དྲིན་ཅན་བླ་མ་དཀོན་མཆོག་ཆོས་འཕེལ་གྱིས་རྒྱལ་དབང་བཙོང་ཁ་པ་ཆེན་པོའི་སྐུ་བརྙན་བཞེངས་པའི་བསྟོད་སྨོན་སོགས།
སྨོན་ལམ་ཤིས་བརྗོད་བརྟན་བཞུགས་སོགས་ཀྱི་ཚིགས་སུ་བཅད་པ་རབ་དཀར་དགེ་བའི་ཆུ་ཀླུང་ལས་གླེགས་བམ་དང་པོ་བཞུགས་སོ། །
པྲཾ ཤུ བྷཱ ནཱཾ ན དྱ ཀྵ ཡ སྱ ནི དྷེ རཱ དི པུ སྟ ཀ པྲ ཎི དྷི རྨཾ གལ ཙྱཿ སྠི རཱ སཱི ན དྲེ རྒཱ། བི ཧ ར ཏི སྨ། །རྒྱལ་ཀུན་མཁྱེན་པའི་རང་བཞིན་ཀུནྡའི་དཔྱིད། །བསིལ་ལྡན་ལུས་ཕྲའི་མངལ་དུ་ལྕི་བའི་ཁུར། །ཟུར་ཕུད་ལྔ་པ་མི་ཡི་ལང་ཚོའི་རྩལ། །གྲུབ་པའི་རྣམ་འདྲེན་འཇམ་དཔལ་སྙིང་པོ་རྒྱལ། །མཐའ་ཡས་ཆོས་ཀྱི་གནས་ལུགས་བསིལ་ཟེར་ཅན། །རྙོག་བྲལ་བློ་གྲོས་ཆུ་མཚོར་རབ་ཤར་བས། །སྐལ་བཟང་དབུས་གྱུར་བྲམ་ཟེ་རི་བོང་འཛིན། །མཆིས་ཞེས་གྲགས་པའི་(༡ན)
དབྱངས་སྙན་མགྲིན་པར་ལེན། །སྟོབས་བཅུ་མངའ་བའི་གསུང་རབ་ཟ་མ་ཏོག །དྲང་ངེས་སྲ་བ་མི་ཕྱེད་ཕྱག་རྒྱའི་མདུད། །ཅིག་ཅར་འགྲོལ་མཁས་ཀུན་མཁྱེན་བཙོང་ཁ་པ། ཁྱོད་ཀྱི་དཔེ་ཟླར་འོས་པ་སྲིད་འདིར་ཅི། །གང་གི་སྣང་བརྙན་སྔོན་མེད་མགྲིན་བཅུའི་གཟུགས། །སྟོང་ཁུན་སྒེག་མོས་ལེགས་བསྐྲུན་གན་གོས་ཀྱི། །མན་ཤེལ་གསར་པའི་རྩིག་ངོས་ལ་ཤར་འདི། །དཔྱོད་ལྡན་ཧ་ནུ་མནྠ་གཟིགས་མོར་མཚར། །མཚན་དཔེའི་དཔལ་ཀུན་ཡོངས་རྫོགས་ས་འཛིན་དབང༌། །མཚམས་སྤྲིན་ཞུན་མས་ལན་བརྒྱར་བྱུགས་སོ་ཞེས། །ལྷུན་པོ་སྐྲག་སྟེ་རྒྱ་མཚོའི་ཚོགས་རྣམས་ཀྱི། །ཕྱོགས་ཀུན་མ་ལུས་དོག་པོར་བགྱིས་སམ་སྙམ། །ཕུལ་བྱུང་དགེ་མཚན་འཁྲི་ཤིང་གིས་འཁྱུད་པའི། །ཕུན་ཚོགས་གཟུགས་སྐུའི་ཡོངས་འདུ་ས་བརྟོལ་འདི། །ཐུབ་བསྟན་འཛིན་མར་གནས་པ་དེ་སྲིད་དུ། །འགྱུར་མེད་གཡུང་དྲུང་གཞི་ལ་གནས་གྱུར་ཅིག །ཚུལ་འདིར་ཨུཏྤལ་དཀར་པོའི་འདབ་མ་བཞིན། །(༢བ)
མི་དམན་ལྷག་པའི་བསམ་པས་ཡོངས་ཟིན་ནས། །ལུས་ངག་ཡིད་ཀྱི་ངལ་བསྟེན་བདོག་པ་ཡི། །ཕན་པར་རབ་བསྒྲུབས་འབྱམས་ཀླས་སྐྱེ་རྒུའི་ཚོགས། །དག་པའི་རང་བཞིན་ངོ་མཚར་རྒྱ་མཚོ་ཡི། །ཡོངས་གང་རྨད་བྱུང་བཀོད་པས་ཁྱད་འཕགས་པའི། །ཞིང་ཁམས་མཆོག་དེར་མ་ལུས་ཉེར་དྲངས་ནས། །ཟབ་རྒྱས་ཆོས་ཀྱི་རོ་ལ་སྤྱོད་གྱུར་ཅིག །དགེ་ཚོགས་འོད་ཟེར་འབུམ་ཕྲག་འཕྲོས་པ་ཡིས། །བསྟན་འགྲོའི་ཕན་བདེའི་པད་ཚལ་ལེགས་རྒྱས་ཤིང༌། །རབ་དཀོན་རྒྱལ་བ་མཆོག་གི་དམ་པའི་ཆོས། །ཡོངས་འཕེལ་འཇམ་མགོན་བླ་མ་ཞབས་བརྟན་ཤོག །ཅེས་འཇམ་དབྱངས་གཞོན་ནུ་ངུར་མིག་གི་རྣམ་རོལ་ཅན་རྒྱལ་བའི་གསུང་རབས་ཀྱི་དྲང་ངེས་འབྱེད་པ་ལ་གཞན་དྲིང་མི་འཇོག་པ་མཁས་པའི་དབང་ཕྱུག་དྲིན་ཅན་བླ་མ་དཀོན་མཆོག་ཆོས་འཕེལ་གྱིས་རྒྱལ་བའི་དབང་པོ་ཙོང་ཁ་པ་ཆེན་པོའི་སྐུ་བརྙན་གན་གོས་བཟང་བསྒྲིགས་ཀྱི་རྒྱུ་ལས་བཞེངས་པ་གནང་བའི་དུས། བསྟོད་པ་སྨོན་ལམ་ཟུང་འབྲེལ་ཞིག་དགོས་ཞེས་བཀའ་གནང་བ་སྤྱི་བོས་ནོད་དེ། ཡུལ་ལྷོ་ཕྱོགས་སྨན་ལྗོངས་སུ་བྱུང་བའི་སྙན་ངག་མཁན་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་ཇ་ཡུན་གཅིག་ལ་ཕྲལ་དུ་སྦྱར་བའོ། །དགེ་ལེགས་ཆུ་གཏེར་ཆེན་པོའི་ཀློངས་ཡངས་ལས། །རབ་མཛེས་མཚན་དཔེའི་འོད་ཟེར་སྟོང་འབར་བ། །ཕུལ་བྱུང་གཟུགས་སྐུའི་རྟ་(༣ན)
ལྗང་དབང་པོ་ཁྱོད། །ལུས་ཅན་སྦྲང་རྩིའི་རྒྱལ་མཚན་ཀུན་གྱི་གཉེན། །རྒྱུད་མངས་གླུ་ལས་ཇི་སྙེད་ཆོས་ཀྱི་སྒྲ། །སྐལ་བཟང་རྣ་བར་སྒྲོག་པ་གནྡྷ་རྦྷ། །མེས་པོའི་མཐུ་ལས་སྤྲུལ་སྙམ་འཕྱང་མོ་ཉུག །སྟེར་བྱེད་གསུང་དེ་ཡན་ལག་དྲུག་ཅུའི་དབྱངས། །རྒྱལ་ཀུན་མཁྱེན་རྩེའི་རང་བཞིན་ལུས་འདེགས་ཀྱི། །ཕ་མཐའ་གཟིགས་མོར་སྤྱོད་ཕྱིར་ངལ་བའི་ཁུར། །ཁྱེར་ན་བརྗོད་བྲལ་གང་ཐུགས་འཇལ་བྱེད་པ། །བྱིས་པའི་ངང་ཚུལ་ཅན་གྱི་བློ་འདི་མཚར། །རྒྱལ་སྲས་དམ་པ་ཡོངས་ཀྱི་ཏོག་གྱུར་པའི། །རྣམ་དཀར་ལེགས་ལམ་འབུམ་དུ་འཛག་པ་ཅན། །གང་གི་མི་འཇིགས་ཁྲི་ལ་བགྲོད༌བྱེད་ཟུང༌། །རབ་བཀོད་མི་ཕམ་མགོན་པོའི་སྣང་རྙན་དྲུང༌། །མཆོག་ཏུ་གུས་པའི་བློ་ཡི་དགེ་སྦྱོང་དཔལ། །དཔལ་ལྡན་ཤཱཀྱའི་སྲས་མཆོག་ཡོ་བྱད་ཀུན། །ཀུན་ནས་ལུས་པ་མེད་པར་ཕུལ་བའི་དགེ །དགེ་ཚོགས་རྒྱ་མཚོའི་གཏིང་མཐར་བསྙེགས་པ་འདིས། །བློ་གྲོས་གསེར་ཟངས་ཐོག་མེད་འཁོར་ལོ་ཡིས། །ཐུབ་བསྟན་གླིང་བཞིར་དབང་བསྒྱུར་གྲགས་པའི་རྔ། །སྲིད་འདིའི་ཁྱོན་ཀུན་ཁྱབ་པ་ལུང་རྟོགས་ཀྱི། །རིང་ལུགས་སྡེ་བཞིའི་དཔལ་འབྱོར་རབ་རྒྱས་ཤིང༌། །ལེགས་བྱས་ལུས་ཕྲའི་ལྕགས་ཀྱུས་བཀུག་པ་ཡིས། །གངས་ཅན་ཕན་བདེའི་འདོད་པ་རབ་འཇོ་བ། །རྣམ་པར་དོད་པ་རྫོགས་ལྡན་གསར་པའི་མགྲོན། །བརྒྱ་ཕྲག་སྒོ་འཕར་ཕྱེ་བས་ཁྱབ་གྱུར་ཅིག །(༣བ)
ཅེས་པ་འདི་ནི་ལོ་པ་ཆོས་རྗེ་དགེ་འདུན་རྣམ་རྒྱལ་འོལ་ཁ་རྫིང་ཕྱིའི་མཁན་ཐོག་འབྱོར་ཕྲལ་བྱམས་པའི་སྐུ་བརྙན་ཡེ་ཤེས་སེམས་པ་དངོས་སུ་བཞུགས་པ་གང་དེ་ལ། སྣམ་སྦྱར་སོགས་དགེ་སྦྱོང་གི་རྟགས་འགའ་ཞིག་འབུལ་བར་སྨོན་ལམ་ཞིག་དགོས་ཞེས་བསྐུལ་བའི་ངོར། ཡུལ་ལྷོ་ཕྱོགས་གི་སྨན་ལྗོངས་སུ་བྱུང་བའི་སྙན་ངག་མཁན་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །ན་མཿ སཾ་བུདྡྷཱ་མི་ཏཱ་བྷཱ་ཡ། །མདུན་གྱི་ནམ་མཁར་རང་སྣང་ཞིང་ཁམས་མཆོག །ཡིད་འོང་ལྗོན་ཤིང་དག་གིས་རབ་མཛེས་ཤིང༌། །དགའ་བདེར་ལོངས་སྤྱོད་ལྷ་མིས་ཡོངས་གང་བའི། །དབུས་སུ་རིན་ཆེན་ཁྲི་སྟེང་ཆུ་སྐྱེས་དང༌། །ཉི་ཟླའི་དཀྱིལ་འཁོར་རབ་ཏུ་རྒྱས་པའི་རྩེར། །སྟོབས་བཅུ་མངའ་བ་མགོན་པོ་འོད་དཔག་མེད། །མཚན་དཔེའི་རྒྱན་ལྡན་སྤྲུལ་སྐུའི་སྣང་བརྙན་ཅན། །པདྨ་རཱ་གའི་མདངས་ལྟར་དམར་བའི་སྐུ། །ཕྱག་གཉིས་མཉམ་བཞག་རྡོ་རྗེ་དཀྱིལ་མོ་ཀྲུང༌། །བཟོད་པར་དཀའ་བ་ཕུལ་བྱུང་གཟི་བརྗིད་ཀྱིས། །འདོམ་གང་འོད་ཟེར་ཁོར་ཡུག་དྲ་བའི་དབུས། །རྒྱལ་སྲས་རྒྱ་མཚོའི་འཁོར་གྱིས་མཛེས་པར་གྱུར། །ཆོས་དབྱིངས་བདེ་བའི་མཁའ་ལ་གནས་བཞིན་དུ། །གྲངས་མེད་འགྲོ་ལ་རྗེས་བརྩེའི་རླུང་ཤུགས་ཀྱིས། །གཞན་དོན་དུས་ལས་ཡོལ་བ་མེད་གྱུར་པ། །བཅོམ་ལྡན(༤ན)
འཁོར་བཅས་འདིར་གཤེགས་གཉིས་མེད་གྱུར། །མཐའ་ཡས་ཚོགས་གཉིས་ཆུ་གཏེར་ཆེན་པོ་ལས། །ཡེ་ཤེས་མཆོག་གི་བདུད་རྩིའི་ཟ་མ་ཏོག །མཐའ་བྲལ་འགྲོ་བ་ཀུན་གྱི་སྨན་ཡོན་དུ། །སྩོལ་མཛད་རྐང་གཉིས་གཙོ་བོར་གུས་ཕྱག་འཚལ། །ཨུཏྤལ་སྡོང་བུ་བཟང་པོའི་དྲི་ཚོགས་བསྟར། །གསལ་བྱེད་མར་མེ་དྲི་ཆབ་རྦ་རླབས་འཁྲུག །རོ་བརྒྱའི་ཟས་དང་སྙན་འགྱུར་རོལ་མོ་སོགས། །དངོས་བཤམས་ཡིད་སྤྲུལ་མཆོད་པའི་ཚོགས་རྣམས་འབུལ། །ཐོག་མ་མེད་ནས་ད་ལྟའི་བར་དག་ཏུ། །སྡོམ་གསུམ་རྩ་བ་ཡན་ལག་དམ་ཚིག་ལས། །ཉམས་པས་མཚོན་ཏེ་མདོར་ན་མཚམས་མེད་ལྔ། །མི་དགེ་བཅུ་སོགས་སྡིག་པའི་ལས་ཀུན་བཤགས། །རྣམ་འདྲེན་ཐེག་གསུམ་སློབ་མའི་ཚོགས་རྣམས་ཀྱིས། །རང་གཞན་དོན་ཕྱིར་བསྒྲུབ་པའི་ལུང་རྟོགས་ཆོས། །སྐྱེ་དགུའི་ལྷག་བསམ་གྱིས་བསྐྲུན་དགེ་ཚོགས་ལ། །བཅོས་མིན་བསམ་པ་ཐག་པས་རྗེས་ཡིད་རང༌། །གདུལ་བྱའི་ཁམས་དང་བསམ་པ་ཇི་བཞིན་དུ། །སྟོན་མཛད་སངས་རྒྱས་སྲས་དང་བཅས་པ་རྣམས། །མི་འགྱུར་རྡོ་རྗེའི་གཞི་ལ་རྟག་བཞུགས་ཤིང༌། །རྒྱུ་འབྲས་ཐེག་པའི་ཆོས་འཁོར་བསྐོར་དུ་གསོལ། །ཐུན་མོང་ཐུན་མོང་མིན་པའི་གསུང་རབ་རྣམས། །ཐོས་བསམ་སྒོམ་སོགས་རབ་དཀར་དགེ་ལེགས་ཚོགས། །འདི་དང་ཚེ་རབས་དུ་མར་བསགས་པ་རྣམས། །ཀུན་མཁྱེན་ཡེ་ཤེས་ཐོབ་པའི་རྒྱུ་རུ་བསྔོ། །མི་འཛད་གཏིང་མཐའ་(༤བ)
