་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་སངས་རྒྱས་པ་སྟེ། འདི་ཉིད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་དབྱེར་མེད་ནའང་། ཞེས་སོ། །གཉིས་པ་ནི། དེ་ཉིད་ལྷན་སྐྱེས་ཀྱི་མ་རིག་པས་རང་ངོ་མ་ཤེས་ཤིང་། ཀུན་བཏགས་ཀྱི་མ་རིག་པས་ལོག་པར་བཟུང་སྟེ། ལས་ཉོན་ལ་རང་གར་སྤྱད་དེ་ཡང་དག་པའི་ལམ་དང་བྲལ་ཏེ་འཁོར་བའི་སྡུག་བསྔལ་གྱིས་ཉམ་ཐག་པ་སྟེ། འདི་ཉིད་ལས། འགྲོ་བའི་རྣམ་པར་རྟོག་པ་མ་རིག་པ་ལས་འགྲོ་བ་ལྔའི་རིས་བསམ་གྱིས་མི་ཁྱབ་པར་སྨིན་པ་ལ། ཞེས་སོ། །གསུམ་པ་ནི། དེ་ཉིད་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་ཅིར་ཡང་མི་དམིགས་པ་དང་། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་གསལ་ཆ་༼མ་༽འདྲེས་
པ་དང་། ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་སྣང་སྟོང་དབྱེར་མེད་མེ་ལོང་གི་གཟུགས་བརྙན་ལྟར་གཟིགས་པའོ། །བཞི་པ་ནི། རྟག་པ་རྒྱུན་གྱི་རང་བཞིན་ཤུགས་ཀྱིས་བསྐུལ་ཞིང་གསོལ་བ་བཏབ་པའི་ཡུལ་དང་འཕྲད་པ་སྟེ་ཐུགས་རྗེ་བསྐྱེད་ཚུལ་བཞིའི་སྒོ་ནས་ཡལ་བར་མི་འདོར་བའོ། །ལྔ་པ་ལ། རྟེན་ཅན། རྟེན་མེད། གནས་ལུགས་ངོ་བོའི་སྒོ་ནས་དོན་བྱེད་པ་གསུམ་དུ་བཞེད་པ་སྟེ་དེ་དག་ནི་འཆད་ལུགས་ལྔའི་སྒོ་ནས་འཆད་ཚུལ་ཡིན་ནོ། །འདིར་ནི་སློབ་དཔོན་བི་མ་ལའི་རྗེས་སུ་འབྲངས་ནས། དབང་པོ་རབ་འབྲིང་ཐ་གསུམ་ལ་ལྟོས་ནས་འཆད་པ་ཡིན་ཏེ། དེ་ཡང་བི་མ་ལའི་ཁོག་གཞུང་གསལ་སྒྲོན་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། ཐ་མར་འབྲུ་གཉེར་དགྲོལ་བའོ། །ཞེས་གསུངས། དེ་ཡང་། རབ་ལ་མཚན་བསྟན། ཅེས་པ་དབང་པོ་རབ་ལ་རྒྱུད་ཀྱི་མཚན་བསྟན་ཏེ་བཤད། འབྲིང་ལ་དབྱེ་ཞེས། དབང་པོ་འབྲིང་པོ་ལ་རྒྱུད་ཀྱི་སྤྱི་དོན་རྣམ་པར་ཕྱེེ་སྟེ་བཤད། ཐ་མར་འབྲུ་གཉེར་དགྲོལ་བའོ། །ཞེས། དབང་པོ་ཐ་མ་ལ་འབྲུ་རེ་ཚིག་གིས་གཉེར་རེ་རེའི་སྒོ་ནས་དཀྲོལ་ཏེ་བཤད་པའི་དོན་ཡིན། དབང་པོ་རབ་ལ་རྒྱུད་ཀྱི་མཚན་བསྟན་པ་དེ་ལ་ཡང་། ཁོག་གཞུང་ལས། རབ་མཚན་ཐ་སྙད་གསུམ་དུ་གྲགས། །སྒྱུ་འཕྲུལ་སྙིང་པོ་ལུང་གི་སྤྱི། །ལག་གི་རྩ་བཞིན་དབུ་ཞབས་རྟོགས། །སྐལ་བ་ཅན་གྱི་ཆེད་ཕྱིར་རོ། །ཞེས་པས་བསྟན། རབ་མཚན་ཐ་སྙད་གསུམ་དུ་གྲགས། །ཞེས་པ་ནི། དབང་པོ་རབ་ལ་རྒྱུད་ཀྱི་མཚན་བསྟན་པ་དེ་ལ་ཡང་མཚན་གྱི་ཐ་སྙད་གསུམ་ཡོད་པའི་དོན་མཚན་གསུམ་པོ་གང་ཡིན་ཞེ་ན་རྒྱུད་ལུང་མན་ངག་གི་མཚན་གསུམ་སྟེ། སྒྱུ་འཕྲུལ་སྙིང་པོ་ལུང་གི་སྤྱི་ཞེས་པས་བསྟན་ཏེ། སྒྱུ་འཕྲུལ་ནི་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་རྒྱུད་དང་མཐུན་པའི་མཚན། སྙིང་པོ་ནི། གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་མན་ངག་དང་མཐུན་པའི་མཚན། ལུང་གི་སྤྱི་མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི་གཞིར་གྱུར་པ་ལུང་དང་མཐུན་པའི་མཚན་ཡིན་ནོ། །འོ་ན་མཚན་གསུམ་པོ་དེ་ལ་བརྟེན་ནས་གང་ཟག་དབང་པོ་ཡང་རབ་དེས་རྒྱུད་དོན་རྟོགས་ཚུལ་ཇི་ལྟ་བུ་ཞིག་རྟོགས་ཤེ་ན། ལག་གི་རྩ་བཞིན་དབུ་ཞབས་རྟོགས། །ཞེས་དཔེ་དང་དཔེ་ཅན་གཉིས་ཀྱི་སྒོ་
ནས་བསྟན་ཏེ། དཔེར་ན་སྨན་པ་མཁས་པས་ནད་པའི་ལག་གི་རྩ་ལ་བརྟགས་པས་ལུས་མགོ་མཇུག་གི་ནད་ངོས་ཟིན་པ་བཞིན་དུ། གང་ཟག་དབང་རྣོན་དེས་ཀྱང་མཚན་ཐ་སྙད་གསུམ་པོ་དེ་ལ་བརྟེན་ནས་རྒྱུད་དབུ་ཞབས་ཀྱི་དོན་ཐམས་ཅད་བདེ་བླག་ཏུ་རྟོགས་པར་འགྱུར་བའོ། །སྐལ་བ་ཅན་གྱི་ཆེད་ཕྱིར་རོ། །ཞེས་པ་ནི། དེ་འདྲ་དེ་སྔོན་ནས་སྦྱངས་པའི་ལས་འཕྲོ་སད་པའི་དབང་རབ་སྐལ་ལྡན་འགའི་སྤྱོད་ཡུལ་ཡིན་གྱི། ཕལ་གྱི་ཡུལ་དུ་མ་གྱུར་པའི་ཕྱིར་རོ༑ ༑དེ་ལྟར་རྒྱུད་དང་། དཀྱིལ་འཁོར་གྱི་གཙོ་བོ་དང་། འཆད་པའི་སྐྱེས་བུ་གསུམ་གའི་མཚན་ཐུན་མོང་དུ་བསྟན་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ཞེས་པ་དེ་ཉིད་ཀྱི་དོན་བཤད་པ་ལ་གཉིས། རྡོ་རྗེ་སེམས་དཔའ་བཤད་པ་དང་། སྒྱུ་འཕྲུལ་དྲ་བ་བཤད་པའོ། །དང་པོ་རྡོ་རྗེ་སེམས་དཔའ་བཤད་པ་ལ་ཡང་ནང་གསེས་ཀྱི་དབྱེ་ན། རྡོ་རྗེ་བཤད་པ་དང་སེམས་དཔའ་བཤད་པ་གཉིས་ཀྱི་དང་པོ་ནི། རྡོ་རྗེ་ནི་རང་བཞིན་དབྱེར་མི་ཕྱེད་པའི་ཤེས་རབ་སྟོང་པ་ཉིད་དང་། ཞེས་པས་བསྟན། དེ་ཡང་བཤད་རྒྱུད་རྡོ་རྗེ་མེ་ལོང་ལས། ཐ་དད་མེད་པའི་རང་བཞིན་ཉིད། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་སོ། །རྡོ་རྗེ་རང་བཞིན་གང་དང་དབྱེར་མི་ཕྱེད་ཅེ་ན། ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་ངོ་བོ་ནི་སྟོང་པ་ཉིད་ལས་མ་འདས་པས་སྟོང་ཉིད་དེ་དང་ཆོས་ཐམས་ཅད་དབྱེར་མི་ཕྱེད་པ་ཡིན་ལ། སྟོང་ཉིད་དེ་ལ་རྡོ་རྗེ་ཞེས་བཤད་པ་སྟེ༑ མཉམ་སྦྱོར་ལས། རྡོ་རྗེ་སྟོང་པ་ཉིད་དུ་བཤད། །ཅེས་གསུངས། སྟོང་ཉིད་དེ་གང་དང་ཐ་དད་མེད་པ་ཡིན་ཞེ་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་དང་ཐ་དད་མེད་དེ། དེ་ཡང་གཉིས་སྣང་གི་ཚུལ་ལ་ཐ་དད་པ་ལྟར་སྣང་ཡང་རང་བཞིན་ནམ་གནས་ལུགས་ངོ་བོའི་སྒོ་ནས་གཞལ་ན་ཆོས་ཐམས་ཅད་སྟོང་པ་ཉིད་ལས་ནམ་ཡང་གཡོ་བ་མེད་པ་ན། ཐ་དད་མེད་པའི་རང་བཞིན་ཞེས་བྱ་ལ། མདོར་ན། འཁོར་འདས་གཉིས་བསྡུས་ཀྱི་ཆོས་སོ་ཅོག་ཐམས་ཅད་རང་གི་སེམས་སུ་འདུ་ལ། སེམས་ཀྱི་ཆོས་ཉིད་གདོད་ནས་སྤྲོས་པའི་མཐའ་དང་བྲལ་བ་སྟོང་པ་ཉིད་ཀྱི་ངོ་བོར་གནས་པ་དེ་ལ་རྡོ་རྗེ་ཞེས་བརྗོད་པ་ཡིན་ཏེ། མཉམ་སྦྱོར་ལས། སེམས་ཅན་ཀུན་གྱི་སེམས་གང་ཞིག །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་དང་། བརྟག་
གཉིས་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང་། ས་ར་ཧས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་སོ། །སེམས་ཉིད་སྟོང་པ་ཉིད་ལ་རྡོ་རྗེ་ཞེས་པའི་རྒྱུ་མཚན་གང་ཡིན་ན༑ དེ་ནི་དཔེ་དང་དཔེ་ཅན་སྦྱར་ནས་བཏགས་པ་སྟེ། དྲང་སྲོང་ཞོ་འཐུང་གི་རུས་པ་ལས་བྱུང་བའི་རྫས་རྡོ་རྗེ་ཕ་ལམ་ཞེས་པ་དེས་ཕར་མཚན་མའི་ཆོས་ཐམས་ཅད་གཞིག་པར་ནུས་ལ༑ ཚུར་ཁོའི་ངོ་བོ་གང་གིས་ཀྱང་མི་གཞིག་པའི་ཕྱིར་ན། རྡོ་རྗེའི་ཡོན་ཏན་གྱི་སྐབས་སུ། མི་ཆོད་པ། མི་ཞིག་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ་ཞེས་ཆོས་བདུན་ལྡན་དུ་གསུངས་པ་ལྟར། སེམས་ཉིད་སྟོང་པ་ཉིད་དུ་གནས་པ་དེས་ཀྱང་མཚན་མ་དང་བཅས་པའི་ཆོས་ཐམས་ཅད་ཕར་འཇོམས་པར་ནུས་ལ༑ སྟོང་ཉིད་དེའི་ངོ་བོ་ལ་མཚན་མའི་ཆོས་གང་གིས་ཀྱང་འཇིག་པར་མི་ནུས་པའི་ཕྱིར་ན་སྟོང་པ་ཉིད་ལ་རྡོ་རྗེ་ཞེས་བརྗོད་པའོ། །དེས་མཚན་གྱི་ཟུར་དང་པོ་རྡོ་རྗེ་བཤད་པ་སོང་ནས། གཉིས་པ་སེམས་དཔའ་བཤད་པ་ལ། ཆོས་རྣམས་མ་ལུས་གཉིས་མེད་པའི། །རང་རིག་བྱང་ཆུབ་སེམས་ཉིད་དོ། །ཞེས་པས་སེམས་དཔའ་ས་ཏྭའི་སྒྲ་ལས། སེམས་ཅན་དང་། དཔའ་བ་དང་། སྙིང་སྟོབས་ཆེ་བ། བརྟན་པ། བསྡུས་པ། རྟོགས་པ་རྣམས་ལ་འཇུག་པ་ལས། འདིར་བརྟན་བསྡུས་རྟོགས་གསུམ་ལ་འཇུག་པའི་སྐབས་ཡིན་པས་དེའི་ཕྱིར། བརྟན་པའི། བསྡུས་པའི། རྟོགས་པའི་སེམས་དཔའ་དང་གསུམ་ལས། དང་པོ་ནི། གོང་དུ་བཤད་པའི་སྟོང་པ་ཉིད་དེ་ཉིད་ཀྱང་སྟོང་རྐྱང་མ་ཡིན་པར་སྣང་སྟོང་དབྱེར་མེད་ཀྱི་ངོ་བོར་བཞུགས་པའི་སྣང་བའི་ཆ་ནི་ཐབས་རིག་པ་རང་བྱུང་གི་ཡེ་ཤེས་ཡིན་ལ། ཐབས་རིག་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་ཤེས་རབ་སྟོང་པ་ཉིད་དང་ངོ་བོ་དབྱེར་མེད་རོ་གཅིག་པར་ཟུང་དུ་འཇུག་པའི་རང་བཞིན་རྣམ་པར་དག་པ་རྡོ་རྗེ་ལྟར་བརྟན་པ་ཞེས་པས། སེམས་ཉིད་སྣང་སྟོང་གཉིས་མེད་རང་བྱུང་གི་ཡེ་ཤེས་དེའི་ངོ་བོ་འཁོར་བའི་གནས་སྐབས་སུ་ངན་དུ་མ་སོང་། མྱང་འདས་ཀྱི་སྐབས་སུ་བཟང་དུ་མ་སོང་བར་མི་འགྱུར་བར་གནས་པས་ན། སེམས་ཉིད་མི་འགྱུར་
བའི་ངོས་ནས་བརྟན་པའི་སེམས་དཔའ་ཞེས་བཤད་དེ། མགོན་པོ་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་སོ། །གཉིས་པ་བསྡུས་པའི་སེམས་དཔའ་ནི། དེ་ཉིད་ཀྱི་ཕྱག་རྒྱས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བཏབ་པས་མཉམ་པ་ཉིད་དུ་བསྡུས་པ། ཞེས་པས་སེམས་ཉིད་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་དེ་ནི་འཁོར་བ་དང་མྱང་འདས་ཀྱི་ཆོས་སོ་ཅོག་ཐམས་ཅད་ལ་དཔེར་ན་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་བཞིན་དུ་ཁྱབ་པ་སྟེ། མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་དང་། དགྱེས་རྡོར་ལས། འདི་ནི་ཡེ་ཤེས་ཆེན་པོ་སྟེ། །བརྟན་དང་གཡོ་བར་ཁྱབ་ན་གནས། །ཞེས་དང་། རྡོ་རྗེ་ཕྲེང་བ་ལས། ཆོས་རྣམས་དབུས་ན་གནས་པའི་ཁམས། །ཁྱབ་ཅིང་སྤྱོད་ཡུལ་མ་ཡིན་ཏེ། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། དེ་ཡང་། དཔེར་ན། རྒྱལ་པོ་ཆེན་པོའི་བཀའ་རྟགས་ཀྱིས་ཕྱག་རྒྱས་བཏབ་ན་འབངས་རྣམས་དེ་ལས་འདའ་མི་ནུས་པ་ལྟར། ཆོས་ཐམས་ཅད་ཀྱང་གནས་ལུགས་སྟོང་པ་ཉིད་ཀྱི་རང་བཞིན་ལས་འདའ་ས་མེད་ཅིང་། རང་བྱུང་གི་ཡེ་ཤེས་སེམས་ཀྱི་ཆོས་ཉིད་དེའི་ངོས་ནས་གཞལ་ན། འཁོར་བ་ཞེས་སྤང་བྱ་དང་། མྱ་ངན་ལས་འདས་པ་ཞེས་བླང་བྱར་ཐ་དད་དུ་གྲུབ་པ་མེད་པར་མཉམ་པ་ཉིད་དུ་བསྡུས་པ་སྟེ། དགྱེས་རྡོར་ལས། འདི་ནི་འཁོར་བ་ཞེས་བྱ་སྟེ། །འདི་ནི་མྱ་ངན་འདས་པ་ཞེས། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །རྟོགས་པའི་སེམས་དཔའ་ནི། སྒྲིབ་གཉིས་ཟད་ཅིང་ཚོགས་གཉིས་རྫོགས་པའི་སྐྱེས་བུས་མངོན་དུ་བྱས་པའི་འབྲས་བུའི་རྡོ་རྗེའི་སེམས་དཔའ། ཞེས་པ་སྟེ། དེ་ཡང་བརྟན་བསྡུས་གཉིས་པོ་དེ་སེམས་ཉིད་གནས་ལུགས་སམ་ངོ་བོའི་སྒོ་ནས་བཞག་པ་ཡིན་ལ། རྟོགས་པའམ་འབྲས་བུའི་རྡོ་རྗེ་སེམས་དཔའ་ནི། སྣང་ལུགས་སམ་རང་བཞིན་གྱི་སྒོ་ནས་བཞག་པ་སྟེ། གནས་ལུགས་དེ་ལྟར་ཡིན་ཡང་། སྣང་ལུགས་ལ་འཁོར་འདས་གཉིས་བཟང་ངན་དུ་སྣང་བས་ན། རྣམ་གྲོལ་དོན་གཉེར་གྱི་སྐྱེས་བུས་སེམས་ཉིད་གནས་ལུགས་ཀྱི་དོན་རྟོགས་པའི་སླད་དུ་ལམ་ཐབས་གྲོལ་གཉིས་ལ་འབད་པས་ཇི་ཞིག་ན་གློ་བུར་མེད་སྣང་གི་
དྲི་མ་མཐའ་དག་བྱང་སྟེ་སེམས་ཉིད་རྣལ་མའི་དོན་མངོན་དུ་གྱུར་པ་དེ་ནི་རང་སེམས་སངས་རྒྱས་སུ་རྟོགས་པ་ཞེས་བྱ་བ་སྟེ་འབྲས་བུའི་རྡོ་རྗེ་སེམས་དཔའ་སྟེ། འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་དུ་མི་འཚོལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་དང་། དགའ་རབ་རྡོ་རྗེས། སེམས་ཀྱི་རང་བཞིན་ཡེ་ནས་བུདྡྷ་སྟེ༑ ༑སེམས་ལ་སྐྱེ་འགག་མེད་པས་ནམ་མཁའ་འདྲ། །ཞེས་གསུངས། གང་རྟོགས་པའི་ཡེ་ཤེས་དེ་ཡང་རྡོ་རྗེ་ལྟར་གཉིས་སུ་མེད་པར་འགྱུར་བའི་ཕྱིར་རོ། །ཞེས་པས། དེ་ལྟར་རྟོགས་པའི་སྐྱེས་བུ་དེའི་ཐུགས་རྒྱུད་ལ་ཡོད་པའི་སྣང་སྟོང་གཉིས་མེད་ཀྱི་ཡེ་ཤེས་དེ་ལྟར་གཉིས་སུ་མེད་པར་འགྱུར་བས་ན་སྐྱེས་བུ་དེ་ལ་ཡང་རྡོ་རྗེ་སེམས་དཔའ་ཞེས་བཏགས་པ་ཡིན་ནོ། །དེས་རྒྱུད་ལ་རྡོ་རྗེ་སེམས་དཔའི་མཚན་བཏགས་པའི་དོན་བཤད་པ་སོང་ནས། དཀྱིལ་འཁོར་གྱི་གཙོ་བོ་ལ་རྡོ་རྗེ་སེམས་དཔའ་ཞེས་པའི་དོན་ནི། དེ་ཉིད་མཚན་མའི་ཕྱག་རྒྱར་སྣང་བ་དཀྱིལ་འཁོར་གྱི་གཙོ་བོ་དང་། ཞེས་པས། སེམས་ཉིད་རང་བྱུང་གི་ཡེ་ཤེས་དེའི་ངོ་བོ་མཚན་མའི་ཆོས་ཐམས་ཅད་ལས་འདས་པའི་སྟོང་ཉིད་ཡིན་ཡང་། རང་བཞིན་འགག་མེད་ཀྱི་འཆར་སྒོ་ཅི་ཡང་འཆར་བས་ནམ་མཁའི་ཟླ་བ་ཉིད་དྭངས་པའི་ཆུ་སྣོད་དུ་མར་སྣང་བ་བཞིན་དུ་གདུལ་བྱའི་བློ་ལ་ལྟོས་ནས་ཡེ་ཤེས་ཀྱི་འཁོར་ལོ་མཚན་མའི་ཕྱག་རྒྱར་སྣང་བ་སྟེ། རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཞེས་གསུངས་པ་ལྟར། ལམ་པས་ཉམས་སུ་བླངས་པའི་ཚེ་ཚོགས་ལམ་དུ་མོས་སྤྱོད་ཀྱི་ལྷ་སྐུ། མཐོང་ལམ་དུ་འོད་གསལ་གྱི་ལྷ། ས་གཉིས་པ་ནས་བཅུ་པའི་བར་སློབ་པའི་ཟུང་འཇུག སངས་རྒྱས་ཀྱི་སར་མི་སློབ་པ་ཟུང་འཇུག་གི་ལྷ་སྐུ་གཙོ་འཁོར་དུ་སྣང་བ་རྣམས་ལ་ཡང་རྡོ་རྗེ་སེམས་དཔའ་ཞེས་བརྗོད་དོ། །འཆད་པའི་སྐྱེས་བུ་ཞེས་པ་ནི། སྤྱིར་འཆད་པའི་སྐྱེས་བུ་རིགས་ལྔ་སྟེ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྒྱུ་འཕྲུལ་སྟོན་པའི་ཚེ། སྐུ་ནི་རྣམ་སྣང་། གསུང་སྣང་མཐའ། ཐུགས་མི་བསྐྱོད་པ། ཡོན་ཏན་རིན་འབྱུང་། འཕྲིན་ལས་དོན་གྲུབ་སྟེ། སྒྱུ་འཕྲུལ་གང་དང་གང་འཆད་པའི་ཚེ་རང་རང་གི་འཆད་པའི་སྐྱེས་བུ་དེ་གཙོ་བོའི་མདུན་དུ་འབྱུང་བ་
ལས། འདིར་ནི་ཐུགས་ཀྱི་སྒྱུ་འཕྲུལ་སྟོན་པའི་སྐབས་འདིར། འཆད་པའི་སྐྱེས་བུ་རྡོ་རྗེ་མི་བསྐྱོད་པ་གཙོ་བོའི་མདུན་དུ་བཞུགས་ནས་སྒྱུ་འཕྲུལ་སྟོན་པ་སྟེ། ཀུན་འབྱུང་སྒྱུ་འཕྲུལ་སྟོན་པའི་ཚེ། །མི་བསྐྱོད་སྐྱེས་བུ་མདུན་ན་གནས། །ཞེས་གསུངས་པས་རྡོ་རྗེ་མི་བསྐྱོད་པ་དེ་ལ་ཡང་རྡོ་རྗེ་སེམས་དཔའ་ཞེས་བརྗོད་དགོས་པའི་དོན་ཡིན་ནོ། །དེས་མཚན་གྱི་ཟུར་དང་པོ་རྡོ་རྗེ་སེམས་དཔའ་བཤད་པ་སོང་ནས། གཉིས་པ་སྒྱུ་འཕྲུལ་དྲ་བ་ཞེས་པའི་དོན་ནི། སྒྱུ་འཕྲུལ་རྡོ་རྗེ་མེ་ལོང་ལས། ཐབས་དང་ཤེས་རབ་འབྲེལ་བའི་དོན། །སྒྱུ་འཕྲུལ་ཞེས་ནི་བཞིར་བཤད་དོ། །ཞེས་པས། རྟོག་ཚོགས་ཀྱི༑ ངེས་དོན་གྱི། དྲང་དོན་བརྡའི། ལྷ་རྟོག་དབྱེར་མེད་ཀྱི་སྒྱུ་འཕྲུལ་དྲ་བ་དང་བཅས་ཏེ་བཞིར་ཡོད་པ་ལས་དང་པོ། འབྱུང་བ་ལྔ་སྒྱུ་མ་ལྟར་སྣང་བ་རིས་སུ་མ་ཆད་པའི་རྒྱུས་ཅིར་ཡང་འཕྲུལ་བ་ནི་ཕུང་པོ་ལྔ་སྟེ། ཞེས་པས། འབྱུང་བ་ལྔ་ནི་སྒྱུ་མ་དང་ཆོས་མཚུངས་པར་སྣང་བ་རིས་སུ་མ་ཆད་པ་སྟེ། དེ་ཡང་འབྱུང་བ་ཆུ་ལྟ་བུ་གཞི་གཅིག་ལ་ཡང་རིགས་དྲུག་རང་རང་གི་ལས་སྣང་གི་དབང་གིས་མཐོང་ཚུལ་མི་འདྲ་བ་སོ་སོར་སྣང་བ་ནི། སྐ་བ་དཔལ་བརྩེགས་ཀྱི་ལྟ་རིམ་ལས། དམྱལ་བ་རང་སེམས་མེ་སོགས་སྣང་། །ཡི་དྭགས་སྡིག་སེམས་མི་གཙང་ཡུལ། །བྱོལ་སོང་གྱེན་ཐུར་ངམ་གྲོག་སྟེ། །མི་ལ་མཐོང་ཡུལ་འདི་ལྟར་སྣང་། །ལྷ་མ་ཡིན་ལ་གོ་མཚོན་ཏེ། །ལྷ་ལ་དགེ་སེམས་རིན་ཆེན་སྣང་། །ཞེས་པས། དམྱལ་བ་པ་རྣམས་ཀྱིས་ཟངས་ཞུན། ཁྲོ་ཆུ་འཁོལ་མ། ཡི་དྭགས་རྣམས་ཀྱིས་རྣག་ཁྲག དུད་འགྲོས་གྱེན་ཐུར་ངམ་འགྲོག་བགྲོད་དཀའ་བ། མི་རྣམས་༼ཀྱིས་༽ཆུ་གཙང་བཏུང་དུ་རུང་བ། ལྷ་མ་ཡིན་གྱིས་གོ་མཚོན། ལྷ་རྣམས་ཀྱིས་བདུད་རྩི། གྲུབ་པའི་ས་ལ་ཞུགས་པ་རྣམས་ཀྱིས་ཡུམ་མ་མ་ཀིའི་རྣམ་པར་ཏེ་མཐོང་ཚུལ་ལ་མི་འདྲ་བ་སོ་སོར་སྣང་བ་ནི། དབུ་མ་བདེན་གཉིས་ལས། དངོས་གཅིག་ཡིད་གཉིས་ཐ་དད་ཕྱིར། །དོན་མ་གྲུབ་པ་སོ་སོར་མཐོང་། །ཞེས་པས་འབྱུང་བ་ལྔ་སོ་སོ་ལ་ཡང་སྣང་ཚུལ་སོ་སོའི་ལས་སྣང་གི་དབང་ལས་མི་འདྲ་བ་སོ་སོར་སྣང་བས་ན་སྒྱུ་མ་ཞེས་བརྗོད་པ་སྟེ། སྒྱུ་མ་ནི། སྒྱུ་མ་མཁན་གྱི་ཤིང་བུ་དང་རྡེའུ་ལ་སོགས་པ་རྫས་སྔགས་
ཀྱི་འཕྲུལ་ལས་རྟ་གླང་སོགས་སྣ་ཚོགས་སུ་སྟོན་པ་བཞིན་དུ་འདིར་སྒྱུ་འབྱུང་བ་ལྔ་ལས་འབྱུང་སྒྱུ་ཕུང་པོ་ལྔར་འཕྲུལ་བས་ན་སྒྱུ་འཕྲུལ་དང་། དེ་ཉིད་འབྲེལ་པ་ཅན་གྱི་ཕྱིར་དྲ་བ་ཞེས་པས། འབྱུང་བ་ལྔ་དང་ཕུང་པོ་ལྔ་ངོ་བོ་བདག་གཅིག་གིས་འབྲེལ་བའི་དོན་གྱིས་ཏེ། ཐི་གུ་ཕན་ཚུན་དུ་འབྲེལ་བའི་ཕད་བུ་ལ་དྲྭ་ཕད་ཅེས་འདོགས་པ་བཞིན་དེ་གཉིས་ཟུང་དུ་འཇུག་པ་ལ་དྲ་བ་ཞེས་པའི་ཐ་སྙད་བྱས་པའོ། །གཉིས་པ་ངེས་དོན་སྒྱུ་འཕྲུལ་དྲ་བ་ནི། རྒྱུ་མཚན་དེས་སྟོང་པ་ཉིད་ལ་སྒྱུ་མ། རིག་པའི་ཡེ་ཤེས་ལ་འཕྲུལ་པ། ཞེས་པ་སྟེ། སྟོང་པ་ཉིད་ལ་སྒྱུ་མ་ཞེས་པ་ནི། སྟོང་པ་ཉིད་ནི་རང་གི་ངོ་བོ་གང་དུ་ཡང་མ་གྲུབ་ཀྱང་། སྟོང་ཉིད་དེའི་རང་གདངས་འགག་པ་མེད་པས་གང་དུ་ཡང་འཆར་དུ་རུང་བ་སྟེ། རྩ་ཤེ་ལས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་དང་། རྟེན་ཅིང་འབྲེལ་བྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ཏེ། །དེ་ཕྱིར་སྟོང་པ་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང་། གཞན་ལས་ཀྱང་། སྟོང་པའི་རང་གདངས་ཅིར་ཡང་སྣང་། །འགག་མེད་རིག་ཅིང་ཀུན་ལ་ཁྱབ། །ཅེས་སོགས་གསུངས་པ་ལྟར། ཆོས་ཐམས་ཅད་ཀྱི་གཞིའི་གནས་ལུགས་སྨྲ་བསམ་བརྗོད་མེད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་དེ་ལས་དམིགས་སུ་མེད་ཀྱང་། འདི་ཉིད་ལས། ཨེ་མ་ཧོ། ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེ་བ་ཉིད་ན་སྐྱེ་བ་མེད། །ཅེས་སོགས་དང་། སྒྱུ་འཕྲུལ་བླ་མ་ལས། ཅིར་ཡང་མེད་ལས་ཅིར་ཡང་སྣང་། །མ་སྐྱེས་སྒྱུ་འཕྲུལ་སྣ་ཚོགས་འབྱུང་། །རྒྱལ་བའི་དཀྱིལ་འཁོར་སྣ་ཚོགས་ཀྱང་། །སེམས་ཀྱི་སྒྱུ་འཕྲུལ་ཆེན་པོ་ཡིན། །ཞེས་དང་། མེད་པ་ཉིད་ལས་སྣ་ཚོགས་སྣང་། །ཐམས་ཅད་ཤེས་རབ་དབྱིངས་ལས་བྱུང་། །ཞེས་སོགས་གསུངས་པ་ལྟར། ཤེས་རབ་སྟོང་པ་ཉིད་སྒྱུ་མ་ལྟ་བུ་དེའི་རང་གདངས་འགག་མེད་ཀྱི་རོལ་པ་ཐབས་རིག་པའི་ཡེ་ཤེས་སུ་རྣམ་པར་འཕྲུལ་པས་ན་སྒྱུ་འཕྲུལ་དང་། རིག་པའི་ཡེ་ཤེས་དེ་ཉིད་ཀྱང་ཤེས་རབ་སྟོང་པ་ཉིད་ཀྱི་དབྱིངས་སུ་རང་གྲོལ་བའི་ཕྱིར་ན་ངོ་བོ་བདག་གཅིག་
གིས་འབྲེལ་བས་ན་དྲ་བ་སྟེ། ཆོས་ཐམས་ཅད་ཀྱི་གནས་ལུགས་སམ། རྒྱལ་བའི་དགོངས་བཞེད་མཐར་ཐུག་ངེས་དོན་འདི་ལས་མི་འདའ་བས་ན། ངེས་དོན་གྱི་སྒྱུ་འཕྲུལ་དྲ་བའོ། །གསུམ་པ་དྲང་དོན་བརྡའི་སྒྱུ་འཕྲུལ་དྲ་བ་ནི། དེའི་རྟགས་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བ་ནི། ཞེས་སོགས་ཀྱི་དོན་ཏེ། ངེས་དོན་གྱི་སྒྱུ་འཕྲུལ་དྲ་བ་དེ་ཉིད་དངོས་སུ་རྟོགས་མི་ནུས་པའི་གང་ཟག་ལ་རེ་ཞིག་བརྡའ་དང་རྟགས་ཀྱི་སྒོ་ནས་སྟོན་པ་སྟེ། སྟོང་པ་ཉིད་མཚོན་པའི་ལྷ་ཡུམ། རིག་པའི་ཡེ་ཤེས་མཚོན་པའི་ལྷ་ཡབ། ཟུང་འཇུག་མཚོན་པའི་ཡབ་ཡུམ་འཁྲིལ་སྦྱོར་གྱི་ཕྱག་རྒྱའི་བརྡའ་ཐབས་ལ་བརྟེན་ནས་ངེས་དོན་གྱི་གནས་ལུགས་སྟོན་པར་བྱེད་པ་སྟེ། སྣང་བ་ཡབ་ལ་སྟོང་པ་ཡུམ། །གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས། །ཞེས་དང་། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། སྟོང་པ་ཀུན་ཏུ་བཟང་མོ་ཐ་དད་བྲལ། །གསལ་བ་ཀུན་ཏུ་བཟང་པོ་ངོས་བཟུང་བྲལ། །ཡབ་ཡུམ་གཉིས་ཀ་ཀུན་བཟང་རིག་པའི་ཀློང་། །ཞེས་སོ། །དེ་ལྟར་བརྡའ་ཐབས་དེ་ལྟ་བུ་ལ་བ རྟེན་ནས་རིམ་གྱིས་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྣང་སྟོང་དབྱེར་མེད་ཆོས་ཀྱི་སྐུར་རྟོགས་པར་འགྱུར་བ་སྟེ། དེ་ཡང་གང་ལ་དྲང་པ་གང་ཟག་མཚན་མའི་བློ་ཅན་ལ་དྲང་། གང་དྲང་ན་ངེས་པའི་དོན་དེ། ཚུལ་ཇི་ལྟ་བུས་དྲང་ན་བརྡའ་དང་རྟགས་ལ་བརྟེན་ནས་དྲང་སྟེ། ཀླུ་སྒྲུབ་ཀྱིས། ཐབས་ནི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་གདང་བུ་ལྟ་བུར་བསྟན། །ཅེས་སོ། །བཞི་པ་ལྷ་རྟོག་དབྱེར་མེད་ཀྱི་སྒྱུ་འཕྲུལ་དྲ་བ་ནི༑ རྟོག་ཚོགས་ཐམས་ཅད་སེམས་ཀྱི་རང་སྣང་ཙམ། སེམས་ཀྱི་རང་བཞིན་ཇི་ལྟར་གནས་པ་ཉིད་འཆིང་གྲོལ་མེད་པའི་གནས་ལུགས་ཀྱི་ངོ་བོར་གདོད་ནས་དག་ཀྱང་། དེ་ཉིད་མ་རྟོགས་པས་འཁོར་བར་འཁྱམས་ཏེ་སྡུག་བསྔལ་བར་གྱུར་པ་ཡིན་མོད། དེ་ཡང་ཤེས་རབ་ཀྱིས་དཔྱད་ན། འཁོར་བ་ནི་མེད་སྣང་གློ་བུར་བའི་ཆོས་ཡིན་པས་འཁོར་བར་སྣང་ཙམ་ནས་དེ་ལྟར་མ་གྲུབ་པའི་ཕྱིར། འཆིང་གྲོལ་མེད་པའི་རང་བཞིན་ཇི་ལྟ་བ་རྟོགས་ན་མྱ་ངན་ལས་འདས་པ་ཞེས་བྱ་བ་སྟེ། དེས་ན་ལྷ་སྐུའི་རང་བཞིན་ཡང་གཞན་ནས་བྱོན་ཏེ་དངོས་གྲུབ་སྟེར་བ་ལྟ་བུ་མ་ཡིན་གྱི་རང་སེམས་ཀྱི་རིག་རྩལ་མ་འགག་པའི་ངོར་རང་སྣང་བ་ཙམ་སྟེ། དེ་
ལས་ལོགས་སུ་བཟུང་ན་ཕན་བྱེད་ཀྱི་སྨན་བསྟེན་པ་རེག་ཕུང་གི་དུག་ཏུ་འགྲོ་བ་བཞིན་ནོ། །དེའི་ཕྱིར་ན་རྟོག་ཚོགས་ལྷར་དག ལྷ་ཡེ་ཤེས་སུ་དག ཡེ་ཤེས་གཟུང་འཛིན་དང་བྲལ་བ་དེ་ལྷ་རྟོག་དབྱེར་མེད་ཀྱི་སྒྱུ་འཕྲུལ་དྲ་བ་ཞེས་བྱའོ། །ཡང་འདི་ཉིད་ཀྱི་ལེའུ་བཞི་པར། ཡབ་ལ་སྒྱུ་འཕྲུལ་དང་། ཡུམ་ལ་དྲ་བར་བཤད་ཅིང་རྡོ་རྗེ་གཡུང་དྲུང་འཁྱིལ་པའི་མདོ་ལས། དྲ་བ་ཅིར་ཡང་འགྱུར་བ་སྟེ། །མདོ་རྒྱུད་འབྲེལ་ཅིང་ཟང་ཐལ་བ། །ཐམས་ཅད་སྡུད་ཅིང་ཤོང་བའི་ཕྱིར། །ཡུམ་ལ་དྲ་བ་ཞེས་བཤད་དོ། །ཞེས་གསུངས་པ་སྟེ་གང་ལྟར་བཤད་ཀྱང་རྡོ་རྗེའི་ཚིག་ཡིན་པས་མི་འགལ་ལོ། །དེས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ཞེས་པའི་མཚན་བསྟན་པ་དེ་སོང་ནས། གཉིས་པ་ཆེ་བ་ལས་མཚན་དུ་བཏགས་པ་ནི། ལུང་གི་སྤྱི་ཞེས་པ་སྟེ། དེ་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། སོ་སོར་བསྟན་པ་རྒྱ་མཚོའི་རྒྱུད། །འདིར་སྟོན་འདིས་སྟོན་འདི་ཕྱིར་སྟོན། །དོན་ཀུན་འདི་ལ་ཡོངས་རྫོགས་པས། །ལུང་གི་སྤྱི་ཞེས་བཤད་པ་ཡིན། །ཞེས་པ་སྟེ། དེ་ཡང་འདིར་སྟོན་པ་ནི། སྟོན་པས་གདུལ་བྱའི་ཁམས་དང་འཚམས་པར་བསྟན་པའི་ཆོས་ནི་བསམ་གྱིས་མི་ཁྱབ་པ་ཟབ་ཅིང་དཔག་པར་དཀའ་བའི་ཕྱིར་ན་རྒྱ་མ ཚོའི་རྒྱུད་དེ། དེ་ལྟར་ལེགས་པར་གསུངས་པའི་བསྟན་པ་རྒྱ་མཚོ་མཐའ་དག་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཀྱི་ནང་དུ་རྫོགས་པར་སྟོན་པ་དོན་གྱི་སྟེ། རྒྱས་པ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི༑ ༑རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབས་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་གསུངས། འདིས་སྟོན་པ་ནི། ཐེག་པ་མཐའ་ཡས་པ་ཅི་མཆིས་པ་དེ་དག་གི་དོན་མ་ལུས་པ་ནི་འདི་ཉིད་ལས་འཕྲོས་ཏེ་སྟོན་པ༑ འདི་ནི་བསྟན་པ་ཐམས་ཅད་ཀྱི་སྤྱི་འགྲེལ་ལྟ་བུར་གྱུར་པའི་དོན་ཏེ། འདི་ཉིད་༼ལས༽། འདུལ་བ་མདོ་སྡེ་མངོན་པ་དང་། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་ཀུན་ཏུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །རང་བཞིན་གསང་བའི་སྙིང་པོ་ནི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་
ལ་ངེས་པར་འབེབས། །ཞེས་སོ། །འདི་ཕྱིར་སྟོན་པ་ནི། ཐེག་པའི་སྒོ་གང་ནས་ཞུགས་ཀྱང་མཐར་ཐུག་བགྲོད་པ་གཅིག་ཏུ་གྱུར་པའི་ལམ་མཆོག་འདི་ལས་གཞན་དུ་འདའ་ས་མེད་པས་ན༑ ཐམས་ཅད་འདི་ཉིད་ཀྱི་ལམ་སྟེགས་སུ་གྱུར་པ་སྟེ། འདི་ཉིད་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་དང་། སློབ་དཔོན་ཆེན་པོའི་རྡོ་རྗེའི་གསུང་ལས། རྒྱལ་བ་རྣམས་ཀྱིས་བློ་རིམ་བཞིན༔ བསམ་ཡས་ཐེག་པའི་ཆོས་ཀྱི་སྒོ༔ ཇི་སྙེད་བསྟན་པ་ཐམས་ཅད་ཀྱང༔ འདིར་འཇུག་ལམ་སྟེ་འདི་ཉིད་ཀྱིས༔ གྲུབ་པའི་མཐའ་ཀུན་གཏན་ལ་འབེབས༔ ཞེས་གསུངས་པ་ལྟར་རོ། །སྤྱིར་ལུང་ལ་སྒྱུ་འཕྲུལ་རྡོ་རྗེ་ལས། དྲི་མ་མེད་པའི་ལུང་དེ་ཉིད། །ལས་དང་ཡེ་ཤེས་སྤྱི་ཉིད་ཀྱི། །རྫོགས་པས་རྫོགས་ཕྱིར་ལུང་ཉིད་དོ། །ཞེས་པས། འདུལ་བ། མདོ་སྡེ། མངོན་པ་སྟེ། མཚན་ཉིད་སྡེ་གསུམ་ལ་རྒྱ་མ་ལས་གྱི་ལུང་། ཀྲི་ཡ། ཨུ་པ། ཡོ་ག་སྟེ་ཕྱི་རྒྱུད་སྡེ་གསུམ་ལ་ཡེ་ཤེས་ལྷའི་ལུང་། མ་ཧཱ༑ ཨ་ནུ། ཨ་ཏི་གསུམ་ལ་བྱ་བྲལ་རྫོགས་པའི་ལུང་ཞེས་བཤད་པ་ལས་དེ་དག་ཐམས་ཅད་ཀྱི་སྤྱི་གཞིར་གྱུར་པས་ལུང་གི་སྤྱི་ཞེས་བཤད་པའོ། །གསུམ་པ་མན་ངག་གི་མཚན་ནི། དོན་རང་གི་ངོ་བོ་ལ་བཏགས་པ་ནི། འགྲེལ་ཆུང་ལས། སྔོན་དུ་འགྲོ་བའི་བདག་ཉིད་པས། །མིང་ཉིད་ཐོག་མར་སྨོས་པ་གཅེས། །ཞེས་པ་ལྟར་གླེགས་བམ་གྱི་ཀླད་དུ་ུབཀོད་པའི་མཚན་ཏེ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པ་སྟེ། དེ་ལ་ཡང་མཚན་སྨོས་པའི་དགོས་པ། དེའི་དོན། བརྒལ་ལན་དང་གསུམ་གྱི་དང་པོ་ནི། ལང་ཀར་གཤེགས་པ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་སེལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་གསུངས་པས་ན་སྨན་སྣོད་ཀྱི་ཁ་བྱང་ལྟར་གླེགས་བམ་བཙལ་སླ་བ་ལ་སོགས་པའི་དགོས་པ་སོགས་མང་དུ་ཡོད་དོ། །གཉིས་པ་ནི། བི་མ་ལའི་འགྲེལ་ཆུང་དུ། རང་བཞིན་གསང་བ་ཞེས་བྱ་སྟེ། །ཆེ་བ་ཞེས་པ་སྙིང་པོའི་དོན། །དེ་ཁོ་ན་ཉིད་མཚན་ཉིད་དེ། །ངེས་པས་ངེས་དོན་མདོར་བསྟན་པའོ། །ཞེས་གསུངས་པ་ལྟར། གསང་བ་ཞེས་
པ་རང་བཞིན། སྙིང་པོ་ཞེས་པ་ཆེ་བ། དེ་ཁོ་ན་ཉིད་མཚན་ཉིད། ངེས་པ་ནི་ངེས་དོན་མདོར་བསྟན་པ་སྟེ་བཞིར་ཡོད་པ་ལས། དང་པོ་གསང་བ་བཤད་པ་དེ་ལ་ཡང་རང་བཞིན་དང་། གབ་པ་དང་། སྦས་པ་དང་། མི་བསྟན་པའི་གསང་བ་སྟེ་བཞིར་ཡོད་པ་ལས། རང་བཞིན་གྱི་གསང་བ་ནི། གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པའི་གནས་ལུགས་དེ་བཞིན་ཉིད་དེ་འཁོར་འདས་ཐམས་ཅད་ལ་མཉམ་པ་ཉིད་དུ་གནས་པ་ནི་རྒྱལ་བའི་གསང་མཛོད་ཆེན་པོ། ཟབ་ཅིང་གཏིང་དཔག་དཀའ་བའི་གནས་སུ་གྱུར་པ་སྟེ། དེ་ཡང་གཞན་གྱིས་སྦས་པ་ལྟ་བུ་མ་ཡིན་པར་ཡེ་ནས་རང་བཞིན་གྱིས་རྟོགས་པར་དཀའ་བའི་དོན་གྱིས་ཏེ་རྣམ་སྣང་མངོན་བྱང་ལས། བྱིས་པ་མི་ཤེས་པས་བསྒྲིབས་པས། །ཚུལ་འདི་ཤེས་པར་མ་གྱུར་ཏེ། །སངས་རྒྱས་གཞན་དུ་འཚོལ་བར་བྱེད། །འདི་ན་གནས་པ་ཡོང་མ་མཐོང་། །ཞེས་དང་། སྒེག་པ་རྡོ་རྗེའི་འགྲེལ་པ་སྤར་ཁབ་ལས། དེ་ཉིད་རང་སྣང་བའི་དངོས་པོ་རིལ་མི་ཟད་པ་རྒྱན་གྱི་འཁོར་ལོ་རང་རྒྱུད་དུ་གནས་པས་:བརྟགས་༼རྟགས་༽བསྒྲིབས་པའོ། །གཉིས་པ་གབ་པའི་གསང་བ་ནི། གང་གབ་ན། སེམས་ཀྱི་ཆོས་ཉིད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་གདོད་ནས་གནས་པ་དེ་དང་། མཚོན་བྱེད་ཡི་གེའི་རྒྱུད་ཀྱི་ཚིག་དོན་ཕུན་སུམ་ཚོགས་པ་དེ། གང་ལ་ན། གདུལ་བྱ་:རང་༼རས་༽ཆོད་ཅན་ལ། ཚུལ་ཇི་ལྟར་ན། རང་གསང་ཐབས་ཀྱིས་ཆོད་པའི་ཚུལ་གྱིས་ཏེ༑ འདི་ཉིད་ཀྱི་ལེའུ་གཉིས་པ་ལས། ཨེ་མ་ཧོ། ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་དང་། རྒྱུད་བླ་མ་ལས། ཇི་ལྟར་མི་དབུལ་ཁྱིམ་གྱི་ས་འོག་ན། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ཀྱང་། །མི་དེས་དེ་མ་ཤེས་ཤིང་གཏེར་དེས་ཀྱང་། །དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། །དེ་ཕྱིར་སེམས་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བསལ་དང་བཞག་མེད་ཡེ་ཤེས་ཏེ༑ ༑མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་ཀུན་ཏུ་སྐྱེ་རྒུ་འདིས་མྱོང་ངོ་། །ཞེས་གསུངས་པ་ལྟར་རོ། །
གསུམ་པ་སྦས་པའི་གསང་བ་ནི། གསང་སྔགས་བླ་ན་མེད་པའི་ལྟ་བ་ཕུལ་དུ་བྱུང་བ་དང་། སྒོམ་པ་རྨད་དུ་བྱུང་བ། སྤྱོད་པའི་ཁྱད་པར་ལྔ་གསུམ་བཅོ་ལྔ་ལ་སོགས་པ་རྣམས། གང་ལ་སྦ་ན། གང་ཟག་རྨོངས་པ་གསང་སྔགས་སྒྲ་ཇི་བཞིན་པར་སྤྱོད་པ་རྣམས་ལའོ། །ཚུལ་ཇི་ལྟ་བུས་སྦ་ན་ཏ་ན་དང་ག་ན་སོགས་པའི་སྒྲ་དང་བརྡའ་ལ་སོགས་པའི་ཚུལ་གྱིས་ཏེ། གསལ་བཀྲ་ལས། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །བློ་ཆུང་ཐེག་པ་དམན་ལ་གསང་། །གསང་ཐུབ་དངོས་གྲུབ་མི་ཡལ་བས། །གསང་ཕྱིར་བརྡའ་དག་སྣ་ཚོགས་གསུང་། །ཞེས་སོ། །དེ་ལྟར་སྦས་པ་ལ་དགོས་ཆེད་གང་ཡོད་ཅེ་ན། རྒྱས་པ་ལས། མ་རྟོགས་པ་ཡིས་སྤྱད་གྱུར་ན། །ཡི་དྭགས་སྲིན་པོའི་གནས་སུ་སྐྱེ། །ཞེས་གསུངས་སོ། །བཞི་པ་མི་བསྟན་པའི་གསང་བ་ནི། དེའི་ཕྱིར་ན་གསང་སྔགས་ཐུན་མོང་མ་ཡིན་པའི་དམ་ཚིག་གི་རྫས། རྡོ་རྗེ་དང་། དྲིལ་བུ་དང་། ཁ་ཊྭཾ་ཀ རུས་པའི་རྒྱན་དྲུག་ལ་སོགས་པ་རྣམས་ཀྱང་ཐེག་པ་འོག་མ་པ་རྣམས་དང་སོ་སོ་སྐྱེ་བོ་ལོག་སྲེད་ཅན་རྣམས་ལ་སྟོན་པར་མི་བྱ་བ་སྟེ། དེ་དག་གིས་སྒྲོ་འདོགས་དང་སྐུར་བ་ལ་བརྟེན་ནས་དེ་དག་གནས་ངན་དུ་ལྷུངས་ཤིང་། རང་ཉིད་ཀྱང་གསང་སྒོ་འཆོལ་བའི་ཉེས་པས་ཉམས་པར་འགྱུར་བའོ། །དེ་ཡང་སྒེག་པ་རྡོ་རྗེས་རང་བཞིན་སོགས་གསུམ་དང་། བི་མ་ལས་མི་བསྟན་པའི་གསང་བ་བསྣན་ཏེ་བཞིར་ཕྱེ་ནས་བཤད་པའི་རྗེས་སུ་འབྲངས་ནས་དེ་ལྟར་སྤྲོས་པ་ཙམ་ལས། མདོར་སྒྲིལ་ན་རང་བཞིན་གྱིས་གསང་བ་ནི་གབ་པའི་གསང་བར་འདུ་ལ། མི་བསྟན་པའི་གསང་བ་ནི། སྦས་པའི་ནང་མཚན་དུ་འདུ་བས་ན་རྟོགས་དཀའ་བ་དང་། རྟོགས་སུ་མི་རུང་བའི་ཁྱད་པར་གྱིས་གབ་སྦས་གཉིས་སུ་འདུ་བ་ཡིན་ཏེ། འདི་ཉིད་ལས། ཁོང་ནས་གབ་སྦས་དོན་འབྱིན་པ། །ཞེས་དང་། ལེའུ་བཅོ་ལྔ་པར། གབ་པའི་གསང་བ་མ་རྟོགས་པར་སྦས་པའི་གསང་བ་ལ་མངོན་པར་འཆེལ་ནས་ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་སྙིང་པོ་བཤད་པ་ནི། སཱ་ར། ཧྲཱི་ད། གརྦྷ། ཞེས་པའི་སྒྲ་ལས་དོན་གསུམ་ལ་འཇུག་སྟེ། དེ་ཡང་སཱ་ར་ཞེས་པའི་སྒྲ་ལས་དྲངས་ན། གཅིག་ལས་དུ་མ་འཕྲོ་བའི་གཞི་ལྟ་
བུ་ལ་འཇུག་པ་ཡིན་ཏེ། མཚོན་བྱ་རང་བཞིན་གཞིའི་རྒྱུད་རིག་པ་རང་བྱུང་གི་ཡེ་ཤེས་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་གནས་པ་དེ་ཉིད་རྟོགས་པ་དང་མ་རྟོགས་པ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་ཞིང་། རང་བཞིན་གཞིའི་རྒྱུད་དེ་གཏན་ལ་འབེབ་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་འདི་ཡང་བསྟན་པ་དང་ཐེག་པ་ཐམས་ཅད་ཀྱི་འཕྲོ་གཞིར་གྱུར་པའི་དོན་གྱིས་ཏེ། འདི་ཉིད་ལས། ཕྱོགས་བཅུ་རྣམས་སུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །ཞེས་བཤད་པའི་ཕྱིར། གཉིས་པ་ནི། ཧྲཱི་ད་ཡ། ཞེས་པའི་སྒྲ་ལས་སྲོག་གམ་སྙིང་ལྟར་གཅེས་སྤྲས་སུ་བྱ་བའི་དོན་གྱིས་ཏེ། བསྟན་པ་དང་ཐེག་པའི་སྒོ་གང་འདྲ་ཞིག་ནས་ཞུགས་ཀྱང་མཐར་ཐུག་བགྲོད་པ་གཅིག་པའི་ལམ་མཆོག་འདི་ལས་འདའ་ས་མེད་པའི་དོན་གྱིས་ན་ཐར་འདོད་ཀུན་གྱི་བསྟེན་བྱར་གྱུར་པ་སྟེ། འདི་ཉིད་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་དང་། ལེའུ་ཐ་མ་ལས། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་དང་། གཞན་ཡང་། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །ཞེས་སོ། །གསུམ་པ་ནི། གརྦྷ་ཞེས་པའི་སྒྲ་ལས་བཅུད་འདུས་པའི་དོན་གྱི་སྙིང་པོ་སྟེ། དེ་ཡང་། རྟོག་ཚོགས་ལྟར་སྣང་བའི་ཆོས་ཐམས་ཅད་གདོད་མ་ནས་ལྷའི་ངོ་བོར་རྣམ་པར་དག་པས་འཁོར་འདས་མཉམ་ཉིད་དུ་དག་པ་སྟེ། རྫོགས་པ་ཆེན་པོ་རྒྱུད་སེང་གེ་རྩལ་རྫོགས་ལས། འཁོར་བ་དང་ནི་མྱ་ངན་འདས། །གཉིས་སུ་གདགས་སུ་ག་ལ་ཡོད། །ཅེས་དང་། བྱང་ཆུབ་སེམས་འགྲེལ་ལས། འཁོར་བ་མྱ་ངན་འདས་པ་ཡི། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། དེ་ལྟར་འཁོར་འདས་དབྱེར་མེད་དུ་གཏན་ལ་འབེབས་པའི་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་བླ་མར་གྱུར་པ་སྟེ། སློབ་དཔོན་ཆེན་པོས། དེ་ཕྱིར་འདི་ནི་ཆོས་ཀུན་གྱི༔ བླ་མ་ཉིད་དུ་གྱུར་པའོ༔ ཞེས་དང་། དེའི་ཕྱིར་ན་དབུས་ན་གནས་པའམ་བཅུད་འདུས་པའི་དོན་གྱིས་སྙིང་པོ་སྟེ། རྒྱས་པ་ལས། བླ་མེད་དོན་རྟོགས་ཐབས་ཆེན་འདི་
དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་དང་། རྡོ་རྗེ་ཕྲེང་བ་ལས། ཆོས་རྣམས་དབུས་ན་གནས་པའི་ཁམས། །ཁྱབ་ཅིང་སྤྱོད་ཡུལ་མ་ཡིན་ཏེ། །ཞེས་གསུངས། གསུམ་པ། དེ་ཁོ་ན་ཉིད་བཤད་པ་ལ་གསུམ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། རྒྱུ་འབྲས་གཉིས་སུ་མེད་པ་ལ། །དེ་ཉིད་ངོ་བོ་སྐབས་ཀྱིས་གསུམ། །ཞེས་པས། མ་བཅོས་པའི། མ་ནོར་བའི། གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དང་གསུམ་ལས། དང་པོ་ནི། ཆོས་ཐམས་ཅད་རང་རིག་ལས་གཞན་དུ་མེད་པའི་ཕྱིར། སྣང་སྟོང་གཉིས་མེད་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བློས་མ་བཅོས་པར་བཞག་པ་ནི་མ་བཅོས་པའི་དེ་ཁོ་ན་ཉིད་དེ། དེ་ལ་རྒྱུའི་དེ་ཁོ་ན་ཉིད་ཅེས་ཐ་སྙད་དུ་བྱས་པའོ། །གཉིས་པ་ནི། སྐུ་དང་ཡེ་ཤེས་དེ་ཉིད་ཕྱག་རྒྱའི་དཀྱིལ་འཁོར་མང་པོ་རང་སྣང་བ་མངོན་སུམ་དུ་བྱུང་བ་ནི་མ་ནོར་བའི་དེ་ཁོ་ན་ཉིད་དེ། དེ་ལ་འབྲས་བུའི་དེ་ཁོ་ན་ཉིད་ཅེས་གདགས་པའོ། །གསུམ་པ་ནི། རང་བཞིན་བདེན་པ་དབྱེར་མེད་ཀྱི་ཡེ་ཤེས་ལ་ཤེས་བྱའམ་བསྒྲུབ་བྱ་གཞན་མེད་པའི་ཕྱིར་དབྱེ་བ་མ་གྲུབ་པས་རྒྱུ་གཉིས་སུ་མེད་པ་སྟེ། རྒྱས་པ་ལས། ཇི་སྙེད་བརྗོད་པའི་ཁ་བརྒྱུད་ཀྱང་། །ཡང་དག་དོན་གྱི་སྙིང་པོ་འདི། །གཞན་དུ་བཙལ་བས་མ་རྙེད་དེ། །རང་སེམས་སྒྲིབ་མེད་དག་པ་ཡིན། །ཞེས་སོགས་གསུངས་པ་ནི༑ རྒྱུ་འབྲས་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་དོ། །བཞི་པ་ངེས་པ་ཞེས་པའི་དོན་བཤད་པ་ནི། སྐལ་དམན་གྱི་གདུལ་བྱ་ལ་དྲང་པའི་དོན་ཙམ་བསྟན་པ་ལྟ་བུ་མ་ཡིན་པར། སྐལ་ལྡན་དབང་པོ་ཡང་རབ་ལ་རྒྱལ་བའི་དགོངས་པའི་ཞེ་ཕུགས་ཇི་ལྟ་བར་བསྟན་པའི་དོན་ཏེ། དེ་ལ་ཡང་དབྱེ་ན། གཞི་དང་། ལམ་དང་། འབྲས་བུའོ། །དང་པོ་གཞིར་ངེས་པ་ནི། རྩ་དང་ཐིག་ལེ་བདེ་བའི་རོ་དང་བཅས་པ་ནི་གཞིར་ངེས་པ༑ ཐབས་ཀྱི་རྒྱུད་ཀྱི་ངོ་བོ་དེ་ཉིད་དུ་བྱེད་པ་ནི་ལམ་དུ་ངེས་པ། ལམ་དེས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དེ་བཞིན་གཤེགས་པའི་དགོངས་པ་མངོན་དུ་སྣང་བ་ནི་འབྲས་བུར་ངེས་པ་སྟེ། དེ་སྐད་དུ་ཡང་། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །ཅེས་སོ། །གཞན་ཡང་། གཞིའི་རྒྱུད་རྟོགས་པར་དཀའ་བས་གསང་བ། ལམ་གྱི་རྒྱུད་བཅུད་
འདུས་པས་སྙིང་པོ། འབྲས་བུའི་རྒྱུད་ཕྱིན་ཅི་མ་ལོག་པས་དེ་ཁོ་ན་ཉིད། དེ་ཉིད་སྒྲོ་སྐུར་དང་བྲལ་བར་གཏན་ལ་ཕེབས་པ་ནི་ངེས་པའོ་ཞེས་ཀྱང་བཤད་དུ་ཡོད་དེ། རྒྱུད་ཕྱི་མ་ལས། གསང་བ་ཆོས་འབྱུང་ལ་བཤད་དེ། །སྙིང་པོའང་དེ་ཡི་ཐབས་ཅན་ནོ། །གཉིས་པོ་ཕྱིན་ཅི་མ་ལོག་ཕྱིར། །དེ་ཉིད་དོ་འདིར་རྣམ་ངེས་སོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་། མཚན་ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་ནང་ལྟར་བཤད་པ་དང་། འོག་སྒོ་ལྟར་སྦྱར་ཏེ་གསང་བ་ལྟར་འཆད་པའི་སྲོལ་གཉིས་ཡོད་པ་ལས། དང་པོ་ལ་ཡང་། སྙིང་ཁའི་འཁོར་ལོ་དང་སྦྱར་ཏེ་བཤད་པ་དང་། འཁོར་ལོ་བཞི་དང་མཚན་བཞི་སྦྱར་ཏེ་བཤད་པ་གཉིས་ལས་དང་པོ་ནི། སྙིང་ཁ་ཆོས་ཀྱི་འཁོར་ལོ་དྭངས་མ་ལྔ་འདུས་ཀྱི་དབུས་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་ཡེ་ནས་གནས་ཀྱང་རང་གསང་ཐབས་ཀྱིས་ཆོད་ནས་མ་རྟོགས་པ་ནི་གསང་བ། ཐིག་ལེ་དེ་ལ་ཤེས་བྱ་དང་བསྒྲུབ་བྱའི་བཅུད་འདུས་པས་ན་སྙིང་པོ། མན་ངག་གི་ཐབས་དང་ལྡན་པས་ཉམས་སུ་བླངས་པའི་ཚེ་ན་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་འཆར་བ་ལ་མི་བསླུ་བས་ན་དེ་ཁོ་ན་ཉིད། སྙིང་པོའི་ཐིག་ལེ་དེ་ཉིད་གཞི་ལམ་འབྲས་གསུམ་ཀའི་ངོ་བོར་གྱུར་པས་ན་ངེས་པའོ། །གཉིས་པ་ནི། ལྟེ་བའི་རྩ་འཁོར་གྱི་དབུས་ན་དབྱིངས་ཕྱུག་ལྔའི་ཐིག་ལེ་ཡི་གེ་ཨཾ་ཡིག་གི་རྣམ་པ་ཅན་མཁའ་གསང་གི་སྣ་རྩེའི་ཐིག་ལེ་དང་འབྲེལ་བར་གནས་པ་ནི། ཀུན་གྱི་སྤྱོད་ཡུལ་མ་ཡིན་པས་གསང་བ། སྙིང་ཁའི་འཁོར་ལོའི་དབུས་ཀྱི་མི་ཤིགས་པའི་ཐིག་ལེ་དེ་ཆོས་ཐམས་ཅད་ཀྱི་བཅུད་འདུས་པས་སྙིང་པོ། མགྲིན་པའི་རྩ་འདབ་ཀྱི་དབུས་ན་མཁའ་འགྲོ་མ་རྔམ་མའི་ཐིག་ལེ་གནས་པ་དེ་ཉིད་འོད་དུ་འབར་བ་ལས་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེད་པར་བྱེད་པས་དེ་ཁོ་ན་ཉིད། སྤྱི་བོའི་རྩ་འཁོར་གྱི་དབུས་ན་ཀུན་ཏུ་བཟང་པོ་ཟླ་བའི་ཐིག་ལེ་ཡི་གེ་ཧཾ་ཡིག་གི་རྣམ་པར་གནས་པ་དེ་ནི་བདེ་བ་ཆེན་པོའི་ཡེ་ཤེས་རྒྱལ་བའི་དགོངས་པའི་མཐར་ཐུག་ཡིན་པས་ངེས་པ་ཞེས་བཤད། གཉིས་པ་འོག་སྒོ་དང་སྦྱར་ཏེ་གསང་བ་ལྟར་བཤད་པ་ནི། ལུས་ཅན་རྣམས་ཀྱི་ལུས་ལ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་
པ་གནས་པའི་ནང་ན་ཐིག་ལེ་བདེ་བའི་ཡེ་ཤེས་ཀྱི་རོ་དང་བཅས་ཏེ་རང་ཆས་སུ་གནས་ཀྱང་ངོ་མ་ཤེས་པ་ནི་གསང་བ། ཐིག་ལེ་དེ་གཉིས་ལ་རྒྱུ་འབྲས་ཀྱི་བཅུད་འདུས་པས་སྙིང་པོ་བྱེད་པོ་སྡོམ་པོ་རླུང་དང་བཅས་པས་ཐབས་ཀྱི་ལམ་ཉམས་སུ་བླངས་པས་བདེ་ཆེན་ལྷན་སྐྱེས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པ་དེ་ཁོ་ན་ཉིད། ཐིག་ལེ་དེ་ཉིད་གཞི་ལམ་འབྲས་གསུམ་གྱི་དངོས་གཞིར་ངེས་པ་ནི་ངེས་པ་སྟེ་དེ་ལྟར་དུ་ཡང་བཤད་དུ་ཡོད་པའི་ཕྱིར་རོ། །གཞན་ཡང་འདི་ལྟར་དུ་འཆད་པའི་ཚུལ་ཡང་ཡོད་དེ། ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་གནས་ལུགས་དེ་བཞིན་ཉིད་ནམ་མཁའི་དབྱིངས་ལྟར་ཁྱབ་ཅིང་རྟག་པའི་བདག་ཉིད་ཅན་དུ་བཞུགས་པའི་དཔལ་ཀུན་ཏུ་བཟང་པོ་སྟེ་དེ་ཉིད་ཤིན་ཏུ་རྟོགས་དཀའ་བའི་ཕྱིར་ན་གསང་བ། དེ་ཉིད་རྟོགས་བྱེད་ཐབས་ཀྱི་ལམ་དང་། རྗོད་བྱེད་ཟབ་ཅིང་རྒྱ་ཆེ་བ་རྣམས་ནི་བསྟན་པ་ཐམས་ཅད་ཀྱི་བཅུད་འདུས་པས་སྙིང་པོ། གཞི་མི་འགྱུར་བ་དང་ལམ་གྱིས་དེ་རྟོགས་པ་ལ་མི་བསླུ་བས་དོན་ལ་ཕྱིན་ཅི་མ་ལོག་པའི་ཕྱིར་དེ་ཁོ་ན་ཉིད། དེ་ཉིད་རྒྱལ་བའི་དགོངས་པ་མཐར་ཐུག་ཡིན་པའི་ཕྱིར་ངེས་པའོ། །ཞེས་དང་། འཁོར་འདས་དབྱེར་མེད་ནི་གཞི་གསང་བའི་སྙིང་པོ༑ དེ་ཉིད་འཆིང་གྲོལ་མེད་པར་རྟོགས་བྱེད་བསྐྱེད་རྫོགས་ཟུང་འཇུག་ནི་ལམ་དེ་ཁོ་ན་ཉིད། དེས་མཐར་ཐུག་གི་འབྲས་བུ་མངོན་ཏུ་གྱུར་པ་ནི་འབྲས་བུ་འཆིང་གྲོལ་མེད་པར་ངེས་པའོ། །ཞེས་ཀྱང་བཤད་དུ་རུང་སྟེ་རྡོ་རྗེའི་ཚིག་ཡིན་པས་ན་སྤྲོས་ཆོག་གོ་ཞེས་ངེས་པར་ཐམས་ཅད་མཁྱེན་པ་དྷརྨ་ཤྲཱིའི་བཞེད་པའོ། །གསུམ་པ་རྩོད་སྤོང་ལ། མཚན་རྒྱུད་དོན་ཡིན་མིན། མཚན་དུ་རྒྱུད་དོན་འདུས་མ་འདུས། མན་ངག་ཁོ་ནའི་མཚན་ནས་སྨོས་པའི། རྒྱ་སྐད་མི་སྨོས་པར་བོད་སྐད་སྨོས་པའི་རྩོད་སྤོང་དང་བཞི། དང་པོ་ལ་བརྒལ་བ་དང་། ལན་གཉིས། འགའ་ཞིག་ན་རེ། མཚན་རྒྱུད་དོན་ཡིན་ནམ་མིན། ཡིན་ན་གླེང་གཞི་གླེང་བསླང་དགོས་མེད་དུ་ཐལ། དམ་བཅའ་འཐད་པ་གང་ཞིག གླེང་གཞི་གླེང་བསླང་གི་གོང་དུ་རྒྱུད་དོན་བྱུང་བའི་ཕྱིར། མཚན་རྒྱུད་དོན་མིན་ན༑ རྒྱུད་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་ཡང་རབ་དེས་མཚན་ཐོས་པས་རྒྱུད་དོན་
མི་རྟོགས་པར་ཐལ། རྟགས་ཁས། ཁྱབ་པ་ཚད་མས་གྲུབ། འདོད་ན། རབ་ལ་མཚན་བསྟན་སོགས་མི་འཐད་པར་འགྱུར་རོ་ཟེར་ན། ལན་ལ། གོང་མ་དག་གི་བཞེད་ཚུལ་མང་ཡང་མཁས་གྲུབ་ཆེན་པོ་གཡུང་སྟོན་རྡོ་རྗེ་དཔལ་གྱི་བཞེད་པའི་རྗེས་སུ་འབྲངས་ཏེ། མཚོན་བྱ་རང་བཞིན་གྱི་རྒྱུད་དོན་སེམས་ཀྱི་ཆོས་ཉིད་རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་གནས་པ་ནི་མཚོན་བྱ་རང་བཞིན་གྱི་རྒྱུད་དོན། དེ་མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་ནི་རྒྱུད་དབུ་ཞབས་ཀྱི་དོན་ཐམས་ཅད། དེ་གཉིས་ཀའི་མཚན་ཐུན་མོང་ནི་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པ་སྟེ། མདོར་ན་རྒྱུད་གྱི་དོན་ནི། རྟོགས་དཀའ་བ། བཅུད་འདུས་པ། གཞན་སེལ་བ། ཐེ་ཚོམ་དང་བྲལ་བ། དེ་ལས་དོན་གཞན་ལྷག་མ་མེད་པའོ། །དེས་ན། རང་བཞིན། ཆེ་བ་དང་། མཚན་ཉིད་དང་། ངེས་པའི་དོན་མཚོན་པར་བྱེད་པའི་མིང་ཡིན་གྱི། མིང་གི་དོན་མཚོན་པར་ནུས་པ་ཙམ་གྱིས་མིང་དེ་དོན་རང་གི་ངོ་བོ་ཡིན་པའི་ཁྱབ་པ་མེད་དེ། ཞེས་གསུངས་པ་སྟེ་ཤིན་ཏུ་ལེགས་སོ། །གཉིས་པ་ལ། མཚན་དུ་རྒྱུད་དོན་འདུས་སམ་མ་འདུས། འདུས་ན་དངོས་པོ་བཅུ་དང་སྦྱོར། མ་འདུས་ན་དབང་པོ་རབ་ཀྱིས་མཚན་ལ་བརྟེན་ནས་རྒྱུད་དོན་རྟོགས་པ་འགལ་ལོ་ཞེ་ན། རྒྱུད་ཀྱི་དངོས་པོ་བཅུ་དང་མཚན་དངོས་སུ་སྤྲད་ནས་སྦྱར་དུ་མེད་ཀྱང་མཚན་གྱི་དོན་གཞི་ལམ་འབྲས་གསུམ་དུ་གནས་པས་དེར་རྒྱུད་ཀྱི་དོན་ཐམས་ཅད་འདུས་པའོ། །དངོས་སུ་མི་གསལ་བ་ནི། དབང་པོ་རབ་ལ་དོན་གཙོ་ཆེ་བའི་ཕྱིར་རོ། །ཞེས་སོ། །གསུམ་པ་ནི། རྒྱུད་འདི་ལ། རྒྱུད། ལུང་། མན་ངག་གི་མཚན་གསུམ་དུ་ཡོད་པའི་འདི་ལ་མན་ངག་ཁོ་ནའི་མཚན་ནས་སྨོས་པའི་དགོས་པ་གང་ཞེ་ན། གསང་ཆེན་མ་ཧཱ་ཡོ་ག་ལ་ནང་གསེས་ཀྱིས་མ་ཧཱའི་རྒྱུད་མ་ཧཱ། མ་ཧཱའི་ལུང་ཨ་ནུ། མ་ཧཱའི་མན་ངག་ཨ་ཏི་སྟེ་གསུམ་དུ་ཡོད་པ་ལས། རྒྱུད་འདི་ནི་མ་ཧཱའི་མན་ངག་ཨ་ཏི་ཡིན་པའི་ཕྱིར་ན། དེའི་དོན་གྱིས་ཡིན་ནོ་ཞེས་བཤད། བཞི་པ། འགའ་ཞིག་ན་རེ། རྒྱུད་འདི་རྒྱ་གར་ནས་བསྒྱུར་བ་མ་ཡིན་ཏེ་ཀླད་དུ་རྒྱ་སྐད་མ་སྨོས་པའི་ཕྱིར་ཟེར་ན། གོང་མ་རྣམས་ཀྱི་བཞེད་པ་མང་དུ་ཡོད་ཀྱང་། གནས་ལྔ་རིག་པའི་
ལོ་ཆེན་དྷརྨ་ཤྲཱི་ནི། འདིར། རྒྱ་སྐད་མེད་པས་བོད་མར་འགྱུར་བའི་ཁྱབ་པ་མེད་དེ། བོད་དུ་བརྩམས་པའི་བསྟན་བཅོས་དུ་མར་ཡང་ཀླད་དུ་རྒྱ་སྐད་བཀོད་པ་ཡོད་མོད། དེས་རྒྱ་གར་མར་མི་འགྱུར་བ་བཞིན་ནོ། །ཞེས་དང་། གཞན་ཡང་། མདོར་ན་རྒྱུད་འདི་ཡོངས་སུ་གྲགས་པའི་རྒྱ་གར་གྱི་པཎ་ཆེན་རྣམས་ཀྱིས་མང་དུ་བཀྲལ་ཞིང་། གསང་འདུས་ཀྱི་འགྲེལ་བ་བི་ཤྭ་མི་ཏྲས་མཛད་པར་ཡང་རྒྱུད་འདིའི་ལུང་མང་དུ་དྲངས་པ་དང་། དུས་ཕྱིས་ཀྱང་རྒྱ་དཔེ་རྙེད་པ་ལས་ཐར་ལོ་དང་འགོས་སོགས་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་༼བསྒྱུར་༽མཛད་པའི་ཕྱིར་ན་བོད་མར་འགྱུར་བའི་སྐྱོན་མེད་དོ། །ཞེས་གསུངས་ཤིང་། བདག་གི་བླ་མ་ནི་གཞན་རྣམས་ཀྱང་ཡིན་མོད་ཀྱི། གཙོ་བོར་ནི་ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་པའི་བཞེད་པ་ལྟར། རྒྱ་སྐད་དང་ཕྱག་གི་ངེས་བཟུང་ནི་རལ་པ་ཅན་མན་ཆད་ལ་ཡིན་གྱི་ཡན་ཆད་ལ་ཅི་རིགས་སུ་ཡོད་ཅིང་། འདིར་ཡང་བསམ་ཡས་རྒྱལ་པོའི་དུས་སུ་འགྱུར་བས་རྒྱ་སྐད་མ་སྨོས་ཏེ། མིང་གཅིག་ལན་དུ་མར་བཟླས་པ་དོན་ཆུང་བར་དགོངས་ནས་མ་བསྟན་པ་ཡིན་ནོ༑ ༑ཞེས་གསུངས་ཏེ། སྔར་གྱི་རྒྱ་དཔེ་རྣམས་ལ་བརྟགས་ཀྱང་དེ་ཁོ་ན་ལྟར་འདུག་ཅིང་ཤིན་ཏུ་ལེགས་པའོ། །ཞེས་གསུངས། དེས་དབང་པོ་རབ་ལ་རྒྱུད་ཀྱི་མཚན་བསྟན་པ་སོང་ནས། གཉིས་པ་དབང་པོ་འབྲིང་པོ་ལ་སྤྱི་དོན་རྣམ་པར་དབྱེ་བས་བཤད་པ་ལ་གཉིས་ལས། དོན་གྱི་རྣམ་གྲངས་རྣམ་པར་དབྱེ་བ་དང་། ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བའོ། །དང་པོ་ལའང་། དོན་ལ་ཞེས་པ་ནི། ཚིག་ལ་མི་རྟོན་དོན་ལ་རྟོན། དེ་ཡང་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། དེ་ཡང་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པས་སོ། །དབྱེ་ན། རྒྱུད་འབྱུང་བའི་རྒྱུ་གླེང་གཞི། རྐྱེན་གླེང་བསླང་བ། འབྲས་བུ་ཡོངས་སུ་ཤེས་པར་བྱ་བ་རྒྱུད་དོན། རྒྱུད་ཀྱི་དགོས་འབྲེལ། འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་དང་ལྔ། དང་པོ་ལ་ཡང་ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། ངོ་བོ་ནི། རྒྱུད་ཕྱི་མ་འགོས་འགྱུར་ལས། སྟོན་པ་ལ་སོགས་རབ་དབྱེ་བས། །ཕུན་སུམ་ཚོགས་པ་ལྔར་བརྗོད་
དོ༑ ༑ཞེས་པས་སྟོན་པ་གང་ཞིག གནས་གང་དུ། འཁོར་གང་དང་ལྷན་ཅིག་ཚོགས་པའི་དུས་དེའི་ཚེ་ན་རྒྱུད་དོན་འབྱུང་ངེས་པས་ཕུན་སུམ་ཚོགས་པ་ལྔ་པོ་དེ་ལ་གླེང་གཞི་ཞེས་བྱའོ། །ངེས་ཚིག་ནི། གང་གླེང་ན་བསྟན་པ། དེའི་རྒྱུ་ནི་ཕུན་སུམ་ཚོགས་པ་ལྔ་ཡིན་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་དཱ་ན་ཞེས་པའི་སྒྲ་ལས་སྦྱིན་པ་ལ་འཇུག་པ་སྟེ། བཀའ་ཡིན་མིན་གྱི་ཐེ་ཚོམ་ཅན་གྱི་བློ་ལ་ཡིད་ཆེས་ཀྱི་ངེས་པ་སྦྱིན་པའི་དོན་གྱི་ཕྱིར། དབྱེ་བ་ལ། ཁོག་གཞུང་ལས། ཐུན་མོང་གླེང་གཞི་རྣམ་གཉིས་དང་། །ཐུན་མོང་མིན་པ་རྣམ་པ་གཉིས། །ཞེས་པས། ཐུན་མོང་མ་ཡིན་པའི་དང་། ཐུན་མོང་གི་གླེང་གཞིའོ། །དང་པོ་ལ། རྒྱུད་ཀྱི་ཐོག་མར། ཨེ་ཝཾ་མ་ཡ་ཞེས་པ་ཕུན་སུམ་ཚོགས་པ་ལྔའི་བདག་ཉིད་ཡི་གེ་བཞི་སྨོས་པས་བསྟན་ཏེ། ཐུགས་ཐིག་ལས། ཡི་གེ་བཞི་ཡིས་ཤེས་པར་འགྱུར། །ཞེས་གསུངས། དེ་ལ་ཐབས་ལམ་དང་སྦྱར་ཏེ་ནང་གསང་ལྟར་འཆད་པ་དག་ཡིན་ནོ་ཞེས་པ་ནང་ལྟར་ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་བཤད་པ་དང་། གསང་བ་ལྟར་འོག་སྒོ་དང་སྦྱར་ཏེ་བཤད་པ་གཉིས་ཀྱི་དང་པོ་ནི། སྒྱུ་འཕྲུལ་རྒྱ་མཚོ་ལས། དྷརྨ་ཙཀྲ་ཆོས་ཀྱི་གནས། །འོད་བཞི་ཨེ་སོགས་དབྱིབས་སུ་གནས། །མི་ཤིགས་ཐིག་ལེ་ཝཾ་ཡིག་ཅན། །རང་ལ་བདེ་བ་གསལ་བྱེད་དག །མ་ནུ་ཡིད་སོགས་རྣམ་ཤེས་བཞི། །ཡེ་ཤེས་མྱོང་བས་བསྡུས་པར་བཤད། །ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པ། །པ་ར་མཱརྠ་དོན་ཟབ་མོ། །བདེ་བའི་དུས་ཉིད་སྔ་ཕྱི་བྲལ། །དུས་གསུམ་ཀུན་གྱི་ངོ་བོར་གནས། །ཞེས་པས། ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་བསྟན་པ་སྟེ། སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ལ་རིགས་བསྡུ་ན་བཞི་སྟེ། མདུན་ན་ཆོས་ཉིད་སྐྱེ་བ་མེད་པར་འཆར་བའི་བྱེད་ལས་མཁན་གྱི་རྩ་གསུམ་ཡོད་པ་ལ་འོད་དཀར་པོ་ཟླུམ་པོའི་རྣམ་པར་གནས། གཡས་ན་ཡེ་ཤེས་འཆར་བའི་ལས་བྱེད་པ་རྩ་གཅིག་ཡོད་པ་ལ་འོད་སེར་པོ་གྲུ་བཞི་པ། གཡོན་ན་སྤྱན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་འཆར་བྱེད་ཀྱི་རྩ་ལ་འོད་དམར་པོ་ཟླ་གམ། རྒྱབ་ན་གཉིད་རྨུགས་ཞེ་སྡང་ལ་སོགས་པ་ཉོན་མོངས་རང་རྒྱུད་དུ་འཆར་བྱེད་ཀྱི་རྩ་གསུམ་ལ་འོད་ནག་པོ་དབྱིབས་གྲུ་གསུམ་པའི་རྣམ་པར་གནས། ཨེ་སོགས་ལས་བཞིའི་དབྱིབས་མདོག་
ཅན་ནི་དོན་དམ་འོད་གསལ་གྱི་བཞུགས་གནས་ཡིན་པས་གནས་ཕུན་སུམ་ཚོགས་པའོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ལྟ་བུའི་གནས་སྙིང་ཁ་ཆོས་ཀྱི་འཁོར་ལོའི་དབུས་དེ་ན་དྭངས་མ་ལྔ་གནས་པ་སྟེ། སའི་དྭངས་མ་དར་དཀར་གྱི་སྐུད་པ་ལྟ་བུ་སྦོམ་ཕྲ་རྟ་རྔ་བཅུ་བཤགས་ཙམ་གྱི་དབུས་ན། ཆུའི་དྭངས་མ་རྒྱ་མཚལ་ལྕོག་ལའི་ཁུ་བ་ལྟ་བུ། དེའི་དབུས་ན་མེའི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ་པ། དེའི་དབུས་ན་རླུང་གི་དྭངས་མ་གསེར་ས་འོག་ན་ཡོད་པའི་རླངས་ནམ་མཁའ་ལ་རྒྱུ་བ་ཙམ་པ། དེའི་དབུས་ན་ནམ་མཁའི་དྭངས་མ་བར་སྣང་སང་སེང་གོ་འབྱེད་པའི་རྣམ་པར་གནས་པ་སྟེ། དེ་ལྟ་བུའི་དྭངས་མ་ལྔ་འདུས་ཀྱི་དབུས་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་སྟོང་གསལ་འགག་མེད་ཡི་གེ་ཝཾ་ཡིག་གི་རྣམ་པར་གནས་པ་སྟེ༑ རྡོ་རྗེ་མེ་ལོང་གི་རྒྱུད་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། གསང་འདུས་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལས་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེས་བུ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས། དེ་ཉིད་མར་མེ་གསལ་བྱེད་གཞན་ལ་ལྟོས་མི་དགོས་པ་ལྟར་རང་གིས་རང་ལ་བདེ་བ་གསལ་བར་སྟོན་པའི་ཕྱིར་ན་སྟོན་པ་ཕུན་སུམ་ཚོགས་པའོ། །འཁོར་ནི། མ་ནུ་ཡིད་སོགས་ཞེས་པས། མ་ན་ཤེས་པ་ལའོ་ཞེས་པའི་དོན་གྱི་ཡིད་ལ་སོགས་པའི་རྣམ་ཤེས་ཚོགས་བརྒྱད་དེ་མདུན་ཆོས་ཉིད་ཀྱི་རྩ་ལ་ཀུན་གཞི། གཡས་ཡེ་ཤེས་ཀྱི་རྩ་ལ་ཡིད། གཡོན་ཡོན་ཏན་གྱི་རྩ་ལ་ཉོན་ཡིད། རྒྱབ་རང་རྒྱུད་ཀྱི་རྩ་ལ་མིག རྣ་བ། སྣ། ལྕེ། ལུས་ཏེ་སྒོ་ལྔའི་རྣམ་པར་ཤེས་པ་སྟེ་ཚོགས་བརྒྱད་པོ་དེ་བརྗོད་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་གསལ་བར་ཉམས་སུ་མྱོང་བའི་ཆ་ནས་དང་ཚོགས་གཞན་བདུན་པོ་ཀུན་གྱི་རྗེས་སུ་འཇུག་པའི་ཡིད་ཀྱི་རྣམ་ཤེས་ནི་སྡུད་པ་པོ་དང་འདྲ་བའི་ཕྱིར་འཁོར་ཕུན་སུམ་ཚོགས་པའོ། །ཆོས་ནི། སྟེང་སྒོ་འཁོར་ལོ་བཞིའི་མན་ངག་ཉམས་སུ་བླངས་པའི་ཚེ་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནམ་མཁའི་གཟུགས་ཅན་རྒྱུད་ལ་སྐྱེས་པ་ནི། པ་ར་མཱརྠ་ཞེས་
པའི་སྒྲ་ལས་དོན་དམ་པའམ་དོན་ཟབ་མོ་ཞེས་གནས་ལུགས་དེ་བཞིན་ཉིད་ཀྱི་ཆོས་ཉིད་དེ་ཆོས་ཕུན་སུམ་ཚོགས་པ། དུས་ནི། དེའི་ཚེ་ན་དུས་སྔ་ཕྱིར་འཛིན་པའི་རྟོག་པ་དང་བྲལ་བ་ནི་བསམ་གྱིས་མི་ཁྱབ་པའི་དུས་ཡིན་པའི་ཕྱིར་དུས་ཕུན་སུམ་ཚོགས་པའོ། །གཉིས་པ་གསང་བ་ལྟར་འོག་སྒོ་དང་སྦྱར་ཏེ་བཤད་པ་ནི། བཤད་པའི་རྒྱུད་སྒྱུ་འཕྲུལ་ཐལ་བ་ལས། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞིའི་དབྱིབས་ཅན་གནས། །སྐད་ཅེས་གསལ་བྱེད་ལས་མིང་ཅན། །ཝཾ་ཡིག་ཐིག་ལེར་བཅས་སྟོན་པའོ། །མ་ད་མ་ནུ་སྡོམ་བྱེད་ཡིད། །ལས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བས་བཤད་པར་འདོད། །པ་སྒྲ་དོན་དམ་ངེས་པའི་རྒྱུད། །ཡཱ་ན་ཐེག་པ་འདི་ཡིན་ནོ། །དུས་ནི་བསམ་གྱིས་མི་ཁྱབ་དུས། །ནཱ་མ་དེ་མིང་ཞེས་བྱའོ། །ཞེས་པ་ལྟར་ཕུན་སུམ་ཚོགས་པ་ལྔ་ལས། དང་པོ་གནས་ནི༑ འདི་ཞེས་ཨེ་མཚོན་པའི་ཆོས་འབྱུང་གི་གནས་ཏེ། ཡུམ་གྱི་བྷ་ག་གྲུ་གསུམ། ཕྱི་ཁྱམས་གྲུ་བཞི། དབྱིངས་ཕྱུག་གི་སྣ་རྩེ་ཟླུམ་པོ། སྐྱེ་གནས་ཟླ་གམ་སྟེ་ལས་བཞིི་དབྱིབས་སུ་གནས་པ་ནི་གསང་བའི་སྟོན་འཁོར་བཞུགས་པའི་གནས་ཡིན་པའི་ཕྱིར་གནས་ཕུན་སུམ་ཚོགས་པའོ། །སྟོན་པ་ནི། ཡབ་ཀྱི་རྡོ་རྗེ་ནོར་བུའི་དབུར་ཐིག་ལེ་ཐབས་ཀྱིས་གཟུང་བའི་ཚེ་རྩ་ས་ཡ་ཕྲག་བཅུ་གསུམ་གྱི་བཅུད་འདུས་པའི་ཀུན་རྫོབ་ཡེ་ཤེས་ཀྱི་ཐིག་ལེ་ཝཾ་ཡིག་གི་དབྱིབས་སུ་བཞུགས་པ་ནི། ཡབ་ཡུམ་གཉིས་ཀའི་རྒྱུད་ལ་བདེ་བ་གསལ་བར་བྱེད་པའི་བདག་ཉིད་དུ་བཞུགས་པའི་ཕྱིར་སྟོན་པ་ཕུན་སུམ་ཚོགས་པ། འཁོར་ནི། མ་ད་ན་སྡོམ་བྱེད་མ་ནུ་ཡིད་དེ་བྱེད་པ་སྡོམ་པའི་ཐབས། དེ་ནི་འདུ་ཤེས་གསུམ་ལྡན་གྱི་མཚན་རྟོག་སྡོམ་པར་བྱེད་པའི་གསང་བའི་རྣམ་ཤེས་ནི་བདེ་བའི་ཡེ་ཤེས་ཉམས་སུ་མྱོང་བའི་ཕྱིར་དང་། དེའི་ཚེ་བདེ་བ་སྡོམ་པར་བྱེད་པའི་ཡིད་ནི་ཉམས་སུ་མྱོང་བའི་ཆོས་རྣམས་བདེ་བར་བསྡུས་ནས་སྟོན་པར་བྱེད་པའི་ཕྱིར་སྡུད་པ་པོ་ཡང་སྟེ་འཁོར་ཕུན་སུམ་ཚོགས་པ། ཆོས་ནི། ཐབས་ལམ་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱང་བྱ་སེམས་ལྔ་རྫོགས་པའི་དགའ་བ་བཅུ་དྲུག་གི་མཐའི་སྐད་ཅིག་མ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྟོང་པ་ཉིད་དང་། མཚན་མ་མེད་པ། སྨོན་
པ་མེད་པ། འོད་གསལ་བ་སྟེ་རྣམ་ཐར་བཞི་ལྡན་ནི་རང་བཞིན་གསང་བའི་སྙིང་པོའི་དོན་ཡིན་པའི་ཕྱིར་ཆོས་ཕུན་སུམ་ཚོགས་པ། དུས་ནི། དེའི་ཚེ་ན་སྔ་ཕྱིར་འཛིན་པའི་རྟོག་པ་དང་བྲལ་བའི་ཕྱིར་བསམ་གྱིས་མི་ཁྱབ་པའི་དུས་ཏེ་དུས་ཕུན་སུམ་ཚོགས་པ་སྟེ། ན་མ་དེ་མིང་ཞེས་བྱའོ། །ཞེས་པ་ནི། ཕུན་སུམ་ཚོགས་པ་ལྔ་ཀའི་མཇུག་སྡུད་ཡིན་ནོ། །དེས་ཐུན་མོང་མ་ཡིན་པའི་གླེང་གཞི་བཤད་པ་སོང་ནས། ཐུན་མོང་གི་གླེང་གཞི། གཉིས་པ་ཐུན་མོང་གི་གླེང་གཞི་ལ། ལོངས་སྐུའི་གླེང་གཞིའམ་རྒྱུད་འབྱུང་བ་ཁྱད་པར་ཅན་གྱི་གླེང་གཞི། གདུལ་བྱ་དགོས་ཆེད་ལ་བསྟན་པ་ཞར་བྱུང་ཁྲོ་བོའི་གླེང་གཞི། སྤྲུལ་སྐུ་འགྲོ་བ་འདུལ་བའི་གླེང་གཞིའམ་བསྟན་པ་སྤྱིའི་གླེང་གཞིར་གྲགས་པ་སྟེ་གསུམ་ལས། དང་པོ་ནི་འདི་ཉིད་ཀྱི་ལེའུ་དང་པོས་སྟོན་ཏེ། དེ་ལ་ཡང་ཆོས་དང་། དུས་དང་། སྟོན་པ་དང་། གནས་དང་། འཁོར་ཕུན་སུམ་ཚོགས་པ་སྟེ་ལྔར་ཡོད་པ་ལས། དང་པོ་ཆོས་ཕུན་སུམ་ཚོགས་པ་ནི། འདི་སྐད་བཤད་པ། ཞེས་པས་བསྟན། དེ་ཡང་འདི་སྐད་ནི་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་དོན་མ་ལུས་པ་ཡོངས་སུ་རྫོགས་པ་མཚོན་པའི་ཚིག་ཕྲད་དེ། དེ་ལ་འོ་ན་བདག་གིས་ཐོས་མི་ཟེར་བར་བཤད་ཟེར་བ་གང་ཞེ་ན་རྗེ་གཡུང་སྟོན་པ་སོགས། རྒྱུད་གཞུང་ཐམས་ཅད་ཀྱི་སྐབས་འདིའི་ལེགས་སྦྱར་གྱི་སྐད་ལ། ཨེ་ཝཾ་མ་ཡ་ཞེས་བྱ་བ་ལས། བཤད་དང་ཐོས་སོགས་ཀྱི་རྣམ་དབྱེ་གཞི་མི་མཐུན་པ་མེད་གསུང་ནའང་། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པའི་རྒྱ་དཔེ་རྣམས་སུ། ཨེ་ཝ་ཾམ་ཡཱ་ཤྲུ་ཏ་མེ་ཀ སྨིནྶ་མ་ཡེ། ཞེས་འབྱུང་བའི་ཕྱིར། འདིར་གང་ཞེ་ན། ཨེ་ཝཾ་ནི། འདི་སྐད་དང་འདི་ལྟར། དེ་བཞིན་སོགས་ལ་འཇུག་པ་ལས། འདིར་ཨི་དམ་ལ་རྣམ་དབྱེ་བདུན་པའི་:རྟ་༼ཏྲ་༽སྦྱར་བའི་རྣམ་འགྱུར་དུ་ུབྱས་ཏེ་འདི་དང་། ཝཾ་ནི། ཝ་ཙའི་བྱིངས་དོན་ལས་སྐད། མ་ཡའི་སྒྲ་ནི། ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་པས་རྒྱུད་འདིའི་འགྲེལ་པར། རང་བཞིན་དང་། སྒྱུ་མ་དང་། བདག་དང་། འབྱུང་བ་རྣམས་ལ་འཇུག་པས་འདིར་འབྱུང་བ་བཟུང་སྟེ་བཤད་པའི་དུས་ན་ཞེས་བསྒྱུར་བར་གསུངས་པ་ཤིན་ཏུ་ལེགས་པའོ། །རྒྱུད་གཞན་རྣམས་
སུ་བདག་གིས་ཐོས་ཞེས་སྨོས་པའི་དགོས་པ་ནི། སྡུད་པ་༼པོ་༽སོགས་རང་ཉིད་སྟོན་པ་མ་ཡིན་པར་ཁས་བླངས་ནས་དེ་ལྟར་བརྗོད་པ་དང་། བདག་ཉིད་ཀྱིས་སྟོན་པ་ལ་མངོན་སུམ་དུ་ཐོས་ཀྱི་གཞན་ལས་རྒྱུད་དེ་ཐོས་པ་མ་ཡིན་ཞེས་ཁུངས་བཙུན་པ་དང་། ཚིག་ཐོས་པ་ཙམ་དུ་ཟད་ཀྱིས། དོན་རྟོགས་པ་མ་ཡིན་ནོ་ཞེས་བཀའི་དོན་རྟོགས་དཀའ་བ་སོགས་མཚོན་པར་བྱེད་པ་ལ་འདིར་ནི་ཐུན་མོང་མ་ཡིན་པའི་ཕྱོགས་བཟུང་སྟེ། སྡུད་པ་པོ་གསང་བའི་བདག་པོས་རང་ཉིད་སྟོན་པ་རིགས་དྲུག་པ་དང་ཐ་མི་དད་པར་ཁས་བླངས་ནས་སྔར་ངས་འོག་མིན་ཏུ་བཤད་པ་ཉིད་ཡང་འདིར་བཤད་པར་བྱ། ཞེས་སྨོས་པ་སྟེ། སྡུད་པ་པོ་ལག་ན་རྡོ་རྗེས་རང་ཉིད་ཐུན་མོང་གི་སྡུད་པ་པོ་གཞན་ལས་ཁྱད་པར་དུ་གྱུར་པའི་ཆེ་བ་བསྟན་པ་སྟེ་ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་ལས། བཤད་ཅེས་པ་ནི། འཁོར་དང་སྟོན་པ་གཉིས་སུ་མེད་པར་བསྟན་པ་ཡིན་ལ་ཞེས། བདེ་འདུས་ཞི་བ་འདུས་པ་རྩ་བའི་རྒྱུད་ལས། ང་ནི་ཆེ་བའི་རྒྱལ་པོ་སྟེ། །འཆད་དང་ཉན་པའང་ང་ཉིད་ཡིན། །ཞེས་དང་། བརྟག་གཉིས་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པའང་ང་། །ཞེས་དང་། གསང་བ་གྲུབ་པ་ལས། རྒྱུད་འཆད་པ་དེ་ཐུགས་རྡོ་རྗེ། །འཆད་པ་པོ་དེ་སྡུད་པའང་དེ། །ཞེས་གསུངས། དོན་འདི་ཉིད་ཀྱིས་བསྟན་པ་འདི་ཡང་རྒྱལ་བའི་དགོངས་པའི་ཞེ་ཕུགས་ངེས་དོན་མཐར་ཐུག་ཡིན་པར་བསྟན་པའོ། །གཉིས་པ་དུས་ཕུན་སུམ་ཚོགས་པ་ནི། དུས་ན། ཞེས་པ་འདིས་བསྟན། དེ་ཡང་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་ཏེ་ཆོས་སྟོན་པས་དུས་རེས་འགའ་བའི་ངེས་པ་ལས་འདས་པའི་ཕྱིར་ཏེ། རྒྱ་མཚོ་ལས། དེ་ཚེ་དུས་ཉིད་མཐའ་བྲལ་ཕྱིར། །ངོ་བོ་དུས་བཞི་མཉམ་པ་ཉིད། །ཅེས་སོ། །འདི་ལ་ཁ་ཅིག་ན་རེ། མདོ་རྒྱུད་གཞན་རྣམས་སུ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་འབྱུང་བ་ལས། འདིར་དེ་ལྟར་སྨོས་པས་གླེང་གཞི་ལོག་པས་བཀའ་ཡང་དག་པ་མ་ཡིན་ནོ་ཟེར་ན། ལན་ལ། རྒྱུད་འདིའི་འགྲེལ་པ་སྔ་མ་རྣམས་སུ་བཞེད་པ་ཐ་དད་པའི་ལན་མི་འདྲ་བ་གསུངས་པ་དག་ཡོད་
མོད་ཀྱི། དེ་ཡང་དགོངས་པ་འགྲེལ་རྒྱུ་ཁྱད་པར་ཅན་ཡོད་ངེས་པ་ལེགས་མོད་ཀྱི། གནས་ལྔ་རིག་པའི་ལོ་ཆེན་ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོའི་སྡེ་ནི་འདི་ལྟར་བཞེད་དེ། བཤད་ཅེས་པ་ནི་གོང་དུ་བཤད་པ་ལྟར་སྟོན་འཁོར་དགོངས་པ་ཐ་མི་དད་པའི་ཕྱོགས་བཟུང་བ་ཡིན་ལ༑ དུས་ན་ཞེས་པའང་དུས་རེས་འགའ་བ་ཙམ་མ་ཡིན་པར་རྟག་པ་རྒྱུན་གྱི་འཁོར་ལོར་གསུང་བའི་དོན་གྱི་རྒྱུད་གཞན་རྣམས་དང་ཐུན་མོང་མ་ཡིན་པའི་ཕྱོགས་བཟུང་ནས་བསྡུས་པའོ་ཞེས་དང་། གཞན་ཡང་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་མ་སྨོས་པས་བཀའ་ཡང་དག་པ་མ་ཡིན་པར་འགྱུར་ན། བདེ་མཆོག་རྩ་རྒྱུད་དང་འཇམ་དཔལ་མཚན་བརྗོད་སོགས་ཀྱང་དེར་ཐལ། དེ་ལྟར་མ་སྨོས་པའི་ཕྱིར་ཏེ། དེ་ནས་གསང་བ་བཤད་པར་བྱ༑ ༑ཞེས་དང་། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་གསུངས་པའི་ཕྱིར་རོ། །དེས་ན། མངོན་རྟོགས་རྒྱན་གྱི་འགྲེལ་པ་ལས། འདིར་ནི་རྣམ་པར་བཞག་པ་གཞན་ཁོ་ན་ཡིན་པས་ཐེག་པ་གཞན་གྱི་ལུགས་ལ་བརྟེན་ནས་ནམ་དུའང་སུན་འབྱིན་པར་མི་བྱའོ། །ཞེས་གསུངས་པ་ལྟར་ཤེས་པར་བྱ་གསུངས། གསུམ་པ་སྟོན་པ་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། སྟོན་པའི་རང་བཞིན་དང་། སྟོན་པའི་ངོ་བོ་བཤད་པའོ། །དང་པོ་སྟོན་པའི་རང་བཞིན་བཤད་པ་ལ་གོ་དོན་དང་། གཏན་ལ་དབབ་པའོ། །དང་པོ་ནི། སྟོན་པའི་དགོངས་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་ཆོས་ཅན་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དང་ཐ་མི་དད་པར་གནས་པ་ནི་རང་བཞིན་ནོ། །གཉིས་པ་གཏན་ལ་དབབ་པ་ལ་བི་མ་ལས་སྟོན་པའི་རང་བཞིན་བཞིར་བཤད་དེ། འགྲེལ་ཆུང་ལས། བྱང་ཆུབ་མཆོག་གི་ངོ་བོ་དང་། །ཆོས་རྣམས་རོལ་པར་ལོངས་སྤྱོད་དང་། །ཕྱོགས་དུས་བདེ་གཤེགས་བདག་པོ་དང་། །ཆོས་སོ་ཅོག་དང་དབྱེར་མེད་པའོ། །ཞེས་དང་། ཁོག་གཞུང་ལས། ཡང་དག་པ་དང་རྫོགས་པ་གཉིས་སོ་སོར་ཕྱེ་སྟེ་རང་བཞིན་བརྒྱད་དུ་བཤད་དེ༑ དེ་ལས། སྟོན་པའི་རང་བཞིན་བརྒྱད་དང་ལྡན། །ཞེས་བཤད་ཀྱང་། འདིར་འགྲེལ་པ་སྤར་ཁབ་ལས་རྒྱལ་བ་དྲུག་པའི་ཡོན་ཏན་མཐའ་ཡས་པ་ཡང་མདོར་བདུན་དུ་འདུ་སྟེ། ཞེས་
གསུངས་པ་ལྟར་རང་བཞིན་བདུན་དུ་བཤད་དེ། དེ་བཞིན་ཉིད་དུ་ནར་སོན་པའི་རང་བཞིན། ཡོན་ཏན་མ་བཙལ་བར་ལྷུན་གྱིས་གྲུབ་པའི་རང་བཞིན། ཡེ་ཤེས་མཐའ་དབུས་དང་བྲལ་བའི་རང་བཞིན། འབྲས་བུ་ལ་མངའ་མཛད་ཀྱང་རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད་པའི་རང་བཞིན། མཉམ་པ་ཉིད་མངོན་དུ་མཛད་ཀྱང་ཡེ་ཤེས་སྤྱོད་ཡུལ་དང་བྲལ་བའི་རང་བཞིན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་གཅིག་དང་དུ་མ་ལས་གྲོལ་བའི་རང་བཞིན། གཉིས་སུ་མེད་པའི་བདག་ཉིད་དུས་གསུམ་འདུ་འབྲལ་མེད་པའི་རང་བཞིན་དང་བདུན་ནོ། །དེ་དག་ཀྱང་དེ་བཞིན་གཤེགས་པ་ནས་དབྱེར་མེད་པའི་རང་བཞིན་ཏེ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་དང་པོ་དེ་བཞིན་ཉིད་དུ་ནར་སོན་པའི་རང་བཞིན་ནི་དེ་བཞིན་གཤེགས་པ་སྟེ། ཏ་ཐཱ་ག་ཏའི་སྒྲ་ལས། ཏ་ཐཱ་ནི་དེ་བཞིན་དང་། ག་ཏ་ནི་གཤེགས་པའི་དོན་ཏེ་སྔོན་གྱི་རྒྱལ་བ་རྣམས་ཇི་ལྟ་བ་བྱང་ཆུབ་ཀྱི་སྤྱོད་པའི་སྒོ་ནས་གཤེགས་པ་དེ་ལྟར་ལམ་མཐུན་པར་གཤེགས་ཤིང་བྱོན་པ་དང་། དེ་བཞིན་ཉིད་ཇི་ལྟ་བ་བཞིན་མཁྱེན་ཅིང་གསུང་བ་དང་། འདོད་ཡོན་གྱི་སྣང་བ་ཇི་ལྟར་སྣང་བ་དེ་བཞིན་ཐབས་ཀྱིས་སྤྱོད་པས་གཤེགས་པ། སེམས་ཅན་རྣམས་སྐྱེ་བ་རྣམ་པ་བཞིའི་ཚུལ་གྱི་སྐྱེ་བ་ལས། དེ་དག་གི་བསམ་པ་དང་མཐུན་པར་མངལ་ལས་བལྟམས་པ་སོགས་ལ་དེ་བཞིན་གཤེགས་པ་སོགས་ཀྱི་དོན་འཇུག་པར་བཤད་ཀྱང་། འདིར་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་དོན་སྒྲིབ་བྱེད་ཀྱི་ཞེན་པ་དང་བྲལ་བས་ནར་སོན་ཅིང་དེའི་དོན་མངོན་དུ་གྱུར་པས་གཤེགས་པ་ཞེས་བརྗོད་པ་ཡིན་ཏེ། རྡོ་རྗེ་ལས། དེ་བཞིན་ཉིད་དུ་གཤེགས་པ་ཡང་། །སྣ་ཚོགས་ཞེན་ལས་གྲོལ་བར་བཤད། །ཅེས་དང་། རྒྱུ་ཕྱི་མ་ལས། གང་ཕྱིར་དེ་བཞིན་ཉིད་དུ་གཤེགས། །དེ་བཞིན་གཤེགས་པ་མངོན་པར་བརྗོད། །ཅེས་སོ། །གཉིས་པ་ཡོན་ཏན་མ་བཙལ་བར་ལྷུན་གྱིས་གྲུབ་པའི་རང་བཞིན་ནི། ཡང་དག་པར་རྫོགས་པ་ཞེས་པ་སྟེ་རང་བྱུང་གི་ཡེ་ཤེས་ལ་སྤང་བྱ་མ་གྲུབ་པས་མ་ནོར། མི་འགྱུར། མི་བསླུ་བའི་ཕྱིར་ཡང་དག་པ་དང་། དེས་ན་ཐམས་ཅད་འབྲས་བུ་སྐུ་དང་ཡེ་ཤེས་སུ་རང་སྣང་བས་སྤངས་ཐོབ་ལྷག་མ་ལུས་པའི་ཕྱིར་རྫོགས་པ་སྟེ། འདིས་ལྷུན་གྲུབ་རིག་འཛིན་ལས་
ཁྱད་པར་དུ་བྱས་པ་ཡིན་ནོ། །གསུམ་པ་ཡེ་ཤེས་མཐའ་དབུས་དང་བྲལ་བའི་རང་བཞིན་ནི། སངས་རྒྱས་ཞེས་པ་སྟེ་དེ་ཡང་བུདྡྷ་ཞེས་པའི་སྒྲ་ལས་གཉིད་སད་པ་ལྟར་སངས་པ་དང་། པདྨ་ཁ་བྱེ་བ་ལྟར་རྒྱས་པའི་དོན་གཉིས་ལ་འཇུག་སྟེ། སྐྱབས་འགྲོ་བདུན་ཅུ་པ་ལས། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །ཞེས་སོ། །འདིར་དོན་ཇི་བཞིན་པ་མངོན་དུ་བྱས་པའི་སྟོབས་ཀྱིས་སྤང་ཐོབ་མེད་པའི་ཡོན་ཏན་མཐར་ཐུག་པ་ལ་བཞག་སྟེ། ལེ་ལག་ལས། མ་རིག་པ་ཉིད་ཡེ་ཤེས་གསལ། །ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག །ཅེས་སོ། །བཞི་པ་འབྲས་བུ་ལ་མངའ་མཛད་ཀྱང་ངོ་བོ་འདི་ཞེས་བསྟན་དུ་མེད་པའི་རང་བཞིན་ནི་བཅོམ་ལྡན་འདས། ཞེས་པ་སྟེ། སྒྲིབ་པའི་ཆ་ཤས་ཕྲ་མོ་ཙམ་ཡང་མི་གནས་པས་བདུད་བཞི་བཅོམ་ཞིང་ཆེ་བའི་ཡོན་ཏན་གྱི་འབྲས་བུ་ལ་མངའ་མཛད་པ་སྟེ། དེ་ཡང་བྷ་ག་ཝན་གྱི་སྒྲ་ལས། བྷ་ག་ནི་བཅོམ་པ་དང་ལེགས་པ་རྣམ་པ་དྲུག་གཉིས་ཀ་ལ་འཇུག་པ་བཞིན་དུ་འདིར་ཡི་གེ་བསྣན་པས། བྷ་ནི་ཨ་བྷ་ཝི་ཥྱནྟི་སྟེ་འབྱུང་བར་མི་འགྱུར་དང་། ག་ནི་ག་ཏི་སྟེ་སོང་བ་ཞེས་པའི་དོན་ཡིན་པས་ཡང་དག་པའི་གནས་སུ་སོང་ཞིང་། ལོག་པའི་གནས་སུ་མི་འགྲོ་བ་སྟེ། དོན་ལ་ཤེས་རབ་དང་སྙིང་རྗེ་ཆེན་པོས་འཁོར་འདས་གཉིས་ཀྱི་མཐའ་ལ་མི་གནས་པའི་ཕྱིར། འདས་ཞེས་པ་ནི་འཇིག་རྟེན་པའི་བྷ་ག་ཝན་ལས་ཁྱད་པར་དུ་བྱས་པའོ། །དེ་ཡང་རྡོ་རྗེ་ལས་རིམ་ལས། བདུད་བཞི་ལ་སོགས་རིག་པའི་གདེངས་ཀྱིས་བཅོམ། །སྐུ་ལྔ་ལ་སོགས་ཆེ་བའི་ཡོན་ཏན་ལྡན། །རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད། །ཅེས་སོ། །དེ་ལ་བདུད་བཞི་བཅོམ་ལུགས་ནི། ཉོན་མོངས་པ་ལྔ་ཉིད་ཡེ་ཤེས་ལྔའི་ངོ་བོར་དག་པས་ཉོན་མོངས་པའི་བདུད་བཅོམ། དེ་དག་པས་ཕུང་པོ་ལྔ་རིགས་ལྔའི་ངོ་བོར་མངོན་དུ་གྱུར་པས་ཕུང་པོའི་བདུད་བཅོམ། དེ་ལྟར་ལྷ་རྟོག་དབྱེར་མེད་དུ་རྟོགས་པས་འདོད་ལྷའི་བདུད་བཅོམ། ཕུང་པོའི་བདུད་བཅོམ་པས་ཕུང་པོ་ཉིང་མཚམས་སྦྱོར་བ་མེད་ཅིང་། སེམས་ཉིད་སྐྱེ་འཆི་
ལས་གྲོལ་བས་འཆི་བདག་གི་བདུད་བཅོམ་པ་སྟེ། རྒྱས་པ་ལས། ཉོན་མོངས་པ་ཉིད་རྣམ་པར་དག །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །བདག་ཉིད་ལྷ་ཡི་དཀྱིལ་འཁོར་ཏེ། །སྐྱེ་ཤི་མེད་པའི་གཡུང་དྲུང་གནས། །ཞེས་དང་། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའམ་འབྲས་ཆོས་ཉི་ཤུ་རྩ་ལྔ་ལ་སོགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་སྟེ། སྐུ་ལྔ་ལ་སོགས་ཆེ་བའི་ཡོན་ཏན་རྫོགས་ཞེས་སོ། །འདས་པ་ནི། དེ་ལྟ་བུའི་ཡོན་ཏན་དེ་དག་ཀྱང་ཡོད་མེད་རྟག་ཆད་སྤྲོས་པའི་མཐའ་ལས་འདས་པའི་དོན་ཏེ། རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད་ཅེས་གསུངས་པའི་ཕྱིར་རོ། །ལྔ་པ་མཉམ་པ་ཉིད་མངོན་དུ་མཛད་ཀྱང་ཡེ་ཤེས་སྤྱོད་ཡུལ་དང་བྲལ་བའི་རང་བཞིན་ནི༑ ལོངས་སྤྱོད་ཆེན་པོ་ཞེས་པའི་དོན་ཏེ། དེ་ལྟ་བུའི་བཅོམ་ལྡན་འདས་དེས་འཁོར་འདས་མཉམ་ཉིད་དུ་གཟིགས་པས་འཁོར་འདས་ཀྱི་ཆོས་ལ་སྤྱད་བྱ་སྤྱོད་བྱེད་དང་བྲལ་བའི་སྒོ་ནས་ལོངས་སྤྱོད་པར་མཛད་པའི་ཕྱིར་ཡེ་ཤེས་སྤྱོད་ཡུལ་དང་བྲལ་བའི་རང་བཞིན་ཞེས་སོ། །དྲུག་པ་གཅིག་དང་དུ་མ་ལས་གྲོལ་བའི་རང་བཞིན་ནི། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་ཅེས་པའི་དོན་ཏེ། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆེ་བའི་ཡོན་ཏན་གྱི་རྟེན་བྱེད་པའི་ཆ་ནས་སྐུ་ལྔ། ཆོས་བརྡའ་སྤྲོད་པའི་ཆ་ནས་གསུང་ལྔ། མི་གཡོ་ཞིང་མི་འགྱུར་བའི་ཆ་ནས་ཐུགས་ལྔ། དགོས་འདོད་རེ་བ་ཡིད་བཞིན་དུ་སྐོང་བར་མཛད་པའི་ཆ་ནས་ཡོན་ཏན་ལྔ། གཞན་དོན་མཛད་པའི་ཆ་ནས་ཕྲིན་ལས་ལྔ་སྟེ། འབྲས་བུའི་ཆོས་ཉི་ཤུ་རྩ་ལྔའི་རང་བཞིན་དུ་འཆར་བས་གཅིག་གི་ཐ་སྙད་དང་བྲལ་ཞིང་། འབྲས་ཆོས་ཉི་ཤུ་རྩ་ལྔ་པོ་དེ་ཡང་རང་བྱུང་གི་ཡེ་ཤེས་གཅིག་པོར་འདུ་བའི་དོན་གྱིས་ན་དུ་མའི་རང་བཞིན་ལས་འདས་པའོ། །བདུན་པ་དུས་གསུམ་འདུ་འབྲལ་མེད་པའི་རང་བཞིན་ནི། མ་ལུས། མི་ལུས། ལུས་པ་མེད་པས་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན། ཞེས་པའི་
དོན་ཏེ། ཁམས་གསུམ་དང་། དུས་གསུམ་གྱིས་བསྡུས་པའི་འཁོར་བའི་ཆོས་དང་། རྒྱལ་བ་རིགས་དྲུག་པ་ཀུན་ཏུ་བཟང་པོ་གཉིས། ཀུན་རྫོབ་ཏུ་རིགས་སྒྱུ་མ་ཡིན་པའི་ཕྱིར་སོ་སོ་མ་ཡིན། དོན་དམ་པར་སེམས་ཉིད་དུ་མ་སྐྱེས་པ་ཐ་མི་དད། བདེན་པ་གཉིས་ཀྱི་ཐ་སྙད་ལས་འདས་པའི་ཕྱིར་དབྱེར་མེད་པ་སྟེ། གལ་ཏེ་ཀུན་རྫོབ་ཏུ་སོ་སོ་དང་། དོན་དམ་དུ་ཐ་དད་ན། རྒྱས་པ་ལས། སོ་སོའི་རང་བཞིན་ངེས་ཤེས་ན། །ཡང་དག་ལམ་གྱིས་བཅོས་སུ་མེད། །ཅེས་དང་། ཡེ་ནས་ངོ་བོ་ཡོད་མིན་ན། །ཉོན་མོངས་སྤང་ཞིང་སྒྲུབ་ཏུ་མེད། །ཅེས་པས་གནོད་པའི་ཕྱིར་རོ། །དེ་ལྟར་རང་བཞིན་བདུན་པོ་དེ་ནི་སྟོན་པ་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་པ་ལྟར་རིགས་ལྔའི་རང་བཞིན་ཡང་ཡིན་པའི་ཕྱིར་ན་རིགས་ལྔ་ལ་རང་བཞིན་གཉིས་སུ་མེད་པའི་འཁོར་ཞེས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །གཉིས་པ་སྟོན་པའི་ངོ་བོ་བཤད་པ་ལ། གོ་དོན་དང་། གཏན་ལ་དབབ་པའོ། །དང་པོ་ནི༑ རང་བཞིན་དེ་ཉིད་གདུལ་བྱ་ལ་སྐུ་གསུང་ཐུགས་ཀྱི་མཚན་མ་སྣ་ཚོགས་པར་སྣང་བའོ། །གཉིས་པ་ལ་སྐུ་གསུམ་གྱི་བདག་ཉིད་ཡིན་པའི་དོན་རྟགས། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དོན་རྟགས། ཡེ་ཤེས་དྲུག་དང་ལྡན་པའི་དོན་རྟགས། རྣམ་པར་ཐར་པ་གསུམ་དང་ལྡན་པའི་དོན་རྟགས་དང་བཞིར་ཡོད་པ་ལས་སྐུ་མདུན་དང་རྒྱབ་མེད་པ་ནས། དབུ་གསུམ་དང་ལྡན་པ་ཞེས་པའི་བར་གྱིས་བསྟན། དེ་ལ་དང་པོ་ནི། ཆོས་སྐུའི་དོན་རྟགས་སྐུ་མདུན་དང་རྒྱབ་མེད་པར་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་ཞིང་། ཞེས་པའི་དོན་ནི། སྟོན་པ་ནི་ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར། བདེ་གཤེགས་རང་སྣང་ལ་སྐུ་མདུན་དང་རྒྱབ་མ་གྲུབ་ཅིང་། གདུལ་བྱའི་སྣང་བ་ལ་རིས་མེད་པར་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་བས་གཟུགས་སྐུའི་ཡོན་ཏན་མི་འགག་པ་སྟེ། རྒྱུད་སེང་གེ་རྩལ་རྫོགས་ལས། ཀུན་ཏུ་བཟང་པོའི་ཞལ་ནི་ཕྱོགས་བཅུར་གསལ། །ཀུན་གཟིགས་ཀུན་བཟང་སྐུ་ལ་རྒྱབ་མདུན་མེད། །ཕྱོགས་བཅུ་གང་བར་སྤྱན་གྱིས་རྣམ་པར་གཟིགས། །ཞེས་གསུངས་སོ། །ལོངས་སྐུའི་དོན་རྟགས་མཚན་དང་དཔེ་བྱད་དང་ལྡན་པ་ཞེས་པའི་དོན་ནི། ཐུན་མོང་དང་། ཐུན་མོང་མ་ཡིན་
པ་གཉིས་ཀྱི་དང་པོ་ཐུན་མོང་གི་མཚན་དཔེ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ནི། མངོན་རྟོགས་རྒྱན་ལས། ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང་། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང་། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ཎྱ་ཡ་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་ལྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་གཡས་ལེགས་ཁྲུངས་དང་། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེངྒེ་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཕྲག་པ་རྒྱས། །འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེངྒེ་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐག་བཟང་དང་། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་སོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ནི། །དེ་ཉིད་ལས། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམས། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང་། །གཟིགས་པ་སྒྲིབ་མེད་དག་པ་དང་། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང་། །ཀུན་ནས་ལྟ་ན་སྡུག་པ་དང་། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །རྨེ་བ་གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་
དང་། །ཕྱག་རིས་མདངས་ཡོད་ཟབ་རིང་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམྤ་ལྟར་དམར་དང་། །ལྗགས་མཉེན་པ་དང་སྲབ་པ་དང་། །དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། །མཆོག་ཏུ་དག་ པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག ། པདྨའི་འདབ་མ་འདྲ་བ་དང་། །སྨིན་ཚུགས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་རྒྱས་དང་སྙན་མཉམ་དང་། །ཉམས་པ་རྣམ་པར་སྤངས་པ་དང་། །དཔྲལ་བ་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་དང་འཇམ་དང་མ་མཛིངས་དང་། །མི་ཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་གྱི་བེའུ་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་པས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །དེ་དག་ནི་ཐུན་མོང་གི་མཚན་དཔེ་ཞེས་བྱ་སྟེ་མཆོག་གི་སྤྲུལ་སྐུ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཡང་ཕྱོགས་མཐུན་ཙམ་ཡོད་པས་སོ། །ཐུན་མོང་མ་ཡིན་པའི་མཚན་དཔེ་ལ་ཕྱི་ནང་གསང་གསུམ་ལས། དང་པོ་ནི། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་རེ་རེ་ལ་ཡང་བཞི་བཞིར་ཕྱེ་བའི་ཡེ་ཤེས་བཅུ་དྲུག་གི་རྩལ་སེམས་དཔའ་བཅུ་དྲུག་དང་། ཡེ་ཤེས་དེ་རྣམས་ཀྱི་ཡུལ་ཆོས་ཀྱི་དབྱིངས་བཅུ་དྲུག་གི་རྩལ་སེམས་མ་བཅུ་དྲུག་སྟེ་སུམ་ཅུ་རྩ་གཉིས་ནི་མཚན་བཟང་པོ་དང་སེམས་དཔའ་བཅུ་དྲུག་པོ་རེ་རེ་ལའང་ཡེ་ཤེས་ལྔའི་རྟགས་རིགས་ཀྱི་ལྷ་ལྔ་ལྔས་དབུ་བརྒྱན་པས་དབུ་རྒྱན་གྱི་ལྷ་བརྒྱད་ཅུ་ནི་དཔེ་བྱད་དེ། སྤྱི་མདོ་ལས། མཚན་གྱི་མེ་ཏོག་ལ་དཔེ་བྱད་ཀྱི་འབྲས་བུས་སྤྲས་པའི་ཕྱིར། སྲས་ཀྱི་ཚོགས་ཀྱིས་ཀུན་ནས་བསྐོར་བའོ། །ཞེས་བཤད་པས་སོ། །འོ་ན་སེམས་མ་བཅུ་དྲུག་ལ་དབུ་རྒྱན་གྱི་ལྷ་མེད་དམ་ཞེ་ན། ཡོད་མོད་ཀྱི། ཐབས་ཀྱི་ཞགས་པ་ལས། ཡུམ་ནི་ཆོས་དབྱིངས་ཆ་ཡིན་པའི་ཕྱིར་མི་བགྲང་བར་བཤད་པས་སོ། །དེ་ཡང་ཐུན་མོང་གི་མཚན་དཔེ་ལས་ཁྱད་པར་དུ་གྱུར་པ་ཡེ་ཤེས་ཆེན་པོའི་རྟགས་ཀྱི་མཚན་མར་སྣང་བས་ཐུན་མོང་མ་
