Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་གཉིས་པ།


   
   
རྒྱལ་པོའི་ཁབ་ཀྱི་སྡེ་ཚན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱལ་པོའི་ཁབ་ཀྱི་སྡེ་ཚན། next

རྒྱལ་པོའི་ཁབ་ཀྱི་སྡེ་ཚན།


DKG002_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ལ། རྒྱལ་པོའི་ཁབ་དང་ན་ལན་ད། །འོད་མའི་དབྱུག་པ་དམར་བུའི་གྲོང་། །ཆུ་བོ་གང་གཱ་སྤྲིན་བརྩེགས་དང་། །སྒྲ་ཆེན་ཡངས་པ་ཐ་མ་ཡིན། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའ་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །གང་གི་ཚེ་གཞོན་ནུ་མ་སྐྱེས་དགྲ་ལྷ་སྦྱིན་གྱིས་སྦད་ནས་ཕ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་བསད་དེ་རང་ཉིད་ཀྱིས་ཅོད་པན་བཅིངས་ནས་རྒྱལ་པོར་ཞུགས་པ་དེའི་ཚེ་དེ་བཅོམ་ལྡན་འདས་ལ་བཀུར་སྟི་མ་ཡིན་


DKG002_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

པ་མང་པོ་བྱ་བར་བརྩམས་ཏེ། དགྲོངས་པ་མན་ཆད་བྱ་བའི་ཕྱིར་གླང་པོ་ཆེ་ནོར་སྐྱོང་དང་ཁྱི་གཏུམ་པོ་ཟ་བ་དག་སྦད་པ་དང་། དེའི་མ་ལུས་འཕགས་མས་སྨྲས་པ། བུ་བཅོམ་ལྡན་འདས་ལ་བཀུར་སྟི་མ་ཡིན་པ་མ་བྱེད་ཅིག །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བཀུར་སྟི་མ་ཡིན་པས་བསྙེངས་པ་ཡིན་གྱིས། རྒྱལ་པོའ་ཁབ་ནས་བཞུད་དེ་གནོད་པར་གྱུར་ཏ་རེ། བཅོམ་ལྡན་འདས་ཀྱི་མཐུས་ཡུལ་ཨཱང་ག་དང་། མ་ག་དྷཱ་རྣམས་འབྱོར་ཅིང་ཉམས་དགའ་བ་ཡིན་ནོ། །སྙིང་རྙོག་པ་ཅན་དེས་སྨྲས་པ། ཅི་གང་ན་བཅོམ་ལྡན་འདས་མེད་པའི་ཡུལ་དེ་དག་ཞིག་པ་དང་སྟོངས་པར་གྱུར་ཏམ། དེ་མས་ཐམས་ཅད་ཀྱི་ཐམས་ཅད་དུ་བཟློག་ཀྱང་མ་བཏུབ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། གཞོན་ནུ་མ་སྐྱེས་དགྲ་འདི་བསོད་ནམས་མ་ཡིན་པ་མང་དུ་སོགས་ཀྱིས་ངས་འདི་གཞི་མེད་པའི་དད་པ་ལ་གཞག་ཏུ་རེ་ཞིག་དེའི་དུས་ལ་མ་བབ་པས་མཉན་ཡོད་དུ་གཤེགས་སོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་མཉན་ཡོད་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ་རིམ་གྱིས་རྒྱུ་ཞིང་གཤེགས་པ་ན་མཉན་ཡོད་དུ་བྱོན་ནས། མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཐའི་རྒྱལ་ཕྲན་དག་གིས་བཅོམ་ལྡན་འདས་ལ་མ་སྐྱེས་དགྲས་བཀུར་སྟི་མ་ཡིན་པ་བྱས་པས་དེ་བཀུར་སྟི་མ་ཡིན་པས་བསྙེངས་ནས་རྒྱལ་པོའ་ཁབ་ནས་གཤེགས་ཏེ་མཉན་ཡོད་དུ་བྱོན་ཏོ་ཞེས་ཐོས་ནས། དེ་དག་འདི་སྙམ་དུ་སེམས་ཏེ། རེ་ཞིག་རྒྱལ་པོ་སྡིག་ཅན་དེས་ཕ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་བསད་ན། དེས་ཀྱང་མ་ཆོག་ནས་བཅོམ་ལྡན་འདས་ལྷ་དང་ལྷ་མ་ཡིན་དང་། མི་རྣམས་ཀྱིས་མཆོད་པ་དེ་ལ་ཡང་བཀུར་སྟི་མ་ཡིན་པ་བྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བཀུར་སྟི་མ་ཡིན་པས་བསྙེངས་པ་ཡིན་པས། དེས་ན་བཅོམ་ལྡན་འདས་རྒྱལ་པོའ་ཁབ་ནས་གཤེགས་ཏེ་མཉན་ཡོད་དུ་བྱོན་པར་གྱུར་པས་དེ་ཡོང་ཡེ་རྒྱལ་སྲིད་ལས་དབྱུང་བར་བྱའོ་སྙམ་ནས་དེ་དག་གིས་ཕན་ཚུན་ཕོ་ཉས་བཟླུགས་ནས་བློ་གྲོས་གཅིག་ཏུ་བྱས་ཏེ་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་པ་གླང་པོ་ཆེའི་ཚོགས་དང་།


DKG002_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་བའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་དང་། རྒྱལ་པོའ་ཁབ་ཏུ་དོང་སྟེ། ལོ་བཅོམ་ནས་ཕྲུ་མར་བསྐོར་ཏེ་འཁོད་དོ། །ཀླུའི་རྒྱལ་པོ་སོག་མ་མེད་ཀྱིས་ཀྱང་སེར་བའི་རྒྱུན་ཕབ་པས་ལོ་ཏོག་ལྷག་མ་རྣམས་མ་རུང་བར་བྱས་སོ། །དཀའ་ཐུབ་ཀྱི་ཆུ་ལྔ་བརྒྱ་དང་། ཆུ་མིག་དང་། མཚོ་དང་། མཚེའུ་རྣམས་སྐམས་ལ་ཐུག་པས་མུ་གེ་བྱུང་བར་གྱུར་ཏོ། །ཆུ་ལྷག་མ་གཞན་དག་ཀྱང་མཐའི་རྒྱལ་ཕྲན་དག་གིས་མ་རུང་བར་བྱས་སོ། །དེ་ནས་མ་སྐྱེས་དགྲ་སྡུག་བསྔལ་མི་བཟད་པ་ཉམ་ང་བར་གྱུར་པ་ལ་མི་མ་ཡིན་པ་དག་གིས་གླགས་རྙེད་དེ། རྨ་ལ་ཐལ་བ་བཏབ་པ་ལྟར་མི་ངས་བྱུང་སྟེ། ཁྱོགས་དང་ཁྱོགས་འདྲུད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲ་གནོད་པ་བརྒྱ་ཕྲག་དུ་མས་སྙིང་དཀྲུགས་པས་ལག་པ་འགྲམ་པ་ལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ །དེ་ནས་ལུས་འཕགས་མས་སྨྲས་པ། བུ་ཅིའི་ཕྱིར་སེམས་ཁོང་དུ་ཆུད། ཡུམ་གནོད་པ་བརྒྱ་ཕྲག་དུ་མ་དག་བྱུང་བར་གྱུར་ཏོ། །བུ་ཁོ་མོས་སྔར་ཁྱོད་ལ་བཅོམ་ལྡན་འདས་ལ་བཀུར་སྟི་མ་ཡིན་པ་བྱེད་ཅིག །འདུལ་བ་གཞི། བམ་པོ་ཉི་ཤུ་དྲུག་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བཀུར་སྟི་མ་ཡིན་པས་བསྙེངས་པ་ཡིན་གྱིས། བཅོམ་ལྡན་འདས་རྒྱལ་པོའ་ཁབ་ནས་བཞུད་དེ་གནོད་པར་གྱུར་ཏ་རེ་ཞེས་མ་སྨྲས་སམ། དེ་ནི་འདི་ཡིན་ནོ། །ཡུམ་དེ་ལ་ཇི་ལྟར་བསྒྲུབ་པར་བགྱི། བུ་བཅོམ་ལྡན་འདས་ལ་བཟོད་པར་གསོལ་ཅིག །ཡུམ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆིས་པའི་རྔོ་མི་ཐོག་ལགས་སོ། །བུ་ཁྱོད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཙན་དན་དང་སྟེའུར་མཉམ་པ་ཁོང་ཁྲོ་བ་དང་རྗེས་སུ་ཆགས་པ་སྤངས་པ་ཡིན་ནོ་ཞེས་མ་ཐོས་སམ། གལ་ཏེ་འགའ་ཞིག་གིས་བཅོམ་ལྡན་འདས་ཀྱི་ཕྱག་དཔུང་པ་གཅིག་ལ་སྟེའུ་ཡིས་བཞོག་པར་བྱེད་ལ། ཅིག་ཤོས་ལ་ཙན་དན་ས་མཆོག་གིས་ཉུག་པར་བྱེད་ན། དེ་ལ་བཅོམ་ལྡན་འདས་རྗེས་སུ་ཆགས་པ་ཡང་མི་མངའ། ཁོང་ཁྲོ་བ་ཡང་མི་མངའོ། །དེ་ནས་ལུས་འཕགས་མའི་བུ་རྒྱལ་པོ་མ་སྐྱེས་དགྲས་


DKG002_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཞིག་ལ་སྨྲས་པ། ཀྱེ་ནང་རྗེ་ཚུར་ཤོག །ཁྱོད་བཅོམ་ལྡན་འདས་གང་ན་བ་དེར་སོང་ལ། སོན་ནས་ཁོ་བོའ་ཚིག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བྱས་ཏེ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། གནོད་པ་མི་མངའ་འམ། སྟོབས་དང་བདེ་བ་ལ་རེག་པར་གཞུགས་བཞུགས་སམ་ཞེས་སྙུན་གསོལ་ལ་འདི་སྐད་ཅེས་ཀྱང་གསོལ་ཅིག །བཙུན་པ་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲའི་མཆིད་ནས་བཙུན་པ་བུ་ངན་པ་ནི་མཆིས་ཀྱི་ཕ་ངན་པ་ནི་མཆིས་པས་བཅོམ་ལྡན་འདས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་རྒྱལ་པོའ་ཁབ་ཏུ་གཤེགས་པར་གསོལ། གལ་ཏེ་བཅོམ་ལྡན་འདས་མ་གཤེགས་ན་རིང་པོ་མི་ཐོགས་པ་ཁོ་ནར་རྒྱལ་པོའ་ཁབ་ཀྱི་གྲོང་ཁྱེར་སྟོངས་ཏེ་མིང་ལུས་པར་འགྱུར་རོ་ཞེས་གསོལ་ཅིག །ལྷ་བཀའ་བཞིན་འཚལ་ཞེས་མི་དེས་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲའི་ལྟར་མཉན་ནས་ཆས་ཏེ་རིམ་གྱིས་མཉན་ཡོད་དུ་ཕྱིན་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་མི་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ་ཞེས་བྱ་བ་ནས་རེག་པར་བཞུགས་སམ་ཞེས་སྙུན་གསོལ་ལགས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཀྱེ་མི་ཁྱོད་དང་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་བདེ་བར་གྱུར་ཅིག །བཙུན་པ་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲའི་མཆིད་ནས་བཙུན་པ་བུ་ངན་པ་ནི་མཆིས་ཀྱི་ཕ་ངན་པ་ནི་མ་མཆིས་པས་བཅོམ་ལྡན་འདས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་རྒྱལ་པོའ་ཁབ་ཏུ་གཤེགས་སུ་གསོལ། གལ་ཏེ་བཅོམ་ལྡན་འདས་མ་གཤེགས་ན་ཞེས་བྱ་བ་ནས་མིང་ལུས་པར་འགྱུར་རོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བཅོམ་ལྡན་འདས་ཅང་མི་གསུང་བས་མི་དེ་ལ་གནང་ངོ་། །དེ་ནས་མི་དེས་བཅོམ་ལྡན་འདས་ཅང་


DKG002_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཇི་སྲིད་བཞེད་ཀྱི་བར་དུ་མཉན་ཡོད་དུ་བཞུགས་ནས་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་རྒྱལ་པོའ་ཁབ་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ། རིམ་གྱིས་རྒྱུ་ཞིང་གཤེགས་པ་ན་ཡུལ་མ་ག་དྷཱར་བྱོན་ཏོ། །བཅོམ་ལྡན་འདས་ཀྱི་མཐུས་རླུང་གཏོང་བའི་ལྷའི་བུ་རྣམས་ཀྱིས་ནི་དུག་གིས་མ་རུང་བར་བྱས་པའི་ཆུ་དེ་དག་བསྐམས་སོ། །ཆར་པ་འབེབས་པའི་ལྷའི་བུ་རྣམས་ཀྱིས་ནི་ཡན་ལག་བརྒྱད་དང་ལྡན་པའི་ཆུས་བཀང་ངོ་། །ལྷ་རྣམས་ནི་ཆར་པ་འབེབས་པ་ལ་ཞུགས་སོ། །སངས་རྒྱས་ལ་མངོན་པར་དད་པའི་ལྷ་རྣམས་ཀྱིས་ནི་རྒྱལ་པོའ་ཁབ་ནས་མི་མ་ཡིན་པ་རྣམས་བསྐྲད་ནས་མི་ངས་ཞི་བར་གྱུར་ཏོ། །མཐའི་རྒྱལ་ཕྲན་དག་གིས་ནི་བཅོམ་ལྡན་འདས་གཤེགས་པ་མཐོང་ནས་གྲོང་ཁྱེར་བསྐོར་བ་བཏང་སྟེ་དོང་ངོ་། །ཚོད་པ་རྣམས་ཀྱིས་ནི་ཟོང་དག་བཀྲམ་མོ། །བཟོ་ཕལ་པ་གཞན་དག་གིས་ནི་རང་རང་བྱེད་པར་བརྩམས་སོ། །ཡུལ་སོ་སོ་ན་གནས་པའི་ཚོང་པ་རྣམས་དང་། དེད་དཔོན་རྣམས་ནི་ཟོང་དང་འཇུག་པར་བརྩམས་སོ། །ལོ་ནི་ལེགས་པར་གྱུར་ཏོ། །ལམ་པོ་ཆེ་དང་སྲང་དང་། སུམ་མདོ་དང། བཞི་མདོ་རྣམས་སུ་ནི་བཅོམ་ལྡན་འདས་ཀྱི་བདག་ཉིད་ཆེན་པོ་སྒྲོགས་པར་གྱུར་ཏོ། །མུ་སྟེགས་པ་རྣམས་ནི་བག་འཁུམས་པར་གྱུར་ཏོ། །སྐྱེ་བོའ་ཚོགས་རྣམས་ནི་རབ་ཏུ་དགའ་བར་གྱུར་ཏོ། །ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་བཅོམ་ལྡན་འདས་ཡུལ་མ་ག་དྷཱར་གཤེགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་སྙིང་དགའ་བ་དང་། མགུ་བ་དང་། རབ་ཏུ་དགའ་བ་དང་། དགའ་བ་བརྒྱ་ཆེན་པོ་དང་། ཡིད་བདེ་བ་སྐྱེས་ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་དེང་ལ་བཅོམ་ལྡན་འདས་ཀྱི་ཕྱིར་དཔག་ཚད་ཕྱེད་དང་གསུམ་གྱི་ལམ་བསྟར་བ་དང་། གྲོང་ཁྱེར་དག་བཟང་པོར་བྱོས་ཤིག །རྒྱལ་པོའ་ཁབ་ཀྱི་གྲོང་ཁྱེར་ཐམས་ཅད་ཀྱང་རྡོ་བ་དང་། གསེག་མ་དང་། གྱོ་མོ་སོལ་ཏེ་ཙན་དན་གྱི་ཆུས་ཆག་ཐོབ་ལ་དར་གྱི་ཆུན་འཕྱང་མང་པོ་དཔྱོངས་ཤིག །དྲི་ཞིམ་པོའ་པོག་ཕོར་དག་ཤོམས་ལ།


DKG002_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་དང་། རྒྱལ་མཚན་དག་ཚུགས་ཤིག །བར་བར་དུ་མེ་ཏོག་གི་གཞལ་མེད་ཁང་མཛེས་པ་དག་བྱོས་ཤིག །ལྷ་བཀའ་བཞིན་འཚལ་ཞེས་བློན་པོ་རྣམས་ཀྱིས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲའི་ལྟར་མཉན་ནས་ཐམས་ཅད་རྒྱས་པར་བྱེད་དུ་བཅུག་གོ །དེ་ནས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་རྒྱལ་པོ་ཆེན་པོའ་འབྱོར་བ་དང་། རྒྱལ་པོ་ཆེན་པོའ་མཐུས་བདག་ཉིད་དཔུང་གི་ཚོགས་ཡན་ལག་བཞི་དང་གསུར་སོང་ངོ་། །དེ་ནས་བཅོམ་ལྡན་འདས་དུལ་བ་འཁོར་དུལ་བ། ཞི་བ་འཁོར་ཞི་གྲོལ་བ་འཁོར་གྲོལ་བ། དབུགས་ཕྱིན་པ་འཁོར་དབུགས་ཕྱིན་པ། རྣམ་པར་དུལ་བ་འཁོར་རྣམ་པར་དུལ་བ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ། འདོད་ཆགས་དང་བྲལ་བ་འཁོར་འདོད་ཆགས་དང་བྲལ་བ། མཛེས་པ་འཁོར་མཛེས་པ། ཁྱུ་མཆོག་བ་གླང་གི་ཚོགས་ཀྱིས་བསྐོར་བ་ལྟ་བུ། གླང་པོ་ཆེ་གླང་པོ་ཆེའི་ཕྲུ་གུའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། སེང་གེ་མཆེ་བ་ཅན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ངང་པའི་རྒྱལ་པོ་ངང་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ནམ་མཁའ་ལྡིང་འདབ་ཆགས་ཀྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། བྲམ་ཟེ་སློབ་མའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། སྨན་པ་མཁས་པ་ནད་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། དཔའ་བོ་དམག་མིའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ལམ་མཁན་འགྲོན་པོའ་ཚོགས་ཀྱིས་བསྐོར་བ་ལྟ་བུ། དེད་དཔོན་ཚོང་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཚོང་དཔོན་རང་གི་སྐྱེ་བོས་བསྐོར་བ་ལྟ་བུ། རྒྱལ་ཕྲན་བློན་པོའ་ཚོགས་ཀྱིས་བསྐོར་བ་ལྟ་བུ། འཁོར་ལོས་སྒྱུར་བ་བུ་སྟོང་གིས་བསྐོར་བ་ལྟ་བུ། ཟླ་བ་རྒྱུ་སྐར་གྱི་ཀྱིས་བསྐོར་བ་ལྟ་བུ། ཉི་མ་འོད་ཟེར་སྟོང་གིས་བསྐོར་བ་ལྟ་བུ། ཡུལ་འཁོར་སྐྱོང་དྲི་ཟའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ལུས་འཕགས་པོ་གྲུལ་བུམ་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། མིག་མི་བཟང་ཀླུའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ནོར་སྦྱིན་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཐགས་ཟངས་རིས་ལྷ་མ་ཡིན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། བརྒྱ་བྱིན་སུམ་བཅུ་རྩ་གསུམ་པའི་ཚོགས་ཀྱིས་


DKG002_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་ལྟ་བུ། ཚངས་པ་ཚངས་རིས་ཀྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། རྒྱ་མཚོ་མི་གཡོ་བ་ལྟ་བུ། སྤྲིན་ཆུ་དང་བཅས་པ་ལྟ་བུ། གླང་པོ་ཆེ་དམ་པ་རྒྱགས་པ་དང་བྲལ་བ་ལྟར་དབང་པོ་རྣམས་ཤིན་ཏུ་དུལ་བས་མ་གཡེངས་པའི་སྤྱོད་ལམ་གྱི་སྤྱོད་པ་ཅན། སྐུ་སྐྱེས་བུ་ཆེན་པོའ་མཚན་སུམ་བཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་མཛེས་པར་བྱས་པ། སྐུ་འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་གི་འོད་ཟེར་བས་ལྷག་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ནས་མཛེས་པ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པ་གསུམ་དང་། དྲན་བ་ཉེ་བར་གཞག་པ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་པ། དགེ་སློང་གི་དགེ་འདུན་རབ་ཏུ་མང་པོ་དང་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་དང་། ལྷ་བརྒྱ་སྟོང་ཕྲག་དུ་མས་ཞམ་རིང་བྱས་ཏེ་རྒྱལ་པོའ་ཁབ་ཀྱི་གྲོང་ཁྱེར་དུ་གཤེགས་སོ། །གང་གི་ཚེ་བཅོམ་ལྡན་འདས་རྒྱལ་པོའ་ཁབ་ཏུ་ཞུགས་ཏེ། མངོན་པར་འདུ་བྱེད་པ་དང་བཅས་པས་གྲོང་ཁྱེར་གྱི་སྒོའི་ཐེམ་པ་ལ་ཞབས་གཡས་པས་མནན་པ་དེའི་ཚེས་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏེ། ས་ཆེན་པོ་འདི་གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། ལྡེག་རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག་ཅིང་། ཤར་ཕྱོགས་མཐོན་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའ། ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ། བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའ། མཐའ་མཐོ་ན་དབུས་དམའ། དབུས་མཐོ་ན་མཐའ་དམའ་བར་གྱུར་ཏོ། །འཇིག་རྟེན་འདི་འཇིག་རྟེན་གྱི་བར་དང་བཅས་པ་ཐམས་ཅད་ཀྱང་སྣང་བ་རྒྱ་ཆེན་པོས་གསལ་བར་གྱུར་ཏོ། །ལྷས་ཀྱང་བར་སྣང་ལ་རྔ་དག་བརྡུངས་སོ། །ནམ་མཁའ་ལ་གནས་པའི་ལྷ་རྣམས་ཀྱིས་ནི་བཅོམ་ལྡན་འདས་ཀྱི་སྟེང་ནས་ལྷའི་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། ཨ་ག་རུའི་ཕྱེ་མ་དང་། རྒྱ་སྤོས་ཀྱི་ཕྱེ་མ་དང་། གུར་ཀུམ་གྱི་ཕྱེ་མ་དང་། ཏ་མ་ལའི་ལོ་མའི་ཕྱེ་མ་དང་། ལྷའི་མེ་ཏོག་མན་དཱ་ར་བ་


DKG002_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དང། གོས་དག་འཐོར་བར་བྱེད་དེ། བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པ་ན་དེ་ལྟ་བུའི་ཡ་མཚན་དག་བྱུང་བར་གྱུར་ཏོ། །གཞན་ཡང་དོག་པ་དག་ནི་ཡངས་པར་གྱུར་ཏོ། །དམའ་བ་དག་ནི་མཐོ་བར་གྱུར་ཏོ། །མཐོ་བ་དག་ནི་ཕྱ་ལེ་བར་གྱུར་ཏོ། །གླང་པོ་ཆེ་དག་ནི་སྐད་འབྱིན་པར་གྱུར་ཏོ། །རྟ་དག་ཀྱང་སྐད་འབྱིན་པར་གྱུར་ཏོ། །ཁྱུ་མཆོག་དག་ཀྱང་སྐད་འབྱིན་པར་གྱུར་ཏོ། །ཁྱིམ་གྱི་ནང་ན་བཞག་པའི་སྣོད་སྣ་ཚོགས་དག་ནི་མ་བརྡུངས་པར་རང་སྒྲ་འབྱིན་པར་གྱུར་ཏོ། །ལོང་བ་རྣམས་ཀྱིས་ནི་མིག་ཐོབ་པར་གྱུར་ཏོ། །འོན་པ་རྣམས་ནི་རྣ་བས་ཐོས། ལྐུགས་པ་རྣམས་ནི་སྨྲ་ནུས་པར་གྱུར་ཏོ། །དབང་པོ་ལྷག་མ་མཚང་བ་རྣམས་ནི་དབང་པོ་སོ་སོར་ཐོབ་པར་གྱུར་ཏོ། །ཆང་གིས་མྱོས་པ་རྣམས་ནི་མྱོས་པ་དང་བྲལ་བར་གྱུར་ཏོ། །དུག་འཐུངས་པ་དག་ནི་དུག་ཞི་བར་གྱུར་ཏོ། །ཕན་ཚུན་ཁོ་ན་བྱུང་བ་རྣམས་ནི་མཛའ་བར་གྱུར་ཏོ། །སྦྲུམ་པ་དག་ནི་བདེ་བར་བཙས་པར་གྱུར་ཏོ། །བཙོན་དུ་བཅིངས་པ་དག་ནི་ཐར་བར་གྱུར་ཏོ། །ནོར་མེད་པ་དག་ནི་ནོར་རྙེད་པར་གྱུར་ཏོ། །དེ་ལྟ་བུའི་འབྱོར་པ་དེ་མཐོང་ནས་དགེ་བསྙེན་ཞིག་གིས་ཚིགས་སུ་བཅད་དེ་སྨྲས་པ། ཡུལ་གང་ཞིག་ཏུ་འཇིག་རྟེན་གཙོ་བོ་གཤེགས་པ་དེར། །ལོ་ཉེས་མི་ངས་དང་ནི་ཕྱི་དགྲའི་འཇིགས་པ་མེད། །ལྷ་རྣམས་ཆར་འབེབས་སྐྱེ་བོ་བསོད་ནམས་རབ་ཏུ་བྱེད། །དེར་ནི་ཡ་མཚན་བརྒྱ་ཕྲག་གཞན་ཡང་འབྱུང་བར་འགྱུར། །དེ་ནས་བཅོམ་ལྡན་འདས་རྒྱལ་པོའ་ཁབ་ཏུ་ཞུགས་ཏེ། སྐྱེ་བོའ་ཚོགས་དབུགས་ཕྱུང་ནས་རྒྱལ་པོའ་ཁབ་ནས་བྱུང་སྟེ་འོད་མའི་ཚལ་དུ་གཤེགས་སོ། །དེ་ནས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད་ཅེས་བྱ་བ་


DKG002_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རངས་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་བདག་གིས་དགུང་ཟླ་གསུམ་དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་འདུ་ལ་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ཏེ་སོང་ངོ་། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་ཟླ་བ་གསུམ་དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱས་སོ། །དེ་ནས་སངས་རྒྱས་ལ་མངོན་པར་དགའ་བའི་ལྷ་རྣམས་ཀྱིས་མི་ངས་དེ་བསྐྲད་ནས་རྒྱལ་པོའ་ཁབ་ནས་བྱུང་ནས་སྒྲ་སྒྲོགས་ཞེས་བྱ་བའི་ནང་དུ་བྱུང་སྟེ། ཡངས་པ་ཅན་དུ་འདུག་ནས། ཡངས་པ་ཅན་གྱི་སྐྱེ་བོའ་ཚོགས་ལ་མི་ངས་བྱུང་བར་གྱུར་ཏེ། ཁྱོགས་དང་ཁྱོགས་འདྲུད་པར་གྱུར་ཏོ། །ཡངས་པ་ཅན་ན་བྲམ་ཟེ་མདུན་ན་འདོན་མདའ་བོ་ཆེ་ཞེས་བྱ་བ་ཞིག་གནས་པ་དེའི་རྨི་ལམ་ན་ཡངས་པ་ཅན་ན་གནས་པའི་ལྷ་ཞིག་གིས་སྨྲས་པ། གལ་ཏེ་མི་འདུལ་ཁ་ལོ་སྒྱུར་བའི་མཆོག །ཤཱཀྱའི་རིགས་ངག་པ་ཡི་བཅོམ་ལྡན་འདས། །ཡངས་པ་ཅན་དུ་གཤེགས་པར་གྱུར་ན་ནི། །


