Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
ཞལ་ཤེས་གནད་ཀྱི་ཐིམ་ཡིག
   
   
   
   
   
   
  expand section
   


 
previousཞལ་ཤེས་གནད་ཀྱི་ཐིམ་ཡིགnext

ཞལ་ཤེས་གནད་ཀྱི་ཐིམ་ཡིག


JLD008_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཤེས་གནད་ཀྱི་ཐིམ་ཡིག་བཞུགས་སོ།། །།


JLD008_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་དབང་གང་དེ་བརྩེ་བ་ཡིས། །རོལ་པས་བཤེས་གཉེན་ཚུལ་བཟུང་ཐེག་མཆོག་མགོན། །རྗེ་བཙུན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །བརྩེ་བའི་ཐུགས་ཀྱིས་རྟག་པར་གཟིགས་སུ་གསོལ། །དེ་ལ་འདིར་ལམ་རིམ་པ་གཉིས་ཚུལ་བཞིན་དུ་ཉམས་སུ་ལེན་པའི་གང་ཟག་གིས་དམིགས་པ་ཡིད་ལ་བྱེད་པའི་གནད་དག་བཤད་པར་བྱའོ། །དེ་ལ་འདིར་ཐོག་མར་སྔོན་འགྲོ་གཏོར་མའི་གནད་ནི། རང་ཞེ་སྡང་རྡོ་རྗེར་བསྐྱེད་པའི་མདུན་དུ་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་གཅིག་ཏུ་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་ཏེ། ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིར་བསམས་ནས་ཕྱོགས་སྐྱོང་འཁོར་བཅས་རང་གི་ཕྱོགས་མཚམས་སུ་བཀུག་སྟེ། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་ཐོད་པ་ཐོགས་


JLD008_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

པ་དཔག་ཏུ་མེད་པ་སྤྲོས་ཏེ། རང་གི་མདུན་གྱི་ཐོད་པའི་བདུད་རྩི་དེ་ནས་ཐོད་པས་བཅུས་ནས་སོ་སོའི་མདུན་དུ་མཆོད་པས་ལྗགས་འོད་ཀྱི་སྦུ་གུས་དྲངས་ཏེ་བཞེས་པར་བསམ་པའོ། །དཀྱིལ་འཁོར་བའི་ལྷ་ལ་འབུལ་བ་ཡང་དམིགས་པ་འདྲ་ལ། ཁྱད་པར་རང་གི་མདུན་དུ་ལྷ་ཚོགས་གསལ་འདེབས་པ་ཡིན་ནོ། །བསྲུང་འཁོར་གྱི་གནད་ནི། གཅོད་པའི་འཁོར་ལོ་རྩིབས་ཐམས་ཅད་སྤུ་གྲིའི་སོ་ལྟར་རྣོ་བ། ཉི་གདན་ལ་ཅུང་ཟད་མ་རེག་པར་མགྱོགས་པར་འཁོར་བ། དེའི་དབུས་སུ་གཞལ་ཡས་ཁང་བསྒོམ་ན་ཡང་ཤིན་ཏུ་ལེགས་ཤིང༌། གཏོར་མགྲོན་བསྐྱེད་པའི་སྐབས་ཀྱི་རིགས་པ་སྦྱར་ན་ཡང་ཐོབ་པ་ཡིན་ནོ། །དེ་ཡང་བསྲུང་འཁོར་གྲུབ་ཙམ་ནས་འབྲུབ་ཁུང་དང་ཕུར་བུ་སོགས་ཀྱང་གསལ་གདབ་བོ། །གནས་གསུམ་གྱི་ཡི་


JLD008_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

གེ་གསུམ་ལས་རྡོ་རྗེ་དཀར་དམར་མཐིང་གསུམ་བྱུང་བས་ལུས་རྡོ་རྗེའི་རང་བཞིན་དུ་བསྒོམ་མོ། །སྒོ་གསུམ་བྱིན་རླབས་དང་སེམས་དཔའ་གསུམ་བརྩེགས་ཀྱི་ཚེ་སྔ་ཕྱིར་ཐུགས་ཀར་ཧཱུཾ་ཡིག་གཉིས་བྱུང་ཡང་ཐ་དད་དུ་མོས་པ་མ་གཏོགས་ཧཱུཾ་ཡིག་གཅིག་གིས་ཆོག་པ་ཡིན་ནོ། །ཡུལ་ཅན་བདེ་བས་སྟོང་པ་བསྒོམ་པའི་གནད་ནི། བསྐྱེད་རིམ་གྱི་སྐབས་སུ། གཙོ་བོར་ཡིད་བདེ་ཡིན་པས་དེས་སྟོང་པ་སྔར་ངེས་ཟིན་ལ་རྩེ་གཅིག་ཏུ་འཇོག་པ་ཡིན་ནོ། །དེ་ལ་གཉིས་སྣང་གི་བར་ཆོད་ནས་སྡུད་རིམ་གྱི་དམིགས་པ་བྱས་ནས་སྔར་ལྟར་འཇོག་པ་ཡིན། དེ་ལ་ང་རྒྱལ་འཇོག་པའི་གནད་ནི། ཐ་མལ་གྱི་ཕུང་པོ་དང་ང་གཉིས་ངའོ་སྙམ་པའི་བློས་མིང་དོན་གཅིག་ཏུ་བཟུང་ནས་ཞེན་པས་འཁོར་བར་འཁོར་བ་ལྟར། ཡུལ་སྟོང་པ་ཉིད་ལ་གདགས་གཞིར་བྱས་ནས་ང་བཏགས་ཆོས་སུ་མིང་དོན་གཅིག་ཏུ་བཟུང་བས་བདེན་འཛིན་སྤངས་ནས་ཆོས་སྐུའི་རྒྱུར་འགྱུར་བ་ཡིན་ནོ། །གཟུང་རྣམ་ལྷར་འཆར་ཚུལ་གྱི་གནད་ནི། གཟུང་རྒྱུའི་ཡུལ་སྟོང་པ་ཉིད་དང༌། གཟུང་མཁན་སྟོང་ཉིད་རྟོགས་པའི་ཤེས་རབ་བོ། །རྣམ་པ་ལྷར་འཆར་ཚུལ་ནི། ངོ་བོ་བདེ་སྟོང་དབྱེར་མེད་ཉིད་ཡིན་པ་ལ། རྣམ་པ་གཞལ་ཡས་ཁང་དུ་གྲུབ་པར་བསྒོམ་པའོ། །ལྷག་མོས་ལུས་ལ་བསྡུས་ནས་ད་ལྟ་ཐིམ་པར་བསྒོམ་པ་ནི། གནས་དེ་ཉིད་དུ་ཕར་ལུས་ཀྱི་ནང་དུ་ཐིམ་པར་བསྒོམ་པ་དང༌། འཆི་བའི་ཚེ་ལྟ་བུ་ནི་ཆོས་སྐུར་ཐིམ་པར་བསྒོམ་པའོ། །དང་པོའི་མགོན་པོ་རང་ཉིད་མི་བསྐྱོད་པ་ལ་འཇུག་པ་ནི། གོ་ས་མ་འཕོས་པར་དབུས་ཀྱི་གདན་ལ་གནས་པའི་ངང་ནས་འཇུག་པ་ཡིན་ལ།


JLD008_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྐུ་དེ་རྟེན་དང་བརྟན་པའི་དཀྱིལ་འཁོར་དུ་བསྐྱེད་པ་ནི། ལུས་ཀྱི་ཆ་ཤས་དེ་དང་དེར་གྱུར་པ་ལས་བསྐྱེད་པ་མ་གཏོགས་རྣམ་པ་བསྡུས་ནས་དེར་བསམ་པ་མིན་ནོ། །ལུས་ཀྱི་གནས་རྣམས་སུ་ལྷ་བསྒོམ་པ་ཡང་གོ་ས་གཅིག་ཏུ་ལྷ་མང་པོ་བསྒོམ་པ་འཆར་དཀའ་ན། གསང་འདུས་འཇམ་རྡོར་ནས་གསུངས་པ་ལྟར་གནས་ཐ་དད་དུ་བསྒོམ་ཀྱང་རུང༌། རིགས་བདག་ཡབ་ཡུམ་ལས་བདུད་རྩིའི་རྒྱུན་བབས་པས་སེམས་དཔའ་གསུམ་ཚིམ་ཞིང་དགའ་བདེ་དཔག་ཏུ་མེད་པ་སྐྱེས་པར་ཡང་ཡང་བསམ་པ་གནས་ཆེའོ། །རིག་མ་འབྱིན་པའི་གནད་ནི། ཐོག་མར་སྙིང་ག་ནས་སྨེ་ཤ་ཅན་ལ་སོགས་པ་རང་རིགས་ཀྱི་མིའི་བུ་མོའི་རྣམ་པ་ཅན་ཡིད་ལ་གཅགས་པའི་བུ་མོའི་རྣམ་པ་ཅན་གཅིག་ཕྱུང་སྟེ། དེ་ཉིད་བསང་སྦྱངས་ནས་རེག་བྱ་རྡོ་རྗེ་མ་སོགས་སུ་བསྐྱེད་པའོ། །ཕཊ་ཡིག་གི་གནད་ནི། དབུ་ཅན་གྱི་ཕཊ་ཡིག་ཁ་དོག་གསེར་ལྟ་བུ་མགོ་ནང་དུ་བལྟ་བ་འོད་ཀྱི་རྣམ་པར་བསྒོམ་མོ། །དེས་ནི་ཕཊ་ངག་ནས་བརྗོད་པ་དང་མཉམ་དུ་སྤྱི་བོ་ནས་བྱང་ཆུབ་སེམས་འབེབས་པ་དང༌། ཕྱིར་འཕོ་བ་དགག་པ་དང༌། དམིགས་པས་ཡུམ་གྱི་པདྨར་འབེབས་པ་དང་། གསུམ་བྱེད་དོ། །དང་པོ་སྦྱོར་བ་ལས་མི་བྱེད་ན། ཡུམ་གྱི་པདྨའམ་རྡོ་རྗེའི་རྩེ་གང་རུང་དུ་ཐིག་ལེ་ཕབ་པ་ལས་ལྷ་སྤྲོས་ནས་མཛད་པ་མཛད་པ་སྦྱར་དགོས་སོ། །རྡོ་རྗེ་དང་པདྨའི་ནང་འོད་ཟེར་ལྔས་གང་བར་བསྒོམ་པ་ནི། རྭ་དབུས་མའི་ཨོཾ་ཡིག་དེ་ལས་འོད་ཟེར་ལྔ་བྱུང་སྟེ་ལུས་ཀྱི་རྩ་ཐམས་ཅད་དང༌། པདྨའི་ནང་གང་བར་བསྒོམ་པ་ཡིན་ནོ། །ཨོཾ་ཡིག་


JLD008_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྭ་དབུས་མའི་སྦོམ་གྱི་ཆའི་དབུས་སུ་འགོད་ལ། ཕཊ་ཡིག་ནི་རྭ་དབུས་མའི་རྩེར་འགོད་པ་ཡིན་ནོ། །ང་རྒྱལ་འཇོག་པའི་གནད་ནི། བདེ་སྟོང་དབྱེར་མེད་ལ་སྔར་ལྟར་ང་རྒྱལ་བཞག་ནས་དེ་ཉིད་ལས་རང་རྡོ་རྗེ་འཆང་དངོས་ཡིན་པ་དང༌། དཀྱིལ་འཁོར་དེའི་རྣམ་སྤྲུལ་དུ་བལྟས་ཏེ་ཐ་དད་དུ་མི་བཟུང་ངོ་། །གསལ་སྣང་འདོན་པའི་གནད་ནི། རྟེན་དང་བརྟེན་པའི་དཀྱིལ་འཁོར་ལམ་གྱིས་གསལ་བཏབ་སྟེ་ཤེས་པ་སྤྱི་དེ་དེ་ལ་གཟུང་སྟེ། ཆ་ཤས་ཕྲ་མོ་གཅིག་གིས་རེ་རེ་ནས་གསལ་སྣང་འདོན་པ་ཡིན་ནོ། །ཕྲ་མོའི་གནད་ནི། རང་གི་རྡོ་རྗེའི་ཁའི་ཕཊ་ཡིག་དེ་ཉི་གདན་དུ་གྱུར་ཏེ། དེའི་སྟེང་དུ་སྙིང་ཁ་ནས་ཐིག་ལེ་སྔོན་པོ་ཉུང་འབྲུ་ཙམ་གཅིག་ཕྱུང་སྟེ་ཕབ་ནས་བསྒོམ་པ་དང༌། མཐར་ཐིག་ལེ་ཕར་དྲངས་ཉི་གདན་ཕཊ་ཡིག་ཏུ་སྒྱུར་རོ། །སྟེང་གི་སྣ་རྩེར་ཡང་ཉི་གདན་ལ་རྡོ་རྗེ་སྔོན་པོ་ནས་འབྲུ་ཙམ་དང༌། དེ་བརྟན་པས་དེ་ལས་གཅིག་དང༌། དེ་ནས་དེའི་རྩེ་ལས་གཅིག་སྟེ་ཇེ་མང་དུ་བཏང༌། མཐར་ཡང་སྙིང་གར་བསྡུའོ། །དེ་དག་ནི་དམིགས་པ་ཡིད་ལ་བྱེད་པའི་གནད་བསྐྱེད་རིམ་གྱི་སྐབས་སུ་མེད་དུ་མི་རུང་བའི་ཞལ་ཤེས་དག་ཡིན་ནོ། །སྲོག་ལས་ཀྱང་གཅེས་པ་གྱིས་གསུང་ངོ་། །ཞར་ལ་རྫོགས་རིམ་གྱི་གནད་ཅུང་ཟད་བརྗོད་ན། བདེ་བ་ཆེན་པོ་ནི་ལམ་འདིའི་གཞི་ཡིན་ལ། དེ་རྫོགས་རིམ་ནས་སྒྲུབ་པ་ཡིན་པ་ལ། དེ་སྒྲུབ་པའི་ཐབས་ཕྲ་མོ་ལས་མ་བཤད་ཀྱང༌། མ་རྒྱུད་ཀྱི་གཏུམ་མོ་ཡང་བསྒོམ་ན་ཁྱད་པར་དུ་འགྱུར་བ་ཡིན་ནོ། །སྲོག་རྩོལ་གསུམ་གྱིས་སྐབས་སུ་སེམས་དཔའ་གསུམ་བརྩེགས་དགོས་པས་དེ་བྱེད་ཚུལ་ནི། རང་དམ་ཚིག་སེམས་དཔའ་


JLD008_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་དུ་སྐད་ཅིག་གིས་ལངས་པའི་སྙིང་གའི་རྩ་མདུད་ཀྱི་དབུས་ཀྱི་མི་ཤིགས་པའི་ཐིག་ལེ་དེའི་དབུས་སུ་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་པོ་འོད་ཀྱི་རང་བཞིན་ཤིན་ཏུ་ཕྲ་བ་དང༌། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཨ་ཐུང་ཤད་ཀྱི་རྣམ་པ་ཅན། ངོ་བོ་རླུང་སེམས་ཀྱི་རང་བཞིན་ཁ་དོག་སྔོན་པོ་ཅིག་བསྒོམ་ནས་དེ་ལས་རླུང་འབྱུང་འཇུག་བྱེད་པའི་རྡོར་བཟླས་དང༌། དེ་ཉིད་ལ་སེམས་འཛིན་པའི་སྔགས་འཁོར་བསྒོམ་པ་རྣམས་བྱེད་པ་ཡིན་ནོ། །མཐར་ཡང་རིལ་འཛིན་དང་རྗེས་གཞིག་གི་སྡུད་རིམ་རེ་དང་སྦྲེལ་ན་ལེགས་སོ། །བསྐྱེད་རིམ་ནི་རྫོགས་རིམ་གྱི་སྨིན་བྱེད་དུ་བསྒོམ་པ་ཡིན་པས། ལུས་དབེན་ནས་བཟུང་སྟེ་ཟུང་འཇུག་གི་བར་ཐམས་ཅད་དུ་རང་རྡོ་རྗེ་འཆང་དུ་ལངས་པ་ན་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་ལང་དགོས་པ་ཡིན་ནོ། །ཕྱག་རྒྱ་ལ་བརྟེན་ནས་རླུང་དབུ་མར་འཇུག་པའི་སྲོག་རྩོལ་ནི། ཕྱག་རྒྱ་མཚན་ཉིད་དང་ལྡན་པ་དང་སྙོམས་པར་འཇུག་བཞིན་པའི་ཚེ་དྷཱུ་ཏཱིའི་མར་སྣར་དམིགས་པ་གཏད་པས། ཡབ་ཡུམ་གྱི་རླུང་དང་བྱང་སེམས་རིམ་གྱིས་འདུས་པ་རྣམས་ཀྱི་དྷཱུ་ཏཱིའི་མར་སྣ་ཕྱེ་ནས་བཙན་ཐབས་སུ་རླུང་དབུ་མའི་ནང་དུ་འཇུག་པ་ཡིན་ནོ། །དེ་ཉིད་སྙིང་གར་དམིགས་པ་གཏད་དེ་སྡུད་རིམ་དང་སྦྲགས་ན་འོད་གསལ་སྐྱེ་བའི་ཐབས་ཀྱང་མཆོག་ཏུ་གྱུར་པ་ཡིན་ནོ། །གཉིད་ཀྱི་སྐབས་སུ་དེ་ལྟར་བྱས་ན་ཡང་འོད་གསལ་བཙན་ཐབས་སུ་འཛིན་པའི་གདམས་པའི་མཆོག་ཡིན་ནོ། །ཁྱབ་བྱེད་ཀྱི་རླུང་འདི་རླུང་གཞན་ལས་


JLD008_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་དཀའ་ཞིང༌། འདི་རྫོགས་པར་མ་ཐིམ་ན་སེམས་དབེན་གྱི་འོད་གསལ་མཚན་ཉིད་པ་མི་འབྱུང་བས་རླུང་ཅུང་ཟད་སྡུད་ནུས་པ་ནས་འདིའི་སྡུད་རིམ་རེ་ཡང་ངེས་པར་བྱེད་དགོས་སོ། །ལུས་དབེན་རྗེས་མཐུན་པ་ཐོབ་ནས། རིལ་འཛིན་དང་རྗེས་གཞིག་གི་དམིགས་པའི་སྡུད་རིམ་རེ་དང་སྦྲགས་ནས་ཉམས་སུ་བླངས་ན་རླུང་འདུ་སླ་བ་དང༌། མཉེན་དུ་འགྲོ་བའི་གནད་ཡོད་དོ། །རྡོར་བཟླས་ཀྱི་གནད་ནི། འཁོར་ལོའི་སྡུད་རིམ་བྱས་ཏེ་མི་ཤིགས་པ་ལ་བསྡུ། མི་ཤིགས་པ་ཡེ་ཤེས་སེམས་དཔའ་ལ་བསྡུ། ཡེ་ཤེས་སེམས་དཔའི་ཏིང་ངེ་འཛིན་སེམས་དཔའ་ཨ་ཐུང་ལ་བསྡུས་ཏེ། རྩེ་གཅིག་ཏུ་དེ་ཉིད་ལ་སེམས་གཟུང་བཞིན་དུ་ཡི་གེ་གསུམ་གྱི་རྡོར་བཟླས་བྱེད་པ་དེ་ཐུན་མོང་མིན་པའི་གནད་དོ། །སྡུད་རིམ་དེ་ལྟ་བུ་དང་ཕྱག་རྒྱ་ལ་བརྟེན་པ་གཉིས་ཚོགས་ཀྱི་སེམས་དབེན་བསྐྱེད་པ་ནི་སེམས་དབེན་གྱི་གདམས་པའོ། །སེམས་དབེན་རྗེས་མཐུན་པ་ཐོབ་ནས་སྒྱུ་མའི་སྐུར་ལྡང་ཚུལ་གྱི་གནད་ཁྱད་པར་བ་ནི། འོད་གསལ་ལས་ལྡང་བ་ན་སྙིང་གའི་ཁམས་དཀར་དམར་གྱི་དབུས་ཀྱི་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་འཆང་གི་རྣམ་པ་ཅན་དེ་ཉིད་ལ་སེམས་ཁྲིག་གེ་གཏད་དེ། ཐིག་ལེ་ཐོག་མ་གདན་དང༌། སྟེང་མ་གོས་ཀྱི་རྣམ་པར་བྱས་ནས་ལུས་འདི་ལས་ཕྱི་རོལ་ཏུ་འཕེན་སྙམ་པའི་དབང་གིས་སྐད་ཅིག་ཙམ་གྱིས་བསྒྲུབ་པ་ཡིན་ནོ། །སླར་ལུས་ལ་འཇུག་པ་ན་སྔར་གྱི་ཡེ་ཤེས་སེམས་དཔའི་ཚུལ་གྱིས་འཇུག་པ་ཡིན་ཏེ། གནད་ཁྱད་པར་ཅན་གྱི་ཞལ་ཤེས་སོ། །འདི་ལྟར་འཇུག་པ་དང་བར་དོའི་བསྲེ་བའི་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བའི་


JLD008_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་མའི་ཁུ་ཁྲག་དང༌། གཉིད་ཀྱི་སྐབས་སུ་རྨི་ལམ་གྱི་ལུས་ཁྱད་པར་བ་ཕུང་པོ་ལ་འཇུག་པ་རྣམས་སྤྲུལ་སྐུ་དང་བསྲེ་བ་ཡིན་པས། སྐྱེ་གནས་ཀྱི་ཁུ་ཁྲག་དང་རང་གི་ཕུང་པོ་མི་བསྐྱོད་པར་བསྐྱེད་ནས་སྤྲུལ་སྐུ་བཟུང་བའི་བསམ་པས་འཇུག་དགོས་པ་ཡིན་ལ། རྡོ་རྗེ་འཆང་དུ་བསྐྱེད་པ་མིན་ནོ། །དེ་ལྟར་ལངས་པའི་སྒྱུ་ལུས་རྡོ་རྗེ་འཆང་གི་སྐུ་དེ་ནི་སྐུ་མདོག་དཀར་པོར་འོང་བ་ཡིན་ཏེ། སྐུ་དེའི་སྒྲུབ་གཞི་སྲོག་འཛིན་གྱི་རླུང་ཤིན་ཏུ་ཕྲ་བ་ཁ་དོག་དཀར་པོ་ཡོད་པས་ཡིན་ནོ། །དོན་གྱི་འོད་གསལ་ཐོག་མར་སྔོན་དུ་བྱེད་པའི་མཚམས་ནི། སྐུ་གསུང་ཐུགས་ཀྱི་སེམས་དཔའ་གསུམ་བརྩེགས་བྱས་པའི་མ་དག་པའི་སྒྱུ་ལུས་དེ་དག་ནས། ཡེ་ཤེས་སེམས་དཔའ་དང༌། ཏིང་ངེ་འཛིན་སེམས་དཔའ་ནཱ་ད་ཡང་འོད་གསལ་དུ་དག་པ་ན་ཐོད་པ་ཡིན་ནོ། །འཕོ་བ་ནི། གཙོ་བོར་མ་རྒྱུད་ནས་འབྱུང་ཡང་ཕ་རྒྱུད་ལ་ཡང་ལམ་གྱི་ཡན་ལག་ཏུ་ངེས་པར་དགོས་པས་དེའི་དམིགས་པའི་གནད་ནི། སྔགས་འཁོར་སོགས་རྒྱས་བསྡུས་གང་བྱེད་ཀྱང་འདི་དགོས་ཏེ། དམིགས་པ་སྦྱོང་བ་ན་སྙིང་གའི་ཡི་གེ་རྣམས་གྱེན་དུ་བསྒྱུར་བ་དང༌། སྙིང་གའི་རྩ་འཁོར་ཡག་ཐུར་མ་ལ་སོགས་པས་རྒྱུ་མ་སོགས་ཀྱི་ནང་བསྒྱུར་བ་ལྟར་དུ་དབུ་མའི་ནང་ནས་གྱེན་ལ་བསྒྱུར་ཏེ། དེའི་རྩེར་ཡི་གེ་རྣམས་དེད་པའི་རྣམ་པར་བསྒོམ། སླར་ཕྱིར་བསྒྱུར་ཏེ་སྔར་ལྟར་འཇོག་པ་གནད་དམ་པའོ། །དེ་ལྟར་བྱས་པས་རྩ་རྣམས་མཉེན་པོར་སོང་སྟེ་སྦྱངས་པ་མཐར་ཕྱིན་པ་ན། དངོས་སུ་དེ་ལྟར་ནུས་པ་འབྱུང་ངོ་། །སྟོང་ཉིད་བསྒོམ་པའི་


JLD008_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ནི། བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་ཞིག་བསྐྱེད་དེ། དེ་ནས་རིགས་པས་ལེགས་པར་བཅད་དེ་ལྟ་བ་ཕུ་ཐག་ཆོད་པ་དེ་ལ་ངེས་པ་དྲངས་ནས་ཡུན་རིང་དུ་མཉམ་པར་བཞག་པ་དེ་ལ་གནད་དུ་བསྣུན་པའི་ཐབས་བསྒོམ་པས་རྫོགས་རིམ་གྱི་བདེ་བ་མ་མཐའ་ཞིག་རྙེད་ནས། སྔར་ལྟར་དཔྱད་པ་མི་བྱེད་པར་སྔར་གྱི་ངེས་ཤེས་ཤུགས་དྲག་དེ་དྲན་པར་བྱས་ཏེ། སེམས་བདེ་བའི་ངོར་སོང་བ་དེས་རྩེ་གཅིག་ཏུ་རང་བཞིན་མེད་པའི་དོན་དེ་ལ་མཉམ་པར་བཞག་པས་སྟོང་པ་ཉིད་ལ་བོགས་ཐོན་ནས་སྔར་ལས་ཀྱང་ངེས་པ་ཤུགས་ཆེ་བ་དང༌། བདག་འཛིན་གྱི་གཉེན་པོར་ནུས་པ་མཐུ་ཅན་དུ་སོང་ནས་གཉིས་སྣང་ལྡོག་པ་ཡིན་ནོ། །དེས་ན་ལམ་འདི་ལ་ནི་ཐོག་མར་འཁོར་བ་མཐའ་དག་ལ་གཏིང་ནས་ཞེན་པ་ལོག་སྟེ། འཁོར་བའི་ཕུན་ཚོགས་ཅི་འདྲ་བ་ཞིག་ལ་ཡང་བཙོན་དོང་ལྟར་དུ་མཐོང་བའི་ངེས་འབྱུང་གི་བསམ་པ་དྲག་པོ་ཞིག་དང༌། དེ་ཡང་རང་གཅིག་པུའི་ཕྱིར་མ་ཡིན་པར། སེམས་ཅན་ཐམས་ཅད་སྡུག་བསྔལ་དུ་མས་མནར་བ་ལ་སྙིང་ཐག་པ་ནས་མ་བཟོད་པས། དེ་ཉིད་འདོན་པ་ལ་སྐད་ཅིག་གིས་མ་ཡེངས་པར་རིངས་པའི་བློ་བཅོས་མིན་གཅིག་དགོས་པ་ཡིན་ནོ། །དེའི་ཕྱིར་ཐོག་མར་ཁས་བླངས་པའི་བསྲུང་སྡོམ་ལ་འབད། བདག་མེད་ཀྱི་ལྟ་བ་རྣམ་དག་ཅིག་མེད་ན་འཁོར་བ་ལས་ཀྱང་མི་ཐར་བས་སྟོང་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པ་ཅིག་བྱ། དེ་ལྟར་བྱས་ཏེ་ཐབས་ཟབ་མོ་འདི་ལྟ་བུའི་ལམ་དང་སྦྲགས་ནས་ལུས་ལོངས་སྤྱོད་ལ་ལྟོས་པ་མེད་པར་བརྩོན་པ་ཆེན་པོས་ཆུ་བོའི་རྒྱུན་བཞིན་དུ་ཉམས་སུ་


JLD008_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ནས་འཁོར་བའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བསྐམས་ཏེ་རང་གཞན་གྱི་དོན་ལྷུན་གྲུབ་འབྱུང་བའི་གོ་འཕང་ཡང་མྱུར་དུ་འགྲུབ་པར་གདོན་མི་ཟ་བ་ཡིན་ནོ། །འདི་དག་ནི་གནད་འགག་སྡོམ་ཆེ་བ་རྣམས་ཀྱི་དམིགས་པའི་གནད་འགའ་ཞིག་བསྡུས་པའི་མན་ངག་ཐུན་མོང་མ་ཡིན་པའི་ཞལ་ཤེས་མེད་དུ་མི་རུང་བའི་སྲོག་དག་ཡིན་ནོ། །རྣམ་འདྲེན་སྐུ་བཞིའི་གོ་འཕང་མཆོག་བརྙེས་ནས། །གདུལ་བྱའི་བློ་མུན་མ་ལུས་སེལ་མཛད་པ། །ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཙོང་ཁ་པ། །གང་དེའི་གསུངས་རབ་བདུད་རྩིས་ལུས་འཚོ་བ། །དད་པའི་དབང་པོའི་སྐལ་བཟང་སྐྱེ་བོའི་ངོར། །ཞལ་ཤེས་གདམས་པ་མ་ནོར་ཚང་བར་བྲིས། །དེས་ནི་གནས་གསུམ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །གཡེལ་བ་མེད་པར་རྟག་ཏུ་གྲོགས་མཛོད་ཅིག། །།རྗེ་བཙུན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་པའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ལུས་དབེན་གྱི་སྐབས་སུ་འཛག་གེགས་བྱུང་ན། དྷཱུ་ཏཱིའི་མར་སྣར་དམིགས་པ་གཏད་ནས། ནོར་བུའི་དྷཱུ་ཏཱིའི་དབུས་སུ་དམིགས་པ་སྤོ་དེས་མ་སེལ་ན་གསང་བའི་རྩ་བར་སྤོ། དེས་ཀྱང་མ་སེལ་ན་ལྟེ་བར་སྤོ་བ་དང༌། ལུས་དབེན་གྱི་ཕྲ་ཐིག་བསྒོམ་པའི་སྨིན་བྱེད་དུ་བསྐྱེད་རིམ་པའི་ཕྲ་མོ་བསྒོམ་པ་ཡིན་པར་གསུང་ངོ་། །ངག་དབེན་གྱི་སྐབས་སུ་རྡོར་བཟླས་ཁྱབ་བྱེད་ཀྱི་རླུང་ལ་ཡང་བྱེད་པས། ཁྱབ་བྱེད་ཀྱི་རླུང་འདུ་བར་བྱེད་པའི་ཆེད་ཡིན་ཞིང༌། འདུས་པའི་ལུས་དབེན་དང་ངག་དབེན་གྱི་དོད་མ་རྒྱུད་པའི་གཏུམ་མོའི་རྣལ་འབྱོར་ཡིན། དེ་


JLD008_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་ཕྱིའི་གཏུམ་མོ་ཤ་ལྤགས་ཀྱི་བར་དང༌། རོ་མའི་ནང་ནས་ནང་གི་གཏུམ་མོ། །རྩ་གཞན་རྣམས་ཀྱི་ནང་ནས་གསང་བའི་གཏུམ་མོ། དྷཱུ་ཏཱིའི་ནང་ནས་འབར་བ་བཞིན། །དཀར་ཆ་ཡང་ཕྱི་ཤ་ལྤགས་དང༌། རྐྱང་མ་དང་ནང་གི་རྩ་གཞན་རྣམས་དང་གསང་བའི་དྷཱུ་ཏཱི་ནས་བབ་པ་ཡིན་གསུང་ངོ་། །སེམས་དབེན་གྱི་སྐབས་སུ་སེམས་དབེན་རྫོགས་པར་སྐྱེ་བས་ངེས་པར་སྤྱོད་པ་ལ་མ་ལྟོས་པའི་དགོས་པ་ཁྱབ་བྱེད་ཀྱི་རླུང་སྡུད་པ་ཡིན། འདུས་པའི་སེམས་དབེན་གྱི་དོད་མ་རྒྱུད་པ་ལ་དགའ་བཞི་བསྐྱེད་པ་ཡིན་པས་འདི་ལ་ཞལ་ཤེས་མང་པོ་ཡོད་གསུང་ངོ་། །ཕྱིའི་ཕྱག་རྒྱ་ལོ་གྲངས་བཅུ་གཉིས་མ་ལ་བསྔགས་པ། དེ་དུས་གཏུམ་མོ་ཕལ་པ་ཡང་མ་ཉམས་པའི་རྒྱུ་མཚན་གྱིས་ཡིན། སྤྱོད་པ་ལ་བརྟེན་ནས་ཁྱབ་བྱེད་ཀྱི་རླུང་སྡུད་པའི་རྒྱུ་མཚན། དེའི་རྐྱེན་གྱིས་བདེ་བ་ཁྱད་པར་ཅན་སྐྱེ། དེས་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་རླུང་སེམས་མ་ལུས་པར་འདུས་པ་ཡིན་གསུང༌། དེ་ཡང་ལུས་དབེན་དང་ངག་དབེན་གྱི་སྐབས་སུ་སྒོམ་སྟོབས་ཀྱིས་སྐྱེ་བས། དེ་ལ་ངེས་པར་ལྟོས་མི་དགོས་ཀྱང༌། སྟོན་པ་བྱུང་ན་ཤིན་ཏུ་སྟོབས་ཆེ་ཞིང༌། དེའི་དགོས་པ་རྫོགས་རིམ་གྱི་རྟོགས་པ་སྔར་མེད་གསར་དུ་སྐྱེད་པའི་ཕྱིར་ཡིན་ནོ། །སེམས་དབེན་དང་སྒྱུ་ལུས་སུ་སྟོན་པའི་དགོས་པ་རྟོགས་པ་གོང་ནས་གོང་དུ་འགྱུར་བའི་ཕྱིར་ཡིན་ནོ། །དེ་གོང་འོག་ཟུང་འཇུག་ཏུ་སྟོན་པའི་དགོས་པ་སྤང་བྱ་སྤོང་བ་ལ་ནུས་པ་མཐུ་ལྡན་དུ་བྱེད་པའི་ཕྱིར་ཡིན། ཡང་ལུས་དབེན་དུ་ཕྲ་ཐིག་གི་སྐབས་སུ་བདེ་བ་ཁོ་ན་འདྲེན་པ་ཡིན། དེ་བརྟན་ནས་སྟོང་ཉིད་ངེས་ཟིན་བརྟན་པར་


JLD008_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་སྦྱོར། རིགས་པས་དཔྱད་པ་མི་བྱེད། བྱས་ན་སླར་རྟོག་པའི་སྤྲོ་བསྡུ་ལས་རླུང་ལངས་ནས་གེགས་སུ་འགྲོ་བ་ཡིན་གསུང༌། སྒྱུ་ལུས་མཚུངས་ལྡན་ལྔ་དང་ལྡན་པ་ནི། གཉིད་ཀྱི་འབྱུང་བ་ཐིམ་རིམ་གྱི་དཔེའི་འོད་གསལ་ལས་རྨི་ལམ་གྱིས་དུས་སུ་ལངས་པ་དང༌། དེ་ཡང་རླུང་སེམས་ཙམ་ལས་གྲུབ་པ་དང༌། དེར་ང་རྒྱལ་འཕོས་པ་དང༌། ལུས་རགས་པ་ལས་གོ་ས་ལོགས་སུ་བྱེ་བ་ལྟ་བུ་དང༌། སླར་ཡང་ལུས་རགས་པ་ལ་འཇུག་པ་དང༌། རིམ་པ་བཞིན་ལམ་དུས་ཀྱི་འབྱུང་བ་ཐིམ་རིམ་རྣམས་ཀྱིས་དཔེའི་འོད་གསལ་ལས་སྒྱུ་ལུས་སུ་ལངས་པ་དང༌། དེ་ཡང་རླུང་སེམས་ཙམ་ལས་གྲུབ་པ་དང༌། དེར་ང་རྒྱལ་འཕོས་པ་དང༌། ལུས་རགས་པ་ལས་ལོགས་སུ་བྱེ་བ་དང༌། སླར་ཡང་ལུས་རགས་པ་ལ་འཇུག་པ་དང༌། ཆོས་མཚུངས་པ་ཡིན་གསུང་ངོ་། །བསྲེ་བའི་སྐབས་སུ། གཉིད་དང་རྨི་ལམ་རླུང་སྟོབས་ཀྱིས་ཟིན་ན་རང་སྟོབས་ཆེ་ཞིང༌། རྨི་ལམ་རྣམས་ཕལ་ཆེར་འཁྲུལ་མེད་འོང་བའི་རྒྱུ་མཚན་སད་དུས་སྙིང་གའི་སྡུད་རིམ་ལ་ལེགས་པར་སྦྱངས་ནས་རླུང་འདུས་པ་དང༌། གཉིད་དང་རྨི་ལམ་དུ་སྙིང་གར་རླུང་ལེགས་པར་འདུས་པའི་དུས་སུ་ལྐོག་གྱུར་གཏན་ལ་ཕེབས་པའི་བག་ཆགས་རྣམས་འདུས་པའི་གནད་ཀྱིས་ཡིན་གསུང༌། གཉིད་ཀྱི་འོད་གསལ་དང་རྨི་ལམ་རླུང་སྟོབས་ཀྱིས་ཟིན་ན། འཆི་བའི་འོད་གསལ་དང་བར་དོ་རླུང་སྟོབས་ཀྱིས་ཟིན་པས་ཁྱབ། དེ་བཞིན་དེ་གཉིད་ཀྱི་འོད་གསལ་དང༌། རྨི་ལམ་འདུན་པས་ཟིན་ན། འཆི་བའི་འོད་གསལ་དང་བར་དོ་འདུན་པས་ཟིན་པས་ཁྱབ་ཅིང༌། སྨིག་རྒྱུ་སོགས་


JLD008_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གྲངས་རྣམས་ངེས་པར་འཁྲུལ་མེད་འཆར་ན། རླུང་སྟོབས་ཀྱིས་གཉིད་ཀྱི་འོད་གསལ་སོགས་ཟིན་པས་ཁྱབ་པ་ཡིན་པས། རྨི་ལམ་གྱི་བསྲེ་བ་འདི་དག་བར་དོ་དང་བསྲེ་བའི་ཚད་འཛིན་འཁྲུལ་མེད་ཡིན་གསུང་ངོ་། །དེའི་ཐབས་ཀྱང་ཞག་འགའ་གཉིད་བཅག་ནས་ཉིན་པར་སྙིང་གའི་སྡུད་རིམ་ལ་སྦྱངས། །མཚན་མོ་གཉིད་དུ་འགྲོ་ཁར་སྙིང་གའི་སྡུད་རིམ་དང༌། རྡོར་བཟླས་དང༌། བསམ་གཏན་གཉིས་ཀྱི་སྡུད་རིམ་གྱིས་གཉིད་དུ་བཏང་བས་ལན་ཅིག་ལ་མི་འཆར་ཀྱང༌། ཐེབས་གཉིས་གསུམ་བྱས་པས་ངེས་པར་རྟགས་འཆར་གསུང༌། རྨི་ལམ་འདུན་པས་ཟིན་ནས། རླུང་སྟོབས་ཀྱིས་འཛིན་པའི་མན་ངག་ནི། རྨི་ལམ་འདུན་པས་ཟིན་པ་ན། སྙིང་གའི་སྡུད་རིམ་རྡོར་བཟླས་སོགས་བྱས་པས། གཉིད་ཀྱི་འོད་གསལ་སོགས་རླུང་སྟོབས་ཀྱིས་ཟིན་པའི་ཐབས་ཁྱད་པར་ཅན་ཡིན་གསུང་ངོ་། །གཉིད་རྨི་ལམ་ཟིན་དུས་གཉིད་ཀྱི་འོད་གསལ་ལ་ཇི་ཙམ་གནས་གྱི་བར་བཞག། །དེ་ལས་ལྡང་བར་རྩོམ་པ་ན། འཕེན་པ་བཏང་ནས་ལོངས་སྐུར་ལྡང༌། དེ་ལས་སད་པར་བརྩམས་པ་ན་སྙིང་གའི་སྡུད་རིམ་སོགས་བྱས་ནས་གཉིད་ཀྱི་འོད་གསལ་དུ་སྟོང་པ་ཁོར་མར་བྱེད་པ་ནི། གཉིད་དང་རྨི་ལམ་གྱི་དགེ་སྦྱོར་གྱི་གཙོ་བོ་ཡིན་གསུང་ངོ་། སྤྲུལ་སྐུ་དང་བསྲེ་བའི་སྐབས་སུ། རླུང་སྟོབས་ཀྱིས་བར་དོ་ལོངས་སྐུ་ཟིན་པ་ལ་མི་དགོས་ཀྱང༌། འདུན་པས་བར་དོ་ཟིན་པའི་དུས་སུ་འཕོ་བ་དགོས་པ་ཡིན་གསུང་ངོ་། །དེའི་མན་ངག་ནི། གཞན་རྣམས་མི་དགོས་པར་བར་དོའི་ལུས་དེ་བསམ་གཏན་གཉིས་ཀྱི་འོད་གསལ་དུ་བཅུག་ནས་


JLD008_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་བཞོན་པ་དང་བཅས་པ་དེ་མཁའ་སྤྱོད་འོག་མིན་སོགས་སྔགས་སྤྱོད་པའི་ལུས་ཁྱད་པར་ཅན་དུ་འཕོའི་གསུང་ངོ་། །རྨི་ལམ་རླུང་སྟོབས་དང་འདུན་པ་གང་གིས་ཟིན་ཀྱང༌། ལོངས་སྐུ་དེ་ལས་ལྡང་བར་རྩོམ་པ་ན་འཕེན་པ་བཏང་ནས། རྣམ་སྨིན་གྱི་ལུས་སྦྲུལ་སྐུ་མི་བསྐྱོད་པ་སོགས་སུ་ལྡང་བར་བྱེད་ཅིང༌། དེ་ལས་ཕྲ་བ་ནི་རྨི་ལམ་གྱི་ལོངས་སྐུ་ལས་རྨི་ལམ་གྱི་ལུས་རང་དགའ་བར་ལྡང་བར་རྩོམ་པ་ན་འཕེན་པ་བཏང་ནས་སྤྲུལ་སྐུ་མི་བསྐྱོད་པའམ་རྡོ་རྗེ་འཆང་དུ་ལྡང༌། དེ་ལས་ལྡང་བར་རྩོམ་པ་ན་འཕེན་པ་བཏང་ནས། རླུང་སྟོབས་ཀྱིས་ཟིན་ན་རྣམ་སྨིན་གྱི་ལུས་དང༌། རྨི་ལམ་གྱི་ལུས་གཉིས་སོ་སོར་སྣང་བས། རྣམ་སྨིན་གྱི་ལུས་སྤྲུལ་སྐུ་མི་བསྐྱོད་པའམ། རྡོ་རྗེ་འཆང་སོགས་ཀྱི་སྐུ་ལ་ཡེ་ཤེས་སེམས་དཔའི་ཚུལ་དུ་འཇུག་པ་ཡིན་གསུང་ངོ་། །སྒྱུ་ལུས་ཀྱི་མེད་མི་རུང་ཁྱད་པར་ལྔ་དང་ལྡན་པ་ནི། གང་ནས་ལྡང་བ་གནས་ཀྱི་ཁྱད་པར་རྩ་འཁོར་གྱི་དབུས་དྷཱུ་ཏཱིའི་ནང་ནས་དང༌། དེའི་ཡང་ནང་ཐིག་ལེ་དཀར་དམར་གའུ་ཁ་སྦྱར་བ་འདྲ་བའི་ནང་ནས་ལྡང༌། གང་ལས་ལྡང་བ་རྒྱུའི་ཁྱད་པར་ཐིག་ལེའི་ནང་གི་སྲོག་རླུང་ཤིན་ཏུ་ཕྲ་བ་རྣམ་ཤེས་ཤིན་ཏུ་ཕྲ་བ་ལས་ལྡང༌། ཐོག་མེད་ནས་ཀྱི་ཐིག་ལེ་ཤིན་ཏུ་ཕྲ་བ་ཡོད་གསུང་། གང་གི་ལྡང་བརྟེན་གྱི་ཁྱད་པར་སྒྱུ་མའི་སྐུར་ངེས་པར་ལྡང་བར་བྱའོ་སྙམ་པའི་འཕེན་པ་དྲག་པོས་ལྡང༌། གང་གི་ཚེ་ལྡང་བ་དུས་ཀྱི་ཁྱད་པར། ཀུན་རྟོག་གི་གཡོ་བའི་རླུང་དང༌། སེམས་སྣང་བ་གསུམ་རིམ་གྱིས་ཐིམ་པའི་དཔེའི་འོད་གསལ་ལ་ཇི་ཙམ་གནས་ཀྱི་བར་བཞག་པའི་མཐར་ལྡང་བར་


JLD008_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རྩོམ་པ་ནི། དཔེར་ན་གཞོང་པ་སོགས་ཆུས་བཀང་པ་ན་རླུང་མ་ལངས་པར་མེ་རེ་རེ་སྡོད་ལ། རླུང་ཅུང་ཟད་ལངས་པ་དང་མཐའ་མ་ནས་ཟེད་ཟེད་དང་བན་བུན་བྱུང་བ་ན་ལྡང་བར་རྩོམ་པ་བཞིན། དཔེའི་འོད་གསལ་ལས་ལྡང་བར་རྩོམ་པའོ། །དེས་སྒྱུ་མའི་སྐུར་ལྡང་བར་རྩོམ་པ་ཡང་རིགས་བསྒྲེས་ཏེ་གསུང་ངོ་། །གང་གི་ངོ་བོར་ལྡང་བ་འབྲས་བུའི་ཁྱད་པར། དང་པོའི་མགོན་པོ་སྐུ་མདོག་དཀར་པོ་མཚན་དཔེས་བརྒྱན་པ་ཐུགས་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་ལྡང་བ་ཡིན་ཙོང་ཁ་པ་གསུང༌།། ༼ཟབ་ཨྀྠི༽།། ཡང་ལུས་དབེན་གྱི་སྐབས་སུ། ཕྲ་མོ་ལ་དམིགས་པ་ཐུན་འཁྱོངས་པ་བརྟན་པ་བྱུང་ཡང༌། རླུང་འགག་ཏུ་མ་འདོད་པ་སོགས་བྱུང་བའི་ཞལ་ཤེས་ནི། ལུས་ཀྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོག་སྦུགས་ལྟར་གྱུར་པ་དམིགས་རྟེན་ལ་ཟུག་པའི་ནང་དུ་རླུང་རྣམས་ཐིམ་པར་བསྒོམ། འདིས་གེགས་སེལ་ཞིང་བོགས་འདོན་པ་ཡིན། འདིས་དམིགས་པ་གཏོད་བའི་གནས་གཞན་ལ་ཡང་གེགས་བྱུང་ན་དམིགས་པ་འདི་ག་བྱེད་གསུང་ངོ་། །ཡས་བབས་མས་བརྟན་གྱི་དགའ་བཞིའི་སྐབས་སུ། མས་བརྟན་གྱི་དགའ་བ་མཚན་ཉིད་པ་རྫོགས་པའི་ཕྱིར་རོ། །སྤྱི་བོར་བརྟན་པ་ལ་ཞེས་པའང་འདུག་གོ། །བརྟན་པ་ལ་ནི་རླུང་འདི་ཉིད་སྔོན་དུ་སོང་བས་སྙིང་གའི་རྩ་མདུད་སོགས་མ་ལུས་པ་གྲོལ་བའི་མཚམས་ནས། རྣལ་འབྱོར་པ་འབད་པ་མེད་པར་ཡུད་ཙམ་གྱིས་བྱེད་ནུས་གསུང་ངོ་། །ཡས་བབས་ཀྱི་དགའ་བ་སྐྱེ་བ་ལ་རྩ་མདུད་མ་གྲོལ་ཡང་གཏུམ་མོའི་མེའི་ནུས་པ་ཞུགས་ནས་དགའ་བཞི་སྐྱེ་བ་ཡིན། དཔེར་ན་རྫའི་གཤམ་གས་པའི་ནང་དུ་མར་འཁྱགས་པ་ཡོད་པ་འོག་ནས་མེ་འབར་བས་ཞུ་ནས་འཛག་པ་


JLD008_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ་གསུངས་སོ། །བསྐྱེད་རིམ་པའི་ལྷའི་ང་རྒྱལ་འཛིན་པའི་ང་དེ་ཐ་སྙད་པའི་ང་ཙམ་དེ་ཡིན་གསུང༌། སྙིང་གར་བཀོད་པའི་ལྷའི་བཟླས་པའི་སྐབས་སུ་ཏིང་ངེ་འཛིན་སེམས་དཔའ་ལ་ང་རྒྱལ་འཇོག་པ་ཡིན་གསུང་ངོ་། །གཉིད་འཐུག་གི་སྐབས་སུ་འོད་གསལ་འཆར་བའི་ཐབས་སྙིང་གར་རང་གི་ལུས་སེམས་འོད་ཀྱི་ཕུང་པོར་བསྒོམ་པ་ཡིན་གསུང་ངོ་། །གཉིད་ཀྱི་བསྲེ་བའི་སྐབས་སུ། གཞི་དུས་ཀྱི་གཉིད་ཀྱི་སྟོང་པ་བཞི་དང༌། རྨི་ལམ་གྱི་ལུས་དང༌། རྨི་ལམ་གྱི་སྐབས་ཀྱི་རྣམ་སྨིན་གྱི་ལུས་སོགས་ནི་རིམ་པ་བཞིན་གཞི་དུས་ཀྱི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཡིན་གསུང༌། གཉིད་ཀྱི་སྟོང་པ་འོད་གསལ་གྱི་ངོ་བོར་ཤར་བ་དང༌། དེའི་མཚམས་ནས་རྡོ་རྗེ་འཆང་དུ་ལངས་པ་དང༌། དེ་རྣམ་སྨིན་གྱི་ལུས་ལ་བསམ་བཞིན་དུ་ཞུགས་པ་རྣམས་ནི་རིམ་པ་བཞིན་དུ་གཉིད་ཀྱི་སྐབས་ཀྱི་ལམ་དུས་ཀྱི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཡིན་ནོ། །གཉིད་འཐུག་གི་མཐར་རྡོ་རྗེ་འཆང་གི་སྐུར་ལངས་བའི་རྨི་ལམ་གྱི་ལུས་དེ་རྨི་ལམ་གྱི་སྐབས་ཀྱི་ལོངས་སྐུར་བྱས་པ་འདི་ལ་གཉིས་ཡོད་ཀྱང༌། རྨི་ལམ་རླུང་སྟོབས་ཀྱིས་ཟིན་པ་ལྟ་བུ་ནུས་པ་མཐུ་ཅན་དུ་སོང་བ་ནི་རྨི་ལམ་གྱི་ལུས་དང་རྣམ་སྨིན་གྱི་ལུས་གཉིས་སོ་སོར་མི་སྣང་བར་འབྱུང་ལ། དེའི་གོང་དུ་དེ་གཉིས་སོ་སོར་མི་སྣང་ཡང༌། རྨི་ལམ་གྱི་ལུས་རྡོ་རྗེ་འཆང་གི་སྐུར་ལངས་པ་འབྱུང༌། དེ་བཞིན་དུ་རྨི་ལམ་གྱི་སྤྲུལ་སྐུ་ལ་ཡང་གཉིས་ཡོད་ཅིང༌། དེ་ངོས་ཟིན་པ་ཞལ་གྱི་གདམས་པ་མེད་ན་ཅུང་དཀའ་ཡང་འདིར་རྨི་ལམ་གྱི་སྐབས་དང་སད་པར་ཤེས་པའི་སྐབས་གང་ཡིན་


JLD008_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རུང་སྟེ། རྨི་ལམ་གྱི་ལུས་རང་དགའ་བའི་སྣང་བ་ནམ་ཤར་བར་འདོད་པའི་མཚམས་དེར་སྤྲུལ་སྐུ་རྡོ་རྗེ་འཆང་དུ་བསྒྱུར་བའོ། །དེ་ཡང་ལུས་གཉིས་སོ་སོར་སྣང་བའི་གང་ཟག་ཡིན་ན། བསྐྱེད་རིམ་གྱི་སྐབས་སུ་ལོངས་སྐུ་སྤྲུལ་སྐུ་ལ་བཞུགས་པར་གསུངས་པ་བཞིན་དུ་བྱས་པས་ཆོག་ཅིང༌། དེའི་སྤྲུལ་སྐུ་ནི་དམ་ཚིག་པའི་དོད་དང༌། ལོངས་སྐུ་ཡེ་ཤེས་པའི་དོད་ལྟར་བྱས་པས་ཁྱབ་བོ། །ཁམས་གསུམ་དག་གི་ལམ་མཆོག་ན། །བུད་མེད་ཇི་སྙེད་ཡོད་པ་རྣམས། །ཐམས་ཅད་ཆོ་ག་བཞིན་དུ་སྤྱད། །གསུང་གི་རྡོ་རྗེ་མི་སྨོད་དོ། །ཞེས་པའི་སྐབས་སུ། ངག་གི་རྡོ་རྗེ་སྟེ་རོ་འཛིན་གྱི་བྱ་བས་བསྐྱོད་ལ་ཞེས་རྩ་གསུམ་པ་ལྕེས་བསྐྱོད་པར་གསུངས་ལ། གླུས་བསྐུལ་བ་ལས་བཞེངས་པའི་སྐབས་སུ། རྩ་སྦུབས་གསུམ་སོར་མོ་གསུམ་གྱིས་བསྐྱོད་ཅིང་ཞེས་སོ་སོར་བསྐྱོད་པ་དང་གསུམ་བཤད་དོ། །འདི་ལ་རྡོ་རྗེ་མཁའ་འགྲོ་ལས། ཆགས་པ་སྲ་བ་དང་རྒན་པ་སོགས་ལ་ནི། སོར་མོ་རིང་པོ་གསུམ་སྦྲུལ་མགོ་ལྟར་བྱས་ནས་དྲུད་བར་བྱ་བ་དང༌། གཞོན་ཞིང་ཆགས་པ་མཉེན་པ་རྣམས་ལ་ནི། འོད་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་འབབ་པའི་རྩ་བར་རྡོ་རྗེ་ཐུར་མས་ཕུག་སྟེ་བསྐྱོད་པར་གསུངས་ཏེ། ཡུལ་སོ་སོར་མཛད་པ་ནི་སར་མའི་བྱེད་པ་ལ་དགོང་སོ། །དཀྱིལ་ཆོག་རྡོར་ཕྲེང་ལས་མཛུབ་མོ་དང་ལྕེའི་རྩེ་མོ་ལ་ཡི་གེ་ཧྲཱིཿདམར་པོ་དཀོད་པས་རྩ་བསྐུལ་བར་བཤད་པ་ལྟར་ན། ལུས་གཅིག་ལ་ཡང་སོར་མོ་དང་ལྕེ་གཉིས་ཀས་བསྐུལ་བ་ནི་སོར་མོ་གཅིག་གི་ཁྱད་པར་རོ། །དུས་ཇི་ཙམ་དུ་བསྐུལ་བ་ནི། པ་ཚབ་ཀྱི་འགྱུར་ལས། རོ་འཛིན་


JLD008_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བྱ་བ་དག་གིས་མ་ཕྱིན་གྱི་བར་དུ་བསྐྱོད་པར་བྱ་ཞིང་། ཞེས་འབྱུང་བ་ལྟར་ན། ཡུམ་གྱི་དབུ་མའི་མར་སྣ་ཕྱེ་ནས་བདུད་རྩི་འཛག་པ་མ་འབྱུང་གི་བར་དུའོ། །རྡོ་རྗེ་མཁའ་འགྲོ་ལས། ཡུལ་ལས་སིད་ཅེས་བྱ་བའི་སྔགས་བྱུང་གི་བར་དུ་དྲུད་པར་གསུངས་ལ། དེ་ནི་ཡུལ་དེས་ཆེད་དུ་བྱས་ནས་སྔགས་དེ་བཏོན་པ་མིན་པར་རང་ཤུགས་ཀྱིས་སྔགས་དེ་ཟློས་པར་བྱུང་བའོ། །དེ་ཡང་རྡོ་རྗེ་མཁའ་འགྲོ་ལས། དེ་ལྟར་སྒྲུབ་པ་པོས་ཡང་ཡང་དུ་བསྐུལ་བས་སྙིང་འདར་བ་དང༌། དགའ་བས་མྱོས་ཤིང་བྱང་སེམས་ཀྱི་རྡུལ་ཕྲ་མོ་འཛག་ལ། ངོ་ཚ་བ་ལ་སོགས་པ་དང་བྲལ་ཏེ་བ་སྤུ་ལངས་ནས་ཤིན་ཏུ་ཆགས་པས་བལྟ་ཞིང་འཁྱུད་པ་ལ་གུས་པར་གྱུར་ཅིང་སིད་ཅེས་ཟེར་བ་དང༌། ཞེས་གསུངས་པ་ལྟར་ཡིན། དེ་རྣམས་ནི་སོར་མོ་དང༌། ལྕེས་བསྐུལ་བས་རྩ་ཁ་བྱེ་བའི་རྟགས་སོ། །སེམས་ཀྱི་རྡུལ་ཕྲ་མོའི་ཆུ་ནི་བྱང་ཆུབ་ཀྱི་སེམས་ཀུནྡ་ལྟ་བུའི་ཆུའོ། །རྡོ་རྗེ་གུར་ལས། རྡོ་རྗེ་སེར་མོའི་རབ་སྦྱོར་གྱིས། །རྡོ་རྗེའི་ས་གཞི་རབ་བསྐུལ་ཏེ། །རྡོ་རྗེ་སེམས་སུ་རབ་བྱུང་ལ། །རྡོ་རྗེ་ལྕེ་ཡིས་བཟའ་མི་བྱ། ། ཕྱི་ནས་དེ་ཡི་བདེ་ལྡན་དུ། །རྡོ་རྗེ་སེམས་དཔའ་རབ་བཅུག་སྟེ། །རྡོ་རྗེ་བཅིངས་པའི་སྦྱོར་བ་ཡིས། །རྡོ་རྗེ་མཆོད་པ་རབ་ཏུ་བརྩམ། །ཞེས་གསུངས་ཏེ། རྡོ་རྗེའི་ས་གཞི་ནི། གསང་གནས་ཀྱི་རྡོ་རྗེའི་རྟེན་ཡུམ་གྱི་པདྨའོ། །རྡོ་རྗེ་སེམས་སུ་ཞེས་པ་ནི་ཀུནྡ་ལྟ་བུའོ། །ཕྱི་ནས་ཞེས་པ་ནི། རྩ་སད་པར་བྱས་རྗེས་སུའོ། །རྡོ་རྗེ་སེམས་དཔའ་ནི་མཱ་མ་ཀཱིའི་གསང་བའི་རྡོ་རྗེའོ། །རྡོ་རྗེ་བཅིངས་པ་ནི་རྩ་གསུམ་མི་འབྲལ་བར་


JLD008_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བཅིང་བའོ། །འདོད་པའི་བསྟན་བཅོས་རྣམས་ལས། པདྨ་ཅན་དང་དུང་ཅན་མ་ལ་སོགས་པའི་བུད་མེད་ཀྱི་མཚན་ཉིད་སྔོན་པོ་ཡོད་པར་སྣང་ནའང་མན་ངག་འདི་ནི་དེ་དག་ལ་གཏན་མེད་དུ་ཤེས་པར་བྱའོ། །འདི་མཐའ་དཔྱོད་ནས་གདན་དྲངས་པ་ཡིན་ནོ།། ༈ །།བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་སྲོག་རྩོལ་དུ་འགྲོ་བའི་ཚུལ་ཤེས་པ་ད་ལྟར་གྱི་གང་ཟག་ལ་དངོས་སུ་མི་དགོས་པ་ཤས་ཆེ་ཡང༌། དེའི་གོ་བ་ཆགས་ན་བསྐྱེད་རིམ་སྒོམ་པ་སོགས་ཀྱི་སྐབས་སུ། ཡེ་རྒྱལ་བརྟེན་པ་ལ་ཕན་ཆེ་བས་ཉེ་བར་མཁོ་བ་ཡིན་ནོ། །དེ་ཡང་སྤྱིར་བླ་མེད་ཀྱི་རྒྱུད་སྡེ་རྣམས་ནས་ལས་རྒྱ་ལོ་བཅུ་གཉིས་མ་ནས། སུམ་ཅུ་མའི་བར་གསུངས་པ་ནི། དེ་གཉིས་ལས་རྒན་པ་དང་གཞོན་པས་རང་གི་རྩ་སད་པར་བྱེད་མི་ནུས་པའམ། ནུས་ཀྱང་ཐབས་ཀྱི་རྩ་སད་པའི་རྐྱེན་དུ་འགྲོ་མི་ནུས་པའི་སྒོ་ནས་སྤང་དགོས་པ་ཡིན་ཞིང༌། འདི་ལ་རྣལ་འབྱོར་མ་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་མངའ་བ་སོགས་ནི་མ་ངེས་སོ། །འོ་ན་རྩ་སད་ཐབས་ཇི་ལྟར་བྱ་སྙམ་ན། དེ་ནི་རྣལ་འབྱོར་པ་ཁྱད་པར་ཅན་ལས་རྒྱ་དང་སྙོམས་པར་འཇུག་པའི་ཚེ་མཛུབ་མོ་དང་ལྕེ་ལ་ཡི་གེ་འགོད་པ་སོགས་ཀྱི་སྦྱོར་བ་གཞན་ནས་གསུངས་པ་ལྟར་བྱའོ། །དེ་ལྟར་རྩ་དབུ་མ་སད་པའི་ཕྱག་རྒྱ་དང་ཐབས་སྙོམས་པར་ཞུགས་པས་ན་ཕྱག་རྒྱའི་རྩ་སད་པའི་རྐྱེན་དེས་ཐབས་ཀྱི་རྩ་ཨ་ཝ་དྷཱུ་ཏཱི་སད་པར་འགྱུར་ལ། དེ་སད་ན་རོ་རྐྱང་གཉིས་ཁ་ཟུམ་པ་ཆོས་ཉིད་ཡིན་ཅིང༌། དབུ་མ་སད་པའི་ནང་དུ་ཐུར་སེལ་ཞུགས། དེས་གཏུམ་མོ་སྦར་


JLD008_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བ་སོགས་ཀྱི་རྐྱེན་གྱིས་ལྷན་སྐྱེས་འཆར་རོ། །འདི་ནི་རྒྱུད་དོན་ཡིན་པར་ད་ལྟ་ཉམས་བཟང་བའི་གང་ཟག་འགའ་ཞིག་གིས་ཡེ་རྒྱ་ལ་བརྟེན་པའི་ཚེ་ཐོག་མར་ཡུམ་གྱི་རྩ་ནས་རླུང་ཚུར་བྱུང་ནས་རང་གི་རྡོ་རྗེའི་བུ་གར་ཞུགས་པ་སྙམ་བྱེད་པ་འབྱུང་བར་སྣང་བས་ཀྱང་ཤེས་སོ་གསུངས་སོ། །དེས་ན་ཡབ་ཡུམ་གྱི་སྣ་རྩེ་གཉིས་ཕྲད་མཚམས་སུ་ཐིག་ལེ་ཕྲ་མོ་བསྒོམ་པའང་སྣ་རྩེ་གཉིས་སད་པའི་ཆེད་དུ་ཡིན་ནོ། །འོ་ན་ལས་རྒྱ་ལ་བརྟེན་པའི་སྙིང་གའི་སྡུད་རིམ་དུ་འགྲོ་ཚུལ་ཇི་ལྟར་ཡིན་སྙམ་ན། དེ་ནི་རིལ་འཛིན་དང་རྗེས་གཞིག་གི་བསམ་གཏན་གཉིས་དང༌། སྙིང་གའི་སྡུད་རིམ་གྱི་དམིགས་པ་དང༌། རྡོར་བཟླས་དང༌། གསང་བའི་སྣ་རྩེར་རྫས་ཀྱི་སྲོག་རྩོལ་སྙིང་གར་སྡུད་རིམ་རྣམས་སྐབས་དེར་བྱེད་པའི་སྟོབས་ཀྱིས་ཡིན་ནོ། །རྗེས་བཙུན་ཙོང་ཁ་པ་ཆེན་པོའི་ཞལ་གྱི་གདམས་ངག་གོ། །།བླ་མ་རྡོ་རྗེ་འཆང་གི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འདིར་རྒྱུད་སྡེ་ནས་ལན་ཅིག་མ་ཡིན་པར་གསུངས་པའི་ཕྱག་རྒྱ་སྲོག་རྩོལ་གྱི་གནད་མཐར་ཐུག་རྗེ་བླ་མའི་ལེགས་བཤད་ཐུན་མོང་མ་ཡིན་པ། གསང་བ་ལས་ཀྱང་ཆེས་གསང་བའི་གནད་རྣམས་བརྗེས་བྱང་དུ་བྲི་བར་འཚལ་ན། བླ་མ་དང་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་གནང་བ་མཛད་ནས་བདེ་ཆེན་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །དེ་ལ་ལས་རྒྱ་བསྟེན་པའི་དགོས་པ་ནི་དེ་བསྟེན་པས་སྲོག་དབུ་མར་ཞུགས་ཏེ། ཡས་བབས་དང༌། མས་བརྟན་གྱི་དགའ་བཞི་བསྐྱེད་པའི་ཆེད་དུ་ཡིན་ནོ། །དེས་ན་ཐབས་ཀྱི་མཆོག་འདི་བཤད་པ་ལ་གསུམ།


JLD008_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱའི་མཚན་ཉིད། སྲོག་རྩོལ་གཏོང་བའི་མན་ངག་དངོས་དང༌། ཐ་མ་དེ་ལ་བརྟེན་ནས་དགའ་བཞི་བསྐྱེད་ཅིང་བདེ་སྟོང་སྦྱོར་ཚུལ་ལོ། །དང་པོ་ནི། རྣལ་འབྱོར་བཞིའི་རིམ་པས་གསུངས་པའི་པདྨ་ཅན་ལ་སོགས་བཞིའི་དོན་ནི། །རྩ་དབྱིབས་མི་འདྲ་བ་བཞིའི་སྒོ་ནས་བསྟན་པ་ཡིན་ལ། དེ་ཡང་དྷཱུ་ཏཱིའི་མར་སྣའི་དབང་དུ་བྱས་པ་ཡིན་ཅིང༌། དེའི་རྣམ་པ་ཇི་བཞིན་པ་ནི་མར་སྣ་ཀུན་རྫོབ་ཀྱི་སྣ་སོགས་ཀྱིས་མཚོན་པར་བྱེད་དོ། །དེས་ན་གླང་པོ་ཅན་གྱི་རྩའི་མར་སྣ་ནི། །རྩ་སྣ་གཡོན་ནས་གཡས་སུ་ཅུང་ཟད་འཁྱིལ་བའི་རྣམ་པར་ཡོད་ལ། དེའི་རྟགས་རྩ་དེའི་ཡས་སྣ་ཡོད་ཕྱོགས་ཀྱི་བུད་མེད་དེའི་སྣ་གཡོན་ནས་གཡས་སུ་འཁྱིལ་བའི་རྣམ་པ་ཅན་ལ་སོགས་པ་ལས། ཕྱག་རྒྱ་དེ་གླང་པོ་ཅན་གྱི་རིགས་སུ་གཏོགས་པ་ཡིན་ནོ། །དུང་ཅན་མ་ནི་རྩ་དེའི་མར་སྣ་དུང་དཀར་གྱི་ཁ་ལྟ་བུར་ཁྱིལ་ཞིང༌། གུག་ལ་རིང་བ་ཅིག་ཡོད་པས། དེའི་རྟགས་ལ། རྩའི་ཡར་སྣ་ཡོད་ཕྱོགས་ཀྱི་སྐྲ་དང་སྣ་ཡང་རིང་བ་ལ་སོགས་པ་དུང་ཅན་མའི་རིགས་སུ་ཤེས་པར་བྱའོ། །རི་དྭགས་ཅན་མ་ནི་རྩ་དེའི་མར་སྣ་རི་དྭགས་གླ་བའི་ལྟེ་བ་འདྲ་བ་ཁ་བཙུམ་ཞིང་འགོར་པོའི་རྣམ་པ་ཅན་དུ་ཡོད་པས། རྩ་དེའི་ཁ་ཤིན་ཏུ་ཚོལ་བ་དཀའ་བས། དེ་ནི་རྣལ་འབྱོར་པས་སེན་མོས་བཙལ་དགོས་པ་སོགས་གསུངས་སོ། །མར་སྣ་དེའི་རྟགས་ལ་ཡར་སྣའི་ཕྱོགས་ཀྱི་སྣ་ལ་རི་མོ་ཡོད་ལ་དེར་མ་ཟད་ལུས་གཞན་ལས་སྦོམ་པ་སོགས་ཡིན་ནོ། །པདྨ་ཅན་ནི་མར་སྣ་མེ་ཏོག་པདྨའི་དབྱིབས་ལྟ་བུར་ཡོད་པས་རྩ་དེ་ཁ་བཙལ་སླ་ཞིང༌། འབྱེད་པར་སླ་བས་ཕྱག་རྒྱའི་མཆོག་ཏུ་གསུངས་པ་ཡིན་ནོ། །དེའི་རྩའི་མར་སྣ་དེ་ལྟར་ཡོད་པས་ཡར་སྣའི་ཕྱོགས་


JLD008_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སྣ་ནི་ཛ་བའི་མེ་ཏོག་ལྟར་ཡོད་པར་གསུངས་པ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་བཞིའི་རྩ་ལ་མི་འདྲ་བའི་ཁྱད་པར་དེ་ལྟར་ཡོད་པའི་སྒོ་ནས་པདྨ་ཅན་སོགས་སུ་བཞག་པའི་དོན་དེ་ཉིད། རང་གི་བླ་མ་ཁོ་ནའི་མན་ངག་ཡིན་པས། རང་ཁོ་ནའི་སྙིང་ལ་བཅང་རྒྱུ་ཡིན་གསུངས། དེའི་རྒྱུ་མཚན་ཆགས་ལམ་ལ་ཤིན་ཏུ་མཁས་པར་གྲགས་པའི་བླ་མ་ཐམས་ཅད་ཀྱིས་རྒྱུད་ནས་གསུངས་པའི་ཕྱག་རྒྱ་རིགས་བཞིའི་ཁྱད་པར་སྣ་གཡོན་གཡས་སུ་འཁྱིལ་བ་དང༌། ཞེས་སོགས་རྣམས་རྩའི་དབྱིབས་ལ་བརྟགས་པའི་དོན་ལ་བློ་ཁ་ཙམ་ཡང་མ་ཕྱོགས་ཤིང༌། རྩ་ལ་མི་འདྲ་བ་བཞི་ཡོད་པའི་གནད་མ་རྟོགས་པ་ཤ་སྟག་ཡིན་པས། ཕྱོགས་འདི་ལ་ཁ་བོ་ཇི་ལྟར་ཆེ་ཡང་མཁས་པའི་བཞད་གད་ཀྱི་གནས་འབའ་ཞིག་ཡིན་གསུང༌། གཉིས་པ་སྲོག་རྩོལ་དུ་གཏོང་བའི་ཐབས་དངོས་ནི། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་ནི་ཉེ་བར་བཙལ་བར་བྱ་སྟེ། བྱེད་པ་བཅིངས་པའི་སྦྱོར་བ་ཡིས། །ཞེས་པས་བསྟན་ལ། དེའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་ནི་བུད་མེད་ཀྱི་དྷཱུ་ཏཱི་ཡིན་ལ། ཉེ་བར་བཙལ་བྱ་ཞེས་པ་ནི། རྣལ་འབྱོར་པས་རྩ་དེའི་མར་སྣ་བཙལ་བར་བྱས་ལ་དེ་ཡང་བྱ་རོག་གདོང་ཞེས་པ་ནི་འཇིག་རྟེན་པ་ལ་བྱ་ལེར་གྲགས་པ་དེ་ལ་ཟེར་བ་ཡིན་ཞིང་། དབུ་མའི་མར་སྣ་རྩ་དེའི་དབུས་ནས་འབྱུང་ངོ་། །དེ་ལས་སྐྱེས་པའི་དྷཱུ་ཏཱི་སྦོམ་ཞིང་ཐུང་བར་གནས་པས། ནོར་བུའི་བུག་པ་ལས་ཕྱིར་ནར་ནས་འོང་བ་མི་སྲིད་ལ། བུད་མེད་ཀྱི་དྷཱུ་ཏཱི་ནི་ཕྲ་ཞིང་རིང་བའི་བྱ་རོག་གདོང་ལས་ཕྱིར་ནར་ནས་འོང་བའི་སྐབས་ཡོད་པས། སྙོམས་


JLD008_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གི་ཚེ་བུད་མེད་ཀྱི་རྩ་དེ་རྣལ་འབྱོར་པའི་རྩའི་མར་སྣའི་ནང་དུ་འཇུག་པའི་སྦྱོར་བ་ཡིན་ནོ། །དེའི་ཕྱིར་དུ་ཕྱག་རྒྱའི་དྷཱུ་ཏཱིའི་རིགས་མི་འདྲ་བ་བཞིའི་གནས་ཚུལ་ཤེས་ནས་ཚོལ་བ་དང༌། ཁ་འབྱེད་པའི་མན་ངག་གི་ཤེས་རབ་ཀྱི་རྩ་སད་པར་བྱ། དེ་ནས་ཕྱག་རྒྱའི་རྩ་དེ་རང་གི་རྩའི་ནང་དུ་བཅུག་ནས་འབྱེད་པ་དམ་དུ་བཅིང་བའི་སྦྱོར་བ་བྱ། དེ་ལྟར་བྱས་པས་ཕྱག་རྒྱའི་རྩ་ནང་ནས་རླུང་བྱུང་སྟེ། རང་གི་རྩའི་ནང་དུ་སླེབས་ན་སྙོམས་འཇུག་གི་བདེ་བ་སོགས་གང་བས་ཀྱང་ལྷག་པའི་བདེ་བ་སྐྱེ་ལ། རླུང་དེ་རང་གི་དྷཱུ་ཏཱིའི་ནང་དུ་བསྡུས་པས་རང་གི་ཐུར་སེལ་གྱི་རླུང་གྱེན་དུ་ལོག་སྟེ་ཕྱག་རྒྱའི་རླུང་དེས་སྣ་འདྲེན་བྱས་ནས་དབུ་མར་ཞུགས་ཤིང་བསྡུས་པས་དྲོད་འབར་ནས་སྤྱི་བོར་ཧཾ་ཡིག་བཞུ་ཞིང༌། བྱང་སེམས་དྷཱུ་ཏཱིའི་མར་སྣར་སླེབ་པ་ན་ཕྱག་རྒྱའི་ཡང་ཁུ་བ་བཞུ་ནས་དྷཱུ་ཏཱིའི་ལམ་ནས་བྱུང་སྟེ། རང་གི་རྩའི་ནང་དུ་ཕྲད་པ་ན་ཐབས་ཤེས་ཟུང་དུ་འབྲེལ་བའི་གནད་ཀྱིས་སྔ་མའི་བདེ་བ་དེ་ལས་ཀྱང་ཆེས་ཆེ་བ་ཞིག་འབྱུང་ཞིང༌། དེ་ནས་མན་ངག་གིས་གྱེན་དུ་བཟློག་པའི་སྦྱོར་བས་ཐིག་ལེ་དེ་ལྟེ་བར་སླེབ་པ་ན་རྒྱུ་མཐུན་གྱི་ཚུལ་གྱི་དགའ་བ་སྙིང་གར་སླེབ་པ་ན་རྣམ་སྨིན་གྱི་ཚུལ་གྱི་མཆོག་དགའ་མགྲིན་པར་སླེབ་པ་ན་སྐྱེས་བུ་བྱེད་པའི་ཚུལ་གྱི་ཁྱད་དགའ། གཙུག་ཏོར་དུ་སླེབ་པས་དྲི་མ་དང་བྲལ་བའི་ལྷན་ཅིག་སྐྱེས་དགའ་སྟེ་ཤིན་ཏུ་རྣལ་འབྱོར་བསྒོམ་པར་བྱའོ། །གསུམ་པ་བདེ་སྟོང་སྦྱོར་ཚུལ་ནི། དེ་འདྲ་བའི་ཡས་བབས་མས་བརྟན་གྱི་དགའ་བཞི་སྐྱེས་པ་དེའི་ཚེ། དབུ་མའི་ལྟ་བ་མཐར་ཐུག་དང་སྦྱར་ནས་བསྐྱངས་པས་སྲིད་པའི་སྡུག་བསྔལ་གཞོམ་པར་བྱེད་དོ། །གཞན་ཡང་རྡོ་རྗེའི་ལྟེ་བས་པདྨ་མནན་པ་དང༌།


JLD008_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་ཀྲུང་བཅིངས་ཞེས་སོགས་ཀྱི་དོན་ཡང་ཡུམ་གྱི་རྩ་དེ་རྣལ་འབྱོར་པའི་རྩའི་མར་སྣའི་ནང་དུ་བཅུག་པ་ངེས་དོན་གྱི་རྡོ་རྗེ་སྐྱིལ་ཀྲུང་གཡས་གཡོན་གཉིས་ཀྱིས་རོ་རྐྱང་གི་རླུང་དབུ་མའི་ནང་དུ་ཞུགས་པ་འབྱུང་ཞིང༌། དེའི་རྣལ་འབྱོར་པའི་སེམས་ནོར་བུའི་ནང་གི་དྷཱུ་ཏཱིའི་ནང་དུ་སོན་པ་ལས་ཡེ་ཤེས་ཀྱི་ངོ་བོ་ལྷན་སྐྱེས་འབྱུང་ངོ་། །དེ་དག་གིས་དགའ་བ་གཞན་གསུམ་ཡང་ཡིན་ནོ། །པདྨ་ཅན་གྱི་བགྲོད་ཚུལ་ནི། པདྨའི་བྱེད་པ་ཞེས་པ་ཕལ་པ་ལྟར་སྟེང་ནས་བགྲོད་པའོ། །གླང་པོ་ཅན་གྱི་བགྲོད་ཚུལ་ནི་དུད་འགྲོ་ལྟར་རྒྱབ་ནས་བགྲོད་པའོ། །དུང་ཅན་མའི་བགྲོད་ཚུལ་ནི་གྷ་ཧར་ཏིའི་སྦྱོར་བ་ཞེས་བྱ་བ་རྐང་པ་གཉིས་ཕྲག་པ་ལ་བཀལ་ཏེ་འོག་ནས་བགྲོད་པའོ། །རི་དྭགས་ཅན་གྱི་བགྲོད་ཚུལ་ནི་བི་ལ་སའི་ཆིང་བ་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་ལྟར་སྐྱིལ་ཀྲུང་ལ་བགྲོད་པར་བྱ་བ་ཡིན་ནོ། །རྟགས་ཀྱི་རྩ་གཉིས་མི་འབྲལ་བར་བྱེད་པ་ཤིན་ཏུ་གལ་ཆེ། དེ་ནི་རྣལ་འབྱོར་པའི་ལག་པས་བྱེད་དགོས་པར་རྒྱུད་ལས་བཤད་དོ། །རྗེ་བཙུན་ཙོང་ཁ་པའི་ཞལ་སྔ་ནས་ཀྱི་གདམས་པའོ། །ཟབ་ཟབ་ཨྠྀི།། ༈ །།རྒྱལ་བ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞབས་ཀྱི་པདྨོ་ལ་གུས་པས་ཕྱག་འཚལ་ལོ། །འདིར་བསྲེ་བ་སྐོར་དགུའི་གདམས་པ་སྟོན་པར་བྱེད་པ་ལ་དོན་གསུམ་སྟེ། སད་དུས་སུ་སྐུ་གསུམ་དང་བསྲེ་བ། གཉིད་ཀྱི་དུས་སུ་སྐུ་གསུམ་དང་བསྲེ་བ། འཆི་བའི་དུས་སུ་སྐུ་གསུམ་དང་བསྲེ་བའོ། །དང་པོ་ལ་སད་དུས་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བ།


JLD008_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སད་དུས་ཀྱི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ། སད་དུས་ཀྱི་ལོངས་སྐུ་ལས་ལངས་པ་སྤྲུལ་སྐུ་དང་བསྲེ་བའོ། །དང་པོ་ནི། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལ་བརྟེན་ནས་རླུང་སྙིང་གའི་དྷཱུ་ཏཱིའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱས་པ་ལས་སྨིག་རྒྱུ་དུ་བ་ལ་སོགས་པའི་རྟགས་རྣམས་འཆར་ཞིང༌། དེའི་རྗེས་སུ་སྣང་བ། མཆེད་པ། ཉེར་ཐོབ། འོད་གསལ་རྣམས་འཆར་ལ། དེ་རྣམས་ཀྱི་དུས་སུ་ལྟ་བ་དྲན་པར་བྱེད་ཅིང༌། ཁྱད་པར་འོད་གསལ་གྱི་དུས་སུ་གདམས་ངག་དང་སྦྱར་ནས་སྒོམ་པར་བྱེད་པ་ནི་སད་དུས་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བ་ཡིན་ནོ། །གཉིས་པ་སད་དུས་ཀྱི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ་ནི། གོང་དུ་བཤད་པ་ལྟར་གྱི་འོད་གསལ་ཆོས་སྐུ་དང་བསྲེ་བ་དེ་ལས་ལྡང་བར་རྩོམ་པ་ན་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་རྣམ་སྨིན་གྱི་ཕུང་པོ་ལས་ལོགས་སུ་བྱེ་སྟེ། གསང་འདུས་ཀྱི་སྐབས་སུ་ཡིན་ན། ལོངས་སྐུ་དང་པོའི་མགོན་པོ་དང༌། འཇིགས་བྱེད་ཀྱི་སྐབས་སུ་ཡིན་ན། རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་གཞོན་ནུར་གྱུར་པ་འཇའ་ཚོན་ལྟ་བུའི་སྐུར་སྐད་ཅིག་གིས་ལྡང་བ་ནི་སད་དུས་ཀྱི་སྒྱུ་མ་ལོངས་སྐུ་དང་བསྲེ་བ་ཡིན་ནོ། །གཉིས་པ་སད་དུས་ཀྱི་ལོངས་སྐུ་ལས་ལངས་པ་སྤྲུལ་སྐུ་དང་བསྲེ་བ་ནི། གོང་དུ་བཤད་པ་ལྟར་གྱི་སྒྱུ་མའི་སྐུ་ལས་ལྡང་བར་རྩོམ་པ་ན། རྣམ་སྨིན་གྱི་ལུས་འདི་གསང་འདུས་ཀྱི་སྐབས་སུ་ཡིན་ན་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་འམ། རྡོ་རྗེ་འཆང་གི་སྐུར་ལྡང་བ་དང༌། འཇིགས་བྱེད་ཀྱི་སྐབས་སུ་ཡིན་ན། སྤྲུལ་སྐུ་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་ལངས་ལ། གོང་དུ་བཤད་པ་ལྟར་གྱི་ཤིན་


JLD008_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྲ་བའི་རླུང་སེམས་ལས་གྲུབ་པའི་ལོངས་སྐུ་དེ་ཡང་སྤྲུལ་སྐུའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བཞུགས་པའི་སྤྲུལ་སྐུར་ལྡང་བ་ནི། སད་དུས་ཀྱི་ལོངས་སྐུ་ལས་ལངས་པ་སྤྲུལ་སྐུ་དང་བསྲེ་བ་ནི། དེ་ལྟར་སད་དུས་ཀྱི་བསྲེ་བ་སྐོར་གསུམ་མོ། །གཉིས་པ་གཉིད་དུས་སུ་སྐུ་གསུམ་དང་བསྲེ་བ་ལ་གསུམ། གཉིད་དུས་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བ། རྨི་ལམ་ལོངས་སྐུ་དང་བསྲེ་བ། གཉིད་སད་པ་སྤྲུལ་སྐུ་དང་བསྲེ་བའོ། །དང་པོ་ནི། སད་དུས་སུ་སྙིང་གར་ཞུགས་གནས་ཐིམ་གསུམ་བྱེད་པ་ལ་གོམས་པའི་གང་ཟག་གིས། གཉིད་དུ་འགྲོ་ཁར་རླུང་སྡུད་པའི་དམིགས་པ་བྱས་ན། གཉིད་དུ་འགྲོ་བའི་ཚེ། ཡན་ལག་གི་རླུང་རྣམས་རང་ཤུགས་ཀྱིས་སྙིང་གར་འདུ་བའི་གནད་ཀྱིས་སྙིང་གར་རླུང་གཞན་པས་འདུ་ཚབས་ཆེ་བ་ཅིག་འོང་ཞིང༌། དེའི་དུས་སུ་རྨི་ལམ་གྱི་ལུས་གནས་ལ། དེའི་སྟོབས་ཀྱིས་གཉིད་དུ་སོང་བ་ན། སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་འཆར་ལ། དེའི་འོད་གསལ་གྱི་དུས་སུ་སྟོང་པ་ཉིད་ཀྱི་ལྟ་བ་དྲན་པར་བྱས་ནས་འོད་གསལ་ལ་ཇི་ཙམ་གནས་གནས་ཀྱི་བར་དུ་འཇོག་པ་ནི། གཉིད་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བའོ། །གཉིས་པ་རྨི་ལམ་ལོངས་སྐུ་དང་བསྲེ་བ་ནི། གོང་དུ་བཤད་པ་ལྟར་གྱི་གཉིད་ཀྱི་འོད་གསལ་ལས་ལྡང་བར་རྩོམ་པ་དང༌། རྨི་ལམ་འཆར་བས་དེའི་དུས་སུ་རྨི་ལམ་གྱི་ལུས་དེ་རྣམ་སྨིན་གྱི་ལུས་ལས་ལོགས་སུ་བྱ་བའི་ལོངས་སྐུ་དང་པོའི་མགོན་པའམ། འཇིགས་བྱེད་ལྟར་ན་ལོངས་སྐུ་རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་གཞོན་ནུར་གྱུར་པའི་སྐུ་འཇའ་


JLD008_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཆོན་ལྟ་བུར་སྐད་ཅིག་གིས་ལངས་ཏེ་ཇི་ཙམ་གནས་གནས་ཀྱི་བར་དུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ནི་རྨི་ལམ་ལོངས་སྐུ་དང་བསྲེ་བའོ། །གསུམ་པ་སད་པ་སྤྲུལ་སྐུ་དང་བསྲེ་བ་ནི། གོང་དུ་བཤད་པ་ལྟར་གྱི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དེ་ལས་ལྡང་བར་རྩོམ་པ་ནི། རྣམ་སྨིན་གྱི་ལུས་འདི་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེ་འཆང་གང་རུང་དང་འཇིགས་བྱེད་ལྟར་ན་སྤྲུལ་སྐུ་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་བསྒོམ་ལ། དེའི་ཐུགས་ཀར་རྨི་ལམ་གྱི་ལོངས་སྐུ་དེ་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བཞུགས་པར་བསྒོམ་པའམ། སྤྲུལ་སྐུར་བསྒོམ་པ་ནི། སད་པ་སྤྲུལ་སྐུ་དང་བསྲེ་བ་སྟེ། དེ་ལྟར་ན་གཉིད་དུས་ཀྱི་བསྲེ་བ་སྐོར་གསུམ་མོ། །གསུམ་པ་འཆི་བའི་དུས་སུ་སྐུ་གསུམ་དང་བསྲེ་བ་ལ་གསུམ། འཆི་བའི་འོད་གསལ་ཆོས་སྐུ་དང་བསྲེ་བ། བར་དོ་ལོངས་སྐུ་དང་བསྲེ་བ། སྐྱེ་བ་སྤྲུལ་སྐུ་དང་བསྲེ་བའོ། །དང་པོ་ནི། འཛམ་བུ་གླིང་པའི་མི་ཁམས་དྲུག་ལྡན་ཅིག་རིམ་གྱིས་འཆི་བའི་ཚེ་སྙིང་གར་རང་ཤུགས་ཀྱི་རླུང་འདུ་བའི་གནད་ཀྱིས། འཆི་བའི་ཚེ་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ཡོངས་སུ་རྫོགས་པར་འཆར་ཞིང༌། དུས་དེར་ཤར་བའི་འོད་གསལ་ནི་མའི་འོད་གསལ་ཡིན་ལ། སྙིང་ག་ལ་སོགས་པའི་གནས་རྣམས་སུ་གནད་དུ་བསྣུན་པ་ལ་བརྟེན་ནས། སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ཤར་བའི་འོད་གསལ་ནི་བུའི་འོད་གསལ་ཡིན་ཞིང༌། འཆི་བའི་ཚེ་རླུང་སྡུད་པར་རྩོམ་པ་ན་སྙིང་གའི་སྡུད་རིམ་ལེགས་པར་བསྒོམ་ཏེ། འོད་གསལ་མ་བུ་འདྲེས་པའི་འོད་གསལ་


JLD008_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བའི་ཚེ། ལྟ་ཐོག་ཏུ་ལེགས་པར་བཞག་སྟེ། འོད་གསལ་ལ་ཇི་ཙམ་གནས་གནས་ཀྱི་བར་འཇོག་པ་ནི་འཆི་བ་ཆོས་སྐུ་དང་བསྲེ་བའོ། །གཉིས་པ་བར་དོ་ལོངས་སྐུ་དང་བསྲེ་བ་ནི། གོང་དུ་བཤད་པ་ལྟར་གྱི་འཆི་བའི་འོད་གསལ་དེ་ལས་ལངས་ནས། བར་དོ་འཆར་བར་རྩོམ་པ་ན་བར་དོའི་ལུས་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་ལོངས་སྐུ་དང་པོའི་མགོན་པོའམ། རྡོ་རྗེ་འཆང་གི་སྐུ་གང་རུང་དུ་ལྡང་ཞིང༌། འཇིགས་བྱེད་ལྟར་ན་ལོངས་སྐུ་རྒྱུ་རྡོ་རྗེ་འཛིན་པ་ཟུང་འཇུག་འཇའ་ཚོན་ལྟ་བུའི་སྐུར་ལྡང་བར་བྱའོ། །འདི་ནི་ཐ་མལ་པ་ལ་བར་དོ་འོང་བའི་དོད་ལ། སྒྱུ་མའི་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་བ་ཡིན་པས། འདི་ནི་བར་དོ་ལོངས་སྐུ་དང་བསྲེ་བའོ། ། གསུམ་པ་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་ནི། མངལ་དུ་སྐྱེ་བ་ལེན་པར་རྩོམ་པ་ནི། སྐྱེ་བ་ལེན་རྒྱུའི་རྣམ་སྨིན་གྱི་ལུས་དེ་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་འམ། སྤྲུལ་སྐུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་བསྒོམ་པའི་སྙིང་གའི་དབུས་སུ་ཤིན་ཏུ་ཕྲ་མོའི་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྐུ་དེ་ཉིད་བཞུགས་པར་བསྒོམ་སྟེ། སྐྱེ་གནས་སུ་སྐྱེ་བ་ལེན་པ་ནི་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་ཡིན་ཏེ། དེ་ལྟར་ན་འཆི་བའི་དུས་ཀྱི་བསྲེ་བ་སྟེ་བསྲེ་བ་སྐོར་གསུམ་མོ། །དེ་ལྟར་བསྲེ་བ་རྣམས་ཀྱི་སྐབས་སུ་ལོངས་སྐུ་དང་པོའི་མགོན་པོ་དང༌། འཇམ་དཔལ་གྱི་སྐུར་ལངས་པའི་དགོས་པ་ནི་བསྐྱེད་རིམ་གྱི་སྐབས་ཀྱི་བར་དོའི་སྦྱོང་བྱེད་དང༌། བར་དོ་ལོངས་སྐུར་འཁྱེར་བའི་ལམ་འཁྱེར་དང་པོའི་མགོན་པོ་དང༌། རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་ཡིན་པས་སོ། །བསྐྱེད་རིམ་གྱི་སྐབས་ཀྱི་སྐྱེ་བ་སྤྲུལ་སྐུར་འཁྱེར་


JLD008_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལམ་འཁྱེར་དང༌། སྐྱེ་བ་སྦྱོང་བྱེད་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་དང༌། འཇིགས་བྱེད་ཀྱི་སྐབས་སུ་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཡིན་པས་སྤྲུལ་སྐུ་དང་བསྲེ་བའི་སྐབས་སུ་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་འཇིགས་བྱེད་དུ་ལྡང་དགོས་པའི་རྒྱུ་མཚན་དེ་ལྟར་ཡིན་པར་ཤེས་པར་བྱའོ། །བསྲེ་བ་སྐོར་དགུའི་གདམས་པ་འདི། །དམ་ཚིག་སྡོམ་པ་ལྡན་པ་ཡི། །སྐལ་ལྡན་སློབ་མ་མ་གཏོགས་པ། །དེ་ལས་གཞན་དུ་ཅུང་ཟད་ཙམ། །བསྟན་ཅིང་སྦྱིན་པར་བྱ་བ་མིན། །དེ་བས་སྙིང་ལས་གཅེས་པར་བཟུང༌། །དེ་ལྟར་བསྲེ་བ་སྐོར་དགུའི་གདམས་པ་ཤིན་ཏུ་གསལ་བར་བཀོད་པ་འདི་དག་ནི། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཞལ་སྔ་ནས་གསེར་གྱི་མཎྜལ་དང་བཅས་པ་ཕུལ་ནས། ཡང་དང་ཡང་དུ་གསོལ་བ་བཏབ་པའི་ངོར། ཤིན་ཏུ་གོ་བདེ་ཞིང་མན་ངག་དཔྱིས་ཕྱིན་པར་བཀོད་པའི་དགེ་བས་སེམས་ཅན་ཐམས་ཅད་སྐུ་གསུམ་གོ་འཕང་ཐོབ་པ་དང་མི་འབྲལ་བར་གྱུར་ཅིག །མན་ངག་འདི་ཤིན་ཏུ་བཀའ་རྒྱ་དམ་པར་མཛད་འཚལ་ལོ། །ཨྀཐི། རང་ཡི་དམ་དུ་གསལ་བའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧ་ལས་རལ་གྲིའི་འཆང་ཟུང་ལ་ཧས་མཚན་པ། ཡོངས་སུ་གྱུར་པ་ལས། དོན་ཡོད་རྡོ་རྗེ་སྐུ་མདོག་ལྗང་ཁུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་དྲིལ་བུ་དང་པདྨ་འཛིན་པ། ཡབ་ཡུམ་གཉིས་ཀའང་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ། །དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་


JLD008_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས༌། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། མཆོད་པས་མཆོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཨཱཿཧཱུཾ། ཞེས་རང་གི་སྤྱི་བོ་ནས་དབང་བསྐུར་བས། དམ་ཚིག་རྡོ་རྗེའི་ལུས་ཐམས་ཅད་གང༌། བདེ་བ་ཆེན་པོ་མྱོང༌། དྲི་མ་ཐམས་ཅད་དག་ཆུའི་ལྷག་མ་སྤྱི་བོར་གནས་པ་ཡོངས་སུ་གྱུར་པ་ལས། ཡབ་ལ་མི་བསྐྱོད་པ་དང༌། ཡུམ་ལ་དོན་གྲུབ་ཀྱིས་དབུ་བརྒྱན། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧ་ལྗང་ཁུ་ལས་བདུད་རྩིའི་རྒྱུན་ཕྲ་མོ་འཛག་པ་དེའི་མཐར། ཨོཾ་ཨཱཿཔྲཛྙཱ་དྷྲིཀ་ཧ་ཧཱུཾ། ཞེས་པས་བསྐོར་ནས། བདུད་རྩིའི་རྒྱུན་དེ་སྣ་ཚོགས་རྡོ་རྗེའི་རྭའི་བུ་གནས་རིམ་གྱིས་བྱུང་། །ལུས་ཐམས་ཅད་གང༌། ཟག་མེད་ཀྱི་བདེ་བ་མྱོང་བས། དམ་ཚིག་ཉམས་པ་ཐམས་ཅད་བ་སྤུའི་བུ་ག་ནས་ནག་ཉིལ་ཉིལ་འཐོན་པར་བསམས་ལ་ངག་ཏུ་གོང་གི་སྔགས་འདི་བཟླས། བཟླས་པ་ཚར་བ་ན། བདག་ནི་མི་ཤེས་རྨོངས་པ་ཡིས། ཞེས་སོགས་བྱ། དགེ་བ་བསྔོ་བའོ། །ལམ་སྒོམ་པ་ཐམས་ཅད་ཀྱི་སྐབས་སུ་རང་རྒྱུད་ལ་ལྷས་བྱིན་གྱིས་རློབས་པ་དང་སྒོམ་པའི་ཉམས་སྣང་དང༌།


JLD008_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཀྱི་བར་ཆད་ཀྱི་མཚན་མ་གསུམ་གྱི་རིགས་འདི་ལྟར་དབྱེ་བར་བྱ་སྟེ། ལྷ་བསྒོམ་པ་དང་བཟླས་པ་ལ་སོགས་པའི་སྐབས་སུ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་མཚན་མ་ལ་སོགས་པ་བྱུང་ན། རྩ་ཨ་ཝ་དྷཱུ་ཏཱིའི་ཡར་སྣ་རང་གི་སྨིན་མཚམས་ཀྱི་དབུས་ཁྲོ་བོ་རྣམས་ཀྱི་སྤྱན་གསུམ་པ་འོང་ས་དེར་རག་དུང་གི་ཁ་ལྟར་གདངས་པ་ལ་མིག་གཉིས་ཀྱང་དྲིལ་ཏེ། དྷཱུ་ཏཱིའི་ཡར་སྣ་ནས་མཚན་མ་གང་ཡིན་པ་དེ་ལ་བལྟས་པས་དམིགས་པ་བསྒོམ་པའི་སྟོབས་ཀྱི་ཉམས་ཡིན་ན། སྔར་ལས་ཤིན་ཏུ་གསལ་ཞིང་སྣུམ་ལ་འོད་དང་ལྡན་པར་འགྱུར་རོ། །དེ་ལ་མ་ཆགས་པར་སྒྱུ་མ་ལྟ་བུའི་བལྟ་བས་རྒྱས་བཏབ་ལ་བསྒོམ། འོད་ཟེར་སྣ་ལྔ་འཕྲོ་ཞིང་སྔར་ལྟར་དུ་གནས་ན། ལྷས་རང་གི་རྒྱུད་བྱིན་གྱིས་རློབ་པའི་རྟགས་ཡིན་པས་རྡོ་རྗེ་བསྡུ་བའི་སྔགས་དང་ཕྱག་རྒྱས་རང་ལ་བསྟིམ་ཞིང་གསོལ་བ་གདབ། དེ་ལྟར་བལྟས་པས་སྔར་གྱི་དེ་ཡལ་འགྲོ་བར་སྣང་ན་བགེགས་ཀྱི་མཚན་མ་ཡིན་པས། བསྲུང་འཁོར་ཐུན་མོང་དང་ཐུན་མོང་མ་ཡིན་པ་བསྒོམ་ཞིང་། མཚམས་དམ་དུ་བཅད་ལ་ཆོས་སྐྱོང་ལ་གཏོར་མ་ཕུལ། བསྐང་བཤགས་བྱས་ལ་དགེ་སྦྱོར་སྔར་ལས་ཀྱང་འཇུར་དུ་གཏོང་བ་ཡིན་ནོ། སླར་ཡང་ཡང་ཡང་འོང་ན་ཡལ་འགྲོ་བའི་འགོ་རྩོམ་པ་ན། རང་གི་སྙིང་ག་ནས་ཁྲོ་བོ་གཤིན་རྗེ་གཤེད་འཇིག་རྟེན་གསུམ་པོ་ཟ་བར་ནུས་པ། སྐུ་ལས་མེ་འོད་འཕྲོ་བ་གྲི་གུག་དང་ཐོད་པ་འཛིན་པ་དུ་མ་སྤྲོས་ཏེ། ཆར་བབས་པ་བཞིན་དུ་དེ་ལ་བསྟིམ་པས་བྱ་སྒྲོ་མེས་ཚིག་པ་ལྟར་བསྲེགས་པར་བསམས་ལ། སྔར་ལྟར་བསྲུང་འཁོར་བསྒོམ་ཞིང་དགེ་སྦྱོར་ལ་འགྲིལ་བར་བྱའོ། །དགེ་སྦྱོར་གང་གི་སྐབས་


JLD008_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཡང་མེད་དུ་མི་རུང་བའི་ཞལ་གྱི་གདམ་པ་ཨྀྠི།། ༈ །།རྗེ་བཙུན་བླ་མ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་དང་། དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། དངོས་སྒྲུབ་རྒྱ་མཚོ་འདུ་བར་མཛོད། ལུས་དབེན་གྱི་སྐབས་སུ་དམིགས་རྟེན་གསལ་པོ་བྱུང་ཡང་། རླུང་ཇི་ལྟ་བ་བཞིན་དུ་བར་མ་འདོད་ན། རྩའི་སྦུབས་ཐམས་ཅད་ནས། རླུང་སྤོས་རིང་གི་དུད་པའི་རྣམ་པ་ཅན་སྟོད་སྨད་ཐམས་ཅད་ནས་དམིགས་པས་བཀུག་སྟེ། དམིགས་རྟེན་ལ་ཐིམ་པ་ཡང་ཡང་བྱས་པས་མྱུར་དུ་གནས་དེར་འདུས་ནས་རྟགས་རྣམས་འཆར་བས་རླུང་གི་བོགས་འདོན་ཁྱད་པར་བ་ཡིན་ནོ། དེ་ལྟར་བསྒོམ་པས་རླུང་འདུས་ཀྱང་ལུས་ཀྱི་གནས་གང་ཡང་རུང་བར་ནད་སྐྱེད་ན། གང་ན་ས་དེ་ནས་ནད་ཁ་དོག་སྔོ་དམར་གྱི་རྣམ་པ་ཅན་རླུང་དང་ལྷན་ཅིག་བཀུག་སྟེ་དམིགས་རྟེན་ལ་ཐིམ་པ་ཡང་ཡང་བྱས་པས་རླུང་འདུ་ཞིང་ནད་སེལ་བའི་གདམས་པ་ཁྱད་པར་ཅན་ཡིན་གསུང་ངོ་། །རླུང་ཤ་ལྤགས་མཚམས་སུ་ཞུགས་ཏེ་ཁོལ་བུར་སྐྲངས་ནས་ནན། གང་ནས་དེ་བདེ་བའི་ངོ་བོར་བལྟ་བ་དང༌། དེར་སེམས་བཟུང་ལ་གྲོགས་གཅིག་དང་རང་གཉིས་ཀས་རླུང་དུས་གཅིག་ཏུ་བཟུང་ལ་གྲོགས་ཀྱིས་ན་ས་དེ་མཉེ་མི་ཐུབ་པ་དང་དུས་མཉམ་དུ་བཏང་ངོ་། །ལུས་དབེན་སོགས་གང་གི་སྐབས་སུ་ཡང་སེམས་རྨུགས་པ་དང་བྱིང་བ་སོགས་བྱུང་ན། རྩའི་ནང་ཐམས་ཅད་དང༌། ཁྱད་པར་དབུ་མའི་ནང་དུ་སྒྲོན་མེ་ཤིན་ཏུ་གསལ་བ་འོད་ཀྱིས་ཁྱབ་པ་འཚེར་ཞིང་དྭངས་པ་བསྒོམ་པར་བྱའོ། །འདི་གསལ་བའི་བོགས་འདོན་ཡིན་ནོ། །དམིགས་པ་གསལ་ཡང་བདེ་ཉམ་


JLD008_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ན། རྩའི་ནང་ཐམས་ཅད་བྱང་སེམས་སྐར་མ་ཤར་བ་ལྟ་བུས་གང་བ། བདེ་བ་ཆེན་པོའི་ངོ་བོར་ཞུ་བ་རྣམས་དབུ་མ་ལ་ཕྱོགས་པར་རྒྱུག་པ། ཁྱད་པར་སྤྱི་བོའི་ཧཾ་ཡིག་བཞུ་པ་དགའ་བ་བཞིའི་རིམ་པས་འོང་བ་དང་འགྲོགས་ཏེ། ནོར་བུའི་རྩེར་སླེབ་པས་ལྷན་ཅིག་སྐྱེས་དགའ་མྱོང་བས་བསམ་པ་ནི། རླུང་འདུ་ཞིང་བདེ་བའི་བོགས་འདོན་པའི་གདམས་པ་ཡིན་ནོ། །རྨི་ལམ་བཙན་ཐབས་སུ་འཛིན་པ་ནི། རྨི་ལམ་འཛིན་པའི་འདུན་པ་ལེགས་པར་སྦྱངས་པའི་མཚམས་ནས་གཉིད་ལོག་པའི་ཚེ། གྲོགས་རྨི་ལམ་འཛིན་པའི་ཚོད་ལ་མཁས་པ་ཞིག་གིས། རྨི་ལམ་ཡིན་ནོ། །རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་གྱིས་ལ་དགེ་སྦྱོར་འདི་ལྟ་བུ་གྱིས་ཤིག །ཅེས་རྣ་ཁུང་དུ་དང་པོ་སྒྲ་ཆུང་དུ་སྒྲོགས། གཉིད་མ་སད་པའི་གདེང་རྙེད་པའི་མཚམས་ནས་ཅུང་ཆེ་བར་སྒྲོགས། དེ་ཐོས་པའི་རྐྱེན་བྱས་ནས་རྨི་ལམ་ངོ་ཤེས། དེ་ལྟར་ངོ་ཤེས་ནས་ཉིན་པར་གང་མ་བྱང་བའི་དགེ་དགེ་སྦྱོར་རྣམས་སྐྱོང༌། དང་པོ་མ་གོམས་བར་དུ་གཉིད་མྱུར་དུ་སད་འོང་བས་དེ་ལ་ནི་སྙིང་གའི་ནོར་བུའི་དབུས་སུ་ཐིག་ལེ་ནག་པོ་སྲན་མ་ཙམ་ཞིག་ལ་སེམས་བཟུང༌། ཡང་སྔར་བཞིན་དགེ་སྦྱོར་སྐྱོང༌། ཁྱད་པར་རྨི་ལམ་ལོངས་སྐུར་ལྡང་བ་ལ་བསླབ་པར་བྱའོ། །དེ་ལྟར་བྱས་པས་རྨི་ལམ་མྱུར་དུ་ཟིན་པ་དང༌། སད་འབྱམས་གཅོད་པའི་གདམས་པ་གཉིས་སྣང་ངོ་། །ཤིན་ཏུ་གཅེས་པའི་གདམས་པ་སེམས་དཔའ་གསུམ་བརྩེགས་སུ་བྱ་བ་ལ། གཞི་དུས་ཀྱི་སེམས་དཔའ་གསུམ་བརྩེགས། ལམ་དུས་ཀྱི་སེམས་དཔའ་གསུམ་བརྩེགས། འབྲས་དུས་ཀྱི་སེམས་དཔའ་གསུམ་བརྩེགས་ཏེ། གསུམ་ཚན་གསུམ་ཡོད་དོ། །དང་པོ་ནི། ད་ལྟར་གྱི་ལུས་རགས་


JLD008_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་དམ་ཚིག་སེམས་དཔའ། དེའི་སྙིང་གའི་དང་པོར་ཆགས་པའི་ཐིག་ལེ་དཀར་དམར་ནི་ཡེ་ཤེས་སེམས་དཔའ། དེའི་ནང་གི་སྲོག་འཛིན་ཤིན་ཏུ་ཕྲ་བ་ནི་ཏིང་ངེ་འཛིན་སེམས་དཔའ། དེ་བཞོན་པ་དང་བཅས་པ་ནི། སྒྱུ་ལུས་ཀྱི་བསྒྲུབ་གཞི་ཡིན་ནོ། །ལམ་དུས་ལ་བསྐྱེད་རིམ་དང་རྫོགས་རིམ་གཉིས་ལས། བསྐྱེད་རིམ་གྱིས་ནི་གོ་སླ་ལ། རྫོགས་རིམ་གྱིས་ནི་སྟོང་པ་བཞིའི་མཐར་ཤིན་ཏུ་ཕྲ་བའི་རླུང་སེམས་ལས་སྒྱུ་ལུས་དངོས་སམ། རྗེས་སུ་མཐུན་པར་ལངས་ནས། སླར་ཡང་ཕུང་པོ་རྙིང་པའི་སྙིང་གར་ཞུགས་པ་ནི་ཡེ་ཤེས་སེམས་དཔའ། དེ་ལྟར་ལྡང་བ་དང་། འཇུག་པར་བྱེད་པའི་སེམས་ནི་ཏིང་ངེ་འཛིན་སེམས་དཔའ། དམ་ཚིག་སེམས་དཔའ་སྔར་བཞིན། འབྲས་དུས་ཀྱི་སེམས་དཔའ་གསུམ་བརྩེགས་ནི་སློབ་པའི་དོན་གྱི་འོད་གསལ་གྱི་མཐར་རླུང་སེམས་ཙམ་ལས་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུར་བཞེངས་པ་དེས་མཆོག་གི་སྤྲུལ་སྐུ་ལ་སོགས་པའི་གཟུགས་རགས་པ་བཟུང་བའམ། གཞན་དོན་དུ་འགྱུར་བར་གཟིགས་ནས་སླར་ཡང་ཕུང་པོ་རྙིང་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་རྣམ་པར་ཞུགས་པ་ནི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ལྷན་སྐྱེས་ཀྱི་ཡེ་ཤེས་ནི་ཏིང་ངེ་འཛིན་སེམས་དཔའ་སྤྲུལ་སྐུ་གསར་པའམ། ཕུང་པོ་རྙིང་པ་ནི་དམ་ཚིག་སེམས་དཔའོ། །གྲུབ་ཆེན་ས་ར་ཧ་ལྟ་བུ་ནི་ཕུང་པོ་རྙིང་པ་ལ་ཞུགས་པ་ཡིན་གསུང་ངོ་། །ཤིན་ཏུ་གཅེས་པས་སྙིང་ལ་ཆོངས། །ཕྲ་ཐིག་དང་རྡོར་བཟླས་སོགས་ཀྱི་རླུང་འདུས་ཀྱང་སྟོང་པ་བཞིའི་གོ་རིམ་ངེས་མེད་དུ་ཤར་ན། ཅུང་ཟད་ཕན་


JLD008_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཚུང་བས། དེ་མི་འཁྲུལ་བར་བྱ་བ་ནི། རྟགས་བཞི་དང་སྟོང་པ་བཞི་འཆར་བའི་གོ་རིམ་ལ་མཁས་པར་བྱས་ནས། སྣང་བ་ཤར་བ་ན་འདི་སྣང་བ་ཡིན། འདིའི་སྔོན་དུ་ས་ཆུ་ལ་ཐིམ་པ་ལ་སོགས་པ་རྣམས་སོང་བ་ཡིན། སྣང་བ་འདི་འགགས་པའི་རྗེས་སུ། སྣང་བ་མཆེད་པ་འཆར་བ་ཡིན་སྙམ་དུ་ངེས་པར་བྱ། དེས་གཞན་གསུམ་ལའང་འགྲེའོ། །འདི་ནི་སྟོང་པ་བཞི་མི་འཁྲུལ་བར་བྱ་བའི་ཐབས་སོ། །རྡོར་བཟླས་ཀྱི་སྐབས་སུ་སྲོག་ཐུར་བསྲེ་བ་ནི། སྟེང་འོག་གི་སྣ་སྒོ་གཉིས་ནས་རླུང་ནང་དུ་འཇུག་པ་དུས་མཉམ་དང༌། སྙིང་གར་གནས་པ་དམིགས་རྟེན་ལ་སིམ་པའི་ཚུལ་གྱིས་དུས་མཉམ་དང༌། ཕྱིར་འགྲོ་བ་ཡང་དུས་གཅིག་ལ་འགྱེས་པ་ཡིན་གསུང་། ཐུགས་རྡོ་རྗེའི་གནས་པ་བྱས་ན་ཚེ་རིང་བའི་རྟེན་འབྲེལ་ཡོད་གསུང༌། བྱང་སེམས་འཛག་པ་བཙན་ཐབས་སུ་འགོག་པ་ནི། རྐང་པ་གཡོན་པའི་རྟིང་ནས་རྡོ་རྗེའི་རྩ་བའི་རྩ་བསྡམས་ཤེས་པ་སྤྱི་བོའི་ཧཾ་ལ་གཏད། མིག་དང་ལྕེ་གྱེན་ལ་ལྡོག །རྒྱུ་མ་སྒལ་ཚིགས་ལ་སྦྱར། ཡན་ལག་གཉིས་སྙིང་གར་བསྣོལ། ཡན་ལག་གི་སོར་མོ་བསྐུམས། ངག་ནས་ཧཱུཾ་རིང་པོ་རྔུབ་པའི་ཚུལ་དུ་དྲག་ཏུ་བརྗོད། ཡང་གཅིག་ལ་སྟེང་རླུང་དྲག་ཏུ་མནན། འོག་རླུང་གློད་ལ་བཞག །དཔེར་ན་རིལ་བ་ཞབས་ཚགས་ཅན་བཞིན་ནོ། གསུང་ངོ་། །རྨི་ལམ་དུ་འཛག་པ་ལ་ནི། ཉིན་པར་སྲོག་ལ་བབ་ཀྱང་བྱང་སེམས་མི་འཚོར་བ་བྱ་སྙམ་པའི་འཕེན་པ་གལ་ཆེ་གསུང་། ཁྱད་པར་ཉལ་ཁའི་འཕེན་པ་དང༌། རྡོ་རྗེ་ཡང་རྐྱེན་དང་མི་ཕྲད་པ་བྱའོ། །མ་ཚོར་བར་འཛག་པ་ལ་ནི། བྱ་སྤྱོད་ནས་བཤད་པའི་


JLD008_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་སྐུད་ཀྱི་ཐབས་ཀྱིས་ཀྱང་ཐུབ་གསུང་ངོ་། །དེ་བྱ་ཐབས་ནི་བུ་མོས་བཀལ་བའི་སྐུད་པ་ཚོས་མའམ། གུར་ཀུམ་གྱིས་བཙོས་པ་ལ། ཨོཾ་ཧ་ར་ཧ་ར། བྷན་དྷ་ནི་ཤུ་ཀྲ་དྷ་རི་ནི། སིད་དྷ་ར་ཐེ་སྭཱ་ཧཱ། ཞེས་སྟོང་བཟླས་པའི་སྲད་བུ་རྐེད་པ་ལ་བཅིངས་པས་འཛག་པ་བསྲུང་ངོ་།། ༈ །།བཅོམ་ལྡན་འདས་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་གུས་པས་ཕྱག་འཚལ་ལོ། ། བསྲེ་བའི་གདམས་ངག་ལ། ལམ་དུས་ཀྱི་སྐུ་གསུམ་དང་བསྲེ་བ་ལ་གསུམ་སྟེ། འདི་ལྟར་ལམ་དུས་ཀྱི་ཆོས་སྐུ་དང་བསྲེ་བ་དང༌། ལམ་དུས་ཀྱི་ལོངས་སྐུ་དང་བསྲེ་བ། ལམ་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་གསུམ་མོ། །དང་པོ་ལ་གསུམ་སྟེ། གཉིད་སད་དུས་སུ་ཆོས་སྐུ་དང་བསྲེ་བ་དང༌། གཉིད་ཀྱི་དུས་སུ་ཆོས་སྐུ་དང་བསྲེ་བ། འཆི་བའི་དུས་སུ་ཆོས་སྐུ་དང་བསྲེ་བའོ། །དང་པོ་ནི། ལུས་ཀྱི་གནད་ཆེ་སར་གནད་དུ་བསྣུན་པ་ལ་བརྟེན་ནས་སྟོང་པ་བཞི་བསྐྱེད་དེ། འོད་གསལ་སྟོང་པ་བཞི་པ་ཤར་བའི་དུས་སུ་ལྟ་ཐོག་ཏུ་བཞག་ནས་བསྒོམ་པ་ཡིན་ལ། གནད་དུ་བསྣུན་པ་ལ་ཡང་སྒོ་གསུམ་གསུངས་ཏེ། འོག་སྒོར་ནོར་བུའི་དབུས་སམ། ནོར་བུའི་སྣ་རྩེ་དྷཱུ་ཏཱི་ལྟ་བུའི་མར་སྣར་རྫས་ཀྱི་ཐིག་ལེ་ཕྲ་མོ་བསྒོམ་པ་ལ་བརྟེན་ནས། དེ་བརྟན་པའི་མཐར། རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ཤིང་ཐིམ་པ་ལ་བརྟེན་ནས་སྨིག་རྒྱུ་ལ་སོགས་པའི་རྟགས་བཞི་སྔོན་དུ་འཆར་ཞིང༌། དེའི་འོག་ཏུ་སྟོང་པ་དང༌། ཤིན་ཏུ་སྟོང་པ་དང༌། སྟོང་པ་ཆེན་པོ་ཞེས་བྱ་བ། མིང་གཞན་སྣང་བ་དང་། སྣང་བ་མཆེད་པ་དང༌།


JLD008_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཉེ་བར་ཐོབ་པ་ཞེས་བྱ་བ་གསུམ་ཤར་བའི་མཐར། ཐམས་ཅད་སྟོང་པ་ཞེས་བྱ་བ་འོད་གསལ་ཆེན་པོ་འཆར་བ་ནི་སྒོ་དང་པོའོ། །གཞན་ཡང་སྙིང་གའི་སྣ་རྩེར་མི་ཤིགས་པ་སྔགས་ཀྱི་ཐིག་ལེ་བསྒོམ་པ་ལ་བརྟེན་ནས། དེ་བརྟན་པའི་མཐར། རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ཤིང་ཐིམ་པ་ལ་བརྟེན་ནས། སྨིག་རྒྱུ་ལ་སོགས་པའི་རྟགས་བཞི་སྔོན་དུ་འཆར་ཞིང༌། དེའི་འོག་ཏུ་སྟོང་པ་དང༌། ཤིན་ཏུ་སྟོང་པ་དང༌། སྟོང་པ་ཆེན་པོ་ཞེས་བྱ་བ་མིང་གཞན་སྣང་བ་དང༌། སྣང་བ་མཆེད་པ་དང༌། སྣང་བ་ཉེ་བར་ཐོབ་པ་ཞེས་བྱ་བ་གསུམ་ཤར་བའི་མཐར། ཐམས་ཅད་སྟོང་པ་ཞེས་བྱ་བ་འོད་གསལ་ཆེན་པོ་འཆར་བ་ནི་སྒོ་གཉིས་པའོ། །ཡང་གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་ཞེས་པ། རླུང་འོད་ཟེར་ལྔ་པ་སྣ་བུག་ནས་རྒྱུ་བའི་འཇུག་གནས་ལྡང་གསུམ། མ་བཅོས་པ་རྡོ་རྗེ་གསུམ་གྱི་རང་གདང་སུ་འཆར་བ་བསྒོམ་ཞིང༌། དེ་ཡང་དྷཱུ་ཏཱི་ནས་བྱེད་པར་མོས་པའི་རྡོ་རྗེའི་བཟླས་པ་གོམས་པའི་མཐར་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ཤིང་ཐིམ་པ་ལ་བརྟེན་ནས་དང་པོར་སྨིག་རྒྱུ་ལྟ་བུ་དང༌། གཉིས་པ་དུ་བ་ལྟ་བུ་དང༌། གསུམ་པ་མེ་ཁྱེར་ལྟ་བུ་དང༌། བཞི་པ་མར་མེ་འབར་བ་ལྟ་བུའི་ཉམས་འབྱུང་སྟེ། རིམ་པ་བཞིན་ས་ཆུ་ལ་ཐིམ་པ་དང༌། ཆུ་མེ་ལ་ཐིམ་པ་དང༌། མེ་རླུང་ལ་ཐིམ་པ་དང༌། རླུང་རྣམ་ཤེས་ཀྱི་སྣང་བ་དང་པོ་ལ་ཐིམ་པ་ལས་འབྱུང་ངོ་། །དེས་ན་སྟོང་པ་དང་པོའི་དུས་སུ་སྣང་བ་གཞན་གང་ཡང་མི་འཆར་བར་ཡུལ་དུ་གང་སྣང་ཐམས་ཅད་མཚན་མོའི་ནམ་མཁའ་དྲི་མ་མེད་པ་ལ། ཟླ་བའི་འོད་ཟེར་ཀྱིས་ཁྱབ་པ་ལྟ་བུའི་དཀར་ལམ་གྱི་སྣང་བ་འབྱུང༌། དེ་ནས་སྣང་བ་དེ་ཡང་རིམ་གྱིས་བསྡུས་ནས་སྣང་


JLD008_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཞན་གང་ཡང་མི་འཆར་བར་ཡུལ་དུ་གང་སྣང་ཐམས་ཅད་མཚན་མོའི་ནམ་མཁའ་དྲི་མ་མེད་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུའི་དམར་ལམ་གྱི་སྣང་བ་འབྱུང༌། དེ་ནས་སྣང་བ་དེ་ཡང་རིམ་གྱིས་བསྡུས་ནས་སྣང་བ་གཞན་གང་ཡང་མི་འཆར་བར། ཡུལ་དུ་གང་སྣང་ཐམས་ཅད་མཚན་མོ་སྲོད་ཀྱི་ནམ་མཁའ་དྲི་མ་མེད་པ་ལ་མཚམས་ཀྱི་སྨག་གིས་ཁྱབ་པ་བཞིན་དུ་ནག་ལམ་གྱི་ཉམས་འབྱུང༌། དེའི་སྟོད་དང་སྨད་ལ་དྲན་པ་མི་ཉམས་ཤིང༌། བར་དུ་རླུང་ཐིམ་པའི་མཐུས་དྲན་པ་ཉམས་པ་འབྱུང་ངོ་། །དེ་ནས་སྣང་བ་དེ་ཡང་བསྡུས་ནས་མཚན་མོ་ཐོ་རངས་ཀྱི་ནམ་མཁའ་ཉི་ཟླ་སྨག་གི་འོད་དང་བྲལ་བའི་ནམ་མཁའི་རང་མདོག་ཇི་ལྟ་བ་བཞིན་དུ། འོད་གསལ་མཐའ་དབུས་མེད་པ་ཤིན་ཏུ་དྭངས་པའི་ཉམས་འཆར་ཏེ། དེ་དག་གི་བཤད་པ་ནི་སྔ་མ་རྣམས་ལའང་ཤེས་པར་བྱའོ། །དེ་ནི་སྒོ་གསུམ་པའོ། །གཉིས་པ་གཉིད་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བའི་ཚུལ་ནི། གོང་གི་སྒོ་གསུམ་པོ་གང་རུང་ཅིག་གིས་སྟོང་པ་བཞི་དྲངས་པའི་མཚམས་ནས། མཚན་མོ་གཉིད་དུ་འགྲོ་ཁར་མི་ཤིགས་པའི་ཐིག་ལེ་བསྒོམ་པའམ། རྡོ་རྗེ་བཟླས་པ་གཉིས་གང་རུང་ཉམས་སུ་བླངས་པ་ལ་བརྟེན་ནས་སྔར་བཤད་པའི་རྟགས་བཞི་དང༌། སྟོང་པ་བཞི་འཆར་ཞིང༌། དེའི་མཐར་འོད་གསལ་འཆར་བའི་དུས་སུ་ལྟ་ཐོག་ཏུ་བཞག་ནས་བསྒོམ་པ་ཡིན། སྤྱིར་གཞི་དུས་སུ་གཉིད་དུ་འགྲོ་བའི་ཚེ་རླུང་སྙིང་གར་རང་ཤུགས་ཀྱིས་འདུས་པ་ལ་བརྟེན་ནས། སྟོང་པ་བཞི་དང་འོད་གསལ་ཆ་མཐུན་ཙམ་ཞིག་འཆར་བ་ཡོད་ལ། དེ་ཤེས་


JLD008_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཉིད་ཀྱི་འོད་གསལ་འཛིན་པའི་གདམས་ངག་ཉམས་སུ་བླངས་ན། སྟོང་པ་བཞི་འཆར་བའི་གནད་ཡོད་དོ། །དེ་ཡང་གཉིད་ཀྱི་དུས་སུ་རྨི་ལམ་འཆར་བ་དང་མི་འཆར་བའི་དུས་གཉིས་ལས་རྨི་ལམ་མི་འཆར་བའི་དུས་སུ་གཉིད་ཀྱི་འོད་གསལ་འཛིན་ལ། དེ་ཡང་གཉིད་དུ་སོང་བའི་ཐུན་སྟོད་ཀྱི་སྐབས་ཡིན་ནོ། །གསུམ་པ་འཆི་བའི་དུས་སུ་འཆི་བའི་འོད་གསལ་ཆོས་སྐུ་དང་བསྲེ་བའི་ཚུལ་ནི། དེ་ལྟར་གྱི་དུས་སུ་གཉིད་སད་དུས་དང༌། གཉིས་དུས་སུ་སྔར་བཤད་པ་བཞིན་དུ་འོད་གསལ་ཆོས་སྐུ་དང་བསྲེ་བ་ལ་སྦྱར་བ་གཅིག་གིས། འཆི་བའི་དུས་སུ་ས་ཆུ་ལ་ཐིམ་པ་སོགས་ཀྱི་རྟགས་དང་པོ་ཤར་བའི་དུས་སུ་སྙིང་གར་མི་ཤིགས་པའི་ཐིག་ལེ་བསྒོམ་པ་དང༌། སྙིང་གའི་དྷཱུ་ཏཱིའི་དབུས་ནས་རླུང་འཇུག་གནས་ལྡང་གསུམ་གྱི་རྡོ་རྗེའི་བཟླས་པ་བྱས་ནས། གཞི་དུས་ཀྱི་འཆི་བའི་དུས་སུ་སྙིང་གར་རླུང་རང་ཤུགས་ཀྱིས་འདུ་བ་ཡོད་པའི་གནད་ཀྱིས་སྔར་བཤད་པའི་རྟགས་རྣམས་དང་སྟོང་པ་བཞི་སྔར་བཤད་པ་བཞིན་འཆར་ལ། དེ་ལ་འཆི་བའི་ཚེ་སྟོང་པ་རང་ཤུགས་ཀྱིས་འཆར་བའི་འོད་གསལ་ནི། མའི་འོད་གསལ་ཡིན་ལ། སྔར་གཉིད་སད་པ་དང༌། གཉིས་དུས་བསྒོམ་པའི་འོད་གསལ་ནི་བུའི་འོད་གསལ་ཡིན་ཞིང༌། དེ་གཉིས་འཆི་བའི་འོད་གསལ་གྱི་དུས་སུ་འདྲེས་པ་ལ་འོད་གསལ་མ་བུ་འདྲེས་པ་ཞེས་ཟེར་བ་ཡིན་ནོ། །གཉིས་པ་ལམ་དུས་ཀྱི་དུས་སུ་ལོངས་སྐུ་དང་བསྲེ་བ་ལ་གསུམ་སྟེ། གཉིད་སད་དུས་ཀྱི་སྒྱུ་མའི་ལོངས་སྐུ་དང་བསྲེ་བ་དང༌། གཉིད་ཀྱི་དུས་སུ་རྨི་ལམ་ཤར་བའི་རྨི་ལམ་གྱི་སྒྱུ་མའི་ལོངས་སྐུ་དང་བསྲེ་བ་དང༌།


JLD008_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བའི་འོད་གསལ་མཐར་བར་དོ་དངོས་སམ། བར་དོ་དང་རྗེས་སུ་མཐུན་པའི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བའོ། །དང་པོ་ནི། སྔར་བཤད་པའི་སྒོ་གསུམ་གང་རུང་གི་འོད་གསལ་གྱི་ཏིང་ངེ་འཛིན་བསྐྱེད་པའི་དུས་སུ་འབད་པ་སྐྱེ་ན། འོད་གསལ་ཇི་ཙམ་གནས་གནས་སུ་མཉམ་པར་འཇོག །སྔར་རླུང་ཐིམ་པ་སླར་ལངས་པའི་མཐུས་ཏིང་ངེ་འཛིན་དེ་ལས་ལྡང་བར་རྩོམ་པའི་ཚེ། དེའི་མཐར་དང་པོའི་མགོན་པོ་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་ནས། ཆུ་དྭངས་པ་ལ་ཉ་ལྡང་བའི་ཚུལ་དུ་འོད་གསལ་དེའི་ངང་ལས་སྐུ་དེར་དཀྲོངས་ཀྱིས་ལྡང་སྟེ། སྒུ་མའི་སྐུ་དོ་ལས་སེམས་བཟུང་སྟེ་ཇི་ཙམ་གནས་ཀྱི་བར་དུ་འཇོག་པའོ། །གཉིས་པ་གཉིད་ཀྱི་དུས་རྨི་ལམ་ཤར་བའི་རྨི་ལམ་གྱི་སྒྱུ་ལུས་དང་བསྲེ་བ་ནི་སྔར་བཤད་པ་ལྟར་གྱི་གཉིད་ཀྱི་འོད་གསལ་ཤར་བའི་ཚེ་འབད་ནས་ཇི་ཙམ་གནས་གནས་སུ་མཉམ་པར་འཇོག །སྔར་རླུང་ཐིམ་པ་ལས་སླར་ལངས་པའི་མཐུས་ཏིང་ངེ་འཛིན་དེ་ལས་ལྡང་བར་རྩོམ་པའི་ཚེ་དེའི་མཐར་རྨི་ལམ་ཕལ་པ་གཞན་དུ་མ་བཤོར་བར། དང་པོའི་མགོན་པོ་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ་སྙམ་དུ་འཕེན་པ་བཏང་ནས། ཆུ་དྭངས་པ་ལ་ཉ་ལྡང་བའི་ཚུལ་དུ་འོད་གསལ་གྱི་ངང་ནས་སྐུ་དེར་དཀྲོངས་ཀྱིས་ལངས་ཏེ། སྒྱུ་མའི་སྐུ་དེ་ལ་སེམས་བཟུང་སྟེ་ཇི་ཙམ་གནས་ཀྱི་བར་དུ་འཇོག་པའོ། །གསུམ་པ་འཆི་བའི་འོད་གསལ་གྱི་མཐར་བར་དོ་དངོས་སམ་བར་དོ་དང་རྗེས་སུ་མཐུན་པའི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ་ནི། སྔར་བཤད་པ་ལྟར་གྱི་འཆི་བའི་དུས་


JLD008_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འོད་གསལ་མ་བུ་བསྲེས་ནས་འོད་གསལ་ཇི་ཙམ་གནས་གནས་སུ་མཉམ་པར་འཇོག །སྔར་རླུང་ཐིམ་པ་སླར་ལངས་པའི་མཐུས་ཏིང་ངེ་འཛིན་དེ་ལས་ལྡང་བར་རྩོམ་པའི་ཚེ། དེའི་མཐར་བར་དོ་ཕལ་བའི་ལུས་སུ་མི་ལྡང་བར། དང་པོའི་མགོན་པོ་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་ནས། ཆུ་དྭངས་པ་ལ་ཉ་ལྡང་བའི་ཚུལ་དུ། འོད་གསལ་གྱི་ངང་ལས་དེར་དཀྲོངས་ཀྱིས་ལྡང་སྟེ། སྒྱུ་མའི་སྐུ་དེ་ལ་སེམས་བཟུང་སྟེ་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་འཇོག་པའོ། །འདི་ལ་གཉིས་ཡོད་དེ། སྒྱུ་མའི་ལོངས་སྐུ་བསྒོམ་པ་ཙམ་མིན་པར། གཞན་ལ་བར་དོ་གྲུབ་པའི་དུས་སུ། རང་གི་ལུས་དོན་སྟེང་ནས་སྔར་བཤད་པའི་སྒྱུ་མའི་སྐུར་སྐྱེས་པ་ཡིན་ན། བར་དོར་མཆོག་འགྲུབ་པ་ཡིན་ནོ། །དེ་ལྟར་མ་ནུས་པས། བར་དོ་རང་དགའ་བའི་ལུས་བླངས་པ་ཡིན་ཀྱང༌། ཡིད་ཀྱི་ངོར་བར་དོའི་ལུས་ཐ་མལ་པའི་སྣང་བ་རེ་ཞིག་མི་འཆར་བར། དང་པོའི་མགོན་པོ་ཡབ་ཡུམ་དུ་ཤར་བའི་ལོངས་སྐུའི་བསྲེ་བ་བྱུང་ནའང་ཤིན་ཏུ་ཁྱད་ཆེ་བ་ཡིན་ནོ། །གསུམ་པ་ལམ་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་ལ་གསུམ་ལས། དང་པོ་གཉིད་སད་པའི་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་ནི། སྔར་བཤད་པ་ལྟར་གཉིད་སད་དུས་ཀྱི་འོད་གསལ་གྱི་ངང་ལས་སྒྱུ་མའི་སྐུར་རྣམ་སྨིན་གྱི་ལུས་འདི་ལས་ལོགས་སུ་བྱེ་སྟེ་སྒྱུ་མའི་ཏིང་ངེ་འཛིན་བསྒོམ་པའི་མཐར་རྣམ་སྨིན་གྱི་ཕུང་པོ་འདི་ཉིད་ལ་ཞུགས་ཏེ། རྣམ་སྨིན་གྱི་ཕུང་པོ་མི་བསྐྱོད་པར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་གནས་པའོ། །འདི་ནི་འབྲས་བུའི་ལོངས་སྐུ་མ་དག་པའི་སེམས་ཅན་གྱི་མིག་


JLD008_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལམ་དུ་མི་འགྱུར་བ་དེའི་མཐུས། སྒྱུ་འཕྲུལ་ཆེན་མོ་ལྟ་བུའི་མངལ་དུ་ལུས་རགས་པའི་སྐྱེ་བ་བཟུང་ནས་སྤྲུལ་པའི་སྐུ་དེ་སེམས་ཅན་མ་དག་པས་ཀྱང་མཐོང་བ་དང་འདྲ་བར་ལམ་དུས་ཀྱི་སྒྱུ་མའི་ལོངས་སྐུ་སེམས་ཅན་གཞན་གྱི་ཤའི་མིག་གིས་མ་མཐོང་བ་དེ་རགས་པའི་ལུས་ལ་ཞུགས་པ་ན། དེས་བཟུང་ནས་མི་བསྐྱོད་པར་སྣང་བའི་རགས་པའི་ལུས་ཤའི་མིག་གི་ཡུལ་དུ་གྱུར་པ་ལ་སྤྲུལ་སྐུ་ཞེས་ཐ་སྙད་བཏགས་པ་དང༌། ཡང་སྒྱུ་མའི་ལོངས་སྐུ་དེས་རགས་པའི་སྐུ་སེམས་ཅན་གཞན་གྱི་ཤའི་མིག་གིས་མཐོང་བར་སྤྲུལ་པ་ལ་སྤྲུལ་སྐུ་ཞེས་ཐ་སྙད་བྱའོ། །གཉིས་པ་གཉིད་དུ་སོང་ནས་རྨི་ལམ་འཆར་བའི་དུས་སུ་སྤྲུལ་སྐུ་དང་བསྲེ་ཚུལ་ནི། སྔར་བཤད་པ་བཞིན་གཉིད་ཀྱི་འོད་གསལ་གྱི་ངང་ལས་ལོངས་སྐུར་ལངས་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྒོམ་པའི་མཐར། སྔར་གྱི་རྣམ་སྨིན་གྱི་ལུས་ལ་ཞུགས་ནས། སྙིང་གར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་གནས་པ་དང༌། ལོངས་སྐུ་དེས་རགས་པའི་སྐུ་སྤྲུལ་པ་ནི་སྤྲུལ་སྐུ་དང་བསྲེ་བ་ཞེས་བྱ་སྟེ། དེའི་གོ་དོན་ནི་སྔར་བཤད་པ་ལྟར་རོ། །གསུམ་པ་འཆི་བའི་འོད་གསལ་གྱི་མཐར་སྤྲུལ་སྐུ་དང་བསྲ་བའི་ཚུལ་ནི། འཆི་བའི་འོད་གསལ་སྔར་བཞིན་བསྒོམས་པ་ཅིག་གིས་འཆི་བའི་འོད་གསལ་གྱི་མཐར་ལོངས་སྐུར་ལངས་ནས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྒོམས་པའི་རྗེས་སུ། གང་འདོད་པའི་སྐྱེ་གནས་ཁྱད་པར་ཅན་དུ་སྐྱེ་བའི་འཕེན་པ་བཏང་ནས། སྐྱེ་གནས་གང་ཡིན་པ་དེར་བར་དོ་ཤི་བའི་སྟོང་པ་བཞི་སྔར་གོམས་པའི་ལམ་དང་བསྲེས་


JLD008_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐྱེ་བ་ལེན་པ་ལ་སྤྲུལ་སྐུ་དང་བསྲེ་བ་ཞེས་བྱ་སྟེ། དེའི་དོན་སྔར་ལྟར་རོ།། །།དེ་ལྟར་སྔར་བཤད་པ་ལྟར་གྱི་རླུང་གི་ནུས་པ་ཐོབ་ན་ཤིན་ཏུ་ལེགས་པས་དེ་ལྟར་བྱ་ལ། དེ་ལྟ་བུ་མ་ཐོབ་ན་ཡང་ད་ལྟར་གྱི་དུས་སུ་འཆི་བའི་ཚེ་རྟགས་བཞི་དང་སྟོང་པ་བཞི་འཆར་བ་རྣམས་ཡིད་ལ་དྲན་པར་བྱས་ལ། ཡང་ཡང་དུ་གོམས་པར་བྱ་ཞིང༌། འོད་གསལ་གྱི་མཐར་བར་དོ་འགྲུབ་པའི་དུས་སུ་བར་དོ་ལ་ལོངས་སྐུར་ལྡང་བ་སོགས་མན་ངག་ཀྱང་ཡང་གོམས་པར་བྱས་ནས། ད་གཟོད་འཆི་བའི་དུས་ཀྱི་ཚེ་རྟགས་བཞི་དང་སྟོང་པ་བཞི་འཆར་བ་རྣམས་ངོས་ཟིན་པ་དང༌། བར་དོའི་དུས་སུ་བར་དོ་ཟིན་པ་སོགས་ལ་ཁྱད་ཤིན་ཏུ་ཆེ་བར་མངོན་ནོ། །དེ་ནི་བསྲེ་བའི་མན་ངག་གི་གནད་བསྡུས་པ་ཡིན་ནོ། །འཕོ་བ་ལ་གདམས་ངག་སོ་སོ་ནས་མི་འདྲ་བ་མང་པོ་ཡོད་ཀྱང༌། དཔལ་སཾ་བྷུ་ཊ་དང༌། རྡོ་རྗེ་མཁའ་འགྲོ་དང༌། རྡོ་རྗེ་གདན་བཞི་གསུམ་ནས་གསུངས་པ་རྣམས་དོན་འདྲ་བར་སྣང་ལ། བདེ་མཆོག་སྡོམ་འབྱུང་དང༌། འཇམ་དཔལ་ཞལ་ལུང་ལས་གསུངས་པ་གཉིས་ཀྱང་སྔ་མ་གཉིས་དང་མཐུན་ཤས་ཆེ་བས། ཡིད་ཆེས་པའི་ཁུངས་ཁྱད་པར་ཅན་ནས་འབྱུང་བ་འཕོ་བའི་གདམས་པ་ལ་རྒྱས་བསྡུས་གཉིས་ལས། རྒྱས་པ་ནི། སྒོ་དགུར་ཡི་གེ་བཀོད་ནས། དེ་ལ་གསལ་སྣང་བརྟན་པོ་རྙེད་པའི་སྒོ་ནས་སྒོ་དགུའི་རླུང་ངེས་པར་བྱ་བ་སྔོན་དུ་བཏང་ནས། ལྟེ་བའི་བུམ་པ་ཅན་ལ་ནུས་པ་རྙེད་པའི་མཚམས་ནས་འཕོ་བ་དངོས་གཞིའི་དམིགས་པ་སྐྱོང་བ་ཡིན་ནོ། །དེ་གྲུབ་ཀྱང་བསྡུས་པ་བྱེད་པ་ན། རང་ཡེ་ཤེས་མཁའ་འགྲོ་མའམ། ཡི་དམ་གྱི་ལྷ་གང་རུང་དུ་གསལ་བའི་ངང་ནས།


JLD008_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ག་ཆོས་ཀྱི་འཁོར་ལོ་ཁ་ཐུར་དུ་བལྟ་བའི་འཁོར་ལོའི་ལྟེ་བའི་དྷཱུ་ཏཱིའི་ནང་དུ་རྣམ་ཤེས་ཀྱི་ངོ་བོ་ཧཱུཾ་ཡིག་སྔོན་པོ་ཁ་ཐུར་དུ་བལྟ་བ་ཞིག་བསྒོམ། དེའི་མགོ་བོའི་འོག་ཏུ་རྣམ་ཤེས་ཀྱི་བཞོན་པའི་རླུང་གི་ངོ་བོ་ཡུཾ་ཡིག་སྔོན་པོ་མགོ་ཐུར་དུ་བལྟ་བ་ཞིག་དང༌། དེའི་མགོ་བོའི་འོག་ཏུ་ཧི་དཀར་པོ་མགོ་ཐུར་དུ་བལྟ་བ་ཞིག་བསྒོམ། ཧཱུཾ་ཡིག་གི་ཞབས་སྐྱུའི་སྟེང་དུ་རྣམ་ཤེས་ཀྱི་བཞོན་པའི་རླུང་གི་ངོ་བོ་ཡུཾ་ཡིག་སྔོན་པོ་མགོ་གྱེན་དུ་བལྟ་བ་དང་དེའི་དབུས་སུ་ཀ་ཡིག་དཀར་པོ་མགོ་གྱེན་དུ་བལྟ་བ་ཞིག་བསྒོམ་སྟེ། སྟེང་འོག་གི་ཧི་ཀ་གཉིས་ནི་རྣམ་ཤེས་ཀྱི་རླུང་གི་བཞོན་པ་ཅན་སྙིང་གའི་གནས་ནས་གྱེན་དུ་སྤྱི་གཙུག་ནས་འབྱིན་པའི་ཐབས་སོ། །དེ་ནས་ལུས་གནད་བཅོས་ནས་རླུང་ཕྱི་རོལ་དུ་འགྲོ་བའི་ཚེ་སྙིང་གའི་རྩ་འཁོར་གྱེན་དུ་ཕྱོགས་པར་བྱས་ཏེ། སྙིང་གའི་དྷཱུ་ཏཱིའི་ནང་ནས་ཧཱུཾ་ཡུཾ་ཧི་གསུམ་མགོ་བོ་གྱེན་དུ་བལྟས་ཏེ་སྔོན་དུ་རྒྱུ་ཞིང་ཡུཾ་ཀ་གཉིས་ཧཱུཾ་གི་གཤམ་ནས་མགོ་གྱེན་དུ་བལྟས་ཏེ། རྗེས་སུ་རྒྱུ་བའི་ཚུལ་གྱིས་སྤྱི་བོའི་ཚངས་བུག་ལ་རེག་པའི་བར་དུ་འགྲོ་བར་བསམས་ལ། རླུང་ནང་དུ་འཇུག་པའི་ཚེ། སྔར་གྱི་གོ་རིམ་དེ་ལས་ལྡོག་སྟེ་སྙིང་གར་འོངས་ནས་སྙིང་གའི་རྩ་འཁོར་ཁ་ཐུར་དུ་ཕྱོགས་པར་བསམ། དེ་ལྟ་བུའི་ཚུལ་གྱིས་རླུང་འགྲོ་འོང་གཉིས་དང༌། ཡི་གེ་ལྔ་སྦྲགས་ཏེ་བསྒོམ་པའི་མཐར་ཆེད་དུ་གཏད་མི་དགོས་པར་རང་གི་ངང་གིས་རླུང་དྷཱུ་ཏཱིར་འཇུག་ཐུབ་པ་དང༌། སྤྱི་གཙུག་ཏུ་ཟ་བ་དང༌། འཁྲིག་པ་སོགས་འབྱུང་འབྱུང་གི་བར་དུ་སྦྱངས་ལ། ལས་སྦྱོར་གྱི་དུས་སུ་སྤྱི་གཙུག་ཚངས་པའི་བུ་ག་ཟང་ཐལ་གྱིས་ཕྱེ་བར་


JLD008_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ལ། དེའི་སྟེང་གི་ནམ་མཁའ་ལ་བླ་མ་དང་ཡི་དམ་དབྱེར་མེད་དུ་བཞུགས་པའི་ཐུགས་ཀར་འཕོ་བར་བྱའོ། །འདི་ནི་འཆི་ལྟས་བྱུང་ནས་བཟློག་པའི་ཐབས་བྱས་ཀྱང་མི་བཟློག་པར་མཐོང་ན། ནད་ཀྱིས་མ་ཕོག་པའི་གོང་ཟླ་བ་དྲུག་ཙམ་ནས་བྱ་བར་གསུངས་སོ། །དེ་གཉིས་ནི་བསྲེ་བ་དང་འཕོ་བ་ཞེས་བྱ་བའི་མན་ངག་ཁྱད་ཆོས་སུ་གྲགས་པ་ཡིན་ལ། དེའི་སྔ་མ་ནི་ཕ་རྒྱུད་གསང་བ་འདུས་པའི་སྒོ་ནས་ལེགས་པར་ཤེས་དགོས་པ་ཡིན་ལ། ཕྱི་མ་ནི་རྣལ་འབྱོར་མའི་རྒྱུད་རྣམས་ལས་ཤེས་དགོས་པ་ཡིན་ནོ། །ཚུལ་གནས་གྲུ་གཟིངས་རིགས་པའི་སྐྱ་བ་འཛིན། །དེད་དཔོན་བཤེས་གཉེན་མཆོག་གི་ཞབས་བཏུད་ནས། །ཉིད་ཀྱི་ཐུགས་བཅུད་ཞལ་གྱི་གདམས་པ་མཆོག །ཡི་གེར་བཀོད་ལ་སྲུང་མས་གྲོགས་མཛོད་ཅིག །དེ་ལ་ཞི་ལྷག་གི་མཚན་ཉིད་དང༌། རྒྱུ་ཚོགས་བསྟན་པའི་རིམ་པ་ལ་སོགས་པ་མཐའ་དག་པར་བྱང་ཆུབ་ལམ་གྱི་རིམ་པར་ཤེས་པར་བྱ་ལ། འདིར་ནི་དེ་དག་གི་སྐབས་སུ་མེད་དུ་མི་རུང་བའི་ཞལ་ཤེས་དག་འབྲི་བར་བྱའོ། །དེ་ཡང་ཞི་ལྷག་གི་སྐབས་སུ་ཡང་བྱིང་རྒོད་གཅོད་པ་ཤིན་ཏུ་གལ་ཆེ་བས། བྱིང་རྒོད་བཙན་ཐབས་སུ་སེལ་ཚུལ་ནི། བྱིང་རྒོད་ཤས་ཆུང་ལན་རེ་ཙམ་ལས་མི་འབྱུང་ན། སྐབས་གཞན་ནས་འབྱུང་བ་ལྟར་དྲན་ཤེས་བསྟེན་ཚུལ་ལ་མཁས་པས་སེལ་ལ། བྱིང་རྒོད་ཤིན་ཏུ་ཤས་ཆེ་ཞིང་ཡང་ཡང་འབྱུང་བ་ལ་ནི། འདི་ལྟར་བྱིང་བ་དང་རྨུགས་པ་ཡང་ཡང་བྱུང་བ་ན། རང་གི་སེམས་དང་ནམ་མཁའ་གསལ་སྟོང་གཉིས་དབྱེར་མེད་དུ་བསྲེས་ནས་བསྒོམས་ན་སེམས་གསལ་ལ་དྭངས་ཤིང་དམིགས་པ་ལ་འདོད་པ་བཞིན་གནས་པ་ཅིག་འོང་


JLD008_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ནོ། །རྒོད་པ་ལ་ནི་རླུང་སྦྱོར་བྱས་ཏེ་ནང་དུ་བཟུང་བས། སེམས་ཡང་གནས་ཤིང་རིག་པ་དྭངས་སྙིགས་ཕྱེ་ནས་འོང་བ་ཡིན་ཏེ། བྱིང་རྒོད་བཙན་ཐབས་སུ་གཅོད་པའི་ཞལ་ཤེས་སོ། །གང་ལ་འཇོག་པའི་དམིགས་པ་དང༌། ཇི་ལྟར་འཇོག་པའི་དམིགས་ཚུལ་དང༌། དམིགས་པ་བསྒོམས་པས་མྱོང་བ་སྐྱེ་ཚུལ་དང༌། བྱིང་རྒོད་ཕྲ་རགས་ཀྱི་དབྱེ་བ་དང་ཁྱད་པར་རྣམས་ཤེས་པར་བྱ་དགོས་སོ། །ལྷག་མཐོང་ལ་དགག་བྱ་དེའི་ཚད་འཆད་ཚུལ་ནི། ཐོག་མར་བློ་ལྷན་སྐྱེས་ལ། ང་ཙམ་དེ་ཇི་ལྟར་འཆར་ལྟ། དེ་ངེས་ནས། ང་ཙམ་དེ་ངའོ་སྙམ་པའི་བློ་ལ་ཇི་ལྟར་སྣང་བ་ལྟར། སྣང་ཚུལ་ངེས་ནས་ངའོ་སྙམ་པའི་བློ་འདིས་ང་དེ་ཇི་ལྟར་བཟུང་ངེས་པར་བྱེད་པ་སྟེ། དེ་ལ་ཡང་སྔོན་དུ་སྣང་བའི་འཆར་ཚུལ་དང༌། དེ་ནས་ཞེན་པའི་འཆར་ཚུལ་གཉིས་ལ་རིམ་པ་བཞིན་ཐ་དད་དུ་གཉེན་པོ་བསྟེན་དགོས་སོ། །བལྟ་ཚུལ་ཡང་ངའོ་སྙམ་པའི་གློ་མ་ཤོར་བར་བྱས་ནས། བློ་གཞན་ཞིག་གིས་ཟུར་ནས་བལྟ་དགོས་པ་ཡིན་ཏེ། དེ་ལྟར་བལྟས་པ་ན་ཐོག་མར་ཕུང་པོ་འཆར་བ་དང༌། མི་འཆར་བ་གཉིས་དང༌། འཆར་བ་ལ་ཡང་ང་དེ་ཕུང་པོའི་དཀྱིལ་ན་གནས་པ་ལྟར་དུ་འཆར་བ་དང༌། ཕུང་པོ་ལས་གཞན་མི་འཆར་བ་དང༌། མི་འཆར་བ་ལ་ཡང་ཅི་མེད་ཀྱི་སྟོང་སང་བ་ལྟ་བུ་དང༌། ཁ་དོག་གཟུགས་ཀྱི་རྣམ་པ་ལྟ་བུ་འཆར་བ་ནི་འཆར་ཚུལ་རྣམ་དག་མིན་ནོ། །དེས་ན་བློ་ལྷན་སྐྱེས་འདི་ལ་ང་དེ་ཡུལ་གང་ལ་ཡང་ལྟོས་པ་མེད་པ་འདྲ་བའི་རང་ངོས་ནས་ལྷང་ངེ་འཆར་བ་ཞིག་འཆར་ལ། དེ་ཉིད་ཐ་སྙད་ཧྲང་ངེ་བ་དང༌། ཕོབ་ཕོབ་པ་དང༌། ནུས་


JLD008_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཧང་ངེ་བ་དང༌། ལམ་མེ་བ་དང༌། གང་དང་སྦྱར་ཡང་འཆར་བ་འདྲ་བ་ཅིག་འོང་ངོ་། །སྣང་བ་དེ་ཡང་ཡུན་ཐུང་བས་ཕྲེང་ཙམ་རེ་ལས་མི་འཆར་རོ། །དེ་ཡང་བློ་དེ་དང་མཉམ་དུ་སྔོན་ནས་གྲུབ་གྲུབ་པ་ཞིག་དྲན་པ་ལྟར་དུ་འཆར་རོ། །འཆར་ཚུལ་དེ་ལ་འང་ཕུང་པོ་དང་གཅིག་ཐ་དད་གཉིས་ཀའི་འཆར་ཚུལ་འབྱུང་ངོ་། །དེ་ཡང་ང་ན་ཞེས་པ་དང༌། ངའི་ལག་པ་ན་ཞེས་པ་ལྟ་བུའོ། །ལྷན་སྐྱེས་ཀྱི་སྣང་བ་དེ་མ་དོར་བར་ང་བྱ་བ་བྱེད་དོ། །ཞེས་པ་ལྟ་བུ་ནི་ངར་ཞེན་པ་ཡིན་ནོ། །ངའི་སྙམ་པའི་བློ་ནི་ང་འགྲོ་ང་སྡོད་སྙམ་པ་རྣམས་སོ། །དེ་ལྟར་འཆར་ཚུལ་ངེས་ནས་དེ་ལྟར་གྲུབ་ན། ཕུང་པོ་ལས་གཅིག་ཐ་དད་གང་རུང་ལས་མི་འདའ་བའི་ཚུལ་དང༌། གཅིག་ཐ་དད་གཉིས་ཀ་ལ་གནོད་པ་ཡོད་པའི་ཚུལ་བསམ་སྟེ། ང་སྣང་བ་དེ་ལྟར་གྲུབ་པ་མི་འདུག་པར་ལྷང་གིས་ངེས་པ་ན་ངེས་ཤེས་ལྷང་ལྷང་བ་བར་མ་ཆད་དུ་སྐྱོང་བ་ནི་སྐྱོང་ཚུལ་གྱི་གནད་དམ་པའོ། །དེའི་ཚེ་ཡང་དགག་བྱ་གསར་དུ་གསལ་བཏབ་ནས། དེ་ལྟར་དུ་མེད་སྙམ་དུ་བྱེད་པ་མ་ཡིན་ཏེ། དང་པོར་དགག་བྱ་གསལ་བཏབ་སྟེ། དེ་ལྟར་མེད་པར་ངེས་པའི་ངེས་ཤེས་ལྷང་གིས་སྐྱེས་པའི་མེད་དགག་དེ་ཉིད་ལ་རྩེ་གཅིག་ཏུ་འཇོག་པའོ། །དེ་ལ་གནད་བཞིར་བྱས་ན། དང་པོ་དགག་བྱ་ངེས་པ། གཉིས་པ་ཁྱབ་པ་ངེས་པ། གསུམ་པ་ཕྱོགས་ཆོས་ཀྱི་ཟུར་དང་པོ་ངེས་པ། བཞི་པ་ཕྱོགས་ཆོས་ཀྱི་ཟུར་གཉིས་པ་ངེས་པ་དང་བཞི་ཡིན་ལ། ཚད་མ་བཞིར་བྱས་ན། དགག་བྱའི་འཆར་ཚུལ་ངེས་པའི་ཚད་མ། གཅིག་ཐ་དད་གང་རུང་ངེས་པའི་ཚད་མ། གཅིག་ཏུ་མ་གྲུབ་པར་ངེས་པའི་ཚད་མ། ཐ་དད་དུ་མ་གྲུབ་པར་ངེས་པའི་


JLD008_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་དང་བཞིའོ། །དེ་ལ་ཕོགས་འདོན་པ་ནི། མཉམ་རྗེས་ཀྱི་སྐྱོང་ཚུལ་གཉིས་ལ་མཁས་པས་འདོན་པ་ཡིན་ལ། གེགས་སེལ་ལ་ཆད་ལྟ་ནི། གནད་དང་པོའི་ཚད་མ་ངེས་ན་མིང་འབྱུང་ཡང༌། བདག་ཆད་ཀྱིས་དོགས་པའི་འཇིགས་པ་ནི། རྗེས་ཐོབ་ཀྱི་སྣང་བ་སྐྱོན་མེད་འདི་ཁས་སེལ་ནུས་སོ། །སྟོང་ཉིད་རྒྱང་ཆད་དུ་བསྒོམ་ན་བདེན་གྲུབ་ཀྱི་རྟག་ལྟ་བསྒོམ་པར་འགྱུར་བའི་བློ་དང་བསྲེས་ནས་དབྱེར་མེད་དུ་བསྒོམ་མོ། །ད་ཡི་བའི་འཆར་ཚུལ་ནི། ངའོ་སྙམ་པའི་བློ་སྤྱི་འདིའི་འཆར་ཚུལ་ང་ཡིའོ་སྙམ་དུ་བསམས་པ་ན། བློ་དེ་དང་མཉམ་དུ་ཡིད་ཆད་དུ་ཆར་ཆར་བ་འདྲ་བ་ཅིག་འཆར་ལ། དེ་ཉིད་སྣང་བ་ལྟར་དུ་གྲུབ་ན། མིག་རྣ་སོགས་དང་གཅིག་ཐ་དད་གང་རུང་དུ་གྲུབ་ངེས་ལ། གཅིག་ཏུ་གྲུབ་ན་ཐ་དད་གཏན་མེད་དུ་འགྱུར་བས་མིག་གིས་ཀྱང་སྒྲ་ཐོས་པར་འགྱུར་ལ། རྣ་བས་ཀྱང་གཟུགས་མཐོང་བ་སོགས་སུ་འགྱུར་རོ། །ཐ་དད་དུ་གྲུབ་ན། ང་ཡིའོ་སྙམ་པའི་བློ་དེ་ཉིད་ཀྱིས་ཡུལ་ལ་ལོངས་སྤྱོད་པ་ཡོད་པ་དང༌། ང་ཡི་བ་རྣམས་ང་ཡི་བདེ་བ་སྒྲུབ་བྱེད་མ་ཡིན་པར་འགྱུར་བས། དེ་ལྟར་ངེས་པ་དྲངས་ནས་སྐྱོང་ཚུལ་སྔར་ལྟར་བྱེད་པ་ཡིན་ནོ། །དེ་ནས་ཤེས་པའི་འཆར་ཚུལ་ལ་བལྟས་ཏེ། དེ་ཡང་ཡུལ་རང་དབང་དུ་སྤྱོད་པ་འདྲ་བའི་ཚུགས་ཐུབ་ཏུ་འཆར་རོ། །དེ་ཡང་ངེས་པ་འདྲེན་ཚུལ་དང༌། སྐྱོང་ཚུལ་མཉམ་རྗེས་སོགས་ཐམས་ཅད་སྔར་དང་འདྲའོ། །དེ་ནས་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོའི་སྟེང་དུ་གཏན་ལ་ཕབ་སྟེ་བསྒོམ་མོ། །དེ་ནས་གང་ཟག་གཞན་དང་རང་རྒྱུད་ཀྱིས་མ་བསྡུས་པའི་ཆོས་


JLD008_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་སྟེང་དུ་བསྒོམ་མོ། །དེའི་འཆར་ཚུལ་ནི། ཀ་བ་ལྟ་བུ་དེ་སྔར་ནས་གྲུབ་གྲུབ་པ་འདྲ་བ་བརྟན་ཚུགས་པའི་རྣམ་པར་འཆར་རོ། །ཐ་སྙད་དུ་ཡོད་པར་བཤད་པ་ནི་མིང་ཙམ་ཞིག་ཡོད་པ་ཡིན་ལ། རིགས་པས་མེད་པར་སྒྲུབ་པ་ནི་བློ་མ་རིག་པས་ཡུལ་རྣམས་རང་དབང་དུ་བཟུང་བ་ལྟར་མེད་པར་བསྒྲུབ་པ་ཡིན་ནོ། །ཞལ་ཤེས་གནད་ཀྱི་ཐིམ་ཡིག་ཟབ་ཟབ་ཨྀྠི།། །།


previousཞལ་ཤེས་གནད་ཀྱི་ཐིམ་ཡིགnext