དམ་པས་མཛད་པའི་བདག་བསྐྱེད་སྒྲུབ་ཐབས་ཀྱི་འབྲུ་ནོན་བརྗེད་ཐོ།― TNT22_Page_0579 ―
[མ་དཔེ་གཟིགས་ན་འདིར་གནོན།]
དམ་པས་མཛད་པའི་བདག་བསྐྱེད་སྒྲུབ་ཐབས་ཀྱི་འབྲུ་ནོན་བརྗེད་ཐོ་ཙམ་ཞིག་བཞུགས་སོ། ― TNT22_Page_0580 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཨོཾ་སྭཱ་སྟི་སིད་དྷཾ། སྐུ་བཞིའི་བདག་ཉིད་དུས་གསུམ་རྒྱལ་བ་ཡི། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀུན། །གཅིག་ཏུ་བསྡུས་པ་འཇམ་དཔལ་ཁྲོ་བོའི་སྐུ། །བཅོམ་ལྡན་བྷཻ་ར་ཝ་ཡིས་དགེ་ལེགས་སྩོལ། །འདིར་མཉམ་མེད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པའི་སྙིང་པོ་ནི་གསང་སྔགས་རྡོ་རྗེ་ཐེག་པ་ཡིན་ལ། དེ་ལ་ཡང་རྒྱུད་སྡེའི་དབྱེ་བ་གཉིས་དང༌། གསུམ་དང༌། བཞི་དང༌། ལྔ་དང༌། དྲུག་སོགས་དབྱེ་བ་མང་དུ་ཡོད་པ་ལས། འདིར་བཤད་པར་བྱ་བ་ནི་རྣལ་འབྱོར་བླ་ན་མེད་པ་ཡིན། འདི་ལ་ཡང་ཕ་རྒྱུད་མ་རྒྱུད་གཉིས་ལས། ཕ་རྒྱུད་ཡིན་ཞིང༌། ཕ་རྒྱུད་ལ་རིགས་ལྔའམ་འདོད་ཆགས་ཞེ་སྡང་དང་གཏི་མུག་གི་རྒྱུད་གསུམ་ཐབས་རྒྱུད་ཀྱི་དབྱེ་བ་ཡིན། ཞེས་དང༌།དེ་ལ་འདིར་བཤད་པར་བྱ་བ་ནི། ཞེ་སྡང་གཤིན་རྗེ་གཤེད་ཀྱི་རྒྱུད་ཡིན་པས། དེ་ལའང་དམར་ནག་འཇིགས་གསུམ་ལས། བཅོམ་ལྡན་ ― TNT22_Page_0581 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདས་རྡོ་རྗེ་འཇིགས་བྱེད་ཅེས་བྱ་བ་ཡིན་ལ། དེ་ལ་ཡང་རྭ་སྐྱོ་གཉོས་སོགས་ལུགས་སྲོལ་མང་དུ་ཡོད་པ་ལས། ཆེས་མཆོག་ཏུ་གྱུར་པའི་བྱིན་རླབས་ཀྱིས་གཟི་བྱིན་དང་ལྡན་པ། རྡོ་རྗེ་འཇིགས་བྱེད་རྭ་ལུགས་ཞེས་ཕྱོགས་ཐམས་ཅད་དུ་ཉི་ཟླ་ལྟར་གྲགས་པ་འདི་ལ། དམ་པ་གོང་མའི་སྒྲུབས་ཐབས་མང་དུ་མཛད་མོད། འདིར་དུས་གསུམ་སངས་རྒྱས་སྒྲོལ་བའི་མགོན་པོ་འཁོར་ལོ་སྡོམ་པས་མཛད་པའི་སྒྲུབ་ཐབས། རྒྱས་འབྲིང་བསྡུས་པ་དང་གསུམ་ལས། རྒྱས་པ་འབར་བ་ཞེས་བྱ་བ་སློབ་མའི་དབང་དང་མདུན་བསྐྱེད་སྒྲུབ་པའི་ཐབས་དང་འབྲེལ་བའི། གཞལ་ཡས་ཁང་གཙོ་འཁོར་རོ་ལངས་ཆེན་པོ་བརྒྱད་དང་བཅས་ཤིང་ཕྱག་མཚན་སོགས་སྒོམ་པ་གཅིག་དང༌། རང་གི་རྒྱུན་གྱི་ཉམས་ལེན་ལ་སྒྲུབ་ཐབས་སྙིང་པོ། །བློ་དམན་ཉེར་འཚོ་ཞེས་བྱ་བ་གཙོ་རྐྱང་ཞལ་ཕྱག་ཡོངས་རྫོགས་དང༌། ཐོད་ར་ཁྲག་མཚོ་བསྲུང་འཁོར་ཆོས་འབྱུང་དང་བཅས་པ་སྒོམ་པ་གཉིས་ཡོད་པ་ལས། སྒྲུབ་ཐབས་སྙིང་ ― TNT22_Page_0582 ―
[མ་དཔེ་གཟིགས་ན་འདིར་གནོན།]
པོའི་འབྲུ་ནོན་བརྗེད་ཐོ་ཙམ་ཞིག །དམ་པའི་གསུང་ལས་ཇི་ལྟར་བྱུང་བ་བཞིན་བྲི་བར་བྱའོ། །འདིར་ཆོས་ཚུལ་འདི་སྤྱན་འདྲེན་མཁན་གྱི་སློབ་དཔོན། སྤྱན་ཇི་ལྟར་དྲངས་ཚུལ། ལུགས་སྲོལ་ཇི་ལྟར་བྱུང་ཚུལ་སོགས་རྒྱས་པར་དམ་པའི་མཆོག་གི་ཟུར་ན་མཛད་ཡོད་དེར་བལྟ་བར་བྱའོ། །དེ་ལ་སྒྲུབ་ཐབས་འདི་འཆད་པ་ལས། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སོ། །ཐུན་མོང་ལ་གནས་དང་གདན་བཤད་པ། གསུམ་ལས་སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། རྡོར་སེམས་སྒོམ་བཟླས་ཀྱི་རྒྱུད་སྦྱང་བའོ། །དང་པོ་ནི། དུར་ཁྲོད་ལ་སོགས་པ་དབུགས་བྲལ་གྱི་གདན་ལ་འདུག་སྟེ་འདི་སྐད་དོ། །ཞེས་གསུངས་པས། དུར་ཞེས་པ་རོ་དང༌། ཁྲོད་ཞེས་པ་རོའི་དཀྱིལ་ལ་འདུག་སྟེ་དབུགས་དང་བྲལ་བ་རོའི་གདན་ཞེས་པ་སྟེ། རྒྱ་གར་སོགས་ན་རོ་གདན་དངོས་སུ་བྱེད་པའང་ཡོད་ཅིང༌། རང་ཉིད་ཀྱི་དེ་ལྟ་བུ་དང་ལྡན་པས། དུར་ཁྲོད་དུ་གནས་པ་ནི། དགོངས་པ་ཡིན་པས་མཆོག་ཏུ་ལེགས་ལ། ཡང་ཅི་བདེ་བར་གནས་པའི་ཚེ། དམིགས་པས་ས་ཕྱོགས་ཐམས་ཅད་དུར་ཁྲོད་ཀྱིས་ཁྱབ་ཅིང༌། མི་རོའི་གདན་ལ་འདུག་པར་བསམ་མོ། །གཉིས་པ་ནི། སྐྱབས་ཡུལ་འདི་ལྟར་དུ་གསལ་བཏབ་སྟེ། དེ་ཡང་སྐྱབས་སུ་འགྲོ་བའི་ཡུལ་དཀོན་མཆོག་གསུམ། དུས་ཇི་ཙམ་སངས་རྒྱས་མ་ཐོབ་ཀྱི་བར་ ― TNT22_Page_0583 ―
[མ་དཔེ་གཟིགས་ན་འདིར་གནོན།]
དུ་འགྲོ་བ། བདག་དང་སེམས་ཅན་ཐམས་ཅད་དོ། །དེ་ཡང་རང་གི་མདུན་གྱི་ནམ་མཁར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི། པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། ངོ་བོ་རྩ་བའི་བླ་མ་རྣམ་པ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་བ། དབུ་སྐྲ་རལ་པའི་ཐོར་ཚུགས་དང༌། རིན་པོ་ཆེའི་རྒྱན་དང༌། དར་སྣ་ཚོགས་ཀྱི་ན་བཟའ་ཅན། མཚན་དང་དཔེ་བྱད་སོགས་ཀྱིས་སྤྲས་པ་ཞིག་ལམ་གྱིས་སྒོམ་ཞིང༌། བླ་མའི་གཡས་གཡོན་དང་མདུན་དུ་གདན་ཁྲི་སྒོམ་པ་སོགས་གོང་དང་འདྲ་བ་ལས། ཅུང་ཟད་ཀྱིས་དམའ་བ་མདུན་གྱི་གདན་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། གཡོན་གྱི་གདན་ལ་རིག་པ་འཛིན་པ་དང༌། བྱང་ཆུབ་སེམས་དཔའ་དང༌། རང་རྒྱལ་དང༌། ཉན་ཐོས་སོགས་ཐེག་པ་ཆེ་ཆུང་གི་དགེ་འདུན་རྣམས་དང༌། གཡས་ཀྱི་གདན་ལ་དམ་པའི་ཆོས་རྣམ་པ་གླེགས་བམ་བྲག་རི་ལྟ་བུ། གདོང་དར་ཐམས་ཅད་རང་ལ་བསྟན་པ་སྟེ། ཁྲ་ཤིག་གེ་བ་དང༌། གཞན་ཡང་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ། བར་གྱི་ཆ་ལ་ཡི་དམ་ཞི་ཁྲོ་རབ་འབྱམས། འོག་གི་ཆ་ལ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་སྤྲིན་དཔུང་འཁྲིགས་པ་ལྟར་བཞུགས་པར་མོས་ལ། སྐྱབས་འགྲོ་བྱ་ཞིང་འདིར་རྒྱུད་བླ་མར་ཡི་དམ་ཆོས་སྐྱོང་སོགས་གསལ་ཁ་མེད་ཀྱང་དེ་ལྟར་བསྒོམ་པར་བྱའོ། །ཡང་རྣམ་པ་གཅིག་ཏུ་ནི། དེ་ཐམས་ཅད་ཁྲོམ་ ― TNT22_Page_0584 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཚོགས་སུ་བཞུགས་པར་བསྒོམས་པས་རུང་ཞིང༌། བསྡུས་ན་སྐྱབས་ཡུལ་ཀུན་འདུས་པའི་ངོ་བོ་རྩ་བའི་བླ་མ་ཡིན་ཏེ། ཕྱོགས་བཅུ་དུས་གསུམ་གྱི་ཞེས་སོགས་ཀྱིས་སངས་རྒྱས་ཀུན་འདུས་བསྟན་ཅིང་ཆོས་ཀྱི་ཕུང་པོ་སོགས་ཀྱིས་དམ་པའི་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་ཆོས་ཀུན་འདུས་དང༌། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་ཞེས་སོགས་ཀྱིས་དོན་དམ་པའི་འཕགས་པའི་དགེ་འདུན་ནི། རྩ་བའི་བླ་མ་ཡིན་ལ། རྣམ་པ་ནི་ཐེག་པ་ཆེ་ཆུང་གི་དགེ་འདུན་ཐམས་ཅད་ཀྱི་དཔོན་ནམ་གཙོ་བོའམ་བདག་པོ་ལྟ་བུར་གྱུར་པས་དགེ་འདུན་ཀུན་འདུས་རྒྱུད་པར་བཅས་པས་ཞེས་པས་རྩ་བའི་བླ་མ་སངས་རྒྱས་ཀུན་འདུས་ཡིན་པས། རྒྱུད་པའི་བླ་མ་སྨོས་མི་དགོས་ལ། འོན་ཀྱང་རྡོ་རྗེ་འཆང་ནས་ལེགས་པར་བརྒྱུད་པའི་གདམས་པ་ཟབ་མོ་ཀུན་རྩ་བའི་བླ་མར་འདུས་པས་སྐྱབས་གནས་ཀུན་འདུས་སོ། །དེ་ཡང་རྒྱུད་བླ་ལས། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེའི་མཐར་ཐུག་ཕྱིར། །ཞེས་སོགས། དེ་ལྟར་སྐྱབས་ཡུལ་དེ་ཉིད་ལ་བླཽ་ལིང་གིས་བཀལ་ཏེ། སྐྱིད་སྡུག་ལེགས་ཉེས་ཇི་ལྟར་ཡང་ཁྱེད་རང་མཁྱེན་སྙམ་པའི་སྒོ་ནས། སྐྱབས་འགྲོ་མང་ཉུང་ཇི་ལྟར་རིག་པར་བྱས་ནས། མཐར་སྐྱབས་ཡུལ་རྣམས་འོད་དུ་ལྡེམ་གྱིས་ཞུ་སྟེ་རང་ལ་ཐིམ་པར་བསམ་མོ། །གསུམ་པ་ནི། སེམས་བསྐྱེད་ཚུལ་བཤད་པ་ལས། དང་པོ་སྐྱེས་བུ་རབ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་ ― TNT22_Page_0585 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ། འབྲིང་ནི་རང་ཉིད་ཁོ་ན་སངས་རྒྱས་འདོད་པ། ཐ་མ་ནི་རང་ཉིད་ཚེ་འདིར་བདེ་བ་ཙམ་དོན་དུ་གཉེར་བའོ། །དེས་ན་འདིར་སྐྱེས་བུ་རབ་ཀྱི་སེམས་བསྐྱེད་ལ་བསླབ་དགོས་ཏེ། དེ་ཡང་འདི་ལྟར་དུ་བསམ་མོ། །ནམ་མཁའི་གར་ཁྱབ་ནི་སེམས་ཅན་ཐམས་ཅད་ཀྱིས་ཁྱབ་ལ། དེ་ཐམས་ཅད་རང་གི་ཕ་མ་ཤ་སྟག་ཡིན་ཞིང་འདིར་བདེ་བ་ལ་བཞག །སྡུག་བསྔལ་ལས་བསྐྱབ་པ་ཞིག་སྟེ། ནམ་མི་འདོད་བཞིན་དུ་སྡུག་བསྔལ་མྱོང་བ་སྙིང་རེ་རྗེ་ན། འདི་རྣམས་སྡུག་བསྔལ་ལས་སྐྱབས་ཤིང༌། བདེ་བ་ལ་བཞག་དགོས་པར་འདུག་ཀྱང༌། ད་ལྟ་རང་ལ་དེ་ལྟ་བུའི་མཐུ་མེད་པས་དེ་ལྟར་མི་ནུས་ཤིང༌། དེ་ལྟ་བུ་ནུས་པ་ལ་བདག་ཅི་ནས་ཀྱང༌། སངས་རྒྱས་ཐོབ་དགོས་པ་འདུག །སངས་རྒྱས་ཐོབ་པར་བྱེད་པ་ལ་ཐབས་ཞིག་དགོས་པ་ལས། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་འདི་ཉིད་ཉམས་སུ་བླངས་ཏེ་སངས་རྒྱས་ཐོབ་པར་བྱ་སྙམ་པའི་སྒོ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སོགས་ཚར་གསུམ་ངག་ཏུ་བརྗོད་དོ། །རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ཉམས་སུ་བླངས་ཞེས་པའི་རྣལ་འབྱོར་ནི། ལྷ་བསྒོམ་པ་སྔགས་བཟླ་བ། མཉམ་པར་འཇོག་པ་སོགས་ཀྱི་དོན་ནོ། །དེ་དག་ནི་སེམས་བསྐྱེད་ཁོ་ན་ཡིན་ལ། འགྲོ་རྣམས་བསྒྲལ་འདོད་སོགས་ནྀ་སྐྱབས་འགྲོ་སེམས་བསྐྱེད་དང་བཅས་པ་ཡིན་ལ། འདི་མཛད་པ་པོ་ནི་ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱི་ཉིད་ཀྱིས་མཛད་དོ། །དེའི་དོན་ནི་འགྲོ་བ་མ་ལུས་ ― TNT22_Page_0586 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་ངན་སོང་ལས་བསྒྲལ་བར་འདོད་པས། བྱང་ཆུབ་མ་ཐོབ་ཀྱི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་ཞུ་ཞིང༌། ཆོས་ཐམས་ཅད་ཀྱི་གནས་ལུགས་རྟོགས་པར་བྱེད་པའི་ཤེས་རབ་དང༌། བརྩེ་བ་སྙིང་རྗེ་ཆེན་པོ་གཉིས་དང་ལྡན་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པར་དམ་བཅས་པ་ཡིན་ལ། དེ་ལྟ་བུའི་དམ་བཅའ་བ་དེའི་དཔང་པོར་སུ་ཞེ་ན། དཀོན་མཆོག་གསུམ་མདུན་གྱི་ནམ་མཁར་བཞུགས་པའི་དྲུང་དུ་བདག་ཉིད་གནས་བཅའ་ནས་བརྩོན་འགྲུས་དང་ལྡན་པས། རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །ཞེས་པ་སྟེ། སྐྱབས་སེམས་སྦྲགས་མ་འདི་ཡང་ཚར་གསུམ་ངག་ཏུ་བརྗོད་པར་བྱའོ། །བཞི་པ་ནི། དེ་ལྟར་སེམས་བསྐྱེད་ནས། རང་ཐ་མལ་གནས་པའི་སྤྱི་བོར་སྣ་ཚོགས་པད་མའི་ཟེའུ་འབྲུའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་དེའི་སྟེང་དུ་ཧཱུཾ་དཀར་པོ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་བསྐྱེད་པ་སྟེ། འདིའི་སྐབས་ཀྱི་རྡོ་རྗེ་སེམས་དཔའ་ནི་རབ་ཏུ་ཞི་བ་རིན་པོ་ཆེའི་རྒྱན་ཅན་དབུ་སྐྲ་ཕྱེད་བཅིངས། ལྷག་མ་དཔུང་པའི་སྟེང་ན་སི་ལི་བུན་ནེ་བ་དང༌། དར་གྱི་ན་བཟའ་སོགས་སྒྲུབ་ཐབས་བཞིན་དུ་བསྐྱེད་པ་ཡིན་ཞིང༌། སྔགས་ཡང༌། བཛྲ་སཏྭ་ས་མ་ཡ་ཞེས་སོགས་ཤྲཱི་བཛྲ་ཧེ་རུ་ཀ་ཞེས་པའི་སྔགས་ཀྱི་རྡོར་སེམས་ནི་ཧེ་རུ་ཀ་སྟེ། རུས་པའི་རྒྱན་དྲུག་དང༌། དབུ་སྐྲ་ཡང་རལ་པའི་ཐོར་ཚུགས་ཆེན་པོ་སྟེ་དབུ་སྐྲའི་རྩེ་སོགས་སིལ་བུ་ཡིན་ཀྱང༌། འདུས་པར་ཐོར་ཚུགས་ཀྱི་ནང་དུ་ཆུད་པ་ཞིག་གོ། ཡུམ་ནི་རང་མཚུངས་ ― TNT22_Page_0587 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞེས་པ་ལ་དོན་དམ་པར་ངོ་བོ་ལ་དབྱེ་བ་མེད་ཅིང་ཐ་དད་དུ་མེད་ཀྱང་རྣམ་པར་ན་ཐ་དད་པའི་ཚུལ་གྱིས་འཁྱུད་པ་ཡིན་ཅིང༌། རྒྱན་སྐུ་མདོག་ཕྱག་མཚན་རྣམས་ཡབ་དང༌། མཚུངས་སུ་བཤད་པ་ཡིན་ནོ། །རང་སྣང་ཞེས་པ་རྣམས་ལ། ཡབ་རང་ཉིད་ཀྱི་སྐུའི་འོད་ཟེར་ཡུམ་གྱི་རྣམ་པར་གྱུར་ནས་འཁྱུད་པ་ཡིན་ཞེས་མཁས་པ་རྣམས་ཀྱི་བཞེད་པ་ཡིན། དེ་ལྟ་བུའི་ཡབ་ཡུམ་དམ་ཡེ་དབྱེ་བ་མེད་པ་དེ་ཉིད་ལམ་གྱིས་གསལ་བཏབ་པའི་དབུ་སྐྲ་ཕྱེད་བཅིངས་ཀྱི་མདུན། རིན་པོ་ཆེའི་པྲོག་ཞུའི་ནང་དུ་རིགས་ཀྱི་བདག་པོ་མི་བསྐྱོད་པ་བཞུགས་པའོ། །དེ་ལྟ་བུའི་རྡོར་སེམས་དེ་ཉིད་ཀྱི་དཔྲལ་བར་ཨོཾ་དཀར་པོ་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ། མགྲིན་པར་ཨཱཿདམར་པོ་གསུང་རྡོ་རྗེ། ཐུགས་ཀར་ཧཱུཾ་སྔོན་པོ་ཐུགས་རྡོ་རྗེ། ཐུགས་ཀའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐའ་སྐོར་དུ་སྔགས་ཀྱི་འཕྲེང་བས་བསྐོར་བ་གསལ་བཏབ་ཅིང༌། ཡིག་འབྲུ་ཐམས་ཅད་ཁ་དོག་དཀར་པོའོ། །དེ་ནས་སྤྱི་བོར་རྡོ་རྗེ་སེམས་དཔའ་ལ་བཅོམ་ལྡན་འདས་ཞེས་བོས་ནས། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ཞེས་པ་ནས། མཛད་དུ་གསོལ་གྱི་བར་དེ་དེ་ཡང་སྡིག་པ་ཞེས་བྱ་བ་མི་དགེ་བ་བཅུ་དང༌། སྒྲིབ་པ་ཞེས་པ་སོགས་ཐར་སོགས་ཀྱི་སྡོམ་པ་རྣམས་ཉམས་ཏེ། ཐར་པའི་ལམ་སྒྲིབ་པར་བྱེད་པ་སྟེ། ཉེས་ལྟུང་ཐམས་ཅད་དག་པར་ ― TNT22_Page_0588 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཛད་དུ་གསོལ། ཞེས་གསོལ་བ་དྲག་ཏུ་གདབ་ཅིང༌། བཟླས་དམིགས་འདི་ལྟར་དུ་བྱའོ། །ཐུགས་ཀའི་སྔགས་ཕྲེང་ལས་སྡིག་སྒྲིབ་འཇོམས་པའི་བདུད་རྩིའི་རྒྱུན་སྐྱ་ཁྲལ་ཁྲལ་བྱུང་བས། ཡབ་ཀྱི་སྐུ་གང༌། རྡོ་རྗེའི་ལམ་ནས་བརྒྱུད་ཡུམ་གྱི་སྐུ་ལུས་ཀྱང་ཁེངས་ཏེ། སྦྱོར་མཚམས་ནས་སྐྱ་ན་ར་ར་བྱུང༌། རང་གི་སྤྱི་བོར་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་རིམ་གྱིས་གང༌། སྡིག་སྒྲིབ་ཐམས་ཅད་བུ་ག་དགུ་དང་བ་སྤུའི་བུ་ག་ནས་ནག་ནུ་རུ་རུ་ཐོན་ཏེ། ས་འོག་ཐག་རིང་པོར་སོང་ལུས་ཐམས་ཅད་བདུད་རྩིས་སྐྱ་མེར་རེ་རེ་གང༌། མཐར་ཤ་རུས་དང་བཅས་པའི་ལུས་འདི་ཉིད་ཀྱང་སྦྲུལ་གྱིས་ཤུན་པ་ཕུད་པ་ལྟར་དག་སྟེ། བདུད་རྩི་ལས་གྲུབ་པ་དང་བཅས་གསལ་འོད་ཀྱི་རང་བཞིན་ཅན་དུ་སྐྱ་ཁྲོལ་གྱིས་དག་པ་ལྟར་བཞིན་པས་སྔགས་མང་ཉུང་ཅི་རིགས་པ་བཟླས་ཟིན་པའི་ན། ཐལ་མོ་སྙིང་གར་སྦྱར་ཏེ། ཕྱག་འཚལ་འདུད་ཅིང་ཞེས་སོགས་བརྗོད། འདི་ཕྱག་འཚལ་ལྔ་པོ་ཡེ་ཤེས་ལྔ་ལ་ཕྱག་འཚལ་བ་སྟེ། འདི་ལ་དོན་དམ་པའི་ཕྱག་འཚལ་བ་ཞེས་བྱའོ། །རྡོ་རྗེ་སེམས་དཔའ་ཞེས་པ་བདག་སོགས་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའ་ཉིད་དུ་འགྲུབ་པར་མཛོད། ཅེས་སོགས། དེ་ནས་མགོན་པོ་ཞེས་བོས་ནས། བདག་ཅག་ནི་ཆོས་དང་ཆོས་མིན་མི་ཤེས་པ་དང༌། སྟོན་པས་གསུངས་པའི་ཆོས་དང༌། ཁྱད་པར་གསང་སྔགས་ལ་མ་གུས་པ་དང༌། དམ་ཚིག་སྤང་བླང་ཤེས་བཞིན་ ― TNT22_Page_0589 ―
[མ་དཔེ་གཟིགས་ན་འདིར་གནོན།]
དུ་བག་མེད་པར་སྤྱོད་པ་དང༌། ཉོན་མོངས་མང་པོའི་དབང་དུ་གྱུར་ཏེ། སྤང་བྱ་བཟློག་པའི་དམ་ཚིག་ནི་མ་སྤངས་པས་འགལ། བསྲུང་བྱ་སྒྲུབ་པའི་དམ་ཚིག་ནི་མ་སྒྲུབ་པའི་ཉམས་པའི་བདག་ཅག་འགྲོ་བ་འདི་དག་ལ་སྐྱབས་སུ་གསོལ། ཞེས་ངོ་བོ་རྩ་བའི་བླ་མ་རྣམ་པ་རྡོ་རྗེ་སེམས་དཔའ་བཞུགས་པ་དེ་ལ་གསོལ་བ་དྲག་ཏུ་གདབ་ཅིང༌། སླར་ཡང་རིགས་ཐམས་ཅད་ཀྱི་གཙོ་བོ་རྡོ་རྗེ་འཆང་ཐུགས་རྗེ་ཆེན་པོས་སེམས་ཅན་ངན་འགྲོ་ལ་ཐར་བར་མཛད་པའི་གཙོ་བོ་ཁྱོད་ལ། བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་ཞུ་ཞིང༌། སྔོན་ཆད་སྐུ་གསུང་ཐུགས་ཀྱི་དམ་ཚིག་རྩ་བའི་ལྟུང་བ་བཅུ་བཞི་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་གནོང་འགྱོད་ཆེན་པོས་བཤགས་པར་བགྱིད་ཅིང༌། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱིད་པའི། སྔོན་ཆད་སྡིག་སྒྲིབ་ཅི་བསགས་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་སྙིང་ཐག་པ་ནས་བཏབ་པས། རྡོ་རྗེ་སེམས་དཔའ་དེ་ཉིད་འོད་ཟེར་དཀར་པོའི་རྣམ་པར་མེར་གྱིས་ཞུ་སྟེ་རང་ལ་ཐིམ་པའི། རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་རོ་གཅིག་ཏུ་གྱུར་པར་བསམ་མོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། བསོད་ནམས་ཚོགས་བསགས་དང་ཡེ་ཤེས་ཚོགས་བསགས་གཉིས། དང་པོ་ལ་ཡུལ་དག་པ་ལ་ཚོགས་བསགས་པ་དང༌། མ་དག་པ་མ་བསགས་པ་གཉིས་ལས། དང་པོ་ལ་ཚོགས་ ― TNT22_Page_0590 