Nitartha Digital Library
Tibetan
 
no previous ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་བཞུགས་སོ།next

ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་བཞུགས་སོ།


MRD001_Page_001
[མ་དཔེ་གཟིགས་ན་འདིར་གནོན།]
ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས།

༄༅། །ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་བཞུགས་སོ། །


MRD001_Page_002
[མ་དཔེ་གཟིགས་ན་འདིར་གནོན།]
ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས།

༄༅། །གང་ཡིད་ཐེ་ཚོམ་དྲྭ་བའི་སྦུབས་འཐུམས་པ། །འབྱེད་བྱེད་འཇམ་དཔལ་རྡོ་རྗེའི་མར་མེ་ནི། །སྙིང་ལ་ངེས་ཤེས་ཟབ་མོའི་ཚུལ་འཇུག་པ། །ལམ་བཟང་མཐོང་བའི་མིག་དེར་བདག་ཀྱང་དད། །ཀྱེ་མ་ཟབ་མོའི་གནས་ལུགས་ལ། །སྦྱོར་བྱེད་ངེས་ཤེས་རིན་པོ་ཆེ། །ཁྱོད་མེད་པས་ན་སྲིད་པ་འདིར། །སྒྱུ་མའི་རྒྱར་ནི་འཐུམས་ཤིང་རྨོངས། །གཞི་ལམ་འབྲས་བུའི་ཆོས་རྣམས་ལ། །ངེས་པས་ཡིད་ཆེས་འདྲོང་བ་དང་། །ཐོས་པས་དད་པར་བྱེད་པ་གཉིས། །ལམ་དང་དེ་ཡི་གཟུགས་བརྙན་བཞིན། །རྨད་བྱུང་ཆོས་ཀྱི་ཟླ་བའི་གྲགས་པ་ནི། །ལེགས་བཤད་གསུང་གི་འོད་དང་ཆབ་ཅིག་པར། །ཐུབ་བསྟན་ལྷ་ལམ་ཡངས་པོར་ཤར་བ་ཡིས། །ཐེ་ཚོམ་མུན་པ་ཐིབས་པོ་རྣམ་པར་འཇོམས། །ཐ་སྙད་དཔྱོད་པའི་ཚད་མ་ཡིས། །བླང་དོར་འཇུག་ལྡོག་མི་ནོར་ཞིང་། །ཁྱད་པར་བསྟན་དང་སྟོན་པ་ལ། །ཡིད་ཆེས་རྙེད་པའི་སྒོ་གཅིག་པུ། །ཚད་མའི་གཞུང་དང་གནས་ལུགས་དོན། །གཏན་འབེབས་དོན་དམ་རིག་ཤེས་ཀྱི། །ཚད་མ་དྲི་མེད་གསལ་བྱེད་པ། །ཐེག་མཆོག་དབུ་མ་རྣམ་པ་གཉིས། །ལེགས་པར་སྦྱངས་པའི་བློ་མིག་ཟུང་། །བགྲད་དེ་སྟོན་པས་བསྟན་པའི་ལམ། །དེར་ནི་གཞན་དྲིང་མི་འཇོག་པར། །ཡང་དག་ཞུགས་པ་དེ་ལ་བསྔགས།


MRD001_Page_003
[མ་དཔེ་གཟིགས་ན་འདིར་གནོན།]
ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས།

།དེ་ལྟར་སེམས་པའི་དྲང་སྲོང་ལ། །ཐོལ་བྱུང་ལྡོམ་བུ་པ་ཞིག་གིས། །རྟོག་གེའི་བརྒལ་བརྟག་བྱ་བའི་ཕྱིར། །དྲི་བ་བདུན་པོ་འདི་ལྟར་དྲིས། །གཞན་གྱི་རྗེས་སུ་ཟློས་ལ་མཁས་པས་ཅི། །རང་གི་རྣམ་པར་དཔྱོད་པ་བག་ཕོབ་ལ། །དྲིས་པའི་ལན་འདི་ཉེ་བར་ལྡོན་མཛོད་དང་། །ནང་གི་རྣམ་དཔྱོད་མཐོང་བ་བཞིན་དུ་གསལ། །མང་ཐོས་སྣ་ཞགས་རིང་དུ་བརྐྱངས་ན་ཡང་། །ཁྲོན་པའི་ཆུ་ལྟར་ཟབ་པའི་ཆོས་ཀྱི་ཆུ། །མ་མྱོང་ད་དུང་མཁས་པའི་གྲགས་པ་ལ། །རེ་བ་རིགས་ངན་བཙུན་མོར་ཆགས་དང་འདྲ། །ལྟ་བ་དགག་གཉིས་གང་ལྟར་སྨྲ། །ཉན་རང་བདག་མེད་གཉིས་རྟོགས་སམ། །མཉམ་བཞག་འཛིན་སྟངས་ཡོད་དམ་མེད། །དཔྱད་ནས་བསྒོམ་མམ་བཞག་ནས་བསྒོམ། །བདེན་པ་གཉིས་ལས་གང་ཞིག་གཙོ། །མི་གཅིག་མཐུན་སྣང་བལྟ་བྱ་གང་། །དབུ་མར་ཁས་ལེན་ཡོད་དམ་མེད། །དེ་སྐད་སྟོང་ཉིད་ལས་བརྩམས་པའི། །ཟབ་མོའི་དྲི་བ་བདུན་པོ་འདིར། །ལུང་དང་འགལ་བ་མེད་བཞིན་དུ། །རིགས་པས་གྲུབ་པའི་ལན་ཐོངས་ཤིག །རྟོག་གེའི་ཚིག་ཕྲེང་ཚེར་མའི་མདུང་། །འབུམ་གྱིས་བསྣུན་ཀྱང་མི་ཕིག་པ། །ཆེ་རྣམས་རྨོངས་པའི་དཀའ་གནད་ལ། །སྨྲ་བའི་ལྗགས་རིང་གློག་བཞིན་སྐྱོངས།


MRD001_Page_004
[མ་དཔེ་གཟིགས་ན་འདིར་གནོན།]
ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས།

།དེ་ལྟར་བློ་གྲོས་ཀྱིས་བསྐུལ་ངག་གི་རླུང་། །ཆུང་ངུར་གཡོས་པ་དེས་ཀྱང་དྲང་སྲོང་སྙིང་། །དུས་མཐའི་རླུང་གིས་རི་བཞིན་བསྒུལ་གྱུར་ནས། །མི་སྨྲའི་བརྟུལ་ཞུགས་དལ་གཅིག་བཟུང་བའི་མཐར། །ཀྱེ་མ་བརྒྱ་ཕྲག་དཀའ་བའི་ཁུར་བསྟེན་ཅིང་། །ཡང་དང་ཡང་དཔྱད་བློ་གྲོས་རྣོན་པོའི་མེ། །རྒྱུད་མར་ཆེས་ཆེར་སྦར་བ་དེས་ཀྱང་འདི། །སྐྱོན་བྲལ་ཁམས་སུ་བསྒྲུབ་པར་མ་ནུས་ན། །ལྷན་སྐྱེས་སྤོབས་པའི་བློ་ནུས་ཞན་གྱུར་ཅིང་། །ཡུན་རིང་སྦྱང་བའི་ཁུར་ཀྱང་མ་བཟུང་བ། །དམན་པ་བདག་གིས་སྨྲ་བ་ག་ལ་ཞེས། །འཇམ་པའི་དབྱངས་ལ་གདུང་བའི་ཤུགས་ཀྱིས་བོས། །དེ་ཚེ་དེ་ཡི་མཐུ་ལས་ཡིན་སྙམ་པའི། །ཡིད་ལ་ཐོ་རངས་དུས་ཀྱི་སྣང་བ་ལྟར། །སྤོབས་པའི་གོ་སྐབས་ཅུང་ཟད་ཐོབ་པའི་འཕྲལ། །ལེགས་གསུངས་དོན་བཞིན་རིགས་པས་དཔྱད་དེ་སྨྲས།


no previous ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་བཞུགས་སོ།next