དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་།
དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ཞེས་བྱ་བ་བཞུགས་སོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད། རྒྱུད་དོན་གསལ་བར་བྱེད་པའི་མེ་ལོང་ཞེས་བྱ་བ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་དཔལ་ལྡན་བླ་མ་དམ་པ་རྣམས་དང་རྗེ་བཙུན་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གང་དག་རྣམ་གསུམ་སྲིད་པ་ལ་གནས་ལུས་ཅན་རྣམས་དང་མཚུངས་པར་ལྡན་ཡང་རང་བཞིན་རྣམ་པར་དག །དག་དང་མ་དག་སེམས་ཅན་ཀུན་གྱི་ཁམས་དང་བསམ་པ་རབ་ཏུ་མཁྱེན་ཡང་གཟུང་དང་འཛིན་པ་མེད། །མེད་པར་ལྟ་སོགས་ལོག་སྲེད་ཅན་ལ་བརྩེ་བའི་ཐུགས་རྗེ་རྒྱུན་མི་གཅོད་ཀྱང་བདག་དང་གཞན་མི་དམིགས། །དམིགས་མེད་མཁའ་ལྟར་ཁྱབ་པ་མ་ལུས་མཛད་པའི་ཕྲིན་ལས་ཡོངས་སུ་རྫོགས་ཀྱང་འགྲོ་བའི་དོན་ལ་བརྩོན། །འཇིག་ཚོགས་ལྟ་སོགས་ལྟ་ངན་ལྔ་ཡི་དྲྭ་བ་གཅོད་པ་མཚོན་ཕྱིར་ཟུར་གྱི་གདུང་དུ་སྐུ་བལྟམས་ནས། །མ་རིགས་འཁྲུལ་པའི་སེམས་ཅན་རྣམས་ལ་བུ་གཅིག་པ་ཡི་མ་བཞིན་བྱམས་པའི་ཐུགས་རྗེས་སྐྱོབ་མཛད་ཅིང་། །མུ་སྟེགས་ཐེག་དམན་རི་དྭགས་ཚོགས་རྣམས་ཟིལ་གྱིས་གནོན་མཛད་སྨྲ་བའི་སེང་གེ་རྩོལ་བྲལ་གསང་འཛིན་པ། །མི་ཡི་ཁྱུ་མཆོག་ཆོས་ཀྱི་རྒྱལ་པོ་གསང་བདག་གཉིས་པ་དེ་ཡི་ཞབས་ལ་རྟག་ཏུ་གུས་པས་འདུད། །ལམ་གྱི་ནང་ནས་ཉེ་ལམ་དམ་པ་འཇིག་འདས་དངོས་གྲུབ་ཀུན་གྱིས་འབྱུང་གནས་གསང་བ་སྙིང་པོའི་རྒྱུད། །འཆད་པར་འདོད་ཀྱང་བློ་གྲོས་སྟོབས་ཞན་ཡིད་མ་གཞུངས་དང་རྣམ་གཡེང་དབང་གྱུར་འགའ་ཡི་དོན་ཆེད་དུ། །ཆོས་ཀྱི་སྤྱན་ལྡན་སྒྲོ་ཕུག་པ་ཡི་བཤད་སྲོལ་རིམ་བརྒྱུད་མ་འོངས་སངས་རྒྱས་མཚན་ཅན་ལས་རྙེད་པ། །མི་ནུབ་བྱ་ཕྱིར་བརྩེ་བའི་སེམས་ཀྱིས་བླུན་ངག་བཞིན་དུ་བསྙད་པའི་གསུང་སྒྲོས་ཡི་གེར་དགོད་པར་བྱ། །འདིར་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས། འབྲས་བུ་ཐམས་ཅད་ཀྱི་ཐུགས། སྔར་འདས་པའི་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ། མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་ལམ་དམ་པར་གྱུར་པ། ཆེ་བའི་ཡོན་ཏན་བརྒྱད་དང་ལྡན་པ། སེམས་དང་ཡེ་ཤེས་རང་སྣང་སྟོན་པ་སྒྱུ་འཕྲུལ་རྩ་བའི་རྒྱུད། དཔལ་གསང་བའི་སྙིང་པོ་འདི་བཤད་པའི་དབང་དུ་བགྱིས་ན། ཇི་སྐད་དུ། ཁོ་གཞུང་གསལ་བའི་སྒྲོན་མེད་ལས། མཚོན་བྱ་རང་བཞིན་གཞི་ཡི་རྒྱུད། །སྒྲོ་སྐུར་མེད་པར་བསྟན་པ་ནི། །མཚོན་བྱེད་སྒྱུ་འཕྲུལ་དྲྭ་བ་སྟེ། །མཛུབ་མོས་རི་བོང་ཅན་བཞིན་ནོ། །ཞེས་གསུངས་པས། མཚོན་བྱ་རང་བཞིན་གྱི་རྒྱུད་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད། རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་སངས་རྒྱས་པ་ཡིན་ལ། དེ་མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་ཀྱི་བཤད་ཐབས། སྤྱི་དོན་རྣམ་པ་གསུམ་གྱི་སྒོ་ནས་སྟོན་ཏེ། སྤྱིར་ན་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གདུལ་བྱ་སེམས་ཅན་རྣམས་ཀྱི་དོན་དུ་བསྟན་པ་དང་ཐེག་པ་ཇི་ལྟར་གསུངས་པའི་ཚུལ་དང་། དེ་དག་གི་ནང་ནས་བསྟན་པ་དང་ཐེག་པ་གང་ཡིན་པར་བསྡུས་ཏེ་ངོས་བཟུང་བ་དང་། དེ་བཤད་པའི་ཐབས་སོ། །དང་པོ་ནི་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དགོངས་པ་དང་ལྡན་པ་རྣམས་ཀྱིས་གདུལ་བྱ་སེམས་ཅན་ཁམས་གསུམ་དུ་འཁོར་ཞིང་རྒྱུད་དྲུག་ཏུ་འཁྱམས་པ་རྣམས་ཀྱི་དོན་དུ་བསྟན་པ་དང་ཐེག་པ་ཇི་ལྟར་གསུངས་ཤེ་ན། གསུང་པའི་ཚུལ་གསུམ་སྟེ། ཉོན་མོངས་པ། ཐེག་པའི་རྐང་གྲངས། ཐབས་སམ་གཉེན་པོ་ལ་དགོངས་ཏེ་གསུངས་པའོ། །དང་པོ་ནི་འདི་ཉིད་ཀྱི་གསུམ་པ་ལས། མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །ཞེས་པས་གདུལ་བྱ་སེམས་ཅན་རྣམས་ཀྱི་རྒྱུད་ལ། ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་སོགས་ཏེ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པས། དེ་དག་འདུལ་བའི་གཉེན་པོར་དམ་པའི་ཆོས་ཀྱང་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་སོ། །དེ་དག་ཀྱང་མདོར་བསྡུ་ན། ཉོན་མོངས་པ་འདོད་ཆགས་ཀྱི་ཆ་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་དམ་པའི་ཆོས་འདུལ་པའི། ཉོན་མོངས་པ་ཞེ་སྡང་གི་ཆ་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་དམ་པའི་ཆོས་མདོ་སྡེའི། ཉོན་མོངས་པ་གཏི་མུག་གི་ཆ་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་དམ་པའི་ཆོས་མངོན་པའི། ཉོན་མོངས་པ་དུག་གསུམ་མམ་ལྔ་ལ་སོགས་པ་མཐའ་དག་གི་གཉེན་པོར་རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས་ཏེ། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །མདོར་ན་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། །ཉོན་མོངས་འདུལ་བའི་གཉེན་པོར་གསུངས་པར་ཟད། །ཅེས་གསུངས་པས་མངོན་ནོ། །དེ་ཡང་སྔར་འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་སོ། །ད་ལྟར་གྱི་སངས་རྒྱས་རྣམས་ཀྱིས་གསུང་ངོ་། །མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་བར་འགྱུར་རོ། །གཉིས་པ་ཐེག་པའི་རྐང་གྲངས་ལ་དགོངས་ཏེ་གསུངས་པ་ནི། འདི་ཉིད་ཀྱི་ལེའུ་གསུམ་པ་ལས། ཐམས་ཅད་ཀྱང་འདི་ལྟ་སྟེ། འདུལ་བའི་དབང་གིས་ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་བྱང་ཆུབ་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའི་ཐེག་པས། ཞེས་པས། ཐེག་པ་ལྔ་རུ་འདུས་པར་ཡང་གསུངས། དགོངས་འདུས་ལས། ལང་ཀའི་བདག་པོ་གཞན་ཡང་གང་། །དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་སྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་ཐེག་པ་གསུམ་དུ་འདུས་པར་ཡང་གསུངས། ཀུན་བྱེད་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་གསུངས་པས། ཐེག་པ་གཉིས་སུ་འདུས་པར་ཡང་གསུངས། ལང་ཀར་གཤེགས་པ་ལས། ཇི་སྲིད་འདུ་ཤེས་མེད་ཀྱི་བར། །ཐེག་པའི་སྒོ་ཡང་དེ་ལས་མེད། །ཇི་སྲིད་འདུ་ཤེས་གནས་མ་ཐག །ཐེག་པའི་སྒོ་ཡང་བསམ་མི་ཁྱབ། །ཅེས་པས། ཐེག་པ་བསམ་གྱིས་མི་ཁྱབ་པར་ཡང་གསུངས་སོ། །གསུམ་པ་ཐབས་སམ་གཉེན་པོ་ལ་དགོངས་ཏེ་གསུངས་པ་ནི། འདི་ཉིད་ཀྱི་གསུམ་པ་ལས། དེ་དག་ཐམས་ཅད་ཀྱང་གཟུང་བ་དང་འཛིན་པའི་ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་འཛིན་པ་འཁྲུལ་པ་ལས་འདོགས་པ་དང་། ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་དང་། ལས་དང་ལས་ཀྱི་འབྲས་བུས་མི་གོས། གོས་པར་མི་འགྱུར། གོས་སུ་མེད་པར་སྟོན་པའི་མཐར་ཐུག་གོ། །ཞེས་པས། གཉེན་པོར་ཡང་ཐེག་པ་ཆུང་ངུ་ལ་ཉོན་མོངས་པ་སྤོང་འགེགས་དང་། མཚན་ཉིད་ཀྱི་ཐེག་པ་ལ་སྤྱོད་པ་དང་། སྔགས་ཀྱི་ཕྱི་རྒྱུད་ལ་ལྷར་བསྒྱུར་བ་དང་། ནང་པ་གཉིས་ལ་དབང་དུ་བྱེད་པ་དང་། ཨ་ཏི་ལ་སྤང་གཉེན་རོ་གཅིག་པའི་ཚུལ་གྱིས་ཏེ། མདོར་ན་ཉོན་མོངས་པ་རང་ཁ་མའི་རྟོག་པ་འཇོམས་པར་བྱེད་པའི་གཉེན་པོ་ཡང་ལྔའམ་དྲུག་ཏུ་འདུས་པར་གསུངས་སོ། །སྤྱི་དོན་གཉིས་པ་དེ་དག་གི་ནང་ནས་བསྟན་པ་དང་ཐེག་པ་གང་ཡིན་པ་བསྡུས་ཏེ་ངོས་བཟུང་བ་ནི། ཐེག་པའི་རྐང་གྲངས་མང་དུ་གསུངས་ཀྱང་། ཡོངས་སུ་གྲགས་པའི་དབང་དུ་ཐེག་པ་རིམ་པ་དགུར་འདུས་ཏེ། འདི་ཉིད་ཀྱི་གསུམ་པ་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་བསྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཅེས་པས་ཐེག་པ་རིམ་པ་དགུ་ལས། རྒྱུད་གཞུང་འདི་ཉིད་ནི། མཚན་ཉིད་སྡེ་གསུམ་ཡང་མ་ཡིན། ཕྱི་རྒྱུད་སྡེ་གསུམ་ཡང་མ་ཡིན་ཏེ། ནང་རྒྱུད་དུ་ངོས་གཟུང་ངོ་། །དེ་ལ་ཡང་གསུམ། བསྐྱེད་པ་སྐུའི་རྒྱུད་ད བྱིངས་ཆེ་བར་སྟོན་པ་མ་ཧཱ་ཡོ་ག །རྫོགས་པ་གསུང་གི་རྒྱུད་ཞལ་གསལ་བར་སྟོན་པ་ཨ་ནུ་ཡོ་ག །བསྐྱེད་རྫོགས་གཉིས་སུ་མེད་པའི་དོན་སྟོན་པ་ཨ་ཏི་ཡོ་ག་ལས། འདིར་མ་ཧཱ་ཡོ་གར་ངོས་གཟུང་ངོ་། །འདི་ལ་རྒྱ་གར་ན་ཏྲནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་ཡོད་པ་ལས། བོད་དུ་འགྱུར་བ་ལ་སྒྱུ་འཕྲུལ་སྡེ་བརྒྱད། བཤད་རྒྱུད་སྡེ་བཞི། དེ་དག་གི་མན་ངག་ཕྲ་མོ་དྲུག་ཅུ་རྩ་བཞི་དང་བཅས་པ། པཎྜི་ཏ་ཆེན་པོ་བི་ལ་མ་ལ་མི་ཏྲའི་ཞལ་སྔ་ནས། ཞུས་ཆེན་གྱི་ལོ་ཙཱ་བ་རྨ་རིན་ཆེན་མཆོག་གིས་བསྒྱུར་བ་ལས། རྒྱུད་གཞུང་འདི་ཉིད་ནི། སྒྱུ་འཕྲུལ་སྡེ་བརྒྱད་ཀྱི་ནང་ནས་ཀྱང་རྩ་བའི་རྒྱུད་དུ་གྱུར་པ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཅེས་བྱ་བར་ངོས་གཟུང་ངོ་། །གསུང་པ་དེ་ལྟར་ངོས་གཟུང་བའི་རྒྱུད་གཞུང་འདི་ཉིད་བཤད་ཐབས་ཀྱི་ཡན་ལག་རང་དུ་ཞེ་ན། ཁོག་གཞུང་གསལ་བའི་སྒྲོན་མེ་ལས། ཕལ་གྱི་ལན་གདབ་འབྲུ་བསྣན་དང་། །ཁོག་དབུབ་ས་བཅད་བཞི་རུ་གསུངས། །ཞེས་པས། ཁོ་དབུབ་པ་སྟོང་ཐུན་གྱི། ས་བཅད་པ་དཀྱུས་ཀྱི། འབྲུ་བསྣན་པ་ཚིག་གི། གནས་སྐབས་བརྒལ་ལན་གྱི་དོན་དང་སྦྱར་ཏེ་བཤད་པ་དང་བཞིའོ། །དང་པོ་ཁོག་དབུབ་པ་ནི། སྤྱི་དོན་རྣམ་པ་ལྔའི་སྒོ་ནས་སྟོན་པར་བྱེད་དེ། ཟུར་ན་ཡོད་དོ། །སྐབས་འདིར་འོག་ནས་བླངས་ནས་འཆད། ས་བཅད་པ་དཀྱུས་ཀྱི་དོན་དང་། འབྲུ་བསྣན་པའི་ཚིག་གི་དོན་ནི་ཐུན་མོང་གི་དུ་སྟོན་ལ། བརྒལ་ལན་ནི་གནས་སྐབས་ཁྲེའུ་རུ་སྟོན་པ་ཡིན་ནོ། །དེ་ཡང་ས་བཅད་པ་དཀྱུས་ཀྱིི་དབང་དུ་བྱས་ན་གསུམ་སྟེ། ཀླད་ཀྱི། གཞུང་གི། མཇུག་གི་དོན་ནོ། །ཀླད་ཀྱི་དོན་ལ་གཉིས་ཏེ། བགྲང་བགྲང ཞེས་པ་འདི་རྣམས་ནི་ས་དམིགས་བགྲང་བ་ཡིན་ཏེ། མཚལ་ལ་མ་སླེབ་ཀྱི་བར་གྱི་སེར་རྣམས་བགྲང་ངོ་། །མཚན་བསྟན་པ། དྲང་དྲང་ཞེས་པ་འདི་རྣམས་ནི་བྱང་འདྲེན་པ་ཡིན་ཏེ། སེར་འོག་མ་ལ་མ་སླེབ་ཀྱི་བར་གྱི་མཚལ་རྣམས་བཀླག་གོ། །མཚན་བསྟན་པ་འདི་ལ་ས་ནང་ཚེགས་སུ་བཅད་ན། ཇི་སྐད་དུ་རྣམ་བཤད་ལས། འཆད་པར་འདོད་པའི་གང་ཟག་ལ། །མན་ངག་ཅུང་ཟད་སྦྱིན་པར་བྱ། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་བརྒལ་ལན་བཅས། །མཚམས་སྦྱར་བསྙད་དེ་བཤད་པར་བྱ། །ཞེས་གསུངས་པས་བཞི་སྟེ། མཚན་གྱི་དགོས་པའི། བསྡུས་པའི་ཚིག་གི། རྒལ་ལན་གྱི་དོན་ནོ། །དང་པོ་ལའང་གསུམ་སྟེ། སྤྱི་མཚན་སྨྲོས་པའི། བྱེ་བྲག་ཏུ་མཚན་ཀླད་དུ་སྨྲོས་པའི། རྒྱ་སྐད་དུ་མི་སྨྲོས་པར་བོད་སྐད་སྨྲོས་པའི་དགོས་པའོ། །དང་པོ་མཚན་སྨོས་པའི་དགོས་པ་ནི། བསྟན་པ་ལ་མཚན་ངེས་པས་གླེགས་བམ་བཤད་བདེ་བའི་དགོས་པ་ཡོད། གཉིས་པ་མཚན་ཀླད་དུ་སྨོས་པའི་དགོས་པ་ནི། བློ་དབང་པོ་ཡང་རབ་མཆོག་ཏུ་གྱུར་པ་རྣམས་ཀྱིས་ནི་མཚན་མཐོང་བ་ཙམ་གྱིས་རྒྱུད་དབུ་ཞབས་ཀྱི་དོན་ཁོང་དུ་ཆུད་པར་འགྱུར་ཞིང་། འབྲིང་དང་། ཐ་མས་ཀྱང་། མཚན་མཐོང་བ་ཙམ་གྱིས་འདི་ནི་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་བྱ་བ་ཡིན་པར་འདུག་སྙམ་དུ་མྱུར་དུ་ངོས་ཟིན་པའི་དགོས་པ་ཡོད། གསུམ་པ་རྒྱ་སྐད་མི་སྨོས་པར་བོད་སྐད་སྨོས་པའི་དགོས་པ་ནི། ལོ་ཙཱ་བ་འགའ་ཞིག་རྒྱ་གར་དུ་བགྲོད་པའི་དཀའ་བ་སྤྱད་པས་བོད་འབངས་ལ་དྲིན་བཞག་པའམ། བསྟན་པའི་བྱུང་ཁུངས་རྒྱ་གར་ཡིན་པས་ཁུང་བཙུན་པའི་ཕྱིར། རྒྱ་སྐད་དང་བོད་སྐད་གཉིས་སྨོས་ཀྱི། རྒྱུད་གཞུང་འདི་ལ། པཎྜི་ཏ་བི་མ་ལ་མི་ཏྲ་བོད་ཡུལ་དུ་བྱོན་ནས། ལོ་ཙཱ་བ་རྨ་རིན་ཆེན་མཆོག་ལ་དཀའ་བ་སྤྱད་མ་དགོས་ཤིང་། ཚིག་སྤྲོས་པའང་མི་སྤྲོ་བས་སྐད་གཉིས་སྨོས་ཀྱང་དོན་གཞན་མ་མཐོང་པའི་ཕྱིར། བོད་དུ་སྐད་ཞེས་དམིགས་ཀྱིས་བཀར་ནས་བོད་སྐད་རྐྱང་པ་སྨོས་པ་ཚིག་ཉུང་ལ་དོན་མྱུར་དུ་ངོས་ཟིན་པའི་དགོས་པ་ཡོད་དོ། །ག ཉིས་པ་བསྡུས་པའི་དོན་ལ་གསུམ་སྟེ། སྟོན་ཚུལ། གོ་ཚུལ། རྟོགས་ཚུལ་ལོ། །དང་པོ་སྟོན་ཚུལ་ནི། གསང་བའི་ཞེས་པས་རྒྱུད་ཀྱི་རང་བཞིན། སྙིང་པོས་རྒྱུད་ཀྱི་ཆེ་བ། དེ་ཁོ་ན་ཉིད་ཀྱིས་རྒྱུད་ཀྱི་མཚན་ཉིད། ངེས་པས་རྒྱུད་ཀྱི་ངེས་དོན། འོ་ཞེས་པས་རྒྱུད་དོན་ཡོངས་སུ་རྫོགས་པར་སྟོན་པའོ། །གཉིས་པ་གོ་ཚུལ་ནི། གསང་བའི་ཞེས་པས་རྟོགས་དཀའ་བར། སྙིང་པོས་བཅུད་འདུས་པར། དེ་ཁོ་ན་ཉིད་ཀྱིས་གཞན་སེལ་བར། ངེས་པས་ངེས་དོན་ཐེ་ཚོམ་དང་བྲལ་བར། འོ་ཞེས་པས། དེ་དག་ལ་རྒྱུད་དོན་ཡོངས་སུ་རྫོགས་པར་གོ་བའོ། །གསུམ་པ་རྟོག་ཚུལ་ནི། སྟོན་ཚུལ་དང་རྗེས་སུ་མཐུན་པར་རྟོགས་པ་ཡིན་ཏེ། གསང་བའི་ཞེས་པས་རྒྱུད་ཀྱི་རང་བཞིན། སྙིང་པོས་རྒྱུད་ཀྱི་ཆེ་བ། དེ་ཁོ་ན་ཉིད་ཀྱིས་རྒྱུད་ཀྱི་མཚན་ཉིད། ངེས་པས་ངེས་དོན་ཐེ་ཚོམ་དང་བྲལ་བར། འོ་ཞེས་པས་རྒྱུད་དོན་ཡོངས་སུ་རྫོགས་པར་རྟོགས་པའོ། །གསུམ་པ་ཚིག་གི་དོན་ལ། འགྲེལ་པ་སྤར་ཁབ་ཀྱིས་ཕྱི་ལྟར་ཁོ་ན་ལས་མ་བཤད་ཀྱང་། བླ་མ་བརྒྱུད་པའི་གདམས་ངག་ལྟར་བཤད་ན། ཕྱི་ནང་གསང་བ་གསུམ་ལས། དང་པོ་མཚན་ཕྱི་ལྟར་བཤད་པ་ལ་ཡང་བཞི་སྟེ། གསང་བ། སྙིང་པོ། དེ་ཁོ་ན་ཉིད། ངེས་པའོ། །ཞེས་པའི་དོན་ནོ། །དང་པོ་གསང་བའི་ཞེས་པ་ལ་གསུམ་སྟེ། རང་བཞིན་གྱི། གབ་པའི། སྦས་པའི་གསང་བའོ། །རང་བཞིན་གྱིས་གསང་བ་ལ་ཡང་བཞི་སྟེ། གང་། གང་ལ། ཚུལ་ཇི་ལྟར། དགོས་ཆེད་ཅིའི་ཕྱིར་གསང་བའོ། །གང་ན། རང་བཞིན་གྱི་རྒྱུད། རང་བཞིན་གསང་བའི་སྙིང་པོ། གང་ལ་ན། གདུལ་བྱ་བློ་འཁྲུལ་པ་རྣམས་ལ། ཚུལ་ཇི་ལྟར་ན། རང་གསང་ཐབས་ཀྱིས་ཆོད་པའི་ཚུལ་དུ་སྟེ། འདི་ཉིད་ཀྱི་ལེའུ་གཉིས་པ་ལས། ཨེ་མ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་གསུངས་པས། གསང་ཚུལ་བཞི་ལས། ཡེ་ནས་གསང་བ་ནི། དོན་དམ་པའི་བདེན་པ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་རང་ཆས་སུ་ཡོད་ཀྱང་རང་ངོ་རང་གི་མ་ཤེས་ཏེ། གང་གིས་མ་ཤེས་ན། ལྷན་ཅིག་སྐྱེས་པའི་མ་རིག་པས་རང་རིག་ལ་ངེས་པའི་ཤེས་པ་མ་སྐྱེས་པས་སོ། །དེ་ཡང་སྤར་ཁབ་ལས། གཉིས་སུ་མེད་པའི་རང་བྱུང་གི་ཡེ་ཤེས་ཡོན་ཏན་རིལ་ལྷུན་གྱིས་གྲུབ་པ་དེ་རང་ཆས་སུ་ཡོད་ཀྱང་ངོ་མ་ཤེས་པ་ཁོ་ན་ལ་བྱའོ་ཞེས་གསུངས་སོ། །རང་བཞིན་གྱི་གསང་བ་ནི། ཀུན་རྫོབ་ཀྱི་བདེན་པ་ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་བཞིན་གྱིས་གནས་ཀྱང་རང་ངོ་རང་གིས་མ་ཤེས་པ་སྟེ། གང་གིས་མ་ཤེས་ན་ཀུན་ཏུ་བརྟགས་པའི་མ་རིག་པས་རང་སྣང་ལ་མཚན་མར་བཟུང་བས་མ་ཤེས་སོ། །དེ་ཡང་སྤར་ཁབ་ལས། དེ་ཉིད་རང་སྣང་བའི་དངོས་པོ་རིལ་མི་ཟད་པ་རྒྱན་གྱི་འཁོར་ལོ་རང་རྒྱུད་དུ་གནས་པ་བཏགས་པས་བསྒྲིབས་པའི་ཞེས་གསུངས་སོ། །ངོ་བོ་ཉིད་ཀྱི་གསང་བ་ནི། དབྱེར་མེད་ཀྱི་བདེན་པ་ཡེ་ནས་རང་ཆས་སུ་གནས་ཀྱང་ངོ་མ་ཤེས་ཏེ། གང་གིས་མ་ཤེས་ན་སྣང་སྟོང་ཐ་དད་དུ་བཟུང་བས་མ་ཤེས་སོ། །དེ་ཡང་སྤར་ཁབ་ལས། རང་བཞིན་གྱི་རྒྱུད་ཀྱི་ངོ་བོ་ཉིད་ཡུལ་སེམས་རྒྱུ་འབྲས་དང་བདེན་པ་གཉིས་པོ་ལས་གྲོལ་བ་དེ་རང་སྣང་བའི་ཕྱིར་རང་གི་ངོ་བོ་ཉིད་ཡུལ་དུ་བྱར་མ་དམིགས་པ་ཁོ་ནའོ་ཞེས་གསུངས་སོ། །ཤིན་ཏུ་གསང་བ་ནི། དབྱེར་མེད་སྤྱོད་ཡུལ་དང་བྲལ་བའི་དོན་ཡེ་ནས་རང་ཆས་སུ་གནས་ཀྱང་ངོ་མ་ཤེས་ཏེ། གང་གིས་མ་ཤེས་ན་ཡུལ་དང་ཡུལ་ཅན་དུ་བཟུང་བས་མ་ཤེས་སོ། །དེ་ཡང་སྤར་ཁབ་ལས། འབྲས་བུའི་རྒྱུད་བསྒྲུབ་པར་བྱ་བ་དེ་གུད་ནས་མེད་ཀྱང་ཉོན་མོངས་པ་དང་། ཤེས་བྱ་དང་ལྟ་བའི་སྒྲིབ་པས་གཞན་དུ་ཚོལ་ཡང་རང་རིག་པ་ལས་སྣང་བ་ཁོ་ནའོ་ཞེས་གསུངས་སོ། །དེས་ན་གསང་ཚུལ་བཞིས་ཆོད་པའི་ཚུལ་དུ་གསང་ངོ་། །དགོས་ཆེད་ཅིའི་ཕྱིར་གསང་ན། ཕལ་གྱི་ཡུལ་མ་ཡིན་པའི་ཕྱིར་གསང་ངོ་། །གཉིས་པ་གབ་པའི་གསང་བ་ནི་དྲུག་སྟེ། གང་། གང་དུ། གང་ལ། ཚུལ་ཇི་ལྟར། དགོས་ཆེད་ཅིའི་ཕྱིར་གབ། གང་གིས་འབྱིན་པའོ། །གང་ན། ཡི་གེའི་རྒྱུད་ཀྱི་དོན་དེ། གང་དུ་ན། མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་དུ། གང་ལ་ན། གདུལ་བྱ་རས་ཆོད་ཅན་ལ། ཚུལ་ཇི་ལྟར་ན། རྒྱུད་དཀྲུགས་ལུང་གཅུས་མན་ངག་གབ་པའི་ཚུལ་དུ། དགོས་ཆེད་གང་གི་ཕྱིར་ན། བཀའ་སེལ་མེད་པར་བྱ་བའི་ཕྱིར་གབ། གང་གིས་འབྱིན་ན། ཚད་མ་གཉིས་ཀྱི་བདག་པོས་འབྱིན་ནོ། །གསུམ་པ་སྦས་པའི་གསང་བ་ལ་ཡང་ལྔ། གང་། གང་དུ། གང་ལ། གང་གི་ཕྱིར་སྦས། གང་གིས་འབྱིན་པའོ། །གང་ན། སྤྱོད་པའི་ཁྱད་པར་ལྔ་གསུམ་བཅོ་ལྔ་ལ་སོགས་པ་སྔགས་ཀྱི་སྤྱོད་པ་རྣམས། གང་དུ་ན། ཡི་གེའི་རྒྱུད་དུ། གང་ལ་ན། གསང་སྔགས་སྒྲ་ཇི་བཞིན་པར་སྤྱོད་པ་རྣམས་ལ། གང་གི་ཕྱིར་ན། རྒྱས་པ་ལས། མ་རྟོགས་པ་ཡིས་སྤྱད་གྱུར་ན། །ཡི་དྭགས་སྲིན་པོའི་གནས་སུ་སྐྱེས། །ཞེས་སྒྲ་ཇི་བཞིན་པར་སྤྱད་ན་སྐྱོན་འདུག་པའི་ཕྱིར་སྦས། གང་གིས་འབྱིན་ན། སྔགས་ཀྱི་མན་ངག་དང་ལྡན་པས་འབྱིན་ནོ། །སྙིང་པོ་ཞེས་པའི་དོན་ལ་ཡང་གསུམ་སྟེ། རྒྱུའི། འབྲས་བུའི། བཅུད་འདུས་པ་དོན་གྱི་སྙིང་པོའོ། །རྒྱུད་སྙིང་པོ་ནི། རྒྱུད་འདི་ཉིད་བསྟན་པའི་བྱིན་རླབས་ཀྱིས་གོ་ཕྱེ་ནས་བསྟན་པ་ཐམས་ཅད་འབྱུང་བས་ན་རྒྱུའོ། །དེ་ཡང་འདི་ཉིད་ཀྱི་གསུམ་པ་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་བསྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་རྣམས་སུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །ཞེས་གསུངས་སོ། །འབྲས་བུའི་སྙིང་པོ་ནི། ཐེག་པ་ཀུན་ནས་བསྒྲུབས་པའི་མཐར་གསང་པའི་སྙིང་པོ་འདི་ཉིད་མངོན་དུ་བྱེད་དགོས་པ་ཡིན་ཏེ། ལེའུ་ཐ་མ་ལས། ས་རྣམས་ཁྱད་པར་བཀོད་པར་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་པ་དང་། ལེའུ་གསུང་པ་ལས། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་སོ། །བཅུད་འདུས་པ་དོན་གྱི་སྙིང་པོ་ནི། གཏན་ཚིགས་ཀྱི་སྒོ་གང་ནས་ཀྱང་། སྨལ། གཞིགས། བརྟགས། གཏན་ལ་ཕབ་ཀྱང་། མཐར་ཐུག་དེ་བཞིན་གཤེགས་པའི་དགོངས་པའི་སྤྱོད་ཡུལ་ནི། སྣང་སྤྱོད་དང་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པ་ཡིན་ཏེ། རྒྱས་པ་ལས། དོན་བསྡུས་གསུང་རབ་བཞི་བཅུ་གཉིས། །དེ་བས་ལྷག་པའི་དོན་སྨྲ་བ། །དེ་ནི་རྣམ་དག་ལམ་མིན་ཏེ། །རང་བློ་བསམ་པ་འཁྲུལ་པ་ཡིན། །ཞེས་པ་དང་། བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་གསུངས་སོ། །དེ་ཁོ་ན་ཉིད་ཅེས་པའི་དོན་ལ་ཡང་གསུམ་སྟེ། མ་བཅོས་པའི། མ་ནོར་བའི། གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དོ། །དེ་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། རྒྱུ་འབྲས་གཉིས་སུ་མེད་པ་ལ། །དེ་ཉིད་ངོ་བོ་སྐབས་ཀྱིས་གསུམ། །ཞེས་པས། མ་བཅོས་པ་ནི། རྟོག་ཚོགས་ཐམས་ཅད་རང་རིག་ལས་མི་གཞན་པའི་ཕྱིར་སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བློ་མ་བཅོས་པར་བཞག་པ་ནི། མ་བཅོས་པའི་དེ་ཁོ་ན་ཉིད་དོ། །དེ་ལ་སྐབས་ཀྱི་རྒྱུའི་དེ་ཁོ་ན་ཉིད་ཅེས་ཀྱང་ཐ་སྙད་དུ་འདོགས་སོ། །མ་ནོར་བ་ནི། སྐུ་དང་ཡེ་ཤེས་དེ་ཉིད་ཕྱག་རྒྱའི་དཀྱིལ་འཁོར་མང་པོར་སྣང་བ་མངོན་དུ་བྱུང་བ་ནི་མ་ནོར་བ་སྟེ། དེ་ལ་སྐབས་ཀྱི་འབྲས་བུའི་དེ་ཁོ་ན་ཉིད་ཅེས་ཐ་སྙད་དུ་འདོགས་སོ། །གཞན་མ་ཡིན་པ་ནི། རང་བཞིན་བདེན་པ་དབྱེར་མེད་ཀྱི་ཡེ་ཤེས་ལས་ཤེས་བྱའམ་བསྒྲུབ་བྱ་གཞན་མེད་པའི་ཕྱིར། རྒྱས་པ་ལས། ཇི་སྙེད་བརྗོད་པའི་ཁ་བརྒྱུད་ཀྱང་། །ཡང་དག་དོན་གྱི་སྙིང་པོ་འདི། །གཞན་ནས་བཙལ་ཀྱང་མི་རྙེད་དེ། །རང་རིག་སྒྲིབ་མེད་དག་པ་ཡིན། །ཞེས་པ་དང་། ཡང་འདི་ཉིད་ལས། དུས་བཞིའི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་བརྙེས་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་འཚོལ་ཞིག །ཅེས་པས་གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དོ། །དེ་ལ་སྐབས་ཀྱི་རྒྱུ་འབྲས་རོ་གཅིག་པའི་དེ་ཁོ་ན་ཉིད་ཅེས་ཀྱང་ཐ་སྙད་དུ་འདོགས་སོ། །ངེས་པ་ཞེས་པའི་དོན་ལ་ཡང་གསུམ་སྟེ། གཞིར། ལམ་དུ། འབྲས་བུར་ངེས་པའོ། །དེ་ཡང་འགྲེལ་པ་སྤར་ཁབ་ལས། གཞི་དང་ལམ་དང་ངོ་བོ་ཡི། །ངེས་པ་རྣམ་པ་གསུམ་དུ་བཤད། །ཅེས་པས། གཞིར་ངེས་པ་ནི། རང་བཞིན་གསང་བའི་སྙིང་པོ་སྟེ། རང་བཞིན་གྱིས་ངེས་པས་གཞིར་ངེས་པ་ཞེས་བྱ་སྟེ། དེ་ཡང་འདི་ཉིད་ལས། གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །ཞེས་སོ། །ལམ་དུ་ངེས་པ་ནི། རྒྱུད་འདི་ནི་ཉིད་ཀྱི་ལུགས་ཀྱི་འབྲས་བུ་ལ་ལམ་དུ་བྱེད་པ་ཡིན་ཏེ། འདི་ཉིད་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་པ་དང་། རྒྱས་པ་ལས། འབྲས་བུ་ལམ་དུ་གྱུར་ནས་དུས་གཅིག་མཉམ་པར་སྦྱོར། །ཞེས་གསུངས་སོ། །འབྲས་བུར་ངེས་པ་ནི། རྒྱུད་འདི་ཉིད་ཀྱིས་རྒྱལ་བའི་དགོངས་པ་མངོན་དུ་སྟོན་པའི་ཕྱིར་ཏེ། འདི་ཉིད་ལས། རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །འདི་ལས་གསང་བའི་ངེས་དོན་མེད། །ཅེས་གསུངས་སོ། །གཉིས་པ་ནང་ལྟར་བཤད་པ་ལ་ཡང་བཞི། གསང་བ། སྙིང་པོ། དེ་ཁོ་ན་ཉིད། ངེས་པ་ཞེས་པའི་དོན་ནོ། །གསང་བ་ལ་ཡང་དབྱེ་ན་གསུམ་སྟེ། རང་བཞིན་གྱི། གབ་པའི། སྦས་པའི་གསང་བའོ། །དང་པོ་ནི། གང་། གང་ལ། ཚུལ་ཇི་ལྟར། དགོས་ཆེད་ཅིའི་ཕྱིར་གསང་བའོ། །གང་ན། རང་བཞིན་བདེ་བའི་ཡེ་ཤེས་དེ། གང་ལ་ན། གདུལ་བྱ་བློ་འཁྲུལ་པ་རྣམས་ལ། ཚུལ་ཇི་ལྟར་ན། རང་གསང་ཐབས་ཀྱིས་ཆོད་པའི་ཚུལ་གྱིས་གསང་སྟེ། དེ་ལ་དབྱེ་ན་བཞི། ཨེ་མ་ཡེ་ནས་གསང་བའི་ཆོས། །ཞེས་པ་ལ་སོགས་པ་སྔར་བཞིན་ཏེ། ཡེ་ནས་གསང་བ་ནི། སྙིང་ག་ཆོས་ཀྱི་འཁོར་ལོ་ན། རྩ་འདབ་མ་བརྒྱད་ལ་རྩ་བའི་འདབ་མ་བཞི་ནི། གཡས་ན་ཆོས་ཉིད་ཀྱི་རྩ་དབྱིབས་ཟླུམ་པོ། འོད་དཀར་པོ། ཤེས་པ་ན་ཀུན་གཞི། སྦྱང་བྱ་དུད་འགྲོ་དང་། ལྷ་མིན་གྱི་ས་བོན་ཡི་གེ་སུ་དང་ཏྲི། སྦྱོང་བྱེད་དེ་བཞིན་གཤེགས་པའི་སྐུའི་སྙིང་པོ་ཡི་གེ་ཨཱོཾ་གིས་མནན་ནས་གནས་སོ། །རྒྱབ་ན་ཡེ་ཤེས་ཀྱི་རྩ་དབྱིབས་གྲུ་བཞི། འོད་སེར་པོ། ཤེས་པ་ན་ཡིད། སྦྱང་བྱ་ལྷ་དང་མིའི་ས་བོན་ཡི་གེ་ཨ་དང་ནྲི། སྦྱོང་བྱེད་དེ་བཞིན་གཤེགས་པའི་ཐུགས་ཀྱི་སྙིང་པོ་ཡི་གེ་ཧཱུྃ་གིས་མནན་ནས་གནས་སོ། །གཡོན་ན་ཡོན་ཏན་གྱི་རྩ་དབྱིབས་ཟླ་གམ། འོད་དམར་པོ། ཤེས་པ་ན་ཉོན་མོངས་པ་ཅན་གྱི་ཡིད། སྦྱང་བྱ་ཡི་དྭགས་དང་དམྱལ་བའི་ས་བོན་ཡི་གེ་པྲེ་དང་དུཿ སྦྱོང་བྱེད་དེ་བཞིན་གཤེགས་པའི་གསུང་གི་སྙིང་པོ་ཡི་གེ་ཨཱྃ་གིས་མནན་ནས་སོ། །མདུན་ན་ལས་རང་རྒྱུད་ཀྱི་རྩ་དབྱིབས་གྲུ་གསུམ། འོད་དམར་ནག །ཤེས་པ་སྒོ་ལྔ། དེ་ན་སྦྱང་བྱ་དང་སྦྱོང་བྱེད་ཀྱི་ཡི་གེ་ནི་མེད་དེ། དཔེ་ཆུང་རང་གནས་ལས། དམར་ནག་མདོག་ལ་ལྐོག་ཤོལ་དབྱིབས། །དེ་ནི་བླུན་སྨུག་སྣོད་ཡིན་ནོ། །ཞེས་གསུངས་པས་མངོན་ནོ། །དེ་རྣམས་ཀྱི་ནང་ན་རྩའི་དྭངས་མ་དར་དཀར་གྱི་སྐུད་པ་ཙམ་གནས་ཏེ་འབྱུང་བ་སའི་ཁམས་སོ། །རྩ་དེའི་ནང་ན་ཁྲག་གི་དྭངས་མ་མཚལ་ཅོག་ལ་མ་བཅག་པའི་ཁུ་བ་ཙམ་གནས་ཏེ་འབྱུང་བ་ཆུའི་ཁམས་སོ། །དེ་ན་དབུགས་ཀྱི་དྭངས་མ་གསེར་ས་འོག་ཏུ་བཅུག་པའི་རླངས་ཙམ་གནས་ཏེ་འབྱུང་བ་རླུང་གི་ཁམས་སོ། །དེ་ན་དྲོད་ཀྱི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ་གནས་ཏེ་འབྱུང་བ་མེའི་ཁམས་སོ། །དེ་ན་འོད་ཀྱི་དྭངས་མ་ཁ་དོག་སྣ་ཚོགས་པ་ཞིག་གནས་ཏེ་འབྱུང་བ་ནམ་མཁའི་ཁམས་སོ། །དེ་ལྟར་དྭངས་མ་ལྔ་འདུས་ཀྱི་དབུས་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་ཡེ་ནས་གནས་ཀྱང་། ངོ་མ་ཤེས་པས་ན་ཡེ་ནས་གསང་བའོ། །དེ་དག་སྐུ་དང་ཡེ་ཤེས་སུ་མ་འགགས་པར་སྣང་ཡང་རང་གི་རང་བསྒྲིབས་ཏེ་ངོ་མ་ཤེས་པ་ནི་རང་བཞིན་གྱི་གསང་བའོ། །དེ་ཉིད་གཉིས་སུ་མེད་པའི་བདེ་བའི་ཡེ་ཤེས་ཉམས་སུ་མྱོང་དཀའ་བ་ནི་ངོ་བོ་ཉིད་ཀྱི་གསང་བའོ། །དེ་རང་གི་རྒྱུད་ལ་སྣང་ཡང་ཐབས་ལམ་གྱི་བརྟུལ་ཞུགས་ཀྱིས་གཞན་དུ་ཚོལ་ལ། བཙལ་ཀྱང་གཞན་ནས་མི་རྙེད་པ་ནི་ཤིན་ཏུ་གསང་བའོ། །དགོས་ཆེད་ཅིའི་ཕྱིར་གསང་ན། རང་བཞིན་བདེ་བའི་ཡེ་ཤེས་དེ་སྤྱོད་ཡུལ་དང་བྲལ་ཞིང་རྟོགས་དཀའ་བའི་ཕྱིར་གསང་ངོ་། །གཉིས་པ་གབ་པའི་གསང་བ་ལ་ཡང་། གང་། གང་ལ། ཚུལ་ཇི་ལྟར། དགོས་ཆེད་ཅིའི་ཕྱིར་གབ་པ་དང་བཞི་ལས། གང་ན། དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུ་དང་བཅས་པ་དེ། གང་ལ་ན། གཟུ་ལུམ་ཅན་དང་རས་ཆོད་ཅན་ལ། ཚུལ་ཇི་ལྟར་ན། དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མན་ངག་དང་ལུང་དུ་མི་ལྡན་པ་རྣམས་ཀྱིས་ངོས་མ་ཟིན་པས་ཉམས་སུ་མྱོང་དཀའ་བའི་ཚུལ་དུ། དགོས་ཆེད་ཅིའི་ཕྱིར་ན། གཟུ་ལུམ་ཅན་དང་རས་ཆོད་ཅན་དགག་པའི་ཕྱིར་དུ་གབ་བོ། །གསུམ་པ་སྦས་པའི་གསང་བ་ལ་ཡང་། གང་། གང་ལ། ཚུལ་ཇི་ལྟར། དགོས་ཆེད་ཅིའི་ཕྱིར། གང་གིས་འབྱིན་པ་དང་ལྔ་ལས། གང་ན། སྤྱོད་པའི་ཁྱད་པར་ལྔ་གསུམ་བཅོ་ལྔ་ལ་སོགས་པ། གང་ལ་ན། སྒྲ་ཇི་བཞིན་པར་སྤྱོད་པ་རྣམས་ལ། ཚུལ་ནི་བརྡའམ་སྒྲའི་ཚུལ་དུ། དགོས་ཆེད་ཅིའི་ཕྱིར་ན། སྒྲ་ཇི་བཞིན་པར་སྤྱད་ན་ལྟུང་བ་དང་བཅས་པར་འགྱུར་བའི་ཕྱིར་སྦས་སོ། །གང་གིས་འབྱིན་ན། ཐབས་ལམ་སྟེང་སྒོའི་མན་ངག་དང་ལྡན་པའི་བླ་མས་འབྱིན་ནོ། །སྙིང་པོ་ཞེས་པའི་དོན་ལ་ཡང་གསུམ་སྟེ། རྒྱུའི། འབྲས་བུའི། བཅུད་འདུས་པ་དོན་གྱི་སྙིང་པོའོ། །རྒྱུའི་སྙིང་པོ་ནི། རྩ་དང་ཐིག་ལེ་དེ་ཉིད་བདེ་བའི་ཡེ་ཤེས་སྐྱེ་བའི་རྒྱུད་ཡིན་པའོ། །འབྲས་བུའི་སྙིང་པོ་ནི། ཐབས་ཀྱིས་བསྒོམས་པས་འབྲས་བུའི་ཡེ་ཤེས་བཞི་བཅུ་རྩ་གཉིས་མངོན་དུ་བྱེད་པས་སོ། །བཅུད་འདུས་པ་དོན་གྱི་སྙིང་པོ་ནི། ཐབས་ཀྱིས་བསྒོམ་པ་ལས་བྱུང་བ་ལྟར་སྣང་ཡང་རང་གི་རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་ཡེ་ནས་གནས་ཤིང་གསལ་བས་སོ། །དེ་ཁོ་ན་ཉིད་ཅེས་པ་ལ་དོན་གསུམ་སྟེ། མ་བཅོས་པའི། མ་ནོར་བའི། གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དོ། །མ་བཅོས་པའི་དེ་ཁོ་ན་ཉིད་ནི་རྩ་དང་ཐིག་ལེ་བདེ་བ་དང་བཅས་པ། ཡེ་ནས་མ་བཅོས་པར་རང་ཆས་སུ་གནས་པ་ལ་བློས་མ་བཅོས་པར་འཇོག་པའོ། །དེ་ལ་སྐབས་ཀྱི་རྒྱུའི་དེ་ཁོ་ན་ཉིད་ཅེས་ཀྱང་ཐ་སྙད་དུ་འདོགས་སོ། །མ་ནོར་བའི་དེ་ཁོ་ན་ཉིད་ནི་དེ་ཀ་བསྒྲུབ་བྱའི་དོན་ཁོ་ནར་འདུག་པས་སོ། །དེ་ལ་འབྲས་བུའི་དེ་ཁོ་ན་ཉིད་ཐ་སྙད་དུ་འདོགས་སོ། །གཞན་མ་ཡིན་པའི་དེ་ཁོ་ན་ཉིད་ནི་དོན་དེ་དག་ཀྱང་ཞེན་པའི་སྟོབས་ཀྱིས་གཞན་དུ་རྟོག་ཀྱང་རང་ལས་བྱུང་བས་སོ། །དེ་ལ་རྒྱུ་འབྲས་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཅེས་ཀྱང་ཐ་སྙད་དུ་འདོགས་སོ། །ངེས་པ་ཞེས་པའི་དོན་ལ་ཡང་གསུམ་སྟེ། གཞིར། ལམ་དུ། འབྲས་བུར་ངེས་པའོ། །གཞིར་ངེས་པ་ནི། བདེ་བའི་ཡེ་ཤེས་དོན་གྱིས་གནས་པའོ། །ལམ་དུ་ངེས་པ་ནི། ཐབས་ཀྱིས་སྤྱོད་པའི་དུས་དེ་ཉིད་ཁོ་ན་ལ་ལམ་དུ་བྱེད་པའོ། །འབྲས་བུར་ངེས་པ་ནི། ལྷན་སྐྱེས་ཀྱི་ཡེ་ཤེས་ངོས་ཟིན་པ་དེ་ལས་བསྒྲུབ་བྱ་ལོགས་ན་མེད་པའི་ཕྱིར་རོ། །གསུམ་པ་མཚན་གསང་བ་ལྟར་བཤད་ན། གསང་བ། སྙིང་པོ། དེ་ཁོ་ན་ཉིད། ངེས་བ་ཞེས་པའི་དོན་དང་བཞི་ལས། དང་པོ་གསང་བ་ལ་ཡང་གསུམ་སྟེ། རང་བཞིན་གྱི། གབ་པའི། སྦས་པའི་གསང་བའོ། །རང་བཞིན་གྱི་གསང་བ་ལ་བཞི། གང་། གང་ལ། ཚུལ་ཇི་ལྟར། དགོས་ཆེད་ཅིའི་ཕྱིར་གསང་བའོ། །གང་ན། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། གང་ལ་ན། གདུལ་བྱ་ཆགས་པ་རང་དགའ་མར་སྤྱོད་པ་རྣམས་ལ། ཚུལ་ཇི་ལྟར་ན། ཨེ་མ་ཡེ་ནས་གསང་བའི་ཞེས་པ་ལ་སོགས་པ་གསང་ཚུལ་བཞིའི་སྒོ་ནས་ཏེ། དེ་ཡང་ཡབ་ཡུམ་གྱི་ཐིག་ལེ་བདེ་བའི་རོ་དང་བཅས་པ་རང་ཆས་སུ་ཡོད་པ་ངོ་མ་ཤེས་པས་ན། ཡེ་ནས། དེ་ཉིད་ལ་ཡབ་ཀྱི་རྡོ་རྗེ་སྐུ། ཡུམ་གྱི་པད་མ་གསུང་། གསང་བའི་རྣམ་ཤེས་ཐུགས་སུ་གནས་ཀྱང་རྟོག་པས་བསྒྲིབས་ནས་ངོ་མ་ཤེས་པས་ན། རང་བཞིན་གྱི། དེ་གཉིས་སུ་མེད་པའི་ངོ་བོ་འདི་འདྲར་བསྟན་དཀའ་བས་ན། ངོ་བོ་ཉིད་ཀྱི། དེ་ཉིད་འབྲས་བུ་ཡིན་ཡང་གཞན་དུ་ཚོལ་བས་བསྒྲིབས་ཏེ་ངོ་མ་ཤེས་པས་ན། ཤིན་ཏུ་གསང་བའོ། །དགོས་ཆེད་ཅིའི་ཕྱིར་ན། སྒྲོ་སྐུར་ཅན་ལ་ཕན་གདགས་པའི་ཕྱིར་གསང་ངོ་། །གཉིས་པ་གབ་པའི་གསང་བ་ལ་ཡང་། གང་། གང་ལ། ཚུལ་ཇི་ལྟར། དགོས་ཆེད་ཅིའི་ཕྱིར་གབ་པ་དང་བཞི་ལས། གང་ན། རང་བཞིན་བདེ་བའི་ཡེ་ཤེས་དེ། གང་ལ་ན། གདུལ་བྱ་བློ་ཆུང་བ་རྣམས་ལ། ཚུལ་ཇི་ལྟར་ན། རང་གསང་ཐབས་ཀྱིས་ཆོད་པའི་ཚུལ་དུ། དགོས་ཆེད་ཅིའི་ཕྱིར་ན། ཕལ་པ་རྣམས་ཀྱིས་ཡུལ་མ་ཡིན་པའི་ཕྱིར་གབ་བོ། །གསུམ་པ་སྦས་པའི་གསང་བ་ལ་ཡང་། གང་། གང་ལ། ཚུལ་ཇི་ལྟར། དགོས་ཆེད་ཅིའི་ཕྱིར་སྦས། གང་གིས་འབྱིན་པ་དང་ལྔ་ལས། གང་ན། གསང་སྔགས་ཐབས་ཀྱིས་སྤྱོད་པ་རྣམས་ལ། གང་ལ་ན། བློ་ཆུང་སྒྲ་ཇི་བཞིན་པར་སྤྱོད་པ་རྣམས་ལ། ཚུལ་ཇི་ལྟར་ན། ཏ་ན་དང་། ག་ན་ལ་སོགས་པའི་བརྡའམ་སྒྲའི་ཚུལ་དུ། དགོས་ཆེད་ཅིའི་ཕྱིར་ན། ཐབས་ལམ་རྟོགས་དཀའ་བས་འཁྲུལ་པ་འབྱུང་བའི་སྐྱོན་འདུག་པའི་ཕྱིར་སྦས། གང་གིས་འབྱིན་ན། བླ་མ་དམ་པ་ཐབས་ལམ་གྱི་མན་ངག་ཚད་དང་ལྡན་པས་འབྱིན་ནོ། །སྙིང་པོ་ཞེས་པ་ལ་ཡང་གསུམ། རྒྱུའི། འབྲས་བུའི། བཅུད་འདུས་པ་དོན་གྱིའོ། །རྒྱུའི་སྙིང་པོ་ནི། ཡབ་ཡུམ་གྱི་ཐིག་ལེ་རང་བྱུང་གི་ཡེ་ཤེས་བཅུད་དང་ལྡན་པ་ཞིག་འབྱུང་ཞིང་གནས་པས་ན་རྒྱུའོ། །འབྲས་བུའི་སྙིང་པོ་ནི། བྱེད་པ་སྒོམ་པའི་རླུང་ཐབས་ཀྱིས་བསྒྲུབས་ཤིང་ཉམས་སུ་བླངས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྩལ་རྫོགས་པར་རང་ལ་མངའ་ཞིང་འཆར་བ་ནི་འབྲས་བུའོ། །བཅུད་འདུས་པ་དོན་གྱི་སྙིང་པོ་ནི། ཡབ་ཡུམ་གྱི་ཐིག་ལེ་བཞི་བཅུ་རྩ་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་བཅུད་འདུས་པའོ། །དེ་ཁོ་ན་ཉིད་ཅེས་པའི་དོན་ལའང་གསུམ། མ་བཅོས་པའི། མ་ནོར་བའི། གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དོ། །མ་བཅོས་པའི་དེ་ཁོ་ན་ཉིད་ནི། རྩ་དང་ཐིག་ལེ་བདེ་བའི་རོ་དང་བཅས་པ་ལ་བློས་མ་བཅོས་པར་རང་བཞིན་གྱིས་གནས་པ་ནི་མ་བཅོས་པ་སྟེ། དེ་ཀ་ལ་སྐབས་ཀྱི་རྒྱུའི་དེ་ཁོ་ན་ཉིད་ཅེས་ཀྱང་འདོགས་སོ། །མ་ནོར་བའི་དེ་ཁོ་ན་ཉིད་ནི། དེ་ཉིད་ཐབས་ཀྱི་ལམ་གྱིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་གསལ་བས་ན་མ་ནོར་བ་སྟེ། དེ་ལ་སྐབས་ཀྱི་འབྲས་བུའི་དེ་ཁོ་ན་ཉིད་ཅེས་ཀྱང་འདོགས་སོ། །གཞན་མ་ཡིན་པའི་དེ་ཁོ་ན་ཉིད་ནི། དེ་དག་ཞེས་པའི་སྐབས་ཀྱིས་བསྒོམ་པ་ལས་བྱུང་བ་ལྟར་སྣང་ཡང་གཞན་ནས་འོངས་པ་མ་ཡིན་པས་ན་གཞན་མ་ཡིན་པ་སྟེ། དེ་ལ་སྐབས་ཀྱི་རྒྱུ་འབྲས་རོ་གཅིག་པའི་དེ་ཁོ་ན་ཉིད་ཅེས་ཀྱང་འདོགས་སོ། །ངེས་པ་ཞེས་པའི་དོན་ལ་གསུམ་སྟེ། གཞིར། ལམ་དུ། འབྲས་བུར་ངེས་པའོ། །གཞིར་ངེས་པ་ནི། རྩ་དང་ཐིག་ལེ་བདེ་བའི་རོ་དང་བཅས་པ་ནི་རང་བཞིན་ནམ་གཞིའོ། །ལམ་དུ་ངེས་པ་ནི། ཐབས་ཀྱི་རྒྱུད་ཀྱི་ངོ་བོ་དེ་ཉིད་ལམ་དུ་བྱེད་པས་ན་ལམ་མམ་ཐབས་སོ། །འབྲས་བུར་ངེས་པ་ནི། ལམ་དེས་བསྐྱེད་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དེ་བཞིན་གཤེགས་པའི་དགོངས་པ་མངོན་དུ་སྣང་བས་ན་འབྲས་བུར་ངེས་པའོ། །འོ་ཞེས་པས་བཤད་ཐབས་ཕྱི་ནང་གསང་བ་གསུམ་པོ་དེས་གསང་སྔགས་མ་ཧཱ་ཡོ་གའི་དོན་ལྷག་མ་མ་ལུས་པར་མཚན་བསྟན་པ་ཙམ་གྱིས་ཡོངས་སུ་རྫོགས་པའི་ཚིག་གོ། །བཞི་པ་མཚན་གྱི་བརྒལ་ལན་ལ་གསུམ་སྟེ། མཚན་རྒྱུད་དོན་ཡིན་མིན་གྱི། མཚན་དུ་རྒྱུད་དོན་འདུས་མ་འདུས་ཀྱི། རྒྱ་སྐད་མི་སྨོས་པར་བོད་སྐད་སྨོས་པའི་བརྒལ་ལན་ནོ། །བརྒལ་ལན་དང་པོ་ནི། མཚན་རྒྱུད་དོན་ཡིན་ནམ་མིན། ཡིན་ན་གླེང་གཞི་གླེང་བསླང་དགོས་མེད་དུ་ཐལ། གླེང་གཞི་གླེང་བསླང་གི་གོང་དུ་རྒྱུད་དོན་བྱུང་བའི་ཕྱིར་རོ། །མཚན་རྒྱུད་དོན་མ་ཡིན་ན། དབང་པོ་ཡང་རབ་ཀྱིས་མཚན་མཐོང་བ་ལ་བརྟེན་ནས་རྒྱུད་དོན་ཇི་ལྟ་བ་བཞིན་མི་རྟོགས་པར་ཐལ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ན་ཁོག་གཞུང་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མ་འབྲུ་གཉེར་དགྲོལ་བའོ། །ཞེས་པ་དང་། སྒྱུ་འཕྲུལ་སྙིང་པོ་ལུང་གི་སྤྱི། །ལག་གི་རྩ་བཞིན་དབུ་ཞབས་རྟོགས། །ཞེས་པ་དང་། སྤར་ཁབ་ལས། རབ་ཀྱི་དོན་དུ་མཚན་བཤད་པ་ཡང་ཞེས་པས་གསལ་ལོ་ཞེ་ན། ལན་ནི། རྗེ་དྲི་ངས་པ་ཉེའུ་སྟོན་ཆོས་ཀྱི་སེང་གེའི་ཞལ་ནས། འོག་མིན་དུ་གླེང་གཞི་འཚོགས། གླེང་བསླང་ནས་རྒྱུད་དོན་གསུངས་ཀྱང་། མིའི་ཡུལ་དུ་གསང་བའི་བདག་པོས། ཚིག་དང་ཡི་གེར་འགོད་པའི་ཚེ། བློ་རབ་འབྲིང་གསུམ་ལ་དགོངས་ནས་མཚན་ཀླད་དུ་སྨོས་པས། མཚན་རྒྱུད་དོན་ཡིན་ཡང་། གླེང་གཞི་གླེང་བསླང་དགོས་མེད་དུ་མི་འགྱུར་གསུང་། ཡང་ཁྱེད་ན་རེ་མཚན་རྒྱུད་དོན་ཡིན་ནམ་མ་ཡིན་ཟེར་ན། མཚན་གླེང་གཞི་གླེང་བསླང་དགོས་འབྲེལ་གདམས་གཏད་ཀྱང་ཡིན་ནམ་མ་ཡིན་ཞེས་མགོ་བསྒྲེ་གསུང་ངོ་། །རྒྱ་གབ་གོང་པ་ན་རེ། མཚན་གླེང་གཞི་གླེང་བསླང་རྒྱུད་དོན་དགོས་འབྲེལ་གདམས་གཏད་ཀུན་གྱི་དོན་ཡིན་པས། རྒྱུད་དོན་ཡིན་མིན་གྱི་རྩོད་གཞི་རང་མི་དགོས་གསུང་ངོ་། །ཁོ་བོ་ནི་འདི་ལྟར་སེམས་ཏེ། མ་ཧཱ་ཡོ་གའི་ལུགས་ཀྱི་མཚོན་བྱ་རང་བཞིན་གྱི་རྒྱུད་དོན་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་རང་བཞིན་བདེ་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་སངས་རྒྱས་པ་དེ་ཡིན་ལ། མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་དོན་ནི། ཡི་གེ་དང་མིང་དང་ཚིག་གི་ཚོགས་གླེགས་བམ་དུ་བྲིས་པའི་རྒྱུད་དབུ་ཞབས་ཐམས་ཅད་ཀྱང་ཡིན་ནོ། །དེ་གཉིས་ཀའི་མཚན་དོན་ལྡན་ཐུན་མོང་དུ་བཏགས་པ་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ་ཞེས་པ་སྟེ། མདོར་ན་རྒྱུད་ཀྱི་དོན་ནི་རྟོག་དཀའ་བ་དང་། བཅུད་འདུས་པ་དང་། གཞན་སེལ་བ་དང་། ཐེ་ཚོམ་དང་བྲལ་བ་དང་། དེ་དག་ལས་དོན་གཞན་ལྷག་མ་མེད་པའོ། །དེ་ནས། རང་བཞིན་དང་། ཆེ་བ་དང་། མཚན་ཉིད་དང་། ངེས་པའི་དོན་མཚོན་པར་བྱེད་པའི་མིང་ཡིན་གྱིས། མིང་གི་དོན་མཚོན་པར་ནུས་པ་ཙམ་གྱིས་མིང་དེ། དོན་རང་གི་ངོ་བོ་ཡིན་པའི་ཁྱབ་པ་མེད་དོ། །བརྒལ་ལན་གཉིས་པ། མཚན་དུ་རྒྱུད་དོན་འདུས་སམ་མ་འདུས། འདུས་ན་རྒྱུད་དོན་ལ་བཅུ་ཡོད་པས་སྦྱོར་དང་། མ་འདུས་ན་བློ་ཡང་རབ་ཀྱིས་ཀྱང་མཚན་ཐོས་པས་རྒྱུད་དབུ་ཞབས་ཀྱི་དོན་མི་རྟོགས་པར་འགྱུར་རོ་ཞེས་ན། ལན་ནི། རྒྱུད་དོན་ཡོངས་སུ་ཤེས་བྱེད་ཀྱི་དངོས་པོ་བཅུ་པོ་བྱེ་བྲག་ཏུ་ཕྱེ་ལ་མཚན་དང་དངོས་སུ་བྲང་སྤྲད་ལ་སྦྱར་རྒྱུད་མེད་ཀྱང་མཚན་གྱི་དོན་གཞི་ལམ་འབྲས་བུ་གསུམ་དུ་གནས་པས་དེར་རྒྱུད་དོན་འདུས་སོ། །དངོས་སུ་གསལ་བར་མ་བྱུང་བ་ནི་དབང་པོ་ཡང་རབ་ཀྱི་དོན་གཙོ་ཆེ་བ་ཡིན་ནོ། །ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །རྒྱ་གབ་གོང་པ་ན་རེ། ཚོད་མ་ལ་ཚྭ་བལྟ་ན་འཐུང་མ་ཟིན་པའི་གོང་རོལ་དུ་བལྟ་བ་ཡིན། ཚོད་མ་འཐུང་ཟིན་ན་ཚྭ་བལྟ་རྒྱུད་མེད་པ་བཞིན་མཚན་རྒྱུད་དོན་ཡིན་པར་གྲུབ་ཟིན་ནས། མཚན་ཡང་རྒྱུད་དོན་འདུས་མ་འདུས་ཀྱི་རྩོད་པ་མི་དགོས་གསུང་ངོ་། །བརྒལ་ལན་གསུམ་པ། རྒྱུད་གཞུང་འདི་ལ་རྒྱ་སྐད་མ་བྱུང་བས་བོད་མར་འགྱུར་རོ། །ཞེ་ན། དེར་མ་ངེས་ཏེ། བཀའ་སྩལ་སྟོན་པའི་གཉེར། ཞུ་བ་པོ་འཁོར་གྱི་གཉེར། སྡུད་པ་པོ་ཚིག་གི་གཉེར། སྒྲ་སྒྱུར་པའི་ལོ་ཙཱ་བའི་གཉེར་དང་བཞི་ཡིན་པ་ལས། འདིར་ལོ་ཙཱ་བ་རྨ་རིན་ཆེན་མཆོག་གིས་ཚིག་ཉུང་བར་བྱ་བའི་ཕྱིར་རྒྱ་སྐད་ཀླད་དུ་མ་བཀོད་ལ། དོན་མྱུར་དུ་ངོས་ཟིན་པར་བྱ་བའི་ཕྱིར་བོད་སྐད་བོད་པས་བོད་མར་འགྱུར་བའི་ཁྱབ་མེད་ལ། ཚིག་སྤྲོས་ལ་དགའ་བ་འགའ་ཞིག་གིས་ས་བོད་དུ་བརྩམས་པའི་བསྟན་བཅོས་རྣམས་ལའང་། རྒྱ་སྐད་ཀླད་དུ་བཀོད་པ་དུ་མ་ཡོད་དེ་དེས་རྒྱ་གར་མར་འགྱུར་བ་ནི་མ་ཡིན་ནོ། །མདོར་ན་རྟོགས་ལྡན་ཆོས་ཀྱི་རྗེས་སུ་འཇུག་པ་རྣམས་ནི། རྟོན་པ་བཞིའི་རྗེས་སུ་འབྲང་བར་རིགས་ཀྱིས། གྱི་ནའི་བརྒལ་ལན་དོན་ཆུང་བར་རིག་པར་བྱའོ། །ཕྱག་བཙལ་བ་ནི། དྲང་ངམ། དེ་ཡང་བྱེད་པའི་མུ་དང་སྦྱར་ཏེ་བཤད་ན། ཕྱག་གང་གིས། གང་ལ། ཚུལ་ཇི་ལྟར། དགོས་ཆེད་གང་གི་ཕྱིར་བཙལ་བ་དང་བཞི་ལས། དང་པོ་ཕྱག་གང་གིས་བཙལ་ཞེ་ན། སྤར་ཁབ་ལས། སྡུད་པ་པོས་ཚིག་གཉེར་བ་དེའི་ཚེ། རང་གི་སྟོན་པ་ལ་མཆོད་པར་བརྗོད་པའོ། །ཞེས་པས། ཕྱག་སྡུད་པ་པོས་བཙལ་བར་བཞེད་མོད་ཀྱིས། ཁོ་བོ་ནི་རྒྱུད་གཞུང་སྤྱི་དང་བསྟུན་ན་སྡུད་པ་པོའི་ཚིག །ཨེ་བྃ་མ་ཡ་ཞེས་པ་མན་ཆོད་ཡིན་ལ། ཕྱག་ནི། ཡི་གེ་པས་རྒྱུད་གཞུང་ཡི་གེར་འདྲི་བའི་ཚེ་རང་གི་འདོད་པའི་ལྷ་ལ་ཕྱག་འཚལ་པའི་ཚིག་ཡི་གེར་འགོད་པ་ཡིན་ཏེ། དེས་ན་ཡི་གེ་པའི་རྐྱེན་གྱིས་ནང་པའི་གཞུང་འགའ་ཞིག་ཏུ་ལྷ་དབང་ཕྱུག་ཆེན་པོ་ལ་སོགས་པ་ལ་བཙལ་བ་དང་། ཕྱི་རོལ་པའི་གཞུང་འགའ་ཞིག་ཏུ་འཇམ་དཔལ་གཞོན་ནུ་ལ་སོགས་པ་ལ་བཙལ་བ་ལ་ཡང་སྣང་ངོ་། །མདོར་ན་རྒྱུད་གཞུང་སྤྱིའི་ལུགས་ཀྱི་ཕྱག་འཚལ་པའི་ཚིག་ཡི་གེ་པས་གཞུང་དོན་ཡི་གེར་འབྲི་བའི་ཚེ་འགོད་པ་དང་། མཚན་ཀླད་དུ་ལོ་ཙཱ་བས་སྒྲ་བསྒྱུར་བའི་ཚེ་འགོད་པ་ཡིན་པར་སེམས་སོ། །གང་ལ་འཚལ་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་སྟེ། དེའི་དོན་རྒྱས་པར་བཤད་ན་བཅོམ་ཞེས་པས་ཕྲིན་ལས་ཀྱི་མཚན་ཏེ། དེ་ཡང་སྒྱུ་འཕྲུལ་རྒྱས་པའི་ལེའུ་དོན་གཉིས་པ་ལས། བདུད་སྡེ་ཚར་གཅོད་ཅེས་བྱ་བའི་དམ་ཚིག་ནི། ཉོན་མོངས་པ་ཉིད་རྣམ་པར་དག །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །བདག་ཉིད་ལྷ་ཡི་དཀྱིལ་འཁོར་ཏེ། །སྐྱི་ཤི་མེད་པའི་གཡུང་དྲུང་གནས། །ཞེས་གསུངས་པས། ཉོན་མོངས་པ་ལྔ་ཉིད་མ་སྤངས་ཡེ་ཤེས་ལྔའི་ངོ་བོར་མངོན་དུ་གྱུར་པ་ནི། ཉོན་མོངས་པའི་བདུད་བཅོམ་པ་སྟེ། ཕྲིན་ལས་དང་སྦྱར་ན་ཞི་བའི་ཕུང་པོ་ལྔ་ཉིད་མ་སྤངས་རིགས་ལྔའི་ངོ་བོར་མངོན་དུ་གྱུར་པ་ནི། ཕུང་པོའི་བདུད་བཅོམ་པ་སྟེ། ཕྲིན་ལས་དང་སྦྱར་ན་རྒྱས་པའི། སེམས་ཉིད་སྐྱེ་འཆི་མེད་པའི་དོན་མངོན་དུ་གྱུར་པ་ནི། འཆི་བདག་གི་བདུད་བཅོམ་པ་སྟེ། ཕྲིན་ལས་དང་སྦྱར་ན་དབང་གི། ལྷ་དང་རྟོག་པ་གཉིས་སུ་མེད་པའི་དོན་མངོན་དུ་གྱུར་པ་ནི། ལྷའི་བུའི་བདུད་བཅོམ་པ་སྟེ། ཕྲིན་ལས་དང་སྦྱར་ན་དྲག་པོའི་ཕྲིན་ལས་སོ། །དེ་ཡང་རྡོ་རྗེ་ལས་རིམ་ལས། བདུད་བཞི་ལ་སོགས་རིག་པའི་གདེང་གིས་བཅོམ། །ཞེས་གསུངས་སོ། །ལྡན་ཞེས་པ་ཡོན་ཏན་གྱི་མཚན་ཏེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ་ཉི་ཤུ་རྩ་ལྔ་ལ་སོགས་པ་ཐུགས་རང་རིག་པའི་ཡེ་ཤེས་ལ་རང་བཞིན་གྱིས་ལྡན་པ་སྟེ། རྡོ་རྗེ་ལས་རིམ་ལས། སྐུ་ལྔ་ལ་སོགས་ཡོན་ཏན་བརྗོད་ལས་འདས། །ཞེས་གསུངས་སོ། །འདས་ཞེས་པ་མཚན་ཉིད་ཀྱི་མཚན་ཏེ། གོང་གི་ཡོན་ཏན་དེ་ཐམས་ཅད་ཀྱང་ཡོད་མེད་རྟག་ཆད་སྐྱེ་འགག་འགྲོ་འོང་གི་མཐའ་ཐམས་ཅད་ལས་འདས་པས་ཏེ། རྡོ་རྗེ་ལས་རིམ་ལས། རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད། །ཅེས་པ་དང་། རྒྱས་པ་ལས། མཚན་ཉིད་མཐའ་རྣམས་ཀུན་བྲལ་བ། །ཞེས་གསུངས་སོ། །དཔལ་ཞེས་པ་ནི་ཆེ་བའི་མཚན་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དཔལ་གཉིས་ལས། ཐུན་མོང་གི་དཔལ་ནི་འཇིག་རྟེན་ན་བུད་མེད་ཁྱོ་ནོར་དུ་འཛོམ་པ་ལ་མོ་དཔལ་མོ་ཆེ་ཡིན་ཟེར་བ་བཞིན་དུ། འཇིག་རྟེན་གྱི་དགེ་ལེགས་ཕུན་སུམ་ཚོགས་པ་ལ་བྱ་སྟེ། སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པ་ཐོབ་པ་ནི་ཐུན་མོང་གི་དཔལ་ཡིན་ལ། ཐུན་མོང་མ་ཡིན་པའི་དཔལ་ནི་གསུམ་སྟེ། རང་བཞིན་ལྷུན་གྱིས་གྲུབ་པའི། རིག་པ་རང་སྣང་བའི། ཐུགས་རྗེ་ཆེན་པོ་ཞོར་ལ་འབྱུང་བའི་དཔལ་ལོ། །དེ་ལ་རང་བཞིན་ལྷུན་གྱིས་གྲུབ་པའི་དཔལ་ནི། རང་བཞིན་ཉིད་ཀྱི་དཀྱིལ་འཁོར་བདེན་གསུམ་རིས་མེད་དུ་ལྷུན་གྱིས་གྲུབ་པ་སྟེ། ཆོས་སྤྱི་སྐད་དང་བསྟུན་ན། ཆོས་ཀྱི་དབྱིངས་ཤིན་ཏུ་དྲི་མ་མེད་པ་དེ་བཞིན་གཤེགས་པའི་སྙིང་པོའོ། །རིག་པ་རང་སྣང་བའི་དཔལ་ནི། གཞི་ཆོས་དབྱིངས་ཤིན་ཏུ་དྲི་མེད་དེ་ཉིད་མངོན་དུ་གྱུར་པའི་འབྲས་བུ་ནི། ཀུན་ཏུ་འོད་ཀྱི་ས་སྟེ་རྒྱུད་མཐུན་ཟབ་པའི་ཆོས་སྐུའོ། །དེ་ཀ་ལ་རྟོགས་པ་བདག་གི་དཔལ་ཞེས་ཀྱང་ཐ་སྙད་དུ་འདོགས་སོ། །ཐུགས་རྗེ་ཆེན་པོ་ཞོར་ལ་འབྱུང་བའི་དཔལ་ནི། རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་ཞི་ཁྲོའི་མཛད་པ་ཅིར་ཡང་མི་འགག་བས་གདུལ་བྱ་གང་ལ་གང་འདུལ་དེ་ལ་དེར་བསྟན་ནས་འགྲོ་བའི་དོན་རྒྱུད་ཆད་མེད་པར་འབྱུང་བ་ནི། པདྨ་ཅན་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་སྟེ། གཟུགས་སྐུ་གཉིས་སོ། །དེ་ཀ་ལ་ཐུགས་རྗེ་གཞན་གྱི་དཔལ་ཞེས་ཐ་སྙད་དུ་འདོགས་སོ། །ཀུན་ཏུ་བཟང་པོ་ཞེས་པ། རང་གི་ངོ་བོའི་མཚན་ཏེ་འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་དོན་མངོན་དུ་བྱས་པས་སྤྱོད་ཡུལ་ཡོངས་སུ་དག་ཅིང་བླང་དོར་དང་བྲལ་བའོ། །ལ་ཞེས་པ་ནི། འགའ་ཞིག་ཡུལ་མཚོན་པར་འདོད། འགའ་ཞིག་གནས་གཞི་མཚོན་པར་འདོད་མོད་ཀྱི། ཁོ་བོ་ནི་སྒྲའི་གནས་བརྒྱད་ལས་བཞི་པ་དགོས་ཆེད་ཀྱི་སྒྲས་མཚམས་སྦྱར་བར་སེམས་སོ། །ཚུལ་ཇི་ལྟ་བཙལ་ན་ཕྱག་འཚལ་ལོ་ཞེས་པ་སྟེ། སྤྱིར་ཕྱག་ལ་གསུམ། རབ་ལྟ་བ་མཇལ་བའི། འབྲིང་སྒོམ་པ་གོམས་པའི། ཐ་མ་མོས་གུས་ཀྱི་ཕྱག་གོ། །ལྟ་བ་འཇལ་བའི་ཕྱག་ནི། པཉྩ་ཀྲ་མ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གིས་རང་གི་ཡེ་ཤེས་གང་། །ལེགས་མཐོང་གང་ཡིན་འདིར་ཕྱག་འཚལ། །ཞེས་གསུངས་ལ། སྒོམ་པ་གོམས་པའི་ཕྱག་ནི། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས། རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་བསམ་གྱིས་མི་ཁྱབ་པ་བརྗོད་ཀྱིས་མི་ལང་བ་རྣམས་ལ་དུས་གཅིག་ཏུ་འཚལ་ན་ནི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ཏེ། ཆོས་མཚུངས་དཔེར་བརྗོད་ནས། མིང་གཞན་འཕྲུལ་དགའི་ཕྱག་ཅེས་ཀྱང་གྲགས་སོ། །མོས་གུས་ཀྱི་ཕྱག་ནི། ལུས་ཀྱི་སྒོ་ནས་གནས་ལྔ་ས་ལ་གཏུགས། ངག་གི་སྒོ་ནས་དབྱངས་དང་བསྟོད་པར་བཅས། ཡིད་ཀྱི་སྒོ་ནས་མོས་གུས་གདུང་སེམས་དང་ལྡན་པ་ཡིན་ལ། སྐབས་འདིར་ཕྱག་འཚལ་བ་པོ་སྡུད་པ་པོ་ཡིན་ན་ནི་ལྟ་བ་མཇལ་བའི་ཕྱག་ཏུ་རིགས་ཏེ། སྟོན་སྡུད་དགོངས་པ་དབྱེར་མེད་དུ་བཤད་པའི་ཕྱིར་རོ། །གཞན་དུ་ན་ཇི་ལྟར་རིགས་སོ། །དགོས་ཆེད་ཅིའི་ཕྱིར་འཚལ་ན། སྟོན་པ་གཞན་ལས་ཁྱད་པར་དུ་གྱུར་པ་ལ་ངམ་པའི་ཕྱིར་དང་། ཉན་པ་དང་། འཆད་པ་དང་། ཡི་གེར་འབྲི་བ་ལ་སོགས་པའི་ཚེ་ཡ་རབས་ཀྱི་ཚུལ་མི་ཉམས་པར་བྱ་བའི་ཕྱིར་འཚལ་ལོ། །གཞུང་གི་དོན་ལ་བཀའ་རང་ལུགས་ཀྱིས་ས་བཅད་ན། ལེའུ་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། འདིར་ལེའུ་དང་པོ། སློབ་དཔོན་འགྲེལ་པ་གདམས་ངག་མཁན་གྱིས་ས་བཅད་ན། གླེང་གཞི། གླེང་བསླང་། རྒྱུད་དོན། དགོས་འགྲེལ། གདམས་གཏད་དང་ལྔ་ལས། འདིར་གླེང་གཞིའོ། །དེ་ལྟར་གླེང་གཞི་སྟོན་པར་བྱེད་པའི་ལེའུ་དང་པོ་འདི་ལ། འཆད་མཁན་རིག་པའི་སྒྲོས་ཀྱིས་ས་བཅད་ན་གཉིས་ཏེ། ལེའུའི་གཞུང་དང་། མཚན་ནོ། །གཞུང་ལ་གསུམ་སྟེ། ཐུན་མོང་མ་ཡིན་པའི་གླེང་གཞིའམ་གླེང་གཞི་མདོར་བསྟན་པ་དང་། རྒྱུད་ཁྱད་པར་གྱི་གླེང་གཞིའམ་གླེང་གཞི་རྒྱས་པར་བཤད་པ་དང་། གླེང་གཞིའི་གཞུང་བསྡུ་བའོ། །དང་པོ། དྲང་། འདི་ལ་འགྲེལ་པ་སྤར་ཁབ་ཀྱིས་གསང་བ་ལྟར་ཁོ་ན་ལས་མ་བཤད་ཀྱང་བླ་མ་བརྒྱུད་པའི་གསུང་སྒྲོས་ཀྱི་རྗེས་སུ་འབྲངས་ནས་ཕྱི་ནང་གསང་བ་གསུམ་དུ་འཆད་དེ། དེ་ཡང་ཕྱིར་ལྟར་གཞུང་རྒྱས་པ་དང་སྦྱར་ཏེ་བཤད་པ་ནི། འདི་ཞེས་པས་གནས་ཕུན་སུམ་ཚོགས་པ་སྟེ། འོག་མིན་གྱི་གནས་མཐའ་དང་དབུས་མེད་ཅེས་པ་ནས། པདྨ་རིན་པོ་ཆེའི་གདན་ལ་ཞེས་པའི་བར་དང་སྦྱར་རོ། །སྐད་ཅེས་པས་སྟོན་པ་ཕུན་སུམ་ཚོགས་པ་སྟེ། དེ་བཞིན་གཤེགས་པ་ཞེས་པ་ནས། རང་བཞིན་ཏེ་ཞེས་པའི་བར་གྱིས་སྟོན་པའི་རང་བཞིན་དང་། སྐུ་མདུན་དང་ཞེས་པ་ནས། དབུ་གསུམ་དང་ལྡན་པ་ཞེས་པའི་བར་གྱིས་སྟོན་པའི་ངོ་བོ་དང་སྦྱར་རོ། །བཤད་ཅེས་པ་འཁོར་ཕུན་སུམ་ཚོགས་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་ཞེས་པ་ནས། གཉིས་སུ་མེད་པར་བཞུགས་སོ་ཞེས་པའི་བར་དང་སྦྱར་རོ། །པའི་ཞེས་པ་ནི། བསྟན་པ་ཕུན་སུམ་ཚོགས་པ་སྟེ། སྟོན་པའི་ཐུགས་ལ་རྒྱུད་དོན་ཡོངས་སུ་རྫོགས་པའོ། །དུས་ན་ཞེས་པ་དུས་ཕུན་སུམ་ཚོགས་པ་སྟེ། སྟོན་འཁོར་གནས་གསུམ་ནམ་འཛོམ་པའི་དུས་དེ་ཉིད་གླེང་གཞི་ཕུན་སུམ་ཚོགས་པ་ཞེས་བྱ་སྟེ། ཡེ་ཤེས་རྫོགས་པའི་རྒྱུད་ལས། གནས་དང་སྟོན་པ་འཁོར་ཚོགས་ནི། །དུས་དང་སྡུད་པ་ཤུགས་ལས་འབྱུང་། །ཞེས་གསུངས་སོ། །ནང་ལྟར་ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ། བཤད་ན། འདི་ཞེས་པ་གནས་ཕུན་སུམ་ཚོགས་པ་སྟེ། སྒྱུ་འཕྲུལ་རྒྱ་མཚོ་ལས། དྷརྨ་ཙཀྲ་ཆོས་ཀྱི་གནས། །འོད་གཞི་ཨེ་སོགས་དབྱིབས་སུ་གནས། །ཞེས་པས། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་དེ། གཡས་ཆོས་ཉིད་ཀྱི་རྩ་དབྱིབས་ཟླུམ་པོ་འོད་དཀར་པོ་ཞི་བའི་གནས། རྒྱབ་ཡེ་ཤེས་ཀྱི་རྩ་གྲུ་བཞི་སེར་པོ་རྒྱས་པའི་གནས། གཡོན་ཡོན་ཏན་གྱི་རྩ་ཟླ་གམ་དམར་པོ་དབང་གི་གནས། མདུན་ལས་རང་རྒྱུད་ཀྱི་རྩ་དབྱིབས་གྲུ་གསུམ་འོད་དམར་ནག་དྲག་པོའི་གནས་སོ། །སྐད་ཅེས་པས་སྟོན་པ་ཕུན་སུམ་ཚོགས་པ་སྟེ། རྒྱ་མཚོ་ལས། མི་ཤིགས་ཐིག་ལེ་ཝཾ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་དག །ཅེས་པས། སྲོག་མི་ཤིགས་པའི་ཐིག་ལེ་དྭངས་མ་ལྔ་འདུས་ཀྱི་ངོ་བོ་ཐིག་ལེ་ཟླུམ་པོ་ཡི་གེ་ཝཾ་གྱི་དབྱིབས་ཅན་དེ་རང་ལ་བདེ་བ་གསལ་བར་སྟོན་པས་ན་སྟོན་པའོ། །བཤད་ཅེས་པ་འཁོར་ཕུན་སུམ་ཚོགས་པ་སྟེ། རྒྱ་མཚོ་ལས། མ་ནུ་རྣམ་ཤེས་ཡིད་སོགས་བཞི། །ཡེ་ཤེས་མྱོང་བས་སྡུས་པར་བཤད། །ཅེས་པས། ཡིད་ལ་སོགས་པའི་སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་ཡེ་ཤེས་ལྔར་གསལ་བར་ཉམས་སུ་མྱོང་བས་བཤད་པ་དང་འདྲ་བས་ན་འཁོར་རོ། །པའི་ཞེས་པ་བསྟོན་པ་ཕུན་སུམ་ཚོགས་པ་སྟེ། རྒྱ་མཚོ་ལས། ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པ། །པ་ར་མཱརྠ་དོན་ཟབ་མོ། །ཞེས་པས། པ་པཱ་ར་མི་ཏའི་སྒྲ་ལས་དྲངས་ན། དོན་དམ་པ་བྱང་ཆུབ་ཀྱི་སེམས། མ་མ་ཧཱ་ཡན་ཐེག་པ་ཆེན་པོ་སྟེ། དེ་ཉམས་སུ་བླངས་པས་ཡེ་ཤེས་ནམ་མཁའི་གཟུགས་ཅན་སྐྱེས་པ་ནི་བསྟན་པའོ། །དུས་ན་ཞེས་པ་དུས་ཕུན་སུམ་ཚོགས་པ་སྟེ། རྒྱ་མཚོ་ལས། བདེ་བའི་དུས་ཉིད་སྔ་ཕྱི་བྲལ། །དུས་གསུམ་ཀུན་གྱི་ངོ་བོར་གནས། །ཞེས་པས། ཡེ་ཤེས་སྐྱེས་པའི་དུས་སུ་གསུམ་དུ་འཛིན་པ་མེད་པ་ནི་བསམ་གྱིས་མི་ཁྱབ་པའི་དུས་ཏེ་དུས་སོ། །གསང་བ་ལྟར་རྫོགས་རིམ་འོག་སྒོ་དང་སྦྱར་ཏེ་བཤད་ན། འདི་ཞེས་པ་གནས་ཕུན་སུམ་ཚོགས་པ་སྟེ། ཐལ་རྒྱུད་ལས། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞིའི་དབྱིབས་ཅན་གནས། །ཞེས་པས། ཡུམ་གྱི་མཁའ་ཕྱི་ཁྱམས་གྲུ་གསུམ་དྲག་པོའི་གནས། བར་ཁྱབས་གྲུ་བཞི་རྒྱས་པའི་གནས། སྐྱེ་གནས་ཟླ་གམ་དབང་གི་གནས། དབྱིངས་ཕྱུག་གི་སྣ་རྩེ་ཟླུམ་པོ་ཞི་བའི་གནས་སོ། །དེ་ཡང་སྤར་ཁབ་ལས། ཁྱམས་དང་སྒོ་དང་བྱའི་གདོང་དང་ཟ་མ་ཏོག་རྣམས། དྲག་རྒྱས་ཞི་དབང་དུ་གནས་པ་ནི་སངས་རྒྱས་རིལ་གྱི་བཞུགས་གནས་སུ་གསུངས་སོ་ཞེས་སོ། །སྐད་ཅེས་པ་སྟོན་པ་ཕུན་སུམ་ཚོགས་པ་སྟེ། ཐལ་རྒྱུད་ལས། སྐད་ཅེས་གསལ་བྱེད་ལས་མིང་ཅན། །བཾ་དབྱིབས་ཐིག་ལེར་བཅས་སྟོན་པའོ། །ཞེས་པས། ཡབ་ཀྱི་གསང་བ་རྡོ་རྗེའི་དབུལ་ཀུན་རྫོབ་ཡེ་ཤེས་ཀྱི་ཐིག་ལེ་ཡི་གེ་བཾ་གྱི་དབྱིབས་སུ་རྫོགས་པས། རྟོགས་པ་དང་མ་རྟོགས་པའི་དབང་གིས་འཁོར་འདས་གཉིས་ཀའི་བྱེད་པ་པོ་ཡིན་པ་དང་། ཐིག་ལེ་དེ་ཉིད་ཀྱིས་བདེ་བ་གསལ་བར་བྱེད་པས་ན་སྟོན་པའོ། །དེ་ཡང་སྤར་ཁབ་ལས། གུ་ཧྱ་བཛྲ་དབུར་རྫོགས་པའི་ཐིག་ལེ་དང་བཅས་པ་ནི་མ་ལུས་པའི་བྱེད་པ་པོའི་ཕྱིར་སྟོན་པའོ་ཞེས་སོ། །བཤད་ཅེས་པ་འཁོར་ཕུན་སུམ་ཚོགས་པ་སྟེ། ཐལ་རྒྱུད་ལས། མ་ད་མ་ནུ་སྡོམ་བྱེད་ཡིད། །ལས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བས་བཤད་པར་འདོད། །ཅེས་པས། མ། མ་ཏ་ན་སྡོམ་པ། མ། མ་ནུ་ན་ཡིད་དེ། བདེ་བ་སྡོམ་པར་བྱེད་པ། ཡིད་ལ་སོགས་པའི་རྣམ་པར་ཤེས་པ་ཚོགས་བརྒྱད་ནི་འཁོར་རོ། །དེ་ཡང་སྤར་ཁབ་ལས། མ་ནུ་མ་ད་ན་སྡོམ་བྱེད་དེ། སེམས་ལྔས་གླེང་བསླང་བའི་ལས་ཀྱིས། མ་ནུ་ན་ཡིད་དེ། རྣམ་པར་ཤེས་པའི་རྒྱལ་པོ་དང་། རྡོ་རྗེ་མཐོང་བ་ལ་སོགས་པ་ཕྱིན་ཅི་མ་ལོག་པར་གོ་བ་ནི། བརྗོད་པ་དང་འདྲ་བའི་ཕྱིར་འཁོར་ལ་བཤད་དོ་བར་ཐ་སྙད་འདོགས་སོ། །པའི་ཞེས་པ་བསྟན་པ་ཕུན་སུམ་ཚོགས་པ་སྟེ། ཐལ་རྒྱུད་ལས། པ་སྒྲ་དོན་དམ་ངེས་པའི་རྒྱུད། །ཡ་ན་ཐེག་ཆེན་འདིར་ཡིན་ཏེ། །ཞེས་པས། པ། པ་ར་མཱརྠ་དོན་དམ་པ། ཡ་ན་ན་ཐེག་པ་ཆེན་པོ་དགའ་བ་བཅུ་དྲུག་གི་མཐའ་མར་རང་བཞིན་ལྷན་ཅིག་སྐྱེས་པའི་བདེ་བའི་ཡེ་ཤེས་ལྷངས་ཀྱིས་ཉམས་སུ་མྱོང་བ་ནི། རང་བཞིན་གསང་བའི་སྙིང་པོའི་དོན་ཡིན་ཏེ་དེ་ནི་བསྟན་པའོ། །དེ་ཡང་སྤར་ཁབ་ལས། པ། པཱ་ཏ་མ་ཏ་ན་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཏེ་སེམས་ལྔའི་མཐའ་མ་སྐད་ཅིག་མ་བཅུ་དྲུག་གི་བྱང་ཆུབ་སེམས་མཐའ་མ་རེག་པ་ནི། མ་ཧཱ་ཡ་ན་ཐེག་པ་ཆེན་པོ་སྟེ་རྒྱུད་འདིའོ་ཞེས་སོ། །དུས་ན་ཞེས་པ་དུས་ཕུན་སུམ་ཚོགས་པ་སྟེ། ཐལ་རྒྱུད་ལས། དུས་ནི་བསམ་གྱིས་མི་ཁྱབ་དུས། །ནཱ་མ་དེ་མིང་ཞེས་བྱའོ། །ཞེས་པས། མཁའ་གསང་ལ་བདེ་བ་སྐྱེས་པའི་ཚེ་ན་དུས་ཕྱོགས་གཅིག་ཏུ་བརྗོད་དུ་མི་བཏུབ་སྟེ་སྔ་ཕྱི་འཛིན་པའི་རྟོག་པ་དང་བྲལ་བས་བསམ་གྱིས་མི་ཁྱབ་པའི་དུས་སོ། །ནཱ་མ་དེ་མིང་ཞེས་བྱའོ། །ཞེས་པས། དུས་དེ་ལ་བབ་པའི་མིང་ཅན་ནམ། ཡང་ན་ཀུན་ལ་འཇུག་པ་སྟེ། གནས་ཞེས་བྱ། སྟོན་པ་ཞེས་བྱ། འཁོར་ཞེས་བྱ། བསྟན་པ་ཞེས་བྱ། དུས་ཞེས་བྱའོ། །དེ་ཡང་སྤར་ཁབ་ལས། དེའི་དུས་ནི་གཅིག་ཏུ་བརྗོད་དུ་མེད་པས་བསམ་གྱིས་མི་ཁྱབ་པའི་དུས་ཞེས་ཐ་སྙད་དུ་འདོགས་སོ། །ཞེས་སོ། །འདི་དག་ཐུན་མོང་མ་ཡིན་པའི་གླེང་གཞིར་འཇོག་པའི་རྒྱུ་མཚན་ནི། མཐར་ལམ་པ་དང་གདུལ་བྱ་ཆགས་པ་ཅན་གྱི་དབང་དུ་གསུངས་པ་ཡིན་ཏེ། སྤར་ཁབ་ལས། དེ་ནི་གདུལ་བྱ་ལས་ཐ་མ་པ་རྣམས་ཀྱི་དོན་གྱི་ཕྱིར་ཐུན་མོང་མ་ཡིན་པའི་གླེང་གཞིའོ་ཞེས་གསུངས་སོ། །དེ་ལྟར་བཤད་པའི་ཐུན་མོང་མ་ཡིན་པའི་གླེང་གཞིའམ་གླེང་གཞི་མདོར་བསྟན་པའི་སྐབས་འདིར། ཁ་ཅིག་ན་རེ། གསང་བ་སྙིང་པོའི་རྒྱུད་འདི་ལ་ལོག་པའི་སྟོན་བཞི་ཡོད་དེ། རྒྱུད་གཞན་ན་འདི་སྐད་ཐོས་བྱ་བ་ཡོད་པ་ལ། འདིར་འདི་སྐད་བཤད་བྱ་བ་བྱུང་བས་གླེང་གཞི་ལོག །གཞན་ན་དུས་གསུམ་དུ་ཡོད་པ་ལས། འདིར་དུས་བཞི་བྱུང་བ་དུས་ལོག ། རྒྱུད་ཀྱི་བདག་པོ་ཀུན་ཏུ་བཟང་པོ་ཡིན་པ་ལ་དཀྱིལ་འཁོར་གྱི་གཙོ་བོར་རྡོ་རྗེ་སེམས་དཔའ་བྱུང་བས་དཀྱིལ་འཁོར་ལོག །སྒྲུབ་པའི་ཞག་དང་ཚེས་གྲངས་ནི། །རྒྱུད་ལས་སྨོས་པ་བཞིན་དུ་བཤད། །ཅེས་ཁ་འཕངས་པས་རྒྱུད་ལོག་གོ་ཞེ་ན། སྐབས་འདིར་གླེང་གཞི་ལོག་པའི་སྐྱོན་སྤང་བ་ནི། གླན་ཆབ་བར་པ་ན་རེ། ཕོ་རེ་བ་དང་སྤྱང་སློང་བ། །ཚིག་ལ་མི་མཐུན་དོན་ལ་མཐུན། །བྱ་བ་ཡིན་པས། བྱིའུ་གསོན་པོ་ལ་རྟེན་བྱས་ནས་སློང་བ་དང་། སྤྱང་ཀི་ཤི་བའི་གསོབ་ལ་བརྟེན་ནས་སློང་བ་གཉིས། གནས་སྐབས་རྟེན་དང་བརྟེན་བཤད་གཉིས་ཀ་མི་མཐུན་ཡང་། དོན་སློང་བ་ལ་མཐུན་པ་བཞིན་བཤད་པ་དང་། ཐོས་པ་གཉིས་ཚིག་མི་མཐུན་ཀྱང་སྟོན་པས་འཁོར་ལ་བཤད་པ་དང་། འཁོར་གྱིས་སྟོན་པ་ལ་ཐོས་པ་དོན་མཐུན་གསུང་། མདའ་ཏིག་ཆོས་ཤཱཀ་ན་རེ། ཐོས་བྱ་བ་འཁོར་གྱི་ཚིག་ཡིན་ཏེ། མ་རྟོགས་ལོག་རྟོགས་ཐེ་ཚོམ་གསུམ་དང་བཅས་པ་ཡིན་ལ། བཤད་བྱ་བ་སྟོན་པའི་ཚིག་ཡིན་པས་མ་རྟོགས་ལོག་རྟོགས་ཐེ་ཚོམ་གསུམ་དང་བྲལ་བས་རྒྱུད་འདི་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་གསུངས། རྗེ་སྒྲོ་ཕུག་པ་ན་རེ། སྐུ་གཉིས་ཀྱིས་བསྟན་པའི་ཁྱད་པར་ཡིན་ཏེ། ལོངས་སྐུའི་ཚིག་ཏུ་མི་གསུང་བས་རྣ་བས་ཐོས་སུ་མེད་པའི་ཕྱིར་བཤད་བྱ་བར་འོང་བ་ཡིན་ལ། སྤྲུལ་སྐུས་ཚིག་ཏུ་གསུངས་པས་རྣ་བས་ཐོས་སུ་ཡོད་པའི་ཕྱིར་ཐོས་ཞེས་བྱ་བར་འོང་བ་ཡིན་ཏེ། སྤར་ཁབ་ལས། རྣམ་པར་ཤེས་པའི་རྒྱལ་པོ་དང་། རྡོ་རྗེ་མཐོང་བ་ལ་སོགས་པས་ཕྱིན་ཅི་མ་ལོག་པར་གོ་བ་ནི་བརྗོད་པ་དང་འདྲ་བའི་ཕྱིར་འཁོར་ལ་བཤད་དོ་བར་ཐ་སྙད་དུ་འདོགས་སོ། །ཞེས་བཤད་དོ་གསུང་། ཉེའུ་སྟོན་ཆོས་ཀྱི་སེང་གེ་ན་རེ། འགྲེལ་པ་རྣམས་བཤད་ནས། དགོངས་པ་བརྡའི་བཤད་པ་སྡུད་པ་པོས་མ་ཕྲི་མ་བསྣན་བར་མི་ཡུལ་དུ་བཤད་པས། ཐུན་མོང་མ་ཡིན་པའི་གླེང་གཞིར་གསུངས་པ་ཡིན་པས། བཤད་ཅེས་པ་ལ་གླེང་གཞི་ལོག་པའི་སྐྱོན་མེད་གསུང་ངོ་། །ཁོ་བོའི་བླ་མ་ཟུར་ཐམས་ཅད་མཁྱེན་པ་ནི་འདི་ལྟར་དུ་བཞེད་དེ། སྟོན་པ་ལོངས་སྐུས་གསུངས་པའི་རྒྱུད་དང་། སྤྲུལ་སྐུས་གསུངས་པའི་བཀའ་དུ་མ་ན། ལ་ལ་ན་འདི་སྐད་བཤད་པའི་དུས་ན་ཞེས་པ་དང་། ལ་ལ་ན་འདི་སྐད་བསྟན་པའི་དུས་ན་ཞེས་པ་དང་། ལ་ལ་ནི་འདི་སྐད་བསྒོ་བ་བདག་གིས་ཐོས་པའི་དུས་ན་ཞེས་པ་དང་། ཕལ་ཆེར་ན་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པ་ལ་སོགས་པ་དུ་མ་སྣང་ཡང་། རྒྱུད་གཞུང་ཐམས་ཅད་ཀྱི་ལེགས་པར་སྦྱར་བའི་སྐད་ལ་ཨེ་ཝཾ་མ་ཡ་བྱ་བ་ལས། བཤད་དང་ཐོས་ལ་སོགས་པའི་རྣམ་དབྱེ་འདི་ནི་མཐུན་པ་མེད་དོ། །འོན་ཀྱང་དེའི་དོན་ལོ་ཙཱ་བས་བོད་སྐད་དུ་བསྒྱུར་བའི་དུས་སུ། རྒྱུད་དབུ་ཞབས་ཀྱི་དོན་ལ་བརྟགས་པས། རྒྱུད་གཞུང་དེའི་ལུགས་ཀྱིས་སྟོན་སྡུད་ཀྱི་དགོངས་པ་ལ་ཁྱད་པར་མེད་པར་བསྟན་པའི་གཞུང་ལུགས་སུ་འདུག་ན། བཤད་ལ་སོགས་པ ར་བསྒྱུར་བ་དང་། སྟོན་སྡུད་ཀྱི་དགོངས་པ་ལ་ཁྱད་པར་ཡོད་པར་བསྟན་པའི་གཞུང་ལུགས་སུ་འདུག་ན་ཐོས་པ་ལ་སོགས་པར་བསྒྱུར་བར་མངོན་ཏེ། དེའི་ཁྱད་ཀྱིས་ཐོག་མ་ནི་ཐུན་མོང་མ་ཡིན་པའི་གླེང་གཞི་དང་། ཕྱི་མ་ནི་ཐུན་མོང་གི་གླེང་གཞི་ཡིན་ནོ། །དེ་ཡང་ཐུན་མོང་མ་ཡིན་པའི་གླེང་གཞི་ལྟར་ན། འདི་སྐད་བཤད་ལ་སོགས་པ་བསྒྱུར་བའི་དགོས་ཆེད་ནི། སྡུད་པ་པོས་སྟོན་པ་དང་། དགོངས་པ་ཐ་དད་མེད་པར་ཁས་བླངས་ནས་ཉིད་ལས་མི་གཞན་པའི་འཁོར་ལ་བཤད་པ་མཚོན་པའོ། །དེ་ལ་ཡང་ཉིད་དགོས་གསུམ་སྟེ། སྟོན་པས་འཁོར་ལ་རྒྱུད་འཆད་པའི་སྔོན་དུ་དབང་བསྐུར་བས། སྟོན་འཁོར་དགོངས་པ་གཉིས་སུ་མེད་པར་གྱུར་པའི་ཕྱིར། བསྟན་པ་འདི་དགོངས་པའི་ཞེ་ཕུགས་ཡིན་པར་མཚོན་པ་སྟེ། བསྟན་པ་ཐུན་མོང་མ་ཡིན་པ་དང་། བཤད་ཅེས་པ། སྡུད་པ་པོ་དབང་ཐོབ་པ་དྲུག་པ་ཉིད་དང་གཉིས་སུ་མེད་པར་གྱུར་བའི་ཕྱིར་ཐོས་པ་ལ་མ་ལྟོས་པར་མཚོན་པ་སྟེ། སྡུད་པ་པོ་ཐུན་མོངས་མ་ཡིན་པ་དང་། དུས་ན་ཞེས་དུས་གཅིག་ཁོ་ནར་མ་སྨོས་པའི་ཕྱིར། དུས་བཞི་མཉམ་པ་ཉིད་མཚོན་པ་སྟེ་དུས་ཐུན་མོང་མ་ཡིན་པའི་ཆེ་བའི་མཚོན་པའོ། །དེ་ལས་གཞན་པ་ཐུན་མོང་གི་གླེང་གཞི་ལྟར་ན། འདི་སྐད་ཐོས་བྱ་བ་ལ་སོགས་པར་བསྒྱུར་བའི་དགོས་ཆེད་ནི་སྡུད་པ་པོས་སྟོན་པའི་དགོངས་པ་དང་ཁྱད་པར་ཡོད་པར་ཁས་བླངས་ནས་ལྷན་ཅིག་པ་དང་གོ་ཕྱེ་བའི་འཁོར་གྱི་དོན་དུ་སྟོན་པ་ཉིད་ལ་ཐོས་པ་མཚོན་པའོ། །དེ་ལ་ཉིང་དགོས་བདུན་ཏེ། འདི་སྐད་ཐོས་ཞེས་བཀའི་དོན་སྒྲོ་སྐུར་དང་བྲལ་བར་མཚོན་པ་དང་། ཡང་བདག་གིས་ཐོས་ཞེས་སྡུད་པ་པོ་སྟོན་པ་མ་ཡིན་པར་མཚོན་པ་དང་། ཡང་བདག་གིས་ཐོས་ཞེས་གཞན་ལ་མ་བརྒྱུད་པར་སྡུད་པ་པོ་བདག་རང་གིས་ཐོས་པས་སྡུད་པ་པོ་ཚད་མ་ཉིད་དུ་མཚོན་པ་དང་། ཡང་དུས་གཅིག་ན་ཐོས་ཞེས་དུས་ཐམས་ཅད་དུ་མ་སྨོས་པས་བཀའི་དོན་འབྱུང་བར་དཀའ་བར་མཚོན་པ་དང་། ཡང་དུས་གཅིག་ན་ཞེས་འདིར་འདི་ཐོས་ལ། གཞན་དུ་གཞན་ཀྱང་ཐོས་པས་སྡུད་པ་པོ་ཐོས་པ་ཆེ་བར་མཚོན་པ་དང་། ཡང་དུས་གཅིག་ནས་ཞེས་མ་ཡེངས་པར་ཐོས་པས་སྡུད་པ་པོ་དགོངས་པ་དང་ལྡན་པར་མཚོན་པ་དང་། ཡང་དུས་གཅིག་ན་ཞེས་ཡང་དང་ཡང་དུ་མ་སྨོས་པར་དུས་གཅིག་གིས་ཆུད་པས་སྡུད་པ་པོ་ཤེས་རབ་མཚོན་པའི་དགོས་པ་ཡོད་དོ། །རྒྱུ་མཚན་དེ་དག་གི་ཕྱིར་ཚུལ་འདི་དག་ཁོང་དུ་ཆུད་པར་བྱས་ལ། དེ་བཞིན་གཤེགས་པའི་བཀའ་དྲི་མ་མེད་པ་ལ་ཐེ་ཚོམ་དང་སོམ་ཉི་མི་བྱའོ། །ཡང་ལ་ལ་དག་ན་རེ། མདོར་བསྟན་གྱི་རྗེས་སུ་རྒྱས་བཤད་འཇུག་གམ་མི་འཇུག །མི་འཇུག་ན། མདོར་བསྟན་དོན་མེད་དུ་ཐལ་ལོ། །འཇུག་ན་གླེང་གཞི་མདོར་བསྟན་པ་ལྔ་བྱུང་ལ། རྒྱས་བཤད་ལ་གསུམ་ལས་མ་བྱུང་བ་གང་ལགས་ཟེར་ན། མདོར་བསྟན་གྱི་རྗེས་སུ་རྒྱས་བཤད་འཇུག་གོ། །གོང་གི་སྐྱོན་མི་ཡོང་ངམ་ཞེ་ན། བསྟན་པ་ནི་སྟོན་པའི་ཐུགས་ལ་རྫོགས་ཤིང་། དུས་ནི་སྟོན་འཁོར་གནས་གསུམ་ནམ་འཛོམ་པ་སྟེ། སྔར་བཤད་པའི་ཡེ་ཤེས་རྫོགས་པའི་ལུང་གིས་གསལ་ལོ། །གཉིས་པ་རྒྱུད་ཁྱད་པར་གྱི་གླེང་གཞིའམ་གླེང་གཞི་རྒྱས་པར་བསྟན་པ་ལ་སྤྱི་དོན་གསུམ་སྟེ། གང་གིས་གསུངས་པའི་སྟོན་པ། གང་དུ་གསུངས་པའི་གནས། གང་ལ་གསུངས་པའི་འཁོར་ཕུན་སུམ་ཚོགས་པ་རྒྱས་པར་བསྟན་པའོ། །སྤྱི་དོན་དང་པོ་ལ་གཉིས་ཏེ། བགྲང་། སྟོན་པའི་རང་བཞིན་བདུན་བསྟན་པ། དྲང་། འདི་ལ་འགྲེལ་པ་སྤར་ཁབ་ཀྱི་ལུགས་ཀྱིས། རྒྱལ་བ་དྲུག་པའི་ཡོན་ཏན་མཐའ་ཡས་པ་ཡང་མདོར་བདུན་དུ་འདུ་སྟེ། ཞེས་པས། སྟོན་པའི་རང་བཞིན་བདུན་དུ་བཤད། ཁོག་གཞུང་གསལ་བའི་སྒྲོན་མེ་ལས། སྟོན་པའི་རང་བཞིན་བརྒྱད་དང་ལྡན། བྱེད་པ་རྡོ་རྗེ་དེ་བཞིན་ཏེ། །ཞེས་པས། སྟོན་པའི་རང་བཞིན་བརྒྱད་དུ་བཤད། འགྲེལ་ཆུང་པིན་ཏར་ཐ་ལྟར་ན། བྱང་ཆུབ་མཆོག་གི་ངོ་བོ་དང་། །ཆོས་རྣམས་རོལ་པའི་ལོངས་སྤྱོད་དང་། །ཕྱོགས་དུས་བདེ་གཤེགས་བདག་པོ་དང་། །ཆོས་སོ་ཅོག་དང་དབྱེར་མེད་པའོ། །ཞེས་པས། སྟོན་པའི་རང་བཞིན་བཞིར་བཤད་པ། བླ་མ་བརྒྱུད་པའི་གདམས་ངག་ལྟར་ན། སྟོན་པ་མྱ་ངན་ལས་འདས་པ་དང་དབྱེར་མི་ཕྱེད་པའི་རང་བཞིན་དང་། སྟོན་པ་འཁོར་དང་དབྱེར་མི་ཕྱེད་པའི་རང་བཞིན་གཉིས་སུ་བཞེད་དོ། །དེ་ལ་གཞུང་གི་སྟེང་དུ་འབྲུ་བསྣན་ན། དེ་བཞིན་གཤེགས་པ་ཞེས་བྱ་བའི་དེ་བཞིན་ཉིད་དུ་གཤེགས་པ་སྟེ། དེ་ཞེས་པ་སྙེག་པའི་ཚིག །གང་ལ་སྙེག་ན་གཞི་ཤེས་བྱ་གཤིས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུའོ། །གང་ཞེ་ན་མ་བཅོས་པའི་དེ་བཞིན་ཉིད་སྐྱེ་མེད་ཀྱི་གཤིས། མ་ནོར་བའི་དེ་བཞིན་ཉིད་འགག་མེད་ཀྱི་གདངས། གཉིས་སུ་མེད་པའི་དེ་བཞིན་ཉིད་དབྱེར་མེད་ཀྱི་ངང་། ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་བློའི་སྤྱོད་ཡུལ་ལས་འདས་པ་དེ་ཉིད་ནར་སོན་ཞིང་དེའི་ངོ་བོར་གྱུར་བས་ན་གཤེགས་པ་སྟེ། དེ་ཀ་ལ་འགྲེལ་པ་སྤར་ཁབ་ལྟར་སྟོན་པའི་རང་བཞིན་བདུན་གྱི་དབང་དུ་བྱས་ན། དེ་བཞིན་ཉིད་དུ་ནར་སོན་པའི་རང་བཞིན་ནོ། །ཡང་དག་པར་རྫོགས་པ་ཞེས་པ་ནི། གཉིས་མེད་ཀྱི་ཡེ་ཤེས་ལ་སྤང་བྱ་མེད་པས་ཡང་དག་པར་འབྲས་བུ་ལྷུན་གྱིས་རྫོགས་པའི་དོན་ནོ། །དེ་ཀ་ཡོན་ཏན་མ་བཙལ་བར་ལྷུན་གྱིས་རྫོགས་པའི་རང་བཞིན་ནོ། །ཁོག་གཞུང་ལྟར་ན། ཡང་དག་པའི་རང་བཞིན་དང་། རྫོགས་པའི་རང་བཞིན་གཉིས་སུ་བཞེད་དོ། །སངས་རྒྱས་ཞེས་པ་ནི། ས་པ་ལ་སོགས་པའི་ལྟ་བ་ངན་པ་སངས་ནས་རང་བྱུང་གི་ཡེ་ཤེས་ཀུན་ཏུ་གདལ་ཏེ་ཡེ་ཤེས་བླ་མའི་ས་ནོན་པས་ན་རྒྱས་པ་སྟེ་དེ་ཀ་ཡེ་ཤེས་མཐའ་དབུས་དང་བྲལ་བའི་རང་བཞིན་ནོ། །བཅོམ་ལྡན་འདས་ཞེས་པའི་འབྲུ་རྒྱས་པར་ཕྱག་གི་སྐབས་སུ་བཤད་ཟིན་ལ། བསྡུས་པ་ཙམ་བཤད་ན་བདུད་བཞི་བཅོམ། ཆེ་བའི་ཡོན་ཏན་དང་ལྡན། མཚན་ཉིད་ཀྱི་མཐའ་ཀུན་ལས་འདས་པ་སྟེ། དེ་ཀ་འབྲས་བུ་ལ་མངའ་མཛད་ཀྱང་ངོ་བོར་འདི་འདྲར་བསྟན་དུ་མེད་པའི་རང་བཞིན་ནོ། །དེ་ཡན་ཆོད་ནི་འགྲེལ་ཆུང་པིན་ཏར་ཐ་ལྟར་ན། བྱང་ཆུབ་མཆོག་གི་ངོ་བོ་དང་། །ཞེས་པའི་དོན་ནོ། །ལོངས་སྤྱོད་ཆེན་པོ་ཞེས་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་དངོས་པོ་གཉིས་ལ་ལོངས་སྤྱོད་བཞིན་དུ་བླང་དོར་གྱི་སྤྱོད་ཡུལ་དང་བྲལ་ཞིང་གཞན་ལས་ཁྱད་པར་དུ་གྱུར་པས་ན་ཆེན་པོ་སྟེ། དེ་ཀ་མཉམ་པ་ཉིད་དུ་མངོན་དུ་མཛད་ཀྱང་སྤྱོད་ཡུལ་དང་བྲལ་བའི་རང་བཞིན་ནོ། །འདི་ནི་འགྲེལ་ཆུང་པིན་ཏར་ཐ་ལྟར་ན། ཆོས་རྣམས་རོལ་པར་ལོངས་སྤྱོད་དང་། །ཞེས་པའི་དོན་ནོ། །ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུངས་དང་ཐུགས་རྡོ་རྗེའི་བདག་ཉིད་ཅེས་པ་ནི། སྤར་ཁབ་ལས། ཐ་སྙད་གཉིས་ཀྱིས་བསྡུས་པའི་དེ་བཞིན་གཤེགས་པ་རིལ་གྱི་ཡོན་ཏན་བརྗོད་པ་ལས་འདས་པ་ཡང་མདོར་བསྡུ་ན་ཉི་ཤུ་རྩ་ལྔར་འདུས་ཏེ་ཞེས་གསུངས་པས། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ངོས་ནས་སྐུ་ལྔ་དང་། བརྡ་སྤྲོད་པའི་ངོས་ནས་གསུང་ལྔ་དང་། ཐམས་ཅད་མཁྱེན་པའི་ངོས་ནས་ཐུགས་ལྔ། འདི་ན་མེད་ཀྱིས་ཀྱང་ལུང་གྲ་ཆད་པ་ཉལ་བ་བསླང་བ་བཤད་པ་མཁན་པོའི་གཉེར་ཡིན་པས། འདོད་དགུ་འབྱུང་བའི་ངོས་ནས་ཡོན་ཏན་ལྔ། བྱ་བ་བྱེད་པའི་ངོས་ནས་ཕྲིན་ལས་ལྔ། དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ་ཉི་ཤུ་རྩ་ལྔ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་རང་བཞིན་དབྱེར་མི་ཕྱེད་པ་རྡོ་རྗེའི་བདག་ཉིད་དུ་གཅིག་པའི་ཕྱིར། རིགས་ཐམས་ཅད་ཀྱི་བདག་པོ་སྟེ། དྲུག་པ་ཀུན་ཏུ་བཟང་པོའོ། །དེ་བཞིན་དུ་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ་ཉི་ཤུ་རྩ་ལྔ་ལ་སོགས་པ་ཐམས་ཅད་ཀྱང་མཚན་ཉིད་སྐྱེ་འཇིག་དང་བྲལ་བ་རྡོ་རྗེའི་བདག་ཉིད་དུ་གཅིག་པའི་ཕྱིར་རིགས་ཐམས་ཅད་ཀྱི་བདག་པོའོ། །ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ལྔའམ་ཉི་ཤུ་རྩ་ལྔ་ལ་སོགས་པ་ཐམས་ཅད་ཀྱང་ངོ་བོ་འདུས་མ་བྱས་པ་རྡོ་རྗེའི་བདག་ཉིད་དུ་གཅིག་པའི་ཕྱིར་རིགས་ཐམས་ཅད་ཀྱི་བདག་པོ་སྟེ། དེ་ཀ་དེ་བཞིན་གཤེགས་པ་ཀུན་གྱི་བདག་ཉིད་གཅིག་དང་དུ་མ་ལས་གྲོལ་བའི་རང་བཞིན་ནོ། །འདི་ནི་འགྲེལ་ཆུང་པིན་ཏར་ཐ་ལྟར་ན། ཕྱོགས་དུས་བདེ་གཤེགས་བདག་པོ་དང་། ཞེས་པའི་དོན་ཡིན་ལ། དེ་ཡན་ཆོད་ལ་བླ་མ་བརྒྱུད་པའི་གདམས་ངག་ལྟར་ན། སྟོན་པ་མྱ་ངན་ལས་འདས་པ་དང་དབྱེར་མེད་པའི་རང་བཞིན་ཞེས་བཞེད་དོ། །མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ཞེས་པ་ནི། ཁམས་ཀྱི་སྒོ་ནས་བཞག་ན་མ་ལུས་ནི་འདོད་ཁམས། མི་ལུས་ནི་གཟུགས་ཁམས། ལུས་པ་མེད་ནི་གཟུགས་མེད་ཀྱི་ཁམས་ཏེ། འདོད་ཁམས་གཟུགས་ཁམས་གཟུགས་མེད་གསུམ་གྱིས་བསྡུས་པའི་སེམས་ཅན་དང་ཆོས་ཐམས་ཅད་དང་རྒྱུད་ཀྱི་བདག་པོ་དྲུག་པ་ཀུན་ཏུ་བཟང་པོ་རིག་པ་སྒྱུ་མ་ལས་སོ་སོ་མ་ཡིན་དོན་དམ་མ་སྐྱེས་པ་ལས་ཐ་མི་དད་བདེན་པ་གསུམ་པ་དབྱེར་མེད་པའི་རང་བཞིན་ནོ། །དུས་ཀྱི་སྒོ་ནས་བཞག་ན། མ་ལུས་ནི་འདས་པ། མི་ལུས་ནི་ད་ལྟར་བ། ལུས་པ་མེད་པ་ནི་མ་འོངས་པ་སྟེ། འདས་ད་ལྟར་མ་འོངས་གསུམ་གྱིས་བསྡུས་པ་སེམས་ཅན་དང་ཆོས་ཐམས་ཅད་དང་རྒྱུད་ཀྱི་བདག་པོ་དྲུག་པ་ཀུན་ཏུ་བཟང་པོ་རིག་པ་སྒྱུ་མ་ལ་སོ་སོ་མ་ཡིན་དོན་དམ་མ་སྐྱེས་པ་ལ་ཐ་མི་དད་བདེན་པ་གསུམ་པ་དབྱེར་མེད་པའི་རང་བཞིན་ནོ། །གནས་ཀྱི་སྒོ་ནས་བཞག་ན། མ་ལུས་ནི་ས་བླ། མི་ལུས་ནི་ས་འོག །ལུས་པ་མེད་པ་ནི་ས་སྟེང་སྟེ་ས་བླ་ས་འོག་ས་སྟེང་གསུམ་གྱིས་བསྡུས་པའི་སེམས་ཅན་དང་ཆོས་ཐམས་ཅད་དང་རྒྱུད་ཀྱི་བདག་པོ་དྲུག་པ་ཀུན་ཏུ་བཟང་པོ་རིག་པ་སྒྱུ་མ་ལ་སོ་སོ་མ་ཡིན་དོན་དམ་མ་སྐྱེས་པ་ལ་ཐ་མི་དད་བདེན་པ་གསུམ་པ་དབྱེར་མེད་པའི་རང་བཞིན་ཞེས་བྱ་སྟེ། དེ་ཀ་དུས་གསུམ་འདུ་འབྲལ་མེད་པ་འཁོར་བའི་ཆོས་དང་རྒྱ་མ་ཆད་པར་འབྲེལ་བའི་རང་བཞིན་ནོ། །འདི་ནི་འགྲེལ་ཆུང་པིན་ཏར་ཐ་ལྟར་ན། ཆོས་སོ་ཅོག་དང་དབྱེར་མེད་པའི། །ཞེས་པའི་དོན་ཡིན་ལ། བླ་མ་བརྒྱུད་པའི་གདམས་ངག་ལྟར་ན། སྟོན་པ་འཁོར་བ་དང་དབྱེར་མི་ཕྱེད་པའི་རང་བཞིན་ཞེས་བཞེད་དོ། །ཏེ་ཞེས་པ་ནི་སྐྱོན་ཅན་གྱི་ཚིག་དང་། བསྟན་བྱ་ལྷག་མ་ཅན་གྱི་ཚིག་གཉིས་ལས། འདི་ནི་ལྷག་མ་ཅན་གྱི་ཚིག་སྟེ་གང་ཞེ་ན། སྔར་བསྟན་པ་རྣམས་ནི་སྟོན་པའི་རང་བཞིན་ཡིན་ལ། ལྷག་མ་སྟོན་པའི་ངོ་བོ་འོག་ནས་སྟོན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རས་ཆོད་ཅན་དང་གཟུ་ལུམ་ཅན་དགག་པའི་ཕྱིར་རྒྱུད་དཀྲུགས་ལུང་གཅུས་མན་ངག་གབ་པའི་ཚུལ་དུ་གནས་པ་ལས། སྐལ་བ་དང་ལྡན་པ་ལ་འཆད་པའི་ཚེ། རྒྱུད་དཀྲུགས་པ་སྡེབས། ལུང་གཅུས་པ་བསྲང་། མན་ངག་གབ་པ་མངོན་ཏུ་ཕྱུང་ནས་འཆད་དགོས་ཏེ། གསང་སྔགས་འཆད་ཚུལ་ཉེས་པའི་སྐྱོན་བརྒྱད་ཀྱི་དབང་དུ་མི་བཏང་བའི་ཕྱིར་རོ། །སྐྱོན་བརྒྱད་ནི། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་ཁྱད་པར་མེད་པར་བཤད་ན། རྡོ་རྗེ་ཐེག་པ་ན་བབས་ཀྱིས་བཤད་པའི་སྐྱོན། སྔགས་ཕྱི་ནང་གི་ཁྱད་པར་མེད་པར་བཤད་ན། བསྙེན་སྒྲུབ་བཞིའོ་དོན་ལ་གོལ་ཏེ། ཡོ་ག་འབྲོག་འཆོལ་བའི། འབྲེལ་ཚུལ་གཉིས་དང་མ་འབྲེལ་བར་བཤད་ན། བསྙོན་པའི་ཚིག་ལྟ་བུའི། སྤྱི་དང་ཁྱད་པར་གྱི་དགོས་ཆེད་མེད་པར་བཤད་ན། དོན་མེད་ཕྱལ་པའི། རྟོག་གེ་དང་ཐེ་ཚོམ་གྱི་གེགས་སེལ་མ་ཤེས་ན། མཛངས་པ་ལྕེ་རྡུམ་གྱི། མི་མཐུན་པའི་ཚིག་དོན་སྡེབས་མ་ཤེས་ན། ལོང་བའི་ལོང་ཐུག་ལྟ་བུའི། མངོན་པར་རྟོགས་པའི་གོ་རིམ་སྡེབས་མ་ཤེས་ན། བདུད་རྩི་རོ་ཉམས་ལྟ་བུའི། གོང་འོག་གི་འཁྲུགས་སྡེབ་མ་ཤེས་ན། རིན་པོ་ཆེ་རྩར་འཆོལ་བ་ལྟ་བུའི་བཤད་པའི་སྐྱོན་ནོ། །དེའི་ཕྱིར་གོང་འོག་གི་འཁྲུགས་སྡེབ་ནས་སྟོན་པའི་རང་བཞིན་དང་། སྟོན་པའི་ངོ་བོ་གཉིས་བར་མ་ཆད་པར་འཆད་པར་བྱེད་དོན། སྟོན་པའི་ངོ་བོ་དང་འཆད་པའི་སྐྱེས་བུ་མཚན་ཐུན་མོང་དུ་བསྟན་པའོ། །དེ་ལ་དྲུག་སྟེ། བགྲང་། སྟོན་པ་ཆོས་ཀྱི་སྐུའམ་སྐུ་དང་ཞལ་གྱི་དོན་བསྟན་པ། དྲང་། སྟོན་པ་དྲུག་པའི་ངོ་བོ་དང་འཆད་པའི་སྐྱེས་བུའི་མཚན་ཉིད་ནི། རང་བྱུང་ཡེ་ཤེས་ཁོ་ནའི་ཕྱིར་སྐུ་མདུན་དང་རྒྱབ་ཀྱི་ཐ་སྙད་གྲུབ་པ་མེད་པ་ལ། གདུལ་བྱའི་སྣང་བ་ལ་ཐམས་ཅད་དུ་ཡང་ཞལ་ཐལ་ལེ་བར་གསལ་ཞིང་སྣང་བའོ། །འདི་ལ་ཁ་ཅིག་ན་རེ། འདི་མི་མཐུན་པའི་ཚིག་དོན་བྱུང་སྟེ། སྐུ་མདུན་དང་རྒྱབ་མེད་པ་དང་ཐམས་ཅད་དུ་ཞལ་ཐལ་ལེ་པར་གསལ་བ་འགལ་ལོ་ཞེ་ན། དོན་དུ་མི་འགལ་རྟགས་སུ་མི་འགལ་སྣང་བ་གཉིས་ནས་ཆ་ཕྱེ་ནས་མི་འགལ་ཏེ། དབྱིངས་ལ་ཐུག་པ་མེད་པ་ནི་དོན་ཡིན་ལ། རྟགས་དེ་བཞིན་གཤེགས་པའི་སྐུ་ལ་མདུན་རང་རྒྱུད་པ་མེད། ཡེ་ཤེས་ལ་འགགས་པ་མེད་པ་དོན་ཡིན་ལ། རྟགས་དེ་བཞིན་གཤེགས་པའི་སྐུ་ལ་རྒྱབ་རང་རྒྱུད་པ་མེད། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཅིས་ཀྱང་མི་བསྒྲིབས་པར་གསལ་བ་དོན་ཡིན་ལ། རྟགས་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་བ་ཡིན་པས་མི་འགལ། སྣང་བ་གཉིས་སུ་ཆ་ཕྱེ་ན་སྐུ་མདུན་དང་རྒྱབ་མེད་པ་དེ་བཞིན་གཤེགས་པའི་སྣང་བ་ཡིན་ལ། ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་བ་གདུལ་བྱའི་སྣང་བ་ཡིན་པས་མི་འགལ་ལོ། །གཙང་བ་བྱིས་སྟོན་ན་རེ། སྐུ་མདུན་དང་རྒྱབ་མེད་པ་ཀས་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་བ་ཡིན་ལ། མདུན་དང་རྒྱབ་གཉིས་ཡོད་ན། ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་བར་མི་འོང་གསུང་། ལོངས་སྤྱོད་རྫོགས་པའི་སྐུའམ་རྒྱན་གྱི། དྲང་། སྤྱིར་ཐུན་མོང་གི་མཚན་དཔེ་དང་། ཐུན་མོང་མ་ཡིན་པའི་མཚན་དཔེ་གཉིས་ལས། ཐུན་མོང་གི་མཚན་དཔེ་སུམ་ཅུ་རྩ་གཉིས་ནི། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲྭ་བས་འབྲེལ་བ་དང་། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་ཡང་རྟིང་ཡངས་སྐུ་ཆེ་དྲང་། །ཞབས་འབུར་མི་མཐོང་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ཎ་ཡ་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་ལྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་ཀྱང་གཡས་ལེགས་འཁྲུངས། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེ་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེ་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང་། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི། །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་སོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ནི། །ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སེན་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམས། །གཙང་དང་འཇམ་དང་དག་པའི་སྐུ། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམས་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང་། །གཟིགས་པ་སྒྲིབ་མེད་དག་པ་དང་། །སྐུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་དང་། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང་། །ཀུན་ནས་ལྟ་ན་སྡུག་པ་དང་། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འ ཇམ་དང་། །ཕྱག་རིམ་མདངས་ཡོད་ཟབ་རིང་དང་། །ཞལ་ནི་ཧ་ཆང་མི་རིང་དང་། །མཆུ་ནི་བིམ་པ་ལྟར་དམར་དང་། །ལྗགས་མཉེན་པ་དང་སྲབ་པ་དང་། །དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་སྙན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། །མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པད་མའི་འདབ་མ་འདྲ་བ་དང་། །སྨིན་ཚུགས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་རྒྱས་དང་སྙན་འཇམ་དང་། །ཉམས་པ་རྣམ་པར་སྤངས་པ་དང་། །དཔྲལ་བ་ལེགས་པར་འབྱེད་པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་དང་འཇམ་དང་མ་འཛིངས་དང་། །མི་གཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་གྱི་བེའུ་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་སོ། །འདི་རྣམས་ལ་ཐུན་མོང་གི་མཚན་དཔེར་འཇོག་པའི་རྒྱུ་མཚན་ནི། སྟོན་པ་སྤྲུལ་པའི་སྐུ་དང་། སྟོང་འཁོར་ལོས་སྒྱུར་རྒྱས་པོ་ལའང་ཡོད་ལ། ཐ་མལ་པའི་སེམས་ཅན་རྣམས་ལའང་སྣང་ཙམ་ཡོད་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་མཚན་དཔེ་ནི་གསུམ་སྟེ། ཕྱིའི་མཚན་དཔེ་ནི་དྲུག་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ཐུགས་རིག་པ་རང་བྱུང་གི་ཡེ་ཤེས་ཐབས་ཀྱི་སྣང་ཆ་ལས་སེམས་དཔའ་བཅུ་དྲུག་དབྱིངས་རྣམ་པར་དག་པ་ཤེས་རབ་ཀྱི་སྣང་ཆ་ལས་སེམས་མ་བཅུ་དྲུག་སྟེ། དེ་ལྟར་སུམ་ཅུ་རྩ་གཉིས་ནི། མཚན་བཟང་པོ་སུམ་ཅུ་རྩ་གཉིས་སོ། །འོ་ན་སེམས་དཔའ་བརྒྱས་སེམས་མ་བརྒྱད་དེ་བཅུ་དྲུག་ཏུ་བཤད་པ་དག་འགལ་ལོ་ཞེ་ན། དེ་ནི་རྒྱུ་སྐལ་བཟང་གི་སེམས་དཔའ་སེམས་མ་བཅུ་དྲུག་ཡིན་ལ། འདིར་འབྲས་བུ་དཔེ་བྲལ་གྱི་སེམས་དཔའ་ཡབ་བཅུ་དྲུག་ཡུམ་བཅུ་དྲུག་སྟེ་སུམ་ཅུ་རྩ་གཉིས་སོ། །དེ་ལྟར་འབྲས་བུའི་སེམས་དཔའ་ཡབ་བཅུ་དྲུག་པོ་རེ་རེ་ལའང་། དབུ་རྒྱན་གྱི་ལྷ་ལྔ་ལྔ་སྟེ་ལྷ་བརྒྱད་ཅུ་ནི་དཔེ་བྱེད་བཟང་པོ་བརྒྱད་ཅུའོ། །དེ་ཡང་སྤྱི་མདོ་ལས། མཚན་གྱི་མེ་ཏོག་ལ་དཔེ་བྱད་ཀྱི་འབྲས་བུས་སྤྲས་པའི་ཕྱིར། སྲས་ཀྱི་ཚོགས་ཀྱིས་ཀུན་ནས་བརྒྱན་པའོ། །ཞེས་པ་དང་། འདི་ཉིད་ཀྱི་ལེའུ་དྲུག་པ་ལས། མཚན་དང་དཔེ་བྱད་ཐམས་ཅད་རྫོགས། །སྤྱོད་ཡུལ་ཀུན་ཏུ་མ་ད་ལ། །ཞེས་གསུངས་སོ། །འོ་ན་དེ་ལྟར་སེམས་དཔའ་སེམས་མ་སུམ་ཅུ་རྩ་གཉིས་པོ་དེ་འཁོར་དུ་འདུག་པ་ལ་རྒྱན་དུ་ཅིས་འགྱུར་ཞེ་ན། རྒྱན་གྱི་དོན་ནི་མཛེས་པར་བྱེད་པ་ཡིན་ལ། འདིར་ལོངས་སྤྱོད་རྫོགས་པའི་སྐུ་མཛེས་པར་བྱེད་པ་སེམས་དཔའ། སེམས་དཔའ་མཛེས་པར་བྱེད་པ་དབུ་རྒྱན་ཏེ། དཔེར་ན་སློབ་དཔོན་མཛེས་པར་བྱེད་པ་གྲྭ་པ། གྲྭ་པ་མཛེས་པར་བྱེད་པ་ཐང་ཞུ་ལྟ་བུ་ཡིན་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །ནང་གི་མཚན་དཔེ་ནི། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ལ་རྩ་འདབ་སུམ་ཅུ་རྩ་གཉིས་ནི། མཚན་སུམ་ཅུ་རྩ་གཉིས་དང་། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་རྩ་འདབ་དྲུག་ཅུ་རྩ་བཞི། མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ་རྩ་འདབ་བཅུ་དྲུག་སྟེ། བརྒྱད་ཅུ་ནི་དཔེ་བྱད་བཟང་པོ་བརྒྱད་ཅུའོ། །གསང་བའི་མཚན་དཔེ་ནི། སྟོན་པ་ཡབ་ཡུམ་གཉིས་རོལ་པའི་དུས་སུ་ཡབ་ཀྱི་དགའ་བ་བཅུ་དྲུག་དང་། ཡུམ་གྱི་དགའ་བ་བཅུ་དྲུག་སྟེ། སུམ་ཅུ་རྩ་གཉིས་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སོ། །འོ་ན་དགའ་བ་བཞིར་གསུངས་པ་ལ་བཅུ་དྲུག་ཏུ་ཇི་ལྟར་འགྱུར་ཞེ་ན། བླ་མ་གོང་མ་རྣམས་ནི། དགའ་བའི་དགའ་བ། དགའ་བའི་མཆོག་དགའ། དགའ་བའི་དགའ་བྲལ། དགའ་བའི་ལྷན་ཅིག་སྐྱེས་དགའ་ཞེས་པ་ལ་སོགས་པ། དགའ་བ་རེ་རེ་ལའང་བཞི་བཞི་སྟེ་བཅུ་དྲུག་ཏུ་བཞེད་དོ། །དུས་ཀྱི་འཁོར་ལོའི་འགྲེལ་པ་དྲི་མ་མེད་པའི་འོད་ལས། སྐུ་གསུང་ཐུགས་ཡེ་ཤེས་བཞི་རེ་རེ་ལ་ཡང་དགའ་བ་བཞི་བཞི་སྟེ་བཅུ་དྲུག་ཏུ་བཤད་དོ། །དགའ་བ་བཅུ་དྲུག་པོ་རེ་རེ་ལའང་ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པས། ཡེ་ཤེས་བརྒྱད་ཅུ་ནི་དཔེ་བྱད་བརྒྱད་ཅུའོ། །འོ་ན་ནང་དང་གསང་བའི་མཚན་དཔེ་རྩ་དང་ཁམས་ཀྱི་རང་བཞིན་དུ་འདུག་པ་ལ་རྒྱན་དུ་ཅིས་འགྱུར་ཞེ་ན། ལོངས་སྤྱོད་རྫོགས་པའི་སྐུ་ལ་རྩ་ཁམས་རྣམ་པར་དག་པ་བདེ་བ་ཆེན་པོའི་རང་བཞིན་དུ་རོ་མཉམ་པ་ནི། མཛེས་པའི་ནང་ནས་མཛེས་པ་ཆེན་པོ་སྟེ། རྒྱན་གྱི་ནང་ནས་མཆོག་ཡིན་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །དེ་ལྟར་ཕྱི་ནང་གསང་བའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་གཉིས་དང་། དཔེ་བྱད་བརྒྱད་ཅུ་བརྒྱད་ཅུ་སྟེ་དེ་དག་ཏུ་ལྡན་པ་ནི་སྟོན་པ་དྲུག་པ་དང་འཆད་པའི་སྐྱེས་བུ་ཁོ་ན་ལས་གཞན་ལ་མི་མངའ་བའི་ཕྱིར་ཐུན་མོང་མ་ཡིན་པའི་མཚན་དཔེའོ། །སྤྲུལ་པའི་སྤྲུལ་པ་བསྟན་མཛད་པའི། དྲང་། ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་ཞི་བ་དང་ཁྲོ་བོ་ལ་སོགས་པའི་སྐུ་སྣ་ཚོགས་པ་དང་། འགྲོ་བ་རིགས་དྲུག་སོ་སོའི་སྐད་དུ་ཆོས་ཏོན་པའམ། ཐེག་པ་དགུ་ལ་སོགས་པའི་གསུང་སྣ་ཚོགས་པ་དང་། ཡེ་ཤེས་ལྔ་ལ་སོགས་པའི་ཐུགས་མཁྱེན་པའི་ཡེ་ཤེས་སྣ་ཚོགས་པར་མཐའ་ཡས་པའི་གདལ་བྱའི་ངོ་ལ་ཀུན་ཏུ་སྣང་བའོ། །ཞབས་དང་ཞབས་གྱི་བཞུགས་ཚུལ་གྱི། དྲང་། ཐབས་ཡབ་ཀྱི་ཞབས་གཉིས་མཉམ་པའི་སྐྱིལ་མོ་ཀྲུང་དུ་བཞུགས་པ་དང་། དེ་ལ་ཤེས་རབ་ཡུམ་གྱི་ཞབས་གཉིས་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་བཅས་པས་འཁྱུད་པ་ནི། རྩེ་སྤྲད་པའི་བདེ་བ་ལ་རྒྱུ་འབྲས་རིལ་རྫོགས་པའི་ཕྱིར། བདེ་བ་ཆེན་པོའི་ངང་ལས་མི་འགྱུར་བར་བཞུགས་པའོ། །ཕྱག་དང་ཕྱག་མཚན་གྱི། དྲང་། ཡེ་ཤེས་ལྔ་རང་བྱུང་གི་ཡེ་ཤེས་དང་དྲུག་གི་དོན། རྒྱལ་བ་དྲུག་པ་ཉིད་ལ་ལྡན་པའི་རྟགས་སུ་ཕྱག་དྲུག་དང་། དེས་གདུལ་བྱའི་དོན་ལ་འགགས་པར་མཛད་པའི་རྟགས་སུ་ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་ནི་ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ། བར་པ་གཉིས་འཁོར་ལོ་དང་རིན་པོ་ཆེ། མཐའ་མ་གཉིས་པདྨ་དང་རལ་གྲི་རིགས་ཀྱི་ཁ་དོག་འོད་འབར་བ་ཅན་འཛིན་པའོ། །འདི་ལ་ཁ་ཅིག་ན་རེ། ཡེ་ཤེས་དྲུག་ཕྱག་གི་དོན་དུ་ཡང་བྱུང་ལ་ཕྱག་མཚན་གྱི་དོན་དུ་ཡང་བྱུང་བས་ལྡབས་སོ་ཞེ་ན། ཕྱག་གི་ཡེ་ཤེས་དྲུག་ནི་ཡེ་ནས་ལྡན་པའི་ཆ་ནས་བཞག་ལ། ཕྱག་མཚན་གྱི་ཡེ་ཤེས་དྲུག་ནི་དེས་གདུལ་བྱའི་དོན་མཛད་པའི་ཆ་ནས་བཞག་པས་ལྡབས་པའི་སྐྱོན་མེད་དོ། །དབུའི་དོན་བསྟན་པའི། དྲང་། རྣམ་ཐར་གསུམ་ཆུབ་པའི་རིག་པ་ནི་སྐུ་གསུང་ཐུགས་རང་སྣང་བ་སྟེ། དེའང་སྐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའམ། ཉེས་པའི་སྐྱོན་གྱིས་མ་གོས་པ་དོན་ཡིན་ལ། རྟགས་སུ་གཡས་ཀྱི་དབུ་དཀར་བ་ཡང་བསམ་གྱིས་མི་ཁྱབ། གསུང་བསམ་ཀྱིས་མི་ཁྱབ་པ་དང་ལྡན་པའམ། གདུལ་བྱ་ལ་ཆགས་པའི་དོན་ཡིན་ལ། རྟགས་སུ་གཡོན་གྱི་དབུ་དམར་བ་ཡང་བསམ་གྱིས་མི་ཁྱབ། ཐུགས་བསམ་གྱིས་མི་ཁྱབ་པའི་དོན་དང་ལྡན་པའམ། ཆོས་ཉིད་འགྱུར་བ་མེད་པ་དོན་ཡིན་ལ། རྟགས་སུ་དབུས་ཀྱི་དབུ་མཐིང་ཁ་ཡང་བསམ་གྱིས་མི་ཁྱབ་པ་སྟེ། དེ་ལྟར་དབུ་གསུམ་དང་ལྡན་པའོ། །འདི་ལ་ཁ་ཅིག་ན་རེ། དབུ་བསམ་གྱིས་མི་ཁྱབ་ན་དབུ་གསུམ་དུ་གྲངས་ངེས་པ་འགལ་ལོ་ཞེ་ན། དོན་དུ་མི་འགལ། རྟགས་སུ་མི་འགལ། སྣང་བ་གཉིས་སུ་ཆ་ཕྱེ་ནས་ཀྱང་མི་འགལ་ཏེ། དོན་རྟགས་སུ་མི་འགལ་བ་ནི་བཤད་མ་ཐག་པའི་འབྲུ་བསྣན་པས་ཤེས་ལ། སྣང་བ་གཉིས་སུ་ཆ་ཕྱེ་ན། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པ་དེ་བཞིན་གཤེགས་པའི་སྣང་བ་ཡིན་ལ། དབུ་གསུམ་གདུལ་བྱའི་སྣང་བ་ཡིན་པས་མི་འགལ་ལོ་གསུང་། ཡང་བདག་གི་བླ་མ་མདའ་ཤཱཀྱ་འཕེལ་ནི། དབུ་གསུམ་ཉིད་བསམ་གྱིས་མི་ཁྱབ་པ་ཡིན་གསུང་ངོ་། །དེ་ལྟར་སྟོན་པའི་རང་བཞིན་དང་། ངོ་བོ་གཉིས་པོ་དེས་གང་གིས་གསུངས་པའི་སྟོན་པ་ཕུན་སུམ་ཚོགས་པ་རྒྱས་པར་བསྟན་པ་ཡིན་ཏེ། དེ་ཡང་སྒྱུ་འཕྲུལ་རྒྱ་མཚོ་ལས། ཡེ་ཤེས་རྒྱ་མཚོ་འོག་མིན་གྱི། །འཁོར་ལོ་འབར་བའི་ལྟེ་བ་ལ། །བདག་པོ་ཀུན་བཟང་འཁོར་ལོ་བསྐོར། །བཀའ་སྡོད་སྐྱེས་བུ་མདུན་ན་གནས། །བརྗོད་པ་མེད་བཞིན་གོ་བར་མཛད། །དཔག་མེད་ཡེ་ཤེས་ཡོངས་རྫོགས་པས། །ཞིང་འཁོར་ལོངས་སྤྱོད་ཕུན་སུམ་ལྡན། །ཞེས་པ་དང་། སྒྱུ་འཕྲུལ་ཐལ་བ་ལས། འཁོར་ལོའི་ལྟེ་བར་མི་འཇིགས་སྟེང་། །བདག་པོ་ཀུན་བཟང་འཁོར་རྣམས་ལ། །ཀུན་འབྱུང་སྒྱུ་འཕྲུལ་སྟོན་པའི་ཚེ། །མི་བསྐྱོད་རྒྱལ་པོ་མདུན་ན་གནས། །ཞེས་པས། རྒྱུད་ཀྱི་སྟོན་པ་རིགས་ཐམས་ཅད་ཀྱི་བདག་པོ་དྲུག་པ་ཀུན་ཏུ་བཟང་པོ་ཡིན་ལ། འཆད་པའི་སྐྱེས་བུ་སྤྱིར་རིགས་ལྔ་ཆར་ཡིན་ཏེ། ཁོག་གཞུང་ལས། འཆད་པའི་སྐྱེས་བུ་རིགས་ལྔ་སྟེ། །ཞེས་སོ། །ཐུགས་ཀྱི་སྒྱུ་འཕྲུལ་གྱི་སྐབས་འདིར་འཆད་པའི་སྐྱེས་བུ་རྡོ་རྗེ་སེམས་དཔའ་མདུན་ན་གནས་པའོ། །སྤྱི་དོན་གཉིས་པ་གང་དུ་གསུངས་པའི་གནས་ཕུན་སུམ་ཚོགས་པ་རྒྱས་པར་བསྟན་པ་ལ་ལྔ་སྟེ། གནས་ཀྱི་རང་བཞིན་ནམ་གཞིའི་འོག་མིན་གསུམ་གྱི། ངོ་བོའི། སྒོའི། རྟ་བབས་ཀྱི། གདན་ཁྲིའི་དོན་བསྟན་པའོ། །དང་པོ། དྲང་། སྤྱིར་གྱི་འོག་མིན་ཞེས་པ་ནི་གོང་གཞན་གྱིས་མཆོད་པ་སྟེ། བྱེ་བྲག་ཏུ་རང་རིག་པའི་གོང་གང་གིས་ཀྱང་མ་ཆོད་པའི་རིག་པའི། དོན་ཆོས་ཉིད་ཀྱི་གོང་གང་གིས་ཀྱང་མཆོད་པ་ནི་དོན་གྱི། ལྷ་རྟོགས་དབྱེར་མེད་ཀྱི་གོང་གང་གིས་ཀྱང་མཆོད་པ་ནི་རྟོགས་པའི། ཡུམ་གྱི་མཁའི་བདེ་བ་གོང་གང་གིས་ཀྱང་མ་ཆོད་པ་ནི་གསང་བའི། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ནི་བགྲངས་པའི། གཟུགས་ཁམས་ཀྱི་རྩེ་མོ་ནི་འཇིག་རྟེན་གནས་ཀྱི་ལོངས་སྤྱོད་ཆེན་པོའི་འོག་མིན་དང་བདུན་ལས། འོག་མིན་གྱི་གནས་འདི་ནི་གཟུགས་ཁམས་ཀྱི་རྩེ་མོ་འཇིག་རྟེན་གནས་ཀྱི་འོག་མིན་ལས་ཉིས་འགྱུར་གྱིས་སྤགས་པ་ན་མ་སྤངས་རྒྱན་ཚོགས་ཀྱི་གཞལ་ཡས་ཁང་ངོ་། །དེ་ཡང་རྒྱལ་པའི་ཐུགས་རང་རིག་པའི་ཡེ་ཤེས་མཐའ་དབུས་དང་བྲལ་བ་དོན་ཡིན་ལ། རྟགས་གཞལ་ཡས་ཁང་ལ་མཐའ་དང་དབུས་རིས་སུ་ཆད་པ་མེད་པའོ། །དེ་ནས་ཆོས་ཉིད་རྒྱ་ཆད་དང་བྲལ་ཞིང་། ངོ་བོ་སྣང་སྟོང་ཐ་མི་དད་པ་ཕྱོགས་བཅུར་རང་སྣང་བ་དོན་ཡིན་ལ། རྟགས་པཉྩ་རེ་ཁཱ་ཡོངས་སུ་མ་ཆད་པ་སྟེ། སྣ་ཟླུམ་པ་མ་ཡིན་པའོ། །ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་གཉིས་སུ་མེད་པར་རང་རིག་པའི་ཡེ་ཤེས་འབའ་ཞིག་ལས་མི་གཞན་པ་དོན་ཡིན་ལ། རྟགས་ཀུན་ཏུ་ཡང་ནང་དུ་གྱུར་པའི་གཞལ་ཡས་ཁང་དེ་ན་ཞེས་བྱའོ། །གཉིས་པ་གནས་ཀྱི་ངོ་བོ་ལ་བདུན་ཏེ། བགྲང་། འོག་གཞིའོ་དོན་བསྟན་པ། དྲང་། འོག་གཞི་དེ་བློས་ཚད་གཟུང་དུ་མེད་པའི་ཕྱིར་ན་གཞལ་ཡས་ཁང་ངོ་། །དེ་ཡང་ཡེ་ཤེས་ལྔ་དང་ལྡན་པ་དོན་ཡིན་ལ། དེ་མཚོན་བྱེད་ཀྱི་རྟགས་ཀྱང་འཁོར་ལོ་རྩིབས་བཞི་དབུས་ཀྱི་ལྟེ་བ་དང་ལྔ་རང་བཞིན་གྱིས་འོད་གསལ་བ་དེ་ལ་ཡོན་ཏན་ཐམས་ཅད་མ་བཙལ་བར་ལྷུན་གྱིས་གྲུབ་པའོ། །རྒྱུའི། དྲང་། འོ་ན་གཞལ་ཡས་ཁང་དེའི་རྒྱུ་རང་ཅི་སྙམ་ན། ཡེ་ཤེས་ཉིད་དབྱིབས་དང་ཁ་དོག་ཏུ་རང་སྣང་བ་ཡིན་ཏེ། དེ་ཡང་གདུལ་བྱའི་དགོས་འདོད་སྐོང་བ་དོན་ཡིན་ལ། རྟགས་རིན་པོ་ཆེ་འོད་འབར་བའི་གཞལ་ཡས་ཁང་ངོ་། །དབྱིབས་ཀྱི། དྲང་། འབྲས་བུའི་ཆོས་ལ་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པར་རྒྱས་པ་དོན་ཡིན་པའི་ཕྱིར་ན་རྟགས་གཞལ་ཡས་ཁང་གི་དབྱིབས་གྲུ་བཞིར་གྱུར་པའོ། །གློ་འབུར་གྱི། དྲང་། ཡེ་ཤེས་རེ་རེ་ཡང་ལྷག་པའི་ཡེ་ཤེས་བཞི་བཞི་དང་ལྡན་པ་དོན་ཡིན་ལ། རྟགས་རིགས་བཞིའི་ཁ་དོག་ཅན་གྱི་རིན་པོ་ཆེའི་གློ་འབུར་གྱིས་ཏེ། རྩ་རྒྱུད་ཀྱི་དབང་དུ་ལྷ་མེད་པའི་ཁང་པ་བཞིས་མཛེས་པའོ། །རྩེ་མོའི། དྲང་། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ཀྱི་དགོངས་པ་ཐུགས་རང་རིག་པའི་ཡེ་ཤེས་ལ་སོ་སོ་མ་ཡིན་པས་ངོ་བོ་ཉིད་དུ་གཅིག་པའི་ཡེ་ཤེས་ལས་མ་གཡོས་པ་དོན་ཡིན་ལ། རྟགས་གཞལ་ཡས་ཁང་གི་རྩེ་མོ་སྤྲའམ་གུར་ལྟ་བུར་ཀུན་ཏུ་འཁྱིལ་བའོ། །རྒྱན་གྱི་དོན་ལ་ནང་ཚེགས་གཉིས་ལས། རིན་པོ་ཆེའི་རྒྱན། དྲང་། ཐུགས་རང་རིག་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཉིད་ཅིར་ཡང་མི་འགག་པའི་རྩལ་སྣ་ཚོགས་འཆར་བ་དོན་ཡིན་ལ། རྟགས་གདུལ་བྱའི་སྣང་ངོར་ཡེ་ཤེས་རིན་པོ་ཆེ་དབྱིབས་དང་ཁ་དོག་སྣ་ཚོགས་པ་ལ་སོགས་པའི་སོགས་ཁོངས་ནས་འོད་ཟེར་སྤྲུལ་པའི་འཕྲོ་འདུ་རྣམ་པ་ཐ་དད་པའི་བྱེ་བྲག་དུ་མ་དང་ལྡན་པའོ། །དེ་ཡང་ཁྱད་པར་དུ་གྱུར་པ་སྟེ། གང་ན། ཡེ་ཤེས་རང་སྣང་གི་རྒྱན་དེ་དག །གང་ལས་ན། འཇིག་རྟེན་པའི་རྒྱན་ལས། ཚུལ་གང་གིས་ན། གསུམ་སྟེ། འཇིག་རྟེན་པའི་རྒྱན་ནི་ལྟ་བས་ངོམས་ལ། ཡེ་ཤེས་རང་སྣང་གི་རྒྱན་ནི་ལྟ་བས་མི་ངོམས་པ་དང་། འཇིག་རྟེན་པའི་རྒྱན་ནི་རེ་རེའང་དུ་མར་མི་འཆར་ལ། ཡེ་ཤེས་རང་སྣང་གི་རྒྱན་ནི་རེ་རེའང་དུ་མར་འཆར་བ་དང་། འཇིག་རྟེན་པའི་རྒྱན་ནི་གཅིག་གིས་གཅིག་སྒྲིབ་ལ། ཡེ་ཤེས་རང་སྣང་གི་རྒྱན་གཅིག་གིས་གཅིག་མི་སྒྲིབ་པར་གསལ་བས་ན་ཁྱད་པར་དུ་གྱུར་པ་སྟེ། དེའང་ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ཀྱི་དབྱིབས་དང་ཁ་དོག་ཐུགས་རྗེ་དང་སྤྲུལ་པའི་འཕྲོ་འདུ་རྒྱུན་མི་འཆད་པ་དང་ལྡན་པ་དོན་ཡིན་ལ། རྟགས་རིན་པོ་ཆེའི་ཕྲེང་བ་དང་། བདེན་པ་གཉིས་སུ་མེད་པ་དོན་ཡིན་ལ། རྟགས་རིན་པོ་ཆེའི་ཆུན་འཕྱང་དང་། ཐབས་མ་འདྲེས་ལ་ཡོངས་སུ་རྫོགས་པ་དོན་ཡིན་ལ། རྟགས་རིན་པོ་ཆེ་ཤར་བུའི་རྒྱན་དང་ལྡན་པའོ། །གཉིས་པ་འདོད་ཡོན་གྱི་རྒྱན་ནི། དྲང་། འདོད་པའི་ཡོན་ཏན་ལྔ་མ་སྤངས་རྣམ་དག་རྒྱན་དུ་རྫོགས་པ་དོན་ཡིན་ལ། རྟགས་གཟུགས་ཀྱི་ལྷ་མོ་དཀར་མོ་མེ་ལོང་བསྣམས་པ་སྣ་ཚོགས་པ་དང་། སྒྲའི་ལྷ་མོ་དམར་མོ་པི་ཝང་ཐོགས་པ་སྣ་ཚོགས་པ་དང་། དྲིའི་ལྷ་མོ་སྔོན་མོ་དྲིའི་དུང་ཆོས་ཐོགས་པ་སྣ་ཚོགས་པ་དང་། རོའི་ལྷ་མོ་སེར་མོ་མཁར་གཞོང་གཡོས་ཀྱིས་བཀང་བ་ཐོགས་པ་སྣ་ཚོགས་པ་དང་། རེག་བྱའི་ལྷ་མོ་དཀར་མོ་ལྷའི་ན་བཟའ་པཉྩ་ལི་ཀ་ཐོགས་པ་སྣ་ཚོགས་ཀྱིས་རང་བཞིན་གྲུབ་པའི་དབང་དུ་ཕྱོགས་བཅུར་འཁྲིགས་པ་རྒྱུ་རྐྱེན་མེད་པར་རང་བྱུང་ལ། སྒོམ་པའི་དབང་དུ་ནི་པཉྩ་རེ་ཁཱའི་ཕྱི། འདོད་ཡོན་དམར་པོའི་སྟེང་། ཕ་གུ་སེར་པོའི་ནང་། སྟེང་གི་བྱ་འདབས་ཀྱི་འོག །ཀ་ཐུང་བཅུ་དྲུག་གི་ཕྲག །དྲྭ་བ་དྲྭ་ཕྱེད་ཀྱི་གསེབ་ནས་མཆོད་པ་འབུལ་བར་བསྒོམ་སྟེ། དེ་ཡང་ཕྱི་ཡིས་ནང་མི་སྒྲིབ། ནང་གིས་ཕྱི་མི་སྒྲིབ་པར་དཔེར་ན། རིན་པོ་ཆེ་གསེར་གྱི་སྦུ་གུར་རིན་པོ་ཆེ་ཟེའུ་ཁ་བཅུག་པ་ལྟ་བུའམ། རིན་པོ་ཆེ་ཤེལ་གྱི་སྦུ་གུར་རིན་པོ་ཆེ་སྣ་ཚོགས་པ་བཅུག་པ་ལྟར་གསལ་བའི་རྒྱན་མང་བའི་ཚད་ནི་བསམ་གྱི་མི་ཁྱབ་པས་ཀླུབས་པ་སྟེ་བྲུམས་ཆགས་པའོ། །འོག་གཞི་འབུར་འཕངས་ཀྱི་དོན་བསྟན་པའི། དྲང་། ཐེག་པ་གཞན་ལས་འདིར་བླ་ན་མེད་པའི་ཐེག་པ་འཕགས་པ་དོན་ཡིན་ལ། རྟགས་སུ་གཞལ་ཡས་ཁང་གི་འོག་གཞི་རིམ་པ་བཞིན། རྡོ་རྗེ་འགྲེང་བུ་རེས་སྤགས་པ་ཆོས་ཀྱི་དབྱིངས་ལ་ཐུག་པ་མེད་པ་དོན་ཡིན་ལ། རྟགས་སུ་བུམ་པའི་མཐོ་དམན་ཚད་དཔག་ཏུ་མེད་པ་སྟེ། དེ་བཞིན་གཤེགས་པའི་གཙུག་ཏོར་ལྟ་བུའོ། །གསུམ་པ་སྒོའི། དྲང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། འོད་གསལ་བ་སྟེ། དེ་ལྟར་རྣམ་པར་ཐར་པའི་ཏིང་ངེ་འཛིན་བཞིའི་སྒོ་ནས་མ་ཧཱ་ཨ་ཏིར་འཇུག་པའི་ཚུལ་ནི་དོན་ཡིན་ལ། རྟགས་གཞལ་ཡས་ཁང་གི་ཕྱོགས་བཞིར་སྒོ་བཞི་ནི་ཐང་སྒོ་ལྟ་བུ་མ་ཡིན་ཏེ། སྒོ་ཁྱུད་སྒོ་རྒྱན་དང་ལྡན་པ་ཅན་ནོ། །འདི་ལ་ཁ་ཅིག་ན་རེ། ལམ་སྤྱིའི་འཇུག་ཚལ་སེམས་ལྔ་རུ། ལམ་རིམ། སྤྱན་འགྲེལ། ཁོག་གཞུང་རྣམས་ཀྱིས་བཤད་པ་དང་། འདིར་རྣམ་པར་ཐར་པའི་སྒོ་བཞི་ནས་འཇུག་པར་བཤད་པ་འགལ་ལོ་ཞེ་ན། ཐུན་མོང་ངམ་སྤྱིའི་འཇུག་ཚུལ་སེམས་ལྔ་ཡིན་ཡང་། ཁྱད་པར་རམ་ལྟ་བ་རྟོགས་ནས་འཇུག་ཚུལ་རྣམ་ཐར་བཞི་ཡིན་པ་མི་འགལ་ཏེ། དེ་ཡང་འདི་ཉིད་ཀྱི་ལེའུ་ལྔ་པ་ལས། དངོས་རྣམས་ཉིད་ན་དངོས་མེད་པ། །རྟོགས་པའི་དབང་སྒྱུར་ཏིང་འཛིན་ཡིན། །ཞེས་སོ། །བཞི་པ་རྟ་བབས་ཀྱི། དྲང་། འཁོར་བ་ལ ས་རྣམ་པར་ཐར་པར་བྱེད་པའི་ཐེག་པ་བརྒྱད་བགྲོད་ནས་རང་སའི་འབྲས་བུ་བརྒྱད་ཐོབ་པ་ནི་དོན་ཡིན་ལ། རྟགས་སུ་རྒྱན་གྱི་རྟ་བབས་བརྒྱད་དང་ལྡན་པ་སྟེ། དེ་ཡང་ཕྱིའི་ཐེམ་སྐས། རྟ་རྐང་། ཆུ་སྐྱེས། ཕ་གུ། རིན་ཆེན་སྒྲོམ་བུ་སྟེ་བཞི་དང་། ནང་གི་ཐེམ་སྐས། སྣམ་འཕྱོང་། སེང་མགོ། ཤར་བུ། རིན་ཆེན་ཕྲེང་བ་དང་བཞིའོ། །འདི་ལ་ཁ་ཅིག་ན་རེ། ཐེག་པ་ཨ་ནུ་མན་ཆད་བརྒྱད་བགྲོད་ནས། ཐོབ་བྱ་གསང་བའི་སྙིང་པོར་འདོད་པ་འགལ་ལོ་ཞེ་ན་མི་འགལ་ཏེ། ལྷ་མིའི་ཐེག་པ་ཞེས་བགྲངས་པའི་ཐེག་པ་བརྒྱད་ཀྱང་ཡིན་ལ། ཐེག་པ་ཀུན་གྱི་ཐོབ་བྱ་རང་བཞིན་གསང་བའི་སྙིང་པོ་ཡིན་ཏེ། ལེའུ་མཐའ་མ་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་པ་དང་། འཁོར་ལོ་བསྐོར་བ་དེ་དག་གི་འབྲས་བུའི་མཆོག །ཅེས་གསུངས་སོ། །ལྔ་པ་གདན་ཁྲིའི་དོན་བསྟན་པའི། དྲང་། འདི་ལའང་འོག་གཞི་ཆོས་ཀྱིི་འཁོར་ལོ་བསྐོར་བའི། སྨོན་ལམ་གུས་པའི། ཡོན་ཏན་གྱི་ཆེ་བས་ཉེས་ཚོགས་བཅོམ་པའི། སའི་ཁྱད་པར་བགྲོད་པའི། ཐུགས་རིག་པ་རང་སྣང་བའི་གདན་དང་ལྔ་ལས། དང་པོ་འོག་གཞི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན་ནི། འཁོར་ལོ་རྩིབས་བཞི་དབུས་ཀྱི་ལྟེ་བ་དང་བཅས་པ་ཡིན་ལ། དེ་དག་གི་སྟེང་དུ་སྨོན་ལམ་གུས་པའི་གདན་ནི། ས་མཐའི་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་དབང་གིས་སེང་གེ་ལ་སོགས་པར་སྤྲུལ་པའི་ལུས་གདན་དུ་ཕུལ་ནས་ཉོན་མོངས་པའི་སྒྲིབ་པ་སྦྱོང་། རྣ་བས་ཆོས་མཉན་ནས་ཤེས་བྱའི་སྒྲིབ་པ་སྦྱོང་། རྒྱ་མཚོ་ལས། བྱང་ཆུབ་སེམས་དཔའི་སྨོན་ལམ་དབང་། །ཐོས་པ་རྒྱ་མཚོ་བསགས་པའི་ཕྱིར། །ལས་ནི་སེང་གེའི་གདན་དུ་ཕུལ། །ཞེས་པ་དང་། སྤར་ཁབ་ལས། སེང་གེ་ལ་སོགས་པ་སྨོན་ལམ་གྱི་བྱང་ཆུབ་སེམས་དཔའ་གཅིག་ཀྱང་བརྒྱད་བརྒྱད་དོ། །ཞེས་གསུངས་སོ། །གསུམ་པ་ཡོན་ཏན་གྱི་ཆེ་བས་ཉེས་ཚོགས་བཅོམ་པའི་གདན་ནི། ཉི་ཟླ་པད་མའི་གདན་ཡིན་ལ། བཞི་པ་སའི་ཁྱད་པ་བགྲོད་པའི་གནད་ནི། དེ་རྣམས་ཀྱང་རིན་པོ་ཆེའི་ཁྲི་རྐང་གིས་བཏེག་པའོ། །དེ་དག་ནི་རྒྱུའི་ཐེག་པའམ། རྒྱུ་མས་སྦྱངས་ཀྱི་དབང་དུ་ཡིན་ལ། འབྲས་བུའི་ཐེག་པའམ། ཡས་སྤྲུལ་གྱི་དབང་དུ་གདན་ཐམས་ཅད་ཀྱང་ཐུགས་རིག་པ་རང་སྣང་བའི་གདན་དུ་གསུམ་སྟེ། འགྲེལ་པ་མངོན་རྟོགས་ལས། བྱང་ཆུབ་སེམས་དཔའ་ལུས་གདན་དུ་ཕུལ་ནས། ཆོས་ཉན་པ་ནི་འབྲས་བུའི་ཐེག་པའི་སྐབས་སུ་འཐད་པར་མ་གསུངས་སོ། །ཐུན་མོང་གི་དབང་དུའོ། །ཞེས་སོ། །དེའི་ཕྱིར་གདན་ལྔ་ཀ་ཡང་ཐུགས་རིག་པ་རང་སྣང་གི་གདན་གྱི་དབང་དུ་བྱས་ན། བཤད་མ་ཐག་པའི་གཞལ་ཡས་ཁང་དེ་ན་རྒྱལ་བ་དྲུག་པའི་ཐུགས་ལ་མི་འཇིགས་པ་བཞི་ལྷུན་གྱིས་གྲུབ་པ་ནི་དོན་ཡིན་ལ། རྟགས་སེང་གེ་ཁྱི་ཚུགས་པ་བརྒྱད་མཇུག་མ་ནང་དུ་བསྣོལ་ནས་རིན་པོ་ཆེའི་ཁྲི་རྐང་འདེགས་པ་དང་། དེ་བཞིན་དུ་སྐུ་སྟོབས་བཅུ་ལྷུན་གྱིས་གྲུབ་པ་དོན་ཡིན་ལ། རྟགས་གླང་པོ་ཆེ་བརྒྱད་ཀྱིས་བཏེགས་པའི་ཁྲི་དང་། ཡོན་ཏན་རྫུ་འཕྲུལ་བཞི་ལྷུན་གྱིས་གྲུབ་པ་དོན་ཡིན་ལ། རྟགས་སུ་རྟ་བརྒྱད་ཀྱིས་བཏེགས་པའི་ཁྲི་དང་། གསུང་དབང་བཅུ་ལྷུན་གྱིས་གྲུབ་པ་དོན་ཡིན་ལ། རྟགས་རྨ་བྱ་བརྒྱད་ཀྱིས་བཏེགས་པའི་ཁྲི་དང་། ཕྲིན་ལས་ལས་བཞི་ལྷུན་གྱིས་གྲུབ་པ་དོན་ཡིན་ལ། རྟགས་སུ་ཐོགས་པ་མེད་པ་ནམ་མཁའ་ལྡིང་བརྒྱད་ཀྱིས་བཏེགས་པའི་ཁྲི་དང་ལྡན་པ་སྟེ། དེ་ཡང་དབང་བསྐུར་རྒྱལ་པོའི་རྒྱུད་ལས། ཐུགས་ནི་མི་འཇིགས་བཞི་ཡིས་བདུད་བཞི་འཇོམས། །དེ་གྲུབ་རྟགས་སུ་སེང་གེའི་ཁྲི་ལ་བཞུགས། །སྐུ་ནི་སྟོབས་བཅུས་མི་དགེ་བཅུ་རྣམས་འདུལ། །དེ་གྲུབ་རྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་བཞིས་ཆགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུང་ནི་དབང་བཅུ་མཐར་ཕྱིན་རྒྱལ་བའི་གསུང་། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། །ལས་ནི་ཕྲིན་ལས་བཞི་ཡིས་ཐོགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་ཤང་ཤང་ཁྲི་ལ་བཞུགས། །ཞེས་གསུངས་སོ། །རྒྱལ་བའི་ཐུགས་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ཡང་ཤེས་རབ་རང་བཞིན་མེད་པ་དོན་ཡིན་ལ། རྟགས་ཉི་མའི་དཀྱིལ་འཁོར་དང་། ཐབས་འགག་པ་མེད་པ་དོན་ཡིན་ལ། རྟགས་ཟླ་བའི་དཀྱིལ་འཁོར་དང་། ཐུགས་ལ་ཉེས་པའི་སྐྱོན་གྱིས་གོས་པ་མེད་པ་དོན་ཡིན་ལ། རྟགས་སྣ་ཚོགས་པདྨའི་གདན་དང་། དགོས་འདོད་ལྷུན་གྱིས་གྲུབ་པ་དོན་ཡིན་ལ། རྟགས་རིན་པོ་ཆེའི་ཁྲི་རྐང་ངོ་། །དེ་ཡང་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་དོན་ཡིན་ལ། རྟགས་ཁྲི་རྐང་རེ་རེ་ཡང་མཛོད་མིག་བདུན་བདུན་དང་ལྡན་པའོ། །དེ་ལ་གདན་གྱི་རིམ་པ་ནི། སྐྱེས་བུ་ལྔ་ལ་ལྔ་བརྩེག་སྟེ། །སེམས་དཔའ་ལ་ནི་གསུམ་བརྩེག་གོ། །ཉི་རྐྱང་ཁྲོ་ལ་པད་རྐྱང་ཐུབ། །ཀུན་བཟང་ཡབ་ཡུམ་བཞི་བརྩེག་གོ། །ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །སྤྱན་འགྲེལ་གྱི་ས་སྒོ་བ་ཡབ་ཡུམ་ལ་ཉི་མ་དང་པད་མ་ཉིས་བརྩེག །ཀུན་བཟང་ཡབ་ཡུམ་ལ་དཀྱིལ་འཁོར་ལ་འགོད་པའི་ཚེ་གསུམ་བརྩེག་དང་། ཆོས་འཆད་པའི་ཚེ་ལྔ་བརྩེག་ཏུ་བཤད་དོ། །གདན་གྱི་སྟེང་དུ་ཟླ་བ་འོང་བའི་རྒྱུ་མཚན་ནི། སྤར་ཁབ་ལས། ཐིག་ལེ་ཆེན་པོ་དང་ས་བོན་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་བྱེད་པ་པོའི་ཕྱིར་བདག་པོ་དང་རྡོ་རྗེ་སྟེ་དབུས་ན་ཟླ་བ་བླར་གནས་སོ། །ཞེས་པས། ཐབས་ལམ་ལྟར་ན་སྙིང་ག་ཆོས་ཀྱི་འཁོར་ལོ་ན་སྲོག་མི་ཤིགས་པའི་ཐིག་ལེ་དང་། ཀླད་པ་བདེ་ཆེན་གྱི་འཁོར་ལོ་ན་ཀུན་ཏུ་བཟང་པོའི་ཐིག་ལེ་ཡོང་པས། ཐིག་ལེ་གཉིས་པོ་དེ་ཐམས་ཅད་ཀྱི་བྱེད་པ་པོའི་རྒྱུ་རུ་འགྲོ་ལ། གྲོལ་ལམ་ལྟར་ན་རྒྱུད་ཀྱི་བདག་པོ་དྲུག་པ་ཀུན་ཏུ་བཟང་པོ་དང་། དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་སེམས་དཔའ་གཉིས་ལས། གདན་ཟླ་བ་སྟེང་དུ་འོང་བའི་རྒྱུ་མཚན་ཡིན་གསུང་། དེ་ཡང་སྤྱན་འདྲེན་ལས། གཙོ་བོ་ནི་ཤེས་རབ་ལ་སྤྱོད་པའི་ཕྱིར་དང་། ནང་གི་ཆུ་སྐྱེས་ཀྱི་ལྟེ་བའི་ཉི་མ་ལ་ཟླ་བ་བརྟེན་པའི་ཕྱིར། རི་བོང་ཅན་སྟེང་ན་གནས་སོ། །ཡུམ་རྣམས་ནི་དེ་ལས་ལྡོག་ཅེས་འཆད་ན་ཡང་། འཁྲིལ་སྦྱོར་ཕྱིར་གཅིག་པ་མི་འགལ་ལོ། །ཞེས་གསུངས་སྟེ། ཤེས་རབ་ཀྱིས་སྤྱོད་པའི་དབང་དུ་ཡུམ་གྱི་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ་ཉི་མ་བྱང་ཆུབ་ཀྱི་སེམས་ཡོད་པ་དེ་ལ། ཡབ་ཀྱི་ཟླ་བ་བྱང་ཆུབ་ཀྱི་སེམས་བརྟེན་དགོས་པའི་ཕྱིར་ཟླ་བ་སྟེང་དུ་འོང་བ་ཡིན་གསུང་ངོ་། །རྗེ་དྲི་ངས་པ་ཉེའུ་སྟོན་ཆོས་ཀྱི་སེང་གེ་ན་རེ། གཙོ་བོར་ཐབས་སྣང་བ་འགག་པ་མེད་པས་ཟླ་བ་སྟེང་དུ་འོང་བ་ཡིན་གསུང་ངོ་། །ཡང་ཞི་བ་ལ་ལྷ་ཀུན་ལ་ཟླ་བ་སྟེང་དུ་འོང་ལ། ཁྲོ་བོ་ལ་ལྷ་ཀུན་ལ་ཉི་མ་སྟེང་དུ་འོང་བར་ཡང་འགྲེལ་པ་མངོན་རྟོགས་ལྟར་རུང་ངོ་། །ཡང་འགའ་ཞིག་སེམས་ཅན་གྱི་གདན་འདི་དག་སྤྲུལ་པ་ཡིན་ནམ། རང་རྒྱུད་པ་ཡིན་གྱི་བརྒལ་ལན་བྱེད་མོད་ཀྱི་འདི་དག་གི་རྒྱུ་མཚན་གོང་གི་འབྲུ་བསྣན་གྱི་སྐབས་སུ་རྒྱས་པར་བཤད་པ་བཞི་གོ་བར་བྱའོ། །དེ་ལྟར་ས་དམིགས་ལྔ་པོ་དེས། གང་དུ་གསུངས་པའི་གནས་ཕུན་སུམ་ཚོགས་པ་རྒྱས་པར་བསྟན་པ་ཡིན་ཏེ། སྒྱུ་འཕྲུལ་རྒྱ་མཚོ་ལས། དགའ་བདེ་ཡང་དག་རྫོགས་པའི་གནས། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །མ་ལུས་འདུས་པའི་གཞལ་ཡས་ཁང་། །བདག་པོ་རྒྱན་དང་བཅས་པ་ཉིད། །འཇིག་རྟེན་གནས་ཀྱི་འོག་མིན་ལས། །ཉིས་འགྱུར་ཤིན་ཏུ་སྤགས་པ་ན། །ངོ་བོ་མཐའ་གསུམ་ལས་འདས་པ། །མ་སྤངས་རྒྱན་ཚོགས་གཞལ་ཡས་ཁང་། །ཡོན་ཏན་ལྔ་ཡི་བདག་པོ་སྟེ། །གྲུབ་བཞི་སྤྱི་བོར་འཁྱིལ་སྣང་བའོ། །ཞེས་གསུངས་སོ། །སྤྱི་དོན་གསུམ་པ་གང་ལ་གསུངས་པའི་འཁོར་ཕུན་སུམ་ཚོགས་པ་རྒྱས་པར་བསྟན་པ་ལ་གཉིས་ཏེ། རང་བཞིན་ནས་དགོངས་པ་གཉིས་སུ་མེད་པའི་འཁོར་དང་། རིག་པ་ཁྱད་པར་ཅན་གྱི་འཁོར་རོ། །དང་པོ་ལ་གཉིས་ཏེ། བགྲང་། རིགས་ཀྱི་ཡབ་ལྔ་སྐུ་མདོག་དང་བཅས་པ། དྲང་། བཅོམ་ལྡན་འདས་དང་དེ་བཞིན་གཤེགས་པ་ཞེས་པ་མཚན་ཐུན་མོང་བ་གཉིས་ནི། ཐུགས་རིག་པ་རང་སྣང་བའི་ཕྱིར། སྟོན་པའི་རང་བཞིན་དང་འབྲུ་མཐུན། རྣམ་ཤེས་སྤྱིའི་མཚན་ཉིད་ནི་ཡུལ་རིག་པ་ཡིན་ལ། བྱེ་བྲག་ཏུ་ཕྱེ་ནས་ཚོགས་བརྒྱད་དེ། ཀུན་གཞི། ཉོན་ཡིད། ཡིད། སྒོ་ལྔ་སྟེ། དེ་ལྟར་བརྒྱད་ཀྱི་ཚོགས་པ་ནི་རྣམ་པར་ཤེས་པའི་ཕུང་པོའོ། །དེ་ལྟ་བུའི་རྟོག་པ་ལ་ཐུགས་རང་རིག་པའི་ཡེ་ཤེས་ཀྱིས་རང་དབང་སྒྱུར་ཞིང་། ཟག་པ་མེད་པའི་ཆོས་ལ་མངའ་བརྙེས་པས་བདེ་བ་ཆེན་པོར་ལོངས་སྤྱོད་པས་ན་རྒྱལ་པོ་སྟེ། ལྷ་ན་རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ནི་འབྲུ་མཐུན། གཟུགས་སྤྱིའི་མཚན་ཉིད་ནི། གཞིག་ཅིང་གཞོམ་དུ་རུང་བ་ཡིན་ལ། བྱེ་བྲག་ཏུ་ཕྱེ་ན། གཟུགས་ཆོས་བཅོ་ལྔ་སྟེ། རྒྱུའི་གཟུགས་ས་ཆུ་མེ་རླུང་བཞི་དང་། འབྲས་བུའི་གཟུགས་དབང་པོ་ལྔ་དང་། དོན་དུ་སྣང་བ་ལྔ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ་སོ་སོ་ཐར་པའི་སྡོམ་པ་ལ་སོགས་པའོ། །དེ་ལྟར་གཟུགས་ཆོས་བཅོ་ལྔ་པོ་རྣམས་ཀྱི་རྟོག་པ་ལ་གོང་བཞིན་དུ་རང་དབང་སྒྱུར་བས་ན་རྒྱལ་པོ་སྟེ། ལྷ་ན་རྣམ་པར་སྣང་མཛད་དང་། དེ་བཞིན་གཤེགས་པ་ནི་འབྲུ་མཐུན། ཚོར་བའི་སྤྱིའི་མཚན་ཉིད་ནི། ཉམས་སུ་མྱོང་བ་ཡིན་ལ། བྱེ་བྲག་ཏུ་ཕྱེ་ན། གསལ་མི་གསལ་ལམ། བདེ་སྡུག་བཏང་སྙོམས་གསུམ་གྱི་ཚོར་བའི་རྟོག་པ་ལ་རང་དབང་སྒྱུར་པས་ན་རྒྱལ་པོ་སྟེ། ལྷ་ན་རིན་ཆེན་འབྱུང་ལྡན་དང་། དེ་བཞིན་གཤེགས་པ་ནི་འབྲུ་མཐུན། འདུ་ཤེས་སྤྱིའི་མཚན་ཉིད་ནི། མཚན་མར་འཛིན་པ་ཡིན་ལ། བྱེ་བྲག་ཏུ་ཕྱེ་ན། རྒྱ་ཆེ་བ་ཆུང་བ་ཚད་མེད་པ་གསུམ་གྱི་འདུ་ཤེས་ཀྱི་རྟོག་པ་ལ་རང་དབང་སྒྱུར་བས་ན་རྒྱལ་པོ་སྟེ། ལྷ་ན་སྣང་བ་མཐའ་ཡས་དང་། དེ་བཞིན་གཤེགས་པ་ནི་འབྲུ་མཐུན། འདུ་བྱེད་སྤྱིའི་མཚན་ཉིད་ནི་མངོན་པར་འདུ་བྱེད་པ་ཡིན་ལ། བྱེ་བྲག་ཏུ་ཕྱེ་ན། བཤད་མ་ཐག་པའི་ཚོར་བ་དང་། འདུ་ཤེས་གཉིས་ལས་གཞན་པ། རེག་པ། ཡིད་ལ་བྱེད་པ། སེམས་དཔའ་དང་གསུམ་སྟེ་ཀུན་འགྲོ་གསུམ་དང་། འདུན་པ། མོས་པ། དྲན་པ། ཏིང་ངེ་འཛིན། ཤེས་རབ་སྟེ་ཡུལ་སོ་སོར་ངེས་པ་ལྔ་དང་། དད་པ། ངོ་ཚ་ཤེས་པ། ཁྲེལ་ཡོད་པ། འདོད་ཆགས་མེད་པའི་དགེ་བའི་རྩ་བ། ཞེ་སྡང་མེད་པའི་དགེ་བའི་རྩ་བ། གཏི་མུག་མེད་པའི་དགེ་བའི་རྩ་བ། བརྩོན་འགྲུས་ཤིན་ཏུ་སྦྱངས་པ། བག་ཡོད་པ། བཏང་སྙོམས། རྣམ་པ་མི་འཚེ་བ་སྟེ་དགེ་བ་བཅུ་གཅིག་དང་། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ལྟ་བ། ཐེ་ཚོམ་སྟེ་རྩ་བའི་ཉོན་མོངས་པ་དྲུག་དང་། སེར་སྣ། སྒྱུ། གཡོ། རྒྱགས་པ། རྣམ་པར་འཚེ་བ། ཁྲོ་བ། ཁོན་ཏུ་འཛིན་པོ། འཆབ་པ། འཚིག་པ། ཕྲག་དོག །མ་དད་པ། ལེ་ལོ། བག་མེད་པ། བརྗེད་ངས་པ། ངོ་ཚ་མེད་པ། ཁྲེལ་མེད་པ། རྨུགས་པ། རྒོད་པ། རྣམ་པར་གཡེང་བ། ཤེས་བཞིན་མ་ཡིན་པ་སྟེ་ཉེ་བའི་ཉོན་མོངས་པ་ཉི་ཤུ་དང་། གཉིད། འགྱོད་པ། རྟོག་པ། དཔྱོད་སྟེ་གཞན་དུ་འགྱུར་པ་བཞི་སྟེ། དེ་ལྟར་བཞི་བཅུ་རྩ་དགུ་འདུ་བྱེད་ཀྱི་རྟོག་པ་ལ་རང་དབང་སྒྱུར་བའི་རྒྱལ་པོ། ལྷན་དོན་ཡོད་གྲུབ་པ་དང་ལྔ་སྟེ། དེ་དག་ཀུན་ཀྱང་ཆོས་ཉིད་མ་འགྱུར་བ་མཚོན་པ་དོན་ཡིན་ལ། རྟགས་སྐུ་མདོག་མཐིང་ཁ་བདུན་དང་། ཉེས་པའི་སྐྱོན་གྱིས་མ་གོས་པ་དོན་ཡིན་ལ། རྟགས་སྐུ་མདོག་དཀར་པོ་ལྔ་དང་། ཆེ་བའི་ཡོན་ཏན་རྒྱས་པ་དོན་ཡིན་ལ། རྟགས་སྐུ་མདོག་སེར་པོ་ལྔ་དང་། གདུལ་བྱ་ལ་ཆགས་པ་དོན་ཡིན་ལ། རྟགས་སྐུ་མདོག་ལེ་བརྒན་བཞི་དང་། ལས་སྣ་ཚོགས་པ་དོན་ཡིན་ལ། རྟགས་སྐུ་མདོག་ལྗང་ཁུའི་མདོག་ཅན་གཉིས་ཏེ། དེ་རྣམས་ཀྱི་དམིགས་བསལ་ནི་འཆད་པར་འགྱུར་པའི་ལེའུ་དྲུག་པའི་སྐབས་སུ་ཤེས་པར་བྱའོ། །སྐུ་མདོག་དེ་དག་ཀྱང་མ་འདྲེས་པར་རང་རང་གི་ཁ་དོག་ཏུ་འཚེར་བའོ། །འོ་ན་སྐབས་འདིར་རྡོ་རྗེ་སེམས་དཔའ་དང་བྱ་བ་ལ་སོགས་པ་མི་འོང་བར། རྣམ་པར་ཤེས་པའི་རྒྱལ་པོ་དང་ཞེས་པ་ལ་སོགས་པ་རྟོག་པ་སྨོས་པ་ལ་དོགས་པ་ཅི་ཡོད་ཅེ་ན། སྤར་ཁབ་ལས། ཀུན་གཞི་ལ་སོགས་པའི་རྟོག་པ་ལྔ་སྨོས་པ་ནི། རང་བཞིན་དང་། ཐུན་མོང་མ་ཡིན་པའི་ཕྱིར་སྨོས་པ་སྟེ། དེ་དག་ཀར་དག་པར་ཆུད་པ་ལ་རྡོ་རྗེ་འཛིན་པ་ལ་སོགས་པར་རང་སྣང་བའི་ཕྱིར་རོ། །ཞེས་གསུངས་པས། རང་བཞིན་ནི་ཤེས་བྱའི་གཤིས་ལ་རྟོག་པ་རྣམ་པ་ཤེས་པ་དང་། འབྲས་བུ་རྡོ་རྗེ་སེམས་དཔའ་གཉིས་སྣང་ན་སྣང་མཉམ། སྟོང་ན་སྟོང་མཉམ། བཟང་ངན་མེད་པར་མཉམ་པར་ཀྱང་སྨོས་པ་ཡིན་ལ། ཐུན་མོང་མ་ཡིན་པའི་ཕྱིར་སྨོས་པ་ནི། ཐུན་མོང་གི་ཐེག་པའི་སྐབས་སུ་ལྷ་སྨོས་ལ། ཐུན་མོང་མ་ཡིན་པའི་རྒྱུད་འདིའི་སྐབས་སུ་རྟོག་པ་སྨོས་པ། ལྷ་དང་རྟོག་པ་དབྱེར་མེད་དུ་ངོས་ཟིན་པར་བྱ་བའི་ཕྱིར་དང་། ཀར་དག་པ་ནི། ལམ་ཉམས་སུ་བླངས་པས་འབྲས་བུ་མཐར་ཕྱིན་པའི་དུས་ཙམ་ན། རྣམ་པར་ཤེས་པ་ཉིད་མ་སྤངས་པ་བསྒྱུར་བར་རྡོ་རྗེ་སེམས་དཔར་རང་སྣང་བའི་ཕྱིར་དུའང་སྨོས་པའོ། །དེའི་ཕྱིར་རྟོག་པ་སྨོས་པ་ཐམས་ཅད་དེ་ལྟར་ཤེས་པར་བྱའོ། །རིགས་ཀྱི་ཡུམ་ལྔ་གཉིས་སུ་མེད་པར་བཞུགས་ཚུལ་ཚད་དང་བཅས་པའི། དྲང་། བཙུན་མོ་ནི་བསྐྱེད་པའི་རྒྱུད་གྱུར་པས་སམ། སྤྱད་བྱའི་ཡུལ་དུ་གྱུར་པས་སམ། སྲས་ཀྱི་འབྱུང་ཁུངས་སུ་གྱུར་པ་སྟེ། གོ་རིམ་བཞིན་འབྱུང་བ་ལྔས་ཕུང་པོ་ལྔ་བསྐྱེད་པ་དང་། ཤེས་རབ་ལ་ཐབས་ཀྱིས་རོལ་པ་དང་། རིག་པ་ཁྱད་པར་ཅན་གྱི་འཁོར་གྱི་འབྱུང་ཁུངས་སུ་གྱུར་པས་སོ། །དེ་ཡང་སེམས་མ་ལས་ཁྱད་པར་དུ་གྱུར་པས་ན་དམ་པའོ། །སྣང་བ་དབྱིངས་ནི་འབྱུང་བ་ནམ་མཁའ་སྟེ། ལྷ་ན་རྡོ་རྗེ་དབྱིངས་ཕྱུག་མ་དང་། སྲ་བའི་དབྱིངས་ནི་འབྱུང་བ་ས་སྟེ། ལྷ་ན་སངས་རྒྱས་སྤྱན་མ་དང་། མཉེས་པའི་དབྱིངས་ནི་འབྱུང་བ་ཆུ་སྟེ། ལྷ་ན་མཱ་མ་ཀཱི་དང་། དྲོ་བའི་དབྱིངས་ནི་འབྱུང་བ་མེ་སྟེ། ལྷ་ན་ན་བཟའ་དཀར་མོ་དང་། བསྐྱོད་པའི་དབྱིངས་ནི་འབྱུང་བ་རླུང་སྟེ། ལྷ་ན་དམ་ཚིག་སྒྲོལ་མའོ། །ལ་སོགས་པའི་སོགས་ཁོངས་ནས་དེ་དག་དང་ཆ་ལུགས་མཐུན་པའི་རྒྱུད་མས་སྦྱངས་ཀྱི་བཙུན་མོའི་ཚོགས་ཀྱང་བསྡུས་སྟེ། དེ་ཡང་ཤེས་རབ་ཀྱི་རྒྱུད་ལྟར་ན་བུད་མེད་ཀྱི་ཚོགས་ཀྱི་དབུས་ན་ཡབ་དང་ཡུམ་གཉིས་སུ་མེད་པར་བཞུགས་ཤིང་ཆོས་ཀྱི་དབྱིངས་ཀུན་ཏུ་མཐའ་ཡས་པར་ཁྱབ་པའི་རང་བཞིན་མངོན་དུ་བྱས་པ་ནི་དོན་ཡིན་ལ། རྟགས་སུ་ཁང་པ་ལྷས་གང་བ་འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གང་བུ་ལ་ཏིལ་འབྲས་ཀྱིས་ཁྱབ་ལ། ཏིལ་འབྲས་ལ་ཏིལ་མར་གྱིས་ཁྱབ་པ་བཞིན་དུ་གཞལ་ཡས་ཁང་ལྷས་གང་ནས་ཀུན་ཏུ་ཁྱབ་པར་བཞུགས་སོ། །གཉིས་པ་རིག་པ་ཁྱད་པར་ཅན་གྱི་འཁོར། དེ་ལ་གསུམ་སྟེ། བགྲང་། རྒྱལ་སྲས་སེམས་དཔའི་འཁོར་ལ། ས་ནང་བརྩེགས་གཉིས་ལས། ནང་སེམས་ཡབ་ཡུམ་བརྒྱད་བསྟན་པ། དྲང་། དེ་ནས་ཞེས་པས། འབྲེལ་མཚམས་སྦྱར་བའི་ཚིག་བྱང་ངང་མོའི་འགྲོས་ལྟར་དུ་བཤད་ན། རང་བཞིན་ནམ་དགོངས་པ་གཉིས་སུ་མེད་པའི་འཁོར་བསྟན་པ་ལ། དེ་རིག་པ་ཁྱད་པར་ཅན་གྱི་འཁོར་སྟོན་པས་ན་ནས་ཞེས་འབྲེལ་སྦྱར་རོ། །བྱང་ཆུབ་ཆེན་པོ་རྡོ་རྗེ་ཞེས་པ་ལ་སོགས་པ་ལ། སྔར་གྱི་གསུང་སྒྲོས་ལ། རྒྱུད་མས་སྦྱངས་རང་རྒྱུད་པ་ལྟར་དུ་འབྲུ་བསྣན་པ་དང་། ཐུགས་རང་སྣང་སྤྲུལ་པ་བ་ལྟར་དུ་འབྲུ་བསྣན་པ་གཉིས་གསུངས་ཀྱང་། དོན་ལ་ཡིན་ཚུལ་དང་སྣང་ཚུལ་གཉིས་སུ་གོ་བར་བྱ་སྟེ། ཡིན་ཚུལ་གྱི་དབང་དུ་བྱས་ན་ཐུན་མོང་མ་ཡིན་པའི་གླེང་གཞིའི་སྐབས་འདིར་བྱུང་བའི་འཁོར་ཐམས་ཅད་ཀྱང་ཐུགས་རིག་པ་རང་སྣང་སྤྲུལ་པ་བ་ཡིན་ཏེ། སྒྱུ་འཕྲུལ་རྒྱ་མཚོ་ལས། དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བ་སེམས་སོགས་དང་། །ཞེས་པ་དང་། སྤར་ཁབ་ལས། མཚན་ཐུན་མོང་བ་གཉིས་ནི་སྔར་ཐལ་ཏེ། ཞེས་པ་དང་། རང་རིག་པ་ཉིད་གསུམ་གྱི་ཁྱད་པར་དུ་སྣང་བ་ལ་ངམ་པ་གསུམ་མོ། །ཞེས་པ་དང་། ཀར་དག་པ་ཆུད་པ་ལ་རྡོ་རྗེ་འཛིན་པ་ལ་སོགས་པར་རང་སྣང་བའི་ཕྱིར་རོ། །ཞེས་གསུངས་པས་མངོན་ནོ། །འོན་ཀྱང་དེ་དང་ཆ་ལུགས་མཐུན་པའི་རྒྱུད་མས་སྦྱངས་ཀྱི་འཁོར་ཀྱང་ཡོད་དེ། སྒྱུ་འཕྲུལ་རྒྱ་མཚོ་ལས། དང་པོ་སངས་རྒྱས་ས་རྒྱལ་བ། །སེམས་དཔའ་ཆེ་དང་འཇོམས་པ་ཆེ། །བརྗོད་ཀྱིས་མི་ལང་ཚད་མེད་དང་། །ཞེས་པ་དང་། འདི་ཉིད་ལས་ཀྱང་། དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་གཉིས་སུ་མེད་པར་བཞུགས་སོ། །ཞེས་པས་མངོན་ནོ། །སྣང་ཚུལ་གྱི་དབང་དུ་བྱས་ནས། ས་མཐའི་བྱང་ཆུབ་སེམས་དཔའི་ཚུལ་དུ་སྣང་སྟེ། སྤར་ཁབ་ལས། གདུལ་བྱ་ལས་མཐར་ཐུག་པ་ནི། དྲུག་པའི་སངས་རྒྱས་ཀྱི་ཞིང་དུ་གྱུར་ཏེ། དེ་དག་ས་གཞན་ལས་ཁྱད་པར་དུ་གྱུར་པས་ཆེན་པོ་སྟེ། ལྟ་བའི་སྒྲིབ་པ་འཇོམས་པའི་ཕྱིར་ལས་ཀྱི་རྡོ་རྗེའོ། །ཞེས་གསུངས་པས། དེའི་ལུགས་སུ་འབྲུ་བསྣན་ན། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཐ་མལ་པའི་རྟོག་པ་བྱང་ནས། ས་མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་སོགས་པར་ཆུབ་པ་སྟེ། ས་དགུ་པ་མན་ཆད་ལས་ཁྱད་པར་དུ་གྱུར་པས་ན་ཆེན་པོ། ལྟ་བའི་སྒྲིབ་པ་འཇོམས་པའི་ཕྱིར་ལས་ཀྱི་རྡོ་རྗེའོ། །མཐོང་བ་ནི་མིག་གི་རྣམ་པར་ཤེས་པ་སྟེ། ལྷ་ན་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ནི་འབྲུ་མཐུན་ལ། ཐོས་པ་རྣ་བའི་རྣམ་པར་ཤེས་པ། ལྷ་ན་ཕྱག་ན་རྡོ་རྗེ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་པའི་སྣའི་རྣམ་ཤེས་ཏེ། ལྷ་ན་ནམ་མཁའི་སྙིང་པོ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བ་ལྕེའི་རྣམ་ཤེས། ལྷ་ན་སྤྱན་རས་གཟིགས་དབང་ཕྱུག་དང་། བཙུན་མོ་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ལས། ཁྱད་པར་དུ་སྐབས་འདིར་ཡུལ་བཞིས་རྣམ་ཤེས་བཞི་བསྐྱེད་པའོ། །མཐོང་བར་བྱ་བ་གཟུགས་ཏེ། ལྷ་ན་ལ་སྱེ་མ་དང་། མཉན་པར་བྱ་བ་སྒྲ་སྟེ། གཱི་རྟི་མ་དང་། སྣོམ་པར་བྱ་བ་དྲི་སྟེ་མཱ་ལེ་མ་དང་། མྱོང་བར་བྱ་བ་རོ་སྟེ་ནཱིརྟི་མའི་ཚོགས་དང་བཅས་པ་རྣམས་སོ། །ཕྱི་སེམས་ཡབ་ཡུམ་བརྒྱད་བསྟན་པའོ། །དྲང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ནི་འབྲུ་མཐུན་ལ། མཐོང་བྱེད་མིག་གི་དབང་པོ་སྟེ་ལྷ་ན་བྱམས་པ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ནི་འབྲུ་མཐུན་ལ། ཐོས་བྱེད་རྣ་བའི་དབང་པོ་སྟེ་སྒྲིབ་སེལ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ནི་འབྲུ་མཐུན་ལ། སྣོམ་བྱེད་སྣའི་དབང་པོ་སྟེ་ཀུན་ཏུ་བཟང་པོ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་འབྲུ་མཐུན་ལ། མྱོང་བྱེད་ལྕེའི་དབང་པོ་སྟེ་འཇམ་དཔལ་གཞོན་ནུ་དང་། བཙུན་མོ་ནི་སྔར་བཞིན་ལ། ཁྱད་པར་དུ་སྐབས་འདིར་དུས་བཞིས་དབང་པོ་བཞི་བསྐྱེད་པའོ། །དེ་ཡང་འདས་པའི་དུས་ལྷ་མོ་དྷཱུ་པེ་མ་དང་། ད་ལྟར་གྱི་དུས་པུཥྤེ་མ་དང་། འབྱུང་བར་མ་ངེས་པའི་དུས་ཨཱ་ལོ་ཀེ་མ་དང་། མ་བྱོན་པའི་དུས་གནྡྷེ་མ་སྟེ་དེ་དག་དང་ཆ་ལུགས་མཐུན་པའི་རྒྱུད་མས་སྦྱངས་ཀྱི་ཚོགས་དང་བཅས་པའོ། །འཇོམས་བྱེད་ཁྲོ་བོའི་འཁོར། དྲང་། སྐུ་གསུང་ཐུགས་ཀྱི་མཛད་པས་བདུད་དང་མུ་སྟེགས་འཇོམས་པ་གནོད་སྦྱིན་ལས་ཁྱད་པར་དུ་གྱུར་པས་ན་ཆེན་པོ། ལྟ་བའི་སྒྲིབ་པ་འཇོམས་པའི་ཕྱིར་ལས་ཀྱི་རྡོ་རྗེའོ། །རེག་པ་ནི་གསང་བའི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་སྟེ་གསུམ་འདུས་སོ། །ལུས་ངག་ཡིད་གསུམ་སྤྱིར་འཛིན་པ་སྟེ་ལྷ་ན་བདུད་རྩི་འཁྱིལ་བ་དང་། འཇོམས་པ་ཆེན་པོ་རྡོ་རྗེ་ནི་འབྲུ་མཐུན་ལ། རེག་བྱེད་ནི་གསང་བའི་དབང་པོ་ཕོའི་མཚན་མའམ་ངག་སྟེ་ལྷ་ན་རྟ་མགྲིན་དང་། འཇོམས་པ་ཆེན་པོ་རྡོ་རྗེ་རེག་བྱ་ནི། གསང་བའི་ཡུམ་མོའི་མཚན་མའམ་ལུས་ཏེ། ལྷ་ན་སྟོབས་པོ་ཆེ་དང་། འཇོམས་པ་ཆེན་པོ་རྡོ་རྗེ་རེག་ཤེས་ནི་གསང་བའི་རྣམ་པར་ཤེས་པས་དགའ་བ་ཉམས་སུ་མྱོང་བའམ་ཡིད་དེ། ལྷ་ན་གཤིན་རྗེ་གཤེད་དང་། བཙུན་མོ་ནི་སྔར་བཤད་པ་བཞིན་ལས། ཁྱད་པ་ནི་སྐབས་འདིར་རྟག་ཆད་ཀྱི་ཕྱི་ལོག་བཞིས་ལུས་ཏེ་རྟོག་པ་བཞི་དངོས་སུ་མི་བསྐྱེད་ཀྱང་བརྒྱུད་ནས་བསྐྱེད་གསུང་ངོ་། །རྟག་པར་མ་ཡིན་པ་ནི། མི་རྟག་པ་སྟེ་ལྷ་ན་ལྕགས་ཀྱུ་མ་དང་། ཆད་པར་མ་ཡིན་པ་ནི། སྡུག་བསྔལ་བ་སྟེ་ལྷ་ན་ཞགས་པ་མ་དང་། བདག་ཏུ་མ་ཡིན་པ་ནི། བདག་མེད་པ་སྟེ་ལྷ་ན་ལྕགས་སྒྲོག་མ་དང་། མཚན་མར་མ་ཡིན་པ་ནི། སྟོང་པ་སྟེ་ལྷ་ན་དྲིལ་བུ་མའོ། །འབྲུ་བསྣོན་ལུགས་འདི་ནི། གཞུང་དྲང་ཐད་དབང་བཙན་དུ་བྱས་པ་ཡིན་གྱི། དགེ་བའི་བཤེས་གཉེན་ལ་ལ་དག་ནི། རྟག་པར་མ་ཡིན་པ་ལ་རྟག་པར་འཛིན་པ་ལ་སོགས་པ་དོན་དང་འགལ་བའི་ལྟ་བ་ཕྱིན་ཅིག་ལོག །རྟག་ཆད་བདག་མཚན་བཞིས་ལུས་ཀྱི་རྟོག་པ་བཞི་བསྐྱེད་པར་བྱེད་པ་ཡིན་པས་ན། རྟག་པ་མ་ཡིན་པར་རྟག་པར་འཛིན་པ་དང་། ཞེས་བྱ་བ་ལ་སོགས་པའི་བར་གྱི་ཚིག་ལ། རྟག་པར་འཛིན་པ་བྱ་བ་ལ་སོགས་པ་མི་མངོན་པར་བྱ་བའི་ལུགས་ཡིན་གྱི། གཞུང་གི་ཚིག་སྒྲ་ཇི་བཞིན་པར་བཤད་དུ་མི་རུང་ངོ་། །ཞེས་བཞེད་པ་འདི་དག་བརྟག་པར་བྱའོ། །འཁོར་དེ་དག་མང་བ་དང་ཁྱབ་པའི་ཚད་དང་གཉིས་སུ་མེད་པར་བཞུགས་པའི་ཚུལ་བསྟན་པའོ། །དྲང་། ལ་སོགས་པའི་སོགས་ཁོངས་ནས་ཐུགས་རང་སྣང་སྤྲུལ་པ་བ་དང་ཆ་མཐུན་པས་ན་དེ་ལྟ་བུའི་རྒྱུད་མས་སྦྱངས་ཀྱི་ཚོགས་དང་བཅས་པ་བརྗོད་ཀྱིས་མི་ལང་བ་དང་གཉིས་སུ་མེད་པར་བཞུགས་པའི་ཚུལ་ནི་བཞི་སྟེ། རང་བཞིན་གྱིས་སྣང་བའི་དབང་དུ་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས། ཐུན་མོང་མ་ཡིན་པའི་གླེང་གཞིའི་དབང་དུ་སྟོན་འཁོར་དགོངས་པ། བདག་ཉིད་ཆེན་པོའི་དབང་དུ་ལྷ་དང་རྟོག་པ། གནས་ཀྱི་དབང་དུ་ལོངས་སྤྱོད་ཆེན་པོའི་འོག་མིན་དང་། ཞིང་ཁམས་མཐའ་ཡས་མུ་མེད་བསམ་གྱིས་མི་ཁྱབ་པ་གཉིས་སུ་མེད་པར་བཞུགས་སོ། །འོ་ན་དེ་ལྟར་བཤད་པའི་འཁོར་འདི་དག་ལ། ཁ་ཅིག་སྤྲུལ་པ་བ་ཡིན་ནམ། རང་རྒྱུད་པ་ཡིན་གྱི་བརྟག་པ་དང་བརྒལ་ལན་བྱེད་དེ། ཁོ་བོས་འདི་དག་གི་གོ་དོན་གཞུང་གི་འབྲུ་བསྣོན་གྱི་སྐབས་སུ་གསལ་བར་བཀོད་པ་བཞིན་གོ་བར་བྱའི། གྱི་ནའི་རྩོད་སྤོང་དོན་ཆུང་བར་རིག་པར་བྱའོ། །གལ་ཏེ་སྤྲོས་པ་ལ་དགའ་བ་རྣམས་སྔ་རབས་པ་རྣམས་ཀྱིས་མཛད་པའི་གཏར་ཁ་ལ་གཟིགས་པས་ཁྱབ་བོ། །ཡང་ཁ་ཅིག་ན་རེ། ལེའུ་དང་པོ་གླེང་གཞིའི་ལེའུ་འདིར་ལྷ་བཞི་བཅུ་རྩ་གཉིས་ཚང་ངམ་མ་ཚང་། ཚང་ན་ཀུན་ཏུ་བཟང་མོ་དང་། ཐུབ་པ་དྲུག་མི་འདུག་པས་གསལ། མ་ཚང་ན་གླེང་གཞི་ཕུན་སུམ་ཚོགས་པར་མི་འགྱུར་རོ་ཞེ་ན། ཐབས་དང་ཤེས་རབ་ཅེས་པ་ལས། ཤེས་རབ་ལ་ཀུན་ཏུ་བཟང་མོ་ངེས་འཛིན། སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ། ཞེས་པས་ཐུབ་པ་དྲུག་ངོས་འཛིན་ནོ། །དེས་ན་གླེང་གཞི་མ་ཚོགས་པའི་སྐྱོན་མེད་ལ། གསལ་བར་མི་འབྱུང་བའི་འཐད་པ་ནི། ལེའུ་དང་པོ་གསང་དབང་གི་སྐབས་མིན་པ་དང་། ཐུན་མོང་གི་གདུལ་བྱ་མེད་པ་དང་། ཆོས་འཆད་པའི་སྐབས་ཡིན་པས་སོ། །ལེའུ་གཉིས་པར་དབང་བསྐུར་བའི་དོན་དུ་ཀུན་ཏུ་བཟང་མོ་བྱུང་བ་ཡིན། ལེའུ་གསུམ་པར་དཀྱིལ་འཁོར་དུ་འཁོར་པའི་འཁོར་དང་། འགྲོ་བ་འདུལ་བྱེད་ཀྱི་འཁོར་ཡིན་པས་ཐུབ་པ་དྲུག་བྱུང་བ་ཡིན་ནོ། །ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །ཁོ་བོའི་བླ་མ་ཟུར་ཐམས་ཅད་མཁྱེན་པ་ནི། སྡུད་པ་པོའི་ཚིག་དང་ཡི་གེར་འགོད་པའི་ཚེ་གླེང་གཞི་ཚོགས་ཚུལ་ལེའུ་དང་པོར་བཤད། གླེང་བསླངས་ཤིང་དབང་བསྐུར་ཚུལ་ལེའུ་གཉིས་པར་བཤད་ཀྱང་། དོན་ལ་ཐུན་མོང་མ་ཡིན་པའི་གླེང་གཞི་ནམ་ཚོགས་པའི་དུས་དེ་ཉིད་དུ། གླེང་བསླངས་ཤིང་དབང་བསྐུར་ནས་རྒྱུད་གསུངས་པའི་ཕྱིར། ཀུན་ཏུ་བཟང་མོ་ནི་ཡབ་དང་གཉིས་སུ་མེད་པར་བཞུགས་པ་ཡིན་ལ། ཐུབ་པ་དྲུག་ནི་སྤྲུལ་སྐུ་ཡིན་པའི་ཕྱིར་ཐུན་མོང་མ་ཡིན་པའི་གླེང་གཞིའི་སྐབས་སུ་དངོས་སུ་མ་བྱུང་བ་ཡང་ཀུན་ཏུ་བཟང་པོའི་ཐུགས་ལ་རྫོགས་པས་ན། གླེང་གཞི་མ་ཚོགས་པར་མི་འགྱུར་ལ། ཐུན་མོང་གི་གླེང་གཞིའི་སྐབས་སུ་ཀུན་ཏུ་བཟང་པོའི་ཐུགས་ལས་ཐུབ་པ་དྲུག་སྤྲུལ་ནས། གོ་ཕྱེ་བའི་འཁོར་གྱི་དོན་ནམ། རྒྱུད་འདི་ཉིད་ཀྱི་ལམ་སྟེགས་ཐུན་མོང་གི་བསྟན་པ་དང་། ཐེག་པ་སྟོན་པའི་ཕྱིར་ལེའུ་གཉིས་པར་སྤྲུལ་པ་ཐུབ་པ་དྲུག་སྤྲོ་བར་ཞལ་གྱིས་བཞེས་ནས། ལེའུ་གསུམ་པར་སྤྲོ་བ་དངོས་བསྟན་པར་བཞེད་དོ། །ཡང་ཁ་ཅིག་ན་རེ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། སངས་རྒྱས་བཞི་བཅུ་རྩ་གཉིས་བཞུགས་སམ་མི་བཞུགས། བཞུགས་ན་ཐུབ་པ་དྲུག་གིས་གདུལ་བྱ་རིགས་དྲུག་གི་སེམས་ཅན་ཡིན་པས་གདུལ་བྱ་དང་འདུལ་བྱེད་གནས་ཐ་དད་པར་འགྱུར་རོ་ཞེ་ན། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མཐའ་དབུས་དང་རྒྱ་ཆད་མེད་པར་གནས་ཀྱི་རང་བཞིན་གྱི་སྐབས་སུ་བསྟན་ཟིན་པའི་ཕྱིར། རིགས་དྲུག་གི་སེམས་ཅན་གྱི་གནས་ཁམས་གསུམ་དང་། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གཉིས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་ཏེ། རང་རིག་པ་རང་བྱུང་གི་ཡེ་ཤེས་མངོན་དུ་བྱས་མ་བྱས་ཀྱི་ཁྱད་པར་ཡིན་པའི་ཕྱིར་རོ། །དེ་ཡང་སྒྱུ་འཕྲུལ་རྒྱས་པ་ལས། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཞེས་གསུངས་སོ། །སྤྱི་དོན་གསུམ་པ་གླེང་གཞི་བསྡུས་ཏེ་བསྟན་པ་ལ་གསུམ་སྟེ། བགྲང་། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། དེ་ནས་ཞེས་པ་འབྲེལ་མཚམས་སྦྱོར་བའི་ཚིག་སྟེ། གཞུང་རྒྱས་པར་བསྟན་པ་ལ་དེ་བསྡུས་ཏེ་སྟོན་པས་ན་ནས་ཞེས་བྱའོ། །དེ་བཞིན་གཤེགས་པ་རྒྱལ་བ་དྲུག་པ་ཉིད་བཙུན་མོའི་ཚོགས་ཡུམ་རྣམས་དང་ཐབས་ལམ་ལྟར་ན་ཐབས་ཤེས་རབ་བདེ་བའི་ཡེ་ཤེས། གྲོལ་ལམ་ལྟར་ན་ཡབ་ཡུམ་དགོངས་པ་གཉིས་སུ་མེད་པའི་གསང་བའི་ཡེ་ཤེས་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དེ་དག་ཉིད་ཀྱི་དོན་ཉམས་སུ་མྱོང་དཀའ་བའི་གསང་བ་འདི་ཉིད་རིགས་ཐམས་ཅད་ཀྱི་བདག་པོ་སྟོན་པ་དྲུག་པའི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ལྔའི་ངོ་བོ། འཆད་པའི་སྐྱེས་བུ་རིགས་ལྔའོ། །དེ་དག་ཀྱང་གཅིག་དང་དུ་མའི་མཐའ་དང་བྲལ་བའི་ཕྱིར་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་ཉིད་ལས་མངོན་སུམ་དུ་སྣང་བས་ན་ཕྱུང་ངོ་ཞེས་ཐ་སྙད་དུ་བཏགས་སོ། །གླེང་གཞི་བསྡུས་པ་ངེས་ཚིག་དང་བཅས་པ། དྲང་། འདི་ལ་འགྲེལ་པ་སྤར་ཁབ་ཀྱིས། གཞུང་རྒྱས་པ་དང་སྦྱར་བ་ཁོ་ན་ལས་མ་གསུངས་ཀྱང་། བླ་མ་བརྒྱུད་པའི་གདམས་ངག་ལྟར་ན་བཤད་ཚུལ་གསུམ་གྱིས་སྟོན་ནོ། །དེ་ཡང་ཨེ་མ་ཞེས་པ་ངམ་པའི་ཚིག་སྟེ། རངས་ཏེ་ཡོན་ཏན་ལ་ངམ་པ་དང་། མ་རངས་ཏེ་སྐྱོན་ལ་གམ་པ་གཉིས་ལས། འདི་ནི་ཐོག་མ་སྟེ། དེ་ཡང་སྤྱི་དང་བྱེ་བྲག་གཉིས་ལས། སྤྱིར་ནི་ཨེ་ཞེས་པ་ཐེག་པ་རིམ་པ་དགུའི་དོན་ལ་ངམ། ཨེ་མ་ཞེས་པ་དཀྱིལ་འཁོར་རིམ་པ་བདུན་གྱི་དོན་ལ་ངམ། ཨེ་མའོ་ཞེས་པ་གཞུང་རྒྱས་པའི་དོན་ལ་ངམ། བྱེ་བྲག་ཏུ་ཐེག་པ་རིམ་པ་དགུ་ལ་སྦྱར་ན། ཨེ་ཞེས་པས་རྒྱུ་མཚན་ཉིད་ཀྱི་ཐེག་པ་གསུམ་ལ་ངམ། ཨེ་མ་ཞེས་པས་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་གསུམ་ལ་ངམ། ཨེ་མའོ་ཞེས་པས་ནང་པ་ཐབས་ཀྱི་ཐེག་པ་གསུམ་ལ་ངམ་པ་སྟེ། དེ་ཡང་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་མ་བཅོས་པའི་དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དུ་རྟོགས་པ། གང་དུ་བསྡུ་ན་འདིར་བསྡུ་ལ། གང་སྡུད་ན་ཨ་ཏི་ཡོ་གའི་ཐིག་པ་སྡུད། ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་ཤེས་ཀྱི་དཀྱིལ་འཁོར་དུ་དབང་སྒྱུར་བ་མ་ཧཱའི་ཐེག་པ་སྡུད། ཆོས་ཐམས་ཅད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དཀྱིལ་འཁོར་དུ་སྟོན་པ་ཨ་ནུའི་ཐེག་པ་སྡུད། ཐེག་པ་དགུའི་ནང་ནས་ཐེག་པ་གོང་མ་བ་རྣམས་ཐུགས་རྗེ་ངང་གིས་སྐྱེས་བའི་ཡུལ་ཉན་ཐོས་ཀྱི་ཐེག་པ་སྡུད། དོན་དམ་མཚན་མ་མེད་པའི་བྱིན་རླབས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ཉིད་ལྷ་སོ་བདུན་གྱི་དཀྱིལ་འཁོར་ལ་སོགས་པར་གསལ་བ་ཡོ་གའི་ཐེག་པ་སྡུད། ཐེག་པ་སྔ་ཕྱི་གཉིས་ལ་ལྟོས་པའི་ཏིང་ངེ་འཛིན་གྱིས་རང་སའི་འབྲས་བུ་རིགས་བཞིའི་དཀྱིལ་འཁོར་བསྒྲུབ་པ་ཨུ་པ་ཡའི་ཐེག་པ་སྡུད། དོན་དམ་པ་ཆོས་ཀྱི་དབྱིངས་གཟུགས་བརྙན་རྫོབ་རིགས་གསུམ་ལྷའི་དཀྱིལ་འཁོར་དུ་སྣང་བ་ཀྲི་ཡའི་ཐེག་པ་སྡུད། ཕྱི་ནང་གི་རྟེན་འབྲེལ་བཅུ་གཉིས་སྒྱུ་མ་ཙམ་དུ་རྟོགས་པ་རང་རྒྱལ་གྱི་ཐེག་པ་སྡུད། སྤྲོས་པའི་མཐའ་རྣམ་པར་དག་པར་དབུ་མའི་ཐེག་པ་སྡུད། སེམས་རང་རིག་རང་གསལ་རྟོགས་པས་ནི་སེམས་ཙམ་གྱི་ཐེག་པ་སྡུད་དོ། །སྐུ་གསུང་ཐུགས་ཞེས་པ་མན་ཆད་ཐེག་པ་དགུའི་འབྲས་བུའོ། །དཀྱིལ་འཁོར་བདུན་དང་སྦྱར་ཏེ་བཤད་ན། ཨེ་ཞེས་པས་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་ལ་ངམ། ཨེ་མ་ཞེས་པས་གཞན་དཀྱིལ་འཁོར་དྲུག་ལ་ངམ། ཨེ་མའོ་ཞེས་པས་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་ལ་ངམ་པ་སྟེ། དེ་ཡང་མ་བཅོས་པའི་དེ་བཞིན་ཉིད་མཉམ་པ་ཉིད་ཀྱི་དབྱིངས་ཏེ། གང་དུ་བསྡུ་ན་འདིར་བསྡུ་ལ། གང་སྡུད་ན་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་སྡུད། མཉམ་པ་ཉིད་དེས་འཁོར་འདས་གཉིས་ཀ་ལ་དབང་སྒྱུར་བས་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་སྡུད། ཡེ་ཤེས་ལྔའི་དཀྱིལ་འཁོར་ལ་གཞན་དོན་ཐུགས་རྗེ་ངང་ངམ་ཤུགས་ཀྱིས་འབྱུང་བ་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་སྡུད། སེམས་མི་རྟོག་པའི་ངང་དུ་རང་སྣང་བ་ཉིད་དེ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྡུད། ལྷ་དང་གཞལ་ཡས་ཁང་བསྒོམ་པའི་བྱ་བས་ལྷག་པས་ན་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྡུད། རྣམ་རྟོག་ཕྲ་རགས་ལྷ་ཡབ་ཡུམ་གྱི་གཟུགས་བརྙན་མཚོན་པ་གཟུགས་བརྙན་གྱི་དཀྱིལ་འཁོར་སྡུད། རྩ་དང་ཐིག་ལེ་རྣམ་པར་དག་པས་བདེ་བའི་ཡེ་ཤེས་སུ་གསལ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྡུད། ཚོམ་བུ་གཅིག་གསུམ་ལྔ་པ་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི་རིགས་གཙོ་འཁོར་དང་བཅས་པ་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་སྡུད། སེལ་མེད་ཅེས་པ་མན་ཆད་ཀྱིས་དཀྱིལ་འཁོར་བདུན་གྱི་ཡོན་ཏན་འབྲས་བུ་དང་བཅས་པ་སྟོན་པར་བྱེད་དོ། །གཞུང་རྒྱས་པ་དང་སྦྱར་ཏེ་བཤད་ན། ཨེ་ཞེས་པས་སྟོན་པ་ཕུན་སུམ་ཚོགས་པ་ལ་ངམ། ཨེ་མ་ཞེས་པས་གནས་ཕུན་སུམ་ཚོགས་པ་ལ་ངམ། ཨེ་མའོ་ཞེས་པས་འཁོར་ཕུན་སུམ་ཚོགས་པ་ལ་ངམ་པའོ། །བསྡུ་བ་དངོས་ནི། གང་དུ་བསྡུ་ན་བསྡུ་པའི་གཞུང་འདིར་བསྡུ་ལ། གང་སྡུད་ན་གཞུང་རྒྱས་པ་སྡུད་དེ། སྡུད་པའི་གནད་ཀའམ་རྒྱུ་མཚན་ནི། ཚིག་མཐུན་དག་དོན་མཐུན་དུ་བྱུང་བའི་ཕྱིར་སྡུད་དོ། །དེ་ཡང་སེམས་ཉིད་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་དང་མཉམ་པ་ཉིད་ཀྱི་དབྱིངས་ཉིད་དུ་ཡེ་ནས་གནས་པ། གང་དུ་སྡུད་ན་འདིར་སྡུད་ལ། གང་སྡུད་ན་གནས་ཀྱི་རང་བཞིན་ནམ། གཞི་འོག་མིན་གསུམ་བསྟན་པ། ཡ་ཀི་ན་འོག་མིན་ཕྱི་དང་ནང་། རྒྱ་ཕྱོགས་ཞེས་སོགས་ཚིག་རྐང་གསུམ་པོ་དེ་སྡུད་དེ། སྡུད་པའི་གནད་ཀའམ་རྒྱུ་མཚན་ནི། ཡ་ཀི་ན་དོན་ཆོས་ཉིད་རྒྱ་ཆད་དང་བྲལ་བ་ཕྱི་ནང་མེད་པ་མཉམ་པ་ཉིད་ཀྱི་དབྱིངས་སུ་འདུག་ལ། འདི་ནའང་དོན་དེ་ལྟར་དུ་འདུག་པས་ཚིག་མཐུན་དང་དོན་མཐུན་དུ་བྱུང་བའི་ཕྱིར་སྡུད་གསུངས་མཛོད། དེའི་འཕྲོས་ཀྱིས་འོག་མ་རྣམས་ལའང་ཤེས་པར་བྱ་སྟེ། དོན་གོང་མ་ལས་མངའ་མཛད་ཅིང་དབང་སྒྱུར་བ། གང་དུ་ན་འདིར། གང་ན་སྟོན་པའི་ངོ་བོ། ཡ་ཀི་ན་སྐུ་མདུན་ཞེས་པ་ནས་དབུ་གསུམ་དང་ལྡན་པ་ཞེས་པའི་བར་སྡུད། དེའི་གནད་ཀའམ་རྒྱུ་མཚན་བརྟག་གོ། །རྟོགས་པའི་རིག་པ་ཉིད་ཡེ་ཤེས་ལྔར་གསལ་བ། འབྲས་བུའི་དཀྱིལ་འཁོར་དུ་རང་སྣང་བ། གང་དུ་ན་འདིར། གང་ན་སྟོན་པ་མྱ་ངན་ལས་འདས་པ་དང་དབྱེར་མེད་པའི་རང་བཞིན། ཡ་ཀི་ན་དེ་བཞིན་ཞེས་པ་ནས། བདག་ཉིད་ཅེས་པའི་བར་སྡུད། དེའི་གནད་ཀའམ་རྒྱུ་མཚན་བརྟག །དུས་གསུམ་གྱི་ཆོས་དང་རྒྱ་མ་ཆད་པར་ཐུགས་རྗེ་ཆེན་པོའི་ངང་གིས་འབྲེལ་བ། གང་དུ་ན་འདིར། གང་ན་སྟོན་པ་འཁོར་བ་དང་དབྱེར་མེད་པའི་རང་བཞིན། ཡ་ཀི་ན་མ་ལུས་ཞེས་པ་ནས་རང་བཞིན་ཏེ་ཞེས་པའི་བར་སྡུད། དེའི་གནད་ཀའམ་རྒྱུ་མཚན་བརྟག །རྟོགས་པའི་རིག་པ་ཉིད་ལ་འབྲས་བུ་སྐུ་དང་ཡེ་ཤེས་ཐམས་ཅད་རྫོགས་པའི་རྩ་བར་འགྱུར་བ་ཉིད་དེ། གང་དུ་འདིར། གང་ན་གནས་ཀྱི་ངོ་བོ། ཡ་ཀི་ན་གཞི་ཚད་མེད་ཅེས་པ་ནས་ཀླུབས་པ་ཞེས་པའི་བར་སྡུད། དེའི་གནད་ཀའམ་རྒྱུ་མཚན་བརྟག །རྣམ་པར་ཐར་པ་བཞིའི་ཏིང་ངེ་འཛིན་ཏེ། གང་དུ་ན་འདིར། གང་ན་སྒོའི་དོན། ཡ་ཀི་ན་རྣམ་པར་ཐར་པ་ཞེས་པ་ནས་སྒོ་ཁྱུད་ཅན་ཞེས་པའི་བར་སྡུད། དེའི་གནད་ཀའམ་རྒྱུ་མཚན་བརྟག །ཐེག་པ་བརྒྱད་ནས་བགྲོད་པ་མཚོན་པའི་གཟུགས་བརྙན་ཏེ། གང་དུ་ན་འདིར། གང་ན་རྟ་བབས་ཀྱི་དོན། ཡ་ཀི་ན་རྣམ་པར་ཤེས་པ་ནས་དྲན་པ་ཞེས་པའི་བར་དེ་སྡུད། དེའི་གནད་ཀའམ་རྒྱུ་མཚན་བརྟག །ཐམས་ཅད་རང་རིག་སྒྱུ་མར་གསལ་བ། གང་དུ་ན་འདིར། གང་ན་སེམས་ཅན་གྱི་གདན། ཡ་ཀི་ན་མི་འཇིགས་ཞེས་པ་ནས་ཁྲི་དང་ཞེས་པའི་བར་དེ་སྡུད། དེའི་གནད་ཀའམ་རྒྱུ་མཚན་བརྟག །སྤྱད་ཀྱང་ཞེས་པས་སྐྱོན་གྱིས་མ་གོས་པས་རྣམ་པར་དག་པ། གང་དུ་ན་འདིར། གང་ན་པདྨའི་གདན། ཡ་ཀི་ན་གོས་པ་མེད་པ་པད་མ་ཞེས་པ་དེ་སྡུད། དེའི་གནད་ཀའམ་རྒྱུ་མཚན་བརྟག །མ་སྐྱེས་པའི་ཡེ་ཤེས་ཉིད་ཐབས་དང་ཤེས་རབ་ཏུ་གསལ་བ་ནི་ཅིར་ཡང་མི་འགག་པར་རང་སྣང་བ། གང་དུ་ན་འདིར། གང་ན་ཉི་ཟླའི་གདན། ཡ་ཀི་ན་རང་བཞིན་ཞེས་པ་ནས་འཁོར་དང་ཞེས་པའི་བར་དེ་སྡུད། དེའི་གནད་ཀའམ་རྒྱུ་མཚན་བརྟག །སྐུ་དེ་བཞིན་གཤེགས་པ་དང་གསུང་པདྨ་ཐུགས་རྡོ་རྗེ་དང་ཡོན་ཏན་རིན་པོ་ཆེ་ཕྲིན་ལས་ལས་ཀྱི་རིགས་ཏེ། ཕུང་པོ་དང་འབྱུང་བ་ཡེ་ནས་ཀར་དག་པ། གང་དུ་ན་འདིར། གང་ན་རང་བཞིན་ནམ་དགོངས་པ་གཉིས་སུ་མེད་པའི་འཁོར། ཡ་ཀི་ན་རིགས་ལྔ་ཡབ་དང་ཡུམ། བཅོམ་ལྡན་འདས་ཞེས་པ་ནས་རྒྱལ་པོ་དང་ཞེས་པའི་བར་དང་། བཙུན་མོ་ཞེས་པ་ནས་ལ་སོགས་པ་ཞེས་པའི་བར་སྡུད། དེའི་གནད་ཀའམ་རྒྱུ་མཚན་བརྟག །རྟོགས་པ་སྐུ་དང་ཡེ་ཤེས་སུ་གསལ་བ་ལས་གཞན་པའི་སེལ་མེད་པའི་དོན། གང་དུ་ན་འདིར། གང་ན་གཉིས་སུ་མེད་པར་བཞུགས་ཚུལ་ཚད་དང་བཅས་པ་དང་། འཁོར་དེ་དག་ཀུན་མང་བ་དང་ཁྱབ་པའི་ཚད། ཡ་ཀི་ན་བཙུན་མོ་ཞེས་པ་ནས་བཞུགས་སོ་ཞེས་པའི་བར་དང་། དེ་ལྟ་བུའི་ཞེས་པ་ནས་བཞུགས་སོ་ཞེས་པའི་བར་སྡུད། དེའི་གནད་ཀའམ་རྒྱུ་མཚན་བརྟག །སྐུ་མདོག་དང་འོད་ཟེར་ལ་སོགས་པའི་ཡོན་ཏན་ལྔས་སེམས་ཅན་གྱི་དོན་མཛད་པ། གང་དུ་ན་འདིར་གང་ན་སྐུ་མདོག་གི་དོན། ཡ་ཀི་ན་དེ་དག་ཀྱང་ཞེས་པ་ནས་འཚེར་བ་ཞེས་པའི་བར་སྡུད། དེའི་གནད་ཀའ མ་རྒྱུ་མཚན་བརྟག །དགོས་འདོད་རེ་བ་ཡིད་བཞིན་གྱི་རིན་པོ་ཆེ་ལྟར་སྐོང་བ། གང་དུ་ན་འདིར། གང་ན་རིན་པོ་ཆེའི་གདན། ཡ་ཀི་ན་རིན་པོ་ཆེའི་གདན་ལ་ཞེས་པ་དེ་སྡུད། དེའི་གནད་ཀའམ་རྒྱུ་མཚན་བརྟག །སྐུ་གསུང་ཐུགས་མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོར་རང་སྣང་བ། གང་དུ་ན་འདིར། གང་ན་རིག་པ་ཁྱད་པར་ཅན་གྱི་འཁོར། ཡ་ཀི་ན་དེ་ནས་བྱང་ཆུབ་ཞེས་པ་ནས་སོགས་པ་ཞེས་པའི་བར་དེ་སྡུད། དེའི་གནད་ཀའམ་རྒྱུ་མཚན་བརྟག །རྡོ་རྗེ་མཆོག་གི་གནས་ཉིད་དོ་ཞེས་པ་གླེང་གཞི་བསྡུས་པའི་ངེས་ཚིག་སྟེ། སྟོན་འཁོར་གནས་གསུམ་ཚོགས་པའི་དུས་ན་རྡོ་རྗེ་ཐེག་པའི་རྒྱུད་མཆོག་ཏུ་གྱུར་པ་བསྟན་པ་འདི་ཉིད་ཀྱི་བྱུང་ཁུངས་སམ་གནས་ཉིད་དོ་ཞེས་པའམ། ཡང་ན་གཞུང་བསྡུ་བའི་ཚིག་བཞིས་མཚོན་པའི་ཏིང་ངེ་འཛིན་ལས་གསང་སྔགས་རྡོ་རྗེ་ཐེག་པ་མཆོག་གི་འབྲས་བུ་འབྱུང་པའི་གནས་ཉིད་དོ་ཞེས་ཀྱང་བྱའོ། །བཀའ་གསང་སྔགས་མཚོན་པའི་ཚིག་གོ། །དྲང་། ཞེས་སྣང་བ་གསུམ་མི་ཕྱེད་པས་ན་རྡོ་རྗེ། ཉམས་སུ་ལོན་དཀའ་བས་ན་གསང་བའི་དོན་ཏེ། དེ་དག་མཚོན་པར་བྱེད་པའི་ཚིག་ཏུའོ་ཞེས་པའམ། ཡང་ན་ཞེས་ལེའུའི་དོན་ཐམས་ཅད་བསྡུ་བའི་ཚིག་བཞི་རུ་དྲིལ་བ་འདི་ནི་རྡོ་རྗེ་འཛིན་པ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་ཚིག་ཏུའོ་ཞེས་ཀྱང་བྱའོ། །དེ་ལྟ་བུའི་གླེང་གཞི་བསྡུས་པ་འདི་ལ། བརྒལ་ལན་དུ་བྱས་ན་བརྟག་པ་ལྔ་སྟེ། སྟོན་པས་བསྡུས་སམ་འཁོར་གྱིས་བསྡུས། གླེང་གཞི་ཡིན་ནམ་རྒྱུད་དོན་ཡིན། ཚིག་འདུས་ནས་སྡུད་དམ་དོན་འདུས་ནས་སྡུད། བསྡུས་པར་དགོས་ཆེས་ཅི་ཡོད། ལེའུ་དང་པོ་དང་། གསུམ་པ་དང་། བཞི་པ་དང་། དྲུག་པ་དང་བཞི་ཁོ་ནར་བསྡུ་བ་འབྱུང་ལ། ལེའུ་གཞན་ལ་བསྡུ་བ་མི་འབྱུང་བའི་རྒྱུ་མཚན་ཅི་ཡིན་བརྟག་པར་བྱའོ། །བརྟག་པ་དང་པོ་ནི་སྟོན་པས་བསྡུས་སོ་ཞེ་ན། སྡུད་པ་པོ་གསང་བདག་མ་ཡིན་པར་ཐལ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ན། རྒྱ་མཚོ་ལས། འཁོར་གྱི་ནང་ན་སྐལ་མཆོག་ལྡན། །འདུལ་བའི་དུས་བབ་གསང་བའི་བདག །ལག་ན་རྡོ་རྗེས་བསྡུ་བ་མཛད། །ཅེས་གསུངས་པས་གསལ་ལོ། །ཡང་འཁོར་གྱིས་བསྡུས་སོ་ཞེ་ན། སྟོན་པས་གསུངས་ནས་བསྡུས་སམ་མ་གསུངས་པར་བསྡུས། གསུངས་ནས་བསྡུས་ན། གླེང་བསླང་ལ་དགོས་པ་མེད་པར་འགྱུར་ལ། མ་གསུངས་པར་བསྡུས་ན། སྐུ་གསུང་ཐུགས་རྡོ་རྗེ་ལས་བྱུང་ངོ་ཞེས་པས། རིགས་ལྔ་དབྱེར་མི་ཕྱེད་པ་རྒྱལ་བ་དྲུག་པ་ཉིད་ཀྱིས་གསུངས་པ་དང་འགལ་ཞེ་ན། འདི་ལ་རྗེ་དྲིངས་པའི་བཞེད་ཀྱིས། བསྡུ་བ་གང་གིས་བསྡུས་ན་འཁོར་གྱིས་བསྡུས། དེ་ཡང་གསང་བདག་གིས་བསྡུས་སོ། །སྟོན་པས་གསུངས་སམ་མ་གསུངས་ན། གསུངས་ནས་བསྡུས་ཏེ། སྔོན་འབྱུང་འོག་མིན་ཆོས་ཀྱི་དབྱིངས་ཕོ་བྲང་དུ་གླེང་གཞི་ཚོགས། གླེང་བསླང་ནས་གསུངས་པས། གླེང་བསླང་ལ་དགོས་པ་མེད་པར་མི་འགྱུར་ལ། མི་ཡུལ་དུ་སྡུད་པ་པོ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཚིག་དང་ཡི་གེར་འགོད་པའི་ཚེ་བསྡུས་པ་ཡིན་པས་མི་འགལ་ལོ་གསུང་། རྒྱ་གབ་གོང་པ་ན་རེ། མ་ལ་ཡ་རུ་གླེང་གཞི་རྒྱས་པ་དེ་དག་ལོ་རྒྱུས་སུ་གསུངས་ནས། དེ་དག་བསྡུ་ན་འདིར་བསྡུ་ཞེས་སྡུད་པ་པོས་གསུངས་སོ། །འོ་ན་འགྲེལ་པ་ན། སྟོན་པ་དང་འཆད་པའི་སྐྱེས་བུ་ལྟར་གསལ་བས་འགལ་ལོ་ཞེ་ན། མི་འགལ་ཏེ། དབང་ཐོབ་ནས་སྟོན་སྡུད་ཁྱད་པར་མེད་དེ། སྤར་ཁབ་ལས། དབང་རྫོགས་པ་རིགས་དྲུག་པ་ཉིད་དུ་སྡུད་པའི་ཕྱིར་རོ་ཞེས་པས་གསལ་ལོ། །ཡང་བསྡུ་བ་འདི་གླེང་གཞི་བསྡུས་པ་ཡིན་ལ། དེའི་དོན་བསྡུ་ན་འདིར་འདུས་ཞེས་གསུངས་ཀྱང་། རྒྱུད་དོན་དུ་འགྱུར་བའི་སྐྱོན་མེད་དོ། །གཞན་ཡང་སྟོན་པས་གསུངས་པ་ཙམ་གྱིས་རྒྱུད་དོན་དུ་འགྱུར་ན། ཨེ་མ་བདེ་གཤེགས་སྙིང་པོ་ལས། །ཞེས་པ་ཐུན་མོང་གི་གླེང་བསླང་ཡང་རྒྱུད་དོན་དུ་འགྱུར་རོ། །ཚང་ཚུལ་ནས་རྒྱུད་དོན་ཚང་ཡང་ཡིན་ཚུལ་ནས་གླེང་གཞིར་མི་འགལ་ཏེ། གླེང་གཞིའི་ལེའུ་སྟེ་ཞེས་པས་མངོན་ནོ་ཞེས་གསུང་ངོ་། །ཡང་ཁ་ཅིག་ན་རེ། བསྡུ་བ་འདི་གླེང་གཞི་ཡིན་ནམ་རྒྱུད་དོན་ཡིན། གླེང་གཞི་ཡིན་ན་འདི་ཉིད་ལས་དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པར་གསང་བའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་ཉིད་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །ཞེས་པས། རྒྱལ་བ་ཀུན་ཏུ་བཟང་པོའི་དགོས་པ་ལས་ཕྱུང་བར་བཞད་པས་འགལ་ལོ། །རྒྱུད་དོན་ཡིན་ན་གླེང་བསླང་བ་ལ་དགོས་པ་མེད་པར་འགྱུར་རོ། །ཅིས་ཏེ་ན་གླེང་མ་བསླང་བར་རྒྱུད་དོན་གསུངས་ནས་འདུག་པའི་ཕྱིར་རོ། །ཡང་ལེའུ་མཚན་དང་འགལ་ཏེ། གླེང་གཞི་ལེའུ་སྟེ་ཞེས་པས་གསལ་ལོ་ཞེ་ན། རྗེ་དྲིངས་པའི་བཞེད་ཀྱིས། རྒྱུད་དོན་ཡིན་ཀྱང་གླེང་བསླང་ལ་དགོས་པ་མེད་པར་མི་འགྱུར་རོ། །འོག་མིན་དུ་སྟོན་པ་ཀུན་ཏུ་བཟང་པོས་གླེང་བསླང་ནས་གསུངས་ལ། རི་མ་ལ་ཡར་ཕྱག་རྡོར་གྱིས་ཚིག་དང་ཡི་གེར་འགོད་པའི་ཚེ་གསུངས་པ་ཡིན་པས་གླེང་བསླང་བ་ལ་དགོས་པ་མེད་པར་མི་འགྱུར་གསུང་། གཡུང་སྟོན་ཆོས་ཀྱི་མགོན་པོ་ན་རེ། བསྡུ་བ་འདི་འོག་མིན་གྱི་ཆ་ནས་གླེང་གཞི་བསྡུས་པ་ལྟར་སྣང་ལ། མི་ཡུལ་གྱི་ཆ་ནས་མཚན་མན་ཆད་རང་རྒྱུད་དོན་ཡིན་ནམ་བསམ་མོ་གསུང་ངོ་། །ཡང་ཚིག་འདུས་ནས་སྡུད་དམ། དོན་འདུས་ནས་སྡུད་ཅེ་ན། གནས་སྐབས་རང་རང་གི་ཚིག་དོན་གཉིས་ཀ་འདུས་ནས་སྡུད་དེ། སྔར་འབྲུ་བསྣན་པའི་སྐབས་སུ་བཤད་ཟིན་ཏོ། །ཡང་བསྡུ་བ་རང་ལ་དགོས་ཆེད་ཅི་ཡོད་ཅེ་ན། མ་ཟིན་པ་ཟིན་པར་བྱེད་པ་ལ་དགོས། ཟིན་པ་བརྟན་པར་བྱེད་པ་ལ་དགོས། ཆོས་སྒྲ་ལས་སུ་མི་འགྱུར་བར་བྱེད་པ་ལ་དགོས་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །ཡང་ལེའུ་བཞི་ཁོ་ནར་བསྡུ་བ་འབྱུང་ལ་གཞན་དུ་མི་འབྱུང་བའི་རྒྱུ་མཚན་ཅི་ཞེ་ན། རྗེ་དྲིངས་པའི་བཞེད་ཀྱི། ལེའུ་དང་པོར་ཆོས་ཐམས་ཅད་ཀྱི་བཅའ་གཞི་འཆའ་བས་འོང་བ་ཡིན། ལེའུ་གསུམ་པར་ལམ་ཐམས་ཅད་ཀྱི་སྔོན་དུ་ལྟ་བ་འགྲོ་བས་ལམ་གྱི་ཐོག་མར་ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་འོང་བ་ཡིན། །ལེའུ་བཞི་པར་ལམ་ཏིང་ངེ་འཛིན་འབྱུང་བས་འོང་བ་ཡིན། ལེའུ་དྲུག་པར་འབྲས་བུ་འབྱུང་བས་འོང་བ་ཡིན་གསུང་ངོ་། །གཙང་པ་བྱི་སྟོན་གྱི་བཞེད་ཀྱིས། ལེའུ་ལ་ལར་བསྡུས་བ་འོང་། ལ་ལར་མི་འོང་བ་འདི་རྒྱུད་གཞུང་རང་ཤུགས་ཀྱིས་བྱུང་བ་ཡིན་གསུང་། རྒྱུད་གཞུང་རང་ཤུགས་ཀྱིས་ཀ་ལ་ལར་འོང་། ལ་ལར་མི་འོང་བ་ཅི་ཡིན་ཞེ་ན། འོ་ན་མི་རྣམས་ཀྱིས་ཀྱང་སྣ་འདི་བྱད་ཀྱི་དཀྱིལ་ཁོ་ནར་འོང་ལ། ཨོ་ལྐོ་སོགས་པ་གཞན་དུ་མི་འོང་བ་ཅི་ཡིན་བྱས་པས། ལས་ཀྱི་དབང་གིས་འོང་བ་ཡིན་ཟེར་ན། འདིར་ཡང་རྒྱུད་གཞུང་རང་ཤུགས་ཀྱིས་བྱུང་བ་ཡིན་ནོ་བྱས་ལ་མགོ་བསྒྲེའོ་གསུང་། ཁོ་བོ་ནི་དྲིངས་པ་ལྟར་དུ་འཐད་པར་སེམས་ཏེ། ལེའུ་དང་པོར་ཆོས་ཀྱི་བཅའ་གཞི་བསྟན་ནས། ལེའུ་གསུམ་པ། བཞི་པ། དྲུག་པར་རྒྱུ་ཤེས་པ་དང་། རྐྱེན་འཇུག་པ། འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་རྣམས་ཀྱི་བཅའ་གཞི་ཕལ་ཆེར་བསྟན་པའི་ཕྱིར་རོ། །ལེའུའི་མཚན་ནོ། །དྲང་། གསང་བའི་ཞེས་པ་རྒྱུད་ཀྱི་རང་བཞིན་སྙིང་པོ་རྒྱུད་ཀྱི་ཆེ་པ་དེ་ཁོ་ན་ཉིད་རྒྱུད་ཀྱི་མཚན་ཉིད་ངེས་པ་རྒྱུད་ཀྱི་ངེས་དོན་ལས་མཚན་གྱི་གཞི་རུ་གདའ། གནས་དང་། སྟོན་པ་དང་། འཁོར་དང་། བསྟན་པ་དང་། དུས་ཕུན་སུམ་ཚོགས་པས་ན་གླེང་གཞི་བསྟན་པའི་གཅོད་ཅིང་མཚམས་འཛིན་པས་ན་ལེའུ་སྟེ་ཡས་བགྲངས་དང་པོའི་དོན་དུ་གདའ་འོ།། ༈ །།ད་ནི་བཀའ་རང་གཉེར་གྱིས་ས་བཅད་ན། ལེའུ་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། འདིར་ལེའུ་གཉིས་པ་སྟོན། སློབ་དཔོན་འགྲེལ་བ་གདམས་ངག་མཁན་གྱིས་ས་བཅད་ན། གླེང་གཞི། གླེང་བསླང་། རྒྱུད་དོན། དགོས་འགྲེལ། གདམས་གཏད་དང་ལྔ་ལས། འདིར་གླེང་བསླང་སྟོན་ནོ། །དེ་ལ་ཡང་འཆད་མཁན་རིག་པའི་སྒྲོས་ཀྱིས་ས་བཅད་ན་གཉིས་ཏེ། ལེའུའི་གཞུང་དང་། མཚན་ནོ། །གཞུང་ལ་གཉིས་ཏེ། དངོས་དང་། གསུངས་པའི་ཚུལ་ལོ། །གཞུང་དངོས་ལ་སྤྱི་དོན་གཉིས་ཏེ། སྟོན་པས་མདུན་བསུ་སྟེ་གླེང་བསླང་བའམ་ཐུན་མོང་མ་ཡིན་པའི་གླེང་བསླང་བ་དང་། འཁོར་གྱིས་གུས་པས་ཞུ་བ་ཞུས་ཏེ་གླེང་བསླང་བའམ་ཐུན་མོང་དུ་གླེང་བསླང་བའོ། །དེ་དག་གི་གོ་བ་ནི། ལྷན་ཅིག་པའི་འཁོར་གྱི་ཆེད་དམ། རྒྱུད་འདི་ཉིད་འབྱུང་བའི་རྐྱེན་དུ་གྱུར་པ་ནི་ཐུན་མོང་མ་ཡིན་པའི་གླེང་བསླང་ཡིན་ལ། གོ་ཕྱེ་བའི་འཁོར་གྱི་ཆེད་དམ། བསྟན་པ་མཐའ་དག་འབྱུང་བའི་རྐྱེན་དུ་གྱུར་པ་ནི་ཐུན་མོང་གི་གླེང་བསླང་བ་ཡིན་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །དེ་ལ་སྤྱི་དོན་དང་པོ་ཐུན་མོང་མ་ཡིན་པའི་གླེང་བ་སླང་བ་ལ་གཉིས་ཏེ། གསང་དབང་བསྐུར་བ་དང་། དབང་གཉིས་ཀྱི་ལས་ཐུན་མོང་དུ་བསྟན་པའོ། །དང་པོ་གསང་དབང་བསྐུར་བ་ལ་གཉིས་ཏེ། གླེང་བསླང་བ་དང་། གསང་དབང་གི་ངེས་ཚིག་གོ། །གླེང་བསླང་བ་ལ་གཉིས་ཏེ། ཡབ་ཀྱི་གླེང་བསླང་བ་དང་། ཡུམ་གྱི་གླེང་བསླང་བའོ། །དང་པོ་ལ་གསུམ་སྟེ། བགྲང་། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། རྒྱུ་གླེང་གཞི་བསྟན་པ་ལ་དེ་རྐྱེན་གླེང་བསླང་བ་སྟོན་པས་ན་ནས། བཅོམ་ལྡན་འདས་ནི་འབྲུ་ལྔར་བཤད་ཟིན་ལ། འཁོར་བའི་བྱེད་པ་པོ་རྟོག་པ་དང་། འདས་པའི་བྱེད་པ་པོ་རང་རིག་པའི་ཡེ་ཤེས་གཉིས་རང་བཞིན་དབྱེར་མི་ཕྱེད་པས་ན་རྡོ་རྗེ་ཡིན་ཏེ། ངོ་བོ་འདུས་མ་བྱས་ཤིང་མཚན་ཉིད་སྐྱེ་འཇིགས་དང་བྲལ་བ་དེ་ལ། སྤང་བྱ་མི་དམིགས་ཤིང་སྤྱོད་ཡུལ་ཡོངས་སུ་དག་པས་ན་ཀུན་ཏུ་བཟང་པོ་ཞེས་བྱའོ། །འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་ལྷག་མ་མ་ལུས་པའི་རང་བཞིན་དྲུག་པ་ཉིད་ཀྱི་བདག་ཉིད་དུ་ཚུལ་གཅིག་ཅིང་མི་ཕྱེད་པས་ན་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་དེས། བཙུན་མོ་ནི་སྤྱད་པར་བྱ་བ་དང་སྲས་ཀྱི་འབྱུང་ཁུངས་སུ་གྱུར་པ་སྔར་བཤད་པ་དང་རྗེས་སུ་མཐུན་ལ། ཁྱད་པར་ནི་ཆོས་ཀྱིས་ཡིད་སྐྱེད་པར་བྱེད་པའོ། །བྱ་བ་མོ་ནི་ཡུལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ལ་སྤང་བྱ་མི་དམིགས་པས་ན་ཀུན་ཏུ་བཟང་མོ་སྟེ། སྐུའི་ཕྱག་རྒྱ་ཆེན་པོའི་གཟུངས་སོ། །དེ་ལ་སྙོམས་པར་འཇུག་པ་ནི་གདུལ་བྱའི་སྣང་བ་དང་རྗེས་སུ་མཐུན་པ་སྟེ། ཇི་ལྟར་འཇུག་པར་གྱུར་བའི་ཚུལ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པས་རོལ་པར་གྱུར་ཏོ། །དེ་ལྟར་ཞུགས་པ་ལ་དགོས་པ་ཅི་ཡོད་ཅེ་ན། འབྱུང་བར་མ་ངེས་པའི་དེ་བཞིན་གཤེགས་པར་ནི་འགྲོ་བ་རིལ་ཀྱང་འགྱུར་བའི་ཕྱིར་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་གི་རང་བཞིན་དུ་དབྱེར་མེད་པར་གསལ་བས། དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་ཉིད། དེ་བཞིན་གཤེགས་པ་ཀུན་ཏུ་བཟང་མོ་ཉིད་ལ་ལྷན་ཅིག་པའི་འཁོར་ལ་དབང་བསྐུར་བའི་ཆེད་དུ་ཚིག་ཏུ་བརྗོད་པ་དང་འདྲ་བར་སྐུ་ཉམས་སུ་བསྟར་བའི་དོན་འོག་ནས་འབྱུང་བ་འདི་གསལ་བར་བརྗོད་དོ། །སྐུ་ཉམས་སུ་བསྟར་བའི་དོན། དྲང་། ཨེ་མའོ་ཞེས་པ་ནི། ཐབས་ལམ་ལྟར་ན་ཆགས་པ་སྤྱད་ཀྱང་སྤྱོད་ཡུལ་ཡོངས་སུ་དག་པའམ། གྲོལ་ལམ་ལྟར་ན་རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་པ་ལ་ངམ་པའོ། །རྡོ་རྗེ་ནི་ཐབས་ལམ་ལྟར་ན་བདེ་སྟོང་དབྱེར་མི་ཕྱེད། གྲོལ་ལམ་ལྟར་ན་སྣང་སྟོང་དབྱེར་མི་ཕྱེད་པས་སམ། དོན་རང་རིག་པའི་ཡེ་ཤེས་ལ་ལྷ་རྟོག་དབྱེར་མི་ཕྱེད་པ་ཡིན་ལ། ཕུང་པོ་ནི་དུ་མ་སྤུངས་པའི་ཕྱིར་ཏེ། གཟུགས་ལ་སོགས་པ་ལྔའི་ཡན་ལག་ནི་རྟོག་པའི་རང་བཞིན་བརྒྱད་ཅུ་སྟེ། དེ་དག་ཡེ་ནས་སྐུ་གསུམ་དུ་སངས་རྒྱས་པ་ཡིན་ཀྱང་། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྐུ་ལྔར་ལྷུན་གྱིས་གྲུབ་ཅིང་རིགས་ལྔ་རུ་གྲགས་པའོ། །མིག་རྣ་བ་སྣ་ལྕེའི་རྣམ་པར་ཤེས་པ་དང་བཞི། གཟུགས་སྒྲ་དྲི་རོ་དང་ཡུལ་བཞི། མིག་རྣ་བ་སྣ་ལྕེའི་དབང་པོ་དང་བཞི་སྟེ་སྐྱེ་མཆེད་བཅུ་གཉིས་དང་། གསང་བའི་རྣམ་ཤེས་དང་ཡུལ་དང་དབང་པོ་སྟེ། གསང་བའི་ཁམས་གསུམ་རྣམས་ཀྱི་ཁོངས་ནས་གསང་བ་གསུམ་འདུས་ཀྱི་རེག་པ་དང་། འདས་མ་འོངས་ད་ལྟར་མ་ངེས་པའི་དུས་ཏེ་བཞི་དང་། རྟག་ཆད་བདག་མཚན་བཞི་མ་ཡིན་པའི་གྱ་ཕྱི་ལོག་བཞི་སྟེ། དེ་ལྟར་རྟོག་པའི་བྱེ་བྲག་མང་པོ་ཀུན་ཀྱང་བྱང་ཆུབ་སེམས་དཔའ་དང་སེམས་མའི་ཚོགས་དང་། ཁྲོ་བོ་དང་ཁྲོ་མོའི་དཀྱིལ་འཁོར་ཉིད་དོ། །དེ་བཞིན་དུ་ས་སངས་རྒྱས་སྤྱན་དང་། ཆུ་མཱ་མ་ཀཱི་དང་། མེ་གོས་དཀར་མོ་དང་། རླུང་དམ་ཚིག་སྒྲོལ་མ་སྟེ། གཞན་ཡང་བྱུང་ཁུངས་ཀྱི་མིང་ཅན་ནམ་མཁའ་ནི་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མའོ། །དེའི་ཕྱིར་འདོད་པ་དང་གཟུགས་དང་གཟུགས་མེད་ཀྱི་སྲིད་པ་གསུམ་གྱིས་བསྡུས་པ་ཐམས་ཅད་ཀྱང་ཡེ་ནས་རང་སངས་རྒྱས་སྐུ་གསུམ་གྱི་ཞིང་ཁམས་ཡིན་ནོ། །དེ་ཡང་མིང་ལས་དངོས་པོ་མཚན་མ་སྟེ། ཐ་སྙད་བཞིས་བསྡུས་པ་ཐམས་ཅད་དང་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་སོ་ཅོག་མ་ལུས་བ་ཀུན་ཀྱང་སྐུ་དང་ཡེ་ཤེས་སུ་ཀར་དག་སྟེ་སངས་རྒྱས་པ་ཉིད་ལས་གཞན་པ་ནི་མ་ཡིན་ནོ། །ཐ་སྙད་བཞི་པོ་དེ་དག་རང་སངས་རྒྱས་ཉིད་ཡིན་པ་དེ་ལས་གཞན་པའི་ཆོས། དངོས་པོ་རྣམས་ཀྱི་ངོ་བོ་ལ་བཙལ་ཀྱང་སངས་རྒྱས་ཉིད་ཀྱི་ཡེ་ཤེས་ཀྱི་སྤྱན་གྱིས་ཀྱང་མི་གཟིགས་ཤིང་ཐོབ་པར་བྱར་མེད་པས་ན་མི་བརྙེས་སོ། །དེའི་ཡོན་ཏན་ནོ། །དྲང་། ཞེས་བརྗོད་པས། རང་བཞིན་གཉིས་སུ་མེད་པའི་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་སྟོན་པས་སྐུ་ཉམས་སུ་བསྟར་བའི་དོན་ཆེད་དུ་བརྗོད་པ་དེ་ལ་མཉེས་པར་གྱུར་ཏོ། །ཡུམ་གྱི་གླེང་བསླང་བ་ལ་གཉིས་ཏེ། བགྲང་། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། དེ་ནས་ཞེས་པ་ལ་ཡི་གེ་སྔ་ཕྱི་ཡོད་ཀྱང་དུས་མཉམ་པར་གསུངས་པས་དོན་འབྲེལ་ནི་མི་རྩི་ལ། ཚིག་འབྲེལ་གྱི་དབང་དུ་བྱས་ན་ཡབ་ཀྱི་གླེང་བསླང་བ་བསྟན་པ་ལ་དེ། ཡུམ་གྱི་གླེང་བསླང་བ་སྟོན་པས་ན་ནས། བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོས། བཅོམ་ལྡན་འདས་ཡིད་ཀུན་ཏུ་བཟང་པོ་དང་ཐབས་ལམ་ལྟར་ན་ཐིག་ལེ་ཉི་ཟླ་གཉིས་སུ་མེད་པ་དང་། གྲོལ་ལམ་ལྟར་ན་དགོངས་པ་གཉིས་སུ་མེད་པར་གྱུར་ནས་ལྷན་ཅིག་པའི་འཁོར་རྣམས་ཀྱི་ཆེད་དུ་སྐུ་ཉམས་སུ་བསྟར་བའི་དོན་བརྗོད་པ་འོག་ནས་འབྱུང་བ་འདི་བརྗོད་དོ། །སྐུ་ཉམས་སུ་བསྟར་བའི་དོན་དངོས་སོ། །དྲང་། ཀྱེ་ཞེས་པ་ནི་འབོད་པའི་ཚིག །མའོ་ཞེས་པ་ནི་ངམ་པའི་ཚིག་སྟེ། དགོས་ཆེད་ཅི་ཞེ་ན། བདག་གི་བདེ་བ་གཞན་ལ་བསྟན་པའི་ཕྱིར་ཀྱེ་ཞེས་ལྷན་ཅིག་པའི་འཁོར་ལ་བོས་ནས། མའོ་ཞེས་སྔར་མ་མྱོང་བའི་བདེ་བའི་ཡེ་ཤེས་ཐུན་མོང་མ་ཡིན་པ་བསྟན་དུ་ཡོད་དོ་ཞེས་ངམ་པའོ། །དེ་ཇི་ལྟ་བུ་ཞེ་ན། ཕྱོགས་བཅུ་དང་སྟོང་གསུམ་དང་ཁམས་གསུམ་དང་སྣང་བ་ནི་རང་གི་ངོ་བོས་སྟོངས་པའི་ཕྱིར་ན་ཀུན་གཞི་དྲི་མེད་ཆོས་ཀྱི་སྐུ་ནི་ཡེ་ནས་སྟོང་ཞིང་བདག་གཉིས་ཀྱི་ས་དབེན་པའོ། །དེ་ཡང་སྤོང་བ་རྡོ་རྗེ་ལས། འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །ཞེས་གསུངས་པས་མངོན་ནོ། །དེ་བཞིན་དུ་སྲིད་པ་གསུམ་པོ་ཉིད་དག་པ་སྐུ་གསུམ་པོའི་ཞིང་ཁམས་ཡིན་ནོ། །མཐའ་མའི་ཕྱིར་ན་སྙིགས་མ་སྟེ་གྲངས་ནི་ལྔ་རུ་ངེས་པའོ། །གང་ཞེ་ན། དུས། སེམས་ཅན། ཚེ། ལས། ཉོན་མོངས་པའི་སྙིགས་མའོ། །དེ་ཡང་དུས་ཀྱི་སྙིགས་མ་ནི་རྩོད་ལྡན་ནོ། །སེམས་ཅན་གྱི་སྙིགས་མ་ནི་དེའི་དུས་སུ་སྐྱེས་པ། ཚེའི་སྙིགས་མ་ནི་ཚེ་ལོ་བརྒྱ་པ་མན་ཆད། ལས་ཀྱི་སྙིགས་མ་ནི་མི་དགེ་བ་བཅུ་ལ་སྤྱོད་པ། ཉོན་མོངས་པའི་སྙིགས་མ་ནི་གཉེན་པོས་མི་ནོན་པའོ། །དེ་དག་ཀྱང་ཀུན་བརྟགས་ཉིད་ཀྱི་ཕྱིར། རང་བཞིན་མ་དམིགས་པས་ན་བདེ་བ་ཆེན་པོ་དང་ལྡན་པ་དེ་རོལ་པའི་གནས་སོ། །དེས་ན་ཕུང་པོ་ལྔ་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ལྔའོ། །དེ་ལྟར་ཕྱོགས་བཅུ་སྟོང་ཁམས། སྲིད་པ་གསུམ། སྙིགས་མ་ལྔ། ཕུང་པོ་ལྔར་སྣང་བ་སྟེ། ཐ་སྙད་བཞིས་བསྡུས་པ་ཐམས་ཅད་ཡོན་ཏན་ནམ་འབྲས་བུའི་མཆོག་གི་བསྒྲུབ་བྱའི་སྙིང་པོ་ཡིན་པས། དེ་ལས་གཞན་དུ་རྒྱལ་བའི་ཆོས་ཤིག་མི་བཙལ་ཏེ། ཐ་སྙད་བཞིའི་རང་བཞིན་ཉིད་ཡེ་ནས་ཆོས་སྐུ་ཡིན་པ་ལས་དེ་ལས་གཞན་པའི་འབྲས་བུ་ཆོས་སྐུ་ཞེས་བྱ་བ་མྱ་ངན་ལས་འདས་པའི་ཆོས་ཤིག་བཙལ་ཀྱང་གུད་ན་རྒྱུད་དག་པའི་སངས་རྒྱས་རྒྱལ་བ་ཉིད་ཀྱིས་ཀྱང་མི་བརྙེས་སོ། །གསང་དབང་གི་ངེས་ཚིག་གོ། །དྲང་། ཞེས་བརྗོད་པས་སྟོན་པ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་རྒྱལ་མཆོག་ཀུན་བཟང་ཡབ་ཡུམ་གཉིས་ཀྱིས་མཁྱེན་ཏོ། །གཉིས་པ་དབང་གཉིས་ཀྱི་ལས་ཐུན་མོང་དུ་བསྟན་པ་ལ་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། སེམས་བསྐྱེད་པའི་རིམ་པ་དང་། སེམས་བསྐྱེད་པའི་ཡོན་ཏན་ནོ། །དང་པོ། དྲང་། གསང་དབང་བསྐུར་བ་བསྟན་པ་ལ་དེ་ཤེས་རབ་ཡེ་ཤེས་དང་། དབྱེར་མེད་བདེ་ཆེན་གྱི་དབང་གཉིས་ཀྱི་ལས་ཐུན་མོང་བསྟན་པས་ན་ནས། ཐབས་ལམ་ལྟར་ན་སྟོན་པ་ཡབ་ཡུམ་ཐིག་ལེ་ཉི་ཟླ་དང་། གྲོལ་ལམ་ལྟར་ན་ཡབ་ཡུམ་དགོངས་པ་གཉིས་སུ་མེད་པའི་བདེ་བའི་ཡེ་ཤེས་ལ་མངའ་མཛད་པས་ན་བདག་ཉིད་ཆེན་པོ་དེས་ལྷན་ཅིག་པའི་འཁོར་རྣམས་ལ་ཡེ་ནས་སངས་རྒྱས་པའི་དགོངས་པའམ། སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་དེ་ཉིད། ཡས་བབས་ཟག་བཅས་ཀྱི་དགའ་བཞི་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་མཚོན་ནས། མས་བརྟན་ཟག་མེད་ཀྱི་དགའ་བཞི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་ཡེ་ཤེས་ལྔ་ལ་དངོས་སུ་བསྐྱེད་པའི་ཐབས། སེམས་རིམ་ལྔ་འོག་ནས་འབྱུང་བའི་འདི་དག་གསུངས་སོ། །སེམས་བསྐྱེད་པའི་རིམ་པ་འདི་ལ་སྤར་ཁབ་ཀྱིས་གསང་བ་ལྟར་ཁོ་ན་ལས་མ་བཀྲལ་ཀྱང་། རྗེ་སྒྲོ་ཕུག་པའི་བཞེད་ཀྱིས། ཕྱི་ནང་གསང་བ་གསུམ་དུ་འཆད་དེ། བཤད་ཐབས་དང་པོ་ཕྱི་ལྟར་མན་ངག་ལམ་རིམ་གྱི་ལེའུ་གསུམ་པས་རྒྱབ་བྱས་ནས་སྤྱོད་ལམ་བཞི་དང་སྦྱར་ན་བཤད་ན། ཨེ་མ་ཞེས་པས། སྤྱོད་ལམ་བཞི་ཡེ་ནས་རང་སྤྱོད་ཡུལ་ཡོངས་སུ་དག་པ་ལ་ངམ། ངོ་མཚར་ཞེས་པས། སྤྱོད་ལམ་བཞི་སྤྱད་ཀྱང་དེ་ཆོས་ཉིད་དུ་འཆར་བ་ལ་ངམ། རྨད་ཀྱི་ཆོས་ཞེས་པས། དེ་ཀ་གསང་སྔགས་མ་ཧཱ་ཡོ་གའི་ཁྱད་ཆོས་ཡིན་པ་ལ་ངམ་པའོ། །དེ་ཉིད་ཚོགས་གཉིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་གྱི་དགོངས་པའི་ངོ་བོ་ཡིན་པས་ཀྱང་གསང་། ཕལ་པ་རྣམས་ཀྱིས་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར་ཀྱང་གསང་བའོ། །དེ་ཡང་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་རྟོག་ཤིང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལམ་དུ་བྱེད་པའི་རྣལ་འབྱོར་པས། སྤྱོད་ལམ་བཞི་ལམ་དུ་ཇི་ལྟར་འཁྱེར་ཞེ་ན། འདུག་ཅིང་གནས་པ་དང་། ཉལ་ཞིང་གཉིད་ལོག་པ་དང་། ཟ་ཞིང་འཐུང་བ་དང་། འགྲོ་ཞིང་འོང་བའི་སྤྱོད་ལམ་བཞི་གང་སྤྱོད་ཀྱང་། སྐྱེ་བ་མེད། འགག་པ་མེད། གནས་པ་མེད། དམིགས་པ་མེད། འགྲོ་འོང་མེད་པ་ནི། དོན་དམ་པའི་བདེན་པ་སྟེ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པའོ། །ཐམས་ཅད་སྐྱེས། ཐམས་ཅད་འགག །ཐམས་ཅད་གནས། ཐམས་ཅད་དམིགས། འགྲོ་འོང་བར་སྣང་བའི་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའོ། །སྐྱེས་བ་ཉིད་ན་སྐྱེ་བ་མེད། །འགག་པ་ཉིད་ན་འགག་པ་མེད། །གནས་པ་ཉིད་ན་གནས་པ་མེད། །དམིགས་པ་ཉིད་ན་དམིགས་པ་མེད། །འགྲོ་འོང་མེད་པ་ནི། དབྱེར་མེད་ཀྱི་བདེན་པ་སྟེ། ཀུན་རྫོབ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ཉིད་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་ལས་མ་གཡོས་པའོ། །དེ་ལྟར་བདེན་གསུམ་མཉམ་ཉིད་ཀྱི་ངང་ནས། ལམ་པས་སྤྱོད་ལམ་བཞི་མི་འགོག་པས་བསོད་ནམས་ཀྱི་ཚོགས་དང་མི་འཛིན་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པའོ། །བཤད་ཐབས་གཉིས་པ་ནང་ལྟར་ལམ་བསྐྱེད་རྫོགས་དང་སྦྱར་ཏེ་བཤད་ན། ཨེ་མ་ཞེས་པས་སྣང་བ་བཞིས་བསྡུས་པའི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་ངམ། ངོ་མཚར་ཞེས་པས་ཐམས་ཅད་སྐྱེས་པ་ལ་ངམ། རྨད་ཀྱི་ཆོས་ཞེས་པས་སྐྱེས་པ་ཉིད་ན་སྐྱེ་བ་མེད་པ་ལ་ངམ་པའོ། །དེ་དག་ཚོགས་གཉིས་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ལྔ་པོ་ཀུན་གྱི་ཐུགས་ཀྱི་བརྣག་བྱ་ཡིན་པས་ན་གསང་ངོ་། །སྐྱེ་བ་མེད་པ་ལ་སོགས་པ་ལྔ་པོ་འདི་ལ་བཤད་ཚུལ་གཉིས་ཀྱིས་འཆད་དེ། དང་པོ་བསྐྱེད་རིམ་སྐུ་ལྔ་རྐྱང་པ་ལྟར་དུ་བཤད་པའམ། གྲོལ་ལམ་རིམ་གྱིས་པ་ལྟར་དུ་བཤད་ན། དོན་དམ་བྱང་ཆུབ་ཀྱི་སེམས་ལ་སྣང་བ་བཞི་སྐྱེ་བ་མེད་པ་ལས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་ཐམས་ཅད་སྐྱེ་བའོ། །དེ་ལྟར་ཀུན་རྫོབ་ཀྱི་བདེན་པ་ལ་སྐྱེ་བསྡོ་བའི་དུས་ཉིད་ན་དོན་དམ་པའི་བདེན་པ་ལ་སྐྱེས་པ་མེད་པའི་ཕྱིར་བདེན་གཉིས་དབྱེར་མེད་དུ་ལ་བཟླ་བའོ། །དེ་ནི་སེམས་ལྔ་ལས་གཡོ་ལྡང་བྱང་ཆུབ་ཀྱི་སེམས། སྐུ་ལྔ་ལས་ཆོས་ཀྱི་སྐུ། ཡེ་ཤེས་ལྔ་ལས་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་འགྲོ་ས་ཀྱིས་གཞན་འོག་མ་བཞི་པོ་ཡང་ཤེས་པར་བྱ་སྟེ། འགག་སོགས་འཇིག་འཇུག་བྱང་ཆུབ་ཀྱི་སེམས་མངོན་པར་བྱང་ཆུབ་པའི་སྐུ། མེ་ལོང་ལྟ་བུའི་ཡེ་ཤེས་སོ། །གནས་སོགས། གནས་པ་བྱང་ཆུབ་ཀྱི་སེམས་ལོངས་སྤྱོད་རྫོགས་པའི་སྐུ། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དམིགས་སོགས། སྨོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་སྐུ། སོ་སོར་རྟོག་པའི་ཡེ་ཤེས་སོ། །འགྲོ་འོང་སོགས། མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་སྤྲུལ་པའི་སྐུ། བྱ་བ་གྲུབ་པའི་ཡེ་ཤེས་སོ། །གཉིས་པ་རྫོགས་རིམ་སྐུ་ལྔ་ལྷུན་གྲུབ་ཏུ་བཤད་པའམ། གྲོལ་ལམ་ཅིག་ཅར་བ་ལྟར་དུ་བཤད་ན། སྐྱེ་བ་མེད། འགག་པ་མེད། གནས་པ་མེད། དམིགས་པ་མེད། འགྲོ་འོང་མེད་ཅེས་པ་ང་ནི་དོན་དམ་པའི་བདེན་པ་ལ། གཡོ། སྨོན། འཇུག །གནས། མཐར་ཕྱིན་གྱི་སེམས་ལྔ་དུས་གཅིག་ལ་རྫོགས་པའོ། །ཐམས་ཅད་སྐྱེས། ཐམས་ཅད་འགག །ཐམས་ཅད་གནས། ཐམས་ཅད་དམིགས། འགྲོ་དང་འོང་ཞེས་པ་ལྔ་ནི་ཀུན་རྫོབ་ཀྱི་བདེན་པ་ལ་སེམས་ལྔ་དུས་གཅིག་ལ་རྫོགས་པའོ། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །འགག་པ་ཉིད་ན་འགག་པ་མེད། །གནས་པ་ཉིད་ན་གནས་པ་མེད། །དམིགས་པ་ཉིད་ན་དམིགས་པ་མེད། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་པ་ལྔ་ནི་དབྱེར་མེད་ཀྱི་བདེན་པ་ལ། སེམས་ལྔ་དུས་གཅིག་ལ་རྫོགས་པའོ། །འདི་ལ་ཁ་ཅིག་ན་རེ། ལམ་ཅིག་ཅར་བ་སེམས་ལྔ་ནས་བགྲོད་དམ་མི་བགྲོད། མི་བགྲོད་ན། སྤར་ཁབ་ལས། སེམས་འདི་དག་ས་གཅིག་ན་ཚང་བའི་ཕྱིར་ཅིག་ཅར་འཇུག་པའི་ལམ་ཞེས་བྱའོ། །ཞེས་གསུངས་པ་དང་འགལ་ལོ། །བགྲོད་ན། རིམ་པར་བགྲོད་དམ། ཅིག་ཅར་བགྲོད། རིམ་པར་བགྲོད་ན། ལམ་རིམ་གྱིས་པ་དང་ཁྱད་མེད་དུ་ཐལ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ཅིག་ཅར་བ་ཡིན་པ་ཉམས་སོ། །ཅིག་ཅར་བགྲོད་ན་སེམས་ལྔའི་ཐ་སྙད་མ་གྲུབ་པར་ཐལ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ན་ཁས་བླངས་ཀྱིས་གསལ་ལོ་ཞེ་ན། རྒྱ་གབ་གོང་བ་ན་རེ། སེམས་ལྔ་ངོ་བོ་དབྱེར་མེད་དུ་བགྲོད་པ་འཐད་དེ། སེམས་རིམ་ལྔ་དང་འགལ་ལོ་ཞེ་ན། རིམ་གྱིས་པ་ལྟར་སེམས་རིམ་ལྔ་ཡོད་ཀྱང་འདིའི་ཡོན་ཏན་དུས་གཅིག་ལ་རྫོགས་པས་མི་འགལ་ལོ་གསུང་། བཤད་ཐབས་གསུམ་པ། ཐབས་ལམ་འོག་སྒོ་ལྟར་བཤད་ན། འདི་ལ་ལྔ་སྟེ། བགྲང་། གཡོ་ལྡང་བྱང་ཆུབ་ཀྱི་སེམས། དྲང་། ཨེ་མ་ཞེས་པས་འདོད་ཆགས་ཀྱི་སྤྱོད་པས་འཁོར་བར་མི་འཆིང་བ་ལ་ངམ། ངོ་མཚར་ཞེས་པས་དེ་ཉིད་སྤྱོད་ཡུལ་དག་པའི་འབྲས་བུ་སྐུ་དང་ཡེ་ཤེས་ཐོབ་པ་ལ་ངམ། རྨད་ཀྱི་ཆོས་ཞེས་པ་དེ་ཀ་སྔགས་མ་ཧཱ་ཡོ་གའི་ཁྱད་ཆོས་སུ་འདུག་པ་ལ་ངམ། དེ་ཉིད་ཚོགས་གཉིས་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ལྔ་པོ་ཀུན་གྱི་དགོངས་པའི་ངོ་བོའམ་ཐུགས་ཀྱི་བརྣག་བྱ་ཡིན་པ་དང་ཐབས་ཀྱི་ལམ་འདི་ཁེ་ཉེན་དང་བཅས་པའི་ཕྱིར་གསང་ངོ་། །རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ཉི་ཟླ་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པ་ལས། དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་བླངས་པའི་དུས་སུ་ཐིག་ལེ་འགོག་ཡོས་ཙམ་ན་བདེན་བ་འགོ་ལྡང་བའི་ཚུལ་དུ་ཐམས་ཅད་སྐྱེས་པ་ནི་གཡོ་ལྡང་བྱང་ཆུབ་ཀྱི་སེམས་སོ། །དེ་ལྟར་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་བདེན་བ་སྐྱེས་པ་ལྟར་སྣང་བསྔོ་བའི་དུས་ཉིད་ན་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་སྐྱེས་པ་དང་མ་སྐྱེས་པ་དབྱེར་མེད་དུ་ལ་བཟླའོ། །དེ་ཡང་སྤར་ཁབ་ལས། དེའི་རོ་ཡང་རང་བཞིན་ལས་མ་འདས་པའི་ཕྱིར་ཞེས་གསུངས་སོ། །འཇིག་འཇུག་བྱང་སེམས། དྲང་། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཞེས་པ་འབྲུ་མཐུན་ལ། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ཉི་ཟླ་བྱང་ཆུབ་སེམས་འགག་པ་མེད་པ་ལས། དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་བླངས་པས་བདེ་བ་སྔ་མ་འཇིག་ཙམ་ན་ཕྱི་མ་འཇུག་ཅིང་མཐར་བདེ་བ་ཐམས་ཅད་འགག་པ་ནི་འཇིག་འཇུག་བྱང་ཆུབ་ཀྱི་སེམས་སོ། །དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་འགག་པ་ལྟར་སྣང་བསྡོ་བའི་དུས་ཉིད་ན་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་འགག་པ་དང་མི་འགག་པ་དབྱེར་མེད་དུ་ལ་བཟླའོ། །དེ་ཡང་སྤར་ཁབ་ལས། ཡེ་ཤེས་ཀྱི་རོ་སྐད་ཅིག་མའི་རྒྱུན་འཕེལ་བའི་ཕྱིར་མི་འགལ་བ་ཁོ་ནའོ། །ཞེས་གསུངས་སོ། །གནས་པ་བྱང་སེམས། དྲང་། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཞེས་པ་འབྲུ་མཐུན་ལ། རང་བཞིན་ལྷན་སྐྱེས་པའི་ཡེ་ཤེས་ལ་ཉི་ཟླ་བྱང་སེམས་གནས་པ་མེད་པ་ལས། དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་བླངས་པས། དགའ་བ་ཐམས་ཅད་རང་ས་ན་གནས་པ་ནི་གནས་པ་བྱང་ཆུབ་ཀྱི་སེམས་སོ། །དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་དགའ་བ་རང་ས་ན་གནས་པ་ལྟར་སྣང་བསྡོ་བའི་དུས་ཉིད་ན། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་གནས་པ་དང་མི་གནས་པ་དབྱེར་མེད་དུ་ལ་བཟླའོ། །དེ་ཡང་སྤར་ཁབ་ལས། ཡུལ་དང་བྲལ་བའི་གནས་བཅའ་རུ་མེད་དེ། འབྲས་བུ་ལ་ལམ་དུ་བྱེད་པའི་ཕྱིར། ཞེས་གསུངས་སོ། །སྨོན་པ་བྱང་སེམས། དྲང་། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཞེས་པ་འབྲུ་མཐུན་ལ། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ཉི་ཟླ་བྱང་སེམས་དམིགས་པ་མེད་པ་ལ་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་བླངས་པས། སྔ་མའི་བདེ་བས་མཚོན་ནས་ཕྱི་མའི་བདེ་བ་ལ་སྨོན་པས་ན་ཐམས་ཅད་དམིགས་ཞེས་བྱ་སྟེ་སྨོན་པ་བྱང་ཆུབ་ཀྱི་སེམས་སོ། །དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་དམིགས་ཤིང་སྨོན་པའི་དུས་ཉིད་ན་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་དམིགས་པ་དང་དམིགས་པ་དབྱེར་མེད་དུ་ལ་བཟླའོ། །དེ་ཡང་སྤར་ཁབ་ལས། སྐྱེད་དུ་ཐལ་བ་ཉིད་ཀྱང་རང་རིག་པའི་ཕྱིར་རྐྱེན་ཙམ་སྟེ་གཞན་ནས་ཐོབ་པ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་སོ། །དྲང་། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཞེས་པ་འབྲུ་མཐུན་ལ། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ཉི་ཟླ་བྱང་སེམས་འགྲོ་བ་དང་འོང་བ་མེད་པ་ལས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་བླངས་པས། བྱང་ཆུབ་ཀྱི་སེམས་དཀའ་དམར་རྡོ་རྗེ་དང་པདྨའི་རྩེར་འགྲོ་བ་དང་འོང་བ་འཕྲད་པའི་རྐྱེན་གྱིས་ཡས་བབས་པའི་དགའ་བ་བཞི་རྫོགས་ཤིང་ཀུན་རྫོབ་ཀྱི་བདེན་པ་མངོན་དུ་བྱས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པའོ། །བྱང་ཆུབ་ཀྱི་སེམས་ཉི་ཟླ་གཉིས་འདྲེས་དེ་ཉིད་གྱེན་དུ་ལྡོག་པའི་ཐབས་ཀྱིས་མས་བརྟན་པའི་དགའ་བ་བཞི་རྫོགས་ནས་དབྱེར་མེད་ཀྱི་བདེན་པ་མངོན་དུ་བྱས་ཤིང་། དེ་ཉིད་བློའི་སྤྱོད་ཡུལ་དང་བྲལ་བ་ནི་བདེ་བ་ཆེན་པོའི་དབང་ཐོབ་པ་སྟེ་མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་སོ། །དེ་ལྟར་ཉི་ཟླ་བྱང་ཆུབ་སེམས་འགྲོ་འོང་དུ་སྣང་བསྡོ་བའི་དུས་ཉིད་ན་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་འགྲོ་བ་དང་འོང་བ་དབྱེར་མེད་དུ་ལ་བཟླའོ། །དེ་ཡང་སྤར་ཁབ་ལས། སྔོན་གྱི་གནས་རྗེས་སུ་དྲན་པ་ནི་མངོན་པར་ཤེས་པའི་ཕྱིར་དང་གང་དུ་ཡང་ཕྱིན་པ་མེད་པ་ཁོ་ནའོ་ཞེས་སོ། །འདི་དག་དབང་གཉིས་ཀྱི་ལས་ཐུན་མོང་དུ་འགྲོ་ཚུལ་ནི། རྗེ་དྲིངས་པའི་ཞལ་ནས། གཞུང་གཅིག་གི་སྟེང་དུ་དབང་གཉིས་བྱུང་བས་སམ། ཡང་ན་དབང་གཉིས་ཀའི་སྔོན་དུ་སེམས་བསྐྱེད་དགོས་པས་ཀྱང་ཐུན་མོང་ཡིན་ནོ་གསུང་། རྒྱ་གབ་གོང་པ་ན་རེ། འགྲེལ་པ་ལྟར་སེམས་བཞི་པོ་དེ་དབང་གཉིས་ཀའི་སྔོན་འགྲོ་ཐུན་མོང་བ་ཡིན་ལ། འགྲོ་འོང་བྱང་ཆུབ་ཀྱི་སེམས་ནི་དངོས་གཞི་ཐུན་མོང་བར་འདུག་པས་དབང་གཉིས་ཀྱི་ལས་ཐུན་མོང་དུ་འགྲོ་གསུང་། ཁོ་བོ་ནི་ཕྱི་མ་ལྟར་ཡིན་པར་སེམས་སོ། །ཡང་ཟབ་མོའི་དབང་གསུམ་པོའི་འདི་གླེང་བསླང་དུ་ཇི་ལྟར་འགྲོ་ཞེ་ན། དབང་གསུམ་ཐོབ་ནས་སྟོན་འཁོར་དགོངས་པ་ཁྱད་མེད་དུ་གྱུར་ནས། གཞན་དོན་དུ་རྒྱུད་ཞུ་བའི་སྤོབས་པ་དང་ལྡན་པས་གླེང་བསླང་དུ་འགྲོ་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །ཡང་ཟབ་མོའི་དབང་གསུམ་གླེང་བསླང་དུ་འདུག་པ་ལ་རྒྱུད་དོན་གང་ལ་ངོས་འཛིན་གླེང་བསླང་དང་རྒྱུད་དོན་མཚོན་ཚུལ་འདྲེས་པར་མི་འགྱུར་རམ་ཞེ་ན། རྒྱ་གབ་གོང་པ་ན་རེ། དབང་གསུམ་བསྐུར་བའི་ལས་རིམ་གླེང་བསླང་དུ་འགྲོ་ལ། བདེན་པ་གསུམ་རྒྱུད་ལ་སྐྱེས་པ་དེ་རྒྱུད་དོན་དུ་འགྲོ་གསུང་། ཡང་མཐར་ལམ་པ་ལ་དབང་གསུམ་རིམ་པས་བསྐུར་རམ། ཅིག་ཅར་དུ་བསྐུར། རིམ་པར་བསྐུར་ན། སྤར་ཁབ་ལས། དུས་གཅིག་སྐྱེས་བར་འགྱུར་པ་ཅིག་ཅར་འཇུག་པའི་ལམ་ཞེས་བྱའོ། །ཞེས་པ་དང་། ལམ་རིམ་ལས། དུས་མཐའི་སྐད་ཅིག་ཉིད་ཀྱིས་གཤེགས། །ཞེས་སངས་རྒྱས་ཀྱི་ས་ལ་འགྲོ་བའི་རྐྱེན་དབང་ཡིན་ལ་དེ་བསྐུར་བའི་སྐད་ཅིག་མར་བཤད་པ་དང་འགལ་ལོ། །ཅིག་ཅར་དུ་བསྐུར་ན་དབང་གསུམ་པོ་དང་འགལ་ལོ་ཞེ་ན། གཉིས་ཀ་ལྟར་མི་འགལ་ཏེ། དབང་གསུམ་རིམ་པར་བསྐུར་ནས་མཐར་དབྱེར་མེད་བདེ་བ་ཆེན་པོའི་དབང་ཐོབ་པས་འཚང་རྒྱ་བ་ཡང་རུང་ལ། ཡང་ན་དུས་མཐའི་སྐད་ཅིག་ལ་དབང་གསུམ་དུས་གཅིག་ལ་ཐོབ་ནས་འཚང་རྒྱའོ། །འོ་ན་སྐད་ཅིག་ལ་དབང་བསྐུར་གསུམ་གྱི་དབང་ཐོབ་པ་འགལ་ལོ་ཞེ་ན། མི་འགལ་ཏེ། བསྐུར་བྱ་ཐམས་ཅད་མཁྱེན་པའི་འགོ་ཤར་བ་ཡིན་པ་དང་། སྐུར་བྱེད་དྲུག་པ་ཡིན་པའི་ཕྱིར་རོ། །ལར་རིམ་ཅིག་ཅར་གཉིས་ཀ་རུང་ཡང་སྐབས་འདིར་ཅིག་ཅར་དུ་འཐད་ཅེས་བླ་མ་གོང་མ་རྣམས་གསུང་ངོ་། །ཡང་སྐྱེས་བ་མེད་ཅེས་པས་སྐྱེ་མེད་སྒྲུབ་པར་བྱེད་པའི་རིག་པ་བཞི་སྟེ། རྒྱུ་རྐྱེན་ལས་མ་སྐྱེས་པའི་ཕྱིར་དང་། དུས་གློ་བུར་དུ་མ་བྱུང་བའི་ཕྱིར་དང་། བྱེད་པ་པོས་མ་བྱས་པའི་ཕྱིར་དང་། སྐྱེས་པའི་དངོས་པོ་འདི་འདྲ་བ་མ་གྲུབ་པའི་ཕྱིར་སྐྱེ་མེད་གྲུབ་པའོ། །འགག་པ་མེད་པས་ཞེས་པས། འགག་མེད་སྒྲུབ་པར་བྱེད་པའི་རིག་པ་བཞི་སྟེ། འཁྲུལ་པའི་སྣང་བ་ཙམ་པ་འདི་ལས་ཀྱི་བགོ་སྐལ་མཐུན་པའི་འགྲོ་བ་རྣམས་ལ་མཐུན་སྣང་དུ་གྲུབ་པའི་ཕྱིར་དང་། སྣང་བ་མེད་ན་དོན་དམ་ཤེས་བྱེད་ཀྱང་མེད་པའི་སྐྱོན་དུ་འགྱུར་བའི་ཕྱིར་དང་། སྣང་བ་འདི་ཐམས་ཅད་མཁྱེན་པའི་ཕྱག་གིས་ཀྱང་མི་ཁེགས་ཏེ་རང་སྣང་ཞིང་འདུག་པའི་ཕྱིར་དང་། རང་རིག་པ་ཐམས་ཅད་དུ་རྩལ་མ་འགགས་པར་རང་སྣང་བའི་ཕྱིར་འགག་མེད་གྲུབ་བོ། །གནས་པ་མེད། དམིགས་པ་མེད། འགྲོ་འོང་མེད། ཅེས་པས་དབྱེར་མེད་སྒྲུབ་བྱེད་ཀྱི་རིག་པ་བཞི་སྟེ། དེ་ཡང་བདེན་པ་གཉིས་པོ་དེ་རང་བཞིན་བཟང་ངན་མེད་པའི་ཕྱིར་དང་། ངོ་བོ་དབྱེར་མི་ཕྱེད་པའི་ཕྱིར་དང་། འདུག་པ་ཐ་མི་དད་པའི་ཕྱིར་དང་། དུས་སྔ་ཕྱི་མེད་པའི་ཕྱིར་དབྱེར་མེད་གྲུབ་བོ། །དེ་ལྟར་གཏན་ཚིག་བཅུ་གཉིས་ཀྱི་སྒོ་ནས་སྐྱེ་འགག་ནས་དམིགས་འགྲོ་འོང་ལྟར་སྣང་བའི་ཆོས་ཐམས་ཅད་གཤིས་ལ་མི་གནས་པར་གཏན་ལ་ཕབ་པས། མ་ཡིན་དགག་གི་སྟོང་ཉིད་རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་གྲུབ་པ་ནི་བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས་སོ། །དེའི་ཕྱིར་རྣལ་འབྱོར་གྱི་རྒྱུད་མན་ཆོད་དུ་གསུངས་པའི་རྣམ་གྲངས་མ་ཡིན་པའི་དོན་དམ་དང་། ཡང་དག་པའི་ཀུན་རྫོབ་རྣམས་ཐེག་པ་འདིའི་ལུགས་ཀྱིས་རྣམ་གྲངས་ཀྱི་དོན་དམ་དག་ལོག་པའི་ཀུན་རྫོབ་ཏུ་འདོད་དོ། །དེས་ན་ཐེག་པ་འདིའི་ལུགས་ཀྱིས་རྣམ་གྲངས་མ་ཡིན་པའི་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་དང་། ཡང་དག་པའི་ཀུན་རྫོབ་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པ་གཉིས་དགོས་ཆེས་ཀྱི་དབང་གིས་མཚོན་ཚུལ་ཐ་དད་ཀྱང་། དོན་ལ་ཐ་དད་མེད་པར་བཤད་མ་ཐག་པའི་དབྱེར་མེད་སྒྲུབ་བྱེད་ཀྱི་རིག་པ་བཞིས་གྲུབ་བོ། །གསུམ་པ་སེམས་བསྐྱེད་པའི་ཡོན་ཏན་ནོ། །དྲང་། ཞེས་སེམས་བསྐྱེད་པའི་ཐབས་རིམ་པ་ལྔ་པོ་དེ་བརྗོད་པས། ལྷན་ཅིག་པའི་འཁོར་གྱི་དེ་བཞིན་གཤེགས་པ་ཡབ་ཐམས་ཅད་དང་བཙུན་མོའི་ཚོགས་ཡུམ་ཐམས་ཅད་ཀྱང་སྟོན་འཁོར་དགོངས་པ་ཁྱད་མེད་དུ་གྱུར་ཅིང་། མ་འོངས་པའི་སེམས་ཅན་རྣམས་ཀྱང་དེ་བཞིན་གཤེགས་པར་མངོན་དུ་བྱས་ནས། སྐུ་དང་ཡེ་ཤེས་བཞི་བཅུ་རྩ་ལྔ་མཐར་ཕྱིན་པར་འགྱུར་པ་ལ་མཉེས་པས་ཁྱབ་པར་གྱུར་ཏོ། །སྤྱི་དོན་གཉིས་པ་ཐུན་མོང་གི་གླེང་བསླང་ལ་གཉིས་ཏེ། འཁོར་གྱིས་ཞུས་པ་དང་། སྟོན་པས་ལན་གནང་བའོ། །དང་པོ་ལ་གཉིས་ཏེ། བགྲང་། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། ཐུན་མོང་མ་ཡིན་པའི་གླེང་བསླང་བསྟན་པ་ལ་དེ་ཐུན་མོང་དུ་གླེང་བསླང་བ་སྟོན་པས་ན་ནས། དེ་བཞིན་གཤེགས་པ་ཡབ་ཐམས་ཅད་ཀྱང་བཙུན་མོའི་ཚོགས་ཡུམ་ཐམས་ཅད་དང་བཅས་པས་འོག་ནས་འབྱུང་བའི་ཆེད་དུ་བརྗོད་པ་གསང་བ་བཞིས་ཆོད་ཚུལ་འདི་བརྗོད་དོ། །གསང་བ་བཞིས་ཆོད་པ་རྣམས་ཀྱི་ཆེད་དུ་བཤད་པར་ཞུས་པའོ། །དྲང་། ཨེ་མའོ་ཞེས་པ་ནི་དམ་པའི་ཚིག་སྟེ། སྐབས་འདིར་མ་རང་ཏེ་སྐྱོན་ལ་ངམ་པའོ། །གང་གིས་ན། ལྷན་ཅིག་པའི་འཁོར་ཀྱིས། གང་གི་དོན་དུ་ན། གོ་ཕྱེ་བའི་འཁོར་གྱི་དོན་དུ། གང་ལ་ན། གསང་བ་བཞིས་ཆོད་ནས་མ་རྟོགས་པ་ལ་ངམ་མོ། །གང་མ་རྟོགས་ན། འོག་ནས་ཆོས་ཞེས་པས་འཁོར་བ་དང་མྱ་ངན་ལས་འདས་པའི་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུར་སངས་རྒྱས་པ་དེའོ། །གང་གིས་མ་རྟོགས་ན། རང་ངོ་རང་གིས་མ་ཤེས་སོ། །ཚུལ་གང་གིས་ན། གསང་ཚུལ་བཞིས་ཆོད་པའི་ཚུལ་གྱིས་ཏེ། རྒྱས་པར་མཚན་གྱི་སྐབས་སུ་བཤད་ཟིན་ལ། འདིར་ཡང་མདོ་ཙམ་བཤད་ན་དོན་དམ་པ་མ་རྟོགས་པས་ཡེ་ནས་གསང་བའི་ཚུལ་ལོ། །དེ་བཞིན་དུ་ཀུན་རྫོབ་མ་རྟོགས་པས་སྣ་ཚོགས་སྣང་ལ་རང་བཞིན་གསང་། དབྱེར་མེད་མ་རྟོགས་པས་ངོ་བོ་ཉིད་ཀྱི་རབ་ཏུ་གསང་། སྤྱོད་ཡུལ་དང་བྲལ་བ་མ་རྟོགས་པས་གཞན་དུ་མིན་ལ་ཤིན་ཏུ་གསང་བ་སྟེ། རང་གསང་ཐབས་ཀྱིས་ཆོད་པའི་ཕྱིར་ན་གོ་ཕྱེ་བའི་འཁོར་རྣམས་ཐུགས་རྗེ་བཟུང་བར་རིགས་སོ་ཞེས་བརྗོད་པས་སོ། །སྟོན་པས་ལན་གནང་བ་ལ་གཉིས་ཏེ། བགྲང་། ཐུགས་རྗེ་སྐྱེས་ནས་གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། སྐུ་དང་ཡེ་ཤེས་མངོན་དུ་གྱུར་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་མཛད་པ་འབྲས་བུ་ཆོས་ཐམས་ཅད་དང་། རང་བཞིན་དང་། མཚན་ཉིད་དང་། འཁྲུལ་པ་དང་། ལམ་སྟེ། ཐ་སྙད་བཞིས་བསྡུས་པ། འཁོར་བའི་ཆོས་ཐམས་ཅད་ཡེ་གདོད་མ་ནས་རང་བཞིན་བདེན་པར་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་ན་དབྱེར་མེད་པ་སྟེ། གཞི་ཞེས་བྱ་གཤིས་ཀྱི་གནས་ལུགས་སོ། །ནའང་ཞེས་པ་ལྷག་མ་ཅན་གྱི་ཚིག་སྟེ། གནས་ལུགས་རང་ངོ་མ་ཤེས་པས་འགྲོ་བ་ལྔའི་རྣམ་པར་རྟོག་པ་ཉོན་མོངས་པ་ལྔ་དང་། ལས་གསུམ་སྟེ་དེ་དག་གི་རྩ་བ་ནི་མ་རིག་པ་གཉིས་ཁོ་ན་ལས་བྱུང་བས་སོ། །འགྲོ་བ་ལྔའི་རྣམ་གྲངས་ནི་ངན་སོང་གསུམ་དང་མི་དང་ལྷའོ། །འོ་ན་འགྲོ་བ་རིགས་དྲུག་ཏུ་བཤད་པ་དང་འགལ་ལོ་ཞེ་ན། ལྷ་མ་ཡིན་ནི་སྟོད་རིགས་ལྷར་བསྡུ་ལ། སྨད་རིགས་འགའ་ཞིག་ཡི་དྭགས་དང་། འགའ་ཞིག་དུད་འགྲོར་བསྡུའོ། །དེ་དག་ཀྱང་ནང་རིགས་མང་བ་སྟེ། ཁམས་གསུམ་ལ་གནས་རིགས་བཞི་བཅུ་ཞེ་གཅིག་གོ། །དེ་ཡང་མས་རིམ་གྱིས་བགྲངས་ན་དམྱལ་བ་ལ་དམྱལ་ཁམས་བཅོ་བརྒྱད་ཡོད་ཀྱང་། ཚ་དམྱལ་རེ་དང་གྲང་དམྱལ་རེ་ཐད་སོར་ཚེ་ཚད་དང་ལུས་ཚད་དང་སྡུག་བསྔལ་གྱི་ཚད་མཉམ་པས་གནས་རིགས་རེ་རེར་བརྩི་ལ། ཉི་ཚེ་བ་དང་ཉེ་འཁོར་བའི་དམྱལ་བ་གཉིས་ནི་གནས་རིགས་རེ་རེ་ནའང་ཡོད་ཅིང་དེ་དང་དེའི་རིགས་སུ་གཏོགས་པས་ན་དམྱལ་བ་ལ་གནས་རིགས་བརྒྱད་དང་། ཡི་དྭགས་དང་དུད་འགྲོའི་གནས་རིགས་གཉིས་ཏེ། དེ་ལྟར་གནས་རིགས་བཅུ་ནི་ངན་སོང་གནས་བཅུ་ཞེས་བྱའོ། །གླིང་བཞིའི་མི་ནི་ཚེ་ཚད་དང་། ལུས་ཚད་དང་། བསོད་ནམས་ཀྱི་ཚད་མི་མཉམ་པས་ན་གནས་རིགས་སོ་སོར་བགྲང་ལ། རྒྱལ་ཆེན་རིགས་བཞི་ནི་ཚེ་ལུས་བསོད་ནམས་ཀྱི་ཚད་མཉམ་པས་གནས་རིགས་གཅིག་ཏུ་བརྩི་སྟེ། རྒྱལ་ཆེན་རིགས་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་གྱི་འདོད་ལྷ་རིགས་དྲུག་ལ་གནས་རིགས་རེ་རེར་བརྩིས་པས། མི་དང་ལྷའི་གནས་རིགས་བཅུ་སྟེ་མཐོ་རིས་གནས་བཅུ་ཞེས་བ་བྱའོ། །དེ་ལྟར་གནས་རིགས་ཉི་ཤུ་ནི་འདོད་པའི་ཁམས་ཡིན་ལ། བསམ་གཏན་བཞི་ལ་ལྷ་རིགས་གསུམ་གསུམ་སྟེ་བཅུ་གཉིས་གཙང་རིགས་ཀྱི་ལྷ་ལྔ་ནི་གནས་རིགས་རེ་རེ་སྟེ། གཟུགས་ཁམས་གནས་རིགས་བཅུ་བདུན་ཞེས་བྱའོ། །གཟུགས་མེད་ཀྱི་ཁམས་ལ་སྐྱེ་མཆེད་མུ་བཞི་སྟེ། གནས་རིགས་གང་དང་གང་དུ་ཤི་བ་དེ་དང་དེའི་གནས་སུ་སྐྱེ་བས་གནས་གཞན་ལོག་པ་མེད་ཀྱང་ཚེ་དང་བསོད་ནམས་ཀྱི་ཚད་སྐྱེས་པའི་གནས་གང་ཡིན་དེ་དང་ཡང་མིན་པས་གནས་རིགས་སོ་སོར་བརྩི་སྟེ་གཟུགས་མེད་སྐྱེ་མཆེད་མུ་བཞི་ཞེས་བྱའོ། །དེ་ལྟར་ཁམས་གསུམ་གྱི་གནས་རིགས་རེ་རེའི་སེམས་ཅན་ཀྱང་བསམ་གྱིས་མི་ཁྱབ་པར་རྣམ་པ་སྣ་ཚོགས་སུ་སྨིན་པ་ནི་མ་རྟོགས་ཏེ་འཁྲུལ་པའི་ཚུལ་ལོ། །དེ་ལ་སངས་རྒྱས་ཀྱི་ཡེ་ཤེས་དམིགས་པ་མེད་པའི་ཐུགས་རྗེ་སྤྲོས་པ་དང་བྲལ་ཞིང་འགྲོ་བའི་རིལ་ལ་མཉམ་པར་ཁྱབ་པ་ནི་སེམས་དང་ཆོས་ལ་དམིགས་པའི་ཐུགས་རྗེ་ལས་ཁྱད་པར་དུ་གྱུར་པས་ཆེན་པོ་ཞེས་བྱའོ། །དེས་ཁམས་གསུམ་པའི་འགྲོ་བའི་སྡུག་བསྔལ་ཡུལ་མེད་རང་གསལ་དུ་གཟིགས་པ་སྟེ། ཐུགས་རྗེ་གཟིགས་པའི་ཚུལ་ལོ། །དེ་ལྟར་གཟིགས་ནས་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་ཡེ་ཤེས་དེ་བྱང་ཆུབ་སེམས་དཔའི་ཐུགས་རྗེ་ལས་ཀྱང་ཁྱད་པར་དུ་གྱུར་པས་ན་ཆེན་པོ་སྟེ། རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཕྱོགས་རིས་མེད་ཅིང་རྟག་པ་རྒྱུན་གྱི་ཐུགས་རྗེ་རྒྱུན་མི་འཆད་ཀྱང་། ལྷན་ཅིག་པའི་འཁོར་གྱིས་བསྐུལ་ཞིང་གསོལ་བ་བཏབ་པའི་ངོར་གོ་ཕྱེ་བའི་འཁོར་སྡུག་བསྔལ་གྱི་ཉམ་ཐག་པའི་གདུལ་བྱ་རྣམས་ལ་ཡུལ་དང་འཕྲད་པའི་ཐུགས་རྗེ་སྐྱེས་ནས་ཞེས་བྱ་སྟེ། ཐུགས་རྗེས་གཟིགས་ནས་སྐྱེས་པའི་ཚུལ་ལོ། །དེ་ལྟར་ཐུགས་རྗེ་སྐྱེས་ཤིང་དེ་དག་གི་དོན་མཛད་པར་དགོངས་ནས་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་སྤྲུལ་པའི་སྤྲོ་བའི་ཞལ་བཞེས་བརྗོད་པ་འདི་ལྷན་ཅིག་པའི་འཁོར་རྣམས་ལ་བརྗོད་དོ། །ལྷུན་གྱིས་གྲུབ་པའི་ཆོས་བསྟན་པའི་ཕྱིར་སྤྲུལ་པ་སྤྲོ་བ་ལ་ཞལ་གྱིས་བཞེས་པའོ། །དྲང་། ཨེ་མའོ་ཞེས་པ་ནི་གཞི་དངོས་པོའི་གནས་ལུགས་གཅིག་ལ་འཁོར་འདས་གཉིས་སུ་འཁྲུལ་པ་ངོ་མཚར་ཏེ་མ་རངས་པའི་དམ་ཚིག་གོ། །དེ་བཞིན་ཉིད་ལ་སྤྲོས་པའི་ཟུག་རྔུ་མེད་པས་ན་བདེ་བ་ཆེན་པོའོ། །དེ་དོན་ནར་སོན་བས་ན་གཤེགས་པ་སྟེ། དེ་ཉིད་ཀྱི་སྙིང་པོ་ཆོས་ཀྱི་དབྱིངས་ཤིན་ཏུ་དྲི་མེད་དུ་གནས་ཀྱང་ངེས་པའི་ཤེས་པ་མ་སྐྱེས་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱ་སྟེ། འཁོར་བ་འཕྲུལ་བའི་རྒྱུ་ཡིན་ནོ། །དེ་ལས་ཀྱང་རང་གི་སེམས་ཀྱི་རྣམ་པར་རྟོག་པ་ཡུལ་དང་ཡུལ་ཅན་དུ་སྣང་བ་ལས་གཟུང་འཛིན་སྣ་ཚོགས་ཀྱི་ཤེས་པས་གློ་བུར་དུ་སྤྲུལ་པ་ནི་ཀུན་ཏུ་བཏགས་པའི་མ་རིག་པ་ཞེས་བྱ་སྟེ། འཁོར་བ་འཁྲུལ་བའི་རྐྱེན་ཡིན་ནོ། །སྣ་ཚོགས་པའི་ལུས་བཟང་ངན་དང་ལོངས་སྤྱོད་ཆེ་ཆུང་དང་གནས་མཐོ་དམན་དང་སྡུག་བསྔལ་བརྒྱད་དམ་བཅུ་གཅིག་ལ་སོགས་པ་ལས་དང་ཉོན་མོངས་པས་བསྡུས་བ་རྣམས་ཏེ། འཁོར་བ་འཁྲུལ་པའི་ངོ་བོ་ཡིན་ནོ། །གོང་གི་དེ་ཚོ་ལ་བདག་དང་བདག་གིར་སོ་སོར་འཛིན་ཀྱང་འཁྲུལ་ངོ་ཙམ་དུ་ཟད་ཀྱིས། ཡང་དག་པར་ན་གང་ཟག་དང་ཆོས་ཀྱི་བདག་གཉིས་མ་གྲུབ་པའི་ཕྱིར། འཆིང་བར་བྱེད་པའི་མཁན་པོ་དགྲ་ལྟ་བུ་སུས་ཀྱང་མ་བཅིངས་ཤིང་འཆིང་བྱེད་ཀྱི་དངོས་པོ་ཞགས་པ་ལྟ་བུས་ཀྱང་བཅིངས་པ་མེད་དེ། བཅིང་བར་བྱ་བའིི་ཡུལ་བཙོན་ལྟ་བུའམ་ཡོད་པ་མ་ཡིན་ཀྱང་རང་གི་ནན་བཏགས་ཀྱིས་རྣམ་པར་རྟོག་པས་ང་དང་བདག་ཏུ་འཛིན་པ་འཁྲུལ་ངོར་གཟུང་འཛིན་གཉིས་སུ་སྣང་བ་ཡིས་བཅིངས་པ་སྟེ། འཁོར་བ་འཁྲུལ་པའི་བྱེད་པ་པོ་ཡིན་ནོ། །དེ་ཡང་ཐང་ཕྲོམ་པ་ཟོས་པའི་རྒན་མོ་ཞིག་གིས་རང་གི་མིག་རབ་རིབ་ཏུ་གྱུར་པ་ལས་སྐྲ་ཤད་ཀྱི་དངོས་པོ་མེད་བཞིན་ནན་བཏགས་ཀྱིས་ནམ་མཁའ་ལ་སྐྲ་ཤད་འཛག་པ་མཐོང་ནས་སྐྲ་ཤད་ལ་མདུད་པ་མང་པོ་བྱས་ན་འདོར་བའི་སྣང་བ་བྱུང་བ་བཞིན་ཏེ། འཁོར་བ་འཁྲུལ་པའི་དཔེ་ཡིན་ནོ། །དེ་ལྟར་བཅིངས་པ་ལྟར་སྣང་བའི་དུས་ཉིད་ན་བདག་འཛིན་དང་སེམས་ཅན་དང་སྡུག་བསྔལ་གྱི་དངོས་པོ་རྣམས་སེམས་ཉིད་ཀྱི་གཤིས་ལ་མ་གྲུབ་པས་བཅིངས་པ་མེད་པའི་ཕྱིར་རྣམ་པར་གྲོལ་བ་པོ་ཡང་མེད་པས་ན། ཡེ་ནས་རང་རིག་པ་ཉིད་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་རྫོགས་ཤིང་གསལ་བ་ནི་སངས་རྒྱས་ཀྱི་ཐུགས་སུ་ཆུད་པའི་ཆོས་སམ་ངོ་བོ་ཡིན་པས་ན་འཁོར་འདས་མཉམ་པ་ཉིད་དུ་ལ་བཟླས་པ་ཡིན་ནོ། །དེ་མཚོན་པར་བྱེད་པ་གསང་བ་སྙིང་པོའི་རྒྱུད་འདི་ཉིད་བསྟན་པར་བྱ་བའི་ཕྱིར། ཞལ་འཛུམ་པ་དང་། སྨིན་མ་གཡོ་བ། སྤྱན་འགྱུར་བ། སྐུ་གཟེངས་བསྟོད་པ། ཕྱག་རྐྱོང་བ། འོད་དང་སྤྲུལ་པ་འགྱེད་པ། དགྱེས་པ་ཚུལ་དྲུག་གི་སྒོ་ནས་ལྷན་གཅིག་པའི་འཁོར་ལ་དངོས་སུ་བསྟན་ཅིང་གོ་ཕྱེ་བའི་འཁོར་ལ་རྒྱུད་འདི་ཉིད་ཀྱི་ལམ་སྟེགས་ཐེག་པ་གཞན་བསྟན་པར་བྱ་བའི་ཕྱིར་སྤྲུལ་པ་ཐུབ་པ་དྲུག་སྤྲོ་བ་ལ་སོགས་པ་སྣ་ཚོགས་པ་མཛད་དོ། །འདིའི་སྐབས་སུ་འཁྲུལ་གཞི་ཡོད་མེད་ཀྱི་བརྟག་ནི། བརྒལ་བ་དང་། ལན་གཉིས་ལས། བརྒལ་བ་ནི། འགའ་ཞིག་ན་རེ། འཁྲུལ་གཞི་ཡོད་པས་འཁྲུལ་ལོ་ཞེ་ན། མི་རིགས་ཏེ། ཐུགས་ཐིག་ལས། སྒྲོ་འདོགས་དབང་གྱུར་གང་ཟག་རྣམས། །སེམས་ཉིད་དམིགས་སུ་མེད་པ་ལ། །དངོས་པོ་རང་རྒྱུད་གཞི་སྨྲ་བ། །དེ་ཡི་རིགས་རྒྱུད་རྟག་པར་ལྷུང་། །ཞེས་པས་སྐྱོན་བཞི་སྟེ། འཁྲུལ་པ་རང་རྒྱུད་པར་རྟག་པར་ཐལ་བ་དང་། གཞི་འཁོར་བའི་མཐར་ལྷུང་བར་ཐལ་བ། ཐོས་བསམ་སྒོམ་གསུམ་གྱིས་འཁྲུལ་པ་མི་སེལ་བར་ཐལ་བ། གཞི་གཟུང་འཛིན་ཅན་དུ་ཐལ་བའི་སྐྱོན་འོང་སྟེ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་པར་ནུས་པ་མ་ཡིན་ཏེ། འཁྲུལ་པ་རང་རྒྱུད་པར་རྟག་པར་འདོད་ན། ལམ་རིམ་ལས། འཁོར་བའི་རང་བཞིན་མི་དམིགས་ཕྱིར། །ཞེས་པས་གསལ་ལོ། །གཞི་འཁོར་བའི་མཐར་ལྷུང་བར་འདོད་ན། ལམ་རིམ་ལས། རང་བཞིན་ངང་གིས་དབྱེར་མེད་པའང་། །ཞེས་པས་གསལ་ལོ། །ཐོས་བསམ་སྒོམ་གསུམ་གྱིས་འཁྲུལ་པ་མི་སེལས་བར་འདོད་ན། འདི་ཉིད་ལས། ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་པས་གསལ་ལོ། །གཞི་གཟུང་འཛིན་ཅན་དུ་ཐལ་བར་འདོད་ན། རྒྱས་པ་ལས། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །ཞེས་པས་གསལ་ལོ། །ཡང་འགའ་ཞིག་འཁྲུལ་གཞི་མེད་ཀྱང་འཁྲུལ་ལོ་ཞེས་འདོད་ན་ཡང་མི་རིགས་ཏེ། ཐུགས་ཐིག་ལས། སྐུར་བ་པ་ནི་ལྷུན་གྲུབ་ལ། །དེ་དང་མི་མཐུན་སོ་སོར་རྟོག །དེ་ལ་དེ་ནི་མི་སྲིད་བཞིན། །གཞི་ལ་ཡེ་ནས་མེད་ཅེས་སྨྲ། །ཞེན་བློའི་ངོ་ལ་ཡོད་དོ་ཞེས། །སྐུར་པ་གང་ཡིན་ཆད་ལྟ་བ། །དེ་དང་དེ་གཉིས་ཐ་དད་ཅིང་། །མི་སྲིད་ཀུན་འབྱུང་ཐོག་མ་འབྱུང་། །ཞེས་པས་སྐྱོན་བཞི་སྟེ། ལྷན་ཅིག་སྐྱེས་པའི་མ་རིག་པ་མ་གྲུབ་པར་ཐལ་བ། གཞི་མྱང་འདས་ཀྱི་མཐར་ལྷུང་བར་ཐལ་བ། འཁོར་བ་ལ་ཐོག་མ་འབྱུང་བར་ཐལ་བ། རྒྱུད་དག་པའི་སངས་རྒྱས་ལ་ཡང་འཁྲུལ་བ་འབྱུང་བར་ཐལ་བ་དང་བཞིའོ། །རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་པར་ནུས་པ་མ་ཡིན་ནོ། །ལྷན་ཅིག་སྐྱེས་པའི་མ་རིག་པ་མ་གྲུབ་པར་འདོད་ན། སྤར་ཁབ་ལས། ངེས་པའི་ཤེས་པ་མ་སྐྱེས་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པའོ། །ཞེས་པས་གསལ་ལོ། །གཞི་མྱང་འདས་ཀྱི་མཐར་ལྷུང་བར་འདོད་ན། ལམ་རིམ་ལས། མྱ་ངན་འདས་པའང་ཡོད་མ་ཡིན། །ཞེས་པས་གསལ་ལོ། །འཁོར་བ་ལ་ཐོག་མ་འབྱུང་བར་འདོད་ན། སྤྱི་མདོ་ལས། འཁོར་བ་ཐོག་མ་ཐ་མ་མེད། །ཅེས་པས་གསལ་ལོ། །རྒྱུད་དག་པའི་སངས་རྒྱས་ལ་འཁྲུལ་པ་འབྱུང་བར་འདོད་ན། ཐུགས་ཐིག་ལས། དེ་བཞིན་ཉིད་དུ་གཤེགས་པ་ཡང་། །སྣ་ཚོགས་ཞེན་ལས་གྲོལ་བར་ཟད། །ཅེས་པས་གསལ་ལོ། །ཡང་འགའ་ཞིག་ན་རེ། འཁྲུལ་གཞི་ཡོད་མེད་དབྱེར་མེད་ལ་འཁྲུལ་ལོ་ཞེ་ན། མི་རིགས་ཏེ། གཞི་རང་བཞིན་ནི་ཡེ་ནས་རྣམ་དག་ཡིན་ལ། འཁྲུལ་བ་ནི་བློ་བུར་གྱི་དྲི་མ་ཡིན་པའི་ཕྱིར་རོ། །འོ་ན་ལན་ཇི་ལྟར་གདབ་ཅེ་ན། སྐད་ཡངས་པར་བྱས་ལ་ལན་གདབ་པ་དང་། དོག་པར་བྱས་ལ་ལན་གདབ་པ་གཉིས་ལས། ཡངས་པར་བྱས་ན་འཁྲུལ་གཞི་ཡོད་མེད་དབྱེར་མེད་གསུམ་ཀ་ལས་ཀྱང་འཁྲུལ་ཏེ། དེ་གསུམ་གང་རུང་ཅིག་ཁོ་ན་ལས་འཁྲུལ་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཁྲུལ་གཞི་ཡོད་པ་ལས་ཀྱང་འཁྲུལ་ཏེ། དཔེ་ཐག་ཁྲ་ལ་སྦྲུལ་འཛིན་གྱི་ཤེས་པ་ཞུགས་པ་ལྟ་བུའོ། །དེ་ཡང་ཨ་རོ་ཐིག་ལེའི་སྐོར་ལས། འཁྲུལ་གཞི་མེད་པར་འཁྲུལ་པ་འབྱུང་མི་འགྱུར། །ཞེས་གསུངས་སོ། །འཁྲུལ་གཞི་མེད་པ་ལས་ཀྱང་འཁྲུལ་ཏེ། དཔེ་ཐང་ཕྲོམ་ཟོས་པའི་རྒན་མོའི་མིག་སྔར་ནམ་མཁའ་ལ་སྐྲ་ཤད་འཛག་པ་ལྟ་བུའོ། །དེ་ཡང་གསལ་བཀྲ་ལས། ཉི་མའི་དཀྱིིལ་ན་མུན་མེད་ལྟར། །ཞེས་གསུངས་སོ། །དབྱེར་མེད་ལས་ཀྱང་འཁྲུལ་ཏེ། དཔེར་སྨན་ག་བུར་དེ་ཚད་ནད་ཅན་ལ་སྨན་དང་། རླུང་ནད་ཅན་ལ་དུག་ཏུ་འགྱུར་བ་བཞིན་ནོ། །དེ་ཡང་ཐུགས་ཐིག་ལས། དོན་གཅིག་ཡོད་མེད་རིས་མེད་ལ། །དེ་ཡི་རྒྱུ་རྐྱེན་རང་བཞིན་བས། །སྨན་གྱི་ཕན་གནོད་ཅི་བཞིན་དུ། །ཐམས་ཅད་མ་ལུས་རྒྱུ་གཅིག་པས། །མི་མཐུན་ཁྱད་པར་སོ་སོར་སྣང་། །ཞེས་གསུངས་སོ། །མདོར་ན་རང་བཞིན་རྣམ་དག་ཡེ་ནས་དྲི་མ་དང་བྲལ་བར་གནས་ཀྱང་། ངེས་པའི་ཤེས་པ་མ་སྐྱེས་པ་ལྷན་སྐྱེས་ཀྱི་མ་རིག་པས་རྒྱུ་བྱས་རང་སྣང་ལ་ཡུལ་དུ་གཟུང་བས། གཟུང་འཛིན་གཉིས་སྣང་ཀུན་བཏགས་ཀྱི་མ་རིག་པས་རྐྱེན་བྱས་ནས་གློ་བུར་དུ་འཁྲུལ་ལོ། །སྐད་དོག་པར་བྱས་ནས་ལན་གདབ་པ་ནི་གཞི་རང་བཞིན་རྣམ་དག་ཡོད་མེད་དབུ་མའི་མཐའ་ལས་གྲོལ་བ་དེ་རང་ངོ་རང་གིས་མ་ཤེས་པས་འཁྲུལ་ལོ། །དེ་ཡང་ཐུགས་ཐིག་ལས། དྲུག་གི་འགྲོ་བ་ཐམས་ཅད་ཀྱི། །སེམས་ཉིད་ནོར་བུ་རིན་པོ་ཆེ། །ཇི་ལྟར་བསམས་པ་སྣང་བ་ལ། །འཁྲུལ་གཞི་ཡོད་མེད་སྒྲོ་སྐུར་མེད། །ཅེས་གསུངས་སོ། །འོ་ན་དེ་ལ་འཁྲུལ་གཞི་ཞེས་བྱ་བ་དེ། བདེ་གཤེགས་སྙིང་པོ་ལ་འདོད་དམ། མ་རིག་པ་རྒྱུ་དང་བཅས་པ་ལ་འདོད། སྔ་མ་ལྟར་ན། སངས་རྒྱས་ཀྱི་དགོངས་པ་མི་རྙེད་པར་འགྱུར། ཕྱི་མ་ལྟར་ན། འཁྲུལ་པའི་ངོ་བོ་མི་རྙེད་པར་འགྱུར་རོ་ཞེ་ན། བརྒྱུད་པའི་རྒྱུ་བདེ་གཤེགས་སྙིང་པོ་དངོས་རྒྱུ་མ་རིག་པའོ། །དེ་ཡང་འདི་ཉིད་ལས། ཨེ་མ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་པར་པས་མངོན་ནོ། །ཡང་། བཅིང་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་པས། གཞི་ཀ་དག་དང་ལྷུན་གྲུབ་ཀྱི་སྟོང་ཐུན་བརྗོད་པར་བྱ་སྟེ། དེ་ཡང་ཀ་དག་ལྷུན་གྲུབ་རེ་རེ་ལའང་། གོ་བ། དབྱེ་བ། སྐྱོན་བརྗོད། ལ་བཟླ་དང་བཞི་བཞི་ལས། དང་པོ་གོ་བ་ནི། ཀ་དག་གི་གྲུབ་མཐའི་ལུགས་ཀྱི་གཞི་གདོད་མ་ནས་ཀ་ནས་དག་པ་ཡིན་ལ། མ་རིག་པ་གློ་བུར་གྱི་དྲི་མ་ཡིན་པའི་ཕྱིར། གཞི་དང་མ་རིག་པ་ཐ་དད་དུ་འདོད་དེ། དཔེར་ན་ནོར་བུ་རིན་པོ་ཆེ་མི་གཙང་བའི་འདམ་གྱིས་བསྟུམས་པ་ལྟ་བུར་འདོད་པ་ནི་ཀ་དག་སྟོན་ཅན་ཞེས་བྱའོ། །ལྷུན་གྲུབ་ཀྱི་གྲུབ་མཐའ་ལུགས་ཀྱིས་གཞི་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན་ལ། མ་རིག་པ་གཞན་བྱུང་མ་ཡིན་པའི་ཕྱིར་གཞི་དང་མ་རིག་པ་དབྱེར་མེད་དུ་འདོད་པ་སྟེ། དཔེར་ན་གསེར་འགྱུར་གི་གཞིའི་ལྕགས་དེ་ཡེ་ནས་གསེར་ལྕགས་དབྱེར་མེད་དུ་མེད་ན་གསེར་དུ་བསྒྱུར་དུ་མི་བཏུབ་པ་ལྟ་བུར་འདོད་པ་ནི་ལྷུན་གྲུབ་སྐྱོན་ཅན་ནོ། །གཉིས་པ་དབྱེ་བ་ནི། ཀ་དག་ལྷུན་གྲུབ་གཉིས་ཀ་ལ་གསུམ་གསུམ་སྟེ། ཀ་དག་གསུམ་ནི། དབྱིངས་ཀ་དག །ཡེ་ཤེས་ཀ་དག །ཀ་དག་སྐྱོན་མེད་དམ་ཆེན་པོའོ། །དང་པོ་དབྱིངས་ཀ་དག་ནི། ནོར་བུ་རིན་པོ་ཆེ་ལ་མི་གཙང་བའི་འདམ་གྱིས་སེལ་མེད་པ་དཔེར་བྱས་ནས། གཞི་ཆོས་དབྱིངས་རྣམ་དག་ཡིན་པས་མ་རིག་པའི་གཞི་མིན་པར་འདོད། གཉིས་པ་ཡེ་ཤེས་ཀ་དག་ནི། ནོར་བུ་རིན་པོ་ཆེ་ལ་དགོས་འདོད་འབྱུང་བའི་གེགས་མི་གཙང་བའི་འདམ་གྱིས་བསྟུམས་པ་དེ་སྐྱུར་པོ་དང་ལྭ་བས་བཀྲུས་ཤིང་ཕྱིས་པས་རྣམ་པར་དག་པ་ལ་དགོས་འདོད་འབྱུང་བ་དཔེར་བྱས་ནས། འབྲས་བུ་སྐུ་དང་ཡེ་ཤེས་ལ་མ་རིག་པ་གློ་བུར་གྱི་དྲི་མ་ལམ་ལྔས་སྤངས་པར་འདོད། ལྷུན་གྲུབ་ཀྱི་གསུམ་ནི། ཆོས་ཉིད་ལྷུན་གྲུབ། ཆོས་ཅན་ལྷུན་གྲུབ། ལྷུན་གྲུབ་སྐྱོན་མེད་དམ་ཆེན་པོའོ། །དང་པོ་ཆོས་ཉིད་ལྷུན་གྲུབ་ནི། ཡེ་ནས་གསེར་ལྕགས་དབྱེར་མེད་དུ་མེད་ན་གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་བསྒྱུར་དུ་མི་རུང་སྟེ། རྫ་ཤིང་ལ་སོགས་པ་བཞིན་ནོ། །ཞེས་པ་དཔེར་བྱས་ནས་གཞི་མ་རིག་པ་དང་ཡེ་ཤེས་དབྱེར་མེད་དུ་ཡོད་པའི་གནད་ཀས་ཆོས་ཉིད་གཅིག་གི་རང་བཞིན་ལས་མ་འདས་པའི་ཕྱིར། ཆོས་ཅན་སོ་སོ་ཡང་ཕན་ཚུན་གཅིག་ལ་གཅིག་ལྷུན་གྱིས་གྲུབ་པར་འདོད། ཆོས་ཅན་ལྷུན་གྲུབ་ནི། ལྕགས་གསེར་དུ་གྱུར་པའི་ཚེ་གསེར་ལ་ལྕགས་ཀྱི་མཚན་མ་མི་སྣང་ཡང་། ལྕགས་ཉིད་གསེར་དུ་གྱུར་བ་ལས་ལྕགས་ལོགས་སུ་མ་སྤངས་པ་དཔེར་བྱས་ནས། འབྲས་བུ་སྐུ་དང་ཡེ་ཤེས་ཐོབ་ཀྱང་མ་རིག་པ་གཏན་ནས་མ་སྤངས་ཏེ། འཁོར་འདས་གཉིས་དེ་ལས་མི་གཞན་པར་འདོད་དོ། །དེ་དག་ལ་སྐྱོན་བརྗོད་པ་ནི། ཀ་དག་ཏུ་འདོད་པ་ལ་སྤྱིའི་སྐྱོན་དང་། བྱེ་བྲག་གི་སྐྱོན་གཉིས་ཡོད་དེ། སྤྱི་སྐྱོན་ནི་སྔར་བཤད་པའི་འཁྲུལ་གཞི་མེད་ན་སྐྱོན་དུ་འགྱུར་པའི་ལུང་རིག་བཞིས་གནོད་དོ། །བྱེ་བྲག་གི་སྐྱོན་ནི། དབྱིངས་ཀ་དག་པ་ལྟར་ན། འཁྲུལ་པ་སྐྱེ་མི་སྲིད་པར་ཐལ། གཞི་དེ་མ་རིག་པའི་བརྒྱུད་རྒྱུར་ཡང་མི་རུང་བའི་ཕྱིར་རོ། །འདོད་པར་ནུས་པ་མ་ཡིན་ཏེ། ཚད་གསལ་འབབ་བོ། །མ་རིག་པ་གློ་བུར་གྱི་དྲི་མ་ཡིན་ནོ་ཞེ་ན། རྒྱུ་བཀག་པ་ལ་འབྲས་བུ་ཁེགས་པའི་ཁྱབ་པ་ཡོད་པའི་ཕྱིར་གློ་བུར་གྱི་དྲི་མ་འབྱུང་བར་མི་རིགས་ཏེ། རྒྱུ་བདེ་གཤེགས་སྙིང་པོ་དྲི་བྲལ་ཡིན་པས་སོ། །ཡང་ཡེ་ཤེས་ཀ་དག་པ་ལྟར་ན། ལྷ་དང་རྟོག་པ་ཐ་དད་དུ་ཐལ། སྐུ་དང་ཡེ་ཤེས་ཐོབ་པའི་ཚེ་ན་འཁྲུལ་པ་སྤངས་པའི་ཕྱིར་རོ། །འདོད་ན་འདི་ཉིད་ལས། རྣམ་པར་ཤེས་པའི་རྒྱལ་པོ་དང་། ཞེས་པ་ལ་སོགས་པ་དང་། སྤར་ཁབ་ལས་ཀྱང་། རྡོ་རྗེ་འཛིན་པ་ལ་སོགས་པར་རང་སྣང་བའི་ཕྱིར། ཞེས་པ་ལ་སོགས་པ་གསུངས་པས་གསལ་ལོ། །ལྷུན་གྲུབ་ཏུ་འདོད་པ་ལའང་སྤྱིའི་སྐྱོན་དང་། བྱེ་བྲག་གི་སྐྱོན་གཉིས་ཡོད་དེ། དང་པོ་ནི་འཁྲུལ་གཞི་ཡོད་ན་སྐྱོན་དུ་འགྱུར་བའི་ལུང་རིག་བཞིས་གནོད་ལ། བྱེ་བྲག་གི་སྐྱོན་ནི་ཆོས་ཉིད་ལྷུན་གྲུབ་པ་ལྟར་ན། འཁྲུལ་པ་སྤང་དུ་མི་རུང་བར་ཐལ། གཞི་དང་འཁྲུལ་པ་དབྱེར་མེད་པའི་ཕྱིར་རོ། །འདོད་ན། ལམ་སྦྱངས་པ་དོན་མེད་པར་འགྱུར་རོ། །ཡང་ཆོས་ཅན་ལྷུན་གྲུབ་པ་ལྟར་ན། འབྲས་བུ་སངས་རྒྱས་ཐོབ་ཀྱང་དགོས་པ་མེད་པར་ཐལ། མ་རིག་པའི་རང་བཞིན་ལས་མ་འདས་པའི་ཕྱིར་རོ། །མདོར་ན་གང་ལ་སྐྱོན་ཅན་གཉིས་ལ་ལྷུན་གྲུབ་ཀྱི་གྲུབ་མཐས་གནོད་ལ། ལྷུན་གྲུབ་སྐྱོན་ཅན་གཉིས་ལ་ཀ་དག་གི་གྲུབ་མཐས་གནོད་པའི་ཕྱིར། གྲུབ་མཐའ་བཞི་པོ་དེ་ཐམས་ཅད་ཀྱང་སྐྱོན་ཅན་འབའ་ཞིག་ཡིན་ནོ། །ཀ་དག་སྐྱོན་མེད་དང་། ལྷུན་གྲུབ་སྐྱོན་མེད་གཉིས་ནི་གཞི་འབྲས་ལ་མ་རིག་པ་མི་ལྡན་པའི་ཆ་ནས་ཀ་དག་ཏུ་བཏགས་ལ། གཞི་འབྲས་ཀྱི་མ་རིག་པ་མ་སྤངས་པའི་ཆ་ནས་ལྷུན་གྲུབ་ཏུ་བཏགས་པར་ཟད་ཀྱིས་དོན་ལ་གཞི་འབྲས་གཉིས་ལ། མ་རིག་པ་མ་སྤང་ལ་མི་ལྡན་པར་ལྟ་བ་གོང་མཐུན་ཏེ། དཔེར་རྒྱལ་བུ་དམངས་སུ་འཁྱམས་པའི་སྟོང་ཐུན་བཞིན་ནོ། །འོན་ཀྱང་ལྟ་བ་འདི་ནི་མཆོག་ཡིན་ལ། གཞན་ནི་གཏི་མུག་གོ་སྙམ་དུ་སེམས་ན་ཡང་རང་ལྟ་མཆོག་ཏུ་འཛིན་པའི་ལྟ་བ་ཞེས་བྱ་སྟེ། དྲི་མའི་རང་བཞིན་ལས་མ་འདས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་བྱ་གཤིས་ཀྱི་གནས་ལུགས་རང་བཞིན་བདེན་པ་དབྱེར་མེད་དེ་བློའི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རོ། །རྒྱུ་མཚན་དེས་ན། ཇི་སྲིད་འཇིག་ཚོགས་དང་། ལོག་ལྟ་དང་། མཐར་འཛིན་དང་། ཚུལ་ཁྲིམས་དང་ཏིང་ངེ་འཛིན་མཆོག་ཏུ་འཛིན་པ་དང་། རང་ལྟ་མཆོག་ཏུ་འཛིན་པའི་དྲི་མ་མ་དག་པ་དེ་སྲིད་དུ། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཐོབ་པའི་སྐབས་མེད་དོ། །བླ་མ་གོང་མ་ཕལ་ཆེར་ཀ་དག་གི་གྲུབ་མཐའ་འཛིན་ལ། ལྷ་རྗེ་ཟུར་ཆུང་ཤེས་རབ་གྲགས་པ་ནི་ལྷུན་གྲུབ་ཀྱི་གྲུབ་མཐའ་ལྟར་འཐད་གསུང་ངོ་། །གཞུང་གསུངས་པའི་ཚུལ་ལོ། །དྲང་། ཞེས་དབང་རྫོགས་པ་དྲུག་པ་ཉིད་དང་ཁྱད་པར་མེད་པས་ན། དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་གླེང་ངོ་། །ལེའུའི་མཚན་ནོ། །དྲང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཞེས་པ་འབྲུ་མཐུན་ལ། སྐྱེ་བ་མེད་ལ་ཞེས་པ་ལ་སོགས་པ་ལྔ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་དང་། ཐམས་ཅད་སྐྱེས་ཞེས་པ་ལ་སོགས་པ་ལྔ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་པ་ལ་སོགས་པ་ལྔ་ནི་དབྱེར་མེད་བྱང་ཆུབ་ཀྱི་སེམས་ཏེ་དེ་ཉིད་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་རང་རིག་པའི་ཡེ་ཤེས་སུ་བསྐྱེད་པའམ། ཡང་ན་གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན་ལ། དབྱེར་མེད་བདེ་བ་ཆེན་པོའི་དབང་ཐོབ་པ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེ་དག་ཀྱང་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་རང་རིག་པའི་ཡེ་ཤེས་སུ་བསྐྱེད་པའི་གཅོད་ཅིང་མཚམས་འཛིན་པས་ན་ལེའུ་སྟེ་ཡས་བགྲངས་གཉིས་པའི་དོན་དུ་གདའོ། །འོ་ན་དོན་དམ་པ་དང་། ཀུན་རྫོབ་ཅེས་པ་དེ་གཉིས་ཀྱི་གོ་དོན་རང་གང་ཡིན་སྙམ་ན། སྤར་ཁབ་ལས། རང་གི་ངོ་བོ་ཐམས་ཅད་དུ་མི་ཕྱེད་པ་ནི་དོན་དམ་པ་སྟེ་ཅེས་པས། སྐྱེ་འགག་གནས་དམིགས་འགྲོ་འོང་དང་བྲལ་བའི་ཆོས་ཉིད་ནི་གང་དང་ཡང་མི་ཕྱེད་པས་ན་དོན་དམ་པའོ། །ཀུན་རྫོབ་ཀྱི་རྒྱུ་རྐྱེན་ལ་ལྟོས་པས་སྣང་བ་སྟེ། ཞེས་པས་སྐྱེ་འགག་གནས་དམིགས་འགྲོ་འོང་ལྟར་སྣང་བའི་ཆོས་ཅན་ནི་རྒྱུ་རྐྱེན་ལ་ལྟོས་ཤིང་རག་ལུས་པས་ན་ཀུན་རྫོབ་ཅེས་བྱའོ། །དེའི་ཕྱིར་སྐྱེ་བ་ལ་སོགས་པར་སྣང་བསྡོ་བའི་དུས་ན་སྐྱེ་བ་ལ་སོགས་པ་ཡོད་མ་མྱོང་སྟེ་ཐོ་ཡོར་མིར་སྣང་བ་ལ་སོགས་པ་བཞིན་ནོ། །ཡང་ཐུན་མོང་གླེང་བསླང་མཚན་དུ་མ་འདུས་སོ་ཞེ་ན། ཐུན་མིན་གླེང་བསླང་གི་ཤུགས་ལ་འདུས་སོ་ཞེས་བླ་མ་གོང་མ་རྣམས་གསུང་ངོ་།། ༈ །།ད་ནི་བཀའ་རང་གཉེར་གྱིས་ས་བཅད་ན། ལེའུ་ཉི་ཤུ་རྩ་གཉིས་ཡོད་པ་ལས། འདིར་ལེའུ་གསུམ་པ། སློབ་དཔོན་འགྲེལ་པ་གདམས་ངག་མཁན་གྱིས་ས་བཅད་ན། གླེང་གཞི། གླེང་བསླང་། རྒྱུད་དོན། དགོས་འགྲེལ། གདམས་གཏད་དང་ལྔ་ལས། འདིར་སྟོད་ནས་བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་དང་། སྨད་ནས་རྒྱུད་དོན་སྟོན་པར་བྱེད་པའི་ལེའུ་འདི་ལ། ཆོས་ཚོམས་ཀྱི་དབང་དུ་བློ་རབ་འབྲིང་གསུམ་དང་སྦྱར་ཏེ་བཤད་ན། བློ་རབ་ཀྱི་ཆོས་ཚོགས་གཞི་ལམ་འབྲས་བུ་གསུམ་ལས། གསུམ་ཀ་སྟོན། ཐབས་ལམ་དང་། གྲོལ་ལམ་གཉིས་ལས། སྤར་ཁབ་ཀྱི་ཐུབ་པ་དྲུག་ལ། ཐབས་ལམ་ཟུར་ཙམ་བཤད་མོས་ཀྱིས་ལྟ་བ་གྲོལ་ལམ་སྟོན། མཚན་ཉིད་གསུམ་ལས་རྒྱུ་ཤེས་པའི་མཚན་ཉིད་དང་། འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་སྟོན། སྣང་བ་བཞི་ལས་བཞི་ཀ་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་གཙོ་ཆེ། བསྡུ་བའི་སྐབས་ནས་ཅིག་ཅར་བ་ཟུར་ཙམ་སྟོན། བློ་འབྲིང་གི་ཆོས་ཚོམས་གླེང་གཞི་གླེང་བསླང་རྒྱུད་དོན་དགོས་འབྲེལ་གདམས་གཏད་དང་ལྔ་ལས། ལེའུའི་སྟོད་ཀྱི་ཐུབ་དྲུག་གི་གླེང་གཞི་སྟོན། སྨད་ཀྱི་རྒྱུད་དོན་སྟོན། རྒྱུད་དོན་ལ་ཡོངས་སུ་ཤེས་པར་བྱེད་པའི་དངོས་པོ་བཅུ་ཡོད་པ་ལས་ལྟ་བ་སྟོན། བཅུ་པོ་ཡང་བརྒྱའི་བདག་ཉིད་དུ་བྱས་ན་ལྟ་བའི་ཞོར་ལ་ཐུབ་པ་དྲུག་གིས་གཞན་དོན་མཛད་པའི་སྤྱོད་པ་སྟོན། དཀྱིལ་འཁོར་དང་ཕྲིན་ལས་ཟུར་ཙམ་སྟོན། བློ་ཐ་མའི་ཆོས་ཚོམས་ལ་བཤད་ཐབས་འདྲེན་པའི་ཚིག་བཅུ་ཡོད་པ་ལས་རང་བཞིན་ལྟ་བ་སྟོན། སྤྱི་དོན་སྡུད་པ་སྟོན། བསྣོལ་མཚམས་འཕེན་སྡུད་སྟོན། གཞན་ཡང་སྤྱི་འཕྲོ་གསུམ་གྱིས་སྟོན་ཏེ། རྣམ་པར་དབྱེ་བ། འབྲེལ་མཚམས་སྦྱོར་བ། རང་རྐྱེན་གཉེར་རྣམས་སྟོན་ནོ། །དེ་ལྟར་སྟོན་པའི་ལེའུ་གསུམ་པ་འདི་ལ་འཆད་མཁན་རིག་པའི་སྒྲོས་ཀྱིས་ས་བཅད་ན་ལེའུའི་གཞུང་དང་མཚན་ནོ། །དང་པོ་ལ་གཉིས། རྒྱས་པར་བཤད་པ་དང་། བསྡུས་ཏེ་བསྟན་པའོ། །རྒྱས་པ་ལ་སྤྱི་དོན་གཉིས། བསྟན་པ་བྱུང་བ་སྤྱིའི་གླེང་གཞི་དང་། ཡོངས་སུ་ཤེས་པར་བྱ་བའི་ལྟ་བའོ། །སྤྱི་དོན་དང་པོ་ལ་གཉིས་ཏེ། བགྲང་། གླེང་གཞིའི་རྒྱུ། དྲང་། འདིར་སྔགས་ཀྱི་ལུགས་ཀྱི། རྒྱུ་གླེང་གཞི། རྐྱེན་གླེང་བསླང་། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་རྒྱུད་ཀྱི་དོན་བྱ་བ་ཡིན་ནམ་མ་ཡིན། ཡིན་ན་དེ་ནས་ཞེས་བྱ་བ་ལ་འབྲེལ་ཇི་ལྟར་སྦྱོར་ཞེ་ན། འགྲེལ་པ་སྤར་ཁབ་ལས། རྒྱུད་དུམ་བུར་གྱུར་ཀྱང་རིམ་པ་མ་ནོར་བ་ཁོ་ནའི་ཕྱིར་དེ་ནས་ཞེས་བྱའོ། །ཞེས་གསུངས་པས། ཐུན་མོང་མ་ཡིན་པའི་གླེང་གཞི་དང་། ཐུན་མོང་བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་གཉིས། བར་གླེང་བསླང་གིས་ཆོད་པས་རྒྱུད་དུམ་བུར་གྱུར་ཀྱང་རིམ་པ་མ་ནོར་བ་ནི་ལྷན་ཅིག་པའི་འཁོར་ལ་ཟབ་མོའི་དབང་གསུམ་བསྐུར་ནས། རྟོགས་ཚོགས་བཞི་བཅུ་རྩ་གཉིས་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་མངོན་དུ་བྱས་པས་རྡོ་རྗེ་འཆང་གི་གྲལ་དུ་འཁོད་ཅིང་། སྟོན་འཁོར་དགོངས་པ་ཁྱད་མེད་པར་གྱུར་བས་རྒྱུད་ཞུ་བའི་སྤོབས་པ་དང་ལྡན་ཏེ། གོ་ཕྱེ་བའི་འཁོར་གསང་བ་བཞིས་ཆོད་པ་རྣམས་ཀྱི་དོན་དུའང་བཤད་དུ་གསོལ་ཞེས་ཞུས་པས། འདི་ཉིད་ཉན་པའི་སྐལ་བ་དང་ལྡན་པ་རྣམས་ལ་དགྱེས་པའི་ཚུལ་དྲུག་གིས་དངོས་སུ་གསུངས་ལ། སྐལ་བ་དང་མི་ལྡན་པ་རྣམས་ལ་ལམ་སྟེགས་ཀྱི་བསྟན་པ་སྟོན་པའི་སྟོན་པ་ཐུབ་པ་དྲུག་སྤྲོས་ནས་གསུང་བར་ཞལ་གྱིས་བཞེས་པ་ལ། དེང་སྤྲོ་བ་དངོས་སྟོན་པས་ན་ནས་ཞེས་འགྲེལ་སྦྱར་རོ། །འདི་ལ་ཁ་ཅིག་ན་རེ། དེ་ལྟར་ན་གླེང་གཞིའི་རྒྱུ་གླེང་བསླང་ཡིན་པར་འགྱུར་རོ་ཞེ་ན། རྒྱུད་འདི་ཉིད་ཀྱི་དབང་དུ་རྒྱུ་གླེང་གཞི་ཚོགས་ནས། རྐྱེན་གླེང་བསླང་བ་ཡིན་ཡང་། དེ་ཉིད་ཐུན་མོང་གི་བསྟན་པ་འབྱུང་བའི་གླེང་གཞིའི་རྒྱུ་རུ་སོང་བ་ལ་སྐྱོན་ལྟ་ག་ལ་ཡོད་དེ། དེའི་རྒྱུ་མཚན་ནམ་གནད་ཀ་ནི་རྒྱུད་འདི་ཉིད་གསུང་པའི་བྱིན་རླབས་ལས་བསྟན་པ་མཐའ་དག་བྱུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་དྲུག་པ་སྤྱིའི་གཟུགས་ཅན་རིགས་ཐམས་ཅད་ཀྱི་བདག་པོའི་ཐུགས་སྤྲོས་བྲལ་གྱི་ཡེ་ཤེས་ལས། ཐུགས་རྗེ་དངོས་པོ་རིལ་ལ་ཁྱབ་པའི་བརྩེ་བ་ཆེན་པོ་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པའི་བྱིན་གྱིས་བརླབས་གདུལ་བྱ་ལ་ཅིར་ཡང་མི་འགག་པ་ཞེས་བྱ་བའི་རིགས་པ་སྐྱེས་བུ་སྟེ། དེ་ཡང་སྤར་ཁབ་ལས། རིག་པའི་གནས་བཅོ་བརྒྱད་དམ། སྐུ་གསུང་ཐུགས་ལས་ཀྱང་མི་འདོད་པ་མ་ཡིན་ནོ་ཞེས་གསུངས་སོ། །རིག་པའི་གནས་བཅོ་བརྒྱད་ནི། རོལ་མོ། འཁྲིགས་ཐབས། འཚོ་ཆིས། གྲངས། སྒྲ། བསོ་དཔྱད། ཆོས་ལུགས། བཟོ། འཕང་དཔྱད། གཏན་ཚིགས། རྣལ་འབྱོར། ཐོས་པ། དྲན་པ། སྐར་མའི་དཔྱད། རྩིས། མིག་འཕྲུལ། སྔོན་གྱི་རབས། སྔོན་བྱུང་བ་རིག་པའོ། །ཞེས་དཀའ་སྤྱད་དང་པོ་བིག་པཱ་ཏ་ཆེན་མོ་ནས་བཤད་དོ། །ཐུབ་པ་ཞེས་པ་ནི་སྐུ་ཐུབ་སྟེ་སྟག་དང་སྤྲེའུ་ལྟར་མི་མཛད། གསུང་ཐུབ་སྟེ་ཅ་ཅོ་དང་ག་ཞ་མི་སྨྲ། ཐུགས་ཐུབ་སྟེ་མཉམ་པར་མ་བཞག་པ་མི་མངའ་བའོ། །གདུལ་བྱ་འགྲོ་བ་རིགས་དྲུག་ཏུ་གྲངས་ངེས་པའི་ཕྱིར་སྟོན་པ་ཡང་ཐུབ་པ་དྲུག་ཏུ་བྱུང་སྟེ། གང་ལས་ན་དེ་བཞིན་གཤེགས་པ་དྲུག་པའི་སྐུ་དང་གསུང་དང་ཐུགས་ཐབས་ཡབ་དང་། ཤེས་རབ་ཡུམ་གཉིས་སུ་མེད་པ་ཐིག་ལེ་བྱང་ཆུབ་ཀྱི་སེམས་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་བྱུང་ཞིང་འཐོན་པའི་ཚུལ་ནི། ཟླ་བ་དང་ཉི་མ་ལས་མ་གཡོས་བཞིན་ཆུ་སྐྱོགས་ཐ་དད་ནི་ནང་དུ་གཟུགས་བརྙན་སྣང་བ་ལྟར་འགྲོ་བ་རིགས་དྲུག་གི་གནས་སོ་སོར་སྣང་བར་གྱུར་ཏོ། །གླེང་གཞི་རང་གི་ངོ་བོའོ། །དེ་ལ་གཉིས་ཏེ། བགྲང་། གླེང་གཞི་སྤྱིར་བསྟན་པ། དྲང་། དེ་ལྟར་ཐུབ་པ་དྲུག་འཐོན་ནས་ཀྱང་གདུལ་བྱའི་ལས་ཀྱི་རྟོག་པ་མི་མཐུན་པའི་དབང་གིས་ཕྱོགས་སམ་ལོགས་ཏེ་སྣྲེལ་གཞི་དང་སྟེང་འོག་གཉིས་ཏེ་ཡན་མན་གྱི་སྣོད་འཇིག་པ་ལ་བཅུད་འཇིག་པ་རྟེན་པ། ཆགས་ལུགས་སམ་ལྗིད་འདོར་ལུགས་མི་འདྲ་བ་དྲུག་གི་རང་བཞིན་ཅན་གྱིས་ཕྱོགས་བཅུ་མཐའ་ཡས་པར་ཀུན་ཏུ་ཁྱབ་པ་ནི་མུ་མེད་པ་ཞེས་བྱ་སྟེ་ཆོས་སྐུའི་ཞིང་ཁམས་སོ། །དེའི་ཁོངས་སུ་འོག་ནས་འཆད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་གཅིག་གྲངས་ཀྱི་གཞི་རུ་བྱས་ནས་གཅིག་ནས་གཉིས་སུ་བགྲངས་པའི་སྟོང་རྒྱུ་བཀོད་དང་པོ། དེ་གྲངས་ཀྱིས་གཞི་རུ་བྱས་ནས་གཅིག་ནས་གཉིས་སུ་བགྲངས་པའི་སྟོང་ལ་སྟོང་རྒྱུ་བཀོད་གཉིས་པ། དེའང་གྲངས་ཀྱི་གཞི་མ་གཅིག་ཏུ་བྱས་པའི་གཅིག་ནས་གཉིས་སུ་བགྲངས་པའི་སྟོང་ལ་སྟོང་མཚམས་སྦྱོར་ཡོངས་སུ་འདས་པ་ཞེས་བྱ་སྟེ། ལོངས་སྐུ་ཉག་གཅིག་གི་ཞིང་ཁམས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོ་ནི། མངོན་པ་མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷར་བཅས། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་པས་གླིང་བཞི་ཉི་ཟླ་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱ་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་བྱ་སྟེ། སྤྲུལ་སྐུ་ཉག་གཅིག་གི་ཞིང་ཁམས་སོ། །དེ་ནི་གནས་ཕུན་སུམ་ཚོགས་པའོ། །འོ་ན་འདི་ན་སྤྲུལ་སྐུའི་གླེང་གཞི་གནས་འཆད་པ་ལ། ཆོས་སྐུ་དང་ལོངས་སྐུའི་གླེང་གཞི་སྨོས་པས་སྐབས་འཆོལ་བའི་སྐྱོན་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། མ་ག་དྷ་རྡོ་རྗེའི་གདན་དམིགས་ཀྱིས་བཀར་ནས་མཚོན་པ་ལ། འཛམ་བུ་གླིང་གི་དབུས། རྒྱ་གར་གྱི་ཡུལ་མ་ག་དྷ་རྡོ་རྗེའི་གདན་ཞེས་སྨོས་པ་བཞིན་ནོ། །སྤྲུལ་སྐུའི་ཞིང་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར་སྤྲུལ་སྐུ་ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེར་སྣང་ནས་དོན་མཛད་པ་ནི་སྟོན་པ་ཕུན་སུམ་ཚོགས་པའོ། །སྐུ་དང་ཐུགས་དང་བསམ་གྱིས་མི་ཁྱབ་པ་དང་གསུམ་གྱི་མཛད་པའི་འདུལ་བ་རྣམ་པ་བཞིས་གདུལ་བ་ནི་བསྟན་པ་ཕུན་སུམ་ཚོགས་པའོ། །འགྲོ་བ་རིགས་དྲུག་ལ་ལྷ་མ་ཡིན་སྟོད་རིགས་ལྷ་དང་། སྨད་རིགས་བྱོལ་སོང་དུ་བསྡུས་པས་འགྲོ་བ་ལྔའི་སེམས་ཅན་རྣམས་ནི་འཁོར་ཕུན་སུམ་ཚོགས་པའོ། །དེ་ལྟར་གནས་དང་སྟོན་པ་བསྟན་པ་འཁོར་རྣམས་འཛོམ་པའི་དུས་སུ་དོན་མཛད་པ་ནི་དུས་ཕུན་སུམ་ཚོགས་པའོ། །གླེང་གཞི་བྱེ་བྲག་ཏུ་བསྟན་པའོ། །དེ་ལ་བཞི་སྟེ། བགྲང་། སྐུའི་མཛད་པ། དྲང་། དེ་ཡང་འདིར་བལྟམས་པ་ལ་སོགས་པའི་མཛད་པ་བརྒྱད་དཀྱུས་ནས་སྟོན་ལ། འོག་ནས་ལ་སོགས་པ་སྟོན་པའི་ཐུབ་པས་ཞེས་པས་སོགས་ཁོངས་ནས། དགའ་ལྡན་ནས་བབས་པ་ལ་སོགས་པ་བཞི་སྟེ། མཛད་པ་བཅུ་གཉིས་ཀྱི་སྒོ་ནས་དོན་མཛད་པ་ནི་ཐེག་པ་ཐུན་མོང་བ་རྣམས་ཀྱི་སྣང་བ་ཡིན་ཏེ། དེ་ཡང་ཐེག་པ་ཆུང་ངུ་བ་རྣམས་ཀྱི་སྣང་ངོ་ལ་རྒྱལ་བུ་དོན་གྲུབ་ཏུ་སྐྱེ་བ་བཞེས་པའི་དུས་ན་སོགས་སོའི་སྐྱེ་བོ་འཆིང་བ་མཐའ་དག་གིས་བཅིངས་པ་ཅིག་ཡིན་པ་ལ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་བཞི་གཟིགས་པའི་རྐྱེན་གྱིས་ངེས་པར་འབྱུང་བའི་དད་པ་སྐྱེས་ནས། རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་བོར་ཞིང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ལོ་དྲུག་དཀའ་བ་སྤྱད་ནས་ཉན་ཐོས་རྣམས་ཀྱི་ངོ་ལ་དགྲ་བཅོམ་པའི་འབྲས་བུ་དང་། རང་སངས་རྒྱས་ཀྱི་ངོ་ལ་ཡིད་བཞིན་བདེ་བ་མཆོག་གི་འབྲས་བུ་བསེ་རུའམ་ནེ་ཙོ་ལྟ་བུ་ཐོབ་པར་སྣང་ངོ་། །སྔགས་ཕྱི་རྒྱུད་པ་རྣམས་ཀྱི་སྣང་ངོར་ལྷའི་བུ་དམ་པ་ཏོག་དཀར་པོ་དེ་བྱང་ཆུབ་སེམས་དཔའ་ས་མཐར་ཕྱིན་པ་སྲིད་པ་ཐ་མ་བ་སྐྱེ་བ་གཅིག་གིས་ཐོགས་པ་ཅན་ཞིག་ཡིན་ལ། དེ་མིའི་བུ་རྒྱལ་བུ་དོན་གྲུབ་ཏུ་སྐྱེ་བ་བཞེས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་ཆུ་བོ་ནཻ་རཉྫ་ནའི་འགྲམ་ན་དཀའ་ཐུབ་མཛད་ཅིང་བྱང་ཆུབ་སྙིང་པོར་བཞུགས་པ་ལ། སངས་རྒྱས་རྣམས་ཀྱིས་བསྐུལ་བས་མི་གཡོ་བའི་ཏིང་ངེ་འཛིན་ལས་བཞེངས་ནས་རྣམ་སྨིན་གྱི་ལུས་ནཻ་རཉྫ་ནའི་འགྲམ་དུ་བཞག་ནས། ཡིད་ཀྱི་ལུས་འོག་མིན་གྱི་གནས་སུ་ཕྱིན་ཏེ་དོན་དམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ལ་སངས་རྒྱས་རྣམས་ཀྱིས་དབང་བསྐུར་ནས། དཔལ་ཀུན་རིག་རྣམ་པར་སྣང་མཛད་དུ་མངོན་པར་རྫོགས་པར་སངས་རྒྱས། དེ་ནས་སུམ་ཅུ་རྩ་གསུམ་གྱི་གནས་སུ་བབས་ནས་ལྷ་ཡུལ་གྱི་གདུལ་བྱ་རྣམས་སྨིན་པར་མཛད། དེ་ནས་མི་ཡུལ་གྱི་གདུལ་བྱ་རྣམས་འདུལ་བའི་དོན་དུ་སླར་དཀའ་ཐུབ་ཀྱི་ཁོང་པར་ཞུགས་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་སངས་རྒྱས་པ་ལ་སོགས་པའི་ཚུལ་བསྟན་པར་སྣང་ངོ་། །དེ་ཡང་འདི་ཉིད་ཀྱི་ལེའུ་དྲུག་པ་ལས། ཉན་ཐོས་རྣམས་ལ་དགྲ་བཅོམ་གཟུགས། །རང་རྒྱལ་རྣམས་ལ་བསེ་རུའི་ཚུལ། །གཞན་ཡང་ཐེག་མཆོག་རིམ་པ་བཞིན། །འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །ཞེས་པས་མངོན་ནོ། །དེ་ལྟར་ཡིན་ཡང་མཐུན་སྣང་དུ་གྲགས་པ་བྱང་ཆུབ་སེམས་དཔའི་ཐེག་པ་ལྟར་བཤད་ན། བཅོམ་ལྡན་འདས་ཐུབ་པའི་དབང་པོ་འདི་ཤེས་རབ་དང་སྙིང་རྗེའི་ས་བོན་ཕུན་སུམ་ཚོགས་པའི་མཐུས་བསོད་ནམས་ཆ་མཐུན་གྱི་དགེ་བའི་རྩ་བ་རྒྱ་ཆེན་པོ་དུ་མ་བསགས་པ་ཅིག་ཡིན་པ་ལ་རེ་ཞིག་ན་ལས་འགའ་ཞིག་གིས་སེམས་ཅན་དམྱལ་བའི་གནས་སུ་ལྕགས་བསྲེགས་ཀྱི་ས་གཞིའི་སྟེང་ན་ཤིང་རྟ་འདྲེན་པའི་གྱད་ཞིག་ཏུ་སྐྱེས་པར་གྱུར་པ་ལས། དེ་སྡུག་བསྔལ་གྱི་ཚོར་བས་བདག་གི་ལུས་ལ་གནོད་པར་གྱུར་པས་རང་གི་སྡུག་བསྔལ་ལ་དཔགས་ནས། ཤིང་རྟ་ཆེན་པོ་འདྲེན་པའི་གྲོགས་བྱེད་པའི་གྱད་གཅིག་ལ་མཉམ་པ་མེད་པའི་སྙིང་རྗེ་སྐྱེས་ནས་གཤིན་རྗེའི་སྐྱེས་བུ་ལའ་དིའི་ཁུར་བདག་གིས་འཁུར་བའི་ཅི་གནང་ཞེས་ཞུས་པས། དེ་རབ་ཏུ་ཁྲོས་ནས་རང་གི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པ་ལ་ཁྱོད་ཀྱིས་ཅི་བྱར་ཡོད་ཅེས་ཟེར་ནས་མགོ་ལ་ལྕགས་ཀྱི་ཐུ་ལུམ་གྱིས་བསྣུན་ཏོ། །དེ་དེ་ཉིད་དུ་ཤི་ནས་ལྷར་སྐྱེས་སོ། །དེར་ལོ་མང་པོ་ལྷའི་བདེ་བ་ཉམས་སུ་མྱོང་ཞིང་ཤི་འཕོས་ནས་མིའི་ནང་དུ་རྫ་མཁན་སྤད་པ་འོད་ཀྱི་བུ་ཁྱེའུ་སྣང་བྱེད་ཅེས་བྱ་བར་གྱུར་ཏོ། །དེའི་ཚེ་སངས་རྒྱས་ཐུབ་པ་ཆེན་པོ་ལ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དེ་ནས་བརྩམས་ནས་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་གྱི་བར་དུ་ཚོགས་བསགས་སྒྲིབ་པ་སྦྱངས་ནས། ས་བཅུ་པའི་བྱང་ཆུབ་སེམས་དཔའ་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་སྐྱེ་བ་བཞེས་ནས། དགའ་ལྡན་གྱི་གནས་ན་ལྷ་རྣམས་ཀྱི་སྟོན་པ་མཛད་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས། བསོད་ནམས་རྒྱ་ཆེན་ཚོགས་མང་དྲན་རྟོགས་ཤིང་། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པའི། །མཚུངས་མེད་སྟོབས་མངའ་སྒྱུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱི་ལུང་བསྟན་དགོངས་པར་མཛོད། །ཅེས་བསྐུལ་བས། བྱང་ཆུབ་སེམས་དཔའི་དགོངས་པ་ལ་བདག་གི་བྱ་བ་འདི་ཙམ་དུ་མ་ཟད་དེ། ཐམས་ཅད་མཁྱེན་པར་སངས་རྒྱས་ནས་སེམས་ཅན་གྱི་དོན་མཛད་པར་སྨོན་ལམ་བཏབ་པ་དྲན་ནས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་འགྲོ་བའི་དོན་མཛད་པར་དགོངས་ཏེ། མི་ཕམ་མགོན་པོ་ལ་དབུ་རྒྱན་བསྐོན་ནས་རྒྱལ་ཚབ་ཏུ་དབང་བསྐུར་ཞིང་། འཛམ་བུའི་གླིང་དུ་རྒྱ་ཆེ་རོལ་པ་ལྟར་གཟིགས་པ་བཞི་རུ་བཤད་ཀྱང་མདོ་སྡེ་མངོན་པར་འབྱུང་བ་དང་། འདུལ་བ་ལུང་ནས་གཟིགས་པ་རྣམ་པ་ལྔར་བཤད་པ་བཞིན། གླིང་བཞི་ལས་འཛམ་བུའི་གླིང་ལ་གཟིགས། ཡབ་ཟས་གཙང་མ། ཡུམ་སྒྱུ་མ་ལྷ་མཛེས། གནས་བཱ་ར་ཎཱ་སཱི། རིགས་ཤཱཀྱའི་རིགས་ལ་གཟིགས་ཏེ། གླང་པོ་ཆེ་ཐལ་ཀར་མཆེ་བ་དྲུག་པ་ཞིག་ཏུ་སྤྲུལ་ནས་ཡུམ་སྒྱུ་མ་ལྷ་མཛེས་གསོ་སྦྱོང་ལ་གནས་པའི་ལྷུམས་སུ་ཞུགས་ནས། ཡུམ་གྱི་ལྷུམས་རྒྱལ་སྲས་ཀྱི་ཉེ་བར་སྤྱད་པ་རིན་པོ་ཆེ་བཀོད་པ་ཞེས་བྱ་བར་བྱིན་གྱིས་བརླབས་ནས་ཟླ་བ་དགུ་ངོ་བཅུ་རུ་ཟག་མེད་ཀྱི་བདེ་བ་ལ་ལོངས་སྤྱོད་དོ། །དེའི་ཚེ་དཔལ་ལྷ་ལས་བབས་པའི་མཆོད་རྟེན་རང་བྱུང་དུ་བྱོན་ནོ། །གཉིས་པ་བལྟམས་པ་དང་ཞེས་པ་ནི། ཤིང་ཕོ་བྱི་བའི་ལོའི་དབྱར་ཟླ་བའི་ཉའི་ནང་པར་སྐྱ་རེངས་ཤར་ཙམ་ན་ལུམྦིའི་ཚལ་དུ་བླག་ཤའི་ཤིང་ལ་སྐུ་བརྟེན་ནས་བཤད་པའི་གནས་སྤངས་པའི་ཕྱིར་རྩིབ་མའི་གོ་བར་གཡས་པ་ན་བཟའ་དང་བཅས་པར་བྱོན་ནོ། །ཕྱོགས་བཞིར་གོམ་པར་བདུན་བདུན་པོར་ཞིང་དམ་བཅའ་རེ་མཛད་པའི་རྗེས་ལ་ཡུམ་བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་པའི་རྟགས་སུ་ཞབས་རྗེས་ལ་པདྨ་བདུན་བདུན་སྐྱེས་སོ། །དེའི་དུས་སུ་དཔལ་པདྨ་སྤུངས་པའི་མཆོད་རྟེན་རང་བྱུང་དུ་བྱོན་ནོ། །ཚངས་པ་དང་། བརྒྱ་བྱིན་གྱིས་སྐུ་ཕྱིས། ཀླུའི་རྒྱལ་པོ་འཇོག་པོས་སྐུ་ཁྲུས་གསོལ་ན། བྲམ་ཟེ་མཚན་མཁན་ལ་མཚན་བརྟགས་པས་བྲམ་ཟེ་བརྒྱལ་བར་གྱུར་ནས། དེ་སངས་པ་དང་འཁོར་བའི་ཁ་ལོ་ཆོས་ལ་སྒྱུར་བའི་སྟོན་པ་གཅིག་འོང་སྟེ། སྟོན་པ་འབྱོན་ཁར་བྲམ་ཟེ་རྒས་ཞེས་སྨྲེ་སྔགས་འདོན་ནོ། །དེ་ནས་ཞག་བདུན་ནས་མ་འདས་པར་གྱུར་ནས་བྱང་ཆུབ་སེམས་དཔའི་རིམ་གྲོ་བ། པང་ན་འཚོ་བ་དང་། ནུ་མ་བསྣུན་པ་དང་། རྩེད་གྲོགས་བྱེད་པ་དང་། དྲི་མ་འཕྱི་བའི་མ་མ་བརྒྱད་བརྒྱད་དེ་སུམ་ཅུ་སོ་གཉིས་ཀྱིས་བསྲེལ་བས་སྐུ་ཆེར་བརྟས་པར་གྱུར་ཏོ། །གཞོན་ནུ་རོལ་རྩེད་མཛད་པ་དང་། ཁབ་དང་རྒྱལ་སྲིད་བཞེས་པའི་མཛད་པ་གཉིས་ནི་ཐུན་མོང་དུ་འཆད་དེ། རོལ་རྩེད་ཀུན་གྱི་ཐོག་མར་ཡིག་དཔོན་ཀུན་གྱི་བཤེས་གཉེན་ལ་ཡི་གེ་སློབ་པའི་ཕྱིར་ཁྱེའུ་དང་བུ་མོ་སྟོང་ཕྲག་བཅུ་བཅུའི་འཁོར་དང་བཅས་ཏེ་ཕྱིན་པ་ལས། རྒྱལ་བུས་ཡིག་དཔོན་ལ་དྲིས་པ། ཚངས་པའི་ཡི་གེའམ་ཁ་རོ་ཏིའི་ཡི་གེ་ཞེས་སོགས་ཡིག་རིགས་ཡི་གེའི་གནས་དྲུག་ཅུ་རྩ་བཞི་གང་ལ་བསླབ་ཅེས་དྲིས་པས། སློབ་དཔོན་ཀུན་གྱི་བཤེས་གཉེན་ངོ་མཚར་དུ་གྱུར་ནས་བཞིན་གྱི་མདངས་ཕྱུང་ནས། སེམས་ཅན་དག་པ་ངོ་མཚར་ཆེ། །བསྟན་བཅོས་ཀུན་ལ་བསླབས་གྱུར་ཀྱང་། །འཇིག་རྟེན་འཇིག་རྟེན་རེས་བསྙེག་ཕྱིར། །ཡི་གེའི་གྲལ་ནི་བྱོན་པར་གྱུར། །ཞེས་པ་ལ་སོགས་པ་སྨྲས་པས། དེའི་རྐྱེན་གྱིས་བྱིས་པ་སུམ་ཁྲི་ཉིས་སྟོང་བྱང་ཆུབ་དུ་སྨིན་པར་བྱས་སོ། །དེ་ནས་ཞིང་ལས་ཀྱི་མཐའི་སྐྱེད་མོས་ཚལ་དུ་ཤིང་འཛམ་བུའི་གྲིབ་མ་ལ་བསམ་གཏན་གཞི་ལ་མཉམ་པར་བཞག་པས་ཕྱི་རོལ་པའི་དྲང་སྲོང་རྫུ་འཕྲུལ་ཅན་མངོན་པར་ཤེས་པ་དང་ལྡན་པ་ལྔའི་རྫུ་འཕྲུལ་འབྱིན་པར་མ་ནུས་ནས། བྱང་ཆུབ་སེམས་དཔའ་ལ་ཚིགས་སུ་བཅད་པ་དུ་མས་ཀྱང་བསྟོད་དོ། །དེའི་ཚེ་ཤིང་གཞན་གྱི་གྲིབ་མ་ཡོལ་ཡང་ཤིང་འཛམ་བུའི་གྲིབ་མ་མ་ཡོལ་བ་ལ་སྐྱེ་བོ་ཐམས་ཅད་ཡ་མཚན་དུ་གྱུར་པ་ན་ཤཱཀྱ་རྒན་རབས་པ་རྣམ་ཀྱིས་རྒྱལ་པོ་ལ་གསོལ་པ། གཞོན་ནུ་འདི་ནི་རབ་ཏུ་བྱུང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ལ། ཁྱིམ་ནས་མ་བྱུང་ན་ནི་མཐའ་བཞི་ལས་རྣམ་པར་རྒྱལ་བ་འཁོར་ལོ་སྒྱུར་བའི་རྒྱལ་པོར་འགྱུར་བས། དེའི་སླད་དུ་བཙུན་མོ་བླང་བར་བགྱིའོ་ཞེས་བསྐུལ་ནས། ཡབ་རྒྱལ་པོས་རྒྱལ་བུ་ལ་ཁབ་བཞེས་པར་ཞུ་བ་ཕུལ་བས། བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། འདོད་པའི་སྐྱོན་ནི་བདག་གིས་མཐའ་ཡས་རིགས། །འཐབ་མོ་མཁོན་བཅས་མྱ་ངན་སྡུག་བསྔལ་རྩ། །འཛིན་བྱེད་དུག་གི་ལོ་མ་འདྲ་བ་སྟེ། །མེ་དང་འདྲ་ཞིང་རལ་གྲིའི་སོ་དང་འདྲ། །འདོད་པའི་ཡོན་ཏན་བདག་འདོད་མ་ཡིན་ཏེ། །བདག་གི་བུད་མེད་ཚོགས་དང་མཛེས་མ་ཡིན། །བསམ་གཏན་ཏིང་འཛིན་དེ་བས་ཞི་སེམས་སུ། །བདག་ནི་མི་སྨྲ་ནགས་ཚལ་གནས་པར་བྱ། །སྙམ་དུ་ཐུགས་ཀྱིས་དགོངས་ཀྱང་སྔོན་གྱི་སངས་རྒྱས་རྣམས་ཀྱིས་བཙུན་མོའི་ཚོགས་སྤངས་ནས། རབ་ཏུ་བྱུང་བའི་རྣམ་པར་ཐར་པ་ལ་བསླབ་པའི་ཕྱིར་ཁབ་བཞེས་པར་དགོངས་ནས། ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འདམ་དང་ལྗན་ལྗིན་ཁྲོད་ནས་པད་མ་རྣམ་པར་འཕེལ། །མི་རྣམས་གང་བའི་གནས་ནས་རྒྱལ་པོས་མཆོད་པ་འཐོབ། །གང་ཚེ་བྱང་ཆུབ་སེམས་དཔའ་འཁོར་མཆོག་ཐོབ་གྱུར་ལ། །དེ་ཚེ་སེམས་ཅན་བྱེ་བ་ཁྲག་ཁྲིག་འཆིང་བྱེད་འདུལ། །སྔོན་གྱི་བྱང་ཆུབ་སེམས་དཔའ་མཁས་མང་གང་བྱུང་བ། །དེ་དག་ཀུན་གྱིས་བཙུན་མོ་སྲས་དང་སླས་ཀྱང་བསྟེན། །འོན་ཀྱང་འདོད་པས་ཆགས་མེད་བསམ་གཏན་བདེ་མ་ཉམས། །བདག་ཀྱང་དེ་དག་ཡོན་ཏན་རྗེས་སུ་བསླབ་པར་བྱ། །གང་ལ་སྤྱོད་ལམ་ཡོན་ཏན་བདེན་བའི་ཚིག་མེད་པ། །བུད་མེད་ཕལ་པ་གང་ཡང་བདག་གི་ཚུལ་མཐུན་མིན། །གང་ཞིག་བདག་གི་སེམས་ནི་མངོན་པར་དགའ་བྱེད་ཅིང་། །བག་ཡོད་གཟུགས་དང་ན་ཚོད་རུས་རིགས་དག་པ་འོས། །དེས་ན་ཡོན་ཏན་ཚིགས་སུ་བཅད་དེ་ཡི་གེར་བྲི། །འདི་འདྲའི་བུ་མོ་མཆིས་ན་བདག་ལ་བཀའ་སྩོལ་ཅིག །སྐྱེས་བོ་ཕལ་པ་མ་བསྡམས་བདག་ལ་མཁོ་མ་ལགས། །ཡོན་ཏན་བརྗོད་པའི་འདི་ལྡན་མཆིས་ན་བདག་སྩོལ་ཅིག །དར་ཅིང་གཟུགས་བཟང་ལྡན་ཡང་གཟུགས་ཀྱི་དྲེགས་དང་བྲལ། །ཕུ་ནུ་མ་ལ་བྱམས་ལྟར་བྱམས་པའི་སེམས་ལྡན་ཞིང་། །གཏོང་ལ་དགའ་སྟེ་དགེ་སྦྱོང་བྲམ་ཟེའི་སྦྱིན་ཚུལ་ཅན། །དེ་འདྲའི་བུ་མོ་མཆིས་ན་ཡབ་ཀྱིས་བདག་སྩོལ་ཅིག །གང་ལ་ང་རྒྱལ་ཁེངས་དང་ཞེ་སྡང་མ་མཆིས་ཤིང་། །གཡོ་དང་ཕྲག་དོག་སྒྱུ་སྤངས་དྲང་བའི་ངང་ཚུལ་ཅན། །རྨི་ལམ་ན་ཡང་སྐྱེས་པ་གཞན་ལ་ཆགས་དང་བྲལ། །བདག་གི་ཁྱོས་ནི་ཆོག་འཚལ་རྟག་སྡོམ་བག་མཆིས་ལ། །རྒྱགས་པ་མ་མཆིས་མི་གཡེམ་ཟུང་ཐུབ་ཚུལ་འཆང་ཞིང་། །ང་རྒྱལ་མ་མཆིས་འགྱིང་དང་བྲལ་བས་བྲན་མོ་བཞིན། །སྒྲ་དྲི་རོ་ལ་མ་ཆགས་ཆང་ལའང་མ་ཆགས་ཏེ། །འདོད་བྲལ་བརྣབ་སེམས་མ་མཆིས་རང་གི་ནོར་གྱིས་འཚལ། །བདེན་ལ་གནས་ཤིང་མི་འཕྱར་གཡེམ་པ་མ་ལགས་པ། །ངོ་ཚའི་གོས་འཚལ་རྒོད་དང་ཁེངས་པ་མ་མཆིས་གནས། །ལྷ་དང་བཀྲ་ཤིས་མ་ཆགས་རྟག་ཏུ་ཆོས་ལ་བརྩོན། །ལུས་དང་ངག་དང་ཡིད་ཀྱི་དངོས་པོ་རབ་དག་པ། །གཉིད་དང་རྨུགས་པ་མི་མངའ་ང་རྒྱལ་གླེན་བྲལ་ཞིང་། །རྟོག་དང་ལྡན་ལ་ལེགས་པའི་ལས་རྣམས་རྟག་སྤྱོད་དེ། །གྱོས་སྒྱུགས་གཉིས་ལའང་སྟོན་པ་བཞིན་གྱི་རིམ་གྲོར་ལྡན། །བྲན་དང་བྲན་མོ་ཀུན་ལའང་བདག་བཞིན་བྱམས་བསྲེལ་བ། །སྨད་འཚོང་བཞིན་དུ་བསྟན་བཅོས་ཆོ་ག་འཚལ་ཞིང་མཁས། །སླད་ཀྱིས་ཉལ་ཞིང་སྔོན་དུ་མལ་ནས་ལྡང་བགྱིད་པ། །བྱམས་པས་རྗེས་བསྙེགས་བཞིན་དུ་ཚུལ་འཆོས་མ་མཆིས་པ། །དེ་འདྲའི་བུ་མོ་མཆིས་ན་ཡབ་ཀྱིས་བདག་སྩོལ་ཅིག །ཅེས་ཡབ་ལ་ཞུས་པས། ཡབ་ཀྱིས་དེ་དག་ཡི་གེར་བྲིས་ནས་མདུན་ན་འདོན་རྣམས་ལ་བསྐུར་ཏེ། གོང་གི་ཡོན་ཏན་རྣམས་དང་ལྡན་པའི་བུ་མོ་ཚོལ་དུ་བཏང་བས་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་རྙེད་ནས། རྒྱས་པོས་ཕོ་ཉ་བ་བཏང་སྟེ་བསླངས་པས། ཤཱཀྱ་ལག་ན་བེ་ཅོན་ཅན་ན་རེ། གཞོན་ནུ་དེ་ནི་ཕོ་བྲང་ན་སྐྱིད་པར་འཁྲུངས་པ་ལགས་ན། བདག་གི་རིགས་ནི་སྒྱུ་རྩལ་ཤེས་པ་ལ་བུ་མོ་གཏོང་གིས་གཞན་ལ་ནི་མ་ཡིན་ནོ་ཟེར་རོ། །དེར་རྒྱལ་བུ་བྱང་ཆུབ་སེམས་དཔའ་དེས་ས་འཚོ་མ་རྒྱལ་བའི་རུ་མཚོན་དུ་བཞག་སྟེ། ཤཱཀྱའི་གཞོན་ནུ་ལྔ་བརྒྱ་དང་སྒྱུ་རྩལ་འགྲན་པས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་སོགས་པ་ཐམས་ཅད་ལའང་བྱང་ཆུབ་སེམས་དཔའ་འབའ་ཞིག་ཁྱད་པར་འཕགས་པར་གྱུར་ཏོ། །དེ་ནས་ཤཱཀྱ་ལག་ན་བེ་ཅོན་ཅན་གྱིས་བུ་མོ་བྱང་ཆུབ་སེམས་དཔའ་ལ་ཕུལ་ཏེ། བྱང་ཆུབ་སེམས་དཔས་ས་འཚོ་མ་བཙུན་མོ་བརྒྱད་ཁྲི་བཞི་སྟོང་གི་ནང་ནས་མཆོག་ཏུ་དབང་བསྐུར་ནས། བྱང་ཆུབ་སེམས་དཔའ་བཙུན་མོའི་ཚོགས་དང་རོལ་ཞིང་དགུང་ལོ་ཉི་ཤུ་རྩ་དགུའི་བར་དུ་དགའ་མགུར་སྤྱད་དོ། །རབ་ཏུ་བྱུང་བ་དང་། ཞེས་པ་དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐུལ་བའི་ཚིག་སིལ་སྙན་གྱི་སྒྲ་ལས་བྱུང་བའི་ཚིགས་སུ་བཅད་པ་དུ་མས་བསྐུལ་བ་དང་། གྲོང་ཁྱེར་གྱི་ཕྱི་རོལ་ཏུ་སྐུ་འཆག་ཏུ་བྱོན་པས། སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་མནར་བ་རྣམས་དང་། དགེ་སློང་ཞི་བ་འདུལ་བ་ལ་སོགས་པ་དགེ་སློང་གི་ཆོས་རྣམས་དང་ལྡན་པ་ཞིག་མཐོང་བའི་རྐྱེན་གྱིས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འཚལ་ཏེ། ཡབ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་གཅིག་བདག་ནི་མངོན་པར་འབྱུང་བའི་དུས་བབ་རིག །གེགས་ཀྱང་མ་མཛད་མི་དགྱེས་པ་ཡང་མ་མཛད་ཅིག །རྒྱལ་པོ་གཉེན་བཅས་ཡུལ་འཁོར་བཅས་ཏེ་བཟོད་པར་མཛོད། །ཅེས་གསོལ་པས། རྒྱལ་པོ་མཆི་མས་མིག་གང་བཞིན་པས། བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་པ། ཁྱེད་ཅིའི་ཕྱིར་རབ་ཏུ་འབྱུང་། ཡིད་ལ་འདོད་པ་གང་ཡིན་པ་སྨྲོས་ཤིང་སྦྱིན་པར་བྱའོ་ཞེས་སྨྲས་པས། བྱང་ཆུབ་སེམས་དཔས་ཡབ་ལ་གསོལ་བ། ལྷ་གཅིག་དམ་པ་བཞི་འཚལ་དེ་ནི་བདག་ལ་སྩོལ། །གལ་ཏེ་སྩལ་བར་སྤྱོད་ན་མངའ་ནི་ཁྱོད་ལ་མཆིས། །འོན་ཀྱང་རྟག་ཏུ་ཁྱིམ་ན་གཟིམས་ཤིང་འབྱུང་མི་འགྱུར། །ལྷ་གཅིག་བདག་ལ་རྒས་པས་ཚུགས་པར་མི་འགྱུར་ཞིང་། །རྟག་ཏུ་མདོག་བཟང་དར་ལ་བབ་པར་གནས་པ་དང་། །ནད་མ་མཆིས་པ་ཐོབ་ཅིང་ནད་ཀྱིས་མི་བཏབ་དང་། །ཚེ་དཔག་མ་མཆིས་པ་དང་རྒུད་པར་མི་འགྱུར་འཚལ། །ཞེས་ཞུས་པས། རྒྱལ་པོ་ཉམ་ཐག་བཞིན་པས་གཞོན་ནུ་གནས་མ་ཡིན་པ་དེ་ལྟ་བུ་སྟེར་བའི་མཐུ་བདག་ལ་མེད་དོ་ཞེས་སྨྲས་པས། བྱང་ཆུབ་སེམས་དཔས་ཡང་གསོལ་པ། ལྷ་གཅིག་གལ་ཏེ་མཆོག་བཞི་འདི་དག་མི་སྩལ་ན། །གཞན་ཡང་མཆོག་གཅིག་གསོལ་གྱི་རྒྱལ་པོ་གསན་དུ་གསོལ། །འདི་ནས་ཤི་འཕོས་ཉིང་མཚམས་སྦྱོར་བར་མི་འགྱུར་མཛོད། །ཅེས་སྨྲས་པས་རྒྱལ་པོ་ཐུགས་ཁོ་ཐག་ཆོད་དེ་གནང་བ་བྱིན་ནོ། །དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་ཀྱང་བཙུན་མོའི་ཚོགས་དང་གཞོན་ནུ་སྲུང་བར་བྱེད་པའི་ཤཱཀྱའི་ཚོགས་དང་། མདུན་ན་འདོན་རྣམས་ཀྱང་གཉིད་ཀྱིས་མྱོས་པར་བྱས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔས་སྲོད་ཀྱི་ཆ་ལ་བཙུན་མོ་གྲགས་འཛིན་མའི་ལྷུམས་སུ་སྲས་བཞག་ནས། ནམ་གྱི་གུང་ལ་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པས་བར་སྣང་ལ་གདན་དྲངས་ནས། མཆོད་རྟེན་རྣམ་དག་གི་དྲུང་དུ་རང་བྱུང་གིས་བསྙེན་པར་རྫོགས་པར་མཛད་དོ། །དེའི་ཚེ་བཀྲ་ཤིས་བརྩེགས་པའི་མཆོད་རྟེན་རང་བྱུང་དུ་བྱོན་ནོ། །དཀའ་ཐུབ་མཛད་པ་དང་ཞེས་པས། དྲང་སྲོང་རིང་འཕུར་དང་ལྷག་སྤྱོད་གཉིས་ལ་ཅི་ཡང་མེད་པ་དང་། སྲིད་རྩེའི་སེམས་དག་མངོན་དུ་མཛད་ནས་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་བྱོན་ནས་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་བཞག་སྟེ། ཏིལ་འབྲུ་ཅིག །རྒྱ་ཤུག་འབྲུ་གཅིག །འབྲས་འབྲུ་གཅིག་ལ་བརྟེན་ནས་ལོ་དྲུག་ཏུ་དཀའ་བ་སྤྱད་དེ་དབུགས་འགྱུ་བ་གཅད་ནས་བཞུགས་སོ། །དེའི་དུས་སུ་དཔལ་ཀ་ནི་ཀའི་མཆོད་རྟེན་རང་བྱུང་དུ་བྱོན་ནོ། །བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་ནི། གྲོང་པའི་བུ་མོ་ལེགས་སྐྱེས་མས་འོ་ཐུག་དྲངས་པ་གསོལ་ནས། བདུད་གཞོམ་པའི་ཕྱིར་རྩྭ་འཚོར་བཀྲ་ཤིས་ལ་རྩྭ་བླངས་ཏེ་ཁྱེར་ནས་བྱང་ཆུབ་ཀྱི་ཤིང་ལ་ལན་བདུན་བསྐོར་ནས་རྩྭའི་རྩེ་མོ་ནང་དུ་བསྟན་རྩ་བ་ཕྱིར་བསྟན་པའི་སྟེང་དུ་ཞལ་ཤར་དུ་ཕྱོགས་པས་བཞུགས་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱིལ་ཀྲུང་མི་བཤིག་པའི་དམ་བཅའ་མཛད་དོ། །བདུད་བཏུལ་བ་དང་ཞེས་པས། ཐོག་མར་བདུད་བསྐུལ་བའི་ཕྱིར་སྨིན་མཚམས་ནས་འོད་ཟེར་བཀྱེ་སྟེ། བྱང་ཆུབ་སེམས་དཔའ་མང་པོ་འཁོར་དུ་བསྡུས་ནས་བདུད་ཀྱི་གནས་མོག་མོག་པོར་བྱས་པ་དང་། བདུད་སྡིག་ཅན་གྱིས་བདུད་ཀྱི་དཔུང་མི་འཁྲུགས་ཕྲག་གཅིག་བསྡུས་ཏེ། ཆོ་འཕྲུལ་སྣ་ཚོགས་བསྟན་ཅིང་མཚོན་ཆ་སྣ་ཚོགས་འཕངས་པ་རྣམས་མེ་ཏོག་གི་ཆར་དུ་གྱུར་ཅིང་། བདུད་རྣམས་ཀྱིས་རྒྱུ་བསོད་ནམས་ཀྱི་ཚོགས་ལ་སྐུར་པ་བཏབ་པའི་ཚེ། སའི་ལྷ་མོ་ལ་དཔང་གསོལ་ཏེ་སའི་ལྷ་མོས་དཔང་པོ་བྱས་པས་བདུད་རྣམས་སྐྱེངས་ནས་བྱེར་བར་གྱུར་ཅིང་བདུད་ཀྱི་བུ་མོ་རྣམས་ཀྱི་གཡོ་སྒྱུས་ཀྱང་བསླུར་མ་ཚུགས་པར་བདུད་ཀྱི་དཔུང་རྣམས་འཐོར་ནས་ཞག་བདུན་དུ་འཕྲད་པར་མ་གྱུར་ཏོ། །དེའི་ཚེ་དཔལ་གསེར་གྱི་འོད་ཅན་གྱི་མཆོད་རྟེན་རང་བྱུང་དུ་བྱོན་ནོ། །སངས་རྒྱས་པ་དང་ཞེས་པས། ས་ཕོ་ཁྱིའི་ལོ་ས་གའི་ཟླ་བའི་ནམ་གྱི་ཆ་སྨད་སྐྱ་རེངས་ཤར་བ་རྔ་བརྡུང་བའི་ཚོད་ཙམ་ན་བྱང་ཆུབ་སེམས་དཔས་རྟེན་འབྲེལ་བཅུ་གཉིས་དང་། བདེན་པ་བཞིའི་དོན་ཁོང་དུ་ཆུད་ཅིང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མངོན་དུ་བྱས་ནས། སྐད་ཅིག་དང་ལྡན་པའི་ཤེས་རབ་ཀྱི་མངོན་པར་རྫོགས་པར་སངས་རྒྱས་སོ། །དེའི་དུས་སུ་བྱང་ཆུབ་ཆེན་པོའི་མཆོད་རྟེན་རང་བྱུང་དུ་བྱོན་ནོ། །ཟླ་བ་ཡང་གཟས་ཟིན་ཞིང་བཙུན་མོ་གྲགས་འཛིན་མའི་སྲས་ཀྱང་བལྟམས་ནས་མཚན་ཀྱང་སྒྲ་ཅན་འཛིན་དུ་བཏགས་སོ། །ཆོ་འཕྲུལ་ཆེན་པོ་སྟོན་པ་དང་ཞེས་པ་ནི། དེ་ནས་སངས་རྒྱས་ཀྱིས་ཤིང་ཏ་ལ་བདུན་སྲིད་དུ་འཕགས་ཏེ། ལམ་གྱི་རྒྱུད་ནི་ཆད་དོ་ཞེས་པ་ལ་སོགས་པ་ཆེད་དུ་བརྗོད་པ་བརྗོད་དོ། །ལྷ་རྣམས་ཀྱིས་ཀྱང་མེ་ཏོག་པུས་ནུབ་ཙམ་གཏོང་ཏེ་མཆོད་ཅིང་འཇིག་རྟེན་སྣང་བར་བྱས། ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས། ཕྱོགས་བཅུའི་སངས་རྒྱས་ཀྱིས་ཆོས་ཉིད་དགའ་བས་དབང་བསྐུར། ཕྱག་བརྐྱངས་ཏེ། བདག་ཅག་ཇི་ལྟར་བྱང་ཆུབ་ཐོབ་ལྟར་ཁྱོད་སངས་རྒྱས། །དཔེར་ན་མར་དང་མར་གྱི་ཉིང་ཁུ་མཚུངས་འདྲ་ཞིང་། །ཞེས་པ་ལ་སོགས་པ་གསུངས་ཤིང་ལུང་བསྟན་པས་ཀྱང་ཆེད་དུ་བརྗོད་པ་མཛད་དོ། །དེའི་ཚེ་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་རང་བྱུང་དུ་བྱོན་ནོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཞེས་པས། སངས་རྒྱས་ནས་ཞག་བདུན་དང་པོ་ལ་སྐྱིལ་མོ་ཀྲུང་མ་བཞིགས་པར་བྱང་ཆུབ་ཀྱི་ཤིང་ལ་གཟིགས། གཉིས་པ་ལ་སྟོང་གསུམ་རྒྱང་རིང་དུ་འཆག །གསུམ་པ་ལ་བྱང་ཆུབ་ཀྱི་སྙིང་པོར་སྤྱན་མི་འཛུམ་པར་གཟིགས། བཞི་པ་ལ་ཤར་ནུབ་ཏུ་རྒྱང་མི་རིང་བར་འཆག །ལྔ་པ་ལ་ཀླུ་བཏང་བཟུང་གི་གནས་སུ་བཞུགས། དྲུག་པ་ལ་ཤིང་ནྱ་གྲོ་དྷ་སྐྱོང་དུ་བཞུད། བདུན་པ་ལ་ཤི་སྒྲོལ་རྒྱུའི་དྲུང་དུ་བཞུགས་ཏེ། ཚོང་པ་ག་གོན་དང་བཟང་པོས་སྦྲང་རྩི་ལ་སོགས་པ་ཕུལ་བ་རྒྱལ་ཆེན་རིགས་བཞིས་ཕུལ་བའི་རྡོའི་ལྷུང་བཟེད་བཞི་གཅིག་ཏུ་བྱིན་གྱིས་བརླབས་པར་བཞེས་ཏེ། དེ་གཉིས་ཀྱི་བསོད་སྙོམས་ཀྱང་གསོལ་ནས་ཤིས་པ་བརྗོད་དེ། སྦྲང་རྩི་འབྱུང་བ་ཞེས་བྱ་བའི་རྒྱལ་པོར་ལུང་བསྟན་ནོ། །དེ་ནས་སྟོན་པ་ཐུགས་ལས་ཆུང་ངུར་བཞུགས་ཏེ། ཟབ་ཅིང་རྡུལ་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩིའི་ཆོས་ནི་བདག་གིས་ཐོབ་པར་གྱུར། །བདག་གིས་བསྟན་ཀྱང་གཞན་གྱིས་མི་ཤེས་ཏེ། །མི་སྨྲ་ནགས་འདབ་གནས་པར་བྱའོ་སྙམ། །ཞེས་དགོངས་པ་དང་། ཚངས་པ་གཙུག་ཕུད་ཅན་གྱིས་འདི་སྐད་དུ། ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འཁོར་བསྒྲུབ་ནས་ནི། །ཕྱོགས་བཅུ་དག་ཏུ་འོད་ཟེར་རྣམ་པར་བཀྱེ་མཛད་དེ། །ཡེ་ཤེས་ཟེར་གྱིས་མི་ཡི་པད་མ་ཁ་འབྱེད་པ། །སྨྲ་བའི་ཉི་མ་དེ་རིང་ཅི་སླང་བཏང་སྙོམས་བཞུགས། །ཞེས་པ་ལ་སོགས་པས་བསྐུལ་བས་ཅང་མི་གསུང་བར་སྣང་ཞིང་། ཡང་ཐུགས་ལས་ཆུང་བ་ལ་གཞོལ་བས། བརྒྱ་བྱིན་དང་ཚངས་པར་ནན་ཏན་དུ་བསྐུལ་བས་ཞལ་གྱིས་བཞེས་ཏེ། བཱ་ར་ཎཱ་སཱིར་བྱོན་པ་དང་ལྔ་སྡེས་ནང་ཁྲིམས་བཅས་པ་རང་ཞིག་ཏུ་གྱུར་ཏེ། འཁོར་ལྔ་སྡེ་བཟང་པོ་དང་ལྷ་ཡི་འཁོར་རྣམས་ལ་ཆོས་བདེན་པ་བཞི་ལན་གསུམ་དུ་བཟླས་པས་རྣམས་པ་བཅུ་གཉིས་ཀྱིས་བསྐོར་ཏེ། དེའི་དགོས་ཆེད་ནི། ལྔ་སྡེས་དགྲ་བཅོམ་པ་ཐོབ་ཅིང་བརྒྱུད་ནས་གདུལ་བྱ་རྣམས་ཀྱིས་གང་ཟག་ཏུ་འཛིན་པ་བཟློག་པའོ། །དེ་ནི་བཀའ་དང་པོ་བདེན་པ་བཞིའི་རྣམས་པས་བསྟན་པའི་ཆོས་ཀྱིས་འཁོར་ལོ་བསྐོར་བའོ། །དེ་ནས་གནས་བྱ་རྒོད་ཕུང་པོའི་རི་ལ་སོགས་པར་འཁོར་ཐེག་པ་ཆེན་པོ་ལ་ཡང་དག་པར་བཞུགས་པ་རྣམས་ལ་བཀའ་བར་པ་མཚན་ཉིད་མེད་པའི་རྣམ་པས་བསྟན་པའི་ཆོས་ཀྱི་འཁོར་ལོ་དང་། གནས་རི་མ་ལ་ཡ་ལ་སོགས་པར་འཁོར་ངེས་པ་དོན་གྱི་ཐེག་པ་ལ་ཡང་དག་པར་བཞུགས་པ་རྣམས་ལ་བཀའ་མཐའ་མ་ལེགས་པར་རྣམས་པར་ཕྱེ་བ་དང་ལྡན་པ་ངེས་པ་དོན་གྱི་རྣམ་པས་བསྟན་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་ལྟར་འཁོར་ལོ་གསུམ་དུ་བཞག་པ་ནི་ཕྱོགས་གཅིག་ནས་མཚོན་པའམ་གཙོ་ཆེ་བ་ཙམ་ཡིན་གྱི་རྣམ་པ་ཐམས་ཅད་དུ་དེའི་ངེས་པ་མེད་པར་ཤེས་པར་བྱའོ། །དེའི་དུས་སུ་དཔལ་འཁོར་ལོ་བརྩེགས་པའི་མཆོད་རྟེན་རང་བྱུང་དུ་བྱོན་ནོ། །མྱ་ངན་ལས་འདས་པ་ཞེས་པ་ནི། སྙིགས་མ་ལྔ་དང་ལྡན་པའི་སེམས་ཅན་རྣམས་ལ་ཐམས་ཅད་མཁྱེན་པའི་སྐུ་མངོན་དུ་སྣང་བའི་སྐལ་བ་མེད་པ་དང་། གདུལ་བྱ་རྟག་པར་འཛིན་པའི་གཉེན་པོའམ་ཐབས་དམ་པ་མི་རྟག་པའི་ཚུལ་བསྟན་པར་བྱ་བའི་ཕྱིར་དང་། སྐྱེས་པའི་མཐའ་འཆི་བས་མི་གཏོང་བ་མཚོན་པའི་བརྡར་བཅོམ་ལྡན་འདས་དགུང་ལོ་བརྒྱད་ཅུ་བཞེས་པའི་ཚེ་ཆུ་མོ་ལུག་གི་ལོ་དཔྱིད་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་ཉིན་ཡོངས་སུ་མྱ་ངན་ལས་འདའ་བར་དགོངས་ནས། གྲོང་ཁྱེར་རྩྭ་མཆོག་ཏུ་འཁོར་རྣམས་ལ་གདམས་ངག་བཞག་པའི་རྗེས་སུ་ཤིང་སཱ་ལ་ཟུང་གཅིག་གི་དྲུང་དུ་སེང་གེའི་ཉལ་ཐབས་ཀྱིས་གཟིམས་ཤིང་སྐུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེའི་ཚེ་འོད་སྲུངས་ཆེན་པོ་འོད་མའི་ཚལ་ན་ཡོད་པ་ལ་ས་གཡོས་པར་གྱུར་པས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་རྟགས་སུ་མཁྱེན་ནས། གྲོང་ཁྱེར་རྩྭ་མཆོག་ཏུ་བྱོན་ནས་བཅོམ་ལྡན་འདས་ཀྱི་པུར་སྦྱངས་སོ། །དེའི་ཚེ་སྐུ་གདུང་ཆེན་པོའི་མཆོད་རྟེན་རང་བྱུང་དུ་བྱོན་ནོ། །སྐུ་གདུང་རིང་བསྲེལ་དང་ཚེམས་མཆེ་བ་རྣམས་ལྷ་དང་མི་ལ་སོགས་པའི་གདུལ་བྱ་རྣམས་ཀྱིས་མཆོད་རྟེན་དུ་གདན་དྲངས་པའི་ཚུལ་ནི། འདུལ་བ་ལུང་ཕྲན་ཚེགས་ལས། བཅོམ་ལྡན་སྐུ་གདུང་བྲེལ་བོ་བརྒྱད་དག་ལས། །བདུན་ནི་འཛམ་བུ་གླིང་པས་མཆོད་པར་འཐོབ། །སྐྱེས་བུ་མཆོག་དེའི་བྲེ་བོ་གང་ཞིག་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མ ཆོད། །སྐྱེས་མཆོག་དེའི་མཆེ་བ་བཞི་དག་ལས། །མཆེ་བ་གཅིག་ནི་རྩ་གསུམ་འཇིག་རྟེན་མཆོད། །གཉིས་པ་ཚིག་འཛིན་གྲོང་ཁྱེར་ཡིད་འོང་ན། །གསུམ་པ་ཀ་ལི་རྒྱལ་པོའི་ཡུལ་ན་སྟེ། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་པ་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །ཅེས་གསུངས་སོ། །བཅོམ་ལྡན་འདས་སྐུ་བལྟམས་པ་དང་། སངས་རྒྱས་པ་དང་། མྱ་ངན་ལས་འདས་པ་རྣམས་ཀྱི་ལོ་གང་ཡིན་གྱི་གསལ་ཁ་མདོ་རྣམས་ན་གསལ་བར་གསུངས་པ་ཁོ་བོས་མ་མཐོང་མོད་ཀྱི་དུས་ཀྱི་འཁོར་ལོ་ནས་བཅོམ་ལྡན་འདས་ཐུན་མོང་བའི་འཁོར་གྱི་སྣང་ངོར་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་དེའི་ཚེ། ཐུན་མོང་མ་ཡིན་པའི་འཁོར་རྒྱལ་པོ་ཟླ་བ་བཟང་པོ་ལ་སོགས་པ་དང་དཔལ་ལྡན་འབྲས་སྤུངས་སུ་དུས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་གྱི་དམ་པ་དང་པོའི་རྒྱུད་བསྟན་ནས། དེ་ནས་ལོ་དྲུག་བརྒྱ་ནས་རྒྱལ་པོ་གྲགས་པ་འབྱུང་བར་ལུང་བསྟན། གྲགས་པས་ལོ་བརྒྱའི་བར་དུ་རྩ་རྒྱུད་གསུངས་ཤིང་བསྡུས་རྒྱུད་སྡུད་པར་ལུང་བསྟན། དེ་ནས་ལོ་བརྒྱ་ནས་མ་ག་དྷར་ཀླ་ཀློ་འབྱུང་བར་ལུང་བསྟན། དེ་ནས་ལོ་བརྒྱ་དང་བརྒྱད་ཅུ་གྱ་གཉིས་ནས་རིགས་ལྡན་རྒྱལ་བ་དང་དུས་མཚུངས་སུ་ཉུང་ངུའི་རྩིས་ཀྱི་འགོ་ཟུག་ནས། དེ་ནས་ལོ་ཉིས་བརྒྱ་ཉི་ཤུ་རྩ་གཅིག་ནས་རབ་བྱུང་གི་ལོ་ལ་མ་ག་དྷའི་ཡུལ་དུ་ཉུང་ངུའི་རྩིས་དར་བར་ལུང་བསྟན། དེ་ནས་དྲུག་ཅུ་བསྐོར་ལྔ་དང་དེ་ནས་ཆུ་མོ་ལུག་གི་བར་ལ་ལོ་བཅུ་དྲུག་འདས་པ་འདི་རྣམས་ཀྱི་རྩིས་གཟའ་དང་། ཚེས་དང་། ཉི་སྐར་ལ་སོགས་པ་ཐམས་ཅད་མ་འཕྱུགས་པར་འགྲིག་གི་འདུག་པ་དང་། སྔ་རབས་པ་རྣམས་ཀྱི་གཏན་རྩིས་ལ་མི་མཐུན་པ་དུ་མ་སྣང་བ་རྣམས་ལ་བརྟགས་ཤིང་དཔྱད་ནས། རྒྱུ་མཚན་དང་ལྡན་པ་རྣམས་ལ་རྗེས་སུ་དཔགས་པ་ཡིན་ནོ། །ཡང་ཁ་ཅིག་ན་རེ། སྐུ་ཡི་མཛད་པ་འདི་དག་དང་གོང་དུ་སྐུ་གསུང་ཐུགས་རྡོ་རྗེ་ལས་འཐོན་པར་བཤད་པ་འགལ་ལོ་ཞེ་ན། མི་འགལ་ཏེ། སྤར་ཁབ་ལས། དྲང་བ་པོ་དག་དགའ་ལྡན་ནས་བབས་པར་ཞེས་ཟེར་བ་ནི་བདེན་མོད་ཀྱི། བྱང་ཆུབ་སེམས་དཔས་དབང་ཐོབ་པ་མཐར་ཕྱིན་པའི་ཕྱིར་འགལ་བ་མེད་དེ། ལེའུའི་ཀླད་ནས་བྱུང་ཁུངས་སྨོས་པའོ། །ཞེས་གསུངས་པས། ངེས་དོན་དུ་རྒྱལ་བ་དྲུག་པའི་ཐུགས་རིག་པ་རང་སྣང་ལས་འཐོན་པ་ཡིན་ཀྱང་གདུལ་བྱ་དྲང་བའི་དོན་དུ་མཛད་པ་བཅུ་གཉིས་ལྟར་སྣང་ནས་དོན་མཛད་པ་མི་འགལ་ལོ། །ཡང་སྐབས་འདིར་སྐུའི་མཛད་པ་སྟོན་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཞེས་པ་སྐབས་འཆོལ་བའི་སྐྱོན་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། མཛད་པའི་སྒྲ་གཞི་མ་དང་གཙོ་ཆེ་བ་གཉིས་ལས། སྐབས་འདིར་གཙོ་ཆེ་ལ་བཏགས་པ་སྟེ། དཔེར་ན་རྟ་ཞོན་མང་པོའི་གསེབ་ན་དྲེའུ་ཞོན་པ་རེ་རེ་ཙམ་ཡོད་ཀྱང་རྟ་པ་མང་པོ་བྱུང་ཟེར་བ་བཞིན་ནོ། །ཐུགས་ཀྱི་མཛད་པ། དྲང་། འདས་ད་ལྟར་མ་འོངས་འབྱུང་བར་མ་ངེས་པའི་དུས་བཞི་ཀུན་ཏུ་མཁྱེན་པས་ཏེ། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པའི་མངོན་ཤེས་གཉིས་སོ། །འདི་ལ་ཁ་ཅིག་ན་རེ། དུས་བཞི་ཀུན་ཏུ་མཁྱེན་པ་དང་བྱ་བ་འདུག་པས་དུས་བཞི་ཐད་ཀར་རིམ་པར་མཁྱེན་ནམ། བཙལ་བས་རང་གི་ངོ་བོས་སྟོང་པའི་མཉམ་ཉིད་དུ་མཁྱེན། སྔ་མ་ལྟར་ན། སངས་རྒྱས་ཀྱི་ཡེ་ཤེས་དེ་སེམས་ཅན་གྱི་རྟོག་པ་དང་ཁྱད་མེད་པར་ཐལ། དུས་བཞི་ཐད་ཀ་ཐད་དཀར་མཁྱེན་ཙམ་ལས་མི་འདུག་པའི་ཕྱིར། ཕྱི་མ་ལྟར་ན། དུས་བཞིར་འདོད་ཀྱང་དུས་བཞི་རང་མ་ཡིན་པར་ཐལ། དུས་མཉམ་པ་ཉིད་དམ་སྟོང་པ་ཉིད་པའི་ཕྱིར་རོ་ཞེ་ན། ཀུན་རྫོབ་ཀྱི་བདེན་པའི་ཆ་ནས་དུས་བཞིར་སྣང་ལ། དོན་དམ་གྱི་བདེན་པའི་ཆ་ནས་དུས་བཞིར་མ་དམིགས། དབྱེར་མེད་ཀྱི་བདེན་པའི་ཆ་ནས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པས་དུས་བཞི་མཉམ་པ་ཉིད་ཅེས་བྱའོ། །མཁྱེན་ཚུལ་ནི། སྤྱིར་གྱིས་གནས་ལུགས་དུས་ལས་འདས་པ། བློ་དུས་ལྟར་དུ་འཁྲུལ་པ། ཡེ་ཤེས་དུས་ལ་དབང་སྒྱུར་བ་ཡིན་པ་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གནས་ལུགས་དུས་ལས་འདས་པ་ཡང་མཁྱེན། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་བློ་དུས་ལྟར་འཁྲུལ་པར་ཡང་མཁྱེན་ཏེ། དེ་ཡང་འདས་པ་ལ་མ་ཐོགས་མ་ཆགས་པ་དང་། ད་ལྟར་ལ་མ་ཐོགས་མ་ཆགས་པ་དང་། མ་འོངས་པ་ལ་མ་ཐོགས་མ་ཆགས་པ་དང་། འབྱུང་བར་མ་ངེས་པ་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་ཀྱིས་དུས་བཞི་མཉམ་པ་ཉིད་དུ་རང་གསལ་འཛིན་པ་མེད་པར་མཁྱེན་ནོ། །འོ་ན་གཞན་ཐམས་ཅད་ན་དུས་གསུམ་ལས་མེད་པ་ལ་འདིར་དུས་བཞིར་བཤད་པའི་དུས་ལོག་པའི་སྐྱོན་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། འདིར་ལྷ་རྟོག་སྦྱར་བའི་དབང་དུ་དུས་བཞིར་གྲངས་དང་གོ་རིམ་ངེས་སོ། །དེ་ཡང་གྲངས་ངེས་པ་ནི་དུས་རིང་བ་དཔེར་བྱས་ན། བསྐལ་པ་གཅིག་ལ་ཆགས་གནས་འཇིག་སྟོངས་བཞིར་གྲངས་ངེས། དུས་ཐུང་བ་དཔེར་བྱས་ན་ལོ་གཅིག་ལ་དབྱར་དགུན་སྟོན་དཔྱིད་བཞིར་གྲངས་ངེས་པ་བཞིན་ཏེ། དེས་མཚོན་ནས་རྒྱ་ཆེར་སྤྲོས་པས་ཆོག་གོ། །གོ་རིམ་ངེས་པ་ནི་བསྐལ་པ་ལྟ་བུ་དཔེར་བྱས་ནས། ད་ལྟ་བསྐལ་པ་གནས་པའི་དུས་ལ་ལྟོས་ན་བསྐལ་པ་ཆགས་པ་ནི་འདས་པ། འཇིག་པ་ནི་མ་འོངས་པ། སྟོངས་པ་ནི་འདས་མ་འོངས་གང་དུ་འང་མ་ངེས་པའི་དུས་སོ། །དེ་ལ་ཁ་ཅིག་ན་རེ། དེ་ལྟར་ཡིན་ཡང་བསྐལ་པ་སྔར་སྟོངས་པ་ནི་འདས་པ་ཡིན་ལ། ཕྱིས་སྟོངས་པར་འགྱུར་པ་ནི་མ་འོངས་པ་ཡིན་པས་དུས་གསུམ་དུ་ཁ་ཚོན་ཆོད་དེ་ཞེ་ན། སྟོངས་པའི་དུས་དེ་ཉིད་གཞིར་བྱས་པ་ལ་འདས་མ་འོངས་གཉིས་གང་རུང་གཅིག་ཏུ་ཁ་ཚོན་མ་ཆོད་པས་མ་ངེས་པའི་དུས་སུ་ཅིའི་ཕྱིར་མི་འགྱུར། རྒྱུ་མཚན་དེའི་ཕྱིར་དུས་བཞིར་གྲངས་དང་གོ་རིམ་ངེས་པ་ཡིན་ཏེ། དེ་ཡང་བསྐལ་པ་འཇིག་པའི་དུས་ན་གནས་པ་འདས་པ། སྟོངས་པ་མ་འོངས་པ། འཆགས་པ་མ་ངེས་པའི་དུས་སོ། །དེ་བཞིན་དུ་སྟོངས་པའི་དུས་ན་འཇིག་པ་འདས་པ། འཆགས་པ་མ་འོངས་པ། གནས་པ་མ་ངེས་པ་ཡིན་ནོ། །འཆགས་པའི་དུས་ན་སྟོངས་པ་འདས་པ། གནས་པ་མ་འོངས་པ། འཇིག་པ་མ་ངེས་པ་ཡིན་ནོ། །དེའི་ཕྱིར་ན་བློ་དུས་ལྟར་དུ་འཁྲུལ་པའི་འཁྲུལ་རྟོག་དུས་བཞིར་སྣང་བ་ཡིན་ལ། དེ་དག་ལྷ་དང་སྦྱར་ན་ཕྱིའི་སེམས་མ་བཞི་ཡིན་ཏེ། འདི་ཉིད་ཀྱི་ལེའུ་བཞི་པ་ལས། ཡ་ནི་སྐྱེ་བ་རྣམ་པར་དག །ཝ་ནི་གནས་པ་དག་པས་ཏེ། །ར་ནི་འཇིག་པ་དག་པ་ཡིན། །ལ་ནི་སྟོང་པ་བདག་མེད་པའོ། །ཞེས་གསུངས་སོ། །འདི་ལྟར་མ་གོ་བ་འགའ་ཞིག །སྤར་ཁབ་ནས། ངོ་བོ་ཉིད་འདི་འདྲར་བསྟན་དུ་མེད་པ་ཞེས་པས་འཁྲུལ་གཞི་བྱས་ནས་དུས་གསུམ་མཉམ་པ་ཉིད་ཀྱི་དུས་དང་བཞིར་འདོད་པ་ནི་ཆེས་འཁྲུལ་ཏེ་མཉམ་པ་ཉིད་རྟོག་པ་མ་ཡིན་པའི་ཕྱིར་རོ། །སྤར་ཁབ་ཀྱིས། ངོ་བོ་ཉིད་འདི་འདྲར་བསྟན་དུ་མེད་ཅེས་པའི་དོན་ནི་མ་ངེས་པའི་དུས་དེ་ནི། འདས་མ་འོངས་ད་ལྟར་གྱི་དུས་གསུམ་གང་རུང་གི་ངོ་བོ་འདི་འདྲར་བསྟན་དུ་མེད་ཅེས་བྱ་བ་ཡིན་ནོ། །གཞན་ཡང་གདུལ་བྱ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཉོན་མོངས་པ་ཤས་ཆེ་ཆུང་ལ་སོགས་པ་ཉིད་ལས་མི་གཞན་པའམ། ཡུལ་མེད་རང་གསལ་གྱི་ཚུལ་གྱིས་ཀུན་ཏུ་མཁྱེན་པ་གཞན་གྱི་སེམས་ཤེས་པའི་མངོན་ཤེས་དང་གསུམ་མོ། །རྫུ་འཕྲུལ་གྱི་ལྷའི་སྤྱན་གྱིས་མངོན་ཤེས་ཀྱི་གཟུགས་ཐམས་ཅད་ཉེ་རིང་མེད་པར་ཀུན་ཏུ་གཟིགས་པ་དང་། རྫུ་འཕྲུལ་གྱི་ལྷའི་སྙན་གྱིས་མངོན་ཤེས་སྒྲ་ཐམས་ཅད་ཉེ་རིང་མེད་པར་ཀུན་ཏུ་གསོན་པ་ལ་སོགས་ཏེ་དབང་པོའི་མངོན་ཤེས་དང་བཞིའོ། །རྫུ་འཕྲུལ་གྱི་ཆོ་གས་སྟོད་ནས་མེ་འབར་བ་དང་། སྨད་ནས་ཆུ་འབྲུབ་པ་དང་། མེ་ཡིས་མི་ཚིག །ཆུ་ཡིས་མི་གཤེར། ལུས་མི་སྣང་བ་དང་། མང་པོར་སྤྲུལ་པ་དང་། ནམ་མཁའ་ལ་འགྲོ་བ་དང་། ས་ལ་འཛུལ་བ་ལ་སོགས་པས་ཀུན་ཏུ་སེམས་ཅན་གྱི་དོན་སྤྱོད་པ་རྫུ་འཕྲུལ་གྱི་མངོན་ཤེས་དང་ལྔའོ། །འོ་ན་ལུས་ཀྱི་རྫུ་འཕྲུལ་འདི་དག་མངོན་ཤེས་སུ་ཅི་འགྲོ་ཞེ་ན། འདི་ཡང་མཚན་གཙོ་ཆེ་ལ་བཏགས་ཞེས་བླ་མ་རྣམས་གསུང་མོད་ཀྱི། སེམས་ཅན་གྱི་དོན་བྱེད་ཚུལ་གྱི་ཆ་ནས་ལུས་ཀྱི་བཀོད་པ་ལྟར་སྣང་ལ་ཡང་ཐུགས་ཀྱི་རྣམ་པར་འཁྲུལ་པ་ཡིན་པས་རྫུ་འཕྲུལ་གྱི་མངོན་ཤེས་ཞེས་བྱའོ། །དེ་ལྟ་བུའི་ཚུལ་ཇི་ལྟར་སྤྱོད་ཀྱང་གཟུང་འཛིན་མི་མངའ་བས་ཟག་པ་མེད་པ་སྟེ། སྤྱོད་ཡུལ་ཡོངས་སུ་དག་པ་ཀུན་ཏུ་བཟང་པོའི་སྤྱོད་པ་ཡི་འགྲོ་བའི་བསམ་པ་མཁྱེན་ཅིང་དོན་རྫོགས་པའི་ཕྱིར་ཟག་པ་མེད་པའི་མངོན་པར་ཤེས་པ་སྟེ་དེ་ལྟར་དྲུག་དང་ལྡན་པའོ། །བསམ་གྱིས་མི་ཁྱབ་པའི་མཛད་པ། དྲང་། ཀུན་ཏུ་གདུལ་བྱ་ལ་ཞི་ཁྲོ་ལ་སོགས་པའི་སྐུ་བསམ་གྱིས་མི་ཁྱབ་པ་དང་། དུས་ཀུན་ཏུ་ཐུགས་མཁྱེན་པའི་ཡེ་ཤེས་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་དང་། དུས་ཀུན་ཏུ་ཕྲ་མེན་ལ་སོགས་པའི་ཞལ་བསམ་གྱིས་མི་ཁྱབ་པ་དང་། དུས་ཀུན་ཏུ་གདུལ་བྱའི་ངོ་ལ་གསུང་བསྟན་པ་དང་ཐེག་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་སྟེ། དེ་ལྟར་བསམ་གྱིས་མི་ཁྱབ་པ་གྲངས་མེད་པ་གདུལ་བྱའི་སྣང་བ་དང་། ལྷུན་གྱིས་གྲུབ་པའི་རོལ་པ་མི་འགག་པའི་ཕྱིར་ཕྱོགས་བཅུར་སྣང་བར་གྱུར་ཏོ། །འདི་ལ་ཁ་ཅིག་ན་རེ། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་ཞེས་པ་ལ་སོགས་པ་གསུངས་པ་དང་། གོང་དུ་སྐུ་ཐུབ་སྟེ། སྟག་དང་སྤྲེའུ་ལྟར་མི་མཛད། གསུང་ཐུབ་སྟེ། ཅ་ཅོ་དང་ག་ཞ་མི་མི་མཛད། ཐུགས་ཐུབ་སྟེ། མཉམ་པར་མ་བཞག་པ་མི་མངའ་བར་བཤད་པ་འགལ་ལོ་ཞེ་ན། མི་འགལ་ཏེ། གོང་མ་ནི་གདུལ་བྱའི་དོན་དུ་མི་འགྱུར་བའི་ཕྱིར་ཐུབ་པ་ཡིན་ལ། འདི་ནི་གདུལ་བྱའི་དོན་དུ་འགྱུར་ན་སྐུ་གསུང་ཐུགས་ཀྱི་མཛད་པ་ཅིར་ཡང་མཛད་པ་ལ་དགོངས་པ་ཡིན་ནོ། །ཡང་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཞལ་བསམ་གྱིས་མི་ཁྱབ་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། སྔ་མ་ནི་དབུ་ལུས་མཐུན་པའི་སྒོ་ནས་སྨོས་ལ། ཕྱི་མ་ནི་དབུ་ལུས་མི་མཐུན་པས་ཏེ། ཕྲ་མེན་གྱི་སྒོ་ནས་དོན་མཛད་པའི་ཕྱིར་སྨོས་སོ། །ཡང་བསམ་གྱིས་མི་ཁྱབ་པ་གྲངས་མེད་པ་ཕྱོགས་བཅུར་སྣང་བར་གྱུར་ཏོ་ཞེས་པ་ལ། ཁ་ཅིག་ན་རེ། སྤྲུལ་པའི་སྐུ་གཅིག་ལས་གཅིག་སྤྲུལ་ན་ཐུགས་པ་མེད་པར་འགྱུར་རོ། །འདོད་ན། སྤར་ཁབ་ལས། ཡང་སྤྲུལ་དུ་ཞེས་ཟེར་བ་ནི་ཁ་གམ་པའོ། །ཞེས་པས་གསལ་ལོ་ཞེ་ན། འདི་ལ་རྒྱ་གབ་གོང་པ་ན་རེ། རྒྱལ་བ་ལྷུན་གྲུབ་ཀྱི་མཛད་པ་གོ་མི་འགག་པ་ནམ་མཁའ་ལྟ་བུ་དང་། འཁོར་གདུལ་བྱའི་སྣང་བ་ཆུ་དྭངས་པ་ལྟ་བུ་དང་། ཡེ་ཤེས་དབྱིངས་ལས་མི་གཞན་ཅིང་ཐུགས་རྗེ་ཆེན་པོའི་འབྲེལ་པ་ཡོད་པ་བར་སྣང་སྒྲིབ་གཡོགས་མེད་པ་ལྟ་བུའི་ངོས་ནས་བཞག་པའོ། །དེའི་ཕྱིར་ཡང་སྤྲུལ་དུ་མི་འགྱུར་གསུང་ངོ་། །གསུང་གི་མཛད་པའོ། །དེ་ལ་གསུམ་སྟེ། བགྲང་། ཐེག་པ་ལྔར་བསྡུ་བ། དྲང་། སྤྱིར་ཐེག་པའི་གོ་བ་ནི། འོག་ནས་གོང་དུ་འདེགས་པར་བྱེད་པའི་དོན་གྱིས་ན་ཐེག་པ་ཞེས་བྱ་སྟེ། གང་གིས་ན། ཐེག་པས། གང་ན། ལྷ་མི་ལ་སོགས་པར། གང་དུ་ན། འོག་ནས་གོང་དུ། ཇི་ལྟར་འདེགས་ན། གསུང་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་བསྡུ་ན་འོག་ནས་འབྱུང་བའི་འདི་ལྟ་སྟེ། གདུལ་བྱ་འདུལ་བའི་དབང་གིས་ལྔར་སྣང་བའོ། །དེ་ཡང་ལྷ་ཞེས་པ་དང་མི་ཞེས་པའི་མིང་ནི་འདོད་རྒྱལ་ཏེ། གང་ཞིག་མི་དགེ་བཅུ་སྤོང་བའི་སྒོར་ཞུགས་ནས། ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་ལྟ་བ་དགེ་བ་བཅུ་སྤྱོད་ཅིང་། འཆི་བ་མི་རྟག་པ་དང་། ཚད་མེད་པ་བཞི་དང་། མི་གཡོ་པའི་ཏིང་ངེ་འཛིན་བསྒོམས་པས་ལྷ་དང་མིའི་གནས་རིགས་སྟོད་རིགས་སུ་འདེགས་པར་བྱེད་པའི་དོན་གྱིས་ན་ཐེག་པ་དང་། ཐོས་སྒྲོགས་གཞན་བརྟེན་ཞེས་བྱ་སྟེ། སློབ་དཔོན་ལ་བརྟེན་དགོས་པས་སམ། ཕལ་ཆེར་ཉན་ཅིང་ཐོས་པའི་ཕྱིར་ཉན་ཐོས་ཀྱི་སྟེ། བདེན་པ་བཞིའི་སྒོར་ཞུགས་ནས་གང་ཟག་གི་བདག་རང་བཞིན་མེད་པར་རྟོགས་པས་ཁྲིམས་ཉིས་བརྒྱ་ལྔ་བཅུ་རང་དོན་དུ་སྤྱོད་ཅིང་། ཡེ་ཤེས་བཅུ་དྲུག་བསྒོམས་པས་གནས་སྐབས་ཀྱི་འབྲས་བུ་རྒྱུན་ཞུགས་དང་། ལན་ཅིག་ཕྱིར་འོང་དང་། ཕྱིར་མི་འོང་ཐོབ་ནས། མཐར་ཐུག་གི་འབྲས་བུ་དགྲ་བཅོམ་པའི་གནས་སུ་འདེགས་པར་བྱེད་པས་ན་ཐེག་པ་དང་། སྦྱོར་ལམ་བཟོད་པའི་འབྲིང་པོ་ནས་རིགས་ཕྱེ་སྟེ། རང་གི་འབྲས་བུ་མ་ཐོབ་ཀྱི་བར་དུ་རྐྱེན་སློབ་དཔོན་ལ་མི་ལྟོས་པར་རང་གི་ཤེས་རབ་ཀྱིས་དུར་ཁྲོད་ཀྱི་བམ་རོ་ལ་བརྟགས་ནས་མ་རིག་པས་བཀག་པས་རང་བྱང་ཆུབ་ཀྱི་ས་ཐོབ་པར་འདོད་དེ། རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་ཞུགས་ཤིང་བདག་ཕྱེད་དང་གཉིས་རང་བཞིན་མེད་པར་རྟོགས་པས་ཁྲིམས་ཉིས་བརྒྱ་ལྔ་བཅུ་རང་དོན་དུ་སྤྱོད་པ་ཉན་ཐོས་དང་མཐུན་པ་ལ། རྫུ་འཕྲུལ་ཡ་མ་ཟུང་གི་སྒོ་ནས་གཞན་དོན་ཤས་འགའ་སྤྱོད་ཅིང་། རྟེན་འབྲེལ་ལུགས་འབྱུང་བཀག་ནས་ལུགས་ལྡོག་སྟོང་པ་བཅུ་གཉིས་ཁྲིམས་ཆགས་སུ་བསྒོམས་པས། འབྲས་བུ་བསེ་རུའམ་ནེ་ཙོ་ལྟ་བུའི་ཡིད་བདེ་བ་མཆོག་གི་སར་འདེགས་པར་བྱེད་པའི་དོན་གྱིས་ན་ཐེག་པ་དང་། བདག་དོན་དུ་བྱང་ཆུབ་པ་གཞན་དོན་ལ་སེམས་པས་ན་བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། སྨོན་འཇུག་གཉིས་ཀྱི་སྒོ་ནས་ཞུགས་ནས་གང་ཟག་དང་ཆོས་ཀྱི་བདག་གཉིས་ཀ་རང་བཞིན་མེད་པར་རྟོགས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་གཞན་དོན་འབའ་ཞིག་ཏུ་སྤྱོད་ཅིང་། ས་བཅུ་རིམ་གྱིས་སྤྲོས་བྲལ་དུ་བསྒོམས་པས་འབྲས་བུ་བཅུ་གཅིག་ཀུན་ཏུ་འོད་ཀྱི་སར་འདེགས་པར་བྱེད་པའི་དོན་གྱིས་ན་ཐེག་པ་དང་། ཐེག་པ་དེ་དག་ལས་ཀྱང་ལྟ་སྒོམ་སྤྱོད་འབྲས་མཆོག་ཏུ་གྱུར་པས་ན་བླ་ན་མེད་པའི་ཐེག་པ་སྟེ། དེ་ལ་ཡང་ཕྱེ་ན་ཕྱི་ནང་གཉིས་ལས། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་གསུམ་ལ། དང་པོ་བྱ་བའི་རྒྱུད་ནི། ཁྲུས་དང་གཙང་སྦྲའི་སྒོ་ནས་ཞུགས་ནས་དོན་དམ་པ་དག་པའི་མཐའ་བཞི་དྲི་མ་དང་བྲལ་བར་རྟོགས་པས་མཆོད་རྫས་དཀར་གསུམ་མངར་གསུམ་ལ་སྤྱོད་ཅིང་། སྒོམ་པ་མཚན་བཅས་ལྷ་ཡེ་ཤེས་སེམས་དཔའ་རྗེ་བོ་དང་། བདག་དམ་ཚིག་སེམས་དཔས་ཁོལ་གྱི་ཚུལ་གྱིས་མཆོད་པ་ཕར་འབུལ་ཞིང་དངོས་གྲུབ་ཚུར་ཞུ་བ་དང་། མཚན་མེད་བདེན་གཉིས་རེ་མོས་སུ་བསྒོམས་པས་འབྲས་བུ་རིགས་གསུམ་རྡོ་རྗེ་འཛིན་པའི་སར་འདེགས་པར་བྱེད་པ་དང་། སྤྱོད་རྒྱུད་པ། འཇུག་སྒོ་དང་སྤྱོད་པ་བྱ་བའི་རྒྱུ་དང་མཐུན། ལྟ་བ་དང་སྒོམ་པ་རྣལ་འབྱོར་གྱི་རྒྱུད་དང་མཐུན་པ་ལ་འབྲས་བུ་རིགས་བཞི་རྡོ་རྗེ་འཆང་གི་སར་འདེགས་པར་བྱེད་པ་དང་། རྣལ་འབྱོར་གྱི་རྒྱུད་ཏིང་ངེ་འ ཛིན་གྱི་སྒོ་ནས་ཞུགས་ནས། སེམས་རང་རིག་རང་གསལ་དག་པ་རྣམ་སྣང་ཆེན་པོར་རྟོགས་པས་དམ་རྫས་ཁ་ཡར་བ་ལོངས་སྤྱོད་ཅིང་། བདག་དམ་ཚིག་སེམས་དཔའ་དང་། ལྷ་ཡེ་ཤེས་སེམས་དཔའ་གྲོགས་པོ་མཉམ་པོའི་ཚུལ་དུ་བསྒོམས་པས། སྐྱེས་དང་སྐྱེས་ལན་གྱི་ཚུལ་དུ་ཕན་ཚུན་མཆོད་པ་མཉམ་པོར་ཕུལ་བས་འབྲས་བུ་རིགས་ལྔ་སྟུག་པོ་བཀོད་པའི་སར་འདེགས་པར་བྱེད་པ་དང་། ནང་པ་ཐབས་ཀྱི་རྒྱུད་རྣལ་འབྱོར་ཆེན་པོ་བ་ནི། ཐབས་དང་ཤེས་རབ་ཀྱི་སྒོ་ནས་ཞུགས་ནས་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་རྟོགས་པས་དམ་རྫས་བདུད་རྩི་ལྔ་ལ་འཇོལ་ཉོག་དུ་སྤྱོད་ཅིང་། ལྷ་དང་རྟོག་པ་དབྱེར་མེད་དུ་བསྒོམས་པས་འབྲས་བུ་མ་ཆགས་པད་མ་ཅན་གྱི་སར་འདེགས་པར་བྱེད་པའི་དོན་གྱིས་ན་ཐིག་པས་ཞེས་བྱའོ། །ཉོན་མོངས་པ་ལ་དགོངས་ཏེ་གསུངས་པ། དྲང་། རྩ་བ་མ་རིག་པ་གཉིས་ཁོ་ན་ལས་གྱུར་པའི་རྣམ་པར་རྟོག་པ་དང་། ཉོན་མོངས་པ་དུག་གསུམ་ཆ་མཉམ་པའང་ཡང་ན་ཁོང་ཁྲོ་སྟེ་ཉོན་མོངས་པ་བཞི་པོ་རེ་རེ་ལའང་ཉི་ཁྲི་ཆིག་སྟོང་སྟེ། སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་སྤོང་སྒྱུར་དབང་དུ་བྱེད་པའི་ཆོས་འདུལ་བ། མདོ་སྡེ། མངོན་པ། རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་དང་བཞི་པོ་རེ་རེ་ལའང་ཉི་ཁྲི་ཆིག་སྟོང་སྟེ། སྟོང་ཕྲག་བརྒྱད་ཅུ་རྩ་བཞི་སྔར་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུངས་སོ། །ད་ལྟར་གྱི་སངས་རྒྱས་རྣམས་ཀྱང་གསུང་ངོ་། །མ་འོངས་པའི་སངས་རྒྱས་རྣམས་ཀྱང་གསུང་པར་འགྱུར་རོ། །ཐབས་སམ་གཉེན་པོ་ལ་དགོངས་ཏེ་བསྡུ་བའོ། །དྲང་། ཆོས་ཀྱི་སྒོ་དེ་དག་ཐམས་ཅད་ཀྱང་ཉོན་མོངས་པའི་གཉེན་པོར་འགྱུར་ཚུལ་ནི། ཐེག་པ་ལྔ་ལྟར་ན་གཉེན་པོ་ཡང་ལྔ་དང་། སྡེ་སྣོད་བཞི་ལྟར་ན་གཉེན་པོ་ཡང་བཞིར་འགྱུར་མོད་ཀྱིས། འདི་ལ་སྐྱེད་ལུང་གི་ཡང་ཁྱེད་བླ་མ་ནི་རལ་གྲིའི་སྟོང་ཐུན་དང་སྦྱོར། ཆུ་བར་གྱི་གླན་ཤཱཀྱ་བཟང་པོ་སྤྲུལ་ནག་གི་སྟོང་ཐུན་དང་སྦྱོར་ཀྱང་། རྗེ་སྒྲོ་ཕུག་པ་ཆེན་པོ་ནི་དུག་སྡོང་གི་སྟོང་ཐུན་དང་སྦྱོར་ཏེ། ཇི་སྐད་དུ། ལྡུམ་རར་དུག་གི་སྡོང་སྐྱེས་པ། །དུག་སྡོང་ཡིན་པར་ཤེས་མ་ཐག །རྩད་ནས་བཅད་དེ་དབྱུང་བར་བྱ། །ཅི་ཕྱིར་ལྡུམ་ཟས་དེ་དག་ལ། །དུག་འཕེལ་རྒྱས་ན་འཆི་ཕྱིར་རོ། །ཞེས་པས། དཔེར་ན་རྒྱལ་པོ་ཆེན་པོ་གཅིག་གི་བཟའ་ཤིང་གི་ར་བར་དུག་ཤིང་གྱི་སྡོང་པོ་གཅིག་སྐྱེས་པ་ལ། འབངས་བླུན་པོ་རྣམས་དུག་ཤིང་གི་རོ་མངར་བ་ཚོར་ཞིང་དེ་ལ་ཆགས་ནས་བཟའ་ཤིང་དོར་ནས། དུག་ཤིང་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་དང་བཅས་པ་ལ་ལོངས་སྤྱོད་པས་དུག་ནད་དྲག་པོའི་སྡུག་བསྔལ་གྱིས་མནར་ཞིང་སྲོག་འཚོ་བའི་སྐབས་མེད་དོ། །དཔེ་དེ་བཞིན་དུ་མ་རིག་པ་གཉིས་ཀྱིས་བསྐྱེད་པའི་ཉོན་མོངས་པའི་སྡོང་པོ་ཡལ་འདབ་དུག་ལྔའམ་ཉེ་ཉོན་ཉི་ཤུ་ལ་སོགས་པ་ལ། ཐ་མལ་པའི་ལྷ་མི་འཇིག་རྟེན་ཆོས་བརྒྱད་ལ་མངོན་པར་ཞེན་པ་རྣམས་ཀྱིས་དགེ་བ་བཅུ་སྤངས་ནས། ཉོན་མོངས་པ་དང་མི་དགེ་བའི་ལས་ལ་འཇོལ་ཉོག་དུ་སྤྱད་པས་འབྲས་བུ་ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་ཉམ་ཐག་ཅིང་ཐར་པའི་སྲོག་ཆད་པར་བྱེད་དོ། །འབངས་དེ་རྣམས་ཀྱི་ནང་ནས་དུག་ཤིང་གི་ཉེས་དམིགས་ཤེས་པ་ཁ་ཅིག་ནི། བཟའ་ཤིང་དང་དུག་ཤིང་གི་ཁེ་ཉེན་ཤེས་ནས། བཟའ་ཤིང་ལ་ལོངས་སྤྱོད་པར་བྱེད་ཀྱང་དུག་ཤིང་གི་ཁྲོད་ནས་འཕགས་པར་མ་ནུས་པ་བཞིན་དུ་ལྷ་མིའི་ནང་ནས་དཀར་པོའི་ལས་སད་པ་ཁ་ཅིག །དགེ་བའི་ལས་ཀྱི་འབྲས་བུ་མཐོ་རིས་དང་། སྡིག་པའི་ལས་ཀྱི་འབྲས་བུ་ངན་སོང་ལས་མི་འདའ་ཞིང་མི་བསླུ་བས་ན་ཆུད་མི་ཟ་བར་ཡིད་ཆེས་པས་མི་དགེ་བཅུ་སྤངས་ནས་དགེ་བཅུ་སྤྱད་ཀྱང་འཁོར་བ་ལས་ངེས་པར་འབྱུང་མ་ནུས་པ་ལྷ་མིའི་ཐེག་པ་དང་། ཡང་འབངས་དེ་རྣམས་ཀྱི་ནང་ནས་ཁ་ཅིག་ན་རེ། དུག་ཤིང་གི་སྡོང་པོ་འདི་རྩ་བ་ཁབ་རྩེ་ཙམ་ཡང་མ་ལུས་པར་བཏོན་ནས་རྟ་དང་གླང་པོ་ལ་བཀལ་ཏེ། ལ་བརྒལ་དང་ཆུ་འཕགས་སུ་བསྐྱལ་བ་དྲག་གོ་ཟེར་རོ། །དཔེ་དེ་བཞིན་དུ་ཕྱི་གཟུང་བའི་ཡུལ་རགས་པ་དང་ནང་འཛིན་པའི་ཤེས་པ་རྒྱུན་དང་བཅས་པ་རང་བཞིན་མེད་པར་རྟོགས་པས་འཁོར་བ་ལས་ངེས་པར་བྱུང་ཡང་། གཟུང་ཡུལ་རྡུལ་ཕྲ་རབ་དང་འཛིན་སེམས་ཤེས་པ་སྐད་ཅིག་མ་དོན་དམ་དུ་འདོད་པ་ཉན་ཐོས་ཀྱི་ཐེག་པ་ལ་ཉོན་མོངས་པ་སྤོང་བའི་ཐབས་དང་། ཡང་འབངས་དེ་བས་ཀྱང་ཅུང་ཟད་ཐབས་ཆེ་བ་གཅིག་ན་རེ། དུག་ཤིང་གི་སྡོང་པོ་འདི་རྩ་བ་ནས་འདོན་མི་དགོས་ཏེ། སྡོང་པོ་སྔར་བཞིན་བསྐྱལ་ནས་བཅད་མཚམས་ལ་ཁྲོ་ཆུ་ཁོལ་མ་བླུག་པས་སླར་སྐྱེས་བར་མི་འགྱུར་རོ་ཟེར་བ་བཞིན་དུ། འཛིན་རིག་སྐད་ཅིག་མ་དོན་དམ་གྱི་བདེན་པར་འདོད་པས་ཕྱི་རྟེན་ཅིང་འབྲེལ་བར་འབྱུང་པ་བཅུ་གཉིས་མང་ཉུང་གི་ཚུལ་དུ་འཁོར་ལ། ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ལུས་མེད་རྣམས་ལ་བག་ཆགས་དང་། ལུས་ཅན་རྣམས་ལ་དངོས་སུ་འཁོར་བར་འདོད་པས་རང་སངས་རྒྱས་ཀྱི་ཐེག་པ་ལ་ཉོན་མོངས་པ་འགེགས་པའི་ཐབས་དང་། ཡང་འབངས་དེ་རྣམས་ཀྱི་ནང་ནས། ལྷ་རྗེ་མཁས་པ་ཅིག་ན་རེ། དུག་ཤིང་གི་རྩ་བ་ཁབ་རྩེ་ཙམ་ཡང་མ་ལུས་པར་བྲུ་བ་དང་ལྟ་ཅི་སྨོས། དུག་སྡོང་བཅད་ནས་བསྒྱེལ་པ་ཡང་ཉེས་དམིགས་དང་རྩོལ་བར་བཅས་པ་ཡིན་ལ། དེ་བས་ན་ཁོ་བོ་ནི་སྨན་མར་སྦྱོར་པ་ལ་དུག་ཤིང་ཉོ་བ་ཡང་མ་རྙེད་དོ་ཞེས་ཟེར་ནས། དུག་ཤིང་ལ་སྨན་སྦྱོར་བྱས་པས་ནད་བཞི་བརྒྱ་རྩ་བཞི་སེལ་ཞིང་རོ་རྩའི་མཆོག་ཏུ་གྱུར་པ་ཞིག་བྱུང་ལོ། དཔེ་དེ་བཞིན་དུ་ནང་འཛིན་པའི་ཞེས་པ་རྐྱེན་གྱིས་འཁྲུལ་པའི་སྣང་བ་ལས་དོན་དུ་བདེན་པར་མ་གྲུབ་ཀྱང་ཕྱི་ཡུལ་དུ་འདོགས་པ་ནི་ཀུན་བརྟགས་དང་། གཞན་དབང་ཡིན་པའི་ཕྱིར། ཡོངས་གྲུབ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཡུལ་དང་ཤེས་པ་ཐ་དད་དུ་མ་སྐྱེས་པར་ཤེས་ནས། ཞི་བ་ཕྱོགས་གཅིག་པ་ལས། ངེས་པར་འབྱུང་བ་བྱང་ཆུབ་སེམས་དཔའི་ཐེག་པ་ལ། ཉོན་མོངས་པ་དང་། རྣམ་པར་རྟོག་པ་ཆོས་ཉིད་དུ་སྦྱོང་བའི་ཐབས་དང་། ཡང་འབངས་ཕོ་དེ་རྣམས་ཀྱི་ནང་ནས། སྔགས་མཁན་ཞིག་བྱུང་ནས། དུང་ཤིང་འདུལ་བ་ལ་སྨན་གྱིས་འདུལ་སྦྱོང་འདི་ཙམ་བྱེད་ཅི་དགོས། འདི་བཞིན་བྱེད་པ་ཡིན་མོད་ཟེར་ནས་ཕྱག་རྒྱ་ཅིག་བཅས་ནས་སྔགས་བཏབ་པ་ཙམ་གྱིས། སྔར་གྱི་སྨན་སྦྱོར་བྱས་པ་དེ་བས་ཀྱང་རོ་ནུས་པ་མཆོག་ཏུ་གྱུར་པ་ཞིག་བྱུང་སྐད། དཔེ་དེ་བཞིན་དུ། སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་གྱི་སྒོ་ནས། ཉོན་མོངས་པ་དང་རྣམ་པར་རྟོག་པ་ལྷའི་རང་བཞིན་དུ་དབང་སྒྱུར་བས་དགེ་བའི་ལས་དང་སྡིག་པའི་ལས་ཀྱི་འབྲས་བུ་མཐོ་རིས་དང་ངན་སོང་གིས་མི་གོས་པ་ཀྲི་ཡོག་སྡེ་གསུམ་གྱི་ཐེག་པ་ལ། ཉོན་མོངས་པ་ལྷ་དང་ཡེ་ཤེས་སུ་བསྒྱུར་བའི་ཐབས་དང་། ཡང་རྨ་བྱ་ཞིག་བྱུང་ནས་དུག་གི་སྡོང་པོ་མཐོང་བ་ལ་ཤིན་ཏུ་དགའ་བའི་སེམས་ཀྱིས་གང་ལའང་ལྟོས་མེད་དུ་ཟོས་པས། ལང་ཚོ་རྒྱས་ཤིང་སྤུ་སྡུག་མདངས་དང་ལྡན་པར་གྱུར་ལོ། དཔེ་དེ་བཞིན་དུ། ལས་དང་ལས་ཀྱི་འབྲས་བུ་བདག་ཉིད་ཆེན་པོའི་རོལ་པར་རྟོགས་ནས། ཉོན་མོངས་པ་སྤྱད་ཀྱང་མི་འཆིང་ཞིང་ཡེ་ཤེས་ལྔར་གསལ་བས་ན་གོས་པར་མི་འགྱུར་བ་སྔགས་ནང་པ་གཉིས་ཀྱི་ཐེག་པ་ལ། ཉོན་མོངས་པ་དབང་དུ་བྱེད་པའི་ཐབས་དང་། དེ་ལྟར་དུག་གི་སྡོང་པོ་སྐྱེས་པའི་དུས་ཉིད་ན་ལྡུམ་རའི་ས་གཞི་དེ་ལ་དུག་སྐྱེས་པ་དང་། བཅད་པ་དང་། སྨན་གྱིས་སྦྱངས་པ་དང་། བསྒྱུར་བ་དང་། རྨ་བྱས་ཟོས་པ་ལ་སོགས་པ་གང་ལ་ཡང་སྤང་བླངས་དང་། དགའ་མི་དགའི་རྟོག་པ་མེད། དུག་མ་སྐྱེས་ཀྱང་དགག་བསྒྲུབ་དང་བླང་དོར་མེད་པ་བཞིན་དུ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་རང་བྱུང་གི་ཡེ་ཤེས་རང་ཤར་བ་ལ་ལས་དང་ལས་ཀྱི་འབྲས་བུས་གོས་སུ་མེད་པ་ཨ་ཏི་རང་ལུགས་ཀྱི་ཐེག་པ་སྟེ། སྤང་གཉེན་གྱི་ཐ་སྙད་ལས་འདས་པ་ནི་སྟོན་པ་དྲུག་པའི་ཐུགས་ཀྱི་དགོངས་པའི་མཐར་ཐུག་གོ། །འོ་ན་སྟོན་པ་དྲུག་པའི་ཐུགས་དགོངས་མཐར་ཐུག་པ་ཨ་ཏི་ཡིན་པར་འདུག་པ་ལ། མ་ཧཱ་ཡོ་གའི་རྒྱུད་འདི་ཉིད་ཀྱི་བྱིན་གྱིས་རླབས་ལས་བྱུང་བར་བཤད་པ་འགལ་ལོ་ཞེ་ན། སྤྱིར་གྱི་བསྐྱེད་རྫོགས་གསུམ་དགོས་ཆེད་ཀྱི་དབང་གིས་ཁྱད་པར་ཡོད་པ་ལྟར་བསྟན་ཀྱང་། སྟོན་པ་དྲུག་པའི་དགོངས་པའི་མཐར་ཐུག་ཏུ་གཅིག་ལ། དེ་དག་གི་སྤྱི་རྒྱུད་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་འདི་ཡིན་ཏེ། རྒྱས་པ་ལས། ལུང་གི་སྤྱི་འདི་ཤིན་ཏུ་ཟབ་པའི་ཕྱིར། །ཞེས་པ་དང་། འདི་ཉིད་ལས། སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་པས་གསལ་ལོ། །བླ་མ་གོང་མ་རྣམས་ནི་འདིའི་དཔེར། མངའ་བདག་རྩེ་སྡེ་ལ་འབངས་ཀྱིས་ནོར་འགྲན་པའི་གླེང་གཞི་གསུང་ངོ་། །སྤྱི་དོན་གཉིས་པ་ཡོངས་སུ་ཤེས་པར་བྱ་བའི་ལྟ་བ་ལ་གཉིས་ཏེ། བགྲང་། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། བསྟན་པ་འབྱུང་བའི་རྒྱུ་རྐྱེན་བསྟན་པ་ལ་དེ། ཡོངས་སུ་ཤེས་པའི་ལྟ་བ་སྟོན་པས་ན་ནས། དེ་བཞིན་གཤེགས་པ་རིགས་ཐམས་ཅད་ཀྱི་བདག་པོ་ཀུན་ཏུ་བཟང་པོས་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་འོག་ནས་འབྱུང་བའི་དོན་འདི་རྣམས་ཚིག་ཏུ་བརྗོད་པ་དང་འདྲ་བར་གོ་བར་བྱེད་པ་འདི་བརྗོད་དོ། །ལྟ་བ་གཏན་ལ་དབབ་པ་དངོས་སོ། །དེ་ལ་གཉིས་ཏེ། འཁོར་བ་གཏན་ལ་དབབ་པ་དང་། མྱ་ངན་ལས་འདས་པའི་ཡོན་ཏན་ནོ། །དང་པོ་ལ་གསུམ་སྟེ། བགྲང་། བརྟགས་ཞི་འཁོར་བའི་ཆོས་བསྟན་པ། དྲང་། ལྷན་སྐྱེས་ཀྱི་མ་རིག་པས་རང་ངོ་རང་གིས་མ་ཤེས་པ་ནི་འཁོར་བ་འཁྲུལ་པའི་རྒྱུ་ཡིན་ནོ། །ཀུན་བརྟགས་ཀྱི་མ་རིག་པས་གང་ཟག་དང་ཆོས་ཀྱི་བདག་ཏུ་རྟོགས་པའི་ཕྱིར། ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་ཤེས་པ་གཉིས་སྣང་གི་རྐྱེན་གྱིས་ཉོན་མོངས་པ་སྐྱེ་ཞིང་། དེས་ལས་གསོག་པ་ནི་འཁོར་བ་འཁྲུལ་པའི་རྐྱེན་ཡིན་ནོ། །ལས་ཀྱི་དབང་གིས་འཁོར་བར་འཁྱམས་པ་ཇི་སྙེད། ཕྱི་སྣོད་ཀྱི་འཇིག་རྟེན་མཐའ་ཡས་པ་ལ་གནས་པའི་སེམས་ཅན་བློ་འཁྲུལ་པ་བསམ་གྱིས་མི་ཁྱབ་པ་ནི་འཁོར་བའི་ཆོས་ཏེ། འཁོར་བ་འཁྲུལ་པའི་ངོ་བོ་ཡིན་ནོ། །འོ་ན་སེམས་ཅན་དེ་དག་ཇི་ལྟར་འཁོར་ཞེ་ན། ཕྱི་རྟེན་འབྲེལ་བཅུ་གཉིས་མང་ཉུང་གི་ཚུལ་དུ་འཁོར་ཏེ། དཔེ་ཤིང་གི་སྡོང་པོ་ལྟ་བུ་ལ་སྦྱར་ན། རྒྱུ་དང་འབྲེལ་པ་དྲུག་ནི། རྩ་བ་དང་། སྡོང་པོ་དང་། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་རྣམས་སྔ་མ་སྔ་མས་ཕྱི་མ་ཕྱི་མ་བསྐྱེད་པ་ལྟ་བུ་ཡིན་ལ། ཉུང་བ་རྡོ་ཟླུམ་ལྟ་བུ་གཅིག་ལ་སྦྱར་ན། རྩ་བ་དང་། སྡོང་པོ་དང་། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་དེ་རང་ཡིན་པ་ལྟ་བུའོ། །རྐྱེན་དང་འབྲེལ་པ་དྲུག་ནི། འབྱུང་བ་ལྔ་དུས་ཀྱིས་འགྱུར་དང་དྲུག་གོ། །ནང་རྟེན་འབྲེལ་བཅུ་གཉིས་ལུས་མེད་རྣམས་ལ་བག་ཆགས་དང་། ལུས་ཅན་རྣམས་ལ་དངོས་སུ་འཁོར་ཏེ། དེ་ཡང་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་རྐྱེན་གྱིས་རྣམ་པར་ཤེས་པ། དེ་བཞིན་དུ་མིང་དང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་རྣམས་ལུགས་འབྱུང་ཟོ་ཆུའི་ཁྱུད་མོ་བཞིན་འཁོར་བ་ནི། འཁོར་བ་འཁྲུལ་པའི་ཚུལ་ཡིན་ནོ། །འགྲོ་བ་ནང་རིགས་མི་མཐུན་པ་སོ་སོ་ལ་རང་རང་གི་གནས་སྐབས་ཀྱི་བདེ་བ། གླ་བས་གླ་བ་རྙེད་པ་ལྟ་བུ་དང་། གཞན་ཡང་ཕྱི་ནང་གི་སྡུག་བསྔལ་བརྒྱད་དམ་ཁྱད་པར་དུ་ངན་སོང་གསུམ་ལ་སྡུག་བསྔལ་གྱི་སྡུག་བསྔལ་མཛེ་ལ་ཚྭ་ཆུ་བསྐུས་པ་ལྟ་བུ་སྟེ་བཅུ་གཅིག་མྱོང་བར་འགྱུར་པ་ནི་འཁོར་བ་འཁྲུལ་པའི་ཉེས་པ་ཡིན་ནོ། །འདི་ལ་ཁ་ཅིག་ན་རེ། སྡུག་བསྔལ་ཉེས་པར་འགྲོ་མོད། བདེ་བ་ཉེས་པར་ཅི་འགྲོ་ཞེ་ན། རྗེ་དྲིངས་པ་ན་རེ། སངས་རྒྱས་ཀྱི་བདེ་བ་ལ་ལྟོས་ན། སེམས་ཅན་གྱི་བདེ་བ་ཇི་ལྟར་ཕུན་སུམ་ཚོགས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། གླ་བས་གླ་པ་རྙེད་པ་ལྟ་བུ་ཡིན་གསུང་ངོ་། །གཙང་པ་བྱི་སྟོན་ན་རེ། ལ་ལའི་བདེ་བ་ལ་ལའི་སྡུག་བསྔལ་དུ་འགྱུར་ཏེ། དོ་བོས་མི་ཐོང་པོ་གསོད་པ་ལྟ་བུ་ཡིན་གསུང་ངོ་། །དེ་ལྟར་བརྟག་གཞི་འཁོར་བའི་ཆོས་དེ་དག་གི་རང་བཞིན་ནི་སེམས་ཉིད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་ཉམས་པ་མེད་དེ། དཔེར་ན། ཐོ་ཡོར་ལ་མི་རུ་སྣང་ཡང་ཐོ་ཡོར་ལས་མ་གཡོས་པ་བཞིན་ནོ། །འདིའི་སྐབས་སུ། འཁོར་བ་ལ་ཐོག་མཐའ་ཡོད་མེད་ཀྱི་བརྒལ་ལན་ནི། ཁ་ཅིག་ན་རེ། འཁོར་བ་ལ་ཐོག་མཐའ་མེད་དོ་ཞེ་ན། ལམ་ཉམས་སུ་བླངས་པ་ལ་དགོས་པ་མེད་པར་ཐལ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ན་འདི་ཉིད་ཀྱི་བཅུ་གསུམ་པ་ལས། ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་འབྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་གསུངས་པས་གསལ་ལོ། །ཡང་ཁ་ཅིག་ན་རེ། ཐོག་མཐའ་ཡོད་དོ་ཞེ་ན། འཁོར་བ་ཆོས་ཅན། དོང་སྤྲུགས་པ་སྲིད་པར་ཐལ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ན། སྤྱི་མདོ་ལས། འཁོར་བ་ཐོག་མཐའ་མེད་པའི་ཁྱབས་སུ་ཞེས་གསུངས་པས་གསལ་ལོ། །སྤྱི་བཙན་དུ་ཐོག་མཐའ་མེད་ལ། བྱེ་བྲག་ལམ་ཉམས་སུ་ལེན་པ་ལ་མཐའ་མ་ཡོད་དོ་ཞེ་ན། རིགས་ཀྱི་སྤྱིས་བྱེ་བྲག་ལ་མ་ཁྱབ་པར་ཐལ། རྟགས་ཁས་བླངས། འདོད་ན། རང་ཚིག་གིས་གསལ་ལོ། །ཁྱབ་པ་མེད་ན་འཁོར་བ་དོང་སྤྲུག་པར་ཐལ། སྤྱིས་བྱེ་བྲག་ལ་ཁྱབ་ལ། བྱེ་བྲག་ལམ་ཉམས་སུ་ལེན་པ་ལ་མཐའ་འདུག་པའི་ཕྱིར་རོ། །འདོད་ན། སྤྱི་མདོའི་ལུང་གིས་གསལ་ལོ། །དེ་ལ་ལན་ཅིག་ལྟར་གདབ་ཅེ་ན། གོ་དོན་དང་། ལན་གཉིས་ལས། གོ་དོན་ནི། འདི་ཉིད་ལས། རང་བཞིན་ཉིད་ལས་ཉམས་པ་མེད། །ཅེས་པས་དང་། གཞན་དག་ལས། འཁོར་བའི་རང་བཞིན་མི་དམིགས་ཕྱིར། །ཞེས་གསུངས་པས། འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་གཉིས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར། བློའི་ཡུལ་ལས་འདས་པ་སྟེ་ཐོག་མཐའ་ཡོད་མེད་ཀྱི་ཐ་སྙད་ལས་གྲོལ་བ་ཡིན་ནོ། །འོན་ཀྱང་ལན་གྱི་དབང་དུ་བྱས་ནས། འགལ་ན་འགོག །མཚུངས་ན་བསྒྲེ་བྱ་བ་ཡིན་པས། འབྱུང་ཆེན་ལྟོས་ཀྱི་ནམ་མཁའ་ལ་མཐའ་དབུས་ཡོད་དམ་མེད་བྱས་པས། ཁོ་ན་རེ་ཡོད་ཟེར་ན། འཁོར་བ་ལ་ཡང་ཐོག་མཐའི་ཐོབ་བྱ་མེད་པའི་ལུང་གིས་གསལ་ཟེར་ན། ནམ་མཁའ་ལ་ཡང་མཐའ་དབུས་མེད་པར་ལུང་རིག་ཚད་མས་གསལ་བྱའོ། །ཡང་ཁོ་ན་རེ། མཐའ་དབུས་མེད་ཟེར་ན། འཁོར་བ་ལ་ཡང་ཐོག་མཐའ་མེད་བྱས་པས། ཁོ་ན་རེ། ལམ་ཉམས་སུ་བླངས་པ་དོན་མེད་དུ་ཐལ་ཟེར་ན། བུ་གའི་ནམ་མཁའ་བཀག་ཀྱང་མི་ཁེགས་པར་ཐལ་ཞེས་འགོ་མཚུངས་བསྒྲེའོ། །གཏན་ཚིག་བདེན་པ་གསུམ་གྱིས་གཏན་ལ་དབབ་པ། དྲང་། ཡང་དག་དོན་དམ་པ་དང་། ཀུན་རྫོབ་སྒྱུ་མའི་བདེན་པ་ཞེས་མདོ་སྡེ་པ་དང་ཚུལ་མཐུན་པར་བདེན་པ་གཉིས་སུ་ཕྱེ་ན་བདག་ཏུ་རིག་པའི་ངར་འཛིན་པ་རྣམ་པར་ཤེས་པ་ཚོགས་བརྒྱད་དང་། བདག་གི་མྱོང་བའི་ཕུང་པོ་ལྔ་དང་། གཞན་འབྱུང་བ་ཡུལ་ལྟར་དུ་སྣང་བ་འདི་དག་ཆོས་ཅན། དོན་དམ་བདེན་ངོར་བདག་གསུམ་པོ་དེ་གྲུབ་པ་མེད་དེ། སེམས་ཉིད་ཡེ་ནས་སྐྱེ་འགག་གནས་དམིགས་འགྲོ་འོང་དང་བྲལ་བའི་ཕྱིར་རོ། །དེས་ནས་དོན་དམ་པ་སྤྲོས་བྲལ་ཙམ་དུ་མཉམ་ལ། ཀུན་རྫོབ་བདེན་ངོར་བདག་གསུམ་པོ་དེས་བསླུ་བ་མེད་དེ། སྐྱེ་འགག་གནས་དམིགས་འགྲོ་འོང་ལྟར་སྣང་བའི་ཕྱིར་རོ། །དེས་ན་ཀུན་རྫོབ་སྒྱུ་མ་ཙམ་དུ་མཉམ་མོ། །དེ་ལྟར་མཉམ་པ་གཉིས་ནི་ཐེག་པ་ཐུན་མོང་གི་མཉམ་པ་ཡིན་ལ། དེ་ལས་ལྷག་པའི་མཉམ་པ་གཉིས་ནི་ཡང་དག་དོན་དམ་གྱིས་གཏན་ལ་ཕབ་ན་དོན་དམ་གསུམ་སྟེ། བདག་མ་རིག་པའི་ངར་འཛིན་པ་རྣམ་ཤེས་ཚོགས་བརྒྱད་དང་། བདག་གི་མྱོང་བའི་ཕུང་པོ་ལྔ་དང་། གཞན་འབྱུང་བ་ཡུལ་ལྟར་སྣང་བ་འདི་དག་ཡེ་ཤེས་ལྔ་དང་། རིགས་ལྔ་དང་། རིགས་ཀྱི་ཡུམ་ལྔའི་རང་བཞིན་ལས། མ་གཡོས་པ་ནི་གོ་རིམ་བཞིན་ཡེ་ཤེས་དོན་དམ། འབྲས་བུ་དོན་དམ། རང་བཞིན་དུ་དོན་དམ་ཞེས་བྱ་སྟེ། དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པར་མཉམ་ལ། ཀུན་རྫོབ་སྒྱུ་མས་གཏན་ལ་ཕབ་ན་སྒྱུ་མ་རྣམ་པ་གསུམ་སྟེ། བདག་མ་རིག་པའི་ངར་འཛིན་པ་རྣམ་པར་ཤེས་པ་ཚོགས་བརྒྱད་དང་། བདག་གི་མྱོང་བའི་ཕུང་པོ་ལྔ་དང་། གཞན་འབྱུང་བ་ཡུལ་ལྟར་དུ་སྣང་བ་འདི་དག་ཡེ་ཤེས་ལྔ་དང་རིགས་ལྔ་དང་རིགས་ཀྱི་ཡུལ་ལྔ་ཀར་དག་པ་ཐུགས་སུ་ཆུད་པ་ནི་གོ་རིམ་བཞིན་ཡེ་ཤེས་སྒྱུ་མ། ཕྱག་རྒྱ་སྒྱུ་མ། དངོས་པོ་སྒྱུ་མ་ཞེས་བྱ་སྟེ། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་རྫོགས་པར་མཉམ་མོ། །དེའི་ཕྱིར་བདེན་པ་གཉིས་ཀྱང་མཐར་རྣམ་པར་དག་པ་མཉམ་པའི་དབྱིངས་ཉིད་དུ་ཐ་མི་དད་པས་ན། དབྱེར་མེད་ཀྱི་ངང་དུ་ཚུལ་གཅིག་པ་ནི་ཐུན་མོང་མ་ཡིན་པའི་ཐེག་པ་འདིའི་དགོངས་པའི་མཐར་ཐུག་གོ། །གྲུབ་མཐའ་རྟོགས་པ་བཞི་དང་དག་པ་གསུམ་གྱི་གཏན་ཚིགས་ཀྱིས་འབྲས་བུ་རྡོ་རྗེའི་ཐེག་པ་གཏན་ལ་དབབ་པའོ། །དྲང་། བདག་མ་རིག་པའི་ངར་འཛིན་པ་རྣམ་པར་ཤེས་པ་ཚོགས་བརྒྱད་དང་། བདག་གི་མྱོང་བའི་ཕུང་པོ་ལྔ་དང་། གཞན་འབྱུང་བ་ཡུལ་ལྟར་དུ་སྣང་བ་འདི་དག་རྣམས་ནི་ཆོས་ཅན། མ་རིག་པའི་དབང་གིས་ལོག་པར་རྟོག་པའི་ངོ་བོ་ཙམ་ཉིད་དུ་སྣང་བ་ལས། ཉན་ཐོས་ཀྱི་འདོད་པ་ལྟར་ཡུལ་ཕྲ་བ་སྟེ་རྡུལ་ཕྲན་དང་། རང་རྒྱལ་གྱི་འདོད་པ་ལྟར་ཤེས་པ་ཟབ་པ་སྟེ་སྐད་ཅིག་མའང་ཡོད་པ་མ་ཡིན་ནོ། །འོ་ན་གཟུང་འཛིན་འདི་གང་ནས་བྱུང་ཞེ་ན། ལོག་རྟོག་སྔ་མ་ཉིད་ལ་ཕྱི་མ་ཉིད་ལོང་བརྟགས་ནས་སྤྱོད་པ་སྟེ་དེ་ལྟར་སྤྱོད་ཀྱང་སེམས་ཉིད་ལས་གཞན་དུ་གཡོ་བ་བདག་གསུམ་དང་ཆོས་གསུམ་རིས་སུ་གྱུར་པ་ཅི་ཡང་མེད་དོ། །འོ་ན་གཞི་ལོག་རྟོག་གི་དབང་དུ་སོང་ངམ་ཞེ་ན། ལོག་རྟོག་གི་སྒྱུ་མ་རིག་པ་འབྲས་བུ་ཕུང་པོ་རྒྱུན་ཞེན་པ་ཉིད་ཀྱང་ཕྱི་མོ་ནས་བརྟེན་པའི་གཞི་དང་བསྐྱེད་པའི་རྩ་བ་གཉིས་མེད་དེ། འཁོར་འདས་གཉིས་ཀ་མཉམ་པ་ཉིད་ཀྱི་དབྱིངས་རྡུལ་དང་སྐད་ཅིག་མ་ལས་འདས་པའི་ཕྱིར་རྒྱུ་གཅིག་པའི་གཏན་ཚིགས་སོ། །ལོག་རྟོག་གི་རྒྱུན་རྣམ་པར་དག་པ་སྐྱེ་བ་མེད་པའི་དབྱིངས་ཉིད་ཆོས་ཅན། ཡིག་འབྲུའི་ཚུལ་དུ་མ་འགགས་པར་སྣང་བ་ཡིན་ཏེ། སེམས་ཉིད་མ་སྐྱེས་པ་མཚོན་པའི་ཡིག་འབྲུ་ཨ་ཉིད་ལ་སྣང་སྤྱོད་ཡེ་ཤེས་སུ་དབང་སྒྱུར་བ་མཚོན་པ་ཨོ་ཉིད། ཟུང་འཇུག་མཐའ་བྲལ་མཚོན་པ་ན་ཐས་བརྒྱན་བས་ༀ་སྟེ། གསུང་དང་སྐུ་དང་ཐུགས་ཀྱི་ཡེ་ཤེས་སུ་སྤྱོད་པའི་ཕྱིར་ན་ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་སོ། །བྱིན་གྱིས་བརླབས་དང་། མངོན་སུམ་པ་གཉིས་ནི་འོག་ནས། རྣམ་དག་བླ་མེད་ཐེག་པའི་མཆོག །ཅེས་པ་ལ་ངོན་འཛིན་གསུང་ངོ་། །རྒྱས་པར་ལེའུ་བཅུ་གཅིག་པའི་སྐབས་སུ་འཆད་པར་བྱེད་དོ། །དག་པ་གསུམ་གྱི་གཏན་ཚིགས་ནི་བདག་དང་ཞེས་པ་ནི་མྱོང་བའི་ཕུང་པོ་ལྔ་སྟེ། རིགས་ལྔའི་སངས་རྒྱས་སུ་རྣམ་པར་དག །གཞན་དང་ཞེས་པ་ནི་འབྱུང་བ་ཡུལ་ལྟར་དུ་སྣང་བ་ལྔ་སྟེ། རིགས་ཀྱི་ཡུམ་ལྔར་རྣམ་པར་དག །རྟོག་པའི་རྒྱུན་ཞེས་པ་ནི་ངར་འཛིན་པ་རྣམ་ཤེས་ཚོགས་བརྒྱད་དེ། ཡེ་ཤེས་ལྔར་རྣམ་པར་དག་པའི་ཕྱིར་བླ་ན་མེད་པ་ཐེག་པའི་མཆོག་སྟེ། གཞན་མཚན་ཉིད་དང་ཕྱི་རྒྱུད་ལས་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །འོ་ན་ཇི་སྙེད་འཇིག་རྟེན་ཞེས་པ་དང་གཅིག །བདག་དང་བདག་གི་གཞན་མེད། །ཞེས་པ་དང་གཉིས། བདག་དང་བདག་གི་གཞན་རྣམས་ནི། །ཞེས་པ་དང་གསུམ། ལོག་རྟོག་ཉིད་ལ་ཉིད་སྤྱོད་དེ། །ཞེས་པ་དང་བཞི། ལོག་རྟོག་རྒྱུ་འབྲས་རྒྱུན་ཉིད་ཀྱང་། །ཞེས་པ་དང་ལྔ། བདག་དང་གཞན་དང་རྟོག་པའི་རྒྱུན། །ཞེས་པ་དང་དྲུག་པོ་འདི་ལྡབས་སོ་ཞེ་ན། མ་ལྡབས་ཏེ། དང་པོ་ནི་གཞལ་བྱ་སྤྱིའི་ངོས་ནས་བཞག་གོ། །གཉིས་པ་ནི་གཏན་ཚིགས་བདེན་པ་གསུམ་དང་བསྟུན་ཏེ་གཞལ་བྱ་བསྡུས་པའི་ངོས་ནས་བཞག་གོ། །གསུམ་པ་ནི་ལོག་རྟོག་གི་ངོར་སྣང་ཡང་ངོ་བོ་མ་གྲུབ་པའི་ངོས་ནས་སོ། །བཞི་པ་ནི་ལོག་རྟོག་ཉིད་ཀྱང་ཆོས་ཉིད་ལས་མ་གཡོས་པའི་ཆ་ནས་སོ། །ལྔ་པ་ནི་རྒྱུ་གཅིག་པའི་ཆ་ནས་སོ། །དྲུག་པ་ནི་ཡིག་འབྲུའི་ཚུལ་དང་དག་པ་གསུམ་ཐུན་མོང་གི་ཆ་ནས་བཞག་པའོ། །ཡང་ལྷ་དང་མིའི་ཐེག་པ་དང་ཞེས་པ་དང་། མ་རིག་པའི་ཞེས་པ་དང་། དེ་དག་ཐམས་ཅད་ཀྱང་ཞེས་པ་དང་། ཐེག་པ་བཞི་ཞེས་པ་དང་། འདུལ་བ་མདོ་སྡེ་ཞེས་པ་དང་། སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །ཞེས་པ་དང་། ཆོས་རྣམས་མིང་དུ་ཞེས་པ་བདུན་པོ་ལྡབས་སོ་ཞེ་ན། མ་ལྡབས་པའི་ཁྱད་པར་ས་བཅད་ཀྱི་མིང་གིས་ཤེས་སོ། །གཉིས་པ་མྱ་ངན་ལས་འདས་པའི་ཡོན་ཏན་ལ་ལྔ་སྟེ། བགྲང་། ཐེག་པའི་ཁྱད་པར། དྲང་། ལྷ་མི། ཉན་ཐོས། རང་སངས་རྒྱས། བྱང་ཆུབ་སེམས་དཔའི་ཐེག་པ་དང་བཞི་ཡིས་ངེས་པར་འབྱུང་ལ། དེ་ཡང་། ལྷ་མིས་ངན་སོང་གསུམ། ཉན་རང་གིས་འཁོར་བ། བྱང་ཆུབ་སེམས་དཔས་མཐའ་གཉིས་ལས་ངེས་པར་འབྱུང་པའི་མཐར་ཐུག་གསང་སྔགས་ཀྱི་ཐེག་པ་གཅིག་ཁོ་ན་ཡིན་ལ། དེ་དག་གི་བསྒྲུབ་བྱ་ཡང་ཡིན་པས་ན་ཐེག་པ་པ་ཀུན་གྱི་འབྲས་བུར་གནས་ཤིང་། འབྲས་བུ་ལ་ལམ་དུ་བྱེད་པའི་ཕྱིར་ན་ཐེག་པ་ཀུན་གྱི་མཆོག་ཀྱང་ཡིན་ནོ། །དེ་བཞིན་གཤེགས་པའི་སྣང་བ། དྲང་། དོན་དམ་གསུམ་མངོན་དུ་བྱས་པའི་ཡང་དག་པའི་དོན་ཇི་ལྟ་བར་རྟོགས་པའི་ཤེས་རབ་ཀྱིས་རབ་ཏུ་བརྟགས་ན། དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་ཀྱང་། རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུ་ལས་སེམས་ཅན་གྱི་བསམ་པ་དང་མཐུན་པར་ཅིར་ཡང་འགྲུབ་པའོ། །སངས་རྒྱས་དང་ཆོས་ལ་འབྱུང་འཇུག་དང་དར་རྒུད་མེད་པར་བསྟན་པ། དྲང་། དེ་བཞིན་ཉིད་མངོན་དུ་བྱས་པའི་སངས་རྒྱས་རྣམས་ནི་ཡོངས་སུ་མྱ་ངན་ལས་ཡོངས་མི་འདའ་ལ། དེས་གསུངས་པའི་ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། དེ་བཞིན་ཉིད་དེ་ངོ་བོ་ཉིད་ཀྱིས་རྟག་པ་ཡིན་པའི་ཕྱིར་རོ། །འོ་ན་སྟོན་པ་མྱ་ངན་ལས་འདའ་ཞིང་། བསྟན་པ་ལ་དར་ནུབ་འོང་བ་ཅི་སྙམ་ན། གདུལ་བྱ་འདུལ་བའི་དོན་དུ་ཚུལ་བསྟན་པ་ཙམ་ཡིན་ཏེ། དེ་ཡང་མ་རིག་པའི་གདུལ་བྱ་སྨིན་པར་མཛད་པའམ། རྟག་ཏུ་རེ་བ་སུན་དབྱུང་ཞིང་ཐབས་དེས་འདུལ་བའི་ཕྱིར། སངས་རྒྱས་འཇིག་རྟེན་དུ་བྱུང་ནས་མྱ་ངན་ལས་འདའ་བར་བྱེད་པའི་ཚུལ་སྟོན་ཞིང་། བསྟན་པ་དར་ནུབ་ཀྱི་ཚུལ་ཀྱང་སྟོན་པར་མཛད་དོ། །དེ་ཡང་དགོངས་འདུས་ལས། ཁྱོད་ནི་ནམ་མཁའི་རང་བཞིན་ཏེ། །འདའ་དང་མི་འདའ་ཡོངས་མི་མངའ། །འཇིག་རྟེན་པ་དང་མཐུན་འཇུག་ཏུ། །འདའ་བས་འདུལ་བར་ཡོངས་སུ་དགོངས། །ཞེས་གསུངས་སོ། །རྒྱུད་ཀྱི་ཆེ་བ། དྲང་། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེ། ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་ཆོས་མངོན་པར་དང་། སྔགས་ཀྱི་བཅའ་གཞི་དམ་ཚིག་གཙོ་བོར་སྟོན་པ་ཀྲི་ཡ། ཀྲི་ཡོག་གཉིས་ཀ་ལ་བརྟེན་ནས་བསྒྲུབ་པ་ཨུ་པ་ཡ་དང་། ཏིང་ངེ་འཛིན་གཙོ་བོར་སྟོན་ཞིང་དོན་མྱུར་དུ་གྲུབ་པ་ཡོ་ག་དང་། བསྐྱེད་རིམ་གཙོ་བོར་སྟོན་པ་སྐུའི་རྒྱུད་མ་ཧཱ་དང་། རྫོགས་རིམ་གཙོ་བོར་སྟོན་པ་གསུང་གི་རྒྱུད་ཨ་ནུ་དང་། བསྐྱེད་རྫོགས་ཟུང་འཇུག་ཏུ་སྟོན་པ་ཐུགས་ཀྱི་རྒྱུད་ཨ་ཏི་ཡོ་ག་སྟེ། ཐེག་པ་དགུ་ལ་སོགས་པ་ཕྱོགས་བཅུ་ཀུན་ཏུ་རབ་ཏུ་གྲགས་པ་ཐམས་ཅད་རང་བཞིན་གསང་བའི་སྙིང་པོ་འདི་ལས་འཕྲོས་པ་སྟེ། དེ་ཕྱིར་རང་བཞིན་གསང་བའི་སྙིང་པོ་འདི་ནི་སྡེ་སྣོད་གསུམ་པོ་ཀུན་དང་རྒྱུད་དྲུག་པོ་ཀུན་གྱི་འབྱུང་གནས་ཡིན་ལ། དེ་དག་གཏན་ལའང་རང་བཞིན་གསང་བའི་སྙིང་པོ་འདི་ཉིད་ཀྱིས་ངེས་པར་འབེབས་པར་བྱེད་དོ། །འོ་ན་བསྟན་པ་དང་ཐེག་པ་དེ་དག་ཡང་དག་པར་ཡོད་དམ་ཞེ་ན། གདུལ་བྱའི་ངོ་ལ་བསྟན་པ་ཙམ་ལས་ཡང་དག་པར་ན་འཆད་པར་འགྱུར་བའི་ཆོས་རྣམས་མིང་དུ་བཏགས་པ་ཙམ། ཞེས་པ་ལ་སོགས་པ་གོ་བར་བྱའོ། །གདུལ་བྱ་དང་མཐུན་པར་གསུངས་པ་ལས་ཡང་དག་པར་ན་གསུང་དུ་མེད་པར་བསྟན་པའོ། །དྲང་། ཆོས་རྣམས་རང་གི་ངོ་བོས་སྟོངས་པའི་ཕྱིར་མིང་དུ་བཏགས་པ་ཙམ་མོ། །དེ་ལ་དགོས་ཆེད་ཅི་ཡོད་ཅེ་ན། ལྷ་མིའི་སྟོན་པ་ཐུབ་པའི་དབང་པོས་དོན་བདེན་པ་གཉིས་དབང་བཙན་དུ་བྱས་ནས་གནས་སྐབས་ཀྱི་ཆོས་ཉིད་དང་མཐར་ཐུག་གི་ཆོས་ཉིད་གཉིས་ཀ་དང་མི་འགལ་ཞིང་། གདུལ་བྱ་སོ་སོའི་བློ་དང་ཡང་མཐུན་པར་བྱ་བའི་དགོས་ཆེད་ཡོད་དོ། །འོ་ན་དེ་གདུལ་བྱའི་བློ་དང་མཐུན་ཕྱོགས་སུ་ཇི་ལྟར་བསྟན་ཞེ་ན། མིང་དང་ཚིག་ཏུ་བཏགས་ནས་སོ། །དེ་གང་གིས་ན་སྟོན་པ་སྤྲུལ་པའི་སྐུ་དེས་སོ། །དེ་ལྟར་བསྟན་ཀྱང་སྟོན་པ་བྱེད་པའི་མཁན་པོ་དང་དེས་བསྟན་པའི་མིང་ཚིག་ལ་དངོས་པོའམ་མཚན་མར་གྲུབ་པ་མེད་དེ། དེ་དག་སྒྲོ་བཏགས་པ་ཡིན་པའི་ཕྱིར་རོ་ཞེས་བརྗོད་དོ། །གཞུང་བསྡུས་ཏེ་བསྟན་པ་ལ་བཞི་སྟེ། བགྲང་། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། གཞུང་རྒྱས་པར་བསྟན་པ་ལ། དེ་བསྡུས་ཏེ་བསྟན་པས་ན་ནས། དེ་བཞིན་གཤེགས་པ་ཡབ་ཡུམ་ཐབས་ཤེས་རབ་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱིས་ཉམས་སུ་མྱོང་དཀའ་བའི་དོན་གྱིས་ན་གསང་བ་འདི་ཉིད་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་འོག་ནས་འབྱུང་བའི་བསྡུས་པའི་ཚིག་འདི་དག་ཕྱུང་ངོ་། །གཞུང་བསྡུ་བ་དངོས། དྲང་། འདི་ལ་གཞུང་རྒྱས་པ་དང་སྦྱར་ཏེ་བསྡུ་བ་དང་། འགྲེལ་པ་སྤར་ཁབ་ལྟར་ལམ་ཅིག་ཅར་བ་ལྟར་དུ་བསྡུས་བ་གཉིས་ལས། དང་པོ་ལྟར་ན། བསྡུ་བའི་སྟོད་དུ་ལེའུའི་སྨད་བསྡུ་བ་དང་། བསྡུས་བའི་སྨད་དུ་ལེའུའི་སྟོད་བསྡུ་བ་གཉིས་ལས། དེ་ཡང་ཨ་ཧོཿཞེས་པ་ནི། དངོས་པོ་གཉིས་གཏན་ཚིག་གསུམ་གྱིས་ངོ་བོ་གཅིག་པར་གྲུབ་པ་ལ་མཉེས་པའོ། །སྲིད་པ་གསུམ་གྱི་རྩ་བའི་ཉེས་དམིགས་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པ་སྟེ། གང་དུ་བསྡུ་ན། འདིར་བསྡུ་ལ། གང་བསྡུ་ན། ཡ་ཀིའི་གཞུང་རྒྱས་པའི་སྐབས་ན་འཁོར་བ་འཁྲུལ་པའི་རྒྱུ་མ་རིག་པ་ཅེས་པ་དེ་སྡུད། དེ་ལྟར་སྡུས་པའི་གནད་ཀའམ་རྒྱུ་མཚན་བརྟགས་ལ་བཤད་པ་ནི། ལེའུ་དང་པོའི་བསྡུ་བའི་སྐབས་ལྟར་འདིར་ཡང་ཤེས་པར་བྱའོ། །གང་ཟག་དང་ཆོས་ཀྱི་བདག་ཏུ་རྟོག་པ་དེ་ལས་འཕྲོས་པ་རྐྱེན་ཀུན་བརྟགས་ཀྱི་མ་རིག་པ་སྟེ། གང་དུ་ན་འདིར། གང་ན་འཁོར་བ་འཁྲུལ་པའི་རྐྱེན། ཡ་ཀི་ན་རྟོག་པའི་གཟུང་འཛིན་ཞེས་པ་དེ་སྡུས། འགྲོ་བ་རྒྱུད་དྲུག་སྲོག་སྐྱེ་འགག་དང་ལུས་བཟང་ངན་དང་ལོངས་སྤྱོད་ཆེ་ཆུང་དང་གནས་མཐོ་བ་དང་དམའ་བ་རུ་སྣང་བ། གང་དུ་ན་འདིར། གང་ན་འཁོར་བ་འཁྲུལ་པའི་ངོ་བོ། ཡ་ཀི་ན་ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས་ཞེས་པ་དེ་སྡུད། སྡུག་བསྔལ་བརྒྱད་དམ་བཅུ་གཅིག་ཏུ་སྣང་བ་སྟེ། གང་དུ་ན་འདིར། གང་ན་འཁོར་བ་འཁྲུལ་པའི་ཉེས་པ། ཡ་ཀི་ན་མི་མཐུན་བདེ་སྡུག་མྱོང་བར་འགྱུར་ཞེས་པ་དེ་སྡུད། ཕྱི་ནང་གི་རྟེན་ཅིང་འབྲེལ་ལ་འཁྲུལ་འཁོར་ལ་སོགས་པའི་ཚུལ་དུ་སྣང་བ། གང་དུ་ན་འདིར། གང་ན་འཁོར་བ་འཁྲུལ་པའི་ཚུལ། ཡ་ཀི་ན་ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར་ཞེས་པ་དེ་སྡུད། ལོག་པར་རྟོག་པའི་ངོ་བོ་ཉིད་སྣང་བ་ཙམ་ལས་གཞན་དུ་ཆོས་ཉིད་ཀྱི་དོན་ལས་ཅིའང་གཡོས་པ་མེད་པ། གང་དུ་ན་འདིར། གང་ན་ལ་བཟླའི་དོན། ཡ་ཀི་ན་རང་བཞིན་ཉིད་ལས་མཉམ་པ་མེད་པ་ཅེས་པ་དེ་སྡུད། གཏན་ཚིགས་ཀྱི་སྒོ་ནས་སྟོང་པ་ཉིད་ཀྱི་དོན་བདག་མེད་པར་རྟོགས་པ། གང་དུ་ན་འདིར། གང་ན་མཉམ་པ་གཉིས། རྟོགས་པ་བཞི། དག་པ་གསུམ་གྱི་གཏན་ཚིགས་ཀྱི་དོན། ཡ་ཀི་ན་ཡང་དག་སྒྱུ་མའི་ཞེས་པ་ནས། ཐེག་པའི་མཆོག་ཅེས་པའི་བར་དེ་རྣམས་སྡུད། མཉམ་པ་ཉིད་ཀྱི་དབྱིངས་ཡེ་ནས་མཁྱེན་པ་རང་རིག་པའི་ཡེ་ཤེས་སུ་གསལ་བའི་ཐུགས་ཏེ། གང་དུ་ན་འདིར། གང་ན་དེ་བཞིན་གཤེགས་པའི་སྣང་བ་དང་སངས་རྒྱས་དང་ཆོས་ལ་འབྱུང་འཇུག་དང་དར་རྒུད་མེད་པར་བསྟན་པ། ཡ་ཀི་ན་ཡང་དག་རྟོགས་པས་ཞེས་པ་ནས། འདའ་བར་སྟོན་ཞེས་པའི་བར་དེ་སྡུད། དམིགས་བྱེད་གཟུང་འཛིན་གྱི་རྟོག་པ་ངང་གིས་མེད་པ་དྲན་སྣང་ཡེ་ཤེས་སུ་དབང་སྒྱུར་བ། གང་དུ་ན་འདིར། གང་ན་ཐེག་པའི་ཁྱད་པར་དང་། རྒྱུད་ཀྱི་ཆེ་བ། ཡ་ཀི་ན་ཐེག་པ་བཞི་ཞེས་པ་ནས། འབྲས་བུར་གནས་ཞེས་པའི་བར་དང་། འདུལ་བ་ཞེས་པ་ནས། ངེས་པར་འབེབས་ཞེས་པའི་བར་ས་དམིགས་གཉིས་པོ་དེ་སྡུད། དམིགས་བྱ་ཡེ་ཤེས་ལ་ཡེ་ཤེས་སྤྱོད་པ། གང་དུ་ན་འདིར། གང་ན་གདུལ་བྱ་དང་མཐུན་པར་གསུངས་པ་ལ། ཡང་དག་པར་ན་གསུང་དུ་མེད་པ། ཡ་ཀི་ན་ཆོས་རྣམས་མིང་ཞེས་པ་ནས། ཅེས་བརྗོད་དོ་ཞེས་པའི་བར་དེ་སྡུད། བསྡུ་བའི་སྨད་དུ་ལེའུའི་སྟོད་བསྡུ་བ་ནི། ཡོན་ཏན་ལྷུན་གྱིས་གྲུབ་པ་ལ་ངོ་མཚར་བའི་མཛད་པ་ཐུབ་པ་དྲུག་སྤྲོ་བ། གང་དུ་ན་འདིར། གང་ན་གླེང་གཞིའི་རྒྱུ། ཡ་ཀི་ན་དེ་ནས་ཞེས་པ་ནས། འཐོན་ཏོ་ཞེས་པའི་བར་དང་། ཡོངས་སུ་ཤེས་པར་བྱ་བ་ལྟ་བའི་གསུངས་པ་ལོ་རྒྱུས་སུ་བརྗོད་པ་དེ་ནས་ཞེས་པ་ནས། འདི་བརྗོད་དོ་ཞེས་པའི་བར་ས་དམིགས་གཉིས་པོ་དེ་སྡུད། སྐུ་མཛད་པ་བཅུ་གཉིས་ཀྱི་དོན་མཛད་པ། གང་དུ་ན་འདིར། གང་ན་སྐུའི་མཛད་པ། ཡ་ཀི་ན་བལྟམས་པ་དང་ཞེས་པ་ནས། སྟོན་པའི་ཐུབ་པས་ཞེས་པའི་བར་དེ་སྡུད། གསུང་བསྟན་པ་དང་ཐེག་པས་དོན་མཛད། གང་དུ་ན་འདིར། གང་ན་གསུང་གི་མཛད་པ། ཡ་ཀི་ན་ཐམས་ཅད་ཀྱང་ཞེས་པ་ནས། མཐར་ཐུག་གོ་ཞེས་པའི་བར་དེ་སྡུད། ཡོན་ཏན་མངོན་ཤེས་སུ་ཤར་ནས་དོན་མཛད་པ། གང་དུ་ན་འདིར། གང་ན་ཐུགས་ཀྱི་མཛད་པ། ཡ་ཀི་ན་དུས་བཞི་ཞེས་པ་ནས། དྲུག་དང་ཞེས་པའི་བར་དེ་སྡུད། ཞིང་ཁམས་བསམ་གྱིས་མི་ཁྱབ་པར་སྣང་བ། གང་དུ་ན་འདིར། གང་ན་གླེང་གཞིའི་ངོ་བོ་སྤྱིར་བསྟན་པ། ཡ་ཀི་ན་འཐོན་ནས་ཀྱང་ཞེས་པས་ནས། དོན་མཛད་དེ་ཞེས་པའི་བར་དེ་སྡུད། གོང་གི་མཛད་པ་དེ་དག་ལས་འབྲས་བུ་བསམ་གྱིས་མི་ཁྱབ་པ། གང་དུ་ན་འདིར། གང་ན་བསམ་གྱིས་མི་ཁྱབ་པའི་མཛད་པ། ཡ་ཀི་ན་ཀུན་ཏུ་ཞེས་པ་ནས། སྣང་བར་གྱུར་ཏོ་ཞེས་པའི་བར་དེ་སྡུད། མདོར་ན། གང་དུ་བསྡུ་ན་བསྡུ་བའི་གཞུང་འདི་དག་ཏུ། གང་བསྡུ་ན་གཞུང་རྒྱས་པའི་དོན་རྣམས་སྡུད་དེ། སྡུད་པའི་གནད་ཀའམ་རྒྱུ་མཚན་ནི་གནས་སྐབས་རང་རང་ཚིག་གི་དོན་མཐུན་པར་འདུག་པའི་དོན་གྱིས་ན་སྡུད་གསུང་ངོ་། །དེའི་ཕྱིར་བསྡུ་བའི་དོན་འདི་ལས་གཞན་ན་བརྗོད་བྱ་དང་རྗོད་བྱེད་མེད་དེ། རང་རིག་པའི་ཡེ་ཤེས་དེ་ཉིད་གདུལ་བྱའི་སྣང་བ་ལ་གོང་དུ་བརྗོད་པ་དེ་ལྟར་དུ་སྣང་བ་ཡིན་པས་སྣང་བ་གཉིས་ལས་མ་འདས་པའོ། །ཡང་བཤད་ལུགས་གཉིས་པ་ཅིག་ཅར་བ་ལྟར་དུ་བཤད་ན། སྲིད་རྩའི་ཞེས་པ་ནས། གཞན་དུ་གཡོ་བ་ཅི་ཡང་མེད་ཅེས་པའི་བར་གྱི་ཚིག་བཞི་པོ་གཞལ་བྱའོ། །ཆོས་ཐམས་ཅད་སྟོང་ཉིད་བདག་མེད་པར་གཏན་ལ་འབེབས་པ་གཏན་ཚིགས་སོ། །ཡེ་ནས་གནས་པའི་དོན་མཁྱེན་ཏེ། རང་རིག་པའི་ཐུགས་རང་གསལ་བར་རྟོགས་པ་གྲུབ་མཐའ་སྟེ་དེ་དག་ནི་ལྟ་བའོ། །དམིགས་བྱ་དམིགས་བྱེད་མེད་པར་གནས་པ་ནི་སྒོམ་པའོ། །དྲན་སྣང་ཡེ་ཤེས་སུ་དབང་སྒྱུར་བ་ནི་སྤྱོད་པའོ། །དེ་ལྟར་ལྟ་སྒོམ་སྤྱོད་གསུམ་གྱིས་ངོ་མཚར་བའི་སྐུ་གསུང་ཐུགས་ཡོན་ཏན་དང་ཞིང་ཁམས་དང་ཕྲིན་ལས་ལྷུན་གྱིས་གྲུབ་པ་དེ་མངོན་དུ་སྣང་བ་ནི་འབྲས་བུའོ། །གཞན་ན་མེད་དེ་རང་རིག་དེ་ཉིད་སྐུ་དང་ཡེ་ཤེས་སུ་ཤར་བ་དེ་དག་རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་རིག་ཀྱང་དེ་ལྟར་ཡིན་པའོ། །ཞེས་སྣང་བ་གཉིས་ལས་མ་འདས་ཏེ། མངོན་དུ་བྱས་པ་བདེ་གཤེགས་ཀྱི་སྣང་བ་ཡིན་ལ། དེ་ལྟ་བུའི་མཛད་པ་ནི་གདུལ་བྱའི་སྣང་བ་ཡིན་ནོ། །བཀའ་གསང་སྔགས་མཚོན་པའི་ཚིག །དྲང་། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ་ཞེས་པའི་འབྲུ་ལེའུ་དང་པོའི་བསྡུ་བར་བཤད་ཟིན་ཏོ། །གཞུང་བསྡུས་པའི་ཡོན་ཏན་ནོ། །དྲང་། ཞེས་གཞུང་བསྡུས་པའི་དེ་དག་ཚིག་ཏུ་བརྗོད་པས། ཐུབ་པ་དྲུག་གི་སྤྲུལ་པ་གྲངས་མེད་པ་དང་། དེ་བཞིན་གཤེགས་པ་སྐུ་ལྔ་པོ་ཐམས་ཅད་ཀྱིས་གསུངས་པ་ཡང་བསྡུ་བའི་ཚིག་དེ་དག་ཏུ་འདུས་པར་དེ་བཞིན་གཤེགས་པ་དྲུག་པ་ཀུན་ཏུ་བཟང་པོ་ཉིད་ཀྱིས་མཁྱེན་ཏོ། །ལེའུའི་མཚན་ནོ། །དྲང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཞེས་པ་འབྲུ་མཐུན། འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་གཏན་ཚིགས་གསུམ་གྱིས་གཏན་ལ་ཕབ་པའི་གཅོད་ཅིང་མཚམས་འཛིན་པའི་དོན་གྱིས་ན་ལེའུ་སྟེ་ཡས་བགྲངས་གསུམ་པའི་དོན་དུ་གདའོ།། ༈ །།ད་ནི་ལེའུ་བཞི་པའི་ཆོས་ཚོམས་ངོས་གཟུང་བའི་དབང་དུ་བྱས་ན། རབ་ཀྱིས་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས། ཡི་གེ་ལ་བརྟེན་ནས་ལམ་ཉམས་སུ་ལེན་པས་ལམ་སྟོན། སྣང་བ་བཞི་ལས། རང་བཞིན་དང་འབྲས་བུའི་སྣང་བ་ཟུར་ཙམ་སྟོན། གཙོ་བོར་ལམ་སྣང་སྟོན། ཐབས་གྲོལ་གཉིས་ལས་གཉིས་ཀ །མཚན་ཉིད་གསུམ་ལས། རྐྱེན་འཇུག་གཙོ་བོར་སྟོན། རིམ་ཅིག་ཅར་གཉིས་ལས། རིམ་གྱིས་པ་སྟོན། འབྲིང་གི་ཆོས་ལྔ་ལས། རྒྱུད་དོན། དེ་ལ་བཅུ་ལས། ཏིང་ངེ་འཛིན་སྟོན། བཅུ་ཡང་བརྒྱའི་བདག་ཉིད་དུ་བྱས་ན། ཏིང་ངེ་འཛིན་གྱི་ཤུགས་ལ་ལྟ་བ་ཟུར་ཙམ་དང་སྤྱོད་པ་དང་དཀྱིལ་འཁོར་སྟོན་ནོ། །ཐ་མའི་ཆོས་ཚོམས་བཤད་ཐབས་འདྲེན་པའི་ཚིག་བཅུ་ལས། ལྟ་བ་ཟུར་ཙམ་དང་། ལྡེམ་དགོངས་མན་ངག་དང་། ཏར་ཁ་གེགས་སེལ་དང་། སྤྱི་དོན་སྡུད་པ་དང་། སྣོལ་མཚམས་འཕེན་སྡུད་སྟོན་ནོ། །དེ་ལྟར་སྟོན་པར་བྱེད་པའི་ལེའུ་བཞི་པ་འདི་ལ་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། གཞུང་དང་། མཚན་ནོ། །དང་པོ། དྲང་། ལྟ་བ་གཏན་ལ་ཕབ་པ་བསྟན་པ་ལ། དེ་ཡི་གེའི་དོན་ཉམས་སུ་ལེན་པ་སྟོན་པ་ན་ནས། དེ་བཞིན་གཤེགས་པ་ཐམས་ཅད་དུ་དྲུག་པ་ཀུན་ཏུ་བཟང་པོའི་དགོངས་པ་གཅིག་དང་དུ་མའི་མཐའ་དང་བྲལ་བ་དེ་ཉིད་གསུང་ལྔ་ལྷུན་གྱིས་གྲུབ་པ་ལས་མི་གཡོ་བས་ན། དགོངས་པ་གཅིག་ཏུ་གྱུར་ནས་སྣང་སྟོང་གཉིས་མེད་དུ་མཉམ་པའི་དེའི་གོང་ན་གཞན་མེད་པས་ན་ཆེན་པོའི་ཚུལ་ཏེ། དེ་ཉིད་ཀྱི་ངོ་བོ་ལ་འཁོར་འདས་གཉིས་མི་ཕྱེད་པས་ན་རྡོ་རྗེའོ། །སེམས་ཉིད་མ་སྐྱེས་པའི་དབྱིངས་སུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་གདོད་མ་ནས་སྐུ་དང་ཡེ་ཤེས་སུ་གསལ་བ་ནི་དྲུག་པའི་ངོ་བོར་སངས་རྒྱས་པས་ན། བསྒོམ་བྱ་སྒོམ་བྱེད་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལས་མི་གཡོ་བར་དངོས་པོའི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཕྱིར་མིང་ཙམ་དུ་གནས་པའི་ཡི་གེའི་རྒྱུན་གསུང་གི་ཕྲེང་བའི་འཁོར་ལོ་ཞེས་བྱ་བ་འོག་ནས་འབྱུང་བ་འདི་ནི་སྟོན་པ་དྲུག་པ་ཡབ་ཡུམ་སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་ཕྱུང་ངོ་། །ལེའུའི་གཞུང་དོན་ལ་གཉིས་ཏེ། རྒྱས་པར་དང་། བསྡུས་ཏེ་བསྟན་པའོ། །དང་པོ་ལ་བཞི་སྟེ། ཡི་གེ་ཇི་ལྟར་བྱུང་བའི་ཚུལ་ལམ་ཁུངས། ཡི་གེ་བྱུང་བའི་མཐུ། ལམ་པའི་དབང་དུ་སེམས་སྦྱང་བ། ཡི་གེའི་དོན་བཤད་པའོ། །དང་པོ། དྲང་། ལྷ་དང་ཡི་གེར་སྦྱར་བ་ནི་འོག་ནས་འཆད་ལ། ཡི་གེའི་ཁུངས་ཀྱི་དབང་དུ་བྱས་ན་ཨ་ནི་ཁོང་པ་ནས་བྱུང་སྟེ། མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་སྟེ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་གསུངས་སོ། །ཨའི་འོད་ཟེར་གྲེ་ཕུགས་སུ་འཕྲོས་པ་ལས། ཀ་ཁ་ག་གྷ་ང་ལྔ་བྱུང་སྟེ། ཀུན་འདུས་རིག་པའི་མདོ་ལས། ཀ་ལ་སོགས་པ་དང་པོ་ལྔ། །མགུར་གྱི་གསང་བའི་རང་བཞིན་ཡིན། །ཨ་ཡི་འོད་ཟེར་ལྕེ་སྐེད་ལས་འཕྲོས་པས། །ཙ་ཚ་ཛ་ཛྷ་ཉ་ལྔ་སྟེ། །གཉིས་པ་ཙ་ལ་སོགས་པ་ལྔ། །ཟླ་གམ་ལྗགས་ཀྱི་རང་བཞིན་ཡིན། །ཨ་ཡི་འོད་ཟེར་ལྕེ་རྩེ་ལས་འཕྲོས་པས། །ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན་བཅུ་སྟེ། །གསུམ་པ་ཊ་ལ་སོགས་པ་བཅུ། །ལྗགས་ཀྱི་རྩེ་མོའི་རང་བཞིན་ཡིན། །ཨ་ཡི་འོད་ཟེར་མཆུ་ལ་འཕྲོས་པས། པ་ཕ་བ་བྷ་མ་ལྔ་སྟེ། བཞི་པ་པ་ལ་སོགས་པ་ལྔ། །ཞལ་གྱི་སྒྲོས་ལས་བྱུང་བར་བཤད། །ཨ་ཡི་འོད་ཟེར་ལུས་སྤྱི་ལ་འཕྲོས་པས། །ཡ་ཝ་ར་ལ་སོགས་བཅུ་བདུན་ཏེ། །ལྔ་པ་ལ་ཡ་ལ་སོགས་པ་ནི། །བཅུ་ཚན་གཉིས་ཀྱི་ཡི་གེ་དག །སྐུ་ལས་འཕྲོས་པ་རབ་ཏུ་བཤད། །དེ་ཡང་ཡ་བྱིན་པ་ལས་འཕྲོས་སྟེ། སྐྱེས་བུ་ཆེན་པོའི་བྱིན་པ་ལས། །འཁོར་བ་གནོན་པའི་ཡིག་འབྲུ་ཡ། །ཝ་སྐེད་པ་ལས། སྐྱེས་བུ་ཆེན་པོའི་དཀུ་སྐབས་ལས། །གཏི་མུག་གསལ་བའི་ཡིག་འབྲུ་ཝ། །ར་སྟ་ཟུར་ལས། སྐྱེས་བུ་ཆེན་པོའི་སྟ་ཟུར་ལས། །འདོད་ཆགས་འཇོམས་པའི་ཡིག་འབྲུ་ར། །ལ་དཔུང་པ་ལས། སྐྱེས་བུ་ཆེན་པོའི་དཔུང་པ་ལས། །རྟོག་པ་འཇོམས་པའི་ཡིག་འབྲུ་ལ། །ཤ་ཕྱག་མཐིལ་ལས། ཕྱག་གི་འཁོར་ལོ་འོད་ཟེར་ལས། །ཆོ་འཕྲུལ་སྟོན་པའི་ཡིག་འབྲུ་ཤ །ཥ་ཐུགས་ཀ་ལས། ཐུགས་ཀར་འཁྱིལ་བའི་དཔལ་བེའུ་ལས། །མཚན་མ་དག་པའི་ཡིག་འབྲུ་ཥ། །ས་ལྟེ་བ་ལས། སྐུ་ཡི་ཁྲུ་ཚད་ལྟེ་བ་ལས། །འདོད་པ་འབྱུང་བའི་ཡིག་འབྲུ་ས། །ཧ་ཞབས་མཐིལ་ལས། ཞབས་ཀྱི་འཁོར་ལོའི་འོད་ཟེར་ལས། །སྒྲིབ་པ་སེལ་བའི་ཡིག་འབྲུ་ཧ། །ཀྵ་གསང་བའི་གནས་ལས། གསང་བ་མཁའ་ཡི་འོད་ཟེར་ལས། །ཆོ་འཕྲུལ་འབྱུང་བའི་ཡིག་འབྲུ་ཀྵ། །ཨི་ཨཱི་གཉིས་སྤྱན་ལས། སྐྱེས་བུ་ཆེན་པོའི་སྤྱན་གཉིས་ལས། །རིན་ཅེན་ཡི་གེ་ཨི་གཉིས་ཤར། །ཨུ་ཨཱུ་གཉིས་སྙན་གཉིས་ལས། སྐྱེས་བུ་ཆེན་པོའི་སྙན་གཉིས་ལས། །རིན་ཅེན་ཡིག་འབྲུ་ཨུ་གཉིས་ཤར། །ཨེ་ཨཻ་ཤངས་གཉིས་ལས། སྐྱེས་བུ་ཆེན་པོའི་ཤངས་གཉིས་ལས། །རིན་ཅེན་ཡིག་འབྲུ་ཨེ་གཉིས་ཤར། །ཨོ་ཚེམས་ལས། སྐྱེས་བུ་ཆེན་པོའི་ཚེམས་ལས་ནི། །རང་བཞིན་ཡི་གེ་ཨོ་རུ་ཤར། །ཨཾ་སྤྱི་གཙུག་ལས་འཕྲོས་ཏེ། སྐྱེས་བུ་ཆེན་པོའི་སྤྱི་གཙུག་ལས། །རྒྱལ་བའི་ས་བོན་ཨཱོཾ་དུ་ཤར། །ཞེས་གསུངས་སོ། །གཉིས་པ་ཡི་གེ་བྱུང་བའི་མཐུ། དྲང་། འདི་ལ་བཤད་ཐབས་གཉིས་ལས། ཐོག་མར་གྲོལ་ལམ་ལྟར་བཤད་ན། ཡི་གེ་འདི་དག་ཕྱུང་བས་ཡི་གེའི་མཐུས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ཤར་མཐོ་ན་ནུབ་དམའ་བ་ལ་སོགས་པ་རྣམ་པ་དྲུག་ཏུ་གཡོས། ཚབས་ཆེ་བས་ན་རབ་ཏུ་གཡོས། ཁྱབ་ཅིང་ཚབས་ཆེ་བས་ན་ཀུན་ཏུ་གཡོས་ནས་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མིང་གི་བྱེ་བྲག་དང་ཡི་གེ་ཁོ་ནའི་ཕྱིར་ངོ་བོ་ཉིད་བསྟན་དུ་མེད་པའི་མཚན་ཉིད་ཙམ་དུ་གྱུར་ཏོ། །དེའི་དོན་ལ་ཧོཿཞེས་པ་མཉེས་པའོ། །ཡང་ཐབས་ལམ་ལྟར་བཤད་ན། འདི་དག་ཕྱུང་བས་ལུས་ཀྱི་འཇིག་རྟེན་འཁོར་ལོ་དྲུག་གི་གནས་དང་ལུས་ཀྱི་ཕྱོགས་བཅུའི་རྩ་གནས་མཐའ་ཡས་པ་ཐིག་ལེ་བདེ་བའི་ཡེ་ཤེས་ཀྱིས་ཁྱབ་པས་རྣམ་པ་དྲུག་ཏུ་གཡོས། ཚབས་ཆེ་བས་རབ་ཏུ་གཡོས། ཁྱབ་ཅིང་ཚབས་ཆེ་བས་ཀུན་ཏུ་གཡོས་ནས་རྟོག་ཚོགས་དང་ཐིག་ལེས་བསྡུས་པའི་ཆོས་ཐམས་ཅད་བདེ་བའི་ཡེ་ཤེས་ཀྱི་མིང་གི་མཚན་ཉིད་མཚན་དུ་གྱུར་ཏོ། །དེ་ལ་མཉེས་པས་ཧོཿཞེས་བྱའོ། །གསུམ་པ་ལམ་པའི་དབང་དུ་སེམས་སྦྱང་བ་ལ་ཡང་གསུམ་སྟེ། བགྲང་། ཡི་གེ་ཨ་ལ་སེམས་སྦྱང་བ། དྲང་། འདི་ལ་འགྲེལ་པ་སྤར་ཁབ་ལས། ཨ་ནི་ཨ་སྟེ། དཀར་བ་ནི་བྱང་ཆུབ་ཀྱི་སེམས་སོ། །ཞེས་གསུངས་པས། སྟོང་པ་ཉིད་ཀྱི་ངང་ལ་རང་གི་རིག་པའི་ཡི་གེ་ཨ་དཀར་པོ་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་ཅིག་ཏུ་བསྒོམ་མོ། །དེ་ཡང་རབ་ཏུ་བརྟན་པའི་ཚད་བཞི་དང་ལྡན་པ་སྟེ། གང་ཞེ་ན། མི་གཡོ་བ། མི་འགྱུར་བ། མངོན་པར་མི་འགྱུར་བ། ཅིར་ཡང་བསྒྱུར་དུ་བཏུབ་པའོ། །དེ་ལྟར་རང་རིག་ཨར་སྣང་བ་དེ་ཉིད་གཟུང་འཛིན་དང་བྲལ་ཞིང་ཉེས་པའི་སྐྱོན་གྱིས་མ་གོས་པར་དཀར་བ་སྟེ་གསལ་བའི་ཚད་བཞི་དང་ལྡན་པའོ། །གང་ཞེ་ན། སལ་ལེ། སང་ངེ་། ལྷག་གེ། ལྷང་ངེ་བའོ། །དེ་ལས་ཨ་སྥར་ཎ་ཕཊ་ཅེས་སྤྲོས་པས། གཞི་མའི་ཨ་དེ་ལས་ཤིན་ཏུ་ཕྲ་བའི་ཨ་དཔག་ཏུ་མེད་པ་རྣམས་སྤྲོས་པ་ཕྱོགས་བཅུ་ཐམས་ཅད་ཨས་གང་བར་གསལ་བར་གྱུར་ནས་སཾ་ཧ་ར་ན་ཧཱུཾ་ཞེས་བསྡུས་ཀྱང་གཞི་མའི་ཨ་ལ་འཕེལ་བ་དང་ཕྱོགས་བཅུའི་ཨ་ལ་འགྲིབ་པ་མེད་པར་ཏིང་ངེ་འཛིན་བརྟན་པའི་ཚད་ནི་གསལ་བ་ཡུལ་གྱིས་མི་འཕྲོགས་པའོ། །ཡི་གེ་བཞི་བཅུ་རྩ་གཉིས་ལ་སེམས་སྦྱང་བ། དྲང་། ཨ་དེ་ལས་ཀ་ལ་སོགས་པའི་ཡི་གེའི་མིང་གི་ཚོགས་བཞི་བཅུ་རྩ་གཉིས་ཁ་དོག་གསལ་ཞིང་འོད་ཟེར་འབར་བ་ཀུན་ཀྱང་སྥར་ཎ་ཕཊ་ཀྱིས་སྤྲོས་ཞིང་། སཾ་ཧ་ར་ཎ་ཧཱུཾ་གིས་བསྡུ་བའང་སྔར་ཡི་གེ་ཨ་ལ་སེམས་སྦྱངས་པ་དེ་བཞིན་ནོ། །དེ་རྡོ་རྗེ་དངོས་གྲུབ་ཀྱི་རྒྱུར་བསྟན་པའོ། །དྲང་ཡི་གེ་ལ་སེམས་སྦྱང་བ་འདི་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དངོས་གྲུབ་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་བརྟན་པར་འབྱུང་བས་ན། རང་རིག་པའི་ཡེ་ཤེས་དངོས་སུ་སྐྱེ་བར་བྱེད་པའི་རྒྱུད་ཡིན་ནོ། །ཡང་ན། ཡེ་ཤེས་བརྟན་པར་འབྱུང་བ་འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི་རྒྱུ་ཡིན་ནོ་ཞེས་བྱ་སྟེ། ངོ་བོ་ཉིད་ཀྱི་རྒྱུ་འབྲས་སོ། །བཞི་པ་ཡི་གེའི་དོན་བཤད་པ་ལ་གཉིས། བགྲང་། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། སེམས་སྦྱང་བ་བསྟན་ནས་ཡི་གེའི་དོན་བཤད་པ་སྟོན་པས་ན་དེ་ནས་ཞེས་འབྲེལ་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དྲུག་པ་ཀུན་ཏུ་བཟང་པོས། ཆེད་དུ་བརྗོད་པ་འོག་ནས་འབྱུང་བའི་ཡི་གེའི་དོན་བཤད་པ་འདི་དག་བརྗོད་དོ། །ཡི་གེའི་དོན་བཤད་པ་དངོས་སོ། །དེ་ལ་སྤྱི་དོན་གཉིས་ཏེ། ཡི་གེའི་སྤྱིའི་དོན་དང་། བྱེ་བྲག་གི་དོན་ནོ། །དང་པོ་ལ་བཞི་སྟེ། ཡི་གེ་སྐུ་གསུམ་དུ་སངས་རྒྱས་པ་དང་། སེམས་ཉིད་ཡི་གེའི་རང་བཞིན་དུ་བསྟན་པ་དང་། ཡི་གེ་དངོས་པོར་མི་དམིགས་ཀྱང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འགུགས་པར་བསྟན་པ་དང་། ཡི་གེའི་ངེས་ཚིག་གོ། །དང་པོ་ལ་གཉིས་ཏེ། ཡི་གེ་སྐུ་གསུམ་དུ་སངས་རྒྱས་པ་དངོས་དང་། ཡོན་ཏན་གྱི་མཇུག་བསྡུ་བའོ། །དང་པོ་ལའང་གསུམ་སྟེ། བགྲང་། ཡི་གེ་ཆོས་སྐུར་སངས་རྒྱས་པ། དྲང་། ཡི་གེ་ཨ་དེ་ནི་མདོ་སྡེ་པ་ལྟར་དུ་སྟོང་པ་དོན་དམ་དང་མི་སྟོང་པ་ཀུན་རྫོབ་ཀྱི་མཐའ་གཉིས་སུ་བྲལ་བའི་ཕྱིར་དབུ་མའང་དམིགས་སུ་ཡོད་པ་མ་ཡིན་ཏེ། མཐའ་གསུམ་ལས་འདས་པ་ནི་ཆོས་ཀྱི་སྐུའོ། །ཨའི་སྒྲས་བསྡུས་བའི་སྒྲ་དབྱངས་ཀྱི་ཡི་གེ་ཐམས་ཅད་མིང་དུ་བཏགས་པ་ཙམ་ལས། དོན་སྣང་སྟོང་གཉིས་སུ་མེད་པས་ན་སངས་རྒྱས་ཀུན་གྱི་རང་བཞིན་ཡི་གེ་ཕྲེང་བ་ཆོས་ཀྱི་སྐུ་ཉིད་ལ་གནས་སོ། །ཡི་གེ་ལོངས་སྐུ་དང་། དྲང་། ཡི་གེ་ཨ་ཉིད་སྣ་ཚོགས་པར་སྣང་བའི་ཚུལ་གང་ཞེ་ན། ཀ་ལ་སོགས་པ་བཞི་བཅུ་རྩ་གཉིས་སུ་སྣང་ལ། དེའི་སྒྲ་དང་ཡི་གེ་དང་མིང་ཚིག་གིས་འཁོར་འདས་ཀྱི་ཆོས་ཐམས་ཅད་བསྡུས་ཤིང་དེ་དག་ཀྱང་ཟག་པ་མེད་པའི་བདེ་བའི་ཡེ་ཤེས་སུ་མངའ་མཛད་པས་ན་མངོན་རྫོགས་རྒྱལ་པོ་སྟེ་ཡི་གེ་དེ་ཉིད་ངེས་སོ། །ཡང་འདི་ལ་ཐབས་ལམ་ལྟར་བཤད་ན། ལྟེ་བ་སྤྲུལ་པའི་འཁོར་ལོ་ནི་ཐིག་ལེ་ཨ་ཐུང་གི་དབྱིབས་སུ་གནས་པའོ། །དེ་ཉིད་ཀྱི་རྩ་ལ་ཐིག་ལེ་སྣ་ཚོགས་པར་སྣང་ཏེ། ཐིག་ལེའི་དབྱིབས་ཀ་ཁ་ལ་སོགས་པ་བཞི་བཅུ་རྩ་གཉིས་སུ་སྣང་ལ། དེའི་སྒྲ་ཡིས་ཐིག་ལེ་ཐམས་ཅད་བསྡུས་ནས། ཐིག་ལེ་དང་རྟོག་ཚོགས་བདེ་བའི་ཡེ་ཤེས་སུ་མངའ་མཛད་པའི་ཕྱིར། མངོན་རྫོགས་རྒྱལ་པོར་ཐབས་ལམ་གྱི་ཏིང་ངེ་འཛིན་དེ་ཉིད་ངེས་སོ། །ཡི་གེ་སྤྲུལ་སྐུ་རུ་སངས་རྒྱས་པའོ། །དེ་ལ་གསུམ་སྟེ། བགྲང་། ཡི་གེ་གསུང་དུ་སངས་རྒྱས་པ། དྲང་། ཨེ་མའོ་ཞེས་པ་ཡི་གེའི་མིང་ལ་ངམ། ངོ་མཚར་ཞེས་པ་ལས་ལ་ངམ། ཡ་མཚན་གྱིས་ཞེས་པ་ཡི་གེའི་རང་བཞིན་ལ་ངམ་པའོ། །ཡང་ན་བཙུན་མ་མོ་འཇམ་དཔལ་འདོན་པ་ལྟར་བཤད་དེ། ཨེ་མའོ་ཞེས་པ་འཕྲུལ་ཆེན་ཡི་གེ་བཞི་བཅུ་རྩ་ལྔའི་མིང་ལ་ངམ། ངོ་མཚར་ཞེས་པ་ཚིག་རྣམས་མ་ལུས་པར་འཛིན་པའི་གནས་ལ་ངམ། ཡ་མཚན་ཞེས་པ་སྣ་ཚོགས་དོན་ཆེན་སྨྲ་ཞིང་སྟོན་པ་ལ་ངམ་པའོ། །དེ་ཡང་སེམས་ཉིད་ཡི་གེར་སྣང་བའི་ཆོ་འཕྲུལ་ཆེན་པོ་གྲངས་བཞི་བཅུ་རྩ་གཉིས་ཀྱི་སྟེང་དུ་ཁྱབ་བྱེད་ཐུགས་གསུང་སྐུའི་ཡི་གེ་གསུམ་བསྣན་པས་བཞི་བཅུ་རྩ་ལྔའི་མིང་བྱུང་ལ། མིང་འདུས་པ་ལས་ཚིག་བྱུང་། ཚིག་གིས་དོན་རྣམས་མ་ལུས་པར་འཛིན་པའི་གནས་བྱས་ནས་རྣམ་པ་སྣ་ཚོགས་པའི་ཚིག་གིས་དོན་ཆེན་པོ་སྨྲ་ཞིང་སྟོན་པར་བྱེད་པ་སྤྲུལ་སྐུའི་གསུང་ཡིན་ནོ། །ཡི་གེ་ཐུགས་སུ། དྲང་། ཡི་གེར་སྣང་བ་དེ་དག་ཀྱང་དངོས་པོ་དང་མཚན་མར་གྲུབ་པ་མེད་དེ། ཡི་གེའི་རང་བཞིན་སེམས་ཉིད་ཡིན་པའི་ཕྱིར་རོ། །སེམས་བདེ་བ་ཆེན་པོ་ལ་གང་ཟག་དང་ཆོས་ཀྱི་བདག་གཉིས་སྣང་བ་མེད་ཅིང་། དེའི་ཕྱིར་དངོས་པོ་ཡོད་མེད་དབུ་མའི་མཐའ་གསུམ་དང་ཡང་བྲལ་ཞིང་དེ་ཉིད་ཀྱང་བློའི་ཡུལ་དུ་བྱར་མི་དམིགས་པ་ནི་སྤྲུལ་སྐུའི་ཐུགས་སོ། །ཡི་གེ་སྐུ་རུ་སངས་རྒྱས་པའོ། །དྲང་། སེམས་ཉིད་ཡི་གེའི་རང་བཞིན་དུ་སྣང་བ་དེ་དག་ཀྱང་ཡི་གེའི་དབྱིབས་དང་ཁ་དོག་དང་མིང་དང་ཚིག་གི་ཚོགས་ཀྱིས་རོལ་པ་ནི་ཕུང་པོ། ལྷ། གཞལ་ཡས་ཁང་། ལས། ཏིང་ངེ་འཛིན་ལ་སོགས་པ་ཅིར་ཡང་སྤྲུལ་ཞིང་སྟོན་པས་ན་སྤྲུལ་པའི་སྐུའོ། །ཡོན་ཏན་གྱི་མཇུག་བསྡུ་བའོ། །དྲང་། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་སེམས་དཔའི་རང་བཞིན་ཅན་རེ་རེ་ཡང་སྐུ་གསུང་ཐུགས་གསུམ་གསུམ་དང་ལྡན་པའི་དཀྱིལ་འཁོར་བཞི་བཅུ་རྩ་ལྔའི་བདག་ཉིད། ཡི་གེའི་མགོ་བེར་ཀ་རིས་ནས་ཀྵཿཡན་ཆད་ལ་ལུས་ཀྱི་ཡི་གེ་རྣམས་རྫོགས་ལ། ཡན་ལག་གི་ཡི་གེ་ཨི་ལ་སོགས་པ་བརྒྱད་ལུས་ཀྱི་ཡི་གེ་ཨ་ལ་རྫོགས་པའོ། །གཉིས་པ་སེམས་ཉིད་ཡི་གེའི་རང་བཞིན་དུ་བསྟན་ལ། དྲང་། སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་རང་བཞིན་ཡི་གེར་གནས་པ་སྟེ། ཀུན་གཞིའི་ཡི་གེ་ཨའི་རང་བཞིན་ཅན་གནས་ས་ལྟེ་བ་ན་གནས་སོ། །དེ་བཞིན་དུ་ཡིད་ཨཾ་གི་རང་བཞིན་ཅན་མགྲིན་པ། ཉོན་ཡིད་ཧཱུཾ་གི་རང་བཞིན་ཅན་སྙིང་ག །སྒོ་ལྔ་ཧཾ་གི་རང་བཞིན་ཅན་ཀླད་པ་ན་གནས་སོ། །ཡི་གེ་དེ་དག་རེ་རེའི་རྩལ་དུ་མ་སྣང་ཡང་དངོས་པོ་རྫས་གྲུབ་ཏུ་ཡོད་པ་ནི་མ་ཡིན་ནོ། །གསུམ་པ་ཡི་གེ་དངོས་པོ་མི་དམིགས་ཀྱང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འགུགས་པར་བསྟན་པ། དྲང་། ཡི་གེ་ལ་སྣང་སྟོང་གཉིས་དམིགས་སུ་མེད་པ་དེ་ཉིད་ཀྱང་སྣ་ཚོགས་པར་སྐུ་གསུང་ཐུགས་དབྱེར་མེད་ཀྱི་ཡེ་ཤེས་དེ་དཀྱིལ་འཁོར་ལ་སོགས་པ་གང་དུའང་མི་འགག་པས་ན་འཁོར་ལོ་ཆེ་ཞེས་བྱའོ། །རང་རིག་པའི་ཡེ་ཤེས་ཉིད་སྐུ་གསུང་ཐུགས་སུ་ཤར་བ་ནི་བསམ་གྱིས་མི་ཁྱབ་པས་ན་ངོ་མཚར་གྱི་གནས་སོ། །དེ་ལྟར་ཡ་མཚན་པ་ཡི་གེ་བཞི་བཅུ་རྩ་ལྔའི་འཕྲུལ་ཆེན་པོས་འབྲས་བུ་སྐུ་གསུང་ཐུགས་སུ་བཅད་པའི་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་རང་རིག་པའི་མངོན་སུམ་དུ་རབ་ཏུ་འགུགས་པའོ། །བཞི་པ་ཡི་གེའི་ངེས་ཚིག་གོ། །དྲང་། མཉམ་པ་ཉིད་ཀྱི་དབྱིངས་ལ་བློ་མཉམ་པར་བཞག་པ་ནི་དབྱིངས་ཀྱི་བྲིས་པ་སྟེ། རྒྱུ་མཚན་དེའི་ཕྱིར་ཡི་གེ་ཞེས་ནི་ངེས་ཚིག་བརྗོད་པའམ། ཨཀྵ་རའི་སྒྲ་ལས་དྲངས་ན། མ་སྐྱེས་པའི་ཆོས་ཉིད་འགྱུར་བ་མེད་པའི་ཕྱིར། ཡི་གེ་ཞེས་བརྗོད་པ་ནི་དོན་གྱི་མཚན་ཡིན་ནོ། །སྤྱི་དོན་གཉིས་པ་ཡི་གེ་བྱེ་བྲག་གི་དོན་བཤད་པ་ལ་གསུམ་སྟེ། ཁྱབ་བྱེད་ཡི་གེ་གསུམ་གྱི་དོན་བཤད་པ། ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་དོན་བཤད་པ། ཡི་གེའི་མཇུག་བསྡུའམ་ཆེ་བ་བསྟན་པའོ། །དང་པོ། དྲང་། འདི་དག་ལ། ཡི་གེ་དང་། དོན་དང་། ལས་དང་། རྟོག་པ་དང་། ལྷ་དང་ལྔ་སྦྲག་ཏུ་འཆད་དེ། ཡི་གེ་ན་འགོ་ནི་བེར་ཀ་རིས་སམ་ཐིག་ཡིན་ཏེ། དཔལ་བྱིན་གྱིས་ཞུས་པའི་མདོ་ལས། འགོ་ནི་ཐོག་མར་མཚོན་པ་སྟེ། །དང་ལ་གཟུགས་སུ་གང་ཆགས་པ། །དེ་ནི་ཡི་གེའི་འགོ་ཡིན་ཕྱིར། །བེར་ཀ་རིས་ལ་འགོ་ཞེས་མཚོན། །ཞེས་པ་དང་། སྤར་ཁབ་ལས། ཡི་གེ་སྦྲུལ་ལྟ་བུས་འགོ་འདྲེན་པའི་ཕྱིར། ཞེས་གསུང་ངོ་། །ཡང་། གཟུགས་ཅན་སྙིང་པོས་ཞུས་པའི་མདོ་ལས། ཡི་གེ་འགོ་ནི་ཐིག་ཡིན་པས། །ཡི་གེ་བཞི་བཅུ་རྩ་གཉིས་རྣམས། །མ་ནོར་དམ་པའི་ཐིག་ཡིན་པས། །ལམ་མཁན་ཐིག་ནས་ཡི་གེ་ཞུགས། །ཞེས་གསུངས་སོ། །དོན་ནི་མ་ནོར་བ་ཐབས་ཤེས་རབ་གཉིས་མེད་དོ། །ལས་ནི་ལམ་ཡིན་ཏེ་ཡི་གེའི་འགོ་འདྲེན་ནོ། །རྟོག་པ་ནི་ཡིད་དུ་འཛིན་པའོ། །ལྷ་ནི་ཐུགས་ཀྱི་ལྷ་མི་བསྐྱོད་པའི་ལྷ་རང་བཞིན་ནོ། །ཡི་གེ་ན་ཏིག་ནི་ཚེག་ཡིན་ཏེ། རྒྱལ་པོ་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། ཏིང་ནི་ཚེག་ཏུ་བསྒྲུབ་པ་སྟེ། །ཡི་གེ་བསྡུས་ནས་མིང་དུ་སྨྲ། །དེ་ཕྱིར་ཚེག་ནི་ཏིག་ཅེས་བྱའོ། །ཞེས་པ་དང་། ཡོ་ག་རྒྱན་དམ་པ་ལས། སྡུད་པའི་ཕྱིར་ན་ཚེག་ནི་ཏིག །འཐོར་བ་བསྡུས་ནས་མིང་དུ་སྨྲ། །ཞེས་གསུངས་སོ། །དོན་ནི་ཤེས་རབ་རང་བཞིན་མེད་པའོ། །ལས་ནི་མིང་དུ་སྨྲ་བ། རྟོག་པ་ངག་ཏུ་འཛིན་པ་སྟེ་གསུང་གི་ལྷ་འོད་དཔག་མེད་ཀྱི་རང་བཞིན་ཏེ། ཡི་གེ་ན་ཤད་ནི་ཤད་ཡིན་ཏེ། སྤྱི་མདོ་ལས། གཅོད་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི། མིང་དབྱུག་པ་ཞེས་བླ་དྭགས་སུ་བཏགས་སོ། །ཞེས་པ་དང་། ཁྱིམ་བདག་དཔལ་བྱིན་གྱིས་ཞུས་པའི་མདོ་ལས། ཚིགས་སུ་བཅད་པའི་ལས་ཅན་ལ། །དེ་ཕྱིར་ཤད་དུ་གྲགས་སོ་ཞེས། །ཞེས་གསུངས་སོ། །དོན་ནི་ཐབས་སྙིང་རྗེ་ཆེན་པོ། ལས་ནི་ཚིགས་སུ་གཅོད་པ། རྟོག་པ་ལུས་སུ་འཛིན་པ་སྟེ་སྐུའི་ལྷ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །གཉིས་པ་ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་དོན་བཤད་པ་ལ་བདུན་ཏེ། བགྲང་། ཀུན་ཏུ་བཟང་མོ་དང་རིགས་ལྔ་ཡབ་ཡུམ་བཅུའི་ཡི་གེ་བསྟན་པ། དྲང་། འདི་ན་མར་བཞི་སྦྲག་ཏུ་འཆད་དེ། ཡི་གེ་ན་ཨ། དོན་ནི་སྐྱེ་བ་མེད་པ། རྟོག་པ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཀྱི་དེ་བཞིན་ཉིད་མ་སྤངས་པ། ལྷ་ན་ཀུན་ཏུ་བཟང་མོའོ། །འདི་ལ་ཁ་ཅིག་ན་རེ། ཨ་ཡི་གེ་ཀུན་གྱི་འགོ་བོར་འབྱུང་བའིི་རྒྱུ་མཚན་ཅི་ཡིན་ཞེ་ན། ཡི་གེ་ཀུན་གྱི་འབྱུང་གནས་སམ། གཞི་ཡིན་པའི་ཕྱིར་རོ། །དེ་ཡང་སྒྱུ་འཕྲུལ་ཕྱི་མ་ལས། ཨ་ནི་སྟོང་པ་ཡེ་ནས་སྟོང་། །སྟོང་པ་ཉིད་ན་སྟོང་པ་མེད། །ཡི་གེ་ཀུན་གྱི་གཞིའམ་རྒྱུ། །ཡིན་པའི་ཕྱིར་ན་འགོ་བོར་བཞག །ཅེས་གསུངས་སོ། །དེ་བཞིན་དུ་ཡི་གེ་ན་ཋ། དོན་ནི་སྒྱུ་འཕྲུལ་ཏེ་ལྷ་ཡབ་མཚོན་པས་ན་ཐབས་ཀྱི་ཆའོ། །རྟོག་པ་ན་རྣམ་པར་ཤེས་པའི་ཕུང་པོ། ལྷ་རྡོ་རྗེ་སེམས་དཔའ་ཉིད་དོན། །ཡི་གེ་ན་ཊ། དོན་གྱི་སྒྱུ་འཕྲུལ་འབྲུ་མཐུན་ལ། རྟོག་པ་ན་གཟུགས་ཀྱི་ཕུང་པོ། ལྷ་རྣམ་པར་སྣང་བར་མཛད་པའི་སྐུ་ཉིད་དོ། །ཡི་གེ་ན་ཌ། དོན་གྱི་སྒྱུ་འཕྲུལ་འབྲུ་མཐུན་ལ། རྟོག་པ་ན་ཚོར་བའི་ཕུང་པོ། ལྷ་ན་ཡིད་བཞིན་ཏེ་རིན་ཆེན་འབྱུང་ལྡན་ཉིད་དོ། །ཡི་གེ་ན་ཌྷ། དོན་ནི་སྒྱུ་འཕྲུལ་འབྲུ་མཐུན། རྟོག་པ་འདུ་ཤེས། ལྷ་ན་སྣང་བ་རྣམ་པར་དག་པ་མཐའ་ཡས་ཉིད་དོ། །ཡི་གེ་ན་ཎ། དོན་ནི་སྒྱུ་འཕྲུལ་འབྲུ་མཐུན། རྟོག་པ་འདུ་བྱེད། ལྷ་དོན་ཀུན་ཏུ་གྲུབ་པ་ཉིད་དོ། །འོ་ན་སྤྱིར་གྱིས་སྒྱུ་མ་མཚོན་པ་ལྷ་ཡུམ། འཕྲུལ་པ་མཚོན་པ་ལྷ་ཡབ། དྲྭ་བ་མཚོན་པ་ལྷ་ཡབ་ཡུམ་དབྱེར་མེད་ཡིན་པ་ལ། འདིར་ཡབ་ལ་སྒྱུ་འཕྲུལ་དུ་འཇོག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཕུང་པོ་ལྔ་སྒྱུ་མ་ལྟ་བུ་ལ་རང་རིག་རྟོགས་པའི་ཐབས་ཀྱིས་ཡེ་ཤེས་ལྔ་མཚོན་ནས་རིགས་ལྔར་སྣང་བ་ལ་འཕྲུལ་ཞེས་བྱའོ། །དེ་ཡང་ཧེ་རུ་ཀ་འདུས་པ་ལས། རྣམ་པར་ཤེས་པ་ལ་སོགས་པ། །ཕུང་པོ་ལྔ་ཉིད་དཀྱིལ་འཁོར་ཏེ། །སྒྱུ་མ་ལྟ་བུའི་ཕུང་པོ་ལས། །རང་རིག་ཐབས་ཀྱིས་རིགས་ལྔར་འཕྲུལ། །ཞེས་པ་དང་། སྒྱུ་འཕྲུལ་ལེ་ལག་ལས་ཀྱང་། ལྔ་ཕུང་སྒྱུ་མའི་ཡེ་ཤེས་ལ། །རང་རིག་ཐབས་ཀྱིས་རིགས་ལྔར་འཕྲུལ། །ཞེས་གསུངས་སོ། །ཡི་གེ་ན་ཐ། དོན་ནི་དྲྭ་བ་སྟེ། ཆོས་མཚུངས་དཔེར་བྱས་ནས་ལྷ་ཡུམ་མཚོན་པས་ན་ཤེས་རབ་ཀྱི་ཆའོ། །དེ་ཡང་མངོན་རྫོགས་ནི་འབྱུང་བ་ནམ་མཁར་རྟོག་པ། ལྷ་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་ཉིད་དོ། །ཡི་གེ་ན་ཏ། དོན་ནི་དྲྭ་བ་ཞེས་པ་འབྲུ་མཐུན་ལ། བརྟན་པ་ནི་སོར་རྟོག་པ། ལྷ་སངས་རྒྱས་སྤྱན་ཉིད་དོ། །ཡི་གེ་ན་ད། དོན་ནི་དྲྭ་བ་ཞེས་པ་འབྲུ་མཐུན། ལྷ་མ་མེ་ན་མེར་རྟོག་པ། ལྷ་གོས་དཀར་མོ་ཉིད་དོ། །ཡི་གེ་ན་དྷ། དོན་ནི་དྲྭ་བ་ཞེས་པ་འབྲུ་མཐུན། འཁྲིལ་བ་ཉིད་ནི་ཆུར་རྟོག་པ་སྟེ། ལྷ་ན་མཱ་མ་ཀཱི་ཉིད་དོ། །ཡི་གེ་ན་ན། དོན་ནི་དྲྭ་བ་ཞེས་པ་འབྲུ་མཐུན། ཀུན་ཏུ་འགྱུར་བ་ནི་རླུང་དུ་རྟོག་པ་སྟེ། ལྷ་དམ་ཚིག་སྒྲོལ་མ་ཉིད་དོ། །འོ་ན་ཡུམ་ལ་དྲྭ་བར་འཇོག་པའི་རྒྱུ་མཚན་གང་ཡིན་ཞེ་ན། དཔེར་ན། དྲྭ་བ་ནི་མདོ་མདུད་འབྲེལ་པ་རྫས་ཀྱི་དངོས་པོ་ཤོང་ཞིང་སྡུད་པ་དང་དྲྭ་མིག་ཟང་ཐལ་དུ་ཡོད་པ་དང་འདྲ་བ་སྟེ། ཡུམ་གྱི་རྩ་མདུད་འབྲེལ་བ་དང་། བདེ་བ་ཤོང་ཞིང་སྡུད་པ་དང་མཁའ་ཟང་ཐལ་དུ་ཡོད་པ་དང་། གང་ནས་ཞུགས་ཀྱང་གསལ་བར་སྣང་བ་དང་ལྡན་པས་དྲྭ་བ་ཞེས་བྱའོ། །དེ་ཡང་རྡོ་རྗེ་གཡུང་དྲུང་འཁྱིལ་བའི་མདོ་ལས། དྲྭ་བ་ཅིར་ཡང་འགྱུར་བ་སྟེ། །མདོ་མདུད་འབྲེལ་ཞིང་ཟང་ཐལ་བ། །གང་ནས་བལྟས་ཀྱང་གསལ་བར་སྣང་། །ཅི་ཡང་སྡུད་ཅིང་ཤོང་བ་བཞིན། །དེ་བཞིན་ཡུམ་གྱི་མཁའ་དབྱིངས་ཀྱང་། །མདོ་མདུད་འབྲེལ་ཅིང་ཟང་ཐལ་བ། །གང་ནས་ཞུགས་ཀྱང་གསལ་བར་སྣང་། །ཐམས་ཅད་སྡུད་ཅིང་ཤོང་བའི་ཕྱིར། །ཡུམ་ལ་དྲྭ་བ་ཞེས་སུ་བརྗོད། །ཅེས་གསུངས་སོ། །ནང་གི་སེམས་དཔའ་བཞི་ཤར་གྱི་སྒོ་བ་དང་བཅས་པའི། དྲང་། འདི་ན་མར་ཡི་གེ་དང་རྟོག་པ་དང་ལྷ་དང་གསུམ་སྦྲག་ཏུ་འཆད་དེ། ཡི་གེ་ན་ཀ །རྟོག་པ་ནི་སྤྱན་གྱི་ཐུགས་ཏེ་མིག་གི་རྣམ་ཤེས་ཀྱི་རྟོག་པ། ལྷ་མཆོག་བྱང་ཆུབ་སེམས་དཔའ་སའི་སྙིང་པོའོ། །འོ་ན་རྣམ་པར་ཤེས་པ་ལ་ཐུགས་སུ་འཇོག་པའི་རྒྱུ་མཚན་ཅི་ཞེ་ན། སྤར་ཁབ་ལས། རྣམ་ཤེས་བཞི་པོ་ནི། རིག་པ་ཁོ་ནའི་ཕྱིར་ཐུགས་ཏེ། ཞེས་གསུངས་པས་མངོན་ནོ། །དེ་བཞིན་དུ་ཡི་གེ་ན་ཁ། རྟོག་པ་ནི་སྙན་གྱི་ཐུགས་ཏེ་རྣ་བའི་རྣམ་ཤེས་ཀྱི་རྟོག་པ། ལྷ་མཆོག་ཕྱག་ན་རྡོ་རྗེ་དང་། ཡི་གེ་ནག །རྟོག་པ་ནི་ཤངས་ཀྱི་ཐུགས་ཀྱི་སྣའི་རྣམ་ཤེས་ཀྱི་རྟོག་པ། ལྷ་མཆོག་ནམ་མཁའི་སྙིང་པོ་དང་། ཡི་གེ་ན་གྷ། རྟོག་པ་ནི་ལྗགས་ཀྱི་ཐུགས་ཏེ་ལྕེའི་རྣམ་ཤེས་ཀྱི་རྟོག་པ། ལྷ་མཆོག་སྤྱན་རས་གཟིགས་དང་། ཡི་གེ་ན་ང་། རྟོག་པ་ནི་ཐུགས་ཀྱང་འཇིགས་པར་བྱེད་པ་སྟེ་གསང་བའི་རྣམ་ཤེས་ཀྱི་ཁམས་བདེ་བ་ཉམས་སུ་མྱོང་བའི་དུས་ན་མིག་ལ་སོགས་པའི་རྣམ་ཤེས་ཀྱི་རྟོག་པ་མི་གནས་པར་བྱེད་པ། ལྷ་གཤིན་རྗེ་གཤེད་པོའོ། །ནང་གི་སེམས་མ་བཞི་ལྷོའི་སྒོ་བ་དང་བཅས་པའི་དྲང་། དྲང་། ཡི་གེ་ན་ཙ། རྟོག་པ་ནི་སྤྱན་གྱི་སྐུ་སྟེ་མིག་ཡུལ་གཟུགས་ཀྱི་རྟོགས་པ། ལྷ་མཆོག་ལ་སྱེ་མའོ། །འོ་ན་ཡུལ་ལ་སྐུ་རུ་འཇོག་པའི་རྒྱུ་མཚན་ཅི་ཞེ་ན། སྤར་ཁབ་ལས། ཡུལ་བཞིས་རྣམ་ཤེས་བརྟེན་པའི་ཕྱིར། སྐུ་རུ་འགལ་བ་མེད་དེ། ཞེས་པ་དང་། སྒྱུ་འཕྲུལ་རྡོ་རྗེ་ལས། རྣམ་ཤེས་བཞི་ནི་དམིགས་པའི་ཡུལ། །མཐོང་བར་བྱ་བ་ལ་སོགས་པ། །དམིགས་པར་བྱ་ཕྱིར་ས་ཡི་མཆོག །ཅེས་གསུངས་པས་མངོན་ནོ། །དེ་བཞིན་དུ་ཡི་གེ་ན་ཚ། རྟོག་པ་ནི་སྙན་གྱི་སྐུ་སྟེ་སྒྲ། ལྷའི་མཆོག་གཱི་ཏི་མ། ཡི་གེ་ན་ཛ། རྟོག་པ་ནི་ཤངས་ཀྱི་སྐུ་དྲི་སྟེ། ལྷའི་མཆོག་མཱ་ལེ་མ་དང་། ཡི་གེ་ན་ཛྷ། རྟོག་པ་ནི་ལྗགས་ཀྱི་སྐུ་རོ་སྟེ། ལྷའི་མཆོག་ནི་ར་ཏི་མ། ཡི་གེ་ན་ཉ། རྟོག་པ་ནི་སྐུ་ཡང་འཇིག་པར་བྱེད་པ་གསང་བའི་ཡུལ་གྱི་ཁམས་པདྨ་དང་འཕྲད་པའི་དུས་ན་གཟུགས་ལ་སོགས་པ་ཡུལ་གྱི་རྟོག་པ་མི་གནས་པར་བྱེད་པ། ལྷ་ན་སྟོབས་པོ་ཆེའོ། །ཕྱིའི་སེམས་དཔའ་བཞི་ནུབ་ཀྱི་སྒོ་བ་དང་བཅས་པའི། དྲང་། ཡི་གེ་ན་པ། རྟོག་པ་ནི་སྤྱན་གྱི་གསུང་གི་སྟེ་མིག་གི་དབང་པོ། ལྷ་མཆོག་བྱམས་པའོ། །འོ་ན་དབང་པོ་ལ་གསུང་དུ་འཇོག་པའི་རྒྱུ་མཚན་ཅི་ཞེ་ན། སྤར་ཁབ་ལས། དབང་པོ་རྣམས་ནི་ཡུལ་དང་ཤེས་པ་རྣམས་ཕྱི་ནང་གི་ཚུལ་གྱིས་བརྡ་སྤྲོས་པར་བྱེད་པ་ན་གསུངས་སྟེ། ཞེས་པ་དང་། གཡུང་དྲུང་འཁྱིལ་བའི་མདོ་ལས། འཁྱིལ་ཞིང་གནས་པ་སྐུ་དང་ཐུགས། །ཕྱིར་འབྱུང་སྨྲ་བ་གསུང་གི་སྒྲ། །ཞེས་གསུངས་པས་མངོན་ནོ། །དེ་བཞིན་དུ་ཡི་གེ་ན་ཕ། །རྟོག་པ་ནི་སྙན་གྱི་གསུང་གི་སྟེ་རྣ་བའི་དབང་པོ། ལྷ་མཆོག་སྒྲིབ་སེལ་དང་། ཡི་གེ་ན་བ། རྟོག་པ་ནི་ཤངས་ཀྱི་གསུང་གི་སྟེ་སྣའི་དབང་པོ། ལྷ་མཆོག་ཀུན་ཏུ་བཟང་པོ་དང་། ཡི་གེ་ན་བྷ། རྟོག་པ་ནི་ལྗགས་ཀྱི་གསུང་གི་སྟེ་ལྕེའི་དབང་པོ། ལྷ་མཆོག་འཇམ་དཔལ་དང་། ཡི་གེ་ན་མ། རྟོག་པ་ནི་གསུང་ཡང་འཇིག་པར་བྱེད་པ་གསང་བའི་དབང་པོའི་ཁམས་ཀྱིས་ཡུལ་བཞིར་འཛིན་པ་ཡང་མི་གནས་པར་བྱེད་པ། ལྷ་ན་དྷུ་པེ་མ། ཡི་གེ་ན་ཝ། རྟོག་པ་ནི་གནས་པའམ་ད་ལྟར་གྱི་དུས་དག་པ། ལྷ་ན་པུཥྤེ་མ་ཡིན་ནོ། །ཡི་གེ་ན་ར། རྟོག་པ་ནི་འཇིག་པ་དག་པ་སྟེ་མ་འོངས་པའི་དུས། ལྷ་ན་ཨཱ་ལོ་ཀེ་མ། ཡི་གེ་ན་ལ། རྟོག་པ་ནི་སྟོང་པའམ་འབྱུང་བར་མ་ངེས་པའི་དུས་དག་པ་སྟེ། ལྷ་ན་གནྡྷེ་མའོ། །ཡི་གེ་ན་ཤ །རྟོག་པ་ནི་རྟག་མེད་མི་རྟག་པར་འཛིན་པ་དག་པ་སྟེ། ལྷ་ན་ལྕགས་ཀྱུ་མ་དང་། ཡི་གེ་ན་ཥ། རྟོག་པ་ནི་ཆད་པའང་ཡོད་པ་མ་ཡིན་པ་སྟེ་སྡུག་བསྔལ་བར་འཛིན་པ་དག་པ། ལྷ་ན་ཞགས་པ་མ་དང་། ཡི་གེ་ནས། རྟོག་པ་ནི་མཐའ་བྲལ་བ་མེད་དུ་འཛིན་པ་དག་པ། ལྷ་ན་ལྕགས་སྒྲོག་མ་དང་། ཡི་གེ་ན་ཧ། རྟོག་པ་ནི་མཚན་མ་མེད་པ་སྟེ་སྟོང་པ་ཉིད་དུ་འཛིན་པ་དག་པ། ལྷ་ན་དྲིལ་བུ་མ་ཉིད་དོ། །ཀུན་ཏུ་བཟང་པོ་དང་ཐུབ་པ་དྲུག་གི། དྲང་། འདི་ན་མར་གོ་ཕྱེ་བའི་འཁོར་གྱི་དོན་ཡིན་པས་རྟོག་པ་མི་སྦྱོར། དག་པ་སྦྱོར་བར་གསུངས་ཏེ་ཡི་གེ་ན་རྒྱུ་རྐྱེན་མཐར་ཟད་པ་ཀྵཿ དག་པ་ནི་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པའི་ཐུགས་ཀྱི་ནང་ནས་ཀྱང་ཡུལ་ཐམས་ཅད་ཡིད་ཁོ་ནས་གཅོད་པར་བྱེད་ལ། དེ་ཡང་རྣམ་པར་དག་པ་ནི་ཐུགས་རང་བྱུང་གི་ཡེ་ཤེས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀུན་ཏུ་བཟང་པོའོ། །དེ་ཡང་ཐུགས་ཉིས་བརྩེག་ཡོད་པའི་འཐད་པ་ནི། ཡོ་ག་རྒྱན་དམ་པ་ལས། རྣམ་པར་ཤེས་པ་ཀུན་ཡིད་ཡིན། །ཡིད་ཀྱི་རྣམ་ཤེས་གཅོད་བྱེད་པ། །ཐུགས་ཉིད་རིག་པ་སྣ་ཚོགས་ལྡན། །དེ་ཕྱིར་ཐུགས་ཀྱི་མཆོག་ཅེས་བྱ། །ཞེས་པ་དང་། སྤར་ཁབ་ལས། རྣམ་ཤེས་ལྔ་ཡི་ཡུལ་རིལ་ཀྱང་། ཡིད་ཁོ་ནས་གཅོད་པའི་ཕྱིར་བརྩེགས་པ་སྟེ། ཞེས་གསུངས་པས་མངོན་ནོ། །ཡང་ཀྵ་ཐུབ་པ་དྲུག་གི་ཡི་གེ་འགོ་རུ་འབྱུང་བའི་འཐད་པ་ནི། ཀུན་ཏུ་བཟང་པོའི་ཐུགས་རིག་ལས་གོ་ཕྱེ་བའི་འཁོར་གྱི་དོན་དུ་ཐུབ་པ་དྲུག་སྤྲུལ་ནས་དོན་བྱེད་པའི་ཕྱིར་ཏེ། དེ་ཡང་ཧྲི་ཧ་ཡ་ནའི་ཏནྟྲ་ལས། ཀྵ་ནི་ཀུན་ཏུ་བཟང་པོའི་མཁའ། །བྷ་ག་རྒྱ་མཚོའི་ཀློང་མཐའ་ཡས། །ཆོས་ཉིད་ཡངས་པའི་མཁའ་ཀློང་ནས། །འབྲས་བུ་ཀུན་ཏུ་བཟང་མོར་ཤར། །མཁའ་དང་གཉིས་མེད་རྣམ་པར་དག །བདེ་ཆེན་རྒྱལ་བ་ཀུན་གྱི་ཐུགས། །དེ་རྟོག་པ་ལ་ཐུབ་དྲུག་བྱུང་། །ཞེས་གསུངས་པས་མངོན་ནོ། །ཡི་གེ་ན་ཨི། དག་པ་ནི་ང་རྒྱལ་ཏེ། ནང་རིགས་གྲངས་ལས་འདས་པས་ན་རྡུལ་སྙེད་དེ་ལྷ་རྣམས་ཀྱི་གནས་སུ་ཐུབ་པ་བརྒྱ་བྱིན་དང་། ཡི་གེ་ན་ཨཱི། དག་པ་ནི་ཕྲག་དོག་སྟེ། རྡུལ་སྙེད་ལྷ་མ་ཡིན་རྣམས་ཀྱི་ཐུབ་པ་ཐག་བཟང་རིགས་དང་། ཡི་གེ་ན་ཨུ། དག་པ་ནི་འདོད་ཆགས་ཏེ། རྡུལ་སྙེད་མི་རྣམས་ཀྱི་གནས་སུ་ཐུབ་པ་ཤཱཀྱ་སེང་གེ་དང་། ཡི་གེ་ན་ཨཱུ། དག་པ་ནི་གཏི་མུག་སྟེ་རྡུལ་སྙེད་བྱོལ་སོང་རྣམས་ཀྱི་ཐུབ་པ་སེང་གེ་རབ་བརྟན་དང་། ཡི་གེ་ན་ཨེ། དག་པ་ནི་སེར་སྣ་སྟེ་རྡུལ་སྙེད་ཡི་དྭགས་རྣམས་ཀྱི་གནས་སུ་ཐུབ་པ་ཁ་འབར་དེ་དང་། ཡི་གེ་ན་ཨཻ། དག་པ་ནི་ཞེ་སྡང་སྟེ་རྡུལ་སྙེད་དམྱལ་བ་རྣམས་ཀྱི་ཐུབ་པ་ཆོས་ཀྱི་རྒྱལ་པོའོ། །བདུད་རྩི་འཁྱིལ་བའི་ཡི་གེ་གཉིས་བསྟན་པའོ། །དྲང་། ཡི་གེ་ན་ཨོ་ཨ། རྟོག་པ་ན་གསུམ་འདུས་ཀྱི་རེག་པ་སྟེ། ཡི་གེ་སྔ་མས་ནི་རྟོག་པ་ཐམས་ཅད་འཇིག་པར་བྱེད་ལ། ཕྱི་མས་ནི་ཐམས་ཅད་མི་གནས་པར་བྱེད་པས་ན་ཞིག་པ་ཡིན་ཞེས་བྱ་སྟེ། ལྷ་ན་བདུད་རྩི་འཁྱིལ་བའོ། །འོ་ན་བདུད་རྩི་འཁིལ་བ་ལ་ཡི་གེ་གཉིས་འོང་བ་ཅི་ཡིན་ཞེ་ན། ཨོ་ནི་གསང་བའི་ཁམས་གསུམ་གྱི་རྟོག་པ་བདེ་བ་འཇིག་པར་བྱེད་པ་ཡིན་ལ། ཨ་ནི་ངེས་པར་སྤྱད་པའི་དུས་སུ་བདེ་བས་ལས་ཀྱང་འདས་ནས་རྟོག་པ་ཐམས་ཅད་མི་གནས་པར་འཛིན་བྲལ་གྱི་ཡེ་ཤེས་སུ་གནས་པ་ཡིན་ཏེ། རྒྱུ་འབྲས་རོ་གཅིག་པའི་ཕྱིར་ཡི་གེ་གཉིས་རྟོག་པ་གཅིག་ཏུ་བཞག་པ་ཡིན་ནོ། །འོ་ན་སྒོ་བ་ཀུན་ཡུམ་དང་བཅས་ནས་མི་འོང་བར་རྐྱང་བར་འོང་བ་དང་། སྒོ་བ་བདུད་རྩི་འཁྱིལ་བའི་ཡི་གེ་ཀུན་གྱི་མཇུག་ཏུ་འོང་བའི་འཐད་པ་ནི། ཡི་གེའི་རིམ་པའི་དབང་གིས་བྱུང་བ་ཤེས་པར་བྱའོ། །ཡི་གེའི་མཇུག་བསྡུ་བའམ་ཆེ་བ་བསྟན་པའོ། །དྲང་། དོན་མཚོན་པར་བྱེད་པའི་ཡི་གེ་གསུང་གི་འཁོར་ལོའི་ཚོགས་ཆེན་པོ་འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཕྲེང་བ་ཡི་གེས་བསྡུས་པའོ་ཞེས་བརྗོད་དོ། །དེ་ལྟར་ཡི་གེ་སྐུ་གསུམ་དུ་སངས་རྒྱས་པ་དེ་ལ་དགྱེས་པའི་དོན་གྱིས་ན་ཨ་ཧོཿཞེས་བྱའོ། །གཞུང་བསྡུས་ཏེ་བསྟན་པ་ལ་བཞི། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། གཞུང་རྒྱས་པར་བསྟན་ནས། བསྡུས་ཏེ་སྟོན་པས་ན་དེ་ནས་ཞེས་འབྲེལ་མཚམས་སྦྱར་ནས། དེ་བཞིན་གཤེགས་པ་ཡབ། བཙུན་མོའི་ཚོགས་ཡུམ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་བདག་ཉིད་ཀྱི་གསང་བ། གཞུང་བསྡུ་བའི་ཚིག་འདི་ཉིད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཕྱེད་པའི་རྡོ་རྗེ་ལས་ཕྱུང་ངོ་། །བསྡུ་བ་དངོས། དྲང་། འདི་ལ་གྲོལ་ལམ་ལྟར་དུ་གཞུང་རྒྱས་པ་དང་སྦྱར་ཏེ་བསྡུ་བ་ནི། ཨ་ཧོཿཞེས་པ་ནི་བསྡུ་བའི་དོན་འོག་ནས་འབྱུང་བ་ལ་མཉེས་པའོ། །ཐབས་ཡབ་དང་ཤེས་རབ་ཡུམ་སྟེ། ཐབས་ཤེས་རབ་གཉིས་སུ་མེད་པའི་དོན་གང་དུ་བསྡུ་ན་འདིར་བསྡུ་ལ། གང་བསྡུ་ན་ཡི་གེ་ཆོས་ཀྱི་སྐུ་རུ་སངས་རྒྱས་པའི་དོན། ཡ་ཀི་ན་ཨ་ནི་ཞེས་པ་ནས། ཉིད་ལ་གནས་ཞེས་པའི་བར་དེ་སྡུད། ཉི་ཟླ་གཉིས་སུ་མེད་པའི་སྦྱོར་བ་ནི་དགྱེས་པའི་སྤྲིན་ཏེ། ཡ་ཀི་ན་ཡི་གེ་ཨ་ལ་སེམས་སྦྱང་བ། ཨ། རབ་ཏུ་ཞེས་པ་ནས། མེད་པར་བསྟན་ཞེས་པའི་བར་དེ་སྡུད། གཉིས་སུ་མེད་པའི་བྱང་ཆུབ་སེམས་ཡི་གེའི་ཚོགས་ཏེ། གང་དུ་ན་འདིར། གང་ན་གསུངས་པ་ལོ་རྒྱུས་སུ་བརྗོད་པ། ཡ་ཀི་ན་དེ་ནས་ཞེས་པ་ནས། ཕྱུང་ངོ་ཞེས་པའི་བར་དང་། ཡི་གེ་བཞི་བཅུ་རྩ་གཉིས་ལ་སེམས་སྦྱང་བ་དེ་ལས་ཞེས་པ་ནས། བཞིན་ནོ་ཞེས་པའི་བར་དང་། ཡི་གེའི་དོན་བཤད་པའི་གསུངས་པ་ལོ་རྒྱུས་སུ་བརྗོད་པ་དེ་ནས་ཞེས་པ་ནས། བརྗོད་དུ་ཞེས་པའི་བར་དང་ས་དམིགས་གསུམ་སྡུད། བྱང་ཆུབ་ཀྱི་སེམས་ཡོངས་སུ་རྫོགས་པའི་རྒྱུ་སྟེ། གང་དུ་ན་འདིར། གང་ན་རྡོ་རྗེ་དངོས་གྲུབ་ཀྱི་རྒྱུ་རུ་བསྟན་པ། ཡ་ཀི་ན་འདི་ནས་ཞེས་པ་ནས། རྒྱུ་ཡིན་ནོ་ཞེས་པའི་བར་དེ་སྡུད། གསུང་གི་འཁོར་ལོའི་རང་བཞིན། གང་དུ་ན་འདིར། ང་ན་ཡི་གེ་ཇི་ལྟར་བྱུང་བའི་ཚུལ། ཡ་ཀི་ན་ཨ་ཞེས་པ་ནས། ཨཱོཾ་ཞེས་པའི་བར་དེ་སྡུད། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྨད་དུ་བྱུང་བའི་འབྲས་བུ་རྒྱལ་བ་བཞི་བཅུ་རྩ་གཉིས་སྨིན་ཞིང་འགྲུབ་པ། གང་དུ་ན་འདིར། གང་ན་ཡི་གེ་སྤྱིའི་ཡོན་ཏན་གྱི་མཇུག་སྡུད། ཡ་ཀི་ན་ཕྱོགས་བཅུ་ཞེས་པ་ནས། ཀྵ་ལ་རྫོགས་ཞེས་པའི་བར་དང་། ཡི་གེ་བྱེ་བྲག་གི་དོན་བཤད་པ་རྣམས་ཏེ། འགོ་ནི་མ་ནོར་ཞེས་པ་ནས། བརྗོད་དུ་ཨ་ཧོཿཞེས་པའི་བར་སྡུད། ཆོས་ཉིད་རང་རིག་པའི་མངོན་སུམ་དུ་གསལ་བས་ན་ངོ་མཚར་བ་སྟེ། གང་དུ་ན་འདིར། གང་ན་ཡི་གེ་གསུང་དུ་སངས་རྒྱས་པ། ཡ་ཀི་ན་ཨེ་མའོ་ཞེས་པ་ནས། སྨྲ་ཞིང་སྟོན་ཞེས་པའི་བར་དེ་སྡུད། ཡི་གེའི་མིང་གི་ཚོགས་ཏེ། གང་དུ་ན་འདིར། གང་ན་ཡི་གེ་བྱུང་བའི་མཐུ། །ཡ་ཀི་ན་འདི་དག་ཅེས་པ་ནས། གྱུར་ཏེ་ཧོཿཞེས་པའི་བར་དེ་སྡུད། ཨ་ལ་སོགས་པའི་ཡི་གེ་སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི་རང་བཞིན་ཏེ། གང་དུ་ན་འདིར། གང་ན་ཡི་གེ་ལོངས་སྐུ་རུ་སངས་རྒྱས་པ། ཡ་ཀི་ན་ཨ་ཉིད་ཅེས་པ་ནས། དེ་ཉིད་ངེས་ཞེས་པའི་བར་དེ་སྡུད། སེམས་ཀྱི་ཆོས་ཉིད་ངོ་བོ་དུས་མ་བྱས་པ་ཉིད་དེ། གང་དུ་ན་འདིར། གང་ན་ཡི་གེ་ཐུགས་སུ་སངས་རྒྱས་པ། ཡ་ཀི་ན་དངོས་མེད་ཅེས་པ་ནས། མི་དམིགས་ཞེས་པའི་བར་དང་། སེམས་ཉིད་ཡི་གེའི་རང་བཞིན་དུ་བསྟན་པ་སེམས་ཀྱི་ཅེས་པ་ནས། མ་ཡིན་ཞེས་པའི་བར་དང་། ཡི་གེའི་ངེས་ཚིག་དབྱིངས་ཞེས་པ་ནས། བརྗོད་ཅེས་པའི་བར་ས་དམིགས་གསུམ་སྡུད། ལམ་ཉམས་སུ་ལེན་པའི་དུས་སུ་འདུས་བྱས་ལྟར་སྣང་ཡང་དེ་ཉིད་སྐུ་གསུང་ཐུགས་ཀྱི་ངོ་བོ་དུས་གསུམ་དུ་མི་ཕྱེད་པའི་རྡོ་རྗེའི་དཀྱིལ་འཁོར་འབྱིན་པའི་དམ་ཚིག་ལས་མི་འདའ་བ། གང་དུ་ན་འདིར། གང་ན་ཡི་གེ་སྐུ་རུ་སངས་རྒྱས་པའི་དོན། ཡ་ཀི་ན་ཀྱང་ཞེས་པ་ནས། སྟོན་ཞེས་པའི་བར་དེ་སྡུད། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་འདའ་བར་མི་མཛད་པའི་དམ་ཚིག་གིས་རང་རིག་པའི་འབྲས་བུ་སྐུ་དང་ཡེ་ཤེས་སུ་རང་སྣང་བ་ཉིད་མི་ཐོབ་པའི་དབང་མེད་དེ། ཡོངས་སུ་རྗོགས་པའི་རྒྱུ་ལྟ་བ་དང་སྒོམ་པའི་ལས་ཀྱི་མཚམས་སྦྱོར་བའི་རྐྱེན་ཏིང་ངེ་འཛིན་འཚོགས་པའི་མཐུ་ཆེན་པོ་རང་སྣང་བ་ཡིན་པའི་ཕྱིར། གང་བསྡུ་ན་འདིར་བསྡུ་ལ། གང་བསྡུ་ན་ཡི་གེ་དངོས་པོ་མི་དམིགས་ཀྱང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འགུགས་པར་བསྟན་པ། ཡ་ཀི་ན་དམིགས་མེད་ཅེས་པ་ནས། འགུགས་ཞེས་པའི་བར་དེ་སྡུད། དེ་ལྟར་བསྡུ་བའི་གནད་ཀའམ་རྒྱུ་མཚན་ནི། འདི་ན་ཡང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པ་ལས་མི་འདའ་བ་འདུག་ལ། ཡ་ཀི་ན་ཡང་དོན་དེ་ལྟར་འདུག་པས་ཚིག་མཐུན་དོན་མཐུན་དུ་བྱུང་བའི་ཕྱིར་སྡུད་གསུང་མཛོད། ཨ་ཧོཿན་བསྡུས་བའི་དོན་ལ་མཉེས་པའི་ཚིག་ཏུ་གདའ། གཉིས་པ་ཐབས་ལམ་ལྟར་བཤད་ན། ཐོག་མར་སྟེེང་སྒོ་ལ་བསླབ་པ་ནི། ཚིག་འོག་མ་བླངས་ཏེ། རྒྱུ་འཁོར་ལོ་ཞེས་པས་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་པའི་རྒྱུ་འཁོར་ལོ་བཞི་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་ན་ཐིག་ལེ་ཨ་ཐུང་གི་དབྱིབས་སུ་གནས་སོ། །སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཀྱི་དབུས་ན་ཐིག་ལེ་བཾ་གྱི་དབྱིབས་སུ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་གི་དབུས་ན་ཐིག་ལེ་ཨཾ་གི་དབྱིབས་སུ། ཀླད་པ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་སོ་གཉིས་ཀྱི་དབུས་ན་ཐིག་ལེ་ཧཾ་གི་དབྱིབས་སུ་གནས་སོ། །རྐྱེན་གྱི་འཁོར་ལོ་གཉིས་ནི། སུམ་མདོ་མེའི་འཁོར་ལོ་ན་རཾ་དང་། སྒྲོམ་མདོའམ་བཤང་ཁ་རླུང་གི་འཁོར་ལོ་ན་ཡཾ་དང་བཅས་པའོ། །དེ་ལམ་པས་བསྒོམ་པའི་དུས་ན་འོག་རླུང་བསྐྱོད་དེ་རླུང་གིས་ཨ་ཐུང་གི་མེ་སྦར་བས། རྩ་ཨ་ཝ་དྷཱུ་ཏཱིའི་ནང་དུ་མེ་སྣ་ཞུགས་ཏེ། ལྟེ་བའི་ཐིག་ལེ་རྟོག་པས་འཁྱགས་པ་བཞུ། དེ་ནས་སྙིང་ག་དང་། མགྲིན་པ་དང་། སྤྱི་བོའི་འཁོར་ལོ་རྣམས་ཀྱི་ཐིག་ལེ་རྟོག་པས་འཁྱགས་པ་རྣམས་བཞུ་ནས། ཐིག་ལེའི་འོད་ཟེར་སྤྱི་བོ་ནས་འཐོན་ཏེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལ་བདེ་སྟོང་གི་མཆོད་པ་ཕུལ་བས། བདེ་བར་གཤེགས་པ་རྣམས་མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་པའི་བྱང་ཆུབ་ཀྱི་སེམས་ཚུར་འདུས། སྤྱི་བོའི་ཐིག་ལེ་ལ་ཕོག །འོད་དུ་ཞུ་བས་ལུས་ཀུན་ཁྱབ་སྟེ་རྐྱལ་བ་ཞོས་བཀང་བ་བཞིན་དུ་གྱུར་པ་ནི་སྟེང་སྒོ་ལ་སྦྱང་ཐབས་ཡིན་ནོ། །དེ་ནས་འོག་སྒོ་ལ་བསླབ་པ་ནི། ཚིག་གོང་མ་བླངས་ཏེ། ཐབས་དང་ཞེས་པ་ཡབ། ཤེས་རབ་ཅེས་པ་ཡུམ། ཡབ་ཡུམ་གཉིས་མེད་དུ་རོལ་པས་དགྱེས་པའི་སྤྲིན་ཉི་ཟླ་གཉིས་མེད་བྱང་ཆུབ་སེམས་ཀྱི་ཚོགས་སྐུ་གསུང་ཐུགས་ནི་ཕྱག་རྒྱ་རྨད་དུ་བྱུང་བའི་འབྲས་བུས་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་ངོ་བོར་སྨིན་ཅིང་གྲུབ་པས་ངོ་མཚར་བའོ། །དེ་དག་ཀྱང་མིང་གི་ཚོགས་ཙམ་ལས་ངོ་བོའམ་མཚན་མར་མ་གྲུབ་སྟེ། བདེ་བའི་ཡེ་ཤེས་བཞི་བཅུ་རྩ་གཉིས་པོ་ཡང་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་བོ་འདུས་མ་བྱས་པ་ཉིད་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདུས་བྱས་ལྟར་སྣང་སྟེ། བདེ་སྟོང་དབྱེར་མེད་པ་རྡོ་རྗེའི་དཀྱིལ་འཁོར་མངོན་དུ་འབྱིན་པ་ལས་བྱེད་པའི་ལས་མི་འདའ་བ་ནི་དམ་ཚིག་གོ། །དེ་ནས་དམ་ཚིག་དེ་ལས་འདའ་བར་མི་མཛད་འདའ་བའི་དབང་མེད་དེ། རྒྱུ་སྟེང་སྒོ་ལས་སུ་རུང་བ་དང་། རྐྱེན་ཐབས་དང་ཤེས་རབ་གཉིས་སུ་མེད་དུ་སྦྱོར་བའི་ཏིང་ངེ་འཛིན་འཚོགས་པའི་མཐུ་ཆེན་པོ་རང་སྣང་བ་ཡིན་ནོ། །ཨ་ཧོཿན་མཉེས་པའི་དོན་ཡིན་ནོ། །བཀའ་གསང་སྔགས་མཚོན་པའི་ཚིག །དྲང་། རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་པ་འབྲུ་ཞིབ་སྔར་བཤད་ཟིན་ཏོ། །གཞུང་བསྡུས་པའི་ཡོན་ཏན་ནོ། །དྲང་། ཞེས་བརྗོད་པས། དེ་བཞིན་གཤེགས་པ་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་ཐམས་ཅད་ཡི་གེའི་རང་བཞིན་བཞི་བཅུ་རྩ་ལྔར་འདུས་ཤིང་དེ་དག་གི་འཁོར་ལོར་གྱུར་ཏོ། །ལེའུའི་མཚན་ནོ། །དྲང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འབྲུ་མཐུན། མཚོན་པར་བྱེད་པས་ན་ཡི་གེ་རྒྱུན་མི་འཆད་པས་ཕྲེང་བའི་གསུང་གི་འཁོར་ལོའི་རིམ་པ་དང་། ལས་དང་། ཡོན་ཏན་དང་། མཚན་ཉིད་མ་ནོར་བར་བཀོད་པའི་གཅོད་ཅིང་མཚམས་འཛིན་པར་བྱེད་པས་ན་ལེའུ་སྟེ་ཡས་བགྲངས་བཞི་པའི་དོན་དུ་གདའོ།། ༈ །།ད་ནི་ལེའུ་ལྔ་པ་འཆད་པར་བྱེད་དེ། སྤྱིར་གྱིས་རྒྱུད་གཞུང་རྡོ་རྗེའི་ཚིག་འདི་ལྟ་བུ་འཆད་པར་བྱེད་པ་ལ། དགོངས་པ་ཅན་དང་དགོངས་པ་ཅན་མ་ཡིན་པ། སྒྲ་ཇི་བཞིན་པ་དང་། སྒྲ་ཇི་བཞིན་མ་ཡིན་པ། དྲང་བའི་དོན་དང་ངེས་པའི་དོན་དུ་བཤད་པའི་མཐའ་དྲུག་ཡོད་མོད་ཀྱང་། དེ་དག་གི་དགོངས་དོན་ཕྱིན་ཅི་མ་ལོག་པར་འཆད་པར་བྱེད་པ་ལ། འབྲེལ་པ་བཞི་དང་ལྡན་པའི་སྒོ་ནས་འཆད་དགོས་ཏེ། རྒྱུད་སྒྲུབ་ཐབས་དང་འབྲེལ་བ། སྒྲུབ་ཐབས་ཆོག་ཁྲིགས་དང་འབྲེལ་བ། ཆོག་ཁྲིགས་ཕྱག་བཞེས་དང་འབྲེལ་བ། ཕྱག་བཞེས་བླ་མ་བརྒྱུད་པའི་གདམས་གང་དང་འབྲེལ་བའོ། །དེ་ཡང་རྒྱུད་གཞུང་གཅིག་དབུ་ཞབས་སུ་དྲིལ་ནས། གང་ཟག་གཅིག་གིས་ཉམས་སུ་ལེན་པར་བྱེད་པ་ལ། གང་ལེན་ན། རྒྱུད་འདི་ཉིད། ཚུལ་ཇི་ལྟར་དུ་ན། རྗེ་སྒྲོ་ཕུག་པའི་གསུང་སྒྲོས་རྒྱ་ཆེ་འགྲེལ་གྱི་ལུགས་འདིའོ། །དེ་ཇི་ལྟར་ཞེ་ན། སྤྱིར་གྱིས་རྒྱུད་འགྲེལ་པས་བཤད་པ། རྒྱུད་སྒྲུབ་ཐབས་ཀྱིས་བཤད་པ། རྒྱུད་གདམས་ངག་གིས་བཤད་པ། རྒྱུད་བདག་ཉིད་ཀྱིས་བདག་ཉིད་བཤད་པ་དང་ལུགས་བཞི་ཡིན་པ་ལས། འདིར་བཤད་ཐབས་བཞི་པོ་སྐབས་དང་སྦྱར་ནས་གང་ལ་གང་དགོས་ཀྱི་འཆད་པར་བྱེད་པ་ནི་རྒྱ་ཆེ་འགྲེལ་གྱི་བཤད་ལུགས་ཡིན་གསུང་ངོ་། །རྒྱུད་འདིའི་ནང་ནས་ལེའུ་གཅིག་ཉམས་སུ་ལེན་ན། གང་ན། ལེའུ་ལྔ་པ་འདི། ཚུལ་ཇི་ལྟར་ན། མཚན་ཉིད་གསུམ་དུ་དྲིལ་ནས་སོ། །ཚིག་བཞི་ཚིགས་སུ་བཅད་པ་གཅིག་ཉམས་སུ་ལེན་ན། གང་ན། ལེའུ་དྲུག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཏེ། ཚུལ་ཇི་ལྟར་ན། ལམ་ཅིག་ཅར་བར་བཤད་པ་ལྟར་རོ། །ཚིག་གཅིག་ཉམས་སུ་ལེན་ན། གང་ན། ལེའུ་གསུམ་པའི་བསྡུ་བའི་ནང་ནས། སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས། །ཞེས་པ་དེ་ཚུལ་ཇི་ལྟར་ན། གཞུང་རྒྱས་པའི་སྐབས་སུ་རྟོགས་པ་བཞི་དང་། དག་བ་གསུམ་དང་། མཉམ་པ་གཉིས་ཀྱི་གཏན་ཚིགས་ཀྱིས་གཏན་ལ་ཕབ་པ་ལྟར་རོ། །ཡིག་འབྲུ་གཅིག་ཉམས་སུ་ལེན་ན། གང་ན་ཡི་གེ་ཨ། ཚུལ་ཇི་ལྟར་ན་ལེའུ་བཞི་པར་ཨ་ལ་སེམས་སྦྱར་བ་ལྟར་རོ། །གཞན་ཡང་རྒྱུད་འདི་ཉིད་ལས། མདའ་ལྟར་རྩེ་མོ་ནས་བཟུང་སྟེ་བཤད་པ། མདུང་ལྟར་སྐེད་པ་ནས་བཟུང་སྟེ་བཤད་པ། རལ་གྲི་ལྟར་ཡུ་བ་ནས་བཟུང་སྟེ་བཤད་པ་དང་གསུམ་ལས། རྩེ་མོ་ནས་བཟུང་སྟེ་བཤད་པ་ནི། མཚན་གྱི་སྐབས་སུ་ཆོས་ཐམས་ཅད་གཞི་ལམ་འབྲས་བུ་གསུམ་དུ་དྲིལ་ནས་འཆད། སྐེད་པ་ནས་བཟུང་སྟེ་བཤད་པ་ནི། ལེའུ་ལྔ་པ་འདིར་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་དྲིལ་ནས་འཆད། ཡུ་བ་ནས་བཟུང་སྟེ་བཤད་པ་ནི། ལེའུ་མཐའ་མར་ཆོས་ཐམས་ཅད་སྣང་བ་བཞིར་དྲིལ་ནས་འཆད་པ་ཡིན་ནོ། །དེ་ལ་ལེའུ་ལྔ་པ་འཆད་པར་བྱེད་པ་ལ་ཆོས་ཚོམས་ངོས་གཟུང་བ་ནི། བློ་རབ་ཀྱིས་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་གཙོར་སྟོན། འབྲས་བུ་ཟུར་ཙམ་སྟོན། ལམ་ལ་ཐབས་གྲོལ་གཉིས་ཀ་སྟོན། གྲོལ་ལམ་གཙོ་ཆེར་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། མཚན་ཉིད་གསུམ་ལས། རྐྱེན་འཇུག་པ་གཙོ་ཆེར་སྟོན། སྣང་བ་བཞི་ལས་ལམ་སྣང་གཙོ་ཆེ་གཞི་འབྲས་ཀྱང་ཟུར་ཙམ་སྟོན། འབྲིང་གི་ཆོས་ཚོམས་ལྔ་ལས། རྒྱུད་དོན་སྟོན། རྒྱུད་དོན་ཡོངས་སུ་ཤེས་པར་བྱེད་པའི་དངོས་པོ་བཅུ་ལས། ཏིང་ངེ་འཛིན་དང་སྒྲུབ་པ་སྟོན། བཅུ་ཡང་བརྒྱའི་བདག་ཉིད་དུ་བྱས་ན། ཞོར་ལ་ལྟ་བ། སྤྱོད་པ། དཀྱིལ་འཁོར། ཕྲིན་ལས་སྟོན། ཐ་མའི་ཆོས་བཅུ་ལས། རང་བཞིན་ལྟ་བ། མཚོན་པ་དཔེ། བསྣོལ་མཚམས་འཕེན་སྡུད་འཁྲུགས་གཙོ་ཆེར་སྟོན། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་ལྔ་པ་འདི་ལ་རྣམ་པར་དབྱེ་བའི་ཚིག །སྟག་གིས་མཆོངས་པ་ལྟར་དུ་བཤད་ན་དོན་ཆིངས་གསུམ་གྱིས་སྟོན་ཏེ། བགྲང་། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། ལེའུ་བཞི་པར་ཡི་གེ་ལ་སེམས་སྦྱང་བ་བསྟན་ནས། ད་ཏིང་ངེ་འཛིན་གྱིས་དངོས་གྲུབ་བསྒྲུབ་པ་སྟོན་པས་ན་དེ་ནས་ཞེས་བྱའོ། །ལེའུ་གོང་མར་ཡི་གེ་འཁོར་ལོ་སྤྲིན་བཀོད་པའི་མཐུ་ལས་སྒྱུ་མ་མཚོན་པ་ལྷ་ཡུམ་འཕྲུལ་པ་མཚོན་པ་ལྷ་ཡབ། ཡབ་ཡུམ་གཉིས་སུ་མེད་པ་ལྷའི་དཀྱིལ་འཁོར་ལས། ལས་དང་དངོས་གྲུབ་ལ་སོགས་པར་སྣང་བ་རྣམས་རྣམ་པར་འཕྲོ་བའི་འདི་ཆེད་དུ་བརྗོད་དོ། །ལེའུའི་གཞུང་ལ་གཉིས་ཏེ། གཞུང་དངོས་དང་། གསུངས་པའི་ཡོན་ཏན་ནོ། །གཞུང་དངོས་ལ་བཅུ་གཅིག །བགྲང་། དང་པོ་བྱང་ཆུབ་བསྒྲུབ་པའི་རྒྱུ། དྲང་། དེ་ཡང་། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ། །ཞེས་པའི་རང་བཞིན་བརྒྱད་དང་ལྡན་པའི་སྟོན་པ་རྡོ་རྗེ་སློབ་དཔོན་ལ་སྒོ་གསུམ་གུས་པའི་སྒོ་ནས་མཉེས་པ་གསུམ་གྱིས་མཆོད་ཅིང་ཕན། ནུས། ཟབ་མོའི་དབང་རིམ་པར་ཐོབ་པར་བྱས་ནས་བརྩོན་འགྲུས་ཀྱིས་རྒྱུད་ཡོངས་སུ་སྦྱང་བའི་སྒོ་ནས་ལྟ་བ་བདེན་པ་དབྱེར་མེད་རྟོགས་པ། དེ་བཞིན་ཉིད། ཀུན་ཏུ་སྣང་། རྒྱུའི་ཏིང་ངེ་འཛིན་གསུམ་གསལ་བ། བླ་མེད་མི་སྤང་བ་ལ་སོགས་པ་རྩ་བ་ལྔ་དང་། མི་སྤང་མི་དོར་བའི་ཡན་ལག་བཅུ་ལ་སོགས་པའི་དམ་ཚིག་མ་ཉམས་པ། རྒྱུ་མ་ནོར་བ་རྩ་བ། བསྐྱེད་པ་རྐྱེན། བཟླས་པ་ལས་ཀྱི་སྔགས་ཏེ། དེ་ལྟར་གསུམ་དང་། དམ་ཚིག །ལས། ཆོས། སྐུའི་ཕྱག་རྒྱ་ཆེན་པོ་དང་བཞི་པོ་རྣམས་ཤེས་ཤིང་། བཟའ་དང་བཏུང་བ། རྒྱན་དང་བགོ་བ། གླུ་ཚིག་སྒྲ། བྲོ་གར་འདུ་འཕྲོ། ཨཱ་ལི་ཀཱ་ལིའི་ཡོ་བྱད་དང་ལྔ་སྟེ། དེ་ཚོ་དང་ལྡན་ན་བྱང་ཆུབ་འགྲུབ་པར་འགྱུར་ལ། མི་ལྡན་ན་བསྒྲུབས་ཀྱང་དོན་མེད་པས་ན་བརླག་ཅེས་བྱའོ། །འདི་ནི་ཚོམ་བུ་ཚོགས་བསྒྲུབ་པ་ཡང་ཡིན་ཏེ། ལམ་རིམ་གྱི་ལེའུ་བདུན་པ་བར་ཆད་མེད་པའི་ལམ། ཚོགས་བསྒྲུབ་པ་དང་སྦྱར་རོ། །གཉིས་པ་ལྟ་བ་ལ། ས་བཅད་ནང་བརྩེགས་གཉིས་ལས། རྟོགས་པར་གདམས་པ། དྲང་། གང་སྐལ་པ་དམན་ཞིང་བླ་མའི་མན་ངག་གིས་མ་ཟིན་བ་ཞིག་གིས་སེམས་ཉིད་གང་དུ་ཡང་དམིགས་སུ་མེད་པའི་དོན་མི་ཤེས་པ་ཡིན་ཏེ། དེ་ཡིས་ཆོས་ཉིད་མཉམ་པ་ཉིད་འདུས་མ་བྱས་ཀྱི་དབྱིངས་ཀྱང་མི་ཤེས་སོ། །དེའི་ཕྱིར་རིགས་དྲུག་གི་སེམས་ཅན་རང་རང་གི་ཞེན་དངོས། མུ་སྟེགས་རྟག་པ་བ། རྟག །གཅིག །བདེ་བ། རང་དབང་ཅན། ཉན་ཐོས་པ་རྡུལ་དང་ཤེས་པ། རང་རྒྱལ་འཛིན་རིགས་སྐད་ཅིག་མ། སེམས་ཙམ་པ་སེམས་རང་རིག་རང་གསལ། མྱོང་བ་གཉིས་མེད་ཀྱི་ཤེས་པ་དངོས་པོར་ལྟ་བ་དེ་དག་ལེའུ་གསུམ་པར་གཏན་ཚིག་གྱི་གཏན་ལ་ཕབ་པ་ལྟར་བརྟགས་ན་རང་གི་ངོ་བོ་སྟོངས་པའི་ཕྱིར། དངོས་པོ་ཐམས་ཅད་དངོས་མེད་དུ་འཇིག་པ་དང་། མུ་སྟེགས་ཆད་པ་བ་ཤེས་པ་སྔ་ཕྱི་གཏན་མེད་ལུང་གི་ཕྱོགས་ཙམ་པ་ཐམས་ཅད་ཅི་ཡང་མ་ཡིན་ལ། མ་ཡིན་པ་ཙམ་ཡང་མ་ཡིན་པ། དབུ་མ་ཡེ་ཤེས་རྒྱུན་ཆད་པ་མཐའ་བྲལ་སྟོང་པ་ཉིད་ལ་ཡུལ་གཏན་མ་གྲུབ་པས་དེར་འཛིན་གྱི་ཡེ་ཤེས་ཀྱང་མེད་པར་ལྟ་བ་སྟེ། མདོར་ན་དངོས་མེད་དུ་འདོད་པ་ཐམས་ཅད་དུ་ཀྱང་དངོས་པོ་ལས་ལྟོས་པའི་ཕྱིར། སེམས་ཀྱི་རང་བཞིན་སྟོང་པ་ཉིད་ཀྱི་ངང་དུ་འཇིག་པས་ན་སེམས་ཉིད་དངོས་པོ་དང་དངོས་མེད་གང་དུའང་དམིགས་དུ་མེད་པ་སྟེ། དེ་ཤེས་པར་གྱིས་ཤིག་པར་གདམས་པའོ། །ལྟ་བ་རང་གི་ངོ་བོའོ། །དྲང་། རྟེན་པའི་གཞི་དང་བསྐྱེད་པའི་རྩ་བ་མེད་པའི་སེམས་ཉིད་ནི་མཚན་གྱི་སྒོ་ནས་ཕོ་དང་མོའང་མ་ཡིན་ལ་མ་ནིང་ཡང་མིན་ཞིང་མཚན་མེད་སྒོ་ང་ལྟ་བུ་ཡང་མ་ཡིན་ནོ། །རིགས་ཀྱི་སྒོ་ནས་རྒྱལ་རིགས་ལ་སོགས་པ་ལྔ་དང་རྒྱུད་འགྲོ་བ་དྲུག་ཀྱང་མིན་ཞིང་། གཟུགས་ཀྱི་སྒོ་ནས་ཁ་དོག་ལྔའམ་ཉི་ཤུ་རྩ་ལྔ་ལ་སོགས་པ་ཡང་མ་ཡིན། དབྱིབས་ཀྱི་ཞི་རྒྱས་དབང་དྲག་ལ་སོགས་པ་ཡང་མ་ཡིན་གནས་རྟེན་དང་རྟེན་མེད་གཉིས་སུ་གྲུབ་པའང་མ་ཡིན་ཏེ། མདོར་ན་དངོས་པོ་དང་དངོས་མེད་ཀྱི་མཐའ་གང་ཡང་མིན་པ་ནི་དེ་བཞིན་ཉིད་ཀྱི་དབྱིངས་མུ་མཐའ་དང་བྲལ་ཞིང་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་ཕྱིར་གནས་ལུགས་དོན་གྱི་ཡེ་ཤེས་ཏེ། དེ་མངོན་དུ་བྱེད་པའི་ཐབས་ཀྱི་ཁྱད་པར་ནི་རང་བཞིན་ཏེ། ཏིང་ངེ་འཛིན་དང་། ལྷག་པའི་ཕྱག་རྒྱ་གསུམ་ལས་མི་འདའ་བ་ནི། བདེན་གསུམ་ཀུན་གྱི་ངོ་བོ་ཉིད་ཀྱི་རྒྱུའོ། །དེ་དག་ནི་མན་ངག་ལམ་གྱི་རིམ་པ་དང་སྦྱར་ནས་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ཡིན་ནོ། །ཁོ་བོ་ནི། འགྲེལ་པས་མ་གསུངས་ཀྱང་། ལྟ་བ་རང་གི་ངོ་བོ་ནི་ལམ་རིམ་ལེའུ་དང་པོ་ཡེ་ཤེས་རང་ལ་གནས་པ་དང་སྦྱར་ནས་ལྟ་བ་རྟོགས་པར་གདམས་པ་ནི། ལམ་རིམ་ལེའུ་གཉིས་པ་རང་གནས་མཐོང་བ་དང་སྦྱར་ན་འཐད་དམ་སེམས་སོ། །གསུམ་པ་བསྒོམས་པའི་དགོས་ཆེད། དྲང་། དངོས་པོ་རྣམས་སེམས་ཉིད་ཁོ་ནར་གནས་པའི་དུས་ན་སེམས་ཉིད་དངོས་པོ་མེད་པར་གཏན་ཚིགས་ཀྱིས་གཏན་ལ་ཕབ་པ་བཞིན། རྟོགས་པའི་དོན་ལ་མ་ཡེངས་པར་དབང་སྒྱུར་བ་ནི་བཏང་སྙོམས་ཆེན་པོའི་ཏིང་ངེ་འཛིན་ཡིན་ནོ། །བཞི་པ་བསྒོམ་པའི་ཐབས། དྲང་། ལྟ་བ་རྟོགས་པའི་རྟེན་གྱི་གང་ཟག་ཞིག་གིས་དཔེ་གླང་ཆེན་སྨྱོན་པ་རྒུན་འབྲུམ་གྱི་ཆང་གིས་མྱོས་པ་ལ་འདུལ་ཐབས་རྒྱན་འདུལ་དང་ཁྲོམ་འདུལ་གཉིས་ཡོད་པ་དང་འདྲ་བར། འཁྲུལ་རྟོག་སྣ་ཚོགས་ཀྱིས་མྱོས་པའི་སེམས་ཡུལ་ལ་འཕྲོ་བ་དེ་འདུལ་བའི་ཐབས་ཀྱང་གཉིས་ཡོད་དོ། །གདམས་ངག་གི་སྟོབས་ཀྱིས་བཞག་ཐབས་དང་། ཤེས་རབ་ཀྱི་སྟོབས་ཀྱིས་བཞག་ཐབས་གཉིས་གང་རུང་གི་སྒོ་ནས་སྔར་གྱི་ལྟ་བའི་རྗེས་སུ་ཅིར་ཡང་མི་དམིགས་པར་མཉམ་པར་བཞག་པས་བཏུལ་ནས། ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་གཉིས་མངོན་དུ་བྱས་ཤིང་། གཞི་ཇི་ལྟ་བ་ཀླུངས་སུ་ཕེབས་པ་ནི་ཐུལ་བའོ། །དེ་ལྟར་བསྒོམས་པའི་དགོས་ཆེད་དང་བསྒོམས་པའི་ཐབས་གཉིས་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཏེ། ལམ་རིམ་ལེའུ་གསུམ་པ་སྟོང་པ་ཆེན་པོའི་རྣལ་འབྱོར་དང་སྦྱར་རོ། །ལྔ་པ་དེ་ཉིད་ཐམས་ཅད་དུ་རང་སྣང་བ། དྲང་། རྟེན་པའི་གཞི་དང་བསྐྱེད་པའི་རྩ་བ་མེད་པའི་སྟོང་པ་ཉིད་ཀྱི་དབྱིངས་སེམས་ཉིད་འདི་ནི་ཕོ་མོ་ལ་སོགས་པ་མཐའ་གར་ཡང་མ་ལྷུང་ལ་རྒྱ་གར་ཡང་མ་ཆད་པའི་ཕྱིར། སྙིང་རྗེ་ཆེན་པོ་ནམ་མཁའ་དང་མཉམ་པ་བསྒོམ་པར་བྱ་སྟེ། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ཡིན་ནོ། །དེ་ཉིད་ལམ་རིམ་ལེའུ་བཞི་པ་སྙིང་རྗེ་ཆེན་པོའི་རྣལ་འབྱོར་དང་སྦྱར་རོ། །འཁོར་བ་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་རྣམས་ཀུན་གྱི་རྩ་བ་སེམས་ཉིད་ཡིན་ལ། ཀུན་གྱི་རྩ་བ་སེམས་ཉིད་དེ་ཡེ་གདོད་མ་ནས་མ་སྐྱེས་པའི་ཕྱིར་ན་ཡི་གེ་ཨའི་རང་བཞིན་ཡིན་ཏེ། ཡི་གེ་ཨ་དེ་ལས་ཡི་གེའི་ཕྲེང་བ་འབྱུང་བ་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་ཆེན་ལས་མ་གཡོས་པར་དགོས་འདོད་འབྱུང་བ་བཞིན། ཨ་སྥ་ར་ན་ཕཊ་ཅེས། ཨ་ཕྲ་མོ་གྲངས་མེད་པ་ནམ་མཁའ་ཁྱབ་པར་སྤྲོ། སཾ་ཧ་ར་ཧཱུྃ་ཞེས་ཚུར་བསྡུས་པས། སེམས་ཉིད་གཞི་མ་ངེས་པ་ལ་ཡི་གེའི་སྤྲིན་ལེའུ་བཞི་པར་བཤད་པ་བཞིན་བསྒོམ་པ་ནི་ཕྲ་བ་ཡིག་འབྲུ་ལ་བསླབ་པའོ། །དྲུག་པ་དེ་ལ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ། དྲང་། རང་རིག་པ་ཉིད་ཡི་གེར་སྣང་བ་རྩ་བའི་ཐབས་སོ། །ཐབས་དེ་ལས་གཞལ་ཡས་ཁང་གདན་དང་བཅས་པ་གསལ་བ་ནི་ཐབས་ལས་བྱུང་བ་གཞིའི་ཐབས་སོ། །དེར་ལྷའི་དཀྱིལ་འཁོར་བཀོད་ནས་བསྒོམ་པ་ནི་ཐབས་བསམ་ཡས་པའོ། །གསུམ་པོ་དེ་དག་ནི་རགས་པ་ལྷ་སྐུ་ལ་བསླབ་པ་སྟེ། སྔར་བཤད་པའི་ཕྲ་བ་ཡིག་འབྲུ་ལ་བསླབ་པ་དང་། འཆད་པར་འགྱུར་པའི་དེ་ལ་འདྲིས་པར་བསྒོམ་པ་དང་། ས་དམིགས་གསུམ་པོ་དེ་ནི་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ཏེ། ལམ་རིམ་ལེའུ་ལྔ་པ་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་དང་སྦྱར་རོ། །དེ་ལྟར་ཐབས་གསུམ་པོ་དེ་རང་རིག་པའི་ཡེ་ཤེས་སུ་གཅིག་པས་ན། ཐ་དད་མིན་པ་ལས་བློ་ཆུང་རིམ་གྱིས་པ་ལ་ཐ་དད་པ་ལྟར་རེ་མོས་སུ་བསྒོམ་པའི་ཚུལ་ནི། ནང་ལྷ་དང་ནང་གི་ཕྱི་རོལ་གཞལ་ཡས་ཁང་གི་བཀོད་པ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ལེའུ་བརྒྱད་པར་འཆད་པ་བཞིན་ཚོམ་བུ་སྟོང་དང་། ཉི་ཁྲི་བཞི་སྟོང་དང་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ལྷ་ལ་ལྷ་དང་ཡེ་ཤེས་ལ་ཡེ་ཤེས་རོལ་པའོ། །དེ་ལྟ་བུའི་ལམ་པ་དེ་འཁོར་བའི་གཡང་ས་དང་། ཚོགས་ལམ་གྱི་གཡང་ས་གཉིས་ལ་འཇིགས་པ་མེད་ཅིང་སྤྱོད་ཡུལ་ཡོངས་སུ་དག་པ་ཀུན་ཏུ་བཟང་པོ་སྟེ་སྐུའི་ཕྱག་རྒྱ་ཆེན་པོའི་ངང་ལས་མི་འདའ་བས་ན་མཆོག་གོ། །འདི་ལ་འགྲེལ་ཆུང་པིན་ཏར་ཐས། ནང་ཉིད་རྣམ་ཤེས་ནང་གི་དབང་པོ་དང་། །ཕྱི་རོལ་ཡུལ་གྱི་རྣམ་པ་ཐམས་ཅད་ཀུན། །བསམ་ཡས་དཀྱིལ་འཁོར་ཀུན་བཟང་ཕྱག་རྒྱར་རོལ། །ཞེས་ཀྱང་བཤད་དོ། །བདུན་པ་དེ་ཉིད་ཀར་དག་པ་བླང་དོར་དང་བྲལ་བ་དཔེ་ཡིས་བསྟན་པ། དྲང་། ཐབས་གསུམ་པོ་དེ་ཉིད་སེམས་ཉིད་རང་རིག་པའི་ཡེ་ཤེས་སུ་རང་སྣང་བའི་ཕྱིར། ཧཱུཾ་མཱུཾ་ལ་སོགས་པའི་ཡི་གེའི་མིང་དང་། བཛྲ་དྷྲིཀ྄་ལ་སོགས་པ་བསྐྱེད་པའི་ཚིག་དང་། སྐུ་མདོག་ཕྱག་མཚན་ལ་སོགས་པ་སྐུ་ཡོངས་སུ་རྫོགས་པའི་གཟུགས་བསྒོམ་པ་ལ་སོགས་པའི་ཏིང་ངེ་འཛིན་གྱི་ཡོན་ཏན་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་དགོས་འདོད་འབྱུང་བ་ལྟར། ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམས་པས་འདོད་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་ཏེ། དཔེར་ན་མུན་ཁུང་དུ་སྒྲོན་མེ་བཏེག་པའི་དུས་ན་མུན་པ་གང་ཡང་མ་སྤངས་པ་ལ་སྣང་བ་བྱུང་བ་ཇི་བཞིན་དུ། ལམ་པས་ཐབས་གསུམ་པོ་བསྒོམ་པའི་དུས་ན་རྟོག་ཚོགས་བཞི་བཅུ་རྩ་གཉིས་གང་ཡང་མ་སྤངས་པར་ལྷ་བཞི་བཅུ་རྩ་གཉིས་སུ་རང་སྣང་བའོ། །ཡང་ལྕགས་མ་སྤངས་པར་གསེར་དུ་འགྱུར་བར་བྱེད་པ་གསེར་འགྱུར་གྱི་རྩི་ལྕགས་ལ་ཐེབས་པ་བཞིན་དུ། ལམ་པས་ཐབས་གསུམ་པོ་བསྒོམ་པའི་དུས་ན། ཕྱི་འབྱུང་བ་ཡུལ་ལྟར་དུ་སྣང་བ་མ་སྤངས་པར་ཡུམ་ལྔའི་མཁའི་རང་བཞིན་ཅན་གྱི་གཞལ་ཡས་ཁང་གདན་དང་བཅས་པ་རང་སྣང་བའོ། །གཞན་ཡང་རྩི་མ་གྷི་ཏའམ་ནུས་པས་དུག་མ་སྤངས་པར་སྨན་གྱི་རང་བཞིན་དུ་བྱེད་པའི་ཚུལ་དུ། ལམ་པས་ཐབས་གསུམ་པོ་བསྒོམ་པའི་དུས་ན་མ་རིག་པའི་ངར་འཛིན་པ་རྣམ་པར་ཤེས་པ་ཚོགས་བརྒྱད་དམ། ཉོན་མོངས་པ་དུག་ལྔ་མ་སྤངས་བཞིན་དུ་ཡེ་ཤེས་ལྔར་རང་སྣང་བའོ། །འདི་ལ་འགའ་ཞིག་དཔེ་གསུམ་པོ་ལྡབས་པའི་འགལ་སྤོང་བྱེད་མོད་ཀྱི། སྐྱོན་མེད་ནི། བཤད་མ་ཐག་པའི་འབྲུ་བསྣན་པས་ཤེས་སོ། །བརྒྱད་པ་དེ་ལ་འདྲིས་པར་བསླབ་པ། དྲང་། སྔགས་ཀྱི་ཡན་ལག་ལྔ་དང་ཕྱག་རྒྱ་གཅིག་སྤྲོས་ཀྱི་ཏིང་ངེ་འཛིན་གསལ་བ་ཡུལ་གྱིས་མི་འཕྲོགས་པ་རབ་ཏུ་བརྟན་པར་གྱུར་ན་ཐུན་མོང་དང་མཆོག་གི་དངོས་གྲུབ་ཡ་མཚན་ཆེན་པོར་འགྲུབ་པར་འགྱུར་ཏེ་འོག་ནས་སྟོན་པར་བྱེད་དོ། །དགུ་པ་ཐུན་མོང་གི་དངོས་གྲུབ་བསྟན་པ། དྲང་། འདི་ལ་རྒྱུད་དང་འགྲེལ་པ་དང་སྒྲུབ་ཐབས་ཀྱི་བཤད་པའི་དབང་དུ་བྱས་ན། ཟས་དུག་ཅན་ལ་ཡི་གེ་ཨ་བཀོད་དེ། འཇུ་འདུལ་བྱས་པ་ཙམ་གྱིས་བདུད་རྩིར་འགྱུར་ཞིང་དེའི་ཡོན་ཏན་འབྱུང་བ་དང་། དེ་གང་ཞེ་ན། བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་བདུད་རྩིའི་འོད་ཟེར་ལས་ལོངས་སྤྱོད་འབྱུང་ཞིང་ཏྲི་པྲེ་དུཿངན་སོང་གི་ས་བོན་རྣམས་སྦྱོང་བ་དང་། དེ་ལས་གཞན་པ་ཅི་ཡང་གཞན་དུ་སྟེ། བྱེ་མ་ལས་གསེར་དང་སོལ་བ་ལས་ལྗོན་ཤིང་དུ་འགྱུར་པ་ལ་སོགས་པ་འགྲུབ་བོ། །ནམ་མཁའ་ལ་རྡོ་རྗེའི་སྐས་བསྒོམས་པས་སྲ་བའི་སྐས་འབྱུང་ཞིང་ལག་མཐིལ་དུ་ཡིགེ་རཾ་བཀོད་པས་དེ་ལས་ཡེ་ཤེས་ཀྱི་མེ་འབར་ནས་ཐ་མལ་གྱི་མེ་ཡང་འཚིག་པར་འགྱུར་པ་དང་། ཁཾ་ལས་ཆུ་འགྱུར་འབབ་པའང་དཔེ་གོང་མ་དེ་བཞིན་ཏེ་ཐ་མལ་གྱི་ཆུ་དག་པར་བྱེད་པ་དང་། ཡཾ་ལས་ཡེ་ཤེས་ཀྱི་རླུང་འབྱུང་བས་འཇིག་རྟེན་གྱི་ཁམས་ཀྱི་ཐ་མལ་གྱི་རླུང་ནི་འཐོར་བ་དང་། ཡི་གེ་ཨ་བཀོད་དེ་འཕྲོ་འདུ་བྱས་པས་ཐམས་ཅད་སྟོངས་པར་བསམས་ན། འཇིག་རྟེན་གྱི་ཁམས་སྟོངས་ཤིང་གཞོལ་ཕྱོགས་སུ་ལྷུང་བར་འགྱུར་པ་དང་། ཏིང་ངེ་འཛིན་གྱིས་དགྲ་བགེགས་དགུག་པ་དང་གླིང་ཁམས་གཞན་དུ་བཏང་བ་དང་། ཇག་ཆིངས་ཀྱིས་བཅིང་བ་དང་། གཞན་གྱིས་བྱད་དུ་བཅུག་པ་དགྲོལ་པ་དང་། སྲིའུ་དང་ལོ་ཏོག་དང་ནད་པ་ལ་སོགས་པ་གསོ་བ་དང་། དགྲ་བགེགས་བསད་པ་དང་། གཞན་གྱི་གཡུལ་འཕམ་པར་བྱ་བ་དང་། རང་གི་གཡུལ་རྒྱལ་བར་བྱ་བ་ལ་སོགས་པ་ནི་ཕྱག་རྒྱ་གཅིག་སྤྲོས་ཀྱི་ཏིང་ངེ་འཛིན་ལས་སུ་རུང་བའི་རྣལ་འབྱོར་པ་འདི་ཡིས་བྱེད་པར་འགྱུར་རོ། །ཡང་འདི་ལ་རྒྱུད་གདམས་ངག་ལྟར་དུ་བཤད་ན། ཐོག་མར་སྟེང་སྒོ་དང་སྦྱར་ཏེ་བཤད་པ་ནི། འོག་ནས་སྲ་འབྱུང་ཞིང་། ཞེས་པ་བླངས་ཏེ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་བདག་ཉིད་སྙིང་པོ་ཡི་གེ་ཨ་ཐུང་དང་བཅས་པ་བསྒོམས་པས་སའི་དྭངས་མ་ཟིན། ཆུར་འགྱུར་འབབ་བའང་དེ་བཞིན་ཏེ། ཞེས་པས། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཀྱི་བདག་ཉིད་ཅན། སྙིང་པོ་ཐིག་ལེ་བཾ་དང་བཅས་པ་བསྒོམས་པས་ཆུའི་དྭངས་མ་ཟིན། འབར་ནས་མེ་ཡང་འཚིག་པ་དང་། །ཞེས་པས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་གི་བདག་ཉིད་ཅན། སྙིང་པོ་ཡི་གེ་ཨཾ་དང་བཅས་པ་བསྒོམས་པས་མེའི་དྭངས་མ་ཟིན། ཐམས་ཅད་སྟོངས་ཤིང་ཞེས་པས། ཀླད་པ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན། སྙིང་པོ་ཡི་གེ་ཧཾ་དང་བཅས་པ་བསྒོམས་པས་ནམ་མཁའི་དྭངས་མ་ཟིན་པ་དེ་ལ་ཡང་མདའ་གཅིག་གིས་ཤ་བ་གཉིས་གསོད་པའི་ཚུལ་དུ་བྱས་ནས་བཤད་ན། འབར་ནས་མེ་ཡང་ཞེས་པས། སུམ་མདོ་མེའི་འཁོར་ལོ་དང་། འཇིག་རྟེན་ཁམས་ནི་འཐོར་བ་ཅེས་པས། སྒྲོམ་མདོ་རླུང་གི་འཁོར་ལོའོ། །དེ་དག་བསྒོམས་པའི་ཐབས་ནི། འོག་རླུང་བསྐྱོད་པས་རླུང་གིས་མེ་སྦར་ཏེ་འཁོར་ལོ་བཞིའི་ཐིག་ལེ་ཞུ་སྟེ། བདེ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ནི་རླུང་གི་དྭངས་མ་ཟིན་པའོ། །དེ་དག་ནི་སྟེང་སྒོ་བསྒོམ་པའོ། །འོག་སྒོ་ནི་ནམ་མཁའ་ནི་ཤེས་རབ། རྡོ་རྗེ་ནི་ཐབས་སོ། །ཐབས་ཤེས་རབ་གཉིས་སུ་མེད་པར་ཕྱག་རྒྱ་བཞི་ཡིས་རོལ་བས་རྩ་གནས་ནས་ཐིག་ལེ་དགུག་པ་དང་། རྡོ་རྗེའི་དབུའི་བུམ་པར་ཐིག་ལེ་བཅིང་བ་དང་། ཡུམ་གྱི་མཁར་ཐིག་ལེ་བཏང་བ་དང་། རྩ་མདུད་ཀྱི་རྟོག་པ་ཐམས་ཅད་དགྲོལ་བའོ། །དེ་ནས་ཐིག་ལེ་ལྡོག་པའི་ཐབས་ཀྱིས་ལྡོག་པས་གསང་བའི་རྡོ་རྗེ་ན་ཡར་ཞུགས་ཏེ། འཁོར་ལོ་བཞི་གསོས་བཏབ་ནས། ཀླད་པ་བདེ་ཆེན་ཁྱབ་གདལ་ཆེན་པོའི་དགོངས་པས་ལུས་མགོ་འཇུག་ཏུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་རྒྱས་ཐེབས་པ་ནི། གསོ་ཅེས་པས་ཏེ། ཐིག་ལེ་གསོས་ཐེབས་སོ། །དེ་ལྟར་གྱུར་ཙམ་ན། ཐ་མལ་འདོད་ཆགས་ཀྱི་རྟོག་པའི་བདུད་དེ་བདེ་བའི་ཡེ་ཤེས་ཀྱི་རྩིར་འགྱུར་ཞིང་ཡོན་ཏན་ཐམས་ཅད་འབྱུང་བ་དང་། དེ་ལྟར་སྤྱད་པས་བཞི་བརྒྱ་རྩ་བཞིའི་ནད་རིམས་སེལ་བ་དང་། གསང་བའི་ལོངས་སྤྱོད་ཟག་པ་མེད་པའི་བདེ་བ་འབྱུང་ཞིང་། བདེ་བའི་ཡེ་ཤེས་མངོན་དུ་གྱུར་ཙམ་ན་ངན་སོང་གསུམ་གྱི་ས་བོན་ཐམས་ཅད་ཀྱང་སྦྱོང་བར་བྱེད་དོ། །དེ་ལ་སོགས་པ་ཅི་ཡང་གཞན་དུ་འགྱུར་བ་ནི་ཐིག་དབབ། བསྐྱིལ། ལྡོག །དགྲམ་པ་ལ་སོགས་པ་འགྲུབ་ཅིང་། མཐའ་བྲལ་འཇིག་མེད་ནམ་མཁའ་ལྟ་བུའི་བདེ་བ་འབར་བས་ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་ཚིག་པར་འགྱུར་ལ། བདེ་བའི་ཆུ་རྒྱུན་རྒྱུན་ཆད་མེད་པར་འབབ་པའང་དེ་བཞིན་ཏེ། དེས་ཉོན་མོངས་པ་དང་རྣམ་པར་རྟོག་པ་འཇིག་པ་ལ་འཇིག་རྟེན་པ་དང་བཅས་པའི་ཁམས་ནི་བདེ་བའི་ཡེ་ཤེས་ཀྱིས་འཐོར་བ་བྱེད་པ་དང་། བདེན་འཛིན་གྱི་རྟོག་པ་ཐམས་ཅད་སྟོང་ཞིང་ལྟུང་བར་འགྱུར་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་བྱེད་དོ། །དེ་ལྟར་ལམ་དུ་སློངས་ཙམ་ན་བདེ་བའི་ཡེ་ཤེས་ཀྱིས་འདོད་ཆགས་ཀྱི་རྣམ་པར་རྟོག་པའི་དགྲ་བསད་པ་དང་། ཁམས་འཛག་མེད་དུ་བྱས་པས་འཁོར་བའི་གཡུལ་འཕམ་པ་དང་། རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་བྱུང་ས་ཐེབས་པས་མྱ་ངན་ལས་འདས་པའི་གཡུལ་རྒྱལ་བ་ཞེས་བྱ་སྟེ། ཐབས་ལམ་གྱི་ཏིང་ངེ་འཛིན་ལས་སུ་རུང་བའི་འདི་ཡིས་འབྲས་བུ་རྩོལ་མེད་དུ་ཐོབ་པར་བྱེད་པར་འགྱུར་བའོ། །དེ་དག་ནི་གདམས་ངག་ལྟར་བཤད་པ་ཡིན་ལ། རྒྱུད་ནང་གིས་སམ། བདག་ཉིད་ཀྱིས་བདག་ཉིད་བཤད་པ་ལྟར་ན། བདུད་རྩིར་འགྱུར་ཞིང་འབྱུང་བ་དང་། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །ཞེས་པ་ནི། མཆོག་གི་བདུད་རྩི་སྒྲུབ་པར་བྱེད་པ་སྟེ། སྒྱུ་འཕྲུལ་རྒྱས་པའི་ལེའུ་བཞི་བཅུ་པས་རྒྱས་པར་སྟོན་ནོ། །དེ་ཡང་མཚམས་བཅད་པ་དང་། དཀྱིལ་འཁོར་བྲི་བ་དང་། སྨན་བཀོད་པ་དམ་པ་རིགས་བརྒྱས་སྦྱང་བ་དང་། བཏགས་བཙགས་བྱས་ལ་རིགས་ལྔས་སྦྱང་བ་དང་། བུམ་པར་དྲིལ་ལ་རིགས་གཅིག་གིས་སྦྱོང་བ་ལ་སོགས་པ་བཤད་དོ། །ལེའུ་བདུན་ཅུ་པ་ལས། རོ་ལངས་བསྒྲུབ་པ་བསྟན་ཏེ། ཐུན་མོང་གི་བདུད་རྩི་བསྒྲུབ་པ་ཡང་ཡིན་ནོ། །ལོངས་སྤྱོད་འབྱུང་ཞིང་ངན་སོང་སྦྱོང་། །ཞེས་པ་ནི། ལེའུ་ཞེ་གཅིག་པའི་ཕྱོགས་གཅིག་ནས་སློབ་པའི་རིམ་པ་བསྒྲུབ་པ་སྟོན་པ་དེའོ། །ཅི་ཡང་གཞན་དུ་འགྱུར་བ་འགྲུབ། །ཅེས་པ་ནི། ལེའུ་སོ་བརྒྱད་པ་ནས་རྐང་མགྱོགས་བསྒྲུབ་པ་དང་། ལུས་མི་སྣང་བ་བསྒྲུབ་པ་སྟོན། ལེའུ་རེ་བཞི་པ་ནས་ཚེ་བསྒྲུབ་པ་དང་། རེ་ལྔ་པ་ནས་པྲ་དང་། གཞན་རྡོ་རྗེ་བཀོད་པ་ཀུན་འདུས་ཀྱི་རྒྱུད་ནས། སྒྱུ་མ་དང་། ཡུངས་ཀར་རྒྱལ་པོ་དང་། རྡོ་རྗེ་ཐལ་ཆེན་དང་། ལུས་མང་པོར་སྤྲུལ་པ། བྱེ་མ་ལ་གསེར། སོལ་བ་ལ་ལྗོན་ཤིང་དུ་བསྒྲུབ་པ་ལ་སོགས་པ་དང་། ཡུལ་ཁམས་དབང་དུ་བྱ་བ་དང་། གསེར་དང་། ཆང་དང་། མིག་མཐོང་བསྒྲུབ་པ། རྒྱུད་གཞན་དག་ནས་ཀྱང་མང་དུ་གསུངས་པ་ཡིན་ནོ། །ནམ་མཁའི་རྡོ་རྗེ་ཞེས་པ་ལ་སོགས་པའི་ཚིག་ལྔ་ནི། རྡོ་རྗེ་སྙིང་པོ་ལས་ཐམས་ཅད་པའི་རྒྱུད་ཀྱི་ལེའུ་སོ་བརྒྱད་པས་སྟོན་ཏེ། མི་གནས་ནམ་མཁའི་མཐའ་ཀླས་པ། །གོམས་པར་འདོད་པས་ཐོས་པ་དང་། །ཆུ་ལ་ས་བཞིན་འགྲོ་བ་དང་། །བསྲེག་བྱ་འབར་བའི་དབུས་ནས་དང་། །ཚ་བ་རླུང་གིས་བཏེག་ནས་ཀྱང་། །ཕྱོགས་བཅུ་ཀུན་ཏུ་ཕྱིན་པར་གསུངས། །ཞེས་པ་ལ་སོགས་པ་རྒྱས་པར་སྟོན་ནོ། །དགུག་དང་ཞེས་པ་ནི། འཇིག་རྟེན་ལས་འདས་པའི་གཟུངས་མ་རིགས་ལྔའི་ཡུམ་དགུག་པ་ནི། ལེའུ་ཞེ་གཉིས་པ་དང་ཞེས་གསུམ་པས་སྟོན། སེམས་མ་དགུག་པ་ཞེ་གཉིས་པས་སྟོན། འཇིག་རྟེན་པའི་གཟུངས་མ་དགུག་པ་ནི། རྒྱལ་པོ་ས་འཛིན་གྱི་ཆུང་མ་དང་། ལྷ་ཆེན་གཞན་གྱི་ཆུང་མ་དགུག་པ་ཞེ་ལྔ་པས་སྟོན། རྒྱུད་གཞན་དག་ལས་ལྷའི་བུ་མོ་དང་། ཀླུའི་བུ་མོ་དང་། རིགས་ངན་མོ་མིའི་བུ་མོ་དགུག་པ་ཡང་སྟོན་ནོ། །བཏང་ཞེས་པ་ནི། དྲག་པོ་སྤྱི་ཡི་སྦྱོར་བ་ཡིས། །དགྲ་བགེགས་གླིང་ཁམས་གཞན་དུ་བཏང་། །ཞེས་པས། དགྲ་བགེགས་གླིང་ཁམས་གཞན་དུ་འཕངས་པ་ལ་སོགས་པ་རྒྱས་པར་བཤད་དོ། །བཅིང་ཞེས་པ་ནི་མ་མོའི་ཇག་ཆིངས་དང་། འབྱུང་པོ་ཁ་བཅིང་བ་ལ་སོགས་པ་བཤད་དོ། །དགྲོལ་ཞེས་པ་ནི་མ་མོའི་ཇག་ཆིངས་ལ་སོགས་པ་དགྲོལ་བའོ། །གསོ་དང་ཞེས་པ་ནི། སྲིའུ། ལོ་ཏོག །ནད་པ་སྟེ། ནད་གསོ་བ་ནི། ཀླུའི་གེགས་སེལ་ལྔ་པ་ལེའུ་ཞེ་དྲུག་པས་སྟོན། ཡང་གསོ་བ་ནི། རོ་ལངས་བསྒྲུབ་པའི་ལེའུ་ལ་ཡང་ངོས་གཟུང་དུ་རུང་ངོ་། །བསད་དང་འཕམ་དང་རྒྱལ། ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་པ་ནི། རྒྱུད་གཞན་ནས་དགྲ་བགེགས་དང་། ཉི་ཟླ་བསད་པ་དང་། རྒྱས་པ་ལས། གཞན་གྱི་གཡུལ་འཕམ་པར་བྱ་བ་དང་། རང་གི་གཡུལ་རྒྱལ་བར་བྱ་བ་དང་། རྒྱལ་པོ་སྡེ་བཞི་བསྒྲུབ་པ་ལ་སོགས་པ་དྲུག་ཅུ་རེ་དྲུག་པས་སྟོན། སྒྱུ་འཕྲུལ་རྒྱ་མཚོ་ལ་སོགས་པ་བཤད་རྒྱུད་གཞན་ནས་ཀྱང་སྟོན་པས་རྒྱ་ཆེར་སྦྱར་བས་ཆོག་གོ། །དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་། དེ་ཉིད་ཀར་དག་པ་བླང་དོར་དང་བླང་བར་དཔེ་ཡིས་བསྟན་པ་དང་། བསྒོམ་པའི་འབྲས་བུས་ཐུན་མོང་གི་དངོས་གྲུབ་བསྟན་པ་དང་། ས་དམིགས་གསུམ་པོ་དེ་ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར་ཡིན་ཏེ། ལམ་རིམ་ལེའུ་དྲུག་པ་སྤྲོས་པའི་རྣལ་འབྱོར་ལ་བསླབ་པ་དང་སྦྱར་རོ། །བཅུ་པ་མཆོག་གི་དངོས་གྲུབ་མདོར་བསྟན་པ། དྲང་། སྒྱུ་མ་མཚོན་པ་ལྷ་ཡུམ་དང་། འཕྲུལ་བ་མཚོན་པ་ལྷ་ཡབ་སྟེ། ཕུང་པོ་ལྔ་ལ་སོགས་པའི་རྟོག་པ་ལྷའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་སུ་སྣང་སྟེ། ཡབ་ཡུམ་འབྲེལ་བ་དྲྭ་བའི་དཀྱིལ་འཁོར་རང་རིག་པའི་མངོན་སུམ་དུ་གསལ་ཞིང་རྫོགས་པས། ཕྱོགས་བཅུ་དང་དུས་བཞིས་བསྡུས་པ་ཐམས་ཅད་ཁམས་གསུམ་ལྷའི་དཀྱིལ་འཁོར་དུ་གསལ་བས་ན། སྤྱོད་ཡུལ་དང་བྲལ་བ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་མངོན་དུ་རྫོགས་པ་ཡི་འབྲས་བུ་ནི་རྒྱལ་བ་ཐམས་ཅད་གཅིག་དང་དུ་མ་ལས་གྲོལ་བས་དཀྱིལ་འཁོར་ལྷག་མ་མ་ལུས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །འདི་ནི་མཐར་ཐུག་གི་འབྲས་བུ་ཡིན་ཏེ། ལམ་རིམ་ལེའུ་དགུ་པ་མཐར་ཕྱིན་པའི་འབྲས་བུ་བསྟན་པ་དང་སྦྱར་རོ། །བཅུ་གཅིག་པ་མཆོག་གི་དངོས་གྲུབ་རྒྱས་པར་བསྟན་པའོ། །དྲང་། དངོས་པོ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བ་ནི་དུས་གསུམ་གྱི་རྒྱལ་བས་ཐུགས་སུ་ཆུད་པའི་དོན་ཡང་ཡིན་ལ། རྣལ་འབྱོར་པའི་ལྟ་བ་ཡང་ཡིན་པས་ན་དངོས་གྲུབ་ཀྱི་མཆོག་གོ། །དེ་དག་གི་བཅུད་འདུས་པ་སྙིང་པོའི་ཡོན་ཏན་ནི་ཟད་པའི་དུས་མེད་དེ། ཡིད་བཞིན་གྱི་ནོར་བུའམ། རྒྱལ་པོའི་དཀོར་མཛོད་ལྟ་བུ་བྱུང་ཡང་འཕེལ་བ་དང་། མ་བྱུང་ཡང་འགྲིབ་པ་མེད་པར་འབྱུང་བ་ངོ་བོ་ཉིད་ཀྱི་རྟག་པ་སྟེ། དངོས་པོའམ་མཚན་མར་གྲུབ་པ་མེད་པ་ལས། གདུལ་བྱའི་ངོ་ལ་ལྷ་དང་དཀྱིལ་འཁོར་དང་ཏིང་ངེ་འཛིན་ལ་སོགས་པ་དངོས་པོའི་སྤྲིན་སྣ་ཚོགས་པའི་རྣམ་པར་འབྱུང་ཞིང་ངོ་བོ་ཅིར་ཡང་འཆར་བ་དེ་ཉིད་རྣམ་པ་ཅིར་ཡང་འགྱུར་བའོ། །འདི་ནི་གནས་སྐབས་ལམ་གྱུར་གྱི་འབྲས་བུ་ཡིན་ཏེ། ལམ་རིམ་ལེའུ་བརྒྱད་པ་མཐར་ཕྱིན་པའི་ལམ་བསྟན་པ་དང་སྦྱར་རོ། །གཞུང་གསུངས་པའི་ཡོན་ཏན་ནོ། །དྲང་། ཞེས་གཞུང་གི་དོན་དེ་དག་བརྗོད་པས་འཁོར་གྱི་དེ་བཞིན་གཤེགས་པ་ཉིད་ཏིང་ངེ་འཛིན་གྱི་མཐུ་ལས་དངོས་གྲུབ་སྣ་ཚོགས་སྣང་བས་ན། མ་ལྟས་པར་རང་གསལ་བའི་གཟིགས་མོས་ཏེ་བདག་ཉིད་ཆེན་པོའི་མཆོད་པས་མཉེས་པར་གྱུར་ཏོ། །ལེའུའི་མཚན་ནོ། །དྲང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཚན་གྱི་གཞིར་དུ་གདའ། ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་མཐུ་ལས། དངོས་གྲུབ་མ་ལུས་པ་བསྒྲུབ་པའི་ཏིང་ངེ་འཛིན་གྱི་གཅོད་ཅིང་མཚམས་འཛིན་པས་ན་ལེའུ་སྟེ་ཡས་བགྲངས་ལྔ་པའི་དོན་དུ་གདའོ།། ༈ །།ད་ནི་ལེའུ་དྲུག་པ་འཆད་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ན། རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས། ལམ་དང་འབྲས་བུ་སྟོན། ལམ་ལ་ཐབས་གྲོལ་གཉིས་ལས། གཉིས་ཀ་སྟོན། སྣང་བ་བཞི་ལས། ལམ་དང་འབྲས་བུའི་སྣང་བ་སྟོན། མཚན་ཉིད་གསུམ་ལས། གསུམ་ཀ་སྟོན། རིམ་ཅིག་ཅར་གཉིས་ལས་གཉིས་ཀ་སྟོན། འབྲིང་གི་ཆོས་ཚོམས་ལྔ་ལས། རྒྱུད་དོན། དེ་ལ་བཅུ་ལས་གཞུང་ཧྲིལ་པོ་སྐུའི་དཀྱིལ་འཁོར་སྟོན། བཅུ་ཡང་བརྒྱའི་བདག་ཉིད་དུ་བྱས་ན་དཀྱིལ་འཁོར་གྱི་ཞོར་ལ་ལྟ་བ་ཟུར་ཙམ་སྟོན། སྤྱོད་པ། ཕྱག་རྒྱ། ཏིང་ངེ་འཛིན། ཕྲིན་ལས་ཀྱང་སྟོན་ནོ། །ཐ་མའི་ཆོས་ཚོམས་བཅུ་ལས། རང་བཞིན་ལྟ་བ་ཟུར་ཙམ། སྤྱི་དོན་བསྡུ་བ། མཚོན་པ་དཔེ། གཏར་ཀ་གེགས་སེལ། བསྣོལ་མཚམས་འཕེན་སྡུད། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་དྲུག་པ་འདི་ལ་དོན་ཆིངས་གསུམ། བགྲང་། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། ཐབས་གསུམ་མདོ་ཙམ་བསྟན་པ་ལ་དེ། ཏིང་ངེ་འཛིན་གྱིས་ཉམས་སུ་ལེན་པ་སྟོན་པས་ན་ནས། དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་མ་འདྲེས་པ་ཡོངས་སུ་རྫོགས་པའི་ཕྱིར་གཅིག་དང་དུ་མའི་མཐའ་མེད་པའི་དོན་མངོན་དུ་བྱས་པས་བདག་ཉིད་ཆེན་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་གཅིག་དང་དུ་མ་དང་བྲལ་བར་བཞུགས་པས་འཇིག་རྟེན་དྲུག་གམ་ཁམས་གསུམ་གྱི་ཕྱོགས་བཅུ་མ་ལུས་པ་ཐམས་ཅད་ལ་རིག་པ་རང་སྣང་བ་ཉིད་ཀྱི་ཆེ་བ་ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་གདལ་ཏེ། གསལ་བར་སྟོན་པའི་དགོངས་པ་མངོན་དུ་བཞག་པ་ལས་དབྱུང་བར་བཞེད་ནས་འོག་ནས་འབྱུང་བའི་དོན་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ལེའུའི་གཞུང་དོན་ལ་གཉིས་ཏེ། གཞུང་རྒྱས་པ་དང་། བསྡུས་ཏེ་བསྟན་པའོ། །དང་པོ་ལ་སྤྱི་དོན་གསུམ་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། རང་བཞིན་སྐུའི་དཀྱིལ་འཁོར་རོ། །སྤྱི་དོན་དང་པོ། དྲང་། རང་རིག་པའི་ཡེ་ཤེས་ཉིད་ཕྱོགས་བཞི་དབུས་དང་ལྔར་བརྟགས་ན། གསལ་ལ་མི་རྟོག་པ་མེ་ལོང་ལྟ་བུ། བཟང་ངན་མེད་པ་མཉམ་པ་ཉིད། མ་འདྲེས་པ་སོ་སོར་རྟོག་པ། ཡོངས་སུ་རྫོགས་པ་བྱ་བ་གྲུབ་པ། མཐའ་ཐམས་ཅད་ལས་འདས་པ་སྟོང་པ་ཉིད་དེ་དེ་ལྟར་ཡེ་ཤེས་ལྔའི་དཀྱིལ་འཁོར་དེ་ཉིད་ཀྱི་ངོ་བོ་བློས་གཞལ་བ་ལས་འདས་པ་སྟེ། བསམ་ཡས་ཤིང་ལྷུན་གྱིས་གྲུབ་པ་ནི་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་སོ། །དེ་རྟོགས་ཤིང་མངོན་དུ་བྱས་པའི་རྣལ་འབྱོར་པས་ཡོན་ཏན་ཀུན་འབྱུང་བའི་དཀྱིལ་འཁོར་ཆེན་པོར་སྤྱོད་ཅིག་པའམ་སྒོམས་ཤིང་ཅེས་གདམས་པའོ། །དེ་ནི་རིམ་གྱིས་པ་ལྟར་འགྲེལ་པས་བཤད་པ་ཡིན་ལ། ཅིག་ཅར་བ་ལྟར་གདམས་ངག་གིས་བཤད་ན། རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཞེས་པ། རྣལ་འབྱོར་པ་གང་ཞིག་གིས་འཁོར་འདས་ཀྱི་ཆོས་ཐམས་ཅད་རྫོགས་པ། རང་བཞིན་གསང་བའི་སྙིང་པོ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་རྟོགས་པ་ནི་ལྟ་བ་ཡིན་ནོ། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་པ། རྟོག་ཚོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་བསམ་པའི་ཡུལ་ལས་འདས་པ་ལ། བློ་མ་བཅོས་པར་ལྷུན་གྲུབ་ཏུ་གནས་པ་ནི་བསྒོམ་པ་ཡིན་ནོ། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་པ་ནི། ལྟ་སྒོམ་ཟུང་དུ་འབྲེལ་བའི་སྒོ་ནས་སྣང་གྲགས་ཀྱི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིིལ་འཁོར་ཆེན་པོར་ལོངས་སྤྱོད་པ་ནི་སྤྱོད་པ་ཡིན་ནོ། །ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །ཞེས་པས། དེ་ལྟར་སྤྱོད་པའི་འབྲས་བུ་ཡེ་ཤེས་ལྔར་རང་སྣང་བ་ནི་འབྲས་བུ་ཡིན་ནོ། །དེ་ལྟར་ལྟ་སྒོམ་སྤྱོད་འབྲས་བཞི་ཡང་དོན་ལ་དབྱེར་མེད་ཕྱེད་པར་ཉམས་སུ་ལེན་པ་ནི་འབྲས་བུ་ལམ་དུ་བྱེད་པ་ཞེས་བྱ་སྟེ་གསང་སྔགས་མ་ཧཱ་ཡོ་གའི་ཁྱད་ཆོས་ཡིན་ནོ། །ཡང་འདི་ལ་འགྲེལ་ཆུང་པིན་ཏརྠ་ལྟར་ན་བརྟགས་ཏེ་ཞེས་པ་བཤད་པའི་གཞིར་བྱས་ནས། གང་གིས་ན། རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པ་དེས། གང་ན། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ་པ་དེ། ཚུལ་ཇི་ལྟར་ན། ཡེ་ཤེས་ཕྱོགས་བཞི་དབུས་དང་ལྔའི་ཚུལ་དུ། དགོས་ཆེད་ཅིའི་ཕྱིར་ན། ཀུན་འབྱུང་དཀྱིལ་འཁོར་ཆེན་པོ་སྤྱོད་པའི་ཕྱིར་དུའོ། །ཞེས་ཟུར་ཐམས་ཅད་མཁྱེན་པ་གསུང་ངོ་། །སྤྱི་དོན་གཉིས་པ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་གསུམ་སྟེ། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷ། དཀྱིལ་འཁོར་གྱི་ཆེ་བའོ། །དང་པོ་ལ་གཉིས་ཏེ། བགྲང་། ངོ་བོ་རྐྱེན་དང་བཅས་པ། དྲང་། འདིར་ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པའི་དབང་དུ་བྱས་ན། ཐོག་མར་ཐོས་བསམ་གྱི་སྒོ་ནས་ལྟ་བ་སྤྱིའི་རྣམ་པར་རྟོགས་པར་བྱས་ནས། ཉམས་ལེན་དངོས་གཞིའི་དུས་སུ་ལེའུ་གཉིས་པ་ནས་འབྱུང་བ་བཞིན་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ཅིང་། ལེའུ་བཞི་པ་ནས་འབྱུང་བ་བཞིན་ཡི་གེ་ལ་སེམས་སྦྱངས་ནས་འབྱུང་བ་ལྔའི་ས་བོན་ལས་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ་བསྐྱེད་པའི་སྟེང་དུ། ལེའུ་བདུན་པ་ནས་འབྱུང་བ་བཞིན་བྷྲཱུཾ་ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང་བསྒོམ་པར་བྱ་སྟེ། དོན་ཡེ་ཤེས་ལྔ་མཚོན་པའི་རྟགས་སུ་འཁོར་ལོ་རྩིབས་བཞི་དབུས་ཀྱི་ལྟེ་བ་དང་ལྔ། དོན་ཆོས་ཉིད་སྤྲོས་དང་བྲལ་བ་མཚོན་པའི་རྟགས་སུ་རྡོ་རྗེ་རབ་མུ་ཁྱུད་དང་བཅས་པ། དོན་བདེན་པ་བཞི་མཚོན་པའི་རྟགས་སུ་གྲུ་ཆད་བཞིས་མཛེས་པར་བརྒྱན་པ། དོན་བདེན་པ་གཉིས་སུ་མེད་པ་མཚོན་པའི་རྟགས་སུ་བར་ཁྱམས་དང་། ཆེ་བའི་ཡོན་ཏན་རྒྱས་པའི་རྟགས་སུ་ཀུན་ཏུ་དབྱིབས་གྲུ་བཞི་པ། དོན་རྣམ་པར་ཐར་པ་བཞིའི་ཏིང་ངེ་འཛིན་ནས་འཇུག་པ་མཚོན་པའི་རྟགས་སུ་སྒོ་བཞི་འབུར་སྒོ་ཡོད་པས་ན་མུ་ཁྱུད་དང་ལྡན་པ། གཞི་མ་ངེས་པ་ལ་ཐབས་ཀྱིས་སྣ་ཚོགས་སུ་སྣང་ནས་ཚིམ་པར་བྱེད་པས་ན་རོལ་མོ་སྟེ། ལེའུ་དང་པོར་བཤད་པ་བཞིན་གཟུགས་ཀྱི་ལྷ་མོ་ལ་སོགས་པ་སྣ་ཚོགས་པ་སྤྲིན་ཕུང་བཞིན་དུ། རང་བཞིན་གྲུབ་པའི་དབང་དུ་ཕྱོགས་བཅུ་ནས་འཁྲིགས་པ་སྟེ། འོད་རིམ་ལས། ཐ་མའི་འདབ་མས་ཀུན་གཡོགས་པས། །ཡེ་ཤེས་རྩིག་སྟེང་སེང་མགོས་བལྟམས། །མི་འཇིགས་ཁ་ནས་མུ་ཏིག་ཧར། །ཕ་གུ་མཛེས་པའི་བད་དང་ལྡན། །དྲྭ་བ་དྲྭ་ཕྱེད་མགུལ་འཁོར་ལྡན། །གཟུགས་སོགས་ལྷ་མོ་འཁྲིགས་པ་སྟེ། །སྣ་ཚོགས་མཆོད་བྱེད་རོལ་མོ་ཡིས། །བར་སྣང་ཁམས་ཀུན་སྤྲིན་ཕུང་བཞིན། །ཞེས་པས་མངོན་ནོ། །རྣལ་འབྱོར་པ་བསྒོམ་པའི་དབང་དུ་པཉྩ་རེ་ཁའི་ཕྱི། འདོད་ཡོན་དམར་པོའི་སྟེང་། ཕ་གུ་སེར་པོའི་ནང་། སྟེང་གི་བྱ་འདབས་ཀྱི་འོག །ཀ་ཐུང་བཅུ་དྲུག་གི་ཕྲག །དྲྭ་བ་དྲྭ་ཕྱེད་ཀྱི་གསེབ་ན་སྤྲིན་ཕུང་བཞིན་དུ་མཆོད་པ་འབུལ་བའོ། །དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ནི། རང་བཞིན་གྲུབ་པའི་དབང་དུ་ལྷ་ནམ་གྲུབ་ཙ་ན་གཞལ་ཡས་ཁང་གདན་དང་བཅས་པ་ཡང་གྲུབ་ལ། རྣལ་འབྱོར་པ་བསྒོམ་པའི་དབང་དུ་གདན་བཞི་བཅུ་རྩ་གཉིས་ན་སྤྲུལ་པ་འོད་ཟེར་གྱི་འཕྲོ་འདུ་ཅན་བཞི་བཅུ་རྩ་གཉིས་ཀྱིས་མཛེས་པར་བརྒྱན་པའོ། །གདན་ནོ། །དྲང་། མི་འཇིགས་པ་བཞི་ལྷུན་གྱིས་གྲུབ་པའི་རྟགས་སུ་གཞལ་ཡས་ཁང་གི་དབུས་ཀྱི་ལྟེ་བ་ལ་སེང་གེ་དང་། སྟོབས་བཅུ་ལྷུན་གྱིས་གྲུབ་པའི་རྟགས་སུ་ཤར་གྱི་རྩིབས་ལ་གླང་ཆེན་དང་། རྫུ་འཕྲུལ་བཞི་ལྷུན་གྱིས་གྲུབ་པའི་རྟགས་སུ་ལྷོའི་རྩིབས་ལ་རྟ་དང་། དབང་བཅུ་ལྷུན་གྱིས་གྲུབ་པའི་རྟགས་སུ་ནུབ་ཀྱི་རྩིབས་ལ་ཁྱུང་དང་། ཕྲིན་ལས་ཐོགས་པ་མེད་པའི་རྟགས་སུ་བྱང་གི་རྩིབས་ལ་ནམ་མཁའ་ལྡིང་ངོ་། །དེ་དག་གི་ཚུལ་ནི་སེམས་ཅན་རེ་རེ་ཡང་མཇུག་མ་ནང་དུ་བསྣོལ་བ་བརྒྱད་བརྒྱད་ཀྱིས་རིན་པོ་ཆེའི་ཁྲི་ཆེན་པོ་འདེགས་པའི་ཚུལ་དུ་ཡོད་པ་ལ། དེའི་སྟེང་ན་ཤེས་རབ་རང་བཞིན་མེད་པའི་རྟགས་ཉི་མ། ཐབས་འགག་པ་མེད་པའི་རྟགས་ཟླ་བ། གང་ལྟར་སྤང་ཀྱང་སྐྱོན་གྱིས་མི་གོས་པའི་རྟགས་པདྨ་སྟེ། དེ་དག་ཀྱང་དགོས་འདོད་ལྷུན་གྱིས་གྲུབ་པའི་རྟགས་སུ་རིན་པོ་ཆེའི་ཁྲི་རྐང་གིས་བཏེགས་ནས་གནས་པའོ། །དེ་ལྟར་ལྷ་སོ་སོའི་གནས་སུ་གདན་མཐོ་དམན་གྱི་རིམ་པ་ནི། ལེའུ་དང་པོར་བཤད་པ་བཞིན་རིགས་ལྔ་ལ་ལྔ་བརྩེག །ཀུན་བཟང་ཡབ་ཡུམ་ལ་བཞི་བརྩེག །སེམས་དཔའ་ལ་གསུམ་བརྩེག །སྒོ་བ་ལ་ཉི་མ་རྐྱང་པ། ཐུབ་པ་ལ་པདྨ་རྐྱང་པ་རེ་རེ་བསྒོམ་པར་བྱའོ། །གཉིས་པ་བརྟེན་པ་ལྷའི་དཀྱིལ་འཁོར་བསྒོམ་པ་ལ་གསུམ་སྟེ། བགྲང་། བཞུགས་ཚུལ་བཞུགས་གནས་དང་བཅས་པ། དྲང་། གདན་དེ་དག་ལ་རིགས་ཀྱི་ཡབ་ལྔ་ནི། མཛད་པ་ཡོངས་སུ་རྫོགས་པའི་རྟགས་སུ་མཉམ་པའི་སྐྱིལ་མོ་ཀྲུང་དང་། རིགས་ཀྱི་ཡུམ་ལྔ་ནི། རང་དོན་གྱི་མཛད་པ་བརྟུལ་ནས་གཞན་དོན་གྱི་མཛད་པ་ལ་ཞུགས་པའི་རྟགས་སུ་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་ཡབ་ལ་འཁྱུད་པ་དང་། སེམས་དཔའ་རྣམས་ནི་མཛད་པ་ཡོངས་སུ་མ་རྫོགས་པས་རྟ་བབས་པའི་ཚུལ་ལ། སེམས་མ་རྣམས་ཀྱིས་གཡོན་ངོས་ནས་འཁྱུད་པའོ། །སྒོ་བ་ཡབ་ཡུམ་ནི་གདུག་པ་ཅན་འདུལ་བའི་ཕྱིར་གྱད་ཀྱི་དོར་ཐབས་ཀྱིས་ཞལ་ཕྱིར་བསྟན་ནས་བཞུགས་པའོ། །ཀུན་བཟང་ཡབ་ཡུམ་ནི་མཛད་པ་རྫོོགས་པའི་ཕྱིར་ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང་། ཡུམ་པདྨའི་སྐྱིལ་ཀྲུང་ངོ་། །ཐུབ་པ་དྲུག་འགྲོ་བའི་དོན་ལ་གཤེགས་པའི་ཕྱིར་འགྲེང་བུར་བཞུགས་པའོ། །གནས་ནི་འཁོར་ལོ་ལ་རྒྱལ་པོ་ཡབ་ལྔ། རྒྱལ་མོ་ཡུམ་དང་བཅས་པ་གཙོ་བོ་ཞལ་ཤར་དུ་གཟིགས་པའི་དབང་དུ་བྱས་ནས་རྩིབས་མཆན་བཞི་ལ་གཡས་ཤར་ལྷོའི་རྩིབས་མཆན་ལ་མཐོང་བ་སའི་སྙིང་པོ་དང་ནས་ཀྱི་སྒྲས་གོ་རིམ་བཞིན། ཐོས་པ་ཕྱག་ན་རྡོ་རྗེ་ལྷོ་ནུབ་ཀྱི་རྩིབས་ལ་ཡོང་བར་རིགས་ཀྱང་། སྤར་ཁབ་ལས། རིམ་པ་ནི་ཡི་གེའི་དབང་དུ་གསུངས་པ་སྟེ། གྲལ་ནི་ལུགས་སུ་མཐུན་པ་ཁོ་ནའོ་ཞེས་པས། གཡོན་བྱང་ཤར་གྱི་རྩིབས་མཆན་ལ་ཐོས་པ་ཕྱག་ན་རྡོ་རྗེ། རྒྱབ་ཕྱོགས་ཀྱི་གཡས་ལྷོ་ནུབ་ཀྱི་རྩིབས་ལ་སྣོམ་པ་ནམ་མཁའི་སྙིང་པོ་དང་། གཡོན་ཕྱོགས་བྱང་ཆུབ་ཀྱི་རྩིབས་ལ་མྱོང་བ་སྤྱན་རས་གཟིགས་དབང་ཕྱུག་དང་། བཙུན་མོ་ལ་སྱེ་མ་ལ་སོགས་པའི་ཚོགས་སུ་བཅས་པ་དང་། གྲུ་ཆད་བཞི་ལ་ནི་ཤར་ལྷོར་མཐོང་བྱེད་བྱམས་པ་དང་། ལྷོ་ནུབ་ཏུ་ཐོས་བྱེད་སྒྲིབ་སེལ། ནུབ་བྱང་དུ་སྣོམ་བྱེད་ཀུན་ཏུ་བཟང་པོ། བྱང་ཤར་དུ་མྱོང་བྱེད་འཇམ་དཔལ་རྣམས་བཙུན་མོ་དྷཱུ་པེ་ལ་སོགས་པའི་ཚོགས་དང་ལྡན་པར་གནས་སོ། །འོད་རིམ་ལས། ཤར་ལྷོ་ལྷ་ལ་ལྷོ་ཕྱོགས་མི། །ལྷོ་ནུབ་ནུབ་བྱང་ཡི་དྭགས་བྱོལ། །བྱང་དང་བྱང་ཤར་ལྷ་མིན་དམྱལ། །ཞེས་པའི་འགོད་རིམ་བཞིན། བར་གྱི་ཁྱམས་ལ་ནི་ཐུབ་པ་དྲུག་དང་། མདུན་ཤར་དང་རྒྱབ་ནུབ་ཏུ་བྱེད་པ་ཀུན་ཏུ་བཟང་པོ་དང་། བྱ་བ་ཀུན་ཏུ་བཟང་མོ་དག་ནི་དཀྱིལ་འཁོར་ལ་འགོད་པའི་སྐབས་སུ་བར་ཁྱམས་ལ་གནས་པར་བསྟན་ནོ། །སྒོ་ཁྱུད་བཞི་ལ་གདུག་པ་ཅན་འཇོམས་པ་ཤར་དུ་གཤིན་རྗེ་གཤེད། ལྷོར་སྟོབས་པོ་ཆེ། ནུབ་ཏུ་རྟ་མགྲིན། བྱང་དུ་བདུད་རྩི་འཁྱིལ་བ་རྣམས་ནི་བཙུན་མོ་ལྕགས་ཀྱུ་མ་ལ་སོགས་པའི་ཚོགས་དང་ལྡན་པར་གནས་སོ། །འོ་ན་འདིར་ཞི་བའི་དཀྱིལ་འཁོར་གྱི་སྐབས་སུ་ཁྲོ་བོ་འོང་བར་མི་རིགས་སོ་ཞེ་ན། གཙོ་བོའམ་གཙོ་ཆེ་བའི་ངོས་ནས་ཞི་བའི་དཀྱིལ་འཁོར་ཡིན་ཀྱང་སྒོ་སྐྱོང་ཁྲོ་བོར་བྱུང་བ་ལ་འགལ་བ་མེད་དོ། །ཡང་ཁ་ཅིག་ན་རེ། སྟོན་པ་ཀུན་ཏུ་བཟང་པོ་རྒྱུད་ཀྱི་བདག་པོ་ཡིན་པ་ལ་ཁྱམས་ལ་བཏོན་ནས། རྡོ་རྗེ་སེམས་དཔའ་འཁོར་གྱི་གཙོ་བོ་དབུས་ཀྱི་ལྟེ་བ་ལ་བཀོད་པས་དཀྱིལ་འཁོར་ལོག་པའི་སྐྱོན་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ་རྒྱལ་བ་དྲུག་པའི་ཐུགས་རང་རིག་པ་ཉིད་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་རང་སྣང་བའི་ཕྱིར་གཙོ་འཁོར་ལ་བཟང་ངན་དང་ཆེ་ཆུང་མེད་ཀྱང་། གོ་ཕྱེ་བའི་འཁོར་གྱི་དོན་དུ་ལམ་སྟེགས་ཀྱི་སྟོན་པ་ཐུབ་དྲུག་ཐུགས་ལས་སྤྲུལ་པའི་ཕྱིར་ཁྱམས་སུ་བཀོད་ཀྱང་གཙོ་འཁོར་ལོག་པར་མི་འགྱུར་ཏེ། རྟོག་པའི་དབང་དུ་ཀུན་ཀྱི་བྱེད་པ་པོ་ཡིད་ཡིན་པའི་ཕྱིར་རོ། །དེ་ཡང་རྒྱ་མཚོ་ལས། དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བའི་སེམས་སོགས་དང་། །ཞེས་པས་མངོན་ནོ། །རྗེ་དྲིངས་པའི་བཞེད་ཀྱིས། གཙོ་བོ་ལ་གཉིས་ཡིན་ཏེ། དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་སེམས་དཔའ་ཡིན་པར་ཡང་། རྒྱས་པ་ལས། རྡོ་རྗེས་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་བཞི་ལྷ་དང་ལྷ་མོ་འཁོར། །ཞེས་གསུངས་ལ། ཆོས་འཆད་པའི་གཙོ་བོ་ཀུན་ཏུ་བཟང་པོ་ཡིན་ཏེ། རྒྱ་མཚོ་ལས། འཁོར་ལོ་འབར་བའི་ལྟེ་བ་ལ། །བདག་པོ་ཀུན་བཟང་འཁོར་ལོ་བསྐོར། །བཀའ་སྡོད་སྐྱེས་བུ་མདུན་ན་གནས། །ཞེས་གསུངས་པས། དཔེར་ན་གནས་གཞིའི་གནས་བརྟན་དང་། ཆོས་གྲྭའི་སྟོན་པ་ལྟ་བུ་ཡིན་གསུང་ངོ་། །ཐུགས་ཕྱག་མཚན་བསྟན་པ། དྲང་། འདིར་སྒྱུ་འཕྲུལ་འབྲིང་པོའམ་བསྡུས་པ་ལྟར་ལྷ་རྣམས་ཞལ་གཅིག་ཕྱག་གཉིས་པའི་དབང་དུ་བྱས་ན། རྡོ་རྗེ་སེམས་དཔའི་ཕྱག་མཚན་རྡོ་རྗེ་རྩེ་ལྔ་པ། རྣམ་སྣང་གི་འཁོར་ལོ་རྩིབས་བཞི་པ། རིན་ཆེན་འབྱུང་ལྡན་རིན་པོ་ཆེ་ཟུར་བརྒྱད་པ། སྣང་བ་མཐའ་ཡས་པདྨ་དཀར་པོ། དོན་ཡོད་གྲུབ་པ་རལ་གྲི་སོ་གཉིས་པ། ཀུན་ཀྱང་གཡོན་དྲིལ་བུས་ཡུམ་ལ་འཁྱུད་པ། ཡུམ་ལྔ་ཀ་ཡང་གཡས་དྲིལ་བུ་འཛིན་པ་སྟེ། གཡོན་རང་རྟགས་ཀྱི་ཕྱག་མཚན་ཡབ་དང་མཐུན་ལ་ཐམས་ཅད་ཀྱང་འོད་འབར་བའོ། །སྒྱུ་འཕྲུལ་རྒྱས་པ་ལྟར་ཞལ་གསུམ་ཕྱག་དྲུག་པའི་དབང་དུ། སྒྱུ་འཕྲུལ་རྡོ་རྗེ་ལས། རྡོ་རྗེ་འཁོར་ལོ་རལ་གྲི་འབར། །དྲིལ་བུ་པདྨ་རིན་པོ་ཆེ། །རྡོ་རྗེ་འཛིན་པའི་རིམ་པའོ། །གཞན་གང་གནས་སུ་རྡོ་རྗེ་ཤེས། །དང་པོ་ཐུགས་དང་གཡོན་འཁྱུད་པའོ། །ཞེས་གསུངས་པ་ལྟར་རོ། །སེམས་དཔའ་སེམས་མའི་ཕྱག་མཚན་ནི། འཇམ་དཔལ་ཨུཏྤལ་འཛིན་ཅིང་། བྱམས་པ་ཀླུ་ཤིང་འཛིན་པ་ལ་སོགས་པའི་སོགས་ཁོངས་ནས་ཕྱག་མཚན་གཞན་རྣམས་ཀྱང་འབྱུང་སྟེ། ས་སྙིང་རིན་པོ་ཆེ་མྱུ་གུ། ནམ་སྙིང་རལ་གྲི། སྤྱན་རས་གཟིགས་པདྨ་དཀར་པོ། ཕྱག་ན་རྡོ་རྗེ་རྡོ་རྗེ། སྒྲིབ་སེལ་ཆོས་ཀྱི་འཁོར་ལོ། ཀུན་བཟང་རིན་པོ་ཆེའི་སྙེ་མ་བསྙམས་པའོ། །ནང་གི་སེམས་མ་བཞི་ནི་མཛེས་པའི་ཚུལ་འཛིན་པ་སྟེ། ལ་སྱེ་མེ་ལོང་། མཱ་ལེ་རིན་པོ་ཆེའི་ཕྲེང་བ། གཱིརྟི་པི་ཝང་། ནཱིརྟི་གར་གྱི་ཕུ་དུང་ངོ་། །ཕྱིའི་སེམས་མ་བཞི་ནི་མཉས་པའི་ཡོ་བྱད་འཛིན་པ་སྟེ། དྷཱུ་པེ་སྤོས་ཁང་། པུཥྤེ་མེ་ཏོག །ཨཱ་ལོ་ཀེ་མར་མེ། གནྡྷེ་དྲིའི་དུང་ཆོས་བསྣམས་པའོ། །གཞན་ཡང་འཇོམས་པ་བཞིའི་ཕྱག་མཚན་ནི། གཤིན་རྗེ་གཤེད་ནྲྀར་མགོ་གདེངས་པ་ཅན། སྟོབས་པོ་ཆེ་རྡོ་རྗེ་རྩེ་ལྔ་པ། རྟ་མགྲིན་ཐོད་པ་སྦྲུལ་གྱིས་དཀྲིས་པ། བདུད་རྩི་འཁྱིལ་བ་སྣ་ཚོགས་རྡོ་རྗེའོ། །ཡུམ་རྣམས་ནི་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུའོ། །ཀུན་ཏུ་བཟང་པོ་ནི་ཕྱག་གཡས་པ་སྟེང་དུ་བྱས་པའི་མཉམ་གཞག་ལ། ཀུན་ཏུ་བཟང་མོ་ནི་དེ་ལས་ལྡོག་པའི་མཉམ་གཞག་གམ། ཡང་ན་ཐལ་མོ་ཐུགས་ཀར་སྦྱར་བའོ། །ཐུབ་པ་དྲུག་པོ་ནི་ལྷའི་པི་ཝང་། ལྷ་མ་ཡིན་གྱི་གོ་ཆ། མིའི་གསེག་པར། བྱོལ་སོང་གི་པོ་ཏི། ཡི་དྭགས་ཀྱི་རིན་ཆེན་སྒྲོམ་བུ། དམྱལ་བའི་ཐུབ་པ་མེ་ཆུ་བསྣམས་པའོ། །སྐུ་མདོག་ཚུལ་དང་བཅས་པའོ། །དྲང་། ཆོས་ཉིད་མི་འགྱུར་བ་མཚོན་པའི་སྐུ་མདོག་མཐིང་ཁ་བདུན་ཏེ། མི་བསྐྱོད་པ་ཡབ་ཡུམ། ཀུན་བཟང་ཡབ་ཡུམ། ཕྱག་ན་རྡོ་རྗེ་ཡབ་ཡུམ། ལྷ་མ་ཡིན་གྱི་ཐུབ་པ་རྣམས་སོ། །ཉེས་པའི་སྐྱོན་གྱིས་མ་གོས་པ་མཚོན་པའི་སྐུ་མདོག་དཀར་པོ་ལྔ་སྟེ། རྣམ་སྣང་ཡབ་ཡུམ། ས་སྙིང་ཡབ་ཡུམ། ལྷའི་ཐུབ་པའོ། །ཆེ་བའི་ཡོན་ཏན་རྒྱས་པ་མཚོན་པའི་སྐུ་མདོག་སེར་པོ་ལྔ་སྟེ། རིན་ཆེན་འབྱུང་ལྡན་ཡབ་ཡུམ། ནམ་མཁའི་སྙིང་པོ་ཡབ་ཡུམ། མིའི་ཐུབ་པའོ། །འགྲོ་བ་དོན་ལ་ཆགས་པ་མཚོན་པའི་སྐུ་མདོག་ལེ་བརྒན་བཞི་ནི། སྣང་བ་མཐའ་ཡས་ཡབ་ཡུམ་གཉིས། སྤྱན་རས་གཟིགས་ཡབ་ཡུམ་གཉིས་སོ། །ཕྲིན་ལས་སྣ་ཚོགས་པ་མཚོན་པའི་སྐུ་མདོག་ལྗང་གུ་གཉིས་ཏེ། དོན་ཡོད་གྲུབ་པ་ཡབ་ཡུམ་མོ། །ལ་སོགས་པའི་སོགས་ཁོངས་ནས་སྣ་ཚོགས་འདྲེས་པའི་སྐུ་མདོག་བཅུ་དགུ་སྟོན་ཏེ། བྱམས་པ་ཡབ་ཡུམ་དཀར་སེར། སྒྲིབ་སེལ་ཡབ་ཡུམ་དམར་སེར། ཀུན་བཟང་ཡབ་ཡུམ་དམར་ལྗང་། འཇམ་དཔལ་ཡབ་ཡུམ་དཀར་ལྗང་། གཤིན་རྗེ་གཤེད་ཡབ་ཡུམ་སྨུག་ནག །སྟོབས་པོ་ཆེ་ཡབ་ཡུམ་སེར་ནག །རྟ་མགྲིན་ཡབ་ཡུམ་དམར་ནག །བདུད་རྩི་འཁྱིལ་བ་ཡབ་ཡུམ་ལྗང་ནག །བྱོལ་སོང་གི་ཐུབ་པ་སྨུག་ནག །ཡི་དྭགས་ཀྱི་ཐུབ་པ་སེར་ནག །དམྱལ་བའི་ཐུབ་པ་དུད་ཁའོ། །དེ་ལྟར་རིགས་དང་རིགས་འདྲེས་པའི་སྐུ་མདོག་ཐམས་ཅད་ཀྱང་རེ་རེའང་རང་བཞིན་གྱི་སྐུ་མདོག་བཞི་བཞི་དང་ལྡན་པ་སྟེ། ཟླ་བ་ལྟར་གསལ་བ། ཉི་མ་ལྟར་འཚེར་བ། ཀུན་མུཏ་ལྟར་སྣུམ་ལ་འདྲིལ་བ། དུང་ལྟར་ཉེས་པའི་སྐྱོན་གྱིས་མ་གོས་པའོ། །དེ་ལྟ་བུའི་ལྷ་ཚོགས་ཐམས་ཅད་ཀྱང་ཞི་བའི་ཚུལ་དགུ་དགུ་དང་ལྡན་པ་སྟེ། ང་རྒྱལ་མ་སྤངས་གནས་སུ་དག་པའི་རྟགས་སུ་ཡན་ལག་གསེར་ཞུན་མ་ལྟར་མཉེན་པ། ཞེ་སྡང་མ་སྤངས་གནས་སུ་དག་པའི་རྟགས་སུ་ཕྱག་སོར་སྦྲུལ་གྱི་མཇུག་མ་ལྟར་དུ་ལྕུག་པ། འདོད་ཆགས་མ་སྤངས་གནས་སུ་དག་པའི་རྟགས་སུ་ཐབས་ཤེས་རབ་གཡུའི་ལྗང་པ་ལྟར་དུ་ཕན་ཚུན་འཁྲིལ་བ། གཏི་མུག་མ་སྤངས་གནས་སུ་དག་པའི་རྟགས་སུ་སྐུ་སྐེད་ཐང་ཤིང་ལྟ་དུ་དྲང་ཞི་ལྡེམ་པ། ཕྲག་དོག་མ་སྤངས་གནས་སུ་དག་པའི་རྟགས་སུ་བྱིས་པ་ལོ་བརྒྱད་པ་ལྟར་གཞོན་ཚུལ་ཅན། ཐུགས་ལ་མ་རིག་པ་མེད་པའི་རྟགས་སུ་ཟླ་བ་ལྟར་གསལ་བ། ཆེ་བའི་ཡོན་ཏན་ལྷུན་གྱིས་གྲུབ་པའི་རྟགས་སུ་ཉི་མ་ལྟར་འཚེར་བ། མཚན་དཔེ་ཡོངས་སུ་རྫོགས་པའི་རྟགས་སུ་དབུས་ཀྱི་རི་རྒྱལ་ལྟར་ལྷུན་སྡུག་པ། ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས་སུ་སེང་གེ་འབུམ་གཞིབས་པ་ལྟར་གཟི་བྱིན་དང་ལྡན་པ། བ་སྤུའི་བུ་ག་རེ་རེ་ནས་ཀྱང་གསལ་ལ་རྣོ་བའི་འོད་ཟེར་དཀར། དམར། སེར། སྔོ། བཙོད་ཁ། དངུལ་མདོག་དང་དྲུག་གོ། །རེ་རེ་ཡང་བྱེ་བ་ཕྲག་དྲུག་དྲུག་འཕྲོ་བའི་ཚོགས་ཆེན་པོ། ཁྱད་པར་དུ་ཁྲོ་བོ་རྣམས་ནི་མེ་དཔུང་འབར་བའི་ཕྲེང་བ་རྡོ་རྗེ་རྩེ་ལྔའི་རྣམ་པས་འཁྲིགས་པའི་ཚུལ་ཅན་ཏེ་ཞེས་པའམ། ཡང་ན་ཚུལ་དགུ་དང་ལྡན་པ་ཞི་བའི་ལྷ་རྣམས་འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ་ཅན། གར་དགུ་དང་ལྡན་པའི་ཁྲོ་བོ་ཁྲོ་མོ་རྣམས་འབར་བའི་ཕྲེང་བས་འཁྲིགས་པ་ཅན་ཞེས་ཀྱང་བྱའོ། །གསུམ་པ་དཀྱིལ་འཁོར་གྱི་ཆེ་བའོ། །དྲང་། ཆོས་ཀྱི་དབྱིངས་མཐའ་དབུས་མེད་པར་ཡེ་ཤེས་ཀྱིས་ཁྱབ་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི་ཡོན་ཏན་བསམ་ཡས་པ་སྟེ། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམས་པའི་མཐུས་རང་བཞིན་འབྲས་བུ་ལྷུན་གྲུབ་ཀྱི་དཀྱིལ་འཁོར་གྲུབ་པར་འགྱུར་རོ། །སྤྱི་དོན་གསུམ་པ་རང་གཞིན་སྐུའི་དཀྱིལ་འཁོར་ལ་བཞི་སྟེ། སྐུའི་མཚན་ཉིད། སྐུའི་ཕྲིན་ལས། སྐུའི་འགྲུབ་ཚུལ། སྐུའི་དཀྱིལ་འཁོར་བྱུང་བའི་བྱིན་རླབས་སོ། །དང་པོ། དྲང་། འདི་ལ་སྤྱིར་གྱི་སྐུ་ཞེས་པ་ནི་རྟེན་བྱེད་པ་ཞིག་ཡིན་ལ། སྐབས་འདིར་འབྲས་བུའི་ཆོས་སམ་ཡོན་ཏན་གྱི་རྟེན་བྱེད་པའི་ངོས་ནས་སྐུ་ཞེས་བྱ་སྟེ། སྐུའི་ཕྱག་རྒྱ་ཆེན་པོ་ལས་མཆོག་ཏུ་གྱུར་པ་ནི་ཟུང་འཇུག་སྐུ་ལྔ་ལྷུན་གྱིས་གྲུབ་པ་དྲུག་པ་སྤྱིའི་གཟུགས་ཅན་ཞེས་བྱའོ། །དེ་ལྟར་སྐུ་གཅིག་གིས་ལྡོག་ཆ་ལ་བྱེ་བྲག་ཏུ་ཕྱེ་ན། དབྱིངས་གཙོ་ཆེ་བའི་ངོས་ནས་ཆོས་ཀྱི་སྐུ། དེ་ཉིད་སྨིན་པ་རྒྱ་མཚོའི་འཁོར་གྱི་ངོ་ལ་ངེས་པ་ལྔ་ལྡན་དུ་སྣང་བ་ལོངས་སྐུ། མོས་པ་རྒྱ་མཚོའི་འཁོར་གྱི་ངོས་ལ་མ་ངེས་པ་ལྔ་ལྡན་དུ་སྣང་བ་སྤྲུལ་སྐུ། སྐུ་གསུམ་སྣང་ཆ་ལ་མ་འདྲེས་པའི་ངོས་ནས་མངོན་བྱང་གི་སྐུ། དབྱེར་མི་ཕྱེད་པའི་ངོས་ནས་རྡོ་རྗེའི་སྐུར་བཞག་པ་ཡིན་ཏེ། དེ་ཡང་གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་དབྱིངས་ལས་མ་གཡོས་པ་ཆོས་ཀྱི་སྐུའོ། །དེ་ཉིད་ཀྱང་སྤང་བྱ་མེད་པས་ན་ཡང་དག་པ་སྟེ་འཆིང་བའི་མདུད་པ་གཉིས་ལས་ཐར་བ་ཐུན་མོང་མ་ཡིན་པའི་མཚན་དཔེས་བརྒྱན་པའི་གཟུགས་ཅན་ལོངས་སྤྱོད་རྫོགས་པའི་སྐུ་དང་། འགྲོ་བ་དྲུག་མ་ལུས་པ་འདུལ་བའི་དགོས་ཆེད་ཡོད་པའི་ཕྱིར། གདུལ་བྱ་དང་མཐུན་པར་བྱས་པའི་སྐུ་ནི་བསམ་གྱིས་མི་ཁྱབ་པར་རྣམ་པ་སྣ་ཚོགས་པ་སྟོན་པ་སྤྲུལ་པའི་སྐུའོ། །སྐུ་སྣ་ཚོགས་སུ་སྟོན་པ་ཉིད་སྒྱུ་མའམ་མིག་ཡོར་དང་འདྲ་བའི་ཚུལ་དུ་སྣང་ཡང་བདེན་པར་མ་གྲུབ་པའི་དཔེས་མཚོན་ནས། གཟུགས་སྐུ་གཉིས་ཀྱི་ཚུལ་དེ་ཉིད་ཀྱང་ཆོས་ཀྱི་དབྱིངས་ལས་གཡོས་པ་མེད་པས་ཆོས་སྐུ་དང་གཟུགས་སྐུ་དབྱེར་མི་ཕྱེད་པས་ན་རྡོ་རྗེའི་སྐུ་ཞེས་བྱའོ། །དེ་ཉིད་ལས་མ་གཡོས་བཞིན་དུ་སྐུ་ལྔ་མ་བཙལ་བར་ལྷུན་གྱིས་གྲུབ་པ་ཉིད་གདུལ་བྱའི་བློའི་རིམ་པ་དང་མཐུན་པར་སྣ་ཚོགས་སུ་སྣང་བའི་ཚུལ་ནི་མངོན་པར་བྱང་བའི་སྐུའོ། །དེ་ལྟར་སྐུ་ལྔ་ལྷུན་གྱིས་གྲུབ་པ་དེའི་ཚེ། གདུལ་བྱའི་ལས་མི་མཐུན་པ་སྣ་ཚོགས་པ་ལ་སྐུ་ལྔ་ངོ་བོ་སོ་སོ་དང་འདྲ་བར་གདུལ་བྱ་ལ་སྣང་བ་ནི་དེ་བཞིན་ཉིད་ཀྱི་ངང་ལས་མ་གཡོས་ཤིང་། མ་བཅོས་ཀྱང་གདུལ་བྱའི་ལས་འཕྲོའི་དབང་གིས་སྐུ་ལྔ་སོ་སོར་སྣང་བའོ། །གཉིས་པ་སྐུའི་ཕྲིན་ལས། དྲང་། དཔེར་ན་མེ་ལོང་མ་གཡོས་པར་བཞིན་གྱི་གཟུགས་བརྙན་སྣང་བ་དང་ཆུ་ཟླས་ཆུ་སྐྱོགས་ཐམས་ཅད་དུ་ཁྱབ་པར་སྣང་བ་བཞིན་དུ། སེམས་ཅན་གྱི་དོན་མཛད་པ་དེའི་ཚེ་གདུལ་བྱ་འགྲོ་བ་རིགས་དྲུག་པོ་ཐམས་ཅད་ལ་སྡིག་པ་སྤོང་བ་ཐུབ་པ་དྲུག་གི་གཟུགས་སུ་རྣམ་པར་བསྟན་ནས་དོན་མཛད་དོ། །དེ་བཞིན་དུ་དགེ་ཚུལ་ཉན་ཐོས་པ་རྣམས་ལ་འཕགས་པ་དགྲ་བཅོམ་པའི་གཟུགས་དང་། རང་རྒྱལ་རྣམས་ལ་རིགས་མཐུན་པས་དོན་བྱེད་པ་བསེ་རུའམ་ནེ་ཙོ་ལྟ་བུའི་ཚུལ་དུ་བསྟན་ནས་དོན་མཛད་དོ། །འོ་ན་རང་སངས་རྒྱས་ཀྱི་ངེས་ཚིག་ཉམས་སོ་ཞེ་ན། དེའི་སྐྱོན་མེད་དེ། ཆོས་བཤད་སྡུད་ཀྱིས་དོན་མི་བྱེད་པས་རང་རྒྱལ་དུ་བཞག་ཀྱང་། རིགས་མཐུན་པའི་སྒོ་ནས་དོན་ཤུགས་ལ་གྲུབ་སྟེ། རིགས་མཐུན་འབྲས་བུ་ནེ་ཙོའམ་བསེ་རུ་ལྟ་བུ་ཐོས་པ་གྲོགས་པོ་གཉིས་ཀྱི་ལོ་རྒྱུས་བཞིན་ནོ། །དེ་ལས་གཞན་ཡང་ཐེག་པ་ཆུང་ངུ་ལས་སྤགས་པ་ཐེག་པ་མཆོག་ལ་རིམ་པ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་ལ་ཤཱཀྱ་ཐུབ་པ། ཀྲི་ཡ་ལ་རིགས་གསུམ། ཡོ་ག་ལ་རྣམ་སྣང་། ནང་བ་གཉིས་ལ་ཀུན་ཏུ་བཟང་པོར་སྣང་ནས་དོན་མཛད་དོ། །གསུམ་པ་སྐུའི་འགྲུབ་ཚུལ་གཉིས་ཏེ། བྱང་ཆུབ་སེམས་དཔའ་སྒྲིབ་པ་སྦྱོང་ཞིང་འབྲས་བུ་འགྲུབ་ཚུལ་དང་། གསང་སྔགས་ཀྱི་འགྲུབ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། བགྲང་། སྒྲིབ་པ་སྦྱོང་ཞིང་འབྲས་བུ་འགྲུབ་ཚུལ། དྲང་། འོག་མིན་ཆེན་པོ་བླ་ན་མེད་པའི་གནས་མཆོག་ཏུ་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་ཀྱི་ཚུལ་དུ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ་ཆོས་སྟོན་ཚུལ་ནི་སྤྲུལ་སྐུའི་ཚིག་ཏུ་གསུང་བ་དེ་བཞིན་དུ་ལོངས་སྐུ་ནི་གསུང་མཆོག་ཚིག་ཏུ་སྨྲ་སྟེ། འོ་ན་ཆོས་ཇི་ལྟར་སྟོན་ཞེ་ན། སྐུའི་བརྡ་ཡིས་ཆོས་རྣམས་འཁོར་གྱི་བློ་ལ་འཇལ་བར་སྟོན་པ་ནི། དཔེར་ན་མེ་ལོང་བསྟན་པས་བྱད་དངོས་ཀྱི་མདོག་ངན་དྲི་མ་དང་ཁྱེམ་ཐམས་ཅད་ངོས་ཞིན་ནས་སེལ་བར་བྱེད་པའི་ཚུལ་བཞིན་དུ་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་བལྟས་ན་བྱང་ཆུབ་སེམས་དཔའ་ལ་སྒྲིབ་པ་གཏིག་དཔག་ཏུ་མེད་པ་ཞིག་འདུག་པ་དེ། མེ་ལོང་གི་ནང་དུ་གཟུགས་བརྙན་ཤར་བ་བཞིན་དུ་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་བལྟས་པས། བསྒྲིབས་པར་སྣང་ནས་བྱང་ཆུབ་སེམས་དཔའི་སྒྲིབ་པ་ངོས་ཟིན་ནོ། །དེ་ཇི་ལྟར་ཞེ་ན། ངོས་ཟིན་ཚུལ་ནི་བཞི་སྟེ། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་གཅིག་དང་དུ་མ་ལས། གྲོལ་བར་འདུག་ལ། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་རྒྱུད་དུ་འདུག་པ་དང་། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི་ཡེ་ཤེས་སྒྱུ་མའི་སྐུ་སྐྱེ་འཇིག་དང་བྲལ་བར་འདུག་ལ། བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་ལུས་སྐྱེ་འཇིག་ཅན་དུ་འདུག་པ་དང་། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་མཉམ་པར་གཞག་འཇོག་མི་མངའ་ལ། བྱང་ཆུབ་སེམས་དཔའི་མཉམ་པར་གཞག་དགོས་ཀྱི་འདུག་པ་དང་། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ཁ་སྦྱོར་གྱི་བདེ་བ་ལ་གནས་ཀྱང་ཉེས་སྐྱོན་གྱིས་མི་གོས་ལ། བྱང་ཆུབ་སེམས་དཔའ་ཐབས་དང་མི་ལྡན་ན་ལམ་ལ་འཁྲུལ་པས་གོས་ཡོད་པས་ཀྱང་སྒྲིབ་པ་ངོས་ཟིན་ནོ་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །ཡང་དེ་ནས་ས་བཅུའི་རིམ་གྱིས་བྱང་ཞེས་པ་འདི་ལ། འདོད་ལུགས་མང་ཡང་། སྤར་ཁབ་མཁན་གྱིས་ལང་ཀའི་མདོའི་ལུང་དྲངས་ནས། ས་དང་པོ་ནས་བཅུ་པའི་བར་གྱི་སྡིག་པ་འབྱང་བར་གསུངས་པས། དེའི་རྗེས་སུ་འབྲངས་ནས་བྱང་ཆུབ་སེམས་དཔའ་ས་དང་པོ་ལ་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ནས། དེ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་རབ་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་འཇུག་སྟེ། ཞུགས་མ་ཐག་ཏུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང་ཞིང་སྒྲིབ་པ་ངོས་ཟིན་ལ། དེ་ནས་ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་དུ་སའི་མི་མཐུན་ཕྱོགས་སམ་སྒྲིབ་པ་རིམ་གྱི་འབྱང་བ་ཡིན་ཏེ། དེ་ལ་དེ་བཞིན་གཤེགས་པ་ལོངས་སྤྱོད་རྫོགས་པའི་སྐུའི་ཞལ་དང་ཕྱག་གི་དབང་བསྐུར་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱས་པས་ཤེས་བྱའི་སྒྲིབ་པ་བག་ལ་ཉལ་འཇོམས་པ་བླ་ན་མེད་པའི་བྱང་ཆུབ་ཡང་དག་པ་ཀུན་ཏུ་འོད་ཆོས་ཀྱི་སྐུ་འཐོབ་བོ། །ཁ་ཅིག་ན་རེ། དེ་ལྟར་ཡིན་ན་ས་དང་པོ་སྤྲུལ་སྐུའི་འཁོར་དང་། ས་བཅུ་པ་ལོངས་སྐུའི་འཁོར་དུ་བཤད་པ་དང་འགལ་ལོ་ཞེ་ན། ས་དང་པོ་པ་ལོངས་སྐུའི་དབང་བསྐུར་བའི་འཁོར་མིན་ཀྱང་། ཞལ་མཐོང་གི་འཁོར་ཡིན་པས་མི་འགལ་ཏེ། སྤྱི་མདོ་ལས། བྱུང་བའི་མུན་པ་སངས་ནས་རྫོགས་ལོངས་སྤྱོད་པ་མངོན་དུ་སྣང་ངོ་། །ཞེས་པ་དང་། འགྲེལ་ཆེན་ལས། འདུ་བྱེད་ཉོན་མོངས་པ་ཕྲ་རགས་ཀྱི་སྒྲིབ་པ་དག་ནས་འཁོར་བའི་ས་བོན་དང་བྲལ་ཏེ་ས་ནོན་པས། ལོངས་སྤྱོད་རྫོགས་པའི་ཞལ་མཐོང་བར་འགྱུར་རོ་ཞེས་གསུངས་པས་མངོན་ནོ། །ཡང་ཁ་ཅིག་ན་རེ། ལེའུ་དང་པོར་ཡང་གླེང་གཞི་གཅིག་བྱུང་། གསུམ་པར་ཡང་བྱུང་། འདིར་ཡང་བྱུང་། ལེའུ་བཅོ་ལྔ་པར་ཡང་བྱུང་བས་གླེང་གཞི་བའི་བཞི་ལྡབས་སོ་ཟེར་ན། སྐྱོན་མེད་དེ། ལེའུ་དང་པོར་བྱུང་བ་ནི་བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་ཡིན་ལ། ལེའུ་གསུམ་པར་ཐུན་མོང་གི་སྟོན་པ་ཐུབ་དྲུག་གི་གླེང་གཞི་ཡིན་ལ། འདིར་འབྲས་བུ་འགྲུབ་ཚུལ་གྱི་ཤུགས་ལ་གླེང་བཞི་སྨོས་པ་ཡིན། ལེའུ་བཅོ་ལྔ་པར་གདུལ་བྱ་དགོས་ཆེད་ཀྱི་གླེང་གཞི་བསྟན་པ་ཡིན་པས་ལྡབས་པ་མེད་དོ། །འབྲས་བུའི་ངོ་བོ་སྐུ་གསུམ་མོ། །དྲང་། ཆོས་ཀྱི་དབྱིངས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་དང་བྲལ་བ་དེ་འབྲས་བུའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གྱུར་པས་ན་སྐུ་སྟེ། བློས་དཔག་ཏུ་མེད་ཚིག་ཏུ་བརྗོད་དུ་མེད་པའི་དོན་མངོན་དུ་གྱུར་པ་ནི་ཡེ་ཤེས་ཀྱི་ཚོགས་རྫོགས་ཤིང་རང་དོན་གྲུབ་པ་ཡིན་ལ། གཞན་དོན་དུ་གཟུགས་སྐུ་གཉིས་ཀྱི་ཕྲིན་ལས་མི་འགག་པར་འབྱུང་བ་ན། བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་མཐུ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཡོན་ཏན་ཟད་པ་མེད་པ་ནོར་བུ་རིན་ཅེན་གྱི་གཏེར་ལྟ་བུ་དང་། སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་ལ་སོགས་པ་བསམ་གྱིས་མི་ཁྱབ་པར་སྣང་ནས་སེམས་ཅན་གྱི་དོན་བྱེད་པའོ། །སྔགས་ཀྱི་འགྲུབ་ཚུལ་ལ་ཡང་གཉིས་ཏེ། བགྲང་། སངས་རྒྱས་ཀྱི་ས་གཉིས་བསྟན་པ། དྲང་། འོག་ནས། ཐབས་དང་ཤེས་རབ་ས་ཡི་མཆོག །ཅེས་པ་འདིར་བླངས་ཏེ། ཐབས་མ་འགག་པར་སྐུ་གསུང་ཐུགས་ཀྱི་མཛད་པས་འགྲོ་བའི་དོན་བྱེད་པ་དང་། དམིགས་པ་མེད་པའི་ཤེས་རབ་ཀྱིས་ཇི་ལྟར་སྤྱད་ཀྱང་ཉེས་པའི་སྐྱོན་གྱིས་མ་གོས་པས་ན་སའི་མཆོག་སྟེ་མ་ཆགས་པདྨ་ཅན་གྱི་སའོ། །ཐུན་མོང་མ་ཡིན་པའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་པོ་ཐམས་ཅད་རྫོགས་ཤིང་། སྣང་གྲགས་ཀྱི་སྤྱོད་ཡུལ་མ་ལུས་པ་ཀུན་ཀྱང་བདག་ཉིད་ལས་མི་གཞན་པའི་ཕྱིར་ན་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་ཤར་བས་མ་ད་ལ་ཞེས་བྱ་སྟེ། དཀྱིལ་འཁོར་གྱི་སྒྲས་སྙིང་པོ་ལེན་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་གཉིས་ཀྱང་མ་བཙལ་བར་ལྷུན་གྲུབ་ཏུ་རྫོགས་པར་རོལ་བའོ། །ཡོན་ཏན་གསུམ་པོ་དེ་ལ་སོགས་ཏེ་སོགས་ཁོངས་ནས་ཡོན་ཏན་བསམ་ཡས་པ་དང་ལྡན་པའི་མཆོག་ནི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སའོ། །སྐུ་ལྔ་བསྟན་པའོ། །དྲང་། སེམས་ཉིད་ཡེ་ནས་སྐྱེ་ཤི་མེད་པའི་ཕྱིར་སྐད་ཅིག་མའི་སྐྱེ་འཇིག་ལས་འདས་པས་ན་ངོ་བོ་ཉིད་ཀྱི་རྟག་པ་སྟེ། འགྱུར་བ་མེད་པ་གཡུང་དྲུང་ཆོས་ཀྱི་སྐུའོ། །སྡུག་བསྔལ་གྱི་ཉམ་ཐག་ཅིང་ཉོན་མོངས་པའི་གདུལ་བྱ་ཀུན་གྱི་ཚོགས་གཉིས་བསགས་པའི་ཞིང་དུ་གྱུར་པ་སྤྲུལ་པའི་སྐུའི་འབྱུང་གནས་དེ་ཉིད་ཟག་པ་མེད་པའི་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བའི་གཏེར་དུ་འགྱུར་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སྐུ་གསུམ་དབྱེར་མི་ཕྱེད་པའི་རྡོ་རྗེ་རང་རིག་པའི་ངང་དུ་མི་འབྲལ་བར་འཛིན་པ་སྟེ་དབྱེར་མེད་རྡོ་རྗེའི་སྐུའོ། །སྐུ་གསུམ་ལ་སོགས་པ་ཐམས་ཅད་རིག་པ་རང་སྣང་བའི་ཆ་ནས་དབྱེར་མེད་ཀྱང་སྣང་ཆ་མ་འདྲེས་པའི་ཆ་ནས་སྐུ་དང་ཡེ་ཤེས་དུ་མར་སྣང་ཞིང་བཟང་ངན་མེད་པར་མཉམ་པ་མངོན་པར་བྱང་ཆུབ་པའི་སྐུའོ། །གདུལ་བྱ་འདུལ་བའི་དུས། འདུལ་བའི་གནས། འདུལ་བའི་ཐབས་ལ་སོགས་པ་ཐམས་ཅད་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་གང་ལ་གང་འདུལ་དེ་ལ་དེར་བསྟན་ནས་དོན་མཛད་པ་སྤྲུལ་པའི་སྐུའོ། །དེས་ན་མ་ཆགས་པདྨ་ཅན་དང་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་གཉིས་ཐོབ་པ་དེའི་ཚེ་སྐུ་ལྔ་པོ་ཀུན་ཀྱང་དུས་གཅིག་ལ་རྫོགས་པ་ཡིན་ནོ། །འདིར་ཁ་ཅིག་ན་རེ། སྐུའི་བཤད་པ་ལན་གསུམ་བྱུང་བས་ལྡབས་སོ་ཞེ་ན། སྐྱོ་ན་མེད་དེ། སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི། །ཞེས་པ་ལ་སོགས་པ་ནི། འབྲས་བུ་སྔགས་ཀྱི་སྐུའི་མཚན་ཉིད་མ་འདྲེས་པའི་སྒོ་ནས་བཞག །ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ཅེས་པ་ལ་སོགས་པ་ནི། མཚན་ཉིད་ཀྱི་སྐུ་གསུམ་གྱི་སྒོ་ནས་བཞག །སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ། །ཞེས་པ་ནི། མཐར་ཐུག་འབྲས་བུ་སྐུ་ལྔ་ཡོངས་སུ་རྫོགས་པའི་སྒོ་ནས་བཞག་པའོ། །འོ་ན་རྒྱུ་མཚན་ཉིད་ཀྱི་ཐེག་པའི་སྐུ་གསུམ་དང་། འབྲས་བུ་གསང་སྔགས་ཀྱི་ཐེག་པའི་སྐུ་གསུམ་ལ་ཁྱད་པར་ཅི་ཡོད་ཅེ་ན། ཆོས་སྐུ་དང་། གཟུགས་སྐུ་གཉིས་ལས། ཆོས་སྐུའི་ཁྱད་པར་ལའང་གསུམ་སྟེ། ངོ་བོའི་ཁྱད་པར། མཚན་ཉིད་ཀྱི་ཁྱད་པར། བྱིན་རླབས་ཀྱི་ཁྱད་པར་དང་གསུམ་ལས། དང་པོ་རྒྱུ་མཚན་ཉིད་ཀྱི་ཆོས་སྐུ་ནི་སྟོང་ཉིད་སྤྲོས་དང་བྲལ་བ་ཡིན་ལ། སྔགས་ཀྱི་ཆོས་སྐུ་སྣང་སྟོང་ཟུང་འཇུག་ཡིན་ཏེ། རྒྱས་པ་ལས། འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །ཞེས་གསུངས་སོ། །གཉིས་པ་ནི་རྒྱུའི་ཆོས་སྐུ་སྟོང་པའི་མར་ལྷུང་ལ། སྔགས་ཀྱི་ཆོས་སྐུ་སྣང་སྟོང་གཉིས་སུ་མེད་པས་མཐར་མ་ལྷུང་ངོ་། །གསུམ་པ་ནི་རྒྱུའི་ཆོས་སྐུ་ལ་བྱིན་རླབས་གཟུགས་སྐུ་གཉིས་ལས་མི་འཆར་ལ། སྔགས་ཀྱི་ཆོས་སྐུ་སྣང་སྟོང་དབྱེར་མེད་ཀྱི་བྱིན་རླབས་སྐུ་ལྔ་ལ་སོགས་པ་ཅིར་ཡང་འཆར་རོ། །གཟུགས་སྐུ་གཉིས་ཀྱི་ཁྱད་པར་ཡང་གསུམ་ལས། དང་པོ་རྒྱུ་མཚན་ཉིད་ཀྱི་གཟུགས་སྐུ་གཉིས་རྒྱུ་རྐྱེན་ལས་བྱུང་ལ། སྔགས་ཀྱི་གཟུགས་སྐུ་རྒྱུ་རྐྱེན་གྱིས་བསྐྱེད་པ་མ་ཡིན་ཏེ། རྒྱས་པ་ལས། རྒྱུ་རྐྱེན་རག་ལུས་མེད་པའི་ཕྱིར། །ཞེས་གསུངས་སོ། །གཉིས་པ་ནི་རྒྱུའི་གཟུགས་སྐུ་སྐྱེ་འཇིག་ཅན་ཡིན་ལ། སྔགས་ཀྱི་གཟུགས་སྐུ་སྐྱེ་འཇིག་དང་བྲལ་བ་ཡིན་ཏེ། འདི་ཉིད་ཀྱི་དགུ་པ་ལས། སྒྱུ་མ་རྡོ་རྗེ་བཙན་པོ་མཆོག །ཅེས་གསུངས་སོ། །གསུམ་པ་ལ་ཡང་གཉིས་ཏེ། ལོངས་སྐུའི་ཁྱད་པར་དང་། སྤྲུལ་སྐུའི་ཁྱད་པར་རོ། །ལོངས་སྐུའི་ཁྱད་པར་ལའང་གཉིས་ལས། ལོངས་སྤྱོད་བྱ་ཡུལ་གྱི་ཁྱད་པར་ནི། མཚན་ཉིད་ཀྱི་དཀར་པོའི་ཕྱོགས་ལ་ལོངས་སྤྱོད་པ་ལས། ནག་པོའི་ཕྱོགས་ལ་ལོངས་མི་སྤྱོད་ལ། སྔགས་ཀྱི་གཉིས་ཀ་ལ་ལོངས་སྤྱོད་དོ། །ལོངས་སྤྱོད་བྱེད་ཐབས་ཀྱི་ཁྱད་པར་ནི། མཚན་ཉིད་ལ་ནག་པོའི་ཕྱོགས་ལ་སྤྱོད་པའི་ཐབས་མེད་ལ། སྔགས་ལ་དཀར་ནག་གཉིས་ཀ་ལ་སྤྱོད་པའི་ཐབས་ཡོད་པས་སོ། །སྤྲུལ་སྐུ་གཉིས་ཀྱི་ཁྱད་པར་ལ་ཡང་གཉིས་ལས། གདུལ་བྱ་ཡུལ་གྱི་ཁྱད་པར་ནི། རྒྱུ་མཚན་ཉིད་ཀྱི་སྤྲུལ་སྐུས་དཀར་ཕྱོགས་ཀྱི་གདུལ་བྱ་ལས། ནག་ཕྱོགས་ཀྱི་གདུལ་བྱ་མི་འདུལ་ལོ། །སྔགས་ཀྱི་སྤྲུལ་སྐུས་གདུལ་བྱ་ལ་ཕྱོགས་རིས་མེད་པས་སོ། །འདུལ་བྱེད་ཐབས་ཀྱི་ཁྱད་པར་ནི། རྒྱུ་མཚན་ཉིད་ཀྱི་སྤྲུལ་སྐུ་ལ་ནག་ཕྱོགས་འདུལ་བའི་ཐབས་མེད་ལ། སྔགས་ཀྱི་སྤྲུལ་སྐུས་དཀར་ཕྱོགས་དང་ནག་ཕྱོགས་གཉིས་ཀ་འདུལ་བའི་ཐབས་དང་ལྡན་པས་སོ། །དེའི་ཕྱིར་དབྱེར་མེད་རྡོ་རྗེ་དང་མངོན་པར་བྱང་ཆུབ་པའི་སྐུ་གཉིས་ཀྱིས་ཀྱང་འཕགས་པར་ཤེས་པར་བྱའོ། །ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །ཡང་། སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ། །ཞེས་པ་ལ་སོགས་པ་སྔགས་ཀྱི་ལམ་མ་བྱུང་བར་འབྲས་བུ་འབྱུང་བ་ཅི་ཞེ་ན། རིམ་གྱིས་འཇུག་པའི་དབང་དུ་རྒྱུའི་ཐེག་པ་ལ་སྦྱངས་ནས་འབྲས་བུའི་ཐེག་པར་འཇུག་པས་སམ། ལྷག་པ་ཏིང་ངེ་འཛིན་སྐུའི་དཀྱིལ་འཁོར་དང་རྗེས་སུ་མཐུན་པའི་ཕྱིར་བྱུང་བ་ཡང་ཡིན་ནོ་ཞེས་གསུང་ངོ་། །བཞི་པ་སྐུའི་དཀྱིལ་འཁོར་བྱུང་བའི་བྱིན་རླབས་སོ། །དྲང་། ཞེས་རང་བཞིན་སྐུའི་དཀྱིལ་འཁོར་གྱི་དོན་དེ་དག་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་གདུལ་བྱའི་གནས་མཐའ་ཡས་པར་མུ་མེད་པ་ཐམས་ཅད་དུ་སྐུའི་དཀྱིལ་འཁོར་གྱི་རོལ་པ་བརྗོད་ཀྱིས་མི་ལང་བ་ཞིང་གི་རྡུལ་སྙེད་དུ་རང་བཞིན་སྐུའི་དཀྱིལ་འཁོར་རང་རིག་པ་ལ་གསལ་བར་གྱུར་ཏོ། །གཞུང་བསྡུས་པ་ལ་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། གཞུང་རྒྱས་པར་བསྟན་པས་ན་དེ། བསྡུས་ཏེ་བསྟན་པས་ན་ནས། དེ་བཞིན་གཤེགས་པ་ཡབ་བཙུན་མོའི་ཚོགས་ཏེ་ཡུམ་རྣམས་དང་ཐབས་ཤེས་གཉིས་སུ་མེད་པ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་ཉམས་སུ་མྱོང་དཀའ་བའི་གསང་བ་འདི་ཉིད་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་བསྡུ་བའི་ཚིག་འདི་དག་ཕྱུང་ངོ་། །བསྡུ་བ་དངོས། དྲང་། ཨ་ཧོ། ཞེས་པ་ནི་སྣོད་བཅུད་སྐུ་དང་ཡེ་ཤེས་སུ་གསལ་བ་ལ་མཉེས་པའི་ཚིག་གོ། །དམིགས་བྱ་ཆོས་ཀྱི་དབྱིངས་དང་། དམིགས་བྱེད་རིག་པའི་ཡེ་ཤེས་གཉིས་སུ་མི་དམིགས་པ་སྟེ། བློའི་སྤྱོད་ཡུལ་ལས་འདས་པའི་ཏིང་ངེ་འཛིན་དཔག་མེད་ཡོན་ཏན་བསམ་གྱིས་མི་ཁྱབ་པ། གང་དུ་བསྡུ་ན་འདིར་བསྡུ་ལ། གང་བསྡུ་ན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར། ཡ་ཀི་ན་ཡེ་ཤེས་ཞེས་པས་ནས། སྤྱོད་ཅེས་པའི་བར་དེ་སྡུད། ཐམས་ཅད་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པ་ལ་དབང་སྒྱུར་བས་རང་རིག་པ་ཉིད་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྣ་ཚོགས་བརྗོད་ཀྱི་མི་ལང་བར་སྣང་བ། གང་དུ་ན་འདིར། གང་ན་གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར། ཡ་ཀི་ན་དེ་ནས་ཞེས་པ་ནས། ལྷུན་གྱིས་གྲུབ་ཅེས་པའི་བར་དེ་སྡུད། གདུལ་བྱ་ལས་དག་པ་ལ་མཉམ་པ་དང་མ་དག་པ་ལ་མི་མཉམ་པ། གཉིས་ཀ་ལ་ཀུན་ཏུ་ཁྱབ་པར་དོན་མཛད་ཀྱང་། ཁྱབ་བྱ་ཁྱབ་བྱེད་གཉིས་མེད་དུ་ཁྱབ་པ་སྣང་སྟོང་གཉིས་སུ་མེད་པའི་དབྱིངས། གང་དུ་ན་འདིར། གང་ན་རང་བཞིན་སྐུའི་དཀྱིལ་འཁོར། ཡ་ཀི་ན་སྐུའི་ཞེས་པ་ནས། བསམ་ཡས་མཆོག་ཅེས་པའི་བར་དེ་སྡུད། ཡེ་གདོད་མ་ནས་སྐུ་ལྔ་པོ་ཀུན་ཀྱང་གཉིས་སུ་མེད་པ་ལྷུན་གྱིས་གྲུབ་པར་གསལ་བའི་དཀྱིལ་འཁོར་དུ་རང་སྣང་བ་རྣམས་རྣམ་པར་འཕྲོས་ཀྱང་སྤྲོས་པའི་མཚན་མ་མེད་པ། གང་དུ་བསྡུ་ན་འདིར་བསྡུ་ལ། གང་བསྡུ་ན་སྔགས་ཀྱི་སྐུ་ལྔ་བསྟན་པ་དང་། སྐུའི་དཀྱིལ་འཁོར་བྱུང་བའི་བྱིན་རླབས། ཡ་ཀི་ན་སྐྱེ་ཤི་ཞེས་པ་ནས། གསལ་བར་གྱུར་ཏོ་ཞེས་པའི་བར་དེ་སྡུད། ཧོཿཞེས་པ་ནི། དཀྱིལ་འཁོར་གསུམ་གྱི་དོན་ལ་མཉེས་པའོ། །བཀའ་གསང་སྔགས་མཚོན་པའི་ཚིག་གོ། །དྲང་། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ་ཞེས་པ་འབྲུ་མཐུན་ནོ། །ལེའུའི་མཚན་ནོ། །དྲང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཚན་གྱི་གཞི་འབྲུ་མཐུན་ལ། ཏིང་ངེ་འཛིན་དང་། ལྷག་པ་ཏིང་ངེ་འཛིན་དང་། རང་བཞིན་སྐུའི་དཀྱིལ་འཁོར་སྤྲོས་པའི་གཅོད་ཅིང་མཚམས་འཛིན་པས་ན་ལེའུ་སྟེ་ཡས་བགྲངས་དྲུག་པའི་དོན་དུ་གདའོ།། ༈ །།ད་ནི་ལེའུ་བདུན་པ་སྟོན་པར་བྱེད་པ་ལ། ཆོས་ཚོམས་ངོས་བཟུང་བ་ནི། རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས། ལམ་དང་འབྲས་བུ་གཙོ་བོར་སྟོན། རིམ་ཅིག་ཅར་གཉིས་ལས། རིམ་གྱིས་པ། ལམ་ལ་ཐབས་གྲོལ་གཉིས་ལས། གཉིས་ཀ་སྟོན། སྣང་བ་བ ཞི་ལས། ལམ་དང་འབྲས་བུའི་སྣང་བ་སྟོན། མཚན་ཉིད་གསུམ་ལས། རྐྱེན་འཇུག་པའི་མཚན་ཉིད་སྟོན། འབྲིང་གི་ཆོས་ཚོམས་ལྔ་ལས་རྒྱུད་དོན། དེ་ལ་བཅུ་ལས། གསུང་གི་དཀྱིལ་འཁོར་སྟོན། དཀྱིལ་འཁོར་གྱི་ཞོར་ལ་དབང་སྔགས་ཏིང་ངེ་འཛིན་ཕྲིན་ལས་རྣམས་སྟོན། ཐ་མའི་ཆོས་ཚོམས་བཅུ་ལས། ལྡེམ་དགོངས་མན་ངག །ཚད་མ་བཀག་གཞུང་། མཚོན་པ་དཔེ། བསྣོལ་མཚམས་འཕེན་སྡུད་རྣམས་སྟོན། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་བདུན་པ་འདི་ལ་འདི་ཆིངས་གསུམ། བགྲང་། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། ལེའུ་དྲུག་པར་སྐུའི་དཀྱིལ་འཁོར་བསྟན་ནས། ད་གསུང་གི་དཀྱིལ་འཁོར་སྟོན་པས་ན་དེ་ནས་ཞེས་འབྲེལ་སྦྱར་རོ། །དེ་བཞིན་གཤེགས་པ་ཡབ་བཙུན་མོའི་ཚོགས་ཏེ། ཡུམ་རྣམས་དང་བཅས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཉིས་སུ་མེད་པའི་རྡོ་རྗེ་ལས་ལེའུའི་གཞུང་དོན་འོག་ནས་འབྱུང་བ་འདི་དག་ཕྱུང་ངོ་། །ལེའུའི་གཞུང་ལ་སྤྱི་དོན་གསུམ་སྟེ། ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་དང་། དབང་བསྐུར་ཞིང་བྱིན་གྱིས་བརླབས་པའི་སྔགས་དང་། རང་བཞིན་གསུང་གི་དཀྱིལ་འཁོར་རོ། །དེ་ཡང་དང་པོ་ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་སྟོན་པའི་སྐབས་འདིར། མངོན་པར་རྟོགས་པའི་གོ་རིམ་སྡེབས་མ་ཤེས་ན་བདུད་རྩིའི་རོ་ཉམས་ལྟ་བུའི་བཤད་པའི་སྐྱོན་ཡོད་པས། མངོན་རྟོགས་སྡེབས་པའམ། ཡང་ན། ལྟ་བ་བརྒལ་བརྟག་གི་བཤད་པ། དམ་ཚིག་རྣམ་གྲངས་ཀྱི་བཤད་པ། ཕྲིན་ལས་ཆོག་སྡེབས་ཀྱི་བཤད་པ་གསུམ་ལས། འདིར་ཞི་བའི་མངོན་པར་རྟོགས་པའམ། ཕྲིན་ལས་ཀྱི་རིམ་པ་སྡེབས་ལ་བཤད་དོ། །དེ་ཡང་རྒྱས་པར་ལས་གཞུང་ལས་ཤེས་པས། འདིར་བསྡུས་པ་ཙམ་ཞིག་སྡེབས་པའི་དབང་དུ་བྱས་ན། སྔོན་འགྲོ། དངོས་གཞི། མཇུག་གསུམ་ལས། སྔོན་འགྲོ་ནི། ཚུལ་ཕྱག་དང་། གྲལ་ཕྱག་དང་། མཚམས་བཅད་པ་དང་། བཤགས་པ་བྱ་བ་དང་། དམ་བཅའ་དང་། བྱིན་དབབ་པ་དང་། ནང་དང་ཕྱིའི་མཆོད་པ་བྱིན་གྱིས་བརླབ་པ་རྣམས་སྒྲུབ་ཐབས་ཀྱི་ལས་བྱང་ལྟར་བྱའོ། །དངོས་གཞི་ལས་གཞུང་ལ་བརྒྱད་ཡོད་པ་ལས། དང་པོ་སེམས་བསྐྱེད་པ་ནི་ལེའུ་གཉིས་པ་ལྟར་བསྐྱེད་དོ། །གཉིས་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་ལེའུ་ལྔ་པ་ལྟར་རོ། །དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་པ་སྒྲུབ་ལྟར་ལ། གཞལ་ཡས་ཁང་དང་ལྷ་བསྐྱེད་པའི་སྔགས་ལེའུ་འདི་ནས་བཤད་པ་ལྟར་རོ། །ཚིག་གི་གསལ་གདབ་པ་དྲུག་པ་ལྟར་རོ། །དབང་བསྐུར་བྱིན་རླབས་འདི་ནས་བཤད་པ་ལྟར་རོ། །སྤྱན་དྲང་པ་ལ་སོགས་པ་ཡང་འདི་ལྟར་རོ། །གསུམ་པ་སྙན་གསན་དབབ་ཅིང་། བཞི་པ་མཆོད་པ་ནི། ཕྱག་ནས་བརྩམས་ཏེ་རོལ་མོ་ཡེ་ཤེས་ཀྱི་བར་དུ་དབུལ་ལོ། །ལྔ་པ་དམ་བཅའ་དང་། དྲུག་པ་དངོས་གྲུབ་བླང་བ་དང་། བདུན་པ་སྨོན་ལམ་གདབ་པ་དང་། བརྒྱད་པ་འཛབ་བཟླས་པ་རྣམས་སྒྲུབ་ཐབས་ལྟར་རོ། །མཇུག་གི་ལས་ཀྱི་རིམ་པ། ཚོགས་དབུལ་བ། ལྷག་མ་བཏང་བ། བརྟན་མ་བསྐྱང་བ། དཀྱིལ་འཁོར་བསྡུ་བ་ཡན་ཆད་སྒྲུབ་ཐབས་ནས་བྱུང་བ་བཞིན་བྱའོ། །སྤྱི་དོན་དང་པོ་ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་སྟོན་པར་བྱེད་པ་འདི་ལ་བཞི་སྟེ། རྟེན་གཞལ་ཡས་ཁང་བསྐྱེད་པའི་སྔགས་དང་། བརྟེན་པ་ལྷ་བསྐྱེད་པའི་སྔགས་དང་། སྤྱན་དྲང་པ་ལ་སོགས་པ་ལས་ཀྱི་རིམ་པའི་སྔགས་དང་། སྔགས་ཀྱི་ཡོན་ཏན་ནོ། །དང་པོ། དྲང་། བྷྲཱུཾ་ཅིར་ཡང་འགྱུར་བའི་ས་བོན་ཡིན་ཀྱང་། སྐབས་འདིར་གཞལ་ཡས་ཁང་བསྐྱེད་པའི་ས་བོན་དུ་འགྱུར་ལ། བི་ཤྭ་བི་ཤུདྡྷེ་ནི་འབྱུང་བ་ལྔར་འཛིན་གྱི་རྟོག་པ་སྣ་ཚོགས་དག་པ་གཞལ་ཡས་ཁང་བསྐྱེད་པའི་སྔགས་ཏེ། དེ་ཡང་ཐལ་རྒྱུད་ལས། བྷྲཱུཾ་དབྱིབས་བྷ་གར་སྣ་ཚོགས་འདུས། །ལས་དང་ངོ་བོ་དག་པ་ཉིད། །སངས་རྒྱས་རིན་ཆེན་ཟ་མ་ཏོག །བྱིན་རླབས་སྐྱོན་ཕྱིར་སྔགས་སུ་བརྗོད། །ཅེས་གསུངས་སོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པའི་སྔགས་ལ་དྲུག་སྟེ། བགྲང་། རིགས་ལྔ་ཡབ་ཡུམ་བཅུ་བསྐྱེད་པའི་སྔགས། དྲང་། ཧཱུཾ་རྩ་བའི་ས་བོན། བཛྲ་དྷྲིཀ྄་ནི་བསྐྱེད་པའི་སྔགས་ཏེ། གང་བསྐྱེད་ན། རྡོར་སེམས་མཐིང་ག་རྡོ་རྗེ་རྩེ་ལྔ་འཛིན་པའོ། །རྩ་སྔགས་དང་བསྐྱེད་སྔགས་སྒྲིལ་བ་ནི་བཟླས་པ་ལས་ཀྱི་སྔགས་སུ་ཤེས་པར་བྱ་སྟེ། འཆད་པར་འགྱུར་བའི་སྔགས་ཐམས་ཅད་དེས་འགྲེའོ། །དེ་བཞིན་དུ། ཨཱོཾ་རྩ་བའི་ས་བོན། ཛཱི་ན་ཛིཀ྄་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པའི་བསྐྱེད་སྔགས། སྭཱ་རྩ་བའི། རཏྣ་དྷྲིཀ྄་རིན་འབྱུང་སེར་པོ་རིན་པོ་ཆེ་འཛིན་པའི། ཨཱཾ་རྩ་བའི། ཨ་རོ་ལིཀ྄་སྣང་བ་མཐའ་ཡས་དམར་པོ་པདྨ་འཛིན་པའི། ཧཱ་རྩ་བའི། པྲཛྙཱ་དྷྲིཀ྄་དོན་གྲུབ་ལྗང་གུ་རལ་གྲི་འཛིན་པའི་བསྐྱེད་སྔགས་ཏེ། ཐམས་ཅད་ཀྱང་ཕྱག་གཡས་པ་རང་རིག་གི་ཕྱག་མཚན་ཐུགས་ཀར་འཛིན་ཅིང་། གཡོན་པ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ་བསྐྱེད་དོ། །དེ་ཡང་ཐལ་རྒྱུད་ལས། ཙིཏྟའི་ཁམས་ལྔའི་ཤི་ར་ལ། །རྡོ་རྗེ་རྒྱལ་པོ་རིན་ཆེན་ཆོས། །ཤེས་རབ་རིགས་ལྡན་བཅུད་ཀྱི་གཟུགས། །ངེས་པར་འཛིན་པ་གསང་བའི་སྔགས། །ཞེས་གསུངས་སོ། །མཱུཾ་རྩ་བའི་ས་བོན། །དྷཱ་ཏྭཱི་ཤྭ་རཱི་ཞེ་སྡང་དགའ་མ་སྟེ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་བསྐྱེད་པའི་སྔགས། ལཱཾ་རྩ་བའི། དྭེ་ཥ་ར་ཏི་གཏི་མུག་དགའ་མ་སྟེ་དེ་བཞིན་དབྱིངས་ཕྱུག་མའི། མཱཾ་རྩ་བའི། མོ་ཧ་ར་ཏི་ང་རྒྱལ་དགའ་མ་སྟེ་རིན་ཆེན་དབྱིངས་ཕྱུག་མའི། པྱཾ་རྩ་བའི། རཱ་ག་ར་ཏི་འདོད་ཆགས་དགའ་མ་སྟེ་པདྨ་དབྱིངས་ཕྱུག་མའི། ཏཱཾ་རྩ་བའི། བཛྲ་ར་ཏི་ཕྲག་དོག་དགའ་མ་སྟེ་ལས་ཀྱི་དབྱིངས་ཕྱུག་མའི་བསྐྱེད་སྔགས་སོ། །དེ་ལྟར་དབྱིངས་ཕྱུག་ལྔ་གར་ཡང་སྐུ་མདོག་ཡབ་དང་ཐུན་པ་ལ། ཕྱག་གཡས་པ་དྲིལ་བུ་འཛིན་པ་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་པར་རང་རྟགས་ཀྱི་ཕྱག་མཚན་ཐུགས་ཀར་འཛིན་པར་བསྐྱེད་དོ། །དེ་ཡང་ཐལ་རྒྱུད་ལས། དེ་ཉིད་དྭངས་མའི་ཡེ་ཤེས་ལྔ། །མ་རིག་གཉིས་སོགས་བཞི་པོ་དང་། །མི་ཕྱེད་ཕྲག་དོག་རྡོ་རྗེ་སྔགས། །དབྱིངས་སུ་སྐྱོབ་པ་དགའ་མར་བརྗོད། །ཅེས་གསུངས་སོ། །ནང་སེམས་ཡབ་ཡུམ་བརྒྱད་ཀྱི་བསྐྱེད་སྔགས། དྲང་། ཀྵཱི་རྩ་བའི་ས་བོན། ཧི་རཱ་ཛ་ཡ་ས་སྙིང་དཀར་པོ་མྱུ་གུ་འཛིན་པའི་བསྐྱེད་སྔགས། ཏྲཾ་རྩ་བའི། ཨཱ་གརྦྷྱ་ཡ་ནམ་སྙིང་སེར་པོ་རལ་གྲི་འཛིན་པ། ཧྲི་རྩ་བའི། ཧ་ཧཱུཾ་པདྨ་པ་ད་མ་སྤྱན་རས་གཟིགས་དམར་པོ་པདྨ་དཀར་པོ་འཛིན་པའི། ཛིཾ་རྩ་བའི། ཀུ་རུ་པཱ་ཎ་ཧྲི་ཕྱག་རྡོར་མཐིང་ཁ་རྡོ་རྗེ་འཛིན་པའི། ཧཱུཾ་རྩ་བའི། ལཱ་སྱེ་མ་ས་ཡ་སྟྭཾ་ལཱ་སྱེ་དཀར་མོ་མེ་ལོང་འཛིན་པའི། ཏྲཾ་རྩ་བའི། མཱ་ལེ་ས་མ་ཡེ་ཧོ་མཱ་ལེ་སེར་མོ་ཕྲེང་བ་འཛིན་པའི། ཧྲི་རྩ་བའི། གི་རྟི་ར་གོ་ཧཾ་གཱི་རྟི་དམར་མོ་པི་ཝང་འཛིན་པའི། ཨ་རྩ་བའི་ས་བོན། ནི་རྟི་ཏཱ་ག་ཡ་མི་ནི་རྟི་ལྗང་གུ་གར་གྱི་ཕུ་དུང་འཛིན་པའི་བསྐྱེད་སྔགས་སོ། །དེ་ཡང་ཐལ་རྒྱུད་ལས། ལས་ཀྱི་བདེ་བས་སྒེག་པ་ནི། །ཆགས་པའི་དམ་ཚིག་དུས་ཡིན་ནོ། །སླར་ཡང་ལན་གྱིས་འབྲེལ་བ་ནི། །གཉིས་ཀ་དགྱེས་པའི་མཆོག་ཏུ་བཤད། །ཧ་དང་སི་ཡི་བདེ་སྒྲ་དང་། །བདག་གིས་ཆགས་པ་ཐོབ་པའོ། །ཤིན་ཏུ་བསྐྱོད་པའི་བདེ་བ་དག །ཀུན་ནས་བསྐྱོད་པ་རླུང་ཞེས་བྱ། །ཞེས་གསུངས་སོ། །ཕྱི་སེམས་ཡབ་ཡུམ་བརྒྱད་ཀྱི་བསྐྱེད་སྔགས། དྲང་། མེ་རྩ་བའི་ས་བོན། དྷ་ར་ནི་སྭཱ་ཧཱ་བྱམས་པ་དཀར་སེར་གླུ་ཤིང་འཛིན་པའི་བསྐྱེད་སྔགས། ཐླྷིཾ་རྩ་བའི། ས་རཾ་པ་ཡ་སྭཱ་ཧཱ་སྒྲིབ་སེལ་དམར་སེར་ཆོས་ཀྱི་འཁོར་ལོ་འཛིན་པའི། ཧཱུཾ་རྩ་བའི། ས་རཱ་ཛ་ཡ་སྭཱ་ཛ་ཡ་སྭཱ་ཧཱ་ཀུན་བཟང་དམར་ལྗང་རིན་ཆེན་སྙེ་མ་འཛིན་པའི། མུཾ་རྩ་བའི། ཤྲི་ཨཾ་རཱ་གཱ་ཡ་སྭཱ་ཧཱ་འཇམ་དཔལ་དཀར་ལྗང་ཨུཏྤལ་འཛིན་པའི། ཛཿརྩ་བའི། དྷཱུ་པེ་པྲ་པེ་ཤ་ཡ་དྷཱུ་པེ་མ་དཀར་སེར་སྦོས་མེ་ཛིན་པའི། ཧཱུཾ་རྩ་བའི། པུཥྤེ་ཨ་བེ་ཤ་ཡ་པུཥྤེ་མ་དམར་སེར་མེ་ཏོག་འཛིན་པའི། བཾ་རྩ་བའི། དཱི་བ་སུ་ཀི་ནཱ་མར་མེ་མ་དམར་ལྗང་རས་ཀྱི་སྡོང་བུ་འཛིན་པའི། ཧོ་རྩ་བའི། གནྡྷེ་ཙིཏྟ་དྲི་ཆབ་མ་དཀར་ལྗང་དུང་ཆོས་འཛིན་པའི་བསྐྱེད་སྔགས་སོ། །དེ་ཡང་ཐལ་རྒྱུད་ལས། གཉིས་འདྲེས་འཛིན་པ་ཞེས་བྱ་སྟེ། །དེ་ཉིད་ཕྱེ་བ་ལས་འབྱུང་བའོ། །མེ་ཏོག་བསྡུས་པའི་ངོ་བོ་ཉིད། །བདག་པོའི་ཞལ་དུ་ཐིམ་པར་བཤད། །ཤིན་ཏུ་བསྡམས་པའི་རིམ་ལ་བྱུང་། །གསལ་བའི་ཡེ་ཤེས་བདེ་བ་ཆེ། །ཀུན་གསལ་བརྗོད་དང་འདྲ་བའི་སྒྲ། །གཉིས་མེད་ཐུགས་སུ་ཆུད་པར་བྱ། །ཞེས་གསུངས་སོ། །སྒོ་བ་ཡབ་ཡུམ་གྱིི་བསྐྱེད་སྔགས། དྲང་། ཧཱུཾ་རྩ་བའི་ས་བོན། ཡ་མཱནྟ་ཀྲིཏ་ཕཊ་གཤིན་རྗེ་སྨུག་ནག་མི་མགོ་ཁ་གདངས་པ་འཛིན་པའི་བསྐྱེད་སྔགས། ཧཱུཾ་རྩ་བའི། བིགྷྣཱནྟ་ཀྲིཏ་ཕཊ་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་གནོན་ཐབས་སུ་འཛིན་པའི། ཧཱུཾ་རྩ་བའི། པདྨཱནྟ་ཀྲིཏ་ཕཊ་རྟ་མགྲིན་དམར་ནག་ཐོད་པ་སྦྲུལ་གྱིས་དཀྲིས་པ་འཛིན་པའི། ཧཱུཾ་རྩ་བའི། པྲཛྙཱནྟ་ཀྲིཏ་ཕཊ་སྟོབས་ཆེན་སེར་ནག་ཐོད་པ་རྡོ་རྗེས་གནོན་ཐབས་སུ་འཛིན་པའི། ཨཱོཾ་རྩ་བའི། མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ་ལྕགས་ཀྱུ་མ་སྨུག་ནག་ལྕགས་ཀྱུ་འཛིན་པའི། ཨཱོཾ་རྩ་བའི། མ་ཧཱ་རཏྣ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ་ཞགས་པ་མ་སེར་ནག་ཞགས་པ་འཛིན་པའི། ཨཱོཾ་རྩ་བའི། མ་ཧཱ་པདྨ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ་ལྕགས་སྒྲོགས་མ་དམར་ནག་ལྕགས་སྒྲོགས་འཛིན་པའི། ཨཱོཾ་རྩ་བའི། མ་ཧཱ་ཀརྨ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ་དྲིལ་བུ་མ་ལྗང་ནག་དྲིལ་བུ་འཛིན་པའི་བསྐྱེད་སྔགས་སོ། །ཀུན་བཟང་ཡབ་ཡུམ་གྱི་བསྐྱེད་སྔགས། དྲང་། ཧཱུཾ྄་ཧཱུཾ་ཧཱུཾ་རྩ་བའི་ས་བོན། བཛྲ་ཙིཏྟ་ཨཱོཾ་ཀུན་བཟང་མཐིང་ཁ་མཉམ་གཞག་གི་ཕྱག་རྒྱ་ཅན་བསྐྱེད་པའི། ཨ་ཨ་ཨ་རྩ་བའི་ས་བོན། བཛྲཱི་བྷ་དྲ་ས་མནྟ་ཨ་ཀུན་ཏུ་བཟང་མོ་ཡབ་ལས་ལྡོག་པའི་མཉམ་གཞག་གམ། ཐལ་མོ་ཐུགས་ཀར་སྦྱར་བའི་བསྐྱེད་སྔགས་སོ། །དེ་ཡང་། རྣམ་ཤེས་གསུམ་འདས་རྡོ་རྗེ་ནི། །ཡེ་ཤེས་ལྔ་རྫོགས་ཐུགས་ཉིད་དོ། །དབྱིངས་གསུམ་རྣམ་དག་འདུས་མ་བྱས། །ཀུན་ཏུ་དེ་བཞིན་གནས་མེད་པའོ། །ཞེས་གསུངས་སོ། །ཐུབ་པ་དྲུག་བསྐྱེད་པའི་སྔགས་སོ། །དྲང་། ཨཱོཾ་ཡེ་ཤེས་ལྔ་ལྡན་རྩ་བའི་ས་བོན། མུ་ནེ་ཀྲིཾ་སྭཱ་ཧཱ་སྣམ་བུའི་ཤར་ལྷོར་ལྷའི་ཐུབ་པ་དཀ་པོ་པི་ཝང་འཛིན་པའི་བསྐྱེད་སྔགས། ཨཱོཾ་རྩ་བའི། མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ་སྣམ་བུའི་བྱང་ཕྱོགས་སུ་ལྷ་མིན་གྱི་ཐུབ་པ་མཐིང་ཁ་གོ་ཆ་འཛིན་པའི། ཨཱོཾ་རྩ་བའི། མུ་ནེ་སྲུཾ་སྭཱ་ཧཱ་སྣམ་བུའི་ལྷོ་ཕྱོགས་སུ་མིའི་ཐུབ་པ་སེར་པོ་གསེག་པར་བསྣམས་པའི། ཨཱོཾ་རྩ་བའི། མུ་ནེ་བྲཾ་སྭཱ་ཧཱ་སྣམ་བུའི་ནུབ་བྱང་དུ་བྱོལ་སོང་གི་ཐུབ་པ་དམར་ནག་པོ་ཏི་བསྣམས་པའི། ཨཱོཾ་རྩ་བའི། མུ་ནེ་ཀྵཾ་སྭཱ་ཧཱ་སྣམ་བུའི་ལྷོ་ནུབ་ཏུ་ཡི་དྭགས་ཀྱི་ཐུབ་པ་སེར་ནག་རིན་ཅེན་སྒྲོམ་བུ་བསྣམས་པའི། ཨཱོཾ་རྩ་བའི་ས་བོན། མུ་ནེ་ཡེ་སྭཱ་ཧཱ་སྣམ་བུའི་བྱང་ཤར་དུ་དམྱལ་བའི་ཐུབ་པ་དུད་ཁ་མེ་ཆུ་བསྣམས་པའི་བསྐྱེད་སྔགས་སོ། །དེ་ཡང་། ས་བོན་ཟུང་གསུམ་དེ་བ་དེ་བ། །དེས་སྐྱེས་རང་རིག་གྱུར་པ་ཡིན། །གཉིས་བྱུང་འདུལ་བས་ཐུབ་པར་གསུངས། །ཞེས་གསུངས་སོ། །གསུམ་པ་སྤྱན་དྲང་བ་ལ་སོགས་པ་ལས་ཀྱི་རིམ་པའི་སྔགས་ལ་བཞི་སྟེ། བགྲང་། སྙན་གསན་དབབ་ཅིང་སྤྱན་དྲང་བའི་སྔགས། དྲང་། ཨཱོཾ་ནི་ཡེ་ཤེས་ལྔ་ལྡན་གྱི་སྔགས་ཀྱི་འགོ་འདྲེན་པའོ། །ཨེ་ཧྱེ་ཧི་ན་བོད་པ་སྟེ། ཀྱེ་ཀྱེ་ཞེས་པའི་དོན་ནོ། །བྷ་ག་ཝཱ་ན་ནི་བཅོམ་ལྡན་འདས། མ་ཧཱ་ཀ་རུ་ཎི་ཀ་ནི་ཐུགས་རྗེ་ཆེན་པོ། དྲྀ་ཤྱ་ཧོཿནི་གཤེགས་ཤིག །ས་མ་ཡ་སྟྭཾ་ནི་དམ་ཚིག་གི་དུས་ལ་བབ་བོ་ཞེས་པ་སྟེ། རང་བཞིན་གྱི་དཀྱིལ་འཁོར་ལ་དམ་ཚིག་གིས་བསྐུལ་བའོ། །དེ་ལྟར་སྙན་གསན་ཕབ་ནས་དམ་ཚིག་གི་ཐུགས་ཀ་ནས་འཕྲོས་པའི་ཡི་གེ་ཛཿས་དགུག །ཧཱུཾ་གིས་བཅིང་། པཾ་གྱིས་བསྡམ། ཧོཿས་དགྱེས་པ་བསྐྱེད་ནས་དམ་ཚིག་གི་དཀྱིལ་འཁོར་དང་མེ་རི་འདབ་འབྱོར་དུ་བཞུགས་པར་བྱའོ། །རིག་པའི་མེ་ཏོག་དོར་བའི། དྲང་། འདི་དག་རིམ་པར་བསྡེབས་ནས། ཨཱོཾ་བཛྲ་ས་མ་ཡ་ༀ་ཞེས་པས་ནི། བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པར། ཨཱཾ་བཛྲ་ས་མ་ཡ་ཨཱཾ་གིས་གསུང་དང་གཉིས་སུ་མེད་པར། ཧཱུྃ་བཛྲ་ས་མ་ཡ་ཧཱུྃ་གིས་ཐུགས་དང་གཉིས་སུ་མེད་པར། སྭཱ་བཛྲ་ས་མ་ཡ་སྭཱ་ས་ཡོན་ཏན་དང་གཉིས་སུ་མེད་པར། ཧཱ་བཛྲ་ས་མ་ཡ་ཧཱ་ཞེས་པས་ཕྲིན་ལས་དང་གཉིས་སུ་མེད་པར་བསམ་མོ། །དངོས་གྲུབ་བསྐུལ་བའི། དྲང་། ཨཱོཾ་ཡེ་ཤེས་ལྔ་ལྡན་གྱི་གླུའི་འགོ་འདྲེན་པའོ། །རང་རིག་པའི་ཡེ་ཤེས་ལ་རང་དབང་བསྒྱུར་བའི་རྒྱལ་པོ་ཉིད་ཀྱི་སྐུ་དང་གསང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་གཞན་ལས་ཁྱད་པར་དུ་གྱུར་པས་ན་རྨད་པོ་ཆེ་སྟེ། དུས་ད་ལྟ་ཉིད་དུ་ནི་སེམས་ཅན་ཐམས་ཅད་དང་མཉམ་པར་སྦྱོར་བའི་ཐུགས་རྗེ་མངའ་བས་སྐུའི་ཕྱག་རྒྱ་ཆེན་པོར་བདག་ཀྱང་སྦྱོར་ཅིག །ཨཱོཾ་ཡེ་ཤེས་ལྔ་ལྡན་འགྲེ། བཛྲ་ས་མ་ཡ་ཧཱུཾ་ནི་རྡོ་རྗེ་དམ་ཚིག་གི་རང་བཞིན་གཉིས་སུ་མེད་པར་བསྡུས་ཤིག །ཨཱོཾ་བཛྲ་ས་མ་ཡ་སྟྭཾ་ནི་གཉིས་སུ་མེད་པར་བྱིན་གྱིས་བརླབ་པའི་དུས་ལ་བབ་བོ། །ༀ་བཛྲ་ས་མ་ཡ་ཧོཿནི་བདག་ལ་མཉེས་པར་མཛོད་ཅིག་ཅེས་བསྐུར་བའོ། །འདིར་དངོས་གྲུབ་བསྐུལ་བ་ལ་ཚིག་གིས་བསྐུལ་བ་དང་། སྔགས་ཀྱིས་བསྐུལ་བ་གཉིས་ལྡབས་སོ་ཞེ་ན། རྗེ་སྒྲོ་ཕུག་པའི་བཞེད་ཀྱིས། དངོས་གྲུབ་ཙམ་པོ་དང་། གནད་ནས་ཕབ་སྟེ་བསྐུལ་བ་དང་གཉིས་ཡིན་ཏེ། དཔེར་ན་སློབ་མ་གཅིག་ལ་བྱ་བ་འཆོལ་བའི་དུས་ན། ཁྱོད་ཀྱིས་འདི་གྱིས་ཤིག་བྱ་བ་དང་། འདི་དམ་ཚིག་ལ་དགོངས་ལས་ཅིས་ཀྱང་བྱ་དགོས་སོ་ཟེར་བ་ལྟ་བུ་ཡིན་གསུང་། ལྷ་རྗེ་ཉེའུ་སྟོན་ན་རེ། སྤྱིར་གྱིས་དོན་དམ་གསལ་བྱེད་བརྗོད་པ་ཚིག་གི་སྒོ། ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ། མཚོན་པར་བརྡར་རྟགས་ཕྱག་རྒྱ་གར་གྱི་སྒོ། ཞེས་བྱ་བ་གསང་སྔགས་ལུང་གི་སྒོ་བཞི་ཡིན་པ་ལ། ཀུན་ལ་བཞི་ཀ་ཚང་བ་ཡང་ཡོད། གསུམ་ཚང་བ་དང་གཉིས་ཚང་བའང་ཡོད་པས་ཀུན་ལ་ཐམས་ཅད་ཚང་བའི་ངེས་པ་མེད་ལ། སྐབས་འདིར་ཚིག་དང་སྔགས་དང་ཏིང་ངེ་འཛིན་གསུམ་གྱིས་བསྐུལ་བ་ཡིན་གསུང་ངོ་། །བསྟིམ་པའི་སྔགས་སོ། །དྲང་། ཛ་ཧཱུཾ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་བསྟིམ་པར་བྱའོ། །བཞི་པ་སྔགས་ཀྱི་ཡོན་ཏན་ནོ། །དྲང་། ཞེས་སྔགས་དེ་དག་བརྗོད་པས་གསུང་སྔགས་ཀྱི་དཀྱིལ་འཁོར་འདི་དག་ནི་མཐུས་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་གདུལ་བྱ་ཐམས་ཅད་ལ་སྔགས་ཉིད་ལུས་ལ་གནས་པས་ན་ཁྱབ་པར་གྲགས་སོ། །ལྷའི་དཀྱིལ་འཁོར་དུ་གསལ་བས་ན་རབ་ཏུ་གྲགས་སོ། །ལས་དང་དངོས་གྲུབ་ཏུ་སྣང་བས་ན་ཀུན་ཏུ་གྲངས་སོ། །ཞེས་པའམ། ཡང་ན་རྒྱུ་མ་ནོར་བ་རྩ་བའི་སྔགས་ཀྱིས་ཁྱབ་པར་གྲགས་སོ། །བསྐྱེད་པ་རྐྱེན་གྱི་སྔགས་ཀྱི་རབ་ཏུ་གྲགས་སོ། །བཟླས་པ་ལས་ཀྱི་སྔགས་ཀྱིས་ཀུན་ཏུ་གྲགས་སོ། །གསུང་གི་དཀྱིལ་འཁོར་ཀུན་ཏུ་གྲགས་པ་དེ་ནས་བཅོམ་ལྡན་འདས་ཡིད་བྱེད་པ་པོ་རྡོ་རྗེ་ཀུན་ཏུ་བཟང་པོ་དང་། ཆོས་བྱ་བ་མོ་རྡོ་རྗེ་ཀུན་ཏུ་བཟང་མོ་གྲོལ་ལམ་ལྟར་ཐབས་ཤེས་དགོངས་པ། ཐབས་ལམ་ལྟར་ཉི་ཟླ་བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པའི་རང་བཞིན་ནི། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་ཐིམ་པར་མཛད་དོ། །སྤྱི་དོན་གཉིས་པ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པའི་སྔགས་ལ་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། དབང་བསྐུར་བྱིན་བརླབ་དངོས་དང་། དེའི་ཡོན་ཏན་ནོ། །དང་པོ། དྲང་། དཀྱིལ་འཁོར་བསྐྱེད་པ་བསྟན་པས་ན་དེ། དབང་བསྐུར་བྱིན་བརླབ་སྟོན་པས་ན་ནས། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང་མི་དམིགས་པའི་བདག་ཉིད་ཆེན་པོ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱིས་བདག་ཉིད་ཆེན་པོའི་ཡེ་ཤེས་ལྔས་དབང་བསྐུར་བ་དང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུ་བ་ཞེས་བྱ་བ་འདི་སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་སྒྱུ་འཕྲུལ་དྲྭ་བ་ཡབ་ཡུམ་ཟུང་དུ་འབྲེལ་བ་ལས་བྱུང་ངོ་། །གཉིས་པ་དབང་བསྐུར་བྱིན་བརླབ་དངོས་ལ་གཉིས་ཏེ། བགྲང་། དབང་བསྐུར་བའི་སྔགས་དང་། དྲང་། དེ་ཡང་དབང་གང་གིས་ན། རིགས་ཀྱི་བདག་པོས། གང་ལ་ན། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལྷ་བཞི་བཅུ་རྩ་གཉིས་ལས། གང་ན། ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་ཏེ། དགོས་ཆེད་གང་གི་ཕྱིར་ན། སྭ་བྷཱ་བའི་སྒྲས་དྲི་མ་དག་པར་བྱས་པས། ཚུལ་ཇི་ལྟར་ན། ཐེག་པ་འོག་མ་ལྟར་སྤང་གཉེན་གྱི་ཚུལ་གྱིས་མ་ཡིན་ཏེ། རང་བཞིན་རྟོགས་པའི་ཚུལ་གྱིས་སོ། །དེ་ཡང་གུང་མོ་གཉིས་སྦྱར་ནས་གྱེན་དུ་བརྐྱངས་པའི་རྡོ་རྗེ་བསྡམས་པའི་ཕྱག་རྒྱ་སྤྱི་བོར་བཞག་ལ། ཨཱོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་པའི་སྔགས་ཀྱིས་སྤྱིར་བོར་མི་བསྐྱོད་པ་ཡབ་ཡུམ་སྦྱོར་བ་མཛད་པས་རྗེས་ཆགས་ཀྱི་མེ་ཞུ་བ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཆུ་རྒྱུན་དབང་བསྐུར་བས། ཉོན་མོངས་པ་ཞེ་སྡང་གི་དྲི་མ་དག་ནས། ཆུ་ལུད་པ་ལས་མི་བསྐྱོད་པ་དབུ་བརྒྱན་པར་བསྒོམ་ཞིང་། རྣམ་ཤེས་རྣམ་དག་རྡོ་རྗེའི་རིགས་རྡོ་རྗེ་སེམས་དཔའ་འམ་བདག་ཡིན་ནོ་བར་ང་རྒྱལ་བར་བྱའོ། །དེའི་འགྲོས་ཀྱིས་འོག་མ་རྣམས་ལའང་ཤེས་པར་བྱའོ། །མཛུབ་མོ་གཉིས་བརྐྱངས་པ་དཔྲལ་བར་བཞག་ལ། ཨཱོཾ་མ་ཧཱ་ཨ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་པའི་སྔགས་ཀྱིས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱི་དབང་བསྐུར་བས། ཉོན་མོངས་པ་གཏི་མུག་གི་དྲི་མ་དག་ནས་ཆུ་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་བསྒོམ་ཞིང་། གཟུགས་ཕུང་རྣམ་དག་དེ་བཞིན་གཤེགས་པའི་རིམ་རྣམ་པར་སྣང་མཛད་དུ་ང་རྒྱལ་བར་བྱའོ། །མཐེ་བོང་གཉིས་བརྐྱང་པ་ལྟག་པར། ཨཱོཾ་མ་ཧཱ་པྲ་ཏྱ་བེཀྵ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་པའི་སྔགས་ཀྱིས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱི་དབང་བསྐུར་བས། ཉོན་མོངས་པ་འདོད་ཆགས་ཀྱི་དྲི་མ་དག་ནས་ཆུ་ལུད་པ་ལས་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་བསྒོམ་ཞིང་། འདུ་ཤེས་རྣམ་དག་པདྨའི་རིགས་སྣང་བ་མཐའ་ཡས་སུ་ང་རྒྱལ་བར་བྱའོ། །སྲིན་ལག་བརྐྱངས་པ་རྣ་ལྟག་གཡས་སུ། ཨཱོཾ་མ་ཧཱ་ས་མ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་པའི་སྔགས་ཀྱིས། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱི་དབང་བསྐུར་བས། ཉོན་མོངས་པ་ང་རྒྱལ་གྱི་དྲི་མ་དག་ནས་ཆུ་ལུད་པ་ལས་རིན་ཅེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་བསྒོམ་ཞིང་། ཚོར་བ་རྣམ་དག་རིན་པོ་ཆེའི་རིགས་རིག་ཆེན་འབྱུང་ལྡན་དུ་ང་རྒྱལ་བར་བྱའོ། །མཐེའུ་ཆུང་བརྐྱངས་པ་རྣ་ལྟག་གཡོན་དུ། ཨཱོཾ་མ་ཧཱ་ཀྲྀ་ཏྱཱ་ནུཥྛཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་པའི་སྔགས་ཀྱིས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱི་དབང་བསྐུར་བས། ཉོན་མོངས་པ་ཕྲག་དོག་གི་དྲི་མ་དག་ནས་ཆུ་ལུད་པ་ལས་དོན་ཡོད་གྲུབ་པས་དབུ་བརྒྱན་པར་བསྒོམ་ཞིང་། འདུ་བྱེད་རྣམ་དག་ལས་ཀྱི་རིགས་དོན་ཡོད་གྲུབ་པར་ང་རྒྱལ་བར་བྱའོ། །དེ་ཡང་མི་བསྐྱོད་པ་ཡབ་ཡུམ་གཉིས་དང་། བྱེད་པ་པོ་ཡབ་ཡུམ་གཉིས་དང་། ཟླ་དང་བྲལ་བ་ཞེས་པ་ནི་ཡུམ་མེད་པས་ཏེ་དཔའ་བོ་གཅིག་པའི་ལྷ་ཐུབ་པ་དྲུག་གོ། །དེ་ལྟར་རྡོ་རྗེའི་རིགས་ཀྱི་ལྷ་བཅུའི་རིགས་བདག་མི་བསྐྱོད་པ་ཡིན་པས། དེ་ཡབ་ཡུམ་དབུས་སུ་བྱས་ནས་དབང་བསྐུར་བ་ཡིན་ཏེ། ཐལ་རྒྱུད་ལས། མི་བསྐྱོད་བྱེད་པོ་ཡུམ་དང་བཅས། །རྡོ་རྗེ་འཛིན་པའི་ཕྱག་རྒྱར་ལྡན། །ཞེས་པ་དང་། ཐུབ་ཆེན་རྡོ་རྗེ་འཛིན་འཆང བ། །ཟླ་དང་བྲལ་བའི་དཔའ་བོ་ཆེ། །ཞེས་གསུངས་པས་མངོན་ནོ། །སྣང་མཛད་ཡབ་ཡུབ་གཉིས། ས་སྙིང་ཡབ་ཡུམ་གཉིས། བྱམས་པ་ཡབ་ཡུམ་གཉིས། གཤིན་རྗེ་གཤེད་ཡབ་ཡུམ་གཉིས་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་བརྒྱད་ཀྱི་རིགས་བདག་ལྟག་པར་རྣམ་པར་སྣང་མཛད་ཡིན་པས། དེ་ཡབ་ཡུམ་དབུས་སུ་བྱས་ནས་དབང་བསྐུར་བ་ཡིན་ཏེ། ཐལ་རྒྱུད་ལས། བྱམས་པ་ས་སྙིང་དེ་བཞིན་ནོ། །ཞེས་པ་དང་། གཤིན་རྗེ་གཤེད་ལ་ལྟག་པར་བཤད། །ཅེས་པས་མངོན་ནོ། །དེ་དག་གི་ཤུགས་ལ་ལྷ་གཞན་རྣམས་ཀྱི་རིགས་ཀྱང་ཤེས་པར་བྱ་སྟེ། མི་བསྐྱོད་པ་རྡོ་རྗེའི་རིགས་ཡིན་པའི་ཤུགས་ལ་རྣམ་སྣང་དེ་བཞིན་རིགས། རིན་འབྱུང་རིན་ཅེན་རིགས། མཐའ་ཡས་པདྨའི་རིགས། དོན་གྲུབ་ལས་ཀྱི་རིགས་ཡིན་པར་ཤེས་སོ། །བྱང་ཆུབ་སེམས་དཔའ་ས་སྙིང་དང་བྱམས་པ་དེ་བཞིན་རིགས་ཡིན་པའི་ཤུགས་ལ། ནམ་སྙིང་དང་སྒྲིབ་སེལ་རིན་ཅེན། སྤྱན་རས་གཟིགས་དང་ཀུན་བཟང་པདྨ། ཕྱག་རྡོར་དང་འཇམ་དཔལ་ལས་ཀྱི་རིགས་ཡིན་པར་ཤེས་སོ། །ཁྲོ་བོ་གཤིན་རྗེ་གཤེད་དེ་བཞིན་རིགས་ཡིན་པའི་ཤུགས་ལ། སྟོབས་པོ་ཆེ་རིན་ཅེན། རྟ་མགྲིན་པདྨ། བདུད་རྩི་འཁྱིལ་བ་ལས་ཀྱི་རིགས་ཡིན་པར་ཤེས་སོ། །དེ་ཡང་ཐལ་རྒྱུད་ལས། གཞན་དག་རང་གི་ཕྱག་རྒྱས་ཏེ། །ཞེས་པས་མངོན་ནོ། །འདིའི་སྐབས་སུ་སྔ་རབས་པ་འགའ་ཞིག །བྱམས་པ་ས་སྙིང་དེ་བཞིན་ནོ། །ཞེས་པའི་ཚིག་གིས་འཁྲུལ་གཞི་བྱས་ནས། བྱམས་པ་དང་ས་སྙིང་དེ་བཞིན་གཤེགས་པའི་རིགས་ཡིན་ནོ་བར་མ་གོ་བར། དེ་བཞིན་ནོ་ཞེས་པ་སྔར་བཤད་པའི་རྡོ་རྗེའི་རིགས་ལ་སྙེག་པར་གོ་བས། བྱམས་པ་དང་ས་སྙིང་རྡོ་རྗེའི་རིགས་སུ་འདོད་མོད་ཀྱི། སྔོན་གྱི་དཔེ་རྙིང་དུ་མ་དང་བུམ་ལུང་རྣམས་ན། བྱམས་པ་དང་ས་སྙིང་དེ་བཞིན་གཤེགས་པའི་རིགས་སུ་བྱས་འདུག་གོ། །འོན་ཀྱང་སྒྱུ་འཕྲུལ་བླ་མའི་གཞུང་ལ་ལ་ན། ས་སྙིང་དང་བྱམས་པ་རྡོ་རྗེའི་རིགས་སུ་བྱས་པའང་འདུག་སྟེ། གང་ཟག་འགའ་ཞིག་གིས་ཞེན་ཡུལ་དབང་བཙན་དུ་བྱས་ནས་བཅོས་པ་ཡིན་མིན་བརྟག་པར་བྱའོ། །ཡང་ཟླ་དང་བྲལ་བའི་དཔའ་བོ་ཆེ། །ཞེས་པའི་ཚིག་གིས་འཁྲུལ་གཞི་བྱས་ནས། ཐུབ་པ་དྲུག་ཟླ་བོ་ཡུམ་དང་བྲལ་བའི་དཔའ་བོ་གཅིག་པ་ཡིན་པར་མ་གོ་བར། རིགས་བདག་མི་བསྐྱོད་པ་རྐྱང་རེས་དབུ་བརྒྱན་པར་འདོད་པ་དང་། འོད་རིམ་གྱིས། ཕྱག་རྒྱ་གཅིག་པའི་རྣལ་འབྱོར་གྱི་སྒོམ་པ་ལ་དགོངས་ན། ཐུབ་དྲུག་རབ་བྱུང་སྤྲུལ་སྐུའི་ཕྱིར། །བྱིན་བརླབ་དབུ་རྒྱན་མ་གསུངས་སོ། །ཞེས་པའི་ལུང་གིས་འཁྲུལ་གཞི་བྱས་ནས། འདིར་ཕྱག་རྒྱ་སྤྲོས་བཅས་ཀྱི་ལྷ་བསྒོམ་པའི་སྐབས་སུ་ཡང་། ཐུབ་དྲུག་དབུ་རྒྱན་མེད་པར་འདོད་པ་ནི་ཤིན་ཏུ་འཁྲུལ་ཏེ། འཆད་པར་འགྱུར་པའི་ལེའུ་བརྒྱད་པ་ལས། ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །དེ་ཉིད་ཡན་ལག་སྤྲོས་བདག་སྟེ། །བཞི་བཅུ་རྩ་གཉིས་སུམ་འཕྲོ་འགྱུར། །དེ་ལྟར་ལྡན་པའི་གཙོ་མཆོག་གིས། །རྒྱལ་བ་རྒྱལ་མཆོག་དེ་བཞིན་ཏེ། །བཅུ་གཉིས་དྲུག་གི་འོད་འཕྲོ་འབར། །ཞེས་གསུངས་པའི་དོན་དང་འགལ་བའི་ཕྱིར་རོ། །མདོར་ན་རིགས་གང་ཡིན་གྱི་ལྷ་ལ། རིགས་ཀྱི་བདག་པོ་དབུས་ན་གནས་པ་དེ་བཞིན་གཤེགས་པའི་རིགས་ལྔས་དབུ་བརྒྱན་པ་ཡིན་ཏེ། དེ་ཡང་གང་དབུས་སུ་སོང་བ་དེའི་ཤུལ་དུ་མི་བསྐྱོད་པར་འབྱུང་བར་ཤེས་པར་བྱའོ། །བྱིན་གྱིས་བརླབ་པའི་སྔགས་སོ། །དྲང་། སྤྱི་བོར་ཀླད་པ་དང་ཁང་གི་ནང་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཨཱོཾ་དཀར་པོ་ལས་འོད་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བས། སྐུའི་བྱིན་རླབས་ཀྱི་བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས། རློབས་པའི་རྟགས་སུ་སྤྱི་བོའི་ཨཱོཾ་ཞུ་བའི་འོད་ཕུང་ལས། སྐུ་རྡོ་རྗེ་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་འཛིན་པ་ཚོན་གང་བ་བསྒོམ་ཞིང་། རྡོ་རྗེའི་ཕྱག་རྒྱ་དཔྲལ་བར་གཏུགས་ལ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་བརྗོད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་རང་བཞིན་ངའམ་བདག་ཡིན་ནོ་བར་ང་རྒྱལ་བྱའོ། །དེ་བཞིན་དུ་མགྲིན་པར་པདྨ་ལ་གནས་པའི་ཨཱཾ། སྙིང་གར་ཉི་མ་ལ་གནས་པའི་ཧཱུཾ། ལྟེ་བའི་གཡས་དང་གཡོན་གཉིས་སུ་ཟླ་བའི་གདན་རེ་རེ་ལ་གནས་པའི་སྭཱ་སྔོན་པོ་དང་ཧཱ་ལྗང་གུའི་འོད་ཟེར་གྱི་སྤྲོ་བསྡུ་ལས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ལྷ་རྣམས་གོ་རིམ་བཞིན་སྒོམ་ཚུལ་ཤེས་པར་བྱས་ལ་རྡོ་རྗེའི་ཕྱག་རྒྱ་མགྲིན་པར་གཏུགས་ནས། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་བརྗོད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རང་བཞིན་ངའམ་བདག་ཡིན་ནོ་བར་ང་རྒྱལ་བྱའོ། །རྡོ་རྗེའི་ཕྱག་རྒྱ་སྙིང་གར་གཏུགས་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་པཱ་བྷཱ་ཝ་ཨཱཏྨ་ཀ྅་ཧཾ་ཞེས་བརྗོད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་རང་བཞིན་ངའམ་བདག་ཡིན་ནོ་བར་ང་རྒྱལ་བྱའོ། །རྡོ་རྗེའི་ཕྱག་རྒྱ་ལྟེ་བའི་གཡས་སུ་གཏུགས་ལ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་ར་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་བརྗོད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་རང་བཞིན་ངའམ་བདག་ཡིན་ནོ་བར་ང་རྒྱལ་བྱའོ། །རྡོ་རྗེའི་ཕྱག་རྒྱ་ལྟེ་བའི་གཡོན་དུ་གཏུགས་ལ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་བརྗོད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་རང་བཞིན་ངའམ་བདག་ཡིན་ནོ་བར་ང་རྒྱལ་བྱའོ། །དེ་ལྟར་ཡན་ལག་བཅུ་གཅིག་ཏུ་བཤད་ཀྱང་། དོན་ལ་ཡོན་ཏན་དང་ཕྲིན་ལས་ནི་སྐུ་གསུང་ཐུགས་ཀྱི་ཞར་བྱུང་ཡིན་པས། ལམ་བསྒོམ་པའི་དབང་དུ་ཡེ་ཤེས་སེམས་དཔའ་དང་དབང་བསྐུར་གྱི་ལྷ་ལྔ་དང་བྱིན་རླབས་ཀྱིི་ལྷ་གསུམ་སྟེ། ལྷག་པའི་ལྷ་དགུ་བསྒོམ་པར་གསུངས་སོ། །འོ་ན་དབང་བསྐུར་བའི་ལྷ་དང་བྱིན་གྱིས་རློབས་པའི་ལྷ་གཉིས་ཀ་རིགས་ལྔར་འདུག་པས་ཁྱད་ཅི་ཡོད་ཅེ་ན། དབང་བསྐུར་གྱི་ལྷ་ནི་དག་བྱ་རྣམ་པར་ཤེས་པ་ཚོགས་བརྒྱད་དམ་ཉོན་མོངས་པ་ངར་འཛིན་དྲི་མ་དེ་ཉིད་དག་བྱེད་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དག་པར་བྱས་པའི་རྟགས། དབུ་རྒྱན་རིགས་ཀྱི་ལྷ་ལྔ་ཡིན་ལ། བྱིན་རླབས་ཀྱི་ལྷ་ནི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་གསུམ་མམ། དེ་དག་གི་ཡོན་ཏན་ཕྲིན་ལས་དང་བཅས་པ་ལྔར་བྱིན་གྱིས་རློབས་པའི་རྟགས་སུ་ལུས་ཀྱི་གནས་ལྔར་ཡིག་འབྲུ་ལྔ་ལས། དེ་བཞིན་གཤེགས་པ་རིགས་ལྔར་སྣང་བ་ཡིན་ནོ། ཡང་དབང་བསྐུར་གྱི་ལྷའི་གཙོ་བོ་དང་བྱིན་རླབས་ཀྱི་སྐུའི་ལྷ་གཉིས་ཀ་སྤྱི་བོར་བསྒོམ་པའི་ཕྱིར་གནས་ཐ་དད་མེད་དམ་ཞེ་ན། དབང་བསྐུར་གྱི་ལྷའི་གཙོ་བོ་སྤྱི་བོར་བསྒོམ་པ་ཡིན་ལ། སྐུའི་ལྷ་ཀླད་པ་དུང་ཁང་གི་ནང་དུ་བསྒོམ་པས་ན་གནས་ཐ་དད་དོ། །དབང་བསྐུར་གྱི་ལྷ་རྣམ་པར་སྣང་མཛད་དང་བྱིན་རླབས་ཀྱི་སྐུའི་ལྷ་གཉིས། རྣམ་པར་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་འཛིན་པར་མཚུངས་ས མ་ཞེ་ན། དེ་ནི་མི་མཚུངས་ཏེ། དབང་བསྐུར་གྱི་ལྷ་ནི་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་ལུས་གང་བར་བྱས་པའི་ལྷག་མ་ལུད་པ་ལས་རིགས་ལྔར་སྣང་བ་ཡིན་ཏེ། སྤྲུལ་སྐུའི་ཆ་བྱད་ཅན་ནོ། །བྱིན་རླབས་ཀྱི་ལྷ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སམ་ཡོན་ཏན་ཕྲིན་ལས་ཀྱི་རང་བཞིན་ཅན་གྱི་རིགས་གསུམ་མམ་ལྔ། ལོངས་སྐུའི་ཆ་བྱད་ཅན་ཡིན་ནོ། །འདི་ལྟར་མ་གོ་བ་རྣམས་ཀྱིས་ནི་ལ་ལས་བླ་མེད་ཀྱི་ལྷའི་དབུ་རྒྱན་ཡོ་གའི་རིགས་ལྔས་བྱས་པ་དང་། ལ་ལས་དབུ་རྒྱན་གྱི་ལྷ་ཡབ་ཡུམ་འཁྲིལ་སྦྱོར་ཅན་བྱས་པ་དང་། ལ་ལས་སྔགས་ནང་ལུགས་ཀྱི་རིགས་ལྔ་ལ་ཡུམ་མེད་པའི་དབུ་རྒྱན་ཡོན་པ་བྱས་ནས་སྣང་མོད་ཀྱི་འདི་དག་ཐམས་ཅད་ཤིན་ཏུའང་རིགས་པ་མ་ཡིན་ཏེ། སྔ་མ་ལྟར་ན་ཡོ་ག་འབྲོག་འཆོལ་བའི་སྐྱོན་དུ་འགྱུར་ལ། ཕྱི་མ་གཉིས་ལྟར་ན་ཚོམ་བུ་སྟོང་གི་དཀྱིལ་འཁོར་དང་ཉི་ཁྲི་བཞི་སྟོང་གི་དཀྱིལ་འཁོར་བསྒོམ་པའི་རྣམ་གཞག་ཀྱང་འཇིག་ལ། དབུ་རྒྱན་ལ་ཡང་དབུ་རྒྱན། དབུ་རྒྱན་ལའང་དབུ་རྒྱན། དབུ་རྒྱན་ལ་ཡང་དབུ་རྒྱན་བསྒོམས་ན་ཚི་ཆད་པར་འགྱུར་བ་དང་། ཚུལ་འདི་དག་སྔགས་གསར་རྙིང་གི་རྒྱུད་འགྲེལ་མན་ངག་ཁུངས་མ་གང་དུའང་མ་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། དབུ་རྒྱན་གྱི་ལྷ་རིགས་ལྔ་དང་། བྱིན་རླབས་ཀྱི་ལྷ་རིགས་ལྔ་ངོ་བོ་རང་གཅིག་གམ་མི་གཅིག་ཅེ་ན། ངོ་བོ་ཡེ་ཤེས་རང་སྣང་གི་ལྷ་ཡིན་པས་གཅིག་དང་ཐ་དད་ཀྱི་མཐའ་ལས་གྲོལ་ལ། གནས་དང་རྣམ་པ་ཐ་དད་པའི་ཚུལ་སྔར་བཤད་ཟིན་ནོ། །ཡང་ཡེ་ཤེས་སེམས་དཔའ་དང་ཐུགས་ཀྱི་ལྷ་གཉིས་གཅིག་གམ་ཐ་དད་ཅེ་ན། གནས་ཐ་དད་དེ། ཡེ་ཤེས་སེམས་དཔའ་སྙིང་གི་ནང་སྲོག་པ་རྩའི་སྒོ་རུ་བསྒོམ་ལ། ཐུགས་ཀྱི་ལྷ་བྲང་གི་ནང་སྙིང་གི་ཕྱི་རུ་བསྒོམ་མོ། །རྣམ་པ་གང་ཐ་དད་དེ། ཡེ་ཤེས་སེམས་དཔའ་ནི་རྩ་བའི་ལྷ་གང་ཡིན་དང་སྤྱི་རྣམས་འདྲ་བ་ལ་རྒྱན་དང་ཆ་ལུགས་སྤངས་པ། ཕྱག་མཚན་འཛིན་འཛིན་འདྲ་ལ་མི་འཛིན་པའོ། །ཐུགས་ཀྱི་ལྷ་ནི་རྩ་བའི་ལྷ་གང་ཡིན་ཀྱང་ཐུགས་ཀྱི་ལྷ་རྡོ་རྗེ་མི་བསྐྱོད་པ་སྐུ་མདོག་མཐིང་ཁ། ཕྱག་མཚན་རྡོ་རྗེ་ཧཱུཾ་གིས་མཚན་པ་འཛིན་པའོ། །ངོ་བོ་ནི་གཅིག་དང་ཐ་དད་ལས་གྲོལ་བའི་ཚུལ་སྔར་བཤད་ཟིན་ཏོ། །མདོར་ན་ལྷག་པའི་ལྷ་དགུ། རྩ་བའི་ལྷ་གང་ཡིན་ཉིད་དང་བཅུ་སྟེ། ལྷ་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ནམ་ཆུ་ནང་གི་ཟླ་བ་ལྟ་བུར་ཤེས་པར་བྱའོ། །གསུམ་པ་བྱིན་གྱིས་བརླབས་པའི་ཡོན་ཏན་ནོ། །དྲང་། ཞེས་བརྗོད་པས། ཡེ་ཤེས་ལྔའི་ཆུ་རྒྱུན་ལྟར་ཐིམ་པར་གྱུར། དབང་བསྐུར་གྱི་ལྷ་གསལ་བར་གྱུར། བྱིན་རླབས་ཀྱི་ལྷ་འབར་བར་གྱུར་ཏོ། །ཞེས་པའམ། ཡང་ན་དབང་གི་ལྷ་རིགས་ལྔར་ཐིམ་པར་གྱུར། སྐུ་གསུང་ཐུགས་ཀྱི་ལྷ་གསལ་བར་གྱུར། ཡོན་ཏན་ཕྲིན་ལས་ཀྱི་ལྷ་འབར་བར་གྱུར་ཏོ། །སྤྱི་དོན་གསུམ་པ་རང་བཞིན་གསུང་གི་དཀྱིལ་འཁོར་ལ་གསུམ་སྟེ། གསུང་ལྔའི་མཚན་ཉིད་དང་། ལས་དང་། རྣམ་གྲངས་སོ། །དང་པོ་ལ་ལྔ་སྟེ། བགྲང་། དོན་གྱི་གསུང་། དྲང་། ཨེ་མ་ཧོཿཞེས་པ་སྐྱེ་མེད་དོན་གྱི་གསུང་ལ་ངམ། རྨད་ཀྱི་ཆོས་ཞེས་པ་གསུངས་གཞན་ལས་ཁྱད་པར་དུ་གྱུར་པ་ལ་ངམ་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ལྔ་པོ་ཀུན་གྱི་གསུང་གི་རང་བཞིན་ནི་གྲགས་པའི་སྒྲ་དང་བཏགས་པའི་མིང་དང་བརྗོད་པའི་ཚིག་དང་ཡི་གེ་ལ་སོགས་པ་ཀུན་ལས་འདས་པས་ན་དོན་གྱི་གསུངས་སྟེ། བརྗོད་མེད་དེ་ཉིད་བརྗོད་བྱ་ཀུན་གྱི་གཞིར་གྱུར་པའི་ཕྱིར་སྣ་ཚོགས་པའི་སྒྲ་དང་ཚིག་རྣམས་ཀྱི་དོན་གསལ་བར་འབྱུང་བའོ། །ཚིག་གི་གསུང་། དྲང་། དེ་བཞིན་གཤེགས་པའི་དོན་གྱི་གསུང་གཅིག་པུ་དེ་ཀ་གསུང་གི་དཀྱིལ་འཁོར་བརྗོད་བྱ་ཐམས་ཅད་གསལ་བར་མཚོན་པའི་ཚིག་གམ། གསུང་དེ་དབྱངས་ཀྱི་ཡན་ལག་གི་བཅུ་གཉིས་སམ། ཡང་ན་འགྲོ་བ་རིགས་དྲུག་རེ་རེའི་གནས་སུ་ཡང་གསུང་དབྱངས་ཡན་ལག་དྲུག་ཅུ་དྲུག་ཅུ་སྟེ་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་གདུལ་བྱ་ལ་ཀུན་ཏུ་ཁྱབ་པའི་སྒྲ་དང་མིང་ཚིག་སོ་སོར་གྲགས་པ་ཐམས་ཅད་ཀྱང་ཚིག་རེས་དོན་རེ་མཚོན་པ་ལས་མི་འདའ་བས་ན་གསུང་གི་ཕྱག་རྒྱའི་མཆོག་གོ། །རིག་པའི་གསུང་། དྲང་། རྒྱུད་ཀུན་གྱི་མཆོག་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བས་ན་སྒྱུ་འཕྲུལ་དྲྭ་བ་རྒྱུད་གསང་བ་སྙིང་པོ་འདི་ཉིད་ཉམས་སུ་ལེན་བ་ལས་རྣམ་རྟོག་ཉོན་མོངས་པའི་ཟུག་རྔུ་མེད་པས་ན་བདེ་བ་དང་ལྡན་པའི་གསུང་གི་དོན་བྱུང་བའང་འཁོར་འདས་ཀྱི་སྒྲ་སྐད་ཐམས་ཅད་ལ་འཛིན་པ་མེད་པ་སྟེ། དེས་ན་པདྨ་འདམ་ན་གནས་ཀྱང་འདམ་གྱི་ཉེས་སྐྱོན་གྱིས་མི་གོས་པ་ལྟ་བུའི་ངང་དུ་གྱུར་ན་གྲོལ་བ་ནི་མྱ་ངན་ལས་འདས་པའི་ཆོས་དང་། ཐར་པའི་གནས་སུ་བགྲོད་པ་ནི་ལམ་གྱི་ཆོས་དང་། ཀུན་ནས་ཉོན་མོངས་པ་དང་བཅས་པ་ནི་འཁོར་བའི་ཆོས་སོ། །གཞན་ཡང་སེམས་ཅན་གྱི་རྒྱུད་ཀྱིས་ཟིན་པ་དང་མ་ཟིན་པའི་སྒྲ་སྐད་ཇི་ལྟར་བརྗོད་པ་ཐམས་ཅད་ཀྱང་མཚན་མའི་སྐྱོན་གྱིས་མི་གོས་པས་ན་གསུང་གི་མཆོག་སྟེ་རིག་པ་བྱིན་གྱིས་བརླབས་ཀྱི་གསུང་ངོ་། །རྡོ་རྗེའི་གསུང་། དྲང་། ཐེག་པ་མཐོ་བ་སྔགས་དང་དམན་པ་མཚན་ཉིད་ལ་སོགས་པ་ཐམས་ཅད་དང་། ལོག་པར་མུ་སྟེགས་རྟག་ཆད་དང་། འགྲོ་བ་རིགས་དྲུག་གི་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་སྒྲ་སྐད་སེམས་ཉིད་དུ་གསལ་བས་ནི་མངོན་པར་བྱང་ཆུབ་པའི་གསུང་ངོ་། །དེ་ཉིད་གྲགས་སྟོང་དབྱེར་མི་ཕྱེད་པས་ན་རྡོ་རྗེའི་གསུང་དུ་བསྡུས་ལ། དེ་ལྟར་བསྡུས་པའི་དུས་ཉིད་ནའང་རྡོ་རྗེའི་གསུང་ལས་མ་གཡོས་པར་ཕྱོགས་བཅུར་གདུལ་བྱའི་སྣང་བ་དང་མཐུན་པར་རྣམ་པར་གྲགས་སོ། །སྒྲ་སྐད་གྲགས་པ་ཉིད་ན་མ་ཆགས་མི་འཛིན་པ་གཉིས་མེད་ཀྱི་ངང་དུ་གསུངས་ལ། དེ་ལྟར་གསུངས་པའི་དུས་ཉིད་ན་སྐྱེ་བ་མེད་པའི་དོན་ལ་ཚིག་ཏུ་བརྗོད་པ་མེད་པའོ། །ཚངས་པ་དབྱངས་ཀྱི་གསུང་ངོ་། །དྲང་། དོན་གྱི་གསུང་བརྗོད་དུ་མེད་པ་དེ་ཉིད་ཚིག་སྣ་ཚོགས་པའི་སྒྲ་གདུལ་བྱ་ཀུན་ལ་གྲགས་ཤིང་བརྡ་སོ་སོར་འཇལ་བར་བྱེད་དོ། །དཔེར་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་སྤྲིད་པ་སངས་པ་ལ་ལྷ་རྗེ་དང་། ནད་པ་དང་། ཆུང་མ་དང་གསུམ་ལ་གོ་ཚུལ་རེ་རེ་བྱུང་བ་བཞིན་དུ་དོན་གྱི་གསུང་གཅིག་གི་སྒྲ་ཡིས་བྱེ་བྲག་ཏུ་གདུལ་བྱ་ཐམས་ཅད་ལ་རང་རང་གི་བསམ་པ་དང་མཐུན་པས་སོ་སོར་གོ་བ་སྟེ། ཚངས་པའི་དབྱངས་ཀྱི་གསུང་འདི་ནི་ཚིག་གཅིག་གིས་དོན་ཐ་དད་པ་དུ་མ་དུས་གཅིག་ལ་གོ་བར་བྱེད་པས་ན་གསུང་མཆོག་རྒྱལ་པོ་ཡིན་ནོ། །སྐབས་འདིར་ཁ་ཅིག་ན་རེ། འདིར་ལོངས་སྐུ་བརྡའི་གསུང་མ་བྱུང་བས་ཆད་ལ་སྤྲུལ་སྐུའི་གསུང་ལན་གཉིས་བྱུང་བས་ལྡབས་སོ་ཞེ་ན། ལྷ་རྗེ་དྲིངས་པ་ན་རེ། ལོངས་སྐུ་བརྡའི་གསུང་ལེའུ་དྲུག་པར་བསྟན་པས་འདིར་མ་བྱུང་བ་ཡིན་ལ། སྤྲུལ་སྐུའི་གསུང་གཉིས་མ་ལྡབས་ཏེ། སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་ནི་ཚིག་རེ་རེས་དོན་རེ་རེ་མཚོན་པ་ཡིན་ལ། སྤྲུལ་སྐུ་ཚངས་པ་དབྱངས་ཀྱི་གསུང་ནི་ཚིག་གཅིག་གིས་དོན་དུ་མ་མཚོན་པ་ཡིན་ཏེ། གཞུང་ཚིགས་གིས་གསལ་ལོ་གསུང་། གཙང་པ་བྱི་སྟོན་ན་རེ། ལོངས་སྐུའི་གསུང་ཆད་པ་མེད་དེ། ཇི་ལྟར་གསུང་རབ་ཀུན་བརྗོད་ཀྱང་། །དེ་བཞིན་ཉིད་ལས་གསུངས་པ་མེད། །ཅེས་པ་འདི་བརྡའི་གསུང་དུ་འགྲོ་གསུང་། རྒྱ་གབ་གོང་པ་ན་རེ། བླ་མ་རྣམས་དེ་ལྟར་གསུང་ཡང་། འགྲེལ་བ་སྤར་ཁབ་ཀྱིས། གསུང་ལྔའི་མཚན་ཉིད་དང་། ལས་དང་རྣམ་གྲངས་རྣམས་ཐུན་མོང་དུ་བདུན་དུ་བཞག་པས་ལོངས་སྐུའི་གསུང་མ་ཆད་གསུང་ངོ་། །གཉིས་པ་གསུང་གི་ལས། དྲང་། ཐེག་པ་མཐོ་བ་སྔགས་དང་དམན་པ་མཚན་ཉིད་ལ་སོགས་པ་བསམ་ཡས་པ་གདུལ་བྱའི་ངོ་ལ་ཇི་ལྟར་སྣང་ཡང་བཅོམ་ལྡན་འདས་ཀྱིས་གཟུགས་ཀྱི་དེ་བཞིན་ཉིད་ཁོ་ན་ལས་མ་གསུངས་ཏེ། གདུལ་བྱ་འདུལ་བའི་ཐབས་སུ་ཚངས་པའི་དབྱངས་གཅིག་ལའང་གོ་ཚུལ་སོ་སོར་ཐོས་ཏེ། མདོ་ཏིང་འཛིན་རྒྱལ་པོ་ལས་ཀྱང་། ཀ་དཱི་ནྱ་ངས་ནི་གཟུགས་ཀྱི་དེ་བཞིན་ཉིད་འབའ་ཞིག་གསུངས་ན། ལ་ལས་ནི་གཟུགས་སྟོང་ཞེས་བྱ་བར་ཐོས། ལ་ལས་ནི་གཟུགས་མི་སྟོང་ཞེས་བྱ་བར་ཐོས། ལ་ལས་ནི་གཟུགས་བདེ་ཞེས་བྱ་བར་ཐོས། ལ་ལས་ནི་གཟུགས་སྡུག་བསྔལ་ཞེས་བྱ་བར་ཐོས། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསུམ་པ་གསུང་གི་རྣམ་གྲངས་སོ། །དྲང་། ཇི་ལྟར་སྒྲའམ་བརྡའི་སྒོ་ནས་གསུང་རབ་ཀྱི་དོན་ཀུན་ཚིག་ཏུ་བརྗོད་པ་ཐམས་ཅད་ཀྱང་བསྡུ་ན་གསུང་གི་རྣམ་གྲངས་ལྔའམ་དྲུག་ཏུ་འདུས་ཏེ་དེ་བཞིན་ཉིད་ཀྱི་དོན་བརྗོད་དུ་མེད་པའི་ཕྱིར། ཚིག་ཏུ་གསུངས་པ་མེད་པ་ནི་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་ངོ་། །དེ་ཉིད་མཚོན་བྱེད་ཀྱི་ཡི་གེ་མེད་པ་དང་ལྗགས་ཀྱི་རྩེ་མོར་སྒྲ་ཚིག་ཏུ་མ་བྱུང་ཡང་བརྡ་དོན་འཇལ་བར་བྱེད་པས་ན་ལོངས་སྐུའི་དགོངས་པ་བརྡའི་གསུང་ངོ་། །དེ་ཉིད་ཀྱང་རང་རིག་པ་ཁོ་ནའི་ཕྱིར་རིག་པ་ཡེ་ཤེས་ཀྱི་གསུང་དེ་ནི་སྤྲོས་པ་དང་བྲལ་ཡང་བརྩེ་བ་ཆེན་པོས་ཐམས་ཅད་ལ་ཁྱབ་པའི་ཐུགས་རྗེས་ཆོས་ཐམས་ཅད་དང་། སྒྲ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་ལྷུན་གྱིས་གྲུབ་པ་གསུང་གི་བྱིན་རླབས་ཅིར་ཡང་མི་འགག་པ་ནི་རིག་པ་བྱིན་གྱིས་བརླབས་ཀྱི་གསུང་ངོ་། །འགྲོ་དོན་སྣ་ཚོགས་གདུལ་བྱའི་བསམ་པ་དང་མཐུན་པར་སོ་སོར་བརྡའི་དོན་དུས་གཅིག་ཏུ་གསལ་བར་སྟོན་པ་སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་ངོ་། །གསུང་ལྔ་ཡང་མ་འཆགས་པ་གསལ་བའི་དུས་ཉིད་ནའང་རང་བཞིན་ལས་གཡོས་པ་མེད་པས་གསུང་གི་མཆོག་སྟེ་དབྱེར་མེད་རྡོ་རྗེའི་གསུང་ངོ་། །དེ་བཞིན་ཚིག་ཏུ་མ་བརྗོད་པར་གསལ་བར་གོ་བ་ལ་སོགས་པའི་གསུང་གི་སྒོ་ནས་འགྲོ་བ་སེམས་ཅན་གྱི་དོན་རྣམས་ཀྱང་དེ་བཞིན་གྱི་ངང་ལས་མ་གཡོས་པར་སྒྲའི་བྱེ་བྲག་ཐ་དད་པ་སྣ་ཚོགས་སུ་གྲགས་ཀྱང་། དཔེར་ན་བྲག་གིས་མ་སྨྲས་བཞིན་དུ་བྲག་ཅའི་སྒྲ་ཀ་དང་ཀི་ལ་སོགས་པ་ངང་གིས་ཇི་ལྟར་བརྗོད་པ་ལྟར་འབྱུང་བཞིན་ནོ། །ལེའུའི་མཚན་ནོ། །དྲང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཚན་གྱི་གཞི་འབྲུ་མཐུན། རང་བཞིན་འབྲས་བུ་མཐར་ཕྱིན་གསུང་གི་དཀྱིལ་འཁོར་ཏེ། གསུང་ལྔའི་མཚན་ཉིད་དང་། ལས་དང་། རྣམ་གྲངས་རྣམས་བསྡུས་ཏེ་བསྟན་པ་དང་ལྷ་བསྐྱེད་པ་ལ་སོགས་པའི་གསང་བ་སྔགས་ཀྱི་དོན་རྣམས་གཅོད་ཅིང་མཚམས་འཛིན་པས་ན་ལེའུ་སྟེ་ཡས་བགྲངས་བདུན་པའི་དོན་དུ་གདའོ།། ༈ །།ད་ནི་ལེའུ་བརྒྱད་པ་འཆད་པར་བྱེད་དེ། དེ་ལ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས། ལམ་དང་འབྲས་བུ་གཙོ་ཆེར་སྟོན། ལམ་ལ་ཐབས་གྲོལ་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས། རྒྱུ་ཤེས་པ་དང་། རྐྱེན་འཇུག་པ་སྟོན། འབྲས་བུ་མཐར་ཕྱིིན་ཟུར་ཙམ་སྟོན། སྣང་བ་བཞི་ལས། རང་བཞིན་དང་ལམ་སྣང་གཉིས་སྟོན། ལམ་ལ་རིམ་ཅིག་ཅར་གཉིས་ལས་གཉིས་ཀ་སྟོན། འབྲིང་གི་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ལས་ཐུགས་ཀྱི་དཀྱིལ་འཁོར་སྟོན། ཞོར་ལ་ལྟ་བ་སྤྱོད་པ་ཏིང་ངེ་འཛིན་སྟོན། གཙོ་བོར་ཕྱག་རྒྱ་སྟོན། ཐ་མའི་ཆོས་བཅུ་ལས། རང་བཞིན་ལྟ་བ། ལྡེམ་དགོངས་མན་ངག །མཚོན་པ་དཔེ། ཚད་མ་བཀའ་གཞུང་རྣམས་སྟོན། སྤྱི་དོན་བསྡུ་བ་ཟུར་ཙམ་སྟོན། གཞན་ཡང་སྤྱི་འགྲོ་རྣམས་ཀྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་བརྒྱད་པ་ལ་གསུམ་སྟེ། བགྲང་། གསུང་པ་ལོ་རྒྱུས་སུ་བརྗོད་པ། དྲང་། ལྷག་པ་ཏིང་ངེ་འཛིན་སྐུ་དང་གསུང་གི་དཀྱིལ་འཁོར་བསྟན་ནས། ད་ཐུགས་ཀྱི་དཀྱིལ་འཁོར་སྟོན་པར་བྱེད་པས་ན་དེ་ནས་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་སྟོན་པ་དྲུག་པ་ཉིད་ཀྱིས་ལུས་དང་རྟོགས་པའི་ཡན་ལག་ཐམས་ཅད་རིགས་ལྔ་ལ་སོགས་པའི་དཀྱིལ་འཁོར་དུ་མ་བཙལ་བར་ལྷུན་གྱིས་གྲུབ་པར་ཡེ་ནས་གནས་པ་ནི་རང་བཞིན་གྱི་ཕྱག་རྒྱ། གནས་པ་ལ་གནས་པ་ལྟར་ཤེས་པ་ལྟ་བའི་ཕྱག་རྒྱ། དེ་དོན་མངོན་དུ་བྱས་པ་ནི་ལྷག་པའི་ཕྱག་རྒྱ། དེ་ལྟར་ཐབས་འདིས་ལྷའི་རང་བཞིན་དུ་བྱིན་གྱིས་རློབ་པ་ཞེས་བྱ་བ་འོག་ནས་འབྱུང་བའི་དོན་འདི་ཆེད་དུ་བརྗོད་དོ། །ལེའུའི་གཞུང་ལ་དྲུག་སྟེ། བགྲང་། དང་པོ་རང་བཞིན་གྱི་ཕྱག་རྒྱ། དྲང་རྟོགས་ཚོགས་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བར་ཡེ་ནས་གསལ་བས་ན་སྒྱུ་འཕྲུལ་དྲྭ་བ་མངོན་དུ་རྫོགས་པ་རྟོག་པ་ཐམས་ཅད་ལྷའི་ངོ་བོར་ཡེ་ནས་གནས་པ་རང་བཞིན་གྱི་ཕྱག་རྒྱ། དེ་ལྟར་རྟོགས་པ་ལྟ་བའི་ཕྱག་རྒྱ། མངོན་དུ་བྱེད་པ་འབྲས་བུའི་ཕྱག་རྒྱའོ། །དེ་གསུམ་དང་ལྡན་པ་ནི་བྱང་ཆུབ་མཆོག་གི་ཕྱག་རྒྱ་སྟེ་དེ་ནི་ཕྱག་རྒྱའི་མཆོག་ཁོ་ནའོ། །དེ་ཡང་རྒྱས་པ་ལས། རང་བཞིན་ཕྱག་རྒྱ་ཆེན་པོ་ནི། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །རིགས་ལྔ་བདེ་གཤེགས་ཡབ་ཡུམ་གྱི། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་གསུངས་སོ། །མདོར་ན་ཕྱག་རྒྱ་ཞེས་པ་ནི་རྒྱས་འདེབས་པར་བྱེད་པའི་ཐ་ཚིག་སྟེ། དེ་ཡང་འདའ་བར་དཀའ་བ་དང་། མཛེས་པར་བྱེད་པ་དང་། བརྡ་སྤྲོད་པ་སྟེ། ཆོས་གསུམ་ལྡན་ཞིག་ཡིན་ནོ། །དེ་དག་གི་དཔེ་ནི་གོ་རིམ་བཞིན། རྒྱལ་པོའི་བཀའ་རྟགས་དང་། སྒེག་མོའི་སོར་གདུབ་དང་། ཉོ་ཚོང་མཁན་གྱི་ཕུ་དུད་བཞིན་ཤེས་པར་བྱའོ། །གཉིས་པ་ཕྱག་རྒྱའི་ཁུངས་ངེས་ཚིག་དང་བཅས་པ། དྲང་། རང་བཞིན་གྱི་ཕྱག་རྒྱ་རྟོགས་དཀའ་བས་ན་གསང་བ་དེ་ཉིད་གཞུང་གང་གིས་སྟོན་ན། དེ་ཁོ་ན་ཉིད་ངེས་པའི་དོན་མཚོན་པར་བྱེད་པ་གསང་བ་སྙིང་པོའི་གཞུང་གིས་སྟོན་པའི་ཕྱག་རྒྱ་འདི་ནི་འདའ་བར་དཀའ་བ་སྟེ་རྒྱལ་པོའི་བཀའ་རྟགས་དང་འདྲའོ། །གསུམ་པ་ལྷག་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ལ་གཉིས་ཏེ། བགྲང་། ཕྱག་རྒྱའི་རྒྱུ་བསྟན་པ། དྲང་། ལག་པ་གཡས་པ་མི་བསྐྱོད་པའི་རིགས་ཀྱི་སོར་མོའི་བྲེ་ཁ་ལྔ་ལ། མ་སཱུརྻ་མཎྜ་ལ་ཞེས་པའི་སྔགས་ཀྱིས་ཉི་མའི་དཀྱིལ་འཁོར་ལྔ་བཀོད་ལ། དེའི་སྟེང་དུ་ཡབ་ཀྱི་ས་བོན་ཡི་གེ་འབྲུ་ལྔ་བཀོད་དེ། གུང་མོ་ལ་ཧཱུཾ། མཛུབ་མོ་ལ་ཨཱོཾ་སྲིན་ལག་པ་སྭཱ། མཐེ་བོང་ལ་ཨཱཾ། མཐེ་ཆུང་ལ་ཧཱ་རྣམས་སོ། །ལག་པ་གཡོན་པ་རིན་ཅེན་རིགས་ཀྱི་སོར་མོའི་བྲེ་ཁ་ལྔ་ལ། ཨ་ཙནྡྲ་མཎྜལ་ཞེས་པའི་སྔགས་ཀྱིས་ཟླ་བའི་དཀྱིལ་འཁོར་ལྔ། དེའི་སྟེང་དུ་ཡུམ་གྱི་ཡི་གེ་འབྲུ་ལྔ་བཀོད་དེ། གུང་མོ་ལ་མཱུཾ། མཛུབ་མོ་ལ་ལཱཾ། སྲིན་ལག་ལ་མཱཾ། མཐེ་བོང་ལ་པྱཾ། མཐེ་ཆུང་ལ་ཏཱཾ་རྣམས་སོ། །དེ་ནས་ལག་པ་གཡས་གཡོན་གྱི་སོར་མོ་ལྔ་གཉིས་ཟུང་དུ་སྤྲད་པ་ལས་ཐལ་མོ་སྦྱར་བ་ལས་ལྷ་སོ་སོའི་ཕྱག་རྒྱ་འབྱུང་བའི་རྒྱུའོ། །དེ་ཡང་ཐལ་རྒྱུད་ལས། མི་བསྐྱོད་རྡོ་རྗེ་རྩེ་ལྔ་ལས། །ཉི་མའི་ཐེག་ལེ་ཡི་གེ་ལྔ། །རཏྣ་པར་བུའི་ཉི་ལྔ་ལ། །ཟླ་བའི་ཐིག་ལེ་ཡི་གེ་དངོས། །ཐིག་ལེ་ཐབས་ཤེས་ལྔ་གཉིས་རྣམས། །ཕྲད་པའི་དུས་ན་རང་སྣང་བ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་། །ཞེས་གསུངས་སོ། །ཕྱག་རྒྱ་དངོས་སོ། །དེ་ལ་གཉིས་ཏེ། བགྲང་། རིགས་ལྔ་སྤྱིའི་དམ་ཚིག་གི་ཕྱག་རྒྱ། དྲང་། ལག་པ་གཡས་ཀྱི་མཛུབ་མོའི་ཨཱོཾ་དང་། གཡོན་གྱི་གུང་མོའི་མཱུཾ་གཉིས་རྩེ་སྦྱར་ཏེ་རིགས་བཞིའི་ཡི་གེ་འབྲུ་བརྒྱད་པོ་ཡབ་ཡུམ་བྲང་མ་སྤྲད་པར་བསྣོལ་ཏེ་རྩེ་མོ་སྤྲད་པ་ནི། དུས་གསུམ་གྱི་རྒྱལ་བ་ཀུན་དང་མཉམ་པར་སྦྱོར་བའི་དབང་དུ་དངོས་གྲུབ་བདེ་བ་ཆེན་པོ་རང་གི་རྒྱུད་ལ་སྦྱིན་པར་བྱེད་པའི་ཕྱག་རྒྱའོ། །དེ་ཡང་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་རྒྱུད་ལས། ཨཱོཾ་དང་མཱུཾ་དུ་རྩེ་སྦྱར་ཏེ། །དེ་བཞིན་ཧཱུཾ་དང་ལཱཾ་དུ་སྦྱར། །ཧཱ་དང་པྱཾ་ཡང་དེ་བཞིན་ཏེ། །ཨཱཾ་དང་ཏཱཾ་དུ་སྦྱར་བ་ལས། །རྒྱབ་སྦྱར་སྭཱ་དང་མཱཾ་བསྒྲེང་བ། །འདི་ནི་ཡབ་ཀྱི་སྤྱི་རྒྱ་ཡིན། །ལག་པ་ཐལ་མོ་སྦྱར་བ་ལས། །ཨཱོཾ་དང་མུཾ་སྦྱར་ཧཱུཾ་དང་ནི། །ལཱཾ་སྦྱར་སྭཱ་དང་པྱཾ་དུ་སྦྱར། །ཨཱྃ་དང་མཱཾ་སྦྱར་ཧཱ་ཏཱཾ་བསྒྲེང་། །ཡུམ་གྱི་སྤྱི་རྒྱ་ཡིན་པར་བཤད། །ཅེས་གསུངས་པ་བཞིན་ཤེས་པར་བྱའོ། །སྒྱུ་འཕྲུལ་མན་ངག་འོད་ཀྱི་རིམ་པ་ལས། མཐེ་བོང་གཉིས་ལ་སྭཱ་མཱཾ་དང་། སྲིན་ལག་གཉིས་ལ་ཨཱཾ་པྱཾ་དགོད་པར་བཤད་ཅིང་། བླ་མ་གོང་མ་རྣམས་ཀྱང་ཕྱག་ལེན་དེ་ལྟར་དུ་མཛད་མོད་ཀྱི། རྒྱུད་རྔམ་པ་གློག་གི་འཁོར་ལོའི་ལུང་འདི་དང་མི་མཐུན་པར་སྣང་ཞིང་། རྒྱུད་རྩ་བཤད་གཉིས་ཀ་ཕྱག་རྒྱ་བཅའ་ལུགས་གུང་མཐུན་དགོས་པས་འདི་བཞིན་དུ་རིག་པར་བྱའོ། །དེ་ཡང་ཐལ་རྒྱུད་ལས། དབྱིངས་དང་ཡེ་ཤེས་བདག་པོ་གཉིས། །ཨཱོཾ་དང་མཱུཾ་དུ་རང་བཞིན་གནས། །རྭ་དང་འདབ་མའི་ཐིག་ལེ་རྣམས། །རང་རང་གནས་ཀྱི་བསྣོལ་མར་འགྱུར། །རབ་ཏུ་འདྲེས་པར་གྱུར་པ་ལས། །རྒྱལ་བའི་ཡེ་ཤེས་བདེ་ཆེན་པོ། །མྱོང་འགྱུར་ཐོབ་པ་ཞེས་སུ་བཤད། །ཅེས་གསུངས་སོ། །ལྷ་སོ་སོའི་ཕྱག་རྒྱའོ། །དེ་ལ་ལྔ་སྟེ། བགྲང་། དང་པོ་རིགས་ལྔ་ཡབ་ཡུམ་གྱི་ཕྱག་རྒྱ་ལ་ནང་བརྩེགས་ལྔ་ལས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ཕྱག་རྒྱ། དྲང་། བདག་རྡོ་རྗེ་སེམས་དཔའ་དབུའི་གཙུག་ཏོར་ནས་ཞབས་གདན་ཁྲི་ཡན་ཆོད་སྐུ་རའི་དང་ཁྱམ་ཁྱོམ་མེད་པར་གསལ་བ་ནི་སྐུའི་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་གསལ་བའི་ལག་པ་གཡས་ཀྱི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་འབྲུ་བཞི་པོ་སྦས་ནས་གུང་མོ་གྱེན་དུ་བསྒྲེང་བ་ཐུགས་ཀར་བཀན་ཐབས་སུ་བཅའ་བ་ནི་བཅའ་བ་དམ་ཚིག་གི་ཕྱག་རྒྱ། དེའི་རྩེ་མོར་ཧཱུཾ་མཐིང་ཁ་བསམ་པ་ནི་བསམ་པ་ཆོས་ཀྱི་ཕྱག་རྒྱ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་འོད་འབར་བ་བསམ་པ་ནི་བསམ་པ་དམ་ཚིག་གི་ཕྱག་རྒྱ། ལག་པ་གཡོན་པའི་ཟླ་བའི་དཀྱིལ་འཁོར་ལྔ་བརྟུལ་ཡུམ་གྱི་ཡིག་འབྲུ་རྣམས་སྦས་ནས་དྲིལ་བུ་གསིལ་ཞིང་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པ་ཆོས་ཀྱི་རིགས་ལ་བསྟན་པའི་ཕྱག་རྒྱ་དངོས་སུ་བཅའ་བ་ནི་བཅའ་བ་ལས་ཀྱི་ཕྱག་རྒྱ། དེ་ལྟར་ཡིད་ཀྱིས་བསམ་པ་ནི་བསམ་པ་ལས་ཀྱི་ཕྱག་རྒྱ། ཧཱུཾ་བཛྲ་དྷྲིཀ྄་ཅེས་ཕྱག་རྒྱ་གཡས་ནས་བཅས་ཏེ། མདུན་དུ་བསྒྱུར་ནས་གཡོན་དུ་ཡུམ་གྱི་ཐུགས་ཀར་དཀྲོལ་བ་ནི་ཤེས་རབ་ལ་ཐབས་ཀྱིས་རྒྱས་འདེབས་པ་སྟེ་བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །དེའི་གཡོན་ཕྱོགས་སུ་ཡུམ་ནམ་མཁའ་དབྱིངས་ཕྱུག་མ་གསལ་བར་བསྒོམ་པ་ནི་སྐུ་ཕྱག་རྒྱ་ཆེན་པོའོ། །ལག་པ་གཡོན་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་འབྲུ་བཞི་སྦས་ནས་གུང་མོ་བསྒྲེང་བ་ཐུགས་ཀར་བཀན་ཐབས་སུ་བཅའ་བ་ནི་བཅའ་བ་དམ་ཚིག་གི་ཕྱག་རྒྱ། དེའི་རྩེ་མོར་མཱུཾ་མཐིང་ཁ་བསམ་པ་ནི་བསམ་པ་ཆོས་ཀྱི་ཕྱག་རྒྱ། དེ་ཡོངས་སུ་གྱུར་པ་ལས་དྲིལ་བུ་གསིལ་བའི་སྒྲ་ཅན་འོད་འབར་བ་བསམ་པ་ནི་བསམ་པ་དམ་ཚིག་གི་ཕྱག་རྒྱ། ལག་པ་གཡས་པའི་ཉི་མ་ལ་གནས་པའི་ཡབ་ཀྱི་འབྲུ་ལྔ་དང་བཅས་པ་ལས་སུ་ཡབ་ཀྱི་མགུལ་ལ་འཁྲིལ་ཞིང་ཡུམ་གྱི་དབུ་ཡབ་ཀྱི་མདུན་ན་བཏུད་དེ་འཛུམ་པའི་མདངས་ཀྱིས་ཡབ་ཀྱི་ཞལ་བལྟ་བའི་ཚུལ་དུ་ཕྱག་རྒྱ་དབུས་སུ་བཅའ་བ་ནི་བཅའ་བ་ལས་ཀྱི་ཕྱག་རྒྱ། དེ་ལྟར་ཡིད་ཀྱིས་བསམ་པ་ནི་བསམ་པ་ལས་ཀྱི་ཕྱག་རྒྱ། མཱུཾ་དྷཱ་ཏྭེ་ཤྭ་རཱི་ཞེས་བརྗོད་ཅིང་། ཕྱག་རྒྱ་གཡོན་དུ་བཅས་ཤིང་ཐུགས་ཀར་བསྒྱུར་ནས་གཡས་སུ་ཡབ་ཀྱི་ཐུགས་ཀར་དགྲོལ་བ་ནི་ཐབས་ལ་ཤེས་རབ་ཀྱི་རྒྱས་འདེབས་པ་སྟེ་བརྗོད་པའི་ཚིག་གི་ཕྱག་རྒྱའོ། །འདི་ལ་བདག་གི་བླ་མ་དངུལ་སྟོན་གླང་མཁལ་བ་ནི། ཡབ་ཡུམ་གཉིས་ཀར་གྱི་ཕྱག་རྒྱ་རྫོགས་པའི་རྗེས་སུ། ཡབ་ཡུམ་གྱི་སྙིངས་པོས་ཕན་ཚུན་ཐབས་ཀྱིས་ཤེས་རབ་ལ་རྒྱས་གདབ་པ་དང་། ཤེས་རབ་ཀྱིས་ཐབས་ལ་རྒྱས་གདབ་པ་མཛད་ཀྱི། ཡུམ་མ་བསྐྱེད་གོང་དུ་ཡབ་ཀྱི་སྙིང་པོ་མི་བརྗོད་དེ་ཐབས་ཀྱིས་རྒྱས་གདབ་བྱའི། ཡུམ་ཤེས་རབ་མ་བསྐྱེད་པའི་ཕྱིར་རོ་ཞེས་གསུང་ངོ་། །མདོར་ན་ཕྱག་རྒྱ་བདུན་གསུངས་ཀྱང་བཅའ་བ་ལས་ཀྱི་ཕྱག་རྒྱ་དང་། བསམ་པ་ལས་ཀྱི་ཕྱག་རྒྱ་གཉིས་ཀ་ལས་ཀྱི་ཕྱག་རྒྱ་གཅིག་ཏུ་བགྲངས། བཅའ་བ་དམ་ཚིག་གི་ཕྱག་རྒྱ་དང་། བསམ་པ་དམ་ཚིག་གི་ཕྱག་རྒྱ་གཉིས་ཀ་དམ་ཚིག་གི་ཕྱག་རྒྱ་གཅིག་ཏུ་བགྲང་། བསམ་པ་ཆོས་ཀྱི་ཕྱག་རྒྱ་དང་། བརྗོད་པ་ཆོས་ཀྱི་ཕྱག་རྒྱ་གཉིས་ཀ་ཆོས་ཀྱི་ཕྱག་རྒྱ་གཅིག་ཏུ་བགྲངས་ཏེ་དེ་ལྟར་སྐུ་ཕྱག་རྒྱ་ཆེན་པོ་དང་བཞིའོ། །དེ་ཡང་གསལ་བཀྲ་ལས། དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་པའི་དོན་ནོ། །འདིའི་འགྲོས་ཀྱིས་འཆད་པར་འགྱུར་བའི་ལྷ་ཐམས་ཅད་ལ་ཕྱག་རྒྱ་བདུན་ལྡན་སྦྱར་བ་ཤེས་པར་བྱའོ། །རྣམ་སྣང་ཡབ་ཡུམ་གྱི་ཕྱག་རྒྱ། དྲང་། རྣམ་པར་སྣང་མཛད་ཀྱི་སྐུ་ཡོངས་སུ་རྫོགས་པར་གསལ་བ་ནི་སྐུའི་ཕྱག་རྒྱ་ཆེན་པོ། ལག་པ་གཡས་པའི་འབྲུ་བཞི་སྦས་ནས་མཛུབ་མོའི་གྱེན་དུ་བསྒྲེང་བ་ཐུགས་ཀར་བཀན་ཐབས་སུ་བཅས་པའི་རྩེ་མོར་ཨཱོཾ་དཀར་པོ་ཡོངས་སུ་གྱུར་པ་ལས་འཁོར་ལོ་འོད་འབར་བ་བསམ། ལག་པ་གཡོན་པའི་ཟླ་བའི་དཀྱིལ་འཁོར་བརྟུལ་ཡུམ་གྱི་ཡིག་འབྲུ་རྣམས་སྦས་ནས་དྲིལ་བུ་གསིལ་ཞིང་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པ་ཆོས་ཀྱི་རིགས་ལ་བསྟན་པ་ནི་ཡབ་ཀྱི་ཕྱག་རྒྱའོ། །ལག་པ་གཡོན་པའི་ཡུམ་གྱི་འབྲུ་བཞི་སྦས་ནས་མཛུབ་མོ་གྱེན་དུ་བསྒྲེང་བ་ཐུགས་ཀར་བཀན་ཐབས་སུ་བཅས་པའི་རྩེ་མོར་ལཱཾ་དཀར་པོ་ཡོངས་སུ་གྱུར་པ་ལས་དྲིལ་བུ་གསིལ་བའི་སྒྲ་དང་བཅས་པ་འོད་འབར་བ་བསམ་ཞིང་། ལག་གཡས་པའི་ཉི་མ་ལ་གནས་པའི་ཡབ་ཀྱི་ཡིག་འབྲུ་ལྔ་དང་བཅས་པ་ལས་སུ་ཡབ་ཀྱི་མགུལ་ལ་འཁྲིལ་ནས། དབུ་ཡབ་ཀྱི་མདུན་ན་བཏུད་དེ་ཞལ་འཛུམ་པའི་མདངས་ཀྱིས་ཡབ་ཀྱི་ཞལ་དུ་བལྟ་བའི་ཚུལ་ནི་ཡུམ་གྱི་ཕྱག་རྒྱའོ། །རིན་ཅེན་འབྱུང་ལྡན་ཡབ་ཡུམ་གྱི་ཕྱག་རྒྱ། དྲང་། རིན་ཅེན་འབྱུང་ལྡན་དུ་གསལ་བའི་ལག་པ་གཡས་པའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡབ་ཀྱི་ཡིག་འབྲུ་བཞི་སྦས་ནས་སྲིན་ལག་གྱེན་དུ་བསྒྲེང་བ་ཐུགས་ཀར་བཀན་ཐབས་སུ་བཅས་པའི་རྩེ་མོར་སྭཱ་སེར་པོ་བསམ། དེ་ཡོངས་སུ་གྱུར་པ་ལས་རིན་ཅེན་འོད་འབར་བ་བསམ་ཞིང་། གཡོན་ཟླ་བའི་དཀྱིལ་འཁོར་བརྟུལ་ཡུམ་གྱི་ཡིག་འབྲུ་སྦས་ནས་དྲིལ་བུ་གསིལ་ཞིང་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པ་ཆོས་ཀྱི་རིགས་ལ་བསྟན་པ་ནི་ཡབ་ཀྱི་ཕྱག་རྒྱའོ། །དེའི་གཡོན་དུ་ཡུམ་མཱ་མ་ཀཱིར་གསལ་བའི་ལག་པ་གཡོན་པའི་ཡུམ་གྱི་ཡིག་འབྲུ་བཞི་སྦས་ནས་སྲིན་ལག་གྱེན་དུ་བསྒྲེང་བ་ཐུགས་ཀར་བཀན་ཐབས་སུ་བཅས་པའི་རྩེ་མོར་མཱཾ་སེར་པོ་ཡོངས་སུ་གྱུར་པ་ལས་དྲིལ་བུ་གསིལ་བའི་སྒྲ་དང་བཅས་པ་འོད་འབར་བ་བསམ་ཞིང་། གཡས་པའི་ཉི་མ་ལ་གནས་པའི་ཡབ་ཀྱི་ཡིག་འབྲུ་ལྔ་དང་བཅས་པ་ལས་སུ་ཡབ་ཀྱི་མགུལ་ལ་འཁྲིལ་ཞིང་། དབུ་མདུན་ནས་བཏུད་དེ་ཞལ་འཛུམ་པའི་མདངས་ཀྱིས་ཡབ་ཀྱི་ཞལ་དུ་བལྟ་བའི་ཚུལ་ནི་ཡུམ་གྱི་ཕྱག་རྒྱའོ། །མཐའ་ཡས་ཡབ་ཡུམ་གྱི་ཕྱག་རྒྱ། དྲང་། སྣང་བ་མཐའ་ཡས་སུ་གསལ་བའི་ལག་པ་གཡས་པའི་ཉི་མ་ལ་གནས་པའི་ཡབ་ཀྱི་འབྲུ་བཞི་སྦས་ནས་མཐེ་བོང་གྱེན་དུ་བསྒྲེང་བ་ཐུགས་ཀར་བཀན་ཐབས་སུ་བཅའ་ཞིང་དེའི་རྩེ་མོར་ཨཱཾ་དམར་པོ་ཡོངས་སུ་གྱུར་པ་ལས་པདྨ་འོད་འབར་བ་བསམ་ཞིང་། གཡོན་པའི་ཟླ་བའི་དཀྱིལ་འཁོར་རྣམས་བརྟུལ་ཡུམ་གྱི་ཡིག་འབྲུ་སྦས་ནས་དྲིལ་བུ་གསིལ་ཞིང་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པའི་ཆོས་ཀྱི་རིགས་ལ་བསྟན་པ་ནི་ཡབ་ཀྱི་ཕྱག་རྒྱའོ། །དེའི་གཡོན་དུ་ཡུམ་ན་བཟའ་དཀར་མོ་སྐུ་ཡོངས་སུ་རྫོགས་པའི་གསལ་བའི་གཡོན་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡུམ་གྱི་ཡིག་འབྲུ་བཞི་སྦས་ནས། མཐེ་བོང་གྱེན་དུ་བསྒྲེང་བ་ཐུགས་ཀར་བཀན་ཐབས་སུ་བཅའ་ཞིང་དེའི་རྩེ་མོར་པྱཾ་དམར་པོ་ཡོངས་སུ་གྱུར་པ་ལས་དྲིལ་བུ་གསིལ་བའི་སྒྲ་ཅན་འོད་འབར་བ་བསམ་ཞིང་། གཡས་པའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡབ་ཀྱི་ཡིག་འབྲུ་ལྔ་དང་བཅས་པ་ལས་ཡབ་ཀྱི་མགུལ་ལ་འཕྲིལ་ཞིང་། དབུ་ཡབ་ཀྱི་མདུན་ནས་བརྒྱུད་དེ་ཞལ་འཛུམ་པའི་མདངས་ཀྱིས་ཡབ་ཀྱི་ཞལ་བལྟ་བའི་ཚུལ་ནི་ཡུམ་གྱི་ཕྱག་རྒྱའོ། །དོན་གྲུབ་ཡབ་ཡུམ་གྱི་ཕྱག་རྒྱའོ། །དྲང་། དོན་གྲུབ་ཀྱི་སྐུ་གསལ་བའི་ལག་པ་གཡས་པའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡབ་ཀྱི་ཡིག་འབྲུ་བཞི་སྦས་ནས་མཐེའུ་ཆུང་གྱེན་དུ་བསྒྲེང་བ་ཐུགས་ཀར་བཀན་ཐབས་སུ་བཅས་པ་དེའི་རྩེ་མོར་ཧཱ་ལྗང་གུ་བསམ་ཞིང་། དེ་ཡོངས་སུ་གྱུར་པ་ལས་རལ་གྲི་འོད་འབར་བ་བསམ་ཞིང་། གཡོན་པའི་ཟླ་བའི་དཀྱིལ་འཁོར་བརྟུལ་ཡུམ་གྱི་ཡིག་འབྲུ་བཞི་སྦས་ནས་དྲིལ་བུ་གསིལ་ཞིང་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པ་ཆོས་ཀྱི་རིགས་ལ་བསྟན་པ་ནི་ཡབ་ཀྱི་ཕྱག་རྒྱའོ། །དེའི་གཡོན་དུ་ཡུམ་དམ་ཚིག་སྒྲོལ་མར་གསལ་བའི་ལག་པ་གཡོན་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡུམ་གྱི་ཡིག་འབྲུ་བཞི་སྦས་ནས་མཐེའུ་ཆུང་གྱེན་དུ་བསྒྲེང་བ་ཐུགས་ཀར་བཀན་ཐབས་སུ་བཅའ་ཞིང་དེའི་རྩེ་མོར་ཏཱཾ་ལྗང་གུ་བསམ། དེ་ཡོངས་སུ་གྱུར་པ་ལས་དྲིལ་བུ་གསིལ་བའི་སྒྲ་ཅན་འོད་འབར་བ་བསམ་ཞིང་། གཡས་པའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡབ་ཀྱི་ཡིག་འབྲུ་ལྔ་དང་བཅས་པ་ལས་སུ་ཡབ་ཀྱི་མགུལ་ནས་འཁྲིལ་ཞིང་མདུན་ན་བཏུད་དེ་ཞལ་འཛུམ་པའི་མདངས་ཀྱིས་ཡབ་ཀྱི་ཞལ་དུ་བལྟ་བའི་ཚུལ་ནི་ཡུམ་གྱི་ཕྱག་རྒྱའོ། །སེམས་དཔའ་ཡབ་ཡུམ་གྱི་ཕྱག་མཚན། དྲང་། འདི་དག་ལའང་འོག་ནས་གོང་གི་ཕྱག་རྒྱ་ཆེན་པོ་བཞི་ཞེས་པ་ལས། ཕྱག་རྒྱ་བདུན་བདུན་གོང་གི་རིགས་ལྔ་དང་མཐུན་པར་འཆད་དེ། ས་སྙིང་ལ་སོགས་པ་སྐུ་ཡོངས་སུ་རྫོགས་པར་བསྒོམ་པ་ནི་སྐུ་ཕྱག་རྒྱ་ཆེན་པོའོ། །ལག་པ་གཡས་པའི་སྦོམ་པོ་མ་གཏོགས་སོར་མོ་བྲེ་ཁ་བཞི་ལ། ཉི་མའི་དཀྱིལ་འཁོར་སྲན་ཆུང་སླེབས་པ་ཙམ་རེའི་སྟེང་དུ་སོར་མོའི་རྩེ་མོ་ནས་བརྩམས་ཏེ། ཀྵཱིཾ་ཏྲཾ་ཧྲི་ཛིཾ་བཞི་དགོད། གཡོན་དུ་ཟླ་བའི་སྟེང་དུ། ཧཱུཾ་ཏྲཾ་ཧྲི་ཨ་བཞི་དགོད། དེ་ནས་ལག་པ་གཡས་པའི་འབྲུ་གསུམ་སྦས་ནས། མཛུབ་མོ་གྱེན་དུ་བསྒྲེངས་ནས་ཐུགས་ཀར་བཀན་པ་ནི་བཅའ་བ་དམ་ཚིག་གི་ཕྱག་རྒྱའོ། །དེའི་རྩེ་མོར་ཀྵཱིཾ་དཀར་པོ་བསམ་པ་ནི་བསམ་པ་ཆོས་ཀྱི་ཕྱག་རྒྱའོ། །དེ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་མྱུ་གུ་འོད་འབར་བ་བསམ་པ་ནི་བསམ་པ་དམ་ཚིག་གི་ཕྱག་རྒྱའོ། །ལག་པ་གཡོན་པའི་ཟླ་བའི་དཀྱིལ་འཁོར་བརྟུལ་ཡུམ་གྱི་འབྲུ་རྣམས་སྦས་ནས་ཡུམ་ལ་འཁྱུད་པའི་ཕྱག་རྒྱ་དངོས་དང་བཅས་པ་ནི་བཅའ་པ་ལས་ཀྱི་ཕྱག་རྒྱའོ། །ཡིད་ཀྱིས་ཀྱང་དེར་ལྟར་བསམ་པ་ནི་བསམ་པ་ལས་ཀྱི་ཕྱག་རྒྱའོ། །ཀྵི་ཧི་རཱ་ཙ་ཡ་ཞེས་བརྗོད་ཅིང་། ཕྱག་རྒྱ་གཡས་ནས་བཅས་ཤིང་མདུན་དུ་བསྒྱུར་ནས། གཡོན་དུ་ཡུམ་ལཱ་སྱེའི་ཐུགས་ཀར་དཀྲོལ་བ་ནི་ཤེས་རབ་ལ་ཐབས་ཀྱིས་རྒྱས་གདབ་པ་སྟེ་བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །དེའི་འགྲོས་ཀྱིས་སེམས་དཔའ་སེམས་མ་དང་། ཁྲོ་བོ་ཁྲོ་མོ་ཐམས་ཅད་ལ་ཤེས་པར་བྱའོ། །འོ་ན་ཨུཏྤལ་ཀླུ་ཤིང་ལ་སོགས་མཚན། །ཞེས་ཨུཏྤལ་ཐོག་མར་སྨོས་པ་ཅི་ཡིན་ཞེ་ན། ཐམས་ཅད་མཁྱེན་པས་གཞན་དོན་བྱེད་པ་མངོན་དུ་འགྲོ་བས་སམ། ཡང་ན་ཚད་མེད་པ་བཞི་སྔོན་དུ་འགྲོ་བས་སོ། །ཡང་ཕྱོགས་དང་མཚམས་ཀྱི་དང་པོ་བྱང་ཤར་ཡིན་པས་ཀྱང་བྱུང་བ་ཡིན་ནོ་གསུང་སྟེ་བརྟག་པར་བྱའོ། །མདོར་ན་འཇམ་དཔལ་གྱི་ཕྱག་མཚན་ཨུཏྤལ་ཡིན་པ་ལ་སོགས་ཁོངས་ནས་གཞན་རྣམས་ཀྱི་ཕྱག་མཚན་ཡང་སྟོན་ཏེ། ཀླུ་ཤིང་བྱམས་པའི་ཕྱག་མཚན་ཡིན་ལ། དེ་བཞིན་དུ་ས་སྙིང་གི་རིན་ཆེན་མྱུ་གུ། ནམ་སྙིང་གི་རལ་གྲི་འོད་འབར་བ། སྤྱན་རས་གཟིགས་ཀྱི་པདྨ་དཀར་པོ། ཕྱག་རྡོར་གྱི་རྡོ་རྗེ་འོད་འབར་བ། སྒྲིབ་སེལ་གྱི་ཆོས་ཀྱི་འཁོར་ལོ། ཀུན་ཏུ་བཟང་པོས་རིན་ཅེན་སྣ་ཚོགས་ཀྱི་སྙེ་མ་འཁྱིལ་བ། ལཱ་སྱེ་མའི་གཟུགས་མཛེས་པར་བྱེད་པའི་མེ་ལོང་། མཱ་ལེ་མའི་རིན་ཅེན་ཕྲེང་བ་དང་། གཱིརྟི་མའི་པི་ཝང་། ནཱིརྟི་མའི་གར་མཁན་མཆོག་གི་ཕུ་དུང་ཉིད་དེ། དེ་བཞིན་དུ་པུཥྤེའི་མེ་ཏོག་གི་ཕྲེང་བ་དང་། དྷཱུ་པེ་སྤོས་སྣ་ཚོགས་ཀྱི་མཆོད་པར་བྱེད་ལ། ཨཱ་ལོ་ཀེའི་མར་མེ། གནྡྷེ་མའི་བྱུག་པ་སྟེ་དྲིའི་དུང་ཆོས། དེ་ལ་སོགས་པ་རང་རྟགས་ཀྱི་ཕྱག་མཚན་རྣམས་འཛིན་ཞིང་། ཡབ་ཡུམ་རྣམས་ལས་ཀྱི་ཕྱག་རྒྱ་ཕན་ཚུན་གཅིག་ལ་གཅིག་འཁྲིལ་ཞིང་། ཡབ་ཀྱི་བརླ་གཡོན་པ་ཆོས་ཀྱི་རིགས་ལ་བསྟན་པའི་ཚུལ་གྱིས་ཡབ་ཀྱི་དབུ་རྣམས་ཡུམ་ལ་འབྱོར་ཞིང་ཡུམ་གྱི་དབུས་འདུད་པའི་ཚུལ། གོང་གི་རིགས་ལྔའི་ཕྱག་རྒྱ་ཆེན་པོ་བཞིན་དུ་ཐབས་ཤེས་རབ་གཉིས་མེད་མཉམ་པའི་དབྱིངས་ཀྱི་ངང་དུ་འཁྲིལ་ལོ། །སྒོ་བ་ཡབ་ཡུམ་གྱི་ཕྱག་མཚན། དྲང་། སྒོ་བཞིར་གནས་པའི་ཁྲོ་བོ་བཞིའི་ཕྱག་རྒྱ་ནི་གཤིན་རྗེ་གཤེད་པོའི་ཕྱག་མཚན་ནྲྀར་མགོ་གདེངས་པའི་ཚུལ་དུ་འཛིན་པ་དང་། སྟོབས་པོ་ཆེ་རྡོ་རྗེ་གནོན་ཐབས་སུ་འཛིན་པ་དང་། རྟ་མགྲིན་ཐོད་སྦྲུལ་ཆེན་པོ་གནོན་ཐབས་སུ་འཛིན་པ་དང་། རྡོ་རྗེ་རྒྱ་གྲམ་ནི་ཁྲོ་བོ་བདུད་རྩི་འཁྱིལ་བ་ལས་ཀྱི་རིགས་ཀྱི་གནོན་ཐབས་སུ་འཛིན་ལ། ཡུམ་རྣམས་ནི་ལྕགས་ཀྱུ་མ་ལྕགས་ཀྱུ་དང་། ཞགས་པ་མ་ཞགས་པ་དང་། ལྕགས་སྒྲོག་མ་སྥོ་ཊ་སྟེ་ལྕགས་སྒྲོག་དང་། ཧོཿན་དགྱེས་པ་བསྐྱེད་པ་སྟེ་དྲིལ་བུ་མ་དྲིལ་བུ་བསྣམས་པའོ། །སྒོ་བཞིར་གནས་པའི་ཁྲོ་བོ་ཁྲོ་མོ་དེ་དག་ཀྱང་ཡབ་ཡུམ་ཕན་ཚུན་འདུད་པའི་ཚུལ་དང་། འཁྲིལ་བའི་ཚུལ་ནི་གོང་མ་རིགས་ལྔ་བཞིན་དུ་འདིར་ཡང་བསྒོམ་པར་བྱའོ། །ཐུབ་པ་དྲུག་གི་ཕྱག་རྒྱའི་རྣམ་གྲངས་བསྟན་པ། དྲང་། འགྲོ་འདུལ་ཐུབ་དྲུག་གི་ཕྱག་རྒྱ་ནི་གཅིག་ཏུ་མ་ངེས་པས་གདུལ་བྱ་མོས་པ་སྣ་ཚོགས་དང་མཐུན་པར་བསྟན་ཏེ། མདོར་བསྡུས་ན་འགྲོ་བ་རིགས་དྲུག་འདུལ་བའི་ཐབས་སུ་ཕྱག་རྒྱ་ཡང་དྲུག་ཏུ་བསྟན་པ་ཡིན་ནོ། །གང་ཞེ་ན། སྒྲུབ་ཐབས་ལས། པི་ཝང་དང་ནི་གསེག་པར་དང་། །གོ་ཆ་པོ་ཏི་རིན་ཆེན་སྒྲོམ། །མེ་དང་ཆུ་ནི་རབ་ཏུ་བསྟན། །ཞེས་གསུངས་སོ། །རྟགས་ཀྱི་ཡུམ་ནི་དམིགས་སུ་མེད་ལ། དོན་གྱི་ཡུམ་ནི་ཆོས་ཀྱི་དབྱིངས་དང་འདུ་འབྲལ་མེད་པ་ཡིན་ནོ། །ཀུན་བཟང་ཡབ་ཡུམ་གྱི་ཕྱག་རྒྱའོ། །དྲང་། ཀུན་ཏུ་བཟང་པོ་ཕྱག་གཡོན་གྱི་ཐོག་ཏུ་གཡས་མཉམ་པར་བཞག་པ་ལ་ཡེ་ཤེས་འོད་ཟེར་འཕྲོ་བ་དང་། ཡུམ་ཡབ་ཀྱི་ཕྱག་རྒྱ་ལས་འགྱུར་ན་གཡས་ཀྱི་ཐོག་ཏུ་གཡོན་མཉམ་པར་བཞག་པ་ལ་ཆོས་ཐམས་ཅད་རྫོགས་པས་མཐེ་བོང་གཉིས་བཀུག་ནས་པདྨོའི་དཀྱིལ་འཁོར་ལྟར་བྱས་པ་དང་། དེ་ལས་གཞན་ཡང་ཆོས་ཉིད་ཅིར་ཡང་སྣང་བའི་ཕྱིར་ཕྱག་རྒྱ་གཅིག་ཏུ་མ་ངེས་པ་སྣ་ཚོགས་པ་སྟེ། ཡང་ན་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་དང་རྗེས་སུ་མཐུན་པ་ཉིད་དམ། ཡང་ན་རྡོ་རྗེ་ཐལ་མོ་རྡོ་རྗེ་རྩེ་ལྔ་པ་འམ་གསུམ་པ་ཉིད་དོ། །བཞི་པ་ལྟ་བའི་ཕྱག་རྒྱ། དྲང་། རྟོག་པ་ཐམས་ཅད་ལྷ་ཡབ་ཡུམ་སྐུའི་ཕྱག་རྒྱ་ཆེན་པོ་སྐུ་གསུང་ཐུགས་སུ་སྣང་བའི་ཚོགས་མཆོག་ནི། ཐབས་སྣང་བ་མི་འགོག་པར་གསལ་བ་དང་། ཤེས་རབ་འཛིན་པ་མེད་པར་ལྡན་པའི་དོན་བློ་ལ་འབྱོར་ན་ལུས་མ་བསྐྱོད་ཅིང་མ་བསྒུལ་བ་ལ་སོགས་པ་སྒོ་གསུམ་གྱིས་ཅི་བྱས་ཐམས་ཅད་ཀུན་ཀྱང་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེན་པོའི་ངང་དུ་གནས་པ་ལ་མི་འདའ་བ་ནི་ལྟ་བའི་ཕྱག་རྒྱ་སྟེ། ཕྱག་རྒྱའི་ནང་ནས་མཆོག་ཡིན་ནོ། །ལྔ་པ་ཕྱག་རྒྱ་སྤྲོས་པ་དང་བཅས་པའི་ཏིང་ངེ་འཛིན་ལ་གཉིས་ཏེ། བགྲང་། སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་ལ་བསླབ་པའི་ཐབས། དྲང་། ཡན་ལག་གི་ལྷ་བཞི་བཅུ་ཐམ་པ་རྩ་བའི་ལྷ་ཡབ་ཡུམ་གཉིས་ལ་ལྡན་པར་བསྒོམ་སྟེ། དེ་ཡང་བདག་རྩ་བའི་ལྷ་མི་བསྐྱོད་པ་ཡབ་ཡུམ་ཡིན་པ་དབང་བཙན་དུ་བྱས་ནས་དེ་ལྟར་དུ་གསལ་བ་ལ། གཞན་ཡན་ལག་གི་ལྷ་ཡབ་ཉི་ཤུ་རྩ་གསུམ་རྩ་བའི་ལྷ་ཡབ་ལ་དགོད་དེ། དབུ་ལ་རྣམ་པར་སྣང་མཛད། ལག་པ་གཉིས་ཀྱི་འདོམ་རྩའི་གཡས་ཀྱི་ཆ་ལ་ཀུན་ཏུ་བཟང་པོ་དང་། གཡོན་གྱི་ཆ་ལ་རིན་ཅེན་འབྱུང་ལྡན། རྐང་པ་གཉིས་ཀྱི་འདོམ་རྩའི་གཡས་ཀྱི་ཆ་ལ་དོན་གྲུབ། གཡོན་གྱི་ཆ་ལ་མཐའ་ཡས། མིག་རྣ་བ་སྣ་ལྕེ་རྣམས་ཀྱི་འདོམ་རྩའི་གཡས་ཀྱི་ཆ་རྣམས་སུ་གོ་རིམ་བཞིན། ས་སྙིང་། ཕྱག་རྡོར། ནམ་སྙིང་། སྤྱན་རས་གཟིགས། གཡོན་གྱི་ཆ་རྣམས་སུ་བྱམས་པ། སྒྲིབ་སེལ། ཀུན་བཟང་། འཇམ་དཔལ་རྣམས་དགོད་དོ། །ལག་མཐིལ་གཡས་གཡོན་དང་། རྐང་མཐིལ་གཡས་གཡོན་ལ། གཤིན་རྗེ་གཤེད། སྟོབས་པོ་ཆེ། བདུད་རྩི་འཁྱིལ་བ། རྟ་མགྲིན་རྣམས་དགོད་དོ། །མཚོག་མ། སྟ་ཟུར། སྙིང་ག །ལྟེ་བ། མགྲིན་པ། སུམ་མདོ་རྣམས་སུ་ལྷ་ལ་སོགས་པའི་ཐུབ་པ་དྲུག་དགོད་དོ། །དེ་བཞིན་དུ་ཡན་ལག་གི་ལྷ་ཡུམ་བཅུ་བདུན་རྩ་བའི་ལྷ་ཡུམ་ལ་དགོད་དེ། དགོད་ཚུལ་ཡབ་དང་མཚུངས་སོ། །རྩ་བའི་ལྷ་རྣམ་སྣང་ཡབ་ཡུམ་དབང་བཙན་དུ་བྱས་ནས། ཡན་ལག་གི་ལྷ་བཞི་བཅུ་དགོད་ན། ལག་པ་གཉིས་ཀྱི་འདོམ་རྩའི་གཡས་ཀྱི་ཆ་ལ་མི་བསྐྱོད་པ་དང་། གཡོན་གྱི་ཆ་ལ་ཀུན་ཏུ་བཟང་མོ་དགོད། དེ་བཞིན་དུ་རིན་འབྱུང་ཡབ་ཡུམ་ལ་སོགས་པའི་རྩ་བའི་ལྷ་ཡབ་ཡུམ་རང་རང་གི་གོ་ས་གང་ཡིན་དུ་ཀུན་བཟང་ཡབ་ཡུམ་དགོད་ལ། དེ་ལས་གཞན་རྣམས་སྔར་མི་བསྐྱོད་པ་ལ་ཡན་ལག་གི་ལྷ་བཀོད་པ་དང་མཚུངས་སོ། །ཡང་ཐུབ་དྲུག་རེ་རེའང་རྩ་བའི་ལྷ་ཡིན་པ་དབང་བཙན་དུ་བྱས་ན། ཐུབ་པ་དྲུག་ལ་ཡུམ་མེད་པས་གཡས་ཀྱི་ཆ་ལ་ཡབ་ཉི་ཤུ་རྩ་གསུམ་དང་། གཡོན་གྱི་ཆ་ལ་ཡུམ་བཅུ་བདུན་དགོད་དེ། སྤྱི་བོའི་གཡས་ཀྱི་ཆ་ལ་རྣམ་སྣང་དང་། གཡོན་གྱི་ཆ་ལ་སྤྱན་མ། ལག་པ་གཡས་ཀྱི་འདོམ་རྩའི་མདུན་དང་རྒྱབ་ལ་མི་བསྐྱོད་པ་དང་རིན་འབྱུང་། རྐང་པ་གཡས་ཀྱི་འདོམ་རྩའི་མདུན་དང་རྒྱབ་ལ་མཐའ་ཡས་དང་དོན་གྲུབ། གཡས་ཀྱི་མིག །རྣ་བ། སྣ། ལྕེ་རྣམས་ཀྱི་རྩའི་ནང་དུ། ནང་གི་སེམས་དཔའ་བཞིན་དང་། ཕྱི་རུ་ཕྱིའི་སེམས་དཔའ་བཞི་ལག་མཐིལ་གཡས་ཀྱི་མདུན་དང་རྒྱབ་ཏུ་གཤིན་རྗེ་གཤེད་དང་སྟོབས་པོ་ཆེ། རྐང་མཐིལ་གཡས་ཀྱི་མདུན་དང་རྒྱབ་ཏུ་བདུད་རྩི་འཁྱིལ་བ་དང་རྟ་མགྲིན་དགོད། དེ་ཡང་རྩ་བའི་ལྷ་ལྷའི་ཐུབ་པ་ཡིན་ན། མཚོག་མར་ཀུན་ཏུ་བ ཟང་པོ། སྟ་ཟུར་ལ་སོགས་པ་ལ་ལྷ་མ་ཡིན་ལ་སོགས་པའི་ཐུབ་པ་དགོད་པ་སྔར་དང་མཚུངས་སོ། །མདོར་ན་རྩ་བའི་ལྷ་གང་ཡིན་ཡང་ཡུམ་དང་བཅས་པ་རྣམས་རྩ་བའི་ལྷ་ཡབ་ཡུམ་གཉིས་ཀ་ལ་ཡན་ལག་གི་ལྷ་བཞི་བཅུ་དགོད་པ་ཡིན་ལ། ཡུམ་མེད་ཐུབ་པ་རྣམས་རྩ་བའི་ལྷ་རེ་རེ་ལ་ཡན་ལག་གི་ལྷ་བཞི་བཅུ་བཞི་བཅུ་དགོད་པ་ཡིན་ཏེ། ཡན་ལག་གི་ལྷ་ཀུན་བཟང་ཡབ་ཡུམ་ནི། རྩ་བའི་ལྷ་གང་དང་གང་ཡིན་པ་དེ་དང་དེའི་གནས་སུ་དགོད་པ་ནི་ཀུན་མཐུན་པ་ཡིན་ནོ། །དེ་ལྟར་ཡན་ལག་གི་ལྷ་བཞི་བཅུ་ནི། རགས་པའི་ཆ་ནས་ཐབས་ཀྱི་ལྷར་བཞག་ལ། དེ་ཉིད་ཡན་ལག་སྤྲོས་ཞེས་པས། མི་གཅིག་གྲུབ་ན་སྙིང་ཅིག་གྲུབ་པའི་ཚུལ་དུ། ཐབས་ཀྱི་ལྷ་རེ་རེའི་ཡང་སྲོག་གི་གོར་ཡེ་ཤེས་སེམས་དཔའ་ཚོན་གང་བ་རེ་རེ་བསྒོམ་སྟེ། ཕྲ་བའི་ཆ་ནས་ཤེས་རབ་ཀྱི་ལྷར་བཞག་པ་ཡིན་ནོ། །དེ་ལྟར་ཐབས་དང་ཤེས་རབ་ཀྱི་ལྷ་བརྒྱད་ཅུ་ལ། ཤེས་རབ་ཀྱི་ལྷ་བཞི་བཅུ་ནི་བུ་མོས་ཕའི་རབས་མི་ཟིན་པའི་ཚུལ་དུ་རྒྱན་དང་ཆ་ལུགས་རྣམ་པར་སྤངས་པ་ཡིན་ལ། ཐབས་ཀྱི་ལྷ་བཞི་བཅུ་པོ་རྩ་བའི་ལྷ་ཡབ་ཡུམ་གཉིས་ལ་བཀོད་པ་རྣམས་རེ་རེ་ལ་ཡང་གསུམ་འཕྲོར་འགྱུར་ཞེས་པས། དཔྲལ་མགྲིན་སྙིང་གར་སྐུ་གསུང་ཐུགས་ཀྱི་ལྷ་རེ་རེ་སྟེ་བརྒྱ་ཉི་ཤུའོ། །དེ་ལྟར་ཐབས་ཀྱི་ལྷ་བཞི་བཅུ་དང་བཅས་པས་བརྒྱ་དྲུག་ཅུ་པོ་རེ་རེ་ལའང་གོང་གི་བདག་སྟེ་ཞེས་པས། རང་རང་གི་རིགས་ཀྱི་བདག་པོས་གཙོ་བྱས་པའི་དབུ་རྒྱན་རིགས་ཀྱི་ལྷ་ལྔ་ལྔ་སྟེ་བརྒྱད་བརྒྱའོ། །མདོར་ན་ཐབས་དང་ཤེས་རབ་ཀྱི་ལྷ་བརྒྱད་ཅུ། སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོའི་ལྷ་བརྒྱ་ཉི་ཤུ། དབུ་རྒྱན་གྱི་ལྷ་བརྒྱད་བརྒྱ་སྟེ། ཀུན་དྲིལ་བས་རྩ་བའི་ལྷ་ཡབ་ཡུམ་གཉིས་ལ་ཡན་ལག་དང་ལྷག་པའི་ལྷ་སྟོང་བསྒོམ་པ་ནི། ཚོམ་བུ་སྟོང་གི་དཀྱིལ་འཁོར་ལ་བསླབ་པ་ཞེས་བྱའོ། །དེ་ལྟར་ལྡན་པའི་གཙོ་མཆོག་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་གཙོ་བྱས་པ་ལ་ཡན་ལག་གི་ལྷ་ཇི་ལྟར་བཀོད་པ་བཞིན། གཞན་ཡང་རྒྱལ་བ་རིགས་བཞི་རྒྱལ་མཆོག་ཀུན་བཟང་ཡབ་ཡུམ་སྟེ་དྲུག་པོ་ལའང་ཡན་ལག་གི་ལྷ་མི་བསྐྱོད་པ་ཡབ་ཡུམ་ལ་བཀོད་པ་དེ་བཞིན་དུ་བརྩིས་པ་ཡབ་ཡུམ་ཟུང་རེ་རེ་ལའང་སྟོང་ཚོ་རེ་རེ། སེམས་དཔའ་ཡབ་ཡུམ་བརྒྱད་སྒོ་བ་ཡབ་ཡུམ་བཞི་སྟེ་ཟུང་བཅུ་གཉིས་ལ་སྟོང་ཚོ་བཅུ་གཉིས། ཐུབ་པ་དྲུག་པོ་རེ་རེ་ལ་སྟོང་ཚོ་རེ་རེ་སྟེ། དེ་ལྟར་ཐུབ་དྲུག་གི་སྟོང་ཚོ་དྲུག་དང་བཅས་པས་སྟོང་ཚོ་ཉི་ཤུ་རྩ་བཞི་པོ་ཐམས་ཅད་ཀྱང་འོད་འཕྲོ་ཞིང་གཟི་བརྗིད་འབར་བ་བསྒོམ་པ་ནི་ཉི་ཁྲི་བཞི་སྟོང་གི་དཀྱིལ་འཁོར་ལ་བསླབ་པ་ཞེས་བྱའོ། །དེ་ལ་སོགས་པ་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་བསྒོམ་པ་ནི། བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ལ་བསླབ་པ་ཞེས་བྱ་སྟེ། སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་བསྒོམ་པའི་རིམ་པའོ། །འདི་དག་ཀྱང་ལམ་མཐར་ཆགས་པ་ཕྱག་རྒྱ་སྤྲོས་བཅས་ལ་སློབ་པའི་དབང་དུ་ཡིན་གྱིས། ལམ་ཐོད་རྒལ་བའི་རྟེན་གྱི་གང་ཟག་ཚོགས་བསྒྲུབ་པའི་མི་དགོས་པར་མཐོང་ལམ་ལ་སྦྱོར་བའང་ཡོད་དོ། །ཡང་ཁ་ཅིག་ན་རེ། གོང་ནས་མ་བསྒུལ་མ་བསྐྱོད་ཐམས་ཅད་ཀུན། །ཞེས་པ་དང་། འོག་ནས། མདོར་ན་བསྒུལ་བསྐྱོད་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་པ་འགལ་ལོ་ཞེ་ན། སྐྱོན་མེད་དེ། གོང་མ་ནི་བློ་ཆེ་བ་ལ་ལྟ་བ་གཙོ་ཆེ་བའི་ངོས་ན་སྨོས་ལ། འོག་མ་ནི་བློ་ཆུང་བ་ལ་སྤྱོད་པ་གཙོ་ཆེ་བའི་ངོས་ནས་སྨོས་པའི་ཞེས་བླ་མ་རྣམས་གསུང་ངོ་། །དེས་འགྲོ་བའི་དོན་བྱེད་ཚུལ་ལོ། །དྲང་། ཕྱོགས་བཅུ་དང་དུས་བཞིས་བསྡུས་པ་གདུལ་བྱའི་གནས་བསམ་ཡས་པ་རྣམས་སུ་གོང་ལྟར་ལྷའི་ཏིང་ངེ་འཛིན་གྱི་གྱིས་གདུལ་བྱ་གདུལ་བའི་དོན་རྣམས་ཇི་ལྟར་མོས་པ་ལྟར་སོ་སོར་སྟོན་ཅིང་རེ་བསྐོང་བའོ། །འོ་ན་དཀྱིལ་འཁོར་ཁོ་ནའོ་སྙམ་པ་ལ། ཐེག་པ་མ་ཐོབ་གསང་སྔགས་དང་དམན་པ་མཚན་ཉིད་ལ་སོགས་པའི་ཐེག་པ་ཐམས་ཅད་དང་། མུ་སྟེགས་རྟགས་ཆད་ལ་སོགས་པ་ཕྱིན་ཅི་ལོག་རྣམས་ཀྱང་སོ་སོའི་བསམ་པ་མཐའ་ཡས་པ་དང་མཐུན་པས་འདུལ་བའི་གཉེན་པོར་སོ་སོའི་སྟོན་པ་དང་ལྷ་དང་བདུད་སྲིན་ལ་སོགས་པའི་ཞི་བ་དང་། ཁྲོ་བོའི་ཚོགས་ཆེན་པོ་ཐམས་ཅད་ལ་རང་རང་གི་མོས་པ་ལྟར་སོ་སོར་བསམ་པ་དང་མཐུན་པར་བྱས་པ་ཀུན་ཏུ་སྣང་ཡང་དེ་དག་ལ་རྩོལ་བ་མེད་དེ། དཔེར་ན་གར་མཁན་ཉིད་དང་འདྲ་བར་ལུས་མ་གཡོས་པར་གར་གྱི་བཀོད་པ་སྣ་ཚོགས་སུ་སྟོན་པ་ལྟར་རོ། །དེ་ཡང་སངས་རྒྱས་མཉམ་སྦྱོར་ལས། ས་གསུམ་ཐམས་ཅད་ཀུན་ཏུ་ནི། །བྱང་ཆུབ་ཆེན་པོ་སྟོན་བྱེད་པ། །རེས་འགའ་བྱང་ཆུབ་རེས་འགའ་ལྷུམས། །རེས་འགའ་ཞི་བ་རེས་འགའ་དྲག །རེས་འགའ་གདོན་ཆེན་བགེགས་མཛད་དེ། །དེ་ལ་སོགས་པ་བསམ་ཡས་མཆོག །རི་དང་སྐྱེ་བོ་ཐམས་ཅད་དོ། །ཞེས་གསུངས་སོ། །དྲུག་པ་ཕྱག་རྒྱའི་རྣམ་གྲངས་བསྡུ་བ་དང་བཅས་པའི། དྲང་། ཕྱག་རྒྱ་ཐམས་ཅད་ཚིག་གིས་མདོར་བསྡུ་ན་ལུས་ཀྱི་ཡན་ལག་གི་ཕྱག་རྒྱ་ཐམས་ཅད་ནི་འདི་ཁོ་ནའོ་ཞེས་སམ་གཅིག་ཁོ་ནའོ་ཞེས་བརྗོད་དུ་མཐའ་གཅིག་ཏུ་ངེས་པ་མེད་དེ། ལུས་ཀྱི་ཡན་ལག་གི་དབང་དུ་ཞབས་གཉིས་དང་དབུ་གཅིག་ཕྱག་གཉིས་ཏེ་གསུམ་མོ། །དེ་ལྟར་དུ་ལུས་ཀྱི་ཡན་ལག་ལྔ་པོ་རེ་རེ་ལའང་རིགས་ལྔ་ཡབ་ཡུམ་བཅུ་བཅུའི་ཏིང་ངེ་འཛིན་གྱི་རྣམ་པར་འབྱུང་བ་ལས་ཕྱག་རྒྱ་ལྔ་བཅུ་འཕྲོ་བའམ། ཡང་ན་རྟོག་པའི་ཡན་ལག་གི་དབང་དུ་ཐབས་དང་ཤེས་རབ་གཉིས་ཀྱི་ལྷ་བརྒྱད་ཅུ་དང་། ཐབས་ཀྱི་ལྷ་ལ་སྐུ་གསུང་ཐུགས་གསུམ་གསུམ་དུ་བྱས་པས་བརྒྱ་ཉི་ཤུ་དང་། དེ་དག་ཀྱང་རྣམ་པར་འཕྲོ་བ་དབུ་རྒྱན་གྱི་ལྷ་བརྒྱད་བརྒྱ་དང་བཅས་པའོ། །དེའི་ཕྱིར་ལུས་བསྐྱོད་པ་དང་ཏིང་ངེ་འཛིན་སྤྲོ་བ་དང་ལྷའི་ཕྱག་རྒྱའི་དེ་བཞིན་ཉིད་ཀྱང་ཤེས་པར་བྱ་སྟེ། མདོར་ན་ལུས་བསྒུལ་ཞིང་བསྐྱོད་པ་ཐམས་ཅད་ཀུན་རང་བཞིན་དང་། ལྟ་བ་དང་འབྲས་བུའི་ཕྱག་རྒྱར་གསལ་བའི་དུས་ན། དེ་ཉིད་ཀྱི་སྐུ་གསུང་ཐུགས་ཁོ་ན་ལས་མི་འདའ་བས་ན་ཕྱག་རྒྱ་ཆེན་པོའི་ངང་དུ་གནས་ལ། དེ་ཙམ་དུ་གནས་པ་ཉིད་ན་དེར་ཡང་བློས་མི་འཛིན་པས་མི་གནས་པ་དང་གནས་པའི་ཐ་སྙད་བྱ་བའང་མིན་ནོ་ཞེས་སོ། །དེ་སྐད་དུ་སྤྱོད་ཡུལ་དག་པའི་མཆོག་ཀུན་ཏུ་བཟང་པོ་ཉིད་ཀྱིས་བཤད་དོ། །དེ་ལྟར་ཕྱག་རྒྱའི་རིམ་པ་ཉམས་སུ་ལེན་ཚུལ་ནི། ཟུར་ཆུང་ཤེས་རབ་གྲགས་པའི་བཞེད་ཀྱིས། བློ་ཆུང་ཉམས་རིམ་དང་པོ་པ་ལ། ས་ཟིན་སྐོ་འཐས་སུ་བསླབ་པ་སྤང་ལ་བེ་ཕུར་བཏབ་པ་ལྟ་བུ་སྟེ། རིགས་དང་སྐུ་མདོག་ཕྱག་མཚན་རྣམས་ངེས་པ་ཅན་དུ་བསྒོམ་པ་དང་། བློ་འབྲིང་ཉམས་རིམ་བར་པ་ལ། དོན་མི་འགྱུར་ལ་གནས་སྐབས་འགྱུར་པ་ལ་བསླབ་ཐབས་མཁའི་འབབ་ཆུ་ལྟ་བུ་སྟེ། རིགས་ངེས་ལ་སྐུ་མདོག་དང་ཕྱག་མཚན་ངེས་མེད་དུ་བསྒོམ་པ་དང་། བློ་རབ་ཉམས་རིམ་ཐ་མ་པ་ལ། ངེས་མེད་ཆེན་པོའི་བསླབ་ཐབས་ནམ་མཁའ་ལ་མདུང་བསྐོར་བ་ལྟ་བུ་སྟེ། རིགས་དང་སྐུ་མདོག་ཕྱག་མཚན་ངེས་མེད་དུ་བསྒོམ་པའི་ཚུལ་དང་གསུམ་དུ་བཞེད་དོ། །ཡང་ཁ་ཅིག་ན་རེ། དེ་སྐད་དག་མཆོག་ཉིད་ཀྱིས་བཤད། །ཅེས་པས། གསང་བའི་སྙིང་པོ་འདི་སྟོན་པ་ཀུན་ཏུ་བཟང་པོས་གསུངས་པའི་རྒྱུད་མ་ཡིན་ནོ་ཞེ་ན། སྐྱོན་མེད་དེ། གཉེར་བཞི་ལས། འདི་ནི་སྡུད་པ་པོའི་ཚིག་ཡིན་པས་སོ། །གལ་ཏེ་དེ་ལྟར་ཡིན་ཀྱང་སྐྱོན་དུ་འགྱུར་ན། འཕགས་པ་སྡུད་པ་འདི་ཡང་དེ་བཞིན་གཤེགས་པའི་གསུངས་མ་ཡིན་པར་ཐལ། དེ་དག་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། བྱ་བ་འདུག་པའི་ཕྱིར་རོ་ཞེས་བསྒྲེའོ། །ཞེས་བླ་མ་རྣམས་གསུང་ངོ་། །ལེའུའི་མཚན་ནོ། །དྲང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཚན་གྱི་གཞི་འབྲུ་མཐུན། ལུས་དང་རྟོགས་པའི་ཡན་ལག་ཐམས་ཅད་ཕྱག་རྒྱ་གསུམ་གྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་བྱིན་གྱིས་བརླབས་ནས་རང་བཞིན་དང་། ལྟ་བ་དང་། ལྷག་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་སྤྲོས་པའི་མཚམས་འཛིན་པར་བྱེད་པས་ན་ལེའུ་སྟེ་ཡས་བགྲངས་བརྒྱད་པའི་དོན་དུ་གདའོ།། ༈ །།ད་ནི་ལེའུ་དགུ་པའི་ཆོས་ཚོམས་ངོས་བཟུང་ན། རབ་ཀྱི་ཆོས་ཚོམ་ས་གཞི་ལམ་འབྲས་བུ་གསུམ་ལས། སྟོད་དུ་ལམ་དང་། སྨད་དུ་འབྲས་བུ་སྟོན། ལམ་ལ་ཐབས་གྲོལ་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས་རྐྱེན་འཇུག་པ་དང་འབྲས་བུ་མཐར་ཕྱིན་སྟོན། སྣང་བ་བཞི་ལས་ལམ་དང་འབྲས་བུའི་སྣང་བ་སྟོན། རིམ་ཅིག་ཅར་གཉིས་ལས་གཉིས་ཀ་སྟོན། འབྲིང་གི་ཆོས་ཚོམས་ལྔ་ལས་རྒྱུད་དོན། དེ་ལ་དངོས་པོ་བཅུ་ཡོད་པ་ལས་དཀྱིལ་འཁོར་དང་དབང་དང་སྒྲུབ་པ་གསུམ་སྟོན། ཞོར་ལ་སྤྱོད་པ་དང་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་སྟོན། ཕྲིན་ལས་དང་ཏིང་ངེ་འཛིན་དང་ཕྱག་རྒྱ་ཟུར་ཙམ་སྟོན། ཐ་མའི་ཆོས་བཅུ་ལས། ལྡེམ་དགོངས་མན་ངག །མཚོན་པ་དཔེ། བསྣོལ་མཚམས་འཕེན་སྡུད། གཞན་ཡང་སྤྱི་འགྲོ་རྣམས་ཀྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་དགུ་པ་འདི་ལ་གསུམ། བགྲང་། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། དེ་ཡན་ཆད་དུ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་ནས། ད་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་སྟོན་པས་ན་དེ་ནས་ཞེས་འབྲེལ་སྦྱར་རོ། །དེ་བཞིན་གཤེགས་པ་ནི་ངོ་བོ་ལ་མཚན་དུ་བཏགས་པ་སྟེ་འབྲུ་སྔར་བཤད་ཟིན་ལ། དགྱེས་པ་ནི་ལོངས་སྤྱོད་ལ་མཚན་དུ་བཏགས་པ་སྟེ་དགའ་བའི་སྡེ་པ་ཡིན་ནོ། །དགའ་བ་ལ་རྣམ་དབྱེ་བཞི་ལས། གཞི་ཐུན་མོང་གི་དགའ་བ་ནི། འདོད་པ་ཁམས་པ་འདོད་ཆགས་ཀྱི་བདེ་བ་ལ་ཉེ་བར་སྤྱོད་པའོ། །འཇིག་རྟེན་པའི་དགའ་བ་ནི། ཁམས་གོང་མ་གཉིས་ཀྱི་བསམ་གཏན་གྱི་བདེ་བ་ལ་ཉེ་བར་སྤྱོད་པའོ། །དགའ་བའི་དགའ་བ་ནི། ས་དང་པོ་བདེན་པ་མཐོང་བའི་དགའ་བ་སྟེ་ཟག་པ་མེད་པའི་བདེ་བ་ལ་ཉེ་བར་སྤྱོད་པའོ། །བསམ་གྱིས་མི་ཁྱབ་པའི་དགའ་བ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་པས་བླང་དོར་མེད་པའི་བདེ་བ་ལ་ལོངས་སྤྱོད་པ་སྟེ། དེ་ཉིད་དགའ་བ་སྔ་མ་གསུམ་ལས་ཁྱད་པར་དུ་གྱུར་བས་ན་ཆེན་པོ་སྟེ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེར་ལྷུན་གྱིས་གྲུབ་པ་དེ་ཕལ་གྱི་ཡུལ་མ་ཡིན་པས་ན་གསང་བའི་མཚམས་སྦྱོར་ལས་མི་འདའ་བས་ན་དམ་ཚིག་གོ། །དཀྱིལ་འཁོར་དང་དབང་དང་གྲུབ་པ་གསུམ་གྱི་ལས་ཀྱི་རིམ་པ་ལ་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འོག་ནས་འབྱུང་བ་འདི་དག་བརྗོད་དོ། །ལེའུའི་གཞུང་ལ་གཉིས་ཏེ། དངོས་དང་། གསུངས་པའི་ཚུལ་ལོ། །གཞུང་དངོས་ལ་སྤྱི་དོན་གསུམ་སྟེ། དཀྱིལ་འཁོར་ཡེ་ཤེས་རྡོ་རྗེ་དང་། དབང་ཡེ་ཤེས་རྡོ་རྗེ། གྲུབ་པ་ཡེ་ཤེས་རྡོ་རྗེའོ། །སྤྱི་དོན་དང་པོ་ལ་གཉིས་ཏེ། བགྲང་། ཕྲ་མོ་ལ་བློ་སྦྱང་བའི་སློབ་དཔོན་གྱིས་བསྙེན་པ་བྱ་བ་ལས་མི་འདའ་བ། དྲང་། གཞན་དོན་གཉེར་བར་བྱེད་པའི་བླ་མས་ཐོག་མར་ཏིང་ངེ་འཛིན་གསུམ་བསྒོམ་ཞིང་ཡི་གེ་དང་། ཕྱག་མཚན་དང་། སྐུ་རྣམས་ཤིན་ཏུ་ཕྲ་བ་ལ་བློ་སྦྱངས་པ་ཡིས་སྐུ་གསུང་ཐུགས་ཀྱི་ཏིང་ངེ་འཛིན་ཤིན་ཏུ་ཕྲ་བའི་སྒོ་ནས་བཟླས་བརྗོད་རྫོགས་པར་བྱ་བ་ལས་མི་འདའ་བས་ན་དམ་ཚིག་གི་མཆོག་གོ། །དཀྱིལ་འཁོར་གྱི་ལས་ཀྱི་རིམ་པའོ། །དེ་ལ་གསུམ་སྟེ། ཞི་བའི་དཀྱིལ་འཁོར་དང་། ཁྲོ་བོའི་དཀྱིལ་འཁོར་དང་། མཆོག་གི་དཀྱིལ་འཁོར་ཞི་བ་ལྟར་ཤེས་པར་གདམས་པའོ། །དང་པོ་ལའང་། རྡོ་རྗེ་ལས་རིམ་ལས། ས་གཞི་མཉམ་དང་ཚད་ཐིག་དང་། །ཚོན་དང་བྲི་བའི་རྣམ་པ་དང་། །རབ་གནས་སྦྱིན་སྲེག་དཀྱིལ་འཁོར་དུ། །འཇུག་དང་ཞུགས་པའི་ཡོན་ཏན་ནོ། །ཞེས་པས། བཅུ་ལས། དང་པོ་ས་ཆོག་བྱ་བ་དང་། དྲང་། ཡང་ན་ཞེས་པ་དགར་བའི་ཚིག་སྟེ། དགར་གཞི་གང་ལ་དགར་ན། ལེའུ་དྲུག་པ་དང་། བདུན་པ་དང་། བརྒྱད་པ་གསུམ་དུ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་ནས། དེར་འཇུག་པའམ། གལ་ཏེ་དེར་འཇུག་པར་མི་ནུས་ན་ཡང་། ཐོག་མར་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་འཇུག་པའི་དབང་དུ་བྱས་ན། དང་པོས་གཞི་རབ་ཏུ་མཉམ་པར་བྱ་བའི་སའི་ཆོ་ག་ལ། རྡོ་རྗེ་ལས་རིམ་ལས། གཞི་དང་རང་མཚན་བླང་དབང་དང་། །སྦྱང་བྱིན་བསྲུང་དང་བཟུང་བ་ནི། །དང་པོའི་ཉིང་ལག་ཉིད་དུ་བཤད། །ཅེས་པས། དོན་བརྒྱད་ཀྱིས་སྟོན་ཏེ། ཁོ་བོས་སྒྱུ་འཕྲུལ་གྱི་དཀྱིལ་འཁོར་གྱི་ཆོ་གའི་ལག་ལེན་ཁྲིགས་མ་བྱས་ཡོད་པས་དེར་ཤེས་པར་བྱའོ། །གཉིས་པ་དཀྱིལ་འཁོར་གྱི་ཚད་ལ་གཉིས་ཏེ། ལྷག་པ་གཟུགས་བརྙན་གྱི་དཀྱིིལ་འཁོར་གྱི་ཚད་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཚད་གསུམ་བསྟན་པའོ། །དང་པོ་ལ་གསུམ་སྟེ། བགྲང་། བསྡུས་པར་ཚད་གཉིས། དྲང་། དེ་ཡང་གནས་ཁང་དོག་ཅིང་སློབ་མ་འབྱོར་པ་ཆུང་ན་དཀྱིལ་འཁོར་ལོགས་རེ་ལ་ཁྲུ་གང་རེ་ཡོད་པའི་ཚད་དུ་བྱ་བའམ། ཡང་ན་ལུས་གང་བའི་ཚད་དུ་སྟེ། ལོགས་རེ་ལ་ཁྲུ་བཞི་བཞི་ཡོད་པའོ། །འབྲིང་ཚད་གཉིས། དྲང་། ཡང་ཞེས་པ་བ སྡུས་པའི་ཚ་ལས་དཀར་ན་ལོགས་རེ་ལ་ཁྲུ་བཅུ་གཉིས་བཅུ་གཉིས་ཏེ་ལུས་ནི་གསུམ་ཆའི་ཚད་དུ་བྱ་བའམ། ཡང་ན་ལོགས་རེ་ལ་ཁྲུ་ནི་བཅུ་དྲུག་བཅུ་དྲུག་དང་ལྡན་པ་སྟེ་ལུས་བཞི་པའི་ཚད་དུ་བྱའོ། །རབ་ཚད་གཉིས་སོ། །དྲང་། ཡང་གནས་ཁང་ཡངས་ཤིང་སློབ་བུ་འབྱོར་པ་ཆེ་ན། དཀྱིལ་འཁོར་གྱི་ལོགས་རེ་ལ་ཁྲུ་ཉི་ཤུ་ཉི་ཤུ་འམ། ཡང་ན་ལོགས་རེ་ལ་ཁྲུ་ཉི་ཤུ་རྩ་ལྔ་ལྔར་བྱའོ། །ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ཚད་གསུམ། དྲང་། ཡང་གཟུགས་བརྙན་དཀྱིལ་འཁོར་གྱི་ཚད་བཤད་པ་དེ་དག་ལ་དགར་ན་གཞུ་འདོམ་ལྔ་བརྒྱ་ནི་རྒྱང་གྲངས་ཀྱི་ཚད་ཡིན་པས། རྣལ་འབྱོར་པ་ཏིང་ངེ་འཛིན་རྩལ་ཞན་ན་དེ་ཙམ་དུ་བསྒོམ་མོ། །རྒྱང་གྲགས་བརྒྱད་ནི་དཔག་ཚད་ཀྱི་ཚད་དེ། ཏིང་ངེ་འཛིན་རྩལ་འབྲིང་ན་དེ་ཚོད་དམ། ཏིང་ངེ་འཛིན་གྱི་རྩལ་རབ་ཀྱིས་ནམ་མཁའི་དབྱིངས་ནི་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པར་ཁྱབ་པ་དེ་བཞིན་དུ་སངས་རྒྱས་ཀྱི་དཀྱིལ་འཁོར་སྣ་ཚོགས་པའང་བསམ་གྱིས་མི་ཁྱབ་པར་བསྒོམ་པའོ། །དེ་ཡང་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་ཚད་དྲུག་བྱུང་བ་ནི། སློབ་དཔོན་ཕྱག་བཟོ་མི་བཟོ་དང་། སློབ་བུ་འབྱོར་པ་ཆེ་ཆུང་དང་། གནས་ཁང་ཡང་དོག་གི་དབང་གིས་ཇི་ལྟར་རིགས་པར་བྱ་བའི་ཚད་ཡིན་ལ། ལྷག་པ་ཏིང་ངེ་འཛིན་ནམ་མཆོག་གི་དཀྱིལ་འཁོར་གྱི་ཚད་གསུམ་ནི། སློབ་དཔོན་དགོངས་པ་ཟབ་མི་ཟབ་དང་། སློབ་བུ་ལས་དག་ཚབས་ཆེ་ཆུང་གི་དབང་གི་འབྱུང་བ་ཡིན་ནོ། །འོ་ན་ལྷག་པ་གཟུགས་བརྙན་གྱི་སྐབས་སུ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ཚད་སྨོས་པས་སྐབས་འཆོལ་བའི་སྐྱོན་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱིས་མཚོན་ནས་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པས། རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་མངོན་དུ་བྱེད་པ་ཡིན་པའི་ཕྱིར་རོ། །གསུམ་པ་ཐིག་ལ་གཉིས་ཏེ། བགྲང་། གོ་མ་ཡེ་བཏང་བ། དྲང་། གཞན་སེལ་ཕུང་པོ་ལྔ་དག་པ། དོན་གཉེར་སྐུ་ལྔ་ཐོབ་པར་བྱ་བའི་ཕྱིར་འབྲུ་ལྔ། དེ་བཞིན་དུ་དབང་པོ་ལྔ་ཕྲིན་ལས་ལྔར་དག་བྱེད་སྤོས་ལྔ། ཡོན་ཏན་ལྔར་དག་བྱེད་རིན་ཆེན་ལྔ། རྣམ་ཤེས་ལྔ་ཡེ་ཤེས་ལྔར་དག་བྱེད་ཀྱི་སྙིང་པོ་ལྔ་དང་། འདོད་ཡོན་ལྔ་གསུང་ལྔར་དག་བྱེད་སྨན་ལྔ་དང་། ཁམས་ལྔ་རིགས་ལྔར་དག་བྱེད་བདུད་རྩི་ལྔ་ཡིན་པས། དེ་དག་ནི་ཆ་རབ་ཏུ་མཉམ་པའི་ལྡེ་གུས་བྱུགས་ལ་རིག་པ་མ་ཡེས་པས་ཐིག་ནི་རིམ་པ་བཞིན་གདབ་པར་བྱའོ། །ཐིང་ཆོག་དངོས་སོ། །དེ་ལས་བཅད་ནང་ཚེགས་དྲུག་ལས། ཐིག་སྐུད་ཀྱི་རྒྱུ་བསྟན་པ། དྲང་། སྤྱིར་གྱིས་ཐིག་ནི་མི་འགྱུར་བར་བྱེད་པ་ཅིག་ཡིན་ལ། དེའི་རྒྱུ་ཕུར་བུ་ཞེས་པ་འགྱིང་ཕུར་བསྐོར་ཕུར་གཉིས་སྟ་གོན་བྱའོ། །སྲད་བུ་ནི་ཐིག་སྐུད་དེ། དམ་ཚིག་གི་སྐུད་རྒྱུ་རས་བལ་འཇམ་པོ་དང་། ཡེ་ཤེས་ཀྱི་སྐུད་རྒྱུ་མེ་ཏོག་པད་མའི་རྒྱུས་པ་ལ་བྱའོ། །འཁལ་བའི་གྲོགས། དྲང་། དར་གྱི་ཆོས་གོས་ལྔ་དང་རིན་པོ་ཆེའི་རྒྱན་ཆས་བརྒྱད་དེ། བཅུ་གསུམ་གྱིས་མཛེས་པར་བརྒྱན་པའི་བུ་མོ་ལོ་བཅུ་དྲུག་མ་ཡིད་དུ་འོང་བའི་གྲོགས་མོ་དཀྱིལ་འཁོར་ཆེ་ཆུང་གི་ཚད་དང་སྦྱར་བའི་སྐུད་པ་སྦོམ་སྲིད་ཚད་དང་ལྡན་པ་འཁལ་དུ་གཞུག་གོ། །ཐིག་སྐུ་ཀྱི་གྲངས། དྲང་། དམ་ཚིག་གི་ཐིག་སྐུད་ཚོན་གྱི་ཁ་དོག་གི་ཕྱེ་བའི་གསུམ་བསྒྲིབ་ལམ་དགུ་བསྒྲིལ་དང་། ཡེ་ཤེས་ཀྱི་ཐིག་སྐུད་ལྔ་བསྒྲིལ་ལམ་ཉི་ཤུ་རྩ་ལྔར་བསྒྲིལ་བར་བྱའོ། །རབ་གནས། དྲང་། ཡེ་ཤེས་ཀྱི་སྐུད་པ་ཡེ་ཤེས་ལྔར། བརླབ་པ་དང་། དམ་ཚིག་གི་སྐུད་པ་སྐུ་གསུང་ཐུགས་སུ་བརླབས་པའི་ཆོ་ག་དང་། བསྐྱེད། དབབ། དྲང་། བསྟིམ། མཆོད། བསྟོད། གསོལ་བ་གདབ་པ་ལ་སོགས་པ་ཕུན་སུན་ཚོགས་པར་བྱའོ། །གདབ་པའི་ཐབས། དྲང་། རྡོ་རྗེ་རྒྱལ་པོ་ཡབ་ཡུམ་གཉིས་ལྷ་སྐུར་གསལ་བའི་སྦྱོར་མཚམས་ནས་དམ་ཚིག་གི་ཐིག་སྐུ་གསུང་ཐུགས་ཀྱི་རང་བཞིན་བཏབ་པ་དེའི་སྟེང་དུ་ཡེ་ཤེས་ཀྱི་ཐིག་གདབ་པར་བྱ་སྟེ། སྐུ་གསུང་ཐུགས་རེ་རེ་ཡང་ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པར་བསྒོམ་པར་བྱའོ། །ཉེས་དམིགས་སོ། །དྲང་། ཐིག་འདེབས་ཐབས་ཀྱི་མན་ངག་དང་ལྡན་པའི་མཁའ་ལྡན་པའི་མཁས་ལྡན་ཆེན་པོ་དེས་རིག་པ་མ་ཡེངས་པར་བསྒྲིམས་ཏེ་ཐིག་སྐུད་མ་ཆད་པར། ཐིག་སྣ་མ་ཤོར་བ། ཕྱོགས་མ་འཁྲུལ་བ། ཐིག་ལ་མ་འགོམས་པར་གདབ་པར་བྱ་དགོས་སོ། །དེ་ཡང་རྡོ་རྗེ་ལས་རིམ་ལས། ཐིག་སྐུད་ཆད་ན་སློབ་དཔོན་འགྲོངས། །ཕྱོགས་འཁྲུལ་བས་ནི་གཉིས་ཀ་ཉམས། །རྒྱུན་ཆད་ལམ་ལ་གནོད་པ་སྟེ། །དེ་ཕྱིར་མཁས་ལྡན་བསྒྲིམས་ཏེ་བྱ། །ཞེས་པ་དང་། ཡང་། རབ་གནས་ལྡན་པའི་ཐིག་འགོམས་ན། །བདེ་གཤེགས་སྐུར་པ་བཏབ་དང་མཚུངས། །སངས་རྒྱས་ཆོས་ལས་རིང་འགྱུར་བས། །ཧྲི་སྒྲའི་ཕྱག་རྒྱས་འཛུལ་བར་བྱ། །ཞེས་གསུངས་པས་མངོན་ནོ། །བཞིན་པ་ཚོན་གྱི་ཆོ་ག་ལ་ལྔ་སྟེ། བགྲང་། ཚོན་གྱི་རབ་གནས། དྲང་། འོག་ནས་འཆད་བཞིན་པའི་ཚོན་རྣམས་སྣོད་གཙང་མར་བླུག་ལ། ཕྱོོགས་མ་འཁྲུལ་བར་བཀོད་ལ། རིགས་ཀྱི་དཀྱིལ་འཁོར་ཡབ་ཡུམ་ཆ་ལྔའམ། རྒྱས་པར་རིགས་ཆུང་ཡབ་ཡུམ་དང་བཅས་པ་རྣམས་ཏེ་ལྷ་ལྔ་བཅུ་བསྒོམ་པ་ཡང་རུང་ངོ་། །དེ་ཡང་རྡོ་རྗེ་ལས་རིམ་ལས། སྣོད་རིམ་མ་འདྲེས་དག་བྱས་ལ། །ཧཱུཾ་སོགས་ཡིག་འབྲུ་གཅིག་ཀྱང་ལྔར། །ཁ་དོག་རྗེས་སུ་མཐུན་བྱས་ལ། །ཡོངས་འགྱུར་ཉི་ཤུ་རྩ་ལྔའི་ལྷར། །ཐབས་དང་ཤེས་རབ་ལྡན་པར་བསྒོམ། །ཞེས་པ་ལ་སོགས་པ་གསུངས་པས་མངོན་ནོ། །ཚོན་གྱི་དགོས་ཆེད། དྲང་། སེམས་ཅན་རྣམས་ཀྱི་རང་གི་སེམས་ཡེ་ཤེས་ལྔར་གནས་ཀྱང་མ་མཐོང་ཞིང་བློ་རྨོངས་པ་རྣམས་ལ་རང་ལ་ཡོད་པའི་དོན་བསྟན་པར་བྱ་བའི་ཕྱིར་དུའོ། །ཚོན་གྱི་ཁ་དོག །དྲང་། ཚོན་གྱི་ཁ་དོག་གི་གྲངས་དུར་ངེས་ཤེ་ན། རྒྱས་པར་ཉི་ཤུ་རྩ་ལྔའམ། བསྡུས་པར་ཁ་དོག་ལྔ་ཡིས་ཀྱང་རུང་སྟེ། མཚམས་སེམས་ཁྲོ་བོ་ལ་སོགས་ཕྱིར། །ཁ་དོག་ཉི་ཤུ་རྩ་ལྔར་གསུངས། །ཞེས་སོ། །ཚོན་གྱི་རྒྱུ། དྲང་། རབ་རིན་པོ་ཆེ་སྣ་ལྔའི་ཚོན་གྱིས་བྱ་བར་གསུངས་ཏེ། ཨིནྡྲ་ནཱི་ལ་ཟླ་འོད་དང་། །པུཥྤ་རཱ་ག་བྱུ་རུ་ཟངས། །མརྒད་ཏ་ལས་བྱས་པ་དགྱེ། །ཞེས་པ་དང་། འབྲིང་སྨན་ལྔ་ཁ་དོག་བསྒྱུར་བ་དང་། ཐ་མ་ས་ཚོན་ཁ་དོག་ལྔ་ལ་བྱ་སྟེ། རྡོ་རྗེ་མེ་ལོང་ལས། འབྲས་དང་སཱ་ལུ་ལ་སོགས་པ། །ཁ་དོག་བསྒྱུར་བ་དེ་བཞིན་ནོ། །སྨན་དང་འབྱོར་པ་ཆུང་བ་ཡིས། །འབྱུང་ཁུངས་ལྔ་ཡིས་བྲི་བར་བྱ། །ཞེས་གསུངས་སོ། །ཚོན་གྱི་བཀྱེ་ལུགས་ཉེས་དམིགས་དང་བཅས་པའོ། །དྲང་། ཐོག་མར་ཚོན་པྲ་བརྟག་པའི་དོན་དུ། རྡོ་རྗེ་རྒྱལ་པོ་ཁ་ཤར་དུ་ཕྱོགས་པའི་ཁུ་ཚུར་གཡོན་གྱིས་དབང་ལྡན་གྱི་མཚམས་ནས་བརྩམས་ཏེ། པཉྩ་རེ་ཁའི་སར་མཛུབ་གང་བའི་པཉྩ་རེ་ཁ་བྲིའོ། །དེ་ལ་ཀ་པཱ་ལ་མཚན་ལྡན་བཀབ་ལ་ཚོན་པྲ་བརྟག་པར་བྱ་ཞིང་། སློབ་བུ་རྣམས་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གང་གིས་འདུལ་བའི་ཆོ་ག་བཞིན་དུ་རྡུལ་ཚོན་བཀྱེ་བར་བྱ་སྟེ། འཆད་པར་འགྱུར་པའི་དཀྱིལ་འཁོར་བྲི་བའི་སྐབས་སུ་ཤེས་པར་བྱའོ། །དེ་ཡང་བག་དང་ལྡན་པས་ཚུལ་བཞིན་མ་བྲིས་ན་ཉེས་དམིགས་ནི། སྤྱིར་ཐིག་གི་སྐབས་དང་ཡང་རྗེས་སུ་མཐུན་པ་ལས་ཁྱད་པར་དུ་ཚོན་རྩི་སྲབ་ན་དབུལ་པོར་འགྱུར། འཐུག་ན་མཛེ་འབྱུང་། ཚོན་ཐལ་ཤོར་ན་ནད་རིམས་འབྱུང་བའི་ཉེས་དམིགས་ཡོད་གསུང་ངོ་། །བྱེ་བྲག་ཚོན་པྲ་ལ་ཉེས་སྐྱོན་བྱུང་ན། དེ་བསལ་བའི་ཆོ་ག་བཞིན་དུ་བསལ་བར་མ་བྱས་ན་བར་ཆད་འབྱུང་བར་འགྱུར་རོ། །ལྔ་པ་དཀྱིལ་འཁོར་བྲི་བ། དྲང་། སྒྱུ་འཕྲུལ་རྒྱས་པ་ལྟར་ན། ལྟེ་བ་རྩིབས་དང་བཅས་པའི་འཁོར་ལོ་ཆུང་བ་ཆ་རེ་རེ་དང་ལྡན་པའི་རྩིབས་བཞི་པོའི་འཁོར་ལོ་མུ་ཁྱུད་ཟླུམ་པོ་གཉིས་དང་བཅས་པའམ། བསྡུས་འབྲིང་ལྟར་ན་ཡེ་ཤེས་ལྔ་མཚོན་པའི་འཁོར་ལོ་རྩིབས་བཞི་པ། བདེན་པ་བཞི་མཚོན་པའི་གྲུ་ཆད་བཞི་དང་ཆེ་བའི་ཡོན་ཏན་རྒྱས་པ་གྲུ་བཞིའི་དབྱིབས་ཅན། བསྡུས་པ་ལྟར་ན་བར་ཁྱམས་མེད་ཀྱང་རྒྱས་འབྲིང་གཙོ་ཆེ་བའི་དབང་དུ་བྱས་ན་བར་ཁྱམས་སྒོ་བཞི་སྒོ་ཁྱུད་དང་བཅས་པ་བྲི་བར་བྱའོ། །དྲུག་པ་རྣམ་པ་དགོད་པ། དྲང་། ཁྲུ་གང་པ་ལ་སོགས་པའི་དཀྱིལ་འཁོར་ལ་སྐུ་ཙཀ་ལི་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་ཏེ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གང་རུང་དང་ལྡན་པའི་གཟུགས་ཀྱང་ཇི་ལྟར་འབྱོར་པ་དགོད་པར་བྱའོ། །དེ་ཡང་རྡོ་རྗེ་ལས་རིམ་ལས། དཀྱིལ་འཁོར་རྣམ་པ་གསུམ་དག་ཏུ། །གཞུང་ཉིད་ཀྱིས་ནི་གསལ་བར་གསུངས། །ཡན་ལག་གཟུགས་སྐུ་སྙིང་པོ་ཉིད། །ཉི་ཟླ་པདྨའི་རིམ་བཞུགས་པ། །དཀྱིལ་འཁོར་སྐུ་ཡི་མཚན་ཉིད་ནི། །ཕྱག་རྒྱ་གསལ་བཀོད་ཐུགས་དཀྱིལ་འཁོར། །ཐ་མ་ཡང་ན་ཧཱུཾ་མཱུཾ་ནི། །མཆོག་དང་འབྲིང་པོས་ཕྱེ་བ་ནི། །དཀྱིལ་འཁོར་གསུམ་དུ་བཤད་པར་བྱ། །ཞེས་གསུངས་སོ། །བདུན་པ་རབ་གནས་ལ། སྔར་གྱི་གསུང་སྒྲོས་ལ་བུམ་པ་ལ་སོགས་པ་ཡན་ལག་གི་རབ་གནས་དང་། སློབ་བུ་རབ་གནས་དང་། དཀྱིལ་འཁོར་རབ་གནས་དང་གསུམ་དུ་གསུངས། དཀྱིལ་འཁོར་རབ་གནས་ལའང་སྔོན་དུ་བྱ་བ་དང་། དངོས་གཞི་དང་། རྗེས་ཀྱི་བྱ་བ་དང་གསུམ་དུ་གསུངས་མོད་ཀྱིས། ཁོ་བོས་དབང་དང་རབ་གནས་ཀྱི་ཕྱག་ལེན་ཁྲིགས་ཆགས་ཡོད་པས་ཞིབ་པར་དེར་ཤེས་པར་བྱ་ཞིང་། འདིར་གཞུང་བཤད་ཀྱི་དབང་དུ་དྲུག་སྟེ། བགྲང་། ཡོ་བྱད་དགྲམ་པ། དྲང་། བཅོས་བུའི་རས་ནི་དཀར་དམར་ལ་སོགས་པའི་ཁ་དོག་དང་། བླ་བྲེ་འཕན་གདུགས་ལ་སོགས་པའི་དབྱིབས་ཀྱི་བྱེ་བྲག་རིགས་མི་མཐུན་པ་སྣ་ཚོགས་པ་དང་། རིན་པོ་ཆེའི་རྒྱན་ཆུན་འཕྱང་དང་ཕྲེང་བ་ལ་སོགས་པ་རྒྱན་གྱི་བྱེ་བྲག་སྣ་ཚོགས་པ་དང་། འོག་རྒྱན་སྡེར་ཟངས། བཟའ་བཏུང་དང་གཡོས་ཀྱི་བྱེ་བྲག་རོ་བྲོ་བས་ཀྱང་བསྐོར་ཞིང་། གཞན་ཡང་དཀྱིལ་འཁོར་གྱི་རྒྱུན། མདའ་བཞི། དར་སྣ་བཞི་ལ་སོགས་པ་དང་། མེ་ལོང་། ཁྲུས་རས། ཆུ་བདུན་དབང་པོའི་སྐྱོན་བསལ། སྐུ་དང་རྒྱན་ཆས་ཀྱི་མངའ་གསོལ་གྱི་ཆས། ཕྱི་ནང་གསང་བའི་མཆོད་པའི་ཡོ་བྱད་དང་བཅས་པ་བཀོད་པ་ཕུན་སུམ་ཚོགས་པ་དང་ལྡན་པར་བྱའོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྦྱང་བ། དྲང་། དེ་ཡང་མཚམས་བཅད་ནས་བརྩམས་ནས། འདོད་དོན་གསོལ་བ་ཡན་ཆད་གཞུང་བསྲང་ཞིང་། སྐུ་ཙཀ་ལི། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གང་ཡིན་གྱི་ཕྱག་རྒྱ་དཀྱིལ་འཁོར་ལ་བཀོད་པ་རྣམས་དང་། རྣལ་འབྱོར་པའི་ལུས་ངག་སེམས་དང་། དེར་མ་ཟད་འཁོར་བ་དང་མྱ་ངན་ལས་འདས་པའི་བསྡུས་པའི་ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་ལས་གཞན་གང་ནའང་མི་གནས་ཤིང་སེམས་ཀྱི་སྣང་བ་ཙམ་དུའང་མི་དམིགས་པར། དཔེར་ན་མིག་ཡོར་སྣང་ཡང་ངོ་བོ་མ་གྲུབ་པའི་ཚུལ་དུ་སེམས་ཉིད་སྤྱིར་ཡང་མི་དམིགས་པའི་ངང་དུ་མཉམ་པར་སྦྱོར་བ་ཡིས། ཤཱུ་ནྱ་ཏའི་སྔགས་ཀྱིས་ཀྱང་དངོས་པོ་དང་མཚན་མར་འཛིན་པ་སྦྱངས་པས། མཐའ་བྲལ་སྟོང་པ་ཉིད་ནམ་མཁའ་ལྟ་བུ་ལ་ནི་བློས་དམིགས་སུ་མེད་པར་རང་གསལ་བར་སེམས་ཉིད་མཐའ་དབུས་དང་བྲལ་བ་ནམ་མཁའ་ལྟ་བུ་བསྒོམ་མོ། །རོལ་མོ་ལྟ་བུའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ། དྲང་། ཐོག་མར་འོག་ནས་རོལ་མོ་ཞེས་པ་དཔེར་བླངས་ཏེ། གཞི་མ་ངེས་པ་ལས་ཐབས་ཀྱིས་སྣ་ཚོགས་སུ་སྣང་བ་བཞིན་དུ། སྟོང་པ་ཉིད་ཀྱི་ངང་ལས་རོལ་མོ་ལྟ་བུའི་ཏིང་ངེ་འཛིན་གྱིས་རང་དབང་སྒྱུར་བ་ནི་མཐའ་ཡས་པའི་མཆོག་སྟེ། མི་རྟོག་པའི་ཡེ་ཤེས་ལས་འབྱུང་བའི་དཀྱིལ་འཁོར། ཡི་གེ་ཋ་ཐ་ལ་སོགས་པའམ་ཡང་ན་ཉི་ཟླ་ལ་སོགས་པའི་གདན་ནམ་ཧཱུཾ་མཱུཾ་ལ་སོགས་པའི་སྙིང་པོའམ་སྐུ་ཡོངས་སུ་རྫོགས་པ་ཕྱག་རྒྱ་ཆེན་པོའམ་གང་ཡང་རུང་བར་བསྐྱེད་ཅིང་། སྐུ་གསུང་ཐུགས་དང་ལྡན་པར་བྱིན་གྱིས་བརླབས་ན་དངོས་གྲུབ་ཡ་མཚན་ཅན་ཐུན་མོང་མ་ཡིན་པ་འབྱུང་བས་ན་རྨད་པོ་ཆེ་དེ་ཉིད། ཡེ་ཤེས་པ་སྤྱན་དྲངས། བསྟིམ་ནས། ཡང་ཡང་བསྒོམས་ན་འགྲུབ་པར་འགྱུར་ཏེ། རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསུམ་འཚོགས་པས། འབྲས་བུ་སྐུ་དང་ཡེ་ཤེས་འགྲུབ་པ་ལས་མི་འདའ་བའི་ཕྱིར་སངས་རྒྱས་ཀུན་གྱི་དམ་ཚིག་ཅེས་བྱའོ། །ཏིང་ངེ་འཛིན་གཉིས་ཀྱིས་སྦྱངས་ཤིང་བསྐྱེད་པའི་ཡོན་ཏན། དྲང་། ས་ལ་ལྡེ་གུ་དང་ལ་སོགས་པའི་སོགས་ཁོངས་ནས་གསེར་དངུལ་རག་ཟངས་ལ་ལུགས་སུ་བླུགས་པའམ། རྭ་ཤིང་ལ་སོགས་པ་ལ་རྐོས་སུ་བསྐོས་པའམ། རས་སམ་གྲོ་ཤོག་ལ་རིས་སུ་བྲིས་པའི་སྐུ་གསུང་ཐུགས་ཀྱིས་ཕྱག་རྒྱའི་དབྱིབས་སུ་བྱས་ཤིང་མཆོད་པ་དང་བསྟོད་པ་བྱས་པ་ཙམ་གྱིས་ཀྱང་། རྒྱུ་འབྱོར་པ་ཆེ་ཆུང་དང་། སེམས་དག་ཚབས་ཆེ་ཆུང་གི་དབང་གིས་རྣམ་གྲོལ་གྱི་རིམ་པ་གནས་སྐབས་མཐོ་རིས་དང་། མཐར་ཐུག་ཐར་པ་ཐོབ་པར་འགྱུར་ན་དག་པའི་ཡེ་ཤེས་སྟོང་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྦྱངས་ཤིང་། རོལ་མོ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལྷར་བསྐྱེད་པས་འབྲས་བུ་ཐོབ་པ་སྨོས་ཅི་དགོས་ཏེ། སེམས་ཀྱི་རྣམ་པ་ལྷའི་སྐུར་གསལ་བ་དེ་ཉིད་རང་འབྲས་བུ་ཡིན་ནོ། །ཡེ་ཤེས་སྤྱན་དྲང་ཞིང་གཞུག་པ། དྲང་། དེ་ཡང་གང་སྤྱན་དྲང་ན་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་ཆེན་པོའི་ཡེ་ཤེས་དེའོ། །གང་ནས་ན། སེམས་ཉིད་སྤྱིའི་ངོ་བོར་ཡང་མི་དམིགས་པ་ཐུགས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངང་ལ་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དེ་ལས་སོ། །མང་ཉུང་གི་ཚད་ཇི་ཙམ་ན་དཀྱིལ་འཁོར་དེ་ཉིད་ཅིག་ཀྱང་ཡེ་ཤེས་ལྔ་ལྔར་གསལ་བར་ཐམས་ཅད་དུ་རང་སྣང་བའི་ཕྱིར་བློས་ཚད་གཟུང་དུ་མེད་དེ། ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པ་སྤྱན་དྲང་ངོ་། །གང་ལ་བརྟེན་ནས་ན་སེམས་ཉིད་རང་སྣང་བའི་ཡེ་ཤེས་སུ་དབྱེར་མེད་པའི་དཀྱིལ་འཁོར་དེ་ལའོ། །དེ་ཇི་ལྟར་བསྟིམ་ན་ཕྱག་རྒྱ་བཞིས་གཉིས་སུ་མེད་པར་རོ། །དེའི་དགོས་ཆེད་ཅི་ཞེ་ན་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ཉམས་སུ་ལོན་པར་བསྒོམ་ཞིང་། དམ་ཚིག་དང་ཡེ་ཤེས་མཉམ་པར་སྦྱོར་བས་ཕྱོགས་བཅུ་དང་དུས་བཞི་ཀུན་ནས་བདག་དོན་དུ་ཡང་དག་པའི་ས་དང་། གཞན་དོན་དུ་སེམས་ཅན་གྱི་དོན་ལ་གཤེགས་པའི་ཡོན་ཏན་ལྔར་བསྙེན་པ་ཡི་ཡི་དམ་གྱི་ལྷ་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་སོགས་པ་ཐམས་ཅད་ཀྱང་རང་རིག་པའི་ཡེ་ཤེས་ཀྱི་ངང་དུ་རབ་ཏུ་རྫོགས་པར་བྱེད་དོ། །དུས་ནམ་ན་ཉེ་བར་གྱུར་པའི་དུས་ཏེ། དེ་ཉིད་རང་དུ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འགྲུབ་པ་ལས་མི་འདའ་བས་ན་དམ་ཚིག་གི་མཆོག་སྟེ། བསླུ་བ་མེད་པའི་འབྲས་བུ་ཐོབ་པའི་ཕྱིར་རོ། །འོ་ན་དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་ཞེས་པས། རྣམ་པ་ཐམས་ཅད་སྤྱན་འདྲེན་པ་ཡིན་ནམ། གྲང་ཐམས་ཅད་སྤྱན་འདྲེན་པ་ཡིན། སྔ་མ་ལྟར་ན་ཞི་བའི་སྐབས་སུ་ཁྲོ་བོ་ཡང་སྤྱན་འདྲེན་པར་འགྱུར་ལ། ཕྱི་མ་ལྟར་ན་བསྡུས་པ་བཅོ་བརྒྱད་པོའི་སྐབས་སུ་རྒྱས་པ་བརྒྱད་ཅུ་རྩ་གཉིས་པ་ཡང་སྤྱན་འདྲེན་པར་འགྱུར་རོ་ཞེ་ན། རྣམ་པ་ཞི་ཁྲོ་གང་ཡིན་ལ་གྲངས་རྒྱས་འབྲིང་བསྡུས་པ་གང་ཡིན་ཐམས་ཅད་སྤྱན་འདྲེན་པ་ཡིན་གསུང་མོད་ཀྱང་། དོན་ལ་དཀྱིལ་འཁོར་རེ་རེ་ཡང་དཀྱིལ་འཁོར་ཀུན་གྱི་བདག་ཉིད་ཡིན་ལ། བསྒོམ་པའི་དབང་དུ་རྣམ་པ་ཞི་ཁྲོ་དང་། གྲངས་རྒྱས་འབྲིང་བསྡུས་གསུམ་གྱི་དཀྱིལ་འཁོར་དུ་དགོས་ཆེད་ཀྱིས་བསྟན་པ་ཡིན་པས་གང་ལྟར་བྱས་ཀྱང་མི་འགལ་བར་སེམས་སོ། །དེ་ལ་མཆོད་པ་འབུལ་བའོ། །དེ་ལ་ཡང་གསུམ། བགྲང་། ཕྱི་ནང་གི་མཆོད་པ། དྲང་། ཕྱིའི་མཆོད་པ་རྣམ་པ་ལྔ་དང་། གཞན་ཡང་བླ་བྲེ། འཕན། གདུགས། རོལ་མོའི་བྱེ་བྲག་སྣ་ཚོགས་དང་། ནང་གི་མཆོད་པ་དམ་རྫས་དང་། ཚོགས་ཀྱི་ཡོ་བྱད་དང་། གླུ་ཚིག་སྟེ་གླུ་ཡེ་ཤེས་ཀྱི་མཆོད་པ་དང་། རྐང་པའི་བྲོ་དང་། ལག་པའི་གར་ཏེ་གར་ཡེ་ཤེས་ཀྱི་མཆོད་པ་སུ་ར་ཏོ་བཅུ་དྲུག་དང་། གཞན་ཡང་རོལ་མོ་ཡེ་ཤེས་ཀྱི་མཆོད་པ་ལ་སོགས་པ་དུ་མའི་སྤྲིན་དཔུང་གི་ཚོགས་ཀྱིས་ནམ་མཁའི་ཁམས་རབ་ཏུ་གང་བས་མཆོད་དེ། གསང་བའི་ཡུམ་བཞི་དང་འཇོམས་མ་སྒོ་མ་བཞི་དང་སེམས་མ་ནང་གི་བཞི་དང་ཕྱིའི་བཞི་ཡིས་མཆོད་དེ། བསྐུལ་ཚིག་དང་བསམ་པ་ཞི་རྒྱས་ལ་སོགས་པའི་དངོས་གྲུབ་ཇི་ལྟར་འདོད་པའི་ཕྲིན་ལས་བཞིའི་གཞུང་བཞིན་དུ་མཆོད་དོ། །ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ། དྲང་། མཉེས་པར་བྱེད་པའི་དོན་གྱིས་ན་མཆོད་པ། སྣང་གྲགས་མཆོད་རྫས་ལས་མི་འདའ་བའི་ཕྱག་རྒྱ་མཆོད་པ་གཞན་ལས་ཁྱད་པར་དུ་གྱུར་པས་ན་ཆེན་པོ་འདི་ནི། སེམས་ཀྱི་ཆོ་འཕྲུལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ལས་མ་གཡོས་པར་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པའི་ཚོགས་ཀྱིས་མཆོད་པར་བྱས་ཏེ། དེ་ཡང་བདག་གི་ཐུགས་ཀ་ནས་ཡི་གེ་བྷྲཱུཾ་ཕྱོགས་བཅུར་འཕྲོས་པས་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་བྱིན་གྱིས་བརླབས་ཏེ། མཉེན་པ་འཇམ་པ་རེག་ན་ཤིན་ཏུ་བདེ་བ་དང་ལྡན་པ། འོག་གཞི་སྣ་ཚོགས་པའི་རིན་པོ་ཆེའི་ས་གཞི་མནན་ན་ནེམ་པ་བཏེག་ན་འཕར་བ་མཛེས་པར་བྱེད་པའི་རེའུ་མིག་མང་རིས་སུ་བྲིས་ཤིང་། དྲྭ་མིག་རིན་པོ་ཆེ་དུ་མས་སྤྲས་པ་དང་རི་དང་རི་ཕྲན་ཐམས་ཅད་ལ་ཡི་གེ་ཏྲཾ་འཕྲོས་པ་ལས་ཡོན་ཏན་ཀུན་འབྱུང་བ་ནོར་བུ་རིན་ཅེན་གྱི་ཕུང་པོ་འོད་འབར་བར་བྱིན་གྱིས་བརླབ། ཆུ་བོ་ཆུ་ཕྲན་ཐམས་ཅད་ལ་ཡི་གེ་ཨ་འཕྲོས་པས། དབྱིབས་ལེགས་ཤིང་བང་རིམ་དང་ལྡན་པའི་རྫིང་བུ་ཆུ་ཡན་ལག་བརྒྱད་ལྡན་གྱིས་གང་བ། རོ་བྲོ་བའི་མཆོག་ཏུ་གྱུར་པ་བསིལ་ཞིང་དྭངས་པར་བྱིན་གྱིས་བརླབ། ཁང་ཁྱིམ་དང་སྦྲ་གུར་ལ་སོགས་པ་ཐམས་ཅད་ལ་ཡི་གེ་བྷྲཱུཾ་འཕྲོས་པས། གནས་ཁང་ཐམས་ཅད་རིན་ཆེན་གྱི་ཁང་པ་སྣ་ཚོགས་པར་བྱིན་གྱིས་བརླབ་པ་དང་། གཞན་ཡང་རྩི་ཤིང་ནགས་ཚལ་ཐམས་ཅད་ལ་ཡི་གེ་ཏྲཾ་འཕྲོས་པས། ཕྱི་སྣོད་ཀྱི་འཇིག་རྟེན་རིན་པོ་ཆེའི་རྒྱན་དང་རྩི་ཤིང་དང་ནགས་ཚལ་ཐམས་ཅད་དཔག་བསམ་གྱི་ལྗོན་ཤིང་རྒྱས་པའི་ཚུལ་དུ་བྱིན་གྱིས་བརླབ། སེམས་ཀྱིས་ཟིན་པ་དང་མ་ཟིན་པའི་སྒྲ་སྐད་ཐམས་ཅད་ལ་ཡི་གེ་ཏྲཾ་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟོད་པའི་གླུ་དབྱངས་དང་སེམས་ཅན་ལ་ཆོས་སྟོན་པའི་ཚིགས་སུ་བཅད་པའི་སྒྲར་བྱིན་གྱིས་བརླབ། གོས་རྒྱན་ཐམས་ཅད་ལ་ཡི་གེ་མཾ་འཕྲོས་པས། ལྷབ་ལྷུབ་སྣ་ཚོགས་དང་། བླ་བྲེ་དང་། རྒྱལ་མཚན་ལྷའི་ན་བཟའ་དང་གདུགས་ལ་སོགས་པར་བྱིན་གྱིས་བརླབ། སེམས་ཅན་གྱི་རྒྱན་ཐམས་ཅད་ལ་ཡི་གེ་ཏྲཾ་འཕྲོས་པས། རིན་པོ་ཆེའི་དོ་ཤལ་དཔུང་རྒྱན་དང་སེ་མོ་དོ་རུ་བྱིན་གྱིས་བརླབ། ལོངས་སྤྱོད་ཐམས་ཅད་ལ་ཡི་གེ་ཨ་འཕྲོས་པས། བདུད་རྩིའི་རང་བཞིན་བཟའ་བ་དང་བཏུང་བ་དང་རོ་བྲོ་བའི་མཆོག་སྣ་ཚོགས་པ་རྣམས་དང་། འགྲོ་བ་ཐམས་ཅད་ཀྱང་རང་ལ་མཛེས་པར་རྒྱན་ཁྱད་པར་ཅན་དུ་མས་བརྒྱན་པའི་མཆོད་རྫས་འདོད་ཡོན་སྣ་ཚོགས་ཐོགས་པའི་ལྷ་དང་ལྷ་མོ་རེ་རེ་ཡང་བསམ་གྱིས་མི་ཁྱབ་པ་ཞིང་གི་རྡུལ་སྙེད་རྣམས་ཀྱིས་རྐང་པའི་བྲོ་དང་། ལག་པའི་གར་ལ་སོགས་པ་བསམ་ཡས་པ་སྣ་ཚོགས་ཀྱིས་མང་ཉུང་གི་ཚད་ཕྱོགས་བཅུ་ནམ་མཁའི་ཁམས་ཁེངས་པར་བཀང་ནས། སྔར་སྤྱན་དྲངས་པའི་དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ་ལོ། །སྐལ་བ་དང་ལྡན་པའི་རྣལ་འབྱོར་པ་བློ་མི་གསལ་བ་དང་གསལ་བའི་ཁྱད་པར་གྱི་རིམ་གྱིས་སམ། ཡང་ན་ཅིག་ཅར་དུ་སྐད་ཅིག་དྲན་རྫོགས་ཀྱིས་ཆོས་ཀྱི་དབྱིངས་དང་མཉམ་པར་སྦྱོར་ཞིང་། ཆོས་ཉིད་ལ་ཆོས་ཉིད་ཐིམ་པའི་ཚུལ་དུ་སྣང་སྲིད་ཐམས་ཅད་མཆོད་པའི་ཕྱག་རྒྱ་ཆེན་པོ་ལས་མི་འདའ་བར་བསྒོམ་མོ། །གསང་བའི་མཆོད་པའོ། །དྲང་། ཡུམ་ཏིང་ངེ་འཛིན་གསལ་བ་དང་ལྡན་པ་ཅན་ཡིན་ན་ཡུམ་རང་གིས་བསྒོམ་པའམ། མི་ལྡན་ན་ཡབ་ཀྱིས་བྱིན་གྱིས་བརླབས་ལ་དཔེར་ན་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཅན་གྱིས་སྟོང་གསུམ་ཡུངས་འབྲུར་འཇུག་པའི་ཚུལ་དུ་དབྱིངས་ཕྱུག་གི་སྣ་རྩེ་ཡུངས་འབྲུ་ཙམ་ལ་གཞལ་ཡས་ཁང་རྫོགས་པར་བསྐྱེད་ནས། དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གང་རུང་གི་ལྷ་བཀོད་ལ། འོག་མིན་གྱི་གནས་ནས་རང་བཞིན་གྱི་དཀྱིལ་འཁོར་རམ། ལུས་ཀྱི་རྩ་གནས་ན་བྱང་ཆུབ་ཀྱི་སེམས་སྤྱན་དྲང་ཞིང་དམ་ཚིག་གི་ལྷ་ལ་ཡེ་ཤེས་སེམས་དཔའ་བསྟིམ་པའམ། བྱང་ཆུབ་ཀྱི་སེམས་ཉི་ཟླ་གཉིས་མེད་དུ་བསྟིམ་ཞིང་ཡུམ་དང་རོལ་པའི་བདེ་བའི་མཆོད་པས། ཐམས་ཅད་བདེ་བས་མཉེས་ནས་ཚིམ་ཞིང་གྲུབ་་པ་ལས་མི་འདའ་བའི་དམ་ཚིག་འདི་ནི་མཆོད་པ་གཞན་ལས་ཁྱད་པར་དུ་གྱུར་པས་ན་མཆོག་སྟེ། བདག་ཉིད་ཆེན་པོ་ལྷའི་དཀྱིལ་འཁོར་ཡབ་ཡུམ་བྱང་ཆུབ་སེམས་ཀྱི་མཆོད་པ་ཡིས། སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་རང་རིག་པའི་ཡེ་ཤེས་ལས་ཐ་མི་དད་པས་ན་མཉེས་ཤིང་དེའི་བྱིན་རླབས་ཀྱིས་སྲིད་པ་ནི། སྣོད་ཀྱི་དབང་དུ་བྱས་ན། ས་བླ། ས་འོག །ས་སྟེང་། བཅུད་ཀྱི་དབང་དུ་བྱས་ན། འདོད་པ། གཟུགས། གཟུགས་མེད་གསུམ་གྱིས་བསྡུས་པའི་འགྲོ་བ་རིགས་དྲུག་དང་། དེ་བསྐྱེད་པའི་ས་བོན། ཨ། ནྲི། སུ། ཏྲི། པྲེ། དུཿ ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་བདེ་བའི་རོ་དགའ་བ་ཆེན་པོའི་ཁྱབ་པར་འགྱུར་རོ། །སྒྱུ་མ་མཚོན་པ་ལྷ་ཡུམ། འཕྲུལ་པ་མཚོན་པ་ལྷ་ཡབ། དྲྭ་བ་མཚོན་པ་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་བརྟན་པའི་ཚད་གསལ་བ་ཡུལ་གྱིས་མི་འཕྲོགས་པ་ཡིས་ཕྱོགས་བཅུ་དང་དུས་བཞིར་ཡང་དག་པའི་ས་ལ་གཤེགས་པ་ཡི། སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་དང་། ཁམས་གསུམ་གྱི་འགྲོ་བ་སེམས་ཅན་རྣམས་ཀྱི་ཁམས་དང་། བསམ་པ་རང་རིག་པའི་མངོན་སུམ་དུ་གསལ་བར་འགྱུར་པ་ཡིན་ནོ། །བརྒྱད་པ་སྦྱིན་སྲེག །དྲང་། འདི་ལ་རྡོ་རྗེ་ལས་རིམ་ལས། ས་དང་རབ་གནས་རྣམ་གཉིས་དང་། །བདེ་བ་སྦྱིན་པའི་དུས་ཉིད་དོ། །ཞེས་བཤད་པས། ས་ཆོག་གི་དུས་སུ་ས་ངན་ན་ཞི་བའི་སྦྱིན་སྲེག །རབ་གནས་ཀྱི་དུས་སུ་རྒྱས་པའི་སྦྱིན་སྲེག །དབང་བསྐུར་བའི་དུས་དབང་གི་སྦྱིན་སྲེག །སློབ་བུ་རབ་གནས་ཀྱི་ནུབ་མོ་ཀུན་རྨིས་ལྟས་ལོག་ན་དྲག་པོའི་སྦྱིན་སྲེག་བྱ་སྟེ། དེ་ཡང་སྦྱིན་སྲེག་རྩ་བ་ལས། གནས་རྫས་ཐབ་ཀྱི་རྣམ་པ་དང་། །གཟུངས་དང་གཙོ་སེམས་བསྒྲུབ་བྱ་དང་། །ཕུར་པ་ལྷ་དུས་ལས་རིམ་དང་། །ལྷག་མ་བཅུ་གཅིག་ཤེས་པར་བྱ། །ཞེས་པས་དང་པོ་གནས་ནི་ཞི་རྒྱས་གཉིས་བཀྲ་ཤིས་པའི་གནས་སུ། དབང་དྲག་གཉིས་གཉན་པའི་གནས་སུ་བྱ་བའམ་ཡང་ན་ཞི་བ་རི་བོ་འདུས་པའི་རྩེ། རྒྱས་པ་ནགས་ཚལ་སྨན་ལྗོངས་ཀྱི་ཚལ། དབང་ཆུ་བོ་འདུས་པའི་སུམ་མདོ། དྲག་པོ་དུར་ཁྲོད་ཆེན་པོའི་གནས་སུ་བྱའོ། །གཉིས་པ་རྫས་ནི། ལས་བཞི་གང་བྱེད་ཀྱི་སྲེག་ཤིང་། ཡམ་ཤིང་། ལིང་གའི་རྒྱུ། གཏོར་མ། བསྲེག་རྫས་རྣམས་སོ། །གསུམ་པ་ཐབ་ཀྱི་རྣམ་པ་ནི། དབྱིབས་ཞི་བ་ལ་ཟླུམ་པོ། རྒྱས་པ་ལ་གྲུ་བཞི། དབང་ཟླ་གམ། དྲག་པོ་ལ་གྲུ་གསུམ། ཐམས་ཅད་ཀྱང་ཁྲུག་གང་བ་བང་རིམ་གསུམ་གསུམ་གོ་རིམ་བཞིན་འཁོར་ལོ་རྩིབས་བཞི་པ་དཀར་པོ་དང་། རིན་པོ་ཆེ་ཟུར་བརྒྱད་བ་སེར་པོ་དང་། པདྨ་འདབ་བརྒྱད་དམར་པོ་དང་། ཁྲོ་ཞལ་ལམ་རྡོ་རྗེ་རྒྱ་གྲམ་ནག་པོའི་ལྟེ་བ་ལ་གནས་པ་དང་། ཁ་དོག་ནི་ཞི་བ་དཀར། རྒྱས་པ་སེར། དབང་དམར། དྲག་པོ་མཐིང་ནག །མཚན་མ། ཞི་བ་ལ་འཁོར་ལོ་ཨཱོཾ་གྱིས་མཚན་པ། རྒྱས་པ་ལ་རིན་པོ་ཆེ་ཏྲཾ་གིས་མཚན་པ། དབང་ལ་པདྨ་ཧྲཱིཿས་མཚན་པ། དྲག་པོ་ལ་རྡོ་རྗེའམ་ཁ་ཊྭཱཾ་ག་ཧཱུཾ་གིས་མཚན་པ་དང་། ལྡན་པར་བྱའོ། །བཞི་པ་གཟུང་མ་ནི། ཞི་བ་ལ་བོང་ཆུང་། བཞིན་ལུས་མཛེས། རྒྱས་པ་ལ་བཞིན་གྲུ་བཞི། ཤ་རྒྱས། མདོག་སེར། སྤུན་མང་བའོ། །དབང་ལ་བཞིན་ཟླ་གམ། ཤ་དམར། ལུས་མཛེས། སྤུན་ཟླ་མེད་པའོ། །དྲག་པོ་ལ་བཞིན་གྲུ་གསུམ། ཤ་ནག་ལ་རྩུབ། ངག་གཏུམ་པའོ། །ལྔ་པ་གཙོ་བོའི་སེམས་ནི། དོན་གྱི་སེམས་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་རྟོག་ཤིང་། སྟོངས་ཀྱི་སེམས། ཞི་བ་ལ་ཞི་ཞིང་དྭངས་པ། རྒྱས་པ་ལ་སྤྲོ་ཞིང་དགའ་བ། དབང་ལ་ཆགས་ཤིང་ཞེ ན་པ། དྲང་པོ་ལ་ཞེ་སྡང་ཁྲོ་བའི་སེམས་ཀྱིས་བྱའོ། །དྲུག་པ་ལིངྒ་ནི། ཞི་བ་ལ་གཏུམ་ཞིང་རྔམ་པ། རྒྱས་པ་ལ་ཚེ་དང་བསོད་ནམས་རྒྱས་པ། དབང་ལ་གང་དབང་དུ་བྱ་བར་འདོད་པ། དྲག་པོ་ལ་བསྒྲལ་བའི་ཞིང་བཅུའོ། །དེ་དག་གང་ཡིན་གྱི་དྲི་མ་དྲུག་གམ་རྐང་རྗེས་ཀྱི་ས་ལ་བྱས་པའི་ལིངྒའི་དཔྲལ་བར་རུས། སྙིང་ཁར་སྲོག །ལྟེ་བར་མིང་། བརླ་ལ་བླ་དྭགས། འདོམས་སུ་ལས་བཞི་གང་བྱེད་ཀྱི་སྔགས་སྤུ་གྲི་དང་བཅས་པ་བྲིས་ལ། ལས་བཞི་གང་ཡིན་གྱི་བྲུབ་ཁུང་དུ་གཞུག་གོ། །བདུན་པ་ཕུར་པ་ནི། ཞི་བ་ལ་དངུལ་ལམ་ཤིང་དཀར་པོའི་ཕུར་པ་དབལ་ཟླུམ་པོར་བྱས་པ་དྲུག །རྒྱས་པ་ལ་གསེར་རམ་ཤིང་སེར་པོའི་ཕུར་པ་དབལ་གྲུ་བཞིར་བྱས་པ་བཞི། དབང་ལ་ཟངས་སམ་ཤིང་དམར་པོའི་ཕུར་པ་དབལ་ཟླ་གམ་དུ་བྱས་པ་ལྔ། དྲག་པོ་ལ་ལྕགས་སམ་ཤིང་ནག་པོའི་ཕུར་པ་དབལ་ཟུར་གསུམ་བྱས་པ་གསུམ་སྟེ། དེ་དག་ཀྱང་གྲུབ་ན་ལས་བྱེད་ཀྱི་ཕུར་པ་ཉི་ཤུ་རྩ་རེ་དང་བཅས་པ་བཤམ་མོ། །བརྒྱད་པ་ལྷ་ནི། ལས་སྦྱོར་གྱི་ལྷ་ཞི་ཁྲོའི་གཞུང་བཞིན་ནོ། །སྦྱིན་སྲེག་གི་ལྷ་ལས་བཞི་གང་ཡིན་གྱི་སྐུ་མདོག་ཕྱག་མཚན་ཅན་གྱི་མེ་ལྷ་སྟེ། ཞི་བ་ལ་མེ་ལྷ་དཀར་པོ་ཕྱག་གཡས་པས་ན་གུནྡྷེ་བསྣམས་པ། རྒྱས་པ་ལ་སེར་པོ་རིན་ཆེན་སྒྲོམ་བུ། དབང་ལ་དམར་པོ་ཞགས་པ། དྲག་པོ་ལ་མཐིང་ནག་ཏྲི་ཤུ་ལ། ཀུན་ཀྱང་ཕྱག་གཡོན་པ་ན་བགྲང་ཕྲེང་འཛིན་པ། དྲང་སྲོང་གི་ཆ་བྱད་ཅན་ར་སྐྱེས་ལ་ཆིབས་པའོ། །སྲེག་ལྷ་ནི། ཞི་བ་ལ་རྣམ་སྣང་དང་བུདྡྷ་ཧེ་རུ་ཀས་གཙོ་བྱས་པའི་ཞི་ཁྲོའི་ལྷ་ཀུན་སྐུ་མདོག་དཀར་པོ། རྒྱས་པ་ལ་རིན་འབྱུང་དང་རཏྣ་ཧེ་རུ་ཀས་གཙོ་བྱས་པའི་ལྷ་ཀུན་སེར་པོ། དབང་ལ་སྣང་བ་མཐའ་ཡས་དང་པདྨ་ཧེ་རུ་ཀས་གཙོ་བྱས་པའི་ལྷ་ཀུན་དམར་པོ། དྲག་པོ་ལ་རྡོ་རྗེ་སེམས་དཔའ་དང་བཛྲ་ཧེ་རུ་ཀས་གཙོ་བྱས་པའི་ལྷ་ཀུན་མཐིང་ཁར་བསྐྱེད་དོ། །དགུ་པ་དུས་ནི། དབྱར་ཞི་བ། སྟོན་རྒྱས་པ། དགུན་དབང་། དཔྱིད་དྲག་པོ། ཞག་གཅིག་ལ་བྱེད་ན། སྔ་དྲོ་ཞི་བ། ཉིན་ཕྱེད་རྒྱས་པ། དགོང་མོ་དབང་། ནམ་གུང་དྲག་པོའི་སྦྱིན་སྲེག་བྱའོ། །བཅུ་པ་སྦྱིན་སྲེག་གི་ལས་ཀྱི་རིམ་པ་ལ་གཉིས་ཏེ། སྔོན་དུ་བྱ་བ་དང་། ལས་རིམ་གཉིས་སོ། །སྔོན་དུ་བྱ་བ་ལ། བཤམ་པ་དང་། སྔོན་འགྲོའི་ཆོ་ག་གཉིས་ལས། བཤམ་པ་ནི། ལས་བཞིའི་ཡོ་བྱད་བསགས་ལ་ས་གཞི་སྐྱང་ནུལ་བྱ། ལས་བཞི་གང་བྱེད་ཀྱི་ཐབ་བརྩིག །དཀྱིལ་འཁོར་བྲི། རྣམ་པ་དགོད། ཆ་གསུམ་བཏང་། སྲེག་ཤིང་བརྩིགས། རིགས་དང་མཐུན་པའི་མེ་དར་དག་པ། མཆོད་གཏོར་དགྲམ། སྲེག་རྫས་བཤམ། ལས་བཞི་གང་བྱེད་ཀྱི་ལིངྒ་བཅས་པ་བྲུབ་ཁུང་དུ་གཞུག །ཁ་ཁྱེར་ལ་ལས་བཞི་གང་ཡིན་གྱི་ཕུར་པས་བསྐོར་རོ། །སྔོན་འགྲོ་དངོས་ནི། མཚམས་བཅད། བཤགས་པ་བྱ། དམ་བཅའ། བྱིན་དབབ། ཧཱུཾ་བཞིས་བྱིན་བསྡུས་ལ་རྩ་བ་དང་ཡན་ལག་གི་མཆོད་པ་བྱིན་གྱིས་བརླབ། དེ་ནས་སྲེག་རྫས་བྱིན་གྱིས་བརླབ་པ་ནི། ཉི་ཟླ་གའུར་འབྲུ་ལྔ་བཀོད་ལ་བཞུ་བརྟུལ་གྱིས་བདུད་རྩིར་བརླབ། ལས་བཞིའི་གཏོར་མ་ཡང་འབྲུ་གསུམ་མམ་ལྔ་ཡིས་ལས་གང་ཡིན་འགྲུབ་པར་བྱིན་གྱིས་བརླབ། ལས་རིམ་དངོས་ལ་གསུམ་སྟེ། དང་པོ་ལས་སྦྱོར་གྱི་ཕྲིན་ལས་ཞི་ཁྲོ་གཞུང་བསྲང་། འཛབ་ཀྱི་འཕྲོ་འདུ་ལས་བཞིའི་ཁ་དོག་བཞིན་བྱས་ལ་བསྟོད་པ་ཡང་བྱའོ། །གཉིས་པ་ལིངྒ་དགུག་གཞུག་བྱ་བ་ནི། ཚོགས་ཐ་མ་དང་ལིངྒ་བྲུབ་ཁུང་དུ་བྲུབས་ལ་དགུག་གཞུག་བྱ། གཏོར་བསྐུལ་བྱས་ལ་གཏོར་ཐུན་དབབ། ཕུར་བསྐུལ་བྱས་ལ་ཕུར་པ་གདབ། མཚོན་ཆའི་ཆར་དབབ། གྲིས་གཏུབས་ལ་སྲེག་རྫས་དང་བསྲེས་ལ་གཞག་གོ། །གསུམ་པ་སྦྱིན་སྲེག་གི་ལས་རིམ་ལ་མེ་ལྷ་དང་སྲེག་ལྷ་གཉིས་ལས། མེ་ལྷ་ནི་ལས་བཞི་གང་བྱེད་ཀྱི་མེ་ལྷ་དམ་ཚིག་པར་བསྐྱེད། དབང་བསྐུར། བྱིན་གྱིས་བརླབས། ལྷ་ཐམས་ཅད་ཀྱི་ཞལ་དུ་གྱུར་པའི་ཡེ་ཤེས་ཀྱི་མེ་ལྷ་སྙན་གསན་དབབ། མདའ་དར་དམར་པོས་གཡབ་ཅིང་། དད་པ་དང་ནི་དམ་ཚིག་གིས། །ཞེས་སོགས་ཀྱིས་བོས་ལ་དམ་ཚིག་གི་མེ་ལྷ་ལ་བསྟིམ། མཆོད་བསྟོད་བྱས་ལ་ལས་བཞི་གང་ཡིན་གྱི་སྨོན་ལམ་གདབ་བོ། །སྲེག་ལྷ་ནི་ལས་བཞི་གང་བྱེད་བཞིན་དམ་ཚིག་པར་བསྐྱེད། དབང་བསྐུར་བྱིན་གྱིས་བརླབ། ཡེ་ཤེས་ཀྱི་མེ་ལྷ་དབབ། དྲང་། བསྟིམ། ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད་ལ། བཟའ་བཏུང་བྲོ་བའི་ཚོགས་སྲེག་རྫས་རྣམས་ལས་བཞི་གང་བྱེད་ཀྱི་ཚིག་དང་། སྔགས་ཀྱིས་ལས་བཞི་གང་བྱེད་པའི་སྐབས་དང་སྦྱར་ལ་མཆོད་པ་དབུལ་ཞིང་བདེན་པ་དང་སྨོན་ལམ་བརྗོད་ནས། ཕྱོགས་བཅུ་དུས་བཞི་བསྟོད། དེ་ནས་ཁྲོ་བོར་བསྒྱུར་ལ་དབབ། དྲང་། བསྟིམ། ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད་ལ། སྔར་བཞིན་ལས་བཞི་གང་ཡིན་གྱི་སྦྱིན་སྲེག་གི་མཆོད་པ་རབ་ཏུ་སྦྱིན་པར་བྱ་ཞིང་གཏུམ་ཆེན་གྱིས་བསྟོད་ལ་བྲོ་བྱའོ། །བཅུ་གཅིག་པའི་ལྷག་མའི་ལས་ནི། ལྷག་མ་བཏང་། བརྟན་མ་བསྐྱང་། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། སྲེག་ལྷ་དང་མེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། མཚམས་དང་དཀྱིལ་འཁོར་བསྡུས་ལ། ལས་རྗེས་མི་མངོན་པར་བྱས་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པར་བྱ་སྟེ། རྒྱས་པར་སྦྱིན་སྲེག་གི་ལས་བསྒོམ་ཁྲིགས་མ་ན་གསལ་བས་དེར་ཤེས་པར་བྱའོ། །དགུ་པ་དཀྱིལ་འཁོར་དུ་འཇུག་པ་ལ་གསུམ་སྟེ། སློབ་དཔོན་འཇུག་པ་དང་། སློབ་མ་གཞུག་པ་དང་། སློབ་མ་ལ་ལྷ་སྒོམ་པར་ནན་ཏན་བྱ་བའོ། །དང་པོ་དང་། དྲང་། རྡོ་རྗེ་ལས་རིམ་ལས། དབང་ཕྱུག་འཇུག་དང་བཟོད་གསོལ་དང་། ཞེས་པས། ཐོག་མར་སློབ་དཔོན་འཇུག་པའི་ཆོ་ག་གཉིས་ནི། དཀྱིལ་འཁོར་གྱི་ལས་ཀུན་བྱས་ཤིང་ཕྱི་ནང་གསང་བའི་དབང་གིས་ཕྱུག་པའི་རྡོ་རྗེ་སློབ་དཔོན་གྱིས་ཁྲུས་བྱས་དབང་གོས་གྱོན་ནས་དཀྱིལ་འཁོར་གྱི་ཤར་སྒོར་མེ་ཏོག་ཐོགས་ལ། ཨཱོཾ་ཡེ་ཤེས་རྒྱལ་པོ་ཞེས། དངོས་གྲུབ་བསྐུལ་ཞིང་རིག་པའི་མེ་ཏོག་དོར་ནས་དད་པས་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་དག་གིས་སློབ་མ་ལ་ཇི་ཙམ་དབང་བསྐུར་བར་འདོད་པ་དེ། རང་ཉིད་དཀྱིལ་འཁོར་གྱི་ལྷ་ལ་དབང་བླངས་ཤིང་སློབ་མ་དཀྱིལ་འཁོར་དུ་གཞུག་པར་གསོལ་བ་གདབ་པ་དང་། བཟོད་པར་གསོལ་བར་དཀྱིལ་འཁོར་གྱི་ལྷ་རྣམས་དགྱེས་བཞིན་དུ་གནང་བ་བྱིན་པར་བསམ་པ་ནི་སློབ་དཔོན་འཇུག་པའི་ཆོས་གཉིས་སོ། །གཉིས་པ་སློབ་མ་གཞུག་པ། དྲང་། སློབ་དཔོན་དཀྱིལ་འཁོར་དུ་ཞུགས་པ་དེ་ནས་སློབ་མ་དཀྱིལ་འཁོར་དུ་གཞུག་པར་བྱ་བ་ལ་ཆོས་བཅུ་དྲུག་གིས་སྟོན་ཏེ། རྡོ་རྗེ་ལས། རིམས་ལས། ཁྲུས་དགབ་དྲི་དང་ལུས་དབུལ་དང་། །བགེགས་བསྐྲད་ལྷར་བརླབ་དམ་ཚིག་སྦྱིན། །དེ་ཉིད་དབོག་དང་ཆུ་ནན་དང་། །བསྒྲག་དང་རིན་ཆེན་དོར་བ་དང་། །ལྷ་དབབ་པ་དང་ནན་ཏན་དང་། །ཚོགས་མཆོག་ཡོན་དང་རྣམ་བཅོ་བརྒྱད། །འདི་ཡིས་ཡན་ལག་རྫོགས་པར་འགྱུར། །ཞེས་གསུངས་པ་བཞིན་ཏེ། རྒྱས་པར་དབང་ཆོག་ཏུ་ཤེས་པར་བྱའོ། །སློབ་མ་ལ་ལྷ་བསྒོམ་པར་ནན་ཏན་བྱ་བའོ། །དྲང་། ལུས་ངག་ཡིད་གསུམ་སྐུ་གསུངས་ཐུགས་སུ་ལྷུན་གྱིས་གྲུབ་བས། ལྷ་དང་ཁྱད་པར་མེད་ཅིང་སྐལ་བ་མཉམ་པའི་ཡེ་ཤེས་ཅན་དེ་ནི་ཡི་དམ་གྱི་ལྷ་སྒྲུབ་པ་དོན་དུ་གཉེར་ན། དུས་ཉེ་བར་འབྱུང་བའི་དངོས་གྲུབ་ཡ་མཚན་ཆེན་པོ་འབྱུང་བར་ངེས་བས་ཡི་དམ་གྱི་ལྷ་བསྒོམ་པ་དང་མི་འབྲལ་བར་གཅེས་སོ། །གལ་ཏེ་ལྷ་བསྒོམ་པའི་དད་པ་མེད་ན་ཡི་དམ་ལྷའི་དམ་ཚིག་ཉམས་པར་འགྱུར་རོ། །དམ་ཚིག་ཉམས་ཀྱང་སྐྱོན་ཅི་ཡོད་ཅེ་ན། རྡོ་རྗེ་གནོད་སྦྱིན་གྱིས་སྙིང་ཁྲག་ཞོ་བཞིན་དུ་འཇིབས་ནས་འདིར་ཡང་ཚེ་ཐུང་ཞིང་། ཕྱི་མ་ངན་འགྲོའི་གནས་སུ་ལྟུང་བའི་ཕྱིར་ན་ཕུང་བར་འགྱུར་རོ། །བཅུ་པ་དཀྱིལ་འཁོར་དུ་ཞུགས་པའི་ཡོན་ཏན་ནོ། །དྲང་། རིགས་ལྔ་ཡབ་ཡུམ་ཟུང་དུ་འབྲེལ་བ་བདེ་བ་ཆེན་པོའི་དཀྱིལ་འཁོར་ནི་བསྡུས་པའི་དབང་དུ་བྱས་ན་སྟངས་ནི་ཡབ། དཔྱལ་ནི་ཡུམ་སྟེ་གཙོ་བོ་ཡབ་ཡུམ་གཉིས་སམ། ཡང་ན་དཀྱིལ་འཁོར་འབྲིང་པོ་དང་རྒྱས་པའི་གཙོ་བོ་རིགས་ལྔ་རབ་གནས་དང་ལྡན་པར་བྱ་སྟེ། དེར་སློབ་བུ་དད་པ་དང་ལྡན་པས་གོང་བཞིན་དཀྱིལ་འཁོར་དུ་རབ་ཏུ་ཞུགས་པར་གྱུར་ན་འདོད་པའི་དོན་དབང་དང་དངོས་གྲུབ་ཡིན་དུ་འོང་བ་ཐོབ་པས་ན། སྔོན་འོག་མིན་དུ་མཐར་ལམ་པ་ཞུགས་པ་དང་སྐལ་བ་མཉམ་པར་འགྱུར་རོ། །དེ་ཡང་སངས་རྒྱས་མཉམ་སྦྱོར་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོ་སྔོན་དུ་མཐོང་བ་ཡིས། །བསོད་ནམས་བརྟག་པ་གང་ཡིན་པ། །ཕྱིས་བྱས་པ་ཡང་དེ་བཞིན་ནོ། །ཞེས་གསུངས་སོ། །ཁྲོ་བོའི་དཀྱིལ་འཁོར། དྲང་། འདིར་སྒྱུ་འཕྲུལ་ཁྲོ་བོའི་དཀྱིལ་ལ་ཡང་ས་གཞི་མཉམ་པ་ལ་སོགས་པ་སྤྱི་དོན་བཅུས་སྟོན་ཀྱང་། སྤྱིར་ཞི་བའི་དཀྱིལ་འཁོར་གྱི་སྐབས་སུ་བཤད་པ་དེ་བཞིན་དུ་བྱས་ཏེ། འོན་ཀྱང་དང་པོ་ས་གཞི་མཉམ་པ་ལ་བརྒྱད་ཡོད་པའི། ས་བརྟག་པའི་སྐབས་སུ་གནས་མ་མོ་འདུ་བའི་དུར་ཁྲོད་ཤིས་སོ། །དྲུག་པ་བྱིན་གྱིས་བརླབ་པ་དང་། བརྒྱད་པ་ས་བཟུང་བ་ཁྲོ་བོས་བྱའོ། །གཞན་མཐུན་ནོ། །གཉིས་པ་ཚད་མཐུན་ནོ། །གསུམ་པ་ཐིག་ལ་ཡེ་ཤེས་ཀྱི་ཐིག་སྐུད་རྒྱུས་ཆེན་ལ་བྱ། རབ་གནས་ཁྲོ་བོས་བྱ། གདབ་པའི་ཐབས་ཀྱང་ཁྲོ་བོའི་ལུགས་སུ་གདབ་བོ། །བཞི་པ་ཚོན་ལ་ཐལ་ཆེན་བསྲེས་ལ་རབ་གནས་ཁྲོ་བོས་བྱའོ། །ལྔ་པ་བྲི་ཐབས་ལ་ཁྲོ་བོའི་དཀྱིལ་འཁོར་ཁྱམས་གཉིས་ལ་བྱ། དྲུག་པ་རྣམ་པ་དགོད་པ་ཁྲོ་བོའི་སྐུ་གསུང་ཐུགས་དགོད། བདུན་པ་རབ་གནས་ལ་ལས་སྦྱོར་ཁྲོ་བོའི་གཞུང་བསྲང་། མངའ་གསོལ་སྐབས་སུ་ཐོག་མར་བུམ་པ། དེ་ནས་རོལ་པ་ཉི་ཤུ། ཆེ་བ་ཉི་ཤུ། རྔོ་མ་ཉི་ཤུ། བརྗིད་ཉི་ཤུ་སྟེ། མངའ་གསལ་བརྒྱད་ཅུས་མངའ་གསོལ་ལོ། །ཆུ་བདུན་ལ་དམ་རྫས་ལྔའི་སྟེང་དུ་ཐལ་ཆེན་དང་ཞུན་ཆེན་ནོ། །ཚིག་ཀྱང་ཞི་བ་དང་མི་མཐུན་ནོ། །སྐུ་ཕྱི་བ་ཡང་དུར་ཁྲོད་རས་ཆེན་གྱིས་སོ། །ཕྱི་ནང་གསང་བའི་པཱུ་ཛ་ཁྲོ་བོ་ལྟར་རོ། །བདུན་པ་བདེན་པས་བརྟན་པར་བཞུགས་པ་དང་། བརྒྱད་པ་བསྐོར་བ་དང་སྨོན་ལམ་ཡང་ཁྲོ་བའི་རབ་གནས་ནས་བཤད་པ་ལྟར་རོ། །དགུ་པ་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་ལ། ལྷར་བརླབ་པ་དང་ལྷ་དབབ་པ་ཁྲོ་བོས་བྱ། དེ་ལས་གཞན་པ་རྣམས་དང་། བཅུ་པ་ཞུགས་པའི་ཡོན་ཏན་ཞི་བའི་དཀྱིལ་འཁོར་བཞིན་ནོ། །མཆོག་གི་དཀྱིལ་འཁོར་ཞི་བའི་དཀྱིལ་འཁོར་ལྟར་ཤེས་པར་གདམས་པའོ། །དྲང་། བསམ་ཡས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དག་ལའང་ཞི་བའི་དཀྱིལ་འཁོར་གྱི་སྐབས་སུ་བཤད་པ་དེ་བཞིན་དུ་སྤྱི་དོན་བཅུར་ཤེས་པར་བྱ་སྟེ། དང་པོ་ས་གཞི་མཉམ་པ་ནི་ཆོས་ཐམས་ཅད་མཉམ་པར་རྟོགས་ཤིང་དེའི་ངང་དུ་འཇོག་པའོ། །གཉིས་པ་ཚད་ནི་རང་གི་རིག་པས་དཔགས་ཤིང་ཇི་ཙམ་དཔོག་པའི་ཚད་ཙམ་དུ་བསྒོམ་པར་བྱའོ། །གསུམ་པ་ཐིག་ནི་རང་རིག་པ་ཉིད་དཀྱིལ་འཁོར་དུ་གསལ་བ་ལས་མི་འགྱུར་བའོ། །བཞི་པ་ཚོན་ནི་སེམས་རྣམ་པར་ཤེས་པའི་ཚོགས་བརྒྱད་ཡེ་ཤེས་ལྔར་མཚོན་པའོ། །ལྔ་པ་བྲི་བ་ནི་སེམས་ཉིད་མཉམ་པ་ཉིད་ལ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་མཉམ་པ་ཉིད་མ་འདྲེས་ཡོངས་རྫོགས་སུ་གསལ་བའོ། །དྲུག་པ་རྣམ་པ་དགོད་པ་ནི་སྣང་བ་སྐུའི་དཀྱིལ་འཁོར། གྲགས་པ་གསུང་། དྲན་རིག་ཐུགས་ཀྱི་དཀྱིལ་འཁོར་དུ་མ་འགགས་པར་དགོད་པའོ། །བདུན་པ་རབ་གནས་ནི་རྒྱུན་བཤགས་ལྟར། བསྐྱེད། དབབ། དྲང་། བསྟིམ། མཆོད་པའི་རིམ་པ་རྣམས་བྱའོ། །བརྒྱད་པ་སྦྱིན་སྲེག་ནི་བདེ་བ་ཆེན་པོའི་དོན་རྒྱུད་ལ་སྦྱིན་ཞིང་རྣམ་རྟོག་རང་རྒྱུད་པ་སྲེག་པའོ། །དགུ་པ་དཀྱིལ་འཁོར་དུ་འཇུག་པ་ནི་རྒྱུན་བཤགས་ཀྱིས་གསལ་བཏབ་ནས་རྒྱུན་ཆད་མེད་པར་ཉམས་སུ་ལེན་པའོ། །བཅུ་པ་ཞུགས་པའི་ཡོན་ཏན་ནི་སྔོན་འོག་མིན་དུ་མཐར་ལམ་པ་ཞུགས་པ་དང་སྐལ་པ་མཉམ་པ་སྔར་དང་རྗེས་སུ་མཐུན་ནོ། །སྤྱི་དོན་གཉིས་པ་དབང་ཡེ་ཤེས་རྡོ་རྗེ་ལ་གསུམ་སྟེ། བགྲང་། དབང་གི་སྔོན་དུ་རྒྱུ་ཡོན་དབུལ་བ། དྲང་། དཀྱིལ་འཁོར་གྱི་བྱ་བ་རྫོགས་པ་དེ་ནས་དཀྱིལ་འཁོར་དུ་ཞུགས་པའི་རིགས་ཀྱི་བུ་མཆོག་དབང་ཐོབ་པར་འདོད་པ་དེས་སྔོན་དུ་རྒྱུ་ཡོན་དབུལ་བར་བྱ་སྟེ། ཡི་དམ་དེ་བཞིན་གཤེགས་པའི་རིགས་ལ་མེ་ཏོག་ཕོག་པ་ཡིན་ན་རྒྱལ་སྲིད་དང་། རྡོ་རྗེ་རིགས་ཡིན་ན་ནི་རང་གི་ལུས་དབུལ་ལོ། །རྒྱས་སྲིད་མེད་པ་རྣམ་ཡོན་མི་དབུལ་ལམ་ཞེ་ན། རང་དབང་བའི་དངོས་པོ་ཅི་ཡིན་དབུལ་གསུང་ངོ་། །ཡི་དམ་པདྨའི་རིགས་ལ་མེ་ཏོག་ཕོག་ན་བུ་དང་ཆུང་མ་དབུལ། རིན་པོ་ཆེའི་རིགས་ལ་རིན་པོ་ཆེ་དངོས་སམ་ནོར་གྱི་དབྱིག་དབུལ། ལས་ཀྱི་རིགས་ལ་རང་ལ་གང་རབ་ཏུ་གཅེས་པ་དབུལ། ཡི་དམ་རིགས་ཐམས་ཅད་ཀྱི་བདག་པོ་ཡིན་ན་བླ་མའི་ཡིད་ལ་གང་འཐད་དབུལ་ཏེ། ཐུགས་ལ་འཐད་ན་རང་གི་གཟུངས་མ་ཡང་དབུལ་ལོ། །ཞེས་གསུང་ངོ་། །དབང་ཕྱུག་ལ་གོང་དུ་བཤད་པའི་ཡོན་རྣམས་དང་བཟང་བཅའ་ལ་སོགས་པའི་ལོངས་སྤྱོད་ལྔས་ཉེ་བར་མཆོད་ན་དཀྱིལ་འཁོར་ཐམས་ཅད་མཆོད་པར་འགྱུར་བ་ཡིན་ཏེ། དབང་ཕྱུག་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་སམ་དགོངས་པ་ཐ་མི་དད་པའི་ཕྱིར་རོ། །དེ་མཆོད་པ་ལ་དགོས་ཆེད་ཅི་ཡོད་ཅེ་ན། ཉེ་བའི་དཀྱིལ་འཁོར་དབང་ཕྱུག་རྡོ་རྗེ་སློབ་དཔོན་མཆོད་པས་དཀྱིལ་འཁོར་ཐམས་ཅད་མཉེས་པ་སྨོས་ཅི་དགོས་ཏེ། མི་དགེ་བཅུ། མཚམས་མེད་ལྔ། དེ་དང་ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད། གཞན་ཡང་སྔགས་ཀྱི་དམ་ཚིག་ཉམས་པ་ལ་སོགས་པའི་ཉེས་པ་ཐམས་ཅད་འདག་པར་འགྱུར་རོ། །སྣོད་དང་སྦྱར་ལ་བསྐུར་བ། དྲང་། སློབ་བུའི་མཚན་ཉིད་བརྟག་པ་ལ་མཁས་པའི་སློབ་དཔོན་གྱིས། འོག་ནས་རབ་རྟོགས་ཞེས་པས། སློབ་བུ་སྣོད་དང་ལྡན་མི་ལྡན་གྱི་མཚན་ཉིད་རབ་ཏུ་བརྟགས་ནས། སྣོད་དང་མི་ལྡན་པའི་སློབ་མ་སྤངས་ལ། སྣོད་ལྡན་གྱི་སློབ་བུ་དད་པ་ཅན་ལ་ཕྱི་ཕན་པའི་དབང་བཅུ་སྦྱིན་ཞིང་། བརྩོན་འགྲུས་ཅན་ལ་ནང་ནུས་པའི་དབང་ལྔ་སྦྱིན་པར་བྱ་སྟེ། དེ་ཡང་བདག་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ཉན་བསྒོམ་གཉིས། གཞན་དོན་ནུས་པའི་བརྩོན་འགྲུས་ཅན་ལ་འཆད་ཕྲིན་གཉིས། གཉིས་ཀའི་དོན་ནུས་པའི་བརྩོན་འགྲུས་ཅན་ལ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་སྦྱིན་ནོ། །བརྟུལ་ཞུགས་ཅན་ལ་གསང་བ་ཟབ་མོའི་དབང་གསུམ་སྦྱིན་ཏེ། དེ་ཡང་སྤྱོད་པའི་བརྟུལ་ཞུགས་ཅན་ལ་གསང་བའི་དབང་། རིག་པའི་བརྟུལ་ཞུགས་ཅན་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་། མཉམ་པའི་བརྟུལ་ཞུགས་ཅན་ལ་དབྱེར་མེད་བདེ་བ་ཆེན་པོའི་དབང་སྦྱིན་ཏེ། སྣོད་ཀྱི་རིམ་པ་བཞིན་དུ་རང་རང་གི་བློ་དང་འཚམས་ཚོད་དུ་སྦྱིན་པར་བྱ་ཞིང་། རྡོ་རྗེ་སློབ་དཔོན་གྱིས་སློབ་བུ་ལ་དོན་དུ་མི་འགྱུར་བའི་དབང་བྱིན་ན། རྫ་རྣོད་དུ་སེང་ཞོ་བླུག་པ་དང་མཚུངས་པས། སྙིང་རྗེས་ཀུན་ནས་བསླངས་པའི་སེམས་ཀྱིས་སྣོད་དང་འཚམས་པར་སྦྱིན་ལ་སློབ་བུ་ཆུད་མ་ཟོས་པར་རྗེས་སུ་གཟུང་བར་བྱའོ། །གསང་དབང་གི་དཀྱིལ་འཁོར་གྱི་ཚད་དོ། །དེ་ལ་གཉིས། ཚད་དངོས་དང་། དེ་ལ་གདན་དང་སྐུ་གསུང་ཐུགས་ཀྱི་མཚན་མ་དགོད་པའོ། །དང་པོ་ལ་གཉིས། བགྲང་། པདྨའི་ཚད་སོར་བཞི་པ། དྲང་། སྤྱིར་གསང་བསྒྱུ་འཕྲུལ་གྱི་ལུགས་ཀྱི་དཀྱིལ་འཁོར་བཞི་རུ་དབང་ལྔ་བསྐུར་བར་བྱེད་པ་ཡིན་ཏེ། ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཕན་དབང་། ནང་ལུས་ཀྱི་དཀྱིལ་འཁོར་དུ་ནུས་དབང་། གསང་བ་བྷ་གའི་དཀྱིལ་འཁོར་དུ་གསང་དབང་དང་ཤེས་རབ་ཀྱི་དབང་། དེ་ཁོ་ན་ཉིད་སེམས་ཀྱི་དཀྱིལ་འཁོར་དུ་དབྱེར་མེད་བདེ་བ་ཆེན་པོའི་དབང་བསྐུར་བ་ཡིན་པ་ལ། སྐབས་འདིར་གསང་དབང་གི་དཀྱིལ་འཁོར་གསང་གནས་གཉིས་ཡིན་ཞིང་དེ་དག་མཚོན་བྱེད་དུ། གསེར་དངུལ་ཟངས་ལྕགས་ལ་སོགས་པ་ལ་ལུགས་སུ་བླུག་པའམ། རས་སམ་གྲོ་ཤོག་ལ་སོགས་པ་ལ་རིས་སུ་བྲིས་པའམ། ཙནྡན་གོཪྴི་ཥ་ལ་སོགས་པ་ལ་རྐོས་སུ་བརྐོས་པའང་རུང་སྟེ། སྔར་གྱིས་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གྱི་ཚད་ལ་བལྟོས་ན་འདི་ལ་ཆུང་ཚད་གཞན་མེད་པས་ཤིན་ཏུ་ཕྲ་བའི་དཀྱིལ་འཁོར་ཏེ། སྤྱོད་པའི་བརྟུལ་ཞུགས་ཅན་གྱི་སློབ་བུ་ལ་བདེ་བའི་ཡེ་ཤེས་མཚོན་ཞིང་སྦྱོར་བ་ལས་མི་འདའ་བས་ན་དམ་ཚིག་གི་མཆོག་གོ། །དེ་གང་དུ་ན། རྡོ་རྗེ་སློབ་དཔོན་སྐུའི་ཕྱག་རྒྱ་ཆེན་པོར་བསྒོམ་པའི་ཕྱག་མཉམ་གཞག་གི་མཐིན་དུའོ། །གང་ན། ཐུགས་ཀྱི་དཀྱིལ་འཁོར་ངམ་པ་བདེ་བའི་ཡེ་ཤེས་སྐྱེ་བའི་ཡུལ་གསང་བའི་པདྨ་ཡིན་པས། དེ་མཚོན་བྱེད་པདྨ་དམར་པོ་འདབ་མ་བཞི་པའོ། །ཚད་ཇི་ཙམ་ཞེ་ན། ཡུམ་གྱི་གསང་གནས་མཚོན་པ་ཡིན་པས་སོར་ནི་བཞི་པའི་ཚད་དུ་བྱའོ། །དེ་ཡང་ཐལ་རྒྱུད་ལས། ཕྱག་རྒྱ་ཆེན་པོ་ནམ་མཁའི་དབྱིངས། །སོར་བཞིའི་ཚད་དུ་རང་བཞིན་གནས། །བདེ་བའི་ཡེ་ཤེས་ཐུགས་དཀྱིལ་འཁོར། །ཁ་དོག་དབྱིབས་དང་ལྡན་པར་བྱ། །ཐབས་ཀྱི་རབ་གནས་ཆོ་གར་ལྡན། །འཇུག་པ་པོས་ཀྱང་གསོལ་བ་གདབ། །ཅེས་གསུངས་སོ། །རྡོ་རྗེའི་ཚད་མཛུབ་གང་བའོ། །དྲང་། པདྨའི་ཚད་དེ་ལས་གཞན་ཡང་རྡོ་རྗེའི་ཚད་བྱེད་པ་ན། དེ་གང་དུ་ན། ཐལ་མོ་རབ་ཏུ་བསྣོལ་ན་སྐུའི་ཕྱག་རྒྱ་ཆེན་པོ་བསྒོམ་པའི་དབང་དུ་ནའོ། །གང་ན། བདེ་བའི་ཡེ་ཤེས་སྐྱེ་བའི་རྟེན་གསང་བའི་རྡོ་རྗེ་དེ་མཚོན་པར་བྱེད་པ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའོ། །དཀྱིལ་འཁོར་དེའི་ཚད་ཇི་ཙམ་ཞེ་ན། ཡབ་ཀྱི་གསང་གནས་མཚོན་པ་ཡིན་པས་མཛུབ་གང་བའི་ཚད་དུ་ཡབ་བྱ་སྟེ། ལག་ལེན་ལ་བཟོ་བོ་མཁས་པས་རྡོ་རྗེ་རྩེ་ལྔ་པོ་ཆོ་ག་ཇི་ལྟ་བ་བཞིན་དུ་བཟོ་བར་བྱའོ། །དེ་ཡང་ཐལ་རྒྱུད་ལས། ཐལ་མོ་ཞེས་བྱ་རྡེབས་པའི་སྒྲ། །དབང་པོའི་ཡུལ་དུ་རབ་སྦྱོར་བས། །ཕྱག་རྒྱ་ཆེན་པོ་ནམ་མཁའི་དབྱིངས། །བརྟུལ་ཞུགས་གཉིས་ཀྱིས་པང་དུ་བླངས། །རྡོ་རྗེ་མཛུབ་མོའི་རྩེ་དག་ཏུ། །ཏིལ་འབྲུ་ནམ་མཁའི་གཞལ་ཡས་སུ། །རི་རབ་ཙམ་གྱི་ཕྱག་རྒྱ་དགོད། །ཐབས་ཀྱི་ཆོ་ག་རབ་གནས་དང་། །གསང་བའི་སྦྱིན་སྲེག་ལུགས་སུ་དབུལ། །ཞེས་གསུངས་སོ། །གཉིས་པ་ལ་དེ་ལ་གདན་དང་སྐུ་གསུང་ཐུགས་ཀྱི་མཚན་མ་དགོད་པའོ། །དྲང་། སོར་བཞི་པའི་དཀྱིལ་འཁོར་གྱི་པདྨའི་དབུས་ཀྱི་ལྟེ་བ་དང་ཕྱོགས་ཀྱི་འདབ་མ་རྣམས་ལ་ཉི་མ་དང་། མཛུབ་གང་བའི་དཀྱིལ་འཁོར་གྱི་རྡོ་རྗེའི་རྭ་དབུས་མ་དང་ཕྱོགས་ཀྱི་རྭ་རྣམས་ལ་ཟླ་བ་དགོད་དེ། ཆེ་ཆུང་གི་ཚད་ནི་སེན་ཟླུམ་ཙམ་གྱི་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ལ་སྲན་མ་ཙ་ན་ཀའི་འབྲུ་སླེབས་པ་ཙམ་གྱིས་པདྨའི་གདན་གྱི་སྟེང་དུ་ཡུང་འབྲུ་ཙམ་གྱི་ཡི་གེ་དགོད་དེ། སོར་བཞིའི་དཀྱིལ་འཁོར་གྱི་ཉི་མ་ལ་གནས་པའི་པདྨ་རྣམས་ཀྱི་སྟེང་དུ་ཡུམ་གྱི་འབྲུ་ལྔ་དང་། མཛུབ་གང་བའི་དཀྱིལ་འཁོར་གྱི་ཟླ་བ་ལ་གནས་པའི་པདྨ་རྣམས་ལ་ཡབ་ཀྱི་འབྲུ་ལྔ་ཡོངས་སུ་གྱུར་པ་ལས་བྱུང་བའི་ཕྱག་རྒྱ་ཏིལ་འབྲུ་ཙམ་དུ་བྲི་ཞེས་པའམ། འགྲེལ་པ་སྤར་ཁབ་ལས། ཡི་གེ་ཡུངས་འབྲུ་ཙམ་ལ་སྐུ་ནས་འབྲུ་ཙམ་དགོད་པ་དང་། ཡི་གེ་ཏིལ་འབྲུ་ཙམ་ལ་སྐུ་ཡུངས་འབྲུ་ཙམ་དགོད་པའོ་ཞེས་གསུངས་སོ། །དེ་ལྟར་མཚོན་བྱེད་རྟགས་ཀྱི་དཀྱིལ་འཁོར་གཉིས་ལ་གདན་དང་སྐུ་གསུང་ཐུགས་ཀྱི་མཚན་མ་ཇི་ལྟར་བཀོད་པ་བཞིན་དུ། ཡབ་ཡུམ་གཉིས་སྙོམས་པར་འཇུག་པའི་སྔོན་དུའང་མཁའ་གསང་གཉིས་ལ་གདན་དང་སྐུ་གསུང་ཐུགས་ཀྱི་མཚན་མ་ཡབ་ཀྱི་དང་ཡུམ་གྱིས་ཡབ་ལ་དགོད་པར་བྱའོ། །སྤྱི་དོན་གསུམ་པ་སྒྲུབ་པ་ཡེ་ཤེས་རྡོ་རྗེ་ལ་གསུམ་སྟེ། བགྲང་། ཚོགས་ཀྱི་སྒྲུབ་པ་པོའི་མཚན་ཉིད། དྲང་། དེ་བཞིན་ཉིད། ཀུན་ཏུ་སྣང་། ཕྱག་རྒྱ་གཅིག་པ་ལ་ཕྲ་རགས་གཉིས། ཕྱག་རྒྱ་སྤྲོས་པ་དང་བཅས་པའི་ཆོ་ག་ལྔ་ནི་སྔོན་དུ་རྫོགས་པར་བྱས་ཤིང་། བྲོ་གར་འདུ་འཕྲོ། གླུ་ཚིག་སྒྲ། རྒྱན་དང་བགོ་བ། བཟའ་དང་བཏུང་བ། ཨཱ་ལི་ཀཱ་ལིའི་ཡོ་བྱད་དང་ལྔ་ནི་རྫོགས་པར་བྱས་ནས། གནས་འཁོར་ཁང་ཕྱི་ནང་བར་གསུམ་དང་ལྡན་པར་སྔགས་ནི། སྤར་ཁབ་ལས། ཡིད་སྐྱོབ་པ་དང་བྱིན་གྱིས་བརླབས་ཀྱི་ཕྱིར་སྔགས་ཏེ་ལྷའོ་ཞེས་པས་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་ཡེ་ཤེས་སེམས་དཔའ་དང་བཞི། དབུ་རྒྱན་རིགས་ཀྱི་ལྷ་གཅིག་ཏུ་བྱས་པས་ཡན་ལག་ལྔ་ལྔ་སྟེ་དེ་དག་རྫོགས་པ་གསལ་བའི་རྣལ་འབྱོར་པས་རྩ་བའི་དམ་ཚིག་ལྔ་དང་། ཡན་ལག་གི་བཅུ་ལ་སོགས་པ་མ་ཉམས་པར་ཚོགས་བསྒྲུབ་པའི་སྤྱོད་པ་ལ་འཇུག་ཅིང་སྒྲུབ་བ་ཉམས་སུ་ལེན་པ་ལ་རབ་ཏུ་བརྩོན་པར་བྱས་ན་སྒྲུབ་པ་པོས་ཚོགས་འགྲུབ་བོ། །འབྲས་བུ་རིགས་འཛིན་འགྲུབ་པའི་དུས་བསྟན་པ། དྲང་། ཡང་རབ་ཞག་ནི་སུམ་ཅུ་ཕྲག་དྲུག་སྟེ་ཟླ་བ་དྲུག་གམ། རབ་ཟླ་བ་བཅུ་གཉིས་ཏེ་ལོ་གཅིག་གམ། འབྲིང་ཟླ་བ་བཅུ་བཞི་སྟེ་ལོ་གཅིག་ཟླ་བ་གཉིས་སམ། ཐ་མ་ཟླ་བ་བཅུ་དྲུག་གིས་ཏེ་ལོ་གཅིག་ཟླ་བ་བཞི་ཡིས་དབང་པོ་རྟུལ་ན་རྣམ་པར་སྨིན་པའི་རིག་འཛིན་ནམ། རྣོ་ན་ཚེ་ལ་དབང་སྒྱུར་བའི་རིག་འཛིན་མཐོང་ལམ་གྱི་དམ་པ་ལམ་མཆོག་ཡོངས་རྫོགས་ཀྱི་ཚེ་དབང་ཡང་འགྲུབ་པར་འགྱུར་རོ། །དེ་ལྟར་བསྒྲུབ་པའི་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་ཚུལ་ལོ། །དེའང་གཉིས་ཏེ། འབྲས་བུ་ཐོབ་པའི་ཚུལ་དང་། འབྲས་བུའི་ངོ་བོའོ། །དང་པོ་ལ་གཉིས་ཏེ། བགྲང་། འགྲུབ་ཚུལ་རང་སྣང་དུ་བསྟན་པ། དྲང་། གལ་ཏེ་ཚེ་དབང་ཐོབ་ན་དེའི་ཚེ་ལོ་བརྒྱ་ཚན་བཅུ་དྲུག་སྟེ་སྟོང་དྲུག་བརྒྱ་ཚུན་ཚད་ཀྱིས་སྐུ་ལྔ་ལྷུན་གྱིས་གྲུབ་པ་སྔོན་དུ་རྫོགས་པར་གྱུར་པ་ནི། ལྷུན་གྲུབ་རིགས་འཛིན་གྱི་དགོངས་པ་སྤྲོས་བྲལ་དུ་གསལ་བ་ཡེ་ཤེས་ཐིག་ལེ་དེ་ཉིད་ལ་མཉམ་བཞག་གི་དུས་སུ་རྒྱལ་བའི་དགོངས་པ་སྤྲོས་བྲལ་ཡེ་ཤེས་ཐིག་ལེ་དེ་ཉིད་སྣང་བ་སྟེ། ཐལ་རྒྱུད་ལས། བདེ་འདས་ཡེ་ཤེས་ཐིག་ལེ་ལས། །མཐའ་ཡས་ཡེ་ཤེས་རང་སྣང་བ། །མ་བཙལ་ལྷུན་གྲུབ་རིག་འཛིན་མཆོག །ཅེས་པས་ཚེ་དབང་ཐོད་རྒལ་བ་ལྷུན་གྲུབ་རིག་འཛིན་ལ་སྦྱོར་བའམ། དེ་བས་ཀྱང་བློ་ཆེན་མཐར་ཐུག་སངས་རྒྱས་ཀྱིས་ལ་སྦྱོར་བའང་ཡང་ཡོད་དེ། རྒྱས་པ་ལས། ཚེ་ནི་བཅུ་དང་དྲུག་པ་ཡིས། །བརྒྱ་བརྒྱད་དག་ཏུ་བསྣུར་ཞིང་གནས། །ལུས་མ་བོར་བར་སངས་རྒྱས་ས། །ཞེས་གསུངས་པས་དགོངས་པའི་ངོ་བོ་བསམ་གྱིས་མི་ཁྱབ་པ་ཡི་གེ་འཁོར་ལོའི་ས་མཐའ་ཡས་ཡོན་ཏན་བརྗོད་པ་ལས་འདས་པའི་མཆོག །ཕྱོགས་བཅུ་དུས་བཞིས་བསྡུས་པ་ཐམས་ཅད་མངོན་དུ་རྫོགས་པའི་རྒྱལ་བའི་ཞིང་ཁམས་སུ་རྣམ་པར་དག་སྟེ་བསྙེན་སྒྲུབ་བཞི་མཐར་ཕྱིན་པའི་ཡོན་ཏན་བསམ་ཡས་པ་དང་། རིག་པ་ཉིད་རང་ཤར་རྒྱ་དང་བྲལ་བའི་ཕྱིར་བློས་གཞལ་བ་ལས་ཡས་པའི་ཁང་པ་འཁོར་ལོ་རྩིབས་བཞི་གདན་ཁྲི་དང་བཅས་པ་རྒྱན་དང་རོལ་མོའི་བྱེ་བྲག་འདོད་ཡོན་གྱི་ལྷ་མོ་སྣ་ཚོགས་པ་དང་། རྒྱལ་བའི་དཀྱིལ་འཁོར་མ་ལུས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ་ཉི་ཤུ་རྩ་ལྔ་ལ་སོགས་པ་བསམ་ཡས་པ་ཀུན་ཀྱང་། སྐད་ཅིག་དང་པོ་མཉམ་བཞག་ལ་མཐོང་ནས་སྐད་ཅིག་གཉིས་པ་རྗེས་ཐོབ་ལ་ཉེ་བར་བརྙེས་པ་སྟེ། དེ་ཐོབ་པ་དང་གསུང་ལྔ་ལྷུན་གྱིས་གྲུབ་པས་ན་རྒྱ་ཆེན་གསུང་ལས་ཆོས་སྟོན་པ་ལ་སོགས་པའི་དོན་འབྱུང་བའང་གཞི་རང་བྱུང་གི་ཡེ་ཤེས་དང་། ལམ་རིམ་པའི་ཡེ་ཤེས་དང་། འབྲས་བུ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་གསུམ་ཚུལ་གཅིག་ཏུ་གྱུར་པས་ན་མཐུན་པའི་ཡེ་ཤེས་རང་སྣང་བ་ཞེས་བྱའོ། །དེ་ལྟར་འགྲུབ་པའི་དུས་དཔེའི་སྒོ་ནས་རང་སྣང་དུ་བསྟན་པའོ། །དྲང་། གོང་དུ་བསྟན་པ འི་འབྲས་བུ་འབྲས་བུ་ཐོབ་ཚུལ་དེ་རང་ཇི་ལྟ་བུ་ཞེ་ན། དཔེར་ན་ལྷ་མ་ཡིན་གྱི་ཡུལ་ན་དཔག་བསམ་གྱིི་ཤིང་དང་། མིའི་ཡུལ་ན་ཡིད་བཞིན་གྱི་ནོར་བུ་དང་། ལྷའི་ཡུལ་ན་རིན་པོ་ཆེའི་བུམ་པ་བཟང་པོ་དང་གསུམ་པོ་དེ་ལ་རང་རང་གི་དགོས་འདོད་འབྱུང་བ་ཀུན་སྣང་ཚུལ་ལ་དངོས་པོ་རྫས་གྲུབ་ལྟར་སྣང་ཡང་། དོན་ལ་དེ་དག་རྫས་སུ་གྲུབ་པ་རྡུལ་ཙམ་ཡང་ཡོད་པ་མ་ཡིན་ཏེ། འགྲོ་བ་རང་རིག་སེམས་ཀྱི་སྣང་བ་བསོད་ནམས་ཆ་མཐུན་གྱིས་མཐུས་བསྟན་པ་ཡིན་ནོ། །དཔེ་གསུམ་པོ་དེ་བཞིན་དུ་སེམས་ཉིད་ཅི་ཡང་མ་ཡིན་པ་ལ་ཅིར་ཡང་སྣང་བས་ན་ངོ་མཚར་ཞིང་སེམས་ཀྱི་ཆོ་འཕྲུལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ། ཉི་ཤུ་རྩ་ལྔར་ཤར་བས་ན་རྨད་ཀྱི་ཆོས་སོ། །དེ་དག་གཞན་ནས་བཀུག་པའམ་གཞན་ན་ཡོད་པ་ཅིག་གསར་དུ་འོངས་པ་ལྟ་བུ་ནི་མ་ཡིན་ཏེ། ཐབས་སྣང་ལ་འགག་པ་མེད་པ་ལ་བློས་བརྟན་པ་ཐོབ་པའི་ཤེས་རབ་རང་བཞིན་མེད་པ་ཉིད་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བས། གོང་གི་དཔེ་གསུམ་པོ་དེ་ལྟ་བུ་རྒྱུ་འབྲས་གཉིས་སུ་མེད་པའ ི་ངང་དུ་རང་བྱུང་བའོ་ཞེས་ཐ་སྙད་དུ་འདོགས་སོ། །གཉིས་པ་འབྲས་བུའི་ངོ་བོའོ། །དེ་ལ་གསུམ་སྟེ། བགྲང་། རྒྱུ་རྐྱེན་ལས་མ་བསྐྱེད་ཅིང་དོན་བྱེད་ནུས་པར་བསྟན་པ། དྲང་། མི་དམིགས་པའི་ཤེས་རབ་མཉམ་པ་ཉིད་ཀྱི་དབྱིངས་དེ་ཉིད་ཀྱི་ངང་ལ་བློ་མ་བཅོས་པའི་དེ་བཞིན་ཉིད་དེ། ལྷུན་གྱིས་གྲུབ་པའི་ཐབས་ཀྱི་ཕྱག་རྒྱ་ལྷའི་སྐུར་གྱུར་པའི་ཕྱིར་གཞི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་དེ་ལ་ནི་འབྲས་བུ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རོལ་པ་ཞེས་བྱའོ། །འོ་ན་དེའི་དུས་ན་མཚན་མའམ་རང་རྒྱུད་དུ་གྲུབ་པའི་འབྲས་བུ་ཡོད་དམ་ཞེ་ན། ཡེ་ཤེས་རོལ་པ་དེ་ཉིད་ཀྱང་ཡང་དག་པར་ན་བདེན་པའི་དངོས་པོ་འདི་འདྲ་བར་ཅིར་ཡང་གཟུང་དུ་མེད་པས་ན་གསོག་ཅེས་བྱའོ། །འོ་ན་ཡེ་ཤེས་དེས་དོན་བྱེད་མི་ནུས་སམ་ཞེ་ན། རྒྱལ་བ་སྤྲུལ་པའི་སྐུ་མངོན་དུ་འབྱུང་ཞིང་འགྲོ་བ་སྡུག་བསྔལ་ལས་སྐྱོབ་པ་དང་། ལོངས་སྐུའི་བྱིན་གྱིས་བརླབས་ཀྱིས་ཆོས་སྟོན་པའང་དེ་བཞིན་ཏེ། ཐབས་ཀྱི་ཕྱག་རྒྱ་གྱུར་པའི་ཕྱིར་དོན་བྱ་བྱེད་ནུས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གཟི་བྱིན་གྱིས་དོན་བྱེད་པའི་ཚུལ་ནི། དཔེར་ན་སྒྱུ་མའི་རྟ་དང་གླང་པོ་ལ་སོགས་བདེན་པར་གྲུབ་པ་མེད་ཀྱང་། གཞན་སྣང་བྲིད་སྡིགས་ཀྱི་དོན་བྱེད་ནུས་པ་བཞིན་དུ་ཡེ་ཤེས་སྒྱུ་མའི་རོལ་པ་སྐུ་གསུང་ཐུགས་ལྔའམ་ཉི་ཤུ་རྩ་ལྔ་ལ་སོགས་པར་སྣང་ཡང་དེ་དག་རང་བཞིན་དབྱེར་མི་ཕྱེད་ཅིང་ངོ་བོའི་འདུས་མ་བྱས་པས་ན་རྡོ་རྗེ། མཚན་ཉིད་སྐྱེ་འཇིག་དང་བྲལ་བས་ན་བཙན་པོ་ཡུམ་ཅན་ལས་ཁྱད་པར་དུ་གྱུར་ན་མཆོག་གོ། །གཅིག་དང་དུ་མ་དང་བྲལ་བའི་དོན་རང་གི་ཡེ་ཤེས་རང་སྣང་དུ་བསྟན་པ། དྲང་། འཁོར་འདས་ཀུན་གྱི་བདག་ཉིད་རང་རིག་པ་རང་བྱུང་གི་ཡེ་ཤེས་དངོས་པོ་ཐམས་ཅད་དུ་རང་སྣང་བའི་ཕྱིར་གཅིག་གི་མཐའ་དང་། ཇི་ལྟར་སྣང་ཡང་ཉིད་ཀྱི་རང་བཞིན་ལས་མ་འདས་པའི་ཕྱིར་དུ་མའི་མཐའ་དང་བྲལ་བའི་སེམས་ཉིད་འདི་ནི། ཡོད་མེད་རྟག་ཆད་འགྲོ་འོང་སྐྱེ་འགག་དྲན་ལྟོས་ཀྱི་མཐའ་ཀུན་ལས་འདས་པ་དང་། དེ་ལྟོས་ཀྱི་དབུས་ཀྱང་གྲུབ་པ་མེད་དེ། ངོ་བོ་ཉིད་འདི་འདྲར་བསྟན་དུ་མེད་པ་ནི་འཁོར་འདས་ཐམས་ཅད་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པའོ། །དེ་ཉིད་མངོན་དུ་བྱེད་པ་ནི་དེ་བཞིན་ཉིད་དུ་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེ་ཉིད་ཀྱི་ཀྱང་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡུལ་དང་ཡུལ་ཅན་དུའམ་བརྟེན་ཅན་དུ་མི་གཟིགས་ཏེ་གཟིགས་པར་བྱར་མེད་པའི་ཕྱིར་རོ། །འོན་ཀྱང་མུ་སྟེགས་ཆད་པའང་དབུ་མ་ཡེ་ཤེས་རྒྱུན་ཆད་པ་ལྟ་བུ་ནི་མ་ཡིན་ཏེ། རང་བྱུང་གི་ཡེ་ཤེས་གནས་བྱ་གནས་བྱེད་མེད་པར་རང་སྣང་བའོ། །དེའི་ཕྱིར་སངས་རྒྱས་རྣམས་ཀྱི་དགོངས་པ་ནི་ཆུ་ལ་ཆུ་ཐིམ་པ་ལྟར་རོ་གཅིག་ཏུ་གྱུར་པའམ། ཤིན་དུ་མ་སྤུངས་པའི་མེ་དཔུང་ལྟར་རྒྱུད་ཐ་དད་པ་ཡང་མ་ཡིན་ལ། གཉིས་མེད་ཀྱི་མཐའ་ལས་ཀྱང་འདས་པས་ན་བརྗོད་དུ་མེད་པ་ཞེས་བྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གདུལ་བྱ་ལ་གཟིགས་ཚུལ་བསྟན་པའོ། །དྲང་། གཉིས་མེད་ཀྱི་ཡེ་ཤེས་རང་ངོ་མ་ཤེས་པ་ལྷན་སྐྱེས་ཀྱི་མ་རིག་པ་དང་། དེར་མ་ཟད་ལོག་པར་རྟོག་པ་བཟུང་འཛིན་ཀུན་བརྟགས་ཀྱི་མ་རིག་པ་གློ་བུར་གྱི་དྲི་མ་གཉིས་ཡེ་ནས་རྣམ་པར་དག་ཅིང་། ཡེ་ཤེས་དང་དབྱིངས་གཉིས་སུ་མེད་པ་ལས་གདུལ་བྱ་སེམས་ཅན་རྣམས་ཀྱང་མི་གཞན་པའི་ཕྱིར་ན་ཡུལ་ཡུལ་ཅན་གཉིས་སུ་མེད་པའི་ཐུགས་རྗེ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་དང་། སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་ངོ་བོ་བདག་ཉིད་གཅིག་པར་འབྲེལ་བས་ན་འགྲོ་བ་རིགས་དྲུག་གི་སྣང་བ་རང་རྒྱུད་དུ་མ་གྲུབ་པ་ལ་མ་གྲུབ་པ་ལྟར་མཁྱེན་པ་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་སོ། །གཤིས་དེ་ལྟར་ཡིན་ཀྱང་འཁྲུལ་ངོར་དུས་སྔ་ཕྱི་དང་གནས་མཐོ་དམན་ལ་སོགས་པར་སྣང་བ་ཀུན་ལྷག་མ་མ་ལུས་པར་མཁྱེན་པ་ནི་ཇི་སྙེད་མཁྱེན་པའི་ཡེ་ཤེས་སོ། །མདོར་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་མཁྱེན་པ་ནི་དབྱེར་མེད་མཁྱེན་པའི་ཡེ་ཤེས་ཞེས་ཐ་སྙད་དུ་འདོགས་སོ། །གཞུང་གསུངས་པའི་ཚུལ་ལོ། །དྲང་། ཞེས་དཀྱིལ་འཁོར་དབང་དང་སྒྲུབ་པའི་དོན་དེ་དག་ཆེད་དུ་བརྗོད་དོ། །ལེའུའི་མཚན་ནོ། །དྲང་། གསང་བའི་ཞེས་པ་རྒྱུད་ཀྱི་རང་བཞིན་སྙིང་པོ་རྒྱུད་ཀྱི་ཆེ་བ་དེ་ཁོ་ན་ཉིད་རྒྱུད་ཀྱི་མཚན་ཉིད་ངེས་པ་རྒྱུད་ཀྱི་ངེས་དོན་ལས་མཚན་གྱི་གཞི་རུ་གདའ། དཀྱིལ་འཁོར་དང་དབང་དང་སྒྲུབ་པ་ཡེ་ཤེས་རྡོ་རྗེ་གསུམ་བཀོད་པའི་དོན། རྟོགས་དཀའ་བས་ན་གསང་བ་དེ་ཉིད་འདའ་བར་དཀའ་བའི་ཕྱིར་དམ་ཚིག་གོ། །དེ་དག་གི་མཚམས་འཛིན་པར་བྱེད་པས་ན་ལེའུ་སྟེ་ཡས་བགྲངས་དགུ་པའི་དོན་དུ་གདའོ།། ༈ །།ད་ནི་ལེའུ་བཅུ་པ་འཆད་པར་བྱེད་པ་ལ་ཆོས་ཚོམས་ཀྱི་དབང་དུ་བྱས་ན། གཞི་ལམ་འབྲས་བུ་གསུམ་ལས། ལམ་དང་འབྲས་བུ་སྟོན། ལམ་ལ་ཐབས་གྲོལ་གཉིས་ལས། ཐབས་ལམ་སྟོན། མཚན་ཉིད་གསུམ་ལས། རྐྱེན་འཇུག་པའི་མཚན་ཉིད་དང་འབྲས་བུ་མཐར་ཕྱིན་ཟུར་ཙམ་སྟོན། སྣང་བ་བཞི་ལས། ལམ་སྣང་སྟོན། རིམ་ཅིག་ཅར་གཉིས་ལས། རིམ་གྱིས་པ་སྟོན། འབྲིང་གི་ཆོས་ཚོམས་ལྔ་ལས། རྒྱུད་དོན། དེ་ལ་བཅུ་ལས། དབང་སྟོན། དབང་གི་ཞོར་ལ་སྤྱོད་པ་སྟོན། རིན་ཆེན་གསལ་འཁོར་གསལ་སྤྲོ་ཐིམ། །ཞེས་པས་དཀྱིལ་འཁོར་དང་ཏིང་ངེ་འཛིན་སྟོན། ཕྲིན་ལས་ཟུར་ཙམ་སྟོན། ཐ་མའི་ཆོས་བཅུ་ལས། ལྡེམ་དགོངས་མན་ངག །བསྣོལ་མཚམས་འཕེན་སྡུད། གཞན་ཡང་སྤྱི་འགྲོ་རྣམས་ཀྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་བཅུ་པ་འདི་ལ་གསུམ་སྟེ། བགྲང་། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། ལེའུ་དགུ་པར་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་དང་། དབང་གི་རྒྱུ་ཡོན་དབུལ་བ་དང་། གསང་དབང་གི་དཀྱིལ་འཁོར་གྱི་ཚད་དང་། སྣོད་ཀྱི་རིམ་པ་དང་སྦྱར་ནས་བསྐུར་ཚུལ་རྣམས་སོང་ནས། ད་འདི་ན་མར་བསྐུར་ཐབས་དངོས་སྟོན་པས་ན་དེ་ནས་ཞེས་འབྲེལ་སྦྱར་རོ། །བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཞེས་པ་འབྲུ་མཐུན་ལ། དབང་གི་ཆེ་བ་ཐོབ་པས་སམ་ཆོས་ཐམས་ཅད་ལ་དབང་སྒྱུར་བས་ན་རྒྱལ་པོ། སྣོད་གསུམ་ལ་རང་རང་གི་སྐལ་བ་དང་འཚམ་པར་སྦྱིན་པ་ཞེས་བྱ་བ་ཏིང་ངེ་འཛིན་ལ་དགོངས་པ་མངོན་དུ་བཞག་པས་ན་སྙོམས་པར་ཞུགས་ནས་དབང་ཆོག་བཅོ་བརྒྱད་ཀྱི་དོན་ཆེད་དུ་བརྗོད་པ་འོག་ནས་འབྱུང་བ་འདི་བརྗོད་དོ། །ལེའུའི་གཞུང་ལ་གསུམ་སྟེ། དབང་བསྐུར་བའི་རིམ་པ་དང་། མ་བསྐུར་བའི་སྐྱོན་དང་། བསྐུར་བའི་ཡོན་ཏན་ནོ། །དང་པོ་ལ་སྤྱི་དོན་གསུམ་སྟེ། ཕན་དབང་བསྐུར་བའི། ནུས་དབང་བསྐུར་བའི། ཟབ་མོའི་དབང་བསྐུར་བའི་རིམ་པའོ། །སྤྱི་དོན་དང་པོ། དྲང་། འདི་ལ་ཡང་རྡོ་རྗེ་ལས་རིམ་ལས། རྒྱུ་རྐྱེན་ངོ་བོ་འབྲས་བུ་དང་། །རིམ་ལས་སྐྱོན་ཡོན་བརྒྱད་ཅེས་བྱ། །ཞེས་པས་ས་དཔྱད་ནང་ཚེགས་བརྒྱད་ཀྱིས་སྟོན་པ་ལས་དང་པོ་རྒྱུ་ལ་གཉིས། མཚུངས་ལྡན་གྱི་རྒྱུ་དང་། ལྷན་ཅིག་བྱེད་པའི་རྒྱུའོ། །དང་པོ་ནི་རྣམ་པར་ཤེས་པ་ཚོགས་བརྒྱད། དབུ་རྒྱན་གྱི་དབང་གི་མཚུངས་ལྡན་གྱི་རྒྱུའོ། །རོ་རྐྱང་གཉིས་ཅོད་པན་གྱི་མཚུངས་ལྡན་དང་། ཐིག་ལེ་སུམ་ཅུ་སོ་གཉིས་ཕྲེང་བའི་མཚུངས་ལྡན་དང་། དེ་བཞིན་དུ་ལུས་རྩའི་དྲྭ་བས་ཁྱབ་པ་གོ་ཆའི། ཕོ་མོའི་དབང་པོ་རྒྱལ་མཚན་གྱི། རྟོག་ཚོགས་བཞི་བཅུ་རྩ་གཉིས་ཕྱག་རྒྱའི་དང་། ཀླད་པ་བདེ་ཆེན་གྱི་འཁོར་ལོ་གདུགས་ཀྱི་དང་། རྩ་གནས་ཐིག་ལེས་གང་བ་བུམ་པའི་ལྕེ་ལ་གནས་པའི་རོ་འབབ་མ་བཟའ་བཏུང་གི་དང་། ཁམས་ལྔའི་བཅུད་དམ་རྫས་སུ་ལྔ་ནི་སྙིང་པོ་ལྔའི་དབང་གི་མཚུངས་ལྡན་གྱི་རྒྱུ་ཡིན་ནོ། །དབང་བསྐུར་ན་ཞེས་པ་ནི། འཆད་པར་འགྱུར་བའི་ནུས་དབང་དང་གསང་དབང་ལའང་སྦྱར་སྟེ། དབང་བསྐུར་བའི་ཡོན་ཏན་དང་སྦྲེལ་བའོ། །ལྷན་ཅིག་བྱེད་པའི་རྒྱུ་ནི་དབང་རྫས་རབ་གནས་དང་ལྡན་པ་ཡིན་ཏེ། དེ་ཡང་དབུ་རྒྱན་ལ་རིན་ཅེན་འབྱུང་ལྡན་གྱིས་རབ་གནས་བྱའོ། །དེ་བཞིན་དུ་ཅོད་པན་ལ་རྡོ་རྗེ་སེམས་དཔའ་དང་སྣང་བ་མཐའ་ཡས་ཀྱིས། ཕྲེང་བ་ལ་རིན་འབྱུང་གིས། གོ་ཆ་ལ་དོན་ཡོད་གྲུབ་པས། རྒྱལ་མཚན་ལ་རྡོར་སེམས་ཀྱིས། ཕྱག་རྒྱ་ལ་ལྷ་རང་རང་གིས། གདུགས་ལ་རྡོར་སེམས་ཀྱིས། བུམ་པ་ལ་རིགས་ལྔ་གར་གྱིས། བཟའ་བཏུང་ལ་རྣམ་སྣང་གིས། སྙིང་པོ་ལྔ་ལ་རང་རང་གི་རིགས་ཀྱིས་རབ་ཏུ་གནས་པ་བྱ་པ་རྣམས་སོ། །གཉིས་པ་རྐྱེན་ལ་བཞི་ལས། ཕན་དབང་བསྐུར་དུ་རུང་བའི་སློབ་བུ་རྒྱུའི་རྐྱེན། བསྐུར་ནུས་པའི་སློབ་དཔོན་བདག་པོའི་རྐྱེན། དབང་རྫས་རབ་གནས་དང་ལྡན་པ་དམིགས་པ་རྐྱེན། དབང་སྔ་མས་གོ་ཕྱེད་ནས་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ནོ། །གསུམ་པ་ངོ་བོ་ནི་ཕྱེ་ཕན་པའི་དབང་བཅུ་པོ་ཡིན་ནོ། །བཞི་པ་འབྲས་བུ་ནི། དཔེར་ན་རྣོ་ལ་ངར་བཏགས་པ་ལྟར། དབང་བསྐུར་བས་ནུས་པ་དངོས་སུ་སྐྱེས་པ་སྟེ་རང་ལ་གནས་པའི་དོན་མངོན་དུ་གྱུར་པའོ། །དེ་ཡང་དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་མཆོག་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པར་ག་ལ་འགྱུར། །བྲ་སྲན་འབྲས་བུ་དབང་བསྐུར་ཀྱང་། །དེ་ལ་འབྲས་བུ་དངོས་སྣང་མེད། །ཅེས་གསུངས་སོ། །ལྔ་པ་རིམ་པ་ནི། ཐོག་མར་སྙིང་པོ་ལྔ། དེ་ནས་དབུ་རྒྱན། བུམ་པ། ཅོད་པན། ཕྲེང་བ། གོ་ཆ། རྒྱལ་མཚན། གདུགས། ཕྱག་རྒྱ། བཟའ་བཏུང་ངོ་། །དྲུག་པ་དབང་བསྐུར་བའི་ལས་རིམ་ནི་རེ་རེ་ལའང་ལྔ་ལྔ་སྟེ། བསམ་རྒྱུད། བསྒྲག་ཚིག །བསྐུར་གནས། བསྟིམ་གནས། སྒྲིབ་པ་གང་དག་ནས་ནུས་པ་གང་སྐྱེ་བའི་ཚུལ་སྨོན་ལམ་དང་བཅས་པའོ། །ཞིབ་པར་ཁོ་བོས་དབང་ཆོག་ཏུ་བྲིས་པ་བཞིན་ཤེས་པར་བྱའོ། །བདུན་པ་སྐྱོན་དང་། བརྒྱད་པ་ཡོན་ཏན་ནི་འོག་ཏུ་སྟོན་པར་བྱེད་དོ། །སྤྱི་དོན་གཉིས་པ་ནུས་པའི་དབང་ལྔ་པོ་རེ་རེ་ལ་ཡང་དོན་བརྒྱད་བརྒྱད་སྔར་དང་མཚུངས་ཏེ། དང་པོ་མཚུངས་ལྡན་གྱི་རྒྱུ་ནི། སློབ་བུའི་རྣ་བ་གཉིས་ཀྱི་འདོམ་རྩ་ན་སྒྲ་ཉན་པའི་རེག་ཤེས་ཀྱི་ཐིག་ལེ་གནས་པ་ཉན་དབང་གི་མཚུངས་ལྡན་གྱི་རྒྱུའོ། །དེ་བཞིན་དུ་སྙིང་གི་རེག་ཤེས་ཀྱི་ཐིག་ལེ་བསྒོམ་དབང་གི། ལག་པའི་འདོམ་རྩ་ན་སྐྱོད་བྱེད་ཀྱི་ཐིག་ལེ་ཕྲིན་ལས་ཀྱི། ལྕེའི་སྨྲ་བྱེད་ཀྱི་ཐིག་ལེ་འཆད་དབང་གི། ཡན་ལག་ལྔའི་ཐིག་ལེ་ལྔ་ནི་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་གྱི་དབང་གི་མཚུངས་ལྡན་གྱི་རྒྱུའོ། །ལྷན་ཅིག་བྱེད་པའི་རྒྱུ་ནི། དབང་རྫས་རབ་གནས་དང་ལྡན་པ་སྟེ། ཀ་པཱ་ལི་གླེགས་བམ་ཅན་རིན་འབྱུང་གི་རབ་གནས་བྱས་པ་ཉན་དབང་གི། ཕྲེང་བ་ཡི་དམ་གང་ཡིན་གྱི་རབ་གནས་ཅན་བསྒོམ་པའི། རྡོ་རྗེ་རྒྱ་གྲམ་དོན་གྲུབ་ཀྱི་རབ་གནས་ཅན་ཕྲིན་ལས་ཀྱི། དུང་དང་ཕྱགས་ཤིང་འཁོར་ལོ་གསུམ་ལ་མཐའ་ཡས་ཀྱི་རབ་གནས་བྱས་པ་འཆད་པའི། རྡོ་རྗེ་དང་དྲིལ་བུ་ཀུན་བཟང་ཡབ་ཡུམ་གྱི་རབ་གནས་ཅན་ནི་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་གི་ལྷན་ཅིག་བྱེད་པའི་རྒྱུའོ། །གཉིས་པ་རྐྱེན་ལ་བཞི་ལས། ནུས་དབང་བསྐུར་དུ་རུང་བའི་སློབ་བུ་རྒྱུའི་རྐྱེན། བསྐུར་ནུས་པའི་སློབ་དཔོན་བདག་པོའི་རྐྱེན། དབང་རྫས་རབ་གནས་དང་ལྡན་པ་དམིགས་པའི་རྐྱེན། དབང་སྔ་མས་གོ་ཕྱེ་ནས་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ནོ། །གསུམ་པ་ངོ་བོ་ནི། ཉན་དབང་ལ་སོགས་པའི་ནུས་པའི་དབང་ལྔ་པོ་ཡིན་ནོ། །བཞི་པ་འབྲས་བུ་ནི། དབང་བསྐུར་བས་ནུས་པ་དངོས་སུ་སྐྱེས་པ་དེའོ། །ལྔ་པ་རིམ་པ་ནི། ཉན་པ་སྒོམ་པ་ཕྲིན་ལས་འཆད་པ་རྡོ་རྗེ་སློབ་དཔོན་གྱི་དབང་རྣམས་གོ་རིམ་བཞིན་ནོ། །དྲུག་པ་ནུས་དབང་བསྐུར་བའི་ལས་རིམ་ནི། ནུས་དབང་ལྔ་པོ་རེ་རེ་ལའང་བསམ་རྒྱུད། བསྒྲག་ཚིག །བསྐུར་ནས། བསྟིམ་ནས། སྒྲིབ་པ་གང་དག་ནས་ནུས་པ་གང་སྐྱེ་བ་དང་ལྔ་ལྔ་ལས། དང་པོ་ཉན་དབང་གི་བསམ་རྒྱུད། དྲང་། སློབ་བུ་རྣམས་ཀྱི་ཉན་བྱེད་དེ་རྣ་བ་གཉིས་འདོམ་རྩ་རུ། རྡོ་རྗེ་སློབ་དཔོན་ཀུན་བཟང་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་ཡི་གེ་བྷྲཱུཾ་འཕྲོས་པ་ལས་འཁོར་ལོ་རྩིབས་བཞི་པ་སྒོ་དང་བཅས་པའི་གཞལ་ཡས་སུ་བསྐྱེད་ལ། སྒྲ་གསལ་བར་བྱེད་པའི་ཐིག་ལེའམ་རེག་ཤེས་ཀྱི་ངོ་བོ་ཉིད་ཡི་གེ་ཏྲཾ་ཟུང་ལྔ་ཡ་བཅུ་ལས་རིན་ཅེན་འབྱུང་ལྡན་ཡབ་ཡུམ་གྱིས་གཙོ་བྱས་པའི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བརྒྱད། སྒོ་བ་ཡབ་ཡུམ་དང་བཅས་པ་ལྷ་བཅོ་བརྒྱད་ཀྱི་ཕྱག་རྒྱའི་ཚོགས་མཆོག་ཏུ་གྱུར་པ་བསྐྱེད་པ་ལས་ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། རིན་ཅེན་འབྱུང་ལྡན་གྱིས་གཙོ་བྱས་པའི་དཀྱིལ་འཁོར་སྙན་གསན་དབབ། སྤྱན་དྲང་། དམ་ཚིག་པ་དང་གཉིས་སུ་མེད་པར་བསྟིམ། ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད། སློབ་དཔོན་ཡབ་ཡུམ་ཀུན་བཟང་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་འོད་འཕྲོས་པས་སྔར་བསྐྱེད་པའི་ལྷ་ཐམས་ཅད་ཀྱང་མཁའ་གསང་བརླབ། སྦྱོར་བའི་བརྡ་བསྐུལ་ནས་སྙོམས་པར་ཞུགས་པས་རྗེས་ཆགས་ཀྱི་མེས་འོད་དུ་ཞུ་ནས་སློབ་བུ་ལ་ཐིམ་པས་སློབ་བུ་ཡང་འོད་དུ་ཞུ་བའི་འོད་ཕུང་སེར་པོ་ལ་རིན་ཆེན་འབྱུང་ལྡན་དུ་བསྐྱེད་དོ། །དེ་བཞིན་དུ་བསྒོམ་པའི་དབང་ལ་སོགས་པ་རྣ་བ་ལའང་ལྷ་བསྐྱེད་ཚུལ་ཤེས་པར་བྱའོ། །བསྒྲག་ཚིག །དྲང་། ཏྲཾ་ཞེས་པའི་གླུས་འགོ་དྲངས་ལ། གསང་བ་མ་ཧཱ་ཡོ་ག །གསང་ཆེན་ཨ་ནུ་ཡོ་ག །གསང་མཆོག་ཨ་ཏི་ཡོ་གའི་བསྟན་པ་དང་ཐེག་པ་གང་ཡང་རུང་བའང་གསང་བ་ཀུན་ལའང་མ་ཉན་པར་བྱ་ཞིང་། གསང་བའི་དོན་དེ་ཉིད་རང་གི་རིག་པས་བརྟག་པར་བྱ་བ་ལས་འཆད་དབང་མ་ཐོབ་ཀྱི་བར་དུ་གཞན་དུ་སྨྲ་ཞིང་བཤད་པར་བྱ་བ་མིན་ནོ་ཞེས་བསྒྲག་གོ། །བསྐུར་གནས་ནི་ལག་ཏུ་པུ་ཏི་གཏད་ལ། བསྟིམ་གནས་ནི་མཚུངས་ལྡན་གྱི་རྒྱུ་ལ་བསྟིམ་པས་དབང་བཀའ་ཕྱི་ནང་གི་ཆོས་ལ་ཐོགས་པ་མེད་པར་ཉན་མི་ནུས་པའི་སྒྲིབ་པ་དག་ནས་ཉན་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསམ་ཞིང་། དེ་དང་རྗེས་སུ་མཐུན་པའི་སྨོན་ལམ་ཡང་གདབ་བོ། །གཉིས་པ་བསྒོམ་དབང་གི་བསམ་རྒྱུད། དྲང་། དྲན་པ་གསལ་བར་བྱེད་པའི་རྟེན་སྙིང་གི་རྩའི་འཁོར་ལོ་རྩིབས་བཞི་སྒོ་དང་བཅས་པའི་གཞལ་ཡས་སུ་བསྐྱེད་ཅིང་། དྲན་པ་གསལ་བར་བྱེད་པའི་ཐིག་ལེའི་ངོ་བོ་ཉིད་ཡི་དམ་ལྷ་གང་ཡིན་གྱི་ཡི་གེ་ཟུང་ལྔ། ཡ་བཅུའི་ཕྲེང་བའི་ཚོགས་མཆོག་ལས་ཡི་དམ་གང་ཡིན་གྱི་རིགས་ཀྱི་དཀྱིལ་འཁོར་ལྷ་བཅོ་བརྒྱད་དུ་གསལ་བ་ལ་འོད་སྤྲོ་བ་ལ་སོགས་པས་རྗེས་ཆགས་ཀྱི་མེས་ཞུ་བ་སློབ་བུ་ལ་ཐིམ་པའི་འོད་ཕུང་ལས་སློབ་བུ་ཡི་དམ་གང་ཡིན་དུ་བསྐྱེད་དོ། །བསྒྲག་ཚིག །དྲང་། ཨཱོཾ་ཡི་གེ་ཆ་ལྔ་པ་གླུས་འགོ་དྲངས་པ་དུས་གསུམ་རྒྱལ་བའི་སྲས་ཆེན་པོ་བུ་ཁྱོད་ཡིན་པས། ཁྱོད་ཀྱི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ངོ་བོ་མི་ཕྱེད་པས་ན་རྡོ་རྗེ་ཞེས་བྱ་བ་སྟེ་དེ་མི་འབྲལ་བར་ཟུང་ཞིག །ཡི་དམ་གྱི་ལྷ་མཉེས་པས་རྒྱལ་བ་ཐམས་ཅད་མཉེས་པའི་ཕྱིར་ན་མཆོད་པ་སྟེ། ཡི་དམ་གྱི་ལྷ་གཅིག་དང་ཐ་དད་ལས་གྲོལ་བས་རྒྱལ་བ་ཀུན་དང་མཉམ་པར་སྦྱོར་བ་ཡིན་ནོ་ཞེས་བསྒྲག་གོ། །བསྐུར་གནས་ལག་ཏུ་ཕྲེང་བ་གཏད། བསྟིམ་གནས་མཚུངས་ལྡན་གྱི་རྒྱུ་ལ་བསྟིམ་མོ། །ཡི་དམ་ལྷའི་ཏིང་ངེ་འཛིན་རྒྱུད་ལ་མི་སྐྱེ་བའི་སྒྲིབ་པ་དག་ནས་སྐྱེས་བའི་ནུས་པ་དངོས་སུ་སྐྱེས་པར་བསམ་ཞིང་སྨོན་ལམ་ཡང་བྱའོ། །གསུམ་པ་ཕྲིན་ལས་ཀྱི་དབང་གི་བསམ་རྒྱུད། དྲང་། ལག་པ་གཉིས་ཀྱི་འདོམ་རྩའི་འཁོར་ལོ་རྩིབས་བཞི་སྒོ་དང་བཅས་པའི་གཞལ་ཡས་སུ་བསྐྱེད་ཅིང་། ལག་པའི་བྱ་བྱེད་གསལ་བར་བྱེད་པའི་ཐིག་ལེའི་ངོ་བོ་ཉིད་ཡི་གེ་ཧཱཾ་གི་ཚོགས་ཟུང་ལྔ་ཡ་བཅུའི་ཕྱག་རྒྱའི་ཚོགས་མཆོག་ལས་ལྷ་བསྐྱེད་པ་ནི། ལམ་ཀྱི་རིགས་ཀྱི་དཀྱིལ་འཁོར་ལྷ་བཅོ་བརྒྱད་དུ་གསལ་བ་ལ་འོད་འཕྲོས་པས། རྗེས་ཆགས་ཀྱི་མེས་འོད་དུ་ཞུ་ནས་སློབ་བུ་ལ་ཐིམ་པས་འོད་ཕུང་ལྗང་ཁུ་ལས་སློབ་བུ་དོན་གྲུབ་དུ་བསྐྱེད་དོ། །བསྒྲག་ཚིག །དྲང་། ཨཱོཾ་བུ་ཁྱོད་ནི་ཕྲིན་ལས་ཀྱི་དབང་ཐོབ་པས་རྡོ་རྗེ་ལས་མཁན་ཡིན་གྱིས། ཕྲིན་ལས་བཞི་ལ་སོགས་པ་རྣམས་མ་ལུས་པ་ཀུན་ཁྱོད་ཀྱིས་བྱོས་ཤིག །ཐུགས་རྗེ་སྤྲུལ་པ་དང་མགྱོགས་བྱེད་ཡེ་ཤེས་དང་། མངག་པ་ལས་ཀྱི་ཕོ་ཉ་མང་པོ་ནང་དུ་འདུ་བ་དང་ཕྱིར་འགྲོ་བ་ཀུན་ཀྱང་ལས་དབང་ཐོབ་པའི་བུ་ཁྱོད་ཀྱི་དགོས་པའི་བྱ་བ་གང་ཡིན་བྱེད་པ་ཡིན་ནོ་ཞེས་བསྒྲག་གོ། །བསྐུར་གནས་ལག་ཏུ་རྡོ་རྗེ་རྒྱ་གྲམ་གཏད་ལ། བསྟིམ་གནས་མཚུངས་ལྡན་གྱི་རྒྱུ་ལ་བསྟིམ་མོ། །ཕྲིན་ལས་བཞིས་འགྲོ་བ་འདུལ་མི་ནུས་པའི་སྒྲིབ་པ་དག་ནས། ད་འདུལ་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསམ་ཞིང་སྨོན་ལམ་ཡང་བྱའོ། །བཞི་པ་འཆད་དབང་གི་བསམ་རྒྱུད། དྲང་། སྨྲ་བྱེད་དེ་ལྕེའི་འདོམ་རྩར་བྷྲཱུཾ་འཕྲོས་པ་ལས་འཁོར་ལོ་རྩིབས་བཞི་པའི་གཞལ་ཡས་སུ་སྒྲ་གསལ་བའི་རེག་ཤེས་ཀྱི་ཐིག་ལེའི་ངོ་བོ་ཉིད་ཡི་གེ་ཧྲཱི་ཟུང་ལྔ་ཡ་བཅུའི་ཕྱག་རྒྱའི་ཚོགས་མཆོག་ལས་གསུང་ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས། སྣང་བ་མཐའ་ཡས་ཀྱིས་གཙོ་བྱས་པ་བཅོ་བརྒྱད་དུ་གསལ་བ་ལ་འདི་སྤྲོས་པས། ལྷ་རྣམས་རྗེས་ཆགས་ཀྱང་མེས་ཞུ་བ་སློབ་བུ་ལ་ཐིམ་པའི་འོད་ཕུང་ལས་སྣང་བ་མཐའ་ཡས་སུ་བསྐྱེད་དོ། །བསྒྲག་ཚིག །དྲང་། ཨཱོཾ་ཆོས་ཉིད་དོན་གྱི་བདུད་རྩི་བླ་མེད་ཀྱི་དད་པ་དང་ལྡན་པའི་སྐྱེས་བུ་ངོམས་པར་བྱོས་ཤིག །རབ་འབྲིང་ཐ་མའི་བློ་ཅན་གང་ཡིན་བརྟགས་ལ་སྣོད་དང་མཐུན་པར་གསང་བ་བསྒྲག་པར་བྱའོ། །གཞན་དུ་བློ་དང་མི་འཚམས་པ་བསྟན་པར་བྱ་བ་ནམ་ཡང་མིན་ནོ་ཞེས་བསྒྲག་གོ། །བསྐུར་གནས་ལག་ཏུ་དུང་དང་ཕྱགས་ཤིང་གཏད་ལ། བསྟིམ་གནས་མཚུངས་ལྡན་གྱི་རྒྱུ་ལྕེའི་ཐིག་ལེ་ལ་བསྟིམ་མོ། །སྔར་ཕན་ཆད་སེམས་ཅན་གྱི་རྒྱུད་ལ་ཆོས་ཀྱི་འཁོར་ལོ་བསྐོར་མི་ནུས་པའི་སྒྲིབ་པ་དག་ནས། ད་བསྐོར་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསམ་ཞིང་སྨོན་ལམ་ཡང་གདབ་བོ། །ལྔ་པ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་གྱི་དབང་གི་བསམ་རྒྱུད། དྲང་། བསྐྱོད་ཆེན་ཡན་ལག་བཞི་མགོ་དང་ལྔ་ལ། འཁོར་ལོ་རྩིབས་བཞི་པའི་གཞལ་ཡས་སུ་གསལ་བའི་ལྷ་གནས་རྣམས་སུ་སྐྱེད་བྱེད་རེག་ཤེས་ཀྱི་ཐིག་ལེའི་ངོ་བོ་ཉིད་དེ། ལག་པ་གཡས་པའི་མཐིང་གའི་དཀྱིལ་འཁོར་ལ་ཧཱུཾ་ཟུང་ལྔ། དེ་བཞིན་དུ་མགོ་བོ་ལ་ཨཱོཾ། ལག་པ་གཡོན་པ་ལ་སྭཱ། རྐང་མཐིལ་གཡོན་ལ་ཨཱཾ། གཡས་ལ་ཧཱ་རྣམས་ཟུང་ལྔ་ལྔ་སྟེ་ཡ་བཅུ་བཅུའོ། །དེ་ལྟར་ཡི་གེའི་ཚོགས་ལས་དཀྱིལ་འཁོར་ཆ་ལྔ་ལ་ལྷ་ཡབ་ཡུམ་ལྔ་བཅུ་དང་། ཁྲོ་བོ་ཡབ་བཅུ་ཁྲོ་མོ་ཡུམ་བཅུའི་ཕྲེང་བ་རྗེས་ཆགས་ཀྱི་མེས་ཞུ་བ་སློབ་བུ་ལ་ཐིམ་པའི་འོད་ཕུང་ལས་སློབ་བུ་ཀུན་ཏུ་བཟང་པོར་བསྒོམ་མོ། །བསྒྲག་ཚིག་གོ། །དྲང་། ཨཱོཾ་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བདག་ཉིད་ཆེན་པོ་ཁྱོད། རྒྱུད་དང་དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ་ཡིན་པས་དཀྱིལ་འཁོར་ཀུན་གྱི་བདག་པོ་ཁྱོད་ཀྱིས་གྱིས་ལ། སྣོད་དང་འཚམས་པར་སྦྱིན་པར་བྱ་བ་དང་ལོངས་སྤྱོད་པར་ཡང་གྱིས་ཤིག་ཅེས་བསྒྲག་གོ། །བསྐུར་གནས་ལག་ཏུ་རྡོ་རྗེ་དྲིལ་བུ་གཏད་ལ། བསྟིམ་གནས་མཚུངས་ལྡན་གྱི་རྒྱུ་ཡན་ལག་ལྔའི་ཐིག་ལེ་ལ་བསྟིམ་མོ། །སྔར་གཞན་དོན་བྱེད་པའི་མི་ནུས་པའི་སྒྲིབ་པ་དག་ནས། ད་གཞན་དོན་བྱེད་པར་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསམ་ཞིང་སྨོན་ལམ་ཡང་གདབ་བོ། །སྐྱོན་ཡོན་སྤྱིར་ཤེས་པར་བྱའོ། །སྤྱི་དོན་གསུམ་པ་ཟབ་མོའི་དབང་གསུམ་བསྐུར་བའོ། །དྲང་། གསང་བ་ཟབ་མོའི་དབང་གསུམ་པོ་འདི་ལ་ཡང་། དབང་སྔ་མ་རྣམས་དང་ཚུལ་མཚུངས་པར་ས་བཅད་ནང་ཚེགས་རེ་རེ་ལའང་བརྒྱད་བརྒྱད་ལས། དང་པོ་རྒྱུ་ལ་གཉིས། ཚུངས་ལྡན་གྱི་རྒྱུ་ནི། དོན་དམ་དཀོར་བདུན་རང་ཆས་སུ་ཡོད་པ་ནི་གསང་དབང་གི། ཀུན་རྫོབ་སྐུ་དང་ཡེ་ཤེས་རང་ཆས་སུ་ཡོད་པ་ནི་ཤེས་རབ་ཡེ་ཤེས་ཀྱི། བདེན་གཉིས་དབྱེར་མེད་རང་ཆས་སུ་ཡོད་པ་ནི་དབྱེར་མེད་བདེ་བ་ཆེན་པོའི་དབང་གི་མཚུངས་ལྡན་གྱི་རྒྱུའོ། །ལྷན་ཅིག་བྱེད་པའི་རྒྱུ་ནི། ཕྱག་རྒྱ་མོ་ཉི་ཤུ་མ་མཚན་དང་ལྡན་པ་ནི་གསང་དབང་གི། བཅུ་དྲུག་མ་ཤེས་རབ་ཡེ་ཤེས་ཀྱི། བཅུ་གཉིས་མ་དབྱེར་མེད་བདེ་བ་ཆེན་པོའི་དབང་གི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ནོ། །གཉིས་པ་རྐྱེན་ལ་བཞི་ལས། ཟབ་མོའི་དབང་གསུམ་བསྐུར་དུ་རུང་བའི་སློབ་བུ་རྒྱུའི། དབང་བསྐུར་ནུས་པའི་བླ་མ་བདག་པོའི། །ཕྱག་རྒྱ་མཚན་དང་ལྡན་པ་དམིགས་པའི། དབང་སྔ་མ་གོ་ཕྱེད་ནས་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ནོ། །གསུམ་པ་ངོ་བོ་ནི། གསང་བ་ཟབ་མོའི་དབང་གསུམ་པོ་ཡིན་ནོ། །བཞི་པ་འབྲས་བུ་ནི། ནུས་པ་དངོས་སུ་སྐྱེེས་པའོ། །ལྔ་པ་རིམ་པ་ནི། དང་པོ་ལ་གསང་དབང་། དེ་ནས་ཤེས་རབ་ཡེ་ཤེས། དེའི་རྗེས་ལ་བདེ་བ་ཆེན་པོའོ། །དྲུག་པ་དབང་བསྐུར་བའི་ལས་རིམ་ནི། ཟབ་མོའི་དབང་གསུམ་གཞུང་གཅིག་གི་སྟེང་དུ་སྦྲགས་ནས་འཆད་དེ། ཡེ་ཤེས་དངོས་སུ་རྒྱུད་ལ་སྐྱེ་བར་བྱེད་པ་མཐར་ཐུག་གི་དབང་ཡིན་པས། བསམ་རྒྱུད་དང་བསྒྲག་ཚིག་ལ་ལྟོས་པ་ནི་མ་ཡིན་ནོ། །དེ་ཡང་ཐོག་མར་གསང་དབང་བསྐུར་བའི་དབང་དུ་བྱས་ན། ཤེས་རབ་མ་མཚན་ལྡན་ལོ་ཉི་ཤུ་ལོན་པ། ཁྲུས་གསུམ་བྱས། རྒྱན་གསུམ་བཏགས། ཆོས་གསུམ་བཤད་པ་དང་། ཐབས་རྡོ་རྗེ་སློབ་དཔོན་ཀུན་ཏུ་བཟང་པོའམ་མི་བསྐྱོད་པའི་ང་རྒྱལ་དང་ལྡན་པས་ཡབ་ཡུམ་གཉིས་ཀྱི་མཁའ་གསང་བསྣོལ་མར་བརླབ་ཅིང་། སྦྱོར་བའི་བརྡ་བསྣོལ་མར་བསྐུར་ནས། ཛ་ཧཱུཾ་བཾ་ཧོ་ཕྱག་རྒྱ་བཞིས་རོལ་པ་ལས། ཡབ་ཀྱི་བདེ་བའི་ཡེ་ཤེས་ཡི་གེ་ཧཱུཾ་གིས་འབྲུ་ཚོགས་སུ་གསལ་བའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གསང་བ་རྡོ་རྗེའི་ལམ་ནས་བྱུང་ནས་ཡུམ་གྱི་པདྨོར་འཁྱིལ་བའི་བྱང་ཆུབ་ཀྱི་སེམས་ཡུངས་འབྲུའི་ཚད་ཙམ་སྟེ། རྡོ་རྗེ་སེམས་དཔའ་ཤ་སྟག་ཏུ་བྱིན་གྱིས་བརླབས་ལ་གསང་དབང་བསྐུར་རོ། །བསྐུར་ཚུལ་ནི་གསུམ་སྟེེ། ཐབས་ཀྱི་གསང་དབང་བ་དང་བེའུའི་ཚུལ་དུ་བསྐུར་བ་ནི། རྡོ་རྗེ་སློབ་དཔོན་གྱིས་ཡུམ་གྱི་མཁའ་ནས་བྱང་ཆུབ་ཀྱི་སེམས་གསང་བའི་རྡོ་རྗེའི་རྩེས་བླངས་ནས་སློབ་བུའི་ལྕེ་ཐོག་ཏུ་བཞག་པའམ། ཤེས་རབ་ཀྱི་གསང་དབང་མེ་ཏོག་དང་བུང་བའི་ཚུལ་དུ་བསྐུར་བ་ནི། ཡུམ་གྱི་པདྨའི་སྣ་རྩེ་ནས་སློབ་བུས་འཇིབས་ནས་བྱང་ཆུབ་ཀྱི་སེམས་ལྕེ་ཐོག་ཏུ་བླངས་པའམ། ཐབས་ཤེས་རབ་གཉིས་མེད་ཀྱི་གསང་དབང་བྱ་དང་བྱིའུའི་ཚུལ་དུ་བསྐུར་བ་ནི། རྡོ་རྗེ་སློབ་དཔོན་གྱི་ལྗགས་ཀྱིས་ཡུམ་གྱི་མཁའ་ནས་བྱང་ཆུབ་ཀྱི་སེམས་བླངས་ནས་སློབ་བུའི་ལྕེ་ཐོག་ཏུ་བཞག་པའོ། །ལ་ལ་དག་བྱང་ཆུབ་གྱི་སེམས་དཀར་པོ་བྱིན་པ་ཐབས་ཀྱི་གསང་དབང་། དམར་པོ་བྱིན་པ་ཤེས་རབ་ཀྱི་གསང་དབང་། གཉིས་འདྲེས་བྱིན་པ་ཐབས་ཤེས་གཉིས་མེད་ཀྱི་གསང་དབང་ཞེས་ཀྱང་འདོད་དོ། །མདོར་ན་བསྐུར་ཐབས་གསུམ་པོ་གང་རུང་གིས། བཞག་ལྕེ་ལ་བཞག་ཀྱང་བསྟིམ་སྙིང་ལ་བསྟིམ་ཞིང་དབང་བསྐུར་བས་སྙིང་གི་རྩ་བའི་རྩ་ཆེན་བཞི་ལ་གནས་པའི་འགྲོ་བ་རིགས་དྲུག་ཏུ་སྐྱེ་བར་བྱེད་པའི་ས་བོན། ཨ་སུ་ནྲྀ་ཏྲི་པྲེ་དུཿཟུང་གསུམ་ཡ་དྲུག་གཉིད་དང་བཅས་པ་སྦྱངས་ཏེ། བདེ་བའི་ཡེ་ཤེས་སུ་གསལ་བས། དཔེར་ན་ས་བོན་ཚིག་པ་ལ་མྱུ་གུ་མི་འབྱུང་བ་བཞིན་དུ། ངན་སོང་དང་འཁོར་བ་ཀར་དག་པས་དོན་དམ་སྤྲོས་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སྟེ། དོན་དམ་གྱི་བདེན་པ་མངོན་དུ་བྱས་པ་ནི་གསང་བའི་དབང་ཐོབ་པ་ཡིན་ནོ། །དེ་ཡང་ཐལ་བའི་རྒྱུད་ལས། མི་བསྐྱོད་ཡབ་ཡུམ་རོལ་པ་ཡིས། །བདེ་བ་གསལ་ཞིང་མི་དམིགས་པ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཡེ་ཤེས་ཧཱུཾ་ཚོགས་ཀྱིས། །པདྨའི་ཡེ་ཤེས་བསྡུས་འཁྱིལ་བའི། །ཡུངས་ཀར་ཚད་ཙམ་རྡོ་རྗེ་སེམས། །རྩེ་ནས་རྩེ་རུ་ཕྱིན་པ་ཡིས། །རང་བཞིན་ཆོས་ཁམས་དཀྱིལ་འཁོར་གྱི། །ས་བོན་ཟུང་གསུམ་གཉིས་དང་བཅས། །གནས་ངན་ལེན་པ་གསུམ་སྦྱངས་ཏེ། །དམིགས་མེད་སེམས་ཀྱི་ཡེ་ཤེས་ལྔ། །གསལ་བའི་ས་བོན་ཚིག་པ་བཞིན། །མི་སྐྱེ་ཐབས་ཀྱི་དབུགས་དབྱུང་བའོ། །ཞེས་གསུངས་སོ། །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། སྔར་བཞིན་ཆས་སུ་བཙུད་པའི་ཤེས་རབ་མ་ལོ་བཅུ་དྲུག་ལོན་པ། ཉི་མ་བྱང་སེམས་འཛག་པའི་དུས་སུ་ཐབས་སློབ་བུ་རྡོ་རྗེ་སེམས་དཔའ་བསྐྱེད་པ་ལ་གཏད་དེ། སློབ་བུ་ཡབ་ཡུམ་གཉིས་ཀྱི་མཁའ་གསང་བསྣོལ་མར་བརླབ་ཅིང་སྦྱོར་བའི་བརྡ་བསྣོལ་མར་བསྐུལ་ནས། ཛ་ཧཱུཾ་བཾ་ཧོཿ ཕྱག་རྒྱ་བཞིས་རོལ་པ་ལས་བདེ་བའི་བྱང་ཤེས་ཧཱུཾ་གིས་འབྲུ་ཚོགས་སུ་གསལ་བའི་ཆུ་རྒྱུན་འབབ་པ་ནི་ཡས་བབ་ཀྱི་དགའ་བ་སྟེ། དེ་ཡང་ཀླད་པ་བདེ་ཆེན་གྱི་འཁོར་ལོ་ནས་མགྲིན་པར་བབ་པ་དགའ་བ། སྙིང་གར་མཆོག་དགའ། ལྟེ་བ་དགའ་བྲལ། གསང་བ་རྡོ་རྗེའི་ལམ་ནས་འབྱུང་བའི་ཚེ་དགའ་བཞིའི་མཐར་ཐུག་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་ཞིང་། རྟེན་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡུམ་གྱི་པདྨར་རེག་པའི་གནས་སུ་འཁྱིལ་བས་ཡུམ་གྱི་ཉི་མ་བྱང་ཆུབ་ཀྱི་སེམས་དང་རྩེ་འཕྲད་ནས་ཐིག་ལེ་ཕྱེད་ཤོར་ཕྱེད་མ་ཤོར་ཏེ་དྲག་ཐུང་ལྟ་བུར་གནས་པ་དེ། ཡབ་ཡུམ་གཉིས་ཀྱི་གསང་རྩ་ཕན་ཚུན་དུ་བསྟིམ་ཞིང་དབང་བསྐུར་བས་ཉོན་མོངས་པར་རང་སར་གྲོལ་ནས། ཀུན་རྫོབ་བདེ་ཆེན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སྟེ་ཀུན་རྫོབ་ཀྱི་བདེན་པ་མངོན་དུ་བྱས་པ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་ཡིན་ནོ། །དེ་ཡང་ཐལ་རྒྱུད་ལས། རྗེས་སུ་འཇུག་པའི་ཕྱག་རྒྱ་ཉིད། །ཟིལ་པའི་ཐིག་ལེ་སྔོན་ལམ་བཞིན། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་གཅིག །ཕན་ཚུན་འགོད་པའི་སྟོབས་ཀྱིས་བསྟིམ། །བདེ་བ་གཉིས་པའི་ངོ་བོ་ཉིད། །གསུམ་པ་ཡེ་ཤེས་དཀྱིལ་འཁོར་དུ། །གསལ་བར་ཤར་བས་གྱུར་བའི་སྒྲ། །རང་བཞིན་འོད་གསལ་དཀྱིལ་འཁོར་རོ། །ཞེས་གསུངས་སོ། །གསུམ་པ་དབྱེར་མེད་བདེ་ཆེན་གྱི་དབང་ནི། སྔར་བཞིན་ཆས་སུ་བཅུག་པའི་ཤེས་རབ་མ་མཚན་དང་ལྡན་པ་ལོ་བཅུ་གཉིས་ལོན་པ་དང་། ཐབས་སློབ་བུ་རྡོ་རྗེ་སེམས་དཔའི་ང་རྒྱལ་དང་ལྡན་པའི་ཡབ་ཡུམ་གཉིས་ཀྱི་མཁའ་གསང་བརླབས་སྦྱོར་བའི་བརྡས་བསྐུལ་ནས་ཕྱག་རྒྱ་བཞི་རོལ་པ་ལས། ཡབ་ཡུམ་གཉིས་ཀྱི་བདེ་བའི་ཡེ་ཤེས་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡི་གེ་ཧཱུཾ་གི་འབྲུ་ཚོགས་སུ་གསལ་བའི་ཆུ་རྒྱུན་གསང་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་འཁྱིལ་བས་ཡབ་ཡུམ་གཉིས་ཀྱི་དགའ་བ་བཞི་བཞི་སྟེ་བརྒྱད་པོ་དུས་གཅིག་ཏུ་རོ་མཉམ་ཞིང་། རེ་རེ་ཡང་བཞི་བཞིའི་དབྱེ་བས་མཚན་བཟང་པོ་སུམ་ཅུ་་རྩ་གཉིས་རྫོགས་ལ། ཡབ་ཀྱི་དགའ་བ་བཅུ་དྲུག་པོ་རེ་རེ་ཡང་ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པས་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་ཞིང་མངོན་པར་ཤེས་པ་དྲུག་ཀྱང་འཆར་རོ། །ཡུམ་གྱི་རྩ་ཁ་ཁ་མུ་ཁའི་སྣ་རྩེ་ནས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱི་བདག་ཉིད་ཐིག་ལེ་ཉི་ཟླ་གཉིས་འདྲེས་ཏེ། འགྲོ་འོང་བྱང་ཆུབ་སེམས་ཀྱི་ཀྱིས་ཚུར་ལོག་ནས་གསང་བ་རྡོ་རྗེའི་བུ་གར་བསྟིམ་ཞིང་། ཐིག་ལེ་རྡོ་རྗེའི་ལམ་ནས་ཡར་ལོག་པ་ནི་མས་བརྟན་གྱི་དགའ་བ་སྟེ། ལྟེ་བར་བརྟན་པ་དགའ་བ། སྙིང་གར་མཆོག་དགའ། མགྲིན་པར་དགའ་བྲལ། སྤྱི་བོར་བརྟན་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ཙམ་ན་བརྡ་གཅིག་ཀུན་ཏུ་འོད་ཀྱིས་རྫོགས་ཤིང་། དེའི་ཡོན་ཏན་གྱི་ཐིག་ལེས་ལུས་ཐམས་ཅད་དུ་ཁྱབ་ཅིང་བརྟན་པས་འཁོར་བའི་སྐྱོན་གྱིས་མ་གོས་པས་བཅུ་གཉིས་པདྨ་ཅན་གྱི་ས་དང་། རྟོགས་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བས་བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་རྫོགས་པས་ན། འཁོར་འདས་མཉམ་པ་ཉིད་ཀྱི་དཀྱིལ་འཁོར་དུ་དབང་སྒྱུར་བ་སྟེ། དབྱེར་མེད་ཀྱི་བདེན་པ་མངོན་དུ་བྱས་པ་ནི་བདེ་བ་ཆེན་པོའི་དབང་ཐོབ་པ་ཡིན་ནོ། །དེ་ཡང་ཐལ་རྒྱུད་ལས། རྡོ་རྗེ་ཉི་མ་ཐབས་ཀྱི་རྒྱ། །ཕུང་ཚོགས་ཕྱག་རྒྱའི་ཚོགས་དང་ལྡན། །དེ་ཟླ་བའི་སིལ་བྱེད་ཤེས་རབ་དངོས། །དུས་གཅིག་རོ་མཉམ་ཐིག་ལེ་ཆེ། །སུམ་ཅུ་རྩ་གཉིས་མཚན་རྫོགས་ཤིང་། །ཟླ་བའི་ཡེ་ཤེས་ལྔ་བཅུ་དྲུག །དཔེ་བྱད་ལ་སོགས་དཔག་ཏུ་མེད། །སེམས་ཤེས་མངོན་པར་ཤེས་དང་ལྡན། །སེམས་མཐའ་འགྲོ་འོང་རྫུ་འཕྲུལ་ཤེས། །གནས་ནས་ལོག་པ་ཐིམ་པའི་སྒྲས། །མཐའ་གཉིས་མ་གོས་པདྨའི་ཅན། །སྤྲུལ་པའི་གནས་ནས་སྐྱེས་བ་ཡི། །བཞི་བཅུ་ལྔ་ཤོགས་མཐའ་ཡས་ཀུན། །རང་བཞིན་ཉིད་ལས་རང་གསལ་བ། །བཅུ་གསུམ་ཡི་གེ་འཁོར་ལོར་བརྗོད། །ཅེས་གསུངས་སོ། །དབང་མ་བསྐུར་བའི་སྐྱོན། དྲང་། གསལ་བཀྲ་ལས། སློབ་དཔོན་གྱི་རྣམ་གྲངས་དྲུག་གསུངས་ཀྱང་། འདིར་དམ་ཚིག་དབང་གི་སློབ་དཔོན་ཉེ་བར་བཟུང་སྟེ། སློབ་བུ་རབ་ཀྱི་ཤེས་རབ་དང་སྒྲུབ་པས། འབྲིང་གིས་དད་པ་དང་སྤྱོད་ལམ་གྱིས། ཐ་མས་ཀྱང་ཟང་ཟིང་དང་ཞབས་འབྲིང་གིས་མཉེས་པར་མ་བྱས་ཤིང་། ཕན་ནུས་ཟབ་མོའི་དབང་རྣམས་ཐོབ་པར་མ་བྱས་པར་ཉན་པ་དང་། འཆད་པ་དང་། སྒོམ་པ་དང་། ཕྲིན་ལས་སྒྲུབ་པ་དང་ལ་སོགས་པའི་སོགས་ཁོངས་ནས་དཀྱིལ་འཁོར་གྱི་ཐིག་གདབ་པ་ལ་སོགས་པ་རྡོ་རྗེ་སློབ་དཔོན་གྱི་ལས་རབ་འབྱམས་རྩོམ་པ་རྣམས་ཚེ་འདིར་ཡང་འབྲས་བུ་མཆོག་དང་ཐུན་མོང་གི་དངོས་གྲུབ་མེད་ཅིང་། ཚེ་ཕྱི་མར་ཡང་བཀའ་ཟབ་མོ་རང་དགར་བརྫབས་པའི་རྐྱེན་གྱིས་ངན་སོང་དུ་སྐྱེས་ནས་བདེ་འབྲས་ཐམས་ཅད་བརླག་པར་འགྱུར་རོ། །དབང་བསྐུར་བའི་ཡོན་ཏན་ནོ། །དྲང་། དབང་ཐོབ་པའི་དུས་འདི་ཕྱིན་ཆད་རྒྱལ་བའི་གདུང་འཛིན་པའི་སྲས་ཡིན་པས་ངན་སོང་གསུམ་གྱི་སྡུག་བསྔལ་ཐམས་ཅད་ཀྱང་མེད་པ་དང་། སྐྱེ་བ་འདིར་ཡང་ཚེ་རིང་ཞིང་བདེ་བ་ཕུན་སུམ་ཚོགས་པ་དང་། སྐྱེ་བ་ཕྱི་མར་ཡང་ཕན་དབང་གི་འབྲས་བུ་མཐོ་རིས་ཀྱི་ནང་ནས་ཀྱང་ལྷ་མིའི་རྒྱལ་པོ་དང་། ནུས་དབང་གི་འབྲས་བུ་ཐར་པའི་ལམ་སྟོན་པའི་དགེ་བའི་བཤེས་གཉེན་དང་། ཟབ་དབང་གི་འབྲས་བུ་རིགས་ཐམས་ཅད་ཀྱི་བདག་པོར་རྒྱལ་བ་དྲུག་པ་ཉིད་དུ་འགྱུར་རོ་ཞེས་བརྗོད་དོ། །ལེའུའི་མཚན་ནོ། །དྲང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འབྲུ་མཐུན། སྣོད་གསུམ་ལ་དབང་གསུམ་རིམ་པ་བཞིན་སྦྱིན་པའི་ལེའུ་སྟེ་ཡས་བགྲངས་བཅུ་པའི་དོན་དུ་གདའོ།། ༈ །།ད་ནི་ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པ་བསྡེབས་ནས་སྟོན་པ་ལ་ཆོས་ཚོམས་ཀྱི་དབང་དུ་བྱས་ན། རབ་གི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་གསུམ་ཀ་སྟོན། སྣང་བ་བཞི་ལས་གཞི་ཟུར་ཙམ་སྟོན། ལམ་དང་འབྲས་བུའི་སྣང་བ་གཙོ་ཆེར་སྟོན། ལམ་ལ་ཐབས་གྲོལ་གཉིས་ལས་གཉིས་ཀ་སྟོན། རིམ་ཅིག་ཅར་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས་གསུམ་ཀ་སྟོན། འབྲིང་གི་ཆོས་ཚོམས་ལྔ་ལས་རྒྱུད་དོན། དེ་ལ་བཅུ་ལས་གཞུང་ཧྲིལ་པོ་ཚོགས་ཀྱི་དཀྱིལ་འཁོར་དང་སྒྲུབ་པ་སྟོན། ཞོར་ལ་ལྟ་བ་སྟོན། ཧཱུཾ་དུ་ཤེས་བས་རབ་སྤྱད་ན། །ཞེས་པས་སྤྱོད་པ་སྟོན། སྦྱོར་སྒྲོལ་གྱི་མཆོད་པ་སྟོན། ཕྱག་རྒྱ་དང་ཏིང་ངེ་འཛིན་སྟོན། ཐ་མའི་ཆོས་ཚོམས་བཅུ་ལས་རང་བཞིན་ལྟ་བ། ལྡེམ་དགོངས་མན་ངག །བསྣོལ་མཚམས་འཕེན་སྡུད། ཚད་མ་བཀའ་གཞུང་། གཞན་ཡང་སྤྱི་འགྲོ་རྣམས་ཀྱིས་སྟོན་པར་བྱེད་དོ། །དེ་ལྟར་ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པ་བསྡེབས་ནས་ཚོགས་སྒྲུབ་པ་སྟོན་པ་བྱེད་པ་ལ་གསུམ་སྟེ། བགྲང་། གསུངས་པ་ལོ་རྒྱུས་སུ་བརྗོད་པ་གཉིས་བསྡེབས་ཏེ་སྟོན་པ། དྲང་། ལེའུ་དགུ་པར་ཚོགས་སྒྲུབ་པ་མེད་པར་བསྟན་ནས། འདིར་རྒྱས་པར་སྟོན་པས་སམ། ལེའུ་དགུ་པར་དཀྱིལ་འཁོར་དུ་ཞུགས། བཅུ་པ་དབང་བསྐུར་ནས། བཅུ་གཅིག་པ་དང་བཅུ་གཉིས་པ་སྡེབས་ནས་ཚོགས་སྒྲུབ་པ་སྟོན་པས་ན་དེ་ནས་ཞེས་འགྲེལ་བྱར་རོ། །དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བ་སྒྱུ་འཕྲུལ་དྲྭ་བའི་རྒྱལ་པོ་རྟོག་པ་ལ་རང་དབང་སྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནམ་དགོངས་པ་ལ་མངོན་དུ་བཞག་པས་ན་སྙོམས་པར་ཞུགས་ནས་འོག་ནས་འབྱུང་བ་ཚོགས་སྒྲུབ་པའི་ཆེད་དུ་བརྗོད་པ་འདི་བརྗོད་དོ། །དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་ཞེས་པ་ནི་འབྲུ་མཐུན་ལ། སེམས་ཉིད་གཞི་མ་ངོས་པ་ལ་ཡོ་བྱད་ལྔར་སྣང་ནས་ཚིམ་པར་བྱེད་པ་ནི་ཡེ་ཤེས་ཀྱི་རོལ་མོའི་སྤྲིན་རྣམ་པར་སྣང་བ་སྣ་ཚོགས་སུ་སྤྲོས་ཏེ། འཁོར་འདས་གཉིས་མེད་སྒྲུབ་པའི་ཐབས་སུ་མཛེས་པས་རྒྱན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་དགོངས་པ་མངོན་དུ་བཞག་པས་ན་སྙོམས་པར་ཞུགས་ནས་ཚོགས་སྒྲུབ་པའི་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཞུང་གཉིས་ཚོགས་སྒྲུབ་པར་བསྡེབས་ཏེ་བསྟན་པ་ལ་གཉིས་ཏེ། གཞུང་དངོས་གཉིས་བསྡེབས་ཏེ་བསྟན་པ་དང་། བཀའ་གསང་སྔགས་མཚོན་པའི་ཚིག་དང་གཞུང་གསུངས་པའི་ཡོན་ཏན་གཉིས་བ སྡེབས་ཏེ་བསྟན་པའོ། །དང་པོ་ལ་གཉིས་ཏེ། བགྲང་། མཚན་ཉིད་གསུམ་མདོར་བསྟན་པ། དྲང་། འདི་ལ་ལམ་རིམ་གྱིས་པ་ལྟར་དུ་བཤད་ན་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ཉམས་སུ་ལོན་པ་དང་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལས་སུ་རུང་བས་ལྟ་སྤྱོད་མགོ་འབྱོར་ཞིང་དེའི་དོན་བསྒོམ་པ་ནི་འཁོར་བར་མི་གཏོང་བའི་གཟུངས་སོ། །དེ་ལ་རྒྱུན་དུ་གོམས་ནས་ལམ་ནུས་པའི་མཐུ་ཅན་དུ་གང་གྱུར་པ་དེས་ནི་འབྲས་བུ་སྨིན་པར་བྱེེད་པའོ། །གང་ཞེ་ན། གནས་སྐབས་ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི་དང་མཐར་ཐུག་རྒྱལ་བ་སྐུ་ལྔའི་འབྲས་བུ་ཐོབ་ནས། དེ་དག་གི་འདུལ་བྱའི་ཞིང་ཁམས་ཀུན་ཏུ་གྲགས་སོ་ཞེས་པའམ། ཡང་ལམ་ཅིག་ཅར་བ་ལྟར་དུ་བཤད་ན། རྒྱུ་ལྟ་བ་དང་རྐྱེན་ཏིང་ངེ་འཛིན་ཏེ། ལྟ་སྒོམ་ཅིག་ཅར་དུ་མགོ་འབྱོར་བའི་སྤྱོད་པས་ལམ་ལོག་དང་འཁོར་བའི་གཡང་སར་མི་འགྲོ་བའི་གཟུངས་ཏིང་ངེ་འཛིན་ནུས་པའི་མཐུ་ཅན་དུ་གྱུར་ཏེ། དེའི་ཉེར་རྫོགས་སུ་ལྷུན་གྲུབ་རིག་འཛིན་ཐོབ་ནས་སྐུ་ལྔའི་ཞིང་དུ་གྲགས་ཤིང་སྐུ་ལྔའི་འབྲས་བུར་སྨིན་པ་བྱེད་དོ། །མཚན་ཉིད་གསུམ་རྒྱས་པར་བཤད་པའོ། །དེ་ལ་སྤྱི་དོན་གསུམ་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་དོ། །སྤྱི་དོན་དང་པོ་ལ་གཉིས་ཏེ། གཏན་ཚིགས་ཀྱིས་གཏན་ལ་དབབ་པ་དང་། གྲུབ་མཐའ་དང་འབྲས་བུ་གཞན་དུ་ཚོལ་བའི་ཞེན་པ་དགག་པའོ། །དང་པོ་ལ་གཉིས་ཏེ། བགྲང་། རྟོགས་པ་བཞིའི་གཏན་ཚིགས། དྲང་། འདི་ལ་རིམ་གྱིས་པ་ལྟར་དུ་བཤད་པ་དང་། ཅིག་ཅར་བ་ལྟར་དུ་བཤད་པ་གཉིས་ལས། དང་པོ་རིམ་གྱིས་པ་ལྟར་དུ་བཤད་ན་འཁོར་འདས་ཀྱི་ཆོས་གཞལ་བྱ་དང་། རྒྱུ་གཅིག་པ་གཏན་ཚིག་དང་། སྐྱེ་མེད་དུ་རྟོགས་པ་གྲུབ་མཐའ་སྟེ། དེས་དངོས་པོ་མཚན་མར་འཛིན་པའི་ཞེན་པ་འགྲོ་བའོ། །སྐྱེ་མེད་དུ་ཞེན་པ་གཞལ་བྱ་དང་ཡིག་འབྲུའི་ཚུལ་གཏན་ཚིགས་དང་། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་རྟོགས་པ་གྲུབ་མཐའ་སྟེ། དེས་སྟོང་པ་ཕྱང་ཆད་དུ་འཛིན་པའི་ཞེན་པ་འགྲོལ་བའོ། །རྟོགས་པ་སྔ་མ་གཉིས་སུ་ཞེན་པ་གཞལ་བྱ་དང་། བྱིན་གྱིས་བརླབས་པ་གཏན་ཚིགས་དང་། དབྱེར་མེད་དུ་རྟོགས་པ་གྲུབ་མཐའ་སྟེ། བདེན་གཉིས་ཐ་དད་དུ་འཛིན་པའི་ཞེན་པ་འགྲོལ་བའོ། །བདེན་གཉིས་དབྱེར་མེད་དུ་ཞེན་པ་གཞལ་བྱ་དང་། མངོན་སུམ་པར་གཏན་ལ་འབེབས་པ་གཏན་ཚིགས་དང་། སྤྱོད་ཡུལ་དང་བྲལ་བར་རྟོགས་པ་གྲུབ་མཐའ་སྟེ། ལྟ་བ་བདེན་པ་དབྱེར་མེད་བློའི་ཡུལ་དུ་བྱེད་པའི་ཞེན་པ་འགྲོལ་བའོ། །བཞི་པོ་འདི་སྦྱོར་ངག་ཏུ་བཀོད་ན་མ་རིག་པ་དང་ལོག་རྟོག་གི་རྒྱུན་ལས་འཁོར་བར་སྣང་བ་དང་། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་མྱང་འདས་སུ་སྣང་བ་འདི་ཆོས་ཅན། དེ་དག་རང་བཞིན་སྐྱེ་མེད་ཀྱི་དབྱིངས་ལས་གཡོས་པ་མེད་པ་ཡིན་ཏེ། བརྒྱུད་དུ་སེམས་ཉིད་རང་བྱུང་ཡེ་ཤེས་སུ་གཅིག་པའི་ཕྱིར་རོ། །དཔེར་ན་རྒྱལ་པོའི་ཕྲུག་གུ་དམངས་སུ་འཁྱམས་པ་བཞིན་ནོ། །དེ་ཡང་རྒྱ་ལས། ཆོས་ཉིད་དབྱིངས་སུ་ཚུལ་གཅིག་པས། །མ་ལུས་རང་སྣང་ཆོས་ཐམས་ཅད། །མ་ལུས་བྱང་ཆུབ་སེམས་སུ་རྟོགས། །ཞེས་གསུངས་སོ། །སེམས་ཉིད་སྐྱེ་མེད་ཀྱི་གདངས་ཆོས་ཅན། རོལ་པ་འགག་མེད་ལྷའི་སྐུ་གསུང་ཐུགས་སུ་རང་སྣང་བ་ཡིན་ཏེ། མཚོན་དུ་མེད་པའི་ཡི་གེ་ཨ་ཉིད་མཚོན་བྱེད་ཡི་གེ་བཞི་བཅུ་རྩ་ལྔར་སྣང་བའི་ཕྱིར། དེ་ཡང་རྒྱ་མཚོ་ལས། སྐུ་གསུང་ཐུགས་སུ་སྣང་བ་ཡིས། །མ་ལུས་གསུང་གི་རྒྱན་དུ་རྟོགས། །ཐམས་ཅད་གསུང་གི་ཡི་གེ་སྟེ། །ཐབས་དང་ལྡན་པས་རྒྱས་གདབ་བོ། །ཞེས་གསུངས་སོ། །རང་བཞིན་སྐྱེ་མེད་དང་རོལ་པ་འགག་མེད་གཉིས་ཆོས་ཅན། ཚིག་ལ་སྔ་ཕྱི་ཡོད་ཀྱང་དོན་ལ་དབྱེར་མེད་དེ། དཀོར་བདུན་ངོ་བོ་ཉིད་ཀྱི་རྒྱུད་ལྷུན་གྱིས་གྲུབ་པས་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པར་བྱིན་གྱིས་བརླབས་པའི་ཕྱིར། དེ་ཡང་རྒྱ་མཚོ་ལས། དེ་ཉིད་དབྱེར་མེད་བྱིན་བརླབས་ལས། །དེ་ཉིད་དེའི་བྱིན་བརླབས་ཏེ། །གཉིས་མེད་ཚུལ་གྱིས་རང་སྣང་བ། །བྱིན་བརླབས་ངོ་མཚར་བསམ་མི་ཁྱབ། །ཅེས་གསུངས་སོ། །བདེན་པ་དབྱེར་མེད་ཆོས་ཅན། བློའི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ། རང་རིག་པའི་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་རྟོགས་པའི་ཕྱིར། དེ་ཡང་རྒྱ་མཚོ་ལས། རང་བྱུང་རང་སྣང་ཆོས་འདི་དག །གཉིས་མེད་རང་རིག་མ་སྐྱེས་པར། །གསལ་བར་མངོན་སུམ་ཐེ་ཚོམ་མེད། །རྟོགས་པ་ཀུན་གྱི་མཆོག་ཏུ་བཤད། །ཅེས་གསུངས་སོ། །དེ་ལྟར་གཏན་ཚིགས་བཞིས་གཏན་ལ་ཕབ་པའི་གྲུབ་མཐའ་རབ་ཏུ་རྟོགས་པ་རྣམ་པ་བཞི་ཡིས་ཆོས་ཐམས་ཅད་རང་རིག་པའི་མངོན་སུམ་དུ་གསལ་བར་རྫོགས་ཤིང་རིག་པ་ལ་རང་དབང་སྒྱུར་བས་ན་རྒྱལ་པོ་སྟེ། སྔགས་ཀྱི་རྒྱུད་དང་དབུ་སེམས་ལས་ཁྱད་པར་དུ་གྱུར་པས་ན་འདི་ལས་ཆེ་བའི་གྲུབ་མཐའ་གཞན་མེད་པའོ། །ཡང་ཅིག་ཅར་བ་ལྟར་དུ་བཤད་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་དམ་སྐྱེ་འགག་གནས་དམིགས་འགྲོ་འོང་དང་བྲལ་བར་རྒྱུ་གཅིག །ཀུན་རྫོབ་སྐྱེས་འགག་གནས་དམིགས་འགྲོ་འོང་ལྟར་སྣང་བར་རྒྱུ་གཅིག །བདེན་པ་དབྱེར་མེད་དུ་སྐྱེས་པ་ཉིད་ན་སྐྱེ་བ་མེད་པ་ལ་སོགས་པ་ལྔར་རྒྱུ་གཅིག་པའོ། །འོ་ན་ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་མི་དགོས་སམ་ཞེ་ན། དགོས་ཏེ་རྒྱུ་གཅིག་པར་རྟོགས་པ་དེ་ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་ཀྱིས་མཚོན་ནས་རྟོགས་པའོ། །འོ་ན་བྱིན་གྱིས་རླབས་མི་དགོས་སམ་ཞེ་ན། དགོས་ཏེ་ཡིག་འབྲུའི་ཚུལ་ལ་བརྟེན་ནས་རྟོགས་ཀྱང་མཐུ་བྱིན་གྱིས་རླབས་ལ་ཡོད་པས་སོ། །འོ་ན་མངོན་སུམ་པ་ནི་མི་དགོས་སམ་ཞེ་ན། དགོས་ཏེ་དབྱེར་མེད་དུ་ཞེན་པ་ལས་ཀྱང་གྲོལ་བར་བྱེད་པས་སོ། །དེ་ཡང་བཞི་པོ་དེ་རིམ་པར་རྟོགས་པ་ནི་མ་ཡིན་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱུ་གཅིག་པར་ཡིག་འབྲུའི་ཚུལ་གྱིས་མཚོན་ནས་བྱིན་གྱིས་བརླབས་པའི་མཐུས་དབྱེར་མེད་དུ་གཏན་ལ་ཕེབས་པས་རང་རིག་པའི་མངོན་སུམ་གྱིས་བློའི་སྤྱོད་ཡུལ་ལས་གྲོལ་བ་ནི་གྲུབ་མཐའི་མཐར་ཐུག་གོ། །འདི་ལ་ཁ་ཅིག་ན་རེ། རིམ་གྱིས་པ་ལྟར་བཤད་པའི་དབང་དུ་བྱས་ན། གཞལ་བྱ་གཏན་ཚིགས་གྲུབ་མཐའ་གསུམ་མཚོན་ཚུལ་འདྲེན་པའི་སྐྱོན་དུ་འགྱུར་རོ་ཞེ་ན། རྡོ་རྗེ་དྲིངས་པ་ཉེའུ་སྟོན་ན་རེ། སྐྱོན་མེད་དེ། རྒྱུ་གཅིག་པའི་གཏན་ཚིགས་ཀྱིས་སྟོན་པར་རྟོག་པ་དང་ཡིག་འབྲུའི་ཚུལ་གྱིས་གཏན་ཚིགས་ཀྱིས་སྒྱུ་མར་རྟོགས་པའི་ངོས་ནས་གྲུབ་མཐར་འགྲོ་ཡང་། སྟོང་པ་དང་སྣང་བ་གཉིས་ལ་ཞེན་པའི་ཆ་ནས་བྱིན་གྱིས་བརླབས་ཀྱི་གཏན་ཚིགས་ཀྱིས་གཞལ་བྱར་འགྲོ་གསུང་ངོ་། །གཙང་ནག་འོད་འབར་ན་རེ། བདེན་གསུམ་རང་སའི་གཞལ་བྱ་གཏན་ཚིགས་གྲུབ་མཐའ་གསུམ་མཚོན་ཚུལ་འདྲེས་ན་སྐྱོན་དུ་ཆེ་ཡང་། གཏན་ཚིགས་སྔ་མ་སྔ་མའི་གྲུབ་མཐའ་ཕྱི་མ་ཕྱི་མའི་གཞལ་བྱར་སོང་བ་ལ་སྐྱོན་མེད་དེ། ཁྱོད་ཀྱི་མར་འདོད་གང་ཡིན་པ། །དེ་ནི་ང་ཡི་ཆུང་མ་ཡིན། །ཞེས་པ་བཞིན་ནམ། ཡང་ན་ཀུན་ཏུ་འོད་མཚན་ཉིད་ཀྱི་ཐེག་པའི་མཐར་ཐུག་གི་འབྲས་བུ་ཡིན་ཡང་། སྔགས་ཀྱི་ལམ་སྟེགས་སུ་བཤད་དེ། ཐབས་ཞགས་ལས། ཀུན་ཏུ་འོད་ལས་འདས་ནས་སུ། །པདྨ་ཅན་དུ་གྱུར་པས་ན། །ཞེས་པ་དང་། མིག་སྒྲོན་ལས། ཁྱོད་ཀྱི་མཐར་ཕྱིན་ཀུན་ཏུ་འོད། །ཐབས་ཆེན་ཐེག་པའི་བསྟི་གནས་ས། །ཞེས་གསུངས་པ་བཞིན་ནོ་ཞེས་གསུང་ངོ་། །ཡང་མངོན་སུམ་པ་ནི་གྲུབ་མཐའ་ཡིན་པ་ལ་གཏན་ཚིགས་སུ་ཅི་འགྲོ་ཞེ་ན། ཞོར་སེལ་ཞོར་བསྒྲུབ་ཀྱི་ཆ་ནས་འགྲོ་སྟེ། དཔེར་ན་མི་ངན་ཞིག་གི་བུད་མེད་ལ་བུ་སྐྱེས་ན། བུ་དེས་དགྲ་གཉེན་ལ་ཕན་གནོད་གང་ཡང་མ་བྱས་ཀྱང་ཕ་མའི་དགྲ་རྣམ་མི་དགའ་ལ། གཉེན་རྣམས་དགའ་བ་བཞིན་དུ་མངོན་སུམ་པར་རྟོགས་པས་དབྱེར་མེད་ཀྱི་ཞེན་ཆ་ཞོར་ལ་སེལ་ལ། སྤྱོད་ཡུལ་དང་བྲལ་བ་ཞོར་ལ་བསྒྲུབ་པས་དེའི་ཆ་ནས་གཏན་ཚིགས་དང་གྲུབ་མཐའ་གཉིས་ཀར་དུ་ཡང་འགྲོ་ཞེས་བླ་མ་རྣམས་གསུང་ངོ་། །ཡང་ལེའུ་གསུམ་པར་རྟོགས་པ་བཞི་དང་། དག་པ་གསུམ་དང་། མཉམ་པ་ཉིད་ཀྱི་གཏན་ཚིགས་བྱུང་། འདིར་ཡང་རྟོགས་པ་བཞི་དག་མཉམ་གྱི་གཏན་ཚིགས་བྱུང་བས་ལྡབས་སོ་ཞེ་ན། སྐྱོན་མེད་དེ། ལེའུ་གསུམ་པ་ནི་ལས་དང་པོ་པ་ལ་བརྟག་གཞི་འཁོར་བའི་ཆོས་གཏན་ལ་འབེབ་པའི་གཏན་ཚིགས་ཡིན་ལ། འདིར་ཚོགས་སྒྲུབ་པའི་སྔོན་འགྲོ་ཡིན་པས་ལྡབས་སྐྱོན་མེད་གསུང་ངོ་། །དག་མཉམ་གྱི་གཏན་ཚིགས་སོ། །དྲང་། ལེའུ་གསུམ་པར་རྟོགས་པ་བཞི་དང་དག་མཉམ་གྱི་གཏན་ཚིག་ཀྱིས་གཏན་ལ་ཕབ་པ་བཞིན་དུ། ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔས་བསྡུས་པ་དང་། ནང་བཅུད་ཀྱི་སེམས་ཅན་ཕུང་པོ་ལྔས་བསྡུས་པ་དང་། དེ་དག་གི་རྒྱུད་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱིས་བསྡུས་པ་རྣམས་ཡེ་གདོད་མ་ནས་འབྱུང་བ་ལྔ་རིགས་ཀྱི་ཡུམ་ལྔ། ཕུང་པོ་ལྔ་རིགས་ཀྱི་ཡབ་ལྔ། རྣམ་པར་ཤེས་པ་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པ་ལས་དག་པ་ལྟར་གཏན་ཚིགས་ཀྱིས་གཞིགས་པའི་སྒོ་ནས་རྟོགས་ཤིང་གཞན་ཡང་མཉམ་པ་གཉིས་ཀྱི་དབང་དུ་བྱས་ནས་མདོ་སྡེེ་པ་དང་སྒོ་བསྟུན་པ་ཐུན་མོང་གི་མཉམ་པ་གཉིས་ནི། སྣང་ཙམ་དུ་དོན་བྱེད་ནུས་པ་ཡང་དག་པའི་ཀུན་རྫོབ་དང་། སྣང་ཙམ་དུའང་དོན་བྱེད་ནུས་པས་སྟོང་པ་ལོག་པའི་ཀུན་རྫོབ་གཉིས་ཀའང་སྣང་ཡང་བདེན་དངོས་ཀྱིས་སྟོང་པ་ཙམ་དུ་མཉམ་ཞིང་། སྤྲོས་པ་ཕྱོགས་ཏེ་ཆོད་པ་རྣམ་གྲངས་ཀྱི་དོན་དམ་པ་དང་། སྤྲོས་པ་མཐའ་དག་ཆོད་པ་རྣམ་གྲངས་མ་ཡིན་དོན་དམ་གཉིས་ཀའང་སྤྲོས་པ་འགག་པའི་སྟོང་ཉིད་ཙམ་དུ་མཉམ་མོ། །ལྷག་པའི་མཉམ་པ་གཉིས་ནི། མ་ཧཱ་ཡོ་གའི་ལུགས་ཀྱིས་མ་དག་པ་ལས་སྣང་ལོག་པའི་ཀུན་རྫོབ་དང་། དག་པ་ལྷ་སྣང་ཡང་དག་པའི་ཀུན་རྫོབ་གཉིས་ཀའང་རང་བཞིན་དང་ཐུན་མོང་མ་ཡིན་པ་དང་། ཀར་དག་པ་ཐུགས་སུ་ཆུད་པ་ན་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཉམ་ལ། རྣམ་གྲངས་ཀྱི་དོན་དམ་མེད་དགག་གི་སྟོང་ཉིད་དང་། རྣམ་གྲངས་མ་ཡིན་པའི་དོན་དམ་མ་ཡིན་དགག་གི་སྟོང་ཉིད་གཉིས་ཀའང་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པར་མཉམ་མོ། །དེ་ལྟར་དག་མཉམ་ཀྱི་གཏན་ཚིགས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་མ་དག་པ་ལས་ཀྱི་སྣང་བ་འདི་འཁྲུལ་ངོ་ཙམ་དུ་མི་བསླུ་ཡང་། གཤིས་ལ་མ་གྲུབ་པར་གཏན་ལ་ཕབ་པས་བདེན་གཉིས་ཐ་དད་དུ་འཛིན་པའི་ཞེན་པ་གྲོལ་ཀྱང་། ཚུ་རོལ་མཐོང་བའི་བློས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འཛིན་ན་ཡང་འཁྲུལ་པའི་བློས་ཏེ། དེའི་ཕྱིར་གཞལ་བྱ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱོད་ཡུལ་ཡོངས་སུ་དག་པ་ཀུན་ཏུ་བཟང་པོའི་ངང་དུ་འཇལ་བྱེད་ཀྱི་བློ་ངོ་བོ་ཉིད་དུ་གྲོལ་ཞིང་། ལུས་ངག་ཡིད་གསུམ་གྱི་བྱེད་སྤྱོད་མ་འགགས་པའི་ཆ་ནས་བསོད་ནམས་ཀྱི་ཚོགས་དང་། མ་དམིགས་པའི་ཆ་ནས་ཡེ་ཤེས་ཀྱི་ཚོགས་ཏེ། དེ་ལྟར་ཚོགས་ཆེན་གཉིས་སུ་གྱུར་པ་ནི་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ཡིན་ལ། དེ་དོན་ཉམས་སུ་ལེན་པར་བྱེད་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གྱི་འགོ་འདྲེན་པས་ན་ནས་ཞེས་བྱའོ། །གྲུབ་མཐའ་དང་འབྲས་བུ་གཞན་དུ་ཚོལ་བའི་ཞེན་པ་དགག་པའོ། །དྲང་། དུས་བཞི་དང་ཕྱོགས་བཅུ་གང་གི་གནས་ནས་ལམ་གྱི་འབད་རྩོལ་གྱི་བཙལ་བར་གྱུར་ཀྱང་རང་གི་སེམས་ཉིད་ལས་གཞན་པའི་འབྲས་བུ་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ཅིག་བརྙེས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་བར། རང་གི་སེམས་ཉིད་དེ་ཀ་རྫོགས་པའི་སངས་རྒྱས་ཡིན་པ་སྟེ། དེ་ལས་གཞན་པའི་སངས་རྒྱས་མེད་ཕྱིར་རོ། །འོ་ན་ལམ་བགྲོད་པ་ལ་དགོས་པ་མེད་དམ་ཞེ་ན། རང་གི་སེམས་ཉིད་སངས་རྒྱས་ཡིན་པ་ལ་ཡིན་པ་ལྟར། དེ་མངོན་དུ་བྱེད་པ་ལ་ལམ་བགྲོད་པའི་བ་ཞེས་ཐ་སྙད་དུ་བྱས་ཀྱི། དེ་ལས་གཞན་དུ་སངས་རྒྱས་ཞེས་པའི་འབྲས་བུ་བཟང་བཟང་པོ་གཅིག་མ་ཚོལ་ཞིག །སྤྱི་དོན་གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལ་གཉིས་ཏེ། སྒྲུབ་པའི་གཞི་ཕུན་སུམ་ཚོགས་པ་དང་། སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པའོ། །དང་པོ་ལ་གསུམ་སྟེ། བགྲང་། དང་པོ་སྒྲུབ་པ་པོ་ཕུན་སུམ་ཚོགས་པ། དྲང་། སྔགས་ཀྱི་ཡན་ལག་ལྔ་ཞེས་པ་ལྷག་པའི་ལྷ་དགུའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པ་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་ཤིང་། སྔར་བཤད་པའི་བཟའ་དང་བཏུང་བ་ལ་སོགས་པ་ཡོ་བྱད་ལྔ་དང་ལྡན་པ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་ཆོ་ག་ལྔ་རྫོགས་པར་ཤེས་པའི་རྣལ་འབྱོར་པ་ཚོམ་བུ་ལྔ་པ་ལ་ཕོ་མོ་བདུན་བཅུ། ཚོམ་བུ་གསུམ་པ་ཕོ་མོ་ཞེ་དྲུག །ཚོམ་བུ་གཅིག་པ་ལ་བཅོ་བརྒྱད་ཀྱི་འཚོགས་པའི་དཀྱིལ་འཁོར་གྱིས་ཚོགས་བསྒྲུབས་ན་ངེས་པར་འགྲུབ་སྟེ། གང་ཞེ་ན། ལེགས་པའི་དགོངས་པ་གནས་སྐབས་རིག་འཛིན་བཞི་ཡི་གོ་འཕང་དང་མཐར་ཐུག་སངས་རྒྱས་ཀྱིས་འགྲུབ་པར་འགྱུར་རོ། །གནས་དང་ཡོ་བྱད་ཐུན་མོང་དུ་བསྟན་པ་རང་བདག་དབང་བར་ཆད་མེད་པའི་གནས་ཕྱི་ནང་བར་གསུམ་དང་ལྡན་པ་དང་། ཉེ་བར་དགོས་པའི་ལོངས་སྤྱོད་ལྡབས་ཐང་དུ་བསགས་ཏེ། བཟའ་བཏུང་དང་རྐྱེན་བཟློག་དང་སྒྲུབ་རྫས་ལ་སོགས་པ་ཕུན་སུམ་ཚོགས་པར་བསག་ཅིང་། ཅི་བདེ་བར་ལོངས་སྤྱད་རྒྱུ་དང་ལྡན་པར་བྱས་ལ་སྒྲུབ་པའི་དམ་ཚིག་རྣམས་མ་ཉམས་ཤིང་། ལྟ་སྤྱོད་དང་ཏིང་ངེ་འཛིན་འབྲེལ་བའི་བློ་དང་ནི་རབ་ཏུ་ལྡན་པའི་རྣལ་འབྱོར་ཕོ་མོ་འཚོགས་པས། དང་པོ་ཚོམ་བུ་གང་ཡིན་གྱི་ལྷ་གྲངས་དང་དུས་ཇི་ཙམ་སྒྲུབ་པར་ཁས་བླངས་ཤིང་དམ་ནོས་པ་བཞིན་དུ་བྱས་ཏེ། ལེ་ལོ་དང་སྒྱིད་སྙོམས་མེད་པ་ཡིས་བློ་ལ་ཐེ་ཚོམ་མེད་པའི་སྒོ་ནས་བསྒྲུབ་ཅིང་ཉམས་ལེན་གཞུང་བཞིན་བྱས་ན་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་གཅིག་གསུམ་ལྔ་པ་གང་བསྒྲུབས་ཀྱང་གནས་སྐབས་སུ་ཐུན་མོང་དང་མཐར་ཐུག་ཏུ་མཆོག་གི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་ཏེ། གང་ཞེ་ན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ་ཉི་ཤུ་ལྔ་དབྱེར་མི་ཕྱེད་པའི་རྡོ་རྗེ་གསང་མཆོག་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དམ་པ་གཅིག་དང་དུ་མ་དང་བྲལ་བ་ཐོབ་པར་འགྱུར་རོ། །འོ་ན་ཚོམ་བུ་ཚོགས་སྒྲུབ་པའི་ཐབས་ལེའུ་ལྔ་པ་དང་། དགུ་པ་དང་། འདི་དང་གསུམ་ཀ་རུ་བྱུང་བ་ལྡབས་སོ་ཞེ་ན། སྐྱོན་མེད་དེ། ལེའུ་ལྔ་པའི་ནི་སྒྲུབ་པའི་རྒྱུ་དང་ཐུན་མོང་གི་སྒྲུབ་པ་ཡིན། དགུ་པའི་ནི་འགྲུབ་པའི་དུས་དང་ཐོབ་ཚུལ་ཡིན། འདི་ནི་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་། བསྙེན་སྒྲུབ་བཞིས་གཞུང་བསྲང་སྟེ། སྒྲུབ་ཐབས་དངོས་སྟོན་པ་ཡིན་པས་ན་མ་ལྡབས་སོ། །བསྒྲུབ་པའི་དུས་ཕུན་སུམ་ཚོགས་པ་བསྟན་པའོ། །དྲང་། སྒྲུབ་པའི་དུས་ཀྱི་ཞག་གྲངས་ནི། ལེའུ་དགུ་པ་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །ཞེས་པ་ལ་སོགས་པ་དང་། ཚེས་གྲངས་ནི་ཡར་ངོའི་ཚེ་བརྒྱད་ལ་སོགས་པ་དང་། གཞན་ཡང་དུས་ཚོད་གཟའ་སྐར་བཟང་པོ་ལ་གྲུབ་པ་ལ་འཇུག་སྟེ། རྒྱུད་ཀུན་འདུས་ལེའུ་དང་པོ་ལས་སྤྲོས་པ་བཞིན་དུ་བྱ་བར་བཤད་པ་ཡིན་ནོ། །འདི་ལ་ཁ་ཅིག་ན་རེ། རྒྱུད་ལས་སྨོས་པ་བཞིན་དུ་བཤད། །ཅེས་པས། འདི་རྒྱུད་མིན་པར་འདུག་པ་ལ་རྒྱུད་དུ་བཤད་པས་རྒྱུད་ལོག་པའི་སྐྱོན་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཚོགས་སྒྲུབ་པའི་དུས་འདི་ཉིད་རང་གི་ལེའུ་དགུ་པར་བསྟན་ཚར་བ་དང་། དུས་ཚོད་དང་ཚེས་གྲངས་ལ་སོགས་བ་ཀུན་འདུས་ལ་སོགས་པའི་རྒྱུད་སྡེ་གཞན་ན་གསལ་བ་ལ་ཁ་འཕངས་པས་འདི་རྒྱུད་མ་ཡིན་པར་མི་འགྱུར་ཏེ། འདི་ལྟ་བུའི་ཚུལ་སྔགས་ཕྱི་ནང་གསར་རྙིང་གི་རྒྱུད་སྡེ་དུ་མ་ན་མང་དུ་སྣང་ངོ་། །དེས་ཀྱང་མི་གོ་ན། འོ་ན་འཕགས་པ་སྡུད་པ་འདི་ཡང་དེ་བཞིན་གཤེགས་པའི་གསུང་མ་ཡིན་པར་འགྱུར་ཏེ། དེ་དག་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། །ཞེས་བདེ་བར་གཤེགས་པའི་གསུང་གཞན་ལ་འཕངས་པའི་ཕྱིར་རོ་ཞེས་བྱ་བ་ལ་མགོ་མཚུངས་བསྒྲེའོ། ། གཉིས་པ་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་ལ་གཉིས། ཞི་བའི་ཚོགས་སྒྲུབ་པ་དང་། ཁྲོ་བོའི་ཚོགས་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། བགྲང་བསྙེན་སྒྲུབ་བཞིར་མདོར་བསྟན་པ། དྲང་། འདི་ལ་བཤད་ལུགས་གསུམ་ལས། ལམ་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞིའི་དབང་དུ་བྱས་ན། སྟོང་པ་ཆེན་པོ་དང་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་གཉིས་ནི་བསྙེན་པའི་ཡན་ལག་དང་། ཕྱག་རྒྱ་གཅིག་པ་དང་སྤྲོས་བཅས་ནི་ཉེ་བར་བསྙེན་པའི་ཡན་ལག་དང་། ཡོ་བྱད་ལྔས་ཚོགས་སྒྲུབ་པ་ནི་སྒྲུབ་པ་དང་། དེའི་དུས་སུ་ཨཱ་ལི་ཀཱ་ལི་ཉམས་སུ་ལོན་པ་ནི་སྒྲུབ་པ་ཆེན་པོ་སྟེ། མཐར་ཆགས་རིམ་གྱིས་པ་ལམ་བགྲོད་པའི་དབང་དུའོ། །སྒྲུབ་པའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་ནི། ཤོམས་ཡན་ལག་དང་འབྲེལ་བ་བསྙེན་པ། སྒྲུབ་པ་ཇི་ཙམ་བྱེད་པའི་ཞག་གྲངས་ཀྱི་ཕྱེད་ཡན་ཆད་འོད་ཟེར་དཀར་པོ་ཕྱིར་སྤྲོ་བའི་ཏིང་ངེ་འཛིན་གྱིས་སྣོད་དག་པར་བྱེད་པ་ནི་ཉེ་བསྙེན། ནུབ་མཐའ་མ་མ་གཏོགས་པའི་ཕྱེད་ཕན་ཆོད་འོད་ཟེར་དམར་པོ་འཕྲོ་འདུའི་ཏིང་ངེ་འཛིན་གྱིས་བཅུད་དག་པར་བྱེད་པ་ནི་སྒྲུབ་པ། ནུབ་མཐའ་མ་ལ་འོད་ཟེར་མཐིང་ཁ་ཚུར་བསྡུས་པའི་ཏིང་ངེ་འཛིན་གྱིས་རྒྱུད་དག་པར་བྱེད་པ་ནི་སྒྲུབ་པ་ཆེན་པོ་སྟེ། བར་ཆད་མེད་པའི་ལམ་པ་ཚོགས་སྒྲུབ་པའི་དབང་དུའོ། །སྦྱོར་བའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་ནི། ཡུམ་མཚན་ཉིད་དང་ལྡན་པ་ཁྲུས་གསུམ་བྱས་རྒྱན་གསུམ་བཏགས་ཆོས་གསུམ་བཤད་ནས་སྟ་གོན་དུ་གནས་པ་ནི་བསྙེན་པའི་ཡན་ལག་གོ། །མཁའ་གསང་བརླབས་སྦྱོར་བའི་བརྡ་བསྐུལ་འདོད་པའི་བསྟན་བཅོས་བརྒྱད་དམ་དྲུག་ཅུ་རྩ་བཞིས་བདེ་བ་རྒྱས་པར་བྱེད་པ་ནི་ཉེ་བསྙེན། ཕྱག་རྒྱ་བཞིས་རོལ་པ་ནི་སྒྲུབ་པ། ཉི་ཟླ་རྡོ་རྗེའི་ལྕེས་ལོངས་པ་ནི་སྒྲུབ་པ་ཆེན་པོས་ཏེ། ནུབ་མཐའ་མ་ལ་མཐོང་ལམ་གྱི་ཡེ་ཤེས་ཆེན་པོ་རྒྱུད་ལ་སྐྱེ་བར་བྱེད་པ་དངོས་གྲུབ་ཆེན་པོ་ཡུམ་གྱི་མཁའ་ལ་བླང་བའི་དབང་དུའོ། །བསྙེན་སྒྲུབ་བཞི་རྒྱས་པར་བསྟན་པ་ལ་གསུམ་སྟེ། བསྙེན་པ་དང་། ཉེ་བསྙེན་དང་། སྒྲུབ་པ་ཐུན་མོང་དུ་བསྟན་པ་དང་། སྒྲུབ་པ་ཆེན་པོའོ། །དང་པོ་ལ་གཉིས་ཏེ། བགྲང་། སྔོན་དུ་བྱ་བའི་བསྙེན་པ་དང་། དྲང་། ནམ་མཁའི་དཀྱིལ་ལྟར་སེམས་ཉིད་སྒྲིབ་གཡོགས་མེད་པ་དྭངས་པའི་ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་ཁང་ཉི་ཟླའི་གདན་དང་བཅས་པ་ལ་རང་བྱུང་གི་ཡེ་ཤེས་འཁོར་འདས་ཀྱི་ཆོས་ལ་དབང་སྒྱུར་བའི་རྒྱལ་པོ་རྡོ་རྗེ་སེམས་དཔའ་སྟངས་དཔྱལ་ཏེ་ཡབ་ཡུམ་བསྒོམ་མོ། །དེ་བསྒོམ་པ་ལ་དགོས་པ་ཅི་ཡོད་ཅེ་ན། རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀུན་ཀྱང་ལྷག་མ་མ་ལུས་པར་ནི་བསྒོམ་པར་འགྱུར་བའི་དགོས་ཆེད་ཡོད་དེ། རྒྱལ་བ་ཐམས་ཅད་གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་ཕྱིར་རོ། །བྱ་བ་ལས་རིམ་གྱི་བསྙེན་པའོ། །དེ་ལ་ཡང་གསུམ་སྟེ། བགྲང་། ཚོམ་བུ་ལྔ་པ། དྲང་། སྔར་ལེའུ་དགུ་པར་བཤད་པའི་མཚན་ཉིད་ཅན་གྱི་སྒྲུབ་པ་པོ་གཙོ་བོ་ཡབ་ལྔ་དང་གཙོ་མོ་ཡུམ་ལྔ་ཞལ་སྦྱོར་ད་བཞུགས་པ་ལ། རང་རང་གི་རིགས་ཆུང་གི་རྣལ་འབྱོར་པ་ཡབ་ཡུམ་བརྒྱད་བརྒྱད་ཞལ་སྦྱོར་གྱིས་བསྐོར་བའི་དབུས་སུ་ཚོམ་བུའི་རྣལ་འབྱོར་ཕོ་མོ་ལྔ་བཅུའི་སྦྱོར་པའི་མཐར་ཕྱོགས་བཞི་མཚམས་བཞི། སྟེང་གི་ཆ་ཤར་གྱི་ཤར་དང་། འོག་གི་ཆ་ནུབ་ཀྱི་ནུབ་ཏུ་རྣལ་འབྱོར་པ་ཡབ་ཡུམ་ཞལ་སྦྱོར་བཅུ་དང་བཅས་པ་སྟེ། རྣལ་འབྱོར་ཕོ་མོ་བདུན་ཅུ་ལ་ཚོམ་བུ་ཆ་ལྔའི་ལྷ་རིགས་ལྔ་ཡབ་ཡུམ་གྱིས་གཙོ་བྱས་པ་ལྔ་བཅུ་ཐམ་པ་བཀོད་ལ། མཐར་གནས་པའི་རྣལ་འབྱོར་ཕོ་མོ་ཆ་བཅུ་ལ་ཁྲོ་བོ་ཡབ་བཅུ་དང་ཁྲོ་མོ་ཡུམ་བཅུ་བཀོད་པས་ལྷ་ཡབ་ཡུམ་བདུན་ཅུ་ཐམ་པ་དཀྱིལ་འཁོར་གྱིི་འཁོར་ལོའི་ཚུལ་དུ་བསྙེན་པའི་དུས་སུ་བྲིས་ལ། ཉེ་བསྙེན་གྱི་དུས་སུ་རྣམ་པར་བསྒོམ་མོ་ཞེས་འབྲེལ་སྦྱར་རོ། །ཚོམ་བུ་གསུམ་པ། དྲང་། ཤར་གྱི་ཕྱོགས་སུ་དེ་བཞིན་རིགས་ཀྱི་ཚོམ་བུ་ཡབ་ཡུམ་ཆ་ལྔ་སྟེ་ཡ་བཅུ་དང་། དབུས་སུ་རྡོ་རྗེའི་རིགས་ཡ་བཅུ་དང་། རྒྱབ་ཏུ་པདྨའི་རིགས་ཡ་བཅུ་སྟེ། དེ་ལྟར་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆ་གསུམ་གྱི་མཐར། ཕྱོགས་མཚམས་བརྒྱད་དུ་ཁྲོ་བོ་ཡབ་བརྒྱད་དང་ཁྲོ་མོ་ཡུམ་བརྒྱད་ཞལ་སྦྱོར་བའི་ཚོགས་དང་ལྡན་པའི་གཙོ་བོ་རིགས་གསུམ་གྱིས་བྱས་པ་ཚོམ་བུ་གསུམ་པའི་ལྷ་བཞི་བཅུ་ཞེ་དྲུག་གི་ཚོགས་རྣམས་བསྙེན་པའི་དུས་སུ་བྲིས་ལ། ཉེ་བསྙེན་གྱི་དུས་སུ་བསྒོམ་མོ་ཡང་འབྲེལ་སྦྱར་རོ། །ཚོམ་བུ་གཅིག་པའོ། །དྲང་། རིགས་ཇི་སྙེད་པ་ཐམས་ཅད་ཀྱི་འདུ་ཚུལ་ནི་རིགས་ལྔར་འདུ་བ་ཡིན་ཏེ། དེ་ཡང་བསྡུས་ན་ཐུགས་ཀྱི་སྒྱུ་འཕྲུལ་གྱི་ལུགས་ཀྱི་རིགས་ཀྱི་གཙོ་བོ་རྡོ་རྗེའི་རིགས་སུ་འདུས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་མཁྱེན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མིང་ལང་བ་ཡང་། རིགས་བསྡུ་ན་ཐུགས་ཡེ་ཤེས་ལྔར་འདུས་པ་ཡིན་ཏེ། དེ་ཡང་ཐུགས་ཀྱི་མཆོག་སྟོང་པ་ཉིད་ཀྱི་ཡེ་ཤེས་ཁོ་ནར་འདུ་བའི་ཕྱིར་རོ། །དེས་ན་རྡོ་རྗེས་སེམས་དཔའ་ཡབ་ཡུམ་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་དང་བཅས་པ་ཟུང་ལྔ་ཡ་བཅུ་སྟེ་ཁྲོ་བོའི་ཚོགས་ཡབ་བཞི་ཡུམ་བཞི་དང་ལྡན་པའི་རིགས་གཅིག་གིས་གཙོ་བྱས་པ་ཚོམ་བུ་གཅིག་པའི་ལྷ་བཅོ་བརྒྱད་ཀྱི་ཚོགས་རྣམས་བསྙེན་པའི་དུས་སུ་བྲིས་ལ། ཉེ་བསྙེན་གྱི་དུས་སུ་བསྒོམ་མོ་བར་འབྲེལ་སྦྱར་རོ། །འདི་ལ་ཁ་ཅིག་ན་རེ། འདིར་ཡང་ཚོམ་བུ་རྒྱས་འབྲིང་བསྡུས་པ་གསུམ་བྱུང་ལ། འོག་ནས་ཀྱང་། རྡོ་རྗེ་རིགས་སུ་ཐམས་ཅད་དཀྱིལ། །ཞེས་པ་ལ་སོགས་པ་ཚོམ་བུ་གསུམ་པ་སྒྲུབ་པའི་ཐབས་བྱུང་བས་ལྡབས་སོ་ཞེ་ན། སྐྱོན་མེད་དེ། གོང་མ་ནི་བསྙེན་པའི་དུས་སུ་བྲིས་ནས་ཉེ་བསྙེན་གྱི་དུས་སུ་བསྒོམ་མོ་བར་འབྲེལ་འདོགས་པ་ཡིན་ལ། འོག་མ་ནི་དངོས་སུ་བསྒྲུབ་པ་ཡིན་པས་སོ། །གཉིས་པ་ཉེ་བསྙེན་དང་སྒྲུབ་པ་ཐུན་མོང་དུ་བསྟན་པ་ལ་གཉིས་ཏེ། བགྲང་། རྣལ་འབྱོར་པས་ལྷ་སྤྱིའམ་སོ་སོ་བསྒོམ་པ། དྲང་། རྣལ་འབྱོར་པ་ཐབས་ཡབ་དང་ཤེས་རབ་ཡུམ་རྣམས་ཀྱི་གོ་རིམ་བཞིན། ཡབ་རྣམས་ཀྱིས་དེ་བཞིན་གཤེགས་པ་རིགས་ཀྱི་ཡབ་ལྔ་དང་། ཡུམ་རྣམས་ཀྱིས་རིགས་ཀྱི་ཡུམ་དུ་བསྒོམ། འཁོར་ཡབ་རྣམས་ཀྱིས་རིགས་ཆུང་གི་སེམས་དཔའ་ཡབ་དང་། ཡུམ་རྣམས་ཀྱིས་རིགས་ཆུང་གི་སེམས་མ་ཡུམ་ཉིད་དུ་བསྒོམ། ལྷ་སོ་སོའི་སྔགས་དང་། ལྷ་རང་རང་གི་ཕྱག་རྒྱ་དང་ཏིང་ངེ་འཛིན་རྣམས་མ་འདྲེས་པར་ཡང་དག་པ་སོ་སོར་གསལ་བར་བསྒོམ་མོ། །ཚོམ་བུ་གསུམ་ལ་བསྒྲུབ་པའི་ཐབས་སོ། །དེ་ལ་ཡང་གསུམ་སྟེ། བགྲང་། ཚོམ་བུ་གཅིག་པ་ལ་བསྒྲུབ་པའི་ཐབས། དྲང་། རྡོ་རྗེའི་རིགས་སུ་རིགས་བཞི་པོ་ཐམས་ཅད་འདུས་པས་ན་ཚོམ་བུ་གཅིག་པའི་དཀྱིལ་འཁོར་དེ་བསྒོམ་པའི་ཚུལ་ནི་རྩ་བའི་ལྷ་བཅོ་བརྒྱད། ཡན་ལག་གི་ལྷ་དང་བཅས་པ་འོད་ཟེར་འཕྲོ་བ་གཟི་བརྗིད་འབར་བ་རབ་ཏུ་བསྒོམ་པར་བྱའོ། །ཡོ་བྱད་ལ་སྤྱད་པའི་ཐབས་ནི་ཆགས་པ་མེད་པའི་ཚུལ་གྱིས་སྤྱད་བྱ་སྤྱོད་བྱེད་སྤྱོད་དོ་བ་གསུམ་དུ་འཛིན་པ་མེད་པའི་ངང་དུ་བསྟིམ་པར་བྱའོ། །དེའི་འབྲས་བུ་ནི་ལྟ་སྤྱོད་གཉིས་སུ་མེད་པར་གྱུར་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྲུབ་བོ། །སྤར་ཁབ་ལས་ནི། ཡོ་བྱད་བཞི་པོ་ལྟ་སྤྱོད་གཉིས་སུ་མེད་པས་ནི་སྐུའི་ཕྱག་རྒྱ་ཆེན་པོའི་རིགས་འཛིན་ཐོབ་བོ། །ཡོ་བྱད་ལྔ་པ་ཉི་ཟླ་གཉིས་སུ་མེད་པས་ནི་ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་ཆེན་པོའི་རིགས་འཛིན་ཐོབ་བོ། །ཡོ་བྱ་ལྔ་པ་ཉི་ཟླ་གཉིས་སུ་མེད་པས་ནི་ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ། ལྷུན་གྱིས་གྲུབ་པའི་རིག་འཛིན་འགྲུབ་བོ་ཞེས་ཀྱང་བཤད་དོ། །ཚོམ་བུ་གསུམ་པ་ལ་བསྒྲུབ་པའི་ཐབས། དྲང་། ཡང་ཞེས་པ་ཚོམ་བུ་གཅིག་པ་ལ་བཀར་བ་སྟེ། གསུམ་པ་བསྒྲུབ་པའི་ཐབས་སྟོན་པར་བྱས་པས་ན་ཆོས་ཐམས་ཅད་སྐུ་གསུང་ཐུགས་སུ་འདུས་པ་ཉིད་དེ། རྒྱལ་བ་ཐམས་ཅ ད་ལྷག་མ་མ་ལུས་པ་ཀུན་སྐུའི་ཚོམ་བུ་དང་གསུང་གི་ཚོམ་བུ་དང་ཐུགས་ཀྱི་ཚོམ་བུ་དང་གསུམ་མོ། །དེ་བསྒོམ་ཚུལ་ནི། ལྷ་ཞེ་དྲུག་གི་དཀྱིལ་འཁོར་ཡན་ལག་གི་ལྷ་དང་བཅས་པའི་ཏིང་ངེ་འཛིན་གསལ་ཞིང་འབར་བའི་འོད་ཟེར་ཕྱོགས་བཅུར་འཕྲོ་བར་བསྒོམ་པར་བྱའོ། །ཡོ་བྱད་ལ་སྤྱད་པའི་ཐབས་ནི། སྤྱོད་བྱ་སྤྱོད་བྱེད་གཉིས་སུ་མེད་པ་མཉམ་པ་ཉིད་ཀྱི་དབྱིངས་འཛིན་མེད་ཀྱི་ངང་དུ་ཐིམ་པར་སྤྱོད་པའོ། །དེའི་འབྲས་བུ་ནི། རིག་འཛིན་བཞི་ཡི་ནང་ནས་ཀྱང་དངོས་གྲུབ་ཀྱི་མཆོག་བརྙེས་པ་ལྷུན་གྲུབ་རིག་འཛིན་ཐོབ་པར་འགྱུར་ལ། དེའི་ཡོན་ཏན་ནི་དཀྱིལ་འཁོར་ལྷག་མ་མ་ལུས་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སའི་ཡོན་ཏན་འབར་བར་བྱེད་པ་འགྲུབ་ཅིང་། དེས་གཞན་དོན་བྱེད་ཚུལ་ནི་ཉོན་མོངས་པ་ལྔ་དང་། སྡུག་བསྔལ་བརྒྱད་དམ་བཅུ་གཅིག་སེལ་བར་མཛད་པ་དང་། སངས་རྒྱས་ཀྱི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པ་རྡོ་རྗེའི་རིགས་སུ་སྐྱེ་བའི་གནས་ཁོ་ན་ཡིན་ནོ། །ཚོམ་བུ་ལྔ་པ་ལ་བསྒྲུབ་པའི་ཐབས་སོ། །དྲང་། སྔགས་ནི་ཡིད་སྐྱོབ་པ་སྟེ་ལྷའི་དཀྱིལ་འཁོར་དུ་གསལ་བ་ཡིན་ལ། དེ་རྣམས་འབྱོར་གྱི་མངོན་སུམ་དུ་འཆང་བ་དངོས་གྲུབ་ཡང་དག་པ་ཐོབ་པར་བྱེད་པ་ནི་ཐབས་ཡབ་སུམ་ཅུ་སོ་ལྔ་དང་། ཤེས་རབ་ཡུམ་སུམ་ཅུ་སོ་ལྔ་པོ་ཐམས་ཅད་ཀྱིས་ལྷ་བསྒོམ་པར་བྱ་བའི་ཚུལ་ནི་དབུས་སུ་དཀྱིལ་འཁོར་ཆ་ལྔའི་ལྷ་ཡབ་ཡུམ་ལྔ་བཅུ་དང་། སྒོ་ཁྱམས་ལ་ཁྲོ་བོ་ཉི་ཤུའི་ཕྲེང་བ་བསྒོམ་སྟེ། ལྷ་ཡབ་ཡུམ་བདུན་ཅུ་རྣལ་འབྱོར་ཕོ་མོ་བདུན་ཅུས་མཚན་འཛིན་དང་ཆགས་པ་མེད་པའི་ཚུལ་གྱིས་ཡན་ལག་ལྷག་པའི་ལྷ་དང་བཅས་པ་རྣམས་ནི་འོད་ཟེར་རྣམ་པ་མང་པོ་འཕྲོ་བ་དང་བཅས་པ་བསྒོམ་པར་བྱའོ། །ཡོ་བྱད་ལ་སྤྱད་པའི་ཐབས་ནི། སྤྱད་བྱ་སྤྱོད་བྱེད་གཉིས་སུ་མེད་པར་འཛིན་མེད་ཀྱི་ངང་དུ་བསྟིམ་པར་བྱའོ། །དེའི་འབྲས་བུ་ནི། དངོས་གྲུབ་ཀྱི་མཆོག་ལྷུན་གྲུབ་རིག་འཛིན་གྱི་བསྒྲུབ་བྱའི་སྙིང་པོ་སྐུ་ལྔ་འགྲུབ་པར་འགྱུར་རོ། །འོ་ན་ཚོམ་བུ་གཅིག་པའི་སྐབས་ན། གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ། །ཞེས་གསུངས་པས་འབྲས་བུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། གསུམ་པ་ན། རིག་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་ལྷུན་གྲུབ་རིག་འཛིན་དང་། ལྔ་པ་ན། དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ། །ཅེས་པ་འབྲས་བུ་སངས་རྒྱས་ཐོབ་པར་བཤད་འདུག་པས་ཇི་ལྟར་བཤད་པ་བཞིན་ཐོབ་བམ་མི་ཐོབ། ཐོབ་ན་ཚོགས་སྒྲུབ་ནས་ཐོད་རྒལ་འབྱུང་བར་ཐལ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ན། ལམ་རིམ་ལས། ལམ་མཆོག་དབྱེ་ས་གཅིག་ཡིན་ནོ། །ཞེས་པས་ཟག་མེད་ཀྱི་ལམ་གྱི་འདུས་དང་དབྱེ་ས་མཐོང་ལམ་ཡིན་པར་བཤད་པས་གསལ་ལོ། །མི་ཐོབ་ན་ཐོབ་པར་བཤད་པའི་ལུང་དང་འགལ་ལོ་ཞེ་ན། སྤྱིར་གྱིས་ཐོད་རྒལ་གྱི་འབྱུང་། གོ་ས། འབྱུང་བའི་རྒྱུ་མཚན་དང་གསུམ་ལས། དང་པོ་ཐོད་རྒལ་འབྱུང་ས་ནི། ཟག་བཅས་ཀྱི་ལམ་གྱི་སྐབས་སུ་ཕྱག་རྒྱ་གཅིག་པ་དང་། སྤྲོས་བཅས་གཉིས་ནས་འབྱུང་བ་སྲིད་ཀྱིས། ཁྱབ་པ་ནི་མེད་དོ། །ཟག་མེད་ཀྱི་ལམ་གྱི་སྐབས་སུ་ཚེ་ལ་དབང་བའི་རིག་འཛིན་དང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་གཉིས་ཀྱི་ས་ནས་འབྱུང་བ་སྲིད་ཀྱིས། ཁྱབ་པ་ནི་མེད་དོ། །གཉིས་པ་ཐོད་རྒལ་གྱི་གོ་བ་ནི། ལམ་བར་ནས་བོར་ནས། གྲངས་ཀྱི་འོག་མ་དོན་གྱི་གོང་མ་ལ་སྦྱོར་བ་ཞིག་ཡིན་ནོ། །གསུམ་པ་ཐོད་རྒལ་འབྱུང་བའི་རྒྱུ་མཚན་ནི་ལམ་རིམ་གྱིས་པ་གང་ཞིག །ལམ་བར་ནས་བོར་དུ་ཡོད་པ་དང་གཅིག །ངང་གི་བློ་ཆེ་བ་དང་གཉིས། སྟོང་པ་དང་སྙིང་རྗེ་དབྱེར་མེད་བསྒོམ་པའི་ལམ་པ་ཡིན་པ་དང་གསུམ་པོ་གཞི་གཅིག་ལ་འཚོགས་ན་འབྱུང་གིས། དེ་ལས་གཞན་དུ་ནི་མི་འབྱུང་ངོ་། །རྒྱུ་མཚན་དེའི་ཕྱིར་སྟོང་པ་ཆེན་པོ་བསྒོམ་པའི་རྣལ་འབྱོར་དང་། སྙིང་རྗེ་སྒྱུ་མ་བསྒོམ་པའི་རྣལ་འབྱོར་གཉིས་ངང་གིས་བློ་ཆེ་བ་ཅིག་ཡིན་གྱིས། ལམ་ཕྱག་རྒྱ་གཅིག་སྤྲོས་ཚོམ་བུ་ཚོགས་སྒྲུབ་དང་གསུམ་བར་ནས་བོར་དུ་ཡོད་ཀྱང་། སྟོང་ཉིད་སྙིང་རྗེ་དབྱེར་མེད་བསྒོམ་པའི་ལམ་པ་མ་ཡིན་པའི་ཕྱིར་ཐོད་རྒལ་མི་འབྱུང་ལ། ཟག་བཅས་བར་ཆད་མེད་པའི་ལམ་ཚོམ་བུ་ཚོགས་སྒྲུབ་པ་བློ་ཆེ་ཤོས་དང་། ཟག་མེད་མཐར་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན་བློ་ཆེ་ཤོས་གཉིས་ཀྱི་ངང་གིས་བློ་ཆེ་བ་ཡང་ཡིན། སྟོང་པ་དང་སྙིང་རྗེ་དབྱེར་མེད་བསྒོམ་པའི་ལམ་པའང་ཡིན་ཀྱང་། ལམ་བར་ནས་བོར་དུ་མེད་པའི་ཕྱིར་ཐོད་རྒལ་མི་འབྱུང་ངོ་། །རྣམ་པར་སྨིན་པའི་རིག་འཛིན་ནི་སྟོང་པར་དང་སྙིང་རྗེ་དབྱེར་མེད་བསྒོམ་པའི་ལམ་པ་ཡང་ཡིན། ལམ་བར་ནས་བར་དུ་ཡང་སྒོམ་ལམ་དུ་མཐར་ལམ་གཉིས་ཡོད་ཀྱང་ངང་གི་བློ་ཆུང་བ་ཡིན་པའི་ཕྱིར་ཐོད་རྒལ་མི་འབྱུང་ངོ་། །འོ་ན་ཚོམ་བུ་གཅིག་པའི་འབྲས་བུར་ཕྱ་རྒྱ་ཆེན་པོའི་རིག་འཛིན་དང་། གསུམ་པའི་འབྲས་བུ་ལྷུན་གྲུབ་རིག་འཛིན་དང་། ལྔ་པའི་འབྲས་བུ་སངས་རྒྱས་འགྲུབ་པར་བཤད་པའི་གོང་གི་ལུང་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། ལུང་འདི་དག་ནི་ཞོར་གྲུབ་ཞོར་སེལ་གྱི་ལུང་ཡིན་པས་འདིར་ལྟར་གོ་བར་བྱ་སྟེ། དེ་ཡང་ཚོམ་བུ་གཅིག་པ་བསྒྲུབས་པས་ཐོབ་པའི་ཚེ་དབང་དེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར། ཚོམ་བུ་གསུམ་པ་བསྒྲུབས་པས་ཐོབ་པའི་ཚེ་དབང་དེ་ལྷུན་གྲུབ་རིག་འཛིན་ལ་སྦྱོར། ཚོམ་བུ་ལྔ་པ་བསྒྲུབས་པས་ཐོབ་པའི་ཚེ་དབང་དེ་མཐར་ཐུག་གི་འབྲས་བུ་སངས་རྒྱས་ལ་སྦྱོར་བར་གསུངས་པའི་ལུང་ཡིན་གྱིས། ཚོགས་བསྒྲུབས་ནས་ཐོད་རྒལ་འབྱུང་བའི་ལུང་ནི་མ་ཡིན་ཏེ། ཚེ་དབང་ནས་ཐོད་རྒལ་འབྱུང་བ་ལུང་གིས་གྲུབ་པས་རྣམ་སྨིན་ནས་ཐོད་རྒལ་འབྱུང་བར་འདོད་པ་ཞོར་ལ་སེལ་བ་ཡིན་ནོ། །ཡང་ཁོ་ན་རེ། ཚོམ་བུ་ཚོགས་སྒྲུབ་ཀྱི་འབྲས་བུ་རྣམ་སྨིན་དང་ཚེ་དབང་གཉིས་གང་རུང་ཡིན་ན། ཚོགས་བསྒྲུབ་པའི་དུས་སུ་ཕྱག་རྒྱ་གཅིག་གསུམ་ལྔ་པའི་འབྲས་བུ་སྒོམ་ལམ། མཐར་ལམ། སངས་རྒྱས་དང་གསུམ་བཤད་པ་མི་རིགས་སོ་ཞེ་ན། འོ་ན་དེ་ཚོད་དུ། འདི་ཉིད་ཀྱི་ལེའུ་དགུ་པ་ལས། བྱས་ཏེ་དད་ལྡན་རབ་ཞུགས་ན། །འདོད་པ་ཡིད་འོང་མཉམ་པར་འགྱུར། །ཞེས་པ་དང་། དེའི་འགྲེལ་པར། སྔོན་འོག་མིན་དུ་ཞུགས་པ་དང་མཉམ་པར་བསྟན་ཏེ་ཞེས། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ལས་དང་པོ་པ་ཞུགས་པ་དང་། མཐར་ལམ་པ་སྐལ་པ་མཉམ་པར་བཤད་པ་ཡང་མི་རིགས་སོ་བྱས་པས། ཁོ་ན་རེ། དུས་ཕྱིས་འགྲུབ་པ་ལ་དགོངས་པ་ཡིན་ནོ་ཞེ་ན། འདིར་ཡང་ཚོགས་སྒྲུབ་ཀྱི་དངོས་འབྲས་མཐོང་ལམ་ཡིན་ཀྱང་། ཚོམ་བུ་གཅིག་པ་ཡོ་བྱད་བཞི་ལ་སྤྱོད་པའི་དུས་སུ། ལྟ་སྤྱོད་གཉིས་སུ་མེད་པ་གྱུར་པའི་རྒྱུ་འབྲས་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། ཨཱ་ལི་ཀཱ་ལི་སྤྱོད་པའི་དུས་སུ་ཐབས་ཤེས་རབ་གཉིས་སུ་མེད་པར་གྱུར་པའི་རྒྱུ་འབྲས་ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ་པ་ལ་སོགས་པ་ཡང་། དུས་ཕྱིས་ཚེ་དབང་རིག་འཛིན་གྱིས་ཐོབ་པ་ལ་དགོངས་པ་ཡིན་ནོ་ཞེས་མགོ་མཚུངས་བསྒྲེའོ། །འོ་ན་ཚེ་དབ ང་གི་འབྲས་བུ་ལ་བཟང་ངན་བྱུང་བས། ཚོམ་བུ་གཅིག་གསུམ་ལྔ་པའི་ལྷ་ལ་བཟང་ངན་ཡོད་པར་འགྱུར་རོ་ཞེ་ན། ཚོམ་བུའི་དཀྱིལ་འཁོར་གྱི་ལྷ་ལ་བཟང་ངན་མེད་ཀྱང་། ལམ་པའི་བློ་ལ་ཆེ་ཆུང་ཡོད་པས། རྒྱུ་ཚོགས་བསྒྲུབ་པའི་དུས་སུ་ལྷ་མང་ཉུང་གི་ཁྱད་པར་གྱི་འབྲས་བུ་ལམ་གོང་མ་ལ་སྦྱོར་བའི་དུས་སུ་མཐོ་དམན་བྱུང་བ་ཡིན་ནོ། །འོ་ན་ཚོམ་བུ་གཅིག་གསུམ་ལྔར་བསྒྲུབས་པའི་རྣམ་སྨིན་རིག་འཛིན་ལ་ཡང་བློ་རབ་འབྲིང་ཐ་མ་གསུམ་ཡོད་པར་ཐལ་ཞེ་ན། འདོད་ཐོག་གོ། །འོ་ན་རྣམ་སྨིན་ནས་ཀྱང་ཐོད་རྒལ་འབྱུང་བར་ཐལ་ཞེ་ན། ཁྱབ་པ་མ་གྲུབ་སྟེ། རྣམ་སྨིན་རིག་འཛིན་གྱི་དངོས་འབྲས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཁོ་ན་ལས་མི་ཐོབ་ཀྱང་། རྒྱུ་འབྲས་ལམ་གོང་མ་ལ་སྦྱོར་བ་དུས་མྱུར་བུལ་ཡོད་པས་ཁྱད་པར་ཤིན་ཏུ་ཆེའོ། །ཞེས་ཟུར་ཐམས་ཅད་མཁྱེན་པ་གསུང་ངོ་། །གཙང་ནག་འོད་འབར་ན་རེ། ལམ་རང་ས་ནས་བློ་ཆེན་མཐར་ལམ་མ་ཡིན་པ་ཀུན་ནས་ཐོད་རྒལ་འབྱུང་གསུང་ལོ། །རྒྱ་གབ་གོང་པ་ན་རེ། ཚོགས་སྒྲུབ་མཚན་ཉིད་པ་བློ་ཆེ་བ་ནས་ཐོད་རྒལ་འབྱུང་བ་མི་སྐྱོན་ཏེ། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་གསུངས་པས་བར་ཆད་མེད་པའི་ལམ་པ་བློ་ཆེ་ཤོས་ཀྱིས་ཟག་བཅས་སུ་ཆོས་ཉིད་ཀྱི་བདེན་པ་མཐོང་ན། ཟག་མེད་ཀྱི་མཐོང་ལམ་རྣམ་སྨིན་དང་། ཚེ་དབང་གཉིས་ཀ་ལ་ལྟོས་མི་དགོས་པའང་ཡོད་གསུང་ངོ་། །འཁོར་བོའི་གོ་ཚད་ལ་ལམ་ཆུང་གི་ལུང་ནི་ནུས་པ་མ་ཐོབ་པའི་མཐོང་ལམ་རྣམ་པར་སྨིན་པའི་རིག་འཛིན་ཡིན་པར་གོ་སྟེ། ལུས་རང་དབང་མེད་པར་འདོར་བའི་ཕྱིར་རོ། །དེ་ཡ ང་ལམ་རིམ་ལས། སྟོབས་ཆུང་རྐྱེན་སྨོན་ཞན་པའི་ཕྱིར། །རྣམ་རྟོག་འབྱུང་བའི་ལྷག་ལུས་བཞག །ཅེས་གསུངས་པས་མངོན་ནོ། །ནུས་པ་ཐོབ་པའི་མཐོང་ལམ་ནི་ཚེ་ལ་དབང་བའི་རིག་འཛིན་ཏེ། རྡོ་རྗེའི་ལུས་སུ་གྱུར་པའི་ཕྱིར་རོ། །དེ་ཡང་ལམ་རིམ་ལས། རྡོ་རྗེའི་ལུས་གྱུར་ཚེ་ཡི་རིགས། །མཐོང་བའི་ཆོས་ལ་མྱ་ངན་འདའ། །ལུས་མ་བོར་བར་རྒྱལ་བའི་ས། །འཇིག་པ་ཀུན་བྲལ་ཆོ་འཕྲུལ་རྫོགས། །ཞེས་གསུངས་པས་མངོན་ནོ། །ཡང་ཚོམ་བུ་དང་དཀྱིལ་འཁོར་གྱི་ཁྱད་པར་གང་ཡིན་ཞེ་ན། བསྒོམ་བྱ་ལྷའི་ཁྱད་པར་ནི། གཙོ་བོའི་ངོས་ནས་བཞག་པ་ཚོམ་བུ་སྟེ། གཙོ་བོར་རིགས་གཅིག་གིས་བྱས་པ་ཚོམ་བུ་གཅིག་པ། གཙོ་བོ་རིགས་གསུམ་གྱིས་བྱས་པ་ཚོམ་བུ་གསུམ་པ། གཙོ་བོ་རིགས་ལྔས་བྱས་པ་ཚོམ་བུ་ལྔ་པ་སྟེ། དེ་དག་ཀྱང་གཙོ་འཁོར་ལྷ་གྲངས་དང་གྲལ་ངེས་པ་ཅན་ཡིན་ནོ། །ལྷ་རྣམས་གྲངས་བྱུང་རྫོགས་ཀྱི་ངོས་ནས་གཞག་པ་དཀྱིལ་འཁོར་ཏེ། ལྷ་གྲངས་དང་གྲལ་མ་ངེས་པ་ཡིན་ནོ། །ཡང་རིགས་འགྱུར་ཀྱང་ཡེ་ཤེས་མི་འགྱུར་བ་ཚོམ་བུ་དང་། རིགས་དང་ཡེ་ཤེས་གཉིས་ཀ་འགྱུར་བ་དཀྱིལ་འཁོར་དུ་བཞེད་པའང་ཡོད་དེ། དེའི་གོ་དོན་ནི་སྐུའི་སྒྱུ་འཕྲུལ་གྱི་སྐབས་སུ་དབུས་ཀྱི་གཙོ་བོ་རྣམ་སྣང་གིས་བྱེད་ལ། གསུང་གི་སྒྱུ་འཕྲུལ་གྱི་སྐབས་སུ་དབུས་ཀྱི་གཙོ་བོ་མཐས་ཡས་ཀྱིས་བྱེད་པ་ལ་སོགས་པ་ནི་རིགས་འགྱུར་བ་ཡིན་ལ། རིགས་ཇི་ལྟར་འགྱུར་ཡང་དབུས་ཀྱི་གཙོ་བོའི་ཐུགས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན་པ་ལ་སོགས་པ་ནི་རིགས་འགྱུར་ཡང་ཡེ་ཤེས་མི་འགྱུར་བ་ཞེས་བྱ་ལ། དབུས་ཀྱི་གཙོ་བོ་རྣམ་སྣང་གིས་བྱེད་ན་དེའི་ཐུགས་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་པ་ལ་སོགས་པ་དང་། དབུས་ཀྱི་གཙོ་བོ་མཐའ་ཡས་ཀྱིས་བྱེད་ན་དེའི་ཐུགས་སོ་སོར་རྟོག་པའི་ཡེ་ཤེས་ཡིན་པ་ལ་སོགས་པ་ནི་རིགས་དང་ཡེ་ཤེས་གཉིས་ཀ་འགྱུར་བ་ཞེས་བྱའོ། །དེའི་ཕྱིར་ན། ཐུགས་ཀྱི་སྒྱུ་འཕྲུལ་གྱི་སྐབས་འདིར་ཚོམ་བུ་གཅིག་གསུམ་ལྔ་པ་ཀུན་གྱི་གཙོ་བོ་རྡོ་རྗེའི་རིགས་ཡིན་པ་བཞིན་དུ། སྐུའི་སྒྱུ་འཕྲུལ་གྱི་སྐབས་སུ་ཚོམ་བུ་གཅིག་གསུམ་ལྔ་པ་ཀུན་གྱི་གཙོ་བོ་དེ་བཞིན་རིགས་ཡིན་པ་ལ་སོགས་པ་བཞེད་པའང་ཡོད་དོ། །སྒོམ་བྱེད་རྣལ་འབྱོར་པའི་ཁྱད་པར་ནི། ལྷ་དང་རྣལ་འབྱོར་པ་བྲང་སྤྲོད་དུ་བསྒོམ་པ་ཚོམ་བུ་ཡིན་ལ། རྣལ་འབྱོར་པ་ཕོ་མོ་གང་རུང་ཞིག་གིས་ཀྱང་ལྷའི་དཀྱིལ་འཁོར་བྱུང་རྫོགས་སུ་བསྒོམ་པ་ནི་དཀྱིལ་འཁོར་རོ། །ཡང་ན་ཕོ་མོ་ཟུང་དུ་སྦྲེལ་བའི་སྒོ་ནས་བསྒྲུབ་པ་ནི་ཚོམ་བུ། ཕོ་རྐྱང་མོ་རྐྱང་གིས་བསྒྲུབ་ཏུ་རུང་བ་ནི་དཀྱིལ་འཁོར་རོ་ཞེས་བཞེད་པའང་ཡོད་དོ། །འོ་ན་ཚོམ་བུ་ཚོགས་སྒྲུབ་པ་འདི་ཟག་བཅས་ཡིན་ནམ་ཟག་མེད་ཡིན། ལྡོག་བཅས་ཡིན་ནམ་ལྡོག་མེད་ཡིན་ཞེ་ན། སྤྱིར་གྱི་ཟག་ལྡོག་ཡོད་མེད་ཀྱི་མུ་བཞི་ཡོད་པ་ལས། ཟག་ལྡོག་གཉིས་ཀ་ཡོད་པའི་ལམ་པ་ནི་སྟོང་པ་ཆེན་པོ། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས་དང་བཞི་ཏེ། ལམ་རིམ་ལས། དེ་ཕྱིར་ལམ་བཞིར་ལྡོག་ཟག་ཡོད། །ཅེས་གསུངས་པས་མངོན་ནོ། །ཟག་པ་ཡོད་ལ་ལྡོག་པ་མེད་པའི་ལམ་པ་ནི་ཚོམ་བུ་ཚོགས་སྒྲུབ་བོ། །ཟག་ལྡོག་གཉིས་ཀ་མེད་པའི་ལམ་པ་ནི་རིགས་འཛིན་བཞིའོ། །ཟག་པ་མེད་ལ་ལྡོག་པ་ཡོད་པའི་ལམ་པ་ནི་ཐེག་པ་ཆུང་ངུའི་མཐར་ཐུག་གི་འབྲས་བུ་ཟག་མེད་དགྲ་བཅོམ་པ་ཐོབ་པར་གང་ཞིག །སྔགས་ཀྱི་ཐེག་པ་ལ་ཞུགས་ནས་ཚོགས་སྦྱོར་གྱི་ལམ་ལ་གནས་པ་དེའོ། །འོན་ཀྱང་ལྡོག་བཅས་འདི་རྣམས་སྲིད་པ་ལ་དགོངས་ཀྱི་ཁྱབ་པ་ནི་མེད་དོ། །ཁ་ཅིག་ནི། ཉོན་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མ་ལོག་པ་དེ་སྲིད་དུ་ལྡོག་བཅས་ཀྱི་ལམ་དུ་འདོད་དེ། ཇི་སྐད་དུ། ཇི་སྲིད་ས་བརྒྱད་མ་ནོན་པར། །དེ་སྲིད་ཐེག་པ་དམན་པས་འཇིག །ཅེས་གསུངས་སོ་ཞེས་ན། ལུང་དེས་མ་དག་ས་བདུན་གྱི་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་ཉམས་པར་དོགས་པའི་ལུང་ཡིན་གྱི། ལམ་པ་དེ་འཁོར་བར་ཕྱིར་ལྡོག་པའི་ལུང་ནི་མ་ཡིན་ནོ། །ཡང་ཟག་བཅས་སུ་ཆོས་ཉིད་རང་གི་མཚན་ཉིད་མཐོང་ངམ་མི་མཐོང་ཞེ་ན། ཆོས་ཉིད་རང་གི་མཚན་ཉིད་ཟག་བཅས་སུ་མི་མཐོང་ལ། ཟག་མེད་ཀྱིས་མཐོང་ཟིན་པའི་ཕྱིར། ཟག་པ་འཛད་པ་དང་ཆོས་ཉིད་རང་མཚམ་མཐོང་བ་དུས་གཅིག་གོ། །དེས་ན་ཟག་བཅས་ཀྱི་བསམ་གཏན་གྱིས་ཆོས་ཉིད་ཀྱི་དོན་མཐོང་བར་བཤད་པའི་ལུང་རྣམས་མི་སྤྱིའི་རྣམ་པར་མཐོང་བ་ལ་དགོངས་པ་ཡིན་གྱིས། རང་གི་མཚན་ཉིད་མཐོང་བ་ལ་དགོངས་པ་མ་ཡིན་ནོ། །དེ་ཡང་མདོ་དོན་བསྡུས་ལས། དེ་དག་ཟག་བཅས་བསམ་གཏན་ཏེ། །གཉིས་མེད་ཡུལ་བྲལ་དེ་མཐོང་མིན། །ཞེས་གསུངས་པས་མངོན་ནོ། །ཡང་ཁ་ཅིག་ན་རེ། སྐབས་འགྲེལ་ལས། གསུམ་པ་བདེན་གཉིས་རང་མཚན་དུ། །མགོ་མཐོང་གཉིས་མེད་བཟོད་མ་ཐོབ། །ཅེས་པའི་ལུང་ཟག་བཅས་སུ་ཆོས་ཉིད་རང་མཚན་མཐོང་བའི་ལུང་དུ་འདོད་ཀྱང་། མ་མཐོང་བའི་ལུང་ཡིན་ཏེ། མགོ་མཐོང་ཞེས་པའི་ཚིག་གིས་གསལ་ལོ། །དེ་ཀ་རང་མཚན་མཐོང་བའི་ལུང་ཡིན་ཟེར་ན། འོ་ན་གྱང་གི་ཕག་ན་མི་ཡོད་པའི་མགོ་བོ་མཐོང་བས་ཀྱང་མི་དེའི་རང་མཚན་མཐོང་བར་ཐལ། རྟགས་ཁས་བླངས། ཁྱབ་པ་ཚད་མ་གྲུབ། འདོད་པར་ནུས་པ་མ་ཡིན་ཏེ། མི་དེའི་གོས་དང་ལུས་ཀྱི་རྣམ་པ་དང་ཤ་མཚན་དང་གཏམ་སྨྲ་ལུགས་དང་བློ་གྲོས་ཆེ་ཆུང་ལ་སོགས་པ་གང་ཡང་མ་མཐོང་བ་ཚད་མས་གསལ་ལོ། །ཡང་ལམ་གོང་འོག་ལ་ཆོས་ཉིད་གསལ་མི་གསལ་ཀྱི་ཁྱད་པར་ཡོད་དམ་མེད། ཡོད་ན་ཟག་བཅས་སུ་ཆོས་ཉིད་རང་མཚན་མ་མཐོང་བར་ཐལ། །འདོད་ན་སྐབས་འགྲེལ་གྱི་ལུང་གིས་གསལ་ལོ། །གསལ་མི་གསལ་མེད་ན་ལམ་རིམ་ལས། གསལ་བའི་བྱེ་བྲག་རིམ་པས་འགྲོ། །ཞེས་གསུངས་སོ་ཞེ་ན། འདི་ལ་གཙང་པ་བྱི་སྟོན་ན་རེ། གསལ་མི་གསལ་མེད་དེ། ཆོས་ཉིད་རང་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །གནས་ཡུན་རིང་ཐུང་ཡོད་དེ། ལམ་གོང་མ་གོང་མར་བགྲོད་པའི་དུས་ན། བརྟན་པ་ཇེ་ཐོབ་ཇེ་ཐོབ་སོང་བ་ཡིན་ནོ་གསུང་། རྗེ་དྲིངས་པ་ཉེའུ་སྟོན་ན་རེ། ལམ་གྱི་ཁྱད་པར་གསལ་མི་གསལ་ཡིན་གསུང་ངོ་། །རྒྱ་གབ་གོང་པ་ན་རེ། གསལ་མི་གསལ་དང་ཡུན་རིང་ཐུང་གཉིས་ཀ་ཡོད་དེ། སྔ་མ་ནི་ལམ་རིམ་ལས། གསལ་བའི་བྱེ་བྲག་རིམ་པས་འགྲོ། །ཞེས་པས་མངོན་ལ། ཕྱི་མ་ནི་སྤྱི་མདོ་ལས། སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དང་དེ་མ་ཐག་པ་དང་ཐུན་ཕྱེད་དང་ཐུན་དང་ཞེས་པ་ལ་སོགས་པ་གསུངས་པས་གསལ་ལོ། །ཞེས་གསུངས་མོད་ཀྱི། བཞེད་པ་འདི་དག་ལྟ་བ་དང་ཏིང་ངེ་འཛིན་ཤན་མ་ཕྱེད་པ་ཡིན་ཏེ། ཆོས་ཉིད་སྤྱིའི་རྣམ་པ་མཐོང་བ་ནི་ལྟ་བ་དོན་སྤྱི་ཡིན་ལ། རང་གི་མཚན་ཉིད་མཐོང་བ་ནི་ལྟ་བ་རང་མཚན་ཡིན་ཏེ། དེ་ལྟར་ལྟ་བའི་ངོས་ནས་གསལ་མི་གསལ་དང་ཡུན་རིང་ཐུང་མེད་ལ། དེ་དག་ཡོད་པའི་ལུང་རྣམས་ནི་མཐོང་དོན་བསྒོམ་པའི་ཏིང་ངེ་འཛིན་ལ་གསལ་མི་གསལ་དང་ཡུན་རིང་ཐུང་གི་ལུང་ཡིན་ནོ། །འོ་ན་མ་ཧཱ་ཡོ་གའི་ལུགས་ཀྱི་ལྟ་སྒོམ་ཐ་དད་པར་ཐལ། ལྟ་བ་གསལ་མི་གསལ་དང་ཡུན་རིང་ཐུང་མེད་ལ། སྒོམ་པ་ལ་ཡོད་པའི་ཕྱིར་རོ་ཞེ་ན། དེ་ཚོད་དུ་ལམ་དང་འབྲས་བུའང་ཐ་དད་པར་ཐལ། ཐོབ་བྱ་འབྲས་བུ་ནས་ཐོབ་བྱེད་ལམ་ཡིན་པའི་ཕྱིར་རོ། །རྟགས་ཚད་མས་གྲུབ། ཁྱབ་པ་མགོ་མཚུངས། འདོད་ན། འདི་ནི་གསང་ཆེན་ངེས་པ་ཡིས། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་གསུངས་པས་གསལ་ལོ། །གསུམ་པ་བསྒྲུབ་པ་ཆེན་པོའོ། །དེ་ལ་གཉིས་ཏེ། ཡོ་བྱད་ལྔ་ལ་སྤྱད་པའི་ཐབས་དང་། དེའི་དངོས་གྲུབ་བོ། །དང་པོ་ལ་གཉིས་ཏེ། བགྲང་། ཡོ་བྱད་བཞི་ལ་སྤྱད་པའི་ཐབས། དྲང་། ལྷབ་ལྷུབ་དར་གྱི་ཆོས་གོས་ལྔ་དང་། ཞིང་གླང་སྟག་ལྤགས་ལ་སོགས་པ་སྟེ་ཞི་ཁྲོའི་གོས་དང་། སིལ་ཁྲོལ་རིན་པོ་ཆེའི་རྒྱན་བརྒྱད་དང་། ཐལ་ཆེན་ཁྲག་ཞག་སྦྲུལ་དང་ཐོད་པ་སྐམ་རློན་ལ་སོགས་པ་སྟེ་ཞི་ཁྲོའི་རྒྱན་གྱི་ཡོད་བྱད་དང་། གཞན་ཡང་བཟང་དང་བཏུང་བའི་གླུ་དང་སྒྲ་ཚིགས་གི་རིགས་སོ་སོའི་བྲོ་གར་འདུ་འཕྲོའི་ཡོ་བྱད་ཀྱི་ཚོགས་དང་བཅས་པ་རྣམས་ཀྱི་མང་བའི་ཚད་ནི་སྤྲིན་ཕུང་ཙམ་ལ་རང་རིག་པའི་ཡེ་ཤེས་ཡི་གེ་ཧཱུཾ་གི་རང་བཞིན་དུ་ཤེས་པས་ཡོ་བྱད་རྣམས་ལ་སྤྱོད་ཅིང་། མ་ཆགས་པ འི་ཚུལ་གྱིས་རབ་ཏུ་སྤྱད་ན་ངོ་མཚར་བའི་འབྲས་བུ་ཚོགས་ཆེན་གཉིས་འབྱུང་བའི་དཀྱིལ་འཁོར་ཐམས་ཅད་བདག་ཉིད་ཆེན་པོའི་མཆོད་པས་མཉེས་པའོ། །ཡོ་བྱད་ལྔ་ལ་སྤྱད་པའི་ཐབས་སོ། །དེ་ལ་གསུམ་སྟེ། བགྲང་། ཨཱ་ལི་སྦྱོར་བ། ཀཱ་ཡི་སྒྲོལ་བ། སྦྱོར་སྒྲོལ་ལ་རྩོད་པ་སྤང་བའོ། །ཨཱ་ལི་སྦྱོར་བ་ལའང་གཉིས། བགྲང་། དང་པོ་སྤྱོད་ཐབས་དངོས། དྲང་། འདི་ལ་ལོ་གྲངས་ཀྱི་སྒོ་ནས་དབྱེ་ན་ལོ་བཅུ་གཉིས་མ་མཚན་དང་ལྡན་པ་ལྷ་མོ། བཅུ་དྲུག་མ་ཀླུ་མོ། ཉི་ཤུ་མ་རིགས་ངན་མོ། རྩའི་སྒོ་ནས་དབྱེ་ན། རྩ་དུང་ཅན་མ་ཡོད་པ་ལྷ་མོ། མཉམ་པ་ཅན་ཀླུ་མོ། ཞར་མ་ཅན་རིགས་ངན་མོ། བྱང་སེམས་ཀྱི་སྒོ་ནས་དབྱེ་ན། ཉི་ཟླ་གཉིས་ཀ་འཛག་པ་ལྷ་མོ། ཉི་མ་འཛག་པ་ཀླུ་མོ། མི་འཛག་པ་རིགས་ངན་མོ། སྦྱོར་ཐབས་ཀྱི་སྒོ་ནས་དབྱེ་ན། བདག་གཞན་གཉིས་ཀ་བདེ་བའི་སྦྱོར་ཐབས་ཤེས་པ་ནི་ལྷ་མོ། གཞན་བདེ་བ་ཀླུ་མོ། བདག་བདེ་ཙམ་རིགས་ངན་མོ། ཡང་ན་ལྷ་མོ་ན་ལྷ་མོ་དངོས། ཀླུ་མོ་ན་ཀླུ་མོ་དངོས་ཏེ། སྔགས་དང་ཏིང་ངེ་འཛིན་གྱིས་དངོས་སུ་དགུག་པའམ། དེ་མ་ནུས་ན་རིགས་ངན་མོ་སྟེ་མིའི་བུ་མོ་ཡང་རུང་བས། སློབ་དཔོན་ནུས་པ་ཆུང་ན་ཕྱག་རྒྱ་བཟང་ངན་དབྱེ་སྟེ། ངན་རིགས་མི་བསྟེན་པའམ། ཡང་ནུས་པ་ཆེ་ན་མི་དབྱེ་སྟེ། ངན་ཡང་སྐྱོན་གྱིས་གནོད་མི་ནུས་པའི་ཕྱིར་གང་རྙེད་བསྟེན་པར་བྱ་སྟེ། དེ་ཡང་ཡུམ་མཚན་ལྡན་གྱི་གསང་བའི་པདྨའི་ནང་དུ་ཚོམ་བུ་གང་ཡིན་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བསྐྱེད་ལ། བདེ་བ་ཐུགས་ཀྱི་དཀྱིལ་འཁོར་ཡབ་ཀྱི་བྱང་ཆུབ་ཀྱི་སེམས་སྤྲོས་ཞིང་སངས་རྒྱས་སྤྲིན་ཚོགས་མ་ལུས་པ་ཚོམ་བུ་གང་ཡིན་གྱི་དཀྱིལ་འཁོར་དུ་རིགས་བསྡུས་པ་དེ་ལ་དགྱེས་པ་ཆེན་པོའི་མཆོད་པ་ཕུལ་བས། བདག་དང་སངས་རྒྱས་དང་སེམས་ཅན་ཐམས་ཅད་རང་རིག་པའི་ངོ་བོར་མཉམ་པའི་ཕྱིར་ཡབ་ཡུམ་རོལ་པའི་བདེ་བས་བདག་མཆོད་པས་རྒྱལ་བ་མཉེས་ཏེ་འགྲོ་བ་ཚིམ་པ་ནི་མཆོག་གི་སྦྱིན་པ་ཡིན་པས་ན། བདག་དང་རྒྱལ་བ་སེམས་ཅན་གསུམ་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ངང་དུ་བསྟིམ་མོ། །དངོས་གྲུབ་ཆེན་པོ་ཡུམ་གྱི་མཁའ་ལ་བླང་བའོ། །དྲང་། བདེ་བའི་ཡེ་ཤེས་ཆེན་པོ་སྒྲུབ་པའི་ཐབས་ཡབ་ཡུམ་གཉིས་སུ་མེད་པའི་རོལ་པ་ལས་བྱུང་བའི་ཐིག་ལེ་ཉི་ཟླ་གཉིས་འདྲེས་ཡོན་ཏན་ཐམས་ཅད་ཀྱི་བཅུད་འདུས་པའི་སྙིང་པོ་དེ་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་ཡེ་ཤེས་ལྔར་རང་གསལ་བར་བྱེད་པའི་རྟེན་ཡིན་པས་ན་དེ་བླང་བར་བྱའོ། །སུ་ཡིས་ན་བར་ཆད་མེད་པའི་ལམ་པས། །དུས་ནམ་གྱི་ཚེ་ན་ཚོགས་སྒྲུབ་ཀྱི་ནུབ་མཐའ་མའི་ཐོ་རངས་ཀྱི་དུས་སུ། གང་ནས་བླང་ན་ཡུམ་གྱི་མཁའ་ནས། གང་གིས་བླང་ན་རྡོ་རྗེའི་ལྕེ་ཡིས་ཏེ་གསང་བའི་རྡོ་རྗེ་ཉིད་དོ། །ཡང་ན་ལྕེ་རྡོ་རྗེ་རྩེ་ལྔ་པར་བསྒོམས་པ་དེ་ཡིས་སོ། །ཚུལ་ཇི་ལྟར་ན་བུང་བ་མེ་ཏོག་འཇིབ་པའི་ཚུལ་གྱིས་བླང་ངོ་། །དགོས་ཆེད་ཅིའི་ཕྱིར་བླང་ན། དངོས་གྲུབ་གཉིས་བདེ་བླག་ཏུ་ཐོབ་པའི་ཕྱིར་དུའོ། །གང་ཞེ་ན་ཐུན་མོང་གི་དངོས་གྲུབ་ནམ་མཁའ་ལ་བྱ་བཞིན་དུ་འགྲོ་ཞིང་ལྷའི་བུ་མོར་སྤྱོད་པ་དང་། ཁ་དོག་གསལ་བ་དང་། གཟི་བརྗིད་འབར་བ་དང་། ཚེ་ལོ་གྲངས་མེད་པ་ཐུབ་པ་ལ་སོགས་པའི་སོགས་ཁོང་ནས་ས་ལ་བྱི་བ་བཞིན་དུ་འཛུལ་ནས་ཀླུའི་བུ་མོ་ལ་སྤྱོད་པ་དང་། གཞན་ཡང་མངོན་པར་ཤེས་པ་དང་རྫུ་འཕྲུལ་དུ་མ་འཐོབ་བོ། །མཆོག་གི་དངོས་གྲུབ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་མ་གཡོས་བཞིན་དུ། དགོས་འདོད་ཆར་བཞིན་དུ་འབྱུང་བས་ན་སྤྲིན་གྱི་ཚོགས་ཏེ། དཔེ་དེ་དང་འདྲ་བའི་རིགས་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་དྲུག་པ་ཡང་ཐོབ་པར་འགྱུར་རོ། །ཡང་ན་སྔ་མ་གསང་བའི་རྡོ་རྗེས་བླངས་པའི་ཡོན་ཏན་ནི་ཡིད་བཞིན་གྱི་སྤྲིན་གྱི་བདག་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ལ། ཕྱི་མ་ལྕེ་རྡོ་རྗེ་རྩེ་ལྔར་བསྒོམས་ནས་བླངས་པའི་ཡོན་ཏན་ནཾ་མཁའ་འགྲོ་གསལ་འབར་ཚེ་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཀཱི་ལི་སྒྲོལ་བ། དྲང་། དེ་ཡང་བསྒྲལ་བའི་ཞིང་དུ་གྱུར་པ་ནི་གཉིས་ཡིན་ཏེ། བཀྲ་ཤིས་དག་པའི་ཞིང་དང་། ཐུགས་རྗེས་བཟུང་བའི་ཞིང་ངོ་། །སྔ་མ་ནི་བྲམ་ཟེ་སྐྱེ་བ་བདུན་པ་ཡིན་ཏེ། དེའི་ཤ་རུས་ལ་སོགས་པ་དངོས་གྲུབ་ཀྱི་རྫས་ཁྱད་པར་ཅན་ཡིན་པའི་ཕྱིར་དང་། ཕྱི་མ་ནི་གསལ་བཀྲ་ལས། དཀོན་ཅོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོན་དང་འཁུ་བ་དང་། །འདུ་བར་འོངས་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཆེན་པོས་རྟག་ཏུ་བསྒྲལ། །ཞེས་གསུངས་པས། བཅུ་པོ་དེ་དག་ནི་ཤིན་ཏུ་སྙིང་རྗེ་བས་ན་ཕན་གདགས་པའི་ཕྱིར་དུའོ། །དེ་ཡང་མཆོག་ནི་མི་བརྒྱད་དང་། མཆོག་ཕྲན་ནི་ངན་སོང་གསུམ་མོ། །ཡང་ན་མཆོག་གི་བསྒྲལ་བྱ་གང་ཡིན་ཏེ། མཆོག་ཕྲན་ཙ་ར་དང་ཤེལ་ཆེན་ལ་བཀུག་ནས་སྒྲོལ་ཞེས་བཞེད་པ་ཡང་ཡོད་དོ། །མདོར་ན་བསྒྲལ་བྱ་བཅུ་གཅིག་པོ་དེ་རྣམས་བདག་གཞན་ཆོས་གསུམ་གྱི་དོན་དུ་བསྒྲལ་བར་བྱའོ། །སུ་ཡིས་ན་བར་ཆད་མེད་པའི་ལམ་པས། དུས་ནམ་གྱི་ཚེ་ན་ཚོགས་སྒྲུབ་ཀྱི་ནུབ་མཐའ་མའི་ནམ་གུང་གི་དུས། ཐབས་གང་གིས་ན་མངོན་དུ་ཕྱུང་བའི་སྒྲོལ་བའི་ཐབས་ཀྱིས་ཏེ། ཨེ་རཾ་གྱིས་དྲག་པོའི་དཀྱིལ་འཁོར་བསྐྱེད་ལ་ཉི་ཟླའི་གདན་གྱི་སྟེང་དུ་སྒྲོལ་བའི་ཐབས་ལ་མཁས་པ་བདག་ཉིད་གྱིང་དང་བཅས་པའི་ཏིང་ངེ་འཛིན་ལ་མ་ཡེངས་པས་བསྒྲལ་བྱ་སྔགས་དང་ཏིང་ངེ་འཛིན་གྱིས་ནུས་པས་དངོས་སུ་བཀུག་ལ། གྲུབ་གསུམ་གྱི་སྟེང་དུ་མགོ་ལྷོ་ནུབ་དང་རྐང་པ་བྱང་ཤར་ཏེ་འཁོར་བ་རུ་ལྡོག་གི་ཚུལ་དུ་གན་རྐྱལ་དུ་བསྒྱེལ་བའི་སྙིང་གར་རྡོ་རྗེས་མནན་ལ་བཞག་གོ། །ཚུལ་ཇི་ལྟར་ན་ང་རྒྱལ་རྣམ་པ་ལྔ་དང་ལྡན་པའི་ཚུལ་གྱིས་ཏེ། སྒྲོལ་བྱེད་དཔལ་ཆེན་པོ། བསྒྲལ་བྱ་རུ་དྲ་ཏེ་བདག་འཛིན་གསུམ། སྒྲོལ་གིང་ཊཀྐི་རཱ་ཛ། གྲི་འཇམ་དཔལ་རྣོན་པོར། ལག་སོར་དཔའ་བོ་འབྲུ་ལྔར་ང་རྒྱལ་བའི་ཚུལ་གྱིས་ལག་གི་འདུ་བྱེད་ཀྱིས་བསྒྲལ་ལོ། །སྒྲོལ་བའི་ཏིང་ངེ་འཛིན་གང་བསྒོམ་ན། གྲི་འཇམ་དཔལ་རྣོན་པོར་གསལ་བ་དེས། བསྒྲལ་བྱའི་བྱང་ཁོག་ཤགས་ཀྱིས་གཤགས་པས། མ་རིག་པ་དབུགས་ཀྱི་རྒྱ་བྲལ་བར་བསྒོམ། ལག་སོར་དཔའ་བོ་འབྲུ་ལྔ་གསལ་བ་དེས། སྙིང་ཚིར་གྱིས་བཟུང་བས་སྙིང་གི་རྩ་ཆེན་བཞི་ལ་གནས་པའི་ས་བོན་ཟུང་གསུམ་གཉིད་དང་བཅས་པ་དཔའ་བོ་འབྲུ་ལྔའི་འོད་ཟེར་གྱིས་བསྲེགས་ནས། ཡིག་འབྲུ་ཧཱུཾ་དྲུག་ཏུ་གྱུར་པས་འཁོར་བར་སྐྱེ་བའི་ས་བོན་དྲུག་བག་ཆགས་དང་བཅས་པ་རྣམ་པར་དག་ཅིང་། ཧཱུཾ་དྲུག་པོ་དེ་ཡང་ཐུགས་རང་རིག་པའི་ཡེ་ཤེས་གཅིག་ལས་མ་འདས་པས་ན་ཧཱུཾ་དཀར་ལ་རྩ་དམར་བ་གཅིག་ཏུ་གྱུར་པ་བསྒོམ་ཏེ། དེ་ནི་ཤེས་པ་ཆོས་ཉིད་དུ་བསྒྲལ་བ་ཞེས་བྱའོ། །དེ་ནས་ཧཱུཾ་དཀར་པོ་དེ་སྒྲོལ་བྱེད་རྣལ་འབྱོར་པའི་ཤངས་བུག་གཡོན་གྱི་རྔུབས་པས། ཀླད་པའི་རྒྱས་སུ་ཐིམ་པས་སྐུའི་དབྱིབས་བརྒྱུད་སྲོག་དག་པའི་ལམ་ནས་བྱུང་། སྒལ་ཚིགས་ཀྱི་རྟ་བརྒྱུད་དེ་གསང་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁའ་ལ་བབ་པས་གསང་བའི་དབྱིངས་སུ་ཐིམ་པར་བསྒོམ་མོ། །དེ་ནི་ཤེས་པ་ཡུམ་གྱི་མཁའ་ལ་བསྒྲལ་བ་ཞེས་བྱའོ། །དེ་ནས་ཡུམ་གྱི་མཁའི་གསུང་ཡིག་འབྲུ་ཧཱུཾ་དེ་ཡོངས་སུ་གྱུར་པ་ལས། ཐུགས་ཕྱག་རྒྱ་རྡོ་རྗེ་འོད་འབར་བ་གཅིག་ཏུ་གྱུར། དེ་ཡང་ཡོངས་སུ་གྱུར་པ་ལས། སྐུ་ཡོངས་སུ་རྫོགས་པ་རྡོ་རྗེ་སེམས་དཔའི་སྐུར་གྱུར་ཏེ། དེ་ཡང་ཉོན་མོངས་པ་ལྔ་མ་སྤངས་གནས་སུ་དག་པ་འཁོར་འདས་གཉིས་མེད་དུ་ལོངས་སྤྱོད་པས་ན། ལོངས་སྤྱོད་རྫོགས་པའི་སྐུ་མཚན་དཔེ་དང་ལྡན་པ་འོད་ཟེར་འཕྲོ་བས་རབ་ཏུ་བརྗིད་པའོ། །དེའི་གཙུག་ཏུ་འཁོར་བ་ལས་རྣམ་པར་རྒྱལ་བ་མཚོན་པ་རིགས་ཀྱི་བདག་པོ་མི་བསྐྱོད་པ་ཚོན་གང་བ་བསྒོམ་མོ། །དེ་ནི་རྡོ་རྗེ་སེམས་དཔའ་མཚན་ཡོངས་སུ་རྫོགས་པའི་ས་ལ་བསྒྲལ་བ་ཞེས་བྱའོ། །རྡོ་རྗེ་སེམས་དཔའ་དེ་ཡང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་གནས་པ་རླུང་གི་དཀྱིལ་འཁོར་གྱིས་བཏེག་ནས། ཨེ་ཡཾ་སྥ་ར་ཎ་ཕཊ་ཅེས་འོག་མིན་གྱི་གནས་སུ་འཕངས་པར་བསྒོམ་མོ། །དེ་ནི་ཤེས་པ་འོག་མིན་དུ་བསྒྲལ་བ་ཞེས་བྱའོ། །དེ་ནས་ཤ་ཁྲག་རུས་པའི་ཚོགས་རྣམས་སྐོས་བཏབ་ནས། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མཆོད་པར་ཕུལ་བས་མཉེས་པར་བསྒོམ་མོ། །དེ་ནི་ཕུང་པོ་དུར་ཁྲོད་དུ་བསྒྲལ་བ་བཞེས་བྱའོ། །དགོས་ཆེད་གང་གི་ཕྱིར་བསྒྲལ་ན། བདག་ལ་སྒྲིབ་པ་མི་གསོག་ཅིང་གཞན་ལ་སྡུག་བསྔལ་མི་བསྐྱེད་པས་ན་ངོ་མཚར་ཞིང་། གནས་ངན་ལེན་གྱི་འགྲོ་བའི་རྒྱུ་བསྟན་པའི་སྤྱི་དགྲ་ལ་སོགས་པ་བདུན་དང་། འབྲས་བུ་ངན་སོང་གསུམ་གྱི་སྡུག་བསྔལ་ལས་ཐར་བའི་ཐབས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །སྦྱོར་སྒྲོལ་ལ་རྩོད་པ་སྤང་བའོ། །དྲང་། གོང་གི་ག་ན་སྦྱོར་བ་དང་། ཏ་ན་སྒྲོལ་བའི་ཚུལ་དེ་དག་ལ། ཁ་ཅིག་ན་རེ། སྦྱོར་བའི་རྣམ་པར་སྨིན་པའི་འབྲས་བུ་རོ་མྱགས་ཀྱི་འདམ་གྱི་དམྱལ་བ་དང་། རྒྱུ་མཐུན་པའི་འབྲས་བུ་མངལ་གྱི་སྲིན་བུར་སྐྱེ་བར་བཤད། སྒྲོལ་བའི་རྣམ་པར་སྨིན་པའི་འབྲས་བུ་ཡང་ཤི་ཡང་སོས་ཀྱི་དམྱལ་བ་དང་། རྒྱུ་མཐུན་པའི་འབྲས་བུ་ལས་ཀྱི་སྲིན་བུར་སྐྱེ་བར་བཤད་པས། འདི་དག་ལོག་པ་ལམ་དུ་འགྱུར་རོ་ཞེ་ན། བདེན་ཏེ། ཉོན་མོངས་པས་ཀུན་ནས་བསླངས་ནས་འདོད་ཆགས་ཐ་མལ་དུ་སྤྱད་པ་དང་། སེམས་ཅན་གྱི་སྲོག་ལ་འཚེ་བ་བྱས་པ་དང་། བྱེད་དུ་བཅུག་ན་འབྲས་བུ་དེ་ལྟར་ཡིན་མོད། འདིར་གཞི་རང་བཞིན་གྱི་སྣང་བ་ཡེ་གདོད་མ་ནས་སྐྱེ་བ་མེད་པ་དོན་དམ་པའི་བདེན་པ་དེ་ཉིད་རྒྱུ་ཤེས་པའི་མཚན་ཉིད་ལྟ་བས་དེ་བཞིན་ཉིད་ཁོ་ནར་རྟོགས་ཤིང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གྱིས་ཉམས་སུ་བླངས་པས། ཀུན་རྫོབ་ཏུ་སྒྱུ་མར་སྣང་བ་འདི་ཡང་དཔེ་ཐོ་ཡོར་ལ་མིར་འཛིན་པ་གྲོལ་བ་བཞིན། སྣང་བ་ཐམས་ཅད་མིག་ཡོར་གྱི་ཚུལ་དུ་ཤེས་ནས་དངོས་གྲུབ་གཉིས་ཀྱི་དོན་དུ་སྤྱོད་པ་དང་སྒྲོལ་བའི་བྱ་བ་ཀུན་བྱས་ཀྱང་ཐ་མལ་པའི་སྦྱོར་སྒྲོལ་རྡུལ་ཆ་ཙམ་ཡང་བྱས་པ་མེད་དོ། །གཉིས་པ་ཡོ་བྱད་ལ་སྤྱད་པའིི་དངོས་གྲུབ་བོ། །དེ་ལ་གཉིས། བགྲང་། དངོས་གྲུབ་འབྱུང་བའི་རྒྱུའམ་གཞི། དྲང་། སྤྱིར་ཆོས་ཉིད་རང་བཞིན་གྱི་མངོན་དུ་བྱེད་པ་ལམ་གྱི། ལྷུན་གྱིས་གྲུབ་པ་འབྲས་བུའི་རྣལ་འབྱོར་དང་གསུམ་ལས། འདིར་ཡེ་ཤེས་དང་ཕྱག་རྒྱ་མི་འབྱེད་པ་ནི་ལམ་གྱི་རྣལ་འབྱོར་རོ། །སྔགས་ནི་ཡིད་སྐྱོབ་པ་དང་བྱིན་གྱིས་རློབ་པའི་ཕྱིར་ལྷ་བསྒོམ་པ་སྟེ། དེ་འཆང་བ་ནི་རྣལ་འབྱོར་གྱི་མངོན་སུམ་དང་། ཤིན་ཏུ་འཆང་བ་ནི་རང་རིག་པའི་མངོན་སུམ་གྱིས་སོ། །བཅངས་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཐུན་མོང་དང་མཆོག་གི་དངོས་གྲུབ་གཉིས་འཐོབ་བོ། །དེ་ནས་གཞི་གང་ལས་བྱུང་ཞེ་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་མཉམ་པར་རྫོགས་པ་ནི་ལྷུན་གྱིས་གྲུབ་པའི་ལྟ་བ། དེ་ཉིད་ཀྱི་ངང་ལ་གནས་ཤིང་མ་ཡེངས་པ་ནི་བསྒོམ་དུ་མེད་པའི་སྒོམ་ལ། བླང་དོར་དང་བྲལ་བའི་སྤྱོད་པ་གང་ཡང་མ་བཀག་པས་ཅིག་ལ་ཡང་ཐོག་པ་མེད་པ་ནི་ཀུན་ཏུ་བཟང་པོའི་སྤྱོད་པའི་ཁྱད་པར་ཏེ། དེ་ལྟར་ལྟ་སྒོམ་སྤྱོད་གསུམ་པོ་ཐམས་ཅད་ཡེ་གདོད་མ་ནས་དབྱེར་མེད་དུ་རྟོགས་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་འབྱུང་བ་ནི་འབྲས་བུའོ། །དངོས་གྲུབ་བླང་བའི་ཐབས་སོ། །དྲང་། ཡན་ལག་ལྔ་དང་དབང་པོ་ལྔ་དང་རྣམ་ཤེས་ལྔ་པོ་ཀུན་རང་རིག་པའི་ཉིད་རང་སྣང་བར་ཤེས་པས་ནི་དེ་དག་གི་རྣམ་པ་ཡེ་ཤེས་ལྔའི་ངོ་བོར་སྨིན་པ་སྟེ་དེ་མཚོན་བྱེད་ཡི་གེ་ཨཱོཾ་དུ་ཤེས་པར་བྱའོ། །དེས་མཚོན་པའི་སྐུ་དང་ཡེ་ཤེས་ལྔ་མ་འགགས་པའི་རྩལ་ཡོངས་སུ་རྫོགས་པའི་འབྲས་བུ་རིགས་ལྔ་ལ་སོགས་པ་ལྷ་ཡབ་ཀྱི་དཀྱིལ་འཁོར་ཉིད་དུ་བསྒོམ་པའམ། ཡང་ཞི་བ་ལས་བཀར་བས་ན་ཁྲོས་པ་ཁྲོ་བོ་རིགས་ལྔའི་དཀྱིལ་འཁོར་བསྒོམ་མོ། །དེ་བཞིན་དུ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་ལ་སོགས་པ་ཡུལ་གྱི་རྣམ་པ་ཀུན་དབྱིངས་ལྔའི་ངོ་བོར་སྨིན་པ་སྟེ་དེ་མཚོན་པ་ཡི་གེ་མཱུཾ་དུ་ཤེས་པར་བྱའོ། །དེས་མཚོན་པའི་དབྱིངས་ལྔ་མ་འགགས་པའི་རྩལ་ལྷ་ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ་མོ། །ཡང་ཞེས་པ་ཞི་བ་ལས་བཀར་བས་ན་ཁྲོ་བོ་ཡུམ་ལྔའི་དཀྱིལ་འཁོར་དུ་བསྒོམ་མོ། །ཁྲོ་བོའི་ཚོགས་སྒྲུབ་པའོ། །དྲང་། རིགས་ཀྱི་ཁྲོ་བོ་ཡབ་ལྔ་ཁྲོོ་མོ་ཡུམ་ལྔ་སྟེ། བཅུའི་ཚོགས་ཆེན་པོས་གཙོ་བྱས་པའི་འཁོར་གནས་ཡུལ་སྒོ་མ་ཉི་ཤུ་སྟེ། ཕོ་ཉ་ཀ་རཱི་བརྒྱད། ཕྱག་བརྙན་སིང་ཧ་མ་བརྒྱད། བཀའ་ཉན་སྒོ་མ་བཞི་རྣམས་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་དང་བཅས་པ། གཞན་ཡང་ལས་ཅི་བགྱི་ཞེས་རང་རང་སྟན་དང་ལག་ཆར་ཆས་པའི་དབང་མོ་ཉེར་བརྒྱད་ལ་སོགས་པའི་སོགས་ཁོངས་ནས་ཁྲོ་བོ་ཁྲོ་མོ་ཉི་ཤུ་སྟེ། བདུན་ཅུ་དོན་བརྒྱད་ཀྱི་ཚོགས་རྣམས་དང་རེས་སུ་མཐུན་པའི་རྣལ་འབྱོར་རྣམས་ཀྱིས་ཁྲོ་བོའི་ཚོགས་བསྒྲུབས་ན་དངོས་གྲུབ་གཉིས་སམ། ལས་བཞི་ལ་སོགས་པ་ཇི་ལྟར་འདོད་པའི་འབྲས་བུ་རྣམས་རྫོགས་པར་འགྱུར་རོ། །སྤྱི་དོན་གསུམ་པ་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་ལ་བཞི་སྟེ། ཡོ་བྱད་ལྔ་ལ་སྤྱད་པའི་འབྲས་བུ། ཚེ་ལ་དབང་བའི་རིག་འཛིན་གྱི་ཆ་ལུགས། མཐར་ཐུག་གི་འབྲས་བུ། དེ་དག་གི་ཡོན་ཏན་བསྟན་པའོ། །དང་པོ་ལ་ལྔ་སྟེ། བགྲང་། བྲོ་གར་འདུ་འཕྲོའི་ཡོ་བྱད་ལ་སྤྱད་པའི་འབྲས་བུ། དྲང་། ཚོམ་བུ་གསུམ་གྱི་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བ་ནི་སྒྱུ་འཕྲུལ་དྲྭ་བ་སྟེ། རང་རིག་པའི་མངོན་སུམ་དུ་གསལ་བར་རྫོགས་པའི་ཚོམ་བུ་གསུམ་པོ་གང་རང་གི་ལྷའི་དཀྱིལ་འཁོར་བསྒོམ་པས་བརྟན་པའི་ཚད་གསལ་བ་ཡུལ་གྱིས་མི་འཕྲོགས་པའི་ཏིང་ངེ་འཛིན་ཐོབ་པ་དེས་ཡན་ལག་ལྔ་ལ་ལྷ་བཀོད་དེ། རྐང་པའི་བྲོ། ལག་པའི་གར། འོད་ཟེར་སྤྲུལ་པའི་འདུ་འཕྲོ་སྣ་ཚོགས་དང་བཅས་པའི་སྒོ་ནས། སྒོ་གསུམ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་ངང་ལས་མི་འདའ་བ་ཡིས་ས་ལ་འཛུལ་ལམ། ཡང་ན་ནམ་མཁར་འགྲོ་བས་ཀླུ་དང་ལྷའི་བུ་མོ་ལ་སོགས་པ་ལ་སྤྱོད་ཅིང་། དེ་དག་ཐམས་ཅད་བྲན་དུ་འཁོལ་བར་འགྱུར་རོ། །ཀླུ་ཚིག་སྒྲའི་ཡོ་བྱད་ཀྱི་འབྲས་བུ། དྲང་། ངག་གི་སྒོ་ནས་གླུ་ཚིག་དང་སྒྲའི་ཡོ་བྱད་ལ་སོགས་པ་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས་མི་འདའ་བ་ཡིས་གདུལ་བྱ་སོ་སོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དངོས་གྲུབ་ཐོབ་པར་འགྱུར་རོ། །རྒྱན་དང་བགོ་བའི་ཡོ་བྱད་ཀྱི་འབྲས་བུ། དྲང་། ཞི་བའི་རྒྱན་ཆས་བཅུ་གསུམ་དང་། ཁྲོ་བོའི་ཀོ་རློན་ལ་སོགས་པ་བགོ་བའི་ཡོ་བྱད་དང་ཡང་ལྡན་པས་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིས་འབར་བའི་རྒྱལ་པོ་སུས་ཀྱང་ཐུབ་པ་མེད་པ་འགྲུབ་པར་འགྱུར་ཏེ་དཔུང་བཞིའི་དམག་གིས་ཀྱང་མི་ཚུགས་སོ། །བཟའ་དང་བཏུང་བའི་ཡོ་བྱད་ཀྱི་འབྲས་བུ། དྲང་། བཟའ་བ་དང་བཏུང་བའི་ཡོ་བྱད། སྒོ་གསུམ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་ལོངས་སྤྱོད་ན་ནི། གདུལ་བྱ་རྣམས་ལ་ཇི་ལྟར་བསམ་པ་ཡིད་བཞིན་དུ་འབྱུང་བའི་སྐུ་རིན་པོ་ཆེ་མཚོན་ཤེལ་དུ་བཅུག་པ་ལྟ་བུ་དང་། བདུད་རྩིའི་བཅུད་ཟད་པ་མེད་པས་འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པ་འགྲུབ་བོ། །ཨཱ་ལི་ཀཱ་ལིའི་ཡོ་བྱད་ཀྱི་འབྲས་བུའོ། །དྲང་། ཨཱ་ལི་སྦྱོར་བ་དང་། ཀཱ་ལི་སྒྲོལ་བའི་ཡོ་བྱད་ལ་སྒོ་གསུམ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས་མི་འདའ་བ་ཡིས་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །གཉིས་པ་ཚེ་ལ་དབང་བའི་རིག་འཛིན་གྱི་ཆ་ལུགས། དྲང་། མིའི་དབང་པོ་དང་། འདོད་ཁམས་ཀྱི་ལྷ་རིགས་དྲུག་དང་། གཟུགས་ཁམས་ཀྱི་ལྷ་ཚངས་པའི་ཆ་ལུགས་ཀྱི་སྐྱེ་བ་རྣམ་པར་དག་པ་འཛིན་མོད་ཀྱང་ལྷ་མི་གཞན་དང་ཁྱད་པར་ཆེ་སྟེ། སྐྱེ་བ་རང་དབང་ཅན་ཡིན་པས་སོ། །ཁྱད་པར་དུ་རྒྱུའི་ཐེག་པའི་མཐོང་ལམ་དང་། མཐོང་ལམ་ཙམ་དུ་སྐལ་བ་མཉམ་ཡང་དགོངས་པ་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་མཉམ་པར་འགྱུར་བ་ཡིན་ནོ། །དེས་མཚོན་ནས་རྒྱུའི་ཐེག་པའི་ས་བརྒྱད་པ་དང་ཕྱག་རྒྱ་ཆེན་པོའི་རིག་འཛིན་གཉིས་སྒོམ་ལམ་ཙམ་དུ་སྐལ་པ་མཉམ་ཡང་། དགོངས་པ་རྒྱུའི་མཐར་ལམ་དང་མཉམ་མོ། །རྒྱུའི་ཐེག་པའི་ས་བཅུའི་བྱང་ཆུབ་སེམས་དཔའ་དང་། ལྷུན་གྲུབ་རིག་འཛིན་གཉིས་མཐར་ལམ་ཙམ་དུ་སྐལ་བ་མཉམ་ཡང་དགོངས་པ་ཀུན་ཏུ་འོད་དང་མཉམ་སྟེ། ལམ་ཆུང་ལས། དེ་ཡང་དང་པོ་དང་པོ་དང་། །སྐལ་མཉམ་གཉིས་པའི་རིགས་མཆོག་སྟེ། །བརྒྱད་པའི་སེམས་དཔར་སྐལ་བ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་མོད། །དགོངས་སྤྱོད་རྒྱ་མཚོ་ཁྱད་པར་འཕགས། །ཞེས་གསུངས་པས་མངོན་ནོ། །གསུམ་པ་མཐར་ཐུག་གི་འབྲས་བུ། དྲང་། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་རྟོགས། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་སྒོམ། དེ་ལྟར་ལྟ་སྒོམ་མགོ་འབྱོར་པས་ཚོགས་གཉིས་རྫོགས་པའི་འབྲས་བུ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། རྒྱུ་དང་འབྲས་བུའི་ཐེག་པའི་ས་དང་ལམ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ཏེ། གང་ཞེ་ན། གང་ལ་ཡང་མི་འཛིན་པས་སྦྱིན་པ། མ་ཆགས་པས་ཚུལ་ཁྲིམས། དོན་ལ་མི་སྐྲག་པས་བཟོད་པ། གཉིས་མེད་ལས་མི་གཡོ་བས་བསམ་གཏན། དེ་ཉིད་ལ་མི་གཡེང་བས་བརྩོན་འགྲུས། རང་རིག་ཏུ་གསལ་བས་ཤེས་རབ། མངོན་དུ་གྱུར་པས་སྨོན་ལམ། འབྲས་བུ་གཞན་ནས་མི་ཚོལ་བས་ཐབས། ལྟ་ངན་ཟིལ་གྱིས་གནོན་པས་སྟོབས། ཡེ་ནས་གནས་པའི་དོན་ཤེས་པས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལྟར་བཅུ་པོ་ཀུན་ཀྱང་རབ་ཏུ་རྫོགས་ལ། མཉམ་པ་ཉིད་ཀྱི་དབྱིངས་རང་མཚན་མཐོང་བས་ས་དང་པོ་རབ་ཏུ་དགའ་བ། མཐའི་ལྟ་བ་ངན་པ་དག་པས་གཉིས་པ་དྲི་མ་མེད་པ། སེམས་ཉིད་རང་གསལ་ཞིང་འགྲོ་དོན་མི་འགོག་པས་གསུམ་པ་འོད་བྱེད་པ། རང་རིག་ཐམས་ཅད་དུ་འོད་གསལ་བས་བཞི་པ་འོད་འཕྲོ་བ། དོན་གཉིས་སུ་དུས་གཅིག་ལ་བྱེད་པས་ལྔ་པ་སྦྱང་དཀའ་བ། མཐའི་ལྟ་བ་ལས་རིང་དུ་སོང་བ་དྲུག་པ་མངོན་དུ་གྱུར་བ། སེམས་ཉིད་དུ་ཡུལ་མེད་དུ་རང་གསལ་བས་བདུན་པ་རིང་དུ་སོང་བ། གཡེང་བའི་ལས་མེད་པས་བརྒྱད་པ་མི་གཡོ་བ། ཡོན་ཏན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་མངའ་བས་དགུ་པ་ལེགས་པའི་བློ་གྲོས། དེ་དག་གི་འབྱུང་གནས་སུ་གྱུར་པས་བཅུ་པ་ཆོས་ཀྱི་སྤྲིན་ནོ། །གཞན་ཡང་ཤེས་རབ་གསུམ་གྱི་ནང་ནས་རང་རིག་སྤྱིར་ཡང་མ་དམིགས་པ་གསལ་བས་ན་ས་བཅུ་པ་ཆོས་ཀྱི་སྤྲིན་ལས་ཀྱང་མཆོག་ཏུ་གྱུར་པའི་རྒྱུའི་ཐེག་པའི་མཐར་ཐུག་གི་འབྲས་བུ་ཀུན་ཏུ་འོད་ཀྱི་སའོ། །འཁོར་བའི་ཆོས་མ་སྤངས་པར་སྤྱོད་པའི་ཐབས་དང་དེ་ལ་མི་འཛིན་པས་ཤེས་རབ་སྟེ། དེ་གཉིས་གཉིས་སུ་མེད་པ་ནི་ཐབས་ཀྱི་ཁྱད་པར་རོ། །དེ་ལྟར་སྤྱད་ཀྱང་སྐྱོན་གྱིས་མི་གོས་པས་ན་ཀུན་ཏུ་འོད་ལས་ཀྱང་མཆོག་ཏུ་གྱུར་པ་པདྨ་ཅན་གྱི་སའོ། །ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གསལ་བས་ན་པད་མ་ཅན་ལས་ཀྱང་མཆོག་ཏུ་གྱུར་པའི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་སྟེ། དེ་ལྟར་སའི་ཁྱད་པ་ནི་རབ་དགའ་ལ་སོགས་པ་ལམ་གྱི་བཅུ་དང་། གཞན་ཡང་འབྲས་བུའི་ས་གསུམ་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པའི་མཐར་ཐུག་ཀུན་ཏུ་འོད་དང་། འབྲས་བུ་རྡོ་རྗེའི་ཐེག་པའི་མཐར་ཐུག་པདྨ་ཅན་དང་། ཡི་གེའི་འཁོར་ལོའི་ས་སྟེ། དེ་དག་གི་ཁྱད་པར་མ་འདྲེས་པ་ཡོད་ཀྱང་། འོག་མའི་ཡོན་ཏན་རྣམས་གོང་མ་ལ་མ་བཙལ་བར་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་རྫོགས་པའོ། །བཞི་པ་ཡོན་ཏན་ནོ། །དེ་ལ་ཡང་གཉིས། བགྲང་། མཐར་ཐུག་རྒྱལ་བའི་ཡོན་ཏན། དྲང་། རང་བཞིན་ཉིད་ཀྱི་དཀྱིིལ་འཁོར་རྟོགས་གོམས་མཐར་ཕྱིན་པས་ནི་དཀྱིལ་འཁོར་ཀུན་ཏུ་རབ་ཏུ་སྦྱོར་བས་ཏེ། རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་ཐམས་ཅད་མ་བཙལ་ལྷུན་གྱིས་གྲུབ་པར་འགྱུར་རོ། །གནས་སྐབས་ལམ་ལ་མི་གནོད་པའི་ཡོན་ཏན་ནོ། །དྲང་། སྟོང་པ་ཆེན་པོའི་རྣལ་འབྱོར་པ་ལ་སོགས་པའི་ཆོ་ག་ལྔ་ནི་ཅིག་ཅར་བའི་རྟེན་གྱི་གང་ཟག་ལ་དུས་གཅིག་ཏུ་རྫོགས་པས་ན། རིམ་གྱིས་པ་ལྟར་བསྒོམ་མི་དགོས་བཞིན་དུ་གལ་ཏེ་བསྒོམ་པས་ལྷག་གམ། ཐོད་རྒལ་བའི་རྟེན་གྱི་གང་ཟག་གིས་ལམ་བར་ནས་བོར་བས་མ་ཚང་ཡང་དངོས་གྲུབ་གཉིས་ཐོབ་པའི་ཕྱིར་ན་ཆོ་ག་ལྷག་ཆད་ཀྱི་སྐྱོན་ཉིད་དག་སྟེ་ཉེས་པ་མེད་དོ། །བཀའ་གསང་སྔགས་མཚོན་པའི་ཚིག་དང་། གཞུང་གསུངས་པའི་ཡོན་ཏན་གཉིས་བསྡེབས་ཏེ་བསྟན་པའོ། །དྲང་། ལེའུའི་དོན་དྲིལ་ནས་བྱུང་བ་འདི་ནི་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་ཚིག་ཏུའོ། །ཞེས་དེ་བཞིན་གཤེགས་པ་ཉིད་འཁོར་གྱི་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་། །ཞེས་ཆེད་དུ་བརྗོད་པས་གཞི་མ་ངེས་པ་ལ་སྣ་ཚོགས་སུ་སྣང་བ་རོལ་མོའི་སྤྲིན་གྱིས་གཉིས་སུ་མེད་པར་གནས་སུ་སྟོབས་པས་མཉེས་པར་གྱུར་ཏོ། །ལེའུའི་མཚན་གཉིས་བསྡེབས་ཏེ་བསྟན་པའོ། །དྲང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཞེས་པ་གཉིས་འབྲུ་མཐུན། སྐལ་ལྡན་མིའི། འབྱོར་ལྡན་ཡོ་བྱད་ཀྱི། དགྱེས་ལྡན་ལྷའི་ཚོགས་དང་གསུམ་ཡིན་ཏེ། སྒྱུ་འཕྲུལ་རྡོ་རྗེ་ལས། སྐྱེ་བོ་མཛའ་བ་ཀུན་འཚོགས་པ། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །འབྱོར་པ་ལོངས་སྤྱོད་ཚང་བ་ནི། །བདེ་བའི་ལོངས་སྤྱོད་ཚོགས་སུ་བཤད། །ལྷ་དང་དམ་ཅན་ཀུན་འདུས་པ། །འདུས་པ་ཆེན་པོའི་ཚོགས་སུ་གསུངས། །ཐམས་ཅད་སྤྱོད་ལ་མི་འཛིན་པ། །ཚོགས་གཉིས་རྒྱུན་དུ་རྫོགས་བྱེད་པས། །ཚོགས་ཆེན་པོ་རུ་ངེས་པར་བཤད། །ཅེས་གསུངས་པ་བཞིན་ནོ། །ཚོགས་ཀྱི་གཙོ་བོ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དཀྱིལ་ཡིན་པ་དེ་ལ། རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་ཁྲོ་བོ་དང་བཅས་པའི་དཀྱིལ་འཁོར་གྱིས་བསྐོར་ནས་ཚོགས་སྒྲུབ་པའི་གཅོད་ཅིང་མཚམས་འཛིན་པས་ན་ལེའུ་སྟེ་ཡས་བགྲངས་བཅུ་གཅིག་པ་དང་བཅུ་གཉིས་པའི་དོན་དུ་གདའོ།། ༈ །།ད་ནི་ལེའུ་བཅུ་གསུམ་པ་སྟོན་པར་བྱེད་པ་ལ་ཆོས་ཚོམས་ངོས་བཟུང་ན། རབ་ཀྱི་གཞི་ལམ་འབྲས་བུ་གསུམ་ལས་གསུམ་ཀ་སྟོན། སྣང་བ་བཞི་ལས་བཞི་ཀ་སྟོན། མཚན་ཉིད་གསུམ་ལས་གསུམ་ཀ་སྟོན། ལམ་ལ་ཐབས་གྲོལ་གཉིས་ལས་གཉིས་ཀ་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་གཙོ་བོར་སྟོན། འབྲིང་གི་ཆོས་ལྔ་ལས་རྒྱུད་དོན། དེ་ལ་བཅུ་ལས་གཞུང་ཧྲིལ་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྟོན། དེའི་ཞོར་ལ་ལྟ་བ་སྟོན། སྤྱོད་པ་སྟོན། ཏིང་ངེ་འཛིན་དང་ཕྲིན་ལས་ཟུར་ཙམ་སྟོན་ནོ། །ཐ་མའི་ཆོས་བཅུ་ལས་རང་བཞིན་ལྟ་བ། ལྡེམ་དགོངས་མན་ངག །གཏར་ཀ་གེགས་སེལ། གཞན་ཡང་སྤྱི་འགྲོ་རྣམས་ཀྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་བཅུ་གསུམ་པ་འདི་ལ་གསུམ་སྟེ། བགྲང་། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པར་ཚོམ་བུའི་ལྷ་བསྒོམ་པ་བསྟན་ནས། འདིར་འཁོར་ལོ་བསྒོམ་པ་སྟོན་པས་ན་དེ་ནས་ཞེས་འབྲེལ་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་རང་རིག་པར་མི་ཕྱེད་པས་ན། རྡོ་རྗེའི་དཀྱིལ་འསེམཁོར་ས་ཉིད་དུ་རང་སྣང་བས་ཐམས་ཅད་གཅིག་ཏུ་འདུས་ནས་དགོངས་པ་བསམ་གྱིས་མི་ཁྱབ་པའི་དགྱེས་པ་ཆེན་པོས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེའམ་གདོད་མ་ནས་རྫོགས་པས་ན་རང་བྱུང་གི་ཡེ་ཤེས་ཆེན་པོར་རང་སྣང་བ་སྟེ། ལྷུན་གྱིས་གྲུབ་པ་ལས་མི་འདའ་བའི་དམ་ཚིག་ཕལ་གྱི་ཡུལ་མ་ཡིན་པའི་ཕྱིར་ན་ཤིན་ཏུ་གསང་བའོ། །གང་ཞེ་ན། རང་བཞིན་གསང་བའི་སྙིང་པོ་དེའོ། །ཚུལ་ཇི་ལྟར་ན། རང་གསང་ཐབས་ཀྱིས་ཆོད་པའི་ཚུལ་གྱིས་སོ། །དེ་ཉིད་མ་ཚོན་པར་བྱེད་པའི་སྒོ། མྱོང་བར་བྱེད་པའི་ཐབས། མངོན་དུ་གྱུར་པའི་འབྲས་བུ་ལ་སོགས་པའི་སྤྲིན་ཡོངས་སུ་བཀོད་པའི་ཏིང་ངེ་འཛིན་ལ་དགོངས་པ་མངོན་དུ་བཞག་པས་ན་སྙོམས་པར་ཞུགས་ནས་འོག་ནས་འབྱུང་བའི་དོན་ཆེད་དུ་བརྗོད་པ་འདི་དག་བརྗོད་དོ། །ལེའུའི་གཞུང་ལ་གཉིས་ཏེ། གཞུང་དངོས་དང་། གསུངས་པའི་ཡོན་ཏན་ནོ། །དང་པོ་ལ་དགུ་ཏེ། མཚོན་པར་བྱེད་པའི་སྒོ། མྱོང་བར་བྱེད་པའི་ཐབས། མངོན་དུ་གྱུར་པའི་འབྲས་བུ། འབྲས་བུ་དེ་བྱས་པ་མ་ཡིན་པ་རང་བྱུང་དུ་བསྟན་པ། རྒྱུད་ལ་མཐོང་མོས་བྱས་པའི་ཡོན་ཏན། སྣོད་དང་ལྡན་པའི་ཡུལ་དུ་བསྟན་པ། མན་ངག་གི་ཆེ་བ། སྣོད་ལྡན་ལ་སྦྱིན་པ། སྣོད་ངན་ལ་སྦྱིན་པའི་ཉེས་དམིགས་སོ། །དང་པོ། དྲང་། འདི་ལས་བཅད་ནང་ཚེགས་སུ་ཕྱེ་ན་གསུམ་སྟེ། འཇིག་རྟེན་པའི་ལྟ་བ་མཚོན་པར་བྱེད་པའི་སྒོ་དང་། འཇིག་རྟེན་ལས་འདས་པའི་ལྟ་བ་མཚོན་པའི་སྒོ་དང་། དེ་གཉིས་ཀའི་ཐ་སྙད་མཚོན་པར་བྱེད་པའི་སྒོའོ། །དང་པོ་ནི། མ་རྟོགས་པ་སྐྱེ་བོ་ཐ་མལ་པ་དང་། ལོག་པར་རྟོགས་པ་མུ་སྟེགས་སོ། །དེ་ཡང་སྐྱེ་བོ་ནི་ལས་རྒྱུ་འབྲས་དང་། ཚེ་སྔ་ཕྱི་ལ་སོགས་པ་ཡོད་པར་ཡང་མ་རྟོགས། མེད་པར་ཡང་མ་རྟོགས་ཏེ། དེ་གཉིས་ཀ་གང་ལ་ཡང་བློ་རྟེན་མི་འཆའ་བ་ཀུན་ཏུ་རྨོངས་པ་རྣམས་ནི་ཕྱལ་བ་ཞེས་བྱའོ། །ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ཡོད་པ་ཙམ་རྟོགས་ཀྱང་། ཕྱི་མ་རྒྱབ་ཏུ་བོར་ནས་ཚེ་འདིའི་བཙན་ཕྱུག་བསྒྲུབ་པ་ནི་རྒྱང་འཕེན་ཞེས་བྱའོ། །དེ་གཉིས་ཀ་ཡང་གྲུབ་མཐས་བློ་མ་བསྒྱུར་བ་ཡིན་ནོ། །གྲུབ་མཐས་བློ་བསྒྱུར་བ་ལ་གཉིས། ལོག་པར་བསྒྱུར་བ་དང་། ལོག་པ་མ་ཡིན་པར་བསྒྱུར་བའོ། །འདིར་གྲུབ་མཐས་བློ་བསྒྱུར་མ་བསྒྱུར་གྱི་ཁྱད་པར་ནི་རྟེན་གྱི་གང་ཟག་གང་ཞིག །ཕྱི་པ་མུ་སྟེགས་པ་དང་ནང་པ་སངས་རྒྱས་པའི་གྲུབ་མཐའི་རྗེས་སུ་ཞུགས་མ་ཞུགས་སོ། །དེ་གང་ཞེ་ན། ཕྱི་མའི་གྲུབ་མཐའ་རྟག་ཆད་གཉིས་དང་། ནང་པའི་གྲུབ་མཐའ་ཐེག་ཆུང་གི་བྱེ་བྲག་པ་དང་མདོ་སྡེ་པ་གཉིས། ཐེག་ཆེན་གྱི་སེམས་ཙམ་དང་དབུ་མ་གཉིས་སོ། །དང་པོ་ཕྱི་པ་མུ་སྟེགས་པ་ནི་ཡང་དག་པའི་ལྟ་བ་འགལ་འདུ་བཙུགས་ནས་ཡིན་ལུགས་ལས་ལོག་པ་སྟེ། རྟག་པར་ལྟ་བ་དང་ཆད་པར་ལྟ་བའོ། །རྟག་ལྟ་ནི་ཆོས་ཉིད་འགྱུར་བ་མེད་པའི་འཁྲུལ་གཞི་བྱས་ནས། བདག་དང་དབང་ཕྱུག་ལ་སོགས་པ་རྟག་པ་གཅིག་པུ་བདེ་བ་རང་དབང་ཅན་དང་འདོད་པའོ། །དེ་ལ་ཡང་ཕྱེ་ན་ཕྱི་དང་། དབང་ཕྱུག་རྒྱུར་སྨྲ་བ་དང་། རིལ་པོར་རྒྱུར་སྨྲ་བ་དང་། རིག་བྱེད་ཀྱི་མཐའ་གསང་བར་སྨྲ་ལ་སོགས་པ་རྣམས་སོ། །ཆད་ལྟ་ནི་ཆོས་ཉིད་ཅིའི་ངོ་བོར་ཡང་མ་གྲུབ་པར་འཁྲུལ་གཞི་བྱས་ནས། ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་མེད་པར་ལྟ་བས་ཏེ། ཇི་སྐད་དུ། མཛེས་མ་ཞིམ་པར་གཡོས་ལ་ཅི་དགར་སྤྱོད། །ཤི་ནས་དེ་ཡི་སྤྱོད་ཡུལ་མིན། མེ་ཤི་ཐལ་བ་རླུང་ཁྱེར་ལྟར། །སླར་འཚོ་བ་དག་ག་ལ་ཡོད། །གང་ཞིག་རྒྱུ་འབྲས་ཡོད་སྨྲ་བ། །ཡི་དྭགས་སྤྱང་ཀིའི་རྗེས་དང་མཚུངས། །ཞེས་སྨྲའོ། །དེ་དག་ནི་འཇིག་རྟེན་པའི་ལྟ་བ་མཚོན་པར་བྱེད་པའི་སྒོའོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ལྟ་བ་མཚོན་པའི་སྒོ། །ནང་པ་སངས་རྒྱས་པ་ཡང་གཉིས་ཏེ། རྒྱུའི་ཐེག་པ་དང་། འབྲས་བུའི་ཐེག་པའོ། །རྒྱུ་ཐེག་པ་ལ་ཆུང་ངུ་དང་ཆེན་པོ་གཉིས་ལས། ཆུང་ངུ་ནི་སེམས་ཉིད་གནས་ལུགས་ཀྱི་ཕྱོགས་གང་ཟག་གི་བདག་མེད་དམ་བདག་མེད་ཕྱེད་དང་གཉིས་རྟོགས་པ་སྟེ། སྔ་མ་ནི་ཉན་ཐོས་དང་། ཕྱི་མ་ནི་རང་སངས་རྒྱས་སོ། །དེ་ཡང་ཉན་ཐོས་པ་ཆོས་བདག་གཟུང་ཡུལ་རྡུལ་ཕྲ་རབ་དང་། འཛིན་སེམས་སྐད་ཅིག་མ་དོན་དམ་དུ་འདོད་ཀྱང་། གང་ཟག་གི་བདག་གཟུང་ཡུལ་རགས་པ་དང་། འཛིན་སེམས་རྒྱུན་དང་བཅས་པ་ཀུན་རྫོབ་ཙམ་དུ་སྣང་བ་ལས་རང་བཞིན་མེད་པར་རྟོགས་པའོ། །དེ་ཡང་བྱེ་བྲག་པ་ནི་འདིར་ལྟར་སྣང་བ་སྒོ་ལྔའི་ཡུལ་རྣམས་ཕྱི་རོལ་གྱི་དོན་དུ་བདེན་པར་འདོད། མདོ་སྡེ་པ་ནི་འདི་ལྟར་སྣང་བ་ནི་སེམས་ཀྱི་རྣམ་པར་སྣང་བ་ཡིན་ལ། དེའི་ལྐོག་ན་དེ་དང་རིགས་འདྲའི་དོན་བདེན་རྫས་གྲུབ་ཅིག་ཡོད་པར་འདོད་དོ། །རང་རྒྱལ་ནི་གང་ཟག་གི་བདག་མེད་རྟོགས་པ་ཉན་ཐོས་དང་མཐུན་ལ། དེའི་སྟེང་དུ་ཆོས་ཀྱི་བདག་གི་གཟུང་ཆ་རྡུལ་ཕྲ་རབ་ཀྱང་རང་བཞིན་མེད་པར་རྟོགས་པའོ། །དེ་ལྟར་གཉིས་པ་ནི་ཕྱོགས་རྟོགས་སོ། །འདིར་ཕྱི་པ་མུ་སྟེགས་པ་དང་ནང་པ་སངས་རྒྱས་པའི་ཁྱད་པར་ནི་ལྟ་བ་གང་ཟག་གི་བདག་འདོད་ཅིང་། རྟག་གཅིག་བདེ་བ་རང་དབང་ཅན་དངོས་པོར་སྨྲ་བའམ། ཡང་ན་ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་མེད་པར་ལྟ་བ་དང་། སྐྱབས་གནས་དཀོན་ཆོག་གསུམ་ལ་སྐྱབས་སུ་མི་འགྲོ་ཞིང་། ཆོས་རྟོགས་ཀྱི་ཕྱག་རྒྱ་བཞི་ཁས་མི་ལེན་པ་ནི་ཕྱི་པ་མུ་སྟེགས་པ། དེ་ལས་ལྡོག་པ་ནང་པ་སངས་རྒྱས་པའོ། །ཡང་བདག་ཉིད་མ་རྟོགས་པ་ནི་སེམས་ཙམ་དང་དབུ་མ་སྟེ། སེམས་ཙམ་པ་རྣམ་བཅད་བཀག་ནས་ཡོངས་གཅོད་སེམས་སུ་འདོད་དེ། དེ་ཡང་རྣམ་བདེན་པ་ནི་དོན་དུ་སྣང་བ་ཐམས་ཅད་དོན་དུ་མི་བདེན་ཀྱང་ཤེས་ངོར་བདེན་པར་འདོད། དེའི་ནང་ནས་ཀྱང་རྣམ་རིག་པ། དོན་སེམས་གཉིས་ན་ཡིན་པ་གཅིག་ཡིན་པ། ཡོད་པ་ཐ་དད་དུ་ཡོད་པ། རྣམ་པ་མཚུངས་པ་སྟེ་རྣམ་རིག་གཉིས་སྒོ་ང་བཀས་པ་ལྟར་འདོད་དོ། །རྣམ་རྫུན་པ་ནི། རྣམ་པ་ནི་སེམས་ཀྱིས་སྒྲོ་བཏགས་པའི་སྒྲོ་བཏགས་ཙམ་སྣང་བ་ཡིན་པའི་ཕྱིར་བདེན་མེད་དུ་འདོད་དོ། །དབུ་མ་པ་ནི་རྣམ་བཅད་བཀག་ནས་ཡོངས་གཅོད་སྤྲོས་བྲལ་ལས་ཁས་མི་ལེན་པའོ། །དེ་ཡང་དབུ་མ་རང་རྒྱུད་པ་ནི་ཡང་དག་པའི་ཀུན་རྫོབ་པ་དང་། ལོག་པའི་ཀུན་རྫོབ་ཁྱད་པར་འབྱེད་ལ། ཐལ་འགྱུར་བ་ནི་ཡང་ལོག་ཁྱད་པར་མེད་པར་འདོད་དོ། །འདིར་ཐེག་པ་ཆུང་ངུ་དང་ཆེན་པོ་གཉིས་ཀྱི་ཁྱད་པར་ན ི་ཤེས་རབ་དང་སྙིང་རྗེས་ཕྱེ་བ་སྟེ། ཤེས་རབ་ཆུང་བས་བདག་མེད་གཉིས་ཀ་རྣལ་མར་རྟོགས་མི་ནུས། སྙིང་རྗེ་ཆུང་བས་གཞན་དོན་སྤྱོད་པར་མི་ནུས་པ་ནི་ཐིག་པ་ཆུང་ངུའོ། །ཤེས་རབ་ཆེ་བས་བདག་མེད་གཉིས་རྣལ་མར་རྟོགས་ནུས། སྙིང་རྗེ་ཆེ་བས་གཞན་དོན་འབའ་ཞིག་སྤྱོད་ནུས་པ་ནི་ཐེག་པ་ཆེན་པོ་སྟེ། ཇི་སྐད་དུ། ཐེག་པའི་ཁྱད་པར་ཤེས་རབ་སྙིང་རྗེས་ཏེ། །དེ་མིན་ཐེག་པ་ཆེན་པོར་ཁས་འཆེས་པ། །བོང་བུས་སེང་གེའི་པགས་པ་གྱོན་དང་མཚུངས། །ཞེས་སོ། །འབྲས་བུའི་ཐེག་པ་ལའང་གཉིས། ཕྱི་ཐུབ་པ་རྒྱུད་དང་། ནང་པ་ཐབས་ཀྱི་རྒྱུད་དོ། །སྔ་མ་ཕྱི་རྒྱུད་ནི་སྒོ་གསུམ་གྱི་བྱ་བས་རྒྱུད་འདུལ་གཙོ་བོར་བྱེད་པ་ཀྲི་ཡ་དང་ཨུ་པའོ། །ཏིང་ངེ་འཛིན་གྱི་དགོངས་པས་འབྲས་བུ་བསྒྲུབ་པ་གཙོ་བོར་བྱེད་པ་ཡོ་གའོ། །འདིར་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པའི་ཁྱད་པར་ནི་སེམས་ཉིད་སངས་རྒྱས་ཀྱི་རྒྱུ་རུ་འདོད་ཅིང་། དོན་དམ་བསྒྲུབ་བྱར་བྱས་ནས་ཀུན་རྫོབ་སྤང་བྱར་བྱེད་པ་ནི་མཚན་ཉིད་ཀྱི་ཐེག་པ། སེམས་ཉིད་སངས་རྒྱས་ཀྱི་འབྲས་བུར་འདོད་ཅིང་ཀུན་རྫོབ་ཀྱང་མི་སྤོང་བར་ལམ་དུ་བྱེད་པ་ནི་འབྲས་བུ་སྔགས་ཀྱི་ཐེག་པའོ། །ཕྱི་མ་ནང་རྒྱུད་ནི་སྔགས་ཀྱི་རྒྱུད་མན་ཆད་ལ་མེད་པའི་ལྟ་སྤྱོད་དང་ལྡན་པ་གསང་བ་མ་ཧཱ། ཨ་ནུ་གཉིས་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་རང་བཞིན་རང་བྱུང་གི་ཡེ་ཤེས་ཡེ་ནས་འབྲས་བུའི་ངོ་བོར་འདོད་པ་ཨ་ཏི་ཡོ་ག་སྟེ། དེ་ལྟར་བསྐྱེད་རྫོགས་གསུམ་མོ། །འདིར་སྔགས་ཕྱི་ནང་གི་ཁྱད་པར་གང་ཞེ་ན། ལྟ་སྤྱོད་ཏིང་ངེ་འཛིན་གསུམ་དབྱེར་མེད་དུ་འདོད་པ་སྔགས་ནང་པ། མི་འདོད་པ་སྔགས་ཕྱི་པའོ། །འོ་ན་སྔགས་ཕྱི་པ་དང་མཚན་ཉིད་པ་ལ་ཁྱད་པར་མེད་དམ་ཞེ་ན། ཡོད་དེ། ཀུན་རྫོབ་ལམ་དུ་བྱེད་མི་ནུས་པ་དང་ནུས་པའི་ཁྱད་པར་ཡོད་དོ། །སྔགས་ནང་པ་གསུམ་གྱི་ཁྱད་པར་ནི་སྤྱོད་པ་གཙོ་ཆེ་མ་ཧཱ། ཏིང་ངེ་འཛིན་གཙོ་ཆེ་ཨ་ནུ། ལྟ་བ་གཙོ་ཆེ་ཨ་ཏིའམ། ཡང་ན་བསྐྱེད་རིམ་དང་། རྫོགས་རིམ་དང་། ཟུང་འཇུག་གཙོ་གང་ཆེའི་ངོས་ནས་ཀྱང་བཏགས་སོ། །དེ་དག་རྟོགས་པར་དཀའ་བས་ན་གསང་བའི་དོན་དེ་འཇིག་རྟེན་ལས་འདས་པ་མཚོན་པར་བྱེད་པའི་སྒོའོ། །དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒོ་དེ་རྣམས་ཇི་ལྟ་བར་མཚོན་པ་ནི་ཡི་གེ་དང་མིང་ཚིག་ལ་སོགས་པ་སྟེ། རྟོགས་མ་རྟོགས་གཉིས་ཀའི་ཐ་སྙད་མཚོན་པར་བྱེད་པའི་སྒོའོ། །དེ་ཡང་ཡི་གེ་ཨའི་སྒྲ་ལས་བཏགས་པ་ཀ་ཁ་ལ་སོགས་པ་གསལ་བྱེད་སུམ་ཅུ་རྩ་བཞི་དང་། ཨ་ཨཱ་ལ་སོགས་པ་དབྱངས་ཡིག་བཅུ་གཉིས་དང་། སྒྲ་དབྱངས་གཉིས་ཀའི་ཆ་ལ་སྒྲིམས་པ་ཐུང་རིང་རྀ་རཱྀ་གཉིས། གློད་པ་ཐུང་རིང་ལྀ་ལཱྀ་གཉིས་མ་ནིང་གི་ཡི་གེ་བཞིའོ། །དེ་ལྟར་གསལ་བྱེད་དང་དབྱངས་ཀྱི་ཡི་གེ་འདུས་པ་ལས་མིང་། མིང་འདུས་པ་ལས་ཚིག་གི་ཚོགས་བྱུང་ལ། དེ་དག་ལ་བརྟེན་པའི་ཚིག་ཚོགས་གླེགས་བམ་གྱིས་དོན་རབ་ཏུ་མཚོན་ཏེ། བསྟན་པ་དང་ཐེག་པ་དུ་མར་སྣང་བ་ནི་མཚོན་པར་བྱེད་པའི་སྒོ་ཞེས་བྱའོ། །གང་མཚོན་པར་བྱེད་ན། མཚོན་བྱ་རང་བཞིན་གྱི་རྒྱུད་ཁོང་ནས་ཁོང་དུ་གབ་པ་རང་བཞིན་གསང་བའི་སྙིང་པོ་ཞེས་བྱ་བ། མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་ཀྱི་ཁོང་དུ་སྦས་པའི་རྒྱུད་དོན་དེའོ། །དེ་གང་གིས་འབྱིན་པར་བྱེད་ན་སྟོན་པ་གཉིས་ཀྱིས་ཏེ། གང་ཞེ་ན། མཚོན་བྱ་རང་བཞིན་གྱི་རྒྱུད་དོན་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་གནས་པ་རྟོག་པས་བསྒྲིབས་ཏེ་ངོ་མ་ཤེས་ཀྱང་སྟོན་པ་ཀུན་ཏུ་བཟང་པོའི་ཐུགས་ལ་གནས་ལ། མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་དོན་རྡོ་རྗེ་འཛིན་པའི་སློབ་དཔོན་གྱི་ཐུགས་ལ་གནས་པས་ན། དེ་ལྟར་སྟོན་པ་གཉིས་ཀྱིས་འབྱིན་པར་བྱེད་དོ། །ཚུལ་ཇི་ལྟར་ཞེ་ན། སྟོན་པ་ཀུན་ཏུ་བཟང་པོའི་ཐུགས་ལ་གབ་ཅིང་། ལམ་རྐྱེན་ཡི་གེའི་རྒྱུད་ཀྱི་ནང་དུ་སྦས་པའི་དོན་འདི་དག་རྒྱལ་བ་རྣམས་དགོངས་པ། རིགས་འཛིན་རྣམས་རིག་པ། གང་ཟག་རྣམས་སྙན་ཁུང་དུ་བརྒྱུད་ནས་རྡོ་རྗེ་འཛིན་པའི་སློབ་དཔོན་གྱིས་རྒྱུད་ཀྱི་དོན་རྣམས་དཀྲུགས་པ་བསྡེབས། གཅུས་པ་བསྲང་། གབ་པ་མངོན་དུ་འབྱུང་བའི་ཚུལ་གྱིས་འབྱིན་ནོ། །དགོས་ཆེད་ཅི་ཞེ་ན། གཟུ་ལུམ་ཅན་དང་རས་ཆོད་ཅན་ལ། གབ་ཅིང་སྦས་པའི་དོན་དེ་དག་སྣོད་དང་ལྡན་པའི་སློབ་བུ་ལ་བླ་མ་བརྒྱུད་པའི་མན་ངག་གིས་རྒྱུད་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་ཁོང་དུ་ཆུད་པར་བྱེད་པའོ། །རྒྱུ་མཚན་དེའི་ཕྱིར། ཕྱིར་གསང་སྔགས་རྡོ་རྗེ་ཐེག་པ། སྒོས་རྒྱུད་གཞུང་འདི་ཉིད། ཡང་སྒོས་སུ་ལེའུ་བཅུ་གསུམ་པ་འདིའང་ཚིག་བརྒྱུད་དང་། དོན་བརྒྱུད། སྙན་བརྒྱུད་གསུམ་འཛོམ་པར་བར་མ་ཆད་པའི་རྡོ་རྗེ་སློབ་དཔོན་ལ་རག་ལས་པར་ཤེས་པར་བྱའོ། །གཉིས་པ་མྱོང་བར་བྱེད་པའི་ཐབས། དྲང་། འདི་ལ་གཞུང་འདིའི་སྟེང་དུ་སྔོན་གྱི་བཤད་སྲོལ་རྙིང་པ་ལ་བསྐྱེད་པའི་རིམ་པའི་དབང་དུ་བསྟན་པ་དང་། རྫོགས་པའི་རིམ་པའི་དབང་དུ་བསྟན་པའི་བཤད་ལུགས་གཉིས་གསུང་། འགྲེལ་པ་སྤར་ཁབ་ནས། ཕྱི་བསྐྱེད་རིམ། ནང་རྫོགས་པའི་བསྐྱེད་རིམ། གསང་བ་རྫོགས་པའི་རྫོགས་རིམ་དང་བཤད་ལུགས་གསུམ་དུ་གསུང་། འགྲེལ་ཆུང་པིན་ཏརྠ་ནས། དཀྱིལ་འཁོར་བཅུ་གཉིས་དང་སྦྱར་བའི་བཤད་ལུགས་གཅིག་གསུང་། རྗེ་སྒྲོ་ཕུག་པའི་བཞེད་ཀྱིས་སྒྱུ་འཕྲུལ་ལམ་རིམ་གྱིས་རྒྱབ་བྱས་ནས་གྲོལ་ལམ་རིམ་གྱིས་པར་ལྟར་དུ་བཤད། །མན་ངག་ལྟ་ཕྲེང་གིས་རྒྱབ་བྱས་ནས་གྲོལ་ལམ་ཅིག་ཅར་བ་ལྟར་དུ་བཤད། ཐབས་ལམ་རིམ་གྱིས་པ་སྟེང་སྒོ་ལྟར་བཤད་པ། ཐབས་ལམ་ཅིག་ཅར་བ་འོག་སྒོ་ལྟར་བཤད་པ་བཤད་ལུགས་བཞི་རུ་འཐད་དམ་གསུམ་མོད་ཀྱི། ཕྱག་ལེན་དུ་བཤད་ལུགས་གསུམ་དུ་མཛད་དེ། གྲོལ་ལམ་རིམ་གྱིས་པ་དང་སྦྱར་ཏེ་ཕྱི་ལྟར་དུ་བཤད་པ། ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་ནང་ལྟར་བཤད་པ། ཐབས་ལམ་འོག་སྒོ་དང་སྦྱར་ཏེ་གསང་བ་ལྟར་བཤད་པ་དང་གསུམ་ལས། དང་པོ་ཕྱི་ལྟར་བཤད་ན། རང་བཞིན་ཉིད་ཀྱི་དཀྱིལ་འཁོར་བདེན་གསུམ་རིས་མེད་དུ་ལྡན་པའི་རང་རིག་དེ། འཁོར་འདས་ཐམས་ཅད་ལ་ཁྱབ་པར་གནས་པ་ནི་ལྟ་བ་དང་རང་གི་ངོ་བོའོ། །དེ་ལྟར་གནས་ལུགས་ཀྱི་དཀྱིལ་འཁོར་བདེན་གསུམ་རིས་མེད་དུ་ལྡན་པ་དེ། རྟོགས་པ་བཞི་དང་། དག་པ་གསུམ་དང་། མཉམ་པ་གཉིས་ཀྱི་གཏན་ཚིགས་ཀྱི་སྒོ་ནས་རྟོགས་པར་གྱིས་ཤིག་ཅེས་ལྟ་བ་རྟོགས་པར་གདམས་པའོ། །དེ་ལྟར་གཉིས་ནི་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ཡིན་ནོ། །རང་བཞིན་གནས་ལུགས་ཆོས་ཉིད་དོན་གྱི་དཀྱིལ་འཁོར་དེ་ལ་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་བསྒོམ་པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །དོན་དམ་སྤྲོས་བྲལ་གྱི་དཀྱིལ་འཁོར་དེ་ལྟར་ཡིན་ཀྱང་ཀུན་རྫོབ་སྒྱུ་མའི་དཀྱིལ་འཁོར་སྙིང་རྗེ་ཆེན་པོ་ནམ་མཁའ་དང་མཉམ་པར་བསྒོོམ་པ་ལས་བྱུང་བ་ནི་ཀུན་ཏུ་སྣང་གི་ཏིང་ངེ་ཛིན་ནོ། །སྟོང་པ་དང་སྙིང་རྗེ་རྒྱ་མི་འབྲལ་བར་བྱ་བའི་ཕྱིར་ཡི་གེ་བཞི་བཅུ་རྩ་གསུམ་ལ་སེམས་སྦྱང་ཞིང་། དེ་ཐམས་ཅད་ཀྱང་ཐུགས་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོ་ཡི་གེ་ཧཱུཾ་གི་དཀྱིལ་འཁོར་དུ་གསལ་བར་བསྒོམ་པ་ནི་ཕྲ་བ་ཡི་འབྲུ་ལ་བསླབ་པའོ། །གསུང་ཡིག་འབྲུ་ཧཱུཾ་དེ་ཡོངས་སུ་གྱུར་པ་ལས་ཐུགས་ཕྱག་མཚན་རྡོ་རྗེ་རྩེ་ལྔ་པ། དེ་ཡང་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་སྐུའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྒོམ་པ་སྟེ། ཕྲ་བ་ཡིག་འབྲུ་བསྒོམ་པ་ལ་ལྟོས་ན་མཆོག་གོ། །དེ་གཉིས་ནི་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་ནོ། །དེ་ལྟར་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་དེ་ཉིད་ཕལ་གྱིས་རྟོགས་དཀའ་ཞིང་། གཅིག་ཏུ་ཟླུམ་པས་ན་གསང་བའི་ཐིག་ལེ་ཞེས་བྱའོ། །དེ་ཀ་དཀྱིལ་འཁོར་གྱི་ལྷ་དུ་མའི་འབྱུངས་ཁུངས་སུ་གྱུར་པས་ན་དབྱིངས་སོ། །དེ་ཡང་འབྱུང་བ་ལྔ་ནི་ཤེས་རབ་སྟེ་ཆ་ཕྲ་བ་རིགས་ཀྱི་ཡུམ་ལྔར་བསྒོམ་ཞིང་། ཆེན་པོ་ཕུང་པོ་ལྔ་ནི་ཐབས་ཏེ་རགས་པ་རིགས་ཀྱི་ཡབ་ལྔར་བསྒོམ་པའང་དེ་བཞིན་ཏེ། གཞན་ཡང་དབང་པོ་ལྔ་དང་། ཡུལ་ལྔ་དང་། དུས་བཞི་དང་། རིག་པ་སྟེ་རྣམ་པར་ཤེས་པ་ལྔ་དང་། ཤུགས་ལ་གསུམ་འདུས་ཀྱི་རེག་པ་དང་། གྱ་ཕྱི་ལོག་བཞི་རྣམས་ཀྱི་རྟོག་པ་ནི་བྱང་ཆུབ་སེམས་དཔའ་སེམས་མ་དང་། ཁྲོ་བོ་དང་ཁྲོ་མོ་རྣམས་ཏེ། ལྷ་རྟོགས་དབྱེར་མི་ཕྱེད་པ་ནི་རྡོ་རྗེའི་ཚོགས་ཞེས་བྱའོ། །ཡིད་དང་ཆོས་ཀྱི་རྟོག་པའི་སྤྱོད་ཡུལ་ཡོངས་སུ་དག་པས་ན་ཀུན་ཏུ་བཟང་པོ་དང་བཟང་མོ་ཐུབ་པ་དྲུག་དང་བཅས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཞི་བཅུ་རྩ་གཉིས་པོ་རྩ་བའི་ལྷ་ཡིན་ནོ། །རྩ་བའི་ལྷ་ཡབ་ཡུམ་ཆ་རེ་ལ་ཡང་ཡབ་ལ་ཡབ་དང་། ཡུམ་ལ་ཡུམ་བཀོད་པ་ཐབས་ཀྱི་ལྷ་བཞི་བཅུ་ལ་བདག་ཉིད་ཆེན་པོ་ཡེ་ཤེས་སེམས་དཔའ་རྩ་བའི་ལྷ་ཅི་འདྲ། མན་འདྲ་ཕྱག་མཚན་འཛིན་འཛིན་འདྲ་ལ་མི་འཛིན་པ། རྒྱན་དང་ཆ་ལུགས་རྣམ་པར་སྤངས་པ་རེ་རེ་བསྒོམ་པ་ནི་ཤེས་རབ་ཀྱི་ལྷ་བཞི་བཅུའོ། །ཐབས་ཀྱི་ལྷ་བཞི་བཅུ་པོ་རེ་རེ་ལ་ཡང་ལྷག་པའི་ལྷ་སྐུ་གསུང་ཐུགས་ཀྱི་གནས་སུ་རྣམ་སྣང་དང་། མཐའ་ཡས་དང་། མི་བསྐྱོད་པའི་ཆ་ལུགས་ཅན་རེ་རེ་བསྒོམ་ཞིང་། ལྷ་སུམ་སྟོང་བརྒྱད་བརྒྱད་བཞི་བཅུ་པོ་རེ་རེ་ལ་ཡང་ཐུགས་རིག་པ་རང་བྱུང་ཡེ་ཤེས་ཀྱི་སྣང་ཆ་ཡེ་ཤེས་ལྔ་མཚོན་པ་དབུ་རྒྱན་རིགས་ཀྱི་ལྷ་ལྔ་ལྔར་བལྟ་ཞིང་། དེ་ལྟར་ཡན་ལག་གི་ལྷ་ལྷག་པའི་ལྷ་དང་བཅས་པ་ཉི་ཁྲི་བཞི་སྟོང་པོ་ཐམས་ཅད་གསལ་བར་ཡུལ་གྱིས་མི་འཕྲོགས་པར་བསྒོམ་པ་ནི་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ། དེ་ནི་ཕྱག་རྒྱ་སྤྲོས་བཅས་སོ། །ལྟ་བ་དང་ཏིང་ངེ་འཛིན་མགོ་འབྱོར་པས་སེམས་ཉིད་ཡོ་བྱད་ལྔར་ཟླུམ་པས་ན་སྙིང་པོའི་ཐིག་ལེ་ཞེས་བྱའོ། །དེ་ཡང་བསྙེན་སྒྲུབ་ཀྱི་དོན་ལ་མཉམ་པར་སྦྱོར་བས་ཡོ་བྱད་ལྔ་ལ་སྤྱོད་བཞིན་མ་ཆགས་པ་བདེ་བའི་ཡེ་ཤེས་སོ། །ཐབས་ཀྱིས་སྣ་ཚོགས་སྣང་ནས་ཚིམ་པར་བྱེད་པའི་རོལ་མོ་ཡིས་རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་གསལ་བ་ནི་དགྱེས་པའི་མཆོག་ཡིན་ལ། དེ་ཀ་ལ་བདག་ཉིད་ཆེན་པོའི་མཆོད་པ་ཞེས་བྱ་སྟེ། ལྷ་ལ་ལྷ་ཐིམ་པར་མཆོད། ཆོས་ཉིད་ལ་ཆོས་ཉིད་རོལ་པའི་ཚུལ་དུ་དབུལ་བ་ནི་བར་ཆད་མེད་པའི་ལམ་ཚོམ་བུ་ཚོགས་སྒྲུབ་པ་སྟེ། དེ་རྣམས་ནི་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ཡིན་ནོ། །ཟག་པ་གསུམ་མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་གནས་སྐབས་ཀྱི་འབྲས་བུ་རིག་འཛིན་བཞི་ཐོབ་ཅིང་ཡེ་ཤེས་སྒྱུ་མའི་སྐུ་དང་ཆ་མཐུན་པར་རང་སྣང་བ་ནི་སེམས་ཉིད་གཞི་མ་ངེས་པས་ན་རོལ་མོའི་དཀྱིལ་འཁོར་ཏེ་ཡོན་ཏན་མཐའ་ཡས་པ་དང་ལྡན་པས་ན་ཟག་བཅས་ཀྱི་ལམ་ལས་མཆོག་ཏུ་གྱུར་པའོ། །རང་བཞིན་ཉིད་ཀྱི་དཀྱིལ་འཁོར་སྣང་སྟོང་དབྱེར་མི་ཕྱེད་པ་དེ་ནི་ཕལ་གྱི་ཡུལ་མ་ཡིན་ཞིང་སྤྲོས་པ་དང་བྲལ་བས་ན་གསང་བའི་ཐིག་ལེའོ། །དེ་ཉིད་ཀྱི་དོན་མཚན་ཉིད་གསུམ་གྱིས་མངོན་དུ་བྱས་པ་ནི་དབྱིངས་རྣམ་པར་དག་པ་ཟུང་འཇུག་ཆོས་ཀྱི་སྐུ་ཡིན་ནོ། །དེ་ནི་སངས་རྒྱས་ཀུན་གྱི་དངོས་གཞི་སྟེ། དེའི་ཡོན་ཏན་གྱི་ཆ་ལ་སྐུ་ལྔ་ལྷུན་གྱིས་གྲུབ་པས་ཕྱོགས་བཅུ་དང་དུས་བཞིའི་རྒྱལ་བ་ཐམས་ཅད་ཀྱང་མངོན་དུ་རྫོགས་པར་འགྱུར་པས་ན། སྐུ་ལྔ་གསུང་ལྔ་ཡོན་ཏན་ལྔ་ཕྲིན་ལས་ལྔ་ཐུགས་ལྔ་སྟེ་ཉི་ཤུ་རྩ་ལྔ་ལ་སོགས་པ་མ་ལུས་པ་ཐོབ་པ་ནི་བདག་ཉིད་ཀྱི་ཞལ་བདག་ཉིད་ཀྱིས་མཐོང་བའི་ཕྱིར། རང་རིག་པའི་ཡེ་ཤེས་ཀྱིས་འཁོར་འདས་ཀྱི་ཆོས་ལ་དབང་སྒྱུར་བའི་མཆོག་ཉིད་དམ་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཐོབ་པ་ཡིན་ཏེ། དེ་དག་ནི་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་ཡིན་ནོ། །ཡང་བཤད་ལུགས་གཉིས་པ་ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་བཤད་ན། སྙིང་ག་ཆོས་ཀྱི་འཁོར་ལོ་བསྒོམ་པའང་ཀུན་ཏུ་བཟང་པོའི་མན་ངག་ནི། དཀྱིལ་འཁོར་ལྡན་པའི་ཞེས་པས་སྙིང་ག་ཆོས་ཀྱི་འཁོར་ལོ་ཙིཏྟ་སྨུག་པོ་གུར་ཕུབ་པ་འདྲ་བའི་ནང་ན་རང་བཞིན་གྱི་དཀྱིལ་འཁོར་ཡེ་ནས་གནས་པའི་རྟགས་སུ་དྭངས་མ་ལྔ། ཡུམ་ལྔ། ཡེ་ཤེས་ལྔ། སྐུ་ལྔ་རང་བཞིན་གྱིས་གནས་ཏེ། དེ་ཡང་རྩའི་དྭངས་མ་དར་དཀར་གྱི་སྐུད་པ་ལྟ་བུ། འབྱུང་བ་དང་སྦྱར་ནས། ཡུམ་དང་སྦྱར་ན་སངས་རྒྱས་སྤྱན། ཡེ་ཤེས་དང་སྦྱར་ན་མེ་ལོང་ལྟ་བུ། སྐུ་དང་སྦྱར་ན་མངོན་པར་བྱང་ཆུབ་པའི་སྐུའོ། །དེ་ན་ཁྲག་གི་དྭངས་མ་མཚལ་ཅོག་ལ་མ་བཅག་པའི་ཁུ་བ་ལྟ་བུ། འབྱུང་བ་ན་ཆུ། ཡུམ་ན་མཱ་མ་ཀཱི། ཡེ་ཤེས་ན་མཉམ་པ་ཉིད། སྐུ་ན་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ན་མེའི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ་ཞིག་གནས་ཏེ། དེ་འབྱུང་བ་ན་མེ། ཡུམ་ན་གོས་དཀར་མོ། ཡེ་ཤེས་ན་སོ་སོར་རྟོག་པ། སྐུ་ན་རྡོ་རྗེའི་སྐུའོ། །དེ་ན་རླུང་གི་དྭངས་མ་གསེར་ས་འོག་བཞག་པའི་རླངས་ཙམ་ཞིག་གནས་ཏེ། འབྱུང་བ་ལ་ན་རླུང་། ཡུམ་ན་དམ་ཚིག་སྒྲོལ་མ། ཡེ་ཤེས་ན་བྱ་བ་གྲུབ་པ། སྐུ་ན་སྤྲུལ་པའི་སྐུའོ། །དེ་ན་ནམ་མཁའི་དྭངས་མ་བར་སྣང་སང་སེང་དུ་ཡོད་པ་ནི་འབྱུང་བ་དང་སྦྱར་ན་ནམ་མཁའ། ཡུམ་དང་སྦྱར་ན་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། ཡེ་ཤེས་ན་སྟོང་པ་ཉིད། སྐུ་དང་སྦྱར་ན་ཆོས་ཀྱི་སྐུའོ། །གཡས་ན་ཆོས་ཉིད་ཀྱི་རྩ་དཀར་པོ་ཟླུམ་པོ། སྦྱང་བའི་ས་བོན་ཨ་ནྲྀ། དེའི་བར་ན་སྦྱོང་བྱེད་ཀྱི་སྙིང་པོ་ཨཱོཾ། ཤེས་པ་ཀུན་གཞིའོ། །རྒྱབ་ཕྱོགས་སུ་ཡེ་ཤེས་ཀྱི་རྩ་སེར་པོ་གྲུ་བཞི། ས་བོན་སུ་ཏྲི། སྙིང་པོ་ཧཱུཾ། ཤེས་པ་ན་ཡིད། གཡོན་ཡོན་ཏན་གྱི་རྩ་དམར་པོ་ཟླ་གམ། ས་བོན་པྲེ་དུཿ སྙིང་པོ་ཨཾ། ཤེས་པ་ཉོན་མོངས་པ་ཅན་གྱི་ཡིད། མདུན་ན་རང་རྒྱུད་ཀྱི་རྩ་དམར་ནག་གྲུ་གསུམ། དེ་ན་སྦྱང་བྱ་དང་སྦྱོང་བྱེད་ཀྱི་ཡིག་འབྲུ་ནི་མེད་དེ། ཤེས་པ་ནི་སྒོ་ལྔ་གཉིད་དང་བཅས་པ་གནས་སོ། །དཀྱིལ་འཁོར་དེ་དག་བསྒོམས་པའི་སྟོབས་ཀྱིས་གསལ་བར་སྣང་ཡང་། མུ་སྟེགས་རྟག་པའི་འདོད་པ་ལྟར་བྱེད་པ་པོས་བྱས་པ་ནི་མ་ཡིན་གྱིས། སྒྲ་གནས་བདུན་པ་ལྟ་བུའི་ཡེ་ཤེས་ལྔའི་ངོ་བོ་ལ་ཙིཏྟ་དཀྱིལ་འཁོར་གྱི་དབུས་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་མེ་ཏོག་ཀུན་ད་ལྟ་བུ་འོད་སྣ་ཚོགས་ཅིར་ཡང་མ་ངེས་པ་མཐའ་ཐམས་ཅད་ལས་གྲོལ་བ་ཡུངས་ཀར་འབྲིང་ཚད་ཙམ་དུ་གནས་པ་དེ། རང་རིག་པའི་མངོན་སུམ་དུ་གསལ་བ་ཡུལ་གྱིས་མི་འཕྲོགས་པ་བསྒོམས་པར་བྱས་པས། དྭངས་མ་ལྔ་ཡེ་ཤེས་སྙིང་པོ་དང་དྲུག་གི་དཀྱིལ་འཁོར་དུ་རང་སྣང་བ་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའོ། །དེ་ལས་བྱུང་བ་ནི་སྤྱི་བོ་ཚངས་པའི་བུ་ག་ན་མར་ཡེ་ཤེས་སྙིང་པོའི་ཐིག་ལེ་ལ་སེམས་གཏད་དེ། བསྒོམས་པས། སྐུ་གསུང་ཐུགས་ཀྱི་ཐིག་ལེ་ལ་ཕོག་སྟེ་མགལ་དུམ་ལ་ཧས་བཏབ་པའི་ཚུལ་དུ་དཀར་སལ་ལེ་སོང་བ་ལས་ས་བོན་དྲུག་གཉིད་དང་བཅས་པ་སྦྱངས་ནས། དྭངས་མ་ལྔ་ཡེ་ཤེས་ཀྱི་སྙིང་པོ་ལ་བསྡུས་ཏེ་བདེ་བའི་ཡེ་ཤེས་འབྱུང་བའོ། །བདེ་བའི་ཡེ་ཤེས་དེ་ཉིད་ཀྱི་ངོ་བོ་ནི་དམིགས་སུ་མེད་པ་མཐའ་ཐམས་ཅད་དང་བྲལ་བ་ཐུགས་ཀྱི་དཀྱིལ་འཁོར་རོ། །ཡེ་ཤེས་ལྔའི་ངོ་བོར་རང་གསལ་བའི་དཀྱིལ་འཁོར་དེའི་གོང་ན་གཞན་མེད་པས་ན་མཆོག་གོ། །དེ་ནི་རྒྱུ་འབྲས་གཉིས་སུ་མེད་པ་ཀུན་ཏུ་བཟང་པོའི་མན་ངག་གོ། །ལྟེ་བ་སྤྲུལ་པའི་འཁོར་ལོའམ་ཀུན་ཏུ་བཟང་པོའི་མན་ངག་ནི། ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་ན་དབྱིངས་ཕྱུག་ལྔའི་ཐིག་ལེ་ཞེས་བྱ་བ་ཡི་གེ་ཨ་ཐུང་གི་དབྱིབས་སུ་གནས་ཏེ། ཡུམ་གྱི་གསང་བའི་མཁའི་སྣ་རྩེའི་ཐིག་ལེ་དང་འབྲེལ་ནས་གནས་སོ། །སྙིང་ག་ན་མར་ལ་ཨ་ལ་སེམས་གཏད་དེ་བསྒོམས་པས་རྩ་ཨ་ཝ་དྷཱུ་ཏི་ན་མར་མེ་སྣ་དམར་ནར་གྱིས་སོང་བས་དབྱིངས་ཕྱུག་ལྔའི་ཐིག་ལེ་ལ་ཕོག་སྟེ་འོད་དུ་ཞུ་བས། རྩ་འདབ་དྲུག་ཅུ་རྩ་བཞིའི་རྟོག་ཚོགས་ཀྱི་ཐིག་ལེ་རྣམས་ཞུ་སྟེ། ཞག་དཀར་འོ་མས་བུས་པ་བཞིན་སོང་ཙ་ན་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་གསལ་ཞིང་། དེ་དག་འབྱུང་བའི་རྒྱུར་གྱུར་པས་དཀྱིལ་འཁོར་གྱི་དབྱིངས་སོ། །འབྱུང་ལུགས་ནི་འབྱུང་བ་ཆ་ཕྲ་བ་ཤེས་རབ་སྟེ་རིགས་ཀྱི་ཡུམ་དུ་གསལ་ཞིང་། ཆེན་པོ་ཕུང་པོ་ལྔ་རིགས་ཀྱི་ཡབ་ལྔར་གསལ་བས་ན་དེ་བཞིན་ཏེ་ཞེས་སྦྱར་རོ། །བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །ཞེས་པ་ནི། དབང་པོ་བཞི་ཕྱིའི་བྱང་ཆུབ་སེམས་དཔའ་བཞི། ཡུལ་བཞི་ནང་གི་སེམས་མ་བཞི། དུས་བཞི་ཕྱིའི་སེམས་མ་བཞི། རིག་པ་རྣམ་ཤེས་བཞི་ནང་གི་སེམས་དཔའ་བཞིའོ། །རྣམས་ཞེས་པའི་སྒྲས་གསང་བའི་དབང་པོ་དང་། གསང་བའི་རྣམ་ཤེས་དང་། གསང་བའི་ཡུམ་དང་། གསུམ་འདུས་ཀྱི་རེག་པ་དང་བཞི་ནི་སྒོ་བ་བཞི། རྟག་ཆད་བདག་མཚན་མ་ཡིན་པའི་གྱ་ཕྱི་ལོག་བཞི་ནི་སྒོ་མ་བཞིར་གསལ་བའོ། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། །ཞེས་པ་ནི། རྟོག་ཚོགས་ཐམས་ཅད་བདེ་བའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་དག་པའོ། །དེས་ན་འཁོར་འདས་ཐམས་ཅད་ཡིད་རང་བྱུང་གི་ཡེ་ཤེས་ཁོ་ནའི་ཕྱིར་བདག་ཉིད་ཆེན་པོ་ཞེས་བྱའོ། །དེ་ཡང་སྙིང་ག་ཆོས་ཀྱི་འཁོར་ལོ་ལ་ཡང་དང་ཡང་དུ་བསྒོམས་པའི་སྟོབས་ཀྱིས་རང་ལ་རང་གསལ་བའི་ལྷག་པའི་ཡེ་ཤེས་སོ། །ཡེ་ཤེས་ལྔའི་ངོ་བོ་ཡང་ཐུགས་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་འདུས་པས། འཁོར་ལོ་གནས་དང་བཅས་པ་བསྒོམ་པའི་ལས་ཀྱིས་ཐ་དད་ལྟར་སྣང་ཡང་། རང་རིག་པའི་ཡེ་ཤེས་ལ་བལྟ་བྱ་ལྟ་བྱེད་མེད་པའི་ཚུལ་གྱིས་ཡེ་ཤེས་ལྔའི་ངོ་བོ་ལ་ལྟ་ཞིང་ཉམས་སུ་ལེན་པ་ནི་ལྟེ་བ་སྤྲུལ་པའི་འཁོར་ལོར་བསྒོམ་པའི་མན་ངག་གོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་བསྒོམ་པའམ་སྦྱོར་བ་དག་པའི་མན་ངག་ནི། མགྲིན་པའི་རྩ་འདབ་བཅུ་དྲུག་གི་དབུས་ན་མཁའ་འགྲོ་མ་རྔམ་མ་ཞེས་བྱ་བ་ཡི་གེ་ཨཱཾ་གི་དབྱིབས་སུ་གནས་པ་དེ་ལ་བཟའ་བཅའི་བཅུད་འདུས་ཤིང་སྙིང་པོའི་ཐིག་ལེའོ། །སྙིང་ག་ནས་འོད་ཟེར་གྱེན་དུ་སོང་བས་ལོངས་སྤྱོད་ཀྱི་ཐིག་ལེ་ལ་ཕོག་པས་རྟོག་ཚོགས་ཀྱི་ཐིག་ལེ་འཁྱགས་པ་བཞུ་སྟེ། ཞག་དཀར་པོ་འོ་མས་བུས་པ་ལྟར་སོང་བ་ལ་མཉམ་བཞག་གི་སྦྱོར་བས་ཐིག་ལེ་དེ་དག་ཞུ་བ་ལས་རོ་དྲུག་པོ་བདེ་བའི་ཡེ་ཤེས་སུ་གསལ་ཞིང་། ཡིད་ཚིམ་པར་བྱེད་པས་ན་རོལ་མོའི་ཡེ་ཤེས་ཞེས་བྱ་སྟེ། སྡུག་བསྔལ་གྱིས་གདུང་བ་མེད་པའི་དགྱེས་པ་ཆེན་པོ་དེ་ལ། བདེ་བའི་ཡེ་ཤེས་མྱོང་བྱ་མྱོང་བྱེད་མེད་པར་གནས་སུ་སྟོབས་པས་ན་མཆོད་པ་དབུལ་བ་ཞེས་བྱའོ། །དེ་ལྟར་སྤྱོད་ལ་མི་འཛིན་པ་ནི་སྦྱོར་བ་དག་པའི་མན་ངག་གོ། །ཀླད་པ་བདེ་ཆེན་གྱི་འཁོར་ལོ་བསྒོམ་པའམ་ཁྱབ་གདལ་ཆེན་པོའི་མན་ངག་ནི། ཀླད་པའི་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་དབུས་ན་ཀུན་ཏུ་བཟང་པོའི་ཐིག་ལེ་ཡི་གེ་ཧཾ་གི་དབྱིབས་སུ་གནས་ཏེ། དེ་བསྒོམས་པའི་སྟོབས་ཀྱིས་ཟག་པ་མེད་པའི་བདེ་བ་ཉམས་སུ་མྱོང་བའི་བསོད་ནམས་ཀྱི་ཚོགས་ཀྱིས་དངོས་པོ་དང་མཚན་མར་དངོས་པོ་དང་མཚན་མར་འཛིན་པའི་དྲི་མ་དག་ནས་ཡེ་ཤེས་སུ་སྒྱུ་མར་རང་སྣང་བའོ། །སྙིང་ག་མེ་སྣ་ཡར་སོང་སྟེ་ལོངས་སྤྱོད་ཀྱི་ཐིག་ལེ་ལ་ཕོག །དེ་ནས་ཡར་སྤྱི་བོ་ཚངས་པའི་བུ་ག་ནས་འཐོན་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕོག་པས་འོད་དུ་ཞུ་ནས། བདེ་ཆེན་གྱི་འཁོར་ལོ་ན་ཐིག་ལེ་ཧཾ་ཡོད་པ་ལ་ཐིམ་པས། ཧཾ་ཞུ་བ་ལས་རྩ་འདབ་སོ་གཉིས་ཀྱི་རྟོག་ཚོགས་ཀྱི་ཐིག་ལེ་འོད་དུ་ཞུ་སྟེ། ཞག་དཀར་འོ་མས་བརྒྱངས་པ་བཞིན་དུ་སོང་བ་དང་། རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག །ཅེས་པས། ཟག་མེད་ཀྱི་བདེ་བས་ལུས་མགོ་མཇུག་ལ་ཁྱབ་ཙ་ན་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བའོ། །དེ་ཡང་རྟོགས་དཀའ་བས་ན་གསང་བས་ཏེ། བཅུད་འདུས་པའི་ཐིག་ལེ་དེ་ཉིད་ཀྱི་འབྱུང་ཁུངས་སུ་གྱུར་པས་ན་དབྱིངས་ཞེས་བྱ་སྟེ། བདེ་བའི་ཡེ་ཤེས་དེ་ནི་སངས་རྒྱས་ཀུན་གྱི་དགོངས་པའི་དངོས་གཞིའོ། །དེས་ན་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་ཆོས་ཐམས་ཅད་རང་རིག་པའི་མངོན་སུམ་དུ་རྫོགས་པས་སངས་རྒྱས་ཀུན་གྱི་སྐུ་དང་གསུང་དང་ཡོན་ཏན་དང་ཕྲིན་ལས་དང་ཐུགས་རྣམ་ལྔའམ། ཉེར་ལྔ་མ་ལུས་པར་བདག་ཉིད་ཀྱི་ཞལ་བདག་ཉིད་ཀྱིས་མཐོང་བའོ། །དེས་ནི་རིག་པ་ལ་རང་དབང་སྒྱུར་བའི་ཕྱིར་ན་ལམ་གྱི་ནང་ནས་མཆོག་ཉིད་དང་ཐབས་ཀྱི་ནང་ནས་དམ་པ་ཡིན་ནོ། །གསང་བ་ལྟར་བཤད་པ་ལ་གསུམ་སྟེ། དང་པོ་ཐབས་ཉིད་ཤེས་རབ་ཏུ་སྦྱོར་བ་ནི་གསང་བའི་དཀྱིལ་འཁོར་བདེ་བའི་ཡེ་ཤེས་ཀྱི་རོ་དང་ལྡན་པའི་དོན་དེ་གསང་བའི་ལུང་མན་ངག་རིག་པ་གསུམ་གྱིས་གཏན་ལ་ཕབ་སྟེ། རྟོགས་པར་བྱེད་པའི་དཀྱིལ་འཁོར་གྱི་འཁོར་ལོ་བཞི་བསྒོམ་པའི་དཀྱིལ་འཁོར་ལ་ནི་བདེ་བའི་ཡེ་ཤེས་སྐྱེད་པར་བྱེད་པའི་དཀྱིལ་འཁོར་བསྒོམ་པའོ། །དེ་ཡང་ཡུམ་གྱི་མཁའ་སྐྱེ་མཆེད་བྱིན་གྱིས་བརླབས་ཏེ། སྦྱོར་བའི་བརྡ་བསྣོལ་མར་བསྐུལ་ཞིང་ཡབ་ཐབས་ཀྱི་དཀྱིལ་འཁོར་དང་། ཡུམ་ཤེས་རབ་ཀྱི་དཀྱིལ་འཁོར་གཉིས་སུ་མེད་པ་ལས་བདེ་བའི་ཡེ་ཤེས་འབྱུང་བའོ། །ཡབ་ཀྱི་ཟླ་བ་བྱང་ཆུབ་ཀྱི་སེམས་ལ་དོན་དམ་གྱི་ཡེ་ཤེས་སྐྱེ་བ་ནི་མི་དམིགས་མཐའ་དང་བྲལ་བས་ཐུགས་ཀྱི་དཀྱིལ་འཁོར་རོ། །ཡབ་ཀྱི་ཐིག་ལེ་རྡོ་རྗེ་བུམ་པའི་ནང་ན་གནས་པའི་དུས་ན་ཁམས་ལྔའི་བཅུད་འདུས་ཤིང་། ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་རང་སྣང་བས་དཀྱིལ་འཁོར་གྱི་མཆོག་གོ། །དེ་ནི་ཐབས་ཉིད་ཡེ་ཤེས་རབ་ཏུ་སྦྱོར་བའི། ཤེས་རབ་ཉིད་ཐབས་སུ་སྦྱོར་བ་ནི་ཉི་མ་བྱང་ཆུབ་ཀྱི་ཐིག་ལེ་ལ་རྩ་གནས་ཐམས་ཅད་ཀྱི་བཅུད་འདུས་པ་དེ་རྟོགས་དཀའ་བས་གསང་བའི་ཐིག་ལེ་དེ་ཉིད་ཐབས་ཀྱིས་མ་ཟིན་པ་ལས་འཁོར་བ་འབྱུ ང་བའི་རྒྱུར་འགྱུར་ལ། ཐབས་ཀྱིས་ཟིན་ན་རྟོག་ཚོགས་དང་སྐུ་དང་ཡེ་ཤེས་སུ་འབྱུང་བས་དཀྱིལ་འཁོར་གྱི་དབྱིངས་སོ། །དེ་ཇི་ལྟར་འབྱུང་ཞེ་ན། ཕྲ་བ་ནི་ཤེས་རབ་སྟེ་རིགས་ཀྱི་ཡུམ་མོ། །ཆེན་པོ་ནི་ཕུང་པོ་ལྔ་སྟེ་རིགས་ཀྱི་དེ་བཞིན་གཤེགས་པ་ཡབ་ལྔའོ། །འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ནི་ལྟ་བའི་སྒྲིབ་པ་འཇོམས་པའི་ཕྱིར་རྡོ་རྗེའི་ཚོགས་སོ། །དེ་ཡང་དབང་པོ་བཞི་ནི་ཕྱིའི་བྱང་ཆུབ་སེམས་དཔའ། རིག་པ་རྣམ་ཤེས་བཞི་ནི་ནང་གི་སེམས་དཔའ། ཡུལ་བཞི་ནི་ནང་གི་སེམས་མ། དུས་བཞི་ནི་ཕྱིའི་སེམས་མའོ། །རྣམས་ཀྱི་སྒྲས་གསང་བའི་དབང་པོ། ཡུལ། རྣམ་ཤེས། གསུམ་འདུས་ཀྱི་རེག་པ་དང་བཞི་ནི་སྒོ་བ་བཞི། རྟག་ཆད་མུ་བཞི་གྱ་ཕྱི་ལོག་ནི་སྒོ་མ་བཞི། ཡིད་ཆོས་ཀུན་བཟང་ཡབ་ཡུམ། ཉོན་མོངས་པ་དྲུག་ཐུབ་པ་དྲུག་ཏུ་གསལ་བས། རྟོག་ཚོགས་ཀྱི་ཐིག་ལེ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་ཏེ་སྤྱོད་ཡུལ་ཡོངས་སུ་དག་པས་ན། ཀུན་ཏུ་བཟང་པོའི་དཀྱིལ་འཁོར་དེ་ལ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཟག་པ་མེད་པའི་བདག་ཉིད་ཆེན་པོ་དེ་ཉམས་སུ་བླངས་པའི་དུས་སུ་བདེ་བའི་ཡེ་ཤེས་ཁྱད་པར་ཅན་མྱོང་བས་ན་ལྷག་པའི་ཐུགས་སམ་སངས་རྒྱས་ཀྱི་དགོངས་པའི་ངོ་བོ་ཡེ་ཤེས་ལྔ་བལྟ་བྱ་ལྟ་བྱེད་མེད་པའི་ཚུལ་གྱིས་ལྟ་ཞིང་། ཡུམ་གྱི་ཉི་མ་བྱང་སེམས་པདྨའི་ཟེ་འབྲུར་གནས་པའི་ཚེ། ཉི་མ་བྱང་སེམས་དེ་ཉིད་སྐུ་དང་ཡེ་ཤེས་དཀྱིལ་འཁོར་དུ་གསལ་བས་ཤེས་རབ་ཉིད་ཐབས་སུ་སྦྱོར་བའོ། །ཐབས་ཤེས་རབ་གཉིས་མེད་དུ་སྦྱོར་བ་ནི་ཉི་ཟླ་གཉིས་སུ་མེད་པའི་ཐིག་ལེ་ལ་ཡབ་ཡུམ་གྱི་རྩ་ཐམས་ཅད་ཀྱི་བཅུད་འདུས་པས་སྙིང་པོའི་ཐིག་ལེའོ། །ཡབ་ཀྱི་ཟླ་བ་བྱང་ཆུབ་ཀྱི་སེམས་དང་ཡུམ་གྱི་ཉི་མ་བྱང་སེམས་གཉིས་རོ་མཉམ་ཞིང་གཉིས་མེད་དུ་སྦྱོར་བས། མཐའ་གཉིས་ལས་གྲོལ་བའི་དངོས་པོ་ལྷན་ཅིག་སྐྱེས་པ་བདེ་བའི་ཡེ་ཤེས་དེ། ལམ་པས་ཉམས་སུ་མྱོང་ཞིང་ཚིམ་པས་ནི་རོལ་མོའི་ཡེ་ཤེས་ཞེས་བྱའོ། །དགའ་བ་བཅུ་དྲུག་གི་རིམ་པས་མས་བཟློག་པའི་བདེ་བ་ཉམས་སུ་མྱོང་བས་དགྱེས་པ་སྟེ། དེ་ཀ་ལ་ཐིག་ལེ་བདེ་བའི་ཡེ་ཤེས་མཆོད་པ་དབུལ་བ་ཞེས་བྱའོ། །དེ་ལ་ཉོན་མོངས་པ་དང་རྣམ་རྟོག་གི་ཟག་པ་མེད་པའི་ཡེ་ཤེས་མེད་པའི་ཡེ་ཤེས་རོ་མ་འགགས་པར་མྱོང་བ་བསོད་ནམས་ཀྱི་ཚོགས་ཀྱིས། བདེ་བའི་ཡེ་ཤེས་སྣང་ལ་འཛིན་མེད་སྒྱུ་མ་ལྟ་བུ་ཉམས་སུ་མྱོང་བས་འདོད་ཆགས་ཉིད་བདེ་བའི་ཡེ་ཤེས་སུ་རང་སྣང་ལ། དེ་ཉིད་སྐུ་དང་ཡེ་ཤེས་སུ་གསལ་བས་ཡིད་ཚིམ་པར་བྱེད་པས་ན་རོལ་མོའི་དཀྱིལ་འཁོར་ཏེ། དེ་ཉིད་བསམ་གྱིས་མི་ཁྱབ་པས་ན་མཐའ་ཡས་པའི་མཆོག་གོ། །ཉི་ཟླ་གཉིས་མེད་ཀྱི་ཡེ་ཤེས་རྟོགས་དཀའ་བ་གསང་བའི་ཐིག་ལེ་དེ་ཉིད་སྐུ་དང་ཡེ་ཤེས་ཀྱི་འབྱུང་ཁུངས་སུ་གྱུར་པས་ན་དབྱིངས་སོ། །དེ་ཀ་ལ་ཐབས་ཤེས་རབ་གཉིས་མེད་དུ་སྦྱོར་བ་ཞེས་བྱ་སྟེ། བདེ་བའི་ཡེ་ཤེས་དེ་ནི་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་དགོངས་པ་དངོས་སོ། །དེ་ལྟར་གྱུར་ཙམ་ན་ཕྱོགས་བཅུ་དུས་བཞི་རང་རིག་པའི་མངོན་སུམ་དུ་རྫོགས་པས་སྐུ་དང་གསུང་དང་ཡོན་ཏན་དང་ཕྲིན་ལས་དང་ཐུགས་རྣམ་ལྔའམ། ཉེར་ལྔར་ལྷུན་གྱིས་གྲུབ་པ་དེ་མངོན་དུ་བྱས་ཙམ་ན་འབྲས་བུ་ལྷག་མ་མ་ལུས་པ་གྲུབ་སྟེ་བདག་ཉིད་ཀྱི་ཞལ་མཐོང་བ་མེད་པའི་ཚུལ་གྱི་མཐོང་བའོ། །དེ་ནི་འདོད་ཆགས་བདེ་བའི་ཡེ་ཤེས་སུ་དབང་སྒྱུར་བའི་ལམ་གྱི་ནང་ནས་མཆོག་ཉིད་ཡིན་ལ། ཐབས་ཀྱི་ནང་ནས་དམ་པ་ཡིན་ནོ། །གསུམ་པ་མངོན་དུ་གྱུར་པའི་འབྲས་བུ། དྲང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བློ་བརྟན་པར་གནས་པའི་སྟོབས་ཀྱིས། རང་བཞིན་ཉིད་ཀྱི་དཀྱིལ་འཁོར་གཞི་དངོས་པོའི་གནས་ལུགས་དེ་ཉིད་མངོན་དུ་རྫོགས་པའི་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར། དཀྱིལ་འཁོར་བདུན་གྱིས་བསྡུས་པ་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པར་ལྷུན་གྱིས་གྲུབ་པས་ན། རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས། །ཞེས་བྱའོ། །དེ་ལྟར་དཀྱིལ་འཁོར་མ་ལུས་པ་རྫོགས་པའི་ཕྱིར་ན་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་གཉིས་རང་རིག་པའི་བདག་ཉིད་དུ་མཉམ་པར་སྦྱོར་བས་འགྲོ་བ་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་ཉིད་ལས་མི་གཞན་པ་ནི་གཉིས་སུ་མེད་པའི་ཐུགས་རྗེའི་དཀྱིལ་འཁོར་དུ་རང་སྣང་བས་ན། དུས་གནས་ཐམས་ཅད་དུ་མ་འགགས་པར་མ་བཙལ་ལྷུན་གྲུབ་ཏུ་ཡོངས་ཀྱིས་འབྱུང་བ་ཡིན་ཏེ། གང་ཞེ་ན། ཕྱོགས་བཅུ་དུས་བཞིས་བསྡུས་པ་རྒྱལ་བའི་དཀྱིལ་འཁོར་དུ་རང་སྣང་བས་གདུལ་བྱ་མི་འདོར་བར་འདུལ་བའི་ཕྱིར་སྡུག་བསྔལ་ལས་སྐྱོབ་པའི་མགོན་ཞེས་བྱའོ། །ཚུལ་ཇི་ལྟར་ཞེ་ན། དཔེ་སྒྱུ་མ་མཁན་གྱིས་སྤྲུལ་པའི་རྟ་གླང་སྣང་ཡང་བདེན་དངོས་ཀྱིས་སྟོང་པ་བཞིན། ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་གཟུགས་སྐུ་གཉིས་སུ་སྣང་ནས་འགྲོ་བ་སྒྲོལ་བར་བྱེད་པ་ཡིས་དོན་བྱ་བའི་ཡུལ་བྱེད་པའི་མཁན་པོ་དོན་བྱས་པའི་དངོས་པོ་དང་གསུམ་དུ་འཛིན་པ་མེད་པར་རང་རིག་པའི་དཀྱིལ་འཁོར་དུ་སྤྱོད་དོ། །བཞི་པ་འབྲས་བུ་དེ་བྱས་པ་མ་ཡིན་པར་རང་བྱུང་དུ་བསྟན་པ། དྲང་། རང་བྱུང་གི་ཡེ་ཤེས་ལ་འབྲས་བུའི་ཆོས་ཐམས་ཅད་ཡེ་ནས་རྫོགས་པའི་དཀྱིལ་འཁོར་སེམས་ཅན་ཐམས་ཅད་ལ་ཡེ་ནས་གནས་ཀྱང་། རང་གི་གཟུང་འཛིན་གྱི་རྟོག་པས་བསྒྲིབས་ནས་མ་རྟོགས་པ་དེ་རྟོགས་པར་བྱེད་པའི་ཐབས། ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་གྱིས་གནས་ལུགས་ཀྱི་དོན་ལ་བློ་མཉམ་པར་སྦྱོར་བའི་ཐབས་ཀྱིས་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་རིག་པའི་མངོན་སུམ་དུ་གསལ་བ་ནི་འཁོར་འདས་ཀྱི་ཆོས་ཀུན་ལ་ངམ་པ་སྟེ། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་རང་སྣང་བའོ། །ལམ་གྱི་ཚུལ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཐོབ་པ ར་བྱེད་པ་ལས་འདའ་བར་མི་མཛད་པས་ན་དམ་ཚིག་གི་མཆོག་ཅེས་བྱའོ། །ལྔ་པ་རྒྱུད་ལ་མཐོང་མོས་བྱས་པའི་ཡོན་ཏན། དྲང་། སྡིག་པའི་གྲོགས་དང་བྲལ་བས་བློ་ཕྱིན་ཅི་མ་ལོག་པའི་གང་ཟག་གང་ཞིག་གིས་རྒྱུད་སྡེ་ཟབ་མོ་འདིའམ་ལམ་ཉམས་སུ་ལེན་ཚུལ་འདི་ལ་མོས་པར་གྱུར་བ་ཙམ་ཀྱང་སངས་རྒྱས་ཀྱི་དཀྱིལ་འཁོར་ལྷག་མ་མ་ལུས་པ་ཐམས་ཅད་ཀྱིས། ཕྱོགས་བཅུ་ཀུན་ནས་དུས་བཞིན་ཐམས་ཅད་དུ་དཀྱིལ་འཁོར་མ་ལུས་པ་ཉེ་བར་བསྙེན་པར་བྱེད་པ་ཡི་ཉེ་བའི་སྲས་སུ་དགོངས་པར་འགྱུར་བ་ཡིན་ནོ། །དྲུག་པ་སྣོད་དང་ལྡན་པའི་ཡུལ་དུ་བསྟན་པ། དྲང་། བསྐལ་པ་ཆེན་པོ་ཞིང་གི་རྡུལ་སྙེད་དུ་ཤེས་རབ་རྣམ་པ་གསུམ་ལ་ཤིན་ཏུ་བློ་སྦྱངས་པ་ལ་རབ་ཏུ་གནས་ཤིང་དཀྱིལ་འཁོར་མ་ལུས་པ་མཆོད་ནས་བསྙེན་ཅིང་བསྒྲུབ་པའི་འབྲས་བུ་ནི། རང་བཞིན་གསང་བའི་སྙིང་པོ་བསྒྲུབ་བྱ་ཀུན་གྱི་མཐར་ཐུགས་ཏུ་གྱུར་པས་ན་ཆེན་པོ་འདི་ཡིན་ནོ། །ཏེ་ཞེས་པ་ནི་འཆད་པར་འགྱུར་བའི་ཆེ་བ་དང་འབྲེལ་བའོ། །བདུན་པ་མན་ངག་གི་ཆེ་བ་ལ་ཡང་གསུམ། བགྲང་། རྒྱལ་བའི་གཤེགས་ཤུལ་ཡིན་པའི་ཆེ་བ། དྲང་། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་གནས་ན་འདས་པ་དང་ད་ལྟར་བྱུང་བའི་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་ཀུན་ཀྱང་གསང་བའི་སྙིང་པོ་འདི་མཉན་པ་ལ་བརྟེན་ནས་རྒྱལ་བ་སྐུ་ལྔ་ལྷུན་གྱིས་རྫོགས་པ་ཡིན་པའི་ཕྱིར་རོ། །མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་ལམ་ཡིན་པའི་ཆེ་བ། དྲང་། དེ་ལྟར་འབྱུང་བའི་རྣལ་འབྱོར་པ་རྣམས་དང་མ་འོངས་པ་ནས་འབྱུང་བར་འགྱུར་པའི་རྣལ་འབྱོར་པ་ཐམས་ཅད་ཀུན་ཀྱང་རང་བཞིན་གསང་བའི་སྙིང་པོའི་དོན་རྟོགས་པ་འདི་ཡིས་སྐུ་ལྔ་ལྷུན་གྱིས་འགྲུབ་པར་འགྱུར་བ་ཡིན་ནོ། །དགོངས་པའི་ཞེ་ཕུགས་ཡིན་པའི་ཆེ་བའོ། །དྲང་། རང་བཞིན་གསང་བའི་སྙིང་པོ་འདི་ནི་ཡེ་ནས་གནས་པའི་ཆ་ནས་གཞི། དེ་ཉིད་ཉམས་སུ་ལེན་པའི་ཆ་ནས་ལམ། དེ་མངོན་དུ་གྱུར་པའི་ཆ་ནས་འབྲས་བུ་སྟེ། དེ་ལྟར་མཚན་གསུམ་དུ་བཏགས་ཀྱང་ངོ་བོ་ཐ་མི་དད་པ་ནི་ཐེག་པ་ཐུན་མོང་པ་རྣམས་ཀྱི་བློའི་སྤྱོད་ཡུལ་དུ་མ་གྱུར་པས་ན་གསང་ཆེན་ཞེས་བྱའོ། །དེ་ན་ངེས་པའི་དོན་མཐར་ཐུག་པ་འདི་ནི་འབྲས་བུ་ཡང་ཡིན་ལ་འདི་ཀ་ཉམས་སུ་ལེན་པའི་ཆ་ནས་ལམ་དུ་ཡང་གྱུར་པ་ཡིན་ནོ། །དེའི་ཕྱིར་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་རྣམས་ལ་ཡང་ཐུགས་ཀྱི་བརྣག་བྱར་གྱུར་པ་འདི་ལས་གསང་བའི་ངེས་དོན་གཞན་མེད་དེ། དེས་ན་གཞན་ནས་བཙལ་ཀྱང་རྟོགས་པ་མངོན་དུ་གྱུར་པའི་རྒྱལ་བས་ཀྱང་ཐོབ་པར་བྱར་མེད་པས་ན་མི་བརྙེས་སོ། །འདི་ལ་ཁ་ཅིག་ན་རེ། གསང་སྔགས་མ་ཧཱ་ཡོ་གའི་བའི་ལུགས་ཀྱིས་འབྲས་བུ་ལ་ལམ་དུ་བྱེད་དམ་མི་བྱེད། མི་བྱེད་ན་གཞུང་འདི་དང་འགལ། བྱེད་ན་སྨིན་པ་ལ་ལམ་དུ་བྱེད་དམ་མ་སྨིན་པ་ལ་ལམ་དུ་བྱེད། སྔ་མ་ལྟར་ན་ཐུག་པ་མེད་པ་ཐལ། སྨིན་ནའང་སྨིན་པ་ལ་ལམ་དུ་བྱ་དགོས་པའི་ཕྱིར་རོ། །ཁྱབ་པ་ཚད་མས་གྲུབ། འདོད་ན་ལམ་རིམ་ལས། མཐར་ཐུག་གསུམ་ཆ་ལས་བརྗོད། །ཅེས་མཐར་ཐུག་ཡོད་པར་བཤད་པས་གསལ་ལོ། །ཕྱི་མ་ལྟར་ན་འབྲས་བུ་རང་མ་ཡིན་པར་ཐལ། མ་སྨིན་པའི་ཕྱིར་རོ། །རྟགས་ཁྱབ་གང་མ་གྲུབ་ཀྱང་དམ་བཅའ་འབུད་དོ་ཞེ་ན། སྐྱོན་མེད་དེ། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ཀྱི་དབང་དུ་བྱས་ན་དེ་ལྟར་ཡིན་ཀྱང་། འདིར་ངོ་བོ་ཉིད་ཀྱི་རྒྱུ་འབྲས་ཀྱི་དབང་དུ་འབྲས་བུ་ནི་ཡེ་ནས་སྨིན་ཟིན་ཡིན་ལ། ཡིན་པ་ལ་ཡིན་པ་ལྟར་ཉམས་སུ་ལེན་པ་ནི་ལམ་དུ་བྱེད་པའོ། །དེའི་དགོས་ཆེད་ནི་ཡིན་པ་ལ་ཡིན་པ་ལྟར་མངོན་དུ་འགྱུར་བའོ། །དེའི་ཕྱིར་ན་གཞི་ལམ་འབྲས་བུ་ངོ་བོ་ཐ་མི་དད་པར་རྟོགས་ཤིང་ཉམས་སུ་ལེན་པ་ནི་འབྲས་བུ་རྡོ་རྗེ་ཐེག་པའི་ཁྱད་ཆོས་ཡིན་ནོ། །གལ་ཏེ་བརྒལ་ལན་གྱིས་མི་ལོ་ན། ཚེས་བརྒྱད་ཀྱི་ཟླ་བ་འདི་ཟླ་བ་ཡིན་ནམ་མ་ཡིན། ཞེས་པའམ། བུ་ཆུང་མི་ཡིན་ནམ་མིན་ཞེས་མགོ་བསྒྲེའོ་ཞེས་རྒྱ་གབ་གོང་པ་གསུང་ངོ་། །བརྒྱད་པ་སྣོད་ལྡན་ལ་སྦྱིན་པ། དྲང་། རྒྱལ་བ་ཀུན་གྱི་དགོངས་པ་དང་ཕྱག་རྒྱ་ཆེན་པོའི་མཆོག་རང་བཞིན་གསང་བའི་སྙིང་པོ་འདི་སུའི་སྤྱོད་ཡུལ་ཡིན་ཞེ་ན། ཐོས་པའི་ཤེས་རབ་རྔམ་པོ་ཟན་ཟ་བ་ལྟ་བུ་དང་། བསམ་པའི་ཤེས་རབ་གཟོབ་མོ་ཤ་ཟ་བ་ལྟ་བུ་དང་། སྒོམ་པའི་ཤེས་རབ་བུ་ཆུང་ཞུན་མར་ཟ་བ་ལྟ་བུ་སྟེ། དེ་ལྟར་ཤེས་རབ་གསུམ་ལ་བློ་རབ་ཏུ་སྦྱངས་པའི་སྟོབས་ཀྱིས་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཐོང་བའི་ཤེས་རབ་ཀྱི་མིག་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས་འདི་ཟུངས་ཤིག །སྣོད་ཁ་སྦུབ། ཞབས་རྡོལ། གཞོགས་རལ། དུག་ཅན་གྱི་སྐྱོན་དང་བཞི་བྲལ་བ། ཤེས་རབ་དང་སྙིང་རྗེ་ནོགས་ཐུབ་པས་སྣོད་ཀྱི་ཡོན་ཏན་ལྔ་དང་ལྡན་པ་སྟེ། གང་ཞེ་ན། ངང་ཆུ་བོ་ཆེན་པོའི་རྒྱུན་བཞིན་རིང་བ། ཚུལ་དགེ་སློང་གསར་བུ་ལྟར་ཞིབ་བ། བསམ་པ་རིན་པོ་ཆེ་གསེར་ལྟར་བཟང་བ་ལ་བློ་རི་རབ་ལྟར་བརྟན་ཅིང་མི་འགྱུར་བའམ། ཡང་ན་ཅིས་ཀྱང་སེམས་མི་འཁྲུག་པས་ངང་བཟང་། སྐྱེ་བོ་རྣམས་ཀྱི་སྤྱོད་པ་ལས་ལོག་པས་ཚུལ་ཤིས། བློ་མི་འགྱུར་བས་རབ་ཏུ་བརྟན་ཅིང་ལུས་དང་ལོངས་སྤྱོད་ཆོས་ཕྱིར་གཏོང་ཕོད་པ་ལ་སྦྱིན་པར་བྱའོ། །དགུ་པ་སྣོད་ངན་ལ་མི་སྦྱིན་ཞིང་བྱིན་པའི་ཉེས་དམིགས་བསྟན་པའོ། །དྲང་། བཤད་མ་ཐག་པའི་སྣོད་ལྡན་དེ་ལས་གཞན་དུ་ནམ་ཡང་སྦྱིན་པར་མི་བྱ་སྟེ། སྣོད་དང་མི་ལྡན་པའི་སློབ་མ་རྨོངས་པ་ལ་སློབ་དཔོན་རྨོངས་པ་མི་ཆོས་ཀྱི་ལྕམ་འཕྱར་ཆེ་བས་གལ་ཏེ་བྱིན་པར་གྱུར་ན། ཚེ་འདིར་ཡང་དུས་མིན་པར་ནི་སྲོག་ཟད་ནས་འཆི་བར་འགྱུར་ལ། ཤི་མ་ཐག་པ་སྲེག་པ་ཚ་བའི་དམྱལ་བ་བརྒྱད་དང་། སྦྲེབས་པ་གྲང་བའི་དམྱལ་བ་བརྒྱད་ལ་སོགས་པའི་སྡུག་བསྔལ་ལ་ཡུན་རིང་དུ་གནས་པར་འགྱུར་རོ། །འོ་ན་གོང་དུ། ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་། །ཞེས་པ་དང་། འདིར། སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ཞེས་པ་གཉིས་ལྡབས་སོ་ཞེ་ན། སྐྱོན་མེད་དེ། གོང་མ་ནི་ཐེག་པ་འོག་མ་རྣམས་ལ་སྦྱངས་པའི་འབྲས་བུ་འདི་ཉིད་འགྲུབ་ཚུལ་གྱི་སྒོ་ནས་སྨོས་ལ། སྐབས་འདི་ནི་སྣོད་ཀྱི་སྐྱོན་དང་ཡོན་ཏན་བསྟན་པ་ཡིན་པས་སོ། །ཡང་ལ་ལ་དག་ན་རེ། གསང་བའི་སྙིང་པོ་འདི་སྦྱངས་རྣོའི་ཡུལ་ཡིན་གྱིས་རང་རྣོའི་ཡུལ་མ་ཡིན་ནོ་ཞེས་སྨྲ་བ་དག་རིགས་པ་མ་ཡིན་ཏེ། དེ་ཚོད་དུ་ཟག་མེད་ཀྱི་ཆོས་ཉིད་དེ་མཐོང་ལམ་པའི་ཡུལ་ཡིན་གྱིས། མཐར་ལམ་པའི་ཡུལ་མ་ཡིན་ནོ་བྱས་པས། ཁོ་ན་རེ། མཐོང་ལམ་པས་མཐར་ལམ་བློ་ཆུང་བར་ཐལ་ཟེར་ན། འོ་ན་སྦྱངས་རྣོ་བས་རང་རྣོ་བློ་ཆུང་བར་ཐལ། རྟགས་ཁྱབ་མགོ་མཚུངས། འདོད་ན་འདིར་ཡང་འདོད་དོ། །ལམ་རིམ་ལས། ཐམས་ཅད་མཁྱེན་པའི་སྤྱན་མཆོག་འཆང་། །ཞེས་པས་གསལ་ལོ་ཟེར་ན། འོ་ན་ལམ་རིམ་ལས། མ་སྦྱངས་གྲུབ་པ་གསུམ་ཕྱིར་གྱིས། །ཞེས་པས་གསལ་ལོ། །ཞེས་མགོ་བསྒྲེའོ། །གཞུང་གསུངས་པའི་ཡོན་ཏན་ནོ། །དྲང་། ཞེས་དེ་བཞིན་གཤེགས་པ་ཉིད་སྟོན་འཁོར་དགོངས་པ་ཁྱད་པར་མེད་པས་ན་དེ་བཞིན་གཤེགས་པ་ཉིད་ལ་གོང་དུ་བསྟན་པའི་གཞུང་དོན་དེ་དག་ཆེད་དུ་བརྗོད་དོ། །ལེའུའི་མཚན་ནོ། །དྲང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འབྲུ་མཐུན། ཕལ་གྱི་ཡུལ་མ་ཡིན་ཞིང་རྟོགས་དཀའ་བས་ན་ཤིན་ཏུ་གསང་བ་བྱ་སླ་ཚེགས་ཆུང་དོན་ཆེན་པོ་ཏོན་པས་ན་མན་ངག་གི་གཅོད་ཅིང་མཚམས་འཛིན་པར་བྱེད་པས་ན་ལེའུ་སྟེ་ཡས་བགྲངས་བཅུ་གསུམ་པའི་དོན་དུ་གདའོ།། ༈ །།ད་ནི་ལེའུ་བཅུ་བཞི་པ་འཆད་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ན། རབས་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་དང་འབྲས་བུ་སྟོན། སྣང་བ་བཞི་ལས་ལམ་སྣང་དང་འབྲས་བུའི་སྣང་བ་སྟོན། མཚན་ཉིད་གསུམ་ལས་འབྲས་བུ་མཐར་ཕྱིན། ལམ་ལ་ཐབས་གྲོལ་གཉིས་ལས་གྲོལ་ལམ། རིམ་ཅིག་ཅར་གཉིས་ལས་གཉིས་ཀ་སྟོན། འབྲིང་གི་ཆོས་ཚོམས་ལྔ་རྒྱུད་དོན། དེ་ལ་བཅུ་ལས་བསྟོད་པའི་མཆོད་པ་སྟོན། ཞོར་ལ་དཀྱིལ་འཁོར་དང་ཕྲིན་ལས་སྟོན། ཐ་མའི་ཆོས་བཅུ་ལས་སྤྱི་འགྲོ་རྣམས་ཀྱིས་སྟོན་ནོ། །དེ་ལྟར་སྟོན་པའི་ལེའུ་བཅུ་བཞི་པ་འདི་ལ་གསུམ། བགྲང་། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། ཞི་བའི་དཀྱིལ་འཁོར་བསྟན་ནས་ད་བསྟོད་པ་སྟོན་པར་བྱེད་པས་ན་དེ་ནས་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ཡིན་པ་ལ། དེ་ལས་གཞན་པའི་སེལ་མེད་པ་དགྱེས་པ་ཆེན་པོའི་གླུ་དྲུག་འདི་དབྱངས་སུ་བསྙད་ནས་བླངས་སོ། །ལེའུའི་གཞུང་ལ་གཉིས་ཏེ། དངོས་དང་། གསུངས་པའི་ཚུལ་ལོ། །དངོས་ལ་དྲུག་སྟེ། བགྲང་། དང་པོ་སྐུ་ལྔ་ལ་བསྟོད་པ། དྲང་། ཨཱོཾ་ཡི་གེ་ཆ་ལྔ་པས་གླུའི་འགོ་འདྲེན་པ་སྟེ་ཡེ་ཤེས་ལྔ་མཚོན་པའོ། །ཕྱོགས་ཅུ་དང་དུས་བཞིའི་སྐུ་བཞིར་སྣང་བ་ཐམས་ཅད་ཀྱང་རང་རིག་པའི་ཡེ་ཤེས་གཅིག་གི་ངོ་བོ་ལ་ལྷུན་གྱིས་གྲུབ་པར་རྫོགས་པ་ནི་མངོན་པར་བྱང་ཆུབ་པའི་སྐུའོ། །ཡེ ཤེས་ལྔའི་དཀྱིལ་འཁོར་རྣམ་པར་མི་རྟོག་པའི་ངང་དུ་གསལ་བའི་ཐིག་ལེ་ཁྱབ་གདལ་ཆེན་པོ་ནི་ཆོས་ཀྱི་སྐུའོ། །ཟག་པ་མེད་པའི་བསོད་ནམས་ཀྱི་དཀྱིལ་འཁོར་དུ་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུའོ། །གདུལ་བྱ་ཐམས་ཅད་ལ་སྐུའི་སྣང་བ་སྣ་ཚོགས་སུ་སྣང་བ་སྤྲུལ་པའི་སྐུའོ། །སྣང་སྟོང་གཉིས་མེད་དུ་ཟླུམ་པས་ན་ཐིག་ལེ་སྟེ་ཆོས་ཀུན་དབྱེར་མེད་དུ་རྫོགས་པ་ནི་རྡོ་རྗེའི་སྐུའོ། །ཧོཿཞེས་བསྟོད་པའི་དོན་ལ་མཉེས་པའོ། །གསུང་ལྔ་ལ་བསྟོད་པ། དྲང་། ཨཱོཾ་འབྲུ་མཐུན་ལ། རྡོ་རྗེ་ནི་གསུང་ལྔ་སྐྱེ་འཇིགས་མེད་པར་དབྱེར་མི་ཕྱེད་པས་སོ། །བསོད་ནམས་ཀྱི་ངོ་བོ་སྒྲ་ཐམས་ཅད་མ་སྤངས་པར་རང་སྣང་བ་བརྗོད་པའི་ཚིག་གི་གསུང་ངོ་། །སྤྲོས་པ་མེད་པས་ན་ཐིག་ལེ་ཆེན་པོའི་རང་བཞིན་བརྗོད་པ་བྲལ་བ་སྐྱེ་མེད་དོན་གྱི་གསུང་ངོ་། །རྡོ་རྗེ་ཡེ་ཤེས་ལྔའི་དཀྱིལ་འཁོར་ནི་རང་རིག་པ་ལ་ལྡན་པས་ན་དེ་ཉིད་གསལ་བར་བརྡ་སྤྲོད་པ་མཉམ་ཉིད་རིག་པའི་གསུང་ངོ་། །རྡོ་རྗེ་སྒྲ་ཆེན་ནི་ཚིག་གཅིག་གིས་དོན་མཐའ་ཡས་པ་གོ་བར་བྱེད་པ་ཚངས་པར་དབྱངས་ཀྱི་གསུང་དང་། རྡོ་རྗེ་རྒྱལ་པོ་ནི་ཚིག་ཏུ་བརྗོད་པ་མེད་པ་ཉིད་བརྗོད་པ་དང་འདྲ་བར་གསལ་བར་དགོངས་པ་བརྡའི་གསུང་ངོ་། །ཐིག་ལེ་ཆེན་པོ་གྲགས་སྟོང་དབྱེར་མི་ཕྱེད་པ་སྟེ་ཡི་གེ་མེད་པ་རྡོ་རྗེའི་གསུང་ངོ་། །ཧོ་འབྲུ་མཐུན། ཐུགས་ལྔ་ལ་བསྟོད་པ། དྲང་། ཨཱོཾ་འབྲུ་མཐུན། སྐུ་མེ་ལོང་ལྟ་བུ། གསུང་སོ་སོར་རྟོག་པ། ཐུགས་སྟོང་པ་ཉིད་ཀྱི་ཡེ་ཤེས་གསུམ་རྫོགས་པའི་བདག་ཉིད་ཆེན་པོ་དེ་ལ་ཡོན་ཏན་མཉམ་པ་ཉིད་དང་ཕྲིན་ལས་བྱ་བ་གྲུབ་པ་ཡེ་ཤེས་ཀྱང་ཀུན་ཏུ་རྫོགས་པའོ། །ཡེ་གདོད་མ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡེ་ཤེས་ལྔའི་ངོ་བོར་ལྷུན་གྱིས་རྫོགས་ཏེ། སྤྱོད་ཡུལ་ཡོངས་སུ་དག་པས་ན་ཀུན་ཏུ་བཟང་པོའོ། །ཡེ་ཤེས་རེ་རེ་ལ་ཡང་ལྔ་ལྔ་འདུས་པའི་ཚོགས་ཆེན་རང་བྱུང་གི་ཡེ་ཤེས་གཅིག་ངོར་ཟླུམ་པས་ན་ཐིག་ལེ་ཆེན་པོའོ། །ཧོ་འབྲུ་མཐུན། ཡོན་ཏན་ལྔ་ལ་བསྟོད་པ། དྲང་། ཨཱོཾ་འབྲུ་མཐུན། ཅིར་ཡང་མི་དམིགས་པའི་རིག་པ་ཉིད་སྒྱུ་མ་ལྟ་བུར་འཁྲུལ་པ་སྣང་སྟོང་གཉིས་སུ་མེད་པར་མཉམ་པའི་དབྱིངས་གཞལ་ཡས་ཁང་གི་ཡོན་ཏན་ནོ། །རྒྱལ་བ་དྲུག་པའི་ཞིང་ཁམས་མཐའ་ཡས་པ་ཀུན་ཏུ་སྣང་ནས་དོན་མཛད་པ་ཞིང་ཁམས་ཀྱི་ཡོན་ཏན་ནོ། །བ་སྤུའི་བུ་ག་རེ་རེ་ནས་ཀྱང་འོད་ཟེར་སྣ་ཚོགས་པ་འཕྲོ་བ་ནི་འོད་ཟེར་གྱི་ཡོན་ཏན་ནོ། །འདོད་ཡོན་ལྔའི་ལྷ་མོ་རེ་རེ་ཡང་མཐའ་ཡས་པའི་འདོད་པའི་ཡོན་ཏན་ཀུན་ནས་ལྷུན་གྱིས་གྲུབ་ཅིང་། གཟུགས་ཀྱི་ལྷ་མོ་ལ་སོགས་པ་སྤྱན་ལ་སོགས་པ་ལ་ཐིམ་པ་ནི་ལོངས་སྤྱོད་ཀྱི་ཡོན་ཏན་ནོ། །དེ་ལས་གཞན་ཡང་ཡོན་ཏན་ནི་སྣ་ཚོགས་པ་སྟེ་སེང་གེ་ལ་སོགས་པའི་སེམས་ཅན་ལྔས་བཏེག་པའི་ཁྲིའི་སྟེང་དུ་སྐུ་ཟླ་བ་གསུང་ཉི་མ་ཐུགས་ཉེས་པའི་སྐྱོན་ཡིས་མ་གོས་པས་པདྨ་དང་། ཡོན་ཏན་ལྷུན་གྱིས་གྲུབ་པས་རིན་པོ་ཆེའི་ཁྲི་རྐང་ཆེན་པོར་རང་སྣང་བ་གདན་ཁྲིའི་ཡོན་ཏན་ནོ། །ཧོ་འབྲུ་མཐུན། ཕྲིན་ལས་ལྔ་ལ་བསྟོད་པ། དྲང་། ཨཱོཾ་འབྲུ་མཐུན། ཕྱོགས་བཅུའི་འཇིག་རྟེན་རྡུལ་ཕྲ་མོ་སྙེད་ཀྱི་དག་པ་ཆོས་སྐུའི། མ་དག་པ་སྤྲུལ་སྐུའི། བར་མ་ལོངས་སྐུའི་ཞིང་ཁམས་དང་གསུམ་དུ་རྒྱལ་བས་མཛད་པས་སེམས་ཅན་གྱི་དོན་མཛད་པའི་ཕྲིན་ལས་རྡུལ་ཕྲན་སྙེད་རྣམས་ཀྱང་ཞི་བའི། རྒྱས་པའི། དབང་གི། དྲག་པོའི་ཕྲིན་ལས་དང་བཞིར་འདུ་ལ། དེ་དག་མཛད་པའི་མཁན་པོ་སྤྲུལ་པའི་སྐུ་ཞིང་གི་རྡུལ་ཕྲན་ལས་འདས་པ་བསམ་གྱིས་མི་ཁྱབ་པ་མཐའ་ཡས་པ་རྣམས་ཀྱིས་དུས་སྐད་ཅིག་གམ་ཡུད་ཙམ་ལ་རྩོལ་བ་ལ་རག་མ་ལས་པར་ཕྲིན་ལས་བཞིས་དོན་མཛད་པ་ནི་ལྷུན་གྱིས་གྲུབ་པའི་ཕྲིན་ལས་སོ། །ཧོ་འབྲུ་མཐུན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་སྤྱིར་བསྟོད་པའོ། །དྲང་། ཨཱོཾ་འབྲུ་མཐུན། འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་ལྷག་མ་མ་ལུས་པར་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྔར་ཡེ་ནས་གནས་པ་ཡིན་ཏེ། གནས་ཚུལ་ཇི་ལྟར་ཞེ་ན། གངས་ཆེན་པོ་ལྔའི་དབུས་ན་མཚོ་གཅིག་ཡོ་ན་དེའི་ནང་དུ་གངས་ཆེན་པོའི་གཟུགས་བརྙན་ལྔ་འཆར་བ་བཞིན་དུ། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ནི་མཛད་པ་ཇི་ལྟར་སྣང་ཡང་གཅིག་གི་བདག་ཉིད་དུ་འདུས་པས་ན་ཆེན་པོའོ། །ཡང་མཚོ་ཆེན་པོ་ལྔའི་དབུས་ན་གངས་ཆེན་པོ་གཅིག་ཡོད་ན། མཚོ་རེ་རེའི་ནང་དུ་ཡང་གངས་ཆེན་པོའི་གཟུགས་བརྙན་རེ་རེ་སྣང་བ་བཞིན། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྔ་ཅར་གྱིས་རེ་རེ་ལའང་ཀུན་ཏུ་ཁྱབ་པ་ཡིན་ནོ། །དེའི་ཕྱིར་དཔེ་མཚོ་གཅིག་ཏུ་གངས་ལྔ་འཆར་ལ། གངས་གཅིག་མཚོ་ལྔར་འཆར་བའི་བཞིན་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི་སྣང་ཚུལ་ཀུན་གཅིག་ཏུ་བསྡུས་པ། གཅིག་ཀུན་ཏུ་འཆར་བས་ན་གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་ཡིན་ཏེ། དེའི་ཕྱིར་ཐིག་ལེ་ཆེན་པོའི་རང་བཞིན་ནོ། །ཧོ་འབྲུ་མཐུན། གཞུང་གསུངས་པའི་ཚུལ་ལོ། །དྲང་། ཞེས་གླུ་དྲུག་གི་འདི་དག་ཆེད་དུ་བསྒྲགས་སོ། །འདི་ལ་བླ་མ་རྣམས་ཀྱི་གསུང་སྒྲོས་ནི། དཔེར་ན་སྟོད་མངའ་རིས་བསྐོར་གསུམ་གྱི་བདག་པོ་མངའ་བདག་རྩེ་ལྡེ་ཡིན་བྱ་བ་དང་། མངའ་རིས་བསྐོར་གསུམ་ལ་མངའ་བདག་རྩེ་ལྡེའི་བཀའ་དྲིན་གྱིས་མ་ཁྱབ་པ་མེད་བྱ་བ་དང་། མངའ་རིས་བསྐོར་གསུམ་ལ་མངའ་བདག་རྩེ་ལྡེའི་འབངས་མིན་པ་གཞན་མེད་བྱ་བ་ལྟ་བུ་ཡིན་གསུང་ངོ་། །དེ་དག་ཀྱང་སྒྲོ་བཏགས་པའམ་བསྐུར་པ་བཏབ་་པ་ནི་མ་ཡིན་ཏེ། ཡོན་ཏན་ཡོད་པ་ལ་ཡོད་པ་ལྟར་དུ་ཆེ་བའི་ཆེན་པོར་བསྟོད་པ་ཡིན་ནོ། །དེའི་ཕྱིར་ཡོན་ཏན་མེད་བཞིན་བསྟོད་པ་ནི་སྒྲོ་བཏགས་པ་ཡིན་ལ། ཡོད་བཞིན་མི་བསྟོད་པ་ནི་སྐུར་པ་བཏབ་པ་ཡིན་ནོ། །ལེའུའི་མཚན་ནོ། །དྲང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འབྲུ་མཐུན། བསྟོད་པའི་སྒོ་ནས་མཉེས་པའི་གླུ་དྲུག་གི་གཅོད་ཅིང་མཚམས་འཛིན་པས་ན་ལེའུ་སྟེ་ཡས་བགྲངས་བཅུ་བཞི་པའི་དོན་དུ་གདའོ། །འོ་ན་མཉེས་པའི་ལེའུ་བྱ་བ་འདུག་པས། རྒྱལ་བས་མཉེས་མི་མཉེས་མངའ་ན་གཟུང་འཛིན་ཅན་དུ་འགྱུར་རོ་ཞེ་ན། རྒྱལ་བ་ལ་མཉེས་མི་མཉེས་མི་མངའ་ཡང་། གདུལ་བྱ་རྣམས་ཀྱི་ཚོགས་གཉིས་རྫོགས་པར་བྱ་བའི་ཆེད་དུ་མཉེས་པ་ལྟར་སྣང་བ་ལ་འགལ་བ་མེད་དོ། །དེ་ལྟར་ལེའུ་བཅུ་བཞི་པ་ཡན་ཆད་ནི་རྟོགས་པས་བདག་བསྒྲལ་བ་ཞེས་ཀྱང་བྱ་སྟེ་ཐུགས་རྗེ་ཞི་བའི་ཆོས་རྫོགས་སོ།། ༈ །།ད་ནི་ལེའུ་བཅོ་ལྔ་པ་འཆད་པ་ལ་ཆོས་ཚོམས་གྱི་དབང་དུ་བྱས་ན། གཞི་ལམ་འབྲས་བུ་གསུམ་ལས། འཁྲུལ་གཞི་གཙོ་ཆེར་སྟོན། རུ་དྲའི་ངོ་ལ་རྒྱལ་བ་ཁྲོ་བོར་སྣང་བས་འབྲས་བུ་དང་། རུ་དྲ་ལམ་བགྲོད་པས་ལམ་སྟོན། སྣང་བ་བཞི་ལས་འཁྲུལ་པ། ལམ། འབྲས་བུ་གསུམ་སྟོན། མཚན་ཉིད་གསུམ་ལས་རྐྱེན་འཇུག་པ་དང་འབྲས་བུ་མཐར་ཕྱིན་པ་སྟོན། ཐབས་གྲོལ་གཉིས་ལས་གཉིས་ཀ་སྟོན། རིམ་ཅིག་ཅར་གཉིས་ལས་གཉིས་ཀ་སྟོན། འབྲིང་གི་ཆོས་ལྔ་ལས་གླེང་གཞི་དང་རྒྱུད་དོན་སྟོན། རྒྱུད་དོན་ལ་བཅུ་ལས་གཞུང་ཧྲིལ་པོ་ཁྲོ་བོའི་དཀྱིལ་འཁོར་སྟོན། དེའི་ཞོར་ལ་སྤྱོད་པ་སྟོན། རུ་དྲ་ལ་དབང་བསྐུར་བས་དབང་སྟོན། རུ་དྲལ་དམ་འབོགས་པས་དམ་ཚིག་སྟོན། ཐ་མའི་ཆོས་བཅུ་ལས་ལྡེམ་དགོངས་མན་ངག །མཚོན་པ་དཔེ། བསྣོལ་མཚམས་འཕེན་སྡུད་སྟོན་ནོ། །གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་བཅོ་ལྔ་པ་འདི་ལ་གཉིས། བགྲང་། ལེའུའི་གཞུང་ལ་སྤྱི་དོན་གཉིས་ཏེ། གླེང་གཞིའི་རྒྱུ་དང་། གླེང་གཞིའི་ངོ་བོའོ། །སྤྱི་དོན་དང་པོ་ལ་གསུམ། གོལ་བའི་རྒྱུ། གོལ་བའི་འབྲས་བུ། དེ་ལ་ཐམས་ཅད་མཁྱེན་པའི་ཐུགས་རྗེས་འདུལ་བའི་དུས་ལ་བབ་པར་གཟིགས་པའོ། །དང་པོ། དྲང་། ཞི་བའི་དཀྱིལ་འཁོར་རྫོགས་ནས་ཁྲོ་བོའི་དཀྱིལ་འཁོར་སྟོན་པས་ན་དེ་ནས་ཞེས་འབྲེལ་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་རིགས་ལྔར་འདུས་ལ། རིགས་ཐམས་ཅད་ཀྱི་བདག་པོ་ཀུན་ཏུ་བཟང་པོའོ། །ཞི་ཁྲོའི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གཅིག་དང་དུ་མ་དང་བྲལ་བ་ངོ་བོ་ཉིད་ཀྱིས་ཁྲོོ་བོའི་དཀྱིལ་འཁོར་སྐུའི་ཕྱག་རྒྱ་ཆེན་པོར་མངོན་པར་འདུ་མཛད་དེ། གང་ཞེ་ན། སྤྱིར་གྱིས་ཁྲོ་བོ་ལ་གསུམ་ལས། ཤེས་རབ་ཆེན་པོའི་ཁྲོ་བོ་ནི་བདག་མེད་རྟོགས་པའི་ཤེས་རབ་སྟེ། དེས་རྣམ་པར་རྟོག་པའི་མཚན་མ་འཇོམས་པས་སོ། །དེ་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། ཡང་དག་ཤེས་རབ་ཆེན་པོ་ནི། །མཚན་མ་འཇོམས་ཕྱིར་ཁྲོ་བོའི་མཆོག །ཅེས་གསུངས་སོ། །ཡེ་ཤེས་ཆེན་པོའི་ཁྲོ་བོ་ནི་རང་རིག་པའི་ཡེ་ཤེས་ཏེ། དེས་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ལ་མངའ་མཛད་ཅིང་། སྲིད་ཞི་གཉིས་ཀྱི་ས་བོན་དྲུངས་ནས་འཇོམས་སོ། །དེ་ཡང་སྒྱུ་འཕྲུལ་རྒྱས་པ་ལས། རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །ཕྱོགས་བཅུ་ཁམས་རྣམས་དབང་བསྡུས་ནས། །ཀུན་ཀྱང་མི་དམིགས་དབྱིངས་སུ་ཐིམ། །ཐམས་ཅད་ཁྲོ་བོའི་ཚོགས་སུ་འགྱུར། །ཞེས་གསུངས་སོ། །ཕྱག་རྒྱ་ཆེན་པོའི་ཁྲོ་བོ་ནི་གདུལ་བྱ་གདུག་པ་ཅན་གདུལ་བའི་ཕྱིར་སྐུ་མདོག་དང་རྒྱན་ཆས་སུ་སྣང་བ་སྟེ། དེ་ཡང་དྲང་སྲོང་ཁྲོས་པའི་ཆ་བྱད་དང་། མིའུ་ཐུང་བྱིས་པའི་ཆ་བྱད་དང་། དཔལ་ཆེན་རྔམ་བརྗིད་ཀྱི་ཆ་བྱད་ཅན་ཏེ་འབར་བ་ཆེན་པོའི་གར་དགུ་དང་ལྡན་པའོ། །དེ་ལྟར་ཁྲོ་བོ་གསུམ་ལས། འདིར་ཕྱི་མ་སྟོན་ཏེ། དེ་དགོས་ཆེད་ཅིའི་ཕྱིར་ཞེ་ན། རུ་དྲ་འདུལ་བའི་ཕྱིར་དུའོ། །རུ་དྲ་སུ་མཉམ་ན། རྒྱུ་བདག་ཏུ་རྨོངས་པའི་རྟོག་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། རྐྱེན་ཀུན་ཏུ་བརྟགས་པའི་མ་རིག་པ་གཟུང་འཛིན་གཉིས་ལ་མངོན་པར་ཞེན་པས་སྤྱི་མཚན་ལ་རང་མཚན་དུ་མཐོང་བས་ཡང་དག་པའི་ལམ་བསྐྱེད་རྫོགས་གཉིས་དང་བྲལ་བ་དག་གོ། །ཁྱད་པར་དུ་སྔོན་བསྐལ་པ་ཀུན་བཀོད་ཀྱི་དུས་སུ་བྱུང་བའི་དགེ་སློང་ཐར་པ་ནག་པོ་དེ། གོལ་གཞི་དེ་བཞིན་གཤེགས་པའི་གསུང་རབ་ཚིག་བཞི་པ་ལ་སྒྲ་ཇི་བཞིན་པར་སྤྱད་པས། གབ་པའི་གསང་བ་རང་བཞིན་གསང་བའི་སྙིང་པོ་ཇི་བཞིན་པ་དེ་ཉིད་མ་རྟོགས་པར་ཡི་གེའི་རྒྱུད་དུ་བརྡའམ་སྒྲའི་ཚུལ་དུ་སྦས་པའི་གསང་བ་འཁོར་བའི་ཆོས་དངོས་པོ་བཞི་ལ་མངོན་པར་འཆེལ་ནས་དེ་དག་ལ་འཇོལ་ཉོག་ཏུ་སྤྱོད་ཅིང་། རྒྱུ་ལས་དགེ་སྡིག་དང་འབྲས་བུ་མཐོ་རིས་དང་ངན་སོང་གི་དོན་ལ་རྨོངས་པས་སོ། །གཉིས་པ་གོལ་བའི་འབྲས་བུ་ལ་གཉིས་ཏེ། རྣམ་པར་སྨིན་པའི་འབྲས་བུ་སྡུག་བསྔལ་མྱོང་བ་དང་། རྒྱུ་མཐུན་པའི་འབྲས་བུ་རུ་དྲར་སྨིན་པའོ། །དང་པོ་ལ་གཉིས། བགྲང་། དམྱལ་བར་བརྒྱུད་པ། དྲང་། སྲིད་པ་གསུམ་དུ་སྐྱེ་བའི་ས་བོན་ལས་དང་ཉོན་མོངས་པ་རང་ཁ་མའི་བག་ཆགས་རྩུབ་མོ་ཡིས་འཕངས་ནས་སྡུག་བསྔལ་བར་མཚམས་མེད་པའི་རབ་ཏུ་ཚ་བའི་དམྱལ་བར་སྐྱེས་སོ། །དེར་རབ་ཏུ་ཚ་བའི་སྡུག་བསྔལ་དྲག་པོས་ལུས་སེམས་ཤིན་ཏུ་གདུངས་པ་དང་། འདི་ལས་ཤིན་ཏུ་གྲང་ཡང་ཅི་མ་རུང་སྙམ་པའི་མོད་ལ་གྲང་བའི་སྡུག་བསྔལ་གྱིས་རབ་ཏུ་སྦྲེབས་པ་དང་། པདྨ་ལྟར་གས་པའི་སྡུག་བསྔལ་དྲག་པོ་དག་གིས་ལུས་སེམས་རབ་ཏུ་གདུངས་པ་དེ་ལྟ་བུའི་སྡུག་བསྔལ་རབ་ཏུ་ཚ་བའི་དམྱལ་བའི་གནས་རིགས་ནི་ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་ཆེན་པོ་དང་། མནར་མེད་པ་ལ་སོགས་པའི་སྡུག་བསྔལ་བརྒྱད་དང་། ཤིན་ཏུ་གྲང་བའི་གནས་རིགས་ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་ཅན་དང་། སོས་ཐམ་ཐམ་པ་དང་། ཨ་ཆུ་བ་དང་། ཀྱི་ཧུད་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་བ་དང་། གས་པ་ཆེན་པོ་ལ་སོགས་པ་བརྒྱད་པོ་དག་ཏུ་བསྐལ་པ་ཆེན་པོ་རེ་འཇིག་པའི་དུས་སུ། འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བའི་གནས་སུ་སྐད་ཅིག་གི་ཡུན་ལ་འཕོས་ནས། དམྱལ་བའི་སྡུག་བསྔལ་ཁ་བརྒྱུད་ཅིང་བར་བསྐལ་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་གཅིག་ཏུ་བྱས་པའི། དེའང་སྟོང་ཕྲག་བཅུ་གཉིས་སུ་ཚ་གྲང་གི་སྡུག་བསྔལ་མི་བ ཟོད་པ་ཉམས་སུ་མྱོང་ངོ་། །ཡི་དྭགས་སུ་བརྒྱུད་པའོ། །དྲང་། དམྱལ་བའི་གནས་སུ་སྐྱེས་པ་དེ་ནས་ཡི་དྭགས་ཀྱི་གནས་སུ་སྐྱེ་བ་སྟོན་ཏེ། གསོད་པ་དང་། བརྡེག་པ་དང་། རང་ཁ་མའི་ཕྲིན་ལས་ཚད་དུ་མ་ཕྱིན་པའི་སྦྱོར་སྒྲོལ་དང་། ངག་གདུག་པ་དང་། དམ་ཚིག་ཅན་ལ་ངན་དུ་སེམས་པ་དང་། ཆེ་བའི་ང་རྒྱལ་གྱིས་དྲེགས་པ་ལ་སེམས་པའི་རྣམ་པར་སྨིན་པ་དེ་རྣམས་ཟད་པ་དང་། ཡི་དྭགས་ཀྱི་གནས་སུ་སྐྱེས་ནས་ལྟོགས་པ་དང་སྐོམ་པའི་སྡུག་བསྔལ་གྱིས་རབ་ཏུ་གདུངས་ནས་ཉེན་པ་དང་། ཕྱིའི་འདོད་པའི་དངོས་པོ་བཟའ་བཏུང་རྣམས་ངན་སྐྱུགས་ལ་སོགས་པར་མཐོང་ནས་ཡིད་དུ་མི་འོང་བ་ཕྱིའི་སྒྲིབ་པ་ཅན་དང་། གདུག་ཅིང་རྩུབ་པའི་དངོས་པོ་ཁྲོ་ཆུ་ཁོལ་མ་དང་ལྕགས་ཚན་ལ་སོགས་པ་སྣ་ཚོགས་སུ་འགྱུར་པ་མེ་ལྕེའི་འཁོར་ལོ་ཅན་དང་། བཟའ་བཅའི་དངོས་པོའི་མཐོང་ནས་བགྲོད་པས་སླེབ་ཙམ་ན་ཡོད་མེད་པར་འགྱུར་ཞིང་ལུས་ཤིན་ཏུ་རིད་ཅིང་སྐེམས་པ་དང་། མགོ་ལུས་རི་བོ་ཙམ་དང་ཡན་ལག་བྱི་ཐུར་ཙམ་དང་དབང་པོ་མི་འཚམས་པ་སྟེ། ཁ་མིག་ཙམ་ལ་སོགས་པར་འགྱུར་བ་དེ་ལྟ་བུར་བསྐལ་བ་ཆེན་པོ་དྲུག་ཏུ་སྐྱེས་སོ། །འདི་ལ་ཁ་ཅིག་ན་རེ། དེ་ནས་རྣམ་པར་སྨིན་པ་དེ་ཟད་པ་དང་བྱ་བ་འདུག་པས་རྣམ་པར་སྨིན་པ་སྤྱད་པས་ཟད་དམ་གཉེན་པོས་ཟད། སྤྱད་པས་ཟད་ན་ཡང་དག་པའི་ལམ་ལ་དགོས་པ་མེད་པར་ཐལ། རྣམ་སྨིན་སྤྱད་པས་ཟད་པའི་ཕྱིར་རོ། །གཉེན་པོ་བསྟེམ་པས་ཟད་ན་ངན་སོང་གསུམ་མི་ཁོམས་པའི་གནས་མ་ཡིན་པར་ཐལ། གཉེན་པོ་བསྟེན་དུ་འདུག་པའི་ཕྱིར་རོ་ཞེ་ན། ལན་ནི་སྤྱིར་གྱིས་ལས་འདག་ཚུལ་བཞིན་ཡིན་ཏེ། རྟོགས་པས་འདག་པ་ནི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ཡང་བདེན་དངོས་ཀྱིས་སྟོང་པ་རྨི་ལམ་མམ། སྒྱུ་མ་ལྟ་བུར་རྟོགས་ན་ལས་ཀྱི་འབྲས་བུ་མྱོང་ཡང་གནོད་པར་མི་ནུས་སོ། །བཤགས་པས་འདག་པ་ནི་སྟོབས་བཞི་ཡོངས་སུ་རྫོགས་པའི་བཤགས་པས་མཚམས་མེད་པའི་ལས་བྱས་པ་ཡང་འབྱང་བར་འགྱུར་རོ། །གཉེན་པོས་འདག་པ་ནི་མི་དགེ་བ་ཆུང་ངུའི་གཉེན་པོར་དགེ་བ་ཆེན་པོ་སྤྱད་པས། མི་དགེ་བའི་འབྲས་བུ་བག་ལ་ཞ་ནས་གནོད་པར་མི་ནུས་པས་སོ། །གལ་ཏེ་དེ་གསུམ་ཀ་དང་མི་ལྡན་ན་མྱོང་འགྱུར་གྱི་ལས་ཡིན་པས་དེ་ནི་མྱོང་བས་འདག་སྟེ། དེའི་ཕྱིར་དུ་རུ་དྲ་ཐར་པ་ནག་པོས་ནི་གསང་སྔགས་སྒྲ་ཇི་བཞིན་པར་སྤྱད་པས་ཡང་དག་པའི་ལམ་ལས་གོལ་བའི་ཕྱིར། ལས་ཀྱི་འབྲས་བུ་མྱོང་བའི་སྟོབས་ཀྱིས་ཟད་པ་ཡིན་ནོ། །རྒྱུ་མཐུན་པའི་འབྲས་བུའོ། །དྲང་། ཡི་དྭགས་སུ་སྐྱེས་པ་དེ་ནས་ལས་ཀྱི་སྒྲིབ་པ་རྩུབ་མོ་ཟས་ནོར་ལ་བརྐམ་པ་དང་། འཇུངས་པ་དང་། བརྣབ་སེམས་པ་དང་། མཆོད་པའི་ཡོ་བྱད་ལ་རྔམ་པ་དང་། གསོག་འཇོག་བྱས་པའི་རྣམ་པར་སྨིན་པ་དེ་ཁད་ཀྱིས་བསྲབས་པ་དང་། སྔོན་གྱི་དུས་སུ་ཕྲ་མེན་ལ་སོགས་པའི་ཁྲོ་བོ་རང་རྒྱུད་པ་བསྒོམ་པ་དང་། ལས་བརླང་བོ་བྱས་པའི་སྲིད་པའི་མཚམས་སྦྱར་ནས་ཡི་དྭགས་ཀྱི་རིགས་ཀྱི་ལས་ཀྱི་སྲིན་པོར་སྐྱེས་སོ། །དེ་ཡང་ཡུལ་ལང་ཀ་པུ་རངས་ཀྱི་སྨད་འཚོང་མའི་མངལ་དུ་ཆགས་པ་ལས། མངལ་ནས་སྐྱེས་ནས་ཞག་བདུན་ལོན་པ་དང་། མ་ཤི་ནས་དྭ་བུ་དེ་མི་རྣམས་ཀྱིས་དུག་ཤིང་ནལ་བྱའི་རྩར་མའི་རོའི་མཆན་དུ་བཅུག་ནས་བསྐྱལ་ལོ། །དེར་དྭ་བུ་དེས་མའི་ནུ་ཞོ་དང་ཁྲག་དང་ཤ་དང་རུས་པའི་བར་དུ་ཟོས་སོ། །ཟོས་པས་ཁོ་ཆེར་བརྟས་ནས་དུར་ཁྲོད་ཀྱི་རོ་རྣམས་ཟས་སུ་ཟ་ཞིང་། རོ་གོས་རྣམས་གོས་སུ་གྱོན་པས་ཡི་དྭགས་ཀྱི་རིགས་ཀྱི་སྲིན་པོ་ཆེན་པོ་བྱའི་གཤོག་པ་ཅན་དུ་གྱུར་ཏོ། །དེ་ཡང་ལུས་རབ་ཏུ་གདུག་པ་སེམས་ཤིན་ཏུ་གཏུམ་པ་དབུ་མང་པོར་རང་རྒྱུད་དུ་བསྒོམས་པའི་རྒྱུ་མཐུན་གྱི་འབྲས་བུ་ལུས་གཅིག་ལ་མགོ་བོ་བརྒྱ་པ་དང་། སྟག་དང་སེང་གེ་ལ་སོགས་པ་མགོ་བོ་སྣ་ཚོགས་པ་དང་། ལུས་མང་པོ་རང་རྒྱུད་དུ་བསྒོམས་པའི་རྒྱུ་མཐུན་གྱི་འབྲས་བུ་ལུས་བརྒྱ་ལ་མགོ་བོ་གཅིག་པ་དང་། སྟག་དང་སེང་གེ་ལ་སོགས་པ་ལུས་སྣ་ཚོགས་པ་དང་། ཕྱག་མང་རང་རྒྱུད་དུ་བསྒོམས་པའི་རྒྱུ་མཐུན་གྱི་འབྲས་བུ་ཡན་ལག་མང་པོ་དང་ཡན་ལག་རིགས་མི་མཐུན་པ་སྣ་ཚོགས་པ་དང་གདུག་པའི་ལག་ཆ་མདའ་དང་མདའ་བོ་ཆེ་དང་། ཁ་ཊྭཱཾ་རལ་གྲི་ལ་སོགས་པ་སྣ་ཚོགས་ཐོགས་པ། དྲེད་མོ་ལག་བསྡེབས་དང་། འཕར་བ་རྐང་བསྡེབས་དང་། བྱ་ཅན་གསོད་བྱེད་དང་། ཅེས་སྤྱང་དང་། དུར་བྱ་ལ་སོགས་པ་གདུག་པ་ཅན་གྱི་འཁོར་རབ་ཏུ་མང་པོ་དང་། སྡིག་པ་དང་དུག་སྤྲུལ་ལ་སོགས་པ་འཇིགས་པའི་གཟུགས་སྣ་ཚོགས་དང་། ར་ལ་ར་ལ་ལ་སོགས་པའི་འཇིགས་པའི་སྒྲ་སྣ་ཚོགས་དང་། རུ་དྲ་མ་དྲ་མ་ར་དྲ་ལ་སོགས་པ་འཇིགས་པའི་ང་རོ་སྣ་ཚོགས་སྒྲོགས་པ་གདུག་པའི་གཟུགས་དང་ངག་གི་ང་རོ་དང་ལུས་ཀྱི་དྲི་དང་ཁ་རླང་གིས་ནད་འབྱུང་བར་བྱེད་ཅིང་། ལུས་ཅན་ཐམས་ཅད་སྐྱི་བུང་ཞེས་བྱེད་པ་དབུགས་རབ་ཏུ་འཇིགས་པའི་རླུང་ནག་ཏུ་འཚུབས་པ་དང་། སྣ་ནས་གྲང་བའི་ནད་དང་ཁ་ནས་ཚ་བའི་ནད་འབྱུང་བའི་དབུགས་ཀྱིས་ཕྱོགས་ཀུན་ཏུ་ལུས་ཅན་ཐམས་ཅད་ཁམས་འཁྲུག་པར་བྱེད་པ་དང་། རླུང་མཁྲིས་བད་ཀན་འདུས་པ་རེ་རེ་ཡང་བརྒྱ་རྩ་གཅིག་བརྒྱ་རྩ་གཅིག་སྟེ་ནད་བཞི་བརྒྱ་རྩ་བཞི་འདེབས་པར་བྱེད་པ། བདག་སེམས་མྱོས་ཤིང་དྲན་པ་ཉམས་པར་བྱེད་པའི་མཐུས་ཀླུའི་རིགས་དང་། ལྷ་མ་ཡིན་གྱི་རིགས་དང་། ལྷའི་རིགས་དང་། ཚངས་པའི་རིགས་དང་། འོད་གསལ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་བ་མན་ཆད་དབང་དུ་བསྡུས་སོ། །ཐམས་ཅད་མཁྱེན་པའི་ཐུགས་རྗེས་འདུལ་བར་དུས་ལ་བབ་པར་གཟིགས་པའོ། །དྲང་། ལས་ཀྱི་སྲིན་པོ་མཐུ་རྩལ་ཅན་དེ་སྔོན་བསྐལ་པ་ཀུན་བཀོད་ཀྱི་དུས་སུ། དགེ་སློང་ཐུབ་དཀའ་གཞོན་ནུ་བསྟེན་པའི་སྟོབས་ཀྱིས་ཐུབ་དཀའ་གཞོན་ནུ་དེ་རྡོ་རྗེ་སེམས་དཔར་སངས་རྒྱས་པ་དང་། མཆེད་དན་འབག་ས་བཅུའི་བྱང་ཆུབ་སེམས་དཔའ་གསང་བའི་བདག་པོར་གྱུར་པའི་ཐུགས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ནས། ཡུལ་དང་འཕྲད་པའི་ཐུགས་རྗེས་མངོན་སྤྱོད་ཀྱི་ཕྲིན་ལས་ཀྱིས་འདུལ་བར་གྱུར་པའི་དུས་ལ་བབ་པར་མཁྱེན་ཏོ། །ཏེ་ཞེས་པ་ནི་ལྷག་མ་ཅན་ཏེ་འོག་ནས་འདུལ་བར་བྱེད་པ་དངོས་དང་སྦྲེལ་ལོ། །སྤྱི་དོན་གཉིས་པ་གླེང་གཞི་རང་གི་ངོ་བོ་ལ་བཅུ་བཞི་སྟེ། བགྲང་། དང་པོ་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་བསྟན་པ། དྲང་། གདུལ་བྱ་བསྟན་པ་ལ་དེ། འདུལ་བྱེད་སྟོན་པས་ན་ནས། དེ་བཞིན་བཤེགས་པ་ཆེ་བའི་རྡོ་རྗེ་བཀོད་པ་ཞི་བའི་དཀྱིལ་འཁོར་སྒྱུ་འཕྲུལ་དྲྭ་བ་ལྷ་ཡབ་ཡུམ་འབྲེལ་བའི་ཏིང་ངེ་འཛིན་ལས། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་གསུམ་གྱི་བདག་པོ་བདུད་རུ་དྲར་འདུལ་བའི་ཐབས་ཡང་དག་པའི་ང་རྒྱལ་ཆེན་པོས་རུ་དྲ་ཟིལ་གྱིས་གནོན་པའི་གཟི་བརྗིད་སྟོན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོ་རྒྱལ་བ་ཀུན་ཏུ་བཟང་པོ་དེ་བཅོམ་ལྡན་འདས་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པས་ན་དགྱེས་པ་ཆེན་པོ་དེ་ཉིད་ཁྲོ་བོ་རྒྱལ་པོ་རིགས་ལྔའི་ཧེ་རུ་ཀའི་ཡང་རྒྱལ་པོར་གྱུར་པ། ཆེ་མཆོག་ཧེ་རུ་ཀས་གཙོ་བྱས་པའི་ཁྲོ་བོའི་དཀྱིལ་འཁོར་གྱི་སྤྲིན་ཆེན་པོ་རྣམ་པར་འཕྲོ་བའི་སྒྱུ་འཕྲུལ་དྲྭ་བའི་རྒྱལ་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སོ། །གཉིས་པ་ཆེ་མཆོག་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར། དྲང་། དེ་བཞིན་ཉིད་ཀྱི་དབྱིངས་ཀུན་ཏུ་བཟང་མོའི་ངང་ཉིད་ལས་ཁྲོ་མོའི་དབང་ཕྱུག་ཆེན་མོ་མངོན་དུ་ཕྱུག་སྟེ། ཧི་ཧི་ཞེས་པས་དགྱེས་ཤིང་ཚིམ་པའི་གད་མོ་དང་གཟི་མདངས་ཀྱིས་འདོད་རྒུ་འབྱུང་བ་རིན་ཅེན་ཡུམ་གྱི་གསང་བའི་པདྨ་བདེ་བས་དགྱེས་པར་མཛད་ནས། ཐབས་ཤེས་རབ་གཉིས་སུ་མེད་པར་འཁྲིལ་བའི་དགྱེས་པས་བྱང་ཆུབ་ཀྱི་སེམས་ཉི་ཟླ་གཉིས་སུ་མེད་པར་ཐིམ་ནས་དཀྱིལ་འཁོར་ཐམས་ཅད་བསྐྱེད་པའི་རྒྱུད་གྱུར་པའོ། །གསུམ་པ་ཀུན་བརྗོད་པའི་ཆོ་འཕྲུལ། དྲང་། གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཡེ་ཤེས་ལྔའི་སྤྲིན་ལས་སྐུ་གསུང་ཐུགས་སྣ་ཚོགས་རྡོ་རྗེ་ཁྲོ་བོ་འབར་བའི་དཀྱིལ་འཁོར་གྱིས་སྒྲོལ་ཅིག །སྒྲོལ་ཅིག །སྒྲོལ་ཅིག །གཏོར་ཅིག །གཏོར་ཅིག །གཏོར་ཅིག །བསྡུས་ཞེས་པའི་དོན་ནོ། །ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་ཏ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུཾ་ཞེས་པའི་སྔགས་བརྗོད་པས། ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཁྲོ་བོ་འཆོལ་བ་དཔག་ཏུ་མེད་པ་འཕྲོས་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་མེར་མེར་ཤིག་ཤིག་ཏུ་གྱུར་ཏེ། རུ་དྲ་འཁོར་དང་བཅས་པ་ཟིལ་གྱི་གནོན་ཅིང་བག་འཁུམས་པར་བྱེད་དོ། །བཞི་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ། དྲང་། ཁྲོ་བོའི་སྤྲུལ་པ་སྤྲོ་བ་ནི་གནས་གང་དུ་ན་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་ཁྱབ་པར། གང་སྤྲོ་ན་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་དེ་རྣམས་སོ། །ཆེ་ཆུང་གི་ཚད་ཇི་ཙམ་ན། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་ཁམས་ཙམ་མོ། །མང་ཉུང་གི་ཚད་ཇི་ཙམ་ན། ཕྱོགས་བཅུའི་རྡུལ་ཕྲ་མོ་སྙེད་འཐོན་པར་གྱུར་ནས་སོ། །ལྔ་པ་བྱིན་རླབས་ཀྱི་ཆོ་འཕྲུལ། དྲང་། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཕྱོགས་ཆ་དྲུག་ཏུ་གཡོས་ཚབས་ཆེ་བས་རབ་ཏུ་གཡོས། ཁྱབ་ཅིང་ཚབས་ཆེས་ཆེ་བས་ཀུན་ཏུ་གཡོས་སོ། །དེ་ཡང་ནང་དང་སྦྱར་ན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལས་གཡོ་ཐོབ་གོམས་པའི་ཉམས་གསུམ་བོགས་ཐོན་པའོ། །དེ་བཞིན་དུ་འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་འུར་འུར་རོ། །ནང་དུ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ལ་བོགས་གསུམ་ཐོན་པའོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ། ནང་དུ་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་ལ་བོགས་གསུམ་ཐོན་པའོ། །ཤིག་ཤིག །རབ་ཏུ་ཤིག་ཤིག །ཀུན་ཏུ་ཤིག་ཤིག་གོ། །ནང་དུ་ཕྱག་རྒྱ་སྤྲོས་བཅས་ཀྱི་ཏིང་ངེ་འཛིན་ལ་བོགས་གསུམ་ཐོན་པའོ། །གཏོར་གཏོར། རབ་ཏུ་གཏོར་གཏོར། ཀུན་ཏུ་གཏོར་གཏོར་རོ། །ནང་དུ་ཚོམ་བུ་ཚོགས་སྒྲུབ་ཀྱི་ཏིང་ངེ་འཛིན་ལ་བོགས་གསུམ་ཐོན་པའོ། །དྲུག་པ་ཆོས་སྣང་བའི་ཆོ་འཕྲུལ། དྲང་། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྟོང་ཁམས་ཐམས་ཅད་ན་གནས་པའི་དབང་ཆེ་བ་མ་ཧཱ་དེ་བ་དང་། གཟི་བརྗིད་ཆེ་བ་ཚངས་པ་དང་། མཐུ་ཆེ་བའི་ལྷ་ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་ཁམས་འཁྲུགས་ནས་དྲན་པ་ཉམས་ཤིང་བརྒྱལ། ལུས་ས་ལ་འགྱེལ་ཞིང་། རབ་ཏུ་བརྒྱལ། སེམས་མྱོས་ཤིང་ཀུན་ཏུ་བརྒྱལ་བར་གྱུར་ཏོ། །བདུན་པ་སྤྲུལ་པ་ཆེན་པོའི་དཀྱིལ་འཁོར། དྲང་། ཆོས་སྣང་བའི་ཆོ་འཕྲུལ་བསྟན་པ་དེ་ནས་བཅོམ་ལྡན་དགྱེས་པ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་དེ་ཉིད་འཇིགས་བྱེད་ཆེན་པོ་ཞལ་ཤིན་ཏུ་རྔམས་པ། བདུད་དང་ལོག་འདྲེན་ཐམས་ཅད་སྐྱི་བུང་ཞེས་བྱེད་པའི་མེ་དཔུང་འབར་བ་ཆེན་པོའི་ཀློང་ན་འདོད་ཆགས་ཟད་པར་བྱེད་པའི་རྟགས་སུ་ཁྲག་འཐུང་ཞིང་། དབང་དྲག་གི་ལས་མཐར་ཕྱིན་པའི་རྟགས་སུ་སྐུ་མདོག་སྨུག་ནག །གདུལ་བྱ་འདུལ་ཐབས་གཅིག་ཏུ་མ་ངེས་པའི་རྟགས་སུ་མཛད་པ་ཅིར་ཡང་འགྱུར་ལ། དབུ་དང་ཕྱག་དང་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་ཙམ་ཡོད་པ། རྡོ་རྗེ་དང་འཁོར་ལོ་ལ་སོགས་པའི་མཚོན་ཆ་སྣ་ཚོགས་འཛིན་པ་དེ་དག་ཀྱང་སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་འཕྲོས་པའི་ཁྲོ་བོ་ཐམས་ཅད་རྣམ་ཐར་གསུམ་དང་ལྡན་པའི་རྟགས་སུ་དབུ་གསུམ། ཡེ་ཤེས་དྲུག་དང་ལྡན་པའི་རྟགས་སུ་ཕྱག་དྲུག །རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་རྟགས་སུ་ཞབས་བཞིར་གྱུར་ཏེ། དུར་ཁྲོད་ཆེན་པོར་ཡབ་ཡུམ་གཉིས་སུ་མེད་པར་རོལ་པས་དགྱེས་ནས་ཁྲག་གི་རྒྱ་མཚོའི་དཀྱིལ་འཁོར་ན་ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་གི་མེ་རི་འབར་བ་ཆེན་པོའི་ཀློང་དཀྱིལ་ན། གཞལ་ཡས་ཁང་གི་དབུས་ཀྱི་ལྟེ་བ་ལ་དབང་ཕྱུག་ཆེན་པོ་དང་། དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཆེན་པོ་རུ་དྲ་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་ཁྱོ་ཤུགས་ཀྱི་གདན་ལ་ཞབས་བརྐྱང་བསྐུམ་དུ་བཞུགས་སོ། །ཁྲོ་བོའི་དཀྱིལ་འཁོར་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ལྔ་ལས་འཕྲོས་པའི་སྤྲིན་ཕུང་དེ་དག་ཀྱང་། ལ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ལས་འཕྲོས་པའི་ཁྲོ་བོ་ཐམས་ཅད་ནི་དཔལ་ཁྲག་འཐུང་ཆེན་པོ་བུདྡྷ་ཧེ་རུ་ཀར་གྱུར་ཏེ་ཤར་ཕྱོགས་སུ་བཞུགས་སོ། །ལ་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་འཕྲོས་པའི་ཁྲོ་བོ་ཐམས་ཅད་ནི་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེར་གྱུར་ཏེ་ལྷོ་ཕྱོགས་སུ་བཞུགས་སོ། །ལ་ལ་སོ་སོར་རྟོག་པའི་ཡེ་ཤེས་ལས་འཕྲོས་པའི་ཁྲོ་བོ་ཐམས་ཅད་ནི་དཔལ་ཁྲག་འཐུང་ཆེན་པོ་པདྨ་ཧེ་རུ་ཀར་གྱུར་ཏེ་ནུབ་ཕྱོགས་སུ་བཞུགས་སོ། །ལ་ལ་བྱ་བ་གྲུབ་པའི་ཡེ་ཤེས་ལས་གྲུབ་པའི་ཁྲོ་བོ་ཐམས་ཅད་ནི་དཔལ་ཁྲག་འཐུང་ཆེན་པོ་ཀུན་ཏུ་ལས་སུ་གྱུར་ཏེ་བྱང་ཕྱོགས་སུ་བཞུགས་སོ། །དེ་དག་ཀུན་ཀྱང་འཇིགས་བྱེད་ཆེན་པོའི་ཆ་ལུགས་དཔལ་གྱི་ཆས་བརྒྱད་དང་། ཞལ་ནས་ཧཱུཾ་ཧཱུཾ་ཕཊ་ཕཊ་ལ་སོགས་པའི་གསུང་རྔམ་པའི་ང་རོ་དང་བཅས་པས་མེ་དཔུང་འབར་བའི་ཀློང་ན། དབུ་གསུམ་ཕྱག་དྲུག་ཞབས་བཞིས་ཤར་དུ་དྲི་ཟ་ཕོ་མོ་དང་། དེ་བཞིན་དུ་བྱང་དུ་གནོད་སྦྱིན་དང་། ནུབ་ཏུ་སྲིན་པོ་དང་། ལྷོར་གཤིན་རྗེ་ཕོ་མོ་ལ་སོགས་པ་ལ་ཁྱོ་ཤུགས་ཕོ་ཁ་སྦུབ་དང་། མོ་གན་རྐྱལ་གྱི་གདན་ལ་ཞབས་བརྐྱངས་བསྐུམ་དུ་བཞུགས་སོ། །བཙུན་མོ་ཁྲག་འཐུང་ཆེན་མོའི་ཚོགས་རྣམས་ཀྱང་བཛྲ་ཀྲོ་ཏི་ཤྭ་རི་མ་བཛྲ་ཧེ་རུ་ཀའི་སྐུ་ལ་འཁྲིལ་བ་བཞིན། རིགས་སོ་སོའི་ཁྲོ་བོའི་སྐུ་ལ་རང་རང་གི་རིགས་ཀྱི་ཡུམ་རྣམས་འཁྲིལ་བའི་ཚུལ་གྱིས་བཞུགས་སོ། །བརྒྱད་པ་ཕྲིན་ལས་རྨད་དུ་བྱུང་བའི་ངོ་བོ། དྲང་། སྤྲུལ་པ་ཆེན་པོའི་དཀྱིལ་འཁོར་བསྟན་པ་ལ་དེ། ཕྲིན་ལས་རྨད་དུ་བྱུང་བ་སྒྲོལ་བ་སྟོན་པས་ན་ནས། དྲེགས་པ་ཆེན་པོ་རུ་དྲ་ལ་སོགས་པ་གཏུམ་པའི་སེམས་ཀྱིས་གདུག་པའི་རྫུ་འཕྲུལ་སྣ་ཚོགས་བསྟན་ནས། འཁོར་རྣམས་དང་མགྲིན་གཅིག་ཏུ་གདུག་པའི་ང་རོས་ངག་བརླང་པོའི་གཏུམ་ཚིག་གིས་སྨྲས་པ། ཐོང་ཐོག་ཁྱོད་སྙིང་རྗེའི་བདག་པོ་ཡིན་ན་ཅི་དེ་ལྟར་བྱེད་དམ་ཞེས་འཛེར་ཞིང་ཤིན་ཏུ་གདུག་པའི་སེམས་ཀྱིས་ཁྲོས་ནས་ད་རུང་རྔམ་མོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཧེ་རུ་ཀ་དེ་དབུ་དགུ། ཕྱག་བཅོ་བརྒྱད། ཞབས་བརྒྱད་དུ་གནས་ནས་ཐུགས་རྗེས་འདུལ་བའི་ཐབས་ཀྱིས་ཤིན་ཏུ་ཁྲོས་ནས། རྔམ་པའི་གྱད་ཀྱིས་ཕོ་རྣམས་ཀྱི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་སྡུད་པའི་ཕྱིར་ཧཱུཾ་ཧཱུཾ་ཧཱུཾ་དགྱེས་པའི་གད་མོས་སྲོག་དབུགས་ལ་རྔམ་པའི་ཕྱིར་ཧ་ཧ་ཧ། ལྷག་མ་མ་ལུས་པར་ཞལ་དུ་གསོལ་བའི་ཕྱིར་ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཞེས་བརྗོད་པ་དབང་ཕྱུག་ཆེན་པོ་ལ་སོགས་པ་གདུག་པ་ཆེན་པོའི་ཚོགས་དེ་དག་གི་བདག་འཛིན་རྩད་གཅད་པའི་ཕྱིར་སྙིང་དང་། འབྱུང་བའི་སྒོ་དགག་པའི་ཕྱིར་དབང་པོ་ཀུན་ཕྱུང་། མངོན་པར་ཞེན་པ་དག་པར་བྱ་བའི་ཕྱིར་ནང་ཁྲོལ་ཀུན་དྲངས། ལས་ངན་གྱི་བག་ཆགས་རྩད་ནས་གཅད་པའི་ཕྱིར་ཡན་ལག་ཀུན་གཅད་གཏུབས་ནས། གཏི་མུག་ཟད་པར་བྱ་བའི་ཕྱིར་ཤ་ཀུན་ཟོས། འདོད་ཆགས་ཟད་པར་བྱ་བའི་ཕྱིར་ཁྲག་ཀུན་འཐུང་། ཞེ་སྡང་ཟད་པར་བྱ་བའི་ཕྱིར་རུས་པ་ཀུན་འཆོས་སོ། །དགུ་པ་འཁོར་སྡུད་པའི་ཆོ་འཕྲུལ། དྲང་། ཕོ་རྣམས་བསྒྲལ་ནས་བཏུལ་བས་ན་དེ། མོ་རྣམས་སྦྱོར་ནས་འདུལ་བས་ན་ནས། ཧཱུཾ་ཧཱུཾ་ཧཱུཾ་གསུམ་ནི་མོ་རྣམས་ཀྱི་ལུས་ངག་ཡིད་གསུམ་དབང་དུ་སྡུད་པའོ། །དབང་ཕྱུག་མ་གཡོག་ཡང་གཡོག་དང་བཅས་པ་དབང་དུ་སྡུད་པའི་སྔགས། བྷྱོ་ཨེ་ཨ་ར་ལི་ཛཿཛཿཞེས་བརྗོད་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་བཅས་པར་ཡུངས་འབྲུ་གཅིག་ཙམ་དུ་ཆུད་པར་བསྡུས་སོ། །དོན་དུ་ན་དྲེགས་པ་ཅན་རྣམས་ཀྱི་རྣམ་ཤེས་ཧཱུཾ་དུ་བསྡུས་ཏེ། རྒྱུ་དེས་ཆོས་ཐམས་ཅད་སེམས་སུ་གཅིག་པར་མཐོང་བའོ། །བསྡུས་པ་དེ་ནས་འབྱུང་པོ་མ་ལུས་པའི་རྒྱལ་པོའི་ཡང་རྒྱལ་པོ། དྲེགས་པ་ཆེན་པོ་ལ་སོགས་པའི་ཆུང་མ། འབྱུང་པོ་ཐམས་ཅད་ཀྱི་རྗེ་མོའི་ཡང་རྗེ་མོ། སྲིན་པོ་དྷ་ཤ་གྲི་བའི་ཆུང་མ་སྲིན་མོ་ཆེན་མོ་སྲིན་མོ་དང་། ལྷ་ཚངས་པའི་ཆུང་མ་ཚངས་མ་དང་། ལྷ་ཆེན་པོའི་ཆུང་མ་འཁྲུག་མོ་དང་། བརྒྱ་བྱིན་གྱི་ཆུང་མ་དབང་མོ་དང་། ཁྱབ་འཇུག་ཆུང་མ་འཇུག་སྲེད་མ་དང་། གདོང་དྲུག་གི་ཆུང་མ་གཞོན་ནུ་མ་དང་དྲུག་ནི་ཤར་གྱི་མ་མོ་རྣམས་སོ། །འཇུག་སྲེད་ཀྱི་ཆུང་མ་དམར་མོ་དང་། ལྷའི་བུ་ཉི་མའི་ཆུང་མ་བདུད་རྩི་མོ་དང་། ཟླ་བའི་ཆུང་མ་ཞི་བ་མོ་དང་། སྲིན་པོ་རྡོ་རྗེའི་ཆུང་མ་བེ་ཅོན་མ་དང་། སྲིན་པོ་སྐྱ་རིང་ཁྲག་མིག་གི་ཆུང་མ་སྲིན་མོ་དང་། ལྷ་ཟ་བྱེད་ཀྱི་ཆུང་མ་ཟ་བ་མོ་དང་དྲུག་ནི་ལྷོའི་མ་མོ་རྣམས་སོ། །དགའ་བྱེད་དབང་ཕྱུག་གི་ཆུང་མ་དགའ་བ་མོ་དང་། སྟོབས་བཟང་གི་ཆུང་མ་ར་རོ་ཁྲག་འཐུང་མྱོས་མ་དང་། བྷྲིང་གི་རི་ཏིའི་ཆུང་མ་གཅིག་པུར་སྤྱོད་མ་དང་། འདོད་ལྷའི་ཆུང་མ་ཡིད་འཕྲོག་མ་དང་། ནོར་སྲུངས་ཀྱི་ཆུང་མ་གྲུབ་མོ་དང་། རླུང་ལྷའི་ཆུང་མ་རླུང་མོ་དང་དྲུག་ནི་ནུབ་ཀྱི་མ་མོ་རྣམས་སོ། །ལྷ་གསོད་རྐྱེན་གྱི་ཆུང་མ་གསོད་བྱེད་མོ་དང་། མེ་ལྷའི་ཆུང་མ་མེ་མོ་དང་། ས་བདག་ཆེན་པོའི་ཆུང་མ་ཕག་མོ་དང་། གཤིན་རྗེ་རྒན་བྱེད་ཀྱི་ཆུང་མ་དང་རྒན་བྱེད་མོ་དང་། བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀའི་ཆུང་མ་སྣ་ཆེན་མོ་དང་། ཀླུའི་ཆུང་མ་ཆུ་ལྷ་མོ་དང་དྲུག་ནི་བྱང་གི་མ་མོ་རྣམས་སོ། །ལྷ་ནག་པོ་ཆེན་པོའི་ཆུང་མ་ནག་མོ་ཆེན་མོ་དང་། ར་གདོང་ཆེན་པོའི་ཆུང་མ་ར་མགོ་དམར་སེར་ཆེན་མོ་དང་། སྲིན་པོ་བུམ་སྣའི་ཆུང་མ་བུམ་སྣ་སྔོ་ནག་ཆེན་མོ་དང་། ལྷ་གསུས་པོ་ཆེའི་ཆུང་མ་གསུས་འཛིན་སེར་ནག་ཆེན་མོ་དང་བཞི་ནི་སྒོ་བཞིར་གནས་པའི་མ་མོ་རྣམས་སོ། །དེ་ལ་སོགས་པ་མ་མོའི་ཚོགས་ལས་བྱེད་པ་བྲན་དང་། དེའི་ཡང་ལས་བྱེད་པ་ཡང་བྲན་དང་། བཀུར་སྟིར་བྱེད་པ་གཡོག་དང་། དེ་ལ་ཡང་བཀུར་སྟི་བྱེད་པ་ཡང་གཡོག་དང་བཅས་པ་འཁོར་ཞིང་གི་རྡུལ་སྙེད་རྣམས་ཀྱང་བསྡུས་སོ། །བཅུ་པ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར། དྲང་། འཁོར་དབང་དུ་བསྡུས་ནས་ད་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་སྟོན་པས་ན་དེ་ནས་ཞེས་འབྲེལ་སྦྱར་རོ། །བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེ་མཆོག་ཧེ་རུ་ཀ་ཆེན་པོ་དེས་མ་མོ་འདུལ་བའི་ཐབས་ཀྱི། ཡང་རིགས་ལྔའི་འཇིགས་བྱེད་ཆེན་པོ་ལྔར་མ་མོ་རྣམས་ཀྱི་ངོར་སྣང་བར་བྱས་ནས། དེ་དག་ཀུན་དགྱེས་པས་རོལ་པ་ལས་ཁྲོ་བོའི་དཀྱིལ་འཁོར་གྱི་སྤྲིན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། །སྐུ་གསུང་ཐུགས་ཀྱི་སྙིང་པོ་ཨཱོཾ་ཨཱཿཧཱུཾ་གསུམ་དང་། གསང་བའི་རྡོ་རྗེས་གསང་བའི་པདྨ་ཁ་ཕྱེད་བས་བདེ་བས་དགྱེས་པའི་སྔགས་བཛྲ་པྲ་བེ་ཤ་ཨ་ལ་ལ་ཧོཿཞེས་བརྗོད་དོ། །བཅུ་གཅིག་པ་འཁོར་འདུས་པའི་ཆོ་འཕྲུལ། དྲང་། ཞེས་བརྗོད་པས་འཁོར་བསྡུས་པའི་ཆོ་འཕྲུལ་གྱིས་འབྱུང་པོའི་རྒྱལ་མོ་རྣམས་ཤིན་ཏུ་ཆགས་པའི་ཡིད་གཡོས་ནས། པདྨའི་དཀྱིལ་འཁོར་སྡུད་ཅིང་བདེ་བར་རྒྱས་པར་གྱུར་ནས། དཔེར་ན་རྡོ་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ། དབང་མོ་ཉི་ཤུ་རྩ་བརྒྱད་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་རིགས་ལྔའི་སྐུ་ལ་འཁྲིལ་ཏེ། དབུས་ཀྱི་གཙོ་བོ་ལ་ཕྱོགས་ཀྱི་གཙོ་མོ་བཞི་དང་སྒོ་མ་བཞི་སྟེ་བརྒྱད། རིགས་ཀྱི་ཧེ་རུ་ཀ་བཞི་ལ་སོགས་ཀྱི་མ་མོ་ལྔ་ལྔ་འཁྲིལ་ལོ། །དེ་ཡང་བཅོམ་ལྡན་འདས་ཁྲག་འཐུང་ཆེན་པོ་རྡོ་རྗེའི་སྐུ་བཛྲ་ཧེ་རུ་ཀ་ལ་ཤར་གྱི་དབང་མོའི་གཙོ་མོ་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། ལྷོའི་དམར་མོ་དང་། ནུབ་ཀྱི་དགའ་བ་མོ་དང་། བྱང་གི་གསོད་བྱེད་མོ་དང་། སྒོ་མ་བཞི་ལ་ཤར་སྒོའི་ནག་མོ་ཆེན་མོ་དང་། ལྷོ་སྒོའི་དམར་སེར་ཆེན་མོ་དང་། ནུབ་སྒོའི་སྔོ་ནག་ཆེན་མོ་དང་། བྱང་སྒོའི་སེར་ནག་ཆེན་མོ་རྣམས་འཁྲིལ་ཏོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་བུདྡྷ་ཧེ་རུ་ཀའི་སྐུ་ལ་ཤར་གྱི་མ་མོ་ལྔ་སྟེ། ཚངས་མོ་དང་། འཁྲུག་མོ་དང་། དབང་མོ་དང་། འཇུག་སྲེད་མོ་དང་། གཞོན་ནུ་མོ་རྣམས་འཁྲིལ་ཏོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེའི་སྐུ་རཏྣ་ཧེ་རུ་ཀ་ལ་ལྷོའི་མ་མོ་ལྔ་སྟེ། བདུད་རྩི་མོ་དང་། ཞི་བ་མོ་དང་། བེ་ཅོན་མོ་དང་། ཟ་བ་མོ་དང་། སྲིན་མོ་རྣམས་འཁྲིལ་ཏོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་པདྨ་ཆེན་པོའི་སྐུ་པདྨ་ཧེ་རུ་ཀ་ལ་ནུབ་ཀྱི་མ་མོ་ལྔ་སྟེ། ཁྲག་གི་མྱོས་མ་དང་། གཅིག་པུར་སྤྱོད་མ་དང་། ཡིད་འཕྲོག་མ་དང་། གྲུབ་མོ་དང་། རླུང་མོ་རྣམས་འཁྲིལ་ཏོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་ཀུན་ཏུ་ལས་ཀྱི་སྐུ་ཀརྨ་ཧེ་རུ་ཀ་ལ་བྱང་གི་མ་མོ་ལྔ་སྟེ། མེ་མོ་དང་། ཕག་མོ་དང་། རྒན་བྱེད་མོ་དང་། སྣ་ཆེན་མོ་དང་། ཆུ་ལྷ་མོ་འཁྲིལ་ཏོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་ཁྲོ་བོའི་དཀྱིལ་འཁོར་དེ་དག་གིས་ཧཱུཾ་ཞེས་བརྗོད་པས། དབང་མོའི་པདྨའི་དཀྱིལ་འཁོར་གྱི་ཚོགས་རྡོ་རྗེས་བསྡུས་ནས་ཤིན་ཏུ་རོལ་པ་ལ་བཅུམ་པར་གྱུར་ཏོ། །བཅུ་གཉིས་པ་ངོ་མཚར་ཚོགས་ཀྱི་དཀྱིལ་འཁོར་ལ་བཞི། བགྲང་། གནས་མ་བརྒྱད་གདོན་པ། དྲང་། འཁོར་བསྡུས་པའི་ཆོ་འཕྲུལ་བསྟན་ནས། ངོ་མཚར་ཚོགས་ཀྱི་དཀྱིལ་འཁོར་སྟོན་པས་ན་དེ་ནས་ཞེས་བྱའོ། །རིགས་ཀྱི་ཧེ་རུ་ཀ་དང་། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་སྦྱོར་བ་མཛད་པས། དགྱེས་ཏེ་ཧ་ཞེས་བརྗོད་པས་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་སྤྲིན་ཧའི་ཚོགས་འཕྲོས་པ་ལས། དབང་ཕྱུག་མ་རེ་རེའི་མཁའ་ནས་གནས་མ་བརྒྱད་པོ་ཡང་རེ་རེ་འཐོན་ནས་ཕྲིན་ལས་བསྒྲུབ་པ་ནི། དཀར་མོའི་ཚོགས་ཀ་རཱི་མ་ཉི་ཤུ་རྩ་བརྒྱད་ཀྱིས་ཞི་བའི་ལས་བསྒྲུབ་པ་དང་། རྐུན་མོའི་ཚོགས་ཙ་རཱི་མ་ས་དབང་གི་ལས་དང་། རྨོངས་མོའི་ཚོགས་པྲ་མོ་ཧས་ཞི་བའི་ལས་དང་། ཐལ་བྱེད་མའི་ཚོགས་བཻ་ཏ་ལིས་དྲག་པོའི་ལས་དང་། སྦོས་མོའི་ཚོགས་པུཀྐ་སིས་རྒྱས་པའི་ལས་དང་། གཏུམ་མོའི་ཚོགས་ཀསྨ་རིས་དྲག་པོའི་ལས་དང་། སྨེ་ཤ་ཅན་གྱི་ཚོགས་སྨེ་ཤ་ནིས་ལས་གང་འདོད་དང་། མ་ཚོགས་མའི་ཚོགས་ཙནྡྷ་ལིས་འཕེལ་བའི་ལས་བསྒྲུབ་པ་སྟེ། དེ་རྣམས་རེ་རེ་ཡང་ཚོགས་ཞེས་པའི་སྒྲས་ཉི་ཤུ་རྩ་བརྒྱད་བརྒྱད་རང་རང་གི་ལག་ཆ་དང་བཅས་པ་སྟེ། ཀ་རཱི་བན་དམར་བྱིན་དབྱུག་སྔོ། །ཞེས་པ་ལ་སོགས་པ་བཞིན། རྔམ་ཞིང་རྔམ་པ་རྒྱན་ཆས་དང་ལྡན་པ། ངོ་མཚར་བའི་ཚུལ་དུ་མ་དང་བཅས་ནས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་པོ་རེ་རེའི་མཁའ་ནས་གནས་མ་བརྒྱད་པོ་རེ་རེ་སྲས་ཀྱི་ཚུལ་དུ་འཐོན་ཏོ། །འཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་རྩིབས་མཆན་ལ་དཀར་མོ་ལ་སོགས་པ་བཞི་དང་། གྲུ་ཆད་ལ་སྦོས་མོ་ལ་སོགས་པ་བཞི་སྟེ་བརྒྱད། ཤར་ཕྱོགས་ནས་གཡས་བསྐོར་གྱིས་འཁོར་བར་ཟ་ཟ་འཆའ་འཆའ་འདྲ་བ་འཇིགས་པའི་གཟུགས་དོན་རྟགས་དང་མཐུན་པར་རང་རང་གི་ལག་ཆ་དང་བཅས་ནས་འཁོད་དོ། །ཡུལ་མ་བརྒྱད་གདོན་པ། དྲང་། ཀ་རཱི་འཐོན་པ་དེ་ནས་སླར་ཡང་ཤིན་ཏུ་དགྱེས་ནས་ཧེ་ཞེས་བརྗོད་པས་སྦྱོར་མཚམས་བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཧེའི་ཚོགས་འཕྲོས་པ་ལས་དབང་ཕྱུག་མ་རེ་རེའི་མཁའ་ནས་ཡུལ་མ་བརྒྱད་པོ་ཡང་རེ་རེ་འཐོན་ནས། ཐམས་ཅད་ཟིལ་གྱིས་གནོན་པ་སེང་གདོང་ཆེན་མོའི་ཚོགས་ཉེར་བརྒྱད་དང་། དཔའ་བརྟུལ་གྱིས་དྲག་པོའི་ལས་བྱེད་པ་སྟག་གདོང་ཆེན་མོའི་ཚོགས་དང་། ཐབས་མཁས་པས་ཕུང་པོའི་བདུད་དག་པར་བྱེད་པ་ཝ་གདོང་ཆེན་མོའི་ཚོགས་དང་། ལྷའི་བུའི་བདུད་འཇོམས་པར་བྱེད་པ་ཁྱི་གདོང་ཆེན་མོའི་ཚོགས་དང་། ཤེས་བྱ་ལ་ཐོགས་པ་མེད་པ་བཞད་གདོང་ཆེན་མོའི་ཚོགས་དང་། འཁོར་བ་དང་དུ་ལེན་པ་དུར་བྱའི་གདོང་ཆེན་མོའི་ཚོགས་དང་། ཉོན་མོངས་པ་ཟད་པར་བྱེད་པ་ཁྭ་གདོང་ཆེན་མོའི་ཚོགས་དང་། གདུལ་བྱ་ཕྲ་བ་ཡང་མི་འདོར་བ་འུག་གདོང་ཆེན་མོའི་ཚོགས་རྣམས་རེ་རེ་ཡང་ཉེར་བརྒྱད་ཉེར་བརྒྱད། སིདྷ་ཁ་རོ་བསྣོལ་སེར་སེང་། །ཞེས་པ་ལ་སོགས་པ་བཞིན་རང་རང་གི་ལག་ཆ་ངོ་མཚར་དང་བཅས་ནས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་མཁའ་ནས་འཐོན་པར་གྱུར་ཏོ། །འཐོན་ནས་ཀྱང་འབར་བ་ཆེན་མོའི་འཁོར་ལོའི་ཕྱི་རོལ་གསེར་གྱི་སྣམ་བུ་ལ། ཤར་ལ་སོགས་པའི་ཕྱོགས་བཞིར་སེང་གདོང་མ་ལ་སོགས་པ་དང་། ཤར་ལྷོ་ནས་མཚམས་བཞིར་བཞད་གདོང་མ་ལ་སོགས་པ་བཞིས་འཁོར་བར། རོ་རློན་པ་མགོ་གཡོན་དུ་བསྟན་པ་དང་ཉི་མའི་གདན་ལ་རྔམ་པའི་མདངས་ཀྱིས་འཁོད་དོ། །སྒོ་མ་བཞི་གདོན་པ། དྲང་། ཡུལ་མ་འཐོན་པ་དེ་ནས་ཤིན་ཏུ་དགྱེས་པས་ཕྱོགས་བཅུའི་ཞིང་མ་ལུས་པར་ཁྱབ་ནས་ཕཊ་ཅེས་བརྗོད་པས། དབང་རྟགས་རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན་པ་འཁོར་བ་མི་གཏོང་བ་སྲིང་འགྲོ་སྟག་གདོང་མའི་ཚོགས་དང་། ཕྲིན་ལས་གདོང་ཚུགས་སུ་བྱེད་པ་རྡོ་རྗེ་གདོང་མོ་ཕག་གདོང་མའི་ཚོགས་དང་། ཐམས་ཅད་སྲེག་པར་བྱེད་པ་རྡོ་རྗེ་འཇིག་རྟེན་དྲེད་གདོང་མའི་ཚོགས་དང་། ཁམས་གསུམ་སླར་འཚོ་མ་རྡོ་རྗེ་རོ་ལངས་སྤྱང་གདོང་མའི་ཚོགས་རྣམས། སྟག་གདོང་སྔོན་མོ་ལྕགས་ཀྱུ་འཛིན། །ཞེས་པ་ལ་སོགས་པ་བཞིན་རང་རང་གི་ལག་ཆ་དང་རྒྱན་ཆས་དང་ངོ་མཚར་དུ་བཅས་ནས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི་མཁའ་ནས་འཐོན་པར་གྱུར་ཏོ། །འཐོན་ནས་ཀྱང་འབར་བའི་དཀྱིལ་འཁོར་གྱི་ཤར་ལ་སོགས་པའི་སྒོ་བཞིར་ཤིན་ཏུ་རྔམ་པའི་གཟུགས་ཀྱིས་རོ་དང་ཉི་མའི་གདན་ལ་ཞལ་ཕྱིར་བསྟན་ནས་གནས་སོ། །འདི་ལ་ཁ་ཅིག་ན་རེ། རྒྱུད་ཀྱི་སྐབས་ནས་དབང་ཕྱུག་མ་ལ་སྲས་ཚོགས་བསྐྱེད་པར་འདུག་ལ། ཉམས་ལེན་གྱི་དུས་སུ་རིགས་ལྔ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་སྲས་ཚོགས་བསྐྱེད་པས། རྒྱུད་སྒྲུབ་ཐབས་ཁ་གམ་མོ་ཞེ་ན། སྐྱོན་མེད་དེ། རྒྱུད་ཀྱི་སྐབས་སུ་མོ་རྣམས་སྦྱར་ཏེ་བཏུལ་བ་དང་། བུ་མོས་མ་འདུལ་བའི་དགོས་པ་ཡོད་པའི་ཕྱིར། དབང་མོ་དང་སྦྱོར་བའི་སྦྱོར་མཚམས་ནས་བསྐྱེད་པ་ཡིན་ལ། ཉམས་ལེན་གྱི་དུས་སུ་ལས་ཀྱི་སྲིན་མོ་ལ་མོས་པ་མི་སྐྱེ་བས། རིགས་ཀྱི་ཡུམ་ལྔ་དང་སྦྱོར་བའི་སྦྱོར་མཚམས་ནས་བསྐྱེད་པ་ཡིན་ནོ། །ཡང་མ་ཉི་ཤུ་རྩ་བརྒྱད་ལ་སྲས་ཚོགས་ཁྲོ་མོ་ཉི་ཤུ་ལས་མེད་པས་མ་བུ་མ་འཆམ་མོ་ཞེ་ན། སྐྱོན་མེད་དེ། མ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་མོ་རེ་རེ་ལ་ཡང་། སྲས་ཁྲོ་མོ་ཉི་ཤུ་ཉི་ཤུ་འཐོན་པར་འབྲུ་བསྣོན་གྱི་སྐབས་སུ་བཤད་ཟིན་ནོ། །དེ་དག་གིས་ཕཊ་ཅེས་བརྗོད་པས་ཐམས་ཅད་ཁྲོས་པར་བསྟན་པའོ། །དྲང་། སྲས་ཀྱི་ཚོགས་འཐོན་པ་དེ་ནས་དགྱེས་པ་ཆེན་པོའི་བྱང་ཆུབ་སེམས་ཀྱི་སྤྲིན་ལས་ཕྱོགས་བཅུ་ནས་ཕཊ་ཅེས་བསྒྲགས་པས། ཁྲོ་མོ་ཐམས་ཅད་ཤིན་ཏུ་ཡང་ཁྲོས་ནས་མ་མོ་ཐམས་ཅད་ཀྱང་རང་རང་གི་གནས་ག་ལ་བ་དེར་ཡུད་ཙམ་གྱིས་ཕྱིན་པར་ལས་ལ་བཀྱེའོ། །བཅུ་གསུམ་པ་ཕྲིན་ལས་ཀྱི་འབྲས་བུ་དྲེགས་པ་ཅན་གནས་བསྟབས་པ་ལ་ཡང་གསུམ། བགྲང་། གནས་བསྟབས་པས་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ཐོབ་པ། དྲང་། ཕོ་རྣམས་བསྒྲལ། མོ་རྣམས་དང་སྦྱོར་བ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་དེ་དག་ཀུན་ཀྱང་གཅིག་ཏུ་ཐིམ་ནས་བཛྲ་ཧེ་རུ་ཀར་གྱུར་པ། ཐུགས་རྗེ་ཆེན་པོ་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་གསུང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་བྱུང་བ་དབང་རྫས། ཕྱི་བདུད་རྩི་དྲི་ཆེན་རློན་སྦྱོར། ནང་ཉི་ཟླ་བྱང་ཆུབ་ཀྱི་སེམས་འདི་བྱུང་ངོ་། །གོང་དུ་དབང་ཕྱུག་ཆེན་པོ་ལ་སོགས་པའི་དྲེགས་པ་ཅན་ཐམས་ཅད་ཀྱི་ཡན་ལག་ཀུན་བཅད་གཏུབས་ཁྲག་འཐུང་ཤ་ཟོས་རུས་པ་ཀུན་འཆོས་ནས། ལྟོ་བ་ཀྱི་དབྱིངས་ཀྱི་ཕོ་བྲང་ན་ཡོད་པ་ལ། བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་དེ་དག་གིས་བསྣམ་ཞེས་པའི་འོག་སྒོ་ནས་དར་སྒོང་གི་ཚུལ་དུ་བཏོན་ཏེ། སྤྱན་སྔར་འདུག་པ་དེ་ལ་སླར་ཡང་བསྣམ་ཞེས་པ་འོག་སྒོ་ནས་ཕྱི་ལྟར་ཁྲོ་བོ་ཨུཙྪུཥྨ་ཀྲོ་དྷ་རྨེ་བ་བརྩེགས་པ་དང་། ནང་ལྟར་དམ་རྫས་དྲི་ཆེན་རློན་སྦྱོར་ཕྱུང་ནས་དབང་བསྐུར་བའི་སྔགས་ཨཱོཾ་ནི་ཡེ་ཤེས་ལྔ་དང་ལྡན་པའོ། །བཛྲ་མ་ཧཱ་ཨ་མྲྀ་ཏ་མ་ཧཱ་ཀྲོ་ཏ་ཞེས་པ་རྡོ་རྗེ་ཁྲོ་བོ་འཆི་མེད་ཆེན་པོ་སྟེ། ནང་ལྟར་བདུད་རྩི་གཅིག་ཀྱང་ལྔ་ལྔར་བྱིན་གྱིས་བརླབས། ཨཾ་ཨཾ་ཨཾ་ཞེས་ལན་གསུམ་བརྗོད་ཅིང་ལྕེའི་སྟེང་དུ་དམ་རྫས་ལན་གསུམ་བཞག་པས། སྔར་མི་གཙང་བའི་འདམ་གྱི་རྒྱ་མཚོར་ཆུད་པ་དེ་ལས་མི་གཙང་བའི་འདམ་ཀུན་ཁྲོ་བོ་རྨེ་བརྩེགས་ཀྱིས་འཐུང་ཏེ། དབང་ཐོབ་པའི་བྱིན་རླབས་ཀྱིས་དྲན་པ་སླར་རྙེད་ནས་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བར་གྱུར་ཏེ་ཁྲོ་བོ་བསམ་ཡས་ལྷུན་གྲུབ་ཀྱི་ཏིང་ངེ་འཛིན་ཐོབ་བོ། །དེའི་ཚེ་དཀྱིལ་འཁོར་གྱི་ཚོགས་དེ་དག་ཐམས་ཅད་ཀྱང་དབུ་བརྒྱ། ཕྱག་སྟོང་བརྒྱད་བརྒྱ། ཞབས་བརྒྱད་བརྒྱ། སྐུ་འབར་བ་ཆེན་པོའི་དཀྱིལ་འཁོར་ན་བཞུགས་པ་མཐོང་ངོ་། །སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་ཐོབ་པའི་དེའི་དུས་སུ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་ཀུན་ཏུ་དྲེགས་པའི་དབང་ཕྱུག་ཐམས་ཅད་འདུལ་བའི་ཐབས་མི་མཐུན་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་པར་སོ་སོར་སྣང་བས་དུས་གཅིག་ཏུ་བཏུལ་ལོ། །དམ་བཅས་ནས་ལུས་གདན་དུ་ཕུལ་བ། དྲང་། གནས་བསྟབས་པ་དེ་ནས་དྲེགས་པ་ཅན་དེ་དག་ཤིན་ཏུ་ལུས་འདར་ཞིང་ཡིད་བྲེད་པས་སེམས་རབ་ཏུ་ཞུམ་པས་ང་རོས་འབངས་སུ་མཆི། འབངས་སུ་མཆི། གལ་ཏེ་འབངས་སུ་ནན་ཏན་མ་བགྱིས་ན་མགོ་དང་ལུས་ནི་ཚལ་པ་བརྒྱར་འགས་ཤིང་། དེ་བཞིན་དུ་སྙིང་ཡང་འགས་ཤིང་དུམ་བུར་གཏུབ་པར་གྱུར་ཅིག །ལུས་རུལ་མྱགས་ཚིག་ནས་སེམས་ངན་སོང་དུ་བརླབ་པ་དང་། དམྱལ་བར་ལྟུང་ནས་སྡུག་བསྔལ་ཞིང་འོ་འདོད་འབོད་པར་ཤོག་ཅིག་ཅེས་འབངས་སུ་མཆི་བར་མནའ་བོར་ནས་ལུས་དཀྱིལ་འཁོར་གྱི་གདན་དུ་ཕུལ་ནས་གཞག་གོ། །འཁོར་ཕུལ་བའོ། །དྲང་། དྲེགས་པའི་བདག་པོ་ཐམས་ཅད་ཀྱིས་ངག་མཐུན་པར་མགྲིན་གཅིག་ཏུ་ལུས་ཕུལ་ནས་ཡང་འཁོར་འབུལ་བ་སྨྲས་པ། བདག་ཅག་རྣམས་ཀྱི་མཆིས་བྲང་དང་། མ་དང་སྲིན་མོ་བུ་མོ་རྣམས་དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ་ལོ། །ཉམ་ང་མེད་པའི་དཔའ་བོ་ལྷ་ཆེན་པོ་ཉི་ཤུ་རྩ་བརྒྱད་ཀྱི་ཡང་རྗེ་བོ་འཁོར་བཞེས་སུ་གསོལ་ལོ། །ཞེས་འཁོར་རྣམས་ཕུལ་ནས། ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་དགོངས་པ་འགྲུབ་པར་དམ་བཅས་པ་ནི་བདག་ཅག་སོ་སོའི་འཁོར་བཅས་རྣམས་ཀྱིས། ཁྲོ་བོའི་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིའི་མིང་ཙམ་འཛིན་པར་བྱེད་པའི་རྣལ་འབྱོར་པ་ཡང་དཔེར་ན་ལྷའི་དབང་པོ་དང་། ཀླུའི་དབང་པོའི་སྤྱི་བོ་ན་གཙུག་གི་ནོར་བུ་རིན་པོ་ཆེ་འབར་བ་དེ་ལྷ་བྲན་དང་། ཀླུ་བྲན་རྣམས་ཀྱིས་མཐོང་མ་ཐག་ཕྱག་མ་བྱས་ན་མགོ་བོ་འགས་པས་མི་བཀུར་བའི་ཁ་སྟབས་མེད་པ་ལྟར། སེམས་ལ་གཡོ་སྒྱུ་མེད་ཅིང་གུས་པ་དང་ལྡན་པར་སེམས་ཀྱིས་བླངས་ཏེ་སྤྱི་བོའི་གཙུག་ཏུ་བཞག་ནས་བཀུར་བར་བགྱིའོ། །དེ་ཡང་འཁོར་ལུགས་གསུམ་དང་། མཐོང་ལུགས་བཞི་སྟེ། རབ་ལྟ་བ་དང་ལྡན་པའི་རྣལ་འབྱོར་པ་གཙུག་གི་ནོར་བུར་ལྟར་དུ་མཐོང་ཞིང་འཁུར། འབྲིང་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པ་རྗེ་དཔོན་དབང་པོ་ཆེ་ལྟར་དུ་མཐོང་ཞིང་འཁུར། ཐ་མ་སྤྱོད་ལམ་དང་ལྡན་པའི་རྣལ་འབྱོར་པ་དེ་སྤྱན་འདྲེན་ངོ་ཆེན་ལྟར་དུ་མཐོང་ཞིང་འཁུར་ལ། ཡང་ཐ་དམ་ལ་མི་གནས་པའི་རྣལ་འབྱོར་པ་ནི་བཀའ་ཆད་ཀྱི་གནས་སུ་མཐོང་ཞིང་འཁུར་བ་ལྟ་ག་ལ་སྲིད་དོ། །ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །དེས་ན་དམ་ལ་གནས་པའི་རྣལ་འབྱོར་པ་དེའི་དགོས་པ་ཅི་ཡང་རུང་བ་མ་ལུས་རྫོགས་པར་བདག་ཅག་རྣམས་ཀྱིས་བསྒྲུབ་བོ། །གལ་ཏེ་དཔའ་བོ་དཔལ་ཆེན་ཧེ་རུ་ཀའི་སྤྱན་སྔར་འདིར་སྨྲས་པ་ཁས་བླངས་བཞིན་དུ་མ་བསྒྲུབས་ན། བདག་ཅག་རྣམས་ཀྱི་མགོ་འགས་ལུས་གཏུབས་སྙིང་དུམ་བུར་གྱུར་ནས་རུལ་བར་མཆིའོ། །ཞེས་མནའ་བོར་བའི་ཚིག་དེ་དག་སྨྲས་སོ། །བཅུ་བཞི་པ་ཕྲིན་ལས་ཀྱི་འབྲས་བུ་འཁོར་དམ་ལ་བཏགས་པའོ། །དྲང་། མནའ་བོར་བ་དེ་ནས་དེ་དག་གི་ཆུང་མའི་ཚོགས་དང་། སྲིང་མོ་དང་། མ་དང་བུ་མོའི་ཚོགས་ཐམས་ཅད་དཀྱིལ་འཁོར་དུ་ཡུད་ཙམ་གྱིས་འོངས་ནས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་པ། བདག་ཅག་རུ་དྲ་འཁོར་ཚོགས་ཐམས་ཅད་ཀུན་ཀྱང་དཔའ་བོ་ཆེན་པོའི་འབངས་སུ་མཆིའོ། །དཔའ་བོ་ཆེན་པོས་བདག་ཅག་རྣམས་ལ་ཕྲིན་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ་ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་འཁོར་རྣམས་ཀྱི་ལག་ཏུ་རྡོ་རྗེ་བྱིན་ནས་རྡོ་རྗེ་མི་སྲིན་མོ་ལ་སོགས་པ་མིང་གི་དབང་བསྐུར་ཏེ། དཀྱིལ་འཁོར་གྱི་ཁྱམས་ཀྱི་ཕྱི་རོལ་དུ་བཀོད་དོ། །འོ་ན་ལེའུ་བཅོ་ལྔ་པ་འདིར་གསུངས་པའི་རུ་དྲ་འདི་རང་རྒྱུད་པ་ཡིན་ནམ་སྤྲུལ་པ་བ་ཡིན། རང་རྒྱུད་པ་ཡིན་ན་ལུང་མན་ངག་རིག་པ་གསུམ་དང་འགལ་བའི་སྐྱོན་ཡོད་དེ། ལུང་དང་འགལ་བའི་སྐྱོན་ནི་འདི་ཉིད་ལས། ཁྲོ་བོའི་ཚོགས་ཆེན་པོ་དེ་དག་ཀྱང་དབུ་དགུ་བརྒྱ། ཕྱག་སྟོང་བརྒྱད་བརྒྱ། ཞབས་བརྒྱད་བརྒྱ། སྐུ་འབར་བ་ཆེན་པོའི་ཀློང་ན་བཞུགས་པ་མཐོང་ངོ་ཞེས་གསུངས་པ་དང་། མན་ངག་ནི་འགྲེལ་པ་ལུང་བསྟན་ལས། མཐུ་འདི་དག་རང་རྒྱུད་པ་ལ་ཡོད་པ་མ་ཡིན་ཏེ། སྤྲུལ་པ་བ་ཡིན་པ་ལ་སོམ་ཉི་མི་བྱའོ་ཞེས་པ་དང་འགལ་ལ། རིགས་པ་ནི་སྡིག་པ་གང་ཆེ་ཆེ་བས་འཚང་རྒྱ་བར་འགྱུར། ཅི་སྟེ་ན་རུ་དྲ་རང་རྒྱུད་པར་འདུག་པས་སོ། །ཡང་རུ་དྲ་སྤྲུལ་པ་བ་ཡིན་ན་ལུང་མན་ངག་རིག་པ་གསུམ་དང་འགལ་ཏེ། ལུང་དང་འགལ་བའི་སྐྱོན་ནི་འདི་ཉིད་ལས། བདག་ཏུ་རྨོངས་པའི་རྟོག་པས་བཏགས་པ་ལ་མངོན་པར་ཞེན་པ་ཞེས་པ་དང་། མན་ངག་ནི་སྤར་ཁབ་ལས། ལས་ངན་པ་དང་ཉོན་མོངས་པ་རང་ཁ་མའི་བག་ཆགས་རྣམས་སོ། །ཞེས་པ་དང་། རིག་པ་ནི་སྤྲུལ་པ་བ་དེ་རང་ལ་དགོས་ཆེད་མེད་པར་འགྱུར། ཅི་སྟེ་ན་གདུལ་བྱ་རང་རྒྱུད་པ་མེད་པས་སོ། །ཡང་ཕྱིས་འབྱུང་བར་དོགས་ནས་སྡིགས་བསྐུར་བ་ཡིན་ནོ་ཞེས་ན། དེ་ལ་དགོས་ཆེད་མེད་དེ། སྔར་དངོས་སུ་མ་བྱུང་ན་ཕྱིས་ཀྱང་འབྱུང་བར་མི་འགྱུར་ཏེ། རྒྱུ་རྐྱེན་ལ་ཁྱད་པར་མེད་པའི་ཕྱིར་རོ་ཟེར་ན། འདི་ལ་རྒྱ་གབ་གོང་པ་ན་རེ། འདིར་དངོས་སུ་བྱུང་བ་ནི་སྤྲུལ་པ་བ་ཡིན་ལ། འདི་དག་ཆ་ལུགས་མཐུན་པའི་རང་རྒྱུད་པ་མཐུ་འདི་ཙམ་མེད་པར་ཡང་ཡོད་པས་གཉིས་ཀ་ལྟར་ཤེས་པར་བྱའོ་ཞེས་གསུང་ངོ་། །གཙང་པ་བྱིན་སྟོན་ན་རེ། དངོས་སུ་བྱུང་བ་འདི་རང་སྤྲུལ་པ་རང་རྒྱུད་གཉིས་ཀ་ཡིན་ཏེ། མཐར་ལམ་ནས་མཛད་པ་བཅུ་གཉིས་སྟོན་པས་སྤྲུལ་པ་ཡང་ཡིན་ལ། བག་ལ་ཉལ་གྱི་སྒྲིབ་པ་ཡོད་པས་རང་རྒྱུད་པ་ཡང་ཡིན་གསུང་ངོ་། །རྗེ་སྒྲོ་ཕུག་པ་ནི་འགྲེལ་པ་ལུང་བསྟན་ཕྱག་ཏུ་མ་བྱུང་གི་བར་དུ་རང་རྒྱུད་པར་བཞེད་ལ། ཕྱག་ཏུ་བྱུང་ཚུན་ཆོད་སྤྲུལ་པ་བར་བཞེད་མོད་ཀྱིས། ཁོ་བོ་ནི་འདི་ལྟར་སེམས་ཏེ། སྤྱིར་གྱིས་སྤྲུལ་པ་དང་རང་རྒྱུད་ཀྱི་མཚན་ཉིད་གང་ལ་བྱེད་བརྟག་པར་བྱ་སྟེ། སྔར་མངོན་པར་རྫོགས་པར་སངས་རྒྱས་ཟིན་པ་ཞིག་སེམས་ཅན་གྱི་དོན་དུ་ཐུགས་རྗེས་ལས་སྤྲུལ་པ་བ་ལ་སྤྲུལ་པ་བར་བྱེད། ལམ་མས་རིམ་གྱིས་རྒྱུད་སྦྱངས་པའི་ལམ་ལ་གནས་པ་དང་སངས་རྒྱས་པ་ཞིག་མས་སྦྱངས་རང་རྒྱུད་པར་བྱེད་ན། སྔ་རབས་པ་རྣམས་ཀྱི་བཞེད་པ་དང་འགལ་སྤོང་ཐམས་ཅད་ཉུང་མའི་གཡོས་ལྟ་བུར་གསལ། ཡོན་ཏན་གྱི་སྣང་ཚུལ་ཅན་ལ་སྤྲུལ་པར་བྱེད། སྐྱོན་གྱི་སྣང་ཚུལ་ཅན་ལ་རང་རྒྱུད་པར་བྱེད་ན། སེམས་ཅན་གྱི་དོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པར་རྔོན་པ་དང་། སྨད་འཚོང་མ་ལ་སོགས་པར་སྤྲུལ་པ་རྣམས་ཀྱང་རང་རྒྱུད་པ་ཡིན་པར་ཐལ་བ་དང་། ཟག་བཅས་ཀྱི་བསོད་ནམས་ཆ་མཐུན་ལས་གྲུབ་པའི་བདུད་སྲིན་གྱི་རིགས་མངོན་ཤེས་དང་། རྫུ་འཕྲུལ་དུ་མ་དང་ལྡན་པ་རྣམས་ཀྱང་སྤྲུལ་པ་བ་ཡིན་པར་ཐལ་བའི་སྐྱོན་འོང་ངོ་། །གལ་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་སྡིག་ཅན་དང་ཉམ་ཐག་པ་ལ་སོག་པར་སྤྲུལ་པ་ནི་དགོས་ཆེད་ཀྱི་དབང་གིས་དེ་ལྟ་བུའི་ཚུལ་བསྟན་པ་ཡིན་ནོ་ཞེ་ན། འོ་ན་ཚུལ་བསྟན་པ་དེ་དག་དང་རྗེས་སུ་མཐུན་པར་གསུངས་པའི་ལུང་རྣམས་ལ་གང་ཟག་གི་བློས་དཔགས་པར་མི་ནུས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཛད་པ་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །འོན་ཀྱང་ལུང་ལ་རྗེས་སུ་དཔགས་པའི་དབང་དུ་བྱས་ན་བསྐལ་པ་བཟང་པོ་འདི་འདས་པའི་འོག་ཏུ། འཇིག་རྟེན་གྱི་ཁམས་ཐལ་བས་ཁེབས་བ་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་ཐལ་བའི་དབང་པོའི་དབྱངས་སུ་མངོན་པར་རྫོགས་པར་འཚང་རྒྱ་བར་སྤྱི་མདོ་དགོངས་པ་འདུས་པ་ནས་ལུང་བསྟན་པ་ངེས་ལུང་དུ་བྱས་ནས། འཆད་བཞིན་པའི་མདོ་སྡེ་མྱང་འདས་ཀྱི་ལུང་རང་བཞིན་ལ་དགོངས་པའམ། དུས་གཞན་ལ་དགོངས་པའི་ལུང་དུ་བྱས་ནས་རུ་དྲ་རང་རྒྱུད་པ་ཁོ་ན་ཡིན་ལ། ཡང་མདོ་སྡེ་མྱ་ངན་འདས་པ་ལས། རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་བདུད་སྡིག་ཏོ་ཅན་ནི་ང་ཉིད་དེ། གཞན་དུ་མ་རྟོག་ཅིག་ཅེས་པའི་ལུང་ངེས་ལུང་དུ་བྱས་ནས། དགོངས་འདུས་ཀྱི་ལུང་བསྟན་དྲང་ལུང་དུ་བྱས་ནས་སྤྲུལ་པ་ཁོ་ན་ཡིན་གྱིས། ཤེས་རྒྱུད་གཅིག་གི་སྟེང་དུ་སྤྲུལ་པ་རང་རྒྱུད་གཉིས་དུས་གཅིག་ལ་ཚང་བར་འདོད་པ་ནི་བླུན་པོ་ཏི་ཐུག་པ་རྣམས་ཀྱི་འདོད་རྒྱལ་དུ་རིག་པར་བྱའོ། །ཡང་ཁ་ཅིག །དངོས་སུ་བྱུང་བ་འདི་སྤྲུལ་པ་རང་རྒྱུད་གང་རུང་དུ་ཁས་ལེན་ཞིང་། དེ་དང་ཆ་མཐུན་གྱི་གཅིག་ཤོས་ཀྱང་ཡོད་པར་འདོད་པ་ནི་མི་རིགས་པ་མ་ཡིན་ནོ། །ལེའུའི་མཚན་ནོ། །དྲང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འབྲུ་མཐུན། ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་གྱི་སྤྲིན་རྣམ་པར་སྤྲོས་པའི་གཅོད་ཅིང་མཚམས་འཛིན་པར་བྱེད་པས་ན་ལེའུ་སྟེ་ཡས་བགྲངས་བཅོ་ལྔ་པའི་དོན་དུ་གདའོ།། ༈ །།ད་ནི་ལེའུ་བཅུ་དྲུག་པ་འཆད་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ནས། རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་སྟོན། སྣང་བ་བཞི་ལས་ལམ་སྣང་སྟོན། ལམ་ལ་ཐབས་གྲོལ་གཉིས་ལས་གྲོལ་ལམ་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། མཚན་ཉིད་གསུམ་ལས་རྐྱེན་འཇུག་པའི་མཚན་ཉིད་སྟོན། འབྲིང་གི་ལྔ་ལས་རྒྱུད་དོན། དེ་ལ་བཅུ་ལས་ཁྲོ་བོ་གསུང་གི་དཀྱིལ་འཁོར་སྟོན། ཞོར་ལ་ཏིང་ངེ་འཛིན་སྟོན། མཆོད་པ་སྟོན། སྔགས་གཙོ་ཆེར་སྟོན། ཐ་མའི་བཅུ་ལས་བསྣོལ་མཚམས་འཕེན་སྡུད་དང་། གཞན་ཡང་སྤྱི་འགྲོ་རྣམས་ཀྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་བཅུ་དྲུག་པ་འདི་ལ་གསུམ། བགྲང་། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་བསྟན་ནས། ད་དེ་དག་གི་སྔགས་ཀྱི་དཀྱིལ་འཁོར་སྟོན་པས་ན་དེ་ནས་ཞེས་འབྲེལ་སྦྱར་རོ། །བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་འདི་དག་སྔགས་ཀྱི་དམ་ཚིག་གི་ཚུལ་བསྒྲུབ་པར་བྱ་བའི་ཕྱིར། དེ་བཞིན་བཤེགས་པ་ཁྲོ་བོ་ཁྲག་འཐུང་ཆེན་པོ་རིགས་ལྔ་བཙུན་མོ་དང་བཅས་པའི་ཚོགས་དེ་དག་གི་སྐུ་དང་གསུང་དང་ཐུགས་དང་རྡོ་རྗེ་ཡེ་ཤེས་རྔམ་པའི་ང་རོ་དང་བཅས་པ་བསྒྲགས་པ་ལས་ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་གྱི་དོན་འོག་ནས་འབྱུང་བའི་འདི་དག་ཕྱུང་ངོ་། །ལེའུའི་གཞུག་ལ་གཉིས་ཏེ། གསུང་གི་དཀྱིལ་འཁོར་དང་དེའི་ཡོན་ཏན་ནོ། །དང་པོ་ལ་སྤྱི་དོན་གཉིས་ཏེ། ལྷ་རྣམས་ཀྱི་སྔགས་སམ་སྙིང་པོ་དང་། སྤྱན་དྲང་པ་ལ་སོགས་པ་ལས་ཀྱི་རིམ་པའི་སྔགས་སོ། །སྤྱི་དོན་དང་པོ་ལ་ཡང་གསུམ་སྟེ། བགྲང་། དང་པོ་ཁྲག་འཐུང་ཡབ་ཡུམ་བཅུའི་རྩ་བ་བསྐྱེད་པ་ལས་སྔགས་དང་བཅས་པ། དྲང་། འདིར་མངོན་པར་རྟོགས་པའི་གོ་རིམ་སྡེབས་མ་ཤེས་ན་བདུད་རྩི་རོ་ཉམས་ལྟ་བུའི་བཤད་པའི་སྐྱོན་ཡོད་པས། ཁྲོ་བོའི་ཆོག་ཁྲིགས་བསྡུས་པ་ཙམ་སྡེབས་པའི་དབང་དུ་བྱས་ན། སྔོན་འགྲོ། གཞུང་། མཇུག་གསུམ་ལས། སྔོན་འགྲོ་ནི། གཞུང་དང་མཐུན་པའི་གནས་སུ་མཆོད་ཤོམས་གཞུང་བཞིན་བྱས་ལ། ཚུལ་ཕྱག་བྱ། མཚམ་བཅད། བཤགས་པ་བྱ། དམ་བཅའ། བྱིན་དབབ་མཆོད་པ་བྱིན་གྱིས་བརླབ་བོ། །དངོས་གཞི་གཞུང་དོན་ལ་ཁྲོ་བོ་འབྱུང་བའི་གླེང་གཞི་བསྟན་པ་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲང་ཞིང་བསྟིམ་པ་དང་། ཕྱི་ནང་གསང་བའི་མཆོད་པ་འབུལ་བ། དམ་བཅའ་བ། བསྟོད་པ་བྱ་བ། སྨོན་ལམ་གདབ་བོ། །འཛབ་བཟླས་པ་དང་བརྒྱད་ལས། གཉིས་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པའི་སྐབས་སུ་དང་པོ་རྩ་བ་ལྟར་ཏིང་ངེ་འཛིན་གསུམ་བསྒོམ། དེ་ནས་གཞལ་ཡས་ཁང་བསྒོམས་ལ། ལེའུ་བཅུ་བདུན་པ་ནས་འབྱུང་བ་ལྟར་ཚིག་གི་གསལ་གདབ། བདག་སྲས་ལེའུ་བཅོ་ལྔ་པ་བཞིན་དུ་ངོ་མཚར་ཚོགས་ཀྱི་ལྷ་ཚོགས་སུམ་ཅུ་བསྐྱེད། གཞན་སྲས་འདི་ནས་བཤད་པའི་སྔགས་ཀྱིས་བསྐྱེད། ལེའུ་བཅུ་བདུན་པ་བཞིན་ཚིག་གིས་གསལ་གདབ་དབང་བསྐུར་བྱིན་བརླབ་རྩ་བ་ལྟར་བྱ། འདི་ནས་བཤད་པ་བཞིན་ཡེ་ཤེས་པ་སྤྱན་དྲང་བ་ནས་བརྩམས་ཏེ། གཞུང་བསྲང་ལ་བསྟོད་ཅིང་འཛབ་བཟླས་སོ། །མཇུག་གི་ལས་རིམ། ཚོགས་བྱ། ལྷག་མ་བཏང་། བརྟན་མ་བསྐྱང་། དཀྱིལ་འཁོར་བསྡུས། གོ་བགོ། ལུས་བསྲུང་། སྤྱོད་ལམ་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པར་བྱ་སྟེ། དེ་ཡང་བདག་སྲས་ཀྱི་ལྷ་ཚོགས་རྣམས་ཏིང་ངེ་འཛིན་གྱི་འཇུ་འདུལ་གྱིས་སོ་སོའི་གདན་ཐོག་ཏུ་འོད་ཀྱི་རང་བཞིན་དུ་གནས་པ་ལ་ཆོ་ག་གསུམ་གྱིས་ཧེ་རུ་ཀ་ཡབ་ཡུམ་དུ་བསྐྱེད་ལ། མཁའ་གསང་བརླབས་སྦྱོར་བའི་བརྡ་བསྐུལ་ནས་རོལ་པ་བྱས་པས། ཡབ་ཡུམ་གྱི་མཁའ་ལས་ཁྲག་འཐུང་སུམ་ཅུ་ཐམ་པ་ཡིག་འབྲུར་གནས་པ་ལ་བསྐྱེད་སྔགས་རྣམས་བརྗོད་པ་ལྷར་བསྐྱེད་ཅིང་ཕྱིར་བཏོན་ལ་དཀྱིལ་འཁོར་ལ་དགོད། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ནི་སྦྱོར་མཚམས་ནས་མི་བསྐྱེད་དེ། ཐུགས་ཀ་ནས་བྷྱོ་ཉི་ཤུ་རྩ་བརྒྱད་འཕྲོས་ནས་ཕྱི་ཁྱམས་ལ་གནས་པ་ལ་མ་ནུ་རཀྴ་སི་ཞེས་པ་ལ་སོགས་པ་བསྐྱེད་པ་རྐྱེན་གྱི་སྔགས་ཀྱིས་བསྐྱེད་དེ། ཕཊ་ཛ་ཞེས་པའི་སྔགས་ཀྱིས་ཕྱི་རུ་བཏོན་ནས་རང་རང་གི་གནས་སུ་འཁོད་པ་ལ། ཨཱོཾ་ཨཱཿཧཱུཾ་ཞེས་བརྗོད་པས། སྐུ་གསུང་ཐུགས་ནུས་ལྡན་དུ་བྱིན་གྱིས་བརླབ་ཅིང་། ཨཱོཾ་ཡེ་ཤེས་ལྔ་དང་ལྡན་པ་སྟེ་རྩ་བའི་སྔགས་སོ། །བཛྲ་མ་ཧཱ་ཤྲི་ཧེ་རུ་ཀ་ཞེས་པ་ནི་སྙིང་པོའི་སྔགས་ཏེ་སྐུ་བསྐྱེད་པའོ། །མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཅེས་པ་ནི་གཏུམ་པོ་ཆེན་པོས་སྡང་བ་ཐམས་ཅད་རྟོགས་ཤིག །སྦྱོར་ཅིག །ཆོམས་ཤིག །ཚོམས་ཤིག །སྐུ་གསུང་ཐུགས་སུ་བསྡུས་ལ། གཉིས་སུ་མེད་པར་སྒྲོལ་ཅིག་པ་སྟེ་བཟླས་པ་ལས་ཀྱི་སྔགས་སོ། །ཡུམ་གྱི་སྔགས་ནི། ༀ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོཏི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ་ཅེས་པ་སྟེ། ཉམས་ལེན་གྱི་སྐབས་སུ་ཡབ་ཡུམ་གྱི་སྔགས་སྡེབས་པ་ཡིན་ནོ། །དེ་བཞིན་དུ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་གྱི་སྔགས་ནི། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་ཏི་ཤྭ་ཀྲོ་ཏི་ཤྭ་རཱི་སརྦ་དུཥྚན་ཧཱུཾ་ཕཊ། རཏྣ་ཧེ་རུ་ཀ་ཡབ་ཡུམ་གྱི་སྔགས་ནི། ཨཱོཾ་རཏྣ་མ་ཧཱ་ཤྲི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨཱོཾ་མ་ཧཱ་སཱུ་རྱ་རཏྣ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རཱི་བྷི་དྷ་མ་ཧཱུཾ་ཕཊ། པདྨ་ཧེ་རུ་ཀ་ཡབ་ཡུམ་གྱི་སྔགས་ནི། ཨཱོཾ་པདྨ་མ་ཧཱ་ཤྲི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨཱོཾ་ཧྲི་ཤྭ་ཏ་ས་མནྟ་པདྨ་མ་ཧཱ་ཀྲོ་ཏི་ཤྭ་རཱི་ཁཱ་ཧི་ཧཱུཾ་ཕཊ། ཀརྨ་ཧེ་རུ་ཀ་ཡབ་ཡུམ་གྱི་སྔགས་ནི། ཨཱོཾ་ཀརྨ་མ་ཧཱ་ཤྲི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨཱོཾ་སརྦ་ཨ་མོ་ག་ཀརྨཱ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རཱི་བི་ཤྭ་ཧཱུཾ་ཕཊ་ཞེས་པ་རྣམས་སོ། །གཉིས་པ་གནས་ཡུལ་སྒོ་མ་ཉི་ཤུ་བསྐྱེད་པ་རྐྱེན་གྱི་སྔགས་ལ་གསུམ། བགྲང་། གནས་མ་བརྒྱད་བསྐྱེད་པ་རྐྱེན་གྱི་སྔགས། དྲང་། ཨཱོཾ་ཡེ་ཤེས་ལྔ་དང་ལྡན་པ། བཛྲ་ནི་རྡོ་རྗེ་སྟེ་དབང་རྟགས་རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན་པ་ཀུན་ལ་འགྲེའོ། །ཀེའུ་རི་མི། ཧ་རྩ་བའི་ས་བོན་ནོ། །དེ་བཞིན་དུ་བཛྲ་ཙ་རཱི་ཧ། བཛྲ་པྲ་མོ་ཧ། བཛྲ་བཻ་ཏ་ལི་ཧ། བཛྲ་པུཀྐ་སི་ཧ། བཛྲ་གསྨ་རི་ཧ། བཛྲ་སྨ་ཤ་ནི་ཧ། བཛྲ་ཙན་དྷ་ལི་ཧ། ཞེས་པས་བསྐྱེད་དོ། །ཡུལ་མ་བརྒྱད་ཀྱི་བསྐྱེད་པ་རྐྱེན་གྱི་སྔགས། དྲང་། སྔར་བཞིན་དབང་རྟག་རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན་པའི་ཁྲོ་མོའི་ལུས་ལ་ཕྲ་མེན་གྱི་གདོང་པ་ཅན་རྣམས་ཏེ། བཛྲ་སིང་ཧ་མུ་ཁཱི་ཧེ། བཛྲ་བྱ་གྲི་མུ་ཁཱི་ཧེ། བཛྲ་ཤྲཱི་གཱ་ལ་མུ་ཁཱི་ཧེ། བཛྲ་ཤྭ་ན་མུ་ཁཱི་ཧེ། བཛྲ་གྷྲྀ་ཌྷ་མུ་ཁཱི་ཧེ། བཛྲ་ཀཾ་ཀ་མུ་ཁཱི་ཧེ། བཛྲ་ཁཱ་ཁ་མུ་ཁཱི་ཧེ། བཛྲ་ཨུ་ལུ་ཀ་མུ་ཁཱི་ཧེ། ཞེས་པས་བསྐྱེད་དོ། །སྒོ་མ་བཞི་བསྐྱེད་པ་རྐྱེན་གྱིས་སྔགས་སོ། །དྲང་། དབང་རྟགས་རྡོ་རྗེ་རྩེ་ལྔས་དབུ་བརྒྱན་པའི་སྒོ་སྐྱོང་མ་བཞི་བསྐྱེད་པའི་སྔགས་ནི། བཛྲ་ཨརྱ་ཏེ་ཛ་ཏེང་ཛ། བཛྲ་ཨ་མུ་ཀ་ཧཱུཾ། བཛྲ་ལོ་ཀ་བཾ། བཛྲ་བསྨི་བ་ལ་ཡ་བ་ཏོ་ཧོཿ གསུམ་པ་དབང་མོ་རྣམས་ཀྱི་རྒྱུ་མ་ནོར་བ་རྩ་བའི་སྔགས་སོ། །དྲང་། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་དབང་མོ་རྣམས་ཀྱི་རྩ་བའི་སྔགས་སམ་ས་བོན། ཕྱི་ཁྱམས་དམར་པོ་ལ་ཤར་གྱི་མ་དྲུག་གི་རྩ་སྔགས། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ལྷོའི་མ་དྲུག་གི་རྩ་སྔགས། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ནུབ་ཀྱི་མ་དྲུག་གི་རྩ་སྔགས། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྱང་གི་མ་དྲུག་གི་རྩ་སྔགས། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། སྒོ་མ་བཞིའི་རྩ་སྔགས། བྷྱོ་བྷྱོ་བྷྱོ་བྷྱོ། ཞེས་པ་སྤྲོས་ཏེ། འདི་དག་ལ་མ་ནུ་རཀྴ་སི་བྷྱོ་ཞེས་པ་ལ་སོགས་པ་བསྐྱེད་པ་རྐྱེན་གྱི་སྔགས་ཀྱིས། སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཞེས་པ་ལ་སོགས་པའི་སྐུ་མདོག་ཕྱག་མཚན་ཅན་རྒྱན་ཆས་དང་ལྡན་པའི་སྐུར་བསྐྱེད་པ་ཡིན་ནོ། །སྤྱི་དོན་གཉིས་པ་སྤྱན་དྲང་བ་ལ་སོགས་པའི་ལས་ཀྱི་རིམ་པའི་སྔགས་ལ་དྲུག །བགྲང་། དང་པོ་སྙན་གསན་དབབ་པའི་སྔགས། དྲང་། ཆོས་སྐུ་སྐྱེ་བ་མེད་པའི་ངང་ལ་རི་དྭགས་ལ་རྫི་བ་སྐྱོད་པའི་ཚུལ་དུ། ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་གཟུགས་སྐུར་རོངས་ཀྱིས་བཞེངས་ནས་བྱོན་ལ་མ་རེག་པར་མོས་པས་སེ་གོལ་བསྣོལ་མར་བརྡབ་ཅིང་། རུ་ལུ་རུ་ལུ་རུ་ལུ་ཧཱུཾ་ཞེས་པའི་སྔགས་ཀྱིས་ཉན་གསན་དབབ་པའོ། །སྤྱན་དྲང་བའི། དྲང་། ཨཱོཾ་འབྲུ་མཐུན་ལ། མཐེའུ་ཆུང་སྦྲེལ་བའི་ལྕགས་ཀྱུའི་ཕྱག་རྒྱས་ཨེ་ཧྱེ་ཧི་ཞེས་བོད་པའི་སྒྲས་ཨ་ན་ཡ་ཞེས་པས་སྐྱེ་བ་མེད་པའི་དབྱིངས་རྣམ་པར་དག་པ་རང་བཞིན་གྱི་གནས་ནས། ཆོས་སྐུ་ལས་གཟུགས་སྐུ་རོངས་ཀྱི་བཞེངས་པ་དེ་རྣམས། ཛཿཐུགས་རྗེའི་ལྕགས་ཀྱུ་དང་། ཧཱུཾ་བྱམས་པའི་ཞགས་པ་དང་། བཾ་དགའ་བའི་ལྕགས་སྒྲོག་དང་། ཧོཿབཏང་སྙོམས་ཀྱི་དྲིལ་བུས་མདུན་གྱི་ནམ་མཁའ་ལ་རིམ་པར་སྤྱན་དྲངས་ནས། རཾ་ཞེས་པས་དམ་ཚིག་གི་དཀྱིལ་འཁོར་དང་མེ་རི་འདབ་འབྱོར་དུ་གནས་པར་བསྒོམ་མོ། །རིག་པའི་མེ་ཏོག་དོར་བའི། དྲང་། ཡེ་ཤེས་རྡོ་རྗེ་ཁྲོ་བོའི་དམ་ཚིག་གིས་བསྡུས་ཤིག་ཅེས་པའི་སྔགས། ཨཱོཾ་བཛྲ་ཀྲོ་ཏ་ས་མ་ཡ་ཧཱུཾ་ཞེས་བརྗོད་ཅིང་། ཡེ་ཤེས་དང་དམ་ཚིག་གི་དཀྱིལ་འཁོར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དབྱེར་མི་ཕྱེད་པ་ཅིག་གི་ངོ་བོར་གསལ་ལ་རྟོག་པ་མེད་པར་བསྒོམ་པ་ནི་རིག་པའི་མེ་ཏོག་དོར་བ་ཞེས་བྱའོ། །དངོས་གྲུབ་བསྐུལ་བའི། དྲང་། ཨཱོཾ་ཡི་གེ་ཆ་ལྔ་པས་ནི་གླུའི་འགོ་འདྲེན་པ་ཡིན་ལ། དྲེགས་པས་ཁྲོ་བོའི་གདུལ་བྱ་ལ་མཐུན་པ་འདུལ་བའི་ཚུལ་གྱིས་ཐུགས་རྗེས་ཁྲོས་པའི་ཚུལ་བསྟན་པས་དྲེགས་པ་ཅན་གྱི་གདུལ་བྱ་ཞི་བར་མཛད་པ་ནི་ཐུགས་རྗེ་ཆེན་པོ་གཞན་གྱི་དཔལ་ལོ། །ཐུགས་རྗེས་ཁྲོས་པའི་ཚུལ་གྱི་དཔལ་ཆེན་རྔམ་པའི་ཚོགས་ཁྲག་འཐུང་འབར་བའི་དཀྱིལ་འཁོར་གྱི་བྱིན་རླབས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཞན་ལས་ཁྱད་པར་དུ་གྱུར་པས་ན་རྨད་པོ་ཆེ་དེ་ཉིད་དུས་ད་ལྟ་ཉིད་དུ་ནི་བདག་ལ་སྩལ་དུ་གསོལ་ཅིག་ཅེས་གསོལ་བ་བཏབ་ནས། སླར་ཡང་གནད་ནས་བསྐུལ་བ་ན ི། ཨཱོཾ་བཛྲ་ཀྲོ་ཏ་ས་མ་ཡ་སྟྭཾ། ཨཱོཾ་བཛྲ་ཀྲོ་ཏ་ས་མ་ཡ་ཧོཿ ཨཱོཾ་བཛྲ་ཀྲོ་ཏ་ས་མ་ཡ་ཕཊ། ཅེས་པའི་སྔགས་བརྗོད་པའི་དོན་ནི། ཡེ་ཤེས་རྡོ་རྗེ་ཁྲོ་བོའི་དམ་ཚིག་གིས་བདག་དང་གཉིས་སུ་མེད་པར་མཛོད་ཅིག །མཉེས་པར་མཛོད་ཅིག །བདག་གི་གཉིས་འཛིན་གྱི་རྟོག་པ་སྒྲོལ་ཅིག་པ་སྟེ། སྔགས་དེས་ཐུགས་དམ་གྱི་རྒྱུད་བསྐུལ་བས་དགྱེས་ནས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡིག་འབྲུ་ཕཊ་ནག་པོ་གྲངས་མེད་པ་འཕྲོས་ནས་བདག་ལ་ཕོག་པས། གཉིས་འཛིན་གྱི་སྒྲིབ་པ་བྲལ་ནས་ལྷ་རྟོག་གཉིས་མེད་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །དྲིན་ལན་གྱི་ཚུལ་དུ་མཆོད་པ། དྲང་། མཆོད་པར་དབུལ་རྒྱུ་གང་ཞེ་ན། ཨཱ་ལི་ཨུ་ལི་ཞེས་པ་ལ་སོགས་པ་སྟེ། ཨ་ལི་ན་བཟའ་བ། ཨུ་ལི་ན་བཏུང་བ། ཏ་ལི་ན་འབྲས་བུ། ཏ་པ་ལི་ན་བཅའ་བའི་ཚོགས་རྣམས་སོ། །དབུལ་བའི་གནས་གང་ལ་ཞེ་ན། དཾཥྚ་ཞེས་པས་མཆེ་བ་ཅན་རྒྱལ་བ་རིགས་ལྔའི་ཚོགས་དང་། གོ་ན་ར་ཏྲི་ཞེས་པས་ཡོན་ཏན་དྲ་མོའི་ཚོགས་ཁྲོ་མོ་ཉི་ཤུ་དང་། ཁ་རཾ་ཡོ་གི་ནི་ཞེས་པས་ཞལ་འབར་བའི་ཚོགས་རྣལ་འབྱོར་ཉེར་བརྒྱད་ལ་སོགས་པ་ལ་དབུལ་ལོ། །ཚུལ་ཇི་ལྟར་དབུལ་ཞེ་ན། ཁཱ་ཧི་ཧོ་ཞེས་པ་ནི་གསོལ་ཅིག །མཉེས་པར་མཛོད་ཅིག་པའི་ཚུལ་གྱིས་སོ། །རང་བཞིན་གྱི་དཀྱིལ་འཁོར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་བསྟིམ་པའི་སྔགས་སོ། །དྲང་། ཧཱུཾ་གིས་རིགས་ལྔ། ཧས་གནས་མ། ཧེས་ཡུལ་མ། ཕཊ་ཀྱིས་སྒོ་མ་རྣམས་རིམ་པ་བཞིན་བསྟིམ་མོ། །དེ་ཡང་ལྷ་ལ་ལྷ་ཐིམ། གཞལ་ཡས་ཁང་ལ་གཞལ་ཡས་ཁང་ཐིམ་སྟེ། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དམ་ཚིག་གི་དཀྱིལ་འཁོར་གཉིས་ཆུ་དང་འོ་མ་འདྲེས་པ་བཞིན་དབྱེར་མེད་དུ་གྱུར་པར་བསམ་མོ། །གསུང་གི་ཡོན་ཏན་ནོ། །དྲང་། ཞེས་གསུང་གི་དཀྱིལ་འཁོར་གྱི་དོན་དེ་དག་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་བཟླས་པ་ལས་ཀྱི་སྔགས་ཀྱི་མཐུའམ་བྱིན་རླབས་ཀྱིས་ཀུན་ཏུ་བཏགས་པའི་རྣམ་པར་རྟོག་པ་ཐམས་ཅད་མི་གནས་པར་བྱས་པས་ན་ཚིག །ཚབས་ཆེ་བས་ན་རབ་ཏུ་ཚིག །ཁྱབ་ཅིང་ཚབས་ཆེ་བས་ཀུན་ཏུ་ཚིག་གོ། །བསྐྱེད་པ་རྐྱེན་གྱི་སྔགས་ཀྱི་མཐུའམ་བྱིན་རླབས་ཀྱིས་རྟོག་ཚོགས་ལྷའི་དཀྱིལ་འཁོར་དུ་གསལ་ཞིང་འབར། ཚབས་ཆེ་བས་རབ་ཏུ་འབར། ཁྱབ་ཅིང་ཚབས་ཆེ་བས་ཀུན་ཏུ་འབར་རོ། །སྤྱན་དྲང་བ་ལ་སོགས་པའི་སྔགས་ཀྱི་མཐུའམ་བྱིན་རླབས་ཀྱིས་དམ་ཚིག་གི་དཀྱིལ་འཁོར་ཐམས་ཅད་དུ་འབར་བ་ཁྲོ་བོའི་ལྷ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཚོགས་ཀྱིས་གང་། ཚབས་ཆེ་བས་ན་རབ་ཏུ་གང་། ཁྱབ་ཅིང་ཚབས་ཆེ་བས་ན་ཀུན་ཏུ་གང་བར་གྱུར་ཏོ། །ལེའུའི་མཚན་ནོ། །དྲང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཚན་གྱི་གཞི་རུ་གདའ། ལེའུ་བཅོ་ལྔ་པའི་སྐབས་སུ་བཤད་པའི་ཁྲོ་བོའི་ཚོགས་ཆེན་པོའི་གསུང་སྔགས་ཀྱི་དཀྱིལ་འཁོར་རྩ་བ་བསྐྱེད་པ་ལས་རིམ་གྱི་སྔགས་ལ་སོགས་པ་སྤྲོས་པའི་གཅོད་ཅིང་འཚམས་འཛིན་པར་བྱེད་པས་ན་ལེའུ་སྟེ་ཡས་བགྲངས་བཅུ་དྲུག་པའོ།། ༈ །།ད་ནི་ལེའུ་བཅུ་བདུན་པ་འཆད་པར་བྱེད་པ་ལ་ཆོས་ཚོམས་ཀྱི་དབང་དུ་བྱས་ན། རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་སྟོན། ལམ་ལ་ཐབས་གྲོལ་གཉིས་ལས་གྲོལ་ལམ། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། སྣང་བ་བཞི་ལས་ལམ་སྣང་། མཚན་ཉིད་གསུམ་ལས་རྐྱེན་འཇུག་པ་སྟོན་ནོ། །འབྲིང་གི་ཆོས་ལྔ་ལས་རྒྱུད་དོན། དེ་ལ་བཅུ་ལས་ཁྲོ་བོའི་སྐུ་དང་ཐུགས་ཀྱི་དཀྱིལ་འཁོར་སྟོན། ཞོར་ལ་ཕྱག་རྒྱ་སྟོན། ལྷ་སྒོམ་པའི་ཏིང་ངེ་འཛིན་སྟོན། ཕྲིན་ལས་ཟུར་ཙམ་སྟོན། ཐ་མའི་ཆོས་བཅུ་ལས་སྤྱི་དོན་བསྡུ་བ་དང་སྤྱི་འགྲོ་གསུམ་སྟོན་ནོ། །དེ་ལྟར་སྟོན་པའི་ལེའུ་བཅུ་བདུན་པ་ལ་གསུམ། བགྲང་། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། ལེའུ་བཅུ་དྲུག་པར་ལྷག་པའི་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་སྔགས་ཀྱི་རིམ་པ་རྣམས་བསྟན་ནས། ད་ལྷག་པ་ཏིང་ངེ་འཛིན་སྐུ་དང་ཐུགས་ཀྱི་དཀྱིལ་འཁོར་སྟོན་པས་ན་དེ་ནས་ཞེས་འབྲེལ་སྦྱར་རོ། །བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ནི་འབྲུ་མཐུན་ལ། གསང་སྔགས་ཀྱི་དཀྱིལ་འཁོར་དེ་དག་གིས་སྐུ་དང་ཐུགས་ཀྱི་དཀྱིལ་འཁོར་བསྐྱེད་པ་བསྟན་པའི་ཕྱིར་འོག་ནས་འབྱུང་བའི་དོན་ཆེད་དུ་བརྗོད་པ་འདི་དག་བརྗོད་དོ། །ལེའུའི་གཞུང་ལ་གཉིས་ཏེ། སྐུའི་དཀྱིལ་འཁོར་དང་སྐུའི་ཡོན་ཏན་ནོ། །དང་པོ་ལ་གཉིས་ཏེ། རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷའི་དཀྱིལ་འཁོར་བསྐྱེད་པའོ། །རྟེན་གཞལ་ཡས་ཁང་བསྐྱེད་པ་ལ་ཡང་གཉིས། བགྲང་། ངོ་བོ་རྒྱན་དང་བཅས་པ། དྲང་། འབར་བ་ཆེན་པོ་ཁྲོ་བོའི་གཞལ་ཡས་ཁང་ནི་ཡེ་ཤེས་ལྔ་དང་ལྡན་པ་དོན་ཡིན་ལ། རྟགས་འཁོར་ལོ་རྩིབས་བཞི་དབུས་ཀྱི་ལྟེ་བ་དང་ལྔ་པ། བདེན་པ་བཞི་དང་ལྡན་པ་དོན་ཡིན་ལ། རྟགས་གྲུ་ཆད་བཞིའི་རྣམ་པས་མཛེས་པར་བརྒྱན་པ། ཆེ་བའི་ཡོན་ཏན་རྒྱས་པ་དོན་ཡིན་ལ། རྟགས་ཕྱིའི་དབྱིབས་གྲུ་བཞི་པ། རྣམ་ཐར་བཞི་དང་ལྡན་པ་དོན་ཡིན་ལ། རྟགས་སྒོ་ཁྱུད་བཞི་དང་ལྡན་པ། བདེན་པ་གཉིས་དང་ལྡན་པ་དོན་ཡིན་ལ། རྟགས་ཕྲ་མེན་དང་དབང་ཕྱུག་མའི་འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས་པ། ཐོད་པ་སྣ་ཚོགས་པ་བརྩིགས་པའི་ཁ་བད་སྦྲུལ་ཆེན་གྱི་ཞགས་པས་མགུལ་ནས་དྲངས་པའི་དྲྭ་བ་དྲྭ་ཕྱེད་ཀྱི་ཚུགས་སུ་བྱས་པ་ཆུ་སྲིན་ཆུན་པོའི་ཁ་ནས་འཛག་པའི་ཏ་ར་ཎ་དང་། སྣ་ཚོགས་ཐོད་པའི་བར་ནས་ཉི་མ་འོད་ཟེར་འཕྲོ་བས་བརྗིད་པ་མེའི་འོད་རྡོ་རྗེ་རྩེ་ལྔ་པའི་དབྱིབས་སུ་འབར་བ་སྤྲུལ་པའི་ཁྲོ་ཆུང་ཕྱི་ནང་དུ་འཕྲོ་བ་མང་པོ་འཁྲུག་པའི་གཞལ་ཡས་ཁང་ངོ་། །གདན་ནོ། །དྲང་། གཏི་མུག་མ་སྤངས་གནས་སུ་དག་པའི་རྟགས་ཤར་གྱི་འཁོར་ལོའི་རྩིབས་སྟེང་དུ་ཁྱུ་མཆོག །ང་རྒྱལ་མ་སྤངས་གནས་སུ་དག་པའི་རྟགས། ལྷོའི་འཁོར་ལོའི་རྩིབ་སྟེང་དུ་མ་ཧེ། འདོད་ཆགས་མ་སྤང་གནས་སུ་དག་པའི་རྟགས་ནུབ་ཀྱི་འཁོར་ལོའི་རྩིབ་སྟེང་དུ་གཟིག་དང་། ཕྲག་དོག་མ་སྤངས་གནས་སུ་དག་པའི་རྟགས། བྱང་གི་འཁོར་ལོའི་རྩིབས་སྟེང་དུ་སྟག །ཞེ་སྡང་མ་སྤང་གནས་སུ་དག་པའི་རྟགས། དབུས་ཀྱི་ལྟེ་བ་ལ་གཏུམ་པ་དོམ་རྣམས་ཀྱི་སྦར་བས་ནི་ཕྲིན་ལས་ནན་ཏུར་དུ་བསྟན་པར་བྱ་བའི་ཕྱིར་འཁོར་ལོ་དབུས་སུ། འཇིག་རྟེན་གྱི་དབང་ཕྱུག་ལྷ་ཆེན་པོ་དྲེགས་པ་རུ་དྲ་ཕོ་མོ་བྱི་ཆིངས་སུ་བསྣོལ་བ་དང་ལ་སོགས་པའི་སོགས་ཁོངས་ནས་ཤར་དུ་དྲི་ཟ། ལྷོར་གཤིན་རྗེ། ནུབ་ཏུ་སྲིན་པོ། བྱང་དུ་གནོད་སྦྱིན་ཕོ་མོ། དེ་རྣམས་ཀྱང་ཕོ་ཁ་སྦུབ་དང་། མོ་གན་རྐྱལ་དུ་བསྒྱེལ་བའི་ཕོ་རྣམས་ཀྱི་སོག་ཕྲག་དང་། མོ་རྣམས་ཀྱི་ནུ་ཕྲག་ནས་བཟུང་བ་སྟེ། དེ་དག་ནི་དྲེག་པ་ཅན་ཟིལ་གྱིས་གནོན་པའི་གདན་ཞེས་བྱའོ། །ཡོན་ཏན་གྱི་ཆེ་བ་རང་སྣང་བའི་གདན་ནི་ཉི་ཟླ་པདྨ་གསུམ་བརྩེགས་སོ། །གནས་ཡུལ་སྒོ་མ་ཉི་ཤུའི་གནས་སུ་རོ་དང་ཉི་མའི་གདན་ནོ། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ནི་རང་རང་སྟན་དང་ལག་ཆ་དང་ཞེས་པས་གདན་རང་ཆས་སོ། །གཉིས་པ་བརྟེན་པ་ལྷའི་དཀྱིལ་འཁོར་བསྐྱེད་པ་ལ་གསུམ། བགྲང་། དང་བོ་སྐུ་མདོག་སྐུའི་ཚུལ་དང་བཅས་པ། དྲང་། ལེའུ་བཅུ་དྲུག་པའི་སྐབས་སུ་བདག་སྲས་རྒྱུའི་དཀྱིལ་འཁོར་དང་། གཞན་སྲས་འབྲས་བུའི་དཀྱིལ་འཁོར་སྔགས་ཀྱིས་བསྐྱེད་པ་དེ་དག་གི་ཚུལ་རྒྱས་པར་ལེའུ་འདིར་སྟོན་ཏེ། དེ་ཡང་སྐུ་མདོག་ནི། རིགས་མི་འགྱུར་ཞིང་ཕྲིན་ལས་དྲག་པོ་མཛད་པའི་ཕྱིར་བུདྡྷ་ཧེ་རུ་ཀ་སྐུ་མདོག་སྨུག་ནག །བཛྲ་ཧེ་རུ་ཀ་སྔོ་ནག །རཏྣ་ཧེ་རུ་ཀ་སེར་ནག་དང་། པདྨ་ཧེ་རུ་ཀ་དམར་ནག །ཀརྨ་ཧེ་རུ་ཀ་ལྗང་ནག །ཐམས་ཅད་ཀྱང་ཤིན་ཏུ་འཇིགས་པའི་སྐུ་རྣམ་པར་ཐར་པ་གསུམ་དང་ལྡན་པའི་རྟགས་སུ་དབུ་གསུམ། ཡེ་ཤེས་དྲུག་གིས་འགྲོ་བའི་དོན་མཛད་པའི་རྟགས་སུ་ཕྱག་དྲུག །རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་རྟགས་སུ་ཞབས་བཞི་གྱད་ཀྱི་དོར་ཐབས་སུ་བགྲད་པ། གཞན་ཡང་ཉི་ཟླ་བྱེ་བའི་འོད་ཟེར་དུས་གཅིག་ལ་འཕྲོ་བ་ལྟ་བུས་བརྗིད་ཅིང་རྔམ་པའི་སྒྲ་ཆེན་གཤེ་ཞིང་མྱུར་བར་བཞད་པས་འཇིགས་པའི་ང་རོ་ཧ་ཧ་དང་ཕཊ་ཕཊ་དང་། རུ་ལུ་རུ་ལུ་ལ་སོགས་པ་སྣ་ཚོགས་པར་སྒྲོགས་པའོ། །གཉིས་པ་རྒྱན། དྲང་། འབར་བ་ཆེན་པོའི་ལྷ་ཚོགས་དེ་དག་ཀྱང་དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་པའོ། །དང་པོ་ནི། བགོ་བའི་གོས་གསུམ། གདགས་པའི་རྒྱན་གཉིས། བྱུགས་པའི་རྫས་གསུམ་དང་བརྒྱད་ལས། བགོ་བ་ཀོ་རློན་གྱི་གོས་ནི་སྣ་ཚོགས་པ་སྟེ། ཐབས་མཁས་ཕྲིན་ལས་ཀྱི་གོས་ཞིང་གི་གཡང་གཞི། ཁྱབ་པ་ཐུགས་རྗེའི་གོས་གླང་ཆེན་གྱི་ཀོ་རློན། ཕྱི་ནང་གསང་བ་སྡུད་པའི་གོས་སྟག་ལྤགས་ཀྱི་ཤམ་ཐབས་རྣམས་གྱོན་པའོ། །གདགས་པ་སྤྲུལ་གྱི་རྒྱན་དང་ཐོད་ཕྲེང་གི་རྒྱན་གཉིས་ཏེ། སྦྲུལ་གྱི་རྒྱན་ནི། ཀླུ་རྒྱལ་རིགས་དཀར་ཁྲས་དབུ་བརྒྱན་པ། རྗེ་རིགས་སེར་ཁྲའི་སྙན་ཆ། བྲམ་ཟེའི་རིགས་དམར་ཁྲིའི་མགུར་ཆུ། དམངས་རིགས་ནག་ཁྲའི་སྐུ་རགས། གདོལ་པའི་རིགས་ལྗང་ཁྲིའི་ཕྱག་གདུབ་དང་། ཞབས་གདུབ་བོ། །ཐོད་པའི་རྒྱན་ནི། ཐོད་པ་སྐམ་པོའི་དབུ་རྒྱན། རློན་པའི་སེ་རལ་ཁ། ཚལ་བུའི་དཔུང་རྒྱན་ནོ། །བྱུགས་པའི་རྫས་གསུམ་ནི། དཔྲལ་བའི་གཡས་སུ་ཐལ་ཆེན་གྱི་ཚོམ་བུ། སྨིན་དབྲག་ཏུ་རཀྟའི་ཐིག་ལེ། ཨོ ལ་ཀོ་ལ་ཞག་གི་ཟོ་རིས་སོ། །དེ་དག་ནི་རྒྱལ་བྱེད་དཔའ་རྟགས་ཀྱི་རྒྱན་ཞེས་བྱ་བ་སྔོན་དུ་རུ་དྲ་བཏུལ་བའི་ཚེ་རུ་དྲའི་རྒྱན་རྣམས་དཔལ་ཆེན་པོའི་རྒྱན་དུ་མཛད་པ་སྟེ། དཔེར་ན་དཔའ་བོས་དགྲ་བསད་ན་དེའི་གོས་རྒྱན་རང་གིས་གྱོན་པས་བཞིན་ནོ། །དཔལ་གྱི་ཆས་བརྒྱད་ནི། གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས། །ཐབས་དང་ཤེས་རབ་ཟུང་འབྲེལ་ཉི་ཟླའི་ཆས། །གདུག་པ་ཅན་བསྲེག་ཡེ་ཤེས་མེ་ཡི་ཆས། །སྐྱེ་ཤི་རྩད་གཅོད་མཆེ་བ་ཟླ་ཚེས་ཆས། །ཁྱབ་མཛད་རེ་སྐོང་རྡོ་རྗེ་གཤོག་པའི་ཆས། །མངའ་ཐང་ཡོངས་རྫོགས་རྡོ་རྗེ་ལྷག་པའི་ཆས། །སངས་རྒྱས་སར་བགྲོད་དབང་གི་བསེ་ཁྲབ་ཆས། །གནོད་གདུག་ཟློག་བྱེད་རྒྱ་གྲམ་ལྕགས་ཀྱི་ཆས། །ཞེས་པས་ཏེ། དེ་དག་ལ་ཐུགས་རིག་པ་རང་སྣང་གི་རྒྱན་ཞེས་བྱ་སྟེ། དོན་དང་རྟགས་སུ་མི་འགལ་བའོ། །གསུམ་པ་ཕྱག་མཚན་བསྟན་པའོ། །དྲང་། སྟོང་གི་འཇིག་རྟེན་ཁོར་ཡུག་དང་བཅས་པ་ནི། བཛྲ་ཧེ་རུ་ཀའི་ཕྱག་གཡོན་མཐའ་མའི་ཕྱག་མཚན་ཡིན་ལ། ཁྲག་འཐུང་རིགས་ལྔ་ཆར་གྱི་ཕྱག་བར་པ་རྣམས་གཡས་རྡོ་རྗེ་རྩེ་ལྔ་པ་འཛིན་པ། གཡོན་པ་ནི་དུང་ཆེན་ཁྲག་གིས་གང་བ་འཁྲུག་པ་དང་། ཀརྨ་ཧེ་རུ་ཀའི་ཕྱག་གཡོན་གྱི་དང་པོ་ན་རལ་གྲི། རཏྣ་ཧེ་རུ་ཀའི་གཡོན་གྱི་མཐའ་མ་ན་དགྲ་སྟྭ། ཀརྨ་ཧེ་རུ་ཀའི་གཡོན་གྱི་མཐའ་མ་ན་ཐོང་གཤོལ་དང་ལ་སོགས་པའི་སོགས་ཁོང་ནས་རིགས་ལྔ་རང་རང་གི་ལག་ཆ་མི་མཐུན་པ་སྣ་ཚོགས་པ་སྟེ། ཕྱག་གཡས་ཀྱི་དང་པོ་རྣམས་ན་རང་རྟགས་ཀྱི་ཕྱག་མཚན། བཛྲ་ཧེ་རུ་ཀའི་རྡོ་རྗེ་རྩེ་དགུ། བུདྡྷ་ཧེ་རུ་ཀའི་འཁོར་ལོ་རྩིབས་སྟོང་། རཏྣ་ཧེ་རུ་ཀའི་རིན་ཆེན་ཟུར་བརྒྱད། པདྨ་ཧེ་རུ་ཀའི་པད་སྔོན། གཞན་ཡང་བུདྡྷ་ཧེ་རུ་ཀའི་གཡོན་གྱི་མཐའ་མ་ན་ཁ་ཊྭཱྃ་ཀ་དང་། པདྨ་ཧེ་རུ་ཀའི་གཡོན་གྱི་མཐའ་མ་ན་རྔེའུ་ཆུང་སྒྲ་དང་བཅས་པ་བསྣམས་ཤིང་རང་རང་རིགས་ཀྱི་བཙུན་མོའི་འཇིགས་པའི་ཚོགས་རྣམས་དང་འཁྲིལ་ནས། ཡུམ་གྱི་ཕྱག་གཡས་པ་ཤེས་རབ་ཀྱི་རྟགས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་པ་དུང་ཁྲག་ཞལ་དུ་སྟོབ་པ། སྐུ་མདོག་ཡབ་དང་མཐུན་པ། གཟིག་གི་ཤམ་ཐབས་ཅན་ནོ། །གནས་མ་ཀ་རཱི་མ་བརྒྱད་དང་། ཡུལ་མ་སིང་ཧ་མ་བརྒྱད་ནི། རྒྱུ་མིང་འབྲས་བུ་ལ་བཏགས་པའམ། གདུལ་བྱའི་མིང་འདུལ་བྱེད་ལ་བཏགས་པ་ཡིན་ལ། དེ་དག་གི་ཕྱག་རྒྱ། ཀ་རི་བ་ན་དམར་བྱིས་དབྱུག་སྔོ། །ཞེས་པ་ལ་སོགས་པ་དང་། ཡུལ་མ་བརྒྱད་ཀྱི་ཕྱག་རྒྱ་ནི། སིང་ཧ་ཁ་རོ་བསྣོལ་སེང་སེར། །ཞེས་པ་ལ་སོགས་པ་དང་། སྒོ་མ་བཞིའི་ཕྱག་རྒྱ། སྟག་གདོང་སྔོན་མོ་ལྕགས་ཀྱུ་འཛིན། །ཞེས་པ་ལ་སོགས་པ་སྟེ། ཁྲོ་མོ་ཉི་ཤུའི་འཁོར་གྱིས་རབ་ཏུ་མཛེས་ཤིང་། གཞན་ཡང་སླས་དང་བྱི་མོ་བྲན་མོའི་ཚོགས་ནི་དབང་ཕྱུག་མ་བཅུ་མཚན་གཉིས་དང་ཡ་གྱལ་ནི་བརྒྱད་དེ་ཉིད་ཤུ་རྩ་བརྒྱད་ཀྱིས་མཛེས་པ། མཛའ་མོའི་འཁོར་རྣམས་རང་རང་གི་གདན་ཞིང་སྐམ་པོ་རེ་དང་། སྐུ་མདོག་དེང་ལག་ཆ་ནི། སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཞེས་པ་ལ་སོགས་པ་དང་མཐུན་པའི་ཆ་ལུགས་ཅན་རྣམས་བདག་ཅག་རྣམས་ཀྱིས་ཅི་བགྱི་ཞེས་ཟེར་བས་ནི་ལས་ལ་ཆས་ཏེ་གནས་སོ། །འདི་ནི་སྒྲུབ་ཐབས་དམ་པ་རྒྱན་དང་མཐུན་མོད་ཀྱི། གཞན་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། རྡོ་རྗེ་རྡོ་རྗེ་དྲིལ་བུ་དང་། །འཇིག་རྟེན་འཁོར་ཡུག་བཅས་པ་འདེགས། །དེ་བཞིན་འཁོར་ལོ་དགྲ་སྟྭ་དང་། །ཁ་ཊྭཱཾ་རབ་ཏུ་འཁྲོལ་བའོ། །ནོར་བུ་རིན་ཆེན་རྒྱུ་ཞགས་དང་། །རྡོ་རྗེ་དགྲ་སྟྭ་རབ་ཏུ་སྡེབས། །ཆགས་མཆོག་པདྨ་ཆེན་པོ་དང་། །དྲིལ་བུ་རྔ་ཡི་སྒྲ་སྒྲོགས་པའོ། །ལས་ནི་རལ་གྲི་གཤོལ་ཆེན་དང་། །འཇིག་རྟེན་རྒྱང་མདའ་འཕེན་པ་དང་། །བར་མ་རྡོ་རྗེ་དུང་དམར་འཁྲུག །ཏི་ར་ཆེན་པོ་རབ་སྡེབས་པའོ། །ཞེས་གསུངས་ཤིང་། སྤྱན་འགྲེལ་ལས། གཡས་དང་པོ་རང་རྟགས་སུ། ཐ་མ་ཏི་ར། གཡོན་དང་པོ་དྲིལ་བུ། རིན་པོ་ཆེེ། ཀརྨའི་རྒྱུ་ཞགས། ཐོང་གཤོལ། ཞེས་བཤད་ཀྱང་ཐུགས་རྗེ་ལ་ཕྱོགས་རིས་མེད་པ་ལ་ཇི་ལྟར་མོས་པ་ལྟར་སྣང་བའོ། །འོ་ན་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་ལ་ངེས་པ་མེད་ན་ཉམས་སུ་ཇི་ལྟར་ལེན་ཞེ་ན། རྒྱུད་གཞུང་རེ་རེའི་དབང་དུ་བྱས་ནས་ངེས་པ་ཅན་དུ་ཉམས་སུ་ལེན་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །སྐུའི་དཀྱིལ་འཁོར་གྱི་ཡོན་ཏན་ནོ། །དྲང་། ཞེས་གཞུང་གི་དོན་དེ་དག་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ཐམས་ཅད་དུ་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཁྲག་འཐུང་འབར་བའི་དཀྱིལ་འཁོར་དུ་ཀུན་ཏུ་གསལ་བར་གྱུར་ཏོ། །ལེའུའི་མཚན་ནོ། །དྲང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འབྲུ་མཐུན་ལ། འབར་བ་ཁྲོ་བོའི་ལྷག་པ་ཏིང་ངེ་འཛིན་སྐུ་དང་ཐུགས་ཀྱི་དཀྱིལ་འཁོར་གསལ་བར་བསྟན་པའི་གཅོད་ཅིང་མཚམས་འཛིན་པས་ན་ལེའུ་སྟེ་ཡས་བགྲངས་བཅུ་བདུན་པའི་དོན་དུ་གདའོ།། ༈ །།ད་ནི་ལེའུ་བཅོ་བརྒྱད་པ་འཆད་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ན་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་གཞི་འབྲས་ཟུར་ཙམ་སྟོན། ལམ་གཙོ་ཆེར་སྟོན། སྣང་བ་བཞི་ལས་བཞི་ཀ་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ། འབྲིང་གི་ཆོས་ཚོམས་ལྔ་ལས་རྒྱུད་དོན། དེ་ལ་བཅུ་ལས་མཆོད་པ་སྟོན། ཞོར་ལ་ལྟ་བ་དང་། སྤྱོད་པ་དང་། ཏིང་ངེ་འཛིན་སྟོན། ཕྲིན་ལས་ཟུར་ཙམ་སྟོན། ཐ་མའི་ཆོས་བཅུ་ལས་རང་བཞིན་ལྟ་བ། ལྡེམ་དགོངས་མན་ངག །གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་ནོ། །དེ་ལྟར་སྟོན་པའི་ལེའུ་བཅོ་བརྒྱད་པ་འདི་ལ་གསུམ་སྟེ། བགྲང་། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། ལྷག་པ་ཏིང་ངེ་འཛིན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྟན་པ་ལ་དེ། ཁྱད་པར་གྱི་མཆོད་པ་སྟོན་པས་ན་ནས་ཞེས་བྱ་ལ། བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཞེས་པ་འབྲུ་མཐུན། གནས་སུ་སྟོབ་པ་མཉེས་པའི་མཆོད་པ་ཕྱི་རྒྱུད་མན་ཆོད་ཀྱི་ཡུལ་མ་ཡིན་ཞིང་རྨད་དུ་བྱུང་བས་ན་ཆེན་པོ་འདི་འཁོར་རྣམས་ཀྱི་དོན་གྱི་ཆེད་དུ་བརྗོད་དོ། །གཞུང་ལ་གསུམ་སྟེ། མཆོད་པ་དངོས་དང་། མཆོད་པའི་འབྲས་བུ་དེའི་ཡོན་ཏན་ནོ། །དང་པོ་མཆོད་པ་དངོས་ལ་བཞི། བགྲང་། ཞེ་སྡང་སྒྲོལ་བའི་མཆོད་པ། དྲང་། སྔར་བསྟན་པའི་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེ་ལ་དེ་བཞིན་གཤེགས་པ་རྣམས་མཆོད་ཅིང་། མ་མོ་དང་མཁའ་འགྲོ་མ་མིན་པ་འདི་ནི་མཆོད་སྦྱིན་གཞན་ལས་ཁྱད་པར་དུ་གྱུར་པས་ན་དམ་པའོ། །དེ་ནི་ཚུལ་ཇི་ལྟ་བུ་ཞེ་ན། འཆད་བཞིན་པའི་སྦྱོར་སྒྲོལ་གཉིས་ཀ་ལ་རང་བཞིན་གྱི་དབང་པོ་ཡུལ་དུས་ཀྱི་ཏིང་ངེ་འཛིན་གྱི་མངོན་དུ་ཕྱུང་བའི་ཐབས་ཆེན་པོའི་སྦྱོར་སྒྲོལ་དང་ལྔ་ལྔས་སྟོན་ཏེ། ཐོག་མར་སྒྲོལ་བའི་ཚུལ་ལྔ་ལས། འདིར་མཐའ་མ་གཉིས་གཙོ་བོར་བཟུང་སྟེ། དེ་ཡང་སྒྲོལ་བའི་མཆོད་པའི་དབང་དུ་ཐོག་མར་རྟོགས་པས་བདག་བསྒྲལ་བ་ནི། བདག་ཉིད་ཀྱིས་རྟོགས་པ་བཞི་དང་དག་པ་གསུམ་དང་མཉམ་པ་གཉིས་ཀྱི་གཏན་ཚིགས་ཀྱི་སྒོ་ནས་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་རྟོགས་ཤིང་ཉམས་སུ་ལོན། ཆོ་ག་ལྔའི་སྒོ་ནས་ཏིང་ངེ་འཛིན་བསྒོམ་ཞིང་སྟོབས་སུ་བྱས་ནས་གཟུང་འཛིན་གྱི་རྣམ་རྟོག་ཆོས་ཉིད་ཀྱི་ཀློང་དུ་བསྒྲལ་ལོ། །ཐུགས་རྗེས་གཞན་བསྒྲལ་བ་ནི་སྔོན་དུ་བདག་བསྒྲལ་བ། དེ་ནས་སེམས་ཉིད་ཀྱི་གཤིས་ལ་བསྒྲལ་བྱ་སྒྲོལ་བྱེད་གཉིས་སུ་མེད་པར་རྟོགས་པའི་བློ་གདེངས་དང་ལྡན་པ་དེ་ཡིས་ནི་རྒྱུ་འབྲས་ཀྱི་དོན་ལ་རྨོངས་པའི་བློ་ངན་གྱི་འཇིག་རྟེན་པ་བསྒྲལ་བའི་ཞིང་བཅུར་གྱུར་པ་དེ་དག་མ་བསྒྲལ་ན་སྙིང་རེ་རྗེ་བས། ཐུགས་རྗེས་གཟུང་བའི་དོན་དུ་གཉིས་སུ་མེད་པར་ཆོས་ཀྱི་དབྱིངས་སུ་བསྒྲལ་བར་བྱ་སྟེ། འདི་དག་གི་ཚུལ་རྒྱས་པར་ལེའུ་བཅུ་གཅིག་པར་བཤད་ཟིན་པས་འདིར་མ་སྤྲོས་སོ། །འདོད་ཆགས་སྦྱོར་བའི་མཆོད་པ། དྲང་། སྦྱོར་བའི་ཚུལ་ལ་ཡང་ལྔ་ལས། འདིར་མཐའ་མ་གཉིས་བཟུང་སྟེ། ཐབས་ལམ་སྟེང་སྒོ་ལས་སུ་རུང་ཞིག་ལོག་པའི་ཆགས་ཡིད་སྤངས་པའི་རྣལ་འབྱོར་པས། པདྨ་ཅན་ལ་སོགས་པའི་བུ་མོ་མཚན་ཉིད་དང་ལྡན་པ་ཡོངས་སུ་སྦྱང་བ་དང་གཉིས་པོ་མཁའ་གསང་བསྣོལ་མར་བརླབ། སྦྱོར་བའི་བརྡ་བསྣོལ་མར་བསྐུལ་ནས། ཐབས་ཤེས་རབ་ཕན་ཚུན་འཁྲིལ་བའི་ཚུལ་གྱི་བསྲུབ་པའི་སྦྱོར་བས་བདེ་བ་ཉམས་སུ་མྱོང་བའི་མཆོད་པ་ཆེན་པོ་འདི་ནི་བདག་གཞན་ཆོས་གསུམ་གྱིས་དོན་གསུམ་འགྲུབ་པར་བྱེད་པ། ཡབ་ཡུམ་གཉིས་ཀྱི་བྱང་སེམས་དཀར་དམར་དུས་མཉམ་དུ་སྦྱོར་བས་དཀྱིལ་འཁོར་གྱི་ལྷ་ཚོགས་ཀུན་གྱི་བདག་ཉིད་རྣལ་འབྱོར་པ་ཡབ་ཡུམ་བདེ་བ་ཆེན་པོས་མཉེས་པས་རྒྱལ་བ་ཐམས་ཅད་ཀྱང་མཉེས་པར་བྱའོ། །འདི་དག་གི་ཚུལ་རྒྱས་པར་ལེའུ་དགུ་པ་དང་། བཅུ་གཅིག་པར་བཤད་ཟིན་པས་འདིར་མ་སྤྲོས་སོ། །གཏི་མུག་དམ་རྫས་ཀྱི་མཆོད་པ། དྲང་། མཉམ་པ་ནི་གཉིས་ཏེ། རང་བཞིན་གྱིས་མཉམ་པ་དང་། སྤྱད་པ་ལས་ཀྱིས་མཉམ་པའོ། །དང་པོ་རང་བཞིན་ནི། དམ་རྫས་ལྔ་དང་ཡེ་ཤེས་ལྔ་ལ་བཟང་ངན་མེད་པ་སྣང་སྟོང་གཉིས་མེད་ཀྱི་རང་བཞིན་དུ་མཉམ་པ་ནི་རང་བཞིན་གྱི་མཉམ་པའོ། །གཉིས་པ་སྤྱད་པ་ནི། རྒྱ་པ་ལས། སེམས་ཅན་རྟོག་པ་བཟློག་ཕྱིར་སྨན། །གཙོ་རུ་དང་དུ་བླང་བར་བྱ། །ཞེས་པས། གཙང་རྨེའི་རྟོག་པ་བཟློག་ནས་མཉམ་པ་ཉིད་དུ་ལོངས་སྤྱོད་པ་ནི་མཉམ་པ་ལས་ཀྱི་མཉམ་པའོ། །དེ་ལྟ་བུའི་གྲུབ་པ་བཞི་དང་ལྡན་པའི་རྫས་ཆེན་བདུད་རྩི་ལྔ་པོ་འདི་དག་གྲུབ་ཚུལ་ནི་བཞི་སྟེ། ཆོས་ཉིད་རང་བཞིན་གྱིས་ཆོས་ཅན་རང་གི་ངོ་བོས་མཐུས་བྱིན་གྱིས་བརླབས་ཀྱིས་གྲུབ་པའོ། །དང་པོ་ནི། ཐལ་རྒྱུད་ལས། དངོས་པོ་མ་ལུས་སེམས་ཉིད་ཕྱིར། །མཚན་ཉིད་བྲལ་བ་ཆོས་ཀྱི་དབྱིངས། །ཞེས་པས། དམ་རྫས་ལྔའི་རང་བཞིན་སེམས་ཉིད་ལས་མི་གཞན་པའི་ཕྱིར་ཡེ་ཤེས་ལྔའི་རང་བཞིན་ལས་མ་གཡོས་པ་ནི་ཆོས་ཉིད་རང་བཞིན་གྱིས་གྲུབ་པའོ། །གཉིས་པ་ནི། རང་བཞིན་བདེ་བའི་ཡེ་ཤེས་ལྔ། །བྱེད་པོ་མེད་པར་རང་སྣང་བའོ། །ཞེས་པས། དེ་དག་ཀྱང་བྱེད་པ་པོས་མ་བྱས་པར་ཡེ་ཤེས་ལྔའི་ངོ་བོར་རང་སྣང་བ་ནི་ཆོས་ཅན་རང་གི་ངོ་བོར་གྲུབ་པའོ། །གསུམ་པ་ནི། ཤེས་རབ་ཏིང་འཛིན་ཐབས་དག་གིས། །ནུས་མཐུས་ངེས་པར་འབྱུང་བ་ཡིན། །ཞེས་པས། ལྟ་སྒོམ་ལྡན་པའི་ཐབས་ཀྱི་དམ་རྫས་ལྔ་ལ་ལོངས་སྤྱད་པས་མཆོག་ཐུན་མོང་གི་དངོས་གྲུབ་འགྲུབ་པ་ནི་མཐུས་གྲུབ་པའོ། །བཞི་པ་ནི། འདི་ལྟའི་ལམ་ལ་གང་གནས་པ། །ཕྱོགས་དུས་ཀུན་ནས་བྱིན་གྱིས་རློབས། །ཞེས་པས། དམ་རྫས་ལྔ་ལ་ལོངས་སྤྱོད་པའི་རྣལ་འབྱོར་པ་དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་མོ་དང་མཁའ་འགྲོ་ཐམས་ཅད་ཀྱི་བྱིན་རླབས་ཕྱོགས་དུས་ཀུན་ཏུ་འབྱུང་བ་ནི་བྱིན་གྱིས་བརླབས་ཀྱིས་གྲུབ་པའོ། །དེས་ན་བདག་དམ་ཚིག་སེམས་དཔའ་དང་། ལྷ་ཡེ་ཤེས་སེམས་དཔའ་གཉིས་སུ་མེད་པར་མཉམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་འཁོར་གསུམ་ཡོངས་དག་གི་མཆོད་པ་དབུལ་བ་ནི་འབུལ་བྱེད་འབུལ་རྒྱུའི་དངོས་པོ་གསུམ་དུ་འཛིན་པ་ལས་གྲོལ་པ་སྟེ། ཕྱི་ཁང་ཞིང་ནོར་རྫས་བྲན་ཁོལ་ལ་སོགས་པ་ལ་ཆགས་ཤིང་ཞེན་པ་དང་། ནང་རྣམ་པར་ཤེས་པ་ཚོགས་བརྒྱད་ཡུལ་གྱི་རྗེས་སུ་འཇུག་ཅིང་ཞེན་པ་དང་། གསང་བ་ལྟ་སྒོམ་ལ་མཆོག་ཏུ་འཛིན་པའི་ཞེན་པ་ལས་གྲོལ་ནས་ཡེ་ཤེས་ཆེན་པོར་བྱེད་པ་མེད་པའི་ངང་གནས་པར་བྱའོ། །འདོད་ཡོན་རྒྱན་གྱི་མཆོད་པའོ། །དྲང་། བཟའ་དང་བཅའ་དང་བཏུང་བ་ནི་རོའི་བྱེ་བྲག་རྣམས་ཏེ། ཤིན་ཏུ་རོ་བྲོ་བའི་མཆོག་ཏུ་གྱུར་པ་དང་། བགོ་བ་ནི་རེག་བྱའི་བྱེ་བྲག་རྣམས་ཏེ། འཇམ་ཞིང་ཡང་ལ་བདེ་བ་རྣམས་དང་། དེ་ལ་སོགས་པ་གཟུགས་སྡུག་པ་དང་། སྒྲ་སྙན་པ་དང་། དྲི་ཞིམ་པོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པའི་ལོངས་སྤྱོད་ལྔ་པོ་ཏིང་ངེ་འཛིན་དང་ལྡན་པས་ཐམས་ཅད་འདོད་ཡོན་གྱི་ལྷ་མོར་བྱིན་གྱིས་བརླབས་པ་རྣམས་ནི་ཆུ་ལ་ཆུ་ཐིམ་པའི་ཚུལ་དུ་དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་ལ་ནི་མཆོད་པའི་ལྷ་མོར་བྱིན་གྱིས་བརླབས་པའི་འདོད་ཡོན་གྱི་དཀྱིལ་འཁོར་དེ་ཉིད་གཉིས་སུ་མེད་པར་ཐིམ་པར་རོལ་ལོ། །གཉིས་པ་མཆོད་པའི་འབྲས་བུ་ལ་གཉིས་ཏེ། བགྲང་། ཐུན་མོང་གི་འབྲས་བུ། དྲང་། ཕྱོགས་བཅུ་དང་དུས་བཞིར་བདག་དོན་དུ་ཡང་དག་པའི་ས་དང་། གཞན་དོན་དུ་སེམས་ཅན་གྱི་དོན་ལ་གཤེགས་པ་ཡི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐེག་པ་གཞན་གྱི་འབྲས་བུ་ལས་ཁྱད་པར་དུ་གྱུར་པའི་རྨད་པོ་ཆེ་དེ་ཉིད། རང་སེམས་སྒྲིབ་པ་དང་བྲལ་བ་ལས་གཞན་ནས་བཙལ་དུ་ཡོད་པའམ་གཞན་ནས་འོངས་པ་མ་ཡིན་ཏེ། ལྷ་དང་སྲིན་པོ་ལ་སོགས་པའི་མཐུ་ལས་བྱུང་བ་ནི་སྨོས་ཀྱང་ཅི་དགོས་སོ། །མཆོག་གི་འབྲས་བུའོ། །དྲང་། རྣལ་འབྱོར་པ་ཏིང་ངེ་འཛིན་ལས་སུ་རུང་བ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་ལྷའི་སྐུ་རང་རིག་པའི་མངོན་སུམ་དུ་རྫོགས་པར་འགྱུར་ཞིང་། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསལ་བའི་ཚད་ཡུལ་གྱིས་མི་འཕྲོགས་པ་ལ་བརྟན་པ་ཐོབ་ནས་ཡིད་གཉིས་དང་ཐེ་ཚོམ་མེད་པར་གྱུར་པ་ན་རྒྱལ་བའི་དཀྱིལ་འཁོར་གྱི་དངོས་གྲུབ་ཆེན་པོ་འབར་བར་འགྱུར་རོ། །གསུམ་པ་མཆོད་པའི་ཡོན་ཏན་ནོ། །དྲང་། ཞེས་མཆོད་པ་འབྲས་བུ་དང་བཅས་པའི་དོན་དེ་དག་བརྗོད་པས་གནས་སུ་སྟོབ་ཅིང་མཉེས་པར་བྱེད་པའི་མཆོད་པ་དོན་གཉིས་གྲུབ་པས་ན་ཆེན་པོ་འདིས་ནི། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་མཆོད་པའི་སྤྲིན་གྱིས་ཁྱབ་པར་གྱུར་ཏོ། །ལེའུའི་མཚན་ནོ། །དྲང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཚན་གྱི་གཞི་རུ་གདའ། རྣལ་འབྱོར་གྱི་རྒྱུད་མན་ཆོད་ཀྱི་མཆོད་སྦྱིན་ལས་ཁྱད་པར་དུ་གྱུར་པས་ན་དམ་པ། དུག་གསུམ་གྱི་མཆོད་པ་བསྟན་པའི་གཅོད་ཅིང་མཚམས་འཛིན་པར་བྱེད་པས་ན་ལེའུ་སྟེ་ཡས་བགྲངས་བཅོ་བརྒྱད་པའོ།། ༈ །།ད་ནི་ལེའུ་བཅུ་དགུ་པ་འཆད་པར་བྱེད་པ་ལ། ཆོས་ཚོམས་ངོས་བཟུང་ན། རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་གསུམ་ཀ་སྟོན། སྣང་བ་བཞི་ལས་བཞི་ཀ་སྟོན། ལོག་རྟོག་གཙོ་ཆེར་སྟོན། མཚན་ཉིད་གསུམ་ལས་གསུམ་ཀ །རིམ་ཅིག་ཅར་གཉིས་ལས་གཉིས་ཀ །ཐབས་གྲོལ་གཉིས་ལས་གཉིས་ཀ །འབྲིང་གི་ཆོས་ལྔ་ལས་རྒྱུད་དོན། དེ་ལ་བཅུ་ལས་དམ་ཚིག་སྟོན། ཞོར་ལ་ལྟ་བ་དང་། སྤྱོད་པ་སྟོན་ནོ། །ཐ་མའི་ཆོས་བཅུ་ལས་རང་བཞིན་ལྟ་བ། ལྡེམ་དགོངས་མན་ངག །མཚོན་པ་དཔེ། གཏར་ཀ་གེགས་སེལ། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་བཅུ་དགུ་པ་ལ་གསུམ། བགྲང་། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། ལེའུ་བཅོ་བརྒྱད་པ་ཁྱད་པར་གྱི་མཆོད་པ་བསྟན་ནས། ལེའུ་འདིར་དམ་ཚིག་གི་བསྲུང་མཚམས་སྟོན་པས་ན་དེ་ནས་ཞེས་འབྲེལ་སྦྱར་རོ། །བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཞེས་པ་ནི་འབྲུ་མཐུན། གསང་སྔགས་འཆད་པའི་ལམ་པ་རྣམས་ལམ་ལ་འབད་པ་དོན་ཡོད་པའི་བྱ་བའི་ཕྱིར་མ་ཧཱ་ཡོ་གའི་བསྲུང་བྱ་དམ་ཚིག་ཆེན་པོ་གཞན་ཐེག་པ་འོག་མའི་འདུལ་སྡོམ་ལ་སོགས་པ་ལས་ཁྱད་པར་དུ་གྱུར་པ་འདི་དག་ཆེད་དུ་བརྗོད་དོ། །ལེའུའི་གཞུང་ལ་གཉིས་ཏེ། གཞུང་དངོས་དང་། གསུངས་པའི་ཡོན་ཏན་ནོ། །གཞུང་དངོས་ལ་བདུན། དམ་ཚིག་གི་ཆེ་བ་འདུལ་བ་རྣམ་པར་དག་པ་བསྟན་པ་དང་། དམ་ཚིག་གི་རྣམ་གྲངས་མདོར་བསྟན་པ་དང་། མཉམ་པ་ཆེན་པོ་དམ་ཚིག་སྐྱོན་ཡོན་དང་བཅས་པ་བསྟན་པ་དང་། དམ་ཚིག་ཉམས་པའི་སྐྱོན་དང་། དམ་ཚིག་གི་རང་བཞིན་དང་། དམ་ཚིག་གི་རྣམ་གྲངས་རྒྱས་པར་བསྟན་པ་དང་། དམ་ཚིག་གི་ཡོན་ཏན་ནོ། །དང་པོ་ལ་གཉིས་ཏེ། བགྲང་། མདོར་བསྟན་པ། དྲང་། ལམ་དང་འབྲས་བུ་གཉིས་ཀ་གོང་ན་གཞན་མེད་པས་བླ་ན་མེད་པའི་ཐེག་པར་རྩ་བའི་དམ་ཚིག་ལྔ་དང་། ཡན་ལག་གི་དམ་ཚིག་བཅོ་ལྔ་ཉམས་སུ་ལོན་ཅིང་དོན་རབ་ཏུ་ངེས་ན་ཉོན་མོངས་པ་ལྔ་དང་མི་དགེ་བ་བཅུ། མཚམས་མེད་པ་ལྔ། ལྕི་བ་བཞི། ལོག་པ་བརྒྱད་ལ་སོགས་པའི་ལས་ངན་རྣམས་མ་ལུས་པ་ཀུན་སྤྱོད་པ་ལྟར་སྣང་ཡང་བསམ་པ་བྱང་ཆུབ་ཀྱི་སེམས་དང་། ཐབས་ཁྱད་པ་ཅན་གྱི་གནད་དང་། རྟོགས་པ་ལྟ་བའི་གདེངས་གསུམ་གྱིས་ཟིན་པའི་ཕྱིར། ལས་ངན་པ་བྱས་པ་ལ་འབྲས་བུ་ངན་སོང་གསུམ་གྱི་སྡུག་བསྔལ་མི་གསོག་པ་ཙམ་ལྟ་ཅི་སྨོས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱང་རྫོགས་པར་འགྱུར་ཏེ། ཉན་ཐོས་ཀྱི་ཚུལ་ཁྲིམས། བྱང་ཆུབ་སེམས་དཔའི་སྡོམ་པ། སྔགས་ཕྱི་རྒྱུད་ཀྱི་དམ་ཚིག་རྣམས་ཆེད་དུ་མ་བསྲུངས་ཀྱང་འོག་ནས་འབྱུང་བ་བཞིན་ཡོན་ཏན་ཡར་ལྡན་དུ་རྫོགས་པས་ན་ཕུན་སུམ་ཚོགས་པའི་སྡོམ་པ་ཞེས་བྱའོ། །དེའི་ཕྱིར་ལམ་འབྲས་གོང་ན་མེད་པ་བླ་མེད་མཆོག་གི་དམ་ཚིག་འདི་དག་ཏུ་གདུལ་བྱ་འདུལ་བའི་དབང་གིས་སོ་སོར་ཐར་པ་ཉན་ཐོས་ཀྱི་ཚུལ་ཁྲིམས་རྩ་བ་བཞི་ཡན་ལག་དང་བཅས་པའི་བསྲུང་བྱ་ཀུན་དང་། གཞན་ཡང་ཇི་སྙེད་པའི་སྡོམ་པ་བྱང་ཆུབ་སེམས་དཔའ་དང་། སྔགས་ཕྱི་རྒྱུད་པའི་བསྲུང་སྡོམ་བསམ་ཡས་པ་ལྷག་མ་མ་ལུས་པ་ཀུན་ཀྱང་བླ་ན་མེད་པའི་ཐེག་པ་འདིར་འདུས་ཤིང་རྣམ་པར་དག་པ་སྟེ། གསང་སྔགས་ཀྱི་དམ་ཚིག་ཆེན་པོ་དང་ལྡན་པའི་རྣལ་འབྱོར་པས་ཉོན་མོངས་པ་ལྔ་ལ་སོགས་པ་སྤྱོད་པ་ལྟར་སྣང་ཡང་འཛིན་པ་མེད་པར་ལྟུང་བར་མི་འགྱུར་བ་ནི་མི་དགེ་སྡོམ་པའི་ཚུལ་ཁྲིམས་གཞན་དོན་དུ་འགྱུར་ན་སྲོག་གཅོད་པ་ལ་སོགས་པའི་ཚུལ་མི་འདོར་བ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས། གང་ལྟར་སྤྱོད་ཀྱང་སྒོ་གསུམ་སྐུའི་ཕྱག་རྒྱ་ཆེན་པོ་ལས་མི་འདའ་བ་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཡིན་ནོ། །རྒྱས་པར་བཤད་པའོ། །དེ་ལ་བཞི། བགྲང་། དང་པོ་སྲོག་གཅོད་པ་ལ་སྲོག་གཅོད་པ་སྤོང་བ་ཡོངས་སུ་རྫོགས་པའི་མན་ངག །དྲང་། བདག་གཞན་གཉིས་ཀ་སེམས་ཉིད་ཀྱི་ངང་དུ་གསལ་བའི་དུས་ན་ཡོད་མེད་དབུ་མ་གསུམ་གྱི་མཐའ་གང་དུའང་མི་དམིགས་ཤིང་བློའི་སྤྱོད་ཡུལ་ལས་འདས་པ་ནི་དོན་དམ་པའི་བདེན་པའོ། །འོ་ན་བདག་དང་གཞན་དུ་སྣང་བ་འདི་ཅི་ཞེ་ན། ཀུན་རྫོབ་རྒྱུ་རྐྱེན་འདུས་པ་ལོག་རྟོག་གི་ངོ་བོ་ཙམ་དུ་སྣང་ཡང་བདེན་དངོས་ཀྱིས་སྟོང་པ་དཔེར་ན་སྒྱུ་མའམ་མིག་ཤེས་འཁྲུལ་པས་ཐོ་ཡོར་ལ་མིར་འཛིན་པ་ལྟ་བུའི་ཚུལ་ལོ། །དེའི་ཕྱིར་སྲོག་གཅད་བྱ་གཅོད་བྱེད་ཀ་ནས་དག་པ་སྟེ། གཅད་བྱ་སྲོག་དམིགས་སུ་མེད་པས་སྲོག་གཅོད་བྱེད་ཀྱི་སྐྱེས་བུ་དང་གཅོད་དོ་བའི་འདུ་ཤེས་ཀྱང་དམིགས་སུ་མེད་པས་ན་དོན་དམ་པར་སྲོག་གཅད་དུ་མེད་ཀྱང་། ཀུན་རྫོབ་ཏུ་གཅད་བྱ་སྲོག་དང་གཅོད་བྱེད་སྐྱེས་བུར་སྣང་བ་འདི་ནི་ལོག་རྟོག་རྟེན་འབྲེལ་གྱི་སྣང་བ་ཙམ་དུ་རྟོགས་ཤིང་། དེ་ལྟར་བདེན་པ་གཉིས་ཀྱང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་རྟོགས་ནས་ཐུགས་རྗེས་ཞིང་བཅུའི་སྲོག་གཅད་ཀྱང་བདག་ལ་སྒྲིབ་པ་མི་བསོག་ཅིང་། གཞན་ལ་སྡུག་བསྔལ་མི་བསྐྱེད་པས་ན་དེ་ལ་ནི་ཐེག་པ་འོག་མ་བས་སྲོག་གཅོད་པ་སྤངས་པའི་ཡོན་ཏན་ཞོར་ལ་རྫོགས་པའོ། །མ་བྱིན་པར་ལེན་པ་ལ་མ་བྱིན་པར་ལེན་པ་སྤོང་བ་ཡོངས་སུ་རྫོགས་པའི་མན་ངག །དྲང་། དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་ཀ་སེམས་གཉིས་ཀ་སེམས་ཉིད་ཀྱི་ངོ་བོར་དབྱེར་མེད་པས་བདག་དང་གཞན་དུ་མི་དམིགས་ཤིང་། དཔེར་ན་ལྷ་འཕྲུལ་དགའི་ལོངས་སྤྱོད་རང་ལ་སྤྲུལ་ནས་རང་གིས་སྤྱོད་པའི་ཚུལ་ཏེ། བླང་བྱ་དང་ལེན་བྱེད་ལེན་ནོ་བའི་འདུ་ཤེས་གསུམ་ཀ་སེམས་ཉིད་ཀྱི་ངོ་བོར་ཐ་དད་མིན་པས་བླང་བྱ་རྫས་དང་གཞན་བདག་པོ་དང་མ་བྱིན་པར་ལེན་པ་པོ་བདག་རྣམས་དམིགས་སུ་མེད་པའི་ཕྱིར། ཀུན་རྫོབ་ཏུ་མ་བྱིན་པར་ལེན་པ་ལྟར་སྣང་ཡང་དོན་དམ་པར་བླང་བྱ་བླང་བྱེད་མེད་དེ། ཐམས་ཅད་བདག་ཉིད་ཆེན་པོ་མཉམ་པ་ཉིད་ཀྱི་དབྱིངས་ལས་མ་འདས་པར་རྟོགས་ནས་གཞན་དོན་བསྒྲུབ་པའི་ཕྱིར་མ་བྱིན་པར་ལེན་པས་ནི། ཐེག་པ་འོག་མ་པས་མ་བྱིན་པར་ལེན་པ་སྤོང་བའི་ཡོན་ཏན་ཞོར་ལ་རྫོགས་པའོ། །རྫུན་དུ་སྨྲ་བ་ལ་རྫུན་དུ་སྨྲ་བ་སྤོང་བ་ཡོངས་སུ་རྫོགས་པའི་མན་ངག །དྲང་། དངོས་པོ་ཕྱི་ནང་གི་བསྡུས་པའི་ཆོས་རྣམས་སྣང་ཡང་བདེན་དངོས་ཀྱིས་སྟོངས་པ་སྒྱུ་མ་ལྟ་བུ་ལ་བདག་ཏུ་ལྟ་བ་ནི་ངོ་བོ་ཉིད་མེད་བཞིན་དུ་བཏགས་པ། ངོ་བོ་ཉིད་ཀྱི་བརྫུན་དང་དངོས་པོ་མེད་བཞིན་ཞེན་པས་མིང་དང་ཚིག་ཏུ་བཏགས་པ་འདི་ལ། མིང་ཚིག་གི་རྗེས་སུ་སྤྱོད་ཅིང་མངོན་པར་ཞེན་པ་རྗེས་སུ་སྤྱོད་པའི་རྫུན་དང་། དེ་དག་ལས་ཀྱང་འགལ་བར་སྨྲ་བ་ནི་ལོག་པའི་བརྫུན་ནོ། །རྫུན་གསུམ་པོ་དེ་ཉིད་ལ་ནི་བདེན་པའི་གཞི་མ་གྲུབ་པའི་ཕྱིར་ན་རྫུན་སྤྱོད་པ་སྟེ། དེས་ན་རྫུན་ཞེས་བཏགས་པ་ཙམ་ཡང་དམིགས་སུ་ཡོད་པ་མ་ཡིན་ནོ། །དེ་ལྟར་རྟོགས་ནས་བདག་གཞན་ཆོས་གསུམ་གྱི་དོན་དུ་བརྫུན་དུ་སྨྲས་པས་ནི། ཐེག་པ་འོག་མ་བས་བརྫུན་སྨྲ་བ་སྤངས་པའི་ཡོན་ཏན་ཞོར་ལ་རྫོགས་པའོ། །མི་ཚངས་པར་སྤྱོད་པ་ལ་མི་ཚངས་པར་སྤྱོད་པ་སྤོང་བ་ཡོངས་སུ་རྫོགས་པའི་མན་ངག་གོ། །དྲང་། དངོས་པོ་ཐམས་ཅད་སེམས་ཉིད་དུ་རང་སྣང་བས་ཡུལ་སེམས་གཉིས་མེད་དུ་གསལ་བ་ནི་མ་ཆགས་པའི་ཡེ་ཤེས་སོ། །དེ་ལ་ཕོ་མོ་གཉིས་སུ་ཞེན་ཅིང་ཆགས་པ་ནི་ལོག་པའི་འདོད་ཆགས་སོ། །ཆགས་པ་རང་ཁ་མ་དང་ཚུལ་མཐུན་པར་སྤྱད་ཀྱང་དེ་དག་སེམས་ཉིད་ཀྱི་ངོ་བོར་ཤེས་པའི་ལྟ་བ་དང་། འདུ་ཤེས་གསུམ་ལྡན་གྱི་སྒོམ་པ་དང་། ཐབས་ཀྱིས་ཟིན་པའི་སྤྱོད་པ་དང་གསུམ་ལྡན་གྱི་སྒོ་ནས་ཆགས་པ་མ་འགགས་པར་སྤྱོད་པའི་དུས་ཉིད་ན་ཆགས་པ་ཐ་མལ་པའི་དྲི་མ་མེད་པ་དེ་ནི་ཚངས་པར་སྤྱོད་པའི་མཆོག་བདེ་བའི་ཡེ་ཤེས་ལ་དབང་སྒྱུར་བའི་རྒྱལ་པོ་ཡིན་ཏེ། དེ་ནི་ཤིན་ཏུ་ཆགས་པ་ཆེན་པོ་སྤང་གཉེན་རོ་གཅིག་ཏུ་གྱུར་པ་དེ་བཞིན་གཤེགས་པའི་དགོངས་པའི་ངོ་བོ་ཉིད་ཡིན་ནོ། །དེ་ལྟར་ཤེས་ནས་འཛག་མེད་ཀྱི་ཡེ་ཤེས་བསྒྲུབ་པའི་དོན་དུ་ཆགས་པ་སྤྱད་པས་ཐེག་པ་འོག་མ་བས་མི་ཚངས་པར་སྤྱོད་པ་སྤངས་པའི་ཡོན་ཏན་ཞོར་ལ་རྫོགས་པའོ། །གཉིས་པ་དམ་ཚིག་གི་རྣམ་གྲངས་མདོར་བསྟན་པ་ལ་གསུམ་སྟེ། བགྲང་། རྩ་བའི་དམ་ཚིག་ལྔ། དྲང་། ངོ་བོ་ཉིད་དང་ལམ་འབྲས་གོང་ན་གཞན་མེད་པ་ནི་བླ་ན་མེད་པའི་དམ་ཚིག་སྟེ། དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་དང་། ཀུན་རྫོབ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཉམ་པར་རྫོགས་པ་གཉིས་སྣང་ན་སྣང་མཉམ། སྟོང་ན་སྟོང་མཉམ་དུ་རྟོགས་ནས། སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས་མི་འདའ་བ་ནི་མི་སྤང་བ་སྟེ་བྱང་ཆུབ་སེམས་ཀྱི་དམ་ཚིག་གོ། །འདི་ལ་ལྟ་སྤྱོད་ལྷས་མ་ཁྲེལ་བ་ཅིག་དགོས་གསུང་ངོ་། །བླ་མ་ཞེས་པ་ནི་སྤར་ཁབ་ལྟར་བཞི་འམ། གསལ་བཀྲ་ལྟར་དྲུག་སྟེ། སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་ཆག་སྐོང་དང་ཤེས་རྒྱུད་དགྲོལ། །མན་ངག་ལུང་གི་སློབ་དཔོན་དྲུག །ཅེས་གསུངས་པས། དེ་རྣམས་བཀུར་བ་ནི་སྒོ་གསུམ་ཟོལ་ཟོག་མེད་པས་མཉེས་པར་བྱ་བ་སྟེ། འདི་ལ་སྲི་ཞུ་སློབ་དཔོན་གྱིས་མ་ཁྲེལ་བ་ཅིག་དགོས་གསུང་ངོ་། །གཞན་ཡང་འཆད་པར་འགྱུར་བའི་མཆེད་ནི་སྤར་ཁབ་ལྟར་གསུམ་མམ། གསལ་བཀྲ་ལྟར་བཞི་སྟེ། སྤྱིའི་མཆེད་དང་ཉེ་བའི་མཆེད། །རིང་བའི་མཆེད་དང་འདྲེས་པའི་མཆེད། །ཅེས་པས། ཡང་དག་པ་བསྐྱེད་རྫོགས་ཟུང་འཇུག་གི་ལམ་དུ་ཞུགས་པ་རྣམས་ལ་སྒོ་གསུམ་གྱིས་ཕན་པའི་རྩལ་འབྱིན་པ་ནི་བྱམས་པའོ། །འདི་ལ་བརྩེ་གདུང་མཆེད་ལྕམ་གྱིས་མ་ཁྲེལ་བ་ཅིག་དགོས་གསུང་ངོ་། །དེ་གཉིས་སུ་སྐུའི་དམ་ཚིག་གོ། །རྒྱུ་མ་ནོར་རྩ་བ། བསྐྱེད་པ་རྐྱེན། བཟླས་པ་ལས་ཏེ་སྔགས་གསུམ་དང་། དམ་ཚིག་དང་། ལས་དང་། ཆོས་དང་། སྐུའི་ཕྱག་རྒྱ་ཆེན་པོ་དང་བཞི་སྟེ། དེ་དག་ནི་བརྩོན་པ་རབ་ཀྱིས་རྒྱུན་མི་གཅད་པར་ཆུ་བོའི་གཞུང་བཞིན་ནམ། ཉིན་ཞག་གཅིག་ལ་ཐུན་བཞིའམ། ཐུན་དྲུག་གི་རྣལ་འབྱོར་དུ་བྱ་བ་དང་། འབྲིང་གིས་ཟླ་བ་གཅིག་ལ་དུས་ཚིགས་དྲུག་གམ། དུས་བཟང་བཞིའམ། ཉ་སྟོང་གཉིས་ལ་རྣལ་འབྱོར་དང་ལྡན་པར་བྱ་བ་དང་། ཐ་མས་ཀྱང་ཟླ་དུས་སམ། ར་བ་བཞིའམ། ལོ་དུས་སུ་ཡིད་དམ་གྱི་སྒོམ་བཟླས་དང་ཚོགས་གཏོར་བྱ་བ་ནི་གསུང་གི་དམ་ཚིག་གོ། །གསང་བའི་དམ་ཚིག་ནི། སྤར་ཁབ་དང་། གསལ་བཀྲ་གཉིས་མཐུན་པར་བཅུ་སྟེ། སྒྲུབ་པའི་གནས་དུས་གྲོགས་དང་རྫས། །ཞེས་པ། སྤྱིར་གསང་བཞི་དང་། ལྟ་ཟབ་སྤྱོད་པ་བརླང་པོ་དང་། །ལྷ་མིང་གཟུངས་དང་གྲུབ་རྟགས་གསང་། །ཞེས་པས། བར་གསང་བཞི་དང་། མཆོད་རྫས་དང་གསང་སྤྱོད་ལ་སོགས་པ་གསང་བར་འོས་པ་དང་། གཞན་ཡང་སློབ་དཔོན་དང་མཆེད་ཀྱིས་གསང་གཉེར་གཏད་པ་རྣམས་ཏེ། བདག་གཞན་ཆོས་སྒྲོགས་ཀྱི་དོན་དུ་མི་འགྱུར་བ་རྣམས་སྤང་བའི་ཕྱིར་དམ་ཚིག་མེད་པ་དང་། ཉམས་པ་དང་། མ་འདྲེས་པ་རྣམས་ལྟ་སྨྲོས་ཀྱང་ཅི་དགོས། དམ་འདྲེས་པ་ལ་ཡང་སྐབས་དང་སྦྱར་ལ་གསང་བཅུ་གཞན་དུ་སྨྲ་བར་མི་བྱ་ནི་ཐུགས་ཀྱི་དམ་ཚིག་གོ། །དེ་ཡང་ཇི་སྐད་དུ། གསང་སྔགས་གསང་ཞེས་བྱ་བ་ནི། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་རབ་ཏུ་གསང་། །ཞེས་གསུངས་སོ། །འདི་རྣམས་ལ་གཡོ་སྒྱུ་རང་སེམས་ཀྱིས་མ་ཁྲེལ་བ་ཅིག་དགོས་གསུང་ངོ་། །དེ་ལྟར་ལྔ་པོ་འདི་དག་ནི་ལམ་དང་འབྲས་བུའི་ཡོན་ཏན་མཐའ་དག་གི་གཞི་རྟེན་ཡིན་པས་རྩ་བའི་དམ་ཚིག་ལྔ་ཞེས་གསུང་པ་རྣམས་ཏེ། དེ་ཡང་བླ་མེད་མི་སྤང་བར་དང་། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད་པ་གཉིས་ནི་སྒྲུབ་པའི་དམ་ཚིག་ཡིན་པ་དང་། བླ་མ་བཀུར་བ་དང་། མཆེད་ལ་བྱམས་པ་གཉིས། གསང་བ་གཞན་ལ་མི་སྤེལ་བ་དང་གསུམ་ནི་བསྲུང་བའི་དམ་ཚིག་ཡིན་ལ། དེ་དག་ཡན་ལག་གི་དམ་ཚིག་ཁྱད་པར་དུ་གྱུར་བས་ན་མཆོག་ཅེས་བྱའོ། །ཡན་ལག་གི་དམ་ཚིག་བཅུའོ། །དེ་ལ་གསུམ་སྟེ། བགྲང་། མི་སྤང་བའི་དམ་ཚིག་ལྔ། དྲང་། སྤྱིར་ཡང་དག་པའི་དུག་ལྔ་དང་། ལོག་པའི་དུག་ལྔ་གཉིས་སུ་རྒྱས་པའི་ལེའུ་བདུན་ཅུ་དོན་གཅིག་པ་ནས་གསུངས་ཏེ། དེ་ལ་ཡང་དག་པའི་དུག་ལྔ་ནི་འཁོར་འདས་མཉམ་ཉིད་དུ་རྟོགས་ནས། འབྱེད་པ་མེད་པ་ནི་གཏི་མུག་དང་། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་ཐུགས་རྗེས་ཆགས་པའི་འདོད་ཆགས་དང་། ལོག་པར་རྟོགས་པའི་རུ་དྲ་སྒྲོལ་བའི་ཞེ་སྡང་དང་། མཉམ་ཉིད་རྟོགས་པའི་ལྟ་བ་ཤོང་མི་འབབས་པའི་ང་རྒྱལ་དང་། གཉིས་འཛིན་ཅན་གྱི་ལྟ་སྤྱོད་མཉམ་ཉིད་ཀྱི་ཀློང་དུ་མི་ཤོང་བའི་ཕྲག་དོག་རྣམས་ནི་སྤངས་ན་དོན་གསུམ་མི་འགྲུབ་པའི་ཕྱིར་མི་སྤང་ངོ་། །ལོག་པའི་དུག་ལྔ་ནི། སྤྱིའི་མཚན་ཉིད་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་སྟོང་པ་ཡིན་ལ། རང་གི་མཚན་ཉིད་སེམས་ཀུན་ནས་བླུན་ཞིང་རྨོངས་པ་གཏི་མུག །ཕྱི་རྫས་དང་ནང་སེམས་ཅན་ལ་ཞེན་ཅིང་སྲེད་པ་འདོད་ཆགས། ཀུན་ནས་མནར་སེམས་པ་ཞེ་སྡང་། ཁོང་ཁེངས་ཤིང་གྱོང་བ་ང་རྒྱལ། གཞན་གྱི་ཕུན་སུམ་ཚོགས་པ་ཕྲག་ཏུ་མི་ཤོང་བ་ཕྲག་དོག་གི་མཚན་ཉིད་ཡིན་ལ། དེ་དག་སྤངས་ན་ལྟ་བའི་ཀླུངས་ལས་ཉམས་ནས་ཉན་ཐོས་ཀྱི་ཐེག་པ་གོལ་བར་འགྱུར་བའི་ཕྱིར་མི་སྤང་ངོ་། །འོ་ན་ལོག་པའི་དུག་ལྔ་མི་སྤོང་བར་བཤད་པ་འདི། གསང་བ་ཡིན་ནམ་བསྒྲག་པ་ཡིན། དྲང་དོན་ཡིན་ནམ་ངེས་དོན་ཡིན། མི་སྤོང་བའི་རྒྱུ་མཚན་ནམ་གཏན་ཚིགས་གང་ཡིན། མ་སྤངས་པ་ལ་དགོས་ཆེད་ཅི་ཡོད། ལམ་དུ་བྱེད་ན་ཚུལ་ཇི་ལྟར་དུ་བྱེད་ཅེ་ན། དྲི་བ་དང་པོའི་ལན་ནི། བློ་ཆུང་གསང་སྔགས་སྒྲ་ཇི་བཞིན་པར་སྤྱོད་པ་ལ་གསང་ཞིང་། བློ་ལྡན་ཡང་དག་པའི་ལམ་དུ་ཞུགས་པ་ལ་བསྒྲག་པ་ཡིན་ནོ། །དྲི་བ་གཉིས་པའི་ལན་ནི། ཉོན་མོངས་པའི་རང་བཞིན་དང་ཡེ་ཤེས་གཉིས་སྤང་གཉེན་དུ་ལྟ་བ་ལ་དྲང་དོན་ཡིན་ལ། གཉིས་མེད་དུ་ལྟ་བ་ལ་ངེས་དོན་ཡིན་ཏེ། རྒྱས་པ་ལས། རྣམ་རྟོག་ཉིད་ན་རང་བྱུང་ཡེ་ཤེས་ཏེ། །རྣམ་རྟོག་མི་སྐྱེ་ཡེ་ཤེས་བརྗོད་དུ་མེད། །ཅེས་པ་ལ་སོགས་པ་གསུངས་པས་མངོན་ནོ། །དྲི་བ་གསུམ་པའི་ལན་ནི། ལོག་པའི་དུག་ལྔ་མི་སྤོང་བའི་གཏན་ཚིགས་ལྔ་སྟེ། སྤང་བར་བྱ་བའི་གཞི་མ་གྲུབ་པ་དང་། རྣམ་པར་བྱང་བའི་ལམ་ཡིན་པ་དང་། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཡིན་པ་དང་། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་པ་དང་། རིགས་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཡིན་པས་ན་མི་སྤང་ངོ་། །དེ་ལ་དང་པོ་ནི། ལོག་པའི་དུག་ལྔ་ཆོས་ཅན། སྤང་བར་བྱ་བའི་གཞི་མ་གྲུབ་སྟེ། ཤེས་བྱའི་གཤིས་ལ་ཉོན་མོངས་པ་རང་ཁ་མ་མེད་པའི་ཕྱིར། དཔེར་ན་ཐག་ཁྲ་སྦྲུལ་དུ་སྣང་ཡང་། གཤིས་ལ་སྦྲུལ་མེད་པ་བཞིན་ནོ། །དེ་ཡང་རྒྱས་པ་ལས། མ་རིག་པ་ཉིད་སྤང་དུ་མེད། །རིག་པ་ཡེ་ཤེས་བསྒྲུབ་ཏུ་མེད། །ཅེས་པས་མངོན་ནོ། །གཉིས་པ་ནི། ལོག་པའི་དུག་ལྔ་ཆོས་ཅན། ཐབས་ཀྱིས་ཟིན་ན་རྣམ་པར་བྱང་བའི་ལམ་ཡིན་ཏེ། དུག་ལྔ་སྤྱི་དང་རང་གི་མཚན་ཉིད་རྟོགས་པ་ལས་གཞན་པའི་འབྲས་བུ་བསྒྲུབ་བྱ་མེད་པའི་ཕྱིར། དཔེར་ན་དུག་གི་སྨན་མར་གྱིས་དུག་ནད་འཇོམས་ཤིང་རོ་རྩའི་མཆོག་ཏུ་འགྱུར་པ་བཞིན་ནོ། །དེ་ཡང་རྒྱས་པ་ལས། ཉོན་མོངས་རང་དང་སྤྱིར་བསྟན་པ། །མཚན་ཉིད་མ་ནོར་དོན་རྟོགས་ན། །རྣམ་པར་བྱང་བའི་ལམ་དུ་འགྱུར། །ཞེས་པ་དང་། ཀུན་བྱེད་ལས་ཀྱང་། འདོད་ཆགས་ཞེས་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ལས་བྱུང་། །ཀུན་སྤྱོད་ཡོན་ཏན་ལྔ་རྣམས་ཀྱང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས། །ཞེས་གསུངས་སོ། །གསུམ་པ་ནི། ལོག་པའི་དུག་ལྔ་ཆོས་ཅན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཏུ་འགྱུར་ཏེ། དུག་ལྔའི་ཡི་གེ་ཨ་ཡིས་མཚོན་ནས་སྐུ། ཨེ་ཡིས་མཚོན་གསུང་། ཨཱོཾ་གྱིས་མཚོན་ནས་ཐུགས་སུ་བརྡ་སྤྲད་པས། སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ལས་མི་འདའ་བའི་ཕྱིར་རོ། །དཔེར་ན་དུག་ལ་སྔགས་ཀྱིས་བཏབ་བ་བཞིན་ནོ། །དེ་ཡང་སྤྱི་མདོ་ལས། ཉོན་མོངས་དུག་ལྟར་སྣང་བའི་རང་བཞིན་རྣམས། །རྣམ་གྲོལ་ཡེ་ཤེས་ལྔ་ཡི་ངང་དུ་སྣང་། །ཞེས་གསུངས་སོ། །བཞི་པ་ནི། ལོག་པའི་དུག་ལྔ་ཆོས་ཅན། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་ཏེ། དུག་ལྔར་སྣང་བ་ཐབས་དང་། དེ་ལ་རང་བཞིན་མེད་པ་ཤེས་རབ་ཡིན་ཏེ། དེ་གཉིས་ཡེ་ཤེས་དབྱེར་མི་ཕྱེད་པའི་ཕྱིར་རོ། །དཔེར་ན་ཚད་ནད་ཅན་དང་། རླུང་ནད་ཅན་ལ་ག་བུར་སྨན་དང་དུག་ཏུ་སྣང་ཡང་། ག་བུར་ལ་སྨན་དུག་དབྱེར་མེད་པ་བཞིན་ནོ། །དེ་ཡང་རྒྱས་པ་ལས། མ་འགགས་སྣང་བ་ཐབས་ཡིན་ཏེ། །རང་བཞིན་མེད་པ་ཤེས་རབ་ཡིན། །ཞེས་གསུངས་སོ། །ལྔ་པ་ནི། ལོག་པའི་དུག་ལྔ་ཆོས་ཅན། རིགས་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཡིན་ཏེ། ཞེ་སྡང་མི་བསྐྱོད་པ་རྡོ་རྗེའི་རིགས་དང་སྟོང་པ་ཉིད་ཀྱི་ཡེ་ཤེས། དེ་བཞིན་དུ་གཏི་མུག་དེ་བཞིན་གཤེགས་པའི་རིགས་དང་མེ་ལོང་ལྟ་བུ། ང་རྒྱལ་རིན་ཆེན་རིགས་དང་མཉམ་ཉིད། འདོད་ཆགས་པདྨའི་རིགས་དང་སོ་སོར་རྟོག་པ། ཕྲག་དོག་ལས་ཀྱི་རིགས་དང་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །དཔེར་ན་འཁྱགས་པའི་བདག་ཉིད་ཆུ་ཡིན་པ་བཞིན་ནོ། །ཀུན་བྱེད་ལས། ཞེ་སྡང་རང་བྱུང་ཡེ་ཤེས་ཆེན་པོ་དང་། །ཞེས་པ་ལ་སོགས་པ་གསུངས་སོ། །དྲི་བ་བཞི་པའི་ལན་ནི། ལོག་པའི་དུག་ལྔ་མ་སྤངས་པའི་དགོས་ཆེད་ལ་ཡང་དོན་གཉེར་དང་། གཞན་སེལ་གཉིས་ལས། དང་པོ་ལ་ལྔ་སྟེ། དངོས་པོའི་ཞེན་པ་ལྡོག་པའི། སྤྲོས་པའི་བག་ཆགས་ཉེ་བར་ཞི་བའི། ཆོས་ཉིད་ཀྱི་དོན་ལ་བློ་མྱུར་བའི། བཀའ་ཟབ་མོ་ལ་གུས་པ་སྐྱེ་བའི། སྤྱོད་ལམ་ཚོགས་སུ་འགྱུར་བའི་དགོས་པ་ཡོད་དོ། །དེ་ལ་དགོས་པ་དང་པོ་ནི། ཕ་མེས་ཐམས་ཅད་མེས་ཚིག་ནས་ཤི་བའི་མི་ཞིག་གིས་བསམས་པས། མེ་ནི་ཚ་ཞིང་བསྲེག་པ་ཁོ་ནའོ་སྙམ་དུ་མངོན་པར་ཞེན་པ་ཞིག །དུས་ནམ་ཞིག་གི་ཚེ་འབྲོག་དགོན་པ་ཞིག་ཏུ་ཕྱིན་པས་དེ་ན་དྲང་སྲོང་མེའི་གཙང་སྦྲ་ཅན་དང་། རི་དྭགས་མེ་བྱི་དཀར་པོ་བྱ་བ་མེ་ལ་གནས་བཅས་ནས། ཟས་སུ་མེ་ཟ་སྐོམ་དུ་མེ་འཐུང་བ་ཅིག་མཐོང་ནས། འོ་ན་མེ་འདི་ཚ་ཞིང་སྲེག་པ་ཁོ་ནར་འདུག་སྙམ་པའི་མངོན་པར་ཞེན་པ་ལོག་གོ། །དཔེ་དེ་བཞིན་དུ་ཐེག་པ་འོག་མ་བ་ཉོན་མོངས་པ་འཁོར་བའི་ཆོས་ཁོ་ནར་བཟུང་སྟེ། སྤོང་འགེགས་སྦྱོར་སྒྱུར་བྱེད་པ་ལ། གསང་སྔགས་པས་ཉོན་མོངས་པ་ཉིད་རང་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་པས་མ་སྤངས་པར་ལམ་དུ་བྱས་ན། སངས་རྒྱས་ཀྱི་འབྲས་བུ་ཚེ་གཅིག་ལུས་གཅིག་ལ་འཐོབ་བོ་ཞེས་བརྗོད་པས་ཐེག་པ་འོག་མ་བ་དུག་ལྔ་འཁོར་བའི་ཆོས་ཁོ་ན་ཡིན་སྙམ་པའི་མངོན་པར་ཞེན་པ་ལས་གྲོལ་ལོ། །གཉིས་པ་ནི། སྤང་བླང་ལ་སོགས་པ་གཉིས་བྱུང་ཕན་ཆོད་སྤྲོས་པ་སྟེ། གཉིས་སུ་ཞེན་པ་ལས་ལོག་ཙ་ན་སྤྲོས་པའི་བག་ཆགས་ཞི་བའོ། །གསུམ་པ་ནི། ཉོན་མོངས་པ་ཉིད་ཆོས་ཉིད་ཡིན་པས་དེ་ལྟར་རྟོགས་ན་ལམ་དང་འབྲས་བུ་གཞན་ནས་བཙལ་མི་དགོས་པར་ཐག་ཆོད་པས་ཆོས་ཉིད་ལ་བློ་མྱུར་བའོ། །བཞི་པ་ནི། ཉོན་མོངས་པ་མ་སྤངས་པར་བྱང་ཆུབ་ཐོབ་པའི་ཐབས་ཁྱད་པར་ཅན་དང་ལྡན་པ་སྔགས་ཀྱི་བཀའ་བརྒྱུད་འདི་ནི་ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་པས་ཤིན་ཏུ་ཟབ་པའོ་སྙམ་པའི་གུས་པ་སྐྱེའོ། །ལྔ་པ་ནི། སྒོ་གསུམ་གྱི་བྱེད་སྤྱོད་ཐམས་ཅད་མ་འགགས་པར་ཤེས་པས་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་ཏེ། དེའི་གནད་ཀྱིས་ཉོན་མོངས་པ་དང་རྣམ་རྟོག་ཡེ་ཤེས་སུ་འཆར་བའོ། །ཡང་དགོས་ཆེད་གཉིས་པ་གཞན་སེལ་གྱི་དགོས་ཆེད་ནི། ཞེ་སྡང་མེད་ན་རང་བྱུང་གི་ཡེ་ཤེས་གསལ་མི་ཐེབས། འདོད་ཆགས་མེད་ན་བདེ་བའི་ཡེ་ཤེས་རྒྱུད་ལ་མི་སྐྱེ། གཏི་མུག་མེད་ན་རྣམ་པར་རྟོག་པའི་ངང་ལ་བློ་མི་གནས། ང་རྒྱལ་མེད་ན་ཆོས་ཉིད་དུ་ལ་མི་བཟླ། ཕྲག་དོག་མེད་ན་མཉམ་པ་ཉིད་དུ་ཁོད་མི་སྙོམས་པས་སོ། །དྲི་བ་ལྔ་པའི་ལན་ནི། དུག་ལྔ་ལམ་དུ་བྱེད་ཚུལ་ལ་བརྟག་པ་བཞི་སྟེ། དེ་ཡང་ཆོས་ཅན་ཞེ་སྡང་ལྟ་བུ་གཅིག་ལ་སྦྱར་ན། རྒྱུད་ལ་ཞེ་སྡང་དྲག་པོ་སྐམ་གྱིས་སྐྱེས་པའི་རང་ལྡོག་དེ་ཀ་ལ་ལམ་དུ་བྱེད་དམ། དེ་གཏན་ཚིགས་ཀྱིས་གཞིགས་པས་རང་བཞིན་མ་གྲུབ་པ་དེ་ལ་ལམ་དུ་བྱེད་དམ། ཞེ་སྡང་ལ་བརྟེན་ནས་གཉེན་པོ་བྱམས་པ་བསྒོམ་པ་ལ་ལམ་དུ་བྱེད་དམ། ཞེ་སྡང་འགགས་པའི་རྗེས་ཐོབ་ཀྱི་ཤེས་པ་གསལ་ལ་རྟོག་མེད་དེ་ལ་ལམ་དུ་བྱེད། དང་པོ་ལྟར་ན། ཕ་བསད་ཀྱི་བུས་མཚམས་མེད་ཀྱི་ལས་ཀྱི་མི་གོས་པར་རྣམ་གྲོལ་ཐོབ་པར་ཐལ། གཉིས་པ་ལྟར་ན། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་ཁྱད་པར་མེད་པར་ཐལ། གསུམ་པ་ལྟར་ན། འདོད་ཉོན་མོངས་པ་ལམ་བྱེད་དུ་འདོད་གཉེན་པོ་ལམ་བྱེད་དུ་ཐལ། བཞི་པ་ལྟར་ན། མ་རིག་པ་དང་ཡེ་ཤེས་ཐ་དད་དུ་ཐལ། དེ་ཐམས་ཅད་རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་པར་ནུས་པ་མ་ཡིན་ཏེ། ལུང་རིག་གིས་གསང་བ་འབབ་བོ་ཞེ་ན། འདིའི་ལན་ནི། རྗེ་གོ་བུ་བ་སྐྱོ་སྟོན་ཤཱཀ་ཡེས་ཀྱི་ཞལ་ནས། སྐད་ཅིག་མ་དང་པོ་ལ་ཉོན་མོངས་པ་ཐོལ་གྱིས་སྐྱེས་པ་ལ། སྐད་ཅིག་མ་གཉིས་པར་ཆོས་ཉིད་དུ་ཤེས་པར་ལམ་དུ་བྱེད་གསུང་སྟེ། དེས་ཀྱང་བརྟག་པ་མཐའ་མའི་སྐྱོན་མི་སྤོངས་སོ། །རྗེ་སྒྲོ་ཕུག་པའི་བཞེད་ཀྱིས། ཉོན་མོངས་པ་སྐམ་སྐྱེས་པ་ལ་ལམ་དུ་བྱེད་དེ། དེ་ཡང་རྟོགས་པ་ལྟ་བའི་རྩིས་ཟིན་པ་རང་རྒྱུད་དུ་མ་ཤོར་བ། ཉོན་མོངས་པ་རང་གི་མཐའ་ལ་མ་ཞེན་པ་དང་ཆོས་གསུམ་ལྡན་ཅིག་ལ་ལམ་དུ་བྱེད་གསུང་མོད་ཀྱི། དེ་ལྟར་ན་ཆོས་གསུམ་ལྡན་དང་། སྐམ་སྐྱེས་པ་ལ་ཁྱད་ཡོད་དམ་མེད། ཡོད་ན་ལམ་དུ་བྱ་རྒྱུ་དེ་ཉོན་མོངས་པ་སྐམ་སྐྱེས་པ་མ་ཡིན་པར་ཐལ། ཆོས་གསུམ་ལྡན་ཡིན་པའི་ཕྱིར་སྐམ་སྐྱེས་ཡིན་ཀྱང་། ཆོས་གསུམ་ལྡན་ཡིན་ན། ཐ་དད་པའི་དམ་བཅའ་འབུད། འོན་ཏེ་ཁྱད་པར་མེད་ན་བརྟག་པ་དང་པོའི་སྐྱོན་གྱིས་གནོད་དོ། །དེས་ན་ཁོ་བོ་ནི་འདི་ལྟར་སེམས་ཏེ། ཉོན་མོངས་པ་སྐམ་སྐྱེས་ལ་ལམ་དུ་བྱེད་ལ། འོ་ན་ཕ་བསད་ཀྱི་བུ་རང་གྲོལ་བར་ཐལ་ཞེ་ན། དེ་ལ་བརྟགས་སྟེ་མ་ཧཱ་ཡོ་གའི་ལམ་ཚང་ལ་མ་ནོར་བ་ལམ་དུ་བྱེད་པའི་ཕ་བསད་ཀྱི་བུ་ལ་ཟེར་རམ། དེ་ལས་གཞན་པའི་ཕ་བསད་ཀྱི་བུ་ལ་ཟེར། སྔ་མ་ལྟར་ན་འདོད་ཐོག །ཕྱི་མ་ལྟར་ན་ཁྱབ་པ་མེད་དེ། ཕ་བསད་ཀྱི་བུ་དེ་ལ་ཞེ་སྡང་སྐམ་སྐྱེས་ཡོད་ཀྱང་མ་ཧཱ་ཡོ་གའི་ལམ་པ་མ་ཡིན་པའི་ཕྱིར་རོ། །འོ་ན་མ་ཧཱ་ཡོ་གའི་ལམ་ཚང་ལ་མ་ནོར་བ་གང་ཡིན་སྙམ་ན་རྒྱུ་ཤེས་པའི་མཚན་ཉིད་ལྟ་བའི་གདེངས་དང་ལྡན་པས། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་བསྒོམ་པའི་ཐབས་ཀྱིས། ཉོན་མོངས་པ་སྤྱད་ཀྱང་མི་འཆིང་བ་རྨ་བྱ་དུག་གིས་འཚོ་བ་ལྟ་བུའི་རྣལ་འབྱོར་པས་ཉོན་མོངས་པ་སྐམ་གྱིས་སྐྱེས་པའི་དུས་ན་སྐྱེ་བོ་ཐ་མལ་པ་ལྟར་ཉོན་མོངས་པའི་དབང་དུ་མི་གཏོང་། ཉན་ཐོས་ལྟར་མི་སྤོང་། རང་རྒྱལ་ལྟར་མི་འགེགས། བྱང་ཆུབ་སེམས་དཔའ་ལྟར་མི་སྤྱོད། སྔགས་ཕྱི་རྒྱུད་ལྟར་མི་བསྒྱུར་བར་དཔེ་ཉ་ལམ་དུ་ཆུ་བདེ་བ་ལྟ་བུ་ནི་མ་ཧཱ་ཡོ་གའི་ལམ་པ་མཚན་ཉིད་དང་ལྡན་པ་ཡིན་ནོ། །དེ་ལྟར་མ་ཡིན་པའི་གསང་སྔགས་པར་ཁས་འཆེས་པ། གབ་པའི་གསང་བ་ཆོས་ཉིད་ཇི་བཞིན་ཉིད་ཀྱི་དོན་མ་རྟོགས་ཤིང་སྦས་པའི་གསང་བ། ཏ་ན་དང་། ག་ན་ལ་སོགས་པ་ལ་མངོན་པར་འཆེལ་ནས་གསང་སྔགས་སྒྲ་ཇི་བཞིན་པ་ལྟར་སྤྱོད་པ་རྣམས་ནི། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་སྔགས་གསར་རྙིང་གི་རྒྱུད་སྡེ་དུ་མར་གསུངས་སོ། །མི་དོར་བ་ལྔ། དྲང་། དཀར་རྩི་བྱང་ཆུབ་ཀྱི་སེམས། དམར་རྩི་རཀྟ། དྲི་དྲི་ཆེན། དྲི་ཆུ། ཤ་ཆེན་དང་ལྔ་ནི་སྔར་བཤད་པའི་གྲུབ་པ་བཞི་དང་ལྡན་པའི་ཕྱིར་ན་ཡང་དག་པའི་སྣོད་བཅུད་འདི་དག་ལ་ལོངས་སྤྱོད་པར་བྱ་སྟེ། གཙང་རྨེའི་རྟོག་པ་སྦྱང་བ་དང་། ཐུན་མོང་གི་ཡོན་ཏན་གཉིས་གཉིས་འབྱུང་བ་དང་། རིགས་ལྔ་བསྒྲུབ་པའི་རྫས་ཁྱད་པར་ཅན་ཡིན་པའི་ཕྱིར། དང་དུ་བླང་ཞིང་མི་དོར་རོ། །མཇུག་བསྡུས་བ་ཡོན་ཏན་དང་བཅས་པའོ། །དྲང་། དེ་ལྟར་མི་སྤང་བ་དང་མི་དོར་བ་ནི་ཡན་ལག་བཅུའི་དམ་ཚིག་སྟེ། ཡེ་གདོད་མ་ནས་དག་པ་གསུམ་དང་། མཉམ་པ་བཞིའི་ངོ་བོར་གནས་པ་ལ་གནས་པ་ལྟར་རྟོགས་པ་དང་། རྟོགས་པར་འདོད་པའི་རྣལ་འབྱོར་པས་སྤྱད་པར་བྱའོ། །ཉམས་ན་སྐྱོན་ཡོད་པས་འདའ་བར་དཀའ་བའོ། །དྲང་། སྔར་བཤད་པའི་བསྲུང་ཞིང་བསྒྲུབ་པའི་དམ་ཚིག་ལྔ་ནི། ལམ་དང་འབྲས་བུའི་ཆོས་ཐམས་ཅད་ཀྱི་གཞིའམ་རྩ་བ་ཡིན་ཏེ། དེ་ཉམས་ན་མི་དང་ལྷའི་རིགས་ཀྱང་མེད་པར་འགྱུར་ན་ཐེག་པ་ཆེན་པོའི་རིགས་ལྟ་སྨོས་ཀྱང་ཅི་དགོས་ཏེ་མཁར་གྱི་འགྲམ་ཞིག་པ་དང་མཚུངས་སོ། །མི་སྤང་བ་དུག་ལྔ་དང་། མི་དོར་བ་བདུད་རྩི་ལྔ་སྟེ། ལྔ་མཚན་གཉིས་པོ་འདི་ནི་ཡན་ལག་གི་དམ་ཚིག་ཡིན་ཡང་། ལོག་པའི་དུག་ལྔ་སྤངས་ན་ལྟ་བའི་ཀླུངས་ལས་ཉམས་ན་ཉན་ཐོས་སུ་གོལ་ལ། ཡང་དག་པའི་དུག་ལྔ་སྤངས་ན་རྒྱུད་ལ་བྱིན་རླབས་མི་འཇུག་ཅིང་བདག་གཞན་གྱི་དོན་མི་འགྲུབ། དམ་རྫས་ལྔ་སྤངས་ན་སྤྱོད་པ་ཀྲི་ཡོག་ཏུ་གོལ་བས་ལྟ་བས་ཡོད་མ་འབྲེལ་བའི་སྐྱོན་དུ་འགྱུར་བས་འདའ་བར་དཀའོ། །གསུམ་པ་མཉམ་པ་ཆེན་པོའི་དམ་ཚིག་སྐྱོན་ཡོན་དང་བཅས་པ། དྲང་། དངོས་པོ་ཐམས་ཅད་ཀྱི་རང་བཞིན་བདེན་གསུམ་རིས་མེད་དུ་མཉམ་པ་ལ་མཉམ་པ་ལྟར་ཤེས་རབ་དང་ཏིང་ངེ་འཛིན་གྱིས་མཉམ་པར་སྦྱོར་བའི་དུས་ན་གང་ཡང་བདག་ཉིད་ཆེན་པོ་ལས་མི་འདའ་བ་ནི་མཉམ་པའི་དམ་ཚིག་ཡིན་ལ། དེའི་དོན་ལ་གནས་ན་མཉམ་རྫོགས་ཆེན་པོ་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ཐོབ་པར་འགྱུར་བས་སོ། །གལ་ཏེ་དེ་ལས་འདས་ཤིང་མཉམ་པའི་དམ་ཚིག་མ་བསྲུངས་ན་ཐབས་གཞན་གྱིས་སངས་རྒྱས་ཀྱི་འབྲས་བུ་ཐོབ་པ་མ་ཡིན་ནོ། །བཞི་པ་དམ་ཚིག་ཉམས་པའི་སྐྱོན་ལ་གསུམ། བགྲང་། ཉམས་པ་དང་འགྲོགས་པའི་སྐྱོན། དྲང་། རྩ་བའི་དམ་ཚིག་ལྔ་པོ་ཡང་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་དུ་འདུས་པས་སྐུའི་དམ་ཚིག་སློབ་དཔོན་དང་། མཆེད་ལ་ཉམས་ན་གང་ཉམས་པའི་གནས་སུ་གསོ་སྟེ། འབྱོར་བ་པ་དང་སྲི་ཞུ་ལ་སོགས་ཁོ་ནས་ཞི་བར་བྱའོ། །གསུང་གི་དམ་ཚིག་སྔགས་དང་ཕྱག་རྒྱ་ཉམས་ན་སྒྲུབ་པ་ཆེན་པོ་ལན་གསུམ་གྱིས་བཤགས་ནས་བཟླས་པ་ལྡབ་ཀྱིས་བསལ་ལོ། །ཐུགས་ཀྱི་དམ་ཚིག་གང་བཅུ་ཉམས་ན་ཤེས་རབ་དང་ཏིང་ངེ་འཛིན་གྱི་གསོ་བར་བྱེད་དགོས་པ་ལ། གལ་ཏེ་ཉམས་པ འི་ཕྱལ་བ་དག་གསོ་བའི་ཆོ་ག་ལ་དུས་ཉེ་བར་མི་བརྩོན་པ་དེ་དག་དུས་སྐད་ཅིག་ཙམ་མམ་ཡུད་ཙམ་དུ་ཡང་སྨྲ་བར་མ་བྱེད་ཅིག །སྨྲས་ན་ཉེས་པ་ཅི་ཡོད་ཅེ་ན། དཔེར་ན་སྦལ་པ་རྨ་ཅན་གཅིག་གི་ཞོར་ལ་སྦལ་དོང་གང་རྨས་པར་འགྱུར་པ་དང་། ཐུ་རུ་རྡོ་ཅན་གཅིག་གིས་རྟ་ཁྱུ་རྔོས་འཁྱེར་བ་དང་། འོ་མ་རུལ་བ་ཐིག་པ་གཅིག་གིས་འོ་མ་ཁོལ་ཟངས་གང་རུལ་བཞིན་དུ་དམ་ཚིག་ཉམས་པ་དང་འགྲོགས་པར་འགྱུར་བའི་ཉེས་པ་བརྗོད་ཀྱིས་མི་ལང་སྟེ། ཉམས་པ་གཅིག་གི་ཞོར་ལ་དེ་དང་དམ་འདྲེས་པའི་རྣལ་འབྱོར་པ་ཀུན་དམྱལ་བར་ལྟུང་བའི་སྐྱོན་འདུག་པས་ན་ལུང་པ་གཅིག་གི་ཆུ་ལའང་བཏུང་བར་མི་བྱའོ། །རྩ་བའི་དམ་ཚིག་ཉམས་པའི་སྐྱོན། དྲང་། རྩ་བའི་དམ་ཚིག་ལྔ་པོ་ཉམས་པར་གྱུར་ན་ཚེ་འདིར་ཡང་སྒྲུབ་པ་ཐམས་ཅད་ལོག་པར་འགྱུར་ཏེ། ལས་ཅི་བརྩམས་པར་མི་འགྲུབ་ཅིང་བར་ཆད་མང་བ་དང་། ཕྱི་མ་ཡང་ཡིད་དུ་མི་འོང་བའི་སྡུག་བསྔལ་སྣ་ཚོགས་པའི་འབྲས་བུ་ངན་སོང་གསུམ་མི་འདོད་བཞིན་དུ་རང་དབང་མེད་པར་འདུ་བར་འགྱུར་རོ། །ཡན་ལག་གི་དམ་ཚིག་ཉམས་པའི་སྐྱོན་ནོ། །དྲང་། ཡན་ལག་གི་དམ་ཚིག་མི་སྤང་ལྔ་དང་མི་དོར་ལྔ་ཉམས་ཏེ། ཉན་རང་དང་ཀྲི་ཡོག་ཏུ་གོལ་བར་གྱུར་ན་གསང་སྔགས་རྡོ་རྗེ་ཐེག་པ་ཉམས་སུ་བླངས་པའི་འབྲས་བུ་ཐུན་མོང་དང་མཆོག་གི་དངོས་གྲུབ་མེད་ཅིང་། ལམ་མཆོག་ཏུ་གྱུར་པ་སྤངས་པའི་ཉེས་པས་སླར་ངན་སོང་གི་གནས་སུ་ལྟུང་བར་འགྱུར་རོ། །ལྔ་པ་དམ་ཚིག་གི་རང་བཞིན་བསྟན་པ། དྲང་། གོང་དུ་བཤད་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་དེ་དག་རྣམས་ནི་ལྟ་སྤྱོད་གཉིས་སམ། རང་བཞིན་དང་ལམ་དང་འབྲས་བུ་དབྱེར་མི་ཕྱེད་པའི་ཕྱིར་རྡོ་རྗེ་ཆེ་ཞེས་བྱ་སྟེ། དེ་དག་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་ལམ་ཡང་ཡིན་ལ་ངོ་བོ་ཡང་ཡིན་པས་ན་བདག་ཉིད་ཅེས་བརྗོད་པ་ཡིན་ནོ། །དྲུག་པ་དམ་ཚིག་གི་རྣམ་གྲངས་རྒྱས་པར་བསྟན་པ་ལ་གཉིས་ཏེ། བགྲང་། སུམ་བརྒྱ་དྲུག་ཅུར་དབྱེ་བ། དྲང་། རྩ་བའི་དམ་ཚིག་ལྔ་པོ་དེ་ལ་ནང་ཚེགས་སུ་དབྱེ་བའི་གྲངས་ནི་རྩ་བ་ལྔ་པོའི་ཡ་གྱལ་གཅིག་ལའང་ཤེས་རབ་ལྟ་བས་རྟོགས་པ་དང་། ཐབས་ཀྱིས་མ་འགགས་པར་སྤྱོད་པ་གཉིས་གཉིས་སུ་ཕྱེ་བས་རྩ་བ་ལ་བཅུ་དང་། དེ་དག་སྤྱི་རུ་བཞག་ནས་བྱེ་བྲག་ཏུ་རྩ་བ་རེ་རེ་ལ་ཡང་བཅུ་ཕྲག་གསུམ་གསུམ་དུ་ཕྱེ་ན། དང་པོ་བླ་ན་མེད་པ་བྱང་ཆུབ་ཀྱི་སེམས་མི་སྤང་བ་ལ་བཅུ་ཕྲག་གསུམ་སྟེ། ཡི་དམ་གྱི་ལྷ་ཞི་ཁྲོ་གཉིས་རེ་རེ་ལའང་རྩ་བའི་ལྷ་རེ་ལ་ལྷག་པའི་ལྷ་དགུ་དགུ་བཀོད་པས་ལྷག་པའི་ལྷ་དགུ་ཉིད་དང་བཅུ་སྟེ་དེ་ལྟར་ཉི་ཤུ་དང་། ཐེག་པ་ཐུན་མོང་བ་ལྟར་བྱམས་པ། སྙིང་རྗེ། དགའ་བ། བཏང་སྙོམས་ཏེ། ཐུན་མོང་གི་ཚད་མེད་པ་བཞི་དང་། ཁྲོ་བོ་རྟོག་པ་ལྷ་རྒྱུད་ལྟར་ཁྲོ་གཏུམ་གྱི་ཚུལ་གྱིས་གདུག་པ་ཅན་རྗེས་སུ་འཛིན་པར་བྱམས་པ། བརྩེ་བ་ཆེན་པོས་མྱུར་དུ་སྒྲོལ་བའི་སྙིང་རྗེ། ཤེས་པ་གནས་སྤར་ཞིང་ཕུང་པོ་ཚོགས་སུ་སྟོབས་པ་དགའ་བ། གདུལ་བྱ་རྣམས་ཡལ་བར་མི་འདོར་བ་བཏང་སྙོམས་ཏེ། ཐུན་མོང་མ་ཡིན་པའི་ཚད་མེད་པ་བཞི་སྟེ་བརྒྱད། དོན་དམ་དཀོར་བདུན་དང་། ཀུན་རྫོབ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཉམ་པར་རྫོགས་པ་གཉིས་ཏེ་བཅུ་ཀུན་དྲིལ་བས་བླ་མེད་མི་སྤང་བ་སུམ་ཅུའོ། །གཉིས་པ་བླ་མ་བཀུར་བ་སུམ་ཅུ་ནི། བླ་མ་དྲུག་ལ་ལུས་ཀྱི་སྒོ་ནས་བརྡེག་བཙོག་སྤང་། འདོད་ཡོན་གྱིས་མཆོད། ཡུམ་ལ་མི་སྤྱད། དྲང་པོའི་ཕྱོགས་ལ་མི་འགྲོ། གདན་མི་བརླམ། བག་མེད་པའི་འགྲོ་འདུག་མི་བྱ། ངན་སྤྱོད་མི་བྱ། རྒྱངས་འཁྱོར་མི་བྱ། ཆེ་ཁྱེར་སྤང་། མ་རབས་ཀྱི་སྤྱོད་པ་སྤང་ཞིང་། བག་ཟོན་དང་ལྡན་པར་བྱའོ། །ངག་གི་སྒོ་ནས་བརྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ། བེ་བོགས། རྡབས་སྐད། ཅ་ཅོ། ལྐོག་ཏུ་ཚུལ་ངན་བརྗོད་པ་དང་བརྒྱད་སྤང་ཞིང་། ཡོན་ཏན་རྣམས་བརྗོད། སྙན་པར་སྨྲའོ། །སེམས་ཀྱི་སྒོ་ནས་བླ་མའི་རྫས་ལ་རྐམ་ཞིང་ཡུམ་ལ་ཆགས་པ་དང་། བླ་མ་དང་བླ་མའི་འཁོར་གྱི་སྐྱོན་ལ་མནར་སེམས་པ་དང་། ཡོན་ཏན་ལ་རྨོངས་པ་དང་། རང་ཆེའོ་སྙམ་པའི་དྲེགས་པ་དང་། བླ་མའི་ཕུན་སུམ་ཚོགས་པ་ཕྲག་ཏུ་མི་ཤོང་བ་དང་། ངན་དུ་སེམས་པ་རྣམས་སྤང་བ་དང་། བླ་མའི་གསུང་གཉན་ཞིང་ལྕི་བར་སེམས་པ་དང་། ཕ་མ་ལྟར་སེམས་པ་དང་། ཡི་དམ་ལྟར་སེམས་པ་དང་། གདུང་སེམས་རྒྱུན་མི་གཅད་པ་དང་བཅུ་སྟེ། དྲིལ་བས་བླ་མ་བཀུར་ཚུལ་སུམ་ཅུའོ། །གསུམ་པ་སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད་པ་སུམ་ཅུ་ནི། ཕྱོགས་མཚམས་བཅིང་བ་འབར་བ་མཚམས་ཀྱི་སྔགས་དང་གཅིག །འབྱུང་བ་རིམ་བརྩེགས་བསྐྱེད་པ་ལ་རྩ་སྔགས་དང་བསྐྱེད་སྔགས་གཉིས། རྟེན་གཞལ་ཡས་ཁང་བསྐྱེད་པ་ལ་རྩ་སྔགས་དང་བསྐྱེད་སྔགས་གཉིས་ཏེ་ལྔ། བརྟེན་པ་ལྷ་བསྐྱོད་པ་ལ་རྩ་བ་བསྐྱོད་པ་ལས་སྔགས་དང་གསུམ། དབང་བཀུར་བ་དང་བྱིན་བསྡུ་བའི་སྔགས་གཉིས་ཏེ་ལྔ། སྤྱན་དྲང་བ་དང་། བསྟིམ་པ་དང་། བརྟན་པར་བཞུགས་སུ་གསོལ་བ་དང་། ཕྱག་མཚལ་བ་དང་། མཆོད་པ་འབུལ་བའི་སྔགས་དང་ལྔ་སྟེ། དེ་ལྟར་སྔགས་ལ་བཅོ་ལྔ་དང་། ཞི་ཁྲོ་གཉིས་པོ་རེ་རེ་ལ་ཡང་དམ་ཚིག་དང་། ལས་དང་ཆོས་དང་སྐུའི་ཕྱག་རྒྱ་ཆེན་པོ་སྟེ། དེ་ཡང་དམ་ཚིག་གི་ཕྱག་རྒྱ་ལ་བཅའ་བ་དང་བསམ་པ་གཉིས། ལས་ཀྱི་ཕྱག་རྒྱ་ལ་བཅའ་བ་དང་བསམ་པ་གཉིས། ཆོས་ཀྱི་ཕྱག་རྒྱ་ལ་བརྗོད་པ་དང་བསམ་པ་གཉིས་སོ། །དེ་ལྟར་ཞི་ཁྲོ་གཉིས་ལ་ཕྱག་རྒྱ་བདུན་བདུན་ཏེ་བཅུ་བཞི་དང་། ཞི་ཁྲོ་ཟུང་འཇུག་གི་སྐུ་དྲུག་པ་སྤྱིའི་གཟུགས་ཅན་དང་བཅོ་ལྔ་སྟེ། དྲིལ་བས་སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད་པ་སུམ་ཅུའོ། །བཞི་པ་མཆེད་ལ་བྱམས་པ་སུམ་ཅུ་ནི། མཆེད་བཞི་ལ་ལུས་ཀྱི་སྒོ་ནས་བརྡེག་པ་དང་། ཟས་ནོར་འཕྲོག་པ་དང་། གཟུངས་མ་ལ་སྤྱོད་པ་སྤང་། ལྟ་སྤྱོད་མཐོ་བ་ཁྱད་དུ་མི་བསད། དབང་ཐོབ་པ་སྔ་བ་དང་རྫོགས་པ་གོང་དུ་བཀུར། དམ་ཚིག་ཅན་ལ་གུས་པར་བྱ། མཆེད་ཀྱི་ཐུགས་དང་འགལ་བའི་སྤྱོད་ལམ་སྤང་། བཀུར་སྟི་བྱ། འབྱོར་པས་མཆོད། དུས་ཀུན་ཏུ་དགའ་ཞིང་སྤྲོ་བར་བྱའོ། །ངག་གི་སྒོ་ནས་བརྫུན་དང་། ཕྲ་མ་དང་། ངག་འཁྱལ་དང་། ཚིབ་རྩུབ་མི་སྨྲ། དཔག་པ་མི་སྨྲ། ངན་ཚུལ་མི་བརྗོད། སྙན་པར་སྨྲ། ཞེ་ས་དང་བཅས་པ་སྨྲ། གསོང་པོར་སྨྲ། སྲི་ཞུའི་སྒྲ་དང་བཅས་ཏེ་སྨྲ་བར་བྱའོ། །སེམས་ཀྱི་སྒོ་ནས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་གིས་ཀུན་ནས་བླངས་པའི་སེམས་སྤང་ཞིང་། ངན་སེམས་དང་། སྤྱོད་སེམས་དང་། གནོད་སེམས་སྤང་། མིག་འབྲས་ལྟར་བལྟ་ཞིང་གདུང་སེམས་དང་ལྡན་པར་བྱ་སྟེ་དྲིལ་བས་མཆེད་ལ་བཀུར་ཚུལ་སུམ་ཅུའོ། །ལྔ་པ་གསང་བའི་དོན་ཕྱིར་མི་སྨྲ་བ་སུམ་ཅུ་ནི། སྤྱིར་གསང་བཞི་བར་གསང་བཞི་སྟེ་བརྒྱད། གསང་བར་འོས་པ་དང་། གསང་བར་གཉེར་གཏད་པ་གཉིས་ཏེ། བཅུ་པོ་དེ་དག་གཞིར་བྱས་ནས་ཡོངས་སུ་མ་སྨིན་པ་རྣམས་ལ་སེམས་ཀྱིས་བསྟན་པར་མི་བསམ་པ་བཅུ་དང་། ངག་གིས་ཚིག་ཏུ་མི་བརྗོད་པ་བཅུ་དང་། ལུས་ཀྱི་བརྡས་མི་མཚོན་པ་བཅུ་སྟེ། དྲིལ་བས་གསང་བ་མི་བསྒྲག་པ་སུམ་ཅུའོ། །དེ་ལྟར་སུམ་ཅུ་པ་ཕྲག་ལྔ་ལ་བརྒྱ་ལྔ་བཅུ་དེའི་སྟེང་དུ་གོང་གི་སྤྱིར་བཞག་བཅུ་པོ་བསྣན་པས་བརྒྱ་དྲུག་ཅུ་ནི་རྩ་བའི་དམ་ཚིག་གི་བསྲུང་དམིགས་སོ། །ཡན་ལག་གི་དམ་ཚིག་མི་སྤང་བ་དང་མི་དོར་བ་ལྔ་ཚན་གཉིས་ཏེ། བཅུ་པོ་ལ་གཅིག་ལའང་བཅུ་ཕྲག་གཉིས་གཉིས་སུ་དབྱེ་བའི་ཚུལ་ནི། དམ་ཚིག་ཕྲ་རྒྱས་ལས། དང་དུ་བླང་བའི་དམ་གྲུབ་རྫས། །སྒྲུབ་རྫས་རྣམ་ལྔའང་རྩ་བ་བརྒྱད། །བརྒྱ་ཆ་རེ་ཞིང་དྭངས་སྙིགས་གཉིས། །རེ་རེའང་རྣམ་པ་བཅུ་རུ་འགྱུར། །ཞིང་བཅུའི་བདུད་རྩིས་དེ་བཞིན་པས། །རྣམ་པར་དབྱེ་བ་ཉི་ཤུའོ། །བདག་གཞན་རང་བཞིན་ཞིང་དང་གཉིས། །རྫས་བཅུ་ཐབས་སྤྱོད་ཤེས་རབ་སྤྱོད། །བཅུ་གཉིས་ཉི་ཤུར་འགྱུར་བའང་རིགས། །ཞེས་མི་དོར་བའི་དམ་ཚིག་གི་རྣམ་དབྱེ་དང་། ཡང་། མི་སྤང་ལྔ་ལས་བཅུ་གཉིས་ཏེ། །ཞིང་བཅུ་ཐབས་ཀྱི་མཛད་པས་འཇོམས། །ཤེས་རབ་རང་བཞིན་མེད་པར་བསྒོམ། །ཐབས་དང་ཤེས་རབ་ཞེ་སྡང་གིས། །བདག་གཞན་དོན་རྣམས་རྫོགས་པར་བྱེད། །ཡན་ལག་བཅུ་ཡི་དམ་ཚིག་ལ། །ཐབས་ཀྱི་མཛད་པས་མི་འབྱེད་ཅིང་། །ཤེས་རབ་གཉིས་མེད་མི་འབྱེད་པའི། །གཏི་མུག་བཅུ་གཉིས་འདའ་མི་བྱ། །དེ་ལྟར་ཐབས་དང་ཤེས་རབ་བཅུ། །གཉིས་ནི་གདེང་དུ་གྱུར་པ་ཡི། །ལྷག་པའི་ང་རྒྱལ་འདའ་མི་བྱ། །ང་རྒྱལ་ཆེན་པོའི་དམ་ཚིག་གོ། །ཞིང་བཅུ་ཐུགས་རྗེས་མི་གཏོང་བ། །རིགས་ལྔའི་ཡུམ་ལ་ཐབས་ཀྱིས་རོལ། །ཏིང་འཛིན་ཐབས་དབང་རང་བཞིན་སྦྱར། །ཤེས་རབ་དོན་དང་འདུ་འབྲལ་མེད། །མ་རྟོགས་གཉིས་དང་ལོག་རྟོགས་གཉིས། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །གསང་སྔགས་ཕྱི་པའི་ཐེག་པ་གསུམ། །གསང་སྒོར་མཛད་པ་མི་ཆུད་ཅིང་། །ཤེས་རབ་ལྟ་ངན་མི་ཆུད་པ། །ཕྲག་དོག་ཆེན་པོའི་དམ་ཚིག་གོ། །ཞེས་མི་སྤང་བའི་དམ་ཚིག་ལྔའི་རྣམ་དབྱེ་གསུང་མོད་ཀྱི། འདི་ལ་སློབ་དཔོན་ཧཱུཾ་ཀ་ར། བཞད་པ་རྡོ་རྗེ། པདྨ་འབྱུང་གནས། བི་མ་ལ། ཛྙཱ་ན་ཀུ་མཱ་ར་རྣམས་ཀྱིས་བཞེད་གཞུང་མི་འདྲ་བ་ལྔ་ཡོད་དོ་ཞེས་གྲགས་ཀྱང་། གཞན་རྣམས་ནི་ཁོ་བོས་མ་མཐོང་ལ། ཛྙཱ་ན་ཀུ་མཱ་རའི་བཞེད་གཞུང་ཡིན་ཟེར་བ་ཕྲ་རྒྱས་ཀྱི་མཆན་བུ་དང་། སྔོན་གྱི་ཊཱི་ཀ་རྙིང་པ་རྣམས་ན་བྲིས་འདུག་པས་འདི་དག་དབང་བཙན་དུ་བྱས་ན་དང་པོ་མི་སྤང་བའི་དམ་ཚིག་ལྔ་པོ་རེ་རེ་ལའང་ཉི་ཤུ་ཉི་ཤུར་དབྱེ་སྟེ། དེ་ཡང་ཞེ་སྡང་གི་ཉི་ཤུ་ནི། བསྒྲལ་བའི་ཞིང་བཅུ་ཐབས་ཀྱིས་མཛད་སྤྱོད་ཀྱི་དངོས་སུ་བསྒྲལ་བ་བཅུ་དང་། ཤེས་རབ་ལྟ་བས་རང་བཞིན་མེད་པར་ཤེས་ནས་སྐྱེ་མེད་ཀྱི་ངང་དུ་སྒྲོལ་བ་བཅུ་སྟེ་ཉི་ཤུའོ། །གཏི་མུག་གི་ཉི་ཤུ་ནི། ཡན་ལག་བཅུའི་དམ་ཚིག་ལ་ཐབས་ཀྱི་མཛད་སྤྱོད་ཀྱིས་མི་འབྱེད་པར་སྤྱོད་པ་བཅུ་དང་། ཤེས་རབ་ལྟ་བས་མི་འབྱེད་པ་བཅུ་སྟེ་ཉི་ཤུའོ། །ང་རྒྱལ་གི་ཉི་ཤུ་ནི། ཡན་ལག་བཅུའི་དམ་ཚིག་ལ་ཡང་དག་པའི་དུག་ལྔ་དང་ལོག་པའི་དུག་ལྔ་ལ་ཐབས་ཀྱིས་མ་འགགས་པར་སྤྱོད་པ་བཅུ་དང་། ལྟ་བ་རང་བཞིན་མེད་པར་རྟོགས་པ་བཅུ་སྟེ་ཉི་ཤུའོ། །འདོད་ཆགས་ཀྱི་ཉི་ཤུ་ནི། རིགས་ལྔའི་ཡུམ་ལ་ཐབས་ཀྱིས་དངོས་སུ་རོལ་པ་དང་། ཤེས་རབ་ཀྱི་ཏིང་ངེ་འཛིན་གྱིས་རོལ་པར་ལ་སྟེ་བཅུ། ཞིང་བཅུ་ལྟ་བས་རང་བཞིན་མེད་པར་ཤེས་ན་ཐུགས་རྗེས་མི་འབྲལ་བར་ཆགས་པས་རྗེས་སུ་འཛིན་པ་བཅུ་སྟེ་ཉི་ཤུའོ། །ཕྲག་དོག་གི་ཉི་ཤུ་ལ། མ་རྟོགས་ཕྱལ་བ་རྒྱང་འཕེན་གཉིས། ལོག་རྟོགས་མུ་སྟེགས་རྟག་ཆད་གཉིས། ཐེག་ཆུང་ཉན་ཐོས་རང་རྒྱལ་གཉིས། ཐེག་ཆེན་བྱང་ཆུབ་སེམས་དཔའ་དང་ཕྱི་རྒྱུད་སྡེ་གསུམ་དང་བཅུ་པོའི་ལྟ་སྤྱོད་ཐབས་ཀྱི་སྤྱོད་པའི་ཀློང་དུ་མི་ཆུད་པ་བཅུ་དང་། ཤེས་རབ་ལྟ་བའི་གོར་མི་ཆུད་པ་བཅུ་སྟེ་ཉི་ཤུའོ། །གཞན་ཡང་མི་དོར་བའི་དམ་ཚིག་ལྔ་པོ་རེ་རེ་ལའང་ཉི་ཤུ་ཉི་ཤུར་དབྱེ་སྟེ། དེ་ཡང་བྱང་སེམས་ཀྱི་ཉི་ཤུ་ནི། བྱང་སེམས་མཐར་ཕྱིན་པ་མིག །ཆུ་རྒྱུས་མཐར་ཕྱིན་པ་སེན་མོ། ཁྲག་དང་ཆུ་སེར་མཐར་ཕྱིན་པ་སྐྲ། རུས་པ་མཐར་ཕྱིན་པ་སོ་སྟེ་མངོན་པ་ཕྱིའི་བཞིའོ། །བཞུགས་གནས་ཀླད་པ། རྒྱུ་ལམ་གཞུང་པ། གཤེགས་ཤུལ་རྡོ་རྗེ་ཆུ་བ། ཕོ་བྲང་སྙིང་སྟེ་སྦས་པ་ནང་གི་བཞི་སྟེ་བརྒྱད་དང་། ཕྱི་ནང་གི་དྭངས་སྙིགས་གཉིས་ཏེ་བཅུ། ཞིང་བཅུའི་བྱང་སེམས་ལ་བཅུ་རུ་ཕྱེ་བས་ཉི་ཤུའོ། །དྲི་ཆེན་གྱི་ཉི་ཤུ་ནི། ཕག་པའི། ཤི་བ་བམ་གྱི། གཡག་ཁྱུ་བའི། བྱིན་པའི་དྲི་ཆེན་ཏེ་མངོན་པའི་ཕྱིར་བཞི་དང་། སློབ་དཔོན་གྱི། གཟུགས་མའི། དྲང་སྲོང་སྒོམ་ཆེན་གྱི། ཤི་བ་བམ་གྱི་དྲི་ཆེན་ཏེ་སྦས་པ་ནང་གི་བཞི་སྟེ་བརྒྱད་དང་། དྭངས་སྙིགས་གཉིས་དང་བཅུ། ཞིང་བཅུའི་དྲི་ཆེན་དང་ཉི་ཤུའོ། །རཀྟའི་ཉི་ཤུ་ནི། ཕོ་བྲང་སྙིང་གི། མཚོ་མཆིན་པའི། སྙིགས་མ་མཚེར་པའི། གཤེགས་ལམ་མཁལ་མའི་རྩ་ཁྲག་སྟེ་མངོན་པ་ཕྱིའི་བཞི་དང་། གཟུངས་མ་ལ་དང་པོ་འཛག་པའི་ཁྲག །འཛག་པ་དང་སྦྱར་བའི། སྦྱར་བ་ལ་འདྲེས་པའི། རྒྱུད་ལྔ་བསྒྲལ་བའི་ཁྲག་སྟེ་སྦས་པ་ནང་གི་བཞི་སྟེ་བརྒྱད་དང་། དྭངས་སྙིགས་གཉིས་ཏེ་བཅུ། ཞིང་བཅུ་བསྒྲལ་བའི་ཁྲག་བཅུ་སྟེ་ཉི་ཤུའོ། །དྲི་ཆུའི་ཉི་ཤུ་ནི། བོང་བུའི། བ་དམར་མོའི། བྱིས་པ་གཙང་མ། སྐྱེ་བོའི་དྲི་ཆུ་སྟེ་མངོན་པ་ཕྱིའི་བཞི་དང་། བླ་མའི། གཟུངས་མའི། བསྒྲལ་བའི། ཤི་བ་བམ་གྱི་དྲི་ཆུ་རྣམས་ནི་སྦས་པ་ནང་གི་བཞི་སྟེ་བརྒྱད་དང་། དྭངས་སྙིགས་གཉིས་ཏེ་བཅུ། ཞིང་བཅུའི་དྲི་ཆུ་དང་ཉི་ཤུའོ། །ཤ་ཆེན་གྱི་ཉི་ཤུ་ནི། ཉྭ་ཤ་བཞི་ནི་མངོན་པར་ཕྱིའི་བཞི། ནུ་བུར་གཉིས། མཁར་མཚོས་གཉིས་ནི་སྦས་པ་ནང་གི་བཞི་སྟེ་བརྒྱད་དང་། དྭངས་སྙིགས་གཉིས་ཏེ་བཅུ། ཞིང་བཅུ་བསྒྲལ་བའི་ཤ་ཆེན་བཅུ་སྟེ་ཉི་ཤུའོ། །དེ་ལྟར་ཉི་ཤུ་ཚན་བཅུ་ལ་ཉིས་བརྒྱའོ་ཞེས་བཤད་མོད་ཀྱི། མང་དུ་ཐོས་པ་རྣམས་ཀྱིས་ཇི་ལྟར་རིགས་བརྟག་པར་བྱའོ། །མདོར་ན་རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུང་མཚམས་ཀྱི་རྣམ་གྲངས་ནི། རྩ་བ་ལ་བརྒྱ་དྲུག་ཅུ་དང་། ཡན་ལག་ལ་ཉིས་བརྒྱ་སྟེ་སུམ་བརྒྱ་དྲུག་ཅུ་གསུངས་པ་འདི་ནི་རྒྱུད་གཞུང་འདི་ཉིད་ཀྱི་དབང་དུ་ཡིན་གྱི་གཞན་དུ་ནི་ངེས་པ་མེད་པར་ཤེས་པར་བྱའོ། །གདུལ་བྱ་ལ་དགོངས་ནས་དབྱེ་བའོ། །དྲང་། ཐེག་པའི་ཆེན་པོ་གསང་སྔགས་མ་ཧཱ་ཡོ་གའི་རྩ་བ་དང་ཡན་ལག་གི་དམ་ཚིག་འདི་དག་ནི་ཡོན་ཏན་ཁྱད་པར་ཅན་མངའ་བས། རྒྱལ་ཁྲིམས་ཆགས་པའི་ས་དང་འདྲའོ། །དེ་ཡང་རྒྱ་ཆད་མེད་པ་གདུལ་བྱ་ཇི་ལྟར་འདུལ་བ་ལྟར་སྟོན་པས་ན་རྨད་པོ་ཆེ་ཞེས་བྱ་སྟེ། གནས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་གདུལ་བྱ་སྲིད་པ་གསུམ་གྱིས་བསྡུས་པའི་འགྲོ་བ་ཇི་སྙེད་པའི་རྣམ་པར་རྟོགས་པ་འདུལ་བའི་གཉེན་པོར་དམ་ཚིག་གི་རྣམ་གྲངས་ཀྱང་། སྤོང་། འགེགས། སྦྱོང་། བསྒྱུར། དབང་དུ་བྱ་བ། རང་ངོ་ཤེས་པ་ལ་སོགས་པ་འདུལ་ཐབས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དེ་སྙེད་ཅིག་སྤྲོས་ནས་སེམས་ཅན་གྱི་དོན་མཛད་དོ། །བདུན་པ་དམ་ཚིག་གི་ཡོན་ཏན། དྲང་། གོང་དུ་བཤད་པའི་མཉམ་རྫོགས་ཆེན་པོ་ཅིག་ཅར་བའི་དམ་ཚིག་ལས་གཞན་པ་རིམ་གྱིས་པའི་ཡང་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་པར་བསྲུངས་ན། རྒྱལ་མཆོག་རིགས་ཐམས་ཅད་ཀྱི་བདག་པོ་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ཀྱི་ངང་དུ་འཁོར་བའི་ཆོས་ཐམས་ཅད་དང་མྱ་ངན་ལས་འདས་པའི་ཆོས་མ་ལུས་པ་ཡེ་ནས་ལྷུན་གྱིས་གྲུབ་པས་ན་ཕྱག་རྒྱའི་མཆོག་སྟེ། དེ་ལས་གཞན་པའི་འབྲས་བུ་བསྒྲུབ་ཏུ་མེད་པ་ནི་འབྲས་བུའི་མཆོག་དམ་པ་ཀུན་ཏུ་བཟང་པོའི་ཡོན་ཏན་མ་ལུས་པ་འགྲུབ་ཅིང་། དེ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་བས་ན་མཐའ་ཡས་པའི་མཆོག་གོ། །ཡོན་ཏན་དེ་དག་ཀྱང་མདོར་བསྡུས་ན་ལྔ་སྟེ། འཇིག་རྟེན་གྱི་གཙོ་བོས་འཁུར་འོས་སུ་མཐོང་བའི་ཡོན་ཏན་ནི་དེ་ལྟ་བུའི་དམ་ཚིག་རྣམས་དང་ལྡན་ན་རྒྱལ་བའི་རིགས་མཆོག་འཛིན་པ་སྟེ། དེ་ཡང་ལྟ་སྤྱོད་ཚང་བར་འབྱོར་པ་ནི་སར་ཆུད་པ། དེ་ལ་རྒྱུན་དུ་གནས་པ་ནི་སར་གནས་པ། དེ་སྟོབས་སུ་གྱུར་པའི་སར་ཡོངས་སུ་སྨིན་པའི་རིག་འཛིན་ཡིན་ནོ། །རིག་འཛིན་སྒྲུབ་པ་པོ་དེ་ལ་ནི་འཇིག་རྟེན་གྱི་གཙོ་བོ་ལྷ་སྲིན་སྡེ་བརྒྱད་དང་། དེ་དག་གི་འཁོར་གཡོག་རྣམས་ཀྱིས་ཀྱང་དགོས་པ་སྒྲུབ་ཅིང་བཀུར་སྟི་བྱེད་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔས་བྱིན་གྱིས་རློབ་པའི་ཡོན་ཏན་ནི། དམ་པ་མཆོག་ནི་སངས་རྒྱས་དང་། དམ་པ་ནི་རིག་འཛིན་དང་བྱང་ཆུབ་སེམས་དཔའ་སྟེ། དེ་དག་གིས་ཀྱང་སངས་རྒྱས་རྣམས་ཀྱི་སྲས་དང་རིག་འཛིན་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤུན་དུ་དགོངས་ཤིང་བྱིན་གྱི་རློབ་བོ། །འདི་ན་མེད་ཀྱིས་ཀྱང་ལུང་གྲ་ཆད་ལ་ཉལ་བ་སླང་བ་བཤད་པ་མཁན་པོའི་གཉེར་བྱ་བ་ཡིན་པས། མ་མོ་དང་མཁའ་འགྲོ་རྣམས་ཀྱིས་མིང་པོར་དགོངས་ནས་སྟོངས་དང་གྲོགས་བྱེད་དོ། །དམ་ཅན་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་ཀྱང་རྗེ་དཔོན་དམ་པར་དགོངས་ནས་ཕྲིན་ལས་བསྒྲུབ་པོ་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །སངས་རྒྱས་ཀྱི་དགོངས་པ་དང་གཉིས་སུ་མེད་པར་སྦྱོར་བའི་ཡོན་ཏན་ནི། རྩ་བ་དང་ཡན་ལག་གི་དམ་ཚིག་གཞུང་བཞིན་དུབསྲུང་བ་དེ་ནི་བདེ་བར་གཤེགས་པ་ཉིད་ཀྱི་ངོ་བོ་དང་ཐ་མི་དད་པས་བྱེད་སྤྱོད་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་ཞུགས་པ་ཞེས་བྱའོ། །དེའི་ཕྱིར་དམ་ཚིག་དང་ལྡན་པའི་བྱེད་སྤྱོད་གང་ཡང་ལྟུང་བར་འགྱུར་བའི་འཇིགས་པ་མེད་པས་སྤྱོད་ཡུལ་ཡོངས་སུ་དག་པ་ཀུན་ཏུ་བཟང་པོར་སྦྱོར་བའོ། །འོག་མའི་འདུལ་སྡོམ་ཡོངས་སུ་རྫོགས་པའི་ཡོན་ཏན་ནི། ཆོས་ཐམས་ཅད་ཇི་བཞིན་པའི་ཆོས་ཉིད་མངོན་བྱེད་པ་གསང་སྔགས་བླ་ན་མེད་པའི་དམ་ཚིག་ཕན་ཡོན་དང་བཅས་པའི་འདིར་ཐུན་མོང་གདུལ་བྱ་འདུལ་བའི་ཐབས་སུ་བསྟན་པའི་ཉན་ཐོས་ཀྱི་འདུལ་ཁྲིམས་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དང་། སྔགས་ཕྱི་རྒྱུད་ཀྱི་དམ་ཚིག་ལ་སོགས་པ་བསམ་ཡས་པ་རྣམས་འདུས་པའི་ཕྱིར། འདིར་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་ན་ཐེག་པ་འོག་མ་རྣམས་ཀྱི་དགག་བྱ་མ་ལུས་པ་རྣམ་པར་དག་ཅིང་། དགོས་པ་མ་ལུས་པ་མ་བཙལ་བར་ལྷུན་གྱིས་གྲུབ་པའོ། །ཉམས་ཀྱང་བསྐང་དུ་རུང་བའི་ཡོན་ཏན་ནི། གལ་ཏེ་སྔགས་ཀྱི་དམ་ཚིག་ཉམས་པར་གྱུར་ན་ཡང་ཉན་རང་ལྟར་བསྐང་ཐབས་མེད་པ་མ་ཡིན་ཏེ། བསྐང་པས་སྐོང་བའི་ཐབས་ཁྱད་པར་ཅན་ཡོད་པས་ཉམས་པ་གསོ་བ་ལ་རབ་ཏུ་བརྩོན་པ་ནི་དམ་ཚིག་གི་ཡོན་ཏན་ཡོངས་སུ་རྫོགས་པར་འགྱུར་བ་དང་། དེ་ལ་སོགས་པའི་ཡོན་ཏན་མཐའ་ཡས་པས་ན་མཆོག་ཅེས་བྱའོ། །གཞུང་གསུངས་པའི་ཡོན་ཏན་ནོ། །དྲང་། ཞེས་ལེའུའི་གཞུང་དོན་དེ་དག་བརྗོད་པས་རྒྱལ་བ་དེ་བཞིན་གཤེགས་པ་ཉིད་དམ་ཚིག་གི་རང་བཞིན་ལས་འདའ་བར་མི་བྱེད་པས་ན་དེ་བཞིན་གཤེགས་པ་ཉིད་ལ་འདའ་བར་མི་བྱེད་པའི་དམ་ཚིག་གིས་འདུལ་བར་གྱུར་ཏོ། །ལེའུའི་མཚན་ནོ། །དྲང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཚན་གྱི་གཞི་རུ་གདའ། རྩ་བ་དང་ཡན་ལག་གི་དམ་ཚིག་གི་རྣམ་པར་བཞག་པ་བསྟན་པའི་གཅོད་ཅིང་མཚམས་འཛིན་པས་ན་ལེའུ་སྟེ་ཡས་བགྲངས་བཅུ་དགུ་པའི་དོན་དུ་གདའོ།། ༈ །།ད་ནི་ལེའུ་ཉི་ཤུ་པ་འཆད་པར་བྱེད་པ་ལ་ཆོས་ཚོམས་ཀྱི་དབང་དུ་བྱས་ན། རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་སྟོན། དེ་ལ་ཐབས་གྲོལ་གཉིས་ལས་གཉིས་ཀ་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། སྣང་བ་བ ཞི་ལས་སྣང་སྟོན། མཚན་ཉིད་གསུམ་ལས་རྐྱེན་འཇུག་པའི་མཚན་ཉིད་སྟོན། འབྲིང་གི་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ལས་གཞུང་ཧྲིལ་པོས་ཕྲིན་ལས་སྟོན། ཞོར་ལ་ལྟ་བ་དང་། སྤྱོད་པ་དང་། དཀྱིལ་འཁོར་དང་། དུག་གསུམ་གྱི་མཆོད་པ་དང་། ཕྲིན་ལས་བཞིའི་ཏིང་ངེ་འཛིན་སྟོན། ཐ་མའི་ཆོས་བཅུ་ལས་རང་བཞིན་ལྟ་བ། མཚོན་པ་དཔེ། ལྡེམ་དགོངས་མན་ངག །གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་ཉི་ཤུ་པ་འདི་ལ་གསུམ། བགྲང་། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། ལེའུ་བཅུ་དགུ་པར་དམ་ཚིག་བསྟན་ནས། ད་དམ་ཚིག་ལྡན་པའི་སྒྲུབ་པ་པོས་ཕྲིན་ལས་བྱ་བ་སྟོན་པས་ན་དེ་ནས་ཞེས་འབྲེལ་སྦྱར་རོ། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ནི་འབྲུ་མཐུན་ལ། སེམས་ཉིད་ལ་ཕྲིན་ལས་བཞི་ལྷུན་གྱིས་གྲུབ་པ་ལས་མི་འདའ་བའི་དམ་ཚིག །ཆོ་ག་བཞིས་བྱིན་གྱིས་རློབ་པ་ཞེས་བྱ་བའི་དགོངས་པ་ལ་མངོན་དུ་བཞག་པས་ན་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འོག་ནས་འབྱུང་བའི་དོན་ཆེད་དུ་བརྗོད་པ་འདི་དག་བརྗོད་དོ། །ལེའུའི་གཞུང་ལ་གཉིས། ཕྲིན་ལས་དངོས་དང་། ཕྲིན་ལས་ཀྱི་ཡོན་ཏན་ནོ། །དང་པོ་ལ་བཞི། རྫས་དང་ལུ་གུ་རྒྱུད་ཀྱི་སྒོ་ནས་ཕྲིན་ལས་བྱ་བ་དང་། ལྷག་མའི་ལས་དང་། བྲོ་གར་གླུ་ཚིག་གི་ཡོན་ཏན་དང་། གཟུངས་སེམས་བསྟན་པའོ། །དང་པོ་ལ་བཞི་སྟེ། དྲག །དབང་། རྒྱས། ཞི་བའི་ཕྲིན་ལས་སོ། །བཞི་པོ་དེ་རེ་རེ་ལའང་ལྔ་ལྔ་སྟེ། བགྲང་། དྲག་པོའི་ལིངྒ་བཅའ་བ་དང་། དྲང་། གསེར་སྐྱེམས་བཏང་། བདེན་པ་བདར། གཟུ་དཔང་གསོལ་བ། དྲག་པོའི་ཆ་བྱད་ཀྱིས་ཁ་ལྷོ་རུ་ཕྱོགས་ནས་ཁྲོས་པའི་སེམས་ཀྱིས་རང་གི་དྲི་མ་དང་ཁ་ཆུས་མི་འགོས་ཤིང་། གྲིབ་མ་མི་འཕོག་པའི་ཐབས་དང་ལྡན་པར་བྱས་ལ། དགྲ་བགེགས་ཀྱི་བདུད་རྩི་ལྔའམ། ཤ་ཉ་ཤ །བུ་རམ། སྦྲང་རྩི། ཏིལ་དང་ཟས་ལྔ་ལ་རྒྱུ་བྱས་པའི་ལིངྒ་ཕོ་མོ་གང་ཡིན་གྱི་མཚན་མ་ཅན་དཔྲལ་བར་རུས། སྙིང་གར་སྲོག་གང་ཡིན་མིང་དུ་བཅས་པར་བྱ་སྟེ། དེ་ཡང་གྲོ་ཤོག་ལ་བྲིས་ནས་གླན་པའམ། ཡང་ན་གྲོ་ཤོག་གི་ལིངྒ་ལ་རྗེས་ཀྱི་སའམ་ཟག་རྫས་རྣམས་ཀྱིས་བྱུགས་པ་ཡང་རུང་བས་ལྟེ་བར་བླ་དྭགས་དང་། འདོམས་སུ་ཆྒཻ་མོ་མ་ར་ཡ་ཕཊ་བྱ་བ་བྲི། མཐའ་མ་ཛཿས་བསྐོར་ལ་ཐོད་པ་མཚན་ངན་གྱི་ནང་དུ་བཅུག་ལ་མགོ་བོ་ལྷོ་ནུབ་དང་། རྐང་པ་བྱང་ཤར་དུ་བསྟན་ནས་དཀྱིལ་འཁོར་གྱི་བྱང་ཕྱོགས་ཀྱི་བྲུབ་ཁུང་གྲུ་གསུམ་དུ་གཞུག་གོ། །དྲག་པོའི་དཀྱིལ་འཁོར་བསྐྱེད་པ། དྲང་། སྔགས་འཆད་རྣམས་དྲག་པོའི་ཆ་བྱད་དང་འདུག་སྟངས་ཀྱིས་ཨེ་རཾ་ལ་སོགས་པའི་སྔགས་བརྗོད་པས་ཕྱི་དྲག་པོའི་ཨེའི་ཚོགས་ཀྱི་དཀྱིལ་འཁོར་མཐིང་ནག་གྲུ་གསུམ་མེ་འབར་བ་བསྐྱེད་ལ། བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་མ་ཧཱ་ཀྲོ་དྷི་ཤྭ་རི་སྟྭཾ། ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ་ཞེས་བརྗོད་པས། ནང་དྲག་པོ་ལྷའི་མཆོག་བཛྲ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། ཀུན་ཀྱང་མཐིང་ནག་འཇིགས་པའི་གཟུགས་ཅན། མཚོན་ཆ་སྣ་ཚོགས་ཐོགས་པ། མེ་དཔུང་འབར་བའི་ཀློང་ན་བཞུགས་པ། སྤྲུལ་པ་དང་ཡང་སྤྲུལ་དུ་བཅས་པ་གྲངས་མེད་བསྐྱེད་དོ། །བསྒྲུབ་བྱའི་ལས། དྲང་། གུ་གུལ་ལ་སོགས་པ་ལྷ་དབྱེའི་རྫས་ཀྱི་དུད་པས་ལིངྒ་བདུག་ཅིང་འགོ་བའི་ལྷ་ལྔ་དང་དབྱེ། དེ་ནས་བ་ཧུའི་སྔགས་ཀྱིས་ལྷ་ལས་ལ་གཟུད། ཕོ་ཉ་དྲུག་བསྐོར་བཏང་ལ། བི་ཤྭ་བཛྲའི་སྔགས་ཀྱིས་སྤྲུལ་པ་སྤྲོས་ནས། གཟས་པ་པོ་གང་ཡིན་རང་དབང་མེད་པར་མདུན་དུ་བྱུང་བར་དམིགས་ཤིང་། དགྲ་ཡིན་ན་ནྲི་ཛཿདང་། བགེགས་ཡིན་ན་ཏྲི་ཛཿཞེས་བརྗོད་ཅིང་། ལྕགས་ཀྱུའི་ཕྱག་རྒྱ་ལན་གསུམ་མམ་བདུན་གྱིས་བཀུག་ནས་ཛཿཧཱུཾ་བཾ་ཧོས་ལིངྒ་དང་གཉིས་སུ་མེད་པར་བྱས་ལ། ལྕགས་སམ་ཤིང་ནག་པོ་ལ་བྱས་པའི་རྡོ་རྗེ་ཕུར་པ་མགོ་ལ་རྒྱ་མདུད་དང་། དབལ་ཟུར་གསུམ་པ་གསུམ་བྲུང་ཁུང་གི་ཟུར་གསུམ་ལ་འགོད་པ་དེ། སྲས་མཆོག་བཛྲ་ཀཱི་ལ་ཡ་མངོན་རྟོགས་བཞིན་བསྐྱེད་ནས། དབང་བསྐུར་བྱིན་གྱིས་བརླབ་པ་ལ་སོགས་པ་དང་། ལག་སོར་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། སྒྱུ་འཕྲུལ་རྒྱས་པའི་ལེའུ་ལྔ་བཅུ་རྩ་བདུན་པ་ནས་བྱུང་བའི་ཕུར་བསྐུལ་གྱི་ཚིག་དང་། གྷ་ཏ་ཡའི་སྔགས་ཀྱིས་ལིངྒའི་དཔྲལ་མགྲིན་སྙིང་ག་སྟེ་ལུས་ངག་ཡིད་གསུམ་གྱི་གནས་གསུམ་དུ་གདབ་པར་བྱའོ། །དེ་ནས་ཧྲིཥྚིའི་སྔགས་ཀྱི་བཏུབ་པ་དང་། ཨཱོཾ་བྷྲཱུཾ་ལ་སོགས་པའི་སྔགས་ཀྱིས་མཚོན་ཆའི་ཆར་ཕབ་པས། ལིང་རོ་རྣམས་རྡུལ་ཕྲན་ཙམ་དུ་བྱས་པར་བསམ་ནས་ཚོ་གསུམ་དུ་བྱས་ལ་ཚོ་གཅིག་བསྟབ་ཞལ་དུ་བླུག་ལ་དཀྱིལ་འཁོར་གྱིས་ལྷ་རྡོ་རྗེ་སེམས་དཔའ་དང་བཛྲ་ཧེ་རུ་ཀས་གཙོ་བྱས་བའི་ཚོགས་རྣམས་ལ་གཏོར་མར་དབུལ། ཚོ་གཅིག་གཏུབས་ལ་སྦྱིན་སྲེག་གི་བསྲེག་རྫས་དང་བསྲེའོ། །ཚོ་གཅིག་ལ་བྲོ་བརྡུང་ལ་ལམ་རྒྱ་གྲམ་དུ་དོང་གྲུ་གསུམ་བྲུས་ལ་རོ་གཡམ་ལ་རོ་སོལ་གྱིས་རྡོ་རྗེ་རྒྱ་གྲམ་བྲིས་ལ་མནན་པ་བྱའོ། །མཆོད་སྦྱིན་བྱས་པའི་ཡོན་ཏན། དྲང་། བཅོམ་ལྡན་འདས་བཛྲ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་འབར་བ་དྲག་པོའི་དཀྱིལ་འཁོར་མེ་ལྷའི་ལྟོ་རུ་བསྐྱེད་པའི་ལྷ་གཏུམ་ཆེན་རྔམ་པའི་ཚོགས་རྣམས་ལ། སྟོངས་ཀྱི་སེམས་ཞེ་སྡང་ཁྲོས་པའི་ཡིད་ཀྱིས་ཡེ་ཤེས་ཀྱི་ལྷ་མོ་དང་མཁའ་འགྲོ་ལ་སྦྱིན་པའི་ལས་བྱས་པའི་ཡོན་ཏན་ནི། སངས་རྒྱས་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ལས་གྲུབ་པའི་གཟུགས་སྐུ་གཉིས་ཡང་འཇིག་པར་ནུས་ན་བསྒྲལ་བའི་ཞིང་བཅུ་ལ་སོགས་པ་བརླག་ནུས་པར་ལྟ་སྨོས་ཀྱང་ཅིག་དགོས་སོ། །ལུ་གུ་རྒྱུད་ཀྱི་བྲོ་ཡོན་ཏན་དང་བཅས་པའོ། །དྲང་། ཨེ་བྷྲཱུཾ་ཞེས་བརྗོད་པས། ཕྱི་དྲག་པོའི་དཀྱིལ་འཁོར་གྲུ་གསུམ་མཐིང་ནག་འབར་བ། འབྱམས་ཀླས་པར་བསྐྱེད་ལ། བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་མ་ཧཱ་ཀྲོ་དྷི་ཤྭ་རི་སྟྭཾ་ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ་ཞེས་པས། བཛྲ་ཧེ་རུ་ཀས་གཙོ་བྱས་པའི་ཁྲོ་བོའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དུ་གསལ་བའི་སྒྲུབ་པ་པོ་ཕོ་མོ་རྣམས་ཀྱིས་བྲོ་ར་གྲུ་གསུམ་དུ་བཅས་པའི་དབུས་སུ་ལིང་རོ་རྣམས་བཞག་ཅིང་། ལག་པ་གཡས་པ་སྟེང་དང་གཡོན་པ་འོག་ཏུ་བྱས་ནས་བསྣོལ་བའི་མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་ཞིང་བསྡམས་ནས་ཕྱག་རྒྱ་བཅིང་ངོ་། །དེ་ནས་ཧཱུཾ་ཧཱུཾ་ཧཱུཾ། ཞེ་སྡང་རྡོ་རྗེ་འཁོར་བཅས་ཀྱིས། །ཞེས་པ་ལ་སོགས་པའི་ཚིག་དང་སུམ་བྷ་ནིའི་སྔགས་ཀྱིས་བསྐུལ་ཞིང་། མིག་འགྱུར་བ་དང་བཅས་པས་རྐང་སྟབས་བསྐྱོད་ནས་བྲོ་བརྡུངས་པས། རྡོ་རྗེའི་རིགས་ཀྱི་སྤྲུལ་པ་མཐིང་ནག་དཔག་ཏུ་མེད་པ་ཕྱོགས་བཅུར་གཡོས་ནས་གང་ལ་བྱ་བ་རྡུལ་དུ་བརླག་པར་བསམས་ལ། ཆྒཻ་མོ་མཱ་ར་ཡ་ཧཱུཾ་ཕཊ་ཞེས་པའི་སྔགས་པའི་བརྗོད་ཅིང་ཕྱག་རྒྱ་སྤྲུགས་ནས་བཤིག་པས་གཟས་པའི་རྣམ་ཤེས་མྱོས་ནས་ལུས་གས་ཏེ་སྙིང་འཚིག་པར་འགྱུར་རོ། །དབང་གི་ཕྲིན་ལས་ལ་ལྔ་སྟེ། བགྲང་། དབང་གི་ལིངྒ་བཅའ་བ། དྲང་། རྒྱུ་བདུད་རྩི་ལྔའམ་ཟས་ལྔ་ལ་གང་དབང་དུ་བྱ་བར་འདོད་པའི་མཚན་མ་སྙིང་གར་སྲོག་གང་ཡིན་གྱི་མཐའ་མིང་གི་ཡི་གེས་བསྐོར་བ་ལ་སོགས་པ་སྔར་བཞིན་དུ་བཅས་པ་དཀྱིལ་འཁོར་གྱི་ནུབ་ཏུ་བྲུབ་ཁུང་ཟླ་གམ་དུ་བཅུག་ལ་བཞག་པར་བྱའོ། །དབང་གི་དཀྱིལ་འཁོར་བསྐྱེད་པ། དྲང་། སྔགས་འཆང་རྣམས་དབང་གི་ཆ་བྱད་དང་འདུག་སྟངས་ཀྱིས། བཾ་རཾ་ལ་སོགས་པའི་སྔགས་བརྗོད་པས། ཕྱི་དབང་མཆོག་བཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་དམར་ནག་ཟླ་གམ་མེ་འབར་བ་བསྐྱེད་ལ། པདྨ་ཤྲཱི་ཧེ་རུ་ཀ་པདྨ་མ་ཧཱ་ཀྲོ་དྷི་ཤྭ་རི་སྟྭཾ་ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ་ཞེས་བརྗོད་པས། ནང་དབང་གི་ལྷ་མཆོག་པདྨ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀུན་ཀྱང་དམར་ནག་རྔམ་པའི་གཟུགས་ཅན་ལྕགས་ཀྱུ་ཐོགས་པ། མེ་དཔུང་འབར་བའི་ཀློང་ན་བཞུགས་པ། སྤྲུལ་པ་ཡང་སྤྲུལ་དང་བཅས་པ་གྲངས་མེད་པ་བསྐྱེད་དོ། །དབང་གི་བསྒྲུབ་བྱའི་ལས། དྲང་། སྔར་བཞིན་བསྒྲུབ་བྱ་དགུག །གཞུག །བསྟིམ་པ་ལ་སོགས་པ་བྱས་པའི་ལིངྒ་ལ། ཟངས་སམ་ཤིང་དམར་པོ་ལ་མགོ་ལ་རྒྱ་མདུད་དང་། དཔལ་ཟླ་གམ་དུ་བྱས་པ་རྡོ་རྗེ་ཆགས་པ་སྟེ་སྲས་མཆོག་པདྨ་ཀཱི་ལ་ཡར་བསྐྱེད་པའི་ཕུར་པ་ལྔ་བྲུབ་ཁུང་གི་ཁ་ཁྱེར་ལ་བཀོད་པ་རྣམས་ལ་དབང་བསྐུར་བྱིན་བརླབ་ལ་སོགས་པ་དང་། ལག་སོར་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་པས་ཕུར་བསྐུར་གྱི་ཚིག་དང་། གྷ་ཏ་ཡའི་སྔགས་ཀྱི་རྗེས་ལ། ཆེ་གེ་མོ་བདག་གི་དབང་དུ་སྡུས་ཤིག །པ་ཤཾ་མ་ན་ཡེ་ཧོ་ཞེས་ལིངྒའི་དབང་པོ་ལྔའི་གནས་སུ་གདབ་ཅིང་། ཆགས་པ་སྟེ་དབང་གི་དཀྱིལ་འཁོར་ཀྱི་ལྷ་སྣང་བ་མཐའ་ཡས་དང་པདྨ་ཧེ་རུ་ཀས་གཙོ་བྱས་པའི་ཚོགས་རྣམས་ལ་སྔར་དྲག་པོའི་ལས་ཀྱི་སྐབས་སུ་བཤད་པའི་ཆོ་ག་རྣམས་དང་ཚུལ་མཐུན་པར་ཐིམ་པར་དབུལ་ལོ། །མཆོད་སྦྱིན་བྱས་པའི་ཡོན་ཏན། དྲང་། པདྨ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་འབར་བ་དབང་གི་དཀྱིལ་འཁོར་མེ་ལྷའི་ལྟོ་རུ་བསྐྱེད་པའི་ལྷ་ཚོགས་གཟི་བརྗིད་དང་ལྡན་པ་ལྷུན་ཆེན་རྣམས་ལ་སྟོངས་ཀྱི་སེམས་ཆགས་ཤིང་ཞེན་པའི་ཡིད་ཀྱིས་མཆོད་སྦྱིན་བྱས་པའི་ཡོན་ཏན་ནི། རྡོ་རྗེ་གསུང་པདྨ་དབང་ཡང་སྒྲུབ་པ་པོའི་དབང་དུ་འགྱུར་ན་བསྒྲུབ་བྱ་གཞན་ལྟ་སྨོས་ཀྱང་ཅི་དགོས་སོ། །ལུ་གུ་རྒྱུད་ཀྱི་ལས་ཡོན་ཏན་དང་བཅས་པའོ། །དྲང་། བཾ་བྷྲཱུཾ་ཞེས་བརྗོད་པས། ཕྱི་ཟླ་གམ་དབང་གི་དཀྱིལ་འཁོར་དམར་ནག་འབར་བ་འབྱམས་ཀླས་པ་བསྐྱེད། པདྨ་ཤྲཱི་ཧེ་རུ་ཀ་པདྨ་མ་ཧཱ་ཀྲོ་དྷི་ཤྭ་རི་སྟྭཾ་ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ་ཞེས་པདྨ་ཧེ་རུ་ཀས་གཙོ་བྱས་པའི་ཁྲོ་བོའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དུ་གསལ་བའི་སྒྲུབ་པ་པོ་རྣམས་ཀྱིས་བྲོ་ར་ཟླ་གམ་དུ་བཅས་པའི་དབུས་སུ་ལིང་རོ་རྣམས་སྤུངས་ལ། ལག་པ་སྔར་ལྟར་བསྣོལ་བའི་སྲིན་ལག་ལུ་གུ་རྒྱུད་དུ་སྦྲེལ་ཞིང་བསྡམས་ནས། ཧཱུཾ་ཧཱུཾ་ཧཱུཾ། འདོད་ཆགས་རྡོ་རྗེ་འཁོར་བཅས་ཀྱིས། །ཞེས་པ་ལ་སོགས་པའི་ཚིག་དང་། སུམྦྷ་ནིའི་སྔགས་ཀྱིས་བསྐུལ་ཞིང་། སྔར་བཞིན་བྲོ་བརྡུངས་པས་པདྨ་རིགས་ཀྱི་སྤྲུལ་པ་དམར་ནག་དཔག་ཏུ་མེད་པ་རྣམས་ཀྱིས་གང་ལ་བྱ་བ་སྒྲུབ་པ་པོ་ཡིས་དབང་དུ་བསྡུས་པར་བསམས་ལ། བསྒྲུབ་བྱ་ཆེ་གེ་མོ་བདག་གི་དབང་དུ་གྱུར་ཅིག །ཝ་ཤཾ་མ་ན་ཡེ་སྭཱ་ཧཱ་ཞེས་བརྗོད་ཅིང་ཕྱག་རྒྱ་སྤྲུགས་ནས་བཤིག་པས་བདག་ལ་མི་མོས་པ་དང་། མི་མཛའ་བ་རྣམས་འགུགས་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཕྱག་ན་རྡོ་རྗེའང་ཁྱི་ལ་ཟན་བྱིན་པ་བཞིན་ཕྱི་བཞིན་དུ་འབྲང་ཞིང་རང་ཅི་འདོད་པའི་བཞིན་དུ་འོང་བར་འགྱུར་རོ། །རྒྱས་པའི་ཕྲིན་ལས་ལ་ལྔ་སྟེ། བགྲང་། རྒྱས་པའི་ལིངྒ་བཅའ་བ། དྲང་། རྒྱུ་བསྒྲུབ་བྱའི་བདུད་རྩི་ལྔའམ་ཡང་ན་ཟས་ལྔ་ལ། འཇིག་རྟེན་ན་གང་ཚེ་དང་བསོད་ནམས་རྒྱས་པ། མི་དང་མི་མ་ཡིན་པའང་རུང་སྟེ། དེ་དག་གི་ལིངྒ་བཅའ་ཚུལ་རྣམ་སྔར་བཞིན་དུ་བྱས་པ་ལ་ཡོན་ཏན་དཔག་ཏུ་མེད་པས་ན་ཡིད་བཞིན་གྱི་གཏེར་དུ་བརྟག་ཅིང་། དཀྱིལ་འཁོར་གྱི་ལྷོ་ཕྱོགས་ཀྱི་བྲུབ་ཁུང་གྲུ་བཞིར་གཞུག་གོ། །རྒྱས་པའི་དཀྱིལ་འཁོར་བསྐྱེད་པ། དྲང་། སྔགས་འཆངས་རྣམས་རྒྱས་པའི་ཆ་བྱད་དང་འདུག་སྟངས་ཀྱིས། མ་རཾ་ལ་སོགས་པའི་སྔགས་བརྗོད་པའི་ཕྱིས་རྒྱས་པ་མའི་ཚོགས་ཀྱི་དཀྱིལ་འཁོར་སེར་ནག་གྲུ་བཞི་མ་འབར་བ་བསྐྱེད། རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་མ་ཧཱ་ཀྲོ་དྷི་ཤྭ་རི་སྟྭཾ་ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ་ཞེས་བརྗོད་པས། ནང་རྒྱས་པའི་ལྷའི་མཆོག་རཏྣ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀུན་ཀྱང་སེར་ནག་རྒྱས་པའི་གཟུགས་ཅན། རིན་པོ་ཆེ་ཟུར་བརྒྱད་པ་ཐོགས་པ། མེ་དཔུང་འབར་བའི་ཀློང་ན་བཞུགས་པ། སྤྲུལ་པ་ཡང་སྤྲུལ་དང་བཅས་པ་གྲངས་མེད་པ་བསྐྱེད་དོ། །རྒྱས་པའི་བསྒྲུབ་བྱའི་ལས། དྲང་། སྔར་བཞིན་དགུག་གཞུག་བསྟིམ་པ་ལ་སོགས་པ་བྱས་པའི་ལིངྒ་ལ་གསེར་རམ། ཤིང་སེར་པོ་ལ་མགོ་ལ་རྒྱ་མདུད་དང་། དབལ་ཟུར་བཞིར་བྱས་པ་ང་རྒྱལ་དགའ་འཕྲོ་སྟེ། སྲས་མཆོག་རཏྣ་ཀཱི་ལ་ཡར་བསྐྱེད་པའི་ཕུར་པ་བཞི་བྲུབ་ཁུང་གི་ཟུར་བཞིར་བཀོད་པ་རྣམས་ལ་དབང་བསྐུར་བྱིན་བརླབ་ལ་སོགས་པ་དང་། ལག་སོར་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ་ཕུར་བསྐུལ་གྱི་ཚིག་དང་། གྷ་ཏ་ཡའི་སྔགས་ཀྱི་རྗེས་ལ། བདག་ཆེ་གེ་མོའི་ཚེ་དང་། བསོད་ནམས་དང་། དབང་ཐང་དང་། ལོངས་སྤྱོད་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་ཞེས་ལིངྒའི་ཡན་ལག་བཞི་ལ་གདབ་ཅིག་རྡོ་རྗེའི་ཚེ་དང་བསོད་ནམས་གཟི་བྱིན་རྣམས་འཕེལ་བར་བྱེད་པ་རིན་ཅེན་འབྱུང་ལྡན་དང་། རཏྣ་ཧེ་རུ་ཀས་གཙོ་བྱས་པའི་རྒྱས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་དབུལ་བ་ལ་སོགས་པའི་ཚུལ་ནི་སྔར་དང་རྗེས་སུ་མཐུན་ནོ། །མཆོད་སྦྱིན་བྱ་བ་ཡོན་ཏན་དང་བཅས་པ། དྲང་། རཏྣ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་འབར་བ་རྒྱས་པའི་དཀྱིལ་འཁོར་མེ་ལྷའི་ལྟོ་བ་རུ་བསྐྱེད་པའི་ལྷ་ཚོགས། སྤྲུལ་པ་ཡང་སྤྲུལ་དང་བཅས་པ་ནང་དུ་འདུ་ཞིང་ཕྱིར་འཕྲོ་བ་གཟི་བརྗིད་ཆེན་པོ་དང་ལྡན་པ་རྣམས་ལ་སྟོངས་ཀྱི་སེམས་དགའ་བའི་ཡིད་ཀྱིས་མཆོད་སྦྱིན་བྱས་པའི་ཡོན་ཏན་ནི་ཚད་ལས་འདས་པ་ནམ་མཁའི་མཐའ་དང་མཉམ་པ་ཐོབ་པར་འགྱུར་རོ། །ལུ་གུ་རྒྱུད་ཀྱི་ལས་ཡོན་ཏན་དང་བཅས་པའོ། །དྲང་། མ་བྷྲཱུཾ་ཞེས་བརྗོད་པས། ཕྱི་གྲུ་བཞི་རྒྱས་པའི་དཀྱིལ་འཁོར་སེར་ནག་འབར་བ་འབྱམས་ཀླས་པ་བསྐྱེད། རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་མ་ཧཱ་ཀྲོ་དྷི་ཤྭ་རི་སྟྭཾ་ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ་ཞེས་པ་ལ་སོགས་པས། རཏྣ་ཧེ་རུ་ཀས་གཙོ་བྱས་པའི་ཁྲོ་བོའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དུ་གསལ་བའི་སྒྲུབ་པ་པོ་རྣམས་ཀྱིས་བྲོ་ར་གྲུབ་བཞིར་བྱས་པའི་དབུས་སུ་ལིང་རོ་ལྷག་མ་རྣམས་སྤུངས་ལ། ལག་པ་སྔར་བཞིན་བསྣོལ་བའི་གུང་མོ་ལུ་གུ་རྒྱུད་དུ་སྦྲེལ་ཞིང་བསྡམས་ནས་རྐང་ཐབས་བསྐྱོད་ལ། ཧཱུཾ་ཧཱུཾ་ཧཱུཾ། ང་རྒྱལ་རྡོ་རྗེ་འཁོར་བཅས་ཀྱིས། །ཞེས་པའི་ཚིག་དང་། སུམྦྷ་ནིའི་སྔགས་ཀྱིས་བསྐུལ་ཞིང་སྔར་བཞིན་བྲོ་བརྡུངས་པས་གཟི་བརྗིད་འབར་བ་རིན་པོ་ཆེའི་རིགས་ཀྱི་སྤྲུལ་པ་སེར་ནག་དཔག་ཏུ་མེད་པའི་ཆོ་འཕྲུལ་ཆེན་པོ་སྤྲོས་པས་ཚེ་དང་། བསོད་ནམས་དང་། དབང་ཐང་དང་། ལོངས་སྤྱོད་ལ་སོགས་པ་དགོས་འདོད་འབྱུང་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་བསམས་ལ་བདག་ཅག་འཁོར་དང་བཅས་པའི་ཚེ་དང་། བསོད་ནམས་དང་། དབང་ཐང་དང་ལོངས་སྤྱོད་ཐམས་ཅད་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་། ཕྱག་རྒྱ་སྤྲུགས་ནས་བཤིག་པའི་ཡོན་ཏན་ནི། ནམ་མཁའི་ཁམས་གང་བ་དང་མཉམ་པར་འགྱུར་རོ། །ཞི་བའི་ཕྲིན་ལས་ལ་ལྔ་སྟེ། བགྲང་། ཞི་བའི་ལིངྒ་བཅའ་བ། དྲང་། ལིངྒིའི་རྒྱུ་ནི་བསྒྲུབ་བྱའི་བདུད་རྩི་ལྔའམ་ཡང་ན་ཟས་ལྔ་ལ། འཇིག་རྟེན་ལ་རྒྱུད་མ་རུངས་པ་ལུས་གདུག་ཅིང་གཏུམ་པ་ངག་རྔམ་ཞིང་སེམས་འཁྲུག་པ་མི་དང་མི་མ་ཡིན་པ་གང་ཡང་རུང་བའི་ལིངྒ་བཅའ་ཚུལ་རྣམས་སྔར་བཞིན་བྱས་ལ། དེ་དག་གི་ངོ་བོར་བརྟག་ཅིང་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་བྲུབ་ཁུང་ཟླུམ་པོར་གཞུག་གོ། །ཞི་བའི་དཀྱིལ་འཁོར་བསྐྱེད་པ། དྲང་། སྔགས་འཆང་རྣམས་ཞི་བའི་ཆ་བྱད་དང་འདུག་སྟངས་ཀྱིས། ཡ་རཾ་ལ་སོགས་པའི་སྔགས་བརྗོད་པས། ཕྱི་ཞི་བ་ཡའི་ཚོགས་ཀྱི་དཀྱིལ་འཁོར་དཀར་ཞིང་ཟླུམ་པ་མེ་འབར་བ་བསྐྱེད། བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་མ་ཧཱ་ཀྲོ་དྷི་ཤྭ་རི་སྟྭཾ་ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ་ཞེས་བརྗོད་པས། ནང་གི་ཞི་བའི་ལྷ་མཆོག་བུདྡྷ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀུན་ཀྱང་སྐུ་མདོག་དཀར་པོ་ཞི་བའི་ཚུལ་ཅན་འཁོར་བསྣམས་པ། མེ་དཔུང་འབར་བའི་ཀློང་ན་བཞུགས་པས། སྤྲུལ་པ་ཡང་སྤྲུལ་དང་བཅས་པ་གྲངས་མེད་བསྐྱེད་དོ། །བསྒྲུབ་བྱའི་ལས། དྲང་། སྔར་བཞིན་དགུག་གཞུག་བསྟིམ་པ་ལ་སོགས་པ་བྱས་པའི་ལིངྒ་ལ་དངུལ་ལམ། ཤིང་དཀར་པོ་ལ་མགོ་ལ་རྒྱ་མདུད་དང་། དབལ་ཟླུམ་པོར་བྱས་པ་ལྷན་ནེར་གསལ་བའི་སྲས་མཆོག་བུདྡྷ་ཀཱི་ལ་ཡར་བསྐྱེད་པའི་ཕུར་པ་དྲུག་བྲུབ་ཁུང་གི་ཁ་ཁྱེར་ལ་བཀོད་པ་རྣམས་ལ་དབང་བསྐུར་བྱིན་བརླབ་ལ་སོགས་པ་དང་། ལག་སོར་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་པས་གཟི་བརྗིད་དང་ལྡན་པ། ཕུར་བསྐུལ་གྱི་ཚིག་དང་། གྷ་ཏ་ཡའི་སྔགས་ཀྱི་རྗེས་ལ། གདུག་ཅིང་གཏུམ་པ་རྔམ་ཞིང་འཁྲུག་པའི་སེམས་ཅན་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ་ཞེས་ལིངྒའི་ཡན་ལག་བཞི་མགོ་དང་ལྔ། སྙིང་ག་དང་དྲུག་ཏུ་གདབ་ཅིང་འབར་བ་ལྷན་ནེ་སྟེ་རྣམས་པར་སྣང་མཛད་དང་། བུདྡྷ་ཧེ་རུ་ཀས་གཙོ་བྱས་པའི་ཞི་བའི་ལྷ་ཚོགས་རྣམས་ལ་དབུལ་བར་བྱ་བའི་ཚུལ་རྣམས་ནི་སྔ་མ་རྣམས་དང་རྗེས་སུ་མཐུན་ནོ། །མཆོད་སྦྱིན་བྱ་བ་ཡོན་ཏན་དང་བཅས་པ། དྲང་། བུདྡྷ་ཧེ་རུ་ཀས་གཙོ་བྱས་པའི་དྭངས་ཤིང་གསལ་བ་ཞི་བའི་དཀྱིལ་འཁོར་མེ་ལྷའི་ལྟོ་བ་རུ་བསྐྱེད་པའི་ལྷ་ཚོགས་གཟི་བྱིན་འབར་ཞིང་འོད་འཚེར་བ་རྣམས་ལ་སྟོངས་ཀྱི་སེམས་དང་བའི་ཡིད་ཀྱིས་མཆོད་པ་དང་། སྦྱིན་པ་བྱས་པའི་ཡོན་ཏན་ནི། གཏུམ་ཆེན་རྔམ་པ་ཁྲོ་བ་ལས་ཀྱི་སྦྱོར་བའང་ཞི་ནས་ལྷན་ནེར་འགྱུར་རོ། །ལུ་གུ་རྒྱུད་ཀྱི་ལས་ཡོན་ཏན་དང་བཅས་པའོ། །དྲང་། ཡ་བྷྲཱུཾ་ཞེས་བརྗོད་པས་ཕྱི་ཟླུམ་པོ་ཞི་བའི་དཀྱིལ་འཁོར་དཀར་པོ་ལྷམ་པ་འབྱམས་ཀླས་པ་བསྐྱེད། བུདྡྷཤྲཱི་ཧེ་རུ་ཀ་བུདྡྷ་མ་ཧཱ་ཀྲོ་དྷི་ཤྭ་རི་སྟྭཾ་ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ་ཞེས་པ་ལ་སོགས་པ་བུདྡྷ་ཧེ་རུ་ཀས་གཙོ་བྱས་པའི་ཁྲོ་བོའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དུ་གསལ་བའི་སྒྲུབ་པ་པོ་རྣམས་ཀྱིས་བྲོ་ར་ཟླུམ་པོ་བྱས་པའི་དབུས་སུ་ལིང་རོ་ལྷག་མ་རྣམས་སྤུངས་ལ་ལག་པ་སྔར་ལྟར་བསྣོལ་བའི་མཛུབ་མོ་ལུ་གུ་རྒྱུད་དུ་སྦྲེལ་ཞིང་བསྡམས་ནས། ཧཱུཾ་ཧཱུཾ་ཧཱུཾ། གཏི་མུག་རྡོ་རྗེ་འཁོར་བཅས་ཀྱིས། །ཞེས་པ་ལ་སོགས་པའི་ཚིག་དང་། སུམྦྷ་ནིའི་སྔགས་ཀྱིས་བསྐུལ་ཞིང་བྲོ་བརྡུངས་པས་འབར་བ་ལྷན་ནེ་ཞི་བའི་རིགས་ཀྱི་སྤྲུལ་པ་དཀར་པོ་དཔག་ཏུ་མེད་པའི་གཟི་བྱིན་གྱིས་ཁྱབ་ནས། ཕྱི་དང་ནང་གི་གདུག་རྩུབ་ཐམས་ཅད་ཞི་བར་བསམས་ལ། བདག་ཅག་འཁོར་དང་བཅས་པ་ལ་སྡང་བའི་དགྲ། གནོད་པའི་བགེགས། བར་དུ་གཅོད་པའི་བདུད་ཐམས་ཅད་ཀྱི་གདུག་རྩུབ་ཞི་བར་གྱུར་ཅིག་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ་ཞེས་བརྗོད་ཅིང་། ཕྱག་རྒྱ་སྤྲུགས་ནས་བཤིག་པའི་ཡོན་ཏན་ནི། ཞེ་སྡང་གིས་ཀུན་ནས་བསླངས་པའི་ཕྱི་ནང་གི་གདུག་རྩུབ་ཐམས་ཅད་གཡོ་བ་མེད་པར་བྱེད་དོ། །ལས་བཞི་པོ་འདི་དག་སྐབས་འདིར་གཞུང་གི་འབྲུ་བསྣན་པ་ཙམ་དུ་ཟད་ཀྱིས། རྒྱས་པར་སྦྱིན་སྲེག་རྩ་བ་དང་ལག་ལེན་གྱི་སྐབས་སུ་ཤེས་པར་བྱའོ། །གཉིས་པ་ལྷག་མའི་ལས་ལ་གཉིས་ཏེ། དབང་ཕྱུག་མ་ལྷག་མས་མཆོད་པ་དང་། དམ་ཚིག་བསྒྲག་ཅིང་ལས་བཅོལ་བའོ། །དང་པོ། དྲང་། ལས་བཞི་གང་བྱེད་ཀྱི་ཕྲིན་ལས་ལིང་རོ་མནན་པ་ཡན་ཆད་ཚར་བའི་རྗེས་ལ། རྩ་བའི་དཀྱིལ་འཁོར་གསལ་གདབ། ལྷག་མའི་དཀྱིལ་འཁོར་བསྐྱེད། དབང་མོ་རྣམས་སྔགས་དང་ཕྱག་རྒྱས་སྤྱན་དྲངས་ལ། སྔར་བསྡུས་པའི་ལྷག་གཏོར་རྣམས་ཁ་ཆུས་བྲན་ལ་གཏོར་མར་བསྲེ་ཞིང་། སོ་སོར་མཆོད་ནས་ཕྲིན་ལས་བཅོལ་བ་ནི། དཔལ་གྱི་ཕོ་བྲང་སླས་པར་བྱེད་པ་དང་། གཞན་ཡང་མཛའ་མོའི་ངོས་ནས་བྱི་མོ། ལས་བྱེད་པའི་ངོས་ནས་བྲན་མོའི་ཚོགས་ཏེ། དབང་ཕྱུག་མ་ཉི་ཤུ་བརྒྱད་ལ་ལྷག་མའི་མཆོད་སྦྱིན་ཇི་ལྟར་འདོད་པ་བཞིན་དུ་སྦྱིན་ནོ། །དམ་ཚིག་བསྒྲག་ཅིང་ལས་བཅོལ་བ་ལ་མདོ་རྒྱས་གཉིས་ལས་དང་པོ། དྲང་། དཔལ་གྱི་སྤྱན་སྔར་དམ་བཅས་པའི་རང་རང་གི་དམ་ཚིག་རྣམས་རབ་ཏུ་བསྒྲགས་པས་ཕྲིན་ལས་རྣམ་བཞི་གང་འདོད་ཀྱི་ལས་དེ་དག་བྱེད་པ་བཀའ་བསྒོའོ། །རྒྱས་པ་ལ་གཉིས། བགྲང་། དམ་ཚིག་བསྒྲག་པ། དྲང་། སྔོན་རུ་དྲ་འདུལ་བའི་ཚེ་དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་སྐུ་ཤིན་ཏུ་གདུག་ཅིང་གསུང་རྔམ་པ་ཐུགས་གཏུམ་བག་ཅན་དྲེགས་པ་ཅན་གྱི་ཚོགས་ཐམས་ཅད་ལྷག་མ་ལུས་པ་འདུལ་བར་མཛད་པའི་དབང་དང་། བྱིན་རླབས་ཁྱད་པར་ཅན་མངའ་བས་ན་རྨད་པོ་ཆེ་སྟེ་དེ་ཉིད་ཀྱིས་འཇིག་རྟེན་གྱི་གཙོ་བོ་ལྷ་ཆེན་པོ་ཉི་ཤུ་རྩ་བརྒྱད་ལ་སོགས་པ་དབང་དུ་བསྡུས་ནས། དེ་དག་གི་འཁོར་ན་གནས་པ་རྣམས་ཀྱང་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་སླས་སུ་བྱས་ནས་ཞི་རྒྱས་དབང་དྲག་སོ་སོའི་ལས་རྣམས་ལ་བསྐོས་པ་དེ་དག་གིས་དཔལ་གྱི་སྤྱན་སྔར་ཇི་ལྟར་དམ་བཅས་ཤིང་ཁས་བླངས་པའི་ལས་རྣམས་མ་ཐོགས་མྱུར་དུ་མངོན་པར་ཕྱུངས་ཤིག །གལ་ཏེ་དམ་བཅས་པ་བཞིན་དུ་མ་བྱས་ན་སྔོན་དཔལ་གྱི་སྤྱན་སྔར་ཇི་ལྟར་དམ་བཅས་ཤིང་མནའ་བོར་བའི་དོན་དང་འགལ་ཏུ་མི་རུང་བས་སྔར་གྱི་སྡོམ་བཅས་དེ་ལས་འདའ་བར་མ་བྱེད་ཅིག །གལ་ཏེ་དམ་ཚིག་དེ་ལས་འདས་པར་གྱུར་ན་མགོ་ལུས་སྙིང་ཡང་ཚལ་པ་བདུན་དུ་ཡཀྴ་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱིས་གཏུབས་པར་འགྱུར་རོ། །ལས་བཅོལ་བའོ། །དྲང་། མགོ་དང་སྙིང་ཚལ་པ་བདུན་དུ་གཏུབས་པར་འགྱུར་བ་དེ་བས་ན་རྣལ་འབྱོར་སྔགས་འཆང་གིས་ལས་ཇི་ལྟར་བཅོལ་བ་བཞིན་དུ་བྱོས་ཤིག །གལ་ཏེ་ལས་དེ་མངོན་དུ་མ་བྱས་ན་ནི་རང་གི་མནའ་བོར་ཞིང་ཁས་བླངས་པ་བཞིན་དུ་འཇིག་རྟེན་འདིར་ཡང་ལུས་རུལ་མྱགས་ཚིག་ནས། ཕྱི་མ་དམྱལ་བར་འགྲོ་དོགས་པ་དེ་འདྲའི་ཉེན་ལ་མ་བསྡོ་བ་རྣལ་འབྱོར་པ་དམ་ལ་གནས་པར་གྱུར་པའི་ལས་རྣམས་ཡོངས་སུ་རྫོགས་པར་བྱ་བ་དང་། དེའི་འཁོར་རྣམས་ཀྱང་བུ་གཅིག་པ་ལ་མས་གདུང་བ་བཞིན་དུ་སྐྱོངས་ཤིག །ཕྲ་མེན་ནི་དོན་རྟགས་དཔེ་གསུམ་ལས། དོན་དབྱིངས་ཡེ་ཤེས་གཉིས་མེད། རྟགས་ཁྲོ་མོའི་ལུས་ལ་དུད་འགྲོའི་མགོ་ཅན། དཔེ་གསེར་ཡོལ་དངུལ་གྱིས་སྤྲས་པ་ལྟ་བུ་ཡིན་ལ། འདིར་རྟགས་ཀྱི་ཕྲ་མེན་མ་རྣམས་ཀྱིས་ཀྱང་དངོས་གྲུབ་ཐོབ་པར་བྱེད་པ་བཅོལ་བའི་ལས་རྣམས་མངོན་དུ་བྱོས་ཤིག་ཅེས་བཀའ་བསྒོའོ། །གསུམ་པ་བྲོ་གར་གླུ་ཚིག་གི་ཡོན་ཏན་ལ་དྲུག །བགྲང་། ཁྲག་འཐུང་ཡབ་ཡུམ་གྱི་གླུ་ཚིག་གིས་ཕྲིན་ལས་བཞི་ཀ་འགྲུབ་པར་བསྟན་པ། དྲང་། ཁྲོ་བོ་ཚོགས་ཀྱི་དཀྱིལ་འཁོར་བསྒྲུབ་པའི་དུས་སུ་ཕྲིན་ལས་ཀྱི་གཙོ་བོ་ནི་བྲོ་གར་གླུ་ཚིག་འདི་ཡིས་འགྲུབ་པ་ཡིན་ནོ། །དེ་ཡང་ཁྲག་འཐུང་ཆེན་པོ་རིགས་ལྔ་ཡབ་ཡུམ་ལ་སོགས་པའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པའི་རྐང་པའི་བྲོ། ལག་པའི་གར། ངག་གི་གླུ་ཚིག་ནི་སྟོང་གསུམ་སྟོང་གི་འཇིག་རྟེན་དུ་ཞེས་པ་ལ་སོགས་པ་དང་། སུམ་བྷ་ནི་དང་ལས་སོ་སོའི་སྔགས་སྨོན་ལམ་དང་བཅས་པས་བྲོ་ཆེན་པོ་བརྡུངས་པ་འདིས་ནི་ལས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་ཅི་འདོད་པར་ལས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་འགྲུབ་ཅིང་ཐོབ་པར་བྱེད་པ་ཡིན་ནོ། །ཀེའུ་རཱི་ལ་སོགས་པ་ཕྱོགས་ཀྱི་ཁྲོ་མོ་བཞིས་དབང་རྒྱས་འགྲུབ་པར་བསྟན་པ། དྲང་། ཁྲོ་མོ་ཀ་རཱི་མ་ཡོན་ཏན་གྱི་མཛོད་དང་ལྡན་པས་ན་ཆེན་མོ་ཡིན་པ་ལ་སོགས་པའི་སོགས་ཁོང་ནས། ཙ་རི། པྲ་མོ་ཧ། བེ་ཏ་ལི་རྣམས་ཀྱི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས་སྔར་བཤད་པ་བཞིན་བྲོ་གར་དང་གླུ་ཚིག་ཆེན་མོས་བྲོ་བརྡུངས་པས་ནི་དབང་དུ་འདུ་བར་འདོད་ན་དབང་དུ་འདུ་བར་བྱེད་ལ། ཚེ་དང་བསོད་ནམས་ལ་སོགས་པ་རྒྱས་ཤིང་འཕེལ་བར་འདོད་ན་ཡང་རྒྱས་ཤིང་འཕེལ་བར་བྱེད་དོ། །པུཀྐ་སི་ལ་སོགས་པ་མཚམས་ཀྱི་ཁྲོ་མོ་བཞིས་ཞི་དྲག་འགྲུབ་པར་བསྟན་པ། དྲང་། ཡོན་ཏན་གྱིས་མངོན་པར་མཐོ་བའི་སྦོས་མོ་ཆེན་མོ་པུཀྐ་སི་དང་ལ་སོགས་པའི་སོགས་ཁོངས་ནས། གསྨ་རི། སྨ་ཤ་ནི། ཙཎྜ་ལི་རྣམས་ཀྱི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས་སྔར་བཞིན་བྲོ་གར་དང་གླུ་ཚིག་ཆེན་པོས་བྲོ་བརྡུངས་པས་ནི། ཕྱི་ནང་གི་གདུག་རྩུབ་ཐམས་ཅད་ཞི་ནས་ལྷན་ནེར་འདོད་ན་ནི་ལྷན་ནེར་བྱེད་ལ། དྲག་པོས་རྨུགས་པར་འདོད་ན་ནི་རྨུགས་པར་བྱེད་དོ། །སིདྷ་མ་ལ་སོགས་པ་ཕྱོགས་ཀྱི་ཕྲ་མེན་བཞིས་དྲག་པོ་འགྲུབ་པར་བསྟན་པ། དྲང་། ཕྲ་མེན་མ་སེང་གདོང་ཆེན་མོ་དང་ལ་སོགས་པའི་སོགས་ཁོངས་ན་བྱཱ་གྲི་དང་། སྲི་ལ་དང་། ཤྭ་ན་མ་རྣམས་ཀྱི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས་སྔར་བཞིན་བྲོ་གར་དང་གླུ་ཚིག་ཆེན་མོས་བྲོ་བརྡུངས་པས་ནི། དྲག་པོ་སྒྲོལ་བའི་ལས་ཀྱི་ཤ་ཁྲག་ཐམས་ཅད་ཀུན་ལ་ཟ་བར་བྱེད་ཅིང་ལྷག་མ་རྡུལ་ཆ་ཙམ་ཡང་མེད་པར་བྱེད་དོ། །གྲྀ་ཌྷ་མ་ལ་སོགས་པ་མཚམས་ཀྱི་ཕྲ་མེན་བཞིས་དྲག་པོ་འགྲུབ་པར་བསྟན་པ། དྲང་། ཕྲ་མེན་བཞད་གདོང་ཆེན་མོ་དང་ལ་སོགས་པའི་སོགས་ཁོངས་ནས་ཀཾ་ཀ་མ། ཁ་ཁ་མ། ཧུ་ལུ་མ་རྣམས་ཀྱི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས་སྔར་བཞིན་བྲོ་གར་དང་གླུ་ཚིག་ཆེན་པོས་བྲོ་བརྡུངས་པས་ནི། དྲག་པོའི་ཕྲིན་ལས་ཀྱི་མཐུ་རྩལ་ཐམས་ཅད་ལྷག་མ་མ་ལུས་པ་འབྱིན་པར་བྱེད་ཅིང་དགྲ་བགེགས་ཀུན་ལ་ཡོད་པའི་མཐུ་རྩལ་རབ་ཏུ་ཉམས་པར་བྱེད་དོ། །དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱིས་ཕོ་ཉ་མངག་གཞུག་གི་ལས་འགྲུབ་པར་བསྟན་པའོ། །དྲང་། སླས་དང་བྱི་མོ་བྲན་མོའི་འབྲུ་སྔར་དང་མཐུན་ལ། ཚོགས་ནི་དུ་མ་འདུས་པ་སྟེ་ཉི་ཤུ་རྩ་བརྒྱད་དོ། །དེ་དག་གི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས་བྲོ་གར་དང་གླུ་ཚིག་ཆེན་པོས་བྲོ་བརྡུངས་པས་ནི། རྦད་ཅིང་གཏང་བར་བྱ་བ་ནི་ཕོ་ཉ་སྟེ་དེ་དག་ཐམས་ཅད་ཀྱིས་མངག་གཞུག་གི་ལས་ཐམས་ཅད་བྱེད་པ་ཡིན་ནོ། །བཞི་པ་གཟུངས་སེམས་བསྟན་པའོ། །དྲང་། ཕྲིན་ལས་འགྲུབ་པའི་ཆ་རྐྱེན་གྱི་གཙོ་བོ་གཟུངས་མ་དང་། གཙོ་བོའི་སེམས་ཡིན་ལ། དེ་ཡང་གཟུངས་མའི་མཚན་ཉིད་ནི། འགྲེལ་པ་སྤར་ཁབ་ལྟར། ཤིང་དང་ཆོས་མཚུངས་སྦྱོར་ཏེ། ཞི་བའི་གཟུངས་མ་ཤིང་ལྗོན་པ་དང་ཆོས་མཐུན་པ་ནི། སྒྱུ་འཕྲུལ་རྡོ་རྗེ་ལས། དཀར་མོ་བོང་ཆུང་སྐད་ཆེ་ལ། །བཞིན་ལུས་གཙུག་ཕུད་གཡས་སུ་འཁྱིལ། །ཡན་ལག་ཕྲ་འཇམ་སྐད་གསལ་ཞིང་། །གླུ་གར་ལྕི་བས་ཞི་བ་བྱ། །ཞེས་གསུངས་སོ། །རྒྱས་པའི་གཟུངས་མ་ཤིང་ལྕུག་ཕྲན་རྒྱས་པའི་ཚལ་དང་ཆོས་མཐུན་པ་ནི། ཟླ་དང་ཡན་ལག་མང་བ་དང་། །ཕྲ་ཞིང་ཤེད་ལ་གཟབས་སུ་རིང་། །བཞིན་ལུས་སེར་ཞིང་གྲུ་བཞིར་གནས། །སྣ་འཕྱང་ཤ་དང་ནུ་མ་རྒྱས། །འཕེལ་བའི་དུས་སུ་འདི་དག་བཟུང་། །ཞེས་སོ། །དབང་གི་གཟུངས་མ་ཤིང་སྡོང་ཅིག་དང་ཆོས་མཐུན་པ་ནི། བཞིན་མདོག་པད་འདྲ་སོག་ཁ་མ། །སྨིན་དཀྱུས་རིངས་ལ་སྟོད་སྨད་ཕྱེད། །ལུས་ལ་ཆུ་ཀླུང་དྲི་ཞིམ་ཞིང་། །བདེ་བ་ལྡན་ཞིང་ཡལ་ག་མེད། །འདི་ནི་སྡུད་པའི་མཆོག་ཏུ་འགྱུར། །ཞེས་སོ། །དྲག་པོའི་གཟུངས་མ་ཤིང་མེས་རེག་པ་དང་ཆོས་མཚུངས་པ་ནི། ནག་མོ་གྲུ་གསུམ་རྩིད་མགོ་ལ། །ཁྲོ་གཉེར་བྱིས་པའི་ལུས་ལྡན་ཞིང་། །གཏུམ་ཞིང་བརླང་ཚིག་འཛེམ་བག་མེད། །གཙང་རྨེའི་རྟོག་བྲལ་གསོད་པར་བྱེད། །ཅེས་གསུངས་སོ། །འདི་ལ་འགྲེལ་ཆུང་པིན་ཏརྠ་ལྟར་ན། ཕྲིན་ལས་བཞི་བསྒྲུབ་པ་སྦྱིན་སྲེག་བྱ་བའི་ཕྱིར་གནས་སུ་བཤད་དེ། ཇི་སྐད་དུ། ཞི་རྒྱས་དབང་དྲག་ཕྱི་ནང་གསང་བའི་གནས། །ལྗོན་ཤིང་ཅན་དང་ལྕུག་ཕྲན་རྒྱས་པའི་ཚལ། །ཤིང་གཅིག་དྲུག་དང་མེས་ཚིག་ཕྱི་ཡི་ཡིན། །མ་རྨས་པ་དང་པུ་ཏྲ་མང་འཕེལ་དང་། །སྐྱེ་བརྒྱུད་མེད་དང་བཀྲ་མི་ཤིས་གསང་བ། །ཏིང་འཛིན་རྣམ་པ་བཞི་ནི་ནང་གིར་གསུངས། །ཞེས་གསུངས་སོ། །འོ་ན་ལས་བཞི་བསྒྲུབ་པའི་ཆ་རྐྱེན་དུ་གཟུངས་མ་མི་དགོས་སམ་ཞེ་ན། མ་ཡིན་ཏེ། སྦྱིན་སྲེག་བྱ་བའི་གནས་དེ་ཉིད་དུ་གཟུངས་མའི་མཚན་ཉིད་ཀྱང་བཤད་མ་ཐག་པའི་མ་རྨས་པ་དང་པུ་ཏྲ་མང་འཕེལ་ལ་སོགས་པའམ། སྒྱུ་འཕྲུལ་རྡོ་རྗེ་ནས་བཤད་པའི་མཚན་ཉིད་ཅན་གྱི་གཟུངས་མ་རྣམས་དང་སྙོམས་པར་འཇུག་པ་ལ་འགལ་བ་མེད་དོ། །གཟུངས་མ་དེ་དག་དང་སྦྱོར་བའི་ཚེ་གཙོ་བོའི་སེམས་ནི། ལས་བཞི་རེ་རེ་ལའང་དོན་དང་། སྟོངས་གཉིས་གཉིས་ཏེ། དེ་ཡང་ཆོས་ཐམས་ཅད་དང་ཡིད་དུ་འོང་བའི་དངོས་པོ་རྣམས་རང་བཞིན་གྱི་མི་གནས་ཏེ་དྭངས་པས་ན་ཞི་བའི་དོན་གྱིས་སེམས་ཡིན་ལ། ཞི་བའི་ཕྲིན་ལས་ཀྱིས་ལས་ལ་སྦྱར་བས་གནོད་པ་དང་གདུག་རྩུབ་ཐམས་ཅད་ཞི་བར་བསམ་པ་ནི་སྟོངས་ཀྱི་སེམས་ཡིན་ནོ། །ཡོན་ཏན་གྱི་དངོས་པོ་རྣམས་རང་བཞིན་གྱིས་གནས་པའི་དགའ་བ་ཆེན་པོ་ནི་རྒྱས་པའི་དོན་གྱི་སེམས་ཡིན་ལ། རྒྱས་པའི་ཕྲིན་ལས་ཀྱིས་ལས་ལ་སྦྱར་བས་ཡོན་ཏན་མངོན་སུམ་དུ་འཕེལ་བར་བསམ་པ་ནི་སྟོངས་ཀྱི་སེམས་ཡིན་ནོ། །བདག་ལ་མི་གུས་པ་དང་མི་མཛའ་བ་ལ་སོགས་པའི་གདུལ་བྱ་རང་གི་སེམས་ཉིད་ལས་མི་གཞན་པར་ཆགས་པ་ནི་དབང་གི་དོན་གྱི་སེམས་ཡིན་ལ། དེ་དང་རྗེས་སུ་མཐུན་པར་ཞེན་ཅིང་ཆགས་པའི་སྒོ་ནས་ལས་ལ་སྦྱར་བས་བསྒྲུབ་བྱ་དབང་དུ་བསྡུ་བར་བསམ་པ་ནི་སྟོངས་ཀྱི་སེམས་ཡིན་ནོ། །དངོས་པོའི་རང་བཞིན་དགོས་མེད་དུ་འཇིགས་པར་བྱེད་པ་ནི་དྲག་པོའི་དོན་གྱི་སེམས་ཡིན་ལ། ཞེ་སྡང་ཁྲོས་པས་ཀཱ་ལི་སྒྲོལ་བའི་ལས་ལ་རབ་ཏུ་སྦྱར་བར་བྱས་ནས་བསྒྲལ་བའི་ཞིང་བཅུའི་སྲོག་འཇིག་པར་མོས་པའི་བསམ་པ་ནི་སྟོངས་ཀྱི་སེམས་ཡིན་ནོ། །ཕྲིན་ལས་ཀྱི་ཡོན་ཏན་ནོ། །དྲང་། ཞེས་བརྗོད་པས་མ་འོངས་པ་དང་འབྱུང་བར་མ་ངེས་པའི་དུས་གཉིས་ཀྱི་དེ་བཞིན་གཤེགས་པ་ཉིད་དེ། སེམས་ཅན་རྣམས་ལ་འདས་པ་ད་ལྟར་གྱི་དུས་གཉིས་ཀྱི་དེ་བཞིན་གཤེགས་པ་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་ཉིད་བརྩེ་བའི་ཐུགས་རྗེས་མཛད་པའི་ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་རྒྱུད་སྦྱོང་བར་འགྱུར་རོ། །ལེའུའི་མཚན་ནོ། །དྲང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཚན་གྱི་གཞི་རུ་གདའ། ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་བཞིས་ལྷུན་གྱིས་གྲུབ་པ་ལ་གྲུབ་པ་ལྟར་བྱིན་གྱིས་རློབ་པ་ཞེས་བྱ་བའི་གཅོད་ཅིང་མཚམས་འཛིན་པར་བྱེད་པས་ན་ལེའུ་སྟེ་ཡས་བགྲངས་ཉི་ཤུ་པའི་དོན་དུ་གདའོ།། ༈ །།ད་ནི་ལེའུ་ཉི་ཤུ་རྩ་གཅིག་པ་སྟོན་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བགྱིས་ན། རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་དང་འབྲས་བུ་སྟོན། ལམ་ལ་ཐབས་གྲོལ་གཉིས་ལས་གྲོལ་ལམ་སྟོན། རིམ་གྱིས་པ་དང་ཅིག་ཆར་བ་གཉིས་ལས་རིམ་གྱིས་པ་སྟོན། སྣང་བ་བཞི་ལས་ལམ་དང་འབྲས་བུའི་སྣང་བ་སྟོན། མཚན་ཉིད་གསུམ་ལས་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་སྟོན། འབྲིང་གི་ཆོས་ཚོམས་ལྔ་ལས་རྒྱུད་དོན། དེ་ལ་བཅུ་ལས་བསྟོད་པའི་མཆོད་པ་སྟོན། ཞོར་ལ་དཀྱིལ་འཁོར་དང་ཕྲིན་ལས་ཟུར་ཙམ་སྟོན་ནོ། །ཐ་མའི་ཆོས་ཚོམས་བཅུ་ལས་མཚོན་པ་དཔེ་དང་སྤྱི་འགྲོ་གསུམ་གྱིས་སྟོན་ནོ། །དེ་ལྟར་སྟོན་པའི་ལེའུ་ཉི་ཤུ་རྩ་གཅིག་པ་འདི་ལ་གསུམ་སྟེ། བགྲང་། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དྲང་། རང་བཞིན་འབྲས་བུ་མཐར་ཕྱིན་ཁྲོ་བོའི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྟན་པ་ལ་དེ། དེ་ལ་བསྟོད་པ་སྟོན་པས་ན་ནས་ཞེས་བྱའོ། །བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ནི་འབྲུ་མཐུན་ལ། ཁྲོ་བོ་མང་པོའི་ཚོགས་ཀྱི་དཀྱིལ་འཁོར་དེ་དག་གིས་ཞལ་ཁྲོ་ཚུལ་དང་ལྡན་པས་ཤིན་ཏུ་རྔམ་ཞིང་འཛུམ་པའི་མདངས་ཀྱིས་ང་རོ་དང་བཅས་པས་བསྟོད་པའི་གླུ་འོག་ནས་འབྱུང་བ་འདི་དག་བླངས་སོ། །ལེའུའི་གཞུང་ལ་གཉིས། གཞུང་དངོས་དང་། གསུངས་པའི་ཚུལ་ལོ། །དང་པོ་ལ་དྲུག་སྟེ། བགྲང་། སྐུ་ལ་བསྟོད་པ། དྲང་། ཡེ་ཤེས་ལྔ་རེ་རེ་ཡང་ཡེ་ཤེས་ལྔ་ལྔའི་བདག་ཉིད་དུ་མཚོན་པ་ཧཱུཾ་ཡི་གེ་ཆ་ལྔ་བས་གླུའི་འགོ་འདྲེན་པ་ནི། འཆད་པར་འགྱུར་བའི་བསྟོད་པ་ཀུན་ལ་ཤེས་པ་བྱའོ། །རང་བཞིན་འབྲས་བུ་མཐར་ཕྱིན་ཁྲོ་བོའི་དཀྱིལ་འཁོར་དེ་དག་ཀུན་ཀྱང་རྔམ་པའི་ཚེམས། འབར་བའི་སྐུ། ཕྲིན་ལས་དྲག་ཤུལ་མཛད་པའི་ཕྱག་རྣམས་རབ་ཏུ་གཏུམ་ཞིང་འགྲན་ཟླ་མེད་པས་ན་ཆེན་པོའོ། །དེ་ལྟ་བུའི་སྐུ་ལ་ལ་བཟོད་པར་དཀའ་བ་དུས་མཐའི་མེ་ཆེན་འབར་བ་ལས་སྐུ་མེ་དཔུང་འབར་བའི་ཀློང་ན་བཞུགས་པ། མུན་པ་སེལ་བའི། ཐབས་མཁས་པའི། ཐུགས་རྗེ་ཆེན་པོའི་འོད་ཟེར་དང་གསུམ་ནི་གོ་རིམ་བཞིན་དུ་གསལ་ཞིང་མང་བ་ཀུན་ལ་ཁྱབ་ཆེ་བ། དཔེ་ཉི་མ་འབུམ་གྱི་འོད་དུས་གཅིག་ལ་ཤར་བ་བས་ཀྱང་གཟི་བརྗིད་ཆེའོ། །དབང་དུ་སྡུད་པའི། ཟིལ་གྱིས་གནོན་པའི། ཐབས་མཁས་པའི་ཁྲོ་གཉེར་དང་གསུམ་ནི། གོ་རིམ་བཞིན་སྨིན་མཚམས་སྡུད་པ་དང་། འབྲི་གུ་ལྟར་བསྒྲེང་བ་དང་། སྣ་ཚོགས་སུ་གཡོ་བ་རྣམས་གློག་སྟོང་དུས་གཅིག་ཏུ་འགྱུར་བ་བཞིན་དུ་འཁྱུག་པའོ། །སྐྱེ་ཤི་རྩད་ནས་གཅོད་པའི། གདུག་པ་ཅན་ཟ་བར་བྱེད་པའི། རབ་ཏུ་རྔམ་པའི་མཆེ་བ་དང་གསུམ་ནི། གོ་རིམ་བཞིན་དཀར་ལ་ཟངས་རིང་བ་དང་། རྩ་དམར་བ་དང་། རབ་ཏུ་རྣོ་བ་རྣམས། ཟངས་ཡག་འབར་བ་གཙིགས་པ། གདུག་པ་ཅན་ཟ་བར་བྱེད་པ་འགྲན་པའི་ཟླ་མེད་པར་ཆེ་བའོ། །ཧོ་ཞེས་པ་བསྟོད་པས་མཉེས་པའི་དོན་ནོ། །དེས་འོག་མ་ཀུན་ལ་འགྲེའོ། །གསུངས་ལ་བསྟོད་པ། དྲང་། ཧཱུཾ་འབྲུ་མཐུན། སྟོང་པ་ཆེན་པོའི་ཞལ། འབར་བ་ཆེན་པོའི་ལྗགས། སྒྲོལ་བ་ཆེན་པོའི་ཚེམས། རྔམ་པའི་ཚུལ་དང་གསུམ་གྱིས་གསུང་གི་ང་རོ་དྲག་པོའི་དབྱངས་འཇིགས་པར་སྒྲོགས་པ། དཔེ་འབྲུག་སྟོང་དུ་གཅིག་ཏུ་ལྡིར་བ་ཙམ་མོ། །ལྷ་གཤེགས་པའི། ཕྲིན་ལས་མཛད་པའི། སྤྲུལ་པ་འཁྲུག་པའི་གཏུམ་ཆེན་དང་གསུམ་ནི་དཔེ་རི་རབ་འབུམ་དུས་གཅིག་ཏུ་སྙིལ་བའི་སྐད་ཙམ་དུ་གྲགས་པའོ། །ཨ་ལ་ན་རྔམ་པའི། ཧ་ལ་ན་གཏུམ་པའི། ཧ་ཧ་ན་དགྱེས་པའི་གད་རྒྱང་དང་གསུམ་ནི་རབ་ཏུ་སྒྲ་ཆེ་བའོ། །འཁོར་སྡུད་པའི། གདུག་པ་འདུལ་བའི། བྱིན་འབེབས་པའི་བཤུགས་པ་དང་གསུམ་ནི། གོ་རིམ་བཞིན་སྙན་པ་དང་། དྲག་པ་དང་། བྱིངས་ཆེ་བའི་དབུགས་ཀྱིས་ཁམས་གསུམ་འཐོར་བར་བྱེད་པའི་རླུང་ཆེན་པོས་གཡེང་བ་འགྲན་ཟླ་མེད་པར་ཆེ་བའོ། །ཧོ་འབྲུ་མཐུན། ཐུགས་ལ་བསྟོད་པ། དྲང་། ཧཱུཾ་འབྲུ་མཐུན། ཤེས་རབ་ཆེན་པོའོ། །ཡེ་ཤེས་ཆེན་པོའི། ཕྱག་རྒྱ་ཆེན་པོའི་ཁྲོ་བོ་དང་གསུམ་ལས་འདིར་ཤེས་རབ་ཀྱི་ཁྲོ་བོ་སྟེ། ལྟ་ངན་ཐམས་ཅད་འཇོམས་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱང་མི་སྒྲིབ་ཡང་གསལ་བས་ན་འོད་པོ་ཆེའོ། །ཐུགས་ཡེ་ཤེས་ལྔའི་དཀྱིལ་འཁོར་ན་ཤེས་བྱ་མ་ལུས་པ་ཀུན་དུས་གཅིག་ཏུ་ཡུལ་མེད་རང་གསལ་གྱི་ཚུལ་གྱིས་མཁྱེན་པ་ནི་འབར་བའི་ཡེ་ཤེས་ཞེས་བྱ་སྟེ། ལྟ་ངན་ཐམས་ཅད་ཀུན་ཏུ་འཇོམ་པས་ན་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་ཀྱང་ཉིད་ལས་མི་གཞན་པར་སྦྱོར་བའི་ཕྱིར་རོ། །སྟོང་པ་ཉིད་བཅོ་བརྒྱད་མངོན་དུ་བྱས་པ་ལ་སོགས་པ་རྩིས་ལས་འདས་པས་ན། སྣ་ཚོགས་པའི་ཡེ་ཤེས་རྣམ་པ་ཐ་དད་དུ་གསལ་བ་ཀུན་ཀྱང་མི་གནས་པའི་ཡེ་ཤེས་ཆེན་པོར་རོ་གཅིག་པས་ན་ཐིག་ལེ་ཆེ་ཞེས་བྱའོ། །ཧོ་འབྲུ་མཐུན། ཡོན་ཏན་ལ་བསྟོད་པ། དྲང་། ཧཱུཾ་འབྲུ་མཐུན། ཁྲོ་བོའི་རྒྱལ་པོ་ཡོན་ཏན་གྱི་ཚོགས་རབ་ཏུ་མང་པོ་འཁྲིགས་པའི་སྤྲིན་ཆེན་པོ་ལས་འཕྲོག་པའི་དཀྱིལ་འཁོར་སོ་སོའི་སྤྲུལ་པ་དང་ཆས་པ་བསམ་ཡས་པ། གདུལ་བྱའི་ངོ་ལ་དགོས་འདོད་ཀྱི་ཆར་ཆེན་པོ་འབེབས་པ། ཁྲོ་བོའི་དཀྱིལ་འཁོར་དེ་དག་ཀྱང་ཡིད་བཞིན་གྱི་རིན་པོ་ཆེ་ལ་དགོས་འདོད་འབྱུང་བའི་ཚུལ་དུ་མི་ཟད་པའི་གཏེར་གྱིས་གདུལ་བྱ་སོ་སོའི་རེ་བ་སྐོང་བར་བྱེད་དོ། །དེ་ལྟར་ཡོན་ཏན་སྣ་ཚོགས་དང་བཅས་པ་ཁྲོས་པའི་ཚུལ་སྟོན་པའི་ཁྲོ་བོ་ཐམས་ཅད་ཀྱང་ཡེ་ཤེས་ཆེན་པོའི་ཁྲོ་བོར་རོ་གཅིག་པས་ན་ཐིག་ལེ་ཆེ་ཞེས་བྱའོ། །ཧོ་འབྲུ་མཐུན། ཕྲིན་ལས་ཀྱི་བསྟོད་པ། དྲང་། ཧཱུཾ་འབྲུ་མཐུན། ཉོན་མོངས་པ་ལ་སོགས་པའི་བདུད་བཞི་པོ་མ་ལུས་པ་ཀུན་གྱི་རང་བཞིན་མ་སྤངས་པར་དབང་དུ་བྱེད་པ་ནི་བདག་ཉིད་ཆེན་པོ་བཛྲ་ཧེ་རུ་ཀའོ། །དེ་ནི་བདུད་རུ་དྲ་ཕོ་མོ་འཁོར་དང་བཅས་པ་རྣམས་ཀྱི་ཡང་བདུད་ལྷར་སྣང་བ་ཡིན་ཏེ། ཕོ་རྣམས་བསྒྲལ་ཞིང་གནས་སྤར། མོ་རྣམས་སྦྱར་ཞིང་བྱིན་གྱིས་བརླབས་ནས། ཕྱི་རོལ་གཞན་སྣང་དུ་ཕམ་པར་བྱས་པས་ན་བདུད་རྣམས་འཇོམས་པ་ཞེས་བྱའོ། །དེའི་ཕྱིར་འཇིགས་པའི་ཚོགས་རུ་དྲ་སྡེ་དང་བཅས་པ་རྣམས་ཀྱང་འཇིགས་པར་བྱེད་པ། འཇིགས་བྱེད་ཆེན་པོ་ཁྲག་འཐུང་རོལ་པའི་ལྷ་ཚོགས་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་མཛད་པ་ཉིད་ལས་མ་གཡོས་པར་རང་སྣང་བས་ན་ཐིག་ལེ་ཆེ་ཞེས་བྱའོ། །ཧོ་འབྲུ་མཐུན། སྤྱིར་བསྟོད་པའམ་དབང་ཆེན་གྱི་དཀྱིལ་འཁོར་ལ་བསྟོད་པའོ། །དྲང་། ཧཱུཾ་ཡེ་ཤེས་ལྔ་ལྡན་ཡི་གེ་ལྔ་ཆ་བས་གླུའི་འགོ་འདྲེན་པ་ཡིན་ལ། རྡོ་རྗེ་ནི་ཁྲོ་བོའི་ཚོགས་རྣམས་ངོ་བོར་སྣང་སྟོང་དབྱེར་མི་ཕྱེད་པ་དང་། ཕྲིན་ལས་བདུད་བཞི་འཇོམས་པའི་ཕྱིར་ཏེ་ཚུལ་དེས་འོག་མ་རྣམས་ཀྱང་ཞེས་པར་བྱའོ། །བྲག་ཆེན་སྲ་བ་པོ་ནི་དཔེ་ཡིན་ལ། དོན་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་མཚན་མའི་རྣམ་པར་རྟོག་པས་མི་ཤིགས་པའི་རྟགས་སུ་ཁྲོ་བོ་རྣམས་ཀྱི་གནས་འོག་གཞི་རྡོ་རྗེའི་བྲག་ཏུ་ཡོད་པའོ། །རྡོ་རྗེ་ཆུ་བོ་སྡུད་ཆེན་པོ་ནི་དཔེ་ཡིན་ལ། དོན་འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྡུད་ཅིང་། མ་རྟོགས་པའི་སེམས་ཅན་ལ་ཐུགས་རྗེས་ཆགས་པའི་རྟགས་སུ་ཁྲག་གི་རྒྱ་མཚོ་ཞལ་དུ་རྔུབ་ཅིང་གསོལ་བའོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ་བ་ནི་དཔེ་ཡིན་ལ། དོན་ཡེ་ཤེས་ཀྱི་མེས་མཚན་མའི་བག་ཆགས་མི་གནས་པར་སྲེག་པའི་རྟགས་སུ་སྐུ་མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཞེས་པ་ནི་དཔེ་ཡིན་ལ། དོན་ཡེ་ཤེས་ཀྱི་རླུང་གིས་རྣམ་པར་རྟོག་པའི་རྒྱུ་འབྲས་སྐྱེ་མེད་ཀྱི་དབྱིངས་སུ་འཐོར་བར་བྱེད་པའི་རྟགས་སུ་ཞལ་དང་ཤངས་ནས་བཤུགས་རླུང་དྲག་པོ་འབྱིན་པའོ། །ཡང་ན་འདི་དག་འོག་གཞི་འབྱུང་བ་རིམ་བརྩེགས་ལ་བསྟོད་པ་ཡང་རུང་སྟེ། ཚིག་རྐང་དང་པོས་ཀེང་རུས་ཀྱི་ཕུང་པོ་དང་། གཉིས་པས་རཀྟའི་རྒྱ་མཚོ་དང་། གསུམ་པས་རྟ་གདོང་གི་མེ་དང་། བཞི་པས་རྒོད་མ་ཁའི་རླུང་གི་དཀྱིལ་འཁོར་ལ་བསྟོད་པའོ། །དེ་ཡང་བུ་ངན་ལ་མས་བསྟོད་པ་ལ་བུ་ནི་མ་ཡིན་ཏེ། ཡོན་ཏན་ཡོད་པ་ལ་ཡོད་པ་ལྟར་ཉིད་ཀྱིས་ཉིད་ལ་བསྟོད་པ་ནི། དེ་བཞིན་གཤེགས་པའི་སྣང་བ་ཡིན་ལ། དེའི་རྗེས་སུ་ལམ་པའི་རྣལ་འབྱོར་པས་བསྟོད་པ་ནི། བསྟོད་པའི་མཆོད་པར་ཤེས་པར་བྱའོ་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །ཧོ་ཞེས་པ་འབྲུ་མཐུན། གཞུང་གསུངས་པའི་ཚུལ་ལོ། །དྲང་། ཞེས་ཁྲོ་བོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་བསྟོད་པའི་ཀླུ་འདི་དག་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཉིད་ཀྱིས་ཉིད་ལ་བླངས་སོ། །ལེའུའི་མཚན་ནོ། །དྲང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཚན་གྱི་གཞི་རུ་གདའ། ཁྲོ་བོའི་དཀྱིལ་འཁོར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དབང་ཆེན་གྱི་དཀྱིལ་འཁོར་དང་བཅས་པ་ལ་བསྟོད་པའི་གཅོད་ཅིང་མཚམས་འཛིན་པར་བྱེད་པས་ན་ལེའུ་སྟེ་ཡས་བགྲངས་ཉི་ཤུ་རྩ་གཅིག་པའི་དོན་དུ་གདའོ།། ༈ །།ད་ནི་ལེའུ་མཐའ་མ་སྟོན་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ན། རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་གསུམ་ཀ་སྟོན། ལམ་ལ་ཐབས་གྲོལ་ལམ་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། སྣང་བ་བཞི་ལས་བཞི་ཀ་སྟོན། མཚན་ཉིད་གསུམ་ལས་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དང་། འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་སྟོན། འབྲིང་གི་ཆོས་ཚོམས་ལྔ་ལས་གདམས་གཏད་སྟོན། ཐ་མའི་ཆོས་ཚོམས་བཅུ་ལས་རང་བཞིན་ལྟ་བ། བསྣོལ་མཚམས་འཕེན་སྡུད། ཚད་མ་བཀའ་གཞུང་། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་རྩ་གཉིས་པ་འདི་ལ། རྣམ་པར་དབྱེ་བའི་ཚིག་སྟག་གིས་མཆོངས་པ་ལྟར་དུ་བཤད་ན། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། ལེའུའི་གཞུང་དང་། ལེའུའི་མཚན་ནོ། །དང་པོ། དྲང་། དེ་ཡང་འབྲེལ་མཚམས་སྦྱོར་བའི་ཚིག་བྱ་ངང་མོའི་འགྲོས་ལྟར་བཤད་ན། ལེའུ་གསུམ་པའི་སྨད་ནས་ཉི་ཤུ་རྩ་གཅིག་པའི་བར་གྱི་ལེའུ་ཕྱེད་དང་བཅུ་དགུས་རྒྱུད་དོན་བསྟན་པ་ལ་དེ། ད་གདམས་ཤིང་གཏད་པ་སྟོན་པས་ན་ནས་ཞེས་བྱ་སྟེ། གང་གིས་གདམས་ཤིང་གཏད་ན། བཅོམ་ལྡན་འདས་དགྱེས་པ་ཆེན་པོས་སོ། །གང་ལ་གཏད་ན། ལྷན་ཅིག་པའི་འཁོར་དབང་རྫོགས་པ་རྣམས་དེ་བཞིན་གཤེགས་པ་ཉིད་དུ་གྱུར་པ་དང་། གོ་ཕྱེད་བའི་འཁོར་གང་ཟག་ཆོས་ཀྱི་མིག་ཅན་རྣམས་ཀྱང་མ་འོངས་པའི་དུས་སུ་དེ་བཞིན་གཤེགས་པ་ཉིད་དུ་གྱུར་པ་ལ་དགོངས་ནས་གཏད་དོ། །གང་གཏད་ན་གསང་སྔགས་ཀྱི་རྒྱལ་པོ་སྟེ། མཚོན་བྱ་རང་བཞིན་གྱི་རྒྱུད་བཞིན་གསང་བའི་སྙིང་པོ་ཞེས་བྱ་བ་ཤེས་བྱ་ཐུན་མོང་བ་རྣམས་ལས་ཁྱད་པར་དུ་གྱུར་པ་དང་། དེ་མཚོན་བྱེད་ལམ་རྐྱེན་གྱི་རྒྱུད་ཡི་གེར་བཀོད་པ་ལྟ་སྤྱོད་གཞན་ལས་ཁྱད་པར་དུ་འགྱུར་པ་འདི་དག་གོ། །དགོས་ཆེད་ཅིའི་ཕྱིར་གཏད་ན། དེ་དག་གི་དོན་སྔ་མ་མི་འགྱུར་ཞིང་བརྟན་པར་བྱ་བ་དང་། ཕྱི་མ་མི་ནུབ་པར་གཟུང་བར་བྱ་བའི་ཕྱིར་གདམས་ཤིང་གཏད་པའི་དོན་འོག་ནས་འབྱུང་བ་འདི་དག་ཆེད་དུ་བརྗོད་དོ། །ལེའུའི་གཞུང་ལ་གཉིས་ཏེ། གདམ་པ་དང་། གཏད་པའོ། །དང་པོ་ལ་བཞི། བགྲང་། གཞི་རང་བཞིན་གྱི་སྣང་བ་རྟོགས་བྱར་གདམས་པ། དྲང་། གཞི་ནི་ཆོས་ཐམས་ཅད་ཀྱི་འབྱུང་གཞི་རང་བཞིན་ནི་བཅོས་བསླད་དང་བྲལ་བ། སྣང་བ་ནི་རང་རིག་པ་ཐམས་ཅད་དུ་རྩལ་མ་འགགས་པར་སྣང་བ་སྟེ། དེའི་དོན་འཁོར་རྣམས་ལ་གདམས་ཚུལ་ནི་ཀྱེ་ཞེས་ལྷན་ཅིག་པ་དང་། གོ་ཕྱེ་བའི་འཁོར་གཉིས་ལ་བོས་ན་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་འཁོར་འདས་གཉིས་ཀྱིརང་བཞིན་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་ཀྱི་ངོ་བོར་ཡེ་གདོད་མ་ནས་གནས་པ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། རང་བཞིན་གསང་བའི་སྙིང་པོའི་ངོ་བོ་ཉིད་ཡིན་པས་དེ་ཉིད་ཀྱི་དོན་ལས་མི་འགྱུར་བར་གནས་པར་བྱའོ་ཞེས་གདམས་པའོ། །ལོག་རྟོག་འཁྲུལ་པའི་སྣང་བ་དག་བྱར་གདམས་པ། དྲང་། གཉིས་མེད་ལས་ལོག་ཅིང་གཉིས་སུ་རྟོག་པས་ན་ལོག་རྟོག །དེ་མ་ཡིན་པ་དེར་གཟུང་བས་འཁྲུལ་པ། ལས་དང་ལོག་རྟོག་གི་བློར་སྣང་བའོ། །འོ་ན་ཆོས་ཐམས་ཅད་རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུར་ཆེན་པོར་ཡེ་ནས་སངས་རྒྱས་པ་མ་ཡིན་ནམ་ཞེ་ན་ཡིན་མོད་ཀྱི། མ་རིག་པའི་བདག་གཉིས་ལས་བྱུང་བའི་གཟུང་འཛིན་ཀུན་བརྟགས་ཀྱི་སྤྲོས་པ་ལ་ཐོག་མ་མེད་པའི་དུས་ན་མངོན་པར་འཆེལ་ཞིང་གོམས་པའི་མཐུས་རྣམ་པར་རྟོག་པའི་ཞགས་པས་འགྲོ་བ་དྲུག་གི་གནས་སོ་སོར་འཛིན་ཅིང་། ལས་དང་ཉོན་མོངས་པའི་དབང་གིས་སྡུག་བསྔལ་བར་གྱུར་པས་ན་དེ་ལས་གྲོལ་བར་གདམས་པའོ། །གདུལ་བྱ་ལམ་གྱི་སྣང་བ་བགྲོད་བྱར་གདམས་པ། དྲང་། མཆོག་དང་ཐུན་མོང་གི་སེམས་ལྔ་སྐྱེས་སམ་སྐྱེར་རུང་བ་ཅིག་གདུལ་བྱ་འཇུག་ཅིང་གྲོལ་བར་བྱེད་པས་ན་ལམ་བསྟན་པ་བློ་དང་འཚམས་པར་སྣང་བའོ། །འཁྲུལ་སྣང་དེ་ལས་ཐར་བར་བྱ་བའི་ཕྱིར་ལམ་གྱི་རྒྱུད་རྣམས་གསུངས་ལ། ལམ་དུ་མ་ལ་དགོས་པ་མེད་པར་དོགས་པ་གསལ་བའི་ཕྱིར་གོང་འོག་གི་ས་དང་ལམ་གྱི་རིམ་པ་རྣམས་ཁྱད་པར་དུ་བཀོད་པ་ངེས་འབྱུང་ཐེག་པ་བཞི་པོ་ཡང་། རང་བཞིན་གསང་བའི་སྙིང་པོར་འགྲོ་བའི་ལམ་སྟེགས་ཡིན་པས་ན་མཐར་ཐུག་གི་ལམ་འདི་ཉམས་སུ་བླང་བར་གདམས་པའོ། །འབྲས་བུ་བདེ་གཤེགས་ཀྱི་སྣང་བ་ཐོབ་བྱར་གདམས་པའོ། །དྲང་། གང་ཞིག་སྨིན་པ་ཞིག་འབྲས་བུ་དེ་བཞིན་ཉིད་དུ་ནར་སོན་པ་ཅིག་བདེ་གཤེགས་རྟོག་ཚོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའོ། །དེ་ཡང་ལམ་ཉམས་སུ་བླངས་པའི་འབྲས་བུ་སྐུ་དང་ཡེ་ཤེས་མངོན་དུ་བྱས་པ་ནི་ངོ་མཚར་བ་སྟེ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་རབ་འབྱམས་ཀྱིས་གདུལ་བྱ་སེམས་ཅན་གྱི་དོན་དུ་མི་འགྱུར་བ་ཡོངས་མ་གསུངས་པ་སྟེ། དེ་དག་ཐོབ་བྱར་གདམས་པའོ། །མདོར་ན་སྣང་བ་བཞི་ཡང་གཞི་ལམ་འབྲས་བུའི་རྒྱུད་གསུམ་དུ་འདུས་ལ། དེ་གསུམ་ཡང་རང་བཞིན་གྱི་རྒྱུད་རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་སངས་རྒྱས་པ་ལས་མི་འགྱུར་བར་གདམས་པའོ། །གཉིས་པ་གཏད་པ་ལ་གཉིས་ཏེ། བགྲང་། སྡུད་པ་པོ་ལ་གཏད་དེ་རྒྱལ་ཚབ་ཏུ་དབྱུང་ལ། དྲང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་དང་དགོངས་པ་ཕྱིན་ཅིག་མ་ལོག་པར་མངོན་དུ་བསྟན་པ་ནི་རང་བཞིན་གསང་བའི་སྙིང་པོ་ཡིན་ལ། རང་བཞིན་གསང་བའི་སྙིང་པོ་འདི་ལས་ཐུགས་ཀྱི་བརྣག་བྱ་གཞན་མི་མངའ་བའོ། །དེའི་ཕྱིར་རང་བཞིན་གསང་བའི་སྙིང་པོའི་ངོ་བོ་ཉིད་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་ཞི་བའི་ལམ་རྐྱེན་ཡི་གེའི་རྒྱུད་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་དེ་ངེས་པའི་དོན་འདི་ནི་ཤེས་བྱའི་མིང་ཤེས་བྱེད་ལ་བཏགས་པའོ། །དེ་ལྟར་རང་བཞིན་གསང་བའི་སྙིང་པོའི་དབྱིངས་ནས་མངོན་དུ་ཕྱུང་བའི་ལུང་འདི་ཡི་བཀའ་བསྡུ་བ་ཕྱག་ན་རྡོ་རྗེ་ཁྱོད་ཀྱིས་གྱིས་ཤིག་ཅེས་གཏད་ནས་རྒྱལ་ཚབ་ཏུ་དབང་བསྐུར་བའོ། །གང་ཟག་ཆོས་ཀྱི་མིག་ཅན་ལ་གཏད་དེ་མི་ནུབ་པར་བྱ་བའོ། །དྲང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་བདག་པོ་དྲུག་པ་ཀུན་ཏུ་བཟང་པོའི་གསུང་གི་ཕྱག་རྒྱ་སྟེ། ལམ་རྐྱེན་ཡི་གེའི་རྒྱུད་འདིས་རང་བཞིན་གྱི་རྒྱུད་དོན་མཚོན་པ་ལས་མི་འདའ་བ་དང་། འདི་རྒྱལ་བའི་དགོངས་པའི་ངོ་བོ་ཉིད་ལས་ཀྱང་མི་འདའ་བ་དང་། འདས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ལམ་རྐྱེན་གྱི་རྒྱུད་འདི་ལས་མ་འདས། ད་ལྟར་བ་རྣམས་ཀྱང་མི་འདའ། མ་འོངས་པ་རྣམས་འདའ་བར་མི་འགྱུར་བའི་ཕྱིར་རོ། །དེས་ན་གསང་ཆེན་སྙིང་པོ་ལམ་རྐྱེན་ཡི་གེའི་རྒྱུད་འདིའི་ཚིག་དོན་ཕྱིན་ཅི་མ་ལོག་པར་རྟོགས་ནས་མི་ནུབ་པར་བྱ་བའི་ཕྱིར་སྣོད་དུ་གྱུར་པའི་གདུལ་བྱ་རྣམས་ལ། བློ་དང་འཚམས་པར་སྨྲ་བར་གང་བྱེད་པ་དེ་ཉིད་ནི་ཀུན་ཏུ་བཟང་པོ་ང་དང་ཁྱད་མེད་པ་ཡིན་ཏེ། ཕན་ནུས་ཟབ་གསུམ་གྱི་དབང་ལྔ་ཡང་མ་བསྐུར་བར་རྫོགས་པས་ན་རིག་པ་རྩལ་གྱི་དབང་ཐོབ་པ་ཞེས་བྱའོ། །དེ་ལྟ་བུའི་རྟེན་གྱི་གང་ཟག་ནི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ངེས་པར་ལུང་བསྟན་དེ་རྒྱལ་བའི་སྲས་ཞེས་བྱའོ། །དེ་ནི་ཀུན་ཏུ་བཟང་པོའི་ཐུགས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་རྟོགས་པ་ལས་སྐྱེས་པ་ཡིན་པས་ན། རྒྱུའི་ཐེག་པའི་ས་ལས་མཆོག་ཏུ་གྱུར་པ་ས་རབ་རིག་པ་འཛིན་པའི་ས་ལ་གནས་པ་ཡིན་ཏེ། སྒྱུ་འཕྲུལ་རྡོ་རྗེ་ལས། རང་རིག་ཡེ་ཤེས་རྒྱུད་དོན་ཕྱིར། །རང་སྣང་རིག་པ་མངོན་བྱས་པས། །རིགས་འཛིན་མཆོག་སྟེ་ལྷུན་གྲུབ་པའོ། །ཏིང་འཛིན་ནུས་པའི་མཐུ་མེད་ཀྱང་། །ས་སྦྱོང་སེམས་དཔའ་བསྐྱོད་དུ་མེད། །བདེར་གཤེགས་ཉིད་དང་སྤྱོད་ཡུལ་གཅིག །རིག་པའི་སྐྱེས་བུར་ལུང་ཐོབ་པའོ། །ཞེས་གསུངས་སོ། །དེ་ལྟ་བས་ན་འདིའི་དོན་ཇི་ལྟ་བར་རྟོགས་པར་གྱིས་ལ། སྣོད་དང་ལྡན་པར་མི་ནུབ་པར་བྱ་བའི་ཕྱིར་སྣོད་ལྡན་རྣམས་ལ་སྒྲོགས་ཤིག་པར་གཏད་པའོ། །ཞོར་ལ་ཕྱོགས་བཅུར་འཕེལ་ཞིང་བྱིན་ཆེ་བར་བྱ་བའི་ཕྱིར་མ་མོ་དང་མཁའ་འཁོར་ལ་གཏད་པ་ཡང་འདིར་མ་གསུངས་ཀྱང་། སྒྱུ་འཕྲུལ་རྒྱས་པའི་ལེའུ་ལྔ་བཅུ་པ་དམ་ཚིག་ཆེན་པོས་བུད་མེད་བཏུལ་བའི་ལེའུ་ལས། ང་ཡི་ཐུགས་ཀྱི་སྙིང་པོ་འདི། །ཕྱོགས་བཅུ་ཀུན་ཏུ་སྤེལ་བ་དང་། །དེ་ཡི་གཟུངས་ལ་གཏད་པ་ནི། །ཡིད་བཞིན་མཛོད་འབྱོར་བཀའ་ཡི་གནས། །ཞེས་པ་ལ་སོགས་པ་གསུངས་སོ། །ལེའུའི་མཚན་ནོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཚན་གྱི་གཞི་རུ་གདའ། མཛད་པ་ཡོངས་སུ་རྫོགས་ཤིང་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་ནས་གདམས་པ་ལ་མཉེས་པ་དང་། གཏད་པ་ཡོངས་སུ་གཟུང་བའི་གཅོད་ཅིང་མཚམས་འཛིན་པར་བྱེད་པས་ན་ལེའུ་སྟེ་ཡས་བགྲངས་ཉི་ཤུ་རྩ་གཉིས་པའི་དོན་དུ་གདའོ།། ༈ །།སྤྱི་དོན་མཐའ་མ་མཇུག་གི་དོན་ལ་གཉིས་ཏེ། བགྲང་། རྒྱུད་རྫོགས་ནས་མཛད་པ་ཆོས་ཉིད་དུ་བཞུགས་ཚུལ། དྲང་། ཞེས་བརྗོད་པས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཉིད་བདེ་བ་ཆེན་པོར་རོ་གཅིག་པས་ན། དགོངས་པ་དབྱེར་མེད་པར་གྱུར་པ་བསམ་གྱིས་མི་ཁྱབ་པ་ལ་དགྱེས་ནས་ཕྱོགས་བཅུ་དང་དུས་བཞིས་བསྡུས་པ་ཐམས་ཅད་རང་རིག་པ་ལས་མི་གཞན་པས་མཉམ་པ་ཉིད་ཀྱི་དབྱིངས་ཏེ། སྣང་སྟོང་དབྱེར་མི་ཕྱེད་ཅིང་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་མ་བཙལ་བར་ལྷུན་གྱིས་གྲུབ་པ་སྟེ། དཔེར་ན་ཏིལ་གྱི་གང་བུ་ལྟར་ཆོས་ཀྱི་དབྱིངས་ཀྱི་མཐས་ཀླས་པ་ན་སྟུག་པོ་བཀོད་པའི་རྒྱན་གྱིས་མཛེས་པ་དང་། ངོ་བོ་ཉིད་མེད་པ་དང་། ལྟ་བས་མི་ངོམས་པ་དང་། ཐམས་ཅད་དུ་ཅིར་ཡང་སྣང་བའི་ཕྱིར་རང་རིག་པ་ཉིད་དུ་གནས་པ་མེད་པའི་ཚུལ་གྱིས་བཞེངས་པ་དང་བཞུགས་པ་མི་མངའ་བར་གནས་ཤིང་རྟག་པར་བཞུགས་སོ། །དེ་ཡང་ཐེར་ཟུག་དང་རྒྱུན་གྱི་རྟག་པ་ནི་མ་ཡིན་ཏེ་ངོ་བོ་ཉིད་ཀྱིས་སོ། །འདི་ལས་བསྟན་པ་དང་ཐེག་པ་ཐམས་ཅད་འཕྲོས་པས་རྒྱུད་ཀྱི་ཆེ་བ་བསྟན་པའོ། །དྲང་། གཞི་ཤེས་བྱའི་གནས་ལུགས་བདེན་པ་དབྱེར་མེད་དེ་ཉིད་བདེན་པ་བྱ་བྲལ་དང་ཐ་དད་དུ་འདོད་པ་ལས་འཕགས་ལམ་ཐབས་ཤེས་ཟུང་འཇུག་དེ་ཉིད། རྒྱུ་ལ་ལམ་དུ་བྱེད་པ་ལ་འཕགས། དུས་ཚེ་གཅིག་ལུས་གཅིག་དེ་ཉིད་སྐྱེ་བ་བཅུ་དྲུག་མ་བསྐལ་པ་གྲངས་མེད་གསུམ་ལ་སོགས་པ་ལ་འབྲས་བུ་ཐོབ་པར་འདོད་པ་ལ་འཕགས། འབྲས་བུ་པདྨ་ཅན་དང་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དེ་ཉིད་བཅུ་གཅིག་ཀུན་ཏུ་འོད་ལས་འཕགས་པའོ། །རྟོག་པའི་རྒྱལ་པོ་ཞེས་པ་ནི། ངོ་བོ་ཉིད་ཀྱི་རྟོག་པ་ལྷན་སྐྱེས་ཀྱི་མ་རིག་པ། འཁྲུལ་པའི་རྟོག་པ་ཀུན་བརྟགས་ཀྱི་མ་རིག་པ། ལོག་པར་རྟོག་པ་སྨིག་རྒྱུ་ལ་ཆུར་འཛིན་པ་ལ་སོགས་པ། རྣམ་པའི་རྟོག་པ་ཡིད་འདས་མ་འོངས་ཀྱི་རྗེས་སུ་འཇུག་པ། ཡང་དག་པའི་རྟོག་པ་ཆོས་སྤྱི་དང་རང་གི་མཚན་ཉིད་རྣམ་པར་འབྱེད་པ་ལས། འདི་ནི་ཡང་དག་པའི་རྟོག་པས་ཏེ། རྟོག་པ་གཞན་གོང་མ་བཞི་ལ་དབང་བསྐྱུར་བས་ན་རྒྱལ་པོ་ཞེས་སྤར་ཁབ་ནས་བཤད་མོད་ཀྱི། ཁོ་བོའི་བླ་མ་ཟུར་ཐམས་ཅད་མཁྱེན་པ་ནི། རྟོགས་པའི་རྒྱལ་པོ་ཞེས་པ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་མཚན་གྱི་རྣམ་གྲངས་སུ་བཞེད་དོ། །དེ་ལྟ་བུའི་རྒྱུད་མཆོག་འདི་ནི་སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པ་ལས་བསྡུས་པའི་སྙིང་པོར་འདུག་པས་ན། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པའི་ཕྱིར་ངེས་པར་ཆེ། འདི་ཉིད་དུ་མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་དོན་དང་འབྲས་བུ་ཐམས་ཅད་འདུས་པས་ན་ལུང་གི་སྤྱི་འགྲེལ་ཡིན་པའི་ཕྱིར་ངེས་པར་ཆེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་དམ་པའི་མཐར་ཐུག་འདི་ལས་མི་འདའ་བས་ན་དགོངས་པ་ཐམས་ཅད་ཀྱི་ཞེ་ཕུགས་ཡིན་པའི་ཕྱིར་ངེས་པར་ཆེ། ངེས་འབྱུང་གི་ཐེག་པ་གཞིའི་མཐར་ཐུག་གི་བསྒྲུབ་བྱ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མ་འདས་པ་ན་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པའི་ཕྱིར་ངེས་པར་ཆེ། རྒྱུད་འདི་ཉིད་ཀྱི་བྱིན་རླབས་ལས་བསྟན་པ་ཐམས་ཅད་དང་ཐེག་པ་མ་ལུས་པར་འཕྲོས་པས་ཏེ་དེ་ལས་གཞན་པའི་སེལ་མེད་པས་ན་བསྟན་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་ངེས་པར་ཆེ། དེ་ཡང་རྒྱུད་འདིའི་བྱིན་རླབས་ལས། བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བས་ཉོན་མོངས་པ་དང་སྲིད་པའི་ཟག་པ་གཉིས་ཀྱི་དྲྭ་བ་དང་། བཀའ་བར་པ་མཚན་ཉིད་མེད་པ་དང་། མཐའ་མ་ངེས་པ་དོན་གྱི་ཆོས་ཀྱི་འཁོར་ལོས་ལྟ་བ་དང་མ་རིག་པའི་ཟག་པ་གཉིས་ཀྱི་དྲྭ་བ་མ་ལུས་པ་གཅོད་པར་བྱེད་པས་ན། སྔར་འདས་པའི་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ་ཡིན་པའི་ཕྱིར་ངེས་པར་ཆེ་ལ། མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་ལམ་ཀྱང་ཡིན་པའི་ཕྱིར་ན་ངེས་པར་ཆེའོ། །དེ་དག་རྣམས་ཀྱི་འབྲས་བུའི་ནང་ནས་ཀྱང་མཆོག་ཏུ་གྱུར་པ་ནི་རང་བཞིན་གསང་བའི་སྙིང་པོར་འདུག་པས་ན་འབྲས་བུ་ཐམས་ཅད་ཀྱི་ཐུགས་ཡིན་པའི་ངེས་པར་ཆེ་བའོ། །རྫོགས་སོ། །ཞེས་པ་ནི། ཚིག་དང་དོན་ལ་ལྷག་མ་མ་ལུས་པའི་ཐ་ཚིག་གོ། །ཨཐྎ་ཞེས་པ་ནི་ཤིན་ཏུ་ཟབ་པའི་དོན་ནོ། །རྒྱུད་རྒྱལ་རྡོ་རྗེའི་ཚིག་ལ་འགྲེལ་བཤད་རྩོམ་པའི་གཉེར། །གནས་ལྔ་མ་རིག་མངོན་ཤེས་ལྔ་བྲལ་བདག་ལྟ་བུ། །ཇི་ལྟར་འོས་ཀྱང་རྒྱལ་རིག་གང་ཞིག་གསུམ་བརྒྱུད་པའི། །བཤད་རྒྱུད་འགྲེལ་ཏིག་མཆན་བུ་གསུང་སྒྲོས་རྗེས་འབྲངས་ནས། །བཀླགས་དང་བལྟར་པས་བཤད་དང་མཉན་གོ་ཆོད་པ་འདི། །བདེ་བླག་རྒྱུད་དོན་ཁོང་དུ་ཆུད་པར་བྱ་ཕྱིར་བྲིས། །འོན་ཀྱང་རྩོམ་ཚུལ་འདི་ལྟ་བུ། །མཁས་པ་རྣམས་ཀྱི་ཚུལ་མིན་ཀྱང་། །དྲི་མེད་འོད་ལས་ཇི་སྐད་དུ། །ཡུལ་གྱི་སྐད་གྱི་དོན་ཤེས་ན། །བསྟན་བཅོས་སྐད་ཀྱིས་ཅི་ཞིག་བྱ། །འདི་ལ་ནོངས་པ འི་ཚོགས་གྱུར་གང་། །ཡེ་ཤེས་ཤེས་རབ་ཆོས་ཀྱི་སྤྱན། །མངའ་བའི་མཁྱེན་ལྡན་རྣམས་ཀྱིས་ནི། །རང་གཞན་དོན་ལ་དགོངས་ནས་ཀྱང་། །བཟོད་མཛད་ཐུགས་རྗེས་བཟུང་བར་རིགས། །འདི་བརྩམས་ཕལ་པའི་དགེ་བ་གང་། །མཁའ་ཁྱབ་སེམས་ཅན་དོན་དུ་བསྔོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་མེ་ལོང་ཞེས་བྱ་བ། ཤཱཀྱའི་དགེ་སློང་རྡོ་རྗེ་དཔལ་བཟང་པོས་ཆུ་མོ་ལུག་གི་ལོའི་དབྱར་གྱི་ངོ་གཡས་རུ་ཆོས་ལྡིངས་ཀྱི་རི་ཁྲོད་དུ་སྦྱར་བ་འདིས་ཀྱང་འགྲོ་བ་དཔག་ཏུ་མེད་པ་རྡོ་རྗེ་འཛིན་པའི་གོ་འཕང་ལ་འགོད་པར་གྱུར་ཅིག །དྲི་མེད་ལྷག་པའི་བསམ་པས་ཀུན་བསླངས་ཤིང་། །སྙིགས་དུས་བསྟན་པའི་བཅས་སུ་སྨོན་བཙུགས་ནས། །དངོས་དང་གོ་ཕྱེའི་འཁོར་ལ་འདི་ཡི་ལུང་། །བདག་གིས་བྱིན་ནོ་དེ་ལ་ཡིད་ཆེས་མཛོད། །འགྲེལ་བཤད་འདི་མཐོང་བ་དག་དང་དངོས་འཕྲད་མཚུངས། །རྟོག་སྤྱོད་སུ་གཏོང་བདག་དང་གླེང་བས་ན། །འདི་དོན་སུ་རྟོགས་བདག་གི་སྙིང་གི་བུ། །ཡིད་ཆེས་སྐྱེས་ན་བདག་གི་ལུང་ཐོབ་ཅིང་། །འདི་དོན་རྟོགས་ན་དེ་ཀ་སྣོད་ལྡན་ཡིན། །གལ་ཏེ་མ་རྟོགས་རང་གསང་ཐབས་ཀྱིས་མཆོད། །སྒྲོ་འདོགས་སྐུར་འདེབས་སླར་གྱི་ཐུགས་རྗེའི་ཡུལ། །དེ་ཕྱིར་འདི་ཡི་སྣོད་དུ་མ་གྱུར་མེད། །ཀུན་གྱིས་བལྟ་དང་འཆད་ཉན་ཉམས་ལེན་དང་། །ཡི་གེར་འབྲི་དང་འདི་རུ་གཞུག་པར་རིགས། །དེ་ལ་མ་མགོན་ལྕམ་དྲལ་འཁོར་བཅས་ཀྱིས། །སྔོན་གྱི་ཐ་ཚིག་བཞིན་དུ་སྟོང་གྲོགས་མཛོད། །གང་གིས་འདི་ལ་མོས་གྱུར་པ། །ལེའུ་བཅུ་གསུམ་པ་ལས། སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །རྒྱལ་བའི་རིག་པ་འཛིན་པ་དེ། །ལེའུ་བཅུ་དགུ་པ་ལས། འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡི། །སྲས་དང་སྤུན་དགོངས་བྱིན་གྱིས་རློབས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ལེའུ་ཐ་མ་ལས། ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་གསུངས་སོ། །རྫོགས་སོ།། ། ཨཐྎ། རྗེ་སྒྲོ་ཕུག་པའི་བཤད་སྲོལ་ལ་གཞུང་ལས་བཅད་བཏབ་ནས་མཆན་བུས་འཆད་ཅིང་། དཀའ་བ་རྣམས་དཀའ་ཚོམས་དང་ཊཱི་ཀས་འཆད། གསུང་སྒྲོས་ཀྱི་ཤོག་ལྡེ་རྣམས་ལྷན་ཐབས་སུ་འདེབས་པར་འདུག་ནའང་། དཀའ་ཚོམས་དང་ས་བཅད་དང་མཆན་བུ་རྣམས་འདེབས་པ་དང་། མཆན་བུ་འདོགས་ས་འཕྱུགས་པ་དང་། གསུང་སྒྲོས་རྣམས་ལའང་དག་ཐེར་བྱ་རྒྱུ་ཅི་རིགས་པ་འདུག་ཅིང་། མཆན་བུ་རྣམས་འགྲེལ་པ་སྤར་ཁབ་ཀྱི་ལུགས་སུ་བཏབ་འདུག་ནའང་། སྤར་ཁབ་ཀྱིས་མ་ཁྲོལ་བ་དང་མ་བཀྲལ་བ་རྣམས། འགའ་ཞིག་འགྲེལ་པ་མངོན་རྟོགས་དང་། འགའ་ཞིག་འགྲེལ་ཆུང་པིན་ཏརྠ་དང་། འགའ་ཞིག་བླ་མ་གོང་མ་རྣམས་ཀྱི་སྒྲོས་མཆན་དུ་འདུག་པ། དེ་ཐམས་ཅད་ལ་བདག་གིས་བརྟགས་ཤིང་དཔྱད་ནས། རྨོངས་པ་རྣམས་ཀྱི་ཤེས་སླའི་ཕྱིར་ཊཱི་ཀ་བཀླགས་ཆོག་གུ་རུའི་ལུགས་སུ་བྲིས་པ་ལ། མཁས་པ་རྣམས་ཀྱིས་ཐུགས་ཀྱི་བསན་བཟོད་པར་མཛད་པ་རིགས་སོ།། །།