ཡིན་པ་ཞེས་བྱ་ལ། དེ་དག་མཚན་དཔེར་འཇོག་པའི་རྒྱུ་མཚན་ཡང་། འཁོར་དང་འཁོར་གྱི་རྒྱན་ཕུན་སུམ་ཚོགས་པས་གཙོ་བོ་མཛེས་པར་བྱེད་པ་སྟེ་སོར་གདུབ་དང་སོར་གདུབ་ཀྱི་ཕྲས་ལག་པ་མཛེས་པར་བྱེད་པ་བཞིན་ནོ། །གཉིས་པ་ནང་གི་མཚན་དཔེ་ནི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་འདབ་སུམ་ཅུ་རྩ་གཉིས་ནི་མཚན་བཟང་པོ། མགྲིན་པའི་འཁོར་ལོའི་རྩ་འདབ་བཅུ་དྲུག་སྙིང་ཁའི་རྩ་ཆེན་བཞི། ལྟེ་བའི་འཁོར་ལོའི་རྩ་འདབ་དྲུག་བཅུ་རྩ་བཞི་ལས་རླུང་མི་རྒྱུ་བའི་སྟོང་པའི་རྩ་བཞི་ཕྲི་བས་དྲུག་ཅུ་སྟེ་བརྒྱད་ཅུ་ནི་དཔེ་བྱད་དོ། །དེ་ཡང་ཐལ་རྒྱུད་ལས། སྒྲ་དབྱངས་གསུང་གི་གནས་བཞི་ཡི། །དབྱེ་བས་གསུམ་གསུམ་ངོས་གཉིས་དང་། །བཞི་བཅུ་གཉིས་སུ་འགྱུར་བ་ཡིན། །ཞེས་སོ། །གསུམ་པ་གསང་བའི་མཚན་དཔེ་ནི། སྟོན་པ་ཡབ་ཡུམ་གཉིས་ཀྱི་ཐུགས་རྒྱུད་ཀྱི་བདེ་སྟོང་གི་ཡེ་ཤེས་ལ་རྩི་བ་སྟེ། ཡབ་ཀྱི་ཡས་མས་ཀྱི་དགའ་བ་བཅུ་དྲུག་དང་། ཡུམ་གྱི་དགའ་བ་བཅུ་དྲུག་སྟེ་དགའ་བ་སུམ་ཅུ་རྩ་གཉིས་ནི་མཚན་བཟང་པོ། ཡབ་ཀྱི་དགའ་བ་རེ་རེ་ལ་ཡང་ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པའི་ཕྱིར་ཡེ་ཤེས་བརྒྱད་ཅུ་ནི་དཔེ་བྱད་དོ། །ཡུམ་གྱི་དགའ་བ་ལ་ཡེ་ཤེས་ལྔ་དང་མི་ལྡན་པ་ཡིན་ནམ་ཞེ་ན། ཡུམ་དབྱིངས་ཀྱི་ཆ་ཡིན་པས་མི་བགྲང་བ་གོང་དང་མཚུངས་སོ། །ནང་གསང་གི་མཚན་དཔེ་རྩ་ཁམས་ཀྱི་རང་བཞིན་དུ་འདུག་པ་རྒྱན་དུ་ཇི་ལྟར་འགྱུར་ཞེ་ན། ལོངས་སྤྱོད་རྫོགས་པའི་སྐུ་ལ་རྩ་ཁམས་རྣམ་པར་དག་པ་བདེ་བ་ཆེན་པོའི་རང་བཞིན་དུ་རོ་མཉམ་པ་ནི་རྒྱན་གྱི་ནང་ནས་མཆོག་གོ་ཞེས་གཡུང་སྟོན་ཆེན་པོ་རྡོ་རྗེ་དཔལ་གསུང་ངོ་། །མཚན་དཔེ་དེ་དག་གིས་སྐུ་ལ་ཇི་ལྟར་སྤྲས་ན། ཐུན་མོང་གི་མཚན་དཔེ་ནི་རི་མོར་བྲིས་པ་ལྟ་བུ་དང་། ཐུན་མོང་མ་ཡིན་པའི་མཚན་དཔེ་ནི། རྩ་བའི་ལྷ་མཚན་གྱིས་མཛེས་ཤིང་། མཚན་གྱི་ལྷ་དཔེ་བྱད་ཀྱི་ལྷས་མཛེས་པ་སྟེ། འཇིག་རྟེན་ན་གཙོ་འཁོར་ལྟར་སྟོན་པ་ལ་སེམས་དཔའ་དང་སེམས་མའི་ཚོགས་ཀྱིས་བསྐོར་ཏེ་མཛེས་པའོ། །དེ་ལྟར་མཚན་དཔེ་ཡོངས་སུ་རྫོགས་པ་ནི། མེ་ལོང་ཆུང་ངུའི་ནང་དུ་གནམ་ས་རི་བྲག་ཆེན་པོའི་གཟུགས་བརྙན་ཤོང་བ་ལྟར། སྐུ་གཅིག་ལ་མཚན་དཔེའི་བཀོད་པ་དུ་མ་གསལ་བ་
སྟེ༑ བླ་མ་ལས། སངས་རྒྱས་སྟོང་གི་དཀྱིལ་འཁོར་དང་། །སྟངས་དཔྱལ་གཉིས་ཀྱི་ཕྱག་རྒྱ་དང་། །རི་རབ་ཏིལ་འབྲུའི་ཚུལ་བཞིན་དུ། །དཔེ་བྱད་མཚན་གྱིས་སྤྲས་པའོ། །ཞེས་གསུངས་སོ༑ ༑གསུམ་པ་སྤྲུལ་པ་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་ནི། བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པར་སྣང་བ། ཞེས་པའི་དོན་ཏེ། སྤྲུལ་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་ཞི་ཁྲོ་ལ་སོགས་པ་སྐུ་དང་། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་གསུང་དང་། མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་དང་མངོན་ཤེས་ལ་སོགས་པ་ཐུགས་ཏེ་གསང་བ་གསུམ་ལ་སོགས་པའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་ཅིང་ཚད་མེད་པར་སྣང་བ་སྟེ། སྡོང་པོ་བཀོད་པ་ལས། སྤུ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་བྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། །དེ་དག་འདྲེས་པར་གྱུར་པ་མེད། །ཅེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཞི་བའི་བློ་གྲོས། ནམ་མཁས་ཇི་ཙམ་ཁྱབ་པ་དེ་ཙམ་དུ་དེ་བཞིན་གཤེགས་པའི་སྐུས་ཁྱབ་བོ། །ཞེས་སོགས་རྒྱ་ཆེར་གསུངས་སོ༑ ༑གཉིས་པ་ཐབས་ཤེས་གཉིས་སུ་མེད་པའི་དོན་རྟགས་ནི། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱིས་སྐྱིལ་མོ་ཀྲུང་དུ་བཞུགས་པ་ཞེས་པའི་དོན་ཏེ། ཐབས་སྙིང་རྗེ་ཆེན་པོ་མཚོན་པའི་ཞབས་གཡས་དང་། ཤེས་རབ་སྟོང་པ་ཉིད་མཚོན་པའི་ཞབས་གཡོན་ནམ། ཡང་ན་ཐབས་ཞེས་པས་ཡབ་དང་ཤེས་རབ་ཅེས་པས་ཡུམ། མཉམ་པའི་ཞེས་པས་ཡབ་དང་བརྟུལ་ཞུགས་ཀྱིས་ཞེས་ཡུམ་གྱི་བཞུགས་སྟངས་ཏེ་གཉིས་ཀ་མཚུངས་པར་བཞེངས་པ་ལྟ་བུ་མ་ཡིན་པར་སྐྱིལ་ཀྲུང་དུ་བཅིངས་ནས་སྙོམས་པར་འཇུག་ཅིང་བཞུགས་པའོ། །གཞན་ཡང་རིགས་དྲུག་པ་རྡོ་རྗེའི་སྐྱིལ་ཀྲུང་། ཡུམ་པདྨའི་སྐྱིལ་ཀྲུང་། འཆད་པའི་སྐྱེས་བུ་རིགས་ལྔ་ཡབ་རྣམས་རྫོགས་པའི་སྐྱིལ་ཀྲུང་དང་། ཡུམ་རྣམས་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་གཡོན་ནས་འཁྱུད་པའོ། །ཞེས་ཀྱང་གསུངས་སོ། །འོ་ན་འདིར་རིགས་དྲུག་པའི་ཡུམ་ཀུན་ཏུ་བཟང་མོ་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བཤད་པ་དང་། གོང་དུ་ཡུམ་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བཤད་པ་འགལ་ལོ་ཞེ་ན། པདྨའི་
སྐྱིལ་ཀྲུང་དེ་ཁ་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་ཡིན་པས་འགལ་བའི་སྐྱོན་མེད་དོ། །ཁ་གཅིག་ན་རེ། སྐུ་གསུང་ཐུགས་སྣ་ཚོགས་པ་དང་། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་ཞེས་པ་འགལ་ཏེ། སྐུ་སྣ་ཚོགས་ལ་ཞབས་གཉིས་ལས་མེད་པའི་ཕྱིར་ཞེ་ན། སྣ་ཚོགས་པའི་སྐུ་དེ་དག་ལ་ཡང་ཞབས་གཉིས་གཉིས་དང་ལྡན་པའི་དོན་ཡིན་ཞེས་སྨན་འགྲེལ་དུ་བཤད་ཀྱང་ལེགས་པར་མི་སེམས་ཏེ། འདི་ཉིད་ཀྱི་ལེའུ་བཅོ་ལྔ་པ་ཁྲོ་བོའི་དཀྱིལ་འཁོར་སྐབས་སུ། དབུ་དང་ཕྱག་ཞབས་སྟོང་ཁམས་ཀྱི་གྲངས་དང་མཉམ་པར་བཤད་པ་དང་། རྣམ་པར་ཐར་པའི་དབུ་གསུམ། ཡེ་ཤེས་དྲུག་གི་ཕྱག་དྲུག རྫུ་འཕྲུལ་རྐང་པ་བཞིའི་ཞབས་བཞི་སོགས་བཤད་པས་ཀྱང་གནོད་པའི་ཕྱིར། འདིར་ཞབས་གཉིས་བཤད་པ་སྟོན་པ་དང་འཆད་པའི་སྐྱེས་བུ་ལ་སྦྱར་ཏེ་བཤད་ན་བདེ་བར་སྣང་ངོ་། །གསུམ་པ་ཡེ་ཤེས་དྲུག་དང་ལྡན་པའི་དོན་རྟགས་ནི། ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་རིན་པོ་ཆེ་འབར་བ་ཅན། ཞེས་པའི་དོན་ཏེ། མེ་ལོང་ལྟ་བུ་དང་། ཆོས་ཀྱི་དབྱིངས་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པ་དང་བཅས་པའི་ཡེ་ཤེས་ལྔའི་སྟེང་དུ་རང་བྱུང་གི་ཡེ་ཤེས་བསྣན་པས་ཡེ་ཤེས་དྲུག་སྟེ༑ དེ་ལྟ་བུའི་ཡེ་ཤེས་དྲུག་པོ་དེ་ཐུགས་རྒྱུད་ལ་ལྡན་པའི་རྟགས་སུ་ཕྱག་དྲུག་དང་། དེས་འགྲོ་བའི་དོན་མཛད་པའི་རྟགས་སུ་ཕྱག་མཚན་དྲུག་འཛིན་པ་ནི། རིགས་ལྔ་ཡེ་ཤེས་ལྔ་མཚན་མར་གྱུར་པའི་རྡོ་རྗེ། འཁོར་ལོ། རིན་པོ་ཆེ། པདྨ། རལ་གྲི་རྣམས་དང་། ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་དྲིལ་བུ་འཛིན་པ་སྟེ། སྒྱུ་འཕྲུལ་རོལ་པ་ཆེན་པོའི་རྒྱུད་ལས། ཡེ་ཤེས་དྲུག་གི་བདག་ཉིད་ཀྱི ། །ཕྱག་རྒྱ་རིན་ཆེན་འབར་བའི་མཚན། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །དྲིལ་བུ་པདྨ་རལ་གྲི་འབར། །ཞེས་སོ། །བཞི་པ་རྣམ་ཐར་གསུམ་དང་ལྡན་པའི་དོན་རྟགས་ནི༑ སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ་ཞེས་པའི་དོན་སྐུ་སྟོང་པ་ཉིད་དང་། གསུང་མཚན་མ་མེད་པ། ཐུགས་སྨོན་པ་མེད་པ་གསུམ་ནི་བློའི་སྤྱོད་ཡུལ་ལས་འདས་པས་མི་ཟད་པ་རྒྱན་གྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་སྟེ། དེའི་རྟགས་སུ་སྐུ་སྟོང་པ་ཉིད་མཚོན་པའི་གཡས་ཞལ་དཀར་པོ། གསུང་མཚན་མ་མེད་པའི་གཡོན་ཞལ་དམར་
པོ༑ ཐུགས་སྨོན་པ་མེད་པའི་དབུས་ཞལ་མཐིང་གའི་ཁ་དོག་ཏུ་བསྟན་པའོ། །དེ་དག་གིས་སྟོན་པ་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ལ། བཞི་པ་གནས་ཕུན་སུམ་ཚོགས་པ་ནི། འོག་མིན་གྱི་གནས་མཐའ་དབུས་མེད་པ་ན། ཞེས་པས་བསྟན། དེ་ལ་འོག་མིན་ནི། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། གནས་ཀྱི་རང་བཞིན་དེ་བཞིན་ཉིད། །ངོ་བོ་འོག་མིན་གཞལ་ཡས་ཁང་། །ཞེས་སོ། །འོག་མིན་དེ་ལ་དབྱེ་ན། དོན་གྱི་འོག་མིན། རིག་པའི་འོག་མིན། གསང་བའི་འོག་མིན། འཇིག་རྟེན་གནས་ཀྱི་འོག་མིན། དབང་ཕྱུག་ཆེན་པོའི་འོག་མིན་དང་ལྔ་ལས། དང་པོ་དོན་གྱི་འོག་མིན་ནི། རྣམ་རྟོག་དང་མཚན་མའི་ཆོས་གང་གི་ཡང་འོག་ཏུ་མ་གྱུར་པའི་ཆོས་ཀྱི་དབྱིངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་རྟེན་གནས་ཡིན་པའི་ཕྱིར་ཏེ། རྒྱས་པ་ལས། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་སོ། །གཉིས་པ་རིག་པའི་འོག་མིན་ནི། གཉིས་འཛིན་གྱི་འོག་ཏུ་མ་གྱུར་པའི་རིག་པའི་ཡེ་ཤེས་སམ། ཡང་ན་ལོངས་སྐུའི་ཞིང་དང་ཆ་མཐུན་པའི་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་སྟེ། དེ་ལས། རང་བཞིན་དཀྱིལ་འཁོར་ཇི་ལྟ་བར། །ཏིང་འཛིན་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་སོ། །དེ་ལ་བཏགས་པའི་འོག་མིན་ཞེས་ཀྱང་གྲགས་སོ། །གསུམ་པ་གསང་བའི་འོག་མིན་ནི། ཡུམ་གྱི་བྷ་ག་སྟེ། སྟོན་པ་གསང་བའི་སྐུའི་བཞུགས་གནས་དང་མཚན་མའི་རྟོག་པ་གང་གི་ཡང་འོག་ཏུ་མ་གྱུར་པའི་ཕྱིར་རོ། །རྒྱས་པ་ལས། ནུབ་ཕྱོགས་འོག་མིན་གནས་མཆོག་ཏུ། །མ་ཆགས་པདྨའི་གདན་བཏིང་ནས། །དུས་གསུམ་སངས་རྒྱས་བཞུགས་པའི་གནས། །ཞེས་དང་། རྒྱུད་གཞན་ལས་ཀྱང་། རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །ཞེས་འབྱུང་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡུམ་ལྔའི་མཁའ་ཀློང་གི་རང་བཞིན་ཡིན་པའི་ཕྱིར། བཞི་པ་འཇིག་རྟེན་གནས་ཀྱི་འོག་མིན་ནི། གཟུགས་ཁམས་གནས་རིས་བཅུ་བདུན་གྱི་ཡ་ཐ་གཙང་རིས་ཀྱི་ལྷའི་གནས་དང་པོ་དེ་ལ་གྲགས་ཏེ། གཟུགས་ཅན་གྱི་གནས་གཞན་གྱི་འོག་ཏུ་མ་གྱུར་པའི་ཕྱིར་རོ། །གཞན་ཡང་ཁ་ཅིག་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ལ་བགྲངས་པའི་འོག་མིན་ཞེས་བཏགས་ཏེ། སྲིད་པའི་གནས་ཐམས་ཅད་
ཀྱི་རྩེ་མོར་གྱུར་པའི་ཕྱིར་རོ། །ལྔ་པ་དབང་ཕྱུག་ཆེན་པོའི་འོག་མིན་ནི། འདིར་འཆད་པའི་གནས་ལོངས་སྐུའི་བཞུགས་གནས་འོག་མིན་ཆེན་པོ་ཞེས་གྲགས་པ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། གཙང་མའི་རིས་དག་རབ་སྤངས་པའི། །འོག་མིན་ཆེན་པོའི་གནས་མཆོག་ན། །རིགས་བདག་ཕྱག་རྒྱ་ལྷུན་གྲུབ་སྐུ། །གཅིག་དང་དུ་མ་རྣམ་སྤངས་པ། །སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཏེ༑ ༑གདོད་ནས་ཐེག་ཆེན་མཛོད་ཡིན་ཕྱིར། །སྒྲིབ་པ་མཐའ་སྤངས་གདུལ་བྱ་ལ། །སྐད་ཅིག་གཅིག་གིས་སྣང་བར་མཛད། །ཅེས་སོ། །དེ་ལ་ཡང་གནས་ཀྱི་ངོ་བོ། ངེས་ཚིག གཏན་ལ་དབབ་པ་གསུམ་གྱི། དང་པོ་ངོ་བོ་ནི། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་རྟགས་གཞལ་ཡས་ཁང་གི་དབྱིབས་དང་ཁ་དོག་ཏུ་སྣང་བའོ། །གཉིས་པ་ངེས་ཚིག་ནི། ཨ་ཀ་ནིཥྛའི་སྒྲ་ལས་འོག་མ་ཡིན་པའི་དོན་ཏེ། དོན་གདུལ་བྱའི་བློ་ལས་འདས་ཤིང་། རྟགས་འཇིག་རྟེན་གནས་ཀྱི་འོག་མིན་ལས་ཉིས་འགྱུར་གྱིས་སྤགས་པའི་ཕྱིར་ཏེ། རྒྱ་མཚོ་ལས། འཇིག་རྟེན་གནས་ཀྱི་འོག་མིན་ལས། །ཉིས་འགྱུར་ཤིན་ཏུ་སྤགས་པ་ན། །ཞེས་སོ། །དེ་ལ་འཕགས་ཚུལ་ནི་འཇིག་རྟེན་གྱི་སྣང་བ་ལས་འཕགས་པ་ཡིན་གྱི་དེའི་ཡ་རོལ་ཡོད་པའི་ངེས་པ་མེད་དེ༑ སངས་རྒྱས་གང་ན་བཞུགས་པའི་རང་སྣང་ཡིན་པའི་ཕྱིར་རོ། །དེའང་བཟང་པོ་སྤྱོད་པ་ལས། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །ཞེས་པས། རྡུལ་ཕྲ་རབ་ཀྱི་ནང་ནའང་མི་བཞུགས་ཞེས་མི་བསམ་ཞིང་། དེའང་སྟུག་པོ་བཀོད་པའི་ཞིང་སྣང་བར་མ་འགགས་སོ། །དེས་ན་གནས་ཀྱི་ཁྱད་པར་བློས་ཕྱོགས་ཆར་ཆད་པ་ཞིག་ཏུ་བཙལ་མི་དགོས་ཏེ༑ ཆོས་དབྱིངས་རྣམ་པར་དག་པའི་དབང་ལས་ཡོན་ཏན་གྱི་ཁྱད་པར་གང་དུ་སྣང་བ་དེ་ཉིད་སངས་རྒྱས་ཀྱི་ཞིང་ཡིན་ཏེ། རྒྱས་པ་ལས། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་སོང་གནས་ཀྱང་འོག་མིན་དགའ་ལྡན་ཞིང་། །ཞེས་སོ། །དེས་ན་སེམས་ཅན་གྱིས་གང་ཁྱབ་པ་ཐམས་ཅད་དུ་དེ་བཞིན་གཤེགས་པའི་སྐུ་དང་ཕྲིན་ལས་ཀྱིས་ཁྱབ་པས་ཕྱོགས་རིས་སུ་ཆད་པ་མེད་དེ། དག་མ་དག་གི་སྣང་བས་ཕྱེ་བར་ཤེས་པར་བྱ་སྟེ། དྲི་མ་མེད་
པར་གྲགས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་རྣམས་ལ་སངས་རྒྱས་ཀྱི་ཞིང་འདིའི་རང་བཞིན་བསྟན་པར་མཛད་པས། ཐམས་ཅད་ཀྱིས་ཤར་ཕྱོགས་ཀྱི་སངས་རྒྱས་རིན་པོ་ཆེའི་རྒྱན་བཀོད་པ་ཞིང་ཁམས་གཞིར་ཡོངས་སུ་དག་པར་མཐོང་བར་གྱུར་པ་དེའི་ཚེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངའི་སངས་རྒྱས་ཀྱི་ཞིང་ནི་རྟག་ཏུ་འདི་འདྲ་སྟེ། ཁྱེད་རྣམས་ཀྱིས་མི་མཐོང་ངོ་། །ཞེས་གསུངས་པ་ལྟར་རོ། །དེ་ལ་ཉིས་འགྱུར་ཞེས་བརྗོད་པའང་། གཙང་མའི་འོག་མིན་ནི་རྒྱུའི་ཐེག་པའི་བྱང་སེམས་ས་དང་པོའི་བདེན་པ་མཐོང་བའི་གནས་ཡིན་ལ། འོག་མིན་ཆེན་པོ་ནི་ངེས་དོན་དུ་འཚང་རྒྱ་བའི་གནས་ཡིན་པས། སློབ་ལམ་དང་པོ་ནས་བདེན་པ་མཐོང་བའི་བར་ལ་ཡུན་ཇི་ཙམ་ཐོགས་པའི་ཉིས་འགྱུར་མི་སློབ་པའི་བར་དུ་དགོས་པས་དེ་སྐད་ཅེས་བྱའོ་ཞེས་བྱ་བ་ཉིད་ལེགས་པར་མཁན་ཆེན་ཆོས་ཀྱི་རྒྱལ་པོ་དྷརྨ་ཤྲཱི་བཞེད་པའོ། །གསུམ་པ་གཏན་ལ་དབབ་པ་ནི། འགྲེལ་ཆུང་ལས། མཐའ་དབུས་མེད་པ་ཆོས་ཀྱི་དབྱིངས། །དེ་ནི་གནས་ཀྱི་བླ་མར་འདོད། །ཅེས་པས། མཐའ་དབུས་ལ་སོགས་པ་སྤྲོས་པའི་མཚན་མ་ཐམས་ཅད་ལས་འདས་པའི་ཆོས་ཀྱི་དབྱིངས་ཆེན་པོ་མངོན་པར་མཐོ་བའི་གནས་དེ་ཉིད་ཀྱི་ངང་ལས་ཡོན་ཏན་གྱི་ཁྱད་པར་རང་སྣང་བའོ། །དེ་ལ་གནས་ཀྱི་ངོ་བོ་ནི། གཞི་ཚད་མེད་པ་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ། ཞེས་པ་ནས། གོས་པ་མེད་པ་པདྨ་རིན་པོ་ཆེའི་གདན་ལ་ཞེས་པའི་བར་གྱི་དོན་ཏེ། དེ་ལ་ཡང་དབྱེ་ན་འགྲེལ་ཆུང་ལས། གཞལ་ཡས་གཞི་དང་རྒྱུ་དང་རྒྱ། །དབྱིབས་དང་གློ་འབུར་རྩེ་མོ་དང་། །རྒྱན་དང་སྒོ་ཁྱུད་རྟ་བབས་དང་། །མཚན་ཉིད་གདན་གྱི་རྣམ་པ་སྟེ། །ཞེས་པ་ལྟར་བཅུ་གཅིག་ལས། དང་པོ་སྤྱིའི་འོག་གཞི་ནི། ཡེ་ཤེས་ལྔ་མཚོན་པའི་ཕྱིར་རྒྱ་ཁྱོན་ཚད་མེད་འཁོར་ལོ་རྩིབས་བཞི་པ་ལྟེ་བ་དང་བཅས་ཏེ། བཤད་རྒྱུད་རོལ་པ་ཆེན་པོ་ལས། །འཁོར་ལོ་ཆེན་པོའི་ས་གཞི་ལ། །ཁང་པ་གྲུ་བཞིིའི་རྣམ་པར་བརྗིད། །ཅེས་སོ། །ནང་གི་འོག་གཞི་ནི། སྒོ་དང་ཁྱམས་སོགས་ནས་ལྟེ་བའི་བར་རྡོ་རྗེ་འགྲེང་བུ་རེས་སྤགས་པ་སྟེ། ཐེག་པ་འོག་མ་ལས་འཕགས་པའི་ཕྱིར། གཉིས་
པ་རྒྱུ་ནི། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་ཞེས་པའི་དོན། ཡེ་ཤེས་ལ་རིན་པོ་ཆེར་འཇོག་པའི་རྒྱུ་མཚན། ཡེ་ཤེས་དེ་ཉིད་དབྱིབས་དང་ཁ་དོག་ཏུ་རང་སྣང་བས་གདུལ་བྱའི་རེ་བ་ཡིད་བཞིན་དུ་སྐོང་བའི་ཕྱིར། མདོ་སྡེ་ལས་སངས་རྒྱས་རྣམས་ཀྱི་ཡེ་ཤེས་རྒྱ་མཚོ་ཆེན་པོའི་ནང་ནས་ཡེ་ཤེས་ཀྱི་རིན་པོ་ཆེ་ཆེན་པོ་བསོད་ནམས་དང་ཡེ་ཤེས་དང་ཡོན་ཏན་ཕུན་སུམ་ཚོགས་པ་བཞི་ཡོད་དེ། ཞེས་པ་ལྟར་རོ། །གསུམ་པ་རྒྱ་ནི། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ་ཞེས་པའི་དོན། ཆོས་ཀྱི་དབྱིངས་མཐའ་དབུས་དང་བྲལ་བའི་ཕྱིར། རྒྱ་ཡོངས་སུ་མ་ཆད་པ་སྟེ་ཤེས་བྱའི་ཁྱབ་བྱེད་དུ་གནས་པའི་ཕྱིར། བཞི་པ་དབྱིབས་ནི། ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ་ཞེས་པའི་དོན་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་གྱིས་འདིར་ཁྱབ་པ་དང་། མཉམ་པ་དང་རྒྱས་པའི་ཕྱིར་ཏེ། རྒྱ་ཆེར་འགྲེལ་ལས། མཉམ་པའི་ཕྱིར་དང་ཁྱབ་པའི་ཕྱིར། །རྒྱས་པའི་ཕྱིར་ནི་གྲུ་བཞིར་གྱུར། །ཞེས་སོ། །འདིར་རྒྱ་མ་ཆད་པ་དང་དབྱིབས་གྲུ་བཞི་པ་འགལ་ལོ་ཞེ་ན། སྐྱོན་མེད་དེ། གདུལ་བྱ་རང་སྣང་གི་ངོས་ནས་རྒྱ་མ་ཆད་ཅིང་དེ་ཉིད་དབྱིབས་གྲུ་བཞི་པར་གྱུར་པའི་ཕྱིར་རོ། །ལྔ་པ་གློ་འབུར་ནི། ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ། ཞེས་པ་སྟེ། དེ་ལ་དོན་དང་རྟགས་གཉིས་ལས། རྟགས་ནི། གྲུ་ཆད་ལས་ཕྱིར་འཕྱར་བའི་དབྱིབས་མཁར་གྱི་འབུར་ཐབས་ལྟ་བུ་ཁ་དོག་རིགས་བཞིའི་མདོག་ཅན་གྱིས་རིན་པོ་ཆེ་ལས་གྲུབ་པའི་གློ་འ བུར་གྱིས་མཛེས་པ་སྟེ། དོན་ནི། ཡེ་ཤེས་རེ་རེའང་ལྷག་པའི་ཡེ་ཤེས་བཞི་བཞི་དང་ལྡན་པས་གདུལ་བྱའི་རེ་བ་སྐོང་བའོ། །དྲུག་པ་རྩེ་མོ་ནི། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད། སོ་སོ་མ་ཡིན། ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་བ༑ ཞེས་པ་སྟེ། ཕྱོགས་བཅུའི་སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་དང་ཐ་དད་མེད་པའི་དགོངས་པ་མཐར་ཐུག་པ་མངའ་བའི་རྟགས་སུ། གཞལ་ཡས་ཁང་གི་རྩེ་མོ་ཚད་དཔག་ཏུ་མེད་པ། དབྱིབས་བུམ་པ་ཟླུམ་པོའི་རྣམ་པར་འཁྱིལ་བ་སྟེ་ཆོས་ཀྱི་དབྱིངས་ལ་ཐུག་པ་མེད་ཅིང་སྤྲོས་པ་དང་བྲལ་བའི་ཕྱིར་རོ། །བདུན་པ་རྒྱན་ནི། ཡེ་ཤེས་བསམ་གྱིས་མི་ཁྱབ་
པའི། ཡེ་ཤེས་རིན་པོ་ཆེའི་དབྱིབས་དང་ཁ་དོག་ལ་སོགས་རྣམ་པ་ཐ་དད་པའི་བྱེ་བྲག་དང་ཁྱད་པར་ཏུ་གྱུར་པ། ཞེས་དང་། ཡེ་ཤེས་རིན་པོ་ཆེའི་འཕྲེང་བ་དང་། སོགས་ནས་རྒྱན་བསམ་གྱིས་མི་ཁྱབ་པས་བཀླུབས་པ། ཞེས་པའི་བར་གྱི་དོན་ཏེ། དེ་ལ་རྣམ་གྲངས་བདུན་ལས། དང་པོ་འོག་གཞིའི་རྒྱན་ནི། གཞལ་ཡས་ཁང་གི་འོག་གཞི་ཡེ་ཤེས་ལྔ་མཚོན་པའི་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པའི་མཐའ་ཆོས་ཉིད་མཚོན་པའི་རྡོ་རྗེའི་ར་བས་ཟླུམ་པོར་བསྐོར་བའོ། །ལོག་རྒྱན་ལ་གཉིས་ཀྱི་རིན་པོ་ཆེའི་རྒྱན་ནི། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྩལ་སྣང་མ་འགག་པ་མཚོན་པའི། པཉྩ་རེ་ཁའི་རྩིག་པ་ལྔ་སྦྲགས་ཀྱི་སྟེང་དུ་རིན་པོ་ཆེའི་ཕ་གུ་དང་། ཕྲེང་བ་དང་། ཆུན་འཕྱང་དང་། ཤར་བུ་དང་། མདའ་ཡབ་ལ་སོགས་པའི་རྒྱན་གྱི་ཁྱད་པར་དུ་མས་སྤྲས་པ་ཏེ། འོད་རིམ་ལས། ཡེ་ཤེས་རྩིག་སྟེང་སེང་མགོས་གཏམས། །མི་འཇིགས་ཁ་ནས་མུ་ཏིག་ཧར། །ཕ་གུ་མཛེས་པའི་རྒྱན་དང་ལྡན། །དྲ་བ་དྲ་ཕྱེད་མགུལ་འཁོར་ལྡན། །ཞེས་སོ། །གཉིས་པ་འདོད་ཡོན་གྱི་རྒྱན་ནི། འདོད་པའི་ཡོན་ཏན་ལྔ་མ་སྤངས་རྒྱན་དུ་རྫོགས་པ་མཚོན་པའི་རྩིག་པའི་རྩ་བར་འདོད་སྣམ་དམར་པོ་ལ་གཟུགས་རྡོ་རྗེ་མ་ལ་སོགས་པའི་མཆོད་པའི་ལྷ་མོས་ཕྱོགས་ཀུན་འཁྲིགས་པ་སྟེ། འོད་རིམ་ལས། གཟུགས་སོགས་ལྷ་མོས་འཁྲིགས་པ་སྟེ། །སྣ་ཚོགས་མཆོད་བྱེད་རོལ་མོ་ཡི། །བར་སྣང་ཁམས་ཀུན་སྤྲིན་ཕུང་བཞིན། །ཞེས་སོ། །འདོད་ཡོན་ལྷ་མོ་འདི་དག་རྩིག་པའི་རྩ་བར་འདོད་སྣམ་ལ་བཀོད་པ་འདི་ནི་རྗེ་བླ་མས་མཛད་པའི་སྒྲུབ་ཐབས་དང་། ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་པའི་འགྲེལ་བའི་དགོངས་པ་སྟེ། གཡུང་སྟོན་ཆེན་པོས་འདོད་ཡོན་གྱི་ལྷ་མོ་རྣམས་ཕ་གུའི་འོག་གཞལ་ཡས་ཁང་གི་རྩིག་པའི་གསེབ་ན་གནས་པར་བཤད་དོ༑ ༑སྟེང་རྒྱན་ནི་གཞལ་ཡས་ཁང་གི་ཡང་ཐོག་བུམ་པ་ཟླུམ་པོའི་སྟེང་དུ་བྲེ་མཚོན་པའི་ཕུར་བུའི་རྩེར་པདྨ་ལ་གནས་པའི་འཁོར་ལོ་རིམ་པ་བཅུ་གསུམ་གྱི་སྟེང་ན་རིན་པོ་ཆེའི་གདུགས་དང་ཏོག་གིས་མཛེས་པ་སྟེ། རྡོ་རྗེ་མེ་ལོང་ལས། ཆོས་ཀྱི་འཁོར་ལོ་བསྐོར་བྱས་ཤིང་། །ཉོན་མོངས་ཚད་པའི་གདུང་བ་སེལ། །ཐུགས་རྗེའི་གདུགས་ཀྱི་འཁོར་ལོ་བརྟན། །མ་ལུས་གཅིག་
ཏུ་འདུས་པ་ནི། །ཏོག་སྟོང་འོད་ཟེར་ལྡན་པའོ། །ཞེས་གསུངས་སོ། །རྟ་བབས་ཀྱི་རྩེར་ཡང་གདུགས་ཀྱི་རྩ་བར་འཁོར་ལོ་རི་དྭགས་དང་བཅས་པ། གཞན་ཡང་གཞལ་ཡས་ཁང་གི་ཕྱོགས་ཀུན་ཏུ་རྔ་ཡབ་དང་། བ་དན་ལ་སོགས་པ་རྒྱན་གྱི་ཁྱད་པར་དུ་མས་མཛེས་པར་བྱས་པའོ། །སྒོ་དང་རྟ་བབས་ཀྱི་རྒྱན་ནི། སྒོ་བཞི་གླང་སེང་ལ་སོགས་པ་དང་། རྟ་བབས་རྣམས་ལ་གསེར་གྱི་དྲིལ་བུ་ལ་སོགས་པའི་རྒྱན་གྱི་བྱེ་བྲག་དུ་མས་མཛེས་པ་སྟེ། རྔམ་གློག་ལས། གཞལ་ཡས་དེ་ཡི་སྒོ་བཞི་ནི། །གླང་སེང་གཉིས་ཀྱིས་མཛེས་པར་བརྒྱན། །རྟ་བབས་རྣམས་ཀྱི་འཁོར་ལོ་ལ། །གསེར་གྱི་དྲིལ་བུ་འབར་བ་དག །དཀོན་མཆོག་གསུམ་གྱི་སྒྲ་ཡང་སྒྲོག ། ཅེས་གསུངས། ཕྱི་རོལ་གྱི་རྒྱན་ནི། སྒོའི་གཡས་གཡོན་གཉིས་སུ་ཏཱ་ལའི་ལྗོན་པ་དང་། དཔག་བསམ་གྱི་ཤིང་ལ་སོགས་པའི་རྩེ་ན་བཀྲ་ཤིས་པའི་བྱ་དག་སྐད་སྙན་པར་སྒྲོག་པ། ཤིང་དེ་དག་གསེར་གྱི་ཐ་གུས་ཕན་ཚུན་དུ་བྲེས་པ་ལ་དྲིལ་བུ་དང་གཡེར་ཁ་ལས་ཆོས་ཀྱི་སྒྲ་དབྱངས་ཁྲོལ་བ་རིན་པོ་ཆེའི་ཕུང་པོ་འོད་འབར་བ་བརྒྱད་བརྒྱད་ཀྱིས་བསྐོར་བ་ལ་སོགས་པས་མཛེས་པ་སྟེ། འོད་རིམ་ལས། སྒོ་བཞིའི་གཡས་གཡོན་ལྗོན་ཤིང་དང་། །དཔག་བསམ་ཤིང་ཟུང་ཅོང་ཅོང་སྦྲེལ། །དྲིལ་བུ་གཡེར་ཁ་ཐེག་ཆེན་སྒྲོག །བཀྲ་ཤིས་བྱ་སྙན་སྒྲ་སྒྲོག་གིས། །ཡིད་བཞིན་རིན་ཆེན་བརྒྱད་བསྐོར་ནས། །རིན་ཆེན་ཕུང་པོ་བཞི་གཉིས་ལྡན། །ཞེས་སོ། །ངོ་བོ་ཉིད་ཀྱི་རྒྱན་ནི། བདེན་པ་བཞི་མཚོན་པའི་གྲུ་ཆད། བདེན་པ་དབྱེར་མེད་མཚོན་པའི་བར་ཁྱམས་ལ་སོགས་པས་མཛེས་པའོ། །བདག་པོའི་རྒྱན་ནི། སྤྲུལ་པའི་འཕྲོ་འདུ་བཞི་བཅུ་རྩ་གཉིས་ཀྱིས་མཛེས་པར་བྱས་པ་སྟེ། འདི་ཉིད་ལས། དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །ཞེས་སོ། །དེས་རྒྱན་བཤད་པ་སོང་ནས། བརྒྱད་པ་སྒོ་ནི། རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན། ཞེས་པའི་དོན་ཏེ་སྟོང་པ་ཉིད་དང་། སྨོན་པ་མེད་པ། མཚན་མ་མེད་པ། འོད་གསལ་བ་སྟེ་རྣམ་པར་ཐར་པ་བཞིའི་སྒོ་ནས་བྱང་ཆུབ་ཆེན་པོར་འཇུག་པའི་ཕྱིར་ཤར་ལ་སོགས་པའི་ཕྱོགས་བཞིར་སྒོ་བཞི་སྟེ། ལེ་ལག་ལས། སྟོང་སྨོན་མཚན་མེད་འོད་གསལ་འཇུག །དེ་ཕྱིར་ཡེ་ཤེས་སྒོ་བཞིར་བཤད། །ཅེས་སོ། །དེ་ཡང་ཐང་སྒོ་ལྟ་
བུ་མ་ཡིན་ཏེ། སྒོ་ཁྱུད་ཀྱིས་ཟླས་དྲངས་པའི་སྒོ་འགྲམ། སྒོ་ལོག ཡ་ཕུབ་རྡོ་རྗེའི་དྲ་མིག་ལ་སོགས་པས་མཛེས་པར་བརྒྱན་པའོ། །དགུ་པ་རྟ་བབས་ནི། རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ། ཞེས་པའི་དོན་ཏེ། རྡོ་རྗེ་མེ་ལོང་ལས། ལམ་བརྒྱད་རིམ་པར་བགྲོད་པ་ཡིས། །འབྲས་བུའི་ཡོན་ཏན་ཀུན་རྫོགས་པས། །རྟ་བབས་རྒྱུ་འབྲས་བཅུ་དྲུག་བསྟན། །ཅེས་པས། རྒྱུ་དང་འབྲས་བུའི་རྟ་བབས་ཏེ་གཉིས་ལས། དང་པོ་ནི། མཚོན་སྒོ་རྣམ་ཐར་བཞིའི་སྒོ་ནས་མཚོན་བྱ་མི་གནས་པའི་ཡེ་ཤེས་ལ་འཇུག་པ་དེ་ཡང་ཐུན་མོང་རྣམ་ཐར་བརྒྱད་ལ་སྦྱངས་པས་རྟོགས་པའི་རྟགས་སུ། སྒོ་ཕུབ་ཀྱི་ཕྱི་ནང་གཉིས་སུ་ཐེམ་སྐས་བཞི་བཞི་སྟེ་བརྒྱད་ནི་འབབས་སྟེགས་ཀྱི་རྟ་བབས་ཏེ། ལེ་ལག་ལས། དེར་འགྲོ་ལམ་སྟེགས་བརྒྱད་དང་ལྡན། །རྟ་བབས་བརྒྱད་དུ་འགྱུར་བ་ཡིན། །ཞེས་སོ། །གཉིས་པ་འབྲས་བུའི་རྟ་བབས་ནི༑ འགྲེལ་ཆུང་ལས། ཉན་ཐོས་རང་རྒྱལ་བྱང་ཆུབ་དང་། །བྱ་བའི་རྒྱུད་དང་གཉིས་ཀའི་རྒྱུད། །རྣལ་འབྱོར་བསྐྱེད་དང་རྫོགས་པ་ཡི། །རྣམ་ཐར་བརྒྱད་ཕྱིར་རྟ་བབས་ནི། །ཞེས་པས། ཐེག་པ་བརྒྱད་ཀྱི་གྲུབ་མཐའི་ཡོན་ཏན་བརྒྱད་རྫོགས་པའི་རྟགས་སུ་སྒོ་ལོགས་ཀྱི་ཟུར་བཞི་ནས་ཀ་བས་བཏེགས་པའི་སྒོ་ཁང་གི་སྟེང་དུ་རྒྱན་གྱི་རྟ་བབས་བརྒྱད་དེ། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལ། དེ་ཡི་གྲུབ་པའི་མཐའ་རྫོགས་ཕྱིར། །ཡོན་ཏན་རྫོགས་ཕྱིར་རྟ་རྐང་དང་། །ཆུ་སྐྱེས་སྒྲོམ་དང་ཟ་ར་ཚགས། །སྣ་འཕྱང་ཆུན་འཕྱང་ཤར་བུ་དང་། །ཁྱུང་སྒོ་མཛེས་པས་རིམ་པར་འཁྲིགས། །ཞེས་པ་ལྟར། རྒྱན་གྱི་རྟ་བབས་བརྒྱད་དང་། སྒོ་ཁང་དང་། སྒོའི་བསིལ་ཁང་གི་མུན་པ་སེལ་ཕྱིར་གླང་རྒྱབ་ནོར་བུ་མིག་གསུམ་པའི་རྣམ་པ་ཅན་ལ་སོགས་པའི་རྒྱན་གྱིས་མཛེས་པར་སྤྲས་པའོ། །བཅུ་པ་གཞལ་ཡས་ཁང་གི་མཚན་ཉིད་ནི། ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ་ན། ཞེས་པའི་དོན། རང་བྱུང་གི་ཡེ་ཤེས་ལ་ཕྱི་གཟུང་བའི་ཡུལ་དང་། ནང་འཛིན་པའི་སེམས་གཉིས་སུ་མེད་པས་ཤེས་བྱའི་དཀྱིལ་འཁོར་ཀུན་ཀྱང་རང་བྱུང་གི་ཡེ་ཤེས་སུ་གསལ་བ་ལས་གཞན་དུ་མ་གྱུར་པ་སྟེ། ཆོས་ཀྱི་དབྱིངས་རྡོ་རྗེ་བཙུན་མོའི་བྷ་ག་ཉིད་དུ་འདུས་པས་
ན་ནང་ཞེས་བྱ་བ་སྟེ། འགྲེལ་ཆུང་ལས། གནས་མཆོག་ཆོས་དབྱིངས་རྫོགས་པ་ནི། །གཞལ་ཡས་ཕྱི་ནང་ཆོས་དབྱིངས་ཞིང་། །བྷ་ག་ཉིད་དུ་བསྡུས་པས་ན། །ཀུན་ཏུ་ནང་ཞེས་བརྗོད་པ་ཡིན། །ཞེས་སོ། །དེ་ལྟར་ཆོས་ཀྱི་དབྱིངས་དེའི་ངང་ནས། ཡེ་ཤེས་ཆེན་པོའི་འཕྲུལ་བར་རང་སྣང་གི་གཞལ་ཡས་ཁང་རྒྱན་དང་བཅས་ཐམས་ཅད་ཀྱང་། ཤེལ་གྱི་སྤར་བུའི་ ནང་དུ་རིན་པོ་ཆེ་ཁ་དོག་སྣ་ཚོགས་པ་བཅུག་པ་ལྟར་མི་སྒྲིབ་པར་གསལ་བའི་རང་བཞིན་ཅན་ནོ། །བཅུ་གཅིག་པ་གདན་ནི་མི་འཇིགས་པ་ནས། རིན་པོ་ཆེའི་གདན་ལ་ཞེས་པའི་བར་གྱིས་ཏེ༑ དེ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི། སའི་ཁྱད་པར་བགྲོད་པའི། ཡོན་ཏན་གྱིས་ཉེས་ཚོགས་བཅོམ་པའི་གདན་དང་གསུམ་ལས། དང་པོ་ནི། སྔར་བཤད་པའི་འོག་གཞིའི་གདན་དེ་ཉིད་དེ་རིགས་ལྔ་ཡེ་ཤེས་ལྔའི་ཕྱག་རྒྱས་རྟོག་ཚོགས་གཅོད་པའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པའི་རྟགས་ཡིན་པས་སོ། །གཉིས་པ་སའི་ཁྱད་པར་བགྲོད་པའི་གདན་ནི། རང་བྱུང་གི་ཡེ་ཤེས་རྟོགས་པའི་རིག་པ་ལ་འབྲས་བུའི་ཆོས་མི་འཇིགས་པ་བཞི་སོགས་ལྷུན་གྱིས་གྲུབ་པས་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་རྟོགས་ཤིང་ངེས་པར་བྱས་པའི་རྟགས་སུ་སེང་གེ་དང་། གླང་ཆེན་དང་། རྟ་མཆོག་དང་། རྨ་བྱ་དང་། ཤང་ཤང་སྟེ་སེམས་ཅན་ལྔའི་གདན་ཁྲི་བྱུང་བ་སྟེ། དབང་བ སྐུར་རྒྱལ་པོའི་རྒྱུད་ལས། ཐུགས་ནི་མི་འཇིགས་བཞི་ཡིས་བདུད་བཞི་བཅོམ། །དེ་གྲུབ་རྟགས་སུ་སེང་གེའི་ཁྲི་ལ་བཞུགས། །སྐུ་ནི་སྟོབས་བཅུས་མི་དགེ་བཅུ་རྣམས་འདུལ། །དེ་གྲུབ་རྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་བཞིས་ཆགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུང་ནི་དབང་བཅུ་མཐར་ཕྱིན་རྒྱལ་པོའི་གསུང་། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། །ལས་ནི་ཕྲིན་ལས་བཞི་ཡི་ཐོགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་ཤང་ཤང་ཁྲི་ལ་བཞུགས། །ཞེས་སོ། །དེ་ལ་མི་འཇིགས་པ་བཞི་ནི། ཇི་ལྟ་ཇི་སྙེད་པའི་ཆོས་མ་ལུས་པ་མངོན་སུམ་དུ་རྟོགས་པའི་ཚུལ་གྱིས་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཞལ་གྱིས་བཞེས་པ་ལ་མི་འཇིགས་པ༑ ཐར་པ་ཐོབ་པ་ལ་སྒྲིབ་པ་འགོག་པར་བྱེད་དགོས་སོ་ཞེས་བར་དུ་གཅོད་པའི་ཆོས་སྟོན་
པ་ལ་མི་འཇིགས་པ། ངེས་འབྱུང་གི་ཐེག་པ་གསུམ་གྱི་ལམ་སྟོན་པ་ལ་མི་འཇིགས་པ། སྤང་བྱ་སྤངས་པའི་འགོག་པ་ཐོབ་པ་ལ་མི་འཇིགས་པ་སྟེ། འགྲེལ་ཆུང་ལས། མངོན་སངས་རྒྱས་དང་ཟག་པ་ཟད། །བར་མི་ཆོད་དང་ངེས་པར་འབྱུང་། །ཞེས་སོ། །སྟོབས་བཅུ་ནི། རྒྱུད་བླ་མ་ལས། གནས་དང་གནས་མིན་ལས་རྣམས་ཀྱི། །རྣམ་པར་སྨིན་དང་དབང་པོ་དང་། །ཁམས་རྣམས་དང་ནི་མོས་པ་དང་། །ཀུན་འགྲོའི་ལམ་དང་བསམ་གཏན་སོགས། །ཉོན་མོངས་དྲི་མ་མེད་པ་དང་། །གནས་ནི་རྗེས་སུ་དྲན་པ་དང་། །ལྷ་ཡི་མིག་དང་ཞི་བ་དག ། མཁྱེན་པའི་སྟོབས་ནི་རྣམ་པ་བཅུ། །ཞེས་པས། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས། འཇིག་རྟེན་གྱི་ཁམས་མ་ལུས་པ་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས། ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས། སྔོན་གྱི་གནས་མཁྱེན་པའི་སྟོབས། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཏེ་སྟོབས་བཅུའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འགྲེལ་ཆུང་ལས། འདུན་དང་བརྩོན་འགྲུས་སེམས་དང་ནི། །སྤྱོད་པའི་ཏིང་འཛིན་སྤོང་བ་ཡིས། །འདུ་བྱེད་རྣམས་ནི་རྐང་པ་བཞི། །ཞེས་སོ། །དབང་བཅུ་ནི། དེ་ཉིད་ལས། ཡོ་བྱད་སྐྱེ་བ་ཚེ་ལ་དབང་། །ཡེ་ཤེས་ཆོས་དང་སེམས་དང་ལས། །སྒྱུ་འཕྲུལ་སྨོན་ལམ་མོས་རྣམས་ཀྱིས། །ཁམས་གསུམ་ཀུན་གྱི་དབང་ཕྱུག་རྒྱལ། །ཞེས་སོ། །ཕྲིན་ལས་བཞི་ནི། དེ་ལས། ཞི་རྒྱས་དབང་དྲག་ལས་རྣམས་ཀྱིས། །ཐོགས་མེད་ལས་རྣམས་ལྷུན་གྱིས་གྲུབ། །ཅི་ལའང་ཐོགས་པ་མེད་པར་སྤྱོད། །ཅེས་སོ། །འདིར་སེང་གེ་ལ་སོགས་པའི་སེམས་ཅན་གྱི་གདན་དེ་དག་ཐུགས་རིག་པ་རང་སྣང་དུ་འདོད་ན། རྒྱ་མཚོ་ལས། བྱང་ཆུབ་སེམས་དཔའ་སྨོན་ལམ་དབང་། །ཐོས་པ་རྒྱ་མཚོ་བསགས་པའི་ཕྱིར། །ལུས་ནི་སེང་གེའི་གདན་དུ་ཕུལ། །ཞེས་དང་། སྤར་ཁབ་ལས་ཀྱང་། སེངྒེ་ལ་སོགས་པ་སྨོན་ལམ་གྱི་དབང་གིས་བྱང་ཆུབ་སེམས་དཔའ་གཅིག་ཀྱང་བརྒྱད་བརྒྱད་དོ། །ཞེས་སྨོན་ལམ་གུས་པའི་གདན་དུ་གསུངས་པ་དང་འགལ། རིགས་པས་གནོད་དེ་གདུལ་བྱ་མེད་པའི་འདུལ་བྱེད་
སྤྲུལ་པ་དོན་མེད་དུ་འགྱུར་བའི་ཕྱིར་རོ། །ཡེ་ཤེས་རང་སྣང་གི་གདན་མ་ཡིན་པར་སྨོན་ལམ་གུས་པའི་གདན་ཡིན་ན། སྤར་ཁབ་ལས། འབྲས་བུའི་ཆོས་བཞི་དང་བཅུ་གཉིས་གཉིས་དང་ཐམས་ཅད་མཁྱེན་པ་ཉིད་ལ་རྫོགས། ཞེས་དང་། གོང་དུ་དྲངས་པའི་ཐུགས་ནི་མི་འཇིགས་བཞི་ཡིས་བདུད་བཞི་འཇོམས་སོགས་དབང་བསྐུར་རྒྱལ་པོའི་རྒྱུད་ཀྱི་ལུང་དང་འགལ། རིགས་པས་ཀྱང་གནོད་དེ། འདུལ་བྱེད་མེད་པའི་གདུལ་བྱ་མི་སྲིད་དོ་ཟེར་ན་རྒྱུད་ཐ་དད་པ་ལ་ལྟོས་ན་འགལ་ཡང་འདིར་ཡེ་ཤེས་རང་སྣང་དང་སྨོན་ལམ་གུས་པ་གཉིས་རྒྱུད་ཐ་དད་དུ་མ་གྲུབ་པས་མི་འགལ་ཏེ། དཔེར་ན་དགེ་བའི་བཤེས་གཉེན་གྱི་ཆིབས་དེ་གཞན་གྱིས་དད་པས་ཕུལ་བ་དང་རང་གི་བསོད་ནམས་ལས་གྲུབ་པ་གཉིས་རྟ་གཅིག་གི་སྟེང་དུ་མཚུངས་པ་བཞིན། རྒྱལ་བ་རྣམས་ལ་མི་འཇིགས་པ་བཞི་ལ་སོགས་པ་ལྷུན་གྱིས་གྲུབ་པའི་རྟགས་སུ་སེང་གེ་ལ་སོགས་པའི་གདན་དུ་སྣང་བ་དང་། ས་གནས་ཀྱི་སེམས་དཔའ་ལུས་སྒྲིབ་ཀྱི་ཆ་དང་བཅས་པ་རྣམས་སེངྒེ་ལ་སོགས་པར་སྤྲུལ་ནས་ལུས་གདན་དུ་ཕུལ་ཞིང་རྣ་བས་ཆོས་ཉན་ནས་ཤེས་སྒྲིབ་སྦྱོང་བ་གཉིས་མི་འགལ་ལོ་ཞེས་གསུངས་སོ། །གཞན་ཡང་གསང་བའི་ཐེག་པ་འདི་ནི་འོག་མ་ལ་ཉམ་མི་ང་ཞིང་མི་འཇིགས་པ་དང་ཐེག་པ་འོག་མར་མི་ཆུད་པའི་དོན་འདིར་ཤོང་ཞིང་ཆུད་པའི་སྟོབས་དང་། གདུལ་བྱ་རྣམས་སྨིན་གྲོལ་གྱི་ས་ལ་མྱུར་དུ་དཀྲི་བའི་རྫུ་འཕྲུལ་གྱི་རྐང་པ་དང་། ལས་ཉོན་མ་སྤངས་པར་དབང་དུ་བྱེད་པ་དང་། ཆགས་ཐོགས་མེད་པའི་ཕྲིན་ལས་ཀྱི་གདུལ་བྱ་འདུལ་བའི་ཕྱིར་སེང་གེ་ལ་སོགས་པ་དང་སྦྱར་ཏེ་བཤད་དུའང་རུང་ངོ་། །དེའང་ཐེག་པ་བརྒྱད་ལ་བགྲོད་ནས་འབྲས་བུའི་ཡོན་ཏན་ཐུགས་སུ་ཆུད་པའི་ཕྱིར་སེངྒེ་ལ་སོགས་པ་རེ་རེའང་བརྒྱད་བརྒྱད་མཇུག་མ་ནང་དུ་བསྣོལ་ནས་རིན་པོ་ཆེའི་ཁྲི་རྐང་འདེགས་པའི་ཕྱིར་སའི་ཁྱད་པར་བགྲོད་པའི་གདན་ཞེས་གྲགས་སོ། །གསུམ་པ་ཡོན་ཏན་གྱི་ཆེ་བས་ཉེས་པ་བཅོམ་པའི་གདན་ནི། རྒྱལ་བའི་ཐུགས་རང་བཞིན་གྱིས་འོད་གསལ་ཞིང་ཐབས་ཤེས་གཉིས་སུ་མེད་པའི་རྟགས་སུ་ཉི་ཟླ། པདྨ་ནི་འདམ་ལས་སྐྱེས་ཀྱང་འདམ་གྱི་སྐྱོན་གྱིས་མ་གོས་པ་ལྟར་མཐའི་སྐྱོན་གྱིས་མ་གོས་པའི་རྟགས་སུ་པདྨ། གདུལ་བྱ་རྣམས་ཀྱི་དགོས་འདོད་
རེ་བ་ཡིད་བཞིན་དུ་སྐོང་བའི་རྟགས་སུ་རིན་པོ་ཆེའི་གདན། དེ་དག་ཀྱང་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པའི་བརྡར་ཀ་བས་བཏེགས་པའི་མཛོད་མིག་བདུན་དང་ལྡན་ཏེ། གདན་དེ་དག་བརྩེགས་ལུགས་ཀྱང་། འོད་རིམ་དང་འགྲེལ་པ་ཕྱོགས་བཅུ་མུན་སེལ་ལྟར་ན༑ སྐྱེས་བུ་ལྔ་ལ་ལྔ་བརྩེགས་ཏེ། སེམས་དཔའ་ལ་ནི་གསུམ་བརྩེགས། ཁྲོ་བོ་ལ་ཉི་རྐྱང་། ཐུབ་པ་དྲུག་ལ་པདྨ་རྐྱང་པ། ཀུན་བཟང་ཡབ་ཡུམ་བཞི་བརྩེགས། ཞེས་བཤད་པ་དེ་བླ་མ་གོང་མ་རྣམས་དེ་ལྟར་བཞེད་ཀྱང་། སྤྱན་འགྲེལ་ལས། ཀུན་བཟང་ཡབ་ཡུམ་དཀྱིལ་འཁོར་ལ་འགོད་ཚེ་སུམ་བརྩེགས་དང་། ཆོས་འཆད་པའི་ཚེ་ལྔ་བརྩེགས། སྒོ་བ་ལ་པད་ཉི་བརྩེགས་མར་བཤད་ཅིང་གཞན་རྣམས་འདྲའོ། །ཟླ་བ་སྟེང་དུ་འོང་བ་ནི། གྲོལ་ལམ་ལྟར་ན་སྣང་བ་འགག་པ་མེད་པ་མཚོན་པའི་ཕྱིར་ཟླ་བ་སྟེང་དང་། ནང་ལྟར་ལྟེ་བའི་ཨ་ཐུང་གི་སྟེང་དུ་སྤྱི་བོའི་ཧཾ་ཡིག་གམ་སྙིང་གའི་སྲོག་མི་ཤིགས་པའི་ཐིག་ལེ་གནས་པའི་ཕྱིར་དང་། སྤྱན་འགྲེལ་ལས། གཙོ་བོ་ནི་ཤེས་རབ་ལ་སྤྱོ ད་པའི་ཕྱིར་ནང་གི་ཆུ་སྐྱེས་ཀྱི་ལྟེ་བའི་ཉི་མ་ལ་ཟླ་བ་བརྟེན་པའི་ཕྱིར་རི་བོང་ཅན་སྟེང་ན་གནས་སོ། །ཞེས་གསང་བ་འོག་སྒོ་ལྟར་བཤད་པའི་ཕྱིར་རོ། །དེ་དག་གི་གནས་ཕུན་སུམ་ཚོགས་པ་རྒྱས་པར་བཤད་པ་སྟེ། རྒྱ་མཚོ་ལས། དགའ་བདེ་ཡང་དག་རྫོགས་པའི་གནས། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡིས། །མ་ལུས་འདུས་པའི་གཞལ་ཡས་ཁང་། །བདག་པོ་རྒྱན་དང་བཅས་པ་ཉིད། །འཇིག་རྟེན་གནས་ཀྱི་འོག་མིན་ལས། །ཉིས་འགྱུར་ཤིན་ཏུ་སྤགས་པ་ན། །ངོ་བོ་མཐའ་གསུམ་ལས་འདས་པ། །མ་སྤངས་རྒྱན་རྫོགས་གཞལ་ཡས་ཁང་། །ཡོན་ཏན་ལྔ་ཡི་བདག་པོ་སྟེ། །གྲུ་བཞི་སྤྱི་བོ་འཁྱིལ་སྣང་བའོ། །ཞེས་སོ། །ལྔ་པ་འཁོར་ཕུན་སུམ་ཚོགས་པ་བཤད་པ་ལ། རྣམ་གྲངས་དངོས་དང་། ཞར་ལ་དེ་དག་གི་ཚད་བཤད་པའོ། །དང་པོ་ལ་ལྷན་ཅིག་པ་དང་། གོ་ཕྱེ་བའི་འཁོར་གཉིས་ཏེ། ཁོག་གཞུང་ལས། ལྷན་ཅིག་སྐྱེས་དང་གོ་ཕྱེ་བ། །ཞེས་སོ། །དང་པོ་ལྷན་ཅིག་པའི་འཁོར་ལ་ཡང་། རང་བཞིན་གཉིས་སུ་མེད་པ་དང་། རིག་པ་ཁྱད་པར་ཅན་གྱི། དད་པས་གཏམ་ཉན་པའི་
འཁོར་དང་གསུམ་ལས། དང་པོ་རང་བཞིན་གཉིས་སུ་མེད་པའི་འཁོར་ལ་གཉིས་ཏེ་རིགས་ཀྱི་ཡབ་ལྔ་དང་། ཡུམ་ལྔའོ། །དང་པོ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནས་ཚོར་བ་ཞེས་པའི་བར་ཏེ། དེ་ལའང་གསུམ་སྟེ། རྟོག་པ་བཤད་པ། དེ་ལྷར་དག་ཚུལ། དེའི་རིགས་ཀྱི་དབྱེ་བ་བཤད་པའོ། །དང་པོ་ནི། རྒྱུད་ཕྱི་མ་ལས། གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་པར་ཤེས་པ་བཞི། །ཕུང་པོ་ལྔ་ཞེས་རབ་ཏུ་བརྗོད། །དེ་ལ་རྣམ་ཤེས་ནི། ཡུལ་རྣམ་པར་རིག་པའི་མཚན་ཉིད་ཅན་གྱི་ཚོགས་བརྒྱད་དེ། ཀུན་གཞི། ཡིད། ཉོན་ཡིད། སྒོ་ལྔའི་རྣམ་ཤེས་སོ། །དེ་ཡང་ཀུན་གཞིའི་རྣམ་ཤེས་ནི་མེ་ལོང་དྭངས་པའི་ངོས་ལྟ་བུ་ཤེས་པ་ཡུལ་ལ་མ་འཕྲོས་པའི་འཆར་གཞི་བྱེད། ཡིད་ཀྱི་རྣམ་ཤེས་ནི་དོན་སྤྱིའི་ཡུལ་དང་རྗེས་ཀྱི་བློ་ཡུལ་ལ་སྤྱོད་པ། ཉོན་ཡིད་ནི་དགག་སྒྲུབ་ཏུ་བྱེད་པའི་ཤེས་པ་ལ་སོགས་པའི་བྱེད་པ། སྒོ་ལྔའི་རྣམ་ཤེས་ནི་གཟུགས་མཐོང་བ་ལ་སོགས་པའི་རྟོག་མེད་ལྔའོ། །དེའང་མཐོང་ཐོས་རེག་ཚོར་ཙམ་གྱི་ཆ་དེ་རྟོག་མེད་ཡིན་པས་སྒོ་ལྔའི་རྣམ་ཤེས། དེ་ལས་སོ་སོར་ཤེས་པ་ཡིད་ཀྱི་རྣམ་ཤེས། དེ་ལ་དགག་སྒྲུབ་ཏུ་འཆར་བ་ཉོན་ཡིད་དོ། །དེའི་ཕྱིར་ན་སྒོ་ལྔའི་རྣམ་ཤེས་ཙམ་གྱིས་ལས་མི་བསོག་ལ། ཉོན་ཡིད་ནི་ཀུན་གཞིའི་སྟེང་དུ་ལས་གསོག་པའོ། །ཀུན་གཞི་ནི་དེ་རྣམས་ཀྱི་རྟེན་རྟོག་མེད་ལུང་མ་བསྟན་གྱི་ཆ་དེ་ཡིན་ནོ། །གཟུགས་ནི་གཟུགས་སུ་རུང་བའི་ཚན་ཉིད་ཅན་གྱི་རྒྱུའི་གཟུགས་བཞི་དང་འབྲས་བུའི་གཟུགས་བཅུ་གཅིག་སྟེ་བཅོ་ལྔའོ། །དེ་ལ་རྒྱུའི་གཟུགས་བཞི་ནི། ས། ཆུ། མེ། རླུང་སྟེ་འབྱུང་བ་བཞི། འབྲས་གཟུགས་བཅུ་གཅིག་ནི། མཛོད་ལས། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་གསུངས་པས། གཟུགས། སྒྲ། དྲི། རོ། རེག་སྟེ་ཡུལ་ལྔ་དང་། མིག རྣ་བ༑ སྣ་དང་། ལྕེ། ལུས་དབང་སྟེ་ལྔ། རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་ཏེ་བཅོ་ལྔའོ། །རྣམ་པ་རིག་བྱེད་མ་ཡིན་པ་ནི། གནས་སྐབས། ངོ་བོ། རྒྱུན། རྒྱུ་དང་བཞིའི་ཁྱད་ཆོས་དང་ལྡན་པའི་ཐོགས་མེད་ཀྱི་གཟུགས་ཏེ་སོ་ཐར་གྱི་སྡོམ་པ་གཟུགས་ཅན་དུ་འདོད་པ་ལྟ་བུའོ། །ཚོར་བ་ནི་ཉམས་སུ་མྱོང་བའི་མཚན་ཉིད་ཀྱི་བདེ་སྡུག་བར་མ་གསུམ་སྟེ་ཡུལ་ཡིད་དུ་འོང་
བ་ལས་བདེ་བ། མི་སྡུག་པ་ལས་སྡུག་བསྔལ། བར་མ་ལས་བཏང་སྙོམས་སྐྱེ་བ་སྟེ། འདུལ་བ་ལུང་ལས། སྐྱེ་བོ་མཛའ་བ་མཐོང་ན་ཆགས་པའི་བློ། །གནོད་པ་མངོན་པར་སྒྲུབ་ལ་སྡང་བའི་བློ། །བར་མ་རྣམས་ལ་གཏི་མུག་རྣམས་འཕེལ་བས། །ཞེས་པའོ། །འདུ་ཤེས་ནི། ཡུལ་མཚན་མར་འཛིན་པའི་མཚན་ཉིད་ཅན་གྱི། རྒྱ་ཆེ་བ། ཆུང་བ། བར་མ་སྟེ་གསུམ་མོ། །འདུ་བྱེད་ནི། མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན་གྱི་སེམས་བྱུང་ལྔ་བཅུ་རྩ་གཅིག་སྟེ། དེ་དག་ཀྱང་སྡོམ་ན། ཚོར་འདུ་སེམས་པ་རེག་ཡིད་བྱེད། །འདི་དག་ཀུན་འགྲོ་ལྔ་ཡིན་ནོ། །མོས་འདུན་དྲན་ཏིང་ཤེས་རབ་སྟེ། །འདི་དག་ཡུལ་ངེས་ལྔ་ཡིན་ནོ། །དད་དང་བག་ཡོད་ཤིན་ཏུ་སྦྱངས། །འདོད་ཆགས་ཞེ་སྡང་གཏི་མུག་མེད། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྣམ་པར་མི་འཚེ་བརྩོན་འགྲུས་ཏེ། །འདི་དག་དགེ་བ་བཅུ་གཅིག་གོ །ཁྲོ་དང་འཁོན་འཛིན་འཆབ་དང་ཚིག །ཕྲག་དོག་སེར་སྣ་སྒྱུ་དང་གཡོ། །རྒྱགས་དང་རྣམ་འཚེར་ངོ་ཚ་མེད། །ཁྲེལ་མེད་རྨུགས་རྒོད་མ་དད་དང་། །ལེ་ལོ་བག་མེད་བརྗེད་ངས་དང་། །ཤེས་བཞིན་མ་ཡིན་རྣམ་གཡེངས་ཏེ། །འདི་དག་ཉེ་ཉོན་ཉི་ཤུའོ། །གཉིད༡་འགྱོད་༢ རྟོག་༣དཔྱོད་༤གཞན་འགྱུར་བཞི། །ཞེས་པ་ལྟར་རོ། །དེ་ལས་ཚོར་བ་དང་འདུ་ཤེས་འཕྲི་བའི་ལྷག་མ་བཞི་བཅུ་རྩ་དགུ་མིང་དང་མཚན་མ་ལ་སོགས་པའི་འདུ་བྱེད་འཁོར་འདས་བསྐྱེད་པའི་བྱ་བྱེད་ཐམས་ཅད་དོ༑ ༑ཅི་ཕྱིར། ཀུན་འགྲོ་ལྔའི་ནང་ནས་ཚོར་བ་དང་འདུ་ཤེས་གཉིས་ཕུང་པོ་གཞན་དུ་བཞག་ཅེ་ན། མཛོད་ལས། རྩོད་པའི་རྩ་བར་གྱུར་པ་དང་། །འཁོར་བའི་རྒྱུ་ཕྱིར་རིམ་རྒྱུའི་ཕྱིར། །སེམས་བྱུང་རྣམས་ལས་ཚོར་བ་དང་། །འདུ་ཤེས་ལོགས་ཤིག་ཕུང་པོར་བཞག །ཅེས་སོ། །དེ་ལ་ཁ་ཅིག་ན་རེ། གཞུང་གཞན་རྣམས་སུ། ཕུང་པོ་ལྔའི་གོ་རིམ་གཟུགས་ནས་སྨོས་ན། འདིར་རྣམ་ཤེས་དང་པོར་སྨོས་པ་གང་ཞེ་ན། འགྲེལ་པ་ཉི་སེང་མར། ཕྱི་རོལ་པ་དག་གཟུང་བའི་དོན་རགས་པ་དག་གཙོ་བོར་འདོད་པ་ཡིན་ལ། འདིར་ནི་འཛིན་པའི་གཞི་རྩ་བའི་རྣམ་པར་ཤེས་པ་གཙོ་བོར་འདོད་པ་ཡིན་པས། ཞེས་འདི་ལས་ཕྱི་རོལ་དུ་གྱུར་པའི་ཐུན་མོང་གི་ཐེག་པར་ལས་ཁྱད་པར་དུ་འཕགས་པ་སྟོན་པ་ཡིན་པས་སོ། །ཞེས་གསུངས་སོ། །གཉིས་
པ་དེ་དག་ལྷ་དང་སྦྱོར་ཚུལ་ལ། དགག་ག ཞག་གཉིས། དང་པོ་ནི། རྗེ་འཁོན་སྟོན་ན་རེ། འདིའི་སྐབས་ཀྱི་རྣམ་ཤེས་ནི་ཚོགས་བརྒྱད་མ་ཡིན་ཏེ། སྒོ་ལྔའི་རྣམ་ཤེས་སོ། །གལ་ཏེ་ཚོགས་བརྒྱད་དུ་འདོད་ན། མི་བསྐྱོད་པའི་རྒྱུད་ལ་ཀུན་གཞི་ཡོད་པའི་ཕྱིར། དགྲ་བཅོམ་པ་མ་ཡིན་པར་ཐལ་བ་དང་། ཉོན་ཡིད་ཡོད་པའི་ཕྱིར་ན། སྒྲིབ་གཉིས་སྤངས་པའི་གང་ཟག་མ་ཡིན་པར་ཐལ་བའི་སྐྱོན་ཡོད་གསུང་ན་ཡང་དེ་འདྲ་ཐུན་མོང་ཐེག་པའི་གཞུང་དང་སྟུན་པར་ཟད་ཀྱི། འདིར་མི་རིགས་ཏེ་དེ་ལྟ་ན། ཡི་དྭགས་ཀྱི་ཐུབ་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་འདོད་ཆགས་མེད་པར་ཐལ། ཁྱོད་དུག་གསུམ་ཟད་པར་སྤངས་པའི་གང་ཟག་ཡིན་པའི་ཕྱིར། ཁྱོད་སངས་རྒྱས་འཕགས་པ་ཡིན་པའི་ཕྱིར། ཞེས་ཐམས་ཅད་ལ་མགོ་མཚུངས་པའི་ཕྱིར་དང་། འདི་ཉིད་ལས། ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །ཞེས་དང་། རྒྱ་ཆེར་འགྲེལ་ལས། རྣམ་པར་ཤེས་པའི་རྒྱལ་པོ་ནི། དཔལ་རྡོ་རྗེ་སེམས་དཔའ་ཀུན་གཞི་རྣམ་པར་དག་པའོ། །ཞེས་སོགས་ཀྱི་ཐེག་པ་འདིའི་ལུགས་ལ་ཀུན་གཞི་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་ཡེ་ནས་དག་པས་སྤང་གཉེན་དུ་མི་འདོད་དེ་འཆིང་གྲོལ་ལས་འདས་པའི་ཕྱིར་རོ། །གཉིས་པ་རང་ལུགས་ནི། རྟོག་ཚོགས་ཕུང་པོ་ལྔའི་རང་བཞིན་ཡེ་ཇི་བཞིན་པའི་རིགས་ལྔ་ཡིན་པ་ལ། ཁྱད་པར་དུ་རྒྱུད་དག་པའི་སངས་རྒྱས་ཀྱི་འབྲས་བུ་མངོན་དུ་བྱས་ཏེ་མཐར་ཕྱིན་པར་གྱུར་པའམ། དེ་ལྟ་བུའི་རྟོག་པ་ལ་ཐུགས་རང་རིག་པའི་ཡེ་ཤེས་ཀྱི་རང་དབང་བསྒྱུར་ཅིང་ཟག་མེད་ཀྱི་ཆོས་ལ་མངའ་བརྙེས་པས་བདེ་བ་ཆེན་པོར་ལོངས་སྤྱོད་པས་ན་རྒྱལ་པོ་ཞེས་བྱའོ། །འོ་ན་གཞུང་འདིར་ལྷའི་མཚན་ནས་མི་སྨོས་པར་རྟོག་པའི་མཚན་ནས་སྨོས་པའི་རྒྱུ་མཚན་ཅི་ཞེ་ན། ཕུང་པོ་ལྔ་ལ་སོགས་པའི་རྟོག་པའི་མིང་གི་ལྷ་ལ་བརྗོད་པ་མེད་དེ། རྣམ་པར་ཤེས་པའི་རྒྱལ་པོ་དང་ཞེས་ལྡན་ཆོས་ཕུང་པོ་ལྔ་ལས་ལྷག་པ་ཉིད་བསྟན་པ་ཡིན་ཏེ། མྱ་ངན་ལས་འདས་པ་ཆེན་པོ་ཞེས། མྱ་ངན་གྱི་མིང་གིས་སངས་རྒྱས་ལ་བརྗོད་པ་མ་ཡིན་གྱི་འཕགས་ཆོས་ངོས་གཟུང་བའི་ཕྱིར་དང་། གསང་བ་འདུས་པར། ཞེ་སྡང་རྡོ་
རྗེ་ཞེས་པ་ལ་སོགས་པས་མེ་ལོང་ཡེ་ཤེས་སོགས་དངོས་སུ་བསྟན་པ་དང་། བརྟག་གཉིས་ལས། འདོད་ཆགས་ཆེན་པོ་རྗེས་ཆགས་པ། །ཞེས་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ལ་བརྗོད་པ་བཞིན་ནོ། །གལ་ཏེ་རྟོག་པའི་མིང་ནས་སྨོས་ན་རྣམ་པར་ཤེས་པ་དང་ཞེས་བརྗོད་དགོས་ཀྱི་རྒྱལ་པོ་དང་ཞེས་བརྗོད་མི་རིགས་སོ། །ཁྱད་པར་འཕགས་པའི་ཆོས་སུ་རྣམ་པར་ཤེས་པའི་རྒྱལ་པོ་དང་ཞེས་སོགས་བརྗོད་པ་ནི་འཁོར་བའི་གནས་སྐབས་ན་རྣམ་པར་ཤེས་པ་ལ་སོགས་པ་དེ་དག་དེ་བཞིན་གཤེགས་པ་དེ་དག་གི་རིགས་སུ་གནས་པས་བརྗོད་པ་ཡིན་ཏེ༑ དེ་ཡང་རང་བཞིན་གྱིས་དག་པའི་སངས་རྒྱས་ཉིད་ཀྱང་མ་དག་པའི་ཚེ་འགྲོ་བའི་ཕུང་པོ་ལྔ་དང་རྣམ་སྨིན་ལས་གྲུབ་པ་ལྟར་སྣང་བ་དང་། དེ་ལས་ཅུང་ཟད་དག་པ་དབང་ཐོབ་པ་རྣམས་ཀྱི་སྨོན་ལམ་ལས་གྲུབ་པའི་ལུས་ལ་སོགས་པར་སྣང་ངོ་། །ཤིན་ཏུ་རྣམ་དག་གི་གནས་སྐབས་སུ། རྒྱལ་བའི་སྐུ་དང་ཡེ་ཤེས་སུ་སྣང་ངོ་། །དེ་ལྟར་ཕྱི་ནང་གི་སྣང་བ་རྟོག་ཚོགས་དང་བཅས་པ་ཀུན་མ་དག་པ་ལྟར་སྣང་ཡང་དོན་ལ་དག་པ་སངས་རྒྱས་ཀྱི་ཞིང་དང་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཉིད་ཡིན་ནོ་ཞེས་ཀུན་མཁྱེན་ཆེན་པོ་ཀློང་ཆེན་པ་གསུངས་སོ༑ ༑མ་དག་པ་འཁོར་བའི་གནས་སྐབས་སུའང་། རྟོག་ཚོགས་རྣམས་རང་བཞིན་གྱིས་དག་པས་སྐུ་དང་ཡེ་ཤེས་སུ་རྫོགས་པ་གསང་སྔགས་ཙམ་དུ་མ་ཟད་ངེས་དོན་གྱི་མདོ་ལས་ཀྱང་འབྱུང་སྟེ། སྡོང་པོ་བཀོད་པ་ལས། གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་དཔའ་ནི། །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་དང་། དྲི་མ་མེད་པར་གྲགས་པའི་མདོ་ལས། འཇིག་ཚོགས་ལ་ལྟ་བ་ནི་དེ་བཞིན་གཤེགས་པའི་གདུང་ངོ་། །དེའི་ཕྱིར་ན་རང་བཞིན་ཤེས་བྱའི་གཤིས་ལ་རྟོག་ཚོགས་དང་ལྷ་གཉིས་སྣང་ན་སྣང་མཉམ། སྟོང་ན་སྟོང་མཉམ་བཟང་ངན་མེད་པར་སྣང་བའི་ཕྱིར་ན། ཐུན་མོང་མ་ཡིན་པའི་ཐེག་པ་འདིར་ལམ་པའི་སྐབས་སུ་ལྷ་རྟོག་དབྱེར་མེད་དུ་ངོས་ཟིན་པར་བྱ་བ་དང་། འབྲས་བུ་མཐར་ཕྱིན་པའི་དུས་ན་རྟོག་པ་ཉིད་མ་སྤངས་མ་བསྒྱུར་བར་ལྷའི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར་ན་རྟོག་པའི་མཚན་ནས་སྨོས་པའོ། །ཞེས་ཀྱང་
བཤད་དུ་ཡོད་པའི་ཕྱིར། རྟོག་ཚོགས་ལྷར་སྣང་བའི་འཐད་པ་གང་ཞེ་ན། ཕྱི་རོལ་དོན་ཡོད་པའི་དབང་དུ་བྱས་པ་དང་། ཤེས་བྱ་ནང་གི་དབང་དུ་བྱས་པ་གཉིས། དང་པོ་ནི། རྟོག་པའི་རང་བཞིན་ཡེ་ནས་ལྷར་གྲུབ་པ་ཉིད་མ་དག་པ་གཞིའི་སྐབས་སུ་རྟོག་ཚོགས་ལྟར་སྣང་ཡང་ཡེ་ནས་ལྷ་ཡིན་པའི་གནད་ཀྱིས་ལམ་པས་ཉམས་སུ་བླངས་པའི་ལམ་རྐྱེན་དང་འཕྲད་པ་ལས་ལྷར་སྣང་རུང་དུ་མ་འགགས་པའི་ཕྱིར་ཏེ། དཔེར་ན་དངུལ་ཆུས་བསྡུས་པའི་གསེར་ཉིད་གནས་སྐབས་སུ་དངུལ་གྱི་གོང་བུ་ལྟར་སྣང་ཡང་མེའི་རྐྱེན་དང་འཕྲད་པ་ལས་གསེར་དུ་འགྱུར་བ་བཞིན་ནོ། །དེ་ཡང་སྒྱུ་འཕྲུལ་རྟོག་པའི་དྲ་བ་རྣམ་པར་གསལ་བའི་རྒྱུད་ཕྱི་མའི་ཕྱི་མ་ལས། གསོལ་བ། བཅོམ་ལྡན་འདས་རྣལ་འབྱོར་པ་འདི་དག་རྒྱུ་ཅི་ལྟ་བུ་ཞིག་ལས་སྒྲུབ་པར་བགྱི་བ་ལགས། བཀའ་སྩལ་བ ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་འབྱུང་བ་ལ་སོགས་པའོ། །གསོལ་བ། འོ་ན། རྒྱུ་ལས་ཀྱང་འབྲས་བུ་སྣང་བ་བསྐྱེད་པར་འགྱུར་བ་ལགས། ཅི་སྐད་གསུངས། བཀའ་སྩལ་པ། རིགས་ཀྱི་བུ། དེ་བཞིན་ཏེ། རྒྱུ་ལས་འབྲས་བུའི་ཤེས་རབ་སྣང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཕུང་པོ་ལྔ་ལ་སོགས་པ་ཡང་དག་པ་སྒྱུ་མར་ཕྱག་རྒྱ་བཞི་བཅུར་སྣང་བ་དང་། དོན་དམ་པར་དོན་དམ་རྩེ་གཅིག་ཏུ་སྣང་བའི་ཕྱིར་ཏེ། དེ་སྐད་ཅེས་སྨྲའོ། །གསོལ་བ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན། དེ་ཉིད་ནི་དེ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་དང་ཡང་འགལ་བའི་ཕྱིར་རོ། །བཀའ་སྩལ་པ། ཇི་སྙམ་དུ་སེམས། དཔེར་ན་རྐྱེན་དང་འབྲེལ་བ་དང་མ་འཕྲད་པའི་འབྲས་བུ་སྐྱེ་བའི་རྒྱུ་ཡོད་ཀྱང་། མངོན་དུ་འབྱིན་པའི་ནུས་པ་མེད་པ་བཞིན་དུ། བྱང་ཆུབ་ཀྱི་རྒྱུ་ཡོད་ཀྱང་རྐྱེན་ཏིང་ངེ་འཛིན་དང་མ་འབྲེལ་བའི་ཕྱིར། འབྲས་བུ་འབྱིན་པའི་ནུས་པ་མེད་པས་ན་དེ་ལྟར་ཤེས་པར་བྱའོ། །ཞེས་སོ། །གཉིས་པ་ཤེས་བྱ་ནང་གི་དབང་དུ་བྱས་པ་ལ། དཔེར་ན་ཆུ་གཅིག་ལའང་མ་དག་པ་དང་། མ་དག་དག་པ་དང་། ཤིན་ཏུ་རྣམ་དག་གི་མཐོང་ཚུལ་དང་གཟིགས་ཚུལ་ཐ་དད་པ་བཞིན་སྣང་ལ་རང་བཞིན་དུ་མ་གྲུབ་པས་ན་རྟོག་པའི་རང་བཞིན་ལྷ་ཡིན་ཏེ། ནམ་མཁའ་དང་མཉམ་པའི་རྒྱུད་ལས། འགྲོ་བ་འདི་ཀུན་སངས་རྒྱས་ལྔའི་བདག་ཉིད། །གར་མཁན་
ཉིད་དང་རི་མོ་བཟང་ལྟར་སྣང་། །ཞེས་སོ། །དེའི་ཕྱིར་ན་དེ་དང་དེ་ཆོས་མཐུན་པའི་རྣམ་ཤེས་ནི་ཐུགས་ཀྱི་བདག་ཉིད ། གཟུགས་ནི་སྐུའི་བདག་ཉིད། ཚོར་བ་ནི་ཡུལ་ལ་ལོངས་སྤྱོད་པའི་ཕྱིར་ཡོན་ཏན་གྱི་བདག་ཉིད། འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་ཕྱི་ནང་གི་ཆོས་རྣམས་ལ་ཐ་སྙད་དུ་འདོགས་པའི་ལས་ཀྱི་བརྡའ་སྤྲོད་པའི་གསུང་གི་བདག་ཉིད། འདུ་བྱེད་ནི་བྱ་བ་བྱེད་པས་ལས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་ཡེ་ཤེས་གྲུབ་པའི་རྒྱུད་ལས། གཟུགས་ནི་རྣམ་པར་སྣང་མཛད་ཉིད། །ཚོར་བ་རིན་ཆེན་འབྱུང་ལྡན་ལ། །འདུ་ཤེས་སྣང་བ་མཐའ་ཡས་ཏེ། །འདུ་བྱེད་དོན་ཡོད་གྲུབ་པ་ཉིད། །རྣམ་པར་ཤེས་པ་མི་བསྐྱོད་པ། །ཞེས་པ་ལྟར་རོ། །གཞན་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་གནས་འགྱུར་བའི་ཟག་མེད་ཀྱི་ཕུང་པོ་ལྔ་དང་ཆོས་མཐུན་རྩི་བ་སྟེ། རོང་ཟོམ་ཆེན་པོས་དཀོན་ཅོག་འགྲེལ་དུ༑ གཟུགས་ཀྱི་ཕུང་པོ་གནས་འགྱུར་ཚུལ་ཁྲིམས་སྐུ། །ཚོར་བ་གནས་འགྱུར་ཏིང་འཛིན་འབུམ་ཕྲག་བརྙེས། །འདུ་ཤེས་གནས་འགྱུར་ཤེས་རབ་ཕུང་པོ་སྟེ། །འདུ་བྱེད་གནས་འགྱུར་རྣམ་པར་གྲོལ་བའོ། །སེམས་གྱུར་ཡེ་ཤེས་དེ་ནི་རྣམ་གྲོལ་མཐོང་། །ཞེས་གསུངས། གཞན་ཡང་གསང་འདུས་ལས། གཟུགས་ནི་གཏི་མུག་ཏུ་བསྟན་པ། །བླུན་པས་བཅིངས་པའི་ངོ་བོའོ། །ཚོར་བ་འདོད་པས་མྱོས་བསྟན་པ། །ང་རྒྱལ་གྱི་ནི་ངོ་བོའོ། །འདུ་ཤེས་འདོད་ཆགས་བདག་ཉིད་ནི། །དངོས་པོ་ལ་ནི་ཆགས་པའི་མཚན། །འདུ་བྱེད་རྟག་ཏུ་ཕྲག་དོག་སྟེ། །རྩེ་གཅིག་བདག་ཉིད་གཏོད་པའོ། །རྣམ་ཤེས་ཞེ་སྡང་ཞེས་བསྟན་ཏེ། །རྒྱུ་དང་འབྲས་བུ་རབ་ཏུ་གྲགས། །ཞེས་ཉོན་མོངས་པ་ལྔ་དང་ཕུང་པོ་ལྔ་ཆོས་མཐུན་བརྩིས་ཏེ་རིགས་ལྔ་དང་སྦྱར་ཏེ་གསུངས་སོ། །ཡང་འགའ་ཞིག་ན་རེ། རྣམ་ཤེས་ལྷར་དག་པའི་ཚེ་མིག་གི་རྣམ་ཤེས་མི་བསྐྱོད་པར་དག་གམ་མ་དག དང་པོ་ལྟར་ན། དག་པ་གཞན་དུ་བརྗོད་དུ་མེད་པར་འགྱུར། འདོད་ན། འོག་ཏུ་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་ཞེས་པ་དང་འགལ། གཉིས་པ་ལྟར་ན༑ དག་པ་དང་མ་དག་པ་གཉིས་འགལ་བའི་ཆོས་ཅན་ཡིན་པའི་ཕྱིར་སྤྱི་དང་བྱེ་བྲག་གི་བདག་མི་གཅིག་པར་འགྱུར་ཞེ་ན། སྐྱོན་མེད་དེ། ལྟོས་ས་ཐ་དད་ལ་ལྟོས་ནས། རྣམ་པར་
ཤེས་པའི་ཕུང་པོ་སྤྱི་དང་བྱེ་བྲག་གཉིས་གཙོ་འཁོར་དུ་དག་པ་སྟེ། ཐ་མལ་གྱི་རྣམ་ཤེས་རིལ་པོ་གཅིག་ཏུ་འཛིན་པའི་ཞེན་པའི་གཉེན་པོར་བྱེ་བྲག་མིག་གི་རྣམ་ཤེས་ས་སྙིང་སོགས་སུ་དག་ཚུལ་སྨོས་ནས། ལྷར་ཐ་དད་དུ་ཞེན་པའི་གཉེན་པོར་སྤྱིར་རྡོ་རྗེ་མི་བསྐྱོད་པར་དག་ཚུལ་ སྨོས་པ་ཡིན་ཏེ། འདི་ཉིད་ལས། ཐ་དད་མིན་ལས་ཐ་དད་པའི། །ནང་དང་ནང་གི་ཕྱི་རོལ་གྱི༑ ༑འཇིགས་མེད་ཀུན་བཟང་ཕྱག་རྒྱའི་མཆོག །ཅེས་སོ། །དེའི་རིགས་པས། གཟུགས་ཕུང་སྤྱི་རྣམ་སྣང་དུ་དག་པའི་ཚེ། རྒྱུའི་གཟུགས་བཞི་ཡུམ་བཞིར་དག་མ་དག་གི་རྩོད་སྤོང་ཡང་ཤེས་པར་བྱའོ། །གསུམ་པ་རིགས་ཀྱི་དབྱེ་བ་ལ། དགག་གཞག་གཉིས། དང་པོ་ནི། ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་གྱི་རྒྱུད་འདིའི་འགྲེལ་པ་ཕྱོགས་བཅུ་མུན་སེལ་དུ། རྣམ་པར་ཤེས་པའི་རྒྱལ་པོ་ནི་ལྷའི་དུས་ན་མི་བསྐྱོད་པ་མ་ཡིན་ཏེ། རྣམ་ཤེས་དག་པ་ཐུགས་ཀྱི་རིགས་རྣམ་པར་སྣང་མཛད་ཡིན་པའི་ཕྱིར་ཏེ། དབུས་སུ་རིགས་བདག་མཚོན་བྱེད་གདན་སེང་གེ་དང་འཁོར་ལོ༑ ཡུམ་དབྱིངས་ཕྱུག་མ། ཆོས་དབྱིངས་ཡེ་ཤེས་རྣམས་བྱུང་བའི་ཕྱིར། ཁྲོ་བོའི་སྐབས་སུའང་བུདྡྷ་ཧེ་རུ་ཀའི་སྐུ་མདོག་དང་སྔགས་རྣམས་ཐོག་མར་བྱུང་བའི་ཕྱིར་ཞེས་སོགས་རྒྱས་པར་གསུངས་པ་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་འདི་ནི་མཁྱེན་བརྩེ་ནུས་གསུམ་ཐམས་ཅད་རྫོགས་པའི་སངས་རྒྱས་དངོས་དང་རྣམ་དབྱེར་མེད་པའི་ཕྱིར་ན་རྒྱུད་གཞུང་འདི་ཉིད་ཀྱང་མན་ངག་རྫོགས་པ་ཆེན་པོ་ལྟར་བཀྲལ་ནས་འཆད་པ་སྟེ། དེ་ཡང་རྫོགས་ཆེན་ལ། བསྐྱེད་རྫོགས་གཉིས་མེད་སེམས་དང་ཡེ་ཤེས་རང་སྣང་བའི་དཀྱིལ་འཁོར་དུ་བསྟན་པ། བསྐྱེད་རྫོགས་ལ་ལྟོས་མི་དགོས་པར་སེམས་ཉིད་ཡེ་སངས་རྒྱས་པའི་རང་བཞིན་དུ་བསྟན་པ། ཡེ་ཤེས་རང་སྣང་བའི་ངོ་བོར་སངས་རྒྱས་པའི་རང་བཞིན་ཏུ་བསྟན་པ་གསུམ་ལས། འདིར་དང་པོ་ཉིད་དོ་ཞེས་བཞེད་པ་ལྟར། སྐབས་འདིར་རྔམ་གློག་ལས། འཇམ་དཔལ་སྒྲུ་དྲྭ་ལ་སོགས་པའི་རྒྱུད་ཀྱི་དགོངས་པ་དང་། ཐུན་མོང་མ་ཡིན་པ་མན་ངག་སྙིང་དགོངས་སོགས་མན་ངག་རྫོགས་པ་ཆེན་པོའི་ལུགས་ལྟར་འཆད་པའི་བཀའ་སྲོལ་ཡིན་པས་གཞན་ལས་
ཁྱད་པར་དུ་འགྱུར་ཞིང་བཤད་སྲོལ་འདི་ཉིད་ཀྱང་ཤིན་ཏུ་གཅེས་སྤྲས་སུ་བྱ་བ་ཡིན་ལ། འོན་ཀྱང་སྐབས་འདིར་བརྒྱུད་པའི་བཤད་སྲོལ་ཐུན་མོང་མ་ཡིན་པ་ལྟར། རྣམ་ཤེས་དག་པ་མི་བསྐྱོད་པར་བཞེད་པ་ལུང་རིགས་མན་ངག་གསུམ་དང་མཐུན་ཏེ། ལུང་ནི། སྒྱུ་འཕྲུལ་བླ་མ་ལས། གཟུགས་ནི་རྣམ་པར་སྣང་མཛད་ཉིད། །ཅེས་པ་ནས། རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ༑ ༑ཞེས་པའི་བར་དང་། འཁོར་ལོ་འབར་བའི་ལྟེ་བ་ལ། །སྟོན་པ་རྡོ་རྗེ་སེམས་དཔའ་ཉིད། །ཅེས་དང་། ཤར་གྱི་འཁོར་ལོའི་རྩིབས་སྟེང་ན། །བདེ་གཤེགས་རྣམ་པར་སྣང་མཛད་ཉིད། །ཅེས་སོ། །མན་ངག་ནི། རྡོ་རྗེ་ལས་རིམ་ལས། རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །མི་བསྐྱོད་ཡབ་ཡུམ་རང་བཞིན་ལས། །ཞེས་ཉི་འོད་སེང་གེས་རྒྱ་ཆེར་འགྲེལ་དུ། ཀུན་གཞི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་མི་བསྐྱོད་པ་ལ་ནི་རྣམ་པར་ཤེས་པའི་རྒྱལ་པོ་གནས་སྐབས་འདིར་བྱའོ། །ཞེས་སོ། །རིགས་པ་ནི། རྣམ་པར་ཤེས་པའི་རྒྱལ་པོ་ཆོས་ཅན། རྣམ་སྣང་མ་ཡིན་ཏེ། ཁྱོད་མི་བསྐྱོད་པ་ཡིན་པའི་ཕྱིར། རྣམ་ཤེས་དག་པ་ཐུགས་ཡིན་ལ། དེ་རྡོ་རྗེ་མི་བསྐྱོད་པར་ངེས་པའི་ཕྱིར་རོ། །གླང་པོ་ཆེ་རབ་འབོགས་ཀྱི་རྒྱུད་ལས། དོན་དམ་པར་སེམས་ཅན་གྱི་རྣམ་པར་ཤེས་པ་གནས་སུ་དག་པ་དེ་བཞིན་གཤེགས་པའི་ཐུགས་ཀྱི་བདག་ཉིད་ཅེས་པ་ནས་བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པ་ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་སྔར་གྱི་སྐྱོན་གསུངས་པ་དེ་རྣམ་པ་གང་ཡིན་སྙམ་ན། གདན་འཁོར་ལོ་ནི་རིགས་ལྔ་ཡེ་ཤེས་ལྔའི་ཕྱག་རྒྱ་སྟེ། འགྲེལ་ཆུང་ལས། གཞི་ཡང་ཚད་མེད་འཁོར་ལོ་སྟེ༑ ༑ཡེ་ཤེས་ལྔ་ཡི་རང་བཞིན་ཡིན། །ཞེས་དང་། སེང་ཁྲི་ཡང་ཐུགས་གཙོ་བོར་སྟོན་པ་རྡོ་རྗེའི་རིགས་དང་སྦྱར་བ་དང་། ཡུམ་དབྱིངས་ཕྱུག་མ་ཡང་རྣམ་ཤེས་ཀྱི་ཡུལ་ནམ་མཁའི་ཁམས་དང་སྦྱོར་བའི་ཕྱིར་དང་། ཁྲོ་བོའི་སྐབས་སུ་ཡང་བུདྡྷ་ཧེ་རུ་ཀ་གཙོ་བོར་མ་གྲུབ་སྟེ། པཎ་གྲུབ་རྣམས་ཀྱིས་མན་ངག་རྣམས་སུ་རྒྱུད་འཁྲུག་པ་རྣམས་བསྡེབས་ནས་གཙོ་བོར་བཛྲ་ཧེ་རུ་ཀར་བཞེད་པའི་ཕྱིར་ཏེ། རྒྱ་ཆེར་འགྲེལ་ལས། ཞི་བའི་དུས་སུ་མི་བསྐྱོད་པ་དང་པོར་སྨོས་ཤིང་གཙོ་བོར་བྱས་ལ། ཁྲོ་བོའི་དུས་སུ་ནི་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་བུདྡྷ་
ཧེ་རུ་ཀ་དང་པོར་བྱུང་ཞིང་གཙོ་བོར་སྨོས་པ་ཅིའི་ཕྱིར་ཞེ་ན་དེ་ནི་རྒྱུད་དཀྲུགས་པ་ཡིན་ཏེ། དབང་ཕྱུག་མ་གཙོ་བོ་ལ་འཁྲིལ་བའི་གནས་སྐབས་ན་དེ་ཉིད་མངོན་པར་འགྱུར་ཏེ། འདི་ནི་རྡོ་རྗེ་ཁྲག་འཐུང་ཉིད་ལ་ཅི་ནས་ཀྱང་དོན་གྱིས་ཤེས་པར་བྱའོ། །ཞེས་དང་། འདིར་ཡང་རྣམ་པར་ཤེས་པའི་རང་བཞིན་ཞེ་སྡང་རྣམ་པར་དག་པའི་ངོ་བོར་མི་བསྐྱོད་པ་རྡོ་རྗེ་ཁྲག་འཐུང་དུ་མངོན་པར་འདུ་མཛད་པ་དེ་ལ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ༑ རྣམ་པ་ཤེས་པའི་རྒྱལ་པོ་ལ་སོགས་པ་དེ་བཞིན་གཤེགས་པ་དེ་དག་གི་རིགས་དང་ཡེ་ཤེས་ཀྱི་དབྱེ་བ་ནི། དཀྱིལ་འཁོར་གྱི་གཙོ་བོ་མི་བསྐྱོད་པ་ནི་ཐུགས་རྡོ་རྗེའི་རིགས་དང་ཆོས་དབྱིངས་ཡེ་ཤེས། རྣམ་པར་སྣང་མཛད་ནི་སྐུ་དེ་བཞིན་གཤེགས་པའི་རིགས་དང་མེ་ལོང་ཡེ་ཤེས། རིན་འབྱུང་གི་ཡོན་ཏན་རིན་པོ་ཆེའི་རིགས་དང་མཉམ་ཉིད་ཡེ་ཤེས། སྣང་མཐའ་ནི་གསུང་པདྨའི་རིགས་དང་སོར་རྟོག་ཡེ་ཤེས། དོན་གྲུབ་ནི་འཕྲིན་ལས་ཀྱི་རིགས་དང་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། རྡོ་རྗེ་བཀོད་པ་ལས། སྐུ་ནི་མ་བཅོས་དེ་བཞིན་ཉིད། །ཐུགས་ནི་མི་འགྱུར་རྡོ་རྗེའི་རིགས། །ཡོན་ཏན་ཀུན་འབྱུང་རིན་ཆེན་རིགས། །གསུང་ནི་ཆགས་མེད་པདྨའི་རིགས། །དོན་གྲུབ་སྤྱོད་པ་ལས་ཀྱི་རིགས། །ཞེས་གསུངས་སོ། །དེ་དག་ཀུན་ཀྱང་མཐིང་ཁ་དང་། ཞེས་སོགས་ནས། ལྗང་ཁུའི་མདོག་ཏུ་འཚེར་བ། ཞེས་པས་རིགས་ཀྱི་མཚན་མར་གྱུར་པའི་སྐུ་མདོག་བསྟན་པ་སྟེ། དེ་ཡང་། ཆོས་དབྱིངས་འགྱུར་བ་མེད་པས་ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་རིགས་མཐིང་ག ཉེས་པའི་སྐྱོན་གྱིས་མ་གོས་པས་མེ་ལོང་ཡེ་ཤེས་དེ་བཞིན་གཤེགས་པའི་རིགས་དཀར་པོ། ཆེ་བའི་ཡོན་ཏན་རྒྱས་པས་མཉམ་ཉིད་ཡེ་ཤེས་ཡོན་ཏན་རིགས་སེར་པོ། གདུལ་བྱའི་དོན་ལ་ཆགས་པས་སོར་རྟོག་ཡེ་ཤེས་པདྨའི་རིགས་དམར་པོ། ལས་སྣ་ཚོགས་ལྷུན་གྱིས་གྲུབ་པས་བྱ་གྲུབ་ཡེ་ཤེས་ལས་ཀྱི་རིགས་ལྗང་ཁུར་སྣང་བ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། མ་མཐོང་རྨོངས་པ་ཐམས་ཅད་ལ། །ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར། །དཀར་དང་དམར་དང་སེར་བ་དང་། །ལྗང་ཁུ་ལ་སོགས་ནག་པོར་བསྟན། །ཞེས་གསུངས་པའི་ཕྱིར་རོ། །
གཉིས་པ་རིགས་ཀྱི་ཡུམ་ལྔ་བཤད་པ། སྤྱིར་བཤད་པ་དང་བྱེ་བྲག་ཏུ་བཤད་པ་གཉིས་ལས། སྤྱིར་བཤད་པ་ནི། བཙུན་མོ་དམ་པ། ཞེས་པ་ནས། དབྱིངས་སོ། །ཞེས་པའི་བར་ཏེ༑ དེ་ལ་བཙུན་མོ་ནི། སྐྱེད་པར་བྱེད་པའི་རྒྱུ་དང་། སྤྱད་བྱའི་ཡུལ་དུ་གྱུར་པ་གཉིས་ལ་འཇུག་སྟེ། རྟོག་པའི་དུས་སུ་འབྱུང་བ་ལྔས་ཕུང་པོ་ལྔ་བསྐྱེད་ཅིང་ལྷར་དག་པའི་སྐབས་སུ་རིགས་ཀྱི་ཡབ་ལྔས་སྤྱད་པར་བྱ་བའི་ཡུལ་ཡིན་པའི་ཕྱིར་རམ། ཡང་ན། ཡུམ་གྱི་ངོ་བོ་ནི་དབྱིངས་དང་། ཡབ་ཀྱི་ངོ་བོ་ནི་ཡེ་ཤེས་ཏེ། དབྱིངས་ཀྱིས་ཡེ་ཤེས་བསྐྱེད་པ་དང་། དབྱིངས་དེ་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་བཙུན་མོའོ། །དམ་པ་ནི་རང་བཞིན་རྟོག་པ་ལས་ཁྱད་པར་དུ་གྱུར་པའི་འཕགས་ཆོས་སོ། །གཞན་ཡང་ཉི་འོད་སེང་གེས། དབྱིངས་ཀྱི་སྒྲ་ནི་མི་ཟད་པ་ལ་བྱའོ། །ཞེས་གསུངས་པས། སྲས་ཀྱི་འབྱུང་ཁུངས་དང་། བདེ་བའི་ཡེ་ཤེས་བསྐྱེད་པའི་རྒྱུར་གྱུར་པའི་ཕྱིར་དང་། ཡུམ་རྣམས་དབྱིངས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར་དེ་སྐད་ཅེས་བརྗོད་པའོ། །བྱེ་བྲག་གི་མཚན་ནི་རྟོག་པ་སྟེ། དེ་ཡང་སྣང་བ་ཞེས་པས། རྟོག་པའི་དུས་ན་ནམ་མཁས་གོ་མ་ཕྱེ་ན་དངོས་པོ་ཐམས་ཅད་སྣང་མི་ནུས་པའི་ཕྱིར་ནམ་མཁའ་སྟེ༑ དེ་ཉིད་ལྷའི་དུས་ན། ཆོས་ཀྱི་ཁམས་རྣམ་ཤེས་ཀྱི་ཡུལ་ཡིན་པའི་ཕྱིར་ཐུགས་རྡོ་རྗེ་མི་བསྐྱོད་པའི་ཡུམ་དབྱིངས་ཕྱུག་མའོ། །སྲ་བ་ནི་རྟོག་པའི་དུས་ན་སྲ་བརྟན་མཁྲང་བའི་མཚན་ཉིད་ཅན་གྱི་སའི་ཁམས། ལྷའི་དུས་ན་བརྟན་ཞིང་རྟེན་དུ་གྱུར་པའི་སྐུ་དེ་བཞིན་རིགས་རྣམ་སྣང་གི་ཡུམ་སངས་རྒྱས་སྤྱན་མའོ། །མ ཉེན་པ་ནི། རྟོག་པའི་དུས་ན། གཤེར་སྡུད་བརླན་པའི་མཚན་ཉིད་ཅན་གྱི་ཆུའི་ཁམས། ལྷའི་དུས་ན་རྒྱུད་བརླན་ཅིང་ཡོན་ཏན་སྡུད་པ་ཡོན་ཏན་རིན་ཆེན་རིགས་རིན་འབྱུང་གི་ཡུམ་མཱ་མ་ཀིའོ། །དྲོ་བ་ནི་རྟོག་པའི་དུས་ན་ཚ་ཞིང་བསྲེག་པའི་མཚན་ཉིད་ཅན་གྱི་མེའི་ཁམས་ཏེ། ལྷའི་དུས་ན་མཚན་འཛིན་གྱི་སྤུ་རིས་གསལ་བ་ཤེས་རབ་ཀྱི་མེས་དག་པར་བྱེད་པའི་བདག་ཉིད་གསུང་པདྨའི་རིགས་སྣང་མཐའི་ཡུམ་གོས་དཀར་མོའོ། །བསྐྱོད་པ་ནི། རྟོག་པ འི་སྐབས་སུ་གཡོ་བའི་མཚན་ཉིད་ཅན་གྱི་རླུང་ཁམས། ལྷའི་དུས་ན་བསྐྱོད་འདེགས་ཀྱི་བྱ་བ་བྱེད་པ་ལྟར་ཐོགས་པ་མེད་པའི་ལས་ཅན་ལས་ཀྱི་རིགས་
དོན་ཡོད་གྲུ བ་པའི་ཡུམ་དམ་ཚིག་སྒྲོལ་མའོ། །དེ་ལྟར་ཡང་འདི་ཉིད་ལས། ས་ཆུ་སྤྱན་དང་མ་མཱ་ཀི །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །ཞེས་གསུངས་པའི་ཕྱིར་རོ། །རིག་པ་ཁྱད་པར་ཅན་གྱི་འཁོར་ནི། སྟོན་པའི་ཐུགས་རང་རིག་པའི་ཁྱད་པར་ལས་རང་སྣང་བའི་ཕྱིར་རིག་པ་ཁྱད་པར་ཅན་གྱི་འཁོར་ཞེས་བྱ་བ་སྟེ། དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བའི་སེམས་སོགས་དང་། །ཞེས་སོ། །དེ་ལའང་གཉིས་ཏེ། རྒྱལ་སྲས་སེམས་དཔའི་འཁོར་དང་། འཇོམས་བྱེད་ཁྲོ་བོའི་འཁོར་གཉིས་ཀྱིས། དང་པོ་རྒྱལ་སྲས་སེམས་དཔའི་འཁོར་ནི། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་། སོགས་ནས། མ་བྱོན་པ་ཚོགས་དང་ཞེས་པའི་བར་གྱིས་ཏེ། དེ་ལ་ཡང་སྤྱིར་བཤད་པ་དང་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། སེམས་དཔའ་ཡབ་རྣམས་ཀྱི་མཚན་ལ་བྱང་ཆུབ་ཆེན་པོ་རྡོ་རྗེ་ཞེས་སྤྱིར་བརྗོད་པ་ནི་མིག་ཤེས་ལ་སོགས་པའི་རྟོག་ཚོགས་རྣམས་ཡེ་ནས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཡིན་པ་ལ། ཡིན་པ་ལྟར་མངོན་དུ་གྱུར་པའི་འབྲས་བུ་ནི་བྱང་ཆུབ་ཆེན་པོའོ། །དེ་ལྟར་རྒྱུ་འབྲས་ལྟར་སྣང་ཡང་དོན་དམ་པར་ལྷ་རྟོག་དབྱེར་མི་ཕྱེད་པ་ནི་རྡོ་རྗེ་སྟེ། འགྲེལ་ཆུང་ལས། འཁོར་གྱི་བཀོད་པ་ཇི་སྙེད་པ། །ཁམས་དང་སྐྱེ་མཆེད་ཡིན་པར་གྲགས། །རྣམ་ཤེས་ཡུལ་དང་དབང་པོ་རྣམས། །བྱང་ཆུབ་ཆེན་པོའི་རང་བཞིན་དུ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡིན། །ཞེས་སོ། །ཡུམ་རྣམས་ལ་བཙུན་མོ་ཞེས་བརྗོད་པའི་བཙུན་མོ་ནི་སྔར་ལྟར་ལས། ཁྱད་པར་ཡུལ་བཞིས་རྣམ་ཤེས་བཞི་བསྐྱེད་པ་དང་། དུས་བཞི་གོ་ཕྱེ་ནས་དབང་པོ་བཞི་བསྐྱེད་པའི་ཆ་ནས་དེ་ལྟར་དུ་བརྗོད་པའོ། །གཉིས་པ་བྱེ་བྲག་གི་མཚན་ནི་ཡབ་ཡུམ་ལ། མཐོང་བ་ལ་སོགས་པ་སྨོས་པ་ནི། མིག རྣ་བ། སྣ། ལྕེའི་རྣམ་ཤེས་བཞི་སྟེ། མིག་དབང་བརྟེན་སའི་མིག་ཤེས་ཀྱིས་ཡུལ་གཟུགས་མཐོང་བ་ལ་སོགས་པ་སྟེ། རིམ་པ་བཞིན་དུ། རྟོག་པའི་དུས་ན་མིག་དབང་། ལྷའི་དུས་ན་སའི་སྙིང་པོ། རྟོག་པའི་དུས་ན་རྣ་བའི་དབང་པོ། ལྷའི་དུས་ན་ཕྱག་རྡོར། རྟོག་པའི་དུས་ན་སྣའི་དབང་པོ། ལྷའི་དུས་ན་ནམ་སྙིང་། རྟོག་པའི་དུས་
ན་ལྕེའི་དབང་པོ། ལྷའི་དུས་ན་སྤྱན་རས་གཟིགས་དབང་ཕྱུག་རྣམས་ཏེ། དེ་རྣམས་ལ་ཐུགས་ཀྱི་སེམས་པ་ཞེས་གྲགས་སོ། །འདི་ཉིད་ལས། ཀ་ནི་སྤྱན་གྱི་ཐུགས་ཀྱི་མཆོག །ཅེས་སོགས་དང་། སྤར་ཁབ་ལས། རྣམ་ཤེས་བཞི་པོ་ནི་རིག་པ་ཁོ་ནའི་ཕྱིར་ཐུགས་ཏེ། ཞེས་གསུངས། མཐོང་བར་བྱ་བ་ལ་ནི། ནང་སེམས་བཞིའི་ཡུམ་སྟེ་ཡུལ་གཟུགས། སྒྲ། དྲི། རོ་སྟེ་བཞི་མིག་ཤེས་ལ་སོགས་པའི་ཡུལ་ཡིན་པའི་ཕྱིར་རོ། །དེ་ཡང་རྟོག་པའི་དུས་ན་མཐོང་བར་བྱ་བའི་ཡུལ་གཟུགས། ལྷའི་སྐབས་སུ་སའི་སྙིང་པོའི་ཡུམ་ལ་སྱ་མ། རྟོག་པའི་དུས་ན་ཐོས་པར་བྱ་བའི་ཡུལ་སྒྲ། ལྷའི་སྐབས་ན་ཕྱག་རྡོར་གྱིི་ཡུམ་གིརྟི་མ། རྟོག་པའི་དུས་ན་སྣོམ་པར་བྱ་བའི་ཡུལ་དྲི། ལྷའི་སྐབས་སུ་ནམ་སྙིང་གི་ཡུམ་མ་ལེ་མ། རྟོག་པའི་དུས་ན་མྱོང་བར་བྱ་བའི་ཡུལ་རོ། །ལྷའི་སྐབས་སུ་སྤྱན་རས་གཟིགས་ཀྱི་ཡུམ་ནཱིརྟི་མ་སྟེ་དེ་རྣམས་ལ་སྐུའི་སེམས་མར་གྲགས་ཏེ་ཡུལ་བཞིས་རྣམ་ཤེས་བཞིའི་རྟེན་བྱེད་པའི་ཕྱིར་རོ། །དེ་ཡང་། ཙ་ནི་སྤྱན་གྱི་སྐུ་ཡི་མཆོག །ཅེས་སོགས་རྡོ་རྗེ་ལས། རྣམ་ཤེས་བཞི་ཡི་དམིགས་པའི་ཡུལ། མཐོང་བར་བྱ་ལ་སོགས་པ། །དམིགས་པར་བྱ་ཕྱིར་སྐུ་ཡི་མཆོག །ཅེས་སོ། །འདིར་འགའ་ཞིག་ན་རེ། རྟོག་པའི་གོ་རིམ་ལྟར་སྦྱར་ན་ཡུལ་དང་ཡུལ་ཅན་མ་འཁྲུལ་ཡང་ལྷ་ཡབ་ཡུམ་དུ་སྦྱར་བའི་ཚེ་རྣ་བའི་ཡུལ་རོ་དང་། ལྕེའི་ཡུལ་སྒྲར་བྱུང་བས་སྦྱོར་ཚུལ་ནོར་ཏེ། སྤྱན་རས་གཟིགས་ཀྱི་ཡུམ་གིརྟི་མ་དང་། ཕྱག་རྡོར་གྱི་ཡུམ་ནིརྟི་མར་བྱུང་བས་སོ། །ཞེ་ན། ཡུལ་ཡུལ་ཅན་གྱི་དབང་དུ་བྱས་ན་དེ་ལྟར་བདེན་མོད་ཀྱང་། འདིར་རིགས་གཙོ་ཆེ་བའི་དབང་དུ་བྱས་པ་སྟེ། ཉི་འོད་སེངྒེའི་རྒྱ་ཆེར་འགྲེལ་དུ། རྒྱུད་འདིར་རིགས་ཁོ་ན་གཙོ་བོར་བྱས་ཏེ། ཉན་པར་བྱ་བ་སྒྲའི་ལྷ་མོ་རྣ་བའི་ཡུལ་ཡིན་ཡང་། རིགས་ཀྱི་དུས་སུ་གསུང་གི་རིགས་ཡིན་པས། འཇིག་རྟེན་དབང་ཕྱུག་གི་ཡུམ་དུ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །ཕྱི་སེམས་ཡབ་ཡུམ་ནི་རྣམ་ཤེས་བཞིས་ཡུལ་བཞི་པོ་མཐོང་བའི་བདག་རྐྱེན་དབང་པོ་བཞིས་བྱེད་པའི་ཕྱིར། མཐོང་བྱེད་དང་ཞེས་སོགས་སྨོས་པའོ། །དེ་ལ། མིག རྣ་བ། སྣ། ལྕེའི་དབང་པོ་བཞི། དེ་ཡང་། རྟོག་པའི་དུས་སུ་མིག་དབང་། ལྷའི་སྐབས་སུ་བྱམས་པ། རྟོག་པའི་དུས་ན་རྣ་བའི་
དབང་པོ། ལྷའི་སྐབས་སུ་སྒྲིབ་པ་རྣམ་སེལ། རྟོག་པའི་སྐབས་སུ་སྣ་དབང་། ལྷའི་སྐབས་སུ་ཀུན་བཟང་། རྟོག་པའི་དུས་ན་ལྕེའི་དབང་པོ། ལྷའི་དུས་ན་འཇམ་དཔལ་ཏེ། དབང་པོས་ཡུལ་དང་ཤེས་པ་གཉིས་ཕྱི་དང་ནང་དུ་བརྡའ་སྦྱོར་བར་བྱེད་པའི་ཕྱིར་ན་ཕྱིའི་སེམས་དཔའ་ཞེས་བྱ་སྟེ། པ་ནི་སྤྱན་གྱི་གསུང་གི་མཆོག །ཅེས་སོགས་གསུངས་སོ། །ཡུམ་ནི་དུས་བཞིའི་ལྷ་མོ་སྟེ། འདས་པ་དང་། ད་ལྟར་དང་། མ་འོངས་པ་དང་། མ་ངེས་པའི་དུས་ཏེ། དེ་ཡང་རྟོག་པའི་དུས་ན་འདས་པའི་དུས། ལྷའི་སྐབས་སུ་བདུག་སྤོས་མ། རྟོག་པའི་སྐབས་སུ་དུས་ད་ལྟ་བ། ལྷའི་སྐབས་ན་མེ་ཏོག་མ། རྟོག་པའི་སྐབས་ན་དུས་མ་འོངས་པ། ལྷའི་ཚེ་ན་མར་མེ་མ། རྟོག་པའི་སྐབས་ན་དུས་མ་ངེས་པ། ལྷའི་ཚེ་ན་དྲི་ཆབ་མ་རྣམས་ཏེ། རྔམ་གློག་ལས། འདས་པ་དང་ནི་དཔྱིད་ཀྱི་དུས་ཏེ་དྷཱུ་པེ་མ། ད་ལྟ་བ་ནི་དབྱར་གྱི་དུས་ཏེ་པུཥྤེ་མ༑ མ་འོངས་པ་ནི་སྟོན་གྱི་དུས་ཏེ་ཨཱ་ལོ་ཀེ མ་ངེས་པ་ནི་དགུན་གྱི་དུས་ཏེ་གནྡྷེ་མ། ཞེས་དང་། འདི་ཉིད་ལས། ཡ་ནི་སྐྱེ་བ་རྣམ་པར་དག་སོགས་གསུངས་པའི་ཕྱིར་རོ། །འདིར་ཁ་ཅིག་ན་རེ། འདིར་དུས་བཞིར་བཤད་པའི་ཕྱིར་དུས་ལོག་སྟེ། སྡེ་སྣོད་གཞན་ལས་དུས་གསུམ་ལས་མ་བཤད་པའི་ཕྱིར་ཟེར་ན། མངོན་པ་མཛོད་ནས། ཆགས་གནས་འཇིག་སྟོང་གི་དུས་བཞི་དང་། རྫོགས་ལྡན། གསུམ་ལྡན། གཉིས་ལྡན། རྩོད་ལྡན་གྱི་དུས་བཞི་ལ་སོགས་པར་བཤད་པ་དང་། དཀོན་མཆོག་བརྩེགས་པ་ནས། འདས་མ་འོངས། ད་ལྟ་བསམ་མི་ཁྱབ་དང་བཅས་པའི་དུས་བཞིར་གསུངས་པ་རྣམས་ཀྱང་དུས་ལོག་པར་ཐལ་བ་བཟློག་ཏུ་མེད་པའི་ཕྱིར་རོ། །དུས་གསུམ་དུ་ངེས་པར་འདོད་པ་:གང་༼ཡང་༽མི་རིགས་ཏེ། དུས་ཡིན་ན་གཉིས་ཁོ་ནར་ངེས་པའི་ཕྱིར་ཏེ། ད་ལྟ་དང་ད་ལྟ་མ་ཡིན་པ་གཉིས་སུ་ངེས་པའི་ཕྱིར། དེས་ན་ལྷ་རྟོག་སྦྱར་བའི་དབང་གིས་འདིར་དུས་བཞིར་གྲངས་དང་གོ་རིམ་ངེས་པ་སྟེ། དུས་རིང་བ་ལ་དཔེར་མཚོན་ན། བསྐལ་པ་གཅིག་ལ་ཆགས་གནས་འཇིག་སྟོང་བཞིར་ངེས་པ་དང་། ཡུན་ཐུང་བ་ལ་དཔེར་མཚོན་ན། ལོ་གཅིག་ལ་དབྱར་དགུན་སྟོན་དཔྱིད་བཞིར་ངེས་པ་དང་། ཉིན་ཞག་གཅིག་ལ། ཐོ་རེངས། སྔ་དྲོ། དགོང་མོ། སྲོད་དང་བཞིར་ངེས་པའི་ཕྱིར་རོ། །གོ་
རིམ་ངེས་པ་ནི། བསྐལ་པ་ལ་མཚོན་ན། གནས་པ་ནི་རྒྱུ་སྤྱད་ཅིང་འབྲས་བུ་མ་སྤྱད་པའི་ཕྱིར་ད་ལྟ་བ། ཆགས་པ་ནི། རྒྱུ་འབྲས་གཉིས་ཀ་སྤྱད་ཟིན་པས་འདས་པ། འཇིག་པ་ནི་རྒྱུ་འབྲས་ཚོགས་ལ་མ་སྤྱད་པའི་ཕྱིར་མ་འོངས་པ། སྟོང་པ་ནི་རྒྱུ་འབྲས་ཡོད་ལ་མ་ཚོགས་པའི་ཕྱིར་མ་ངེས་པའོ། །དེ་ལྟར་ཡང་རྔམ་གློག་ལས། རྒྱུ་འབྲས་ངེས་པ་མ་ཚོགས་པ། །བྱུང་བར་མ་ངེས་དུས་བཞིར་གྲགས། །ཞེས་སོ། །འགའ་ཞིག་ན་རེ། མ་ངེས་པའི་དུས་ནི་མཉམ་པ་ཉིད་ཀྱི་དུས་ཏེ། སྤར་ཁབ་ལས། ལ་ནི་སྟོང་པ་དག་པའོ། །ཞེས་པའི་འགྲེལ་པར། ངོ་བོ་ཉིད་འདི་འདྲར་བསྟན་དུ་མེད་པས། ཞེས་གསུངས་པས་སོ་ཞེ་ན། འགྲེལ་པ་དེའི་དགོངས་པ་དུས་གསུམ་གང་རུང་གི་ངོ་བོ་འདི་འདྲར་བསྟན་དུ་མེད་པའི་དོན་གྱི་མཉམ་པ་ཉིད་ནི་རྟོག་པ་མ་ཡིན་པས་འདིར་འགྲེལ་ལོ། །འོ་ན་བསམ་གྱིས་མི་ཁྱབ་པའི་དུས་མ་འདུས་སོ་ཞེ་ན། དེ་འདྲ་དོན་དམ་འདུས་མ་བྱས་ཀྱི་དུས་ཡིན་པས། སྐབས་འདིར་རྟོག་པ་ཀུན་རྫོབ་འདུས་བྱས་ཀྱི་དུས་བཤད་པའི་སྐབས་ཡིན་པས་མ་སྨོས་པའོ། །གཉིས་པ་འཇོམས་བྱེད་ཁྲོ་བོའི་འཁོར་བཤད་པ་ནི། འཇོམས་པ་ཆེན་པོ་རྡོ་རྗེ་རེག་པ་དང་། ཞེས་པ་ནས་མཚན་མར་མ་ཡིན་པ་ཞེས་པའི་བར། དེ་ལ་ཡང་སྤྱིར་བཤད་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས་ཀྱི། སྤྱིར་བཤད་པ་ནི། འཇོམས་པ་ཆེན་པོ་རྡོ་རྗེ་ཞེས་པ་ལ་ཕྱི་ནང་གཉིས་ལས། དང་པོ་ནི། ཕྱི་ལུས་ཀྱི་ཆོས་བཞི་དང་སྦྱར་ན་རེག་པ་ལ་སོགས་པའི་རྟོག་པའི་རང་བཞིན་མངོན་དུ་གྱུར་པའི་ཁྲོ་བོ་བཞིའི་སྐུ་གསུང་ཐུགས་ཀྱི་མཛད་པས་བདུད་དང་ལོག་འདྲེན་རྣམས་འཇོམས་པར་མཛད་པ་དང་། ནང་གསང་བའི་ཁམས་དང་སྦྱར་ན། འོག་སྒོ་གསང་བའི་གནས་སུ་ཁམས་འདུས་པའི་བདེ་བས་རྟོག་པ་དང་ལྷའམ་བདེ་བར་འཛིན་པའི་མཚན་ཞེན་གཉིས་ཀ་འཇོམས་པ་སྟེ། ང་ནི་ཐུགས་ཀྱང་འཇིག་པར་བྱེད། །ཅེས་སོགས་འཇིག་པ་བཞི་དང་། ཨཽ་ནི་ཐམས་ཅད་ཞིག་པ་ཡིན། །ཞེས་སོ། །དེ་ལྟར་འཇོམས་པ་ལ་ཐོགས་པ་མེད་པའི་དོན་གྱི་རྡོ་རྗེ། དེ་འཇོམས་པའི་འཕྲིན་ལས་གཞན་ལས་ཁྱད་པར་དུ་གྱུར་པས་ན་ཆེན་པོའོ། །དེ་དག་གི་ཡུམ་བཞི་ལ་བཙུན་མོ་ཞེས་བརྗོད་པ་ནི། འཇོམས་བྱེད་ཀྱི་
གཉེན་པོ་དེ་ཡང་དེ་མ་ཡིན་པ་གཅིག་གིས་བསྐྱེད་པ་ལྟར། རྟག་པར་ལྟ་བ། ཆད་པར་ལྟ་བ། བདག་ཏུ་ལྟ་བ། མཚན་མར་ལྟ་བ་རྣམས་མ་ཡིན་ཆོས་ཉིད་ཡུམ་གྱི་ངོ་བོ་དེས་བསྐྱེད་པའི་ཕྱིར་ཡུམ་དུ་གྱུར་པས་དེ་ལྟར་བརྗོད་པའོ། །ཡང་ཕྱིན་ཅི་ལོག་གི་རྟོག་པ་བཞི་ལྟར། དེས་ལུས་ཀྱི་རྟོག་པ་བཞི་དངོས་སུ་མི་བསྐྱེད་ཀྱང་བརྒྱུད་ནས་བསྐྱེད་ཅེས་གསུངས་སོ། །བྱེ་བྲག་རྟོག་པའི་གནས་སུ་ཕྱི་ལྟར་ལུས་ཀྱི་འདུས་ཏེ་རེག་པའི་ཚོར་བ་བསྐྱེད་པ་ལ། རེག་བྱེད་ལུས་དབང་། རེག་བྱ་ཡུལ། དེ་གཉིས་འཕྲད་པའི་རེག་ཤེས། ནང་ལྟར་ན་གསང་བའི་ཡུལ་དབང་པོ་རྣམ་ཤེས་གསུམ་འདུས་ཀྱི་རེག་པའི་ཚོར་བ་བསྐྱེད་པ་ལ། རེག་བྱེད་གསང་བའི་རྡོ་རྗེ། རེག་བྱ་ཡུམ་གྱི་པདྨ། རེག་ཤེས་གསང་བའི་དགའ་བ་ཉམས་སུ་མྱོང་བ་རྣམས་ཏེ། དེ་ལྟར་ཕྱི་ནང་གཉིས་ཀྱི་རེག་པ་ལ་སོགས་པའི་རྟོག་པ་བཞི་པོ་དེ་ལྷའི་སྐབས་སུ་གོ་རིམ་བཞིན། བདུད་རྩི་འཁྱིལ་པ། རྟ་མགྲིན། སྟོབས་པོ་ཆེ། གཤིན་རྗེ་གཤེད་རྣམས་སུ་ངེས་པའི་ཕྱིར་རོ༑ ༑དེ་དག་གི་ཡུམ་བཞི་ལ་རྟག་པར་མ་ཡིན་པ་ཞེས་སོགས་སྨོས་པ་ནི་རྟོག་པའི་མཚན་ཏེ༑ དེ་ཡང་རྟོག་པའི་སྐབས་སུ། རྟག་པར་མ་ཡིན་པ་སྟེ། ཕུང་པོ་མི་རྟག་པར་འཛིན་པ་དང་། ཆད་པར་མ་ཡིན་པ་སྟེ་སྡུག་བསྔལ་བར་འཛིན་པ་དང་། བདག་དུ་མ་ཡིན་པ་སྟེ་བདག་མེད་དུ་འཛིན་པ་དང་། མཚན་མར་མ་ཡིན་པ་སྟེ་སྟོང་པར་འཛིན་པ་བཞི་ནི་ལྷའི་གནས་སྐབས་སུ་རིམ་པ་བཞིན་ཁྲོ་མོ་ལྕགས་ཀྱུ་མ་དང་། ཞགས་པ་མ་དང་། ལྕགས་སྒྲོག་མ་དང་། དྲིལ་བུ་མ་ལ་སོགས་པ་རྣམས་སུ་ངེས་པའི་ཕྱིར་རོ། །རྟག་པར་འཛིན་པའི་རྟོག་པ་ཉིད་རང་ག་མར་སྣང་བ་ལྷ་མ་ཡིན་ཏེ། དེ་མ་སྤངས་པར་ཁྲོ་མོ་ལྕགས་ཀྱུ་མའི་རང་བཞིན་དུ་དག་པའི་ཕྱིར་རོ། །ཞེས་འབྲུ་གཉེར་བ་སྟེ། རྟག་ཆད་བདག་མཚན་དུ་འཛིན་པའི་ཕྱིན་ཅི་ལོག་གི་རྟོག་པ་བཞི། སློབ་དཔོན་ཁ་ཅིག་བཞེད་པའང་མི་འཐད་པ་མ་ཡིན་ཏེ། ཐལ་རྒྱུད་ལས། རྟག་སོགས་མཚན་མ་ལས་བསྐྱེད་ཕྱིར། །བཙུན་མོ་ཞེས་སུ་བསྟན་པ་སྟེ། །ཞེས་དང་། གླང་པོ་ཆེ་རབ་འབོགས་ལས་ཀྱང་། དོན་དམ་པར་སེམས་ཅན་རྟག་པར་ལྟ་བ་གནས་སུ་དག་པ་བཛྲ་ཨངྐུ་ཤ་སྟེ། ཞེས་སོགས་གསུངས་པའི་ཕྱིར་རོ། །ཞེས་རྗེ་དྷརྨ་ཤྲཱི་གསུངས་སོ། །
