གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ། ཀུན་དགའ་གྲོལ་མཆོག
གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ༔
རྒྱ་གར་སྐད་དུ༔ མནྟྲ་སྱ་པ་ཐ་ཀྲ་མ་ལ་ནཱ་མ༔ བོད་སྐད་དུ༔ གསང་སྔགས་ལམ་གྱི་རིམ་པ་ཞེས་བྱ་བ༔ རྩ་བ་གསུམ་ལ་གུས་པས་ཕྱག་འཚལ་ལོ༔ གཉིས་བཅོམ་གཉིས་ལྡན་གཉིས་འདས་གཉིས་དཔལ་མཆོག༔ མ་ལུས་འདུས་ཤིང་ཡང་དག་ཟོལ་མེད་པ༔ སངས་རྒྱས་བདེ་གཤེགས་དྲུག་པ་ཀུན་འདུས་བཟང༔ གུས་གདུང་དང་བའི་སྒོ་ནས་ཕྱག་འཚལ་ལོ༔ བདག་ཉིད་རྣལ་འབྱོར་ཨོ་རྒྱན་པད་འབྱུང་དེས༔ རྡོ་རྗེ་ཐེག་པ་ཚེ་གཅིག་གྲོལ་བྱེད་ལམ༔ ཕྱི་རབས་རྣལ་འབྱོར་ལས་ལྡན་དོན་ཆེད་དུ༔ ཉམས་ལེན་ལམ་རིམ་རིན་ཆེན་སྒྲོན་མེ་བྲི༔ གནས་ལུགས་འཁྲུལ་ལུགས་ངོ་ཡིས་གཟུང་བ་ནི༔ གཉིས་མེད་ལྷུན་གྲུབ་ཀ་དག་ཡེ་སངས་རྒྱས༔ སྙིང་པོ་མ་རིག་ལས་ཉོན་
ལོག་སྡུག་བསྔལ༔ ཕུན་སུམ་ཚོགས་ལྔས་བསྒྲུབ་གཞི་གཟུང་བ་ནི༔ བྲག་ནགས་དུར་ཁྲོད་ཕུག་སོགས་སྐྱོན་ཡོན་བརྩི༔ ཚེས་སྐར་གཟའ་བཟང་ཡར་ངོའི་སྔ་གོང་འཇུག༔ དད་གུས་དབང་དམ་ཤེས་རབ་གདེང་དང་ལྡན༔ ཟས་སྨན་མཆོད་སྐོང་སྒྲུབ་པའི་རྫས་རྣམས་གསག༔ མ་དྲེད་རྩེ་གཅིག་དཀའ་ཐུབ་མཐར་འདོན་ནོ༔ རྣལ་འབྱོར་སྲུང་བའི་འཁོར་ལོའི་རིམ་པ་ནི༔ ལུས་ཅན་རྣམས་ཀྱིས་བྱང་ཆུབ་མཆོག་འཐོབ་བསྒོམ༔ ལྷ་མཚན་རྡོ་རྗེ་འཁོར་ལོ་མཚོན་མེས་བསྲུང༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཡིག་བསྒོམ༔ སྤྱན་རས་འཇམ་དཔལ་ཡི་དམ་གང་ཡིན་བསྒོམ༔ རྡོ་རྗེའི་ས་ར་གུར་དང་མདའ་མེ་བསྒོམ༔ བྱ་བྱེད་ངོ་བོ་མི་དམིགས་ངང་ལ་གཞག༔ གནད་ལྔའི་སྒོ་ནས་ལམ་ལ་འཇུག་པ་ནི༔ ཐུན་མོང་ཁྱད་པར་བླ་མེད་གསུམ་སྐྱབས་འགྲོ༔ དཀར་དམར་ནག་གསུམ་བརྒྱ་བཟླས་མཆོད་སྦྱངས་བསྐངས༔ དལ་འབྱོར་ལས་འབྲས་མི་རྟག་ཉེས་དམིགས་བསྒོམ༔ སྒྲུབ་དང་མཆོད་པའི་མཎྜལ་གཉིས་སུ་འབུལ༔ སྣ་ཚོགས་ལམ་ཁྱེར་གཏོར་མས་ཚོགས་གཉིས་གསག༔ རྒྱུན་གཏོར་གསུམ་བདུན་བཅུ་གཅིག་ལ་སོགས་གཏང༔ རྣམ་དག་བདུན་དང་ཕྱི་ནང་གསང་མཆོད་འབུལ༔ དེ་རྣམས་གསང་སྔགས་ལམ་གྱི་སྔོན་འགྲོ་ཡིན༔ ༈ བསླབ་པ་གསུམ་ལ་ལམ་