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞིང་སྤྱན་འདྲེན་པ། ཕྱག་འཚལ་བ་མཆོད་པ་འབུལ་བ། རྒྱུན་བཤགས་བྱ་རིག་ལྔ་སྤྱི་དང་སོ་སོའི་སྡོམ་པ་བཟུང་བ་རྣམས་སོ། །དང་པོ་ནི། རང་ཉིད་སྔར་ཐ་མལ་པར་གནས་པ་དེ་སྐད་ཅིག་ཙམ་གྱིས་རྡོ་རྗེ་འཇིགས་བྱེད་སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་གཉིས་པ། མ་ཧེའི་གདོང་ཅན་ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་བ་ལིང་ག་གྱེན་དུ་ལངས་པ། ཐོད་སྐམ་གྱི་དབུ་བརྒྱན། རློན་པའི་དོ་ཤལ་སོགས། དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས་པ་གསལ་ཞིང་དྭངས་ལ་སྙོག་པ་མེད་པ་ཞིག་ཏུ་ལམ་གྱིས་གྱུར་པའི། ཐུགས་ཀར་པདྨ་འདབ་མ་བརྒྱད་པ་ལྟེ་བར་ཟེའུ་འབྲུའི་སྟེང་དུ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། ཧཱུཾ་ཡིག་མཐིང་ནག་འོད་ཀྱི་རང་བཞིན་ཅན་ཞིག་བསྒོམ་ལ། དེའི་འོད་ཟེར་གྱི་རྩེ་མོ་ལྕགས་ཀྱུ་ལྟ་བུའི་རྣམ་པས། རང་བཞིན་གྱི་གནས་ནི་བཅོམ་ལྡན་འདས་འཇིགས་བྱེད་ཞལ་ཕྱག་ཡོངས་སུ་རྫོགས་པ་རྩ་ཞལ་གྱི་ཐོད་སྐམ་ལྔའི་དབུ་རྒྱན་གྱི་ནང༌། སྲིན་ཞལ་ལྟ་བུའི་མདུན་དུ་ངོ་བོ་རྩ་བའི་བླ་མ་རྣམ་པ་བཅོམ་ལྡན་འདས་མི་བསྐྱོད་པ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བ་སྟེ། དེ་ལྟ་བུའི་དབུ་རྒྱན་དུ་བྱས་པའི་བཅོམ་ལྡན་འདས་ཀྱི་མཐའ་སྐོར་དུ་རོ་ལངས་ཆེན་པོ་བརྒྱད། སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་དང་བཅས་པ། སྐད་ཅིག་གིས་ཁྲ་མེར་གྱིས་མདུན་གྱིས་ནམ་མཁར་བྱོན་པར་བསམ་ལ། རྡོ་རྗེ་ ― TNT22_Page_0591 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྡུ་བའི་ཕྱག་རྒྱ་དང་བཅས་པ་བཛྲ་ས་མཱ་ཛཿ ཞེས་བརྗོད་པའམ། ཡང་རྣམ་པ་གཅིག་ཏུ་ན་ཚོགས་ཀྱི་ཞིང་དེ་དག་ཐམས་ཅད་རྟག་ཏུ་བཞུགས་བཞིན་པ་ལ། སྔར་ལས་ངན་པའི་བག་ཆགས་འཐུག་པོས་བསྒྲིབས་ནས་མཐོང་བར་མ་གྱུར་པ། འོད་ཟེར་དེས་ཁྲ་ལམ་གྱིས་མཐོང་བ་སྒོམ་པར་བཤད་དེ། དཔེར་ན་མུན་ཁང་ཞིག་ན་དངོས་པོ་གྱ་ནོམ་པ་ཡོད་པ་དེ་མཐོང་བར་མ་གྱུར་ཅིང་ཡོད་པ་མ་ཤེས་པ་ལ། ལག་ཏུ་སྒྲོན་མེ་ཞིག་ཐོགས་ཏེ་བྱིན་པ་ན། དངོས་པོ་དེ་དག་མཐོང་བ་དང་འདྲ་བར་སྒོམ་པའམ། ཡང་ན་འཇའ་ཚོན་ཤར་བ་ལྟར་སྐད་ཅིག་དེར་ཁྲ་མེར་གྱིས་བཞུགས་འདུག་པར་བསམ་སྟེ། འདི་གསུམ་བློ་རུ་གང་འཛོམ་ཞིག་སྒོམ་པའི་རུང་བར་འགྱུར་རོ། །གཉིས་པ་ཕྱག་འཚལ་བ་ནི། དམིགས་པ་བདེ་ན་རང་གི་ལུས་གྲངས་མེད་པར་སྤྲུལ་ནས་ཕྱག་འཚལ་བ་དང༌། མི་བདེ་ན་རང་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ་དེ་ཀས་ཕྱག་འཚལ་བར་མོས་ལ། ན་མོ་གུ་རུ་བྷྱཿ ཞེས་པས་ཐལ་མོ་སྤྱི་བོར་སྦྱར་ཏེ་བླ་མ་དང༌། ན་མོ་བཛྲ་བྷཻ་ར་ཝ་མཎྜལ། ཞེས་སོགས་ཀྱིས་ཐལ་མོ་སྙིང་གར་སྦྱར་ཏེ་ཡི་དམ་འཁོར་དང་བཅས་ལ་ཕྱག་འཚལ་བར་མོས་ཤིང༌། གང་གི་དྲིན་གྱིས་ཞེས་སོགས་ཀྱིས་བསྟོད་པ་དང་བཅས་པ་ཕྱག་འཚལ་བར་མོས་ལ། དེའི་དོན་སྤྱིར་དམ་པའི་ཆོས་ཐམས་ཅད་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེ་བར་བྱེད་པའི་རྒྱུ་ཡིན་ཡང་སྐད་ཅིག་དེ་ཉིད་དུ་རྟོགས་པར་མི་ནུས། བླ་མའི་དྲིན་ ― TNT22_Page_0592 ―
[མ་དཔེ་གཟིགས་ན་འདིར་གནོན།]
གྱིས་བདེ་བ་ཆེན་པོའི་ཡེ་ཤེས་དེ་སྐད་ཅིག་ལ་འཆར་བར་ནུས་པ། བླ་མ་དེ་ཉིད་དགོས་འདོད་མ་ལུས་འབྱུང་བ་འདྲ་སྟེ། རྡོ་རྗེ་ཅན་དེ་ཉིད་ཀྱི་ཞབས་འོག་གི་པདྨ་ལའང་ཕྱག་འཚལ་ན། སྐུ་དངོས་སྨོས་མ་དགོས་པ་ཡིན་ནོ། །འཁོར་བའི་འདམ་རྫབ་ནང་གནས་པ་སོགས་ཀྱི་དོན་ནི། འཁོར་བ་འདམ་རྫབ་ལྟ་བུའི་ནང་ན་གནས་པའི་སེམས་ཅན་རྣམས་ཐུགས་རྗེ་ཆེན་པོའི་ཕྱག་གིས་དྲངས་ཏེ། ཡེ་ཤེས་ཀྱི་བདུད་རྩིས་ཚིམ་པར་མཛད་པའི་བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་དང༌། སངས་རྒྱས་ཀུན་འདུས་པ་ཐུགས་རྗེ་ཆེན་པོའི་རང་བཞིན་གྱི་སློབ་དཔོན་ཁྱོད་ལ་བདག་ཅག་རྣམས་སྐྱབས་མཆིའོ། །ཞེས་པ་སྟེ་དེ་ཡན་ཆད་ནི་བླ་མ་ལ་ཕྱག་འཚལ་བ་ཡིན་ལ། དང་པོར་མེ་ཏོག་ཕོག་པ་ཡི། །ཞེས་པའི་ཚིགས་རྐང་གཉིས་པ་ཡི་དམ་ལ་ཕྱག་འཚལ་བ་སྟེ། དེའི་དོན་ནི། རྒྱ་གར་སོགས་ན་རང་གིས་དམོད་པ་བོར་ནས་མེ་ཏོག་གང་ལ་ཕོག་པའི་ལྷ་དེ་ལ་ཡི་དམ་བྱེད་པ་ཡོད་ཀྱང༌། འདིར་དེ་ལྟར་མ་བྱུང་བས། མེ་ཏོག་ཕོག་པའི་ལྷ་ཡིན་སྙམ་པའི་མོས་པ་བྱེད་པ་དང༌། མེ་ཏོག་འབུལ་བའི་སྐབས་སུ་ཡང་རང་གང་ལ་མོས་པའི་ལྷ་དེ་ལ་ཕོག་སྙམ་བྱེད་པའོ། །གསུམ་པ་མཆོད་པ་ནི། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་ལས། སྔགས་ནི་ཨོཾ་བཛྲ་ལ་སྱ་ཧཱུཾ་ཏེ་རྡོ་རྗེ་སྒེག་མོ། ཕྱག་རྒྱ་ནི་སྒེག་པའི་ཕྱག་རྒྱ། ཏིང་ངེ་འཛིན་ནས་རང་གི་སྙིང་ཁ་ན་ལྷ་མོ་སྒེག་པའི་ཕྱག་རྒྱ་ཅན་དཔག་ཏུ་མེད་པ་སྤྲོས་ནས། བླ་མ་ ― TNT22_Page_0593 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མཆོད་པའི་མཉེས་པར་བསམ། དེ་བཞིན་དུ་བཛྲ་མ་ལྱ་དྲཾ་ཏེ། རྡོ་རྗེ་འཕྲེང་བ་མ་མེ་ཏོག་འཕྲེང་བ་འཛིན་པའི་ཕྱག་རྒྱ་དང༌། སྙིང་ག་ནས་མེ་ཏོག་གི་འཕྲེང་བ་ཐོགས་པ་དཔག་ཏུ་མེད་པས་མཆོད་པ་དང༌། བཛྲ་གིརྟི་ཏེ་རྡོ་རྗེ་གླུ་མ། ངག་ནས་གླུ་འབྱིན་པའི་ཕྱག་རྒྱ་དང༌། གླུ་མ་དཔག་ཏུ་མེད་པས་མཆོད་པ་དང༌། བཛྲ་ནིརྟི་ཏེ་རྡོ་རྗེ་གར་མ། གར་བསྒྱུར་བའི་ཕྱག་རྒྱ། ཀརྨ་དཔག་ཏུ་མེད་པས་མཆོད་པ་དང༌། བཛྲ་དྷུ་པེ་ཏེ། རྡོ་རྗེ་བདུག་སྤོས། བདུག་སྤོས་ཀྱི་ཕྱག་རྒྱ་དང༌། སྤོས་སྦྱར་ཐོགས་པ་དང༌། ལྷན་སྐྱེས་སོགས་ཀྱིས་སྤོས་སྣོད་ཐོགས་པ་དཔག་ཏུ་མེད་པས་མཆོད་པ་དང༌། བཛྲ་པུཥྤེ་ཏེ། རྡོ་རྗེ་མེ་ཏོག་མ། མེ་ཏོག་གིས་ཕྱག་རྒྱ་དང༌། མཎ་དྷ་ར་བ་ཨུཏྤལ་ཙམ་པ་ཀ་སོགས་དང༌། རིན་པོ་ཆེའི་མེ་ཏོག་ཐོགས་པ་དཔག་ཏུ་མེད་པས་མཆོད་པ་དང༌། བཛྲ་ཨ་ལོ་ཀེ་དང༌། དཱི་པཾ་ཞེས་པ་རྡོ་རྗེ་སྣང་གསལ་མ་སྟེ། མར་མེའི་ཕྱག་རྒྱ་དང༌། སྣང་བ་གསལ་བར་བྱེད་པ། ཉི་ཟླ་རིན་པོ་ཆེ་དང༌། མར་གྱི་རྐོང་བུ་སོགས་སྣང་བ་གསལ་བར་ནུས་པ་ཐོགས་པ་དཔག་ཏུ་མེད་པས་མཆོད་པ་དང༌། བཛྲ་གནྡྷེ་ཏེ། རྡོ་རྗེ་དྲི་ཆབ་མ། དྲི་མཆོག་གི་ཕྱག་རྒྱ་དང༌། དུང་ཆོས་སོགས་དྲི་བཟང་པོ་བཏབ་པའི་ཆུ་ཐོགས་པ་དཔག་ཏུ་མེད་པས་མཆོད་པའི་མཐར། སླར་ཡང་ལྷ་མོ་རྣམས་རང་གི་སྙིང་གར་བསྡུའོ། །བཞི་པ་རྒྱུན་བཤགས་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ནས། སངས་ ― TNT22_Page_0594 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱས་འགྲུབ་པར་ཤོག་གི་བར་ཡན་ལག་བདུན་པར་འདོད་པའི་མཁས་པ་མང་པོ་སྣང་ལ། འདིར་ཐམས་ཅད་མཁྱེན་པ་སྒྲོལ་བའི་མགོན་པོའི་ལུགས་ཀྱིས་ཡན་ལག་བདུན་པ་བརྩི་བར་འདོད་ན། གོང་དུ་བསྟན་པའི་ཕྱག་འཚལ་དང༌། མཆོད་པ་དང༌། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པ་དང༌། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཞེས་པའི་ཚིགས་གསུམ་སྡོམ་པ་སྐྱབས་འགྲོ་དང༌། དགེ་བ་ལ་རྗེས་སུ་ཡི་རང་དང༌། སྡིག་པ་བཤགས་པ་དང༌། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་དང༌། རང་གཞན་དོན་ནི་ཞེས་པ་ནས། བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །ཞེས་པའི་བར་དང་བཅས་པ་སེམས་བསྐྱེད་པ་དང༌། དགེ་བ་བསྔོ་བ་སྟེ། བདུན་ནོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ནས། སངས་རྒྱས་འགྲུབ་པར་ཤོག་གི་བར་ནི་རྒྱུན་བཤགས་ཡན་ལག་ལྔ་པ་ཞེས་བྱའོ། །དེའི་དོན་ནི། དཀོན་མཆོག་གསུམ་ལ་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བ་དང༌། འཁོར་བ་ཐོག་མ་མེད་པ་ནས། ད་ལྟའི་བར་སྡིག་པའི་ལས་བྱས་པ་ལ་འགྱོད་སེམས་དང་བཅས་པས་བཤགས་པ། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱིད་སྙམ་པའི་སྡོམ་སེམས་དང༌། འཇིག་རྟེན་གྱི་ཁམས་ན་དགེ་བའི་རྩ་བར་གྱུར་པ་ཐམས་ཅད་ལ་རྗེས་སུ་ཡི་རང་ཞིང༌། རང་ཉིད་ཀྱིས་དགེ་རྩར་གྱུར་པ་ལ་ཡང་སེམས་དང་བ་ཅུང་ཟད་བསྐྱེད་པ་མ་ ― TNT22_Page_0595 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཏོགས། ངར་འཛིན་བཟང་རློམ་ཤིན་ཏུ་མི་ལེགས་པའི་མི་བྱའོ། །གཞན་ཡང་སྔར་རང་ཉིད་ཀྱིས་བགྱིས་པའི་དགེ་རྩ་ཅི་ལྟ་བུ་ལའང༌། འགྱོད་སེམས་བྱུང་ན་དེའི་འབྲས་བུ་ཉམས་པར་འགྲོ་བ་དང༌། གཞན་གྱི་དགེ་རྩ་ལ་ཡི་རང་རྣམ་པར་དག་པ་སྐྱེས་ན། དགེ་རྩ་དེའི་འབྲས་བུ་རང་ལའང་ཆ་ཤས་ཐོབ་པར་འགྱུར་ཞེས་གསུངས་སོ། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་ནས། དོན་དམ་བྱང་ཆུབ་ཀྱི་སེམས་བཟུང་བ་ཡིན་ལ། རང་གཞན་གྱི་དོན་གྱི་མཆོག་དེ་ཉིད་རབ་ཏུ་བསྒྲུབ་པའི་ཕྱིར། བདག་གིས་བླ་ན་མེད་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བགྱིད་ཅིང༌། དེ་ལྟ་བུའི་སེམས་བསྐྱེད་ནས། སེམས་ཅན་ཐམས་ཅད་མགྲོན་པོ་ལྟ་བུར་བྱ་སྟེ། བྱང་ཆུབ་ཀྱི་སྤྱོད་པ་མཆོག་གི་བདུད་རྩིས་ཚིམ་པར་བྱའོ། །ཞེས་པའི་དོན་ཡིན་ཞིང༌། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་དགེ་བ་བསྔོ་བ་སྟེ། དེ་ལའང་དཔེར་ན། མི་ཞིག་གིས་གཏོར་མ་ཞལ་ཟས་བཤམས་ཏེ། སྔགས་ཕྱག་རྒྱ་ཏིང་འཛིན་རྣམས་མེད་པར། གཏོར་མ་འདི་ཐོབ་པར་གྱུར་ཅིག །ཅེས་བརྗོད་པ་ཙམ་གྱིས་སྨོན་སེམས་ཙམ་དུ་ནི་འགྱུར་གྱི་ཐོབ་པར་མི་འགྱུར། ཐོབ་པར་བྱེད་པ་ཆོ་ག་ཞིག་དགོས་པ་ལྟར། རང་ཉིད་ཀྱིས་ཀྱང་དགེ་བའི་ལས་ཞིག་ལ་བརྟེན་ཏེ་རང་གཞན་ཐམས་ཅད་ཀྱི་དགེ་བའི་རྩ་བར་གཏོགས་པ་ཅི་དང་ཅི་བགྱིས་པ་ཐམས་ཅད་གཅིག་ཏུ་བསྡོམས་ཏེ། སངས་རྒྱས་ཐོབ་པའི་རྒྱུར་བསྔོ་བའོ། །ལྔ་ ― TNT22_Page_0596 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་རིགས་ལྔའི་སྡོམ་པ་བཟུང་བ་ལ། རིགས་ལྔ་སྤྱིའི་དམ་ཚིག་སྡོམ་པ་དང༌། སོ་སོའི་དམ་ཚིག་སྡོམ་པ་བཟུང་བ་གཉིས་སོ། །དང་པོ་ནི། མཆོད་པའི་ཡུལ་ཐམས་ཅད་བཞུགས་པ་ལ། དགོངས་སུ་གསོལ་ཞེས་བརྗོད་ནས་བདག་འདི་ཞེས་བགྱི་བས་བྱང་ཆུབ་མ་ཐོབ་ཀྱི་བར་དུ། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱིས་སེམས་ཅན་འཁོར་བ་ལས་བསྒྲལ་བའི་ཆེད་དུ། བདག་སངས་རྒྱས་ཐོབ་པར་འདོད་པའི་ཐུགས་བསྐྱེད་པས་སངས་རྒྱས་ཐོབ་པར་གྱུར་ཅིག །ཐོབ་པར་གྱུར་ལ་ཐོབ་པར་མཛད་པ། དེ་བཞིན་དུ་བདག་ཀྱང་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཐོབ་པར་འདོད་སེམས་མཆོག་དེ་བསྐྱེད་པར་བགྱི། ཞེས་པ་ནི། སྨོན་པའི་སེམས་བསྐྱེད་དོ། །འཇུག་པའི་སེམས་བསྐྱེད་ལ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །དང་པོ་ནི། སྔོན་ཆད་སྡིག་པའི་ལས་བྱས་པ་ལ། འགྱོད་སེམས་དང༌། སླན་ཆད་སྲོག་ལ་བབས་ཀྱང་མི་བགྱིད་པའོ། །གཉིས་པ་ནི། དགེ་བའི་ཆོས་ཐམས་ཅད་ཅི་ནུས་ཅི་ལྕོགས་ཀྱིས་བགྱིད་པའོ། །གསུམ་པ་ནི། སེམས་ཅན་གྱིས་དོན་གང་ལ་གང་འདུལ་གྱིས་བྱེད་པའི་དོན་ནོ། །གཉིས་པ། སོ་སོའི་དམ་ཚིག་སྡོམ་པ་ལ། རྣམ་སྣང༌། མི་བསྐྱོད་པ། རིན་འབྱུང༌། འོད་དཔག་མེད། དོན་གྲུབ་རྣམས་ཀྱི་དམ་ཚིག་དང་སྡོམ་པ་ ― TNT22_Page_0597 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཟུང་བ་ལ། དང་པོ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང༌། དེའི་བསླབ་བྱ་ལ་སླཽབ་པ་ཡིན་ཞིང༌། སངས་རྒྱས་རྣལ་འབྱོར་ཞེས་པ་ནི་རྣམ་སྣང་ངོ༌། །གཉིས་པ་ནི་རྡོ་རྗེ་ཐུགས། དྲིལ་བུ་གསུང༌། ཕྱག་རྒྱ་སྐུ་རྣམས་ཀྱི་དམ་ཚིག་དང༌། རྡོ་རྗེ་སློབ་དཔོན་རབ་ཏུ་གུས་པས་བསྟེན་ཞིང་སྨད་པར་མི་བྱེད་པའོ། །གསུམ་པ་ནི། ཉིན་མཚན་དུས་དྲུག་ཏུ། ཆོས་དང་ཟང་ཟིང་དང༌། མི་འཇིགས་པའི་སྐྱབས་དང༌། བྱམས་པ་དང་སྦྱིན་པའོ། །བཞི་པ་ནི། ཕྱིའི་ཐེག་པ་ཉན་ཐོས་རང་རྒྱལ་ཕར་ཕྱིན་དང༌། ནང་གི་ཐེག་པ་རྒྱུད་སྡེ་འོག་མ་གསུམ་དང༌། གསང་བའི་ཐེག་པ་རྣལ་འབྱོར་བླ་མེད་ཀྱི་དོན་ཉམས་སུ་ལེན་པའོ། །ལྔ་པ་ནི། གོང་དུ་བཤད་ཀྱི་སྡོམ་པ་ཀུན་དང༌། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་མཆོད་པས་མཉེས་པར་བྱེད་པའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་བླ་ན་མེད་པ་དང༌། སྡོམ་པ་བཟུང་བར་བྱེད་པ་དེས་འབྲས་བུ་གང་འདོད་པའི་ཕྱིར་ན། སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཆེད་དུ་བདག་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང༌། སྡོམ་པ་མ་ལུས་བཟུང་ནས། སེམས་ཅན་ཐམས་ཅད་འཁོར་བ་ལས་མ་བསྒྲལ་བ་སྒྲོལ་ཅིང༌། སེམས་རྒྱུད་ཉོན་མོངས་པའི་བཅིངས་ཏེ། མ་གྲོལ་བ་རྣམས་གྲོལ་བར་བྱེད་པ་དང༌། ལམ་སྒྲུབ་པའི་ཐབས་སྣ་ཚོགས་ཀྱིས་ང་རྒྱལ་ཏེ་དབུགས་མ་བྱུང་བ་རྣམས་དབུགས་དབྱུང་བ་དང༌། ཡོངས་སུ་ ― TNT22_Page_0598 ―
[མ་དཔེ་གཟིགས་ན་འདིར་གནོན།]
མྱ་ངན་ལས་མ་འདས་པ་རྣམས། མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་གོ་འཕང་བླ་ན་མེད་པ་ལ་འགོད་པར་བྱའོ། །ཞེས་སོ། །གཉིས་པ་ཡུལ་མ་དག་པ་ལ་ཚོགས་བསགས་པ་ནི། ཚད་མེད་པ་བཞི་བསྒོམ་སྟེ། དེ་ཡང་བྱམས་པ་ཚད་མེད། སྙིང་རྗེ་ཚད་མེད། དགའ་བ་ཚད་མེད། བཏང་སྙོམས་ཚད་མེད་དེ་བཞིའོ། །དང་པོ་ནི། སེམས་ཅན་ཐམས་ཅད་ཚེ་འདིར་བདེ་བ་དང་ལྡན་ཞིང༌། ཚེ་རབས་ཐམས་ཅད་དུ་བདེ་བའི་རྒྱུ་དགེ་བ་རླབས་པོ་ཆེ་དང་ལྡན་པར་གྱུར་ཅིག །སྙམས་པའོ། །གཉིས་པ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ཞིང་ཚེ་རབས་ཐམས་ཅད་དུ་སྡུག་བསྔལ་མྱོང་བའི་རྒྱུ་སྡིག་པའི་ལས་ཐམས་ཅད་དང་བྲལ་བར་གྱུར་ཅིག །སྙམས་པའོ། །གསུམ་པ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ཞིང་བདེ་བ་དང་ལྡན་པ་དེ་དང་ནམ་དུའང་བྲལ་བར་མ་གྱུར་ཅིག །སྙམས་པའོ། །བཞི་པ་ནི། སེམས་ཅན་ལ་ཉེ་འགྱང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །སྙམས་པ་སྟེ། འདི་རྣམས་ཀྱང་ཁ་ཙམ་ཚིག་ཙམ་དུ་མ་ཡིན་པའི་ཞེ་ཐག་པའི་སྒོ་ནས་ལན་གསུམ་ངག་ཏུ་བརྗོད་དོ། །གཉིས་པ་ཡེ་ཤེས་ཚོགས་བསགས་ནི། ཀུན་རྫོབ་སྣང་གྲགས་ཀྱི་ཆོས་ཐམས་ཅད་སྟོང་པར་སྦྱོང་བ་ཡིན་པ་ལ། དེ་ལའང་སྔགས་ཚན་བཞིས་སྟོང་པར་སྦྱོང་བ་དང༌། གསུམ་གྱིས་སྦྱོང་བ་དང༌། གཉིས་ཀྱིས་སྦྱོང་བ་དང༌། གཅིག་གིས་སྦྱོང་བ་སོགས་དུ་མ་ཞིག་ཡོད་པ་ ― TNT22_Page_0599 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལས། འདིར་ནི་བསྡུས་པའི་ཚུལ་གྱིས་གཅིག་གིས་སྦྱོང་བ་སྟེ། དེ་ཡང་བོད་སྐད་དུ། བརྗོད་ན། རང་བཞིན་གྱིས་མ་དག་པའི་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི། ཞེས་སོ། །འདི་ལའང་ཁ་ཅིག་སྒྱུ་མ་ལྟ་བུའི་འདུན་པར་སྦྱོང་བ་སོགས་མི་འདྲ་བ་དག་སྣང་ཡང༌། རང་ལུགས་ནི་ཐ་མལ་གྱི་སྣོད་བཅུད་སྟོང་པར་མ་སྦྱང་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྒོམ་པ་མ་འབྱུང་བས། ཐ་མལ་གྱི་སྣོད་བཅུད་འདི་དག་སྟོང་པ་ཉིད་དུ་བསྒོམ་ཞིང༌། གནས་ལུགས་བདེ་བར་གཤེགས་པའི་སྙིང་པོ་སྐྱེ་འགག་གནས་གསུམ་དང་བྲལ་བ་འདི་བསྐྱེད་གཞིར་བྱ་སྟེ། འཇའ་ཚོན་ལྟ་བུའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྒོམ་པར་བྱེད་པ་ཡིན་ནོ། །དེ་ལ་སྭ་བྷཱ་ཝའི་དག་བྱ་དག་བྱེད་ནི། སྦྱང་བྱ་འཆི་བ་འོད་གསལ་ཞེས་པ་ཤི་ནས་བར་དོ་མ་ཤར་བ་དེ་སྦྱོང་བར་བྱེད་པ། འབྲས་བུ་ཆོས་སྐུ་ཐོབ་པར་བྱེད་པའི་རྟེན་འབྲེལ་བསྒྲིག་ཅིང༌། རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་དཔེ་དོན་གྱི་འོད་གསལ་ཉམས་མྱོང་དཀའ་བ་མེད་པར་སྐྱེ་བར་བྱེད་དོ། །རྩ་བའི་གཉིས་པ་དངོས་གཞི་སྒོམ་པར་བྱེད་པ་ལ། རྟེན་གཞལ་ཡས་ཁང་བསྐྱེད་པ་དང༌། བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་ནི། སྟོང་པའི་ངང་ལས་ཆོས་ཀྱི་འབྱུང་གནས་ཟུར་གསུམ་ཟུར་གཅིག་འོག་ཏུ་བསྟན་པས། བཞིར་འགྱུར་ཡང་ཕྱཽགས་གང་ནས་བལྟས་ཀྱང་ཟུར་གསུམ་མོ། །དེ་ཡང་ཕྱི་དཀར་པ་ཐབ་ནང་དམར་བ་ཤེས་རབ། འཕེལ་ཀ་གྱེན་དུ་བསྟན་པས་ཡོན་ཏན་གོང་དུ་འཕེལ་བ། ― TNT22_Page_0600 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྟེང་གི་ཟུར་གསུམ་ནས། སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་དང་གསུམ། འོག་གི་ཟུར་གཅིག་འདུས་མ་བྱས་ཏེ། རྣམ་པར་ཐར་པ་སྒོ་བཞིའི་བདག་ཉིད་ཅན་ཤིན་ཏུ་རྒྱ་ཆེ་བ། འདིའི་དབྱིབས་གཏོར་མ་ཟུར་གསུམ་ཁོག་སྟོང་ཞིག་གི་རྩེ་མོ་ས་ལ་བཙུགས་པ་འདྲ་བ་ཞིག་གོ །དེའི་ནང་དུ་བསྲུང་འཁོར་སྒོམ་པ་སྐབས་འདིར་བསྟན་ཀྱང༌། ཆོས་འབྱུང་གི་ཕྱི་ནང་གང་དུ་བསྒོམ་ཀྱང་འགལ་བ་མེད་དོ། །དེ་ནས་ཆོས་འབྱུང་དེ་ཉིད་ཀྱི་ནང་གི་དབུས་སུ་ཧཱུཾ་མཐིང་ནག་དེ་ཡོངས་སུ་གྱུར་པ་ལས། སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ་པ་སྟེ། རྭ་བཅུ་གཉིས་པ་བསྒོམ་པ་དང༌། དབལ་ཁའི་ཚུལ་དུ་ཡོད་ཀྱང་སྐབས་འདིར་རྭ་ཉི་ཤུ་པ་བསྟན་པ་ཡིན་ཞིང༌། དབུས་རྭའི་གཡས་གཡོན་དུ་གཉིས་གཤིབ་སྟེང་མར་བསྒོམ་པར་བྱའོ། །དག་པ་བསྒོམ་པར་བྱེད་པ་ནི། ཤར་རྭ་མེ་ལོང་ལྟ་བུའི་ཡེ་ཤེས་ལྔའི་དག་པ་སྦྱོར་བ་ཡང་མི་འགལ་མོད། འོན་ཀྱང་རྭ་ཉི་ཤུ་པ་འདི་ནི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་འཇོམས་པར་བྱེད་པའོ། །དེ་ལྟ་བུའི་ལྟེ་བ་མཐིང་ནག་དེའི་སྟཻང་དུ་ཧཱུཾ་དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སྣ་ཚོགས་རྡོ་རྗེ་ལྟེ་བའི་སྟེང་དུ་རྡོ་རྗེ་ས་གཞི་སྟེ། རྡོ་རྗེ་གོ་མཚམས་མེད་པར་གཏམས་པ། རྒྱ་ཆེ་བ་དབྱིབ་ཟླུམ་པོ། སྟེགས་ས་ལ་རྡུལ་ཆགས་པའི་རྣམ་པ་མི་མངོན་པ་རྡོ་རྗེའི་ས་གཞི། དེའི་སྟེང་གི་མཐའ་ལས་ཅུང་ཟད་ཀྱི་ནང་དུ་སོན་པར་རྡོ་རྗེའི་རྭ་བ་ཟླུམ་པོ། འཐུག་ཅིང་རྒྱ་དཔང་དང་ལྡན་པ། དེའི་སྟེང་དུ་རྡོ་རྗེའི་ ― TNT22_Page_0601 ―
[མ་དཔེ་གཟིགས་ན་འདིར་གནོན།]
གུར་འབྱུང་སྟེ། ཁ་གཅིག་རྭ་བ་མནན་ཏེ་སྦྲགས་མའི་ཚུལ་དུ་སྒོམ་པ་འདུག་ཀྱང༌། རྭ་ལུགས་ནི་རྭ་གུར་ཁ་སྤྲོད་དུ་སྒོམ་པར་བྱེད་ཅིང༌། ཁ་སྦྱར་མཚམས་ཀྱི་ནང་ཐམས་ཅད་ལ། རྡོ་རྗེའི་བླ་རེ་གྲུ་བཞི་པ་ཞིག་ཡོད་པ་སྒོམ་པར་བྱེད་པའོ། །ཕྱྀ་རོལ་ཏུ་རྡོ་རྗེའི་རྭ་གུར་ལས་སྟེང་དུ་ཡེ་ཤེས་ཀྱི་མེ་འབར་ཞིང་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རྭ་བ་དང་འོག་ཏུ་རྡོ་རྗེའི་ས་གཞི་ལས་མེ་དཔུང་རབ་ཏུ་འབར་ཏེ། ཕྱོགས་བཅུ་ཐམས་ཅད་ཡེ་ཤེས་ཀྱི་མེས་གཏམས་པའོ། །བཛྲ་རཀྵ་ཞེས་སོགས་ལན་གསུམ་མམ་གཅིག་བརྗོད་དེ། རྡོ་རྗེ་བསྲུང་བ་ཞེས་པ་སྟེ་བརྟན་པར་བྱེད་པའོ། །རྡོ་རྗེའི་རྭ་བའི་ནང་འགྲམ་ནས། ཁྲག་མཚོའི་བར་ལ། ཇི་སྐད་གསུངས་པའི་དུར་ཁྲོད་ཆེན་པོ་བརྒྱད་ཤིན་ཏུ་རྒྱ་ཆེ་བ། དེ་རྣམས་ཀྱི་རོ་སྣ་ཚོགས་པའི་ཁྲག་རྣམས་དབུས་སུ་ཚོགས་པ་ལས། ཁྲག་གི་རྒྱ་མཚོ་རྦ་ཀློང་འཁྲུགས་པ། དེའི་དབུས་སུ་ཐོད་རྭའི་གདན་རིན་པོ་ཆེའི་རྡོ་རྭ་ཟླུམ་པོ་ཁྲག་མཚོའི་དབུས་ནས་ཅུང་ཟད་སྟེང་དུ་ཐོན་པ་སྟེ། དེ་ཡང་དཔེར་ན་ཀ་ཏོ་རའི་དབུས་སུ་མཎྜལ་གཅིག་བཞག །ཀ་ཏོ་རའི་རི་དང་མཎྜལ་གྱི་བར་ཆུས་གང་བ་དང་འདྲའོ། །རིན་པོ་ཆེའི་རི་བོ་དེའི་སྟེང་དུ་ཐོད་པ་སྐམ་པོའི་རྭ་བ་ཟླུམ་པོ། རྒྱ་ཆེ་བ་སྒོ་གཅིག་པ་ཀེང་རུས་ཀྱི་ཀ་གདུང་ཐོག་ཕུབ་པ་དང་ལྡན་ཞིང༌། གཡང་བཞིའི་བླ་བྲེ། རྒྱུ་མ་རློན་པའི་ལྡ་ལྡི་ཅན། སྟེགས་དབུས་ཕྱུར་བུར་གྱུར་པའི་རྩེ་མོ་རྡོ་རྗེ་ནོར་བུ་ཏོག་གིས་བརྒྱན་པ། ― TNT22_Page_0602 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞེས་གསུངས་ཏེ། འདི་ལ་ནོར་བུའི་དབྱིབས་ཁོ་ན་སྒོམ་པ་དང༌། ནོར་བུའི་སྟེང་དུ་རྡོ་རྗེའི་རྣམ་པ་གཉིས་ཏེ། གང་སྒོམ་ཀྱང་རུང་བར་འགྱུར་རོ། །འདིར་ཁ་གཅིག་ཁྲག་མཚོ་དང་ཐོད་རྭ་མི་འཐད་གསུང་བར་འདུག་ཀྱང་ཁྲག་མཚོ་ནི་རོ་སྣ་ཚོགས་པའི་ཁྲག་དབུས་སུ་འདུས་པ་ལས་བྱུང་ཞིང་རྒྱུད་ནས་ཀྱང་བཤད་དེ། རྟོག་བདུན་ལས། དཀྱིལ་འཁོར་གྱི་གྲྭ་བཞིར་ཁྲག་གི་ཆག་ཆག་གདབ། ཅེས་གསུང་པ་འདིའི་དོན་ནོ། །སྤྱིར་ཁྲག་མཚོ་དང་ཐོད་རྭ་ནི་དུར་ཁྲོད་ཀྱི་ཁོངས་སུ་གཏོགས་ཤིང་རོ་སྣ་ཚོགས་པ་འདུས་པ་ལས་དེ་དག་འབྱུང་བ་ཤུགས་ལས་གྲུབ་པ་ཡིན་ནོ། །ཡང་ཕ་རྒྱུད་མ་རྒྱུད་དུར་ཁྲོད་ཡོད་མེད་ལ་བརྟགས་པ་དག་ཀྱང་བྱུང་མོད། དེ་ལྟ་བུའང་མི་འཐད་དེ། རྡོ་རྗེ་འཇིགས་བྱེད་ཕ་རྒྱུད་ཡིན་པ་ནི་ཀུན་གྱི་ཤེས་ལ། དུར་ཁྲོད་འབྲི་བ་ནི། རྟོག་བདུན་གྱི་བྲི་སྐུའི་རྟོག་པའི་སྐབས་སུ་གསུངས་ཡོད་དོ། །གང་ལྟར་ནའང་རྡོ་རྗེའི་རྭ་བའི་ནང་འགྲམ་ནས་ཁྲག་མཚོའི་བར་གྱི་ཕྱོགས་བཞི། མཚམས་བཞིར་དུར་ཁྲཽད་ཆེན་པོ་བརྒྱད་མཐོང་བ་དང༌། གཏམ་ཐོས་པ་ཙམ་གྱིས་སྐྱི་གཡའ་བ། འཇིགས་པ་དག་ཀྱང་འཇིགས་པར་བྱེད་པ་སྟེ་སོ་སོའི་མིང་ནི་བཅུ་གསུམ་མའི་ནང་ལྟར་བརྗོད་པར་བྱའོ། །དེ་དག་རྣམས་སུ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་དང་བཅས་པ། ལྗོན་ཤིང་ཆེན་པོ་བརྒྱད་དེ། སོ་སོའི་མིང་ནི་གཤེད་དམར་ནས་བརྒྱུད་པ་ཉིད་དོ། །བརྒྱ་བྱིན་སོགས་ཕྱོགས་སྐྱོང་བརྒྱད་ནི་སྤྱི་དང་མཐུན། ཞིང་སྐྱོང་བ་བརྒྱད་ནི། ལྷའི་དགེ་འདུན་དཀར་པོ་གླང་པོ་ཆེའི་གདོང་ཅན་ ― TNT22_Page_0603 ―
[མ་དཔེ་གཟིགས་ན་འདིར་གནོན།]
སོགས་སོ། །ཆུ་བརྒྱད་ནི་རྗེ་རིགས་ལ་སོགས་པ་ཆུ་བརྒྱད་དོ། །མེ་བརྒྱད་ལ་ཁ་གཅིག་བསིལ་བར་བྱེད་པ་ཙནྡན་གྱི་མེ་ཞེས་སོགས་ཟེར་དེ། རྟོག་པས་བཏགས་པར་ཟད་དོ། །རི་བརྒྱད་ནི། མ་ལ་སོགས་སོ། །མཆོད་རྟེན་བརྒྱད་ནི། འདུས་བྱས་འདུས་མ་སོགས་ཀླུ་བརྒྱད། སྤྲིན་བརྒྱད་དེ་དག་ནི་གྲངས་ངེས་པ་ཡིན་ལ། གཞན་ཡང་རོ་དང༌། ཀེང་རུས་དང༌། མ་མོ་དང༌། སྲིན་པོ་དང༌། འབྱུང་པོ་དང༌། ཤ་ཟ་དང༌། གཤིན་རྗེ་དང༌། རོ་ལངས་ལ་སོགས་དཔག་ཏུ་མེད་པ་ལང་ལོང་དུ་རྒྱུ་ཞིང༌། ཧ་ཧ་ཞེས་པའི་སྒྲ་དང༌། ཀུ་ཅོ་ཆེན་པོ་རྣམས་གྲགས། ཕན་ཚུན་ལ་འཐབ་ཅིང་ལྷང་ལྷང་པོར་འབོད་པ་དང༌། རོ་མདུང་ལ་བསྐྱོན་པ། ཤིང་བྲག་ལ་དཔྱང་པ། མེས་ཚིག་པ། མགོ་བོ་མེད་པའི་རོས་གར་བྱེད་པ། ཤ་རུས་ལྤགས་པ་རྣམས་དུམ་བུར་དུམ་བུར་འདུག་པས་ཁྱབ་པ། ཁྲག་དང་ཀླད་པ་ཕྱོགས་ཐམས་ཅད་དུ་འཐོར་བ་དང༌། བྱ་དང་གཅན་གཟན་གདུག་པ་ཅན་སྣ་ཚོགས་ལང་ལོང་དུ་རྒྱུ་ཞིང་འཁྲུགས་པ་དང༌། འབྱུང་པོ་སྣ་ཚོགས་ཀྱི་སྤྱོད་པས་ཡིད་བསྒྱུར་བ་དངོས་གྲུབ་ཀྱི་རྫས་དང༌། ཡོ་བྱད་དང་མཆོད་པའི་རྫས་དུ་མས་ཡོངས་སུ་གདམས་པ། ས་བཅུའི་སར་གནས་པའི་དཔའ་བོ་དང༌། རྣལ་འབྱོར་མ་དང༌། མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པར་བྱེད་པ་རྣམས་དང༌། གྲུབ་པ་རིག་པ་འཛིན་པ་དུ་མ་དང༌། ཐོད་པའི་རྔ་ཐོགས་ཏེ་གར་བྱེད་པའོ། །འདི་ཡན་གྱིས་རྟེན་གཞལ་ཡས་ཁང་དང་བཅས་པ་ ― TNT22_Page_0604 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྐྱེད་པ་སོགས་ཞིང་སྦྱོང་གཞལ་ཡས་ཁང་དུར་ཁྲོད་དང་བཅས་པ་འདིས། སྦྱང་བྱ་ནི་གང་དུ་སྐྱེ་བ་ལེན་པའི་གནས་སྦྱོང་ཞིང་རྣམ་པར་དག་པར་སྐྱེ་བའི་རྟེན་འབྲེལ་བསྒྲིགས། རྫོགས་རིམ་གྱི་སྨིན་བྱེད་འཇའ་ལུས་མྱུར་དུ་དཀའ་བ་མེད་པར་འབྱུང་ངོ༌། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ། རྒྱུ་རྡོ་རྗེ་འཛིན་པ་ས་བོན་ཕྱག་མཚན་ཚུལ་གྱི་བསྐྱེད་པ་དང༌། འབྲས་བུ་རྡོ་རྗེ་འཛིན་པ་ཞིང་སྦྱོང་རྣམ་པ་གསུམ་གྱིས་སྒོ་ནས་བསྐྱེད་པའོ། །དང་པོ་ནི། ཐོད་པའི་རྭ་བ་ཡངས་ཤིང་རྒྱ་ཆེ་བ་དེ་ཉིད་ཀྱི་ནང་དུ། རླུང་གི་དཀྱིལ་འཁོར་སྔོན་པོ་ཟླུམ་པོ། ཐོད་རའི་ནང་གི་འོག་གཞི་དང་རྒྱ་མཉམ་པ། དེའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པ། ཡལ་ག་རླུང་གིས་དཀྱིལ་འཁོར་དང་ཚད་མཉམ་པ། ལྟེ་བའི་ཟེའུ་འབྲུའི་སྟེང་དུ་རཾཿ ཡིག་ཞུ་བ་ལས་ཉི་དཀྱིལ་རྒྱ་ཚད་པདྨ་ལྟེ་བ་དང་མཉམ་པ་འོད་ཟེར་ཚ་བ་རྩུབ་པ་དཔག་ཏུ་མེད་པ་འཕྲོ་བ་ནི་འཇིགས་བྱེད་ཀྱི་དངོས་གདན་བསྐྱེད་པ་ཡིན་ཅིང༌། དེའི་སྟེང་དུ་ཨཿ ཡིག་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར་རེག་བྱ་བསིལ་བ་འཇམ་པའི་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ་ནི། འཇམ་དཔལ་ཁོ་ནའི་གདན་ཏེ་ཉི་མ་ལས་རྒྱ་ཅུང་ཟད་ཆུང་བའི་སྟེང་དུ་དྷཱིཿ ཡིག་དམར་སེར་ཞུ་བ་ལས་རལ་གྲི་སྔོ་སངས་རིན་པོ་ཆེའི་ཡུ་བ་སྦུབས་སྟོང་གི་ནང་དུ་ཟླ་བའི་གདན་ལ། དྷཱིཿ ཡིག་གནས་པ་རལ་གྲི་དེ་ཡོངས་སུ་གྱུར་པ་ལས། འཇལ་དཔལ་གཞོན་ནུ་གུར་གུམ་གཞོན་ནུའི་མེ་ཏོག་རྒྱས་པ་ལྟ་བུ་དམར་སེར་ཕྱག་གཡས་ཤེས་རབ་ཀྱི་རལ་གྲི་དཔུང་པའི་སྟེང་དུ་འཕྱར་ཞིང༌། ― TNT22_Page_0605 