གསུམ་པ་དད་པས་ཆོས་ཉན་པའི་འཁོར་ནི། ཕྱིའི་འཁོར་ཡུག་ལ་བཞུགས་པའི་འཇིག་རྟེན་པའི་ལྷ་ཆེན་པོ་རྣམས་ཏེ། རྒྱུད་ལས། ཐམས་ཅད་ལ་ནི་དབང་བསྒྱུར་ཕྱིར། །འཇིག་རྟེན་ལྷ་ཆེན་རྣམས་ཀྱིས་བསྐོར། །ཞེས་དང་། སྤྱན་འགྲེལ་ལས། འཁོར་བའི་ཆོས་རྣམས་ཀྱང་བདག་ཉིད་དུ་རང་སྣང་བའི་ཕྱིར། ཕྱི་རོལ་དུ་མ་ཧཱ་དེ་ཝ་ལ་སོགས་པའི་ལྷ་ཆེན་པོ་རྣམས་ཀྱིས་བསྐོར་བ་སྟེ་རང་རང་གི་འདོད་ཡོན་དང་རྒྱན་དང་ལྡན་པར་འཁོད་པའོ། །ཞེས་སོ། །གོ་ཕྱེ་བའི་འཁོར་ནི། ཐུན་མོང་འགྲོ་བ་འདུལ་བའི་སྤྲུལ་སྐུ་ཐུབ་པ་དྲུག་དང་མ་འོངས་པའི་གང་ཟག་སྐལ་བ་ཅན་ཆོས་ཀྱི་མིག་དང་ལྡན་པ་རྣམས་ཏེ། ཁོག་གཞུང་ལས། འགྲོ་བ་འདུལ་བར་སྤྲུལ་སོགས་དང་། །ཞེས་དང་། འདི་ཉིད་ལས། སྲས་ནི་ཐུགས་ལས་བསྐྱེད་པ་ཡིན། །ས་རབ་རིག་པ་འཛིན་ལ་གནས། །ཞེས་སོ། །དེ་ལྟ་བུའི་འཁོར་གྱི་ཚོགས་ཀྱིས་ཀུན་ནས་བསྐོར་ཏེ་བཞུགས་པ་ནི། འདི་ཉིད་ལས། ཀུན་ཏུ་ཁྱབ་ཅིང་མཐའ་ཀླས་པར་ཁྱབ་སྟེ། ཆོས་ཀྱི་དབྱིངས་མཐའ་ཡས་པར་ཁྱབ་པ་ནི་འདི་ལྟ་བུ་སྟེ། དཔེར་ན་ཏིལ་གྱི་གོང་བུ་བཞིན་དུ་གང་ནས་ཁྱབ་པར་བཞུགས་སོ། །ཞེས་གསུངས་པའི་ཕྱིར་རོ། །འགའ་ཞིག་ན་རེ། འདིར་བསྟན་གྱི་འཁོར་འདི་རྣམས་རང་རྒྱུད་པ་ཡིན་ནམ། སྤྲུལ་པ་ཡིན། དང་པོ་ལྟར་ན། གང་ཟག་གཅིག་གིས་སྦྱངས་སམ་ཐ་དད་པས་སྦྱངས། གཅིག་གིས་སྦྱངས་ན། གང་ཟག་གཅིག་གི་རྟོག་པ་ལ་ལྷ་གཙོ་འཁོར་དང་བཟང་ངན་དུ་འོང་བ་མི་རིགས། ཐ་དད་པས་སྦྱངས་ན། འདིར་གང་ཟག་གཅིག་གི་རྟོག་པ་ལས་མ་སྨོས་པའི་ཕྱིར་མི་འཐད་དོ། །གཉིས་པ་ལྟར་ན་འདུལ་བྱེད་སྤྲུལ་པ་ཚོགས་པ་དོན་མེད་དུ་འགྱུར་ཏེ། གདུལ་བྱ་རང་རྒྱུད་པ་མེད་པའི་ཕྱིར་ཟེར་ན། རྗེ་སྒྲོ་ཕུག་པ་ཁུ་དབོན་ནི། རྟོག་ཚོགས་དང་སྦྱར་བའི་འཁོར་རྣམས་ཐུགས་རང་སྣང་སྤྲུལ་པ་དང་། དེ་དང་ཆ་འདྲ་བའི་རྒྱུད་མས་སྦྱངས་ཀྱི་ཐར་ལམ་པ་དང་། ཐེག་པ་འོག་མའི་རྒྱལ་བ་བརྗོད་ཀྱིས་མི་ལང་པ་ཡོད་པར་གསུང་། གཡུང་སྟོན་ཆེན་པོ་ནི་ཡིན་ཚུལ་དང་སྣང་ཚུལ་གཉིས་སུ་ཕྱེ་ནས། འདིའི་སྐབས་ཀྱི་འཁོར་རྣམས་ཡིན་ཚུལ་ནས་རང་སྣང་བའི་འཁོར་ཤ་སྟག་ཡིན་ཡང་། སྣང་ཚུལ་གྱི་དབང་དུ་དུས་མཐའི་བྱང་ཆུབ་སེམས་དཔའི་ཚུལ་
དུ་སྣང་བ་མི་འགལ་ཏེ། སྤར་ཁབ་ལས། གདུལ་བྱ་ལས་མཐར་ཐུག་པ་ནི་དྲུག་པའི་སངས་རྒྱས་ཀྱི་ཞིང་དུ་འགྱུར་པ་སྟེ། དེ་དག་ས་གཞན་ལས་ཁྱད་པར་དུ་གྱུར་པས་ཆེན་པོ་སྟེ། ལྟ་བའི་སྒྲིབ་པ་འཇོམས་པའི་ཕྱིར་ལས་ཀྱི་རྡོ་རྗེའོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་གསུངས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ་ནི། རང་སྣང་ལོངས་སྐུའི་ཞིང་ན་གདུལ་བྱ་རང་རྒྱུད་པ་ཡོད་པར་སྒྲུབ་པའི་རྩོད་པ་ནི་སྤྲེའུའི་རོལ་རྩེད་དང་འདྲ་སྟེ་བཞད་གད་ཀྱི་གནས་སོ། །ཞེས་རང་རྒྱུད་པའི་འཁོར་མེད་པར་བཞེད་མོད། རྗེ་སྒྲོ་ཕུག་པ་དང་རྒྱལ་བ་གཡུང་བཞེད་པ་ལྟར་སྤྲུལ་པ་དང་ཆ་འདྲའི་མས་སྦྱངས་ཀྱི་འཁོར་གཉིས་ཀ་ཡོད་པར་བཞེད་པ་ཉིད་མཁན་ཆེན་ལོ་ཙཱ་བ་ཆེན་པོ་དྷརྨ་ཤྲཱི་ཡང་བཞེད་པའོ། །ཡང་ཁ་ཅིག་ན་རེ། འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་ན་ལྷ་བཞི་བཅུ་རྩ་གཉིས་བཞུགས་སམ་མ་བཞུགས། མ་བཞུགས་ན་ལམ་པས་སྒོམ་པ་བློས་བཏགས་སུ་འགྱུར། བཞུགས་ན་འདིར་ཡུམ་ཀུན་ཏུ་བཟང་མོ་དང་ཐུབ་པ་དྲུག་མ་ཚང་བའི་ཕྱིར་རོ་ཞེ་ན། རྒྱུད་འདིར་ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་ཞེས་པའི་ཤེས་རབ་ཅེས་པའི་ཡུམ་ཀུན་ཏུ་བཟང་མོ་དང་། སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ་ཞེས་པས་ཐུབ་པ་དྲུག་ཤུགས་ལ་བསྟན་པས་མ་ཚང་བའི་སྐྱོན་མེད། དངོས་སུ་མི་སྟོན་པ་ནི། འདིར་གསང་དབང་གི་སྐབས་མིན་པ་དང་། ཐུན་མོང་གི་གདུལ་བྱ་མེད་པས་སོ་ཞེས་བཞེད། ཡང་འགའ་ཞིག་ན་རེ། ཐུབ་པ་དྲུག་འོག་མིན་ཏུ་བཞུགས་ན། གདུལ་བྱ་དང་། འདུལ་བྱེད་ཐ་དད་པར་གྱུར་ཏེ། ཐུབ་པ་དྲུག་གི་གདུལ་བྱ་རིགས་དྲུག་གི་སེམས་ཅན་ཡིན་པའི་ཕྱིར་ཞེ་ན༑ སྐྱོན་མེད་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དེ་ཉིད་མཐའ་དབུས་ལ་སོགས་པ་རྒྱ་ཆད་ཕྱོགས་ལྷུང་མེད་པར་གནས་ཀྱི་རང་བཞིན་བཤད་པའི་སྐབས་སུ་བཤད་པ་ལྟར། རིགས་དྲུག་གི་གནས་དང་། འོག་མིན་གྱི་གནས་དེ་ཉིད་ཐ་དད་དུ་མེད་དེ། དག་མ་དག་གི་སྣང་བས་ཕྱེ་བ་ཙམ་ཡིན་པའི་ཕྱིར་ཏེ། སྒྱུ་འཕྲུལ་རྒྱས་པ་ལས། ཡང་དག་ཤེས་པའི་རང་རིག་བློ་མེད་ན༑ ༑བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་སོང་གནས་ཀྱང་འོག་མིན་དགའ་ལྡན་ཞིང་། །ཞེས་བཤད་པའི་
ཕྱིར། གཞན་ཡང་བདེ་མཆོག་གི་སྐུ་གསུང་ཐུགས་ཀྱི་འཁོར་ལོའི་དཔའ་བོ་དང་དཔའ་མོ་རྣམས་ཡུལ་ཉེར་བཞི་ན་བཞུགས་པར་རྩ་རྒྱུད་ལས་བཤད། དེས་ན་འོག་མིན་ན་བདེ་མཆོག་གི་ལྷ་ཚོགས་མ་ཚང་བར་འདོད་པ་དང་འདྲ་སྟེ་བཞད་གད་ཀྱི་གནས་སོ། །དེས་རྒྱུད་འབྱུང་བ་ཁྱད་པར་ཅན་གྱི་གླེང་གཞིའམ་ལོངས་སྐུའི་གླེང་གཞི་བཤད་པ་སོང་ནས། ཞར་བྱུང་གདུལ་བྱ་སྒོས་ཀྱི་ཆེད་དུ་བསྟན་པ་ཁྲོ་བོའི་གླེང་གཞི་ལ་ཡང་ལྔ་སྟེ། སྟོན་པ་དང་། གནས་དང་། འཁོར་དང་། ཆོས་དང་། དུས་ཕུན་སུམ་ཚོགས་པ་སྟེ་ལྔའོ། །དེ་ལ་ཡང་སྤྱིར་བཤད་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས་ཡོད་པ་ལས། དང་པོ་ནི། སྤྱིར་ཁྲོ་བོ་ལ། ཤེས་རབ་ཆེན་པོའི། ཡེ་ཤེས་ཆེན་པོའི། ཕྱག་རྒྱ་ཆེན་པོའི་ཁྲོ་བོ་དང་གསུམ་ལས། དང་པོ་ནི་བདག་མེད་རྟོགས་པའི་ཤེས་རབ་སྟེ། དེས་མཚན་འཛིན་གྱི་རྣམ་རྟོག་འཇོམས་པའི་ཕྱིར་ཁྲོ་བོའོ། །གཉིས་པ་ནི། རང་རིག་པའི་ཡེ་ཤེས་ཏེ། དེས་ཆོས་ཐམས་ཅད་ལ་དབང་བསྒྱུར་ཞིང་འཁོར་བའི་ས་བོན་དྲུང་ནས་འབྱིན་པའི་ཕྱིར། གསུམ་པ་ནི། གདུལ་བྱ་ནམ་ཡང་མི་འདོར་བའི་ཕྱིར་ཐུགས་རྗེས་ཁྲོ་བོའི་སྐུར་བསྟན་པ་སྟེ། འབད་རྩོལ་མེད་པའི་ཐུགས་རྗེས་མི་མཐུན་པའི་ཕྱོགས་འཇོམས་པའི་ཕྱིར་ཕྱག་རྒྱ་ཁྲོ་བོའི་སྐུར་སྣང་བའོ། །དེ་ལྟར་གསུམ་ལས། འདིར་ཕྱག་རྒྱ་ཆེན་པོའི་ཁྲོ་བོའོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། དང་པོ་སྟོན་པ་ཕུན་སུམ་ཚོགས་པ་ནི། འདི་ཉིད་ཀྱི་ལེའུ་བཅོ་ལྔ་པ་ལས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ། སངས་རྒྱས་ཐམས་ཅད་ངོ་བོ་ཉིད་ཀྱི་ཁྲོ་བོའི་དཀྱིལ་འཁོར་མངོན་པར་འདུ་མཛད་དེ། ཞེས་པའི་དོན་ཏེ། དེ་ཡང་རིགས་ཐམས་ཅད་ཀྱི་བདག་པོ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཅན་དྲུག་པ་ཀུན་ཏུ་བཟང་པོ་ཉིད་ལས་མ་གཡོས་པར། གདུལ་བྱ་རུ་ཏྲའི་ངོས་ནས་དཔལ་ཆེན་པོ་བཛྲ་ཧེ་རུ་ཀར་སྣང་བར་མཛད་དེ་འཕྲིན་ལས་ཕྱག་རྒྱའི་སྐུར་བཞེངས་པ་སྟེ། དགོངས་འདུས་ལས། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད། །ཅེས་སོ། །གཉིས་པ་གནས་ཕུན་སུམ་ཚོགས་པ་ནི། དུར་ཁྲོད་ཆེན་པོར་དགྱེས་ནས་ཁྲག་
ཞག་གི་རྒྱ་མཚོའི་དཀྱིལ་ན་ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་འབར་བ་ཆེན་པོའི་ཀློང་དཀྱིལ་ན༑ ཞེས་པའི་དོན། དེ་ཡང་འཁོར་བ་མ་སྤངས་གནས་སུ་དག་པའི་བརྡར་བཟོད་པར་དཀའ་བའི་དུར་ཁྲོད་འབར་བའི་གཞལ་ཡས་ཁང་ཆེན་པོར་དགྱེས་ནས། འདོད་ཆགས་གནས་སུ་དག་པའི་ཕྱིར་མཁའ་རླུང་གི་དཀྱིལ་འཁོར་ལ་བརྟེན་པའི་ཁྲག་དང་ཞག་གི་རྒྱ་མཚོ་ཆགས་ཤིང་ཞིང་ཆེན་གྱི་ས་གཞིར་བརྡལ་བའི་དབུས་སུ། ཞེ་སྡང་གནས་སུ་དག་པའི་བརྡར་ཀེང་རུས་ཀྱི་ཚོགས་སྤུངས་ཤིང་བརྩེགས་པའི་རི་རབ་ཆེན་པོའི་སྟེང་ན་གཏི་མུག་གནས་སུ་དག་པའི་བརྡར་ཡེ་ཤེས་ཀྱི་མེ་རི་མེ་དཔུང་འབར་ཞིང་འཁྲུགས་པའི་ཀློང་ནས་བཞུགས་པ་སྟེ། ཧེ་རུ་ཀ་གལ་པོ་ལས། ཆགས་པ་ཁྲག་གི་རྒྱ་མཚོ་རྦ་ཀློང་འཁྱིལ། །ཞིང་ཆེན་གཏམས་པའི་ས་གཞི་མཐའ་དབུས་བྲལ། །ཀེང་རུས་ཆེན་པོ་བརྩེགས་པའི་རི་རབ་འབར། །ཡེ་ཤེས་འབར་བའི་མེ་འོད་ཀུན་ཏུ་འཕྲོ། །ཞེས་སོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་ལ། གདུལ་བྱ་གདུག་པ་ཅན་གྱི་འཁོར་དང་། འདུལ་བྱེད་གཉེན་པོའི་འཁོར་གཉིས་ཀྱི། དང་པོ་ནི། བདག་ཏུ་རྨོངས་པའི་རྟོག་པ་དང་རྟག་པ་ལ་མངོན་པར་ཞེན་ནས་ཞེས་སོགས་ཀྱི་དོན་ཏེ། སྤྱིར་ལྷན་ཅིག་སྐྱེས་པ་དང་། ཀུན་ཏུ་བཏགས་པའི་མ་རིག་པ་གཉིས་ཀྱིས་སེམས་ཅན་རྣམས་འཁོར་བར་འཁྱམས་པ་ཡིན་ལ། བྱེ་བྲག་རུ་ཏྲ་ནི། སྔོན་བསྐལ་བ་ཀུན་བཀོད་ཀྱི་དུས་སུ་ཐར་པ་ནག་པོར་སྐྱེས་པའི་ཚེ། ཐུབ་དཀའ་གཞོན་ནུས། ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་སྤྱད་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །འདི་ནི་རྣལ་འབྱོར་དམ་པའི་ལམ། །ཞེས་གསུངས་པ་སྒྲ་ཇི་བཞིན་པར་བཟུང་སྟེ་དོན་ཟབ་མོ་རྒྱུད་ལུང་གི་ཁོང་ནས་གབ་པའི་རང་བཞིན་རྟོགས་པར་དཀའ་བའི་གསང་བ་མ་རྟོགས་པར། སྦྱོར་སྒྲོལ་གྱི་ཐབས་ལ་སོགས་པ་སྦས་པའི་གསང་བ་སྤྱོད་པ་རླང་པོ་རང་ག་བ་དག་སྤྱད་ཅིང་། ལས་འབྲས་བསླུ་བ་མེད་པའི་རྟེན་འབྲེལ་གྱི་གནད་ལ་རྨོངས་པས་གསང་བ་ཟབ་མོ་རྣམས་འཆོལ་པར་སྤྱོད་ཅིང་ཕྱིན་ཅི་ལོག་གི་ལམ་ལ་ཞུགས་པ་སྟེ། སངས་རྒྱས་མཉམ་སྦྱོར་ལས། འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་
ཆེན་པོ་རྟག་པ་ཡིས། །དེ་བཞིན་གཤེགས་པའི་གསུང་རབ་ལས། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ལོག་པར་ལྟ་ལ་བརྩོན་པར་འགྱུར། །ལྟ་བ་ཤིན་ཏུ་ལོག་པ་ཡིས། །མནར་མེད་དམྱལ་བ་ཆེན་པོར་ལྟུང་། །ཞེས་སོ། །དེའི་རྣམ་སྨིན་གྱི་འབྲས་བུས་དམྱལ་བ་ཚ་གྲང་གི་གནས་སུ་བསྐལ་ཆེན་སྟོང་ཕྲག་བཅུ་གཉིས་དང་ཡི་དྭགས་ཀྱི་གནས་སུ་བསྐལ་བ་ཆེན་པོ་དྲུག་ཏུ་སྐྱེ་བ་བརྒྱུད་དེ་རྣམ་པར་སྨིན་པའི་འབྲས་བུ་དེ་མྱོང་སྟོབས་ཀྱིས་ཟད་པའི་མཐར། རྒྱུ་མཐུན་གྱི་འབྲས་བུ་སྔར་ཁྲོ་བོ་མགོ་དང་ཕྱག་ཞབས་དུ་མ་ཡོད་པ་དག་བསྒོམས་ཤིང་རང་མཚན་དུ་ཞེན་ནས་ཕྲ་མེན་ལ་སོགས་པའི་འཁོར་ཡིད་ལ་བྱས་ཏེ་དྲག་སྔགས་རྩུབ་པོ་དག་བཟླས་ཤིང་དངོས་པོ་བཞི་ལ་སྤྱད་པའི་ལས་ཀྱིས་ཡུལ་ལངྐར་ཡི་དྭགས་ཀྱི་འགྲོ་བས་བསྡུས་པའི་སྲིན་པོ་བྱའི་གཤོག་པ་ཅན་གཏུམ་ཞིང་འཇིགས་སུ་རུང་བར་སྐྱེས་ཏེ༑ འཕགས་པའི་གནས་ལྔ་མ་གཏོགས་པའི་འདོད་གཟུགས་ཀྱི་ཁམས་ཐམས་ཅད་དབང་དུ་བསྡུས་ཤིང་། འགྲོ་བའི་ཚོགས་ལ་གནོད་པར་བྱེད་པའི་ལས་ཀྱི་རུ་ཏྲ་དེ་ཉིད། ཐུབ་དཀའ་རྡོ་རྗེ་གཞོན་ནུ་དང་སྔོན་སློབ་དཔོན་ཏུ་འབྲེལ་བའི་སྟོབས་ཀྱིས་ལས་ཀྱི་གདུལ་བྱར་གཟིགས་པའོ། །འདུལ་བྱེད་གཉེན་པོའི་འཁོར་ནི། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོར་གྱུར་ཏེ་ཤར་ཕྱོགས་སུ་བཞུགས་སོ། །ཞེས་པའི་དོན། དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་དེ་བཞིན་གཤེགས་པའི་རིགས་བུདྡྷ་ཧེ་རུ་ཀ་དང་མཉམ་པ་ཉིད་རིན་པོ་ཆེའི་རིགས་རཏྣ་ཧེ་རུ་ཀ་དང་། སོ་སོར་རྟོག་པའི་ཡེ་ཤེས་པདྨའི་རིགས་པདྨ་ཧེ་རུ་ཀ བྱ་བ་གྲུབ་པའི་ཡེ་ཤེས་ལས་ཀྱི་རིགས་ཀརྨ་ཧེ་རུ་ཀ་སྟེ། དེ་བཞིན་གཤེགས་པ་རིགས་བཞི་དང་། དཀར་མོའི་ཚོགས་དང་། ཞེས་སོགས་ཀྱིས་གསང་བའི་བུ་མོ་བརྒྱད་དམ་གནས་ཀྱི་མ་བརྒྱད། སེང་གདོང་ཆེན་མོའི་ཚོགས་དང་སོགས་ཀྱིས་གུས་པའི་བུ་མོ་བརྒྱད་དམ་ཡུལ་གྱི་ཕྲ་མེན་བརྒྱད། རྡོ་རྗེ་སྲིང་འགྲོ་མའི་ཚོགས་དང་སོགས་ཀྱིས་སྒོ་མ་བཞི། སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་སོགས་ཀྱིས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་རྣམས་སོ། །བཞི་པ་ཆོས་ཕུན་སུམ་ཚོགས་པ་ནི། དེ་ནས་དེ་བཞིན་གཤེགས་པ་ཆེ་བའི་རྡོ་རྗེ་བཀོད་
པ་ལས། ཞེས་སོགས་ཀྱི་དོན། དེ་ཡང་གདུལ་བྱ་གདུག་པ་ཅན་རྣམས་དྲག་ཤུལ་སྦྱོར་སྒྲོལ་གྱི་མཛད་པས་འདུལ་བའི་འཕྲིན་ལས་རྨད་དུ་བྱུང་བ་སྟེ། དེ་ཡང་སློབ་དཔོན་ཆེན་པོ་སྒེག་པ་རྡོ་རྗེའི་རྗེས་སུ་འབྲངས་ནས་དོན་བཅུ་བཞིའི་སྒོ་ནས་འཆད་པ་ལ། དང་པོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་པོ་ཉིད་གདུག་པ་ཅན་འདུལ་བའི་ཐབས་ལ་དགྱེས་པ་ཆེན་པོས་ཁྲོ་བོའི་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀའི་ཏིང་ངེ་འཛིན་གྱི་དགོངས་པ་སྙོམས་པར་བཞུགས་པ་ནི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ། གཉིས་པ་ནི། ཆོས་ཉིད་དེ་བཞིན་ཉིད་སྐྱེ་བ་མེད་པའི་དབྱིངས་ནས་གསང་བའི་ཡུམ་ཁྲོ་མོ་དབང་ཕྱུག་ཆེན་མོ་སྤྲུལ་ཏེ། ཧི་ཧི་ཞེས་ཡབ་ལ་དགྱེས་པའི་གཟི་མདངས་ཀྱིས་བསྐུལ་བས། མཁའ་གསང་རིན་ཆེན་དང་པདྨ་བདེ་བས་རྒྱས་པར་མཛད་ནས་ཡབ་ཡུམ་གཉིས་སུ་མེད་པར་འཁྲིལ་བའི་དགྱེས་པས་ཡུམ་གྱི་པདྨར་ཡབ་ཀྱི་རྡོ་རྗེ་ནོར་བུ་ཐིམ་པར་རོལ་བའི་བྱང་ཆུབ་ཀྱི་སེམས་སྤྲོ་བ་ནི་ལོངས་སྤྱོད་ཆེན་པོའི་དཀྱིལ་འཁོར། གསུམ་པ་ནི། དེའི་ཚེ། ཧཱུྃ་ཧཱུྃ་ཧཱུྃ། རྡོ་རྗེ་གསུམ་གྱི་བདག་ཉིད། བི་ཤྭ་བཛྲ་ཀྲོ་ཏ་ཛྭ་ལ་མཎྜ་ལ་ནི་ཁྲོ་བོ་སྣ་ཚོགས་འབར་བའི་དཀྱིལ་འཁོར། ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུྃ། སྒོ་གསུམ་གཟས་ཤིང་གཏོར་བར་གྱིས་ཤིག་ཅེས་ཐུགས་དམ་བསྐུལ་བའི་ཚིག་སྟེ། དེ་སྐད་བརྗོད་པ་གཉེན་པོ་ཀུན་སྣང་བའི་རྐྱེན་ཏེ་བརྗོད་པའི་ཆོ་འཕྲུལ། བཞི་པ་ནི། རྒྱུ་སེམས་སྤྲིན་དང་རྐྱེན་སྔགས་ལས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཁྲོ་བོ་འཆོལ་བ་གྲངས་མེད་པར་མཐོན་པ་ནི་སྤྲུལ་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ། ལྔ་པ་ནི། ཁྲོ་བོའི་སྤྲིན་སྤྲོས་པ་དེ་ལས། ཕྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཀྱི་ས་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་གཡོས་པའོ། །ཟིན་པའི་སྒྲ་ཐམས་ཅད་དྲག་པོར་འུར་འུར། རབ་ཏུ་འུར། ཀུན་ཏུ་འུར་འུར་རོ། །མ་ཟིན་པའི་སྒྲ་ཐམས་ཅད་ཀྱང་རང་ཁྲོལ་དུ་ཆེམས་ཆེམས། རབ་ཏུ་ཆེམས་ཆེམས། ཀུན་ཏུ་ཆེམས་ཆེམས་སོ། །རི་གླིང་སོགས་དུམ་བུར་ཤིག་ཤིག རབ་ཏུ་ཤིག་ཤིག ཀུན་ཏུ་ཤིག་ཤིག་གོ །དེ་དག་ཀྱང་གཏོར་གཏོར། རབ་ཏུ་གཏོར་གཏོར། ཀུན་ཏུ་གཏོར་གཏོར་བ་ཏེ་ཕྱི་རོལ་དུ་ལྟས་ཆེན་པོ། གཡོས་པ། འུར་བ།
ཆེམས་པ། ཤིག་པ། གཏོར་བ་སྟེ་རེ་རེ་ལའང་ཆུང་འབྲིང་ཆེ་གསུམ་དུ་ཕྱེ་བས་བཅོ་ལྔ་དང་། ནང་དུ་ལམ་པའི་སེམས་ལ་ཚོགས་སྦྱོར་ཏིང་འཛིན་ལྔར་གཡོ་ཐབས་གོམས་པའི་ཉམས་གསུམ་གྱིས་བོགས་ཐོན་པ་ནི་བྱིན་གྱིས་རླབས་ཀྱི་ཆོ་འཕྲུལ། དྲུག་པ་ནི། གཡོ་བ་ལ་སོགས་ལྟས་ཆེན་པོ་བཅོ་ལྔ་དང་། ཁྲོ་བོའི་སྤྲིན་ཚོགས་མི་ཟད་པའི་ཆོས་ཀུན་ཏུ་སྣང་བ་དེའི་ཚེ་ན་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྟོང་ཁམས་གནས་པའི་གདུག་པ་ཅན་ཐམས་ཅད་འཇིགས་ཤིང་སྐྲག་ནས་ལུས་ས་ལ་འགྱེལ། ངག་ཐམ། སེམས་མྱོས་ནས་དྲན་པ་ཉམས་ཏེ་རྒྱལ་བར་གྱུར་པ་ནི་ཆོས་སྣང་བའི་ཆོ་འཕྲུལ། བདུན་པ་ནི། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཆེ་བའི་མཆོག་ཉིད་འཇིགས་བྱེད་ཆེན་པོ་ཤིན་ཏུ་རྔམས་པའི་གཟི་བྱིན་འབར་བའི་ཁྲག་འཐུང་སྐུ་སྨུག་ནག ཅིར་ཡང་འགྱུར་བའི་རྣམ་པ་ཅན། དབུ་དང་ཕྱག་ཞབས་སྟོང་ཁམས་ཀྱི་རྡུལ་གྱི་གྲངས་མཉམ་པ་འབར་བའི་མཚོན་ཆ་སྣ་ཚོགས་འཛིན་པ་དེ་ལ་རྡོ་རྗེ་རིགས་ཀྱི་ཁྲོ་ཚོགས་ཐམས་ཅད་འདུས་ཏེ་ཐིམ་པ་ལས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་བཛྲ་ཧེ་རུ་ཀ རྣམ་ཐར་གྱི་དབུ་གསུམ། ཡེ་ཤེས་ཀྱི་ཕྱག་དྲུག རྫུ་འཕྲུལ་གྱི་ཞབས་བཞི་པར་གྱུར་ཏེ་དུར་ཁྲོད་འབར་བའི་གཞལ་ཡས་ཁང་གི་དབུས་སུ་འཁོར་ལོ་རྩིབས་བཞི་པའི་དབུས་སུ་དབང་ཕྱུག་ལྷ་ཆེན་པོ་དང་། དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཆེན་པོ་རུ་ཏྲ་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་གདན་ལ་ཞབས་གཡས་བརྐྱངས་གཡོན་བསྐུམས་སུ་བཞུགས་པའོ། །དེ་བཞིན་རིགས་བུདྡྷ་ཁྲག་འཐུང་ཡུམ་དང་བཅས་པ་ཤར་ཕྱོགས་སུ་དྲི་ཟའི་གདན་ལ། རིན་ཆེན་རིགས་རཏྣ་ཁྲག་འཐུང་ཡུམ་བཅས་ལྷོ་ཕྱོགས་སུ་གཤིན་རྗེའི་གདན་ལ། པདྨའི་རིགས་པདྨ་ཁྲག་འཐུང་ཡུམ་བཅས། ནུབ་ཏུ་སྲིན་པོའི་གདན་ལ། ལས་ཀྱི་རིགས་ཀརྨ་ཁྲག་འཐུང་ཡུམ་བཅས། བྱང་དུ་གནོད་སྦྱིན་གྱི་གདན་ལ་བཞུགས་པ་ནི་སྤྲུལ་པ་ལས་ཁྱད་པར་དུ་གྱུར་པ་ནི་སྤྲུལ་པ་ཆེན་པོའི་དཀྱིལ་འཁོར་རོ། །བརྒྱད་པ་ནི། རིགས་ལྔའི་འཇིགས་བྱེད་ཆེན་པོ་དེ་དག་གི་དྲེགས་པ་ཅན་དེ་དག་ཞབས་འོག་ཏུ་མནན་པ་ན་ཁྲོ་ཞིང་གཏུམ་པའི་སེམས་ཀྱི་ད་དུང་དགྲ་ཟླར་མཐོང་ནས་འཁོར་བཅས་མགྲིན་གཅིག་ཏུ་གདུག་པའི་ང་རོས་མི་སྙན་རླང་པོའི་གཏུམ་ཚིག་
གིས་འདི་སྐད་དུ། ངེད་རྣམས་གདན་དུ་བཅིངས་པ་ལས་ཐོངས་ཐོངས། ཁྱེད་ཅག་སྙིང་རྗེའི་བདག་པོ་མ་ཡིན་ནམ། ཅི་བདག་ཅག་ལ་དེ་ལྟར་ཐོ་འཚམ་པར་བྱེད་དམ། ཞེས་ཟེར་ཞིང་གདུག་པའི་སེམས་ཀྱིས་ཁྲོས་ཤིང་རྔམ་པ་ན། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་རིགས་ལྔའི་ཧེ་རུ་ཀ་ཉིད་སྒྲོལ་བྱེད་རྡོ་རྗེ་སྲིན་པོ་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བརྒྱད་དུ་གནས་པར་སྤྲུལ་ནས། ཐུགས་རྗེ་ཐབས་ལ་མཁས་པས་རུ་ཏྲའི་ངོར་ཤིན་ཏུ་ཁྲོས་པ་ལྟར་སྣང་ནས་རྔམ་པའི་སྐད་ཀྱི་གདུག་པ་ཅན་དེ་དག་གི་བདག་འཛིན་གཅོད་ཕྱིར་དོན་སྙིང་། :ཡུན་༼ཡུལ༽འཛིན་དགག་ཕྱིར་དབང་པོ་ཀུན་ཕྱུང་། མངོན་ཞེན་དགག་ཕྱིར་ནང་ཁྲོལ་ཀུན་དྲངས། ལས་ངན་གྱི་བག་ཆགས་གཅོད་ཕྱིར་ཡན་ལག་ཀུན་དུམ་བུར་བཅད་ཅིང་གཏུབ་ནས། དུག་གསུམ་དག་པར་མཛད་པའི་ཕྱིར། འདོད་ཆགས་ཀྱི་ཁྲག་ཀུན་འཐུང་། ཞེ་སྡང་གི་རུས་པ་ཀུན་འཆོས། གཏི་མུག་ཤ་ཀུན་ཟོས་ཏེ་ཕོ་རྣམས་སྒྲོལ་བས་བཏུལ་བ་ནི་འཕྲིན་ལས་རྨད་དུ་བྱུང་བའི་ངོ་བོའོ། །དགུ་པ་ནི། དེ་ནས་མོ་རྣམས་སྦྱོར་བས་འདུལ་ཕྱིར་ཧཱུྃ་ཧཱུྃ་ཧཱུྃ། བྷྱོ་ཨེ་ཨ་ར་ལི་ཛཿཛཿ། ཞེས་བ ཞད་པའི་ང་རོས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་མ་ལུས་པ་ཡུངས་འབྲུ་གཅིག་ཙམ་དུ་ཆུད་པར་དབང་འབྱོར་པའི་རྫུ་འཕྲུལ་གྱིས་བསྡུས་ལ། བཅུད་ཀྱི་སེམས་ཅན་གདུག་པ་ཅན་དེ་དག་གི་ཆུང་མ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དེ། སྲིན་མོ་ཆེན་མོ་མིའི་སྲིན་མོ་ལ་སོགས་པ་ཤར་གྱི་མ་མོ་དྲུག འཇུག་སྲེད་ཀྱི་དམར་མོ་སོགས་པ་ལྷོའི་མ་མོ་དྲུག དགའ་བྱེད་དབང་ཕྱུག་གི་དགའ་བ་མོ་ལ་སོགས་པ་ནུབ་ཀྱི་མ་མོ་དྲུག ལྷ་གསོད་བྱེད་ཀྱི་གསོད་བྱེད་མ་ལ་སོགས་པ་བྱང་གི་མ་མོ་དྲུག ལྷ་ཆེན་པོའི་ནག་མོ་ཆེན་མོ་ལ་སོགས་པ་ཕྱོགས་ཀྱི་སྒོ་མ་བཞི་སྟེ། དབང་མོ་ཉི་ཤུ་རྩ་བརྒྱད་པོ་དེ་དག་གི་བྲན་དང་། ཡང་བྲན། གཡོག་དང་། ཡང་གཡོག་གི་ཚོགས་དང་བཅས་པ་ཐམས་ཅད་དབང་དུ་བསྡུས་པ་ནི་འཁོར་སྡུད་པའི་ཆོ་འཕྲུལ་ལོ༑ ༑བཅུ་པ་ནི། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེ་སྲིན་པོ་ཆེ་མཆོག་ཏུ་སྣང་བ་དེས་མ་མོ་རྣམས་འདུལ་བའི་ཐབས་ཀྱིས། སླར་ཡང་རིགས་ལྔའི་འཇིགས་བྱེད་ཆེན་པོ་ལྔ་ཀ་ཡོངས་སུ་རྫོགས་པར་མ་མོ་རྣམས་སྣང་བར་བྱས་ནས་དགྱེས་པ་ཆེན་པོས་རོལ་བ་
ནི་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་རོ། །བཅུ་གཅིག་པ་ནི། འབྱུང་པོའི་རྒྱལ་མོ་རྣམས་རིགས་ལྔའི་ཧེ་རུ་ཀར་སྣང་བ་ལ་ཡིད་ཤིན་ཏུ་ཆགས་པས་གཡོས་ནས། གཙོ་བོ་དཔལ་ཆེན་པོ་བཛྲ་ཧེ་རུ་ཀའི་སྐུ་བརྒྱད་དུ་སྣང་བ་ལ་ཕྱོགས་ཀྱི་གཙོ་མོ་སྲིན་མོ་ཆེན་མོ་མིའི་སྲིན་མོ་སོགས་བཞི་དང་། སྒོ་སྐྱོང་ནག་མོ་ཆེན་མོ་སོགས་བཞི་སྟེ་བརྒྱད་པོ་རྣམས་སོ་སོར་འཁྲིལ་ཏེ། ཁྲག་འཐུང་ཆེན་པོ་རིགས་བཞི་པོ་ཡང་ལྔ་ལྔར་སྣང་བའི་དེ་བཞིན་གཤེགས་པའི་སྐུ་ལ་ཤར་གྱི་མ་མོ་ལྷག་མ་ལྔ། རིན་པོ་ཆེའི་སྐུ་ལ་བདུད་རྩི་མ་སོགས་ལྷོའི་མ་མོ་ལྔ། པདྨའི་སྐུ་ལ་ཁྲག་གི་མྱོས་མ་སོགས་ནུབ་ཀྱི་མ་མོ་ལྔ། ཀུན་ཏུ་ལས་ཀྱི་སྐུ་ལ་མེ་མོ་སོགས་བྱང་གི་མ་མོ་ལྔ་རྣམས་འཁྲིལ་ནས་པདྨའི་དཀྱིལ་འཁོར་རྡོ་རྗེ་ལ་བསྡུས་ནས་སྐུའི་སྟོ ད་སྨད་ཤིན་ཏུ་བཅུམ་པས་རོལ་བ་ནི་འཁོར་བསྡུས་པའི་ཆོ་འཕྲུལ་ལོ། །བཅུ་གཉིས་པ་ནི་གཉིས་སུ་མེད་པར་རོལ་བའི་སེམས་སྤྲིན་ལས། གནས་མ་བརྒྱད། ཡུལ་མ་བརྒྱད། སྒོ་མ་བཞི་སྟེ། འཁོར་གྱི་དཀྱིལ་འཁོར་གྱི་ཁྲོ་མོ་ཉི་ཤུ་པོ་ཞིང་དབྱུག་དང་ཐོད་ཁྲག་ལ་སོགས་པ་རང་རང་གི་ལག་ཆ་དང་ངོ་མཚར་དུ་བཅས་ཏེ་རེ་རེ་ལ་ཡང་ཉེར་བརྒྱད་དུ་ཐོན་ཅིང་། སོ་སོ་ཡང་རང་རང་གི་རིགས་བསྡུས་ནས་འབར་བ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོའི་རྩིབས་མཆན་དང་གྲུ་ཆད་ལ་ཤར་ལྷོའི་ཕྱོགས་ནས་གཡས་སྐོར་གྱིས་འཁོད་ལ་ཕཊ་ཅེས་བསྒྲགས་པས་དབང་མོ་རྣམས་རང་རང་གི་གནས་སུ་ཡུད་ཙམ་གྱིས་བཀྱེ་བ་ནི་ངོ་མཚར་ཚོགས་ཀྱི་དཀྱིལ་འཁོར་རོ། །བཅུ་གསུམ་པ་ནི། སྔར་ཞལ་དུ་སྟོབ་པའི་དབང་ཕྱུག་ཆེན་པོ་ལ་སོགས་པའི་དྲེགས་པ་ཅན་དེ་དག་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་རིགས་ལྔའི་འཇིགས་བྱེད་དུ་སྣང་བ་དེ་རྣམས་ཀྱི་ལྟོ་བ་ན་གནས་པ་ལ། དཔལ་ཆེན་པོའི་འོག་སྒོ་ནས་ཕྱུང་སྟེ་མི་གཙང་བ་འདམ་གྱི་རྒྱ་མཚོར་ཆུད་པ་ལས། སླར་ཡང་བསྣམས་ནས་ཁྲོ་བོ་སྨེ་བ་བརྩེགས་པའམ་དམ་རྫས་བདུད་རྩི་རློན་སྦྱོར་ཕྱུང་སྟེ་འདམ་ཀུན་འཐུང་སྟེ་སོས་པས་དྲེགས་པ་ཅན་དེ་དག་དྲན་པ་སླར་ཡང་རྙེད་ནས་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ཐོབ་སྟེ་འབར་བ་ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་གྱི་ཚོགས་བསམ་ཡས་ལྷུན་གྲུབ་ཀྱི་ཞལ་མངོན་སུམ་དུ་མཐོང་ངོ་། །ཡེ་ཤེས་ཆེན་པོ་ཐབས་ལ་མཁས་པའི་ཆོ་
འཕྲུལ་གྱིས་སྤྲུལ་པའི་རུ་ཏྲ་བཏུལ་བ་དེའི་ཚེ་ན་འདུལ་ཐབས་བསམ་ཡས་ཐ་དད་པས་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་དུས་གཅིག་ཏུ་བཏུལ་ཏེ། དེ་དག་ཤིན་ཏུ་འདར་ཞིང་བྲེད་པས་གནའ་བོར་ནས་ལུས་གདན་དུ་ཕུལ་ཞིང་མགྲིན་༼གཅིག་༽ དུ་འཁོར་མཆིས་བྲང་དང་། ཆུང་མ་དང་། མ་དང་། བུ་མོ་དང་། སྲིང་མོའི་ཚོགས་རྣམས་ཕུལ་ཞིང་དཀྱིལ་འཁོར་ཆེན་པོ་འདིི་མིང་ཙམ་འཛིན་པར་བྱེད་པའི་རྣལ་འབྱོར་པ་ཡང་གཙུག་གི་ནོར་བུ་ལྟར་གཡོ་སྒྱུ་མེད་ཅིང་མཆོག་ཏུ་གུས་པའི་སེམས་ཀྱི་གཙུག་ཏུ་བཞག་སྟེ་བཀུར་བ་དང་། དེའི་དགོས་པ་ཅི་མཆིས་པ་སྟེ་རེ་བ་ཐམས་ཅད་སྒྲུབ་པར་བགྱིའོ་ཞེས་དཔལ་ཆེན་པོའི་སྤྱན་སྔར་དམ་ནོད་པ་ནི་འཕྲིན་ལས་ཀྱི་འབྲས་བུ་དྲེགས་པ་ཅན་གནས་སུ་བསྟབ་པའོ། །བཅུ་བཞི་པ་ནི། དེ་ནས་དྲེགས་པ་ཅན་དེ་དག་གི་ཆུང་མ་ལ་སོགས་པའི་མ་མོ་རྣམས་དཀྱིལ་འཁོར་གྱི་དྲུང་དུ་ཡུད་ཙམ་གྱིས་འོང་ནས་ལས་ཀྱི་དངོས་གྲུབ་ནོད་པ་ན་དཔལ་ཆེན་པོས་དེ་དག་གི་ལག་ཏུ་རྡོ་རྗེ་གཏད་ཅིང་མིང་དག་གིས་དབང་བསྐུར་ནས་དཀྱིལ་འཁོར་ཆེན་པོའི་ཕྱི་ཁྱམས་སུ་བཀོད་པ་ནི་འཕྲིན་ལས་ཀྱི་འབྲས་བུ་འཁོར་དམ་ལ་བཏགས་པའོ། །ཁ་ཅིག་ན་རེ། འདིར་བསྟན་པའི་རུ་ཏྲ་དེ་ཐ་མལ་པ་ཡིན་ནམ་སྤྲུལ་པ་ཡིན། དང་པོ་ལྟར་༼ན༽ཡི་དྭགས་སྲིན་པོ་ཆེན་པོ་ཟེར་བས་འདོད་ཁམས་པ་ཡིན་པའི་ཕྱིར་དེས་གཟུགས་ཁམས་དབང་དུ་སྡུད་པ་མི་ཐད་དེ། དེར་བགྲོད་པ་ལ་བསམ་གཏན་གྱི་ཏིང་འཛིན་ཐོབ་དགོས་པའི་ཕྱིར། དཔལ་ཆེན་པོ་དང་སྤྱོད་ཡུལ་གཅིག་ཏུ་མ་སྤྱད་པར་ཞལ་མཐོང་གི་གདུལ་བྱར་གྱུར་པའང་མི་འཐད་དོ། །སྤྲུལ་པ་ཡིན་ན། ངན་སོང་གི་སྡུག་བསྔལ་མྱོང་བར་བཤད་པ་སོགས་མི་རིགས་སོ་ཟེར་ན། ལན་ནི༑ འདོད་ཁམས་པའི་སྐྱེ་བོས་བསམ་གཏན་གྱི་ཏིང་འཛིན་ཐོབ་པ་མི་འགལ་ཏེ། དཔའ་བོས། སྐྱེ་བོ་མ་རིག་གིས་ལྡོང་པ། །སྲིད་རྩེའི་བར་དུ་སོང་ནས་ཀྱང་། །ཞེས་སོ་སྐྱེས་བསམ་གཏན་གྱི་ཏིང་འཛིན་ཐོབ་པར་གསུངས་ཤིང་། དེ་མ་ཐོབ་པར་ཡང་མ་ངེས་པའི་ཕྱིར། དཔལ་ཆེན་པོའི་ཞལ་མཐོང་བ་ལ་སྤྱོད་ཡུལ་གཅིག་ཏུ་སྤྱོད་དགོས་ན་ཤཱཀྱ་ཐུབ་པ་མཐོང་བའི་སེམས་ཅན་གྱི་ཐུབ་དབང་དང་སྤྱོད་ཡུལ་གཅིག་ཏུ་སྤྱོད་དགོས་པར་འགྱུར་རོ། །ཕྱོགས་གཉིས་པའི་
ལན་ནི། ཐ་མལ་པའི་གཟུགས་དང་སྡུག་བསྔལ་མྱོང་བ་ལྟར་བསྟན་པས་སྡུག་བསྔལ་རང་མཚན་པ་མྱོང་བ་དང་ཐ་མལ་པ་ཡིན་པར་མ་ངེས་ཏེ། སེམས་ཅན་གྱི་དོན་དུ་དེ་བཞིན་གཤེགས་པའི་སྤྲུལ་པ་ཐ་མལ་པའི་གཟུགས་སུ་སྣང་བ་རྣམས་དང་། ཐབས་ལ་མཁས་པའི་མཛད་པས་དམྱལ་བའི་འཇིག་རྟེན་སྤྲུལ་ཏེ་བསྟན་པ་སོགས་ཀྱང་དེར་མ་ངེས་པ་བཞིན་ནོ། །འོ་ན་གང་ཡིན་སྙམ་ན། གསང་བདག་སྒྲོ་ཕུག་པ་ཆེན་པོ་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། སློབ་དཔོན་ཇོ་མདོའི་རྗེས་སུ་འབྲངས་ཏེ་སྨན་ལུང་པ་མི་བསྐྱོད་རྡོ་རྗེ། ཁྱད་པར་ཤེས་བྱ་ཀུན་གཟིགས་མཁན་ཆེན་དྷརྨ་ཤྲཱི་ལ་སོགས་པ་མཁས་གྲུབ་འགྲན་ཟླ་དང་བྲལ་བ་རྣམས་སྤྲུལ་པར་བཞེད་པ་སྟེ་འགྲེལ་པ་ལུང་བསྟན་ལས། དེ་བཞིན་གཤེགས་པ་ཉིད་ཀྱི་ཚུལ་དུ་བསྟན་པར་རིག་པར་བྱ་སྟེ། དེ་ལ་དགོས་པ་ཅི་ཡོད་ཅེ་ན། རང་རྒྱུད་ཀྱི་གོལ་ས་དགག་པ་དང་། ཆེ་བའི་མཐུའི་ཚད་བསྟན་པའི་དགོས་པ་དང་། ནང་དུ་བདུད་བཞི་བཏུལ་བའི་རྟགས་ཕྱི་རོལ་དུ་བསྟན་པར་འགྲེལ་ཏེ། ཇི་སྐད་བཤད་པའི་མཐུ་འདི་དག་རང་རྒྱུད་པ་ལ་ཡོད་པ་མ་ཡིན་ཏེ༑ སྤྲུལ་བ་པ་ཡིན་པར་སོམ་ཉི་མི་བྱའོ། །ཞེས་སོ། །དེ་ལྟ་ན་བདག་ཏུ་རྨོངས་པའི་སོགས་ཀྱི་གནོད་དམ་སྙམ་ན་མི་གནོད་དེ། ཆ་ལུགས་དང་མཐུ་འདི་དང་ཆ་འདྲ་བའི་རུ་ཏྲ་རང་མཚན་པ་འབྱུང་བ་རྣམས་རྒྱུ་དེས་བསྐྱེད་པར་བསྟན་པ་ཡིན་ནོ། །དེའི་ཕྱིར་ན་གཉེན་པོ་མཆོག་རྣམས་ལ་ཉེས་པས་མི་གོས་པར་བསྟན་པའི་ཕྱིར་སྔོན་རྒྱལ་བས་སོར་མོའི་ཕྲེང་བ་ཅན་སྤྲུལ་ནས་བཏུལ་བ་བཞིན་ཐབས་ཀྱི་ཆེ་བ་དབྱུང་བ་དང་། སྔགས་ལམ་པ་རྣམས་ཀྱི་གོལ་ས་དགག་པའི་ཆེད་དུ་ཐབས་ལ་མཁས་པའི་བྱེ་བྲག་ཏུ་བསྟན་པ་ཡིན་ནོ། །ཡང་འདིར་དབང་མོ་རྣམས་དང་རོལ་བས་སྲས་ཉི་ཤུ་བསྐྱེད་པར་བཤད་ཅིང་། སྒྲུབ་ཐབས་སུ་རིགས་ཀྱི་ཡུམ་ལྔ་དང་རོལ་བ་ལས་བསྐྱེད་པར་བཤད་པ་འགལ་ལོ་སྙམ་ན། འདིར་སྦྱོར་སྒྲོལ་གྱི་འཕྲིན་ལས་ཀྱིས་འདུལ་བའི་ཆེད་དུ་བསྟན་པ་དང་། སྒྲུབ་ཐབས་སུ་ཉམས་ལེན་གཙོ་བོར་སྟོན་པའི་ཕྱིར་དེ་ལྟར་བཤད་པ་དང་། དོན་གྱི་འདིར་ཡང་ཡེ་ཤེས་ཀྱི་ཡུམ་དང་རོལ་བ་ཡིན་ཏེ། བཙུན་མོ་ཁྲག་འཐུང་ཆེན་མོའི་མཚན་ཉིད་རྣམས་སོ་སོའི་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ་
ཞེས་བཤད་པའི་ཕྱིར་རོ། །ཡང་འདིར་དབང་མོ་ཉེར་བརྒྱད་ལ་བུ་མོ་ཉི་ཤུ་ལས་མ་བྱུང་བས་ཉུང་བར་འགྱུར་རོ་སྙམ་ན། མ་ཡིན་ཏེ། དེ་ལྟ་ན། ཚོགས་དང་བཅས་པའི་དབང་དུ་ན་དབང་མོ་ཉེར་བརྒྱད་པོ་རེ་རེར་ཡང་ཉེར་བརྒྱད་རེ་རེ། བརྒྱ་ཕྲག་ལྔ་དང་བཅུ་ཕྲག་དྲུག་ཡོད་པ་ལ། དཀྱིལ་འཁོར་དུ་འགོད་པའི་ཚེ་ན་དེ་དག་ཐུགས་ཡེ་ཤེས་སུ་གཅིག་པའི་ཕྱིར་རིགས་རེ་རེར་བསྡུས་ནས་བཀོད་པ་བཞིན་ནོ། །ཞེས་སྨན་འགྲེལ་དུ་བཤད་དོ། །དེས་ཆོས་ཕུན་སུམ་ཚོགས་པ་བཤད་པ་སོང་ནས། ལྔ་པ་དུས་ཕུན་སུམ་ཚོགས་པ་ནི། ཐམས་ཅད་འདུལ་བའི་ཐབས་སྣ་ཚོགས་སོ་སོར་སྣང་བས་དུས་གཅིག་ཏུ་བཏུལ་ལོ། །ཞེས་པས། མ་རུངས་པའི་གདུལ་བྱ་ལ་འཕྲིན་ལས་དྲག་པོའི་ཆོ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་སྣང་བའི་དུས་ཏེ། འདུལ་བའི་ཐབས་ཀྱི་ཐུགས་རྗེ་ཐབས་ལ་མཁས་པའི་བྱེ་བྲག་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་སོ་སོར་སྣང་ནས་དུས་གཅིག་ཏུ་བཏུལ་བའི་དོན་ནོ། །གླེང་གཞི་འདི་ལ་ཞར་བྱུང་གདུལ་བྱ་དགོས་ཆེད་དུ་བསྟན་ཞེས་པའི་དོན་ཅི་ཞེ་ན། གསང་བའི་འོག་མིན་དུ་སྟོན་འཁོར་ཚོགས་ནས་སྙིང་ཁའི་འོག་མིན་དུ་འཚང་རྒྱ་བའི་ཚེ། ནང་གི་རྩ་མདུད་གྲོལ་ནས་ནང་གི་བདུད་བཞི་བཅོམ་པའི་རྟགས་སུ་ཕྱི་རོལ་དུ་དེ་ལྟར་སྣང་བའི་ཕྱིར་རོ་ཞེས་གསུངས་སོ། །དེས་ཁྲོ་བོའི་གླེང་གཞི་བསྟན་པ་སོང་ནས། གསུམ་པ་སྤྲུལ་སྐུ་འགྲོ་བ་འདུལ་བའམ་ཐུན་མོང་བསྟན་པ་སྤྱིའི་གླེང་གཞི་བཤད་པ་ལ་ཡང་། གླེང་གཞིའི་རྒྱུ། ངོ་བོ། རྩོད་པ་སྤང་བ་དང་གསུམ་ལས། དང་པོ་ནི། འདིའི་དོན་མ་རྟོགས་པ་ལ་ལམ་སྟེགས་ཀྱི་ཐེག་པ་དཀྲི་བའི་ཆེད་དུ་སྟོན་པ་རིགས་དྲུག་པ་ཉིད་ཐུགས་རིག་པ་ཡེ་ཤེས་ཀྱི་བྱིན་རླབས་ལས་ཐུབ་པ་དྲུག་འཕྲོ་བ་སྟེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་ཞེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཐོན་ཏེ། ཞེས་གསུངས་པ༑ ཅིའི་ཕྱིར་རིག་པའི་སྐྱེས་བུ་ཞེས་བྱ་ཞེ་ན། གསང་འདུས་རྒྱུད་ཕྱི་མ་ལས། རང་གི་ལུས་ངག་ཡིད་རྡོ་རྗེ། །མི་ཕྱེད་པ་ཡི་ངོ་བོ་སྟེ། །རིག་དང་བཅས་པས་ལྡན་པ་ན། །རིག་པའི་སྐྱེས་
བུ་ཞེས་བཤད་དོ། །ཞེས་སྤར་ཁབ་ཏུ་དྲངས་པ་ལྟར་རོ། །གཉིས་པ་གླེང་གཞིའི་ངོ་བོ་ལ་སྟོན་པ་དང་། འཁོར་དང་། གནས་དང་། ཆོས་དང་། དུས་ཏེ་ཕུན་སུམ་ཚོགས་པ་ལྔ་ལས། དང་པོ་སྟོན་པ་ཕུན་སུམ་ཚོགས་པ་ནི། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས། ཞེས་པས་བསྟན། དེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར་ཐུབ་པ་རེ་རེས་དོན་མཛད་པ་སྟེ། ཤེར་ཕྱིན་ལྗགས་ཀྱི་དབང་པོ་བཀྲམ་པའི་ལེའུ་ལས། བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་མོ་ལྗགས་ཀྱི་དབང་པོས་ཁེབས་པར་མཛད་པས། དེ་ན་གནས་པའི་སེམས་ཅན་འདུལ་བའི་སྣོད་དུ་གྱུར་པ་རྣམས་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པར་གྱུར་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་ནི་འོད་ཀྱིས་ཁྱབ་པར་མཛད་དོ་ཞེས་སོ། །ཅིའི་ཕྱིར་ཐུབ་པ་ཞེས་བྱ་ཞེ་ན། སྐུ་ཐུབ་སྟེ་སྟག་དང་སྤྲེའུ་ལྟར་མི་མཛད། གསུང་ཐུབ་སྟེ་ཅ་ཅོ་དང་ག་ཤ་མི་མངའ། ཐུགས་ཐུབ་སྟེ་མཉམ་པར་མ་བཞག་པ་མི་མངའོ། །དེ་འདྲ་བའི་ཐུབ་པ་ཆེན་པོ་དེ་ཡང་གདུལ་བར་བྱ་བའི་ཡུལ་འགྲོ་བ་རིགས་དྲུག་ཏུ་གྲངས་ངེས་པའི་ཕྱིར་ན་སྟོན་པ་ཡང་ཐུབ་པ་ཆེན་པོ་དྲུག་ཏུ་སྣང་བར་འགྱུར་ཏེ་སྒྱུ་འཕྲུལ་བླ་མ་ལས། ལྷ་ཡི་གནས་ན་བརྒྱ་བྱིན་མགོན། །ལྷ་མ་ཡིན་ལ་ཐགས་བཟང་རིས། །མི་ལ་བདུད་འདུལ་ཤཱཀྱ་མགོན། །ཡི་དྭགས་གནས་ན་ཁ་འབར་ཏེ། །བྱོལ་སོང་སེང་གེ་ཉིད་དུ་སྨྲ། །དམྱལ་བ་ལ་ནི་གཤིན་རྗེའི་མགོན། །ཞེས་སོ། །དེ་ལྟར་སྟོན་པ་ཐུབ་པ་དྲུག་པོ་སོ་སོས་འགྲོ་བའི་ངོར་གང་འདུལ་གྱི་བཀོད་པ་ཚད་མེད་པ་སྟོན་པར་མཛད་ཀྱང་རིགས་བསྡུ་ན། གང་ལ་གང་འདུལ་གྱི་སྐུའི་བཀོད་པ་བསྒྱུར་བ་སྟེ་རིན་པོ་ཆེའི་རི་བོ་དང་། སྨན་གྱི་ལྗོན་ཤིང་། གྲུ་བོ་ཆེ། དཔག་བསམ་གྱི་ཤིང་། གཞན་ཡང་། རྔོན་པ། སྨད་འཚོང་ལ་སོགས་པ་དག་མ་དག་སྣ་ཚོགས་སུ་སྐུའི་བཀོད་པ་སྟོན་པ་ནི་བཟོ་བོ་སྤྲུལ་སྐུ། གང་འདུལ་གྱི་གཟུགས་སུ་སྐྱེ་བ་བཞེས་པའི་ཚུལ་སྟོན་པ་ནི་སྐྱེ་བ་སྤྲུལ་སྐུ། བླ་ན་མེད་པའི་བྱང་ཆུབ་ཆེན་པོར་སངས་རྒྱས་པའི་མཆོག་གི་སྤྲུལ་སྐུ་དང་གསུམ་ལས། ཕྱི་མའི་གཟུགས་བརྙན་ནི་འགྲོ་བ་དག་པའི་སེམས་ལ་སྣང་བ་སྟེ། བཻཌཱུཪྻའི་ས་གཞི་ལ་བརྒྱ་བྱིན་གྱི་གཟུགས་བརྙན་འཆར་བ་བཞིན་ཏེ། རྒྱུད་བླ་མ་
ལས། ཇིི་ལྟར་བཻཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་གཙང་མའི་ས་གཞི་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་སོ། །གཉིས་པ་འཁོར་ཕུན་སུམ་ཚོགས་པ་ནི། འགྲོ་བ་ལྔའི་དོན་མཛད་དེ། ཞེས་པའི་གདུལ་བྱར་གྱུར་པའི་འགྲོ་བ་རིགས་བསྡུས་པས་ལྔ་སྟེ། དེ་ལ་ལྷ་མ་ཡིན་ནི་སྟོད་རིས་ལྷ་དང་སྨད་རིས་དུད་འགྲོར་འདུ་བའི་ཕྱིར་དེ་ལྟར་བཤད་མོད་ཀྱི་འོན་ཀྱང་ལྷ་མ་ཡིན་གྱི་ཐུབ་པ་ཐགས་བཟང་རིས་ཡོད་པའི་ཕྱིར་ན་དོན་དུ་ལྷ་དང་། ལྷ་མིན་དང་། མི་དང་། དུད་འགྲོ། ཡི་དྭགས། དམྱལ་བ་དང་བཅས་ཏེ་འགྲོ་བ་རིགས་དྲུག་དང་། བྱེ་བྲག་གི་འཁོར་རྣམ་པ་བཞི་ལ་སོགས་པ་རྣམས་སོ། །གསུམ་པ་གནས་ཕུན་སུམ་ཚོགས་པ་ནི། སྣྲེལ་ཞི་དང་ཡས་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ཞེས་པས་སྤྱིར་ཕལ་པོ་ཆེ་ལས། ཕྱོགས་༼བཅུ༽ཀུན་ན་ཞིང་རྣམས་རྒྱ་མཚོར་སྣང་། །ལ་ལ་ཟླུམ་པོ་ལ་ལ་ཟུར་གསུམ་དང་། །དེ་དག་ལ་ལ་ཕྱོགས་ན་གྲུ་བཞིར་གནས། །ནོར་བུ་པདྨ་འཁོར་ལོ་ཡན་ལག་བརྒྱད། །ཀུན་ཀྱང་ལས་རྣམས་རྒྱ་མཚོར་རྣམ་པར་བྲིས། །ཞེས་འགྲོ་བའི་ལས་དབང་གིས། ཞིང་ཁམས་ཀྱི་བཀོད་པ་མཐའ་ཡས་ཀྱང་། མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷར་བཅས། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ནི་སྤྲུལ་སྐུ་ཐུབ་པ་གཅིག་གི་གདུལ་བྱའི་ཞིང་ཡིན་ཏེ་སྟོང་གསུམ་གྱི་སྟོང་ཆེན་མོ་རེ་རེར། ཞེས་སོ། །སྣྲེལ་ཞི་དང་ཡས་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པ། ཞེས་པ་ནི། ཆོས་སྐུ་དང་ལོངས་སྐུའི་ཞིང་ཡིན་ཏེ། དེ་ཡང་མཐའ་ཡས་མུ་མེད་ཅེས་པས་ཆོས་སྐུའི་ཞིང་བསྟན་པ་སྟེ། ཆོས་ཀྱི་དབྱིངས་ཁྱབ་བརྡལ་ཆེན་པོའི་ཞིང་ཁམས་ཡིན་པའི་ཕྱིར། དངོས་པོའི་ཆོས་ཀྱི་ཚད་བཟུང་མེད་དེ་མཐའ་ཡས་མུ་མེད་ཅེས་སོ༑ ༑སྣྲེལ་ཞི་ཡས་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཞེས་པས་ལོངས་སྐུའི་ཞིང་བསྟན།
གོང་དུ་བཤད་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྤྲུལ་སྐུ་ཐུབ་པ་གཅིག་གི་འདུལ་ཞིང་དེ་འདྲ་བ་སྟོང་ལ་སྟོང་རྒྱུ་བཀོད་དང་པོ། དེ་སྟོང་ལ་སྟོང་རྒྱུ་བཀོད་གཉིས་པ། དེ་སྟོང་ལ་སྟོང་མཚམས་སྦྱོར་ཡོངས་སུ་དག་པ་ཞེས་བྱ་བ་ལོངས་སྐུའི་ཞིང་ཁམས་ཀྱི་ཚད་དུ་བླ་མ་གོང་མ་རྣམས་བཞེད་ཅིང་། དེ་ཡང་ཡིན་མོད་ཀྱི། འོན་ཀྱང་ཕལ་པོ་ཆེ་ལས། ལས་ཀྱི་བྱེ་བྲག་བསམ་མི་ཁྱབ། །དམྱལ་བའི་འཇིག་རྟེན་ཐུར་འཕྱང་ཞིང་། །གཤིན་རྗེའི་འཇིག་རྟེན་སྣྲེལ་ཞི་སྟེ། །བྱོལ་སོང་ལྷ་མི་གྱེན་དུ་འགྲོ། །ཞེས་པ་ལྟར་རམ། གཞན་དུ་མགོ་ཐུར་བསྟན་གྱིས་འགྲོ་བ་དམྱལ་བ་དང་ཡི་དྭགས། ཕྲེད་བསྟན་དུད་འགྲོ། གྱེན་བསྟན་དུ་འགྲོ་བ་མཐོ་རིས་ཏེ། སྣྲེལ་ཞི་དང་ཡས་མན་གསུམ་དུ་སྦྱར་ཏེ་འགྲོ་བ་རིགས་ལྔའམ་དྲུག་གིས་བསྡུས་པའི་སྣོད་བཅུད་དམ། འགྲེལ་ཆུང་ལས། སྟོང་གསུམ་འཇིག་རྟེན་གཅིག་ལ་ཆགས་ཚུལ་དྲུག །སྤྲུལ་སྐུ་ཐུབ་པ་གཅིག་གི་ཞིང་དུ་གྲགས། །ཞེས་པས་འགྲོ་བ་རང་རང་གི་ལས་སྣང་མི་མཐུན་པའི་དབང་གིས་སྣྲེལ་ཞིའི་འཇིག་རྟེན་ལྗིད་འབེབས་ལུགས་བཞི་དང་། ཡས་མན་ཏེ་སྣལ་མ་གྱེན་བསྟན་དང་སྤྱིའུ་ཚུགས་ཐུར་བསྟན་གྱི་འཇིག་རྟེན་གྱི་ཁམས་ཆགས་ཚུལ་མི་འདྲ་བ་དྲུག་གིས་བསྡུས་པའི་འཇིག་རྟེན་རེ་རེའང་ཕྱོགས་མཚམས་སྟེང་འོག་བཅུར་རྒྱ་དང་གྲངས་ལས་འདས་པའི་མཐའ་ཡས་མུ་མེད་ཀྱི་སྟོང་གསུམ་གྱི་སྟོང་ཆེན་མོའི་འཇིག་རྟེན་གྱི་ཁམས་སྤྲུལ་སྐུ་ཐུབ་པ་རེ་རེས་འདུལ་བའི་ཕྱིར་འཇིག་རྟེན་དྲུག་གིས་ཕྱོགས་བཅུ་མཐའ་ཡས་མུ་མེད་ཅེས་སྤྲུལ་པ་སྐུའི་ཞིང་དུ་བཤད་པ་སྟེ། ཕལ་ཆེན་ལེའུ་བཅུ་གཉིས་པ་ལས། སྟོོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བར་བྱས་ནས་འཛམ་གླིང་བྱེ་བ་ཕྲག་བརྒྱར་བསྟན་ཏོ། །ཞེས་པ་ནས། དེ་ནས་ཕྱོགས་བཅུ་ཤིན་ཏུ་རྒྱས་པར་བྱས་ནས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་རེ་རེར་ཡང་འཛམ་གླིང་བྱེ་བ་ཕྲག་བརྒྱར་བསྟན་ནས། ཞེས་དང་། ཇི་ལྟར་བཅོམ་ལྡན་འདས་སངས་རྒྱས་ཀྱི་གདན་ལ་བཞུགས་ཤིང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་རྙེད་དང་ཐབས་ཅིག་ཏུ་སྣང་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རེ་རེས་
གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ཀུན་ནའང་། དེ་བཞིན་གཤེགས་པ་བྱེ་བ་ཕྲག་བརྒྱ་དག་པ་སངས་རྒྱས་ཀྱི་གདན་ལ་བཞུགས་པ་སྣང་ངོ་། །ཞེས་དང་། འགྲེལ་ཆུང་ལས། དཔེར་ན་བར་སྣང་ཟླ་བ་གཅིག་ཤར་ན། །འཛམ་གླིང་ཆུ་རྣམས་ཀུན་ན་ཆུ་ཟླ་སྣང་། །ཆུ་གཅིག་ནང་གི་ནམ་མཁའི་ཟླ་བ་ཡང་། །འགྲོ་བ་སོ་སོ་རང་གི་མདུན་དུ་སྣང་། །དེ་བཞིན་སྤྲུལ་སྐུ་གཅིག་ལའང་གླིང་རྣམས་སྣང་། །གླིང་རྣམས་གཅིག་ལའང་འགྲོ་བ་དྲུག་ཏུ་སྣང་། །ཐ་དད་དེ་ཀུན་སྤྲུལ་སྐུ་གཅིག་ཏུ་གྲགས། །དེ་འདྲ་སྟོང་གསུམ་མཐའ་ཡས་མུ་མེད་ན། །དེ་འདྲའི་སྤྲུལ་སྐུ་རེ་རེས་འགྲོ་དོན་མཛད། །ཅེས་སོ། །བཞི་པ་ཆོས་ཕུན་སུམ་ཚོགས་པ་ནི། འདུལ་བ་བཞིའི་ཞེས་པས་བསྟན། དེ་ཡང་སྐུ་བསོད་ནམས་ཆེན་པོས་འདུལ་བ། ཐུགས་མངོན་སུམ་པས་འདུལ་བ། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བ། གསུང་རིག་པས་འདུལ་བའོ། །དེ་ལ་དང་པོ་ནི། དེ་བཞིན་གཤེགས་པའི་སྐུ་གཞན་ལས་འཕགས་པར་བསྟན་པའི་ཕྱིར་བསོད་ནམས་ཆེན་པོ་སྟེ། དེ་ལ་ཡང་བལྟམས་པ་དང་། ཞེས་པ་ནས། ཐུབ་པས་ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་འདིར་དངོས་སུ་བལྟམས་པ་སོགས་མཛད་པ་བརྒྱད་བསྟན་ཅིང་། བླ་མ་གོང་མ་རྣམས་མདོ་སྡེ་དང་མཐུན་པར་མཛད་པ་བཅུ་གཉིས་སུ་བཞེད། ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་པ༑ དེར་མ་ངེས་ཏེ། ཆོ་འཕྲུལ་བསྟན་པ་གསུངས་པའི་ཕྱིར་གསུང་། མཁན་ཆེན་ཐམས་ཅད་མཁྱེན་པ་ཡང་མཛད་པ་བཅུ་གཉིས་བཞེད་པས་འདིར་དེ་ལྟར་དུ་བཤད་ན། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱི། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་བ་དང་། །ངེས་བྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །
ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་མཛད་པ་ཆེན་པོ་བཅུ་གཉིས་ཏེ། དེ་ཡང་བདག་ཅག་གི་སྟོན་པ་འདི་ཉིད་ཐེག་པ་ཆུང་ངུ་པ་རྣམས་ཀྱི་སྣང་ངོར་སོ་སོ་སྐྱེ་བོ་འཆིང་བ་མཐའ་དག་གིས་བཅིངས་པ་ཞིག་གིས་ལམ་རིམ་གྱིས་བསྒོམ་པ་ལས་ཉན་ཐོས་པ་རྣམས་ཀྱི་ངོར་དགྲ་བཅོམ་པའི་འབྲས་བུ་དང་། རང་རྒྱལ་རྣམས་ཀྱི་ངོར་ཡིད་བཞིན་བདེ་བ་མཆོག་གི་འབྲས་བུ་བསེ་རུའམ་ནེ་ཙོ་ལྟ་བུ་ཐོབ་པར་སྣང་། སྔགས་ཕྱི་རྒྱུད་པ་རྣམས་ཀྱི་ངོར་ལྷའི་བུ་དམ་པ་ཏོག་དཀར་པོ་དེ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་སྐྱེ་བ་གཅིག་གིས་ཐོགས་པ་ཅན་ཞིག་ཡིན་ལ། དེ་མིའི་ཡུལ་དུ་རྒྱལ་བུ་དོན་གྲུབ་ཏུ་སྐྱེ་བ་བཞེས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་ཆུ་བོ་ནཻ རཉྫནའི་འགྲམ་ན་དཀའ་ཐུབ་མཛད་ཅིང་བྱང་ཆུབ་སྙིང་པོར་བཞུགས་པ་ལ། སངས་རྒྱས་རྣམས་ཀྱིས་བསྐུལ་བས་མི་གཡོ་བའི་ཏིང་འཛིན་དེ་ལས་བཞེངས་ནས་རྣམ་སྨིན་གྱི་ལུས་ཆུ་བོ་ནཻ རཉྫནའི་འགྲམ་དུ་བཞག་ནས། ཡིད་ལུས་འོག་མིན་གྱི་གནས་སུ་ཕྱིན་ཏེ། དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་སངས་རྒྱས་རྣམས་ཀྱིས་དབང་བསྐུར་ནས། ཀུན་རིག་རྣམ་པར་སྣང་མཛད་དུ་མངོན་པར་སངས་རྒྱས་ཏེ། སུམ་ཅུ་རྩ་གསུམ་གྱི་གནས་སུ་བབས་ནས། གདུལ་བྱ་རྣམས་སྨིན་པར་མཛད། དེ་ནས་མི་ཡུལ་གྱི་གདུལ་བྱ་རྣམས་འདུལ་བའི་དོན་དུ་སླར་ཡང་དཀའ་ཐུབ་ཀྱི་ལུས་ལ་བཞུགས་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ལ་སོགས་པའི་ཚུལ་བསྟན་པར་སྣང་ངོ་། །དེ་ཡང་འདི་ཉིད་ལས། ཉན་ཐོས་རྣམས་ལ་དགྲ་བཅོམ་གཟུགས། །རང་རྒྱལ་རྣམས་ལ་བསེ་རུའི་ཚུལ། །གཞན་ཡང་ཐེག་མཆོག་རིམ་པ་བཞིན། །འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །ཞེས་གསུངས་སོ། །དེ་ལྟར་ཡང་མཐུན་སྣང་དུ་གྲགས་པ་བྱང་ཆུབ་སེམས་དཔའི་ཐེག་པ་ལྟར་ན། སྟོན་པ་ཤཱཀྱ་རྒྱལ་པོ་འདི་ཉིད་ཤེས་རབ་དང་སྙིང་རྗེའི་ས་བོན་ཕུན་སུམ་ཚོགས་པས་བསོད་ནམས་ཆ་མཐུན་གྱི་དགེ་རྩ་རྒྱ་ཆེན་པོ་བསགས་པ་ཞིག་ཡིན་པ་ལ་རེ་ཞིག་ན་ལས་ཀྱི་མཐུས་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་གྱུར་པ་ན། གྲོགས་ལ་སྙིང་རྗེ་སྐྱེས་ཏེ་གཤིན་རྗེའི་
སྐྱེས་བུ་ལ་འདིའི་ཁུར་བདག་གིས་ཁུར་བར་ཞུས་པས། དེ་ཁྲོས་ཏེ་རང་རང་གི་ལས་ཀྱི་འབྲས་བུ་ལ་ཁྱོད་ཀྱིས་ཅི་བྱར་ཡོད་ཅེས་ལྕགས་ཀྱི་ཐོ་ལུམ་མགོ་ལ་བསྣུན་པས་ཚེ་འཕོས་ནས་ལྷར་སྐྱེས་ཏེ་བདེ་བ་དཔག་ཏུ་མེད་པ་ཉམས་སུ་མྱོང་ཞིང་དེ་ནས་ཤི་འཕོས་ནས་མིའི་འཇིག་རྟེན་དུ་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོ་ལ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་བསྐལ་བ་ཆེན་པོ་གྲངས་མེད་གསུམ་དུ་ཚོགས་བསགས་སྒྲིབ་པ་སྦྱངས་ནས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་གྱུར་ཏེ། དགའ་ལྡན་གྱི་གནས་སུ་ལྷ་རྣམས་ལ་ཆོས་སྟོན་ཞིང་གནས་པ་ལ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བསྐུལ་བ་ལས། བྱང་ཆུབ་སེམས་དཔའ་སྔོན་གྱི་སྨོན་ལམ་དྲན་ནས་མི་ཕམ་མགོན་ལ་དབུ་རྒྱན་བསྐོ ན་ནས་རང་གི་རྒྱལ་ཚབ་ཏུ་དབང་བསྐུར་ཏེ། གཟིགས་པ་རྣམ་པ་ལྔ་སྟེ། གླིང་ལས་འཛམ་བུའི་གླིང་། ཡབ་ཟས་གཙང་མ། ཡུམ་སྒྱུ་མ་ལྷ་མཛེས། གནས་ཝ་ར་ཎཱ་སི། རིགས་ཤཱཀྱའི་རིགས་རྣམས་ལ་གཟིགས་ཏེ་ས་མོ་ལུག་གི་ལོ་ཆུ་སྟོད་ཟླ་བའི་ཉ་ལ་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་དང་ལྡན་པའི་རྣམ་པས་ཡུམ་གསོ་སྦྱོང་ལ་གནས་པའི་ལྷུམས་སུ་ཞུགས་ཏེ། ཡུམ་གྱི་ལྷུམས་རྒྱལ་སྲས་ཀྱིས་ཉེ་བར་སྤྱད་པ་རིན་པོ་ཆེ་བཀོད་པ་ཞེས་བྱ་བར་བྱིན་གྱིས་བརླབས་ཏེ་ཟླ་བ་དགུ་ངོ་བཅུའི་བར་དུ་ཟག་མེད་བདེ་བའི་ཏིང་འཛིན་ལ་བཞུགས་སོ། །བལྟམས་པ་དང་། ཞེས་པས། ཟླ་བ་བཅུ་ཕལ་ཆེར་རྫོགས་པའི་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་རྒྱུ་སྐར་རྒྱལ་ལ་བབས་པའི་ཚེ་ན་ལུམྦིའི་ཚལ་དུ་བླག་ཤའི་ཤིང་ལ་སྐུ་རྟེན་ནས་བཤང་བའི་གནས་སྤངས་པའི་ཕྱིར་ཡུམ་ལ་གནོད་པ་མེད་པར་དེ་ཉིད་ཀྱི་རྩིབས་མའི་གོང་བར་གཡས་པ་ནས་ན་བཟའ་དང་བཅས་པ་བྱོན་ཏེ། ཕྱོགས་བཞིར་གོམ་པ་བདུན་རེ་བོར་ཞིང་དམ་བཅའ་རེ་མཛད་པས་ཞབས་རྗེས་ལ་པདྨ་བདུན་བདུན་སྐྱེས་སོ། །དེའི་ཚེ་ཚངས་པ་དང་བརྒྱ་བྱིན་གྱིས་སྐུ་ཕྱིས། ཀླུའི་རྒྱལ་པོ་འཇོག་པོས་སྐུ་ཁྲུས་གསོལ་ནས། བྲམ་ཟེ་མཚན་མཁན་ལ་བསྟན་པས་འཁོར་བའི་ཁ་ལོ་ཆོས་ལ་སྒྱུར་བའི་སྟོན་པ་སངས་རྒྱས་འབྱུང་བར་ལུང་བསྟན། ཞག་བདུན་ལོན་པ་དང་ཡུམ་གཤེགས་པས་མ་མ་
བརྒྱད་བརྒྱད་དེ་སུམ་ཅུ་སོ་གཉིས་ཀྱི་སྐུའི་རིམ་གྲོ་བསྒྲུབས་ཏེ་ཆེར་བརྟས་པར་གྱུར་ཏོ། །གཞོན་ནུའི་རོལ་རྩེད་དང་། ཁབ་དང་རྒྱལ་སྲིད་བཞེས་པའི་མཛད་པ་ནི། ཡིག་མཁན་ཀུན་གྱི་བཤེས་གཉེན་ལ་ཡི་གེ་བསླབ་སྟེ་ངོ་མཚར་གྱི་མཛད་པས་བྱིས་པ་སུམ་ཁྲི་ཉིས་སྟོང་ལ་སོགས་པ་བྱང་ཆུབ་ཏུ་སྨིན་པར་མཛད། དེ་ནས་ཞིང་ལས་ཀྱི་མཐའི་སྐྱེད་མོས་ཚལ་དུ་ཤིང་འཛམ་བུའི་གྲིབ་བསིལ་༼ དུ་༽ མཉམ་པར་བཞག་པས་ཤིང་གཞན་གྱི་གྲིབ་མ་ཡོལ་ནས་ཀྱང་འཛམ་བུའི་གྲིབ་མས་སྐུ་ལུས་མ་བཏང་བས་སྐྱེ་བོ་ཐམས་ཅད་ངོ་མཚར་དུ་གྱུར་ཏེ་ཤཱཀྱ་རྒན་རབས་རྣམས་ཀྱིས་ཡབ་རྒྱལ་པོ་ལ་གསོལ་བ་གཞོན་ནུ་འདི་རབ་ཏུ་བྱུང་ན་དེ་བཞིན་གཤེགས་པར་འགྱུར་ལ། ཁྱིམ་ན་གནས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བས་དེའི་སླད་དུ་བཙུན་མོ་བླང་བར་བསྐུལ་བས། ཡབ་ཀྱི་གཞོན་ནུ་ལ་ཁབ་བཞེས་པར་གསོལ་བ་ན། རབ་ཏུ་བྱུང་བའི་རྣམ་པར་ཐར་པ་མཆོག་ལ་བསླབ་པའི་ཕྱིར་དུ་དགོངས་ནས། ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་དེ་ཡོན་ཏན་མཆོག་དང་ལྡན་པའི་བུ་མོ་དག་མཆིས་ན་དེ་བཞིན་དུ་བགྱི་བར་བཀའ་གནང་། ཡབ་དང་མདུན་ན་འདོན་རྣམས་ཀྱིས་རྒྱལ་བུས་གསུངས་པའི་ཡོན་ཏན་དང་ལྡན་པའི་བུ་མོ་བཙལ་བ་ན་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ས་འཚོ་མ་རྙེད་དེ། སློང་པ་ན། ཤཱཀྱ་ལག་ན་བེ་ཅོན་ན་རེ། བདག་གི་རིགས་ནི་སྒྱུ་རྩལ་ཤེས་པ་དག་ལ་བུ་མོ་གཏོང་གི་གཞན་ལ་མ་ཡིན་ཟེར་བ་ན། དེར་བྱང་ཆུབ་སེམས་དཔས་ས་འཚོ་མ་རྒྱལ་བའི་རུ་མཚོན་དུ་བཞག་སྟེ། ཤཱཀྱའི་གཞོན་ནུ་ལྔ་བརྒྱ་དང་སྒྱུ་རྩལ་འགྲན་པ་ལས་ཐམས་ཅད་ལས་བྱང་ཆུབ་སེམས་དཔའ་འབའ་ཞིག་ཁྱད་པར་དུ་འཕགས་པར་གྱུར་ཏེ། ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ཡང་བྱང་ཆུབ་སེམས་དཔའ་ལ་ཕུལ་ཏེ་ས་འཚོ་མ་སོགས་བཙུན་མོ་དྲུག་ཁྲི་ཁབ་ཏུ་བཞེས་ནས་དགུང་ལོ་ཉི་ཤུ་རྩ་དགུའི་བར་དུ་གནས་སོ། །རབ་ཏུ་བྱུང་བ་དང་། ཞེས་པའི་དོན། དེའི་ཚེ་ན་ལྷའི་སིལ་སྙན་གྱི་སྒྲ་ལས་ཚིགས་སུ་བཅད་པ་དུ་མས་བསྐུལ་བ་དང་། གྲོང་ཁྱེར་གྱི་ཕྱོགས་བཞིར་བྱོན་ཏེ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་སྡུག་བསྔལ་གཟིགས་ཤིང་། དགེ་སློང་ཞི་དུལ་དང་ལྡན་པ་དག་གཟིགས་པའི་རྐྱེན་གྱིས་ཐར་པའི་ཡོན་
ཏན་ལ་དགོངས་ཏེ་རབ་ཏུ་བྱུང་བར་བཞེད་པ་ལ། ཕོ་བྲང་གི་སྒོ་བཞི་དམག་གིས་བསྲུངས་ནས། ཕྱིར་གཤེགས་སུ་མི་སྟེར་བ་ལས། དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་བཙུན་མོའི་ཚོགས་དང་གཞོན་ནུ་སྲུང་བར་བྱེད་པའི་ཤཱཀྱའི་ཚོགས་དང་། མདུན་ན་འདོན་རྣམས་མྱོས་པར་བྱས་ཏེ༑ བྱང་ཆུབ་སེམས་དཔས་སྲོད་ཀྱི་ཆ་ལ་གྲགས་འཛིན་མའི་ལྷུམས་སུ་སྲས་བཞག་ནས་ནམ་གུང་གི་ཆ་ལ་རྟ་མཆོག་བསྔ གས་ལྡན་ལ་ཆིབས་ཏེ་རྒྱལ་པོ་བཞིས་རྟ་རྨིག་ནས་བཏེགས་ཏེ༑ མཆོད་རྟེན་རྣམ་དག་གི་དྲུང་དུ་གཤེགས་ཏེ་དེ་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཅད་དེ་རབ་ཏུ་བྱུང་ངོ་། །དཀའ་ཐུབ་མཛད་པ་དང་། ཞེས་པ་ནི་དེ་ནས་རྒྱལ་པོའི་ཁབ་ཏུ་རེངས་བྱེད་ཀྱི་བུ་ལྷག་སྤྱོད་ཀྱི་དྲུང་དུ་ཅི་ཡང་མེད་པ་དང་། ཡངས་པ་ཅན་དུ་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུ ར་གྱི་དྲུང་དུ་སྲིད་རྩེ་མན་ཆད་ཀྱི་ཏིང་འཛིན་མངོན་དུ་མཛད་ནས་ཆུ་ཀླུང་ནཻ རཉྫནའི་འགྲམ་དུ་བྱོན་ཏེ་ལོ་དྲུག་ཏུ་དཀའ་བ་སྤྱད་དེ་ལོ་དང་པོ་གཉིས་ལ་འབྲས་ཉག་མ་རེ། ལོ་བར་མ་གཉིས་ལ་ཏིལ་ཉག་མ་རེ། མཐའ་མ་གཉིས་ལ་ཆུ་ཐིགས་པ་རེ་གསོལ་ལོ། །དེའི་ཚེ་ལྷས་བསྐུལ་བ་ལས། དེ་ལས་བཞེངས་ཏེ་རྡོ་རྗེ་ལྟ་བུ་ཏིང་འཛིན་གྱི་གནས་ཚོལ་དུ་གཤེགས་པའི་ལམ་དུ༑ གྲོང་པའི་བུ་མོ་ལེགས་སྐྱེས་མས་བ་མེན་ལྔ་བརྒྱ་ལས་བཞོས་པའི་འོ་མ་རིམ་གྱིས་བརྒྱད་ལ་བླུད་པ་བསྐོལ་བའི་འོ་ཐུག་དྲངས་པས་སྐུ་གསེར་གྱི་མདོག་ལྟ་བུར་གྱུར་ཅིང་བསྔོ་བ་མཛད་དོ༑ ༑བྱང་ཆུབ་སྙིང་པོར་གཤེགས་པ་ནི། ལམ་དུ་རྩ་འཚོང་བཀྲ་ཤིས་ལས་རྩ་བླངས་པ་ན། དེས་རྩ་རྨ་བྱའི་མགྲིན་པ་ལྟ་བུ་ཕུལ་བ་བཞེས་ཏེ་བྱོན་པ་ལས། བྱང་ཆུབ་སྙིང་པོས་བརྒྱན་པའི་ལྷ་རྣམས་ཀྱི་རྡོ་རྗེའི་གདན་དང་བྱང་ཆུབ་ཀྱི་ཤིང་དག་ཚད་མེད་པར་བརྒྱན་པ་ག་ལ་བར་དེར་གཤེགས་ནས་བྱང་ཆུབ་ཀྱི་ཤིང་ལ་ལན་བདུན་བསྐོར་ཏེ་རྩྭའི་རྩེ་མོ་ནང་དུ་བསྟན། རྩ་བ་ཕྱིར་བསྟན་པའི་སྟེང་དུ་ཞལ་ཤར་དུ་ཕྱོགས་པས་བཞུགས་ཏེ་དམ་བཅའ་མཛད་པ། སྟན་འདིར་བདག་གིས་ལུས་འདི་བསྐམས་ཀྱང་རུང་། །རུས་པ་པགས་པའི་ཚོགས་རྣམས་ཞིག་ཀྱང་རུང་། །བསྐལ་མང་སྙེད་དཀའི་བྱང་ཆུབ་མ་ཐོབ་བར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་སོ། །བདུད་བཏུལ་བ་དང་། ཞེས་པས་ཐོག་མར་བདུད་བསྐུལ་བའི་
ཕྱིར་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་བཀྱེ་སྟེ་བྱང་ཆུབ་སེམས་དཔའ་མང་པོ་འཁོར་དུ་བསྡུས་ནས་བདུད་ཀྱི་གནས་མོག་མོག་པོ་བྱས་པ་དང་། བདུད་སྡིག་ཅན་གྱིས་བྱང་ཆུབ་སེམས་དཔའ་འཚང་རྒྱ་བར་ཤེས་ཏེ། རྡོ་རྗེ་གདན་དུ་འོངས་ཏེ་ཁྱོད་འཚང་རྒྱ་བའི་དུས་ལ་མ་བབས་སོ། །ཟེར་བ་ན། བྱང་ཆུབ་སེམས་དཔས། ངས་བསྐལ་བ་གྲངས་མེད་པར་ཚོགས་གཉིས་རྫོགས་པས་འཚང་རྒྱ་བའི་དུས་ལ་བབས་ཏེ། ཁྱོད་མཆོད་སྦྱིན་གཅིག་ཙམ་བྱས་པས་ཀྱང་བདུད་ཀྱི་རྒྱལ་པོར་གྱུར་པ་ལ་ལྟོས་ཞེས་གསུངས་པས། བདུད་ཀྱིས་སྨྲས་པ། ངས་ནི་འདི་ན་མཆོད་སྦྱིན་གཏན་པ་མེད། །བྱས་པ་ལ་ནི་ཁྱོད་ཉིད་དཔང་ཡིན་ཏེ། །ཁྱོད་ལ་འདི་ན་དཔང་འགའ་ཡོད་མིན་པས། །སྨྲས་ཀྱང་དཔང་མེད་དེ་ནི་ཡེ་ཕམ་ཡིན། །ཞེས་སོ། །བྱང་ཆུབ་སེམས་དཔས། ས་འདི་འགྲོ་བ་ཀུན་གྱི་དཔང་ཡིན་ཏེ། །རྒྱུ་དང་མི་རྒྱུ་ཉེ་རིང་མེད་པས་ན༑ ༑ས་འདི་དེ་རིང་བདག་གི་དཔང་མཛོད་ཅིག །ཅེས་ཕྱག་གཡས་ཀྱི་སོར་མོ་ལྔ་ས་ལ་བརྡབས་པས་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་ཏེ་སའི་ལྷ་མོ་ལུས་ཕྱེད་ས་ལས་ཐོན་ཏེ་ཐལ་མོ་སྦྱར། སྐྱེས་བུ་ཆེན་པོ་དེ་དེ་བཞིན་ནོ། །ཞེས་བརྗོད་པར་བདུད་སྐྱེངས་ཏེ། རང་གི་གནས་སུ་ལོག་ནས་བདུད་དམག་བྱེ་བ་དུང་ཕྱུར་དྲངས་ཏེ་ཆོ་འཕྲུལ་སྣ་ཚོགས་པ་བསྟན་ཅིང་མཚོན་ཆ་སྣ་ཚོགས་ཀྱི་ཆར་དབབ་པར་བྱས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། མཚོན་ཆ་ཐམས་ཅད་མེ་ཏོག་གི་ཆར་དུ་གྱུར་ཏོ། །གཞན་ཡང་བདུད་ཀྱི་བུ་མོ་རྣམས་ཀྱིས་བསླུ་བར་བྱས་ཀྱང་སླར་རྒན་མོར་གྱུར་ཏེ་བྱང་ཆུབ་སེམས་དཔའ་ལ་གཟོད་པར་གསོལ་ཏེ་མ་ཚུགས་པར་བདུད་ཀྱི་དམག་དཔུང་རྣམས་ཐོར་ཏེ་ཞག་བདུན་དུ་འཕྲད་པར་མ་གྱུར་ཏོ། །སངས་རྒྱས་པ་དང་། ཞེས་པ་ནི། བྱང་ཆུབ་སེམས་དཔའ་དགུང་ལོ་སོ་ལྔ་པ་ཤིང་ཕོ་རྟའི་ལོ་ས་ག་ཟླ་བའི་ནམ་གྱི་ཆ་སྨད་སྐྱ་རེངས་ཤར་ཉེ་བ་རྒྱལ་རྔ་བརྡུང་དུ་ཉེ་བ་ན་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའི་ཏིང་ངེ་འཛིན་མངོན་དུ་མཛད་དེ་སངས་རྒྱས་བྱང་ཆུབ་རིམ་པ་གསུམ་བརྙེས་སོ། །དེའི་ཚེ་ཟླ་བ་གཟས་ཟིན་ཅིང་། བཙུན་མོ་གྲགས་འཛིན་མ་ལ་གཞོན་ནུ་བལྟམས་པ་ལས་མཚན་ཡང་སྒྲ་ཅན་འཛིན་ཏུ་བཏགས་སོ། །
ཆོ་འཕྲུལ་ཆེན་པོ་སྟོན་པ་དང་། ཞེས་པའི་དོན་ནི། སངས་རྒྱས་ནས་ཤིང་ཏཱ་ལ་བདུན་སྲིད་དུ་འཕགས་ཏེ། ལམ་གྱི་རྒྱུད་ནི་ཆད་དོ། །ཞེས་པ་ལ་སོགས་པ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ༑ ༑ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་པུས་ནུབ་ཙམ་གཏོར་ཏེ་མཆོད། ས་ཆེན་པོ་ནི་གཡོས། ཕྱོགས་བཅུའི་སངས་རྒྱས་ཀྱིས་ཆོས་ཀྱི་དགའ་བས་བཀུར། ཕྱག་བརྐྱངས་ཏེ་དབུགས་དབྱུངས་ཏེ་ཆེད་དུ་བརྗོད་པ་མཛད་དོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། སངས་རྒྱས་ནས་ཞག་བདུན་ཕྲག་དང་པོ་ལ་སྐྱིལ་དཀྲུང་མ་བཤིགས་པར་བཞུགས། གཉིས་པ་ལ་འཛམ་གླིང་ཉེ་བར་བཅགས། གསུམ་པ་ལ་སྟོང་གསུམ་རིང་དུ་བཅགས། བཞི་པ་ལ་སྤྱན་མི་འཛུམ་པར་བྱང་ཆུབ་ཀྱི་ཤིང་ལ་གཟིགས། ལྔ་པ་ལ་ཀླུ་བཏང་བཟུང་གི་གནས་སུ་བཞུགས། དྲུག་པ་ལ་ཀུན་ཏུ་རྒྱུ་བཏུལ། བདུན་པ་ལ་ཤིང་སྒྲོལ་རྒྱུའི་ཚལ་དུ་ཚོང་པ་ག་གོན་དང་བཟང་པོས་སྦྲང་རྩི་ཕུལ་བ་རྒྱལ་ཆེན་རིགས་བཞིས་རྡོའི་ལྷུང་བཟེད་བཞི་ཕུལ་བ་གཅིག་ཏུ་བྱིན་གྱིས་བརླབས་པར་བཞེས་ཏེ་ཤིས་པ་བརྗོད་པ་མཛད་དེ་སྦྲང་རྩི་བྱུང་བའི་རྒྱལ་པོར་ལུང་བསྟན་ནས། དེ་བཞིན་གཤེགས་པ་ཉིད་ཐུགས་ལས་ཆུང་ངུར་བཞུགས་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་གཅིག་པུར་ནགས་སུ་གནས་པར་བྱ། །ཞེས་དགོངས་པ་ན། ཚངས་པ་འོངས་ནས། ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འཁོར་སྒྲུབ་ནས་ནི། །ཕྱོགས་བཅུ་དག་ཏུ་འོད་ཟེར་རྣམ་པར་འབྱེད་མཛད་དེ། །ཡེ་ཤེས་ཟེར་གྱིས་བློ་ཡི་པདྨོ་ཁ་འབྱེད་པ། །སྨྲ་བའི་ཉི་མ་དེ་རིང་ཅི་སླད་བཏང་སྙོམས་བཞུགས། །ཞེས་པ་ལ་སོགས་པས་བསྐུལ་བ་ན་ཅང་མི་གསུང་བ་དང་། ཡང་བརྒྱ་བྱིན་སྦྲན་དེ་དྲུང་དུ་འོངས་ནས་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དང་། བརྒྱ་བྱིན་གྱིས་རིན་པོ་ཆེ་ཕུལ་ཏེ་ནན་ཏན་དུ་བསྐུལ་བས་ཞལ་གྱིས་བཞེས་པ་ན། སྐད་ཅིག་དེ་ལ་ལྷའི་གནས་འོག་མིན་གྱི་བར་དུ་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་གནང་ངོ་ཞེས་ཐོས་ནས་ལྷ་དག་ཀྱང་ལྷགས་སོ། །དེ་ནས་ཝ་ར་ཎཱ་སིར་བྱོན་པ་ན་ལྔ་སྡེ་ནང་ཁྲིམས་བཅས་པ་རང་ཞིག་ཏུ་གྱུར་ཏེ། གནས་དེར་རིན་
པོ་ཆེའི་ཁྲི་སྟོང་ཡོད་པའི་གསུམ་ལ་བསྐོར་བ་མཛད་ནས་བཞི་པའི་སྟེང་དུ་བཞུགས་ཏེ། ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བས་བདེན་པ་མངོན་པར་རྟོགས་ཤིང་ལྔ་སྡེ་བཟང་པོས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །དེ་ནས་བྱ་རྒོད་ཕུང་པོ་ལ་མཚན་ཉིད་མེད་པ འི་ཆོས་ཀྱི་འཁོར་ལོ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཆེན་པོ་ལ་སོགས་པ་ལ་བསྐོར། གནས་ལྷ་དང་ཀླུའི་གནས་ལ་སོགས་པར་མཐའ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་ཡང་བཀའ་དང་པོ་ནི་ལས་དང་པོ་བ་འཇུག་པའི་རིམ་པ་ཤེས་པ་དང་བསྟུན་ནས་གཙོ་བོར་སྤང་གཉེན་གྱི་སྒོ་ནས་འཁོར་བ་ལས་ངེས་པར་འབྱིན་པའོ། །བར་པ་ནི་འཁོར་བ་སྤོང་བྱེད་ཀྱི་གཉེན་པོར་ལམ་ལ་སོགས་པའི་ཆོས་ལ་ཞེན་པ་བཀག་པའི་ཕྱིར་རོ། །མཐའ་མ་ནི་ཤེས་བྱའི་གཤིས་ལ་ཇི་ལྟར་གནས་པ་དེ་ཉིད་དྲང་པོར་བརྗོད་པའོ་ཞེས་ཀུན་མཁྱེན་ཆེན་པོ་ཀློང་ཆེན་པ་བཞེད་དོ། །དེ་ལྟར་འཁོར་ལོ་རིམ་པ་གསུམ་དུ་བཞག་པ་ནི་ཕྱོགས་གཅིག་ནས་མཚོན་པའམ་གཙོ་ཆེ་བའི་ངོས་ནས་དེ་ལྟར་བཞག་པ་ཡིན་གྱི་རྣམ་པ་ཐམས་ཅད་དུ་མ་ཡིན་ནོ་ཞེས་རྒྱལ་བ་གཡུང་གསུངས་སོ༑ ༑མྱ་ངན་ལས་འདས་པ་དང་། ཞེས་པ་ནི། སྙིགས་མ་ལྔ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་དེ་བཞིན་གཤེགས་པའི་སྐུ་མངོན་དུ་སྣང་བའི་སྐལ་བ་མེད་པ་དང་། རྟག་པར་འཛིན་པ་རྣམས་ཀྱི་གཉེན་པོར་ཏེ། དེ་ཡང་ཀུན་མཁྱེན་ཆེན་པོ་དགུང་ལོ་བརྒྱད་ཅུའམ་བརྒྱད་ཅུ་རྩ་གཉིས་ཞེས་གསུངས་ལ། རྒྱལ་བ་གཡུང་བརྒྱད་ཅུར་བཞེས་པ་ཞེས་གསུངས་པ་བྱེ་བྲག་བཤད་མཛོད་ཆེན་མོ་དང་མཐུན་ཡང་འདིར་མཁན་ཆེན་ལོ་ཙཱ་བ་ཆེན་པོའི་བཞེད་པ་ལྟར་དགུང་ལོ་བརྒྱད་ཅུ་རྩ་གཅིག་པ་ཤིང་ཕོ་འབྲུག་གི་ལོ་ས་ག་ཟླ་བའི་ཉ་ལ་ཡོངས་སུ་མྱ་ངན་ལས་འདའ་བར་དགོངས་ཏེ། གྲོང་ཁྱེར་རྩྭ་མཆོག་ཏུ་འཁོར་རྣམས་ལ་གདམས་ངག་བཞག་པའི་རྗེས་སུ་ཤིང་ས་ལ་ཟུང་གཅིག་གི་དྲུང་དུ་སེངྒེའི་ཉལ་སྟབས་ཀྱིས་གཟིམས་ཏེ་ནམ་གྱི་ཆ་སྨད་ཟླ་བ་རི་ལ་ནུབ་པའི་ཚེ་ཡོངས་སུ་མྱ་ངན་ལས་འདས་སོ། །པུར་སྦྱངས་ཏེ་སྐུ་གདུང་ཆ་བརྒྱད་དུ་བགོས་ཤིང་ཚེམས་མཆེ་བ་བཞི་སོ་སོའི་དབང་པོས་གདན་དྲངས་པར་
བཤད་དེ། འདུལ་བ་ལུང་ལས། སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། །བདུན་ནི་འཛམ་བུ་གླིང་པས་མཆོད་པར་ཐོབ། །སྐྱེས་མཆོག་དེ་ཡི་བྲེ་བོ་གང་ཞིག་ནི། །གྲོང་ཁྱེར་སྒྲ་སྒྲོག་ཀླུ་ཡི་རྒྱལ་པོས་མཆོད། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་དག་ལས། །གཅིག་ནི་རྩ་གསུམ་ལྷ་ཡུལ་འཇིག་རྟེན་མཆེད། །གཉིས་པ་ཚིག་འཛིན་ཡིད་འོང་གྲོང་ཁྱེར་ན། །གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་པ་ནི། །གྲོང་ཁྱེར་སྒྲ་སྒྲོག་ཀླུ་ཡི་རྒྱལ་པོས་མཆོད། །ཅེས་སོ། །ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན། སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཆོས་ཀྱི་སྐུ་ལས་མ་གཡོས་པར་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པའི་ཐུགས་རྗེའི་ངང་ལས་ཕྱོགས་བཅུའི་འཇིག་རྟེན་དུ་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་སྣང་ཞིང་འགྲོ་བ་ལྔའམ་དྲུག་འདུལ་བ། ཁྱད་པར་མི་མཇེད་ཀྱི་འཇིག་རྟེན་དུ་སངས་རྒྱས་སྟོང་ལ་སོགས་པ་གདུལ་བྱའི་སྣང་བ་གང་གིས་འདུལ་བ་དེའི་སྐུར་སྣང་བ་ཡིན་ཏེ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཀུན་བཟང་ལོངས་སྤྱོད་རྫོགས་པ་ལས། །འདུལ་བའི་སྤྲུལ་པ་གྲངས་མེད་ཅིང་། །ཁྱད་པར་མི་མཇེད་འཇིག་རྟེན་ཏུ། །སྟོང་རྩ་གཉིས་ཀྱི་སྐུར་སྣང་ངོ་། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཐུགས་མངོན་སུམ་པས་འདུལ་བ་ནི། དུས་བཞི་ཀུན་ཏུ་མཁྱེན་པ་དང་། མངོན་པར་ཤེས་པ་ཆེན་པོ་དྲུག་དང་། ཞེས་པའི་བར་ཏེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བ་དང་། མ་ངེས་པའི་དུས་བཞི་ཀུན་ཏུ་མཁྱེན་པས་ཤེས་བྱའི་གནས་ཐམས་ཅད་མངོན་སུམ་དུ་གཟིགས་པ་ནི་སྔོན་གྱི་གནས་ཤེས་པའི་མངོན་པར་ཤེས་པ་སྟེ་ཚེ་རབས་དུ་མ་རྗེས་སུ་དྲན་པ་ལ་དབང་བསྒྱུར་བས་འགྲོ་བ་འདུལ་བའོ། །དུས་བཞི་མཁྱེན་ལུགས་ནི་པྲ་ཕབ་པའི་རྣམ་པ་མེ་ལོང་དུ་ཤར་བ་ལྟར་མཁྱེན་པའོ། །ཡེ་ཤེས་ཀྱི་གཟིགས་པ་སྒྲིབ་པ་མེད་པའི་རྫུ་འཕྲུལ་གྱི་སྤྱན་གྱིས་དག་པའི་ཞིང་དང་མ་དག་པའི་འཇིག་རྟེན་གྱི་འགྲོ་བ་འཆི་འཕོ་བ་དང་སྐྱེ་བ་དང་རྣམ་པར་འཕྲུལ་པ་ལ་སོགས་པ་ཐམས་ཅད་ཀུན་ཏུ་གཟིགས་པ་ནི་མངོན་པར་འདུ་བྱེད་པ་ལས་བྱུང་བའི་ལྷའི་མིག་གི་མངོན་པར་ཤེས་པས་འདུལ་བ། ལྷའི་སྙན་གྱིས་འཇིག་རྟེན་ཁམས་ཀྱི་སྒྲ་སྐད་ཆེ་ཆུང་ཐམས་ཅད་ཀུན་ཏུ་གསན་པ་ནི་རྣ་བའི་
མངོན་པར་ཤེས་པ་སྟེ་དེས་འགྲོ་བ་འདུལ་བ། སེམས་ཅན་གང་ལ་གང་འདུལ་དུ་སྟོན་པའི་རྫུ་འཕྲུལ་གྱི་ཚོགས་ཀྱིས་འགྲོ་བའི་མོས་པ་དང་མཐུན་པར་ཀུན་ཏུ་དོན་སྤྱོད་པ་ནི་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་འདུལ་བ། སྒྲིབ་གཉིས་བག་ཆགས་དང་བཅས་པ་དབྱིངས་སུ་དག་པའི་ཡེ་ཤེས་ཟག་པ་མེད་པས་མཐར་ཕྱིན་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོའི་སྤྱོད་པ་ཡོངས་སུ་རྫོགས་པའི་རང་བཞིན་ཟག་པ་ཟད་པའི་མངོན་པར་ཤེས་པས་འདུལ་བ་སྟེ། དེ་ལྟར་དྲུག་པོ་དེས་ཤེས་བྱ་ཐམས་ཅད་ལ་མངོན་སུམ་དུ་དབང་བསྒྱུར་ཞིང་དོན་མཛད་པའི་ཕྱིར་ན་ཐུགས་མངོན་སུམ་པས་འདུལ་བའོ། །ཞེས་སོ། །ཁ་ཅིག་ན་རེ། འདི་དག་ལུས་ཀྱི་རྫུ་འཕྲུལ་དུ་འདུག་པ་ཐུགས་ཀྱི་མངོན་ཤེས་ཀྱི་འདུལ་བར་ཅིས་འགྲོ་ཞེ་ན༑ སེམས་ཅན་གྱི་དོན་བྱེད་ཚུལ་གྱི་ཆ་ནས་སྐུ་ལུས་ཀྱི་བཀོད་པ་ལྟར་སྣང་ཡང་ཐུགས་ཀྱི་རྣམ་པར་འཕྲུལ་པ་ཡིན་པས་རྫུ་འཕྲུལ་གྱི་མངོན་ཤེས་ཞེས་བྱའོ། །ཞེས་གསུངས་སོ། །གསུམ་པ་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བ་ནི། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། སོགས་ནས་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་གྲངས་མེད་ཕྱོགས་བཅུར་སྣང་བར་གྱུར་ཏོ། །ཞེས་པའི་བར་ཏེ། དེ་ཡང་སྤྲུལ་པའི་སྐུས་འགྲོ་དོན་མཛད་པ་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་རིགས་དྲུག་གིས་བསྡུས་པའི་འགྲོ་བ་གང་དང་གང་འདུལ་བ་དེ་དང་མཐུན་པའི་སྐུ་ཞི་བ་དང་། ཁྲོ་བོ་དང་། གཞན་ཡང་ཚངས་པ་དང་། བརྒྱ་བྱིན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པར་སྟོན་པ་དང་། གདུལ་བྱའི་ཁམས་དང་མོས་པ་མི་འདྲ་བའི་སྤྱོད་ཡུལ་ཀུན་ཏུ་སྐུ་དང་སྐུའི་ཆ་ལུགས་ཞལ་གྱི་དཀྱིལ་འཁོར་མི་འདྲ་བ་ཐ་དད་དུ་མར་སྣང་ཞིང་སྐད་ཅིག་སྐད་ཅིག་ལ་རང་རང་གི་སྣང་བ་དང་མཐུན་པར་ཞལ་བསམ་གྱིས་མི་ཁྱབ་པར་བསྟན་ནས་དོན་མཛད་པ་སྟེ། ཡུམ་ཆེན་མོ་ལས། འཛམ་བུའི་གླིང་གི་སེམས་ཅན་དེ་དག་ནི་བདག་ཅག་ཁོ་ནའི་མདུན་ན་བཞུགས་ནས་ཐུགས་བརྩེ་བའི་ཕྱིར་ཆོས་སྟོན་ཏོ་སྙམ་མོ། །ཞེས་དང་། དཔུང་བཟང་གི་རྒྱུད་ལས། གང་གིས་རང་བཞིན་ཆགས་སྡང་རྣམ་བྲལ་ཡང་། །ཆགས་པ་ཅན་ལ་ཆགས་བཅས་ལྟར་སྟོན་ཅིང་། །གདུག་པ་
འདུལ་ཕྱིར་ཁྲོ་ལ་ཁྲོར་སྟོན་པ། །ཐབས་ཀྱི་རྣམ་འདྲེན་དེ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ༑ ༑དེ་བཞིན་དུ་འགྲོ་བ་རྣམས་ཀྱི་སྐལ་བ་ཇི་ལྟར་ཡོད་པ་བཞིན་དུ་སོ་སོའི་སྐད་དང་མཐུན་པར་ཆོས་ཀྱི་གསུང་བསམ་གྱིས་མི་ཁྱབ་པར་སྒྲོག་པར་སྣང་བ་དང་ལྡན་པས་ནི་ནམ་མཁའི་མཐའ་ཀླས་པར་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་སྣ་ཚོགས་སུ་འཕྲོ་བ་གྲངས་མེད་པ་དག་གི་ཕྱོགས་བཅུར་གང་ལ་གང་འདུལ་དུ་སྣང་བར་གྱུར་པའོ། །འདི་ལ་ཁ་གཅིག་ན་རེ་གོང་དུ་སྐུ་ཐུབ་སྟེ་སྟག་སྤྲེལ་ལྟར་མི་མཛད་སོགས། འདིར་ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་སོགས་འགལ་ལོ་ཞེ་ན། གོང་མ་ནི་གདུལ་བྱའི་དོན་མ་ཡིན་པའི་བག་མེད་པའི་ཚུལ་ཐུབ་པ་དང་། འདིར་གདུལ་བྱའི་དོན་དུ་སྐུ་གསུང་ཐུགས་ཀྱི་མཛད་པ་ཅིར་ཡང་མཛད་པ་ཡིན་པས་མི་འགལ། ཡང་སྐུ་བསམ་གྱིས་མི་ཁྱབ་དང་། ཞལ་བསམ་གྱིས་མི་ཁྱབ་པ་ལ་ཁྱད་ཅི་ཡོད་ཅེ་ན། སྔ་མ་ནི་དབུ་དང་སྐུ་ལུས་མཐུན་པའི་སྒོ་ནས་ཡིན་ལ། ཕྱི་མ་ནི་དབུ་ལུས་མི་མཐུན་པ་རེ་ཕྲ་མེན་གྱི་སྒོ་ནས་དོན་མཛད་པའི་ཕྱིར་ཡིན་ནོ། །ཡང་བསམ་གྱིས་མི་ཁྱབ་པ་གྲངས་མེད་པ་ཕྱོགས་བཅུར་སྣང་བར་གྱུར་ཏོ། །ཞེས་པ་ལ། ཁ་ཅིག་ན་རེ། སྤྲུལ་པ་གཅིག་ལས་གཅིག་སྤྲུལ་ན་ཐུག་པ་མེད་པར་འགྱུར་རོ། །འདོད་ན། སྤར་ཁབ་ལས། ཡང་སྤྲུལ་དུ་ཞེས་ཟེར་བ་ནི་ཁ་གམ་པའོ། །ཞེས་པས་གསལ་ལོ་ཞེ་ན། འདི་ལ་རྒྱ་གབ་གོང་པ་ན་རེ། རྒྱལ་བའི་ལྷུན་གྲུབ་ཀྱི་མཛད་པ་གོ་མི་འགག་པ་ནམ་མཁའ་ལྟ་བུ། འཁོར་གདུལ་བྱའི་སྣང་བ་ཆུ་དྭངས་པ་ལྟ་བུ། ཡེ་ཤེས་དབྱིངས་ལས་མི་ཞན་ཅིང་ཐུགས་རྗེ་ཆེན་པོའི་འབྲེལ་པ་བར་སྣང་སྒྲིབ་གཡོག་མེད་པ་ལྟ་བུའི་ངོས་ནས་གྲངས་མེད་བསམ་གྱིས་མི་ཁྱབ་པར་ཕྱོགས་བཅུར་སྣང་བར་བཞག་པ་ཡིན་པས། ཡང་སྤྲུལ་དུ་མི་འགྱུར་གསུངས་སོ། །ཞེས་སོ། །བཞི་པ་གསུང་རིག་པས་འདུལ་བ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བ་དང་གསུམ་ལས། དང་པོ་ནི། ཐམས་ཅད་ཀྱང་འདི་ལྟ་སྟེ་འདུལ་བའི་དབང་གི་ལྷ་དང་མིའི་ཐེག་པ་དང་། ཞེས་སོགས་ནས། བླ་ན་མེད་པའི་ཐེག་པས་ཞེས་པའི་བར་གྱིས་བསྟན། དེ་ལ་ཡང་། སྒྲ་དོན། དབྱེ་བ། སོ་སོའི་དོན་བཤད་པ་དང་གསུམ་གྱི་དང་པོ་ནི། ཡཱ་
ནའི་སྒྲ་ལས་ཐེག་པ་སྟེ་གང་ལ་བརྟེན་ནས་བགྲོད་པས་ཕྱིན་ཅིང་སྐྱེལ་བའམ་འོག་ནས་གོང་དུ་འདེགས་པའི་དོན་གྱིས་ཐེག་པ་སྟེ། དེའང་འདིས་འདེགས་པས་ན་ཐེག་པ་སྟེ་བཞོན་པ་བཟང་པོ་ལྟ་བུ། འདི་འདེགས་པས་ན་ཐེག་པ་སྟེ་དེ་ལ་བརྟེན་ནས་འགྲོ་བའི་གང་ཟག འདིར་འདེགས་པས་ན་ཐེག་པ་སྟེ་རང་རང་གི་འདོད་བྱའི་འབྲས་བུ་སྟེ། སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱང་ངན་འདའ། །ཞེས་སོ། །དབྱེ་བ་ལ། སྤྱིར་དབྱེ་བ་དང་། བྱེ་བྲག་ཏུ་དབྱེ་བ་གཉིས་ལས། དང་པོ་ནི། སེམས་ཅན་གྱི་རྒྱུད་ཀྱི་ཉོན་མོངས་པ་འདུལ་ཕྱིར་གང་ལ་གང་འདུལ་དུ་བསྟན་པའི་ཐེག་པའི་རྣམ་གྲངས་འདི་ཉིད་ཁོ་ནར་ངེས་སོ་ཞེས་ཕྱོགས་གཅིག་ཏུ་བཟུང་དུ་མེད་དེ། ལང་ཀར་གཤེགས་པ་ལས། སེམས་ཅན་རྣམས་ནི་ཡོངས་དྲང་ཕྱིར། །ཐེག་པ་མཐའ་དག་ངས་བཤད་དེ། །འདི་ཞེས་དམིགས་སུ་ཡོད་མ་ཡིན། །ཞེས་གསུངས་སོ། །དེ་ཡང་རེ་ཞིག་བསྡུ་ན། འབྲས་བུ་ལ་དགོངས་ནས་གཅིག་ཏུ་གསུངས་པ་ནི། དམ་ཆོས་པད་དཀར་ལས། ཐེག་པ་གཅིག་སྟེ་ཐེག་པ་གསུམ་དུ་མེད། ཅེས། ཐེག་པ་ཆེ་ཆུང་གཉིས་དང་། ཉན་རང་བྱང་སེམས་ཏེ་གསུམ་དང་། ཕྱི་ནང་གསང་བའི་ཐེག་པ་གསུམ་དང་། རྒྱུའི་ཐེག་པ་གསུམ་དང་འབྲས་བུའི་ཐེག་པ་གཅིག་སྟེ་བཞིར་བཤད་པ་ཡང་ཡོད་དེ། འཇམ་དཔལ་རྒྱུ་དྲྭ་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་དང་། ཡང་འདི་ཉིད་ལས། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་རྣམ་གྲངས་བསྡུས་ནས་ལྔར་བཤད་པ་དང་། ཀུན་བྱེད་ལས། ངེས་པ་ཐོབ་པའི་ཐེག་པ་དྲུག །ཅེས་རྒྱུ་འབྲས་ཀྱི་གོང་འོག་དབྱེ་བས་དྲུག་ཏུ་གསུངས། དཀྱིལ་འཁོར་བསྡུ་བ་ལས། ལྷ་དང་མི་དང་ཉན་ཐོས་དང་། །རང་སངས་རྒྱས་དང་བྱང་ཆུབ་སེམས། །གསང་བ་ཕྱི་དང་ནང་གཉིས་ཏེ། །དེ་ལྟར་ཐེག་པ་བདུན་དུ་བཤད། །ཅེས་བདུན་དང་། ནམ་མཁའ་ཆེ་ལས། དེ་ལྟར་ཐེག་བརྒྱད་ལས་འདས་པའི། །ཞེས་བརྒྱད་དང་། མཚན་ཉིད་སྡེ་གསུམ། ཕྱི་རྒྱུད་སྡེ་གསུམ། ནང་རྒྱུད་སྡེ་གསུམ་
སྟེ་ཐེག་པ་རིམ་དགུར་དབྱེ་བ་དང་། སོར་བཞག་ལྷ་མིའི་ཐེག་པ་གཉིས། ཕྱི་རོལ་པའི་སྡེ་ལྔ༑ ནང་པའི་རིམ་དགུ། འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་པ་སྟེ་བཅུ་དྲུག་ཏུ་བཤད་པ་དང་། ལང་གཤེགས་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་བསམ་གྱིས་མི་ཁྱབ་པར་བཤད་པ་སྟེ། མདོར་ན་ཐམས་ཅད་བློའི་རིམ་པ་ལ་སྣང་བ་ཙམ་སྟེ། དེའི་ཕྱིར་ན་ཇི་སྲིད་བློའི་རིམ་པ་མ་ཟད་བར་དུ་ཐེག་པའི་མཐའ་ལ་ཐུག་པ་མེད་ཅིང་། བློ་ངོ་བོ་ཉིད་ཀྱིས་དག་པའི་རྣལ་འབྱོར་པ་ལ་ནི་ཐེག་པ་ཞེས་པའི་རང་བཞིན་ཡེ་ནས་མེད་པས། ནམ་མཁའ་བཞིན་དུ་ཤེས་པར་བྱའོ། །དེའི་ཕྱིར་ན་ཐེག་པའི་རྣམ་གྲངས་ཀྱི་དབྱེ་བསྡུ་འདི་དག་ལ་བློ་ཆུང་བའི་སྐྱེ་བོ་དག་དངངས་ཤིང་སྨོད་པ་དག་བྱར་མི་རུང་སྟེ། རྡོ་རྗེ་འཆང་དང་གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་དག་གིས་མཛད་པའི་ཕྱིར་རོ། །གཉིས་པ་བྱེ་བྲག་རྒྱུད་གཞུང་འདི་ཉིད་དུ་གྲགས་པ་ལྟར་ན་ལྷ་དང་མིའི་ཐེག་པ། ཉན་ཐོས། རང་རྒྱལ། བྱང་སེམས། གསང་སྔགས་ཏེ་རིགས་ཅན་ལྔའི་གདུལ་བྱ་འདུལ་བའི་དབང་གིས་ཐེག་པའི་བྱེ་བྲག་ཀྱང་རྣམ་གྲངས་ལྔར་ཕྱེ་ནས་བསྟན་ཏོ། །དང་པོ་ལྷ་མིའི་ཐེག་པ་བཤད་པ་ལ་ཡང་གཉིས་ཏེ། ངེས་ཚིག་དང་དབྱེ་བའོ། །དང་པོ་ནི། མ་ནུ་ཥྱའི་སྒྲ་ལས་ཡིད་ཤས་ཆེ་བའི་དོན་གྱི་མི་དང་། དེ་ཝའི་སྒྲ་ལས་བདེ་བ་ལ་རོལ་བའི་དོན་གྱི་ལྷའོ། །དབྱེ་ན་གཉིས་ལས། མིའི་ཐེག་པ་ནི་མི་དགེ་བ་བཅུ་སྤངས་ཏེ་དགེ་བ་བཅུ་སྤྱད་པས་ངན་སོང་ལས་ཐར་ཏེ། མཐོ་རིས་ཀྱི་མིར་སྐྱེ་ཞིང་། དགེ་བཅུ་ཉིད་ཆེར་གོམས་པས་འདོད་ལྷ་རིགས་དྲུག་དང་། དགེ་བཅུ་སྤྱོད་པ་གཞིར་བཞག་གི་སྟེང་དུ་ཚད་མེད་བཞི་དང་མི་གཡོ་བའི་ཏིང་འཛིན་སྙོམས་འཇུག་བརྒྱད་རྣམས་སྒོམ་པས་ཁམས་གོང་མ་གཉིས་ཀྱི་ལྷའི་གོ་འཕང་བགྲོད་པར་བྱེད་པ་སྟེ། དེ་ཡང་སྔ་མ་ལ་གཙོ་བོའི་སྒྲས་ལྷའི་ཐེག་པ་དང་། ཕྱི་མ་ལ་འདོད་ཡོན་གྱི་གཙང་ཞིང་དག་པས་ཚངས་པའི་ཐེག་པ་ཞེས་བཤད་དོ། །དེ་ཡང་ལེ་ལག་ལས། དགེ་བཅུ་སྤྱོད་ཅིང་མི་དགེ་སྤོང་བྱེད་པ། །འདོད་པའི་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཚད་མེད་བཞི་སྤྱོད་མི་གཡོ་སྒོམ་བྱེད་པ། །ཚངས་གནས་ལ་སོགས་སྐྱེ་བའི་རྒྱུ་ཡིན་ནོ། །ཞེས་གསུངས་སོ། །
གཉིས་པ་ཉན་ཐོས་ཀྱི་ཐེག་པ་ལ་གཉིས་ཏེ། ངེས་ཚིག་དང་། དབྱེ་བའོ། །དང་པོ་ནི། ཤྲ་ཝ་ཀའི་སྒྲ་ལས་ཐོས་སྒྲོག་སྟེ་སྟོན་པ་ལ་ཆོས་ཉན་པ་གཞན་ལ་སྒྲོག་པར་མཚོན་པའོ། །དབྱེ་བ་ལ་གཞི་ལམ་འབྲས་གསུམ་ལས། གཞི་ཕུང་པོ་གཞན་ལ་གང་ཟག་གི་བདག་ང་དང་ང་ཡིར་འཛིན་པ་མེད་པ་དང་། དངོས་པོ་གཟུང་བའི་ཡུལ་རགས་པ་ཀུན་རྫོབ། རྡུལ་ཕྲན་ཆ་མེད་དོན་དམ། འཛིན་པ་སེམས་ཀྱི་རྒྱུན་ཀུན་རྫོབ་དང་། སྐད་ཅིག་མ་དོན་དམ་པའི་བདེན་པར་གཏན་ལ་ཕབ་ནས་བསླབ་པ་གསུམ་ལ་གནས་པའོ། །ལམ་ནི་ཚོགས་ལམ་ཆུང་འབྲིང་ཆེན་པོར་དྲན་པ་ཉེར་བཞག་བཞི། ཡང་དག་པར་སྤོང་བ་བཞི། སྦྱོར་ལམ་དྲོད་དང་རྩེ་མོ་གཉིས་སུ་དད་པ། བརྩོན་འགྲུས། དྲན་པ། ཏིང་འཛིན། ཤེས་རབ་ཀྱི་དབང་པོ་ལྔ་དང་། གཟོད་པ་དང་ཆོས་མཆོག་གཉིས་སུ་དད་པ་ལ་སོགས་པའི་སྟོབས་ལྔ་བསྒོམས་ཤིང་། མཐོང་ལམ་དུ༑ དྲན་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། སྦྱངས་པ། ཏིང་འཛིན། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམས་ཤིང་། སྒོམ་ལམ་དུ། ཡང་དག་པའི་ལྟ་བ། རྟོགས་པ། ངག ལས་ཀྱི་མཐའ་འཚོ་བ། རྩོལ་བ། དྲན་པ༑ ཏིང་འཛིན་ཡང་དག་པའི་འཕགས་ལམ་ཡན་ལག་བརྒྱད་རྣམས་སྒོམ་པར་བྱེད་པའོ། །འབྲས་བུ་ནི། ལྷག་བཅས་དང་ལྷག་མེད་ཐོབ་ནས་ཞི་བའི་དབྱིངས་སུ་གནས་པ་སྟེ། དེ་ཡང་བདེན་པ་བཞི་ལ་བླང་དོར་དུ་བྱེད་པས། མཐོང་ལམ་སྐད་ཅིག་བཅུ་དྲུག་ལ་སོགས་པ་ས་གོང་མ་ཐོབ་ཅིང་རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་གི་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་པ་སྟེ། ལེ་ལག་ལས། བདེན་བཞིའི་དོན་རྟོགས་རབ་ཏུ་སྤོང་བ་ཡིས། །ཡེ་ཤེས་བཅུ་དྲུག་ཆུ་སྦྱངས་རབ་ཞི་བའི། །རྒྱུན་ཞུགས་ལ་སོགས་རིམ་པས་སྦྱངས་ནས་ནི། །ཉོན་མོངས་དགྲ་རྣམས་ཞི་བའི་ས་རུ་འགྲོ། །ཞེས་སོ། །གསུམ་པ་རང་རྒྱལ་གྱི་ཐེག་པ་ལ་ཡང་གཉིས་ཏེ། ངེས་ཚིག་དང་། དབྱེ་བའོ། །དང་པོ་ནི། པྲ་ཏེ་ཀ་བུདྡྷ་ཞེས་པའི་སྒྲ་ལས། པྲ་ཏེ་ཀ་སོ་སོ་རང་རང་དང་བུདྡྷ་སངས་རྒྱས་ཏེ་སྲིད་པ་མཐའ་མའི་ཚེ་སློབ་དཔོན་གྱི་གདམས་ངག་སྟོན་པ་ལ་མི་ལྟོས་པར་ལམ་གྱི་རྟོགས་པ་རང་
བྱུང་དུ་རྒྱུད་ལ་སྐྱེས་ནས་བྱང་ཆུབ་མངོན་དུ་བྱེད་པའོ། །དེའང་ཚོགས་ན་སྤྱོད་པ་ཆེ་ཆུང་གཉིས་དང་། བསེ་རུ་ལྟར་གཅིག་པུར་གནས་པ་དང་གསུམ། དེའི་ཐེག་པ་ལ་དབྱེ་ན་གཞི་ལམ་འབྲས་གསུམ་ལས། གཞི་ནི་ཕྱི་ནང་གི་རྟེན་འབྲེལ་ལུགས་སུ་བྱུང་བས་འཁོར་བ་དང་། ལུགས་ལས་ལྡོག་པས་མྱ་ངན་ལས་འདས་པ་ཐོབ་པར་ཤེས་ན། གང་ཟག་གི་བདག་ཕྱི་གཟུང་བ་རང་བཞིན་མེད་པར་རྟོགས་པའོ། །ལམ་ནི་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་ཉན་ཐོས་ལྟར་བསྒོམ་པའི་སྟེང་དུ་འཁོར་འདས་རྟེན་འབྲེལ་རྒྱུ་འབྲས་སུ་ཤེས་ནས་ལུགས་ལྡོག་སྟོང་པ་བཅུ་གཉིས་ཁྲིགས་ཆགས་སུ་བསྒོམ་པས་ཁྱད་པར་འཕགས་པའོ། །འབྲས་བུ་ནི། བྱང་ཆུབ་ཐོབ་ནས་སེམས་ཅན་ལ་སྒྲས་ཆོས་མི་སྟོན་པར་ལུས་ཀྱི་རྫུ་འཕྲུལ་ལ་སོགས་པ་བརྡས་བསྟན་པས་གོ་བར་བྱེད་ཅིང་ཡིད་བཞིན་བདེ་བ་མཆོག་གི་སར་མྱ་ངན་ལས་འདའ་བ་སྟེ། ལེ་ལག་ལས། ཕྱི་ནང་རྟེན་འབྲེལ་མི་གཡོར་ཚུལ་ཤེས་ཤིང་། །དངོས་པོ་གཟུགས་ལ་ཐོགས་མེད་རབ་ཏུ་འཇུག །དགེ་བཤེས་མི་སློབ་རང་གིས་རིག་པས་རྟོགས། །བྱང་ཆུབ་སར་འགྲོ་ཡིད་བཞིན་བདེ་བའི་མཆོག །ཅེས་སོ། །བཞི་པ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གཉིས་ལས། ངེས་ཚིག་ནི་བོ་དྷི་སཏྭ་ཞེས་པའི་སྒྲ་ལས་བྱང་ཆུབ་སེམས་དཔའ་སྟེ། སངས་རྒྱས་འདོད་པ་ལ་རྐྱེན་དམན་པ་ཟིལ་གྱིས་གནོན་ཞིང་སྙིང་སྟོབས་ཆེན་པོས་འགྲོ་བ་སྒྲོལ་བའི་ཁུར་ཁྱེར་བ་སྟེ། སྡུད་པ་ལས། བློ་ཆེ་བ་དང་གཏོང་བ་ཆེ་དང་སེམས་དཔའ་ཆེ། །གོ་ཆ་ཆེན་པོ་བགོས་ཤིང་བདུད་ཀྱི་རྒྱུ་འདུལ་བ༑ ༑རྒྱུ་དེས་ནི་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །ཞེས་སོ། །དབྱེ་ན་གཞི་ལམ་འབྲས་གསུམ་ལས། གཞི་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མེད་པར་གཟུགས་བརྙན་ལྟར་རྟོགས་ནས། གང་ཟག་གི་བདག་དང་། གཟུང་བ་དང་། འཛིན་པའི་སེམས་ཏེ་ཆོས་ཀྱི་བདག་གིས་སྟོངས་པས་བདག་གཉིས་ཀྱིས་སྟོང་པའི་ཚུལ་ཁོང་དུ་ཆུད་ནས། སྨོན་པ་དང་འཇུག་པའི་ངོ་བོ་བྱང་ཆུབ་ཀྱི་སེམས་གཉིས་སྐྱེད་པར་བྱེད་པའོ། །ལམ་ནི་བྱང་ཆོས་སུམ་ཅུ་རྩ་བདུན་དང་སྤྱོད་པ་ཕ་རོལ་དུ་ཕྱིན་པ་བཅུ་ལ་སློབ་ཅིང་ས་བཅུ་
