རྣལ་འབྱོར་པ་ཚེ་དབང་ནོར་བུའི་རྒྱུན་སྤྱོད་དགེ་བའི་ལམ་རིམ་གླུ་རུ་བླངས་པ་ཐར་པའི་འཇུག་ངོགས།
༄༅། །རྣལ་འབྱོར་པ་ཚེ་དབང་ནོར་བུའི་རྒྱུན་སྤྱོད་དགེ་བའི་ལམ་རིམ་གླུ་རུ་བླངས་པ་ཐར་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །
༈ ཧ་ཧོ། མི་བདག་གི་བདེ་ཆེན་འཁོར་ལོའི་སྟེང་། །སྐྱབས་ཀུན་འདུས་ངོ་བོ་པདྨ་འབྱུང་། །སྐུ་དཀར་དམར་པད་ཞྭ་གསེར་མདངས་ཅན། །རྩེ་རྨ་བྱ་རྒོད་ལྡེམ་རྡོ་རྗེས་མཚན། །མདུན་རྒྱ་གྲམ་ཉི་ཟླ་ནོར་བུས་བརྒྱན། །ཕྱག་གཡས་ན་རིག་སྟོང་རྡོ་རྗེ་གསོར། །གཡོན་བདེ་སྟོང་ཐོད་པ་ཚེ་བུམ་བསྣམས། །སྐུ་སྔགས་ཕོད་མདོ་ཡི་ཆོས་གོས་གསུམ། །འཁོར་བསྒྱུར་ཆས་བེར་ཆེན་ལྔ་ལྡན་གསོལ། །གསང་གོས་དཀར་རྡོ་རྗེའི་སྐ་རགས་བཅིངས། །མགུལ་ནོར་བུ་ཕྱག་ཞབས་གསེར་གདུབ་འཁྲོལ། །ཞབས་སག་ལྷམ་རིན་ཆེན་ཕྲ་ཡིས་བརྒྱན། །ཞལ་འཛུམ་མདངས་སྤྱན་གསུམ་ལྟ་སྟངས་གཟིགས། །གྲུ་ཁ་ཊྭཾ་བརྡའ་རྟགས་དུ་མས་བརྒྱན། །སྐུ་འོད་དང་འོད་ཟེར་རབ་འབར་དཔང་། །མ་མཚོ་རྒྱལ་དཀར་སྔོ་མཛེས་འཛུམ་འཁྱུད། །དབུ་ལྕང་ལོ་ནོར་བུའི་ཐོར་གཙུག་ཅན། །དར་ཅོད་པཎ་དམར་རྒྱན་པྲོག་ཞུ་གསོལ། །རུས་རིན་ཆེན་རྒྱན་དྲུག་དར་དཔྱངས་ཕུར། །ཕྱག་རྡོ་རྗེ་ཐོད་པ་བདུད་རྩི་སྟོབས། །ཡབ་ཡུམ་གཉིས་དགྱེས་བདེ་ཟག་མེད་རོལ། །དེ་གཡས་ཕྱོགས་གསང་འདུས་ཧེ་རུ་ཀ །དཔལ་བདེ་གླིང་དམར་སྨུག་རྣལ་འབྱོར་ཆས། །ཕྱག་གསང་རྔ་བན་དྷ་བདུད་རྩིས་བཀང་། །སྐུ་སྟག་ཤམ་རུས་པའི་རྒྱན་གྱིས་བརྒྱན། །གཡོན་ཕྱོགས་སུ་བདེ་ཆེན་འཁོར་ལོ་སྡོམ། །རྗེ་ཀརྨ་རིག་འཛིན་གསུང་རབ་ཞབས། །སྐུ་དཀར་གསལ་ཆོས་གོས་རྣམ་གསུམ་གསོལ། །ཕྱག་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །དེ་ལྟ་བུའི་རྩ་བའི་བླ་མ་ལ། །འཁོར་རྩ་གསུམ་མཆོག་གསུམ་སྤྲིན་དུ་འཁྲིགས། །ཐུགས་ཚད་མེད་སྙིང་རྗེས་རབ་དགོངས་པ། །དུས་རྒྱུན་ཆད་མེད་པར་སྤྱི་བོ་རུ། །བཞུགས་སྒོམ་ཞིང་གསོལ་བ་འདེབས་ཡུལ་ཡིན། །མི་ང་ལ་སྐྱབས་ཡུལ་ཁོང་བས་མེད། །བློ་ལིངས་ཀྱིས་བོར་པ་འདི་རང་ཡིན། །ཚེ་འདི་ཕྱིའི་བདེ་སྡུག་ཅི་བྱུང་དང་། །ཡུལ་མཐོ་དམན་གར་བཏང་ཁོང་རྣམས་ཤེས། །དེ་ང་ཡི་ཆོས་ཀུན་སྙིང་པོའོ། །མི་བདག་གིས་བསྐྱེད་རིམ་བསྒོམ་པ་ནི། །གཞི་མངོན་བྱང་ལྔ་དང་ཏིང་འཛིན་གསུམ། །དེ་སྐད་ཅིག་དྲན་རྫོགས་ཧེ་རུ་ཀ །སྐུ་སྣང་སྟོང་ཞེན་མེད་ཆུ་ཟླ་བཞིན། །སེམས་ཕྱོགས་འཇོག་ཡིན་སྙམ་མ་ཡིན་པར། །དབུ་སྐྲ་རྩེ་མན་ནས་རྐང་མཐིལ་ཡན། །ཕྲ་ཞིབ་གསལ་སྐུ་མདོག་ཕྱག་མཚན་བརྒྱན། །ཚུལ་མ་འདྲེས་སེམས་དཔའ་གསུམ་ལྡན་དང་། །རྗེན་ལྷང་ངེར་རྟག་ཐུབ་བཀོད་པ་སྟེ། །མཆོག་ཐུན་མོང་དངོས་གྲུབ་སྒྲུབ་ཕྱིར་དང་། །སེམས་ཉམས་དང་རྟོགས་པ་བོགས་འདོན་ཕྱིར། །མི་ང་ཡི་བསྐྱེད་རིམ་བསྒོམ་ཚུལ་ཡིན། །ཡང་བདག་གི་བཟླས་པ་བཟླ་བ་ནི། །སྔགས་མ་དག་བཟླས་པའི་སྐྱོན་ལྔ་སྤང་། །སེམས་མ་ཡེངས་མྱུར་བུལ་ཞན་དྲག་རན། །སྒྲ་ཆེ་དང་ཤུབ་བུ་གསང་འགོག་བཟླས། །དོན་མ་འདྲེས་རང་རང་སྐབས་བབ་ལྟར། །མི་ང་ཡི་གསང་སྔགས་བཟླ་ཚུལ་ཡིན། །མི་བདག་གི་ཐུན་མཚམས་དགེ་སྦྱོར་ནི། །དངོས་ཡིད་ཀྱི་མདུན་མཁའ་སེང་ཁྲིའི་སྟེང་། །དཀོན་མཆོག་རྟེན་གྲངས་མེད་གསལ་ངང་དུ། །ཕྱག་བསྐོར་བ་མཎྜལ་བསྟོད་པ་ཕུལ། །ལམ་ཐེག་པ་ཆེན་པོའི་སྨོན་ལམ་བཅས། །ཡིག་འབྲི་དང་ཁ་ཏོན་དོན་སེམས་སོགས། །དེ་ཐུན་མཚམས་བྱ་ལས་ཚུལ་ཡིན་ནོ། །མི་ཁོ་བོའི་ཉམས་ལེན་སྙིང་པོ་དེ། །ལུས་དལ་འབྱོར་བཅོ་བརྒྱད་རིན་ཆེན་འདི། །དུས་ནམ་ཡང་མི་ཐོབ་ད་རེས་ཙམ། །དེ་གསེར་གླིང་སྟོང་ལོག་མི་བྱེད་པར། །ཚེ་ཕྱི་མ་ཅི་འགྱུར་ཆ་མེད་ཀྱི། །ལུས་འདི་ཡི་ཐར་པ་སྒྲུབ་ངེས་གཅེས། །དོན་དེ་ཕྱིར་ཆོས་ལ་འབད་ལོ་ཡིན། །ཕྱི་འབྱུང་བ་བསྐལ་པ་ཆགས་འཇིག་བཅས། །རྫོགས་སངས་རྒྱས་བྱང་སེམས་ཚངས་བརྒྱ་བྱིན། །ཀུན་མི་རྟག་གཤེགས་པའི་ཚུལ་བསྟན་ན། །རང་ཆུ་སྦུར་ལུས་ཅན་དུས་སྙིགས་མ། །ཚེ་སུམ་ཅུ་ཁ་རལ་སྐྱེས་པའི་མི། །དུས་མྱུར་དུ་འཆི་བར་ཐག་ཆོད་པས། །ཚེ་འདིར་སྣང་རྒྱུ་རྫས་ཟས་ནོར་དང་། །གནས་ཁང་ཞིང་བྲན་འཁོར་འབངས་ལ་སོགས། །ཆོས་དགེ་བའི་ཕྱིར་དུ་མ་གཏོགས་པར། །ཚེ་འདི་ཡི་ལོ་འདོད་ཁེངས་གྲགས་ཕྱིར། །སྤྱོད་དོན་མེད་བྱ་བ་གང་ལ་ཡང་། །ཆོག་ཤེས་ཤིང་འབད་བཀག་མེད་པ་འདི། །རྗེ་བཀའ་རྒྱུད་གོང་མའི་གཤེགས་ཤུལ་ཏེ། །མི་ང་རང་འཇུག་ལམ་ཟབ་རྒྱས་ཤར། །མི་བདག་གི་ཟ་ཞིང་བསྒོམ་ཙ་ན། །འདི་ཕྱི་ནང་གསང་བའི་གོ་རིམ་གྱིས། །ཟས་ཟ་ཤེས་ཚུལ་ནི་མང་ན་ཡང་། །མདོ་དོན་འདྲིལ་རང་ལུས་རྒྱལ་བའི་དཀྱིལ། །དགོས་ཁྱད་པར་མགྲིན་པར་པད་ཟླའི་སྟེང་། །སྐྱབས་མཚུངས་མེད་པདྨ་ཡབ་ཡུམ་ལ། །མཆོད་ཚུལ་དུ་ལག་སོར་མཆོད་ལྷ་མོ། །ཟས་ཚོགས་འཁོར་ཤེས་ནས་ཞལ་གྲུ་གསུམ། །ལྕེ་མེ་ལྷ་ཡར་སྐན་སྣང་མཐའ་ཡས། །སྐན་འོག་མ་གོས་དཀར་ཡ་སོ་ནི། །དཔའ་བོ་དང་མ་སོ་ནི་མཁའ་འགྲོ་མ། །ཤེས་བྱས་ཏེ་ཟས་ཟོས་བདུད་རྩིའི་བཅུད། །རྗེ་ཨོ་རྒྱན་ཡབ་ཡུམ་དཀྱིལ་འཁོར་ལྷ། །མཆོད་བསམ་པ་ཕྱི་ཡི་ཚོགས་འཁོར་ཚོགས། །ནང་གསང་སྔགས་གནད་ཀྱི་ཉམས་ལེན་ཏེ། །སྡིག་དཀོར་སྒྲིབ་མི་འབྱུང་ཚོགས་བསགས་ཐབས། །མི་ང་ཡི་ཟ་ལུགས་སྙིང་པོ་ཡིན། །སྐོམ་བཏུང་བ་བདུད་རྩི་དཀར་དམར་དུ། །ཤེས་བྱས་ཏེ་རང་ལུས་ལྷ་ལ་མཆོད། །ཟག་མེད་པའི་བདེ་ཆེན་རྒྱས་མོས་འདི། །མི་བདག་གི་བཏུང་བ་བཏུང་ཚུལ་ཡིན། །ཡང་བདག་གི་འགྲོ་ཞིང་བསྒོམ་ཙ་ན། །མི་ཁོ་བོའི་ཕྲག་གཡས་ནམ་མཁའི་ཀློང་། །སྐུ་གཟུགས་དང་གླེགས་བམ་མཆོད་སྡོང་བཅས། །ལྷ་རྩ་གསུམ་རྒྱ་མཚོ་སྤྲིན་དུ་འཁྲིགས། །ལྷ་མཆོག་དུ་ཨོ་རྒྱན་ཡབ་ཡུམ་གསལ། །དེ་བསྐོར་བར་བསམ་ནས་གོམས་པ་འདོར། །དེས་འགྲོས་ལ་ཆུད་ཟོས་མི་འགྱུར་ཞིང་། །ལུས་སྒྲིབ་པ་སྦྱངས་པའི་མན་ངག་འདི། །བདག་ཚེ་དབང་ནོར་བུའི་འགྲོ་བསྒོམ་ཡིན། །མི་ཁོ་བོ་འདུག་ཅིང་བསྒོམ་ཙ་ན། །ལུས་རྣམ་པར་སྣང་མཛད་ཆོས་བདུན་དང་། །དབུགས་འགྲོ་འོང་སྟེང་བཅས་བུམ་པ་བཅས། །སྟེང་འོག་རླུང་དང་ཁ་སྦྱོར་རླུང་དུ་དྲིལ། །རྔུབ་དགང་གཞིལ་འཕང་བཅས་སྦྱོར་བ་བཞི། །གནད་མ་འཆུགས་ངང་ནས་སྤྱོད་པ་འདི། །རླུང་དྷུ་ཏིར་གཅུན་པའི་མན་ངག་སྟེ། །མི་བདག་གི་འདུག་ནས་བསྒོམ་ཚུལ་ཡིན། །བདག་ཉལ་ཞིང་ཉལ་ནས་སྒོམ་པ་ནི། །གཞོགས་གཡས་ཕབ་སེང་གེའི་ཉལ་སྟབས་ལ། །མགྲིན་འཁོར་ལོའི་དབུས་སུ་ཨཿདཀར་ལ། །སེམས་གཏད་ནས་ཆོས་ཀུན་རྨི་ལམ་ལྟར། །ཤེས་ངང་དེར་མ་ཡེངས་དྲན་པ་བཅས། །གཉིད་ལོག་ནས་རྨི་ལམ་འོད་གསལ་སྦྱངས། །དེ་ཉལ་ནས་སྒོམ་ཚུལ་ཆ་ཤས་ལགས། །
ཨེ་མ། མི་ཚེ་དབང་ལས་ཀྱི་རྡོ་རྗེ་དང་། །དུས་ལན་རེ་གཏི་མུག་ངང་དུ་བསྒོམ། །དེ་སྐད་ཅིག་རྟོག་མེད་ཕྲ་བ་དེ། །ལམ་རིམ་པ་འོད་གསལ་ངང་དུ་སྦྱངས། །བཏང་སྙོམས་གནས་ངང་དུ་ཝལ་ལེ་དེ། །སེམས་མི་རྟོག་རང་གཤིས་ངང་དུ་སྦྱངས། །གཉིད་བག་ཆགས་རྨི་ལམ་འཐུག་པོ་དེ། །དོན་རྩོལ་མེད་ཆོས་ཉིད་ངང་དུ་སྦྱངས། །སྤྱིར་རྨི་ལམ་ཟིན་པ་འདི་ཉིད་ཀྱང་། །འཇམ་བག་ཆགས་རྩུབ་མོས་ཟིན་པ་འགའ། །ཁོང་ལ་ལ་དགའ་བྲོད་རློམ་པ་ཞུགས། །དེ་མ་ཟིན་མི་དགེའི་སྣང་བ་འཆར། །དོན་རྨི་ལམ་མི་བདེན་སྒྱུ་མའི་དཔེ། །དེར་དགའ་སྡུག་དེ་ཙམ་འཕེལ་བ་ན། །དངོས་ཨ་འཐས་འཁྲུལ་སྣང་ཅི་ཕྱིར་ཆོད། །དོན་དེས་ན་རྨི་ལམ་སྣང་བ་འདི། །ཉིན་ཉམ་ཐག་མཐོ་དམན་གང་ཡིན་གྱི། །ཚད་རྨི་ལམ་དག་ལ་བཟུང་ཙམ་ལས། །ཉིན་མ་སྒོམ་མཚན་ལ་ཅི་ཕྱིར་རྟོགས། །མི་ལ་ལས་རྨི་ལམ་ཟད་དོ་སྐད། །མི་ལ་ལས་རྨི་ལམ་མི་དམིགས་སྐད། །འདི་ཐ་དད་ཅི་བཞིན་རྟོགས་པའི་མཐུས། །འཁྲུལ་རྨི་ལམ་རྒྱུན་ཐག་ཆད་པ་ནི། །དུས་དེང་དུས་བརྒྱ་ལམ་རེས་འགའ་ཙམ། །ཉམས་རྟོགས་པ་འདྲ་མིན་མང་བའི་ཕྱིར། །འདྲ་ཉམས་དང་དོན་ནོར་བྱིས་པ་འགའ། །ཚུལ་འདི་འདྲར་ཞེན་པ་ཡ་རེ་མཚན། །མི་ང་ནི་རྨི་ལམ་ཟིན་དགའ་དང་། །ཟིན་མ་ཐུབ་འགྱོད་པའི་སེམས་ཀྱང་མེད། །གང་བྱས་ཀྱང་བདེའོ་རྣལ་འབྱོར་པ། །ལར་ཉིན་མོར་འཁྲུལ་མེད་བསྒོམ་ཡོད་ན། །མཚན་རྨི་ལམ་མ་ཟིན་ན་ཡང་བཟོད། །ཉིན་འཁྲུལ་པའི་སྣང་བ་འབྱམས་པ་ན། །མཚན་རྨི་ལམ་ཟིན་ཀྱང་དགོས་པ་ཆུང་། །དོན་དེས་ན་འཁྲུལ་སྣང་བག་ཆགས་དབང་། །བཏང་མི་བྱ་འབད་རྩོལ་མ་མཆིས་ངང་། །ཡེངས་མེད་པའི་བྱ་ར་བཏང་ལ་འབུངས། །ལུང་མ་བསྟན་སྙོམས་ལས་སྤང་འཚལ་ཏེ། །མི་ཁོ་བོའི་གཏི་མུག་ཉམས་ལེན་ཡིན། །མི་བདག་གི་འདོད་ཆགས་ངང་སྒོམ་པ། །རྒྱུ་ཟང་ཟིང་དངོས་པོའི་ཞེན་ཆགས་དེ། །འཁྲུལ་མིག་ཡོར་སྒྱུ་མ་ལྟར་དུ་སྦྱངས། །སེམས་འདོད་སྨོན་བཟང་ངན་དུ་མ་དེ། །དེ་ཞེན་མེད་ནམ་མཁའི་རླུང་ལྟར་སྦྱངས། །ཡུལ་ཆགས་སེམས་བུད་མེད་བསྟེན་པ་ཡང་། །སེམས་ཆགས་མཁན་ངོ་བོ་ཅེར་བལྟས་ཤིང་། །ཆགས་བྲལ་བ་སྟོང་སྙིང་དོན་ལ་སྦྱངས། །དེ་ངང་ལས་མ་གཡོས་རིག་པའི་རྩལ། །ལྷ་ཡི་དམ་ཡབ་ཡུམ་ལམ་གྱིས་བསྒོམ། །གསང་རྡོར་པད་ཧཱུྃ་སམ་ཕཊཿགྱིས་མཚན། །སྐུ་སྣང་སྟོང་དབྱེར་མེད་འཁྲིལ་སྦྱོར་གྱིས། །སྤྱི་གཙུག་ཏུ་བླ་མ་པདྨ་འབྱུང་། །ལོངས་སྐུའི་ཆས་མཚོ་རྒྱལ་ཡུམ་དང་འཁྲིལ། །རང་ཞེན་མེད་ཡུམ་དང་སྦྱོར་བྱས་ཏེ། །ཁམས་ཐིག་ལེ་དབབ་བསྐྱིལ་བཟློག་དང་དགྲམ། །གནད་མཁས་པ་བཞི་ཡིས་སྦྱངས་བྱས་ཏེ། །བདེ་དགའ་བ་བཞི་ལ་ཉམས་ལེན་ནས། །དོན་རང་བྱུང་རྟོགས་པའི་བོགས་འདོན་འདི། །དུག་སྨན་དུ་འགྱུར་བའི་བདུད་རྩི་འདྲ། །གྲོགས་བུད་མེད་བསྟེན་པའི་སྔགས་འཆང་གིས། །སེམས་འདོད་ཆགས་ཉམས་ལེན་བྱེད་ཚུལ་ལོ། །ཡང་ཞེ་སྡང་ངང་དུ་སྒོམ་པའི་ཚེ། །རྐྱེན་གྱིས་དཀྲུག་རྣམ་