བྲལ་བ་འཁོར་བའི་མཚོར། །ཉམ་ཐག་ལུས་ཅན་བྱང་གྲོལ་ལ་འགོད་པའི། །དམ་བཅའི་ཁུར་ལྡན་མགོན་པོ་འོད་དཔག་མེད། །སྨྲེང་གི་གསོལ་ལ་རྣམ་དག་སྙན་གྱིས་གསོན། །བདག་དང་རིང་ནས་ཕན་བྱེད་མར་གྱུར་ཚོགས། །བླང་དོར་ཚུལ་བཞིན་བལྟ་ལ་མིག་ལྡོང་སྟེ། །དུག་གསུམ་ཟས་ལ་སྲེད་པས་ཐར་པའི་སྲོག །ཡོངས་བྲལ་དུཿཁས་མནར་འདིར་བརྩེ་བས་དགོངས། །གང་ཞིག་རྒྱལ་རྣམས་ཆོས་དབྱིངས་ཞི་བའི་རོར། །དབྱེར་མེད་བཞུགས་ལ་དག་པའི་གནས་ཀྱིས་ཅི། །དེ་ཕྱིར་འཁོར་འཁྱམ་སྐྱེ་བོ་འདྲེན་སླད་དུ། །ངོ་མཚར་རྒྱ་མཚོའི་གནས་དེ་བསྟན་མིན་ནམ། །སྤྲུལ་པའི་ཞིང་ལ་ཚད་བཟུང་མ་མཆིས་ཀྱང༌། །མི་མཇེད་ཁམས་ནས་ཆུ་ལྷའི་ཕྱོགས་ཉིད་དུ། །འཁོད་མཉམ་རིན་ཅེན་དུ་མས་སྤྲས་པའི་གཞིར། །ནོར་བུའི་རྡུལ་མངས་མཐོར་བརྩེགས་ས་འཛིན་ཅན། །གསེར་དངུལ་བཻཌཱུར་ཤེལ་སྤུག་མུ་ཏིག་རྡོའི། །རྩ་སྡོང་ཡལ་ག་ལོ་འདབ་མེ་ཏོག་འབྲས། །དེ་ལྟའི་ལྗོན་ཤིང་གསེར་བུས་བསྐུལ་བ་ལས། །དྲི་ཡིས་ཡོངས་ཁྱབ་མེ་ཏོག་ཕྱོགས་ཀུན་འགེངས། ཁ་ཞེང་གཏིང་ཟབ་དལ་གྱིས་འབབ་པའི་ཀླུང༌། །རྙོག་མེད་གསེར་གྱི་བྱེ་མ་ཡོངས་བརྡལ་བ། །ཆུ་སྐྱེས་ཚོགས་སྤུད་འདབ་ཆགས་འཕུར་ལྡིང་རོལ། །ཙནྡན་ལ་སོགས་རྐང་འཐུང་འཕྲེང་བར་འཁྲིགས། །རྒྱལ་མཚན་བ་དན་བླ་བྲེ་རྔ་ཡབ་དང༌། །སྙན་པའི་རོལ་མོའི་ཚོགས་ཀྱིས་རབ་ཏུ་ཁེངས། །མཚན་དཔེའི་དཔལ་ལྡན་མངོན་ཤེས་རྫུ་འཕྲུལ་ཅན། །མི་ཟད་འདོད་པའི་ལོངས་(༥ན)
སྤྱོད་མཐའ་ཀླས་པའི། །ལྷ་མིར་བཅས་དང་ཉན་ཐོས་བྱང་ཆུབ་སེམས། །དཔག་ཚད་སྟོང་དང་དྲུག་བརྒྱའི་བོང་ཚོད་ལྡན། །བརྗོད་བྲལ་རྒྱན་གྱིས་ལེགས་སྤྲས་ངོ་མཚར་ཤིང༌། །བྱང་ཆུབ་ལྗོན་པའི་དབང་པོ་གང་གི་དྲུང༌། །བདག་སོགས་འགྲོ་རྣམས་ལྔ་པའི་ལམ་ཞུགས་ཚེ། །ཐུགས་རྗེས་ཐོག་པ་མེད་པར་མི་འདྲེན་ན། །དག་ཞིང་འགྲུབ་བྱེད་ཚོགས་གསོག་སྨོན་ལམ་རྣམས། །བརྒྱ་ཕྲག་དཀའ་སྤྱད་མཛད་པའི་དགོས་པ་ཅི། །དྲི་མེད་འདབ་སྟོང་རྒྱས་པའི་སྦུབ་དག་ལས། །རྫུས་སྟེ་སྐྱེ་བ་བླངས་ནས་མགོན་ཁྱོད་ཀྱི། །ཡན་ལག་དྲུག་ཅུའི་དབྱངས་ཀྱི་བཀའ་སྩལ་ཆོས། །ཇི་བཞིན་ཐོས་བསམ་སྒོམ་པ་བྱེད་པར་ཤོག །གངས་རི་ཟླ་བ་ཆུ་སྐྱེས་རྩ་བ་ཡིས། །བསྒྲུན་མིན་རབ་དཀར་ལྷག་བསམ་ལས་འོངས་པ། །རྣམ་དག་སྨོན་པའི་གནས་འདི་མཆོག་གསུམ་གྱི། །ཐུགས་རྗེའི་མཐུ་ཡི་ཐོག་མེད་འགྲུབ་གྱུར་ཅིག །ཅེས་དག་པའི་ཞིང་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་འདི་ཡང༌། མཆོད་དཔོན་གྱི་ལས་འཛིན་དགེ་འདུན་དར་རྒྱས་ཀྱིས་བསྐུལ་བའི་ངོར། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པའི་གསུང་སྒྲོས་ལས་བཏུས་སྟེ་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའོ། །ཕུལ་བྱུང་མཚན་དཔེ་དར་བབས་ཟ་མ་ཏོག །འཆི་བའི་དངོས་པོ་འཇོམ་བྱེད་ཟིལ་མངར་ཚོགས། །རབ་ཕྱུར་འདྲེན་མཆོག་ཚེ་དཔག་མེད་མགོན་གྱིས། །(༥བ)
དེང་འདིར་སྨོན་པའི་འབྲས་བུ་སྩོལ་བར་མཛོད། །ཐུབ་བསྟན་དྲི་མེད་བློ་བཟང་རྒྱལ་བའི་བསྟན། །འཛིན་སྐྱོང་ལེགས་སྤེལ་སྙིང་སྟོབས་གོ་ཆ་ཅན། །ཆོས་སྲིད་འབྱོར་པའི་དཔལ་གྱུར་ཕྱོགས་ཀུན་ལས། །རྣམ་པར་རྒྱལ་འདི་རྡོ་རྗེ་ལྟར་བརྟན་ཤོག །རབ་དཀར་བདེ་ལེགས་སྐབས་གསུམ་དགའ་ཚལ་དུ། །བསོད་ནམས་ལང་ཚོ་རྒྱས་པ་དཔག་བསམ་ལྗོན། །གཡོ་མེད་རབ་ཏུ་བརྟན་པའི་ཁྲིམས་གཉིས་འབྲས། །སྐྱོང་མཁས་ས་དབང་འགྱུར་མེད་གནས་གྱུར་ཅིག །རྣམ་འདྲེན་མཆོག་གྱུར་རྒྱལ་དབང་བཙོང་ཁ་པའི། །དྲི་མེད་རིང་ལུགས་འདེགས་པ་སྲིད་ཀྱི་སྡེ། །རྩོད་དུས་འཁོར་ལོས་བསྒྱུར་རྒྱལ་ཆབ་སྲིད་རྣམས། །བརྟན་ཅིང་མངའ་ཐང་མཚན་ཇུས་རྒྱལ་གྱུར་ཅིག །བསླུ་མེད་མཆོག་གསུམ་ཆོས་སྲུང་རྒྱ་མཚོ་དང༌། །ཁྲིམས་ལྡན་འདུས་ཚོགས་སྨོན་གནས་ཉིན་བྱེད་ཀྱིས། །མི་མཐུན་མུན་པའི་སྨག་རུམ་དྲུང་ཕྱུང་ནས། །འདོད་དོན་འདབ་བརྒྱ་བཞད་པའི་བཀྲ་ཤིས་ཤོག །ཅེས་མཆོད་ཡོན་གཉིས་ཀྱི་བརྟན་བཞུགས་སྨོན་ལམ་ཚིགས་སུ་བཅད་པ་འདི་ཡང༌། རབ་འབྱམས་སྨྲ་བ་བློ་བཟང་ཆོས་གྲགས་ཀྱིས་བསྐུལ་བ་ལྟར། ཡུལ་ལྷོ་ཕྱོགས་སྨན་ལྗོངས་ཀྱི་ལྟེ་བར་སྐྱེས་པའི་བནྡེ་སྙན་ངག་མཁན་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའོ། །དགེ་ལེགས་གཏེར་ཆེན་སླུ་མེད་མཆོག་གསུམགྱི། །མཁྱེན་བརྩེ་ནུས་པའི་མཐུ་ཡིས་ལུས་ཅན་ལ། བྱམས་པའི་བློ་ལྡན་ལེགས་བྱས་ཀུན་དགའི་དཔྱིད། །(༦ན)
རྨད་བྱུང་ཡེ་ཤེས་ལྗོན་པ་གསར་པ་གང༌། །རྣམ་དཀར་དམ་ཆོས་སྒྲུབ་པའི་དགའ་སྟོན་ཆེད། །ཕུན་ཚོགས་བཟང་པོའི་ལས་ཀྱི་འཕྲོ་འཐུད་དེ། །ཆོས་ལྡན་རྟེན་གྱི་འབྲས་བུ་རབ་སྨིན་པའི། །བདེན་ཚིག་བརྗོད་དོན་ཇི་བཞིན་འགྲུབ་གྱུར་ཅིག །ཅེས་རྨོག་ལྕོག་པ་བྱམས་པ་ཀུན་དགའ་ཡེ་ཤེས་ཀྱི་སྐྱེ་སྲིད་མྱུར་དུ་འཛིན་པའི་སྨོན་ལམ་འདི་ཡང་ཐར་པ་མཁན་པོ་བློ་བཟང་འཇམ་དབྱངས་འཇིགས་མེད་ཀྱི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །དཔལ་ལྡན་འདབ་བརྒྱའི་རིགས་ལས་རྒྱལ་བའི་ཏོག །འཆི་མེད་སྦྲང་རྩིའི་བཅུད་ཀྱི་གཏེར་གྱུར་ཚེ། །རབ་སྤེལ་ཡེ་ཤེས་མཆོག་གི་སྣང་བ་ཅན། །དཔག་མེད་འབྱུང་གནས་གང་གི་ཐུགས་རྗེའི་མཐུས། །རྒྱལ་བསྟན་དྲི་མ་མེད་པའི་སྒོ་འཕར་ལས། །སྡོམ་བརྩོན་ལང་ཚོ་རབ་ཏུ་རྒྱས་པ་གང༌། །ཉི་བུའི་མཆེ་རྣོན་ཕྲག་ལས་རིང་བརྒལ་ཏེ། །ཡུན་དུ་བདེ་བར་སྤྱོད་པ་འགྲུབ་གྱུར་ཅིག །ཅེས་རོང་པོ་ཀིརྟི་སྐུ་སྐྱེ་བསྟན་པ་རབ་རྒྱས་ཀྱི་བརྟན་བཞུགས་ཚིགས་བཅད་འདི་ནི་དེ་ཉིད་ཀྱི་ནུ་བོ་དཀའ་བཅུ་པས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །ཕུན་ཚོགས་མཐའ་དག་གཟུགས་ཅན། འདབས་སྟོང་འོད་སྲུང་བྱིན་ཡངས་པར། །མཛེས་སྡུག་ལང་ཚོའི་གཟི་འོད་མན་ཤེལ་མདངས། །མཚན་བཟང་རླུང་གི་རྒྱལ་མཚན་གྱིས་འཁྱུད་པ། །བློ་གཏེར་བསིལ་ལྡན་ལྷུན་པོས་དགེ་ལེགས་(༦བ)
སྩོལ། །དཔལ་སྟུག་གསང་གསུམ་ཟླ་བའི་མ་མ་ལས། །རབ་ཤློ་ཀ་འདི་གཉིས་སྔོན་མ་ལྡན་པའི་གཟུགས་ཅན་དང་འོག་མ་འགལ་བའི་གཟུགས་ཅན། ཡངས་མཁྱེན་པའི་བློ་གྲོས་བཅུ་གཉིས་བདག །སྣ་ཚོགས་བཟང་པོའི་མཛད་པ་ཚ་ཟེར་གྱིས། །ཤེས་བྱའི་གནད་དོན་ལྟ་བའི་ཀུན་ཏུ་སེམས། །ལུས་མེད་ཉག་ཕྲན་གྱིས་བཅོམ་ཕྱོགས་ཀྱི་གོས། །ལེགས་བསལ་ཆོས་ཀྱི་སྦྲང་རྩིའི་རྒྱལ་མཚན་ཚལ། །རབ་རྒྱས་གཅིག་ཏུ་མཛད་པ་ཀརྞི་ཀ །ཕྱོགས་བྲལ་རྣ་བར་འགོད་མཁས་རྟགས་ཏུ་རྒྱལ། །ལུས་གཟུགས་ཅན་གྱི་ཤིས་བརྗོད། ཅན་བསོད་ནམས་མེ་ཞལ་སྒྱུ་རྩལ་སར། །ཐུབ་བསྟན་ནགས་ཀྱི་བདག་པོའི་འཕྲེང་ཚོགས་དབུས། །གྲངས་མེད་རྒྱལ་བ་ཀུན་དངོས་དཔག་བསམ་ལྗོན། །ཕན་བདེའི་དྲི་བསུང་རྒྱས་ཕྱིར་བརྟན་གྱུར་ཅིག །བློ་གཟུགས་ཅན་གྱི་ཤིས་བརྗོད་བཟང་རྒྱལ་བསྟན་ཤེལ་གྱི་བ་གམ་དུ། །ལུང་རྟོགས་ཆོས་ཀྱི་འཛམ་བུ་ནཱ་དའི་ཁྲིར། །རྒོལ་ངན་སྦྱིན་སྐྱེས་བཅོམ་པའི་རྒྱལ་མཚན་མཆོག །སྟེར་འཛིན་བཤེས་གཉེན་ལྷ་དབང་རྟག་བཞུགས་གསོལ། ཁྱད་རང་བཞིན་བརྗོད་པ་ལ་གྲངས་ཀྱི་གབ་ཚིག་གི་བརྒྱན་པ། པར་ནག་ཕྱོགས་སྡེ་བཅས་འཇོམས་པའི་ཆེད། །ཕྱག་ན་འཁོར་ལོ་མི་རྗེའི་ཚུལ་འཛིན་པར། །ཐུབ་ཀླུ་དུས་ཀྱི་ཟླ་འཕྲེང་རྫོགས་མིན་དུ། །བགྲོད་བྱེད་རྡོ་རྗེའི་རང་བཞིན་ལྟར་གྱུར་ཅིག །གྲངས་མེད་རྣམ་འདྲེན་སྟོབས་བཅུ་མངའ་བ་འགའ། །ཤེས་ལྡན་རྗེས་བརྩེ་བོར་ཏེ་སྙོམས་ཞུགས་པ། །འབྱུང་འགྱུར་འགོག་པ།(༧ན)