སྦྱོང་བའོ། །འབྲས་བུ་ནི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་བདེན་པ་གཉིས་ཀྱིས་རབ་ཏུ་ཞུགས་ནས་དོན་གཉིས་ལྷུན་གྲུབ་ཏུ་བྱེད་པའོ། །དེ་ལ་བདེན་པ་གཉིས་ནི། ཀུན་རྫོབ་དང་། དོན་དམ་བདེན་པའོ། །ཀུན་རྫོབ་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་སྣ་ཚོགས་སུ་སྣང་བ་ཡིན་ལ༑ དོན་དམ་ནི་སེམས་ཀྱི་ཆོས་ཉིད་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་བློ་བསམ་གྱི་ཡུལ་ལས་འདས་པའོ། །དེའང་དབུ་མ་རང་རྒྱུད་པས། ཆོས་ཐམས་ཅད་ཀུན་རྫོབ་ཏུ་སྣང་ལ། བརྟག་ན་དོན་དམ་རང་བཞིན་མེད་པར་འདོད་པ་སྟེ། བདེན་གཉིས་ལས། ཀུན་རྫོབ་འདི་ལྟར་སྣང་བ་འདི། །རིགས་པས་བརྟག་ན་འགའ་མི་རྙེད། །མ་རྙེད་པ་ཉིད་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་སོ། །དབུ་མ་ཐལ་འགྱུར་བ་ནི། དཔྱད་རུང་མ་དཔྱད་རུང་དུས་ཐམས་ཅད་དུ་ཆོས་ཐམས་ཅད་སྤྲོས་པ་ཉེ་བར་ཞི་བ་ཁས་ལེན་ཐམས་ཅད་དང་བྲལ་བར་འདོད་དེ། གང་གི་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །ཀུན་རྫོབ་ལ་དབྱེ་ན་སྣང་ལ་དོན་བྱེད་མི་ནུས་པ་ཆུ་ནང་གི་ཟླ་བའམ་རི་མོའི་མར་མེ་ལྟ་བུ་ལོག་པའི་ཀུན་རྫོབ། སྣང་ལ་དོན་བྱེད་ནུས་པ་ནམ་མཁའི་ཟླ་བ་ལྟ་བུ་ཡང་དག་པའི་ཀུན་རྫོབ། དེ་ཡང་དཔྱད་ན་ལོག་པ་དང་ཡང་དག་པ་གཉིས་ཀའང་སྣང་བར་མཉམ། བརྟག་ན་དོན་ལ་མ་གྲུབ་པར་མཉམ་པའི་ཕྱིར་སྣང་སྲིད་ཐམས་ཅད་ད་ལྟ་ཉིད་ནས་རྣམ་དབྱེར་མེད་པ་མཉམ་པ་ཉིད་དུ་གནས་པའོ། །དོན་དམ་བློ་ལས་འདས་པས་ངོ་བོ་དབྱེ་བྱར་མ་གྲུབ་ཀྱང་བློས་ཅུང་ཟད་ཕྱེ་ན། ཆོས་རྣམས་རང་རང་གི་ངོ་བོ་ཉིད་ཀྱིས་སྟོངས་པ་དེ་ནི་གཤིས་ཀྱི་དོན་དམ། རྣལ་འབྱོར་པས་དེ་ཉིད་བསྒོམ་པས་སྤྲོས་པ་དང་བྲལ་བའི་བློ་སྐྱེས་པ་ནི་རྣམ་གྲངས་པའི་དོན་དམ་པ་སྟེ། བདེན་གཉིས་ལས། སྐྱེ་ལ་སོགས་པ་བཀག་པ་ཡང་། །ཡང་དག་པ་དང་མཐུན་ཉིད་བཞེད། །སྐྱེ་མེད་སྤྲོས་ཀུན་ཞི་བ་ལ། །དོན་དམ་པ་ཡི་བརྡའ་མཛད་དོ། །ཞེས་སོ། །དེ་ལྟར་ཡང་། ལེ་ལག་ལས། བདག་མེད་གཉིས་རྟོགས་ཕ་
རོལ་ཕྱིན་རྫོགས་པའི། །ས་བཅུ་རིམ་གྱིས་བགྲོད་པའི་རྣལ་འབྱོར་པ། །སངས་རྒྱས་སར་འགྲོ་གོ་འཕང་ཐོབ་པའི་ལམ། །བདེན་པ་གཉིས་ཀྱིས་རབ་ཏུ་ཐོབ་པར་གྱུར། །ཞེས་སོ། །ལྔ་པ་གསང་སྔགས་ཀྱི་ཐེག་པ་ལ་ཕྱི་ནང་གཉིས། ཕྱི་པ་ལ་ཡང་ཀྲྀ་ཡོག་སྡེ་གསུམ་ལས། དང་པོ་ལ། བྱ་བའི་རྒྱུད་ཀྱི་ངེས་ཚིག་ནི། ཀྲྀ་ཡ་སྟེ་ཁྲུས་དང་གཙང་སྦྲ་གཙོ་བོར་སྟོན་པས་བྱ་བའི་རྒྱུད། དབྱེ་ན་གསུམ་ལས། གཞི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་ནས་ལྷ་ཡེ་ཤེས་སེམས་དཔའ་རྒྱལ་པོ་ལྟ་བུར་བལྟས་ཏེ་དངོས་གྲུབ་འདོད་པའོ། །ལམ་ནི་ལྷ་བསྐྱེད་ནས་མཆོད་པ་ལ་དཀའ་སྤྱད་གཙང་སྦྲའི་རང་བཞིན་ལ་བརྟེན་པའོ། །འབྲས་བུ་ནི་མི་ཚེ་བཅུ་དྲུག་གམ་བདུན་ན་རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་པར་འདོད་པ་སྟེ། ཀུན་བྱེད་ལས། ཀྲྀ་ཡས་བདག་དང་ལྷ་གཉིས་རྗེ་ཁོལ་ཚུལ། །མེ་ཚེ་བཅུ་དྲུག་འབད་པས་གྲོལ་བར་འདོད། །ཅེས་སོ། །སྤྱོད་པའི་རྒྱུད་ཀྱི་ངེས་ཚིག་ནི། ཨུ་པ་ཡ་སྟེ་སྤྱོད་པ་ཀྲྀ་ཡ་དང་མཐུན་ཅིང་སྒོམ་པ་ཡོ་ག་དང་མཐུན་པས་གཉིས་བྱས་ཀྱི་ཐེག་པ་ཞེས་བྱའོ། །དབྱེ་ན་གསུམ་ལས། གཞི་ནི་ངོ་བོ་ཉིད་མེད་པའི་ཤེས་རབ་དང་བདག་དང་ལྷ་གཉིས་དམ་ཚིག་པ་དང་ཡེ་ཤེས་པའི་ཚུལ་མཉམ་པོར་འདོད་པའི་ཐབས་ལས་དངོས་གྲུབ་འདོད་པའོ། །ལམ་ནི། དེ་ལྟར་བསྒོམས་ཤིང་ཀྲྀ་ཡ་ལྟར་གཙང་སྦྲ་སྤྱོད་པའོ། །འབྲས་བུ་ནི་མི་ཚེ་བདུན་ནམ་ལྔ་ན་རིགས་བཞི་རྡོ་རྗེ་འཆང་གི་སྒོ་གྲུབ་པར་འདོད་པ་སྟེ། ཀུན་བྱེད་ལས། ཨུ་པས་བདག་དང་ལྷ་གཉིས་མཉམ་པོར་མཐོང་། །གྲོགས་པོའི་ཚུལ་གྱིས་དངོས་གྲུབ་སྟེར་རེ་བ། །མི་ཚེ་བདུན་ན་གྲོལ་བའི་འབྲས་བུ་ཐོབ། །ཅེས་སོ། །རྣལ་འབྱོར་རྒྱུད་ཀྱི་ངེས་ཚིག་ནི་ཡོ་ག་སྟེ། སེམས་ཀྱི་སྒོམ་པ་གཙོ་ལ་ལྟ་སྤྱོད་གཉིས་གྲོགས་སུ་འདོད་པ། དབྱེ་ན་གསུམ་ལས། གཞི་ནི་དོན་དམ་པར་མཚན་མ་མེད་པའི་ཆོས་ཉིད་ཀྱི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གཏན་ལ་ཕབས་ཏེ་བདག་དམ་ཚིག་སེམས་དཔའ་ལ་ལྷ་ཡེ་ཤེས་སེམས་དཔའ་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་བྱས་ཏེ་བཟང་ངན་མེད་པར་ལྟ་བར་བྱེད་པའོ། །ལམ་ནི་དེ་ལྟར་བསྒོམ་ཞིང་གཙང་སྦྲ་ཀུན་ཏུ་སྤྱོད་པ་གྲོགས་སུ་བརྟེན་ཅིང་གཙོ་བོར་སེམས་ཀྱི་རྣལ་འབྱོར་ལ་བརྟེན་
པའོ། །འབྲས་བུ་ནི་མི་ཚེ་གསུམ་ནས་རིགས་ལྔ་སྟུག་པོ་བཀོད་པའི་ས་ཐོབ་པར་འདོད་པ་སྟེ༑ ཀུན་བྱེད་ལས། ཡོ་ག་སྟུག་པོ་བཀོད་འདོད་པ། །མི་ཚེ་གསུམ་ན་གྲོལ་བར་འདོད། །ཅེས་སོ། །གསང་སྔགས་ནང་པ་གསུམ་ལ། རྣལ་འབྱོར་ཕའི་རྒྱུད་ཀྱི་ངེས་ཚིག་ནི། མ་ཧཱ་ཡོ་གའི་སྒྲ་ལས་ཐབས་ཤེས་ཀྱི་རྣལ་འབྱོར་བསྐྱེད་པ་རླུང་གཙོ་བོར་བསྟེན་པས་གྲོལ་བར་བྱེད་པའོ། །དབྱེ་ན་གསུམ་ལས། གཞི་ཡེ་ནས་རྣམ་པར་དག་པ་ལྷའི་དཀྱིལ་འཁོར་དང་རླུང་གི་བྱེད་པ་ལ་སོགས་པའོ། །ལམ་ནི། གདོད་ནས་དག་པ་ལྷའི་འཁོར་ལོ་དང་རླུང་ལ་སོགས་པ་བསྒོམ་པའོ། །འབྲས་བུ་ནི་འདི་ཉིད་དུ་གྲོལ་བར་འདོད་པ་སྟེ། ཡེ་ཤེས་རོལ་པ་ལས། བསྐྱེད་དང་རྫོགས་པའི་རིམ་པ་ལས། །ཡེ་ཤེས་རླུང་གི་ལས་བྱེད་ཅིང་། །ནམ་མཁའི་འཇོ་བ་རབ་རྫོགས་པས། །ཚེ་གཅིག་གིས་ནི་རབ་གྲོལ་ལོ། །ཞེས་སོ། །ཤེས་རབ་མའི་རྒྱུད་ཀྱི་ངེས་ཚིག་ནི། ཨ་ནུའི་སྒྲ་ལས་རྗེས་སུ་རྣལ་འབྱོར་ཏེ་ཤེས་རབ་རྫོགས་པའི་རིམ་པ་དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་འདོད་པའོ། །དབྱེ་ན་གསུམ་ལས། གཞི་ཡེ་ནས་དག་པ་ལྷའི་རང་བཞིན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ། །ལམ་ནི་དེ་ཉིད་བསྒོམ་པ། འབྲས་བུ་ནི་ཚེ་འདིར་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད་པ་སྟེ། ཐིག་ལེ་མཆོག་གི་རྒྱུད་ལས། འོད་གསལ་བ་ཡི་སེམས་ཉིད་ནི། །དབྱིངས་དང་ཡེ་ཤེས་གཉིས་མེད་པ། །བདེ་བ་དེ་ཚེ་སུ་བསྒོམ་པ༑ ༑འབྲས་བུ་ཚེ་འདིར་རྫོགས་སངས་རྒྱས། །ཞེས་སོ། །གཉིས་སུ་མེད་པའི་རྒྱུད་ཨ་ཏི་ཡོ་གའི་ངེས་ཚིག་ནི། ཨ་ཏི་ཡོ་གའི་སྒྲ་ལས་ཤིན་ཏུ་རྣལ་འབྱོར་ཏེ་སྐྱེ་བ་མེད་པའི་ངོ་བོ་ཉིད་དམ་ཀུན་གྱི་སྙིང་པོ་ལ་འཇུག་པས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དོན། དབྱེ་ན་གསུམ་ལས། གཞི་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་ནོ། །ལམ་ནི་བསྐྱེད་རྫོགས་གཉིས་མེད་བླང་དོར་རེ་དོགས་ལས་འདས་པར་ཉམས་སུ་ལེན་པའོ། །འབྲས་བུ་ནི་ལྷུན་རྫོགས་ཀུན་ཏུ་བཟང་པོའི་ས་ལ་ད་ལྟ་ཉིད་ནས་མཐར་ཕྱིན་པར་བྱེད་པ་སྟེ་ཐེག་པ་འདིར་ཐམས་ཅད་རྫོགས་པས་རྫོགས་པ་ཆེན་པོ་ཞེས་ཀྱང་བྱའོ། །དེ་ཡང་ལེ་ལག་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་དང་། །བླ་མེད་དོན་རྟོགས་
ཐབས་ཆེན་འདི་དག་ཏུ། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབས་ལྟར། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་སོ། །གཉིས་པ་ལ་གཉིས་ཏེ་གཉེན་པོ་ལ་དགོངས་ཏེ་དབྱེ་བ་དང་། དེ་དག་དབང་པོའི་བྱེ་བྲག་གིས་བསྡུ་བའོ། །དང་པོ་ནི། མ་རིག་པའི་རྣམ་པར་རྟོག་པས་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཞེས་སོགས་ནས་གསུང་བར་འགྱུར་རོ། །ཞེས་པའི་བར་གྱིས་བསྟན། དེ་ཡང་འགྲོ་བའི་རྒྱུད་ཀྱི་མ་རིག་པའི་རྣམ་པར་རྟོག་པས་བསྐྱེད་པའི་ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག ཆ་མཉམ་པ་ཉི་ཁྲི་ཆིག་སྟོང་སྟེ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་འདུལ་བ་དང་མདོ་སྡེ་དང་མངོན་པ་དང་ཆ་མཉམ་པ་སྔ གས་ཀྱི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་སྟེ་ཆོས་ཀྱི་སྒོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རང་བྱུང་གི་ཡེ་ཤེས་ལས་འཕྲོས་པའི་སྟོན་པ་རྣམས་ཀྱིས་གདུལ་བྱའི་སྣང་བ་དང་མཐུན་པར་སྔར་ཡང་གསུངས་སོ། །ད་ལྟར་ཡང་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་དཀྱིལ་འཁོར་ན་གསུང་ངོ་། །མ་འོངས་པ་ན་ཡང་གསུང་བར་འགྱུར་རོ། །ཞེས་པ་སྟེ། དེ་སྐད་དུ་ཡང་ཀུན་བྱེད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུང་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུང་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུང་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཐམས་ཅད་གདུལ་བའི་གཉེན་པོར་གསུང་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་དང་། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་སོ། །གཉིས་པ་ནི། དེ་དག་ཐམས་ཅད་ཀྱང་ལས་དང་ལས་ཀྱི་འབྲས་བུ་སོགས་ནས་མཐར་ཐུག་གོ །ཞེས་པའི་བར་ཏེ། དེ་ལྟར་གསུངས་པའི་ཆོས་ཀྱི་སྒོ་དེ་དག་ཐམས་ཅད་ཀྱང་ཉོན་མོངས་པའི་གཉེན་པོར་འགྲོ་ཚུལ་ནི་གསང་བདག་སྒྲོ་ཕུག་པ་ཆེན་པོས་དུག་སྡོང་གི་སྟོང་ཐུན་དང་སྦྱར་ཏེ་གསུངས་པ་ལྟར་བཤད་ན། དཔེར་ན་རྒྱལ་པོ་ཆེན་པོ་ཞིག་གི་ལྡུམ་རར་དུག་སྡོང་ཆེན་པོ་ཞིག་སྐྱེས་པ་ལ། འབངས་བླུན་པོ་རྣམས་དུག་ཤིང་གི་རོ་མངར་བ་ཚོར་ནས་བཟའ་ཤིང་དོར་ནས་དུག་ཤིང་
གི་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་དང་བཅས་པ་ལ་ལོངས་སྤྱད་པས་དུག་ནད་དྲག་པོའི་སྡུག་བསྔལ་གྱིས་མནར་ཞིང་སྲོག་འཚོ་བའི་སྐབས་མེད་དོ། །དཔེ་དེ་བཞིན་དུ་མ་རིག་པ་གཉིས་ཀྱིས་བསྐྱེད་པའི་ཉོན་མོངས་པའི་སྡོང་པོ་རྩ་བ་ལྔའི་ཡལ་འདབ་ཉེ་ཉོན་གྱི་མེ་ཏོག་འབྲས་བུ་དང་བཅས་པ་ལ། ཐ་མལ་ལྷ་མིའི་འཇིག་རྟེན་ཆོས་བརྒྱད་ལ་མངོན་པར་ཞེན་པ་རྣམས་ཀྱིས་དགེ་བ་བཅུ་སྤངས་ནས། ཉོན་མོངས་མི་དགེའི་ལས་ལ་སྤྱད་པའི་འབྲས་བུ་ངན་སོང་གི་སྡུག་བསྔལ་གྱིས་ཉམ་ཐག་ཅིང་ཐར་པའི་སྲོག་ཆད་པར་བྱེད་པའོ། །ཡང་འབངས་དེ་རྣམས་ཀྱི་ནང་ནས་དུག་ཤིང་གི་ཉེས་དམིགས་ཤེས་པ་ཁ་ཅིག་གིས་བཟའ་ཤིང་དང་དུག་ཤིང་གི་ཁེ་ཉེན་ཤེས་ནས་བཟའ་ཤིང་ལ་ལོངས་སྤྱོད་ཀྱང་དུག་ཤིང་ལས་འཕགས་པར་མ་ནུས་པ་ལྟར། ལྷ་མིའི་ནང་ནས་དཀར་པོའི་ལས་སད་པ་ཁ་ཅིག་དགེ་བའི་ལས་ཀྱི་འབྲས་བུ་མཐོ་རིས་དང་། སྡིག་པའི་འབྲས་བུ་ངན་སོང་ལས་མི་འདའ་བས་མི་བསླུ་བས་ན་ཆུད་མི་ཟ་བར་ཡིད་ཆེས་པས་མི་དགེ་བ་བཅུ་སྤངས་ཤིང་དགེ་བ་བཅུ་ལ་སྤྱོད་ཀྱང་འཁོར་བ་ལས་ངེས་པར་འབྱུང་མ་ནུས་པ་ལྷ་དང་མིའི་ཐེག་པ་དང་། ཡང་འབངས་དེ་རྣམས་ཀྱི་ནང་ནས། ཁ་ཅིག་ན་རེ། དུག་ཤིང་གི་སྡོང་པོ་འདིའི་རྩ་བ་ཁབ་རྩེ་ཙམ་ཡང་མ་ལུས་པར་བཏོན་ནས་ལ་ཀླུང་མང་པོ་བརྒལ་ཏེ་བསྐྱལ་བ་དྲག་གོ་ཟེར་རོ། །དཔེ་དེ་བཞིན་དུ་ཕྱི་གཟུང་བའི་ཡུལ་རགས་པ་དང་ནང་འཛིན་པའི་ཤེས་པ་རྒྱུན་དང་བཅས་པ་རང་བཞིན་མེད་པར་རྟོགས་ཀྱང་། གཟུང་ཡུལ་ཕྲ་བ་རྡུལ་ཕྲ་རབ་དང་འཛིན་སེམས་ཤེས་པ་སྐད་ཅིག་མ་དོན་དམ་དུ་འདོད་པས་ཉོན་མོངས་པ་སྤོང་བའི་ཐབས་ལ་ཞུགས་པ་ཉན་ཐོས་ཀྱི་ཐེག་པ་དང་། ཡང་འབངས་དེ་རྣམས་ཀྱི་ནང་ནས་ཁ་ཅིག་ན་རེ། དུག་ཤིང་རྩ་བ་ནས་འདོན་མི་དགོས་ཏེ། སྡོང་པོ་བཅད་ལ་སྔར་བཞིན་བསྐྱལ་ཏེ་གཅད་མཚམས་ལ་ཁྲོ་ཆུ་ཁོལ་མ་བླུགས་པས་སླར་སྐྱེ་བར་མི་འགྱུར་རོ་ཟེར། དཔེ་དེ་བཞིན་དུ་ཕྱི་སྣང་བའི་ཡུལ་རྡུལ་ཕྲན་ཆ་མེད་དུའང་དོན་དམ་པར་མ་གྲུབ་ཅིང་། ཀུན་རྫོབ་ཏུ་རྫིང་བུར་ཤར་བའི་གཟུགས་བརྙན་དང་འདྲ་བར་རྟོགས་པས་ཕྱིའི་རྟེན་ཅིང་འབྲེལ་འབྱུང་རྫུན་པར་ཤེས་ཤིང་། མ་རིག་པ་ཡོད་ན་འདུ་ཤེས་ནས་རྒ་ཤིའི་བར་འབྱུང་
ཞིང་། མ་རིག་པ་ལོག་ན་རྒ་ཤིའི་བར་དུ་འཁོར་བའི་འཁོར་ལོ་ལྡོག་པར་ཤེས་ནས། གང་ཟག་གི་བདག་དང་། ཕྱི་སྣང་བ་ཆོས་ཀྱི་བདག་ཕྱེད་པོ་མེད་པར་རྟོགས་པ་ནི་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམ་པས་ཆོས་ཀྱི་ཕྱེད་ཕྱི་ཡུལ་ལ་བདག་ཏུ་འཛིན་པའི་གཉེན་པོ་བྱེད་པས་ཉོན་མོངས་པ་འགེབས་པར་བྱེད་པ་རང་རྒྱལ་གྱི་ཐེག་པ་དང་། ཡང་འབངས་དེ་རྣམས་ཀྱི་ནང་ནས་ལྷ་རྗེ་གཅིག་བྱུང་སྟེ་དུག་ཤིང་རྩ་བ་ཁབ་རྩེ་ཙམ་ཡང་མ་ལུས་པར་འདོན་པ་ལྟ་ཅི་སྨོས། དུག་ཤིང་གཅད་ནས་སྐྱེལ་བ་ཡང་ཉེས་དམིགས་དང་རྩོལ་བར་བཅས་པ་ཡིན་པས། དེ་བས་ན་ཁོ་བོ་ནི་སྨན་མར་སྦྱོར་བ་ལ་དུག་ཤིང་ཉོ་ས་ཡང་མ་རྙེད་དོ་ཞེས་ཟེར་ནས་དུག་ཤིང་ལ་སྨན་སྦྱོར་བྱས་པས་ནད་བཞི་རྒྱ་རྩ་བཞི་སེལ་ཤིང་རོ་རྩའི་མཆོག་ཏུ་གྱུར་པ་གཅིག་བྱུང་ངོ་། །དཔེ་དེ་བཞིན་དུ་འཛིན་པའི་ཤེས་པ་རྐྱེན་གྱིས་འཁྲུལ་པའི་སྣང་བ་ལས་དོན་དམ་པར་བདེན་པར་མ་གྲུབ་ཀྱང་ཕྱི་ཡུལ་དུ་འདོགས་པ་ཀུན་བཏགས་དང་། གཞན་དབང་ཡིན་པའི་ཕྱིར་ན་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཡུལ་དང་ཤེས་པ་ཐ་དད་དུ་མ་སྐྱེས་པར་ཤེས་ནས། ཞི་བ་ཕྱོགས་གཅིག་པ་ལས་ངེས་པར་འབྱུང་སྟེ་ཉོན་མོངས་པ་རྣམ་པར་རྟོག་པ་ཆོས་ཉིད་དུ་སྦྱོང་བ་བྱང་ཆུབ་སེམས་དཔའི་ཐེག་པ་དང་། ཡང་འབངས་དེ་རྣམས་ཀྱི་ནང་ནས་སྔགས་མཁན་ཞིག་བྱུང་སྟེ། དུག་ཤིང་འདུལ་བ་ལ་སྨན་གྱི་འདུལ་སྦྱོར་དེ་ཙམ་བྱེད་ཅི་དགོས། འདི་བཞིན་བྱེད་པ་ཡིན་མོད་ཟེར་ནས། ཕྱག་རྒྱ་གཅིག་བཅས་སྔགས་གཅིག་བཏབ་པས། སྔར་སྨན་སྦྱོར་བྱས་པ་ལས་ཀྱང་རོ་ནུས་མཆོག་ཏུ་གྱུར་པ་ཞིག་བྱུང་སྐད། དཔེ་དེ་བཞིན་དུ་སྔགས་དང་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་སྒོ་ནས་ཉོན་མོངས་པ་དང་རྣམ་པར་རྟོག་པ་ལྷའི་རང་བཞིན་དུ་དབང་བསྒྱུར་ཏེ། ཀུན་རྫོབ་རྫས་ཡོད་དུ་མི་འདོད་ཀྱང་བཏགས་པའི་ཡོད་པ་མི་འགོག་པས་ལས་དང་ལས་ཀྱི་འབྲས་བུ་མེད་ཅེས་སྐུར་པ་གདབ་ཏུ་མི་རུང་ཡང་ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་བསྒྱུར་བའི་ཐབས་ལ་བརྟེན་ན་དགེ་བའི་ལས་དང་སྡིག་པའི་ལས་ཀྱི་འབྲས་བུ་མཐོ་རིས་ངན་སོང་མི་དགོས་ཞེས་ཉོན་མོངས་པ་བསྒྱུར་བ་སྟེ་སྔགས་ཕྱི་པ་ཀྲྀ་ཡོག་སྡེ་གསུམ་གྱི་ཐེག་པ། ཡང་རྨ་བྱ་ཞིག་བྱུང་སྟེ་དུག་གི་སྡོང་པོ་མཐོང་མ་ཐག་ཤིན་ཏུ་
དགའ་བའི་སེམས་ཀྱིས་གང་ལ་ཡང་མ་ལྟོས་པར་ཟོས་པས་ལང་ཚོ་རྒྱས་ཤིང་སྤུ་སྡུག་མདངས་དང་ལྡན་པར་འགྱུར་རོ། །དཔེ་དེ་བཞིན་དུ་ཀུན་རྫོབ་ཏུ་བཏགས་པའི་ཡོད་པར་འཛིན་པའང་ཟད་དེ་ལས་དང་ལས་ཀྱི་འབྲས་བུ་བདག་ཉིད་ཆེན་པོའི་རོལ་པར་རྟོགས་ནས་ཉོན་མོངས་པ་ལྔ་ཉིད་ཡེ་ཤེས་ལྔའི་རང་གདངས་སུ་ཤེས་པས་སྤང་གཉེན་མེད་པས་གོས་པར་མི་འགྱུར་བ་སྟེ་ཉོན་མོངས་པ་དབང་དུ་བྱེད་པ་སྔགས་ནང་པ་གཉིས་ཀྱི་ཐེག་པ་དང་། དེ་ལྟར་དུག་སྡོང་སྐྱེས་པའི་དུས་ཉིད་ནས་ལྡུམ་རའི་ས་གཞི་དེ་ལ་དུག་སྐྱེས་པ། གཅད་པ། སྨན་གྱིས་སྦྱངས་པ། སྔགས་ཀྱིས་བསྒྱུར་བ། རྨ་བྱས་ཟོས་པ་སོགས་གང་ལ་ཡང་སྤང་བླང་དང་། དགའ་མི་དགའི་རྟོག་པ་མེད། དུག་མ་སྐྱེས་ཀྱང་དགག་སྒྲུབ་བླང་དོར་མེད་པ་བཞིན་དུ། ཆོས་ཀྱི་དབྱིངས་རང་བཞིན་གྱི་རྣམ་པར་དག་པ་རང་བྱུང་གི་ཡེ་ཤེས་རང་ཤར་བས་སྤོང་སྦྱོང་སྒྱུར་བ་དབང་དུ་བྱེད་པ་ཐམས་ཅད་དངོས་པོར་ཞེན་པའི་ལྟ་བ་ལས་བྱུང་བར་རྟོགས་ནས་གང་ཡང་མི་འགོག་ཅིང་གང་དུ་ཡང་མི་རྩོལ་བས་སྤང་གཉེན་ཐ་སྙད་ཐམས་ཅད་ལས་གྲོལ་ནས་ལས་དང་ལས་ཀྱི་འབྲས་བུས་གོས་སུ་མེད་པར་སྟོན་པ་སྟེ་ཐེག་པ་ཐམས་ཅད་གྱི་མཐར་ཐུག་པ་རང་བཞིན་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་གཞུང་འདི་ཉིད་དོ། །དེས་ཆོས་ཕུན་སུམ་ཚོགས་པ་བསྟན་པ་དེ་སོང་ནས། ལྔ་པ་དུས་ཕུན་སུམ་ཚོགས་པ་ནི། སྒྲོན་མ་བཀོད་པའི་དུས་ཏེ། འགྲེལ་ཆུང་ལས། དུས་ཀྱི་ངོ་བོ་མཉམ་ནས་ཀྱང་། །སྐལ་བ་ཅན་ལ་དཀོན་པའི་དུས། །ཞེས་དང་། ཤིན་ཏུ་དཀོན་པའི་དུས་ནའོ། །ཞེས་གསུངས་པའི་ཕྱིར། རྩ་བའི་གསུམ་པ། རྩོད་པ་འགོད་པ་དང་། དེ་སྤང་བའོ། །དང་པོ་ནི། དཔལ་འཛིན་ན་རེ། ཁྱོད་ཀྱི་ཐུབ་པའི་དབྱེ་བ་ལ། །འགྲོ་དྲུག་ཐུབ་པ་དྲུག་ཡིན་ལོ། །འོ་ན་ཐུབ་པ་གཞན་ལྔ་ཡིས། །མཛད་པ་བཅུ་གཉིས་གང་དུ་མཛད། །ཆོས་ཀྱི་འཁོར་ལོ་གང་དུ་བསྐོར། །བསྟན་པ་གང་ཡིན་དེ་འཛིན་སུ། །གལ་ཏེ་དེ་དག་མེད་པ་ན། །ཐུབ་པ་ཡིན་པའི་སྒྲུབ་བྱེད་གང་། །ཟེར་རོ། །གཉིས་པ་ནི། མཛད་པ་བཅུ་གཉིས་མི་སྟོན་པས་ཐུབ་པ་མིན་ན་འབྱོན་འགྱུར་གྱི་སངས་རྒྱས་བྱམས་པ་མགོན་པོ་ཆོས་ཅན། ཁྱོད་ཐུབ་
པ་མ་ཡིན་པར་ཐལ། ཁྱོད་ཀྱི་དཀའ་བ་སྤྱོད་པའི་མཛད་པ་མི་སྟོན་པའི་ཕྱིར། དེ་ལྟར་མདོའི་ལུང་གིས་གྲུབ་པའི་ཕྱིར། གཞན་ཡང་དག་པའི་ཞིང་ན་ངེས་འབྱུང་དང་རོལ་རྩེད་མི་སྟོན་པའི་རྒྱལ་བ་མཐའ་ཡས་པ་དང་། ཞིང་ཁམས་འགའ་ཞིག་ཏུ་བདུད་ཀྱང་མེད་པས། དེ་འདུལ་མི་དགོས་པའི་ཕྱིར། དེ་དག་ཀྱང་ཐུབ་པ་མ་ཡིན་པར་ཐལ་བའི་ཕྱིར་རོ། །འགྲོ་འདུལ་གྱི་སྤྲུལ་པ་ལ་ཚད་མེད་ཀྱང་། རིགས་བསྡུས་ནས་དྲུག་ཏུ་བ ཞག་པ་སྟེ། ཕལ་ཆེན་ལས། ཀྱཻ་རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ། འགྲོ་བ་གང་དང་གང་གིས་འདུལ་བ་དེ་དང་དེའི་གཟུགས་དང་ཁ་དོག་དང་མིང་གིས་དོན་མཛད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ནའང་ཐུབ་པ་དྲུག་ཀ་རབ་བྱུང་སྤྲུལ་སྐུ་བྱེད་པའི་ཕྱིར་ལས་མཐུན་ཏུ་བསྟན་པ་མི་རིགས་སོ་ཞེ་ན། མངོན་རྟོགས་ལས། དག་པ་རྣམས་ལ་མཚན་དཔེ་འབར་བའི་སྐུ༑ ༑མ་ལུས་འདུལ་ཕྱིར་སྟོན་པའི་ཐུབ་པ་དྲུག །ཅེས་པ་ལྟར་འགྲོ་བ་གཞན་ལྔ་ཡང་མིའི་གདུལ་བྱ་ལྟར་ཤཱཀྱ་ཐུབ་པའི་སྐུས་འདུལ་བ་ཡོད་པའི་ཕྱིར་སྤྲུལ་པ་མཆོག་གི་འདུལ་བའི་ངོས་ནས་རབ་བྱུང་སྤྲུལ་སྐུར་བྱས་ཀྱིས། དེ་དག་གིས་མིའི་ཐུབ་པ་ལ་སོ་སོའི་ལས་མཐུན་དུ་སྟོན་པའི་ཕྱིར་འགལ་བ་མེད་དོ། །གཞན་ཡང་གོང་དུ་བཤད་པའི་བཅུ་གཉིས་ལ་སོགས་པ་ནི། བདག་ཅག་གི་སྟོན་པ་འདིའི་མཛད་པ་གཙོ་ཆེ་བ་ཙམ་སྨོས་པ་ཡིན་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་མཛད་པ་བཅུ་གཉིས་ཁོ་ནར་གྲངས་ངེས་པས་མ་ཁྱབ་ཅིང་། དེ་བཞིན་གཤེགས་པའི་ཞིང་ཁམས་དང་ཆོ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་ན་ལྷའི་ཐུབ་པ་ལ་སོགས་པ་རྣམས་ཀྱི་བསྟན་པ་དང་། དེ་འཛིན་གྱི་གང་ཟག་སོགས་སོ་སོ་སྐྱེ་བོས་མ་མཐོང་བ་ཙམ་གྱིས་མེད་པར་བསྒྲུབ་མི་ནུས་སོ། །དེས་སྤྲུལ་སྐུའི་གླེང་གཞིའམ་བསྟན་པ་སྤྱིའི་གླེང་གཞི་བཤད་པ་སོང་ནས། རྩ་བའི་ས་བཅད་གཉིས་པ་རྐྱེན་གླེང་བསླང་བ་བཤད་པ་ནི། རྒྱུད་འདི་ཉིད་ཀྱི་ལེའུ་གཉིས་པས་སྟོན་ཏེ། དེ་ཡང་དགོས་ཆེད། ངོ་བོ། སྒྲ་དོན། རྣམ་གྲངས་དང་བཞི་ལ། དགོས་ཆེད་ནི། གདུལ་བྱའི་བློ་དང་འཚམས་པར་རྒྱུད་ཀྱི་དོན་དུ་མྱུར་དུ་འབྱུང་བའི་དགོས་པ་ཡོད་
དེ༑ ཐུགས་ཐིག་ལས། བརྗོད་བྱ་རང་བཞིན་གསང་བའི་རྒྱུད། །ཇི་བཞིན་ཉིད་དུ་བརྗོད་མེད་ངག །སྟོན་པས་རྒྱུད་དོན་ལམ་དང་ཚིག །འབྲེལ་པ་རིམ་པས་འཆོལ་འཁྲུགས་པ། །གླེང་གཞིའི་རྗེས་སུ་ངེས་པར་འགྲོ། །ཞེས་སོ། །གཉིས་པ་ངོ་བོ་ནི། འཁོར་གྱིས་ཞུས་པའི་དོན་སྟོན་པས་གནང་བའི་སྟོན་འཁོར་དྲིས་ལན་གྱི་རྐྱེན་ལས་བསྟན་པ་འབྱུང་མ་རག་པ་སྟེ། དེ་ལས། སྟོན་པས་གནང་དང་འཁོར་གྱིས་ཞུས། །སྐབས་ལས་གླེང་བསླང་སྟོན་དང་འཁོར། །གནང་འདྲིའི་རྐྱེན་དུ་གང་གྱུར་པ། །དེ་དེས་གསུངས་མ་རག་པའོ། །ཞེས་སོ། །སྒྲ་དོན་ནི་ཅིའི་ཕྱིར་གླེང་བསླང་ཞེས་བྱ་ཞེ་ན། གང་གླེང་བར་བྱ་བ་ནི་བསྟན་པ། དེ་གླེང་བར་བསྐུལ་བ་ནི། བསྟན་པ་འབྱུང་བའི་རྐྱེན་ཡིན་པའི་ཕྱིར་བསླང་ཞེས་བྱའོ། །དབྱེ་ན། ཐུན་མོང་མ་ཡིན་པ་དང་། ཐུན་མོང་གི་གླེང་བསླང་གཉིས་སུ་ཡོད་དེ། ཁོག་གཞུང་ལས། དེ་བཞིན་གླེང་བསླང་རྣམ་པ་གཉིས། །ཞེས་སོ། །དང་པོ་ལའང་། གོ་དོན་དང་། གཏན་ལ་དབབ་པ་གཉིས་ལས། གོ་དོན་ནི། སྟོན་པ་ཡབ་ཡུམ་ལྷན་ཅིག་པས་འཁོར་ལ་ཟབ་དབང་བསྐུར་བས་ཞེན་པ་དག་སྟེ་རང་བཞིན་གསང་བའི་སྙིང་པོའི་དོན་མ་ལུས་པ་ཡོངས་སུ་རྫོགས་པ་རྟོགས་ཏེ་རང་དོན་དུ་སངས་རྒྱས་པ་ནི། ཐུན་མོང་མ་ཡིན་པའི་གླེང་བ སླང་སྟེ་རང་བཞིན་གསང་བའི་སྙིང་པོའི་དོན་དམ་ངེས་པའི་ཚིག་གིས་དངོས་སུ་བསྟན་པའི་ཕྱིར་རོ། །གཉིས་པ་གཏན་ལ་དབབ་པ་ལ། གསང་དབང་བསྐུར་བ་དང་། དབང་གཉིས་ཀྱི་ལས་ཐུན་མོང་དུ་བསྟན་པའོ། །དང་པོ་ནི། མ་རྟོགས་པའི་དུས་ན་ཡིད་ཀྱི་རྟོག་པ་འཁོར་བའི་བྱེད་པ་པོ་དང་། རྟོགས་པའི་དུས་ན་འདས་པའི་བྱེད་པོ་རང་རིག་ཡེ་ཤེས་གཉིས་རང་བཞིན་དབྱེར་མེད་པའི་ཕྱིར་ན་རྡོ་རྗེ་སྟེ། ངོ་བོ་འདུས་མ་བྱས་ཤིང་མཚན་ཉིད་སྐྱེ་འཇིག་དང་བྲལ་བ་དེ་ལ། སྤང་བྱ་མི་དམིགས་ཤིང་སྤྱོད་ཡུལ་ཡོངས་སུ་དག་པས་ན་ཀུན་ཏུ་བཟང་པོའོ། །བྱ་བ་མོ་ནི་ཡུལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ལ་སྤང་བྱ་མི་དམིགས་པས་ཀུན་ཏུ་བཟང་མོ་སྟེ། དེའི་ཕྱིར། དེ་ནས་བཅོམ་ལྡན་འདས་བྱེད་པོ་རྡོ་རྗེ་ཡིད། །ཅེས་སོགས། དེ་ནས་བཙུན་མོ་བྱ་བ་མོ་ཀུན་ཏུ་བཟང་མོ་ཞེས་སོགས་གསུངས་སོ། །དེ་ལྟར་སྟོན་པ་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་
ཉི་ཟླ་བྱང་ཆུབ་སེམས་ཀྱི་རྒྱུ་བྱས་ཤིང་། ཡབ་ཡུམ་གྱི་ཉམས་སུ་སྟར་བའི་དོན་ཆེད་དུ་བརྗོད་པས་རྐྱེན་བྱས་པ་སྟེ། རྟོགས་པ་བརྗོད་པ་ལ། ཡབ་ཀྱི་ཐབས་ཀྱི་ཆ་བཟུང་ནས། ཡུམ་གྱི་ཤེས་རབ་ཀྱི་ཆ་བཟུང་ནས། ཐབས་ཤེས་གཉིས་མེད་ཀྱི་ཆ་བཟུང་ནས་དབང་བསྐུར་ཏེ་གླེང་བསླང་བའོ། །དང་པོ་ནི། ཨེ་མ་ཧོ། རྡོ་རྗེ་ཕུང་པོ་ནས། མཉེས་པར་གྱུར་ཏོ། །ཞེས་པའི་བར་ནི། འཁོར་འདས་ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་གཅིག་ཏུ་སངས་རྒྱས་པ་ལ་ངམ་པའི་ཚུལ་གྱིས་ཨེ་མ་ཧོ། ཞེས་བརྗོད་ནས། སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་སྐྱེ་བ་མེད་པར་སངས་རྒྱས་པས་རྡོ་རྗེ་སྟེ་ཆོས་ཉིད་སྟོང་པ་ཉིད་དང་། ཆོས་ཅན་སྣང་བ་ཉིད་ཀྱི་རང་བཞིན་གྱི་ཕུང་པོ། དེའི་ཡན་ལག་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་མི་བསྐྱོད་པ་ལ་སོགས་པ་རྫོགས་པའི་སངས་རྒྱས་ལྔ་རུ་གྲགས་ཤིང་། དེ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་པོ་རྣམས་ཀྱི་བྱེ་བྲག་མང་པོ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་ཡབ་ཡུམ་སྟེ་འཁོར་གྱི་དཀྱིལ་འཁོར་དུ་ཡེ་ནས་གནས་ཤིང་། འབྱུང་བ་ལྔ་ནི་ཡུམ་ལྔའི་ངོ་བོར་སངས་རྒྱས་པ་སྟེ། ས་སངས་རྒྱས་སྤྱན་མ། ཆུ་མ་མ་ཀི། མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མ། ནམ་མཁའ་ནི་དབྱིངས་ཀྱི་དབང་ཕྱུག་མའོ། །དེ་ལྟར་ཕྱི་ནང་གི་བྱུང་བ་རྟོག་ཚོགས་ཀྱིས་བསྡུས་པའི་འདོད་གཟུགས་གཟུགས་མེད་དེ་ཁམས་གསུམ་མམ་སྲིད་གསུམ་གྱི་ངོ་བོ་མ་དག་པ་ལྟར་སྣང་བ་འདི་ཡང་གདོད་མ་ནས་སངས་རྒྱས་ཀྱི་རང་བཞིན་དུ་གནས་ཤིང་འཁོར་འདས་སྣང་སྲིད་ཀྱི་ཆོས་མ་ལུས་པ་ཐམས་ཅད་སངས་རྒྱས་ཉིད་ལས་གཞན་མ་ཡིན་ཏེ། སངས་རྒྱས་ཉིད་ལས་གཞན་དུ་མ་དག་པ་འཁོར་བའི་ཆོས་ཞེས་རང་མཚན་དུ་གྲུབ་པ་ཞིག་སངས་རྒྱས་ཉིད་ཀྱིས་བཙལ་ཡང་དོན་ལ་མེད་པས་མི་རྙེད་དོ། །ཞེས་པ་སྟེ། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། ཆོས་ཀུན་ཡེ་ནས་སངས་རྒྱས་པས། །བྱང་ཆུབ་ནམ་མཁའི་མཚན་ཉིད་དོ། །ཞེས་སོ། །དེ་ལྟར་ཡབ་ཀྱི་རྟོགས་པ་བརྗོད་པས་འཁོར་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་རྟོགས་ཏེ་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་མཐོང་བའོ། །འགའ་ཞིག་ན་རེ། སངས་རྒྱས་ཀྱིས་ཀྱང་གཟིགས་མི་
འགྱུར། །ཞེས་པ་རྙིང་མ་བ་རྣམས་ཀྱི་བླུན་ཚིག་སྟེ། སངས་རྒྱས་ཀྱིས་མ་གཟིགས་པའི་ཆོས་ཤིག་གང་ཡང་མ་མཆིས་སོ། །ཞེས་ཟེར་ཏེ། ཆོས་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་དོན་དམ་པའི་བདེན་པ་དེ་ཡོད་མེད་རྟག་ཆད་སྤྲོས་པའི་མཐའ་ཐམས་ཅད་བྲལ་བའི་ཕྱིར་གཟིགས་དང་གཟིགས་བྱར་མ་གྲུབ་པའི་དོན་གོ་བར་བྱེད་པ་ཡིན་ཏེ། རྣམ་ངེས་ལས། ཐམས་ཅད་མཁྱེན་པས་གཟིགས་པ་ལོག་པ་ནི་ཐམས་ཅད་དུ་མེད་པར་གོ་བར་བྱེད་པ་ཁོ་ན་ཡིན་ནོ། །ཞེས་དང་། ཀུན་བྱེད་ལས། ཆོས་ཀུན་མ་སྐྱེས་ཀུན་བྱེད་ཉིད་ཀྱི་ངང་། །ཡེ་ནས་སངས་རྒྱས་སྙིང་པོ་ཀུན་བྱེད་ལས། །ཡོད་མེད་མི་དམིགས་རང་བཞིན་མཉམ་པའི་ངང་། །གདོད་ནས་གཞི་རྩ་བྲལ་བའི་ཆོས་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཡུམ་གྱི་ཤེས་རབ་ཀྱི་ཆ་བཟུང་སྟེ་གླེང་བསླང་བ་ནི། ཀྱེ་མའོ། །ཕྱོགས་བཅུའི་སྟོང་ཁམས་སོགས་ཏེ། དེ་ཡང་ཆོས་ཉིད་ངོ་མཚར་བ་བསྟན་པའི་ཕྱིར། ཀྱེ་མ་ཧོ། ཞེས་བརྗོད་ནས། ཇི་ལྟར་ན་རང་སྣང་གི་ཞིང་ཁམས་འདིས་མཚོན་ནས་ཕྱོགས་བཅུའི་སྟོང་ཁམས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡེ་ནས་རང་བཞིན་གྱིས་དབེན་པ་ནི་སྣོད་ཀྱི་འཇིག་རྟེན་སྟོང་ཉིད་དུ་བསྟན་ནས། དེ་བཞིན་དུ། དེ་གནས་པའི་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱང་སྟོང་པ་ཉིད་ལས་མ་གཡོས་པ་སྟེ། སྲིད་པ་གསུམ་ནི་ཡེ་ནས་དག་པ་སངས་རྒྱས་ཀྱི་ཞིང་ཁམས་ལྷུན་སྟུག་པོ་བཀོད་པའི་རང་བཞིན་དུ་གནས་ཤིང་། ཡེ་ཤེས་ལྔའི་རྩལ་གཟུང་འཛིན་དུ་འཁྲུལ་དུས་དུག་ལྔར་སྣང་བའི་འཁོར་བའི་སྡུག་བསྔལ་བསྐྱེད་པའི་ཕྱིར་སྙིགས་མ་ལྔ་ཉིད་ཀྱང་ངོ་བོ་རང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོ་དང་ལྡན་པའི་གནས་ལས་གཞན་མ་ཡིན་ཞིང་། འགྲོ་བའི་ཕུང་པོ་ལྔ་ཉིད་རང་བཞིན་གྱི་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་ན། ཆོས་ཐམས་ཅད་ཀྱི་གནས་ལུགས་ལ་བཟང་ངན་བླང་དོར་གང་དུ་ཡང་མ་གྲུབ་པས། མཆོག་གི་སྙིང་པོ་མཉམ་པ་ཉིད་བྱང་ཆུབ་ཀྱི་རང་བཞིན་ཡིན་པས། དེ་ལས་གཞན་དུ་རྒྱལ་བས་ཆོས་མི་བཙལ་ཏེ། ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཡིན་ཞིང་། སངས་རྒྱས་ཉིད་ལས་གཞན་མ་དག་པའི་ཆོས་ལོག་པ་ཞིག་བཙལ་ཀྱང་རྒྱལ་བས་མི་རྙེད་དོ། །ཞེས་དེ་ལྟར་ཡུམ་གྱིས་བརྗོད་པས་
ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པས་དེ་འབྲས་བུ་གཞན་ནས་བཙལ་དུ་མེད་པར་རྟོགས་ཏེ༑ ལྷག་པ་དོན་དམ་པའི་བདེན་པ་མཐོང་བའོ། །དེ་ཡང་དགོངས་པ་ཐ་མི་དད་པའི་འཁོར་རྣམས་ཀྱིས་མཁྱེན་ཏོ་ཞེས་པའི་ཚིག་གིས་གསང་དབང་གི་ངེས་ཚིག་ཀྱང་གྲུབ་སྟེ། འཁོར་ཐུན་མོང་པ་རྣམས་ཀྱི་ཉི་ཟླ་གཉིས་སྲེས་ཀྱི་གསང་དབང་ཐོབ་པས་དོན་དམ་རྟོག་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་ཀྱང་། སྟོན་པའི་དགོངས་པ་དབྱེར་མེད་ཀྱི་ཡེ་ཤེས་ཆེན་པོ་ད་དུང་མ་མྱོང་བའི་ཕྱིར་ན་གསང་དབང་ཞེས་བྱའོ། །ཁ་ཅིག་ན་རེ། སྟོན་པ་ཡབ་ཡུམ་གྱིས་གསང་དབང་བསྐུར་བ་མི་འཐད་དེ་ཁྱད་པར་གྱི་དབང་རྫས་མ་ཚང་བའི་ཕྱིར། སྟོན་པ་ཡབ་ཡུམ་ཤ་ཁྲག་བརྡོས་བཅས་ཀྱི་ལུས་སུ་མེད་པས་ན། དེ་ལ་བརྟེན་པའི་ཉི་ཟླ་བྱང་ཆུབ་ཀྱི་སེམས་མེད་པའི་ཕྱིར། གྱང་མེད་ན་དེ་ལ་བརྟེན་པའི་རི་མོ་མེད་པ་བཞིན་ནོ་ཞེ་ན། སྟོན་པ་ཡབ་ཡུམ་བརྡོས་བཅས་ཀྱི་སྐུ་མ་ཡིན་ཡང་། གདུལ་བྱའི་སྣང་བ་ལ་བྱང་སེམས་དཀར་དམར་འོང་བ་མི་འགལ་ཏེ༑ ཡེ་ཤེས་སྒྱུ་མའི་རང་བཞིན་གྱི་གནས་པ་རྩ་དང་རྟེན་པ་ཐིག་ལེར་སྣང་ནས་དོན་མཛད་པའི་ཕྱིར་རོ། །གསུམ་པ་ཡབ་ཡུམ་གཉིས་མེད་ཀྱི་ཆ་བཟུང་ནས་དབང་ཕྱི་མ་གཉིས་ཀྱི་ལས་ཐུན་མོང་དུ་སྟོན་པ་སྟེ། དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོ། ཞེས་པའི་དོན། དེ་ཡང་དོན་དགོངས་པ་དང་རྟགས་ཡབ་ཡུམ་གྱི་ཉི་ཟླ་གཉིས་སུ་མེད་པའི་བདག་ཉིད་བདེ་བ་ཆེན་པོའི་རང་བཞིན་གྱི་རྨད་བྱུང་རྒྱལ་པོ་ལས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་པ་ལྟར་འཁོར་རྣམས་ལ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དོན་སེམས་ཉིད་ཡེ་ཤེས་ལྔར་བསྐྱེད་པའི་ཕྱིར་འདི་གསུངས་སོ། །སེམས་བསྐྱེད་པ་དངོས་ལ་བླ་མ་གོང་མ་རྣམས་དགོངས་པ་མི་མཐུན་པ་མང་ཡང་། ལོ་ཆེན་ཐམས་ཅད་མཁྱེན་པ་དྷརྨ་ཤྲིས། གཞི་ལམ་འབྲས་གསུམ་དུ་བསྡུས་ཏེ་སྟོན་པར་མཛད་པས་ཕྱིར་ན་འདིར་ཡང་དེ་བཞིན་དུ་འཆད་པར་བྱ་སྟེ། དེ་ལ་གཞི་རང་བཞིན་གྱི་བསྐྱེད་པ་ནི། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས་གསུམ་གྱིས་རིམ་པར། གཞི་རྣམ་ཤེས་ཡེ་ནས་ཡེ་ཤེས་ཡིན་པ་དང་། དེ་ཉམས་
སུ་ལེན་པའི་ཐབས་དང་། དེ་མཐར་ཕྱིན་པའི་འབྲས་བུ་ལ་ངམ་པའོ། །དེེ་དག་ནི་རྫོགས་པའི་སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང་བ་མཐར་ཐུག་པ་སྟེ་གཞི་འཆིང་གྲོལ་མེད་པར་ཡོན་ཏན་ལྷུན་གྱིས་གྲུབ་པ་འདི་ཕལ་གྱི་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར་རོ། །དེ་ལྟར་རང་བཞིན་གྱིས་གྲུབ་པའི་གནས་ལུགས་དེ་ལ་དོན་དམ་པར་སྐྱེ་འགག་གནས་དམིགས་འགྲོ་འོང་མཚན་མའི་ཆོས་གང་གི་ཡང་ངོ་བོར་མེད་ཀྱང་། ཀུན་རྫོབ་འཁྲུལ་བཅས་ཀྱི་སྣང་ངོར་སྐྱེ་འགག་ལ་སོགས་པ་ལྔར་སྣང་ཞིང་། དེ་ཡང་སྐྱེས་པར་སྣང་ཙམ་ཉིད་ནས་སྐྱེ་བ་ལ་སོགས་པ་གང་གི་ངོ་བོར་གྲུབ་པ་མེད་པའི་ཕྱིར་ན། བདེན་པ་དབྱེར་མེད་དེ། སྐྱེ་༡འགག་༢ གནས་༣ དམིགས་༤འགྲོ་༥ འོང་ལ་སོགས་པ་ལྔ་པོ་དེ་རིམ་པ་བཞིན་གཞི་དོན་གྱི་ཀུན་གཞི་སྟོང་པ་ཉིད་ཀྱི་ཡེ་ཤེས། སྦྱོར་བ་དོན་གྱི་ཀུན་གཞི་མེ་ལོང་ལྟ་བུ། ཉོན་ཡིད་མཉམ་ཉིད། ཡིད་སོར་རྟོག སྒོ་ལྔ་བྱ་གྲུབ་ཡེ་ཤེས་སུ་བསྐྱེད་པའོ། །བགྲོད་པ་ལམ་གྱི་སེམས་བསྐྱེད་ལ་གྲོལ་ལམ་དང་། ཐབས་ལམ་གཉིས་ཀྱི་དང་པོ་ནི། ཨེ་མ་ཧོ། གསུམ་ནི་བདེན་པ་གསུམ་ལ་ངམ་པ། ཟུང་འཇུག་སྤྲོས་པ་དང་བྲལ་བའི་ཆོས་ཉིད་སངས་རྒྱས་ཀྱི་དགོངས་པ་དེ་རྟོགས་དཀའ་བའི་ཕྱིར་གསང་བ། དེ་སེམས་ལྔ་དང་སྦྱར་བ་ཡེ་ཤེས་ལྔ་དང་སྦྱར་བ་གཉིས་ཀྱི་སེམས་ལྔ་དང་སྦྱར་ན། སྐྱེ་བ་མེད་པ་ལ་སོགས་པ་བདེན་པ་དབྱེར་མེད་དུ་ལ་ཟླ་བ་ལྔ་པོ་དེ་རིམ་པ་བཞིན་སྐྱེ་བ་སོགས་བདེན་པ་དབྱེར་མེད་ཀྱི་དོན་ལ་སེམས་དང་པོར་འགོ་ལྡང་བ་གཡོ་ལྡང་བྱང་ཆུབ་ཀྱི་སེམས། འགག་པ་སོགས་དབྱེར་མེད་གྱི་དོན་ལ་འཇུག་པ་བྱང་སེམས། གནས་པ་དབྱེར་མེད་གྱི་དོན་ལ་གནས་པ་གནས་པ་བྱང་ཆུབ་ཀྱི་སེམས། དམིགས་པ་སོགས་དོན་དེ་ཁོང་དུ་ཆུད་པར་འདོད་པ་སྨོན་པ་བྱང་སེམས། འགྲོ་འོང་སོགས་དབྱེར་མེད་ཀྱི་དོན་མཐར་ཕྱིན་པ་མཐར་ཕྱིན་བྱང་ཆུབ་ཀྱི་སེམས་ལྔ་རིམ་ཅིག་ཅར་དུ་སྐྱེ་བའོ། །འདིར་གནས་པའི་རྗེས་སུ་སྨོན་པ་ནི་དཀྱུས་ཀྱི་གོ་རིམ་ཡིན་ལ། འབྲུ་འགྲེལ་དུ། གཡོ་བའི་རྗེས་སུ་སྨོན་པ་གསུངས་པ་ནི་བསྐྱེད་རིམ་ཀྱི་དབང་དུ་ཡིན་ནོ། །ཡེ་ཤེས་ལྔ་དང་སྦྱར་བ་ནི། སྐྱེ་བ་མེད་པ་སོགས་དོན་དམ། ཐམས་ཅད་སྐྱེས་པ་སོགས་ཀུན་རྫོབ། གཉིས་སུ་མེད་པར་རྟོགས་པ་ནི་
ཆོས་དབྱིངས་ཡེ་ཤེས། དེ་བཞིན། འགག་པ་མེད་པ་དོན་དམ། ཐམས་ཅད་འགག་པ་ཀུན་རྫོབ། གཉིས་སུ་མེད་པ་མེ་ལོང་། གནས་པ་མེད་པ་དོན་དམ། ཐམས་ཅད་གནས་པ་ཀུན་རྫོབ། གཉིས་སུ་མེད་པ་མཉམ་ཉིད། དམིགས་པ་མེད་པ་དོན་དམ། ཐམས་ཅད་དམིགས་པ་ཀུན་རྫོབ། གཉིས་སུ་མེད་པ་སོར་རྟོག འགྲོ་འོང་མེད་པ་དོན་དམ། ཐམས་ཅད་འགྲོ་དང་འོང་བ་ཀུན་རྫོབ། གཉིས་སུ་མེད་པ་བྱ་བ་གྲུབ་པའི་ཡེ་ཤེས་སུ་བསྐྱེད་པའོ། །གཉིས་པ་ཐབས་ལམ་འོག་སྒོ་ལྟར་བཤད་ན། ཨེ་མ་ཧོ་སོགས། འདོད་ཆགས་ཆེན་པོའི་སྤྱོད་པས་མི་འཆིང་བ་དང་། མྱུར་དུ་འབྲས་བུ་ལ་སྦྱོར་བ། ཐབས་དེས་གཞན་ལས་འཕགས་པ་བཀའ་གསང་རྨད་དུ་བྱུང་བའི་འདིའི་ཁྱད་ཆོས་ཡིན་པས་དེ་ལ་ངམ་པ་དང་། བླ་ན་མེད་པའི་འབྲས་བུ་མངོན་དུ་བྱེད་པའི་མྱུར་ལམ་རྨད་དུ་བྱུང་བ་རྒྱལ་བའི་དགོངས་པ་མཐར་ཐུག་ཐབས་ཀྱི་ལམ་འདི་ནི་ཁེ་ཉེན་དང་བཅས་པའི་ཕྱིར་གསང་བ་དམ་པའོ། །དེ་ཡང་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ཉི་ཟླ་བྱང་ཆུབ་ཀྱི་སེམས་སྐྱེ་འགག་གནས་དམིགས་འགྲོ་འོང་མེད་པ་ལས། ཡབ་ཡུམ་གཉིས་སུ་མེད་པར་རོལ་པའི་སྦྱོར་བས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ལམ་ཉམས་སུ་བླངས་པའི་ཚེ་ན་སྐྱེ་འགག་གནས་དམིགས་འགྲོ་འོང་ལྟར་སྣང་བ་བཞི་རིམ་པ་བཞིན། གཡོ་ལྡང་། འཇིག་འཇུག གནས་པ། སྨོན་པ་བྱང་སེམས་ཏེ་དབང་གཉིས་ཀྱི་སྔོན་འགྲོ་ཐུན་མོང་བྱང་ཆུབ་ཀྱི་སེམས་བཞི་དང་། འགྲོ་འོང་ནི་དངོས་གཞི་སྟེ། ཉི་ཟླ་བྱང་ཆུབ་ཀྱི་སེམས་ཡབ་ཀྱི་རྡོ་རྗེ་དང་ཡུམ་གྱི་པདྨའི་རྩེར་དགའ་བ་བཅུ་དྲུག་ལུགས་འབྱུང་གི་འགྲོ་བས་འཕྲད་ཙམ་ན་ཐབས་ཀྱིས་བཟུང་སྟེ་མ་ཤོར་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ཅིང་དོན་དམ་འོད་གསལ་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་པའོ། །ཉི་ཟླ་བྱང་ཆུབ་ཀྱི་སེམས་དེ་ཉིད་སླར་ཐབས་ཀྱིས་ལྡོག་སྟེ་ཡར་གྱེན་དུ་འོང་བས་མས་བསྟན་གྱི་དགའ་བ་བཅུ་དྲུག་གི་མཐར་དཀར་དམར་གྱི་ཆ་སྟེང་འོག་ཏུ་ཐིམ་པའི་སྐད་ཅིག་གཉིས་པར་རླུང་ཡང་འགག་པས་དེ་གསུམ་གྱི་འགྱུར་བ་མྱོང་བའི་ཤེས་རིག་ཀྱང་རྒྱུན་ཆད་དེ་བདེ་བ་ཆེན་པོའི་དབང་ཐོབ་ཅིང་། ཁྱད་པར་གྱི་ས་ལམ་རྫོགས་ནས། ལྷག་པ་བདེན་པ་དབྱེར་མེད་ཀྱི་
ཡེ་ཤེས་མི་འགྱུར་བའི་བདེ་བ་ཆེན་པོ་མངོན་དུ་བྱས་པ་ནི་མཐར་ཕྱིན་བྱང་ཆུབ་ཀྱི་སེམས། དེ་ལྟར་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་སྐྱེ་འགག་གནས་དམིགས་འགྲོ་འོང་དུ་སྣང་བདོ་བའི་དུས་ནས་རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་བདེན་པ་དབྱེར་མེད་དུ་ལ་ཟླ་བའོ། །གསུམ་པ་མཐར་ཕྱིན་འབྲས་བུའི་སེམས་བསྐྱེད་ནི། དེ་ལྟར་རྫོགས་པས་ལྷན་ཅིག་པའི་འཁོར་རྣམས་ཀྱི་ཤེས་བྱའི་སྒྲིབ་པ་ཕྲ་མོ་དག་ནས་རང་བཞིན་གསང་བའི་སྙིང་པོའི་དོན་ཁོང་དུ་ཆུད་ནས་གཉིས་མེད་ཀྱི་ཡེ་ཤེས་ཤར་བས་རང་དོན་དུ་སྐུ་ལྔའི་བདག་ཉིད་དུ་སངས་རྒྱས་པ་ནི་མཐར་ཕྱིན་འབྲས་བུ་སྟེ། གང་ཞེ་ན། ཨེ་མ་ཧོ་སོགས། སྐུ་ལྔ་སྙོམས་པར་ཞུགས་ཅིང་། གླེང་བསླང་བ་དང་། དབང་བསྐུར་ཞིང་རྒྱུད་བཤད་པ། སྒྲིབ་པ་དག་ནས་སངས་རྒྱས་པ་རྣམས་ལ་ངམ་ལྷན་ཅིག་པའི་འཁོར་རྣམས་སྐུ་ལྔའི་ངོ་བོར་སངས་རྒྱས་པ་དེའི་ཚེ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པ་དེ་གོ་ཕྱེ་བའི་འཁོར་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར་གསང་བ། དེའང་སྐྱེས་མ་སྐྱེས་དབྱེར་མེད་ཆོས་སྐུ། འགག་མི་འགག་གཉིས་མེད་མངོན་བྱང་གི་སྐུ། གནས་མི་གནས་གཉིས་མེད་ལོངས་སྐུ། དམིགས་མི་དམིགས་གཉིས་མེད་རྡོ་རྗེའི་སྐུ། འགྲོ་འོང་དེར་སྣང་གཉིས་མེད་སྤྲུལ་སྐུ་སྟེ་སེམས་བསྐྱེད་པ་ལྔའོ། །ཞེས་བརྗོད་པས་དབང་ཐོབ་པའི་ཡོན་ཏན་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པ་མཉེས་པའོ། །དེ་ལྟར་ཡང་ཁོག་གཞུང་ལས། འགྲོ་བ་ཆགས་ཅན་སྤོང་མེད་ལ། །ལོངས་སྤྱོད་རྫོགས་སྐུ་བཙུན་མོ་དང་། །གཉིས་མེད་རོལ་སོགས་བསྟན་པ་སྟེ། །མཐུན་པས་མཐུན་པ་སྒྲོལ་ཕྱིར་རོ༑ ༑འདིར་ཁ་ཅིག་ན་རེ། ཐུན་མོང་མ་ཡིན་པའི་དབང་གསུམ་པོ་འདི་གླེང་བསླང་ཡིན་ནམ་རྒྱུད་དོན་ཡིན། དང་པོ་ལྟར། ལྷན་ཅིག་པའི་འཁོར་གྱི་དབང་ཐོབ་པའི་ཚེ་རྒྱུད་གོ་བར་མི་འགྱུར་ཏེ། རྒྱུད་དོན་མིན་པའི་ཕྱིར། གཉིས་པ་ལྟར་ན། སེམས་ལྔས་གླེང་བསླང་བའི་ལས་ཀྱི། ཞེས་པ་དང་འགལ་ལོ། །ཞེ་ན། ལྟོས་ས་གཉིས་ལ་ལྟོས་ནས་གླེང་བསླང་དང་རྒྱུད་དོན་གཉིས་ཀ་ཡིན་ཏེ། ལྷན་ཅིག་པའི་འཁོར་ལ་ལྟོས་ཏེ། དབང་བསྐུར་བའི་སྒོ་ནས་རྒྱུད་དོན་འཁོར་ལ་སྣང་བར་མཛད་པའི་ཕྱིར་རྒྱུད་དོན་རྟོགས་པའི་ལྡོག་ཆ་ནས་བསྟན་པ་
དང་། གསང་དབང་བསྐུར་བའི་སྣོད་རུང་དུ་བྱས་ནས། དབང་ཕྱི་མ་གཉིས་ཀྱིས་སྨིན་པ་གྲོལ་བའི་སྐལ་བ་ཅན་དུ་བྱས་ཏེ་རང་བཞིན་གསང་བའི་སྙིང་པོའི་དོན་རྟོགས་པའི་རྐྱེན་དུ་གྱུར་པའི་ཕྱིར་གླེང་བསླང་དུའང་འགྱུར་ལ། ཡང་ན་གསང་དབང་རྐྱེན་དང་། དབང་ཕྱི་མ་གཉིས་རྒྱུད་ཀྱི་དོན་དུ་འགྱུར་བའི་ཕྱིར་ཉེས་པ་དང་པོ་མེད་དོ། །གོ་ཕྱེ་བའི་འཁོར་ལ་ལྟོས་ཏེ༑ དབང་བསྐུར་བས་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་ནས། གཞན་དོན་དུ་རྒྱུད་ཞུ་བའི་སྤོབས་པ་སྐྱེས་ཏེ་བསྟན་པ་འབྱུང་བའི་རྐྱེན་དུ་གྱུར་པས་ན་དབང་གསུམ་ཀ་གླེང་བསླང་དུ་འགྱུར་བའི་ཉེས་པ་གཉིས་པ་མེད་དོ། །དེས་ན་གླེང་བསླང་བ། དབང་ཐོབ་པ། རྒྱུད་གོ་བ་གསུམ་ངོ་བོ་གཅིག་པའི་ཕྱིར། སྔོན་བྱུང་ལྷན་ཅིག་པའི་འཁོར་ལ་གླེང་བསླང་བ་དེའི་ཚེ་ན་རྒྱུད་ཚར་གཅིག་རྫོགས་པ་ཡིན་ནོ། །གཉིས་པ་ཐུན་མོང་གི་གླེང་བསླང་ལ་གོ་དོན་དང་གཏན་ལ་དབབ་པ་གཉིས་ཀྱི་དང་པོ་ནི། ལྷན་ཅིག་པའི་འཁོར་རྣམས་རང་དོན་དུ་རྒྱུད་ཞུ་མི་དགོས་ཀྱང་གོ་ཕྱེ་བའི་འཁོར་གསང་བཞིས་ཆོད་པ་རྣམས་ཀྱི་ཆེད་དུ་རྒྱུད་བཤད་པར་ཞུས་པས། སྟོན་པས་ཐུགས་རྗེ་སྐྱེས་ཏེ་དགྱེས་ཚུལ་དྲུག་གི་སྒོ་ནས་རྒྱུད་གསུངས་ཤིང་། འདི་ཉིད་རྟོགས་པའི་སྐལ་བ་དང་མི་ལྡན་པ་རྣམས་ལ་རེ་ཞིག་ལམ་སྟེགས་ཀྱི་ཐེག་པ་གཞན་སྟོན་པའི་ཕྱིར་སྤྲུལ་པ་ཐུབ་པ་དྲུག་སྤྲོས་ཏེ་ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་སྤྲོ་བར་ཞལ་གྱིས་བཞེས་པའོ། །གཏན་ལ་དབབ་པ་ནི་འཁོར་གྱིས་ཞུས་པ་དང་། སྟོན་པས་གནང་བ་གཉིས་ཀྱི་དང་པོ་ནི། ཡེ་ནས་གསང་བ། རང་བཞིན་གསང་བ། རབ་ཏུ་གསང་བ། ཤིན་ཏུ་གསང་བ་སྟེ་གསང་བ་བཞིས་ཆོད་པའི་གདུལ་བྱའི་ཆེད་དུ་རྒྱུད་གསུངས་བར་ཞུས་པ་སྟེ། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་བཅས་པས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་ཧོ། ཡེ་ནས་གསང་བའི་ཆོས་སོགས་སོ། །གཉིས་པ་ནི། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཕྱིར་དབྱེར་མེད་ནའང་། དེ་མ་རྟོགས་པ་ལ་ཐུགས་རྗེ་བསྐྱེད་དེ། ལྷུན་གྱིས་གྲུབ་པའི་ཆོས་བསྟན་པར་དགྱེས་ནས་འདི་བརྗོད་དོ། །གང་ཞེ་ན། ཨེ་མའོ་བདེ་གཤེགས་སྙིང་པོ་ལ། །ཞེས་སོགས་ཏེ། སེམས་
ཅན་ཐམས་ཅད་གཞི་གདོད་ནས་དག་པའི་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡིན་པ་ལ། མ་རྟོགས་པའི་དབང་གིས་བཅིངས་གྲོལ་ལྟར་སྣང་ཡང་། གཤིས་ལ་བཅིངས་གྲོལ་གཉིས་ཀ་མ་གྲུབ་སྟེ། སངས་རྒྱས་མཉམ་སྦྱོར་ལས། བཅིང་བྱ་འཆིང་བྱེད་འཆིང་པ་པོ། །བདག་འཛིན་སེམས་ཅན་སྡུག་བསྔལ་དངོས། །ཐམས་ཅད་སེམས་ཀྱི་ངོ་བོའི་ཕྱིར། །བདག་འཛིན་ཞེས་བྱའི་མིང་ཡང་མེད། །དེས་ན་གཉིས་པོ་མེད་པ་ལ། །གྲོལ་བ་པོའང་ཡོད་མ་ཡིན། །ཞེས་སོ། །དེ་ལྟར་འཆིང་གྲོལ་མེད་པའི་དོན་བསྟན་པའི་ཕྱིར། ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་པས་ཞལ་འཛུམ་པ་དང་། སྨིན་མ་གཡོ་བ་དང་། སྤྱན་འགྱུར་བ་དང་། སྐུ་གཟེངས་བསྟོད་པ་དང་། ཕྱག་སྐྱོང་བ་དང་། འོད་དང་རྫུ་འཕྲུལ་འགྱེད་པ་ལ་སོགས་པ་དགྱེས་པའི་ཚུལ་དྲུག་གིས་སྒོ་ནས་གདུལ་བྱ་ཁྱད་པར་ཅན་གྱི་ཆེད་དུ་རྒྱུད་བསྟན་པ་ནི་ཐུན་མོང་གི་གླེང་བསླང་བའོ། །དེས་གཉིས་པ་རྐྱེན་གླེང་བསླང་བ་བཤད་པ་སོང་ནས། གསུམ་པ་འབྲས་བུ་ཡོངས་ཤེས་རྒྱུད་དོན་བཤད་པ་ལ། ༼འདི་ནས་ས་བཅད། རྒྱུད་གསུམ་གྱི་རྣམ་གཞག་སྤྱིར་བསྟན་པ། ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ། ཞེས་པ་ཆད་དམ་སྙམ།༽སྤྱིར་རྒྱུད་ཅེས་པའི་དོན་ནི། རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་པས། སེམས་ཀྱི་རང་བཞིན་རྣམ་པར་དག་པ་དེ་ཉིད་གནས་སྐབས་ཐམས་ཅད་དུ་རྒྱུན་ཆགས་སུ་གནས་ཤིང་། དེ་ཉིད་ཐབས་ཀྱིས་ཟིན་མ་ཟིན་ལ་བ རྟེན་ནས་གཞི་ལམ་འབྲས་གསུམ་དུ་སྣང་བའི་དོན་ཡིན་ལ། དེ་ལ་དབྱེ་ན། གང་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད། གང་གིས་རྟོགས་པར་བྱེད་པ་ཐབས་སམ་ལམ་གྱི་རྒྱུད། གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་དང་གསུམ་ལས། དང་པོ་ནི། བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་གསུངས་པ་ལྟར་གཞི་འཆིང་གྲོལ་མེད་པའི་གནས་ལུགས་རང་རིག་པ་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཡེ་ནས་གནས་པ་གང་ཡིན་པ་དེ་ཞེས་
པས། སེམས་དང་སེམས་ཀྱི་ཟླས་ཕྱེ་བའི་སེམས་ཉིད་རང་བཞིན་གྱི་འོད་གསལ་བ་ཞིང་དང་སྐུ་དང་ཡེ་ཤེས་དང་འབྲས་བུའི་ཆོས་མཐུན་གྱི་ཁྱད་པར་ཅན། རང་བཞིན་བདེ་ཆེན། རྒྱུན་ཆད་མེད་པ། ཆོས་ཉིད་ཀྱི་ཐོབ་པ་གཞི་རྒྱུད་སེམས་ཀྱི་ཆོས་ཉིད་མི་འགྱུར་བའི་བདེ་བ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་དབྱེར་མི་ཕྱེད་པའི་རང་བཞིན་ཅན། ཡེ་ནས་སྐུ་གསུམ་འདུ་འབྲལ་མེད་པའི་དཀྱིལ་འཁོར་ཆེན་པོར་ལྷུན་གྲུབ་ཏུ་བཞུགས་པ་གང་ཡིན་པ་དེ་ཉིད་དེ་སྒྱུ་འཕྲུལ་དྲྭ་བ་ལས། རང་བྱུང་ཡེ་ཤེས་བྱང་ཆུབ་སེམས། །བྱང་ཆུབ་སྙིང་པོ་འདུས་མ་བྱས། །ཀུན་རྫོབ་ཡོན་ཏན་འབར་བས་བརྒྱན། །ལྷུན་འགྲུབ་དཀྱིལ་འཁོར་བླ་མེད་པའོ། །ཞེས་སོ། །དེ་ལྟ་བུའི་གཞི་རང་རིག་པ་བྱང་ཆུབ་ཀྱི་སེམས་དེ་ཉིད་འཁོར་བའི་གནས་སྐབས་སུ་བཅིང་པ་དང་མྱ་ངན་ལས་འདས་པའི་སྐབས་སུ་གྲོལ་བ་ལྟར་སྣང་ཡང་ངོ་བོ་འདུས་མ་བྱས་པའི་གནད་ཀྱིས་འཆིང་གྲོལ་གྱི་ཐ་སྙད་ལས་འདས་ཤིང་། དེ་ཉིད་ཀྱི་ངོ་བོ་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་ནི་ལྷག་པ་དོན་དམ་པའི་བདེན་པ་སྟེ་དེ་ཡང་ལམ་རིམ་ལས། དེ་ཡང་རྣམ་གསུམ་གནས་ཚུལ་བཞག །ཅེས་པས་དབྱིངས་དང་ཡེ་ཤེས་དོན་དམ་པའི་བདེན་པ་དང་གསུམ་ལས། དང་པོ་ནི། རང་རིག་པ་བྱང་ཆུབ་ཀྱི་སེམས་དེའི་ངོ་བོ་འཁོར་འདས་གང་དུའང་མ་ཆད་པའི་སྤྲོས་པ་དང་བྲལ་བའི་སྟོང་ཉིད་མེ་ལོང་ནག་ལིང་ངེ་བ་ལྟ་བུ་དེ་ནི་དབྱིངས་དོན་དམ་བདེན་པའམ་ཆོས་ཀྱི་སྐུ། རང་བཞིན་ནི་སྟོང་ཉིད་དེའི་རང་གདངས་རྣམ་པ་ཐམས་ཅད་པར་གསལ་བ་མེ་ལོང་གི་དྭངས་ཆ་ལྟ་བུ་དེ་ནི་ཡེ་ཤེས་དོན་དམ་མམ་ལོངས་སྐུ། ཐུགས་རྗེ་རིག་པ་ཡེ་ཤེས་ཀྱི་མཁྱེན་ཆ་རྟེན་འབྲེལ་གྱི་རང་རྩལ་མ་འགག་པ་ལས་རྣམ་པར་འབྱེད་པའི་ཡེ་ཤེས་ཀྱི་འཆར་གཞི་བྱེད་པ། མེ་ལོང་དེ་ཕྱི་རོལ་གྱི་གཟུགས་དང་འཕྲད་པ་ལས་དེའི་གཟུགས་བརྙན་འཆར་རུང་གི་ནུས་པ་ལྟ་བུ་ནི་འབྲས་བུ་དོན་དམ་མམ་སྤྲུལ་པའི་སྐུའོ། །དེ་ཡང་ལམ་རིམ་ལས། བདུན་དང་གསུམ་ཕྱིར་དོན་དམ་པ༑ ༑ཞེས་པས། འབྲས་བུའི་དོན་དམ་དེ་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔར་ཕྱེ་བས་བདུན་དེ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་ནི་ལྷག་པ་དོན་དམ་པའི་བདེན་
པ༑ སེམས་ཉིད་དོན་དམ་བདེན་པའི་རྩལ་སྣང་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་ཤར་བ་ནི་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་དང་དེ་གཉིས་ཀྱང་ངོ་བོ་དབྱེར་མི་ཕྱེད་པ་སྟེ་དོན་དམ་སྤངས་པའི་ཕ་རོལ་ན་ཀུན་རྫོབ་མེད་ལ། ཀུན་རྫོབ་ལས་གཞན་དུ་དོན་དམ་པ་མ་གྲུབ་པ་སྟེ་དཔེར་ན་མར་མེ་དང་མར་མེའི་འོད་བཞིན་དུ་ཟུང་འཇུག་ཏུ་རོ་གཅིག་པ་ནི་བདེན་པ་དབྱེར་མེད། དེ་ཡང་བློས་བསམ་བྱ་དང་། ངག་གི་བརྗོད་པའི་ཡུལ་ལས་འདས་པའི་དོན་གྱི་བློའི་སྤྱོད་ཡུལ་དང་བྲལ་བ་སྟེ་སྒྲ་ཅན་འཛིན་བཟང་པོས་ཡུམ་ལ་བསྟོད་པར། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་གསུངས་པ་ལྟར་རོ། །ཡེ་ནས་གནས་པ་ཞེས་པ་ནི། བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བ་དེ་ཉིད། བཅོས་མ་གློ་བུར་བའི་ཆོས་མ་ཡིན་པར་སེམས་ཉིད་དེ་གའི་གནས་ལུགས་སམ་ཡིན་ལུགས་སུ་གདོད་མ་ནས་ཡོད་པའི་དོན་ཡིན་ལ༑ དེ་ལ་ཡང་ཆོས་སྤྱི་སྐད་དང་སྟུན་ན་བདེ་གཤེགས་སྙིང་པོའམ། ཀུན་གཞིའི་ཡེ་ཤེས་ཞེས་བརྗོད་དེ། སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་འགྱུར་བ་མེད་པ་ནི་རྒྱལ་བ་རྣམས་ཀྱི་རང་བཞིན་ནམ་གཤིས་ཚུལ་ཡིན་པས་ན་རྒྱལ་བའི་སྙིང་པོའམ་བདེ་གཤེགས་སྙིང་པོ། དེ་ཉིད་གདོད་མ་ནས་རང་གི་ངོ་༼བོ་༽དྲི་མས་གོས་མ་མྱོང་ཡང་སྒྲིབ་གཉིས་མ་གྲོལ་བར་དུ་སངས་རྒྱས་སུ་མི་འགྱུར་བས་རང་བཞིན་གནས་རིགས་སམ་དྲི་བཅས་དེ་བཞིན་ཉིད་ཅེས་ཁམས་ཀྱི་མིང་དང་། དྲི་མ་དང་འབྲེལ་ཡང་དྲི་མ་དེ་མེད་སྣང་གློ་བུར་གྱི་ཆ་ཡིན་པས་ངོ་བོ་ལ་གོས་མ་མྱོང་བ་ནི་རང་བཞིན་རྣམ་དག་སྟེ་བྱང་ཆུབ་ཀྱི་དོན་དང་། གདོད་མ་ནས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་གཞི་ལ་ལྷུན་གྲུབ་ཏུ་བཞུགས་ཀྱང་དཀར་པོའི་ཆོས་ཀྱིས་སད་པར་མ་བྱས་བར་དུ་ནུས་པ་འབྱིན་མི་ནུས་པ་ཡོན་ཏན་དང་། སེམས་ཅན་ཐམས་ཅད་ལ་རིས་མེད་ཀུན་ཁྱབ་ཀྱི་མགོན་དང་བཅུད་དུ་བཞུགས་པས་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་སེལ་ཞིང་བདེ་བ་བསྐྱེད་པའི་འཕྲིན་ལས་ལྷུན་གྱིས་གྲུབ་ཀྱང་བྱ་བྱེད་ཀྱི་རྟོག་པ་མེད་པ་འཕྲིན་ལས་ཀྱི་དོན་ཏེ། དེ་དག་ནི་རྟོག་གེའི་བློའི་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་པའི་གནས་གཞི་ཞེས་བྱ་སྟེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་
དང་། །སངས་རྒྱས་ཆོས་དང་སངས་རྒྱས་འཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཞེས་གསུངས་ཤིང་། ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན། སྒེག་པ་རྡོ་རྗེས། ཐུགས་ཐིག་ལས། རང་བཞིན་བདེ་གཤེགས་གདུལ་བྱ་ཡི། །སྣང་བ་གསུམ་གྱི་ངོ་བོ་ལ། །རྒྱུད་ཀྱི་དབྱེ་བ་རྣམ་པར་བཞག །ཅེས་པས་ཆོས་ཉིད་དེ་རིས་མེད་ཀུན་ཁྱབ་ཡིན་པས་རང་ངོས་དབྱེ་བ་བྱར་མེད་ཀྱང་། དེ་རྒྱུད་ལྡན་རྟེན་གྱི་གང་ཟག་ལ་ལྟོས་ནས་མིང་གི་ཐ་སྙད་གསུམ་བྱུང་སྟེ། རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས། དེ་ཡང་སྤྱིར་མདོ་རྒྱུད་བསྟན་བཅོས་རྣམས་སུ་རིགས་ཞེས་གྲགས་པ་ལ། གྲུབ་མཐའི་དབང་གི་འདོད་ཚུལ་མི་འདྲ་བ་དུ་མ་སྣང་སྟེ། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་ནི། སྲིད་པ་དང་སྲིད་པའི་ཡོ་བྱད་ལ་མ་ཆགས་པའི་སེམས་བྱུང་ཆོག་ཤེས་པ་འཕགས་པའི་རིགས། མདོ་སྡེ་པས། སེམས་ཀྱི་ས་བོན་ཟག་མེད་ཀྱི་ཡེ་ཤེས་འབྱུང་རུང་གི་ནུས་པ་ལ། སེམས་ཙམ་པས། ཐོག་མ་མེད་པ་ནས་སེམས་རྒྱུད་ལ་གནས་པའི་ཟག་མེད་ཀྱི་ཆོས་སྐྱེད་པར་བྱེད་པའི་ནུས་པ་ཆོས་ཉིད་ཀྱི་ཐོབ་པ་ལ་འདོད་དེ༑ དེ་ཐམས་ཅད་བདེ་གཤེགས་སྙིང་པོ་འདུས་བྱས་སུ་སྨྲ་བའི་ལུགས་སོ། །དབུ་མ་པ་ནི། དྲི་བཅས་དེ་བཞིན་ཉིད་ལ་ཕལ་ཆེར་འདོད་པ་མཐུན་ཡང་། ངོས་འཛིན་ལུགས་མི་འདྲ་བ་མང་དུ་སྣང་མོད་ཀྱི། འདིར་ཐེག་ཆེན་ཐུན་མོང་གི་ལུགས་ལྟར་ན། རིགས་ཀྱི་རང་བཞིན། དེས་ཀུན་ལ་ཁྱབ་ཚུལ། དེའི་འཐད་པའོ། །དང་པོ་ནི། རྒྱུད་བླ་མ་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །ག ཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པས། དབྱིངས་དེའི་ངོ་བོ་རང་བཞིན་གྱིས་འོད་གསལ་བས་འདོར་བྱའི་དྲི་མ་མེད་ལ། ཡོན་ཏན་ཡེ་ནས་ལྷུན་གྲུབ་པའི་ཕྱིར་སྔར་མེད་ཀྱི་ཡོན་ཏན་བ སྒྲུབ་ཏུ་མེད་དེ་དེའི་ཕྱིར་དབྱིངས་ཀྱི་ངོ་བོ་ལ་སྐྱོན་གྱི་དངོས་པོ་རྣམ་པར་དབྱེ་བ་དང་བཅས་པས་སྟོང་ལ། ཡེ་ནས་རང་ཆས་སུ་ཡོད་པའི་ཡོན་ཏན་གྱིས་མི་སྟོང་རྒྱུད་བླ་མ་ལས། རྣམ་དབྱེ་
བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གིས། །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་སོ། །དེས་ཀུན་ལ་ཁྱབ་ཚུལ་ནི། དཔལ་ཕྲེང་གིས་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་དང་། རྒྱུད་བླ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་བདེ་གཤེགས་སྙིང་པོ་ཅན། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། དག་པ་དྭངས་པ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་དང་། སངས་རྒྱས་ཕལ་པོ་ཆེའི་མདོ་ལས་བྱུང་བ་དག་བསྡུས་ཏེ་རྒྱུད་བླ་མའི་འགྲེལ་པ་ལས། དེ་ལ་སངས་རྒྱས་ཀྱི་ཡོན་ཏན། གཅིག་ཏུ་ཀུན་ནས་ཉོན་མོངས་པ་སོ་སོ་སྐྱེ་བོའི་ས་ལ་ཡང་རྣམ་དབྱེར་མེད་པའི་ཆོས་ཉིད་སྔ་ཕྱི་ཁྱད་པར་མེད་པ་ཡོད་པའི་ཕྱིར་གནས་པ་འདི་བསམ་གྱིས་མི་ཁྱབ་སྟེ༑ གང་གི་གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་དག་ནི་སེམས་ཅན་གྱི་རིགས་ན་འགའ་ཡང་མེད་དོ། །འོན་ཀྱང་འདུ་ཤེས་ཀྱི་འཛིན་པས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་མངོན་ནོ། །འདུ་ཤེས་ཀྱི་འཛིན་པ་དང་བྲལ་བ་ལས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས། རང་བྱུང་གི་ཡེ་ཤེས་ཐོགས་པ་མེད་རབ་ཏུ་འབྱུང་ངོ་། །ཀྱེ། རྒྱལ་བའི་སྲས་དག་དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་མོའི་འཇིག་རྟེན་གྱི་ཚད་དང་མཉམ་པའི་དར་ཡུག་ཆེན་པོ་གཅིག་ཡོད་པར་གྱུར་ལ། ཞེས་སོགས་སྟོང་གསུམ་དར་ཡུག་གི་དཔེ་བཀོད་ནས། ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང་སེམས་ཅན་གྱི་རྒྱུད་ལ་མ་ཚང་བ་མེད་པར་རྗེས་སུ་ཞུགས་ཏེ། སེམས་ཅན་གྱི་སེམས་ཀྱི་རྒྱུད་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ཚད་མེད་དོ། །ཞེས་དང་། ཉོན་མོངས་སྦུབས་ནང་གནས་པ་དེ། །དཔེ་དག་གིས་ནི་ཤེས་པར་བྱ། །ཞེས་གསུངས་པ་ཉིད། རྒྱུད་བླ་མ་ལས། སངས་རྒྱས་པད་ངན་སྦྲང་མ་སྦྲང་རྩི་དང་། །སྦུན་ལ་སྙིང་པོ་མི་གཙང་ནང་ན་
གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་བུ་དང་། །གོས་རུལ་ནང་ན་རྒྱལ་བའི་སྐུ་དང་ནི༑ ༑བུད་མེད་ངན་མའི་ལྟོ་ན་མི་བདག་དང་། །ས་ནང་རིན་ཆེན་གཟུགས་ཡོད་ཇི་ལྟ་བ། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་སྙིང་པོ་ལ་སྒྲིབ་པའི་རང་བཞིན་དགུའི་དབང་གི་དཔེ་དགུར་སྨོས་པ་རྣམས། སྤྱིར་སེམས་ཅན་གྱི་ཁམས་ལ་ཡོད་པའི་དཔེར་བཤད་ལ། ཁྱད་པར་ལམ་དུ་མ་ཞུགས་པའི་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་དྲི་མ་འཁོར་བ་འབའ་ཞིག་གི་རྒྱུར་གནས་པའི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས། འདོད་ཆགས། ཞེ་སྡང་། གཏི་མུག་དེ་གསུམ་ཆ་མཉམ་པ་དྲག་པོ་ཀུན་ནས་ལྡང་བའི་མཚན་ཉིད་རྣམ་པ་བཞི་ནི། པདྨ། སྦྲང་མ། སྦུན་པ། འདམ་རྫབ་བཞིས་བསྟན་ལ། ཉན་ཐོས་དང་རང་སངས་རྒྱས་གཉིས་ཀྱི་དགྲ་བཅོམ་པའི་རྒྱུད་ལ་ཡོད་པའི་མ་རིག་པའི་བག་ཆགས་ཀྱི་སྙིང་པོ་སྒྲིབ་པའི་རང་བཞིན་ནི་ས་འོག་གི་དབུལ་པོའི་གཏེར་གྱི་དཔེ་གཅིག་དང་། སློབ་པ་སོ་སོའི་སྐྱེ་བོའི་རྒྱུད་ལ་ཡོད་པའི་ཐེག་ཆེན་མཐོང་སྤང་གི་དྲི་མ་དང་། འཕགས་པའི་རྒྱུད་ཀྱི་སྒོམ་སྤང་གི་དྲི་མ་གཉིས་ནི། ཤུན་ལྤགས་དང་གོས་རུལ་གྱི་དཔེ་གཉིས་ཀྱིས་བསྟན། སར་གནས་ཀྱི་ས་བཅུ་པའི་དྲི་མའང་མ་དག་ས་བདུན་མན་ཆད་ལ་བ རྟེན་པའི་དྲི་མ་དང་དག་པ་ས་གསུམ་ལ་བརྟེན་པའི་དྲི་མ་ནི། མངལ་དང་། འདམ་གསེར་གྱི་དཔེ་གཉིས་ཀྱིས་བསྟན་པ་ཡིན་ལ། དེ་ཡང་རྒྱུད་བླ་མ་ལས། འདི་ཡི་རང་བཞིན་ཆོས་སྐུ་དང་། །དེ་བཞིན་ཉིད་དང་རིགས་ཀྱང་དེ། །དཔེ་ནི་གསུམ་དང་གཅིག་དང་ནི༑ ༑ལྔ་རྣམས་ཀྱིས་ནི་ཤེས་པར་བྱ། །ཞེས་སོ། །དྲི་མ་དང་བཅས་པའི་སྐབས་སུ་ཁམས་འདི་ཉིད་གང་གི་དཔེས་ཀྱང་གོ་དོན་མི་ལྷོངས་པས་ཆོས་སྐུ་ཉིད་དཔེར་བྱ་སྟེ། འཇིག་རྟེན་འདས་ཕྱིར་འཇིག་རྟེན་ན། །འདི་ལ་དཔེ་ནི་མི་དམིགས་པས། །དེ་བཞིན་གཤེགས་པ་ཉིད་ཀྱི་ཁམས། །འདྲ་བ་ཉིད་དུ་བསྟན་པ་ཡིན། །ཞེས་སོ། །འདྲ་བ་བསྟན་པའི་ཆོས་སྐུ་གཉིས་ཏེ༑ བྲལ་རྒྱུ་ཁམས་དང་བྲལ་འབྲས་དེ་བཞིན་གཤེགས་པའི་ངོ་བོ་རང་གི་རིག་པའི་ཡེ་ཤེས། དེ་དང་རྗེས་མཐུན་པའི་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་དམ་པའི་ཆོས་ཀྱང་བསྡུས་
པ་སྟེ། དེ་ལས། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་ལ། །དེ་ཡི་རྒྱུ་མཐུན་ཟབ་པ་དང་། །སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་སོ། །དེའང་། རྒྱུའི་ཆོས་ཀྱི་སྐུ་དེས་ཀུན་ལ་ཁྱབ་པ་ནི། རྒྱུད་བླ་མའི་འགྲེལ་པ་ལས། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུས་ལུས་མེད་པར་སེམས་ཅན་གྱི་ཁམས་ལ་ཁྱབ་པའི་དབང་དུ་བྱས་ནས། སེམས་ཅན་འདི་དག་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་བསྟན་ཏོ། །གང་ཞིག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལས་ཕྱི་རོལ་དུ་གྱུར་པའི་སེམས་ཅན་དེ་ནི་འགའ་ཡང་སེམས་ཅན་གྱི་ཁམས་ན་མེད་དོ། །ནམ་མཁའི་ཁམས་ཀྱི་གཟུགས་ཀྱི་ཁམས་བཞིན་ནོ། །ཞེས་སོ། །དེ་ལྟ་བུའི་ཁམས་དོན་དམ་པའི་ངོ་བོ་དེ་ཚོགས་སྦྱོར་དུ་ཡོད་ངེས་སྙམ་པའི་ཡིད་དཔྱོད་ཀྱི་མོས་པ་ལས་མངོན་སུམ་དུ་མི་མཐོང་། ས་དང་པོ་ནས་ཕྱོགས་རེ་ཙམ་མཐོང་། སངས་རྒྱས་ཀྱི་སར་རང་བཞིན་ཅི་ཡིན་པ། མངོན་སུམ་དུ་གྱུར་ནས་གཟིགས་པ་ནི། རང་བྱུང་རྣམས་ཀྱི་དོན་དམ་སྟེ༑ ༑དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་ཡང་། །མིག་མེད་པས་ནི་མཐོང་མ་ཡིན། །ཞེས་སོ། །དེ་ཡང་ཉན་རང་བྱང་ཆུབ་སེམས་དཔའ་སྟེ་འཕགས་པ་འོག་མ་གསུམ་གྱིས་ཇི་ལྟ་བ་བཞིན་མི་མཐོང་ལ། བྱང་སེམས་འཕགས་པས་དཔེར་ན་བུ་ཆུང་གིས་ཉི་མ་མཐོང་ཡང་རྒྱལ་ཁམས་ཐམས་ཅད་ལ་ཁྱབ་པའི་ཉི་མ་མི་མཐོང་བ་བཞིན་ཏེ༑ བཙས་པའི་ཁྱིམ་གནས་བུ་ཆུང་གིས། །ཉི་མའི་གཟུགས་བཞིན་འཕགས་པས་ཀྱང་། །ཞེས་གསུངས། སངས་རྒྱས་ཀྱིས་ཐམས་ཅད་གཟིགས་པ་ནི། རྒྱུད་བླ་མའི་འགྲེལ་པ་ལས། སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་ཐམས་ཅད་རབ་ཏུ་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་རྣམ་དག་བློ་གྲོས་མཐའ་ཡས་པས། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང་། །ཞེས་སོ། །དོན་དམ་པའི་བདེན་པ་དབྱིངས་ཡིན་ལ། འདིའི་རང་བཞིན་མཐོང་བ་ལ་བདེན་པ་མཐོང་བ་ཞེས་བྱ་ཡི། ཅི་ཡང་མེད་པའི་སྟོང་པ་ཕྱང་ཆད་དེ་འདྲ་དོན་དམ་པའི་བདེན་པ་མིན་ནོ། །ལས་དང་པོ་པ་བདག་ཏུ་ཞེན་པའི་གཉེན་པོར་
བདག་མེད་པ་སོགས་བསྟན་པ་ཡིན་གྱི་དོན་ལ་དབྱིངས་འོད་གསལ་བ་འདུས་མ་བྱས་པ་ལྷུན་གྲུབ་ཏུ་ཡོད་པ་ཤེས་པར་བྱའོ། །དེའི་འཐད་པ་ནི། དེ་ཡང་བཀའ་བར་པའི་སྐབས་སུ་ཆོས་ཐམས་ཅད་སྤྲིན་ལྟ་བུ། མི་བདེན་པ་རྨི་ལམ་ལྟ་བུ། རྒྱུ་རྐྱེན་ཚོགས་ཀྱང་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་ལ་སོགས་པ་གསུངས་ལ། བཀའ་མཐའ་མའི་སྐབས་འདིར་ཡེ་ནས་འགྱུར་མེད་དུ་ཡོད་པར་རྟག་པ། རང་བཞིན་དུ་གནས་པའང་བདེན་པ། རྒྱུ་རྐྱེན་གྱིས་མ་འདུས་མ་བྱས་སུ་བསྟན་པ་དག་འགལ་བའི་ཕྱིར་སྙམ་ན། སྙིང་པོ་འདི་ལ་སྐྱོན་དང་འདུས་བྱས་ལ་སོགས་པས་སྟོངས་པའི་ཕྱིར་སྟོང་པ་ཡིན་གྱིས། རང་གི་ཡོན་ཏན་གྱི་ཆོས་འདོར་བའི་སྟོང་བ་མ་ཡིན་ལ། དེ་ཡང་རང་བཞིན་རྣམ་དག་གི་ཁམས་འདུས་མ་བྱས་པ་ནམ་མཁའ་ལྟ་བུ་ལ་འཁོར་བའི་བདེ་སྡུག་དང་ལས་དང་། དེས་བསྐྱེད་པའི་ཕུང་པོ་རྣམས་ནི་སྤྲིན་དང་། སྒྱུ་མ་སྤྲུལ་པ་ལྟ་བུར་བསྟན་པས་བདག་ཏུ་མངོན་པར་ཞེན་པ་མཐའ་གཅིག་ཏུ་འཛིན་པའི་གཉེན་པོ་བྱེད་ལ། དེའི་འོག་ཏུ་སྟོང་ཉིད་ལ་མཐར་འཛིན་གྱི་སྒྲོ་སྐུར་དུ་ཞེན་པ་ལ་སོགས་པའི་ཉེས་པ་ལྔ་འབྱུང་བས་དེ་བསལ་ཕྱིར་ཁམས་དོན་དམ་པ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ཡིན་ནོ་ཞེས་རྒྱུད་བླ་མ་ལས་གསུངས་ཏེ། ཡང་དག་མཐའ་ནི་འདུས་བྱས་ཀྱི། །རྣམ་པ་ཐམས་ཅད་དབེན་པ་སྟེ། །ཉོན་མོངས་ལས་དང་རྣམ་སྨིན་དོན། །སྤྲིན་ལ་སོགས་པ་བཞིན་དུ་བརྗོད། །ཉོན་མོངས་སྤྲིན་འདྲ་བྱ་བ་ཡིས། །ལས་ནི་རྨི་ལམ་ལོངས་སྤྱོད་བཞིན། །ཉོན་མོངས་ལས་ཀྱི་རྣམ་སྨིན་གྱིས། །ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །སྔར་ནི་དེ་ལྟར་རྣམ་བཞག་ན༑ ༑སླར་ཡང་བླ་མའི་རྒྱུད་འདིར་ནི། །ཉེས་པ་ལྔ་དག་སྤང་བའི་ཕྱིར། །ཁམས་ཡོད་ཉིད་ཅེས་བསྟན་པ་ཡིན། །ཞེས་སོ། །ཉེས་པ་ལྔ་པ་ནི། སེམས་ཞུམ་སེམས་ཅན་དམན་ལ་བསྙས་པ་དང་། །ཡང་དག་མི་འཛིན་ཡང་དག་ཆོས་ལ་བཀུར། །བདག་ཅག་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས། །ཞེས་སོ། །དེ་ལྟ་བུའི་ཁམས་རང་གཞན་ལ་ལྷུན་གྲུབ་ཏུ་ཡོད་པར་ཤེས་ནས། རང་གི་སེམས་ཐར་པ་སྒྲུབ་ལ་དཀའ་བ་མེད་པར་ཤེས་ཏེ་སྤྲོ་བ་དང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཏུ་གུས་པ་དང་། དོན་དམ་
དབྱིངས་རྟོགས་པའི་ཤེས་རབ་དང་། གནས་ལུགས་མཐོང་བའི་ཡེ་ཤེས་དང་། བྱམས་པ་ཚད་མེད་པའི་དཀྱིལ་འཁོར་རྒྱས་པས་གཞན་དོན་སྒྲུབ་པར་ནུས་པ་སྟེ། རྒྱུད་བླ་མ་ལས། འདི་ལྟར་དེ་ནི་ཐོས་པ་ལས། །སྤྲོ་དང་སྟོན་པ་བཞིན་གུས་དང་། །ཤེས་རབ་ཡེ་ཤེས་བྱམས་ཆེན་སྐྱེ༑ ༑ཆོས་ལྔ་སྐྱེ་ཕྱིར་དེ་ལས་ནི། །ཁ་ན་མ་མཐོ་མེད་མཚུངས་ཕྱིར། །སྐྱོན་མེད་ཡོན་ཏན་ལྡན་པ་ལ། །བདག་དང་སེམས་ཅན་མཚུངས་བྱས་ཏེ། །སངས་རྒྱས་ཉིད་ནི་མྱུར་དུ་ཐོབ། །ཅེས་སོ། །དེ་ལྟར་སེམས་ཅན་གྱི་ཁམས་ལ་བདེ་བར་གཤེགས་པའི་སྙིང་པོ་ཀུན་ཁྱབ་ཏུ་བཞུགས་ཚུལ་གསུངས་པ་འདི་ནི། རྒྱུད་སྡེ་ཆེན་པོ་རྣམས་ཀྱི་དགོངས་པའང་ཡིན་ཏེ། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་སོགས་རྒྱ་ཆེར་གསུངས། འགའ་ཞིག་ན་རེ། གནས་ལུགས་བདག་མེད་ནམ་མཁའ་སྟོང་པ་ལྟ་བུར་ཡུམ་བར་མ་ལ་སོགས་པ་ནས་གསུངས་ཕྱིར། སྙིང་པོ་སྟོན་པའི་མདོ་རྣམས་དྲང་དོན་ཡིན་གྱི། དེ་ལྟར་མིན་ན་མུ་སྟེགས་པའི་བདག་རྟག་པ་དང་ཁྱད་མེད་པའོ་ཟེར་ན། སངས་རྒྱས་ཀྱི་བཀའ་འཁོར་ལོ་རིམ་པ་གསུམ་གསུངས་པའི་འདི་ནི་མཐའ་མ་དོན་དམ་རྣམ་པར་ངེས་པའི་ཆོས་འཁོར་དུ་གསུངས་ལ། སྟོང་ཉིད་རྐྱང་པ་དོན་དམ་ཡིན་ན། འཁོར་ལོ་གསུམ་ཐ་དད་དུ་བསྟན་པ་ཇི་ལྟར་འཐད། ཡུམ་བར་པ་སོགས་ནས་སྟོང་ཉིད་གསུངས་པ་ནི། ལས་དང་པོ་པ་བདག་ཏུ་འཛིན་པ་དགག་པ་ལ་དགོངས་ཀྱི། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་བསྟན་པ་ལས། བུད་མེད་བུ་ཁ་མྱག་གསོ་བའི་དཔེ་དང་བཅས་ཏེ་གསུངས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཡང་དེ་བཞིན་དུ་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་བདག་མེད་པའི་ནན་ཏན་བྱེད་པ་སྟོན་ཏེ། དེ་ལ་ནན་ཏན་བྱས་པས་བདག་ཅེས་བྱ་བའི་སེམས་མེད་དེ་ཡོངས་སུ་མྱ་ངན་ལས་འདའོ། །དེ་ཡང་འཇིག་རྟེན་རྒྱང་འཕེན་པའི་ངན་པར་ལྟ་བ་སེལ་ཕྱིར། འཇིག་རྟེན་རྒྱང་འཕེན་པའི་ཆོས་ལས་འདས་པར་བསྟན་པའི་ཕྱིར། གཞན་ཡང་འཇིག་རྟེན་རྒྱང་འཕེན་པ་དག་བདག་ཏུ་ལྟ་བ་ཡང་དག་པ་མ་ཡིན་པར་བསྟན་པའི་ཕྱིར། བདག་
མེད་པའི་ཆོས་བསྒོམས་པས་ཡོངས་སུ་དག་པའི་ལུས་སུ་འགྱུར་བའི་ཕྱིར། ཇི་ལྟར་བུད་མེད་དེས་བུའི་ཕྱིར་མཁྲིས་པ་ནུ་མ་ལ་བསྐུས་པ་བཞིན་དུ་དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ༑ སྟོང་པ་ཉིད་བསྒོམ་པའི་ཕྱིར་ཆོས་ཐམས་ཅད་ལ་བདག་མེད་ཅེས་གསུངས་སོ། །ཇི་ལྟར་བུད་མེད་དེ་ནུ་མ་ཆུར་དཀྲུས་ཏེ་བུ་བོས་ནས་ནུ་ཞོ་བླུད་དེ་ཞེས་བྱ་བ་དེ་བཞིན་དུ། ངས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ཡང་དེ་དང་འདྲ་སྟེ། དགེ་སློང་ཁྱོད་ཀྱང་མ་སྐྲག་པར། ཇི་ལྟར་བུ་དེས་མ་ལ་བོས་ཏེ་ནུ་ཞོ་བགས་ཀྱིས་འཐུང་པ་བཞིན་དུ། དགེ་སློང་ཁྱོད་ཀྱང་བྱེ་བྲག་ཤེས་པར་གྱིས་ཤིག དེ་བཞིན་གཤེགས་པའི་སྙིང་པོ་མེད་པར་བྱ་བ་མ་ཡིན་ནོ་ཞེས་པ། སྔོན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོ་བརྗོད་པ་ལས། ངས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་གང་ཡིན་པ་དེ་ནི་བྱིས་པ་རྣམས་བདག་ཏུ་མངོན་པར་ཞེན་པ་ལས་ཡོངས་སུ་དྲངས་བའི་ཕྱིར་བཤད་ཀྱིས་ཡང་དག་པར་ན་དེ་བཞིན་གཤེགས་པའི་སྙིང་པོ་ཉག་གཅིག་དོན་དམ་པའི་བདེན་པའོ། །ཞེས་གསུངས། མུ་སྟེགས་ཀྱི་བདག་རྟག་པ་དང་། འདི་མི་མཚུངས་ཏེ་སྙིང་པོ་དེ་ཡེ་ནས་འོད་གསལ་ཞིང་ལུས་ལ་གནས་ཀྱང་རྟག་མི་རྟག་གི་མཐའ་ལས་འདས་པས་རྟག་པར་མི་འདོད། འོད་གསལ་བ་དེ་བླ་མའི་མན་ངག་གིས་མཐོང་དུ་ཡོད་པས་ལྐོག་གྱུར་དུ་མི་འདོད། ངོ་བོ་སྟོང་གསལ་མཐའ་བྲལ་ཡིན་པས་དངོས་པོ་རང་མཚན་གྱི་ཆོས་དང་མི་སྦྱོར། དངོས་པོ་དང་མཚན་མར་མེད་པས་ལུས་ཆེ་ཆུང་ལ་སྙིང་པོ་ཆེ་ཆུང་དང་བཟང་ངན་དུ་མི་འདོད་པས་ཁྱད་པར་ཤིན་ཏུ་མང་བས་མུ་སྟེགས་ཀྱི་བདག་རྟག་པ་དང་སངས་རྒྱས་ཀྱི་སྙིང་པོ་ཀུན་ཏུ་མི་མཚུངས་པས་རྣམ་པར་མ་བ རྟག་པའི་བློ་གྲོས་ཕྱོགས་རེ་ཙམ་གྱིས་ངེས་དོན་གྱི་མདོ་སྡེ་ཟབ་མོ་རྣམས་ལ་སྐུར་པ་གདབ་པར་མི་བྱའོ། །དེ་ཡང་མདོར་ཧྲིལ་གྱིས་དྲིལ་ན། སེམས་ཀྱི་ཆོས་ཉིད་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་གནས་པ་དེ་ལ་བདེ་བར་གཤེགས་པའི་སྙིང་པོ་ཞེས་བརྗོད་པ་ཡིན་ཏེ་སྒྱུ་འཕྲུལ་བླ་མ་ལས། དོན་དམ་ཀུན་རྫོབ་དབྱེར་མེད་པ། །མཉམ་པའི་དཀྱིལ་འཁོར་ཆེན་པོ་རུ། །ཞེས་དང་། རང་བྱུང་ཡེ་ཤེས་བྱང་ཆུབ་སེམས། །བྱང་ཆུབ་སྙིང་པོ་འདུས་མ་བྱས། །ལྷུན་རྫོགས་ཡོན་
ཏན་འབར་བས་བརྒྱན། །ལྷུན་གྲུབ་དཀྱིལ་འཁོར་བླ་མེད་པའོ། །ཞེས་གསུངས། སེམས་ཀྱི་ཆོས་ཉིད་དེའི་སྟོང་ཆ་ནས་ཆོས་སྐུའི་ཡོན་ཏན་དང་། སྣང་ཆ་ནས་གཟུགས་སྐུའི་ཡོན་ཏན་འཆར་རུང་མ་འགག་པར་གནས་པས་རང་བཞིན་གནས་རིགས། འཁོར་འདས་གཉིས་ཀའི་འབྱུང་གཞི་ཡིན་པས་ཀུན་གཞིའི་ཡེ་ཤེས། དེ་ཉིད་སེམས་ཅན་གྱི་དུས་སུ་དྲི་མ་དང་བཅས་པས་དྲི་བཅས་དེ་བཞིན་ཉིད་དང་། སོགས་ཁོངས་ནས། ཡེ་ནས་འདུས་མ་བྱས་སུ་རང་ལ་རང་ཆས་སུ་ཡོད་པས། རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས། གནས་ལུགས་ཡིན་པའི་ཆ་ནས་དོན་དམ་བདེན་པ། གདོད་ནས་འོད་གསལ་བས་ཡེ་ཤེས། ཡོད་མེད་སྒྲོ་སྐུར་གྱི་མཐའ་ལས་འདས། ཟབ་མོ་དབུ་མའི་དབྱིངས་སྤྲོས་པའི་མཐའ་ལས་འདས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ། སྟོང་གསལ་གཉིས་སུ་མེད་པས་བདེན་པ་དབྱེར་མེད། འཕོ་འགྱུར་མེད་པས་མཚན་ཉིད་དེ་བཞིན་ཉིད་ལ་སོགས་པ་དང་། ཀྲྀ་ཡ་བ་རྣམས་ཀྱི་བདག་གི་དེ་ཁོ་ན་ཉིད། ཨུ་པ་དང་། ཡོ་ག་གཉིས་ཀྱི་དོན་དམ་མཚན་མ་མེད་པའི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷ། མ་ཧཱ་ཡོ་ག་བས། སེམས་ཀྱི་ཆོས་ཉིད་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ༑ ཨ་ནུ་ཡོ་ག་བས་གཉིས་སུ་མེད་པ འི་སྲས་བྱང་ཆུབ་ཀྱི་སེམས། ཨ་ཏི་ཡོ་ག་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སོགས་མིང་གི་རྣམ་གྲངས་དུ་མ་ལ་འཇུག་པའི་གཞི་ཡིན་པའི་ཕྱིར་རོ༑ ༑དེ་འདྲ་བའི་གཞི་དེ་ཉིད་གཞི་ལམ་འབྲས་གསུམ་གྱི་ལྡོག་ཆ་གང་རུང་དང་མ་བསྟུན་པར་སྤྱིར་བཞག་པ་ན་རང་བཞིན་ནམ་གནས་ལུགས་ཡིན་ལ། གཞི་ལམ་འབྲས་གསུམ་གང་རུང་དང་བསྟུན་ན། དེ་ཉིད་དྲི་མ་བཅས་པའི་གནས་སྐབས་ལས་གཞི། དྲི་མ་སྦྱོང་བཞིན་པ་ལ་ལྟོས་ནས་ལམ། དྲི་མ་མཐའ་དག་དང་བྲལ་བའི་གནས་སྐབས་ལ་ལྟོས་ནས་འབྲས་བུར་བཞག་གོ །ངེས་ཚིག་ནི། ཅི་ཕྱིར་གཞིའམ་རྒྱུའི་རྒྱུད་དུ་འགྱུར་ཞེ་ན། གཞི་དེ་ཉིད་ཀྱི་གནས་ལུགས་ངོ་བོའི་སྒོ་ནས་འཁོར་འདས་སྐྱོན་ཡོན་འཁྲུལ་གྲོལ་རེ་དོགས་ཀྱི་མཚན་མའི་ཆོས་ཀྱི་ཐ་སྙད་ལས་འདས་ཀྱང་། སྣང་ཚུལ་ལ་ལྟོས་ནས་ཐབས་ཀྱི་རྐྱེན་ཁྱད་པར་ཅན་གྱིས་ཟིན་པ་ལས་མྱང་འདས་སུ་འགྲུབ་པར་བྱེད་ཅིང་། ཐབས་ཀྱི་རྐྱེན་གྱིས་མ་ཟིན་པ་ལས་འཁོར་
བར་གྲུབ་པ་སྟེ། འཁོར་འདས་གཉིས་ཀའི་གཞིར་གྱུར་པའི་ཕྱིར་རྒྱུ་དང་། དེ་ཉིད་ཀྱི་ངོ་བོ་ནི་སེམས་ཅན་གྱི་གནས་སྐབས་སུ་ངན་པ་དང་། སངས་རྒྱས་ཀྱི་སར་བཟང་པོར་འགྲོར་མེད་པར་རང་བཞིན་འགྱུར་མེད་རྒྱུན་ཆགས་སུ་གནས་པའི་ཕྱིར་རྒྱུད་ཅེས་བྱ་སྟེ། རིམ་གསུམ་ལས། ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན། །མ་ལུས་འབྱུང་ཕྱིར་གཞི་ཞེས་བྱ། །ཞེས་དང་། མགོན་པོ་བྱམས་པས། ཇི་ལྟར་སྔར་ལྟར་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ༑ ༑ཞེས་སོ། །གཞི་དེ་ལ་དབྱེ་ན་གཉིས་ཏེ། རིམ་གསུམ་དུ། ངོ་བོའི་གཞི་དང་བཏགས་པའི་གཞི། ཞེས་པས། གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ནི་དྲི་མ་སྦྱོང་བའི་གཞིི་ནོར་བུ་རིན་པོ་ཆེ་ལྟ་བུ་སྟེ། ངོ་བོའི་གཞི་ནི། ཀུན་བཏགས་གློ་བུར་ལྷན་སྐྱེས་ཀྱི་དྲི་མ་འདམ་རྫབ་ལྟ་བུ་སྦྱོང་བའི་གཞི་སེམས་ཀྱི་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་སྟེ། ཀླུ་སྒྲུབ་ཀྱིས། ས་ཡི་ནང་ན་གནས་པའི་ཆུ། །དྲི་མ་མེད་པར་ཡང་དག་གནས། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གསལ། །ཞེས་སོ། །དེ་ལྟ་བུའི་ངོ་བོ་ཉིད་ཀྱི་གཞི་ལ་སྒྲིབ་པའི་སྦྱང་བྱར་གྱུར་པའི་འཁོར་བའི་དྲི་མ་འདམ་རྫབ་ལྟ་བུ་དེ་ལ་བཏགས་པའི་གཞི་ཞེས་བྱ་སྟེ། དེ་ནི་དོན་ལ་མེད་སྣང་འཁྲུལ་རྟོག་རབ་རིབ་ཅན་ལ་སྐྲ་ཤད་འཛག་པ་ལྟ་བུ་སྟེ་མདོ་ལས། གང་ཞིག་ལོག་པར་བཏགས་པས་མེད་མཐོང་བ། །བྱིས་པ་འདི་དག་མེད་པའི་ཆོས་ལ་སྤྱོད། །ཅེས་དང་། འཇམ་དཔལ་ཞལ་ལུང་ལས། འཁོར་བའི་ཆོས་རྣམས་ཐག་ཁྲ་ཡི། །སྦྲུལ་ལྟར་མེད་པ་ཉིད་དུ་འདོད། །ཅེས་སོ། །དེ་ཉིད་བཏགས་པའི་གཞི་ཞེས་པ་ནི། མེད་བཞིན་སྣང་བའི་ལོག་པའི་ཞེན་སྣང་དེ་བཞིན་འཁོར་བ་འགྲུབ་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར་དང་། དེ་ཉིད་འཁོར་བའི་རྣམ་ཤེས་ཀྱི་འཇུག་པ་མ་ཟད་ཀྱི་བར་དེ་སྲིད་རྒྱུན་ཆགས་པ་ཡིན་ཡང་བཅོས་པ་གློ་བུར་ཀུན་བཏགས་ཀྱི་ཆོས་ཡིན་པས་འབྲས་བུའི་ཉེ་བར་ལེན་དུ་འགྱུར་བའི་རྒྱུའི་རྒྱུད་མ་ཡིན་ཏེ་འབྲས་བུ་ཐོབ་པའི་དུས་ན་ལོག་པའི་ཞེན་སྣང་ཡུལ་དང་བཅས་པ་རང་སར་དག་འགྲོ་བའི་ཕྱིར་ན་བཏགས་པ་ཞེས་བཤད་པ་ཡིན་ལ༑ རིགས་པས་དཔྱད་དོན་གྱི་སྟོང་ཉིད་མེད་དགག་ཀྱང་རྒྱུ་རྒྱུད་མཚན་ཉིད་པ་མ་ཡིན་ཏེ།
ཞེས་པས། དཔེར་ན། ཀ་བ་ཀ་བའི་ངོ་བོས་སྟོང་པ་དང་། བུམ་པ་བུམ་པའི་ངོ་བོས་སྟོང་པ་སོགས་ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པའི་སྟོང་ཉིད་མེད་དགག་དེ་ཉིད་རྒྱུའི་རྒྱུད་མཚན་ཉིད་པ་མ་ཡིན་ཏེ་དགག་གཞི་ཆོས་ཅན་སྟོང་པས་སྐྱེ་མེད་ཙམ་དུ་ཟད་པའི་ཕྱིར། འོན་ཀྱང་དེ་ལ་བརྟེན་ནས་སྐྱོན་ཡོན་སྐྱེ་བ་ཙམ་ཡིན་པའི་ཕྱིར་ན་རྒྱུ་རྒྱུད་བཏགས་པ་བ་ཙམ་དུ་ཁས་བླང་བར་བྱའོ། །དེས་གང་ཤེས་པར་བྱ་བ་གཞིའམ་རྒྱུའི་རྒྱུད་བཤད་པ་སོང་ནས། གཉིས་པ་གང་གིས་རྟོགས་པར་བྱེད་པ་ཐབས་སམ་ལམ་གྱི་རྒྱུད་བཤད་པ་ལ། རྒྱུ་རྒྱུད་དེ་གློ་བུར་གྱི་དྲི་མ་དང་བྲལ་བར་བྱེད་པའི་ཐབས་ཤེས་འཇུག་གི་རྩོལ་བ་དང་བཅས་པ་སྟེ། དེ་ཡང་ངོ་བོ་ཤེས་རབ་རྣམ་པ་གསུམ་གྱིས་བསྐྱེད་བྱ་སེམས་ལྔ་སྐྱེས་སམ་སྐྱེ་བའོ། །ཞེས་པས། དེ་ལྟར་ཡང་བི་མ་ལའི་རིམ་གསུམ་དུ། ངོ་བོ་ཤེས་རབ་རྣམ་གསུམ་གྱིས། །སེམས་ལྔ་སྐྱེ་བར་བསྟན་པ་ཡིན། །ཞེས་པ་ལྟར་སེམས་ལྔའི་སྒོ་ནས་ལམ་གྱི་ངོ་བོ་སྐྱེ་བའོ། །དེ་ཡང་སེམས་སྐྱེ་ཚུལ་ལ་གཞི་ནས་སྐྱེ་བ་ཞེས་པ་གྲུབ་མཐའ་གང་གིས་ཀྱང་བློ་མ་བསྒྱུར་གོང་ནས་སྐྱེ་བ་དང་། ལམ་ནས་སྐྱེ་བ་ཞེས་པ། ཉན་རང་། བྱང་སེམས་ལ་སོགས་པའི་ཐེག་པར་ཞུགས་ནས་སྐེད་འཇུས་བྱེད་པ་དག་ཡོད་པའི་ཕྱིར་ཏེ། ལམ་ཆུང་ལས། ལ་ལ་ཐུན་མོང་ལམ་རྣམས་ནས། རྐྱེན་བྱས་འདིར་འཇུག་སློབ་པར་ངེས། །ཞེས་སོ། །འབྲས་བུ་ནས་སྐྱེད་པ་ཡོད་དེ། ཉན་རང་གི་དགྲ་བཅོམ་ལྷག་མེད་དུ་ཞུགས་པ་རྣམས་ཡིད་ལུས་ཀྱིས་ཐེག་ཆེན་དུ་འཇུག་པར་བཤད་པ་ལྟར་འདིར་ཡང་མཚུངས་ཏེ། བྱང་སེམས་དང་ཕྱི་རྒྱུད་སྡེ་གསུམ་གྱི་རང་རང་གི་འབྲས་བུ་ཐོབ་ནས་ཀྱང་སྔགས་བླ་མེད་ཀྱི་ལམ་དུ་འཇུག་པའི་ཕྱིར་ཏེ། ལམ་ཆུང་ལས། ཐུན་མོང་ས་མཐར་བྱས་པའི་ཚེ། །ཡང་དག་སྐུ་གསུང་ཐུགས་བཅོ་ལྔ། །བྱིན་རླབས་འཚམས་པར་མོས་སྣང་བས། །འཁོར་ལོའི་ས་ལ་འགྲོ་བར་ངེས། །ཞེས་གསུངས་པ་ལྟར་རོ། །ཇི་ལྟར་སྐྱེད་ཚུལ་ལ་ཐེག་པ་འོག་མ་རྣམས་གོང་མ་ལ་ལྟོས་ན་བྱ་དཀའ་ཞིང་ཚེགས་ཆེ་བ་ལམ་རིང་བ་ལ་སོགས་པའི་སྐྱོན་མཐོང་ཞིང་། གོང་མ་ལམ་མྱུར་བ་ཐབས་མང་བ་ལ་སོགས་པའི་ཡོན་ཏན་མཐོང་ནས་ཐེག་