རྟོག་རགས་པ་དེ། །རང་ངོ་བོ་ཉིད་ལ་ཅེར་ཀློག་པས། །ཕྱི་ཡུལ་དང་ནང་གི་རང་སེམས་གཉིས། །དམིགས་མཚོན་མེད་ཞེན་མེད་གཉིས་སྣང་བྲལ། །འདི་འདི་འོ་སྤྲོས་པའི་མིང་ལས་འདས། །གཟུང་འཛིན་བྲལ་རིག་པ་རྗེན་པར་འཆར། །དེ་ངང་དུ་བཞག་ལས་གཞན་འགྱུ་པ། །ཞེ་སྡང་བ་དགག་སྒྲུབ་སྤང་བསྒྲུབ་སོགས། །བློས་བཅོས་བྲལ་ཡང་མེད་ཅི་དགའ་འདི། །མི་ང་ཡི་ཞེ་སྡང་ཉམས་ལེན་ཡིན། །སྤྱིར་དུག་གསུམ་ངོ་བོ་དེ་དག་དང་། །ང་རྒྱལ་བ་ཕྲག་དོག་ལ་སོགས་པ། །ཀུན་སྒྱུ་མའི་སྐྱེས་བུའི་འཕྲུལ་འཁོར་བཞིན། །སྤངས་བླངས་བྲལ་ཨ་འཐས་མ་ཞུགས་པར། །སེམས་རང་གཤིས་ཀ་དག་གདོད་མའི་ཁམས། །གཞི་བདེ་གཤེགས་སྙིང་པོར་ལྟ་བ་འདི། །བུ་ཚེ་དབང་ནོར་བུའི་ཉམས་ལེན་ཡིན། །མི་བདག་གི་ཐུན་བཞིར་ཉམས་ལེན་ན། །དུས་ཐོ་རངས་དང་པོར་བབ་པའི་ཚེ། །གཉིད་གཏི་མུག་འཁྲུལ་པ་བསྐྲོག་བྱས་ཏེ། །ལུས་སྟོང་རར་གསལ་དང་རླུང་གསུམ་འབུད། །སེམས་ཏིང་ངེ་འཛིན་གྱི་བདག་དབང་ལེན། །ངག་བཟླས་བརྗོད་བསྔགས་བཞི་ཚར་བདུན་བསྒྲག །རྗེ་གུ་རུའི་གསོལ་འདེབས་ཚར་བདུན་བཀླག །དེ་མ་ཡེང་ངང་ནས་སྙིང་པོ་བསྒྲང་། །སྔགས་ཡང་སྙིང་ཡིག་བརྒྱ་བརྒྱ་ཕྲག་བཟླ། །ལྷ་རྡོར་སེམས་སྒོམ་ནས་བསྟོད་བཤགས་བྱས། །རྗེས་རང་རིག་རྡོར་སེམས་དབྱེར་མེད་བསྟིམ། །བློ་ཤེས་རབ་འཕེལ་ཕྱིར་འཇམ་དཀར་དང་། །སྡིག་སྒྲིབ་པ་སྦྱངས་བྱེད་སྤྱན་རས་གཟིགས། །བར་གཅོད་པ་སེལ་བྱེད་ཕྱག་རྡོར་སྐུ། །བསྒོམ་བྱས་ནས་བཟླས་པ་གང་ནུས་བསྐྱལ། །དེ་ཐོ་རངས་ཐུན་གྱི་བྱ་ལས་ཡིན། །ནམ་ལངས་ཚེ་སྐད་ཅིག་ལྷར་གསལ་དང་། །ཐུགས་ཡེ་ཤེས་སེམས་དཔའི་སྙིང་ཀ་རུ། །སྲོག་མི་ཤིག་ས་བོན་ཀ་བ་གཙུག །སྔགས་བཟླ་ལུགས་བཞི་ཡིས་འཁྲུལ་འཁོར་བསྐོར། །འཕྲིན་ལས་བཞི་གང་འདོད་དམིགས་པ་བསྒྱུར། །དེ་ངང་ནས་ཐུགས་དམ་ལྷག་པའི་ལྷ། །སྔགས་ཛབ་པ་ཏི་དབྱངས་གྲགས་ལྡན་སྒྲོགས། །སྐབས་དགའ་རུང་འཕྲལ་གྱི་སྤྱོད་པ་དང་། །ཚིག་འབྲེལ་འབྱུང་འགའ་ཡང་སྨྲ་བ་ཡིན། །ཞར་བབ་བྱུང་དགེ་སྦྱོར་འགའ་ཡང་བྱེད། །མདོར་དྲིལ་བ་རང་གཞན་དགེ་ལ་བསྐུལ། །དེ་ཉིན་མོར་སྤྱོད་པའི་མཐུན་ཡིན་ནོ། །དུས་དགོང་མོར་བསྲུང་མར་གཏོར་བསྔོས་དང་། །རང་འཁོར་བཅས་བསྲུང་དང་བསྟན་དོན་དུ། །བསྲུང་བཟློག་དང་བསད་པའི་དྲག་སྔགས་བཟླས། །གནས་གཞི་བདག་དཀར་དམར་གསུར་གྱིས་མཆོད། །ཡུལ་རིས་མེད་མཆོད་སྦྱིན་གཏོར་མར་འབད། །དེ་དགོང་མོའི་དུས་ཀྱི་ཐུན་སྤྱོད་དོ། །སྲོད་བབ་ཚེ་སྐད་ཅིག་གཏུམ་མོའི་སྐུ། །ལྡངས་བྱས་ཏེ་བླ་མའི་རྣལ་འབྱོར་སྤྱོད། །ལུས་རྩ་ཡི་སྟོང་ར་བུམ་ཆེན་སྦྱངས། །རྗེས་འབར་བ་ཨ་ཤད་བྱ་ལས་དང་། །བདེ་སྐྱིད་པ་ཧཾ་གྱི་རྒྱུན་འབབ་ལ། །ཡིད་གཏད་ནས་ཉམས་ལེན་རླུང་ལ་འབད། །རྗེས་དམིགས་མེད་ངང་དུ་མཉམ་བཞག་དང་། །བསྔོ་སྨོན་ལམ་བཟང་པོའི་མཚམས་སྦྱོར་དང་། །ལུས་ཕུང་པོ་མཆོད་སྦྱིན་ཞེན་མེད་དང་། །དོན་ཉམས་ལེན་མ་ཡེངས་ལྟ་བའི་ངང་། །མཚན་གུང་དུ་རང་བབས་ངང་དུ་རྣལ། །དེ་རྣམས་ནི་སྲོད་དང་དགོང་ཐུན་ཡིན། །
ཨེ་མ། མི་ང་ཡི་ཉམས་ལེན་མདོར་དྲིལ་ན། །ལུས་ཞེན་མེད་ལྷ་སྐུར་གསལ་བ་འདི། །དེ་བསྐྱེད་རིམ་ཡོངས་ཀྱི་འདུ་སོ་ཡིན། །གཏུམ་ཧཾ་ཨ་འབར་འཛག་སྲོག་སྩོལ་འདི། །རླུང་ཐབས་ལམ་བསྒོམ་པའི་འདུ་སོ་ཡིན། །ངག་སྔགས་ལ་རྟག་ཏུ་བརྩོན་པ་འདི། །ལྷ་ཡི་དམ་ནུས་བསྒྲུབ་འདུ་སོ་ཡིན། །སེམས་མ་ཡེངས་རིག་པ་རྒྱུན་ཆགས་འདི། །ཆོས་བསྐྱེད་རྫོགས་ཡོངས་ཀྱི་འདུ་སོ་ཡིན། །སེམས་རང་བབས་བརྗོད་བྲལ་བློ་འདས་གཤིས། །འདི་ལྟ་བ་ཡོངས་ཀྱི་འདུ་སོ་ཡིན། །གང་ཤར་ཀུན་རྩོལ་མེད་མཉམ་བཞག་འདི། །བསྒོམ་ཉམས་ལེན་ཀུན་གྱི་འདུ་སོ་ཡིན། །དགག་སྒྲུབ་བྲལ་རྒྱུ་འབྲས་ཕྲ་ཞིབ་འདི། །འདི་སྤྱོད་པ་ཡོངས་ཀྱི་འདུ་སོ་ཡིན། །རེ་དོག་བྲལ་རིག་པ་རང་གདེང་ཐོབ། །འདི་འབྲས་བུ་ཡོངས་ཀྱི་འདུ་སོ་ཡིན། །རྗེ་བླ་མ་མི་བརྗེད་དྲན་པའི་རྒྱུན། །ཆད་མེད་འདི་ཉམས་ལེན་ཡོངས་ཀྱི་འདུ་སོ་ཡིན། །དུས་རྟག་ཏུ་དད་པ་འགྱུར་མེད་འདི། །ཆོས་རྣམ་དཀར་མ་ལུས་འདི་སོ་ཡིན། །དུས་རྟག་ཏུ་འདའ་མེད་དམ་ཚིག་འདི། །ཆོས་གསང་སྔགས་བསྒྲུབ་པའི་སྲོག་རྩ་ཡིན། །ལས་དཀར་ནག་རྒྱུ་འབྲས་ཞིབ་པ་འདི། །བཀའ་རྒྱལ་གསུང་མ་ལུས་འདུ་སོ་ཡིན། །དུས་རྟག་ཏུ་བག་ཡོད་སྤྱོད་བརྩོན་པ། །འདི་ཐར་པ་སྒྲུབ་པའི་གྲོགས་མཆོག་ཡིན། །དུས་རྟག་ཏུ་གཞན་ཕན་སེམས་བསྐྱེད་པ། །འདི་སངས་རྒྱས་བསྒྲུབ་པའི་ས་བོན་ཡིན། །དུས་རྟག་ཏུ་མ་བཅོས་དྲན་པ་འདི། །བསྒོམ་ཉམས་རྟོགས་མྱུར་རྫོགས་སྙིང་པོ་ཡིན། །དུས་རྟག་ཏུ་རང་གཞན་དགེ་སྦྱོར་བ། །འདི་བཀའ་བརྒྱུད་གོང་མའི་རྣམ་ཐར་ཡིན། །སེམས་གཡོ་སྒྱུ་མེད་པའི་དྲང་པོ་འདི། །སྤྱོད་པ་ཡ་རབས་ཡོངས་ཀྱི་འདི་སོ་ཡིན། །རང་འདོད་པ་ཁེ་གྲགས་ཆུང་སློབ་འདི། །ཆོས་གཤའ་མ་བསྒྲུབ་པའི་ལམ་རྐང་ཡིན། །རྐྱེན་ཅི་བྱུང་རོ་སྙོམས་གང་ནུས་འདི། །ཁོང་རྟོགས་ལྡན་ཡོངས་ཀྱི་རྣམ་ཐར་ཡིན། །འདི་རྣལ་འབྱོར་ཚེ་དབང་ནོར་བུ་ཡི། །ཉམས་ལེན་ཚུལ་བརྗོད་པའི་སྙིང་པོ་ཡིན། །
ཨེ་མ། མི་བདག་གི་བསྒོམ་ཚུལ་ཅི་འདྲ་ན། །ལྷ་ཨ་འཐས་བསྒོམ་པ་ཨ་འཐས་ཡིན། །ཨ་མ་འཐས་སྟོང་གཟུགས་ཆུ་ཟླ་བཞིན། །སེམསསྐྱེ་མེད་མཁའ་ནས་འགག་མེད་བསྩལ། །དབྱིངས་འཇའ་ཚོན་ལྟར་དུ་རང་རྩལ་སྦྱངས། །དེང་ལ་ལས་བསྐྱེད་རིམ་བསྙེན་བསྒྲུབ་ལ། །རྫོགས་རིམ་ལ་ཆོས་བློ་མི་བྱེད་འདུག །འདི་རྟག་ལྟའི་ཕྱོགས་སུ་འཁྱམས་དོགས་ཆེ། །ཡང་ཅིག་རྫོགས་རིམ་སྟོང་པ་སྐད། །ལྷ་བསྐྱེད་རིམ་བསྒོམ་པར་མི་མོས་ཤིང་། །སེམས་རྣམ་རྟོག་ཡོ་ལངས་ཅི་བྱས་ཟེར། །འདི་སྟོང་པ་ཆད་པ་ཆད་ལྟའི་རྒྱུར། །འགྲོ་དོགས་པ་ཡང་ཡང་གཟབ་དགོས་མཐོང་། །ཅི་ཕྱིར་ཞེས་སེམས་ཀྱི་རྣམ་རྟོག་རྒྱུན། །འཕྲལ་མི་འཆར་ཐབས་ནི་མ་མཆིས་ཀྱི། །དེ་བག་ཡངས་རྒྱལ་བས་མ་གསུང་ཞིང་། །གནས་འགྱུར་ཚེ་སོར་རྟོག་ཡེ་ཤེས་བཞེད། །སེམས་མ་དག་དངོས་པོའི་རྣམ་རྟོག་ལ། །དུས་ཡེ་ནས་སྒོམ་སྟེ་ད་བར་འཁྲུལ། །དེ་ངོ་ཤེས་ཙམ་གྱི་ངང་ཆོག་ན། །ཁོ་ཐར་པ་ནག་པོ་ཅི་ཕྱིར་གོལ། །ས་བརྒྱད་པའི་སེམས་དཔའ་ཡིན་པར་གྲགས། །དོན་དེས་ན་མ་དག་དངོས་ཞེན་འདི། །སྦྱང་ཕྱིར་དུ་རྒྱལ་བ་ཐབས་མཁས་དེས། །ལྷ་བསྐྱེད་རིམ་སྒྱུ་ལུས་མང་དུ་གསུངས། །ཐབས་བསྐྱེད་རིམ་ཤེས་རབ་རྫོགས་རིམ་ལ། །ཟུང་འཇུག་ནས་ཉམས་ལེན་ཁྱད་ཆོས་ཡིན། །དེ་ཟུང་འཇུག་ཀྱང་སྔར་ཡིན་ཡིན་པ་ལས། །སྔར་མི་གཅིག་པ་གསར་དུ་བལྟས་པ་མིན། །སེམས་ཉིད་ཀྱི་ངོ་བོ་ཡེ་སྟོང་དེ། །རྫོགས་རིམ་གྱི་ཐ་སྙད་མ་ལགས་སམ། །རང་མདངས་ནི་རྣམ་པ་ཐམས་ཅད་ལ། །འགག་མེད་དུ་ཤར་བའི་ལྷ་སྐུ་དེ། །བསྐྱེད་རིམ་ཞེས་ཐ་སྙད་མི་འདོགས་བསམ། །བསྐྱེད་རྫོགས་གཉིས་དོན་དེ་ཡེ་ནས་གཅིག །ད་བསྐྱེད་རིམ་ཅིག་བསྒོམ་ཀྱང་རྫོགས་རིམ་དངོས། །རྫོགས་རིམ་ཞིག་སྒོམ་ཀྱང་བསྐྱེད་རིམ་ཉིད། །ད་རྣལ་འབྱོར་སྨྱོན་པ་ནི་གཏད་མེད་སྟེ། །གཏད་མེད་ཀྱི་ཉམས་ལ་དེ་ལྟར་བདོག །བསྐྱེད་རྫོགས་ནི་རོ་གཅིག་ངང་དུ་སོང་། །ཟབ་གསལ་གྱི་ངང་དུ་ཨ་ལ་ལ། །རིག་སྟོང་གི་ངང་དུ་རྗེན་ནེ་ནེ། །བྱ་བ་ཀུན་ཆོས་ཉིད་ཁྲོལ་ལོ་ལོ། །གང་བྱས་ཀྱང་སྒྱུ་མར་འལ་མ་འོལ། །འདི་ཁོ་ཡི་རྣམ་ཐར་ཡང་ཏིག་སྟེ། །ཏིག་ཏིག་ཅིག་སྨྱོན་པ་ཅི་ལ་ཡོང་། །ཏིག་ཏིག་ཅིག་མེད་ཀྱང་རང་ཉིད་སྤྲོ། །མཇལ་དགོས་ཀྱི་མཚན་ལྡན་བླ་མ་མཇལ། །དམ་ཚིག་ལ་ངོ་ལྐོག་སྤུ་ཙམ་མེད། །ཐོབ་དགོས་ནི་ཕྱག་རྫོགས་མན་ངག་ཐོབ། །མ་གོ་བའི་ཁོང་ཕྲན་རྡུལ་ཙམ་མེད། །མཐོང་དགོས་ཀྱི་སེམས་ངོ་ཕྱོགས་ཙམ་མཐོང་། །ཐེ་ཚོམ་ཞིག་གཅོད་དགོས་ད་ནི་མེད། །རང་ཡིན་ལུགས་ནི་ཅུང་ཟད་ད་རྙེད་པས། །སྐྱེ་སྐྱེ་དང་སྤྲུལ་སྤྲུལ་མིན་ཀྱང་ཆོག །ཉམས་མྱོང་ནི་བདེ་ཆེན་གླིང་པར་སྐྱེས། །རྟོགས་པ་ནི་གསུང་རབ་རྒྱ་མཚོར་ཐུག །ཉམས་མྱོང་གང་ཕྱག་ཆེན་གདམས་པས་བཤད། །རྟོགས་གདིང་ནི་རྫོགས་ཆེན་གཞུང་གིས་ཆུད། །ལྟ་གྲུབ་མཐའ་ནི་ཀློང་ཆེན་རབ་འབྱམས་ལུགས། །དག་སྣང་གི་རྒྱལ་བསྟན་སྤྱི་ལ་སྦྱོངས། །རང་གདེངས་ནི་སེམས་ལ་ཆུད་པས་བདེ། །ཆགས་སྡང་གི་ཞགས་པ་མི་དམ་པས། །རང་སེམས་འདི་གུ་ཡངས་ཆལ་མ་ཕྱོགས། །སྐྱེ་སྔོན་ནས་ཐེག་ཆེན་སྨོན་ལམ་ཐེབས། །སྐྱེས་མཆོག་གི་བླ་མ་འབའ་ཞིག་མཇལ། །ངེས་དོན་སྒོམ་བག་ཆགས་རྟག་ཏུ་བཞག །ཅི་ནུས་ཀྱི་འགྲོ་དོན་ཁོ་ནར་སྤྱོད། །འདི་དག་ནི་ཁོ་བོའི་ངང་ཚུལ་སྟེ། །རང་ཉིད་ཀྱི་ཉམས་ལེན་ཚུལ་ཇི་བཞིན། །ཡིན་ལུགས་ཀྱི་གླུ་དབྱངས་དེ་སྐད་ནི། །རི་མགོ་ཀུན་གངས་དཀར་མཆེ་གཙིགས་འདྲ། །ཀླུང་ནགས་ཀྱི་དོམ་ལྤགས་བསྒྱངས་འདྲ་བ། །ཆུ་བོ་ཀུན་རྦ་ཀློང་དྲག་འཁྲུག་འབེབ། །མི་ཀུན་ཀྱང་ཁྲོ་གཏུམ་གདུག་པ་ཆེ། །སྦས་ཡུལ་མཆོག་བྲག་སྐད་རྫོང་ཞེས་པའི། །ཡུལ་གྲུའི་དབུས་མཁར་ཆུའི་དབེན་གནས་སུ། །དག་པ་ཟླ་བའི་ཚེས་བཟང་བཅོ་ལྔ་ལ། །རིག་པ་འཛིན་པ་ཚེ་དབང་ནོར་བུས་སྨྲས། །ཡི་གེ་པ་ལྷ་ལྡིང་གོ་སའི་རིགས། །དག་མགྱོགས་སྐྱེན་བློ་དབང་གིས་བགྱིས་སོ། །དགེ་བ་ཅི་མཆིས་པས་རང་གཞན་ཀུན། །དགེ་བློ་གང་བསྐྱེད་ནས་དགེ་སྦྱོར་འབད། །དགེ་འབྲས་ཀུན་མྱུར་མིན་རྫོགས་སངས་རྒྱས། །དགེ་བསྔོ་ཡི་དབང་ཕྱུག་ཡོངས་ཐོབ་ཤོག །
ཅེས་རྒྱལ་ཁམས་པ་ཚེ་དབང་ནོར་བུའི་རང་གི་རྒྱུན་སྤྱོད་ཀྱིས་དགེ་སྦྱོར་གླུར་སྨྲས་པ། རང་ལོ་ཉི་ཤུའི་སྟེང་དུ་སྙེགས་པ་སྣ་ཚོགས་དབྱིག་ཞེས་ཤིང་འབྲུག་ནག་ཟླའི་ཚེས་བཟང་པོར་སྤུ་སྐོང་ས་ཡི་མཚམས་བྲག་སྐད་རྫོང་དུ་སྨྲས་པ་སྟེ། རང་གཞན་བློ་བསྒྱུར་ཆོས་ལ་ཕྱོགས་པའི་རྒྱུར་གྱུར་ཅིག །མངྒ་ལཾ། །