དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་ལྕམ་དྲལ་གྱི་བསྐང་གསོའི་ཆོ་གའི་དམིགས་རིམ་གསལ་བར་བཀོད་པ་སྔགས་ནག་ཁ་ཡི་ཧོང་གཏམ།
དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་ལྕམ་དྲལ་གྱི་བསྐང་གསོའི་ཆོ་གའི་དམིགས་རིམ་གསལ་བར་བཀོད་པ་སྔགས་ནག་ཁ་ཡི་ཧོང་གཏམ་ཞེས་བྱ་བ་བཞུགས་སོ། །
ན་མོ་མཱ་ཧཱ་སརྦ་ཏྲ྄ཉཱ་དཪྴ་དྷརྨཱ་ཀ་ར་ཡ། འདིར་དཔལ་ཡེ་ཤེས་ཀྱིས་མགོན་པོ་ནག་པོ་ཆེན་པོར་བེར་ནག་ཅན་གྱི་བསྐང་གསོའི་ཆོ་གའི་དམིགས་རིམ་དང་ཚིག་དོན་ཅུང་ཟད་ཞིག་བཀྲོལ་བར་བྱའོ། །སྤྱིར་མགོན་པོ་འདི་རྡོ་རྗེ་གུར་གྱི་རྒྱུད་ལས་གཅེར་བུ་ཟངས་གྲི་ཅན་དང་། མགོན་པོ་མངོན་འབྱུང་གི་རྒྱུད་ལས་ཕྱག་གཉིས་པ་ནས་ཕྱག་བཅུ་དྲུག་པའི་བེར་གྱི་མགོན་པོའི་བསྒྲུབ་ཐབས་རྣམས་གསུངས་ཤིང་། དེང་སང་སྐུ་ཞབས་ཀྱི་ཕྱག་ཏུ་སྔོན་བོད་དུ་མ་འགྱུར་བའི་མགོན་པོའི་རྒྱུད་ཞིག་རྒྱ་དཔེ་འདུག་པའི་ནང་དུ་
ཡང་དེ་ལྟ་བུའི་སྒྲུབ་ཐབས་དུ་མ་འདུག་ཅིང་། དངོས་གྲུབ་འབྱུང་རྒྱུ་དང་། རྒྱུད་ཆུང་ཉེར་གཅིག་སོགས་རྣམས་ཀྱང་དཔལ་ཧེ་རུ་ཀ་ཉིད་ཀྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་གཏད་ནས་བཀའ་གཏེར་ཅི་རིགས་ནས་བརྒྱུད་པ་དང་། འགའ་ཞིག་རང་བཞིན་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་བོད་འདིར་སྔགས་པའི་ཚུལ་བཟུང་བ་དག་གི་དགོངས་པའི་ཀློང་ནས་རྡོལ་བའི་རྒྱུད་གཉན་པོ་དངོས་གྲུབ་རྣམ་པ་གཉིས་ལས་མི་བསླུ་བའི་འབྲས་བུ་ཅན་དེ་རྣམས་ལས་ཀྱང་མགོན་པོ་འདིའི་བསྙེན་བསྒྲུབ་ལས་
གསུམ་གྱི་གཞུང་དང་མན་ངག་ཅི་རིགས་པར་སྟོན་པར་སྣང་ཞིང་། ལྷོ་བྲག་མར་པ་ལོ་ཙཱའི་མགོན་པོ་ཡབ་རྐྱང་རླུང་བསྲེའི་སྐོར་འདི་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལ་བརྟེན་པར་འདོད་ཅིང་། གྷ་ཡ་ངྷ་རའི་མགོན་རྐྱང་ཟེར་བ་དེ་དང་རྣམ་པ་གཅིག་པར་སྣང་ཞིང་། དེང་སངས་ལུགས་ཀྱི་གུར་མགོན་ས་གའི་འདུག་སྟངས་ཅན་འདི་དང་ལྷ་བརྒྱད་དུ་གྲགས་པ་འདི་ནི་དཔལ་ས་སྐྱ་པའི་བསྟན་པའི་ཆེད་དུ་སློབ་དཔོན་པདྨས་གཏེར་དུ་སྦས་ནས་གངས་འབར་ཕུག་མོ་ཆེ་ནས་གཏེར་སྟོན་པདྨ་དབང་ཕྱུགས་གིས་བཏོན་ནས། བདག་ཆེན་རྒྱ་གར་བ་ལ་གནང་བ་དང་། པུ་ཊའི་སྐོར་འདི་ལྷ་བཙུན་བྱང་ཆུབ་འོད་ཀྱིས་བསམ་ཡས་ནས་སྤྱན་དྲངས་ཏེ་རྗེ་བླ་མ་དམ་པ་ལ་གཏད་ནས་བཀའ་གཏེར་གཉིས་འདུས་བྱིན་རླབས་ཚན་ཀ་སྟོབས་དང་ལྡན་པ་འདི་ཉིད་ཡིན་ལ། འདི་ལྟ་བུའི་སྒྲུབ་ཐབས་ནི་བོད་འདིར་བཞུགས་པའི་རྒྱུད་དང་རྒྱ་གཞུང་གང་ནས་ཀྱང་མ་བསྟན་པས་གཏེར་མ་ཉིད་དུ་ཤིན་ཏུ་འཐད་ལ་སོག་བཟློག་བློ་གྲོས་རྒྱལ་མཚན་གྱིས་ཀྱང་དེ་ལྟར་
ལེགས་པར་བཤད་ཡོད་པས། ཕྱིས་ཀྱི་མཁས་པར་གྲགས་པ་ཁ་ཅིག་གིས་ལོག་པར་བཤད་པ་དག་མཐོང་ངོ་། །ཡབ་རྐྱང་ལ་ཕྱོགས་བཅུའི་མགོན་པོས་བསྐོར་བ་འདི་ནི་འགྲོ་མགོན་རས་ཆེན་གྱི་ལུགས་སུ་གྲགས་ཤིང་། འདི་ནི་སློབ་དཔོན་ཌོམྦི་པས་མལ་ལོ་བློ་གྲོས་གྲགས་པ་ལ་གནང་ནས་འགྲོ་མགོན་རས་ཆེན་གྱི་བར་དུ་བརྒྱུད་པར་སྣང་ཞིང་། མལ་ཇོ་ལོ་ཙཱ་འདི་ཟངས་དཀར་ལོ་ཙཱ་དང་གཅིག་པར་བཞེད་ཀྱང་། བདག་གི་བླ་མས་ནི་མལ་ལོ་བློ་གྲོས་གྲགས་ཡིན་པར་བཞེད། དེ་ལྟར་འདི་ནི་སློབ་དཔོན་པདྨ་ཌོམྦི་ཧེ་རུ་ཀ་ཡིན་པའི་ལོ་རྒྱུས་ཐང་ཡིག་དུ་ཡོད་པ་དེ་དང་འབྲེལ་ཆགས་པས་སློབ་དཔོན་པདྨས་མལ་ལོ་ལ་གནང་བ་ཁོ་ནར་ངེས་ཏེ། ཕྱོགས་བཅུའི་མགོན་པོ་གིང་ཀ་རའི་རྒྱུད་ལ་བརྟེན་ནས་སློབ་དཔོན་པདྨས་མཛད་པར་བཤད་དོ། །ཞལ་སྦྱོར་དུ་གྲགས་པ་འདི་ནི་ཀརྨ་པཀྴིའི་ཡབ་ཆོས་སློབ་དཔོན་པདྨས་ལྷ་སྲས་མུ་ཁྲིའི་དོན་དུ་དཔལ་གྱི་བསམ་ཡས་སུ་གཏེར་དུ་སྦས་ནས། བོད་ཀྱི་མཐའ་བཞི་དབང་དུ་མ་འདུས་པའི་
སྐབས་ལྷ་སྲས་ཀྱིས་ཟབ་ཆོས་འདི་གཏེར་ནས་བཏོན། སྟག་ནམ་མཁའི་ལྷ་བཟུང་ནས་གྲུབ་ཐོབ་ཀརྨ་པཀྴིའི་བར་དུ་རིམ་པར་དབུ་ཡི་ཞལ་ངོ་ནང་བརྒྱུད་དུ་གྱུར་པ་ཡིན་ཅིང་། འདི་ནི་མགོན་པོ་བདག་བསྒོམ་དུ་བྱེད་པ་སྟེ། ཡེ་ཤེས་ཀྱི་མགོན་པོ་ལྷར་བསྒྲུབ་པའི་ལུགས་ཡིན་ནོ། །ལྷ་མོ་རང་བྱུང་མ་འདི་ནི་བོད་ཡུལ་འདི་ཕུར་པ་བཀའ་མ་དང་། གཤིན་རྗེ་དམར་ནག་སྐོར་དང་། ཕུར་སྲུང་རེ་མ་ཏིའི་སྐོར་ལས་མ་གཤིན་ཕུར་གསུམ་དུ་གྲགས་པའི་ཡ་གྱལ་མ་མོའི་རྒྱུད་གཞུང་རྒྱ་མཚོ་ཙམ་དང་འབྲེལ་བ་སློབ་དཔོན་པདྨས་པུ་རང་གི་ཞང་བཙུན་དར་མ་རིན་ཆེན་ལ་གནང་བ་སོགས་ལྷ་མོ་རེ་མ་ཏིའི་བརྒྱུད་པའི་བཀའ་སྲོལ་དུ་མ་ཞིག་རྗེ་དུས་གསུམ་མཁྱེན་པ་ལ་འདུས་པ་ཡིན་འདུག་ཅིང་དེ་ལྟར་མགོན་པོ་སྐོར་གསུམ་པོ་གཙོ་བོ་ཞལ་སྦྱོར་དུ་བྱས་ནས་ཆོ་ག་གཅིག་ཏུ་བསྡུ་བ་འདི་ནི་རྗེ་མཁའ་སྦྱོད་དབང་པོ་ལ་དཔལ་མགོན་པོ་ཉིད་ཀྱིས་བཀའ་གནང་བ་བྱིན་ཏེ་མཛད་པ་ཡིན་ལ། དེ་ལ་ཀརྨ་པ་མཐོང་བ་དོན་ལྡན་གྱི་གསལ་ཞིང་རྒྱས་པར་མཛད་པའོ། ༈ །དེ་
ལྟར་ཁ་བྱང་ཙམ་སྨོས་ནས་ད་ནི་གཞུང་ལ་འཇུག་པར་བྱ་སྟེ། དེ་ཡང་བདག་བསྐྱེད་དགྱེས་རྡོར་ཕག་མོ་རྒྱལ་བ་རྒྱ་མཚོ། རྒྱུད་མགོན་གཅེར་བུ་ཟངས་གྲི་ཅན་གྱིས་བྱེད་ནས་མགོན་པོ་འཁོར་བཅས་མདུན་དུ་བསྐྱེད་པ་ནི་ཆོས་སྐྱོང་ལྟར་བསྒྲུབ་པ་སྟེ། འཇིག་རྟེན་གྱི་མགོན་པོ་ལྟར་བསྒྲུབ་པ་ཡི་ལ། བདག་བསྐྱེད་སྲུང་འཁོར་དང་བཅས་པའི་ལེགས་ལྡན་དུ་བསྒོམ་ནས། མདུན་དུ་སྲས་མཆོག་ནག་པོ་བེར་ནག་ཅན་བསྒོམ་པ་ནི་ལས་ཀྱི་མགོན་པོ་ལྟར་སྒྲུབ་པ་ཡིན་ལ། བདག་མདུན་གཉིས་ཀ་ཡབ་ཡུམ་ཞལ་སྦྱོར་དུ་སྒྲུབ་པ་ནི་ཡེ་ཤེས་མགོན་པོ་ལྟར་སྒྲུབ་པ་ཡིན་ཅིང་། དེ་དག་ལས་བྱིན་རླབས་མྱུར་ཞིང་སྟོབས་དང་ཚན་ཆེ་བ་ནི་ལུགས་ཕྱི་མ་ཉིད་ཡིན་ནོ། །དེ་ལ་དང་པོ་ལེགས་ལྡན་གྱི་སྲུང་འཁོར་ནི། རྣམ་པར་སྣང་མཛད་ཀྱི་ངོ་བོ་ཡེ་གེ་བུཾ་ནག་པོ་འོད་དུ་ཞུ་བ་ལས་བྱུང་བའི་ནང་རྡོ་རྗེའི་རང་བཞིན་གྱི་གཞལ་མེད་ཁང་ལ། ཕྱི་རོལ་འཁོར་ལོ་རྩིབས་བཅུ་པ། དེ་ཡང་དཔེར་ན། མདུང་སོ་བརྒྱད་ཞབས་སྤྲད་པའི་སྟེང་འོག་གཉིས་སུ་མདུང་སོ་རེ་
རེ་ཞབས་བསྡུས་པས་མདུང་སོའི་སྒྲོ་སྦུབ་བཅུ་པོ་ཞུན་གཅིག་ཏུ་སྦྱར་བ་ལྟ་བུའི་ཁོང་སྟོང་གི་ནང་དུ་དབུས་སུ་རང་ཡབ་ལེགས་ལྡན་དུ་བསྒོམ། རྩིབས་བཅུའི་ཐད་ཀྱི་ནང་དུ་སྲས་མཆོག་ནག་པོ་བེར་ནག་ཅན་རེ་རེ། སྟེང་འོག་གི་འཁོར་ལོའི་སྦུབས་ནང་དུ་སྟེང་མ་ཞལ་ཤར་དང་། །འོག་མ་ནུབ་ཏུ་ཕྱོགས་པས་བཞུགས་པ་འདི་རྣམས་ཀྱི་བེར་ནག་དགུ་བརྩེགས་ཞེས་པ་ནི། དང་པོ་ཤ་འགག་ལྗང་གུ། དེའི་སྟེང་དུ་བེར་དཀར་སེར་དམར་ལྗང་སྔོན་པོ་ལྔ། དེའི་སྟེང་དུ་དར་ནག་གི་བེར་བཞི་བརྩེགས་སུ་གསོལ་བའོ། །བིང་ནི་དམག་གི་མཁར་ཡིན་པས་ཆོད་གསུམ་ཐོག་བཞི་མ་དང་། ཆོད་གཉིས་ཐོག་གསུམ་ཡོད་པ་གཉིས་ཀྱི་ཕྱི་མ་ཡིན། གྲུ་བཞི་པ། མདུན་གཡས་གཡོན་དུ་སྒོ་རེ་རེ་ཡོད་པས་སྟེང་འོག་བར་གསུམ་དུ་སྒོ་དགུ་ཡོད་པ། ཡར་སྣེར་ནོར་བུ་དང་། མར་སྣེར་ཕུར་པས་མཚན་པ་སྐུ་ཚད་དང་མཉམ་པ་ཞིག་གོ །དེ་ནས་ལེགས་ལྡན་གྱི་གནས་གསུམ་དུ་ཡི་གེ་གསུམ། ཁྱད་པར་ཐུགས་ཀར་པད་ཉི་ལ་ཧཱུྃ་མཐིང་ནག་གི་མཐའ་མར་སྔགས་གསུམ་
སྦྲེལ་ཏེ་གཡོན་བསྐོར་དུ་བཀོད། དེ་ལས་འོད་ཟེར་འཕྲོས་རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ནས་རང་ལ་ཡང་ཡང་བསྟིམས། དེ་ནས་སྔགས་ཕྲེང་དེ་གཡས་སུ་འཁོར་བ་ལས་འོད་ཟེར་སྨུག་ནག་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས། ཡེ་ཤེས་ཀྱི་མགོན་པོ་ཐམས་ཅད་དང་འཇིག་རྟེན་གྱི་མགོན་པོ་ཐམས་ཅད་སྤྱན་དྲངས་ནས་རང་ལ་བསྟིམས། ཡང་འོད་ཟེར་འཕྲོས། འཇིག་རྟེན་གྱི་དྲེགས་བྱེད་ཐམས་ཅད་ཀྱི་སྲོག་སྙིང་གཟི་མདངས་ཐམས་ཅད་དང་། མ་མོ་མཁའ་འགྲོ་ཐམས་ཅད་སྲོག་སྙིང་བསྡུས་ནས་རང་ལ་ཐིམ་པས། རང་ཉིད་མཐུ་སྟོབས་གཟི་བརྗིད་ཆེར་འབར་ཏེ། ཐམས་ཅད་དྲན་དུ་བཀོལ་བར་བསམས་ལ་སྔགས་གསུམ་སྦྲེལ་ནས་ཅི་ནུས་སུ་བཟླའོ། །རཀྵ་བརྟི་གསུམ་གྱི་མན་ངག་ལས་དེ་ནི་སྲུང་བའི་བསྙེན་པའོ། །དེ་ནས་སྲུང་འཁོར་གྱིས་སྲུང་བ་ནི། རང་ཉིད་ལེགས་ལྡན་གྱི་ཐུགས་ཀར་ཆོས་འབྱུང་མཐིང་ནག་གི་དབུས་སུ་རང་གི་སེམས་ཉིད་རང་གི་ཡི་དམ་ལྷག་པའི་ལྷར་བསྒོམ་པ་ཡིན་པས་མགོན་པོ་འདི་དང་འབྲེལ་
ཆགས་པའི་རྒྱུ་མཚན་གྱིས་ཕྱག་རྡོར་བསྒོམ་ལ། ཨོཾ་བཛྲ་ཙཎྜ་སོགས་བཟླས། གལ་ཆེ་བའི་བསྲུང་བྱ་རྣམས་ཆོས་འབྱུང་གི་ནང་དང་། གཞན་རྣམས་འཁོར་ལོའི་ནང་དུ་བསྒོམ། འཁོར་ལོའི་རྒྱབ་ཏུ་རྡོ་རྗེའི་ས་གཞི་ར་བ་གུར་མེ་དཔུང་འབར་བར་བསྒོམས། སྤྲོ་ཞིང་ནུས་ན་རིན་ཆེན་པདྨ་རལ་གྲིའི་གུར་ཁང་ཡང་བསྒོམ་པར་བྱའོ། །དེ་ནས་འཁོར་ལོ་རབ་ཏུ་མྱུར་བར་གཡས་སུ་འཁོར་བར་བསམས་ལ་གོང་གི་སྔགས་གསུམ་གྱི་མཐར་ཀཱ་བ་ཙི་རཀྵ་རཀྵ་ཞེས་བཏགས་པ་ཅི་ནུས་སུ་བཟླའོ། །དེ་ནས་སྲུང་འཁོར་ཕྱིར་བཟློག་ནི། སྲས་མཆོག་རྣམས་ཞལ་ཕྱིར་གཟིགས། འཁོར་ལོ་གཡོན་དུ་འཁོར། མ་མོ་མཁའ་འགྲོ་སོགས་བྲན་དུ་བཀོལ་བ་དེ་རྣམས་དང་། རང་འདྲའི་སྤྲུལ་པ་དཔག་མེད་སྤྲོས་ནས་གནོད་བྱེད་རྣམས་སུ་བཀུག་སྟེ། འཁོར་ལོའི་རྩིབས་རྩེར་བསྐྱོན་ནས་དུམ་བུར་གཏུབས་པ་ལས་བྱེད་སྤྲུལ་པ་མ་མོ་མཁའ་འགྲོ་དྲེགས་པ་ལྷ་སྲིན་རྣམས་ཀྱིས་ཧབ་ཐོབས་སུ་ཟོས་པར་བསམས་ལ། ལྷ་ཚོགས་རྣམས་ཀྱི་སྐུ་ལས་བསྐལ་པའི་མེ་དཔུང་
འབར་བས་ཤ་ཁྲག་དེ་རྣམས་ཀྱང་བསྲེག་པར་བསམས། རྩིབས་འོག་མའི་ཞབས། བྲུབ་ཁུང་གྲུ་གསུམ་པའི་ནང་དུ་དམིགས་བྱ་དེ་སྤྱིའུ་ཚུག་ཏུའམ་གན་རྐྱལ་དུ་བསྒྱེལ་བའི་སྙིང་ནང་དུ་རྩིབས་རྩེ་འོག་མས་གཟིར་བའི་རྩིབས་ཀྱི་ཕྱི་ངོས་སུ། རྡོ་རྗེ་རྒྱ་གྲམ་དྲུག་ཁ་གདངས་པ་རབ་ཏུ་རྣོ་བ་གཡོན་དུ་འཁོར་བས་ལྕེ་དང་སྙིང་དུམ་བུར་གཏུབས་པར་བསམས་ལ་དགུག་གཞུགས་ལན་གསུམ་གྱི་མཐར། ལྷ་ཚོགས་རྣམས་ལས་བསྐལ་པའི་མེ་སོགས་དང་། སྔགས་འོག་མ་གསུམ་པོ་སོ་སོར་བཟླའམ་སྦྲེལ་ཏེ་ཅི་ནུས་བཟླའོ། །དེ་ནི་ཕྱག་བཞི་པའི་རྡོ་རྗེ་ཕུབ་རྫོང་དང་། གུར་མགོན་གྱི་བྲག་རྫོང་མ་རྣམས་བཞིན་དུ་མགོན་པོའི་སྲུང་བ་དང་ཕྱིར་བཟློག་གི་མན་ངག་གོ །དེ་ནས་འཁོར་ལོའི་རྩིབས་རྩེས་གཏུབས་པའི་ཤ་ཁྲག་རྣམས་བྱང་ཤར་མཚམས་སུ་བྷནྡྷྀའི་སྣོད་དུ་འཁྱིལ་བ་རྣམས། མེ་རླུང་གི་སྦྱོར་བས་བདུད་རྩིར་སྤེལ་ཏེ་མ་དག་མ་དང་། ཧཱུྃ་བྱང་ཕྱོགས་དུར་ཁྲོད་སོགས་འདོན་པའི་ཚེ་རང་བཞིན་གྱི་གནས་ནས་སྲས་མཆོག་ནག་པོ་ལ་
ཕྱོགས་བཅུའི་མགོན་པོས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ། ལྗགས་འོད་ཟེར་གྱིས་སྦུ་གུས་དྲངས་ཏེ་གསོལ་བར་བསམས། དེ་ནས་ལོག་ཏྲིའི་བཟློག་སྔགས་ཅི་ནུས་འདོན་མཐར་ཐལ་མོ་བརྡེབ། དྲང་སྲོང་བདེན་པའི་སོགས་འདོན་ནོ། །འདི་ནི་ཞར་བྱུང་ཡིན་པས་དེ་ཙམ་གྱི་ཆོག་མོད། རང་ལེགས་ལྡན་གནས་འགྱུར་ཏེ། དྲང་སྲོང་ལོག་ཏྲི་པཱ་ལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་དང་པོ་གཉིས་རལ་གྲི་དང་ཐོ་བ། ཐ་མ་གཉིས་ཉི་ཟླའི་ཐལ་མོ་བརྡེབས་པ། ཞབས་བརྐྱང་བསྐུམ་ཁྲོ་བོའི་ཆས་རྫོགས་པའི་ཉི་ཟླའི་བར་དུ་གནོད་བྱེད་ཐམས་ཅད་དམར་ཆལ་ཆལ་བརྡབ་པར་བསམ་པ་ནི་བླ་མ་རྣམས་ཀྱིས་བཞེད་དོ། །དེ་ནས་རང་ཉིད་ལེགས་ལྡན་དུ་གསལ་བའི་མདུན་དུ་མགོན་པོ་འཁོར་བཅས་བསྐྱེད་པའམ། རང་ཉིད་ལེགས་ལྡན་གནས་འགྱུར་བའི་ཚུལ་དུ་གྲུ་གསུམ་མཐིང་ནག་གི་གཞལ་ཡས་ཁང་གི་དབུས་སུ། ཡབ་ཡུམ་ཞལ་སྦྱོར་ལ་དབུགས་ལེན་ཡབ་ཡུམ་བཅུ་དྲུག་གིས་བསྐོར་བ་གསལ་བཏབ། ཨོཾ་དཾ་ཥྚོཏྲ་སོགས་
ནི་མངོན་འབྱུང་ནས་བཤད་པའི་མགོན་པོ་ཕྱག་བཅུ་དྲུག་པའི་སྙིང་པོ་ཡིན་ནོ། །མདུན་གྱི་དམིགས་རྟེན་བྲིས་སྐུ་ལ་སོགས་པ་སྟོང་པའི་ངང་ལས་ཧཱུྃ་དང་ཁཾ་ཡོངས་སུ་གྱུར་པ་ལས། རྡོ་རྗེའི་བྲག་རི་མཐིང་ནག་གྲུ་གསུམ་པ་སྟོང་གསུམ་དང་མཉམ་པའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ། མཚོན་ཆ་སྣ་ཚོགས་འཐས་པར་བཅག་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལེབ་ཆགས་གྲུ་གསུམ་པ། དཔངས་སུ་འདོམ་གང་། ལོག་རེར་འདོམ་རེ་དང་ལྡན་པའི་སྟེང་དུ་རྣམ་སྣང་གི་ངོ་བོ་བྷཱུཾ་ $རང་གི་ཐུགས་ཀ་ནས་འཕྲོས་པའི། མཆན། ནག་པོ་འོད་དུ་ཞུ་བ་ལས་བྱུང་བའི་གནམ་ལྕགས་ཨུར་མོ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་གསུམ་པ། དཔངས་སུ་འདོམ་གསུམ་པ། ལོགས་གསུམ་དུ་སྒོ་ཁྱུད་འགྲམ་ལོགས་དང་བཅས་པའི་སྒོ་གསུམ་གྱི་སྟེང་དུ་རྟ་བབས་རིམ་པ་བཅུ་གཅིག་པ་འཁོར་ལོ་རི་དྭགས་གདུགས་རྣམས་ཀྱིས་མཛེས་པ། འདི་ལ་ཟུར་སྒོ་བྱེད་པའང་བྱུང་མོད། དེ་ནི་དུར་ཁྲོད་
ནག་པོའི་རྒྱུད་ལས། ཟུར་གསུམ་ཟུར་དུ་སྒོ་ཡོད་པ། ཞེས་པའི་རྒྱུད་ཚིག་ལ་མན་ངག་མེད་པའི་རྒོད་འཇུག་བྱས་པ་ཡིན་ཏེ། གཙོ་བོར་གནས་སུ་གདན་ཐབས་ཀྱི་ཆོས་འབྱུང་རྩེ་མོ་ཤར་དུ་བསྟན་པ་ཡོད་པའི་རྩེ་མོའི་ཕྱོགས་ཀྱི་ལོགས་ལ་སྒོ་ཡོད་པའི་དོན་ཡིན། རྩ་བར་ཁྲག་གིས་གོས་པ་དྲག་པོའི་ཟུར་གསུམ་པ། སྦྲུལ་ནག་ཐུར་དུ་རྒྱུག་པ་ལྟ་བུས་བརྒྱན། ཞེས་པ་དང་དངོས་སུ་འགལ། ཞེས་བདག་གི་བླ་མས་གསུངས་པ། ད་ཕྱིན་ཆད་འཇམ་མགོན་བླ་མའི་རྗེས་སུ་འཇུག་པ་རྣམས་ཀྱི་ནི་མཐའ་གཅིག་ཏུ་ལོགས་སྒོ་འདི་ཁོ་ན་བཟུང་བར་རིགས་སོ། །དེ་ལྟ་བུའི་གཞལ་ཡས་ཁང་དེའི་ནང་སྒོ་ནང་ནས་ཆ་ཆུང་གཉིས་རེ་བརྒལ་བར་སླེབ་པའི། བྷཱུཾ་ནག་པོ་ལས་བྱུང་བའི་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་དཔངས་ཆ་ཆུང་ཕྱེད་པ་མུ་ཁྱུད་དང་བཅས་པ། དེའི་སྟེང་དུ་འཁོར་ལོ་རྩིབས་བརྒྱད་དག་དཔངས་ཆ་ཆུང་ཕྱེད་པ་མུ་ཁྱུད་དང་བཅས་པ། དེའི་སྟེང་དུ་
འཁོར་ལོ་རྩིབས་བཅུ་པ་དཔངས་ཆ་ཆུང་ཕྱེད་པ་མུ་ཁྱུད་དང་བཅས་པ། དེའི་སྟེང་དུ་འཁོར་ལོ་རྩིབས་བརྒྱད་དཔངས་ཆ་ཆུང་ཕྱེད་པ་མུ་ཁྱུད་དང་བཅས་པའི་ལྟེར་བར་གདན་ཐབས་ཀྱི་ཆོས་འབྱུང་ཟུར་གསུམ་རྩེ་མོ་ཤར་དུ་བསྟན་པ་དཔངས་སུ་ཇི་ལྟར་འཚམ་པར་བྱའོ། །ཐོག་ཕུབ་ཚུལ་ནི་འཁོར་ལོ་བཞི་ཡི་མུ་ཁྱུད་རེ་རེའི་སྟེང་ནས་ཀླུ་བརྒྱད་ཀྱི་ཀ་གདན། ལྷ་ཆེན་པོ་བརྒྱད་ཀྱི་ཀ་བ། གཟའ་ཆེན་པོ་བརྒྱད་ཀྱི་གདུང་མ་བྲེས་པ་ཕྱི་ནང་རིམ་པ་བཞི་བྱེད། ཡང་རྩིག་པའི་སྟེང་དུ་ཕ་གུ་དབང་གྲུ་གང་ཞེང་གྲུ་ཕྱེད་དོ་ཡོད་པ། དེའི་སྟེང་དུ་དྲ་ཕྱེད་ཀྱི་དཔངས་ཆ་ཆུང་གཉིས། དེའི་སྟེང་དུ་གསེར་གདུང་ཐིག་སྐུད་གོང་རྣམས་དང་དཔངས་མཉམ་པའི་འཁོར་ལོ་ཕྱི་མའི་ཀ་བཞུ་གདུང་ཟླུམ་བཅས་བྲིས་པ། ཕྱོགས་རེར་རྒྱུ་སྐར་བདུན་རེ་སྟེ་རྒྱུ་སྐར་ཉེར་བརྒྱད་ཀྱི་ཕྱམ་བཀྲམ་ནས་ཐོག་ཕུབ་དེ་དག་ལས་ཚིག་དོན་གོ་དཀའ་བ་རྣམས་ནི། ནོར་རྒྱས་བུ་ནི་ཀླུ་ལྷག་མ་ཅན། ཏཀྵ་ཀ་ནི་འཇོག་པོ། ཀུ་ལི་ཀ་ནི་རིགས་ལྡན། ཤི་ཀ་པཱ་ལ་ནི་དུང་སྐྱོང་། ག་ན་པ་ཏི་ནི་ཚོགས་བདག །འདོད་ལྷ་ནི་བདུད་དགའ་རབ། འབྱེར་འཇིག་ནི་བརྒྱ་བྱིན།
བཀྲ་ཤིས་ནི་མིག་དམར། ཤ་ནི་ཤྩ་ར་སྟེང་ལ་འགྲོ་ནི་སྤེན་པ། ར་བ་ཏི་ནམ་གྲུ། ཨ་སི་ནི་ཞེས་པ་ཡིག་ནོར་ཏེ། ཨ་ཤྭི་ནི་ཞེས་པ་རྟ་ལྡན་མ་ཏེ་ཐ་སྐར། བྷ་ར་ཎི་ནི་རྐང་གདུབ་ཏེ་བྲ་ཉེའོ། །རལ་གྲི་མིག་སྨན་སོགས་ནི་ཐུན་མོང་གི་གྲུབ་ཆེན་བརྒྱད་སྟེ། རོ་ལང་ལྕེ་ཡི་རལ་གྲི་གྲུབ་པ་དང་། ས་འོག་གི་གཏེར་མཐོང་བའི་མིག་སྨན་དང་། རྐང་ཕྱུག་སྟེ་རྐང་མགྱོགས་དང་། ཚེ་རིང་བའི་བཅུད་ལེན་དང་། ཤིང་ལོའི་མཆིལ་ལྷྭམ་དང་། དངུལ་ཆུ་དང་། ས་འོག་ལྷ་མ་ཡིན་གྱི་སྒོ་ཕྱེ་བ་དང་། དེ་རྣམས་གྲུབ་པའི་ཐུན་མོང་གི་གྲུབ་ཆེན་བརྒྱད་དོ། །རྩིག་པའི་སྟེང་གི་ཐད་དུ་ཐོད་སྐམ་གྱི་མདའ་ཡབ་དང་འདོད་སྣམ་གྱི་མཐའི་སྟེང་ཐད་དུ་རྐང་ལག་གི་ཤར་བུས་མཛེས་པར་བྱའོ། །འཁོར་ལོ་ཕྱི་མའི་གདུང་ཟླུམ་གྱི་སྟེང་དུ་ཕ་གུ་ཁྲུ་གང་དྲ་ཕྱེད་ཀྱི་སེང་ཁང་ཁྲུ་དོ། །དེའི་སྟེང་དུ་གསེར་གྱི་གདུང་ལེབ་སྲབ་མོ་བཅས་ལ་རྩིགས་པའི་དཔང་དང་མཉམ་པའི་འཁོར་ལོ་གསུམ་པའི་ཀ་གདན། ཀ་བ་ཞུ་རིང་ཐུང་གདུང་ཟླུམ་རྣམས་བྲེས་པས་ཕྱོགས་རེར་ཕྱམ་བདུན་
བདུན་བཏང་ཏེ་ཐོག་ཕུབ་དྲ་ཕྱེད་ཤར་བུ་མདའ་ཡབ་རྣམས་ཀྱིས་སྤྲས་པ། དེའི་གདུང་ཟླུམ་གྱི་སྟེང་ནས་ཕ་གུ་ཆ་ཆུང་ཕྱེད། དྲ་ཕྱེད་ཆ་ཆུང་གཅིག །གསེར་གདུང་སྲབ་མོ་རྣམས་སྔར་བཞིན་བརྩེགས་པ་དང་། འཁོར་ལོ་གཉིས་པའི་མུ་ཁྱུད་སྟེང་ནས་ཀ་བ་ཞུ་ཐུང་རིང་གདུང་ཟླུམ་རྣམས་བྲེས་ལ་གདུང་ཟླུམ་ཕྱོགས་རེར་ཕྱམ་བདུན་བདུན་བཏང་ནས་ཐོག་ཕུབ་སོགས་སྔར་ལྟར་བྱ། དེ་ཡི་གདུང་ཟླུམ་གྱི་སྟེང་དུ་ཕ་གུ་དྲ་ཕྱེད། གསེར་གདུང་ལེབ་མོ་རྣམས་བཤད་མ་ཐག་པའི་ཚད་ཅན་སྔར་བཞིན་བརྩེགས། དེ་དང་དཔངས་མཉམ་པའི་འཁོར་ལོ་དང་པོའི་མཐར་མུ་ཁྱུད་སྟེང་མ་ཀ་གདན། ཀ་བ། ཞུ་ཐུང་རིང་གདུང་ཟླུམ་རྣམས་དེ་ལྟ་བུའི་ཚད་ཅན་བསྐལ་ཏེ། གདུང་ཟླུམ་གྱི་སྟེང་ནས་མིག་མང་རིས་ཀྱི་གདུང་བཞི་བཏང་ནས་རེའུ་མིག་དགུ་པ་བྱ། གདུང་བཞིའི་འཛོམས་ནས་ཀ་བ་ཆ་ཆུང་གཉིས་པ་བཞི་བསློང་བའི་རེའུ་མིག་དབུས་མའི་ཚད་མཉམ་གྱི་གདུང་གྲུ་བཞི་པ་ཞིག་གི་སྟེང་དུ། གདུང་སྲིད་དུ་ཆ་ཆུང་དྲུག་པ་གཉིས་རྒྱ་གྲམ་རིས་སུ་
བཏང་བས་ཟུར་བརྒྱད་འབྱུང་བའི་ཟུར་རྣམ་ནས་བསྟེག་ཐབས་ཀྱི་གདུང་བརྒྱད་བཏོང་ནས། གསེར་གྱི་རྒྱ་ཕིབ་ཀྱི་སྟེང་གཡོག་པའི་ཇོ་མོའི་སྣེ་མོར་ཤར་མདས་སྤྲས་པ། དབུས་ཀྱི་གདུང་རྒྱ་གྲམ་གྱི་སྟེང་དུ། རྡོ་རྗེ་ནོར་བུའི་ཏོག་གིས་མཛེས་པར་བྱའོ། །གཞན་ཡང་རོ་སྐྲའི་རྔ་ཡབ། ཞིང་གི་རྒྱལ་མཚན་སོགས་དྲག་པོའི་རྒྱན་དང་བཀོད་པས་སྤྲས་པར་བྱའོ། །འདི་ནི་ཆོས་འབྱུང་སྒོ་ཅན་གྱི་གཞལ་ཡས་ཁང་ཡིན་པའི་ཕྱིར། གྲུ་བཞི་སྒོ་བཞིའི་གཞལ་ཡས་ཁང་བཞིན་དུ་རྒྱ་དཔངས་མཉམ་པར་བྱས་ན་ཅུང་ཟད་མི་མཛེས་པས། སྒོ་ནི་འཁོར་ལོའི་བརྒྱད་ཆའོ། །ཞེས་པའི་ལུགས་འདི་བཞིན་བྱས་ན་མཚར་རམ་འགྱུར་རོ། །དེ་ལྟ་བུའི་གཞལ་ཡས་ཁང་གི་དབུས་ཀྱི་བར་སྣང་དུ་རང་ཉིད་ཀྱི་ཐུགས་ཀ་ནས་རྒྱུ་ཡི་ཡི་གེ་དཔལ་ལྷ་མོའི་ས་བོན་མ་སྔོ་སྐྱ་དང་། ནག་པོ་ཆེན་པོའི་ས་བོན་ཧཱུྃ་མཐིང་ནག་ཅིག་སྤྲོས་ནས་བཞུགས་པ་དེ་ལས་སྤྲོས་པའི་བཾ་ཡིག་འོད་དུ་ཞུ་བ་ལས་གདན་ཐབས་ཀྱི་ཆོས་འབྱུང་གི་སྟེང་དུ་སྣ་ཚོགས་པདྨ་འདབ་བརྒྱད་པའི་ཟེའུ་འབྲུར་མ་
སྦྲོས་པ་ལ་ཉི་མའི་དཀྱིལ་འཁོར་དུ་གྱུར། ཏི་ནག་པོ་སྤྲོས་ནས་དེ་ལས་འོད་ཟེར་ནག་པོ་འབར་བའི་ཚོགས་སྤྲོས་ནས་དགྲ་བགེགས་ཐམས་ཅད་ཚར་བཅད་ཚུར་འདུས་ཏིལ་ཐིམ་པས། ཨོཾ་གྷོར་ཏི་གྷརྡྷ་པ་ཧཱུྃ། ཞེས་པའི་ཡི་གེར་གྱུར། དེ་ཡོངས་སུ་གྱུར་པ་ལས་དྲེའུ་རྟ་སྔོ་ནག་གཅིག་ཏུ་བསྐྱོད། དེའི་སྒ་གོང་དུ་ནམ་མཁར་བཞུགས་པའི་མ་དང་ཧཱུྃ་ཡི་གེ་དེ་བབས་ནས། འོད་ཟེར་འཕྲོས། དགྲ་བགེགས་ཐམས་ཅད་ཚར་བཅད་ནས་སླར་ཚུར་འདུས་ནས་ས་བོན་གཉིས་ལ་ཐིམ་པས། ཨོཾ་ཡཀྵ་བེ་ཏ་ལི་ཧཱུྃ་ཛཿ ཞེས་དང་། ཨོཾ་ཤྲི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊཿ ཞེས་པའི་སྔགས་སུ་གྱུར་པར་བསམ། དེ་འོད་དུ་ཞུ་བ་ལས་དཔལ་ལྡན་ལྷ་མོར་གྱུར་པར་བསམ། དེ་ཡང་རྩེ་གསུམ་འཕྱར་སྟབས་དང་། ཕུར་པ་འདེབས་པའི་ཚུལ་དང་། སྦྲུལ་ཞག་འདེབས་པའི་ཚུལ་ཅན། མེ་ལོང་འཛིན་པའི་ཕྱག་གིས་ཡབ་ལ་འཁྱུད་པར་བསྒོམ་དགོས་ཞེས་བླ་མས་གསུངས། རེ་སྡེའི་སྨད་གཡོགས་ནི་རྩ་བསླས་མའི་སྨད་གཡོག་ཡིན་གྱི་རེ་བ་ནག་པོ་མིན་པ་ཤེས་དགོས།
འཇོལ་བེར་ནི་དར་ནག་པོའི་གོས་ཕུ་དུང་ཤིན་ཏུ་ཆེ་བར་བྱས་པའོ། །དེའི་པང་དུ་ཡབ་ཁམས་གསུམ་ཟ་བྱེད་རྡོ་རྗེ་ནག་པོ་ཆེན་པོ་འཁྱུད་པར་བསྐྱེད་པ་ནི་ཆོ་གའི་གཞུང་དངོས་བསྟན་ལྟར་ཡིན་ཅིང་། ཞལ་སྦྱོར་བདག་བསྒོམ་གྱི་སྐབས་སུ་མགོན་པོ་ལ་ལྷ་མོས་འཁྱུད་པར་བསྒོམ་ཞེས་གསུངས་སོ། །བདག་བསྒོམ་ལའང་གཞུང་གི་དངོས་བསྟན་ལྟར་ལྷ་མོའི་པང་དུ་མགོན་པོ་བསྒོམ་པའང་མི་རུང་བ་ནི་མ་ཡིན་ཏེ། དཔེར་ན་གོ་བཟློག་ལྷན་སྐྱེས་མ་བཞིན་ཏེ། ཡི་དམ་གྱི་ལྷ་གནད་ལ་དབབ་པའི་མན་ངག་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་དགོངས་པ་ཡིན་ནོ། །འཁོར་ལོ་དང་པོའི་རྩིབས་བརྒྱད་ལ་ནག་པོ་ཡབ་ཡུམ་བཅུ་དྲུག་བསྐྱེད་དགོས་ཤིང་། ཡུམ་བརྒྱད་ཀྱི་མཚན་ནི། སྲིན་མོ་ཟ་བྱེད་གདོང་དམར་མ། །མ་མོ་གཏུམ་དྲག་རྔམ་པ་མོ། །བདུད་མོ་ནག་མོ་ཁ་འབར་མ། །མོན་མོ་ནག་མོ་ལག་དམར་མ། །སྒྲོལ་གིང་ནག་མོ་མཐུ་ཆེན་མ། །ལྷ་མོ་ཆེན་མོ་ཙ་རྩེ་ཀ །བང་རིམ་གསུམ་གྱི་མ་མོ་ཆེ། །རྡོ་རྗེ་བདུད་སྲིན་མ་མོ་རྣམས་སོ། །ཡབ་ཡུམ་
ཐམས་ཅད་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པ། དྲེའུ་རྟ་སྔོ་ནག་གི་སྟེང་ན་ཡབ་རྣམས་བཙན་སྐྱིལ་གྱིས་བཞུགས་པའི་པང་ན་ཡུམ་རྣམས་ཀྱིས་འཁྱུད་པར་བསྐྱེད། འདི་ནི་མ་མགོན་བེར་ནག་གི་རྒྱུད་ཀྱི་དགོངས་པ་གྲུབ་ཆེན་པཀྴིའི་ཡབ་ཆོས་ཡིན་ཏེ། འདི་ཉིད་ཁོ་ན་ཡང་རྐང་ཚུགས་པའི་ལུགས་སྲོལ་གཅིག་ཡིན་ཅིང་། རྗེ་བླ་མ་དམ་པས་ཀྱང་བསྐང་གསོའི་ཆོ་ག་གསར་གནང་ཀྱང་འདི་ཁོ་ནའོ། །ཇི་སྐད་དུ། གྲུབ་ཐོབ་པཀྴིས། རང་ཉིད་མ་མགོན་ཞལ་སྦྱོར་དུ་བསྒོམ་ནས། རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་མ་མགོན་བཅོ་བརྒྱད་ཆར་བབས་པ་ལྟར་རང་ལ་ཐིམ་པར་བསྒོམ་ཞིང་སྔགས་འདི་ཆུ་བོའི་རྒྱུན་བཞིན་བཟླས་པས། མཐུ་སྟོབས་མ་མགོན་རང་དང་མཉམ་ཞིང་ཕྲིན་ལས་ཀྱིས་འཛམ་གླིང་ཁྱབ་པ། མིང་ཡོངས་སུ་གྲགས་པའི་ཀརྨ་པ་དང་མཉམ་པར་འགྱུར་རོ། །ཞེས་གསུངས་སོ། །འཁོར་ལོ་གཉིས་པ་ལ་ཤར་སྟོད་ཀྱི་རྩིབས་ལ་ལྷ་མགོན་གཙུག་ཕུད་ཅན་དང་། ནུབ་སྨད་ཀྱི་རྩིབས་ལ་
སའི་ལྷ་མོ་དང་བཅས་པའི་ཕྱོགས་སྐྱོང་བའི་མགོན་པོ་བཅུ་བསྒོམ་པ་སྟེ། འདི་རྣམས་ཀྱི་ཕྱག་མཚན་གྱི་སྐབས། ཙན་དན་གྱི་གྲུ་ཚལ་ནི་ཤིང་གི་གློ་ཕག་སྟེ། ཁམས་སྐད་གཤག་འགེས་ཞེས་པ་དེ་ཡིན་པར་བླ་མས་བཞེད། གྲུའི་སྐྱ་བ་ཡིན་པར་ཡང་བཞེད། ལྡོང་དྲིལ་ནི་ཤིང་སྦོམ་པོའི་ཁྲིག་པ་སྟེ། ས་རོང་རྣམས་སུ་ལམ་འགགས་ནས་དམག་ནང་ལ་བསྒྲིལ་རྒྱུ་མང་པོ་བསྒྲིགས་བཞགས་ཡོད་པ་དེ་ཡིན་བླ་མས་གསུངས། ཡ་ལད་ནི་གོ་ཁྲབ་ཡིན། བ་དན་ཁྲ་བོ་ཞེས་པ་བོད་ཀྱི་ཕྱར་དར་ཁྲ་བསྒྲིགས་བྱས་པ་དེ་ཡིན། མགོན་པོ་ཡབ་རྐྱང་ལ་ཕྱོགས་བཅུའི་མགོན་པོས་བསྐོར་བའི་འགྲོ་མགོན་རས་ཆེན་གྱི་བཞེད་པ་མགོན་པོ་ནོར་ལྷ་ལྟར་བསྒྲུབས་པའི་ལུགས་ཏེ་རྐང་ཚུགས་པའི་སྒྲུབ་ཐབས་གཅིག་ཡིན་ནོ། །འཁོར་ལོ་གསུམ་པ་ལ་དྲེག་པའི་གཙོ་བོ་བདུན་ཅུ་རྩ་གཉིས་པོ་འདི་ནི་པར་ནག་གི་རྒྱུད་སོགས་ལྷ་མོའི་རྒྱུད་ཕལ་ཆེར་ལས་བསྟན་པའི་ལྷ་མོའི་ཁྱོ་རྣམས་ཡིན་ཅིང་། ཡུམ་རྐྱང་ལ་དྲེགས་པ་དོན་གཉིས་ཀྱི་བསྐོར་བའི་སྒྲུབ་ཐབས་ནི། ལྷ་མོ་
པར་བུའི་ལུགས་ཡིན། ནུབ་ཕྱོགས་སུ་བཞུགས་པའི་དུར་ཁྲོད་ནག་པོ་ཆེན་པོ་ཞེས་པ་འདི་འཇིག་རྟེན་གྱི་མགོན་པོ་བེར་ནག་ཟངས་གྲི་ཅན་ཡིན་ཅིང་། དབང་ཕྱུག་ཆེན་པོའི་འཁོར་རབ་འབྱམས་བརྒྱད་ཀྱི་ནང་ཚན་ནག་པོ་ཆེན་པོ་དེ་ཡིན་ཅིང་། ཟངས་གྲི་ཞེས་པ་ནི་བལ་པོའི་བཟོ་བོ་རྣམས་ལ་ཡོད་པའི་ཟངས་གཅོད་བྱེད་ཀྱི་གྲི་རྒུ་པོ་དེ་ཡིན་གྱི་ཟངས་ལས་བྱས་པ་ནི་མ་ཡིན་ནོ། །འཁོར་ལོ་ཐ་མའི་ཤར་གྱི་སྤྱང་ཞོན་མ་བདུན། བྱང་གི་ཕུར་བུ་མ་བདུན། ནུབ་ཀྱི་ཟངས་གི་རལ་གྲི་འཛིན་མ་བདུན། མཚོན་ཆའི་འཁོར་ལོ་མ་བདུན་རྣམས་ནི་སྤྱང་ཞོན་མའི་སྐུ་ཡི་རྣམ་འགྱུར་ཡིན་ཅིང་། དབང་མོ་ཉེར་བརྒྱད་སྐབས། སྲིན་མོ་དང་ཚངས་མ་སོགས་ཟེར་བ། སྲིན་པོ་དང་ཚངས་པའི་ཆུང་མ་སོགས་ཤེས་དགོས་ལ། རྣ་ཆ་དཀར་མོ་ཞེས་པའང་ཡི་གེ་ནོར་ཏེ། རྣ་ཅན་ཞེས་འདོན་དགོས་ཏེ། རྣ་བ་ཅན་གྱི་ཆུང་མ་ཡིན་པས་སོ། །བུམ་སྣ་ཞེས་པ་ནི་ཡིག་སྐྱོན་ཏེ། བུམ་རྣ་ཞེས་འདོན་དགོས་ཏེ་རྒྱལ་པོ་ཀུམྦྷ་ཀ་རྣའི་ཆུང་མ་ཡིན་པས་སོ། །མི་མོ་
ཞེས་པའང་ཡི་གེ་ནོར་ཏེ། མེ་མོ་ཞེས་འདོན་དགོས་ཏེ། མེ་ལྷའི་ཆུང་མ་ཡིན་པས་སོ། །རྣམ་ཐོས་ཞེས་པའི་མལ་དུ་གསུས་འཕྱང་ཟེར་བའང་ཡོད། རྡོ་རྗེ་ནག་མོ་ཞེས་པའང་ཡི་གེ་མ་ཚང་བ་སྟེ། བཛྲ་མཱ་ཧཱ་ཀཱ་ལི་ཞེས་འབྱུང་བས། རྡོ་རྗེ་ནག་མོ་ཆེན་པོ་ཞེས་འདོན་དགོས་སོ། །དགའ་བྱེད་དམར་མོ་ཞེས་པའང་ཡི་གེ་ནོར་ཏེ། ཙ་མུནྜཱི་ཞེས་ཡོད་པས་རྒན་བྱད་ཞེས་འདོན་དགོས་བེ་ཅོན་ལྗང་ནག་ཞེས་པ། རྒྱ་སྐད་དནྜ་དམ་ཞེས་ཡོད་པས་ཆད་འདུལ་ཞེས་བསྒྱུར་དགོས་སྙམ། སོ་མྱ་ཞེས་པ། ཞི་བར་བསྒྱུར་ཡང་། དཀྱུས་བཞིན་ཟླ་བ་དཀར་མོ་ཞེས་པ་ལེགས། རྒྱ་སྐད་བཛྲ་སིང་ཧ་མ་ཞེས་ཡོད་པ། རྡོ་རྗེ་དམར་སེར་མ་དོམ་གྱི་མགོ་ཞེས་དགོས་འདྲ། མགྲིན་ཆུ་ཞེས་པའང་ཡིག་སྐྱོན་ཏེ། མགྲིན་བཅུ་ཞེས་འདོན་དགོས། སྲིན་པོའི་རྒྱལ་པོ་ངྷ་ཤ་གྲྀ་བའི་ཆུང་མ་ཡིན་པས་སོ། །དེ་འདྲའི་རྒྱུ་མཚན་མང་དུ་བཤད་ཡོད་ཀྱང་ཡི་གེ་མང་བས་རྒྱས་པར་མི་སྤྲོ་ལགས། འདི་རྣམས་ཀྱི་ཕྱག་མཚན་གྱི་དོགས་གནས་ནི། གསལ་ཤིང་ཞེས་པ་འདི་སྐབས་རྙིང་མའི་
གཞུང་ཆེན་དུ་མེ་སྒྲོན་འཛིན་པ་ཞེས་འབྱུང་བས་མེ་སྒྲོན་ཡིན་པར་མངོན་ནོ། །ཨིནྡྲ་གདེངས་པ་ཞེས་པ། ཨིནྚ་ཡིན་ན་རྒྱུ་མ་ཡིན་ལ། རྙིང་མའི་གཞུང་རྣམས་སུ་འདིའི་ཕྱག་མཚན་རྒྱུ་མར་བཤད། ཙིནྡྷ་འཐུང་བ་ཞེས་པ་ནི་པདྨ་རཀྟས་གང་བའི་ཐོད་པའོ། །ཞིང་ཆུང་ནི་བྱིས་པའི་རོ་འོ། །པུནྜ་རི་ཀཱ་ནི། མེ་ཏོག་པདྨ་དཀར་པོའོ། །རྐེ་དར་འཕྱར་བ་ནི། རྐེ་པ་ཡར་བསྲིང་བའོ། །ཏྲི་ཤུ་ལ་རྩེ་གསུམ་མོ། །སྐྱིན་གྱི་མགོ་ཞེས་པ་ཁ་ཅིག་སྐྱིན་གཡག་ཟེར་བའི་ནགས་སུ་ཡོད་པའི་དུད་འགྲོ་འབྲི་འདྲ་བ་ཞིག་ལ་ངོས་འཛིན་ཡང་གཙང་ཕག་རྒྱ་བོ་ཡིན། ཟེར་མོ་ནི་ནགས་ཀྱི་བྱ་ཟེ་རེ་ཟེར་བ་སྒྲོ་ཡི་གཙུག་ཕུད་ཅུང་ཟད་ཡོད་པ་ཞིག་གོ །ཀླུའི་སྲིང་མོ་དཀར་མོ་གཡོག་ཐོད་མ་ནི་མིང་ཡིན་རྒྱན་སྐུ་མདོག་རང་དམར་པོའོ། །ནག་མོ་སྡེེར་ཆེན་ནི་མིང་ཡིན། སྐུ་མདོག་ནི་སེར་མོའོ། །བ་དན་སྟ་གྲི་ཞེས་པའི་སྟ་གྲི་ནི་སྟ་རེའོ། །དྲེགས་པ་རྐྱ་གསུམ་ནི་གྲུ་ཆད་གསུམ་དུ་འགོད་པའོ། །སྐབས་འགར་གཙོ་བོའི་མདུན་གཡས་གཡོན་དུ་བཀོད་པའང་ཡོད་
དོ། །དེ་ལྟར་གཙོ་བོ་མ་མགོན་ལྕམ་དྲལ་ལ་འཁོར་དུ་དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཀྱི་ཚོགས་དུ་མས་བསྐོར་བ་འདི་འདྲ་ནི་བཀྲ་ཤིས་སྒབ་འཇམ་པ་དང་། ཚན་ཆེ་ཞིང་སྟོབས་ཆེ་བ་སྲིད་པ་གཏེར་ཁྱིམ་སོགས་ལས་བཤད་དོ། །དེ་ནས་ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་སོགས་དང་། ལྷ་མོའི་ཐུགས་ཀར་ཉི་མ་ལ་བྷྱོཿ མགོན་པོའི་ཐུགས་ཀར་ཟླ་བ་ལ་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་དང་ལས་དང་། འཇིགས་རྟེན་གྱི་མགོན་པོའི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་བས་མདུན་གྱི་ནམ་མཁར་བཞུགས་པར་བསམས་ལ། ཧཱུྃ་དད་པ་དང་ནི་དམ་ཚིག་གིས། །སོགས་ཚིག་གིས་ཀྱང་སྤྱན་དྲངས། དེ་ནས་ཡེ་ཤེས་པ་དེ་རྣམས་ལ་ཁྲག་གི་མཆོད་ཡོན། དུག་དང་དབང་ལྔའི་མེ་ཏོག །ཚིལ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། རོ་ཐལ་གྱི་བྱུག་པ་ཤ་ཆེན་གྱི་ཞལ་ཟས། ཐོད་རྔ་རྐང་གླིང་གི་རོལ་མོ་རྣམས་ཀྱིས་མཆོད་ནས། ཛཿཧཱུྃ་བཾ་ཧོཿ ཞེས་པས་དམ་ཚིག་པ་རྣམས་དང་གཉིས་མེད་དུ་འདྲེས་པར་བསམ། ཧཱུྃ་གཏུམ་པོ་འཇིགས་རུང་སོགས་
ཀྱིས་གདན་འབུལ། དེ་ཡང་ཆུ་སྐྱེས་གཙོ་བོ་ནི་པདྨ། སྣང་བྱེད་བདག་པོ་ནི་ཉི་མའོ། །རི་དྭགས་དགྲ་ནི་སེང་གེ །དཀར་མིན་མྱུར་འགྲོ་ནི་རྟ་ནག །རྐང་རྟེན་ནི་ཁྲི། ཆེན་པོ་དག་ལ་ཡོངས་སུ་འོས་པ་ནི། རྒྱལ་པོ་ལ་ཐོབ་པའི་གསེར་ཁྲི་སོགས་སོ། །སྐབས་གསུམ་གོས་ནི། ལྷ་ཡི་དར་ཟབ་ཀྱིས་གཡོག་པའོ། །འབྱུང་པོ་འགའ་ཞིག་ལྔ་པར་གྱུར་པ་ནི་ཤི་བའི་རོ། །ཤ་དང་ཁྲག་རྣམས་སྤངས་ནི་ཀིང་རུས་སོ། །ཕ་རོལ་ཕ་རོལ་མིན་པ་འཁྲུག་པ་ནི་ཡུལ་འཁྲུགས་པ། གཙོ་བོའི་དབང་པོ་ནི་མགོ་བོ། འབར་བའི་མཚོན་གྱིས་རེག་པ་ནི། གྲི་མདུང་སོགས་ཀྱིས་བརྒྱབ་པའོ། །སྡུག་བསྔལ་དབྱུག་གུས་ནི། མདའ་གྲི་སོགས་ཀྱིས་རྒྱབ་པའི་ན་ཚས་ངུ་བའོ། །ཐུར་དུ་མངོན་པར་ཕྱོགས་པ་ནི་མི་རོ་ཁ་སྦུབས་ཁྲག་ཟག་བཞིན་པ་སྟེ། དེ་ལྟ་བུའི་རོ་སྣ་ཚོགས་ཀྱི་ཁྲི་བརྩེགས་པའི་གདན་འབུལ་བའོ། །དེ་ནས་དམ་བཞག་གི་སྐབས། རང་ཉིད་ལེགས་ལྡན་དུ་བསྒོམ་པ་ཡིན་ན། སྲས་མཆོག་ནག་པོ་ཆེན་པོའི་མགོར་རྡོ་རྗེ་བཞག་སྟེ་དམ་ལ་བཞག་པར་
བསམས། བདག་མདུན་གཉིས་ཀ་བེར་ནག་ཅན་དུ་བསྒོམ་པ་ཡིན་ན། བདག་ཉིད་ཡེ་ཤེས་ཀྱི་མགོན་པོ་ཡབ་ཡུམ། མདུན་གྱི་མ་མགོན་ནི་འཇིག་རྟེན་རང་རྒྱུད་ཀྱི་མགོན་པོ་ཡིན་པ་ལ་དམ་ཚིག་རྡོ་རྗེ་སྤྱི་བོར་བཞག་པར་མོས། རང་གི་ཐུགས་ཀ་ན་སྔགས་ཕྲེང་འཕྲོས། མདུན་གྱི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས། སྔོན་གྱི་དམ་ཚིག་དྲན་པར་བསམ། དེ་ནས་དབང་བསྐུར་རྒྱས་བཏབ་ཀྱི་སྐབས། བླ་མ་མི་བསྐྱོད་པའི་རྣམ་པ་ཅན་གྱིས་དབུ་བརྒྱན་པའམ། མན་ངག་གི་ལུགས་ལ་གྲུབ་ཆེན་ཀརྨ་པཀྴི་སྐུ་མདོག་སྨུག་ནག་ཕྱག་གཉིས་ས་གནོན། དབུ་ཞྭ་ཞྭ་ནག་སོགས་ཀྱི་ཆས་ཅན་གྱིས་དབུ་བརྒྱན་པར་ཡང་བཤད་དོ། །སྲེད་མེད་ཀྱི་བུ་ནི་སངས་རྒྱས་སྲེད་མེད་ཀྱི་བུ་ཡིན། དེ་ནས་ཕྱག་འཚལ་བའི་སྐབས་སུ། རང་གི་ཐུགས་ཀ་ནས་ཐ་མལ་པའི་ལུས་གྲངས་མེད་སྤྲུལ་ཏེ་ཕྱག་འཚལ་བར་བསྒོམ། དེ་ནས་མཆོད་རྫས་བྱིན་གྱིས་བརླབས་པ་ནི་གོ་བར་ཟད་ལ། སྐབས་གསུམ་དགྲ་ནི་ལྷ་མིན། སྲིན་པོའི་བདག་པོ་ནི་ལངྐ་མགྲིན་བཅུ་སོགས་ཀྱི་ཁྲག་གི་མཆོད་ཡོན།
ཕྲ་མོར་གནས་ཀྱང་སོགས་ནི་དུག་གི་མེ་ཏོག་དང་། མི་ཡི་དབང་པོ་རྣམ་ལྔའི་མེ་ཏོག་དུར་ཁྲོད་དུ་མི་རོ་མི་ཚིལ་བསྲེགས་པའི་དུད་སྤྲིན་དབྱར་སྐྱེས་ཏེ་སྤྲིན་ཕུང་འཐིབ་པ་ལྟ་བུའི་བདུག་སྤོས་སོ། །ངན་འགྲོའི་རྒྱུ་སྡིགས་པ་ལ་དགའ་པའི་མི་ཡི་ཚིལ་ཞུན་དང་། དཀར་མིན་ཆེན་པོ་སྟེ་མར་ནག་ཆེན་པོའི་མར་ཁུའོ། །ཡི་དྭགས་མེ་ཏེ་དམྱལ་བའི་མེས་སྦར་བའི་མར་མེའི། སྲོག་སོང་ཏེ་རོ། འབར་བས་བྲེས་པ་ནི་མེས་བསྲེག་པའི་མི་རུས་ཐལ་བ་དཀར་པོ་དང་། ཁྲག་དང་ཞག་གི་བྱུག་རྫས་དྲི་ཆབ་བོ། །རྫོགས་པའི་སངས་རྒྱས་ཀྱི་ཚུལ་ལུགས་དང་། གཞན་མིན་པ་སྟེ། རང་ཉིད་ལ་སྡང་བའི་དགྲ་བགེགས་ཀྱི་ཤ་ཁྲག་ལྷུན་པོ་ལྟར་སྤུངས་པའི་ཞལ་ཟས་སོ། །ཡན་ལག་གི་མཆོག་མགོ་བོ་ལས་བྱས་པའི་ཌཱ་མ་རུ་ཞེས་པ་ནི་སྒྲ་སྒྲོགས་པའི་ཐོད་རྔ་དང་། རྐང་ལས་སྐྱེས་པའི་དུང་རྣམས་ནི། མཁའ་ལ་ཕྱོགས་བཞིའི་རླུང་ཐུག་པའི་སྒྲ་རྫིག་ཆོམ་གྱི་སྒྲོགས་བཞིན་པའི་དྲག་པོའི་རོལ་མོ་རྣམས་སོ། །སྐབས་གསུམ་གྲོང་ནི་ལྷ་གནས་སུམ་ཅུ་རྩ་
གསུམ། དེས་མཚོན་པའི་ལྷུན་པོ། གླིང་རྣམས་དང་། རིན་ཆེན་ས་འཛིན་ཏེ་གསེར་གྱི་རི་བདུན་དང་རོལ་པའི་མཚོ། དག་བྱེད་མུ་ཁྱུད་མཐའི་རྒྱ་མཚོ་ཏེ། མདོར་ན་མཎྜལ་འབུལ་བའོ། །དེ་ནས་ཚོགས་འཁོར་ནི་བདུད་རྩི་བྱིན་བརླབས་དང་འདྲ་བས་རྒྱས་པར་སྨོས་མ་དགོས། རྣལ་འབྱོར་མའི་ཚོགས་པའམ། རེ་རེ་ཡང་མེད་པ་འདི་འདྲ་བ་དཔའ་བོའི་སྟོན་མོ་ཟེར། གསང་སྔགས་ནང་གཏོར་གྱི་སྐབས་བདུད་རྩི་བྱིན་བརླབས་འདི་ཕ་རྒྱུད་ཀྱི་ལུགས་ཡིན་སྣང་། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་སོགས་ཀྱིས་དོན་བརྒྱུད་ཀྱི་བླ་མ་རྣམས་ལ་ཕུལ། སློབ་དཔོན་ཆེན་པོ་ཌོམྦི་པ་སོགས་ཀྱིས་བེར་ནག་ཅན་གྱི་བླ་བརྒྱུད་ལ། སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་སོགས་ཀྱིས་ལྷ་མོར་རང་བྱུང་མའི་བླ་བརྒྱུད་ལ་འབུལ། ཡི་དམ་རྣམས་ལ་སོ་སོའི་ཁ་བྱང་ཡོད་ཅིང་། ཨོཾ་བཛྲ་ཌྷྲིཀ་ཧཱུྃ་ཕཊཿ ཞེས་པས་གསང་འདུས་འཕགས་ལུགས་མི་བསྐྱོད་རྡོ་རྗེ་ཡིན་ཀྱང་འཇམ་རྡོར་ཞེས་ཁ་བྱང་ནོར་འདུག །ཧཱུྃ་བདེ་གཤེགས་འདུས་པ་སོགས་ནི། དོན་ལྡན་ཞབས་ཀྱི་རྟ་ནག་
དྲེགས་པ་འདུལ་བྱེད་ལའོ། །ཨོཾ་ཁ་ཁ་ཁཱ་ཧཱི་སོགས་ནི། མཁའ་འགྲོ་སྤྱི་གཏོར་ཡིན། དེ་ནས་སྨན་རག་གཏོར་གསུམ་འབུལ་བ་ལས། དང་པོ་གཏོར་མ་བྱིན་བརླབས་ནི། སྟོང་པར་གྱུར་པའི་རང་ཉིད་ལས་སོགས་ཏེ། རླུང་མེ་ཐོད་སྒྱེད་ལ་གནས་པའི་ཐོད་པའི་སྣོད་ནང་དུ་ཟླ་བ་ལ་གནས་པའི་དབུས་དང་ཕྱོགས་བཞིར་བདུད་རྩི་ལྔ། ཡང་དབུས་དང་མཚམས་བཞིར་ཤ་ལྔ། སྟེང་དུ་ཉི་མའི་ཁ་བཀབ་ལ་རྡོ་རྗེའི་གྲི་གུག་གིས་ལྟེ་བར་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། རླུང་གཡོས། མེ་སྦར་མེས་ཐོད་པ་དྲོས་རྫས་རྣམས་ཁོལ། སླར་ཡང་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་བསྟིམ། གྲི་གུག་གིས་འདྲེས་པར་དཀྲུགས། གྲི་གུག་ཡང་བདུད་རྩིར་ཐིམ་པར་བསམ། ཧཱུྃ་བླ་མེད་མཆོད་པ་སོགས་ནི། བདུད་རྩིའི་དོན་དང་། བྷྱོཿ རིན་ཆེན་ཨིནྜཱ་ནི་ལའི་སོགས་ཛ་གད་འབུལ་ཚིག་དང་། བྷྱོ་རཀྟ་ཁྲག་སོགས་ནི། རཀྟའི་འབུལ་ཚིག་དང་། བྷྱོཿ གཞོང་པ་རྣམ་དག་སོགས་ནི་གཏོར་མ་འབུལ་བའི་ཚིག་སྟེ། གཞོང་པ་རྣམ་དག །ཟླ་གམ་ནི་བྷནྡྷའི་
དོན་དང་། ཚེ་དང་འགལ་ལ་ངོས་འཛིན་མང་ཡང་འདི་སྐབས་ཐབས་ཤེས་ཀྱི་རྫས། ཤ་དང་ཆང་། ཟན་དང་ཤ་སོགས་ལ་འཇུག །དཀར་གྱི་ཐིག་བཏབ་སོགས་ནི། མར་རྒྱན་དང་ཤ་རྒྱན་ལ་ཡང་བཤད་མོད། འདི་སྐབས་ཐོད་པའི་ནང་གི་ཟླ་བ་དང་ཉི་མ་ལ་སྦྱར། ཚིག་དེ་རྣམས་རྟ་མགྲིན་ནག་པོ་ནས་ཡིན་ནོ། །དེ་ནས་ལྷ་ཚོགས་ཐམས་ཅད་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མ་ལ་ཟུག་སྟེ་གསོལ་བར་བསམ་ལ། སྔགས་རྣམས་བརྗོད་དོ། །རྣམ་སྲས་སོགས་ཆོས་སྐྱོང་སྒེར་པ་འདི་རྣམས་མདུན་བསྐྱེད་མགོན་པོའི་དཀྱིལ་འཁོར་གྱི་མཐའ་ནས་ཕྱོགས་གང་རིགས་སུ་བསྒོམ་པར་བཞེད། རྣམ་སྲས་ཀྱི་ས་བོན་ནི་བཻ་ཡིག་གི་མཐའ་བསྐོར་དུ། ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཞེས་པ་ནི་ངལ་བསོའི་བུ་དང་བཻ་ཤྲ་མ་ཎཱ་ཡ་ཞེས་པ་རྣམ་ཐོས་བུ་ཏེ་གྲགས་པ་ཆེ་བའི་དོན་ཡིན་གསུངས། དེ་གཉིས་ཀ་རྒྱ་དཔེར་ཡོད་པས་ཁྱད་མེད་གསུངས་སོ། །དེ་ཡི་ཕྲུ་མ་གཞོམ་པ་དང་། ཞེས་པའི་ཕྲུ་མ་ནི་དམག་སྒར་རོ། །རྩི་པི་ཀུཎྜ་ལ་ཞེས་པ་བོད་སྐད། མ་ནེ་འཁྱིལ་བ་
ཞེས་པའོ། །ཀུ་ཝེ་ར་ནི་ལུས་ངན་ཞེས་པའོ། ༈ །སྔགས་བདག་གི་ཐུགས་སྲོག་ནི་ཕུ། ཕྱག་ཐལ་མོ་སྦྱར་བའི་བར་དུ་གསེར་གྱི་བུམ་པ་བདུན་རྩིས་གང་བ་འཛིན་པ་བསྐྱེད། ཨོཾ་ཕུཿཕུཿཕུ་ཏ་སོགས་ཟེར་བའང་འདུག ༈ །དམ་ཅན་མགར་ནག་གིས་བོན་ཏྲི་ཡིན། དབུ་སྐྲ་གྱེན་བརྫེས་ཐོད་སྐམ་གྱི་བརྒྱན་པ་ཡིན། དབུ་ལ་འུག་པའི་ཞྭ་མོ་གྱོན་པ་སོགས་ནི། འོབ་ཞུ་ཞེས་པའི་དོན་མ་ཤེས་པའི་ནོར་བ་རྒྱུན་འབྱམས་ཡིན་ནོ། །ཨ་ཛ་ཙིཏྟ་ཞེས་པར་ཡི་སྙིང་ངོ་། དགྲ་བགེགས་ཨ་ཛ་ལས་བྱུང་ཞེས་པའང་། ར་ཡི་ཁྲག་གོ ༈ །སྲིན་མགོན་ཡབ་ཡུམ་འདི་རྒྱ་ལའི་དོང་བདག་དང་གཅིག་པར་བཞེད། ཤང་ལང་ནི་རལ་གྲིའོ། །ཞིང་སྐྱོང་གི་དམར་གཏོར་ཞེས་པ་ཐོད་པ་ཤ་ཁྲག་གིས་གང་བའོ། །ཨ་མྲ་བརྩེགས་པའི་ཚལ་ཞེས་པ་ནི། མཐའི་རྒྱ་མཚོའི་ཁར་རི་ཤིན་ཏུ་རྣོན་པོ་ཨ་མྲ་ཟེར་བ་ཡོད་པ། དེ་དང་འདྲ་བའི་མཆེ་བ་གཙིགས་པའི་དོན་ཡིན་ནོ། །གྷ་ཡ་ངྷ་ར་ནི་སྤྲིན་འཛིན་ཏེ། ཞལ་རས་ཆར་སྤྲིན་མཐིང་ནག་ལྟ་བུ་ཡོད་པས་སོ། །མཁའ་འགྲོ་
སྤྱི་གཏོར་སྐབས། གནས་དང་ཉེ་བའི་གནས་ཞེས་པ་ནི། གནས་ནི་གནས་ཉེར་བཞི་དངོས་དང་། ཉེ་བའི་གནས་ནི་དེའི་གནས་ལག་ལྟ་བུའོ། །ཞིང་ཡང་དེ་དང་འདྲ། འདུ་བ་ནི་ཞིང་སྐྱེས་ཀྱི་དཔའ་བོ་མཁའ་འགྲོ་རྣམས་ཚོགས་འཁོར་ལ་འདུ་བའི་གནས་སོ། །འཐུང་གཅོད་ནི་བརྩེ་བའི་གནས། ཚནྡྷོ་ནི་དཔའ་བོ་མཁའ་འགྲོ་རྣམས་ཁྲུས་བྱེད་པའི་གནས་སོ། །ཞིང་སྐྱེས་ནི་རང་བཞིན་སྐྱེས་ཐོབ་ཀྱི་དཔའ་བོ་རྣལ་འབྱོར་མ་རྣམས་སོ། །ལྷན་སྐྱེས་ནི་རྡོ་རྗེ་ཕག་མོ་དང་ལཱ་མ་ལ་སོགས་པ་རྣམས་སོ། །སྔགས་སྐྱེས་ནི་ད་ལྟའི་ལུས་འདི་ཡིས་སྔགས་གྲུབ་པའོ། །རིགས་སྐྱེས་ནི། ཞིང་སྐྱེས་ཀྱི་ནང་ཚན་ལཱ་མ་ལ་སོགས་པའི་རིགས་སོ་སོ་རྣམས་སོ། །གནས་སྐྱེས་ནི་ཙཱ་རི་སོགས་སུ་ཡོད་པའི་སྣང་བ་དང་མི་སྣང་བའི་དཔའ་བོ་མཁའ་འགྲོ་རྣམས་ཏེ་འདི་ཡང་ཞིང་སྐྱེས་སུ་འདུའོ། །ལས་སྐྱེས་དང་ལྷན་ཅིག་སྐྱེས་པའི་ལྷ་ནི་རང་ལ་འགོ་བའི་ལྷའོ། །ཤིང་ཀི་རིའི་མཆོད་རྟེན་ནི་བོད་སྐད་དུ། རི་ཉལ་ཞེས་པའོ། །གཞི་བདག་གཏོར་མའི་སྐབས། ད་ལྟའི་གླིང་བཞི་
པ་འདི་ལ་སྟོང་གཅིག་པ་ཟེར། དེ་འདྲ་སྟོང་ཕྲག་གཅིག་ལྕགས་རིའི་བསྐོར་བ་སྟོང་བར་པ། དེ་འདྲ་སྟོང་ཕྲག་གཅིག་ལྕགས་རིའི་བསྐོར་བ་སྟོང་གསུམ་པ་སྟེ་མངོན་པ་ནས་བཤད་པའི་གླིང་བཞི་བྱེ་བ་ཕྲག་བརྒྱའོ། །སྟོད་མངའ་རི་སྐོར་གསུམ་ནི། གུ་གི་གཡའ་ཡིས་བསྐོར། པུ་རོང་ཆབ་ཀྱིས་བསྐོར། ཏི་སེ་གངས་ཀྱིས་བསྐོར། དབུས་གཙང་རུ་བཞི་ནི། དབུས་ལ་ལྷ་རུ་དགེ་རུ་གཉིས། གཙང་ལ་གཡས་རུ་གཡོན་རུ། མདོ་ཁམས་སྒང་དྲུག །ཟལ་མོ་སྒང་། ཀེ་རེ་སྒང་། སྤུ་འབོར་སྒང་། མཛོ་སྒང་། ཚ་བ་སྒང་། རབ་སྒང་དང་དྲུག་གོ །སྤར་ཁ་བརྒྱད་ཞེས་པ་རྒྱ་ནག་གི་སྐད་ཟུར་ཆག་པ་སྟེ། བཱ་བརྒྱད་ཀྭ་ཟུར་ཏེ། ཟུར་བརྒྱད་ཅེས་པའོ། །ཐེ་སེ་ཡང་ཟུར་ཆག་སྟེ། ཐི་ཡན། གནམ་སུའི་ལོ་སྟེ་གནམ་ལོ་ཞེས་པའོ། །ཕ་རི་དང་གཡས་རི་སྟབས་གཅིག །ཚུར་རི་དང་གཡོན་རི་སྟབས་གཅིག་སྨོས་པའོ། །བོད་ཀྱི་མགུར་ལྷ་བཅུ་གསུམ་ནི། ཐང་ལྷ་ཡར་ཞུར། ཤམ་པོ་རྩ་ལྷ། བྱས་ཡག །སྐུ་ལྷ་གངས་དཀར། སྒྱོག་ཆེན་གདོང་ར། དགྲ་ལྷ་འབྲོང་
ནམ། དགེ་ལྷ་བྱང་རྩེ། ལྕོགས་ལ་མཚལ་རྩེ། གེ་མཛོ་གཉེན་པོ། །རྫུ་འཕྲུལ་ཅན་འོད། དབྱི་ཆེན་རབ་ལྡེ། འབྲི་ཆེན་རྡོང་དུར། བོད་ཀྱི་རུ་རྣམས་སོ། །སྲིད་པ་ཆགས་པའི་ལྷ་དགུ་ནི། དྲི་ཟ་ཟུར་ཕུད་ལྔ་པ། བཙན་ཡམ་ཤུད་དམར་པོ། སྲིན་པོ་ངྷ་ཤ་གྲྀ་བ། ཀླུ་རྒྱལ་འཇོག་པོ། མི་འམ་ཅི་ལྗོན་པ། གནོང་སྦྱིན་གང་བཟང་། གྲུལ་བུམ་རྒྱལ་པོ་རྟ་མགོ །བདུད་སྐོས་རྗེ་དྲངས་དཀར། མཁའ་ལྡིང་རྒྱལ་པོ་གསེར་མིག་འཁྱིལ་བ་དང་དགུའོ། །གཞི་བདག་དཀར་གཏོར་འདི་གདོང་མཁའ་སྤྱོད་པས་རི་མགོ་ཞིག་ཏུ་ཕེབས་སྐབས་དཀར་གཏོར་ནས་བྱུང་རྒྱལ་དུ་གསུངས་པའི་རྒྱུན་ཡིན་ཞེས་ཡིག་རྙིང་ཞིག་གཤམ་ལ་ཡོད་པས་བྱིན་རླབས་ཆེ་བ་ཞིག་ཡིན་ནོ། །དེ་ནས་ཨོཾ་ཨཱཿཧཱུྃ་ཧོཿ ཞེས་པ་ནི་དུས་འཁོར་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞི་ཡི་དོན་ཏོ། །གང་དྲིན་མས་བླ་མ་རྣམས་ལ་བསྟོད། དེ་ནས་ཡི་དམ་སོ་སོའི་བསྟོད་པ་རྣམས་དང་། མགོན་པོ་དང་ལྷ་མོའི་བསྟོད་པས་བསྟོད། ལྷ་མོའི་བསྟོད་པ་ཤིང་ལོ་རླུང་ཁྱེར་ས་ལ་མ་ལྷུང་བར་བྲམ་ཟེ་མཆོག་སྲེད་དང་ལྷ་
མོའི་སྐུ་བྲིས་པ་དང་། སྐྱེས་པ་དར་མ་ཁུ་བ་མ་ཉམས་པའི་ཕོ་མཚན་སྐམ་པོ་ནི། མི་དབང་འབྲས་བུ་སྨིན་པའི་ཤ་སྐམ་ལེགས་ཡིན། པདྨ་རཀྟ་ནི། མཚལ་ཀྱི་ཤིང་ཏོག་ཡིན། དེ་ནས་བསྟོད་པ་རྣམས་ཀྱི་བསྟོད་པར་བྱའོ། །དེ་ནས་གསོལ་ཀ་ནི། ཡབ་རྐྱང་ལ་ཕྱོགས་བཅུ་མགོན་པོས་བསྐོར་བ་ནི། སྤྱན་འདྲེན་མཆོད་བསྟོད་སོགས་ལས་བྱང་ཚང་མ་ཞིག་གི་དོན་བསྡུས་པ་ཡིན། ཤེལ་སྒོ་ནག་པོ་སྤྱི་དཀར་ནི་ལུགས་ནག་སྤྱི་དཀར་རོ། །མཁའ་ལྡིང་ནག་མོ་ནི་བྱ་མོ་ནག་མོ་ཡིན། ཁུར་བ་ནི་ཁ་ཟས་གྲོ་ཟན་སྣུམ་ནང་དུ་བཙོས་པ་ཡིན། བྱོལ་བོ་ནི་བྱད་ཁ་དང་རྐྱེན་ངན་སོགས་རང་བཞིན་འཁྱམ་ཡོང་བའོ། །ནང་རྒྱས་ཞེས་པ་ནི་སྔགས་པ་གཉིས་ཕན་ཚུན་བྱད་ཁ་གཏོར་བའི་དོན་ཡིན། དེའི་ཚེ་གནས་འདིར་བྱོན་ཟེར་དུས་སྤྱན་དྲངས་པ་དང་། གདན་ལ་བཞུགས་ཟེར་དུས་སླར་ཡང་མདུན་བསྐྱེད་ལ་ཐིམ་པ་དང་། དེ་ནས་ཕྱི་མཆོད་འདོད་ཡོན་ལྔ། ནང་མཆོད་ཤ་ལྔ་བདུད་རྩི་ལྔ། གཞན་ཡང་ཚིག་དོན་ལྟར་གྱི་མཆོད་རྫས་སྒྲུབ་རྫས་བསྐང་རྫས་
སོགས་ཀྱིས་མཆོད་པར་བསམ། འདོད་པའི་དོན་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་བོ། ༈ །བསྐང་བ་ནི་གླིང་བཞི་རི་རབ་དང་བཅས་པའི་སྟེང་དུ་ལྷ་མི་ཀླུ་ཡི་ལོངས་སྤྱོད། ཁྱད་པར་དུ་བསྐང་རྫས་རྟ་ནག་གཡག་ནག །བྱ་ནག་ལུག་ནག་སོགས་དང་། མཆོད་པས་ལྷུང་བཟེད་དུ་དུག་གི་ལ་ངུ་དང་། ཉ་ཤ་སོགས། རྟེན་རྫས་སྐུ་འབག་སྲོག་འཁོར་སོགས། སྒྲུབ་རྫས་གྲི་གུག་རལ་གྲི་སོགས་མཁའ་དབྱིངས་ཐམས་ཅད་ཡོངས་སུ་གང་བར་བསམས་ལ། བསྐང་ཡིག་འདི་ཡབ་ཡུམ་གཉིས་ཆར་གྱི་བསྐང་བ་ཡིན་པས། གཙོ་བོར་མགོན་པོ་དང་། ཕྱོགས་བཅུའི་མགོན་པོའི་མཚན་དང་། རྟག་པའི་རྒྱལ་མོ་ཆེན་མོ་ལྔ་ལ་སོགས་ཡུམ་གྱི་སྐོར་ཡང་ཚིག་རིས་རྒྱས་པར་ཐོན་ཀྱིན་སྣང་ངོ་། །དེའི་ཚེ་དམིགས་པ་ནི། དེ་ལྟར་བསྐང་བའི་མཆོད་རྫས་རྒྱ་མཚོ་ཕུལ་ནས་མཉེས་པས་སྐུ་གསུང་ཐུགས་རྩ་བ་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་བར་བསམ་ཞིང་། སྟོབས་བཞིའི་སྒོ་ནས་བཤགས་པ་བྱའོ། །དེ་ནས་བསྙེན་པ་བྱ་བ་ནི། ཧཱུྃ་བདག་ནི་
དམ་ཅན་བསྒྲུབ་པ་པོ། སོགས་ཀྱིས་ཐུགས་དམ་ཀྱི་རྒྱུད་བསྐུལ་ནས་བསྙེན་པའི་དམིགས་པ་དངོས་ནི། བདག་མདུན་གྱི་བསྐྱེད་རིམ་གསལ་བཏབ་ལ་སྤྱན་འདྲེན་གྱི་དམིགས་པ་དང་བཅས་པས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བཻ་ཏ་ལི་ཧཱུྃ་ཛཿ ཅེས་བཟླའོ། །དེ་ལ་གོམས་ནས། མགོན་པོའི་ཐུགས་ཀར་ཧཱུྃ་ལ་ཤྲཱི་མ་ཧཱ་ཀཱ་ཡ་ཧཱུྃ་ཕཊ། ཞེས་གཡོན་དུ་བཀོད། གཡས་སུ་འཁོར་བ་དང་། ལྷ་མོའི་ཐུགས་ཀར་བྷྱོ་ལ་ཨོཾ་ཡཀྵ་བཻ་ཏལི་ཧཱུྃ་ཛཿ ཞེས་གཡས་སུ་བཀོད། གཡོན་དུ་འཁོར་བར་བསྒོམ་ནས་སྔགས་འཕྲེང་དེ་ལས་འོད་ཟེར་སྨུག་ནག་སྟེང་འོག་ཕྱོགས་བཅུར་འཕྲོས། དཔལ་ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ་འཁོར་དང་བཅས་པ་སྤྱན་དྲངས་ནས་རང་ལ་ཐིམ། སངས་རྒྱས་བྱང་སེམས་ཡི་དམ་ཞི་ཁྲོ་རབ་འབྱམས། ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་པ་ཐམས་ཅད་མ་མགོན་ལྕམ་དྲལ་གྱི་སྐུ་དང་། སྔགས་དང་། ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ནས་རང་ལ་ཐིམ་པས་རང་ཉིད་མཐུ་སྟོབས་གཟི་བརྗིད་
ཕུན་སུམ་ཚོགས་པར་གྱུར་བསམ་ལ་བཟླས་པ་བྱའོ། །ཀརྨ་ཆགས་མེད་པས་ཞལ་སྦྱོར་གསུང་གི་སྙིང་པོ་ཁོ་ན་བཟླ་བར་གསུངས། རྗེ་དགུ་པས་ཀྱང་ཚིག་ཟུར་དུ་དེ་ལྟར་བསྟན་པས་ད་ལྟ་ལག་ལེན་དེ་ལྟར་མཛད་དོ། །བླ་མས་ནི་རྗེ་དགུ་པས་ཀྱང་བཞེད་པས། ཞལ་སྦྱོར་སྐུ་གསུང་ཐུགས་ཀྱི་སྙིང་པོ་གསུམ་སྦྲེལ་དུ་བཟླ་དགོས་ཞེས་གསུངས་སོ། །དེ་ནས་ཞལ་སྦྱོར་རང་གི་ཐུན་མོང་མ་ཡིན་པའི་བསྙེན་པ་བདག་མདུན་གཉིས་ཞལ་སྦྱོར་དུ་བསྒོམ་ལ། རང་བཞིན་གྱི་གནས་ནས་མ་མགོན་ཡབ་ཡུམ་བཅོ་བརྒྱད་པོ་ཆར་བབ་པ་ལྟར་བདག་མདུན་སོ་སོར་བསྒོམ་ཞིང་སྔགས་དེ་ཉིད་བཟླའོ། །འདི་ནི་མ་མགོན་སྤྱི་དྲིལ་གྱི་སྙིང་པོ་བསྙེན་བསྒྲུབ་ལས་གསུམ་འབོད་རྦད་བསད་གསུམ་ཐམས་ཅད་ཀྱི་སྤྱི་དྲིལ་ཡིན་པར་བཤད་པས་ལས་སྦྱོར་སྐབས་ཀྱི་གཙོ་བོ་ནི་འདི་ལ་དགོས་པ་ཉིད་དོ། །བདག་གི་བླ་མས། བླ་མ་མཆོག་དགའ་ལ་འདི་འདྲ་གནང་འདུག །ཨི་དམ་མ་མ་དུཥྚཾ་ཞེས་པའི་རྗེས་སུ་དྷེ་བ་བྷ་སི་ངྷ་ན་མི་ཞེས་པ་ཡོད་པ་འདི། རྒྱུད་སྡེ་རྣམས་སུ་
མིང་སྤེལ་བའི་སྐབས་སུ། དེ་ཝ་དཏྟ་ཞེས་དཔེར་བརྗོད་ཡོད་པ་བཞིན། འདིར་ཡང་བོད་སྐད་ལ་ལྷས་བྱིན་གཟི་བརྗིད་ནོར་དང་བཅས་པ་ཞེས་པ་སྟེ། དེའི་ཕྱིར། དེ་བ་བྷ་སི་ངྷ་ན་མི། ཞེས་པའི་ཚབས་སུ། ལས་སྦྱོར་གྱི་སྐབས་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཁ་ཁ་ཁཱ་ཧི་སྦྱར་དགོས་འདྲ། ཞེས་གསུངས་སོ། །དེ་ནས། ཨོཾ་མཱ་ཧཱ་ཀཱ་ལ་ཀཱ་ལ་ཡ་དེ་ཝ་རཀྵ་སོགས་སྤྱན་འདྲེན་སྔགས་དང་། ཧ་རི་ནི་ཡང་ཅི་ལྕོག་བཟླ་རུང་ངོ་། ཤ་ས་ན་དཀྱུས་མ་ཡང་བཟླ་ཆོག་ཅིང་། བདག་གི་བླ་མས་ཀྱང་སྐབས་འགར་འདི་བཟླ་བ་ཡང་ལེགས་ཞེས་གསུངས་སོ། །ཧུ་ར་ནི་གཅུན་སྔགས་ཡིན་པས་ཅུང་ཟད་ལས་མི་བཟླའོ། །ཨོཾ་མ་མ་ཏྲག་རཀྵ་སོགས་ནི་ལྷ་མོ་རང་བྱུང་མའི་སྙིང་པོ་དང་། ཨོཾ་ཏྲག་རཀྵ་མ་ཧི་དུན་བྷྱོ་སོགས། འདི་གཉིས་ཀྱང་ཡུམ་གཙོ་བོར་བྱེད་ན་ཅི་རིགས་པ་བཟླའོ། །ཡང་ཞལ་སྦྱོར་གྱི་སྐབས་འདིར་ཀརྨ་ཆགས་མེད་པས་རང་ཉིད་ཡབ་རྐྱང་ཀྱི་བཟླས་དམིགས་ཞལ་སྦྱོར་མ་སྤྲོས་པས། མགོན་པོའི་ཐུགས་ཀའི་སྔགས་ཕྲེང་ལས་
སྔགས་ཕྲེང་གི་རྒྱུན་གཅིག་མཇུག་ཏུ་གཅིག་བཏགས་པའི་ཕྲེང་བ་བྱུང་། ཞལ་ནས་ཐོན། རྩེ་མོ་གཉིས་སུ་གྱུར། མདུན་བསྐྱེད་མ་མགོན་གཉིས་ཀྱི་ཞལ་དུ་སོ་སོར་ཞུགས་ཐུགས་ཀའི་ཧཱུྃ་དང་བྷྱོཿལ་བརྒྱུད་ནས་ཡབ་ཡུམ་གཉིས་ཀྱི་གསང་བ་ནས་བྱུང་། གཅིག་ཏུ་འདྲེས་པ་རང་ཉིད་ཀྱི་གསང་གནས་ནས་ཞུགས། སྙིང་གའི་ཧཱུྃ་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ། ཞེས་གསུངས་པས་བདག་མདུན་གཉིས་ཀ་ཞལ་སྦྱོར་དུ་བསྒོམ་པའི་ལུགས་སུ་སྣང་ཞིང་། རྒྱུད་སྡེ་རྣམས་ནས་དོ་ལིའི་བཟླས་པ་དེ་ཡིན་པས་བསྒྲུབ་པའི་སྐབས་ནི་འདི་ལ་འབད་པར་བྱའོ། །བདག་གི་བླ་མས་ནི་སྐབས་འདི། ཁོ་ནར་མ་ཟད་བསྙེན་སྒྲུབ་གྱི་སྐབས་ཐམས་ཅད་དུ་བདག་མདུན་གང་ཡིན་ཀྱང་འདྲ། ལྷའི་བསྐྱེད་རིམ་གསལ་ཞིང་། རྣམ་རྟོགས་གཞན་གྱིས་བར་མ་ཆོད་པར་རྩེ་གཅིག་པ་དང་། མི་ཚིག་གིས་བར་མ་ཆོད་པར་བཟླས་བྱའི་སྔགས་ལ་རྩེ་གཅིག་ཏུ་འབད་ན་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་ཅིང་ཕྲིན་ལས་བཞི་འགྲུབ་ངེས་ཡིན།
གཞན་དམིགས་པ་ཚབ་ཚུབ་མང་པོ་དང་། དག་པ་དྲན་རྒྱུ་མང་པོའི་རྣམ་རྟོག་སད་སུད་ཀྱིས་ཅི་ཡང་མི་ཡོང་གསུངས། ཁྱད་པར་དུ་འདིའི་སྐབས་སུ་དང་། གཞན་དུ་ཡང་རང་བཞིན་གྱི་གནས་ནས་མ་མགོན་འཁོར་བཅས་སྤྱན་དྲངས་ཏེ། རང་ལ་ཐིམ་པ་དང་། རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བྱིན་རླབས་ཐམས་ཅད་རང་ལ་བསྡུ་བ་འདི་གནད་ཆེ་ཞེས་ཡང་ཡང་གསུངས་པ་ཐོས་པས། དེ་ལྟ་བུའི་བསྙེན་པ་ནི་དུས་དང་། གྲངས་དང་། རྟགས་དང་སྦྱར་ཏེ་འབད་པར་བྱའོ། །དེ་ནས་ཐུན་གྱི་ཐ་མར་དངོས་གྲུབ་ལེན་པའི་དམིགས་པ་ནི། ཧཱུྃ་ཆོས་ཀྱི་དབྱིངས་ཀྱི་སོགས་འདོན་པའི་ཚེ། མདུན་བསྐྱེད་མགོན་པོའི་བེར་གྱི་སུལ་རྣམས་ནས་རིན་པོ་ཆེའི་ཆར་བབ་པ་དང་། ཕྱོགས་བཅུ་མགོན་པོའི་སྐུ་ཡི་ཆ་ཐམས་ཅད་ནས་རིན་པོ་ཆེའི་ཆར་བབ། བེང་རྣམས་ཀྱི་རྩེ་མོའི་ནོར་བུ་ལས་རིན་པོ་ཆེའི་ཆར་བབ་ནས་གནས་ཁང་ཐམས་ཅད་ཁེངས་པར་བསམ་པ་དང་། བྷྱོཿམ་གཅིག་སྨིན་མཚམས་སོགས་ཀྱི་ཚེ། དཔལ་ལྡན་ལྷ་མོའི་སྨིན་
མཚམས་ནས་འོད་ཟེར་གྱི་དྲ་བ་དུ་མའི་གསེབ་ནས། སྐུའི་སྤྲུལ་པ་དཀར་མོ་འབུམ་སྡེ་འཕྲོས། ཕྱོགས་བཅུའི་བདུད་དང་བར་གཅོད་བཅོམ། སྐུའི་བྱིན་རླབས་ཐམས་ཅད་བདུད་རྩི་དཀར་པོའི་རྣམས་པས་རང་གི་སྨིན་མཚམས་ནས་ཞུགས་ལུས་ཐམས་ཅད་ཁྱབ་པས་སྐུའི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་མོ། །ལྗགས་སྟེང་ནས་འོད་ཟེར་དམར་པོ་དང་། གསུང་གི་སྤྲུལ་པ་དམར་པོ་འབུམ་སྡེ་འཕྲོས། གསུང་གི་དངོས་གྲུབ་ཐམས་ཅད་རང་གི་མགྲིན་པར་ཐིམ་གསུང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། ཐུགས་ཀ་ནས་འོད་ཟེར་སྔོན་པོ་དང་། ཐུགས་སྤྲུལ་སྔོན་མོ་འབུམ་སྡེ་འཕྲོས། ཐུགས་ཀྱི་དངོས་གྲུབ་ཐམས་ཅད་སྙིང་ཁར་ཐིམ། ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །འདི་ནི་ཚེ་སྒྲུབ་ཀྱང་ཡིན་པས་ནན་ཏན་བྱའོ། །དེ་ནས་རྗེས་ཆོག་བཀྲ་ཤིས་བྱའོ། །སྐབས་སུ་སྐབས་སུ་རྩུབ་ཉམས་བྱུང་ན། རང་གི་ཕྲག་གོང་གཉིས་སུ་མགོན་པོའི་ཕྲིན་ལས་ཀྱི་སྤྲུལ་པ་ལྕགས་ཀྱི་བྱ་རོག་ཆེན་པོ་ནག་ལ་དམར་ཤས་ཡོད་པ་གཉིས་བསྒོམ།
དེ་ལ་ལྕགས་ཀྱི་བྱ་རོག་ཚོགས་དུ་མ་སྤྲོས་ནས་གནོད་བྱེད་ཐམས་ཅད་བྱ་བྱིའུའི་བྱུས་འབུ་རྣམས་ཟ་བ་བཞིན་ཟོས་པར་བསམ། དེ་ནས་སྤྲུལ་པའི་བྱ་རོག་དེ་རྣམས་སྤྲུལ་གཞི་གཉིས་ལ་བསྡུའོ། །ཡང་དམ་ཚིག་ཉམས་པའི་དོགས་པ་ཡོད་པའི་རྟགས་བྱུང་ན། བདག་མདུན་མགོན་པོའི་སྤྱི་བོར་བླ་མ་རྡོ་རྗེ་སེམས་དཔའི་རྣམ་པར་བསྒོམ་པའི་ཐུགས་ཀའི་སྔགས་ཕྲེང་ནས་བདུད་རྩི་དཀར་པོའི་རྒྱུན་བབ་ནས་ཉམས་ཆགས་བཀྲུ་བའི་དམིགས་པ་རྡོར་སེམས་བསྒོམ་བཟླས་སྤྱི་འགྲེ་བཞིན་བྱས་ནས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བི་ཏ་ལི་ས་ཏྭ་སོགས་ཡིག་བརྒྱ་བཟླ་བ་དང་། ཚེ་རབས་ཀུན་ཏུ་རྒྱལ་བས་དབང་བསྐུར་ཞིང་སོགས་གཟུངས་ཚར་ཉེར་གཅིག་ཙམ་རེ་བཟླའོ། །འདི་ཉིད་ཞོར་བྱུང་དུ་ནོར་ལྷ་ལྟར་བསྒྲུབ་ན། མདུན་བསྐྱེད་གཙོ་བོ་མ་མགོན་ཞལ་སྦྱོར་ལ། ཕྱོགས་བཅུ་མགོན་པོ་ཁོ་ནས་བསྐོར་བར་བསྐྱེད། གསོལ་ཀའི་གཞུང་བསྲང་ནས། དང་པོ་སྔར་བཤད་པའི་སྒྲུབ་པའི་དམིགས་པ་བྱས་ནས་བསྙེན་པ་ཅུང་ཟད་བྱེད། དེ་ནས་དངོས་
གྲུབ་ལེན་པའི་དམིགས་པ་དེ་བྱེད་ཅིང་། ཨོཾ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་ཅི་ནུས་བཟླས་ལ། གཙོ་འཁོར་ཐམས་ཅད་ཅུང་ཟད་ཁྲོ་ལ་ཤིན་ཏུ་འཛུམ་པ། སྐུ་ཤ་ཆེ་ཞིང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ་གཞལ་ཡས་ཁང་གི་རྒྱུ་དང་རྒྱན་བཀོད་སོགས་རིན་པོ་ཆེ་ལས་བྱས་པ་སོགས་འཕྲུལ་ཤེས་པར་བྱའོ། །དེ་དག་ནི་དཔལ་ཡེ་ཤེས་ཀྱི་མགོན་པོ་ནག་ཆེན་པོ་ལྕམ་དྲལ་གྱི་སྐོར་ལས། བསྙེན་བསྒྲུབ་སྐབས་ཀྱི་ཚིག་དོན་དང་དམིགས་རིམ་ཅུང་ཟད་སྨོས་པ་སྟེ། རྫོགས་རིམ་རླུང་བསྲེའི་སྐོར་དང་། སྨད་ལས་དགྲ་བགེགས་བསྒྲལ་བའི་སྐབས་ཀྱི་ཡིག་ཆ་རྣམས་ནི་གཞན་དུ་གསལ་བ་ལ་བལྟ་བར་བྱའོ། ༈ །འདིར་སྨྲས་པ། མངོན་པར་འབྱུང་རྒྱུད་རིན་ཆེན་དཔུང་རྒྱན་རྒྱུད། །བེང་ཆེན་བརྩེགས་དང་དངོས་གྲུབ་བསྟན་གཟིགས་སོགས། །ངེས་གསང་རྒྱུད་ཀྱི་རྒྱལ་པོ་རྣམས་ལ་བསྟེན། །གྲུབ་པ་རྣམས་ཀྱི་དངོས་གྲུབ་བརྙེས་པའི་གཞུང་། །མ་མགོན་ལྕམ་དྲལ་བསྒྲུབ་གཞུང་ཇི་སྙེད་བཅུད། །ལྕམ་དྲལ་དྲིལ་བསྒྲུབ་བྱིན་རླབས་རྨད་
བྱུང་བ། །ཕྲིན་ལས་དོན་ཀུན་གྲུབ་བྱེད་ཟིན་ཆུང་འདི། །བཤུལ་རིང་ལམ་གྱི་དཀའ་བ་དང་བླངས་ནས། །དོན་རྒྱུད་སྙིང་པོའི་བསྟན་ལ་ཆེས་དད་པའི། །རྒྱ་འཇང་རྒྱལ་རོང་ཕྱོགས་ནས་བྱོན་པ་ཡི། །དོན་གཉེར་ཅན་འགའི་བཞེད་པ་བསྐོང་བའི་ཕྱིར། །ཚེ་དབང་ཀུན་ཁྱབ་ཞེས་བྱ་རྒྱལ་ཁམས་པས། །ས་ལ་སྤྱོད་པའི་ཡིད་དགའ་ཆོས་འཛིན་ཞིང་། །མཐའ་བཞིའི་བསྐལ་བཟང་སྐྱེ་བོ་འདུ་བའི་གནས། །དཔལ་སྤུང་ཐུབ་བསྟན་གླིང་གི་ཆོས་གྲྭ་རུ། །ཕྱལ་མ་ཕྱོད་དུ་ཤར་མ་ཤུར་མར་བྲིས། སརྦ་མངྒ་ལཾ། ཤྲཱི་ཤྲཱི་ཤྲཱིཿ ང་སྔགས་ནག་ཁ་ཡི་ཧོང་གཏམ་ལ། །ཚིག་མདུད་རྒྱ་གྲོལ་བའི་ལེགས་བཤད་ཡོད། །རྗེ་འཁོར་ལོའི་མགོན་པོའི་གསུང་རྒྱུན་མཆིས། །ལས་རབ་འབྱམས་འགྲུབ་པའི་མཐུ་བྱིན་ཡོད། །མཆོག་ཡོངས་འཛིན་རྣམས་ཀྱི་མན་ངག་ལྡན། །ཕྱོགས་ཀུན་ལ་མི་རྨོངས་དགོས་པ་ཡོད། །མ་དམ་ཅན་དགྱེས་པའི་དམ་ཚིག་བདོག །བུ་སློབ་ཚོགས་མི་བསླུའི་འབྲས་བུ་ཡོད། །འཇམ་མགོན་བླ་མའི་ཞལ་ལུང་གི །མན་ངག་མཆོག་འདི་
མཚུར་གྱི་ཕུར། །པར་དུ་བསྒྲུབ་པའི་ལེགས་བྱས་ཀྱི། །བདུད་དགུའི་གཡུལ་ལས་རྒྱལ་གྱུར་ཅིག། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།