དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་པ་ལས་རང་བཞིན་བརྟག་པ་སྟེ་དང་པོ།།དེ་ཉིད་རྣམས་ནི་བསྡུ་བར་བྱ། །ནུས་པ་མ་ལུས་དང་ལྡན་པའི། །གཙོ་བོ་ཉིད་ནི་འབའ་ཞིག་ལས། །འབྲས་བུའི་ཁྱད་པར་རབ་སྐྱེ་སྟེ།། དེ་དངོས་ཅན་ཉིད་ཡང་དག་པར། །གལ་ཏེ་རྒྱུ་ཡི་བདག་ཉིད་ལ། །ནུས་པ་འབྲས་བུ་དོན་ཡོད་མིན། །དེ་ནི་བྱ་བར་མི་ནུས་ཏེ། །ངོ་བོ་མེད་ཕྱིར་མཁའ་པད་བཞིན། ། མེད་པར་མཚུངས་ན་ཅི་ཡི་ཕྱིར། །སཱ་ལུའི་ས་བོན་ལ་སོགས་པའི། །བྱེ་བྲག་ཕྱིར་ན་ངེས་པ་ཡི། །ཉེར་ལེན་ལེན་བྱེད་གཞན་མ་ཡིན། །སྐྱེ་བའི་ཆོས་ཅན་ཐམས་ཅད་ཀྱང༌། །དངོས་པོ་ཀུན་ལ་སྐྱེ་འགྱུར་ཏེ། །འདི་ཀུན་ལ་ནི་དེ་བདག་ཉིད། །ཁྱད་པར་ཁྱད་པར་མེད་ཕྱིར་རོ། །འདི་ཡི་ནུས་པ་ངེས་པའི་ཕྱིར། །དེ་ལྟ་མིན་ཞེས་ལན་མི་རུང༌། །གང་ཕྱིར་ནུས་པའི་རྒྱུ་དག་གིས། །ནུས་པར་འོས་པའི་འབྲས་ཉིད་བྱེད། །ཁྱད་པར་བྱར་མེད་གང་ཡིན་པ། །དངོས་པོ་མེད་དང་འགྱུར་བ་མེད། །གྱུར་ན་བདག་ཉིད་ཉམས་གྱུར་ཕྱིར། །དེ་དག་གིས་དེ་ཇི་ལྟར་བྱེད། །དེ་ལྟར་འབྲས་ཉིད་མི་རུང་ཕྱིར། །ཅི་ཞིག་བྱེད་པས་རྒྱུ་རུ་འགྱུར། །དེ་ཕྱིར་ས་བོན་ལ་སོགས་པ། །རྒྱུ་ཡི་དངོས་པོར་ཡང་མི་འགྱུར། །གསལ་བ་འདི་ནི་བདེ་སོགས་ཀྱི། །རྫས་འགྲོའི་བར་ནི་གསལ་བར་སྣང༌། །རབ་ཏུ་གདུང་དང་བཏང་སྙོམས་སོགས། །འབྲས་བུ་འདི་ལ་དམིགས་ཕྱིར་རོ། །དེ་ཕྱིར་དེ་བདག་ཅན་ལས་བྱུང༌། །དེ་རིགས་རྗེས་འགྲོ་མཐོང་ཕྱིར་ཏེ། །བུམ་སོགས་བྱེ་བྲག་བཞིན་གཙོ་བོ། །དེ་ཡང་ཡིན་ཞེས་སེར་སྐྱ་སྨྲ། །འདི་ལ་བློ་བཟང་རྣམས་འཆད་པ། །ཡོད་པ་ལ་ཡང་ཀླན་ཀ་མཚུངས། །དེ་ལ་ཁྱེད་ཀྱི་ལན་གང་ཡིན། །བློ་བཟང་རྣམས་ཀྱི་འང་དེ་དང་འདྲ། །གལ་ཏེ་ཞོ་སོགས་འོ་མ་སོགས། །བདག་ཉིད་ལ་ནི་རྣམ་ཀུན་ཡོད། །རྒྱུ་ལ་སོགས་དང་འདྲ་བདག་ཉིད། །ཡོད་པ་དེ་དག་ཅི་ཞིག་སྐྱེ། །འབྲས་བུ་དེ་རྒྱུས་བསྐྱེད་བྱ་མིན། །ཡོད་ཕྱིར་རྒྱུ་དང་རིག་པ་བཞིན། །དེ་ཕྱིར་མངོན་འདོད་རྒྱུ་མིན་ཏེ། །བསྒྲུབ་བྱ་མེད་ཕྱིར་བདག་མཆོག་བཞིན། །གལ་ཏེ་གསལ་སོགས་མཚན་ཉིད་ཅན། །ཁྱད་པར་གྱུར་པ་འགའ་ཞིག་ལ། །འདི་ནི་རྒྱུ་རྣམས་ཀྱིས་བྱེད་ན། །ཐ་སྙད་དུ་ནི་འགྱུར་བ་མིན། །གལ་ཏེ་སྔ་ན་དེ་ཡོད་ན། །དེ་ལྟར་ཅི་ཡང་ལན་མ་ཐེབས། །འོན་ཏེ་དེ་མེད་དེ་དག་ལས། །མེད་པར་ཇི་ལྟར་སྐྱེ་བར་འགྱུར། ། དེ་ཕྱིར་བསྒྲུབ་བྱ་མེད་པས་ན། །ཉེར་ལེན་ཡོངས་སུ་འཛིན་པ་མེད། །ངེས་པ་ལས་ཀྱང་སྐྱེ་བ་མེད། །ནུས་པ་མེད་ཅིང་བྱ་བའང་མེད། །བདག་ཉིད་ཐམས་ཅད་རྫོགས་པའི་ཕྱིར། །འདི་ནི་འབྲས་བུ་ཅི་ཡང་མེད། །དེ་ཕྱིར་རྒྱུ་ཡི་ཐ་སྙད་ཀྱང༌། །འཐད་པ་ཉིད་ནི་མ་ཡིན་ནོ། །སྒྲུབ་བྱེད་ཞུགས་པ་ཐམས་ཅད་ནི། །ཕྱིན་ཅི་ལོག་ནི་བཟློག་པ་དང༌། །ངེས་པ་སྐྱེད་བྱེད་དེ་ལྟ་བུར། །འདི་ནི་རིགས་པས་འཐད་མ་ཡིན། །ཐེ་ཚོམ་དང་ནི་ཕྱིན་ཅི་ལོག །རྟག་ཏུ་གནས་ཕྱིར་བཟློག་ཏུ་མེད། །ངེས་པ་སྐྱེ་བའང་ཡོད་མ་ཡིན། །དེ་ཉིད་ཕྱིར་ན་ཀུན་དོན་མེད། །ཡང་ན་ངེས་པ་མེད་པ་ནི། །སྒྲུབ་བྱེད་ལས་ནི་སྐྱེ་འགྱུར་ན། །ཡང་དག་མ་ཡིན་སྐྱེ་ཞེ་ན། །དེ་ཉིད་ཀྱིས་ན་འདི་དག་ཀུན། །འཁྲུལ་པ་ཅན་གྱུར་མ་ཡིན་ནམ། །གལ་ཏེ་མི་གསལ་དེ་དག་ལས། །གསལ་རྟེན་ཞེ་ན་དེ་གསལ་གང༌། །ངོ་བོ་ཁྱད་པར་སྐྱེ་མིན་ཏེ། །དབྱེར་མེད་ཕྱིར་དང་མ་འབྲེལ་ཕྱིར། །ཡུལ་དེ་རིགས་པ་འང་མ་ཡིན་ལ། །དམིགས་པའི་སྒྲིབ་པ་ཟད་པའང་མིན། །རྟག་པའི་ཕྱིར་དང་དམིགས་པ་ནི། །གཉིས་པ་ཡང་ནི་མི་སྲིད་ཕྱིར། །ཡོན་ཏན་གསུམ་ལྡན་དབྱེར་མེད་ཀྱང༌། །ཐམས་ཅད་ཀུན་གྱི་བྱེད་པོ་མིན། །གང་འདྲ་མེད་པའང་དེ་དང་འདྲ། །ཐམས་ཅད་བྱེད་པོ་ཀུན་མིན་ན། །ལྟོས་སམ་མ་གྲུབ་པ་ཡི་ཕྱིར། །ཁྱོད་ནི་ནུས་བ་ངེས་པ་མེད། །ཡོད་ན་དེ་ཡི་ངེས་པ་ནི། །ལྟོས་བཅས་རིགས་པ་མ་ཡིན་ནམ། །དེ་མིན་དེ་དག་མ་སྐྱེས་ན། །དེ་ལྟའི་སྒྲ་ནི་མེད་དུ་ཟད། །ཁྱད་པར་ཀུན་གྱིས་དབེན་པ་ཡི། །དངོས་པོའི་ངོ་བོ་ཉམས་པ་མེད། །མིང་ནི་དངོས་པོའི་ངོ་བོ་མིན། །གང་ཕྱིར་བརྗོད་དང་རྣམ་རྟོག་ནི། །རྣམ་པ་སྣ་ཚོགས་དབྱེར་མེད་ལ། །ཇི་ལྟར་གོམས་པ་བཞིན་དུ་འཇུག །སྐྱེ་བའི་དངོས་པོའི་དངོས་དེ་ནི། །མེད་དང་དེ་བཞིན་ཡོད་པ་དང༌། །འབྲེལ་པ་མེད་དེ་རྣམ་རྟོག་བློས། །མེད་དང་སྤྲེལ་བ་ཁོ་ནར་ཟད། །གལ་ཏེ་དངོས་པོའི་ངོ་བོ་འདི། །གཅིག་གི་རྗེས་ལ་མཐོང་བ་དང༌། ། སྔར་མེད་ཞེས་པ་དེ་ས་བོན། །སྔར་ཡོད་པ་ལ་འདི་མེད་དོ། །འོ་མ་སོགས་ལ་ཞོ་ལ་སོགས། །ནུས་པའི་ངོ་བོ་འདོད་པ་གང༌། །དེ་ལ་ནུས་གང་གལ་ཏེ་ཞོ། །འོ་མ་བཞིན་དུ་སྣང་བར་འགྱུར། །གལ་ཏེ་གཞན་ཡིན་གཞན་ཡོད་ན། །ཇི་ལྟར་དངོས་ཀུན་གཞན་ཞེས་བྱ། །སྙིང་སྟོབས་ཡོད་པ་སྡུག་བསྔལ་དང༌། །གཏི་མུག་ཡོད་པ་མ་ཡིན་ནོ། །གསལ་བ་སྙིང་སྟོབས་སོགས་རྗེས་འགྲོ། །ངེས་ལ་ཇི་ལྟར་ཡང་མ་གྲུབ། །བདེ་སོགས་ནང་གི་ཡིན་པའི་ཕྱིར། །དེ་ནི་རང་རིག་གསལ་ཕྱིར་རོ། །སྒྲ་སོགས་གཅིག་པུ་ཁོ་ན་ཡང༌། །གོམ་དང་རིག་པའི་བྱེ་བྲག་ལས། །ཆགས་པ་ལ་སོགས་ངེས་པ་ནི། །སྐྱེ་བ་དག་ཏུ་གསལ་བར་སྣང༌། །དངོས་གཅིག་རྗེས་སུ་འབྲངས་ནས་ནི། །རིག་པ་སྣ་ཚོགས་ཐལ་བར་འགྱུར། །གལ་ཏེ་མ་མཐོང་སོགས་དབང་གིས། །དངོས་པོའི་རྗེས་སུ་འབྲང་མི་འགྱུར། །དངོས་པོ་ངོ་བོ་རྣམ་གསུམ་པ། །དེ་ཡི་རིག་པ་རྣམ་གཅིག་ཅན། །དེ་དང་མི་མཐུན་དེ་དག་ནི། །དེ་ལ་ཡང་དག་ཇི་ལྟར་རིགས། །སྐྱེས་བུ་གཅིག་ལ་རྣལ་འབྱོར་པའི། །བདེ་དང་སྐྱོ་དང་བཏང་སྙོམས་སྐྱེའི། །ཕ་རོལ་རྣམས་ཀྱི་སྐྱེས་བུ་ནི། །དེ་ཡི་ངོ་བོར་འདོད་མ་ཡིན། །གསལ་བ་ཡོན་ཏན་གསུམ་ཅན་དུ། །གྲུབ་ཀྱང་གཙོ་བོ་རབ་མ་གྲུབ། །དེ་རྒྱུ་གཅིག་དང་རྟག་ཉིད་མིན། །དེ་ནི་རིགས་གཅིག་དང་ལྡན་མིན། །གསལ་བ་ཐམས་ཅད་ལྕགས་ཀྱི་ནི། །ཐུར་མ་དང་འདྲ་རིམ་པ་དང༌། །འབྲེལ་པའི་ལུས་ཅན་དག་ཏུ་སྣང༌། །རྟོག་དང་འདྲེས་པའི་བདག་ཉིད་ཅན། །དེ་བཞིན་འཇིམ་པའི་འགྱུར་ལ་སོགས། །ཁྱད་པར་རིགས་གཅིག་ལྡན་མིན་དང༌། །རྒྱུ་གཅིག་མིན་པར་ཡང་འགྲུབ་སྟེ། །འཇིམ་གོང་ལ་སོགས་ཐ་དད་ཕྱིར། །སྐྱེས་བུ་རྣམས་ལ་སེམས་ཡོད་སོགས། །རྗེས་འགྲོ་ན་ཡང་རྒྱུ་གཅིག་ནི། །སྔོན་འགྲོར་མི་འདོད་དངོས་མིན་ཞེས། །གལ་ཏེ་དངོས་སུ་མིན་ཞེ་ན། །འདི་ལ་ནི་ཡང་ཅིས་མི་མཚུངས། །དེ་ཕྱིར་གཙོ་བོའི་རྒྱུ་མེད་ན། །རྒྱུ་དང་འབྲས་བུ་ལ་སོགས་པ། །སྣ་ཚོགས་ཐམས་ཅད་ནུས་པ་ཡི། །ཁྱད་པར་ལས་ནི་རུང་བར་འགྱུར། ། དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་པ ་ལས་རང་བཞིན་བརྟག་པ་སྟེ་དང་པོའོ།། །། |