DKG002_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་རྣམས་ནི་རྣམ་པར་འཇིག་པར་འགྱུར། །དེས་ནམ་ནངས་ནས་ཡངས་པ་ཅན་གྱི་ལི་ཙ་བི་རྣམས་ལ་སྨྲས་པ། ཤེས་ལྡན་དག་བདག་གིས་རྨི་ལམ་འདི་འདྲ་བ་ཞིག་མཐོང་ངོ་། །དེ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་དེ་ལ་ཇི་ལྟར་བསྒྲུབ་པར་བྱ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕོ་ཉ་སུ་ཞིག་གཏང་ཞེས་ཕན་ཚུན་བགྲོ་བར་བརྩམས་པ་དང་། མདུན་ན་འདོན་མདའ་བོ་ཆེ་འདི་ཉིད་ཐམས་ཅད་དུ་ནུས་པ་ཡིན་ལ། བདག་ཅག་ལ་ཡང་བྱམས་པ་ཡིན་གྱིས་གཏང་ངོ་། །དེ་ལ་དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་གང་ན་བ་དེར་སོང་ལ་ཕྱིན་ནས་བདག་ཅག་གི་ཚིག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱོས་ལ། གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ་ཞེས་བྱ་བ་ནས་སྙུན་གསོལ་ལ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །འདི་སྐད་ཅེས་ཀྱང་གསོལ་ཅིག །བཙུན་པ་ཡངས་པ་ཅན་གྱི་ཚོགས་ཀྱི་མཆིད་ནས་བཅོམ་ལྡན་འདས་ཡངས་པ་ཅན་དུ་གཤེགས་སུ་གསོལ། གལ་ཏེ་བཅོམ་ལྡན་འདས་ཡངས་པ་ཅན་དུ་མ་གཤེགས་ན་རིང་པོར་མི་ཐོགས་པ་ཁོ་ནར་ཡངས་པ་ཅན་སྟོངས་ཤིང་མིང་ལུས་པར་འགྱུར་རོ་ཞེས་གསོལ་ཅིག །དེས་སྨྲས་པ། ཤེས་ལྡན་དག་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་ནི་ཁྱེད་ལ་ཡུན་རིང་དུ་གནོད་པ་བྱེད་པ་ཕྱིར་རྒལ་བ་དགྲ་བོར་གྱུར་པ་ཡིན་པས་བདག་ལ་གནོད་པ་བྱེད་པར་མི་འགྱུར་གྲང་། དེ་དག་གིས་ཚིགས་སུ་བཅད་དེ་སྨྲས་པ། ཡུལ་འཁོར་གཞན་ཡང་འགྱེད་པར་ཡང་། །ཕོ་ཉ་མི་གསོད་ཅེས་གྲག་ན། །ཁྱོད་ནི་རྒྱལ་བའི་ཕོ་ཉ་ཡིན། །ཀུན་གྱིས་མི་གསོད་སྨོས་ཅི་དགོས། །དེ་ནས་མདུན་ན་འདོན་མདའ་བོ་ཆེ་དགེ་མཚན་དང་བཀྲ་ཤིས་དང་བདེ་ལེགས་སུ་འགྱུར་བ་དག་བྱས་ཏེ། རིམ་གྱིས་རྒྱལ་པོའ་ཁབ་ཏུ་ཕྱིན་ནས་དེ་ལམ་གྱིས་དུབ་པ་བསལ་ཏེ། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བར་འགྱུར་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་མདུན་ན་འདོན་མདའ་བོ་ཆེས་


DKG002_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་ཡངས་པ་ཅན་གྱི་ཚོགས་བཅོམ་ལྡན་འདས་གཽ་ཏ་མའི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོ་འམ། གནོད་པ་མ་མཆིས་སམ། སྟོབས་དང་བདེ་བ་ལ་རེག་པར་སྤྱོད་དམ་ཞེས་སྙུན་གསོལ་ལགས་སོ། །མདའ་བོ་ཆེ་ཁྱོད་དང་ཡངས་པ་ཅན་གྱི་ཚོགས་བདེ་བར་གྱུར་ཅིག །ཀྱེ་གཽ་ཏ་མ་ཡངས་པ་ཅན་གྱི་ཚོགས་ཀྱི་མཆིད་ནས་བཅོམ་ལྡན་འདས་ཡངས་པ་ཅན་དུ་གཤེགས་སུ་གསོལ། གལ་ཏེ་བཅོམ་ལྡན་འདས་ཡངས་པ་ཅན་དུ་མ་གཤེགས་ན་རིང་པོ་མི་ཐོགས་པ་ཁོ་ནར་ཡངས་པ་ཅན་སྟོངས་ཤིང་མིང་ཙམ་ལུས་པར་འགྱུར་རོ་ཞེས་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདའ་བོ་ཆེ་འདིར་ང་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ལ་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་པས་རྒྱལ་པོ་ལ་རྟོགས་ཤིག །གལ་ཏེ་རྒྱལ་པོས་གནང་ན་ང་དེ་བཞིན་དུ་གཤེགས་པར་བྱའོ། །དེས་ཡངས་པ་ཅན་དུ་བཅོམ་ལྡན་འདས་ནི་འདི་སྐད་ཅེས་གསུང་ངོ་ཞེས་སྤྲིང་ངོ་། །དེ་རྣམས་ཀྱིས་ཀྱང་སྤྲིང་བ་དེ་ཉིད་ཀྱི་ཕྱིར་ཁྱོད་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་གང་ན་བ་དེར་སོང་ལ་སོན་ནས། བདག་ཅག་གི་ཚིག་གིས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོ་འམ། གནོད་པ་མ་མཆིས་སམ། སྟོབས་དང་བདེ་བ་ལ་རེག་པར་གནས་སམ་ཞེས་ཀྱང་དྲིས་ལ་འདི་སྐད་ཅེས། ལྷ་བཅོམ་ལྡན་འདས་ཡངས་པ་ཅན་དུ་གཤེགས་པར་བཅོམ་ལྡན་འདས་ལ་རྗེས་སུ་གནང་བར་མཛད་དུ་གསོལ། ལྷས་གལ་ཏེ་བཅོམ་ལྡན་འདས་ལ་རྗེས་སུ་མ་གནང་ན་རིང་པོ་མི་ཐོགས་པ་ཁོ་ནར་ཡངས་པ་ཅན་སྟོངས་ཤིང་མིང་ལུས་པར་འགྱུར་རོ་ཞེས་སྨྲོས་ཤིག །དེ་ནས་མདུན་ན་འདོན་མདའ་བོ་ཆེས་བསམས་པ། ཅི་རེ་ཞིག་རྒྱལ་པོ་ལ་བསྙེན་པར་བྱའམ། འོན་ཏེ་བློན་པོ་


DKG002_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་བྱ་སྙམ་དུ་བསམས་པ་དང་། དེ་འདི་སྙམ་དུ་སེམས་ཏེ། འགའ་ཞིག་གི་དངགས་ལས་བསྙེན་པར་མི་བྱ་སྟེ། འོན་ཀྱང་བསྙེན་པ་བྱེད་པ་ལ་བསྙེན་པར་བྱའོ་ཞེས་འབྱུང་བས། མདོར་ན་བློན་པོ་རྣམས་ལ་བསྙེན་པར་བྱའོ་སྙམ་ནས། དེས་བློན་པོ་རྣམས་ལ་བསྙེན་པར་བྱ་བར་བརྩམས་སོ། །དེ་ནས་བློན་པོ་རྣམས་ཀྱིས་སྨྲས་པ། མདུན་ན་འདོན་དགོས་པ་ཅི་ཞིག་ལ་འོངས། དེས་སྨྲས་པ། ཤེས་ལྡན་དག་ཁོ་བོ་ནི་བཅོམ་ལྡན་འདས་ཀྱི་ཕྱིར་ལྷ་ལ་གསོལ་བ་འདེབས་སུ་མཆིས་ཀྱིས་ཁྱེད་ཅག་གིས་གྲོགས་མཛོད་ཅིག །དེ་རྣམས་ཀྱིས་སྨྲས་པ། དེ་བཞིན་དུ་བྱས་ཁོ་བོ་ཅག་གིས་ཇི་ཙམ་ན་བོས་པ་དེའི་ཚེ་ཁྱོད་ཤོག་ཅིག །དེ་ནས་དེ་དག་གིས་སྐབས་ཤེས་ནས་བོས་པ་དང་དེ་ནས་མདུན་ན་འདོན་མདའ་བོ་ཆེ་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་གང་ན་བ་དེར་སོང་སྟེ་སོང་ནས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་ལ་རྒྱལ་བ་དང་ཚེ་སྤེལ་བ་དག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་མདུན་ན་འདོན་མདའ་བོ་ཆེས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་ཡངས་པ་ཅན་གྱི་ཚོགས་ཀྱི་མཆིད་ནས་ལྷ་ལ་གནོད་པ་ཆུང་ངམ། རེག་པར་གནས་སམ་ཞེས་བྱ་བ་རྒྱས་པར་སྙུན་གསོལ་ལོ། །མདའ་བོ་ཆེ་ཁྱོད་དང་། ཡངས་པ་ཅན་གྱི་ཚོགས་བདེ་བར་གྱུར་ཅིག །ལྷ་ཡངས་པ་ཅན་གྱི་ཚོགས་ཀྱི་མཆིད་ནས་འདི་སྐད་ཅེས། ལྷ་བཅོམ་ལྡན་འདས་ཡངས་པ་ཅན་དུ་གཤེགས་པར་བཅོམ་ལྡན་འདས་ལ་རྗེས་སུ་གནང་བར་མཛད་དུ་གསོལ། ལྷས་གལ་ཏེ་བཅོམ་ལྡན་འདས་ལ་རྗེས་སུ་མ་གནང་ན་རིང་པོ་མི་ཐོགས་པ་ཁོ་ནར་ཡངས་པ་ཅན་སྟོངས་ཤིང་མིང་ལུས་པར་འགྱུར་རོ་ཞེས་མཆིའོ། །རྒྱལ་པོས་སྨྲས་པ། མདའ་བོ་ཆེ་ཁོ་བོས་ཡུན་རིང་མོ་ཞིག་ནས་ཀྱེ་མ་ཡངས་པ་ཅན་གྱི་གནས་སྟོངས་ཀྱང་ཅི་མ་རུང་སྙམ་དུ་བསམས་པ་དེ་གལ་ཏེ་ཡངས་པ་ཅན་གྱི་གནས་སྟོངས་པར་གྱུར་ན་ཁོ་བོ་ཡིད་ལ་བསམ་པ་ཚེགས་ཆུང་དུས་རྫོགས་པར་མ་གྱུར་ཏམ། དེ་སྐད་ཅེས་སྨྲས་པ་དང་། མདའ་བོ་ཆེ་སོང་ངོ་། །བློན་


DKG002_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་ཀྱིས་སྨྲས་པ། ལྷ་བཅོམ་ལྡན་འདས་ཀྱིས་སེམས་ཅན་གཅིག་ཀྱང་ཡོངས་སུ་བཏང་བ་ལྟ་མཆིས་སམ། ཤེས་ལྡན་དག་མེད་དོ། །དེ་ལྟ་ན་ལྷས་བཅོམ་ལྡན་འདས་ལ་བཀུར་སྟི་མ་ལགས་པ་བགྱིས་སོ། །ལྷས་བཅོམ་ལྡན་འདས་ལ་རྗེས་སུ་གནང་ཡང་རུང་། མ་གནང་ཡང་རུང་སྟེ། བཅོམ་ལྡན་འདས་ནི་ཡངས་པ་ཅན་གྱི་སེམས་ཅན་ལ་ཐུགས་བརྩེ་བའི་ཕྱིར་གཤེགས་པར་འགྱུར་བ་ཉིད་དོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ཁོ་བོས་མ་ཤེས་ཀྱིས་གལ་ཏེ་དེ་ལྟ་ན་ཁུག་ཤིག །དེ་དག་གིས་མདའ་བོ་ཆེ་བཀུག་ནས་རྒྱལ་པོས་སྨྲས་པ། མདའ་བོ་ཆེ་ཁོ་བོས་དམ་བཅས་ཏེ་བཅོམ་ལྡན་འདས་རྗེས་སུ་གནང་བར་བྱའོ། །གལ་ཏེ་ཁོ་བོས་བཅོམ་ལྡན་འདས་ལ་མཆོད་པ་དང་བསྙེན་བཀུར་ཅི་འདྲ་བ་བྱས་པ་དེ་ཁོ་ན་འདྲ་བར་ཡངས་པ་ཅན་གྱི་ཚོགས་ཀྱིས་བྱ་ན། དེ་ལྟ་ན་ཁོ་བོས་རྗེས་སུ་གནང་ངོ་། །དེས་ཡངས་པ་ཅན་རྣམས་ལ་རྒྱལ་པོ་འདི་སྐད་ཅེས་གསུང་ངོ་ཞེས་སྤྲིང་ངོ་། །དེ་རྣམས་ཀྱིས་སྨྲས་པ། རྒྱལ་པོ་མི་གཅིག་པུར་གྱུར་པས་བཅོམ་ལྡན་འདས་ལ་མཆོད་པ་དང་བཀུར་སྟི་བྱེད་ན། བདག་ཅག་ཚོགས་སུ་གྱུར་པས་ཅི་སྟེ་མི་བྱ་ཞེས་དེ་དག་གིས་བཅོམ་ལྡན་འདས་གཤེགས་སུ་གསོལ་ཅིག་དང་། བདག་ཅག་གིས་བཅོམ་ལྡན་འདས་ལ་དེ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་མཆོད་པ་དང་བཀུར་སྟི་བགྱིའོ་ཞེས་སྤྲིད་ངོ་། །དེ་ནས་མདའ་བོ་ཆེས་དོན་དེ་དག་རྒྱལ་པོ་ལ་རིག་པར་བྱས་སོ། །དེ་ནས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་བདག་ཇི་སྲིད་འཚོའ་བར་དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་


DKG002_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་བགྱིད་པར་སྤྲོ་ལགས་མོད་ཀྱི། བཅོམ་ལྡན་འདས་སེམས་ཅན་རྣམས་ལ་ཐུགས་བརྩེ་བས་གནང་བར་མི་འགྱུར་ལགས་ན། བཅོམ་ལྡན་འདས་བདག་གི་གདུགས་ཚོད་གསོལ་བར་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱི་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་སོང་ངོ་། །དེ་ནས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་དེ་ཉིད་ཀྱི་མཚན་མོ་ནས་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །གསེར་གྱི་བྱ་མ་བུམ་བླངས་ཏེ་བཅོམ་ལྡན་འདས་ལ་གསོལ་བ་འདེབས་པ་ལ་ཞུགས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཀླུ་གདུག་པ་དང་། གནོད་སྦྱིན་གདུག་པ་དེ་དང་དེ་རྣམས་ནི་བཏུལ་ལགས་ན། བཙུན་པ་ཀླུའི་རྒྱལ་པོ་སོག་མ་མེད་འདི་ཡུན་རིང་པོ་ཞིག་ནས་བདག་ཅག་ལ་ཤ་ཁོ་ན་མ་མཆིས་པར་ནི་ཤ་ཁོན་བགྱིད། འགྲན་ཟླ་མ་མཆིས་པར་ནི་འགྲན་ཟླར་གྱུར། གནོད་པ་མ་མཆིས་པར་ནི་གནོད་པར་བགྱིད་པར་གྱུར་ཏེ། ལོ་ཏོག་གང་དག་སྐྱེས་ཤིང་སྐྱེས་པ་རྣམས་ཆུད་གཟོན་པར་བགྱིད་ལགས་ན། བཅོམ་ལྡན་འདས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་ཀླུའི་རྒྱལ་པོ་སོག་མ་མེད་ལེགས་པར་གདུལ་བར་གསོལ། །བཅོམ་ལྡན་འདས་ཀྱིས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་ལ་ཡོན་བསྔོ་བ་མཛད་ནས་གཤེགས་ཏེ། གཙུག་ལག་ཁང་དུ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་པོ་ལ་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཕྱོགས་སུ་ཀླུའི་


DKG002_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་སོག་མ་མེད་འདུལ་དུ་འདོང་ངོ་། །བྱང་ཕྱོགས་ན་ནི་ཕན་ཡོན་ལྔ་ཡོད་དེ། ལྔ་གང་ཞེ་ན། མེ་ཏོག་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། ཆུ་ཕུན་སུམ་ཚོགས་པ་དང་། བསོད་སྙོམས་མོད་པ་དང་། སྐྱེ་བོའ་ཚོགས་དྲང་པོ་ཡོད་དོ་ཞེས་གསུངས་ནས་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་གི་ཕྱིར་གཙུག་ལག་ཁང་དུ་ཞུགས་སོ། །དེ་ནས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་རྒྱལ་པོའ་ཁབ་ནས་ཆུ་བོ་གང་གཱའི་བར་གྱི་ལམ་དང་གྲོང་ཁྱེར་དག་ཆེ་ཐང་དུ་སྟོར་དུ་བཅུག་སྟེ་ལམ་རྡོ་བ་དང་། གསེག་མ་དང་། གྱོ་མོ་ཐམས་ཅད་བསལ་ནས་ཙན་དན་གྱི་ཆུས་ཆག་ཆག་བཏབ་དྲི་ཞིམ་པོ་སྣ་ཚོགས་ཀྱི་པོག་ཕོར་དག་བཤམས། དར་གྱི་ཆུན་འཕྱང་མང་པོ་དཔྱངས། བར་བར་དུ་མེ་ཏོག་གི་གཞལ་མེད་ཁང་དག་བྱས་སོ། །ཡངས་པ་ཅན་གྱི་ལི་ཙ་བི་རྣམས་ཀྱིས་ནི་ཆུ་བོ་གང་གཱ་ནས་ཡངས་པ་ཅན་གྱི་བར་དུ་དེ་བས་ལྷག་པར་ཁྱད་པར་དུ་འཕགས་པར་ལམ་དང་གྲོང་ཁྱེར་དག་སྟོར་དུ་བཅུག་གོ །དེ་ནས་བཅོམ་ལྡན་འདས་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་བཞེངས་ཏེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ན་ལན་ད་གང་ན་བ་དེར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། དེ་ནས་བཅོམ་ལྡན་འདས་དང་ཡུལ་མ་ག་དྷཱའི་ལྗོངས་རྒྱུ་ཞིང་གཤེགས་པ་ན། ན་ལན་དར་བྱོན་ནས་ན་ལན་ད་ན་ཨ་མྲའི་ཚལ་དགག་དབྱེ་ཅན་ཞེས་བྱ་བ་ན་བཞུགས་སོ། །དེའི་ཚེ་ན་ལན་ད་ན་ཀུན་དུ་རྒྱུ་འདམ་བུའི་ཚོང་པ་ཞེས་བྱ་བ་རྒྱས་པ། འཁོགས་པ། གཏུགས་པ་བཙས་ནས་ལོ་བརྒྱ་ཉི་ཤུ་ལོན་པ་ཞིག་གནས་པ་ལ། ན་ལན་དའི་བྲམ་ཟེ་དང་ཁྱིམ་བདག་རྣམས་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དེ། དགྲ་བཅོམ་པར་བཀུར་རོ། །དེ་ནས་ཀུན་དུ་རྒྱུ་འདམ་བུའི་ཚོང་པའི་སྔོན་གྱི་གྲོགས་པོ་དང་། བློན་པོ་དང་། གཉེན་དང་། སྣག་གི་གཉེན་མཚམས་སུ་གྱུར་བའི་ལྷ་གང་ཡིན་པ་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་གིས་ཀུན་དུ་རྒྱུ་འདམ་བུའི་


DKG002_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཚོང་པ་ལ་འདི་སྐད་ཅེས། དྲང་སྲོང་ཁྱོད་ཚུར་ཤོག །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་སྨྲས་ན། གང་ཡང་བདག་གི་ཚིག་མི་ཉན་པ་དེ་སྲིད་པས། མ་ལ་བདག་དེའི་དྲུང་དུ་སོང་སྟེ་ཡིད་ཀྱི་དྲི་བ་འཛིན་དུ་གཞུག་གོ་སྙམ་ནས། དེ་ནས་ལྷ་དེ་ཀུན་དུ་རྒྱུ་འདམ་བུའི་ཚོང་པ་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཀུན་དུ་རྒྱུ་འདམ་བུའི་ཚོང་པ་ལ་འདི་སྐད་ཅེས་སྨྲས་སོ། །དྲང་སྲོང་ཚུར་ཤོག །ཁོ་བོ་ལས་ཡིད་ཀྱི་དྲི་བ་ལོང་ལ་ཀུན་ཆུབ་པར་གྱིས་ཤིག །ཇི་ལྟར་མཛའ་བོ་མ་ཡིན་པ་ལ་མཛའ་བོ་ལྟར་བཅོས་པ་ཡིན་པར་བལྟ་བར་བྱ། ཇི་ལྟར་བདག་དང་འདྲ་བའི་མཛའ་བོ་ཡིན་པར་རིག་པར་བྱ། ཅིའི་ཕྱིར་སྤོང་། ཇི་ལྟར་ནད་མེད་པ་འཐོབ། དྲང་སྲོང་གང་ཞིག་ཁྱོད་ཀྱི་ཡིད་ཀྱི་དྲི་བ་ཡིད་ཀྱིས་མངོན་པར་འདུས་བྱས་པ་འདི་དག་ཚིག་གིས་ལུང་བསྟན་པས་སེམས་རངས་པར་བྱེད་པ་དེའི་ཐད་དུ་ཁྱོད་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་སྨྲས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཀུན་དུ་རྒྱུ་འདམ་བུའི་ཚོང་པས་ལྷ་དེ་ལས་ཡིད་ཀྱི་དྲི་བ་བཟུང་སྟེ་ཀུན་ཆུབ་པར་བྱས་ནས་འོད་སྲུང་རྫོགས་བྱེད་གང་ན་བ་དེར་སོང་སྟེ་ཕྱིན་ནས་འོད་སྲུང་རྫོགས་བྱེད་ཀྱི་དྲུང་དུ་ཡིད་ཀྱི་དྲི་བ་ཡིད་ཀྱིས་མངོན་པར་འདུས་བྱས་པ། ཇི་ལྟར་མཛའ་བོ་མ་ཡིན་པ་ལ་མཛའ་བོ་ལྟར་བཅོས་པ་ཡིན་པར་བལྟ་བར་བྱ་ཞེས་བྱ་བ་ནས་ཇི་ལྟར་ནད་མེད་པ་འཐོབ་པར་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །འོད་སྲུང་རྫོགས་བྱེད་ཀྱིས་དེའི་ཡིད་ཀྱི་དྲི་བ་ཡིད་ཀྱིས་མངོན་པར་འདུས་བྱས་པ་རྣམས་ཀྱང་མི་ཤེས་རྣམ་པར་མི་ཤེས་ན་ལན་གླན་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་ཀུན་དུ་རྒྱུ་འདམ་བུའི་ཚོང་པ་འདི་སྙམ་དུ་སེམས་ཏེ། འོད་སྲུང་རྫོགས་བྱེད་ཀྱིས་བདག་གི་ཡིད་ཀྱི་དྲི་བ་ཡིད་ཀྱིས་མངོན་པར་འདུས་བྱས་པ་རྣམས་ཀྱང་མི་ཤེས་རྣམ་པར་མི་ཤེས་ན་ལན་གླན་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་ནས། དེ་ཀུན་དུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའ་བུ་ཡང་དག་རྒྱལ་བ་ཅན་དང་། མི་ཕམ་སྐྲའི་ལ་བ་ཅན་དང་། ཀ་ཏྱའི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུ་གང་ན་བ་དེར་སོང་སྟེ་ཕྱིན་ནས་གཅེར་བུ་པ་གཉེན་གྱི་བུའི་མདུན་དུ་ཡིད་ཀྱི་དྲི་བ་ཡིད་ཀྱིས་མངོན་པར་འདུས་


DKG002_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ། ཇི་ལྟར་མཛའ་བོ་མ་ཡིན་པ་ལ་མཛའ་བོ་ལྟར་བཅོས་པ་ཡིན་པར་བལྟ་བར་བྱ་ཞེས་བྱ་བ་ནས་གཅེར་བུ་པ་གཉེན་གྱི་བུའི་བར་གྱིས་ཀྱང་བདག་གི་ཡིད་ཀྱི་དྲི་བ་ཡིད་ཀྱིས་མངོན་པར་འདུས་བྱས་པ་རྣམས་ཀྱང་མི་ཤེས། རྣམ་པར་མི་ཤེས་ན་ལན་གླན་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་མོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་ཀུན་དུ་རྒྱུ་འདམ་བུའི་ཚོང་