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཡོན་ཨུཏྤལ་སྔོན་པོའི་སྡོང་པོའི་རྩ་བ་ཐུགས་ཀར་མཐེབ་མཛུབ་ཀྱིས་འཛིན་ཅིང༌། སྙན་གྱི་ཐད་ཀར་མེ་ཏོག་ཁ་ཕྱེ་བའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་བསྣམས་པ་རབ་ཏུ་ཞི་བའི་སྒེག་པ་དང་བཅས་པ་རིན་པོ་ཆེའི་དབུ་རྒྱན་སྙན་རྒྱན་མགུལ་རྒྱན། ཕྱག་གདུབ་ཞབས་གདུབ་སོར་གདུབ་དོ་ཤལ་སོགས་ཀྱིས་བརྒྱན་པ། མཚན་དཔེ་རྫོགས་པ་བཅུ་དྲུག་ལོན་པའི་ན་ཚོད་ཅན་བུང་བ་ལྟར་གནག་པའི་དབུ་སྐྲའི་ཐོར་ཚུགས་ལྔ་སྟེ། དེ་ཡང་དབུ་གཙུག་ཏུ་གཅིག །དེའི་གཡས་གཡོན་དང་མདུན་རྒྱབ་ཏུ་རེ་རེ་སྟེ་ལྔ་དང་ལྡན་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའོ། །གཉིས་པ་ནི། དེའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་མཐིང་ནག་ལས་འོད་ཟེར་སྣ་ལྔ་འཕྲོས་པའི་ཕྱོགས་བཅུའི་ཞིང་ན་དེ་བཞིན་གཤེགས་པ་རིགས་ལྔ་རྣམ་སྣང་སོགས་དང༌། གཤེགས་མ་ཡུམ་བཞི་སྟེ་སྤྱན་མ་སོགས་དང༌། སེམས་དཔའ་འཇམ་དབྱངས་ས་སྙིང་ནམ་སྙིང་སོགས་དང༌། རིག་མ་སྒྲ་རྡོ་རྗེ་མ་སོགས་དང༌། ཁྲོ་བོ་བགེགས་མཐར་བྱེད་ནས་གནོད་མཛེས་ཀྱི་བར་ཏེ། སྤྱིར་འདི་དག་གི་རིགས་རྣམས་བགྲང་བ་ལས་འདས་མོད། མཚོན་བྱེད་དུ་དེ་ལྟར་བརྗོད་པའོ། །དེ་ཐམས་ཅད་འཇམ་དཔལ་ལ་ཐིམ་ཞིང༌། འཇམ་དཔལ་ཟླ་བ་དང་བཅས་པ་ཡང་ཉི་གདན་ལ་ཐིམ་པས་ཚ་ཟེར་ལྷག་པར་འབར་བ་དཔག་ཚད་འབུམ་དུ་ཁྱབ་པ། དེའི་འོད་ཟེར་གྱིས་ཨཱ་ལི་ཀཱ་ལི་རྩ་སྔགས་སྙིང་པོ་ཉེ་སྙིང་རྣམས། འབྲུག་ ― TNT22_Page_0606 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྒྲ་ལྟ་བུའི་རང་རང་གི་སྒྲ་དང་བཅས་ཏེ་མཁའ་དབྱིངས་གང་བར་བྱོན་པ་རྣམས་ཉི་མའི་སྟེང་དུ་གཅིག་ཏུ་འདུས་པ་ལས་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་ཧཱུཾ་ཡིག་ནག་པོ་ཡེ་ཤེས་ལྔ་པོ་འོད་ཟེར་ཁ་དོག་སྣ་ལྔའི་ཚུལ་དུ་འཕྲོ་བར་གྱུར། དེའི་འོད་ཟེར་གྱི་ངོ་བོ་དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་ཆེན་པོ་རྣམ་པ་རལ་གྲི་གྲི་གུག་སོགས་ཕྱག་མཚན་གྱི་རྣམ་པར་བྱོན་ཏེ་ཧཱུཾ་ལ་ཐིམ་པས། དེ་ཉིད་རྡོ་རྗེ་མཐིང་ནག་རྩེ་ལྔ་པ་རྭ་ཅུང་ཟད་གདེངས་པ་འོད་ཟེར་དཔག་ཏུ་མེད་པ་འབར་བ་སྟེ། ཁ་ཅིག་རྡོ་རྗེ་རྩེ་དགུ་ཁོ་ན་སྒོམ་པ་འཐད་ཟེར་ཀྱང༌། འགལ་བ་མེད་པས་གང་བསྒོམས་ཀྱང་ཆོག་པ་ནི་ཡིན་མོད། འོན་ཀྱང་འདིར་ནི་རྡོ་རྗེ་རྩེ་ལྔ་པ་བསྟན་པ་ཡིན་ནོ། །དེ་ལས་གོང་དུ་བསྟན་པའི་དེ་བཞིན་གཤེགས་པ་སོགས་དང༌། རྡོ་རྗེ་ཕྲ་མོ་ནམ་མཁའ་ལ་ཆར་འབབ་པ་ལྟར་སྤྲོས་པས། སྡང་བའི་དགྲ་གདུག་པ་ཅན་གྱི་བགེགས་སོགས་གནོད་བྱེད་ཐམས་ཅད་ཚར་བཅད་དེ་དག་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ལ་བཀོད། མ་དག་པའི་སྣོད་ཐམས་ཅད་དག་པའི་ཞིང་དུ་གྱུར་ཅིང་དེ་བཞིན་གཤེགས་པ་སོགས་དང༌། རྡོ་རྗེ་ཕྲ་མོ་རྣམས་དང༌། ཁྱད་པར་འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཚད་མེད་པ་སྤྱན་དྲངས། དེ་ཐམས་ཅད་གཅིག་ཏུ་གྱུར་པ་ལས། ཞེས་པ་སྟེ། འདིའི་སྐབས། བཛྲ་ས་མཱ་ཛཿ དང་རྡོ་རྗེ་བསྡུ་པའི་ཕྱག་རྒྱ་སོགས་མི་དགོས་ཡིད་ཀྱིས་སྤྱན་འདྲེན་པ་ཡིན་ནོ། །དེ་ཡང་ཞིང་སྦྱོང་གསུམ་ལ། གོང་འཇམ་དཔལ་གདན་ ― TNT22_Page_0607 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱས་བསྟིམ་པ་སྤྱི་འགྲོར་བཞུགས་ནས། ཕྱི་མ་ཧཱུཾ་དང་རྡོ་རྗེ་དང་གཅིག་ཏུ་གྱུར་པ་ལས་ཞེས་པ་རྣམས་ལ་ངོས་འཛིན་པ་དང༌། ཡང་ན་ཚ་ཟེར་བ་ཞེས་སོགས་སྐུའི་ཞིང་སྦྱོང་ངོ༌། །ཧཱུཾ་དང་གྱུར་སོགས་གསུང་གི་ཞིང་སྦྱོང༌། རྡོ་རྗེ་རྩེ་ལྔ་པ་རྭ་གདེངས་པ་སོགས་ཐུགས་ཀྱི་ཞིང་སྦྱོང༌། ཞེས་ལུགས་གཉིས་ཡོད་པ་ལས། འགལ་བ་མེད་ཅིང་འདམ་ག་ཡིན་ཀྱང༌། དཀྱུས་ཀྱི་དབང་དུ་བྱས་ན་ཕྱི་མ་འཐད་པར་མངོན་ནོ། །དག་པ་དྲན་པར་བྱེད་པ་ནི་ཉི་མ་དང་པདྨས་གང་དུ་སྐྱེ་བའི་གྲོང་སྦྱོང་བར་བྱེད། རླུང་དཀྱིལ་དང་ཟླ་བས་ནི་རང་ཉིད་གདོས་བཅས་ཀྱི་ལུས་དང་ཡིད་ལྡན་ཞིང༌། བར་དོའི་ལུས་ཀྱང་མ་གྲུབ་པའི་བར་གྱི་རླུང་སེམས་ཕྲ་མོ་དེ་སྦྱོང་བ་དང༌། དྷཱིཿ བསྒོམ་པ་ནི། གསུང་གི་རང་བཞིན་ཏེ་བར་དོའི་ངག་སྦྱོང་བ་དང༌། རལ་གྲི་ནི་ཐུགས་ཏེ་བར་དོའི་ཡིད་སྦྱོང་བ་དང༌། འཇམ་དཔལ་རྒྱུས་ནི་བར་དོས་ལུས་དབང་པོ་ཀུན་ཚང་བ་ལས་ཀྱི་རྫུ་འཕྲུལ་དང་ལྡན་པ་དེ་སྦྱོང་བ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བྱེད་པའི་རྟེན་འབྲེལ་བསྒྲིགས་པ་དང༌། རྫོགས་རིམ་གྱི་སྨིན་བྱེད་སེམས་དབེན་དང༌། སྒྱུ་ལུས་དང་ཟུང་འཇུག་གི་སྐུ་མྱུར་དུ་ཐོབ་པར་བྱེད་པའོ། །འཇམ་དཔལ་ཟླ་བ་དང་བཅས་པ་ཉི་མ་ལ་ཐིམ་པ་ནི། འཇམ་དཔལ་ནི་བར་དོའི་ལུས་ཟླ་བའི་ཁམས་ཉི་མའི་རྡུལ་དེ་དེ་གཉིས་ཀྱི་བར་དུ་ཡིད་ལུས་དེ་བརྒྱལ་ཐབས་སུ་གནས་པ་དེ་དག་སྦྱོང་བར་བྱེད་དོ། །དེ་ཡང་རང་བུར་སྐྱེས་ན་ཕ་ལ་སྡང་སེམས་དང་མ་ལ་ཆགས་སེམས་དང་ལྡན་པས་ ― TNT22_Page_0608 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཇུག་ལ། བུ་མོར་སྐྱེས་ན་མ་ལ་སྡང་སེམས་དང་ཕ་ལ་ཆགས་སེམས་དང་བཅས་ཏེ་འཇུག་གོ །དེ་ཡང་ཕའི་ཁ་སྒོ་ནས་ཞུགས། ཁམས་དང་བསྡོངས་ནས་མའི་མངལ་དུ་འཕོ་སྟེ། ནུར་ནུར་པོ་དང༌། མེར་མེར་པོ་དང༌། ཏར་ཏར་པོ་སོགས་ཧཱུཾ་དང་རྡོ་རྗེ་བསྒོམས་པས་སྦྱོང་ངོ༌། །རྡོ་རྗེ་དེ་ལས་དེ་བཞིན་གཤེགས་པ་སོགས་དང༌། རྡོ་རྗེ་ཕྲ་མོའི་སྤྲོ་བའི་མེར་མེར་པོ་སོགས་དེ་དག་སས་བརྟན་པ་དང༌། ཆུས་སྡུད་པ་དང༌། མེས་སྨིན་པ་དང༌། རླུང་གིས་རུལ་བ་སོགས་མི་འབྱུང་བར་རྒྱས་པར་བྱེད་པ་དང༌། ནམ་མཁའི་དེ་དག་གི་གོ་འབྱེད་པར་བྱེད་པ་དེ་དག་སྦྱོང་བར་བྱེད་དོ། །དེ་ནས་མའི་མངལ་དུ་ཟླ་དགུ་ངོ་བཅུ་སོགས་ལོན་ཏེ་མངལ་ནི་བཙས་པ་དེའི་ལུས་སྐྱེ་བོ་ཀུན་གྱིས་མཐོང་བ་སྟེ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུས་སྦྱོང་སྟེ། དེ་ཡང་སྐུ་མདོག་དུས་མཐའི་སྤྲིན་ལྟ་བུར་རབ་ཏུ་གནག་ལ་མུན་པ་ལྟ་བུར་ངམ་ཟ་བ། རྩ་ཞལ་མ་ཧེ་ནག་པོ་རབ་ཏུ་ཁྲོས་པ། རྭ་སྔོ་སངས་ལས་སྐྱེས་པའི་རྡོ་རྗེའི་མེས་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་པ། དེ་ནས་ཞལ་དགུ་ནི་སྐྱོ་ལུགས་སོགས་སྟེང་ཞལ་གཉིས་མ་གཏོགས་འཁོར་ཞལ་དུ་སྒོམ་པ་དང་ཁ་ཅིག་འབབ་འཁོར་ཞལ་ལ། གཡས་ཞལ་གསུམ་ལྟ་བུ། རྩ་ཞལ་གྱི་རྣ་བའི་ལྟག་དང་ལྟག་པ་གཉིས་ཀྱང༌། དབུས་སུ་སྔོན་པོ་གཡས་སུ་དམར་པོ། གཡོན་དུ་སེར་པོ། དེ་བཞིན་དུ་གཡོན་ཞལ་ལའང་སྦྱར་ཞིང༌། སྲིན་ཞལ་ལྟ་བུ་དང་འཇམ་དཔལ་བརྩེགས་མར་སྒོམ་པ་སོགས་འདུག་ཀྱང༌། འདིར་རྭ་ལུགས་ནི་ལུགས་གཉིས་ཡོད་པ་ལ། རྣམ་པ་གཅིག་ཏུ་ན་གཡས་ཀྱི་ཞལ་རྣམས་གཡས་རྭའི་ལོགས་ལ་བརྩེགས་མར་ཡོད་པ་དང༌། གཡོན་ཞལ་རྣམས་ ― TNT22_Page_0609 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཡོན་རྭའི་ལོགས་ལ་བརྩེགས་མར་སྒོམ་པ་ཞིག་རྫོགས་རིམ་གྱི་སྐབས་སུ་ཡོད་པ་དང༌། བསྐྱེད་རིམ་རྒྱུན་གྱི་རྣལ་འབྱོར་ལ་བརྩེགས་ཞལ་ཁོ་ན་སྒོམ་པ་ཡིན་ཏེ། དེ་ཡང་མ་ཧེའི་ཞལ་གྱི་སྙན་གྱི་ལྟག་ཏུ་ཤིན་ཏུ་ཁྲོས་པའི་ཞལ་སྔོན་པོ་དམར་པོ་སེར་པོ་རྣམས་སྟེང་ནས་སྟེང་དུ་བརྩེགས་པ་དང༌། གཡོན་དུ་གཡས་ཞལ་ལས་ཅུང་ཟད་ཞི་བའི་ཞལ་དཀར་པོ་དུད་ཁ་ནག་པོ་རྣམས་བརྩེགས་པ་དང༌། རྭ་གཉིས་ཀྱི་དབུས་སུ་སྲིན་པོ་ལྟ་བུའི་ཞལ་ཤིན་ཏུ་དམར་བ་ཞལ་གདངས་ཤིང་ལྗགས་འགྲིལ་བ། མཆེ་བ་རབ་ཏུ་གཙིགས་པ། ཧ་ཧ་ཕེཾ་ཕེཾ་ཞེས་དྲག་ཏུ་བཞད་པ། ཞལ་གྱི་འགྲམ་ནས་ཁྲག་འཛག་པ། དམར་ལ་ཟླུམ་པའི་སྤྱན་གསུམ་པ། ཤིན་ཏུ་ཁྲོས་ལ་ཆགས་པའི་ཉམས་ཅུང་ཟད་དང་ཡང་ལྡན་པ། དེའི་སྟེང་དུ་འཇམ་དཔལ་གཞོན་ནུའི་ཞལ་གསེར་བཙོ་མ་ལྟ་བུ་ཁྲོ་ཞིང་འཛུམ་བག་དང་ལྡན་པ་ཟུར་ཕུད་ལྔ་པ། བྱིས་པའི་རྒྱན་གྱིས་བརྒྱན་པ། ཞི་བའི་སྤྱན་གསུམ་པའོ། །སྐབས་འགའ་ཞིག་ཏུ་འཇམ་དཔལ་གྱི་ཞལ་མགྲིན་པ་དང་བཅས་སྒོམ་གསུང་བ་དག་ཀྱང་ཡོད་དེ། སྔོན་གྱི་རས་བྲིས་སོགས་ན་དབུ་བརྩེགས་པ་ཁོ་ན་སྣང་བས་དེ་ལྟར་བྱ་སྟེ། སྔ་མ་ཡང་འགལ་བར་གྱུར་པ་ནི་མ་ཡིན་ནོ། ཁྲོ་ཞལ་བརྒྱད་པོ་རྣམས་ནི་ཧ་ཧ་ཧི་ཧི་ཞེས་སོགས་རྡོ་རྗེའི་གད་མོ་དང༌། ཧཱུཾ་ཕཊ་ཀྱི་སྒྲས་སྟོང་ཆེན་པོའི་འཇིག་རྟེན་ཁྱབ་པས་དགྲ་དང༌། བགེགས་ཀྱི་ཤ་དང༌། རྐང་དང༌། ཚིལ་སོགས་ཞལ་དུ་གསོལ་བ། ཞལ་རས་རྣམ་པར་འགྱུར་ ― TNT22_Page_0610 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་ཁྲོ་གཉེར་རབ་ཏུ་བསྡུས་པ་སྨིན་མ་འཁྱོག་པོར་གཅུས་པ། སྐྲ་སེར་གྱེན་དུ་འབར་བ། དམར་ཞིང་ཟླུམ་པའི་སྤྱན་གསུམ་པོ་རྣམས་སྡང་མིག་གིས་ལྟ་ཞིང་མྱུར་དུ་བཟློགས་པ། མེ་རྟག་ལྟ་བུ་རྣོ་ཞིང་ཚ་བ་རྩུབ་པའི་འོད་ཟེར་འབར་བའི་སྨིན་རྫི་དང་སྨ་ར་དང་བ་སྤུ་ཅན། འཇིག་རྟེན་འཇིག་རྟེན་ལས་འདས་པ་དང་མ་འདས་ལྷ་ཐམས་ཅད་ལ་རབ་ཏུ་བསྡྀགས་པ། ཞལ་བརྒྱད་པོ་རབ་ཏུ་རྣོ་བས་མཆེ་བ་བཞི་བཞི་དང་ལྡན་པ། ལྗགས་འགྲིལ་བ་ཚམས་རྔམ་གྱི་སྒྲ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་པའམ་བསྐལ་པ་འཇིག་པའི་རླུང་གི་སྒྲ་ལྟ་བུ་བདུད་ཀྱི་སྡེའི་སྙིང་འགས་པར་བྱེད་པ། ལང་ཚོ་ལ་བབ་པ་སྐུ་ལས་སྤྲུལ་པའི་ཕོ་ཉ་གདོང་སྣ་ཚོགས་དང་ལྡན་ཞིང༌། ཕྱག་མཚན་སྣ་ཚོགས་ཐོགས་པ། མདོག་སྣ་ཚོགས་སུ་འདུག་པ་དཔག་ཏུ་མེད་པ་སྤྲོ་ཞིང་སྡུད་པ། སྐུ་ལས་ཤིན་ཏུ་ཆེ་བ། ཡན་ལག་ཉིང་ལག་རྣམས་སྦོམ་ཞིང་ཐུང་བ་ཧྲག་པ་འཁྲེགས་བག་དང་ལྡན་པ། གསུས་ཁྱིམས་ཆེ་བ། ལིངྐ་རབ་ཏུ་རྒྱས་པ་གྱེན་དུ་བསྒྲེང་བའོ། །ཕྱག་གསུམ་ཅུ་རྩ་བཞིའི་དང་པོ་གཉིས་ཞེས་པ་ནས། གླང་ལྤགས་ཀྱི་བར་སྒྲུབ་ཐབས་ལྟར་བསྐྱེད་པ་ལས། ཕྱག་མཚན་འཕང་མདུང་ནི་རྩེ་མཚོན་གྱི་རྣམ་པ་མདུང་སོ་ལྟ་བུ་ལ། མཇུག་ཏུ་རྨ་བྱའི་སྒྲོ་ཕོད་ཡོད་པ་ཞིག་ཡིན་ལ། གཏུན་ཤིང་ནི་ཤིང་སྦོམ་ཐུང་སྐེད་པ་ཤིན་ཏུ་ཕྲ་བ་ཞིག་དང༌། རྡོ་རྗེ་རྩེ་གཅིག་ནི་ཀ་ན་ཡ་ཞེས་ཟེར་ཏེ། ཤིང་འདོམ་གང་ཙམ་གྱི་རྩེ་གཉིས་པོ་འཁོར་ལོ་རེ་རེ། ཤིང་རྩེ་ ― TNT22_Page_0611 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་འཁོར་ལོ་དག་ལས་འཐོན་པའི་མཚོན་མདུང་སོའི་དབྱིབས་ཅན། ཤིན་ཏུ་རྣོ་བ་མཐོ་གང་ཙམ་རེ་ཡོད་པ་ཞིག་གོ །དབྱུག་པ་ནི་རྡོ་རྗེས་མཚན་པའོ། ཁ་ཊྭཱཾ་ནི་མགོ་བོ་རྣམ་པ་གསུམ་བརྩེགས་པར་ཡོད་པ་སྟེ་སྤྱི་དང་འདྲའོ། །འཁོར་ལོ་ནི་རྩིབས་བརྒྱད་དམ་དྲུག་དང་ལྡན་པའི་མཚོན་པའི་འཁོར་ལོ་ངར་དང་ལྡན་པའོ། །རྔེའུ་ཆུང་ནི་ཌཱ་མ་རུའོ། །མགོ་བོ་ནི་བདུད་ཀྱི་སྟེ་རློན་པ་ཁྲག་འཛག་པ་ཞིག་གོ །མེ་ཐབ་ནི་ཟུར་གསུམ་པའོ། །ཐོད་ཚལ་ནི་མིའི་མགོ་བོ་དུམ་བུ་ཤ་ལྤགས་སྐྲ་དང་བཅས་པ་ནང་བདུད་རྩིས་གང་བ་སྟེ། སྔགས་པ་རྣམས་ཀྱི་བནྡྷ་ཟེར་བ་འདི་ལྟ་བུ་ཡིན་པར་མངོན་ནོ། །སྡིགས་མཛུབ་ནི། ཁ་ཅིག་མི་ལག་སྡིགས་མཛུབ་ཅན་ཞིག་ཕྱག་གིས་བཟུང་བ་ཡིན་ཟེར་ཀྱང༌། རང་ལུགས་ཕྱག་གིས་སྡིགས་མཛུབ་མཛད་པའོ། །བ་དན་ནི་འཕན་རྩེ་གསུམ་པའོ། །རླུང་རས་ནི་ཁ་དོག་ལྗང་གུ་རླུང་གི་རང་བཞིན་ཅན་བསྐྱོད་པ་ཞིག་གོ །ཐ་མ་གཉིས་ཀྱིས་ནི་གླང་ལྤགས་རློན་པ་ཁྲག་འཛག་པ་སྐུ་སྟོད་ཀྱི་ཕྱོགས་སུ་ཕྱར་ཏེ་སྐུ་ལ་མ་འབྱར་བ་སྟོད་གཡོགས་ཀྱི་ཚུལ་དུ་འཛིན་པའོ། །གཞན་རྣམས་གོ་སླའོ། །ལ་ལི་ཏ་དང༌། ཨ་མོ་གྷ། སློབ་དཔོན་ཨ་བོ་སོགས་ཀྱིས་དང་པོའི་ཕྱག་གིས་གླང་ལྤགས་འཛིན་པར་གསུངས་པ་ནི། རྒྱབ་ཀྱི་ཕྱག་ནས་བརྩམ་སྟེ་བསྒྲིགས་པར་མངོན་ལ་དང་པོ་ཡིན་ཚད་རྩ་ཕྱག་ཡིན་པའི་ངེས་པ་མེད་དོ། །འདིར་ནི་རྩ་ཕྱག་ནས་བརྩམ་སྟེ་བཤད་པའོ། །ཞབས་རྣམས་བྲིས་ཐང་སོགས་ལ་ ― TNT22_Page_0612 ―
[མ་དཔེ་གཟིགས་ན་འདིར་གནོན།]
བརྒྱད་བརྐྱང་བསྐུམ་དང༌། བརྒྱད་གར་སྟབས་སུ་བྱས་པ་ཡོད་པའང་འདུག་ཀྱང་དེ་དག་ནི་སྟབས་མ་བདེ་བའི་ཕྱིར་དེ་ལྟར་བྱས་པ་ཡིན་ལ། སྒོམ་པའི་སྐབས་སུ་གཡས་བརྒྱད་བསྐུམ་ཞིང་གཡོན་བརྒྱད་ལྷག་པར་བརྐྱང་བ་སྒོམ་པའོ། །དེ་ཡང་གཡས་ཀྱི་ཞབས་རེ་རེས་མི་ནས། ཝའི་བར་ཏེ་གདོན་བརྒྱད་ཀྱི་ངོ་བོ་ཡིན་ལ་གདོན་བརྒྱད་ནི་ཕྱོགས་སྐྱོང་བ་བརྒྱད་དོ། །གཡོན་རྣམས་ཀྱི་བྱ་རྒོད་ནས། བཞད་ཀྱི་བར་ནི་ནད་བརྒྱད་ཀྱི་ངོ་བོ་སྟེ། བཞད་ནི་བོད་དུ་མི་འབྱུང་ངོ༌། །དེ་རྣམས་ཀྱི་འོག་ཏུ་བདུད་བཞི་གདོང་དྲུག་ལ་སོགས་པ་རྣམས་ཁ་སྦུབ་ཏུ་བསྒྱེལ་ནས་མནན་པ། སྐུ་གཅེར་བུ་ཤིན་ཏུ་གཏུམ་པ་ཞལ་བརྒྱད་ལ་ཐོད་པ་ལྔ་ལྔས་བརྒྱན་པ། སྤྲུལ་ནག་དང་མི་མགོ་ཁྲག་འཛག་ལྔ་བཅུ་རྒྱུ་རློན་ལ་བརྒྱུས་ཏེ་དོ་ཤལ་བྱས་པ། འཁོར་ལོའི་སྙན་རྒྱན་སོགས་རུས་པའི་རྒྱན་དྲུག་དང༌། ཁྲག་གི་ཐིག་ལེ་དང་ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུས་བརྒྱན་པ། བསྐལ་བ་འཇིག་པར་ནུས་པའི་མེ་ལྟ་བུའི་ཀློང་ནས་བཞུགས་པ་འདོད་པའི་ཁམས་དང༌། གཟུགས་ཁམས་དང་གཟུགས་མེད་ཁམས་རྣམས་ཀྱི་བལྟ་བར་ཡང་མི་བཟོད་པའི་དམ་ཚིག་སེམས་དཔའ་ཉིད་དུ་བསྒོམ་པར་བྱའོ། །འདི་ལྟར་སྐུ་ཡོངས་རྫོགས་ཀྱི་དག་པ་ནི། འཁོར་ལོ་སྡོམ་པ་སྒྲོལ་བའི་མགོན་པོའི་མཛད་པར་བལྟ་ཞིང་སེམས་པར་བྱའོ། །དེ་ལྟ་བུའི་ཐུགས་ཀར་པད་ཟླའི་སྟེང་དུ་ཡེ་ཤེས་སེམས་དཔའ་བསྟིམས། གཞི་འཇམ་དཔལ་སྐུ་མདོག་སོགས་རྒྱུ་རྡོ་རྗེ་འཛིན་པ་ལྟ་བུ་དང༌། སྤྲོ་ན་དེའི་ ― TNT22_Page_0613 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐུགས་ཀར་རྡོ་རྗེ་ནག་པོ་རྩེ་དགུ་པའི་རྩེ་ལྔ་པའི་ནང་དུ་ཉི་དཀྱིལ་གྱི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ནག་པོ་བསྒོམ་ཞིང་བསྡུས་ན་ཧཱུཾ་ཁོ་ན་བསྒོམ་མོ། །དེ་ནས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ན། ཐལ་ཐམས་ཅད་ལ་སྦྱོར་བ་བྱུང་མོད། རང་ལུགས་ནི་རྩ་ཞལ་ཁོ་ནའི་མིག་གཡས་གཡོན་གྱི་དབུས་སུ་ཀྵིཾ་དཀར་པོ་ཁ་ཕྱིར་བསྟན་པ་འོད་ཟེར་འཕྲོ་བ་སྟེ། ས་སྙིང་དངོས་ཀྱི་འདུ་ཤེས་དང༌། དེ་བཞིན་དུ་རྣ་བ་གཉིས་ཀྱིས་ཁུང་བུར་ཛྲིཾཿསྔོན་པོ་ཕྱག་ན་རྡོ་རྗེ་སོགས་ཐམས་ཅད་ལ་འགྲེས་སོ། །སྣ་བུག་གིས་རྩེའི་ནང་ངམ་འདོམ་སོ་ལ་ཁཾ་སེར་པོ་ནམ་མཁའི་སྙིང་པོ་དང༌། ལྕེ་རྩར་གཾ་དམར་པོ་འཇིག་རྟེན་དབང་ཕྱུག་དང༌། དཔྲལ་བའི་མཐོང་སམ་སྐྲ་མཚམས་སུ་སྐཾ་ལྗང་ཁུ་སྒྲིབ་སེལ་དང༌། ལྟེ་བར་སཾ་དཀར་པོ་ཀུན་ཏུ་བཟང་པོ་སྟེ། ཀུན་རྫོབ་ཏུ་སྦྱར་ན་དཔྲལ་བ་དང་ལྟེ་བའི་འདི་ཤ་ལྤགས་མཚམས་སུ་སྒོམ་པར་བྱེད་ཀྱང༌། ལྷ་སྐུ་ནི་གདོས་བྱེད་དང་བྲལ་བའི་ཚད་གཞལ་བར་བྱ་མི་དགོས་སོ། །སྤྱི་བོའི་དབུས་སུ་ཨོཾ་དཀར་པོ་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ། མགྲིན་པའི་དབུས་སུ་ཨཱཿ དམར་པོ་གསུང་རྡོ་རྗེ། སྙིང་ཁའི་དབུས་སུ་ཧཱུཾ་ནག་པོ་ཐུགས་རྡོ་རྗེ་སྟེ། དེ་གསུམ་ཡང་ཡི་གེ་གསུམ་འདུས་པ་སྟེ། བདེ་གསལ་མི་རྟོག་པའི་ངོ་བོའོ། །ཧཱུཾ་དེ་ལས་འོད་ཟེར་མཁའ་དབྱིངས་ཁྱབ་པར་སྤྲོས་པས། གདོད་མ་ནི་གྲུབ་པ་འོག་མིན་གྱི་གནས་ནས་རྡོ་རྗེ་འཇིགས་བྱེད་ ― TNT22_Page_0614 ―
[མ་དཔེ་གཟིགས་ན་འདིར་གནོན།]