མགོན་ཁྱོད་ཆེད་དུ་ཞིང་འདིར་སྲིད་བཟུང་ན། །ཞི་བདེར་བཞུགས་པའི་མཛད་པ་རིགས་སམ་ཅི། །མཐའ་ཐོག་སྦྱར་བའི་ཟུང་ལྡན། འཇམ་མགོན་ཆོས་ཀྱི་རྒྱལ་པོ་གྲོང་གསུམ་ལྷ་དབང་ཕྱུག་ཆེན་པོའི་མིག་གི་མེས་འདོད་ལྷའི་ལུས་བསྲེགས་པའི་གཏམ་རྒྱུད་དང་སྦྱར། འཇོམས། །འཇོམས་བྱེད་མི་མཐུན་ཆུ་སྲིན་རྒྱལ་མཚན་སྡེ། །སྡེ་བཅས་འཕྲིན་ལས་འདྲེན་བྱེད་ཞུགས་ཀྱི་ཐབ། །ཐབས་འཕྲུལ་མཆོག་དེས་རྟག་ཏུ་རྒྱལ་བའི་དཔལ། །དཔལ་གྱི་དུམ་བུ་ལྟར་དཀར་འཆི་མེད་ལྷ། །ལྷ་མཆོག་ཡིད་བཞིན་འཁོར་ལོ་དབང་གི་རྒྱལ། །རྒྱལ་ཡུམ་དེས་ཀྱང་སྙན་ཚིག་དབྱར་གྱི་རྔ། །རྔ་གསང་ཆེས་ཆེར་སྒྲོག་པའི་དགའ་སྟོན་སྩོལ། །རིགས་གཟུགས་ཅན་གྱི་ཤིས་བརྗོད། བརྒྱའི་ཁྱབ་བདག་དངོས་གྱུར་གནམ་བསྐོས་ལྷ། །བསྟན་འགྲོའི་ཕུན་ཚོགས་གླིང་བཞིའི་དཔལ་མགོན་དུ། །གཡོ་མེད་ལུང་རྟོགས་གངྒཱ་སྐྱེས་འཁོར་ལོ། །ཀུན་ཁྱབ་ཤིས་བརྗོད་འཕྲེང་བ་འགྲུབ་གྱུར་ཅིག །རྒྱལ་བ་མཆོག་ཉིད་ཞབས་ཟུང་རྡོ་རྗེ་ལྟར། །བདེ་ལེགས་དཔལ་དུ་བརྟན་ཕྱིར་ཤིས་བརྗོད་འཕྲེང༌། །ཡན་ལག་མཆོག་བསྟན་པད་དཀར་འདབ་སྟོང་དབུས། །དབྱངས་ཅན་བཞུགས་ནས་གསུང་ལས་གཞན་དུ་ཅི། །འོན་ཀྱང་སྐྱེས་ཐོབ་བློ་གྲོས་གང་བུ་ལས། །གྲོང་གཏམ་རིང་དོར་དཎྜཱིའི་གཞུང་བཞིན་དུ། །ཚངས་སྲས་བཞད་པའི་རྡོ་རྗེ་དཔལ་བཟང་པོ། །མེ་སྐྱེས་དགའ་བའི་ལང་ཚོ་མཆོག་དེས་སྦྱར། །ཉི་མའི་(༧བ)
གཉེན་གྱི་བསྟན་པའི་བ་གམ་སྤོར། །བློ་བཟང་གྲངས་མེད་ཆོས་ཀྱི་གླེགས་བུའི་ཚོགས། །ལུས་ཅན་བསོད་ནམས་རྒྱལ་མཚན་རྩེར་འགོད་པ། །རྒྱལ་བ་གང་དེའི་ཞབས་པད་བརྟན་གྱུར་ཅིག །མཚོ་བྱུང་དྲིན་ལས་ངག་གི་དབང་ཕྱུགས་གི །བློ་གྲོས་མཆོག་ཐོབ་བཟང་པོའི་འཕྲིན་ལས་ཀྱང༌། །རྒྱ་མཚོའི་གོས་ཅན་མཐར་ཁྱབ་ཞི་འཚོའི་དབོན། །ཚངས་སྲས་བཞད་པའི་རྡོ་རྗེ་བརྟན་གྱུར་ཅིག །དལ་བའི་རྟེན་ལ་ཤེས་རབ་འདབ་བརྒྱའི་ཚལ། །ཐོས་བསམ་ཉི་མའི་འོད་ཀྱིས་ལེགས་བསྐྱངས་པ། །གང་འདི་སྐྱབས་གསུམ་དྲང་སྲོང་ཚོགས་བཅས་ཀྱིས། །རྟག་ཏུ་སྲུང་ཞིང་སྐྱོང་བ་ཉིད་གྱུར་ཅིག །ཅེས་མཁན་ཆེན་ཆོས་ཀྱི་རྒྱལ་པོའི་མཚན་དང་ངེད་རང་གི་མིང་སྒྲ་གཉིས་ཀ་ཚང་བ་འདི་ལྟ་བུ་ཞིག་དགོས་ཞེས་རབ་འབྱམས་པ་ངག་དབང་དོན་གྲུབ་ཀྱི་ངོར་བྲིས་སོ། །རྒྱལ་བའི་གསུང་གི་གསང་མཛོད་རྒྱུད་མང་གླུར། །ཞི་བ་མཆོག་གི་ཡོན་ཏན་གྲེ་འགྱུར་ཚིག །ལེགས་ལྡན་ཐུགས་རྗེའི་སྨན་གྱི་སྡོམ་གསུམ་སྲོག །འཚོ་མཛད་བསྟན་པའི་རྩ་ལག་དམ་པར་འདུད། །གང་དེའི་ཕུལ་བྱུང་རིགས་ཀྱི་ལྷ་ལམ་ངོས། །དབྱངས་ཅན་བྱེད་པོས་ངག་དབང་ཏི་མིའི་འཇིང༌། །འཕྲུལ་ལས་བློ་བཟང་སྣང་གཏེར་འཕྲིན་ལས་འོད། །ལེགས་འོང་རྒྱ་མཚོའི་གོས་ཅན་ཀུན་ཁྱབ་འདི། །འགྱུར་མེད་རྡོ་རྗེ་ལྟར་བརྟན་ཚིག་གི་ཚལ། །དཔལ་ལྡན་ལྷ་མཆོག་བསིལ་སྦྱིན་མཁན་པོའི་མཐུས། །(༨ན)
རབ་རྒྱས་ཐོག་མེད་འགྲུབ་པའི་དགའ་སྟོན་གྱི། །དཔལ་འབྱོར་བཟང་པོ་རྟག་ཏུ་སྐྱོང་གྱུར་ཅིག །ཅེས་པ་འདི་ཡང་ལོ་པ་ཆོས་རྗེ་དགེ་འདུན་རྣམ་རྒྱལ་གྱིས་ངེད་རང་གི་མིང་སྒྲ་ཚང་བའི་བརྟན་བཞུགས་ཚིགས་བཅད་མ་ཞིག་ནན་གྱིས་བསྐུལ་བ་ལ་རྟེན་ནས། སྙོམ་ལས་པ་རིག་བྱེད་འཛིན་པ་གང་དེས་བྲིས། །འགྱུར་མེད་ཀུན་ཏུ་བཟང་པོའི་མཁའ་དབྱིངས་ལས། །སྤྲུལ་པའི་ཟློས་གར་བསྒྱུར་བ་ཉིན་བྱེད་དབང༌། །ཕན་དང་བདེ་བའི་འདབ་སྟོང་རྒྱས་མཛད་པ། །པདྨ་འབྱུང་གནས་ཐུགས་རྗེས་རྟག་ཏུ་སྐྱོངས། །གང་དང་དབྱེར་མེད་དུ་མར་སྣང་བའི་གཟུགས། །རབ་འབྱམས་རྒྱལ་བ་ཞི་ཁྲོ་འཁོར་ལོའི་ལྷ། །ཆོས་སྲུང་རྒྱ་མཚོར་བཅས་པའི་ཚོགས་རྣམས་ཀྱིས། །བདུད་དཔུང་ཐུལ་ལ་དངོས་གྲུབ་ཆར་ལྟར་ཕོབ། །བཀྲ་ཤིས་ཡོན་ཏན་འཁྱིལ་བའི་མཐུ་སྟོབས་ཀྱིས། །རྣམ་པར་རྒྱལ་བའི་རིག་འཛིན་དབང་པོའི་སྡེའི། །བཀའ་གཏེར་བཤད་དང་སྒྲུབ་པའི་རིག་ལུགས་རྣམས། །སྔ་འགྱུར་བསྟན་པའི་བཙས་སུ་སྤེལ་བ་ལ། །བློ་གྲོས་བཟང་པོས་པདྨའི་འཕྲིན་ལས་རྣམས། །ཐེག་མཆོག་དབང་གི་རྒྱལ་པོར་གྲུབ་པའི་གཟུགས། །ཡོངས་འདུའི་ལྗོན་པའི་སྡེ་ལྟར་དགེ་ལེགས་སུ། །ལྷུན་གྱིས་གྲུབ་པའི་བདེན་ཚིག་འགྲུབ་གྱུར་ཅིག །ཅེས་བྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་སྤྲུལ་པའི་སྐུ་མཆོག་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་(༨བ)
དབང་གི་རྒྱལ་པོ་ཡོངས་འདུའི་སྡེས་སྔ་འགྱུར་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་བའི་བཞེད་དོན་འགྲུབ་བྱེད་ཀྱི་བདེན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་གསུང་གི་བསྐུལ་བ་ལྟར་དང་དུ་བླངས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའོ། །ཕུལ་བྱུང་ངོ་མཚར་རྒྱ་མཚོའི་རང་བཞིན་ཀུན། །མཚན་དཔེའི་གཟུགས་སྐུར་འཁྱིལ་བ་ཚེ་དཔག་མེད། །རྒྱལ་ཡུམ་ཡིད་བཞིན་འཁོར་ལོས་དུས་ཀུན་ཏུ། །རླངས་སྟོན་དམ་པར་དགེ་ལེགས་སྩལ་དུ་གསོལ། །དྲི་མེད་ལྷ་རིགས་རླངས་ཀྱི་གངས་རི་ལས། །དཔལ་ལྡན་ཕག་གྲུ་བློ་བཟང་རྒྱལ་བའི་བསྟན། །ཟུང་འབྲེལ་ཆུ་ཀླུང་སྤེལ་བ་མཁྱེན་བརྩེའི་བདག །དབང་ཕྱུག་ཡོན་ཏན་བརྒྱད་ཀྱིས་ཉེར་མཛེས་པ། །ནོར་འཛིན་ལྟེ་བར་ལུགས་གཉིས་ཡོངས་འདུའི་ལྗོན། །གྲངས་མེད་ལེགས་བྱས་འབྲས་བུའི་ཁུར་ལྡན་པ། །ཆོས་ཀྱིས་སྐྱོང་བའི་རྒྱལ་པོ་ངག་གི་ལྷ། །མི་འགྱུར་རྡོ་རྗེའི་ཁྲི་ལ་བརྟན་གྱུར་ཅིག །ཅེས་དཔལ་ལྡན་མིའི་དབང་པོ་ལྷ་གཟིགས་ཕག་མོ་གྲུ་པ་བློ་བཟང་མཁྱེན་བརྩེའི་དབང་ཕྱུག་ནོར་འཛིན་ཆོས་ཀྱི་རྒྱལ་པོ་ངག་གི་ལྷ་ལུགས་ཟུང་གི་འདུན་ས་ཆེན་པོའི་ཁྲིར་ཞབས་པད་བརྟན་པར་བཞུགས་པའི་ཚིགས་སུ་བཅད་པ་འདི་ཡང༌། གོང་དཀར་སྐུ་གཉེར་དཔོན་དགེ་སྟེང་བླ་མ་བྱམས་པ་ཀུན་དགའ་འབྱུང་གནས་ཀྱིས་བསྐུལ་བ་ལྟར། ༸ཤཱཀྱའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར། །མི་འགྱུར་རྡོ་རྗེའི་རང་བཞིན་གྲུབ་པའི་ཚེ། །(༩ན)
