མ་གཅིག་རྣམ་ཐར་ཨུཏྤལ་ཕྲེང་བ།
མ་གཅིག་རྣམ་ཐར་ཨུཏྤལ་ཕྲེང་བ་ཞེས་བྱ་བ་བཞུགས་པའི་དབུ་ཕྱོགས་ལགས་སོ། །
ན་མོ་པྲཛྙཱ་པཱ་ར་མི་ཏ་ཡེ། འཕགས་བཞི་བསྐྱེད་མཛད་ཤེར་ཕྱིན་རྒྱལ་བའི་ཡུམ། །རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ནས། །དེ་ཡི་སྤྲུལ་པ་ལབ་སྒྲོན་རྣམ་ཐར་བྲི། །ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ། །དཀྱིལ་འཁོར་ཀུན་ཡུམ་རྡོ་རྗེ་རྣལ་འབྱོར་མ། །རྡོ་རྗེ་ཕག་མོ་རྡོ་རྗེ་བདག་མེད་མ། །མཚན་གྱི་རྣམ་གྲངས་མང་ཡང་ངོ་བོ་གཅིག །དེ་ཉིད་ཁྲོ་མོ་མཐིང་ཁ་ཕྱག་གཉིས་མ། །བཞེངས་པའི་མིང་ནི་རྡོ་རྗེ་སྒྲོལ་མ་སྟེ། །དེ་ཡི་ཐུགས་ལས་ཐིག་ལེ་ཚུ་ཡིག་བཅས། །འཕྲོས་པ་ལས་བྱུང་གཞལ་ཡས་ཁང་ཆེན་དབུས། །ཡུམ་ཆེན་གསེར་མདོག་ཕྱག་
བཞི་པ་གཅིག་ལ། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བསྐོར། །རྟག་ཏུ་ཆོས་ཀྱི་རང་སྒྲ་སྒྲོགས་པར་སྤྲུལ། །ཞིང་ཁམས་དེ་ལ་འོག་མིན་ཞེས་སུ་གྲགས། །ཡུམ་ཆེན་ཐུགས་ལས་སྤྲུལ་པ་དཔག་མེད་འཕྲོས། །རྡོ་རྗེ་སྒྲོལ་མའི་ཐུགས་ལས་ཧཱུྃ་མཐིང་འཕྲོས། །དོན་གཉིས་བྱས་ནས་ཡུམ་ཆེན་ཐུགས་ཀར་ཐིམ། །རྡོ་རྗེ་ཁཊྭཱཾ་གྲི་གུག་མཚན་པ་བྱུང་། །དེ་ལས་རྡོ་རྗེ་དབྱིངས་ཕྱུག་མ་སྔོན་པོ། །ཞལ་གཅིག་ཕྱག་བཞི་འཁོར་ཚོགས་དཔག་མེད་བཅས། །སྤྲུལ་པ་གྲངས་མེད་འགྲོ་བའི་དོན་ལ་འགྱེད། །ཐུགས་སྤྲུལ་ཁྲོས་མ་བདུད་འདུལ་ལྷ་ལྔར་
སྤྲུལ། །ཨོ་རྒྱན་དབུས་ཀྱི་སྟེང་གི་ཕོ་བྲང་བཞུགས། །རྡོ་རྗེ་སྒྲོལ་མ་ཡུམ་ཆེན་དབྱིངས་ཕྱུག་མ། །བདུད་འདུལ་མ་སྟེ་རྩ་བའི་མཁའ་འགྲོ་བཞི། །ཐ་མལ་པ་ཡིས་མཐོང་བར་མི་ནུས་སོ། །བདུད་འདུལ་མ་ཡི་ཐུགས་སྤྲུལ་གསེར་གླིང་མ། །སེར་མོ་གཙོ་འཁོར་ལྔ་སྤྲུལ་ཨོ་རྒྱན་བྱོན། །གསེར་གླིང་མ་ཡི་ཐུགས་སྤྲུལ་སྔོན་མོ་གཅིག །སྲིད་རྩེའི་འོག་མིན་དུ་བྱོན་འཕགས་པ་ཡི། །གཙང་མའི་གནས་སུ་འགྲོ་དོན་དཔག་མེད་མཛད། །སྔོན་མོ་དེ་ཡི་ཐུགས་སྤྲུལ་དམར་མོ་གཅིག །ཚངས་རིས་གཟུགས་ཁམས་བཅུ་གཉིས་འགྲོ་དོན་མཛད། །དམར་མོ་དེ་ཡི་ཐུགས་སྤྲུལ་དཀར་མོ་གཅིག །གཞན་འཕྲུལ་འཕྲུལ་དགའ་དགའ་ལྡན་འགྲོ་དོན་མཛད། །དཀར་མོ་དེ་ཡི་ཐུགས་སྤྲུལ་སེར་མོ་གཅིག །མཐའ་བྲལ་སུམ་རྩེན་རྒྱལ་ཆེན་རིགས་བཞིའི་ལྷ། །འགྲོ་དོན་མཛད་ཅིང་སེར་མོ་དེ་ཉིད་ཀྱིས། །ཐུགས་སྤྲུལ་ལྗང་མོ་ཨོ་རྒྱན་ཡུལ་དུ་བྱོན། །སྤྲུལ་པས་གནས་ཆེན་རྣམས་སུ་འགྲོ་དོན་མཛད། །ལྗང་མོའི་ཐུགས་སྤྲུལ་མཁའ་འགྲོ་སེར་མོ་གཅིག །གཞོང་ཐོགས་ཕྲེང་ཐོགས་རྟག་མྱོས་རྒྱལ་ཆེན་བཞི། །སུམ་རྩེན་མཐའ་བྲལ་བར་བྱོན་འགྲོ་དོན་མཛད། །སྤྲུལ་པ་
གྲངས་མེད་བསྒྲུངས་བར་མི་ནུས་ཀྱང་། །གསེར་གླིང་མ་ནས་བཟུང་སྟེ་སྐྱེ་རྒྱུད་ནི། །བསྐལ་པ་འདི་ལ་སངས་རྒྱས་མ་བྱོན་སྔོན། །སྐྱེ་བ་སུམ་ཅུ་སོང་ཞིང་དེ་བཞིན་ཏུ། །འཁོར་བ་འཇིག་གི་བསྟན་ལ་ཉེར་གཉིས་དང་། །གསེར་ཐུབ་བསྟན་ལ་སྐྱེ་བ་ཉི་ཤུ་གཅིག །འོད་སྲུང་བསྟན་ལ་ཉི་ཤུ་ཐམ་པ་སྟེ། །ཤཱཀ་ཐུབ་བསྟན་ལ་སྐྱེ་བ་བཅུ་བཞིར་བཅས། །ལབ་སྒྲོན་ཡན་ཆད་བརྒྱ་དང་བདུན་ཡིན་ཏེ། །འགའ་རེ་དུས་མཉམ་འགའ་རེ་གཅིག་བརྒྱུད་ཡིན། །ཁྱད་པར་ལྷ་གནས་ནོར་བུ་ཕུན་ཚོགས་གླིང་། །ལྷ་མོ་སེར་མོ་གཅིག་ཏུ་སྐྱེ་བ་བཞེས། །ལྷ་མོ་བདུན་བཅས་ཤཱཀ་ཐུབ་མཆོད་ཕྱིར་འོང་། །རིན་ཆེན་མེ་ཏོག་མཆོད་ཅིང་ཕྱག་བསྐོར་བྱས། །སྟོན་པས་ལྷ་མོ་ཁྱོད་ནི་འོང་བ་ལེགས། །མ་འོངས་རྡོ་རྗེ་གདན་འདིར་མུ་སྟེགས་འདུལ། །དེ་ནས་བོད་དུ་ལྷ་འདྲེ་འདུལ་སྐལ་ཡོད། །ད་ལྟ་སྨོན་ལམ་ཐོབ་ཅིག་བཀའ་སྩལ་པས། །ལྷ་མོ་བློ་ཞུམ་སྨོན་ལམ་འདེབས་མ་ནུས། །དེ་ཚེ་རབ་འབྱོར་ཆེན་པོའི་འདི་སྐད་གསུངས། །སྨོན་ལམ་ཐོབ་དང་བདག་གི་གྲོགས་བྱ་གསུངས། །དེ་ནས་སྨོན་ལམ་འདེབས་སྐབས་ཕུག་རོན་ཞིག །བྱ་ཁྲས་བརྡས་
པ་ལྷ་མོའི་མདུན་དུ་ཕོག །བྱི་ལས་བཟུང་བ་ལྷ་མོས་བཤུགས་པ་ཡི། །བྱི་ལས་ལྷ་མོའི་ཕྱག་འདྲེད་སྨོན་ལམ་ཆད། །སྣ་ལ་སེན་རྡོག་བརྒྱབས་པས་བྱི་ལ་འགྱེལ། །དེ་ཡི་རྟེན་འབྲེལ་བོད་དུ་ལྷ་མོ་ཡི། །བསྟན་མཇུག་མུ་སྟེགས་གནོད་པར་སྟོན་པས་གསུངས། །དེ་ཉིད་མི་འབྱུང་བ་ཞིག་གསོལ་བཏབ་པས། །སྟོན་པས་རབ་འབྱོར་ཉིད་ལ་སྤྱན་གྱིས་གཟིགས། །མུ་སྟེགས་ཝ་ཚོགས་སེང་གེས་བཅོམ་པར་བྱ། །དེ་སྐད་རབ་འབྱོར་ཉིད་ཀྱི་ཞལ་གྱིས་བཞེས། །དེ་རྗེས་ལྷ་མོ་དུས་གཅིག་སྐྱེ་བ་གསུམ། །གསུང་སྤྲུལ་ཨོ་རྒྱན་ཡུལ་གྱི་ལྷོ་ནུབ་མཚམས། །ཕག་མོ་དམར་མོར་སྤྲུལ་ནས་ཟབ་ཆོས་སྟོན། །སྐུ་སྤྲུལ་བལ་བཟའ་ཐུགས་སྤྲུལ་རྒྱ་བཟའ་ཡིན། །དེ་གཉིས་གཅིག་བསྡུས་ཡེ་ཤེས་མཚོ་རྒྱལ་དང་། །དེ་ཡི་སྐྱེ་བ་སུམ་ཅུ་རྩ་གསུམ་དུ། །ལྷ་མོ་དཀར་མོ་གཟི་བརྗིད་ཅན་དུ་སྐྱེས། །དེ་ཉིད་ཚེ་འཕོས་རྒྱ་གར་སེར་སྐྱའི་ཡུལ། །ངོ་མཚར་ལྟས་བཅས་རྒྱལ་པོའི་སྲས་སུ་འཁྲུངས། །རབ་བྱུང་རིག་གནས་ཀུན་ལ་མཁས་མཐར་ཕྱིན། །བདེ་མཆོག་ལྷ་ཚོགས་དབང་བསྐུར་ཞལ་ཡང་གཟིགས། །སངས་རྒྱས་ཞིང་ཀུན་ཐོགས་མེད་བསྒྲོད་པར་ནུས། །
རྡོ་རྗེ་གདན་དུ་ཕྱི་ནང་རྩོད་པའི་ཚེ། །མུ་སྟེགས་འབུམ་ཕྲག་ནང་པའི་བསྟན་ལ་བཙུད། །དེ་ཚེ་མུ་སྟེགས་གཟི་ལྡན་ནག་པོ་དེ། །འཕུར་ནས་རི་རབ་ཁོང་སེང་དུ་ཞུགས་པས། །པཎྜི་ཏ་པ་དོན་གྲུབ་བཟང་པོ་ཡིས། །མ་འོངས་བསྟན་ལ་གནོད་པའི་དམོད་པ་བོར། །པཎ་ཆེན་རྡོ་རྗེ་གདན་དུ་ལོ་བཞི་བཞུགས། །སྒྲོན་མས་བོད་དུ་འགྲོ་དགོས་བསྒྲུབ་གྱིས་གསུངས། །དུར་ཁྲོད་གནས་སུ་མཁའ་འགྲོ་དམ་ལ་བཏགས། །བདག་མེད་ལྷ་མོ་བཅོ་ལྔ་མཱ་ཡཱ་རྣམས། །བྱོན་ནས་ལུང་བསྟན་རྐང་མགྱོགས་དངོས་གྲུབ་ཐོབ། །པོ་ཏ་རི་ཡི་བྷ་དྲའི་ཕུག་པར་བྱོན། །ཁྲོས་མ་ལྷ་ལྔའི་སྒྲུབ་པ་མཛད་པའི་ཚེ། །ཟླ་བ་ཕྱེད་ནས་ཐུན་མོང་དངོས་གྲུབ་ཐོབ། །ཟླ་བ་གཅིག་ནས་ཞལ་མཐོང་དབང་བཞི་བསྐུར། །སྒྲོལ་མ་ཚེ་དཔག་མེད་དང་སྤྱན་རས་གཟིགས། །ཨོ་རྒྱན་རྣམས་ཀྱིས་དབང་བསྐུར་བྱིན་གྱིས་རླབས། །བོད་དུ་འབྱོན་དགོས་འགྲོ་དོན་ལུང་བསྟན་མཛད། །ཁྲོས་མས་བསྒྲལ་ནས་རྣམ་ཤེས་བོད་དུ་བྱོན། །གདུང་དེ་མི་ཉམས་གནས་པར་བྱིན་གྱིས་བརླབས། །ལབ་ཕྱིའི་གྲོང་དུ་ལྷུམས་སུ་ཞུགས་པའི་ཚེ། །གདུང་རུས་ཆེ་གང་ཡབ་ལ་ཆོས་
སྐྱབས་དང་། །ཡུམ་ནི་ཀླུ་མོ་བཟའ་ཞེས་འབུམ་ལྕམ་མིང་། །མིང་པོ་འཁོར་ལོ་མ་གཅིག་ཆུང་ཤོས་ཡིན། །ངོ་མཚར་རྨིས་ལྟས་རང་གཞན་ཀུན་ལ་བྱུང་། །ཡུམ་ཉིད་སྔར་བས་གཞོན་ཅིང་བདེ་བ་རྒྱས། །ལེགས་ཉེས་ཤེས་ཤིང་མཚན་མོ་སྒྲིབ་མེད་གསལ། །ལྷུམས་ནས་ཨ་དང་ཧ་རི་ནི་ས་དང་། །ག་ཏེ་འདོན་ཅིང་ཨ་མ་ང་ཡི་གོས། །རས་དཀར་སྤྲོས་བདུག་དྲི་བཟང་སྦྲུག་པས་བྱེད། །ཅེས་གསུངས་བལྟམས་ཚེ་དྲི་བཟང་ཡུལ་ཁམས་ཁྱབ། །ཐུག་ཆོམ་ས་གཡོས་འཇའ་འོད་རོལ་མོའི་སྒྲ། །མེ་ཏོག་ཆར་སོགས་ཡུལ་མི་ཀུན་གྱིས་མཐོང་། །བལྟམས་མ་ཐག་ཏུ་དཀར་གསལ་འོད་ཟེར་འབར། །སྤྱན་གསུམ་འཇའ་གུར་ནང་དུ་བརྐྱང་བསྐུམ་བཞུགས། །ཨ་མ་བདེའམ་གསུང་ཞིང་ཨ་ཡིག་བསྒྲངས། །དཔྲལ་བའི་སྤྱན་དབུས་ཨ་ཡིག་དཀར་པོ་དང་། །འོད་ཟེར་སྣ་ལྔ་པ་ཞིག་སྤྱི་བོར་ཟུགས། །སྤྱི་གཙུག་འོད་དཀར་ཨ་ཡིག་དཀར་པོས་མཚན། །ལྕེ་སྟེང་ཧྲིདམར་འཁོར་ཞིང་འོད་ཟེར་འབར། །ཕྱག་མཐིལ་པདྨ་ཕྱག་སོར་དྲ་བས་འབྲེལ། །སེན་མོ་ཨོ་ཨཱཧཱུྃ་འཆར་ཉ་ཕྱིས་མདོག །དེ་ནས་རིས་བཀོན་ཀ་ར་བྱིན་པ་དང་། །སྤྱི་བོའི་འོད་དཀར་ལྗགས་ཀྱི་
ལ་ཐིམ། །དེ་ནས་གཞན་ལས་སྐྱེད་ཀྱང་ཆེ་བར་གྱུར། །ལོ་གསུམ་ལོན་ནས་ལྷ་ལ་ཕྱག་འཚལ་ཞིང་། །ཡིག་དྲུག་ཏཱ་རེ་ག་ཏེ་ཨ་ཡིག་དང་། །ཧ་རི་ནི་ས་རྣམས་ནི་འདོན་པར་མཛད། །ལོ་ལྔར་གཤར་གཟབ་བསླབས་པས་མཁས་མཐར་ཕྱིན། །ལོ་བརྒྱད་ལོན་ནས་རྒྱ་བོད་ཡི་གེ་ཀུན། །བྲི་ཀློག་སྒྲ་དོན་ཀུན་ལ་མཁས་པར་གྱུར། །ཉིན་རེ་བརྒྱད་སྟོང་པ་ལ་ཚར་གསུམ་ཐོན། །དགུང་ལོ་གསུམ་ནས་བཟུང་སྟེ་ཐམས་ཅད་ཀྱིས། །དད་པས་སྨོན་ལམ་ཞུ་བ་ཐམས་ཅད་ལ། །ནད་གདོན་ཞི་དང་ཚེ་བསོད་འཕེལ་བར་བྱུང་། །མངའ་རི་རྒྱལ་པོས་གདན་དྲངས་ལོ་རྒྱུས་རྣམས། །རྒྱལ་པོས་དྲིས་པས་ཡུམ་གྱིས་ཞུ་མ་ཕོད། །བུ་མོས་བཤད་ཅིང་སྡུད་པ་ཀློག་པ་ལ། །པཎྜི་ཏ་དང་དགེ་འདུན་མང་པོ་ཡིས། །འདི་ཡི་དོན་དེ་ཁྱོད་ཀྱིས་ཨེ་ཤེས་ཟེར། །ཤེས་གསུངས་བཤད་པས་ཐམས་ཅད་ཡིད་ཆེས་ནས། །ཡེ་ཤེས་མཁའ་འགྲོ་ཡིན་པར་ཞལ་འཆམ་མོ། །རྒྱལ་པོས་པང་དུ་བླངས་ནས་སྤྱན་དབུས་ཀྱི། །ཨ་ཡིག་ལ་སོགས་མཁའ་འགྲོའི་མཚན་ལ་དད། །ཁྲོམ་ཚོགས་འབུམ་ཕྲག་གསུམ་དང་བཅས་པ་ཡིས། །ལབ་སྒྲོན་བཏགས་ཤིང་འབུལ་
ཞབས་མང་དུ་བྱས།་།དགུང་ལོ་བཅུ་དུས་ཉིན་རེ་པོ་ཏི་བཞི། །བཅུ་གསུམ་ལོན་ནས་པོ་ཏི་བརྒྱད་རེ་ཐོན། །ཡུམ་འདས་འཇའ་འོད་མེ་ཏོག་ཆར་པ་བབ། །ཨ་ལྕེ་རིན་ཆེན་འབུམ་དང་ལབ་སྒྲོན་གཉིས། །བླ་མ་ཨ་སྟོན་དྲུང་དུ་སོང་བའི་ཚེ། །བྲེ་ལྔ་འཐག་ཡུན་བརྒྱད་སྟོང་ཚར་གཅིག་ཐོན། །བླ་མས་ཕར་ཕྱིན་བཤད་པ་གསུངས་པ་ཡི། །ལབ་སྒྲོན་མཁས་ཤིང་དགེ་བཤེས་ཀུན་ལས་མཁས། །བླ་མས་ཁྱེད་ཀྱི་སློབ་དཔོན་ངས་མ་ནུས། །གྲྭ་པ་མངོན་ཤེས་ཅན་གྱི་དྲུང་སོང་གསུངས། །བཅུ་དྲུག་ལོ་ལ་གྲྭ་པ་མངོན་ཤེས་མཇལ། །གྲྭ་པའི་མཆོད་གནས་རྒྱ་གར་དྲུག་འགྱུར་དང་། །ཀློག་པ་གང་སྐྱེན་བྱས་པས་གཅིག་དེ་ཡི། །པོད་བཞི་ཚར་ཞིང་ལབ་སྒྲོན་བཅུ་གཉིས་ཚར། །སྐད་འགྱུར་གཉིས་ཀྱིས་ལྕེ་ལྷག་བརྒྱ་ཡི་ལྷག །དེ་རུ་གྲྭ་པའི་མཆོད་གནས་ལོ་བཞིར་བཞུགས། །བླ་མས་མདོ་ལུགས་བཤད་པ་ཐམས་ཅད་གནང་། །པད་ཞྭ་བཀོན་པས་ཞྭ་ཆུང་མ་རུ་གྲགས། །དབུ་སྐྲ་ལི་འཕྱིང་རྟ་རྔ་ལྟ་བུར་སིལ། །གཙང་སྦྲ་བག་ཡོད་ཀུན་གྱིས་གུས་ཤིང་བཀུར། །དེ་དུས་དམ་པ་རྒྱ་གར་བྱོན་ནས་མཇལ། །དམ་པས་ཕྱག་མ་བཞེས་པར་དབུ་ཐུགས་
མཛད། །པཎྜི་ཏ་ཡི་སྐྱེ་བ་ལབ་སྒྲོན་མ། །བོད་དུ་འགྲོ་དོན་མཛད་པར་རྗེས་ཡི་རང་། །གདམས་པ་ལུང་བསྟན་གནང་ནས་དམ་པ་བྱོན། །དེ་ནས་སྐྱོ་སྟོན་བསོད་ནམས་གྲགས་པ་བྱོན། །གདམས་པ་གསུངས་པས་བདུད་ཀྱི་ལེའུ་ནས། །རྟོགས་པ་སྐྱེས་ནས་ཆོས་བརྒྱད་འཛིན་པ་ཞིག །དང་པོའི་ས་དེ་གསར་དུ་ཐོབ་ཚུལ་བསྟན། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་རྫོགས་པར་གྱུར། །བསོད་ནམས་བླ་མས་མ་ཡི་དབང་བསྐུར་ཚེ། །ལབ་སྒྲོན་བར་སྣང་གར་སྟབས་ཉེར་བཞི་བསྒྱུར། །ཡན་ལག་བཅུ་བཞིའི་དབང་ནི་སཾ་སྐྲའི་སྐད། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྟོགས་ནས། །ས་བརྒྱད་ཐོབ་སྟེ་འཕུར་ཏེ་ཕྱི་རོལ་དུ། །ཤིང་སྡོང་གསེར་ལྷག་ཅན་གྱི་རྩ་བ་ན། །ཆུ་མིག་གནམ་ཁོལ་མི་འགྲེང་གཉིས་འཕྱུར་ཞིང་། །ཆུ་དཔུང་མི་ཡིས་གཤག་པར་མ་ཐུབ་པ། །ཀླུ་ནི་དྲག་པོ་ཟླ་སྐྱོང་ཞེས་བྱ་གནས། །མི་རྣམས་དེ་རུ་ལྟ་བར་མི་ཕོད་པར། །མ་གཅིག་ལུས་སྦྱིན་མཛད་པས་ཀླུ་རྒྱལ་ཁྲོས། །ལྷ་འདྲེའི་དམག་བསྐུལ་ཆོ་འཕྲུལ་ཅི་བསྟན་ཀྱང་། །གླགས་མ་རྙེད་དེ་དམ་བཏགས་སྲོག་སྙིང་ཕུལ། །ཆུ་མིག་འཕྱུར་བའང་མི་འགྲེང་ཕྱེད་གཉིས་
ཞི། །མཱ་ཡཱའི་ལྷ་ཚོགས་ཞལ་གཟིགས་དབང་བཞི་བསྐུར། །དེ་རྗེས་ཕག་ནག་ལྷ་ལྔས་དབང་བསྐུར་ནས། །མི་མ་ཡིན་རྣམས་འདུལ་བར་གྱིས་ཤིག་གསུངས། །དེ་རྗེས་ཡུམ་ཆེན་ཕྱོགས་བཅུའི་སངས་རྒྱས་བསྐོར། །མགྲིན་གཅིག་ཕྱག་བརྐྱངས་གཉེན་ཁྲོད་འགྲིམ་ཞིག་གསུངས། །ཐོ་རངས་སྒྲོལ་མ་ལྷ་མོ་ཉེར་གཅིག་བྱོན། །དབང་བསྐུར་ཐོད་པ་བྷ་དྲ་ལུང་བསྟན་མཛད། །ས་བཅུའི་རྟོགས་པ་གསར་དུ་སྐྱེས་ཚུལ་བསྟན། །ལབ་སྒྲོན་དུང་མདོག་འོད་འབར་བར་སྣང་དུ། །འཇའ་ཚོན་སྣ་ལྔ་འཁྲིགས་པའི་ནང་དུ་བཞུགས། །ཕྱིར་ནང་བླ་མར་ཕྱག་དང་མཎྜལ་ཕུལ། །དབང་བཞི་བསྐུར་ནས་གསང་སྔགས་དམ་ཚིག་གསུངས། །ཟླ་བ་གསུམ་ལ་སྔགས་ལ་སློབ་གཉེར་མཛད། །བླ་མ་ཞྭ་དམར་བ་ལ་བྱམས་ཆོས་སྐོར། །བླ་མ་སྦས་སྟོན་པ་ལ་རྫོགས་ཆེན་སྐོར། །བླ་མ་ཡར་སྡིང་བ་ལ་ཕྱག་ཆེན་སྐོར། །ཆོས་དྲུག་དུས་འཁོར་དོ་ཧ་ཀྲི་ཡའི་སྐོར་སོགས་ཞུས། །ལྷ་སའི་ཇོ་བོ་མཇལ་ཞིང་མཆོད་པའི་ཚེ། །ནམ་མཁར་འོད་དང་འཇའ་ཚོན་རོལ་མོའི་སྒྲ། །མེ་ཏོག་ཆར་བབ་ཐམས་ཅད་དད་པར་གྱུར། །གྲྭ་ཐང་བཞུགས་སྐབས་དམ་པ་དེར་བྱོན་ནས། །ཕར་ཕྱིན་
གདམས་པའི་ཞི་བྱེད་མང་དུ་གནང་། །དམ་པས་ཡེ་ཤེས་མཁའ་འགྲོ་དངོས་གསུངས་ཤིང་། །མདོ་སྡེ་དང་སྙིགས་འབྱེད་པ་ཞེས་བྱ་བའི། །ལེའུ་བརྒྱད་ཅུ་རྩ་གཉིས་པ་ལས་ནི། །སྙིགས་མ་རྩོད་པ་རྒྱས་པའི་དུས། །བྱང་ཕྱོགས་ཁ་བ་ཅན་ལྗོངས་སུ། །རྒྱལ་བའི་ཡུམ་གྱིས་སྤྲུལ་པ་ནི། །སྒྲོལ་མའི་མཚན་ཅན་འབྱུང་བར་འགྱུར། །འཇམ་དཔལ་རྩ་རྒྱུད་རྒྱས་པ་ལས། །ང་ཡི་བསྟན་པ་སྙིགས་མ་ལ། །ཁ་བ་ཅན་ཞེས་བྱང་ཕྱོགས་ལྗོངས། །ཤེས་རབ་ཡུམ་གྱི་ཐུགས་སྤྲུལ་ནི། །ལབ་ཀྱི་སྒྲོལ་མ་བྱ་བ་འབྱུང་། །སྐྱེ་མེད་སྙིང་པོའི་དོན་རྟོགས་ཤིང་། །གྲོང་དང་གྲོང་ཁྱེར་རི་སུལ་དང་། །དུར་ཁྲོད་བས་མཐའ་ཁྱབ་པར་ཉུལ། །དེ་ཡིས་ཆོས་ནི་རྒྱས་པར་འགྱུར། །ཞེས་གསུངས་སོ། །རྫོགས་སངས་རྒྱས་ཀྱི་ལུང་བསྟན་པའི། །པཎྜི་ཏ་པ་དོན་གྲུབ་རིན་ཆེན་གྱིས། །སྐྱེ་བ་མ་གཅིག་ལབ་སྒྲོན་འདི་ཡིན་ཅིང་། །དེ་ཡང་མུ་སྟེགས་མཁའ་འགྲོ་བདུད་མོ་བཞི། །བོད་དུ་སྐྱེས་ནས་ལམ་ལོག་སྟོན་པ་སྟེ། །སྤར་བུའི་སྦྱར་བ་དཀར་མོ་དེ་དང་གཅིག །སྟོད་ལུང་མཆེད་མོ་ནམ་མཁའ་དེ་དང་གཉིས། །གཙང་གི་ཤོལ་མོ་རྒྱལ་ལྕམ་དེ་
དང་གསུམ། །ལྷ་སྟེང་ཞང་མོ་ལྷ་ཁྲིད་བཞི་པོ་ཡིན། །དེ་ཉིད་འདུལ་བྱེད་ཡེ་ཤེས་མཁའ་འགྲོ་བཞི། །མ་གཅིག་ཞྭ་མས་ལམ་འབྲས་སྒོ་ནས་འདུལ། །ཞང་ལྕམ་འབྲོམ་ཆུང་མ་ཡི་རྫོགས་ཆེན་སྟོན། །སྣ་ནམ་ཤེལ་བཟའ་སྒྲོན་མས་ཕྱག་ཆེན་སྟོན། །ལབ་ཀྱི་སྒྲོལ་མས་གཅོད་ཡུལ་སྟོན་ནས་འདུལ། །བདུད་མོ་བཞི་བཏུལ་ཡེ་ཤེས་མཁའ་འགྲོར་བསྒྱུར། །དེ་དག་རྒྱ་ཆེར་ཕ་གཅིག་དམ་པས་གསུངས། །དེ་ནས་རབས་ཆད་རྒན་གོག་ཕྱུག་པོ་གཅིག །གྲྭ་པ་མངོན་ཤེས་ཅན་ལ་ངོ་ཆེན་ཞུས། །ལབ་སྒྲོན་ཟླ་གཅིག་འབུམ་ནི་ཀློག་དགོས་ཟེར་། །དེ་ནུབ་ཁྲོས་མ་ཨེ་ཀ་ཙ་ཏི་བྱོན། །སངས་རྒྱས་ཐོད་པའི་རྣམ་འཕྲུལ་བྷ་དྲ་ཡ། །ཐབས་ཤེས་མཛོད་དང་བསྟན་པ་རྒྱས་འགྱུར་གསུངས། །ལམ་དུ་ཞུགས་ནུབ་བུད་མེད་དཀར་མོ་བདུན། །ཐོ་རངས་ལྷ་མོ་རེ་ཏི་དཀར་མོ་བྱོན། །ཕྱག་འཚལ་ཡེ་ཤེས་མཁའ་འགྲོ་བདུད་འདུལ་མ། །ཁྱེད་ནི་བསུ་ཕྱིར་བདག་ཅག་འོང་བ་ཡིན། །རྒྱ་གར་ཤཱཀ་རིགས་མཁས་པ་པཎྜི་ཏ། །སངས་རྒྱས་ཐོད་པའི་རྣམ་འཕྲུལ་བྷ་ཏྲ་ཡས། །ཁྱེད་དང་མཇལ་ཕྱིར་ཁོ་མོ་བསུ་བཏང་ཟེར། །ལམ་དུ་སྟོན་པ་ཤེས་རབ་འབུམ་ཞེས་པ། །གྲྭ་པ་སུམ་བརྒྱར་
ཤེར་ཕྱིན་འཆད་པ་མཇལ། །གྲྭ་པ་རྣམས་དང་བགྲོ་གླེང་ལབ་སྒྲོན་རྒྱལ། །བླ་མ་དེ་ཉིད་འཇམ་དབྱངས་དམར་པོར་མཐོང་། །རྟེན་འབྲེལ་བཤད་པ་རྒྱ་ཆེན་དེ་ལ་ཞུས། །བླ་མས་ལབ་སྒྲོན་སྒྲོལ་མ་དཀར་མོར་གཟིགས། །དེ་ནས་རབ་ཆད་སར་ཕེབས་བྷ་ཏྲ་མཇལ། །འབུམ་ཀློག་སྐབས་སུ་རྒྱ་གར་གསུང་གླེང་མཛད། །སྙོམས་པར་ཞུགས་པས་ཁང་ཁྱིམ་འོད་ཀྱིས་གང་། །རྒན་མོས་མེ་མཆེད་རེད་བསམ་བལྟར་ཕྱིན་པས། །འོད་ཟེར་ཁ་དོག་ལྔ་ཡིས་ཁྱིམ་གང་ནས། །འོད་ནི་དཀར་དམར་ཕུབ་ཙམ་ཁ་སྦྱོར་མཐོང་། །ཕྱིར་ནངས་ཡོན་བདག་མ་དེས་ཅི་ལགས་སྨྲས། །ལུང་བསྟན་ཕར་ཆེར་བདུད་ཀྱིས་བསླུ་བ་དང་། །ཕོ་མོ་གཉིས་འགྲོགས་རྐྱེན་ངན་བདུད་དང་འགྲོགས། །ཡོན་བདག་མོ་ཡང་ཁྲིས་འདྲེས་དེད་ནས་འོང་། །འགྲོ་བའི་དོན་ཡང་ཅི་ནུས་ཆ་མེད་གསུངས། །དེ་ནས་བླ་མ་གཉིས་ལ་བཤགས་པ་བྱས། །བཤགས་པ་མི་དགོས་འགྲོ་དོན་འབྱུང་གསུངས་པས། །ཐོད་པ་བྷ་ཏྲ་ཉིད་དང་ལྷན་ཅིག་བཞུགས། །སྲས་གཅིག་འཁྲུངས་པའི་མིང་ནི་གྲུབ་པ་བཏགས། །མི་རྣམས་འབར་ཤ་བྱས་པས་རྐང་པོར་བྱོན། །སྲས་གཅིག་
འཁྲུངས་པས་གྲུབ་སེ་ཀོང་པོ་སྐྱབ། །ཚོགས་གཅིག་བྱས་པས་ཌཱཀི་སྤྲིན་ལྟར་འདུས། །སྲས་མོ་གཅིག་འཁྲུངས་གྲུབ་ཆུང་ལ་འདུས་མ། །ལྷ་སར་བུ་མོས་ཤིང་ལ་འཛེགས་པས་ཆབ། །མགོ་ལ་རྨ་བྱུང་ཁྲག་མང་བྱུང་བ་ལ། །བྱ་དང་དུད་འགྲོ་ཀུན་འདུས་སྐད་འདོན་ཞིང་། །སྟེང་དུ་འཇའ་ཡི་གདུགས་གསུམ་གཡས་སུ་འཁོར། །མེ་ཏོག་ཆར་བབ་དེ་ནས་ཐམས་ཅད་དད། །སྲས་པོ་ཆེ་བ་དགུང་ལོ་བཅུ་གཉིས་ནས། །ར་རྣམས་རྐུ་ཞིང་རིར་རྒྱུག་ཁྱིམ་མ་ཚུད། །ཡབ་དང་སྲས་རྣམས་གླང་ཐང་དུ་བཞག་ནས། །དགུང་ལོ་སོ་བཞིར་འཁོར་བ་སྤང་ཚུལ་མཛད། །བསོད་ནམས་བླ་མར་ཁྲོས་མ་ལྷ་ལྔ་ཞུས། །དེ་ཚེ་བླ་མས་ཕག་མོ་དངོས་སུ་མཐོང་། །མ་གཅིག་བསྐྱེད་རིམ་བརྟན་པ་ཐོབ་ཚུལ་མཛད། །གྲྭ་པ་མངོན་ཤེས་ཅན་མཇལ་སེམས་བསྐྱེད་ཞུས། །རྟེན་འབྲེལ་བགྲོ་གླེང་ཕུལ་བས་བླ་མ་མཉེས། །རྟེན་འབྲེལ་གྲུབ་ཐོབ་ཆེན་མོ་ཡིན་ནོ་གསུངས། །ཁྱེད་ནི་རྒྱལ་བའི་བསྐྱེད་ཡུམ་ཉི་ཟླ་འདྲ། །བདག་ནི་སྐར་མ་ཙམ་ཞིག་ཡིན་གསུངས་བསྟོད། །བླ་མ་ཤཱཀ་ཐུབ་གཙོ་འཁོར་བཞི་རུ་གཟིགས། །བླ་མི་སྟོན་པར་གྱུར་པས་ལུང་གནང་ཞིང་། །སྤྱན་རས་གཟིགས་
ཀྱིས་བདུད་རྩི་རྒྱུན་བབ་སྟེ། །འཇམ་དབྱངས་རལ་གྲི་སྙིང་གར་བརྡེག་པའི་ཚུལ། །ཕྱག་རྡོར་རྡོ་རྗེས་ཚྭ་ཚྭས་བགེགས་སྲེག་མཐོང་། །དིང་རི་བ་ཡི་བསུ་བ་སེར་འཕྲེང་བཅས། །དམ་པ་མཇལ་ཞིང་མདོ་ལུགས་གཅོད་དབང་ཞུས། །དབང་ལྷ་ཡུམ་ཆེན་ཕྱོགས་བཅུའི་སངས་རྒྱས་མཐོང་། །དམ་པ་འཇམ་དབྱངས་དམར་པོ་དངོས་སུ་མཐོང་། །གཉན་ས་བརྒྱ་རྩ་བཅད་ནས་ཟངས་རི་རུ། །འགྲོ་དོན་འབྱུང་བར་དམ་པས་ལུང་བསྟན་ཏོ། །མཁར་རི་ཐང་ལྷ་ཡར་ལྷ་ལ་སོགས་པའི། །གཉན་ས་བརྒྱ་དང་ཉི་ཤུ་རྩ་བརྒྱད་བཅད། །ཟངས་རིའི་ཡོན་བདག་མཛད་ཟེར་དེ་རུ་བཞུགས། །ཇོ་མོ་ཆོས་མཚོ་འཆི་བའི་སྐག་ཡོད་པས། །དབང་དང་ཚོགས་བརྒྱས་འགྱུར་བས་ཡོན་བདག་བྱས། །དེ་རུ་དགེ་བཤེས་མང་པོ་ཉམས་ཚད་ཕྱིན། །བགྲོ་གླེང་བྱས་པས་དད་ཅིང་སློབ་མར་གྱུར། །སྒྲོལ་མ་དངོས་སུ་འདུག་ཟེར་གྲགས་པས་ཁྱབ། །གྲུབ་ཐོབ་ཕམ་མཐིང་པ་བྱོན་དད་གྱུར་པས། །ལྷ་མོ་སྒྱུ་འཕྲུལ་སྤྲུལ་པ་ཞེས་གསུངས་བསྟོད། །ཕན་ཚུན་གསུང་ཆོས་ཞུ་རེས་ཐུགས་ཡིད་འདྲེས། །དེ་ནས་མ་གཅིག་རང་ལུགས་ཆོས་རྣམས་བརྩམས། །རྒྱལ་ཆེན་
བཞི་དང་བརྟན་མ་བཅུ་གཉིས་དང་། །འོ་དེ་གུང་རྒྱལ་ལ་སོགས་སེམས་བསྐྱེད་ཞུས། །བསྟན་པ་སྲུང་བར་ཁས་བླངས་ཞག་ཉེར་གཅིག །ལྷ་འདྲེ་དེ་དག་སེམས་བསྐྱེད་བསླབ་བྱ་ཉན། །ཞིང་སྐྱོང་མཁའ་འགྲོ་བདུན་ནི་དུས་རྟག་ཏུ། །འདུག་པ་ཕལ་པ་མང་པོས་མཐོང་བ་དང་། །སྐུ་བསོད་སྙན་གྲགས་བོད་ཁམས་ཡོངས་ལ་ཁྱབ། །མཆིམས་ཕུར་སྒྲོལ་མ་མཁའ་འགྲོའི་ཚོགས་བཅས་བྱོན། །གསང་སྔགས་རྒྱུད་ལུང་དབང་རྣམས་དངོས་སུ་བསྐུར། །སྔོན་གྱི་སྤྲུལ་རྒྱུད་ཐམས་ཅད་གསལ་བར་གསུངས། །དེ་ནས་མ་གཅིག་ཉིད་ཀྱིས་ཐུགས་ལ་ཤར། །ཟངས་རིར་བྱོན་པས་མགོན་པོ་བེར་ཅན་དང་། །བྲག་མགོན་མཁའ་འགྲོ་བསྟན་སྐྱོང་ཐམས་ཅད་དང་། །ཟངས་རིའི་གཞི་བདག་རྣམས་ཀྱིས་བསུ་བ་བྱས། །མེ་ཏོག་ཆར་བབ་ངོ་མཚར་ལྟས་མང་བྱུང་། །རྨི་ལྟས་བཟང་བའི་ཕྱིར་ནངས་སྲས་མིང་སྲིང་། །ཡབ་ཀྱིས་བསྐྱལ་ཞིང་ཡབ་ནི་རྒྱ་གར་གཤེགས། །སྲས་པོ་ཆུང་བ་སྨྱོ་བར་གདམས་པ་གནང་། །ནད་སོས་དམ་པའི་དྲུང་དུ་རབ་ཏུ་བྱུང་། །ཐོད་སྨྱོན་བསམ་འགྲུབ་ཅེས་བྱར་མིང་བཏགས་ནས། །ཤམ་པོའི་གང་ལ་སྒྲུབ་པ་བྱེད་དུ་བཏང་། །མ་གཅིག་ནམ་
མཁར་ཕེབས་ནས་སྔོན་ལ་གཤེགས། །དབང་བསྐུར་མཛད་པས་དཔའ་བོ་ཌཱཀྐི་འདུས། །མེ་ཏོག་ཆར་བབ་འཇའ་འོད་རོལ་མོའི་སྒྲ། །པདྨ་མཁའ་འགྲོར་འཚོ་བ་སྦྱོར་གསུངས་ནས། །སྲས་ཀྱི་ཕུག་སྒོ་བྲག་གིས་བཅད་ནས་བཞག །དེ་ནས་སྲས་ལ་ལྟོགས་སྣང་གཅིག་བྱུང་བས། །འོད་ཟེར་རྒྱུད་ནས་བུད་མེད་དཀར་མོ་ཅིག །བྱུང་ནས་བདུད་རྩི་ཞལ་བུ་གང་དྲངས་བས། །ལུས་སེམས་བདེ་ཞིང་ལྟོགས་སྐོམ་སྣང་བ་བྲལ། །ལོ་གསུམ་སོང་ནས་བདུད་རྩི་ཕོར་རེ་དྲངས། །མ་གཅིག་གདུལ་བྱ་སྙན་གྲགས་རྒྱ་གར་ཐོས། །རྒྱུན་དུ་འཁོར་ཡང་ལྔ་སྟོང་ཙམ་རེ་ཡོད། །རྒྱ་གར་པཎ་གྲུབ་རྡོ་རྗེ་གདན་དུ་འདུས། །མ་གཅིག་བཟང་ངན་བརྟག་ཕྱིར་མཁས་གྲུབ་གསུམ། །བཏང་བ་འཕུར་ནས་མ་གཅིག་དྲུང་དུ་སླེབས། །ཁྲོམ་ཚོགས་འབུམ་ཕྲག་ལྔ་དང་ལྔ་བརྒྱ་འཚོགས། །ལོ་ཙཱ་བཞི་དང་དགེ་འདུན་བདུན་ཁྲི་འཚོགས། །ལོ་ཙཱ་བསྒྱུར་ཞིང་རྩོད་པས་མ་གཅིག་རྒྱལ། །མ་གཅིག་སྐྱེས་རབས་བརྒྱ་དང་བདུན་པོ་གསུངས། །སྐྱེ་བ་སྔོན་མ་པཎྜི་ཏ་ཡི་གདུང་། །པོ་ཏ་རིར་ཡོད་རྟེན་རྣམས་འབྱོན་ཚུལ་གསུངས། །དམ་པ་རྒྱ་གར་རྐང་མགྱོགས་དེ་གསུམ་
བཅས། །རྒྱ་གར་ཡུལ་བྱོན་ལོ་རྒྱུས་བཤད་པས་ཀྱང་། །པཎྜི་ཏ་ལྔ་དགེ་འདུན་ལྔ་བཅུ་གཉིས། །པོ་ཏ་རིར་བྱོན་པ་་བཞུས་པ་ཡིས། །འཇའ་གུར་མེ་ཏོག་ཆར་དང་རོལ་མོའི་སྒྲ། །དབུ་ལ་རིགས་ལྔ་ཡབ་ཡུམ་འབུར་དུ་དོད། །སོ་ལ་དུང་དཀར་སྒལ་ཚིགས་མཆོད་རྟེན་རེ། །མན་མཁལ་ཨ་དཀར་ཨན་ཆེན་ཡུམ་ཆེན་མོ། །སྐེ་ཚིགས་རིགས་གསུམ་མགོན་པོ་དཔལ་ཁ་གཉིས། །སྒྲོལ་མ་དཀར་ལྗང་སྙིང་ལ་ཤཱཀྱ་ཐུབ། །བྲང་རུས་རྡོ་རྗེ་འཆང་དང་རུས་པ་རྣམས། །རིང་བསྲེལ་སྲན་ཚད་བྲེ་གང་བྱོན་པ་ལ། །རྡོ་རྗེ་གདན་དུ་གདན་དྲངས་རྟེན་ཞལ་བྱས། །དེ་ཚེ་འཇའ་འོད་མེ་ཏོག་ཆར་ཆེན་བབ། །དབུ་ཡི་རིགས་ལྔ་རྡོ་རྗེ་གདན་དུ་བཞུགས། །གཞན་རྣམས་རྒྱལ་པོ་པཎ་གྲུབ་དགེ་འདུན་བགོས། །ཐུགས་ཀྱི་ཤཱཀ་ཐུབ་དམ་པས་བོད་དུ་ཁྱེར། །རྣལ་འབྱོར་བཞི་པོ་མ་གཅིག་གདན་འདྲེན་བཏང་། །ཟངས་རིར་ཐུབ་པའི་སྐུ་དེ་རྟེན་ཞེལ་བྱས། །ང་ཉིད་ད་ལམ་བོད་དུ་འགྲོ་དོན་ཆེ། །གསུངས་ནས་མ་ཕེབས་གཅོད་ཀྱི་རྩོམ་ཆོས་བསྐུར། །བོད་ཆོས་རྒྱ་ལ་དར་ཞེས་གྲགས་པར་གྱུར། །མ་གཅིག་དཔའ་བོ་ཌཱཀྐིའི་ཚོགས་དང་བཅས། །ལྷ་
གནས་ནོར་བུ་ཕུན་ཚོགས་གླིང་དུ་བྱོན། །ཞག་བདུན་ཚོགས་འཁོར་བསྐོར་ཞིང་གསང་སྔགས་བཤད། །ལྷ་ཡི་འཁོར་དང་རྒྱལ་ཆེན་རིགས་བཞིའི་གནས། །ཞག་རེ་ཆོས་གསུངས་རྒྱལ་ཆེན་དཔུང་དང་བཅས་། །བཅོ་ལྔའི་ཉི་ཤར་ནམ་མཁའི་མཐོངས་ནས་མར། །ཤམ་པོའི་ཕུག་མོ་ཆེར་བྱོན་ཕུག་སྒོ་ཕྱེས། །རྒྱན་བཞི་ལ་སོགས་སུམ་བརྒྱ་ཙམ་འཚོགས་ཤིང་། །ཁྲོམ་པ་སུམ་སྟོང་ཙམ་བཅས་དག་སྣང་མཐུན། །ཚོགས་བརྒྱད་དང་ནི་དབང་བསྐུར་མཛད་པའི་ཚེ། །འཇའ་ཚོན་མེ་ཏོག་ཆར་དང་རོལ་མོའི་སྒྲ། །ས་གཞི་འོད་ཟེར་གང་བ་ཀུན་གྱིས་མཐོང་། །སྲས་མོ་རྒྱན་བཞིའི་མ་གཅིག་དཀྱིལ་འཁོར་གཙོ། །འཁོར་ལྷ་དང་བཅས་དངོས་སུ་མཐོང་བ་དང་། །ཐོད་སྨྱོན་ཉིད་ཀྱིས་མདུན་གྱི་ནམ་མཁའ་ལ། །འོད་ཕུང་སྟེང་དུ་སྣ་ཚོགས་པདྨའི་སྟེང་། །མ་གཅིག་བདུད་འདུལ་སྔོན་མོ་ཕྱག་བཞི་མ། །མཁའ་འགྲོ་བཅུ་བཞིའི་བསྐོར་བ་མདུང་གང་སྟེང་། །ཡུམ་ཆེན་ཕྱོགས་བཅུའི་སངས་རྒྱས་བསྐོར་བའི་སྟེང་། །རྡོ་རྗེ་འཆང་དང་ཤཱཀ་ཐུབ་ཚེ་དཔག་མེད། །བདེ་མཆོག་ཐོད་པ་གཤེད་དམར་ཁྲོས་ནག་དང་། །མཱ་ཡཱ་ལ་སོགས་རང་རང་འཁོར་དང་
བཅས། །མཐའ་སྐོར་འཇིག་རྟེན་སྐྱོང་ཀུན་མངོན་སུམ་གསལ། །སྲས་མོ་རྒྱན་བཞིས་ཚོགས་བསྟབ་གར་བྱེད་ཅིང་། །ཨེ་མ་རྗེ་བཙུན་ཟིལ་གནོན་ཁྱེད། །དཔའ་བོ་རྟ་མཆོག་སྤྲུལ་པ་སྟེ། །ཞེས་སོགས་གླུ་ལེན་ངང་ལ་འོད་ཆེན་བྱུང་། །གྲུབ་ཆེན་བརྒྱད་བྱོན་ཚོགས་འཁོར་རྒྱས་པར་རོལ། །དེ་ནས་ལྷ་ཚོགས་སྤྲིན་ཐིམ་སྤྲིན་ཡང་ཡལ། །ལྷ་ཚོགས་མང་དུ་མཐོང་བ་ཅི་ལགས་ཞུས། །ང་ཉིད་ཕྱི་ལྟར་ལྷ་མོ་སྒྱུ་འཕྲུལ་ཡིན། །ནང་ཉིད་ལྟར་ན་རྗེ་བཙུན་སྒྲོལ་མ་ཡིན། །གསང་བ་ལྟར་ན་རྡོ་རྗེ་ཕག་མོ་ཡིན། །དབྱིངས་ཉིད་ལྟར་ན་རྒྱལ་བའི་ཡུམ་ཆེན་ཡིན། །ཐུབ་བསྟན་ཐོག་མར་གང་གཱའི་ལྷ་མོ་ཡིན། །བར་དུ་མཁའ་འགྲོ་བདེ་བའི་དངོས་གྲུབ་ཡིན། །ཕྱིས་འབྱུང་བོད་དུ་ཡེ་ཤེས་མཚོ་རྒྱལ་མ། །ད་ལྟ་ང་ཉིད་ཡིན་ནོ་ཞིབ་པར་བཤད་མི་ལོང་། །འཛམ་གླིང་བྱེ་བ་ཕྲག་བརྒྱའི་བྱང་ཕྱོགས་སུ། །ང་ཉིད་བྱེ་བ་ཕྲག་བརྒྱ་འབྱུང་ནས་ཀྱང་། །མ་རུངས་གདུག་པ་འདུལ་བའི་དུས་བབ་གསུངས། །མ་གཅིག་ཟངས་རི་མཁར་དམར་བྱོན་ནས་བཞུགས། །ཕུག་མོ་ཆེ་རུ་ཐོད་སྨྱོན་བསམ་འགྲུབ་ལ། །བུད་མེད་ཁ་དོག་ལྔ་དང་ལྡན་པ་ཡིས། །མ་གཅིག་ཆོས་ལུགས་
ལུས་སྦྱིན་ཞུས་ཤིག་གསུངས། །ཐོད་སྨྱོན་བྱོན་པས་མ་གཅིག་ཕག་མོར་མཐོང་། །མ་གཅིག་ཕུང་པོ་གཟན་སྒྱུར་རྣམས་བཤད་གསུངས། །ཕོ་བསྙོན་སེང་གེ་སྙོན་པ་རང་སང་དང་། །རྗེ་བཙུན་ཟིལ་ནོན་གསུམ་བྱོན་གྲུབ་པ་ཐོབ། །གཅོད་སྐོར་གདམས་པ་ཡིག་ཆ་དུ་མ་མཛད། །མ་གཅིག་དགུང་ལོ་རེ་དྲུག་ལོན་པའི་དུས། །སྲས་པོ་ཆེ་བས་དགུང་ལོ་ཞེ་གཉིས་ལོན། །ཁྲམ་པ་བཅུ་གཉིས་དང་འགྲོགས་གནུབས་ལུང་དུ། །སྔགས་པ་བཅུ་གཉིས་འཆར་ཀ་སྒྲུབ་པ་ཡི། །གཏོར་ཆུ་འགེལ་བའི་གླང་བུ་ནག་པོ་གཅིག །བརྐུས་ནས་གླང་ལུང་དུ་འོང་བཤས་པ་ཡིས། །གླང་བུ་ངར་ཞིང་ས་འོག་འབོ་ངར་གྲག །ཁྲམ་པ་ཀུན་སྐྲག་གྲུབ་ཐོབ་སྙིང་རྗེ་སྐྱེས། །ཟླ་བ་གཉིས་ནང་ཁྲམ་པ་བཅུ་གཅིག་ནི། །གྲུབ་ཐོབ་འབུལ་བ་ཁྱེར་ནས་མ་དྲུང་འོང་། །མཇལ་ཁ་མ་བྱུང་ཞག་བདུན་བསྐོར་བ་བྱས། །དེ་ནས་མཇལ་ཏེ་ཞག་དྲུག་བསྐོར་བ་བྱས། །དེ་ནས་དབང་བསྐུར་གདམས་པའི་དམིགས་པ་བསླབ། །ཟླ་བ་གཉིས་ནས་སྔགས་པ་བཅུ་གཉིས་ཤི །སླར་ཡང་ཞི་དམིགས་ཟླ་བ་གསུམ་དུ་བསྒོམས། །སྔགས་པའི་སྒྲིབ་སྦྱང་རྟོགས་པ་བཟང་དུ་
འཁྲུངས། །མཐུ་ཡི་གྲགས་པས་ཐམས་ཅད་ཁྱབ་པར་གྱུར། །མཚན་ཡང་རྒྱལ་བ་དོན་གྲུབ་ཅེས་སུ་བཏགས། །གདམས་པ་དམ་ཚིག་ཉེར་གཅིག་བྲིས་ནས་གནང་། །སྔར་གྱི་གླང་བཤས་ལུང་པར་ལོ་གསུམ་བསྒོམ། །གྲུབ་པ་ཐོབ་སྟེ་ཆོས་ཉིད་བདེན་པ་མཐོང་། །འཆད་རྩོད་རྩོམ་ལ་ཐོགས་མེད་གླུ་མཛོད་རྡོལ། །རི་བྲག་ཆུ་ལ་ཐོགས་མེད་ཟངས་ཐལ་གཤེགས། །སྙན་གྲགས་དབུས་གཙང་མངའ་རིས་ཁམས་བལ་ཁྱབ། །གླང་ལུང་མ་གཅིག་བུ་སློབ་མ་ལུས་འཚོགས། །སྤྱིར་ནི་ཁྲོམ་འཚོགས་འབུམ་ཕྲག་བཞི་ལྷག་ཙམ། །བརྒྱུད་འཛིན་སྟོང་དང་ལྔ་བརྒྱ་སུམ་ཅུ་སྟེ། །ཆོད་ཚད་ཆེན་པོ་ས་བརྒྱད་ཐོབ་པ་བཞི། །འབྲིང་པོ་ས་དྲུག་ཐོབ་པ་བཅུ་བཞི་དང་། །ཆུང་ངུ་དང་པོ་ས་ཐོབ་བརྒྱ་ཞེ་དྲུག །བུད་མེད་ས་ཐོབ་ཉི་ཤུ་རྩ་དྲུག་སྟེ། །གྲུབ་ཐོབ་ཕོ་མོ་བརྒྱ་དང་བརྒྱད་འདུག་གོ །དེ་ཚེ་རྒྱལ་བ་དོན་གྲུབ་རྫུ་འཕྲུལ་བསྟན། །པདྨ་དཀར་པོ་དྲུག་སྐོར་སྡོང་པོ་བརྒྱ། །རེ་རེའི་སྟེང་དུ་རྒྱལ་བ་དོན་གྲུབ་རེ། །རེ་རེའི་དབུ་སྟེང་ཐུགས་རྗེ་ཆེན་པོ་རེ། །རེ་རེའི་དབུ་སྟེང་འོད་དཔག་མེད་རེ་རེ། །སྤྲུལ་པ་དེ་དག་ཀུན་གྱིས་གསལ་བར་མཐོང་། །ལ་ལས་ལྷ་རྣམས་མ་
མཐོང་གཞན་རྣམས་མཐོང་། །ཁ་ཅིག་ལྷ་དང་པདྨ་མ་མཐོང་ནས། །རྒྱལ་བ་དོན་གྲུབ་བརྒྱ་པོ་མཐོང་བར་གྱུར། །ཁ་ཅིག་རྒྱལ་བ་དོན་གྲུབ་ཉིད་ཁོ་ན། །ཁ་ཅིག་རྒྱལ་བ་དོན་གྲུབ་མ་མཐོང་ངོ་། །གྲུབ་རྟགས་བསྟན་པའི་སྙན་པ་འབྲུག་ལྟར་གྲག །སྤྱན་རས་གཟིགས་དང་ཡིག་དྲུག་གྲུབ་ཐོབ་སྟེ། །ཐུན་བརྒྱད་ཡིག་དྲུག་ལྔ་སྟོང་ཆག་མེད་གསུངས། །དེ་སྐབས་མ་གཅིག་འདོམ་གང་ནམ་མཁར་བཞུགས། །ཞལ་གདམས་སྨོན་ལམ་ལུང་བསྟན་རྒྱ་ཆེར་གསུངས། །མ་གཅིག་ཕྱིར་བྱོན་རི་ཁྲོད་གཅིག་ཏུ་བཞུགས། །གཉན་ཆུང་ལོ་ཙཱ་རྒྱ་གར་ནས་བྱོན་མཇལ། །རྒྱ་གར་བྱ་རྒོད་ཕུང་པོའི་རི་བོ་ན། །ལྕགས་ཀྱི་པར་བུ་སྲུབ་མེད་གཅིག་རྡོལ་བ། །ལབ་སྒྲོན་གྱིས་ཕྱེ་ཟེར་འདུག་ཅི་ཡིན་ཟེར། །ང་ནི་རྒྱ་གར་ལན་མང་སྐྱེས་པའི་མཐར། །བྱ་རྒོད་ཕུང་པོའི་རི་ཡི་བྱང་ངོས་སུ། །ལ་ཆེས་གཡོགས་པའི་ལྕགས་པར་སྲུབ་མེད་ནང་། །ཕྱག་རྒྱ་ཆེན་པོ་གཅོད་ཀྱི་གདམས་ངག་རྣམས། །ཤོག་སེར་མཚལ་བྲིས་སཾ་སྐྱོའི་སྐད་དུ་སྦས། །དེ་རྡོལ་ཙམ་ན་བོད་དུ་འགྲོ་དོན་རྒྱས། །གསུངས་པས་ལོ་ཙཱ་བ་ཡི་དམ་པ་སྦྱན། །དམ་པ་རྫུ་འཕྲུལ་རྐང་མགྱོགས་ངོས་
ནས་བྱོན། །ཞིག་པོ་བཅུ་གསུམ་གྱིས་འཁོར་པར་བུ་ཕུལ། །མ་གཅིག་པར་བུ་ཁ་ཕྱེས་དམ་པ་དང་། །གཉན་ཆུང་ལོ་ཙཱ་སོགས་ལ་གདམས་པ་གནང་། །ཆོས་བདག་དམ་པ་ཨཱརྱ་དེ་ཝ་ཡིན། །གསུངས་ནས་གཉན་ཆུང་ལོ་ཙཱ་པར་བུ་དང་། །ཆོས་དེ་རྒྱ་གར་ཨཱརྱ་དེ་ཝར་གཏད། །གཉན་ཆུང་ལོ་ཙཱ་རྩེ་གཅིག་དད་པ་ཐོབ། །འཆིང་ཕུའི་གཉན་ཆུང་ལོ་ཙཱ་ང་། །རྒྱ་གར་ཡུལ་དུ་ལན་གསུམ་ཕྱིན། །བདག་འཛིན་ཟངས་རིའི་དགོན་དུ་ཆོད། །གདམས་པ་མཁའ་འགྲོའི་སྙིང་ཁྲག་དེ། །བོད་ཀྱི་རྒན་མོ་གཅིག་ལས་ཐོས། །འབད་རྩོལ་མ་དགོས་དུག་ལྔ་ཐུལ། །བདག་མེད་གནས་ལུགས་མངོན་དུ་གྱུར། །སང་ཉིན་འཆི་ཡང་ང་རེ་བྲོད། །ཅེས་གསུངས་གྲྭ་པ་ཧར་ཐོན་ཞེས་བྱར་གྲགས། །སྟོན་པ་དར་མ་ལ་སོགས་མཁས་པ་བརྒྱ། །མ་གཅིག་རང་དང་མཉམ་པའི་སྲས་བཅུ་དྲུག །སྦྱོར་ལམ་ཐོབ་པ་སྟོང་དང་ཉིས་བརྒྱ་དང་། །དྲུག་ཅུ་རེ་གསུམ་དེ་བཞིན་ཚོགས་ལམ་མང་། །མཛེ་ཕོ་བཞི་བརྒྱ་རེ་བཞི་ལེགས་པར་སོས། །ནད་གདོན་བསལ་བ་གྲངས་ཀྱིས་མི་ལང་ངོ་། །མ་གཅིག་གོ་དགུར་གླིང་ལུང་ཚོགས་འཁོར་མཛད། །ཞལ་མཆིལ་ཚེམས་བཅས་སྲས་
གཉིས་ལ་གནང་བས། །ཐུབ་པའི་སྐུ་དང་དུང་དཀར་གཡས་འཁྱིལ་བྱོན། །ཐོ་རངས་སེང་གེ་ཆིབས་ནས་མཁའ་འགྲོས་བསུས། །སྐུ་ལུས་མ་སྤངས་ཨོ་རྒྱན་ཡུལ་དུ་གཤེགས། །ཟངས་རིའི་འཚོགས་པ་བསྡུས་ནས་ན་བཟའ་ལ། །སྦྱིན་སྲེག་ཕུལ་ཞིང་སྲས་ཀྱིས་བསྟོད་པ་མཛད། ༈ །དེ་ནས་བརྒྱུད་འཛིན་ལོ་རྒྱུས་ཟུར་ཙམ་ནི། །རྒྱལ་ཀླུབ་དོན་གྲུབ་སྲས་པོ་ཆུང་བ་ནི། །ཁམ་བུ་ཡ་ལེ་རབ་བྱུང་འགྲོ་དོན་ཆེ། །རྒྱལ་བ་དོན་གྲུབ་སྲས་ཆེན་ཚངས་དབང་རྒྱལ། །མཁའ་འགྲོ་མདོག་བཟང་མ་ཞེས་ཁབ་ཏུ་བཞེས། །སྲས་གསུམ་སྐྱེ་མེད་འོད་གསལ་ཆེན་པོ་དང་། །དམ་པ་སྟོན་ཆུང་ཐོད་སྨྱོན་བསམ་འགྲུབ་གསུམ། །གཉིས་པོ་རབ་བྱུང་ཐོད་སྨྱོན་ཁྱིམ་པ་ཡིན། །དེ་དུས་རྒྱ་གར་ཁ་ཆེའི་གྲོང་ཁྱེར་དུ། །ཚོས་མཁན་བུ་གཅིག་དཔྲལ་བར་ཕག་ནག་གི །གཟུགས་ཀྱི་ཤ་མཚན་ཡོད་པ་བྱུང་། །དེ་ཡི་མིང་ཡང་ཐོད་པ་བྷ་རེ་ཞེས། །ཐོད་སྨྱོན་བསམ་འགྲུབ་སྐྱེ་བ་ང་ཡིན་ཟེར། །དྲེགས་པ་ཟིལ་གནོན་ཞེས་བྱ་ཡིན་ཟེར་ནས། །གཅོད་ལོག་ཁྲག་ཐབ་རྫས་ངན་ཐབ་རྫོགས་ཤིང་། །བལ་བོའི་ཡུལ་དུ་ཚུར་འོང་ས་དེ་ནི། །ཐོད་སྨྱོན་གོང་མ་མངོན་
པར་སངས་རྒྱས་པའི། །སྤྲུལ་པའི་ཆ་ཤས་ཐོད་སྨྱོན་འོག་མ་དེས། །མ་གཅིག་ཉིད་ཀྱི་འདུལ་བར་ལུང་བསྟན་ལྟར། །བལ་པོར་བྱོན་ནས་ཐོད་པ་བྷ་རེ་བཏུལ། །ཚུར་ལ་བྱོན་། ལམ་རྒྱལ་བ་དོན་གྲུབ་ཀྱིས། །དགྲ་ཡ་སྔགས་པའི་རྒྱུད་ཀྱིས་གསོད་བྱས་ལ། །ཐོད་སྨྱོན་རང་ཕྱོགས་དམག་སོགས་ཕམ་པར་བྱས། །དེ་དུས་ཐོད་སྨྱོན་སྲས་པོ་ལན་ཏོ་མ། །འཁྲུངས་པའི་ཚེ་ནས་ལ་འདུལ་མ་ཞེས་གྲགས། །དེ་ཉིད་རབ་བྱུང་རྡོ་རྗེ་སྒྲོལ་མར་གྲགས། །དེ་དུས་ཧོར་ནག་ཡུལ་དུ་སྨད་འཚོང་མར། །བུ་མོ་དཔྲལ་བར་མཚལ་མདོག་ཤ་མཚན་ཅན། །ལྕོག་ལ་མཚལ་རྩེའི་བུ་མོ་ཡིན་ཟེར་ནས། །ལྕོག་ལ་སྒྲོན་བཏགས་ལབ་སྒྲོན་ཡིན་ནོ་ཟེར། །རས་གོས་གསེར་རྣ་བཏགས་ཤིང་ཕཊཿསྒྲ་འདོན། །ཏི་སེ་ལ་སྟོད་བལ་ཡུལ་གཙང་དུ་འོང་། །གཅོད་ལོགས་སྣ་ཚོགས་དར་བར་བྱེད་པའི་དུས། །མ་གཅིག་ཉིད་ཀྱིས་སྤྲུལ་པར་ལུང་བསྟན་པའི། །ལ་འདུལ་རྡོ་རྗེ་སྒྲོན་དང་ལྕོག་ལ་སྒྲོན། །ལྷོ་བྲག་ཉིད་དུ་རྩལ་འདྲེན་རྩོད་པ་བྱས། །ལྕོག་ལ་མོན་ཡུལ་བྱོན་པའི་རྗེས་སུ་བསྙག །ཁྲོ་བོ་མཐིང་ནག་སྤྲུལ་ནས་ལྕགས་ཀྱུས་བཟུང་། །གྲི་གུག་སྙིང་འདོན་ཚད་པས་དམ་ལ་
ཐོག །ཆོས་ལོག་སྤང་ནས་རབ་བྱུང་ཆོས་སྒོར་བཙུད། །བལ་ཡུལ་བསྒྲུབས་པ་བྱས་པས་གྲུབ་པ་ཐོབ། །ལས་གྲུབ་ཡེ་ཤེས་མཁའ་འགྲོ་ཞེས་སུ་གྲགས། །ལ་འདུལ་ཆུང་དུས་ཚེམས་རྣམས་བརྗེས་པ་ལ། །ཁ་དོག་ལྔ་ལྡན་རྒྱལ་བའི་སྐུ་རེ་བྱོན། །ལྷ་ས་ལྷོ་བྲག་ལ་སོགས་གཏེར་རྣམས་བཏོན་། །མོན་དང་བལ་མཚམས་མཁའ་འགྲོ་འདུ་བའི་བྲག །རྡོ་རྗེའི་གུར་ཁང་ཞེས་བྱར་བཞུགས་པའི་ཚེ། །གྲུབ་ཐོབ་ཉེར་གསུམ་འཁོར་ཚོགས་སུམ་སྟོང་འཚོགས། །ལ་འདུལ་རྡོ་རྗེ་སྒྲོལ་མས་མཛད་པ་རྣམས། །རྒྱུད་བུ་ཆུང་། ངམ་ཕྱི་མ་ཞེས་སུ་གྲགས། །ལ་འདུས་ཐོད་སྨྱོན་ཕྱི་མའི་རྣམ་ཐར་ནི། །རྒྱུད་བུ་ཆུང་གི་རྣམ་ཐར་ཞེས་བྱ་ཡོད། །དེ་ཡང་མ་གཅིག་ལབ་སྒྲོན་བཅུ་དྲུག་དུས། །ཡབ་འདས་རྒྱ་གར་པཎྜི་ཏ་རུ་སྐྱེས། །ཡུམ་འདས་ཨོ་རྒྱན་མཁའ་འགྲོའི་གནས་སུ་གཤེགས། །ཨ་ལྕེ་འབུམ་མེ་ལྷག་མེད་མཁའ་སྤྱོད་གཤེགས། །ཨ་ཕོ་ཤཱཀྱ་རྒྱལ་མཚན་མཁས་གྲུབ་ལྡན། །མིང་པོ་ཆུང་བ་མངའ་ཐང་དར་ཞིང་རྒྱས། །སྲས་པོ་ཐོད་སྨྱོན་གོང་མ་མཇལ་ལུས་ཡལ། །སྲས་མོ་ལ་འདུས་གོང་མ་མཁའ་སྤྱོད་གཤེགས། །རྒྱལ་བ་དོན་གྲུབ་འདས་པའི་གདུང་
སྦྱངས་ནས། །སྐུ་གཟུགས་ལ་སོགས་རྟེན་ནི་དཔག་མེད་བྱོན། །ཡུམ་སྲས་བཞི་ཀའི་གདུང་རྟེན་ཟངས་རིར་བཞེངས། །ཁམ་བུ་ཡ་ལེ་ལྷག་མེད་མཁའ་སྤྱོད་གཤེགས། །གཞན་ཡང་སྲས་རྒྱུད་འགྲོ་དོན་ནུས་པ་མང་། །མ་གཅིག་བུ་སློབ་མང་ཡང་བརྒྱུད་འཛིན་གསུམ། །མདོ་ལུགས་བརྒྱུད་འཛིན་རྒྱལ་བ་དོན་གྲུབ་དང་། །སྔགས་ལུགས་བརྒྱུད་འཛིན་ཐོད་སྨྱོན་བསམ་འགྲུབ་སྟེ། །མདོ་སྔགས་ཟུང་འཇུག་བརྒྱུད་འཛིན་ཆོས་སེང་གསུམ། །རྒྱལ་བ་དོན་གྲུབ་བརྒྱུད་འཛིན་གཙོ་བོ་གསུམ། །གྲུ་པ་ཧར་ཐོན་སངས་རྒྱས་སྣང་ཞིག་གཉིས། །བཤད་པའི་བརྒྱུད་འཛིན་ཡིན་ཅིང་གྲྭ་པ་ཡི། །བརྒྱུད་འཛིན་ཁམ་བུ་ཡ་ལེ་ཡིན་པར་གསུངས། །ཐོད་སྨྱོན་སློབ་མ་གང་པ་སྨུག་སངས་ཡིན། །ཁུ་སྒོམ་སློབ་མ་དོལ་པ་ཟང་ཐལ་ཡིན། །རྒྱ་ནག་གཅེར་བུ་སངས་རྒྱས་གཉེན་སྟོན་གསུམ། །གང་པ་སྨུག་སེང་ཀརྨ་པཀཱིར་བརྒྱུད། །འདི་སྐབས་མ་གཅིག་བརྒྱུད་འཛིན་བཅུ་བཞིའི་ནང་། །གྲུབ་པ་མཆོག་ཐོབ་རྫུ་འཕྲུལ་སྣ་ཚོགས་སྟོན། །གྲུབ་ཆེན་ཀརྨ་པ་ནི་མཆོག་ཉིད་དུ། །ལ་འདུལ་རྡོ་རྗེ་སྒྲོན་གྱིས་བསྟོད་པ་མཛད། །རིན་ཆེན་སེང་གེས་བརྒྱ་དང་བཅུ་བདུན་ཐུབ། །ཆོས་དབྱིངས་
རྡོ་རྗེའི་བརྒྱ་དང་བཅུ་ཐུབ་སྟེ། །རྡོ་རྗེ་རྒྱལ་མཚན་བརྒྱ་དང་བརྒྱད་ཐུབ་སྟེ། །བརྒྱ་ཙམ་ཐུབ་པ་དྲུག་ཙམ་བྱོན་པ་ཡིན། །མཁས་གྲུབ་ཆེན་པོ་སྡེ་སྣོད་རྒྱུད་སྡེ་མཁས། །སྐུ་གཅིག་མཚན་ནི་མང་དུ་གྲགས་པ་སྟེ། །སངས་རྒྱས་སྟོན་པ་སངས་རྒྱས་གཉེན་སྟོན་དང་། །བརྩོན་འགྲུས་དཔལ་དང་གཉེན་སྟོན་རི་གོང་བ། །འཇམ་དབྱངས་བརྩོན་པའི་དཔལ་དང་རབ་སྟོན་པ། །སངས་རྒྱས་རབ་སྟོན་དོན་ཡོད་རྡོ་རྗེ་དང་། །པཎྜི་ཏ་ནི་དོན་ཡོད་རྡོ་རྗེ་དང་། །བརྩོན་འགྲུས་སེང་གེ་ཞེས་ཀྱང་གྲགས་པ་དེས། །མཁའ་འགྲོའི་ལུང་བསྟན་རྟེན་འབྲེལ་མང་པོ་དང་། །རྡོ་རྗེ་སྒྲོལ་མས་བཀའ་གནང་ལུང་བསྟན་ལྟར། །ཟབ་དོན་ལ་སོགས་གཅོད་སྐོར་མང་དུ་བརྩམས། །རྡོ་རྗེ་སྒྲོན་མ་ཉིད་ལ་གཟིགས་ཕུལ་བས། །ཤིན་ཏུ་ལེགས་པས་ཀུན་ལ་སྤེལ་ཅིག་དང་། །རླུང་ལྟར་གྲགས་ཤིང་ཀུན་ལ་ཕན་ཐོགས་པས། །གཅོད་ལོག་བྱུང་དུས་འང་འདི་ཡིས་ཕན་ཐོགས་གསུངས། །ཡང་ནི་ཁམ་བུ་ཡ་ལེ་ཡེ་ཤེས་འབར། །གནམ་མཚོ་བ་དང་རང་བྱུང་རྡོ་རྗེར་བརྒྱུད། །གྲུབ་ཆེན་ཀརྨ་པཀིར་བརྒྱུད་པ་ནི། །དཀྱིལ་འཁོར་མཆོད་ཅིང་སྒྲུབ་དང་གཅོད་དབང་ཡིན། །
མ་གཅིག་རྣམ་ཐར་བརྩོན་སེང་མཛད་པ་དང་། །རྒྱུད་བུ་ཆུང་དང་དམ་ཚིག་ཉེར་གཅིག་སོགས། །ཀུན་གྱི་དོན་བསྡུས་དད་པའི་རྟེན་ཙམ་དུ། །གཅོད་པ་དབོན་པོ་ཆོས་འཕེལ་དགའ་བའི་ཕྱིར། །རཱ་གའི་མིང་ཅན་དགེ་སློང་དེ་ཡིས་སྦྱར། །ཉེས་པ་གང་མཆིས་མཁའ་འགྲོའི་ཚོགས་ལ་བཤགས། །དགེ་བས་འགྲོ་ཀུན་མཁའ་སྤྱོད་འགྲུབ་གྱུར་ཅིག །མངྒ་ལཾ། བྷ་ཝནྟུ། བཀྲ་ཤིས།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།