འཕགས་པ་རྒྱལ་པོ་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
རྒྱ་གར་སྐད་དུ། ཨཱཪྱ་རཱ་ཛ་ཨ་བ་བཱ་ད་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རྒྱལ་པོ་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོས་རོལ་མོའི་སིལ་སྙན་ལེན་པ་མང་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མཉན་དུ་ཡོད་པ་ནས་བྱུང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་བ་དེར་སོང་ནས་དེ་བཞོན་དུ་རུང་བའི་ས་ཇི་སྲིད་པ་དེ་སྲིད་དུ་བཞོན་པ་ལ་ཞོན་ཏེ། བཞོན་པ་ལས་བབས་ནས་རྐང་གིས་ཀུན་དགའ་ར་བར་སོང་བ་དང་། ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཤིང་ཞིག་གི་དྲུང་ན་བཅོམ་ལྡན་འདས་མཛེས་པ། བལྟ་ན་སྡུག་པ། དབང་པོ་ཞི་བ། ཐུགས་ཞི་བ། དུལ་བ་དང་། ཞི་གནས་མཆོག་བརྙེས་པ། དུལ་བ་དང་ཞི་བའི་མཆོག་དང་ལྡན་པ། བསྲུངས་པ། དབང་པོ་དུལ་བ། སྐྱེས་བུ་གླང་པོ། སྐྱེས་བུ་སེང་གེ། སྐྱེས་བུ་ཁྱུ་མཆོག །སྐྱེས་བུ་ཅང་མཁྱེན་པ། མཚོ་ལྟར་དང་ཞིང་གསལ་ལ་རྙོག་པ་མི་མངའ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་རྣམ་པར་མཛེས་པ། གསེར་གྱི་མཆོད་སྡོང་ལྟར་མངོན་པར་འཕགས་པ་དཔལ་གྱིས་འབར་ཞིང་བཞུགས་པར་རྒྱང་རིང་པོ་ནས་མཐོང་ངོ་། །མཐོང་ནས་ཀྱང་ཆེས་ཡིད་དགའ་ཞིང་སེམས་མངོན་པར་དད་ནས་དེས་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། ཡུལ་ལ་དབང་བའི་མཐུ་ཐོབ་པའི་རྒྱལ་པོའི་མཚན་མ་ལྔ་གང་དག་ཡིན་པ་
འདི་ལྟ་སྟེ། ཟེའུ་ཀ་དང་། གདུགས་དང་། རལ་གྲི་དང་། བསིལ་ཡབ་ནོར་བུའི་ཡུ་བ་ཅན་དང་། ལྷམ་རི་མོ་ཅན་དེ་དག་བོར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱིས་གནང་སྟེ། ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ནས་བདག་གི་ཡུན་རིང་པོའི་དོན་དང་། སྨན་པ་དང་། བདེ་བར་འགྱུར་བ་དེ་ལྟར་བཅོམ་ལྡན་འདས་ཀྱིས་བདག་ལ་གདམས་སུ་གསོལ། དེ་ལྟར་བདེ་བར་གཤེགས་པས་བདག་ལ་རྗེས་སུ་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ལེགས་སོ་ལེགས་སོ། །རྒྱལ་པོ་ཆེན་པོ་དེའི་ཕྱིར་ཆོས་ཀྱིས་རྒྱལ་སྲིད་གྱིས་ཤིག །ཆོས་མ་ཡིན་པས་ནི་མི་བྱའོ། །ཁྱོད་ཆོས་དང་འཐུན་པར་གྱིས་ཤིག །ཆོས་མ་ཡིན་པ་དང་འཐུན་པར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་རྒྱལ་པོའམ། རྒྱལ་པོའི་བློན་པོ་གང་ལ་ལ་ཞིག་ཆོས་སྤངས་ནས་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་ན་དེ་ཚེ་འདི་ཉིད་ལ་ཡ་རབས་ཀྱིས་སྨད་པར་བྱ་བ་ཡིན་ནོ། །ཕྱིས་ཀྱང་འགྱོད་པར་འགྱུར་རོ། །ལུས་ཞིག་སྟེ་ཤི་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་རྒྱལ་པོའམ། རྒྱལ་པོའི་བློན་པོ་གང་ལ་ལ་ཞིག་ཆོས་མ་ཡིན་པ་སྤངས་ཏེ། ཆོས་ཀྱིས་རྒྱལ་སྲིད་བྱེད་ཀྱིས། ཆོས་མ་ཡིན་པས་ནི་མི་བྱེད་ན། དེ་ཚེ་འདི་ཉིད་ལ་ཡ་རབས་ཀྱིས་བསྔགས་པར་བྱ་བ་ཡིན་ནོ། །ཕྱིས་འགྱོད་པར་ཡང་མི་འགྱུར་རོ། །ལུས་ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་ཕ་མ་ནི་བུ་ལ་སྙིང་བརྩེ་བས་རྟག་ཏུ་བདེ་ཞིང་འཚེ་བ་མེད་པར་འདོད་དོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་རྒྱལ་པོས་ཀྱང་བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། བློན་པོ་དང་། གཉེན་དང་། གྲོང་ཁྱེར་གྱི་སྐྱེ་བོ་དག་རྟག་ཏུ་བསྡུ་བ་རྣམ་བཞིས་བསྡུ་བར་བྱའོ། །བཞི་གང་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་འཐུན་པའོ། །དེ་ལྟར་བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་
དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། བློན་པོ་དང་། གཉེན་དང་། གྲོང་ཁྱེར་གྱི་སྐྱེ་བོ་སྡུད་པའི་རྒྱལ་པོ་དེས་དོན་གཉིས་བསྡུས་ཤིང་འདུ་བར་འགྱུར་རོ། །གཉིས་གང་ཞེ་ན། ཚེ་འདིའི་དང་། ཚེ་ཕྱི་མའིའོ། །རྒྱལ་པོ་ཆེན་པོ་དེ་ལ་རྒྱལ་པོ་ནི་ཕ་མ་དང་མཚུངས་སོ། །བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། བློན་པོ་དང་། གཉེན་དང་། གྲོང་ཁྱེར་གྱི་སྐྱེ་བོ་ནི་རྒྱལ་པོའི་བུ་དང་། བུ་མོ་དང་མཚུངས་སོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་སྐྱེས་པའམ། བུད་མེད་གཅིག་གཉིད་ཀྱིས་ལོག་པའི་རྨི་ལམ་ན་ཀུན་དགའ་ར་བ་ཉམས་དགའ་བ་དང་། རི་ཉམས་དགའ་བ་དང་། ནགས་ཚལ་ཉམས་དགའ་བ་དང་། ཆུ་ཀླུང་ཉམས་དགའ་བ་དང་། རྫིང་བུ་ཉམས་དགའ་བ་དང་། ཡུལ་ཉམས་དགའ་བ་དང་། ཁང་བཟངས་ཉམས་དགའ་བ་དག་མཐོང་བ་ལས་དེ་སད་ན་ཅི་ཡང་མི་མཐོང་ངོ་། །རྒྱལ་པོ་ཆེན་པོ་དེ་བཞིན་དུ། རྒྱལ་སྲིད་དང་། སྲོག་དང་། རྒྱལ་སྲིད་ཀྱི་བདེ་བ་དང་། རྒྱལ་པོའི་དབང་ཕྱུག་གི་བདེ་བ་དང་། འདོད་པའི་བདེ་བ་དང་། འདོད་པའི་ལོངས་སྤྱོད་ཀྱི་བདེ་བ་གང་ཡིན་པ་དག་ཀྱང་རྨི་ལམ་དང་འདྲའོ། །འདི་ལྟ་སྟེ། གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། དཔུང་བུ་ཆུང་དང་། བུད་མེད་དང་། ཁང་ཁྱིམ་དང་། ཆུང་མ་དམ་པ་དང་། གཞོན་ནུ་དང་། བློན་པོ་དང་། རྩིས་པ་དང་། བློན་པོ་ཆེན་པོ་དང་། སྒོ་བ་དང་། འཁོར་དང་། ཕ་དང་། མ་དང་། སྤུན་དང་། སྲིང་མོ་དང་། ཆུང་མ་དང་། བུ་དང་། བུ་མོ་དང་། ན་ཚོད་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། གཉེན་དང་། གྲོང་ཁྱེར་གྱི་སྐྱེ་བོ་དང་། འགྲོན་བུ་དང་། གསེར་དང་། ནོར་བུ་དང་། རིན་པོ་ཆེ་དང་། མུ་ཏིག་དང་། བཻ་དཱུཪྱ་དང་། དུང་དང་། མན་ཤེལ་
དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། གོས་དང་། རྒྱན་དང་། ནོར་དང་། འབྲུ་དང་། བང་བ་དང་། མཛོད་ལ་སོགས་པ་དེ་དག་ཐམས་ཅད་བོར་ནས་འགྲོ་དགོས་སོ། །དེ་དག་ཐམས་ཅད་ཀྱང་མི་རྟག་པ། མི་བརྟན་པ། ཡིད་བརྟན་དུ་མི་རུང་བ། འགྱུར་བའི་ཆོས་ཅན། ཡུན་ཐུང་བ། མི་གནས་པ། གཡོ་བ། འགུལ་བ། འཇིག་པ། སྐད་ཅིག་པ། མཐར་སྡིག་པ། ཟད་པ་དང་། དེངས་པའི་སྒོ། མཐར་འཇིག་པའི་ཆོས་ཅན། མཐར་འགྱེས་པ། འཇིགས་པ་དང་བཅས་པ། གནོད་པ་དང་བཅས་པ། མྱ་ངན་དང་། འཁྲུག་པ་མང་བ། འདྲུལ་བ། འབྲུལ་བ། འཆད་པ། འབྱེ་བ། འཇོམས་པ། རྣམ་པར་འཇིག་པའི་ཆོས་ཅན་ཏེ། རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་མི་རྟག་པར་ལྟ་ཞིང་ཟད་པ་དང་དེངས་པའི་སྒོ་ཡིན་པར་བལྟ་བར་བྱ་སྟེ་འཆི་བས་འཇིགས་སྐྲག་པར་བྱའོ། །རྒྱལ་པོ་ཆེན་པོ་ཁྱོད་ཆོས་ཁོ་ནས་རྒྱལ་སྲིད་གྱིས་ཤིག །ཆོས་མ་ཡིན་པས་ནི་མི་བྱའོ། །ཁྱོད་ཆོས་དང་འཐུན་པར་གྱིས་ཤིག །ཆོས་མ་ཡིན་པ་དང་འཐུན་པར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་ཤིང་རྣམས་ལས་མེ་ཏོག་དག་བྱུང་ནས་འབྲས་བུ་རྣམས་འབྱུང་བར་འགྱུར་རོ། །འབྲས་བུ་དག་ཏུ་གྱུར་ནས་འབྲས་བུ་དག་ཀྱང་ཡལ་བར་འགྱུར་རོ། །ལོ་མ་སྔོན་པོར་གྱུར་པ་ལས་སེར་པོར་འགྱུར་རོ། །སེར་པོར་གྱུར་ནས་ཡང་ཐམས་ཅད་དུ་མེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མེའི་ཕུང་པོ་ཆེན་པོ་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ་མེ་ལྕེ་གཅིག་ཏུ་གྱུར་པ་ཇི་ལྟར་ཡུན་རིང་ཡང་འབར་ནས་ཞི་བར་འགྱུར་རོ། །ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ། འདི་ལྟར་དབང་ཆེ་བར་གྲགས་པ། རང་གི་གཟི་བརྗིད་ཀྱིས་རྣམ་པར་མཛེས་པ་འདི་གཉིས་ཀྱང་འཇིག་རྟེན་འདི་སྣང་བར་བྱས་ནས་ནུབ་པར་འགྱུར་རོ། །ལྷའི་བུ་སྤྲིན་སྡུད་དམ། ཆར་འབེབས་པ་དག་འབྲུག་བསྒྲགས། སྒྲ་ཕྱུང་སྟེ། ནམ་མཁའ་ཁེབས་པར་བྱས་ནས་ཆར་གྱི་རྒྱུན་ཕབ་ཀྱང་ཆར་པ་ཐ་མར་མི་སྣང་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་རྒྱལ་སྲིད་ཀྱི་བདེ་བ་དང་། རྒྱལ་པོའི་དབང་ཕྱུག་གི་བདེ་བ་དང་། འདོད་པའི་བདེ་བ་དང་། འདོད་པའི་ལོངས་སྤྱོད་ཀྱི་བདེ་བ་
རྣམས་ཀྱང་རྨི་ལམ་དང་འདྲའོ། །འདི་ལྟ་སྟེ། གླང་པོ་ཆེ་དང་། རྟ་པ་དང་། ཤིང་རྟ་དང་། དཔུང་བུ་ཆུང་དང་། བུད་མེད་དང་། ཁང་ཁྱིམ་དང་། ཆུང་མ་དམ་པ་དང་། གཞོན་ནུ་དང་། བློན་པོ་དང་། རྩིས་པ་དང་། བློན་པོ་ཆེན་པོ་དང་། སྒོ་བ་དང་། འཁོར་དང་། ཕ་དང་། མ་དང་། སྤུན་དང་། སྲིང་མོ་དང་། ཆུང་མ་དང་། བུ་ཕོ་དང་། བུ་མོ་དང་། ན་ཚོད་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། བློན་པོ་དང་། གཉེན་དང་། གྲོང་ཁྱེར་གྱི་སྐྱེ་བོ་དང་། འགྲོན་བུ་དང་། གསེར་དང་། ནོར་བུ་དང་། རིན་པོ་ཆེ་དང་། མུ་ཏིག་དང་། བཻ་དཱུཪྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། གོས་དང་། རྒྱན་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བ་ལ་སོགས་པ་དེ་དག་ཐམས་ཅད་བོར་ནས་འགྲོ་དགོས་སོ། །དེ་དག་ཐམས་ཅད་ཀྱང་མི་རྟག་པ། མི་བརྟན་པ། ཡིད་བརྟན་དུ་མི་རུང་བ། འགྱུར་བའི་ཆོས་ཅན། ཡུན་ཐུང་བ། མི་གནས་པ། གཡོ་བ། འགུལ་བ། མཐར་འཇིག་པ། སྐད་ཅིག་པ། མཐར་སྡིག་པ། ཟད་པ་དང་དེངས་པའི་སྒོ། མཐར་འགྱེས་པའི་ཆོས་ཅན། འཇིག་པ་དང་བཅས་པ། གནོད་པ་དང་བཅས་པ། མྱ་ངན་དང་། འཁྲུག་པ་མང་བ། འདྲུལ་བ། འབྲུལ་བ། འཆད་པ། འབྱེ་བ། འགྱེས་པ། འཇིག་པའི་ཆོས་ཅན་ཏེ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་མི་རྟག་པར་བལྟ་ཞིང་ཟད་པ་དང་། དེངས་པའི་སྒོར་བལྟ་བར་བྱ་སྟེ། འཆི་བས་འཇིགས་སྐྲག་པར་བྱའོ། །ཆོས་ཀྱི་རྒྱལ་སྲིད་གྱིས་ཤིག །ཆོས་མ་ཡིན་པས་ནི་མི་བྱའོ། །ཁྱོད་ཆོས་དང་འཐུན་པར་གྱིས་ཤིག །ཆོས་མ་ཡིན་པ་དང་འཐུན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་ཕྱོགས་བཞི་ནས་རི་ཆེན་པོ་སྲ་བ། བརྟན་པ། སྙིང་པོ་དང་ལྡན་པ། མ་ཞིག་པ། མ་གས་པ། འཕན་མེད་པ། ཤིན་ཏུ་མཁྲེགས་པ། གཅིག་ཏུ་སྟུག་པ་བཞི་གནམ་ལ་རེག་ཅིང་ས་ཟློག་སྟེ། རྩྭ་དང་། ཤིང་དང་། ཤིང་གེལ་པ་དང་། ཡལ་ག་དང་། ལོ་མ་ཐམས་ཅད་དང་། སེམས་ཅན་སྲོག་ཆགས་འབྱུང་
པོ་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་བ་དེ་དག་ལས་ནི་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བཟློག་པའམ། སྔགས་དང་། རྫས་དང་། སྨན་རྣམས་ཀྱིས་བཟློག་པར་བྱ་བར་སླ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཇིགས་པ་ཆེན་པོ་བཞི་པོ་འདི་དག་འོང་སྟེ། དེ་དག་ལས་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བཟློག་པའམ། རྫས་དང་། སྔགས་དང་། སྨན་རྣམས་ཀྱིས་བཟློག་པར་བྱ་བར་སླ་བ་མ་ཡིན་ནོ། །བཞི་གང་ཞེ་ན། རྒ་བ་དང་། ན་བ་དང་། འཆི་བ་དང་། རྒུད་པའོ། །རྒྱལ་པོ་ཆེན་པོ་རྒ་བ་ནི་དར་ལ་བབ་པ་འཇོམས་ཤིང་འོང་། ན་བ་ནི་ནད་མེད་པ་འཇོམས་ཤིང་འོང་། རྒུད་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང་། འཆི་བ་ནི་སྲོག་འཇོམས་ཤིང་འོང་སྟེ། དེ་དག་ལས་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བཟློག་པའམ། རྫས་དང་། སྔགས་དང་། སྨན་རྣམས་ཀྱིས་ཞི་བར་བྱ་བར་སླ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་རི་དགས་ཀྱི་ཚོགས་ཀྱི་ནང་དུ་ཞུགས་ནས་རི་དགས་བཟུང་སྟེ། ཇི་ལྟར་འདོད་པ་བཞིན་དུ་བྱ་བ་བྱེད་དོ། །རི་དགས་དེ་ནི་སྟོབས་པོ་ཆེའི་ཁ་མི་བཟད་པས་བཟུང་བས་དབང་མེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཆི་བདག་གི་གསལ་ཤིང་གིས་ཟུག་སྟེ། རྒྱགས་པ་དང་ནི་བྲལ། མགོན་ནི་མེད། སྐྱབས་ནི་མེད། དཔུང་གཉེན་ནི་མེད། གཤིས་ནི་འཇིག །ཚིགས་ནི་འབྱེ་འབྲལ། ཤ་དང་ཁྲག་ནི་སྐམས། ལུས་ནི་ནད་ཀྱིས་གདུངས། སྐོམ་ནི་སྐོམ། བཞིན་ནི་འགྱུར། རྐང་ལག་ནི་གཡོ་བ། ལས་ནི་མི་ནུས། མཐུ་ནི་མེད། ཁ་ཆུ་དང་། སྣབས་དང་། གཅིན་དང་། ངན་སྐྱུགས་ཀྱིས་ནི་ལུས་ལ་གོས། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དབང་པོ་དག་ནི་འགགས། སྐྱིགས་བུ་ནི་འབྱུང་། སྒྲ་ངར་ངར་པོ་ནི་འཐོན། སྨན་པས་ནི་བོར། སྨན་དང་། ཁ་ཟས་དང་། བཟའ་བ་དང་། ཐུག་པ་ཐམས་ཅད་ཀྱིས་ནི་གླེས་ལ་བོར་ཏེ། འགྲོ་བ་གཞན་དག་ཏུ་འགྲོ་བར་མལ་གྱི་ཐ་མ་ལ་ནི་ཉལ། ཐོག་མ་མེད་པའི་སྐྱེ་བ་དང་། རྒ་བ་
དང་། ན་བ་དང་། འཆི་བའི་འཁོར་བའི་རྒྱུད་དུ་ནི་ནུབ། སྲོག་ནི་ཅུང་ཟད་ཅིག་ལས་གཤིན་རྗེའི་མིས་ནི་འཇིགས་སྐྲག །བྱུར་གྱི་དབང་དུ་ནི་སོང་། དབུགས་རྒྱུ་བ་ནི་ཆད། ཁ་དང་སྣ་ནི་གདངས། སོ་ནི་གཙིགས། སྦྱིན་པ་སྦྱིན་ནོ་ཞེས་དེ་སྐད་གསོལ་བ་ནི་འདེབས། ལས་ཀྱི་སྲིད་པ་ནས་ཡང་སྲིད་པ་ལ་ནི་འཇུག །གཅིག་པུ་གཉིས་སུ་མེད་ཅིང་གྲོགས་ནི་མེད། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་དུ་ནི་འགྲོ། །སྐྱས་ཆེན་པོ་ནི་འདེགས། མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྷུང་། ཁྲོད་སྟུག་པོར་ནི་འཇུག །དགོན་པ་ཆེན་པོར་ནི་འགྲོ། རྒྱ་མཚོ་ཆེན་པོས་ནི་ཁྱེར། ལས་ཀྱི་རླུང་གིས་ནི་བདས། ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ། གཡུལ་ངོ་ཆེན་པོར་ནི་འཇུག །གདོན་ཆེན་པོས་ནི་ཟིན། ནམ་མཁའ་ལ་ནི་འཆེལ། ཕ་མ་དང་། ཕུ་ནུ་དང་། སྲིང་མོ་དང་། བུ་དང་བུ་མོས་ནི་བསྐོར། དབུགས་ནི་འཆད། ནོར་བགོ་བཤའ་བྱ་ཞེས་ནི་ཟེར། ཀྱི་ཧུད་མ། ཀྱི་ཧུད་ཕ། ཀྱི་ཧུད་བུ་ཞེས་ནི་ཟེར། སྐྲ་ནི་ཞིག་སྟེ། སྦྱིན་པ་དང་། དཀའ་ཐུབ་དང་། ཆོས་འབའ་ཞིག་གྲོགས་སུ་གྱུར་པ་ན། ཆོས་མ་གཏོགས་པར་སྐྱབས་གཞན་མེད། མགོན་གཞན་མེད། གནས་གཞན་མེད། དཔུང་གཉེན་གཞན་མེད་དོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་ཆོས་ནི་གླིང་དང་། གནས་དང་། མགོན་དང་། རྟོན་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་གྲང་བས་ཉེན་པ་ལ་མེ་དང་། མེས་རབ་ཏུ་གདུངས་པར་གྱུར་པ་ལ་མེ་གསོད་པ་དང་། ཚ་བས་ཉེན་པ་ལ་བསིལ་བ་དང་། འགྲོན་པོ་ངལ་བ་ལ་ནི་གྲིབ་མ་དང་། རླུང་བསིལ་བ་དང་། སྐོམ་པ་ལ་ཆུ་བསིལ་བ་དང་། ལམ་དུ་ཞུགས་པ་ལ་བཞོན་པ་དང་། ཉལ་བ་ལ་མལ་འཇམ་པོ་དང་། སྐོམ་པ་ལ་ཆུ་གྲང་མོ་དང་། ཤིན་ཏུ་བཀྲེས་པ་ལ་ཟས་བཟང་པོ་དང་། མྱ་ངན་གྱིས་ནོན་པ་ལ་དབུགས་འབྱིན་པ་དང་། གདུངས་པ་ལ་སིམ་པར་བྱེད་པ་དང་། དགོན་པར་ལམ་སྟོར་བ་ལ་ལམ་མཚོན་པ་དང་། ནད་ཀྱིས་བཏབ་པ་ལ་སྨན་པ་དང་། སྨན་དང་། ནད་གཡོག་བྱེད་པ་དང་། ཆུས་ཁྱེར་བ་ལ་གཟིངས་དང་། འདམ་དུ་བྱིང་བ་ལ་འཇུས་དང་། རྒལ་དཀའ་བ་ལ་ཟམ་པ་དང་། ཉམ་ང་བ་ལ་འབབ་
སྟེགས་དང་། མུན་ཁུང་ན་སྒྲོན་མ་དང་། རྒྱ་མཚོ་ཆེན་པོ་ལ་གྲུ་དང་། ལྷགས་པས་ཉེན་པ་ལ་རླུང་མེད་པའི་གནས་དང་། ཡུལ་གཞན་དུ་སོང་བ་ལ་ལམ་རྒྱགས་དང་། དབུལ་པོ་ལ་ནོར་དང་། བྱེད་པར་འདོད་པ་ལ་གྲོགས་དང་། གཅད་པར་འདོད་པ་ལ་ལག་ཆ་དང་། གཞིག་པར་འདོད་པ་ལ་རྡོ་རྗེ་དང་། གཡུལ་ངོར་ཞུགས་པ་ལ་གོ་ཆ་དང་། འཇིགས་པ་ལ་སྟོབས་དང་ལྡན་པའི་གྲོགས་དང་། འཐབ་པ་ལ་དཔུང་གཉེན་དང་། དོག་པ་ལ་གོ་འབྱེད་པ་དང་། མུ་གེ་ལ་ནོར་དང་ལྡན་པ་དག་མགོན་དང་། སྐྱབས་དང་། གནས་དང་། རྟེན་དུ་གྱུར་པ་དེ་བཞིན་དུ་རྒྱལ་པོ་ཆེན་པོ་འཆི་བདག་གི་གསལ་ཤིང་གིས་ཟུག་སྟེ། རྒྱགས་པ་དང་ནི་བྲལ། མགོན་ནི་མེད། སྐྱབས་ནི་མེད། དཔུང་གཉེན་ནི་མེད། གཤིས་ནི་འཇིག །ཚིགས་ནི་འབྱེ་འབྲལ། ཤ་དང་ཁྲག་ནི་སྐམས། ལུས་ནི་ནད་ཀྱིས་གདུངས། སྐོམ་ནི་སྐོམ། བཞིན་ནི་འགྱུར། རྐང་ལག་ནི་གཡོ་བ། ལས་ནི་མི་ནུས། མཐུ་ནི་མེད། ཁ་ཆུ་དང་། གཅིན་དང་། ངན་སྐྱུགས་ཀྱིས་ནི་ལུས་ལ་གོས། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དབང་པོ་དག་ནི་འགགས། སྐྱིགས་བུ་ནི་འབྱུང་། སྒྲ་ངར་ངར་པོ་ནི་འཐོན། སྨན་པས་ནི་བོར། སྨན་དང་། ཁ་ཟས་དང་། བཟའ་བ་དང་། ཟས་དང་། ཐུག་པ་ཐམས་ཅད་ཀྱིས་ནི་གླེས་ལ་བོར་ཏེ། འགྲོ་བ་གཞན་དུ་འགྲོ་བར་མལ་གྱི་ཐ་མ་ལ་ནི་ཉལ། ཐོག་མ་མེད་པའི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་འཁོར་བའི་རྒྱུད་དུ་ནི་ནུབ། སྲོག་ནི་ཅུང་ཟད་ཅིག་ལས། གཤིན་རྗེའི་མིས་ནི་འཇིགས་སྐྲག །བྱུར་གྱི་དབང་དུ་ནི་སོང་། དབུགས་རྒྱུ་བ་ནི་འཆད། ཁ་དང་སྣ་ནི་གདངས། སོ་ནི་གཙིགས། སྦྱིན་པ་སྦྱིན་ནོ་ཞེས་དེ་སྐད་གསོལ་བ་ནི་འདེབས། ལས་ཀྱིས་སྲིད་པ་ནས་ཡང་སྲིད་པ་ལ་ནི་འཇུག །གཅིག་པུ་གཉིས་སུ་མེད་ཅིང་གྲོགས་ནི་མེད། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་ཏུ་ནི་འགྲོ། སྐྱས་ཆེན་པོ་ནི་འདེགས། མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྷུང་། ཁྲོད་སྟུག་པོར་ནི་འཇུག །དགོན་པ་ཆེན་པོར་ནི་འགྲོ། རྒྱ་མཚོ་ཆེན་པོས་ནི་
ཁྱེར། ལས་ཀྱི་རླུང་གིས་ནི་བདས། ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ་བ་ན། ཆོས་མ་གཏོགས་པར་མགོན་གཞན་མེད། སྐྱབས་གཞན་མེད། དཔུང་གཉེན་གཞན་མེད་དོ། །རྒྱལ་པོ་ཆེན་པོ་ཆོས་ནི་དེའི་ཚེ་དེའི་དུས་ན་གླིང་ཆེན་པོ་དང་། གནས་དང་། མགོན་དང་། སྐྱབས་དང་། དཔུང་གཉེན་དང་། རྟོན་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེའི་ཚེ་འདི་སྙམ་དུ་སེམས་ཏེ། ཀྱི་ཧུད་གང་དུ་འགྲོ་བར་འགྱུར། ཕྱོགས་གང་དུ་འགྲོ་བར་འགྱུར། གང་དུ་ཡོངས་སུ་འཛིན་པར་བྱེད་པར་འགྱུར། བདག་གི་མར་ནི་སུ་ཞིག་འགྱུར་སྙམ་པ་ལས། དེས་སེམས་ཅན་དམྱལ་བར་སྐྱེ་བར་མཐོང་བར་གྱུར་ན། འདི་ལྟ་སྟེ། མནར་མེད་པ་དང་། ཚ་བ་དང་། རབ་ཏུ་ཚ་བ་ལ་སོགས་པའི་སེམས་ཅན་དམྱལ་བ་རྣམས་སུ་ལོ་མང་པོ། ལོ་བརྒྱ་ཕྲག་མང་པོ། ལོ་སྟོང་ཕྲག་མང་པོར་སྡུག་བསྔལ་ཆེན་པོ། སྡུག་བསྔལ་མི་བཟད་པ། དྲག་པོ། རྩུབ་པ། ཡིད་དུ་མི་འོང་བའི་ཚོར་བ་མྱོང་སྟེ། ཇི་སྲིད་དུ་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་སྡིག་པ་མི་དགེ་བའི་ལས་ཡོང་ཐམས་ཅད་དུ་ཟད་ཅིང་བྱང་བར་མ་གྱུར་པ། དེ་སྲིད་དུ་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །དེ་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་མཐོང་བར་གྱུར་ན་འདི་ལྟ་སྟེ། རྒྱ་མཚོ་ཆེན་པོའི་ནང་དུ་ཉ་རློན་དང་། ཉ་རློན་མིད་ལ་སོགས་པ་སྲོག་ཆགས་གཅིག་གིས་གཅིག་གསོད་པ་དང་། འཚེ་བ་དང་། དབང་མེད་པར་སྐྱེའོ། །བདག་ཡི་དགས་ཀྱི་ནང་དུ་སྐྱེ་བར་མི་འགྱུར་རམ་སྙམ་ན་འདི་ལྟ་སྟེ། ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོར་ཆུའི་སྒྲ་ཡང་མི་ཐོས་ན་མཐོང་བ་ལྟ་ཅི་སྨོས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཁྱོད་ཀྱིས་མི་རྟག་པར་བལྟ་ཞིང་ཟད་པ་དང་དེངས་པར་བལྟ་བར་བྱ་སྟེ་འཆི་བས་འཇིགས་སྐྲག་པར་བྱའོ། །ཆོས་ཀྱིས་རྒྱལ་སྲིད་གྱིས་ཤིག །ཆོས་མ་ཡིན་པས་ནི་མི་བྱའོ། །ཁྱོད་ཆོས་དང་འཐུན་པར་གྱིས་ཤིག །ཆོས་མ་ཡིན་པ་དང་འཐུན་པར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ལུས་འདི་འདི་ལྟར་ལེགས་པར་ཡོངས་སུ་བསྲུངས་ལེགས་པར་ཡོངས་སུ་བཙས་པ་ཡང་འཆི་བའི་དུས་བྱེད་པར་འགྱུར་རོ། །ཡོན་ཏན་ཐམས་ཅད་དང་ལྡན་ཞིང་ཤིན་ཏུ་ཡུན་རིང་པོར་
བཟའ་བ་དང་། བཅའ་བ་དང་། མྱང་བ་དང་། ངོམས་པར་འགྱུར་བ། བསོད་པ་གཙང་མ་མང་པོས་ཚིམ་པར་བྱས་ཏེ་བསྐྱེད་བསྐྱེད་པ་ཡང་ཐ་མའི་མལ་ན་འདུག་པའི་ཚེ་སྨན་པས་བོར་ཞིང་། སྨན་དང་། ཁ་ཟས་དང་། བཟའ་བ་དང་། ཐུག་པས་ཀྱང་གླེས་ལ་བོར་ནས། བཀྲེས་པ་དང་། སྐོམ་པས་ཉེན་ཅིང་ཡིད་མི་བདེ་བར་འཆི་བའི་དུས་བྱེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་ཀྱིས་ལུས་བཀྲུས་ཤིང་བསྐུས་ཏེ། བདུག་པས་བསྒོས། མེ་ཏོག་གི་དྲི་ཞིམ་པོ་བསྒོས་ཀྱང་གདོན་མི་ཟ་བར་དུས་སུ་རང་བཞིན་གྱིས་ལྷན་ཅིག་སྐྱེས་པའི་དྲི་ང་བ་འབྱུང་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡུལ་ཀ་ཤི་ཀའི་རས་དང་། མོན་དར་དང་། དུ་གུ་ལའི་རས་དང་། དར་དང་། འདབ་མ་དང་། བལ་གོས་དང་། སོ་རས་ལ་སོགས་པའི་གོས་ཀྱི་བྱེ་བྲག་གིས་གཡོགས་ཀྱང་ཐ་མའི་མལ་ན་འདུག་པའི་ཚེ་སྣུམ་རྣམ་པ་མང་པོ་དང་། ཆུས་རེག་ཅིང་གོས་དྲི་མ་ཅན་གྱོན་ཅིང་འཆི་བའི་དུས་བྱེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟར་ཁྱོད་ཁྱིམ་ན་བུད་མེད་ཀྱི་ནང་ན་འདུག་བཙུན་མོའི་འཁོར་གྱི་ནང་ན་འདུག་སྟེ། བུད་མེད་ཀྱི་ཚོགས་ཀྱིས་བསྐོར་ཅིང་། གར་དང་། གླུ་དང་། རོལ་མོའི་སིལ་སྙན་བྱེད། ཕེག་རྡོབ་པ་དང་། པི་བང་དང་། གླིང་བུ་ལེན། རྔ་བརྡུང་ཞིང་ཡིད་བདེ་བར་རྩེ་དགའ་སྟེ། དགའ་མགུར་སྤྱོད་པ་ཡང་འཆི་བས་འཇིགས་སྐྲག་ནས་ཤིན་ཏུ་ཡིད་མི་བདེ་ཞིང་འཆི་བའི་དུས་བྱེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟར་ཁྱོད་ཁྱིམ་གྱི་ནང་ན་སྤོས་དྲི་ཞིམ་པོའི་བསྐུ་བས་ནི་བསྐུས། གཏན་པ་ནི་བཅུག །སྐར་ཁུང་ནི་ལེགས་པར་བཅད། བྱུག་པ་མང་པོས་ནི་བྱུགས། འབྲུ་མར་དྲི་ཞིམ་པོ་དང་ལྡན་པའི་མར་མེ་ནི་འབར། དར་གྱི་ལྡ་ལྡི་མང་པོ་ནི་བྲེས། མེ་ཏོག་དྲི་ཞིམ་པོའི་སིལ་མ་མང་པོས་ནི་ཆལ་པར་བཀང་། པོག་པོར་ནས་ནི་བདུགས། ཁྲིའི་རྩ་བ་གསེར་དང་། དངུལ་དང་། བཻ་དཱུཪྱ་ལས་ནི་བྱས། པ་ཏི་ཀ་དང་། དྲིའུ་རྔོག་གི་སྟན་དང་། སྟན་ནང་ཚངས་ཅན་དང་། ཟ་འོག་གི་སྟན་དང་། ཡུལ་ཀ་ལིང་ཀ་པའི་སྟན་དང་། སྟེང་དུ་གདིང་བ་དང་། དེའི་སྟེང་དུ་གདིང་བས་ནི་བཀབ། གཡས་གཡོན་དུ་དར་དམར་པོའི་སྔས་
ནི་བཞག་པའི་ཁྲི་ལ་ཉལ་བ་ཡང་བྱ་རོག་དང་། བྱ་རྒོད་དང་། ཝ་དང་། རོ་དང་། ཤ་དང་། རུས་པ་དང་། སྐྲ་དང་། ཁྲག་དང་། ཞག་དང་། ཆུ་སེར་དང་། རྣག་གི་གནས་མཆོག་ཏུ་འཇིགས་སུ་རུང་བའི་དུར་ས་ཆེན་པོར་བོར་ནས། ལུས་གཡོ་བ་མེད་ཅིང་ས་ལ་ཉལ་དུ་གདོན་མི་ཟའོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་ཁྱོད་གླང་པོ་ཆེའི་བྱ་ལ་ཁའམ། རྟའི་རྒྱབ་བམ། ཤིང་རྟ་ལ་ཞོན་ཏེ། དུང་དང་། རྔ་དང་། རྫ་རྔ་དང་། ཁར་རྔ་དང་། རོལ་མོ་སིལ་སྙན་གྱི་བྱེ་བྲག་ལེན་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རྣམ་པར་རྒྱལ་བའི་བ་དན་ནི་བསྒྲེང་། བསིལ་ཡབ་ནོར་བུའི་ཡུ་བ་ཅན་དང་། རྔ་ཡབ་དང་། ཤིང་ཏ་ལ་ལས་བྱས་པ་ནི་གཡོབ་ཅིང་། གླང་པོ་ཆེ་དང་། རྟ་པ་དང་། དཔུང་བུ་ཆུང་དུ་མ་ནི་ཕྱི་བཞིན་འབྲང་། རྒྱལ་བུ་དང་། བྲམ་ཟེས་བསླབ་པ་ཕོག་པའི་བློན་པོ་དང་། མདུན་ན་འདོན་དང་། སྐྱེ་བོ་ཐལ་མོ་སྦྱར་བ་བརྒྱ་སྟོང་དུ་མས་ནི་ཕྱག་བྱ་ཞིང་རྒྱལ་བར་སྤྱོན་ཅིག །རྒྱལ་བར་སྤྱོན་ཅིག་ཅེས་སྙན་པར་རྗོད་དེ་ཕྱིར་འབྱུང་བ་ཡང་རིང་པོ་མི་ཐོགས་པར་གཡོ་བ་མེད་ཅིང་མལ་དུ་ཤི་ནས་མི་བཞིས་བཏེག་སྟེ། ཕ་དང་། མ་དང་། ཕུ་ནུ་དང་། སྲིང་མོ་དང་། ཆུང་མ་དང་། བུ་ཕོ་དང་། བུ་མོ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། ཚལ་ཟ་དང་། བློན་པོ་དང་། གྲོང་ཁྱེར་བའི་སྐྱེ་བོ་དག་མྱ་ངན་གྱི་དབང་དུ་སོང་སྟེ། ལག་པ་བཏེགས་ནས་བྲང་རྡུང་ཞིང་མཆོག་ཏུ་སྙིང་རྗེ་བར་ཀྱི་ཧུད་བུ། ཀྱི་ཧུད་མགོན་པོ། ཀྱི་ཧུད་ཕོ་བོ། ཀྱི་ཧུད་ཇོ་བོ་ཞེས་ངུ་ཞིང་ཞབས་འབྲིང་བ་དང་། གྲོང་ཁྱེར་བའི་སྐྱེ་བོ་དག་གིས་འཇིགས་པ་དང་བཅས་པར་མཐོང་སྟེ། གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་སྒོར་ཕྱུང་ནས་སའི་འོག་ཏུ་བཅུག་གམ། འབྲོག་དགོན་པར་སའི་འོག་ཏུ་བཅུག་ཀྱང་རུང་། བྱ་རོག་དང་། བྱ་རྒོད་དང་། ཝ་ལ་སོགས་པས་ཟོས་ཤིང་རུས་པ་དེ་དག་མེས་བསྲེགས་སམ། ཆུར་སྐྱུར་རམ། སའི་འོག་ཏུ་བཅུག་ཀྱང་རླུང་དང་། ཉི་མ་དང་། ཆར་པས་ཕྱེ་མར་བྱས་ཏེ། ཕྱོགས་ཕྱོགས་སུ་འཐོར་ཞིང་། དེ་ཉིད་དུ་རུལ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱང་འདི་བཞིན་དུ་འགྱུར་རོ། །རྒྱལ་
པོ་ཆེན་པོ་འདུ་བྱེད་ཐམས་ཅད་ནི་དེ་ལྟར་མི་རྟག་པ། དེ་ལྟར་མི་བརྟན་པ། དེ་ལྟར་ཡིད་བརྟན་དུ་མི་རུང་བ། དེ་ལྟར་འགྱུར་བའི་ཆོས་ཅན་ཏེ། ཡུན་ཐུང་བ། མི་གནས་པ། གཡོ་བ། འགུལ་བ། སྐད་ཅིག་པ། མཐར་སྡིག་པ་ཟད་པ་དང་། དེངས་པའི་སྒོ། མཐར་འགྱེས་པ། འཇིགས་པ་དང་བཅས་པ། གནོད་པ་དང་བཅས་པ། མྱ་ངན་དང་འཁྲུག་པ་མང་བ། འདྲུལ་བ། འབྲུལ་བ། འཆད་པ། འབྱེ་བ། འཐོར་བ། རྣམ་པར་འཇིག་པའི་ཆོས་ཅན་ནོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་མི་རྟག་པར་བལྟ་ཞིང་ཟད་པ་དང་། དེངས་པའི་སྒོར་བལྟ་བར་བྱ་སྟེ། འདོད་ཆགས་ཀྱིས་མ་ཆགས་པ་དང་། ཞེ་སྡང་གིས་མི་སྡང་བ་དང་། གཏི་མུག་གིས་མ་རྨོངས་པ་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་གི་བདེ་བ་ལ་མ་ཆགས་པ་དང་། འདོད་པའི་བདེ་བ་དང་། འདོད་པའི་ལོངས་སྤྱོད་ཀྱི་བདེ་བ་ལ་མ་ཆགས་པ་དང་། མི་རྟག་པར་ལྟ་བ་དང་། བག་ཡོད་པ་དང་། མ་ཆགས་པ་དང་། མི་བརྐམ་པ་དང་། མ་ཞེན་པ་དང་། མ་མོས་པ་དང་། སྲོག་སྙེམས་པ་མེད་པར་འཆི་བས་འཇིགས་སྐྲག་པར་བྱའོ། །ཆོས་ཁོ་ནས་རྒྱལ་སྲིད་གྱིས་ཤིག །ཆོས་མ་ཡིན་པས་ནི་མི་བྱའོ། །ཁྱོད་ཆོས་དང་འཐུན་པར་གྱིས་ཤིག །ཆོས་མ་ཡིན་པ་དང་འཐུན་པར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་འདོད་པའི་རྙེད་པ་དང་། རབ་ཏུ་རྙེད་པ་དང་། སོགས་པ་དང་། ཀུན་ཏུ་སོགས་པ་དང་། སྟེན་པས་འདོད་པ་དག་གིས་ངོམས་པར་ང་མི་སྨྲ་སྟེ། གང་དག་འཕགས་པའི་ཤེས་རབ་ཀྱིས་ངོམས་པར་འགྱུར་བ་དེ་དག་ནི་ངོམས་སོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་
འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འདི་ཡང་འབྱུང་བར་འགྱུར་རོ། །དེ་ལ་མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འདི་ཡང་འགག་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན། འདོད་ཆགས་ཀྱིས་མ་ཆགས་པ་དང་། ཞེ་སྡང་གིས་མི་སྡང་བ་དང་། གཏི་མུག་གིས་མ་རྨོངས་པ་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་དང་། དབང་གི་དྲེགས་པ་མེད་པར་ཆོས་ཁོ་ནས་རྒྱལ་སྲིད་གྱིས་ཤིག །ཆོས་མ་ཡིན་པས་ནི་མི་བྱའོ། །ཁྱོད་ཆོས་དང་འཐུན་པར་གྱིས་ཤིག །ཆོས་མ་ཡིན་པ་དང་འཐུན་པར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་འདོད་པ་རྣམས་ཀྱི་རྙེད་པ་དང་། རབ་ཏུ་རྙེད་པ་དང་། ངོམས་པར་མི་འགྱུར་བའི་བར་དུ་ང་སྨྲ་སྟེ། རབ་ཏུ་ངོམས་པར་མི་འགྱུར་རོ། །ཞེས་ང་སྨྲའོ། །གང་དག་འཕགས་པའི་ཤེས་རབ་ཀྱིས་ངོམས་པར་གྱུར་པ་དེ་དག་ནི་ངོམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །མི་ཉིད་འདི་ནི་འགྲོ་བར་འགྱུར། །འཆི་བདག་རབ་ཏུ་མི་བཟད་འོང་། །ཁྱོད་ཀྱི་ཚེ་འདི་མི་བརྟན་གྱིས། །རྒྱལ་པོ་བག་མེད་མ་བྱེད་ཅིག །ནོར་ནི་གཏང་གི་ལུས་ནི་བསྲུང་བར་བྱ། །ཡན་ལག་གཏང་གི་སྲོག་ནི་བསྲུང་བར་བྱ། །ནོར་དང་ཡན་ལག་རྣམས་དང་དེ་བཞིན་སྲོག །ཐམས་ཅད་གཏང་གི་འདིར་ནི་ཆོས་བསྲུང་ངོ་། །ཆོས་སྤྱོད་པ་ནི་ཆོས་ལ་སྲུང་བར་བྱེད། །དཔེར་ན་དབྱར་དུས་གདུགས་ཆེན་བསྲུང་བ་བཞིན། །ཆོས་སྤྱོད་པ་ཡི་ཕན་ཡོན་འདི་
ཡིན་ཏེ། །ཆོས་སྤྱོད་པ་ནི་ངན་འགྲོར་མི་འགྲོའོ། །ཆོས་མ་ཡིན་པ་སྤྱོད་ཅིང་བག་མེད་པ། །འདི་ནས་ཤི་འཕོས་ངན་འགྲོ་མི་བཟད་འགྲོ། །གང་དུ་གནས་ན་འཆི་བས་མི་ཚུགས་པ། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་མ་ཡིན་རྒྱ་མཚོའི་ནང་མ་ཡིན། །རི་ཡི་ཕུག་ཏུ་ཞུགས་ཀྱང་མི་ཕན་ནོ། །འཆི་བས་འཇིགས་པ་ཆེན་པོ་དེ་དག་ནི། །ཕུང་པོ་འཇིག་ཅིང་སྲོག་འགག་ཤེས་གྱིས་ལ། །འཆི་མེད་ཐོབ་པར་ཁྱོད་ནི་མོས་པར་གྱིས། །མྱ་ངན་འདས་ཐོབ་ཕྱིན་ཆད་འཆི་མི་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང་། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རྒྱལ་པོ་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྫོགས་སྷོ།། །།