རིག་འཛིན་ལུང་རིག་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཆེན་པོའི་དཀར་ཆག་ཨུཏྤལ་ཕྲེང་བ།
༄༅། རིག་འཛིན་ལུང་རིག་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཆེན་པོའི་དཀར་ཆག་ཨུཏྤལ་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།
༄༅། ཨོཾ་སྭ་སྟི་སིདྡྷི། འོད་མཚན་སྟོང་འབར་རྒྱལ་བའི་གསང་གསུམ་གར། །སྐྱེ་འཆི་འཇིགས་བྲལ་འཆི་མེད་རྡོ་རྗེའི་སྐུ། །འཕགས་བོད་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །རྒྱལ་དབང་ཨོ་རྒྱན་ཆེན་པོར་སྙིང་ནས་འདུད། །རྣམ་ཀུན་མཆོག་ལྡན་སྟོང་ཆེན་ཕྱག་རྒྱའི་གཟུགས། །ལྷན་སྐྱེས་བདེ་ཆེན་ཟག་མེད་ལང་ཚོ་ཅན། །བོད་འབངས་སྐྱོབ་པའི་མ་གཅིག་བཀའ་དྲིན་ཅན། །ཡེ་ཤེས་མཚོ་རྒྱལ་སྙིང་གི་ཐིག་ལེར་བསྟེན། །ཕྱི་ལྟར་ངུར་སྨྲིག་རྒྱན་འཆང་འདུལ་བ་འཛིན། །ནང་ལྟར་བྱང་སེམས་རྒྱལ་སྲས་སྤྱོད་པ་རྫོགས། །གསང་བ་སྙིང་པོའི་དོན་གཟིགས་རྣལ་འབྱོར་པ། །རིག་འཛིན་ལུང་རིག་གླིང་པ་གཙུག་ན་རྒྱལ། །གང་དེའི་རང་བྱུང་རིག་པའི་བརྡ་སྒྲོམ་ནས། །ལེགས་ཕབ་དགོངས་གཏེར་ནམ་མཁའ་མཛོད་ཀྱི་སྡེ། །ཕྱོགས་གཅིག་བསྡེབས་པའི་གླེགས་བམ་མ་ཎི་ཀའི། །དཀར་ཆག་ཨུཏྤལ་ཕྲེང་བ་འདི་རུ་བསྟར། །དེ་ལ་འདིར་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་རང་གཟུགས། ཐུགས་བསྐྱེད་དང་མཛད་པ་རྨད་དུ་བྱུང་བའི་བདག་ཉིད་རྒྱལ་དབང་ཨོ་རྒྱན་ཆེན་པོའི་བཀའ་དྲིན་དང་བདག་རྐྱེན་ལ་བརྟེན་ནས་སྙིགས་མའི་དུས་འདིར་བསྟན་དང་འགྲོ་བའི་དོན་དུ་བསམ་བཞིན་སྲིད་པ་བཟུང་བ། འཁྲུལ་མེད་གཏེར་ལུང་དུ་མས་ལན་གཅིག་མིན་པར་ཡང་ཡང་བསྔགས་པ། རང་བྱུང་པདྨའི་རྒྱལ་ཚབ་ཆེན་པོ། མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་ཕྲིན་ལས་ཀྱི་ཟློས་གར། རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་ཆེན་པོ་གཏེར་ཆེན་རིག་འཛིན་ལུང་རིག་གླིང་པའམ་ལུང་རྟོགས་བསྟན་པའི་ཉིན་བྱེད་དཔལ་བཟང་པོ་གང་དེའི་ཐུགས་ཀློང་དགོངས་པའི་བརྡ་མཛོད་ལས་ཕབ་པའི་ཟབ་གཏེར། ཕྱི་སྒྲུབ་དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག །ནང་སྒྲུབ་མཚོ་རྒྱལ་དགོངས་པའི་གསང་མཛོད། གསང་སྒྲུབ་ཡང་གསང་པདྨའི་ཞལ་ལུང་སོགས་ཇི་སྙེད་ཅིག་བཞུགས་པ་དུས་དབང་གིས་འཐོར་ཞིག་ཏུ་སོང་བ་ལས་དེང་དུས་མཇལ་དུ་ཡོད་པ་རྣམས་འདིར་ཕྱོགས་བསྡུས་ཀྱིས་གླེགས་བམ་བཀྲ་ཤིས་པའི་རྟགས་ཀྱི་གྲངས་ལྡན་དུ་བགྱིས་པའི་བཞུགས་བྱང་དཀར་ཆག་འགོད་པ་ལ་གསུམ། སྤྲུལ་པའི་གཏེར་སྟོན་ཆེན་པོ་གང་གི་མཛད་རྣམ་རགས་བསྡུས་སུ་བཀོད་པ། གཏེར་ཆོས་གླེགས་བམ་རྣམས་ཀྱི་བཞུགས་བྱང་དཀར་ཆག་དངོས་འགོད་པ། སྨིན་གྲོལ་མན་ངག་གི་བླ་མ་བརྒྱུད་པའི་རིམ་པ་བསྟན་པའོ། །