Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དོན་གཉིས་པ།


   
   
   
རྩ་རྒྱུད་གསང་བ་སྙིང་པོའི་དཀའ་གནད་ལ་དོགས་པ་གཅོད་པའི་ལུང་རིགས་རྡོ་རྗེའི་རོལ་རྩེད་། ཨོ་རྒྱན་ཆོས་གྲགས།
   
   
   
   
   


 
previousརྩ་རྒྱུད་གསང་བ་སྙིང་པོའི་དཀའ་གནད་ལ་དོགས་པ་གཅོད་པའི་ལུང་རིགས་རྡོ་རྗེའི་རོལ་རྩེད་། ཨོ་རྒྱན་ཆོས་གྲགས།next

རྩ་རྒྱུད་གསང་བ་སྙིང་པོའི་དཀའ་གནད་ལ་དོགས་པ་གཅོད་པའི་ལུང་རིགས་རྡོ་རྗེའི་རོལ་རྩེད་། ཨོ་རྒྱན་ཆོས་གྲགས།

རྩ་རྒྱུད་གསང་བ་སྙིང་པོའི་དཀའ་གནད་ལ་དོགས་པ་གཅོད་པའི་ལུང་རིགས་རྡོ་རྗེའི་རོལ་རྩེད་ཅེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། རྩ་རྒྱུད་གསང་བ་སྙིང་པོའི་དཀའ་གནད་ལ་དོགས་པ་གཅོད་པའི་ལུང་རིགས་རྡོ་རྗེའི་རོལ་རྩེད་ཅེས་བྱ་བ། བླ་མ་དང་དཔལ་ཀུན་ཏུ་བཟང་པོ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །རྣམ་མང་ཐེག་པའི་འཇུག་སྒོ་ཇི་སྙེད་ཀྱང་། །རྣམ་གྲོལ་ལམ་གྱི་ཡང་གསང་སྙིང་པོའི་རྒྱུད། །ཚིག་ལས་འདས་ཀྱང་ཐ་སྙད་ཚིག་གི་དོན། །ལུང་རིགས་རྡོ་རྗེའི་རོལ་རྩེད་འདི་སྤྲོའོ། །དེ་ལ་འདིར་རང་གི་ཉེ་བར་གནས་པ་གནས་ལྔ་སྨྲ་བའི་དྭགས་པོ་འགྱུར་མེད་བློ་གསལ་གྱི་གསང་བ་སྙིང་པོ་ལ་དོགས་སློང་གི་ལན་ལུང་རིགས་རྡོ་རྗེའི་རོལ་རྩེད་འདི་འཆད་པ་ལ། སློབ་དཔོན་དབྱིག་གཉེན་གྱི་རྣམ་བཤད་རིག་པར། ཚིག་དོན་བཅས་ཤིང་མཚམས་སྦྱར་དང་། བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་པ་ལྟར་བརྒལ་ལན་གྱི་སྒོ་ནས་སྨྲ་བར་བྱ་སྟེ་དེ་ལ་དྲི་བ་དང་པོ་ནི། ལེའུ་དང་པོ་ནས་བཤད་པའི་ལོངས་སྐུའི་གླེང་གཞི་འདི་རང་སྣང་སངས་རྒྱས་ཀྱི་སྤྱོད་ཡུལ་དང་གཞན་སྣང་གདུལ་བྱའི་མཐོང་སྣང་གང་ཡིན། ཡང་གཉིས་ཀའི་མཐོང་ཡུལ་ཡིན་ནམ། །ཞེས་པ་ལ་དང་པོ་ལྟར་ན་ལེའུ་དང་པོ་ནས་བཤད་པའི་སྟོན་པ་ལོངས་སྤྱོད་རྫོགས་སྐུ་དེ་ཆོས་ཅན། ཁྱོད་ཞལ་ཕྱག་མཚན་མར་སྣང་བའི་གཟུགས་སྐུ་ཡིན་པར་ཐལ། ཁྱོད་རྣམ་ཐར་གསུམ་ཚང་བའི་དབུ་དཀར་དམར་མཐིང་གསུམ་ཡེ་ཤེས་དྲུག་མཚོན་པའི་ཕྱག་དྲུག །ཐབས་ཤེས་གཉིས་མཚོན་པའི་ཞབས་གཉིས་དང་ལྡན་པའི་གཟུགས་སྐུ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱེད་སངས་རྒྱས་རང་སྣང་གི་སྐུ་ཡིན་པ་ཐལ། ཁྱོད་མཚན་མའི་ཕྱག་རྒྱར་བཞུགས་པའི་གཟུགས་སྐུ་ཡིན་པའི་ཕྱིར། འཁོར་གསུམ། མ་ཁྱབ་ན། སངས་རྒྱས་རང་སྣང་ན་མཚན་མ་ཅན་གྱི་སྐུ་ཡོད་པར་ཐལ། སངས་རྒྱས་རང་སྣང་ན་མཚན་མའི་ཕྱག་རྒྱར་བཞུགས་པའི་གཟུགས་སྐུ་ཡོད་པའི་ཕྱིར། འདོད་ན་རང་སྣང་སངས་རྒྱས་ཞིང་ཁམས་ཆོས་ཅན། ཁྱོད་མཚན་མ་ལས་འདས་པའི་ཆོས་མ་ཡིན་པར་ཐལ། ཁྱོད་མཚན་མ་དང་བཅས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ལྟ་བ་ཡང་དག་སྒྲོན་མར། མཚན་མ་མེད་ཅིང་སྤྲོས་དང་བྲལ་བ་དེ། །ངོ་བོ་ཉིད་ཀྱི་སེམས་ཀྱི་ཡུལ་ལས་འདས། །ཞེས་དང་། རྒྱས་པ་ལས། ཡང་དག་ཤེས་རབ་ཆེན་པོ་ནི། མཚན་མ་འཇོམས་ཕྱིར་ཁྲོ་བོའོ། །ཞེས་སོགས་བཤད་པ་དང་འགལ་བའི་ཕྱིར་ཡང་མཚན་མ་དང་བཅས་པ་ཡིན་གཟུགས་སྐུ་མ་ཡིན་ཞེས་ཚིག་ཟུར་ལ་བསྙད་ན། ལེའུ་དང་པོ་ནས་བཤད་པའི་སྟོན་པ་ལོངས་སྤྱོད་རྫོགས་སྐུ་ཆེན་པོ། ཁྱོད་ཕྱག་ཞབས་འཁོར་ལོ་མཚན་དང་རུས་སྦལ་ཞབས། །ཞེས་སོགས་བཤད་པ་ལྟར་གྱི་མཚན་དཔེ་འབར་བའི་སྐུ་མ་ཡིན་པར་ཐལ། ཁྱོད་གཟུགས་སྐུ་མ་ཡིན་པའི་ཕྱིར། འདོད་ན། ཧ་ཅང་ཐལ་ཏེ། མདོ་སྡེ་རྒྱན་ལས། དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་དག་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན། །ཞེས་བཤད་པ་དང་འགལ་བའི་ཕྱིར་རོ། །གཞན་ཡང་སངས་རྒྱས་རང་སྣང་གི་སྐུ་དེ་གདུལ་བྱའི་མཐོང་ཡུལ་དུ་ཡོད་པར་ཐལ། ལེའུ་དང་པོ་ལོངས་སྐུའི་གླིང་བཞིའི་སྟོན་འཁོར་འདི་རྣམས་ས་མཐའི་སེམས་དཔའ་ལ་སྣང་བའི་ཕྱིར་ཏེ། འདི་ཉིད་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའ་འཁོར་རྣམས་ལ། །དེ་བཞིན་གསུངས་མཆོག་མི་སྨྲ་སྟེ། །སྐུ་ཡི་ཆོས་རྣམས་མཇལ་བར་སྟོན། །ཞེས་གསུངས་སོ། །འདོད་ན་རང་སྣང་སངས་རྒྱས་ཀྱི་སྐུ་དེ་ཆོས་ཅན། གདུལ་བྱའི་མཐོང་ཡུལ་དུ་མེད་པར་ཐལ། སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཡིན་པའི་ཕྱིར་ཏེ། སྡོང་པོ་བཀོད་པ་ལས། ཇི་ལྟར་མཚན་ཉིད་སྣ་ཚོགས་པ། །དེ་དག་བྱིས་པའི་སྤྱོད་ཚུལ་ཏེ། །གང་ཞིག་མཚན་ཉིད་ཀུན་མེད་པའི། །སངས་རྒྱས་རྣམས་ནི་མི་མཐོང་ངོ་། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་རང་སྣང་སངས་རྒྱས་མཚན་ཉིད་པ་དེ་སེམས་ཅན་གྱིས་མི་མཐོང་ན། སངས་རྒྱས་ཀྱིས་སེམས་ཅན་ལ་གཟིགས་པ་མི་འཇུག་པའི་སྐྱོན་དང་། སེམས་ཅན་གྱིས་སངས་རྒྱས་མི་མཐོང་བའི་སྐྱོན་གཉིས་གནས་སོ་ཞེ་ན། སྐྱོན་དང་པོ་མེད་དེ་རྒྱལ་བ་རྣམས་ཀྱིས་ནི་སེམས་ཅན་ལ་འབྲེལ་བ་གསུམ་གྱི་ཡུལ་དུ་བྱས་པས་གཟིགས་ཏེ། ཆོས་དང་ཆོས་ཅན་རང་བཞིན་གྱིས་འབྲེལ། ཡུལ་དང་ཡུལ་ཅན་ཐ་མི་དད་པར་འབྲེལ། ལས་དང་ཐུགས་རྗེས་ཡོངས་སུ་བཟུང་བར་འབྲེལ་བས་ཐུགས་རྗེའི་འབྲེལ་པས་ཡོངས་སུ་བཟུང་བའི་ཕྱིར་ཏེ། འདི་ཉིད་ལས། ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་བཤད་པའི་ཕྱིར། སྐྱོན་གཉིས་པ་མེད་དེ། སེམས་ཅན་རྣམས་ཀྱིས་སངས་རྒྱས་དངོས་གནས་མི་མཐོང་བ་ནི། སེམས་ཅན་རྣམས་ཀྱི་སྒོ་ནས་འབྲེལ་པའི་ཡུལ་དུ་མ་བྱས་པས་དངོས་གནས་ཇི་ལྟ་བ་བཞིན་མི་མཐོང་ཡང་། རང་རང་གི་ལས་ཉོན་དག་ཚབ་ཆེ་ཆུང་ལ་ལྟོས་ནས་རང་རང་གི་ལས་འཕྲོའི་མོས་པ་དང་མཚམས་པ་སོ་སོར་སྣང་སྟེ། འདི་ཉིད་ལས། དེ་བཞིན་ཉིད་ཀྱི་མ་བཅོས་ཀྱང་། །ལས་འཕྲོའི་དབང་གིས་སོ་སོར་སྣང་། །ཞེས་དང་། མཐུན་པའི་ཡེ་ཤེས་རང་སྣང་ངོ་། །ཞེས་བཤད་པའི་ཕྱིར་རོ། །འོ་ན་དུད་འགྲོ་དང་ཡི་དྭགས་ཕལ་པ་དག་གིས་དེ་བས་ཆེས་བསོད་ནམས་ཀྱི་འཕགས་པའི་མི་རྣམས་དང་། སྤྱོད་ཡུལ་གཅིག་ཏུ་མ་སྤྱད་ཀྱང་མི་རྣམས་ཀྱི་མཐོང་བ་བཞིན་དུ། རྒྱལ་བ་རྣམས་དང་ཡེ་ཤེས་མི་མཐུན་པར་མ་གྱུར་ཀྱང་མཐོང་དུ་ཅིས་མི་རུང་ཞེ་ན། ལན་དུ། དེ་འདྲའི་དཔེ་དོན་མི་མཚུངས་ཏེ། །འགྲོ་བ་དེ་ཉིད་ཀྱིས་མིའི་གཟུགས་མཐོང་ཡང་མཚན་ཉིད་ཉམས་སུ་མྱོང་བའི་སྒོ་ནས་མི་མཐོང་བའི་ཕྱིར་དང་། སངས་རྒྱས་ཀྱི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པས་དག་པའི་སེམས་ཅན་རྣམས་ཀྱིས་ཀྱང་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཕྲིན་ལས་སངས་རྒྱས་ཡེ་ཤེས་ཏེ། །དག་པའི་སེམས་ཅན་རྣམས་ཀྱིས་བསམ་བྱ་མིན། །ཞེས་དང་། འཇུག་པ་ལས། བློ་མིག་དག་པའི་འཕགས་མཆོག་གིས་ཀྱང་ཐམས་ཅད་མཐོང་མ་ལགས། །ཞེས་བཤད་པས་སོ། །དྲི་བ་གཉིས་པ་གདུལ་བྱའི་མཐོང་སྣང་ཡིན་ཟེར་ན། ལེའུ་དང་པོའི་སྟོན་འཁོར་གྱི་རྣམ་པར་སྣང་བ་འདི་རྣམས་ཆོས་ཅན། གང་ཟག་གཅིག་གི་ཕུང་ཁམས་སྐྱེ་མཆེད་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་རྣམ་པར་དག་པའི་མཐར་ཐུག་འབྲས་བུ་མ་ཡིན་པར་ཐལ། མཐར་ཐུག་གི་འབྲས་བུ་དེ་བློའི་ཡུལ་དུ་བཟུང་བྱར་མ་གྲུབ་པའི་ཞལ་ཕྱག་མཚན་མའི་སྤྲོས་པ་དང་བྲལ་བ་གཅིག་ཏུ་ཁས་ལེན་དགོས་པའི་ཕྱིར་ཏེ། ཐུན་མོང་གི་ལུང་ལས་ཀྱང་། དོན་དམ་བློ་ཡིས་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་བརྗོད། །ཅེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། མཐར་ཐུག་གི་འབྲས་བུ་ཡིན་པར་ཐལ། སྐབས་འདིར་དེ་ལས་ལྷག་པའི་འབྲས་བུ་བཞག་ཏུ་མེད་པའི་ཕྱིར་ཏེ། འདི་ཉིད་ལས། འབྲས་བུ་རྒྱལ་བ་སྨིན་གྲུབ་ངོ་མཚར་མིང་ཚོགས་བཞི་བཅུ་གཉིས། །ཞེས་དང་། རྒྱས་པ་ལས། དོན་བསྡུས་གསུང་རབ་བཞི་བཅུ་གཉིས། །དེ་ལས་ལྷག་པའི་དོན་སྨྲ་བ། །དེ་ནི་རྣམ་དག་ལམ་མིན་ཏེ། །རང་བློས་བསམ་པ་འཁྲུལ་པ་ཡིན། །ཞེས་གསུངས་པའི་ཕྱིར། ཡང་གོང་དུ་མ་ཁྱབ་པའི་ལན། བཞི་བཅུ་རྩ་གཉིས་པོ་དེ་མཐར་ཐུག་གི་འབྲས་བུ་ཡིན་ཟེར་ན། དཔེ་ཆོས་ཅན། གདུལ་བྱའི་མཐོང་ཡུལ་གྱི་སྐུ་ཡིན་པར་ཐལ། ས་མཐའི་སེམས་དཔའ་ལ་སྣང་བའི་སྐུ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། གདུལ་བྱ་ལ་སྣང་བའི་སྐུ་མིན་པར་ཐལ། སངས་རྒྱས་རང་སྣང་གི་ཡེ་ཤེས་ཀྱི་རྩལ་སྣང་ལས་གྲུབ་པའི་སྐུ་ཡིན་པའི་ཕྱིར་ཏེ། ལེའུའི་བསྡུ་བ་ལས། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དབང་བསྒྱུར་ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་དང་། །རང་སྣང་བར་ཉིད་ཏིང་འཛིན་གཟུགས་བརྙན་སྒྱུ་མ་རྣམ་དག་གསལ་བ་ཡི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་སེལ་མེད་པ་ཡི་ཡོན་ཏན་ཡིད་བཞིན་རིན་པོ་ཆེ། །མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོ་རྡོ་རྗེ་མཆོག་གི་གནས་ཉིད་དུའོ། །ཞེས་བཤད་པའི་ཕྱིར། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་སེལ་མེད་ཅེས་པ་ནི། གདུལ་བྱའི་བློའི་སེལ་སླད་མེད་པར་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཡིན་པའི་དོན་ཡིན་པའི་ཕྱིར་རོ། །ཡང་གོང་དུ་མ་ཁྱབ་པའི་ལན་དངོས་འགལ་ལ་སོང་མོད་ཀྱང་། དེ་དག་གི་ཚེ་ན་ཐུབ་པ་དྲུག་ཀྱང་གདུལ་བྱ་ལ་དངོས་སུ་མི་སྣང་བར་ཐལ། ཐུབ་དྲུག་མ་དྲངས་པར་བཞི་བཅུ་རྩ་གཉིས་མི་ཚང་བའི་ཕྱིར། དེ་དག་གི་རྣལ་མའི་ལན་གོ་དོན་ལམ་བཞག་གི་དབང་དུ་བྱས་ན། ལེའུ་དང་པོའི་སྟོན་འཁོར་གྱི་རྣམ་པར་སྣང་བ་འདི་དག་སངས་རྒྱས་དངོས་མ་ཡིན་ཀྱང་། སངས་རྒྱས་ཀྱི་སྤྲུལ་པའམ། གདུལ་བྱ་བློ་དག་པའི་བློའི་མེ་ལོང་ལ་ཤར་བའི་སངས་རྒྱས་ཀྱི་གཟུགས་བརྙན་ཡིན་པར་གོ་སྟེ། རྒྱུ་མཚན་སྒྱུ་འཕྲུལ་རྡོ་རྗེ་ལས། རྡོ་རྗེ་བཙན་པོ་དམ་ཚིག་མཆོག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཆེ། །འགྲོ་བ་ཀུན་ལ་རབ་སྣང་བའོ། །ཞེས་དང་། རྒྱུད་བླ་མ་ལས་ཀྱང་། ཇི་ལྟར་བཻཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་བཤད་པའི་ཕྱིར་རོ། །དངོས་ཡིན་པ་ལ་གནོད་བྱེད་ཡོད་དེ། བཻ་ཌཱུརྻའི་ས་གཞི་ལ་སྣང་བའི་བརྒྱ་བྱིན་གཟུགས་བརྙན་བརྒྱ་བྱིན་དངོས་མ་ཡིན་པ་དང་། སངས་རྒྱས་ཀྱི་གཟུགས་བརྙན་སངས་རྒྱས་དངོས་མ་ཡིན་པའི་ཕྱིར་ཏེ། གོང་དུ་ལུང་དྲངས་པ་རྣམས་དང་། འདིར་ཡང་ཤེར་ཕྱིན་སུམ་བརྒྱ་པ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོགས་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་བལྟ། །ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་དང་། སྡོང་པོ་བཀོད་པ་ལས། ཇི་ལྟར་མཚན་ཉིད་སྣ་ཚོགས་པ། །ཞེས་སོགས་གསུངས་པའི་ཕྱིར་རོ། །བཞི་བཅུ་རྩ་གཉིས་མཐར་ཐུག་གི་འབྲས་བུ་ཡིན་མོད། དེ་མཐོང་དུ་མི་རུང་ན། གཞན་སྣང་གཟུགས་སྐུ་གཉིས་ཀྱང་མཐར་ཐུག་འབྲས་བུ་མ་ཡིན་པར་ཁས་ལེན་དགོས་ཧ་ཅང་ཐལ་ལོ། །གསུམ་པ་དོན་ཡང་ཁེགས། དྲི་བ་གཉིས་པ་མཚན་དཔེའི་དོགས་སློང་ནི། ཡེ་ཤེས་བཅུ་དྲུག་གི་རྩལ་སེམས་དཔའ་བཅུ་དྲུག་ཏུ་བཅད་པས། ལེའུ་གཉིས་པར། སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ཅེས་གསུངས་པས། མ་དག་པའི་དུས་ཀྱི་ཁམས་བཅོ་བརྒྱད་ཀྱང་སྐྱེས་བུ་གཅིག་ལ་རྫོགས་ཡོང་བ་ལྟར། སངས་རྒྱས་པའི་གནས་སྐབས་སུ་ཡང་སྟོན་པའི་ཡོན་ཏན་གྱི་བྱེ་བྲག་འཁོར་གྱི་ཚུལ་དུ་བཤད་པའི་ཕྱིར་ཕྱི་སེམས་ཡབ་ཡུམ་བཞི་དང་། ནང་སེམས་ཡབ་ཡུམ་བཞི་སྟེ་བཅུ་དྲུག་བྱུང་ཞིང་། ལྷག་མ་བཅུ་དྲུག་པོ་བརྩི་ཚུལ་ཇི་ལྟར་ཡིན་དང་། འདིར་ནང་སེམས་ཡབ་བཞི་རྣམ་ཤེས་དང་། ཕྱི་སེམས་ཡབ་བཞི་དབང་པོ་དང་བྲང་སྤྲད་སྟེ་བཤད་པ་དང་། ཞི་བ་གནས་དག་གི་སྐབས་སུ། རྣམ་ཤེས་ཚོགས་བརྒྱད་གནས་དག་པ། །སེམས་དཔའ་བརྒྱད་ཀྱི་ཐུགས་དམ་བསྐང་། །རྣམ་ཤེས་ཡུལ་བརྒྱད་གནས་དག་པ། །སེམས་མ་བརྒྱད་ཀྱི་ཐུགས་དམ་བསྐང་། །ཞེས་པས་ལྷ་རྟོག་སྦྱར་ལུང་མི་འདྲ་བ་ཇི་ལྟར་ལགས། ཞེས་པ་ལ། སྟོན་པའི་ཐུགས་ཡེ་ཤེས་ཆེན་པོའི་བདག་ཉིད་དུ་གནས་པ་དེ་ཆོས་ཅན། ཁྱོད་མེ་ལོང་ལྟ་བུ་སོགས་ཡེ་ཤེས་བཞི་པོ་རེ་རེ་ལའང་བཞི་རེར་ཕྱེ་བའི་ཡེ་ཤེས་བཅུ་དྲུག་གི་རྩལ་སེམས་དཔའ་བཅུ་དྲུག །དེའི་ཡུལ་ཆོས་ཀྱི་དབྱིངས་བཅུ་དྲུག་ལས་སེམས་མ་བཅུ་དྲུག་སྟེ་མཚན་སོ་གཉིས་སུ་བཞག་པ་མ་ཡིན་པར་ཐལ། སེམས་དཔའ་བཅུ་དྲུག་པོར་ཡེ་ཤེས་ལྔའི་རྟགས་རིགས་ལྔས་དབུ་བརྒྱན་པའི་ལྷ་བརྒྱད་ཅུ་ནི་དཔེ་བྱད་བརྒྱད་ཅུར་འཆད་པ་མི་རིགས་པའི་ཕྱིར། འདོད་ན། སྤྱི་མདོ་ལས། མཚན་གྱི་མེ་ཏོག་ལ་དཔེ་བྱད་ཀྱི་འབྲས་བུ་སྤྲས་པའི་ཕྱིར། སྲས་ཀྱི་ཚོགས་ཀྱིས་ཀུན་ནས་བརྒྱན་པའོ། །ཞེས་བཤད་པ་དང་འགལ་བའི་ཕྱིར་རོ། །རྣལ་ལན་ཕྱི་ནང་གི་སེམས་མ་བཅུ་དྲུག་ནི། རྒྱུ་སྐལ་བཟང་གི་སེམས་དཔའ་སེམས་མ་དང་སྦྱར་ནས་བཤད་པ་ཡིན་ལ། མཚན་དཔེའི་སྐབས་འདིར་འབྲས་བུ་དཔེ་བྲལ་གྱི་སེམས་དཔའ་ཡབ་བཅུ་དྲུག་དང་ཡུམ་བཅུ་དྲུག་པོ་མཚན་དང་། ཡུམ་བཅུ་དྲུག་པོ་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་ཡིན་པས་དབུ་བརྒྱན་མེད་ཅིང་། ཡབ་བཅུ་དྲུག་པོར་ཡེ་ཤེས་ལྔའི་རྟགས་ཀྱི་དབུ་བརྒྱན་གྱི་ལྷ་ལྔ་རེ་བསྡོམས་པ་བརྒྱད་ཅུ་དཔེ་བྱད་དུ་བཞེད་པའོ། །གནས་དག་གནས་བསྒྱུར་གྱི་སྐབས་སུ་ནི་སྤྱིར་བཏང་ཡུལ་ཡུལ་ཅན་གཙོ་ཆེ་བ་བྱས་པས་འདྲ་བར་སེམས་ཏེ་དེ་ལྟར་མིན་ན། ཡིད་ཤེས་སྟོན་པ་ཀུན་བཟང་སུ་དག་སྦྱོར་གཅིག་དང་། ཚོགས་བརྒྱད་ཀྱི་སྐབས་སུ་སེམས་དཔའ་བརྒྱད་ཀྱི་ནང་ཚན་དུ་དག་སྦྱོར་བྱུང་བ་ཟློས་སྐྱོན་གནས་ཤིང་། ཤེས་པ་གཅིག་ཕྲ་རགས་ཀྱི་གནས་སྐབས་ཕྱེ་བས་ཚོགས་བརྒྱད་བྱུང་ཞིང་། དེའི་ཆ་རྣམས་དག་སྦྱོར་བྱས་པ་སེམས་དཔའ་བརྒྱད་དང་། ཡིད་ནི་ཆོས་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པས་བྱེད་ལས་སྒོ་ནས་སྟོན་པ་ཀུན་བཟང་དུ་དག་སྦྱོར་འཐད་དེ། མདོ་ལས། ཡིད་གཙོ་ཡིད་ནི་མགྱོགས་པར་འགྲོ་བ་སྟེ། །ཆོས་རྣམས་ཀུན་གྱི་སྣ་ལ་ཡིད་འགྲོའོ། །ཞེས་བཤད་པའོ། །ནང་གི་མཚན་དཔེའི་སྐབས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། ལྟེ་བའི་རྩ་འདབ་རེ་བཞི་ལས་སྟོང་པའི་རྩ་བཞི་ཕྲི་བའི་དྲུག་ཅུ། མགྲིན་པའི་བཅུ་དྲུག །སྙིང་གའི་རྩ་ཆེན་བཞི་སྟེ་བརྒྱད་ཅུ་ནི་དཔེ་བྱད་བཟང་པོ་བརྒྱད་བཅུར་བཤད་པ། དེ་ཆོས་ཅན། ཁྱོད་ནང་གི་སྟོང་པའི་མཚན་དཔེ་མ་ཡིན་པར་ཐལ། ཁྱོད་རྩ་འཁོར་གྱི་རྣམ་པར་འདུག་པའི་ཕྱིར། འདོད་ན། ཐལ་རྒྱུད་ལས། སྒྲ་དབྱངས་གསུང་གི་གནས་གཞི་ཡི། །དབྱེ་བས་གསུམ་གསུམ་ངེས་གཉིས་དང་། །བཞི་བཅུ་གཉིས་སུ་གྱུར་པ་ཡིན། །ཞེས་གསུངས་པ་འགལ་བའི་ཕྱིར་རོ། །གསང་བའི་མཚན་དཔེ་ཆོས་ཅན། ཁྱོད་སྟོན་པ་ཡབ་ཡུམ་གཉིས་རོལ་བའི་དུས་ཀྱི་དགའ་བ་ལ་འཇོག་པ་མ་ཡིན་པར་ཐལ། ཁྱོད་ཡབ་ཡུམ་གཉིས་ཀྱི་དགའ་བ་བཅུ་དྲུག་བཅུ་དྲུག་ནི་མཚན་སོ་གཉིས་དང་། ཡབ་ཀྱི་དགའ་བ་རེ་རེ་ལའང་ཡེ་ཤེས་ལྔ་ལྔའི་རེ་དང་ལྡན་པ་ནི་དཔེ་བྱད་བརྒྱད་ཅུར་འཇོག་པ་མ་ཡིན་པའི་ཕྱིར། འདོད་ན་རྒྱ་མཚོ་ལས། ཨ་ལི་ཀཱ་ལི་བདེ་བ་ཉིད། །ཕན་ཚུན་མ་འདྲེས་གཅིག་པར་ཤེས། །བཅུ་དྲུག་ངོས་གཉིས་མཚན་དང་ལྡན། །ཕྱོགས་གཅིག་ཡེ་ཤེས་ལྔ་ལྡན་པ། །བརྒྱད་ཅུའོ་བཟོད་སོགས་རྒྱུ་ལས་འཕགས། །ཞེས་གསུངས་པ་དང་འགལ་ལོ། །ཁོ་ན་རེ། ནང་དང་གསང་བའི་མཚན་དཔེ་ཆོས་ཅན། ཁྱོད་མཛེས་བྱེད་ཀྱི་རྒྱན་མ་ཡིན་པར་ཐལ། ཁྱོད་རྩ་ཁམས་ཀྱི་རང་བཞིན་དུ་འདུག་པའི་ཕྱིར་ཟེར་ན། རྩ་ཁམས་རྣམ་པར་དག་པའི་ཆོས་ཅན། ཁྱོད་རྒྱན་གྱི་ནང་ནས་མཛེས་བྱེད་མཆོག་ཏུ་གྱུར་པ་ཡིན་པར་ཐལ། ཁྱོད་བདེ་བ་ཆེན་པོའི་རང་བཞིན་དུ་རོ་སྙོམས་པའི་ཡེ་ཤེས་ཆེན་པོའི་རྒྱན་དུ་གནས་པའི་ཕྱིར། སྟོན་པ་ཆོས་ཅན། ཁྱོད་ཡེ་ཤེས་ཀྱི་སྐུ་ཅན་མ་ཡིན་པར་ཐལ། ཁྱོད་རྩ་རླུང་ཐིག་ལེ་ལྡན་པའི་སྐུ་ཡིན་པའི་ཕྱིར། འདོད་ན་དེ་ཆོས་ཅན། དེ་ཡིན་པར་ཐལ། ཁྱོད་འཚང་རྒྱ་བའི་ཚེ་རྩ་རླུང་ཐིག་ལེ་རྣམས་ཆོས་ཉིད་ཀྱི་ཀློང་དུ་གྲོལ་ནས་སངས་རྒྱས་པ་མ་ཡིན་པར་ཐལ། ཁྱེད་རྩ་རླུང་ཐིག་ལེ་དང་ལྡན་པའི་སྐུ་ཡིན་པའི་ཕྱིར། འདོད་ན་དེ་ཆོས་ཅན། དེ་ཡིན་པ་ཐལ། རྩ་དག་པས་སྐུ་རྡོ་རྗེ། རླུང་དག་པས་གསུང་རྡོ་རྗེ། ཐིག་ལེ་སྟེ་རྡུལ་དག་པས་ཐུགས་རྡོ་རྗེ་ཐོབ་པའི་ཕྱིར། ཡང་སྟོན་པ་ཆོས་ཅན། ཁྱོད་ཡེ་ཤེས་ཀྱི་སྐུ་ཅན་ཡིན་པར་ཐལ། ཁྱོད་སྐུ་མདུན་དང་རྒྱབ་མེད་པ་ཐམས་ཅད་ཞལ་གྱི་དཀྱིལ་འཁོར་ཐལ་ལེ་བར་སྣང་བའི་སྐུ་ཡིན་པའི་ཕྱིར་ཏེ། ཡེ་ཤེས་ཉིད་གདུལ་བྱའི་སྣང་ངོར་དབྱིབས་དང་ཁ་དོག་ཏུ་རང་སྣང་བའི་ཕྱིར་ཏེ། འདི་ཉིད་ལས། ཡེ་ཤེས་ལ་ནི་ཡེ་ཤེས་རོལ། །ཡེ་ཤེས་རོལ་པ་ཉིད་ཀྱི་གསོབ། །རྒྱལ་བ་མངོན་བྱུང་བསྐྱབ་པ་དང་། །བྱིན་རླབས་སྟོན་པ་དེ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། ཡང་གསང་བའི་མཚན་དཔེའི་སྐབས། ཡུམ་གྱི་དགའ་བ་བཅུ་དྲུག་པོ་དེ་ཆོས་ཅན། ཁྱོད་ཡབ་ལ་ཡོད་པའི་ཆོས་ཡིན་པར་ཐལ། ཁྱོད་ཡབ་ཀྱི་སྐུ་ལ་བརྟན་པའི་མཚན་དུ་དྲངས་འདུག་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཡུམ་ལ་ལྡན་པའི་ཆོས་ཡིན་པའི་ཕྱིར། ཡང་། ཐུན་མོང་མ་ཡིན་པའི་མཚན་དཔེ་ཞེས། སྟོན་པ་དང་འཆད་པའི་སྐྱེས་བུ་ལྔ་ཁོ་ན་ལ་ལྡན་པའི་ཁྱད་ཆོས་སུ་བཞག་འདུག་པར། དེ་ལྟར་ན་ཀུན་ཏུ་བཟང་མོ་དང་འཁོར་གཞན་རྣམས་ལའང་མཚན་དཔེ་མི་ལྡན་པར་ཐལ། ཐུན་མིན་གྱི་མཚན་དཔེ་དེ་སྟོན་པ་དང་འཆད་པའི་སྐྱེས་བུ་གཉིས་ཀྱི་ཁྱོད་ཆོས་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བཞི་བཅུ་རྩ་གཉིས་པོ་འདི་རྣམས་གང་ཟག་གཅིག་སངས་རྒྱས་པའི་ཡོན་ཏན་གྱི་རྩལ་སྣང་ལྷར་བཞག་པ་མ་ཡིན་པར་ཐལ། ལྷ་དེ་དག་ལ་མཚན་དཔེའི་ཡོན་ཏན་ཡོད་མོད་ཀྱི། བཟང་ངན་ཅན་དུ་གནས་པའི་ཕྱིར། འདོད་མི་ནུས་ཏེ། རྒྱས་པ་ལས། དོན་བསྡུས་གསུང་རབ་བཞི་བཅུ་གཉིས། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་། གཞི་གནས་ལུགས་འཆད་པའི་སྐབས་འདིར་སེམས་ཅན་ཡིན་ན། མཚན་དཔེ་དང་ལྡན་པས་ཁྱབ་པ་གཅིག་ཁས་ལེན་དགོས་ཏེ། ཐུན་མོང་གི་ལུང་མདོག་མྱང་འདས་ལས་ཀྱང་། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཡོད་དེ། དཔེ་བྱད་བཟང་པོ་བརྒྱད་དུ་ཡོད་དོ། །སྟོབས་བཅུ་ཡོད་དོ། །མི་འཇིགས་པ་བཞི་ཡོད་དོ། །ཞེས་སོགས་བཤད་པའི་ཕྱིར་རྣལ་མའི་ལན། སྟོན་པ་ཡབ་ཡུམ་གཉིས་པོ་ཡ་མི་འབྲལ་ཏེ། གཅིག་གི་ཡོན་ཏན་གཅིག་ལ་ཡོད་པར་ཁས་ལེན། བཞི་བཅུ་རྩ་གཉིས་པོ་ཐམས་ཅད་ལ་ངོ་བོའི་སྒོ་ནས་བཟང་ངན་མེད་ཀྱང་། གདུལ་བྱར་སྣང་བའི་ཆ་ནས་ཐུན་མིན་གྱི་མཚན་དཔེ་ལྡན་མི་ལྡན་གནས་སྐབས་ཀྱི་སྣང་ཆ་གཙོ་ཆེ་ཆུང་ལ་ལྟོས་ན་བཞག་པར་མངོན། ཡེ་ཤེས་ཀྱི་སྐུ་གདུལ་བྱས་མི་མཐོང་ན་ཧ་ཅང་ཐལ་ཞིང་། སློབ་དཔོན་པདྨ་སོགས་དང་ས་གནས་ཀྱི་སེམས་དཔའ་ཐ་དག་ཡེ་ཤེས་ཀྱི་སྐུ་ཅན་ཡིན་ཏེ། རང་ལུས་གདོད་ནས་ཕྱག་རྒྱ་ཆེ། །སྒོམ་པས་མངོན་དུ་གྱུར་པའི་ལྷ། །ཞེས་སོགས་རྒྱ་ཆེར་བཤད་པས་སོ། །རྩ་རླུང་ཐིག་ལེ་ལ་སྤུ་རིས་འབྱེད་དེ། གདོད་ནས་གྲུབ་པའི་རྩ་རླུང་ཐིག་ལེ་ཡེ་ཇི་བཞིན་པའི་རིགས་ལྔར་བཤད་པའི་ཕྱིར་རོ། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་པ་འདི་སྟོན་པས་གསུངས་སམ། སྡུད་པ་པོས་བརྩམས་པའི་ཚིག་གང་ཡིན་ཞེས་པ་ལ། སྟོན་པས་སྟོན་པ་ལ་ཕྱག་འཚལ་བ་དགོས་མེད་དུ་ཐལ། དེ་ལྟར་བཙལ་བ་ཐུག་མེད་དུ་འགྱུར་བའི་ཕྱིར། གཉིས་པ་ལྟར་ན་གསང་བདག་ལག་ན་རྡོ་རྗེ་དེ་ཆོས་ཅན། ཁྱོད་སྟོན་པ་དང་དགོངས་པ་དབྱེར་མེད་མ་ཡིན་པར་ཐལ། བཤད་ཅེས་པ་དེ་སྟོན་འཁོར་དགོངས་པ་དབྱེར་མེད་ཀྱི་ཕྱོགས་ནས་བཞག་པའི་ཐུགས་ངེས་ཀྱི་གླེང་གཞི་ལས་ཁྱད་པར་འཕགས་པའི་འཕགས་ཆོས་སུ་བཤད་པའི་ཕྱིར་ཏེ། བརྟག་གཉིས་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པའང་ང་། །ཞེས་གསུངས་པའི་ཕྱིར། འདོད་ན། རྒྱུད་འདིས་གླེང་གཞི་མ་ཚང་བར་ཐལ། འདི་སྐད་བཤད་པ་ཞེས་པའི་གླེང་གཞི་དེ་སྟོན་པའི་གསུངས་གང་ཞིག །གླེང་གཞི་སྟོན་པས་དངོས་སུ་མ་གསུངས་པའི་ཕྱིར་ཏེ། ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་པ་ལས། བཀའ་ཐམས་ཅད་མགོ་བོར་གླེང་གཞི་དང་། སྒབ་ཏུ་མངོན་པར་བསྟོད་པ་ཆུག་ལ་བཀའ་ཡང་དག་པའི་དོན་དང་མི་འགལ་བར་སྒྲོགས་ཤིག །ཅེས་བཤད་པའི་ཕྱིར། ཡང་བསམ་གྱིས་མི་ཁྱབ་པ་ཐམས་ཅད་སྐུ་གསུང་ཐུགས་སུ་སྣང་བ་ཞེས་པའི་རྗེས་སུ། ཐབས་ཤེས་རབ་ཀྱི་ཞབས་གཉིས། ཞེས་བཤད་པས། སྐུ་གསུང་ཐུགས་སྣ་ཚོགས་ལ་ཞབས་གཉིས་ལས་མེད་པར་ཐལ། དེ་ལྟར་བཤད་པའི་ཕྱིར། ཡང་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ་ཞེས་པས་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་ལ་དབུ་གསུམ་ལས་མེད་པར་ཐལ། དེ་ལྟར་བཤད་འདུག་པའི་ཕྱིར་ཡང་། རྒྱ་ཕྱོགས་བཅུ་ཡོངས་སུ་མ་ཆད་པ་ཞེས་པ་དང་། གྲུ་བཞིར་གྱུར་པ་ཞེས་པ་འགལ་ཏེ། རྒྱ་མ་ཆད་ན་གྲུ་བཞིར་སྣང་བ་མི་འཐད་དེ། གྲུ་བཞིར་སྣང་བ་སྟེ་ནམ་མཁའ་གོ་ཕྱེ་ནས་གྲུ་བཞིར་སྣང་བ་ཡིན་པའི་ཕྱིར། ཕྱི་དང་ནང་མེད་པ་ཞེས་པ་དང་། ཀུན་ཏུ་ཡང་ནང་དུ་གྱུར་པ་ཞེས་བཤད་པ་འགལ་ཏེ། ཀུན་ཏུ་ནང་དུ་གྱུར་པ་ཡིན་ན་ཕྱི་ནང་ཡོད་པ་ཡིན་པའི་ཕྱིར། ཡང་གདན་གྱི་སྐབས་སུ་དབུས་སུ་སེང་གེ། ཤར་དུ་གླང་པོ། ལྷོར་རྟ་མཆོག །ནུབ་ཏུ་རྨ་བྱ། བྱང་དུ་ཤང་ཤང་སྟེ་སྲོག་ཆགས་རེ་རེ་ཡང་བརྒྱད་བརྒྱད་དུ་གནས་ནས་ཁྲི་རྐང་འདོགས་པ་མ་ཡིན་པར་ཐལ། ཁྲི་རེ་རེ་ལ་སྲོག་ཆགས་ལྔ་ཀ་མ་ཚང་བའི་ཕྱིར། དེ་ལྟར་མ་ཚང་དགོས་ཏེ་རྟགས་སྲོག་ཆགས་ལྔ་པོ་ཁྲིར་སྣང་བ་དོན་མི་འཇིགས་པ་བཞི་སྟོབས་བཅུ། རྫུ་འཕྲུལ་རྐང་བཞི་དབང་བཅུ། ཕྲིན་ལས་བཞི་རྣམས་ཐུགས་སུ་ཆུད་པའི་དོན་རྟགས་ཁྲི་རྐང་འདེགས་པའི་རྣམ་པར་ཤར་བས་ཏེ། དབང་བསྐུར་རྒྱལ་པོའི་རྒྱུད་ལས། ཐུགས་ནི་མི་འཇིགས་བཞི་ཡིས་བདུད་བཞི་འཇོམས། །ཞེས་སོགས་གསུངས་པའི་ཕྱིར། ཡང་ཁ་ཅིག་གིས། གདན་གྱི་སྲོག་ཆགས་ལྔ་པོ་འདི་རྒྱུད་མས་སྦྱངས་ཡིན་པ་མི་འགལ་ཏེ། སྨོན་ལམ་གུས་པའི་གདན་བྱང་ཆུབ་སེམས་དཔའ་ལུས་གདན་དུ་ཕུལ་ནས་ཉོན་མོངས་པའི་སྒྲིབ་པ་སྦྱོང་བའི་ཕྱིར། རྣ་བས་ཆོས་ཉན་ནས་ཤེས་བྱའི་སྒྲིབ་པ་སྦྱོང་ཟེར་བ་ཡང་མི་འཐད་དེ། གདན་གྱི་སྲོག་ཆགས་ཀྱི་རྣམ་པར་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཆོས་ཅན། ཁྱོད་ཉོན་སྒྲིབ་སྦྱངས་ཟིན་པའི་གང་ཟག་མ་ཡིན་པར་ཐལ། སངས་རྒྱས་ཀྱི་ཞིང་དུ་ཡང་ལུས་གདན་དུ་ཕུལ་ནས་ཉོན་སྒྲིབ་སྦྱོང་བའི་ཕྱིར་འདོད་ན། དེ་འདྲའི་བྱང་སེམས་ཆོས་ཅན། ཁྱོད་ཉོན་སྒྲིབ་ཟད་པར་སྤངས་པའི་གང་ཟག་ཡིན་པར་ཐལ། ཁྱོད་སངས་རྒྱས་ཀྱི་ཞིང་དུ་གནས་པའི་གང་ཟག་ཡིན་པའི་ཕྱིར། དེ་ལྟར་ཡང་གསེར་འོད་དམ་པ་ལས། ཉོན་མོངས་པའི་སྒྲིབ་པ་དག་ནས་སངས་རྒྱས་སྤྲུལ་པའི་སྐུའི་ཞལ་མཐོང་ངོ་། །ཤེས་བྱའི་སྒྲིབ་པ་དག་ནས་ལོངས་སྤྱོད་རྫོགས་པའི་སྐུའི་ཞལ་མཐོང་ངོ་། །སྙོམས་འཇུག་གི་སྒྲིབ་པ་དག་ནས་སངས་རྒྱས་ཆོས་ཀྱི་སྐུའི་ཞལ་མཐོང་ངོ་། །ཞེས་གསུངས་པའི་ཕྱིར་དང་ཐུན་མོང་གི་ཐེག་པའི་སྐབས་སུ་ཡང་། ཉོན་སྒྲིབ་ནི་ས་དང་པོ་ཐོབ་པ་དང་དུས་མཉམ་དུ་སྤང་བར་བཤད་པའི་ཕྱིར་རོ། །ཡང་། རྒྱུད་འདི་སྟོན་པས་བསྡུས་སམ་འཁོར་གྱིས་བསྡུས། དེ་གཉིས་ཀས་བསྡུས་སམ། དང་པོ་ལྟར་ན་འདིའི་སྡུད་པ་པོ་དེ་ཆོས་ཅན། སྟོན་པ་མ་ཡིན་པར་ཐལ། འཁོར་གྱི་ནང་ནས་སྐལ་བ་དང་ལྡན་པའི་གསང་བདག་ལག་ན་རྡོ་རྗེ་དེ་ཡིན་པའི་ཕྱིར་ཏེ། རྒྱ་མཚོ་ལས། འཁོར་གྱི་ནང་ན་སྐལ་ལྡན་མཆོག །འདུལ་བའི་དུས་བབས་གསང་བའི་བདག །ལག་ན་རྡོ་རྗེས་བསྡུ་བ་མཛད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་ལྟར་ན། སྟོན་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་འདི་མིང་ཚིག་ཏུ་བསྡུས་པར་ཐལ། དེ་ལྟར་བསྡུས་ནས་གཏན་ལ་ཕབས་པའི་ཕྱིར། འདོད་ན། སྟོན་པ་ཆོས་ཅན། ཁྱོད་ཀྱི་མིང་ཚིག་སྒྲར་སྣང་བའི་ཆེས་གསུང་པ་ཡོད་པར་ཐལ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་མིང་ཚིག་སྒྲར་སྣང་བའི་སྒོ་ནས་གསུངས་པའི་ཕྱིར་ཏེ། འདི་ཉིད་ལས། མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུའི་གཉེན་པོར་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྟོན་པས་སྒྲ་དང་མིང་ཚིག་ཏུ་སྣང་བའི་ཆོས་འབྲུ་གཅིག་ཀྱང་གསུངས་པ་མེད་དེ། འདི་ཉིད་ལས། སྒྲ་དང་མིང་ཚིག་ཀུན་ལས་འདས། །ཞེས་དང་། དཔེར་ན་བྲག་ཆའི་སྒྲ་བཞིན་ནོ། །ཞེས་དང་། ཐུན་མོང་གི་ལུང་ལས་ཀྱང་། ང་མངོན་པར་རྫོགས་སངས་རྒྱས་པ་གང་གི་ནུབ་མོ་ནས་མྱ་ངན་ལས་འདའ་བའི་བར་ཚིག་དང་ཡི་གེར་སྣང་བ་འབྲུ་གཅིག་ཀྱང་མ་གསུངས་སོ། །ཞེས་བཤད་པའི་ཕྱིར་རོ། །ཡང་སྟོན་པས་མ་གསུངས་སོ་ཞེ་ན། སྟོན་པ་ཆོས་ཅན། ཁྱོད་ཀྱི་གསུངས་པར་ཐལ། ཁྱེད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུངས་ནས་གསུངས་པའི་ཕྱིར་ཏེ། དེ་བཞིན་གཤེགས་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཞེས་བཤད་པའི་ཕྱིར། རྣལ་མའི་ལན། སྟོན་པས་མིང་ཚིག་ཡི་གེར་སྣང་བའི་ཆོས་མ་གསུངས་ཀྱང་། དཔེར་ན་བྲག་ཆའི་ངོས་ནས་སྒྲ་མ་བརྗོད་ཀྱང་སྐྱེས་བུའི་ཇི་ལྟར་སྨྲས་པའི་བྲག་ཆའི་སྒྲ་ལན་དུ་བྱུང་བ་ལྟར་སངས་རྒྱས་དེ་བཞིན་ཉིད་དུ་གནས་པ་ལས་མ་གཡོས་ཀྱང་། གདུལ་བྱའི་སྣང་ངོར་ཐུགས་རྗེ་གསུང་གི་བྱིན་རླབས་སོ་སོའི་བློ་དང་འཚམས་པར་འབྱུང་བ་ཡིན་ཏེ། འདི་ཉིད་ལས། དེ་བཞིན་ཉིད་ཀྱི་གསུངས་པ་མེད། །ཡི་གེ་མེད་དང་རིག་པའི་གསུང་། །ལྗགས་ཀྱི་རྩེ་མོར་མ་ཕྱུངས་ཡང་། །ཐུགས་རྗེ་གསུང་གི་བྱིན་རླབས་ཀྱིས། །འགྲོ་དོན་སྣ་ཚོགས་སོ་སོ་གསལ། །གསལ་ཉིད་གསུང་གི་རྡོ་རྗེའི་མཆོག །དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །དཔེར་ན་བྲག་ཆའི་སྒྲ་བཞིན་ནོ། །ཞེས་གསུངས་པས་སོ། །དྲི་བ་གསུམ་པ་ནི། གང་ཟག་ལ་རང་རྒྱུད་དང་སྤྲུལ་པ་བ་གཉིས་ལས། སྤྱིར་སེམས་ཅན་གྱི་དོན་ལ་བསམ་བཞིན་དུ་སྐྱེ་བ་བཞེས་པ་སྤྲུལ་པ་བ་དང་། རང་གི་རང་མ་རིག་པས་འཁྲུལ་ཏེ་དབང་མེད་དུ་འཁོར་བར་སྐྱེས་པ་ནི་རང་རྒྱུད་པ་ཡིན་འདྲ་ཡང་ཞིབ་ཏུ་ཕྱེ་ན་ཁས་ལེན་ལ་ལྟོས་དགོས་འདྲ་བསམ་པ། ལུང་ལས། ང་ཡི་འདི་ཀུན་ཁྱབ་པ་དེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་དང་། མཁན་ཆེན་བླ་མས། མདོར་ན་གདོད་མའི་སེམས་ལས་འཕྲོས་པའི་ཕྱིར། །སྐྱེ་བ་བཟང་ངན་ཀུན་ཀྱང་དེའི་རྣམ་སྤྲུལ། །རྦ་རླབས་ཆུ་ལས་གཞན་དུ་གཡོས་པ་མེད། །ཞེས་པས། དག་མ་དག་ཐམས་ཅད་ཆོས་ཉིད་ཀྱི་རོལ་རྩལ་ལས་མ་འདས་པའི་ཕྱིར། བླ་མེད་ཀྱི་ཐེག་པ་འདིའི་གྲུབ་མཐར་སེམས་ཅན་ཐམས་ཅད་སྤྲུལ་པ་རབ་ཁས་བླངས་ན་སྐྱོན་ཨེ་ཡོང་ལགས། ཞེས་པ་ལ་གྲུབ་མཐའ་འདིའི་སྐབས་སུ་ཐ་སྙད་སྣང་ལུགས་དང་། དོན་གནས་ལུགས་གཉིས་ལས། དང་པོ་ལྟར་ན། སེམས་ཅན་ཐམས་ཅད་སྤྲུལ་པ་བར་ཁས་བླངས་ན། ཧ་ཅང་ཐལ་ཏེ། སྲིད་པར་སྣང་བའི་སེམས་ཅན་འདི་དག་བདག་འཛིན་གྱི་རྒྱུ་ལས་བྱུང་བའི་ལོག་རྟོག་འཁྲུལ་པར་གནས་པའི་ཕྱིར་ཏེ། འདི་ཉིད་ལས། སྲིད་རྩེའི་ཉེས་དམིགས་བདག་ཏུ་རྟོགས་ལས་འཕྲོས། །ཞེན་དང་ལོག་པར་རྟོག་པ་ཙམ་ཞིག་ལས། །ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། །ཞེས་གསུངས། ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པ་དང་། རང་གཞན་གྱི་དོན་སྒྲུབ་པའི་ལམ་གྱི་རྒྱུར་འགྲོ་བའི་དགེ་ཚོགས་སྒྲུབ་ནུས་ཕན་ཆད་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པར་ཁས་བླངས་པ་ལ་སྐྱོན་མེད་འདྲ་སྟེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་ནས་སྐད་ཅིག་གིས། །འཁོར་བའི་བརྩོན་རར་བསྡམས་པའི་ཉམས་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འགྲོ་བ་ལྷ་མིར་བཅས་པས་ཕྱག་བྱར་གྱུར། །ཞེས་དང་། མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་གསུངས་པའི་ཕྱིར། དོན་གནས་ལུགས་ཀྱི་དབང་དུ་བྱས་ན། འདི་ཉིད་ལས། ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །ཞེས་དང་། བརྟག་གཉིས་ལས། ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་སོགས་གསུངས་པས་མཚོན་ནོ། །སེམས་ཅན་གྱི་ཁམས་ལ་གཟིགས་པ་འཇུག་པའི་ཚུལ་ཡང་། སངས་རྒྱས་རང་གི་ངོ་བོ་ཆོས་ཉིད་དེ་བཞིན་ཉིད་ཀྱི་ཀློང་དུ་གཤེགས་པས། རང་རིག་པ་དེ་ཉིད་ཀྱང་ཤེས་རིགས་ཀྱི་ཆོས་ཀྱི་སྟོང་པས་གདོད་མ་ནས་འོད་གསལ་བའི་ཕྱིར་རང་བྱུང་གི་ཡེ་ཤེས་ཞེས་བྱ་ཞིང་། དེ་ཉིད་ཡོངས་སུ་དག་པའི་ཞིང་ཁམས་ན་སྐུ་དང་ཡེ་ཤེས་ཀྱི་བཀོད་པ་སྣ་ཚོགས་པར་སྣང་སྟེ། འདི་ཉིད་ལས། རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་སོ། །སྣང་ལུགས་སེམས་ཅན་ནས་གཞལ་ན། འགྲོ་བ་རྣམས་ཀྱིས་ལོག་པར་རྟོག་པས་བརྟགས་པའི་སྒྲིབ་པ་དེ་ཡང་སངས་རྒྱས་རྣམས་ཀྱིས་རྣམ་པར་དག་པར་བྱེད་ཅིང་། འགྲེལ་པ་གསུམ་གྱི་འགྲེལ་པས་འགྲོ་བ་དྲུག་གི་དུས་དང་གནས་སྐབས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་བྱིན་རླབས་ཞིང་སྣང་བར་འགྱུར་ཏེ། འདི་ཉིད་ལས། ལོག་པར་རྟོག་བརྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོའི་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་སོ། །དོན་མཛད་ཚུལ་ཀྱང་། དཔེར་ན་སྒྱུ་མའི་སྐྱེས་བུས་སྒྱུ་མའི་སྐྱེ་བོ་མང་པོ་སྒྱུ་མའི་སྡུག་བསྔལ་གྱི་ནང་ནས་བཏོན་ཏེ། སྒྱུ་མའི་བདེ་བ་ལ་བཀོད་པའི་ཚུལ། སྒྱུ་མའི་མིག་འཕྲུལ་ལ་སྣང་བ་བཞིན་དུ་སྤྲུལ་པ་སྒྱུ་མ་ལྟ་བུས་སེམས་ཅན་སྒྱུ་མ་ལྟ་བུ་རྣམས་སྒྱུ་མ་ལྟ་བུ་འཁོར་བ་ལས་བསྟོན་ནས། བྱང་ཆུབ་སྒྱུ་མ་ལྟ་བུ་ལ་འགོད་པའི་ཚུལ་སེམས་ཅན་འཕྲུལ་པའི་བློ་ལ་སྣང་སྟེ། འདི་ལྟར་སྣང་བ་ཙམ་ལ་ཐུགས་རྗེ་ཆེན་པོས་སེམས་ཅན་བསྒྲལ་ཞེས་བྱ་སྟེ། ཇི་སྐད་དུ། སེམས་ཅན་སྒྱུ་མའི་རྣམ་པ་སྟེ། །བྱང་ཆུབ་ཀྱང་ནི་སྒྱུ་མ་འདྲ། །དཔེར་ན་སྒྱུ་མའི་མཁན་པོ་འགས། །གྱོ་མོ་ལ་ནི་སྔགས་བཟླས་ཏེ། །ལེགས་པར་བྱས་པའི་གཟུགས་དག་ལ། །སྦྱོར་བ་གོམས་པས་བསྣུན་ན་ནི། །རྐང་བཞི་པ་ལ་སོགས་པའི་གཟུགས། །ཞེན་པའི་སེམས་ལ་སྣང་བར་འགྱུར། །དེ་བཞིན་བསོད་ནམས་ཡེ་ཤེས་ལས། །བྱུང་བའི་ཚོགས་ནི་སྒོས་པའི་སེམས། །སེམས་ཅན་རྣམས་ཀྱི་བསམས་པ་ལ། །བླ་མེད་བྱང་ཆུབ་སྣང་བར་བྱེད། །ཅེས་གསུངས་པ་ལྟ་བུའོ། །དྲི་བ་བཞི་པ་ནི། སྔགས་ཀྱི་ཆུ་རྒྱུན་གྱི་ཐ་མར། །མདོ་སྡེ་རྒྱན་ལས། སྒོམ་པ་ཐ་མ་ཐོབ་ནས་ནི། །འོད་ཟེར་ཆེན་པོའི་དབང་བསྐུར་རོ། །ཞེས་གསུངས་པ་ལྟར། མཐར་ཐུག་འབྲས་བུ་དབང་བསྐུར་བའི་ཚེ། འདོད་ཆགས་བདེ་ཆེན་ལམ་གྱི་ཡས་འབབ་དགའ་བཞིའི་འགྲོས་ལ་ཐུན་མོང་གི་ས་བཅུ་དང་ལམ་ལྔ། མས་བརྟན་དགའ་བཞིའི་འགྲོས་ཀྱི་ཁྱད་པར་གྱི་ས་བཅུ་དང་ལམ་ལྔ་རྫོགས་ནས་འཚང་རྒྱ་ཚུལ་གསུངས་པ། ཐུན་ཁྱད་ཀྱི་ས་ལམ་དེའི་གོང་དུ་རྫོགས་ཚུལ་བྱུང་བ་ཇི་ལྟར་ཡིན་ཞེས་པ་ལ། དེ་ཡང་། སྒྱུ་འཕྲུལ་རྡོ་རྗེ་ལས། ས་དང་ས་ཡི་ཡོན་ཏན་རྣམས། །རྩ་རྣམས་ཀྱི་ནི་སྐྱེ་འབྲི་ལས། །རླུང་དང་ཡེ་ཤེས་ལས་འདོད་དེ། །སྦྱང་གཞི་སྦྱང་བྱེད་འཕེལ་དང་འགྲིབ། །སྲིད་དང་མྱ་ངན་འདས་འཕེལ་འགྲིབ། །རྣམ་བཞིའམ་གསུམ་མམ་ལྔ་འཁོར་ལོ། །གཉིས་གཉིས་ཀྱི་ནི་གཅིག་མ་རྫོགས། །ས་བཅུ་ཐ་མས་ཡེ་ཤེས་པ། །བཞི་པས་སྟེང་དང་འོག་ཏུ་གྲང་། །ཞེས་པའི་དོན་ཀུན་མཁྱེན་ཆོས་རྗེས་ཡིད་བཞིན་མཛོད་དུ། འཁོར་ལོ་བཞི་ཡི་རླུང་སེམས་ལས་རུང་ཚེ། །ལམ་བཞིའི་ཡོན་ཏན་རིམ་གྱི་འཆར་བ་སྟེ། །དབུ་མའི་རྩ་མདུད་གཉིས་གཉིས་གྲོལ་བ་ལས། །ས་བཅུའི་ཡོན་ཏན་ནང་ནས་འཆར་བར་བཞེད། །ཅེས་གསུངས་པ་ལྟར་ལྟེ་སྙིང་མགྲིན་པ་སྤྱི་བོའི་འཁོར་ལོ་ལས་སུ་རུང་བ་ལས་ཚོགས་སྦྱོར་མཐོང་སྒོམ་གྱི་ལམ་བཞིའི་ཡོན་ཏན་འཆར་ཞིང་། དབུ་མ་ལ་རོ་རྐྱང་གི་མདུད་པ་ཉི་ཤུ་གཅིག་ཡོད་པ་ལས། མདུད་པ་གཉིས་གཉིས་གྲོལ་བ་ན་དེར་དངས་མ་ཡེ་ཤེས་ཀྱི་རླུང་རེ་རེ་ཆུད་པས་ཉི་ཤུའི་ས་བཅུའི་ཡོན་ཏན་དུ། ཐ་མ་ཉེར་གཅིག་པས་གྲོལ་བས་སངས་རྒྱས་པའི་ཡོན་ཏན་འཆར་བར་བཤད་ཅིང་། དེ་དག་ཅུང་ཟད་ཕྱེ་སྟེ་བཤད་ན། ལུས་ལྷར་བསྒོམ་པའི་ཏིང་ངེ་འཛིན་ཐོབ་པས་སྔགས་ཀྱི་ཚོགས་ལམ་དུ་ཞུགས་པ་ཡིན་ཅིང་དེར་བརྟན་པ་ཐོབ་པ་ན་ལྟེ་བ་སྤྲུལ་པའི་འཁོར་ལོ་རླུང་སེམས་རིམ་གྱིས་ཚུད་དེ་ལས་སུ་རུང་བ་ལས་ཚོགས་ལམ་ཆེ་འབྲིང་ཆུང་གསུམ་གྱི་ཡོན་ཏན་རྣམས་འཆར་བ་དང་། རྟོགས་ཚོགས་སྣང་སྟོང་གཉིས་ཀྱི་ལྷའི་དཀྱིལ་འཁོར་དུ་གསལ་བ་ལ་བློ་གནས་པའི་ཏིང་ངེ་འཛིན་ནི་མངའ་ཞིང་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པས་སངས་རྒྱས་སྤྲུལ་པའི་སྐུ་ལས་གདམས་ངག་ཉན་ནུས་པ་སྟེ། མདོ་སྡེ་རྒྱན་ལས། དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། སངས་རྒྱས་རྣམས་ལ་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམ་ངག་རྒྱ་ཆེར་རྙེད་པར་གྱུར། །འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ། །ཞེས་སོ། །དེ་ནས་ཆོས་ཀྱི་འཁོར་ལོའི་རླུང་སེམས་ལས་སུ་རུང་བས་དྲོད་རྩེ་གཅིག་དང་བཟོད་པ་ཆོས་མཆོག་གཉིས་ཏེ་སྦྱོར་ལམ་གྱི་ཡོན་ཏན་རྣམས་འཆར་ཞིང་། སྣང་བ་ཟུང་འཇུག་ལྷའི་དཀྱིལ་འཁོར་ལ་སྔགས་ལས་གསལ་བརྟན་དུ་གྱུར་པ་ཡིན། དེ་ནས་ལོངས་སྤྱོད་འཁོར་ལོའི་རླུང་སེམས་ལས་སུ་རུང་ཚེ་དབུ་མའི་མདུད་པ་དང་པོ་གཉིས་གྲོལ་བས་ཆོས་ཉིད་རང་མཚན་བསྐྱེད་དུ་བྱར་མེད་པ་མཐོང་། དེ་འཕགས་པའི་ས་དང་པོ་མཐོང་ལམ་གྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འཆར་ཞིང་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཆོས་ཉན་ནུས། དེ་ནས་སྤྱི་བོའི་བདེ་ཆེན་གྱི་འཁོར་ལོའི་རྩ་མདུད་ལས་སུ་རུང་ཚེ་དབུ་མའི་མདུད་པ་གསུམ་པ་ན་ཉི་ཤུ་པའི་བར་གཉིས་གཉིས་གྲོལ་བས་སྒོམ་ལམ་ས་དགུའི་ཡོན་ཏན་རྣམས་རིམ་གྱིས་འཆར། དེ་ཡང་ས་གཉིས་པ་དྲི་མ་མེད་པ་ནས་ས་དགུ་པ་ལེགས་པའི་བློ་གྲོས་ཀྱི་བར་ས་བརྒྱད་པོ་ཐམས་ཅད་ཡེ་ཤེས་སྒྱུ་མའི་སྐུ་ཅན་སྒོམ་ལམ་ཕྱག་ཆེན་རིག་འཛིན་དང་། ས་བཅུ་པ་ཆོས་ཀྱི་སྤྲིན་ནི་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ཆ་བྱད་འཛིན་པ་མཐར་ལམ་ལྷུན་གྲུབ་རིག་འཛིན་ཞེས་བྱའོ། །མཁས་པ་སྔ་མ་མང་པོའི་བཞེད་པར་ཏིང་འཛིན་གྱི་སའི་སྐབས་སུ་དུས་སྦྱོར་བཅུ་གཉིས་འགགས་པའི་དང་པོ་སྦྱོར་ལམ་ཆོས་མཆོག །གཉིས་པ་ནས་རིམ་པར་འཕགས་པའི་སློབ་ལམ་ས་བཅུ་དང་མི་སློབ་པའི་སངས་རྒྱས་ཀྱི་ས་རྣམས་དང་སྦྱར་ནས་བཤད་ནའང་། ཡེ་ཤེས་ཀྱི་སྐུ་ཐོབ་པའི་སྔ་རོལ་དུ་དུས་སྦྱོར་བཅུ་གཉིས་མ་འགགས་ན་ཡེ་ཤེས་ཀྱི་སྐུ་འགྲུབ་པར་མི་འགྱུར་ཏེ་ཚེ་འདིའི་ཕུང་པོ་མ་འགགས་པར་བར་དོའི་སྲིད་པ་སྒྲུབ་མི་ཐུབ་པ་བཞིན་ནོ། །དེར་མ་ཟད་ཡོན་ཏན་གྱི་ཁྱད་པར་ཡང་ཏིང་ངེ་འཛིན་གྱི་ས་དང་པོ་ཐོབ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཅིག་གི་དོན་མཐོང་བར་བཤད་པ་དང་། ས་གཉིས་པ་ནས་གཉིས་སོགས་ཕྱི་མ་ཕྱི་མ་ཉིས་འགྱུར་གྱི་གྲངས་ཚད་བཟུང་ནས་དུས་འཁོར་དུ་གསུངས་པ་ལྟར། དེའི་ལུགས་ཀྱི་དོན་མཐོང་བཅུ་པ་ཐོབ་ན་འཇིག་རྟེན་གྱི་ཁམས་ལྔ་བརྒྱ་དང་བཅུ་གཉིས་ཀྱི་དོན་མཐོང་བ་ལས་མ་བྱུང་བས་དེ་ལྟར་ན་མདོའི་ཐེག་པའི་སྐབས་སུ་ཡང་། འཕགས་པ་ས་བཅུ་པའི་ཡོན་ཏན་ནི། འཇུག་པ་ལས། རེ་ཞིག་བཅུ་པ་འདི་ཡི་ཡོན་ཏན་དག །ངག་གི་སྤྱོད་ཡུལ་ལས་ཆེས་འདས་གྱུར་ཅིང་། །ངག་གི་སྤྱོད་ཡུལ་མ་ཡིན་བསྡོམས་རྣམས་ན། །རྡུལ་དག་ཇི་སྙེད་ཡོད་པ་དེ་སྙེད་འགྱུར། །ཞེས་མདོ་སྡེ་ས་བཅུ་པའི་དོན་བསྡུས་ནས་གསུངས་པ་སོགས་མདོ་བསྟན་བཅོས་མང་པོ་དང་འགལ་བའི་སྐྱོན་གནས། དེས་ན་འདིར་གསང་སྔགས་རང་ལམ་གྱི་ས་ལམ་སྦྱོར་ཚུལ་ནི། བསྐྱེད་རིམ་རགས་པ་དང་ཕྲ་བ་ལ་བརྟན་པ་ཐོབ་ན་རིམ་པས་ཡེ་ཤེས་ཕེབས་པ་དང་ཡེ་ཤེས་ཆོས་དབང་བ་ཞེས་དྲན་པ་ཉེར་བཞག་དང་ཡང་དག་སྤོང་བས་བསྡུས་ཚོགས་ལམ་ཆུང་འབྲིང་གི་ཡོན་ཏན་རྫོགས། བསྐྱེད་རིམ་ཀླུངས་སུ་ཕེབས་ནས་རྫོགས་རིམ་གྱི་གསལ་སྣང་རྒྱུད་ལ་སྐྱེས་ཚེ་རྫུ་འཕྲུལ་རྐང་བཞིའི་ཡོན་ཏན་གྱི་བདག་ཉིད་ཚོགས་ལམ་ཆེན་པོ་ཐོབ། རྒྱུའི་རྫོགས་རིམ་ལ་གོམས་པས་དབང་པོ་ལྔའི་ཡོན་ཏན་རང་བཞིན་སྦྱོར་ལམ་དྲོད། དེ་ཉིད་བརྟན་པས་རྩེ་མོ་དང་། བཟོད་པ་རྣམས་ཐོབ་སྟེ་ནང་དུ་ཡས་འབབ་དགའ་བཞིའི་སས་བསྡུས་པའི་ཞུ་བདེ་ལས་བྱུང་བ་སྟེ། ཏིང་ངེ་འཛིན་གྱི་ས་བཅུ་གཅིག་པ་མན་ཆད་ཀྱི་ཡོན་ཏན་རྫོགས་པའོ། །ཏིང་ངེ་འཛིན་གྱི་ས་བཅུ་གཉིས་པའི་སྐད་ཅིག་མ་སྟོང་བདུན་བརྒྱ་གོ་དགུ་ནི། སྦྱོར་ལམ་ཆོས་མཆོག་ཡིན་ཏེ། དེ་ཉིད་མས་བརྟན་དགའ་བཞིས་བསྡུས་པ་སྟོབས་ལྔའི་རང་བཞིན་ཡེ་ཤེས་ཀྱི་སྐུ་ནམ་མཁའ་མཛོད་ཐོབ་པའོ། །ས་བཅུ་གཉིས་པའི་སྐད་ཅིག་ཐ་མ་རྫོགས་པའི་དུས་དེར་ཐམས་ཅད་སྟོང་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་དོན་གྱི་རྫོགས་རིམ་གྱི་འོད་གསལ་ཐོབ་པས་བྱང་ཆུབ་ཡན་ལག་མཐོང་བའི་ལམ་སྟེ། རྣམ་པ་དག་པའི་རང་བཞིན་བདེན་པ་བཅུ་དྲུག་གོ། །དེའི་ཚེ་སྔར་ཕྲ་ཡང་གི་ལུས་ཐོབ་མ་ཐོབ་གང་ཡིན་ཡང་རུང་སྟེ། རང་གི་སྣང་ངོར་སྒྱུ་ལུས་རླུང་སེམས་ཙམ་གྱི་ལྷ་སྐུ་སྣང་བའམ་ནུབ་ཅིང་། ཟུང་འཇུག་གི་སྐུ་ཡང་མ་ཐོབ་པས། ཡེ་ཤེས་འོད་གསལ་རྐྱང་པའི་སྐུ་ཞེས་འདོགས་ཏེ། འཕགས་པའི་མཐོང་ལམ་བདེ་སྟོང་དེ་ཁོ་ན་ལ་མཉམ་པར་བཞག་པའི་འོད་གསལ་ཡིན་ལ། དེའི་དུས་སུ་འཁོར་བའི་ལུས་ངག་ཡིད་གསུམ་དང་ཆགས་རྟོག་རྣམས་སྤངས་ཟིན། དེ་རྗེས་འོད་གསལ་དེ་ལས་ལངས་ཚེ་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་བདེ་ཆེན་ས་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རབ་འབྱམས་གཉིས་ངོ་བོ་དབྱེར་མེད་དུ་གྲུབ་པའི་ཟུང་འཇུག་དེ་རྒྱུན་མི་ཆད་པར་མཉམ་རྗེས་ཐམས་ཅད་དུ་འབྱུང་བ་ཟུང་འཇུག་རིག་པ་འཛིན་པའི་ཡེ་ཤེས་ཀྱི་སྐུ་གྲུབ་པའི་ཕྱིར། དེ་ནི་འདོད་གཟུགས་ཀྱི་རིག་པ་འཛིན་པ་དང་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་སོགས་ལས་ཁྱད་པར་དུ་འཕགས་པས་སློབ་ལམ་གྱི་མཆོག་གམ། གཙོ་བོར་གྱུར་པ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་གྲལ་དུ་ཚུད་པས་རྡོ་རྗེ་བཞི་དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་ཡིན་ཞིང་། འདི་ནི་འཕགས་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་སྒོམ་པའི་ལམ་གྱིས་དགུ་དེ་མན་ཆད་དུ་ལམ་རིགས་མི་འདྲ་བ་ཡོད་ཀྱང་། ས་བཅུ་རྒྱུན་ཐ་ནས་ལམ་འདི་འདྲ་ཁོ་ནས་རྫོགས་པའི་སངས་རྒྱས་ཀྱི་སར་བགྲོད་མཆོག་པའི་ཕྱིར་དང་། རྫོགས་པའི་སངས་རྒྱས་ཉིད་དང་རྣམ་པ་མཚུངས་པའི་ཕྱིར། སངས་རྒྱས་ཉིད་དང་། རྫོགས་པའི་སངས་རྒྱས་དང་། རྫོགས་པའི་བྱང་ཆུབ་དང་། རྡོ་རྗེ་སེམས་དཔའ་སོགས་ཀྱི་མཚན་ཡང་གསོལ་ལོ། །ས་བཅུ་རྒྱུན་ཐ་འདིར་ལུས་ངག་ཡིད་གསུམ་དང་འཛག་བདེའི་གཉིས་སྣང་བསྐྱེད་པའི་ཆོས་རྟེན་ཁུ་རྡུལ་རླུང་གསུམ་དང་། དེ་གསུམ་དང་རོ་གཅིག་ཏུ་འདྲེས་པའི་བརྟན་པ་སེམས་རྣམས་རགས་པ་བེམ་ཆོས་སུ་སྣང་བ་མེད་ཀྱང་། ཕྲ་བ་རྣམ་པར་ཤེས་པས་ཙམ་དུ་རིག་པ་ཡོད་པའི་ཕྱིར་གཉིས་སྣང་ཕྲ་མོའང་མ་འགགས་པས་དེ་སྦྱོང་བྱེད་ས་བཅུ་རྒྱུན་གྱི་མཐའ་མར་འདོད་ཆགས་ཆེན་པོའི་ལམ་གྱི་དབང་སྐུར་བས་ས་ལམ་རྫོགས་ཚུལ་གཅིག་བྱུང་བ་ནི། སྔར་གྱི་ས་ལམ་རྣམས་ཀྱིས་སེམས་ཉིད་ཀྱི་ཡོན་ཏན་རིལ་པོ་ཡོངས་སུ་རྫོགས་མ་ཐུབ་པས། བདེ་ཆེན་གྱི་ཡེ་ཤེས་དེ་ཡང་འགྱུར་བཅས་ཀྱི་ན་འཕར་བ་ཡིན་ལ། འདིར་མི་འགྱུར་བའི་བདེ་ཆེན་གྱི་ཡེ་ཤེས་མཐར་ཕྱིན་པའི་འགྲོས་ལ་ས་ལམ་རྫོགས་ཚུལ་དུ་བཞག་སྟེ། དེ་ཡང་མངོན་པར་བྱང་ཆུབ་པ་ཆེན་པོ་ཁུ་རྡུལ་རླུང་གསུམ་གྱི་བག་ཆགས་ཕྲ་མོ་ལྷག་མེད་དུ་འགགས་པས་འཛག་བདེའི་བག་ཆགས་ཀྱང་གཏན་ནས་སྤངས་ཏེ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དབྱེར་མི་ཕྱེད་པ་སྐུ་བཞིའི་བདག་ཉིད་ཅན་དུ་སངས་རྒྱས་པ་སྟེ། དེ་ཡང་སྙིང་སྟོབས་ཞུ་བ་དག་པས་མཚན་དཔེ་རྫོགས་ཤིང་ཁ་སྦྱོར་གྱི་སྐུ་ཞིང་དང་མཆོད་པར་བཅས་པ་བྱུང་བ་སྐུ་རྡོ་རྗེ། རྡུལ་ཏེ་དམར་ཆ་དག་པས་བདེ་ཆེན་ཉིད་གཞོམ་མེད་ཀྱི་གསུང་རྣམ་པར་ཐམས་ཅད་པར་འཆར་བ་གསུང་རྡོ་རྗེ། མུན་པ་སྟེ་རླུང་དག་པས་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཁོ་ན་རྣམ་པར་མི་རྟོག་བཞིན་དུ་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་མཁྱེན་པ་ཐུགས་རྡོ་རྗེ། འགྱུར་བདེ་མྱོང་བའི་ཤེས་པའི་རིགས་རྒྱུན་དག་པས་སེམས་ཉིད་མི་འགྱུར་བའི་བདེ་ཆེན་དུ་གྱུར་པ་ནི་བདེ་བ་ཆེན་པོའི་སྐུ་ཡེ་ཤེས་རྡོ་རྗེའོ། །དེའི་ཚེ་སྦྲེལ་གྱི་ཡེ་ཤེས་རང་བཞིན་རྣམ་དག་མངོན་དུ་གྱུར་པའི་ཆ་ཆོས་ཀྱི་སྐུ་རྣམ་པ་ཐམས་ཅད་པ་དང་། དེ་གློ་བུར་རྣམ་དག་མཐར་ཐུག་པས་ཁྱད་པར་དུ་བྱས་པ་རླུང་དབུ་མར་ཐིམ་པའི་སྒྲ་དབྱངས་གསུང་ཆོས་སྒོ་སྣ་ཚོགས་པར་འཆར་བ་ལོངས་སྐུ་དང་། བདེ་ཆེན་གྱི་ཐིག་ལེ་འགྱུར་མེད་ནི་ངོ་བོ་སྐུ་ཡིན་ལ། དེ་སེམས་ཅན་ཐམས་ཅད་ལ་ཁྱབ་ཅིང་སྤྲོས་པའི་ཚུལ་གྱི་གཞན་གྱི་སྡུག་བསྔལ་སེལ་བར་བྱེད་པའི་ཐུགས་རྗེ་ནི་གང་འདུལ་གྱི་སྤྲུལ་སྐུ་མཐའ་མེད་པར་སྟོན་པར་མཛད་ཅིང་། དེ་ཡང་རྡུལ་གྱི་དྭངས་མ་གཙུག་ཏོར་ནས་ནོར་བུ་བར་ཆ་བཅུ་གཉིས་སུ་བརྟན་ནས་བདེན་རྣམ་པ་བཅུ་གཉིས་དང་། དཀར་ཆའི་དྭངས་མ་ནོར་བུ་ནས་སྤྱི་བོའི་བར་དགའ་བ་བཅུ་དྲུག་གི་རིམ་པས་བརྟན་པའི་ཕྱིར་དེ་ཉིད་རྣམ་པ་བཅུ་དྲུག་ཟུང་དུ་འཇུག་པའི་ངོ་བོ་སའི་ཡོན་ཏན། ཐུན་མོང་པ་མདོ་སྡེ་ལས་བྱུང་བ་ཟག་མེད་ཀྱི་ཡོན་ཏན་སྡེ་ཚན་ཉེར་གཅིག་སོགས་དང་། ཐུན་མོང་མ་ཡིན་པ་ཁ་སྦྱོར་ཡན་ལག་བདུན་ལྡན་ལ་སོགས་པ་མངའ་ཞིང་། ཡེ་ཤེས་རྒྱ་མཚོ་ཟད་མི་ཤེས་པ་དང་། ཕྲིན་ལས་ནམ་མཁའ་དང་མཉམ་པ་རྒྱ་ཆེ་རྒྱུན་ཆད་མེད་པར་ལྷུན་གྲུབ་པའི་བདག་ཉིད་མངོན་དུ་གྱུར་པའི་མཐར་ཐུག་པ་ན་མི་སློབ་པའི་ཟུང་འཇུག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའོ། །དྲི་བ་ལྔ་པ་དབང་བསྐུར་གྱི་ལྷ་དང་བྱིན་རླབས་ཀྱི་ལྷ་གཉིས་ཀ་རིགས་ལྔ་ཡིན་པར་བཤད་པ་ལས། ད་ལྟ་ཕྱག་ཆེན་དུ། བྱིན་རླབས་སྐུ་གསུང་ཐུགས་གསུམ་གྱི་བརླབས་པ་ལས་ཡོན་ཏན་ཕྲིན་ལས་གཉིས་ཀྱི་རློབས་པ་མི་མཛད་པའི་འདི་ཇི་ལྟར་ཡིན། ཞེས་པ་ལ། ཡོན་ཏན་ཕྲིན་ལས་ཀྱི་ལྷ་དེ་ཆོས་ཅན། ཁྱོད་ལྟེ་བའི་གཡས་གཡོན་དུ་ཟླ་བ་སྭཱ་སྔོན་པོ་དང་ཧཱ་ལྗང་གུའི་རྣམ་པར་རྒྱས་བཏབ་སྟེ་བྱིན་གྱིས་རློབས་མི་དགོས་པར་ཐལ། བྱིན་རླབས་ཀྱི་ལྷ་རྡོ་རྗེ་གསུམ་གྱི་ལྷ་དེ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་ལྟར་དགོས་པར་ཐལ། དགོས་པའི་རྒྱུ་མཚན་རྒྱུད་ན་བྱིན་རླབས་ཀྱི་སྔགས་ༀ་མ་ཧཱ་ཀཱ་ཡ་ནས། མ་ཧཱ་པཱུ་ཛ་བཛྲ་ཀྱི་བར་སྔགས་ལྔ་བཤད་པ་དང་། འགྲེལ་བར་སྤྱི་བོར་དུང་ཁང་དུ་ཟླ་བ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཾ་དམར་པོ། ཐུགས་ཀར་ཙིཏྟའི་མདུན་དུ་ཉི་མ་ལ་ཧཱུྃ་སྔོན་པོ། ལྟེ་བའི་གཡས་གཡོན་དུ་ཟླ་བ་ལ་སྭཱ་སྔོན་པོ་དང་ཧཱ་ལྗང་གུའི་ཡི་གེ་ལྔ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ལྔའི་ལྷ་ལྔས་རྒྱས་བཏབ་པར་བཤད་པའི་ཕྱིར་ཏེ། ཐལ་རྒྱུད་ལས་ཀྱང་། གནས་གསུམ་ཁྱབ་འཇུག་ཡི་གེ་ལས། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོས། །ཁམས་གསུམ་བྱིན་རླབས་གཟི་བྱིན་བསྡུ། །རང་བཞིན་རྡོ་རྗེ་གསུམ་གནས་པ། །རྒྱུ་གཉིས་ཚུལ་གྱི་རང་སྣང་བའོ། །ལྟེ་བ་རྣམ་གཉིས་ཟླ་བ་ལ། །སྔོ་ལྗང་ཡི་གེ་སྭཱ་ཧཱ་གཉིས། །རྗེས་མཐུན་འོད་ཀྱི་ཡོན་ཏན་ལ། །ཡན་ལག་རྫོགས་པའི་གཟི་བྱིན་ལྡན། །ཞེས་གསུངས་པའི་ཕྱིར། ཡང་རིགས་ལྔ་ཀས་བྱིན་གྱིས་རློབས་དགོས་ཟེར། འོ་ན་བྱིན་ལྷ་ལྔ་དང་། དབང་ལྷ་ལྔ་གཅིག་ཏུ་ཁས་ལེན་པར་ཐལ། སྐུ་རྡོ་རྗེ་མི་བསྐྱོད་པ་དང་། མི་བསྐྱོད་པ་གཅིག་པ་གང་ཞིག །ཕྲིན་ལས་རྡོ་རྗེ་དོན་གྲུབ་དང་། དོན་གྲུབ་གཅིག་པའི་ཕྱིར་འདོད་ན། དབང་ལྷ་ལྔ་པོ་དེ་ཆོས་ཅན། ཁྱོད་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པའི་རྟགས་ཀྱི་རིགས་ལྔ་དབུ་རྒྱན་བཅིངས་པ་མ་ཡིན་པར་ཐལ། ཁྱོད་ལྷ་ཐམས་ཅད་ལ་རྒྱས་འདེབས་པའི་ཁྱབ་བྱེད་རྡོ་རྗེ་ལྔའི་ལྷ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། དེ་ལྟར་ཡིན་པར་ཐལ། ཕུང་ལྔ་རིགས་ལྔར་དག་པའི་རྟགས་ཀྱི་ཁྱབ་བྱའི་ལྷ་ཡིན་པའི་ཕྱིར། ཡང་། བྱིན་ལྷ་དང་དབང་ལྷ་གཉིས་སྐུའི་ཆ་ལུགས་ཀྱང་གཅིག་ཏུ་ཡོད་པར་ཐལ། གཉིས་ཀ་རིགས་ལྔའི་ལྷ་ཡིན་པ་ལ་མཚུངས་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། བྱིན་ལྷ་ནི་རིགས་ལྔ་ལོངས་སྐུའི་ཆ་ལུགས་འཛིན་པ་ངེས་པར་དགོས་ཏེ། སྤྲུལ་སྐུ་ལས་ལོངས་སྐུ་རྒྱ་ཆེ་བའི་ཕྱིར། སྤྲུལ་སྐུའི་སྤྲུལ་གཞི་ཡང་ལོངས་སྐུ་ཡིན་པའི་ཕྱིར་དང་། དབང་ལྷ་ནི་ཆ་ལུགས་རིགས་ལྔ་སྤྲུལ་སྐུའི་ཆ་ལུགས་སུ་ཡོད་དེ། གཞི་གདོད་མའི་ལྷའི་ཡོན་ཏན་གྱི་ཆ་ཤས་ཡེ་ཤེས་ལྔའི་རྟགས་ཀྱི་ཅོད་པན་རིགས་ལྔས་དབུ་བརྒྱན་པར་བཤད་པའི་ཕྱིར། ཡང་རྩ་ལྷ་མི་བསྐྱོད་པས་བྱས་པའི་དཀྱིལ་འཁོར་གྱི་གཙོ་བོ་མི་བསྐྱོད་པ་དེ་ཆོས་ཅན། ཁྱོད་ཀྱི་སྙིང་ཁར་རང་འདྲའི་མི་བསྐྱོད་པ་གཅིག་དང་། བྱིན་རླབས་ཀྱི་ལྷ་མི་བསྐྱོད་པ་གཉིས། སྒོམ་པ་ཚེ་ཆད་མ་ཡིན་པར་ཐལ། མི་སྐྱོད་པ་ལ་མི་བསྐྱོད་པས་བྱིན་གྱིས་རླབས་པ་ཐུག་མེད་ཡིན་པའི་ཕྱིར། ཡང་སྟོན་པ་ཀུན་བཟང་ཆོས་ཅན། ཁྱེད་རིགས་ཐམས་ཅད་ཀྱི་བདག་པོ་མ་ཡིན་པར་ཐལ། ཁྱོད་ལ་སྐུ་གསུང་ཐུགས་ཀྱི་ལྷ ས་བྱིན་གྱིས་རློབས་དགོས་པའི་ཕྱིར། འདོད་མི་ནུས་ཏེ། འདི་ཉིད་ལས། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད། །ཅེས་གསུངས་པའི་ཕྱིར། ཡང་། སྟོན་པ་ཀུན་བཟང་ཆོས་ཅན། ཁྱོད་ལ་རིགས་ལྔས་དབང་བསྐུར་མི་དགོས་པར་ཐལ། ཁྱོད་རིགས་དྲུག་པའི་བདག་ཉིད་ཅན་དུ་གནས་པའི་ཕྱིར། འདོད་ན། ཐལ་རྒྱུད་ལས། མི་བསྐྱོད་བྱེད་པོ་ཡུམ་དང་བཅས། །རྡོ་རྗེ་འཛིན་པའི་ཕྱག་རྒྱར་བསྟན། །བྱམས་པ་ས་སྙིང་དེ་བཞིན་ཏེ། །གཞན་དག་རང་རང་ཕྱག་རྒྱར་ལྡན། །གཤིན་རྗེ་གཤེད་ལ་རྟག་པར་བཤད། །ཐུབ་ཆེན་རྡོ་རྗེ་འཛིན་བཅས་པ། །ཟླ་དང་བྲལ་བའི་དཔའ་བོ་ཆེ། །ཞེས་དང་འགལ་བའི་ཕྱིར་རོ། །ཐུབ་པ་དྲུག་ཆོས་ཅན། ཁྱོད་སྤྲུལ་པ་མ་ཡིན་པར་ཐལ། ཁྱོད་ལ་དབང་བསྐུར་བྱིན་རླབས་དགོས་པའི་ཕྱིར། མ་ཁྱབ་ན། དབང་སྐུར་བྱིན་རླབས་དགོས་པར་ཐལ། འདོད་ན། འོད་རིམ་ལས། ཐུབ་དྲུག་སྤྲུལ་རང་སྤྲུལ་པ་རང་བྱུང་ཕྱིར། བྱིན་རླབས་དབང་བསྐུར་མ་གསུངས་སོ། །ཞེས་བཤད་པ་མི་འཐད་པར་ཐལ། དེ་ལྟར་དགོས་པའི་ཕྱིར་ཡང་རྣལ་ལན་འོད་རིམ་གྱིས་ལུང་དོན་ཟླ་དང་བྲལ་བའི་དཔའ་བོ་ཆེ། །ཞེས་གསུང་པས་འཁྲུལ་གཞི་བྱས་པར་མངོན་ནོ། །དབང་བསྐུར་གྱི་སྐབས་དབང་བསྐུར་བ་པོའི་སློབ་དཔོན་ཡིན་ན། ངེས་པར་བདག་འཇུག་ལེན་དགོས་པའི་ཁྱབ་པར་ཐལ། འཇུག་པའི་ཆོས་དེ་ལ་སློབ་དཔོན་འཇུག་པའི་ཆོས་གཉིས་དང་། སློབ་མ་འཇུག་པའི་ཆོས་བཅུ་དྲུག་བཤད་པའི་སློབ་དཔོན་འཇུག་པའི་ཆོས་གཉིས་པོ་དེ། དཀྱིལ་འཁོར་བཞེངས་སྒྲུབ་ཀྱི་ལས་རབ་འབྱམས་དང་། རིག་པའི་མེ་ཏོག་དོར་བ་ལ་སོགས་པའི་སྒོ་ནས་རང་ཉིད་དཀྱིལ་འཁོར་དུ་ཞུགས་ནས་སློབ་མ་དཀྱིལ་འཁོར་དུ་བཞུགས་པའི་སྣང་བ་ཆོས་གཉིས་པོ་དེ་ཡིན་པའི་ཕྱིར། འདོད་ན། སྟོན་པ་ཀུན་བཟང་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ་ཧ་ཅང་ཐལ་བའི་ཕྱིར། ཡང་མཚན་ཉིད་དང་ལྡན་པའི་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཚོགས་ལམ་པ་ལྟ་བུ་ཞིག་ཡིན་ན། ངེས་པར་བདག་འཇུག་ལེན་དགོས་པར་ཐལ། དེ་ལྟར་དགོས་པའི་ཕྱིར་ཏེ། འདི་ཉིད་ལས། ཀུན་བྱས་དབང་ཕྱུག་རིག་པས་འཇུག །དེ་ནས་སློབ་མ་འཇུག་པར་བྱ། །ཞེས་བཤད་པའི་ཕྱིར། འདོད་ན། གསང་སྔགས་པ་མཚན་ཉིད་དང་ལྡན་པ་དེ་གང་ཞེ་ན། འདི་ལྟར་སྣང་གྲགས་ཀྱི་བསྡུས་པའི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་། བཅུད་ཀྱི་སེམས་ཅན་ལྷ། གྲགས་པ་སྔགས། དྲན་རྟོག་ཆོས་ཉིད་དུ་ཤེས་པ་དེ་མཚན་ཉིད་དང་ལྡན་པའི་གསང་སྔགས་པ་ཡིན་པས། དེ་འདྲའི་འཕགས་ལམ་མ་ཐོབ་པའི་སྔགས་པ་དེ་ཆོས་ཅན། ཁྱོད་ཀྱི་སློབ་མ་ལ་དབང་བསྐུར་ཚེ། ངེས་པར་བདག་འཇུག་ལེན་དགོས་པར་ཐལ། ཁྱོད་དབང་བསྐུར་བ་པོའི་རྡོ་རྗེ་སློབ་དཔོན་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱེད་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་སྣང་བ་ལ་གནས་པའི་གང་ཟག་མ་ཡིན་པར་ཐལ། དགོངས་པ་དེ་ལས་ལྷག་པའི་བདག་འཇུག་ལེན་རྒྱུ་ཡོད་པའི་ཕྱིར། འདོད་ན་དེ་ལྟར་ཡིན་པར་ཐལ། སྣང་གྲགས་ལྷ་སྔགས་ཡེ་ཤེས་ཀྱི་དབང་དོན་ལ་གནས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། འཇམ་དཔལ་སྒྱུ་དྲྭ་ལས། ཡེ་ཤེས་དབང་བསྐུར་ཅོད་པཎ་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །ཞེས་དང་། ཡེ་ཤེས་རྔམས་པ་གློག་གི་འཁོར་ལོ་ལས། སེམས་ཀྱི་ཆོས་ལ་དབང་ཐོབ་ན། །རྫས་ཚིག་མཚན་མའི་དབང་རྣམས་ཀུན། །མ་བསྐུར་བར་ཡང་ཐོབ་པར་འགྱུར། །ཞེས་བཤད་པའི་ཕྱིར་རོ། །དེང་སང་ཕྱག་ལེན་ལ་བདག་འཇུག་ངེས་པར་ལེན་པ། དབང་བླངས་པས་དབང་གི་ཆུ་བོ་མ་ཉམས་པ་དེ་གོང་འཕེལ་དུ་སོང་ནས་དངོས་གྲུབ་ཐོབ་པའི་རྒྱུ་བྱེད་པ་དང་། དབང་བསྐུར་བའི་སྔོན་དུ་བདག་འཇུག་ལེན་པ་བླ་མ་རང་གི་མ་ཚོར་བའི་དམ་ཚིག་ཉམས་པ་སྲིད་པ་དེ་གསོ་བའི་ཆེད་ཡིན་པའི་ཕྱིར། ཡང་རྡོ་རྗེ་རྒྱལ་ཚབ་པས་དབང་རྫས་ཐོགས་ནས་དབང་བསྐུར་བའི་ཚེ་རྒྱལ་ཚབ་ལས་དབང་ཐོབ་པ་ཡིན་པར་ཐལ། དེས་དབང་བསྐུར་བའི་ཕྱིར། འདོད་ན། རྡོ་རྗེ་རྒྱལ་ཚབ་ཆོས་ཅན། ཁྱོད་དབང་གིས་རྒྱུད་པར་འཇུག་དགོས་པར་ཐལ། ཁྱེད་དབང་བསྐུར་བའི་སློབ་དཔོན་ཡིན་པའི་ཕྱིར། འདོད་ན་རྡོ་རྗེ་རྒྱལ་ཚབ་པ་ཆོས་ཅན། ཁྱེད་ཀྱི་དབང་རྫས་ཀྱི་བྱ་བ་བྱས་ཚེ་རྡོ་རྗེ་སློབ་དཔོན་གྱི་ཏིང་ངེ་འཛིན་གྱི་དགོས་པས་དབང་ཐོབ་པ་མ་ཡིན་པར་ཐལ། ཁྱོད་ལས་དབང་ཐོབ་པའི་ཕྱིར། འདོད་མི་ནུས་ཏེ། དཔེར་ན་ཕོ་ཉས་རྒྱལ་པོའི་ལུང་དང་བཀའ་རྟགས་ཁྱེར་ཏེ་འབངས་ཀྱི་ཚོགས་ལ་བསྒྲགས་པ་ན། ཕོ་ཉའི་ངག་དེ་རྒྱལ་པོའི་ངག་ཏུ་འཛིན་པ་དང་ཆོས་མཚུངས་པའི་ཕྱིར། དེ་ཙམ་གྱི་རྒྱལ་ཚབ་དབང་རྒྱུད་ལ་འཇུག་དགོས་ན། གསང་དབང་དང་ཤེས་དབང་གཉིས་ཀྱི་རིག་ཆ་དེ་ཆོས་ཅན། ཁྱོད་གཉིས་དབང་གི་བརྒྱུད་པར་འཇུག་པར་ཐལ། ཁྱེད་གཉིས་ཀྱི་བྱེད་ལས་ལ་བརྟེན་ནས་གསང་དབང་དང་ཤེར་དབང་གཉིས་ཐོབ་པའི་ཕྱིར་ཏེ། བདེ་བ་མྱུ་གུའི་རྒྱུད་ལས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས། །མཁའ་མཉམ་ཡེ་ཤེས་བདུད་རྩི་ནི། །རྡོ་རྗེའི་ལམ་ནས་རབ་བསྡུས་ནས། །བདེ་བ་བསྐྱེད་བྱེད་རིགས་ཀྱི་ཡུམ། །སྲས་རྣམས་གསང་བའི་དབང་བསྐུར་བས། །རྡོ་རྗེའི་བླ་མ་གཉིས་པའོ། །ཞེས་དང་། ཡེ་ཤེས་འབྱུང་བ་ལས། ལྷན་ཅིག་སྐྱེས་པ་བདེ་བྲལ་བ། །ནམ་མཁའ་དང་ནི་མཉམ་པར་སྦྱོར། །རིགས་མཉམ་དཔེ་མེད་བདེ་སྟེར་མ། །སྲིང་མོ་དེ་ཉིད་བླ་མར་བསྔགས། །ཞེས་བཤད་པའི་ཕྱིར་རོ། །དྲི་བ་ལྔ་པ་ལེའུ་བཞི་པ་ལ། འཕྲོས་དོན་ཞིག་བཀོད་ནས་དེའི་ཁོངས་ནས་རྟོགས་པར་བྱའོ། །དེ་ལ་ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡིས་སོགས་ནས་ཡི་གེ་མགོ་ནས་ཀཱ་ལ་རྫོགས། ཞེས་པའི་བར་གྱི་གཞུང་འདི། ཀུན་འདུས་ལས། དབྱིངས་ལས་ཨ་བྱུང་ཨ་ལས་ནི། །ཡི་གེའི་ཚོགས་རྣམས་མ་ལུས་འཕྲོ། །ཞེས་བའི་གཞུང་འདི་ལ་འཕྲོས་པར་ཐལ། རྒྱུ་མཚན་ཕྱོགས་བཅུ་དུས་བཞིའི་དེ་རྒྱལ་བ་ཐམས་ཅད་ཀྱི་ཆོས་སྐུའི་རོལ་པ་གཟུགས་སྐུའི་དཀྱིལ་འཁོར་ཇི་སྙེད་པ་ཐམས་ཅད་མཚོན་བྱེད་ཀྱི་རྩ་བ་ཡི་གེ་བཞི་ཅུ་རྩ་ལྔའི་རྣམ་བཞག་དེ་བསྟན་ནས། ཡི་གེ་དེ་ཉིད་ཇི་ལྟར་བྱུང་བའི་ཚུལ་དེ་སྟོན་པར་བྱེད་པ་ལ། དབྱིངས་ལས་ཨ་བྱུང་ཞེས་སོགས་ཀྱི་གཞུང་འདི་བྱུང་བ་གང་ཞིག །དེ་ལྟར་སྐུ་གསུང་ཐུགས་ཀྱི་ཀློང་ལས་ཨ་སྐྱེ་བ་མེད་པ་བྱུང་བའི་ཨ་ཡིག་དེའི་འོད་ཟེར་སྐུའི་གནས་སོ་སོར་འཁྱིལ་བ་དེ་དང་དེ་ལས་ཡི་གེ་གཞན་རྣམས་བྱུང་བ་ཡིན་ནོ། །ཞེས་སྟོན་པར་བྱེད་པ་ལ། འགྲེལ་ཆུང་ལས། ཨ་ལས་འོད་ཟེར་མགུལ་གྱི་བུམ་པར་འཁྱིལ། །འོད་འཕྲོས་ཀ་ལ་སོགས་པ་འབྲུ་ལྔ་ཤར། །ཞེས་པ་འདི་བྱུང་བའི་ཕྱིར་དེ་ལྟར་འཕྲོས་པ་འདོད་ན། ཡི་གེ་བཞི་བཅུ་རྩ་ལྔ་དེ་ཆོས་ཅན། ཁྱོད་སྟོན་པའི་སྐུའི་གནས་དེ་དག་ལས་བྱུང་བ་མ་ཡིན་པར་ཐལ། ཁྱོད་འབྱུང་བའི་གནས་གཞན་ཡོད་པའི་ཕྱིར་མ་གྲུབ་ན། དེ་ལྟར་ཡོད་པར་ཐལ། སྨྲ་སྒོ་ལས། ཁོག་པ་མགྲིན་པ་རྐན་དང་ལྕེ། །སྣ་དང་སྤྱི་བོ་སོ་དང་མཆུ། །ཞེས་བཤད་པའི་ཕྱིར། ཡང་འབྲུ་ལྔར་ཤར་བའི་ཡི་གེ་དེ་ཆོས་ཅན། ཁྱོད་ངོས་འཛིན་མི་རིག་པར་ཐལ། རེ་རེ་ནས་བགྲང་དུ་མེད་པའི་ཕྱིར། རང་ལུགས་འདྲེན་པ་ཀ་སྡེ་དང་། ཙ་སྡེ་སོགས་སོ། །ཡང་གོང་དུ་སྐུའི་གནས་ལས་མ་བྱུང་ཟེར་ན། སྟོན་པ་ཆོས་ཅན། ཁྱེད་ཀྱི་སྐུའི་གནས་ལས་བྱུང་བར་ཐལ། ཁྱོད་ཀྱི་སྐུའི་གནས་ཉི་ཤུ་ལས་བྱུང་བའི་ཕྱིར་ཏེ། འགྲེལ་ཆུང་ལས། བྱིན་པ་སྟ་ཟུར་སྐུ་སྐབས་དང་། །དཔུང་ལས་ཡ་ར་ཝ་ལ་བྱུང་། །ཕྱག་མཐིལ་ཐུགས་ཀ་མཛོད་སྤུ་དང་། །ཞབས་མཐིལ་གསང་གནས་ལས་རིམ་བཞིན། །ཤ་བྷ་པ་ཧཱ་ཀྵ་རྣམས་འཕྲོས། །སྤྱན་སྙན་ཚེམས་ཤངས་རྣམ་བཞི་ལས། །གཉིས་གཉིས་འཕྲོས་པས་ཨི་ཨཱི་དང་། །ཨུ་ཨཱུ་ཨེ་ཨཻ་ཨོ་ཨཱ། སྤྱི་གཙུག་འཚོག་མ་ལྟེ་བ་ཡིས། །གནས་ལས་མགོ་ཤད་རིག་གསུམ་ཐོན། །ཞེས་བཤད་པའི་ཕྱིར་རོ། །འོ་ན་སྤྱིར་བཏང་ཡི་གེ་ལྔ་བཅུ་ཐམ་པ་ལ་འདིར་བཞི་བཅུ་རྩ་ལྔ་ལས་མ་བྱུང་བས་ཡི་གེ་ཡོངས་རྫོགས་མ་ཚངས་བའི་སྐྱོན་གནས་སོ་ཞེ་ན། སྐྱོན་མེད་དེ། ཨ་རིང་པོ་ཤད་དུ་བསྡུས་ཨཿརྣམ་བཅད་ཚེག་ཏུ་བསྡུས། ཨཾ་སྣ་དང་ལྡན་པ་ཨེ་ལ་སྦྱར་ནས་ༀ་དུ་བསྡུས། མ་ནིང་གི་ཡི་གེ་བཞི་པོ་ར་དང་ལར་བསྡུས་པའོ། །ཡང་འདི་ཉིད་ལས། མགོ་ནི་མ་ནོར་ལམ་ཡིན་པས། །ཞེས་བཤད་པས། ཡི་གེ་ལམ་དེ་ཆོས་ཅན། ཁྱོད་ཡི་གེའི་མགོ་ཡིན་པར་ཐལ། དེ་ལས་གཞན་པའི་སྨྲ་རྒྱུ་གཞན་མེད་པའི་ཕྱིར། འདོད་ན། ཡི་གེའི་མགོ་ཆོས་ཅན། ཁྱོད་བེར་ག་རིས་ལ་བཤད་པ་མི་འཐད་པར་ཐལ། ལམ་ཡིག་དེ་ཡི་གེའི་མགོ་ཡིན་པའི་ཕྱིར། །འདོད་ན། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། མགོ་ནི་ཐོག་མར་མཚོན་པ་སྟེ། །དངས་ལ་གཟུགས་སུ་གང་གནས་པས། །དེ་ནི་ཡི་གེའི་མགོ་ཡིན་ཏེ། །བེར་ཀ་རིས་ལ་མགོ་ཞེས་བྱ། །ཞེས་བཤད་པས་སོ། །ཡང་བེར་ཀ་རི་དང་ལམ་གཉིས་གཅིག་གོ། །ཞེ་ན། འོ་ན་ཡི་གེ་ལམ་དེ་ཆོས་ཅན། ཁྱོད་གླང་པོ་ཆེའི་སྣ་འདྲ་བར་ཡོད་པར་ཐལ། ཡི་གེའི་དབྱིབས་བརྗོད་སྐབས། མགོ་ནི་ཨི་གླང་པོའི་སྣ་འདྲ་བར། ཤད་དེ་ཨ་རིང་པོ་མདའ་ལྟ་བུ། ཚེས་ཏེ་ཨཿརྣམ་བཅད། དབང་ཕྱུག་ཆེན་པོའི་མིག་ལྟ་བུ་ཞེས་བཤད་པའི་ཕྱིར། གཞན་ཡང་དེ་ལྟར་མ་ཡིན་པར་ཐལ། ཡི་གེའི་ཐིག་དེ་མགོ་ཡིན་པར་ཁས་ལེན་རིགས་པའི་ཕྱིར། མ་གྲུབ་ན་ཐིག་དེ་ཆོས་ཅན་ཁྱོད་ཡི་གེའི་མགོ་ཡིན་པར་ཐལ། དེ་ཡིན་ཚུལ་སྟོན་པར་བྱེད་པ་ནི། གཟུགས་ཅན་སྙིང་པོས་ཞུས་པའི་མདོ་ལས། ཡི་གེའི་མགོ་ནི་ཐིག་ཡིན་པས། །ཡི་གེ་བཞི་བཅུ་རྩ་གཉིས་རྣམས། །མ་ནོར་དམ་པའི་ཐིག་ཡིན་པས། །ལམ་མཁན་ཐིག་ནས་ཡི་གེར་ཞུགས། །ཞེས་བཤད་པའི་ཕྱིར། ཡང་། ཏིག་ནི་ཤེས་རབ་མིང་དུ་སྨྲ། །ཡི་གེ་ཏིག་དེ་ཤེས་རབ་ཀྱི་མིང་ཡིན་པར་ཐལ། དེ་ལྟར་བཤད་པའི་ཕྱིར། འདོད་ན། ཡི་གེ་ཏིག་དེ་ཆོས་ཅན། ཁྱོད་ཤེས་རབ་ཀྱི་མིང་ཡིན་པར་ཐལ། དེ་ལྟར་བཤད་པའི་ཕྱིར། འདོད་ན། ཡི་གེ་ཏིག་དེ་ཆོས་ཅན། ཁྱོད་ཤེས་རབ་ཀྱི་མིང་མ་ཡིན་པར་ཐལ། ཚེག་ལ་ཏིག་ཅེས་བཤད་པའི་ཕྱིར་ཏེ། ཡོ་ག་རྒྱན་དམ་པ་ལས། བསྡུད་པའི་ཕྱིར་ན་ཚེག་ནི་ཏིག །འཐོར་བ་བསྡུས་ནས་མིང་དུ་སྨྲ། །ཞེས་དང་། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང་། ཏིག་ནི་ཚེག་ཏུ་སྒྲུབ་པ་སྟེ། །ཡི་གེ་བསྡུས་ནས་མིང་དུ་སྨྲ། །དེ་ཕྱིར་ཚེག་ནི་ཏིག་ཅེས་བྱ། །ཞེས་དང་། ཤད་ནི་ཚིགས་སུ་བཅད་པའི་ཡི་གེ་སྟེ། སྤྱི་མདོར། གཅོད་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་དབྱུག་པ་ཞེས་བླ་དྭགས་སུ་གཏགས་སོ། །ཞེས་དང་། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། ཚིགས་སུ་བཅད་པའི་ལས་ཅན་ལ། །དེ་ཕྱིར་བཤད་དུ་གྲགས་སོ་ཞེས། །ཅེས་གསུངས། གཞན་ཡང་སེམས་ཀྱི་རང་བཞིན་ཆོས་ཅན། ཁྱོད་ཡི་གེ་རྣམ་པར་གནས་པར་ཐལ། ཁྱོད་ཡི་གེ་ཨའི་རྣམ་པར་གནས་པའི་ཕྱིར། འདོད་ན། ཡི་གེའི་རྣམ་པར་གནས་པ་མ་ཡིན་པར་ཐལ། མིང་ཚིག་ཡི་གེ་ལ་འདས་པའི་ཆོས་ཡིན་པའི་ཕྱིར། གཞན་ཡང་། ཨ་ཆོས་ཅན། ཁྱོད་སྐྱེ་མེད་མཚོན་བྱེད་ཀྱི་ཡི་གེ་མ་ཡིན་པར་ཐལ། ཁྱོད་མཚོན་བྱ་སྐྱེ་མེད་ཀྱི་ངོ་བོ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཐལ། དེ་ལྟར་ཡིན་ཚུལ། ཨ་ནི་སྟོང་དང་མི་སྟོང་གི། །དབུ་མའང་དམིགས་སུ་ཡོད་མ་ཡིན། །ཞེས་པ་དང་། གང་སྐྱེ་བ་མེད་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་ཨ་ཞེས་པའི་མིང་བླ་དྭགས་སུ་བཏགས་སོ། །ཞེས་གསུངས་པའི། གཞན་ཡང་བཞི་བཅུ་རྩ་གཉིས་སུ་སྣང་བའི་ཕྱག་རྒྱའི་ལྷ་དེ་དང་། ཡི་གེའི་ཕྱག་རྒྱར་སྣང་བའི་ལྷ་བཞི་བཅུ་རྩ་གཉིས་པོ་གཅིག་ཏུ་ཁས་ལེན་མི་རིགས་པར་ཐལ། འདོད་ན། འདི་ཉིད་ལས། ཐམས་ཅད་མིང་ཙམ་སངས་རྒྱས་ཀུན། །ཡི་གེ་འཕྲེང་བ་ཉིད་ལ་གནས། །ཞེས་པ་དང་འགལ་ལོ། །དེ་དག་གི་རྣལ་ལན་ནི། མགོ་ནི་མ་ནོར་ལམ་ཞེས་པའི་དོན། གཟུགས་དབྱིབས་དོན་མ་ཡིན་ཡི་གེ་ཐམས་ཅད་ཀྱི་མགོ་འདྲེན་ཅིང་འཇུག་པའི་སྒོར་གྱུར་པས་ལམ་དང་འདྲ་བ་ཡིན་པའི་དོན་དང་ཐིག་ཡིན་པའི་དོན་ཡང་། བརྗོད་བྱའི་དོན་ཡང་དག་པ་དྲང་པོར་མཚོན་བྱེད་ཐིག་ཡིན་པར་ཡང་བཤད་པས་ཐིག་དང་ལམ་དོན་གཅིག་པར་བཤད་པ་སྟེ། གཟུགས་ཅན་སྙིང་པོས་ཞུས་པའི་མདོ་ལས། ཡི་གེ་བཞི་བཅུ་རྩ་གཉིས་ལམ། །མ་ནོར་དམ་པ་ཐིག་ཡིན་པས། །རྐང་ལམ་མཐིལ་ནས་ཡི་གེར་ཞུགས། །ཡི་གེ་མགོ་ནི་ཐིག་ཅེས་བྱ། །ཞེས་སོ། །བེ་ཀ་རི་ཞེས་པ། སྐྱེ་མེད་མཚོན་བྱེད་ཨའི་ཡན་ལག་གི་དང་པོ་དབྱིངས་བེར་ཀ་རིས་ལ་བཤད་དོ། །ཡི་གེ་ཐམས་ཅད་མཚོན་བྱེད་ཀྱི་ལྷ་ཡིན་པ་དང་། ཕྱག་རྒྱའི་ལྷ་དེ་ཡང་མཚོན་བྱེད་ཀྱི་ལྷ་ཡིན་ཏེ། ཆོས་ཉིད་དེ་བཞིན་ཉིད་ཀྱི་ལྷ་དེ་ཞལ་ཕྱག་ལས་འདས་མོད་ཀྱང་། ཆོས་ཉིད་ཀྱི་ཡོན་ཏན་ཞལ་ཕྱག་དང་མཚན་མས་མཚོན་ནས་རྟོགས་དགོས་པའི་ཕྱིར་རོ། །ཡི་གེའི་དོན་དཔེར་ན་རྡུལ་འདུས་པ་ནི་གོང་བུ་ཡིན་ལ། དེ་བས་ན་རྡུལ་ཕྲན་ནི་གོང་བུ་འཛིན་པའི་གནས་ཡིན་པ་བཞིན་དུ། མིང་གི་མཐར་ཐུག་གི་ནི་མིང་གི་མཐའི་ཡི་གེ་ཡིན་ལ། མིང་མཐའི་ཡི་གེ་འདུས་པ་ལས་དབྱངས་ཡིག་གཅིག་གིས་བཅིངས་པའི་ཡི་གེ་འགྲུབ་བོ། །དེ་འདུས་པ་ལས་ཀ་བ་དང་བུམ་པ་སོགས་དངོས་པོ་རྣམས་ཀྱི་མིང་འགྲུབ། དེ་གྲུབ་པས་ཚིག་གི་ཚོགས་མ་ལུས་པ་འགྲུབ་པ་སྟེ། དེའི་ཕྱིར་ཡི་གེ་ནི་ཚིག་མ་ལུས་པ་འཛིན་པའི་གནས་སོ། །ཡི་གེ་རང་བཞིན་སེམས་ཉིད་སྤྲོས་པ་དང་བྲལ་བ་ཡིན་མོད་ཀྱང་། འཕྲུལ་པ་ཙམ་དབྱིབས་དང་ཁ་དོག་དང་མིང་གི་སྒོ་ནས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པར་བྱེད་དོ། །འདི་ཉིད་ལས། དངོས་མེད་ཡི་གེའི་རང་བཞིན་སེམས། །བདག་མེད་མཐའ་བྲལ་མི་དམིགས་ཀྱང་། །དབྱིབས་དང་ཁ་དོག་མིང་ཚོགས་ལས། །རོལ་པ་ཅིར་ཡང་སྤྲུལ་ཅིང་སྟོན། །ཞེས་སོ། །དེ་ཡང་ཡི་གེ་ཉིད་ལྷ་ཡིན་པའི་ཚུལ་ནི། འདི་ཉིད་ལས། ཡི་གེ་འཁོར་ལོ་ཚོགས་ཆེན་འདིས། །སྐུ་གསུང་ཐུགས་ཀྱི་ཕྲེང་བ་བསྡུས། །ཞེས་དང་། འབྲས་བུ་རྒྱལ་བ་སྨིན་གྲུབ་ངོ་མཚར་མིང་ཚོགས་བཞི་བཅུ་གཉིས། ཞེས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཡི་གེའི་འཁོར་ལོར་གྱུར་ཏེ། ཞེས་གསུངས་པའི་ཕྱིར་རོ། །དྲི་བ་དྲུག་པ་ལེའུ་བཅོ་ལྔ་པའི་སྐོར་ལ། འཕྲོས་དོན་ཞིག་སྨོས་ནས་བརྗོད་པར་བྱ་སྟེ། དེ་ནས་དེ་བཞིན་གཤེགས་པ་ཆེ་བའི་རྡོ་རྗེ་བཀོད་པའི་སྒྱུ་འཕྲུལ་དྲ་བ་ལས། འཇིག་རྟེན་དྲུག་གི་ཕྱོགས་ཆའི་སྲིད་པ་གསུམ་གྱི་བདག་པོ་འདུལ་བའི་ང་རྒྱལ་ཆེན་པོའི་གཟི་བརྗིད་སྟོན་པའི་ཕྱིར། ཞེས་སོགས་ཀྱི་གཞུང་འདི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སངས་རྒྱས་ཐམས་ཅད་ཀྱི་ཁྲོ་བོའི་དཀྱིལ་འཁོར་མངོན་པར་འདུ་མཛད་དོ། །ཞེས་པའི་གཞུང་འདི་ལས་འཕྲོས་པར་ཐལ། རྒྱུ་མཚན་རིགས་དྲུག་པ་ཀུན་ཏུ་བཟང་པོ་དེ་ཉིད་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་སྣང་ངོར་སྔོན་བྱུང་ཁྲོ་བོའི་གླེང་གཞི་སྟོན་པ་ཕུན་སུམ་ཚོགས་པའི་རྣམ་དག་དེ་བསྟན་ནས། རྨད་དུ་བྱུང་བའི་ཆོས་ཕུན་སུམ་ཚོགས་པ་ཕོ་རྣམས་བསྒྲལ་བའི་ལས་ཀྱི་འདུལ་བ་དང་། མོ་རྣམས་སྦྱོར་བའི་ལས་ཀྱི་འདུལ་བའི་ཕྲིན་ལས་ཕུན་སུམ་ཚོགས་པ་ངེས་པར་སྟོན་པར་བྱེད་པ་ནི། དེ་ནས་དེ་བཞིན་གཤེགས་པ་ཆེ་བའི་ཞེས་སོགས་ཀྱི་གཞུང་དེ་བྱུང་བ་གང་ཞིག །འཁོར་ཕུན་སུམ་ཚོགས་པ་དེ་ལ་གདུལ་བྱ་གདུག་པ་ཅན་གྱི་འཁོར་དང་། འདུལ་བྱེད་གཉེན་པོའི་འཁོར་གཉིས་ཡོད་པ་ལས། དང་པོ་དེ་སྟོན་པར་བྱེད་པ་ནི། དེ་ཅིའི་ཕྱིར་ན། བདག་ཏུ་རྨོངས་པའི་རྟོག་པ་དང་། །ཞེས་སོགས་དང་། གཉིས་པ་དེ་སྟོན་པར་བྱེད་པ་ནི་ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེར་གྱུར་ཏེ་ཤར་ཕྱོགས་སུ་བཞུགས་སོ། །ཞེས་སོགས་གཞུང་འདི་བྱུང་བའི་ཕྱིར། དེ་ལྟར་འཕྲོས་པ་འདོད་ན། རུ་ཏྲ་དེ་སྔོན་བསྐལ་པ་ཀུན་བཀོད་ཀྱི་དུས་སུ་དགེ་སློང་ཐུབ་དཀའ་གཞོན་ནུ་བསྟེན་ནས། ཅི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་སྤྱད་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །འདི་ནི་རྣལ་འབྱོར་དམ་པའི་ལམ། །ཞེས་པ་སྒྲ་ཅི་བཞིན་པར་སྤྱད་པས་གོལ་ཏེ་ལས་ཀྱི་རུ་ཏྲར་སྐྱེས་པར་ཐལ། ལྟ་བའི་གནས་ལུགས་མ་རྟོགས་པར་དེ་ལྟར་སྤྱད་པས་གོལ་བའི་ཕྱིར་ཏེ། ལུང་ལས། མ་རྟོགས་པ་ཡི་སྤྱད་གྱུར་ན། །ཡི་དྭགས་སྲིན་པོའི་གནས་སུ་སྐྱེ། །རུ་ཏྲ་དེ་ཆོས་ཅན། ཁྱོད་ཀྱི་གབ་པའི་གསང་བ་ལྟ་བ་གནས་ལུགས་དེ་བཞིན་ཉིད་མ་རྟོགས་པར། སྦས་པ་གསང་བ་སྤྱོད་པ་སྦྱོར་སྒྲོལ་བྱོལ་ཉོག་ཏུ་སྤྱད་པའི་རྣམ་སྨིན་གྱི་འབྲས་བུ་དམྱལ་བ་དང་ཡི་དྭགས་སུ་སྐྱེས་ནས་བསྐལ་པ་ཆེན་པོ་སྟོང་ཕྲག་བཅུ་གཉིས་དང་བསྐལ་ཆེན་དྲུག་གི་བར་དུ་དམྱལ་བ་ཚ་གྲང་དང་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ཉམས་སུ་མྱོང་བར་ཐལ། དེ་ལྟར་གཞུང་ལས་བཤད་པའི་ཕྱིར། དེ་ལྟར་བཤད་པ་ཚུལ་བསྟན་ཡིན་གྱི་དངོས་སུ་མ་མྱོང་ཟེར་ན། འོ་ན་རུ་ཏྲ་ཐར་པ་ནག་པོ་དེ་སྔོན་གྱི་དུས་སུ་གསང་སྔགས་རང་གར་སྤྱད་དེ། ཁྲོ་བོ་དང་ཕྲ་མེན་ལ་སོགས་པའི་ལྷ་རང་རྒྱུད་དུ་བསྒོམས། ར་ལ་ར་ལ་སོགས་པའི་སྔགས་རང་གར་བཟླས། ཕོ་བསྒྲལ་མོ་སྦྱོར་གྱི་ལས་རླང་པོར་སྤྱད་པའི་སྲིད་པས་མཚམས་སྦྱར་ནས། ཡུལ་ལངྐ་པུ་རང་གི་སྨད་ཚོང་མའི་མངལ་དུ་ཆགས་པ་ལས། མངལ་ནས་སྐྱེས་ནས་ཞག་བདུན་ལོན་པ་དང་མ་དེ་ཤི་བས་ཡུལ་མི་རྣམས་ཀྱིས་བུ་དེ་མའི་རོའི་མཆན་དུ་བཅུག་ནས་དུག་ཤིང་ནལ་བའི་རྩར་སྐྱལ་བས། བུ་དེས་མའི་ནུ་ཞོ་དང་ཤ་དང་ཁྲག་དང་རུས་པའི་བར་དུ་ཟོས་པས་ཁོ་ཆེར་བལྟས་ནས་དུར་ཁྲོད་ཀྱི་རོ་རྣམས་ཟས་སུ་ཟ་ཞིང་རོ་གོས་རྣམས་གོས་སུ་གྱོན་པས་ཡི་དྭགས་འགྲོ་བས་བསྡུས་པའི་ལུས་དང་ཡན་ལག་མི་མཚམས་པར་མཚོན་ཆ་སྣ་ཚོགས་འཛིན་པ། གསོད་བྱེད་ཀྱི་འཁོར་དྲེད་མོ་ལག་བསྡེབས་དང་། འཕར་བ་རྐང་བསྡེབས་དང་། བྱ་སྤྱང་གསོད་བྱེད་ལ་སོགས་པའི་འཁོར་དང་ལྡན་ཞིང་བཞི་བརྒྱ་རྩ་བཞིའི་ནད་བཏང་བའི་སྲིན་པོ་བྱའི་གཤོག་པ་ཅན་ཡིན་པར་ཐལ། དེ་ལྟར་ཡིན་ཚུལ་གཞུང་ལས་བཤད་པའི་ཕྱིར། མ་གྲུབ་ན། གཞུང་ལས། དེ་ནས་སྔོན་གྱི་ལས་ཀྱི་སྒྲིབ་པ་རྩུབ་མོད་ཀྱང་དེ་ཁད་ཀྱིས་བསྲབས་པ་དང་། ཞེས་སོགས་དང་འགལ་ལོ། །དེ་དག་ཐམས་ཅད་སྤྲུལ་བཤད་ཡིན་ཟིན་ན། འོ་ན། འདི་དང་ཆ་འདྲ་བའི་རུ་ཏྲ་རང་རྒྱུད་གཅིག་ཁས་ལེན་རིགས་པར་ཐལ། འགྲེལ་པ་ལུང་བསྟན་མ་ལས། དེ་བཞིན་གཤེགས་པ་ཉིད་ཀྱི་ཚུལ་དུ་བསྟན་པ་རིག་པ་བྱ་སྟེ། དེ་ལ་དགོས་པ་དང་དགོངས་པ་ཅི་ཡོད་ཅེ་ན། རང་རྒྱུད་པའི་གོལ་ས་དགག་པ་དང་། ཆེ་བའི་མཐུའི་ཚད་བསྟན་པའི་དགོས་པ་དང་། ཞེས་སོགས་གསུངས་པའི་ཕྱིར། འདོད་ན། རུ་ཏྲ་རང་རྒྱུད་པ་དེ་དམྱལ་བ་དང་ཡི་དྭགས་ཀྱི་ལས་མྱོང་སྟོབས་ཀྱི་ཟད་པར་ཐལ། དེ་ནས་རྣམ་པར་སྨིན་པ་དེ་ཁད་ཀྱིས་སྲབ་པ་དང་ཞེས་བཤད་པའི་ཕྱིར། འདོད་ན། རྣམ་སྨིན་སྤྱད་པས་ཟད་དམ། གཉེན་པོས་ཟད། དང་པོ་ལྟར་ན། ཡང་དག་པའི་ལམ་དགོས་མེད་དུ་ཐལ། རྣམ་སྨིན་སྤྱད་པས་ཟད་པའི་ཕྱིར། འདོད་མི་ནུས་ཏེ། འདི་ཉིད་ལས། ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱི། །རང་བྱུང་ཀུན་བཟང་ལྷུན་གྱི་གྲུབ། །ཞེས་སོ། །གཉེན་པོ་བརྟེན་པས་ཟད་ན། ངན་སོང་གསུམ་མི་ཁོམ་པའི་གནས་མ་ཡིན་པར་ཐལ། གཉེན་པོ་བརྟེན་དུ་འདུག་པའི་ཕྱིར། གཞན་ཡང་དཔལ་ཆེན་པོས་རུ་ཏྲ་དངོས་སུ་བསྒྲལ་བ་ཡིན་པར་ཐལ། འདིར་བཤད་པ་ནི་སྤྲུལ་པ་བ་ཡིན་ཅིང་། གཞན་གང་དུ་རུ་ཏྲ་དངོས་སུ་མ་བཤད་པའི་ཕྱིར། འདོད་མི་ནུས་ཏེ། ལུང་ལས། མ་ཏྲཾ་རུ་ཏྲ་བསྒྲལ་བའི་རྫས་བརྒྱད་ལས། །གསང་སྔགས་འབྱོན་པའི་གནས་བརྒྱད་བྱིན་གྱིས་རློབས། །ཞེས་དང་། བཀའ་བརྒྱད་བདེར་འདུས་ལས། མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །བསྒྲལ་ནས་དུར་ཁྲོད་ཆེན་པོར་བྱས། །ཞེས་སོགས་ལུང་དུ་མ་དང་འགལ་བའི་ཕྱིར། གཞན་ཡང་། དཔལ་ཆེན་པོ་ཆོས་ཅན། ཁྱོད་ཀྱིས་རུ་ཏྲ་དངོས་སུ་བསྒྲལ་བ་ཡིན་པར་ཐལ། ཁྱོད་ཀྱིས་ཡབ་ཡུམ་སྙོམས་པར་སྦྱོར་བའི་སེམས་སྤྲིན་ལས་ཁྲོ་ཚོགས་སྤྲོ་བསྡུའི་སྦྱོར་བས་རུ་ཏྲ་རྣམས་དངོས་སུ་ཞབས་འོག་ཏུ་མནན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེ་ལྟར་ཡིན་པར་ཐལ། ཁྱོད་ཀྱི་ཞབས་འོག་ཏུ་མནན་པས་ད་དུང་དགྲ་ཟླར་མཐོང་སྟེ། ཁྲོས་པའི་གཏུམ་ཚིག་སྨྲས་པས། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་བསྡུད་པའི་ཧཱུྃ་གསུམ་གྱི་རྔམས་སྒྲ་དང་། དུག་གསུམ་ཞལ་དུ་གསོལ་བའི་སྲོག་དབུགས་ལ་རྔམས་པའི་ཕྱིར་ཧ་གསུམ་གྱི་བཞད་སྒྲ་དང་། ཤ་ཁྲག་རུས་གསུམ་ལྷག་མ་མ་ལུས་པར་ཞལ་དུ་ཁཱ་ཧི་གསུམ་གྱི་དགྱེས་སྒྲ་བཅས་ཏེ། བདག་འཛིན་རྩད་ནས་གཅོད་ཕྱིར་སྙིང་ཕྱུངས། ཡུལ་འཛིན་གྱི་སྒོ་དགག་ཕྱིར་དབང་པོ། །མངོན་ཞེས་དགག་ཕྱིར་ནང་ཁྲོལ་ཀུན་དྲངས། ལས་ངན་གྱི་བག་ཆགས་གཅོད་ཕྱིར་ཡན་ལག་ཀུན་བཅད་གཏུབས་ནས་གཏི་མུག་ཤ་ཀུན་ཟོས། འདོད་ཆགས་ཁྲག་ཀུན་འཐུང་། ཞེ་སྡང་རུས་པ་ཀུན་འཆོས་ནས་ཕུང་པོ་ལྷག་མ་མ་ལུས་པ་ཞལ་དུ་བསྟབ་ནས་བསྒྲལ་བ་ཡིན་པའི་ཕྱིར། ཡང་གོང་དུ་ཐར་པ་ནག་པོ་ལམ་གོལ་ནས་ལས་ཀྱི་རུ་ཏྲར་སྐྱེས་པ་དེ། སྔོན་བསྐལ་པ་ཀུན་བཀོད་ཀྱི་དུས་སུ་དགེ་སློང་ཐུབ་དཀའ་གཞོན་ནུ་བསྟེན་པའི་སྟོབས་ཀྱིས། ཐུབ་དཀའ་གཞོན་ནུ་དེ་རྡོ་རྗེ་སེམས་པར་སངས་རྒྱས་པ་དང་། མཆེད་དན་འཕག་ས་བཅུའི་བྱང་སེམས་གསང་བདག་ཏུ་གྱུར་པའི་ཐུགས་རྗེ་ཡེ་ཤེས་ཀྱི་གཟིགས་ནས་ཡུལ་དང་འཕྲད་པའི་ཐུགས་རྗེས་མངོན་སྤྱོད་དྲག་པོའི་ལས་ཀྱི་བརྟུལ་བ་མ་ཡིན་པར་ཐལ། ལེའུ་བཅོ་ལྔ་པ་འདིའི་སྟོད་དུ་གདུལ་བྱ་རུ་ཏྲ་གང་ཟག་དགོས་ཚན་པ་གཅིག་ལམ་གོལ་ནས་གདུལ་བྱར་གཟིགས་ཚུལ་བཤད་ཀྱང་འདུལ་བྱེད་སྦྱོར་སྒྲོལ་གྱི་ཕྲིན་ལས་ཀྱི་སྐབས་སུ་ཕོ་རྒྱུད་ཉི་ཤུ་རྩ་བརྒྱད་དང་མོ་རྒྱུད་ཉིད་ཤུ་རྩ་བརྒྱད་སྦྱོར་སྒྲོལ་གྱི་སྒོ་ནས་བཏུལ་བར་བཤད་པ་ལས་རུ་ཏྲ་བརྟུལ་བར་མ་བཤད་པའི་ཕྱིར། མ་གྲུབ་ན་རུ་ཏྲ་ཆོས་ཅན། ཁྱོད་སྐབས་འདིར་སྦྱོར་སྒྲོལ་གྱི་ཕྲིན་ལས་ཀྱི་བཏུལ་བ་མ་ཡིན་པར་ཐལ། སྦྱོར་སྒྲོལ་ཕྲིན་ལས་ཀྱི་བཏུལ་བའི་གདུལ་བྱ་ཕོ་རྒྱུད་དང་མོ་རྒྱུད་ཀྱི་ནང་དུ་ཁྱེར་མི་འདུག་པའི་ཕྱིར། དེའི་རྒྱུ་མཚན་སྒྲོལ་བྱེད་དཔལ་ཆེན་པོས་དེ་བཞིན་ཉིད་ཀྱི་དབྱིངས་ནས་གསང་བའི་ཡུམ་སྤྲུལ་ཏེ། མཉམ་པར་སྦྱོར་བའི་སེམས་སྤྲིན་ལས་ཁྲོ་བོ་འཆོལ་པ་མཐའ་ཡས་པར་སྤྲོས། འཇིག་རྟེན་ཁམས་ཐམས་ཅད་ཁྲོ་ཚོགས་ཀྱི་ཁེངས་པའི་ཚ་ངམ་དྲག་ཤུལ་གྱིས་ཕྱོགས་བཅུའི་འཇིག་རྟེན་གཡོས་རབ་ཏུ་གཡོས་པ་ལ་སོགས་པའི་ལྟས་ཆེན་པོ་བཅོ་ལྔ་བསྟན་ནས། འཇིག་རྟེན་ན་དབང་ཆེ་བའི་ལྷ་མ་ཧཱ་དེ་བ་དང་། གཟི་བརྗིད་ཆེ་བའི་ཚངས་པ་དང་། མཐུ་ཆེ་བ་ལྷ་ཁྱབ་མཇུག་དང་དབང་ཕྱུག་ལ་སོགས་པ་ཐམས་ཅད་ཁམས་འཁྲུགས་ནས་དྲན་པ་ཉམས་ཏེ་བརྒྱལ། རབ་ཏུ་བརྒྱལ། ཀུན་ཏུ་བརྒྱལ་བར་གྱུར་པ་བཤད་པའི་ཕྱིར། གོང་དུ་ཕོ་རྒྱུད་ཉི་ཤུ་རྩ་བརྒྱད་ཀྱི་ནང་དུ་རུ་ཏྲ་ཡོད་ཟེར་ན། རུ་ཏྲ་ཆོས་ཅན། ཁྱོད་ཉི་ཤུ་རྩ་བརྒྱད་ཀ་དང་། དེ་གང་རུང་གཅིག་ཏུ་ཞེན་རིགས་པར་ཐལ། དེ་གཉིས་གང་རུང་གཅིག་ཏུ་ཁས་ལེན་རིགས་པའི་ཕྱིར། འདོད་ན་མ་ཡིན་པར་ཐལ། ཉི་ཤུ་རྩ་བརྒྱད་ཀ་མ་ཡིན་པ་གང་ཞིག །ཉི་ཤུ་རྩ་བརྒྱད་པོ་གང་རུང་གཅིག་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། ཕོ་རྒྱུད་ཉི་ཤུ་རྩ་བརྒྱད་པོ་ཆོས་ཅན། ཁྱོད་རྣམས་རྒྱུད་ཐ་དད་མ་ཡིན་པར་ཐལ། ཁྱོད་རྣམས་རུ་ཏྲ་དང་རྒྱུད་གཅིག་པོའི་ཕྱིར། གཉིས་པ་མ་གྲུབ་ན། དེ་ལྟར་མ་ཡིན་པ་ཐལ། སྲིན་པོ་ད་ཤ་གྲཱི་བ་ལྷ་ཚངས་པ། ལྷ་ཆེན་དྲག་པོ། བརྒྱ་བྱིན། ལྷ་ཁྱབ་འཇུག །ལྷ་ཆེན། གདོང་དྲུག །ལྷ་འཇུག་སྲེད། ལྷའི་བུ་ཉི་མ། ལྷའི་བུ་ཟླ་བ། ལྷ་བེ་ཅོན། སྲིན་པོ་ཁྲག་མིག །ལྷ་ཟ་བྱེད། ལྷ་དགའ་བྱེད་དབང་ཕྱུག །ལྷ་སྟོབས་བཟང་། ལྷ་བྷྲིམ་གི་རི་ཏི། འདོད་པའི་ལྷ། ནོར་སྲུང་། རླུང་ལྷ། ལྷ་གསོད་བྱེད། མེ་ལྷ། ས་བདག་ཕག་ཆེན། གཤིན་རྗེ། གན་བྱེད། ཚོགས་བདག་བྱི་ན་ཡ་ག །ཀླུ་ཧང་ཕན། ལྷ་ནག་མོ་ཆེན་མོ། ལྷ་ར་གདོང་ཆེན་མོ། །སྲིན་པོ་བུམ་སྣ། ལྷ་གསུས་པོ་ཆེ་སྟེ་ཉེར་བརྒྱད་པོ་གང་རུང་རེ་རེ་མ་ཡིན་པའི་ཕྱིར། གཞན་ཡང་། དཔལ་ཆེན་པོ་བསྒྲལ་བའི་རུ་ཏྲ་དེ་བདག་འཛིན་གྱི་རྟོག་པ་ཡིན་པར་ཐལ། བདག་ཏུ་རྨོངས་པའི་རྟོག་པ་དེ་ཡིན་པར་ཁས་ལེན་པའི་ཕྱིར། མ་གྲུབ་ན། དེ་ལྟར་ཡིན་པར་ཐལ། དེའི་ཤེས་བྱེད། བདེ་འདུས་ལས། ཁུངས་དང་རྫས་བཅས་གང་ལས་བྱུང་། །ཁུངས་དང་རྫས་བཅས་བདག་ལས་བྱུང་། །བདག་མེད་སྟོང་པའི་ཐོ་བས་གཞོམ། །ཞེས་བཤད་པའི་ཕྱིར་རོ། །གཞན་ཡང་གོང་དུ་འདིར་བཤད་པའི་རུ་ཏྲ་སྤྲུལ་པ་བ་དང་། འདི་དང་ཆ་འདྲ་བའི་རུ་ཏྲ་རང་རྒྱུད་པ་ཞིག་ཁས་བླངས་པས། འདི་དང་ཆ་འདྲ་བའི་རུ་ཏྲ་རང་རྒྱུད་པ་དེ་ཆོས་ཅན། ཁྱོད་ཀྱི་ཚོད་ཀྱི་དཀྱིལ་འཁོར་ཆེན་པོ་འདི་དངོས་སུ་མ་མཐོང་པར་ཐལ། འདི་དང་ཆ་འདྲ་བའི་རུ་ཏྲ་གང་ཞིག་དེས་དེ་ལྟར་མ་མཐོང་བར་བཤད་པའི་ཕྱིར་ཏེ། འདི་ཉིད་ལས། ཁྲོ་བོའི་ཚོགས་ཆེན་པོ་དེ་དག་ཀྱང་དབུ་དགུ་བརྒྱ་ཕྱག་སྟོང་བརྒྱད་བརྒྱ། ཞབས་བརྒྱད་བརྒྱ། སྐུ་འབར་བ་ཆེན་པོའི་ཀློང་ན་བཞུགས་པར་མཐོང་ངོ་ཞེས་བཤད་པའི་ཕྱིར། མ་གྲུབ་ན། དེ་དང་ཆ་འདྲའི་རུ་ཊ་མ་ཡིན་པར་ཐལ་ལོ། །གཞན་ཡང་སྡིག་པ་གང་ཆེ་ཆེ་སངས་རྒྱས་པར་ཐལ། མཚམས་མེད་ཀྱི་ལས་རྔམ་པོ་ཆེ་བྱས་པའི་རུ་ཏྲ་དེ་སངས་རྒྱས་ཀྱི་ཞལ་མཐོང་ནས་སངས་རྒྱས་པའི་ཕྱིར། གཞན་ཡང་འདི་ནས་བཤད་པའི་རུ་ཏྲ་དེ་སྤྲུལ་པ་ཡིན་ཟེར་བ་ཡང་མི་འཐད་དེ། ལུང་རིག་གཉིས་ཀྱི་གྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། བདག་ཏུ་རྨོངས་པའི་རྟོག་པ་དང་རྟག་པ་ལ་མངོན་པར་ཞེན་ནས། ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། སངས་རྒྱས་ཀྱི་སྤྲུལ་པའི་རུ་ཏྲ་ཆོས་ཅན། ཁྱོད་ཀྱི་སེམས་ཅན་གྱི་ཁམས་ལ་བཞི་བརྒྱ་རྩ་བཞིའི་ནད་འབེབས་པ་ལ་སོགས་ཐོ་མཚམས་པའི་ལས་ནག་པོ་དེ་ཙམ་བྱེད་པ་མི་སྲིད་པར་ཐལ། ཁྱེད་རྣམ་པ་ཀུན་ཏུ་སེམས་ཅན་མཐའ་དག་ལ་བརྩེ་བ་ལྡན་པའི་ཕྱིར། སངས་རྒྱས་ཆོས་ཅན། ཁྱོད་རུ་ཏྲའི་རྣམ་པར་སྤྲུལ་པ་ལ་དགོས་པ་མེད་པར་ཐལ། ཁྱོད་རུ་ཏྲར་སྤྲུལ་ནས་སེམས་ཅན་ལ་ལས་ངན་གསོག་ཏུ་འཇུག་མི་དགོས་པའི་ཕྱིར། གཞན་ཡང་སྤྲུལ་པ་དང་། རང་རྒྱུད་ཀྱི་མཚན་ཉིད་གང་ལ་བྱེད། སྐྱོན་གྱི་སྣང་ཚུལ་ཅན་ལ་རང་རྒྱུད་པ་དང་། ཡོན་ཏན་གྱི་སྣང་ཚུལ་ཅན་ལ་སྤྲུལ་པར་འཇོག །དང་པོ་ལྟར་ན། སེམས་ཅན་གྱི་དོན་དུ་སངས་རྒྱས་བྱང་སེམས་སྤྲུལ་པ་བསྟན་པ་དང་སྨད་ཚོང་ལ་སོགས་པའི་རྣམ་པར་བསྟན་པ་དེ་དག་ཆོས་ཅན། ཁྱོད་རང་རྒྱུད་པ་ཡིན་པར་ཐལ། འཇིག་རྟེན་ན་རྔོན་པ་སྨད་ཚོང་ལ་སོགས་སྐྱོན་གྱི་སྣང་ཚུལ་ཅན་དུ་བྱེད་པའི་ཕྱིར། འདོད་ན། དེ་ཆོས་ཅན། མ་ཡིན་པར་ཐལ། སྤྲུལ་པ་ཡིན་པའི་ཕྱིར་ཏེ། རྔོན་དང་སྨད་ཚོང་ལ་སོགས་པ། སྤྲུལ་པའི་ལུས་ཀྱི་འདུལ་བར་བྱེད། །ཅེས་གསུངས་པའི་ཕྱིར། གཞན་ཡང་སྟོན་པ་ཤཱཀྱ་ཐུབ་པ་དེ་ཆོས་ཅན། ཁྱོད་རང་རྒྱུད་པར་ཐལ། ཁྱོད་སྨད་ཚོང་པའི་ཆ་བྱད་ཅན་དུ་བྱས་པའི་ཕྱིར། འདོད་ན། གོང་གི་སྒྲུབ་བྱེད་བཞིན། མ་གྲུབ་དེ་འདྲ་མེད་འདྲ་ཟེར་ན། དེ་ལྟར་ཡོད་ཚུལ་མདོ་སྡེ་མྱང་འདས་ལས། རིགས་ཀྱི་བུ། དེའི་ཚེའི་དུས་ན་བདུད་སྡིག་ཏོ་ཅན་ང་ཉིད་ཡིན་ཏེ། གཞན་དུ་མ་རྟོག་ཅིག །ཅེས་གསུངས་ཕྱིར། ཕྱིས་འདི་འདྲའི་རང་རྒྱུད་པ་འབྱུང་བ་ལ་དགོངས་ཟེར་བ་ཡང་མི་འཐད་དེ། སྔར་དངོས་སུ་མ་བྱུང་ན་ཕྱིས་ཀྱང་དངོས་སུ་མི་འབྱུང་བའི་ཕྱིར་ཏེ། རྒྱུ་མཚན་ལ་ཁྱད་པར་མེད་པའི་ཕྱིར། མོ་རྣམས་སྦྱོར་བས་བརྟུལ་བའི་ཚེ། དཔལ་ཆེན་པོ། མོ་རྒྱུད་ཉི་ཤུ་རྩ་བརྒྱད་དང་དངོས་སུ་སྦྱོར་བ་མཛད་པར་ཐལ། མོ་རྣམས་སྦྱོར་བ་མཛད་ནས་བརྟུལ་བའི་ཕྱིར། འདོད་ན་དཔལ་ཆེན་པོ་ཆོས་ཅན། ཁྱོད་ཀྱི་སྐུ་ལ་མོ་རྒྱུད་ཉི་ཤུ་རྩ་བརྒྱད་མ་འཁྲིལ་པར་ཐལ། ཁྱོད་ཀྱི་སྐུ་ལ་ཕྱོགས་ཀྱི་གཙོ་མོ་བཞི་དང་། སྒོ་མ་བཞི་སྟེ་བརྒྱད་ལས་མ་འཁྲིལ་བའི་ཕྱིར་ཏེ། གཞུང་ནས་དེ་ལྟར་གསལ་བའི་ཕྱིར་རོ། །ཕྱོགས་ཀྱི་ལྷག་མ་ལྔ་ལྔ་པོ་དེ་རྣམས་རིགས་བཞི་ཧེ་རུ་ཀ་དང་འཁྲིལ་བའི་ཕྱིར། དེ་ལྟར་ཡང་འདི་ཉིད་ལས་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་ལ་ཚངས་མ་དང་། ཁྲག་འཐུང་མོ་དང་ཞེས་སོགས་གསུངས་པའི་ཕྱིར་རོ། །ཡང་གོང་དུ་ཉི་ཤུ་རྩ་བརྒྱད་དངོས་སུ་སྦྱོར་བ་མ་མཛད། དཔལ་ཆེན་པོའི་སྐུ་ལ་བརྒྱད་དང་། རིགས་བཞི་ཧེ་རུ་ཀའི་སྐུ་ལ་ཕྱོགས་ཀྱི་ལྷག་མ་ལྔ་ལྔ་འཁྲིལ་བ་ཡིན་ཟེར་ན། འོ་ན་དཔལ་ཆེན་པོས་མོ་རྒྱུད་ཐམས་ཅད་དང་སྦྱོར་བ་མཛད་ནས་བརྟུལ་བ་མ་ཡིན་པར་ཐལ། དམ་བཅའ་དེ་འཐད་པའི་ཕྱིར། འོ་ན་དཔལ་ཆེན་པོ་ཆོས་ཅན། ཁྱོད་ཀྱིས་མོ་རྒྱུད་ཡོངས་རྫོགས་དང་སྦྱོར་བ་མཛད་ནས་མ་བཏུལ་བར་ཐལ། ཁྱོད་ཀྱི་ཕྱོགས་ཀྱི་གཙོ་མོ་བཞི་དང་། སྒོ་སྐྱོང་གདོང་མོ་བཞི་མ་གཏོགས་གཞན་རྣམས་དང་སྦྱོར་བ་མཛད་ནས་མ་བཏུལ་བའི་ཕྱིར། རྟགས་ཁས། རིགས་བཞི་ཧེ་རུ་ཀ་ཆོས་ཅན། ཁྱོད་ཀྱི་སྦྱོར་བ་མཛད་ཏེ་བཏུལ་བའི་དྲེགས་པ་མོ་རྒྱུད་ཡོད་པར་ཐལ། མོ་རྒྱུད་ཉི་ཤུ་རྩ་བརྒྱད་ལས་ཕྱོགས་ཀྱི་གཙོ་མོ་མ་གཏོགས་པའི་ལྔ་པོ་ལྔ་པོ་རྣམས་ཁྱོད་ཀྱིས་སྦྱོར་བ་མཛད་ནས་བཏུལ་བ་ཡིན་པའི་ཕྱིར། འདོད་ན། ཕྱོགས་ཀྱི་གཙོ་མོ་རྣམས་མ་གཏོགས་པའི་མ་མོ་ཉི་ཤུ་པོ་ཆོས་ཅན། ཁྱོད་དཔལ་ཆེན་པོས་བཏུལ་བ་མ་ཡིན་པར་ཐལ། ཁྱོད་རིགས་བཞི་ཧེ་རུ་ཀས་བཏུལ་བའི་ཕྱིར། འདོད་ན། དཔལ་ཆེན་པོས་བཏུལ་ནས་མིང་གི་དབང་བསྐུར་ནས་དཀྱིལ་འཁོར་གྱི་ཁྲག་འཁྱམས་ལ་བཀོད་པ་མ་ཡིན་པར་ཐལ། གཞན་ཡང་། དབང་ཕྱུག་མ་དང་སྦྱོར་བ་མཛད་པའི་དབང་ཕྱུག་མ་རེ་རེའི་ཁ་ནས་ཉེར་བརྒྱད་རེ་མ་ཐོན་པར་ཐལ། དེ་ལྟར་མ་ཐོན་པའི་ཕྱིར། འདོད་ན། དེ་ལྟར་ཐོན་པ་གཞུང་ལས་བཤད་པ་དང་འགལ་ལོ། །མ་གྲུབ། དེ་ལྟར་ཐོན་པ་ཡིན་ཟེར་ན། དེ་ལྟར་མ་ཐོན་པར་ཐལ། མ་ཉི་ཤུ་རྩ་བརྒྱད་ལ་སྲས་ཉི་ཤུ་མན་མ་བྱུང་བའི་ཕྱིར་ཏེ། གནས་མ་བརྒྱད་དང་། ཡུལ་མ་བརྒྱད། སྒོ་མ་བཞི་སྟེ་ཉི་ཤུ་ལས་མ་བྱུང་བའི་ཕྱིར། གཞན་ཡང་། སྒོ་མ་བཞི་ཆོས་ཅན། ཁྱོད་སྲས་དང་ཡུམ་གཉིས་ཀ་ཡིན་པར་ཐལ། སྲས་ཡིན་པ་གང་ཞིག །ཡུམ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། སྒོ་མ་བཞི་ཆོས་ཅན། ཁྱོད་སྲས་མོ་ཉི་ཤུའི་ནང་ཚན་ཡིན་པར་ཐལ། ཁྱོད་མ་དྲངས་པར་སྲས་ཉི་ཤུ་མ་ཚང་བའི་ཕྱིར། གཉིས་པ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་དཔལ་ཆེན་པོའི་སྐུ་ལ་འཁྲིལ་བ་མ་ཡིན་པར་ཐལ། གཞན་ཡང་། རུ་ཏྲ་ཕོ་རྒྱུད་དེ་རྣམས་ཆོས་ཅན། ཁྱོད་རྣམས་ལ་དཔལ་ཆེན་པོས་དབང་མ་བསྐུར་བར་ཐལ། ཁྱོད་རྣམས་དཀྱིལ་འཁོར་གྱི་གནས་སུ་མ་བཀོད་པ་གང་ཞིག །དབང་རྟགས་ཀྱང་མ་བཤད་པའི་ཕྱིར་ཏེ། ད་ལྟ་སྒྲུབ་ཐབས་སུ་ཡང་དབང་མོ་རྣམས་ལ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་རེ་རེས་དབུ་བརྒྱན་པའི་དབང་རྒྱ་ཡང་བཅའ་དགོས་ཤིང་། ཕོ་རྒྱུད་རྣམས་དབང་རྒྱ་བཅའ་བ་ཡང་མ་བཤད་པའི་ཕྱིར། གོང་དུ་མ་ཁྱབ། ཕོ་རྒྱུད་རྣམས་ལ་དབང་ཡང་མ་བསྐུར། དཀྱིལ་འཁོར་གྱི་གནས་སུ་ཡང་མ་བཀོད་ཟེར་ན། སྟོན་པ་ཡབ་ཡུམ་ཆོས་ཅན། ཁྱོད་ཀྱི་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་དབང་རྫས་ཕྱི་བདུད་རྩི་དྲི་ཆེན། ནང་ཉི་ཟླ་བྱང་ཆུབ་ཀྱི་སེམས་འདི་ཕྱུངས་ནས་ཕོ་རྒྱུད་རྣམས་ལ་དབང་བསྐུར་བ་ཡིན་པར་ཐལ། ཁྱོད་ཀྱིས་ༀ་བཛྲ་མ་ཧཱ་ཨ་མྲྀ་ཏ་མ་ཧཱ་ཀྲོ་དྷཱ་ཨཾ་ཨཾ་ཨཾ། ཞེས་ལྕེ་སྟེང་དུ་དམ་རྫས་ལན་གསུམ་བཞག་ནས་དབང་བསྐུར་བའི་ཕྱིར། དེ་ལྟར་ཡིན་པར་ཐལ། དབང་བསྐུར་བའི་བྱིན་རླབས་ཀྱིས་ཕོ་རྒྱུད་རྣམས་དྲན་པ་སླར་རྙེད་ནས་རྟོག་ཚོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གསལ་ཏེ། ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ཀྱི་ཏིང་ངེ་འཛིན་ནི་ཐོབ་པའི་ཕྱིར་རོ། །གཉིས་པ་དཀྱིལ་འཁོར་གྱི་གནས་སུ་མ་བཀོད་ཟེར་ན། དྲེགས་པ་ཕོ་རྒྱུད་དེ་རྣམས་ཆོས་ཅན། ཁྱོད་དཀྱིལ་འཁོར་གྱི་གནས་སུ་བཀོད་པར་ཐལ། ཁྱོད་ཁྲོ་བོ་ཐམས་ཅད་ཀྱི་གདན་དུ་བྱས་པ་དེ་ཁྱོད་སྡོད་པའི་གནས་ཡིན་པའི་ཕྱིར། ད་ནི་དེ་དག་གི་རྣལ་མའི་ལན་མདོ་ཙམ་ཞིག་བརྗོད་ན། སྤྱིར་ལས་འདག་ཚུལ་ལ། རྟོགས་པས་འདག་པ་ལྟ་བ་གནས་ལུགས་རྟོགས་པས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཤེས་པའོ། །བཤགས་པས་འདག་པ་སྟོབས་བཞི་ཚང་བའི་གཉེན་པོས་འདག་པ། མི་དགེ་བ་ཆུང་ངུའི་གཉེན་པོར་སྤྱད་པས་སོ། །དེ་གསུམ་དང་མི་ལྡན་ན་མྱོང་འགྱུར་གྱི་ལས་ཡིན་པ་མྱོང་བས་འདག་སྟེ་རུ་ཏྲ་བཞིན་ནོ། །རུ་ཏྲ་མ་བསྒྲལ་བར་ཐལ། འདིར་བསྒྲལ་བ་བདག་འཛིན་རུ་ཏྲ་ཡིན་པའི་ཕྱིར་ལ་མ་ཁྱབ་སྟེ། རུ་ཏྲ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་པས་དེ་གཉིས་གཅིག་ཏུ་ཁས་ལེན་དགོས་པའི་ཕྱིར། རུ་ཏྲ་ཞེས་པ་དེ་ལུས་ངག་ཡིད་གསུམ་ཕྱིན་ཅི་ལོག་བདག་ཏུ་བཟུང་བས་ཡིད་ཕྱིན་ཅི་ལོག་ཏུ་བསྒྱུར་བ་ལས་མ་ཏྲཾ་རུ་ཏྲ། ངག་ཕྱིན་ཅི་ལོག་ཏུ་བསྒྱུར་བ་ལ། ཁ་ཏྲཾ་ཀ་རུ་ཏྲ། ལུས་ཕྱིན་ཅི་ལོག་ཏུ་བསྒྱུར་བ་ཨ་ཀཪྴ་རུ་ཏྲ་དེ་རྣམ་པ་གསུམ་ཡིན། དེ་བསྒྲལ་ཚུལ་ནང་དུ་སྣང་གསུམ་བཅོམ་ལྡན་འདས་སངས་རྒྱས་པའི་ཚེ། ནང་གི་རྩ་མདུད་གྲོལ་བའི་རྟགས་སྣང་སྐྱེས་བུ་སངས་རྒྱས་པ་དེའི་སྣང་ངོར་བདུད་བཞི་བཅོམ་པའི་ཉམས་ཀྱི་སྣང་བ་ཡིན་པའི་ཚུལ་ལེའུའི་སྟོད་དུ་གང་ཟག་སྒོས་ཚན་པ་གཅིག་ཡིན་པར་བཤད་པ་དང་། སྦྱོར་སྒྲོལ་གྱི་ཕྲིན་ལས་སྐབས་དེ་དངོས་སུ་མི་འབྱུང་བ་དྲེགས་པ་ཕོ་རྒྱུད་མོ་རྒྱུད་རྣམས་འབྱུང་བ། བདག་འཛིན་གྱི་རུ་ཏྲ་བཅོམ་ན་དེའི་རྩལ་ལས་ཤར་བའི་ཕྱི་རོལ་དྲེགས་པ་རྣམས་བཅོམ་པའི་ཚུལ་བྱུང་བ་ཡིན་པར་མངོན། རུ་ཏྲ་དེ་ཕོ་རྒྱུད་ཉི་ཤུ་རྩ་བརྒྱད་པོ་གང་རུང་གཅིག་ཏུ་ཁས་ཅི་ལ་ལེན། དེའི་རྩལ་ལས་ཤར་བ་དེར་ཁས་ལེན་པ་དང་། དེའི་རྩར་དུ་ཁས་ལེན་པ་གཉིས་ཀ་རྣམ་པ་འགལ་བ་ཅན་ཡིན་པའི་ཕྱིར། རུ་ཏྲ་སྤྲུལ་པ་བ་ཡིན་པར་ཁས་བླངས་པ་ལ་སྐྱོན་མེད་དེ། དེའི་དགོས་པ་རང་རྒྱུད་པའི་གོལ་ས་དགག་པ་དང་། གསང་སྔགས་ཀྱི་མཐུའི་ཆེ་བ་བསྟན་པ་ལ་སོགས་པ་དང་འཇིག་རྟེན་གྱི་ཁམས་གཡོ་འགུལ་བྱེད་པའི་རྫུ་འཕྲུལ་ཅི་ལ་ཡོད་དགོས་ཏེ་མི་འབྱུང་བའི་ཕྱིར་ཏེ། རང་རྒྱུད་པ་ཡིན་པའི་ཕྱིར། འོན་ཀྱང་ཕྱིར་རོལ་དུ་ཡང་འདི་ནས་བཤད་པ་ལྟར་གྱི་རྟགས་སྣང་འབྱུང་ཚུལ་ཆེ་ཆུང་གཉིས་ཁས་ལེན་དགོས་ཏེ་རྩ་མདུད་རགས་པ་སྦྱོར་ལམ་ཚོམ་བུ་ཚོགས་སྒྲུབ་ཐར་གྲོལ་ནས་མཐོང་ལམ་སྦྱོར་བ་གཅིག་དང་། ཕྲ་བ་རྒྱུན་ཐར་གྲོལ་ནས་འཚང་རྒྱ་ཚུལ་གཉིས་བཤད་པས། དེ་བཞིན་ཕྱི་རོལ་དུའང་དེ་གའི་ཆ་འདྲ་འབྱུང་བ་ཁས་ལེན་དགོས་ཏེ། ཕྱི་ནང་འགྲོ་ལྡོག་གཅིག་པའི་ཕྱིར། སངས་རྒྱས་ཀྱི་སྤྲུལ་པས་མཚམས་མེད་པའི་ལས་ངན་བྱས་པ་ལྟར་སྣང་བ་ལ་སྐྱོན་མི་འཇུག་སྟེ། སྔོན་སྟོན་པ་མ་ག་དྷ་རྡོ་རྗེའི་གདན་དུ་བྱོན་པའང་སྤྲུལ་པ་ཡིན་པར་བཤད་པས། ལྷས་བྱིན་ཀྱང་སྤྲུལ་པར་ཁས་ལེན་པ་ངེས་དོན་འདིའི་སྐབས་འཐད་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱི་ཐུན་མོང་ཅན་མ་ཡིན་པའི་གསང་བ་ཆེན་པོ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། དེ་ནས་གཞན་ཡང་ཐམས་ཅད་མཁྱེན་པའི་འཁོར་གསུམ་ཚོགས་པ་བཤད་པར་བྱ་སྟེ་འཇམ་དཔལ་ནི་རྒྱལ་པོ་ཟས་གཙང་མར་གྱུར་ཏོ། །འཇིག་རྟེན་དབང་ཕྱུག་ནི་ལྷ་མོ་སྒྱུ་འཕྲུལ་དུ་གྱུར་ཏོ། །དཔལ་ལྷ་མོ་ནི་གྲགས་འཛིན་མའོ། །རྡོ་རྗེ་སེམས་དཔའ་ནི་སྒྲ་གཅན་འཛིན་ནོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ནི་ཤ་རིའི་བུའོ། །ཀུན་ཏུ་བཟང་པོ་ནི་གནས་བརྟེན་ཀུན་དགའ་བོར་གྱུར་ཏོ། །ལྷའི་དབང་པོ་བརྒྱ་བྱིན་ནི་གནས་བརྟེན་ལྷས་བྱིན་ནོ། །རྣམ་པར་སྣང་མཛད་ཆེན་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པར་གྱུར་ཏོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་། སངས་རྒྱས་ཀྱི་སྤྲུལ་པ་ཚད་གཟུང་དུ་མེད་དོ། །རྡོ་རྗེ་དྲ་བའི་རྒྱུད་ལས། གང་དང་གང་གི་གཟུགས་ཀྱི་ནི། །ལུས་ཅན་རྣམས་ནི་འདུལ་གྱུར་བ། །དེ་དང་དེ་ནི་རྣམ་སྟོན་ཏེ། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །ཞེས་དང་། མདོ་ལས་ཀྱང་། བདུད་ཀྱི་ལས་རྣམས་ཐུགས་ཆུད་ཀྱང་། །བདུད་ཀྱི་རྗེས་སུ་འཇུག་པར་མཛད། །ཅེས་སོ། །སྦྱོར་བའི་སྐབས་དཔལ་ཆེན་པོས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་སྦྱོར་བ་མཛད་པར་ཁས་ལེན་དགོས་ཏེ། དབང་མོ་རྣམས་ཀྱི་སྣང་ངོར་ཡང་དཔལ་ཆེན་པོ་རེ་རེ་དང་སྦྱོར་བའི་སྣང་བ་བྱུང་བར་མ་ཟད། རིགས་བཞི་ཧེ་རུ་ཀ་ཡང་སྟོན་པའི་ཐུགས་མེ་ལོང་ལྟ་བུ་ལ་སོགས་པ་བཞི་པོའི་རྩལ་སྣང་རིགས་བཞིར་སྣང་བ་ཙམ་དུ་མ་ཟད་འདུལ་བྱེད་གཉེན་པོའི་འཁོར་ཐམས་ཅད་སྟོན་པའི་ཐུགས་ཡེ་ཤེས་ཀྱི་རོལ་རྩལ་ཙམ་དུ་ཁས་ལེན་དགོས་པའོ། །སྲས་མོ་ཉི་ཤུ་ལས་མ་བྱུང་བ་ཡང་ཉེར་བརྒྱད་པོ་རེ་རེ་ཁ་ནས་ཉི་ཤུ་པོ་རེ་རེ་ཡང་ཉེར་བརྒྱད་རེ་རེ་ཐོན་སོ་སོ་ཡང་རིགས་གཅིག་ཏུ་བསྡུས་པའི་དོན་ཡིན་པར་བྱོས་ཤིག །གཞན་རྣམས་འགྲོས་ཀྱིས་གོ་སླའོ། །དྲི་བ་བདུན་པ་ནི། འཕྲོས་དོན་ཞིག་སྨྲོས་ཏེ་བརྗོད་ན། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་པ་འོངས་མ་ཡིན། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་འབྱུང་། །ཞེས་པའི་གཞུང་འདི། དཔག་བསམ་ཤིང་དང་ཡིད་བཞིན་གྱི། །རིན་པོ་ཆེ་དང་འབྱུང་བ་ཀུན། །དེ་དག་རྫས་ཡོད་མ་ཡིན་ཏེ། །རང་སེམས་བསོད་ནམས་བརྟན་པ་ཡིན། །ཞེས་པའི་གཞུང་འདི་ལ་འཕྲོས་པ་ཐལ། རྒྱུ་མཚན་དཔེར་ན་ལྷ་མ་ཡིན་གྱི་ཡུལ་ན་དཔག་བསམ་གྱི་ཤིང་། མིའི་ཡུལ་ན་ཡིད་བཞིན་གྱི་ནོར་བུ་དང་། ལྷའི་ཡུལ་ན་རིན་པོ་ཆེའི་བུམ་པ་བཟང་པོ་དང་གསུམ་པོ་དེ་ལ་རང་རང་གི་དགོས་འདོད་འབྱུང་བ་ལྟར། རང་སེམས་བསོད་ནམས་དང་ཡེ་ཤེས་ཀྱི་མཐུ་ཏིང་ངེ་འཛིན་ནི་བརྟེན་པ་ལས་དགོས་འདོད་ཀྱི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པའི་སངས་རྒྱས་འབྱུང་ཚུལ་དེ་བསྟན་ནས། ངོ་མཚར་རྨད་དུ་བྱུང་བའི་ཆོ་འཕྲུལ་ཆེན་པོ་ནི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིན་ལ། དེ་ཉིད་ཐབས་དམིགས་པ་མེད་པའི་ཏིང་ངེ་འཛིན་ལ་བརྟེན་ནས་ཤེས་རབ་སྟོང་པ་ཉིད་ཀྱི་རྩལ་སྣང་ལས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་ལྟ་བུ་ཆོས་ཀྱི་དབྱིངས་ཀྱི་མཁའ་ཀློང་ཡངས་པ་དེའི་ངང་ལས་བྱུང་བ་ཡིན་ནོ། །ཞེས་སྟོན་པར་བྱེད་པ་ནི། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །ཞེས་སོགས་འབྱུང་བའི་ཕྱིར། འོ་ན། སེམས་ཅན་འཁྲུལ་པའི་རྒྱུ། འཁྲུལ་གཞི་ཡོད་ནས་འཁྲུལ་ལམ་མེད་པ་ལས་འཁྲུལ། དང་པོ་ལྟར་ན། འཁྲུལ་གཞི་མེད་པར་ཐལ། ཐང་ཕྲོམ་ཟོས་པའི་རྒན་མོའི་མིག་ལ་ནམ་མཁའ་ལས་སྐྲ་ཤད་འཛག་པ་མེད་བཞིན་དུ་འཛག་པའི་སྣང་བ་བྱུང་ལྟར་ཡིན་པའི་ཕྱིར་ཏེ། དམ་ཚིག་གསལ་བཀྲ་ལས། ཉི་མའི་དཀྱིལ་ན་མུན་མེད་ལྟར། །ཞེས་གསུངས་པའི་ཕྱིར། གཞི་རང་བཞིན་རྣམ་དག་ཡོད་མེད་དབུ་མའི་མཐའ་ལས་གྲོལ་བ་དེ་རང་ངོ་རང་གི་མ་ཤེས་པས་འཁྲུལ་ཏེ། ཐུགས་ཐིག་ལས། དྲུག་གི་འགྲོ་བ་ཐམས་ཅད་ཀྱི། །སེམས་ཉིད་ནོར་བུ་རིན་པོ་ཆེ། །ཇི་ལྟར་བསམ་པ་སྣང་བ་ལས། །འཁྲུལ་གཞི་ཡོད་མེད་སྒྲོ་སྐུར་མེད། །ཅེས་སོ། །གཉིས་པ་ལྟར་ན། ཨེ་མ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱི་སྤྲུལ། །ཞེས་གསུངས་པས། དཔེར་ན། སྨན་ག་བུར་དེ་ཚད་ནད་ཅན་ལ་སྨན་དང་། རླུང་ནད་ཅན་ལ་དུག་ཏུ་འགྱུར་བ་ལྟར་ཡིན་ཏེ། ཐུགས་ཐིག་ལས། དོན་གཉིས་ཡོད་མེད་རིས་མེད་ལས། །དེ་ཡི་རྒྱུ་རྐྱེན་རང་བཞིན་པས། །སྨན་གྱི་ཕན་གནོད་ཇི་བཞིན་དུ། །ཐམས་ཅད་མ་ལུས་རྒྱུ་གཅིག་པས། །མི་མཐུན་ཁྱད་པར་སོ་སོར་སྣང་། །ཞེས་གསུངས་པ་བཞིན་ནོ། །རྒྱས་པ་ལས། མ་རིག་པ་ཉིད་སྤང་དུ་མེད། །ཅེས་བཤད་པས། ཞེ་སྡང་མེད་ན་རང་བྱུང་གི་ཡེ་ཤེས་གསལ་མི་ཐེབས། འདོད་ཆགས་མེད་ན་བདེ་བའི་ཡེ་ཤེས་རྒྱུད་ལ་མི་སྐྱེ། གཏི་མུག་མེད་ན་རྣམ་པར་མི་རྟོག་པའི་ངང་ལ་བློ་མི་གནས། ང་རྒྱལ་མེད་ན་ཆོས་ཉིད་དུ་ལ་མི་ཟླ། ཕྲག་དོག་མེད་ན་མཉམ་པ་ཉིད་ཁོད་མི་སྙོམས་པའོ། །དེ་ལྟར་ཡང་ལུང་ལས། ལམ་གྱི་ནང་ན་ཉེ་ལམ་ཆེན་པོ་ནི། ཐབས་ཀྱི་ནང་ན་མ་ནོར་དམ་པ་སྟེ། །ཤེས་རབ་ནང་ན་ཤེས་རབ་ཁྱད་པར་ཅན། །ཞེས་དང་། སྔགས་ཀྱི་ཡོངས་སུ་ཟིན་པའི་ནད། །ཀུན་ལ་གནོད་པར་བྱེད་མི་ནུས། །དེ་བཞིན་ཐབས་ཀྱི་ཟིན་པ་ཡིས། །དུག་གསུམ་སྡུག་བསྔལ་གནོད་བྱེད་མི་འགྱུར། །ཞེས་སོ། །ཕྱག་རྒྱའི་སྐབས། གོང་དུ། ཐབས་དང་ཤེས་རབ་ལྡན་འབྱོར་བ། །མ་བསྐྱེད་མ་བསྒུལ་ཐམས་ཅད་ཀྱང་། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་པ་དང་། འོག་ཏུ། མདོར་ན་བསྒུལ་སྤྱོད་ཐམས་ཅད་ཀྱང་། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་བཤད་པ་ནང་འགལ་ཞེ་ན་སྐྱོན་མེད་དེ། ལྟ་བའི་ངོས་ནས་གོང་མ་དང་། སྤྱོད་པའི་ངོས་ནས་འོག་མ་བཞག་པ་སྟེ། རྒྱས་པ་ལས། རང་བཞིན་ཕྱག་རྒྱ་ཆེན་པོ་ནི། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །རིགས་ལྔ་བདེ་གཤེགས་ཡབ་ཡུམ་གྱི། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་སོ། །དེ་ཡང་སྤྱིར་ཕྱག་རྒྱའི་དོན། འདའ་དཀའ་བ་དང་མཛེས་པར་བྱེད་པ་དང་། བརྡ་སྤྲོད་པ་སྟེ། དཔེར་ན་རྒྱལ་བའི་བཀའ་རྟགས་དང་། སྒེགས་མོའི་སོར་གདུབ་དང་། ཉོ་ཚོང་མཁན་གྱི་ཕུ་དུང་བཞིན་ཤེས་པར་བྱའོ། །གཉིས་པའི་ལེའུ་ཞེས་འདུག་པས་རྒྱལ་བ་ལ་མཉེས་མི་མཉེས་མངའ་ན་གཟུང་འཛིན་ཅན་དུ་འགྱུར་རོ། །ཞེ་ན། རྒྱལ་བ་ལ་མཉེས་མི་མཉེས་མི་མངའ་ཡང་། གདུལ་བྱ་རྣམས་ཀྱི་ཚོགས་གཉིས་རྫོགས་པའི་ཆེད་དུ་མཉེས་པ་ལྟར་སྣང་བ་ལ་འགལ་བ་མེད་པའོ། །འདིར་སྐབས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་ཞེས་པ་ཅི་ཟེར་ན། སངས་རྒྱས་ལ་དགྱེས་མི་དགྱེས་ཀྱི་ཐ་སྙད་མི་ཡོང་ཡང་། ལོངས་སྤྱོད་ལ་མཚན་དུ་བཏགས་པ་སྟེ། དགའ་བ་ལ་རྣམ་དབྱེ་བཞི་ལས། ཐུན་མོང་གི་དགའ་བ་ནི་འདོད་ཁམས་འདོད་ཆགས་ཀྱི་བདེ་བ་ལ་སྤྱོད་པ་དང་ཁམས་གོང་མ་གཉིས་བསམ་གཏན་གྱི་དགའ་བ་ལ་སྤྱོད་པ་དང་། ས་དང་པོར་བདེན་པ་མཐོང་བའི་ཟག་མེད་ཀྱི་བདེ་ལ་སྤྱོད་པ་དང་། འདིར་ནི་བསམ་གྱིས་མི་ཁྱབ་པའི་བདེ་བ་སྟེ། བླང་དོར་མེད་པའི་ཆོས་ཉིད་མཉམ་པ་ཉིད་ལ་ལོངས་སྤྱོད་པའི་དགའ་བའོ། །ལེའུ་བཞིར་བསྡུ་བ་འབྱུང་ལ། གཞན་ལ་མི་འབྱུང་བ་ཅི། ཞེས། གཞི་དོན་གྱི་གནས་ལུགས་དེ་རྟོགས་བྱེད་རྒྱུའི་ལྟ་བ་གོམས་བྱེད་རྐྱེན་ཏིང་ངེ་འཛིན། དེ་གཉིས་ཀྱིས་མངོན་དུ་གྱུར་པའི་འབྲས་བུ་སྟེ། དེ་བཞིན་རྒྱུད་འདིའི་དོན་མཐའ་དག་འདུས་པའི་རྒྱུ་མཚན་གྱིས་ཡིན་ཏེ། དང་པོ་ལྷག་པ་ཀུན་རྫོབ་ཀྱིས་གནས་ལུགས་གསུམ་པར་དེ་ཤེས་བྱེད་ཡང་དག་པའི་ལྟ་བ་འཇོག་བྱེད་གྲུབ་མཐའི་ཁྱད་པར། བཞི་པར་དེ་ཡི་གེས་མཚོན་ནས་ཉམས་སུ་ལེན་ཚུལ་ཏིང་ངེ་འཛིན། དྲུག་པར་དེས་མངོན་དུ་བྱས་པའི་འབྲས་བུ་སྐུ་ལྔའི་གྲུབ་ཚུལ་ལོ། །དུག་གསུམ་སྤྱད་སྦྱར་བཤད་པའི་དོན། རྒྱས་པ་ལས། མ་འགགས་སྣང་བ་ཐབས་ཡིན་ཏེ། །རང་བཞིན་མེད་པའི་ཤེས་རབ་ཡིན། །ཞེས་བཤད་པས། ཞེས་པའི་དོན་ལ་བློ་འབྱོར་ན་སྐྱོན་མེད་དོ། །དཔེར་ན། ཕ་མེས་ཐམས་ཅད་མེས་ཚིག་ནས་ཤི་བའི་མི་ཞིག་ན་རེ། མེ་འདི་སྲེག་པ་ཁོ་ནའོ་སྙམ་པ་ལ། ནམ་ཞིག་འབྲོག་དགོན་ཞིག་ན། རི་དྭགས་མེ་བྱི་དཀར་པོ་བྱ་བ་མེ་ལ་གནས་བཅས་ནས་ཟས་སུ་ཡང་མེ་ཟ་སྐོམ་དུ་ཡང་མེ་འཐུང་བ་ཞིག་མཐོང་ནས་དེའི་མངོན་ལྡོག་པ་བཞིན་ནོ། །ཡང་ན་ཐལ་མོ་རབ་བསྣོལ་ནས། །ཞེས་པའི་དོན། ཐལ་རྒྱུད་ལས། ཐལ་མོ་ཞེས་པ་བརྡེག་པའི་སྒྲ། །དབང་པོའི་ཡུལ་དུ་རབ་སྦྱོར་བས། །ཕྱག་རྒྱ་ཆེན་པོ་ནམ་མཁའི་དབྱིངས། །བརྟུལ་ཞུགས་གཉིས་ཀྱིས་ཕང་དུ་བླངས། །རྡོ་རྗེ་མཛུབ་མོའི་རྩེ་དག་ཏུ། །ཏིལ་འབྲུ་ནམ་མཁའི་གཞལ་ཡས་སུ། །རི་རབ་ཙམ་གྱི་ཕྱག་རྒྱ་འགོད། །ཞེས་པའོ། །མདོ་རྒྱུད་རྣམས་ནས་དུས་རིང་ཐུང་མི་མཐུན་པ་བཤད་པ་ཅི། ཞེས་པ། སྤྱི་ཙམ་དུ་འབྲས་བུ་འགྲུབ་པའི་དུས་ལ་ཐེག་པ་ཆེ་ཆུང་སྣ་ཚོགས་ནས་དུས་ཀྱི་ཚད་གཅིག་ཏུ་ངེས་བཟུང་མེད་པར་བཤད་པ་ནི་སོ་སྐྱེའི་གནས་སྐབས་སུ་གྲགས་ཚོད་ཡིན་ཅིང་། ངེས་པའི་དོན་དུ་ནི་ཚད་ངེས་པར་བཟུང་དུ་མི་རུང་སྟེ། གང་གིས་ཕྱིར་ན་དུས་ནི་སེམས་ཀྱི་སྣང་བ་ཡིན་ལ། སེམས་ལ་དབང་མ་ཐོབ་ཀྱི་བར་དུ་ནི་ཡུལ་དང་དུས་རྣམས་ཀྱང་སོ་སོར་བསྟན་པར་ངེས་པར་སྣང་ལ་སེམས་ལ་དབང་ཐོབ་ཕན་ཆད་ནི་ཡུལ་དང་དུས་ལ་ཅི་དགར་སྣང་ངོ་། །དེ་ལྟར་ཡང་དགོངས་པ་ངེས་འགྲེལ་ལས། སྔོན་གྱི་ལས་ཀྱི་སྒྲིབ་པ་སྦྱོང་བའི་ཚད་ངེས་པ་མེད་དེ། ཞེས་དང་། དྲི་མ་མེད་པར་གྲགས་པའི་མདོ་ལས་ཀྱང་། དུས་ཐུང་བར་འདོད་པ་རྣམས་ལ་བསྐལ་པ་མང་པོ་ཞག་བདུན་གྱིས་འདའ་བར་བྱིན་གྱིས་རླབས་སོ། །ཞེས་གསུངས་པས་སེམས་ལ་དབང་ཐོབ་པས་ཇི་ལྟར་འདོད་པ་བཞིན་སྣང་བར་ཡིན་པར་བཤད་དོ། །ཀོ་རློན་གོས་ནི་སྣ་ཚོགས་གྱོན། །ཞེས་སོགས། དུར་ཁྲོད་ཀྱི་ཆས་དང་དཔལ་གྱི་ཆས་ནི། དཔལ་ཆེན་པོའི་སྐུ་ལ་རང་ཆས་སུ་གནས་པ་ནི་དཔལ་གྱི་ཆས་ཏེ། འཁོར་བའི་རྒྱུ་ལྡོག་པའི་བརྡ་དབུ་སྐྲ་གྱེན་དུ་བརྫེས་པ། ཐབས་ཤེས་ཀྱི་བརྡར་རྡོ་རྗེའི་ཁྱུང་གཤོག་རྟག་ཆད་ཟིལ་གནོན་གྱི་ཆས་སྙན་གོང་དུ་ཅོད་པན། རིག་པ་མི་འགྱུར་བའི་ཆས་སྤྱི་བོར་རྡོ་རྗེ་ཕྱེད་པས་མཚན་པ། བ་སྤུ་རྡོ་རྗེའི་གོ་ཁྲབ་ཀྱིས་གཏོམས་པ་གཟི་འབར་གྱི་ཆས། ཡུམ་ལ་གཉིས་མེད་སྦྱོར་བ་རང་རིག་པའི་ཡེ་ཤེས་ཤེས་རབ་སྟོང་པ་ཉིད་དང་མི་འབྲལ་བའི་ཆས། གནོད་གདུག་ཟློག་བྱེད་དཔའ་བོ་ལྕགས་ཀྱི་ཆས། ཉོན་མོངས་སྲེག་བྱེད་སྐུ་ལས་མེ་འོད་འཕྲོ་བ་རྡོ་རྗེ་མེའི་ཆས་ཏེ་དཔལ་གྱི་ཆས་བརྒྱད་དང་། དེ་དག་གི་སྟེང་དུ་བྱང་སེམས་བརྟན་པའི་བརྡར་སྙན་གོང་གཉིས་སུ་ཉི་ཟླས་བརྒྱན་པ་སྟེ་དཔལ་གྱི་ཆས་དགུའི། ཉི་ཟླ་གཉིས་སོ་སོར་དྲངས་པས་ཆས་བཅུ་ཞེས་ཀྱང་ཟེར་ཏེ། བརྩི་ཚུལ་འདི་ནི་སྒྱུ་འཕྲུལ་བ་སོགས་སྔ་འགྱུར་ཡོངས་གྲགས་ཀྱི་ལུགས་ཡིན། གཞན་དུ་འདུས་པ་མདོའི་རྩ་རྒྱུད་ཀུན་འདུས་རིག་པ་དང་། བཀའ་བརྒྱད་བདེར་འདུས་ཀྱི་རྩ་རྒྱུད་རྣམས་སུ། དཔའ་བོ་ཆེན་པོ་སྟག་གི་ཆས་སོགས་དཔལ་ཆས་བཅུ་འདི་དང་འདྲེན་ཚུལ་མི་གཅིག་ཙམ་ཞིག་འབྱུང་། རྒྱལ་བྱེད་དཔའ་རྟགས་ཀྱི་རྒྱན་ཞེས་དུར་ཁྲོད་ཀྱི་ཆས་བརྒྱད་ནི། སྔོན་དཔལ་ཆེན་པོས་དྲག་པོ་འཇིགས་བྱེད་ཆེན་པོ་བཏུལ་བའི་ཚེ་དེའི་རྒྱན་རྣམས་སྐུ་ལ་མནབས་པ་སྟེ། དེ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ནི། ཐོད་སྐམ་ལྔའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ་ཏེ་ཐོད་རྒྱན་དང་། ཀླུ་རིགས་ལྔ་སྦྲུལ་རྣམ་པར་བྱས་པ་སྦྲུལ་རྒྱན་ཏེ་གདགས་པའི་རྒྱན་གཉིས། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ་སྨིན་མཚམས་སམ། འབུར་བཞི་ལ་རཀྟའི་ཐིག་ལེ། མགྲིན་པར་ཞག་གི་ཟོ་རིས་ཏེ་བྱུག་པའི་རྩི་གསུམ། གླང་ཆེན་གྱི་ཀོ་རློན་དང་ཞིང་ཆེན་གྱི་གཡང་གཞིའི་སྟོད་གཡོགས། སྟག་ལྤགས་ཀྱི་ཤམས་ཐབས་ཏེ་བགོ་བའི་གོས་གསུམ་རྣམས་སོ། །ཡང་ལུགས་གཅིག་ལ་དུར་ཁྲོད་ཀྱིས་ཆས་བརྒྱད་ནི། གདགས་པའི་རྒྱན་གཉིས། བྱུག་པའི་རྩི་གསུམ། བགོ་བའི་གོས་གསུམ་སྟེ་བརྒྱད་དོ། །དང་པོ་ལ་ནང་གསེས་སུ་དབྱེ་ན། ཐོད་སྐམ་ལྔ་རིགས་ལྔའི་རྩེ་ཕྲན་ཅན་གྱི་དབུ་བརྒྱན། ཐོད་རློན་ལྔ་བཅུའི་ཚར་གསུམ་ཐོད་པའི་དོ་ཤལ་ཏེ་ཐོད་རྒྱན་གཉིས་སམ། འགའ་ཞིག་ཏུ་ཐོད་ཚལ་གྱི་དཔུང་རྒྱན་བསྣན་ནས་གསུམ་དུ་བཤད། ཀླུ་རྒྱལ་རིགས་དཀར་པོས་སྐྲ་བཅིངས། རྗེ་རིགས་སེར་པོས་སྙན་ཆ་བྲམ་ཟེའི་རིགས་དམར་པོས་སེ་མོ་དོ་དང་མགུལ་ཆུ། དམངས་རིགས་ལྗང་གུས་སྐ་རགས་དང་དོ་ཤལ། གདོལ་པ་ནག་པོས་གདུ་བུ་སྟེ་སྦྲུལ་རྒྱན་ལྔ། བྱུགས་པའི་རྩི་གསུམ་ནི། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ་རྡོ་རྗེ་རྩེ་གསུམ་རིས། སྨིན་མཚམས་སམ་འབུར་བཞི་རུ་རཀྟའི་ཐིག་ལེ་འདབ་བཞིའི་རིས། མགྲིན་པར་ཞག་གི་ཟོ་རིས་ཟླ་གམ་རིས་སོ། །བགོ་བའི་གོས་གསུམ་ནི། གླང་ཆེན་གྱི་ཀོ་རློན། ཞིང་ཆེན་གྱི་གཡང་གཞི། སྟག་ཤམས་རྣམས་སོ། །ཡང་བཤད་ཚུལ་གཅིག་ལ་དཔལ་གྱི་ཆས་བརྒྱད་དང་དུར་ཁྲོད་ཀྱི་ཆས་བརྒྱད་ལས། དང་པོ་ནི། ཁྱབ་མཛད་རེ་སྐོང་རྡོ་རྗེ་གཤོག་པའི་ཆས། །གནོད་གདུག་བཟློག་མཛད་རྒྱ་གྲམ་ལྗགས་ཀྱི་ཆས། །ཏིང་འཛིན་རབ་བརྗིད་དཔའ་བོ་སྟག་གི་ཆས། །དབང་གི་བསེ་ཁྲབ་གཟི་འབར་བཀོད་པའི་ཆས། །དཔའ་བརྗིད་གཉེན་ལྕུག་སྤྲུལ་ནག་འཁྱིལ་བའི་ཆས། །གཟི་མདངས་ཆེ་བ་ཆུ་སྲིན་སྤྲུལ་པའི་ཆས། །རྡོ་རྗེ་རྩེ་ལྔ་རིག་པ་ཀླག་པའི་ཆས། །བསྐལ་མེ་ལྟར་སྲེག་རྡོ་རྗེ་མེ་ཡི་ཆས། །ཞེས་སོ། །གཉིས་པ་ནི། ཐེག་མཆོག་སྟོབས་རྫོགས་གླང་ཆེན་ཀོ་རློན་རྟགས། །བྱང་སེམས་མ་ཉམས་ཞིང་གི་གཡང་གཞིའི་རྟགས། །དཔའ་གཏུམ་དྲག་པོའི་ལས་མཛད་སྟག་ཤམས་རྟགས། །ཡབ་ཡུམ་གཉིས་མེད་འཁྲིལ་བའི་སྦྲུལ་ཆུན་དང་། །དུས་གསུམ་སངས་རྒྱས་བདག་ཉིད་ཐོད་ཕྲེང་གསུམ། །ཕྲིན་ལས་ཕྱི་གཤོལ་མེད་པའི་ཐལ་ཆེན་དང་། །ཐུགས་རྗེ་ཆགས་པའི་རཀྟའི་ཐིག་ལེ་ཆེ། །དོན་དམ་གནས་ལུགས་བཅུད་ལྡན་ཞག་ཟོ་རིས། །བྱང་སེམས་དཀར་དམར་བརྟན་པའི་ཉི་ཟླས་རྒྱན། །བསྣན་པའི་དཔལ་གྱི་ཆས་བཅུར་བཞེད་པའོ། །ཡང་ལུགས་གཅིག་ལ། བགོ་བ་ཀོ་རློན་གྱི་གོས་སྣ་ཚོགས་པ་སྟེ་ཐབས་མཁས་ཕྲིན་ལས་ཀྱི་གོས་ཞིང་གི་གཡང་གཞི། ཁྱབ་པ་ཐུགས་རྗེའི་གོས་གླང་ཆེན་གྱི་ཀོ་རློན། ཕྱི་ནང་གསང་བ་སྡུད་པའི་གོས་སྟག་ལྤགས་ཀྱི་ཤམས་ཐབས་རྣམས་སོ། །གཞན་རྣམས་བཤད་པ་གོང་དང་འདྲ། དཔལ་གྱི་ཆས་བརྒྱད་ནི། གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས། །ཐབས་དང་ཤེས་རབ་ཟུང་འབྲེལ་ཉི་ཟླའི་ཆས། །གདུག་པ་ཅན་བསྲེག་ཡེ་ཤེས་མེ་ཡི་ཆས། །སྐྱེ་ཤི་རྩད་གཅོད་མཆེ་བ་ཟླ་ཚེས་ཆས། །ཁྱབ་མཛད་རེ་སྐོང་རྡོ་རྗེ་གཤོག་པའི་ཆས། །མངའ་ཐང་ཡོངས་རྫོགས་རྡོ་རྗེ་ཀླག་པའི་ཆས། །སངས་རྒྱས་སར་བགྲོད་དབང་གི་བསེ་ཁྲབ་ཆས། །གནོད་གདུག་བཟློག་མཛད་རྒྱ་གྲམ་ལྗགས་ཀྱིས་ཆས། །ཞེས་བཤད་དོ། །རུས་པའི་ཕྱག་རྒྱ་དྲུག་ནི། སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། རྣ་ཆ་ཟུང་འོད་དཔག་མེད། མགུལ་རྒྱན་རིན་འབྱུང་། ཕྱག་ཞབས་ཀྱི་གདུ་བུ་བཞི་རྣམ་སྣང་། སྐ་རགས་ཞེས་སྨད་རྒྱན་དོན་གྲུབ། སེ་རལ་ཁའམ་མཆོད་ཐོགས་ཞེས་རྡོར་སེམས་ཀྱི་ཕྱག་རྒྱ་སྟེ་དྲུག་གོ། །ཕྱག་རྒྱ་ལྔ་ནི་སེ་རལ་ཁ་སྤངས་པའི་དང་པོ་ལྔའོ། །ཁྲོ་བོའི་མངའ་གསོལ་ནི། རོལ་པ་ཉི་ཤུ། ཆེ་བ་ཉི་ཤུ། རྔམ་པ་ཉི་ཤུ། བརྗིད་པ་ཉི་ཤུ་སྟེ་བརྒྱད་ཅུས་མངའ་གསོལ་བའོ། །སློབ་མའི་སྐྱོན་བཞི་དང་ཡོན་ཏན་ལྔ་ལས། དང་པོ་ནི། སྣོད་ཁ་སྦུབ། ཞབས་རྡོལ། གཞོགས་རལ་ཅན་བཞིའོ། །གཉིས་པ་ནི། ངང་ཆུ་བོ་ཆེན་པོའི་གཞུང་བཞིན་རིང་བ། ཚུལ་དགེ་སྦྱོར་དག་གསར་བུར་ལྟར་ཞིབ་པ། བསམ་པ་རིན་པོ་ཆེ་གསེར་ལྟར་བཟང་བ། བློ་རི་རབ་ལྟར་བརྟན་ཅིང་མི་འགྱུར་བ། ཤེས་རབ་དང་སྙིང་རྗེ་ནོགས་ཐུབ་པ་སྟེ་ལྔའོ། །ཡང་ན་ཅིས་ཀྱང་སེམས་མི་འཁྲུག་པས་ངང་བཟང་། སྐྱེ་བོ་རྣམས་ཀྱི་སྤྱོད་པ་ལས་ལོག་པས་ཚུལ་ཤེས། བློ་མི་འགྱུར་བ་རབ་ཏུ་བརྟན་ནས། ལུས་དང་ལོངས་སྤྱོད་ཆོས་ཕྱིར་གཏོང་ཕོད་པ། དད་པ་དང་ཤེས་རབ་ཆེ་བའོ། །དྲི་བའི་ལན་བཏབ་ཟིན་ནོ། །སྨྲས་པ། རྟོགས་དཀའི་གནས་ལ་དྲི་ཚིག་བདུན་གྱི་ལན། །ཀུན་ལན་ཐེབས་པ་སངས་འཕགས་ཁོ་ནའི་ཡུལ། །མི་ཤེས་མདུད་པ་སྙིང་རྗེའི་ཚིག་གིས་དཀྲོལ། །རྣམ་དཀར་དགེ་བ་བྱང་ཆེན་རྒྱུ་རུ་བསྔོ། །ཞེས་པ་འདི་ནི་རང་གི་ཉེ་བར་གནས་པ་གནས་ལྔ་སྨྲ་བ་དྭགས་པོ་ཨོ་རྒྱན་བློ་གསལ་གྱི་དྲི་ལེན་དུ་སྨིན་གླིང་གྲྭ་པའི་ཐ་ཤལ་བ་དྷརྨ་ཀིརྟིས་རང་ལོ་རེ་གཅིག་པ་གནས་ཆེན་ཆུ་བོ་རི་ཚེ་ཆུ་བཀོད་པའི་སྒྲུབ་སྡེའི་བླ་བྲང་དུ་མེ་འབྲུག་དབོ་ཟླའི་ཡར་ཚེས་ཀྱི་དུས་དགེ་བར་བྲིས་པ་དགེ་ལེགས་སུ་གྱུར་ཅིག །འདིས་ཀྱང་གསང་ཆེན་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག །མངྒ་ལམ།། །།


previousརྩ་རྒྱུད་གསང་བ་སྙིང་པོའི་དཀའ་གནད་ལ་དོགས་པ་གཅོད་པའི་ལུང་རིགས་རྡོ་རྗེའི་རོལ་རྩེད་། ཨོ་རྒྱན་ཆོས་གྲགས།next