དང་པོའི་མགོན་པོ་ཡེ་ཤེས་མཆོག་གི་དཔལ། །བདེ་ལེགས་དཔག་ཏུ་མེད་པ་སྟེར་མཁས་ལྷས། །ཡངས་པའི་ནོར་འཛིན་བདག་པོར་ཤིས་པ་སྩོལ། །ངག་གི་དཔལ་མངའ་དབང་ཕྱུག་ཡོན་ཏན་གྱི། །ཆ་ཤས་ཡོངས་གང་འཇམ་དཔལ་སྙིང་པོའི་བསྟན། །གྱེན་དུ་བཏེག་པས་དགའ་ལྡན་ཕྱོགས་ཀུན་ལས། །རྣམ་པར་རྒྱལ་གང་རབ་ཏུ་བརྟན་གྱུར་ཅིག །ངག་དབང་དབྱངས་ཅན་རབ་རྒྱས་མཁྱེན་པ་དང༌། །བརྩེ་ཆེན་མངའ་འབང་དགའ་བདེར་སྤྱོད་པའི་དཔྱིད། །སྙིང་སྟོབས་ནུས་པས་གཞན་སྡེ་ཚར་གཅོད་པ། །དཔལ་ལྡན་དབྱིག་འཛིན་སྐྱོང་བ་རབ་བརྟན་ཤོག །བློ་བཟང་རྒྱལ་བསྟན་རྨད་བྱུང་གྲགས་པའི་ནོར། །རིན་ཆེན་གཅོད་པཎ་རྒྱན་དུ་འཆིང་བའི་ལྷ། །རྗེ་བློན་འབངས་བཅས་མངའ་ཐང་ཆབ་སྲིད་ཀུན། །སྲིད་པའི་རྩེ་མོར་འཕྱུར་ཞིང་འཕེལ་གྱུར་ཅིག །མཆོག་གསུམ་དབྱར་སྐྱེས་ཆུ་འཛིན་ཕྲེང་བ་ལས། །ཕུལ་བྱུང་ཐུགས་རྗེའི་གྲུ་ཆར་ལེགས་བབས་པས། །འདོད་དོན་དཔག་བསམ་ཡོངས་འདུ་གསར་པའི་ལྗོན། །སྡེ་བཞིའི་འབྲས་བུ་སྨིན་པའི་བཀྲ་ཤིས་ཤོག །ཅེས་རྗེ་རྒྱལ་བ་གཉིས་པའི་བསྟན་པ་ལ་གཅིག་ཏུ་གུས་པ་ལྷུར་ལེན་པའི་ས་སྐྱོང་རྒྱ་རི་བ་ལྷ་ངག་དབང་དགའ་ལྡན་རབ་བརྟན་གྱི་བརྟན་གཞུགས་ཀྱི་ཤིས་པ་བརྗོད་པ་འདི་ཡང་འོད་འབར་གྱིས་བསྐུལ་བ་ལྟར། ཡུལ་ལྷོ་ཕྱོགས་སྨན་ལྗོངས་སུ་སྐྱེས་པའི་སྙན་ངག་མཁན་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའོ། །རྒྱལ་ཀུན་མཁྱེན་(༩བ)
རབ་གར་མཁན་འཇམ་དཔལ་དབྱངས། །མི་ཡི་སྲིད་པའི་རྣམ་རོལ་བཙོང་ཁ་པ། །དངོས་རྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །བསྟན་སྲུང་རྒྱ་མཚོར་བཅས་པའི་བྱིན་རླབས་ཀྱིས། །རྣམ་དཀར་དགེ་བས་འཕངས་པ་དལ་འབྱོར་རྟེན། །དོན་ལྡན་སྒྲུབ་ལ་འདུན་པ་དགེ་བའི་བཤེས། །མི་མཐུན་ཕྱོགས་ལས་རྣམ་པར་རབ་རྒྱལ་ཞིང༌། །ཚེ་དཔལ་ལེགས་ཚོགས་འཕེལ་བའི་བཀྲ་ཤིས་ཤོག །ཅེས་རྫིང་ཕྱི་མཁན་པོ་དགེ་འདུན་རྣམ་རྒྱལ་བར་ཆད་ཀྱི་གཡུལ་ལས་རྒྱལ་བའི་ཚིགས་སུ་བཅད་པ་འདི་ནི་དོན་གཉེར་ཅན་འགས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །ཕུན་ཚོགས་བསོད་ནམས་ཆུ་གཏེར་ལས་འོངས་ཤིང༌། །དགེ་བའི་བཀྲ་ཤིས་རླབས་འཕྲེང་རབ་གཡོག་པས། །གདུལ་བྱའི་རེ་བ་ཡོངས་སུ་སྐོང་བའི་རྗེ། །མཚུངས་མེད་དཔལ་ལྡན་བླ་མར་གསོལ་བ་འདེབས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་ལས་གྲུབ་མཐུས། །དལ་བརྒྱད་འབྱོར་བཅུའི་རྟེན་བཟང་རིན་ཆེན་སྣོད། །བྱང་ཆུབ་མཆོག་གི་བཀྲ་ཤིས་འཁྱིལ་བ་ཡིས། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཞེས་ཇ་སང་ཆོས་རྗེ་བསོད་ནམས་བཀྲ་ཤིས་ལྔ་པའི་ལམ་དུ་སོང་བའི་ཚེ་ཆོས་རྗེ་ཉིད་ཀྱི་གསོལ་འདེབས་དང་དལ་འབྱོར་གྱི་རྟེན་བཟང་ཐོབ་པའི་སྨོན་ལམ་གྱི་ཚིགས་བཅད་དགོས་ཚུལ་དབོན་པོ་ནང་སོས་ནན་ཏན་གྱིས་བསྐུལ་བའི་ངོར་བྲིས། །མི་འགྱུར་(༡༠ན)
འཆི་བ་མེད་པ་བདུད་རྩིའི་སྲོག །རབ་བརྟན་རྡོ་རྗེའི་ཁམས་སུ་གྲུབ་པའི་དཔལ། །རྒྱལ་ཡུམ་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་ཡིས། །དུས་ཀུན་དགེ་བའི་དངོས་གྲུབ་ཆར་དུ་ཕོབས། །མཆོག་གསུམ་ཐུགས་རྗེ་ཆེན་པོའི་ས་བོན་ཚོགས། རྣམ་དག་སྨོན་ལམ་ཆར་གྱིས་སྐྲུན་པ་ལས། །དེང་འདིར་འདོད་པའི་དོན་བཟང་ཨ་མྲའི་འབྲས། །ལྷུན་གྲུབ་རོ་བརྒྱའི་ལང་ཚོར་སྨིན་གྱུར་ཅིག །ངག་གི་དབང་ཕྱུགས་བློ་གྲོས་བྱེ་བའི་ནོར། །གྲངས་མེད་སྐལ་བཟང་གདུལ་བྱར་རབ་སྩོལ་བ། །ལེགས་བྱས་རྒྱ་མཚོའི་གཞིར་གྱུར་རྡོ་རྗེ་འཛིན། །གཡོ་མེད་བསྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག །འཁོན་རིགས་གྲུབ་པའི་དཔའ་བོ་ཀུན་སྙིང་རྗེ། །ངུར་སྨྲིག་ཟློས་གར་བློ་གྲོས་རྒྱ་མཚན་གྱི། །སློབ་བཤད་ཆོས་ཀྱི་སྲོག་ཤིང་ཁའུ་པའི། །ལུགས་བཟང་སྲིད་མཐའི་བར་དུ་རབ་འཕེལ་ཞིང༌། ཁྱད་པར་ངེས་བཟང་ཐེག་པའི་འོད་སྟོང་གིས། །སྐུ་བཞིའི་སྣང་བ་བརྒྱད་མཛད་མཚར་པ་རྗེ། །ཡབ་སྲས་རྒྱུད་པར་བཅས་པའི་རིང་ལུགས་མཆོག །བརྩེ་ཆེན་སྙིང་པོའི་བསྟན་ལ་རྒྱས་པར་ཤོག །གུར་མགོན་ལྕམ་དྲལ་སྟོབས་འཕྲོག་དབང་པོ་དང༌། །པུ་པྲ་མིང་སྲིང་གནོད་སྦྱིན་བེག་ཙེ་སོགས། །བསྟན་སྲུང་རྣམས་ཀྱིས་སྨོན་པའི་འདོད་དོན་ཀུན། །ཐོགས་མེད་ལྷུན་གྱིས་ལེགས་འགྲུབ་འཕྲིན་ལས་མཛོད། །ཅེས་ངེད་རང་གི་མིང་སྒྲ་ཡོད་པའི་བརྟན་བཞུགས་དང༌། གསང་ཆེན་སློབ་བཤད་ཀྱི་བསྟན་པ་རྒྱས་པའི་སྨོན་ལམ་དང་བཅས་པ་འདི་(༡༠བ)
ཡང་ཡར་ཀླུང་བཀྲ་ཤིས་ཆོས་སྡེའི་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་འཕྱིང་བ་སྟག་རྩེའི་ཕོ་བྲང་དུ་སྦྱར་བའོ། །རྒྱལ་བ་ཀུན་དངོས་རིག་འཛིན་པདྨ་ཡི། །རྡོ་རྗེ་ཐེག་མཆོག་བསྟན་པ་ཡིད་བཞིན་ནོར། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་འཛིན་མཛད་པ། །རིག་སྔགས་འཆང་བའི་དཔལ་དེ་རྟག་བཞུགས་གསོལ། །དཔལ་ལྡན་ཟབ་དང་རྒྱ་ཆེ་དམ་ཆོས་ཀྱི། །འབྱོར་པར་མངའ་སྒྱུར་འཕྲིན་ལས་འོད་སྟོང་གིས། །ཕན་བདེའི་སྣང་བ་རབ་ཏུ་རྒྱས་མཛད་པའི། །རྡོ་རྗེ་འཛིན་དབང་བསྐལ་བརྒྱར་ཞབས་བརྟན་ཤོག །ངག་གི་དབང་ཕྱུག་འཇམ་དབྱངས་གཞོན་ནུ་དང༌། །དབྱེར་མེད་རྣམ་པར་དཔྱོད་པའི་བཀྲ་ཤིས་དུང༌། །ལེགས་བཤད་གཡས་སུ་འཁྱིལ་བ་ཀུན་དགའི་དཔལ། །ལྷུན་གྱི་གྲུབ་ཁྱོད་རྟག་ཏུ་བརྟན་གྱུར་ཅིག །ཚེ་དབང་རིགས་འཛིན་པདྨ་ཀ་ར་དང༌། །ཡི་དམ་སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཡི་ཚོགས། །འདོད་ཁམས་དབང་ཕྱུག་ལ་སོགས་ཆོས་སྲུང་ཀྱིས། །རིག་པ་འཛིན་མཆོག་རྟག་ཏུ་སྲུང་གྱུར་ཅིག །རྨད་བྱུང་དགེ་ལེགས་ཡིད་བཞིན་དབང་གི་རྒྱལ། །དངོས་གྲུབ་ཆར་དུ་འབེབས་པའི་དགའ་སྟོན་ཅན། །ཕུན་ཚོགས་བཀྲ་ཤིས་མཆོག་གི་དུས་ཀུན་ཏུ། །རྣམ་པར་རྒྱལ་བའི་དཔལ་དུ་འགྲུབ་གྱུར་ཅིག །ཅེས་ཁྱབ་བདག་འཁོར་ལོའི་དབང་ཕྱུག་ཟུར་ཆེན་བླ་མ་ཆོས་དབྱིངས་རང་གྲོལ་གྱི་བརྟན་བཞུགས་ཚིགས་སུ་བཅད་པ་འདི་ནི་ཟ་ཧོར་གྱི་བནྡེས་སྦྱར་བ་སིདྡྷི་རསྟུ། །སྭསྟི་(༡༡ན)
པྲ་ཛཱབྷྱཿ མཆོག་གསུམ་ཐུགས་རྗེའི་དབྱར་གྱི་རྔ་གསང་སྒྲས། །ཕུན་ཚོགས་སྤུ་སྡུག་རྣམ་བཀྲ་གཙུག་ཕུད་ཅན། །བདེ་སྐྱེད་གར་བསྒྱུར་དབང་ཕྱུག་བརྒྱད་ལྡན་པའི། །མངལ་འཛིན་བསྐལ་པ་བཟང་པོར་སྤྱོད་གྱུར་ཅིག །དལ་འབྱོར་རྟེན་གྱི་ཆུ་གཏེར་ཆེན་པོ་ལ། །ལེགས་བྱས་རླུང་ཤུགས་དྲག་པོས་ཉེར་བསྐྱོད་པས། །ཚེ་དཔལ་སྟོབས་འབྱོར་རྦ་རླབས་སྲིད་པའི་རྩེར། །རབ་འཕྱུར་གཟེགས་མ་ཕྱོགས་བརྒྱར་འཐོར་གྱུར་ཅིག །མཐོ་རིས་ཐར་པའི་རིན་ཅེན་ཐེམ་སྐས་ལ། །འཛེགས་ཏེ་ཟུང་འཇུག་གྲུབ་པ་མཆོག་གི་ས། །དཔལ་ལྡན་སྟོབས་བཅུ་མངའ་བའི་གྲོང་ཁྱེར་དུ། །ལེགས་བཞུགས་དོན་གཉིས་ལྷུན་གྲུབ་དགེ་ལེགས་སྩོལ། །ཅེས་པ་འདི་ཡང་རྣམ་སྲས་གླིང་པ་ཕུན་ཚོགས་དབང་པོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་ཕོ་བྲང་ཆེན་པོ་པོ་ཏཱ་ལའི་གཟིམས་ཆུང་ཁམས་གསུམ་གཟིལ་གནོན་དུ་སྦྱར་བའོ། །འཇམ་མགོན་ངག་དབང་བློ་ཡི་དགའ་ཚལ་དུ། །ཕུན་ཚོགས་འབྲས་བཟང་དུད་པ་ཨ་མྲའི་ལྗོན། །རྒྱ་ཆེན་ཕན་དང་བདེ་བའི་གྲིབ་བསིལ་གང༌། །དབྱར་མཚོ་ལྟ་བུར་འཕེལ་མཛད་འོད་དཀར་ཅན། །སླུ་མེད་རྟེན་ཅིང་འབྲེལ་འབྱུང་ནམ་མཁའ་ལ། །མཆོག་གསུམ་ཐུགས་རྗེའི་རླུང་ཤུགས་ཀྱིས་དྲངས་ནས། །གངས་ཅན་ཕན་བདེའི་སྣང་བ་མ་ལུས་པ། །མྱུར་དུ་འགྱེད་པའི་དགའ་སྟོན་རྒྱས་པར་ཤོག །སྲིད་གསུམ་གཙོ་མོའི་འདོད་(༡༡བ)
ཁམས་དབང་ཕྱུག་སོགས། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །དེང་འདིར་ཡིད་ལ་སྨོན་པའི་འདོད་དོན་འབྲས། །ཐོགས་པ་མེད་པར་ལྷུན་གྱིས་གྲུབ་པར་མཛོད། །ཅེས་པ་འདི་ཡང་བི་རི་སྟོད་པ་དགེ་རྒྱས་ཀྱི་ཆོས་མཛད་མ་བསོད་ནམས་ཆོས་སྒྲོན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་གཡགས་གཞུང་དུ་སྦྱར་བའོ། །ཕུལ་བྱུང་བདུད་རྩིའི་དཔལ་སྟེར་ཚེ་དཔག་མེད། །རྒྱལ་བ་ཀུན་ཡུམ་ཡིད་བཞིན་འཁོར་ལོའི་ཞབས། །འཛད་མེད་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །དེང་འདིར་སྨོན་པའི་འབྲས་བུ་འགྲུབ་པར་མཛོད། །དཀྱིལ་འཁོར་འཁོར་ལོའི་མགོན་པོ་རྡོ་རྗེ་འཛིན། །རྨད་བྱུང་བསོད་ནམས་དམ་པའི་གཞིར་གྱུར་པ། །རྣམ་ཀུན་མཆོག་དང་ལྡན་པའི་རིག་པ་འཛིན། །བསྐལ་པ་རྒྱ་མཚོར་མི་གཡོ་ཞབས་བརྟན་ཤོག །སློབ་བཤད་ཟབ་མོའི་ཆོས་ཀྱི་གངྒཱའི་རྒྱུན། །ནམ་ཡང་ཆད་པ་མེད་པའི་ལེགས་བཤད་ཀྱི། །གངས་ཅན་བློ་བསལ་བྱེ་བའི་ཚོགས་རྣམས་ལ། །ཕན་དང་བདེ་བའི་དགའ་སྟོན་རྒྱས་གྱུར་ཅིག །ཅེས་རྗེ་བཙུན་བླ་མ་འ་ཞྭའི་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱི་བརྟན་བཞུགས་ཚིགས་སུ་བཅད་པ་འདི་ཡང་ཟ་ཧོར་གྱི་བནྡེས་སྦྱར་བའོ། །ཨཱ སི དྡྷི ར སྟུ ཀཱ ལཻ སྶ རྦྦ སྨཻ། བློ་གྲོས་རབ་ཡངས་བསྐལ་བཟང་དགའ་བའི་དཔལ། །ལུང་རྟོགས་བསྟན་པའི་རྗེས་སུ་ཉེར་ཞུགས་པས། །ཆུ་སྲིན་རྒྱལ་མཚན་སྡེ་ལས་རིང་གྱུར་ཅིག །གནས་ལྔར་མོས་བློ་འཛིན་པའི་རྗེ་འབངས་
བཅས། །བྱང་ཆུབ་སྙིང་པོའི་བདུད་རྩི་ཨ་མྲའི་བཅུད། །མྱོང་མིན་དེ་སྲིད་ཕན་པ་སྒྲུབ་པའི་སེམས། །ལྷག་བསམ་ཟླ་གཞོན་ལྟ་བུར་ཆེས་དཀར་བ། །རྒྱུན་ཆད་མེད་པར་ཡིད་ལ་འགྲོག་པར་བྱེད། །སརྦ་དཱཐཛཡནྟུ། །པདྨ་སྐུ་སྐྱེ་བློ་བཟང་བསྟན་པའི་རྒྱལ་མཚན་སངས་རྒྱས་མ་ཐོབ་ཀྱི་བར་དུ་རྗེས་སུ་འཛིན་པར་ཁས་འཆེ་བའི་སྨོན་ལམ་ཚིགས་བཅད་ཅིག་དགོས་ཚུལ་བྱུང་བ་ཁས་ལེན་པ་པོ་དང་ལེན་ཡུལ་གཉིས་གང་སྔོན་དུ་འཚང་རྒྱ་མི་ཤེས་པར་ནམ་མཁའ་སྟོང་པར་སྦར་ཚོད་འདི་རིགས་དཔྱོད་ལྡན་ཁྲེལ་བའི་གནས་ལས་མི་འདུག་རུང༌། སློབ་མ་ལ་སྙིང་ནས་མི་ཕྱེད་པའི་དད་པ་ཡོད་ན་བླ་མ་དེ་ངན་འགྲོར་ཡོད་ཀྱང་སློབ་མར་བྱིན་རླབས་འཇུག་པ་རྟེན་འབྲེལ་གྱི་ཆོས་ཉིད་དུ་བཤད་འདུག་ཅིང༌། དད་མོས་ཀྱི་རྟེན་འབྲེལ་མ་འགྲིག་ཀྱང་སྟོང་ཤོག་གི་ཧམ་པ་འདི་བླ་ཆེན་རྣམས་ཀྱི་སྤྱི་ཟོག་དྲག་ཤོས་ཡིན་པས་ཁོང་པ་ནན་ཆེས་པས་བྲིས་པ་ཡིན་ནོ། །ཡེ་ཤེས་མཆོག་གི་བཻཌཱུར་ཞུན་མའི་ཁམས། །དཔག་ཡས་ཚེ་ཡི་གཟུགས་སུ་གྲུབ་པའི་སྣོད། །འཆི་མེད་བདུད་རྩིའི་བཅུད་ཀྱི་ལེགས་གང་བ། །ལྷག་པའི་ལྷ་ཡི་བཀྲ་ཤིས་རྒྱ་མཚོ་སྩོལ། །ངག་གི་དབང་ཕྱུག་བློ་ལྡན་སྐལ་བཟང་ཀུན། །དགའ་སྐྱེད་ཐུབ་པའི་བསྟན་པ་རྒྱ་མཚོ་ཆེ། །བཤད་སྒྲུབ་རླབས་ཕྲེང་དུས་ལས་ཡོལ་མེད་པ། །བཤེས་གཉེན་གདེངས་ཅན་དབང་པོ་ཞབས་བརྟན་ཤོག །ངག་གི་དཔལ་མངའ་དབང་ཕྱུག་ཡོན་ཏན་(༡༢བ)
བརྒྱད། །ལེགས་ལྡན་མི་འཛད་བློ་གྲོས་གཏེར་ཆེན་པོ། །འགྲོ་རྣམས་སྐལ་བ་བཟང་པོར་ལེགས་བསྒྱུར་བ། །ཐུབ་བསྟན་རྒྱ་མཚོའི་སྡེ་གང་ཞབས་བརྟན་ཤོག །ཕུན་ཚོགས་ཀུན་ནས་ཡངས་པའི་གྲོང་ཁྱེར་ཅན། །ངེས་དོན་སྒྲུབ་བརྒྱུད་རིང་ལུགས་འདུས་ཚོགས་སྡེ། །སྲིད་མཐར་ཉམས་པ་མེད་པའི་ངོ་མཚར་གྱིས། །འགྲོ་བའི་བསོད་ནམས་མཆོད་སྡོང་ཆེར་རྒྱས་ཤོག །ཟླ་བ་བཞུན་མའི་འོད་ཀྱིས་བསྒྲུན་མིན་པ། །རྣམ་སྨིན་དཀར་པོར་འཛག་བྱེད་དགེ་བའི་དུང༌། །ལེགས་བྱས་གཡས་སུ་རབ་འཁྱིལ་དབྱངས་སྙན་པོ། །ཚངས་པའི་འཇིག་རྟེན་བར་དུ་སྒྲོག་གྱུར་ཅིག །ཅེས་པ་འདི་ཡང་ཡངས་པ་ཅན་གྱི་སྤྱན་སྔ་ཀརྨ་ཉི་མས་ཐོག་དྲངས་ཆོས་སྡེ་སྤྱི་ཚོགས་ཀྱིས་ནན་གྱིས་བསྐུལ་བ་ལ་རྟེན་ནས་ཟ་ཧོར་གྱི་བནྡེས་ཆོས་སྡེ་དེ་ཉིད་ཀྱི་ཉེ་འདབས་སུ་སྦྱར་བའོ། །རྩ་གསུམ་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ངག་གི་དབང་ཕྱུག་བློ་གྲོས་བྱེ་བའི་གཏེར། །ཕན་བདེའི་འབྲས་བཟང་རབ་སྨིན་ཡོངས་འདུའི་ལྗོན། །བསྐལ་པ་རྒྱ་མཚོའི་བར་དུ་བརྟན་གྱུར་ཅིག །ངག་དབང་འཇམ་དཔལ་དབྱངས་དངོས་འཛད་མེད་ཀྱི། །ཕུལ་བྱུང་བློ་གྲོས་མཆོག་ཏུ་རྒྱས་པའི་སྡེ། །གནས་སྐབས་ཚེ་དང་དཔལ་འབྱོར་ཀུན་འཕེལ་ཞིང༌། །མཐར་ཐུག་གདོད་མའི་ཡེ་ཤེས་མངོན་གྱུར་ཤོག །ཅེས་པ་འདི་ཡང་གཙུག་ལག་རྩིས་ཀྱི་གཞུང་ལུགས་ལ་རྣམ་དཔྱོད་ཅན་ནང་ར་ཆོས་མཛད་ངག་དབང་འཇམ་དཔལ་བློ་གྲོས་(༡༣ན)
མཆོག་གི་སྡེས་བསྐུལ་བ་བརྟེན་ནས། ཟ་ཧོར་གྱི་བནྡེས་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པའི་ཕོ་བྲང་གི་མདུན་དུ་སྦྱར་བའོ། །ཐུགས་རྗེའི་གཏེར་གྱུར་བླ་མ་ཡི་དམ་དང༌། །ཆོས་སྐྱོང་སྲུང་མའི་བྱིན་རླབས་ནུས་མཐུ་ཡིས། །མགོན་ཁྱེད་གངས་ཅན་བསྟན་འགྲོའི་ཉེར་འཚོའི་གཞིར། །མྱུར་དུ་ཕེབས་པའི་དོན་ཀུན་འགྲུབ་པར་མཛོད། །བདག་སོགས་འགྲོ་ཀུན་བར་ཆད་མི་མཐུན་ཕྱོགས། །ཀུན་ལས་རབ་རྒྱལ་ཚེ་དཔལ་ལོངས་སྤྱོད་རྒྱས། །མཐར་ཐུག་རྣམ་མཁྱེན་ཡེ་ཤེས་མངོན་བྱས་ཏེ། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་བི་རི་སྟོད་པ་དགེ་རྒྱས་ཀྱི་ཆོས་མཛད་མ་བསོད་ནམས་དཔལ་བཟང་གི་བསྐུལ་བའི་ངོར། ཟ་ཧོར་གྱི་བནྡེས་གཡགས་གཞུང་དུ་སྦྱར། །ཕུན་ཚོགས་དགེ་མཚན་རྒྱ་མཚོར་འཁྱིལ་བའི་དུང༌། །ངག་དབང་ཚངས་པའི་དབྱངས་སུ་འགྲན་བཟོད་པ། །བློ་གྲོས་མཆོག་གིས་སྐལ་བཟང་དགའ་བྱེད་པ། །ཐུབ་བསྟན་རྒྱ་མཚོའི་སྡེ་ལ་གསོལ་འདེབས། །མཆོག་གསུམ་ཐུགས་རྗེའི་ཟློས་གར་རྡོ་རྗེའི་ཁམས། །མི་འགྱུར་སེང་གེའི་གདན་ཁྲིར་གྲུབ་པའི་སྟེང༌། །རྗེ་བཙུན་བླ་མ་ཁྱབ་བདག་འཁོར་ལོའི་མགོན། །བསྐལ་པ་རྒྱ་མཚོར་མི་གཡོ་བརྟན་གྱུར་ཅིག །མཐུ་ལྡན་ཆོས་སྲུང་ནུས་པའི་ཤིང་རྟ་ཡིས། །དབང་ཕྱོགས་ལྷ་ཡི་ལམ་ལས་ཐོགས་མེད་དུ། །དྲངས་ཏེ་གངས་ཅན་ཕན་དང་བདེ་བའི་འོད། །(༡༣བ)
སྣང་བ་དམ་པའི་གཟི་བྱིན་འབར་གྱུར་ཅིག །སྒར་ཆེན་གོང་དུ་འདེགས་པའི་བཤུལ་དུ་ཐོག་མར་ཞུགས་ཉིན་གངས་ཅན་གྱི་ལྗོངས་སུ་གེགས་མེད་མྱུར་དུ་འབྱོར་བའི་སྨོན་ལམ་ཚིགས་སུ་བཅད་འདི་ཡང་ས་སྐྱོང་རྒྱ་རི་བ་ངག་དབང་དགའ་ལྡན་རབ་བརྟན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་ལྷུན་གྲུབ་རབ་བརྟན་དུ་སྦྱར་བའོ། །དལ་འབྱོར་རྟེན་ལ་ཤེས་རབ་དཔྱོད་ལྡན་ཅན། །འཁོར་བའི་མཚོ་ལས་སྒྲོལ་འདོད་བློ་ལྡན་མ། །ཚེ་འདིར་ཉེར་འཚེ་བར་ཆད་ཀུན་ཞི་ཞིང༌། །ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་པ་ཡང་ཨོ་རོད་གཡོན་རུའི་དཔོན་མོ་ཤེས་རབ་སྒྲོལ་མའི་ངོར་ཟ་ཧོར་གྱི་བནྡེས་འདམ་དོན་གཉིས་ལྷུན་གྲུབ་གླིང་དུ་སྦྱར་བའོ། །སྲིད་ཞིའི་གཙུག་ཏོར་བདེ་འབྱུང་རལ་པའི་རྩེར། །ཞབས་སེན་ཟླ་བའི་གཅོད་པཎ་འགོད་མཛད་པ། །བརྟན་པའི་འཁོར་ལོ་མི་ཡི་སྲིད་བཟུང་གར། །སྒྱུར་མཛད་ཀུན་མཁྱེན་ཙོང་ཁ་པ་ལ་འདུད། །གང་གི་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ། །ངག་གི་དབང་ཕྱུག་ལེགས་གྲུབ་རྣམ་དཔྱོད་ཀྱིས། །འདྲེན་མཛད་བློ་བསལ་འགྲོ་ལ་བཟང་པོའི་ལམ། །སྟོན་མཁས་ཐུབ་བསྟན་རྒྱ་མཚོའི་སྡེ་ལ་འདུད། །བྱིན་རླབས་གཏེར་གྱུར་རྩ་རྒྱུད་བླ་མ་དང༌། །དངོས་གྲུབ་འབྱུང་གནས་ཡི་དམ་ཞི་ཁྲོའི་ཚོགས། །བདུད་དཔུང་འདུལ་མཛད་ཆོས་སྐྱོང་སྲུང་མ་ཡི། །རྨད་བྱུང་མཁྱེན་བརྩེ་ནུས་པའི་མཐུ་སྟོབས་ཀྱིས། །ངག་གི་དབང་ཕྱུག་མི་ཟད་བློ་གྲོས་གཏེར། །སྐལ་བཟང་འགྲོ་ལ་(༡༤ན)
ལེགས་བཤད་བདུད་རྩིའི་དཔྱིད། །རྒྱ་ཆེན་བསྟན་འགྲོའི་ཕན་བདེ་དབྱར་མཚོ་ལྟར། །རྒྱས་མཛད་རྗེ་བཙུན་བླ་མ་ཉི་མོར་བྱེད། །ཤར་ཕྱོགས་རྒྱལ་པོའི་འདུན་སའི་ཕངས་པ་ཡི། །ཐུན་མཚམས་སྟེག་ལས་མྱུར་དུ་རབ་བབས་ཏེ། །དབུས་འགྱུར་ཁ་བས་བསྐོར་བ་བོད་ཡུལ་གྱི། །མཁའ་ལ་ཐོག་པ་མེད་པར་བགྲོད་པར་ཤོག །གངས་ཅན་འཛིན་མའི་ལྟོ་བར་སེང་གེའི་ཁྲིར། །མི་འགྱུར་རྡོ་རྗེ་ལྟ་བུར་རྟག་བཞུགས་ནས། །འཆད་རྩོད་རྩོམ་པས་ཐུབ་བསྟན་འཕེལ་མཛད་པའི། །འཕྲིན་ལས་སྲིད་མཐའི་བར་དུ་རྒྱས་གྱུར་ཅིག །མི་ཕྱེད་དད་པའི་གདུང་ཤུགས་དྲག་པོ་ཡིས། །མཆོག་གསུམ་རིན་ཆེན་ཐུགས་རྗེ་རབ་སྐུལ་ནས། །དེང་འདིར་འདོད་དོན་རེ་བ་ཡོངས་སྐོང་བར། །དཔག་བསམ་ཡོངས་འདུའི་དབང་པོ་ལྟར་གྱུར་ཅིག །དགེ་བ་དེས་ཀྱང་བདག་སོགས་འགྲོ་བ་རྣམས། །ཚེ་རབས་ཀུན་ཏུ་བཤེས་གཉེན་དམ་པ་ཡིས། །རྗེས་སུ་བཟུང་སྟེ་ཟབ་དང་རྒྱ་ཆེ་བ། །དམ་པའི་ཆོས་ལ་ལོངས་སུ་སྤྱོད་གྱུར་ཅིག །ཅེས་པ་འདི་ཡང་མདོ་རྒྱུད་རྒྱ་མཚོའི་ཕ་རོལ་དུ་སོན་པས་ཐུབ་བསྟན་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཆོས་རྗེ་དོན་གྲུབ་རྒྱ་མཚོས་ནན་ཏན་དུ་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་དཀར་ཐང་མར་ཁུའི་མཚོ་མོར་སྦྱར་བའི་ཡི་གེའི་ཟློས་གར་བསྒྱུར་བ་པོ་ནི་སློབ་དཔོན་མཁས་པའི་དབང་(༡༤བ)
པོ་སྨོན་འགྲོ་པཎ་ཆེན་ནོ། །སླུ་མེད་མཆོག་གསུམ་ཐུགས་རྗེའི་བྱིན་རླབས་དང༌། །བསྟན་སྲུང་རྒྱ་མཚོའི་ཚོགས་ཀྱི་ནུས་སྟོབས་དཔུང༌། །རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པའི་མཐུ། །ཁྲིམས་ལྡན་འདུས་སྡེའི་ཤུགས་དྲག་སྨོན་ལམ་ལས། །ངག་དབང་དབྱངས་ཅན་ལྷ་མོས་རྗེས་བཟུང་བའི། །བློ་གྲོས་བཟང་པོས་རྒྱ་ཆེན་གཙུག་ལག་ཀུན། །མགྲིན་པར་ལེགས་བཤད་ཡིད་བཞིན་མཚོ་འཁྱིལ་བ། །འཇམ་དབྱངས་དགའ་བའི་བཤེས་གཉེན་དམ་པ་གང༌། །དབུས་འགྱུར་ལུང་རྟོགས་བསྟན་པའི་འབྲས་བཟང་ཀུན། །འཕྱུར་བུར་ལེགས་སྤུངས་དགའ་བདེར་ལེགས་སྤྱད་ནས། །དཔལ་ལྡན་གྲུ་འཛིན་གཉིས་པའི་ཕོ་བྲང་ཆེར། །མི་འགྱུར་རྡོ་རྗེའི་ཁྲི་ལ་བརྟན་གྱུར་ཅིག །འཆད་རྩོད་རྩོམ་དང་ཐོས་བསམ་སྒོམ་ལ་སོགས། །ཕུལ་བྱུང་རྣམ་པར་དཀར་བའི་འཕྲིན་ལས་ཀྱིས། །མཁའ་ཁྱབ་འགྲོ་ཀུན་ཕན་བདེའི་སར་འགོད་པའི། །བཞེད་དོན་མ་ལུས་གེགས་མེད་འགྲུབ་གྱུར་ཅིག །ཅེས་པ་འདི་ཡང་རྒྱ་ནག་ཕོ་བྲང་ཆེན་པོའི་བྱ་འདབས་ཀྱི་ལྷ་ཁང་སེར་པོའི་སློབ་དཔོན་བསམ་བློ་སྦྱིན་པ་རྒྱ་མཚོས་བསྐུལ་བ་ལ་རྟེན་ནས་ཟ་ཧོར་གྱི་བནྡེས་བྲིས་པའོ། །རྒྱལ་བ་སྲས་བཅས་ཉན་རང་འཕགས་པ་དང༌། །རིག་འཛིན་ལྷ་དང་དྲང་སྲོང་གྲུབ་པ་སོགས། །སླུ་མེད་བདེན་པའི་ཚིག་ལ་དབང་ཐོབ་པ། །ཀུན་གྱི་སྨོན་ལམ་འགྲུབ་པའི་གྲོགས་མཛོད་ཅིག །སྦྱིན་སོགས་ཕྱིན་དྲུག་རྒྱལ་སྲས་སྤྱོད་པ་ལ། །(༡༥ན)
མོས་པའི་བློ་ལྡན་འདུས་ཚོགས་རྒྱ་མཚོ་རྣམས། །ཚེ་རབས་ཀུན་ཏུ་དལ་འབྱོར་རྟེན་ཐོབ་ཅིང༌། །དགེ་བའི་བཤེས་ཀྱི་རྗེས་སུ་འཛིན་པར་ཤོག །མཐའ་ཡས་ཆོས་ཀུན་ཐོས་པས་སྒྲོ་འདོགས་བཅད། །དེ་དོན་རྣམ་འབྱེད་ཤེས་རབ་རྩལ་གྱི་བསམས། །ཚུལ་བཞིན་བསྒྲུབས་པས་རྣམ་པ་ཐམས་ཅད་མཁྱེན། །མངོན་དུ་བྱས་ནས་དོན་གཉིས་འགྲུབ་པར་ཤོག །དེ་ཐོབ་མ་གྱུར་ཚེ་རབས་ཐམས་ཅད་དུ། །དམ་ཆོས་སྣོད་ལྡན་གདུལ་བྱ་གཟུར་གནས་ཅན། །དགེ་བའི་བཤེས་ཀྱི་རྗེས་སུ་འབྲང་བ་ལ། །རྟག་ཏུ་ངུ་ཡི་རྣམ་ཐར་འཛིན་པར་ཤོག །རྣམ་དག་ཚུལ་ཁྲིམས་རྩ་བ་རབ་ཏུ་བརྟན། །བྱང་ཆུབ་སེམས་ཀྱི་ལོ་འདབས་ཕང་ཕུང་གཡོ། །རྡོ་རྗེ་རྣལ་འབྱོར་འབྲས་བུའི་ཁུར་དུད་པ། །སྔོན་མེད་ཡོངས་འདུའི་དབང་པོ་ལྟར་གྱུར་ཅིག །དེ་ལྟར་སྨོན་ལམ་ཡིད་བཞིན་ནོར་བུ་མཆོག །དད་པའི་རྒྱལ་མཚན་རྩེ་མོར་རབ་བཀོད་ནས། །ཅི་བསམ་རེ་བ་ལེགས་སྐོང་འདོད་དགུའི་ཆར། །ས་སྟེང་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་ལྷ་ཁང་སེར་པོའི་བླ་མ་བསམ་བློ་རབ་འབྱམས་པ་སྦྱིན་པ་རྒྱ་མཚོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྲིས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༌། །ལྷ་མིའི་དྲང་སྲོང་བདེན་ཚིག་གྲུབ་རྣམས་ཀྱིས། །ངག་དབང་བློ་བསལ་སྐལ་བཟང་རྒྱ་མཚོའི་སྡེ། །རྡོ་རྗེ་ལྟ་བུར་སྐུ་ཚེ་བརྟན་པར་ཤོག །མྱུར་དུ་གངས་ཅན་ལྗོངས་དེར་ཐོག་མེད་དུ། །བགྲོད་(༡༥བ)
པར་གེགས་མེད་བསམ་པ་ལྷུན་གྲུབ་ཅིང༌། །བདག་སོགས་རྣམས་ཀྱི་ནད་གདོན་བར་གཅོད་ཀུན། །ཞི་ཞིང་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །དཀར་ཕྱོགས་མཐུ་སྟོབས་རྒྱལ་མཚན་སྲིད་རྩེར་བསྒྲེངས། །ནག་ཕྱོགས་མི་ཕྱུགས་ནད་རིམ་འཁྲུག་རྩོད་ཞི། །བདེ་སྐྱིད་ཉི་མོའི་སྣང་བ་རབ་རྒྱས་པའི། །སྨོན་ལམ་མ་ལུས་ཐོག་མེད་འགྲུབ་གྱུར་ཅིག །ཅེས་པ་འདི་ཡང་སྒར་ཆེན་ཕོ་བྲང་ནས་ཡར་བཏེག་པའི་བྱང་ཏལ་སྒར་ཡོད་སྐབས་སྒར་སྤྱི་སོའི་འདོད་པ་ལྟར་ཁྲོམ་དབང་བསྐུར་ཅིང་བརྟན་བཞུགས་ཀྱི་རྟེན་འབྲེལ་བསྒྲིག་དུས་སྒར་དམངས་རྣམས་ཀྱིས་ངེད་ཡུན་དུ་འཚོ་བ་དང་སྤྱི་སྒེར་གྱི་བར་ཆད་སེལ་བའི་སྨོན་ལམ་ཚིགས་བཅད་འདི་བཞིན་དགོས་ཞེས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །སླུ་མེད་དཀོན་མཆོག་རིན་ཆེན་རྣམ་གསུམ་གྱི། །དམིགས་མེད་ཐུགས་རྗེ་ཆེན་པོའི་བྱིན་རླབས་པས། །མཐའ་མེད་འཁོར་བར་འཁྱམ་པའི་བདག་སོགས་འགྲོ། །འཇིགས་མེད་སྟོབས་བཅུའི་གོ་འཕང་ཐོབ་པར་ཤོག །ཚུལ་དེ་མ་ཐོབ་ཚེ་རབ་ཐམས་ཅད་དུ། །དལ་བརྒྱད་འབྱོར་བཅུ་ཚང་བའི་སྲིད་བཟུང་ནས། །རྗེ་བཙུན་བླ་མ་མཆོག་གི་ཞབས་དྲུང་དུ། །འབྲལ་མེད་དམ་པའི་ཆོས་ལ་སྤྱོད་པར་ཤོག །ཁྱད་པར་གཞོན་ནུ་རབ་བྱུང་ཚངས་སྤྱོད་ཀྱི། །ཚུལ་ཁྲིམས་མིག་འབྲས་ལྟར་སྲུང་བསླབ་གསུམ་ལྡན། །འགྲོ་བའི་བསོད་ནམས་ཞིང་གི་མཆོག་གྱུར་ནས། །(༡༦ན)
མྱང་འདས་རིན་ཆེན་གླིང་དུ་བགྲོད་པར་ཤོག །ནད་གདོན་བར་ཆད་མི་མཐུན་ཕྱོགས་ཀུན་གྱིས། །སྐད་ཅིག་ཙམ་ཡང་འཚེ་བར་མི་ནུས་ཤིང༌། །ཚེ་དང་བསོད་ནམས་ལུང་རྟོགས་ཡོན་ཏན་སོགས། །ལེགས་ཚོགས་མ་ལུས་འཕེལ་བར་བྱིན་གྱིས་རློབས། །ཞེས་པ་འདི་ཡང་རྒྱ་ནག་གི་རྒྱལ་ཁམས་མྱུལ་བའི་ཚེ་མགོན་པོ་གུན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །འཇམ་མགོན་ལང་ཚོ་དར་བབས་མཁྱེན་པའི་གཞིར། །ཐུབ་བསྟན་དཔག་བསམ་སྡོང་པོ་རབ་རྒྱས་པ། །བློ་བཟང་གྲགས་སྙན་རིང་ལུགས་གྲིབ་བསིལ་ལ། །འགྲོ་ཀུན་ལོངས་སུ་སྤྱོད་པའི་བཀྲ་ཤིས་ཤོག །ཕུལ་བྱུང་བསོད་ནམས་མཆོག་ཏུ་རབ་བརྟན་ཅིང༌། །ཐུབ་བསྟན་ལེགས་སྐྱོང་ས་དབང་ཆོས་ཀྱི་རྒྱལ། །གནམ་སྐོས་ས་ཡི་ཚངས་པའི་སྐུ་ཚེ་དང༌། །མཚན་ཇུས་མངའ་ཐང་ཕྱོགས་བཅུར་རྒྱས་པར་ཤོག །ལེགས་བྱས་བྱེ་བའི་ཡིད་བཞིན་དབང་གི་རྒྱལ། །སྡེ་བཞིའི་འདོད་རྒུ་ཆར་དུ་བསྙིལ་བའི་འབྲས། །རབ་ཡངས་ནོར་འཛིན་ཁྱོན་ཀུན་ཡོངས་ཁྱབ་པའི། །ཕན་བདེའི་དཔལ་གྱིས་དུས་ཀུན་ཁྱབ་གྱུར་ཅིག །ཅེས་སྨོན་ལམ་ཆེན་མོའི་དམ་བཅའི་སྐབས་མ་ཎི་བསྐུལ་རྒྱུའི་ཚིགས་བཅད་བརྟན་བཞུགས་འདི་ནི་དཀོན་མཆོག་བློ་གྲོས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །འཇའ་འོད་གུར་ནང་པད་དཀར་ཟླ་བའི་སྟེང༌། །འཆི་མེད་དཔལ་སྟེར་(༡༦བ)
འཇོ་སྒེག་ལྷ་མོའི་གཟུགས། །རྒྱལ་ཡུམ་ཡིད་བཞིན་འཁོར་ལོའི་བསིལ་བྱིན་མཁན། །ཡིད་མཁར་འགོག་མེད་རྟག་པར་འཆར་དུ་གསོལ། །རྨད་བྱུང་མཆོད་ཚོགས་སྤྲིན་ཕུང་འཁྲིགས་པ་ལས། དངོས་གྲུབ་འཛད་པ་མེད་པའི་ཆར་རྒྱུན་གྱིས། །ཕན་བདེ་མྱུ་གུའི་ཁྲི་ཤིང་གཡུར་ཟ་བའི། །དོན་གཉིས་འབྲས་བུར་སྤྱོད་པའི་དགའ་སྟོན་སྩོལ། ཁྱད་པར་བློ་བཟང་གྲགས་སྙན་རབ་འབར་བསྟན། །སྟོབས་ཀྱི་འཁོར་ལོས་ལེགས་འཛིན་ཆོད་ཀྱི་རྒྱལ། །གནམ་སའི་དབང་ཕྱུག་སྦྱིན་པའི་བདག་པོ་ལ། །ཚེ་དཔལ་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨོཾ་ཏཱ་རེ་ཏུ་ཏྟ་རེ་ཏུ་རེ་དཱ་ན་པ་ཏཱེ་རཱ་ཡུཿཔུཎྱ་པུཥྟིཾ་ཀུ་རུ་སྭཱཧཱ། ཞེས་པ་འདི་ནི་བསྟན་པ་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པའི་རྒྱན་གྱིས་མཛེས་ཤིང་ཡངས་པའི་ས་ཆེན་པོ་སྐྱོང་བར་དཔའ་མཛངས་རྟུལ་ཕོད་པའི་རྣམ་དཔྱོད་ཅན་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་བྲོ་འཚལ་བའི་སྐབས། བར་ཆད་སེལ་བའི་རིམ་གྲོར་དམིགས་སྟེ་ཟ་ཧོར་གྱི་བནྡེས་ཆོས་སྡེ་ཆེན་པོ་སེ་འབྲས་གཉིས་ཀྱི་དགེ་འདུན་འདུས་པའི་ཞལ་འདོན་དུ་སྦྱར་བའོ། །ཐབས་ཤེས་ཟུང་འཇུག་འཆི་མེད་བདུད་རྩིའི་དཔྱིད། །རྒྱལ་ཀུན་གསང་བ་རབ་འབྱམས་འཁོར་ལོའི་མཛོད། །རིགས་བརྒྱའི་ཁྱབ་བདག་དབང་པོར་ལྷུན་གྲུབ་པ། །ལྷར་བཅས་འགྲོ་བའི་གཙུག་ན་རྒྱས་གྱུར་ཅིག །དུས་གསུམ་རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་གར། །མཐའ་ཡས་གདུལ་བྱའི་ཡིད་མཁར་ལེགས་ཤར་བ། །མཁས་བཙུན་གྲུབ་པའི་འཁོར་ལོས་བསྒྱུར་བ་(༡༧ན)
མཆོག །གྲངས་མེད་སྐྱེ་དགུའི་ཉེར་འཚོར་རྟག་བཞུགས་གསོལ། །ཡེ་ཤེས་འཇའ་ཚོན་རྣམ་བཀྲའི་གུར་ཁྱིམ་ནས། །སིནྡུ་ཝ་རའི་མདངས་འཛིན་ངག་གི་ལྷ། །བསྟན་པའི་འཁོར་ལོ་ཀུན་མཁྱེན་ཙོང་ཁ་པའི། །དྲི་མེད་རིང་ལུགས་སྤེལ་ཕྱིར་རྟག་བཞུགས་གསོལ། །ངོ་མཚར་དག་པ་འོག་མིན་ཞིང་ཁམས་ནས། །ལྷག་བསམ་རིན་ཆེན་ཐེམ་སྐས་ལས་བབས་ཏེ། །ཁ་བའི་ལྗོངས་འདིར་བསྒྱུར་བའི་ངུར་མིག་གར། །གྲངས་མེད་གདུལ་བྱའི་མགོན་དུ་རྟག་བཞུགས་གསོལ། །མཁའ་ཁྱབ་དག་པ་དོན་དམ་དབྱིངས་ཉིད་ནས། །ཀུན་རྫོབ་སྤྲོས་པའི་སྣང་བ་འཆར་བཞིན་དུ། །དམན་པའི་ལམ་གྱི་རྗེས་འགྲོ་ཞི་བདེའི་ཚུལ། །རྣམ་འདྲེན་མཛད་པ་མིན་ཕྱིར་རྟག་བཞུགས་གསོལ། །ལེགས་པའི་ཆ་བསགས་དཔལ་ལྡན་ཀ་ལ་པར། །འཇམ་དཔལ་དབྱངས་དངོས་སྙན་པའི་གྲགས་འབར་བ། །བསམ་བཞིན་ས་ལའི་ལྗོངས་སུ་སྲིད་བཟུང་བ། །མི་འགྱུར་རྡོ་རྗེའི་གདན་ལ་རྟག་བཞུགས་གསོལ། །སྡེ་བཞིའི་དཔལ་ལྡན་དྲག་པོའི་བརྟུལ་ཞུགས་ཀྱིས། །ཀླ་ཀློ་མཐར་བྱེད་སྟོབས་ཀྱིས་འཁོར་ལོས་བསྒྱུར། །དུམ་བུ་བཅུ་གཉིས་ས་ལ་སྤྱོད་མིན་པར། །འགྲོ་ལ་ཆོས་འཁོར་སྐོར་ཕྱིར་རྟག་བཞུགས་གསོལ། །དགེ་བཅུའི་མངལ་ཁུར་ནོར་འཛིན་ལུས་ཕྲའི་ལྟོར། །ཡང་དག་ལམ་དུ་སྲིད་འཁྱམས་འགྲོ་བ་རྣམས། །རྗེས་སུ་བཟུང་བ་ནོར་བུའི་དོ་ཤལ་གྱིས། །སྐལ་བཟང་རྒྱན་དུ་སྤུད་པའི་བཀའ་དྲིན་སྩོལལ། །བློ་གྲོས་རབ་ཡངས་མཁས་བཙུན་(༡༧བ)
བཟང་པོ་ཡིས། །ལུང་རྟོགས་ཆོས་ཀྱི་དགའ་སྟོན་སྩོལ་མཁས་པ། །འཇམ་དཔལ་སྙིང་པོའི་རིང་ལུགས་རྒྱལ་མཚན་མཆོག །སྲིད་པའི་རྩེ་མོའི་བར་དུ་བསྒྲེང་བར་ཤོག །དགེ་ལེགས་ས་བོན་དར་ལ་ཡོངས་བབས་པ། །འགྲོ་བའི་ལེགས་བྱས་འཛམྦུའི་ལྗོན་ཤིང་འབྲས། །མི་འཛད་ལོངས་སུ་སྤྱོད་པའི་སུ་ཝརྞས། །སྲིད་ཞིའི་དབུལ་བ་དྲུང་ནས་འབྱིན་པར་ཤོག །ཚེ་དཔག་མེད་མགོན་རྣམ་པར་རྒྱལ་མ་དང༌། །རྗེ་བཙུན་ཡིད་བཞིན་འཁོར་ལོ་ལ་སོགས་པ། །མཆོག་གསུམ་དམ་པའི་བཀྲ་ཤིས་ནཱ་དའི་སྒྲ། །གཞོམ་མེད་དབྱངས་ཀྱི་ང་རོ་སྒྲོག་གྱུར་ཅིག །ཅེས་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་པོ་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་བསྟན་འགྲོའི་ཉེར་འཚོར་ཞབས་པད་བརྟན་པའི་རྟེན་འབྱུང་གི་ཚིགས་སུ་བཅད་པ་འདི་ནི་ཟ་ཧོར་གྱི་བནྡེས་ཕོ་བྲང་བསམ་གྲུབ་རྩེར་བྲིས་ཏེ་ཕུལ་བ་སིདྡྷི་རསྟུ། །དཔལ་ལྡན་མི་ཕམ་ཐུགས་རྗེའི་རིན་ཅེན་ཁམས། །རྒྱ་བོད་གནས་ལྔ་རིག་པའི་པཎྜི་ཏར། །ལེགས་གྲུབ་རྒྱལ་བ་གཉིས་པ་བུ་སྟོན་རྗེའི། །མཁྱེན་བརྩེ་ནུས་པས་ཕན་བདེའི་དཔལ་སྩོལ་ཅིག །རྨད་བྱུང་འཆི་མེད་བདུད་རྩིའི་ཆུ་གཏེར་ཆེ། །ནམ་ཡང་འཇིགས་པ་མེད་པའི་རླབས་ཕྲེང་ཅན། །ཚེ་དཔལ་ཡིད་བཞིན་ནོར་བུའི་འདོད་འཇོ་མཁན། །འཁོར་ལོའི་མགོན་གྱི་ཡུམ་དེས་རྟག་ཏུ་སྐྱོངས། །གསུང་ངག་རྡོ་རྗེའི་དབྱངས་ལྡན་དབང་ཕྱུག་བརྒྱད། །ལྷུན་གྲུབ་བློ་གསལ་སྐལ་བཟང་དགའ་བའི་བཤེས།(༡༨ན)
།རྒྱ་ཆེན་གསུང་རབ་འཆད་ལ་མཚོ་བྱུང་མའི། །རྗེས་འགྲོ་རྡོ་རྗེའི་ཁྲི་ལ་བརྟན་གྱུར་ཅིག །འཆད་རྩོད་རྩོམ་པར་འཇིག་བྲལ་སེང་གེའི་སྒྲ། །གཞོམ་མེད་རྣམ་པར་དཔྱོད་པའི་གོ་ཆ་ཅན། །ཐུབ་བསྟན་ཐོས་བསམ་སྒོམ་པ་ལང་ཚོའི་སྡེ། །སྲིད་མཐའི་བར་དུ་གཡོ་མེད་བརྟན་གྱུར་ཅིག །ཕུན་ཚོགས་རབ་དཀར་དགེ་བའི་ཀེ་ལ་ཤ །མ་རྨད་སྨོན་ལམ་ཚ་ཟེར་གྱིས་ཞུ་བའི། །ལེགས་བྱས་འཛད་པ་མེད་པ་ཆུ་བོའི་རྒྱུན། །བྱང་ཆུབ་མཆོག་གི་རྒྱ་མཚོར་བབས་གྱུར་ཅིག །མ་འདྲིས་འགྲོ་བ་ཀུན་ལ་མཛའ་བའི་གཉེན། །སྟོབས་བཅུའི་རྩལ་འཆང་ཟས་གཙང་སྲས་པོ་ཡི། །ལུང་དང་རྟོགས་པའི་རིང་ལུགས་གདུག་དཀར་པོ། །སྲིད་པའི་རྩེ་མོའི་བར་དུ་འཁོར་གྱུར་ཅིག །ཁྱད་པར་རྣལ་འབྱོར་དབང་ཕྱུག་སྠ་བི་ར། །གནས་ལྔ་ཀུན་མཁྱེན་ཤཱཀྱ་ཤྲཱིའི་ཞབས། །བསམ་བཞིན་སྐྱེ་བའི་ཟློས་གར་བུ་སྟོན་རྗེའི། །མདོ་སྔགས་བཤད་སྒྲུབ་བསྟན་པ་རྒྱས་གྱུར་ཅིག །རིང་ལུགས་གསེར་གྱི་ཤིང་རྟ་འདྲེན་པའི་གྱད། །བཟང་པོའི་བག་ཆགས་ཡོངས་སད་ལྡོང་གི་རིགས། །ལས་དང་བསྐལ་བར་ལྡན་པའི་རྗེས་འཇུག་གི །བསྟན་འཛིན་དབྱར་གྱི་མཚོ་ལྟར་འཕེལ་གྱུར་ཅིག །སུམ་རྩེན་ས་ལ་འཕོས་འདྲ་གསེར་བཀང་ཞེས། །ངོ་མཚར་རྟེན་དང་བརྟེན་པའི་འཁོར་ལོ་ཅན། །གངས་ཅན་རི་བོའི་ཕུག་ན་དབེན་པའི་གནས། །ཁྲིམས་ལྡན་འདུས་སྡེ་རྟག་ཏུ་རྒྱས་གྱུར་ཅིག །བསྐལ་བ་བཟང་པོའི་རྣམ་འདྲེན་བདུན་པ་མཆོག །དམ་པའི་ཆོས་ཀྱི་ཉི་འོད་རབ་གསལ་བ། །(༡༨བ)
སྔོན་མེད་རྫོགས་ལྡན་གསར་པའི་དགའ་སྟོན་ལ། །འགྲོ་ཀུན་ལོངས་སུ་ལེགས་སྤྱོད་བཀྲ་ཤིས་ཤོག །ཅེས་ངེད་རང་གི་མིང་སྒྲ་ཐོན་པའི་གསོལ་འདེབས་བརྟན་བཞུགས་བསྟན་པ་སྤྱི་དང་བྱེ་བྲག་ཞ་ལུ་བའི་རིང་ལུགས་འཕེལ་བའི་སྨོན་ལམ་དང་བཅས་པ་འདི་ནི། ཆོས་སྡེ་ཆེན་པོ་ཞ་ལུ་རི་མཐིལ་གྱི་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར། ཟ་ཧོར་གྱི་བནྡེས་གསེར་བཀང་གི་ཉེ་འདབས་སུ་སྦྱར་བའོ། །བདག་དང་འགྲོ་བ་སེམས་ཅན་མ་ལུས་པ། །དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་མཆི། །འགྲོ་ཀུན་སྲིད་པའི་རྒྱ་མཚོ་ལས་སྒྲལ་ཕྱིར། །སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་སྐྱེད་དོ། །མདུན་གྱི་ནམ་མཁར་སེང་གེས་བཏེག་པ་ཡི། །པད་དཀར་ཟླ་བའི་དཀྱིལ་འཁོར་རྒྱས་པའི་སྟེང༌། །རྩ་རྒྱུད་བླ་མ་དུས་གསུམ་རྒྱས་སྲས་དང༌། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་པའི། །སྐྱབས་གསུམ་ངོ་བོ་འཕགས་མཆོག་སྤྱན་རས་གཟིགས། །ཞལ་གཅིག་ཕྱག་བཞི་ཞི་ཞིང་འཛུམ་པའི་ཉམས། །རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །ལྷག་མ་གཉིས་ཀྱི་ཤེལ་འཕྲེང་པད་ཀར་འཛིན། །རིན་ཆེན་རྒྱན་དང་དར་གྱི་ན་བཟའ་གསོལ། །ཀྲི་ཥྞ་སཱ་རའི་པགས་པ་ཕྲག་པར་བཀལ། །བལྟ་བས་མི་ངོམས་མཚན་དཔེའི་ལང་ཚོ་ཅན། །ཞབས་གཉིས་མི་ཕྱེད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །སྟེང་འོག་ཕྱོགས་མཚམས་བླ་མ་ཡི་དམ་ལྷ། །སངས་རྒྱས་བྱང་སེམས་ཉན་ཐོས་རང་རྒྱལ་དང༌། །དཔའ་བོ་མཁའ་འགྲོ་(༡༩ན)
ཆོས་སྐྱོང་སྲུང་མ་སོགས། །སྤྲིན་གྱི་ཕུང་པོ་ལྟ་བུར་བཞུགས་སུ་གསོལ། །རང་ལུས་བྱེ་བ་ཕྲག་བརྒྱའི་ཞིང་ཁམས་ཀྱི། །རྡུལ་གྱི་གྲངས་དང་མཉམ་པར་རབ་སྤྲུལ་ནས། །བསླུ་བ་མེད་པའི་སྐྱབས་གནས་ཚོགས་རྣམས་ལ། །མི་ཕྱེད་དང་བའི་ཡིད་ཀྱི་ཕྱག་འཚལ་ལོ། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཆེན་པོ། །ས་དང་བར་སྣང་མ་ལུས་ཡོངས་བཀང་སྟེ། །དུས་གསུམ་བསགས་དང་བསག་འགྱུར་དགེ་ཚོགས་དང༌། །ལྷན་ཅིག་གུས་པའི་ཡིད་ཀྱིས་དབུལ་བར་བགྱི། །ཐོག་མེད་དུས་ནས་ད་ལྟའི་བར་དག་ཏུ། །མི་བཟད་ཉོན་མོངས་དུག་གསུམ་དབང་གྱུར་ཏེ། །གྲངས་མེད་བསགས་པའི་ནག་པོའི་ལས་རྣམས་ཀུན། །གཉེན་པོ་སྟོབས་བཞིའི་སྒོ་ནས་ལེགས་པར་བཤགས། །བདག་གཞན་རྣམས་ཀྱི་ད་ལྟ་དུས་གསུམ་དུ། །བྱས་དང་བྱེད་བཞིན་བྱེད་པར་འགྱུར་བ་ཡི། །ཕུན་ཚོགས་རྣམ་དཀར་དགེ་བ་ཅི་མཆིས་པར། །སྙིང་ནས་དང་བས་རྗེས་སུ་ཡིད་རང་ངོ༌། །དུས་གསུམ་བྱོན་དང་འབྱོན་འགྱུར་བྱོན་བཞིན་པ། །རྣམ་འདྲེན་སློབ་མར་བཅས་པའི་ཚོགས་རྣམས་ཀྱིས། །ལུས་ཅན་རྣམས་ལ་ཟབ་དང་རྒྱ་ཆེ་བའི། །དམ་ཆོས་རྒྱུན་ཆད་མེད་པར་བསྐོར་བར་བསྐུལ། །མཆོག་དམན་སྐྱེ་དགུ་ཀུན་གྱིས་མངོན་སུམ་དུ། །མཐོང་བའི་བསྐལ་བ་ཅན་གྱུར་གཟུགས་ཀྱི་སྐུ། །ཉི་ཟླའི་འོད་ཀྱིས་འཇིག་རྟེན་མུན་པའི་དཔུང༌། །སེལ་བ་ཇི་སྲིད་བརྟན་པར་བཞུགས་སུ་གསོལ། །འབད་པ་ཆེན་པོས་ལུས་ངག་ཡིད་གསུམ་གྱིས། །ཇི་སྙེད་བསགས་པའི་དགེ་ཚོགས་མ་ལུས་པ། །མཁའ་མཉམ་མར་(༡༩བ)
གྱུར་འགྲོ་བ་སྒྲོལ་སླད་དུ། །རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་ཕྱིར་བསྔོ། །གྲངས་མེད་རྒྱལ་བ་ཀུན་གྱི་ཐུགས་རྗེའི་གཏེར། །བཞིན་ལག་གཟུགས་སུ་ཤར་བ་པད་དཀར་འཆང༌། །མ་འདྲིས་འགྲོ་བ་ཀུན་གྱི་མཛའ་བའི་བཤེས། །སླུ་མེད་གཏན་གྱི་སྐྱབས་ཁྱོད་བདག་ལ་དགོངས། །ཐོག་མེད་དུས་ནས་གཏི་མུག་མུན་པས་བསྒྲིབས། །བླངས་དང་དོར་བྱར་བལྟ་བའི་བློ་མིག་ལྡོངས། །མི་དགེའི་ལས་ལ་བག་མེད་སྤྱད་པའི་མཐུས། །མི་ཟད་འཁོར་བའི་རྒྱ་མཚོའི་ནང་དུ་བྱིང༌། །དངོས་སུ་བཟོད་པར་དཀའ་བའི་སྡུག་བསྔལ་ཅན། །ཉམ་ཐག་དམྱལ་བ་ཡི་དྭགས་དུད་འགྲོའི་རྟེན། །སྡུག་བསྔལ་བདེ་བར་རློམས་པ་ལྷ་མིའི་ལུས། །འདབ་ཆགས་མཁའ་ལ་འཕུར་བ་ཇི་བཞིན་དུ། །འདུ་བྱེད་གྱིས་མནར་གཟུགས་དང་གཟུགས་མེད་ལྷ། །སྐྱེ་རྒ་ན་འཆིའི་རྒྱ་ལས་མ་གྲོལ་བའི། །ཚུལ་འདི་བསམས་ཚེ་སྒོ་གསུམ་ངལ་བའི་གནས། །དེ་ཕྱིར་མཆོག་གསུམ་ངོ་བོར་གསོལ་འདེབས་ན། །འཁོར་བ་མེ་ཡི་དོང་ལས་སྐྱབས་ཏུ་གསོལ། །སྲིད་པའི་དཔལ་འབྱོར་ཆུ་བོ་ཆེ་ལས་སྒྲོལ། །རང་བདེ་ཞི་བའི་འབྲོག་དགོན་གནས་ལས་དྲོངས། །རྣམ་མཁྱེན་རིན་ཆེན་གླིང་དུ་ཉེར་ཁྲིད་གསོལ། །གལ་ཏེ་ཚེ་འདིར་སྟོབས་བཅུ་མངའ་བ་ཡི། །གོ་འཕང་ཐོབ་པའི་སྐལ་པ་དམན་གྱུར་ན། །འཆི་ཚེ་གཏན་གྱི་སྐྱབས་ཁྱོད་དངོས་བྱོན་ནས། །བདེ་བ་ཅན་གྱི་ཞིང་དུ་དྲངས་དུ་གསོལ། །རྒྱས་པར་འདོད་ན། ཐེག་གསུམ་དམ་པའི་ཆོས་རྣམས་མ་ལུས་པ། །སྩོལ་མཛད་དངོས་གྲུབ་ཀུན་གྱི་འབྱུང་གནས་མཆོག །(༢༠ན)
བཤེས་གཉེན་དམ་པ་གཙུག་གི་ནོར་བུ་ལྟར། །འབྲལ་མེད་ཚུལ་བཞིན་བསྟེན་པར་བྱིན་གྱིས་རློབས། །དལ་འབྱོར་ཡིད་བཞིན་ནོར་ལྟར་རྙེད་པ་དཀའ། །རྙེད་ཀྱང་ཆུ་ལྦུར་བཞིན་དུ་འཇིག་པར་སླ། །ཤི་བའི་འོག་ཏུ་ལས་ཀྱི་གཞན་དབང་ཅན། །རྒྱུ་འབྲས་ཚུལ་ལ་ངེས་ཤེས་འདྲོངས་བར་ཤོག །མ་རིག་འཁྲུལ་པའི་དབང་གིས་སྡིག་པའི་ལས། །དངོས་དང་བརྒྱུད་པའི་སྒོ་ནས་རབ་བསགས་པས། །ངན་སོང་གནས་སུ་སྐྱེ་བར་འགྱུར་བའི་ཚུལ། །རྟོགས་ཏེ་སྐྱབས་གནས་འཚོལ་བར་བྱིན་གྱིས་རློབས། །གདུལ་བྱ་རྗེས་སུ་འཛིན་པའི་ཡོན་ཏན་ཀུན། །མངོན་གྱུར་བསླུ་བ་མེད་པའི་མགོན་གཅིག་པུ། །དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་འགྲོ་ཞིང༌། །བསླབ་བྱར་ཉམས་པ་མེད་པར་སློབ་པར་ཤོག །ཤེས་བཞིན་བརྟན་པོས་ལུས་ངག་ཡིད་ཀྱི་སྒོར། །མི་དགེ་བཅུ་ཡི་རྒྱུ་བ་ལེགས་སྲུང་ཞིང༌། །རྣམ་དཀར་དགེ་བའི་ཡོན་ཏན་མ་ལུས་པ། །དབྱར་གྱི་ཆུ་གཏེར་ལྟ་བུར་འཕེལ་བྱེད་ཤོག །ཚངས་པ་བརྒྱ་བྱིན་འཁོར་ལོས་བསྒྱུར་བ་སོགས། །སྲིད་པའི་ཕུན་ཚོགས་དཔལ་ལ་ལོངས་སྤྱོད་རྣམས། །སླར་ཡང་ངན་སོང་གནས་སུ་ལྷུང་བ་དག །ཤེས་ནས་འཁོར་བར་ངེས་པར་འབྱུང་བར་ཤོག །སྡུག་བསྔལ་མྱུ་གུ་མ་ལུས་སྐྱེད་བྱེད་པའི། །ས་བོན་ཀུན་འབྱུང་ཡིན་པར་རབ་རྟོགས་ནས། །ཕྲ་རག་ཉོན་མོངས་མ་ལུས་སྤོང་བའི་ཕྱིར། །རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་སྒོམ་པར་ཤོག །ཞི་བདེ་དམན་པའི་ལམ་དུ་གོལ་ཤེས་ནས། །མ་གྱུར་འགྲོ་བ་(༢༠བ)
འདྲེན་པའི་ལྷག་བསམ་གྱིས། །རླབས་ཆེན་རྒྱལ་སྲས་སྤྱོད་ཚུལ་ཉམས་ལེན་པར། །ངང་པའི་ཚོགས་རྣམས་པད་མཚོར་འཇུག་ལྟར་ཤོག །གྲངས་མེད་བསྐལ་བར་འགྲོ་རྣམས་ཉམ་ཐག་པ། །མ་བཟོད་ཉེ་ལམ་རྡོ་རྗེ་ཐེག་པ་ལ། །བརྟེན་ནས་མྱུར་དུ་སངས་རྒྱས་གོ་འཕང་མཆོག །ཚེ་འདིར་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེ་བདུན་རྣམ་དག་སྨོན་ལམ་གྱིས་མཚམས་སྦྱོར་བའི་ཉམས་ལེན་གྱི་རིམ་པ་དང་སྦྱར་བ་འདི་ནི་དཔོན་མོ་སའི་ཁན་ཇུས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་ར་ས་འཕྲུལ་སྣང་དུ་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །