Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
ནཱ་རོའི་ཆོས་དྲུག་གི་དམིགས་སྐོར་ལག་ཏུ་ལེན་ཚུལ་བསྡུས་པ་རྗེའི་གསུང་བཞིན་སེམས་དཔའ་ཆེན་པོ་ཀུན་བཟང་པས་བཀོད་པ།
   
  expand section
   
   
   
   
   


 
previousནཱ་རོའི་ཆོས་དྲུག་གི་དམིགས་སྐོར་ལག་ཏུ་ལེན་ཚུལ་བསྡུས་པ་རྗེའི་གསུང་བཞིན་སེམས་དཔའ་ཆེན་པོ་ཀུན་བཟང་པས་བཀོད་པ།next

ནཱ་རོའི་ཆོས་དྲུག་གི་དམིགས་སྐོར་ལག་ཏུ་ལེན་ཚུལ་བསྡུས་པ་རྗེའི་གསུང་བཞིན་སེམས་དཔའ་ཆེན་པོ་ཀུན་བཟང་པས་བཀོད་པ།


JLD009_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་རོའི་ཆོས་དྲུག་གི་དམིགས་སྐོར་ལག་ཏུ་ལེན་ཚུལ་བསྡུས་པ་རྗེའི་གསུང་བཞིན་སེམས་དཔའ་ཆེན་པོ་ཀུན་བཟང་པས་བཀོད་པ་བཞུགས་སོ། །


JLD009_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་དམ་པ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་རྣམས་ཀྱི་ཞབས་ཀྱི་པདྨོ་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །འདིར་ཟབ་ལམ་ནཱ་རོའི་ཆོས་དྲུག་ཅེས་གྲགས་པའི་གདམས་ངག་འཆད་པ་ལ་གཉིས། ཁྱད་པར་གྱི་སྔོན་འགྲོ་དང༌། དེ་ལ་བརྟེན་ནས་ལམ་ཇི་ལྟར་བསྒོམ་པའོ། །དང་པོ་ལ་གཉིས་ཡོད་པའི་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་རྒྱུད་དང་འདྲེས་ངེས་ཤིག་བྱ། དེ་ནས་རང་གི་སྤྱི་བོར་པཾ་ལས་པདྨ་དཀར་པོ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གཡས་རྡོ་རྗེ།


JLD009_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་བསྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། མཚན་དང་དཔེ་བྱད་དུ་ལྡན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་དཀར་པོ། དེ་ལས་འོད་ཟེར་འཕྲོས་རང་འདྲའི་ཡེ་ཤེས་པ་སྦྱན་དྲངས་པ་ལ་མཆོད་པ་ལྔས་མཆོད་ཛཿ ཧཱུཾ་བཾ་ཧོཿ དགུག་གཞུག་བཅིང་མཉེས་པར་བྱ།ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་དབང་གི་ལྷ་རྣམས་སྤྱན་དྲངས་པ་ལ་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་རིམ་པོ་ཆེའི་བུམ་པ་


JLD009_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་པས་དབང་བསྐུར། ལུས་ཡེ་ཤེས་ཀྱི་བདུད་རྩིས་གང༌། མི་བསྐྱོད་པས་དབུ་བརྒྱན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་གཞན་ཐམས་ཅད་ཀྱི་སྡིག་སྒྲིབ་དང༌། དམ་ཚིག་ཉམས་ཆགས་ཐམས་ཅད་དག་པར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པས། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག །དེ་དག་གི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པར་བྱས། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཐམས་ཅད་ལ་མཆོད་པ་ཕུལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་ཐུགས་ཀའི་ཧཱུཾ་ལ་ཐིམ་པས་གཟི་བརྗིད་དང་མཐུ་སྟོབས་ཕུན་སུམ་ཚོགས་པར་གྱུར། ཧཱུཾ་གི་མཐར། ༀ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། ཌྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ། ཅིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན། བཛྲ་ཧེ་རུ་ཀཿ མཱ་མེ་མུཉྩ། ཧེ་རུ་ཀ་བྷ་བ། མཧཱ་ས་མ་ཡ་སཏྭ་ཨཱཿ ཡིག་འབྲུ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་སྲས་བཅས་ལ་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ། སྐུ་


JLD009_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་ཡིག་འབྲུ་ལ་ཐིམ། ཡིག་འབྲུ་ལས་བདུད་རྩིའི་ཆུ་རྒྱུན་དཀར་པོ་བྱུང༌། ཡབ་ཡུམ་གྱི་སྦྱོར་མཚམས་ལས་བབས་ནས་རང་གི་སྤྱི་བོ་ཚངས་པའི་བུ་གནས་ཞུགས་ཏེ། སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དབང་པོའི་སྒོ་དང་བ་སྤུའི་བུ་ག་ནས་ནག་ཕུངས་ཀྱིས་འཐོན། སྡིག་སྒྲིབ་སངས་ཀྱིས་དག །ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་གྱིས་དཀར་མེར་གྱིས་གང༌། རྟོགས་པ་དང་ཡོན་ཏན་བདག་གཞན་ཐམས་ཅད་ལ་སྐྱེས་པར་བསམ་ཞིང་ཡི་གེ་བརྒྱ་པ་ཅི་མང་བཟླས་པའི་རྗེས་སུ།བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་བོ་བདག་ལ་སྐྱོབས། ཞེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དང༌། དམ་ཚིག་གི་ཉམས་ཆགས་ཐམས་ཅད་དག་གོ་ཞེས་གསུངས་ནས་རང་ལ་ཐིམ་པས། རང་གི་སྒོ་གསུམ་དང༌། རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར། བླ་མའི་རྣལ་འབྱོར་སྒོམ་པ་ནི། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་སེང་གེས་བཏེག་པའི་སྟེང་ན་པད་ཉིའི་གདན་ལ། ངོ་བོ་རང་གི་བླ་མ། རྣམ་པ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་གཡོན་དྲིལ་བུ་འཛིན་པས་རང་འདྲའི་ཡུམ་ལ་འཁྱུད་པ། ལྷ་རྫས་ཀྱི་གོས་ཀྱི་སྟོད་གཡོགས་དང་སྨད་གཡོགས་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་


JLD009_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། འོད་ཟེར་རྣམ་པ་ལྔ་རབ་ཏུ་འབར་བའི་སྤྱི་བོར་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿ དམར་པོ། སྙིང་གར་ཉི་མ་ལ་ཧཱུཾ་སྔོན་པོ་འོད་ཟེར་འཕྲོ་བ། ཧཱུཾ་ལས་འོད་ཟེར་འཕྲོས་པས། རྡོ་རྗེ་འཆང་ནས་བཟུང་སྟེ་བླ་མ་བརྒྱད་པ་རྣམས་དང༌། ཡི་དམ་གྱི་ལྷ་ཚོགས་རྣམས་སྦྱན་དྲངས་ཏེ་ཐིམ།དེ་ལ་མཆོད་པ་འབུལ་བ་ལ། མཎྜལ་གྱི་མཆོད་པ་ནི། དྲི་བཟང་གིས་བྱུག་ཅིང་ༀ་བཛྲ་བྷཱུ་མི་ཨཱཿ ཧཱུཾ་དབང་ཆེན་སེར་གྱི་ས་གཞི། ༀ་བཛྲ་རེ་ཁེ་ཨཱཿ ཧཱུཾ་ལྕགས་རི་མུ་ཁྱུད། དབུས་སུ་རི་རབ། ཤར་ལུས་འཕགས་པོ། ལྷོ་ཛམྦུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། གླང་པོ་རིན་པོ་ཆེ། ཁྱིམ་བདག་རིན་པོ་ཆེ། རྟ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། གཏེར་ཆེན་པོ། ཉི་མ། ཟླ་བ། རྣམས་སོ་སོའི་རྣམ་པ་བཞིན་གསལ་བཏབ་ལ། བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་ལོངས་སྤྱོད་དགེ་བའི་ཚོགས། རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། བློ་ཡིས་བླངས་ནས་བླ་མ་ཡི་དམ་དཀོན་མཆོག་རྣམས་ལ་འབུལ། ཐུགས་རྗེའི་དབང་གིས་བཞེས་ལ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དབུལ།གཞན་ཡང་མེ་ཏོག་སོགས་ཕྱིའི་མཆོད་པ་དང༌། ནང་བདུད་རྩིའི་མཆོད་པ་དང༌། གསང་བའི་མཆོད་པས་ཀྱང་མཆོད་ལ། གང་གི་དྲིན་


JLD009_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བདེ་ཆེན་གནས། །སྐད་ཅིག་གིས་ནི་ཐོབ་འགྱུར་བ། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། ཅེས་སོགས་ཀྱིས་བསྟོད་དེ། དེ་ནས་གུས་པ་ཆེན་པོས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་རྣམས་མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་དག་གི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ཡིད་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་བཏབ་པས། དགྱེས་ཏེ་བླ་མའི་སྦྱི་བོའི་ༀ་དཀར་པོ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་སྤྱི་བོར་ཞུགས་པས་ལུས་ཀྱི་ནང་ཐམས་ཅད་འོད་ཟེར་དཀར་པོས་ཁེངས། ལུས་ཀྱི་དྲི་མ་སྦྱངས། བུམ་པའི་དབང་བསྐུར། སྐུ་རྡོ་རྗེའི་དངོས་གྲུབ་ཐོབ། མགྲིན་པའི་ཨཱཿ དམར་པོ་ལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཞུགས་ལུས་ཀྱི་ནང་ཐམས་ཅད་འོད་ཟེར་དམར་པོས་ཁེངས། ངག་གི་དྲི་མ་སྦྱངས། གསང་བའི་དབང་བསྐུར། གསུང་རྡོ་རྗེའི་དངོས་གྲུབ་ཐོབ། ཐུགས་ཀའི་ཧཱུཾ་མཐིང་ག་ལས་འོད་ཟེར་མཐིང་ག་འཕྲོས། རང་གི་སྙིང་གར་ཞུགས། ལུས་ཀྱི་ནང་ཐམས་ཅད་འོད་ཟེར་མཐིང་གས་ཁེངས། ཡིད་ཀྱི་དྲི་མ་སྦྱངས། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར། ཐུགས་རྡོ་རྗེའི་དངོས་གྲུབ་ཐོབ། སྐུའི་གནས་ཐམས་ཅད་ལས་འོད་ཟེར་སྣ་ཚོགས་འཕྲོས། རང་གི་ལུས་ཀྱི་སྒོ་ཐམས་ཅད་ནས་ཞུགས། སྒོ་གསུམ་གྱི་སྒྲིབ་པ་ཕྲ་བ་སྦྱངས། དབང་བཞི་པ་བསྐུར། རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་དངོས་གྲུབ་ཐོབ་པར་གྱུར། མདུན་གྱི་བླ་མ་རང་གི་སྦྱི་བོར་སྦྱན་དྲངས་ཏེ་


JLD009_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱི་བོ་ནས་ཐིམ་པས་རང་གི་ལུས་གང་ཡིད་གསུམ་དང་བླ་མའི་སྐུ་གསུང་ཐུགས་དབྱེར་མེད་པར་གྱུར།དེ་ལ་བརྟེན་ནས་ལམ་ཇི་ལྟར་སྒོམ་པ་ལ་གཉིས་ཡོད་པའི་བསྐྱེད་རིམ་བསྒོམ་པ་ནི། ༀ་སྭ་བྷཱ་བ་ཤུདྡྷཿ སརྦ་དྷ་རྨཱཿ སྭ་བྷཱ་བ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཧེ་རུ་ཀ་སྐུ་མདོག་མཐིང་ག །ཞལ་བཞི་པའི་རྩ་ཞལ་ནག །གཡོན་ཞལ་ལྗང༌། རྒྱབ་ཞལ་དམར། གཡས་ཞལ་སེར་བ། ཞལ་རེ་རེའང་སྦྱན་གསུམ་གསུམ་པ། ཕྱག་བཅུ་གཉིས་པ་དཔྲལ་བར་རྡོ་རྗེ་རྩེ་ལྔ་པའི་ཕྲེང་བ་འཛིན་པ། ཞབས་གཡས་བརྐྱང་བས་འཇིགས་བྱེད་ནག་པོ་ལག་པ་བཞི་པའི་དང་པོ་གཉིས་ཐལ་མོ་སྦྱར་བ། གཡས་ལྷག་མས་ཌཱ་མ་རུ་དང༌། གཡོན་ལྷག་མས་རལ་གྲི་འཛིན་པའི་མགོ་བོ་མནན་པ། གཡོན་བསྐུམ་པས་དུས་མཚན་མ་དམར་མོ་ལག་པ་བཞི་པའི་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཉིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའི་ནུ་མ་མནན་པ། གདན་གཉིས་ཀའང་གདོང་གཅིག་པ། མིག་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་པའོ། །ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་ཕག་མོ་ལ་འཁྱུད་པའི་གཡས་པས་རྡོ་རྗེ་རྩེ་ལྔ་པ་དང༌། གཡོན་པས་དྲིལ་བུ་བསྣམས་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་དཀར་པོ་ཞག་དང་བཅས་པའི་ན་བཟའ། ཕྱག་གཡས་པས་ལག་པ་གཡོན་པ་དང༌། གཡོན་པས་རྐང་པ་གཡོན་པའི་པགས་པ་རང་གི་རྒྱབ་ཏུ། སྡིགས་མཛུབ་དང་བཅས་པའི་ཕྱག་གིས་བརྒྱངས་ཏེ་


JLD009_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་སྡིགས་མཛུབ་ཀྱི་རྩེ་གཉིས་སྨིན་མའི་ཐད་སོར་གནས་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ་བསྒྲེང་བ། གཡོན་པའི་ཕྱག་གསུམ་པ་ན་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག །བཞི་པ་ན་ཁྲག་གིས་གང་བའི་ཐོད་པ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་པོ་གདོང་བཞི་པ་བསྣམས་ཤིང༌། སྣ་ཚོགས་རྡོ་རྗེས་མཚན་པའི་རལ་བའི་ཐོར་ཅོག་ཅན། དབུ་རེ་རེ་ལ་རྡོ་རྗེ་ནག་པོའི་ཕྲེང་བ་སྟོད་སྨད་དུ་གནས་པ་གཉིས་ལ་བརྒྱུས་པའི་ཐོད་པ་སྐམ་པོ་ལྔ་ལྔའི་ཕྲེང་བས་བརྒྱན་པ། དབུའི་གཡོན་དུ་ཅུང་ཟད་ཡོ་བའི་ཟླ་བ་ཕྱེད་པ་འཕྱང་བ། ཞལ་རྣམ་པར་འགྱུར་བ། མཆེ་བ་བཞི་བཞི་གཙིགས་ཤིང་འཇིགས་སུ་རུང་བ། སྒེག་པ་དཔའ་བ་མི་སྡུག་པ་སྟེ་སྐུའི་ཉམས་གསུམ་དང༌། རྒོད་དང་དྲག་ཤུལ་འཇིགས་སུ་རུང་བ་སྟེ་གསུང་གི་ཉམས་གསུམ་དང༌། སྙིང་རྗེ་དང་རྔམ་པ་དང་ཞི་བ་སྟེ་ཐུགས་ཀྱི་ཉམས་གསུམ་སྟེ། ཉམས་དགུ་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། མིའི་རྒྱུ་མ་ལ་བརྒྱུས་པའི་མགོ་བོ་རློན་པ་ལྔ་བཅུའི་ཕྲེང་བ་འཕྱང་བ། ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པ། མི་རུས་ཀྱི་ཐལ་བས་ལུས་ཐམས་ཅད་ལ་བྱུགས་པའོ། །བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པར་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་སྦྱན་གསུམ་པ་གཅེར་མོ་སྐྲ་གྲོལ་བ། ཐོད་པའི་དུམ་བུས་བརྒྱན་པའི་འོག་པག་ཅན། ཕྱག་གཡོན་