སངས་རྒྱས་བྱང་ཆུབ་དཔག་ཏུ་མེད་པ་དང་བཅས་པ་བཛྲ་ས་མཱ་ཛཿ རྡོ་རྗེ་བསྡུ་བའི་ཕྱག་རྒྱས་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་མཆོད་པ་ལྔ་ཕྱག་རྒྱ་དང་བཅས་པས་མཆོད་ཅིང་སྙིང་ཁ་ནས་མཆོད་ཚོགས་དཔག་ཏུ་མེད་པ་སྤྲོའོ། །དེ་ནས། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །ཅེས་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད། བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཞེས་གཙོ་བོ་ལ་བོས་ཏེ། དབང་བསྐུར་བར་གསོལ་བ་བཏབ་པས། དབང་ལྷ་རིགས་ལྔས་དབང་བསྐུར། གཤེགས་མ་བཞིས་ཁྲུས་གསོལ། སེམས་དཔའ་དྲུག་གམ་བརྒྱད་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་དང༌། རོལ་མོའི་སྒྲ་བསྒྲག །གཟུགས་རྡོ་རྗེ་མ་སོགས་ཀྱིས་ཡང་དག་པར་མཆོད། ཁྲོ་བོ་ཁྲོ་མོས་བགེགས་ཐམས་ཅད་བསྐྲད་ཅིང༌། སངས་རྒྱས་རྣམས་ནི་སོགས་གསུང་ཞིང་དབང་བསྐུར་བ་སྟེ། དེའི་དོན་ནི། སངས་རྒྱས་ཐམས་ཅད་ཀྱིས་སྐུ་གསུང་ཐུགས་ཀྱི་གསང་བ་ལས་བྱུང་གཟུགས་གཟུགས་མེད་འདོད་ཁམས་ཏེ་ཁམས་གསུམ་གྱིས་ཕྱག་བྱས་པའི་དབང་དེ་ཁྱོད་ལ་དབང་བསྐུར་བར་བྱའོ། །ཞེས་སོ། །ཨོཾ་སརྦ་ཏཱ་ཐཱ་ག་ཏ་ཞེས་སོགས་གསུང་ཞིང་ཡེ་ཤེས་ཀྱི་ཆུས་དབང་བསྐུར་ལུས་ཐམས་ཅད་གང༌། རྡོ་རྗེ་ཁྲོ་བོའི་མཐུ་སྟོབས་ཐམས་ཅད་ལ་དབང་བར་བྱས། སྡིག་སྒྲིབ་ཐམས་ཅད་ཡང་དག་པར་སྦྱངས་ཏེ། ཆུའི་དྭངས་མ་ཡར་ལུད་ནས། རྩ་ཞལ་གྱི་སྤྱི་བོར་འཁྱིལ་བ་ལ། མི་བསྐྱོད་པར་གྱུར་ནས་དབུ་ ― TNT22_Page_0615 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱན་གྱུར་པར་བསམ་མོ། །དེ་ལྟར་དབང་བསྐུར་བའི་ལས་ཡེ་ཤེས་པ་དེ་ཉིད་ཀྱིས་མཛད་ཟིན་པ་ན། བཛྲ་ཨཾ་གུ་ཤ་ཛཿ ཞེས་ཕྱག་དང་བཅས་པས་མདུན་དུ་བྱོན་པར་བསམ། དེ་བཞིན་དུ་པ་ཤ་ཞེས་པའི་ལུས་ལ་གཞུགས། སྤོ་ཊ་ཞེས་པའི་དམ་ཡེ་འབྲལ་མེད་དུ་བཅིངས། གཎྜེ་ཞེས་པས་མཉེས་པར་བྱེད་པ་སྟེ། དགུག་གཞུག་ཀྱང་མི་མཉེས་བཞིན་དུ་མ་ཡིན་གྱི་མཉེས་པ་དང་བཅས་པས་སོ། །དེ་ནས་སྔར་སེམས་དཔའ་གསུམ་བརྩེགས་བསྒོམས་པ་མེད་ན་སྐབས་འདིར་ངེས་པར་གསལ་འདེབས་དགོས་ལ། སྔར་ཡོད་ན་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པའི་ཡིག་འབྲུ་དམིགས་བཅས་དྲན་པ་ཙམ་གྱིས་ཀྱང་ཆོག་སྟེ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གནས་གསུམ་དུ་གཏུགས་ཏེ། ཧྲཱིཿ ཥྟིཿ རེ་རེ་བརྗོད་དོ། །དག་པ་ནི། མའི་མངལ་ནས་བཙས་ཏེ་སྐྱེ་བོ་ཀུན་གྱིས་མཐོང་བའི་ལུས་དེ་ནི་བཅོམ་ལྡན་འདས་ཀྱི་སྐུས་སྦྱོང་ཞིང༌། སྤྲུལ་པའི་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པ་དང༌། སྨིན་བྱེད་ཟུང་འཇུག་ཁ་སྦྱོར་མྱུར་དུ་ཐོབ་པ་དང༌། སྐྱེ་མཆེད་གནས་གསུམ་བྱིན་རླབས་ཀྱི་ལུས་ཆེར་སོང་ཞིང་ཁམས་རྒྱས་པའི་སྐབས་སྦྱོང༌། རྒྱས་བཏབ་ཀྱི་རང་རིགས་ཀྱི་བྱེད་ལས་རྣམས་སྦྱོང་བར་བྱེད་དོ། །དེ་ནས་བདག་ཉིད་ལ་མཆོད་པར་བྱ་བ་ནི། རང་གི་སྙིང་ག་ནས་གཟུགས་རྡོ་རྗེ་མ་སོགས་ལྔ་དང༌། སྒེག་མོ་ལྷ་མོ་བརྒྱད་སྤྲོས་ནས་རང་ཉིད་ལ་མཆོད་པར་བསམ་སྟེ། སྔགས་ཕྱག་རྒྱ་ཏིང་ངེ་འཛིན་དང་བཅས་པ་བྱའོ། །དེ་ནས་གཟུགས་སྒྲ་ལ་སོགས་པ་ངག་ཏུ་བརྗོད་ ― TNT22_Page_0616 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ། དེའི་དོན་ནི། གཟུགས་སྒྲ་སོགས་ཀྱི་མཆོད་པར་འདུག་ཀྱང༌། དངོས་འཛིན་མེད་ཅིང་ནམ་མཁའ་ལྟ་བུ་ཡིན་ཀྱང༌། ལོངས་སྤྱོད་ཀྱི་རྣམ་གྲངས་དུ་མར་སྣང་སྟེ། དཔེར་ན་ཚོན་སྣ་ལྔ་ཞིག་གིས་སྟེང་དུ་ཤེལ་གཡའ་དག་པ་དཀར་པོ་ཞིག་བཞག་ན། དེ་ཚོན་མདོག་ཇི་བཞིན་དུ་སྣང་བ་ལྟ་བུའི་འདོད་ཡོན་དེ་དང་དེ་ལ་རྟག་ཏུ་སྤྱོད་པར་ཤོག །ཨ་ལ་ལ་ཧོཿ ཞེས་ངོ་མཚར་བའི་ཚིག་དང༌། མཆོད་པ་འདི་དག་ལ་རོལ་ཞིང་ལོངས་སྤྱོད་དུ་གསོལ། ཞེས་པ་སྟེ། དེ་ཡང་མཆོད་པ་དེ་དག་འཛིན་པ་མེད་པ་སྒྱུ་མ་ལྟ་བུ། དབང་ཡུལ་དུ་འགག་པ་མེད་པར་རིག་པ། དོན་དམ་པར་མིག་ཡོར་ལྟ་བུ་དེ་ལ་རོལ་ཏེ་ཧོཿ ཞེས་ཆགས་ཚིག་གིས་བསྐུལ་ནི། དོན་དམ་པར་ཆགས་པ་དང་བྲལ་ཡང་རྣམ་པར་ཆགས་པར་མཛོད། ཨོཾ་སརྦ་སོགས། ཀོ྅་ཧཾ་གི་བར་ཏེ། དེའི་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་རྡོ་རྗེའི་རང་བཞིན་བདག་ཉིད་ངའོ། །ཞེས་སོགས། དེ་ལྟར་མཆོད་ནས་ལྷ་མོ་རྣམས་སླར་ཡང་རང་གི་སྙིང་གར་བསྡུས། དེ་ནས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རང་ཉིད་ལ་བསྟོད་པར་བསམས་ཏེ། དུད་ཁྲོད་ཅེས་པ་ནས། འདུད་ཅེས་པའི་བར་བརྗོད་དོ། །དེའི་དོན་ནི་དུར་ཁྲོད་ཀྱི་རྒྱན་གྱི་རབ་ཏུ་བརྒྱན་པ་ཞེ་སྡང་གཤིན་རྗེ་གཤེད་ཁྱོད་ངོ་བོ་བདེ་བ་ཆེན་པོ་སྤྲོས་པ་དང་བྲལ་བ་ནམ་མཁའ་ལྟ་བུ་ཡིན་ཡང༌། ཐུགས་རྗེ་ཆེན་པོའི་འགྲོ་བའི་དོན་དུ་སྤྲུལ་པའི་སྐུ་ཡེ་ཤེས་ཆེན་པོའི་ཁྲོ་བོ་རབ་ཏུ་ ― TNT22_Page_0617 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཁྲོས་པས། སྐུ་མདོག་དུད་ཁ་དང་མུན་པ་ལྟ་བུ་གནག་ཅིང་ངམ་ཟ་བ་ཁྱོད་ལ་འདུད། ཅེས་པ་སྟེ། ཨོཾ་སརྦ་ནས་ཀོ་ཧཾ་ཏེ་དེའི་དོན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟོད་པ་རྡོ་རྗེའི་རང་བཞིན་བདག་ཉིད་ངའོ། །ཞེས་སོ། །དེ་ནས་རྗེས་ཆགས་ཀྱི་བདེ་བ་བསྒོམ་པ་ནི། འཁྱུད་རྒྱ་བྱས་ལ། ཨོཾ་ཨཱཿཧཱུཾ་ཞེས་ཡུམ་རྡོ་རྗེ་རོ་ལངས་མ་སྤྲོས་ནས་རང་ལ་འཁྱུད་རྡོ་རྗེ་པདྨའི་སྦྱོར་བས་བདེ་བ་སྒོམ་པར་བྱེད་དོ། །ཨོཾ་སརྦ་ནས། ཀོ྅་ཧཾ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་རྡོ་རྗེ་རང་བཞིན་བདག་ཉིད་ངའོ། །སྭ་བྷཱ་ཝས་སྦྱངས་ཏེ། མདུན་དུ་རླུང་དཀྱིལ་ཟླ་གམ་བཅད་ཁ་རང་ལ་བསྟན་ཅིང༌། ཆང་ཟུང་གཡོ་བའི་བ་དན་ཅན། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བས་མཚན་པ། དེའི་སྟེང་དུ་ཀཾ་གསུམ་ཡོངས་སུ་གྱུར་པ་ལས་མི་མགོའི་སྒྱེད་བུ་གསུམ་གྱིས་སྟེང་དུ་ཐོད་པ་ཤིན་ཏུ་རྒྱ་ཆེ་བ་དཔྲལ་བ་རང་ལ་བསྟན་པ། དེའི་ས་བོན་ན་ལས་མིའི་ཤ་ཡ་ཡིག་གིས་མཚན་པ་སོགས་ཏེ། ཡ་ནི་གཤིན་རྗེ་གཤེད། ཀྵེ་ནི་གཏི་མུག་གཤིན་རྗེ་གཤེད། མ་ནི་སེར་སྣ་གཤིན་རྗེ་གཤེད། མེ་འདོད་ཆགས་གཤིན་རྗེ་གཤེད། དྷ་ཕྲག་དོག་གཤིན་རྗེ་གཤེད། དབུས་ཀྱི་སྟེང་དུ་ཤུ་ལས་བྱང་སེམས་ཧཱུཾ་གིས་མཚན་པ་སོགས་ཏེ། ཧཱུཾ་ནི་རྡོ་རྗེ་རོ་ལངས་མ། ཛ་ནི་ཙརྩི་ཀ །ས་ནི་ཕག་མོ། དོ་ནི་དབྱངས་ཅན་མ། རུ་ནི་གཽ་རི་ཏི། རིགས་ལྔ་ཡུམ་དང་བཅས་པའི་ས་བོན་ནོ། །རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་ ― TNT22_Page_0618 ―
[མ་དཔེ་གཟིགས་ན་འདིར་གནོན།]
རླུང་གཡོས་མེས་སྦར་ཏེ་ཤ་བདུད་རྩི་ཡི་གེ་རྣམས་ཞུ་ཞིང་ཁོལ་ཏེ། སྤྲིས་མ་སྣ་ཚོགས་རྡོ་རྗེའི་ཚུལ་དུ་གྱུར་པའི་ལྟེ་བར་ཞེ་སྡང་གཤིན་རྗེ་གཤེད་ནག་པོའམ་སྔོན་པོ། དེ་བཞིན་དུ་ཤར་གྱི་དཀར་པོ། ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་ཁུ་རྣམས་ཡིན་ལ། དེ་ནས་རྒྱ་མཚོ་ཆེན་པོར་གྱུར་ཅེས་པའི་བར་བསམ་ཞིང་བརྗོད་པ་སྟེ། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཞེས་བྱིན་གྱིས་བརླབས་ནང་མཆོད་དངོས་སུ་ཡོད་ན་མྱང༌། མེད་ན་དམིགས་པའི་རང་ཉིད་རྡོ་རྗེ་འཇིགས་བྱེད་དངོས་ཡིན་སྙམ་པའི་ང་རྒྱལ་བརྟན་པ་དང༌། ཕྱག་རྣམས་བྱང་ཕྱོགས་སོ་བདུན། ཞབས་སྟོང་ཉིད་བཅུ་དྲུག་སོགས་སྐུའི་དག་པ་དྲན་པར་བྱེད་པའོ། །དེ་ཡང་ལྷ་སྐུ་སྣང་བ་དེ་ལྟ་བུས། རང་ལུས་མགོ་གཅིག་ལག་པ་གཉིས་པའི་སྣང་བ་འདི་སྦྱོང་བ་དང༌། ང་རྒྱལ་བརྟན་པོས་བདག་ཏུ་ཞེན་པ་སྦྱོང་བར་བྱེད་དོ། །རྩ་བའི་གསུམ་པ་རྗེས་ནི། རང་གི་སྙིང་ཁའི་ས་བོན་ལས་འོད་ཟེར་འཕྲོས། ཁམས་གསུམ་གྱི་སྣོད་ཐམས་ཅད་གཞལ་ཡས་ཁང་དང༌། བཅུད་ཐམས་ཅད་ལྷའི་རང་བཞིན་དུ་བྱ་སྟེ། ཐམས་ཅད་བདག་གིས་སྒོམ་པའི་བསྲུང་འཁོར་ལ་ཐིམ། བསྲུང་འཁོར་དུར་ཁྲཽད་ཁྲག་མཚོ་ཡང་གཞལ་ཡས་ཁང་ལ་ཐིམ། རང་གི་ཞལ་ཕྱག་ལྷག་མ་རྣམས་ཀྱང་རྩ་བའི་ཞལ་ཕྱག་ལ་ཐིམ། དེ་ཡང་འོད་གསལ་དུ་ཞུ་བར་བསམ་ནས་ཅུང་ཟད་མཉམ་པར་བཞག །འདིས་ནི་འཆི་བ་སྦྱོང་ཞིང་ཆོས་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པ་དང༌། དེས་དོན་གྱི་འོད་ ― TNT22_Page_0619 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསལ་མངོན་དུ་བྱེད་པར་འགྱུར་རོ། །དེ་ནས་བསྲུང་བ་ནི། སྟོང་པའི་ངང་དེ་ལས་སླར་ཡང་རང་ཉིད་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་ཀྲོང་གྀས་སོང་བའི་མིག་ཏུ་ཀྵིཾ་ནས། སཾ་གིས་བར་གོང་བཞིན་བསྒོམས་པ་སྟེ། སྨོན་ལམ་ཅི་རིགས་བཀྲ་ཤིས་དང་བཅས་པ་བརྗོད་པའོ། །ཞེས་པ་རྡོ་རྗེ་འཇིགས་མཛད་ཀྱིས་སྒྲུབ་ཐབས་སྙིང་པོའི་འབྲུ་ནོན་བརྗེད་ཐོ་ཟིན་བྲིས་མདོ་ཙམ་འདི་ནི་རྡོ་རྗེ་འཆང་ཆེན་པོ་ཏཱ་ར་ནཱ་ཐས་ཞབས་རྡུལ་སྤྱི་བོར་ལེན་པའི་དགེ་སློང་རིན་ཆེན་རྒྱ་མཚོས་བགྱིས་པའོ། །སརྦ་མངྒལཾ།། དགེའོ།། །།འདིར་བཞེངས་རབ་དཀར་བསོད་ནམས་ཀྱིས། །འབྲེལ་ཐོགས་ཡོད་ཚད་ལ་ཕན་ཏེ། །གནས་སྐབས་མཐར་ཐུག་ལེགས་ཚོགས་ཐོབ། །རིང་མིན་གཏན་བདེ་དབང་གྱུར་ཅིག། །། |