DKG002_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་སྙམ་དུ་སེམས་ཏེ། གང་ལ་ཡིད་ཀྱི་དྲི་བ་ཡིད་ཀྱིས་མངོན་པར་འདུས་བྱས་པའི་ཚིག་གིས་ལུང་བསྟན་པ་མི་ཐོབ་པ་དེ་འདྲ་བའི་རབ་ཏུ་བྱུང་བས་བདག་ལ་ཅི་ཞིག་བྱ། བདག་གི་ཉེ་དུ་རྣམས་ལ་ལོངས་སྤྱོད་རྒྱ་ཆེར་ཡོད་པས། མ་ལ་བདག་འདུག་ལ་འདོད་པ་ཡང་ལོངས་སྤྱད་ཅིང་སྦྱིན་པ་ཡང་བཏང་། བསོད་ནམས་ཀྱང་བྱའོ་སྙམ་མོ། །ཡང་དེའི་བློ་སྐྱེས་པ། མ་ལ་བདག་དགེ་སྦྱོང་གཽ་ཏ་མ་གང་ན་བ་དེར་འགྲོ་བར་བྱའོ་སྙམ་ནས་དེ་ཆས་པ་ན་ཡང་བསམས་པ། རེ་ཞིག་དགེ་སྦྱོང་དང་བྲམ་ཟེ་རྒན་རབས་གང་དག་ཡིན་པ་འདི་ལྟ་སྟེ། འོད་སྲུང་རྫོགས་བྱེད་ནས་གཅེར་བུ་པ་གཉེན་གྱི་བུའི་བར་གོང་མ་བཞིན་ཏེ། དེ་རྣམས་ཀྱིས་རེ་ཞིག་ཡིད་ཀྱི་དྲི་བ་ཡིད་ཀྱིས་མངོན་པར་འདུས་བྱས་པ་རྣམས་ཀྱང་མི་ཤེས་རྣམ་པར་མི་ཤེས་ན་དགེ་སྦྱོང་གཽ་ཏ་མ་ནས་གཞོན་པ་གསར་དུ་རབ་ཏུ་བྱུང་བས་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་བསམས་ཏེ་སླར་ལྡོག་པར་འདོད་པ་ལས། ཡང་དེ་འདི་སྙམ་དུ་སེམས་ཏེ། སྔོན་གྱི་ཀུན་དུ་རྒྱུ་རྙིང་པ་རྒན་པོ་འཁོགས་པ་སྤྱོད་པའི་སློབ་དཔོན་དག་ལས་བདག་གིས་དགེ་སློང་གཞོན་ནུ་ལ་བརྙས་པར་མི་བྱ། དགེ་སློང་གཞོན་ནུ་ལ་ཟིལ་གྱིས་མནན་པར་མི་བྱ་སྟེ། དགེ་སློང་གཞོན་ནུ་ཡང་དེ་ནི་དབང་ཆེ་བར་གྱུར་པ་ཡིན་ནོ་ཞེས་ཐོས་སོ་སྙམ་དུ་བསམས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཡིད་ཀྱི་ཞུ་བ་ཡིད་ཀྱིས་མངོན་པར་འདུས་བྱས་པ། ཇི་ལྟར་མཛའ་བོ་མ་ཡིན་པ་ལ་མཛའ་བོ་ལྟར་བཅོས་པ་ཡིན་པར་བལྟ་བར་བྱ་ཞེས་བྱ་བ་ནས་ཇི་ལྟར་ནད་མེད་པ་འཐོབ་ཅེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་ཀུན་དུ་རྒྱུ་འདམ་བུའི་ཚོང་བའི་བསམ་པ་མཁྱེན་ནས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། མཛའ་བོ་གཞན་ལ་རྣམ་པར་སྨོད་བྱེད་ཅིང་། །དེ་ནི་བདག་ཏུ་ཟད་དོ་ཞེས་སྨྲ་ལ། །ལས་ཀྱང་སླ་དགུ་འདམ་ཞིང་བྱེད་པ་དེ། །བདག་གི་བཤེས་མ་ཡིན་པར་ཤེས་པར་བྱ། །གང་ཞིག་བདེན་པ་མ་ཡིན་ཚིག །མཛའ་བོ་དག་ལ་སྨྲ་བྱེད་ཅིང་། །སྨྲ་ལ་ལས་སུ་མི་བྱེད་པའང་། །མཁས་པ རྣམས་ཀྱིས་ཡོངས་ཤེས་ཏེ། །དེ་ལྟ་བུ་ནི་མཛའ་བོ་མ་ཡིན་པ་ལ་མཛའ་བོ་ལྟར་བཅོས་པ་ཡིན་པར་ཤེས་པར་བྱའོ། །ཇི་ལྟར་བདག་དང་འདྲ་བའི་མཛའ་བོ་ཡིན་པར་རིག་པར་བྱ་ཞེ་ན། གང་ཞིག་རྟག་ཏུ་བག་མེད་དབྱེ་བ་ཡི། །བསམ་པས་གླགས་ལྟ་དེ་ནི་མཛའ་མིན་གྱི། །གང་ཞིག་འདིར་ནི་སྙིང་དང་འདྲར་གྱུར་པར། །གཞན་གྱིས་མི་ཕྱེད་དེ་ནི་མཛའ་བོ་ཡིན། །དེ་ལྟ་བུ་ནི་བདག་དང་འདྲ་བའི་མཛའ་བོ་ཡིན་པར་རིག་པར་བྱའོ། །ཅིའི་ཕྱིར་སྤོང་ཞེ་ན། སྐྱེས་བུ་གཅེས་པ་མཐར་འབྱིན་ཅིང་། །འབྲས་བུ་ལྟ་བར་བྱེད་པ་ནི། །རབ་ཏུ་དགའ་བ་སྐྱེད་པའི་གནས། །རབ་བསྔགས་འདྲེན་པའི་ཞི་བ་སྒོམ། །དེ་དོན་དུ་གཉེར་བར་བསྒོམ་མོ། །ཇི་ལྟར་ནང་མེད་པ་འཐོབ་ཅེ་ན། རབ་ཏུ་དབེན་པའི་རོ་དང་ནི། །ཉེ་བར་ཞི་བའི་རོ་ཤེས་ནས། །ཆོས་ལ་དགའ་བའི་རོ་འཐུང་བ། །ནད་མེད་སྡིག་པ་མེད་པར་འགྱུར། །དེ་ལྟར་ན་ནད་མེད་པ་འཐོབ་བོ། །དེ་ནས་ཀུན་དུ་རྒྱུ་འདམ་བུའི་ཚོང་པ་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་གཽ་ཏ་མའི་ཐུགས་ཀྱིས་ནི་བདག་གི་བསམ་པ་མཁྱེན་ནོ་སྙམ་དུ་རིག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་པ་ལྟ་ན། བཅོམ་ལྡན་འདས་དགེ་སྦྱོང་གཽ་ཏ་མའི་སྤྱན་སྔར་བདག་གིས་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །ཀུན་དུ་རྒྱུ་འདམ་བུའི་ཚོང་པ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་སྟེ། དེ་ལྟར་རབ་ཏུ་བྱུང་ནས་ཚེ་དང་ལྡན་པ་དེས་ཞེས་བྱ་བ་ནས་དེ་སེམས་ཤིན་ཏུ་རྣམ་པར་གྲོལ་བའི་དགྲ་བཅོམ་པར་གྱུར་ཏོ་ཞེས་བྱ་


DKG002_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དམར་བུ་ཅན་གྱི་གྲོང་དུ་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་དམར་བུ་ཅན་གྱི་གྲོང་ཁྱེར་དང་རྒྱལ་པོའ་ཁབ་ཀྱི་བར་གྱི་དབུས་ན་རྒྱལ་པོའ་གནས་འོད་མའི་དབྱུག་པ་ཅན་དུ་ནུབ་མོ་ཉེ་བར་རྟེན་ཅིང་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་དང་ཁྱེད་ཅག་ཁོ་ནས་འཕགས་པའི་བདེན་པ་བཞི་པོ་དག་མ་ཤེས། མ་མཐོང་། ཁོང་དུ་མ་ཆུད། སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ། །བཞི་པོ་དེ་དག་གང་ཞེ་ན། ད་དང་ཁྱེད་ཅག་ཁོ་ནས་ཞེས་བྱ་བ་ནས། སྡུག་བསྔལ་འཕགས་པའི་བདེན་པ་མ་ཤེས་མ་མཐོང་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ང་དང་ཁྱེད་ཅག་ཁོ་ནས་ཞེས་པ་ནས། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མ་ཤེས་མ་མཐོང་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ངས་སྡུག་བསྔལ་འཕགས་པའི་བདེན་པ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་པས་སྲིད་པའི་སྲེད་པ་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ། ད་ནི་སྲིད་པ་གཞན་མེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་དང་ཁྱེད་ཅག་ཁོ་ན་ཡིས། །འཕགས་པའི་བདེན་པ་བཞི་པོ་དག །ཇི་ལྟ་བ་བཞིན་མ་མཐོང་བས། །ལམ་ནི་རིང་དུ་འཁོར་བར་གྱུར། །བདེན་པ་དེ་དག་མཐོང་ནས་ནི། །སྲིད་པའི་སྲེད་པ་བཅད་ནས་སུ། །འཁོར་བའི་སྐྱེ་བ་ཟད་པས་ན། །


DKG002_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་སྲིད་པ་གཞན་མེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དམར་བུ་ཅན་གྱི་གྲོང་གང་ན་བ་དེར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་དང་ཡུལ་མ་ག་དྷཱའི་ལྗོངས་རྒྱུ་ཞིང་གཤེགས་པ་ན་དམར་བུ་ཅན་གྱི་གྲོང་དུ་བྱོན་ཏོ། །དམར་བུ་ཅན་གྱི་གྲོང་གི་དམར་བུ་ཅན་གྱི་མཆོད་རྟེན་ན་བཞུགས་སོ། །དམར་བུ་ཅན་གྱི་གྲོང་གི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་བཅོམ་ལྡན་འདས་ཡུལ་མ་ག་དྷཱའི་ལྗོངས་རྒྱུ་ཞིང་གཤེགས་ནས་དམར་བུ་ཅན་གྱི་གྲོང་དུ་བྱོན་ཏེ། དམར་བུ་ཅན་གྱི་མཆོད་རྟེན་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཚོགས་ནས་ཚོགས་དང་། ཁྱུ་ནས་ཁྱུར་ཕྲད་ཅིང་འདུག་ནས་དམར་བུ་ཅན་གྱི་གྲོང་ནས་བྱུང་སྟེ་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་དམར་བུ་ཅན་གྱི་གྲོང་གི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེ་དང་ཁྱིམ་བདག་དག་ལྔ་པོ་འདི་དག་ནི་བག་མེད་པའི་ཉེས་དམིགས་དག་ཡིན་ཏེ། ལྔ་གང་ཞེ་ན། བྲམ་ཟེ་དང་ཁྱིམ་བདག་དག་འདི་ལ་བག་མེད་པ་བག་མེད་པ་ལ་གནས་པའི་རྒྱུས་ལོངས་སྤྱོད་ཆེན་པོ་ལས་ཉམས་པར་འགྱུར་ཏེ། བྲམ་ཟེ་དང་ཁྱིམ་བདག་དག་བག་མེད་པ་བག་མེད་པ་ལ་གནས་པའི་རྒྱུས་ལོངས་སྤྱོད་ཆེན་པོ་ལས་ཉམས་པར་འགྱུར་བ་གང་ཡིན་པ་འདི་ནི་བག་མེད་པའི་ཉེས་དམིགས་དང་པོ་ཡིན་ནོ། །བྲམ་ཟེ་དང་ཁྱིམ་བདག་དག་གཞན་ཡང་བག་མེད་པ་བག་མེད་པ་ལ་གནས་པའི་རྒྱུས་ཕྱོགས་དང་ཕྱོགས་མཚམས་སུ་སྡིག་པ་དང་། བསྔགས་པ་མ་ཡིན་པ་དང་། གྲགས་པ་མ་ཡིན་པའི་སྒྲ་དང་ཚིགས་སུ་བཅད་པ་གྲགས་པར་འགྱུར་ཏེ། བྲམ་ཟེ་དང་ཁྱིམ་བདག་དག་བག་མེད་པ་བག་མེད་པ་ལ་གནས་པའི་རྒྱུས་ཕྱོགས་དང་ཕྱོགས་མཚམས་སུ་སྡིག་པ་དང་། བསྔགས་པ་མ་ཡིན་པ་དང་། གྲགས་པ་མ་ཡིན་པའི་སྒྲ་དང་ཚིགས་སུ་བཅད་པ་གྲགས་པར་འགྱུར་བ་གང་ཡིན་པ་འདི་ནི། བག་མེད་པའི་ཉེས་དམིགས་གཉིས་པ་ཡིན་ནོ། །བྲམ་ཟེ་དང་ཁྱིམ་བདག་དག་གཞན་ཡང་བག་མེད་པ་བག་མེད་པ་ལ་གནས་པའི་རྒྱུས་རྒྱལ་རིགས་ཀྱི་འཁོར་དུའང་རུང་། བྲམ་ཟེའི་འཁོར་དུའང་རུང་། ཁྱིམ་བདག་གི་འཁོར་དུའང་རུང་། དགེ་སྦྱོང་གི་འཁོར་དུའང་རུང་། འཁོར་གང་དང་གང་དུ་འགྲོ་བའི་འཁོར་དེ་དང་དེར་ཞུམ་ཞུམ་པོར་གྱུར་ནས་དགའ་བ་མེད་པ་དང་། བག་ཚ་བས་འགྲོ་བར་འགྱུར་ཏེ། བྲམ་ཟེ་དང་ཁྱིམ་བདག་དག་བག་མེད་པ་བག་མེད་པ་


DKG002_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པའི་རྒྱུས་གང་དང་གང་དུ་ཞེས་བྱ་བ་ནས་བག་ཚ་བས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །འདི་ནི་བག་མེད་པའི་ཉེས་དམིགས་གསུམ་པ་ཡིན་ནོ། །བྲམ་ཟེ་དང་ཁྱིམ་བདག་དག་གཞན་ཡང་བག་མེད་པ་བག་མེད་པ་ལ་གནས་པའི་རྒྱུས་གང་དང་གང་དུ་ཞེས་བྱ་བ་ནས་བག་མེད་པའི་རྒྱུས་ཡིད་ལ་གཅགས་བཞིན་འཆི་བར་འགྱུར་ཏེ། བྲམ་ཟེ་དང་ཁྱིམ་བདག་དག་བག་མེད་པ་བག་མེད་པ་ལ་གནས་པའི་རྒྱུས་ཡིད་ལ་གཅགས་བཞིན་འཆི་བར་འགྱུར་བ་གང་ཡིན་པ་འདི་ནི་བག་མེད་པའི་ཉེས་དམིགས་བཞི་པ་ཡིན་ནོ། །བྲམ་ཟེ་དང་ཁྱིམ་བདག་དག་གཞན་ཡང་བག་མེད་པ་བག་མེད་པ་ལ་གནས་པའི་རྒྱུས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ། བྲམ་ཟེ་དང་ཁྱིམ་བདག་དག་བག་མེད་པ་བག་མེད་པ་ལ་གནས་པའི་རྒྱུས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་གང་ཡིན་པ་འདི་ནི་བག་མེད་པའི་ཉེས་དམིགས་ལྔ་པ་ཡིན་ནོ། །བྲམ་ཟེ་དང་ཁྱིམ་བདག་དག་ལྔ་པོ་འདི་དག་ནི་བག་ཡོད་པའི་ཕན་ཡོན་ཡིན་ཏེ། ལྔ་གང་ཞེ་ན། བྲམ་ཟེ་དང་ཁྱིམ་བདག་དག་བག་ཡོད་པ་བག་ཡོད་པ་ལ་གནས་པའི་རྒྱུས་ལོངས་སྤྱོད་ཆེན་པོ་ལས་ཉམས་པར་མི་


DKG002_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། བྲམ་ཟེ་དང་ཁྱིམ་བདག་དག་བག་ཡོད་པ་བག་ཡོད་པ་ལ་གནས་པའི་རྒྱུས་ལོངས་སྤྱོད་ཆེན་པོ་ལས་ཉམས་པར་མི་འགྱུར་བ་གང་ཡིན་པ་འདི་ནི་བག་ཡོད་པའི་ཕན་ཡོན་དང་པོ་ཡིན་ནོ། །བྲམ་ཟེ་དང་ཁྱིམ་བདག་དག་གཞན་ཡང་བག་ཡོད་པ་བག་ཡོད་པ་ལ་གནས་པའི་རྒྱུས་ཕྱོགས་དང་ཕྱོགས་མཚམས་སུ་དགེ་བ་དང་། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་རྒྱ་ཆེན་པོ་གྲགས་པར་འགྱུར་ཏེ། བྲམ་ཟེ་དང་ཁྱིམ་བདག་དག་བག་ཡོད་པ་བག་ཡོད་པ་ལ་གནས་པའི་རྒྱུས་ཕྱོགས་དང་ཕྱོགས་མཚམས་སུ་དགེ་བ་དང་། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་རྒྱ་ཆེན་པོ་གྲགས་པར་འགྱུར་པ་གང་ཡིན་པ་འདི་ནི་བག་ཡོད་པའི་ཕན་ཡོན་གཉིས་པ་ཡིན་ནོ། །བྲམ་ཟེ་དང་ཁྱིམ་བདག་དག་གཞན་ཡང་བག་ཡོད་པ་བག་ཡོད་པ་ལ་གནས་པའི་རྒྱུས་རྒྱལ་རིགས་ཀྱི་འཁོར་དུའང་རུང་། བྲམ་ཟའི་འཁོར་དུའང་རུང་། ཁྱིམ་བདག་གི་འཁོར་དུའང་རུང་། དགེ་སྦྱོང་གི་འཁོར་དུའང་རུང་། འཁོར་གང་དང་གང་དུ་འགྲོ་བའི་འཁོར་དེ་དང་དེར་ཞུམ་ཞུམ་པོ་མ་ཡིན་པ་དང་། དགའ་བ་དང་བག་ཚ་བ་མེད་པས་འགྲོ་བར་འགྱུར་ཏེ། །བྲམ་ཟེ་དང་ཁྱིམ་བདག་དག་བག་ཡོད་པ་བག་ཡོད་པ་ལ་གནས་པའི་རྒྱུས་ཞེས་བྱ་བ་ནས། བག་ཚ་བ་མེད་པ་ཞེས་བྱ་བའི་བར་གོང་མ་བཞིན་དུ་གང་ཡིན་པ་འདི་ནི་བག་ཡོད་པའི་ཕན་ཡོན་གསུམ་པ་ཡིན་ནོ། །བྲམ་ཟེ་དང་ཁྱིམ་བདག་དག་གཞན་ཡང་བག་ཡོད་པ་བག་ཡོད་པ་ལ་གནས་པའི་རྒྱུས་ཡིད་ལ་གཅགས་པ་མེད་པར་འཆི་བར་འགྱུར་ཏེ། བྲམ་ཟེ་དང་ཁྱིམ་བདག་དག་བག་ཡོད་པ་བག་ཡོད་པ་ལ་གནས་པའི་རྒྱུས་ཡིད་ལ་གཅགས་པ་མེད་པར་འཆི་པར་འགྱུར་བ་གང་ཡིན་པ་འདི་ནི་བག་ཡོད་པའི་ཕན་ཡོན་བཞི་པ་ཡིན་ནོ། །བྲམ་ཟེ་དང་ཁྱིམ་བདག་དག་གཞན་ཡང་བག་ཡོད་པ་བག་ཡོད་པ་ལ་གནས་པའི་རྒྱུས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། བྲམ་ཟེ་དང་ཁྱིམ་བདག་དག་བག་ཡོད་པ་བག་ཡོད་པ་ལ་གནས་པའི་རྒྱུས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་སུ་


DKG002_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བར་འགྱུར་བ་གང་ཡིན་པ་འདི་ནི་བག་ཡོད་པའི་ཕན་ཡོན་ལྔ་པ་ཡིན་ནོ། །དེ་ནས་དམར་བུ་ཅན་གྱི་གྲོང་གི་བྲམ་ཟེ་དང་ཁྱིམ་བདག་རྣམས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་གནས་སུ་དོ་མོད་བཞུགས་པར་གསོལ། བཅོམ་ལྡན་འདས་ཀྱིས་དམར་བུ་ཅན་གྱི་གྲོང་གི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཅང་མི་གསུང་བས་གནང་ངོ་། ། དེ་ནས་དམར་བུ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་ངོ་། །མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཀྱིས་དགེ་སྦྱོང་གཽ་ཏ་མ་མ་ག་དྷཱའི་ལྗོངས་རྒྱུ་ཞིང་གཤེགས་པ་ན་དམར་བུ་ཅན་གྱི་གྲོང་དུ་གཤེགས་ནས་དམར་བུ་ཅན་གྱི་གྲོང་གི་དམར་བུ་ཅན་གྱི་མཆོད་རྟེན་ན་བཞུགས་ཏེ། དེ་ལ་དམར་བུ་ཅན་གྱི་གྲོང་གི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་བཀུར་སྟི་བྱས་སོ་ཞེ་ཐོས་སོ། །ཐོས་ནས་ཀྱང་རྟ་རྒོད་མ་དང་ལྡན་པའི་ཤིང་རྟ་ཐམས་ཅད་ནས་དཀར་བའི་ནང་དུ་ཞུགས་ནས་གསེར་གྱི་ཁར་བ་དང་རིལ་བ་སྤྱི་བླུགས་ཐོགས་ཏེ་བྲམ་ཟེའི་ཁྱེའུའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། བྲམ་ཟེའི་ཁྱེའུའི་ཚོགས་ཀྱིས་མདུན་གྱིས་བལྟས་ནས་དམར་བུ་ཅན་གྱི་གྲོང་ནས་བྱུང་སྟེ། བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་སོང་ངོ་། །དེ་ཇི་ཙམ་བཞོན་པའི་སའི་བར་དུ་བཞོན་པས་སོང་ནས་བཞོན་པ་ལས་བབས་ཏེ་རྐང་པས་ཀུན་དགའ་ར་བར་ཞུགས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་


DKG002_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུ །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཽ་ཏ་མ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཀྱིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས་འདུག་གནས་གང་ན་བ་དེར་གཤེགས་ཏེ་བྱོན་ནས། འདུག་གནས་ཀྱི་ཕྱི་རོལ་དུ་ཞབས་གཉིས་བཀྲུས་ཏེ་འདུག་གནས་སུ་ཞུགས་ནས་གདན་བཤམས་པ་ཉིད་ལ་བཞུགས་ཏེ། སྐྱིལ་མོ་ཀྲུང་བཅས་ནས་སྐུ་དྲང་པོར་བསྲང་སྟེ་དགོངས་པ་མངོན་དུ་ཕྱོགས་པར་བཞག་གོ །བཅོམ་ལྡན་འདས་འདུག་གནས་ན་ཉིན་པར་གྱི་གནས་པས་བཞུགས་པ་ན་ལྷའི་སྤྱན་རྣམ་པར་དག་པ་མིའི་ལས་འཕགས་པས་དམར་བུ་ཅན་གྱི་གྲོང་ན་མཐུ་ཆེ་བ་མཐུ་ཆེ་བའི་ལྷ་རྣམས་གནས་ཀྱི་ས་འབྲེ་བ་གཟིགས་སོ། །གཟིགས་ནས་ཀྱང་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་བཞེངས་ཏེ་འདུག་གནས་ནས་བྱུང་ནས། འདུག་གནས་ཀྱི་གྲིབ་མ་ལ་དགེ་སློང་གི་དགེ་འདུན་


DKG002_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་དམར་བུ་ཅན་གྱི་གྲོང་གི་གྲོང་ཁྱེར་རྩིག་པར་བརྩོན་པ་སུ་ཡིན་ཅི་ཐོས། བཙུན་པ་བདག་གིས་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ལགས་པར་ཐོས་སོ། །ཀུན་དགའ་བོ་ལེགས་སོ། །ལེགས་སོ། །མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ནི་མཁས་པ་ཡིན་ཏེ། འདི་ལྟར་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དང་ལྷན་ཅིག་བགྲོས་པ་ལྟ་ཞིག །ཀུན་དགའ་བོ་འདི་ན་ང་འདུག་གནས་ན་ཉིན་པར་གྱི་གནས་པས་བཞུགས་པ་ན་ལྷའི་སྤྱན་རྣམ་པར་དག་པ་མིའི་ལས་འདས་པས་དམར་བུ་ཅན་གྱི་གྲོང་ན་མཐུ་ཆེ་བ་མཐུ་ཆེ་བའི་ལྷ་རྣམས་གནས་ཀྱི་ས་འབྲེ་བ་གཟིགས་སོ། །ཀུན་དགའ་བོ་ཕྱོགས་གང་དུ་མཐུ་ཆེ་བ་མཐུ་ཆེ་བའི་ལྷ་རྣམས་ཀྱིས་གནས་ཀྱི་ས་བྲེས་པའི་ཕྱོགས་དེར་འདི་ལྟ་སྟེ། གནས་ཀྱི་ཕྱིར་མཐུ་ཆེ་བ་མཐུ་ཆེ་བའི་མི་རྣམས་ཀྱི་སེམས་གཞོལ་བར་འགྱུར་རོ། །ཕྱོགས་གང་དུ་ལྷ་བར་མ་དང་ཕལ་པས་གནས་ཀྱི་ས་བྲེས་པའི་ཕྱོགས་དེར་ནི་འདི་ལྟ་སྟེ། གནས་ཀྱི་ཕྱིར་མི་བར་མ་དང་ཕལ་པ་རྣམས་ཀྱི་སེམས་གཞོལ་བར་འགྱུར་རོ། ཀུན་དགའ་བོ་ཕྱོགས་འདིར་ནི་མཐུ་ཆེ་བ་མཐུ་ཆེ་བའི་ལྷ་རྣམས་ཀྱིས་གནས་ཀྱིས་བྲེས་པས་ཕྱོགས་འདིར་འདི་ལྟ་སྟེ། གནས་ཀྱི་ཕྱིར་དབང་ཆེ་བ་དབང་ཆེ་བར་གྲགས་པའི་མི་རྣམས་ཀྱི་སེམས་གཞོལ་བར་གྱུར་ཏེ། ཀུན་དགའ་བོ་ཡ་རབས་ཀྱི་གནས་དང་། ཡ་རབས་ཀྱི་ཐ་སྙད་ཇི་སྙེད་པ་དང་། ཟོང་འགྲེམས་པ་རྣམས་ཀྱི་ནང་ན་ཡང་འདི་ལྟ་སྟེ། དམར་བུ་ཅན་གྱི་གྲོང་ཁྱེར་འདི་མཆོག་ཏུ་འགྱུར་རོ། །ཀུན་དགའ་བོ་འདི་ལ་བར་ཆད་གསུམ་འབྱུང་བར་རིག་པར་བྱ་སྟེ། མེ་དང་། ཆུ་དང་། ནང་འཁྲུག་གིས་སོ། །དེ་ནས་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཀྱིས་དེ་ཉིད་ཀྱི་ནུབ་མོ་ནས་གཙང་ཞིང་བསོད་པ་ཞེས་བྱ་བ་ནས། ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་ཞེས་བྱ་བའི་བར་གོང་མ་བཞིན་ཏེ། གསེར་གྱི་བྱ་མ་བུམ་ཐོགས་


DKG002_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གསོལ་བ་འདེབས་ཤིང་སྤྱན་སྔར་འདུག་གོ །འདི་སྐད་ཅེས་ཀྱང་གསོལ་ཏེ། ཀྱེ་གཽ་ཏ་མ་སྦྱིན་པ་འདི་ལས་བསོད་ནམས་ཀྱི་རྒྱུ་མཐུན་པ་དང་། དགེ་བའི་རྒྱུ་མཐུན་པ་དང་། བདེ་བའི་གཞི་ཅི་མཆིས་པ་དེ་དམར་བུ་ཅན་ན་གནས་པའི་ལྷ་རྣམས་ཀྱི་ཡུན་རིང་པོའ་དོན་དང་། ཕན་པ་དང་བདེ་བའི་སླད་དུ་ཡོན་བསྡོ་བ་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། སྐྱེས་བུ་གང་ཟག་དད་པ་ཅན། །གང་ཞིག་ལྷ་རྣམས་མཆོད་བྱེད་པ། །སྟོན་པའི་བཀའ་བཞིན་བྱེད་པ་སྟེ། །དེ་ནི་སངས་རྒྱས་རྣམས་ཀྱིས་བསྔགས། །མཁས་ཤིང་ཡིད་ནི་གཞུངས་པ་ཡིས། །གང་གི་ཕྱོགས་སུ་གནས་འཆའ་བ། །ཚུལ་ཁྲིམས་ལྡན་པ་བཤོས་གསོལ་ནས། །དེ་ཡི་འོག་ཏུ་ཡོན་བསྔོ་བྱ། །དེ་རྣམས་རྗེད་པས་རྗེད་འགྱུར་ཞིང་། །མཆོད་པས་ཀྱང་ནི་མཆོད་པར་འགྱུར། །དེ་ནས་ལྟོ་ནས་བྱུང་བ་ཡི། །བུ་ལ་མ་བཞིན་འདི་ལ་བརྩེ། །ལྷ་རྣམས་བརྩེ་བའི་སྐྱེས་བུས་ནི། །བདེ་བ་བཟང་པོ་མཐོང་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ལ་ཆོས་དང་ལྡན་པའི་གཏམ་ཡང་དག་པར་བསྟན་ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཀྱིས་དེར་རྒྱུ་ལྷག་གང་ཡིན་པ་དེ་ཐམས་ཅད་སྦྱིན་པར་བཏང་ནས་བཅོམ་ལྡན་འདས་ཀྱི་རྗེས་བཞིན་རྗེས་བཞིན་དུ་འབྲང་ཞིང་། འདི་སྙམ་དུ་སེམས་ཀྱིས་སེམས་ལ་མངོན་པར་འདུ་བྱེད་དེ། བཅོམ་ལྡན་འདས་གཽ་ཏ་མ་དམར་བུ་ཅན་གྱི་གྲོང་གི་སྒོ་གང་ནས་ཕྱིར་གཤེགས་པ་དེ་ནི་བདག་གིས་གཽ་ཏ་མའི་སྒོ་ཞེས་གདགས་སོ། །ཆུ་བོ་གང་གཱའི་འཇུག་ངོགས་གང་ནས་རྒལ་བ་དེ་ཡང་གཽ་ཏ་མའི་འཇུག་ངོགས་ཞེས་གདགས་སོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཀྱི་བསམ་པ་མཁྱེན་ནས། དམར་བུ་ཅན་གྱི་གྲོང་གི་


DKG002_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ཐོག་ཐག་གཤེགས་ནས་བྱང་ཕྱོགས་སུ་རྒྱུ་སྟེ། ཆུ་བོ་གང་གཱ་གང་ན་བར་གཤེགས་སོ། །དེ་ནས་ལུས་འཕགས་མའི་བུ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་འདི་སྙམ་དུ་སེམས་ཏེ། མ་ལ་བདག་ཉིད་ཁོ་ནས་བཅོམ་ལྡན་འདས་མཆོད་པ་བྱ་བ་ལ་ལྷག་པར་སྤྲོ་བར་བྱའོ་སྙམ་དུ་བསམས་ནས། རྩིབས་བརྒྱ་དང་ལྡན་པའི་གདུགས་ལྔ་བརྒྱ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་སྟེང་དུ་བཟུང་བ་དང་། ཡངས་པ་ཅན་གྱི་ལི་ཙ་བི་རྣམས་ཀྱིས་བསམས་པ། ལུས་འཕགས་མའི་བུ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་འདི་བཅོམ་ལྡན་འདས་མཆོད་པ་ལ་རང་ཉིད་ལྷག་པར་སྤྲོ་བར་གྱུར་ན། ཅིའི་ཕྱིར་ན་བདག་ཅག་གིས་སྤྲོ་བར་མི་བྱ་སྙམ་ནས་དེ་རྣམས་ཀྱིས་ཀྱང་རྩིབས་བརྒྱ་དང་ལྡན་པའི་གདུགས་ལྔ་བརྒྱ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་སྟེང་དུ་བཟུང་ངོ་། །ཀླུ་རྣམས་ཀྱིས་བསམས་པ། རེ་ཞིག་མི་འདི་རྣམས་བཅོམ་ལྡན་འདས་མཆོད་པ་བྱ་བ་ལ་ལྷག་པར་སྤྲོ་བར་གྱུར་ན། བདག་ཅག་ཀླུ་རྣམས་ནི་རྣམ་པར་ལྷུང་བའི་ལུས་ཅན་ཡིན་ན་ཅིའི་ཕྱིར་བདག་ཅག་སྤྲོ་བར་མི་བྱ་སྙམ་ནས། དེ་དག་གིས་ཀྱང་རྩིབས་བརྒྱ་དང་ལྡན་པའི་གདུགས་ལྔ་བརྒྱ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་སྟེང་དུ་བཟུང་ངོ་། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་བསམས་པ། རེ་ཞིག་མི་བསོད་ནམས་མངོན་སུམ་དུ་མ་མཐོང་བ་འདི་དག་ཀྱང་བཅོམ་ལྡན་འདས་མཆོད་པ་བྱ་བ་ལ་ལྷག་པར་སྤྲོ་བར་གྱུར་ན། མངོན་སུམ་དུ་མཐོང་བ་བདག་ཅག་གིས་ལྟ་ཅིའི་ཕྱིར་སྤྲོ་བར་མི་བྱ་སྙམ་ནས། དེ་རྣམས་ཀྱིས་ཀྱང་རྩིབས་བརྒྱ་དང་ལྡན་པའི་ལྷའི་གདུགས་ལྔ་བརྒྱ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་སྟེང་དུ་བཟུང་ངོ་། །སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་བསམས་པ། ལྷ་དང་མི་འདི་རྣམས་བཅོམ་ལྡན་འདས་མཆོད་པ་བྱ་བ་ལ་སྤྲོ་བར་གྱུར་ན། བདག་ཅག་གིས་ཅིའི་ཕྱིར་སྤྲོ་བར་མི་བྱ་སྙམ་ནས། དེ་དག་གིས་ཀྱང་རྩིབས་བརྒྱ་དང་ལྡན་པའི་གདུགས་ལྔ་བརྒྱ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་སྟེང་དུ་བཟུང་ངོ་། །བཅོམ་ལྡན་འདས་ཀྱིས་དགོངས་


DKG002_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཇི་ལྟར་འདི་དག་ཕྱིར་ཞིང་དད་པ་མངོན་པར་འཕེལ་བར་འགྱུར་བ་དེ་ལྟར་བྱིན་གྱིས་བརླབ་བོ་སྙམ་ནས་དེ་ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་རེ་རེའི་ཡིད་ལ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་སྟེང་ན་བདག་གདུགས་འཛིན་ཏོ་སྙམ་པ་དེ་ལྟར་བྱིན་གྱིས་བརླབས་ཏེ། དེ་ནས་བཅོམ་ལྡན་འདས་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་གདུགས་ཉིས་སྟོང་ལྔ་བརྒྱ་ལྷ་དང་མི་རྣམས་ཀྱིས་སྟེང་དུ་བཟུང་ངོ་། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཅི་ཞིག་མཛད་ན། དེས་ན་བཅོམ་ལྡན་འདས་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་གདུགས་ཉིས་སྟོང་ལྔ་བརྒྱ་ལྷ་དང་མི་རྣམས་ཀྱིས་དབུའི་གཙུག་གི་སྟེང་དུ་བཟུང་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་གྱི་ཚེ་རབས་གཞན་ན་ལས་བྱས་ཤིང་བསགས་པ་ཚོགས་རྙེད་པ་ཞེས་བྱ་བ་ནས། ལུས་ཅན་རྣམས་ལ་འབྲས་བུང་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྣམ་པར་རྒྱལ་བཅོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ལེགས་མཐོང་ཆེན་པོ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་དེ་ལ་བུ་སྟོང་དུ་གཅིག་གིས་མ་ཚང་བ་ཞིག་ཡོད་དོ། །རྒྱལ་པོ་དེའི་ཀུན་དུ་སྤྱོད་པ་ནི་བུ་བཙས་ཤིང་བཙས་པ་དག་ཕྱི་བཞིན་ཁྲིད་དེ་འཁྱམ་པར་བྱེད་དོ། །བཙུན་མོ་རྣམས་ཀྱིས་བསམས་པ། རྒྱལ་པོ་འདིའི་ཀུན་དུ་སྤྱོད་པ་ནི་སྲས་བཙས་ཤིང་བཙས་པ་དག་ཕྱི་བཞིན་ཁྲིད་ནས་འཁྱམ་པར་མཛད་པས་བདག་ཅག་བུ་ཡོད་བཞིན་དུ་བུ་མེད་པ་དང་འདྲས། ད་ནི་ནད་ཁྲིམས་ཞིག་བཅའ་སྟེ། གལ་ཏེ་བདག་ཅག་ལས་འགའ་ཞིག་སེམས་ཅན་དང་ལྡན་པར་གྱུར་ན། དེས་རྒྱལ་པོ་ལ་གངས་པར་མི་བྱའོ་ཞེས་བཅས་སོ། །ཇི་ཙམ་ན་བཙུན་མོ་ཞིག་སེམས་ཅན་དང་ལྡན་པར་གྱུར་ནས། དེ་དག་གིས་ཕྱོགས་དབེན་པ་ཞིག་ཏུ་བཞག་སྟེ། དེ་ཟླ་བ་བརྒྱད་དམ་


DKG002_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་འདས་པ་དང་ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། ལྤགས་པའི་མདོག་གསེར་འདྲ་བ་མགོ་གདུགས་ལྟ་བུ། ལག་པ་རིང་བ། འཕྲལ་བའི་དབྱེས་ཆེ་བ། སྨིན་མ་འཇར་བ་སྣའི་གཟང་མཐོ་བ། ཡན་ལག་དང་ཉིད་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་སོ། །ཇི་ཙམ་ན་ཆེན་པོར་གྱུར་པ་དང་བཙུན་མོ་དེ་དག་ཐམས་ཅད་ཁྱེའུ་དེ་ལ་བུའི་སྡུག་པ་སྐྱེས་སོ།། །།འདུལ་བ་གཞི། བམ་པོ་ཉི་ཤུ་བདུན་པ། དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་ལེགས་མཐོང་ཆེན་པོ་ཤར་གྱི་ལུས་འཕགས་ཀྱི་གླིང་ནས་རིན་པོ་ཆེ་སྣ་བདུན་གྱིས་སྣ་དྲངས་ཤིང་ཁམས་ཀྱི་རྒྱལ་ཕྲན་སྟོང་གིས་ཡོངས་སུ་བསྐོར་ཏེ་བུ་སྟོང་དུ་གཅིག་གིས་མ་ཚང་བས་ཟླ་བ་ཁམ་པ་ལྟ་བུར་བསྐོར་ནས། གཟི་བརྗིད་ཉི་མའི་འོད་ཟེར་སྟོང་བས་ལྷག་པར་སྦ་ཞིང་འོང་བ་གཞོན་ནུ་ཁང་བཟངས་ཀྱི་སྟེང་ན་འདུག་པ་དེས་མཐོང་ནས། དེས་མ་ལ་དྲིས་པ། ཡུམ་མཆི་བ་ཕ་བི་སུ་ལགས། བུ་ཁྱོད་ཀྱི་ཡབ་རྒྱལ་པོ་ལེགས་མཐོང་ཆེན་པོ་ཡིན་ནོ། །ཡུམ་དེ་འདས་ན་བདག་རྒྱལ་པོར་འགྱུར་རམ། བུ་རྒྱལ་པོ་དེའི་སྲས་སྟོང་དུ་གཅིག་གིས་མ་ཚང་བ་ཞིག་ཡོད་པ་དེ་དག་ཐམས་ཅད་ཀྱི་ཕུ་བོ་གང་ཡིན་པ་དེ་དེ་འདས་ན་རྒྱལ་པོར་འགྱུར་ན་ཁྱོད་ནི་ཐམས་ཅད་ཀྱི་ནུ་བོ་ཡིན་ནོ། །དེས་སྨྲས་པ། ཡུམ་གལ་ཏེ་དེ་འདས་ན་བདག་རྒྱལ་པོར་མི་འགྱུར་ན་གནང་བར་མཛོད་ཅིག་དང་། བདག་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བགྱིའོ། །བཙུན་མོ་དེ་དག་ཐམས་ཅད་ཀྱིས་སྨྲས་པ། བུ་ཁྱོད་ལ་བདག་ཅག་གིས་བུའི་སྡུག་པ་ཉམས་སུ་མྱོང་གིས་དེ་ལྟར་མ་བྱེད་ཅིག །ཡུམ་གདོན་མི་འཚལ་བར་རབ་ཏུ་འབྱུང་བར་བགྱིའོ། །དེ་དག་གིས་དེ་གདོན་མི་ཟ་བར་གལ་གྱིས་འཆུ་བར་ཤེས་ནས་སྨྲས་པ། བུ་གལ་ཏེ་དེ་ལྟ་ན་དམ་ཞིག་བཅས་ནས་གནང་བར་བྱ་སྟེ། གང་ཡང་ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་ཅུང་ཟད་རྟོགས་ན་དེ་ཁྱོད་ཀྱིས་བདག་ཅག་ལ་སྨྲོས་ཤིག །དེ་བཞིན་དུ་བགྱིའོ། །དེ་དེ་དག་གིས་གནང་ནས་དེས་མཐའ་གཅིག་ཏུ་སོང་སྟེ།


DKG002_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་པོ་དང་སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་སུམ་བཅུ་རྩ་བདུན་གྱི་ཆོས་བསྐྱེད་ནས་རང་བྱང་ཆུབ་མངོན་སུམ་དུ་བྱས་སོ། །རང་སངས་རྒྱས་དེས་བསམ་པ། བདག་གིས་མ་དེ་རྣམས་ལ་ཁས་བླངས་པ་སྨྲ་དགོས་པས་སོང་ལ་སྔོན་གྱི་དམ་བཅས་པ་མཐར་དབྱུང་ངོ་སྙམ་ནས། བདག་ཉིད་ཆེན་པོ་ད་དག་ནི་ངག་གིས་ཆོས་མི་སྟོན་གྱི་ལུས་ཀྱིས་ཡིན་པས་དེས་དེ་རྣམས་ཀྱི་མདུན་དུ་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པ་དག་གི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའ་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པ་ཡིན་པས་དེ་དག་ཤིང་རྩ་བ་ནས་བཅད་པ་བཞིན་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། འཕགས་པ་ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་རྟོགས་སམ། རྟོགས་སོ། །འཕགས་པ་ཁྱོད་ནི་བསོད་སྙོམས་བཞེད་པ་ལགས་ལ། བདག་ཅག་ཀྱང་བསོད་ནམས་འཚལ་བ་ལགས་ན། ཁྱོད་འདི་ཉིད་དུ་སྐྱེད་མོས་ཚལ་དུ་བཞུགས་ཤིག་དང་། བདག་ཅག་གིས་རྒྱུན་དུ་བསོད་སྙོམས་དབུལ་བར་བགྱིའོ། །རང་སངས་རྒྱས་དེ་ཁས་བླངས་ནས་དེ་དག་གིས་རང་སངས་རྒྱས་ལ་བསོད་སྙོམས་ཀྱིས་བཀུར་སྟིར་བྱ་བར་བརྩམས་སོ། །རང་སངས་རྒྱས་དེས་བསམས་པ། བདག་གི་ལུས་རྣག་ཅན་འདིས་བྱ་བ་གང་ཡིན་པ་དེ་ནི་བྱས་ཀྱིས། མ་ལ་བདག་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་གོ་སྙམ་ནས། དེ་ནས་དེ་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་ཀྱང་བསྟན་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཞི་བའི་དབྱིངས་སུ་ཞུགས་སོ །དེ་ནས་དེ་དག་གིས་ཤིང་དྲི་ཞིམ་པོ་ཐམས་ཅད་སྤུངས་ཏེ། སྤུངས་ནས་བསྲེག་ས་ཏེ་མེའི་ཕུང་པོ་དེ་འོ་མས་བསད་ནས་རུས་པ་དེ་དག་གསེར་གྱི་བུམ་པའི་ནང་དུ་བཅུག་སྟེ། སྐྱེད་མོས་ཚལ་དེ་ཉིད་དུ་རུས་པའི་མཆོད་རྟེན་བརྩིགས་ཏེ་མགུལ་གདུབ་དང་། གདུ་བུ་


DKG002_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ཅན་དང་། གཞན་ཡང་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཅིང་གདུགས་དང་། རྒྱལ་མཚན་དང་། བ་དན་དག་བཙུགས་སོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་ལེགས་མཐོང་ཆེན་པོ་བཙུན་མོའ་འཁོར་གྱིས་བསྐོར་ནས་སོ་གའི་དུས་ལ་བབ་པ་ན་མེ་ཏོག་གི་ཤིང་རྣམས་ཁ་འབུས་ཤིང་ངང་པ་དང་། ཀྲུང་ཀྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། བྱ་ཀོ་ཀི་ལ་དང་། ཤང་ཤང་དེའུ་སྐད་འབྱིན་པའི་ཚལ་གསེབ་ཏུ་སྐྱེད་མོས་ཚལ་གྱིས་གཞིར་སོང་ནས། དེ་སྐྱེད་མོས་ཚལ་ན་འཁྱམ་པ་ལས་དགྲ་བཅོམ་པའི་མཆོད་རྟེན་དེ་མཐོང་ངོ་། །དེ་ནས་སྐྱེད་མོས་ཚལ་སྲུང་བའི་མི་ལ་སྨྲས་པ། ཀྭའི་ནང་རྗེ་འདི་ཅི་ཡིན། དེས་སྨྲས་པ། ལྷ་བདག་གིས་ནི་མ་འཚལ་ཏེ། འོན་ཀྱང་འདིའི་དོན་ནི་བཙུན་མོས་འཚལ་ཏོ། །དེ་ནས་དེས་བཙུན་མོའ་འཁོར་རྣམས་ལ་སྨྲས་པ་དང་། དེ་དག་གིས་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ལྷ་མི་འཇིགས་པ་སྩལ་དུ་གསོལ། དེས་སྨྲས་པ། དེ་བཞིན་དུ་སྦྱིན་ནོ། །དེ་དག་གིས་སྐབས་དེ་རྒྱས་པར་སྨྲས་པ་དང་། རྒྱལ་པོས་སྨྲས་པ། ཁྱེད་ཅག་གིས་བུ་རྒྱལ་སྲིད་ལ་མངོན་པར་དགའ་ན་དེ་ཁོ་བོ་ལ་མ་གསོལ་བ་བཟང་པོ་མ་ཡི་ན་བ་ཞིག་བྱས་སོ། །གལ་ཏེ་གསོལ་བར་གྱུར་པ་དང་ཁོ་བོ་དེ་ཁོ་ན་ལ་རྒྱལ་སྲིད་ལ་དབང་བསྐུར་བས་དབང་བསྐུར་བར་འགྱུར་བ་ཞིག །འོན་ཀྱང་ངས་བདག་ཉིད་ཆེན་པོ་དེ་མྱ་ངན་ལས་འདས་པར་གྱུར་ཀྱང་གདུགས་དང་། ཅོད་པན་དང་། ཐོར་ཚུགས་གདགས་སོ་ཞེས་དེ་ནས་དེས་བུ་ལ་བྱམས་པས་རང་སངས་རྒྱས་ཀྱི་མཆོད་རྟེན་དེ་ལ་གདུགས་དང་། ཅོད་པན་དང་། ཐོར་ཚུགས་རྣམས་བཏགས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རྒྱལ་པོ་ཆེན་པོ་ལེགས་མཐོང་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །གང་ཡང་ངས་དེ་ན་བུ་ལ་བྱམས་པས་རང་སངས་རྒྱས་ཀྱི་མཆོད་རྟེན་དེ་ལ་གདུགས་དང་། ཅོད་པན་དང་། ཐོར་ཚུགས་བཏགས་ཏེ། ལས་དེའི་རྣམ་པར་སྨིན་པས་ངས་འཁོར་ལོས་སྒྱུར་བའི་རྒྱལ་པོ་


DKG002_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཉིས་སྟོང་ལྔ་བརྒྱ་བྱས་སོ། །ལས་དེ་ཁོ་ནའི་ལྷག་མས་ད་ལྟར་ང་མངོན་པར་རྫོགས་པར་བྱང་ཆུབ་པ་ན་ལྷ་དང་མི་རྣམས་ཀྱིས་རྩིབས་བརྒྱ་དང་ལྡན་པའི་གདུགས་ཉིས་སྟོང་ལྔ་བརྒྱ་དབུའི་གཙུག་གི་སྟེང་དུ་བཟུང་བར་གྱུར་ཏོ། །གལ་ཏེ་ངས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་རྟོགས་པར་མ་གྱུར་ན་གཞན་དུ་ཡང་ངས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉིས་སྟོང་ལྔ་བརྒྱ་བྱེད་པར་འགྱུར་རོ། །དེ་ལྟ་བས་ན་ངའི་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཅན་གང་ཡིན་པ་དེ་ངས་ཉན་ཐོས་རྣམས་ཀྱི་ལོངས་སྤྱོད་དུ་རྣམ་པར་སྨིན་པར་བསྔོས་ཏེ། གལ་ཏེ་མུ་ཏིག་བྲེ་གང་གིས་འབྲས་བྲེ་གང་ཁུགས་ཀྱང་འོན་ཀྱང་ངའི་ཉན་ཐོས་རྣམས་ནི་བསོད་སྙོམས་ཀྱིས་ཕོངས་པར་མི་འགྱུར་རོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ་ཞེས་བྱ་བ་ནས་བཙལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་གྲུ་ཟམ་འཇུགས་སུ་བཅུག་པ་དང་། ཡངས་པ་ཅན་གྱི་ལི་ཙ་བི་རྣམས་ཀྱིས་ཀྱང་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཕྱིར་གྲུ་ཟམ་བཙུགས་སོ། །ཀླུ་རྣམས་ཀྱིས་བསམས་པ། བདག་ཅག་ཀླུ་རྣམས་ནི་རྣམ་པར་ལྟུང་བའི་ལུས་ཅན་ཡིན་པས་མ་ལ་བདག་ཅག་གིས་གདེངས་ཀའི་ཟམ་པས་བཅོམ་ལྡན་འདས་ཆུ་བོ་གང་གཱ་བསྒྲལ་བར་བྱའོ་སྙམ་ནས་དེ་རྣམས་ཀྱིས་གདེངས་ཀའི་ཟམ་པ་བཙུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཅག་ལས་གང་ཞིག་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲའི་གྲུ་ཟམ་ལས་ཆུ་བོ་གང་གཱ་རྒལ་བར་སྤྲོ་བ་དེ་ནི་དེ་ལས་རྒོལ་ཅིག །གང་ཞིག་ཡངས་པ་ཅན་གྱི་ལི་ཙ་བི་རྣམས་ཀྱིས་གྲུ་ཟམ་བཙུགས་པ་ལས་སྤྲོ་བ་གང་ཡིན་པ་དེ་ཡང་དེ་ལས་རྒོལ་ཅིག །ང་ཡང་


DKG002_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་ཀུན་དགའ་བོ་དང་ཐབས་ཅིག་ཀླུ་རྣམས་ཀྱི་གདེངས་ཀའི་ཟམ་པ་ལས་ཆུ་བོ་གང་གཱ་བརྒལ་བར་བྱའོ། །དེ་ན་ཁ་ཅིག་ནི་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲའི་གྲུ་ཟམ་ལས་རྒལ་ཏོ། །ཁ་ཅིག་ནི་ཡངས་པ་ཅན་གྱི་ལི་ཙ་བི་རྣམས་ཀྱི་གྲུ་ཟམ་ལས་རྒལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་ཐབས་ཅིག་ཏུ་ཀླུ་རྣམས་ཀྱི་གདེངས་ཀའི་ཟམ་པ་ལས་རྒལ་ཏོ། །དེ་ནས་དགེ་བསྙེན་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ཁ་ཅིག་ཟམ་པ་བཙུགས་ནས་ཆུ་བྲན་བོར་ཏེ་རྒྱ་མཚོ་རྒལ། །སྐྱེ་བོ་རྣམས་ནི་གཟིངས་འཆའ་མཁས་པའི་སྐྱེ་བོ་རྣམས་ཆུ་རྒལ། །སངས་རྒྱས་བཅོམ་ལྡན་བྲམ་ཟེ་རྒལ་བར་གྱུར་ནས་སྐམ་ལ་བཞུགས། །དགེ་སློང་དག་འདིར་ཁྲུས་བྱེད་ཉན་ཐོས་རྣམས་ནི་གཟིངས་འཆའོ། །གལ་ཏེ་ཀུན་ན་ཆུ་ཡོད་ན། །ཁྲོན་པའི་ཆུས་ནི་ཅི་ཞིག་བྱ། །སྲེད་པའི་རྩ་བ་བཅད་ནས་ནི། །སུ་ཞིག་སྤྱོད་པ་ཚོལ་བར་བྱེད། །བཅོམ་ལྡན་འདས་ཀྱིས་ས་ཕྱོགས་གཞན་ཞིག་ན་མཐོ་ཞིང་མཐོ་བའི་ས་ཕྱོགས་ཞིག་གཟིགས་སོ། །གཟིགས་སྣས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་རྒྱལ་པོ་སྒྲ་ཆེན་འཛིན་གྱི་ལྷའི་མཆོད་སྡོང་སྲིད་དུ་འདོམ་སྟོང་ཡོད་ལ་སྦོམས་སུ་འདོམ་དྲུག་བཅུ་ཡོད་པ། ཐམས་ཅད་གསེར་ལས་བྱས་པ། རིན་པོ་ཆེ་ན་ཚོགས་ཀྱིས་སྤྲས་པ་ཞིག་ཡོད་དེ། སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་ནས་ཆུ་བོ་གང་གཱའི་ནང་དུ་བོར་བ་གང་ཡིན་པ་དེ་ལྟ་བར་འདོད་དམ། བཅོམ་ལྡན་འདས་དེ་ལྟ་བའི་དུས་ལ་བབ་ལགས་སོ། །བདེ་བར་གཤེགས་པ་དེའི་ཚོད་ལ་བབ་ལགས་ཏེ། བཅོམ་ལྡན་འདས་ཀྱིས་གང་མཆོད་སྡོང་དེ་བསྒྲེང་ན་དགེ་སློང་རྣམས་ལྟ་བར་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ལོ་དང་བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་པ་དང་། དྲ་བས་འབྲེལ་བ། བསོད་ནམས་བརྒྱ་ཕྲག་དུ་མས་བསྐྱེད་པ། འཇིགས་པ་རྣམས་དབུགས་འབྱིན་པར་མཛད་པའི་ཕྱག་གིས་ས་ལ་རེག་པར་མཛད་པ་དང་། ཀླུ་རྣམས་ཀྱིས་བསམས་པ།


DKG002_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཅིའི་ཕྱིར་ས་ལ་རེག་པར་མཛད་སྙམ་ན། མཆོད་སྡོང་གཟིགས་པར་བཞེད་པར་མཐོང་ངོ་། །དེ་ནས་དེ་དག་གིས་བསྒྲེང་བ་དང་། དགེ་སློང་རྣམས་ཀྱིས་མཆོད་སྡོང་བལྟ་བར་བརྩམས་སོ། །ཚེ་དང་ལྡན་པ་ལེགས་ལྡན་ནི་འདོད་པ་ཆུང་བ་ཡིན་པས་མཐའ་གཅིག་ཏུ་སོང་ནས་ཕྱག་དར་ཁྲོད་པ་དག་འཚེམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མཆོད་སྡོང་ནུབ་པར་འགྱུར་གྱིས་རྟགས་ཟུང་ཤིག་ཅེས་པ་ལས་དེ་ནུབ་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་ཞུས་པ། བཙུན་པ་དགེ་སློང་རྣམས་མཆོད་སྡོང་ལ་ལྟ་བར་བགྱིད་ན། ཚེ་དང་ལྡན་པ་ལེགས་ལྡན་ནི་འདོད་པ་ཆུང་བས་མཐའ་གཅིག་ཏུ་མཆིས་ནས་ཕྱག་གདར་ཁྲོད་པ་འཚེམ་པ་ལ་གཟིགས། ཅི་ལགས་རེ་ཞིག་འདོད་ཆགས་དང་བྲལ་བའི་སླད་དུའམ། འོན་ཏེ་སྔོན་བསྟེན་པའི་སླད་དུ་ལགས། གལ་ཏེ་རེ་ཞིག་འདོད་ཆགས་དང་བྲལ་བའི་སླད་དུ་ལགས་ན་ནི་གཞན་ཡང་འདོད་ཆགས་དང་བྲལ་བ་ཞིག་མཆིས་ལགས་སོ། །འོན་ཏེ་སྔོན་བསྟེན་པའི་སླད་དུ་ལགས་ན་ནི། འདིས་གང་དུ་བསྟེན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདོད་ཆགས་དང་བྲལ་བའི་ཕྱིར་ཡང་ཡིན་ལ་སྔོན་ཡང་བསྟེན་པའི་ཕྱིར་ཡང་ཡིན་ནོ། །འདིས་སྔོན་གང་དུ་བསྟེན་ལགས། དགེ་སློང་དག་སྔོན་བྱུང་བ་རྒྱལ་པོ་རབ་སྒྲོགས་ཞེས་བྱ་བ་ཞིག་བྱུང་སྟེ། དེ་ལྷའི་དབང་པོ་བརྒྱ་བྱིན་དང་གྲོགས་པོར་གྱུར་ཏོ། །དེ་བུ་འདོད་ཀྱང་བུ་མེད་ནས་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་སྟེ་ནོར་རྫས་མང་པོ་ཞིག་བསགས་ན་བདག་ལ་བུ་མེད་པས་བདག་ཤིན་རྒྱལ་པོའ་གདུང་རྒྱུད་ཆད་པར་འགྱུར་རོ་སྙམ་མོ། །དེ་ནས་བརྒྱ་བྱིན་གྱིས་མཐོང་ནས་དྲིས་པ། གྲོགས་པོ་ཁྱོད་ཅིའི་ཕྱིར་ལག་པ་ལ་འགྲམ་པ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག །དེས་སྨྲས་པ། ཀཽ་ཤི་ཀ་ནོར་རྫས་འདི་སྙེད་ཅིག་བསགས་ན་བདག་ལ་བུ་མེད་པས་བདག་ཤི་ནས་རྒྱལ་པོ་གདུང་རྒྱུད་ཆད་པར་འགྱུར་བས་སོ། །བརྒྱ་བྱིན་གྱིས་སྨྲས་པ།


DKG002_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་པོ་ཁྱོད་སེམས་ཁོང་དུ་ཆུད་པར་མ་བྱེད་ཅིག །གལ་ཏེ་ལྷའི་བུ་འགའ་ཞིག་འཆི་འཕོའ་ཆོས་བྱུང་བར་གྱུར་ན། དེ་ཁྱོད་ཀྱི་བུར་བསྐོ་བར་བྱའོ། །ཆོས་ཉིད་ཀྱིས་ལྷའི་བུ་འཆི་འཕོའ་ཆོས་འབྱུང་བ་ལ་ནི་སྔ་ལྟས་ལྔ་འབྱུང་བར་འགྱུར་ཏེ། གོས་མ་རྙིངས་པ་རྣམས་རྙིངས་པར་འགྱུར་བ་དང་། མེ་ཏོག་གི་ཕྲེང་བ་མ་རྙིངས་པ་རྣམས་རྙིང་པར་འགྱུར་བ་དང་། ལུས་ལས་དྲི་མི་ཞིམ་པ་འབྱུང་བ་དང་། མཆན་ཁུང་ནས་རྔུལ་འཛག་པ་དང་། རང་གི་སྟན་ལ་མི་དགའ་བར་འགྱུར་བའོ། །ཇི་ཙམ་ན་ལྷའི་བུ་ཞིག་ལ་སྔ་ལྟས་ལྔ་བྱུང་བར་འགྱུར་ནས་དེ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། གྲོགས་པོ་རྒྱལ་པོ་རབ་སྒྲོགས་གྱི་བཙུན་མོ་དམ་པའི་མངལ་དུ་ཉིང་མཚམས་སྦྱོར་ཅིག །དེས་སྨྲས་པ། ཀཽ་ཤི་ཀ་དེ་ནི་བག་མེད་པའི་གནས་ཡིན་ཏེ། ཀཽ་ཤི་ཀ་རྒྱལ་པོ་རྣམས་ནི་ཉེས་པ་མང་པོ་བྱེད་པ་ཡིན་པས་ཆོས་མ་ཡིན་པས་རྒྱལ་སྲིད་བྱས་ནས་སེམས་ཅན་དམྱལ་བར་གཞོལ་བར་གྱུར་ན་མི་རུང་ངོ་། །བརྒྱ་བྱིན་གྱིས་སྨྲས་པ། གྲོགས་པོ་ཁྱོད་ལ་ངས་དྲན་པར་བྱའོ། །ཀཽ་ཤི་ཀ་ལྷ་རྣམས་ནི་དགའ་བ་མང་པོས་བག་མེད་པ་ཡིན་ནོ། །གྲོགས་པོ་དེ་ནི་བདེན་ན་འོན་ཀྱང་ཁོ་བོས་ཁྱོད་ལ་དྲན་པར་བྱའོ། །དེས་རྒྱལ་པོ་རབ་སྒྲོགས་ཀྱི་བཙུན་མོ་དམ་པའི་མངལ་དུ་ཉིང་མཚམས་སྦྱར་ཏོ། །གང་གི་ཉི་མ་ཁོ་ན་ལ་ཉིང་མཚམས་བླངས་པ་དེའི་ཉི་མ་ཁོ་ན་ལ་སྐྱེ་བོའ་ཚོགས་ཆེན་པོས་སྒྲ་ཕྱུང་བར་གྱུར་ཏོ། །དེ་ཟླ་བ་བརྒྱད་དམ་དགུ་འདས་ནས་ཁྱེའུ་ཞིག་བཙས་ཏེ་ཞེས་བྱ་བ་ནས། སྣའི་གཟངས་མཐོ་བ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །དེའི་ཉེ་དུ་དག་འདུས་ཤིང་ཚོགས་སྣས་མིང་འདོགས་པར་བྱེད་དེ། ཁྱེའུའི་མིང་ཅིར་གདགས། གཉེན་རྣམས་ཀྱིས་སྨྲས་པ། གང་གི་ཉི་མ་ཁོ་ན་ལ་ཁྱེའུ་འདི་མའི་མངལ་དུ་ཞུགས་པ་དེའི་ཉི་མ་ཁོ་ན་ལ་སྐྱེ་བོའ་ཚོགས་ཆེན་པོས་སྒྲ་ཕྱུང་བར་གྱུར་པས། དེ་བས་ན་ཁྱེའུའི་མིང་སྒྲ་ཆེན་ཞེས་བྱ་བར་གདགས་སོ་ཞེས་དེའི་མིང་སྒྲ་ཆེན་ཞེས་བྱ་བར་བཏགས་ཏེ། ཁྱེའུ་སྒྲ་ཆེན་མ་མ་བརྒྱད་ལ་རྗེས་སུ་གཏད་ནས་ཞེས་བྱ་བ་ནས་བཏག་པ་བརྒྱད་དང་། དབྱེ་


DKG002_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། ཀློག་པ་ལ་མཁས་ཤིང་བཤེས་གཉེན་ཅན་དུ་གྱུར་ཏོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་ཅིང་ཡུལ་ཀྱི་དབང་ཕྱུག་དང་མཐུ་དང་། བརྩོན་འགྲུས་ཐོབ་པ། སའི་དཀྱིལ་འཁོར་ཆེན་པོ་མངོན་པར་ཟིལ་གྱིས་མནན་ནས་གནས་པ་རྣམས་ཀྱི་བཟོའ་གནས་དང་ལས་ཀྱི་གནས་ཐ་དད་པ་གང་ཡིན་པ་འདི་ལྟ་སྟེ། གླང་པོ་ཆེའི་གཉག་ཞོན་པ་དང་། རྟ་ལ་ཞོན་པ་དང་། ཤིང་རྟའི་ཐབས་དང་། རལ་གྲིའི་ཐབས་དང་། མདའ་གཞུ་དང་། ཕྱིར་བསྣུར་བ་དང་། མདུན་དུ་བསྣུར་བ་དང་། ལྕགས་ཀྱུས་སྒྱུར་ཐབས་དང་། ཞགས་པས་གདབ་པ་དང་། མདའ་བོ་ཆེ་འཕེན་པ་དང་། དབྱུག་པས་རྡེག་པ་དང་། འཛིན་སྟངས་དང་། གོམ་སྟངས་དང་། གཅོད་པ་དང་། དྲལ་བ་དང་། དབུག་པ་དང་། རྒྱང་ནས་ཕོག་པ་དང་། སྒྲ་གྲག་པར་ཕོག་པ་དང་། གནད་དུ་ཕོག་པ་དང་། མི་འཚོར་བར་ཕོག་པ་དང་། ཚབས་ཆེ་བ་དག་སྟེ། གནས་ལྔ་པོ་དེ་རྣམས་ལ་ཤིན་ཏུ་བྱང་བར་གྱུར་ཏོ། །ཆོས་ཉིད་ཀྱིས་རེ་ཞིག་ཕ་ཇི་ཙམ་གསོན་གྱི་བར་དུ་བུའི་མིང་མི་གྲག་པ་ཡིན་ནོ། །དུས་གཞན་ཞིག་ན་རྒྱལ་པོ་རབ་སྒྲོགས་ཤིན་ས་སྒྲ་ཆེན་རྒྱལ་སྲིད་ལ་བཞག་པ་དང་། དེས་ཐ་གེ་ཙམ་ཞིག་ཆོས་བཞིན་གྱིས་རྒྱལ་སྲིད་བྱེད་དུ་བཅུག་ནས། དེ་ནས་ཆོས་བཞིན་མ་ཡིན་པས་རྒྱལ་སྲིད་བྱེད་དུ་བཅུག་པར་གྱུར་ཏོ། །དེ་ནས་བརྒྱ་བྱིན་གྱིས་སྨྲས་པ། གྲོགས་པོ་ཁོ་བོས་ཁྱོད་རྒྱལ་པོ་རབ་སྒྲོགས་ཀྱི་བུར་བསྐོས་ཏེ་ཆོས་བཞིན་མ་ཡིན་པས་རྒྱལ་སྲིད་མ་བྱེད་ཅིག །སེམས་ཅན་དམྱལ་བར་གཞོལ་བར་གྱུར་ཏ་རེ་ཞེས་མ་བསྒོའམ། དེས་ཐ་གི་ཙམ་ཞིག་ཆོས་བཞིན་གྱིས་རྒྱལ་སྲིད་བྱེད་དུ་བཅུག་ནས་སླར་ཡང་ཆོས་བཞིན་མ་ཡིན་པས་རྒྱལ་སྲིད་བྱེད་དུ་བཅུག་པར་གྱུར་ཏོ། །ལན་གཉིས་སུ་ཡང་བརྒྱ་བྱིན་གྱིས་སྨྲས་པ། གྲོགས་པོ་ཁོ་བོས་ཁྱོད་རྒྱལ་པོ་རབ་སྒྲོགས་ཀྱི་བུར་བསྐོས་ཏེ་ཆོས་གཞིན་མ་ཡིན་པས་རྒྱལ་སྲིད་མ་བྱེད་ཅིག །སེམས་ཅན་དམྱལ་བར་གཞོལ་བར་གྱུར་ཏ་རེ་ཞེས་མ་བསྒོའམ། དེས་སྨྲས་པ། ཀཽ་ཤི་


DKG002_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་བདག་ཅག་རྒྱལ་པོ་རྣམས་ནི་དགའ་བ་མང་པོས་བག་མེད་པས་སྐད་ཅིག་ཏུ་བརྗེད་པར་འགྱུར་གྱིས། བདག་ལ་ཁྱོད་ཀྱིས་མཚན་མ་ཞིག་ཞོག་ཤིག་དང་། བདག་གིས་མཐོང་ནས་ངེས་པར་སྦྱིན་པ་དག་སྦྱིན། བསོད་ནམས་དག་བགྱིའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་ལས་ཐམས་ཅད་པ་ལ་བསྒོ་བ། ལས་ཐམས་ཅད་པ་སོང་ལ་ཁྱོད་ཀྱིས་རྒྱལ་པོ་སྒྲ་ཆེན་གྱི་གནས་སུ་ལྷའི་འཁོར་གྱི་ཁྱམས་དང་། ལྷའི་མཆོད་སྡོང་སྲིད་དུ་འདོམ་སྟོང་ཡོད་ལ། སྦོམས་སུ་འདོམ་དྲུག་བཅུ་ཡོད་པ། ཐམས་ཅད་གསེར་ལས་བྱས་ཤིང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ཞིག་སྤྲུལ་ཅིག །དེ་ནས་ལྷའི་བུ་ལས་ཐམས་ཅད་པས་རྒྱལ་པོ་སྒྲ་ཆེན་གྱི་གནས་སུ་ལྷའི་འཁོར་གྱི་ཁྱམས་དང་། ལྷའི་མཆོད་སྡོང་སྲིད་དུ་འདོམ་སྟོང་ཡོད་པ། སྦོམས་སུ་འདོམ་དྲུག་བཅུ་ཡོད་པ། ཐམས་ཅད་གསེར་ལས་བྱས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ཞིག་སྤྲུལ་ཏོ། །དེ་ནས་རྒྱལ་པོ་སྒྲ་ཆེན་གྱིས་མཆོད་སྦྱིན་གྱི་ཁང་པ་རྩིག་ཏུ་བཅུག་ནས་རང་གི་ཞང་པོ་མྱ་ངན་མེད་ཅེས་བྱ་བ་མཆོད་སྡོང་གི་ཞལ་ཏ་བར་བཞག་གོ །དེ་ནས་མཆོད་སྡོང་ལ་འཛམ་བུའི་གླིང་ན་གནས་པའི་མི་ཐམས་ཅད་ལྟ་བར་སྤྲོ་བས་ལྷགས་ནས་ཟས་ཟོས་ཤིང་མཆོད་སྡོང་ལྟ་བས་རང་གི་ལས་སྒྲུབ་པར་མི་བྱེད་དོ། །དེ་ནས་ཞིང་ལས་ཀྱི་མཐའ་རྣམས་པར་ཆད་བྱས་པས་རྒྱལ་པོའ་དཔྱ་ཐང་བཞིན་མི་འདུ་བར་གྱུར་ཏོ། །བློན་པོ་རྣམས་ཀྱིས་དཔྱ་ཉུང་དུ་ཕུལ་བ་དང་རྒྱལ་པོ་སྒྲ་ཆེན་གྱིས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་དཔྱ་ཉུང་ཟད་གཅིག་འབུལ། ལྷ་འཛམ་བུའི་གླིང་ན་གནས་པའི་སྐྱེ་བོའ་ཚོགས་མཆིས་ནས་འཚལ་མ་འཚལ་ཅིང་མཆོད་སྡོང་ལ་ལྟ་ཞིང་མཆིས་ཏེ་རང་གི་ལས་སྒྲུབ་པར་མི་བྱེད་པས་ཞིང་ལས་ཀྱི་མཐའ་རྣམས་ཀྱི་བར་ཆད་བགྱིས་པས་དཔྱ་ཐང་བཞིན་མི་འདུ་ལགས་སོ། །རྒྱལ་པོས་སྨྲས་པ། མཆོད་སྦྱིན་གྱི་ཁང་པ་དྲོལ་ཅིག །དེ་རྣམས་ཀྱིས་དེ་དྲལ་ན་ཡང་དེ་བཞིན་དུ་སྐྱེ་བོའ་ཚོགས་དེ་རང་རང་གི་རྒྱགས་བླངས་ནས་ཟ་ཞིང་མཆོད་སྡོང་ལ་རྟོག་ཅིང་འདུག་སྟེ། རང་རང་གི་


DKG002_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྒྲུབ་པར་མི་བྱེད་པས་ཞིང་ལས་ཀྱི་མཐའ་རྣམས་ཀྱི་བར་ཆད་བྱས་པས་དེ་བཞིན་རྒྱལ་པོའ་དཔྱ་ཐང་བཞིན་མི་འདུ་བར་གྱུར་ཏོ། །རྒྱལ་པོས་དྲིས་བ། ཤེས་ལྡན་དག་མཆོད་སྦྱིན་གྱི་ཁང་པ་དྲལ་ན་ཅིའི་ཕྱིར་ད་དུང་དཔྱ་ཉུང་བར་གྱུར། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་སྐྱེ་བོའ་ཚོགས་རང་རང་གི་རྒྱགས་བླངས་ནས་འཚལ་ཞིང་མཆོད་སྡོང་ལ་རྟོག་ཅིང་མཆིས་ཏེ་རང་གི་ལས་སྒྲུབ་པར་མི་བགྱིད་པས། ཞིང་ལས་ཀྱི་མཐའ་རྣམས་ཀྱི་བར་ཆད་བགྱིས་པས་དེས་ན་དཔྱ་ཉུང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་སྒྲ་ཆེན་གྱིས་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱས་ནས་མཆོད་སྡོང་ཆུ་བོ་གང་གཱའི་ནང་དུ་པོར་རོ། །དགེ་སློང་དག་ཇི་སྙམ་དུ་སེམས། རྒྱལ་པོ་རབ་སྒྲོགས་ཀྱི་ཞང་པོ་མྱ་ངན་མེད་ཅེས་བྱ་བ་གང་ཡིན་པ་དེ་ནི་དགེ་སློང་ལེགས་ལྡན་འདི་ཉིད་ཡིན་ཏེ། འདིས་སྔོན་འདི་བསྟེན་ཏོ། །བཙུན་པ་མཆོད་སྡོང་འདི་གང་དུ་ཞིག་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མ་འོངས་པ་ན་མི་རྣམས་ཀྱིས་ཚེ་ལོ་བརྒྱད་ཁྲི་ཐུབ་པར་འགྱུར་ཏེ། མི་ཚེ་ལོ་བརྒྱད་ཁྲི་པ་རྣམས་ཀྱི་རྒྱལ་པོ་དུང་ཞེས་བྱ་བ་ཡང་དག་པར་སྡོམ་པ། འཁོར་ལོས་སྒྱུར་བ་མཐའ་བཞིར་རྣམ་པར་རྒྱལ་བ། ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཞིག་འབྱུང་བར་འགྱུར་རོ། །དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་ནི་བློན་པོ་རིན་པོ་ཆེ་ཉིད་དོ། །དེ་ལ་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པར་བྱེད་པ་སྟོང་ཡང་ཚང་བར་འབྱུང་བར་འགྱུར་ཏེ། དེ་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པར་གནོད་པར་སྡོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ། ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་པར་འགྱུར་རོ། །


DKG002_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་དུང་གི་མདུན་ན་འདོན་བྲམ་ཟེ་ཚངས་པའི་ཚེ་ཞེས་བྱ་བ་ཞིག་འབྱུང་སྟེ། དེའི་ཆུང་མ་ནི་ཚངས་ལྡན་མ་ཞེས་བྱ་བ་ཞིག་འབྱུང་ངོ་། །དེ་བྱམས་པ་ཚད་མེད་པའི་ཡན་ལག་གིས་རྒྱས་པར་བྱས་པས་བུ་བྱམས་པ་ཞེས་བྱ་བ་ཞིག་བཙའ་བར་འགྱུར་རོ། །བྲམ་ཟེ་ཚངས་པའི་ཚེ་བྲམ་ཟེའི་ཁྱེའུ་བརྒྱད་ཁྲི་ལ་བྲམ་ཟེ་རྣམས་ཀྱི་གསང་ཚིག་ཀློག་ཏུ་འཇུག་གོ །དེས་བྲམ་ཟེའི་ཁྱེའུ་དེ་རྣམས་བྱམས་པ་ལ་གཏད་ནས་བྲམ་ཟེའི་ཁྱེའུ་བྱམས་པས་བྲམ་ཟེའི་ཁྱེའུ་བརྒྱད་ཁྲི་པོ་རྣམས་བྲམ་ཟེ་རྣམས་ཀྱི་གསང་ཚིག་ཀློག་ཏུ་འཇུག་གོ །དེ་ནས་རྒྱལ་པོ་ཆེན་པོ་བཞི་པོ་རྣམས་ཀྱིས་གཏེར་ཆེན་པོ་བཞི་པོ། ཀ་ལིང་ཀ་ནས་དམར་སེར་ཏེ། །མི་ཐི་ལ་ནས་སྐྱ་བོ་ཡི། །ས་འཛིན་ནས་ནི་ཨེ་ལའི་འདབ། །བཱ་རཱ་ཎ་སཱིའི་གྲོང་ནས་དུང་། །མཆོད་སྡོང་འདི་ཡང་ཁྱེར་ནས་རྒྱལ་པོ་དུང་ལ་འབུལ་བར་འགྱུར་རོ། །རྒྱལ་པོ་དུང་གིས་ཀྱང་བྲམ་ཟེ་ཚངས་པའི་ཚེ་ལ་སྦྱིན་པར་འགྱུར་རོ། །བྲམ་ཟེ་ཚངས་པའི་ཚེས་ཀྱང་བྲམ་ཟེའི་ཁྱེའུ་བྱམས་པ་ལའོ། །བྲམ་ཟེའི་ཁྱེའུ་བྱམས་པས་ཀྱང་བྲམ་ཟེའི་ཁྱེའུ་དེ་རྣམས་ལའོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་མཆོད་སྡོང་དེ་དུམ་བུ་དུམ་བུར་བཅད་ནས་འགེད་པར་འགྱུར་རོ། །དེ་ནས་བྲམ་ཟེའི་ཁྱེའུ་བྱམས་པས་མཆོད་སྡོང་དེའི་མི་རྟག་པ་ཉིད་མཐོང་ནས། དེ་ཉིད་ཀྱིས་སྐྱོ་བ་སྐྱེས་ནས་ནགས་སུ་འགྲོ་བར་འགྱུར་རོ། །གང་གི་ཉི་མ་ཁོ་ན་ལ་ནགས་སུ་སོང་བ་དེ་ཁོ་ནའི་ཉི་མ་ལ་བྱམས་པ་ཚད་མེད་པའི་ཡན་ལག་གིས་རྒྱས་པར་བྱས་ནས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་ཏེ། དེའི་མཚན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་ཞེས་བྱ་བར་འགྱུར་རོ། །གང་གི་ཉི་མ་ཁོ་ན་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་བ་དེ་ཁོ་ནའི་ཉི་མ་ལ་རྒྱལ་པོ་དུང་གི་རིན་པོ་ཆེ་སྣ་བདུན་ནུབ་པར་འགྱུར་རོ། །རྒྱལ་པོ་དུང་ཡང་ཁམས་ཀྱི་རྒྱལ་ཕྲན་བརྒྱད་ཁྲིའི་འཁོར་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་


DKG002_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་རབ་ཏུ་འབྱུང་བའི་རྗེས་སུ་རབ་ཏུ་འབྱུང་བར་འགྱུར་རོ། །དེའི་ཆུང་མ་རིན་པོ་ཆེ་ས་ག་ཞེས་བྱ་བ་ཡང་བུད་མེད་བརྒྱད་ཁྲིའི་འཁོར་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་རབ་ཏུ་འབྱུང་བའི་རྗེས་སུ་རབ་ཏུ་འབྱུང་བར་འགྱུར་རོ། །བྲམ་ཟེ་ཚངས་པའི་ཚེ་ཡང་བྲམ་ཟེའི་ཁྱེའུ་བརྒྱད་ཁྲིའི་འཁོར་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་རབ་ཏུ་འབྱུང་པའི་རྗེས་སུ་རབ་ཏུ་འབྱུང་བར་འགྱུར་རོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་འཁོར་དགེ་སློང་འབུམ་ཕྲག་དགུ་བཅུ་རྩ་དྲུག་དང་རི་བྱ་གག་རྐང་གང་ན་བ་དེར་གཤེགས་པར་འགྱུར་རོ། །དེ་ན་དགེ་སློང་འོད་སྲུང་གི་རུས་པའི་ཚོགས་མ་ཞིག་པ་འདུག་པས་རི་བྱ་གག་རྐང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་ལ་ཁ་དབྱེ་བར་འགྱུར་རོ། །དེ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པས་དགེ་སློང་འོད་སྲུང་གི་རུས་པའི་ཚོགས་མ་ཞིག་པ་ཕྱག་གཡས་པས་བླངས་ནས་ཕྱག་གཡོན་པར་བཞག་སྟེ་ཉན་ཐོས་རྣམས་ལ་འདི་སྐད་ཅེས། དགེ་སློང་དག་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱ་ཐུབ་པ་ན་སྟོན་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བ་དེའི་ཉན་ཐོས་རྣམས་ལས་ཆོག་ཤེས་པ་དང་འདོད་པ་ཆུང་བ་དང་། སྦྱངས་པའི་ཡོན་ཏན་དང་ལྡན་པ་རྣམས་ཀྱི་མཆོག་ནི་འོད་སྲུང་ཡིན་ནོ་ཞེས་བསྟན་པ་གང་ཡིན་པ་དེ་ནི་འདི་ཡིན་ཏེ། ཤཱཀྱ་ཐུབ་པ་ཡོངས་སུ་མྱ་ངན་ལས་འདས་ནས་དེའི་བསྟན་པ་ཡང་འདིས་ཡང་དག་པར་བསྡུས་སོ་ཞེས་ཆོས་སྟོན་པར་འགྱུར་རོ། །དེ་རྣམས་ཀྱིས་མཐོང་ནས་སྐྱོ་བ་སྐྱེས་ཏེ། འདི་འདྲ་བའི་ལུས་ཀྱིས་ཇི་ལྟར་འདི་ལྟ་བུའི་ཡོན་ཏན་གྱི་ཚོགས་ཐོབ་པར་གྱུར་སྙམ་ནས་དེ་རྣམས་སྐྱོ་བ་དེ་ཉིད་ཀྱིས་དགྲ་བཅོམ་པ་མངོན་སུམ་དུ་བྱེད་པར་འགྱུར་ཏེ། འབུམ་ཕྲག་དགུ་བཅུ་རྩ་དྲུག་དགྲ་བཅོམ་པ་ཉིད་དང་། སྦྱངས་པའི་ཡོན་ཏན་མངོན་དུ་བྱ་བ་ལ་བརྩོན་པར་འགྱུར་རོ། །མཆོད་སྡོང་དེ་ནི་དེར་ཞིག་པར་འགྱུར་རོ། །བཙུན་པ་རྒྱུ་གང་དང་རྐྱེན་གང་གིས་དཀོན་མཆོག་


DKG002_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་འཇིག་རྟེན་དུ་འབྱུང་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་གིས་སོ། །བཅོམ་ལྡན་འདས་གང་དུ་སྨོན་ལམ་བཏབ་ལགས། དགེ་སློང་དག་སྔོན་བྱུང་བ་ཡུལ་དབུས་སུ་རྒྱལ་པོ་གོས་སྦྱིན་ཞེས་བྱ་བ་འབྱོར་པ་དང་། རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་དང་སྐྱེ་བོ་དང་། མི་མང་པོས་རབ་ཏུ་གང་བ་ན་རྒྱལ་སྲིད་བྱེད་དུ་འཇུག་གོ །དེའི་ཤིང་རྣམས་མེ་ཏོག་དང་འབྲས་བུ་རྟག་པ་དང་། ལྷས་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་ཕབ་པས་ལྷག་པར་ལོ་ཏོག་རྣམས་ཕུན་སུམ་ཚོགས་པར་གྱུར་ཏོ། །བྱང་ཕྱོགས་ན་རྒྱལ་པོ་ནོར་ལྡན་ཞེས་བྱ་བ་འབྱོར་པ་དང་། རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་རབ་ཏུ་གང་བ་ན་རྒྱལ་སྲིད་བྱེད་དུ་འཇུག་གོ །དེའི་ཤིང་རྣམས་མེ་ཏོག་དང་འབྲས་བུ་རྟག་པ་དང་། ལྷས་དུས་སུ་ཆར་གྱི་རྒྱུན་ལེགས་པར་ཕབ་པས་ལྷག་པར་ལོ་ཏོག་རྣམས་ཕུན་སུམ་ཚོགས་པར་གྱུར་ཏོ། །དེ་དུས་གཞན་ཞིག་ན་རྒྱལ་པོ་གོས་སྦྱིན་གྱི་མདུན་ན་འདོན་ལས་ཁྱེའུ་སྤྱི་གཙུག་རིན་པོ་ཆེས་བརྒྱན་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱ་ཆེར་བྱས་ནས་དེའི་མིང་རིན་ཆེན་གཙུག་ཏོར་ཅན་ཞེས་བཏགས་སོ། །དེ་དུས་གཞན་ཞིག་ན་རྒ་བ་དང་ན་བ་དང་འཆི་བ་ཡང་དག་པར་མཐོང་ནས་སྐྱོ་བ་སྐྱེས་ཏེ་ནགས་སུ་སོང་ངོ་། །གང་གི་ཉི་མ་ཁོ་ན་ལ་ནགས་སུ་སོང་བ་དེ་ཁོ་ནའི་ཉི་མ་ལ་དེས་བླ་ན་མེད་པའི་ཡེ་ཤེས་ཐོབ་ནས་དེའི་མིང་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་ནོར་ལྡན་སྟེང་གི་ཁང་བཟངས་ཀྱི་གཞིར་སོང་སྟེ་བློན་པོའ་ཚོགས་ཀྱིས་བསྐོར་ནས་འདུག་གོ །དེས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ངའི་ཅི་འདྲ་བ་དེ་ལྟར་རྒྱལ་པོ་གཞན་འགའི་ཡུལ་ན་འབྱོར་པ་དང་། རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་རབ་ཏུ་གང་བ་དང་། ཤིང་རྣམས་མེ་ཏོག་དང་འབྲས་བུ་


DKG002_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་དང་། ལྷས་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་བབ་པས་ལོ་ཏོག་རྣམས་ཕུན་སུམ་ཚོགས་པས་འགྱུར་བ་ལྟ་ཡོད་དམ། ཡུལ་དབུས་ནས་ཚོང་པ་ཟོང་ཐོགས་ཏེ་བྱང་ཕྱོགས་སུ་འོངས་པ་དེ་རྣམས་ཀྱིས་སྨྲས་པ། ལྷ་ཡུལ་དབུས་ན་རྒྱལ་པོ་གོས་སྦྱིན་ཞེས་བྱ་བ་ཞིག་མཆིས་སོ། །རྒྱལ་པོ་ནོར་ལྡན་གྱིས་ཐོས་མ་ཐག་ཏུ་མི་བཟོད་པ་ཆེན་པོ་སྐྱེས་ཏེ། དེ་མི་བཟོད་པ་སྐྱེས་ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་སྐོན་ཅིག་དང་ཡུལ་འཁོར་གཞོམ་པར་བྱའོ། །དེ་ནས་རྒྱལ་པོ་ནོར་ལྡན་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང་རྟ་པའི་ཚོགས་དང་ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ། ཡུལ་དབུས་སུ་དོང་ནས་ཆུ་བོ་གང་གཱའི་ལྷོ་ཕྱོགས་ཀྱི་འགྲམ་ན་འཁོད་དོ། །རྒྱལ་པོ་གོས་སྦྱིན་གྱིས་རྒྱལ་པོ་ནོར་ལྡན་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང་རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ནས་ཡུལ་དབུས་སུ་འོངས་ཏེ་ཆུ་བོ་གང་གཱའི་ལྷོ་ཕྱོགས་ཀྱི་འགྲམ་ན་འཁོད་དོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དེས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་ཤིང་རྟ་པའི་ཚོགས་དང་དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ནས་ཆུ་པོ་གང་གཱའི་བྱང་ཕྱོགས་ལོགས་ཀྱི་འགྲམ་ན་འདུག་གོ །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་དེ་གཉིས་ཀྱི་གདུལ་པའི་དུས་མཁྱེན་ནས་ཆུ་བོ་གང་གཱའི་འགྲམ་དུ་ནུབ་མོ་ཉེ་བར་རྟེན་ཅིང་བཞུགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་འཇིག་རྟེན་པའི་ཐུགས་བསྐྱེད་དོ། །ཆོས་ཉིད་ཀྱིས་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པ་དེའི་ཚེ་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱི་སེམས་ཀྱིས་བཅོམ་ལྡན་འདས་ཀྱི་དགོངས་པ་ཤེས་པར་འགྱུར་རོ། །དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་རྣམས་


DKG002_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་ནས། དེ་རྣམས་ཀྱི་ཁ་དོག་གི་མཐུས་སྣང་བ་རྒྱ་ཆེན་པོ་བྱུང་བར་གྱུར་པ་རྒྱལ་པོ་ནོར་ལྡན་གྱིས་མཐོང་ངོ་། །མཐོང་ནས་ཀྱང་བློན་པོ་རྣམས་ལ་དྲིས་པ། ཤེས་ལྡན་དག་རྒྱལ་པོ་གོས་སྦྱིན་གྱི་ཡུལ་ན་སྣང་བ་རྒྱ་ཆེན་པོ་བྱུང་བ་འདི་ཅི་ཡིན། དེ་རྣམས་ཀྱིས་སྨྲས་པ། ལྷ་རྒྱལ་པོ་གོས་སྦྱིན་གྱི་ཡུལ་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་བྱུང་སྟེ། དེ་ལ་བལྟ་བའི་ཕྱིར་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་མཆིས་པ་དེས་ན་སྣང་བ་ཆེན་པོ་འདི་བྱུང་སྟེ། དེ་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ལགས་པས་འདི་ནི་དེའི་མཐུ་ལགས་སོ། །རྒྱལ་པོ་ནོར་ལྡན་གྱིས་སྨྲས་པ། ཤེས་ལྡན་དག་གང་གི་ཡུལ་དུ་གང་ལ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ཡང་བལྟ་བའི་ཕྱིར་འོང་བའི་རྐང་གཉིས་བསོད་ནམས་ཀྱི་ཞིང་དེ་ལྟ་བུ་བྱུང་བ་དེ་ལ་བདག་གིས་གནོད་པ་ཅི་འདྲ་བ་ཞིག་བྱ་ཞེས། དེས་དེ་ལ་ཕོ་ཉ་བཏང་སྟེ། གྲོགས་པོ་ཁྱོད་དེ་ལ་བདག་ཅུང་ཟད་ཀྱང་མི་བྱེད་ཀྱིས་ཚུར་སྦྱོན། ཁྱོད་ནི་བསོད་ནམས་ཀྱི་མཐུ་ཆེན་པོ་ཅན་ཞིག་པས་ཁྱོད་ཀྱི་ཡུལ་ན་གང་ལ་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ཡང་བལྟ་བའི་ཕྱིར་འོང་བ་རྐང་གཉིས་བསོད་ནམས་ཀྱི་ཞིང་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་བཞུགས་སོ། །འོན་ཀྱང་ཁྱོད་ཀྱི་མགུལ་ནས་འཁྱུད་ནས་འགྲོ་བར་བྱ་སྟེ། དེ་ལྟ་ན་བདག་ཅག་ཕན་ཚུན་ཡིད་བདེ་བར་འགྱུར་རོ་ཞེས་སྤྲིང་ངོ་། །རྒྱལ་པོ་གོས་སྦྱིན་ཡིད་མ་ཆེས་ནས་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་པོ་གོས་སྦྱིན་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་


DKG002_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གཙུག་ཏོར་ཅན་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལ་རྒྱལ་པོ་ནོར་ལྡན་གྱིས་སྤྲིང་པ། གྲོགས་པོ་སྡུག་པ་ཁྱོད་ལ་བདག་ཅག་ཅི་ཡང་མི་བྱེད་ཀྱིས་ཚུར་ཤོག །ཁྱོད་ཀྱི་མགུལ་པ་ནས་འཁྱུད་ནས་འགྲོ་བར་བྱ་སྟེ། དེ་ལྟ་ན་བདག་ཅག་ཕན་ཚུན་ཡིད་བདེ་བར་འགྱུར་རོ་ཞེས་མཆི་ན་དེ་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སོང་ཤིག་དང་ཁྱོད་ལ་ལེགས་པར་འགྱུར་རོ། །བཅོམ་ལྡན་འདས་ཅི་བདག་གིས་དེའི་རྐང་པ་གཉིས་ལ་གཏུག་པར་བགྱི་འམ། རྒྱལ་པོ་ཆེན་པོ་རྒྱལ་པོ་དཔུང་ཆེན་པོ་རྣམས་ལ་ནི་གཏུག་པར་བྱ་དགོས་སོ། །དེ་ནས་རྒྱལ་པོ་གོས་སྦྱིན་སྟན་ལས་ལངས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་ཆས་ཏེ་རྒྱལ་པོ་ནོར་ལྡན་གང་ན་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་ནོར་ལྡན་གྱི་རྐང་པ་གཉིས་ལ་གཏུགས་སོ། །དེ་ནས་རྒྱལ་པོ་ནོར་ལྡན་གྱིས་མགུལ་ནས་འཁྱུད་དེ་ཡིད་གཅུགས་པར་བྱས་ཏེ་བཏང་ངོ་། །དེ་ནས་རྒྱལ་པོ་གོས་སྦྱིན་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས། རྒྱལ་པོ་གོས་སྦྱིན་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་རྒྱལ་པོ་ཐམས་ཅད་ཀྱིས་རྐང་པ་གཉིས་ལ་གཏུགས་པའི་རྒྱལ་པོ་གང་ལགས། རྒྱལ་པོ་ཆེན་པོ་འཁོར་ལོས་སྒྱུར་བ་ཡིན་ནོ། །དེ་ནས་རྒྱལ་པོ་གོས་སྦྱིན་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་


DKG002_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་གོས་སྦྱིན་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་རྒྱལ་པོ་གོས་སྦྱིན་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཅང་མི་གསུང་བས་གནང་བར་རིག་ནས་ཡང་དག་བར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་སྤྱན་སྔ་ནས་དོང་ངོ་། །དེ་ནས་རྒྱལ་པོ་གོས་སྦྱིན་གྱིས་དེ་ཉིད་ཀྱི་ནུབ་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་གོན་བྱས་ཏེ། ནང་བར་སྔར་ལངས་ནས་གདན་བཤམས་ཏེ་ནོར་བུའི་ཆུ་སྣོད་བཞག་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་སྤྱན་འདྲེན་གྱིས་དུས་ཚོད་གསོལ་པ། བཙུན་པ་གདུགས་ཚོད་བཤམས་ལགས་ཤིང་མཆིས་ན། བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་སྔ་དྲོ་ཤམ་ཐབས་མན་བས་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་གྱིས་བལྟས་ནས། རྒྱལ་པོ་གོས་སྦྱིན་གྱི་བཀད་ས་གང་ན་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་རྒྱལ་པོ་གོས་སྦྱིན་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་སྟོབས་ཤིང་ཚིམ་པར་བྱེད་དེ། རྣམ་པ་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་གསོལ་ནས་ཕྱག་གཉིས་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་


DKG002_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཞབས་གཉིས་ལ་གཏུགས་ཏེ་སྨོན་ལམ་གདབ་པར་བརྩམས་པ། བཙུན་པ་སྦྱིན་པའི་དགེ་བའི་རྩ་བ་འདིས་བདག་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཅིག་ཅེས་སྨྲས་ནས་དེ་མ་ཐག་ཏུ་དུང་ཡང་བུས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་རྒྱལ་པོ་གོས་སྦྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཁྱོད་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང་ཞེས་བྱ་བར་འགྱུར་རོ། །དེ་ནས་སྐད་ཆེན་པོའ་སྒྲ་དག་བྱུང་ངོ་། །རྒྱལ་པོ་ནོར་ལྡན་གྱིས་ཅ་ཅོའ་སྒྲ་དག་ཐོས་ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་གོས་སྦྱིན་གྱི་ཡུལ་ན་ཅ་ཅོའ་སྒྲ་གྲག་པ་དེ་ཅི་ཞིག་ཡིན། དེ་རྣམས་ཀྱིས་ལེགས་པར་བརྟགས་ནས་སྨྲས་པ། ལྷ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་རྒྱལ་པོ་གོས་སྦྱིན་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་བསྟན་པས་སྐྱེ་བོའ་ཚོགས་དགའ་བ་དང་། མགུ་བ་དང་རབ་ཏུ་དགའ་བས་དེས་ན་ཅ་ཅོའ་སྒྲ་གྲག་པ་ལགས་སོ། །དེ་ནས་རྒྱལ་པོ་ནོར་ལྡན་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་པོ་ནོར་ལྡན་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འཁོར་ལོས་སྒྱུར་བ་ཐམས་ཅད་ཀྱིས་རྐང་པ་གཉིས་ལ་གཏུག་པར་བགྱི་བ་གང་ལགས། རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ། །དེ་ནས་རྒྱལ་པོ་ནོར་ལྡན་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་སང་བདག་གི་སྡུམ་པར་གདུགས་


DKG002_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་རྒྱལ་པོ་ནོར་ལྡན་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་རྒྱལ་པོ་ནོར་ལྡན་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཅང་མི་གསུང་བས་གནང་བར་རིག་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་རྒྱལ་པོ་ནོར་ལྡན་གྱིས་དེ་ཉིད་ཀྱི་ནུབ་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་གོན་བྱས་ནས་ནང་པར་སྔར་ལངས་ཏེ་གདན་བཤམས་ཤིང་ནོར་བུའི་ཆུ་སྣོད་བཞག་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་སྤྱན་འདྲེན་གྱིས་དུས་ཚོད་གསོལ་པ། བཙུན་པ་གདུགས་ཚོད་བཤམས་ལགས་ཤིང་མཆིས་ན་བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་སྔ་དྲོ་ཤམ་ཐབས་མནབས་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་གྱིས་བལྟས་ཏེ་རྒྱལ་པོ་ནོར་ལྡན་གྱི་བཀད་ས་གང་ན་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་རྒྱལ་པོ་ནོར་ལྡན་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་སྟོབས་ཤིང་ཚིམ་པར་བྱེད་དེ། རྣམ་པ་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བདག་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་གསོལ་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་


DKG002_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གཉིས་ལ་གཏུགས་ཏེ་འཇིག་རྟེན་འདི་དག་ཐམས་ཅད་ལ་བྱམས་པ་ཚད་མེད་པའི་ཡན་ལག་གིས་རྒྱས་པར་བྱས་ནས་སྨོན་ལམ་གདབ་པར་བརྩམས་པ། དགེ་བའི་རྩ་བ་འདིས་བདག་འཇིག་རྟེན་གྱི་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག་ཅེས་བཏབ་བོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་ཞེས་བྱ་བར་འགྱུར་རོ། །དགེ་སློང་དག་དེ་ལྟར་ན་སྨོན་ལམ་གྱི་དབང་གིས་དཀོན་མཆོག་གཉིས་ཅིག་ཅར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གྲོང་སྤྱིལ་བུ་ཅན་ཞེས་བྱ་བ་གང་འདས་ཀྱི་ལྟར་མཉན་ནས། དེ་ནས་བཅོམ་ལྡན་འདས་ཡུལ་སྤོང་བྱེད་ཅེས་བྱ་བ་ནས་ལྗོངས་རྒྱུ་ཞིང་གཤེགས་པ་དང་། གྲོང་སྤྱིལ་བུ་ཅན་དུ་བྱོན་ཏོ། །གྲོང་སྤྱིལ་བུ་ཅན་གྱི་གྲོང་ཁྱེར་གྱི་བྱང་ཕྱོགས་ཀྱི་ཤིང་ཤ་པའི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ནི་ཚུལ་ཁྲིམས་ཡིན་ནོ། །འདི་ནི་ཏིང་ངེ་འཛིན་ཡིན་ནོ་འདི་ནི་ཤེས་རབ་ཡིན་ནོ། །དགེ་སློང་དག་ཚུལ་ཁྲིམས་གོམས་པར་བྱས་ན་ཏིང་ངེ་འཛིན་ཡུན་རིང་དུ་གནས་པར་འགྱུར་རོ། །ཏིང་ངེ་འཛིན་གོམས་པར་བྱས་ན་ཤེས་རབ་ཡུན་རིང་དུ་གནས་པར་འགྱུར་རོ། །ཤེས་རབ་གོམས་པར་བྱས་ན་འདི་ལྟ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་ལས་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལྟར་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བའི་འཕགས་པའི་ཉན་ཐོས་ཀྱིས་ནི་བདག་གི་ཟག་པ་ནི་ཟད་དོ། །ཚངས་པར་སྤྱོད་པ་ནི་བསྟེན་ཏོ། །བྱ་བ་ནི་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་ཡང་དག་པ་ཁོ་ནར་ཤེས་པར་


DKG002_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སྒྲ་ཅན་གང་ན་བར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་དང་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་པ་དང་། སྒྲ་ཅན་དུ་བྱོན་ནས་སྒྲ་ཅན་གྱི་དྲང་སྲོང་སྒྲ་སྒྲོགས་ཀྱི་གནས་ན་བཞུགས་སོ། །དེའི་ཚེ་སྒྲ་ཅན་གྱི་སྐྱེ་བོའ་ཚོགས་ལ་མི་ངས་བྱུང་ནས་དེའི་ཚེ་དགེ་བསྙེན་བརྟན་པ་ཡང་ཤི་ཉེ་བ་དང་ལྷག་པར་བརྩོན་དང་། བརྩོན་པའི་ཁྱུ་མཆོག་དང་མཛེས་པ་དང་། ཉེ་མཛེས་དང་ཡིད་འོང་དང་ཉེ་བར་ཡིད་འོང་དང་བཟང་པོ་དང་ཤིན་ཏུ་བཟང་དང་གྲགས་པ་དང་གྲགས་བྱིན་དང་དགེ་བསྙེན་གྲགས་མཆོག་ཀྱང་ཤིའོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་སྒྲ་ཅན་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དགེ་སློང་རབ་ཏུ་མང་པོ་སྒྲ་ཅན་དུ་བསོད་སྙོམས་ཀྱི་ཕྱིར་རྒྱུ་བས་སྒྲ་ཅན་གྱི་སྐྱེ་བོའ་ཚོགས་ལ་མི་ངས་བྱུང་སྟེ། དེའི་ཚེ་དགེ་བསྙེན་བརྟན་པ་ཡང་ཤི་ཉེ་བ་དང་ལྷག་པར་བརྩོན་དང་། བརྩོན་པའི་ཁྱུ་མཆོག་དང་མཛེས་པ་དང་ཉེ་མཛེས་དང་། ཡིད་འོང་དང་ཉེ་བར་ཡིད་འོང་དང་བཟང་པོ་དང་ཤིན་ཏུ་བཟང་དང་གྲགས་པ་དང་གྲགས་བྱིན་དང་དགེ་བསྙེན་གྲགས་མཆོག་ཀྱང་ཤིའོ་ཞེས་ཐོས་སོ། །ཐོས་ནས་ཀྱང་སྒྲ་ཅན་དུ་བསོད་སྙོམས་ལ་རྒྱུས་ཏེ་ཟས་ཀྱི་བྱ་བ་བྱས་ནས་ཟས་ཕྱི་མའི་བསོད་སྙོམས་སྤངས་ཤིང་། ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་ནས་རྐང་པ་གཉིས་བཀྲུས་ཏེ་བཅོམ་ལྡན་འདས་གང་ན་བ་དེར་དོང་ནས་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་རབ་ཏུ་མང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་


DKG002_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

འདས་བདག་ཅག་དགེ་སློང་རབ་ཏུ་མང་པོ་འདིར་སྔ་དྲོ་ཤམ་ཐབས་འཚལ་ལྷུང་བཟེད་དང་ཆོས་གོས་ཐོགས་ནས་སྒྲ་ཅན་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། བཙུན་པ་བདག་ཅག་དགེ་སློང་རབ་ཏུ་མང་པོ་སྒྲ་ཅན་དུ་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་ན་སྒྲ་ཅན་འདིར་སྐྱེ་བོའ་ཚོགས་ལ་མི་ངས་བྱུང་ནས། དེའི་ཚེ་དགེ་བསྙེན་བརྟན་པ་ཡང་གུམ། ཉེ་བ་དང་ལྷག་པར་བརྩོན་དང་བརྩོན་པའི་ཁྱུ་མཆོག་དང་། མཛེས་པ་དང་ཉེ་མཛེས་དང་ཡིད་འོང་དང་ཉེ་བར་ཡིད་འོང་དང་བཟང་པོ་དང་ཤིན་ཏུ་བཟང་དང་། གྲགས་པ་དང་གྲགས་བྱིན་དང་དགེ་བསྙེན་གྲགས་མཆོག་ཀྱང་གུམ་མོ་ཞེས་ཐོས་ལགས་ན། བཙུན་པ་དེ་རྣམས་ཀྱི་འགྲོ་བ་ནི་གང་སྐྱེ་བ་ནི་གང་། སྔོན་དུ་འགྲོ་བ་ནི་གང་ལགས། དགེ་སློང་དག་དགེ་བསྙེན་བརྟན་པ་ནི་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་རྣམས་སྤངས་པས་རྫུས་ཏེ་སྐྱེས་ཏེ་དེར་ཡོངས་སུ་མྱ་ངན་ལས་འདའ་ཞིང་འཇིག་རྟེན་འདིར་ཡང་ཕྱིར་མི་ལྡོག་པའི་ཆོས་ཅན་གྱི་ཕྱིར་མི་འོང་བར་འགྱུར་རོ། །ཉེ་བ་དང་ལྷག་པར་བརྩོན་དང་བརྩོན་པའི་ཁྱུ་མཆོག་དང་མཛེས་པ་དང་ཉེ་མཛེས་དང་ཡིད་འོང་དང་ཉེ་བར་ཡིད་འོང་དང་བཟང་པོ་དང་ཤིན་ཏུ་བཟང་དང་གྲགས་པ་དང་གྲགས་བྱིན་དང་། དགེ་བསྙེན་གྲགས་མཆོག་ཀྱང་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་པས་རྫུས་ཏེ་སྐྱེས་ཏེ་དེར་ཡོངས་སུ་མྱ་ངན་ལས་འདའ་ཞིང་འཇིག་རྟེན་འདིར་ཡང་ཕྱིར་མི་འོང་བའི་ཆོས་ཅན་གྱི་ཕྱིར་མི་འོང་བར་འགྱུར་རོ། །དགེ་སློང་དག་སྒྲ་ཅན་འདི་ཉིད་དུ་དགེ་བསྙེན་ཉིས་བརྒྱ་ལྔ་བཅུ་ལྷག་ཅིག་ཤི་བ་དེ་དག་ཀྱང་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་རྣམས་སྤངས་པས་རྫུས་ཏེ་སྐྱེས་ཏེ་དེར་ཡོངས་སུ་མྱ་ངན་ལས་འདའ་ཞིང་འཇིག་རྟེན་འདིར་ཡང་ཕྱིར་མི་འོང་བའི་ཆོས་ཅན་གྱི་ཕྱིར་མི་འོང་བར་འགྱུར་རོ། །དགེ་སློང་དག་སྒྲ་ཅན་འདི་ཉིད་དུ་དགེ་བསྙེན་སུམ་བརྒྱ་ཤི་བ་དེ་དག་ནི་ཀུན་དུ་སྦྱོར་བ་གསུམ་ཡང་སྤངས་ལ་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་དག་ཀྱང་བསྲབས་པའི་ཕྱིར་ལན་གཅིག་ཕྱིར་འོང་བ་ཡིན་ཏེ། འཇིག་རྟེན་འདིར་ལན་གཅིག་ཕྱིར་འོངས་ནས་སྡུག་བསྔལ་མཐར་བྱེད་པར་འགྱུར་རོ། །དགེ་སློང་དག་


DKG002_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་ཁྱེར་སྒྲ་ཅན་འདི་ཉིད་དུ་དགེ་བསྙེན་ལྔ་བརྒྱ་ལྷག་ཅིག་ཤི་བ་དེ་དག་ནི་ཀུན་དུ་སྦྱོར་བ་གསུམ་སྤངས་པས་རྒྱུན་དུ་ཞུགས་པ་རྣམ་པར་མི་ལྟུང་བའི་ཆོས་ཅན་རྫོགས་པའི་བྱང་ཆུབ་ལ་ངེས་པར་གཞོལ་བ། རེ་ལྟར་ཐོགས་ན་སྲིད་པ་བདུན་པ་ཡིན་ཏེ། ལྷ་དང་མི་རྣམས་ཀྱི་ནང་དུ་ལན་བདུན་དུ་ཉིད་མཚམས་སྦྱར་ཞིང་འཁོར་ནས་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་རོ། །དགེ་སློང་དག་ཁྱེད་དུས་ལས་འདས་ཤིང་ཤི་བར་གྱུར་པ་རྣམས་དེ་བཞིན་གཤེགས་པ་ལ་ཞུ་བ་ཞུ་བར་བྱེད་པ་ནི་དེ་བཞིན་གཤེགས་པ་ལ་ཐོ་འཚམ་པ་ཡིན་ཏེ། དེས་ན་དེ་བཞིན་གཤེགས་པ་བདེ་བར་མི་འགྱུར་རོ། །འོན་ཀྱང་སྐྱེ་བ་ཡོད་ན་འཆི་བའི་དུས་བྱེད་པ་ཡིན་ན་ངོ་མཚར་ཅི་ཞིག་ཡོད། །དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་དང་ཆོས་གནས་པ་ཉིད་དང་། ཆོས་ཀྱི་དབྱིངས་འདི་ནི་གནས་པ་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱི་མངོན་པར་མཁྱེན་པས་མངོན་པར་བྱང་ཆུབ་ནས་གསུངས་ཏེ། འདོགས་པར་མཛད་རབ་ཏུ་འཇོག་པར་མཛད་རྣམ་པར་འབྱེད་པར་མཛད། རྣམ་པར་འགྲེལ་པར་མཛད་གསལ་བར་མཛད་འཆད་པར་མཛད། ཡང་དག་པར་རབ་ཏུ་འཆད་པར་མཛད་པ་ཡིན་ཏེ། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བར་འགྱུར་ཏེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ་སྲེད་པའི་རྐྱེན་གྱིས་ལེན་པ་ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ་སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་འཁྲུགས་པ་རྣམས་རབ་ཏུ་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། འདི་མེད་ན་འདི་མི་འབྱུང་ལ་འདི་འགགས་ན་འདི་འགག་པར་འགྱུར་ཏེ། འདི་ལྟ་སྟེ། མ་རིག་པ་འགགས་


DKG002_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

པས་འདུ་བྱེད་འག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རིག་པ་འགག །རིག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །དགེ་སློང་དག་འོན་ཀྱང་ཁྱེད་ལ་ཆོས་ཀྱི་མེ་ལོང་གི་ཆོས་ཀྱི་རྣམ་གྲངས་བཤད་ཀྱིས་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །ཆོས་ཀྱི་མེ་ལོང་གི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ནི་ཆོས་ཀྱི་མེ་ལོང་གི་ཆོས་ཀྱི་རྣམ་གྲངས་ཡིན་ནོ། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ནི་ཆོས་ཀྱི་མེ་ལོང་གི་ཆོས་ཀྱི་རྣམ་གྲངས་ཡིན་ཏེ། ངས་ཁྱེད་ལ་ཆོས་ཀྱི་མེ་ལོང་གི་ཆོས་ཀྱི་རྣམ་གྲངས་བཤད་དོ་ཞེས་གང་གསུངས་པ་བཤད་པ་ནི་དེ་ཡིན་ནོ། །ཨ་མྲ་སྐྱོང་མས་བཅོམ་ལྡན་འདས་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན་སྒྲ་ཅན་དུ་བྱོན་ནས། སྒྲ་ཅན་གྱི་དྲང་སྲོང་སྒྲ་སྒྲོགས་ཀྱི་གནས་ན་བཞུགས་སོ། །ཞེས་ཐོས་སོ། །ཐོས་ནས་ཀྱང་ཨ་མྲ་སྐྱོང་མ་དེ་ལ་ནེ་ཙོ་བཞིན་རྒྱས་ཞེས་བྱ་བ་མི་སྐད་ཤེས་པ་ཞིག་ཡོད་དེ། ནེ་ཙོ་བཞིན་རྒྱས་ལ་འདི་སྐད་ཅེས་སྨྲས་སོ། །བཞིན་རྒྱས་ཚུར་ཤོག །ཁྱོད་བཅོམ་ལྡན་འདས་གང་ན་བ་དེར་སོང་ལ་ཕྱིན་ནས་ཁོ་མོའ་ཚིག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱོས་ལ། གནོད་པ་ཉུང་ངམ་ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ་འཚོའམ་གནོད་པ་མ་མཆིས་སམ། སྟོབས་དང་བདེ་བར་རིག་པར་སྤྱོད་དམ་ཞེས་སྙུན་གསོལ་ལ། འདི་སྐད་ཅེས་ཨ་མྲ་སྐྱོང་མའི་མཆིད་


DKG002_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ནས་། བཙུན་པ་བཅོམ་ལྡན་འདས་ནམ་ཡངས་པ་ཅན་དུ་གཤེགས་པ་དེའི་ཚེ་ཐུགས་བརྩེ་བར་དགོངས་ཏེ། ཐོག་མར་བདག་གི་ཨ་མྲའི་ཚལ་དུ་གཤེགས་པར་གསོལ་ཅིག །དེ་ནས་ནེ་ཙོ་བཞིན་རྒྱས་ཀྱིས་ཨ་མྲ་སྐྱོང་མའི་ལྟར་མཉན་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་བ་དེ་ཡངས་པ་ཅན་གྱི་ལི་ཙ་བིའི་ཁྱེའུ་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ནེ་ཙོ་འགྲོ་བ་འདི་ནི་སྨད་འཚོང་མའི་ཡིན་ནོ་ཞེས་དེ་དག་གིས་དེ་ལ་མདའ་འཕང་བར་བརྩམས་པ་ན། དེ་ཡང་དེ་དག་གི་སྟེང་དུ་བབས་སོ། །དེ་ནས་ནེ་ཙོ་དེས་ཚིགས་སུ་བཅད་དེ་སྨྲས་པ། ཡུལ་འཁོར་གཞན་ཡང་འགྱེད་པར་ཡང་། ཕོ་ཉ་མི་གསོད་ཅེས་གྲག་ན། །བདག་ལྟ་རྒྱལ་བའི་ཕོ་ཉ་བས། །ལུས་ཅན་ཀུན་གྱིས་ག་ལ་སོད། །དེ་རྣམས་ཀྱིས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཀྱི་ཚིག་གིས་མདའ་འཕངས་པ། ལྡོག་ན་བདག་ཅག་སྨོས་ཅི་དགོས། །ཁྱོད་ནི་རྫུ་འཕྲུལ་ཆེས་བསྐྱབས་པས། །འཇིགས་པ་མེད་པར་འགྲོ་བར་གྱིས། །དེ་ནས་ནེ་ཙོ་བཞིན་རྒྱས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཨ་མྲ་སྐྱོང་མ་མགོ་བོས་ཕྱག་འཚལ་ནས་གནོད་པ་ཆུང་ངམ། ཉམ་ང་བ་ཆུང་ངམ་བསྐྱོད་པ་ཡང་དམ་འཚོའམ་གནོད་པ་མ་མཆིས་སམ། སྟོབས་དང་བདེ་བ་ལ་རེག་ཕར་གནས་སམ་ཞེས་སྙུན་གསོལ་ལགས་སོ། །བཞིན་རྒྱས་ཁྱོད་དང་ཨ་མྲ་སྐྱོང་མ་བདེ་བར་གྱུར་ཅིག །བཙུན་པ་ཨ་མྲ་སྐྱོང་མའི་མཆིད་ནས་བཅོམ་ལྡན་འདས་ནམ་ཡངས་པ་ཅན་དུ་གཤེགས་པ་དེའི་ཚེ་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། ཐོག་མར་བདག་གི་ཨ་མྲའི་ཚལ་དུ་གཤེགས་སུ་གསོལ་ཞེས་དེ་སྐད་མཆི་ལགས་སོ། །བཅོམ་ལྡན་འདས་ཀྱིས་ནེ་ཙོ་བཞིན་རྒྱས་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ནེ་ཙོ་བཞིན་རྒྱས་ཀྱིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་


DKG002_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་བཅོམ་ལྡན་འདས་ལ་དང་བ་བསྐྱེད་ནས་སོང་བ་ལས་རིང་པོ་མ་ལོན་པ་ཁོ་ནར་འོལ་བས་སྲོག་དང་ཕྲལ་ཏེ་དུས་བྱས་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སུ་སྐྱེས་སོ། །ཆོས་ཉིད་ཀྱིས་སྐྱེས་ནས་རིང་པོ་མ་ལོན་པའི་ལྷའི་བུའམ་ལྷའི་བུ་མོ་ནི་སེམས་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས་པ་དང་། གང་དུ་སྐྱེས་པ་དང་། ལས་གང་གིས་ཡིན་པའོ། །དེས་བལྟས་ནས་དུད་འགྲོ་ལས་ཤི་འཕོས་པ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སུ་སྐྱེས་པ་དང་། བཅོམ་ལྡན་འདས་ལ་སེམས་མངོན་པར་དད་པས་སོ། །དེ་ནས་སྔོན་ནེ་ཙོ་བྱེད་པའི་ལྷའི་བུ་འདི་སྙམ་དུ་སེམས་ཏེ། བདག་ཞག་ལོན་ནས་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བ་ནི་བདག་ལ་རིགས་པ་མ་ཡིན་གྱིས། ཅི་ནས་ཀྱང་བདག་ཞག་མ་ལོན་པ་ཁོ་ནར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་ནས། དེ་ནས་སྔོན་ནེ་ཙོ་བྱེད་པའི་ལྷའི་བུ་རྣ་ཆ་གདུབ་འཁོར་དྲི་མ་མེད་པ་གཡོ་བ་ཐོགས་ཤིང་སེ་མོ་དོ་དང་། དོ་ཤལ་གྱིས་ལུས་བརྒྱན་ནས། དེ་ཉིད་ཀྱི་ནུབ་མོ་ལྷ་རྣམས་ཀྱི་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་བའི་མེ་ཏོག་གིས། ཐུ་བ་ཀང་ནས་ཤིན་ཏུ་འཕགས་ཤིང་མངོན་པར་འཕགས་པའི་ཁ་དོག་གིས། དེའི་ནུབ་མོ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེའི་ཚེ་སྔོན་ནེ་ཙོ་བྱེད་པའི་ལྷའི་བུའི་ཁ་དོག་གི་མཐུས་སྣང་བ་རྒྱ་ཆེན་པོས་སྒྲ་སྒྲོགས་ཀྱི་འདུག་གནས་ཐམས་ཅད་གསལ་བར་གྱུར་ཏོ།། །།འདུལ་བ་གཞི། བམ་པོ་ཉི་ཤུ་བརྒྱད་པ། དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་ནེ་ཙོ་བྱེད་པའི་ལྷའི་བུའི་བསམ་པ་དང་། བག་ལ་ཉལ་དང་ཁམས་དང་རང་བཞིན་མཁྱེན་ནས་དེ་དང་མཐུན་པའི་འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བའི་ཆོས་བཤད་པ་མཛད་དེ་དེ་ཐོས་པས་སྔོན་ནེ་ཙོ་བྱེད་པའི་ལྷའི་བུས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་


DKG002_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ་བདེན་པ་མཐོང་ནས་ལན་གསུམ་དུ་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པ། བཙུན་པ་འདི་ལྟ་བུ་ནི་བདག་ལ་མས་མ་བགྱིས་ཏེ། ཕས་མ་ལགས་སྡུག་པས་མ་ལགས་རང་གི་སྐྱེ་བོ་དང་གཉེན་གྱི་ཚོགས་ཀྱིས་མ་ལགས། རྒྱལ་པོས་མ་ལགས་ལྷ་རྣམས་ཀྱིས་མ་ལགས། སྔ་མ་འདས་པ་རྣམས་ཀྱིས་མ་ལགས། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་མ་ལགས་པ་གང་ལགས་པ་དེ་བཅོམ་ལྡན་འདས་ཀྱིས་བདག་ལ་མཛད་དེ། སེམས་ཅན་དམྱལ་བ་དང་དུད་འགྲོ་དང་། ཡི་དགས་རྣམས་ནས་ནི་རྐང་པ་དྲངས། ལྷ་དང་མི་རྣམས་ལ་ནི་རབ་ཏུ་བཞག །འཁོར་བ་ལས་ནི་རིང་དུ་མཛད། ཁྲག་དང་། མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་བོ་ལས་ནི་བསྒྲལ། །ངན་སོང་གི་སྒོ་རྣམས་ནི་བཀུམ། མངོ་རིས་དང་ཐར་པའི་སྒོ་རྣམས་ནི་ཕྱེ། ཐོག་མ་མེད་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བགྱིས་ལགས་ཏེ། བཙུན་པ་བདག་ནི་འཕགས་སོ། །མངོན་པར་འཕགས་སོ། ། བདག་བཅོམ་ལྡན་འདས་དང་ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས་བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོ་བའི་བར་དུ་སྲོག་དང་ཡང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ། །དེ་ནས་སྔོན་ནེ་ཙོ་བྱེད་པའི་ལྷའི་བུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་ནས་ཚོད་པ་ཟོང་རྙེད་པ་ལྟ་བུ་དང་། ཞིང་པ་ལོ་ཏོག་ལེགས་པ་ལྟ་བུ་དང་། དཔའ་བོ་གཡུལ་ངོར་རྒྱལ་བ་ལྟ་བུ་དང་། ནད་པ་ནད་ཐམས་ཅད་ལས་ཡོངས་སུ་ཐར་པ་བཞིན་དུ་འབྱོར་པ་གང་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་པའི་འབྱོར་པ་དེ་ཉིད་དང་རང་གི་གནས་སུ་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡངས་པ་ཅན་གང་ན་བ་དེར་འདོང་ངོ་། བཙུན་པ་བཀའ་བཞིན་འཚལ་


DKG002_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། དེ་ནས་བཅོམ་ལྡན་འདས་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན་ཡངས་པ་ཅན་དུ་བྱོན་ནས་ཡངས་པ་ཅན་གྱི་ཨ་མྲའི་ཚལ་ན་བཞུགས་སོ། །ཨ་མྲ་སྐྱོང་མས་བཅོམ་ལྡན་འདས་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན་ཡངས་པ་ཅན་དུ་བྱོན་ནས་ཡངས་པ་ཅན་གྱི་བདག་གི་ཨ་མྲའི་ཚལ་ཁོ་ན་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་བུད་མེད་ཀྱི་འཁོར་གྱིས་ཡོངས་སུ་བསྐོར་ཏེ། བཞོན་པ་བཟང་པོ་ལ་ཞོན་ནས་ཡངས་པ་ཅན་ནས་བྱུང་སྟེ། བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ། དེས་ཇི་ཙམ་བཞོན་པའི་སའི་བར་དུ་བཞོན་པས་སོང་ནས་བཞོན་པ་ལས་བབས་ཏེ་རྐང་པ་ཁོ་ནས་ཀུན་དགའ་ར་བར་ཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་དགེ་སློང་གི་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་ཆོས་འཆད་ཅིང་བཞུགས་པ་ན། བཅོམ་ལྡན་འདས་ཀྱིས་ཨ་མྲ་སྐྱོང་མ་རྒྱང་རིང་པོ་ཁོ་ན་ནས་གཟིགས་སོ། །གཟིགས་ནས་ཀྱང་ཡང་དགེ་སློང་རྣམས་ལ་བཀའ་སྩལ་པ། ཨ་མྲ་སྐྱོང་མ་ཕ་བི་འོང་གིས་བརྩོན་འགྲུས་དང་ཤེས་བཞིན་དང་དྲན་པ་དང་ལྡན་པས་གནས་པར་གྱིས་ཤིག །ངས་རྗེས་སུ་བསྟན་པ་ནི་འདི་ཡིན་ནོ། །ཇི་ཏར་ན་དགེ་སློང་བརྩོན་འགྲུས་ལ་གནས་པ་ཡིན་ཞེ་ན། འདི་ལ་དགེ་སོང་གིས་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་དོ་འབད་དོ་བརྩོན་འགྲུས་རྩོམ་མོ་སེམས་རབ་ཏུ་འཛིན་ཏོ་རབ་ཏུ་འཇོག་གོ །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ་འབད་དོ་བརྩོན་འགྲུས་རྩོམ་མོ་སེམས་རབ་ཏུ་འཛིན་ཏོ་རབ་ཏུ་འཇོག་གོ །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ། འབད་དོ་བརྩོན་འགྲུས་རྩོམ་མོ་སེམས་རབ་ཏུ་འཛིན་ཏོ་རབ་ཏུ་འཇོག་གོ །དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་ཉམས་པར་མི་འགྱུར་བ་དང་གོམས་པར་ཡོངས་སུ་རྫོགས་པར་བྱ་བ་དང་ཕྱིར་ཞིང་འབྱུང་བར་བྱ་བ་དང་། ཡེ་ཤེས་རྒྱ་ཆེན་པོ་མངོན་སུམ་དུ་བྱ་བའི་ཕྱིར་འདུན་པ་


DKG002_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་དོ་འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཅིང་རབ་ཏུ་འཇོག་པ་སྟེ། དེ་ལྟར་ན་དགེ་སློང་བརྩོན་འགྲུས་ཅན་ཡིན་ནོ། །ཇི་ལྟར་ན་དགེ་སློང་ཤེས་བཞིན་ཅན་ཡིན་ཞེ་ན། འདི་ལ་དགེ་སློང་གིས་འགྲོ་བ་དང་། ལྡོག་པ་ལ་ཤེས་བཞིན་གྱིས་གནས་ཤིང་ལྟ་པ་དང་། རྣམ་པར་ལྟ་བ་དང་བསྐུམ་པ་དང་བརྐྱང་བ་དང་སྣམ་སྦྱར་དང་། ཆོས་གོས་དང་ལྷུང་བཟེད་ཐོགས་པ་དང་། འགྲོ་བ་དང་འགྲེང་བ་དང་། འདུག་པ་དང་ཉལ་བ་དང་། གཉིད་མ་ལོག་པ་དང་སྨྲ་བ་དང་མི་སྨྲ་བ་དང་། གཉིད་ཀྱིས་སྙོམ་པས་དུབ་པ་རྣམས་ལ་ཤེས་བཞིན་གྱིས་གནས་པ་སྟེ། དེ་ལྟར་ན་དགེ་སློང་ཤེས་བཞིན་ཅན་ཡིན་ནོ། །ཇི་ལྟར་ན་དགེ་སློང་དྲན་པ་དང་ལྡན་པ་ཡིན་ཞེ་ན། འདི་ལ་དགེ་སློང་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་བརྩོན་འགྲུས་དང་། ཤེས་བཞིན་དང་དྲན་པ་དང་ལྡན་པས་འཇིག་རྟེན་ལ་གནོད་སེམས་དང་ཡིད་མི་བདེ་བ་སྤངས་ནས་གནས་སོ། །ཕྱིའི་ལུས་དང་ནང་དང་ཕྱིའི་ལུས་དང་། ནང་གི་ཚོར་བ་རྣམས་དང་ཕྱིའི་ཚོར་བ་རྣམས་དང་ནང་དང་ཕྱིའི་ཚོར་བ་རྣམས་དང་། ནང་གི་སེམས་དང་ཕྱིའི་སེམས་དང་ནང་དང་ཕྱིའི་སེམས་དང་། ནང་གི་ཆོས་རྣམས་དང་ཕྱིའི་ཆོས་རྣམས་དང་ནང་དང་ཕྱིའི་ཆོས་རྣམས་ལ་ཆོས་རྗེས་སུ་ལྟ་ཞིང་བརྩོན་འགྲུས་དང་། ཤེས་བཞིན་དང་དྲན་པ་དང་ལྡན་པས་འཇིག་རྟེན་ལ་གནོད་སེམས་དང་ཡིད་མི་བདེ་བ་སྤངས་ནས་གནས་པ་སྟེ། དེ་ལྟར་ན་དགེ་སློང་དྲན་པ་དང་ལྡན་པ་ཡིན་ནོ། དགེ་སློང་དག་ངས་ཨ་མྲ་སྐྱོང་མ་ཕ་བི་འོད་གིས་བཙོན་འགྲུས་དང་ཞེས་བཞིན་དང་དྲན་པ་དང་ལྡན་པས་གནས་པར་གྱིས་ཤིག །ངས་རྗེས་སུ་བསྟན་པ་ནི་འདི་ཡིན་ཞེས་ངས་གང་གསུངས་པ་བཤད་པ་ནི་དེ་ཡིན་ནོ། །དེ་ནས་ཨ་མྲ་སྐྱོང་མ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་ཨ་མྲ་སྐྱོང་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་


DKG002_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་ཨ་མྲ་སྐྱོང་མ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བ་དག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཨ་མྲ་སྐྱོང་མ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཨ་མྲ་སྐྱོང་མས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །ཡངས་པ་ཅན་གྱི་ལི་ཙ་བི་རྣམས་ཀྱིས་བཅོམ་ལྡན་འདས་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་པ་དང་ཡངས་པ་ཅན་དུ་ཕྱིན་ཏེ། ཡངས་པ་ཅན་གྱི་ཨ་མྲ་སྐྱོང་མའི་ཚལ་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་སོ་སོ་ནས་ཤིང་རྟ་དང་རྟ་རྣམས་ལ་ཞོན་ཏེ། ཁ་ཅིག་ནི་རྟ་སྔོན་པོ་དང་། ཤིང་རྟ་སྔོན་པོ་དང་། སྲབ་སྐྱོགས་དང་། ལྕག་སྔོན་པོ་དང་། ཐོར་ཚུགས་དང་། གདུགས་དང་། རལ་


DKG002_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་ཤུབས་སྔོན་པོ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། གོས་དང་། རྒྱན་དང་། བྱུག་པ་སྔོན་པོ་དང་། འཁོར་སྔོན་པོར། ཁ་ཅིག་ནི་རྟ་སེར་པོ་དང་། ཤིང་རྟ་སེར་པོ་དང་། སྲབ་སྐྱོགས་དང་། ལྕག་སེར་པོ་དང་། ཐོར་ཚུགས་དང་། གདུགས་དང་། རལ་གྲི་ཤུབས་སེར་པོ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། གོས་དང་། རྒྱན་དང་། བྱུག་པ་སེར་པོ་དང་། འཁོར་སེར་པོར། ཁ་ཅིག་ནི་རྟ་དམར་པོ་དང་། ཤིང་རྟ་དམར་པོ་དང་། སྲབ་སྐྱོགས་དང་། ལྕག་དམར་པོ་དང་། ཐོར་ཚུགས་དང་། གདུགས་དང་། རལ་གྲི་ཤུབས་དམར་པོ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། གོས་དང་། རྒྱན་དང་། བྱུག་པ་དམར་པོ་དང་། འཁོར་དམར་པོར། ཁ་ཅིག་ནི་རྟ་དཀར་པོ་དང་། ཤིང་རྟ་དཀར་པོ་དང་། སྲབ་སྐྱོགས་དང་། ལྕག་དཀར་པོ་དང་། ཐོར་ཚུགས་དང་། གདུགས་དང་། རལ་གྲི་ཤུབས་དཀར་པོ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། གོས་དང་། རྒྱན་དང་། བྱུག་པ་དཀར་པོ་དང་། འཁོར་དཀར་པོར་ཆས་ཏེ་སྐད་མཐོན་པོ་དང་། སྐད་ཆེན་པོར་སླར་ཁྱེར་སླར་ཁྱེར་ཅེས་ཟེར་ཞིང་ཡངས་པ་ཅན་ནས་བྱུང་སྟེ། བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དོང་ངོ་། །བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་ལི་ཙ་བི་རྣམས་རྒྱང་རིང་པོ་ཁོ་ན་ནས་འོང་བ་གཟིགས་སོ། །གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཅག་ལས་སུས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེད་མོས་ཚལ་གྱི་གནས་སུ་འགྲོ་བ་མ་མཐོང་བ་དེ་ཡངས་པ་ཅན་གྱི་ལི་ཙ་བི་རྣམས་ལ་ལྟོས་ཤིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱང་ཇི་ལྟར་ད་ལྟར་གྱི་ཡངས་པ་ཅན་གྱི་ལི་ཙ་བི་དག་བཞིན་དུ་རྫུ་འཕྲུལ་འདི་དང་། འབྱོར་པ་འདི་དང་། ཆ་ལུགས་འདིས་སྐྱེད་མོས་ཚལ་གྱི་གནས་སུ་འགྲོའོ། །ཇི་ཙམ་བཞོན་པའི་སའི་བར་དུ་བཞོན་པས་སོང་ནས་བཞོན་པ་ལས་བབས་ཏེ་རྐང་པ་ཁོ་ནས་ཀུན་དགའི་ར་བར་ཞུགས་སོ། །དེ་ནས་ཡངས་པ་ཅན་གྱི་ལི་ཙ་བི་རྣམས་བཅོམ་ལྡན་འདས་གང་ན་པ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་ལི་ཙ་བི་རྣམས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་


DKG002_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། །ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེའི་ཚེ་བྲམ་ཟེའི་ཁྱེའུ་སེར་སྐྱའི་བུ་འཁོར་འདུས་པ་དེ་ཉིད་དུ་འདུག་པར་གྱུར་ཏོ། །དེ་ནས་བྲམ་ཟེའི་ཁྱེའུ་སེར་སྐྱའི་བུ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་སྤོབས་ལགས་སོ། །བདེ་བར་གཤེགས་པ་བདག་ནི་སྤོབས་ལགས་སོ། །བཅོམ་ལྡན་འདས་ཀྱིས་སེར་སྐྱའི་བུ་ཁྱོད་སྤོབས་པར་གྱིས་ཤིག་ཅེས་བཀའ་སྩལ་པ་དང་། དེ་ནས་བྲམ་ཟེའི་ཁྱེའུ་སེར་སྐྱའི་བུས་དེའི་ཚེ་ཚིགས་སུ་བཅད་དེ་གསོལ་པ། ཨཱང་གའི་རྒྱལ་པོ་ནོར་བུའི་གོ་འཆང་པ། །མ་གའི་དབང་པོས་རྙེད་པ་རབ་རྙེད་དེ། །དེ་ཡི་ཡུལ་དུ་བྱུང་བའི་སངས་རྒྱས་ནི། །གྲགས་པའི་སྒྲ་དག་གངས་ཀྱི་རོ་བོ་བཞིན། །ཇི་ལྟར་པད་མ་བཟང་པོ་ལེགས་འཁྲུངས་པ། །དགོངས་ཀ་ཁ་འབྱེ་དྲི་ཞིམ་ལྡན་པ་བཞིན། །བར་སྣང་ལ་ནི་ཉི་མ་ལྷག་གེ་བར། །སྣང་བ་ལྟ་བུར་ཉི་མའི་རྒྱུད་ལ་ལྟོས། །དེ་བཞིན་གཤེགས་པ་རྣམས་ཀྱི་ཤེས་རབ་སྟོབས། །ཇི་ལྟར་མཚན་མོ་མེ་འབར་ལྟ་བུ་ལྟོས། །དེ་ནི་མིག་བྱེད་སྣང་བ་བྱེད་པ་སྟེ། །ལྷགས་པ་རྣམས་ཀྱི་ཐེ་ཚོམ་རྣམ་པར་འདུལ། །ལི་ཙ་བི་ལྔ་བརྒྱས་བྲམ་ཟེའི་ཁྱེའུ་སེར་སྐྱའི་བུ་ལེགས་པར་སྨྲས་སོ། །བྲམ་ཟེའི་ཁྱེའུ་སེར་སྐྱའི་བུ་ལེགས་པར་སྨྲས་སོ། །ཞེས་བླ་གོས་ལྔ་བརྒྱ་ལེགས་པར་སྨྲས་པའི་ཕྱིར་བྱིན་ནོ། །དེ་ནས་ཡངས་པ་ཅན་གྱི་ལི་ཙ་བི་རྣམས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། །གནས་འཇོག་དག་ང་སྔར་ཨ་མྲ་སྐྱོང་མས་སྤྱན་དྲངས་སོ། །བཙུན་པ་ཨ་མྲ་


DKG002_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་མ་དམན་པ་ཤེས་རབ་དམན་པ་དེས་བདག་ཅག་བསླུས་ལགས་ཏེ། དེས་ན་བདག་ཅག་གིས་བཅོམ་ལྡན་འདས་ཐོག་མ་ཉིད་དུ་བལྟ་བ་དང་། བསྙེན་བཀུར་བགྱིད་ཅིང་མཆི་བའི་རྡོ་མ་ཐོག་མོད་ཀྱི་ད་དུང་ཡང་བདག་ཅག་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་བསྙེན་བཀུར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་དག་ལ་གནས་འཇོག་དེ་ནི་ལེགས་པར་སྨྲས་སོ་ཞེས་བཀའ་སྩལ་ཏོ། །དེ་ནས་ཡངས་པ་ཅན་གྱི་ལི་ཙ་བི་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་པོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་ངོ་། །བྲམ་ཟེའི་ཁྱེའུ་སེར་སྐྱའི་བུ་ནི་དེ་ཉིད་ན་འདུག་གོ །དེ་ནས་བྲམ་ཟེའི་ཁྱེའུ་སེར་སྐྱའི་བུས་ཡངས་པ་ཅན་གྱི་ལི་ཙ་བི་རྣམས་དོང་ནས་རིང་པོ་མ་ལོན་པར་ཤེས་ནས་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདིར་བདག་ལ་ལི་ཙ་བི་ལྔ་བརྒྱས་བླ་གོས་ལྔ་བརྒྱ་ལེགས་པར་སྨྲས་པའི་ཕྱིར་སྩལ་བ་འདི་དག་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་བཞེས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་སེར་སྐྱའི་བུ་ལ་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་བླ་གོས་ལྔ་བརྒྱ་བཞེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་སེར་སྐྱའི་བུ་ལ་བཀའ་སྩལ་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམ་པ་ལྔ་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ལྔ་གང་ཞེ་ན། སེར་སྐྱའི་བུ་འདི་ལ་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་འབྱུང་ཞིང་དེ་ཆོས་ཐོག་མར་དགེ་བ། བར་དུ་དགེ་བ་ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ་མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་


DKG002_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱང་བ། ཚངས་པར་སྤྱོད་པ་སྟོན་པར་འགྱུར་ཏེ། སེར་སྐྱའི་བུ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དུ་འབྱུང་བ་དང་པོ་ཡིན་ནོ། །གང་དག་ཆོས་དེ་ཞེ་ས་དང་བཅས་པས་ཉན་ཅིང་བླ་མར་བྱེད། དམ་པར་བྱེད། ཡིད་ལ་བྱེད་ཅིང་སེམས་རྩེ་གཅིག་ཏུ་རྣ་བླགས་ནས་སེམས་ཐམས་ཅད་བསྡུས་ནས་ཉན་པར་བྱེད་པ་འདི་ནི་སེར་སྐྱའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དུ་འབྱུང་བ་གཉིས་པ་ཡིན་ནོ། །ཆོས་དེ་གང་དག་གིས་ཐོས་ནས་དེ་ལྟ་དེ་ལྟར་སྒྲུབ་པར་བྱེད་པ་འདི་ནི་སེར་སྐྱའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དུ་འབྱུང་བ་གསུམ་པ་ཡིན་ནོ། །ཆོས་དེ་གང་དག་གིས་ཐོས་ནས་དགའ་བ་དང་མགུ་བ་དང་། ངེས་པར་འབྱུང་བ་དང་ལྡན་པའི་དགེ་བ་རྒྱ་ཆེན་པོ་འཐོབ་པ་འདི་ནི་སེར་སྐྱའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དུ་འབྱུང་བ་བཞི་པ་ཡིན་ནོ། །ཆོས་དེ་གང་དག་གིས་ཐོས་ནས་དོན་ཟབ་མོའ་གཞི་ཤེས་རབ་ཀྱིས་སོ་སོར་རྟོགས་པར་བྱེད་པ་འདི་ནི་སེར་སྐྱའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དུ་འབྱུང་བ་ལྔ་པ་ཡིན་ནོ། །སེར་སྐྱའི་བུ་སྐྱེས་བུ་དམ་པ་དག་ནི་བྱས་པ་གཟོ་བ་དང་བྱས་པ་ཚོར་བ་ཅན་ཡིན་ཏེ། དེ་དག་ཅུང་ཟད་ཙམ་བྱས་ན་ཡང་ཆུད་གཟོན་པར་མི་བྱེད་ན་མང་པོ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བས་ན་སེར་སྐྱའི་བུ་ཁྱོད་ཀྱིས་འདི་ལྟར་བྱས་པ་གཟོ་བ་དང་བྱས་པ་ཚོར་བ་ཅན་དུ་བསླབ་པར་བྱ་སྟེ། ཅུང་ཟད་ཙམ་བྱས་ན་ཡང་ཆུད་མི་གཟོན་ན་མང་པོ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སེར་སྐྱའི་བུ་ཁྱོད་ཀྱིས་དེ་ལྟ་བུར་བསླབ་པར་བྱའོ། །དེ་ནས་བྲམ་ཟེའི་ཁྱེའུ་སེར་སྐྱའི་བུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་


DKG002_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ནས་སོང་ངོ་། །དེ་ནས་ཨ་མྲ་སྐྱོང་མས་དེ་ཉིད་ཀྱི་མཚན་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་གོན་བྱས་ཏེ། ནང་པར་སྔར་ལངས་ནས་གདན་བཤམས་ཏེ་ནོར་བུའི་ཆུ་སྣོད་དག་བཞག་ནས་བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱིས་དུས་ཚོད་གསོལ་པ། བཙུན་པ་གདུགས་ཚོད་བཤམས་ལགས་ན་བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་མན་བས། ལྷུང་བཟེད་དང་ན་བཟའ་ཆོས་གོས་བསྣམས་ཏེ་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་གྱིས་བལྟས་ནས་ཨ་མྲ་སྐྱོང་མའི་བཀད་ས་གང་ན་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ཨ་མྲ་སྐྱོང་མས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་སྟོབས་ཤིང་ཚིམ་པར་བྱེད་དེ། རྣམ་གྲངས་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་སོ། །བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་སྟན་དམའ་བ་ཞིག་བླངས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཨ་མྲ་སྐྱོང་མས་སྦྱིན་པ་ཕུལ་བ་དེ་ལ་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་བར་མཛད་དེ། གང་ཞིག་སྦྱིན་ལ་དགའ་འགྱུར་སྐྱེ་བོ་སྟེན། །སྙན་པ་འཐོབ་ཅིང་དེ་ཡི་གྲགས་པ་འཕེལ། །སེར་སྣ་མེད་ཅིང་ཚོགས་པར་འགྲོ་བ་ན། །ཞུམ་པར་མི་འགྱུར་འཇིགས་པ་མེད་པར་འགྱུར། །དེ་ལྟ་བས་ན་མཁས་པ་བདེ་འདོད་པས། །སེར་སྣའི་དྲི་མ་སྤངས་ཏེ་སྦྱིན་པ་གཏོང་། །དེ་དག་ཡུན་རིང་སུམ་བཅུ་རྩ་གསུམ་གནས། །ལྷ་རྣམས་དང་ནི་སྐལ་པ་མཉམ་པར་དགའ། །སྦྱིན་གཏོང་དགེ་བྱེད་དེ་ནི་ཤི་འཕོས་ནས། །རང་གི་འོད་ཀྱི་དགའ་བའི་ཚལ་ན་རྒྱུ། །དེ་ན་དེ་གཉིས་རྩེན་ཅིང་དགའ་བྱེད་པ། །འདོད་པའི་ཡོན་ཏན་ལྔ་པོ་དག་དང་ལྡན། །མ་བཅིངས་སྐྱོབ་པ་དེ་ཡི་གསུང་ཐོས་ནས། །བདེ་བར་གཤེགས་པའི་ཉན་ཐོས་མཐོ་རིས་


DKG002_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དགའ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཨ་མྲ་སྐྱོང་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་སྟན་ལས་ལངས་ཏེ་སོང་ངོ་། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཡངས་པ་ཅན་གྱི་ལི་ཙ་བི་རྣམས་ཀྱིས་ལས་ཅི་ཞིག་བགྱིས་ན། དེས་གལ་ཏེ་ལྷ་རྣམས་སུ་སྐྱེས་ན་ཡང་ལྷ་མཐུ་ཆེ་བར་འགྱུར་ལ། གལ་ཏེ་མི་རྣམས་སུ་སྐྱེས་ན་ཡང་མི་མཐུ་ཆེན་པོར་གྱུར་ཅིང་། ད་ལྟར་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་དཔེར་ཡང་བསྟན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཡངས་པ་ཅན་གྱི་ལི་ཙ་བི་རྣམས་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བའི་ལས་དག་བྱས་ཤིང་བསགས་པས། འདི་དག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིས་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བར་གྱུར་ཏེ། དེ་འཁོར་དགེ་སློང་ཉི་ཁྲི་དང་གྲོང་ཁྱེར་བཱ་རཱ་ཎ་སཱི་


DKG002_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་རྟེན་ཅིང་བཞུགས་སོ། །དེའི་ཚེ་བཱ་རཱ་ཎ་སཱི་ན་དགེ་བསྙེན་ལྔ་བརྒྱ་གནས་སོ། །དེ་རྣམས་ཀྱིས་རྒྱ་མཚོ་ཆེན་པོར་འདོང་བའི་ཟོང་སྟ་གོན་བྱས་ཏེ། རྒྱ་མཚོ་ཆེན་པོའ་གྲུ་བོ་ཆེ་བསྒྲུབས་ནས་རིམ་གྱིས་རྒྱ་མཚོ་ཆེན་པོར་ཞུགས་པ་དང་། རྗེས་སུ་མཐུན་པའི་རླུང་གིས་རིན་པོ་ཆེའི་གླིང་དུ་ཕྱིན་ཏོ། །དེ་ནས་རིན་པོ་ཆེ་རྣམས་ཀྱིས་གྲུབ་བོ་ཆེ་ཡོངས་སུ་བཀང་ནས་ཆས་པ་དང་དེ་ནས་རླུང་གིས་བདས་ནས་རྒྱ་མཚོ་ཆེན་པོའ་ཀློང་ཞིག་ཏུ་ཕྱིན་ཏོ། །དེ་རྣམས་བྲེད་ཅིང་རེ་བ་མེད་པར་གྱུར་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཕྱིར་བྱེ་མ་ལས་མཆོད་རྟེན་བྱས་ནས་རིན་པོ་ཆེ་སྣ་ཚོགས་ཀྱིས་མཆོད་པ་བྱས་སོ། །དེ་ནས་གཉིད་ལོག་པ་དང་། ལྷ་ཞིག་གིས་སྨྲས་པ། ཁྱེད་ཅག་མ་འཇིགས་པར་བག་ཡོད་པར་བྱོས་ཤིག་དང་། ཞག་བདུན་གྱི་ཉིན་པར་དུས་རླབས་འོང་བར་འགྱུར་ཏེ། དེས་ཁྱེད་ཅག་བདེ་ལེགས་སུ་འཛམ་བུའི་གླིང་དུ་ཕྱིན་པར་འགྱུར་རོ། །ནམ་ནངས་ནས་དེ་རྣམས་ཕན་ཚུན་དུ་སྨྲ་ཞིང་གྲོས་བྱ་བར་བརྩམས་ཏེ། ཤེས་ལྡན་དག་བདག་ཅག་ལ་ལྷས་མི་འཇིགས་པ་བསྟན་པ་གང་ཡིན་པ་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཐུ་ཡིན་པས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་བདག་ཅག་གིས་རིན་པོ་ཆེ་ཕུལ་བ་དག་སླར་བླངས་ཏེ་འདོང་བ་ནི་མི་རིགས་སོ། །ཞེས་དེ་རྣམས་ཀྱིས་གཏུགས་ཏེ་སྨོན་ལམ་གདབ་པར་བརྩམས་པ། གང་ཡང་བདག་ཅག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ལ་བྱ་བ་བྱས་པའི་དགེ་བའི་རྩ་བ་འདིས་གལ་ཏེ་བདག་ཅག་ལྷ་རྣམས་སུ་སྐྱེས་པར་གྱུར་ན་བདག་ཅག་མཐུ་ཆེ་བ་ཁོ་ནར་གྱུར་ཅིག །གལ་ཏེ་མིའི་ནང་དུ་མི་རྣམས་སུ་སྐྱེས་པར་གྱུར་ན་མཐུ་ཆེ་བ་དང་མི་རྣམས་སུ་སྐྱེས་ན་ཡང་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་དཔེར་རུང་བར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དགེ་བསྙེན་ལྔ་བརྒྱ་པོ་གང་ཡིན་པ་དེ་དག་ནི་ལི་ཙ་བི་ལྔ་བརྒྱ་པོ་འདི་དག་ཉིད་ཡིན་ཏེ། འདི་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཕྱིར་


DKG002_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་མའི་མཆོད་རྟེན་བྱས་ཤིང་རིན་པོ་ཆེ་དག་གི་མཆོད་པ་བྱས་པས་དེས་ན་མི་མཐུ་ཆེན་པོ་རྣམས་སུ་སྐྱེས་པར་གྱུར་ཏེ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཡང་དཔེར་རུང་བར་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན། འདྲེན་མ་རྣམས་ཀྱི་ནི་འདྲེན་མ་ཡིན། གཅིག་ཏུ་དཀར་བ་རྣམས་ཀྱི་ནི་གཅིག་ཏུ་དཀར་བ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་གང་ཡང་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་ནི་སྤོངས་ལ། །ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་པོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡངས་པ་ཅན་གྱི་གྲོང་ཁྱེར་དུ་སོང་ལ་སྒོའི་ཐེམ་པ་ལ་རྐང་པ་ཞོག་ལ་གསང་སྔགས་ཀྱི་ཚིག་འདི་དང་། ཚིགས་སུ་བཅད་པ་འདི་སྨྲོས་ཤིག །བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ། རང་སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ། དགྲ་བཅོམ་པ་ཐམས་ཅད་ཀྱིས་བསམས་པ། སློབ་པ་ཐམས་ཅད་ཀྱིས་བསམས་པ། ཉན་ཐོས་ཐམས་ཅད་ཀྱིས་བསམས་པ། བདེན་པའི་ཚིག་སྨྲ་བ་ཐམས་ཅད་ཀྱིས་བསམས་པ། ཆོས་རྣམས་ཀྱིས་བསམས་པ། འདོད་པའི་དབང་ཕྱུག་གིས་བསམས་པ། ཚངས་པས་བསམས་པ། ཚངས་པ་སོ་སོས་བསམས་པ། དབང་པོས་བསམས་པ། ལྷས་བསམས་པ། ལྷ་མ་ཡིན་གྱི་དབང་པོས་བསམས་པ། ལྷ་མ་ཡིན་ཐམས་ཅད་ཀྱིས་བསམས་པ། ལྷ་མ་ཡིན་གྱི་མདག་གཞུག་པས་བསམས་པ། འབྱུང་པོ་ཐམས་ཅད་ཀྱིས་བསམས་པ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །མུན་ཙ་ཏ། མུན་ཙ་ཏ། མ་འདུག་ཤིག་ཡམས་ཀྱི་ནད་ཉེ་བར་ཞི་བར་འདུག་པར་གྱུར་ཅིག །ནིར་གད་ཚ་ཏ། ནིར་གད་ཚ་ཏ། ནིར་གད་ཚ་ཏ། ནིར་གད་ཚ་ཏ། སངས་རྒྱས་ལྷ་ཆེན་པོ་ལྷའི་ཡང་ལྷ་


DKG002_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་བླ་མ་གཤེགས་ཏེ། དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པ་རྣམས་དང་། དབང་བདག་དང་བཅས་པ་རྣམས་དང་། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང་། འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་འཇུག་བར་འགྱུར་རོ། །ལྷ་བརྒྱ་སྟོང་ཕྲག་དུ་མ་དག་དང་། ལྷ་མ་ཡིན་གྱི་དབང་པོ་རྣམས་དང་། ལྷ་མ་ཡིན་བརྒྱ་སྟོང་ཕྲག་དུ་མ་དག་ཀྱང་འཇུག་པར་འགྱུར་རོ། །བཅོམ་ལྡན་འདས་ལ་མངོན་པར་དད་པའི་འབྱུང་པོ་བརྒྱ་སྟོང་ཕྲག་མང་པོ་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་འཇུག་སྟེ། དེ་དག་གིས་ཁྱེད་རྣམས་ལ་གནོད་པ་བྱེད་པར་འགྱུར་གྱིས། ནིར་གད་ཚ་ཏ། ནིར་གད་ཚ་ཏ། ནིར་གད་ཚ་ཏ། ནིར་གད་ཚ་ཏ། མྱུར་དུ་བྱེར་ཅིག །ཁྱེད་ཅག་ལས་གང་དག་སྡང་བའི་སེམས་དང་ལྡན་པ་དེ་དག་ནི་བརླག་པར་གྱུར་ཅིག །གང་དག་བྱམས་པའི་སེམས་དང་ལྡན་ཞིང་ཉེས་པར་མི་འདོད་ལ་སྲུང་བར་བྱེད་པར་འདོད་པ་དེ་དག་ནི་འཁོད་ཅིག །དགོངས་པ་ལ་ཡང་འཇུག་པར་གྱུར་ཅིག །སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །སུ་མུ་སུ་མུ། སུ་མུ་སུ་མུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། སུ་མུ་རུ། མུ་རུ་མུ་རུ། མུ་རུ་མུ་རུ། མུ་རུ་མུ་རུ། མུ་རུ་མུ་རུ། མུ་རུ་མུ་རུ། མི་རི་མི་རི། མི་རི་མི་རི་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི་ཏི། རི་རི་རི་རི་རི་རི། རཱི་རཱི་རཱི་རཱི་རཱི་རཱི་ཏི། མི་རི་མི་རི། མི་རི་མི་རི། མི་རི་མི་རི་ཏི། ཧ་སི། མི་རི་མི་རཱི་ཧཱི། མི་རཱི་མི་རཱི་སཱི་སཱི་མི། ཀང་ཀ་ར། ཀང་ཀ་ར་ཏ་ཀང་ཀ་ར། ཀང་ཀ་ར་ཀ་ཚཱ། ཀང་ཀ་རཱ་ཀང་ཀ་རཱ། ཀང་ཀ་རཱ་ཀང་ཀ་རཱ། ཀང་ཀ་རཱ་ཀང་ཀ་རཱ། ཀང་ཀ་རཱ་ཀང་ཀ་རཱ། ཀང་ཀ་རཱ་ཀང་ཀ་རཱ་ཏི། ཀུ་རཱི་ཤེ། ཀང་ཀ་རཱི་ཤེ། ཀང་ཀ་རཱི་ཤེ། རི་རི་རི་རི་རི་རི། རེ་ཕཱ་སཱ་རི་རི་པུ་རི་པུ་རི་པུ་རི་པུ་རི་པུ་རི་པུ། ནཱ་ཐཱ་ན་ཐཱ་ཐཱ། རི་པུ་རི་པུ་ནཱ་ཐཱ་ཐཱ་ནིར་གད་ཚ་ཏ། རི་པུ་རི་པུ་ནིར་གད་ཚ་ཏ། པ་ལ་ཡཱ་ཏ། རི་པུ་རི་པུ་པ་ལ་ཡཱ་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ། བྱམས་པ་ལ་གནས་


DKG002_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཐུགས་རྗེ་དང་དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པ་གཤེགས་ཏེ། ལྷ་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་ཀྱི་བླ་མ་སངས་རྒྱས་ཀྱིས་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་གསང་སྔགས་ཀྱི་ཚིག་གྲུབ་པ་གྲུབ་པའི་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གང་གི་སྲིད་པ་འཆགས་པ་དག །རྣམ་པར་བཅོམ་ནས་བྲལ་མཛད་པ། །ཐུགས་ཞི་གནོད་པ་མི་མངའ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་བདེ་བ་མངའ་མཛད་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་སྐྱོབ་གྱུར་པ། །གླིང་དང་དཔུང་གཉེན་གྱུར་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་སླུ་བ་མི་མངའ་བ། །གསུང་གཙང་གཙང་བར་མཛད་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པས་ས་རྣམས་དང་། ནགས་ཚལ་བཅས་པར་རབ་གཡོས་ནས། །སེམས་ཅན་ཐམས་ཅད་རབ་དགའ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གང་ཞིག་གིས། །ས་རྣམས་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་གསུང་བ་གང་། །ཐུབ་པ་གྲགས་པ་འབྱུང་བ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་གིས་ཆོས་ཀྱི་ཡིད་འཕྲོག་པས། །མུ་སྟེགས་


DKG002_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་རྣམས་ཕམ་མཛད་ལ། །ཚོགས་ཀུན་དབང་དུ་མཛད་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་དུས་ཀུན་སྦྱིན་གྱུར་ཅིང་། །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱིས་ནི་བསམས་པ་ཡིས། །ཁྱེད་རྣམས་དོན་འདོད་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་གནས་པར་ཤོག །ཁྱེད་ཅག་ཀུན་དུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་ནི་སྟོང་རྣམས་ཀྱིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས། །སྔང་སེམས་ཅན་རྣམས་བྱེར་གྱུར་ཅིག །སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདི་ནི་གཏོང་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག །ཐམས་ཅད་ནད་ནི་མེད་གྱུར་ཅིག །ཀུན་གྱིས་བཟང་པོ་མཐོང་གྱུར་ཅིག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཅིང་། །ས་འམ་འོན་ཏེ་བར་སྣང་གནས་པ་རྣམས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །ཅེས་བརྗོད་ཅིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་ཡངས་པ་ཅན་དུ་སོང་སྟེ་གྲོང་ཁྱེར་གྱི་ཐེམ་པ་ལ་རྐང་པ་བཞག་ནས་གསང་སྔགས་ཀྱི་ཚིག་འདི་དག་དང་། ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བི་ས་ར་ཏ་བི་ས་ར་ཏ་བི་ས་ར་ཏ་བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །


DKG002_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ། རང་སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ། དགྲ་བཅོམ་པ་ཐམས་ཅད་ཀྱིས་བསམས་པ། སློབ་པ་ཐམས་ཅད་ཀྱིས་བསམས་པ། ཉན་ཐོས་ཐམས་ཅད་ཀྱིས་བསམས་པ། བདེན་པའི་ཚིག་སྨྲ་བ་ཐམས་ཅད་ཀྱིས་བསམས་པ། ཆོས་རྣམས་ཀྱིས་བསམས་པ། འདོད་པའི་དབང་ཕྱུག་གིས་བསམས་པ། ཚངས་པས་བསམས་པ། ཚངས་པ་སོ་སོས་བསམས་པ། དབང་པོས་བསམས་པ། ལྷས་བསམས་པ། ལྷ་མ་ཡིན་གྱི་དབང་པོས་བསམས་པ། ལྷ་མ་ཡིན་ཐམས་ཅད་ཀྱིས་བསམས་པ། ལྷ་མ་ཡིན་གྱི་མངག་གཞུག་པས་བསམས་པ། འབྱུང་པོ་ཐམས་ཅད་ཀྱིས་བསམས་པ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །མུན་ཙ་ཏ་མུན་ཙ་ཏ་མ་འདུག་ཤིག །ཡམས་ཀྱི་ནད་ཉེ་བར་ཞི་བར་འདུག་པར་གྱུར་ཅིག །ནིར་གད་ཚ་ཏ། ནིར་གད་ཚ་ཏ། ནིར་གད་ཚ་ཏ། ནིར་གད་ཚ་ཏ། སངས་རྒྱས་ལྷ་ཆེན་པོ་ལྷའི་ཡང་ལྷ་ལྷའི་བླ་མ་གཤེགས་ཏེ་དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པའི་ལྷ་རྣམས་དང་། དབང་བདག་དང་བཅས་པ་རྣམས་དང་། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང་། འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་འཇུག་པར་འགྱུར་རོ། །ལྷ་བརྒྱ་སྟོང་ཕྲག་དུ་མ་དག་དང་། ལྷ་མ་ཡིན་གྱི་དབང་པོ་རྣམས་དང་། ལྷ་མ་ཡིན་བརྒྱ་སྟོང་ཕྲག་དུ་མ་དག་ཀྱང་འཇུག་པར་འགྱུར་རོ། །བཅོམ་ལྡན་འདས་ལ་མངོན་པར་དད་པའི་འབྱུང་པོ་བརྒྱ་སྟོང་མང་པོ་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་འཇུག་སྟེ། དེ་དག་གིས་ཁྱེད་རྣམས་ལ་གནོད་པར་བྱེད་པར་འགྱུར་གྱིས། ནིར་གད་ཚ་ཏ། ནིར་གད་ཚ་ཏ། ནིར་གད་ཚ་ཏ ནིར་གད་ཚ་ཏ། མྱུར་དུ་བྱེར་ཅིག །ཁྱེད་ཅག་ལས་གང་དག་སྡང་བའི་སེམས་དང་ལྡན་པ་དེ་དག་ནི་བརླག་པར་གྱུར་ཅིག །གང་དག་བྱམས་པའི་སེམས་དང་ལྡན་ཞིང་ཉེས་པར་མི་འདོད་ལ་སྲུང་བ་བྱེད་པར་འདོད་པ་དེ་དག་ནི་འཁོད་ཅིག །དགོངས་པ་ལ་ཡང་འཇུག་པར་གྱུར་ཅིག །སངས་རྒྱས་འཇིག་རྟེན་ལ་ཐུགས་


DKG002_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ་བ་ཅན་གྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །སུ་མུ་སུ་མུ། སུ་མུ་སུ་མུ། སུ་མུ་རུ་སུ་མུ་རུ། སུ་མུ་རུ། མུ་རུ་མུ་རུ། མུ་རུ་མུ་རུ། མུ་རུ་མུ་རུ། མུ་རུ་མུ་རུ། མུ་རུ་མུ་རུ། མི་རི་མི་རི། མི་རི་མི་རི། མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི་ཏི། རི་རི་རི་རི་རི་རི། རཱི་རཱི་རཱི་རཱི་རཱི་རཱི་ཏི། མི་རི་མི་རི། མི་རི་མི་རི། མི་རི་མི་རི་ཏི། ཧ་སི། མི་རི་མི་རི་ཏི། མི་རི་མི་རི། སི་སི་མི། ཀང་ཀ་ར་ཀང་ཀ་ར་ཏཱ། ཀང་ཀ་ར་ཀང་ཀ་ར་ཀ་ཙཱ་ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ། ཀང་ཀ་རཱ་ཏི། ཀུ་རཱི་ཤེ། ཀང་ཀ་རཱི་ཤེ། ཀང་ཀ་རཱི་ཤེ། རི་རི་རི་རི་རི་རི། རེ་ཕཱ་སཱ་རི། རི་པུ་རི་པུ། རི་པུ་རི་པུ། རི་པུ་རི་པུ་རི་པུ། ནཱ་ཐཱ་ན་ཐཱ་ཐཱ། རི་པུ་རི་པུ་ན་ཐཱ་ཐཱ། ནིར་གད་ཚ་ཏ། ནིར་གད་ཚ་ཏ། ནིར་གད་ཚ་ཏ། ནིར་གད་ཚ་ཏ། པ་ལཱ་ཡ་ཐ། རི་པུ་རི་པུ་པཱ་ལཱ་ཡ་ཐ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ། བྱམས་པ་ལ་གནས་པ། ཐུགས་རྗེ་དང་དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པ་གཤེགས་ཏེ། ལྷ་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་ཀྱི་བླ་མ་སངས་རྒྱས་ཀྱི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་གསང་སྡགས་ཀྱི་ཚིག་གྲུབ་པ་གྲུབ་པའི་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གང་གི་སྲེད་པའི་ཆགས་པ་དག །རྣམ་པར་བཅོམ་ནས་འདུལ་མཛད་པ། ཐུགས་ཞི་གནོད་པ་མི་མངའ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་བདེ་བ་མངའ་མཛད་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་བ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་


DKG002_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་སྐྱོབ་གྱུར་པ། །གླིང་དང་དཔུང་གཉེན་གྱུར་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་སླུ་བ་མི་མངའ་བ། །གསུང་གཙང་གཙང་བར་མཛད་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པས་ས་རྣམས་དང་། །ནགས་ཚལ་བཅས་པར་རབ་གཡོས་ནས། །སེམས་ཅན་ཐམས་ཅད་རཔ་དགའ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གང་ཞིག་གིས། །ས་རྣམས་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་གསུང་བ་གང་། །ཐུབ་པ་གྲགས་པ་འབྱུང་བ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་གིས་ཆོས་ཀྱི་ཡིད་འཕྲོག་པས། །མུ་སྟེགས་བྱེད་རྣམས་ཕམ་མཛད་ལ། །ཚོགས་ཀུན་དབང་དུ་མཛད་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་དུས་ཀུན་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱིས་ནི་བསམས་པ་ཡིས། །ཁྱེད་རྣམས་དོན་འདོད་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱོར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་གནས་པར་ཤོག །ཁྱེད་ཅག་ཀུན་དུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་ནི་སྟོང་རྣམས་ཀྱིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས། །སྡང་སེམས་ཅན་རྣམས་བྱེར་གྱུར་ཅིག །


DKG002_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདི་ནི་གཏོང་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག །ཐམས་ཅད་ནད་ནི་མེད་གྱུར་ཅིག །ཀུན་གྱིས་བཟང་པོ་མཐོང་གྱུར་ཅིག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཅིང་། །ས་འམ་འོན་ཏེ་བར་སྣང་གནས་པ་རྣམས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །ཅེས་བརྗོད་པ་དང་། དེར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང་། ལྷ་རྣམས་ཀྱི་ལྷའི་མཐུས་མི་ངས་ཞི་བར་གྱུར་ཏོ། །


previousརྒྱལ་པོའི་ཁབ་ཀྱི་སྡེ་ཚན། next