JLD009_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡབ་ཀྱི་མགུལ་པ་ནས་འཁྱུད་པའི་ཐོད་པ་ན་བདུད་བཞི་ལ་སོགས་པའི་ཁྲག་གིས་གང་བ་བསྣམས་པ། གཡས་པས་ཕྱོགས་བཅུའི་གདུག་པ་ཅན་ཀུན་ལ་གྲི་གུག་དང་བཅས་པའི་སྡིགས་མཛུབ་ཀྱིས་བསྡིགས་པར་མཛད་པ། འཇིག་དུས་ཀྱི་མེ་ལྟར་འབར་བ། བྱིན་པ་གཉིས་ཀྱིས་ཡབ་ཀྱི་བརླའི་སྟེང་ནས་ལེགས་པར་འཁྲིལ་བ། བདེ་བ་ཆེན་པོའི་རང་བཞིན་གྱི་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། ཕྱག་རྒྱ་ལྔས་བརྒྱན་པ། མི་མགོ་སྐམ་པོ་ལྔའི་ཐོད་དང༌། མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན་ནོ། །རང་གི་སྤྱོ་བོར་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿ དམར་པོ། ཐུགས་ཀར་ཉི་མ་ལ་ཧཱུཾ་སྔོན་པོ། རང་གི་ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང༌། དབང་གི་ལྷ་རྣམས་སྤྱན་དྲངས་པ་ལ། ༀ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཏཱ། ཛཿ ཧཱུཾ་བཾ་ཧོཿ མི་བཞེད་པ་མེད་པར་དགྱེས་བཞིན་དུ་བཞུགས་པར་གྱུར། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་པ་བཏབ་པས། ཇི་ལྟར་བལྟམས་པ་སོགས་དང༌། ༀ་སརྦ་ཏ་ཐཱ་ག་ཏ་སོགས་བརྗོད། སྤྱི་བོ་ནས་དབང་བསྐུར་བས་ལུས་གང་ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་རྡོ་རྗེ་སེམས་དཔའ། ཕག་མོ་ལ་མི་བསྐྱོད་པས་དབུ་བརྒྱན། དབང་གི་ལྷ་རྣམས་རང་ལ་ཐིམ།བདག་བསྐྱེད་ལ་མཆོད་པ་འབུལ་བ་ནི། ༀ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། ༀ་པཱ་དྱཾ་པྲ་ཏཱི་ཙྪ་སྭཱཧཱ། ༀ་བཛྲ་པུཥྤེ་ཨཱཿ ཧཱུཾ་སྭཱཧཱ། ༀ་བཛྲ་ངྷཱུ་བེ་ཨཱཿ ཧཱུཾ་སྭཱཧཱ། ༀ་བཛྲ་དཱི་པེ་ཨཱཿ ཧཱུཾ་སྭཱཧཱ། ༀ་བཛྲ་གནྡྷེཨཱཿ ཧཱུཾ་སྭཱཧཱ། ༀ་བཛྲ་ནཻ་ཝི་དྱ་ཨཱཿ ཧཱུཾ་སྭཱཧཱ།


JLD009_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་བཛྲ་ཤཔྟ་ཨཱཿ ཧཱུཾ་སྭཱཧཱ། ༀ་ཧྲཱིཿ ཧ་ཧ་ཧུཾ་ཧཱུཾ་ཕཊ་ༀ་ཨཱཿ ཧཱུཾ་གིས་ནང་མཆོད་དབུལ། ཡབ་ཡུམ་སྙོམས་པར་ཞུགས་པས་བདེ་བ་ཆེན་པོ་སྐྱེས་ཏེ་ཉམས་སུ་མྱོང་བར་གྱུར། ༀ་ཧྲཱིཿ ཧ་ཧ་ཧུཾ་ཧཱུཾ་ཕཊ། ༀ་བཛྲ་བཻ་རོ་ནཱི་ཡེ་ཧུཾ་ཧཱུ་ཕཊ་ཕཊ་སྭཱཏཱ། ཞེས་པས་བསྟོད། འཇོག་སྒོམ་ནི་རང་ཉིད་འཁོར་ལོ་བདེ་མཆོག་དངོས་ཡིན་སྙམ་པའི་ང་རྒྱལ་དང༌། དེ་ལ་ཅི་གནས་བྱའོ། །བཟླས་པ་བྱ་ཚུལ་ནི། རང་གི་ཐུགས་ཀའི་ཧཱུཾ་ཡིག་གི་མཐར། ༀ་ཧྲཱིཿ ཧ་ཧ་ཧུཾ་ཧཱུཾ་ཕཊ་ཀྱིས་བསྐོར་བ་ལ་བྲིས་པ་ལྟར་འདོན་པའི་དམིགས་པ་བྱ་སྟེ་བཟླའོ། །རྫོགས་རིམ་སྒོམ་པ་ལ་གཉིས་ཡོད་པའི་དང་པོ་འཁྲུལ་འཁོར་དང་སྟོང་ར་སྒོམ་པ་ནི། རང་ཡི་དམ་ཡབ་ཡུམ་དུ་གསལ་བའི་ངང་ནས། བུམ་པ་ལྟར་དགང་བ་ནི། སྟན་བདེ་བ་ལ་སྐྱིལ་ཀྲུང་གང་བདེ་བྱས་ལ་རྐེད་པ་བསྲང༌། ལག་པ་གཉིས་པུས་མོ་ལ་དག་བ། རླུང་སྣ་བུག་གཡས་ནས་འཐེན་ཏེ་གཡོན་དུ་བལྟས་ནས་དེ་ངོས་ཀྱི་སྣ་བུག་ནས་དལ་བུས་རིང་བར་ལྷག་མ་མེད་པར་བུད། ཡང་གཡོན་ནས་འཐེན་ནས་གཡས་སུ་བལྟས་ཏེ་དེ་ངོས་ཀྱི་སྣ་བུག་ནས་སྔར་བཞིན་དུ་བུད། དེ་ནས་དབུས་ནས་སྣ་བུག་གཉིས་ཀ་ནས་འཐེན་ཏེ་ཐད་ཀར་ལན་ཅིག་སྔར་བཞིན་དུ་བུད། དེ་འདྲ་བའི་ཚུལ་གྱིས་སླར་ཡང་སུམ་ཚན་གཉིས་ཏེ་དགུ་ཕྲུགས་སུ་རླུང་རོ་བསལ་ཏེ། དེའང་ཕར་ལ་བུད་པ་དང་ཚུར་འདྲེན་པའི་དུས་གཉིས་ཀར་ཁ་ནས་འགྲོ་འོང་མེད་པར་བྱའོ། །དེ་ནས་ལུས་དྲང་པོར་བསྲང་སྟེ་ལག་པ་གཉིས་ཀྱི་མཐེབ་


JLD009_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ནང་དུ་དགུག །ཐད་ཀ་ནས་རླུང་ཤིན་ཏུ་དལ་ལ་རིང་བར་ནང་དུ་རྔུབས་ཏེ་ལྟེ་འོག་ཙམ་དུ་མཆིལ་མ་སྒྲ་མེད་པར་མིད་ནས་ཆིར་གྱིས་མནན། དེའི་རྗེས་སུ་འོག་རླུང་ལྟེ་འོག་ཏུ་མི་དྲག་པ་ཞིག་དྲངས་ཏེ་ཁ་སྦྱར་དུ་བཟུང༌། ཤེས་པ་ལྟེ་བའི་རྩ་འཁོར་གྱི་དབུས་སུ་གཏད་ལ་ནུས་ཚད་དུ་འཛིན་ཅིང་རླུང་མི་ཐུབ་པ་ན་ཁ་ནས་ཡེ་མ་ཤོར་བར་སྣ་སྒོ་ནས་དལ་བུས་གཏོང་ངོ༌། །འོག་མ་ལྔ་ག་འདིའི་ངང་ནས་བྱེད་པ་ལ་འཁོར་ལོ་ལྟར་བསྐོར་བ་ནི། རྐང་པ་སྐྱིལ་ཀྲུང་བཅས་པའི་རྐང་པ་གཡས་པའི་མཐེབ་ཆེན་ལག་པ་གཡས་པས་བཟུང༌། རྐང་པ་གཡོན་པའི་མཐེབ་ཆེན་ལག་པ་གཡོན་པས་བཟུང་ཞིང༌། རྐེད་པ་དྲང་པོར་བསྲངས་ལ་ཕོ་བ་དང་རྐེད་པ་གཡས་སུ་ལན་གསུམ་བསྐོར། དེ་བཞིན་དུ་གཡོན་དུའང་བསྐོར། དེ་ནས་གཡོན་ནས་གཡས་སུ་ཀྱོག་པ་དང༌། གཡས་ནས་གཡོན་དུ་ཀྱོག་པ་དང༌། མདུན་ནས་རྒྱབ་ཏུ་འཕུལ་བ་རེ་དང༌། རྒྱབ་ནས་མདུན་དུ་འཕུལ་བ་རེ་བྱའོ། །ལྕགས་ཀྱུ་ལྟར་དགུག་པ་ནི། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅངས་ལ་སྙིང་ག་ནས་ཐད་ཀར་མདུན་ངོས་སུ་གཤིབས་ལ་ཤུགས་ཆེ་བར་བརྐྱང༌། དེ་ནས་གཡོན་ངོས་སུ་ལག་པ་གཉིས་བརྐྱང་བའི་གཡས་པ་སྔོན་ལ་དལ་བུས་ཤུགས་ཆེ་བར་གཡས་པའི་དཔུང་མགོ་བར་དུ་དགུག་ལ་གྲུ་མོས་མཆན་དུ་བརྡབ། དེ་ནས་གཡོན་པའང་སྔ་མ་བཞིན་དུ་དཔུང་མགོ་གཡོན་པ་བར་དུ་དགུག་ལ་བརྡབ། སླར་ཡང་ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅངས་པ་སྙིང་ག་ནས་ཐད་ཀར་མདུན་ངོས་སུ་ཤུགས་ཆེ་བར་གཤིབས་ལ་བརྐྱང༌། དེ་ནས་གཡས་སུ་ལག་པ་


JLD009_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བརྐྱང་ནས་སྔ་མ་བཞིན་བཀུག་པ་བརྡབ་བོ། །རྡོ་རྗེ་བསྡམས་པའི་ཕྱག་རྒྱ་གནམ་དུ་འཕང་ཞིང་འོག་ཏུ་བསྐྱུར་བ་ནི། པུས་མོ་གཉིས་བཙུགས་ཏེ་ལུས་བསྲངས་ནས་ལག་པ་གཉིས་ཀྱི་སོར་མོ་རྣམས་ཕྱི་རུ་བསྣོལ་བའི་ལག་ལྕགས་བཅུག་པ་ཡར་ལ་རིམ་པ་བཞིན་སྤྱི་བོའི་བར་དུ་ཤུགས་ཆེ་བར་བརྡེག །དེ་ནས་ལག་པ་གཉིས་ཁ་སྤུབ་ལ་རིམ་པ་བཞིན་ཤུགས་ཆེ་བར་ས་ལ་དབབ་ལ་བསྐྱུར་རོ། །ཁྱི་མོའི་སྐྱུག་ཚུལ་གྱིས་ལུས་མདའ་ལྟར་བསྲང་བ་ནི། པུས་མོ་བཙུགས་ལ་ལུས་བསྲང༌། དེ་ནས་ལག་པ་གཉིས་ས་ལ་བཞག་པའི་བར་དུ་མགོ་བོ་བཞག་པ་རིམ་གྱིས་གྱེན་དུ་ཤུགས་ཆེ་བར་བཏེག་ནས་ལུས་དྲང་པོར་བསྲངས་ལ། སླར་ཡང་ལག་པ་གཉིས་རིམ་གྱིས་ཕབ་པའི་བར་དུ་མགོ་བོ་བཞག་ནས། ཧ་ཞེས་སྐྱུག་སྟངས་བྱས་པའི་མཐར། ལངས་ལ་རྐང་པ་གཉིས་ལན་གསུམ་གསུམ་སྤྲུག་གོ །མགོ་ལུས་སྤྲུག་ཅིང་ཚིགས་པ་བགྲང་བ་ནི། ལག་པས་ཕན་ཚུན་གྱི་སོར་མོའི་ཚིགས་པ་འཐེན་པའི་རྗེས་ལ། མགོ་དང་ལུས་པོ་སྤྲུག་ཅིང་ལག་པ་གཉིས་ཕན་ཚུན་དུ་གཉེས་ཏེ་བཀྲུ་བའི་ཚུལ་བྱེད་པའོ། །སྟོང་ར་སྒོམ་པ་ནི། རང་ཡི་དམ་དུ་གསལ་བའི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་ཕྲུ་མ་ཕུས་བཏབ་པ་ལྟར་སྟོང་སང་ངེ་བ་ལ་དམིགས་པ་གཏད་ནས་དེ་ལ་སེམས་བརྟན་བརྟན་དུ་བསྒོམ་པའོ། །གཉིས་པ་དེའི་རྗེས་སུ་ལམ་དངོས་སྒོམ་པའི་རིམ་པ་ལ་གཉིས། ལམ་དངོས་ཀྱི་དོན་དང༌། ལམ་གྱི་ཡན་ལག་འཕོ་བ་དང་


JLD009_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་འཇུག་གོ །དང་པོ་ལ་གཉིས། སྲོག་དབུ་མར་བཙུད་ནས་དགའ་བཞི་བསྐྱེད་པ་དང༌། དེ་ལ་བརྟེན་ནས་སྒྱུ་མ་དང་འོད་གསལ་སྒོམ་ཚུལ་ལོ། །དང་པོ་ལ་གཉིས། ནང་གི་རྐྱེན་གཏུམ་མོ་སྒོམ་པ་དང༌། ཕྱིའི་རྐྱེན་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའོ། །དང་པོ་ལ་གཉིས། གཏུམ་མོ་བསྒོམས་ནས་སྲོག་དབུ་མར་གཞུག་པ་དང༌། བཙུད་པ་ལ་བརྟེན་ནས་དགའ་བཞི་བསྐྱེད་ཚུལ་ལོ། །དང་པོ་ལ་གཉིས། གཏུམ་མོ་སྒོམ་ཚུལ་དང༌། དེ་ལྟར་བསྒོམས་པས་སྲོག་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་ཚུལ་ལོ། །དང་པོ་ལ་གསུམ་ཡོད་པའི་དང་པོ་རྩ་གསལ་བཏབ་ནས་བསྒོམ་པ་ནི། མདུན་གྱི་ནམ་མཁར་རྩ་བའི་བླ་མ་བརྒྱུད་པའི་བླ་མ་དང་བཅས་པ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་དམིགས་ལ། ལུས་ལོངས་སྤྱོད་བལྟོས་པ་མེད་པར་མཆོད་པར་དབུལ་ཞིང༌། སྦྱིར་གསོལ་བ་མང་དུ་གདབ་ཁྱད་པར་དུ། རླུང་བདེ་བར་བྱིན་གྱིས་བརླབ་ཏུ་གསོལ། རྩ་འཇམ་པར་བྱིན་གྱིས་བརླབ་ཏུ་གསོལ། བདེ་སྟོང་གི་ཉམས་རྟོགས་ཁྱད་པར་ཅན་མྱུར་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་གདབ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་ཙཎྜ་ལི་ཉམས་སུ་མྱོང་བར་བྱའོ་སྙམ་དུ་བསམ། དེ་ནས་རང་ཡི་དམ་གྱི་ལྷར་གསལ་བའི་ངང་ནས་བསམ་གཏན་གྱི་སྟེགས་བུ་གཞུག །སྒོམ་ཐག་གྱོན། རྐང་པ་རེ་མིག་ཏུ་བསྣོལ། སྒལ་ཚིགས་དྲང་པོར་བསྲང༌། མགྲིན་པ་ཅུང་ཟད་བཀུག །མིག་སྣ་རྩེར་དབབ། ལྕེ་རྩ་ཅུང་ཟད་རྐན་ལ་


JLD009_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར། སོ་དང་མཆུ་རང་ལུགས་པར་བཞག །ལུས་སེམས་ཅུང་ཟད་བསྒྲིམ། རོ་སྟོད་འཕེལ་ཀ་བསྐྱེད། མཉམ་གཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཅར་བར་བྱས་ལ། རྩ་གསུམ་གསལ་གདབ་པ་ནི། ལྟེ་བའི་བུག་པའི་ཐད་ནས་འོག་ཏུ་སོར་བཞི་སོང་བར་ལུས་ཀྱི་ནང་གི་སྒལ་ཚིགས་ངོས་ལ་ཉེ་བར་དབུས་སུ་རྩ་ཨ་བ་དྷཱུ་ཏཱི། གཡས་སུ་རོ་མ། གཡོན་དུ་རྐྱང་མ་གསུམ་སྲོག་ཤིང་གི་ཚུལ་དུ་སྤྱི་གཙུག་བར་དུ་གཤིབས་ནས་གནས་ཤིང༌། ལྟེ་འོག་སོར་བཞིའི་རྩ་དབུ་མའི་མར་སྣའི་ནང་དུ་རོ་རྐྱང་གི་སྣ་གཉིས་གུག་ནས་ཡོད་པར་བསམ། དེ་ནས་འཁོར་ལོ་བཞི་གསལ་འདེབས་པ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་ཕྱི་དབྱིབས་ཨེ་གྲུ་གསུམ་གྱི་རྣམ་པ་ཅན་རྩ་འདབ་ཀྱི་གྲངས་རེ་བཞི་པ། ཁ་དོག་དམར་པོ་ཁ་གྱེན་དུ་ཕྱོགས་པའི་རྣམ་པ་ཅན་དང༌། སྙིང་ག་ཆོས་ཀྱི་འཁོར་ལོ་ཕྱི་དབྱིབས་བཾ་ཡིག་ཟླུམ་པོའི་རྣམ་པ་ཅན། རྩ་འདབ་ཀྱི་གྲངས་བརྒྱད་པ་ཁ་དོག་དཀར་པོ། ཁ་འོག་ཏུ་ཕྱོགས་པ་ཅན་དང༌། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཕྱི་དབྱིབས་བཾ་ཡིག་ཟླུམ་པོའི་རྣམ་པ་ཅན། རྩ་འདབ་ཀྱི་གྲངས་བཅུ་དྲུག་པ་ཁ་དོག་དམར་པོ་ཁ་གྱེན་དུ་ཕྱོགས་པའི་རྣམ་པ་ཅན་དང༌། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཕྱི་དབྱིབས་ཨེ་གྲུ་གསུམ་གྱི་རྣམ་པ་ཅན། རྩ་འདབ་ཀྱི་གྲངས་སོ་གཉིས་པ་ཁ་དོག་སྣ་ཚོགས་པ་ཁ་འོག་ཏུ་ཕྱོགས་པའི་རྣམ་པ་ཅན་དུ་བསྒོམ། དེའང་ཐོག་མར་རྩ་གསུམ་གསལ་གདབ་ལ་གསུམ་པོ་ཉིད་ལ་སེམས་བཟུང༌། འདི་ལ་སྙིང་ག་ཡན་ཆད་ལ་གསལ་འདེབས་ཐེབས་རེ་དང་སེམས་


JLD009_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་དེ་འཛིན་པ་མ་གཏོགས་ཤས་ཆེར་ལྟེ་བའི་རྩ་གསུམ་འདུས་པའི་ནང་དང༌། ལྟེ་འོག་སོར་བཞིའི་རྩ་གསུམ་འདུས་པའི་དབུ་མའི་ནང་ཁོ་ནར་སེམས་བཟུང་ངོ༌། །གཉིས་པ་ཡི་གེ་གསལ་བཏབ་ནས་བསྒོམ་པ་ནི། ཡི་གེ་འགོད་པ་རྒྱས་བསྡུས་གཉིས་ཡོད་པའི་རྒྱས་པ་ནི། འཁོར་ལོ་བཞིའི་ལྟེ་བ་དང་འདབ་མ་གཉིས་ཀ་ལ་ཡི་གེ་བཀོད་ནས་བསྒོམ་པ་ཡིན་ཡང་འདིར་བསྡུས་པའི་དབང་དུ་བྱེད་པ་ནི། འཁོར་ལོ་བཞིའི་ལྟེ་བར་ཡི་གེ་བཞི་བསྒོམ་པ་ཡིན་ལ། དེའི་ཚུལ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་ཀྱི་རྩ་དབུ་མ་སྒལ་པའི་ནང་ངོས་ལ་ཉེ་བའི་ནང་ཁོ་ནར་ཟླ་གདན་ཆུང་ངུ་ཞིག་གི་སྟེང་དུ་ཡི་གེ་ཨ་ཐུང་ཤད་ཀྱི་རྣམ་པ་འདྲ་བ་མདོག་དམར་པོ་ཡུངས་ཀར་གྱི་ཚད་ཙམ་ཞིག་བསྒོམ། སྙིང་ག་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་པའི་དབུས་ཀྱི་རྩ་དབུ་མ་ནུ་མ་གཉིས་ཀྱི་དབུས་དྲང་ཐད་ནས་སྒལ་པ་ལ་ཉེ་བར་ཡོད་པའི་དྷཱུ་ཏཱིའི་ནང་ཁོ་ནར་ཟླ་གདན་ལ་ཧཱུཾ་ཡིག་སྔོན་པོ་མགོ་ཐུར་དུ་བལྟ་བ་བྱང་ཆུབ་ཀྱི་སེམས། ཁ་བ་ལྟ་བུ་འཛག་པ། ཡུངས་ཀར་གྱི་ཚད་ཙམ་ཞིག་བསྒོམ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པའི་དབུས་ཀྱི་རྩ་དབུ་མ་མགྲིན་པའི་དབུས་ནས་ནང་གི་སྒལ་པ་ངོས་ལ་ཉེ་བའི་དྷཱུ་ཏཱིའི་ནང་ཁོ་ནར་ཟླ་གདན་ལ་ༀ་ཡིག་དམར་པོ་མགོ་གྱེན་དུ་བལྟ་བ་ཡུངས་ཀར་གྱི་ཚད་ཙམ་ཞིག་བསྒོམ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་པའི་དབུས་ཀྱི་རྩ་དབུ་མའི་ནང་ཁོ་ནར་ཟླ་གདན་ལ་ཧཾ་ཡིག་དཀར་པོ་མགོ་ཐུར་དུ་བལྟ་བ་ཡུངས་ཀར་གྱི་ཚད་ཙམ་ཞིག་བསྒོམ། ཡི་གེ་


JLD009_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་གའི་མགོར་ཟླ་ཕྱེད་ཐིག་ལེ་ནཱ་ད་དང་བཅས་པ་དང༌། བྱང་ཆུབ་ཀྱི་སེམས་བ་མོ་འཛག་པ་ལྟ་བུའི་རྣམ་པ་ཅན་དུ་བསྒོམས་ན་བདེ་བ་ཆེ་བའི་གནད་ཡོད་ལ། ཤིན་ཏུ་འཚེར་བའི་འོད་ཅན་བསྒོམས་ན་བྱིང་བ་གཅོད་སླ་ཞིང་ཏིང་ངེ་འཛིན་གསལ་ཉམས་ཆེའོ། །ཡི་གེ་དེ་རྣམས་ལ་སེམས་འཛིན་ཚུལ་ནི་ཚུར་ངོས་ནས་ཕར་ལ་བལྟ་བའི་རྣམ་པ་ཅན་མི་བྱ་བར་སེམས་ཡི་གེའི་ནང་དུ་འདྲེས་པ་བཞིན་བྱ་སྟེ་བསྐྱང་ལ། སེམས་ཀྱི་འཛིན་སྟངས་ཧ་ཅང་གྲིམས་དྲགས་པ་དང༌། ཧ་ཅང་ལྷོད་དྲགས་པས་བྱིང་རྒོད་བསྐྱེད་པས་དེ་གཉིས་སྤངས་ནས་སེམས་ཀྱི་འཛིན་སྟངས་ཅུང་ཤུགས་ཆེ་བར་གཟུང་བར་བྱའོ། །དེའང་སྙིང་ག་ཡན་ཆད་ཀྱི་ཡི་གེ་གསུམ་ལ་དང་པོ་ཡུན་ཐུང་པ་རེ་བཟུང་ལ། ཤས་ཆེར་ལྟེ་བའི་ཨ་ཐུང་ལ་སེམས་བཟུང༌། དམིགས་པ་ཕྲ་མོ་ལ་གང་བྱས་ཀྱང་སེམས་འཛིན་པ་དཀའ་བར་སྣང་ན་ཅུང་ཟད་ཆེ་རུ་བཏང་ལ་དེ་ལ་བརྟན་པ་ན་དམིགས་པ་ཕྲ་མོར་བྱས་ལ་སེམས་བཟུང་ངོ༌། །གཉིས་པ8་རླུང་བུམ་པ་ཅན་བསྒོམ་པའི་ཚུལ་ནི། བླ་མ་རྣམས་ཀྱི་མན་ངག་ལས། །རྔུབ་དང་དགང་དང་གཞིལ་བ་དང༌། །མདའ་ལྟར་འཕང་དང་རྣམ་བཞིའོ། ཞེས་འབྱུང་བ་ལྟར་ནང་དུ་རྔུབ་པ་ན་ཁ་ནས་མི་རྔུབ་པར་སྣ་བུག་ནས་དྲག་པོ་རིང་བར་རྔུབ་ཅིང༌། ནང་དུ་རྔུབ་པའི་མཚམས་ནས་ཕྱིར་མི་གཏོང་བར་ནང་དུ་མནན་པས་རོ་རྐྱང་གི་རྩ་གཉིས་ནས་རླུང་སིར་རི་རི་སོང་བས་རྒྱུ་མ་ཕུས་བཏབ་པ་བཞིན་རྩ་གཉིས་པོ་ཁྲིག་གིས་གང་བར་བསམ་མོ། །རྩ་གཉིས་ཁེངས་པའི་མཚམས་ནས་རྩ་


JLD009_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་རླུང་ཐམས་ཅད་དབུ་མའི་ནང་དུ་ཕྱུར་གྱིས་ཆུད་པར་བསྒོམས་ལ་མཆིལ་མ་ཞིག་སྒྲ་མེད་དུ་མིད་དེ་སྟེང་རླུང་ཨ་ཐུང་གི་སར་མནན། དེ་ནས་འོག་སྒོ་གཉིས་ནས་འོག་རླུང་འཇམ་པོ་ཞིག་ཨ་ཐུང་གི་སར་འཐེན་ལ། རླུང་གཉིས་ཁ་སྦྱར་བའི་ཨ་ཐུང་ལ་དམིགས་པ་གཏད་དེ་རླུང་ཇི་ཙམ་ཐུབ་པའི་ཚོད་ཙམ་དུ་བཟུང༌། མི་ཐུབ་བཞིན་དུ་མི་གནོན་པར་རླུང་ཕྱིར་གཏོང་བ་ན། རྩ་དབུ་མའི་ནང་ན་ཡར་བདེ་ཧྲིལ་ལི་ལི་འགྲོ་བར་བསམ་གྱི་སྤྱི་གཙུག་ནས་འཐོན་པར་མི་བསམ་ལ། མགྲིན་པ་དང་སྙིང་ག་ཡན་ཆད་ཁེངས་པ་ལ་དམིགས་པ་གཏོད་པ་སོགས་མི་བྱའོ། །རླུང་འཁོར་ལོའི་ལྟེ་བར་རང་ཤུགས་ཀྱིས་གནས་པ་བྱུང་བའི་མཚམས་ནས་ཡུན་བསྲིང་བ་དང་ཇེ་དྲག་ཏུ་གནོན་པའང་བྱ་ལ། དེ་གོང་དུ་བར་མ་ཆད་དུ་ཧ་ཅང་རྒྱུན་རིང་མི་བྱ་བར་སྐབས་སུ་ངལ་བསོ་ཞིང་བསྒོམ་མོ། །དེ་ལྟར་བུམ་པ་ཅན་སྒོམ་པ་བྱང་བའི་མཚམས་སུ་བུམ་པ་ཅན་གྱི་རླུང་སྦྱོར་བསྒོམ་བཞིན་པའི་ངང་ནས་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་སྤྱི་བོའི་རྩ་འཁོར་གྱི་ལྟེ་བར་སྔར་བཞིན་ཨཾ་ཧཱུཾ་ༀ་ཧཾ་བཞི་གསལ་བཏབ་ལ། དེ་ནས་གསང་གནས་ཀྱི་འཁོར་ལོར་གནས་པའི་རླུང་གིས་མེ་བསྐུལ་བའི་གཏུམ་མོའི་རང་བཞིན་གྱི་ཨཾ་ཡིག་འབར་བའི་མེའི་འོད་ཟེར་དྷཱུ་ཏཱིའི་ནང་ནས་གྱེན་དུ་སོང་བས་ཧཾ་ༀ་ཧཱུཾ་གསུམ་ཞུ་བ་ལྟེ་བར་ཨཾ་ཡིག་ལ་བབས་ཏེ་དེ་དང་དབྱེར་མེད་དུ་གྱུར་ནས་ལྷན་ཅིག་སྐྱེས་དགའི་རང་བཞིན་གྱི་ཨཾ་ཡིག་ཏུ་བལྟས་ལ་སེམས་བཟུང་ངོ༌། །དེ་ལ་སེམས་ཟིན་པ་ན་ཨཾ་ཐུང་དེ་ལས་གཏུམ་མོའི་མེ་ཕྲ་མོ་མེ་ལྕེ་གཅིག་ཏུ་འབར་བ་ལྟར་གནས་པར་


JLD009_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་མོ། །དེའི་འོད་ཀྱིས་འཁོར་ལོ་གོང་མའི་གནས་ནས་བྱང་ཆུབ་ཀྱི་སེམས་བཞུ་བའི་བདུད་རྩི་ཟགས་པས་ལྟེ་བའི་ཨཾ་ཡིག་གང་ཞིང་ཨཾ་ཡིག་དེ་ལ་སེམས་རྩེ་གཅིག་པའི་བརྟན་པ་ཐོབ་པའི་མཚན་མ་མཐོང་བ་དེ་སྲིད་དུ་བསྒོམ་མོ། །སེམས་བརྟན་པ་ན་གཏུམ་མོའི་འོད་ཟེར་གྱིས་ལུས་ཀྱི་ཕྱི་ནང་དང་གནས་ཁང་སོགས་ཐམས་ཅད་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་དུ་གསལ་བར་བསྒོམས་ལ། མེ་ཕྲ་ཞིང་མེ་ལྕེ་གཅིག་ཏུ་གྱུར་པ་ལ་སེམས་འཛིན་པ་གལ་ཆེའོ། །དམིགས་པ་དེ་ལྟར་བསྒོམས་པས་སྲོག་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་ཚུལ་ནི། ཐུན་འཁྱོངས་པའི་འོག་རང་གི་སྣ་བུག་གང་རུང་རེ་རེ་བར་རྒྱུ་བའི་འཕོས་མ་ཐག་པའི་སྐབས་ངོས་བཟུང་ལ། དེ་ནས་ལུས་གནད་དང་སེམས་ཀྱི་འཛིན་ལུགས་སྔར་བཞིན་བྱས་པའི་མཐུས། རང་པོར་མི་ཐོགས་པར་སྣ་སྒོར་བརྟགས་པ་ན་རླུང་མཉམ་རྒྱུར་ཐེངས་པ་དང་དེའང་ལན་རེ་རེ་གཉིས་གཉིས་ཙམ་ལ་ངེས་པ་མེད་ཀྱི་འགལ་རྐྱེན་གཞན་མེད་ན་ངེས་ཅན་དུ་ཐེངས་ཀྱིན་འདུག་པ་དང༌། མཉམ་རྒྱུའང་གང་རུང་ཞིག་དྲག་ལ་ཅིག་ཤོས་ཞན་པ་མིན་པར་དྲག་ཞན་ཤེད་མཚུངས་སུ་རྒྱུ་བ་འོང་བར་སྣང་ན། རྣལ་འབྱོར་དེའི་སྟོབས་ཀྱིས་སྲོག་དབུ་མར་འཛུད་ནུས་པ་ཞིག་ཏུ་འཇོག་ནུས་མོད་ཀྱང༌། ལན་ཅིག་ཚུད་ནས་གཡས་གཡོན་རེ་རེ་བར་མི་འཕྲོ་བ་ཡིན་ནོ། །དེ་ནི་སྲོག་དྷཱུ་ཏཱིར་ཞུགས་པ་ཡིན་ལ། སྲོག་དྷཱུ་ཏཱིར་གནས་པའི་མཚམས་འདི་ནས་དྲིལ་ཏེ་བསྒོམ་པ་དང༌། སྣ་བུག་གི་རྒྱུ་བ་ཞན་དུ་སོང་བའི་མཐར་ཞིབ་ཏུ་བརྟགས་


JLD009_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན། རྒྱུ་བ་ཕྲ་མོའང་ལྡོག་པ་ཞིག་འོང་ངོ༌། །དེ་ལ་རླུང་ཐིམ་དཀའ་སླ་གཉིས་ལས། ཐིམ་དཀའ་ན་ཡུད་ཅིག་ལ་ལྟོ་བ་རླུང་གིས་ཁེངས་པ་འབྱུང་ཞིང༌། དེ་ནས་ཞི་བར་འགྱུར་ལ། ཞི་མ་ཐག་ལྟེ་བ་དང་གསང་གནས་མེ་གནས་པའི་ཐད་ནས་དྲོད་ཁྱད་པར་ཅན་སྐྱེ་ཞིང༌། དེ་ནས་རིམ་གྱིས་ཞུ་བདེ་འདྲེན་ནོ། རྟགས་སྔ་མ་གཉིས་ཀྱིས་ཐིམ་པའི་རྟགས་འདི་འདྲེན་པ་མ་བྱུང་ན་སྣ་བུག་གི་རྒྱུ་བ་ཕྲ་མོའང་ལོག་པ་འདི་བྱིང་བ་ཕྲ་མོ་མཆོད་པར་བསགས་པས་བྱིང་བ་ཤས་ཆེ་བ་ཞིག་ལའང་འོང་ལ། རྩ་འཁོར་གྱི་ལྟེ་བར་གནད་དུ་བསྣུན་པ་ལ་མི་མཁས་པར་བུམ་པ་ཅན་མང་དུ་བསྒོམ་པར་བྱས་ཤིང༌། སྲོག་དྷཱུ་ཏཱིར་འཆིང་བར་ནི་མ་ནུས་པའི་རླུང་གནས་གཞན་དུ་བྱེར་བ་ལའང༌། རླུང་འབྱུང་འཇུག་ཀྱང་མི་བྱེད་ཅིང༌། ནང་དུ་འཛིན་རྒྱུའང་མེད་པ་ཞིག་འོང་ལ། དེ་ནི་དྷཱུ་ཏཱིར་ཚུད་པ་དང་ཐིམ་པ་གང་ཡང་མིན་པས་ཁྱད་པར་དེ་རྣམས་ལེགས་པར་ཕྱེད་པར་བྱའོ། །གཉིས་པ་བཙུད་པ་ལ་བརྟེན་ནས་དགའ་བཞི་སྐྱེ་ཚུལ་ལ་གསུམ་ཡོད་པའི་དང་པོ་རྟགས་འཆར་ཚུལ་དང་གཏུམ་མོ་སྤར་ཚུལ་ནི། ལྟེ་བའི་རྩ་འཁོར་གྱི་དབུས་སུ་དམིགས་ནས་རླུང་དབུ་མར་འཇུག་པ་ལ་རྟགས་ལྔ་འཆར་བ་འོང་སྟེ། དེའང་ས་ཆུ་ལ་ཐིམ་པ་ན་སྨིག་རྒྱུ་ལྟ་བུར་ཆུ་མེར་རེ་སྣང་བ་དང༌། ཆུ་མེ་ལ་ཐིམ་པ་ན་དུ་བ་ལྟ་བུའི་སྣང་བ་སྔོ་མེར་རེ་བ་ཞིག་གིས་ཁེངས་པ་དང༌། མེ་རླུང་ལ་ཐིམ་པ་ན་སྲིན་བུ་མེ་ཁྱེར་འདྲ་བ་དམར་ཁྲ་ཁྲ་བ་མང་པོ་ཞིག་གི་སྣང་བ་དང༌། ཀུན་རྟོག་གི་བཞོན་པའི་རླུང་སེམས་ལ་ཐིམ་པ་ན། རླུང་མེད་པའི་མར་མེ་འབར་བ་ལྟ་


JLD009_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་སྣང་བ་འབྱུང་བས། སྣང་བ་དེ་བསྡུས་པའི་རྗེས་སུ་ཡིད་ངོར་གང་སྣང་ཐམས་ཅད་ནམ་མཁའ་གཡའ་དག་འདྲ་བ་ཞིག་འཆར་ཞིང༌། འདི་ལ་ཞིབ་བརྩིས་བྱས་ན་སྣང་བ་བཞི་འོང་སྟེ་འོད་གསལ་གྱི་སྐབས་སུ་འཆད་དོ། །སྨིག་རྒྱུའི་སྣང་བ་ལ་སོགས་པ་འདི་རྣམས་རླུང་དབུ་མར་སྡུད་པའི་ཐབས་མིན་པའི་སེམས་འཛིན་རྐྱང་པ་ཞིག་ལ་འོང་བར་སྣང་བས་རྟགས་སྔ་མ་རྣམས་ཁྲིགས་ཆགས་བརྟན་པོར་འཆར་བ་དང། དེ་ནས་ནམ་མཁའ་གཡའ་དག་གི་སྣང་བ་བར་མ་ཆད་དུ་འབྱུང་བ་དགོས་སོ། །གཏུམ་མོ་འབར་ཚུལ་ལ་དྷཱུ་ཏཱིའི་ནང་གི་གཏུམ་མོ་ཐོག་མར་ལྟེ་བ་དང་གསང་གནས་ནས་འབར་བ་དང༌། དྷཱུ་ཏཱིའི་ཕྱིའི་གཏུམ་མོ་ཕལ་པ་འབར་བ་གཉིས་འོང་བའི་ཕྱི་མས་བྱང་སེམས་བཞུ་བ་ལ་འཛག་པ་བསྲུང་བ་འོག་ནས་འཆད་པ་ལྟར་མྱུར་དགོས་ལ། སྔ་མ་ནི་བསྒྲུབ་བྱ་དངོས་གཞི་ཡིན་ཏེ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཤེས་བྱ་དབུས་སུ་རླུང་རྒྱུ་བ། །མེ་སད་བྱེད་པར་ཤེས་པར་བྱ། ཞེས་དང༌། ཁ་སྦྱོར་ལས། ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །དཔྱོད་ཐོབ་པ་ཡི་མཆོག་ཤེས་པས། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་བྱང་སེམས་བཞུ་བ་ལ་བརྟེན་ནས་དགའ་བཞི་སྐྱེ་ཚུལ་ལ། ཡས་བབས་ཀྱི་དགའ་བ་བཞི་ནི། བྱང་སེམས་ཞུ་བ་སྤྱི་བོ་ནས་མགྲིན་པར་སླེབ་པ་ན་དགའ་བ་དང༌། མགྲིན་པ་ནས་སྙིང་གར་སླེབ་པ་ན་མཆོག་དགའ་དང༌། སྙིང་ག་


JLD009_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལྟེ་བར་སླེབ་པ་ན་ཁྱད་པར་གྱི་དགའ་བ་དང༌། ལྟེ་བ་ནས་ནོར་བུའི་རྩེར་སླེབ་པ་ན་ལྷན་སྐྱེས་ཀྱི་དགའ་བ་སྐྱེ་བ་ཡིན་ལ། མས་བརྟན་གྱི་དགའ་བ་བཞི་ནི། བྱང་སེམས་ནོར་བུ་ནས་ལྟེ་བར་སླེབ་པ་ན་དགའ་བ་དང༌། ལྟེ་བ་ནས་སྙིང་གར་སླེབ་པ་ན་མཆོག་དགའ་དང༌། སྙིང་ག་ནས་མགྲིན་པར་སླེབ་པ་ན་ཁྱད་པར་གྱི་དགའ་བ་དང༌། མགྲིན་པ་ནས་སྤྱི་བོར་སླེབ་པ་ན་ལྷན་སྐྱེས་ཀྱི་དགའ་བ་སྐྱེ་བ་ཡིན་ཏེ། རླུང་དབུ་མར་ཐིམ་པའི་དབང་གིས་བྱང་སེམས་ཞུ་བ་ཡིན་ནོ། །ནོར་བུའི་རྩེར་བཟུང་ཡང་ལྷན་སྐྱེས་ཀྱི་དགའ་བ་མ་རྫོགས་བར་དུ་ཕྱིར་མི་འཕོ་བ་ཡིན་ཏེ། དེའི་བར་དུ་བྱང་སེམས་ཕྱི་རོལ་ཏུ་སྐྱོད་པར་བྱེད་པའི་རླུང་གི་འཇུག་པ་ཞི་བའི་ཕྱིར་རོ། །ནོར་བུར་ཐིག་ལེ་བཟུང་བའི་ལྷན་སྐྱེས་ཀྱི་བདེ་བ་རྫོགས་ནས་ཐོག་མའི་བར་རེ་ཞིག་ལ་ཐིག་ལེ་དབུ་མའི་ནང་ནས་ཡར་འདྲེན་པའི་དམིགས་པ་བྱའོ། །རླུང་དབུ་མར་ཐིམ་རིམ་མ་བྱུང་བར་ཞུ་བ་རིམ་ཅན་དུ་དལ་བུས་འོང་བ་ལ་ནི་རྩོལ་བ་ཤུགས་དྲག་པོ་མིན་པར་དམིགས་པས་སྤྱི་གཙུག་ཏུ་ལོག་པ་དང༌། དེ་ནས་རྩ་གནས་ཀུན་ཏུ་བཀྲམ་པའི་དམིགས་པ་བྱས་ན་དེ་གོམས་པའི་མཐར་ཞུ་བ་ཆེན་པོའང་ལོག་པ་དང་དགྲམ་པར་ནུས་སོ། །དེ་ལྟ་མིན་པའི་ཞུ་བ་ཆེས་མྱུར་བར་འབབ་པ་ལ་ནི། རང་ལྷར་གསལ་བའི་ངང་ནས་རྐང་བ་སྐྱིལ་ཀྲུང་དང༌། ལག་པ་གཉིས་བྲང་གི་ཐད་དུ་བསྣོལ། མིག་གཉིས་གྱེན་ལ་དྲག་ཏུ་ལྡོག །རྐང་ལག་གི་སོར་མོ་རྣམས་ལེགས་པར་བསྐུམ། སེམས་སྤྱི་གཙུག་གི་ཧཾ་ཡིག་མགོ་གྱེན་དུ་བསྟན་པ་ལ་དམིགས། ངག་ཏུ་ཧཱུཾ་རིང་པོ་དྲག་ཏུ་བརྗོད་པ་ཉེར་གཅིག་ཙམ་གྱི་བར་དུ་བྱས་ཏེ། གང་


JLD009_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལོག་པའི་གནས་དེ་ནས་རྒྱབ་གཞུང་ལ་ཉེ་བའི་ངོས་སུ་དབུ་མའི་ནང་ནས་སྤྱི་གཙུག་ཏུ་སོང་བར་བསམ། མཐར་འཇམ་རླུང་བུམ་པ་ཅན་བཟུང་ལ་ལུས་མི་དྲག་པར་སྤྲུག་ཅིང་སེམས་ཀྱིས་བྱང་སེམས་རྣམས་རྩ་གནས་ཀུན་ཏུ་དགྲམ་པར་བསམ་པ་ལན་མང་དུ་བྱའོ། །གསུམ་པ་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སྒོམ་ཚུལ་ལ། མཉམ་གཞག་ཏུ་སྐྱོང་ཚུལ་ནི། ཡས་བབས་ཀྱི་ལྷན་སྐྱེས་ཀྱི་དགའ་བ་དང༌། མས་བརྟན་གྱི་ལྷན་སྐྱེས་ཀྱི་དགའ་བ་གང་སྐྱེས་པའི་སྐབས་སུ། ལྟ་བའི་གོ་བ་ཡོད་ན་གང་ཟག་དང་ཆོས་རང་བཞིན་གྱིས་མ་གྲུབ་སྙམ་དུ་མ་ཡེངས་པར་རྩེ་གཅིག་ཏུ་བཞག་སྟེ་བདེ་སྟོང་དབྱེར་མེད་བསྒོམ། ལྟ་བའི་གོ་བ་མེད་ནའང་བདེ་བ་དེ་ཉིད་ལ་ཅི་གནས་གནས་ཀྱི་བར་དུ་བསྐྱང་ངོ༌། །རྗེས་ཐོབ་ཏུ་སྐྱོང་ཚུལ་ནི། ལྷན་སྐྱེས་ཀྱི་དགའ་བ་ལས་ལངས་པའི་དུས་སུ་མཉམ་གཞག་གི་བདེ་སྟོང་དྲན་པར་བྱས་ནས་དེས་ཡུལ་སྣང་གང་ཤར་ཐམས་ཅད་ལ་བདེ་སྟོང་དབྱེར་མེད་ཡིན་སྙམ་དུ་རྒྱས་བཏབ་ནས་བསྒོམ་མོ། །དེ་ལྟར་མཉམ་རྗེས་ལ་སྐྱོད་བ་དང༌། སླར་ཡང་གཏུམ་མོའི་དམིགས་པ་དང་རླུང་སྦྱོར་བྱས་ཏེ། དགའ་བཞི་འདྲེན་པ་སྤེལ་མར་བྱའོ། །གཉིས་པ་ཕྱིའི་རྐྱེན་ལས་རྒྱ་ལ་བརྟེན་ནས་བསྒོམ་པ་ནི། རྒྱུད་སྡེ་དང་གྲུབ་ཆེན་གྱི་གཞུང་ཁུངས་མ་ནས་བཤད་པའི་མཚན་ཉིད་ཚང་བ་ཞིག་མ་གཏོགས་གཞན་གྱིས་བྱས་ན་ངན་འགྲོའི་སྒོ་འབྱེད་པས་རེ་ཞིག་ལ་བཞག་གོ །གཉིས་པ་དེ་ལ་བརྟེན་ནས་སྒྱུ་མ་དང་འོད་གསལ་སྒོམ་ཚུལ་ལ་གཉིས་ཡོད་པའི་དང་པོ་གཏུམ་མོ་ལ་བརྟེན་ནས་ལམ་ལྷག་མ་


JLD009_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའི་སྤྱིའི་རྣམ་གཞག་ནི། མར་བའི་ཞལ་ནས། ཕ་རྒྱུད་གསང་བ་འདུས་པ་ཉན། སྒྱུ་ལུས་འོད་གསལ་གྱི་གདམས་ངག་ཐོབ། ཅེས་གསུངས་པ་ལྟར་སྒྱུ་ལུས་དང་འོད་གསལ་གྱི་སྐོར་རྣམས་གསང་བ་འདུས་པ་ལ་བརྟེན་ཞིང༌། དེའང་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ལྟར། རིམ་ལྔ་བསྡུས་པ་གསང་བ་ལས། རླུང་དབུ་མར་ཐིམ་པའི་དབང་གིས་སྣང་མཆེད་ཐོབ་གསུམ་གྱི་སེམས་དབེན་རྫོགས་པར་སྐྱེས་པའི་རླུང་སེམས་ཙམ་ལས་སྒྱུ་ལུས་མཚན་ཉིད་པ་སྒྲུབ་པར་གསུངས་པ་བཞིན་དུ་མན་ངག་འདིར་ཡང་འོང་རྒྱུར་སྣང་བ་ནི་འདུས་པ་འཕགས་སྐོར་ལ་བརྟེན་ནས་ཤེས་དགོས་ལ། སྒྱུ་ལུས་མཚན་ཉིད་པའི་གོང་དུ་རྟགས་ལྔའམ་བརྒྱད་འཆར་ཚུལ་ནི་སྔར་ཅུང་ཟད་བཤད་ལ་རྒྱས་པར་འོག་ཏུ་འཆད། སྒྱུ་ལུས་མཚན་ཉིད་པ་ནི། རིམ་ལྔ་ལས། རླུང་དང་ཡང་དག་ལྡན་པ་ཡི། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འགྱུར། །སྒྱུ་མའི་ལུས་ཞེས་དེ་ལ་བཤད། ཅེས་གསུངས་པ་ལྟར་འབྱུང་བཞི་ཐིམ་པའི་རྟགས་བཞི་སྔོན་དུ་སོང་བའི་རྗེས་སུ་འོད་གསལ་ཉེར་ཐོབ་ཏུ་བསྡུས་པའི་རྣམ་ཤེས་གསུམ་པོའི་མཐའི་འོད་གསལ་གྱིས་ལྷན་ཅིག་བྱེད་རྐྱེན་དང༌། དེའི་བཞོན་པའི་སྲོག་འཛིན་གྱི་རླུང་གི་ཉེར་ལེན་ལ་བརྟེན་ནས་གཉུག་མའི་ལུས་དངོས་པོའི་སྟེང་དུ་ལྷའི་སྐུར་འགྱུར་བ་ལ་བྱའོ། །དེ་ཐོབ་ན་ཚེ་དེ་ལ་ངེས་པར་འཚང་རྒྱ་བ་དང༌། ནམ་མཁའ་མཛོད་ལ་མངའ་བརྙེས་པ་དང༌། སྐུའི་ཚད་དཔག་ཚད་བརྒྱའི་ཁྱོན་ལ་སོགས་པའི་ཡོན་ཏན་དང་ལྡན་པའང་ཡིན་ཏེ། རིམ་ལྔ་ལས། བདག་


JLD009_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱིན་རླབས་རིམ་ཐོབ་པའི། །གཙོ་བོ་སངས་རྒྱས་ཀུན་བདག་ཉིད། །ཚེ་འདི་ཉིད་དུ་སངས་རྒྱས་ནི། །ཐེ་ཚོམ་མེད་པར་ཐོབ་པར་འགྱུར། ཞེས་དང༌། གནས་དང་གོས་དང་ཟས་ལ་སོགས། །མཁའ་ལ་སྐད་ཅིག་དག་གིས་རྙེད། ཅེས་དང༌། གསང་འདུས་རྩ་རྒྱུད་ལས། དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །རྡོ་རྗེ་འབར་བའི་འོད་དག་གིས། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡིས། ཞེས་པའི་འགྲེལ་པ་སྒྲོན་གསལ་ལས། དཔག་ཚད་བརྒྱའི་ཁྱོན་ཙམ་དུ་རྒྱ་ཆེ་བའི་ཚད་དང་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་རྡོ་རྗེ་འབར་བ་སྟེ་རང་གི་སྐུའི་འོད་ཀྱིས་སྣང་བར་བྱེད་པ་དང༌། མཚན་སོ་གཉིས་ལ་སོགས་པའི་རྒྱན་གྱིས་བརྒྱན་པར་བཤད་པའི་ཕྱིར་རོ། །སྒྱུ་ལུས་མཚན་ཉིད་པ་མ་ཐོབ་ཀྱང་གཏུམ་མོ་ལ་སོགས་པའི་དམིགས་པ་ལ་བརྟེན་ནས་རླུང་དབུ་མར་ཐིམ་པའི་ལྷན་ཅིག་སྐྱེས་པའི་དགའ་བ་དང༌། ཐམས་ཅད་སྟོང་པའི་དཔེའི་འོད་གསལ་གྱི་མཐར་འདུན་པ་བཏང་བ་ན་རླུང་གི་སྟོབས་ཀྱིས་ལྷའི་སྐུར་ལྡང་བ་ནི་དཔེའི་སྒྱུ་ལུས་དང༌། དེའི་རྒྱུའི་འོད་གསལ་ནི་དཔེའི་འོད་གསལ་དུ་བྱའོ། །དེ་ལ་བརྟེན་ནས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་བསྲེ་བ་སྐོར་གསུམ་བྱེད་ཚུལ་ནི། རིམ་ལྔ་ལས། ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་གྱུར། ཞེས་གསུངས་པས་དེ་ལས་དཔགས་ནས། དོན་དམ་བདེན་པ་འོད་གསལ་ཉིད། །ཆོས་ཀྱི་སྐུ་ཡང་དེ་ལ་བྱ། །དེ་ཉིད་འཆི་བའི་ངོ་བོར་གྱུར། ཞེས་པ་དང༌། ཕྲ་བའི་ལུས་ཀྱིས་སྣ་ཚོགས་པའི། །ལུས་ལ་འཇུག་པ་སྤྲུལ་པའི་སྐུ། །དེ་ཉིད་སྐྱེ་བའི་ངོ་བོར་


JLD009_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། ཞེས་པ་གཉིས་ཀྱང་མཚོན་ནུས་ལ། དེ་དག་གི་དོན་རིམ་ལྔ་བསྡུས་པ་གསལ་བ་ལས། བར་དོ་རྣམ་གསུམ་བསྲེ་བར་བྱ། ཞེས་གསུངས་པས་ཀྱང། འཆི་བ་རྣམ་གསུམ་བསྲེ་བར་བྱ། ཞེས་དང༌། སྐྱེ་བ་རྣམ་གསུམ་བསྲེ་བར་བྱ། ཞེས་པའང་མཚོན་ནུས་སོ། །དེ་ལ་འཆི་བ་གསུམ་ནི། སད་དུས་སུ་སྟོང་པ་བཞིའི་རིམ་པས་འོད་གསལ་སྒོམ་པ་ནི་ལམ་དུས་ཀྱི་འཆི་བ་དང༌། གཉིད་དུས་སུ་སྟོང་པ་བཞིའི་རིམ་པས་འོད་གསལ་སྒོམ་པ་ནི་གཉིད་དུས་ཀྱི་འཆི་བ་དང༌། འཆི་ཁར་སྟོང་པ་བཞིའི་རིམ་པས་འོད་གསལ་སྒོམ་པ་ནི་འཆི་དུས་ཀྱི་འཆི་བའོ། །བར་དོ་གསུམ་ནི། སད་དུས་ཀྱི་སྟོང་པ་བཞིའི་མཐར་རླུང་སྟོབས་ཀྱིས་ལྷའི་སྐུར་ལྡང་བ་ནི་སྒྱུ་མའི་ལོངས་སྐུའི་སད་དུས་ཀྱི་ལམ་གྱི་བར་དོ་དང༌། གཉིད་དུས་ཀྱི་སྟོང་པ་བཞིའི་མཐར་རླུང་སྟོབས་ཀྱིས་རྨི་ལམ་ལྷའི་སྐུར་ལྡང་བའི་སྒྱུ་མ་ལོངས་སྐུ་ནི་རྨི་ལམ་གྱི་བར་དོ་དང༌། འཆི་བའི་སྟོང་པ་བཞིའི་མཐར་རླུང་སྟོབས་ཀྱིས་བར་དོའི་ལྷའི་སྐུར་ལྡང་བའི་སྒྱུ་མ་ལོངས་སྐུ་ནི་སྲིད་པ་བར་དོའོ། །སྐྱེ་བ་གསུམ་ནི། སད་དུས་སུ་རླུང་སྟོབས་ཀྱིས་ཟིན་པའི་ལྷ་སྐུ་ལས་ལངས་ནས་རྣམ་སྨིན་གྱི་ལུས་ལྷར་བསྒོམས་པའི་སྙིང་གར་འཇུག་པའི་སྤྲུལ་སྐུ་ནི་སད་དུས་ཀྱི་ལམ་གྱི་སྐྱེ་བ་དང༌། རྨི་ལམ་གྱི་རླུང་སྟོབས་ཀྱིས་ཟིན་པའི་ལྷ་སྐུ་ལས་ལངས་ནས་རྣམ་སྨིན་གྱི་ལུས་ལྷར་བསྒོམས་པའི་སྙིང་གར་འཇུག་པའི་སྤྲུལ་སྐུ་ནི་རྨི་ལམ་སད་དུས་ཀྱི་སྐྱེ་བ་དང༌། བར་དོ་རླུང་སྟོབས་ཀྱིས་ཟིན་པའི་ལྷ་སྐུ་ལས་ལངས་ནས་སྐྱེ་གནས་བཞི་པོ་གང་རུང་གི་ལྷར་བསྒོམས་པའི་རྙིང་གར་འཇུག་པའི་སྤྲུལ་སྐུ་ནི་སྐྱེ་སྲིད་ཀྱི་སྐྱེ་བའོ། །


JLD009_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུའི་སད་དུས་ཀྱི་འོད་གསལ་དང༌། གཉིད་དུས་ཀྱི་འོད་གསལ་དང༌། འཆི་ཁའི་འོད་གསལ་སྒོམ་པ་གསུམ་གའང་གཞིའི་འཆི་རིམ་གྱི་སྟོད་པ་བཞི་འཆར་བ་ཇི་ལྟ་བ་བཞིན་སྒྲུབ་དགོས་པར་ཤེས་པའི་ཆེད་དུ་དེ་གསུམ་ལ་འཆི་བའི་མིང་གིས་བཏགས་ཤིང༌། སད་དུས་ཀྱི་སྒྱུ་མ་ལོངས་སྐུ་དང༌། རྨི་ལམ་གྱི་སྒྱུ་མ་ལོངས་སྐུ་དང༌། བར་དོའི་སྒྱུ་མ་ལོངས་སྐུ་སྒོམ་པ་གསུམ་གའང་གཞིའི་བར་དོ་ཇི་ལྟ་བ་བཞིན་བསྒྲུབ་དགོས་པར་ཤེས་པའི་ཆེད་དུ་དེ་གསུམ་ལ་བར་དོའི་མིང་གིས་བཏགས་ལ། སད་དུས་ཀྱི་སྤྲུལ་སྐུ་དང༌། རྨི་ལམ་སད་མ་ཐག་པའི་སྤྲུལ་སྐུ་དང༌། བར་དོ་སྐྱེ་སྲིད་དུ་འཇུག་པའི་སྤྲུལ་སྐུ་སྒོམ་པ་གསུམ་གའང་སྐྱེ་སྲིད་ལེན་པ་ཇི་ལྟ་བ་བཞིན་བྱ་དགོས་པར། ཤེས་པའི་ཆེད་དུ་དེ་གསུམ་ལ་སྐྱེ་བའི་མིང་གིས་བཏགས་ནས་བཤད་དོ། །བསྲེ་ཞེས་པའི་དོན་ལ། འོད་གསལ་ཆོས་སྐུ་གསུམ་གྱི་བསྲེ་ཚུལ་ནི། སད་དུས་སུ་ཐམས་ཅད་སྟོང་པ་འོད་གསལ་སྐྱོད་ནུས་པ་ཞིག་གིས་གཉིད་དུ་འགྲོ་ཁར་སྙིང་གའི་དབུ་མར་དམིགས་པ་གཏད་པ་ལས་ཐམས་ཅད་སྟོང་པ་འོད་གསལ་ཟིན་ན། དེ་ལ་སད་དུས་བཞིན་རྩེ་གཅིག་ཏུ་འཇོག་པ་དང༌། འཆི་ཁར་སྙིང་གའི་དབུ་མར་དམིགས་པ་གཏད་པ་ལས་ཐམས་ཅད་སྟོང་པ་འོད་གསལ་ཟིན་ན་དེ་ལ་སད་དུས་བཞིན་རྩེ་གཅིག་ཏུ་འཇོག་པའོ། །དེས་ལོངས་སྐུ་གསུམ་གྱི་བསྲེ་ཚུལ་དང་སྤྲུལ་སྐུ་གསུམ་གྱི་བསྲེ་ཚུལ་ཡང་འགྲེའོ། །སྙིང་ག་དང་མགྲིན་པའི་འཁོར་ལོ་གཉིས་ལ་བརྟེན་ནས་གཉིད་ཀྱི་འོད་གསལ་དང༌། རྨི་ལམ་སྒྱུ་མ་སྦྱོང་བའི་གདམས་ངག་ཕྱིན་ཅི་མ་ལོག་པ་ཡོད་པ་ནི་ཤིན་ཏུ་བསྔགས་པའི་གནས་ཡིན་ཏེ། སད་དུས་སུ་རླུང་དབུ་མར་


JLD009_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་ནུས་པ་ཞིག་གིས་གཉིད་དུ་འགྲོ་ཁར་སྙིང་གའི་དབུ་མར་དམིགས་པ་གཏད་པ་ལས་བྱུང་བའི་ཐམས་ཅད་སྟོང་པ་འོད་གསལ་སྐྱོང་བ་ཞིག་ནུས་ན་དེའི་ཤུགས་བརྒྱབ་ནས་སད་དུས་སུ་རླུང་དབུ་མར་སྡུད་པ་ཕུལ་ཆེ་བ་དང་བརྟན་པར་འགྲོ། དེས་ཀྱང་གཉིད་ཀྱི་འོད་གསལ་བརྟན་པར་འགྲོ་བས་གཉིད་ཀྱི་འོད་གསལ་སྐྱོང་བ་ཡོད་མེད་ཀྱིས་ལམ་བགྲོད་པ་སྟོབས་ཆེ་ཆུང་ཁྱད་པར་ཤིན་ཏུ་ཆེ་བ་དང༌། ཚེ་འདིར་མཆོག་མ་ཐོབ་པར་འཆི་བའི་དུས་བྱེད་པ་ཡིན་ན་འཆི་བའི་འོད་གསལ་ཟིན་ལུགས་གཞན་དང་མི་འདྲ་བ་འོང་བ་དང༌། དེ་བཞིན་དུ་གཉིད་ཀྱི་འོད་གསལ་གྱི་མཐར་རྨི་ལམ་གྱི་སྒྱུ་ལུས་ཁྱད་པར་ཅན་དུ་ལྡང་ཤེས་ནས་དེ་ལྡང་བ་གོམས་པས་སད་དུས་ཀྱི་སྒྱུ་ལུས་སྟོབས་ཅན་དུ་འགྲོ་ཞིང༌། དེས་ཀྱང་རྨི་ལམ་གྱི་སྒྱུ་ལུས་ཁྱད་ཞུགས་པར་འགྲོ་བ་དང༌། ཚེ་འདིར་མཆོག་མ་ཐོབ་པར་འཆི་བའི་དུས་བྱེད་ན་རླུང་སྟོབས་ཀྱིས་འོད་གསལ་ཟིན་པའི་མཐུས་རྨི་ལམ་གྱི་སྒྱུ་ལུས་ལ་གོམས་པ་ཡོད་པས་བར་དོའི་སྒྱུ་ལུས་ཟིན་པ་འདྲ་བ་གཞན་གང་ལའང་མི་འབྱུང་བའི་ཕྱིར་རོ། །གཉིས་པ་ལམ་སོ་སོའི་སྒོམ་ཚུལ་ལ། རྒྱུད་ཀྱི་གཙོ་བོའི་དོན་སྒྱུ་ལུས་དང་འོད་གསལ་གཉིད་སད་པ་དང་ལོག་པའི་དུས་སུ་སྒོམ་ཚུལ་སྔར་བཤད་པ་ལྟར་ཤེས་དགོས་ལ། དེ་ལས་གཞན་པའི་སྒོམ་ཚུལ་བླ་མ་རྣམས་ཀྱི་ཁྲིད་ཡིག་ནས་འབྱུང་བ་ལ་གཉིས། སྒྱུ་མ་སྒོམ་ཚུལ་དང༌། འོད་གསལ་སྒོམ་ཚུལ་ལོ། །དང་པོ་ལ་གསུམ་ཡོད་པའི་སྣང་བ་སྒྱུ་མ་སྒོམ་ཚུལ་ནི། ངའོ་སྙམ་དུ་འཛིན་པའི་གཞི་གང་ཟག་ལ་ཕུང་པོ་དང་རང་བཞིན་གཅིག་དང་ཐ་དད་གང་དུ་གྲུབ་སྙམ་དུ་བརྟགས་པའི་སྒོ་ནས་གང་ཟག་ལ་རང་བཞིན་གྱིས་གྲུབ་པ་ཅུང་ཟད་མེད་དོ་


JLD009_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་པའི་ངེས་པ་བརྟན་པོ་བྱ་སྟེ། སྟོང་ཕྱོགས་ལ་དེ་འདྲ་བ་མང་དུ་སྦྱང༌། དེ་ནས་གང་ཟག་གི་ཐ་སྙད་བསྙོན་མི་ནུས་པར་སྣང་བ་རྣམས་བློའི་ཡུལ་དུ་འཆར་དུ་གཞུག་ལ། དེ་ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོར་འཇོག་པའི་རྟེན་འབྲེལ་གྱི་ཕྱོགས་རྣམས་ཡིད་ལ་བྱ་ཞིང་། རང་བཞིན་མེད་པ་ལ་རྟེན་འབྲེལ་འཐད་ལུགས་རྣམས་ལ་ངེས་པ་རྙེད་པར་བྱའོ། །དེ་གཉིས་འགལ་བར་སྣང་བའི་ཚེ་ན་གཟུགས་བརྙན་སོགས་དཔེར་བླངས་ནས་མི་འགལ་བའི་ཚུལ་བསམ་སྟེ། འདི་ལྟར་བྱད་བཞིན་གྱི་གཟུགས་བརྙན་ནི་མིག་སྣ་སོགས་གང་དུ་སྣང་བས་སྟོང་ཡང་བྱད་དང་མེ་ལོང་ལ་བརྟེན་ནས་སྐྱེ་བ་དང༌། རྐྱེན་དེ་དག་འགའ་ཞིག་ལོག་པའི་ཚེ་འཇིག་པ་གཉིས་བསྙོན་མི་ནུས་པར་གཞི་མཐུན་དུ་འདུ་བ་བཞིན་དུ་གང་ཟག་ལའང་རང་བཞིན་རྡུལ་ཙམ་མེད་ཀྱང༌། ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོ་དང༌། སྔོན་གྱི་ལས་ཉོན་སོགས་ལ་བརྟེན་ནས་སྐྱེ་བའང་མི་འགལ་ལོ་སྙམ་དུ་སྦྱང་ངོ༌། །དེ་ལ་ངེས་པ་བརྟན་པ་ན་ཤེས་པའི་ཡུལ་དུ་གང་སྣང་ཐམས་ཅད་ལྷ་སྐུ་དང༌། ལྷ་སྐུ་རང་བཞིན་གྱིས་མ་གྲུབ་པ་བཞིན་དུ་གྲུབ་པར་སྣང་བའི་སྒྱུ་མ་དང༌། སྒྱུ་མའང་བདེ་བ་ཆེན་པོའི་ངོ་བོ་ཉིད་ཡིན་སྙམ་དུ་བལྟ་བའི་ཤེས་བྱ་སུམ་སྒྲིལ་ལ་བསླབ་པོ། །གཉིས་པ་རྨི་ལམ་སྒྱུ་མ་སྒོམ་ཚུལ་ལ་བཞི་ཡོད་པའི་དང་པོ་རྨི་ལམ་བཟུང་བ་ལ། རྨི་ལམ་རླུང་སྟོབས་ཀྱིས་འཛིན་པ་ནི། སད་དུས་སུ་རླུང་དྷཱུ་ཏཱིར་ཚུད་ནས་ཐིམ་པ་ལས་སྟོང་པ་བཞི་འདྲེན་ནུས་པ་ཞིག་གིས་བྱེད་པ་ཡིན་ལ། བྱེད་ཚུལ་ནི་གཉིད་ཀྱི་འོད་གསལ་ཐོག་མར་བཟུང་བའི་ཚེ་གཉིད་ཀྱི་འོད་གསལ་སྟོང་པ་བཞི་ངོ་


JLD009_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་ཤེས་ནས་སྐྱོང་བ་ན་དེའི་ཕྱི་ལོགས་སུ་རྨི་ལམ་འཆར་བ་ངེས་པར་ཤེས་པས་དེ་ལ་ནི་གཉིད་ཀྱི་སྟོང་པ་རྣམས་འཛིན་པའི་ཐབས་ལས་གཞན་པའི་རྨི་ལམ་འཛིན་ཐབས་མི་དགོས་སོ། །རྨི་ལམ་འདུན་པའི་སྟོབས་ཀྱིས་འཛིན་པ་ནི། དེ་འདྲ་བའི་ནུས་པ་མེད་པ་ཞིག་གིས་འཛིན་པ་ཡིན་པས། དེ་ལ་རང་ལྷར་བསྒོམ་པ་དང་བླ་མའི་རྣལ་འབྱོར་བསྒོམས་ཏེ་མཆོད་ལ། རྨི་ལམ་མང་པོ་དང༌། གསལ་པོ་དང༌། བཟང་པོ་རྨི་བ་དང༌། རྨི་ལམ་ཟིན་པ་དང༌། ཟིན་ནས་ཀྱང་རྨི་ལམ་གྱི་དགེ་སྦྱོར་རྣམས་རྒྱུད་ལ་སྐྱེ་བའི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ཚང་བའི་གསོལ་བ་དྲག་པོ་མང་དུ་འདེབས་པ་དང། ཡི་དམ་དང་བཀའ་སྡོད་ལ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ་ཞིང་མཚམས་དམ་པར་བྱའོ། །དེ་ནས་ཉིན་མོ་དྲན་པ་རྒྱུན་ཆགས་ཀྱིས་བཟུང་བ་ནི། ད་ལྟར་གྱི་སྣང་བ་འདི་རྣམས་རྨི་ལམ་གྱི་སྣང་བར་འདུག་སྙམ་པ་དང༌། ད་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་ཡང་ཡང་སྦྱང༌། གཞན་ཡང་ད་གཟོད་རྨི་ལམ་བྱུང་དུས་སུ་ཅི་ནས་ཀྱང་རྨི་ལམ་དུ་ངོ་ཤེས་པར་བྱས་ལ་རྨི་ལམ་གྱི་དགེ་སྦྱོར་བསྐྱང་བར་བྱའོ་སྙམ་པའི་འཕེན་པ་དྲན་པོ་མང་དུ་སྦྱང༌། ཁྱད་པར་དུ་ཉལ་ཁར་རྒྱུན་ལྡན་དུ་སྦྱང་ངོ༌། །མཚན་མོ་མན་ངག་བཙན་ཐབས་ཀྱིས་བཟུང་བ་ནི། གཉིད་དུ་འགྲོ་ཁར་རང་ཡི་དམ་གྱི་ལྷར་བསྒོམ། སྤྱི་བོར་བླ་མ་བསྒོམས་ལ་གསོལ་བ་མང་དུ་གདབ། མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པ་ཞིག་གི་ལྟེ་བའི་དྷཱུ་ཏཱིའི་ནང་དུ་ༀ་དམར་པོ་ཞིག་གསུང་རྡོ་རྗེའི་ངོ་བོར་བསམ་ཞིང༌། དེ་ལ་ཤེས་པ་གཏད་དེ་


JLD009_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་མི་འཕྲོ་བར་བྱས་ལ་སེམས་བཟུང་བའི་ངང་ནས་གཉིད་དུ་འགྲོ་བར་བྱའོ། །དམིགས་པ་བཟུང་བ་དེས་རྨི་ལམ་མ་ཟིན་ནའང་སྔར་བཞིན་བསྐྱང་སྟེ། དེ་ལྟར་བྱས་ཀྱང་མ་ཟིན་ན་ཐོ་རངས་ནས་ཉི་མ་རྩེ་ཤར་ཚུན་ལ་གཉིད་སྲབ་པས་རྨི་ལམ་འཛིན་སླ་བའི་དུས་སུ་བླ་མའི་རྣལ་འབྱོར་བསྒོམས་ནས་གསོལ་བ་འདེབས་པ་དང༌། འདུན་པ་སྦྱོང་བ་རྣམས་སྔར་བཞིན་བྱས་ལ། རང་ལྷར་གསལ་བའི་སྨིན་མཚམས་སུ་ཐིག་ལེ་དཀར་པོ་འཚེར་བ་སྲན་མ་ཙམ་ཞིག་ལ་དམིགས་པ་གཏད་དེ་རླུང་བུམ་པ་ཅན་བདུན་བྱས་ལ་གཉིད་དུ་འགྲོ་བར་བྱའོ། །དེ་ལྟར་བྱས་པས་གཉིད་སྲབ་དྲགས་ནས་མ་ཁུགས་པའམ། ཁུགས་ཀྱང་གཉིད་སད་སྐྱེན་པར་བྱུང་ནས་རྨི་ལམ་མ་ཟིན་ན། ཉིན་པར་གྱི་འདུན་པ་སྤྱོང་བ་སོགས་སྔར་བཞིན་བྱས་ལ། ཉལ་ཁར་རྡོ་རྗེ་ནོར་བུའི་དབུས་སུ་ཐིག་ལེ་ནག་པོ་ཞིག་ལ་སེམས་གཏད་དེ། རླུང་ཁ་སྦྱོར་ཉེར་གཅིག་བསྒོམས་ལ་སེམས་མ་ཡེངས་པར་བཟུང་བའི་ངང་ནས་གཉིད་ལོག་པར་བྱའོ། །ཉིས་པ10་སྦྱང་ཞིང་སྤེལ་བ་ལ་འཇིག་རྟེན་པའི་རྣམ་ཐར་ལ་སྦྱང་བ་ནི། སྔར་མེད་གསར་དུ་སྤྲུལ་པ་དང༌། སྔར་ཡོད་རྣམ་པ་གཞན་དུ་བསྒྱུར་བའི་སྤྲུལ་སྒྱུར་སྣ་ཚོགས་ལ་སློབ་པ་དང༌། ཉི་མ་དང་ཟླ་བའི་འོད་ཟེར་ལ་ཞོན་ནས་སུམ་ཅུ་རྩ་གསུམ་ལ་སོགས་པའི་གནས་བལྟ་བའི་འཕེན་པ་བཏང་ནས་དེར་འགྲོ་བ་དང༌། ནམ་མཁའ་ལ་འཕུར་ནས་འགྲོ་བ་ལ་སོགས་པའི་རྩལ་སྦྱོང་བའོ། །འཇིག་རྟེན་ལས་འདས་པའི་རྣམ་ཐར་ལ་སྦྱོང་བ་ནི། བདེ་བ་ཅན་དང༌། མངོན་དགའ་དང༌། འོག་མིན་སོགས་སངས་རྒྱས་ཀྱི་ཞིང་དག་པ་དང༌། དེར་


JLD009_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་སངས་རྒྱས་བྱང་སེམས་བལྟ་བ་དང༌། མཆོད་པ་དང་ཆོས་ཉན་པ་སོགས་ཀྱི་འཕེན་པ་བཏང་ནས་དེ་རྣམས་བསྒྲུབ་པའོ། །སྤེལ་བ་ནི། མི་དང་དུད་འགྲོ་ལ་སོགས་པའི་སེམས་ཅན་དང༌། ཀ་བ་དང་བུམ་པ་ལ་སོགས་པའི་སེམས་ཅན་མ་ཡིན་པ་རྣམས་གཅིག་གཉིས་སུ་སྤྲུལ་བ་དང༌། གཉིས་བཞི་ལ་སོགས་པ་ནས་བརྒྱ་དང་སྟོང་ལ་སོགས་པའི་བར་སྤྲུལ་བའོ། །གསུམ་པ་ཡ་ང་བ་སྤོང་ཞིང་སྒྱུ་མར་སློབ་པ་ལ། ཡ་ང་བ་སྤང་བ་ནི། རྨི་ལམ་གྱི་དུས་སུ་མེ་དང་ཆུ་ལ་སོགས་པའི་ཡ་ང་བའམ་བག་ཚ་བ་བྱུང་ན། རྨི་ལམ་དུ་ངོ་ཤེས་པར་བྱས་ནས་རྨི་ལམ་གྱི་མེ་དང་ཆུ་ལ་སོགས་པས་གནོད་པར་ག་ལ་འགྱུར་སྙམ་དུ་བསམས་ལ། མཆོང་བ་དང་བརྒལ་བ་ལ་སོགས་པའི་ཐོག་བརྫིས་བྱའོ། །སྒྱུ་མར་བསླབ་ཚུལ་ནི། རྨི་ལམ་དུ་མེར་སྣང་ཡང་མེར་མ་གྲུབ་པར་ཤེས་པ་དཔེར་བླངས་ནས། རྨི་ལམ་གྱི་ཆོས་ཐམས་ཅད་ཀྱང་སྣང་བ་ལྟར་གྱི་བདེན་པར་མ་གྲུབ་པོ་སྙམ་དུ་ཤེས་པར་བྱས་ནས་བསྒོམ་མོ། །དེ་ལྟར་ཤེས་ནས་རྨི་ལམ་གྱི་སྣོད་བཅུད་ཐམས་ཅད་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པར་འཆར་བ་ལ་བསླབ་ཅིང༌། དེ་ལྟར་ཤར་བ་དེ་དག་ཀྱང་རང་གི་ངོ་བོས་གྲུབ་པས་སྟོང་བཞིན་དུ་དེར་སྣང་བའི་སྒྱུ་མར་འཆར་བ་ལ་བསླབ། དེ་དག་ཀྱང་བདེ་སྟོང་གི་ངོ་བོར་བལྟ་བའི་ཤེས་བྱ་སུམ་སྒྲིལ་ལ་བསླབ་པ་སྣང་བ་སྒྱུ་མའི་སྐབས་བཞིན་བྱའོ། །བཞི་པ་རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ་ནི། རྨི་ལམ་ཟིན་པ་བརྟན་པོ་བྱུང་བའི་སྐབས་ནས་རང་ཡི་དམ་དུ་གསལ་བར་བསྒོམས་ལ། རང་གི་ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་པས་རྨི་ལམ་གྱི་སྣོད་བཅུད་ཐམས་ཅད་རང་ལ་བསྡུ། རང་ཡང་ལུས་ཀྱི་སྟོད་སྨད་ནས་


JLD009_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ཧཱུཾ་ལ་བསྡུ་ཞིང༌། ཧཱུཾ་ཀྱང་མི་དམིགས་པ་འོད་གསལ་དུ་གཞུག་ལ་སེམས་གཡོ་མེད་དུ་བཟུང་ངོ༌། །གསུམ་པ་བར་དོ་སྒྱུ་མ་བསྒོམ་ཚུལ་ལ་གཉིས་ཡོད་པའི་དང་པོ་བར་དོ་འཛིན་པ་པོའི་གང་ཟག་གི་དབྱེ་བ་ནི། བར་དོ་འཛིན་པ་འདི་ལ་གང་ཟག་རབ་འབྲིང་ཐ་མ་གསུམ་ཡོད་དེ། གང་ཟག་རབ་ནི་སྤྱོད་བསྡུས་ལས་འཆི་བའི་མཐར་བར་དོའི་དོད་ལ་རིམ་པ་གསུམ་པའི་སྒྱུ་ལུས་འགྲུབ་པ་ལ་བཤད་པའི་ཕྱིར་དང༌། གང་ཟག་གཉིས་པ་ནི། སྤྱོད་བསྡུས་ལས། དེ་ལྟར་སྦྱར་ནས་གཉིད་ལོག་པར་བྱེད་དོ། །དེ་ལ་དུས་འདིར་སེམས་དང་སེམས་པ་དང་མ་རིག་པ་རབ་ཏུ་ཞུགས་པའི་སྐད་ཅིག་ལ་དྲན་པ་བརྗེད་པའོ། །ཕྱིས་ནི་བརྗེད་པའང་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་འོད་གསལ་བའོ། །ཡང་གྲོལ་བ་ན་རླུང་གི་རང་བཞིན་གཡོས་ཏེ། གལ་ཏེ་རྨི་ལམ་གཞན་དག་ཅེས་གསུངས་པས། གཉིད་ཀྱི་སྟོང་པ་བཞི་ཟིན་པ་དང༌། དེའི་རྗེས་ལ་རྨི་ལམ་རླུང་སྟོབས་ཀྱིས་ཟིན་པ་འཕངས་ལ། གཉིད་ཀྱི་སྟོང་པ་བཞི་ཟིན་པ་ནི། འཆི་བའི་སྟོང་པ་བཞི་ཟིན་པའི་ཚད་འཛིན་ཡིན་ལ། རྨི་ལམ་རླུང་སྟོབས་ཀྱིས་ཟིན་པ་ནི་འཆི་བའི་སྟོང་པ་ཟིན་པའི་རྗེས་སུ་བར་དོ་རླུང་སྟོབས་ཀྱིས་ཟིན་པའི་ཚད་འཛིན་ཡིན་པའི་ཕྱིར་དང༌། གང་ཟག་ཐ་མ་ནི་སྔ་མ་གཉིས་ལྟར་མིན་ཡང་དམ་ཚིག་དག་ཅིང་རིམ་གཉིས་བསྒོམ་པ་ཞིག་གིས་འཆི་བའི་དུས་སུ་ས་ཆུ་ལ་ཐིམ་པའི་རྟགས་ནས་འཆི་བའི་འོད་གསལ་དངོས་གཞི་འཆར་བའི་རིམ་པ་དང༌། དེ་ལས་ལངས་མ་ཐག་བར་དོ་འགྲུབ་པའི་རིམ་པ་རྣམས་ལེགས་པར་ཤེས་ནས། ད་ལྟ་ནས་དེའི་གདམས་ངག་རྣམས་བྲེད་ཆགས་སུ་མང་དུ་སྦྱངས་ན་


JLD009_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བའི་འོད་གསལ་དང་བར་དོ་རླུང་སྟོབས་ཀྱིས་མི་ཟིན་ཀྱང་དེའི་གདམས་ངག་ལ་གོམས་པའི་སྟོབས་ཀྱིས་ཟིན་པ་འོང་བའི་ཕྱིར་རོ། །གཉིས་པ་དེ་རྣམས་ཀྱིས་ཇི་ལྟར་འཛིན་པའི་ཚུལ་ལ། གང་ཟག་དང་པོས་ནི། འཆི་ཁར་རིམ་པ་གསུམ་པའི་སྒྱུ་ལུས་སུ་ལྡང་བའི་འཕེན་པ་བཏང་བས་ཆོག་ལ། གང་ཟག་འབྲིང་གིས་ནི་འཆི་བ་ལ་ཉེ་བའི་སྔོན་རིག་པ་གསལ་བ་ན་ཟང་ཟིང་ཡོངས་སུ་བཟུང་བ་ཐམས་ཅད་བསོད་ནམས་ཀྱི་ཞིང་གི་ཕྱོགས་སུ་བལྟོས་པ་མེད་པར་གཏོང་བ་དང་ཁས་བླངས་པའི་སྡོམ་པ་དང་འགལ་བའི་ཉེས་ལྟུང་རྣམས་ལ་བཤགས་སྡོམ་དང༌། དམ་ཚིག་ཉམས་ཆགས་གསོར་གཞུག་གོ །དེ་ནས་རང་ལྷར་གསལ་འདེབས་པ་དང་མདུན་དུ་བླ་མ་དང་ཡི་དམ་གྱི་ལྷ་ཚོགས་བསྒོམས་ནས་མཆོད་དེ། འཆི་བ་འོད་གསལ་དང་བསྲེ་ནུས་པར་བྱིན་གྱིས་བརླབ་དུ་གསོལ། བར་དོ་སྒྱུ་ལུས་དང་བསྲེ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པའི་གསོལ་བ་དྲག་པོ་མང་དུ་གདབ་བོ། །དེ་ནས་འཆི་རྟགས་སོགས་བརྟག་པ་ནི། ས་ཆུ་ལ་ཐིམ་པ་ན་ལུས་བསྒུལ་སྐྱོད་མི་ནུས་ཤིང་ཟུངས་མི་ཐུབ་པར་ལྷོད་ལྷོད་པོར་འགྲོ། ལུས་ས་ལ་བྱིང་བ་སྙམ་བྱེད་ཅིང་ང་འཐེན་ཟེར་བ་འབྱུང༌། ནང་རྟགས་སྨིག་རྒྱུ་ལྟ་བུ་ཆུ་མེར་རེ་སྣང་བ་ཞིག་འབྱུང༌། ཆུ་མེ་ལ་ཐིམ་པའི་ཕྱི་རྟགས་ནི། ཁ་སྣའི་ཆུ་སྐམས་ཤིང་ལྕེ་ཐུང་དུ་འགྲོ། ནང་དུ་དུ་བ་ལྟ་བུའི་རྣམ་པ་སྔོ་མེར་རེ་བ་ཞིག་གིས་ཁེངས་པ་འདྲ་བ་འབྱུང༌། མེ་རླུང་ལ་ཐིམ་པའི་ཕྱི་རྟགས་ནི། དྲོད་ཆུང་དུ་འགྲོ་ཞིང་ལུས་ཀྱི་དྲོད་མཐའ་ནས་སྡུད། ནང་རྟགས་སྲིན་བུ་མེ་ཁྱེར་འདྲ་བ་དམར་ཁྲ་ཁྲ་བ་མང་པོ་ཞིག་གི་སྣང་བ་འབྱུང༌། ཀུན་རྟོག་གི་རླུང་སེམས་ལ་ཐིམ་པའི་ཕྱི་རྟགས་ནི། དབུགས་ཕྱིར་རིང་དུ་རྒྱུ་ཞིང་ནང་དུ་སྡུད་མི་ཤེས། ཅུང་ཟད་སྡུད་ཀྱང་ཐུང་ལ་རྩུབ་པར་སྡུད། ནང་རྟགས་མར་


JLD009_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

མེ་རླུང་གིས་མ་བསྐྱོད་པ་ལྟ་བུའི་སྣང་བ་མང་དུ་འབྱུང། དེ་ནས་སྟོང་པ་ཞེས་པ་སྣང་བ་དང་པོ་འཆར་ཏེ། ནམ་མཁའ་སྤྲིན་མེད་པ་ལ་ཟླ་འོད་ཤར་བ་ལྟ་བུ་འབྱུང༌། དེ་ནས་སྣང་བ་དེ་བསྡུས་པའི་རྗེས་སུ་ཤིན་ཏུ་སྟོང་པ་ཞེས་པ་སྣང་བ་མཆེད་པ་འཆར་ཏེ། ནམ་མཁའ་གཡའ་དག་ལ་ཉི་འོད་ཤར་བ་བཞིན་དུ་དམར་པོའམ་དམར་སེར་གྱི་སྣང་བ་འཆར། དེ་ནས་སྣང་བ་དེའང་བསྡུས་པའི་རྗེས་སུ་སྟོང་ཆེན་ཞེས་པ་ཉེར་ཐོབ་འཆར་ཏེ། ནམ་མཁའ་གཡའ་དག་པ་ལ་མཚམས་ཀྱི་སྨག་གིས་ཁྱབ་པ་བཞིན་དུ་ནག་ལམ་པ་འབྱུང་ཞིང༌། དྲན་པའང་ཉམས་ནས་འགྲོ། དེ་ནས་ནག་ཐོམ་གྱིས་སོང་བའི་དྲན་མེད་དེ་སངས་པ་དང༌། ཐམས་ཅད་སྟོང་པ་ཞེས་པ་འོད་གསལ་འཆར་ཏེ། ནམ་མཁའ་སློད་བྱེད་ཀྱི་ཟླ་ཉིའི་འོད་དང་ནག་པོའི་རྣམ་པ་ཅན་དང་བྲལ་བའི་ཐོ་རངས་ཀྱི་ནམ་མཁའ་གཡའ་དག་ཅིག་འཆར་ཏེ། འོད་གསལ་དངོས་གཞིའོ། །འཆི་ཁའི་འབྱུང་བ་ཐིམ་པའི་རྟགས་དེ་རྣམས་སྔ་ཚད་ནས་འོང་བར་སྣང་བས་ལེགས་པར་ངོ་ཤེས་པར་བྱས་ལ། སྨིག་རྒྱུ་ལ་སོགས་པའི་རྟགས་བཞི་ཤར་བ་ན་དེ་རེ་རེའི་དུས་ནས་གང་ཟག་དང་ཆོས་རང་བཞིན་གྱིས་མ་གྲུབ་སྙམ་དུ་བསྒོམ། དེ་ནས་ནམ་མཁའ་སྤྲིན་མེད་ལ་ཟླ་འོད་ཤར་བ་ལྟ་བུ་ལ་སོགས་པའི་སྟོང་པ་བཞི་ཤར་བ་ནའང་གང་ཟག་དང་ཆོས་རང་བཞིན་གྱིས་མ་གྲུབ་སྙམ་དུ་བསྒོམས་ལ། ཁྱད་པར་དུ་འཆི་བའི་སྟོང་པ་བཞི་པའི་དུས་སུ་གཉིས་སྣང་རགས་པ་ཞི་བའི་ནམ་མཁའ་སྤྲིན་མེད་ལྟ་བུ་ཤར་བ་དེ་ངོས་ཟིན་པར་བྱས་ནས་དེ་ལ་མཉམ་པར་འཇོག་ཅི་ཐུབ་བྱའོ། །རྗེ་མིད་ལས་ཀྱང་། འཆི་བའི་འོད་གསལ་ཆོས་ཀྱི་སྐུ་ཡིན་ཏེ། །དེ་


JLD009_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ལ་ཡིན་པར་ངོ་ཤེས་དགོས། དེ་ངོ་ཤེས་པར་བྱེད་པ་ལ་ད་ལྟ་བླ་མ་དམ་པས་ངོ་སྤྲད་པས་གནས་ལུགས་ལྟ་བའི་དོན་གོ་བ་དང༌། མཚོན་བྱེད་ལམ་གྱི་འོད་གསལ་སྦྱང་འཚལ་ལོ། །ཞེས་གསུངས་པའི་མཚོན་བྱེད་ལམ་གྱི་འོད་གསལ་ནི། སད་དུས་ཀྱི་སྟོང་པ་བཞི་པ་དང༌། གཉིད་དུས་ཀྱི་སྟོང་པ་བཞི་པ་ལ་ཟེར་རོ། །འཆི་བའི་སྟོང་པ་བཞི་པ་ལས་ལྡང་བར་རྩོམ་པ་ན་འཆི་བ་འོད་གསལ་ལས་བར་དོ་སྒྱུ་མ་ལྟ་བུའི་ལྷའི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་དྲག་པོ་བྱས་པས། སྔར་སད་དུས་དང་གཉིད་དུས་ཀྱི་འོད་གསལ་ལས་སྒྱུ་ལུས་ཀྱི་ལྷ་སྐུར་ལྡང་བ་ལ་གོམས་པའི་གནད་ཀྱིས་བར་དོ་ཟིན་པ་འབྱུང་བས། དེ་བྱུང་བ་ན་རང་ཉིད་བར་དོར་གནས་པས་སྔར་སྣང་བ་སྒྱུ་མ་དང༌། རྨི་ལམ་སྒྱུ་མའི་སྐབས་སུ་བཤད་པ་བཞིན་དུ་བར་དོའི་སྣང་བ་གང་ཤར་ཐམས་ཅད་ལྷའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་གསལ་བཏབ་ནས་བསྒོམ་པ་དང༌། དེའང་རང་བཞིན་གྱིས་མ་གྲུབ་བཞིན་དུ་གྲུབ་པར་སྣང་བའི་སྒྱུ་མ་ལྟ་བུ་བསྒོམ་པ་དང༌། སྒྱུ་མའང་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་བསྒོམ་པའི་ཤེས་བྱ་སུམ་སྒྲིལ་བྱ་ཞིང༌། དག་པའི་ཞིང་དུ་སྐྱེ་བར་བྱའོ་སྙམ་པའི་འདུན་པ་དྲག་པོའང་སྦྱང༌། འཕོ་བའི་གདམས་ངག་ཡོད་ན་འཕོ་བ་བྱའོ། །གང་ཟག་ཐ་མས་ནི་གང་ཟག་འབྲིང་པོའི་སྐབས་སུ་བཀོད་པ་ལྟར། འཆི་བ་ལ་བསྲེ་བའི་སྔར་ཞེས་པ་ནས། གསོལ་བ་དྲག་པོ་མང་དུ་གདབ། ཅེས་པའི་བར་རྣམས་དེ་དུས་སུ་བྱ་བ་དང༌། ད་ལྟ་ནས་ཉི་མ་རེ་རེ་བཞིན་འཆི་བའི་དུས་ཀྱི་རྟགས་བཞི་དང༌། སྟོང་པ་བཞི་དངོས་ཤར་བྱུང་སྙམ་དུ་བསམས་ལ་རེ་རེའི་དུས་སུ་གང་ཟག་དང་ཆོས་རང་བཞིན་གྱིས་མ་གྲུབ་སྙམ་དུ་བསྒོམ། དེ་


JLD009_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཆི་བ་འོད་གསལ་འགགས་ནས་བར་དོ་དངོས་གྲུབ་སྙམ་དུ་བསམས་ལ། ཤེས་བྱ་སུམ་སྒྲིལ་བསྒོམ་པ་དང༌། དག་པའི་ཞིང་དུ་སྐྱེ་བའི་འདུན་པ་སྦྱང་ངོ༌། །གཉིས་པ་འོད་གསལ་བསྒོམ་པའི་ཚུལ་ལ་གཉིས་ཡོད་པའི་སད་དུས་སུ་འོད་གསལ་སྒོམ་ཚུལ་ནི། སྒྱུ་ལུས་མཚན་ཉིད་པའམ་རྗེས་མཐུན་པ་ཐོབ་པ་ཞིག་གིས་བསྒོམ་པ་ཡིན་ཡང༌། འདིར་སྦྱིར་བཏང་གི་སྒོམ་ཚུལ་ནི། རང་ཡི་དམ་ཡབ་ཡུམ་དུ་གསལ་བའི་སྙིང་ག་ཆོས་ཀྱི་འཁོར་ལོའི་དྷཱུ་ཏཱིའི་ནང་དུ་ཉི་གདན་ལ་ཧཱུཾ་ཡིག་སྔོན་པོ་ཞིག་བསྒོམ། དེ་ལས་འོད་ཟེར་འཕྲོས་པས་སྣོད་ཐམས་ཅད་སྦྱངས་ཏེ། འོད་གསལ་དུ་བཞུ་བའི་སྣོད་ཞུ་བ་བཅུད་ཀྱི་སེམས་ཅན་ལ་བསྡུ། དེ་ནས་བཅུད་ཞུ་བ་དང་ཡུམ་ནི་རང་ལྷར་གསལ་བ་ལ་བསྡུ། རང་གི་སྦྱི་བོ་ནས་ཡས་ཞུ་རྐང་མཐིལ་ནས་མས་ཞུ་བ་གཉིས་དང༌། ཉི་གདན་ནི་སྙིང་གའི་ཧཱུཾ་ཡིག་ལ་བསྡུ། དེ་ནས་ཧཱུཾ་གི་ཞབས་ཀྱུ་ཧ་ལ་བསྡུ། ཧ་རང་གི་མགོ་བོ་ལ་བསྡུ། དེ་ཟླ་ཕྱེད་ལ་བསྡུ། དེ་ཐིག་ལེ་ལ་བསྡུ། དེ་ནཱ་དེ་ལ་བསྡུ། དེའང་སྙིང་གའི་དྷཱུ་ཏཱིའི་ནང་དུ་བསྡུས་པར་མོས་ནས་གནས་དེ་ཉིད་དུ་དམིགས་པ་བརྟན་པར་བཟུང་ངོ༌། །དེ་ཡུན་རིང་དུ་བསྒོམས་པས་སྟོང་པ་བཞིའི་རིམ་པས་སད་དུས་ཀྱི་ལམ་གྱི་འོད་གསལ་ཤར་བྱུང་ན་ལྟ་ཐོག་ཏུ་བཞག་སྟེ་གཡོ་མེད་དུ་གཟུང་བར་བྱའོ། །འོད་གསལ་དུ་འཇུག་ཚུལ་འདི་ནི་གསང་འདུས་ནས་བཤད་པའི་རྗེས་གཞིག་གི་བསམ་གཏན་ལ་བརྟེན་པའོ། །གཉིས་པ་གཉིད་དུས་ཀྱི་འོད་གསལ་སྒོམ་ཚུལ་ནི། རྨི་ལམ་རླུང་སྟོབས་ཀྱིས་འཛིན་པའི་ཐབས་དམ་པ་ཡིན་པས་དེའི་སྐབས་སུ་བྱེད་རྒྱུ་ཡིན་ནའང༌། བླ་མ་རྣམས་ཀྱིས་སྐབས་འདིར་བཤད་


JLD009_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མཐུན་པར་བསྒོམ་པ་ནི། དཀོན་མཆོག་ལ་མཆོད་པ་དབུལ། ཆོས་སྐྱོང་ལ་གཏོར་མ་བཏང་ལ། གཉིད་ཀྱི་འོད་གསལ་ཟིན་པ་དང་དེའི་འགལ་རྐྱེན་ཞི་བའི་ཕྲིན་ལས་བཅོལ། རང་ལྷར་བསྒོམ་པ་དང་བླ་མའི་རྣལ་འབྱོར་བསྒོམས་ལ་གཉིད་ཀྱི་འོད་གསལ་ཟིན་པའི་གསོལ་བ་དྲག་པོ་མང་དུ་བཏབ། གཉིད་བྱུང་བ་ན་རྨི་ལམ་དུ་མ་ཤོར་བར་གཉིད་ཀྱི་སྟོང་པ་རྣམས་ཟིན་པར་བྱའོ་སྙམ་པའི་འཕེན་པ་མང་དུ་བཏང༌། དེ་ནས་ཉལ་བ་ན་མགོ་བྱང་དུ་བལྟ་བ་དང༌། གཞོགས་གཡས་པ་འོག་ཏུ་འབེབས་པ་སེང་གེའི་ཉལ་སྟབས་བྱ་སྟེ། རང་ཡི་དམ་དུ་གསལ་བའི་སྙིང་གར་པདྨ་འདབ་མ་བཞི་པ་སྔོན་པོ་ཞིག་བསམ། དེའི་ལྟེ་བ་རྩ་དབུ་མའི་ནང་དུ་ཧཱུཾ་ཡིག་སྔོན་པོ་ཞིག་ལ་རང་གི་ཤེས་པ་འདྲེས་པ་བཞིན་དུ་བསྒོམས་ལ་ཉལ་ལོ། །སད་དུས་སུ་གཏུམ་མོ་བསྒོམ་པ་སོགས་ཀྱི་མཐུས་རླུང་དབུ་མར་ཐིམ་པའི་སྟོང་པ་འདྲེན་ནུས་པ་ཡིན་ན། ཉལ་ཁར་དམིགས་པ་འདི་བཞིན་བྱས་ནས་བསྒོམས་པས་ཞག་གཉིས་གསུམ་ཕན་མི་འགྱངས་པར་རླུང་དབུ་མར་ཐིམ་པའི་གཉིད་ཀྱི་སྟོང་པ་བཞི་ཟིན་པ་འོང་ལ། སད་དུས་སུ་རླུང་དབུ་མར་ཐིམ་པའི་སྟོང་པ་འདྲེན་མི་ནུས་ཀྱང༌། སྤྱིར་བྱིང་བ་དང་བྲལ་བའི་གནས་ཆ་བརྟན་པོ་ཡོད་པ་ཞིག་གིས་གཉིད་ཉལ་ཁར་སྔར་བཤད་པའི་དམིགས་པ་དེ་བཟུང་བའམ། ཡང་ན་དེ་མ་བཟུང་ཡང་སད་དུས་ཀྱི་ཏིང་ངེ་འཛིན་དེ་ཉལ་ཁར་བསྐྱངས་ན་དེའི་མཐར་སྟོང་པ་བཞི་རིམ་ཅན་དུ་མི་འཆར་བའི་ཏིང་ངེ་འཛིན་དུ་འགྲོ་བ་ནི་གཉིད་ཀྱི་འོད་གསལ་མཚན་ཉིད་པ་མིན་ཡང་དེས་དེ་ཁོ་ན་ཉིད་ཀྱི་ལྟ་ཐོག་ཏུ་འཇོག་ནུས་ན་ལམ་ཐུན་མོང་བའི་འོད་གསལ་ཙམ་ཡིན་གྱི་སྔགས་བླ་མེད་ཀྱི་འོད་གསལ་


JLD009_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དོན་མེད་དོ། །གཉིད་ཀྱི་འོད་གསལ་འཛིན་པའི་སྤྱོད་བསྡུས་ཀྱི་ལུང་ནི་སྔར་དྲངས་པ་ལྟར་རོ། །གཉིས་པ་ལམ་གྱི་ཡན་ལག་འཕོ་བ་དང་གྲོང་འཇུག་ལ་གཉིས། གོང་དུ་འཕོ་བ་དང༌། གྲོང་དུ་འཇུག་པའོ། །དང་པོ་ལ་གཉིས་ཡོད་པའི་དང་པོ་འཕོ་བ་སྦྱང་བ་ནི། ཐོག་མར་བླ་མ་རྣམས་ཀྱི་མན་ངག་ལས་འབྱུང་བ་བཞིན་བརྗོད་ན། རང་ཉིད་རང་གི་ཡི་དམ་གྱི་ལྷ་གང་ཡིན་དུ་གསལ་འདེབས་པ་དང༌། རླུང་ཁ་སྦྱོར་གསང་གནས་སམ་ལྟེ་བར་བསྒོམས་པའི་ངང་ནས་ལྟེ་བར་ཨ་དམར་པོ་དང༌། སྙིང་གར་ཧཱུཾ་མཐིང་ནག་དང༌། ཚངས་བུག་ཏུ་ཀྵ་དཀར་པོ་རེ་བསམ། དེ་ནས་འོག་རླུང་དྲག་ཏུ་འཐེན་པས་ལྟེ་བའི་ཨ་ཡིག་ཕུལ་བ་ཡར་འོངས་ནས་ཧཱུཾ་ཕུལ། དེ་ནས་ཧཱུཾ་ཡར་འོངས་ནས་ཀྵ་ཡིག་ཕུལ་བར་བསམ་ཞིང༌། ཡང་ཕྱིར་དབབ་པ་ནི། སྙིང་གར་ཧཱུཾ་དང་ལྟེ་བར་ཨ་གནས་པར་བསམ་མོ། །དེ་ལྟར་རྒྱུན་དུ་རྟགས་མ་བྱུང་གི་བར་དུ་སྦྱང་ངོ༌། །རྟགས་ནི་སྤྱི་གཙུག་ཟ་བ་དང་འཕྲིག་པ་སོགས་སོ། །གཉིས་པ་ལས་ལ་སྦྱར་བ་ནི། ལུས་གནད་ཙོག་བུར་བྱ། ལག་པ་གཉིས་ཀྱིས་པུས་མོ་གཉིས་ལ་འཁྱུད་ཅིང༌། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས་རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་ངང་ནས། སྦྱི་གཙུག་གི་ཐད་ཀའི་མདུན་གྱི་ནམ་མཁར་འདོམ་གང་ངམ་ཁྲུ་གང་སོགས་གང་བདེ་བའི་སར་བླ་མ་དང་ཡི་དམ་གྱི་ལྷ་དབྱེར་མེད་དུ་དམིགས་ལ། མོས་གུས་ཀྱི་གདུང་བས་གསོལ་བ་དྲག་ཏུ་གདབ། དེ་ནས་ལྟེ་བའི་ཨ་དང་སྙིང་གའི་ཧཱུཾ་དང་


JLD009_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱི་གཙུག་གི་ཀྵ་གསལ་བཏབ་ནས་འོག་རླུང་དྲག་ཏུ་འཐེན་པས་ཨ་དེ་ཉིད་རྩ་དབུམ་མའི་ནང་ནས་ཡར་ལ་ཁྱུར་རུ་རུ་བྱུང་ནས་སྙིང་གའི་ཧཱུཾ་ལ་ཐིམ་པར་བསམ་ཞིང་ཨ་ཧིཀ་ཇི་ཙམ་གྲུབ་པ་ཞིག་བཟླས་སོ། །ཡང་ཧཱུཾ་ཡིག་དེ་ཉིད་ཀྱང་ཡར་བྱུང་སྟེ། ཨ་ཧིཀ་ཉི་ཤུའི་བར་དུ་བརྗོད་པས་མགྲིན་པར་བྱུང་བར་བསམས་ལ། ཚངས་བུག་གི་ཀྵ་ཡིག་བསལ་ནས་ཚངས་བུག་སྐར་ཁུང་ཕྱེ་བ་ལྟར་དཀར་སང་ངེ་ཡོད་པར་བསམ་ཞིང༌། ཨ་ཧིཀ་དྲག་པོ་ལྔ་བརྗོད་པས་ཧཱུཾ་དེ་ཚངས་བུག་ནས་རྒྱངས་ཀྱིས་འཐོན་ནས་བླ་མ་དང་ཡི་དམ་དབྱེར་མེད་གྱི་ཐུགས་ཀར་ཐིམ་པ་ལ་སེམས་གཏད་དེ་མི་རྟོག་པའི་ངང་ལ་བཞག་གོ །ཞེས་བླ་མ་རྣམས་གསུང་ངོ༌། །གཉིས་པ་གྲོང་འཇུག་ནི་རེ་ཞིག་བཞག་གོ །ཐུགས་བཞེད་ཀྱི་འཕོ་བ་དང་གྲོང་འཇུག་གི་དམིགས་པ་ནི་གཞན་དུ་འགོད་དོ། །འདི་དག་ནི་ནཱ་རོ་ཆོས་དྲུག་གི་དམིགས་སྐོར་ལག་ཏུ་ལེན་ཚུལ་བསྡུས་ནས་བཀོད་པའོ།། །།འདི་བྲིས་དགེ་བ་རབ་དཀར་བདུད་རྩིའི་འོད། །ཟབ་ལམ་རིམ་གཉིས་སྣང་བའི་བསིལ་ཟེར་གྱིས། །ཀུན་རྨོངས་མུན་པ་མ་ལུས་མཐར་བྱེད་ཅིང༌། །རྣམ་གྲོལ་ཀུ་མུད་བཞག་པའི་དཔལ་གྱུར་ཅིག །སརྦ་མངྒ་ལཾ།། །།


previousནཱ་རོའི་ཆོས་དྲུག་གི་དམིགས་སྐོར་ལག་ཏུ་ལེན་ཚུལ་བསྡུས་པ་རྗེའི་གསུང་བཞིན་སེམས་དཔའ་ཆེན་པོ་ཀུན་བཟང་པས་བཀོད་པ།next