པ་གོང་མར་འཇུག་འདོད་ཀྱི་སེམས་དང་པོར་མགོ་ལྡང་བའི་ཚུལ་གྱིས་སྐྱེས་པ་གཡོ་ལྡང་བྱང་ཆུབ་ཀྱི་སེམས། ཡོན་ཏན་དེ་དག་ཐོབ་ན་ཅི་མ་རུང་སྙམ་པ་སྨོན་པ་བྱང་སེམས། དེ་སྨོན་པ་ཙམ་དུ་མ་བཞག་པར་འཇུག་པ་ནི་འཇུག་པ་བྱང་སེམས། དེ་ལ་གནས་པ་ནི་གནས་པ་བྱང་ཆུབ་ཀྱི་སེམས། དེའི་འབྲས་བུ་ཐོབ་པ་ནི་མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་ཏེ། དེ་ཡང་ངོ་བོ་ཤེས་རབ་རྣམ་པ་གསུམ་གྱིས་ཐུན་མོང་ཐེག་པ་འོག་མ་རྣམས་དང་། མཆོག་གི་སེམས་ལྔ་བླ་ན་མེད་པའི་ཐེག་པ་འདིར་འཇུག་པས་སེམས་ཏེ། དེ་ཡང་སྐྱེས་སམ་ཞེས་ཅིག་ཅར་དུ་སྐྱེ་བ་སྟེ། སྡོམ་གསུམ་རྣམ་ངེས་ལས། རྟོགས་གྲོལ་དུས་མཉམ་ཨིནྡྲ་བྷུ་ཏི་བཞིན། །ཞེས་པ་ལྟ་བུ། སྐྱེ་བ་ནི་རིམ་གྱིས་སྐྱེ་བ་དག་ཡིན་ནོ། །ངེས་ཚིག་ནི་ཅིའི་ཕྱིར་ཐབས་སམ་ལམ་གྱི་རྒྱུད་དུ་འགྱུར་ཞེ་ན། ཐོབ་བྱ་འབྲས་བུ་ཉིད་མངོན་དུ་བྱེད་པའི་ལྷན་ཅིག་བྱེད་རྐྱེན་ཡིན་པས་ཐབས་དང་། གང་གིས་གང་དུ་བགྲོད་བྱའི་རྟེན་ཡིན་པས་ལམ་སྟེ། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་འབྱུང་། །ཞེས་མདོའི་དོན་བསྡུས་པ་ལས། བགྲོད་དང་དེ་ཆོས་ལྡན་པ་དང་། ཞེས་སོ། །ཞེས་པ་སྟེ་གོ་སླའོ། །དེ་ལ་དབྱེ་ན། དེ་ཡང་ཉེ་རིང་གཉིས་ཀྱི་རྣལ་འབྱོར་བླ་ན་མེད་པའི་ཁྱད་པར་གྱི་ལམ་འདི་ནི་ཉེ་བའི་ལམ་ཐབས་རྒྱུད་ཡིན་ལ། ཞེས་པ་སྟེ། དེ་ཡང་ཐེག་པ་ཆེན་པོ་དབུ་མ་ལ་སོགས་པ་བདེན་གཉིས་ཟུང་འཇུག་བཤད་ཀྱང་། ཐབས་ཤེས་བདེ་བ་ཆེན་པོའི་ཁྱད་པར་གྱི་ཆོས་མེད་པའི་ཕྱིར་ཟུང་འཇུག་རྣལ་མའི་དོན་ལ་མི་འབྱོར་ཞིང་། རང་ལམ་ཁོ་ནས་ས་བཅུ་པའི་བྱང་སེམས་སངས་རྒྱས་ཀྱི་རྒྱལ་ཚབ་ཆེན་པོའི་གོ་འཕང་ལས་ཐོབ་མི་ནུས་པས། སྐབས་དེར་སྔགས་ཀྱི་ལམ་དུ་ཞུགས་ནས་སངས་རྒྱས་ཐོབ་དགོས་ལ། རྣལ་འབྱོར་བླ་ན་མེད་པའི་ཁྱད་པར་གྱི་ལམ་འདི་ནི་ཐབས་ཤེས་ལ་སོགས་པ་ཁྱད་པར་གྱི་ཆོས་ཐམས་ཅད་ཀྱང་ཚང་ཞིང་། ཐེག་པ་གཞན་ལ་ལྟོས་མི་དགོས་པར་འདི་ཁོ་ནས་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བའི་ཕྱིར་རོ། །ཐབས་ཀྱི་རྒྱུད་ཅེས་པའང་། ཉན་རང་བྱང་སེམས་སོགས་ཐེག་པ་འོག་མ་རྣམས་སུ་དུག་གསུམ་སྤང་གཉེན་དུ་བྱེད་པ་ཡིན་ལ། འདིར་འདོད་
ཆགས་བདེ་སྟོང་། གཏི་མུག་རིག་སྟོང་། ཞེ་སྡང་གསལ་སྟོང་སྟེ་དུག་གསུམ་མ་སྤངས་པར་ལམ་དུ་ཁྱེར་བའི་ཐབས་ལ་བརྟེན་ནས་མཐར་ཐུག་གི་བསྒྲུབ་བྱ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་རྨད་དུ་བྱུང་བ་སྟེ། ས་པཎ་གྱིས། སྔགས་ཀྱིས་བཏབ་པའི་ས་བོན་ནི། །ཉི་མ་གཅིག་ལའང་ལོ་ཏོག་སྨིན། །རྡོ་རྗེ་ཐེག་པའི་ཐབས་ཤེས་ནི། །ཚེ་འདི་ཉིད་ལ་སངས་རྒྱས་འགྲུབ། །ཅེས་གསུངས་པ་ལྟར་རོ། །དེ་ལས་གཞན་པ་ཐུན་མོང་གི་ལམ་ངེས་འབྱུང་གི་ཐེག་པ་བཞི་དང་ཞེས་པས། ངན་སོང་གསུམ་ལས་ངེས་པར་བྱུང་བ་ལྷ་མིའི་ཐེག་པ། འཁོར་བ་ལས་ངེས་པར་འབྱུང་བ་ཉན་རང་། མཐའ་གཉིས་ལས་ངེས་པར་འབྱུང་བ་བྱང་ཆུབ་སེམས་དཔའི་ཐེག་པ་སྟེ་སོར་བཞག་ལྷ་མིའི་ཐེག་པ་གཉིས་གཅིག་ཏུ་བགྲངས་པས་ངེས་འབྱུང་གི་ཐེག་པ་བཞི་དང་ཀྲི་ཡ། ཨུ་པ། ཡོ་ག་ཏེ་ཕྱི་རྒྱུད་སྡེ་གསུམ་རྣལ་འབྱོར་བླ་ན་མེད་པའི་ཐབས་ཀྱི་ཐེག་པ་འདི་ལ་ལྟོས་ན་རིང་ལམ་ཡིན་ཏེ། དེ་དག་ཀྱང་སླར་བླ་ན་མེད་ཀྱི་ལམ་འདི་ལ་འཇུག་དགོས་པའོ། །དེ་ཡང་གཞི་འབྲས་གཉིས་དང་ཤེས་ཐོབ་ཀྱི་བྱ་བྱེད་འབྲེལ་པ་ཅན་དུ་གནས་པའི་ཕྱིར་རོ། །ཞེས་སོགས་ཀྱི་དོན་ནི། ལམ་གྱི་རྒྱུད་དེ། གང་ཤེས་པར་བྱ་བ་གཞིའི་རྒྱུད་དང་མར་འབྲེལ། གང་ཐོབ་པར་བྱ་བ་འབྲས་བུའི་རྒྱུད་དང་ཡར་འབྲེལ་ཏེ། གཞི་འབྲས་གཉིས་ཀྱི་བར་གྱི་བྱ་བྱེད་འབྲེལ་པ་ཅན་དུ་གནས་པའི་ཕྱིར་ཐབས་བར་མ་ཆད་པར་རྒྱུན་ཆགས་སུ་འབྱུང་བས་རྒྱུད་དོ། །ཞེས་སོ། །དེ་ལ་དབྱེ་ན། གཉིས་ཏེ། ཐབས་ངེས་པའི་ལམ་དང་། ཤེས་རབ་གྲོལ་བའི་ལམ་སྟེ། རྒྱ་མཚོ་ལས། གྲོལ་ལམ་ཐབས་སུ་རྣམ་པར་བསྟན། །ཅེས་སོ། །དེ་ལ་ཐབས་ལམ་ནི་འཆིང་བྱེད་ལྟར་སྣང་བའི་ལས་ལ་བརྟུལ་ཞུགས་ཐབས་ཀྱི་ཁྱད་པར་རྨད་དུ་བྱུང་བའི་སྒོ་ནས་དཔྱད་པས་དེ་ཉིད་ལམ་དུ་ལོངས་ཏེ་འབྲས་བུ་མྱུར་དུ་གྲུབ་པར་བྱེད་པའོ། །དེ་ཡང་གཙོ་བོར་ཐབས་ཀྱི་ཁྱད་པར་བརྟུལ་ཞུགས་ཀྱི་སྤྱོད་པ་རྨད་དུ་བྱུང་བའི་སྒོ་ནས་འབྲས་བུ་མྱུར་དུ་འགྲུབ་པར་བྱེད་པ། ཞེས་པས། གྲོལ་ལམ་ཡང་ཐབས་ཤེས་ཟུང་འཇུག་གི་ལམ་ཡིན་ཡང་འདི་ལ་ཐབས་གཙོ་བོར་སྟོན་པའི་ཕྱིར་དང་། དེ་ཡང་། རྣ་བར་ཆུ་ཉིད་ཞུགས་གྱུར་ན། །ཆུ་ཉིད་ཀྱིས་ནི་འདོན་པར་བྱ། །ཞེས་པ་ལྟར། དུག་གསུམ་མི་སྤོང་
བར་ཐོག་བརྫིས་བརྟུལ་ཞུགས་ཀྱི་སྤྱོད་པ་ལྟ་བ་ཡང་དག་པའི་གདེངས་དང་ལྡན་པའི་སྒོ་ནས་སྤྱད་པ་ལས། དེ་ཉིད་ཀྱིས་མི་འཆིང་བར་མ་ཟད་གྲོལ་ལམ་ལ་སོགས་པའི་གནས་སྐབས་ལས་ཀྱང་འབྲས་བུ་འགྲུབ་པ་ལ་མྱུར་བའི་ཁྱད་པར་དུ་མ་དང་ལྡན་པ་སྟེ། མཀྵི་ཀའི་སྦྱོར་བས་ལྕགས་ཁམས་ཡུད་ཙམ་གྱི་གསེར་དུ་བསྒྱུར་བ་བཞིན་ནོ། །ཞེས་པས་དཔེ་དང་དཔེ་ཅན་གྱི་སྒོ་ནས་ལམ་འདིའི་ཁེ་ཉེན་བསྟན་པ་སྟེ། དཔེ་མཀྵི་ཀ་དངུལ་ཆུའི་སྦྱོར་བ་སྟེ། དེ་ཉིད་ལེགས་པར་ཁོང་དུ་ཆུད་པ་ཞིག་གིས་ཇི་སྐད་དུ། དུ་བ་དང་ནི་ཙག་ཙག་དང་། །ཐལ་བ་འཚོང་བ་ཉིད་དང་ནི། །འདར་བ་དང་ནི་མི་འདར་བའི། །དངུལ་ཆུ་ཡི་ནི་གནས་སྐབས་ལྔ༑ ༑ཞེས་པ་ལྟར་གྱི་གནས་སྐབས་ལྔའི་སྒོ་ནས་དངུལ་ཆུའི་སྦྱོར་བ་དེ་ཉིད་ཉམས་སུ་བླངས་ན་ལྕགས་ཀྱི་ཁམས་དེ་ཉིད་ཡུན་རིང་པོ་ལ་ལྟོས་མི་དགོས་པར་དེ་ཉིད་དུ་གསེར་གྱི་ཁམས་སུ་ུའགྱུར་ལ། གལ་ཏེ་དངུལ་ཆུའི་སྦྱོར་བ་མི་ཤེས་པའམ། ཕྱོགས་ཙམ་རིག་ཀྱང་གདེངས་དང་མི་ལྡན་པ་ཞིག་གིས་བྱས་ན་ལྕགས་གསེར་དུ་མི་འགྱུར་བར་མ་ཟད་དངུལ་ཆུ་ཉིད་ཀྱང་ཆུད་ཟོས་པར་འགྲོ་བ་བཞིན་དུ། དཔེ་ཅན་ཐབས་ཀྱི་མྱུར་ལམ་ཁྱད་པར་ཅན་འདི་ཉིད་ཀྱང་ཐབས་ལ་མཁས་ཤིང་གདེངས་དང་ལྡན་པའི་གང་ཟག་གིས་ཉམས་སུ་བླངས་པ་ལས་ད་ལྟ་ཉིད་དུ་འབྲས་བུར་གྲོལ་བར་བྱེད་ལ། ཐབས་དང་མི་ལྡན་པའི་སྐྱེས་བུས་སྤྱད་ན་གྲོལ་བ་མི་ཐོབ་པར་མ་ཟད། སྦྱོར་སྒྲོལ་ལ་སོགས་པ་དུག་གསུམ་གང་དགར་དཔྱད་པའི་ལས་ཀྱི་རྣམ་པར་སྨིན་པས་ངན་སོང་དུ་ལྷུང་བར་བྱེད་པའི་ཕྱིར་རོ། །ཐབས་ལམ་དེ་ལ་ཡང་དབྱེ་ན་གཉིས་ཏེ། རིམ་གསུམ་ལས། གདམས་ངག་སྟེང་དང་འོག་གི་སྒོ། །ཞེས་པ་ལྟར་སྟེང་སྒོ་འཁོར་ལོ་དྲུག་ལ་བརྟེན་པའི་རིམ་གྱིས་པ་དང་འོག་སྒོ་མཁའ་གསང་གཉིས་ལ་བ རྟེན་པའི་ཅིག་ཅར་བའོ། །དང་པོ་ལ་ཐུན་མོང་དང་། ཁྱད་པར་གཉིས་ལས། འཁོར་ལོ་དྲུག་ལ་བརྟེན་ནས་འབར་འཛག་གི་སྦྱོར་བས་འཁོར་ལོ་བཞིར་བདེ་བའི་ཡེ་ཤེས་བསྐྱེད་པ་ལ་བསླབ་པ་ནི་རིམ་གྱིས་པ་སྟེ། ཞེས་པས་དེ་ཡང་རྒྱ་མཚོ་ལས། །འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །མེ་རླུང་འགྲོ་བས་ནམ་མཁའི་བ། །བཞོ་བས་སྟེང་དུ་རྣམ་པར་གྲགས། །ཞེས་པ་
སྟེ༑ འཁོར་ལོ་གསུམ་གཉིས། གསུམ་མཚན་གཉིས་ཀྱི་དོན་ཏེ་འཁོར་ལོ་དྲུག སྲོག་ཤིང་གསུམ་རོ་རྐྱང་དབུ་གསུམ་མོ། །དེ་ཡང་ལུས་ཀྱི་དབུས་སུ་རྩ་ཨ་བ་དྷཱུ་ཏིའམ་དབུ་མ། གཡས་སུ་རོ་མ་དང་གཡོན་དུ་རྐྱང་མ་དང་བཅས་པའི་སྨིན་མཚམས་ནས་ལྟེ་འོག་གི་བར་སྲོག་ཤིང་བསླང་བ་ལྟར་ལ། དེ་ལ་བརྟེན་པའི་འཁོར་ལོ་རྩའི་འཁོར་ལོ་བཞི་དང་མེ་རླུང་གི་འཁོར་ལོ་གཉིས་ཏེ་དྲུག་ཡིན་པ་ལས། རྩ་འཁོར་ནི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རེ་བཞིའོ། །མེ་རླུང་གི་འཁོར་ལོ་གཉིས་ནི༑ ལྟེ་བའི་རྩ་འཁོར་གྱི་འོག་ཏུ་སྦར་བྱ་མེའི་འཁོར་ལོ་གྲུ་གསུམ་པ་རཾ་ཡིག་དམར་པོས་མཚན་པ། དེའི་འོག་ཏུ་སྦར་བྱེད་རླུང་གི་འཁོར་ལོ་གཞུའི་དབྱིབས་ཅན་ཡཾ་ཡིག་ལྗང་ཁུས་མཚན་པའོ། །ནམ་མཁའི་བ་ཞེས་པ་ནི། སྤྱི་བོའི་དབུ་མའི་ཡས་སྣར་ཀུན་ཏུ་བཟང་པོ་ཟླ་བའི་ཐིག་ལེ་ཧཾ་ཡིག་དཀར་པོ་མགོ་ཐུར་བསྟན་དུ་གནས་པའོ། །མེ་རླུང་འགྲོ་བས། ཞེས་པ༑ དེ་ལྟར་སྟེང་སྒོའི་ལམ་ཉམས་སུ་ལེན་པའི་ཚེ་ན་སྟེང་རླུང་སྣ་བུག་གཉིས་ནས་བཅུར་ཏེ་བསྣན་པ་ལས་རོ་རྐྱང་གི་ལམ་རྒྱུད་ལྟེ་འོག་ཏུ་སླེབས་པ་ན། འོག་རླུང་བསྐུམས་པའི་རྐྱེན་ལས་སུམ་མདོའི་རླུང་དང་བཅས་པས་རླུང་གི་དཀྱིལ་འཁོར་གཡོས། དེས་མེའི་དཀྱིལ་འཁོར་སྦར་ཏེ་མེ་རླུང་གཉིས་དབུ་མའི་ལམ་རྒྱུད། སྤྱི་བོའི་ཧཾ་ལ་རེག་པས་ཧཾ་ཡིག་ལས་བྱང་ཆུབ་ཀྱི་སེམས་དངུལ་ཆུའི་རྡོག་པོ་ལྟར་འཛག་པས་སྤྱི་བོའི་རྩ་འཁོར་གང་བ་ལས་དགའ་བའི་ཡེ་ཤེས། མགྲིན་པའི་འཁོར་ལོ་གང་བས་མཆོག་དགའ། སྙིང་ཁའི་འཁོར་ལོ་གང་བས་ཁྱད་པར་དགའ་བ། ལྟེ་བའི་འཁོར་ལོ་གང་བས་ལྷན་སྐྱེས་དགའ་བ་སྟེ་དགའ་བ་བཞིའི་ཡེ་ཤེས་བསྐྱེད་པ་ལ་བསླབ་པ་ནི་ཐབས་ལམ་སྟེང་སྒོའི་ལམ་མོ། །གཉིས་པ་ཐུན་མོང་མ་ཡིན་པའི་ཟབ་ལམ་ཁྱད་པར་དུ་བཤད་པ་ལ་བདེ་བའི་ཡེ་ཤེས་རིམ་གྱིས་སྐྱེ་བར་བྱེད་པའི་ཐབས་འཁོར་ལོ་བཞི་སྒོམ་ཐབས་ཀྱི་མན་ངག་སྟེ་གང་ཞེ་ན། ཀུན་ཏུ་བཟང་པོའི་བདེ་ཆེན་ཐེག་ལེའི་སྦྱོར་བ་དག་པའི་ཁྱབ་བརྡལ་ཆེན་པོའི་མན་ངག་གོ །དང་པོ་ནི། སྙིང་ཁ་ཆོས་ཀྱི་འཁོར་ལོ་སྒོམ་
ཐབས་ཏེ་དེར་རྩ་ཆེན་བཞི་ལ་སྦྱང་བྱ་སྦྱོང་བྱེད་ཀྱི་ས་བོན་གནས་པའི་དབུས་ན་དྭངས་མ་ལྔ་འདུས་དང་དེའི་དཀྱིལ་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་བཞུགས་ལ། བཞུགས་པ་ལྟར་བསྒོམ་སྟེ་འཇུ་འདུལ་བྱས་པ་ན། ཐིག་ལེ་ལས་སུ་རུང་ནས་འོད་དུ་ཞུ་ནས་རིགས་དྲུག་གི་ས་བོན་གཉིད་དང་བཅས་པ་བསྲེག རྣམ་ཤེས་བག་ཆགས་དང་བཅས་པ་སྦྱངས། སླར་འོད་ཡེ་ཤེས་སྙིང་པོའི་ཐིག་ལེ་ལ་འདུས་ཏེ། དེར་རྩ་ཁྲག་དབུགས་དྲོད་ཀྱི་དྭངས་མ་རྣམས་སྔ་མ་སྔ་མ་ཞུ་བ་བསྐུལ་ཏེ་ཕྱི་མ་ཕྱི་མ་བཞུ་བ་ཐིག་ལེ་སྟོང་པ་རང་བཞིན་མེད་པར་གསལ་བ་ནམ་མཁའི་གཟུགས་ཅན་སྐྱེས་པ་ནི་རྒྱུ་འབྲས་གཉིས་མེད་ཀུན་ཏུ་བཟང་པོའི་མན་ངག་གོ །དེ་ལྟར་ཡང་འདི་ཉིད་ལས། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །ཞེས་སོགས་གསུངས། གཉིས་པ་བདེ་ཆེན་ཐིག་ལེའི་མན་ངག་ནི་ལྟེ་བའི་འཁོར་ལོ་བསྒོམ་པའི་མན་ངག་སྟེ། དེ་ལྟར་བསྒོམ་པས་ཐིག་ལེ་ལས་སུ་རུང་ནས། བདེ་སྟོང་གཉིས་མེད་དུ་ཤར་བས་རྟོག་ཚོགས་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་གསལ་ཞིང་། དེའི་ཚེ་ཆོས་ཀྱི་འཁོར་ལོའི་འོད་མར་བབས་ཏེ་ཀུན་ཏུ་བཟང་མོའི་ཐིག་ལེ་ལ་ཐིམ་པས་དྭངས་མའི་རྒྱུ་བ་ཆད་ནས་བདེ་སྟོང་གཉིས་མེད། ཡེ་ཤེས་ལྔའི་ངོ་བོར་གནས་པ་ནི་ཀུན་ཏུ་བཟང་མོ་བདེ་ཆེན་ཐིག་ལེའི་མན་ངག་སྟེ། འདི་ལས། གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས། ཞེས་སོགས་སོ། །གསུམ་པ་སྦྱོར་བ་དག་པའི་མན་ངག་ནི། མགྲིན་པའི་འཁོར་ལོ་བསྒོམ་ཐབས་ཏེ། སྙིང་གའི་དྭངས་མ་ཆེན་པོའི་འོད་གྱེན་དུ་སོང་བ་མགྲིན་པའི་འཁོར་ལོའི་ཐིག་ལེ་ལ་ཕོག་སྟེ་ཞུ་ུབ་ལས་འཁོར་ལོ་གཉིས་བདེ་བ་དུས་གཅིག་ཏུ་མཉམ་པར་སྦྱོར་ཞིང་། བདེ་བ་སྐྱེས་པས་ཡེ་ཤེས་ལྔའི་རོ་མྱོང་བ་ན། མྱང་བྱ་མྱོང་བྱེད་མེད་པར་གནས་སུ་སྟོན་པ་ནི་སྦྱོར་བ་དག་པའི་མན་ངག་སྟེ། འདི་ཉིད་ལས། སྙིང་པོའི་ཐིག་ལེ་མཉམ་སྦྱོར་བས། །ཞེས་སོགས་གསུངས་སོ། །བཞི་པ་ཁྱབ་བརྡལ་ཆེན་པོའི་མན་ངག་ནི། བདེ་ཆེན་འཁོར་ལོའི་བསྒོམ་ཐབས་ཏེ། མགྲིན་པའི་འོད་ཀྱི་སྤྱི་བོའི་འཁོར་ལོ་ལ་ཕོག་པས་འོད་དུ་ཞུ་ནས་བདེ་སྟོང་དབྱེར་མེད་ནམ་མཁའི་གཟུགས་ཅན་ཀུན་གྱི་ཐུན་མོང་མ་ཡིན་པ་སྐྱེས་པ་དེ་ནི་རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་ཡིན་ལ། དེ་ཉམས་སུ་མྱོང་
བ་ནི་སངས་རྒྱས་ཀུན་གྱི་ཞལ་དུས་གཅིག་ཏུ་མཐོང་བ་ཡིན་ཏེ། འདི་ལས་ཟག་པ་མེད་པ་བསོད་ནམས་ཀྱིས། །ཞེས་སོགས་གསུངས་སོ། །དེ་དག་བསྒོམ་པའི་ཕྱག་བཞེས་ནི། བསྐྱེད་རིམ་དང་། སྦྱང་བ་གསུམ་སྔོན་དུ་བཏང་ནས། བདེ་བའི་སྟན་ལ་པུས་འཁྱུད་ཚད་ལྡན་བཅུག་ལ༑ རྩ་གསུམ་འཁོར་ལོ་དྲུག་ཐིག་ལེ་བཞི་དང་བཅས་པ་གསལ་གདབ། སྟེང་རླུང་མནན། འོག་རླུང་འཐེན་པའི་སྦྱོར་བས་རླུང་དཀྱིལ་བསྐུལ། དེས་གཏུམ་མོ་སྦར་བས་དྷུ་ཏིའི་ནང་དུ་མེ་སྣ་ཞུགས་ནས། ལྟེ་བ་དང་། སྙིང་ག མགྲིན་པ། སྤྱི་བོའི་འཁོར་ལོ་རྣམས་རིམ་པར་སྲོས་པས་ལུས་ལ་དྲོད་སྐྱེས། སྤྱི་བོའི་ཧཾ་ལས་བྱང་ཆུབ་ཀྱི་སེམས་ཕབ། རྩ་གནས་ཐིག་ལེ་རྟོགས་པས་འཁྱགས་པ་རྣམས་དྲོས་ཏེ་འབར་འཛག་གི་འཇུ་འདུལ་བྱས་པ་ལས། ཐོག་མར་སྙིང་ཁའི་ཐིག་ལེ་ཞུ་ནས་འོད་དུ་འབར། དེའི་འོད་མར་བབས་པས་ལྟེ་བ་དང་། ཡར་ཞུགས་པས་མགྲིན་པར་ཕོག་སྟེ། གཉིས་ཀ་འོད་དུ་འབར། མགྲིན་པའི་འོད་ཡར་སོང་བདེ་ཆེན་འཁོར་ལོའི་ཐིག་ལེར་ཕོག་པས་ཀྱང་འོད་དུ་འབར། དེ་སྤྱི་བོ་ནས་ཐོན་ཏེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་འཕོག་པས་འོད་དུ་ཞུ་ནས་བདེ་ཆེན་འཁོར་ལོ་ཧཾ་ཡིག་དང་བཅས་པ་ལ་ཐིམ་པས་རྩཱ་འདབ་ཀྱི་ཐིག་ལེ་ཐམས་ཅད་འོད་དུ་ཞུ་ནས་བདེ་སྟོང་དབྱེར་མེད་ནམ་མཁའི་གཟུགས་སུ་སྐྱེ་བ་སྟེ། དེ་ནི་ཟུར་ལུགས་ཀྱི་མན་ངག་ལྟར་གཙོ་བོར་བརྗོད་པ་ཡིན་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་པའི་མན་ངག་ལྟར་ན། གཞན་འདྲ་བ་ལས། མགྲིན་པའི་འོད་ཀྱིས་སྤྱི་བོ་དང་། སྙིང་ཁས་མགྲིན་པ། ལྟེ་བས་སྙིང་ཁ། དེའི་འོད་ཀྱི་ལྟེ་བའི་ཐིག་ལེ་རྣམས་ཞུ་བའི་རིམ་པ་ནི་ཡས་བསྟན་གྱི་ཡེ་ཤེས་དང་། སྙིང་གའི་འོད་ཟེར་གྱི་རིམ་པར་ལྟེ་མགྲིན་སྤྱི་བོའི་ཐིག་ལེ་རྣམས་ཇེ་ཕྲ་ཇེ་ཆུང་དུ་སྙིང་གར་བསྡུས་ལ། དེ་ཡང་རིམ་གྱིས་བསྡུས་ཏེ། མཐར་ཀུན་ཏུ་བཟང་མོ་ཆོས་ཉིད་སྟོང་པ་ཆེན་པོའི་དབྱིངས་སུ་མཉམ་པར་འཇོག་པ་ནི་མས་བསྟན་གྱི་ཡེ་ཤེས་སུ་བཞེད་དོ། །དེ་ཡང་དྭངས་མ་རྩ་འདབ་རྣམས་སུ་ཕར་འཕེལ་བས་བདེ་སྟོང་གི་ཡེ་ཤེས་སུ་འདོད་པ་དང་འདི་མི་གཅིག་སྟེ། འདིར་ནི་དྭངས་མ་གཡོ་བྱེད་དང་བྲལ་བས་འོད་གསལ་བ་ལ་རླུང་སེམས་ཚུར་ཐིམ་པ་ལ་ཡེ་ཤེས་ཆེན་པོར་
འདོད་པ་ཡིན་པར་གསུངས་སོ། །རྒྱས་པར་ལམ་རྣམ་བཀོད་བི་མ་ལའི་གསང་ཐིག་རྩ་འགྲེལ་རྣམས་ལས་ཤེས་པར་བྱའོ། །གཉིས་པ་འོག་སྒོའི་མན་ངག་ནི། དེ་ཡང་འོག་སྒོ་མཁའ་གསང་གཉིས་ལ་བརྟེན་ནས་དབབ་བཟུང་ལྡོག་ཁྱབ་ཀྱི་སྦྱོོར་བས་སྐད་ཅིག་ལ་བདེ་སྟོང་གཉིས་མེད་ཡེ་ཤེས་སྐྱེད་པར་བྱེད་པས་ཐབས་ལམ་ཅིག་ཅར་བ་སྟེ། ཞེས་པ་ནི། རྒྱས་པ་ལས། ཕུན་སུམ་ཚོགས་པའི་ཡན་ལག་རྣམས། །གསང་དབང་མཆོག་གིས་སྦྱིན་པར་བྱེད། །ཅེས་པས་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་སྟོན་པ་སྟེ། མཚན་ཉིད་ལྡན་པའི་རིག་མ་བཙལ་བ། བརྟགས་པ་སོགས་བསྙེན་པ། བརྡའ་བཞིས་བསྐུལ་ཏེ་ཚད་མེད་བཞིའི་ཕྱག་རྒྱས་བདག་ལྷ་ཡབ། རིག་མ་ཡུམ་དུ་ཤེས་པ་ལྷའི་འདུ་ཤེས། མཁའ་གསང་རྡོ་རྗེ་དང་པདྨར་ཤེས་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་རྟེན་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ་འདུ་ཤེས་གསུམ་གྱི་སྒོ་ནས་སྙོམས་པར་འཇུག་པ་ནི་ཉེ་བསྙེན། དེ་ལྟར་བསྐུལ་བའི་སྦྱོར་བས་རྩ་གནས་རྣམས་ནས་བྱང་ཆུབ་ཀྱི་སེམས་གཡོས་ཏེ་སྤྱི་བོར་བབས་པ་ཀུན་ཏུ་དགའ་བ། མགྲིན་པར་མཆོག་དགའ། སྙིང་ཁར་ཁྱད་པར་དགའ་བ། ལྟེ་བར་བབས་པ་ལྷན་སྐྱེས་དགའ་བ་སྟེ། ཡས་བབས་ཀྱི་དགའ་བ་བཞིའི་རིམ་པས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དབབ་གཟུང་གི་སྦྱོར་བ་ལ་བརྟེན་ནས་མངོན་སུམ་དུ་ཉམས་སུ་མྱོང་བ་སྒྲུབ་པའི་ཡན་ལག དེ་ནས་ལྡོག་ཁྱབ་ཀྱིས་སྦྱོར་བས་བྱང་ཆུབ་ཀྱི་སེམས་དཀར་དམར་འདྲེས་པ་ཡུམ་ཀྱི་རྩ་ཁ་ཁ་མུ་ཁའི་རྩེ་ནས་སླར་གྱེན་དུ་དྲངས་པས་ལྟེ་བ་ནས་སྤྱི་བོའི་བར་གྱི་རྩ་འཁོར་ཐམས་ཅད་ཁྱབ། ཡས་བསྟན་གྱི་དགའ་བཞིའི་ཡེ་ཤེས་རྒྱས། དེའི་ཚེ་ན་ལུས་ཐམས་ཅད་ལ་རྩས་ཁྱབ་ཅིང་། དེ་ཐམས་ཅད་ལ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཁྱབ་པས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བ་ནི་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ༑ དེ་ཡང་འདི་ཉིད་ལས། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ༑ ༑ཡུམ་གྱིས་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །ཞེས་གསུངས། གཉིས་པ་གྲོལ་ལམ་ནི། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པའི་
མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་པས་གཙོ་བོར་ཤེས་རབ་རྣམ་པ་གསུམ་གྱི་སྒོ་ནས་རང་རྒྱུད་ཀྱི་འཆིང་བ་ཆོས་ཉིད་དུ་གྲོལ་བར་བྱེད་པ་སྟེ། ཞེས་པས། ལམ་འདི་ལ་ཐབས་ཀྱི་ཁྱད་པར་ཡོད་ཀྱང་གཙོ་བོར་ཤེས་རབ་ལ་བ རྟེན་པའི་ཕྱིར་ན། དང་པོར་ཐོས་པའི་ཤེས་རབ་ཀྱིས་ཐོས་པ་རྒྱ་ཆེན་པོ་བསགས་དགོས་ཏེ། ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སྤྱི་དང་རང་གི་མཚན་ཉིད་ལེགས་པར་ཤེས་ནས་ཐར་པ་འགྲུབ་པའི་ཕྱིར་ཏེ། སྐྱེས་རབས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །ཞེས་སོགས་གསུངས། བསམ་པའི་ཤེས་རབ་ཀྱིས་ཐོས་པའི་དོན་ལ་ལེགས་པར་བསམ་པར་བྱ་བ་ཡིན་ཏེ་ཐོས་པའི་དོན་ངེས་པར་བསམ་པ་ལས་བྱུང་བའི་ཤེས་རབ་ལ་རག་ལས་པ་ན། ཉེ་བར་དོན་སྤྱོད་པས་ནང་དུ་སེམས་པར་བཞུགས་པར་བྱ་སྟེ། ཀུན་མཁྱེན་ཆེན་པོས། དེ་ལྟར་ཐོས་པ་དམ་པས་བརྒྱན་རྗེས་སུ། །བསམ་པའི་ཤེས་རབ་ངེས་པར་རྒྱུད་ལ་བསྐྱེད། །ཅེས་སོ། །དེ་ལྟར་བསམ་པའི་དོན་ལ་སྤྱོད་པ་རྫོགས་ནས། གནས་ལུགས་བསྒོམ་པ་ལས་བྱུང་བའི་ཤེས་རབ་རྒྱུད་ལ་བསྟེན་དགོས་ཏེ། ཀུན་མཁྱེན་ཆེན་པོས། དེ་ལྟར་བསམ་བྱ་ཡོངས་སུ་རྫོགས་པས་ན། །བསྒོམ་བྱུང་ཤེས་རབ་རྒྱུད་ལ་བ སྐྱེད་པར་བྱ། །ཞེས་གསུངས་པས་གཞིའི་དོན་གཏན་ལ་ཕབ་ནས། གནས་ལུགས་གཉུག་མའི་ངང་ལ་མཉམ་པར་བཞག་པ་ལས་རང་རྒྱུད་ཀྱི་འཆིང་བ་ཐམས་ཅད་ཆོས་ཉིད་དུ་གྲོལ་བར་བྱེད་པ་སྟེ། ཀུན་མཁྱེན་ཆེན་པོས། དེ་ཚེ་རང་བཞིན་གཅིག་སྟེ་གདོད་མའི་ངང་། །གཟུང་དང་འཛིན་པ་མི་དམིགས་ཆོས་ཀྱི་སྐུ། །དྲི་མེད་འོད་གསལ་ཉི་མའི་སྙིང་པོ་ནི། །བདེ་གསལ་མི་རྟོག་མཐའ་དབུས་མེད་པར་འཆར། །ཞེས་གསུངས་པ་ལྟ་བུའོ། །རིན་པོ་ཆེ་ཀཽ་ཏུ་བྷ་དང་ལྷན་ཅིག་བཞག་པའི་རྡོའི་ཁམས་རིམ་གྱིས་གསེར་དུ་འགྱུར་བ་བཞིན་ནོ། །ཞེས་པ་ནི། དཔེ་དང་དཔེ་ཅན་བསྟན་པ་སྟེ། དཔེ་རིན་པོ་ཆེ་ཀཽ་ཏུ་བྷ་དེ་ཉིད་རྡོ་ཕལ་པ་དང་ལྷན་ཅིག་ཏུ་བཞག་པ་ལས་དེ་མ་ཐག་རྡོ་གསེར་དུ་མི་འགྱུར་ཡང་། རིམ་གྱིས་གསེར་དུ་འགྱུར་བ་བཞིན་དུ། དཔེ་ཅན་གྲོལ་ལམ་ལ་བརྟེན་པའི་གང་ཟག་དེ་ཡང་ཐབས་ལམ་ལྟ་བུའི་མྱུར་ཁྱད་མི་ལྡན་ཡང་། རིམ་གྱིས་འབྲས་བུ་ལ་སྦྱོར་བ་ལ་ཁྱད་པར་མེད་པའི་
ཕྱིར་རོ། །དེ་ལ་དབྱེ་ན། རིང་བའང་རིམ་དང་ཅིག་ཅར་བའོ། །ཞེས་པས། སྤྱིར་གྲོལ་ལམ་འདི་ཐབས་ལ་ལྟོས་པ་རིང་ལམ་ཡིན་ནའང་། དེ་ལའང་རིམ་གྱིས་པ་དང་ཅིག་ཅར་བ་གཉིས་ལས། དབང་པོ་ཡང་རབ་རྟོགས་གོམས་དབྱེར་མེད་ཆིག་ཆོད་བྱེད་པ་དག་ཡོད་དེ་དབང་དུས་སུ་གྲོལ་བ་ཨིནྡྲ་བྷུ་ཏི་ལྟ་བུ་ཅིག་ཅར་བ་དང་། རིམ་གྱིས་རྟོགས་གོམས་མཐར་ཕྱིན་པར་བྱེད་པ་དག་ཡོད་དེ་རིམ་གྱིས་པའོ། །དེ་ཡང་ཅུང་ཟད་བཤད་ན། འདི་ཉིད་ལས། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་པས་མཚན་ཉིད་གསུམ་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞིའོ། །ཞེས་གསུམ་དུ་བསྟན་པ་ལས། དང་པོ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་བཤད་པ་ལ་ཡང་གསུམ་དུ་ཡོད་དེ། གཞལ་བྱ། གཏན་ཚིགས། གྲུབ་མཐའོ། །དེ་ཡང་ལམ་རིམ་ལས། གཞི་དང་གཏན་ཚིགས་གྲུབ་པའི་དོན། །ཞེས་སོ། །དེ་ལ་དང་པོ་གཞལ་བྱ་ནི། འཁོར་དང་འདས་དངོས་སྣང་ཞེན་བཏགས། །ཞེས་པས། ཕྱི་ནང་སྣོད་བཅུད་གྱི་དངོས་པོ་ཇི་སྙེད་པས་བསྡུས་པའི་འཇིག་རྟེན་འདི་དག་དེ་མ་ཡིན་པ་ལ་དེར་འཛིན་གྱི་སྒྲོ་བཏགས་པས་རྨི་ལམ་འཁྲུལ་པའི་ཆོས་ཏེ། དེ་ལྟར་སྣང་དུས་ནས་དེའི་རང་བཞིན་ཆོས་ཉིད་ལས་ཉམས་པ་མེད་པས་འཁོར་འདས་གཉིས་དེ་ཉིད་དང་གཞན་བརྗོད་དུ་མེད་ཀྱང་སོ་སོར་ཞེན་པའི་སྒྲོ་བཏགས་ཀྱི་བློ་དེ་ཉིད་སྐབས་འདིར་གཞལ་བྱ་སྟེ། རྣམ་བཀོད་ལས། བཏགས་པའི་སྤྱོད་ཡུལ་གཉིས་ལ་བཞག །ཅེས་པ་ལྟར། འོ་ན་འཁོར་འདས་གཉིས་མི་འཇལ་ལམ་ཞེ་ན། འཁོར་བ་ནི་མེད་སྣང་གློ་བུར་བ་ཡིན་ལ། མྱ་ངན་ལས་འདས་པ་ནི་བློའི་སྤྱོད་ཡུལ་ལས་འདས་པའི་ཕྱིར་དེ་ཉིད་གཞལ་བྱར་མ་བཞག་གོ །ཞེས་གསུངས་ཀྱང་། འདས་པ་ནི་རྣམ་བཀོད་ལས། འདས་པ་སྤྱོད་ཡུལ་མ་ཡིན་ཕྱིར། །གཞལ་བྱའི་ཡུལ་དུ་ཇི་ལྟར་རིགས། །ཞེས་གསུངས་པས་གསལ་ལ། འཁོར་འདས་གཉིས་འཛིན་གྱི་བློ་དེ་འཁོར་བའི་ཆ་ཤས་ཡིན་པ་དང་། མེད་སྣང་གློ་བུར་ཡིན་པས་གཞལ་བྱར་མ་གྲུབ་པའི་གྲུབ་མཐའ་བཀོད་
ནས། འཁོར་འདས་གཉིས་འཛིན་གྱི་བློ་གཞལ་བྱར་ཁས་བླངས་ནས་གཉིས་འཛིན་གྱི་བློ་དེ་རྟག་བརྟན་ལྷུན་གྲུབ་ཡིན་པར་འདོད་དགོས་པའི་ཕྱིར་ཧ་ཅང་ཐལ་ལོ། །འོ་ན་འདིར་གང་ཞེ་ན། འཁོར་འདས་ཞེས་པ་གཉིས་འཛིན་གྱི་བློས་སོ་སོར་བཏགས་པ་ལས་རང་མཚན་དུ་གྲུབ་པ་མེད་ལ། དེའི་ཕྱིར་ན་སྐབས་འདིར་གཞལ་བྱ་ཡང་སོ་སོར་ཞེན་པའི་སྒྲོ་བཏགས་ཀྱི་བློ་དེ་ཉིད་ལ་བྱས་པས་འཁོར་འདས་གཉིས་མེད་ཀྱི་ལྟ་བ་གཏན་ལ་ཕེབས་པར་འགྱུར་བ་ལ་དགོངས་སམ་སྙམ་མོ། །གཉིས་པ་འཇལ་བྱེད་ཀྱི་གཏན་ཚིགས་ལ། ལམ་རིམ་ལས། དེ་ཉིད་དངོས་ལྔ་ཚུལ་དང་ཚིག །ཅེས་པས། སྔོན་བྱུང་ལྔའི་གཏན་ཚིགས། རྗེས་འཇུག་ཚུལ་ལྔའི་གཏན་ཚིགས། ཚིག་ལྔའི་གཏན་ཚིགས་དང་གསུམ་ལས། དང་པོ། སྔོན་བྱུང་ལྔའི་གཏན་ཚིགས་ནི། སངས་རྒྱས་སྐུ་ལྔས་གསུངས་ལྔའི་སྒོ་ནས་དོན་དངོས་སུ་བསྟན་པ་སྟེ། སྟོན་པ་ཆོས་ཀྱི་སྐུས་འཁོར་ཡེ་ཤེས་རྒྱ་མཚོ་ལ་སྐྱེ་མེད་དོན་གྱི་གསུང་གིས་བརྡའ་སྤྲོད་པ། ལོངས་སྤྱོད་རྫོགས་པའི་སྐུས་འཁོར་སྨིན་པ་རྒྱ་མཚོ་ལ་དགོངས་པ་བརྡའི་གསུང་གིས་བརྡའ་སྤྲོད་པ། སྤྲུལ་པའི་སྐུས་འཁོར་མོས་པ་རྒྱ་མཚོ་ལ་བརྗོད་པ་ཚིག་གི་གསུང་གིས་བརྡའ་སྤྲོད་པ། རྡོ་རྗེའི་སྐུས་རང་བཞིན་དབྱེར་མི་ཕྱེད་པའི་འཁོར་ལ་དབྱེར་མེད་རྡོ་རྗེའི་གསུང་གིས་བརྡའ་སྤྲོད་པ། མངོན་བྱང་གི་སྐུས་འཁོར་རྒྱལ་བ་རྒྱ་མཚོ་ལ་གསུང་གི་བྱིན་རླབས་ཅིར་ཡང་མི་དགག་པའི་སྟོབས་ཀྱིས་དོན་མཛད་པ་རིག་པ་བྱིན་རླབས་ཀྱི་གསུང་གིས་བརྡའ་སྤྲོད་པ་སྟེ་སྟོན་པ་སྐུ་ལྔས་རང་རང་གི་འཁོར་ལ་གསུང་ལྔའི་སྒོ་ནས་ཆོས་ཉིད་དོན་དངོས་སུ་གཏན་ལ་ཕབ་པ་ནི་དངོས་ལྔའི་གཏན་ཚིགས་ཏེ། ལམ་རིམ་ལས། ཡང་དག་རྫོགས་སངས་རྒྱས་སྟོན་པས། །སྐུ་ལྔ་འདུས་པའི་འཁོར་རྣམས་ལ། །གསུང་ལྔས་བསྟན་པ་དེ་ཁོ་ན། །གཏན་ལ་འབེབས་ཤིང་འཇལ་བྱེད་པའོ། །ཞེས་སོ། །རྗེས་འ ཇུག་ཚུལ་ལྔའི་གཏན་ཚིགས་ལ། སྐུ་ལྔ་པོ་དེ་དག་གི་གསུང་ལྔ་དང་ཚུལ་མཐུན་པའི་བརྡའ་དོན་ཏེ། ཆོས་སྐུའི་གསུང་སྐྱེ་མེད་མཚོན་པ་ནམ་མཁའ་ལྟ་བུ༑ ལོངས་སྐུ་དགོངས་པ་བརྡའི་གསུང་མཚོན་པ་མེ་ལོང་གི་བྱད་གཟུགས་འཆར་བ་ལྟ་བུ།
སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་ཀུན་ཡིད་འཕྲོག་པ་ཚངས་པའི་དབྱངས་ལྟ་བུ། རྡོ་རྗེའི་གསུང་དབྱེར་མེད་མཚོན་པ་བྲག་ཆ་ལྟ་བུ། མངོན་བྱང་རིག་པ་བྱིན་རླབས་ཀྱི་གསུང་རང་གསལ་ཉི་མའི་དཀྱིལ་འཁོར་ལྟ་བུ་སྟེ། ལམ་རིམ་ལས། བརྗོད་དང་འདྲ་བར་བརྡའ་སྤྲོད་པ༑ ༑ངོ་བོ་ཉིད་ཀྱིས་བཤད་པའི་ཕྱིར། །མ་འོངས་དོན་དུ་གཏན་ཚིགས་ངེས ། །ཞེས་སོ། །ཚིག་ལྔའི་གཏན་ཚིགས་ནི། ལྔ་བོ་དེ་དག་ཚིག་ཏུ་དངོས་སུ་བརྗོད་པ། ལམ་རིམ་ལས། ངོ་བོ་སྣང་ཚིག་ལྟར་སྣང་ཚིག །ལྡེམ་དགོངས་ཚིག་དང་དཀྲི་དྲངས་ཚིག །འདོད་རྐྱེན་ཚིག་དང་རྡོ་རྗེའི་ཚིག །རང་རིག་མངོན་གསལ་ཚིག་གིས་མཚོན། །ཞེས་སོ། །དེ་ཡང་བསྡུ་ན་གཉིས་ཏེ༑ བརྟག་དཔྱད་ལ་མ་ལྟོས་པར་དོན་གོ་བ་སྐུ་བཞིའི་གསུང་དང་། བརྟག་དཔྱད་ལ་བ རྟེན་ནས་གོ་དགོས་པ་སྤྲུལ་སྐུའི་གསུང་སྟེ། ལམ་རིམ་ལས། བཞི་རྗེས་མི་དཔྱོད་གཅིག་རྗེས་དཔྱོད། །ཅེས་སོ། །དེ་ལྟར་དཔྱད་དུ་ཡོད་པ་སྤྲུལ་སྐུའི་གསུང་དེ་ལ་ཚད་མ་བཀའ་གཞུང་གི་གཏན་ཚིགས་དང་། སྒྲ་མཐུན་དོན་འཕགས་ཀྱི་གཏན་ཚིགས་གཉིས་སུ་ཡོད་པ་ལས། དང་པོ་ཚད་མ་བཀའ་གཞུང་གིས་གཏན་ཚིགས་དེ་ལ་ཡང་། རྟོག་པ་བཞིའི། དག་པ་གསུམ་གྱི༑ མཉམ་པ་བཞིའི། བདག་ཉིད་ཆེན་པོའི་གཏན་ཚིགས་དང་བཞི་ལས། དང་པོ། རྟོག་པ་བཞིའི་གཏན་ཚིགས་ལ། གཞལ་བྱ་ནི། མ་རིག་ལོག་རྟོག་གི་སེམས་ལས་འཁོར་བ་དང་། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་མྱང་འདས་སུ་སྣང་བ་སྟེ། དེ་ལྟར་འཁོར་འདས་གཉིས་སྣང་གི་ཞེན་པའི་ཆོས་དེ་ཉིད་དོ། །འཇལ་བྱེད་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་དང་། བྱིན་གྱིས་བརླབས་པའི་དང་། མངོན་སུམ་པའི་གཏན་ཚིགས་བཞི་སྔ་མ་སྔ་མས་གཏན་ལ་ཕབ་པའི་གྲུབ་མཐའི་ཞེན་ཆ་དེ་ཕྱི་མ་ཕྱི་མའི་གཞལ་བྱར་བྱས་ནས་གཏན་ལ་འབེབས་པ་སྟེ། འཇལ་ཚུལ་ལ། དང་པོ་རྒྱུ་གཅིག་པ་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྐྱེ་བ་མེད་པའི་དབྱིངས་སུ་རྒྱུ་གཅིག་པ་སྟེ། དེ་ལྟར་རྟོགས་པ་དང་མ་རྟོགས་པ་ལས་འཁོར་འདས་སོ་སོར་སྣང་བའི་ཕྱིར། རྒྱལ་བུ་རྐང་འཁྱམས་དམངས་སུ་འཛིན་པའི་སྒྲོ་བཏགས་དང་རྒྱལ་བུར་ངེས་པའི་ཚད་མ་གཉིས་ཀ་རྒྱལ་བུར་རོ་གཅིག་པ་བཞིན་
ནོ༑ ༑ཞེས་ཆོས་ཐམས་ཅད་ཀྱི་རང་བཞིན་སྐྱེ་མེད་དུ་གཏན་ལ་འབེབས་པ་སྟེ། རྒྱ་མཚོ་ལས། ཆོས་ཉིད་དབྱིངས་སུ་ཚུལ་གཅིག་པས། །མ་ལུས་རང་སྣང་ཆོས་ཐམས་ཅད། །མ་ལུས་བྱང་ཆུབ་སེམས་སུ་རྫོགས། །ཞེས་སོ། །གཉིས་པ་ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་ནི། སེམས་ཉིད་སྐྱེ་མེད་ཀྱི་རང་གདངས་རོལ་པ་འགག་མེད་ལྷའི་སྐུ་གསུང་ཐུགས་སུ་རང་སྣང་བ་ཡིན་ཏེ༑ མཚོན་དུ་མེད་པའི་ཡེ་གེ་ཨ་ཉིད་མཚོན་བྱེད་ཡི་གེ་དུ་མར་སྣང་བས་མཚོན་ནས་རྟོགས་པའི་ཕྱིར་ཏེ། དཔེར་ན་མཛུབ་མོས་རི་བོང་ཅན་བཞིན་ནོ། །ཞེས་རོལ་པ་འགག་མེད་དུ་གཏན་ལ་འབེབས་པ་སྟེ། རྒྱ་མཚོ་ལས། སྐུ་གསུང་ཐུགས་སུ་སྣང་བ་ཡིས། །མ་ལུས་གསུང་གི་རྒྱན་དུ་རྟོགས། །ཐམས་ཅད་གསུང་གི་ཡི་གེ་སྟེ། །ཐབས་དང་ལྡན་པས་རྒྱས་གདབ་བོ། །ཞེས་སོ། །གསུམ་པ་བྱིན་གྱིས་བརླབས་པ་ནི། རང་བཞིན་སྐྱེ་མེད་དང་རོལ་པ་འགག་མེད་གཉིས་སུ་རྟོགས་པ་བྱིན་རླབས་ཤུགས་ལས་བྱུང་བ་ཡིན་ཏེ། ལྷག་པ་དོན་དམ་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པས་དེའི་སྣང་ལྡོག་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར་ངོ་བོ་དབྱེར་མེད་དུ་གཏན་ལ་འབེབས་པ་སྟེ། དཔེར་ན། གསེར་དང་གསེར་གྱི་སེར་པོ་དང་། གཡུ་དང་གཡུའི་སྔོན་པོ་བཞིན་ནོ། །དེ་ཡང་རྒྱ་མཚོ་ལས། བདེན་གཉིས་དབྱེར་མེད་བྱིན་རླབས་ལས། །དེ་ཉིད་དེ་ཡིས་བྱིན་རླབས་ཏེ། །གཉིས་མེད་ཚུལ་གྱི་རང་སྣང་བ། །བྱིན་རླབས་ངོ་མཚར་བསམ་མི་ཁྱབ། །ཅེས་སོ། །བཞི་པ་མངོན་སུམ་པའི་གཏན་ཚིགས་ནི། བདེན་པར་དབྱེར་མེད་དེའང་བློའི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ། བལྟ་བྱའི་ཡུལ་དང་ལྟ་བྱེད་ཀྱི་ཤེས་པ་གཉིས་མེད་རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་རྟོགས་པའི་ཕྱིར། དེ་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་ཏེ། རྒྱུད་དག་པ་རྣམས་ཀྱི་ཡེ་ཤེས་ཀྱི་གཟིགས་ངོར་དེ་ལྟར་དུ་གཟིགས་པའི་ཕྱིར། མིག་ལ་སྐྱོན་མེད་པས་དུང་གི་ཁ་དོག་དཀར་པོར་མཐོང་བ་ཉིད་དུང་གི་ཁ་དོག་གི་གནས་ལུགས་ཡིན་པའི་ཕྱིར་ཞེས་ཡུལ་ཡུལ་ཅན་གཉིས་མེད་མཚན་ཉིད་བློ་བྲལ་དུ་གཏན་ལ་འབེབས་པ་སྟེ། རྒྱ་མཚོ་ལས། རང་བྱུང་རང་ཤར་སེམས་འདི་དག །གཉིས་མེད་རང་རིག་མ་སྐྱེས་པར། །གསལ་བར་མངོན་
སུམ་ཐེ་ཚོམ་མེད། །རྟོགས་པ་ཀུན་གྱི་མཆོག་ཏུ་བཤད། །ཅེས་དང་ལྟ་ཕྲེང་ལས། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་གནས་པ་དེ་ཡང་། ལུང་དང་མན་ངག་དང་འགལ་བ་ཡང་མ་ཡིན་ལ། ལུང་དང་མན་ངག་གི་ཚིག་ཙམ་ལ་བ རྟེན་པའང་མ་ཡིན་པར་རང་གི་རིག་པས་བློའི་གཏིང་དུ་ཡིད་ཆེས་པས་མངོན་སུམ་དུ་རྟོགས་པའོ། །ཞེས་སོ། །དེ་ལྟར་གཏན་ཚིགས་བཞི་པོ་དེས་ཆོས་ཐམས་ཅད་གཏན་ལ་ཕབ་སྟེ་གནས་ལུགས་ཇི་ལྟ་བ་བཞིན་གསལ་བར་རྫོགས་པས་ཆམ་གཅིག་སྐུ་དང་ཡེ་ཤེས་ཀྱི་རོལ་པར་དབང་བསྒྱུར་བའི་ཕྱིར། རབ་ཏུ་རྟོགས་པ་རྣམ་བཞི་ཡིས་ཞེས་སོགས་གསུངས་པའི་ཕྱིར་རོ། །བཞི་པ་དག་པ་གསུམ་གྱི་གཏན་ཚིགས་ནི༑ འདི་ལྟར་དུ་སྣང་བའི་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔ་དང་། ནང་བཅུད་ཀྱི་སེམས་ཅན་ཕུང་པོ་ལྔ་དེ་དག་རང་རང་གི་རྒྱུད་རྣམ་ཤེས་ཚོགས་བརྒྱད་ཀྱིས་བསྡུས་པ་ཐམས་ཅད་ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པ་ཡིན་ཏེ་འབྱུང་བ་ལྔ་ཡུམ་ལྔ། ཕུང་པོ་ལྔ་ཡབ་ལྔ་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པའི་ཕྱིར་ཏེ། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་ཞེས་པའི་དོན་ཏེ། གང་ཡེ་ནས་དག་པའི་རང་བཞིན་ལ་སྒྲིབ་པས་གོས་མ་མྱོང་བས་ཁྱབ་ཅིང་། དེ་ཉིད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པས་ཁྱབ་སྟེ། ཆོས་ཀྱི་སྐུ་བཞིན་ནོ། །གསུམ་པ་མཉམ་པ་བཞིའི་གཏན་ཚིགས་ནི། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཡིན་ཏེ། མཉམ་པ་བཞིས་འཁོར་འདས་དབྱེར་མེད་དུ་རྟོགས་པའི་ཕྱིར། མཉམ་པ་བཞི་སྣང་ལ་དོན་བྱེད་ནུས་པ་མི་ལ་མིར་སྣང་བ་ལྟ་བུ་ཡང་དག་ཀུན་རྫོབ། སྣང་ལ་དོན་བྱེད་མི་ནུས་པ་ཐོ་ཡོར་ལ་མིར་སྣང་བ་ལོག་པའི་ཀུན་རྫོབ། དེ་གཉིས་ཀ་སྣང་ཙམ་པས་སྒྱུ་མར་མཉམ་པ། སྤྲོས་པ་ཕྱོགས་རེ་ཙམ་ཆོད་པ་རྣམ་གྲངས་པའི་དོན་དམ་བདེན་པ་དང་། སྤྲོས་པ་མཐའ་དག་ཆོད་པ་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་སྟེ་ཐུན་མོང་གི་ཚུལ་དང་། ཁྱད་པར་སྔགས་བླ་མེད་ལས་ལྷག་པའི་མཉམ་པ་གཉིས་གསུངས་ཏེ། མེད་དགག་དང་མ་ཡིན་དགག་གི་དབྱེ་བས་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པའི་སྟོང་ཉིད་གཉིས་ཀ་ལྷག་པ་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པར་མཉམ་ཞིང་། མ་
དག་པ་ནང་འཁྲུལ་རྟོག་ལོག་པའི་ཀུན་རྫོབ། དག་པ་ལྷར་སྣང་ཡང་དག་པའི་ཀུན་རྫོབ་སྟེ་གཉིས་ཀའང་ལྷག་པའི་ཀུན་རྫོབ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཉམ་པ་སྟེ་མཉམ་པ་བཞིའི་གཏན་ཚིགས་ཏེ། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱི། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་སོགས་ཀྱི་དོན་ནོ། །བདག་ཉིད་ཆེན་པོ་ནི། དེ་ཡང་མ་རྟོགས་པ་འ ཁོར་བ། རྟོགས་པ་མྱ་ངན་ལས་འདས་པ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད། སྣང་ལུགས་ནས་དུ་མར་སྣང་ཡང་། གནས་ལུགས་ནས་སེམས་ཉིད་སྐྱེ་བ་མེད་པ་རང་བྱུང་གི་ཡེ་ཤེས་གཅིག་གི་བདག་ཉིད་དུ་ཡེ་ནས་གནས་པའི་ཕྱིར་ཏེ། བདག་ཉིད་ཆེན་པོ་སྟེ། རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་སོགས་ཀྱི་དོན། རྣམ་བཀོད་ལས། སྣང་བ་འདི་ཀུན་རང་རང་གིས། །རང་བཞིན་མེད་པའི་རྣམ་ཤེས་ཉིད། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་སོ། །དེས་ཚད་མ་བཀའ་གཞུང་གི་གཏན་ཚིགས་བཤད་པ་སོང་ནས། གཉིས་པ་སྒྲ་མཐུན་དོན་སྤགས་ཀྱི་གཏན་ཚིགས་ནི། ཐུན་མོང་ཐེག་པར་དུག་ལྔ་སྤོང་སྦྱོང་བྱེད་པ་དེ་ཐེག་པ་འདིར་རང་བཞིན་མ་གྲུབ་པར་ལྟ་བས་དོན་སྤགས་པ་སྟེ། དེ་གཏན་ཚིགས་ཀྱིས་སྒྲུབ་ན། འདོད་ཆགས། ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག་དང་བཅས་པའི་དུག་ལྔ་པོ་དེ་ཡང་དག་པར་མ་གྲུབ་སྟེ། རང་རང་གི་ངོ་བོས་སྟོང་པའི་ཕྱིར་རོ། །ཞེས་པ་སྟེ། སྔོན་ཟུར་ཆུང་ཤེས་རབ་གྲགས་པར་སྟོན་པ་དག་གིས་རྒོལ་བར་ལྷགས་ཏེ། ཀ་བ་ཆོས་ཅན་ཟེར་བ༑ ཟུར་ཆུང་པས། ཀ་བ་ཆོས་ཅན། ཁྱོད་གང་ཟག་ཕལ་བ་ལ་ཀ་བར་སྣང་གི་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ལ་ཀ་བར་གྲུབ་པ་མི་གདའ་གསུང་ནས་ཕྱག་ཡུག་ཡུག་མཛད་པས་ཐོགས་པ་མེད་པའི་རྫུ་འཕྲུལ་བསྟན་པ་ལྟ་བུའོ། །དེ་ལྟར་འཇལ་བྱེད་གཏན་ཚིགས་རྣམས་ཀྱིས་གཏན་ལ་ཕབ་པས་རང་བཞིན་རྒྱུའི་རྒྱུད་གནས་ལུགས་ཀྱི་དོན་དེ་ཉིད་མངོན་སུམ་དུ་རྟོགས་པ་ནི་གྲུབ་མཐའ་སྟེ། རྒྱ་མཚོ་ལས། རྒྱ་མཚོ་དྭངས་པའི་གཟུགས་བརྙན་ལྟར། །སྒྲ་བརྟེན་ཡིད་ལ་བྱེད་མིན་པར། །རང་རིག་མངོན་སུམ་དམིགས་བྲལ་བར། །རང་གསལ་གསུམ་བྲལ་མི་ བསྒུལ་བས། །ངེས་པར་གདེངས་སུ་གང་བྱས་པ། །ཐོས་བསམ་བརྟེན་
པའི་ལྟ་མཐར་ཕྱིན། །ཞེས་དང་། རྔམ་གློག་ལས། མངོན་སུམ་རིག་པས་ཐག་ཆོད་ན། །རྣལ་འབྱོར་ས་ལ་སླེབས་པ་ཡིན། །ཞེས་སོ། །གང་དག་སྔགས་ཀྱི་གྲུབ་མཐའ་ལྟ་བ་དབུ་མ་ལས་ཐབས་ཁྱད་པར་དུ་འཕགས་པས་ཕྱེ་བ་ཙམ་དུ་འདོད་པ་ནི། བདེན་པ་དབྱེར་མེད་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བ་ལ། ཞེས་པའི་དོན་ནི། གསར་འགྱུར་གྱི་མཁས་པ་ཕལ་ཆེ་བ་དག བརྟག་གཉིས་ལས། རང་བཞིན་གདོད་ནས་མ་སྐྱེས་པ། །རྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མ་ཤེས་ཀྱིས། །ཞེས་པ འི་དགོངས་པ་འགྲེལ་ཚུལ་ལས་སྔགས་ཀྱི་གྲུབ་མཐའ་ནི་ལྟ་བ་དབུ་མ་ལས་ཐབས་ཁྱད་པར་དུ་འཕགས་པས་ཕྱེ་བའོ། །ཞེས་གསུངས། སྔ་འགྱུར་རང་སྐད་ཀྱི་དབང་དུ་བྱས་ན་ཐབས་བཞིན་དུ་ལྟ་བ་ཡང་ལྷག་སྟེ། དོན་དམ་པར་སྐྱེ་འགག་མེད་པ་དང་། ཀུན་རྫོབ་དུ་སྒྱུ་མར་མཚུངས་པ་ཙམ་དུ་དབུ་མ་དང་མཐུན་ནའང་། སྔགས་ཀྱི་ཁྱད་ཆོས་ཀུན་རྫོབ་སྒྱུ་མ་ལྟ་བུ་ཡང་ཡོངས་སུ་དག་པ་ལྷའི་མཚན་ཉིད་དུ་ལྟ་བ། བདེན་པ་གཉིས་ཀྱང་དབྱེར་མེད་དུ་ལྟ་བས་ཁྱད་པར་དུ་བྱས་པ་སྟེ། ཤེས་བྱ་ཐམས་ཅད་གཟིགས་པ་ཀློང་ཆེན་ཆོས་ཀྱི་རྒྱལ་པོས། དེ་ཡང་དང་པོ་གནས་ལུགས་ཤེས་པ་གཅེས། །ཐེག་པའི་དབང་གིས་རྣམ་གྲངས་གང་གསུངས་ཀྱང་། །ངེས་པའི་སྙིང་པོ་བདེན་པ་དབྱེར་མེད་དེ། །སངས་རྒྱས་རྣམས་ཀྱི་གསང་བའི་མཛོད་ཁང་ཡིན། །ཞེས་གསུངས། ཀུན་རྫོབ་ལྷར་ལྟ་བའང་། བྱ་རྒྱུད་ཀྱི་དག་པ་ཆོས་ཉིད་ཀྱི་ལྷ། ཡོ་ག་བས་དེའི་སྟེང་དུ་མི་གནས་པའི་ཡེ་ཤེས་ཆེན་པོས་བྱིན་གྱིས་བརླབས་པའི་ལྷ། རྣལ་འབྱོར་བླ་ན་མེད་པས་དེ་གཉིས་ཀའི་སྟེང་དུ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ལྟ་བའི་ཕྱིར་ན་བདེན་པ་ཐ་དད་དུ་འཛིན་པ་དོར། དོན་དམ་བདེན་ངོར་མ་ཟད། ཀུན་རྫོབ་ཏུའང་སྣོད་བཅུད་དག་མཉམ་ཆེན་པོར་གཏན་ལ་འབེབས་པས་རྒྱུའི་བླ་ན་མེད་པའི་ཐེག་པ་དབུ་མ་པ་ལས་ཐབས་ཀྱི་ཐེག་པ་སྔགས་ཀྱི་ལྟ་བ་འདི་ཉིད་ཆེས་ལྷག་པ་ཡིན་ཏེ། སྒྱུ་འཕྲུལ་རྒྱས་པའི་རྒྱུད་ཀྱི་ཚིག་སངས་རྒྱས་གསང་བས། ལམ་རིམ་དུ་དྲངས་པར། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་
གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག ། ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས་པའི་ཕྱིར། དེའི་ཕྱིར་ན་གསང་སྔགས་ཐེག་པའི་སྙིང་པོ་ལམ་འབྲས་ཞེས་ཡོངས་སུ་གྲགས་པའི་གྲུབ་མཐའ་འཛིན་པ་པོ་རྣམས་ཀྱི་ལྟ་བ་འཁོར་འདས་དབྱེར་མེད་ཅེས་གསུངས་པའི་བཞེད་དོན་ཡང་གོང་དུ་བཤད་པའི་དོན་དེ་ལས་ལོགས་སུ་མེད་པས་སོ། །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལ་གཉིས་ཏེ་མོས་སྒོམ་དང་། ངེས་རྫོགས་སོ། །དང་པོ་ནི། གཡོ་ཐོབ་གོམ་བརྟན་མཐར་ཕྱིན་གྱི་ཉམས་ལྔས་ཏིང་འཛིན་ལ་བརྟན་པ་མ་ཐོབ་ཀྱང་། བསྒོམ་བྱའི་དོན་སྤྱི་ཙམ་བློ་ཡུལ་དུ་བྱས་ཏེ་མོས་པ་ཙམ་གྱིས་བསྒོམ་པའོ། །གཉིས་པ་ལམ་སོ་སོའི་ཏིང་འཛིན་སོགས་ཏེ། ཉམས་ལྔའི་སྒོ་ནས་ལམ་གང་དང་གང་སྒོམ་པ་དེའི་ཏིང་ངེ་འཛིན་མཐར་ཕྱིན་པར་བསླབ་པ་སྟེ། དེ་ལ་ཉམས་ལྔ་ནི། སློབ་དཔོན་བི་མ་ལས་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་པར། གཡོ་ཐོབ་གོམ་བརྟན་མཐར་ཕྱིན་ལྔ༑ ༑བསམ་གཏན་ཉམས་ཀྱི་སྐྱེ་ཚུལ་ཡིན། །ཞེས་པས། དེ་ལ་དང་པོ་ནི། གང་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཚེ་ན་རྣམ་རྟོག་སྔར་ལས་ཀྱང་མང་དུ་སོང་བ་ལྟ་བུ་གནས་པ་དང་པོ་རི་གཟར་གྱི་འབབས་ཆུ་ལྟ་བུ་ཞེས་པ་གཡོ་བའི་ཉམས། དེ་ཡང་སྔར་རྣམ་རྟོག་ལ་རྩིས་གདབ་མེད་པས་རྒྱ་འབྱམས་སུ་སོང་བ་དེ་ཉིད་སྐབས་འདིར་གནས་པར་རྩོམ་པའི་དང་པོར་རྣམ་རྟོག་ངོས་ཟིན་པས་སྔར་ལས་མང་དུ་སོང་བ་ལྟ་བུར་སྣང་བ་དེ་གཞན་དུ་རྣམ་རྟོག་ངོས་ཟིན་པའི་ཉམས་ཞེས་ཀྱང་བཤད་དོ། །གཉིས་པ་ནི། དེ་ལ་སྐྱོན་དུ་མ་བལྟས་པར་རྒྱུན་འཐུད་དེ་སྒོམ་པ་ལས་རྣམ་རྟོག་འགྱུ་འཕྲོ་བར་མི་ཆད་པ་དེ་ཁའི་ངང་ལས་ཡུད་ཙམ་རེ་གནས་པ་ཙམ་འབྱུང་སྟེ་གཉིས་པ་རོང་ཁུང་དོག་མོའི་ཆུ་ལྟ་བུ་ཞེས་པ་ཐོབ་པའི་ཉམས་ཞེས་པ་གཞན་དུ་རྣམ་རྟོག་ངལ་གསོས་པའི་ཉམས་ཞེས་བཤད་དོ། །གསུམ་པ་ནི། དེ་ནས་ཀྱང་རྒྱུན་མཐུད་དེ་བསྒོམ་པ་ན་རེས་འགའ་ཙམ་རྟོག་པ་བན་བུན་དུ་འཕྲོ་བ་ཙམ་ལས་ཕལ་ཆེར་རྟོག་མེད་དུ་གནས་པ་སྟེ། གསུམ་པ་གཡོ་འགུལ་མང་པོ་བྱེད་མི་ནུས་པ་མི་རྒན་པོའི་སྤྱོད་
པ་ལྟ་བུ་ཞེས་གོམས་པའི་ཉམས་ཏེ་གཞན་ལས་རྣམ་རྟོག་ཐང་ཆད་པའི་ཉམས་ཞེས་ཀྱང་བཤད་དོ། །བཞི་པ་ནི། དེ་ནས་ཀྱང་བརྩོན་པས་བསྒོམ་པ་ན། ཕལ་ཆེར་རྟོག་མེད་དུས་སལ་ལེ་སིང་ངེར་གནས་ཤིང་། རྐྱེན་དྲག་པོས་ཅུང་ཟད་གཡོ་བ་ལྟར་སྣང་བ་སྟེ། བཞི་པ་མཚོ་ཆུང་སིར་བུས་བསྐྱོད་པ་ལྟ་བུ་བརྟན་པའི་ཉམས་སམ་གཞན་དུ་རྣམ་རྟོག་གིས་བསྐྱོད་དུ་ཡོད་པའི་ཉམས་ཞེས་ཀྱང་བཤད། ལྔ་པ་ནི། དེ་ལྟར་གོམས་པ་ལས་རྐྱེན་གང་གིས་ཀྱང་གནོད་མི་ནུས་པའི་སྟེང་སླར་ཡང་བོགས་འབྱིན་དུ་འགྲོ་ལ་ཇི་ཙམ་འདོད་པའི་བར་དབང་འབྱོར་བ། ལྔ་པ་རྒྱ་མཚོ་རླབས་དང་བྲལ་བའམ་རི་བོ་གཡོ་བསྒུལ་མེད་པ་ལྟ་བུ་མཐར་ཕྱིན་པའི་ཉམས་སམ། གཞན་དུ་རང་དབང་འབྱོར་བའི་ཉམས་ཞེས་བཤད་དོ། །དེ་ཡང་ངེས་རྫོགས་ཀྱི་ལམ་དེ་ལ་ཡང་། ལམ་རིམ་ལས། སྲིད་པ་རིམ་པར་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་བཞག །གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེ་བ་རིམ་གསུམ་གཉིས་མེད་དོ། །ཞེས་སྐྱེ་འཆི་བར་དོ་གསུམ་ཕྲུགས་གཅིག་ཏུ་རྫོགས་པར་སྟོན་པ་སྟེ། འཆི་བ་འོད་གསལ་དང་རྗེས་སུ་མཐུན་པའི་ལམ་སྟོང་པ་ཆེན་པོ། དེ་བཞིན་དུ་ུབར་དོ་དང་རྗེས་སུ་མཐུན་པའི་ལམ་སྙིང་རྗེ་སྒྱུ་མ། སྐྱེས་པའི་རིམ་པ་གསུམ་པོ་དང་རྗེས་སུ་མཐུན་པའི་ལམ་ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་སྟེ་ཟག་པ་དང་བཅས་པའི་ལམ་ལྔ་པོ་དེ་ཉིད་རགས་པ་བསྐྱེད་རིམ་ཀྱིས་སྦྱོང་བ་དང་། ཕྲ་བ་རྫོགས་རིམ་ཀྱིས་སྦྱོང་བ་སྟེ་གཉིས་ཀྱི་དང་པོ་ལ། འཆི་བ་འོད་གསལ་དང་ཞེས་པས་སྦྱང་གཞི་རྗེས་སུ་མཐུན་པའི་ལམ་སྟོང་པ་ཆེན་པོ་ཞེས་པས་སྦྱོང་བྱེད་བསྟན་པ་ཡིན་ཏེ། དེ་ཡང་ལུས་ཅན་རྣམས་འཆི་བའི་ཚེ་ན། ཕྱི་ནང་གི་ཐིམ་རིམ་རྣམས་རྫོགས་པའི་མཐར་འཆི་སྲིད་ཆོས་སྐུའི་འོད་གསལ་འཆར་བ་སྟེ། ཇི་སྐད་དུ། སྣང་བ་ཐིམ་དང་རྟོག་པ་ཐིམ། །ཕྲ་བ་ཐིམ་དང་རགས་པ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་ཡིས། །འོད་གསལ་བ་ཡི་སྣང་བ་འཆར། །ཞེས་གསུངས་པ་ལྟར། ཕྲ་རགས་ཀྱི་ཐིམ་རིམ་རྣམས་རྒྱས་པའི་ཕྱོགས་ནས་འཆད་པའི་དབང་དུ་བྱས་ཞིང་། དེ་ཡང་ལུས་ཅན་རྣམས་འཆི་བའི་
སྔ་རོལ་དུ། རྣམ་སྣང་གི་རིགས་གཟུགས་ཕུང་འོད་གསལ་དུ་འཇུག་པའི་རྟགས་སུ་ལུས་ཉམས་ཞན། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་རྩལ་རགས་པ་ཐིམ་རྟགས་སེམས་ཀྱི་གསལ་ཆ་ཉམས། སའི་ཁམས་ཐིམ་པའི་རྟགས་ལུས་དམྱངས་སྐམ། མིག་དབང་ཐིམ་རྟགས་མིག་མི་འགྱུར་ཞིང་ཟླུམ། ཡུལ་གྱི་གཟུགས་ཐིམ་རྟགས་ལུས་ཀྱི་མདངས་ཉམས་པ འོ། །རིན་འབྱུང་རིགས་ཚོར་ཕུང་ཐིམ་རྟགས་ཚོར་བ་ཉམས་སུ་མི་མྱོང་། མཉམ་ཉིད་ཡེ་ཤེས་ཀྱི་རང་རྩལ་ཐིམ་རྟགས་དྲན་པ་འགྱུར་ཞིང་གསུང་མི་དྲན། ཆུའི་ཁམས་ཐིམ་རྟགས་ཁ་སྣའི་ཆུ་དང་ཁུ་ཁྲག་སོགས་སྐམ། རྣ་བའི་དབང་པོ་ཐིམ་པས་སྒྲ་མི་ཚོར། ཡུལ་གྱི་སྒྲ་ཐིམ་པས་རང་ལུས་ལས་བྱུང་བའི་སྒྲ་མི་ཐོས་པའོ། །པད་མའི་རིགས་འདུ་ཤེས་ཀྱི་ཕུང་པོ་ཐིམ་པས་སེམས་ཅན་མི་དྲན། སོར་རྟོག་ཡེ་ཤེས་ཀྱི་རང་རྩལ་ཐིམ་པས་ཕ་མ་བུ་སྲིང་སོགས་ཀྱི་མིང་མི་དྲན། མེའི་ཁམས་ཐིམ་པས་ཟས་མི་འཇུ། རྣ་བའི་དབང་པོ་ཐིམ་པས་སྟེང་རླུང་དལ། ཡུལ་གྱི་དྲི་ཐིམ་པས་རང་ལུས་ཀྱི་དྲི་མི་བྲོ་བའོ། །ལས་ཀྱི་རིགས་འདུ་བྱེད་ཀྱི་ཕུང་པོ་ཐིམ་པས་ལུས་ཀྱི་བྱ་བྱེད་མི་ནུས། བྱ་གྲུབ་ཡེ་ཤེས་ཀྱི་རང་རྩལ་ཐིམ་པས་འཇིག་རྟེན་གྱི་བྱ་བ་དང་དགོས་པ་མི་དྲན། རླུང་གི་ཁམས་ཐིམ་པས་རླུང་བཅུ་རང་གིས་གནས་ནས་འཕོ། ལྕེའི་དབང་པོ་ཐིམ་པས་ལྕེ་སྦོམ་ཞིང་ཐུང་ལ་རྩ་བ་སྔོན་པོར་འགྲོ། ཡུལ་རོ་ཐིམ་པས་རོ་དྲུག་ཉམས་སུ་མི་མྱོང་བ་སྟེ་དེ་ལྟར་རགས་པའི་རང་བཞིན་ཉི་ཤུ་པོ་དེ་ཐིམ་ནས། ཕྲ་བ་ནང་གི་འབྱུང་བ་ཐིམ་ལུགས་ནི༑ དེ་ཡང་རྟེན་ཐིམ་ན་བརྟེན་པ་ངེས་པར་ཐིམ་པ་ཡིན་པས་གཙོ་ཆེ་བའི་དབང་གིས་ཁམས་ཐིམ་ཚུལ་བསྟན་པ་དེ། ཡེ་ཤེས་རོལ་པ་ཆེན་པོ་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་གྱུར་ཏེ། །མེ་ནི་རླུང་ལ་ཐིམ་གྱུར་ནས། །རླུང་ཡང་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་གཟུང་བ་འདི་ཉིད་ནི། །འོད་གསལ་བར་ཡང་འཇུག་པར་འགྱུར། །ཞེས་གསུངས་པས། ས་ཆུ་ལ་ཐིམ་པ་ཞེས་བྱ་བ་དབུ་མའི་ཡེ་ཤེས་ཀྱི་རླུང་སྟོབས་སུ་གྱུར་པས་སའི་ལས་རླུང་བཅོམ་པ་སྟེ་སྲ་བར་སྣང་བའི་རྣམ་ཤེས་ཀྱང་རང་གི་བག་ཆགས་ཙམ་དབུ་མ་ལ་བཞག་ནས་འགག་སྟེ་ཤ་དང་རུས་པ་ལ་སོགས་པའི་ཁམས་རྟེན་དང་བརྟེན་པ་རླུང་དང་རྣམ་ཤེས་བྲལ་བར་
བྱས་ཏེ་སའི་དྭངས་མ་དེ་ཉིད་ཆུ་ལ་ཐིམ་པས་ཕྱི་རྟགས་སུ་ལུས་བསྒུལ་བསྐྱོད་མི་ནུས་ཤིང་ཟུངས་མི་ཐུབ། ལུས་བྱིང་ཉམས་བྱེད། ནང་རྟགས་སྨིག་རྒྱུ་ལྟ་བུའི་དྭངས་ཉམས་འབྱུང་། དེ་བཞིན་དུ་དབུ་མའི་ཡེ་ཤེས་རླུང་གི་ཆུའི་ལས་རླུང་བཅོམ་པས་གཤེར་བར་སྣང་བའི་རྣམ་ཤེས་ཀྱང་རང་གི་བག་ཆགས་དབུ་མ་ལ་བཞག་སྟེ་འགག ཁྲག་དང་ཆུ་སེར་སོགས་གཤེར་བའི་ཁམས་རྟེན་རླུང་བརྟེན་པ་རྣམ་ཤེས་བྲལ་ནས་ཆུའི་དྭངས་མ་དེ་ཉིད་མེའི་དྭངས་མ་ལ་ཐིམ་པས་ཁ་སྣ་སྐམ་ཤིང་ལྕེ་རྐན་སྦུབས་སུ་འབྱར། ནང་རྟགས་དུ་བ་ལྟ་བུའི་ཉམས་འབྱུང་། དབུ་མའི་ཡེ་ཤེས་ཀྱི་རླུང་གི་མེའི་དྭངས་མ་བཅོམ་པས་ཚ་བར་སྣང་བའི་རྣམ་ཤེས་ཀྱང་རང་གི་༼ བག་༽ ཆགས་དབུ་མ་ལ་བཞག་སྟེ་འགག དྲོད་སོགས་ཚ་བའི་ཁམས་དང་རྟེན་རླུང་བརྟེན་པ་རྣམ་ཤེས་བྲལ་ནས་མེའི་དྭངས་མ་དེ་ཉིད་རླུང་ལ་ཐིམ་པས་ཕྱི་རྟགས་ལུས་ཀྱི་དྲོད་འཆོར། ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུའི་ཉམས་བྱུང་། རླུང་རྣམ་ཤེས་ལ་ཐིམ་པ། ལུས་ཀྱི་རླུང་གི་གནས་སུ་མེད་པར་འགྱུར་པའམ། སྣོད་འཕོས་ནས་རླུང་རྣམ་ཤེས་ཀྱི་ནང་དུ་འཇུག་པ་དང་། རླུང་གི་དྭངས་མའི་བག་ཆགས་བཞག་སྟེ་རླུང་འགག་པ་རྣམས་མ་ཡིན་གྱི། ལུས་ཀྱི་རླུང་གི་དྭངས་མ་དེས་སྲོག་རྩ་རགས་པའི་བར་གྱི་ལུས་ཐམས་ཅད་དོར་ནས། སྲོག་གི་རྩའི་ནང་གི་འོད་ལྔའི་སྦུ་གུ་ཅན་གྱི་རྩ་ལྔ་ལ་ཞུགས་ནས་རྣམ་ཤེས་དང་རོ་གཅིག་ཏུ་གྱུར་པ་ལས། ཕྱི་རྟགས་དབུགས་ཕྱིར་རིང་དུ་རྒྱུ་ཞིང་ནང་དུ་སྡུད་མི་ཤེས་པས་རགས་པའི་རླུང་འགྱུ་བ་ཆད། ནང་རྟགས་སྒྲོན་མེ་ལྟ་བུའི་ཉམས་འབྱུང་བར་འགྱུར་བའོ། །རྣམ་ཤེས་ནམ་མཁའ་ལ་ཐིམ་པ་ནི། རྣམ་པར་ཤེས་པ་དངོས་མེད་དུ་འགྲོ་བའི་དོན་མ་༼ཡིན་༽གྱི། ནམ་མཁའ་ལྟར་དྭངས་ཤིང་ཐོགས་པ་མེད་པ་མཆོག་གི་དབུ་མ་ལ་ཐིམ་པ་སྟེ། དེ་ཡང་གསང་འདུས་འཕགས་སྐོར་ལ་སོགས་པར་ཁམས་ཕྲ་བ་དེ་རླུང་གི་ནང་དུ་སྦས་ཏེ་བཤད་ནས། ནམ་མཁའི་ཁམས་ཐིམ་ཚུལ་གྱི་ཐ་སྙད་གསལ་པོར་མ་གསུངས་པ་ནི། ནམ་མཁའ་དང་རྣམ་ཤེས་སོ་སོར་མ་ཕྱེ་བར། ནམ་མཁའ་སྤྲིན་མེད་ཀྱི་སྣང་བ་འཆར་གཞིར་བྱས་ནས་རླུང་སྣང་བ་ལ་ཐིམ་པས་ནང་གི་ཁམས་དཀར་པོ་དང་འབྲེལ་བའི་ཕྱིར་དཀར་ལམ་པ་སྣང་བའི་ཡེ་ཤེས།
དེ་མཆེད་པ་ལ་ཐིམ་པས་ཁམས་དམར་པོ་དང་འབྲེལ་བའི་དམར་ལམ་པ་མཆེད་པའི་ཡེ་ཤེས། དེ་ཐོབ་པ་ལ་ཐིམ་པས་དཀར་དམར་གྱི་སྣང་བའང་དབྱིངས་སུ་དེངས་ཏེ་སྲོག་གི་རླུང་གི་ཆ་ཤས་འབའ་ཞིག་པ་དེས་དབང་བྱས་པས་ནག་ལམ་པ་ཐོབ་པའི་ཡེ་ཤེས་རྣམས་འཆར་བར་གསུངས་སོ། །རྟེན་པ་ཐིམ་པ་ནི། རླུང་ནམ་མཁའ་ལ་ཐིམ་པ་ཡན་ཆོད་དོ། །རང་བཞིན་བརྒྱད་ཅུའི་རྟོག་པ་དང་། འདུ་བྱེད་ཀྱི་བྱ་བ་བྱེད་པའི་ནུས་པ་རླུང་དང་བཅས་པ་ཐིམ་པ་ཡིན་ལ༑ ལས་མི་བྱེད་པའི་རྟོག་པ་ཕྲ་མོ་རྣམས་ནི་སྣང་གསུམ་ཉིད་ལ་འདྲེས་ཏེ་གནས་པ་ཡིན་པས། སྐབས་དེ་དང་དེར་ཐིམ་པར་འགྱུར་བ་ཡིན་ནོ། །སྣང་བ་ཐིམ་པ་ཞེས་པ་ནི། ནམ་མཁའ་འོད་གསལ་ལ་ཐིམ་པའི་སྐབས་དེ། དེ་ཡང་སེམས་ཉིད་སྟོང་པའི་ཆ་ལས་ཆོས་སྐུའི་འོད་གསལ་རྣམ་པ་བཞི་འཆར་བར་འགྱུར་རོ། །སྤྱིར་སྣང་གསུམ་ལ་དབྱེ་ན་དོན་དམ་དེ་ཁོ་ན་ཉིད་ཀྱི་སྣང་བ་དང་། ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་གཉིས་ལས། དོན་དམ་དེ་ཁོ་ན་ཉིད་ཀྱི་སྣང་བ་ལ། ཆོས་དབྱིངས་འགྱུར་བ་མེད་པའི་དོན་རང་རིག་བདེ་བ་ཆེན་པོ་དེ་ཡིན་ལ༑ དེ་ཉིད་རང་གི་སྣང་ཆ་རྡོ་རྗེ་གསུམ་གྱི་གསང་བ་བསམ་གྱིས་མི་ཁྱབ་པ་སྟེ། སྐུའི་གསང་བ་སྣང་བའི་འོད་གསལ། གསུང་གི་གསང་བ་མཆེད་པའི་འོད་གསལ། ཐུགས་ཀྱི་གསང་བ་ཐོབ་པའི་འོད་གསལ། སྔར་བཤད་ཀྱི་ཀུན་ཁྱབ་བདེ་བ་ཆེན་པོ་དེ་ནི་ཐམས་ཅད་སྟོང་པའི་འོད་གསལ་ཡིན་ནོ། །ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་ལ། རང་བཞིན་དང་བཅས་པ་དང་རང་བཞིན་དང་བྲལ་བའི་སྣང་བ་གཉིས་ལས། འདིར་རང་བཞིན་དང་བཅས་པའི་སྣང་བ་དེ་ཡིན། དེ་ལ་ཡང་གཞི་དུས་དང་ལམ་དུས་གཉིས་ལས། འདིར་གཞི་དུས། དེ་ལ་ཡང་རྒྱུན་ཆགས་དང་། ཁྱད་པར་གྱི་དུས་སུ་འབྱུང་བ་གཉིས་ལས། འདིར་ཁྱད་པར་གྱི་དུས་སུ་འབྱུང་བ། དེ་ལ་ཡང་ཆེས་ཆེར་གསལ་བ་འཆི་བའི་དུས་དང་། འབྲིང་དུ་གསལ་བ་གཉིད་དང་འཁྲིག་པའི་དུས། ཕྲ་ཞིང་མི་གསལ་བ་ཚོགས་དྲུག་གི་སྣང་བ་རགས་པ་འཆར་བའི་དུས་རྣམས་ལས། འདིར་ཆེས་ཆེར་གསལ་བ་འཆི་དུས་སུ་འབྱུང་བ་དེ་ཉིད་ཡིན་ལ། དང་པོའི་སངས་རྒྱས་ལས། ལུས་ཅན་རྣམས་ནི་འཆི་བ་ན། །ཟླ་བ་བདུད་རྩི་ཐུར་དུ་འགྲོ། །སྟེང་
དུ་ཉི་རྡུལ་སྒྲ་ཅན་ཏེ། །རྣམ་ཤེས་སྲིད་པའི་མཚན་ཉིད་སྦྱོར། །ཞེས་གསུངས་པ་ལྟར། ནམ་མཁའ་འོད་གསལ་ལ་འཇུག་པའི་དུས་སུ་རོ་རྐྱང་གི་དྭངས་མ་ཐམས་ཅད་དབུ་མའི་ཡས་མར་གྱི་ཨ་ཧཾ་ལ་འདུས་ཏེ། དེ་ཡང་སྙིང་ཁའི་ཡེ་ཤེས་འོད་གསལ་གྱི་དྭངས་མ་ཆེན་པོའི་ནང་དུ་ཐིམ་པས་ཕྲ་རགས་ཀྱི་རྟོག་པ་ཐམས་ཅད་འགག་ནས་འོད་གསལ་རྣམ་པ་བཞིའི་ཡེ་ཤེས་འཆར་བ་སྟེ་དབུ་མའི་ཡས་སྣ་དེ་སྤྱི་བོར་ཕ་ལས་ཐོབ་པའི་ཁམས་ཀུན་རྫོབ་རྒྱུའི་ཐིག་ལེ་ཧཾ་ཡིག་གི་ཚུལ་དུ་ཡོད་པ་དེ། སྟེང་རླུང་འཆུགས་པའི་གནད་ཀྱིས་དབུ་མའི་ལམ་ནས་ཐུར་དུ་བབས་ནས་སྙིང་ཀར་སོན་པའི་ཚེ་ན། ཞེ་སྡང་ལས་གྱུར་པའི་རྟོག་ཚོགས་ཀྱི་བྱེ་བྲག་སུམ་ཅུ་རྩ་གསུམ་འགག་པར་འགྱུར་བ་སྟེ། དེ་གང་ཞེ་ན། ཆགས་བྲལ་བར་མ་ཆེན་པོ་དང་། །ཡིད་ཀྱིས་འགྲོ་དང་འོང་བ་དང་། །མྱ་ངན་ཆུང་འབྲིང་ཆེན་པོ་དང་། །ཞི་དང་རྣམ་པར་རྟོག་པ་དང་། །འཇིགས་དང་བར་འཇིགས་ཤིན་ཏུ་འཇིགས། །སྲེད་དང་བར་སྲེད་ཤིན་ཏུ་སྲེད། །ཉེར་ལེན་ མི་དགེ་བཀྲེས་དང་སྐོམ། །ཚོར་དང་ཚོར་འབྲིང་ཤིན་ཏུ་ཚོར། །རིག་དང་རིག་པ་འཛིན་པའི་གཞི། །ངོ་ཚ་ཤེས་དང་སྙིང་རྗེ་དང་། །རྩེ་བ་ཆུང་འབྲིང་ཆེ་དོགས་བཅས། །ཕྲག་དོག་སུམ་ཅུ་རྩ་:གཉིས་སོ ༼གསུམ་མོ༽། ༼ རྟོག་པ་བརྒྱད་ཅུ་པོ་འདི་དག་སེམས་ཉིད་ངལ་གསོའི་འགྲེལ་བ་དང་རབ་འབྱམས་པའི་ཟིན་བྲིས་སུ་འདི་དང་འདྲེན་ཚུལ་མི་མཐུན་པར་སྣང་། མཆན།༽དེའི་ཚེ་ནང་གི་ཁམས་དཀར་པོ་དང་འབྲེལ་བའི་དབང་གི་རང་སྣང་དུ་སྤྲིན་བྲལ་གྱི་ནམ་མཁའ་གཡའ་དག་པ་ལ་ཟླ་བའི་འོད་ཀྱིས་ཁྱབ་པ་ལྟར་དཀར་ལམ་གྱིས་འབྱུང་། དེའི་ཚེ་གཟུང་བའི་རྣམ་རྟོག་རགས་པས་སྟོངས་པས་སྟོང་པའི་འོད་གསལ་དང་། ཤེས་པའི་རང་གདངས་གསལ་བར་སྣང་བས་སྣང་བའི་འོད་གསལ་ཞེས་བྱ་སྟེ་སྐད་ཅིག་དང་པོ་སྟེ། གཉིས་མེད་རྣམ་རྒྱལ་ལས། སྣང་བ་ཞེས་བྱ་རྣམ་པར་མི་རྟོག་ལ། །གསལ་བའི་ཆ་དེ་གཟུང་རྟོག་སྤངས་པ་ལས། །འབྱུང་བ་མི་མངོན་རླུང་དང་བཅས་པ་གང་། །ལྷང་ངེར་གནས་པ་སྐད་ཅིག་དང་པོ་ཡིན། །ཞེས་སོ། །དེ་ནས་དབུ་མའི་མས་སྣར་མ་ལས་ཐོབ་པའི་ཁམས་དམར་ཆའི་དྭངས་མ་ཨ་ཤད་ཀྱི་རྣམ་པར་གནས་པ་དེ་ཉིད་འོག་རླུང་འཆུགས་པའི་རྐྱེན་ལས་སྣང་བའི་ཡེ་ཤེས་དེ་ཉིད་མཆེད་པ་ལ་ཐིམ་པས་
འདོད་ཆགས་ཀྱི་རང་བཞིན་བཞི་བཅུའི་རྟོག་པ་འགག་པ་སྟེ། གང་ཞེ་ན། ཆགས་པ་དང་ནི་ཞེན་པ་དང་། །དགའ་དང་མི་དགའ་ཤིན་ཏུ་དགའ། །རངས་པ་དང་ནི་རབ་མགུ་དང་། །ངོ་མཚར་ཚིམ་དང་རྒོད་དང་འཁྱུད། །འོ་བྱེད་འཇིབ་དང་བརྟན་པ་དང་། །བརྩོན་དང་ཁེངས་དང་བྱ་བ་དང་། །འགྲོགས་དང་སྟོབས་དང་སྤྲོ་བ་དང་། །དགའ་ལ་སྦྱོར་བ་ཆུང་འབྲིང་ཆེ། །དྲེགས་དང་རྣམ་པར་སྒེག་པ་དང་། །འགྲས་དང་དགེ་དང་ཚིག་གསལ་དང་། །བདེན་དང་བདེན་མིན་ངེས་པ་དང་། །ཉེར་ལེན་སྦྱིན་དང་བསྐུལ་དང་དཔའ། །ངོ་ཚ་མེད་དང་སྒྲིག་དང་གདུག །མི་བསྲུན་པ་དང་གྱ་གྱུའོ། །ཞེས་པ་ལྟར་རོ། །དེ་ཚེ་ནང་གི་ཁམས་དམར་པོ་དང་འབྲེལ་བ་ལས་སྤྲིན་མེད་ཀྱི་ནམ་མཁའ་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུར་དམར་ལམ་པ་འབྱུང་། འཛིན་པའི་རྣམ་པར་རྟོག་པ་རགས་པས་ཆེས་སྟོངས་པའི་དབང་གིས་ཤིན་ཏུ་སྟོང་པའི་འོད་གསལ་དང་། སེམས་ཤིན་ཏུ་གསལ་བར་སྣང་བས་མཆེད་པའི་འོད་གསལ་ཞེས་བྱ་བ་སྟེ་སྐད་ཅིག་མ་གཉིས་པ་སྟེ། གཉིས་མེད་རྣམ་རྒྱལ་ལས། མཆེད་པ་སྣང་བ་རབ་ཏུ་མི་རྟོག་སྟེ། །ཆེས་གསལ་བ་ལ་འཛིན་རྟོག་མ་ཞུགས་པས། །ཡེ་ཤེས་ཕྲ་བ་རླུང་དང་བྲལ་བའི་རྟགས། །ལྷན་ནེར་གསལ་བ་སྐད་ཅིག་གཉིས་པ་ཡིན། །ཞེས་སོ། །དེ་ནས་ཁྱབ་བྱེད་ཀྱིས་རླུང་གིས་རིག་པ་བསྐྱེད་དེ་དྭངས་མ་དཀར་དམར་སྙིང་ཁར་འཕྲད་པའི་བར་དུ་འཐུམ་པ་ལས་མཆེད་པའི་ཡེ་ཤེས་དེ་ཉིད་ཐོབ་པ་ལ་ཐིམ་སྟེ། དེའི་དུས་ན་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགགས་ཏེ། གང་ཞེ་ན། ཆགས་པ་བར་མ་སྐད་ཅིག་མ། །བརྗེད་ངས་འཁྲུལ་དང་མི་སྨྲར་གྱུར། །སྐྱོ་དང་ལེ་ལོ་ཐེ་ཚོམ་བདུན། །ཞེས་སོ། །དེའི་ཚེ་ན་དྭངས་མ་དཀར་དམར་གྱི་ནུས་པ་དབྱིངས་སུ་ཡལ་བ་ལས་སྲོག་གི་རླུང་གི་ཆ་ཤས་འབའ་ཞིག་ལུས་པ་དེས་དབང་བྱས་པ་ལས་ནམ་མཁའ་མུན་ནག་གིས་ཁྱབ་པ་ལྟ་བུར་ནག་ལམ་ལམ་པའི་སྣང་བ་འབྱུང་། ཤིན་ཏུ་ཕྲ་བའི་རྟོག་པས་ཆེས་ཆེར་སྟོངས་པས་ན་སྟོང་པ་ཆེན་པོའི་འོད་གསལ། སྣང་ཆའི་སྟེང་དུ་ཐ་དད་པའི་མཚན་མ་ཐམས་ཅད་ནུབ་སྟེ་ཤེས་པ་འགག་པ་ལ་ཕྱོགས་པས་ན་ཐོབ་པའི་ཡེ་ཤེས་ཞེས་བྱ་སྐད་ཅིག་གསུམ་པ་སྟེ༑ རྣམ་རྒྱལ་ལས། ཐོབ་པའི་ཡེ་ཤེས་ཤིན་ཏུ་མི་རྟོག་པ། །གསལ་བ་ཙམ་དུའང་མི་གནས་
ཤིན་ཏུ་ཕྲ། །རླུང་སེམས་མི་ཕྱེད་གསལ་བར་འཆར་བ་སྟེ། །ལྷམ་མེར་གནས་པ་སྐད་ཅིག་གསུམ་པ་ཡིན། །ཞེས་སོ། །འདིའི་སྐབས་སུ་འགའ་ཞིག་ལ་གནད་གཅོད་ཀྱི་སྡུག་བསྔལ་དྲག་པོའང་མྱོང་བར་བཤད་ཅིང་། གཞན་དུ་སྙིང་ཁའི་རྩ་དར་དཀར་གྱི་སྐུད་པ་འདྲ་བའི་ནང་གི་ཁྲག་དབུགས་ཀྱི་དྭངས་མ་ཐིག་ལེ་ཨ་ཧཾ་ལ་རྫོགས་པར་ཐིམ་པ་ལས་ཐོབ་པའི་ཡེ་ཤེས་ཀྱང་འཆི་བ་འོད་གསལ་ལ་ཐིམ་པས་ཆོས་ཐམས་ཅད་བག་ཆགས་ཀྱི་ཚུལ་དུ་ཡོད་པའི་རྒྱུན་དེ་གནས་ཀྱང་འདིར་མི་གསལ་ལ། ཚེ་འདིས་བསྡུས་པའི་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་འོད་གསལ་དུ་ཐིམ་ཞིང་། ཚེ་རབས་གཞན་གྱིས་བསྡུས་པའི་སྣང་བ་རྣམས་སྐབས་འདིར་མ་ཤར་བས་གཟུང་འཛིན་གྱི་སྣང་བ་ཐམས་ཅད་དང་བྲལ། སྤྲིན་བྲལ་གྱི་ནམ་མཁའ་གཡའ་དག་པ་ལྟ་བུ་གསལ་བ་དབུས་མཐའ་མེད་པའི་སྣང་བ་རྣམ་པར་མི་རྟོག་པའི་ལྷན་སྐྱེས་སྤྲོས་བྲལ་གྱི་ཡེ་ཤེས་ཁོ་ན་ཡུད་ཅིག་གནས་པས་ཐམས་ཅད་སྟོང་པའི་འོད་གསལ་ཏེ་སེམས་དྲི་མ་བྲལ་བ་ཉེ་བར་ཐོབ་པའི་ཡེ་ཤེས་ཞེས་བྱ་སྐད་ཅིག་བཞི་པ་སྟེ། རྣམ་རྒྱལ་ལས། ཉེ་བར་ཐོབ་པ་དྲི་མ་མེད་པ་སྟེ། །རང་བྱུང་རང་གསལ་བདེ་བ་དམིགས་སུ་མེད། །ཕྲ་རགས་རབ་ཞི་ཏིང་འཛིན་མཆོག་ཏུ་འགྱུར། །སྐད་ཅིག་བཞི་པ་མི་འབྱུང་ཁྱབ་བྱེད་ཡིན། །ཞེས་སོ། །དེ་རྣམས་ངོས་ཟིན་པ་ན། སྣང་བ་ནི་གོམས་པའི་འོད་གསལ། མཆེད་པ་ནི་བསམ་གཏན་གྱི་འོད་གསལ། ཐོབ་པ་ནི་རྡུལ་བྲལ་དྲི་མ་མེད་པའི་འོད་གསལ། ཉེ་བར་ཐོབ་པ་ནི་ལྷན་སྐྱེས་ཆོས་སྐུའི་འོད་གསལ་ཏེ༑ རྣམ་རྒྱལ་ལས། འོད་གསལ་བ་ནི་བསམ་གཏན་ཟག་པ་མེད། །རྡུལ་བྲལ་གཞན་མེད་པ་ནི་མི་གཡོ་བ། །ལྷན་ཅིག་སྐྱེས་པ་ཆོས་སྐུའི་སྙིང་པོ་ནི། །ལྷུན་འགྲུབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད། །ཅེས་སོ། །དེ་ལྟར་ཡང་འོད་གསལ་བཞི་རིམ་གྱིས་འཆར་བའི་སྣང་བྱེད་ཐོབ་གསུམ་གྱི་སྐབས་སུ་སྒྲིབ་དང་བྲལ་བའི་ཡེ་ཤེས་ནི་ཀ་དག་ཡེ་ཐོག་ཏུ་གྲོལ་བའི་འཐད་པ་སྟེ་སངས་རྒྱས་མངོན་དུ་བྱེད་པའི་དུས་བཞིན་ཏེ་ཀུན་མཁྱེན་ཆེན་པོས་གསང་བ་སྙིང་ཏིག་གི་མན་ངག་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་ལས། ནམ་མཁའ་འོད་གསལ་ལ་ཐིམ་པ་ཞེས་བྱ་བའི་སྐད་ཅིག་དང་པོ་ལ་དབྱར་མ་སྟོན་གྱི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་འབྱུང་སྟེ། དེ་ཉིད་ངོས་ཟིན་ན་ཀ་
དག་གི་གཞི་ལ་གྲོལ་བའོ། །ཞེས་གསུངས་སོ། །འོན་ཀྱང་སངས་རྒྱས་ཀྱིས་སྤངས་པས་གོ་མི་ལྡོག འདི་ངོ་མ་ཤེས་ན་ལྡོག་པ་ནི། སངས་རྒྱས་ལམ་དུ་སྤངས་པ་ཡིན་ལ། འདིར་སྤངས་པ་མེད་པས་ལྡོག་གོ །ངོ་ཤེས་ན་སྐད་ཅིག་མ་དེ་ལ་གྲོལ་ནས་མངོན་པར་ཤེས་པ་ལ་སོགས་པ་ཟག་མེད་ཀྱི་ཡོན་ཏན་བརྙེས་པའི་ཕྱིར་ལྡོག་པ་མེད་པའི་ཕྱིར་ཆོས་སྐུའི་འོད་གསལ་ལོ། །དེ་ཡང་སྙིང་ཐིག་ཐུན་མོང་མ་ཡིན་པའི་དགོངས་པ་དང་ཡང་ཤིན་ཏུ་འབྱོར་ཏེ། ཀུན་བཟང་སྨོན་ལམ་ལས། གཞི་གཅིག་ལམ་གཉིས་འབྲས་བུ་གཉིས། །རིག་དང་མ་རིག་ཆོ་འཕྲུལ་ཏེ༑ ༑ཞེས་པས། གཞི་གཅིག་ནི་ནམ་མཁའ་འོད་གསལ་ལ་ཐིམ་པའི་ཆོས་ཉིད་བར་དོ། འཁོར་འདས་གང་དུ་ཡང་མ་ཕྱེ་བ་དེ་ཉིད་ཡིན་ཏེ། ཀུན་གྱི་གཞི་ནི་འདུས་མ་བྱས། །རང་བྱུང་ཀློང་ཡངས་བརྗོད་དུ་མེད། །འཁོར་འདས་གཉིས་ཀའི་མིང་མེད་དོ། །ཞེས་ལམ་གཉིས་ནི༑ རིག་ན་གྲོལ་བའི་ལམ་དང་། མ་རིག་ན་འཁྲུལ་པའི་ལམ་སྟེ། དེ་ལས། དེ་ཉིད་རིག་ན་སངས་རྒྱས་ཏེ། །མ་རིག་སེམས་ཅན་འཁོར་བའི་རྒྱུ། །ཞེས་སོ། །འབྲས་བུ་གཉིས་ནི་འཁོར་བ་དང་མྱང་འདས་སོ། །དེ་ལྟར་སྦྱང་བྱ་འཆི་སྲིད་ཆོས་སྐུའི་འོད་གསལ་དེ་ཉིད་སྦྱོང་བྱེད་ཀྱི་ལམ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་སྟེ། དེ་ཡང་བསྐྱེད་རྫོགས་ཆེན་མོ་ལས། རྣམ་དག་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །གདོད་ནས་མ་སྐྱེས་ཡེ་གདལ་གཏིང་མཐའ་མེད། །མི་གནས་མི་དམིགས་སྤྲོས་པ་མེད་པའི་ངང་། །བརྗོད་མེད་བསམ་འདས་མཉམ་ཉིད་དབྱིངས་སུ་རྫོགས། །ཞེས་དང་། ཧེ་རུ་ཀ་གལ་པོ་ལས། བསམ་རྒྱུ་མེད་པའི་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་དབྱིངས་ནམ་མཁའ་བསམ་བརྗོད་ཀུན་དང་བྲལ། །བསམ་དུ་མེད་པའི་ཆོས་དབྱིང་ནམ་མཁའ་ནི། །ནམ་མཁར་མི་དམིགས་པ་ཡང་དམིགས་སུ་མེད། །ཅེས་གསུངས་པ་ལྟར། ལམ་སྟོང་པ་ཆེན་པོའི་རྣལ་འབྱོར་ལ་བརྟེན་ནས་འཆི་སྲིད་ཆོས་སྐུའི་འོད་གསལ་དེ་ཉིད་ལམ་དུ་འཁྱེར་ཏེ་འཆི་སྲིད་དག་པ་ཆོས་སྐུའོ་སྙམ་པའི་གཞི་འབྲས་སྦྲེལ་བའི་ང་རྒྱལ་དང་ལྡན་པས་ཆོས་སྐུ་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ་པའོ། །འདི་ལ་དག་རྫོགས་སྨིན་གསུམ་ཇི་ལྟར་ཚང་ན། སྟོང་པ་ཆེན་པོའི་ལམ་དེ་སྒོམ་པས།
མར་འཆི་སྲིད་ཀྱི་བག་ཆགས་སྦྱོང་། ཡར་ཆོས་སྐུ་སྤྲོས་བྲལ་གྱི་རིགས་ཀྱི་ནུས་པ་གསོས་འདེབས་པར་བྱེད། བར་དུ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་ལམ་གོང་མ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །གཉིས་པ་བར་དོ་དང་རྗེས་སུ་མཐུན་པ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ལ། སྦྱང་བྱ་ནི། དེ་ལྟར་ཆོས་ཉིད་འོད་གསལ་གྱི་སྣང་ཆ་ངོས་མ་ཟིན་ན་དེའི་སྐད་ཅིག་ལ། ལྷུན་གྲུབ་གཟུགས་སྐུའི་འོད་གསལ་སྟོན་གནམ་སྤྲིན་དང་བྲལ་བ་ལྟ་བུ་ལ་ཡེ་ཤེས་ལྔའི་ཞིང་སྣང་རིགས་ལྔའི་ཚོམ་བུའི་རྣམ་པ་སྒྱུ་མ་ལྟ་བུར་ཤར་ཡང་ངོ་མ་འཕྲོད་པ་ལས། རིག་པ་ཁྱབ་བྱེད་ཀྱི་རླུང་ལ། རླུང་གི་རླུང་ཚུབ་བྱུང་། དེ་ལས་མེའི་རླུང་། དེ་ལས་ཆུ་རླུང་། དེ་ལས་ས་རླུང་བྱུང་སྟེ། འཁོར་བར་འདུ་བྱེད་པ་དང་རྣམ་པར་ཤེས་པ་གསལ་དུ་སོང་བས་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་པོ་ལངས། དེ་ལས་ཀྱང་འཁྲུལ་རྟོག་རགས་སུ་སོང་བས་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་དང་། ཞེ་སྡང་གི་རྟོག་པ་སོ་གསུམ་སྟེ་རང་བཞིན་བརྒྱད་ཅུའི་རྟོག་པ་ཐམས་ཅད་ལངས། ཁམས་ལྔའི་རླུང་དང་རྣམ་ཤེས་ཟུང་འབྲེལ་དུ་གྲུབ་པའི་མཐུ་ལས་བར་དོའི་ལུས་དབང་པོ་ཀུན་ཚང་བའི་སྣང་བ་ཅན་གཅིག་ཏུ་ཤར་ཏེ། དེ་ལུས་ལ་འོད་ཅུང་ཟད་དང་ལྡན་པ། ཟས་སུ་དྲི་ཟ་ཞིང་མངོན་ཤེས་ཕྲ་མོ་དང་ལྡན་པ། རྡོ་རྗེ་གདན་དང་མའི་མངལ་མ་གཏོགས་སྟོང་གསུམ་ཀུན་ཡིད་ལ་བསམ་པ་ཙམ་གྱིས་བགྲོད་ནུས་པ། རང་གི་རིགས་མཐུན་པ་ལྷ་མིག་དག་པས་མཐོང་ལ་གཞན་གྱིས་ཚུར་མི་མཐོང་བ་དང་དེ་ལྟ་བུར་དཀྲོང་གིས་འགྲུབ་པར་བྱེད་པ་སྟེ། མཛོད་ལས། དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་འོད་དང་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །མི་ལྡོག་པ་དེ་དྲི་ཟའོ། །ཞེས་གསུངས་སོ། །སྦྱོང་བྱེད་རྔམ་གློག་ལས། གཉིས་པ་ཀུན་སྣང་ནམ་མཁའི་ངང་། །སྙིང་རྗེ་གསུམ་གྱིས་ཁྱབ་པའི་ཕྱིར། །ཁྱབ་བརྡལ་ཆེན་པོའི་ཏིང་འཛིན་བསྒོམ། །ཞེས་དང་། ལམ་རིམ་ལས། རང་རིག་རྒྱལ་པོ་གོམས་པ་ཡིས། །བྱང་ཆུབ་མཆོག་ཉིད་བརྙེད་པར་འགྱུར། །དེ་ཕྱིར་མཐོང་རྗེས་དེ་བཞིན་ཉིད། །སྙིང་རྗེ་འབྱུང་བའི་གཞི་རུ་བཞག །གོ་རིམ་འབྱུང་བའང་དེ་བཞིན་ནོ། །ཞེས་པས། དེ་ཡང་
ནམ་མཁའི་དབྱིངས་དག་པ་ལ་གློ་བུར་འཇའ་ཚོན་གྱི་རྣམ་པར་ཤར་ཡང་ནམ་མཁའི་ཆོ་འཕྲུལ་ཙམ་ལས་བདེན་པར་མ་གྲུབ་པ་བཞིན་དུ་སྟོང་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་འཁོར་འདས་གཉིས་སུ་མེད་པ་དེའི་ངང་ལས་མ་གཡོས་བཞིན་དུ་སྒྱུ་མའི་རང་མ ཚང་མ་ཤེས་པ་ལྟར་རྩལ་སྣང་ལ་བདེན་པར་བཟུང་བས་འཁྲུལ་ཏེ་འཁོར་བའི་གནས་སུ་དབང་མེད་དུ་འཁྱམས་པའི་འགྲོ་བ་འདི་དག་སྡུག་བསྔལ་ལས་བསྒྲལ་བར་བྱའོ་སྙམ་དུ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀུན་ཏུ་ཁྱབ་པའི་སྙིང་རྗེ་འཛིན་མེད་སྒྱུ་མ་ལྟ་བུར་བལྟས་ཏེ་བསྒོམ་པ་ནི་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ཏེ། དེ་ཇི་ལྟར་ལམ་དུ་འཁྱེར་ན། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དེ་ཉིད་སྤྱོད་ལམ་སྒྱུ་མ་ལྟ་བུར་སྣང་བའི་ཆ་ནས་བར་དོ་དང་འབྲས་བུ་ལོངས་སྐུ་གཉིས་ཀ་དང་རྣམ་པ་འདྲ་བའི་ལམ་བསྒོམ་པ་སྟེ། བར་དོ་དག་པ་ལོངས་སྐུའོ་ཞེས་དག་རྫོགས་ཀྱི་ང་རྒྱལ་བྱེད་པ་སྟེ། སྦྱངས་འབྲས་སངས་རྒྱས་རྣམས་ཀྱི་ལོངས་སྐུ་མཚན་དཔེས་སྤྲས་པའི་ཡེ་ཤེས་ཀྱི་སྐུ་དེ་ཡིན་པས་སོ། །དེས་མར་འཁོར་བའི་བག་ཆགས་གང་སྦྱོང་ན༑ བར་དོའི་བག་ཆགས་སྦྱོང་ཞིང་སྟོང་པ་ལ་མཐའ་གཅིག་ཏུ་ཞེན་པའི་གཉེན་པོ་བྱེད། ཡར་ལོངས་སྐུ་མངོན་དུ་བྱེད་པའི་རིགས་ཀྱི་ས་བོན་གསོས་འདེབས་པར་བྱེད། བར་དུ་དོན་གྱི་འོད་གསལ་ལས་ཟུང་འཇུག་ཡེ་ཤེས་ཀྱི་ལྷ་སྐུར་ལྡང་བའི་རྒྱུ་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་ལམ་གོང་མ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་སྟེ། ཐལ་རྒྱུད་ལས། བར་མར་སྒྱུ་མའི་ལུས་ཐོབ་པས། །མ་སྤངས་ལོངས་སྤྱོད་རྫོགས་པར་བཤད། །ཅེས་གསུངས་པའི་ཕྱིར། གསུམ་པ་སྐྱེས་པའི་རིམ་པ་གསུམ་པོ་སྦྱོང་བར། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་དང་གསུམ་ལས། དང་པོ་མའི་མངལ་དུ་སྐྱེ་བའི་རིམ་པ་དང་པོ་སྦྱོང་བ་ཕྱག་རྒྱ་གཅིག་པ་དེ་ལ་ཡང་། ཕྲ་བ་རྒྱུའི་ཏིང་འཛིན་ཡིག་འབྲུ་ལ་བསླབ་པ་དང་། རགས་པ་ལྷ་སྐུ་ཡོངས་རྫོགས་བསླབ་པ་གཉིས་ཀྱི་དང་པོ་ལ་སྦྱང་བྱ་ནི་ཧེ་རུ་ཀ་གལ་པོར། བར་དོར་རང་རིག་བདེ་བའི་ཆ། །ཡི་གེ་ཧཱུྃ་དུ་གནས་པ་ཡིན། །ཞེས་པ་ལྟར། བར་དོའི་སེམས་ཅན་དེ་ཕྱི་མའི་སྐྱེ་བ་ལེན་པ་ལ་ཕྱོགས་པའི་ཚེ་ན་སྐྱེ་གནས་ལ་སྲེད་པ་སྐྱེ་བ་སྟེ།
རྫུས་ཏེ་སྐྱེ་ན་གནས་ལ། དྲོད་གཤེར་ལས་སྐྱེ་ན་དྲི་རོ་ལ། སྒོ་ང་དང་མངལ་ལས་སྐྱེ་ན་ཕ་མའི་འདུ་འཕྲོད་ལ་སྟེ་གང་དུ་སྐྱེ་འགྱུར་གྱི་གནས་ལ་སྲེད་པ་སྐྱེས་པའི་རྐྱེན་གྱིས་སྐྱེ་གནས་གང་དང་གང་ཡིན་པ་དེར་འཇུག་མ་རག་གི་སྐད་ཅིག་མའི་བར་དོའི་རླུང་སེམས་དེ་ཉིད་ཡིན་ལ༑ སྦྱོང་བྱེད་ནི། སྟོང་ཉིད་དེ་བཞིན་ཉིད་ཀྱི་ཏིང་འཛིན་དང་། སྙིང་རྗེ་ཆེན་པོ་ཀུན་སྣང་གི་ཏིང་འཛིན་དེ་གཉིས་ཟུང་དུ་འཇུག་པའི་ལྷན་སྐྱེས་མི་འགྱུར་བའི་བདེ་བའི་བདག་ཉིད་ཅན་གྱི་ཡི་གེ་ཨཱཿཡིག་དཀར་པོ་གསལ་ཞིང་བརྟན་པ་གཅིག་ལས་དུ་མ་སྤྲོ་ཞིང་བསྡུ་བའི་བདག་ཉིད་ཅན་གྱི་ངོ་བོར་བསྒོམ་པ་ལ་བསླབ་པ་སྟེ། འདི་ཉིད་ལས། ཨཱཿརབ་ཏུ་བརྟན་འགྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་འཕྲོ། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །ཞེས་སོ། །དེ་ཇི་ལྟར་ལམ་དུ་འཁྱེར་ན་འདི་ནི་དཀྱིལ་འཁོར་ཐམས་ཅད་བསྐྱེད་པའི་ས་བོན་དུ་གྱུར་པ་ལྟར་སྐྱེ་གནས་སུ་འཇུག་ཀ་མའི་བར་དོའི་རླུང་སེམས་དེས་ཀྱང་སྲིད་པ་ཕྱི་མའི་ས་བོན་བྱེད་ལ། སངས་རྒྱས་སྤྲུལ་པའི་སྐུས་ཀྱང་གདུལ་བྱའི་མོས་ངོར་རྣམ་འཕྲུལ་སྣ་ཚོགས་སྟོན་པའི་ཆ་ནས་དེ་གསུམ་རྣམ་པ་མཐུན་པས། སྐྱེ་བ་དག་པ་སྤྲུལ་སྐུའོ་སྙམ་དག་རྫོགས་ཀྱི་ང་རྒྱལ་བྱེད་པའོ། །དེས་མར་འཁོར་བའི་བག་ཆགས་སྐྱེ་གནས་སུ་འཇུག་ཀ་མ་དེ་དང་སྣང་སྟོང་གཉིས་སུ་ཞེན་པའི་རྟོག་པ་སྦྱོང་། ཡར་སྤྲུལ་སྐུ་མངོན་འགྱུར་གྱི་ས་བོན་གསོས་འདེབས་པས་འབྲས་བུར་རྫོགས་པར་བྱེད། བར་དུ་བདེ་༼བ་དང་༽རླུང་སེམས་ལས་ཡེ་ཤེས་ཀྱི་ལྷ་སྐུར་མངོན་དུ་ལྡང་ནུས་པའི་གཞི་འདིང་བས་ལམ་གོང་མ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བའོ། །གཉིས་པ་རགས་པ་ལ་ཡང་རྟེན་བརྟེན་པ་གཉིས་ཀྱི་དང་པོ་ལ། སྦྱང་གཞི། སྦྱོང་བྱེད། སྦྱངས་འབྲས་གསུམ་ལས། སྦྱང་གཞི་ནི། སྣོད་ཀྱི་འཇིག་རྟེན་ཆགས་པའི་གཞི་ནམ་མཁའི་ཁམས་དང་། དེ་ལ་བརྟེན་པའི་སེམས་ཅན་སྤྱི་དང་། བྱེ་བྲག་ལས་མཐུན་གྱི་སེམས་ཅན་རྣམས་ཀྱི་བག་ཆགས་སེམས་ལ་བགོས་པས་ཡུལ་སྣང་འགྱུར། ཐུན་མོང་དུ་སྨིན་པ་འབྱུང་བཞིའི་དཀྱིལ་འཁོར་རི་རབ་དང་བཅས་པ་དེ་ཉིད་དེ། དབུ་མ་འཇུག་པར། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་
རྟེན་དང་། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད། །འགྲོ་བ་མ་ལུས་ལས་ལས་བསྐྱེད་པར་གསུངས། །སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན། །ཞེས་གསུངས། སྦྱོང་བྱེད་ནི༑ རྒྱུའི་ས་བོན་ལས་འབྱུང་བ་རི་རབ་དང་བཅས་པའི་ས་བོན་ལས་འོད་ཟེར་གྱི་སྤྲོ་བསྡུས་འབྱུང་ལྔ་དང་དེར་འཛིན་གྱི་ཞེན་རྟོག་སྦྱངས་ནས། འབྱུང་ལྔའི་དྭངས་མ་ཡེ་ཤེས་ལྔའི་ཡོན་ཏན་བསྡུས་ཏེ་ཞུ་བ་ལས་ས་བོན་རྣམས་འབྱུང་ལྔ་རི་རབ་དང་བཅས་པ་གཞལ་ཡས་ཁང་གི་འོག་གཞིར་གྱུར་པའི་སྟེང་དུ་ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་རྫོགས་པར་བསྒོམ་པའོ། །སྦྱངས་འབྲས་ནི་སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་ཞིང་ཆོས་ཀྱི་དབྱིངས་ཡིན་ལ། དེ་ཉིད་ཡུམ་ལྔའི་རང་བཞིན་དུ་དག་པ་སྟེ། སྒྱུ་འཕྲུལ་བཤད་རྒྱུད་རོལ་པ་ཆེན་པོ་ལས། ཕྱི་རོལ་འབྱུང་སོགས་ཡུལ་རྣམས་ཀུན། །ཐབས་དང་ཤེས་རབ་གཉིས་མེད་པའི། །བསྲ་བརྟན་རྡོ་རྗེ་སྤྱན་མ་ཉིད། །གཤེར་བ་ལྷ་མོ་མཱ་མ་ཀི །སྨིན་བྱེད་སྲེག་མཛད་གོས་དཀར་མོ། །ཡངས་ཤིང་གཡོ་བ་སྒྲོལ་མའི་མཁའ། །སྟོང་གསལ་ནམ་མཁའ་ཀུན་བཟང་མོ། །ཞེས་སོ། །འདིས་མར་༼འཁོར་༽བའི་བག་ཆགས་སྣོད་ཀྱི་འཇིག་རྟེན་ཐ་མལ་རང་ཞེན་དུ་སྣང་བ་དེ་དག་པར་བྱེད། ཡར་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་རིགས་ཀྱི་ས་བོན་གསོས་འདེབས་པར་བྱེད། བར་དུ་འབྱུང་ལྔ་རིམ་བརྩེགས་རི་རབ་དང་བཅས་རྩ་འཁོར་ལྔ་དང་དབུ་མ། དཀྱིལ་འཁོར་པད་ཉི་འཁོར་ལོ་རྩིབས་བཞི་དང་བཅས་པ་ནི་རྩ་འཁོར་རྣམས་ཀྱི་ལྟེ་བའི་རླུང་དང་ཐིག་ལེ་སྟེ། དེ་ལྟར་བསྒོམས་པས་རྩ་རླུང་ཐིག་ལེའི་ལམ་ལ་བརྟེན་ནས་མི་འགྱུར་བ་བདེ་བའི་ཡེ་ཤེས་སྐྱེ་བའི་གཞི་འདིང་བས་ལམ་གོང་མ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །གཉིས་པ་བརྟེན་པ་ལྷ་སྐུ་ཕྱག་རྒྱ་གཅིག་པའི་ལམ་དངོས་བཤད་པ་དེ་ལ་ཡང་། སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་གསུམ་ལས། དང་པོ་ནི། དུས་འཁོར་རྩ་བརྒྱུད་ལས། ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་དཔྱད་བྱ་རྡུལ་ཉི་གསུངས། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །ཅེས་གསུངས་པ་ལྟར། བར་དོའི་རྣམ་ཤེས་དེ་ཕ་མ་གཉིས་ཀྱི་ཁུ་ཁྲག་གི་དབུས་སུ་བཞུགས་པ་ལས་ལུས་ངག་ཡིད་གསུམ་གྱི་རྟེན་
ཁུ་རྡུལ་རླུང་གསུམ་སྐྱེས་ཏེ། ཕ་མ་གཉིས་ཀྱི་རེག་པ་སྲ་བ་ཉམས་སུ་མྱོང་བ་ལས་སའི་ཁམས། ཁུ་རྡུལ་གཤེར་བའི་རང་བཞིན་ལས་ཆུ། བསྐྱོད་པ་ལས་དྲོད། སྐྱེས་པ་ལས་མེ། རྩ་གནས་རྣམས་ནས་བྱང་སེམས་གཡོས་པ་ལས་རླུང་། བདེ་བ་ནམ་མཁའི་ཁམས་ཏེ། རྣམ་པར་ཤེས་པ་འབྱུང་བ་ལྔ་ཡེ་ཤེས་ཀྱི་ཁམས་དང་དྲུག་འདུས་པ་ལས་ལུས་འགྲུབ་པར་བྱེད་པ་སྟེ། དགྱེས་རྡོར་ལས། བོ་ལ་ཀཀྐོ་ལ་སྦྱོར་བས། །རེག་པ་སྲ་བ་བག་ཆགས་ཉིད། །སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །གང་ཕྱིར་བྱང་སེམས་གཤེར་བ་ཉིད། །གཤེར་བ་ཆུ་ཡི་ཁམས་སུ་འགྱུར། །ཆུ་ནི་མི་བསྐྱོད་གཟུགས་ཀྱི་ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །གཉིས་ཀྱི་བསྐྱོད་པའི་སྦྱོར་བ་ལས། །དྲོད་ནི་རྟག་ཏུ་སྐྱེ་བར་འགྱུར། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་དྲོད་ལས་འབྱུང་བར་འགྱུར། །ཀཀྐོ་ལར་ནི་སེམས་རྒྱུ་བ། །དེ་ནི་རླུང་གི་རང་བཞིན་ཅན། །ཕྲག་དོག་དོན་ཡོད་གྲུབ་པ་ཉིད། །དོན་ཡོད་རླུང་ལས་འབྱུང་བ་ཉིད། །བདེ་བ་འདོད་ཆགས་ཉིད་དུ་འགྱུར། །དགའ་བ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་སེར་སྣ་རྡོ་རྗེར་འགྱུར། །སེར་སྣ་ནམ་མཁའ་ལས་བྱུང་ཉིད། །སེམས་དཔའ་ཆེན་པོ་གཅིག་ཉིད་ཀྱི། །ལྔ་ཡི་གཟུགས་ཀྱི་རྣམ་པར་བསྐོར། །ཞེས་གསུངས་པའི་ཕྱིར། མངལ་གྱི་ཞག་བདུན་ཕྲག་བཞི་ལ་རིམ་པར་མེར་ནུར་ཏར་གོར་གྱི་གནས་སྐབས་བཞིས་ཞག་ཉེར་བརྒྱད། དེ་ནས་བདུན་ཕྲག་ལྔ་པ་འཁྲང་འགྱུར་གྱི་ཞག་དང་པོ་ལ་མ་དང་འབྲེལ་བའི་ལྟེ་བ་ནས་རང་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་དང་ལྡན་པའི་དབུ་མ་ཆགས་ཏེ་ནང་དུ་སྲོག་རླུང་སྟེང་འོག་གི་སྣ་གཉིས་སུ་དཀར་དམར་གྱི་ཐིག་ལེ་དང་བཅས་པ་གྲུབ། ཞག་གཉིས་པ་ལ་རླུང་བཅུའི་རྟེན་སྙིང་ཁའི་རྩ་འཁོར་ཆགས་ཤིང་། དེ་ནས་ཞག་རེ་ལ་རྩ་ཉིས་བརྒྱ་རེ་ཆགས་པས་མངལ་གྱི་ཟླ་བ་བརྒྱད་དང་ཕྱི་རོལ་གྱི་ཟླ་བ་བཞི་སྟེ་ཟླ་བ་བཅུ་གཉིས་ཀྱི་བར་དུ་རྩ་འཕེལ་བས་རོ་རྐྱང་དབུ་གསུམ་གྱི་རིགས་འཛིན་པའི་རྩ་སྟོང་ཕྲག་ཉི་ཤུ་རྩ་བཞི་རེ་རེ་སྡོམ་པ་ན་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །དེ་ལྟར་ཡང་སྡོམ་འབྱུང་ལས། ལུས་ཀྱི་རྗེས་སུ་འགྲོ་བའི་རྩ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་བརྗོད། །ཅེས་སོ། །དེ་རྣམས་
ལས་གཙོ་བོར་གྱུར་པ་འཁོར་ལོའི་རྩ་ནི། སྙིང་ཁའི་རྩ་འཁོར་ལས་རིམ་པར་ལྟེ་མགྲིན་སྤྱི་བོའི་རྩ་འཁོར་རྣམས་དང་། སྟེང་དུ་གཙུག་ཏོར་གྱི་རང་བཞིན་སྙིང་ཁ་ལས་འཕྲོས་ཏེ་ཆགས་ཤིང་། འོག་ཏུ་གསང་འཁོར་སོགས་ལྟེ་བ་ནས་ཐུར་དུ་ཆགས་སོ། །འཁོར་ལོའི་རྩ་རྣམས་ནི་འབྲིང་པོ། རོ་རྐྱང་དབུ་གསུམ་ནི་ཕྲ་བ། དབུ་མའི་ནང་གི་འཁོར་ལོའི་ལྟེ་བ་རྣམས་ཤིན་ཏུ་ཕྲ་བ། དེ་ལས་གཞན་པའི་རྩ་རྣམས་ནི་རགས་པའོ། །ལྟེ་བའི་འཁོར་ལོ་ཆགས་ནས་ཉའི་རྣམ་པར་འགྱུར་ལ། དེ་ནས་རིམ་པར་ཡན་ལག་ལྔ་དོད་པ་དང་རྐང་ལག་རྫོགས་པའི་གནས་སྐབས་གཅིག་པོར་རུས་སྦལ་དང་སྦལ་བ་ལྟ་བུ་ཞེས་གཉིས་སུ་ཕྱེ་ལ། དེ་ནས་བརྩམས་ཏེ་ཇི་སྲིད་བཙའ་བའི་བར་གྱི་ཉིན་ཞག་ལ་ཐུག་གི་བར་དུ་ཕག་པའི་གནས་སྐབས་ཞེས་བྱ་ཞིང་རིམ་པས་ཚིགས་རྣམས་ཀྱི་སར་རྩའི་འཁོར་ལོ་དང་ཤ་ཁྲག་རུས་པ་ཚིགས་དང་བཅས་པ་རྣམས་ཆགས་ཏེ། ཟླ་བ་ལྔ་ཡན་ཆད་ལ་རྒྱལ་བ་ལྟར་སྣང་མེད་དུ་གནས་ཤིང་། ཟླ་བ་དྲུག་པ་ནས་ཡིད་ཀྱི་རྣམ་རིག་སྐྱེ་ཞིང་། སྔོན་གྱི་སྐྱེ་བ་དྲན་པ་སོགས་ཚོར་བ་མྱོང་། བདུན་པ་ནས་སྐྲ་དང་བ་སྤུ་སྐྱེ་ཞིང་དབང་རྟེན་རྣམ་པ་གྲུབ། བརྒྱད་པ་ལ་དབང་པོ་རྫོགས་པས་བཀྲེས་སྐོམ་དང་བཤང་གཅི་འབྱུང་། དགུ་པའི་མཐར་སྡུག་བསྔལ་ཞིང་སྐྱོ་བ་སྐྱེ་སྟེ། ལུས་རྫོགས་ནས་བཙའ་བའི་ཉིན་ཞག་ལ་མིའི་སེང་གེའི་གནས་སྐབས་ཞེས་བྱ་བ་སྟེ་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། དེ་ནས་མངལ་གྱི་སྒོར་ཚུད་ནས། །ཕ་དང་མ་ཡི་རྒྱུ་རྐྱེན་ལས། །མེར་མེར་པོ་དང་ནུར་ནུར་པོ། །ཏར་ཏར་པོ་དང་གོར་གོར་པོ། །འཁྲང་འགྱུར་ཉ་ཡི་རྣམ་པ་དང་། །རུས་སྦལ་བཞོན་དང་སྦལ་པ་བཞིན། །དེ་ལྟར་ཞག་ནི་བདུན་ཕྲག་བརྒྱད། །ལྟེ་བ་ནས་ནི་ལུས་རྣམས་བསྐྱེད། །ཟླ་དགུ་དེ་བཞིན་ངོ་བཅུ་ནི། །ལུས་རྫོགས་མ་ཡི་མངལ་ནས་འཐོན། །ཞེས་སོ། །དེ་ལྟར་བར་དོའི་རྣམ་ཤེས་ཕ་མའི་ཁུ་ཁྲག་གི་དབུས་སུ་ཞུགས་ནས་རིམ་གྱིས་བཙའ་བའི་བར་དེ་ཉིད་ལྷ་སྐུ་ཕྱག་རྒྱ་གཅིག་པའི་ལམ་གྱི་སྦྱང་གཞི་ཡིན་ཏེ། སྒེག་པ་རྡོ་རྗེས། རྣམ་ཤེས་ལྷུམས་སུ་ཞུགས་དང་སྦྱར། །ཞེས་གསུངས་པའོ། །སྦྱོང་བྱེད་ཀྱི་ལམ་ཕྱག་རྒྱ་གཅིག་པའི་ལམ་གྱི་ལྷ་སྐུ་ལ་བསླབ་པའི་རྣལ་འབྱོར་ནི། གདན་ཉི་མ་ནི་མའི་རྡུལ། ཟླ་བ་ནི་ཕའི་ཁུ་བ། ས་བོན་
ཨཱཿཡིག་གདན་སྟེང་དུ་བབས་པ་ནི་བར་དོའི་རྣམ་ཤེས། མངལ་དུ་དཀར་དམར་ཚོགས་ཟིན་པ་ལ་འཇུག་པར་ཕྱོགས་པ་ཉིད་ཡིན་ལ་དེ་ཕྱག་མཚན་དུ་བསྒྱུར་བ་ནི་ཕ་མའི་འདུ་འཕྲོད་ཀྱིས་འགྱུར་བའི་གནས་སྐབས་ལྔ་རིམ་པར་སྲ་བ་ས། གཤེར་བ་ཆུ། དྲོད་མེ། ཐིག་ལེ་འཕེལ་བ་རླུང་། བདེ་བ་ནམ་མཁའི་ཁམས་ཏེ་ཁམས་ལྔ་ཉམས་སུ་མྱོང་བའི་རིམ་པས་དཀར་དམར་གྱི་དབུས་སུ་འཇུག་ཅིང་བཞུགས་ནས་ཁུ་རྡུལ་སེམས་གསུམ་འདྲེས་པ་དེ་མཚོན་ཞིང་། འོད་ཟེར་སྤྲོ་བསྡུས་ནི་མངལ་དུ་ལུས་ཆགས་པའི་ཚེ་ལུས་དེ་ཉིད་རླུང་གིས་འཕེལ་བར་བྱེད། མེས་སྨིན། ཆུས་བསྡུད། བསྡུད་པ་དེ་སས་སྲ་བར་བྱེད། ནམ་མཁས་དེ་ཐམས་ཅད་ཀྱི་གོ་སྐབས་སྦྱིན་པར་བྱེད་པས་ཕུང་ཁམས་སྐྱེ་མཆེད་རིམ་པ་བཞིན་དུ་འགྲུབ་པའོ། །དེ་ཡང་འདིར་མང ལ་སྐྱེས་གཙོ་ཆེ་བའི་དབང་དུ་བྱས་ནས་དེ་ལྟར་བཤད་པ་སྟེ། སྒོང་སྐྱེས་ལ་སོགས་པ འི་བག་ཆགས་ཀྱང་འདིས་ཞར་ལ་སྦྱོང་ནུས་ཏེ། དེ་ལ་སྦྱར་ན། ས་བོན་ནི་དྲི་ཟའི་སེམས། ཕྱག་མཚན་ནི་མངལ་དུ་ཁུ་ཁྲག་གི་དབུས་སུ་བཞུགས་པ། སྤྲོ་བསྡུས་ཡོངས་གྱུར་ནི་སྒོ་ངར་གྱུར་པ་དང་དེ་བཞིན་དུ་དྲོད་གཤེར་ལ་ཡང་གདན་ཉི་མ་ནི་དྲོད། ཟླ་བ་ནི་གཤེར་བ། ས་བོན་ཕྱག་མཚན་ནི་བར་དོའི་རླུང་སེམས། སྤྲོ་བསྡུ་དང་སྐུ་རྫོགས་པ་ནི་དེ་གསུམ་{པ་}ལས་དྲོད་གཤེར་གྱི་དབུས་ནས་འབྱུང་བཞིའི་ལུས་གྲུབ་པ་རྣམས་སྦྱོང་། རྫུས་སྐྱེས་ལ་གདན་ནི་སྐྱེ་གནས། ས་བོན་ཕྱག་མཚན་ནི་བར་དོའི་རླུང་སེམས། སྤྲོ་བསྡུ་ནི་གནས་ལུས་ལ་སྲེད་པ་དང་ལེན་པའི་མཐུ་གསོས་བཏབ་པ། སྐུ་རྫོགས་པ་ནི་ལུས་སྐད་ཅིག་གིས་འགྲུབ་མཚོན་ཞིང་མཚོན་པར་བྱེད་པའོ། །གཞན་ཡང་རྫོགས་པའི་སངས་རྒྱས་དངོས་སུ་ཐོབ་བྱེད་ཀྱི་ལམ་རྒྱུན་མཐའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་འཛིན་ལ་བཞིར་ཕྱེ་བ་མངོན་བྱང་ལྔའི་སྒོ་ནས་བསྐྱེད་ཚུལ་ཡང་ཤེས་པར་བྱ་སྟེ། མཐར་ཐུག་གི་ཡེ་ཤེས་ལྔ་དང་ཆོས་མཐུན་རྩི་བ་ལས། ཁུ་བ་མཚོན་བྱེད་ཟླ་བའི་དཀྱིལ་འཁོར་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། ཟླ་འོད་ནི་གསལ་ཞིང་དྲི་མ་མེད་པས་ཀུན་ལ་ཁྱབ་ཀྱང་གཟུགས་ཆོས་ཕྲ་བ་རྣམས་ཧ་ཅང་གསལ་མི་ནུས་པ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་ཤེས་བྱ་ཀུན་ལ་ཁྱབ་ཅིང་མེ་ལོང་གི་གཟུགས་བརྙན་ལྟར་
གསལ་བར་སྣང་མོད་ཀྱི། རྣམ་པར་མི་རྟོག་པས་ཀུན་རྫོབ་ཀྱི་ཆོས་རྣམས་སྤུ་རིས་མི་འབྱེད་པས་ཆོས་མཐུན། དམར་ཆ་རྡུལ་མཚོན་བྱེད་ཉི་མ་ནི་མཉམ་ཉིད་ཡེ་ཤེས་ཏེ། ཉི་འོད་ནི་ཆེས་རབ་ཏུ་གསལ་ཞིང་ཡུལ་ཀུན་ཁྱབ་དྲོད་ཀྱི་རང་བཞིན་ཅན་སྨིན་པའི་ལས་བྱེད་པ་ལྟར། མཉམ་ཉིད་ཡེ་ཤེས་ཀྱང་ངོ་བོ་འཁོར་འདས་མཉམ་ཉིད་ཐུགས་སུ་ཆུད་ནའང་། ཐུགས་རྗེ་ཆེན་པོ་འབྱུང་བའི་ནུས་པ་ཅན་ཡིན་པས་སྤྲུལ་སྐུའི་འབྱུང་གནས་ཡིན་པའི་ཕྱིར་སེམས་ཅན་སྨིན་པའི་སྣང་ཚུལ་ཡིན་ནོ། །བར་དོའི་རླུང་སེམས་ས་བོན་དཀར་དམར་གྱི་དབུས་སུ་བཞུགས་པ་མཚོན་བྱེད་ས་བོན་ཕྱག་མཚན་ནི་སོར་རྟོག་ཡེ་ཤེས་ཏེ། ས་བོན་དང་ཕྱག་མཚན་ནི་ལྷ་སོ་སོའི་རིགས་སོགས་སོ་སོར་མ་འདྲེས་པར་སྟོན་པ་ལྟར། སོར་རྟོག་ཡེ་ཤེས་ཀྱང་དུས་གསུམ་ཤེས་བྱའི་ཡུལ་ཐམས་ཅད་སོ་སོར་མ་འདྲེས་པ་ཅིག་ཅར་དུ་མཁྱེན་པའི་ཆོས་སྟོན་པ་ལ་མངའ་བརྙེས་པའོ། །ཁུ་རྡུལ་སེམས་གསུམ་འདྲེས་པ་མཚོན་བྱེད་འོད་ཟེར་སྤྲོ་བསྡུའི་སྦྱོར་བས་ཡོངས་སུ་གྱུར་པ་ནི་བྱ་གྲུབ་ཡེ་ཤེས་ཏེ། ཇི་ལྟར་སྤྲོ་བསྡུས་ས་བོན་ཕྱག་མཚན་གཅིག་ཏུ་འདྲེས་པ་ལྟར། བྱ་གྲུབ་ཡེ་ཤེས་ཀྱང་ཡེ་ཤེས་སྔ་མ་གསུམ་གཅིག་འདྲེས་ཀྱི་འཕྲིན་ལས་ཀྱི་ངོ་བོར་སྤྲུལ་པ་མཐའ་ཡས་པར་བསྟན་ནས་འགྲོ་དོན་མཛད་པ་ལ་ཐོགས་པ་མེད་པའོ། །མངལ་དུ་ལུས་གྲུབ་པ་མཚོན་བྱེད་སྐུ་ཡོངས་སུ་རྫོགས་པ་ནི་ཆོས་དབྱིངས་ཡེ་ཤེས་ཏེ། ཇི་ལྟར་ས་བོན་ཕྱག་མཚན། སྤྲོ་བསྡུས་ཡོངས་གྱུར་བཞི་ཆར་ལས་ལྷ་སྐུར་རྫོགས་པ་ལྟར། ཆོས་དབྱིངས་ཡེ་ཤེས་སུ་ཡེ་ཤེས་གཞན་བཞི་པོའང་འདུ་ཞིང་། ཡེ་ནས་རང་བཞིན་རྣམ་དག་གནས་ལུགས་ཀྱི་ལུས་ཡོངས་སུ་རྫོགས་པའི་ཡེ་ཤེས་ཡིན་པའི་ཕྱིར་ཆོས་མཐུན་པའོ། །དེ་ཡང་རྒྱལ་པོ་ཛཿའི་གསུང་ལམ་རྣམ་བཀོད་དུ། སྟོང་པའི་ཡེ་ཤེས་དངོས་པོ་མེད། །མེ་ལོང་ཡེ་ཤེས་རྟོག་པ་མེད། །མཉམ་ཉིད་ཡེ་ཤེས་བཟང་ངན་མེད། །ཀུན་རྟོགས་ཡེ་ཤེས་མ་འདྲེས་གསལ། །བྱ་བ་ནན་ཏན་མཐར་ཕྱིན་པའོ། །ཞེས་གསུངས། སྦྱངས་འབྲས་ནི། གང་འདུལ་རྣམ་རོལ་འགག་མེད་དུ་འཆར་བའི་སངས་རྒྱས་སྤྲུལ་པའི་སྐུ་དེ་ཉིད་དོ། །དེ་ལྟ་བུའི་ལམ་དེས་མར་འཁོར་བའི་བག་ཆགས་གང་སྦྱོང་ན། བར་དོའི་རླུང་སེམས་ཏེ་མའི་མངལ་དུ་ཞུགས་ནས་
བཙའ་བའི་བར་གྱི་བག་ཆགས་དག་པར་བྱེད། ཡར་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་གང་ལ་གང་འདུལ་གྱི་སྤྲུལ་སྐུར་བཞེངས་པའི་ལྷུམས་བཞུགས་ནས་བལྟམས་པའི་བར་གྱི་རིགས་ཀྱི་ས་བོན་གསོས་འདེབས་པར་བྱེད། བར་དུ་སྙིང་རྗེ་ཆེན་པོའི་འཕེན་པས་ཟུང་འཇུག་གི་ལྷའི་སྐུར་ཡོངས་རྫོགས་སུ་ལྡང་བའི་གཞི་འདིང་བས་རྫོགས་རིམ་ཀྱི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །ལྷ་སྐུ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་འདི་ལ་ཁ་ཅིག་ན་རེ། འདི་ཕྱག་རྒྱ་གཅིག་པ་མ་ཡིན་ཏེ། སྐུ་གསུང་ཐུགས་ཀྱི་ལྷ་གསུམ། དབུ་རྒྱན་གྱི་ལྷ་ལྔ། ཡེ་ཤེས་སེམས་དཔའ་དང་བཅས་པའི་ལྷ་དགུ་བྱུང་བའི་ཕྱིར་ཟེར་ན་སྐྱོན་མེད་དེ། ཤིང་རྩ་བ་གཅིག་ལ་ཡན་ལག་མང་པོ་ཡོད་ཀྱང་སྡོང་པོ་གཅིག་ཟེར་བ་བཞིན་དུ། རྩ་བའི་ལྷ་གཅིག་ཏུ་ངེས་པའི་ཕྱིར་རོ༑ ༑ཕྱག་རྒྱ་སྤྲོས་བཅས་ལ། ལམ་རིམ་ལས། འཁོར་ལོ་ཚོམ་བུ་ཞལ་ཕྱག་གྲངས། །ཞེས་པ་ལྟར། དཀྱིལ་འཁོར་སྤྲོས་པ། ཚོམ་བུ་སྤྲོས་པ། ཞལ་ཕྱག་སྤྲོས་པ་རྣམས་སུ་ཡོད་པ་ལས། དང་པོ་དཀྱིལ་འཁོར་སྤྲོས་པ་ལ་ཡང་། ཞི་ཁྲོ་གཉིས་ཀ་ལ་རྒྱས་འབྲིང་བསྡུས་གསུམ་ལས། ཞི་བའི་དཀྱིལ་འཁོར་རྒྱས་པ་ནི། འོད་རིམ་ལས། འཁོར་ལོའི་དབུས་ལྔར་རྒྱལ་པོ་ཡུམ། །མདུན་རྒྱབ་གཡས་གཡོན་ཕྱོགས་བཞི་རུ། །སེམས་དཔའ་སེམས་མ་རིམ་བཞིན་བསམ། །ཞེས་པ་ལྟར། དཀྱིལ་འཁོར་ལྟེ་བའི་འཁོར་ལོ་རྩིབས་བཞི་དབུས་དང་ལྔར་མི་བསྐྱོད་པ་ཡབ་ཡུམ་ལ་རང་གི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་གྱིས་བསྐོར་བ་དང་བཅས་པས་བཅུ། དེ་བཞིན་དུ་ཤར་རྩིབས་ཀྱི་འཁོར་ལོར་རྣམ་སྣང་། ལྷོ་རྩིབས་ཀྱི་འཁོར་ལོར་རིན་འབྱུང་། ནུབ་རྩིབས་ཀྱི་འཁོར་ལོར་སྣང་མཐའ། བྱང་རྩིབས་ཀྱི་འཁོར་ལོར་དོན་གྲུབ་སྟེ་སོ་སོ་རང་རང་གི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་གྱིས་བསྐོར་བ་དང་བཅས་པ་སྟེ། རིགས་ལྔ་རིགས་ཆུང་གི་སེམས་དཔའ་དང་བཅས་པའི་ལྷ་གྲངས་ལྔ་བཅུའི་སྟེང་དུ། སེམས་དཔའ་སེམས་མ་བཅུ་དྲུག སྒོ་བ་ཡབ་ཡུམ་བརྒྱད། བྱ་བྱེད་ཐུབ་པ་དྲུག་དང་བཅས་ཏེ་ལྷ་གྲངས་བརྒྱད་ཅུ་རྩ་གཉིས་སོ། །འབྲིང་པོ་ལ། རིགས་ལྔ་ཡབ་ཡུམ་བཅུ། སེམས་དཔའ་ཡབ་ཡུམ་བཅུ་དྲུག སྒོ་བ་ཡབ་ཡུམ་བརྒྱད། བྱ་བྱེད་གཉིས། ཐུབ་པ་དྲུག་དང་བཅས་ཏེ་ཞེ་གཉིས།
བསྡུས་པ་ནི། རིགས་ལྔ་ཡབ་ཡུམ་བཅུ། སྒོ་བ་ཡབ་ཡུམ་བརྒྱད་དེ་ལྷ་ཚོགས་བཅོ་བརྒྱད་དོ༑ ༑ཁྲོ་བོ་ལ་དཀྱིལ་འཁོར་རྒྱས་པ་ནི། རིགས་ལྔའི་ཁྲག་འཐུང་ཡབ་ཡུམ་ཟུང་རེ་ལ་རིགས་ཆུང་གི་ཁྲག་འཐུང་ཡབ་ཡུམ་བརྒྱད་བརྒྱད་ཀྱིས་བསྐོར་བའི་ལྔ་བཅུའི་སྟེང་དུ། གནས་མ་བརྒྱད། ཡུལ་མ་བརྒྱད། སྒོ་མ་བཞི། དབང་ཕྱུག་ཉེར་བརྒྱད། ཁྲོ་བཅུ་ཡབ་ཡུམ་ཉི་ཤུ་བཅས་དྲུག་ཅུ་རེ་བརྒྱད་པོ་བསྣན་པས་བརྒྱ་དང་བཅོ་བརྒྱད། འབྲིང་པོ་ནི། ཁྲག་འཐུང་རིགས་ལྔ་ཡབ་ཡུམ་གྱི་སྟེང་དུ། གནས་ཡུལ་སྒོ་མ་དབང་ཕྱུག་ཁྲོ་བཅུ་ཡབ་ཡུམ་རྣམས་བསྣན་པས་བདུན་ཅུ་རྩ་བརྒྱད། བསྡུས་པ་ནི། བདུན་ཅུ་རྩ་བརྒྱད་པོ་དེ་ལས་ཁྲོ་བཅུ་ཡབ་ཡུམ་ཕྲི་བས་ལྔ་བཅུ་རྩ་བརྒྱད་དོ། །གཉིས་པ་ཚོམ་བུ་སྤྲོས་པ་ནི། ཞི་བ་ལ། ཚོམ་བུ་གཅིག་པ་དང་། གསུམ་པ་དང་། ལྔ་པ་དང་གསུམ་ལས། དང་པོ་ཚོམ་བུ་གཅིག་པ་ནི། མི་བསྐྱོད་པ་ཡབ་ཡུམ་རྡོ་རྗེའི་རིགས་ཀྱི་རིགས་ཆུང་གིས་བསྐོར་བ་ལ། སྒོ་བ་ཡབ་ཡུམ་བརྒྱད་དེ་ལྷ་བཅོ་བརྒྱད་ཀྱི་བདག་ཉིད་ཅན་ནི་ཚོམ་བུ་གཅིག་པའོ། །དེ་བཞིན་དུ་དབུས་སུ་མི་བསྐྱོད་པ་རྡོ་རྗེའི་རིགས་ཀྱི་རིགས་ཆུང་གིས་བསྐོར་བ། དེ་བཞིན་དུ་ཤར་དུ་རྣམ་སྣང་སྐུའི་རིགས་ཆུང་གིས་བསྐོར་བ༑ ནུབ་ཏུ་སྣང་མཐའ་གསུང་གི་རིགས་ཆུང་གིས་བསྐོར་བ་ལ་ཁྲོ་བཅུ་ལས། སྟེང་འོག་གི་ཁྲོ་བོ་ཧཱུྃ་མཛད་དང་། སྟོབས་ཆེན་གཉིས་བཞག་པའི་ཁྲོ་བོ་ཡབ་ཡུམ་སྐུ་བརྒྱད་ཀྱིས་བསྐོར་བའི་ལྷ་ཚོ་ཞེ་དྲུག་ནི་ཚོམ་བུ་གསུམ་པའོ། །རིགས་ལྔ་ཡབ་ཡུམ་རིགས་ཆུང་དང་བཅས་པ་ལ་ཁྲོ་བཅུ་ཡབ་ཡུམ་ཉི་ཤུས་བསྐོར་བའི་བདུན་ཅུ་ནི་ཚོམ་བུ་ལྔ་པའོ། །ཁྲོ་བོ་ལ་རྒྱུད་དུ་ཚོགས་སྒྲུབ་ལས་མ་གསུངས་ཀྱང་ལམ་རིམ་དུ། དེ་ནས་འཁོར་ལོ་གཅིག་པ་དང་། །གསུམ་དང་ལྔ་རུ་བསྒོམ་པར་བྱ། །ཞེས་པས། ཞི་བ་དང་མཚུངས་པར་ཚོམ་བུ་གཅིག་གསུམ་ལྔ་པ་རྣམས་ལས། གནས་ཡུལ་སྒོ་སྐྱོང་དབང་མོ་དང་བཅས་པ་གཞིར་བཞག་ནས་ཚོམ་བུ་གཅིག་པ་ལ་རྡོ་རྗེ་ཁྲག་འཐུང་ཡབ་ཡུམ་ལ་རྡོ་རྗེ་རིགས་ཀྱི་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བཞི། ཁྲོ་བཅུ་ཡབ་ཡུམ་ཉི་ཤུས་བསྐོར་བའི་བདུན་ཅུ་རྩ་བརྒྱད་པ་ཚོམ་བུ་གཅིག་པ་དང་། དེའི་སྟེང་དུ་ཤར་ནུབ་གཉིས་སུ་བུདྡྷ་ཁྲག་འཐུང་དང་པདྨ་ཁྲག་འཐུང་གཉིས་རང་རང་གི་རིགས་ཆུང་གི་
ཁྲོ་བོ་ཡབ་ཡུམ་བཞི་བཞིས་བསྐོར་བ་དང་བཅས་པའི་ལྷ་གོ་བརྒྱད་ནི་ཚོམ་བུ་གསུམ་པ། དེའི་སྟེང་དུ། ལྷོ་བྱང་གཉིས་སུ་རཏྣ་ཁྲག་འཐུང་དང་། ཀརྨ་ཁྲག་འཐུང་རིགས་ཆུང་དང་བཅས་བསྣན་པས་ལྷ་གྲངས་བརྒྱ་དང་བཅོ་བརྒྱད་པ་ནི་ཚོམ་བུ་ལྔ་པའོ། །གསུམ་པ་གྲངས་སྤྲོས་པ་ནི། སྣང་བ་རྣམ་འབྱེད་ཀྱི་ཏིང་འཛིན་ལ་བསླབ་པ་སྟེ། དེ་ལ་ཡང་ཞི་ཁྲོ་གཉིས་ལས། ཞི་བ་ལ། སངས་རྒྱས་སྟོང་གི ཉི་ཁྲི་ཆིག་སྟོང་གི བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ལ་བསླབ་པའོ། །དང་པོ་ནི། འདི་ཉིད་ལས། ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །དེ་ཉིད་ཡན་ལག་སྤྲོས་དག་སྟེ། །བཞི་བཅུ་རྩ་གཉིས་གསུམ་འཕྲོར་འགྱུར། །ཞེས་པ་ལྟར། དེ་ལ་སངས་རྒྱས་སྟོང་ནི། ཐབས་ཀྱི་ལྷ་བཞི་བཅུ། ཤེས་རབ་ཀྱི་ལྷ་བཞི་བཅུ། སྐུ་གསུང་ཐུགས་ཀྱི་ལྷ་བརྒྱ་དང་ཉི་ཤུ། དབུ་རྒྱན་གྱི་ལྷ་བརྒྱད་བརྒྱའོ། །དེ་ལ་དང་པོ། ཡན་ལག་བཞི་ཅུ་རྩ་གཉིས་ལྡན། །ཞེས་པས། རྩ་བའི་ལྷ་ཡབ་ཡུམ་གཉིས་ལ་ཡན་ལག་གི་ལྷ་བཞི་བཅུ་སྒོམ་པ་སྟེ། ཡབ་ཀྱི་རྟོག་པའི་གནས་སུ་ཡབ་བཅུ་བདུན་དང་ཐུབ་པ་དྲུག་སྟེ་ཉེར་གསུམ། ཡུམ་ལ་ཡུམ་བཅུ་བདུན་འགོད་པའོ། །ཇི་ལྟར་འགོད་ན། བདག་ཉིད་མི་བསྐྱོད་པར་གསལ་བའི་དབུ་ལ་རྣམ་སྣང་། ལག་གཡས་ཀུན་བཟང་། གཡོན་ལ་རིན་འབྱུང་། རྐང་གཡས་དོན་གྲུབ། རྐང་གཡོན་སྣང་མཐའ། གཡས་ཀྱི་མིག རྣ་བ། སྣ། ལྕེ་བཞིའི་རྩ་ནང་དུ་ས་སྙིང་། ཕྱག་རྡོར། ནམ་སྙིང་། སྤྱན་རས་གཟིགས། གཡོན་གྱི་རྩའི་ཕྱི་རོལ་དུ་རིམ་པར། མཐའ་ཡས། སྒྲིབ་སེལ། ཀུན་བཟང་། འཇམ་དཔལ། ལག་མཐིལ་གཡས་སུ་གཤིན་རྗེ་གཤེད། གཡོན་སྟོབས་པོ་ཆེ། རྐང་མཐིལ་གཡས་པར་འཁྱིལ་པ། གཡོན་དུ་རྟ་མགྲིན། :འཆོག་༼མཚོག་༽མར་ལྷའི་ཐུབ་པ། སྟ་ཟུར་ལྷ་མིན། སྙིང་གར་མི། ལྟེ་བར་བྱོལ་སོང་། མགྲིན་པར་ཡི་དྭགས། གསང་གནས་སུ་དམྱལ་བའི་ཐུབ་པ་རྣམས་འགོད་པའོ། །ཡུམ་དབྱིངས་ཕྱུག་མ་ལ་ཡང་ཡུམ་བཅུ་བདུན་འགོད་པའི་རིམ་པ་ཡབ་དང་འདྲ་ཞིང་དེ་ལྟར་ཡན་ལག་གི་ལྷ་བཞི་ཅུ་པོ་ནི་རགས་པའི་ཆ་ནས་ཐབས་ཀྱི་ལྷར་བཞག་གོ །གཉིས་པ་ཤེས་རབ་ཀྱི་ལྷ་བཞི་བཅུ་ནི་ཐབས་ཀྱི་ལྷ་བཞི་བཅུ་པོ་སོ་སོའི་ཐུགས་ཀར་རང་འདྲ་བའི་ཡེ་ཤེས་སེམས་དཔའ་རེ་རེ་བསྒོམ་པ་ཕྲ་བའི་
ཆ་ནས་ཤེས་རབ་ཀྱི་ལྷ་ཞེས་པའོ། །གསུམ་པ་སྐུ་གསུང་ཐུགས་ཀྱི་ལྷ་ནི། རྩ་བའི་ལྷ་ཡབ་ཡུམ་གཉིས་ལ་བཀོད་པའི་ཐབས་ཀྱི་ལྷ་བཞི་བཅུ་པོ་རེ་རེ་ལ་ཡང་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་ལྷ་རེ་རེ་འགོད་པ་ནི་སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོའི་ལྷ་བརྒྱ་དང་ཉི་ཤུའོ། །བཞི་པ་དབུ་རྒྱན་གྱི་ལྷ་ནི། དེ་ལྟར་བརྒྱ་དང་ཉི་ཤུ་པོའི་སྟེང་དུ་ཐབས་ཀྱི་ལྷ་བཞི་བཅུ་པོ་བསྣན་པས་བརྒྱ་དང་དྲུག་ཅུ་པོ་དེ་དག་སོ་སོའི་རིགས་བདག་གཙོ་བོར་གྱུར་པའི་དབུ་རྒྱན་གྱི་ལྷ་ལྔ་ལྔ་རེས་བརྒྱད་བརྒྱའོ། །ཐབས་ཤེས་བྱིན་རླབས་དབང་བསྐུར་གྱི་ལྷ་རྣམས་ཀུན་དྲིལ་བས་རྩ་ལྷ་ཡབ་ཡུམ་གཉིས་ལ་ཡན་ལག་དང་ལྡན་པའི་ལྷ་སྟོང་བསྒོམ་པ་ནི་སངས་རྒྱས་སྟོང་གི་དཀྱིལ་འཁོར་ལ་བསླབ་པའོ། །གཉིས་པ་ཉི་ཁྲི་ཆིག་སྟོང་གི་དཀྱིལ་འཁོར་ལ་བསླབ་པ་ནི། འདི་ཉིད་ལས། དེ་ལྟར་ལྡན་པའི་གཙོ་མཆོག་གི །རྒྱལ་བ་རྒྱལ་མཆོག་དེ་བཞིན་དུ། །བཅུ་གཉིས་དྲུག་གི་འོད་འཕྲོ་འབར། །ཞེས་པས། གཙོ་བོ་མི་བསྐྱོད་པ་ཡབ་ཡུམ་ལ་ཇི་ལྟར་བཀོད་པ་བཞིན་དུ་ལྷ་གཞན་རྣམས་ལའང་རིགས་འགྲེ་ཤེས་པར་བྱ་ལ། བདག་རྩ་ལྷར་སོང་བའི་ཡབ་ཡུམ་གྱི་རྟོག་པའི་གནས་སུ་ཀུན་བཟང་ཡབ་ཡུམ་འགོད་པ་ཙམ་ཁྱད་པར་རོ། །དེ་ལྟར་རྒྱལ་བ་རིགས་ལྔ། རྒྱལ་མཆོག་ཀུན་བཟང་སྟེ་ཡབ་ཡུམ་ཟུང་དྲུག་ལ་སྟོང་ཚོ་དྲུག སེམས་དཔའ་ཡབ་ཡུམ་བཅུ་དྲུག སྒོ་བ་ཡབ་ཡུམ་བརྒྱད་དེ་ཟུང་བཅུ་གཉིས་ལ་སྟོང་ཚོ་བཅུ་གཉིས། ཐུབ་པ་དྲུག་ལ་ཡུམ་མེད་པས། ཤེས་རབ་མཚོན་བྱེད་གཡོན་ཡིན་པས། གཡོན་ཕྱོགས་སུ་འགོད་པར་གསུངས་པ་ལྟར། རྐང་ལག་གི་རིགས་བཞི་དང་སྒོ་བ་ཡབ་ཡུམ་གཡས་གཡོན་གྱི་ཆ་འཛིན་པའི་རིམ་པའི་རྩའི་མདུན་རྒྱབ་དང་ཕྱི་ནང་གི་སེམས་དཔའ་རྣམས་རྩའི་ཕྱི་ནང་དུ་འགོད་ཚུལ་ཤེས་པར་བྱས་ནས་ཐུབ་དྲུག་རེ་རེ་ལའང་སྟོང་ཚོ་ཚང་བར་བྱས་ནས་བསྒོམ་པས་སྟོང་ཚོ་དྲུག་སྟེ་ཀུན་སྒྲིལ་བས་སྟོང་ཚོ་ཉི་ཤུ་རྩ་བཞི་བསྒོམ་པ་ནི་ཉི་ཁྲི་བཞི་སྟོང་གི་དཀྱིལ་འཁོར་ལ་བསླབ་པའོ། །ཁ་ཅིག་ན་རེ། ཐུབ་པ་དྲུག་ལ་སྐབས་འདི་དག་ཏུ་ཡུམ་གཏན་མི་འདོད་པ་ཡིན་ནམ་ཟེར་ན། མིའི་ཐུབ་པ་ནི་འདོད་ཡོན་སྤངས་ཀྱང་གཞན་རྣམས་འདོད་ཡོན་སྤངས་པར་མ་གསུངས་པས་ཡུམ་གཏན་ནས་མེད་པར་ཁས་མི་ལེན། འོན་
ཀྱང་འདིར་དམིགས་བཅས་ཡུམ་མེད་པ་ལྟར་སྟོན་པ་ནི་སྤྲུལ་པ་དང་ལྷ་གྲངས་ཀྱི་དབང་དུ་བྱས་ཀྱི། མི་དམིགས་ཆོས་དབྱིངས་ཀྱི་ཡུམ་དང་རྣམ་པ་ཀུན་ཏུ་འདུ་བྲལ་མེད་པའོ། །ཞེས་ཆོས་རྗེ་ཀུན་མཁྱེན་ཆེན་པོ་བཞེད་དོ། །གསུམ་པ་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ལ་བསླབ་པ་ནི། དེ་ལ་སོགས་ཏེ་བསམ་མི་ཁྱབ། །ཞེས་པས། སྟོང་དང་། ཉི་ཁྲི་བཞི་སྟོང་པོ་དེ་དག་ལ་གོམས་པ་ན། དངོས་པོ་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བསྒོམ་པ་ནི། བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ལ་བསླབ་པ་སྟེ། ལམ་རིམ་ལས། ཕྱོགས་བཅུ་མ་ལུས་གཞལ་ཡས་ཁང་། །ཉི་ཟླ་གཟའ་སྐར་གདན་དང་རྒྱན། །བདེ་གཤེགས་དཀྱིལ་འཁོར་མ་ལུས་བསྒོམ། །བསམ་ཡས་ལྷུན་གྲུབ་ཉིད་ལ་བསླབ། །ཅེས་གསུངས་སོ། །དེ་བཞིན་དུ་ཁྲོ་བོ་ལ་ཡང་རྒྱུད་འདིར་རྣམ་གྲངས་སྤྲོས་པ་ཚིག་ཟིན་ལ་དངོས་སུ་བྱུང་ཡང་། ཞི་བའི་ཤུགས་ཀྱིས་ཤེས་པར་འགྱུར་བ་ལ་དགོངས་པ་སྟེ། དེའང་ཇི་ལྟར་འགོད་ན། སྟོང་བཞི་བརྒྱ་ལྔ་བཅུ་ལ་བསླབ་པ། བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུའི་དཀྱིལ་འཁོར་ལ་བསླབ། བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ལ་བསླབ་པའོ། །དང་པོ་སྟོང་བཞི་བརྒྱ་ལྔ་བཅུ་ལ་བསླབ་པ་ནི། ཐབས་ཀྱི་ལྷ་ང་བརྒྱད། ཤེས་རབ་ཀྱི་ལྷ་ང་བརྒྱད། སྐུ་གསུང་ཐུགས་ཀྱི་གནས་གསུམ་དུ་བྱིན་གྱིས་བརླབས་པའི་ལྷ་ང་བརྒྱད་པ་རེ་རེ་སྟེ་ཉིས་༼ བརྒྱ་༽དང་དགུ་བཅུ། དེ་ལ་ཤེས་རབ་ཀྱི་ལྷ་ང་བརྒྱད་པོ་མ་གཏོགས་པའི་ལྷ་ཉིས་བརྒྱ་སོ་གཉིས་པོ་རེ་རེ་ཞིང་དབང་བསྐུར་གྱི་ལྷ་ལྔ་ལྔའི་ཡན་ལག་དང་ལྡན་པའི་དབུ་རྒྱན་གྱི་ལྷ་སྟོང་ཆིག་བརྒྱ་དྲུག་ཅུའོ། །དེ་ཉིད་སྔར་གྱི་ཉིས་བརྒྱ་དགུ་བཅུ་ལ་བསྣན་པས་སྟོང་བཞི་བརྒྱ་ལྔ་བཅུ་སྟེ་གཙོ་བོ་ཡབ་ཡུམ་ལ་ཚང་བར་བསྒོམ་པའོ། །དེ་ཡང་ལམ་རིམ་ལས། ཡན་ལག་བཀོད་པ་ལྔ་བཅུ་བརྒྱད། །ཆ་ལྔའི་གྲངས་ནི་ཉིས་བརྒྱ་དང་། །དགུ་བཅུའི་ལྷ་རྣམས་ཡན་ལག་ལྷ། །ཅེས་སོ། །དེ་ལ་ཐབས་༼ལྷ༽ང་བརྒྱད་ནི། བཛྲ་ཧེ་རུ་ཀའི་དབུ་ལ་བུདྡྷ། ལག་གཡས་བཛྲ། གཡོན་དུ་རཏྣ། རྐང་གཡས་ཀརྨ། གཡོན་པདྨ་ཧེ་རུ་ཀ དབང་རྟེན་ནང་རྩར་གཽ་རཱི་མ་བརྒྱད། ཕྱིར་རྩར་སིངྷ་མ་བརྒྱད། ཡན་ལག་བཞི་ལ་སྒོ་མ་བཞི། རྒལ་ཚིགས་ཉེར་བརྒྱད་ལ་དབང་མོ་ཉེར་བརྒྱད་
རེ་ལྷ་ལྔ་བཅུ་ང་གསུམ་ཡུམ་བཛྲ་ཀྲོ་དྷཱི་མའི་ཡན་ལག་ལྔ་ལ་རིགས་ཀྱི་ཡུམ་ལྔ་འགོད་ཅིང་། ཤེས་རབ་ཀྱི་ལྷ། སྐུ་གསུང་ཐུགས་བྱིན་རླབས་ཀྱི་ལྷ། དབང་གི་ལྷ་རྣམས་ཀྱི་འགོད་ཚུལ་ནི་ཞི་བ་དང་མཚུངས་སོ། །གཉིས་པ་བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུའི་དཀྱིལ་འཁོར་ནི༑ གཙོ་བོ་ཡབ་ཡུམ་ལ་ཡན་ལག་གི་ལྷ་བཀོད་པ་བཞིན་དུ་གཞན་རྣམས་ལའང་སྦྱོར་ཏེ། ཁྲག་འཐུང་རིགས་ལྔ་ཟུང་རེ། འཁོར་གྱི་གནས་ཚུལ་སྒོ་མ་དབང་མོ་སྟེ་ལྷ་མོ་ཡ་བརྒྱད་པོ་དེ་ལ་སྟོང་བཞི་བརྒྱ་ལྔ་བཅུ་རེ་རེ་སྟེ། མདོར་ན་སྟོང་བཞི་བརྒྱ་ལྔ་བཅུ་པ་མཚན་པ་ང་གསུམ་ལ་བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུའོ། །དེ་ལྟར་ན་འཁོར་གྱི་མ་མོ་རྣམས་ལ་ཁྲག་འཐུང་ཡབ་ལྔ་གང་དུ་འགོད་ཅེ་ན། ལུས་ཀྱི་གཡས་ཕྱོགས་སུ་ཡབ་ལྔ་དང་གཞན་རྣམས་གཡོན་ཕྱོགས་སུ་འགོད་པ་ཙམ་ཁྱད་པར་ཏེ། དཔེར་ན་མགོ་བོའི་གཡས་སུ་བུདྡྷ་ཁྲག་འཐུང་། གཡོན་དུ་བུདྡྷ་ཀྲོ་དྷཱི་མ། ལག་གཡས་ཀྱི་རྩའི་མདུན་དུ་བཛྲ་དང་རྒྱབ་ཏུ་རཏྣ་ཧེ་རུ་ཀ གཡོན་གྱི་མདུན་རྒྱབ་ཏུ་བཛྲ་ཀྲོ་དྷཱི་མ་དང་རཏྣ་ཀྲོ་དྷཱི་མ་འགོད་པ་སོགས་འགྲེ་ཤེས་པར་བྱའོ། །བཞི་པ་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ལ་བསླབ་པ་ནི་སྔར་ཞི་བའི་སྐབས་སུ་བཤད་པས་མཚོན་པ་ཉིད་དོ། །བཞི་པ་ཞལ་ཕྱག་སྤྲོས་པ་ནི། ཞི་ཁྲོ་གཉིས་ཀ་ལ་རྒྱས་འབྲིང་བསྡུས་གསུམ་ལས། ཞི་བ་ལ། རྒྱས་པར་བཤད་རྒྱུད་རྡོ་རྗེ་ནས་བཤད་པ་བཞིན་ཐུབ་པ་དྲུག་དང་ཡུམ་རྣམས་མ་གཏོགས་ཐམས་ཅད་ཞལ་གསུམ་ཕྱག་དྲུག་པར་བཤད་པ་དང་། འབྲིང་པོར་རིགས་ལྔ་ཙམ་མམ། གཙོ་བོ་ཞལ་གསུམ་ཕྱག་དྲུག་པ་དང་གཞན་རྣམས་ཞལ་གཅིག་ཕྱག་གཉིས་པར་བཤད་པ། བསྡུས་པར་ཐམས་ཅད་ཞལ་གཅིག་ཕྱག་གཉིས་མ་ཤ་སྟག་གོ །ཁྲོ་བོ་ལ་ཡང་། རྒྱས་པར་གཙོ་བོ་དབུ་ཕྱག་གྲངས་མེད་པ་དང་། དབུ་དགུ་ཕྱག་བཅོ་བརྒྱད་པ་དང་། རིགས་ལྔའི་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ་སྟེ་ད་ལྟ་ཕྱག་བཞེས་སུ་འདི་ཁོ་ན་ལྟར་དང་། ལྷ་མོ་སྒྱུ་འཕྲུལ་དྲ་བ་ནས་གནས་ཆ་ཡུལ་གྱི་མ་མོ་རྣམས་ཀྱང་ཞལ་གསུམ་ཕྱག་དྲུག་པར། འབྲིང་པོར་གཙོ་བོ་ཞལ་གསུམ་ཕྱག་དྲུག་པ། བསྡུས་པར་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པར་བཤད་དོ། །འོ་ན་རྗེ་གཏེར་ཆེན་བླ་མས་མཛད་པའི་ཞི་བའི་སྒྲུབ་ཐབས་
ལ་འབྲིང་པོ་དང་། ཁྲོ་བོ་ལ་བསྡུས་པའི་ཐ་སྙད་མཛད་པ་འདི་དང་མ་མཐུན་ནོ་སྙམ་ན། དེ་ནི་དཀྱིལ་འཁོར་དབང་གིས་ཏེ། གོང་དུ་བཤད་པས་ཤེས་སོ། །དེ་ལྟར་ཕྱག་རྒྱ་སྤྲོས་བཅས་ཀྱི་ལམ་དེས། མར་འཁོར་བའི་བག་ཆགས་བྱིས་པ་དེ་ནར་སོན་ཏེ་འདོད་པའི་ཚོར་བས་གདུང་ནས་ཆུང་མ་ལེན་པ་སྒོ་གསུམ་གྱི་ནུས་པ་རིམ་གྱིས་འཕེལ་བ། རང་རིགས་ཀྱི་བྱ་བ་ལ་དབང་བསྒྱུར་བ་རྣམས་ཀྱི་བག་ཆགས་དག་པར་བྱེད། ཡར་སངས་རྒྱས་སྤྲུལ་པའི་སྐུ་དེས་གདུལ་བྱ་རྣམས་བྱང་ཆུབ་ལ་འགོད་པའི་རིགས་ཀྱི་ནུས་པ་གསོས་འདེབས་པས་འབྲས་བུར་རྫོགས་པར་བྱེད། བར་དུ་ཟུང་འཇུག་གི་ལྷ་སྐུའི་རྩལ་སྣང་གོང་ནས་གོང་དུ་འཕེལ་བའི་གཞི་འདིང་བའི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །ལྔ་པ་ཚོམ་བུ་ཚོགས་སྒྲུབ་ཀྱི་ལམ་གྱི་རྣལ་འབྱོར་ལ། ལམ་རིམ་ལས། བཞི་དང་གཞུང་གིས་རྫོགས་པར་འགྱུར། །ཕུན་སུམ་ཚོགས་པ་ལྔ་བཞི་ལ༑ ༑བསྙེན་སྒྲུབ་བཞི་ཡི་གཞུང་བསྲང་བའང་། །གང་དག་མོས་པ་ཇི་བཞིན་དུ། །ཞི་དང་ཁྲོ་བོ་བསྒྲུབ་པར་བྱ། །ཞེས་པས། ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པའི་གཞི་གཟུང་བ། བསྙེན་བསྒྲུབ་ཡན་ལག་བཞིས་གཞུང་བསྲང་བ། འབྲས་བུ་རིག་འཛིན་འགྲུབ་པའི་དུས་བསྟན་པ་དེ་གསུམ་ལས། དང་པོ་ནི། ལམ་རིམ་ལས། དེ་ཡང་སྔ་མ་གནས་དང་དུས། །ཡོ་བྱད་སྟོན་འཁོར་སྒྲུབ་པ་པོ། །སྒྲུབ་ཐབས་ཕུན་སུམ་ཚོགས་པ་ཡིས། །བཞི་དང་སྦྱར་བས་གཞུང་རྫོགས་བྱ། །ཞེས་པས། གང་དུ་བསྒྲུབ་པའི་གནས། གང་གི་ཚེ་སྒྲུབ་པའི་དུས། གང་ལ་བརྟེན་ནས་སྒྲུབ་པའི་ཡོ་བྱད། གང་གིས་སྒྲུབ་པའི་སྒྲུབ་པ་པོ། གང་བསྒྲུབ་པར་བྱ་བའི་ཐབས་ཕུན་སུམ་ཚོགས་པའོ། །དང་པོ་གང་དུ་བསྒྲུབ་པའི་གནས་ལ། གནས་བཙལ་བ་དང་། བརྙེད་ནས་ཁང་པ་བྱ་བའོ། །དང་པོ་ནི། ལམ་རིམ་ལས། སྡེ་དཔུང་ཆེན་པོས་མི་ཚུགས་ཤིང་། །ས་དང་བར་སྣང་ཤིས་པ་དང་། །ལོ་རྒྱུས་རྣམ་གཉིས་ལྡན་པ་ཡིས། །ཡིད་འོང་ས་བཙལ་རྒྱས་པར་བྱ། །ཞེས་སོ། །གཉིས་པ་ནི། དེ་ལས། རྙེད་ནས་ཚོམ་བུའི་གྲངས་བཞིན་དུ༑ ༑ ཆེ་ཆུང་རྐྱེན་དུ་འཚམ་པར་བྱ། །བསྐོར་ཁང་ཕྱི་ནང་བར་ལྡན་པ། །ཞེས་པས། བར་གཅོད་ཀྱིས་རྫི་བར་མི་ནུས་ཤིང་། གནམ་ས་བར་སྣང་གི་དཔྱད་ལེགས་པ་ཡིད་དུ་འོང་ཞིང་
གཙང་བའི་ས་གནས་བཙལ་ལ། དེར་ཁང་པ་གསུམ་ཐོག་ཕྱི་ནང་རིམ་པ་གསུམ་པ་བརྩིགས་པའི་ཕྱི་མར་གཡོས་སྦྱོར། བར་དུ་སྒྲུབ་ཁང་། ནང་དུ་སྦྱོར་སྒྲོལ་བྱེད་པ་ལས། བར་པ་སྒྲུབ་ཁང་གི་གནས་སུ་ཚོམ་བུ་གང་བསྒོམ་པ་དེའི་དཀྱིལ་འཁོར་བཅའ་བའི་གོ་ཡུལ་བཤམས་པའོ། །གཉིས་པ་གང་གི་ཚེ་སྒྲུབ་པའི་དུས་ནི། འདི་ཉིད་ལས། སྒྲུབ་པའི་ཞག་དང་ཚེས་གྲངས་ནི། །རྒྱུད་ལས་སྨོས་པ་བཞིན་དུ་བཤད། །ཅེས་ཁ་འཕངས་པའི་ཕྱིར། རྒྱས་པ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམས། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱད་པར་ཆེར་སྤྱོད་པ། །གསང་མཆོག་དངོས་གྲུབ་མྱུར་བའི་ཕྱིར། །གཟའ་སྐར་ཤིས་པ་བླང་བར་བྱ༑ ༑ཞེས་དང་། རྔམ་གློག་ལས། རིག་བྱེད་དག་གི་ཡན་ལག་ལས། །དུས་རྣམས་ཤེས་པར་བྱ་བ་ནི། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །འབྱོར་དང་དུས་ཚོད་བཟང་བ་དང་། །མཚན་མའི་རྟོག་པ་ཡིན་མོད་ཀྱང་། །བརྟགས་ན་དངོས་གྲུབ་མཚན་མ་བྱུང་། །ཞེས་སོ། །འདིར་ཁ་ཅིག་ན་རེ། གསང་བ་སྙིང་པོ་འདི་རྒྱུད་མ་ཡིན་ཏེ། རྒྱུད་ལ་ཁ་འཕངས་པའི་ཕྱིར། ཟེར་རོ༑ ༑འོ་ན་འཇམ་དཔལ་སྒྱུ་དྲྭ་དང་། དགྱེས་རྡོར། མཁའ་འགྲོ་མ་ཀུན་སྤྱོད་ཀྱི་རྒྱུད་སོགས་ཀྱང་རྒྱུད་མ་ཡིན་པར་འགྱུར་ཏེ། འཇམ་དཔལ་སྒྱུ་དྲྭ་ལས། རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །ཞེས་དང་། དགྱེས་རྡོར་ལས། ཇི་ལྟར་དེ་ཉིད་བསྡུས་པ་ཡིས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྱ། །ཞེས་དང་། མཁའ་འགྲོ་མ་ཀུན་སྤྱོད་ལས། རྒྱུད་དུ་སྦས་པ་འདིར་བཤད་བྱ། །ཞེས་གཞན་དུ་ཁ་འཕངས་པའི་ཕྱིར་རོ། །གསུམ་པ་གང་ལ་བརྟེན་ནས་སྒྲུབ་པའི་ཡོ་བྱད་ཕུན་སུམ་ཚོགས་པ་ནི། འཚོ་བ་ཟས་ཀྱི། རྐྱེན་བཟློག་སྨན་གྱི། སྒྲུབ་པ་རྫས་ཀྱི། མཆོད་པ་རྫས་ཀྱི་ཡོ་བྱད་རྣམས་ཚང་བར་བསོག་པ་སྟེ། ལམ་རིམ་ལས། གོས་རྒྱན་བཟའ་བཏུང་གསང་བ་དང་། །སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང་། །དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། །དངོས་གྲུབ་རྟེན་དང་བར་ཆད་བཟློག །ཡོ་བྱད་དག་པ་བསྡུ་བར་བྱ། །ཞེས་སོ། །དེ་ཡང་ཡོ་བྱད་རྣམས་ཆ་གསུམ་དུ་བཅད་ལ། ཆ་གཅིག་སྔོན་དུ་མཆོད་སྦྱིན་བྱ། ཆ་གཅིག་མཇུག་ཏུ་དགའ་སྟོན་གྱི་ཕྱིར་བཞག ཆ་གཅིག་རཾ་ཡཾ་ཁཾ་གིས་སྦྱངས་ལ་ཏྲཾ་ལས་འདོད་ཡོན་ཏུ་བྱིན་གྱིས་བརླབས་
ཏེ་སྒྲུབ་པའི་ཆ་རྐྱེན་བྱའོ། །དེ་ཡང་ལམ་རིམ་ལས། ཆ་གསུམ་བཅད་ལ་བྱིན་གྱིས་རློབས། །ཞེས་སོ། །བཞི་པ། གང་གིས་སྒྲུབ་པའི་སྒྲུབ་པ་པོ་ཕུན་སུམ་ཚོགས་པ་ནི། སྟོན་པ་དང་། འཁོར་གཉིས་ལས་དང་པོ་ནི། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ། །རྣལ་འབྱོར་མཐར་ལྡན་ཤིན་ཏུ་བསྟེན། །ཞེས་རང་བཞིན་བརྒྱད་དང་ལྡན་པའོ། །གཉིས་པ་འཁོར་ནི། འདི་ཉིད་ལས། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །ཞེས་པ་ལྟར་སྤྱིར་ཡོན་ཏན་དྲུག་དང་ལྡན་པའི་འཁོར་དང་། ཁྱད་པར་སློབ་དཔོན་དང་དགོངས་པ་མཉམ་པའི་རྡོ་རྗེ་རྒྱལ་ཚབ། སྐད་གདངས་ཆེ་ཞིང་ལས་འཁྲིགས་ལ་མཁས་པའི་རྡོ་རྗེ་ལས་མཁན། སྦྱོར་བའི་སྒྱུ་རྩལ་ལ་མཁས་པའི་ལས་བཞིའི་གཟུངས་མ། མི་མ་ཡིན་མཐོང་བའི་མིག་རྣོན་གྱི་ཉུལ་ལེ་ཤེས་ཤིང་བཟློག་པར་ནུས་པའི་རྡོ་རྗེ་སྤྱན་པ། དྲོད་འཛིན་པའི་རྡོ་རྗེ་བྱ་རོག སྒྲོལ་བའི་ལས་ལ་མཁས་པའི་ཀིཾ་ཀ་ར། གཡོས་ལ་མཁས་པའི་རྡོ་རྗེ་བྱན་པོ། ཕྱི་ནང་གི་བརྡའ་སྦྱོར་མཁས་པའི་རྡུལ་འཕྱག་སྐྱེས་བུ་སོགས་ཚོམ་བུར་འབྲེལ་བའི་འཁོར་ཕུན་སུམ་ཚོགས་པ་སྟེ། ལམ་རིམ་ལས། རྒྱལ་ཚབ་རྒྱལ་པོར་མཚུངས་པ་དང་། །ཀརྨ་གདངས་ཆེན་ཕྲེང་བར་ལྡན། །ལྗོན་ལྕུག་སྡོང་རེག་མཚན་རྫོགས་དང་། །རྣལ་འབྱོར་མིང་སྲིང་བརྩེ་གདུང་ལྡན། །ཚོམ་བུ་ལྔའམ་ཟུང་གིས་སྒྲུབ། །ཅེས་སོ། །སྤྱིར་ཇི་ཙམ་ཚོགས་པའི་ཚད་ནི། རྣལ་འབྱོར་པ་ལྷ་གྲངས་དང་མཐུན་པར་འདུ་ནའང་། གྲངས་གཅིག་ཏུ་མ་ངེས་ཏེ། གསང་རྒྱུད་ལས། འདུས་པ་ཆུང་ལ་གཉིས་དྲུག་ཅུ། །འབྲིང་ལ་དཀྱིལ་འཁོར་གྲངས་ཡིན་ཏེ། །ཆེན་པོར་རབ་ཏུ་མང་པོའོ། །ཞེས་པས། འདུས་པ་ཆུང་ངུའི་ཚེ་ན། ཚོམ་བུ་གཅིག གསུམ། ལྔ་པའི་གཙོ་བོ་ཡབ་ཡུམ་ཙམ་ཚོགས་པ་སྟེ། གཉིས་དང་། དྲུག་དང་། བཅུ་ཚང་བའོ། །འབྲིང་ལྷ་གྲངས་དང་མཉམ་པ། ཆེན་པོ་ནི་རབ་ཏུ་མང་པོ་འདུས་པའོ། །ལྔ་པ་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་ནི། ལམ་རིམ་ལས། སྒྲུབ་ཐབས་ཡན་ལག་བཞི་སྦྱར་ལ། །ཞེས་པས་བསྙེན་སྒྲུབ་བཞིའི་སྒོ་ནས་སྒྲུབ་པའི་ཐབས་ཕུན་
སུམ་ཚོགས་པ་ཤེས་པར་བྱའོ། །དེས་ན་སྒྲུབ་པའི་མཐུན་རྐྱེན་གྱི་ཡན་ལག་ཐམས་ཅད་ཚོགས་པར་བྱས་ནས་སྒྲུབ་ན་གདོན་མི་ཟ་བར་འགྲུབ་པ་ཉིད་དེ། འདི་ཉིད་ལས། གནས་དང་ལོངས་སྤྱོད་ཅི་བདེ་དང་། །མ་ཉམས་བློ་ནི་རབ་ལྡན་པས། །དང་པོར་དམ་ནོས་བཞིན་དུ་བྱ། །ལེ་ལོ་སྒྱིད་སྙོམ་མེད་པ་ཡིས། །ཐེ་ཚོམ་མེད་པར་བསྒྲུབས་བྱས་ན། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེ་གསང་མཆོག་དམ་པ་ཐོབ། །ཅེས་གསུངས་པའི་ཕྱིར་རོ། །དེས་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་གཟུང་བ་བཤད་པ་སོང་ནས། གཉིས་པ་བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་བ་ནི། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཞེས་པས་འདིར་བསྐྱེད་རིམ་གྱི་སྐབས་ཡིན་པས། སྔར་བཤད་པའི་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་སྒྲུབ་པ་པོས། ནུབ་དང་པོར་ས་བསྲུང་། གཉིས་པ་བུམ་པ་ལ་སོགས་པའི་ཡན་ལག་རབ་གནས། སྒྲུབ་ཆེན་དང་འབྲེལ་བར་སློབ་མ་ལ་དབང་བསྐུར་ན་དེའི་ལྷག་གནས་དང་རྡོ་རྗེ་ལས་རིམ་དུ་ས་གཟུང་བ་ཞེས་ཐ་སྙད་མཛད་པའི་ལྷ་སྟ་གོན་གྱི་ཆོ་ག་རྣམས་བྱ། གསུམ་པ་ལ་བཤགས་པ་བྱ་ཞིང་མཚམས་བཅད་པ། མ་ཏྲཾ་མནན་པ། དཀྱིལ་འཁོར་འབྲི་ཞིང་རྒྱན་དགྲམ་པ་རྣམས་བྱས་ཏེ་ནུབ་དང་པོ་འགོ་འཛིན་གྱི་ཚུལ་དུ་བསྙེན་པ་བྱ་བ་སྟེ། ཐོག་མར་གྲལ་ཕྱག་དང་ཚུལ་ཕྱག་བཙལ་ནས་ཁྲོ་བཅུ་རོལ་པས་མཚམས་བཅད་དེ༑ བརྡའ་སྒོ་དབྱེ་བ། བརྡའ་ཕྱག བཤགས་པ། དམ་བཅའ། དཀྱིལ་འཁོར་ལ་བྱིན་དབབ་པ་བྱུགས་རྩི་གསུམ་གྱིས་རྟགས་གདབ་པ། མཆོད་པ་བྱིན་རླབས། དེ་ནས་བསྙེན་པ་ལ་འཇུག་སྟེ། ཏིང་འཛིན་གསུམ་བསྒོམ་ནས། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཚོམ་བུ་གང་བསྒོམ་དང་བསྟུན་ལ་བསྒོམ། དབང་སྐུར། བྱིན་རློབ། ཡེ་ཤེས་དབབ་དྲངས་བསྟིམ་ལ་མཆོད་ཅིང་བསྟོད་ནས་བསྙེན་པ་བྱ་སྟེ། དེའང་ནུབ་དང་པོའི་བསྙེན་པ་ནི། ལམ་རིམ་ལས། ཡེ་ཤེས་མདུན་དུ་ལྷག་པ་ལ། །བཟླས་པ་གསལ་བ་གསུམ་གྱིས་བྱ། །ཞེས་པས། བདག་དམ་ཚིག་པ། ལྷ་ཡེ་ཤེས་པ། བར་གྱི་འཕྲོ་འདུ་སྟེ་གསལ་བ་གསུམ་གྱི་སྒོ་ནས་མན་ངག་བཞིན་དུ་བཟླ་བ་སྟེ། ཛབ྄་ཁང་ཕྱེ་ནས། འོད་ཟེར་དཀར་པོ་ཕར་འཕྲོས་པས་སྒྲིབ་པ་སྦྱོངས་
ཤིག་པར་བསྐུལ། ཚུར་འདུས་པས་བདག་གི་སྒྲིབ་པ་སྦྱངས་ནས་དངོས་གྲུབ་ཀྱི་སྣོད་རུང་དུ་བྱས་པར་བསམ་ལ་ཛབ྄་བཟླའ་ཞིང་། མཇུག་ཏུ་དཀྱིལ་འཁོར་ཕྱེ་བ་རང་ལ་བསྟིམ་པའོ། །དེ་ལྟར་ཛབ྄་ཟིན་ནས། ཚོགས་དང་། ལྷག་ཆོག ཚེ་བསྟིམ། གཏོར་མ་གཏོང་བ། མཆོད་པ་ཕྱི་མ་དང་མཚམས་སྦྱར། རྟེན་བྱིན་གྱིས་བརླབས་ཏེ་འདུག འགྲོ་ན་ཕྲེང་བ་ཁྲོ་ཞལ་དུ་བྱིན་གྱིས་རློབས་ལ་གདན་བསྲུང་། དུས་དྲུག་ཏུ་བར་ཆད་གྱི་ཉུལ་ལེ་བརྟགས་ཏེ། སོ་སོའི་གཉེན་པོ་བསྐུལ་བཟློག དུས་རྟག་ཏུ་ལྷའི་ང་རྒྱལ་དང་མ་བྲལ་བར་བྱའོ། །དེ་ཡང་སྒྲོལ་མ་དང་གཡུང་སྟོན་ཆེན་པོས། བཤོམ་ཡན་ལག་དང་འབྲེལ་བ་ཙམ་ལ་བསྙེན་པར་མཛད་ནས་ནུབ་དང་པོའི་བསྙེན་པ་མི་བཞེད་ཀྱང་། འདིར་འཁོར་ལོའི་ཚུལ་དུ་རྣམ་པར་བསྒོམ་ཞེས་པའི་ལུང་དང་རོག་ལ་སོགས་པའི་སྔ་རབས་ཀྱི་མཁས་པ་མང་པོའི་ལས་ཐོ་ལས་བྱུང་བ་བཞིན་དུ་གཏེར་ཆེན་བླ་མ་དང་། ཐམས་ཅད་མཁྱེན་པ་དྷརྨ་ཤྲཱི་བཞེད་པ་སྟེ། གཞན་དུ་སྒྲུབ་པ་ཇི་ཙམ་བྱེད་པའི་འགོ་འཛིན་གྱི་ནུབ་དང་པོ་ནས་ཉེ་བསྙེན་ལ་བཞེད་པའི་ཕྱོགས་ཀྱང་མི་རིགས་པ་མ་ཡིན་ཏེ། ལམ་རིམ་ཁྲོ་བོའི་སྐབས་སུ་དེ་ལྟར་བཤད་པས་སོ། །གཉིས་པ་ཉེ་བསྙེན་ནི། ཆོ་གའི་རྣམ་བཞག་གཞན་རྣམས་སྔར་དང་མཐུན་པ་ལ། ཁྱད་པར་དུ་དུས་དྲུག་གམ་བཞིར་གཏོར་མ་གཏོང་། སྦྱིན་སྲེག་བྱ་བ། ཛབ྄་ཀྱི་འཕྲོ་འདུའི་ཚེ། འོད་ཟེར་དཀར་པོ་ཕར་སྤྲོས་པས་བསྐུལ་བ་དང་། དམར་པོ་ཚུར་བསྡུས་ནས་དངོས་གྲུབ་ཀྱི་སྣོད་རུང་དུ་བྱ་བའོ། །དུས་ནི་ཇི་ཙམ་སྒྲུབ་པའི་ཕྱེད་དོ། །གསུམ་པ་སྒྲུབ་པ་ནི། ཆོ་ག་གཞན་ཐམས་ཅད་ཉེ་བསྙེན་ལྟར་ལ། ཛབ྄་ཀྱི་ཚེ་འོད་ཟེར་དམར་པོ་ཕར་སྤྲོས་པས་དངོས་གྲུབ་བསྐུལ་བ་དང་། བསྡུས་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་པ་སྟེ། འཕྲོ་བསྡུ་བསྣོལ་ནས་བྱེད་པའོ། །བཞི་པ་སྒྲུབ་ཆེན་ནི། སྒྲུབ་པའི་ཞག་གྲངས་ཇི་ལྟར་བཤད་པ་ལྟར་ཚང་ནས། བྲིས་སྐུ་བཞད་པ། མར་མེ་རང་འབར། སྒྲུབ་རྫས་ཞག་ཏུ་ཁོལ་བ་ལ་སོགས་པ་སྒྲུབ་པའི་རྟགས་མཚན་ཡིད་ཆེས་པ་བྱུང་བ་དང་། ནུབ་མཐའ་མ་ལ་དངོས་གྲུབ་བླང་བའི་ཆོ་ག་བྱ་སྟེ། དེའི་ལས་རིམ་ནི། ཕྱི་རོལ་དུ་རྒྱས་པའི་སྦྱིན་སྲེག་བྱ། ནང་དུ་དཀྱིལ་འཁོར་ཞལ་བསྒྱུར།
དངོས་གྲུབ་ཀྱི་རྫས་བསགས། གོས་དང་རྒྱན་བཟང་པོ་དག་གིས་བརྒྱན་ལ། ལས་གཞུང་བསྲངས། ཛབ྄་ཀྱི་དུས་འོད་ཟེར་ཕར་མི་སྤྲོ་བར་ཚུར་སྡུད་པ་ཁོ་ན་སྟེ། དེ་ཡང་འོད་ཟེར་མཐིང་ཁ་དངོས་གྲུབ་ཀྱི་རང་བཞིན་ཅན་དུ་བསྡུས་ནས་རྫས་ལ་བསྟིམ་སྟེ། ནམ་སྟོད་ཀྱི་ཆ་ལ་ལྷ་ལས་དངོས་གྲུབ་བླང་བ། ནམ་གུང་ཏ་ན་སྒྲོལ་བའི་ལས་ཀྱིས་དགྲ་ལས་དངོས་གྲུབ་བླང་བ༑ ཐོ་རེངས་ཡུམ་གྱི་མཁའ་ལས་དངོས་གྲུབ་ལེན་པ་རྣམས་བྱ་བ་སྒྲུབ་པ་ཆེན་པོ་སྟེ། དེ་ཡང་ལམ་རིམ་ལས། ཟླ་གཅིག་ཕྱེད་ཞལ་ཉེ་བསྙེན་དང་། །ལྷ་གསལ་འཕྲོ་བསྡུས་སྣོད་དུ་རུང་། །བཅོ་ལྔ་མར་ཕྱེད་སྒྲུབ་པ་སྟེ། །འཕྲོ་བསྡུ་བསྣོལ་མས་བསྒྲུབ་པར་བྱ། །ཞག་གྲངས་ཚང་ནས་རྟགས་བྱུང་ན། །དངོས་གྲུབ་འདས་བླངས་སྒྲུབ་ཆེན་པོ། །ཞེས་ཟླ་བ་གཅིག་ལ་དཔེར་མཚོན་ནས་གསུངས་པ་ལྟ་བུའོ། །གསུམ་པ་འབྲས་བུ་རིག་འཛིན་གྲུབ་པའི་དུས་བསྟན་པ་ནི། ཡང་རབ་ཀྱི་ཟླ་བ་དྲུག རབ་ཀྱི་ལོ་གཅིག འབྲིང་ལོ་གཅིག་དང་ཟླ་བ་གཉིས། ཐ་མས་ཀྱང་ལོ་གཅིག་དང་ཟླ་བ་བཞི་ན་དབང་རྣོན་གྱིས་ཚེ་དབང་། རྟུལ་པོས་རྣམ་སྨིན་ལ་སྦྱོར་ཏེ། འདི་ཉིད་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུ བ། །ཅེས་པ་སྟེ། ཞི་བའི་ཚོགས་སྒྲུབ་ཀྱི་སྐབས་སོ། །ཁྲོ་བོ་དེ་ལས་སྒྲུབ་ཐག་ཉེ་སྟེ། རབ་ཀྱིས་ཟླ་བ་གཉིས། འབྲིང་གིས་ཟླ་བ་གསུམ་དང་ཞག་དྲུག ཐ་མས་ཟླ་བ་དྲུག་ན་འགྲུབ་སྟེ། ལམ་རིམ་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །དྲུག་ཅུ་དགུ་བཅུ་རྩ་དྲུག་ཏུ༑ ༑འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་བསྒོམ། །ཞེས་སོ། །འདིར་ཞི་བ་ལས་ཁྲོ་བོ་སྒྲུབ་ཐག་ཉེ་བ་ཅི་ཞེ་ན། བླ་མ་གོང་མ་ཕལ་ཆེ་བ་ཞི་བ་ཛབ྄་ཐོར་ཞིང་བར་ཆོད་མང་། ཁྲོ་བོ་ཛབ྄་འདྲིལ་ལ་བར་ཆོད་ཉུང་བ་ཡིན་གསུངས་སོ། །དེ་རྣམས་ཚོགས་སྒྲུབ་སྨིན་སློབ་ཀྱི་ཚུལ་དང་། ཞར་བྱུང་མོས་སྒྲུབ་གཙོ་བོར་བྱེད་ཚུལ་མདོ་ཙམ་སྨོས་ན། ཞག་བཅུ་གཅིག་གི་དབང་དུ་བྱས་ཏེ། ནུབ་དང་པོ་ས་ཆོག གཉིས་པ་སྟ་གོན། གསུམ་པ་ལ་ཕྱི་ནང་གི་བཤགས་པ་མཚམས་གཅོད་ནས་བཟུང་དཀྱིལ་འཁོར་རབ་གནས་ཡན་ཚར་བ། ལས་གཞུང་བསྲངས་
ཏེ་བསྙེན་པའི་འཕྲོ་བསྡུ་བྱ་བ་དེ་ནས་ཞག་དྲུག་གི་ཞག་དང་པོ་གསུམ་ལ་ཉེ་བསྙེན། ཕྱི་མ་གསུམ་ལ་སྒྲུབ་པའི་འཕྲོ་བསྡུའི་བཟླས་བརྗོད། ཞག་བདུན་པ་དངོས་གྲུབ་ལེན་པ་རྣམས་བྱའོ། །དེ་ལྟར་ཚོགས་སྒྲུབ་ཀྱི་ལམ་འདིས་མར་འཁོར་བའི་བག་ཆགས་གང་སྦྱོང་ན། བྱིས་པ་དེ་རྒན་པོ་རྣམས་དང་ན་ཚོད་དང་བློ་གྲོས་མཉམ་པར་གྱུར་ཏེ་དཔྱད་རིས་ཁེ་གྲགས་ལ་སོགས་པའི་ལས་ཀྱི་བག་ཆགས་དག་པར་བྱེད། ཡར་སངས་རྒྱས་རྣམས་མཆོད་སྤྲིན་མཐའ་ཡས་པའི་རོལ་མོ་ལ་དགྱེས་རྒུར་རོལ་བའི་རིགས་ཀྱི་ས་བོན་གསོས་འདེབས་པར་བྱེད། བར་དུ་བདེ་སྟོང་གི་ལྷ་སྐུ་འགྲུབ་བྱེད་མཆོག་གི་དངོས་གྲུབ་ལ་སྦྱོར་བའི་ལས་ཀྱི་གཞི་འདིང་བས་རྫོགས་རིམ་གྱི་སྨིན་བྱེད་འགྲོ་བ་ཡིན་ནོ། །གཉིས་པ་ལམ་གྱི་གཞུང་ཤིང་རྫོགས་རིམ་ལྟར་བཤད་པ་ན་ལྔ་ལས། དང་པོ་སྟོང་པ་ཆེན་པོའི་རྣལ་འབྱོར་ནི། དེ་ཡང་ལུས་ཅན་རྣམས་འཆི་བའི་ཚེ་ན་ཕྲ་རགས་ཀྱི་འབྱུང་བ་རྣམས་རིམ་པར་ཐིམ་པའི་མཐར་རྣམ་པར་མི་རྟོག་པའི་འོད་གསལ་འཆར་བ་དེ་ཉིད་ལམ་དུ་འཁྱེར་ཏེ་རྗེས་སུ་མཐུན་པའི་ལམ་བསྒོམ་པའི་ཚུལ་ཡང་། ལྟ་བ་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་གཏན་ལ་ཕེབས་པ་གཞིར་བཞག་ནས་ལམ་ཐབས་གྲོལ་གཉིས་གང་རུང་གི་ཐབས་ལ་བ རྟེན་ཏེ། ཉིན་མོ་རྣམ་པར་མི་རྟོག་པའི་འོད་གསལ་དང་། མཚན་མོ་གཉིད་འཐུག་གི་འོད་གསལ་བསྒོམ་པའོ། །སྙིང་རྗེ་སྒྱུ་མ་ནི། སྦྱང་བྱ་འཆི་ཁའི་འོད་གསལ་ངོས་མ་ཟིན་པ་ལས་སྣང་གསུམ་འབྱུང་ལྔའི་བགྲོད་པ་ལུག་ལྡོག་ཏུ་ལངས་ཏེ་བར་དོའི་ལུས་སྒྱུ་མ་ལྟ་བུར་འགྲུབ་པ་སྟེ། དེ་ལམ་དུ་འཁྱེར་ནས་དེ་དང་རྗེས་སུ་མཐུན་པའི་ལམ་སྒོམ་ཚུལ་ནི། དེ་ཡང་ཉིན་མཚན་གྱི་རྣལ་འབྱོར་ལ་བརྟེན་ནས་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་བཞག་པ་ལས། ཉི་ཟླའི་རླུང་དབུ་མར་འདུས་པ་ལས་དུ་བ་ལ་སོགས་པའི་རྟགས་ལྔ་འཆར་བར་གསུངས་ཏེ་སྒྱུ་འཕྲུལ་ལམ་རིམ་ལས། སྨིག་སྒྱུ་དུ་བ་སྲིན་མེ་ཁྱེར། །མར་མེ་ཉི་མའི་ཚུལ་དུ་སྦྱར། །ཞེས་དང་། སྒྱུ་འཕྲུལ་རྒྱས་པ་ཕྱི་མ་ཕྱིི་མའི་རྒྱུད་ལས། རྣལ་འབྱོར་པ་དེ་དག་གི་རྟགས་ཇི་ལྟ་བུ་ལགས། བཀའ་སྩལ་པ། རིགས་ཀྱི་བུ། དང་པོའི་རྣམས་ནི་རྒྱུད་པ་སྟེ། འབྲས་བུའི་རྟགས་ཀྱང་རིམ་པ་སྟེ་ལྔའོ། །ལྔ་གང་ཞེ་ན། དུ་བ་དང་། སྨིག་
རྒྱུ་དང་། མགལ་མེ་དང་། མར་མེ་དང་། ནམ་མཁའ་གཡའ་དག་པ་ལྟ་བུ་སྟེ་རིམ་པའི་རྟགས་ཀྱི་བྱེ་བྲག་གོ །ཞེས་སོ། །དེ་ཡང་། དུ་བ་འཚུབས་པ་ལྟ་བུ་དང་། སྨིག་རྒྱུ་ལྟར་ཤིག་ཤིག་པ་དང་། སྲིན་བུ་མེ་ཁྱེར་ལྟར་འོད་ཙག་ཙག་པ་དང་། མར་མེ་སྟེ་སྒྲོན་མེའི་ཕྲེང་བ་སྒྲིག་པ་ལྟ་བུ་ལ་སོགས་པ་དང་། གཞན་ཡང་ནམ་མཁའ་རླུང་འདུས་ན་ལམ་མཆོག་གི་ཆའི་སྣང་བ་ནམ་མཁའ་གཡའ་དག་པ་ལྟ་བུ། སེར་པོ་འབར་བ། དཀར་པོ་འབར་བ། དམར་པོ་འབར་བ༑ :སྒྲན་༼སྤྲིན༽ནག་པོ། མཆོག་གི་ཆ་གློག་འོད་སོག་མདའ་འཕང་བ་ལྟ་བུ། ཡེ་ཤེས་ཐིག་ལེའི་རྣམ་པ་ཅན་ལ་སོགས་པར་འཆར་བར་གཞན་དག་ནས་བཤད་ཅིང་། འདིར་དཀར་དམར་ནག་གསུམ་ལ་སོགས་པ་སྟེ་སྟོང་གཟུགས་ཀྱི་སྣང་ཆ་སྣ་ཚོགས་སུ་འཆར་བ་དུས་སད་པའི་སྐབས་དང་། མཚན་དུས་རྨི་ལམ་གྱི་སྣང་བ་ཐམས་ཅད་སྒྱུ་མ་ཆུ་ཟླ་ལྟར་རྟོགས་ནས་སྙིང་རྗེ་མ་འགག་པའི་རོལ་རྩེད་ལ་གོམས་ཤིང་བསླབ་པར་བྱེད་པའོ། །འདི་དུས་ཀྱི་སྙིང་རྗེ་ནི་བདེ་བ་ཉིད་ཡིན་པར་བཞེད་དོ། །གསུམ་པ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ནི། སྐྱེས་པའི་རིམ་པ་དང་པོའི་བག་ཆགས་སྦྱོང་ཕྱིར་དེ་དང་རྗེས་མཐུན་གྱི་ལམ་སྟེ། ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པའི་ལྷ་སྐུ་ཕྱག་རྒྱ་གཅིག་པ་རྣམ་རྟོག་གིས་བསྐྱེད་པའི་རྩོལ་བ་ལ་ལྟོས་མི་དགོས་པར་ཡིད་ཀྱི་རང་བཞིན་གྱི་ལྷ་སྐུའི་རྣམ་པ་མ་འདྲེས་པར་མཚན་དཔེས་བརྒྱན་པའི་སྐུའི་ཆ་ཤས་ཡོངས་རྫོགས་སྒྱུ་མ་ལྟ་བུར་འཆར་བའོ། །ཕྱག་རྒྱ་སྤྲོས་བཅས་ནི། སྐྱེས་པའི་རིམ་པ་བར་མའི་བག་ཆགས་སྦྱོང་ཕྱིར་དེ་དང་རྗེས་མཐུན་གྱི་ལམ་སྟེ། བདེ་བ་དང་རླུང་སེམས་ལས་ལྷ་སྐུར་སྣང་བ་དེ་དག་ཆེས་ཆེར་འཕེལ་བས་སྣང་བ་ཐམས་ཅད་ཟུང་འཇུག་གི་ལྷ་སྐུ་གཙོ་འཁོར་ཚོམ་བུའི་རྣམ་པ་ཅན་དྭངས་ཤིང་ཐོགས་པ་མེད་པའི་རྣམ་འཕྲུལ་དུ་མའི་སྤྲོ་བསྡུ་ཅན་ཆུ་ནང་གི་ཟླ་བ་ལྟ་བུར་ཤིན་ཏུ་གསལ་བར་འཆར་བའོ། །ལྔ་པ་ཚོམ་བུ་ཚོགས་སྒྲུབ་ནི། སྐྱེས་པའི་རིམ་པ་གསུམ་པའི་བག་ཆགས་སྦྱོང་ཕྱིར་དེ་དང་རྗེས་སུ་མཐུན་པའི་ལམ་སྟེ༑ ཚོམ་བུ་གཅིག་གསུམ་ལྔ་པ་གང་རིགས་ཀྱི་སྒོ་ནས་སྤྲོས་བཅས་བསྐྱེད་རིམ་དང་ཕྱོགས་མཐུན་པར་སྒྲུབ་པའམ། སྤྲོས་མེད་རྣལ་འབྱོར་ཕོ་མོ་གཉིས་ཚོགས་པ། ཤིན་ཏུ་སྤྲོས་མེད་
ཡབ་མི་འགྱུར་བའི་བདེ་བ་ཆེན་པོ་དང་། ཡུམ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཁ་སྦྱོར་ལ་བརྟེན་ནས་སྒྲུབ་པ་སྟེ། འདི་ཉིད་ལས། ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །སོགས་གསུངས་པས་སོ། །གང་ལྟར་ཡང་དབང་པོ་རབ་འབྲིང་ཐ་གསུམ་གྱི་དབྱེ་བས་ཟླ་བ་དྲུག་གམ། ལོ་གཅིག་ཟླ་བ་གཉིས་རྣམས་ལ་ནང་གི་མངོན་པར་བྱང་ཆུབ་པ་ལྔ་ལ་བ རྟེན་ནས་ཟག་མེད་ཀྱི་མཐོང་ལམ་རྣམ་གཉིས་གང་རུང་ལ་སྦྱོར་བར་བྱེད་པ་སྟེ། ལམ་རིམ་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཅིག་བཅུ་གསུམ་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་གསུངས་པའི་ཕྱིར་རོ། །ཞར་ལ་ཟག་ལྡོག་ཡོད་མེད་ཀྱི་མུ་བཞི་བཤད་པར་བྱ་སྟེ། དེ་ལ་ཟག་ལྡོག་གཉིས་ཀ་ཡོད་པའི་མུ་ནི་སྟོང་ཆེན། སྙིང་རྗེ་སྒྱུ་མ ། ཕྱག་རྒྱ་གཅིག་སྤྲོས་ཏེ་ཚོགས་ལམ་གྱི་རྣལ་འབྱོར་བཞི་ཡིན་ཏེ ། ལམ་རིམ་ལས ། དེ་ཕྱིར་ལམ་བཞིར་ཟག་ལྡོག་ཡོད། །ཅེས་སོ། །ཟག་པ་ཡོད་ཀྱང་ལྡོག་པ་མེད་པའི་མུ་ནི། སྦྱོར་ལམ་ཚོམ་བུ་ཚོགས་སྒྲུབ་སྟེ། སྤྱོད་པའི་དུས་གྲངས་ངེས་པས་ཟག་མེད་ལ་དངོས་སུ་སྦྱོར་རུང་བར་ཆད་མེད་པའི་ལམ་ཡིན་པའི་ཕྱིར་རོ། །ཟག་པ་མེད་ལ་ལྡོག་པ་ཡོད་པའི་མུ་ནི། དམན་ལམ་སྔོན་དུ་སོང་བའི་འཕགས་པ་དགྲ་བཅོམ་པ་སྔགས་ཀྱི་ཚོགས་ལམ་བཞི་པོ་གང་རུང་ལ་གནས་པ་ལྟ་བུ་རང་དོན་ཡིད་བྱེད་ཀྱི་བསམ་པས་ལྡོག་སྲིད་ལ་རྒྱུད་ལ་ཟག་པ་མེད་དེ་དགྲ་བཅོམ་པ་ཡིན་པའི་ཕྱིར་རོ། །འོ་ན་ཟག་པ་ཞེས་པ་གང་ཞེ་ན། ཟག་པ་ལ། གཙོ་བོ་དང་ཡན་ལག་གཉིས་ལས། གཙོ་བོ་ནི་ཀུན་ནས་ཉོན་མོངས་པ་དང་བཅས་པའི་ལས་ཀྱི་ཁམས་གསུམ་དུ་ཟག་ཅིང་འཕོ་བ་སྟེ། སྤར་ཁབ་ལས། དེ་དག་འཇིག་རྟེན་པ་ལ་ཡོད་པ་ནི་འཛིན་པའི་ཕྱིར་ཟག་པར་འགྱུར་ལ། ཞེས་སོ། །ཡན་ལག་ནི། ལུས་རང་དབང་མེད་པར་ལེན་པ་སྐྱེ་གནས་ཀྱི་ཟག་པ། ཁམས་བདེ་མི་བདེ་རང་དབང་མེད་པ་ཁམས་ཀྱི་ཟག་པ། རང་དབང་མེད་པར་ལུས་འདོར་བ་ལུས་ཀྱི་ཟག་པ་རྣམས་སོ། །གསུམ་པ་ལམ་འགྱུར་གྱི་འབྲས་བུ་རིག་འཛིན་བཞི་ནི། དེ་ཡང་། ཟག་ལྡོག་གཉིས་ཀ་མེད་པའི་ལམ་མཐོང་སྒོམ་མཐར་ལམ་གསུམ་གྱིས་བསྡུས་པ་རིག་འཛིན་བཞི་སྟེ། མཐོང་
ལམ་པ་བློའི་ནུས་སྟོབས་ཆེ་ཆུང་གིས་འབྱུང་བ་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱོང་བར་མ་ནུས་པ་རྣམ་སྨིན་རིག་འཛིན་དང་། སྦྱོང་བར་ནུས་པ་སྐྱེ་འཇིག་མེད་པ་དྭངས་མའི་ལུས་སུ་གྱུར་པ་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་གཉིས་ཏེ། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པས། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་སོ། །དེ་ཡང་རིག་འཛིན་བཞི་ལ། མཐོང་ལམ་པ། སྒོམ་ལམ་པ། མཐར་ལམ་པ་སྟེ་ལམ་གསུམ་གྱིས་བསྡུས་པ་ལས། མཐོང་ལམ་པ་ལ་ཡང་ནང་གསེས་ཀྱིས་དབྱེ་ན། ལྷག་མེད་མྱང་འདས་རྣམ་སྨིན་དང་། ལྷག་བཅས་མྱང་འདས་ཚེ་དབང་གཉིས་སུ་ངེས་པའི་ཕྱིར། རིག་འཛིན་དེ་གཉིས་མཐོང་ལམ་པ་ཡིན་པས་སོ། །དེ་ལྟར་ཡང་ན་རཀ་ལས། རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྱིས་གྲུབ། །ཅེས་པ་ལྟར། མཐོང་ལམ་པའི་རྣམ་སྨིན་དང་། ཚེ་དབང་། སྒོམ་ལམ་པའི་ཕྱག་ཆེན། མཐར་ལམ་པའི་ལྷུན་གྲུབ་རིག་འཛིན་དང་བཞིའོ། །དང་པོ་རྣམ་སྨིན་ལའང་དྲུག་སྟེ། ཐོབ་པའི་དུས ། རང་གི་ངོ་བོ། རྣམ་གྲངས། ཆ་ལུགས། མངོན་ཤེས་ཀྱི་ཡུལ་འབྲས་བུ་ལ་སྦྱོར་ཚུལ་ལོ ། །དང་པོ་ནི། ཚོགས་ལམ་ཕྱག་རྒྱ་གཅིག་སྤྲོས་ཀྱི་ཏིང་འཛིན་ལ་བརྟན་པ་ཐོབ་པས་རབ་ཟླ་བ་དྲུག་དང་། མ་ཐ་ཟླ་བ་བཅུ་དྲུག་གི་བར་དུ་ཚོགས་སྒྲུབ་པས་ལྷག་མེད་ཀྱི་མྱང་འདས་ལ་སྦྱོར་བ་སྟེ། ལམ་རིམ་ལས། གཅིག་དང་དུ་མའི་རྣལ་འབྱོར་ལ། །བརྟན་བྱས་ཉིད་དམ་དེ་ཐོབ་ནས། །ཟླ་དྲུག་བཅུ་དྲུག་བསྙེན་སྒྲུབ་ཚེ། །རྡོ་རྗེའི་ལུས་སུ་མ་གྱུར་བར། །ཞེས་སོ། །གཉིས་པ་རང་གི་ངོ་བོ་ནི། ཡིད་ལྷ་སྐུར་གསལ་ཞིང་སྨིན་པ། ལུས་རྣམ་སྨིན་ཤ་ཁྲག་གི་ཕུང་པོ་དང་མ་བྲལ་བ། ལུས་རྒྱ་དང་བྲལ་མ་ཐག་ཏུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་ངེས་པ་སྟེ་མཚན་ཉིད་གསུམ་དང་ལྡན་པ། ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་བློའི་ནུས་སྟོབས་ཆུང་བས་འབྱུང་བ་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱོང་བར་མ་ནུས་པ་སྟེ། ལམ་རིམ་ལས། ཡིད་ཀྱིས་ལྷ་ཡི་གཟུགས་བཟུང་ཞིང་། །ལུས་ཀྱི་རྒྱ་མདུད་གྲོལ་གྱུར་ན། །ཕྱག་རྒྱའི་སྐུ་ཉིད་གསལ་གྱུར་པ། །རྣམ་པར་སྨིན་ཞེས་དེ་ལ་བརྗོད། །ཅེས་སོ། །གསུམ་པ་རྣམ་གྲངས་ནི། རྣམ་སྨིན་གྱི་ལུས་འདི་ཕྱག་རྒྱའི་སར་མི་ཁྱེར་བས་ལྷག་མེད་ཀྱི་
རྣམ་སྨིན་དང་། ལས་ཀྱི་ལུས་མེད་པ་སྟེ། འབྱུང་བའི་ལུས་མེད་པར། རང་དོན་དུ་སྲིད་པའི་མངལ་ཕྱི་མ་མི་ལེན་པས་སྲིད་པ་ཐ་མ་ཞེས་ཀྱང་བྱ་ལ། ཡིད་ལྷའི་སྐུར་སྨིན་པས་རྣམ་སྨིན་གྱི་ལུས་མ་དོར་བས་རྣམ་སྨིན་རིག་འཛིན་ཞེས་ཀྱང་བྱ་སྟེ། ལམ་རིམ་ལས། ལྷག་མེད་འབྱུང་མེད་ལས་ལུས་མེད། །མྱང་འདས་པའམ་སྨིན་ཆས་བརྗོད། །ཅེས་སོ། །བཞི་པ་ཆ་ལུགས་ནི༑ ལུས་སྔོན་གང་ཡིན་དང་ཡིད་རྩ་བའི་ལྷ་གང་ཡིན་གྱི་ཆ་ལུགས་འཛིན་པ་སྟེ། ཡིད་ཀྱིས་ལྷ་ཡི་ལུས་གཟུང་ཞིང་། །ཞེས་སོ། །ལྔ་པ་མངོན་ཤེས་ནི། བར་ཆད་མེད་པ་ལས་ངོ་བོ་གསལ་བརྟན་གྱི་ཁྱད་པར་དུ་བྱས་པ འི་ཟག་མེད་ཀྱི་ལྷའི་སྤྱན་རྣམ་པར་དག་པས་གླིང་བཞི་པའི་འཇིག་རྟེན་ཙམ་ཡུལ་དུ་གྱུར་ཅིང་། དེ་དག་གི་དོན་བྱེད་ནུས་པ་སྟེ། ལམ་རིམ་ལས། དཔག་ཚད་གླིང་ཁམས་ཡུལ་ལ་སྦྱོར། །ཞེས་སོ། །དྲུག་པ་འབྲས་བུ་ནི། རྣམ་སྨིན་གྱི་ལུས་རྒྱ་བྲལ་མ་ཐག་ཏུ་ཕྱག་རྒྱ་ཆེན་པོ་འོད་ཀྱི་ལུས་ལ་སྦྱོར་བ་སྟེ། ལམ་རིམ་ལས། གང་དེ་བྲལ་མ་ཐག་ཏུ་ནི། །རྒྱ་བཞི་རྫོག ས་པར་བདག་གྱུར་པ། །རྡོ་རྗེ་ལྔ་སོགས་རིག་པ་འཛིན། །ཕྱག་རྒྱ་ཆེན་པོའི་རིགས་འབྲས་བུ། །ཞེས་སོ། །ཁ་ཅིག་ན་རེ། རྣམ་སྨིན་ལུས་དྭངས་མའི་ལུས་སུ་བསྒྱུར་མ་ནུས་པས་མཐོང་ལམ་དུ་ཇི་ལྟར་འགྱུར་ཞེ་ན། དབང་པོ་རྟུལ་པོའི་བྱང་སེམས་ཀྱི་ཟག་བཅས་ཀྱིས་ས་བདུན་པའི་བར་དུ་འགྲོ་བར་མདོ་ལས་བཤད་པ་འདྲ་ཞེས་གསུངས། གཉིས་པ་མཐོང་ལམ་ཚེ་དབང་རིག་འཛིན་ལ་དྲུག་སྟེ་དང་པོ་ཐོབ་པའི་རྒྱུ་དུས་ནི། ཤེས་རབ་གསུམ་ཀྱི་ལྟ་བ་དང་ཏིང་འཛིན་ལ་རྟོགས་གོམས་ཁྱད་པར་དུ་གྱུར་པའི་བློ་ཆེན་གྱིས་ཚོགས་སྒྲུབ་ཟླ་དྲུག་གམ་མ་ཐ་ཟླ་བ་བཅུ་དྲུག་ལས་མི་རྒྱང་པར་ལྷག་བཅས་ཚེ་དབང་ལ་སྦྱོར་ཏེ། ལམ་རིམ་ལས། ཤེས་རབ་རྣམ་གསུམ་གོམས་བྱས་པས། །ཏིང་འཛིན་མཉམ་པའི་དོན་རྟོགས་ཏེ༑ ༑ཀུན་ཏུ་ཡངས་པ་ཆེན་པོར་བསྒོམ། །ཤེས་འཇུག་ལྔ་རྟོགས་གོམས་པ་ཡི། །ཟླ་ཞག་རྒྱུད་བཞིན་སྒྲུབ་བྱེད་པས། །རྡོ་རྗེའི་ལུས་སུ་ཐེ་ཚོམ་མེད། །ཅེས་སོ། །གཉིས་པ་རང་གི་ངོ་བོ་ནི། ཆོས་ཉིད་རང་མཚན་གསལ་བའི་ངོ་བོར་བསྐྱེད་དུ་བྱར་མེད་པར་མཐོང་ཞིང་ཟག་པ་ཀུན་ཟད་དེ་སྐྱེ་འཇིག་མེད་པ་རྡོ་རྗེའི་ལུས་སུ་འགྱུར་བའོ། །དེ་ཡང་ལམ་རིམ་ལས། ལུས་
ཁམས་སྐྱེ་གནས་ཟག་པ་ཟད། །རྡོ་རྗེའི་ལུས་གྱུར་ཚེ་ཡི་རིགས། །ཞེས་སོ། །ཞར་བྱུང་ཚེ་ཚད་ནི་བདག་དོན་དུ་ལམ་སྦྱོང་ཕྱིར་ལོ་སྟོང་དྲུག་བརྒྱར་གནས་ཞིང་། གཞན་དོན་དུ་ཚེ་ལ་རང་དབང་ཐོབ་པས་ཇི་ཙམ་འདོད་ཀྱི་བར་བགྲེས་གུད་མེད་པར་བཞུགས་པ་སྟེ་སློབ་དཔོན་ཆེན་པོ་པདྨ་ཀཱ་ར་ལྟ་བུའོ། །གསུམ་པ་རྣམ་གྲངས་ནི། སྨན་གྱི་བཅུད་ལེན་ལ་བ རྟེན་ནས་གྲུབ་པ། སྦྱོར་བའི་ཐབས་ལ་བརྟེན་ནས་གྲུབ་པ། རླུང་གི་སྦྱོར་བ་ལ་བརྟེན་ནས་གྲུབ་པ། ལམ་མཆོག་ཡོངས་སུ་རྫོགས་པ འི་ཚེ་དབང་དང་བཞི་ལས། དང་པོ་གསུམ་ནི་རྟོགས་གོམས་ཀྱི་མཐུ་མེད་པར་ཐབས་དང་རྫས་ལ་བརྟེན་ནས་གྲུབ་པའི་ཕྱིར་ཟག་བཅས་དང་། ཕྱི་མ་ནི་ཟག་མེད་དེ། ལམ་རིམ་ལས། ངོ་བོ་ཐབས་དང་སྨན་རིག་འཛིན། །རྣལ་འབྱོར་སྒྲོལ་བའི་རིག་འཛིན་དང་། །ལམ་མཆོག་རྫོགས་པའི་རིམ་པ་བཞིན། །ཞེས་པས་སོ། །བཞི་པ་ཆ་ལུགས་ནི། འདོད་གཟུགས་ཀྱི་ལྷའི་གཙོ་བོའི་ཆ་བྱད་དུ་སྟོན་པ་སྟེ། དེ་ལས་ལྷ་མིའི་རྒྱལ་པོའི་སྐྱེ་བ་འཛིན། །ཞེས་སོ། །དེ་ལྟར་ནའང་ལྷ་མི་གཞན་ལས་ཁྱད་དུ་ཆེ་སྟེ། སྐྱེ་བ་རང་དབང་ཅན་ཡིན་པའི་ཕྱིར། ལམ་རིམ་ལས། མི་དང་ལྷ་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱང་། །ཕལ་ཆེར་ས་ལ་གནས་འགྱུར་ཡིན། །ཆ་བྱད་དེ་ཉིད་ཀྱིས་ཆོས་སྟོན། །ཞེས་སོ། །དེ་ལྟར་སྤྲུལ་པའི་ཆ་ལུགས་ཏེ། རང་གི་ངོ་བོ་ནི། ད་ལྟའི་ལུས་འདི་རྡོ་རྗེའི་ལུས་སུ་ཁྱེར་བའི་ཕྱིར་ན་སྔོན་གང་ཡིན་པའི་རྣམ་པ་ཅན་ནོ། །ལྔ་པ་མངོན་ཤེས་ཀྱི་ཡུལ་དོན་ནི། སྤྱིའི་མངོན་ཤེས་དྲུག་དང་། བྱེ་བྲག་ཏུ་སྒོ་ལྔའི་དབང་ཤེས་ཉི་ཤུ་རྩ་ལྔས་གླིང་བཞི་བྱེ་བ་ཕྲག་བརྒྱ་པའི་ཞིང་ཁམས་དང་མཉམ་པ་ཡུལ་དུ་གྱུར་ཅིང་། དེ་རྙེད་ཀྱི་དོན་བྱེད་ནུས་པ་སྟེ། ལམ་རིམ་ལས། སྔོན་བཞིན་ཡུལ་ཕྱོགས་འདུལ་བར་བྱེད། །ཅེས་སོ། །དྲུག་པ་འབྲས་བུ་ནི༑ རིམ་གྱིའམ་ཐོད་རྒལ་བའི་ཚུལ་གྱི་ཕྱག་རྒྱ་ཆེན་པོ་དང་ལྷུན་གྲུབ་རིག་འཛིན་ཅི་རིགས་ སུ་སྦྱོར་བའམ། དེ་བས་ཀྱང་བློ་ཆེ་ན་མཐར་ཐུག་སངས་རྒྱས་ཀྱི་ས་ལ་སྦྱོར་བ་ཡོད་དེ། ལམ་རིམ་ལས། སྐུ་ཚེའི་ཚད་དམ་ཇི་ཙམ་བར། །བཞུགས་མཐར་རང་གིས་སྒྲུབ་སྦྱོར་བ། །སྔོན་བཞིན་རིམ་དང་ཅིག་ཅར་བའོ། །ཞེས་འདི་ལ་ཁ་ཅིག་ན་རེ། ཚེ་དབང་དེ་ཕྱག་ཆེན་ལ་སྦྱོར་
བའི་ཚེ། རྡོ་རྗེའི་ལུས་དེ་བོར་རམ་དེ་ཀ་ཁྱེར། དང་པོ་ལྟར་ན་ལྷག་བཅས་ཀྱི་ངེས་ཚིག་ཉམས། གཉིས་པ་ལྟར་ན་ཕྱག་ཆེན་ཡེ་ཤེས་སྒྱུ་མའི་ཆ་ལུགས་སུ་ཡོད་པའི་ཕྱིར་ན། ཐ་མལ་གྱི་ཆ་ལུགས་དང་མཚུངས་པ་མ་ཡིན་ནོ་ཞེ་ན། རྡོ་རྗེའི་ལུས་དེ་བོར་ཡང་མི་བོར་དེ་ཁོ་ན་ལྟར་དུ་ཡང་མི་ཁྱེར་ཏེ། རྡོ་རྗེའི་ལུས་དེ་ཡེ་ཤེས་སྒྱུ་མའི་སྐུར་གནས་འགྱུར་བའི་ཕྱིར། གསེར་འགྱུར་གྱི་རྩིས་ཐེབས་པའི་ལྕགས་ཉིད་ལོགས་སུ་མ་སྤངས་གསེར་དུ་འགྱུར་བ་བཞིན་ནོ། །གཞན་ཡང་། ཚེ་དབང་དེ་བདག་དོན་དུ་ལོ་སྟོང་དྲུག་བརྒྱ་སྡོད་དམ་མི་སྡོད། མི་སྡོད་ན་ལུང་དང་འགལ། སྡོད་ན་ཚེ་དབང་ལས་རྣམ་སྨིན་བློ་ཆེ་བར་ཐལ། ཕྱག་ཆེན་ལ་སྦྱོར་བ་རྣམ་སྨིན་མྱུར་བའི་ཕྱིར། འདོད་མི་ནུས་ཏེ། སྟོབས་ཆུང་རྐྱེན་སྨོན་ཞན་པའི་ཕྱིར། །ཞེས་པས་གསལ་ལོ་ཞེ་ན་སྐྱོན་མེད་དེ། ཚེ་དབང་དེ་ཕྱག་ཆེན་ལ་ད་ལྟ་ཉིད་དུ་སྦྱོར་ནའང་རང་དབང་ཡོད་མོད་ཀྱི༑ འོན་ཀྱང་ཚེ་ལ་དབང་བའི་ཁྱད་པར་གྱི་ཡོན་ཏན་སྟོན་པའི་ཕྱིར་དུ་དེ་ལྟར་བསྟན་པ་སྟེ༑ ལམ་རིམ་ལས། བདག་གམ་གཞན་ཕྱིར་དབང་བཙན་དེ། །ཞེས་པས་སོ། །གསུམ་པ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་ཡང་དྲུག་ལས། དང་པོ་ཐོབ་པའི་རྒྱུ་དུས་ནི། གཅིག་སྤྲོས་ཀྱི་ཏིང་འཛིན་ལ་གོམས་པའི་རྒྱུན་དང་། ལྟ་བ་ལ་ཆེད་འཛིན་གྱི་ཀུན་འགྲོའི་སྒྲིབ་པ་དག་པ་ནི་ངོ་བོའི་རྒྱུ་སྟེ། ཚེ་ལ་དབང་ཐོབ་པའི་ཕྱིར་ཚེ་དབང་ནས་ཕྱག་ཆེན་དུ་འགྱུར་བའི་དུས་ལ་ངེས་པ་ཕྱོགས་གཅིག་ཏུ་བཞག་ཏུ་མེད་དོ། །དེ་ཡང་ལམ་རིམ་ལས། ཀུན་འགྲོའི་སྒྲིབ་དག་ངོ་བོའི་རྒྱུ། །༼ ཞེས་སོ། །༽ གཉིས་པ་རང་གི་ངོ་བོ་ནི། བསྒོམ་བྱ་མངོན་དུ་གྱུར་པས་སྔོན་གང་བསྒོམ་ཀྱི་ལྷའི་ཆ་ལུགས་རང་མཚན་པ་འཛིན་ཅིང་མི་གཡོ་བའི་ཏིང་འཛིན་གྱིས་ལྷན་ཅིག་གནས་པའི་དྲི་མ་སྦྱོང་བ་ལ་ཞུགས་པ་སྟེ། དེ་ལས། རང་སེམས་ཕྱག་རྒྱ་ཆེན་པོ་སྟེ༑ ༑བསྒོམ་པ་གང་ཡིན་མངོན་གྱུར་སྐུ། །ཞེས་སོ། །གསུམ་པ་རྣམ་གྲངས་ནི། ཀྲྀ་ཡའི་རིགས་གསུམ། ཨུ་པའི་རིགས་བཞི། ཡོ་གའི་རིགས་ལྔ། མ་ཧཱ་ཡོ་གའི་མཆོག་ལྔ་སྟེ། དེ་ཉིད་ལས། དེ་ཉིད་རིགས་གསུམ་རིགས་བཞི་དང་། །ལྔ་དང་མཆོག་ལྔའི་རིགས་འཛིན་པ༑ ༑ཞེས་སོ། །བཞི་པ་ཆ་ལུགས་ནི། ལྷ་སྐུ་ཕྱག་རྒྱ་ཆེན་པོ་ལས་མི་གཡོ་ཞིང་། གཞན་
དོན་དུ་སྤྲུལ་པའི་ཆ་བྱད་ཅིར་ཡང་སྟོན་པ་སྟེ། དེ་ཉིད་ལས། རྔོན་དང་སྨད་འཚོང་ལ་སོགས་པ༑ ༑སྤྲུལ་པའི་ལུས་ཀྱིས་འདུལ་བར་བྱེད། །ཅེས་སོ། །ལྔ་པ་མངོན་ཤེས་ཀྱི་ཡུལ་དོན་ནི། མངོན་ཤེས་དྲུག་གི་བྱེ་བྲག་ཉེར་ལྔ་དང་བཅས་པ་ཚེ་དབང་དང་འདྲ་ནའང་། གསལ་བརྟན་གྱིས་ཁྱད་པར་དུ་བྱས་པ་སྟེ། ཡུལ་ལོངས་སྐུའི་ཞིང་དང་མཉམ་པས་དོན་ཡང་དེ་ཉིད་བྱེད་ནུས་པ་སྟེ། དེ་ལས། དོན་རྫོགས་མཐུ་དང་གདུལ་བྱས་སྤགས། །ཞེས་སོ། །དྲུག་པ་འབྲས་བུ་ནི། རང་གིས་དགོངས་པ་མི་གཡོ་བའི་དོན་ལྟ་སྒོམ་གྱིས་གོམས་པར་བྱས་པ་ལས་ལྷན་ཅིག་གནས་པའི་ཕྲ་མོའི་དྲི་མ་དག་ནས་འབད་རྩོལ་མེད་པར་ལྷུན་གྲུབ་རིག་འཛིན་ནམ། བློ་ཆེ་ན་སངས་རྒྱས་ཀྱི་ས་ལ་སྦྱོར་བ་སྟེ། དེ་ལས། ལྷན་ཅིག་གནས་པའི་དྲི་མ་དག །རྩོལ་བ་མེད་པར་ལྷུན་གྲུབ་ཐོབ། །ཅེས་སོ། །བཞི་པ་ལྷུན་གྲུབ་རིག་འཛིན་ལ་ཡང་དྲུག་ལས། དང་པོ་ཐོབ་པའི་རྒྱུ་དུས་ནི། སྒོམ་ལམ་གྱི་རིགས་ལ་མཐོང་གོམས་ཀྱི་མཐུ་རྫོགས་པས་ཤེས་རབ་གསུམ་གྱི་ལྷན་ཅིག་གནས་པའི་དྲི་མ་དག་པའི་དུས་ཏེ། ལམ་རིམ་ལས། སྔ་མའི་རིགས་ལས་མཐུ་རྫོགས་པས། །ཞེས་སོ། །གཉིས་པ་རང་གི་ངོ་བོ་ནི། དབྱེར་མེད་ལམ་གྱི་རྟོགས་པ་མཐར་ཕྱིན་པའི་རང་བཞིན་ཅན་རྫོགས་པའི་སངས་རྒྱས་ས་ཐོབ་པ་ལ་མ་རེག་པ་སྟེ། ལམ་རིམ་ལས། དེ་ལྟར་དག་པའི་ཤེས་པ་ནི། །སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཛིན། །ཞེས་སོ། །གསུམ་པ་རྣམ་གྲངས་ནི། བྱ་རྒྱུད་ཀྱི་རིགས་གསུམ། རྣལ་འབྱོར་རྒྱུད་ཀྱི་རིགས་ལྔ། རྣལ་འབྱོར་བླ་མེད་ཀྱི་སྐུ་ལྔ་ལྷུན་གྲུབ་ཀྱི་རིག་འཛིན་ཏེ། དེ་ལས། བྱ་རྒྱུད་ལྷུན་གྲུབ་རྣལ་འབྱོར་གྱིས། །རིག་འཛིན་ཆེན་པོ་ནང་རིག་འཛིན། །ཞེས་སོ། །བཞི་པ་ཆ་ལུགས་ནི། སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ཚུལ་འཛིན་པ་སྟེ། དེ་ལས། ཆ་བྱད་རྒྱལ་བ་ཉིད་དུ་ངེས། །ལྔ་པོ་ལྷུན་གྱིས་གྲུབ་ཕྱིར་ན། །དེ་འདྲ་ཉིད་དེ་རྒྱལ་ཚབ་སྟོན། །ཞེས་སོ། །ལྔ་པ་མངོན་ཤེས་ཀྱི་ཡུལ་དོན་ནི༑ ཇི་སྙེད་མཁྱེན་པའི་ཡུལ་སངས་རྒྱས་ཉིད་དང་ཤས་ཆེར་འདྲ་ཞིང་ནམ་མཁས་གར་ཁྱབ་ཀྱི་དོན་ཡང་ཅི་རིགས་པར་མཛད་པ་སྟེ། དེ་ལས། ཀུན་མཁྱེན་ཡེ་ཤེས་མངའ་བའི་ཕྱིར། །ཡུལ་ནི་ཚད་མེད་རྒྱལ་བ་ཉིད། །ཇི་ལྟར་མེ་ལོང་ལྟ་བུའི་ཚུལ། །ཞེས་སོ། །དྲུག་པ་འབྲས་
བུ་ནི། མཐར་ལམ་གྱི་སྐད་ཅིག་རྒྱུན་མཐའ་ལ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི་བདག་ཏུ་རྟོག་པ་བཟང་ངན་གྱི་མཚན་མ་བག་ལ་ཉལ་ཆ་ཕྲ་བ་ཡང་བཅོམ་སྟེ་རྫོགས་པའི་སངས་རྒྱས་ཀྱི་སར་སྦྱོར་བ་ཉིད་དེ། ལམ་རིམ་ལས། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བདག་རྟོག་མཚན་མ་ཀུན་བཅོམ་ནས། །རྡོ་རྗེའི་དབྱིངས་སུ་ཐིམ་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །ཞར་བྱུང་རྒྱུའི་ཐེག་པའི་ས་ལམ་དང་གུང་སྦྱོར་ཚུལ་བཤད་དེ། སྟོང་ཆེན་ཚོགས་ལམ་ཆུང་ངུ་དང་དྲན་པ་ཉེར་བཞག་བཞི། སྒྱུ་མ་ལྟ་བུ་ཚོགས་ལམ་འབྲིང་པོ་དང་ཡང་དག་སྤོང་བ་བཞི། ཕྱག་རྒྱ་གཅིག་པ་ཚོགས་ལམ་ཆེན་པོ་དང་རྫུ་འཕྲུལ་རྐང་པ་བཞི། ཕྱག་རྒྱ་སྤྲོས་བཅས་སྦྱོར་ལམ་ཆུང་ངུ་དང་དྲོད་དང་རྩེ་མོ་གཉིས། ཚོགས་སྒྲུབ་སྦྱོར་ལམ་ཆེན་པོ་དང་བཟོད་པ་ཆོས་མཆོག་གཉིས། རྣམ་སྨིན་རིག་འཛིན་མཐོང་ལམ་དང་པོ། ཚེ་དབང་རིག་འཛིན་ས་དང་པོ། ཕྱག་ཆེན་ས་གཉིས་པ་ནས་དགུ་པའི་བར། ལྷུན་གྲུབ་རིག་འཛིན་ས་བཅུ་པ་ཆོས་ཀྱི་སྤྲིན་དང་ལོ་ཚོད་མཉམ་པ་ཡིན་མོད། དགོངས་སྤྱོད་ནི། རྒྱུའི་ཐེག་པའི་སྒོམ་ལམ་ས་བརྒྱད་པ་དང་ཚེ་དབང་། བཅུ་པ་ཕྱག་ཆེན། མི་སློབ་པའི་ས་བཅུ་གཅིག་ཀུན་ཏུ་འོད་ལྷུན་གྲུབ་རིག་འཛིན་དང་མཉམ་པ་ཡིན་ཏེ། ལམ་ཆུང་ལས། དེ་ཡང་དང་པོ་ད ང་པོ་དང་། །སྐལ་མཉམ་གཉིས་པའི་རིགས་མཆོག་དེ། །བརྒྱད་པའི་སེམས་དཔར་སྐལ་བ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་མོད། །དགོངས་སྤྱོད་རྒྱ་མཚོས་ཁྱད་པར་འཕགས། །ཞེས་སོ། །འདི་ལ་འགྲེལ་པ་མཛད་པའི་བླ་མ་སྔ་རབས་པ་འགའ་ཞིག དེ་སྐད་དུ་རྒྱུའི་ཐེག་པ་དང་གུང་སྦྱོར་བ་ནི་འཐད་པ་མ་ཡིན་ཏེ། ལམ་ལ་བགྲོད་ཚུལ་ཐ་དད་པ་ཙམ་ལས་ཐུན་མིན་གྱི་ཁྱད་པར་མེད་པར་འགྱུར་ཞིང་། གཞན་ཡང་འདིར་སེམས་སྐྱེ་བའི་སྐྱེ་སར་བཤད་པ་དང་ཡང་འགལ་བས་རྡོ་རྗེ་ཐེག་པ་ན་བབས་ཀྱིས་བཤད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ་གསུངས་མོད། ཐམས་ཅད་མཁྱེན་པ་དྷརྨ་ཤྲཱི་ནི། རྒྱུ་འབྲས་ཀྱི་ས་རྣམས་དགོངས་པ་མཉམ་པར་བཤད་ན་སྐྱོན་དུ་འགྱུར་གྱི། ལོ་ཚོད་བསྟུན་པ་ཙམ་ལ་སྐྱོན་དེ་མེད་དེ། ཞེས་གསུངས་སོ། །དེ་ནས་ཐོད་རྒལ་འབྱུང་མི་འབྱུང་གི་ས་མཚམས་བཤད་པར་བྱ་སྟེ། རྣམ་སྨིན་ནས་ཐོད་རྒལ་འབྱུང་མི་སྲིད་
དེ༑ ཐོད་རྒལ་འབྱུང་བའི་ཆོས་གསུམ་མ་ཚང་བའི་ཕྱིར། གང་ཞེ་ན། ལམ་གཞན་བར་ནས་བོར་དུ་ཡོད་པ། ངང་གིས་བློ་ཆེ་བ། སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་སྒོམ་ནུས་པ། དེ་ལ་རྣམ་སྨིན་ནས་ལམ་གཞན་བར་ནས་བོར་རྒྱུའང་རྒྱ་ཆེན་དང་ལྷུན་གྲུབ་གཉིས་ཡོད་ཅིང་། དབྱེར་མེད་སྒོམ་པའི་ལམ་པའང་ཡིན་མོད་ཀྱི། ངང་གིས་བློ་ཆུང་བའི་ཕྱིར་ཐོད་རྒལ་མི་འབྱུང་ངོ་། །དེ་བཞིན་ཉིད་དང་ཀུན་སྣང་བསྒོམ་པའི་རྣལ་འབྱོར་པ་བློ་ཆེ་བ་འགའ་ཞིག ལམ་གཅིག་སྤྲོས་ཚོགས་གསུམ་བར་ནས་བོར་དུ་ཡོད་ཀྱང་། དབྱེར་མེད་བསྒོམ་པ་ལམ་པ་མ་ཡིན་པའི་ཕྱིར་ཐོད་རྒལ་མི་འབྱུང་ངོ་། །ཟག་བཅས་ཚོགས་སྒྲུབ་བློ་ཆེ་ཤོས་དང་། ཟག་མེད་ལྷུན་གྲུབ་རིག་འཛིན་བློ་ཆེ་ཤོས་གཉིས་ནི་དབྱེར་མེད་བསྒོམ་པའི་ལམ་ཡིན་པ་དང་། ངང་གིས་བློ་ཆེ་ནའང་ལམ་བར་ནས་བོར་དུ་མེད་པའི་ཕྱིར་ཐོད་རྒལ་མི་འབྱུང་བའི་ཕྱིར་རོ། །གཞན་དུ་ཅིག་ཅར་བའི་རིགས་མ་ཡིན་པའི་ལམ་པ་བློ་ཆེ་བ་འགའ་ཞིག་ཕྱག་རྒྱ་གཅིག་སྤྲོས་གཉིས་ནས་སྦྱོར་མཐོང་དང་། ཚེ་དབང་ནས་ལྷུན་གྲུབ་རིག་འཛིན། ཚེ་དབང་རྒྱ་ཆེན་གཉིས་ནས་རྫོགས་པའི་སངས་རྒྱས་ཀྱི་ལམ་གཞན་བར་ནས་བོར་དུ་ཡོད་ལ་ཐོད་རྒལ་དུ་སྦྱོར་སྲིད་པ་སྟེ། དེ་དག་ངང་གིས་བློ་ཆེ་བ། ཟུང་འཇུག་བསྒོམ་པའི་ལམ་ཡིན་པ། ལམ་གཞན་བར་ནས་བོར་དུ་ཡོད་པ་སྟེ་ཐོད་རྒལ་འབྱུང་བའི་ཆོས་གསུམ་ཚང་བའི་ཕྱིར་རོ། །ཚོགས་གྲུབ་ནས་ཐོད་རྒལ་བྱུང་ངམ་སྙམ་ན་མི་འབྱུང་སྟེ། ལམ་རིམ་ལས། ལམ་མཆོག་དབྱེ་ས་གཅིག་ཡིན་ནོ། །ཞེས་པས་ཟག་མེད་ཀྱི་ལམ་གྱི་དབྱེ་ས་དང་འདུ་ས་མཐོང་ལམ་ཡིན་པར་གསུངས་པས་ལམ་གཞན་བར་ནས་བོར་དུ་མེད་པའི་ཕྱིར་རོ། །རྩ་བའི་ས་བཅད་གསུམ་པ་གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་ནི། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། གྲུབ་པའི་རྣལ་འབྱོར་རྣལ་འབྱོར་ཆེ། །ལྷུན་གྲུབ་ཇི་བཞིན་མངོན་བྱས་པ༑ ༑བཏགས་པ་ཙམ་གྱིས་གཉིས་པ་མེད། །དེ་ཕྱིར་དེ་ལ་དེ་བརྗོད་དོ། །ཞེས་པས། སྦྱང་གཞི་རྒྱུ་རྒྱུད་བདེ་བར་གཤེགས་པའི་སྙིང་པོ་གདོད་མ་ནས་རང་ཆས་སུ་བཞུགས་པ་སྟེ། འདམ་གྱི་དབུས་ན་ཡོད་པའི་ནོར་བུ་རིན་པོ་ཆེ་བཞིན་ནོ། །སྦྱང་བྱ་ནི་མེད་སྣང་གི་གློ་བུར་གྱི་དྲི་མ་
ཕྲ་ཞིང་ཕྲ་བ་དང་བཅས་པ་སྟེ་ནོར་བུ་སྒྲིབ་པར་བྱེད་པའི་འདམ་རྫབ་ལྟ་བུའོ། །སྦྱོང་བྱེད་ནི༑ རིམ་པ་གཉིས་ཀྱིས་བསྡུས་པའི་ལམ་སྟེ། འཁྲུད་བྱེད་ཀྱི་ཆུ་དང་འདག་རྫས་བཞིན་ནོ། །སྦྱངས་འབྲས་ནི། དེ་ལྟར་ལམ་གྱི་དྲི་མ་སྦྱངས་པ་ལས་གཞི་ལ་ཇི་ལྟར་ཡོད་པའི་ཡོན་ཏན་མངོན་དུ་གྱུར་པས་མཐར་ཐུག་པ་སྟེ། འདམ་རྫབ་ལས་གྲོལ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་དགོས་འདོད་ཀྱི་ཆར་འབེབས་པ་བཞིན་ནོ། །ཞེས་པས། གཞིའི་རྒྱུད་ཇི་ལྟ་བ་དེ་ཉིད་མངོན་དུ་བྱས་པ་ལས་སྤངས་ཐོབ་མེད་པར་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་སྟེ། དེ་ཡང་འདི་ཉིད་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །ཞེས་དང་། བསམ་གཏན་མིག་སྒྲོན་གྱི་རང་འགྲེལ་དུ། དོན་དུ་རང་རིག་པ་དེ་བཞིན་དུ་སོན་པ་ནི་སངས་རྒྱས་ཀྱི་འབྲས་བུ་ཐོབ་པ་ཞེས་བྱ་སྟེ། དེ་ཡང་རེ་ཞིག་རྟོགས་པ་དང་སྒྲུབ་པའི་ངོ་བོར་བསྟན་གྱི་དོན་དུ་བདག་ཉིད་དུ་གྱུར་པ་ལས་ཐོབ་པ་མེད་དེ། ཞེན་པ་དག་པ་ཙམ་མོ༑ ༑ཞེས་གསུངས་པའི་ཕྱིར། འདི་ལ་ཁ་ཅིག་ན་རེ། འབྲས་བུ་ཐོབ་པའི་ཚེ་གཞི་དུས་ཀྱི་མ་རིག་པ་སྤངས་སམ་མ་སྤངས། དང་པོ་ལྟར་ན། གཞི་ཇི་ལྟ་བ་བཞིན་དུ་བྱས་པ་མ་ཡིན་པར་ཐལ། གཞིའི་དུས་ནི་མ་རིག་པ་དང་དབྱེར་མེད་དུ་ཡོད་པའི་ཕྱིར། འདོད་ན་གཞི་ཇི་ལྟ་བ་མངོན་དུ་བྱས་པའི་དམ་བཅའ་ཉམས། གཉིས་པ་ལྟར་ན། སེམས་ཅན་དང་ཁྱད་མེད་པར་ཐལ། མ་རིག་པ་མ་སྤངས་པའི་ཕྱིར། འདོད་ན་ལམ་རྒྱུད་ལ་བསྟེན་པ་དོན་མེད་དོ་ཟེར་ན། ལན་ནི་སངས་རྒྱས་པའི་ཚེ་ན་དྲི་མ་རང་བཞིན་པ་སྔར་ཡོད་གསར་དུ་སྤངས་པའམ། ཡོན་ཏན་སྔར་མེད་གསར་དུ་སྒྲུབ་པ་མེད་པས་སྐྱོན་སྔ་མ་མེད། གཞི་ལ་འཆིང་གྲོལ་མེད་ཀྱང་མེད་པའི་རང་བཞིན་ཤེས་པ་དང་མ་ཤེས་པའི་ཁྱད་པར་ཡོད་པས་སྐྱོན་ཕྱི་མའང་མེད་དོ༑ ༑ཡང་མདོ་སྔགས་གཉིས་ཀྱི་འབྲས་བུ་ལ་ཁྱད་པར་ཡོད་དམ་མེད། ཁྱད་པར་མེད་ན་རྒྱུའི་ཐེག་པའི་ཀུན་ཏུ་འོད་དེ་གསང་སྔགས་ཀྱི་ཡང་མཐར་ཐུག་ཏུ་འགྱུར་བས། དེ་ནས་གསང་སྔགས་ལ་བགྲོད་མི་དགོས་པར་ཐལ། གཅིག་པའི་ཕྱིར། འདོད་ན། ཐབས་ཞགས་ལས།
ཀུན་ཏུ་འོད་ལས་འདས་ནས་སུ། །པདྨ་ཅན་དུ་གྱུར་པ་ན། །ཞེས་པ་སོགས་དང་འགལ། ཁྱད་ཡོད་ན་གསང་སྔགས་རིང་ལམ་དུ་ཐལ། རྒྱུའི་ཐེག་པའི་མཐར་ཐུག་གི་འབྲས་བུ་ཐོབ་ནས་ཀྱང་བགྲོད་དགོས་པའི་ཕྱིར། ཞེ་ན། རོག་བདེ་གཤེགས་ཆེན་པོ་ནི། འདོད་པས་སྒྲུབ་པའི་འབྲས་བུ་རེ་རེ་ཐུན་མོང་གི་ཐེག་པ་ཀུན་གྱིས་ཀྱང་མི་བསླུ་བར་ཐོབ་པས་ཐ་དད་པར་བཤད་པ་དང་ཡང་མི་འགལ་ཏེ། ནོར་བུ་ཕལ་པའི་གླིང་དུ་དོན་འགྲུབ་པ་བཞིན་ནོ། །མཐར་ཐུག་གི་བླ་ན་མེད་པའི་འབྲས་བུ་གཅིག་ཏུ་གྱུར་པས་གཅིག་པར་བཤད་པ་དང་ཡང་མི་འགལ་ཏེ༑ ཡིད་བཞིན་གྱི་ནོར་བུའི་གླིང་དུ་དོན་འགྲུབ་པ་བཞིན་ནོ། །ཞེས་གསུངས་སོ། །སྔགས་ཀྱི་ལམ་བདེ་མྱུར་གྱི་ཁྱད་པར་དུ་བྱས་ཀྱི། མཐར་ཐུག་གི་འབྲས་བུ་ལ་ཁྱད་པར་མེད་དོ་སྙམ་ན༑ མདོ་སྔགས་གཉིས་དབང་དང་། ཤེས་འཇུག་གི་རྟོགས་གོམས་ཀྱི་ལམ་ལ་ཁྱད་པར་ཡོད་པ་ལྟར། འབྲས་བུ་ལ་ཡང་ཁྱད་པར་ཡོད་དགོས་ཏེ། གསང་སྔགས་ཀྱི་དབང་སོགས་ཀྱི་རྒྱུ་མེད་པར་གསང་སྔགས་ཀྱི་འབྲས་བུ་མཐར་ཐུག་ཐོབ་མི་སྲིད་པའི་ཕྱིར། རྒྱུའི་ཁྱད་པར་གྱིས་ངེས་པར་འབྲས་བུའི་ཁྱད་པར་བསྐྱེད་པའི་ཕྱིར་དང་། རྒྱུ་འབྲས་འབྲེལ་པ་ཅན་ཡིན་པའི་ཕྱིར། མདོ་སྔགས་གཉིས་རྒྱུ་འབྲས་ཀྱི་ཐེག་པ་ཡིན་པས་སྔགས་ཀྱི་སློབ་ལམ་རྫོགས་དགོས་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། འབྲས་བུ་འདུས་བྱས་ཡིན་ནམ། འདུས་མ་བྱས་ཡིན། དང་པོ་ལྟར་ན། འབྲས་བུ་ཐོབ་ནས་ཀྱང་བསླུ་བའི་ཕྱིར། འདུས་བྱས་ཡིན་པའི་ཕྱིར། གཉིས་པ་ལྟར། ལམ་བསྒོམ་པའི་རྒྱུ་རྐྱེན་ལས་བྱུང་བའི་ཕྱིར་ན། འདུས་མ་བྱས་ཀྱི་དམ་བཅའ་ཉམས་སོ་ཟེར་ན། རང་གི་སེམས་ཉིད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་བཞུགས་པ་ཉིད། ལམ་གྱི་ཞེན་པ་དག་པའི་ངོ་ན་དེ་ལྟར་གསལ་བའི་ཕྱིར། དཔེར་ན་སྤྲིན་དེངས་པས་ཉི་མའི་དཀྱིལ་འཁོར་གསལ་བ་བཞིན་ནོ། །འོ་ན་མཚན་མ་ཅན་དུ་འགྱུར་ཏེ། འབྲས་བུ་ཀུན་རྫོབ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣང་བའི་ཕྱིར་ཟེར་ན། དེ་ལྟར་སྣང་ཡང་དེའི་ངོ་བོར་མ་གྲུབ་པས་ཡོད་པའི་མཚན་མར་མི་འགྱུར། དེས་དོན་བྱེད་མི་ནུས་པ་མ་ཡིན་ཏེ། གཞན་སྣང་གཟུགས་སྐུ་གཉིས་ཀྱང་རང་སྣང་ཡིན་པའི་ཕྱིར་སྒྱུ་མ་ལྟ་བུར་དོན་
མཛད་ལ། དེའི་དུས་ནའང་ངོ་བོ་ཉིད་གཞན་དུ་མ་གྱུར་པས། འདུས་མ་བྱས་ཤིང་སྐྱེ་འཇིག་དང་བྲལ་བ་ཆོས་ཀྱི་སྐུ་ལས་གཡོ་བ་མེད་པའི་ཕྱིར་རོ། །ངེས་ཚིག་ནི་ཅིའི་ཕྱིར་འབྲས་བུའི་རྒྱུད་དུ་འགྱུར་ཞེ་ན། ཁོག་གཞུང་ལས། གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། །ཅེས་པས། བླ་ན་མེད་པའི་མཆོག་གི་འབྲས་བུ་དོན་དུ་གཉེར་བ་རྣམས་བསམ་པ་ཡོངས་སུ་རྫོགས་པས་ན་འབྲས་བུ་དང་། ནམ་ཡང་རྒྱུན་མི་ཆད་པས་ན་རྒྱུད་དེ། དབྱེ་ན། ཁོག་གཞུང་ལས། འབྲས་བུའི་ངོ་བོ་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་རྣམ་པ་ལྔ། །དེ་ཡང་སྐབས་ཀྱི་ལྔ་ལྔ་སྟེ༑ ༑ཞེས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་རེ་རེ་ཡང་ལྔ་ལྔ་སྟེ། འབྲས་ཆོས་ཉི་ཤུ་རྩ་ལྔར་འགྱུར་ལ། དེ་ལ་སྐུ་ལྔ་ནི། རང་དོན་རྟོགས་པ་མཐར་ཕྱིན་པའི་དབྱིངས་ཐོག་ཏུ་རིག་པའི་ཡེ་ཤེས་གྲོལ་བ་ཆོས་ཀྱི་སྐུ་དང་། དེ་ལས་མ་གཡོས་པར་གདུལ་བྱ་དག་པ་ས་བཅུ་པའི་ངོར་རྟེན་ལུས་ཉིད་ཟག་མེད་དུ་གྱུར་པའི་རྒྱུ་འབྲས་ཐུན་མོང་མ་ཡིན་པའི་མཚན་དཔེ་དང་ལྡན་པ་ལོངས་སྤྱོད་རྫོགས་པའི་སྐུ། གདུལ་བྱ་མ་དག་པ་འགྲོ་བ་དྲུག་ལ་མོས་པ་དང་མཐུན་པར་སྣ་ཚོགས་སུ་སྣང་བ་སྤྲུལ་པའི་སྐུ། དེ་ལྟར་གཟུགས་སྐུ་གཉིས་སུ་སྣང་ཡང་རང་རྒྱུད་པ་མེད་དེ་ཆོས་ཀྱི་སྐུ་ལས་མ་གཡོས་པས། ཆོས་སྐུ་དང་གཟུགས་སྐུ་དབྱེར་མི་ཕྱེད་པ་རྡོ་རྗེའི་སྐུ། དེ་དག་རིག་པའི་ཡེ་ཤེས་ལ་ལྷུན་གྱིས་རྫོགས་པས་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གདུལ་བྱ་དག་མ་དག་སྣ་ཚོགས་སོ་སོའི་མོས་པ་དང་མཐུན་པར་སྣ་ཚོགས་སུ་སྣང་བ་མངོན་པར་བྱང་ཆུབ་པའི་སྐུ་སྟེ་སྐུ་ལྔ། དེ་བཞིན་དུ། ཆོས་ཉིད་སྨྲ་བརྗོད་དང་བྲལ་བ་ཉིད་བརྗོད་བྱ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཆ་ནས་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་། མེ་ལོང་དྭངས་པ་ལ་བལྟས་པས་བྱད་བཞིན་གྱི་དྲི་མ་ངོས་ཟིན་པ་ལྟར་འཁོར་རྣམས་ཀྱིས་སྟོན་པའི་སྐུ་ལ་བལྟས་པ་ལས་དོན་བློ་ལ་མཇལ་བར་སྟོན་པ་ལོངས་སྐུ་དགོངས་པ་བརྡའི་གསུང་། གང་ལ་གང་འདུལ་གྱི་སྒྲ་སྐད་དང་མཐུན་པར་ཆོས་སྟོན་པ་སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་། སྒྲ་སྐད་ཐམས་ཅད་གྲགས་སྟོང་གཉིས་སུ་མེད་པས་མཐའ་གཉིས་ལས་གྲོལ་བ་ནི་དབྱེར་མེད་རྡོ་རྗེའི་གསུང་། སྒྲ་སྐད་ཐམས་ཅད་རིག་པའི་ངང་དུ་ལྷུན་གྱིས་གྲུབ་པའི་ཅིར་ཡང་མི་
འགག་པར་རིག་པ་བྱིན་རླབས་མངོན་པར་བྱང་ཆུབ་པའི་གསུང་སྟེ་སྟོན་པ་སྐུ་ལྔ་པོས་རང་རང་གི་འཁོར་ལ་བརྡའ་སྤྲོད་པའི་བདག་ཉིད་ཅན་གྱི་གསུང་ལྔ། ཐུགས་ལྔ་ནི་ཡེ་ཤེས་ལྔ་སྟེ༑ སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་ཆོས་སྐུ་རྣམ་པར་མི་རྟོག་པའི་ཐུགས། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ལོངས་སྐུ་མཉམ་ཉིད་ཆེན་པོའི་ཐུགས། བྱ་གྲུབ་ཡེ་ཤེས་ནི་སྤྲུལ་སྐུ་འགྲོ་བ་སྒྲོལ་བའི་ཐུགས། སོར་རྟོག་ཡེ་ཤེས་ནི་མི་ཕྱེད་རྡོ་རྗེའི་ཐུགས། མེ་ལོང་ཡེ་ཤེས་ནི་མངོན་བྱང་ཅིག་ཅར་གསལ་ལེ་མཁྱེན་པའི་ཐུགས། ཡོན་ཏན་ལྔ་ནི། རྣམ་པར་དག་པའི་ཞིང་ཁམས་ཏེ༑ འདི་ལས། ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །ཞེས་སོ། །རྒྱ་ཚད་དང་བྲལ་བའི་གཞལ་ཡས་ཁང་། གསལ་ཞིང་དྭངས་པའི་འོད་ཟེར། ཁྱད་པར་དུ་འཕགས་པའི་གདན་ཁྲི༑ དགྱེས་རྒུར་སྤྱོད་པའི་ལོངས་སྤྱོད་རྣམས་སོ། །འཕྲིན་ལས་ལྔ་ནི། ཞི་བ། རྒྱས་པ། དབང་། དྲག་པོ། ལྷུན་འགྲུབ་དང་ལྔའོ། །དེ་དག་ཀྱང་རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་འཕྲིན་ལས་གསུམ་དུ་འདུ་བ་ཡིན་པས། སྐུ་ནི་གསུམ་མམ་ལྔ་སྟེ། ཆོས་སྐུ་ནི། སྒྲིབ་བྲལ་གྱི་དགོངས་པ་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་བདག་ཉིད་ཅན་ནོ། །ལོངས་སྐུ་ནི། དེ་ཉིད་འཁོར་སྨིན་པ་རྒྱ་མཚོ་ལ་ངེས་པ་ལྔ་ལྡན་དུ་སྣང་བའོ། །སྤྲུལ་སྐུ་ནི། འཁོར་མོས་༼པ་༽རྒྱ་མཚོ་ལ་སྣང་བའོ། །མངོན་བྱང་ནི། དེ་ལྟར་སྐུ་གསུམ་པོ་དེའི་སྣང་ཆ་མ་འདྲེས་པའི་ཆའོ། །རྡོ་རྗེ་ནི། སྐུ་གསུམ་པོ་དེ་ཡང་ངོ་བོ་དབྱེར་མི་ཕྱེད་པའི་ཆའོ། །དེ་ཡང་སྐུ་གསུམ་པོ་དེ་ལ། སྣང་ཆ་དང་ངོ་བོའི་ཆ་ནས་སོ་སོར་དབྱེ་བས་སྐུ་ལྔར་བཞག་པ་ཡིན་ཞེས་ཟུར་པ་རྣམས་བཞེད་ཅིང་། ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་པ་ནི། ཆོས་སྐུ། མངོན་བྱང་། རྡོ་རྗེའི་སྐུ་གསུམ་སངས་རྒྱས་རང་སྣང་གི་སྐུ་ཡིན་པས་མཚན་ཉིད་པ་དང་། ལོངས་སྤྲུལ་གཉིས་གདུལ་བྱའི་སྣང་བས་བསྡུས་པས་སྐུ་བཏགས་པ་བ་ཡིན་གསུངས་ཏེ་ཤིན་ཏུ་ལེགས་སོ། །གཉིས་པ་ཡེ་ཤེས་ལྔ་ནི། གློ་བུར་གྱི་དྲི་མ་ཐམས་ཅད་མ་སྤངས་བྲལ་བའི་རང་བཞིན། རྟོགས་པའི་ཚེ་གཞི་དོན་གྱི་ཀུན་གཞི་མངོན་དུ་གྱུར་པ་ནི་ཅིར་ཡང་མི་དམིགས་པ་ཆོས་དབྱིངས་ཡེ་ཤེས། དེའི་ཚེ་སྦྱོར་བ་དོན་གྱི་ཀུན་གཞི་གནས་འགྱུར་བས་གསལ་ལ་མི་རྟོག་པས་ཡེ་ཤེས་
ལྷག་མ་གསུམ་གྱི་འཆར་གཞིར་གྱུར་པ་ནི་མེ་ལོང་ཡེ་ཤེས། ཉོན་ཡིད་གནས་འགྱུར་བཟང་ངན་བླང་དོར་མེད་པ་མཉམ་ཉིད་ཡེ་ཤེས། ཡིད་གནས་འགྱུར་པས་ཤེས་བྱའི་ཡུལ་དུས་གསུམ་གྱི་ཆོས་ཐམས་ཅད་པདྨའི་འདབ་མ་ལྟར་གསལ་ལ་མ་འདྲེས་པར་མཁྱེན་པ་སོར་རྟོག་ཡེ་ཤེས། སྒོ་ལྔ་གནས་འགྱུར་འགྲོ་དོན་མཛད་པ་ལ་ཆགས་ཐོགས་མེད་པ་བྱ་གྲུབ་ཡེ་ཤེས་ཏེ། ལམ་རྣམ་བཀོད་ལས། སྟོང་པའི་ཡེ་ཤེས་དངོས་པོ་མེད། །མེ་ལོང་ཡེ་ཤེས་རྟོག་པ་མེད། །མཉམ་ཉིད་ཡེ་ཤེས་བཟང་ངན་མེད། །ཀུན་རྟོག་ཡེ་ཤེས་མ་འདྲེས་གསལ། །བྱ་བ་ནན་ཏན་མཐར་ཕྱིན་པའོ། །ཞེས་སོ། །དེ་དག་གཉིས་སུ་བསྡུ་ཚུལ་ནི། ཟུར་པ་རྣམས་ཆོས་དབྱིངས་ཡེ་ཤེས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། གཞན་བཞི་པོ་རྟེན་བརྟེན་པའི་ཆ་ནས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སུ་བཞེད། ཀུན་མཁྱེན་ཆེན་པོ་ནི། ཆོས་དབྱིངས་ཡེ་ཤེས་དང་། མཉམ་ཉིད་ཡེ་ཤེས་གཉིས་གནས་ལུགས་གཟིགས་པའི་ཆ་ནས་ཇི་ལྟ་བ་དང་། མེ་ལོང་ཡེ་ཤེས་ནི་འཆར་གཞི་དང་། སོར་རྟོག་དང་བྱ་གྲུབ་གཉིས་ནི་ཡུལ་གཟིགས་པ་དང་འགྲོ་དོན་མཛད་པའི་ཆ་ནས་ཇི་སྙེེད་པའི་ཡེ་ཤེས་སུ་གསུངས་ཏེ་ཤིན་ཏུ་ལེགས་པའོ། །འདི་ལ་ཁ་ཅིག་ན་རེ། མཁྱེན་པའི་ཡེ་ཤེས་སྐད་ཅིག་ལ་འདས་མ་འོངས་ཀྱི་ཆོས་སྣང་ངམ་མི་སྣང་། མི་སྣང་ན་ཤེས་བྱ་ཐམས་ཅད་མཁྱེན་པ་ཡིན་པ་འགལ། སྣང་ན། གཟུང་དོན་ལ་འཁྲུལ་པའི་ལོག་ཤེས་སུ་ཐལ་ཏེ་འགག་པ་དང་མ་སྐྱེས་པའི་མེད་ཆོས་མངོན་སུམ་མཁྱེན་པའི་ཕྱིར། ཞེ་ན། སྐྱོན་མེད་དེ། འདས་མ་འོངས་ད་ལྟར་བ་མ་འགགས་རང་གསལ་འཛིན་མེད་དུ་མཁྱེན་པའི་ཕྱིར། གཞན་ཡང་། སངས་རྒྱས་ཀྱིས་སེམས་ཅན་རྣམས་ཀྱི་ལས་དང་སྡུག་བསྔལ་ལ་སོགས་པ་མ་དག་པའི་འཁྲུལ་སྣང་འདི་གཟིགས་སམ། མི་གཟིགས། དང་པོ་ལྟར་ན། སངས་རྒྱས་ལ་འཁྲུལ་བ་ཡོད་པར་ཐལ། འཁྲུལ་སྣང་གཟིགས་པའི་ཕྱིར། གཉིས་པ་ལྟར་ན། འགྲོ་དོན་རྒྱུན་ཆད་པར་གྱུར་ཏེ། ཡུལ་མི་གཟིགས་པས་སོ་ཞེ་ན། མ་དག་པའི་སྣང་བ་སངས་རྒྱས་ཀྱི་ཡེ་ཤེས་ལ་མ་དག་པ་ཡིན་ཡང་སེམས་ཅན་གྱི་མ་དག་པའི་འཁྲུལ་སྣང་སངས་རྒྱས་ཀྱི་ཡེ་ཤེས་ལ་སྣང་ཞིང་གཟིགས་ཏེ། དེ་རྣམས་མ་དག་པའི་འཁྲུལ་སྣང་
ཡིན་པར་ཡང་གཟིགས་སོ། །སྣང་བ་ལྟར་མ་གྲུབ་པར་ཡང་གཟིགས། མདོར་ན། མ་དག་པ༑ མ་དག་དག་པ། ཤིན་ཏུ་རྣམ་དག་གི་སྣང་བ་ཐམས་ཅད་སོ་སོར་མཁྱེན་ཅིང་གཟིགས་པས་ཐམས་ཅད་མཁྱེན་པ་ཞེས་བྱ་ལ། མ་དག་པ་མི་སྣང་ན་ཇི་ལྟར་གཟིགས། མ་གཟིགས་ན་མཁྱེན་པར་ཡང་མི་རུང་། དག་པའི་སྣང་བ་ཁོ་ན་མཁྱེན་པ་ཙམ་ལ་ཐམས་ཅད་མཁྱེན་པ་ཞེས་པའང་ཇི་ལྟར་རུང་། དེའི་ཕྱིར་ན་སངས་རྒྱས་ཀྱི་ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་སེམས་ཅན་གྱི་འཁྲུལ་སྣང་། ཇི་ལྟར་འཁྲུལ་ཚུལ། དེ་སེལ་བའི་ཐབས་རྣམས་ཀྱང་སྒྲིབ་མེད་དུ་གཟིགས་པ་ནི་ཐམས་ཅད་གཟིགས་པའི་ཡེ་ཤེས་ཀྱིས་གཟིགས་ཤིང་སྣང་བ་ཡིན་གྱི་འཁྲུལ་ནས་སྣང་བ་མ་ཡིན་པའི་ཕྱིར། སངས་རྒྱས་ཀྱིས་ཤེས་བྱ་ཐམས་ཅད་ཇི་ལྟར་མཁྱེན་པའི་ཚུལ་ནི། ཆོས་ཀྱི་དབྱིངས་དང་ཡེ་ཤེས་དབྱེར་མེད། ཆོས་ཀྱི་དབྱིངས་ནི་ཆོས་ཅན་ཐམས་ཅད་དང་དབྱེར་མེད་ལ། ཆོས་ཀྱི་དབྱིངས་ལ་ཐ་དད་པའི་དབྱེ་བ་ཆོས་ཅན་ཐ་དད་པའི་དབྱེ་བ་ཡོད་པ། དཔེར་ན་མེ་ལོང་ལ་གཟུགས་བརྙན་མེད་ཀྱང་། ཕྱི་རོལ་གྱི་རྐྱེན་དང་འཕྲད་པ་ལས་འཆར་ལ། ཆོས་ཀྱི་དབྱིངས་དང་ཆོས་ཅན་ཐམས་ཅད་དབྱེར་མེད་བཞིན་དུ་སྐྱེ་འགག་སོགས་ཐ་དད་པའི་ཡུལ་ཆོས་ཅན་ཤེས་བྱ་ཐམས་ཅད་དང་། ཡུལ་ཅན་ཆོས་དབྱིངས་ཡེ་ཤེས་དབྱེར་མེད་གཉིས་ཐ་མི་དད་ཀྱང་། ཆོས་ཀྱི་དབྱིངས་ཀྱི་ཆོས་ཅན་ཐམས་ཅད་ལ་ཁྱབ་ཅིང་། ཡེ་ཤེས་ཀྱི་ཤེས་བྱ་ཐམས་ལ་ཁྱབ་པར་མཁྱེན་ཏེ། དཔེར་ན་སེམས་ཅན་གྱི་དུས་སུ་སྣང་སེམས་གཉིས་གནས་ཚུལ་ལ་ཐ་མི་དད་ཀྱང་སྣང་ཚུལ་ལ་ཐ་དད་པ་བཞིན་ནོ། །གསུམ་པ་མཛད་པ་འཕྲིན་ལས་ནི། དེ་ལྟར་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་ཀྱིས་བསྡུས་པའི་མེད་སྣང་གློ་བུར་གྱི་སྒྲིབ་གཉིས་བག་ཆགས་སྣང་གསུམ་ཀྱི་དྲི་མ་དང་བཅས་པ་མཐའ་དག་སྤངས་ཤིང་། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་པའི་སྒོ་ནས་ཡོན་ཏན་མཐར་ཕྱིན། དེའི་མཐུ་ལས་གདུལ་བྱ་སོ་སོའི་སྐལ་བ་དང་འཚམས་པར་གང་ལ་གང་འདུལ་གྱི་འཕྲིན་ལས་ཞི་བ་དང་། རྒྱས་པ་དང་། དབང་དྲག་པོ་ལ་སོགས་པ་དུས་ལས་ཡོལ་བ་མེད་པར་འབད་རྩོལ་མ་ལ་ལྟོས་པར་
ལྷུན་གྱིས་གྲུབ་པ་ནི་ནམ་མཁའ་ཇི་སྲིད་བར་དུ་རྒྱ་ཆེ་རྒྱུན་མི་ཆད་དུ་འབྱུང་བ་སྟེ། རྒྱས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །འགྲོ་བའི་འཕྲིན་ལས་བསམ་མི་ཁྱབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཀྱིས། །གདུལ་བྱ་རྣམས་ནི་ཆུད་མ་ཟོས། །ངན་སོང་སྦྱོང་ཞིང་བྱང་ཆུབ་ཞིང་། །ཡེ་ཤེས་ཚོགས་རྫོགས་ཀུན་ཏུ་སྟོན། །ཞེས་སོ། །དེས་འབྲས་བུའི་རྒྱུད་བཤད་པ་སོང་ནས། གཉིས་པ་ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བྱེ་བྲག་ཏུ་བཤད་པ་ནི། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་ཚིག །མཆོད་སྔགས་ཏིང་འཛིན་འཕྲིན་སྒྲུབ་ཀྱི། །གསང་སྔགས་རྒྱུད་ཀྱི་དབྱེ་བ་བྱ། །ཞེས་པ་ལྟར་བཅུ་སྟེ། དེ་ཁོ་ན་ཉིད་ལྟ་བ། ལ་དོར་བ་སྤྱོད་པ། བཀོད་པ་དཀྱིལ་འཁོར། རིམ་པར་བགྲོད་པ་དབང་། མི་འདའ་བ་དམ་ཚིག རོལ་པ་འཕྲིན་ལས། དོན་དུ་གཉེར་བ་སྒྲུབ་པ། མི་གཡོ་བ་ཏིང་འཛིན། གནས་སུ་སྟོབ་པ་མཆོད་པ། འཆིང་བཟློས་སྔགས་དང་ཕྱག་རྒྱའོ། །དང་པོ་ལྟ་བ་ལ་གསུམ་སྟེ། ངོ་བོ། ངེས་ཚིག དབྱེ་བའོ། །དང་པོ་ནི། ཁོག་གཞུང་ལས། ལྷུན་གྲུབ་ཡེ་ཤེས་སྒྲོན་མ་ཉིད། །རང་བཞིན་གསལ་ལ་སྤྱན་གྱི་མཆོག །ངོ་བོ་དེ་བཞིན་ཉིད་དུ་བཞེད། །ཅེས་པས། གང་དུ་ཡང་མ་རེག་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་དབུ་མ། ཆོས་ཐམས་ཅད་སེམས་ཀྱི་རོལ་རྩལ་ཙམ་དུ་ཤེས་པའི་ཆ་ནས་སེམས་ཙམ་པ་སྟེ་རྒྱུའི་ཐེག་པའི་ལུགས་ཀྱི་ལྟ་བ་དང་། སྔགས་ནི། དེ་ལས་ཁྱད་པར་དུ་གྱུར་པ་སྟེ། ལམ་རིམ་ལས། ཐབས་ཀྱི་ལྟ་སྤྱོད་ཆེན་པོར་ནི། །བླ་མེད་ཐེག་པ་ལས་འཕགས་པ། །དོན་དམ་དུ་ནི་དཀོར་བདུན་ལ། །ཀུན་རྫོབ་ཏུ་ནི་མཉམ་རྟོགས་སོ། །ཡང་དག་སྐྱེས་མཆོག་དམ་པ་ཡིས། །དོན་དམ་ཀུན་རྫོབ་དབྱེར་མེད་པ། །ཡང་དག་ཉིད་དུ་རབ་ཏུ་རྟོགས། །ཞེས་པས། བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་གང་ཡིན་པ་སྟེ། གདོད་མ་ནས་དབྱིངས་དང་ཡེ་ཤེས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཏེ་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པ་ལྷག་པ་དོན་དམ་བདེན་པ་དང་། དེ་ཉིད་ཀྱི་རྩལ་སྣང་ཀུན་རྫོབ་སྐུ་དང་ཡེ་ཤེས་ཀྱི་
དཀྱིལ་འཁོར་དུ་རང་སྣང་བས་མཉམ་པ་ཉིད་དུ་རྟོགས་པ་ནི་ལྷག་པ་ཀུན་རྫོབ་ཀྱི་བདེན་པ། དེ་གཉིས་ཀྱང་ཕྱོགས་སུ་ལྷུང་བ་མ་ཡིན་པར། བདེན་གཉིས་ཟུང་འཇུག་གི་ངོ་བོར་དབྱེར་མེད་མཉམ་ཉིད་ཆེན་པོར་གནས་ཤིང་། དེར་འཛིན་གྱི་ཞེན་རྟོག་ལས་ཀྱང་ཡང་དག་པར་འདས་པས་ན། ཐ་སྙད་ཙམ་དུ་ལྷག་པ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཞེས་མིང་དུ་བཏགས་པ་སྟེ། ཐུགས་ཐིག་ལས། རྒྱལ་འགྲོས་མ་མཛད་མ་བཅོས་པར། །རང་བཞིན་ངང་གིས་དབྱེར་མེད་པ། །ཞེས་སོ། །ལྷག་པ་ཞེས་པའི་དོན་ནི། ཕར་ཕྱིན་ཐེག་པ་ནས་དོན་དམ་བདེན་ངོར་འཁོར་འདས་མཉམ་ཉིད་དུ་འདོད་པ་ཙམ་ཕྱོགས་མཐུན་ཡང་། ཀུན་རྫོབ་ཏུ་ཆོས་ཐམས་ཅད་ལ་མི་གཉིས་པའི་བསམ་བརྗོད་ལས་འདས་པས་ན་རྒྱུའི་ཐེག་པ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་ཏེ། དེ་ལས། ཐབས་ཀྱི་ལྟ་སྤྱོད་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་སོ། །ངེས་ཚིག་ནི། དྲྀཥྚའི་སྒྲ་ལས་ལྟ་བ་སྟེ། གནས་ལུགས་དང་རྗེས་སུ་མཐུན་པའི་བདེན་དོན་མཐོང་བས་གདེངས་སུ་གྱུར་པའི་ཤེས་རབ་ཐོབ་པ་སྟེ། རྒྱས་པ་ལས། ལྟ་དང་བལྟ་བྱ་དབྱེར་མེད་དེ། །ཡེ་ཤེས་སྒྲོན་མེ་སྦྲེང་བས་ནི། །ཕྱོགས་བཅུའི་ཞིང་རྣམས་མ་ལུས་མཐོང་། །ཞེས་སོ། །དབྱེ་ན་གསུམ་སྟེ། དབང་པོ་རབ་གཏན་ཚིག་གིས་རྟོགས་པར་བྱ་བ་དང་། དབང་འབྲིང་རང་བཞིན་འབྲས་བུའི་རྟགས་ལ་བརྟེན་ཏེ་རྟོགས་པར་བྱ་བ། དབང་རྟུལ་བརྒྱུད་ནས་རྟོགས་པར་བྱ་བའོ། །དང་པོ་ནི། ལམ་རྣམ་བཀོད་དུ། དེ་ལྟར་ཚུལ་གསུམ་བརྗོད་པ་ཡིས། །མཐོང་བ་གང་ཡིན་ཤེས་རབ་ཅན། །དེ་ཡང་མངོན་སུམ་གཞན་སྤངས་ཏེ། །སྒྲ་ཚིག་རྟེན་འབྲེལ་ཞེན་ཙམ་མིག །ཡུལ་མིང་རང་རིག་བདེན་དབྱེར་མེད། །བློ་ཡི་གཏིང་གོ་མངོན་སུམ་ཡུལ། །ཞེས་སོ། །གཉིས་པ་ལ་རང་བཞིན་གྱི་རྟགས་ནི། ཤེས་རབ་སྤྱན་འབྱེད་ལས། དང་པོ་རང་གི་རིག་པ་ཡིས། །ཆོ་འཕྲུལ་སྣང་བའི་འབྱུང་བ་དང་། །ཕྱོགས་དང་ཁ་དོག་ལ་སོགས་ཀྱང་། །མཚོན་ཇི་བཞིན་ཉིད་རྟོགས་བྱེད་པ། །ཞེས་པས། འདི་ལྟར་རགས་པ་ལྟར་སྣང་བའི་མ་དག་པ་འཇིག་རྟེན་གྱི་ཁམས་འདི་ཡང་རང་གི་རིག་པ་ཡེ་ཤེས་ལྔའི་ཆོ་
འཕྲུལ་ཡིན་ཏེ། དེའི་རྟགས་སུ་སུས་ཀྱང་བྱས་པ་མེད་པར་གཟུགས་སྒྲ་དྲི་རོ་རེག་སྟེ་ཡུལ་ལྔ༑ ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ལྔ། དཀར་སེར་དམར་ལྗང་མཐིང་ཁ་སྟེ་ཁ་དོག་ལྔ་ལ་སོགས་པ་འདི་དག་རང་བཞིན་གྱིས་ཡོད་པ་ལྟར་སྣང་བའི་ཆོས་ཏེ། བཤགས་རྒྱུད་ལས། ཁ་དོག་ལྔ་དང་ཡུལ་ལྔ་ལ་སོགས་པ། །ཡེ་ནས་རིགས་ལྔའི་རང་བཞིན་ཡིན་པ་ལ། །ཞེས་སོ། །འབྲས་བུའི་རྟགས་ནི། སེམས་ཉིད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པའི་རང་བཞིན་རང་ཆས་སུ་བཞུགས་པ་མཚོན་ཕྱིར་རྡུལ་ཚོན་དང་ཆུ་ཚོན་ལ་སོགས་པས་རྟེན་དཀྱིལ་འཁོར་བརྟེན་པ་སྐུ་གཟུགས་དང་། བུམ་པ་མེ་ལོང་ལ་སོགས་པའི་སྒྲུབ་རྫས་འགོད་པ་སྟེ། དེ་ལས། གཅིག་ཤེས་མཐར་ཕྱིན་ཡེ་ཤེས་ཀྱི། །དཀྱིལ་འཁོར་རྟེན་དང་བརྟེན་ཅན་ལྟར། །ཞེས་སོ། །གསུམ་པ་ལ། ཉེ་རིང་གཉིས་ཀྱི་ཉེ་བ་ནི། སྔ་མ་ལས། བསྒོམ་པའི་ལམ་དུ་བསྟན་པར་བྱ། །རིམ་པར་སྐྱེ་ལ་ཐེ་ཚོམ་མེད། །ཅེས་པས། ཐོས་པའི་ཤེས་རབ་ཀྱིས་མི་གོ་བའི་རིགས་ལ་རྩ་མདུད་འགྲོལ་བའི་དམིགས་པ་ཕྲ་མོ་ཞིག་བསྟན་པས། དེས་རྩ་མདུད་གྲོལ་ནས་གནས་ལུགས་ཀྱི་དོན་རྟོགས་པ་ཡོད་དེ། དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཤིང་ཁི་པ་དེ་བློ་ཤིན་ཏུ་རྟུལ་བས་ཉིན་ཞག་མང་པོར་ཆོས་ཚིག་གཅིག་ཀྱང་མ་ཟིན་པས་སློབ་དཔོན་ཀླུ་སྒྲུབ་ཐུགས་ཆད་དེ། མགོ་ལ་རྭ་སྐྱེས་པར་སྒོམས་གསུངས་པས་དེ་སྒོམ་སླ་བར་ཤེས་ནས་བསྒོམས་པས་དམིགས་པ་གྱད་དུ་གྱུར་ཏེ་མགོའི་རྭ་བྲག་ཕུག་ལ་ཐོགས་པའི་སྣང་བས་ལངས་མ་ཤེས་པ་སློབ་དཔོན་གྱིས་མཁྱེན་ཏེ། ཐབས་ཟབ་པར་མཁྱེན་ནས། རྩ་མདུད་འགྲོལ་བའི་དམིགས་པ་ཕྲ་མོ་ཞིག་བསྟན་པས་གྲོལ་བ་ལྟ་བུ་ཉེ་བའི་དབང་རྟུལ། རིང་བ་ནི། ལམ་རྣམ་བཀོད་ལས། དེ་མིན་རྒྱུ་ཙམ་གསོག་བྱེད་པ། །རྒྱུད་ལས་འདི་སྐད་གསུངས་པ་སྟེ། །ཆོས་ཉིད་རྟེན་ཅིང་འབྲེལ་བྲིས་ནས། །ཆོས་ཉིད་དོན་རྣམས་རྟོགས་པར་འགྱུར། །ཞེས་པ་སྟེ། རེ་ཞིག་རྟོགས་པའི་སྐལ་བ་མེད་པ་དག་ལ་སྒྲིབ་པ་སྦྱོང་ཕྱིར་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་སྐོར་བ་བྱེད་པ་དང་། ལྷན་ཅིག་རྟེན་འབྲེལ་སྙིང་པོ་ཟློས་ཤིང་བསགས་སྦྱང་ལ་འབད་པས་རྟོགས་པར་འགྱུར་བ། དཔེར་ན་ཆོས་རྗེ་དོན་
འགྲུབ་རིན་ཆེན་པ་ལྟ་བུ་སྟེ། དེ་ནི་དང་པོར་ཐུགས་རབ་ཤིན་ཏུ་བུལ་བ་ལས་ཉིན་མཚན་རིང་སྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ལ་རྟེན་འབྲེལ་སྙིང་པོ་བཟླས་ཤིང་སྐོར་བ་མཛད་པས་ཇེ་ཞིག་ན་ཞབས་ཐམས་ཅད་རྨར་སོང་བ་ན། ད་དུང་འབད་པས་ཞབས་ཀྱི་རྨ་ཡང་རང་ཤུགས་ཀྱིས་དྭངས་ཤིང་། མཁྱེན་རབ་ཐོགས་མེད་དུ་ཀློང་རྡོལ་བ་ལྟ་བུའོ། །གཉིས་པ། ལ་དོར་བ་སྤྱོད་པ་བཤད་པ་ཡང་གསུམ་སྟེ། དང་པོ་ངོ་བོ་ནི། ལམ་པའི་སྒོ་གསུམ་གྱི་བྱ་བར་གྱུར་པ་སྟེ། འདི་ཉིད་ལས། ལུས་ངག་སེམས་དང་ཆོས་ཐམས་ཅད། །གང་ནའང་མི་གནས་མི་དམིགས་པས། །ཞེས་སོ། །ངེས་ཚིག་ནི། ཙཪྻའི་སྒྲ་ལས་སྤྱོད་པ་སྟེ༑ སྒོ་གསུམ་དོན་ཡོད་པར་བྱ་བའི་ཕྱིར་སྔགས་ཀྱི་སྤྱད་པ་ལ་སྤྱོད་པའི་ལས་ཅན་ནོ། །དེ་ཡང་ཁོག་གཞུང་ལས། སྒོ་གསུམ་ལས་ཕྱིར་ངེས་ཚིག་འགྲུབ། །ཅེས་སོ། །དབྱེ་ན། སྤྱིར་མཉམ་བཞག་དང་རྗེས་ཐོབ་གཉིས་ལས། དང་པོ་ནི། ལམ་ལྔ་དང་རིག་འཛིན་བཞིའི་གནས་ཀྱི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་སྤྱོད་པ་དེ་ཡིན་ལ། གཉིས་པ་ནི། རིམ་གསུམ་ལས། རྗེས་མཐུན་སྤྱོད་པ་གཞུང་བཞིན་སྤྱད། །ཅེས་པས། ལས་དང་པོ་པའི་གནས་སྐབས་སུ་དགེ་སྦྱོང་གི་སྤྱོད་པ་ལྟར་བག་དང་ལྡན་པ་ལ་བསླབ་པར་བྱ་བ་སྟེ། དེ་ལ་ཡང་། མི་མཐུན་པའི་རྐྱེན་ལ་བྱོལ་བ་དང་། མཐུན་པའི་རྐྱེན་ལ་སྤྱོད་པ་གཉིས། དང་པོ་ནི། སྤྱོད་ཡུལ་སྦྱོང་བའི་བསམ་གཏན་ལས། སྙན་དགའ་མི་སྙན་མི་དགའ་དང་། །དེ་བཞིན་བ སྟོད་སྨད་གྲགས་མ་གྲགས། །རྙེད་དང་མ་རྙེད་ཆོས་བརྒྱད་པོ། །ཐམས་ཅད་རིང་དུ་བཏང་བར་བྱ། །ཞེས་པ་ལྟར། འཇིག་རྟེན་ཆོས་བརྒྱད་སོགས་ཁ་ན་མ་མཐོ་བའི་ལས་ཐམས་ཅད་རིང་དུ་སྤངས་ཤིང་། གཞན་གྱི་དགེ་བ་སྤེལ་བའི་ཕྱིར། བསམ་པ་ལ་མི་སྒྲིབ་ན། ཐུན་མཇུག་འཚམས་པའི་སྤྱོད་པ་ལ་འཇུག་པར་བྱ་བ་སྟེ། རྡོ་རྗེ་རྩེ་མོ་ལས། བརྟན་པ་མ་ཐོབ་བར་དུའང་། །ཁ་ན་མ་ཐོ་རྡུལ་མེད་ཅིང་། །སྡོམ་པ་གསུམ་ལ་གནས་པར་བྱ། །ཞེས་གསུངས་སོ། །མཐུན་པའི་རྐྱེན་ལ་སྤྱོད་པ་ནི་ཐུན་མཚམས་ཀྱི་བྱ་བའི་ཆ་གཙོ་བོར་སྟོན་པ་སྟེ་དབུས་མཐའ་རྣམ་འབྱེད་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་
སེམས་པ་དང་བསྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་པས་ཆོས་སྤྱོད་བཅུ་དང་། གཞན་ཡང་ཟས་གོས་ཀྱི་རྣལ་འབྱོར། གཏོར་མ༑ ཆུ་སྦྱིན། སཱཙྪ། མཎྜལ། ཕྱག སྐོར། རྒྱུན་བཤགས་སོགས་སྔོན་འགྲོ་བྱང་ཆུབ་ཀྱི་སེམས་དང་དངོས་གཞི་རྣམ་པར་མི་རྟོག་པའི་ཤེས་རབ། རྗེས་བསྔོ་བས་ཟིན་པའི་སྒོ་ནས་སྤྱད་པར་བྱའོ། །དེ་ནས་ཅུང་ཟད་གོམས་པས་མཉམ་རྗེས་བསྲེ་ནུས་པ་ན། ཁྱད་པར་གྱི་སྤྱོད་པ་གྲོལ་ལམ་བག་ཡོད་ཀྱི་སྤྱོད་པ་དང་ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་གཉིས་ལ་སྤྱོད་པར་བྱ་བ་སྟེ། དེ་ལ་གྲོལ་ལམ་བག་ཡོད་ཀྱི་སྤྱོད་པ་དེ་ལ་ཡང་རིམ་གྱིས་པ་དང་། ཅིག་ཅར་བའོ། །དང་པོ་ལ་ཟག་བཅས་དང་། ཟག་མེད་ཀྱི་ལམ་དུ་ཇི་ལྟར་སྤྱོད་པ་ལས། དང་པོ་ལ། དད་བརྩོན་གྱི་སྤྱོད་པ། ཤེས་རབ་དང་མཐུན་པ། ཐབས་དང་མཐུན་པ། ཕྱོགས་གཅིག་པ། སྤྲོས་བཅས། ཚོགས་སྒྲུབ་དང་དྲུག་ལས། ལྟ་བ་གཏན་ལ་འབེབས་པའི་དུས་སུ་རྒྱུད་འགྲོལ་བ་སོགས་ལ་གཙོ་བོར་བསླབ་དགོས་པ་སྟེ། དེ་ཡང་དོན་བསྡུས་ལས། རྒྱུད་འགྲོལ་བ་ནི་ཐོས་བསམ་སྟེ། །མཁས་ལྡན་དམ་པའི་བླ་མ་ལས། །དད་དང་སྲི་ཞུ་གུས་པ་ཡིས། །དོན་གང་ཉན་ཅིང་རྟོགས་བྱེད་དགྲོལ། །སྒོ་བསྡུར་བ་ནི་ཐེག་པ་རྣམས། །ཤེས་པར་བྱེད་དག་རྩོལ་བ་སྟེ། །གོལ་སྒྲིབ་ཕྱོགས་སུ་གང་གསུང་དག །བཅད་ཕྱིར་དེ་དག་རིག་ཤེས་བྱེད། །ཕུལ་དུ་བྱུང་བའི་དོན་དེ་ཉིད། །མཁས་ཤིང་རབ་ཏུ་ཤེས་བྱེད་པ། །ཐག་བཅད་པ་ནི་ལྟ་བ་སྟེ། །ཇི་བཞིན་མ་ནོར་ཤེས་རབ་ཉིད། །ཅེས་པ་ལྟར་རོ། །གཉིས་པ་སྟོང་པ་ཆེན་པོའི་རྣལ་འབྱོར་ལ་དེ་དང་རྗེས་སུ་མཐུན་པའི་སྤྱོད་པ་སྟེ། རྒྱས་པ་ལས། བྱ་བ་མེད་ལས་བྱ་ལས་བྱ། །ཞེས་པ་ལྟར་ཏེ་མི་དམིགས་པ་ཤེས་རབ་དང་མཐུན་པའི་སྤྱོད་པ་ཞེས་བྱའོ། །གསུམ་པ་སྙིང་རྗེ་སྒྱུ་མའི་སྐབས་སུ་སྤྱོད་ཡུལ་ཐམས་ཅད་སྒྱུ་མ་ལྟར་ཤེས་ཤིང་སྤྱོད་པ་སྟེ། རྒྱས་པ་ལས། ཐབས་ཀྱིས་ཕ་རོལ་ཕྱིན་པར་སྤྱོད། །ཅེས་པས་ཐབས་དང་མཐུན་པའི་སྤྱོད་པའོ། །བཞི་པ་ཕྱག་རྒྱ་གཅིག་པའི་དུས་སུ་རྗེས་ཐོབ་ཀུན་ཏུ་དེ་དང་མཐུན་པའི་སྤྱོད་པ་སྟེ། ལམ་རིམ་ལས། རྒྱུ་འབྲས་མཚམས་སྦྱོར་བར་སྐབས་སུ། །ཆོས་སྤྱོད་དགུ་ཡི་སྤྲོས་པ་དོར། །
རྒྱུད་ལ་ལྡན་ཡང་བླང་བྱ་མིན། །མཚན་མའི་གཡེང་བ་ཡིན་པའི་ཕྱིར། །ཞེས་པས་ཐུན་མཚམས་ཀྱི་བྱ་བ་གཞན་ཐམས་ཅད་དོར་ཏེ་ཕྱོགས་གཅིག་པའི་རྣལ་འབྱོར་གྱི་སྤྱོད་པ་བྱ་བའོ། །ལྔ་པ་ཕྱག་རྒྱ་སྤྲོས་བཅས་ཀྱི་སྐབས་སུ་སྤྱོད་ཡུལ་ཐམས་ཅད་ལྷའི་རྣམ་རོལ་དུ་ལྟ་ཞིང་གོམས་པར་བྱེད་པ་སྟེ། ལམ་རིམ་ལས། སྤྱོད་ཡུལ་མཐོང་ཐོས་ཐམས་ཅད་ཀུན། །འགྲོ་དང་འདུག་དང་ཉལ་བ་ན། །དཀྱིལ་འཁོར་གཉིས་ཀྱི་རྣལ་འབྱོར་ལས། །མ་ཉམས་དེ་ཡི་དབྱིངས་ན་གནས། །ཤེས་རབ་མཆོག་གིས་རྟག་ཏུ་སྤྱོད། །ཅེས་སོ། །དྲུག་པ་བར་ཆད་མེད་ལམ་ཚོགས་སྒྲུབ་ཀྱི་སྤྱོད་པ་ནི། ཡོ་བྱད་ལྔ་ལ་བླང་དོར་མེད་པ་རྨད་བྱུང་ཚོགས་ཀྱི་སྤྱོད་པ་སྟེ། ལམ་རིམ་ལས། སྤྱོད་ལམ་ཡོ་བྱད་ལྔ་སྤྱོད་ཅིང་། །དངོས་སུ་མཆོད་པ་རྣམ་གཉིས་པོ། །ཞེས་སོ། །རིག་འཛིན་བཞིའི་སྐབས་ཀྱི་སྤྱོད་པ་ནི། དོན་གཉིས་ལྷུན་གྲུབ་ཀྱི་སྤྱོད་པ་མཐའ་ཡས་པར་སྟོན་པ་སྟེ། ཀུན་འདུས་ལས། དམ་པའི་དོན་ཏེ་སྤྱོད་མཆོག་བཞིན། །ཞེས་སོ། །གཉིས་པ་གྲོལ་ལམ་ཅིག་ཅར་བའི་སྤྱོད་པ་ལ་རྗེས་ཤེས་སུ་ཇི་ལྟར་སྤྱོད་ཀྱང་མི་དམིགས། མ་ཆགས། བྱ་རྩོལ་འཛིན་རྟོག་དང་བྲལ་བ་རྨད་དུ་བྱུང་བའི་སྤྱོད་པ་སྟེ། འདི་ཉིད་ལས། སྤྱོད་པས་ཅི་ལའང་ཐོགས་མེད་པ། །ཞེས་སོ། །གཉིས་པ་ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་ནི། གཙང་རྨེའི་རྣམ་པ་ཅི་ལའང་མི་དམིགས་པའི་བློས་མཉམ་པ་ཉིད་དུ་སྤྱོད་པ་སྟེ། རྒྱས་པ་ལས། སེམས་ཅན་རྟོག་པ་ལྡོག་ཕྱིར་སྨན། །གཙོ་རུ་དང་དུ་བླང་བར་བྱ། །བྱང་ཆུབ་སེམས་དང་ཤ་ཆེན་དང་། །དྲི་ཆེན་དྲི་ཆུ་རཀྟ་རྣམས། །སྒྲུབ་པ་པོ་ཡིས་རྟག་ཏུ་ཟ། །ཞེས་སོ། །དེར་མ་ཟད། ཐབས་མཁས་ཀྱིས་རྩིས་ཟིན་པའི་གདེངས་དང་ལྡན་ན་འཁོར་བའི་ཆོས་ཅི་ལའང་སྤྱོད་པ་སྟེ༑ ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །ཅེས་སོ། །གསུམ་པ་བཀོད་པ་དཀྱིལ་འཁོར་ནི། དཀྱིལ་འཁོར་དབང་དང་དམ་ཚིག་གསུམ། །གསང་སྔགས་ཀུན་གྱི་གཞུང་ཤིང་ཡིན། །ཞེས་གཙོ་བོར་གསུངས་ཕྱིར་ཅུང་ཟད་བཤད་ན། ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། དང་པོ་ནི། དབང་སྒྲུབ་དང་མཆོད་ཕྲིན་ལ་སོགས་
པའི་དུས་སུ་བདག་གཞན་གྱི་དོན་བྱེད་པའི་རྟེན་དུ་གྱུར་པ་: ཅི༼སྟེ༽། གཞན་སེལ་དུ་དེ་དག་གི་མི་མཐུན་པ་སེལ་ཤིང་། དོན་དུ་གཉེར་བའི་དགོས་པ་སྒྲུབ་པའི་ཆེད་དང་། དངོས་གྲུབ་ཀྱི་ཐབས་དང་རྟེན་ནི་དཀྱིལ་འཁོར་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་། ཐུགས་ཐིག་ལས། གནས་སྐབས་བདུན་ཏུ་སྙིང་པོ་ལེན། །བཀོད་པ་གང་རྫོགས་དེ་ངོ་བོ། །ཞེས་པས། བཀོད་པ་ལྷའི་འཁོར་ལོ་རྫོགས་པར་སྣང་བའོ། །གསུམ་པ་ངེས་ཚིག་ནི། མཎྜ་ལ་ཞེས་པའི་སྒྲ་ལས། མཎྜ་ནི་སྙིང་པོའམ་དཀྱིལ་དང་། ལ་ནི་ལེན་པའམ་འཛིན་པ་ལ་བྱ་བས། སྙིང་པོའི་གཞི་འཛིན་པའམ། སྙིང་པོ་ལེན་པའི་དོན་ཏེ། འགྲེལ་ཆུང་ལས། མཎྜ་ཞེས་བྱ་སྙིང་པོའི་དོན། །ལ་ཞེས་པ་ནི་ལེན་པའོ། །ཞེས་སོ། །རྣམ་པ་གཅིག་ཏུ་ན། མཎྜ་ལ་ཞེས་ཁོ་ར་ཁོར་ཡུག་གི་དོན་ལ་འཇུག་པ་སྟེ། སྤྱིར་དཀྱིལ་འཁོར་ཞེས་པ། གང་གཙོ་བོ་ལ་འཁོར་གྱིས་བསྐོར་བའི་དོན་ལ་འཇུག་སྟེ། ཐུགས་ཐིག་ལས། བདུན་གྱི་གཙོ་སྙིང་གང་གང་ལ། །དེ་ཡི་འཁོར་ལྡན་ངེས་པའི་ཚིག །ཅེས་སོ། །དབྱེ་ན། རྒྱུད་ཕྱི་མ་ལས། སྐུ་གསུང་ཐུགས་ཀྱི་དབྱེ་བ་ལས། །དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། །ཅེས་གསུམ་དུ་དབྱེ་བ། དེ་ལས། ཡང་ན་བྷ་ག་སོགས་དབྱེ་དང་། །ལས་ཀྱི་ཕྱག་རྒྱ་སོགས་དབྱེ་བས། །གང་ཡང་རྣམ་པ་ལྔར་འདོད་དོ། །ཞེས་ལྔ་དང་། རྒྱས་པ་ལས། འདི་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་གསུམ། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་བདུན་དང་། འགྲེལ་ཆུང་ལས། དཀྱིལ་འཁོར་རྣམ་པ་བཅུ་གཉིས་ཏེ། །དེ་བཞིན་ཉིད་དང་རང་བཞིན་དང་། །ཐུགས་རྗེ་འདུལ་བའི་དཀྱིལ་འཁོར་དང་། །ཏིང་ངེ་འཛིན་དང་གཟུགས་བརྙན་དང་། །ལྷག་པའི་ཏིང་འཛིན་གཟུགས་བརྙན་དང་། །བྱང་ཆུབ་སེམས་དང་ལྷག་བྱང་སེམས། །ཚོགས་དང་ལྷུན་གྲུབ་དཀྱིལ་འཁོར་རོ། །ཞེས་བཅུ་གཉིས་སུ་བཤད་པ་རྣམས་ལས། འདིར་གང་བཞག་ན། བརྒྱུད་པའི་མན་ངག་གི་བཀའ་སྲོལ་བར་མ་ལྟར་འཆད་པར་མཛད་པ་ལས། དེའི་དབང་དུ་བྱས་ན། རང་བཞིན་གྱི་དཀྱིལ་འཁོར། གཟུགས་བརྙན་གྱི་དཀྱིལ་འཁོར། ལྷག་པ་གཟུགས་བརྙན་གྱི་དཀྱིལ་
འཁོར། ཏིང་འཛིན་གྱི་དཀྱིལ་འཁོར། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། ཚོམ་བུའི་དཀྱིལ་འཁོར་དང་བདུན་ལས། དང་པོ་རང་བཞིན་གྱི་དཀྱིལ་འཁོར་ལ། ཁོག་གཞུང་ལས། རང་བཞིན་ཉིད་དང་ལྷུན་གྲུབ་དང་། །མཐར་ཕྱིན་འབྲས་བུ་སྐབས་ཀྱི་གསུམ། །ཞེས་པས་གསུམ་ལས། དང་པོ་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་རྣམ་པར་དག་པའི་གནས་ལུགས་ཏེ། དེ་ཉིད་ལས། ཆོས་ཉིད་རང་བཞིན་སྤྲོས་བྲལ་ཏེ། །དངོས་པོ་ཀུན་ཀྱང་དེ་བཞིན་པས། །རང་བཞིན་ཉིད་ཀྱི་དཀྱིལ་འཁོར་ཡིན། །ཞེས་སོ། །གཉིས་པ་རང་བཞིན་ལྷུན་འགྲུབ་ཀྱི་དཀྱིལ་འཁོར་ནི། རྟོག་ཚོགས་ཐམས་ཅད་ཡེ་ནས་ལྷའི་དཀྱིལ་འཁོར་དུ་གནས་པ་སྟེ། ཁོག་གཞུང་ལས། དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད། །ཁམས་དང་སྐྱེ་མཆེད་ལ་གནས་པ། །ལྷུན་གྱིས་འགྲུབ་པར་རྒྱལ་བས་གསུངས། །ཞེས་སོ། །གསུམ་པ་རང་བཞིན་འབྲས་བུའི་དཀྱིལ་འཁོར་ནི༑ འོག་མིན་ཆོས་ཀྱི་དབྱིངས་སུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་ཏེ། དེ་ལས། འབྲས་བུ་མཐར་ཕྱིན་འོག་མིན་ན། །བཞུགས་པ་དཀྱིལ་དང་འཁོར་གྱི་ཚུལ། །ཞེས་སོ། །གཉིས་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི། དོན་དམ་པའི་གཟུགས་བརྙན་ཀུན་རྫོབ་ལྷའི་དཀྱིལ་འཁོར་དུ་ཤར་བ་སྟེ། རྒྱས་པ་ལས། གཟུགས་བརྙན་དཀྱིལ་འཁོར་ཡང་དག་ནི། །ཆེན་པོ་རགས་པ་ཐབས་སུ་རྟོགས། །སོ་སོའི་མཚན་ཉིད་ཤེས་རབ་རྟོགས། །གཉིས་མེད་འབྲེལ་བ་ཐབས་ཆེན་ཡིན། །ཞེས་སོ། །གསུམ་པ་ལྷག་པ་གཟུགས་བརྙན་ནི། དཀྱིལ་འཁོར་གྱི་ལས་དང་བྱ་བས་ལྷག་པ་སྟེ། ས་ལ་སོགས་པ་ལས་ཕྱག་རྒྱའི་མཚན་མར་བྱས་པའོ། །དེ་ལ་གང་གི་རྟེན་དུ་དགོས་པའི་སྒོ་ནས་དབྱེ་ན་དྲུག་སྟེ། དབང་དང་། མཆོད་པ། རབ་གནས། ཚོགས་སྒྲུབ། ཐུན་མོང་གི་སྒྲུབ་པ། འཕྲིན་ལས་ཀྱི་དཀྱིལ་འཁོར་དང་དྲུག་ལས། འདིར་དབང་དང་ཚོགས་སྒྲུབ་གཉིས་ལ་བརྟེན་པའི་དཀྱིལ་འཁོར་བཞེང་ཚུལ་སྟོན་པ་སྟེ། དེ་ཡང་འདི་ཉིད་ལས། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཅེས་པས་ཐོག་མར་སློབ་དཔོན་གྱིས་ཤིན་ཏུ་ཕྲ་བའི་ཏིང་འཛིན་ལ་གནས་པའི་ཚུལ་གྱིས་
བསྙེན་པར་བྱ་སྟེ། སློབ་མ་ལ་དབང་བསྐུར་བའི་ཆེད་དུ་ཡིན་ན་ལམ་མོས་སྒོམ་གྱི་ཚུལ་གྱིས་གྲངས་དུས་མཚན་མའི་བསྙེན་པ་གང་རུང་དང་། ཚོགས་སྒྲུབ་ཀྱི་ཆེད་དུ་ཡིན་ན་ལམ་ངེས་རྫོགས་ཀྱི་ཚུལ་གྱིས་ཕྱག་རྒྱ་སྤྲོས་བཅས་མན་ལ་བརྟན་པ་ཐོབ་པར་བྱ་བ་ཉིད་དོ། །དེ་ནས་དཀྱིལ་འཁོར་གྱི་ལས་ལ་འཇུག་པ་ནི། རྡོ་རྗེ་ལས་རིམ་ལས། ས་གཞི་མཉམ་དང་ཚད་དང་ཐིག །ཚོན་དང་འབྲི་དང་རྣམ་པ་དང་། །རབ་གནས་སྦྱིན་སྲེག་དཀྱིལ་འཁོར་དུ། །འཇུག་དང་ཞུགས་པའི་ཡོན་ཏན་ནོ། །ཞེས་པ་ལྟར་བཅུ་ལས། དང་པོ་ལ་ས་གཞི་བརྟག་པ། ས་རང་གི་མཚན་ཉིད་བརྟག བསླང་བ། དབང་དུ་བྱ་བ། སྦྱང་བ། བྱིན་གྱིས་རློབ། བསྲུང་བ། ས་གཟུང་བ་དང་བརྒྱད་དོ། །དེ་ལྟར་ཡང་ལས་རིམ་ལས། གཞི་དང་རང་མཚན་བླང་བ་དང་། །སྦྱང་བྱིན་བསྲུང་དང་གཟུང་བ་ནི། །དང་པོའི་ཉིང་ལག་ཉིད་དུ་བཤད། །ཅེས་སོ། །དེ་ལ་དང་པོ་ནི། རྔམ་གློག་ལས། གནམ་དང་ས་དང་བར་སྣང་རྣམས། །ལེགས་པར་བརྟགས་ཏེ་ལས་རྣམས་བྱ། །ཞེས་པ་ལྟར་གནམ་ས་བར་སྣང་གི་དཔྱད་ལ་བརྟག་པ་ལས། དང་པོ་གནམ་ལ་བརྟག་པ་ནི། ལས་རིམ་ལས། ཟུར་བརྒྱད་ལ་སོགས་རྩེ་མང་དང་། །ཆུ་བོ་བཞིན་དུ་མ་བོ་བཞིན། །མཉམ་ཞིང་འོ་ཁ་ཆུ་ལྟར་དྭངས། །ཉི་མ་ཤིན་ཏུ་གནས་པ་ནི། །ནམ་མཁའི་མཚན་ཉིད་ཤེས་པར་བྱ། །ཞེས་སོ། །གཉིས་པ་བར་གྱི་རི་སྒྲོས་ལ་བ རྟག་པ་ནི། ཕྱོགས་ཀྱི་རི་ལ་བརྟག་པ་དང་། མཚམས་ཀྱི་ས་དགྲ་ལ་བ རྟག་པའོ། །དང་པོ་ནི། དེ་ཉིད་ལས། ཤར་ལྷོ་གཞོལ་ཤིང་འཇམ་པ་ལ། །མཐོ་དང་འདུད་པ་ནུབ་བྱང་ཡིན། །ཞེས་སོ། །མཚམས་ཀྱི་ས་དགྲ་ལ་བརྟག་པ་ནི། དེ་ལས། དཀྱིལ་འཁོར་དབང་དགྲ་མཚམས་བརྟག་བྱ། །ཞེས་པ་སྟེ༑ དེའི་ཚུལ་ཡང་རྔམ་གློག་ལས། གཤིན་རྗེ་གདུག་པའི་མདུང་རྩེ་དང་། །སྲིན་མོ་ངུས་པའི་མཆི་རྗེས་དང་། །གནོད་སྦྱིན་ཁྲོས་པའི་སྦར་རྗེས་དང་། །འབྱུང་པོ་རྐུན་མོའི་འཇོལ་ས་དང་། །ཞེས་པས། ཤར་ལྷོར་སྲིན་པོའི་མདུང་རྩེ། ལྷོ་ནུབ་ཏུ་སྲིན་མོའི་ངུས་རྗེས། ནུབ་བྱང་དུ་གནོད་སྦྱིན་གྱི་སྦར་རྗེས། བྱང་ཤར་དུ་འབྱུང་ས་རྣམས་མེད་པའོ། །གསུམ་པ་འོག་གི་ས་གཞི་ལ་བརྟག་པ་ནི། ལས་རིམ་ལས། ལྷུན་སྟུགས་རི་བོ་ནགས་ཚལ་ལྡན། །རབ་ཏུ་
མཉམ་ཞིང་སྣུམ་བག་ཅན། །ཆུ་བོ་དབང་གི་ཕྱོགས་ཡིན་ཏེ། །ཅུང་ཟད་ཀྱིས་ནི་རླུང་ཉུང་ཞིང་། །མེ་ཏོག་ཤིང་ཚལ་བྱ་སྐད་རྟགས། །ལོ་རྒྱུས་ཤིས་པ་མཆོག་ཏུ་གསུངས། །གཉིས་པ་རང་གི་མཚན་ཉིད་ལ་བརྟག་པ་ལ་བཟང་ངན་གཉིས་ཀྱི། ངན་པ་ནི། དེ་ལས། མཚན་ཉིད་སྦྱོང་བ་ཕྱོགས་གསུམ་སྟེ། ཞེས་པ་ལྟར་གསུམ་ལས། ཕྱི་ངན་པ་ནི། དེ་ཉིད་ལས། ཐང་ག་སོག་ལེ་ལྟ་བུ་དང་། །དམའ་དང་བོ་བའི་མཚན་ཉིད་དང་། །ཚ་སྒོ་ཟུག་རྡོ་རུས་སྦལ་དང་། །ཞེས་སོ། །ནང་ངན་པ་ནི། དེ་ལས། གྲམ་པ་ཐལ་བ་ཤིང་སོལ་དང་། །གྱོ་མོ་རུས་པ་:གསོང་༼གསེག༽ལ་སོགས། །ཞེས་པས་སོ། །གཉིས་ཀ་ངན་པ་ནི། ནྱ་གྲོ་ཏ་དང་པ་ལ་ཤ །ཨུ་དུམ་འབར་བ་ཨ་ཤྭཏྟྭ། །ཨརྫུ་ན་ལ་སོགས་པའི་ཚུལ། །འདོད་པ་མི་སྦྱིན་སྦྱང་སྤོ་བྱ། །ཞེས་སོ། །བཟང་བའི་མཚན་ཉིད། དེ་ལས། བཀྲ་ཤིས་རྩ་དང་མེ་ཏོག་ཤིང་། །རྣག་དང་ཁ་དོག་ལྡན་པ་དང་། །རྩིགས་མ་རྒྱུས་པ་རབ་ཉུང་ཞིང་། །ལྷག་པར་གྱུར་པ་མཆོག་ཏུ་བཤད། །ཅེས་སོ༑ ༑དེ་ལས་ཁྲོ་བོའི་དཀྱིལ་འཁོར་ནི་མ་མོ་དང་མཁའ་འགྲོ་འདུ་བའི་གནས་དུར་ཁྲོད་རབ་ཏུ་འཇིགས་ཤིང་སྐྱི་གཡའ་བ་དག་ཤིས་ཏེ། ཁྲོ་བོའི་ལས་རིམ་ལས། སྐྱོན་དག་སྤངས་ཏེ་དུར་ཁྲོད་དུ། །དངོས་བ སྒྲུབ་ཁྲོ་བོ་སྒྲུབ་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་བསླང་བ་ནི། རྔམ་གློག་ལས། རྩོད་པ་ཉེ་བར་ཞི་བྱའི་ཕྱིར། །མངོན་དང་མི་མངོན་བདག་པོ་ལ། །སེར་སྣ་སྤངས་པའི་ཡིད་ཀྱིས་ནི། །རིན་བཅལ་བདེ ན་པ་བསྒོས་ལ་བསླངས། །ཞེས་པས། སྣང་བ་ལ་བསླང་བ་དང་། མི་སྣང་བ་ལ་བསླང་བ་གཉིས་ཀྱི། དང་པོ་ནི། རུང་བར་མཐོང་ནས་ས་དེའི་བདག་པོ་རྒྱལ་པོ་ལ་སོགས་པ་ལ་རིན་བཅལ་ཏེ་སློང་བའོ། །གཉིས་པ་ནི༑ བདེ་བར་གཤེགས་པ་ལ་བསླང་བ་དང་སའི་ལྷ་མོ་འཁོར་བཅས་ལ་བསླང་བ་གཉིས་ཀྱི་དང་པོ་ནི། ལས་རིམ་ལས། ཤིན་ཏུ་བརྟགས་པའི་ས་དབུས་སུ། །དཀྱིལ་འཁོར་ལྕི་བ་དྲི་ཡིས་བྱུགས། །མཉམ་ཞིང་གླང་ཀོ་ཙམ་བྱས་ལ། །ག་པུར་ཙནྡ་ལྡན་པར་བྱ། །ཞེས་པ་ལྟར་ཆག་ཆག་བཏབ་ཅིང་ལས་གཞུང་བསྲངས་ཏེ། སའི་དངོས་གྲུབ་སྩོལ་བར་གསོལ་བ་གདབ་པའོ། །གཉིས་པ་ནི། རང་ཉིད་བདུད་རྩི་འཁྱིལ་པར་བསྐྱེད་པའི་མདུན་དུ་སའི་ལྷ་མོ་བསྐྱེད་
ལ༑ སྤྱན་དྲངས་ཏེ་མཆོད་ལ་ནམ་མཁར་དགེ་བའི་དཔང་དུ་བཞག་ལ། བར་ཆད་བསལ་བའི་ཕྱིར་ཞེ་སྡང་རྡོ་རྗེའི་ང་རྒྱལ་གྱིས་མཚམས་བཅད། ཏྲི་ཤུ་ལའི་ཕྱག་རྒྱ་བཅས་ཏེ་འདོད་དོན་གསོལ་བས་སའི་ལྷ་མོ་འཛུམ་པའི་འོད་དང་བཅས་ཏེ་ཐིམ་པས་ས་ཉིད་ཡེ་ཤེས་པ་གཞིར་བསམ་པའོ། །བཞི་པ་དབང་དུ་བྱ་བ་ནི། ལས་རིམ་ལས། དངོས་གྲུབ་དབང་དུ་བྱ་བའི་ཕྱིར། །ཟངས་སོགས་ཕུར་བུ་ཟླ་གམ་ལ། །ཧཱུྃ་ལས་བྱུང་བའི་དབང་མཆོག་ཁྲོ། །ཞེས་པ་ཟངས་ཀྱི་ཕུར་པ་དབལ་ཟླ་གམ་པ་པདྨ་ཀཱི་ལ་ཡ་ཞལ་གཅིག་ཕྱག་བཞི་བསྐྱེད་དེ། གནས་གསུམ་བྱིན་གྱིས་བརླབས་ནས་ས་གཞི་ལ་བཏབ་པས་འོད་དམར་པོས་ཁྱབ་སྟེ་བདག་གི་དབང་དུ་གྱུར་པར་བསམ་པའོ། །ལྔ་པ་སྦྱང་བ་ནི། ལས་རིམ་ལས། སྦྱང་བ་ལས་མེ་སྔགས་ཕྱག་རྒྱ། །ཏིང་ངེ་འཛིན་གྱིས་དག་པར་བྱ། །ཞེས་པས་དོན་བཞི་ལས། དང་པོ་ལས་དང་བྱ་བས་སྦྱང་བ་ནི། ལྟོ་ཕྱེ་བརྟགས་ཏེ་ལྟོ་བ་ནས་དོང་སྐེད་ནུབ་བམ་པུས་ནུབ་ཀྱི་ཚད་གང་རིགས་བརྐོས་ལ་སའི་རོ་རྣམས་བསལ་ཏེ། དེ་ལས། ཆུས་བཀང་གོམ་པ་བརྒྱ་ལྟ་བྱ། །ཞེས་པ་ལྟར་པྲ་བརྟག་གོ །གཏེར་གཞུག་ཅིང་སྟེགས་བུ་བརྩིག་པ་ནི། དེ་ནས་གོ་མ་ཡེ་སུམ་ཅུ་བཏང་སྟེ། དེ་ལྟར་ཡང་འདི་ཉིད་ལས། འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །ཞེས་སོགས་ཏེ། ཕུང་པོ་ལྔ་སྐུ་ལྔར་དག་བྱེད་ནས་འབྲས་གྲོ་སྲན་ཏིལ་དཀར་ཏེ་འབྲུ་ལྔ། དབང་པོ་ལྔ་འཕྲིན་ལས་ལྔར་དག་བྱེད། གུར་གུམ་གླ་རྩི་ཛ་ཏི་ཙན་དན་དཀར་དམར་ཏེ་སྤོས་ལྔ། ཡུལ་ལྔ་འདོད་ཡོན་ལྔར་དག་བྱེད། བྱི་རུ། མུ་མེན། མུ་ཏིག གསེར་དངུལ་ཏེ་རིན་ཆེན་ལྔ། རྣམ་ཤེས་ལྔ་ཡེ་ཤེས་ལྔར་དག་བྱེད། ལཉྩ་སྦྲང་རྩི་བུ་རམ། ཨ་འབྲས་མར་ཏེ་སྙིང་པོ་ལྔ། གསུང་ལྔར་དག་བྱེད། ཧ་ས་དེ་ཝ། བྲྀ་ཧ་ཏི། སྭ་ད་ཀཎྜ་ཀ་རི། ཨརྩི་ཏ་ཏེ་སྨན་ལྔ། བྱང་སེམས་དཀར་དམར་དྲི་ཆེ་ཆུང་། ཤ་ཆེན་བདུད་རྩི་ལྔ་རྣམས་ཏེ། ལྔ་ཚན་དྲུག་གི་ལྡེ་གུས་བྱུག་གོ །གཉིས་པ་མེས་སྦྱང་བ་ནི། ལས་རིམ་ལས། ཀུན་ནས་མཚན་མ་ངན་གྱུར་ན། །གཞན་དུ་བགྲོད་དམ་ཞི་བ་ཡིས། །མེ་ཡི་རབ་ཏུ་དག་པར་འགྱུར། །ཞེས་པ་ལྟར། ཞི་བའི་སྦྱིན་སྲེག་གིས་སྦྱང་བའོ། །གསུམ་པ་སྔགས་དང་ཕྱག་རྒྱས་སྦྱང་བ་ནི་མཚན་མ་འབྲིང་པོ་ཙམ་ལ་ལག་གཡས་
པར་ཉི་དཀྱིལ་འབྲུ་ལྔ་དང་བཅས་པ་བཀོད་དེ། ༀ་བཛྲ་ཧ་ན་ཧ་ན་ཀྲོ དྡྷ་ཧཱུྃ་ཕཊ། ཅེས་ལན་གསུམ་བརྡབ་པའི་འོད་ཀྱིས་སྦྱང་བའོ། །བཞི་པ་ཏིང་ངེ་འཛིན་གྱིས་སྦྱང་བ་ལ་གཉིས་ཏེ། མཚན་མེད་ནི། ཤུ་ནྱ་ཏའི་སྔགས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པའོ། །མཚན་བཅས་ནི། རང་རིག་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འབྱུང་ལྔའི་ས་བོན་སྤྲོས་ཏེ། འབྱུང་ལྔ་རིམ་བརྩེགས་ཀྱི་སྟེང་དུ། ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའོ། །དྲུག་པ་བྱིན་གྱིས་བརླབས་པ་ནི། སློབ་དཔོན་རྒྱས་པའི་ཆས་སུ་བཞུགས་ཏེ་དཀྱིལ་འཁོར་ལ་རྡོ་རྗེའི་འགྲོས་ཀྱི་མཐའ་སྐོར་ཞིང་ཤར་སྒོ་ནས་ཞུགས་ཏེ། དབུས་སུ་ཤར་དུ་གདོང་ཕྱོགས་པར་འདུག་ལ། གཙོ་བོ་ཡབ་ཡུམ་དུ་བསྐྱེད་པའི་སྦྱོར་མཚམས་བྱང་སེམས་ཀྱི་སྤྲིན་ལས་འཁོར་བསྐྱེད་དེ། སྤྱན་དྲངས་ནས་མཆོད་དེ། ཡུམ་བཞིའི་ང་རྒྱལ་འཛིན་པའི་སློབ་མ་བཞིས་ཕྱོགས་སོ་སོ་ནས་སློབ་དཔོན་ལ། ཤར་ནས། ཞི་བའི་ཡེ་ཤེས་རང་སྣང་བའི། །ཞེས་སོགས་དང་། དེ་བཞིན་དུ་ལྷོ་ནས་རྒྱས་པ། ནུབ་ནས་དབང་། བྱང་ནས་དྲག་པོ་དང་། མགྲིན་གཅིག་ཏུ་བསོད་ནམས་ཡེ་ཤེས་ཀྱི་གསོལ་བ་འདེབས་སུ་བཅུག་སྟེ། སློབ་དཔོན་རྡོར་དྲིལ་འཛིན་ཅིང་འཛུམ་པ་དང་བཅས་ཏེ། ཕྱོགས་བཅུ་མ་ལུས་དུས་གསུམ་གྱི་སོགས་ཀྱིས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་རླབས་བསྐུལ་ཞིང་། ཧཱུྃ་བཞིས་བསྡུས་ལ། ཞེ་སྡང་རྡོ་རྗེའི་ང་རྒྱལ་གྱིས་འབར་བའི་སྡང་མིག་དང་བཅས་ཏེ༑ རྡོ་རྗེ་འཛིན་པ་ཉི་མ་དང་ཆོས་དང་རྟ་མཆོག་སྣང་མཛད་ཀྱང་། བདག་ཉིད་ཆེན་པོ་ང་ཉིད་ཡིན། །ཐམས་ཅད་བཀའ་ལས་དེང་མ་འདའ། །ཞེས་སུམ་བྷའི་སྔགས་བརྗོད་ཅིང་རྡོ་རྗེའི་འགྲོས་ཀྱི་བསྐོར་བས་ས་གཞི་རྡོ་རྗེའི་རང་བཞིན་ཅན་དུ་བརླབས་པའོ། །བདུན་པ་བསྲུང་བ་ནི། བསྲུང་བའི་འཁོར་ལོ་དང་། མཚོན་ཆ་ལྔའི་མཚམས་གཅོད་དེ། ལས་རིམ་ལས། ནམ་མཁའ་ཁྱབ་པའི་རྩིབས་བརྒྱད་ལ། །ཉི་སྟེང་སུམ་བྷས་ལྷ་རྣམས་མནན། །ཁྲོ་བཅུ་ཐུགས་ལས་ངེས་ཕྱུང་དགོད། །ཅེས་དང་། མཚོན་ཆ་ལྔ་ཡི་རིམ་པ་ཡང་། །ངེས་པར་གཞུང་བཞིན་བྱ་བ་ཡིན། །ཞེས་སོ། །བརྒྱད་པ་གཟུང་བ་ནི། གོང་མ་དག་གི་ཕྱག་བཞེས་
སུ་སྐབས་འདིར་ཡན་ལག་དང་སློབ་མ་ལྷག་གནས་རྣམས་མཛད་དོ། །གཟུང་བ་དངོས་ནི། ལྷ་གནས་མི་ནོར་བའི་ཆེད་དུ། ཇི་ཙམ་པའི་དཀྱིལ་འཁོར་གྱི་ཚད་དང་མཉམ་པའི་ཐིག་བཏབ་སྟེ༑ ལྷ་གྲངས་དང་མཉམ་པའི་ཐིག་ལེ་བྱས་ལ་མེ་ཏོག་གི་ཚོམ་བུ་བཀོད། གཙོ་བོ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་སྤྲོས་པའི་སེམས་སྤྲིན་གྱི་གཞལ་ཡས་ཁང་དང་། ལྷ་བསྐྱེད་དེ་སྤྱན་འདྲེན་མཆོད་བསྟོད་བྱས་ནས་ཐུགས་དམ་བསྐུལ་བས་ལྷ་ཚོགས་རྣམས་འོད་རོལ་བའི་ས་གཞི་ལ་ཐིམ་པས་དཀྱིལ་འཁོར་གྱི་རང་བཞིན་དུ་གསལ་བར་བསམ་པ་གཟུང་བ་སྟེ། ལས་རིམ་ལས། ངེས་བརྗོད་རོལ་བའི་གཟི་བྱིན་གྱིས། །ཐམས་ཅད་དཀྱིལ་འཁོར་རང་བཞིན་དུ༑ ༑གསལ་བྱས་ཡོངས་སུ་བཟུང་བའོ། །ཞེས་སོ། །དེ་དག་ནི་ས་གཞི་མཉམ་པ་ཞེས་པའི་དོན་ཏེ་ས་དང་སར་འཛིན་གྱི་རྟོག་པ་དག་ནས་ཐམས་ཅད་རང་རིག་བྱང་ཆུབ་སེམས་སུ་མཉམ་པར་སྦྱོར་བ་མཚོན་པའི་ཕྱིར་རོ། །གཉིས་པ་དཀྱིལ་འཁོར་ཚད་ནི། འདི་ཉིད་ལས། དཀྱིལ་འཁོར་འཁྲུ་གང་ཚད་དུ་བྱ། །ཞེས་སོགས། དེ་ལ་བསྡུས་འབྲིང་རྒྱས་པའི་ཚད་གསུམ་མོ༑ ༑དེ་ཡང་ལོགས་རེ་ལ་ཁྲུ་གང་རེ་མཐའ་སྐོར་དུ་མཐོ་བརྒྱད་པ་དང་། ལོགས་རེ་ལ་ཁྲུ་བཞི་སྟེ་ལུས་གང་པ་ནི། དཀྱིལ་འཁོར་བསྡུས་པའི་ཚད། ཡང་ལོགས་རེ་ལ་ལུས་གསུམ་སྟེ༑ ཁྲུ་བཅུ་གཉིས་པ་དང་། ཁྲུ་བཅུ་དྲུག་པ་གཉིས་ནི་འབྲིང་ཚད། ལོགས་རེ་ལ་ཁྲུ་ཉི་ཤུ་འམ་ཉི་ཤུ་རྩ་ལྔར་བྱེད་པ་ནི་རྒྱས་པའི་ཚད་དོ། །དེའང་རྒྱས་འབྲིང་བསྡུས་གསུམ་ཀ་ལ་ཚད་གཉིས་གཉིས་འོང་བ་ནི། ལས་རིམ་ལས། ཚད་ནི་རྐྱེན་གྱིས་མ་ངེས་ཏེ། ཞེས་པས། སློབ་དཔོན་ཕྱག་བཟོ་མ་བཟོ་དང་། གནས་ཁང་ཡངས་དོག སློབ་མ་འབྱོར་པ་ཆེ་ཆུང་གི་དབང་ལས་སོ། །རྣམ་པའི་ཚད་ནི། དབུས་མཐོ་ཞིང་མཐའ་ཀུན་ནས་མཉམ་པ་སྟེ། དེ་ཡང་ཤར་མཐོ་ན་ཚེ་ཐུང་། བྱང་མཐོ་ན་ནོར་འཛད་པས། ཤར་བྱང་གཉིས་བགས་ཀྱིས་དམའ་བར་བྱའོ། །གསུམ་པ་ཐིག་ནི། འདི་ཉིད་ལས། ཕུར་བུ་སྲད་བུ་ཚོན་ཕྱེ་དང་། །ཞེས་སོགས་ཏེ། དེ་ལ་ཡང་། རྒྱུ། གྲོགས། ཚད། གྲངས། རབ་གནས། གདབ་པའི་ཐབས། ཉེས་པ་སྤངས་བ་དང་བདུན་ལས། རྒྱུ་ནི། སྤྱིར་ཐིག་ཅེས་པ་མི་འགྱུར་བའི་དོན་ཏེ། དེའི་རྒྱུར་འགྱིང་ཕུར་
དང་བསྐོར་ཕུར་ཏེ་ཕུར་བུ་གཉིས། སྲད་བུ་ལའང་གཉིས་ཏེ། ཡེ་ཐིག་གི་རྒྱུ། ཞི་བ་ལ་པདྨའི་སྐུད་པ་དང་། ཁྲོ་བོ་ལ་རྒྱུས་ཆེན། གཉིས་ཀའི་དམ་ཚིག་གི་ཐིག་གི་རྒྱུ། རས་བལ་གཙང་མ་དཔའ་བོའི་རིན་གྱིས་ཉོས། གྲོགས་ནི་འཁལ་བར་བྱེད་པ་བུ་མོ་མཚན་ལྡན་ལོ་བཅུ་དྲུག་མ་ཞི་བའི་རྒྱན་གྱིས་མཛེས་པའོ། །ཚད་ནི་རིང་ཐུང་དཀྱིལ་འཁོར་གྱིས་ཉིས་འགྱུར་ལ། སྦོམ་ཕྲ་སྒོའི་ཉི་ཤུ་ཆའོ། །གྲངས་ནི། ཚོན་གྱིས་ཁ་བསྒྱུར་ཏེ། ཡེ་ཐིག་གི་སྐུད་པ་ཉི་ཤུ་རྩ་ལྔའམ་ལྔ་སྒྲིལ། དམ་ཚིག་གི་སྐུད་པ་དགུ་སྒྲིལ་ལམ་གསུམ་སྒྲིལ་ལོ། །རབ་གནས་ནི། ཡེ་ཤེས་ཀྱི་ཐིག་སྐུད་ཡེ་ཤེས་ལྔ་དང་། དམ་ཚིག་གི་སྐུད་པ་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པའོ། །གདབ་པའི་ཐབས་ལ། དམ་ཐིག་གདབ་པ་དང་ཡེ་ཐིག་གདབ་པའོ། །དང་པོ་ནི། རྡོ་རྗེ་རྒྱལ་པོ་ཡབ་ཡུམ་ལྷར་གསལ་བའི་སྦྱོར་མཚམས་ནས་དམ་ཚིག་གི་ཐིག་སྐུད་སྐུ་གསུང་ཐུགས་ཀྱི་རང་བཞིན་ཅན་དུ་འདེབས་པ་སྟེ། ལས་རིམ་ལས། ཕྱོགས་མཚམས་ལེགས་པར་ཕྱེ་ནས་ནི། །སོ་སོའི་ཚད་བཞིན་རྒྱས་པར་དབྱེ། །ཞེས་པས། ཚངས་ཐིག་གཉིས། ཟུར་ཐིག་གཉིས། རྩ་ཐིག་བཞི་སྟེ། ཐིག་ཆེན་བརྒྱད་བཏབ་ནས་ཆ་དབྱེ་བའོ། །དེ་ཡང་སྔ་མའི་འཕྲོ་ལས། མཆོག་གི་ཐིག་ཕྲན་བཞི་བཅུ་བཞི། །ལེགས་པར་ཁ་དོག་ཕྱེ་ཡང་རུང་། །རྟ་བབས་བརྒྱད་པོ་ཆ་མཉམ་ཞིང་། །འཁོར་ལོ་ལ་སོགས་ཉིས་འགྱུར་ཡིན། །རྡོ་རྗེ་ལག་ཆུ་ཧར་བཅས་པ༑ ༑རྟ་བབས་ཕྱེད་དང་གསུམ་དུ་བྱས། །ཞེས་སོ། །ཁྱད་པར་ཁྲོ་སྒོ་ཉིས་བརྩེགས་དང་འཁོར་ཡུག་བཞིར་གདབ་བོ། །གཉིས་པ་ནི། དམ་ཚིག་གི་ཐིག་གིས་ནམ་མཁར་ཡེ་ཐིག་གདབ་པ་སྟེ་སྐུ་གསུང་ཐུགས་རེ་རེ་ཡང་ཡེ་ཤེས་ལྔ་ལྔར་རྒྱས་འདེབས་པའོ། །དེ་ལྟར་ཡང་ལས་རིམ་ལས། ཡེ་ཤེས་རྡོ་རྗེ་མདོར་བསྡུས་ལྔ། །དམ་ཚིག་རྗེས་སུ་རིམ་གསལ་བྱེད། །ཅེས་སོ། །འདེབས་ཚུལ་ཡང་འདི་ཉིད་ལས། མཁས་ལྡན་ཆེན་པོས་བ སྒྲིམས་ཏེ་བྱ། །ཞེས་པས་བླ་མའི་མན་ངག་ཐོབ་པ་མཐོང་མྱོང་གོམས་པའི་བློ་གྲོས་དང་ལྡན་པ་དག་གི་སྐོར་ཕྱོགས་མ་འཁྲུལ་བ། ཐིག་སྐུད་མ་ཆད་པ། ཐིག་སྣེ་མ་ཤོར་བ། ཐིག་རྒྱུན་མ་ཆད་པ་ཉིད་དུ་གདབ་བོ༑ ༑གལ་ཏེ་མ་བསྒྲིམས་པའི་ཉེས་པ་ནི། ལས་རིམ་ལས། སྐུད་པ་ཆད་ན་སློབ་དཔོན་
འཆི། །ཐིག་སྣ་ཤོར་ན་སློབ་བུ་འཆི། །ཕྱོགས་འཁྲུལ་བས་ནི་གཉིས་ཀ་ཉམས། །རྒྱུན་ཆད་ལམ་ལ་གནོད་པར་གྱུར། །དེ་ཕྱིར་མཁས་པས་བསྒྲིམས་ཏེ་བྱ། །ཞེས་གསུངས་པའི་ཕྱིར་རོ༑ ༑ཐིག་སྐུད་དང་། ཐིག་ལ་བགོམ་པའང་ཉེས་པ་ཡིན་པའི་ཕྱིར། ཐིག་སྐུད་ལ་གཤེགས་གསོལ་དང་། ཐིག་ཉིད་མཁའ་ལ་བཏེགས་པའི་འོག་ཏུ་འཛུལ་ནས་ལས་བྱེད་པར་བཤད་དོ༑ ༑བཞི་པ་ཚོན་ལ། དགོས་ཆེད། རྒྱུ། གྲངས། རབ་གནས། བཀྱེ་ལུགས། ཉེས་པ་སྤང་བའོ། །དང་པོ་ནི། འདི་ཉིད་ལས། མ་མཐོང་རྨོངས་ལ་བསྟན་ཕྱིར་ཚོན། །ཞེས་པས། རྡུལ་ཚོན་ཁ་དོག་སོ་སོར་ཕྱེ་བའི་དགོས་པའོ། །རྒྱུ་ནི། འབྱོར་པ་རབ་ཀྱི་རིན་པོ་ཆེ་སྣ་ལྔ། འབྲིང་གི་འབྲུ་སྨན་ཁ་དོག་བསྒྱུར་བ། ཐ་མས་དྲི་མ་མེད་པའི་རྡུལ་ཚོན་ལ་བྱ་བར་བཤད་དེ། རྡོ་རྗེ་མེ་ལོང་ལས། གསེར་དང་དངུལ་དང་བཻཌཱུཪྻ། །པད་རག་ཨིནྡྲ་ནཱི་ལ་ཉིད། །རིན་ཆེན་ལྔ་དང་ལྡན་པ་ཡིས། །མཁས་པས་འབྱོར་ལྡན་ཅི་བདེར་བྲི། །ཞེས་སོགས་གསུངས་པའི་ཕྱིར་རོ༑ ༑ཁྲོ་བོ་ལ་ས་ཚོན་གྱི་སྟེང་དུ་ཐལ་ཆེན་ཅུང་ཟད་བསྲེ་སྟེ། ཧེ་རུ་ཀ་འདུས་པ་ལས། དུར་ཁྲོད་སོལ་བ་དང་བསྲེས་པའི། །ཞེས་སོ། །གྲངས་ནི། འདི་ཉིད་ལས། ཁ་དོག་ཉི་ཤུ་རྩ་ལྔའམ། ལྔ་ཡི་ཚོན་གྱིས་བྲི་བར་བྱ། །ཞེས་པ་ལྟར་རོ། །རབ་གནས་ནི། རིགས་ལྔ་བསྐྱེད་དེ་ཞུ་བ་ལས་ཡེ་ཤེས་ལྔའི་རང་བཞིན་དུ་བྱིན་གྱིས་བརླབ་པའོ། །བཀྱེ་ལུགས་ནི། ལག་པ་ལ་དཔའ་བོ་འབྲུ་ལྔ་བཀོད་ནས་ཚོན་པྲ་བརྟགས་ཏེ་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གང་ཡིན་པ་དེ་བཞིན་དུ་བཀྱེ་བར་བྱ་སྟེ། འདི་ཉིད་ལས། འདུལ་བའི་ཆོ་ག་བཞིན་དུ་བཀྱེ། །ཞེས་སོ༑ ༑ཉེས་པ་སྤང་བ་ནི། སྤྱིར་ཐིག་གི་སྐབས་སུ་བཤད་པ་དང་རྗེས་མཐུན་པ་ལས། ཁྱད་པར་དུ། སྲབ་ན་དབུལ་ཞིང་། ཚོན་ཐལ་ཤོར་ན་ནད་འབྱུང་བ་སོགས་དང་། ཚོན་པྲ་བརྟག་པའི་ཚེ་ན། ཀུ་ཀུ་རཱ་ཛས་མཉམ་སྦྱོར་དཀྱིལ་ཆོག་ཏུ། རེ་ཁ་ད མའ་བས་མི་འགྲུབ་ཅིང་། །ཡོན་པོས་གདུང་བ་སྐྱེད་པར་བྱེད། །ཆད་ན་སློབ་དཔོན་སློབ་མ་དག །འཆིའམ་ན་བར་འགྱུར་བ་ཡིན། །ལྷག་ཆད་ལས་ནི་ནད་འབྱུང་ཞིང་། །ཕྱོགས་འཕྲུལ་རྨོངས་པའི་ལས་སུ་འགྱུར། །ཞེས་སོ། །ལྔ་པ་བྲི་བ་ལ། འདི་ཉིད་ལས། ལྟེ་བ་རྩིབས་དང་ལྡན་པ་ཡི། །འཁོར་ལོ་རྩིབས་
ལྡན་མུ་ཁྱུད་བཅས། །གྲུ་ཆད་བཞི་དང་གྲུ་བཞི་པའི། །བར་ཁྱམས་སྒོ་ཁྱུད་ལྡན་པར་བྱ། །ཞེས་པས། དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་ལས། ཞི་བ་རྒྱས་པ་ནི། ཕོ་བྲང་འཁོར་ལོ་རྩིབས་བཞི་དབུས་དང་ལྔར་འཁོར་ལོ་རྩིབས་བཞི་པ་རེ་རེས་མཚན་པ་གྲུ་ཆད་ཁྱམས་དང་བཅས་པ། འབྲིང་པོ་ལ་རྩིབས་བཞི་གྲུ་ཆད་ཁྱམས་ལྡན། བསྡུས་པ་ནི་འབྲིང་པོ་ལྟར་ཁྱམས་སྤངས་ཏེ་གྲུ་ཆད་ལ་སྒོ་གཏོད་པའོ། །ཁྲོ་བོ་ལ་ནི་སྒོ་ཉིས་བརྩེགས་སུ་བྱ་བ་ཙམ་ཁྱད་པར་རོ། །དྲུག་པ་རྣམ་པ་འགོད་པ་ནི། འདི་ཉིད་ལས་སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་འགོད། །ཅེས་པ་སྟེ། དེ་ཡང་གཙོ་འཁོར་གྱི་འགྲོས་ཀྱིས། རྔམ་གློག་ལས། གཙོ་བོ་གཟུགས་སུ་རྫོགས་པར་བྲི། །འཁོར་རྣམས་ཕྱག་རྒྱ་དག་ཏུ་བྱ། །ཕལ་པ་ལ་ནི་ཡིག་འབྲུས་སོ། །ཞེས་སོ༑ ༑བདུན་པ་རབ་གནས་ལ། ལས་རིམ་ལས། རབ་གནས་ལུགས་ནི་གསུམ་ཡིན་ཏེ། །ཞེས་པས། ཡན་ལག སློབ་མ། དཀྱིལ་འཁོར་རབ་གནས་དང་གསུམ་ལས། དང་པོ་ནི། མཚན་ཉིད་དང་ལྡན་པའི་ལྷ་བུམ་དང་ལས་བུམ་གཉིས་ལས། ཐོག་མར་བསངས་སྦྱངས་དང་བགེགས་བསྐྲོད་བྱ་བའི་ཕྱིར་ལས་བུམ་དང་། དེ་རྗེས་གཞན་རྣམས་བྱིན་གྱིས་རློབ་པ་སྟེ༑ ལྷ་བུམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་རྫོགས་དང་ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་ལ་སྤྱན་དྲངས་མཆོད་བསྟོད་འོད་ཞུས་བུམ་ཆུ་ནུས་ལྡན་དུ་བྱེད་པའོ། །དེ་དང་རྗེས་འབྲེལ་དུ། རྡོར་དྲིལ་ཐོད་ཆུ། ཐིག་ཚོན་རབ་གནས་རྣམས་བྱའོ། །གཉིས་པ་ནི། སློབ་མ་ལྷག་གནས་ཀྱི་ཆོ་ག་སྟེ། དེ་ཡང་སློབ་དཔོན་གྱིས་ལས་གཞུང་བསྲངས། སློབ་མ་རྣམས་འཁྲུས་བྱས། སེམས་བསྐྱེད། གནང་བ་བྱིན། སྤྲོ་བ་བསྐྱེད། མདུན་དུ་དྲངས། བགེགས་བསྐྲད། སྒྲིབ་པ་བྲལ། ལྷར་བསྐྱེད། དབང་བསྐུར། བྱིན་བརླབས། གོ་བགོ ལུས་བསྲུང་རྣམས་བྱས་ལ་དངོས་གྲུབ་ཀྱི་ལྟས་བ རྟགས་པའི་ཕྱིར་དུ་སོ་ཤིང་དོར་བ། རྨི་ལམ་བརྟག་པའི་དོན་དུ་ཁྱོར་ཆུ། སྲུང་སྐུད། ཀུ་ཤ་རྣམས་སྦྱིན་ཏེ་རྨི་ལམ་བརྟག་ཏུ་བཞུགས་པ། གལ་ཏེ་ངན་ན་ཅི་རིགས་པ་ངན་པ་ལ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་རྒྱས་བསྲུང་ཞིང་། ཐམས་ཅད་ངན་ན་དྲག་པོའི་མེས་སྦྱང་བ་རྣམས་སོ། །གསུམ་པ་དཀྱིལ་འཁོར་རབ་གནས་ནི་ལས་ཁྲིགས་
རྣམ་གྲངས་དགུའི་སྒོ་ནས་བསྟན་ཏེ། དེ་ཡང་སྔོན་དུ་བྱ་བའི་རིམ་པ། དཀྱིལ་འཁོར་གྱི་རྒྱན་དང་རབ་གནས་ཀྱི་ཡོ་བྱད་ཚོགས་པར་བྱས་ལ། སློབ་དཔོན་གྱིས་བུམ་བསྙེན་དང་ཕྱི་རོལ་དུ་རྒྱས་པའི་སྦྱིན་སྲེག་བྱ། གནས་བྱའི་གཟུགས་བརྙན་མེ་ལོང་དུ་འཆར་དུ་བཅུག་ལ་བ་བྱུང་ལྔ་དང་འབྲུ་མར་གྱིས་བྱུགས་ཤིང་ཤུན་ལྔས་ཕྱིས། སླར་ཡང་སྤོས་ཀྱི་ལྡེ་གུས་བྱུགས་ལ་རས་ཀྱིས་ཕྱིས་ཞིང་དྲི་ལྔས་བཀུས་ཏེ་ཞི་ཁྲོ་གང་ཡིན་གྱི་གཞུང་བསྲངས་བར་བྱ་བ་སྟེ་ལས་ཁྲིགས་དང་པོའོ། །དེ་ནས་ཤུ་ཎྱཱ་ཏའི་སྔགས་ཀྱིས་སྟོང་ཉིད་དུ་སྦྱངས། རོལ་མོ་ལྟ་བུའི་ཏིང་འཛིན་གྱིས་ཐུགས་ཀ་ནས་ས་བོན་སྤྲོས་ཏེ་འབྱུང་ལྔ་རིམ་བརྩེགས་གཞལ་ཡས་གདན་དང་བཅས་པ་བསྐྱེད། དེར་གཟུགས་སྐུ་རྣམས་སྟོང་ཉིད་ཡེ་ཤེས་སུ་གསལ་བ་ལས་བདག་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ལྷ་སོ་སོའི་ས་བོན་གྱི་རྣམ་པར་བཏོན་ནས། ཆོ་ག་གསུམ་བསྐྱེད་ཀྱིས་ལྷར་བསྐྱེད་ལ་དབང་བསྐུར་བྱིན་གྱིས་རློབ་པ་སྟེ་ལས་ཁྲིགས་གཉིས་པའོ། །ཡེ་ཤེས་པ་དབབ་དྲངས་བསྟིམས་ཏེ་བཞུགས་སུ་གསོལ་བ་ལས་ཁྲིགས་གསུམ་པ། མིག་སྨན་གྱིས་བྱུགས་པའི་ཐུར་མ། གསེར་གྱི་སྙན་འདྲུད། སྨང་ཚེར། ལྗགས་གཞར། ཚེམས་ཤིང་། ལོངས་སྐུ་ལ་དུང་གི་སོ་མང་དང་། སྤྲུལ་སྐུ་ལ་གསེར་གྱི་འབྲེ ག་སྤྱད་སོགས་ཉེར་མཁོ་དབུལ་བ་ལས་ཁྲིགས་བཞི་པའོ། །ཡེ་ཤེས་ལྔའི་རང་བཞིན་གྱི་བུམ་པའི་ཆུས་དབང་བསྐུར་ཞིང་སྐུ་གསུང་ཐུགས་བྱིན་གྱིས་རློབ་ལ། ཞི་བ་ལ་དབུ་རྒྱན་ལ་སོགས་པའི་རྒྱན་ཆས་ཉི་ཤུ་རྩ་ལྔ་དང་། ཁྲོ་བོ་ལ་རོལ་པའི་ཆས་བརྒྱད་ཅུས་མངའ་གསོལ་བ་སྟེ་ལས་ཁྲིགས་ལྔ་པ། ཆུ་གཙང་ལ་སོགས་པ་བདུན་གྱིས་བཀྲུ་ཞིང་གཙང་མའི་རས་ཀྱིས་ཕྱིས་པ་སྟེ་ལས་ཁྲིགས་དྲུག་པ། ཕྱི་ནང་གསང་གསུམ་གྱི་མཆོད་པ་དབུལ་བ་ལས་ཁྲིགས་བདུན་པ། བདེན་པའི་སྟོབས་བརྗོད་ནས་བརྟན་བཞུགས་འབུལ་བ་ལས་ཁྲིགས་བརྒྱད་པ། ཡོན་བདག་གིས་བསྐོར་བ་བྱ་ཞིང་སྨོན་ལམ་གདབ་པ་ལས་ཁྲིགས་དགུ་པ་སྟེ། དེ་ལྟ་བུའི་ཆོ་ག་དང་ལྡན་པའི་སྒོ་ནས་རབ་གནས་བྱ་བའོ། །བརྒྱད་པ་སྦྱིན་སྲེག་ནི། ཡུལ་གནས། དུས། ཐབས། གཟུང་མ། རྫས། སྤྱོད་ལམ། སྔགས་དང་ཕྱག་རྒྱ་ལ་སོགས་པའི་སྒོ་ནས་བྱ་བ་སྟེ་ཞིབ་པར་འོག་ཏུ་འཆད་དོ། །དགུ་པ་
དཀྱིལ་འཁོར་དུ་འཇུག་པ་ནི། འདི་ཉིད་ལས། ཀུན་བྱས་དབང་ཕྱུག་རིག་པས་འཇུག །དེ་ནས་སློབ་མ་འཇུག་པར་བྱ། །ཞེས་གསུངས་པ་ལྟར། སྒྲུབ་མཆོད་ལ་སོགས་པ་སྔོན་དུ་འགྲོ་བའི་སྒོ་ནས་ཐོག་མར་སློབ་དཔོན་རང་ཉིད་ཞུགས་རྗེས་སློབ་མ་རྣམས་དཀྱིལ་འཁོར་དུ་འཇུག་པར་བྱ་བའོ། །བཅུ་པ་ཞུགས་པའི་ཡོན་ཏན་ནི། འདི་ཉིད་ལས། བྱས་ཏེ་དད་ལྡན་རབ་ཞུགས་ན༑ ༑འདོད་པ་ཡིད་འོང་མཉམ་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །བཞི་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཉིད་རང་བཞིན་གྱི་དཀྱིལ་འཁོར་རྟོགས་ནས། དེ་ཉིད་ཏིང་ངེ་འཛིན་གྱི་ཡུལ་དུ་བྱས་ཏེ། དེ་ལ་གོམས་ཤིང་འདྲིས་པར་བྱ་བའི་ཕྱིར། རང་རིག་མ་བཅོས་པའི་དོན་ལ་མཉམ་པར་འཇོག་པ་སྟེ། རྒྱས་པ་ལས། དེ་བཞིན་ཏིང་འཛིན་དཀྱིལ་འཁོར་གྱིས། །ཐམས་ཅད་དབྱིངས་སུ་བསྡུས་ནས་ནི། །ཉིད་ཀྱི་ཐུགས་ལ་ཐིམ་བྱས་ཏེ། །ཐམས་ཅད་ཆོས་སྐུའི་ཕྱག་རྒྱ་ཆེ། །ཞེས་སོ། །དེ་ཡང་རང་རིག་པའི་ཡེ་ཤེས་ལ་ཕྱོགས་རིས་སུ་མ་གྲུབ་ཀྱང་། ཡོན་ཏན་གྱི་ལྡོག་ཆ་ནས་ཡེ་ཤེས་ལྔའི་རང་གདངས་སུ་འགག་མེད་དུ་འཆར་བ་སྟེ། འདི་ཉིད་ལས་ཡེ་ཤེས་ཕྱོགས་བཞི་དབུས་བ རྟགས་ཏེ༑ ༑དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་སོ། །ལྔ་པ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། དེ་ལྟར་བསྒོམ་མི་ནུས་པའམ། རིམ་འཇུག་གི་གང་ཟག་གི་བསྒོམ་བྱར་གྱུར་པའི་ཏིང་འཛིན་མཚན་བཅས་ཀྱི་ལྷ་སྐུ་སྒོམ་པའི་བྱ་བས་ལྷག་པ་སྟེ། དེ་ཡང་ཁོག་གཞུང་ལས། ལྷག་པའི་ཏིང་འཛིན་རྣམ་པ་གཉིས། །འདུལ་བའི་དོན་ཕྱིར་ཞི་ཁྲོ་སྟེ། །ཞེས་པས། ཐུགས་རྗེ་ཞི་བའི་དཀྱིལ་འཁོར་དང་། བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་གཉིས་སོ། །དེ་ཡང་རྒྱུད་སྒྲུབ་ཐབས་དང་འབྲེལ་བ། སྒྲུབ་ཐབས་ཆོག་ཁྲིགས་དང་འབྲེལ་བ། ཆོག་ཁྲིགས་ཕྱག་བཞེས་དང་འབྲེལ་བ། ཕྱག་བཞེས་བླ་མ་བརྒྱུད་པའི་གདམས་ངག་དང་འབྲེལ་བ་སྟེ་འབྲེལ་པ་བཞི་དང་ལྡན་དགོས་པའི་ཕྱིར་ན། འདིར་ཡང་མངོན་རྟོགས་ཀྱི་ལས་སྡེབས་དང་སྦྱར་ནས་འཆད་ན༑ དེ་ལ་ཡང་སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱི། དང་པོ་ལ། སྔོན་དུ་བྱ་བའི་རིམ་
པ་དང་། སྔོན་འགྲོ་དངོས་གཉིས་ཀྱི་དང་པོ་སྔོན་དུ་བྱ་བའི་ཚུལ་ནི། རྟེན་གྱི་གང་ཟག་དབང་ཐོབ་ཅིང་དམ་ཚིག་ལ་གནས་པས། སྡིག་དང་མ་འདྲེས་པའི་ཡོ་བྱད་བསགས་ཏེ་དབེན་པའི་གནས་སུ་ཉམས་སུ་བླང་བར་བྱ་བ་ལས་དཀྱིལ་འཁོར་བྲི་ཤིང་། ཕྱི་རོལ་དུ་འབྱུང་པོ་ལ་གཏོར་མ་གཏང་ནས་ནང་དུ་འདུག་ལ་མཆོད་པའི་རྫས་རྣམས་བཤམས་ཏེ། གཉིས་པ་སྔོན་འགྲོ་ལ་བདུན་གྱི་དང་པོ་ཕྱག་ནི། འདུ་བའི་ཐོག་མར་ལྷ་ལ་གྲལ་ཕྱག་དང་། རྣལ་འབྱོར་པ་རྒན་རིམ་ལ་ཕྱག་བྱེད་པ་ཚུལ་ཕྱག་བྱས་ལ། གཉིས་པ་རྒྱུད་སྦྱང་བ་ནི། ཚོགས་ཞིང་སྤྱན་དྲངས་ལ་ཡན་ལག་བརྒྱད་པ་ཕུལ་ལ་རྒྱུད་སྦྱངས་ནས་མཐར་ཡུལ་རྣམས་རང་ལ་བསྡུ་བ། གསུམ་པ་མཚམས་གཅོད་པ་ནི། མཚན་མེད་རྣམ་པ་མི་རྟོག་པའི་མཚམས་དང་། མཚན་བཅས། མཚོན་ཆ་འཆོལ་པ། མཚོན་ཆའི་དམ་ཚིག བསྲུང་བའི་འཁོར་ལོ། ཁྲོ་བཅུ་རོལ་པའི་མཚམས་བཞི་བཅད་པའོ། །བཞི་པ་སྡིག་པ་སྦྱོང་བ་སྒོ་བཞིར་ཡོད་པ། ཤེས་རབ་ཆེན་པོ་བག་ཆགས་རང་བཞིན་མེད་པ་ཤེས་པ་དང་། ཡེ་ཤེས་ཆེན་པོའི་མེས་བསྲེགས་ཏེ་དང་། གནོང་འགྱོད་དྲག་པོ་དང་བཅས་ཏེ་ཉམས་པའི་བརྡའ་སྦྱོར་ཏེ་བཤགས་པའོ། །ལྔ་པ་དམ་བཅའ་བ་ནི། ལྷག་པ འི་བསམ་པ་བརྟན་པོ་དང་ལྡན་པའི་སྒོ་ནས་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་སྙིང་ཁར་བཅས་ཏེ་ཁྲོ་བོ་པུཎྜ་རི་ཀའི་རྒྱུད་ལས་གསུངས་པའི་དམ་བཅའ་ཉི་ཤུ་པ་ལྟ་བུ་བརྗོད་པའོ། །དྲུག་པ་བྱིན་དབབ་པ་ནི། བབས་དྲུག འདས་བཞི། མཛོད་གཅིག་གི་དགོངས་པ་བསྐུལ་ནས། ཧཱུྃ་བཞིས་བྱིན་བསྡུས་ལ་མཁའ་ཁྱབ་ཀྱི་ལྷ་རྣམས་རང་ལ་བསྡུས་ཏེ་བྱིན་གྱིས་རློབ་པར་བསམ་པའོ། །བདུན་པ་མཆོད་རྫས་རློབ་པ་ནི། སྨན་རག་གཏོར་མ་ལ་སོགས་ཕྱི་ནང་གི་མཆོད་པ་རྣམས་སྔགས་རྒྱ་ཏིང་འཛིན་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་པའོ། །གཉིས་པ་དངོས་གཞི་ལ་ཞི་བ་དང་། ཁྲོ་བོ་གཉིས། དང་པོ་ལ། ཁྱད་པར་གྱི་སྦྱོར་བ་སེམས་གཉིས་བསྐྱེད་ནས། དེ་བཞིན་ཉིད་དང་། ཀུན་ཏུ་སྣང་བ་དང་། རྒྱུའི་ཏིང་ངེ་འཛིན་ལས། རྟེན་གཞལ་ཡས་ཁང་བསྐྱེད་པ་ལ། གཞི་དབང་ཆེན་ཡུམ་ལྔའི་དཀྱིལ་འཁོར་ལ་བརྟེན་པའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་རྫོགས་པའི་དབུས་སུ་
གཙོ་འཁོར་སོ་སོའི་གདན་དང་བཅས་པ་བསྐྱེད་པའོ། །དེ་ནས་མངོན་བྱང་ལྔ་དང་། ཆོ་ག་གསུམ་གང་རིགས་ལས་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་སྐུར་རྒྱན་ཆ་ལུགས་ཡོངས་རྫོགས་སུ་བསྐྱེད་ལ་གནས་གསུམ་བྱིན་གྱིས་བརླབས། ཡེ་ཤེས་ལྔས་དབང་བསྐུར་ལ་ལས་ཀྱི་རིམ་པའི་ཏིང་འཛིན་གྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་བསྟིམ་ཞིང་མཆོད་པ་འབུལ་བ། བཤགས་པ་བྱ་བ། དངོས་གྲུབ་གསོལ་བ། དམ་བཅའ་ཛབ྄་ཁང་ཕྱེ་ནས་འོད་ཟེར་སྤྲོ་བསྡུའི་དམིགས་གནད་ཀྱིས་ཛབ་྄ བསྐུལ་སྔོན་དུ་འགྲོ་བས་ཛབ྄་བཟླས་ལ། སླར་ཡང་བསྟོད་ནས་དཀྱིལ་འཁོར་གཉིས་དབྱེར་མེད་དུ་བསྲེ་བའོ། །རྗེས་ཚོགས་དབུལ་བ། ལྷག་མ་བཏང་བ། བསྟན་མ་བསྐྱང་བ། དཀྱིལ་འཁོར་བསྡུ་བ། བཏང་རགས་མཆོད་བསྟོད། ནོངས་པ་བཟོད་གསོལ། རྟག་མཐའ་བསལ་ཕྱིར་དཀྱིལ་འཁོར་མི་དམིགས་པའི་དབྱིངས་སུ་བསྡུས་ལ། ཆད་མཐའ་བསལ་ཕྱིར་དེའི་ངང་ལས་ལྷར་རྫོགས་ཚུལ་དུ་ལངས་ལ་གོ་བགོ ལུས་བསྲུང་དབུ་རྒྱན་ཅོད་པན་བཅིངས་ཏེ་བརྟན་པར་བྱས་ལ་བསྔོ་བ་བྱ་བའོ། །ཁྲོ་བོ་ལ། དངོས་གཞི་དང་རྗེས་གཉིས་ཀྱི་དང་པོ་ནི། ཐོག་མར་དམ་བཅའ་བ་སྟེ། སེམས་བསྐྱེད་ནས་དེ་བཞིན་ཉིད་དང་། ཀུན་ཏིང་། རྒྱུ་ཏིང་གསུམ་ལས་དཀྱིལ་འཁོར་བསྒོམ་པའི་ཏིང་འཛིན་གྱི་རྟེན་གྱི་དཀྱིལ་འཁོར་གདན་དང་བཅས་པ་གསལ་བར་བསྐྱེད་ལ། རྟེན་ལྷ་བསྐྱེད་པ་ལ་ཇི་ལྟར་བསྐྱེད་པའི་ཆོ་ག་དང་། བསྐྱེད་པ་ལྷའི་མཚན་ཉིད་གཉིས་ཀྱི། དང་པོ་ནི། ཁང་པ་གྲུབ་ནས་བདག་པོ་བསྐྱེད་པ་ཕ་དྲིན་ཅན་གྱི་ཚུལ་དང་། བདག་པོ་གྲུབ་ནས་ཁང་པ་བརྩིགས་པ་སྒོ་དྲག་པོའི་ཚུལ་གཉིས། དང་པོ་ནི་འགྲེལ་པ་སྤར་ཁབ་ཀྱི་རྗེས་སུ་འབྲངས་ནས་རོག་ལ་སོགས་པ་བཞེད་པ་ཡིན་ལ། གཉིས་པ་ནི། དམ་པ་རྒྱན་གྱི་རྗེས་སུ་འབྲངས་ནས་བླ་མ་གོང་མ་ཕལ་ཆེར་བཞེད་ཅིང་རང་གི་བླ་མའི་དགོངས་པའང་འདི་ཉིད་དོ། །དེ་ཡང་རྒྱུའི་ཏིང་ངེ་འཛིན་ལ། ཆོ་ག་གསུམ་ལས་རྒྱུའི་ཧེ་རུ་ཀར་བསྐྱེད་པའི་རྗེས་སུ། འོག་གཞི་གཞལ་ཡས་ཁང་དང་བཅས་པ་བསྒོམ་ཞིང་། དེ་ནས་བདག་སྲས་གཞན་སྲས་ཀྱི་ཆོ་ག་ལ་འཇུག་པས། གཉིས་པ་ལ། གཙོ་འཁོར་རྣམས་ཀྱི། སྐུ་མདོག ཆ་བྱད། རྒྱན་ཆས། ཕྱག་མཚན། འཁྲིལ་ཚུལ་དང་བཅས་
པ་མ་འདྲེས་ཡོངས་རྫོགས་སུ་གསལ་གདབ་པའོ། །དེ་ནས་གོང་དུ་དབང་དང་བྱིན་རླབས་མ་བྱས་ན། སྐབས་འདིར་ཞི་བའི་སྐབས་ལྟར་ཡེ་ཤེས་སེམས་དཔའ་བསྐྱེད་ནས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའོ། །དེ་ནས་ལས་ཀྱི་རིམ་པའི་ཏིང་འཛིན་གྱིས། སྙན་གསན་དབབ་པ༑ སྤྱན་དྲངས་བ། རིག་པའི་མེ་ཏོག་དོར་བ། དངོས་གྲུབ་བསྐུལ་ཏེ་བསྟིམ་པ། མཆོད་པ་འབུལ་བ། བཤགས་པ་བྱ་བ། དངོས་གྲུབ་གསོལ་བ། ཛབ྄་བཟླ་བ་རྣམས་སོ། །རྗེས་ནི། ཚོགས་དང་། ལྷག་མ། བསྟན་མ་བསྐྱང་བ་དཀྱིལ་འཁོར་བསྡུ་བ་རྣམས་ཏེ་དེ་དག་གི་ལས་རིམ་རྒྱས་པར་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པས་མཛད་པའི་སྒྲུབ་ཐབས་ལས་ཤེས་པར་བྱའོ། །དྲུག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། ནང་རྩ་རླུང་ཐིག་ལེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཉིད་རྟོགས་པའི་ཐབས་སྟོན་པ་སྟེ། སྤྱན་འགྲེལ་ལས། བྱང་སེམས་ཕྱི་ནང་གསང་བ་ཡང་། །གནས་བཞི་ཁམས་གསུམ་ཡེ་ཤེས་ཆེ། །ཞེས་པས། ཕྱི་བྱང་ཆུབ་ཀྱི་སེམས་རྩ་རླུང་། ནང་བྱང་ཆུབ་ཀྱི་སེམས་ཐིག་ལེ། གསང་བ་བྱང་ཆུབ་ཀྱི་སེམས་བདེ་བའི་ཡེ་ཤེས་སོ། །དང་པོ་ཕྱི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་རྩ་རླུང་གཉིས་ལས། རྩ་ནི། སྒྱུ་འཕྲུལ་སྙིང་པོ་བཀོད་པའི་རྒྱུ་ལས། སྲིད་གསུམ་སེམས་ཅན་ཐམས་ཅད་ལ། །སྲོག་ཤིང་གསུམ་དང་འཁོར་ལོ་བཞི། །ཞེས་པས། སྲོག་ཤིང་གསུམ་ནི་རོ་རྐྱང་དབུ་མ་གསུམ་དང་། དེ་ལ་བརྟེན་པའི་སྤྱི་མགྲིན་སྙིང་ལྟེའི་རྩའི་འཁོར་ལོ་བཞིའོ། །དེ་རྣམས་སུ་རྒྱུ་བའི་རླུང་ལ། ལས་དང་། ཡེ་ཤེས་ཀྱི་རླུང་གཉིས་ལས། ལས་རླུང་ནི། སྲོག་འཛིན། གྱེན་རྒྱུ། ཁྱབ་བྱེད། མེ་མཉམ། ཐུར་སེལ་ཏེ་རྩ་བའི་རླུང་ལྔ་དང་། དབང་པོ་ལྔ་ལ་གནས་ཤིང་བསྐྱེད་པའི་ལས་བྱེད་པའི་ཡན་ལག་གི་རླུང་ལྔ་སྟེ་བཅུའོ། །ཡེ་ཤེས་ཀྱི་རླུང་ནི༑ སྐྱེས་བུ་ནད་མེད་པ་ལ། ཉིན་ཞག་རེ་ལ་སྣ་ནས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་ལ། དེ་ཡང་ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་བཞི་ལས་སྟོང་པའི་རྩ་བཞི་ཕྲི་བའི་རྩ་དྲུག་ཅུ་པོ་ནས་རྒྱུ་ཚུལ་ནི། རྩ་འཁོར་གྱི་རླུང་རྣམས་རོ་རྐྱང་གི་རླུང་དང་འདྲེས་ཏེ་སྣ་སྒོར་འབབ་ལ། དེ་ཡང་འབྱུང་བ་ལྔ་གཡས་གཡོན་བསྡུད་བསྐྱེད་ཀྱི་རིམ་པས་འཕོ་བ་རེ་ལ་དབྱུ་གུ་ལྔ་རེ། དབྱུ་གུ་
རེ་ལ་དབུགས་སུམ་བརྒྱ་དྲུག་ཅུ་རེ། འཕོ་བ་རེ་ལ་དབུགས་སྟོང་བརྒྱད་བརྒྱ་རེ་རྒྱུ་ནའང་། དེའི་སྟེང་ན་སྟོང་པའི་རྩ་བཞིའི་དབྱེ་བས་དབུགས་གཅིག་གི་ཕྱེད་བཅས་སོ་གཉིས་ཆ་རེ་ཡེ་ཤེས་ཀྱི་རླུང་ཡིན་ལ། ཡེ་རླུང་དེ་ནི། ལུས་ཅན་རྣམས་ཀྱི་ངག་དང་ཕྱི་རོལ་གྱི་དུས་ཀྱི་ཆོས་རྣམས་ཀྱི་འཆར་གཞི་དང་། རྒྱུ་རྒྱུད་ཀྱི་རྟེན་དུ་གྱུར་པ། ཆོས་ཐམས་ཅད་ཀྱི་གཤིས་ལ་རྒྱུན་མི་ཆད་པར་གནས་པའི་སྲོག་ཆེན་པོའི་རླུང་ཞེས་བྱ་བ་དེ་ཡིན་ཏེ། འཇམ་དཔལ་སྒྱུ་དྲྭ་ལས། :སྲོག་རྩ་ཆེན་པོ་༼ཁོང་ནས་འབྱུང་བ་༽སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་སོ། །ནང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་ཡེ་ཤེས་དང་། རྣམ་ཤེས་ཀྱི་ཐིག་ལེའོ། །དང་པོ་ནི། ཐིག་ལེ་ཐམས་ཅད་ཀྱི་རྩ་བ་རྒྱུ་རྒྱུད་ཀྱི་རྟེན་དུ་གྱུར་པ་ཡེ་ཤེས་སྙིང་པོའི་ཐིག་ལེའི་མི་ཤིགས་པའི་ཐིག་ལེ་ཞེས་བྱ་བ་གང་ཡིན་པ་སྟེ། སྟོང་གསལ་འགག་མེད་ཀྱི་ངོ་བོར་བཞུགས་པའོ། །གཉིས་པ་ནི༑ རྣམ་ཤེས་ཀྱི་ཐིག་ལེ་སྙིགས་མ་དང་བཅས་པའོ། །གསུམ་པ་གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། སྟེང་སྒོ་འཁོར་ལོ་འཇུ་འདུལ་དང་། འོག་སྒོ་ཐིག་ལེ་དྲོད་དབབ་ཀྱི་གནད་ཀྱིས་འཕོ་མེད་དུ་བཅིངས་པ་ལས་བདེ་བའི་ཡེ་ཤེས་ཉམས་སུ་མྱོང་བ་དེའོ། །དེ་ལྟར་ཡང་དགྱེས་རྡོར་ལས། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ༑ ༑ལེན་པར་བྱེད་པས་དཀྱིལ་འཁོར་ཉིད། །འདུས་པའི་དཀྱིལ་འཁོར་ཉིད་དུ་བརྗོད། །ཅེས་སོ། །བདུན་པ་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་ནི། ཞི་ཁྲོ་གཉིས་ཀ་ལ་ཚོམ་བུ་གཅིག་གསུམ་ལྔ་སྟེ། ཁོག་གཞུང་ལས། ཚོགས་ཀྱི་འབྱོར་པ་རྣམ་པ་གསུམ། ཚོམ་བུ་གཅིག་གསུམ་ལྔ་པའོ། །རེ་རེའང་སྐབས་ཀྱི་གསུམ་གསུམ་སྟེ། །སྐལ་ལྡན་མི་དང་དགྱེས་ལྡན་ལྷ། །འབྱོར་ལྡན་ཡོ་བྱད་ལྔ་སོགས་སོ། །ཞེས་གསུངས་པ་ལྟར་རོ། །བཞི་པ་རིམ་པར་བགྲོད་པ་དབང་ལ་ངོ་བོ། ངེས་ཚིག དབྱེ་བའོ། །དང་པོ་ནི། ཆོས་ཀྱི་རྒྱལ་པོའི་གོ་འཕང་རྒྱུད་ལ་ཐོབ་པའི་ཆེད་དུ་སྟེ། དེ་ཐོབ་པ་ལ་སྒྲིབ་པ་འཇོམས་ཤིང་ནུས་པ་འཇོག་པའི་ཐབས་འདིས་བགྲོད་དགོས་པའི་ཕྱིར་ཏེ། དེ་ཡང་ཐུགས་ཐིག་ལས། རྒྱུ་གཉིས་
རྐྱེན་བཞིས་ཡན་ལག་བསྙད། །དྲུག་ལ་གནས་པ་ཐོབ་བྱ་སྟེ། །ངོ་བོ་ཉིད་ཅེས་རྣམ་པར་བཤད། །ཅེས་པས། རྒྱུ་གཉིས་ནི། མཚུངས་ལྡན་གྱི་རྒྱུ་གདོད་མ་ནས་རང་ལ་རང་ཆས་སུ་ཡོད་པའི་ཡེ་ཤེས་དེ་ཉིད་ཡིན་ལ། ལྷན་ཅིག་བྱེད་པའི་རྒྱུ་ནི། དབང་རྫས་རབ་གནས་དང་ལྡན་པས་བྱིན་གྱིས་རློབ་པའོ། །རྐྱེན་བཞི་ལས། རྒྱུའི་རྐྱེན་ནི། ཕན་ནུས་ཟབ་མོའི་དབང་བསྐུར་དུ་རུང་བ་སྣོད་ལྡན་སློབ་མ། བདག་པོའི་རྐྱེན་ནི། དེ་ལྟ་བུའི་དབང་དེ་བསྐུར་ནུས་པའི་རྡོ་རྗེ་སློབ་དཔོན། དམིགས་པའི་རྐྱེན། རྫས་སྔགས་ཏིང་འཛིན་གསུམ་འཛོམས་པའི་ནུས་པ་ཁྱད་པར་ཅན། དེ་མ་ཐག་པའི་རྐྱེན་ནི། སྔ་མ་སྔ་མས་གོ་ཕྱེ་ནས་ཕྱི་མ་ཕྱི་མ་འབྱུང་བའོ། །དེ་ལྟར་རྒྱུ་གཉིས་དང་རྐྱེན་བཞིའི་ཡན་ལག་གིས་ཐོབ་བྱའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ལས་ཀྱི་བདག་ཉིད་དེ། དཔེར་ན་འཇིག་རྟེན་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་འབྱུང་བ་ལ་གླང་ཆེན་ས་སྲུང་གི་བུས་བུམ་ཆུའི་རྒྱ་རྟགས་ཀྱི་དབང་བསྐུར་དགོས་པ་བཞིན་ནོ། །ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་མངོན་པར་གཏོར་བ་ཞེས་བྱ་བ་སྟེ། དངོས་སུ་དྲི་མ་འཁྲུད་པ་ཙམ་ལ་འཇུག་ཅིང་། བརྒྱུད་ནས་དེས་འབྲས་བུ་ཡེ་ཤེས་ཀྱི་ནུས་པ་ཁྱད་པར་ཅན་འཇོག་པས་ན་དབང་སྟེ། ཧེ་རུ་ཀ་འདུས་པའི་རྒྱུད་ལས། གང་གིས་གང་ལ་དབང་བསྐུར་བས། །རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། །ཞེས་སོ། །དབྱེ་ན། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་པས་བཞི་དང་། ཡང་སྣོད་ཀྱི་དབང་དུ་བྱས་ཏེ། ཕན་ནུས་ཟབ་མོའི་དབང་གསུམ་སྟེ། དེ་ལྟར་ཡང་ཐུགས་ཐིག་ལས། རྩ་བ་རྣམ་ལྔ་བཅོ་བརྒྱད་དང་། ཞེས་པས་རྩ་བ་ལྔ་ནི་ཕན་ནུས་གཉིས་དང་། ཟབ་དབང་གསུམ་མོ། །ཡན་ལག་བཅོ་བརྒྱད་ནི། ཕན་དབང་བཅུ། ནུས་དབང་ལྔ་ཟབ་དབང་གསུམ་དང་བཅས་པར་ཕྱེ་བའོ། །དེ་བཞིན་དུ་ཁྲོ་བོ་ལ། རྩ་བའི་གྲངས་ཞི་བ་དང་མཚུངས་ལ། ཡན་ལག་སོ་དྲུག་ལ་བཞེད་པ་མི་མཐུན་པ་མང་ཡང་། རང་ལུགས་ནི། ཁྲོ་བོ་ལས་རིམ་ལས། ལྷ་དབང་ཕྱག་མཚན་རྒྱན་ཆས་དང་། །ནུས་དབང་ལྔ་དང་གདན་གྱི་དབང་། །སྒྲུབ་རྫས་གསང་བ་རྣམ་གསུམ་མོ། །ཞེས་པའི་ནང་བསེས་ཀྱི་གྲངས་འདྲེན་ཚུལ་ནི། ཕྱག་རྒྱ་ལྷའི་དབང་། བསྣམ་
པ་ཕྱག་མཚན། དྲེགས་པ་གདན་གྱི་དབང་གསུམ་གྱི་སྟེང་དུ། རྒྱན་ཆས་རྟགས་ལ་བཅུ། ནུས་དབང་ལྔ། སྒྲུབ་དབང་བཅོ་ལྔ། ཟབ་དབང་གསུམ་དང་བཅས་ཏེ་སོ་དྲུག་གོ །དེ་ལྟ་བུའི་དབང་གི་ལས་རིམ་ལ། དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་པ་ལ་དབང་བསྐུར་ཚུལ་གཉིས་ལས། དང་པོ་ནི། དཀྱིལ་འཁོར་གྱི་བྱ་བ་རྣམས་སྔོན་དུ་སོང་ནས། སློབ་དཔོན་རང་ཉིད་རིག་པའི་མེ་ཏོག་དོར་ཞིང་དངོས་གྲུབ་བསྐུལ་བ་ལས་ལྷ་དང་གཉིས་མེད་དུ་གྱུར་པར་བསམ་པས་དཀྱིལ་འཁོར་དུ་ཞུགས་ཏེ་སློབ་མ་འཇུག་པར་གསོལ་བ་གདབ་ཅིང་གནང་བ་ནོད་པ་རྣམས་བྱས་ལ། སློབ་མ་གཞུག་པ་ལ་ལས་རིམ་བཅུ་དྲུག་ལས་དང་པོ་དྲིའི་ཆུས་ཁྲུས་བྱས། གཉིས་པ་རས་དམར་པོས་གདོང་གཡོགས་ཏེ་སྙིམ་པ་མེ་ཏོག་དང་བཅས་པས་དཀྱིལ་འཁོར་དུ་འཇུག་པར་གསོལ་བ་གདབ། གསུམ་པ་འདོད་དོན་དྲི་ཞིང་ལན་གསོལ་ནས་ཡོལ་བའི་ནང་དུ་དྲངས། བཞི་པ་ལུས་དབུལ། ལྔ་པ་བགེགས་བསྐྲད། དྲུག་པ་ལྷར་བརླབས་པ། བདུན་པ་དམ་ཚིག་སྦྱིན་པ། བརྒྱད་པ་དམ་ཚིག་འབོག་པ། དགུ་པ་ཆུ་ནན་བྱ་བ། བཅུ་པ་དམ་བསྒྲགས་པ། བཅུ་གཅིག་པ་མེ་ཏོག་དོར་བ། བཅུ་གཉིས་ལྷ་འབོག་པ། བཅུ་གསུམ་པ་ནན་ཏན་བྱ་བ། བཅུ་བཞི་པ་མིག་དབྱེ་བ། བཅོ་ལྔ་པ་དཀྱིལ་འཁོར་སྟོན་པ། བཅུ་དྲུག་ཡོན་དབུལ་བ་སྟེ་འཇུག་པའི་ཆོས་སོ། །དེ་ལྟར་ཞུགས་པ་ལས། ཡོན་ཏན་གང་ཞེ་ན། དཀྱིལ་འཁོར་འདིར་ཞུགས་པས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་ཏེ། ལས་རིམ་ལས། སྒྱུ་འཕྲུལ་དྲ་བར་ལེགས་ཞུགས་པས། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡིས། །དཀྱིལ་འཁོར་ཀུན་ཏུ་ཞུགས་པ་ཡིན། །ཞེས་སོ། །གཉིས་པ་ཞུགས་པ་ལ་ཇི་ལྟར་དབང་བསྐུར་བའི་ཚུལ་ལ། སྐལ་བ་དང་ལྡན་པའི་སློབ་མ་དད་རྩོན་བརྟུལ་ཞུགས་ཅན་གསུམ་ལ་རིམ་པ་ཇི་ལྟ་བར་ཕན་ནུས་ཟབ་མོའི་དབང་རྣམས་སོ་སོའི་བློ་ཚད་དང་སྦྱར་ནས་སྦྱིན་པར་བྱ་བ་སྟེ༑ དེ་ལྟར་ཡང་། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །སྙིང་རྗེས་ཆུད་མ་ཟོས་པར་བཟུང་། །ཞེས་པས་ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་དབང་གསུམ་རྣམས་
སུ་ཡོད་པ་ལས། དང་པོ། ཕྱི་ཕན་པའི་དབང་བཅུ་བསྐུར་བ་ནི། དབུ་རྒྱན་ཅོད་པཎ་འཕྲེང་བ་དང་། །གདུགས་དང་བུམ་པ་བཟའ་བཏུང་དང་། །སྙིང་པོ་ལྔ་ཡི་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་པས། སློབ་མ་ལྷར་གསལ་བ་ལ། རིན་པོ་ཆེ་དབུ་རྒྱན་བཅིངས་པས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་ཏེ་ཕྱིར་མི་ལྡོག་པའི་མཚོན་བྱེད་དུ་རིགས་ལྔས་དབུ་བརྒྱན་པའོ། །དེའང་རྣམ་པར་ཤེས་པའི་ཚོགས་ཡེ་ཤེས་ལྔར་གསལ་བའི་དགོས་པ་ཡོད་དོ། །ཅོད་པན་བཅིངས་པས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་དགོས་པ་ཡོད་དོ། །འཕྲེང་བས་བྱང་ཆུབ་ཀྱི་ལམ་ཐོབ་ཅིང་གཟུངས་དང་ཏིང་འཛིན་ཐོབ་པའི་དགོས་པ་ཡོད་དོ། །དེ་བཞིན་དུ་གོ་ཆས་ཉོན་མོངས་པའི་མཚོན་གྱིས་མི་ཚུགས་ཤིང་རྩ་གནས་དྲ་བའི་ཚུལ་དུ་གནས་པས་ས་ཡ་ཕྲག་བཅུ་གསུམ་དག་པར་བྱེད་པའོ། །རྒྱལ་མཚན་གྱིས་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བ་སྟེ། འཁོར་བའི་གཡུལ་ལས་རྒྱལ་བར་བྱེད་པའོ། །ཕྱག་རྒྱས་ནི་རྟོག་ཚོགས་བཞི་བཅུ་རྩ་གཉིས་ཡི་གེ་འཁོར་ལོའི་ས་ཐོབ་པར་བྱེད་པའོ། །གདུགས་ཀྱིས་ཉོན་མོངས་པའི་གདུང་བ་ལས་སྐྱོབ་ཅིང་ཐུགས་རྗེའི་ཆར་འབེབས་པ་སྟེ་དུང་ཁང་གི་རྩ་འདབ་སུམ་ཅུ་རྩ་གཉིས་དག་པར་བྱེད་པའོ། །བུམ་པས་ཉོན་མོངས་པའི་དྲི་མ་སྦྱོང་ཞིང་ཟག་པ་མེད་པའི་ཆུ་རྒྱུན་གྱིས་རྒྱུད་རློན་པར་བྱེད་པའོ། །བཟའ་བཏུང་གིས་འདོད་ཡོན་རྒྱན་དུ་ཤར་བས་རྒུད་པ་སེལ་ཞིང་བསམ་གཏན་གྱི་བདེ་བས་ཚིམ་པར་བྱེད་པའོ། །སྙིང་པོ་ལྔས་ནི་ཉོན་མོངས་ལྔ་དང་ཕུང་པོ་ལྔ་ཡེ་ཤེས་ལྔ་དང་རིགས་ལྔར་དག་པར་བྱེད་པའོ། །དབང་དེ་རྣམས་ཀྱི་འཁྲུགས་སྡེབས་ནི། སྙིང་པོ་ལྔ་དང་དབུ་རྒྱན་དང་། །བུམ་པ་ཅོད་པན་འཕྲེང་བ་སྟེ། །གོ་ཆ་རྒྱལ་མཚན་གདུགས་ཕྱག་རྒྱ༑ ༑བཟའ་བཏུང་དབང་རྣམས་རིམ་པར་བསྐུར། །ཞེས་པ་ལྟར་རོ། །དེ་ལྟར་དབང་རྣམ་པ་བཅུ་པོ་དེ་དག་སོ་སོའི་དབང་རྫས་ཀྱིས་བསྐུར་བས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ནུས་པ་དང་ལྡན་པར་བསམ་པའོ། །དེ་ལྟར་ཕྱི་དབང་བཅུ་བསྐུར་
བས་ནི་འདི་ཕྱིར་ཕན་པའི་ས་བོན་ཙམ་འཇོག་པ་ལས་ད་ལྟ་ཉིད་ནས་དོན་གཉིས་སྒྲུབ་པའི་ནུས་པ་སོ་སོར་བཞག་པ་མེད་པའི་ཕྱིར་ན་ཕན་དབང་ཞེས་བྱའོ། །དེ་དག་གི་ངོ་བོ་ནི། ཐལ་བ་ལས། ཁམས་བཅུ་བདེ་བའི་བདག་གཉིས་དང་། །དབུ་མ་བཅུད་མདུད་ཚད་ལྡན་པར། །དྲ་བའི་རྩ་དང་དབང་པོ་དང་། །ཕུང་སོགས་ཡེ་ཤེས་བདེ་འཁོར་ལོ། །ཧཱུྃ་གི་བདེ་བའི་ཡེ་ཤེས་བཅས། །ཚོགས་བརྒྱད་རང་བཞིན་ཡེ་ཤེས་ལྔ། །སྔགས་རྫས་དགོངས་པས་གང་བླངས་པ༑ ༑ཀུན་ནས་ལྡང་ཞིང་སྐྱོབ་པ་ཡིས། །སྡུག་བསྔལ་ལས་གྲོལ་རིགས་སུ་ངེས། །ཞེས་སོ། །གཉིས་པ་ནང་ནུས་པའི་དབང་ལྔ་བསྐུར་བ་ལ། ཉན་དབང་ནི། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་བྷྲུཾ་དམར་སེར་འཕྲོས་པ་སློབ་མའི་རྣ་བའི་ནང་དུ་སོང་བར་བསམ་ཞིང་། དེར་བདུད་རྩིའི་ཐིག་ལེ་བྱས་ལ། བྷྲུཾ་ཞུ་བ་ལ་རྣ་བ་གཉིས་སུ་འཁོར་ལོ་རྩིབས་བཞི་གྲུ་ཆད་བཞི་ལ་སྒོ་གཏོད་པར། ཡི་གེ་ཏྲཾ་ཟུང་ལྔ་ཡ་བ་ཙ་ཛཿཧཱུྃ་བཾ་ཧོཿདང་བཅས་པ་འོད་དུ་ཞུ་བ་ལས། རིན་འབྱུང་ཡབ་ཡུམ་གྱི་ཕྱོགས་བཞིར། རྡོ་རྗེ་རིན་ཆེན། ཉི་མ། རྒྱལ་མཚན། ཞགས་པ་བཞི་དང་། ཡུམ་མཱ་ལེ། པུཥྤེ། པཱ་ཤ རྡོ་རྗེ་བདེ་མ་སྟེ་ཕོ་བྲང་གི་ལྷ་བཅུ་དང་། སྒོ་བ་ཡབ་ཡུམ་བཅས་ཏེ་བཅོ་བརྒྱད་གསལ་བཏབ་ལ། ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམས་པས་ཆོས་ཉན་པ་ལ་བར་དུ་གཅོད་པའི་སྒྲིབ་པ་མཐའ་དག་དག་སྟེ། སློབ་མ་ལྷ་དང་བཅས་པ་འོད་དུ་ཞུ་ནས་རིན་འབྱུང་དུ་བསྐྱེད་པ་ལ་རྒྱུད་ཀྱི་གླེགས་བམ་གཏད་དེ་དབང་བསྐུར་བའོ། །དེ་བཞིན་དུ་འོག་མ་རྣམས་ལའང་རིགས་འགྲེས་ལ། གཉིས་པ་བསྒོམ་པའི་དབང་ནི་མེ་ཏོག་འཕོག་པའི་ལྷ་གང་ཡིན་གྱི་རིགས་ལྔའི་ས་བོན་ལས་དེའི་དཀྱིལ་འཁོར་དུ་བསྐྱེད་དེ་ཞུ་བ་ལ། ཡང་ལྷ་དེ་ཉིད་དུ་བསྐྱེད་ལ། དབང་རྫས་ཕྲེང་བ་གཏད་དེ་དབང་བསྐུར་བའོ། །གསུམ་པ་འཆད་པའི་དབང་ནི། ལྕེ་ལ་བྷྲཱུཾ་འཕྲོས་པ་གཞལ་ཡས་ཁང་གི་རྣམ་པར་གྱུར་པའི་ནང་དུ་ཧྲཱིཿཛཿཧཱུྃ་བཾ་ཧོཿགྱུར་པ་ལས། སྣང་མཐའ་ཡབ་ཡུམ་ལ། རྡོ་རྗེ་ཆོས། རྣོན་པོ༑ འཁོར་ལོ། སྨྲ་བ་བཞི། ཡུམ་གླུ་མ། མར་མེ། ལྕགས་སྒྲོག གསལ་བཀྲ་མ་བཞི་བསྒོ་བ་ཡབ་ཡུམ་དང་བཅས་པ་བསྒོམ་དྲངས་བསྟིམ་འོད་དུ་ཞུ་བ་ལས་སྣང་མཐའ་ཡབ་ཡུམ་དུ་
གསལ་བ་ལ་དབང་རྫས་ཚར་བརྣོན་འཁོར་ལོ་བྲིས་པ་གཏད་དེ་དབང་བསྐུར་བའོ། །བཞི་པ་འཕྲིན་ལས་ཀྱི་དབང་ནི། ལག་པ་གཉིས་ལ་བྷྲུཾ་ལས་གཞལ་ཡས་ཁང་གི་ནང་དུ་ཧཾ་ཟུང་ལྔའི་ཕྱག་རྒྱའི་ཚོགས་མཆོག་ལས་དོན་འགྲུབ་ཡབ་ཡུམ་ལ། རྡོ་རྗེ་ལས། བསྲུང་བ། གནོད་སྦྱིན། ཁུ་ཚུར། ཡུམ་གར་མ། བྱུག་པ། དྲིལ་འཁྲོལ། འབེབས་མ་དང་བཅས་པ་བསྒོམ་ལ་དྲངས་བསྟིམ་འོད་ཞུས་དོན་འགྲུབ་ཡབ་ཡུམ་དུ་གསལ་བ་ལ་དབང་རྫས་རྡོ་རྗེ་རྒྱ་གྲམ་ལག་ཏུ་གཏད་དེ་དབང་བསྐུར་རོ། །ལྔ་པ་རྡོ་རྗེ་རྒྱལ་པོའི་དབང་ནི་མགོ་དང་ཡན་ལག་ལྔ་ལ་དཀྱིལ་འཁོར་ལྔ་དང་ཁྲོ་ཕྲེང་སྒོམ་པ་སྟེ། དེ་ཡང་མགོ་བོར་ༀ། ལག་གཡས་ཧཱུྃ། ལག་གཡོན་སྭཱ། རྐང་གཡོན་ཨཱཾ། གཡས་པར་ཧཱ་རྣམས་ཟུང་ལྔ་ལྔ་ལས་དཔུང་མགོ་གཡས་སུ་མི་བསྐྱོད་པ་ཡབ་ཡུམ་གྱི་ཕྱོགས་བཞིར་སེམས་དཔའ་རྡོ་རྗེ། རིན་ཆེན་རྡོ་རྗེ། ཆོས་རྡོ་རྗེ། ལས་རྡོ་རྗེ། ཡུམ་ལྡན་མ་རྡོ་རྗེ། འབར་མ་རྡོ་རྗེ། སྡུད་མ་རྡོ་རྗེ། བསྐྱོད་མ་རྡོ་རྗེ། མགོ་ལ་རྣམ་སྣང་ཡབ་ཡུམ། རྡོ་རྗེ་སེམས་དཔའ། རྒྱལ་པོ། ཆགས་པ། ལེགས་པ། ཡུམ་རྡོ་རྗེ་སྒེག་མོ། བདུག་པ༑ ལྕགས་ཀྱུ། སྒྲོལ་མའོ། །གཡོན་གྱི་དཔུང་མགོར་རིན་འབྱུང་། རྐང་གཡས་དོན་འགྲུབ། རྐང་གཡོན་སྣང་མཐའ་ཡབ་ཡུམ་ལ་རིགས་ཆུང་གི་སེམས་དཔའི་དཀྱིལ་འཁོར་དང་བཅས་པ་སྔར་བཞིན་དང་། ཕྱི་རོལ་གྱི་ཕྱོགས་མཚམས་སྟེང་འོག་བཅུར་ཁྲོ་བཅུའི་དཀྱིལ་འཁོར་བསྒོམ་ལ་ཡེ་ཤེས་པ་བསྟིམ་སྟེ་དགྱེས་ནས་སྦྱོར་བ་མཛད་པ་འོད་དུ་ཞུ་བ་ལས་སློབ་མ་ཀུན་བཟང་ཡབ་ཡུམ་དུ་བསྐྱེད་པ་ལ་དབང་རྫས་རྡོ་རྗེ་དང་དྲིལ་བུ་ལག་ཏུ་གཏད་དེ་རྗེས་སུ་སྣང་བ་སྦྱིན་ནས་དབང་བསྐུར་བའོ། །དེ་ལྟར་དབང་ལྔ་པོ་དེ་བསྐུར་བས་ད་ལྟ་ཉིད་ནས་རང་གཞན་གྱི་དོན་བྱེད་པའི་ནུས་པ་སོ་སོར་བཞག་པའི་ཕྱིར་ནུས་དབང་ཞེས་བྱའོ། །གསུམ་པ་ཟབ་དབང་བསྐུར་བའི་རིམ་པ་ནི། ཡུམ་ཤེས་རབ་མ་མཚན་ལྡན་ལོ་ཉི་ཤུ་མ། བཅུ་དྲུག་མ། བཅུ་གཉིས་མ་གསུམ་ནི་རིམ་པར་དབང་གསུམ་གྱི་རྟེན་དུ་གྱུར་པའོ། །དེ་ལ་གསང་དབང་ནི་སློབ་མས་མཎྜལ་ཕུལ་ནས་གསོལ་བ་བཏབ་ནས། བླ་མ་གཙོ་བོ་ཡབ་ཡུམ་དུ་བསྐྱེད་པའི་མཁའ་གསང་བྱིན་གྱིས་བརླབས་ཏེ། སྦྱོར་བ་མཛད་པའི་བྱང་ཆུབ་ཀྱི་སེམས་ཧཱུྃ་གི་རྣམ་པའི་
རྒྱུན་ཡབ་ཀྱི་རྡོ་རྗེ་ནས་བྱུང་བ། ཡུམ་གྱི་པདྨའི་རྩེར་སྐྱིལ་བ་དེ་ཉིད་འཇམ་དཔལ་དམར་པོའི་དབང་མཛོད་ལས། བ་དང་བེའུའི་ཚུལ་དག་གམ། །དེ་བཞིན་བུང་བ་སྦྲང་རྩིའི་ཚུལ། །ཡང་ན་བྱ་དང་བྱིའུའི་ཚུལ། །ཞེས་པ་ལྟར་ཡབ་ཀྱི་རྡོ་རྗེའི་རྩེ་ནས་བུས་ལེན་པ་བ་དང་བེའུའི་ཚུལ་ཏེ་ཐབས་ཀྱི་གསང་དབང་། ཡུམ་གྱི་པདྨའི་སྣ་རྩེ་ནས་ལེན་པ་མེ་ཏོག་དང་བུང་བའི་ཚུལ་ཏེ་ཤེས་རབ་ཀྱི་གསང་དབང་། དེ་ལྟར་མ་ནུས་ན་ཐབས་ཡབ་ཀྱི་ལྕེས་པདྨ་ལས་བླངས་ཏེ་བུ་ལ་སྟེར་བ་བྱ་དང་བྱེའུའི་ཚུལ་ཏེ་ཐབས་ཤེས་གཉིས་མེད་ཀྱི་གསང་དབང་ངོ་། །དེ་ལྟར་ལྕེ་ཐོག་ཏུ་སྦྱིན་པའི་བདུད་རྩིའི་རྒྱུན་སྙིང་ཁར་བབས་པ་ལས། འགྲོ་དྲུག་གི་ལས་དང་གཉིད་ཀྱི་བག་ཆགས་སྦྱངས་ཏེ་མི་རྟོག་པའི་ཡེ་ཤེས་སུ་བསྒྱུར་བའོ། །དེ་ལ་ཅིའི་ཕྱིར་གསང་དབང་ཞེས་བྱ་ཞེ་ན། རྟོག་མེད་ཀྱི་ཡེ་ཤེས་དེ་ཉིད་ངོས་ཟིན་དཀའ་བའི་དོན་དེ་རྟེན་ཞུ་བ་ཡེ་ཤེས་ཀྱི་རོ་དང་ལྡན་པ་ལ་བརྟེན་ནས་ཐོབ་པའི་ཕྱིར་དང་། ད་དུང་བླ་མ་ཡབ་ཡུམ་གྱི་མྱོང་བ་ལྟར་སློབ་མ་ལ་མི་སྣང་བའི་ཕྱིར་དང་། གནས་སྐབས་སུ་ཐེག་པ་འོག་མ་ལ་གསང་བའི་ཕྱིར་ན་གསང་བའོ། །གཉིས་པ་ཡེ་ཤེས་རང་གནས་ཀྱི་དབང་ནི། ཤེས་རབ་མ་ལོ་བཅུ་དྲུག་ལོན་པ་དང་བུ་ཉིད་སྔར་བཞིན་བྱིན་གྱིས་བརླབས་ནས། སྙོམས་པར་འཇུག་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་དགའ་བཞིའི་འགྲོས་ཀྱིས་རྡོ་རྗེ་ནས་པདྨའི་ལམ་དུ་བབས་པ་གཟུང་བའི་ཐབས་ཀྱིས་སྐྱིལ་བ་དེ་ཉིད། བཞག་གནས་གསང་རྩ་ཕན་ཚུན་དུ་བསྣོལ་མར་བཀོད་པས་ཐིག་ལེ་གཉིས་རྩེ་ཕྲད་པའོ། །བསྟིམ་གནས་ནི་རིག་པའི་ཕོ་བྲང་སྟེ། དེའི་ཚེ་མཚོན་བྱེད་དཔེའི་བདེ་བ་ནི་བྱང་སེམས་གཉིས་ཤོར་གཉིས་མཉམ་གྱི་ཚེ་ལྷན་སྐྱེས་ཀྱི་དགའ་བ་རྟོག་བཅས་སུ་མྱོང་ཞིང་། དེས་མཚོན་བྱ་དོན་དམ་འོད་གསལ་གྱི་ཡེ་ཤེས་སུ་བསྒྱུར་བ་ལ་ཡེ་ཤེས་རང་གནས་ཀྱི་དབང་ཞེས་བྱ་སྟེ་ཉམས་སུ་མྱོང་བའི་ཡེ་ཤེས་དེ་ཉིད་རང་ལ་གསལ་བའི་ཕྱིར་རོ། །གསུམ་པ་དབྱེར་མེད་བདེ་ཆེན་གྱི་དབང་ནི། ཤེས་རབ་མ་ལོ་བཅུ་གཉིས་ལོན་པ་དང་བུ་ཉིད་སྙོམས་པར་འཇུག་པའི་ཡས་བབས་མས་བསྟན་གྱི་དགའ་བ་བཅུ་དྲུག་ཉམས་སུ་མྱོང་བའི་མཐར་སྣང་སྟོང་དབྱེར་མེད་ཀུན་ཁྱབ་མཐའ་བྲལ་གྱི་བདེ་བའི་ཡེ་ཤེས་ཆེན་པོ་
ཉམས་སུ་མྱོང་བ་ལས་ས་དང་ལམ་གྱི་ཡོན་ཏན་ཐམས་ཅད་རྫོགས་ནས་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བའི་གནས་ལུགས་མངོན་དུ་བྱས་པ་ནི་བདེ་བ་ཆེན་པོའི་དབང་སྟེ་སྔར་ལྷན་སྐྱེས་ཀྱི་བདེ་བ་ཡེ་ཤེས་དེ་འདིར་རྒྱུད་ལ་ཤིན་ཏུ་བརྟན་པའི་དབང་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་སློབ་མ་བློ་སྟོབས་ཅན་ལ་བསྐུར་བའི་དབང་དུ་བྱས་ཀྱི། བློ་སྟོབས་ཆུང་བ་དག་ལ་ནི་ཏིང་ངེ་འཛིན་དང་བྱང་སེམས་བདུད་རྩིའི་རིལ་བུ་ཙམ་ལ་བ རྟེན་ནས་བསྐུར་བའོ། །དེ་དག་གི་རིམ་པ་ཡང་རྡོ་རྗེ་ལས། དང་པོས་ས་བོན་འཇོག་པ་སྟེ། །གཉིས་པས་ནུས་པ་བསྐྱེད་པ་ཡིན། །གསུམ་པས་ཉམས་མྱོང་བསྐྱེད་པའོ། །བཞི་པས་དེ་ཉིད་བརྟན་པར་བྱེད། །ལྔ་པ་བརྟན་པ་ཉམས་བླངས་པས། །མཆོག་གི་དངོས་གྲུབ་ཚེ་འདིར་འགྲུབ། །ཅེས་སོ། །འདིར་རྒྱལ་བ་གཡུང་གི་ཞི་བའི་དབང་ཆོག་ཏུ་འདིའི་ཟབ་དབང་གསུམ་དངོས་སུ་བསྐུར་བའི་བཀའ་ཆད་ནས་ཕྱག་ལེན་ལ་མི་མཛད། ཅེས་པའི་ཚིག་ལ་བརྟེན་ནས། ཞི་བའི་ཟབ་དབང་གི་བཀའ་ཆད་པ་དང་། ཁྲོ་བོའི་བཀའ་མ་ཆད་པའི་རྣམ་དབྱེ་བྱེད་པ་མི་རིགས་ཏེ། ད་ལྟ་ཁྲོ་བོའི་དབང་ཆོག་ཏུ་ཟབ་དབང་གསུམ་འབྱུང་བ་གནུབ ས་རཏྣ་ཤྲཱིས་ཁ་བསྐང་གི་སྒྲོལ་མ་བའི་ཡིག་ཆར་སྔར་དྲངས་པའི་ཚིག་དེ་ཁོ་ན་ཡོད་པའི་ཕྱིར་དང་། ཚིག་དེའི་དོན་ནི་དངོས་སུ་ཞེས་པའི་ནུས་པས་ཟབ་དབང་གསུམ་པོ་དངོས་དབང་རྟེན་ཅན་དུ་བསྐུར་བ་བཀའ་ཆད་པར་གསུང་བར་མངོན་པའི་ཕྱིར། གལ་ཏེ་སྒྲོལ་མ་བ་དང་གཡུང་གཉིས་ལ་ཟབ་དབང་གི་རྒྱུན་མི་བཞུགས་པའི་དབང་དུ་གཏོང་ཡང་། འདིའི་བརྒྱུད་པར་སེ་སྟོན་བཞུགས་པའི་ཕྱིར་ན་ཟབ་དབང་གི་རྒྱུན་ཡོད་དགོས་ཏེ། དམ་པ་ཡ་སེས་སྐྱོ་བྱེ་མ་ལུང་པ་ལ་བརྟེན་ནས་རྟེན་ཅན་དང་སྦས་དོན་རྣལ་འབྱོར་ལ་རྟེན་མེད་དུ་གསན་པའི་རྒྱུན་ཡོད་པའི་ཕྱིར། ཟབ་དབང་ཟུ་ལུང་པ་ནས་བརྒྱུད་པ་འདི་ཁུངས་ཟབ་ཅེས་སེ་སྟོན་ཉིད་གཅེས་སྤྲས་སུ་མཛད་པའི་ཕྱིར་རོ༑ ༑འོན་ཀྱང་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པ་ལས་བརྒྱུད་པ་རྣམས་ལ་ནི༑ གཙང་བརྒྱུད་ཆད་པའི་དབང་དུ་བྱེད་ཀྱང་མདོ་ཁམས་ནས་བརྒྱུད་པའི་བརྒྱུད་པ་རྣམ་དག་བཞུགས་པ འི་ཕྱིར་ན་བརྒྱུད་ཚུལ་གཞན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའོ། །
འོ་ན་ཕན་ནུས་ཟབ་མོའི་དབང་བཅོ་བརྒྱད་པོ་དབང་བཞིར་འདུས་སམ་ཞེ་ན་འདུས་ཏེ། རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་གསུངས་པའི་ཕྱིར། འདུ་ཚུལ་ནི། ཕན་ནུས་ཀྱི་དབང་བཅོ་ལྔ་བུམ་དབང་དུ་འདུ་སྟེ། དེ་ཐོབ་པས་ལམ་བསྐྱེད་རིམ་བསྒོམ་པའི་སྣོད་རུང་དུ་བྱས་པའི་ཕྱིར། དེ་ལྟར་ཡང་ཁོག་གཞུང་ལས། ཕྱི་ནང་དཀྱིལ་འཁོར་རྣམ་གསུམ་དུ། །རིམ་པར་བསྐུར་བ་དང་པོ་རུ། །རི་མོ་བཞེངས་གསོལ་ཕན་ནུས་བསྐུར། །བསྐྱེད་པའི་རིམ་པ་བསླབ་པའི་དུས། །ཞེས་སོ། །ཟབ་དབང་གསུམ་ནི་རིམ་པ་ལྟར། གསང་དབང་། ཤེས་རབ་ཡེ་ཤེས། ཚིག་དབང་རྣམས་སུ་དངོས་སུ་འདུས་པར་ཟད་ལ། དེ་གསུམ་ཐོབ་པས་རྫོགས་རིམ་སྟེང་འོག་སྒོ་དང་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་བསྒོམ་པའི་སྣོད་རུང་དུ་བྱས་པའོ། །དེ་ལྟར་ཡང་ཁོག་གཞུང་ལས། རྫོགས་རིམ་གདམས་ངག་སྦྱོར་དུས་སུ། །གསང་དབང་བསྐུར་བ་སོར་བཞི་པ། །རོལ་པ་འཇུག་དུས་གསང་བ་ཡིས། །དཀྱིལ་འཁོར་བརྟན་པ་ཤེས་རབ་སྦྱིན། །ཞེས་སོ། །དེ་ལྟར་དབང་རྫོགས་ནས། དབང་རྟགས་རྡོར་དྲིལ་སྦྱིན་ཞིང་རུའི་བཀའ་ཉན་པར་བསྒོ་བ། བུམ་ཆུ་བླུད་ཅིང་བརྟན་པར་བྱས་ལ་སྨོན་ལམ་གདབ་པ། དབང་རྫས་ཀྱི་རབ་གནས་བསྡུ་ཞིང་ཅི་འབྱོར་བའི་ཡོན་གྱིས་བུའི་ལུས་བསླུ་བ། ལྷག་མ་བཏང་ཞིང་བརྟན་མ་སྐྱོང་བ་དཀྱིལ་འཁོར་བསྡུ་བ། ལས་ཀྱི་རྗེས་ཤིས་པར་བྱ་བ་སོགས་བྱ་བའོ། །དབང་མ་ཐོབ་པའི་སྐྱོན་ནི། འདི་ཉིད་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བརྩོན་པ་ནི། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་དང་། སངས་རྒྱས་ཐོད་པ་ལས། དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ཙམ་གྱིས་སྟོངས་པ་ཉིད། །དེ་བཞིན་དབང་དང་བྲལ་བ་ནི། །ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད། །ཅེས་སོ། །དེ་ལྟར་ཐོབ་པའི་ཡོན་ཏན་ནི། འདི་ཉིད་ལས། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་དང་། ཧེ་རུ་ཀ་མངོན་བྱུང་ལས། དཀྱིལ་འཁོར་བདག་པོ་མཐོང་ནས་ནི། །ཅུང་ཟད་དེ་ནི་མི་འགྲུབ་མེད། །སྡིག་པ་ཀུན་
ལས་རྣམ་པར་གྲོལ། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་སོ། །ལྔ་པ་མི་འདའ་བ་དམ་ཚིག་ལ། ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། དང་པོ་ངོ་བོ་ནི༑ རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོང་། །རྨི་ལམ་དུ་ཡང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་པས་བསྲུང་བྱའི་དོན་ཁྱད་པར་ཅན་སེམས་པ་རྒྱུན་དང་བཅས་པ་སྟེ། ཐུགས་ཐིག་ལས། གསང་སྒོར་ཞུགས་པ་ཐམས་ཅད་ཀྱིས། །སྒོ་གསུམ་རང་གི་བསྲུང་བྱ་ལ། །རྒྱལ་པོའི་བཀའ་རྟགས་ཇི་ལྟ་བར། །མི་འབྲལ་སྡོམ་པ་དེ་ངོ་བོ༑ ༑ཞེས་སོ། །ངེས་ཚིག་ནི། ས་མ་ཡའི་སྒྲ་ལས། ཡལ་གཾ་བཅས་པའམ་ཐ་ཚིག་གནའ་དང་སྡོམ་པ་ལ་འཇུག་པས། སྔོན་རང་གིས་ཇི་ལྟར་དམ་བཅས་པ་ལས་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་དམ་ཚིག་སྟེ། ཀུན་འདུས་ལས། འདའ་ཀ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར། །ཞེས་སོ། །དེ་ཡང་ཁོག་གཞུང་ལས། དམ་ཚིག་སྐྱོན་ཡོན་སྐབས་ཀྱིས་བསྒྱུར། ཞེས་པར་རྣམ་པ་གཅིག་ཏུ་བསྲུངས་པའི་ཕན་ཡོན་དང་མ་བསྲུངས་པའི་ཉེས་དམིགས་ཀྱི་དམ་ཚིག་ཏུ་བཞག་པ་སྟེ། རྡོ་རྗེ་ལས། དམ་པ་རྣམས་ཀྱི་དགོངས་པ་ལ། །དབང་དང་བྱིན་རླབས་ཐོབ་པ་ཡིས། །དམ་ཚིག་ཚུལ་བཞིན་ངེས་སྤྱད་ན། །མི་མཐུན་ཚོགས་རྣམས་ཚིག་པར་འགྱུར། །ཞེས་དང་། དམ་པ་འདི་ལས་གང་འདས་པ། །རྡོ་རྗེ་ཅན་ཡང་ཚིག་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ༑ ༑དབྱེ་ན་རྩ་བའི་དམ་ཚིག་ལྔ་དང་། ཡན་ལག་གི་དམ་ཚིག་ལྔ་ཚན་གཉིས་ཏེ་བཅུ། དེ་ནས་ཀྱང་སྤྲོ་ན་གསུམ་བརྒྱ་དྲུག་ཅུར་དབྱེ་བའོ། །དང་པོ་ནི། འདི་ཉིད་ལས། བླ་མེད་མི་སྤངས་བླ་མ་བསྐུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །སྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཅེས་པ་ལྟར་ལས། དང་པོ་བླ་མེད་མི་སྤང་བ་ཡུལ་ལྷག་པ་དོན་དམ་པ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཉིས་སོ། །དེ་མི་སྤོང་བ་ནི་སྣང་སྟོང་གཉིས་སུ་མེད་པར་རྟོགས་ནས་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་སུ་ཤེས་པའི་ཕྱག་རྒྱ་ལས་མི་འདའ་བར་བྱེད་པ་སྟེ།
གསལ་བཀྲ་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །སེམས་ཅན་ཁམས་ཀྱང་དེར་ཤེས་ཤིང་། །སྣང་སྟོང་གཉིས་མེད་རྡོ་རྗེའི་སྐུ། །བྱས་མཐོང་ཐོས་པ་ཐམས་ཅད་ཀྱང་། །སེམས་ཕྱིར་གང་ཡང་བྱས་སྣང་མེད། །དྲན་དང་ཤེས་བཞིན་སྔོན་བཏང་ལ། །དུས་གསུམ་རྒྱུན་དུ་མ་དྲན་ན། །ཐེག་ཆེན་སྔགས་པར་ཅི་ཡིས་ཆུད། །ཅེས་སོ། །གཉིས་པ་བླ་མ་བཀུར་བའི་དམ་ཚིག་ལ། ཡུལ་གྱི་དབྱེ་བ་ལ། གསལ་བཀྲ་ལས། སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་ཆག་སྐོང་དང་ཤེས་རྒྱུད་འགྲོལ། །མན་ངག་ལུང་གི་སློབ་དཔོན་དྲུག །ཅེས་པ་ལྟར་ལས། ཀུན་གྱི་དམ་པར་བཀུར་ཞིང་བཀའ་དྲིན་ཅུང་ཟད་ཐོབ་པ་སྤྱི་དང་། རབ་བྱུང་གི་མཁན་པོ་ལྟ་བུ་ཆོས་སྒོར་འདྲེན་པས་དང་། དམ་ཚིག་འབོགས་ཤིང་དབང་བསྐུར་བ་དམ་ཚིག་དབང་གི་དང་། བཤགས་ཡུལ་དུ་གྱུར་པ་ཉམས་ཆག་སྐོང་བའི་དང་། ཆོས་འཆད་པའི་སློབ་དཔོན་ལྟ་བུ་ཤེས་རྒྱུད་འགྲོལ་བའི་དང་། ཟབ་མོའི་མན་ངག་སྟོན་པའི་བླ་མ་དང་དྲུག་ལས། ཁྱད་པར་དུའང་རྒྱུད་འཆད་པ། དབང་བསྐུར་བ། མན་ངག་ནོད་པ་རྣམས་ནི་ལྷག་པར་དུའང་བཀུར་བའི་ཡུལ་ཏེ། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཞི་བའི་རྒྱུད་ལས། རྒྱུད་འགྲོལ་དབང་བསྐུར་དེ་ཉིད་བསྟན། །ཅེས་སོ། །བཀུར་ལུགས་ནི་གསལ་བཀྲ་ལས། ཡུལ་ལ་དབང་བའི་རྒྱལ་པོ་དང་། །ཁུ་བོ་ཕ་དང་མ་དང་མིག །སྙིང་ལས་ལྷག་པའི་ཚུལ་བལྟས་ཏེ། །ཞེས་པས་སྤྱིའི་བླ་མ་ཡུལ་ལ་དབང་བའི་རྒྱལ་པོ་ལྟ་བུར། འདྲེན་པའི་བླ་མ་ཁུ་བོ་ལྟ་བུར། དམ་ཚིག་དབང་གི་བླ་མ་ཕ་ལྟ་བུར། ཉམས་ཆག་སྐོང་བའི་བླ་མ་མ་ལྟ་བུར། མན་ངག་ལུང་གི་སློབ་དཔོན་མིག་དང་སྙིང་ལྟ་བུར་བཀུར་བར་བྱ་ཞིང་། ཁྱད་པར་ལྷག་པའི་ཡུལ་གསུམ་ནི་བཀའ་དྲིན་གསུམ་ལྡན་ཡིན་པས་སངས་རྒྱས་ལས་ལྷག་པའམ། མཉམ་པར་བལྟས་ཏེ། སྒོ་གསུམ་ཟོལ་ཟོག་མེད་པར་ཅི་མཉེས་སུ་བྱེད་པའོ། །གསུམ་པ་སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད་པའི་དམ་ཚིག་ནི། ཡུལ་སྔགས་གསུམ་དང་ཕྱག་རྒྱ་བཞི་སྟེ། གསལ་བཀྲ་ལས། རྩ་བ་སྐྱེད་དང་ལས་སྔགས་དང་། །དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་སོ། །དེ་དག་རྒྱུན་མི་གཅོད་པར་ཉམས་སུ་ལེན་ཚུལ་ནི། བརྩོན་པ་རབ་འབྲིང་
ཐ་གསུམ་དང་སྦྱར་ནས་གསུངས་ཏེ། གསལ་བཀྲ་ལས། རབ་ཀྱིས་ཆུ་བོའི་རྒྱུན་བཞིན་ནམ། །ཉིན་གསུམ་མཚན་གསུམ་གཉིས་གཅིག་ཏུ། །མ་ཡེངས་ཙམ་དུ་ངང་གིས་བཟླ། །འབྲིང་གིས་ཟླ་གཅིག་དུས་དྲུག་དང་། །དུས་བཞིའི་བར་དུ་མི་གཅད་ཅིང་། །ཐ་མ་བྱ་བའི་རྣལ་འབྱོར་པས། །ཟླ་རེའམ་ར་བའི་དུས་དག་ཏུ། །བརྩོན་པས་འབད་དེ་མི་བྱ་བ། །བྱང་ཆུབ་ས་བོན་བརླག་པ་ཡིན། །ཚོགས་དང་གཏོར་མའང་དེ་བཞིན་དུ། །ཐ་ན་ལོ་ཟླར་མི་འདའོ། །ཞེས་སོ༑ ༑བཞི་པ་མཆེད་ལ་བྱམས་པ་ནི། ཡུལ་ནི་སྤྱིའི་མཆེད་སེམས་ཅན་ཐམས་ཅད། རིང་བའི་མཆེད་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་སོ་ཅོག ཉེ་བའི་མཆེད་སྔགས་ཀྱི་ཐེག་པར་ཞུགས་པ། དེ་ལས་ཀྱང་ནང་འདྲེས་པའི་མཆེད་བླ་མ་གཅིག་གིས་བསྡུས་པ་ནི་ཕ་གཅིག་གི་སྤུན་དང་། དཀྱིལ་འཁོར་གཅིག་གིས་བསྡུས་པ་ནི་མ་གཅིག་གི་སྤུན་དུ་དོན་གྱིས་གྱུར་ཏེ། དེ་གཉིས་ནི་ལྷག་པར་ཡང་བྱམས་པར་བྱ་བའི་ཡུལ་ལོ། །དེ་ལྟར་ཡང་གསལ་བཀྲ་ལས། མཐའ་ཡས་སེམས་ཅན་རང་རིག་ཕྱིར། །གང་ཡང་བདག་ལས་གཞན་མིན་དང་། །བདེ་གཤེགས་སྙིང་པོའི་སྤུན་ཡིན་ཕྱིར། །མ་འོངས་སངས་རྒྱས་རང་བཞིན་ནི། །སྤྱི་ཡི་མཆེད་དེ་ཕ་ཚན་བཞིན། །སངས་རྒྱས་ཆོས་ཞུགས་རིང་བ་དང་། །ལྟ་སྤྱོད་མཐུན་པ་ཉེ་བར་བཤད། །ཕ་གཅིག་དམ་ཚིག་ནང་འདྲེས་པ། །ཞེས་སོ། །དེ་དག་ལ་བྱམས་པར་བྱ་ལུགས་ཀྱང་། སྙིང་པོ་བྱང་ཆུབ་ཀྱི་བར་དུ་མི་འབྲལ་བར་བྱ་བའི་བསམ་པས་རྟག་པར་བརྩེ་ཞིང་གདུང་བར་བྱ་བ་སྟེ། རྔམ་གློག་ལས། བརྩེ་ཞིང་གདུང་བའི་ཤུགས་ཕྱུངས་ལ། །གཅིག་ལ་གཅིག་གིས་མིག་བཞིན་ལྟ། །ཞེས་སོ། །ལྔ་པ་གསང་བ་མི་སྨྲ་བ་ནི། ཡུལ་ནི། ཕྲ་རྒྱས་ལས། དམ་ཉམས་དམ་ལས་ལོག་པ་དང་། །དམ་མེད་དཀྱིལ་འཁོར་མ་མཐོང་དང་། །འདྲེས་དང་མ་འདྲེས་ཐམས་ཅད་ལ། །ཞེས་སོ། །དེ་དག་ལ་གསང་བར་བྱ་བ་ནི། དེ་ལས། སྤྱི་དང་བར་གསང་བཞི་བཞི་དང་། །འོས་དང་གཉེར་གཏད་རྣམ་པ་བཅུ། །ཞེས་སོ། །དེ་ལ་སྤྱི་གསང་བཞི་ནི་དེ་ལས། ལྟ་ཟབ་སྤྱོད་པ་བརླང་པོ་དང་། །ལྷ་མིང་གཟུངས་དང་གྲུབ་རྟགས་རྣམས། །ཞེས་པས། ལྟ་ཟབ་ནི་ཐེག་དམན་སོགས་བློ་དམན་རྣམས་དང་། སྤྱོད་པ་ནི་མ་འདྲེས་པ་ལ་གསང་
ཞིང་། ཡི་དམ་གྱི་ལྷ་དང་སྔགས་དང་གྲུབ་རྟགས་གསུམ་ནི་མ་འདྲེས་པ་ལ་བསྟན་ན་དམ་ཚིག་ཉམས་ལ། འདྲེས་པ་ལ་བསྟན་ནའང་དངོས་གྲུབ་ཉམས་པར་གསུངས་པས་ཐམས་ཅད་དུ་གསང་བར་བྱ་བའོ། །བར་གསང་བཞི་ནི། གསལ་བཀྲ་ལས། སྒྲུབ་པའི་གནས་དུས་རྫས་དང་གྲོགས། །བར་དུ་གསང་ལ་བསྒྲུབ་པར་བྱ། །ཞེས་པས། སྒྲུབ་པ་བྱེད་པའི་བར་དེ་སྲིད་དུ་གསང་བའོ། །གསང་བར་འོས་པ་ནི། མཆོད་རྫས་དང་གསང་བའི་སྤྱོད་པ་མཆེད་ཀྱི་ངན་སྤྱོད་ལ་སོགས་པ་མཐོང་ཐོས་སུ་མི་རུང་བ་རྣམས་སོ། །གསང་བ་གཉེར་གཏད་པ་ནི། བླ་མ་དང་མཆེད་ཀྱིས་འདི་དང་འདི་གསང་བར་གྱིས་ཤིག ཅེས་གདམས་པ་རྣམས་སོ༑ ༑དེ་དག་ཀྱང་ཆོས་ལ་སྐྱོན་ཡོད་ནས་གསང་དགོས་པ་མ་ཡིན་ཏེ། དེ་ལས། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་རབ་ཏུ་གསང་། །གསང་ཐུབ་དངོས་གྲུབ་མི་ཡལ་བས། །གསང་ཕྱིར་བརྡའ་དག་སྣ་ཚོགས་གསུངས། །ཞེས་སོ། །དེ་ལྔ་ནི་ལམ་དང་འབྲས་བུ་ཐམས་ཅད་ཀྱི་གཞིར་གྱུར་པས་རྩ་བའི་དམ་ཚིག་ཅེས་བྱ་ལ། དེ་ཡང་བསྡུ་ན་གསུམ་དུ་འདུ་སྟེ། བླ་མ་དང་མཆེད་ལ་བསྲུང་བ་གཉིས་སྐུའི་དམ་ཚིག སྔགས་རྒྱ་གསུང་གི་དམ་ཚིག བྱང་སེམས་དང་གསང་བཅུ་ཐུགས་ཀྱི་དམ་ཚིག་གོ །གཉིས་པ་ཡན་ལག་གི་དམ་ཚིག་ནི། མི་སྤང་བ་ལྔ་དང་། མི་འདོར་བ་ལྔའོ། །དང་པོ་ནི། འདི་ཉིད་ལས། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །ཞེས་པའི་སྐབས་སུ། གསལ་བཀྲ་ལས། མི་སྤང་དམ་ཚིག་བཤད་བྱ་བ། །ཡང་དག་དུག་ལྔ་ལོག་དུག་ལྔ། །ཞེས་ཡང་དག་པའི་དུག་ལྔ་དང་། ལོག་པའི་དུག་ལྔ་གཉིས་ལས། དང་པོ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་དུས་ན་སྟེ། དེ་ཡང་། ལྟ་བ་ལ་ཕྱོགས་རིས་དང་སྤྱོད་པ་ལ་བླང་དོར་མེད་པ་གཏི་མུག དེ་ལྟར་མ་རྟོགས་པའི་འགྲོ་ལ་ཐུགས་རྗེས་ཆགས་པ་ནི་འདོད་ཆགས། རང་བྱུང་གི་ཡེ་ཤེས་ཀྱིས་ལོག་ལྟ་འཇོམས་པ་ནི་ཞེ་སྡང་། མཉམ་ཉིད་རྟོགས་པའི་ལྟ་བ་གཤོངས་སུ་མི་འབེབས་པ་ང་རྒྱལ། གཉིས་འཛིན་གྱི་ལྟ་སྤྱོད་མཉམ་ཉིད་ཀྱི་ཀློང་དུ་མི་ཤོང་བ་ཕྲག་དོག་རྣམས་བདག་གཞན་ཆོས་གསུམ་གྱིི་དོན་གྱི་ཕྱིར་མི་སྤང་ངོ་། །
གཉིས་པ་ནི། སྤང་བྱའི་རྫས་མ་གྲུབ་སྟེ་ལོག་པའི་དུག་ལྔ་ཡང་རང་རང་གི་ངོ་བོས་སྟོང་པའི་ཕྱིར་སྤང་མི་དགོས་ཏེ། སྨིག་རྒྱུའི་ཆུ་ལ་རགས་མི་དགོས་པ་བཞིན་ནོ། །ཐབས་མཁས་ཀྱི་ལམ་ཡིན་ཏེ་ཐབས་ཀྱིས་ཟིན་ན་སྤྱད་ཀྱང་མི་འཆིང་བར་རྣམ་པར་གྲོལ་བའི་ལམ་དུ་གྱུར་ཏེ། དུག་གི་སྨན་མར་གྱིས་དུག་ནད་འཇོམས་པ་བཞིན་ནོ། །རང་བཞིན་ཆེན་པོ་ཡིན་ཏེ། ཉོན་མོངས་པ་ལྔ་ཉིད་དོན་ཡེ་ཤེས་ལྔ་ཡིན་ལ། རྟགས་རྒྱལ་བ་རིགས་ལྔ་ཡིན་ཏེ། ཉོན་མོངས་པ་ལས་གཞན་དུ་སྐུ་དང་ཡེ་ཤེས་བཙལ་དུ་མེད་པའི་ཕྱིར་རོ། །གཉིས་པ་མི་འདོར་བའི་དམ་ཚིག་ནི། འདི་ཉིད་ལས། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་འདོར་རོ། །ཞེས་པས་དམ་རྫས་ལྔ་སྟེ། ཆོས་ཉིད་ཀྱི་རང་བཞིན་དང་། རང་གི་ངོ་བོ་དང་། མཐུ་དང་བྱིན་རླབས་ཀྱིས་གྲུབ་པའི་རྫས་ཁྱད་པར་ཅན་ཡིན་པས་མི་འདོར་བའོ། །གསུམ་པ་ནི། ཕྲ་རྒྱས་ལས། ཕྱི་མ་རྩ་བ་ཡན་ལག་ལ། །ལྔ་བཅུ་བརྒྱ་དང་དྲུག་ཅུ་དང་། །ཉིས་བརྒྱའི་བསྲུང་བྱ་མ་ལུས་པ། །བཀའ་ལུང་གཉིས་ཀྱི་རྗེས་སུ་བསྙེག །ཅེས་པས་རྩ་བ་ལ་བརྒྱ་དང་དྲུག་ཅུ། ཡན་ལག་ལ་ཉིས་བརྒྱར་ཕྱེ་བ་ལས། དང་པོ་ནི། རྩ་བ་ལྔ་པོ་རེ་རེ་ལ་ཡང་ཐབས་ཤེས་གཉིས་སུ་ཕྱེ་བས་བཅུ་དང་། སུམ་ཅུ་རེར་ཕྱེ་བས་བརྒྱ་ལྔ་བཅུ་སྟེ་བསྡོམས་པས་བརྒྱ་དང་དྲུག་ཅུའོ། །དེ་ཡང་། རྩ་བའི་དམ་ཚིག་ལྔ་ལ་ཡང་། །གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ། །ཞེས་སོ༑ ༑དེ་ཡང་། བླ་མེད་མི་སྤང་བ་ལ་སུམ་ཅུར་དབྱེ་བ་ནི། ཕྲ་རྒྱས་ལས། བྱང་ཆུབ་སེམས་ནི་བླ་མེད་ལྷ། །ཞི་ཁྲོའི་ལྷ་དགུ་ཉིད་དང་བཅུ། །བཅུ་གཉིས་བསམ་ལས་མི་འདའ་ཞིང་། །ཐུན་མོང་མཆོག་གི་ཚད་མེད་བརྒྱད། །བདེན་གཉིས་བྱང་ཆུབ་རྣམ་པ་བཅུ། །བླ་མེད་གསལ་བས་ཉམས་མི་བྱ། །ཞེས་སོ། །བླ་མ་བཀུར་བ་ལ་ཡང་། སྒོ་གསུམ་གྱི་བཅུ་བཅུ་སྟེ་སུམ་ཅུ་སྟེ༑ དེ་ལས། ལུས་ཀྱི་བསྲུང་བ་བརྡེག་པ་སོགས། །འཐིང་སླད་ཙམ་དུའང་བྱ་བ་མིན། །འདོད་ཡོན་ལྔ་ཡི་མཆོད་པ་དང་། །གསང་བའི་སྣོད་དུ་དུག་མི་སྤྱོད། །འགྲོ་བ་དྲང་པོའི་ཕྱོགས་སྤང་དང་། །གདན་ས་གདན་སོགས་མི་བརླམ་དང་། །འགྲེང་འདུག་ངན་སྤྱོད་ལ་སོགས་སྤངས། །རྒྱན་སོགས་ཟི་ལྡིར་དེ་བཞིན་ཏེ། །མ་རབས་སྤྱོད་པ་ཀུན་སྤངས་ལ། །སྤྱོད་ལམ་
ཟོན་ཆགས་བ སྟི་གནས་བྱ། །རྫུན་དང་ཕྲ་མ་ཚིག་རྩུབ་དང་། །འཁྱལ་པ་ནམ་ཡང་མི་བྱ་སྟེ། །བེ་ཕོགས་མ་ཡིན་རྡབས་སྐད་དོར། །ལྐོག་ཏུ་ཚུལ་བརྗོད་ཉམས་པར་འགྱུར། །ཡོན་ཏན་བརྗོད་ཅིང་སྙན་པར་སྨྲ། །ཅ་ཅོ་ལ་སོགས་མ་ཡིན་པས། །སངས་རྒྱས་རྡོ་རྗེའི་གསུང་ཐོབ་འགྱུར། །དམ་པ་སྟོན་པའི་བླ་མ་ལ། །ཆགས་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་དུག་ལྔའི་སེམས་མི་བྱ། །ངན་དུ་མི་སེམས་ལྕི་བ་དང་། །ཕ་མ་ཡི་དམ་འདྲ་བར་བསམ། །རྟག་ཏུ་གདུང་བ་རྒྱུན་མི་གཅད། །ཅེས་སོ། །སྔགས་ཕྱག་ལ་ཡང་སུམ་ཅུ་སྟེ། དེ་ལས། ཞི་ཁྲོའི་ཕྱག་རྒྱ་བདུན་གཉིས་དང་། །ཕྱོགས་བཅིང་རྟེན་དང་ཁང་པའི་སྔགས། །རྩ་བསྐྱེད་ལས་རྣམ་བཞི་ཡི་སྔགས། །དབང་བསྐུར་བྱིན་བསྡུ་གསང་སྔགས་དང་། །སྤྱན་དྲངས་བསྟིམ་བསྟན་ཕྱག་འཚལ་མཆོད། །ཅེས་སོ། །མཆེད་ལ་བྱམས་པ་ལ་ཡང་སུམ་ཅུ་སྟེ། དེ་ལས། བསྣུན་དང་མ་བྱིན་བླང་མི་བྱ། །ཟླ་ཟེར་མ་ཡིན་གཟུངས་མི་སྤྱད། །ལྟ་སྤྱོད་མཐོ་བའི་གོང་མི་གཅོད། །དབང་དང་དམ་ཚིག་དེ་བཞིན་ནོ། །ཀུན་ཏུ་ཡངས་བག་ཟོན་འཕྲིག་ཅན། །བཀུར་སྟིས་མཆོད་བྱེད་དགའ་བར་སྤྱོད། །རྫུན་ཚིག་རྣམ་བཞི་སྤངས་པ་དང་། །གསང་བྱ་མི་སྨྲ་ཚུལ་མི་བརྗོད། །སྙན་སྨྲ་ཞེ་ས་སྲོང་པོར་སྨྲ། །བདེན་ཚིག་སྲི་ཞུས་སྨྲ་བྱེད་པའོ། །སེམས་ཀྱིས་སྔོན་བཞིན་དུག་ལྔ་དོར། །རྔན་དང་དཔྱ་སེམས་སྤང་བ་དང་། །མིག་འདྲར་བལྟ་ཞིང་གདུང་བར་བྱ། །གནོད་སེམས་སྤང་དང་རྣམ་བཅུའོ། །ཞེས་སོ། །གསང་བ་མི་བསྟན་པ་ལའང་སུམ་ཅུ་སྟེ། དེ་ལས། གསང་བའི་ཕྱིར་ན་མི་སྨྲ་བ། །སྤྱི་དང་བར་གསང་བཞི་བཞི་དང་། །འོས་དང་གཉེར་གཏད་རྣམ་པ་བཅུ། །སེམས་ཀྱིས་བསྟན་པར་མི་བསམ་ཞིང་། །ངག་གིས་བརྗོད་པར་ཡོངས་མི་བྱ༑ ༑ལུས་བརྡས་བསྟན་མིན་སུམ་ཅུའོ། །ཞེས་སོ། །ཡན་ལག་དམ་ཚིག་བཅུ་པོ་རེ་རེ་ལ་ཡང་ཉི་ཤུ་ཉི་ཤུར་ཕྱེ་བས་ཉིས་བརྒྱ་སྟེ། འདི་ཉིད་ལས། ཡན་ལག་དམ་ཚིག་ལྔ་ཉིད་ལ། །གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ། །ཞེས་སོ། །དེ་ཡང་མི་སྤང་བའི་དམ་ཚིག་ལ་བརྒྱར་དབྱེ་བ་ནི། ཞེ་སྡང་ལ་སོགས་པ་ལྔ་པོ་རེ་རེ་ལའང་ཐབས་ཤེས་ཀྱིས་མི་སྤང་བ་བཅུ་བཅུ་སྟེ་ཉི་ཤུ་རེ་རེར་ཕྱེ་བའོ། །མི་འདོར་བའི་དམ་ཚིག་ནི། བདུད་རྩི་ལྔ་རེ་རེ་ལ་ཡང་། མངོན་
པ་ཕྱིའི་བཞི། སྦས་པ་ནང་གི་བཞི་སྟེ་རྩ་བ་བརྒྱད་བརྒྱད་དང་། དྭངས་སྙིགས་གཉིས་གཉིས་ཏེ་འགྲོ་བ་སྤྱིའི་ལྔ་བཅུ་དང་། དེའི་སྟེང་དུ་ཞིང་བཅུའི་བདུད་རྩི་ལ་ཡང་དེ་བཞིན་དུ་སྦྱར་བས་ལྔ་བཅུ་སྟེ་བརྒྱའོ། །དེ་ལྟར་རྩ་བའི་དམ་ཚིག་བརྒྱ་དང་དྲུག་ཅུའི་སྟེང་དུ་ཡན་ལག་གི་དམ་ཚིག་ཉིས་བརྒྱ་བསྣན་པས་སུམ་བརྒྱ་དང་དྲུག་ཅུའོ། །གཞན་ཡང་སེམས་ཅན་གྱི་རྟོག་ཚོགས་ཇི་སྙེད་པའི་གཉེན་པོ་དམ་ཚིག་ཀྱང་དེ་སྙེད་པ་སྟེ་བསམ་གྱིས་མི་ཁྱབ་ཅིང་། མདོར་བསྡུ་ན། རང་སེམས་བསྲུང་བ་གཅིག་པོར་འདུ་སྟེ། དམ་ཚིག་བཀོད་པའི་རྒྱུད་ལས། དམ་ཚིག་དམ་ཚིག་ཅེས་བྱ་བ། །མདོར་ན་རང་སེམས་གཙང་མར་བསྲུང་། །འདི་ནི་དམ་ཚིག་རྨད་པོ་ཆེ། །སངས་རྒྱས་ཀུན་གྱིས་བསྟན་པར་མཛད། །ཅེས་དང་། སྤྱོད་འཇུག་ལས། སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པའི། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་གསུངས་སོ༑ ༑དེ་ལྟ་བུ་དམ་ཚིག་དེ་ཉིད་ཉམས་པའི་སྐྱོན་ནི། འདི་ཉིད་ལས། རྩ་བའི་དམ་ཚིག་ཉམས་གྱུར་ན། །སྒྲུབ་པ་ཐམས་ཅད་ལོག་པར་འགྱུར། །ཡིད་དུ་མི་འོང་སྣ་ཚོགས་པའི། །འབྲས་བུ་མི་འདོད་བཞིན་དུ་འདུ། །ཞེས་དང་། ཡན་ལག་དམ་ཚིག་ཉམས་གྱུར་ན། །འབྲས་བུ་མེད་ཅིང་ངན་སོང་ལྟུང་། །ཞེས་སོ། །དམ་ཚིག་བསྲུང་པའི་ཡོན་ཏན་ནི། འདི་ཉིད་ལས། རྒྱལ་བའི་རིགས་མཆོག་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབ། །ཅེས་སོ། །དྲུག་པ་རོལ་པ་འཕྲིན་ལས་ལ། ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། དང་པོ་ནི། གཙོ་བོར་ཡུལ་གཞན་དོན་ལ་དམིགས་པའི་བྱེད་པ་གང་ཞིག ཚད་མེད་བཞིའི་རྒྱུ་ལས་བྱུང་ཞིང་། ཤེས་རབ་ཆེན་པོས་ཟིན་པའི་ཐབས་མཁས་ཀྱི་འཕྲིན་ལས་ཏེ། ཐུགས་ཐིག་ལས། ཕྱི་རོལ་ཚད་མེད་ཉིད་ལས་བཞི། །ལྷག་པ་གཟུགས་བརྙན་བྱ་ཐབས་གཉིས། །མཆོད་རྟེན་སྒོ་དང་སྦྱིན་སྲེག་སྟེ། །ཞེས་སོ། །གཉིས་པ་ངེས་ཚིག་ནི། ཀརྨ་ཞེས་པའི་སྒྲ་ལས་འཕྲིན་ལས་ཏེ༑ སྒོ་གསུམ་གྱི་བྱ་བ་མཚན་ཉིད་ཅན་གྱི་བྱེད་པ་པོའི་འདོད་པའོ། །དབྱེ་ན། རྒྱུད་ཕྱི་མ་ལས། ཞི་བ་ལ་སོགས་རབ་དབྱེ་བས། །ལས་ནི་རྣམ་པ་བཞིར་བསྡུས་སོ། །ཞེས་པས། ཞི་
བ༑ རྒྱས་པ། དབང་། དྲག་པོ་དང་བཞིའོ། །དེ་ལ་ཡང་དོན་བྱ་བའི་ཡུལ། བྱེད་པའི་འཕྲིན་ལས། བྱ་ཐབས་ཀྱི་རྣམ་གྲངས། བྱེད་ཚུལ་གྱི་ཁྱད་པར་རྣམས་ལས་དང་པོ་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཡིན་ལ། དེ་ཡང་། དམིགས་བསལ་གུད་དུ་ཕྱེ་ན། གནོད་སྡིག་ཅན་དང་། དབུལ་ཕོངས་ཅན། ལོག་ལྟ་ཅན་དང་། གདུག་པ་ཅན་རྣམས་སོ། །གཉིས་པ་ལ༑ ཞི་རྒྱས་དབང་དྲག་ལྷུན་གྲུབ་ལྔའོ། །གསུམ་པ་ལ་མེ་དང་། རྫས་དང་། ལུ་གུ་རྒྱུད་དང་། མཆོད་རྟེན་དང་། ཕྱག་རྒྱའི་སྒོ་ནས་བྱ་བ་སྟེ། ཁོག་གཞུང་ལས། མཆོད་རྟེན་ཕྱག་རྒྱའི་སྒོ་དང་ནི། །ཧོམ་བྲོ་གླུ་དང་རྫས་ཀྱི་བྱ། །ཞེས་སོ། །དེ་ལ་དང་པོ་མེའི་སྒོ་ནས་བྱ་བ་ལ། ཕྱི་དང་། ནང་དང་། གསང་བའི་སྦྱིན་སྲེག་གོ །དང་པོ་ཕྱིའི་སྦྱིན་སྲེག་ལ། སྦྱིན་སྲེག་རྩ་བ་ལས། གནས་རྫས་ཐབ་ཀྱི་རྣམ་པ་དང་། །གཟུང་དང་གཙོ་སེམས་བསྒྲུབ་བྱ་དང་། །ཕུར་བུ་ལྷ་དུས་ལས་རིམ་དང་། །ལྷག་མ་བཅུ་གཅིག་ཤེས་པར་བྱ། །ཞེས་པ་ལྟར་དོན་བཅུ་གཅིག་བསྟན་པ་ལ། དང་པོ་གནས་ནི། ཞི་རྒྱས་གཉིས་བཀྲ་ཤིས་པའི་གནས་དང་། དབང་དྲག་གཉིས་གཉན་པའི་གནས་སུ་བྱ་བ་ལས། བྱེ་བྲག་ཏུ་འགྲེལ་ཆུང་ལས། ལྗོན་ཤིང་ཅན་དང་ལྕུག་ཕྲན་རྒྱས་པའི་ཚལ། །ཤིང་གཅིག་དྲུང་དང་མེས་ཚིག་ཕྱི་ཡི་གནས། །ཞེས་སོ། །གཉིས་པ་རྫས་ནི། ལས་མཐུན་གྱི་ཡམ་ཤིང་། ལིངྒ་། གཏོར་མ། ལས་བཞི་སོ་སོའི་སྲེག་རྫས་རྣམས་སོ། །གསུམ་པ་ཐབ་ནི། འདི་ཉིད་ལས་དབྱིབས་དང་ཁ་དོག་མཚན་ལྡན་པར། །ཞེས་པས། ལས་བཞི་སོ་སོ་ལ་ཐབ་བྱ་ཐབས་གཉིས་གཉིས་སུ་སྒྱུ་འཕྲུལ་རྒྱས་པའི་ལེའུ་ང་བདུན་པ་ལས་བཤད་ཀྱང་། འདིར་འགྲེལ་ཆུང་ལས། ཟླུམ་པོ་གྲུ་བཞི་ཟླ་གམ་གྲུ་གསུམ་དབྱིབས། །ཞེས་པའི་རྗེས་སུ་འབྲངས་ནས་བྱ་ཐབས་སྔ་མ་ལྟར་བྱ་བ་བླ་མ་བརྒྱུད་པའི་ཕྱག་བཞེས་སུ་མཛད་དོ། །དེ་དག་ཀྱང་ཚད་དང་མཚན་ཉིད་རྫོགས་ཤིང་འཁོར་ལོ་རིན་ཆེན་པདྨ་རྒྱ་གྲམ་རྣམས་ལྟེ་བ་ལ་རྫོགས་ཤིང་། ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་མཐིང་ཁའི་མདོག་ཏུ་བྱས་པ་ལས་བཞི་སོ་སོའི་མཚན་མ་ཅན་ནོ། །བཞི་པ་གཟུང་མ་ནི། ལས་མཐུན་གྱི་ཡུམ་ཆས་སུ་བཅུག་པའོ། །ལྔ་པ་སྟོངས་སེམས་ནི། ལས་བརྩམས་
ནས་མ་གྲུབ་ཀྱི་བར་དེ་སྲིད་དུ་ལས་གང་ཡིན་གྱི་སྟོངས་སེམས་དང་མ་བྲལ་བའོ། །དྲུག་པ་ལིངྒ་ནི། སྔར་གྱི་རྒྱུ་ལས་ཡུལ་བཞི་པོ་གང་ཡིན་གྱི་ལིངྒ་གནད་ཡིག་ཅན་ལས་གང་བྱེད་ཀྱི་སྔགས་སྤུ་གྲི་དང་བཅས་པ་ལས་མཐུན་གྱི་བྲུབ་ཁུང་དུ་བཅུག་པའོ། །བདུན་པ་ཕུར་བུ་ནི། ཞི་བ་ལ་དངུལ། རྒྱས་པ་ལ་གསེར། དབང་ལ་ཟངས། དྲག་པོ་ལ་ལྕགས་སམ་ཤིང་ནག་ལས་དབལ་ལས་བཞི་སོ་སོའི་དབྱིབས་སུ་བྱས་པའོ། །བརྒྱད་པ་ལྷ་ལ། མེ་ལྷ་དང་། སྲེག་ལྷ་གཉིས་ཀྱི་དང་པོ་ནི། ལས་བཞི་སོ་སོའི་མེ་ལྷ་སྐུ་མདོག་ཕྱག་མཚན་ལས་མཐུན་ཅན་དྲང་སྲོང་གི་ཆས་ཅན་ར་སྐྱེས་ཀྱི་གདན་ལ་བཞུགས་པའོ། །གཉིས་པ་ནི་ཞི་བ་ལ་རྣམ་སྣང་དང་བུདྡྷ་ཧེ་རུ་ཀ རྒྱས་པ་ལ་རིན་འབྱུང་དང་རཏྣ་ཧེ་རུ་ཀ དབང་ལ་སྣང་མཐའ་དང་པདྨ་ཧེ་རུ་ཀ དྲག་པོ་ལ་རྡོར་སེམས་བཛྲ་ཧེ་རུ་ཀ་རྣམས་ཀྱིས་གཙོ་བྱས་པའི་ཞི་ཁྲོའི་ལྷ་ཚོགས་ལས་མཐུན་གྱི་སྐུ་མདོག་ཕྱག་མཚན་ཅན་དུ་བསྐྱེད་པའོ། །དགུ་པ་དུས་ནི། དབྱར་རམ་སྔ་དྲོ་ཞི་བ། སྟོན་ནམ་ཉིན་ཕྱེད་རྒྱས་པ། དགུན་ནམ་དགོང་ཁ་དབང་། དཔྱིད་དམ་ནམ་གུང་དྲག་པོའོ། །བཅུ་པ་ལས་རིམ་ནི། ཡོ་བྱད་བསགས། ས་གཞི་སྦྱངས། ལས་གང་ཡིན་གྱི་ཐབ་ཀྱི་སྟེང་དུ་སྲེག་ཤིང་བརྩིགས། མེ་དར་རིགས་མཐུན་པས་དགབ། མཆོད་གཏོར་སྲེག་རྫས་རྣམས་བཤམས། ཤར་ལ་སོགས་པའི་ཕྱོགས་སོ་སོར་ཁ་གཏད་ལ་ཞི་བ་ལ་རྡོར་དཀྱིལ། རྒྱས་པ་ལ་མཉམ་སྐྱིལ། དབང་པད་སྐྱིལ། དྲག་པོ་རུས་སྦལ་གྱི་སྟབས་ཀྱིས་འདུག་ལ། མཚམས་བཅད་དམ་བཅའ་བྱིན་དབབ་མཆོད་པ་དང་སྲེག་རྫས་བརླབས། ལས་གཞུང་བསྲངས། བཟླས་པའི་འཕྲོ་འདུས་བསྐུལ། ཚོགས་ཐ་མ་དང་འབྲེལ་བར་ལིངྒ་ལ་དགུག་གཞུག་གཏོར་ཐུན། ཕུར་གདབ། མཚོན་ཆར་དབབ། གྲིས་གཏུབ་སྟེ་སྲེག་རྫས་ལ་བསྲེས་ཏེ་བཞག་གོ །དེ་ནས་མེ་སྦར་ལས་གང་ཡིན་གྱི་མེ་ལྷ་བསྐྱེད་དྲངས་མཆོད་སྲེག་གི་རྫས་དང་དགང་བླུགས་ཕུལ་ལ་འཕྲིན་ལས་བཅོལ་ལོ། །དེའི་དགོས་པ་ནི། མེའི་སྒོ་ནས་མེ་ལྷ་ཚིམས་པས། དེའི་སྒོ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ཚིམ་པར་འགྱུར་བའོ། །དེ་ལྟར་ཡང་འདི་ཉིད་ལས། ཞལ་དུ་གྱུར་པའི་མེ་བོས་ལ། །བཟའ་བཏུང་བྲོ་པའི་ཚོགས་རྣམས་ཀྱིས། །ལས་
བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་སོ། །གཉིས་པ་ལ་གཞུང་སོ་སོའི་དགོངས་པས། མེ་ལྷ་འབར་བའི་རྣམ་པར་བྱས་པ་དང་། མེ་ལྷ་ཤར་ལྷོར་དཔང་པོའི་ཚུལ་དུ་འཇོག་པ། མེ་ལྷའི་ལྟོ་བར་བསྐྱེད་པ་རྣམས་ལས། འདིར་ཕྱི་མའི་ལུགས་ཏེ། མེ་ལྷའི་ལྟོ་བར་ལས་གང་ཡིན་གྱི་སྲེག་ལྷ་རྟེན་དང་བ རྟེན་པར་བཅས་པ་བསྐྱེད་ལ་དབང་བསྐུར་རློབ། དབབ། དྲངས་བསྟིམ། ཕྱི་ནང་གིས་མཆོད། རྩ་སྔགས་ལ་ལས་སྔགས་ཤམ་བུ་ཅན་བཏགས་ཏེ་དགང་བླུགས་དང་སྲེག་རྫས་དབུལ། བསྟོད་ཅིང་འདོད་དོན་གསོལ་བའོ། །ཚུལ་དེས་ཐོག་མར་ཞི་བའི་ལྷ་ཚོགས་མཆོད་ནས། སླར་ཁྲོ་དཀྱིལ་དུ་བསྒྱུར་ཏེ་མཆོད་པར་བྱའོ། །བཅུ་གཅིག་པ་ལྷག་མའི་ལས་ནི། ཚོགས་ལྷག་དང་སྲེག་རྫས་ལྷག་མ་བསྡུས་ཏེ། ལྷག་ཆོག་རྒྱས་བསྡུས་གང་རུང་བྱས་ལ་འཕྲིན་ལས་བཅོལ། བསྟན་མ་བསྐྱངས། ལྷག་ཆད་བསྐངས། སྲེག་ལྷ་དང་མེ་ལྷ་གཤེགས། དམ་ཚིག་པ་རང་ལ་བསྡུ། ལས་ཀྱི་རྗེས་མི་མངོན་པར་བྱས་ལ་བསྔོ་བ་དང་ཤིས་བརྗོད་བྱའོ། །དེ་དག་ཀྱང་ས་ཆོག་གི་སྐབས་སུ་ས་ངན་ན་ཞི་བ། རབ་གནས་ཀྱི་དུས་སུ་རྒྱས་པ། དབང་བསྐུར་གྱི་སློབ་མ་སྟ་གོན་གྱི་དུས་སུ་རྨི་ལྟས་ངན་ན་དྲག་པོའི་སྦྱིན་སྲེག་རྣམས་དང་གཞན་ཡང་སྐབས་སུ་བབ་དུས་ནམ་ཡིན་དུ་བྱ་བ་སྟེ། ཐུགས་ཐིག་ལས། སྐབས་ནི་དབང་དང་སྒྲུབ་པ་དང་། །མཆོད་བཤགས་ཚེ་དང་དུས་བབ་ཚེ། །ཞེས་སོ༑ ༑གཉིས་པ་ནང་གི་སྦྱིན་སྲེག་ནི། བཟའ་བཏུང་ལ་ལས་བཞིའི་བསྒྲུབ་བྱ་བསྟིམས་ནས་བདུད་རྩིར་བསྒྱུར་ཏེ། རང་ལུས་གཞལ་ཡས་ཁང་། ཁ་ཐབ་ཁུང་། ལྕེ་མེ་ལྷ། རང་བཞིན་རྫོགས་པ་དང་ཏིང་འཛིན་གྱི་བཀོད་པའི་སྲེག་ལྷ་རྣམས་ལ་ལག་པའི་དགང་བླུགས་ཀྱིས་ཕུལ་བས། ལས་བཞི་དང་ཚོགས་གཉིས་རྫོགས་པའི་འབྲས་བུ་རྒྱུད་ལ་སྦྱིན་པར་བྱེད་ཅིང་སྤྱོད་ཡུལ་ཡོངས་སུ་དག་པར་བྱེད་པའི་ཕྱིར་བསྲེག་པ་སྟེ། སྦྱིན་སྲེག་རྩ་བ་ལས། རང་ལུས་འབྱུང་བའི་དཀྱིལ་འཁོར་ལ། །ཁམས་དང་རྩ་དང་དུར་ཁྲོད་ཀྱིས། །གཞལ་ཡས་ཁང་ལ་གོམས་པར་བསྒོམ། །མྱོང་བྱེད་ཀུན་གྱི་ཞལ་བསམ་སྟེ། །རྫོགས་དང་བཀོད་པའི་ལྷ་རྣམས་ཀུན། །ཏིང་འཛིན་གསལ་བའི་ཡིད་ཀྱིས་སྦྱངས། །ཞེས་སོ། །གསུམ་པ་གསང་བའི་སྦྱིན་
སྲེག་ནི། ཡུམ་གྱི་མཁའ་གསང་བའི་ཐབ་ཁུང་དུ་བདེ་བ་རྒྱས་པའི་ལས་ཀྱིས་བསྐྱེད་པ་དང་དབྱིངས་ནས་སྤྱན་དྲངས་པའི་མེ་ལྷའི་ཞལ་དུ་རྡོ་རྗེའི་དགང་བླུགས་ཀྱིས་བྱང་ཆུབ་ཀྱི་སེམས་མཆོད་པར་སྟོབ་པས་བདེ་བའི་ཡེ་ཤེས་བསྐྱེད་ཅིང་ཆགས་རྟོགས་རང་ག་མ་སྲེག་ཕྱིར་ཏེ། རྩ་བ་ལས། ལས་བཞིའི་དབྱིབས་ལྡན་ཧོམ་ཁུང་དུ། །ལས་ཀྱི་བདེ་བ་ལྷ་བསྐྱེད་ཅིང་། །སྟོང་གསུམ་ཡུངས་འབྲུར་འཇུག་ཚུལ་དུ། །དབྱིངས་ནས་མེ་ལྷ་སྤྱན་དྲངས་ཏེ། །ཡུངས་འབྲུ་མེ་ལྷའི་ཞལ་ཉིད་དུ། །རྡོ་རྗེ་དགང་བླུགས་བཅས་པ་ཡི། །དཀར་ནག་དམར་གྱི་མཆོད་སྦྱར་བས། །རང་བཞིན་རྣམ་པ་གཉིས་ཀྱི་ལྷ། །མཉེས་དང་མགུ་བ་ཐོབ་པར་འགྱུར། །ཞེས་སོ། །གཉིས་པ་རྫས་ཀྱི་སྒོ་ནས་བྱ་བ་ནི། ལིངྒ་བཅའ་བ། དཀྱིལ་འཁོར་བསྐྱེད་པ། བསྒྲུབ་བྱའི་ལས་མཆོད་སྦྱིན་ཡོན་ཏན་དང་བཅས་པའོ། །དང་པོ་ནི། བསྒྲུབ་བྱའི་བདུད་རྩི་ལྔ་སྟེ་ཟག་རྫས་སམ། ཉ་ཤ ཏིལ། སྦྲང་། བུ་རམ་སྟེ་ཟས་ལྔ་ལ་ལིངྒ་མཚན་མ་ཅན་མིང་བྱང་གནད་ཡིག་དང་བཅས་པ་བྱས་ཏེ་ལས་གང་ཡིན་གྱི་བྲུབ་ཁུང་དུ་བཅུག་ནས་དཀྱིལ་འཁོར་གྱི་ཕྱོགས་སོ་སོར་འཇོག་པའོ། །གཉིས་པ་ནི། སྔགས་འཆང་རྣམས་ལས་དང་མཐུན་པའི་འདུག་སྟངས་དང་། སྟོངས་སེམས་དང་ལྡན་པའི་སྒོ་ནས། ཕྱི་སྣོད་ཀྱི་འཇིག་རྟེན་ལས་བཞི་སོ་སོའི་དབྱིབས་ཅན་འབྱམས་ཀླས་པར་བསྐྱེད་ཅིང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལས་བཞི་སོ་སོའི་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་ང་བརྒྱད་ལས་མཐུན་གྱི་སྐུ་མདོག་ཅན་དུ་བསྐྱེད་ལ༑ ལྷ་ལས་ལ་བསྡུ། སྤྲུལ་པ་སྤྲོ། བསྒྲུབ་བྱ་བཀུག་ལ་བསྟིམ། ལས་གང་ཡིན་གྱི་ཕུར་བུ་རིགས་མཐུན་གྱི་ཀཱི་ལ་ཡར་བསྐྱེད་ལ། དབང་བསྐུར། བྱིན་རློབ། བསྐུལ་ཏེ་གནས་སོ་སོར་བཏབ། མཚོན་ཆས་གཏུབས་ལ་ཆ་གསུམ་བྱས་ནས་གཅིག་བསྟ བ་པ་བྱ། གཅིག་བསྲེག་རྫས་ལ་བསྲེས་ཏེ་ལས་བཞི་སོ་སོའི་སྟོངས་སེམས་ཀྱིས་ཟིན་པའི་སྒོ་ནས་ཧོམ་མཆོད་བྱས་པས་གང་བརྩམས་པའི་ཡོན་ཏན་རྣམས་ཐོབ་པར་འགྱུར་བའོ། །གསུམ་པ་ལུ་གུ་རྒྱུད་གྱི་སྒོ་ནས་བྱ་བ་ནི། ལིང་རོ་ཆ་གཅིག་དབུས་སུ་སྤུངས་པའི་མཐར་མཆེད་རྣམས་ལག་གཡས་སྟེང་དུ་བྱས་ལ་བསྣོལ་ཞིང་ཞི་བ་ལ་མཛུབ་མོ། རྒྱས་པ་ལ་གུང་མོ། དབང་ལ་སྲིན་མཛུབ།
དྲག་པོ་ལ་ཐེའུ་ཆུང་རྣམས་སྦྲེལ་ཏེ། བྲོ་ར་ལས་གང་ཡིན་གྱི་དབྱིབས་དང་མཐུན་པར་བཅས་ལ༑ ལས་གང་ཡིན་གྱི་དཀྱིལ་འཁོར་མེ་འབར་བའི་དབུས་སུ། ལས་གང་ཡིན་གྱི་ལྷ་ཚོགས་སུ་བསྐྱེད་ལ་བྲོ་བརྡུངས་པས་ལྷ་རྣམས་ལས་འོད་ཟེར་ལས་ཀྱི་ཁ་དོག་ཅན་འཕྲོས་ཏེ་བསྒྲུབ་བྱ་ལ་ཐིམ་པས་ལས་གང་ཡིན་འགྲུབ་པར་བསམ་པ་སྟེ། ལིང་རོ་དེ་ཉིད་ཞི་བ་ལ་ལམ་གྱི་དཀྱིལ། རྒྱས་པ་ལ་མཛོད། དབང་ལ་རང་གི་མལ་འོག དྲག་པོ་མི་མ་ཡིན་དྲག་པོ་གནས་པའི་སར་ལས་མཐུན་གྱི་བྲུབ་ཁུང་བྲུས་ཏེ་མནན་པར་བྱའོ། །བཞི་པ་མཆོད་རྟེན་གྱི་སྒོ་ནས་བྱ་བ་ནི། བདག་ཉིད་ཞི་བའི་ལས་ལ་རྣམ་སྣང་། རྒྱས་པ་ལ་རིན་འབྱུང་། དབང་ལ་རྟ་མགྲིན། དྲག་པོ་ལ་བཛྲ་ཧེ་རུ་ཀར་བསྐྱེད་ནས་རིགས་སོ་སོའི་སྔགས་ཀྱི་མཆོད་རྟེན་དཀར་པོ་ཟླུམ་པོ་སོགས་ལས་གང་ཡིན་གྱི་དབྱིབས་མདོག་ཅན་དུ་གསལ་བཏབ་ལ། དེའི་བུམ་པའི་ནང་དུ་རིགས་དང་མཐུན་པའི་ལྷ་བསམ་པའི་འོད་ཀྱི་བསྒྲུབ་བྱ་བཀུག་ནས་མཆོད་རྟེན་གྱི་འོག་ཏུ་མནན་ལ། འོད་དེས་རེག་པས་ལས་གང་ཡིན་འགྲུབ་པར་བསམ་པའོ། །དེ་ལྟར་ཡང་རྒྱས་པ་ལས། དྲག་པོ་གཏུམ་པོ་འདུལ་བའི་ཕྱིར། །བདག་ཉིད་དྲག་པོར་བསྒོམ་ནས་ནི། །ཆོས་སྐུ་ནག་པོ་འོད་འབར་གྱི། །བགེགས་ཀྱི་ལིངྒ་མནན་པར་བྱ། །ཞེས་སོ། །དེའང་མཆོད་རྟེན་གྱི་རྒྱུ་ནི། ས་ལ་དངོས་སུ་འདེབས་པའམ། འབྱུང་བ་གཞན་ལ་ཏིང་འཛིན་གྱིས་འདེབས་པའང་རུང་སྟེ། སྤྱན་འགྲེལ་ལས། མཆོད་རྟེན་འབྱུང་བ་གང་ལ་འདེབས་ཀྱང་། ཞེས་སོ། །ལྔ་པ་ཕྱག་རྒྱའི་སྒོ་ནས་བྱ་བ་ནི། ཕྱག་རྒྱ་བཅས་པའི་སྒོ་ནས་དང་། བསྒྱུར་བའི་སྒོ་ནས་བྱ་བའོ། །དང་པོ་ནི། དཔལ་ཧེ་རུ་ཀའི་ལས་བཞིའི་ཕྱག་རྒྱ་བཅའ་བ་སྟེ། རྒྱས་པ་ལས། ཡན་ལག་སྙིང་པོ་རྩེ་གཅིག་དང་། །རྩེ་ལྔ་རྩེ་དགུ་བཅུ་གཅིག་ཏུ། །ལས་རྣམས་སོ་སོའི་རབ་ཏུ་བསྒོམ། །ཞེས་སོ། །གཉིས་པ་ནི། རྒྱས་པ་ལས། རྡོ་རྗེ་ལན་གསུམ་སོར་བ་ཡིས། །ལྷ་མོ་ཀླུ་མོ་རིགས་ངན་མོ། །དམ་ལྡན་རྣལ་འབྱོར་དབང་དུ་འགྱུར། །ཞེས་ཀུན་བཟང་ཡབ་ཡུམ་ཁྲོས་པའི་སྐུར་བསྐྱེད་ལ་གཟུང་མ་དམ་ལྡན་དབང་དུ་བྱ་བ་དང་། དེ་བཞིན་དུ་རིགས་བཞིའི་ཧེ་རུ་ཀ་བཞི་བསྐྱེད་ནས་སོ་སོའི་ཕྱག་རྒྱ་བསྒྱུར་བས་ལས་བཞི་སྒྲུབ་པའོ། །
བདུན་པ་སྒྲུབ་པ་ལ་གསུམ་སྟེ། ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། དང་པོ་ནི། རྒྱུད་ཕྱི་མ་ཁ་ཆེ་འགྱུར་ལས། འཇིག་རྟེན་པ་ཡི་དངོས་གྲུབ་ནི། །བསྐྱེད་པའི་རིམ་པའི་སྦྱོར་བས་ཐོབ། །འཇིག་རྟེན་འདས་པའི་དངོས་གྲུབ་ནི། །རྫོགས་པའི་རིམ་པའི་སྦྱོར་བས་སོ། །ཞེས་པས་མཆོག་ཐུན་གྱི་དངོས་གྲུབ་རྣམ་པ་གཉིས་གང་འདོད་དོན་དུ་གཉེར་བའོ། །གཉིས་པ་ངེས་ཚིག་ནི། སིདྷིའི་སྒྲ་ལས་དངོས་གྲུབ་སྟེ། བསྒྲུབ་བྱ་དང་། ས་དྷཱ་ནའི་སྒྲ་ལས་ཀུན་ཏུ་ལེན་པ་སྟེ། འདིས་འདོད་པའི་དོན་ལེན་ཅིང་ཐོབ་པར་བྱེད་པའམ། སྒྲུབ་པར་བྱེད་པའི་ཕྱིར་སྒྲུབ་པའོ། །གསུམ་པ་དབྱེ་བ་ལ། ཐུན་མོང་དང་། མཆོག་གི་སྒྲུབ་པའོ། །དེ་ལ་དང་པོ་ནི། ཐུན་མོང་གི་དངོས་གྲུབ་ལ་རྒྱུད་རྣམས་སུ་སྒྲུབ་ཆེན་བརྒྱད་གསུངས་ཏེ། དེ་ལ་ལས་བརྒྱད་ནི། ཧེ་བཛྲ་ལས། དབང་དང་མངོན་སྤྱོད། དགྲ་སྡེའི་འཇིགས་པ། བསྐྲད་པ། བསད་པ༑ དགུག་པ། ཞི་བ། རྒྱས་པ། ཡང་དག་པར་འགྲུབ་པར་འགྱུར་རོ། །ཞེས་སོ། །གྲུབ་པ་བརྒྱད་ནི། གུར་ལས། གང་ཕྱིར་དེ་ནི་དཀའ་བ་མིན། །མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྲི་དང་ནི་ས་འོག་འགྲུབ། །རིལ་བུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱིས་ལེན། །གང་ཕྱིར་དེ་ནི་རྡོ་རྗེ་འཛིན། །མཉེས་པར་བྱས་ལ་མྱུར་དུ་ཐོབ། །ཅེས་སོ༑ ༑ཁྱད་པར་གསང་བ་སྒྱུ་འཕྲུལ་བའི་ལུགས་ལ་བཤད་རྒྱུད་རྒྱས་པར་ཐུན་མོང་གི་དངོས་གྲུབ་མང་དུ་གསུངས་ཏེ། ཁོག་གཞུང་ལས། རོ་ལངས་ཚེ་དང་པྲ་སྒྲུབ་དང་། །ལྷ་ཆེན་པོ་དང་རྒྱལ་པོ་བཞི། །གདུག་པ་ཀླུ་འདུལ་རྒྱལ་བློན་གྱི། །ཆུང་མ་དབང་དུ་བྱ་བ་ཉིད། །ཡུལ་ཁམས་ཅེ་སྤྱང་རྐང་མགྱོགས་བསྐྲད། །མི་སྣང་གཟུགས་སྒྲུབ་ལྷ་ཀླུ་མོ། །རྒྱལ་བློན་དམག་དཔོན་ཞང་བློན་སྒྲུབ། །ཚེ་འདིའི་ཆེད་ཕྱིར་འཇིག་རྟེན་པའོ། །འདི་དག་སྒྱུ་འཕྲུལ་རྒྱས་པའི་ལེའུ་རེ་རེས་བསྟན་པ་སྟེ། རོ་ལངས་ཏེ་ཞིང་ཆེན་སྒྲུབ་པ་ལེའུ་བཅུ་བདུན་པས། ཚེ་སྒྲུབ་པ་དྲུག་ཅུ་རེ་བཞི་པས། པྲ་སེ་ན་དབབ་པ་དྲུག་ཅུ་རེ་ལྔ་པས། ལྷ་ཆེན་སྒྲུབ་པ་དང་རྒྱལ་པོ་སྡེ་བཞི་སྒྲུབ་པ་དྲུག་པས། ཀླུ་གདོན་འདུལ་བ་ཞེ་དྲུག་པས། རྒྱལ་བློན་གྱི་ཆུང་མ་དབང་དུ་བྱ་བ་གཉིས་ཞེ་ལྔ་པས། ཡུལ་ཁམས་དབང་དུ་བྱ་བ་སོ་བརྒྱད་པས། ཅེ་སྤྱང་སྟེ་རྡོ་རྗེ་རིགས་
ཀྱི་རྐང་མགྱོགས་བྱེ་བྲག་པ་སྒྲུབ་པ་ཞེ་གཅིག་པས། རྐང་མགྱོགས་སྤྱིར་སྒྲུབ་པ་དང་། དགྲ་བགེགས་གཞན་དུ་བསྐྲད་པ། མི་སྣང་བའི་གཟུགས་བསྒྲུབ་པ། ལྷ་མོ་ཀླུ་མོ་ཕྱག་རྒྱར་དགུག་པ་རྣམས་སོ་བརྒྱད་པས། རྒྱལ་བློན་སྒྲུབ་པ། དམག་དཔོན། ཞང་བློན་སྒྲུབ་པ་རྣམས་ཞེ་གཅིག་པ་ནས་བསྟན་ཏོ། །རྩ་བའི་རྒྱུད་འདིར་ཡང་། ཐུན་མོང་གི་དངོས་གྲུབ་བཅུ་དགུ་སྒྲུབ་ཚུལ་གསུངས་ཏེ། གང་ཞེ་ན་ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག འབྱུང་ལྔའི་དངོས་གྲུབ་ལྔ༑ ལས་ཕྲན་ཚེགས་ཀྱི་དངོས་གྲུབ་བརྒྱད་དོ ། །དེ་ལ་དང་པོ་ནི ། འདི་ཉིད་ལས། བདུད་རྩིར་འགྱུར་ཞིང་འབྱུང་བ་ད ང་། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །ལོངས་སྤྱོད་འབྱུང་ཞིང་ངན་སོང་སྦྱོང་། །ཅི་ཡང་གཞན་དུ་འགྱུར་བ་གྲུབ། །ཅེས་པས། ཟས་དུག་ཅན་སོགས་བསྒྱུར་གཞི་ལ་ཡི་གེ་བཀོད་དེ་འཕྲོ་འདུའི་སྒོ་ནས་དུག་བདུད་རྩིར་བསྒྱུར་བ། ཇི་ལྟར་དམིགས་པ་བཞིན་འགྲུབ་པ། ནད་ཞི་བ། ལོངས་སྤྱོད་འབྱུང་བ། ངན་སོང་སྦྱོང་བ། བྱེ་མ་ལ་གསེར་དང་སོལ་བ་ལ་ལྗོན་པ་སོགས་སྣང་བ་མི་མཐུན་པ་གཞན་དུ་བསྒྱུར་ནུས་པ་རྣམས་སོ། །གཉིས་པ་ནི། འདི་ཉིད་ལས། ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང་། །འབར་ནས་མེ་ཡང་འཚིག་པ་དང་། །ཆུར་འགྱུར་འབབ་པའང་དེ་བཞིན་ཏེ། །འཇིག་རྟེན་ཁམས་ནི་འཐོར་བ་དང་། །ཐམས་ཅད་སྟོངས་ཤིང་ལྟུང་བར་འགྱུར། །ཞེས་པ་སྟེ། ནམ་མཁའ་ལ་རྡོ་རྗེའི་སྐས་བསྒོམ་པས་བསྲ་བའི་སྐས་འབྱུང་བ། ལག་མཐིལ་ཡི་གེ་རཾ་ཡཾ་ཁཾ་བསྒོམ་པ་ལས་ཡེ་ཤེས་ཀྱི་མེ་རླུང་ཆུ་གསུམ་བྱུང་སྟེ། ཐ་མལ་གྱི་མེ་ཡང་འཚིག་པར་བྱེད། རླུང་ཡང་འཐོར་བར་བྱེད། ཆུ་ཡང་དག་པར་བྱེད་ཅིང་། ཡི་གེ་ཨེ་བཀོད་པའི་འཕྲོ་འདུས་སྦྱང་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་སྟོངས་ཤིང་ལྟུང་བར་བྱེད་པའོ། །གསུམ་པ་ནི། དགུག་དང་བཏང་དང་བཅིང་དང་དགྲོལ། །གསོ་དང་བསད་དང་ཕམ་དང་རྒྱལ། །ཞེས་པས་དགྲ་བགེགས་དགུག་པ་ལ་སོགས་པའི་ལས་བརྒྱད་པོ་འདི་དག་གཅིག་སྤྲོས་ལས་སུ་རུང་བའི་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་འཕྲོ་འདུས་བྱ་བ་སྟེ། ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་སོ། །གཉིས་པ་མཆོག་གི་སྒྲུབ་པ་ནི༑ འདི་ཉིད་ལས། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲ་བའི་དཀྱིལ་འཁོར་མངོན་
རྫོགས་པས། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གསུངས་པ་བཤད་བརྒྱུད་ཀྱིས་ཁ་བསྐངས་ཏེ་བཤད་ན། ཁོག་གཞུང་ལས། ཡི་གེ་སྒྱུ་འཕྲུལ་ཚོགས་སྒྲུབ་དང་། །རྡོ་རྗེ་སེམས་དཔའི་སྨན་སྒྲུབ་དང་། །རིགས་ལྔ་སྒྲུབ་དང་ཡུམ་ལྔ་སེམས། །བྱིན་དབབ་སྒྲུབ་པ་རྣམ་གཉིས་སོ། །ཞེས་པས། དེ་ལ་ཡི་གེ་སྒྱུ་འཕྲུལ་ནི༑ འདི་ཉིད་ལས། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །ཞེས་སོགས་གསུངས་པ་ལྟར་རོ། །ཚོགས་སྒྲུབ་པ་ནི། ཚོགས་ཀྱི་དཀྱིལ་འཁོར་ཨཱ་ལི་ཀཱ་ལི་སོགས་པའི་ཡོ་བྱད་ལ་རོལ་ཅིང་དངོས་གྲུབ་སྒྲུབ་པའི་ཐབས་གསུངས་པ་རྣམས་སོ། །རྡོ་རྗེ་སེམས་དཔའི་སྒྲུབ་པ་ནི་སྒྱུ་འཕྲུལ་རྒྱས་པའི་ཉེར་གཉིས་སྒྲུབ་པའི་ལེའུ་དང་། དོན་བཞི་པ་ཞལ་མཐོང་གི་ལེའུ་ལ་ངོས་གཟུང་དུ་རུང་ངོ་༑ ༑སྨན་སྒྲུབ་པ་ནི་ལེའུ་བཞི་བཅུ་པར། མཚམས་བཅད་ལ་དཀྱིལ་འཁོར་འབྲི་བ། སྨན་བཀོད་ལ་རིགས་ལྔས་སྦྱང་བ། བཏགས་བཙགས་བྱས་ལ་རིགས་ལྔས་སྦྱང་བ། བུམ་པར་དྲིལ་ལ་རིགས་གཅིག་གིས་སྦྱོང་བ་སོགས་སོ། །རིགས་ལྔ་ཡབ་ཡུམ་བསྒྲུབ་པ་སོ་དགུ་པའི་སྟོད། དབབ་པ་ཞེ་གཉིས་པས། སེམས་མ་སྒྲུབ་ཅིང་དབབ་པ་ཞེ་གཉིས་པར་གསུངས་སོ། །མདོར་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་དེ་དག་སྒྲུབ་ཚུལ་གཙོ་བོར་ཚོགས་སྒྲུབ་ཡིན་ལ༑ དེ་ཡང་ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་ལ་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་བསྒྲུབ་བྱ་དོན་དུ་གཉེར་བའོ། །བརྒྱད་པ་མི་གཡོ་བ་ཏིང་ངེ་འཛིན་ལ། ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། དང་པོ་ནི༑ ཧེ་རུ་ཀ་འདུས་པ་ལས། གང་དང་གང་དུ་གསལ་བ་ཡིས། །མ་ཡེངས་པ་དེ་ཏིང་ངེ་འ ཛིན། །ཞེས་པས། སྒོམ་ཐབས་ཀྱི་བསྒོམ་བྱ་ལས་མི་གཡོ་བར་གནས་པའི་སེམས་རྩེ་གཅིག་པ་སྟེ། དེ་ལྟར་ཡང་། གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །ཞེས་སོ། །ངེས་ཚིག་ནི། ས་མ་དྷཱིའི་སྒྲ་ལས། མཉམ་པའི་བློ་དེ། སེམས་རྩེ་གཅིག་ཏུ་ཟིན་པས་བསྒོམ་བྱ་མི་གཏོང་བའི་དོན་གྱི་ཏིང་ངེ་འཛིན་ནོ། །དབྱེ་ན། རྒྱུད་ཕྱི་
མ་ཁ་ཆེ་འགྱུར་ལས། ལྷ་ཡི་རྣམ་པའི་སྦྱོར་བ་ཡིས། །ཟླ་བ་རྡོ་རྗེ་ལ་སོགས་རིམ། །བསྐྱེད་པའི་རིམ་པ་ཞེས་སུ་བཤད། །རང་བཞིན་གྲུབ་པའི་རྣལ་འབྱོར་ཆེ། །རྫོགས་པའི་རིམ་པ་ཞེས་བྱར་བརྗོད། །ཅེས་པས། ལམ་གྱི་བསྒྲུབ་གཞི་ནི་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཡིན་ལ། དེ་ཉིད་ཡེ་ནས་དག་པ་ལྷའི་དཀྱིལ་འཁོར་དུ་གནས་པ་ནི་དམ་ཚིག་སེམས་དཔའ་དང་། སངས་རྒྱས་ཐམས་ཅད་ཀྱི་སྐུ་ནི་ཡེ་ཤེས་སེམས་དཔའ། དེ་གཉིས་གདོད་ནས་དབྱེར་མེད་པ་ནི་དམ་ཡེ་གཉིས་མེད་དེ། དེ་ལྟར་ཡིན་མོད་ཀྱང་། ཐ་དད་དུ་གཟུང་བའི་འཁྲུལ་པ་ལ་གློ་བུར་གྱི་ཆ་དང་། ས་བོན་གྱི་ཆ་གཉིས་ལས་རིམ་པ་བཞིན་དུ་སྦྱང་བྱར་གྱུར་པའི་དོན་གྱིས་བསྐྱེད་རིམ་དང་རྫོགས་རིམ་གཉིས་སོ། །དང་པོ་ལ་ཡང་སྐྱེ་གནས་བཞིའི་བག་ཆགས་སྦྱོང་བ་དང་སྒོ་བསྟུན་ནས་སྒོམ་ཚུལ་བཞིར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ་བཞེད་པ་སྟེ། ཇི་སྐད་དུ། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་ཅན་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་པའོ། །ཞེས་པའི་དགོངས་པའོ། །དེ་ཡང་སྒོ་ང་ལས་སྐྱེས་པ་རྣམས་ནི་ལན་གཉིས་སྐྱེ་བ་ལྟར་སྤྲོས་པ་རྒྱས་པ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་ཚེ་ཐོག་མར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། རང་ཉིད་གཙོ་བོ་ཡབ་ཡུམ་དུ་གསལ་བཏབ་ལ། མདུན་གྱི་ནམ་མཁར་དཀྱིལ་འཁོར་སྤྱན་དྲངས་ཏེ། དེ་ལ་མཆོད་པ་དང་། བསྟོད་པ། སྡིག་པ་བཤགས་པ། ཡི་རངས་བ། འཁོར་ལོ་བསྐོར་བར་བསྐུལ་བ། འདོད་དོན་གསོལ་བ། བསོད་ནམས་བསྔོ་བ་རྣམས་བྱས་ལ། མི་དམིགས་པར་བསྒོམ་པའི་ངང་ལ་དར་ཅིག་མཉམ་པར་བཞག་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་སྟེ་མདོར་བསྡུས་པའོ། །དེ་ནས་བདག་སྲས་གཞན་སྲས། མངོན་བྱང་ལྔ་དང་། རྡོ་རྗེ་བཞི་བསྐྱེད་ལ་སོགས་པའི་སྒོ་ནས་དཀྱིལ་འཁོར་རྒྱས་པར་བསྒོམ་པ་ནི་རྒྱས་པའོ། །མངལ་སྐྱེས་དག་ནི་རིམ་གྱིས་ལུས་རྫོགས་པས་སྐྱེ་བ་ལྟར། བསྐྱེད་པའི་རིམ་པ་དེ་ཡང་། སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་ཏེ། ཆོ་ག་གསུམ་བསྐྱེད་ཀྱི་སྒོ་ནས་བསྐྱེད་པའོ། །དྲོད་གཤེར་ལས་སྐྱེ་བ་ནི་འགྲུབ་སླ་བ་ལྟར། ལྷ་གང་ཡིན་དེའི་ས་བོན་ནམ་བསྐྱེད་
སྔགས་ཙམ་བརྗོད་པའམ་དྲན་པ་ལས་བསྐྱེད་པའོ། །རྫུས་སྐྱེས་ནི་སྐད་ཅིག་གི་སྣང་བ་བཞིན་དུ་ལྷ་བསྒོམ་པ་ཡང་དྲན་རྫོགས་སུ་ཝལ་གྱི་བསྒོམ་པ་སྟེ་མི་ལས་ལྷར་བསྐྱེེད་པ་ཙམ་གྱི་སྤྲོས་པའང་མེད་པ་སྟེ་སྒོམ་ཚུལ་བཞིའོ། །རྫོགས་རིམ་ནི། སྟེང་སྒོ་འཇུ་འདུལ་དང་། འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ལ་བརྟེན་པ་དང་། གྲོལ་ལམ་ཟུང་འཇུག་གི་རྣལ་འབྱོར་རིམ་ཅིག་ཅར་བ་གཉིས་ཀྱིས་བསྡུས་པའི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ནོ། །འོ་ན་ཐབས་ལམ་སྟེང་འོག་ལ་རྩ་འཁོར་གསལ་འདེབས་པ་དང་། ཡབ་ཡུམ་ལྷར་བསྐྱེད་པ་སོགས་ཀུན་བཏགས་བསྐྱེད་རིམ་གྱི་ཆ་འདྲེས་པས་རྫོགས་རིམ་ཅི་ཕྱིར་འགྱུར་ཞེ་ན། བསྐྱེད་རྫོགས་གཉིས་པོ་ལམ་ཕན་ཚུན་གཅིག་ལ་གཅིག་ལྟོས་ཅན་ཡིན་པས་ཐོག་མར་ཀུན་བཏགས་ཀྱི་བསྐྱེད་རིམ་གྱི་ཉམས་མྱོང་གཏན་འབེབས་ལ་བཀྲི་བ་ཙམ་ལས། རང་གི་ངོ་བོ་རང་བཞིན་གྱི་ལྷན་སྐྱེས་ཀྱི་ཡེ་ཤེས་ངོ་སྤྲོད་པའི་ཐབས་རྣམ་པར་མི་རྟོག་པས་བསྡུས་པའི་ཡོངས་གྲུབ་རྫོགས་རིམ་དུ་འགྱུར་པ་ཡིན་པས་སྐྱོན་མེད་ཅེས་གསུངས་སོ། །དགུ་པ་གནས་སུ་སྟོབ་པ་མཆོད་པ་ལ། ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། དང་པོ་ངོ་བོ་ནི། ཐུགས་ཐིག་ལས། བྱ་བྱེད་བྱ་བ་བྱེད་འདུས་པའི། །དགྱེས་ཚིམ་གྱུར་པའི་དངོས་པོ་ནི། །ཞེས་པས། བཀུར་བྱའི་གནས་གང་ཞིག་སྒོ་གསུམ་གྱིས་བཀུར་ཞིང་མཆོད་པ་དང་། རྫས་ཀྱི་སྒོ་ནས་ཀྱང་མཉེས་པར་བྱེད་པའོ། །གཉིས་པ་ངེས་ཚིག་ནི། པཱུ་ཛའི་སྒྲ་ལས་མཆོད་པ་སྟེ། དགེ་བའི་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཕྱིར་སྐྱེད་པར་བྱེད་པའི་དོན་དང་། ཡང་དང་ཡང་དུ་དགྱེས་པ་བསྐྱེད་པ་དང་བཀུར་བའི་དོན་གྱི་གནས་སུ་སྟོབ་པའི་ཕྱིར་མཆོད་པའོ། །དེ་ལྟར་ཡང་ཁོག་གཞུང་ལས། གནས་སུ་སྟོབ་ཕྱིར་མཆོད་པ་སྟེ། །ཞེས་སོ། །དབྱེ་ན་སྤྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པ་གཉིས་ཀ་ལ་མཚུངས་པར་ལྟ་ཞིང་། དམིགས་པ། བསྔོ་བ། མཆོད་རྫས་དངོས་པོའི་ཁྱད་པར་དང་བཞི་ལས། དང་པོ་ལ༑ ཞིང་རྡོ་རྗེ་སློབ་དཔོན་དང་དཀོན་མཆོག་ལ་སོགས་པ་འཇིག་རྟེན་ལས་འདས་པའི་མཆོད་ཡུལ། དམིགས་པ་ནི། མྱང་འདས་རྒྱུར་འགྱུར་པ་ཐར་པ་ཆ་མཐུན་ཏེ་འཇིག་རྟེན་ལས་འདས་
པའི་དངོས་གྲུབ་ལ། བསྔོ་བ་ནི། མཆོད་པ་དེ་ཉིད་མྱང་འདས་ཐོབ་ཕྱིར་བསྔོ་བ། མཆོད་པའི་དངོས་པོ་ནི། ཐོས་བསམ་སྒོམ་གསུམ་ལ་སོགས་པའོ། །གཉིས་པ་འཇིག་རྟེན་པའི་མཆོད་པའི་ཡུལ་ནི། ཚངས་པ་དང་བརྒྱ་སྦྱིན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་སོགས་པའོ། །དམིགས་པ་ནི། འཇིག་རྟེན་འདི་ལ་སོགས་པའི་བདེ་འབྲས་ཐོབ་ཕྱིར་དམིགས་པའོ། །བསྔོ་བ་ནི། འཇིག་རྟེན་གྱི་ལེགས་ཚོགས་ཀྱི་རྒྱུར་བསྔོ་བ། དངོས་པོ་ནི། ཟང་ཟིང་ལ་སོགས་པའོ། །དེ་ལ་ཡང་ཞིབ་ཏུ་ཕྱེ་ན་བསམ་པ་ཉིད་གཙོ་བོར་གཟུང་དགོས་ཏེ། ཡུལ་རྣམ་པར་དག་པ་དཀོན་མཆོག་གསུམ་སོགས་ལ། དངོས་པོ་རྣམ་པར་དག་པ་ཐོས་བསམ་སྒོམ་གསུམ་ལ་སོགས་པས་མཉེས་པ་སྒྲུབ་པར་བྱེད་པ་ལྟ་བུ་ཞིག ཚེ་འདིའི་བདེ་འབྱོར་རམ། ལྷ་མིའི་དཔལ་འབྱོར་ཙམ། ངན་སོང་གི་འཇིགས་པ་ལས་ཐར་ཕྱིར་ལྟ་བུར་དམིགས་ཏེ་ཕུལ་ནས་དེའི་ཕྱིར་བསྔོས་ན་བསོད་ནམས་ཆ་མཐུན་ཏེ་འཇིག་རྟེན་པའི་མཆོད་པར་གྱུར་ལ། ཡུལ་དམན་པ་གང་ཟག་སོ་སྐྱེས་ཕལ་པའམ་དུད་འགྲོ་བཀྲེས་པས་ཉམ་ཐག་པ་ལྟ་བུ་ལ། དངོས་པོ་དམན་པ་ཟས་ཁམ་གཅིག་ཙམ། དམིགས་པ་འཁོར་གསུམ་རྣམ་པར་མི་རྟོག་པ འི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པའི་ཕྱིར་སྦྱིན་ནས་བསྔོས་ན་འཇིག་རྟེན་ལས་འདས་པའི་མཆོད་པར་འགྱུར་བར་གསུངས་སོ། །བྱེ་བྲག་ཏུ་ཕྱི་ཉེར་སྤྱོད། ནང་དམ་རྫས་བདུད་རྩི། གསང་བ་སྦྱོར་སྒྲོལ་ཟབ་མོ་སྟེ་གསུམ་ལས། དང་པོ་ནི། མཛེས་པའི་མེ་ཏོག དྲི་ཞིམ་བདུག་སྤོས། སྣང་གསལ་མར་མེ། ཙནྡན་གུར་གུམ་གྱི་དྲི་ཆབ། རོ་བརྒྱ་ལྡན་པའི་ཞལ་ཟས། སྙན་པའི་རོལ་མོ་སྟེ་དེ་དག་ནི་མདོ་སྔགས་ཐུན་མོང་གི་མཆོད་པ་ཡིན་པས་ཕྱིའི་མཆོད་པའམ་འཇིག་རྟེན་ན་སྤྱོད་པ་རྣམས་ཀྱི་ཉེ་བར་སྤྱད་བྱར་གྱུར་པས་ཉེར་སྤྱོད་དོ། །ནང་དམ་རྫས་ནི་རྩ་བརྒྱད་ཡན་ལག་སྟོང་སྦྱར་གྱི་བདུད་རྩི། འཁོར་བ་བསྒྲལ་བའི་རཀྟ། ཤ་ལྔ་བདུད་རྩི་ལྔའི་བདག་ཉིད་ཅན་གྱི་གཏོར་མ་སྟེ་འདི་ནི་མདོའི་ཐེག་པར་མ་གསུངས་པར་མ་ཟད་སྔགས་འོག་མ་རྣམས་སུ་ཡང་མེད་པས་བླ་མེད་ཁོ་ནའི་ཁྱད་ཆོས་ཡིན་པས་ནང་གི་མཆོད་པའོ། །གསང་བ་ནི། སྦྱོར་སྒྲོལ་ཟབ་མོའི་མཆོད་
པ་སྟེ་ཀུན་གྱི་སྤྱོད་ཡུལ་མ་ཡིན་པས་ཤིན་ཏུ་གསང་བར་བྱ་བའི་གནས་ཡིན་པས་ན་གསང་བའི་མཆོད་པའོ། །སྐབས་དོན་ཞི་ཁྲོ་སྒྱུ་འཕྲུལ་དྲྭ་བའི་ལས་གཞུང་དང་འབྲེལ་བའི་དབང་དུ་བྱས་ན་ཞི་བ་ལ་ལྷག་པ་ཏིང་ངེ་འཛིན་དང་། ཁྲོ་བོ་ལ་དེའི་ཚབ་རཀྟ་ཚར་གསུམ་གྱིས་བྱས་པའི་མཆོད་པ་ནི་བཅུ་བཞི་སྟེ། དེའི་སྡོམ་ནི། གུས་པ་ཕྱག་དང་ཕྱག་རྒྱ་གར། །ཀུན་བཟང་ཞབས་བསིལ་བཞི་བསྣོལ་ཏེ། །བདུད་རྩི་གཏོར་མ་གསང་བསྣན་དང་། །ལྷག་པའི་ཏིང་འཛིན་སྒྲོལ་དང་སྦྱོར། །འདོད་ཡོན་རོལ་མོ་གླུ་ཡེ་ཤེས། །ཞེས་པ་ལྟར་རོ། །དེ་ཡང་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པས་མཛད་པའི་ཞི་ཁྲོའི་སྒྲུབ་ཐབས་སུ་ཕྱག་དང་མཆོད་པ་སོ་སོར་དམིགས་ཕྱེ་ནས་མཆོད་པ་ལ་བཅུ་དྲུག་ཏུ་མཛད་ཅིང་། གཞན་ཡང་ཚོགས་ཀྱི་འཁོར་ལོའི་མཆོད་པ་ལ་སོགས་མཆོད་པའི་རྣམ་གྲངས་ཇི་སྙེད་པ་དེ་དག་གི་རྣམ་བཞག་རྒྱས་པར་རྗེ་གཏེར་ཆེན་བླ་མས་མཛད་པའི་སྒྲུབ་ཐབས་སོགས་ལས་ཤེས་པར་བྱའོ། །བཅུ་པ་འཆིང་ཟློས་སྔགས་དང་ཕྱག་རྒྱ་ལ། ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། དང་པོ་ངོ་བོ་ནི། ཐུགས་ཐིག་ལས། ཡིད་བདེ་འདུས་པ་གྲུབ་པ་བཞི། །མཐུ་ཆེན་འདུས་པ་གང་ཡིན་པ། །བཞི་རྫོགས་ཉིད་ལས་མི་འདའ་བ། །གང་ལ་སྣང་བ་དེ་ངོ་བོ། །ཞེས་པས་ཐབས་ཀཱ་ལི་དང་ཤེས་རབ་ཨཱ་ལི་འདུས་ཤིང་གྲུབ་པ་བཞི་སྟེ་ཆོས་ཉིད་ངོ་བོ་ཉིད་དང་། ཆོས་ཅན་རང་བཞིན་གྱིས་དང་། བྱིན་གྱིས་བརླབས་ཀྱིས་དང་། མཐུས་གྲུབ་པ་སྟེ་བཞིས་བྱིན་གྱིས་བརླབས་པས་ནུས་མཐུ་ཅན་དུ་གྱུར་པ་ནི་སྔགས་ཀྱི་ངོ་བོ་དང་། རིག་པ་ཕྱག་རྒྱ་བཞི་རྫོགས་ཀྱི་ཕྱག་རྒྱར་གསལ་བ་ལས་མི་འདའ་བ་ནི་ཕྱག་རྒྱའི་ངོ་བོའོ། །ངེས་ཚིག་ནི། མནྟྲའི་སྒྲ་ལས། མ་ན་ཡིད་དམ་ཤེས་པ། ཏྲ་ཡ་ནི་སྐྱོབ་བམ་དཔུང་གཉེན་ལ་འཇུག་པས། ཡིད་ཤེས་བདེ་མྱུར་དུ་སྐྱོབ་ཅིང་བྱིན་རླབས་འབྱུང་བའི་ཕྱིར་སྔགས་ཏེ། ཡེ་ཤེས་སྙིང་པོ་ལས། མ་ན་ནི་ཡིད་ཅེས་བྱ་བ་སྟེ། །ཏྲ་ནི་སྐྱོབ་པ་ཉིད་དུ་བཤད། །ཅེས་སོ། །མུ་ཏྲའི་སྒྲ་ལས་མཚན་མའི་དོན་ཏེ། འདེབས་ཤིང་མཚོན་པར་བྱེད་པའམ་རྒྱས་བཏབ་པ་ལས་འདའ་བར་དཀའ་བའི་ཕྱིར་ཕྱག་རྒྱའི་དོན་ཏེ། དེ་ཡང་འདི་ཉིད་ལས། སྙིང་པོའི་ཕྱག་རྒྱ་འདའ་དཀའོ། །ཞེས་
དང་། རྒྱས་པ་ལས། འདའ་དཀའ་ཇི་བཞིན་མི་ཤིགས་པའི། །རྒྱལ་པོའི་ཕྱག་རྒྱ་མཆོག་གི་གནས། །བདག་ཉིད་ཆེན་པོ་མཚན་མའི་གཟུགས། །ཕྱག་རྒྱ་ཞེས་ནི་བསྒྲགས་པ་ཡིན། །ཞེས་སོ། །དབྱེ་ན། སྔགས་ལ། གསང་སྔགས། རིག་སྔགས། གཟུངས་སྔགས་གསུམ་ལས། དང་པོ་ནི། ཐབས་ཤེས་ཀྱི་བདག་ཉིད། དེའི་སྒོ་ནས་ཡིག་འབྲུར་སྣང་བས་ངག་ཏུ་བརྗོད་པ་དང་བཅས་ཤིང་ཤེས་སྐྱོབ་ཀྱི་ལས་ཀྱིས་ལོག་རྟོག་གི་སྙིང་པོར་གྱུར་པ་ནི་གསང་སྔགས། གཉིས་པ་ནི། ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་དངོས་པོའི་དོན་རིག་པར་བྱེད་པའི་ལས་ཀྱིས་མ་རྟོགས་པའི་གཉེན་པོར་གྱུར་པའི་རིག་སྔགས། དྲན་པ་དང་ཤེས་རབ་ཀྱི་བདག་ཉིད་ཆོས་ཀྱི་ཚིག་དོན་མི་བརྗེད་པར་འཛིན་པའི་ལས་ཀྱིས་དྲན་ཉམས་ཀྱི་གཉེན་པོར་གྱུར་པ་ནི་གཟུངས་སྔགས་ཏེ། འདི་གསུམ་གྱི་རྟགས་ཀྱང་། དང་པོ་ལྷ་ཕོའི་དབྱིབས་དང་། ཕྱི་མ་གཉིས་ལྷ་མོའི་གཟུགས་སུ་བཞུགས་ཞེས་འབྱུང་ངོ་། །བྱེ་བྲག་ཏུ་གསལ་བཀྲ་ལས། རྩ་བ་བསྐྱེད་དང་ལས་སྔགས་དང་། །ཞེས་པས། རྒྱུ་མ་ནོར་བ་རྩ་བའི། བསྐྱེད་པ་རྐྱེན་གྱིས། བཟླས་པ་ལས་ཀྱི་སྔགས་སོ། །དང་པོ་ལ། ལྷ་བསྐྱེད་པ་འཕྲོ་གཞིའི་ས་བོན་དང་། རིགས་ཀྱི་ས་བོན་གཉིས། དང་པོ། ཨ། ཀ་ཁ་ག་གྷ་ང་། ཞེས་སོགས་ཡི་གེ་བཞི་བཅུ་རྩ་གསུམ་མོ༑ ༑རིགས་ཀྱི་ས་བོན་ནི། ཧཱུྃ་ༀ་སཱཾ་ཨཱཾ་ཧཱཾ་རྣམས་ནི་ཐུགས་རྡོ་རྗེ་ལ་སོགས་པ་མཚོན་པར་བྱེད་པ་སྟེ། དགོངས་འདུས་ལས། སྐུ་མཚོན་པར་བྱེད་པ་ལ་ནི་ཡི་གེ་ༀ་ཞེས་ཐ་སྙད་དུ་བྱའོ། །ཞེས་སོགས་གསུངས་པ་ལྟར་རོ། །དེ་བཞིན་དུ། མཱུཾ་ལཱཾ་སོགས་འགའ་ཞིག་མིང་ཡིག་དང་པོ་དང་། ལ་ལ་དག་རིགས་ཀྱི་ས་བོན་ནོ། །གཉིས་པ་བསྐྱེད་པ་རྐྱེན་གྱི་སྔགས་ནི། བཛྲ་དྷྲིཀ྄་སོགས་ལྷ་སོ་སོའི་བསྐྱེད་སྔགས་རྣམས་སོ། །གསུམ་པ་བཟླས་པ་ལས་ཀྱི་སྔགས་ནི། བསྐྱེད་སྔགས་ལ་ལས་སྔགས་བཏགས་ནས་བཟླ་བ་སྟེ། ཁྱད་པར་འཁོར་རྣམས་ལ། ཆེ་གེ་མོ་ཧཱུྃ་ཛཿཞེས་སོགས་གང་འདོད་ཀྱི་ཤམ་བུ་བཏགས་ནས་ལས་ལ་བསྐུལ་བར་གསུངས་སོ། །ལས་ཀྱི་རིམ་པའི་སྔགས་ནི་སྙན་གསན་དབབ་པ། སྤྱན་དྲངས་པ། རིག་པའི་མེ་ཏོག་དོར་བ། བསྐུལ་ཞིང་བསྟིམ་པའི་སྔགས་རྣམས་ཞི་ཁྲོ་གཉིས་ཀ་ལ་སོ་སོར་འབྱུང་ལ། དེའི་སྟེང་དུ་ཞི་
ཁྲོ་གཉིས་ཐུན་མོང་གི་དབང་བསྐུར་བ་དང་། བྱིན་གྱིས་བརླབས་པའི་སྔགས་གཉིས་ཞི་བའི་སྐབས་སུ་དང་། ཁྲོ་བོ་ལ་ཨ་ལི་ཨུ་ལི་སོགས་མཆོད་པའི་གླུ་བྱུང་སྟེ། འདི་ནི་ཨ་བ་བྷྲཾ་ཤའི་སྐད་དུ་ལོ་ཙ་བ་ཆེན་པོ་རོང་ཟོམ་ཆོས་བཟང་བཞེད་དོ། །སྔགས་དེ་རྣམས་ཀྱི་སྔགས་དོན་ནི་འགྲེལ་པ་ལས་ཤེས་པར་བྱའོ། །དེ་དག་ཀྱང་རྫོགས་རིམ་དང་སྦྱར་ན། ཆོས་སྐུ་བདེ་བ་ཆེན་པོའི་ཐིག་ལེ་རང་ལ་ཡེ་ནས་རང་ཆས་སུ་བཞུགས་པ་ནི་རྒྱུ་མ་ནོར་བ་རྩ་བའི་སྔགས། དེ་ལ་གནད་དུ་བསྣུན་པའི་ཐབས་ཀྱི་བྱེད་རྩོལ་ནི་བསྐྱེད་པ་རྐྱེན་གྱི་སྔགས། དེ་ལ་གོམས་པར་བྱེད་པ་ནི་བཟླས་པ་ལས་ཀྱི་སྔགས་སོ། །དེ་བཞིན་དུ་ཕྱག་རྒྱ་ལའང་། རང་བཞིན་དང་། ལྟ་བ་དང་། ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱའོ། །དང་པོ་ནི། རྟོག་ཚོགས་ཐམས་ཅད་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་དུ་ཡེ་ནས་རྫོགས་པ་སྟེ། འདི་ཉིད་ལས། སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །གཉིས་པ་ནི། རྟོག་ཚོགས་ལྷའི་རང་བཞིན་དུ་གནས་པར་རྟོགས་པའི་ཚེ་ཅི་བྱས་ཀྱང་ཕྱག་རྒྱ་ཆེན་པོ་ལས་མི་འདའ་བས་ཐ་མལ་གྱི་རྟོག་ཚོགས་ལ་རྒྱས་ཐེབས་པ་སྟེ། འདི་ལས། ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ནི༑ ༑ཐབས་དང་ཤེས་རབ་ལྡན་འབྱོར་ན། །མ་བསྐྱོད་མ་བསྒུལ་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་སོ། །གསུམ་པ་ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ནི། ཞི་ཁྲོའི་ལྷ་ཚོགས་གང་སྒོམ་ཡང་ཕྱག་རྒྱ་བཞི་ལྡན་དུ་བསྒོམ་པ་སྟེ། གསལ་བཀྲ་ལས། དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་གསུངས་ཤིང་། ཡང་ན། དམ་ཚིག་གི་ཕྱག་རྒྱ་ལ་བཅའ་བ་དང་བསམ་པ། ཆོས་ཀྱི་ཕྱག་རྒྱ་ལ་བསམ་པ་དང་བརྗོད་པ་གཉིས་སུ་ཕྱེ་ནས་བདུན་ལྡན་དུ་བཤད་པ་ཡང་ཡོད་དོ། །དེ་ཡང་ཞི་ཁྲོ་གཉིས་ལས། དང་པོ་ལ། རིགས་ལྔ་སྤྱིའི་དམ་རྒྱ་དང་། ལྷ་སོ་སོའི་ཕྱག་རྒྱའོ། །དང་པོ་ནི། འགྲེལ་ཆུང་ལས། དབུ་ནི་བདེ་གཤེགས་རིགས་ཉིད་དེ། །ལག་གཡས་རྡོ་རྗེ་མི་བསྐྱོད་པ། །ལག་གཡོན་རིན་ཆེན་སེམས་དཔའི་རིགས། །རྐང་གཡོན་ཆོས་ཀྱི་སེམས་མ་སྟེ། །རྐང་གཡས་ལས་ཀྱི་སེམས་པའོ། །ཞེས་གསུངས་པ་ལྟར། ལུས་ཀྱི་ཡན་ལག་ལྔ་རིགས་ལྔའི་དཀྱིལ་འཁོར་དུ་ལྷུན་གྱིས་
གྲུབ་པ་ལ་གོ་བ་རྙེེད་པར་བྱས་ནས། མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ །རིན་ཆེན་ཟླ་བའི་དཀྱིལ་ཡི་གེ །ཞེས་པས། ལག་གཡས་ཀྱི་སོར་མོའི་བྲེ་ཁ་ལྔ་ལ་ཉི་དཀྱིལ་རེ་རེའི་སྟེང་དུ་ཧཱུྃ་ༀ་སྭཱཾ་ཨཱཾ་ཧཱཾ་གུང་མཛུབ་སྲིན་ལག་མཐེ་བོང་ཐེའུ་ཆུང་རྣམས་ལ་རིམ་པ་ལྟར་དང་། གཡོན་གྱི་སོར་མོ་ལྔ་ལ་ཟླ་དཀྱིལ་རེ་རེའི་སྟེང་དུ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་སྔར་བཞིན་བཀོད་པ་ཐལ་མོ་སྦྱར་བ་ནི་ཕྱག་རྒྱ་འབྱུང་བའི་རྒྱུ་སྟེ། ཐལ་རྒྱུད་ལས། མི་བསྐྱོད་རྡོ་རྗེ་རྩེ་ལྔ་ལས། །ཉི་མའི་ཐིག་ལེ་ཡི་གེ་ལྔ། །རཏྣ་པར་བུའི་ཉི་ལྔ་ལས། །ཟླ་བའི་ཐིག་ལེ་ཡི་གེ་དངོས། །ཐིག་ལེ་ཐབས་ཤེས་ལྔ་གཉིས་རྣམས། །འཕྲད་པའི་དུས་ན་རང་སྣང་བ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་། །ཞེས་སོ། །གཉིས་པ་ནི། ༀ་དང་མཱུཾ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །ཞེས་སོ། །དེ་ཡང་འགྲེལ་ཆུང་དུ་མཐེ་བོང་དང་ཐེའུ་ཆུང་། འོད་རིམ་དུ་མཐེ་བོང་དང་སྲིན་ལག་གི་ཡིག་འབྲུ་གོ་ལྡོག་ཏུ་བཀོད་མོད་ཀྱི། འདིར་བཀོད་པ་ནི་གཏེར་ཆེན་བླ་མའི་དགོངས་པ་སྟེ། ཐབས་ཞགས་ཀྱིས་བསྟན་པའོ། །དེ་ལྟར་བཅས་པའི་ཕན་ཡོན་ནི༑ འདི་ཉིད་ལས། རྒྱལ་བ་ཀུན་དང་མཉམ་སྦྱོར་བ། །བདེ་བ་ཆེན་པོར་སྦྱིན་པའི་རྒྱ། །ཞེས་སོ། །གསུམ་པ་དེ་ལས་སྤྲོས་པ་ལྷ་སོ་སོའི་ཕྱག་རྒྱ་ལ། རིགས་ལྔ་ཡབ་ཡུམ་དང་། སེམས་དཔའ་ལ་སོགས་པའི་ཕྱག་རྒྱའོ། །དང་པོ་ནི། འདི་ཉིད་ལས། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུྃ་སྒྲེང་རྩེ་མོར་རྡོ་རྗེ་འབར། །ཞེས་སོགས་ཀྱིས་བསྟན་པ་སྟེ། དེ་ཡང་། བདག་ཉིད་མི་བསྐྱོད་པའི་སྐུར་བསྒོམ་པ་ཕྱག་རྒྱ་ཆེན་པོ། ལག་གཡས་པའི་འབྲུ་བཞི་སྦས་ནས་གུང་མོ་སོགས་ཐུགས་ཀར་བཀན་པ་བཅའ་བ་དམ་རྒྱ། དེའི་རྩེ་མོར་ཧཱུྃ་མཐིང་ག་བསམ་པ་ཆོས་རྒྱ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་འོད་འབར་བར་བསམ་པ་དམ་རྒྱ། གཡོན་པའི་འབྲུ་ལྔ་སྦས་ནས་དྲིལ་བུ་གསིལ་ཞིང་འཁྲིལ་བའི་ཚུལ་གྱིས་ཞབས་གཡོན་པ་པདྨའི་རིགས་ལ་བརྟེ ན་ཐབས་སུ་བཅའ་བ་ནི་བཅའ་བ་ལས་རྒྱ། དེ་ལྟར་བསམ་པ་བསམ་པ་ལས་རྒྱ༑ དེ་ནས་ཕྱག་རྒྱ་གཡས་ནས་བཅས་ཏེ་མདུན་དུ་བསྒྱུར་ནས་གཡོན་དུ་ཡུམ་གྱི་ཐུགས་ཀར་གྲོལ་བ་དང་ལྷན་ཅིག་ཏུ་ༀ་བཛྲ་དྷྲིཀ་ཅེས་བརྗོད་པ་ཆོས་རྒྱ་སྟེ་ཤེས་རབ་ལ་ཐབས་
ཀྱིས་རྒྱས་འདེབས་པའོ། །དེ་བཞིན་དུ་གཡོན་ཕྱོགས་སུ་ཡུམ་དབྱིངས་ཕྱུག་མ་བསྒོམ་པ་ཕྱག་ཆེན། གཡོན་གྱི་གུང་མོ་ཐུགས་ཀར་བཀན་ཐབས་སུ་སྒྲེང་བ་བཅའ་བ་དམ་རྒྱ། དེའི་རྩེར་མཱུཾ་བསམ་པ་བསམ་པ་ཆོས་རྒྱ། དེ་ཡོངས་སུ་གྱུར་པ་ལས་དྲིལ་བུ་བསིལ་བའི་སྒྲ་ཅན་འོད་འབར་བར་བསམ་པ་བསམ་པ་དམ་རྒྱ། ལག་གཡས་ཉི་མ་འབྲུ་ལྔ་དང་བཅས་པ་མ་བཅིངས་པའི་བསྣོལ་མས་ཡབ་ཀྱི་བརླ་གཡས་པའི་སྟེང་དུ་བཞག་པས་འཁྱུད་ཅིང་དབུ་ཡབ་ལ་བཏུད་དེ་འཛུམ་པའི་ཞལ་གྱིས་ལྟ་བའི་ཚུལ་དུ་བཅའ་བ་བཅའ་བ་ལས་རྒྱ། དེ་ལྟ་བུ་བསམ་པ་ནི་བསམ་པ་ལས་རྒྱ། ཕྱག་རྒྱ་གཡོན་ནས་བཅས་ཤིང་མདུན་དུ་བསྒྱུར་ཏེ་གཡས་སུ་ཡབ་ཀྱི་ཐུགས་ཀར་དགྲོལ་བ་དང་། མཱུཾ་དྷཱ་ཏྭཱི་ཤྭ་རི་བརྗོད་པ་ཆོས་རྒྱ་སྟེ་ཤེས་རབ་ཀྱིས་ཐབས་ལ་རྒྱས་འདེབས་པའོ། །དེ་ལྟར་འདི་ཉིད་ལས། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཱུཾ་སྒྲེང་རྩེ་མོར་དྲིལ་བསིལ་འབར། །ཞེས་སོགས་སོ། །དེ་བཞིན་དུ་རྣམ་སྣང་སོགས་རིགས་གཞན་བཞི་ལ་ཡང་ཤེས་པར་བྱའོ། །གཉིས་པ་ནི། ལག་གཡས་པའི་མཐེ་བོང་མ་གཏོགས་པའི་གཞན་བཞི་ལ་མཛུབ་མོ་ནས་བརྩམས་ཏེ་སེམས་དཔའ་བཞིའི་ས་བོན། ཀྵཱིཾ་ཏྲཾ་ཧྲི་ཛིཾ་བཞི་དང་། གཡོན་གྱི་སོར་མོ་བཞི་ལ་ཟླ་དཀྱིལ། དེའི་སྟེང་དུ་ཡུམ་བཞིའི་ས་བོན་ཧཱུྃ། ཏྲཱཾ། ཧྲཱིཾ་ཨ་བཀོད་ནས་སྔར་བཞིན་ཕྱག་རྒྱ་བདུན་ལྡན་དུ་སེམས་དཔའ་དང་སྒོ་སྐྱོང་ཡབ་ཡུམ་ཐམས་ཅད་ལ་ཤེས་པར་བྱ་ལ། ཐུབ་པ་དྲུག་ནི། དོན་གྱི་ཡུམ་ཆོས་ཀྱི་དབྱིངས་དང་འདུ་འབྲལ་མེད་ཀྱང་། རྟགས་ཀྱི་ཡུམ་མེད་པའི་ཕྱིར་འཁྲིལ་སྦྱོར་གྱི་ཕྱག་རྒྱ་བཅའ་མི་དགོས་ལ༑ འོན་ཀྱང་། འགྲོ་འདུལ་གྱི་ཕྱག་རྒྱ་སྣ་ཚོགས་ལས་བསྡུ་ན་དྲུག་ཏུ་འདུ་བར་གསུངས་ཏེ༑ སྒྲུབ་ཐབས་ལས། པི་ཝཾ་དང་ནི་སྲེག་པར་དང་། །གོ་ཆ་པུསྟི་རིན་ཆེན་སྒྲོམ། །མེ་དང་ཆུར་ནི་རབ་ཏུ་བསྟན། །ཅེས་སོ། །བྱ་བྱེད་ཡབ་ཡུམ་ནི་ཕན་ཚུན་ཕྱག་གཡས་གཡོན་སྟེང་འོག་ཏུ་གྱུར་པའི་མཉམ་བཞག་དང་། ཁྱད་པར་ཡུམ་ཀུན་ཏུ་བཟང་མོ་ནི་པད་དཀྱིལ་ལོ། །དེ་ལྟར་གདུལ་བྱའི་དབང་གིས་ཕྱག་རྒྱའི་གྲངས་སྣ་ཚོགས་:སུ་༼པས་༽མ་ངེས་ཀྱང་། བསྡུ་ན་རིགས་ལྔའི་རྒྱའམ། སྤྱིའི་དམ་རྒྱ་རྡོ་རྗེ་ཐལ་མོ་བསྣོལ་ཏེ་སྦྱར་བས་རུང་བར་གསུངས་ཏེ།
འདི་ཉིད་ལས། ཡང་ན་དེ་བཞིན་གཤེགས་ཉིད་དམ། །ཡང་ན་རྡོ་རྗེའི་ཐལ་མོ་ཉིད། །ཅེས་སོ༑ ༑ཁྲོ་བོའི་ཕྱག་རྒྱ་ལ། སྤྱན་འགྲེལ་དུ་བཤད་རྒྱུད་རྡོ་རྗེས་བཀྲལ་ཏེ་བཤད་མོད། ཕྱག་བཞེས་སུ་གལ་པོ་དང་སྦྱར་ཏེ་མཛད་པས། དེ་ལྟར་ཡང་། ཧེ་རུ་ཀ་ཡི་གལ་པོ་དང་། །གསང་བ་སྙིང་པོའི་རྒྱུད་དག་ལས། །རྣམ་པར་གྲོལ་བ་མཚོན་བྱའི་ཕྱིར། །དབུས་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི༑ ༑ཞེས་སོགས་ཀྱིས་ཁྲག་འཐུང་རིགས་ལྔ་དང་། རྒྱས་པ་ལས། གནས་དང་ཡུལ་གྱི་ཕྱག་རྒྱ་ནི། །རྒྱུད་གཞན་དག་དང་མཐུན་པར་བཤད། །མ་མོ་རྣམས་ཀྱི་ཕྱག་རྒྱ་ནི། །འཇིག་རྟེན་འདས་མདོ་ཆེ་ལས་བཤད། །ཅེས་གནས་ཡུལ་སྒོ་མ་ཉི་ཤུའི་ཕྱག་རྒྱ་སྒྱུ་དྲྭ་དང་གལ་པོ་སོགས་དང་། དབང་ཕྱུག་མའི་ཕྱག་རྒྱ་ནི་འཇིག་རྟེན་འདས་མདོ་ལས་ཁ་བསྐང་བ་ཡིན་ལ། དེ་དག་ཀྱང་ཕྱག་རྒྱ་བཞི་ལྡན་ཏེ། ལྷ་གང་དང་གང་གི་ཕྱག་རྒྱ་བསྒྱུར་བ་དེའི་ཚེ། དེ་ཉིད་སྐུར་གསལ་བ་ཕྱག་ཆེན་ཐུགས་ཀར་རང་རང་གི་ས་བོན་བསམ་ཞིང་ངག་ནས་ཚིག་བརྗོད་པ་ཆོས་རྒྱ། ཕྱག་མཚན་འཛིན་པའི་ཕྱག་རྒྱ་བཅའ་ཞིང་བསམ་པ་ནི་དམ་རྒྱ། གཡོན་ཕྱོགས་ནས་བཅའ་ལ་རང་རང་གི་ཕྱག་རྒྱ་མདུན་དུ་བསྒྱུར་ཞིང་འགྲོལ་བ་ལས་རྒྱའོ། །དེ་ལྟར་ཡང་ཧེ་རུ་ཀ་འདུས་པ་ལས། སྐུ་ནི་ཕྱག་རྒྱ་ཆེན་པོ་དང་། །གསུང་ནི་ཆོས་ཀྱི་ཕྱག་རྒྱ་དང་། །འཕྲིན་ལས་ལས་ཀྱི་ཕྱག་རྒྱ་དང་། །ཐུགས་ནི་དམ་ཚིག་ཕྱག་རྒྱའོ། །ཞེས་སོ། །བཞི་པ་རྒྱུད་ཀྱི་དགོས་འབྲེལ་ལ། ཐུགས་ཐིག་ལས། བརྗོད་འབྲེལ་དགོས་པ་ཡང་དགོས་དང་། །རྒྱུ་རྐྱེན་ཡན་ལག་བཞི་རུ་འགྱུར། །ཞེས་པས། དགོས་པ་ཡང་དགོས་སོགས་ཆོས་བཞི་དང་། མཚོན་བྱ་རང་བཞིན་གྱི་རྒྱུད་གནས་ལུགས་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་དམ་པ་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་ནི་བརྗོད་བྱ་སྟེ། ཁོག་གཞུང་ལས། མཚོན་བྱ་རང་བཞིན་གཞི་ཡི་རྒྱུད། །ཅེས་སོ། །དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། མཚོན་བྱེད་ལམ་གྱི་རྐྱེན་ཡི་གེའི་རྒྱུད་སྒྲར་སྣང་ཞིང་སྒྲར་གྲགས་པ་སྒྱུ་འཕྲུལ་དྲ་བའི་རྒྱུད་སྡེ་ཆེན་པོ་འདི་ཉིད་ནི་རྗོད་བྱེད་དེ། དེ་ལས། སྒྲོ་སྐུར་མེད་པར་བསྟན་པ་ནི། །མཚོན་བྱེད་སྒྱུ་འཕྲུལ་དྲ་བ་སྟེ། །དེ་ཡང་མཚོན་བྱེད་སྒྲའི་རྒྱུད་ཀྱི་རྗོད་བྱེད་ལ་བརྟེན་ནས་མཚོན་བྱ་གཞིའི་རྒྱུད་ཀྱི་
བརྗོད་བྱའི་དོན་གོ་བ་ནི་དགོས་པ་སྟེ། སྔ་མ་ལས། མཛུབ་མོས་རི་བོང་ཅན་བཞིན་ནོ། །ཞེས་སོ། །དེ་ལྟར་ཤེས་ནས་བསྐྱེད་རྫོགས་ཀྱི་དོན་ཉམས་སུ་བླངས་པ་ལས་ཉིང་དགོས་ཕྲ་མོ་ཐུན་མོང་གི་དངོས་གྲུབ་དང་། ཆེན་པོ་མཆོག་གི་དངོས་གྲུབ་སློབ་དང་མི་སློབ་པའི་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པ་སྟེ། སྔ་མ་ལས། དགོས་པའི་དགོས་པ་འབྲས་བུ་ཉིད། །ཅེས་སོ། །འབྲེལ་པ་ནི། ཚིག་དོན་ཕྱིན་ཅི་མ་ལོག་པར་འབྲེལ་བར་བྱེད་པ་སྟེ་གོ་སླའོ། །དེ་ལྟར་དགོས་སོགས་ཆོས་བཞི་པོ་དེ་ནི་ཐོབ་བྱ་མཐར་ཐུག་གི་འབྲས་བུ་འགྲུབ་པ་མེད་ན་མེད་འབྱུང་གི་འབྲེལ་པ་གྲུབ་པའི་ཕྱིར་རོ། །ལྔ་པ་འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་ལ། ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། དང་པོ་ནི། རང་བཞིན་གསང་བའི་སྙིང་པོ་མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་འདི་མི་ཉམས་ཤིང་བསྲུང་བར་བྱེད་པའི་ཆེད་དུ་དངོས་དང་། རྒྱུད་པའི་འཁོར་རྣམས་ལ་གདམས་ཤིང་གཏད་པའོ། །ངེས་ཚིག་ནི། རང་བཞིན་གཞིའི་རྒྱུད་ལས་མི་འགྱུར་བས་གདམས་པ་དང་། ལམ་རྐྱེན་ཡི་གེའི་རྒྱུད་གཞི་རྒྱུད་དེ་ཉིད་རྟོགས་བྱེད་ཀྱི་ཐབས་སུ་མི་ནུབ་པར་ཟུངས་ཤིག་ཅེས་གཏད་པའི་ཕྱིར་ན་གདམས་ཤིང་གཏད་པའོ། །དབྱེ་ན། གདམས་པ་དང་། གཏད་པའོ། །རྒྱུད་དབུ་ཞབས་ཀྱི་བརྗོད་བྱ་སྣང་བ་བཞིར་འདུས་པའི་ཕྱིར་གདམས་པ་ལའང་བཞི་སྟེ༑ རང་བཞིན་གྱི་སྣང་བ་རྟོགས་བྱར་གདམས་པ། ལོག་རྟོག་འཁྲུལ་པའི་སྣང་བ་དག་བྱར་གདམས་པ། འབྲས་བུ་ལམ་གྱི་སྣང་བ་བགྲོད་བྱར་གདམས་པ། འབྲས་བུ་བདེ་གཤེགས་ཀྱི་སྣང་བ་ཐོབ་བྱར་གདམས་པ་རྣམས་ལས། དང་པོ་ནི། འདི་ཉིད་ལས། ཀྱཻ་ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་སོ། །གཉིས་པ་ནི། སྔ་མ་ལས། གཟུང་འཛིན་སྤྲོས་ལ་འཆེལ་བ་ཡིས། །རྣམ་རྟོག་ཞགས་པས་སོ་སོར་འཛིན། །ཞེས་སོ། །གསུམ་པ་ནི། སྔ་མ་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །བཞི་པ་ནི། ཡེ་ཤེས་ངོ་མཚར་རབ་འབྱམས་ཀྱིས། །དོན་དུ་མི་འགྱུར་ཡོངས་མ་གསུངས། །ཞེས་སོ། །དེ་ལྟར་ཡང་མདོར་སྒྲིལ་ན་གཞི་ལམ་འབྲས་གསུམ་ཀ་རང་
བཞིན་གྱི་རྒྱུད་དུ་འདུས་ཏེ། ཡེ་ནས་སངས་རྒྱས་པ་ལས་མི་འགྱུར་བར་གདམས་པའོ། །གཉིས་པ་གཏད་པ་ནི་ཁོག་གཞུང་ལས། སྡུད་པ་པོ་དང་བུད་མེད་དང་། །རྣལ་འབྱོར་མིག་ལྡན་སོགས་ལའོ། །དེ་ཡང་གང་གིས་གཏད་ན། སྐུ་ལྔ་ལྷུན་གྱིས་གྲུབ་པའི་སྟོན་པ་ཀུན་ཏུ་བཟང་པོ་དང་། རྒྱལ་ཚབ་སྟོན་པ་རིགས་ལྔས་གཏད་དོ། །གང་ལ་གཏད་ན། ཡུལ་གསུམ་སྟེ༑ རྒྱལ་ཚབ་རྒྱུད་ཀྱི་སྟོན་པར་དབྱུང་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའི་བསྡུ་བ་པོ་གསང་བའི་བདག་པོ་ཕྱག་རྡོ་རྗེ་ལ་གཏད་པ་སྟེ། འདི་ཉིད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མི་མངའ། །སྒྲོ་དང་སྐུར་པ་ཞི་བ་ཡི། །གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །ཞེས་སོ། །གཉིས་པ་ཕྱི་རབས་ཀྱི་གང་ཟག་ཆོས་མིག་ཅན་ལ་གཏད་པ་ནི། སྔ་མ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་སོ། །ངེས་པར་ལུང་བསྟན་པའི་སྒོ་ནས་འཐད་པ་དང་བཅས་པ་ནི། འདི་ལས། དེ་ནི་ངེས་པར་ལུང་བསྟན་ཏེ། །སྲས་ནི་ཐུགས་ལས་སྐྱེས་པ་ཡིན། །ས་རབ་རིག་པ་འཛིན་ལ་གནས། །ཞེས་སོ། །གསུམ་པ་མ་མོ་དང་མཁའ་འགྲོ་ལ་གཏད་པ་ནི། རྒྱས་པ་ལས། ང་ཡི་ཐུགས་ཀྱི་སྙིང་པོ་འདི། །ཕྱོགས་བཅུ་ཀུན་ཏུ་སྤེལ་བ་དང་། །དེ་ཡི་གཟུངས་ལ་གཏད་པ་ནི། །ཡིད་བཞིན་མཛོད་འབྱོར་བཀའ་ཡི་གནས། །བསྟན་པ་འཛིན་པར་ནུས་པ་ལ། །གསང་བའི་སྙིང་པོ་མཆོག་ཏུ་གཏད། །ཅེས་སོ། །རྩ་བའི་ས་བཅད་གཉིས་པ་ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བ་ལ། རྒྱུད་ཕྱི་མ་ལས། གང་གི་བརྗོད་བྱ་འཆད་བྱེད་པ། །དེ་ནི་རྗོད་བྱེད་དུ་བཤད་དོ། །བརྗོད་བྱ་འཆད་པར་བྱེད་པའི་རྗོད་བྱེད་ནི། སྒྲར་སྣང་ཞིང་སྒྲར་གྲགས་པའི་བདག་ཉིད་ཅན་གྱི་སྒྲའི་རྒྱུད་གང་ཡིན་པའོ། །དེ་ཡང་ངོ་བོ་ཚོགས་པ་གསུམ་ལྡན་ཏེ། གདུང་འདེགས་ཀྱི་དོན་བྱེད་ནུས་པའི་ཤིང་ལ་ཀ་བ་ཞེས་པ་དང་། ཆུ་སྐྱོར་ཞབས་ཞུམ་ལྟོ་བ་ལྡིར་བ་ལ་བུམ་པ་ཞེས་པ་སྟེ་ཆོས་གང་ལ་སྒྲ་གང་ཞིག་ཡིན་པ་ལྟ་བུར་བཏགས་ནས་བརྗོད་པ་ནི་མིང་སྟེ། དཔེར་ན། སངས་རྒྱས།
ཆོས། དགེ་འདུན་ཞེས་པ་ལྟ་བུ། ཚིག་ནི། ཆོས་མངོན་པའི་ལུགས་ཀྱི་མིང་འདུས་པ་དང་། བརྡའ་སྤྲོད་པའ་ིལུགས་ཀྱི་རྣམ་དབྱེ་ཏིང྄་སུས྄་གང་རུང་གི་མཐའ་ཅན་དོན་གྱི་ངོ་བོ་དང་ཁྱད་པར་ཅི་རིགས་སུ་སྟོན་པ་སྟེ། དེ་ཡང་། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་རོ། །ཞེས་པ་དང་རྟ་བབས་ཀྱི་སྟེང་ན་ཆོས་འཁོར་གདུགས་དང་བཅས་པ་གཡས་གཡོན་རི་དྭགས་ཕོ་མོས་བསྟེན་པ། ཞེས་པ་ལྟ་བུའོ། །མིང་ཚིག་དེ་དག་གསལ་བར་བྱེད་པ་ནི་ཡི་གེ་སྟེ། དབྱངས་དང་། གསལ་བྱེད་གཉིས་སུ་ངེས་པའོ། །དེ་ལྟར་ཡི་གེ་འདུས་པ་ལས་མིང་། དེ་འདུས་པ་ལས་ཚིགས་སུ་བཅད་པ་དང་སྤེལ་མ་དང་ལྷུག་པ་ལ་སོགས་པ་གཞུང་གི་ཚོགས་སུ་གྲུ བ་པ་སྟེ་ལམ་རྐྱེན་ཡི་གེའི་རྒྱུད་གསང་བ་སྙིང་པོའི་གླེགས་བམ་འདིས་མཚོན་པའོ། །དེ་ལྟར་ཡང་འདི་ཉིད་ལས། ཡི་གེ་སྒྲར་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཞེས་གསུངས་པའི་ཕྱིར་རོ། །དེས་དབང་པོ་འབྲིང་པོ་ལ་སྤྱི་དོན་རྣམ་པར་དབྱེ་བས་བཤད་པ་ལེགས་པར་བཤད་ཟིན་ལ། དབང་པོ་ཐ་མ་ལ་འབྲུ་རེ་གཉེར་རེའི་སྒོ་ནས་དཀྲོལ་ཏེ་བཤད་པ་ནི། སྤྱིར་རྒྱུད་འདི་ལ་རྒྱ་བོད་ཀྱི་མཁས་པས་མཛད་པའི་སྤྱི་འགྲེལ་དང་འབྲུ་འགྲེལ་མང་དུ་ཡོད་པ་རྣམས་དང་། ཁྱད་པར་དཔལ་ལྡན་ཟུར་པའི་བཤད་སྲོལ་དྲི་མ་མེད་པ་ངེས་པར་ཐམས་ཅད་མཁྱེན་པ་ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོའི་སྡེས་ལེགས་པར་གསུངས་པའི་འབྲུ་འགྲེལ་གསང་བདག་དགོངས་རྒྱན་སོགས་ལས་ཤེས་པར་བྱའོ། །ཕྱོགས་དུས་རྒྱལ་ཀུན་ཐུགས་ཀྱི་གསང་བའི་མཛོད། །བླ་མེད་ལམ་མཆོག་མཐར་ཐུག་སྙིང་པོའི་རྒྱུད། །ཟབ་ཅིང་རྒྱ་ཆེ་གངས་ཅན་མཚོའི་རང་བཞིན། །ཤིན་ཏུ་རྨད་བྱུང་མཐའ་ཡས་ཆོས་ཀྱི་མཛོད། །གང་འདི་རབ་འབྲིང་ཐ་མའི་དབང་པོ་དང་། །མཐུན་པར་འཆད་པ་འཕགས་ཡུལ་པཎ་གྲུབ་གཙོ། །དྲི་མེད་བཤེས་གཉེན་བཞེད་གཞུང་ནོར་བུའི་ཏོག །དཔྱད་གསུམ་དག་པའི་རྒྱལ་མཚན་རྩེ་ན་མཛེས། །དཔལ་ལྡན་ཟུར་པའི་བཀའ་སྲོལ་ལམ་གསུམ་བབས། །ཚད་ལྡན་དྲང་སྲོང་བླ་མའི་ཞལ་སྒོ་ལས། །བབས་པའི་གཙང་བྱེད་ཡན་ལག་བརྒྱད་
ལྡན་ཆབ། །དམ་སེལ་དུག་གིས་བསླད་མིན་བདུད་རྩིར་མཚུངས། །ཚིགས་བཤད་ལོ་མའི་ཟོལ་གྱིས་མ་བསྒྲིབས་པར། །དོན་བཟང་སྙིང་པོར་འདྲིལ་བ་རོ་བརྒྱའི་འབྲས། །འཕང་ཕུང་གཡོ་བའི་རྣམ་བཤད་དཔག་བསམ་ལྗོན། །གསང་ཆེན་ཆོས་ཀྱི་སྐྱེད་ཚལ་དབུས་ན་མཛེས། །ལྔ་བདོའི་མུན་པ་མི་བཟད་བརྩེགས་པ་ཡིས། །ཐོས་བསམ་སྣང་བ་ཆེས་ཆེར་སྒྲིབ་པ་ལས། །སྔོན་བྱོན་མཁས་པའི་འགྲེལ་བཤད་ནོར་བུ་ཡང་། །རྡུལ་དང་མུན་པའི་ཁྲོད་དུ་འབོར་བྱེད་ན༑ ༑བདག་འདྲས་རང་གི་བློ་གྲོས་དང་འཚམས་པར། །ཕྱོགས་ཙམ་མཐོང་བ་ཡི་གེར་བཀོད་པ་འདི། །གཞན་ཕན་འགྱུར་བའི་རེ་བ་མ་མཆིས་པས། །རང་ཉིད་ངལ་བ་ལྷུར་ལེན་ཙམ་དུ་ཟད། །འོན་ཀྱང་རྒྱལ་ཀུན་སྤྱི་གཟུགས་གཏེར་བདག་གླིང་། །གང་གི་ཐུགས་རྗེའི་ཟློས་གར་འགྲོ་འདུལ་རྗེ། །ཚུལ་འདིར་དགྱེས་པའི་འཛུམ་ཞལ་གཡོ་བ་ལས། །དགྱེས་པའི་མཆོད་སྤྲིན་གྱུར་སྙམ་སྤྲོ་བ་འཕེལ། །རྒྱལ་བའི་ཐུགས་རྗེ་ཉི་ལྟར་རབ་གསལ་ཞིང་། །གདུལ་བྱ་ཞིང་ཁམས་མཁའ་ལྟར་རྒྱ་ཆེ་བས། །རྒྱ་ལ་འགའ་ཞིག་ཙམ་ལ་ཕན་སྲིད་སྙམ། །རྒྱུད་དོན་གསལ་བྱེད་སྒྲོན་མེ་འདི་འབད་བྱས། །རྒྱུད་རྒྱལ་རྡོ་རྗེའི་ཚིག་རྣམས་ཟབ་ཅིང་བ རླིང་། །བདག་འདྲ་བློ་གྲོས་ཤིན་ཏུ་མ་སྦྱངས་པས། །ནོངས་པར་གྱུར་ཀུན་རྒྱལ་དང་རྒྱལ་སྲས་དང་། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་ལ་བཤགས། །ལེགས་པར་བྱས་པའི་དགེ་ཚོགས་རྨད་བྱུང་གསེར་གྱི་ཤིང་རྟ་འབར་བ་ཡིས། །ཡོངས་སུ་དྲངས་པའི་སྣང་བྱེད་ཉི་མས་འཇིག་རྟེན་མུན་པ་ཀུན་བཅོམ་ནས། །སྲིད་དང་ཞི་བའི་ཕན་བདེའི་སྙིང་པོ་འོད་སྣང་སྤྲིན་གྱི་ཚོགས་ཆེན་པོས། །ཡོངས་སུ་ཁྱབ་པའི་དགའ་སྟོན་ལ་སྤྱོད་ངོ་མཚར་བླ་ན་འབར་གྱུར་ཅིག །རྨད་བྱུང་གསང་བའི་ཆོས་ཚུལ་འདི་ཡང་ནམ་མཁའ་ཇི་སྲིད་གནས་ཀྱི་བར། །སྐལ་ལྡན་ལས་ཅན་འགྲོ་བའི་དོན་དུ་དེ་སྲིད་གནས་པས་དོན་བྱེད་ཅིང་། །ཡིད་བཞིན་ནོར་དང་འདོད་འཇོའི་བུམ་བཟང་ཉི་ཟླའི་སྣང་བ་ཇི་བཞིན་དུ། །ལྷུན་གྱིས་གྲུབ་པའི་མཛད་པ་ཆེན་པོས་ཕྱོགས་རྣམས་ཀུན་ཏུ་ཁྱབ་པར་ཤོག །བདག་ཀྱང་འདི་བཟུང་སྐྱེ་ཕྲེང་ཀུན་ཏུ་དམ་པའི་མགོན་གྱིས་རྗེས་སུ་གཟུང་། །སྲིད་བདེ་འཁྲུལ་པའི་རང་མཚང་རིག་ནས་གསང་བའི་ལམ་བཟང་འདིར་
ཞུགས་ཏེ། །གཞི་རྒྱུད་ལམ་གྱི་དྲི་མ་ཡོངས་སྦྱངས་འབྲས་རྒྱུད་སྐུ་བཞིར་ལྷུན་གྲུབ་སྟེ། །མཐའ་ཡས་འགྲོ་བ་མ་ལུས་སྒྲོལ་བའི་དེད་དཔོན་དམ་པར་འགྱུར་བར་ཤོག །ལེགས་བྱས་འཛིན་མའི་ལྟོ་བ་ལས། །འཁྲུངས་པའི་བསོད་ནམས་དཔག་བསམ་ལྗོན། །ཕན་བདེའི་འདོད་པ་འཇོ་བ་ཡིས། །བཀྲ་ཤིས་ཀུན་ལ་ཁྱབ་གྱུར་ཅིག །དེ་ལྟར་དཔལ་གསང་བ་སྙིང་པོའི་འགྲེལ་པ་གསང་བདག་དགོངས་རྒྱན་གྱི་སྤྱི་དོན་ཡན་གྱི་རྣམ་པར་བཤད་པ་རྒྱུད་དོན་གསལ་བྱེད་ལེགས་བཤད་སྙིང་པོའི་སྣང་བ་ཞེས་བྱ་བ་འདི་ཡང་རྒྱལ་དབང་རྫོགས་པའི་སངས་རྒྱས་གཡུང་མགོན་འགྲོ་འདུལ་རྡོ་རྗེའི་དྲི་མ་མེད་པའི་བཀའ་ལས་ཚུལ་འདི་ལ་ཐོས་བསམ་སྒོམ་གསུམ་གྱི་སྙིང་སྟོབས་བསྐྱེད་པ་ནི་རྒྱལ་བ་དགྱེས་པའི་ལམ་མཆོག་རྨད་དུ་བྱུང་བ་ཡིན་པས་འཆད་ཉན་ལ་འབད་རྩོལ་བསྐྱེད་པར་རིགས་སོ། །ཞེས་ལན་གཅིག་མ་ཡིན་པར་ཡང་ཡང་དུ་སྩལ་བ་ལས། རྗེ་བླ་མ་མཆོག་གི་དགོངས་པ་སྐོང་བ་དང་། རང་གི་བློོ་གྲོས་གོམས་པར་བྱ་བའི་སླད་དུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བཀའ་དྲིན་གསུམ་ལྡན་རྗེ་བཙུན་རཏྣ་བི་ཛའི་བཀའ་འབངས་སུ་སྤྱོད་པའི་ཤཱཀྱའི་དགེ་སློང་པདྨ་དགྱེས་པའམ་མིང་གཞན་འགྱུར་མེད་ཀུན་བཟང་པདྨ་བསྟན་འཛིན་དུ་འབོད་པས་སུག་ལས་སུ་སྤེལ་བ་སྟེ་འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །།