གསོལ་འདེབས་དངོས་གྲུབ་བང་མཛོད།
དྲེགས་པ་འཇོམས་མཛད་ཆེན་པོའི་གསོལ་འདེབས་དངོས་གྲུབ་བང་མཛོད་བཞུགས་སོ༔
ཨེ་མ་ཧོ༔ ཆོས་སྐུའི་སྟོན་པ་ཀུན་བཟང་ཡབ་ཡུམ་ལ༔གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ༔ ལོངས་སྐུའི་སྟོན་པ་རིགས་ལྔའི་སངས་རྒྱས་ལ༔ གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ༔ སྤྲུལ་སྐུའི་སྟོན་པ་རིགས་གསུམ་མགོན་པོ་ལ༔ གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ༔ སྒྲུབ་སྡེའི་སྟོན་པ་རྡོར་འཆང་རྡོ་རྗེ་ཆོས༔ གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ༔ བཀའ་ཡི་སྡུད་པོ་ལས་ཀྱི་དབང་མོ་ལ༔ གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ༔ དམ་པའི་རིགས་ཅན་དྲ་མ་རྣམ་ལྔ་ལ༔ གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ༔ བཀའ་བབས་ཆེན་པོ་མཉྫུ་མི་ཏྲ་ལ༔ གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ༔ སྟོན་པའི་ཞལ་སྐྱིན་རྡོ་རྗེ་ཐོད་ཕྲེང་ལ༔ གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ༔ ཡོན་ཏན་མཆོག་གཉིས་ ༼ བརྙེས་དཔྱད། ༽ པདྨ་སཾ་བྷ་ལ༔ གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ༔ མུ་སྟེགས་ཚར་གཅོད་སེངྒེ་སྒྲ་སྒྲོགས་ལ༔ གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ༔ རིག་འཛིན་ཀུན་མཆོག་བི་མ་མི་ཏྲ་ལ༔ གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ༔ སྐུ་ཡི་རིག་འཛིན་སངས་རྒྱས་ཡེ་ཤེས་ལ༔ གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ༔ ཡོན་ཏན་རིག་འཛིན་ཛྙཱ་ན་ཀུ་མ་ལ༔ གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ༔ པདྨའི་བཀའ་གཏད་ལྷ་ལྕམ་པདྨ་ལ༔ གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ༔ དུས་བབས་གཏེར་བདག་ནམ་མཁའ་འཇིགས་མེད་ལ༔ གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ༔ བདུད་བཞི་དབྱིངས་སྒྲོལ་རྡོ་རྗེ་ཤུགས་ཆེན་ལ༔ གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ༔ སྐུ་གསུང་ཐུགས་ཡོན་གཤེད་ཆེན་རྣམ་བཞི་ལ༔ གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ༔ གང་འདུལ་ཚུལ་བསྟན་སྒྱུ་འཕྲུལ་བཅུ་གཉིས་ལ༔ གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ༔ བཀའ་སྡོད་ཚུལ་འཛིན་བདུན་བརྒྱ་ཉི་ཤུ་ལ༔ གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ༔ དེ་ལྟར་གསོལ་བ་བཏབས་པའི་མཐུ་བྱིན་གྱིས༔ འཆི་མེད་ཚེ་ཡི་རིག་འཛིན་མཆོག་གྲུབ་ཅིང་༔ བསྟན་པའི་དགྲ་བགེགས་མཐའ་དག་རྨེག་མེད་འཇོམས༔ མཐར་ཐུག་ཡ་མནྟ་ཀའི་གནས་ཐོབ་ནས༔ ཁམས་གསུམ་འགྲོ་བ་ཀུན་གྱི་ལམ་སྟོན་དུ༔ གྱུར་ནས་ས་གསུམ་ཕན་བདེའི་ཁྱབ་གྱུར་ཅིག༔ ཅེས་དང་༔ ཤིན་ཏུ་བསྡུ་ན༔ ཀུན་བཟང་རིགས་ལྔ་རིགས་གསུམ་མགོན་པོ་དང་༔ ལས་ཀྱི་དབང་མོ་རིགས་ཅན་རྣམ་པ་ལྔ༔ འཇམ་བཤེས་པད་འབྱུང་བི་མ་ལ་མི་ཏྲ༔ སངས་རྒྱས་ཡེ་ཤེས་གཉགས་ཆེན་ཛྙཱ་ནའི་ཞབས༔ པདྨ་གསལ་དང་ནམ་མཁའ་འཇིགས་མེད་པ༔ རྡོ་རྗེ་འཇིགས་བྱེད་དཀྱིལ་འཁོར་ལྷ་ཚོགས་ལ༔ གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ༔ དེ་ལྟར་གསོལ་བ་བཏབས་པའི་མཐུན་བྱིན་གྱིས༔ འཆི་མེད་ཚེ་ཡི་རིག་འཛིན་མཆོག་གྲུབ་ཅིང་༔ བསྟན་པའི་དགྲ་བགེགས་མཐའ་དག་རྨེག་མེད་འཇོམས༔ མཐར་ཐུག་ཡ་མཱནྟ་ཀའི་གནས་ཐོབ་ནས༔ ཁམས་གསུམ་འགྲོ་བ་ཀུན་གྱི་ལམ་སྟོན་དུ༔ གྱུར་ནས་ས་གསུམ་ཕན་བདེའི་ཁྱབ་གྱུར་ཅིག༔
ཅེས་ཀྱང་ག་གཱས་སོ། །