གཞི་བཅའ་བ་ནི༔ མི་མཐུན་སྤོང་སེམས་མཉམ་འཇོག་རང་ངོ་ཤེས༔ ཤཱི་ལ་ས་མཱ་དྷི་པྲ་ཛྙཱ་ཤིཀྵཱ་ན༔ གནོད་སྦྱོར་ལོག་ཞུགས་ཁྱད་པར་ཐབས་ཀྱིས་ཟིན༔ བདེན་པའི་དོན་མཐོང་གོམས་འདྲིས་དེ་མི་འདའ༔ གཉེན་པོའི་དབང་གིས་བརྒྱད་ཁྲི་བཞི་སྟོང་གསུངས༔ སེམས་གསུམ་སྒོ་ནས་ལམ་ལ་འཇུག་པ་ནི༔ ཡིད་འོང་ཕ་མར་ཤེས་ཤིང་བདེ་ལྡན་བསྒོམ༔ སེམས་ཅན་ཕ་མ་སྡུག་བསྔལ་བསྒྲལ་བར་བསམ༔ སངས་རྒྱས་ཐོབ་འདོད་བསམ་པ་ལེན་དང་སྒྲུབ༔ སེམས་གསུམ་སྡེ་གསུམ་བསླབ་གསུམ་ཉམས་གསུམ་ཐུགས༔ ཁྱད་པར་གསང་སྔགས་ལམ་གྱི་ངོ་བོ་ནི༔ བུམ་གསང་ཡེ་ཤེས་བདེ་ཆེན་དབང་བཞི་བསྐུར༔ ཕྱི་ནང་སྣོད་བཅུད་གཞལ་ཡས་ལྷ་རུ་བསྐྱེད༔ སྐྱེ་འགགས་གཉིས་མེད་རང་བྱུང་མཐའ་ལས་འདས༔ གནད་གསུམ་གཅུན་པས་རྟོག་མེད་རང་གསལ་འཆར༔ སོ་སྤྱི་བོགས་གསང་ཡང་དག་ཁོ་ན་སྤྱོད༔ མཉམ་རྗེས་བཟའ་བཅང་སྲུང་བའི་དམ་ལྔ་དབོག༔ དེ་རྣམས་གསང་སྔགས་ལམ་གྱི་ངོ་བོ་ཡིན༔ རྣལ་འབྱོར་ལྔ་ཡིས་ཉམས་སུ་བླང་བ་ནི༔ རྟོག་མེད་ཆོས་སྐུར་ཉལ་ལ་འཆི་རྟོག་སྦྱང༔ འགག་མེད་ལོངས་སྐུར་ལངས་ཏེ་སྐྱེ་རྟོག་སྦྱང༔ དབང་བཞིའི་བདུད་རྩིར་བརླབས་ལ་བཟའ་བཏུང་རོལ༔ སྣ་ཚོགས་ཐབས་ཀྱིས་བཟུང་ལ་ལམ་དུ་གཏང༔ དྲོ་སྲོད་སྐྱེས་ཤར་འདའ་ཀ་བར་དོར་ལྟེམ༔
ལམ་དེའི་གེགས་བཞིའི་སྐྱོན་སེལ་བསྟན་པ་ནི༔ བྱིང་རྒོད་ཉམས་གསུམ་བཅོས་ལ་ལམ་དུ་གཏང༔ ནད་ཀྱི་གཞི་རྒྱུ་རྐྱེན་འབྲས་ངོས་བཟུང་བཅོས༔ སྤྲོས་བྲལ་ངང་བཞག་རྒྱུན་ཆད་སྐྱེས་ནས་སེལ༔ གནོད་པའི་ཟས་ཟ་འཁྲིག་བཅད་ལྟོས་མེད་བསྐྱུར༔ དཀར་དམར་ནག་པོའི་ཧཱུྃ་སྤྲོས་སྟེང་འོག་གདོན༔ རང་ལས་གཞན་མེད་ཡ་ང་འཁུ་འཁྲིག་བཅད༔ དམ་ཉམས་གྲོགས་གནས་ཟས་ཀྱི་གྲིབ་བཞི་བསལ༔ ལམ་དེའི་བོགས་འདོན་གནད་དུ་གཏང་བ་ནི༔ སྐྱོན་གྱི་རྩ་བ་བདག་འཛིན་བློ་ཡིས་གཏང༔ ཡོན་ཏན་གཞི་མ་ཉམས་ལེན་དྲག་པོ་བྱ༔ རང་གི་ལམ་ལ་བོགས་མེད་གཞན་གྱིས་འདོན༔ ཉོན་མོངས་གནད་ནས་བཟུང་ལ་ལམ་དུ་གཏང༔ རྣམ་རྟོག་ལམ་དུ་གཏང་ལ་བོགས་སུ་འདོན༔ དེ་རྣམས་ལམ་གྱི་ཆ་རྐྱེན་ཡན་ལག་ཡིན༔ ལམ་དེ་མཐར་ཕྱིན་མངོན་གྱུར་འབྲས་བུ་ནི༔ སྐུ་ལྔ་གསུང་ལྔ་ཐུགས་ཡོན་ཕྲིན་ལས་ལྔ༔ རྟེན་ཅན་རྟེན་མེད་ངོ་བོ་ཉིད་དོན་བྱེད༔ གཅིག་དང་ཐ་དད་གཉིས་སུ་མེད་པར་བཞུགས༔ གཟིགས་ཚུལ་གྲུབ་དང་མ་གྲུབ་བདེན་རྫུན་བརྟག༔ ཚེ་འདིར་སངས་རྒྱས་ཐོབ་བྱེད་ཉེ་བའི་ལམ༔ རང་མཚན་མངོན་དུ་སྟོན་པ་ངེས་པའི་ཆོས༔ ཐབས་དང་ཤེས་རབ་གཉིས་ལྡན་ཤིང་རྟའི་སྲོལ༔ ཕམ་བྱེད་རྒྱལ་གྱུར་བླ་མེད་
ཐེག་མཆོག་གོ༔ འདི་སྦྱར་དགེ་བ་དྲི་མེད་རྣམ་དག་གིས༔ ལུས་ཅན་ཐམས་ཅད་སྨིན་གྲོལ་ལམ་ཞུགས་ཏེ༔ རང་ཆས་ཤེས་རྟོག་སྒྲིབ་ཟད་ཉེས་དག་ནས༔ ཡང་དག་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག༔ གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་ཞེས་བྱ་བ༔ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་མཛད་པ་རྫོགས་སོ༔ འདི་རིག་འཛིན་རྗེའི་ཕྱག་བྲིས་མར་གཏུགས་སོ། །མངའ་བདག་རིན་པོ་ཆེ་ཉང་ཉི་མ་འོད་ཟེར་གྱིས་གཏེར་ནས་གདན་དྲངས་པའོ། །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །རྒྱལ་ཁམས་ཀུན་ཏུ་བདེ་སྐྱིད་འབྱུང་བ་དང་། །རྒྱལ་སྲས་རྣམས་ཀྱིས་ཇི་ལྟར་དགོངས་པའི་ཚུལ། །རྒྱ་ཆེན་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། །།༄༅༔ ནང་བཤད་གསང་སྔགས་ལམ་རིམ་ས་གཅད་བཞུགས་སོ༔ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ནང་བཤད་གསང་སྔགས་ལམ་གྱི་རིམ་པ་འདི་ལ་དོན་གསུམ་སྟེ༔ ཀླད་ཀྱི་དོན་དང༔ གཞུང་གི་དོན་དང༔ མཇུག་གི་དོན་ནོ༔ དང་པོ་ལ་གཉིས་ཏེ༔ ཕྱག་འཚལ་བ་དང༔ བརྩམ་པར་དམ་བཅའ་བའོ༔ གཞུང་དོན་ལ་གསུམ་སྟེ༔ གཞི༔ ལམ༔ འབྲས་བུའོ༔ གཞུང་གི་སྤྱི་དོན་དང་པོ་གཞི་ལ་གཉིས་ཏེ༔ གནས་ལུགས་དང༔
འཁྲུལ་ལུགས་སོ༔ གཞུང་གི་སྤྱི་དོན་གཉིས་པ་ལམ་ལ་གསུམ་སྟེ༔ ལམ་གྱི་སྔོན་དུ་འགྲོ་བ་དང༔ ལམ་རང་གི་ངོ་བོ་དང༔ ལམ་གྱི་ཆ་རྐྱེན་བསྟན་པའོ༔ དང་པོ་ལ་གསུམ་སྟེ༔ ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པའི་གཞི་གཟུང་བ་དང༔ སྲུང་བའི་འཁོར་ལོའི་རིམ་པ་བསྟན་པ་དང༔ གནད་ལྔའི་སྒོ་ནས་ལམ་ལ་འཇུག་པར་བསྟན་པའོ༔ དང་པོ་ལ་ལྔ་སྟེ༔ གནས་གང་དུ་དང༔ དུས་གང་ལ་དང༔ གང་ཟག་གང་གིས་དང༔ རྫས་གང་གསག་པ་དང༔ ཐབས་ཇི་ལྟར་བསྒྲུབ་པའོ༔ གཉིས་པ་རྣལ་འབྱོར་སྲུང་བའི་འཁོར་ལོའི་རིམ་པ་ལ་དྲུག་སྟེ༔ བྱང་ཆུབ་སེམས་ཀྱིས་སྲུང་བ་དང༔ མཚོན་ཆ་ལྔས་སྲུང་བ་དང༔ ཡི་གེ་གསུམ་གྱིས་སྲུང་བ་དང༔ ཞི་དྲག་གསུམ་བརྩེགས་ཀྱིས་སྲུང་བ་དང༔ རང་བྱུང་ལྷུན་གྱིས་གྲུབ་པའི་སྲུང་བ་དང༔ དོན་དམ་མཚན་མ་མེད་པས་སྲུང་བའོ༔ གསུམ་པ་གནད་ལྔའི་སྒོ་ནས་ཐེག་ཆེན་ལམ་ལ་འཇུག་པ་ལ་ལྔ་སྟེ༔ སྐྱབས་འགྲོས་ཆོས་ཀྱི་གཞི་འདིང་བ་དང༔ ཡིག་བརྒྱས་སྒྲིབ་པ་སྦྱོང་བ་དང༔ ལས་འབྲས་མི་རྟག་པ་བསྒོམ་པ་ལ་བློ་སྦྱོང་བ་དང༔ མཎྜལ་དང་གཏོར་མ་གཏོང་བས་ཚོགས་གསག་པ་དང༔ མཆོད་པ་ཕུལ་ལ་ཚོགས་གཉིས་ཡོངས་སུ་སྤེལ་བའོ༔ བཞི་པ་མཎྜལ་དང་གཏོར་མས་ཚོགས་གསག་པ་ལ་མཎྜལ་འབུལ་བ་དང༔ གཏོར་མ་གཏོང་བ་གཉིས༔ དེ་ལ་སྣ་ཚོགས་ལམ་ཁྱེར་གཏོར་མ་དང༔ རྒྱུན་གཏོར་རོ༔ དེ་རྣམས་གསང་སྔགས་ལམ་གྱི་སྔོན་འགྲོ་ཡིན༔ གཉིས་པ་ལམ་རང་གི་ངོ་བོ་ལ་
གཉིས་ཏེ༔ ཐུན་མོང་ཐེག་པ་སྤྱིའི་ལམ་དང༔ ཁྱད་པར་གསང་སྔགས་ཀྱི་ལམ་མོ༔ དང་པོ་ལ་གཉིས་ཏེ༔ བསླབ་པ་གསུམ་ལ་ལམ་གཞི་བཅའ་བ་དང༔ སེམས་གསུམ་གྱིས་ལམ་གྱི་ཁ་བསྒྱུར་བའོ༔ དང་པོ་ལ་ལྔ་སྟེ༔ ངོ་བོ་ངོས་གཟུང་བ་དང༔ མཚོན་བྱའི་སྒྲ་དོན་བཤད་པ་དང༔ མཚན་ཉིད་ཀྱི་རང་ལྡོག་བསྟན་པ་དང༔ མཚན་གཞིའི་སྐྱེ་ཚུལ་དང༔ གཉེན་པོའི་སྒོ་ནས་རྣམ་གྲངས་སུ་འགྱུར་ཚུལ་ལོ༔ གཉིས་པ་སེམས་གསུམ་གྱི་སྒོ་ནས་ལམ་ལ་འཇུག་པས་ལམ་གྱི་ཁ་བསྒྱུར་བ་ལ་བཞི་སྟེ༔ བྱམས་པ་དང༔ སྙིང་རྗེ་དང༔ བྱང་ཆུབ་ཀྱི་སེམས་དང༔ དེ་དག་སྡེ་སྣོད་གསུམ་དུ་ངོས་བཟུང་ལ་བསླབ་པ་གསུམ་དུ་བསྟན་པའོ༔ གཉིས་པ་ཁྱད་པར་གསང་སྔགས་རང་གི་ལམ་གྱི་ངོ་བོ་ལ་ལྔ་སྟེ༔ རྒྱུད་སྨིན་པར་བྱེད་པ་ལ་དབང་དང༔ སྨིན་པ་གྲོལ་བར་བྱེད་པ་ལ་ལྟ་བ་དང༔ ལྟ་བ་གོམས་པར་བྱེད་པ་ལ་སྒོམ་པ་དང༔ དེ་དང་མི་འབྲལ་ཞིང་རྩལ་སྦྱོང་བ་ལ་སྤྱོད་པ་དང༔ དེ་དག་ལས་མི་འདའ་བར་བྱེད་པ་ལ་དམ་ཚིག་གོ༔ གཉིས་པ་ལྟ་བ་ལ་གཉིས་ཏེ༔ བསྐྱེད་རིམ་སྦྱང་བ་དང༔ རྫོགས་རིམ་བསྟན་པའོ༔ དེ་རྣམས་གསང་སྔགས་ལམ་གྱི་ངོ་བོ་ཡིན༔ གསུམ་པ་དེའི་ཆ་རྐྱེན་བསྟན་པ་ལ་གསུམ་སྟེ༔ རྣལ་འབྱོར་ལྔ་ཡིས་ལམ་ཉམས་སུ་བླང་བའི་ཚུལ་གྱི་གནད་བསྟན་པ་དང༔ གེགས་སེལ་བཞིས་ལམ་གྱི་སྐྱོན་བསལ་བ་དང༔ བོགས་
འདོན་གསུམ་གྱིས་ལམ་མཐར་འདོན་པའོ༔ དང་པོ་ལ་ལྔ་སྟེ༔ ཉལ་བའི་རྣལ་འབྱོར་དང༔ ལྡང་བའི་རྣལ་འབྱོར་དང༔ བཟའ་བའི་རྣལ་འབྱོར་དང༔ རྒྱུན་གྱི་རྣལ་འབྱོར་དང༔ དུས་གནད་ཀྱི་རྣལ་འབྱོར་རོ༔ གཉིས་པ་ལམ་དེའི་གེགས་བཞིའི་སྐྱོན་སེལ་བསྟན་པ་ལ་བཞི་སྟེ༔ ཏིང་ངེ་འཛིན་ཉམས་ཀྱི་གེགས་བསལ་བ་དང༔ ལུས་ལན་ཚ་སྡུག་བསྔལ་གྱི་གེགས་ངོས་བཟུང་ཞི་བཅོས་ཏེ་བསལ་བ་དང༔ སེམས་རྣམ་རྟོག་ལྷ་འདྲེའི་གེགས་བསལ་བ་དང༔ རྐྱེན་སྣང་གློ་བུར་གྲིབ་ཀྱི་གེགས་བསལ་བའོ༔ གཉིས་པ་ལ་ལུས་ཀྱི་ནད་སྡུག་གི་གེགས་ངོས་གཟུང་བ་དང་བཅོས་པའོ༔ གཉིས་པ་དེ་བཅོས་པ་ལ་རབ་ངང་ལ་གཞག་པ༔ འབྲིང་གནད་དུ་གཏང་བ༔ ཐ་མ་དམིགས་པས་བཅོས་པའོ༔ གསུམ་པ་ལམ་དེའི་བོགས་འདོན་གནད་དུ་གཏང་བ་ལ་གསུམ་སྟེ༔ བོགས་མི་འབྱུང་བའི་སྐྱོན་བསལ་བ་དང༔ འབྱུང་བའི་གཞི་བཅའ་བ་དང༔ བོགས་ཇི་ལྟར་འདོན་པའི་ཐབས་སོ༔ གསུམ་པ་ཇི་ལྟར་འདོན་ཐབས་དེ་ལ་གཉིས་ཏེ༔ རང་ལམ་གང་ལ་གནས་པ་དེ་ལ་བོགས་འདོན་པ་དང༔ སྔར་མེད་གསར་དུ་སྐྱེས་པའི་ཉོན་མོངས་རྣམ་རྟོག་བོགས་སུ་འདོན་པ་གཉིས༔ གཉིས་པ་སྔར་མེད་གསར་སྐྱེས་བོགས་འདོན་ལ་གཉིས་ཏེ༔ ཉོན་མོངས་བོགས་སུ་འདོན་པ་དང༔ རྣམ་རྟོག་བོགས་སུ་འདོན་པའོ༔ དེ་རྣམས་ལམ་གྱི་ཆ་རྐྱེན་ཡན་ལག་ཡིན༔ སྤྱི་དོན་གསུམ་པ་ལམ་དེ་ཉམས་སུ་བླངས་ནས་མཐར་ཕྱིན་པའི་མངོན་གྱུར་འབྲས་བུ་ལ་བཞི་སྟེ༔ འབྲས་ཆོས་ངོས་གཟུང་བ་དང༔ འགྲོ་དོན་བྱེད་ཚུལ་དང༔ དགོངས་པ་ལ་བཞུགས་ལུགས་དང༔ གདུལ་བྱ་ཐུགས་རྗེས་འཛིན་ཚུལ་ལ་གཞན་གྱི་ལོག་རྟོག་དགག་པའོ༔
གསུམ་པ་མཇུག་གི་དོན་ལ་གཉིས་ཏེ༔ ཆོས་ཀྱི་ཆེ་བ་བསྟན་པ་དང༔ དགེ་བ་ཐམས་ཅད་མཁྱེན་པར་བསྔོ་ཞིང་མཚན་དང་མཛད་བྱང་ཡོངས་སུ་རྫོགས་ཚུལ་དང་བཅས་པ་བསྟན་པའོ༔ ནང་བཤད་གསང་སྔགས་ལམ་རིམ་གྱི་བསྡུས་དོན་རྫོགས་སོ༔ ༔ ༄༅། །པདྨའི་ལམ་རིམ་གྱི་ལོ་རྒྱུས་བཞུགས་སོ། །པདྨའི་ལམ་རིམ་ནི་སློབ་དཔོན་པདྨའི་དགོངས་པ། རྫོགས་པ་ཆེན་པོའི་མན་ངག །གནུབས་ཆེན་སངས་རྒྱས་ཡེ་ཤེས་ནས་བརྒྱུད་ཟུར་ཤཱཀ་འབྱུང་ལ་བཀའ་བབས་པའི་ཁུངས་མ་རང་དུ་སྣང་ལ། གུ་རུའི་གཏེར་ཆོས་རྣམས་ཕར་བཞག །བཀའ་མར་གྲགས་པའི་སྔ་འགྱུར་རང་རྐང་ལ་རྫོགས་ཆེན་གྱི་ཆོས་སྐོར་ཕལ་ཆེར་བི་མ་ལ་དང་བཻ་རོ་ཙ་ན་ལས་བརྒྱུད་པ་ཤས་ཆེ་ཞིང་། སངས་རྒྱས་གསང་བ་དང་གནུབས་ཆེན་གྱིས་གྲུ་ཤ་ནས་བླངས་པ་དང་། རྒྱ་ནག་ཧ་ཤང་བདུན་བརྒྱུད་དང་། རྒྱ་གར་གྱི་སློབ་དཔོན་བདུན་བརྒྱུད་སོགས་མང་གིས། སློབ་དཔོན་པདྨ་ནས་བརྒྱུད་པའི་རྫོགས་ཆེན་ནི་འདི་ཁོ་ནར་མངོན་ནོ། །འདི་ཡན་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་ངོ་། །དེར་མ་ཟད་མངའ་བདག་ཉང་གིས་ཟབ་གཏེར་ནས་བཞེས། སྲས་འགྲོ་མགོན་དང་། དེས་གུ་རུ་ཆོས་དབང་ལ་གནང་། ཆོས་དབང་རིན་པོ་ཆེས་ཀྱང་ཟབ་གཏེར་ནས་བཞེས་པ་སྟེ་གཏེར་ཁ་གོང་འོག་གི་གདམས་པ་ཟུང་འབྲེལ་ཟུར་ཤཱཀ་འབྱུང་ཕྱི་མའི་
ཕྱག་ཏུ་བབས་པས་བཀའ་གཏེར་གྱི་གདམས་ཟབ་ཆུ་བོ་གཉིས་འདྲེས་སུ་གྱུར། འཆད་ཉན་གྱིས་གཏན་ལ་ཕབ་པའི་བཤད་སྒྲུབ་རྒྱ་ཆེར་དར། དེ་ཡང་གཞུང་རྡོ་རྗེའི་ཚིག་རྐང་ནི་ཡོ་ག་གསུམ་གའི་དགོངས་ཉམས་ཟབ་ཅིང་རྒྱ་ཆེ་བ་ཐམས་ཅད་གཅིག་ཏུ་དྲིལ་བར་སྣང་ནའང་། སྐབས་འདིར་མཐར་ཐུག་གི་རྫོགས་རིམ་སྙིང་པོར་དྲིལ་བའི་གདམས་པ་ངོ་སྤྲོད་ཀྱི་ལུགས་སུ་གདབ་པའོ།། །།༄༅། །པདྨའི་ལམ་རིམ་གྱི་བརྒྱུད་འདེབས་བཞུགས་སོ། །ཆོས་སྐུ།་་་ཀུན་བཟང་ལོངས་སྐུ།་་་རྡོར་སེམས་སྤྲུལ་སྐུ།་་་པད་འབྱུང་གཉགས་ཛྙཱ་ན།་་་ཀུ་མཱ་ར། །གནུབས་བན་་་སངས་རྒྱས་ཡེ་ཤེས།ཡོན་རྒྱམ་་་ཡོན་ཏན་རྒྱ་མཚོ།ཡེ་འབྱུང་་་ཉང་།ཟུར་པོ་ཆེ། །ཤེས་རབ་གྲགས།་་་ཟུར་ཆུང་བླ་ཆེན།་་་ཤཱཀ་བཟང་སྒྲོ་ཕུག་པ།་་་ཤཱཀ་སེང་རྩག་ཚ།་་་ཤཱཀ་རྡོར་བ། །གཉོས་ནག་་་རྒྱལ་མཚན།འབན་རྒྱལ་ཤཱཀ་དཔལ་སངས་རྒྱས་སེང་། །ཀུན་རིན་རིན་རྒྱལ་དཀོན་དབང་ཟུར་ཧཾ་ཤཱཀ་་་ཀྱ་འབྱུང་གནས་ཕྱི་མ། ཟུར་སྲས།་་་ཤཱཀ་དཔལ་དཔལ་བཟང་བཤེས་གཉེན་ཁམས་པ་གྲགས། །སེ་སྟོན་རས་ཆེན་མཉམ་མེད་བདེ་ལེགས་པ། །ཀུན་དགའ་མཆོག་གྲུབ་ཀུན་དགའ།་་་གྲོལ་མཆོག་བྲག་སྟོད་པ།་་་ལྷ་དབང་གྲགས། །རྗེ་བཙུན།་་་ཀུན་སྙིང་ཕྲིན་ལས་་་དབང་མོ།རིན་ཆེན་རྒྱ་མཚོ་དཔལ། །སྙིང་པོ།་་་
མཐའ་ཡས་ཀུན་བཟང་་་དབང་པོ།ཚེ་དབང་ནོར་བུའི་སྡེ། །ཆོས་དབྱིངས་རང་གྲོལ་དེ་དབོན།་་་ཀུན་བཟང་་་ཆོས་འབྱོར།རྡོར་སློབ་བློ་བཟང་།་་་མཐུ་སྟོབས་ཞབས། །མཆོག་སྤྲུལ།་་་ཉི་མ་ཆོས་འཕེལ་རིན་ཆེན།་་་བློ་གསལ་བསྟན་སྐྱོང་དང་། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །བདག་གསུངས་རྡོ་རྗེའི་ཚིག་འགྲེལ་ལག་ཁྲིད་ཀྱིས། །ལེགས་སྐྱོང་སེམས་ཉིད་གཅེར་སྟོན་ལམ་གྱི་གནད། །རྒད་པོ་འཁར་བཙུགས་རྒན་མོ་མཛུབ་ཚུགས་དཔེས། །ལས་ཅན་ཐར་ལམ་ཟིན་པར་བྱིན་གྱིས་རློབས། །ཞེས་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་གསུང་ཁ་སྐོང་དང་བཅས་པའོ།། །།༄༅། །པདྨའི་ལམ་རིམ་གྱི་ཁྲིད་བཞུགས་སོ། །པདྨའི་ལམ་རིམ་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། གནས་དབེན་པར་སྒྲུབ་ཁང་ཉི་འོད་ཕེབས་པར་ཤེལ་སྒོ་ལས་འཇའ་སྣང་གསལ་བར་བྱས་པ་དམིགས་པའི་རྟེན་དུ་བཞག་སྟེ། རྒད་པོ་འཁར་བཙུགས། རྒན་མོ་མཛུབ་ཚུགས་ཀྱི་བརྡ་སྦྱོར་ཚུལ་དུ། བུ་འདི་ན་སྣང་བའི་རྡོ་རྗེ་སེམས་དཔའི་མེ་ལོང་འདི་ནི་ངོ་བོ་གང་དུའང་མི་འགྱུར། རྐྱེན་གྱིས་ཅིར་ཡང་འཆར། འདི་བཞིན་སྣང་སྲིད་འཁོར་འདས་ཐམས་ཅད་ཐིག་ལེ་ཉག་གཅིག་ཕྱི་ནང་དུ་ཕྱེ་བ་མེད་ཀྱང་། འཇའ་འོད་མ་འདྲེས་གསལ་བའི་གཟིགས་མོ། འོད་སྣང་སྟོང་ཞིང་སྣང་སྒོ་འབྱེད་པ་གསལ་བས་གནས་མཆོག་འོག་མིན་ཉམས་
དགའི་ཞིང་ཡང་འདིས་མཚོན། ཆོས་སུ་བཏགས་སོ་ཅོག་ལ་ཀ་དག་ལྷུན་གྲུབ་མཉམ་ཉིད་ཁྱབ་གདལ། མན་ཤེལ་དང་མན་ཤེལ་གྱི་འོད། མདོག་དབྱིབས་ལྷན་ཅིག་འཇའ་འོད་སྣ་ཚོགས་སུ་སྣང་ཡང་མེད་སྣང་ཁྱབ་གསུམ་ལས་མ་འདས་པའི་མ་བྱས་ཡེ་གྲོལ་དུ་ལམ་ལམ་ཝལ་ཝལ། སལ་སལ་སིང་སིང་། ཡེར་ཡེར་རྗེན་རྗེན། ལྷན་ལྷན། དབྱིངས་རིག་དབྱེར་མེད་དབྱེར་མིན། དབྱེ་བྱ་དབྱེ་བྱེད་བྲལ་བ་སྟེ། མ་བཅོས་དབྱིངས་ན་རང་བྱུང་འོད་གསལ་བ། །ཡོངས་ལ་ཡོད་མོད་སུས་ཀྱང་མཐོང་བ་མེད། །དཔག་པར་མི་སྤོབས་ནམ་མཁའི་ཁྱོན་དང་འདྲ། །གསལ་ལ་འཚེར་བ་ཉི་མའི་འོད་དང་འདྲ། །འགྱུར་མེད་བརྟན་པ་རི་རྒྱལ་ལྷུན་པོ་འདྲ། །ཟབ་ཅིང་གཏིང་མེད་རྒྱ་མཚོའི་མཐིལ་དང་འདྲ། །གོས་པ་མེད་པ་འདམ་རྫབ་པདྨ་འདྲ། །ངོས་གཟུང་མེད་པ་ཆུ་ནང་ཟླ་བ་འདྲ། །ཅིར་ཡང་འཆར་བ་ནམ་མཁའི་འཇའ་སྤྲིན་འདྲ། །གསལ་བར་རྫོགས་པ་མེ་ལོང་གཟུགས་བརྙན་འདྲ། །གང་ལའང་ཐོགས་མེད་གནམ་ལྕགས་ཐོག་མདེལ་འདྲ། །རྒྱུན་ཆད་མེད་པ་ཆུ་བོ་ཆེན་པོ་འདྲ། །ཀུན་གྱི་གཞི་གྱུར་ས་གཞི་ཆེན་པོ་འདྲ། །འདི་བཞིན་དཔེ་རྣམས་ཡེ་ཤེས་དབྱིངས་དང་སྦྱོར། །དེ་ལྟར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་ཕྱི་ནང་དུ་གྲུབ་པ་མེད་ཀྱང་སྣང་ཚུལ་གྱི་དབང་
གིས་ཕྱི་ནང་དུ་འཆར་བའི། ཕྱི་ལྷུན་གྲུབ་རིན་པོ་ཆེའི་སྦུབས། ནང་རིག་པ་རང་གསལ་དྭངས་པའི་ཁྱེའུ་ཆུང་ཞེས་བཏགས་ཏེ། རིག་པ་དངོས་དང་རིག་པའི་རང་རྩལ་བྱ་བའི་ཚུལ་གྱིས་མ་འདྲེས་གསལ་བའི་རི་མོ་བཀྲ་བ་ཡང་། མི་འགྱུར་འོད་སྣང་གི་ཐིག་ལེ་སྟོང་གསལ་རྩ་སྦུབས་ཡུམ་རྡོ་རྗེ་བཙུན་མོའི་བྷ་གར་ཆུད་པ་ལས་ཉམས་བདེ་གསལ་སྟོང་པའི་ཁྱེའུ་འཁྲུངས་ཏེ། དཔག་བསམ་ཤིང་ལས་དཔག་བསམ་གྱི་འབྲས་བུ་སྨིན་ནོ། །བདུད་རྩིའི་རྒྱ་མཚོ་ལས་བདུད་རྩིའི་རྦ་རླབས་འབྱུང་ངོ་། །ཡིད་བཞིན་ནོར་བུ་ལས་འདོད་དགུའི་ཆར་བབས་སོ། །དེ་ལྟ་ན་ཡང་རྟོག་བྱེད་བློ་ངན་གྱི་སོམ་ཉིས་ངན་སྐྱུགས་ཀྱི་བུམ་པར་བདུད་རྩི་མ་བླུགས་ཤིག །སྨན་གྱི་ས་བོན་ལས་དུག་འབྲས་མ་སྐྱེད་ཅིག །ཉི་མའི་སྣང་བ་མུན་པས་མ་འགེབས་ཤིག །ཨེ་མ། མདུན་གྱི་མན་ཤེལ་འདི་ཁོ་ན་བཞིན་དུ་ནང་རིག་གསལ་བའི་ལུ་གུ་རྒྱུད་ཀྱང་གོ་བར་གྱིས། འདི་ལས་འོད་སྣང་གི་འཇའ་ཚོན་མ་འགགས་ཤར་པས་མཚོན་པའི་འཆར་སྒོའི་འོད་གསལ་འབྱུང་བཞི་ཁ་བསྒྱུར་གྱི་རང་བབས། རྩ་རླུང་ཐིག་ལེའི་རང་སྣང་ཐམས་ཅད། དུ་བ། སྨིག་རྒྱུ། གློག །སྲིན་བུ་མེ་ཁྱེར། མར་མེ་འབར་བ། ཟླ་འདྲ། ཉི་འདྲ། སྒྲ་གཅན་གྱི་དབྱིབས་ཏེ། འདི་འཆར་འདི་མི་འཆར་མེད་དེ། ཀུན་ཀྱང་དབྱིངས་ཤར་
དབྱིངས་གྲོལ། སྦྲུལ་མདུད་འདྲ་བས་འཛིན་པའི་གདོན་གྱིས་མ་དཀྲུགས་པར་མན་ཤེལ་གྱི་སྦུབས་མེད་ནང་དུ་སྣང་བ་འདྲ་བའི་དཔེས། རང་རིག་ལས་ལོགས་སུ་མ་ལྟ་ཞིག །རྟགས་སྣང་མ་ལུས་པ་མ་བྱས་རྩོལ་མེད་རང་གསལ་གྱི་རང་སྣང་དུ་མཚོན་པས་རྒྱུ་འབྲས་འཆོལ་མེད་ཀུན་ཏུ་སྤྱོད་པ་ཡིན་ནོ། །པདྨའི་བཀའ་བསྩལ་སྙིང་པོ་ཀུན༵། །མན་ཤེལ་ཉམས་དག༵འི་བརྡ་ཐབས་ཀྱིས། །སེམས་ཀྱི་འཆིངས་གྲོ༵ལ་མཆོ༵ག་སྟོན་པ། །ཡི་གེ་འདི་ལ་ཡིད་ཆེས་སྐྱེད། །པདྨའི་ལམ་རིམ་གྱི་གནད་འདོམས་ཁོལ་ཕྱུང་ངོ་།། །།ཞེས་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་རྡོ་རྗེའི་གསུང་ལས་བྱུང་བའོ། །མངྒ་ལཾ་བྷ་བ་ཏུ།།