དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་མཆོད་པའི་ཆོ་ག་བསོད་ནམས་གཏེར་མཛོད།
དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་མཆོད་པའི་ཆོ་ག་བསོད་ནམས་གཏེར་མཛོད་བཞུགས་སོ། །
ན་མོ་མཉྫུ་ཤྲཱིཛྙཱ་ན་སཏྭཱ་ཡ། འདིར་ཐུན་མཚམས་སོགས་སུ་དཀྱིལ་འཁོར་གྱི་ལྷ་མཆོད་པར་འདོད་པས་གནས་བདེ་བར་བྲིས་སྐུ་ཡོད་ན་བཀྲམ། རང་སྐད་ཅིག་གིས་དུས་ཀྱི་འཁོར་ལོར་གསལ་ལ་སྙིང་པོ་བརྗོད་བཞིན་པས་མཎྜལ་ལ་ནང་མཆོད་ཀྱིས་ཆོས་འབྱུང་གྲུ་གསུམ་བྲིས་པའི་དབུས་སུ་ཐིག་ལེ་ཟླུམ་པོ་བྱ། དེ་ཉིད་སྒྲུབ་པའི་མཎྜལ་དུ་བཞག་པའི་མདུན་དུ། མཆོད་གཏོར་དང་ནང་མཆོད། ཆུ་བཞི་ཉེར་སྤྱོད་དང་བཅས་པ་དང་། གཞན་ཡང་ཅི་འབྱོར་པའི་མཆོད་པ་བཤམས་ལ། སྐྱབས་སེམས་ཚད་མེད་ཚོགས་བསགས་བསྒོམ་པ་སྔོན་དུ་བཏང་ནས་བདག་བསྐྱེད་རྒྱས་པའམ། ལྷན་སྐྱེས་སུ་གསལ་ལ་རྩ་སྔགས་ཅུང་ཟད་བཟླ། དེ་ནས། ཨོཾ་ཨཱཿཧཱུྃ་ཧྲ་ཕཊ། ཅེས་བརྗོད་དེ་ནང་མཆོད་འཐོར་བས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་རིན་པོ་
ཆེའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ཤེལ་གྱི་སྣོད་སོར་བཅུ་གཉིས་པ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུྃ་ཧོ་ལས་བྱུང་བའི་ཆུ་བཞི་དང་དྲི་ཆབ་དང་མེ་ཏོག་བདུག་སྤོས་སྣང་གསལ་བདུད་རྩིའི་ཞལ་ཟས་མ་ཉམས་པའི་འབྲས་བུ་རྣམས་དང་། སྒེག་མ། བཞད་མ། སིལ་སྙན་མ། གར་མ། གླུ་མ། འདོད་མ་སྟེ། མཆོད་པའི་ལྷ་མོ་བཅུ་གཉིས་ཀྱི་མཆོད་པ་རྣམས་དང་། གཞན་ཡང་གོས་རྒྱན་ཕྲེང་བ་རྔ་ཡབ་བ་དན་མེ་ལོང་དྲིལ་བུ་ལ་སོགས་པ་ཕྱི་ནང་གསང་བའི་མཆོད་པའི་ཡོ་བྱད་རྣམ་པ་མང་པོ་མ་ཚང་བ་མེད་པ་རྣམས། དྭངས་ཤིང་ཐོགས་པ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་རོལ་པ་ལས་བྱུང་བའི་མཆོད་པའི་
སྤྲིན་ཕུང་རབ་འབྱམས་ཀྱིས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར་པར་བསམ་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། སྤྲོ་ན་མཆོད་པའི་གཟུངས་དང་། མཆོད་པའི་ལྷ་མོ་སོ་སོའི་སྔགས་རྒྱའང་བྱའོ། །མཎྜལ་ལ་དམིགས་ཏེ། སྟོང་པའི་ངང་ལས་ཆོས་འབྱུང་ནམ་མཁའི་ཁམས་ལ་གནས་པའི་ཧྐྵྨླྺྼྻྃ་ཡོངས་སུ་གྱུར་པ་ལས། འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་གསུམ་དང་ལྡན་པ། ཡེ་ཤེས་ཀྱི་འོད་ཟེར་ཀུན་ནས་འཕྲོ་བ་དྭངས་ཤིང་སྒྲིབ་པ་མེད་པ། ཡེ་ཤེས་ཆེན་པོའི་རང་སྣང་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་ཟླ་ཉི་སྒྲ་གཅན་གྱི་གདན་ལ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཡབ་ཡུམ། ཕྱོགས་མཚམས་སུ་ནུས་མ་བརྒྱད། དེ་བཞིན་གཤེགས་པ་ཡབ་ཡུམ་བཅུ་དྲུག སེམས་དཔའ་སེམས་མ་ཡབ་ཡུམ་ཉེར་བཞི། ཁྲོ་བོ་ཡབ་ཡུམ་བརྒྱད། མཆོད་པའི་ལྷ་མོ་གཟུངས་མ་བཅུ་གཉིས་དང་བཅས་པའི་ཐུགས་དཀྱིལ་གྱི་ལྷ་ཚོགས་རྣམས་དང་། དེའི་ཕྱི་རོལ་ཏུ་རྣལ་འབྱོར་མ་བརྒྱད་ཐབས་དང་བཅས་པ་ལ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞིས་བསྐོར་ཞིང་འདོད་མ་སོ་དྲུག་དང་བཅས་པའི་གསུང་དཀྱིལ་གྱི་ལྷ་རྣམས་དང་། དེའི་ཕྱི་རོལ་དུ་ལྷ་ཆེན་པོ་བཅུ་གཉིས་སོ་སོའི་ཤེས་རབ་མ་དང་བཅས་པ་ལ། པད་འདབ་ལ་གནས་
པའི་ཆོས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བའི་ལྷ་སུམ་བརྒྱ་དྲུག་ཅུའི་ཚོགས་དང་། སྒོ་སྲུང་བ་ཁྲོ་བོའི་རྒྱལ་པོ་དྲུག་སོ་སོའི་ཡུམ་དང་བཅས་པ་དང་། ཕྱིར་འདོད་མ་སོ་དྲུག །ཕྱིའི་རྟ་བབས་ཀྱི་འོག་གི་སྟེགས་བུ་དང་སྟེང་དང་འོག་ཏུ་ཀླུ་ཆེན་པོ་བཅུ་ཤེས་རབ་མ་དང་བཅས་པ་སྟེ་སྐུ་དཀྱིལ་གྱི་གཞལ་མེད་ཁང་ལ་གནས་པ་རྣམས་དང་། ཕྱི་རོལ་མེ་རླུང་གི་དབུས་སུ་དུར་ཁྲོད་ཀྱི་འཁོར་ལོ་དང་སྟེང་འོག་ཏུ་བཞུགས་པའི་རབ་གཏུམ་མ་བཅུ་རང་རང་གི་ཐབས་དང་བཅས་པ་དང་། རླུང་གི་དཀྱིལ་འཁོར་ལ་གནས་པའི་གྲུབ་པའི་ཚོགས་དང་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞི་ལ་སོགས་པ་རྣམས་སྐད་ཅིག་གིས་གསལ་བར་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ལྷ་ཚོགས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཀྱི་ཚོགས་དང་བཅས་པ་མཆོད་པའི་ཡུལ་དུ་ཨོཾ་བཛྲ་ས་མཱ་ཛཿ སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ་གཡོག་འཁོར་དང་། །གྲོགས་བཅས་གཉེན་རྣམས་དག་གིས་བསྐོར་བའི་ཚོགས་པ་ནི། །ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་དང་། །མཆོག་གི་རྡོ་རྗེ་སེམས་དཔའ་དག་ནི་གཤེགས་སུ་གསོལ། །ཞེས་བརྗོད་པས་འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པའི་ལྷ་ཐམས་ཅད་གཞལ་ཡས་ཁང་དང་བཅས་པ་སྤྱན་དྲངས་ཏེ། ཛཿཧཱུྃ་བཾ་ཧོ་ཧི། ཞེས་བརྗོད་པས་
དམ་ཚིག་གི་འཁོར་ལོ་ལ་རྟེན་དང་བརྟེན་པར་བཅས་པ་དགུག་གཞུག་བཅིང་མཉེས་རོ་མཉམ་པར་བསམ་མོ། །དེ་ནས་མཆོད་པ་འབུལ་བ་ལ་དང་པོ་ཆུ་བཞི་འབུལ་བ་ནི། དང་བསིལ་རྙོགས་མེད་ལྷ་ཡི་ཆུ་བོའི་རྒྱུན། །མཆོད་ཡོན་ཞབས་བསིལ་ཞལ་བསིལ་འཐོར་འཐུང་སྟེ། །རྡོ་རྗེ་ཆུ་བཞིའི་མཆོད་པ་འདི་དག་ཀུན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པར་བགྱི། །ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་རེ་བྷྱཿ བཛྲ་ཨརྒྷཾ། པ་དྱཾ། ཨཉྩ་མ་ནཾ། པྲོཀྵ་ཎྃ་པྲ་ཏིཙྪ་ན་མཿ ཞེས་འབུལ། ཉེར་སྤྱོད་ཀྱི་མཆོད་པ་བཅུ་གཉིས་ནི། དྲི་མཆོག་མེ་ཏོག་བདུག་སྤོས་སྒྲོན་མེ་དང་། །ཞལ་ཟས་འབྲས་བུ་སྒེག་བཞད་སིལ་སྙན་གར། །གླུ་མ་འདོད་མ་ལྷ་མོ་བཅུ་གཉིས་ཀྱིས། །རབ་འབྱམས་ནམ་མཁའ་གང་བའི་མཆོད་པ་འབུལ། །ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་རེ་བྷྱཿ བཛྲ་གནྡྷ྄ཾ། པུཥྤྃ། དྷཱུ་པྃ། དཱི་པྃ། ནཻ་ཝི་དྱྃ། ཨཀྵ་ཧཾ་ཕ་ལ། ལཱ་སྱ། ཧཱ་སྱྃ། ཝཧྱྃ་ཝདྱ། ནྲྀ་ཏྱྃ། གཱི་ཏྱྃ། ཀཱ་མྃ་པུ་ཛཱྃ་ཀུ་རུ་སྭཱ་ཧཱ། མཆོད་པ་སྣ་ཚོགས་འབུལ་བ་ནི། ཁང་བཟང་རྒྱན་ཕྲེང་བ་དན་བླ་བྲེ་མཛེས། །མེ་ལོང་དྲིལ་བུ་གོས་རྒྱན་རིན་ཆེན་ཚོགས། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །ཉེ་བའི་རིན་ཆེན་བདུན་དང་དཔག་བསམ་ཤིང་། །ནོར་བུ་བུམ་བཟང་བ་མཆོག་མ་རྨོས་འབྲུ། །རིན་ཆེན་རི་བོ་བདུད་རྩིའི་ཆུ་མཚོ་དང་། །མེ་ཏོག་དགའ་ཚལ་གསེར་གྱི་སྙིང་པོའི་སྤྲིན། །གཏེར་གྱི་འབྱུང་གནས་ཉི་ཟླའི་
སྒྲོན་མེས་མཆོད། །དབང་པོ་ལུས་ཟུང་ཡན་ལག་རྩ་རྒྱུས་དང་། །བཤང་གཅི་ཁུ་ཁྲག་དོན་སྣོད་པགས་པ་སྐྲ། །བ་སྤུ་སོ་སེན་མཆིལ་སྣབས་མཆི་མ་རྣག །བད་ཀན་སྲིན་བུ་ཆུ་སེར་ཤིག་རྔུལ་ཞག །རྣ་མིག་བཤང་ལམ་སོགས་ཀྱི་དྲི་མ་བརྒྱད། །རྣལ་འབྱོར་མ་དངོས་རྣམ་དག་དམ་ཚིག་རྫས། །ཡེ་ཤེས་བདུད་རྩིའི་མཆོད་པ་ལེགས་ཕུལ་བས། །གནས་དང་ཞིང་སོགས་བཅུ་གཉིས་བགྲོད་པར་ཤོག །མདོར་ན་མ་ལུས་སྲིད་ཞིའི་ཞིང་ཀུན་གྱི། །འདོད་ཡོན་ལྔ་དང་རྡོ་རྗེའི་གཟུགས་སོགས་དྲུག །ལྷ་ཀླུ་གནོད་སྦྱིན་མི་དང་འཕགས་པ་ཡི། །རབ་འབྱམས་ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད། །ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་རེ་བྷྱཿ ཨ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་འབུལ་ལོ། །དེ་ནས་མཎྜལ་འབུལ་བ་ནི། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། བྱང་སྒྲ་མི་སྙན། ནུབ་བ་ལང་སྤྱོད། ཤར་དུ་སྒྲ་གཅན། ལྷོར་ཉི་མ། བྱང་དུ་ཟླ་བ། ནུབ་ཏུ་དུས་མེ་དང་། དབུས་སུ་ལྷ་དང་མི་ཡི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་
བཞེས་སུ་གསོལ། །བཞེས་ནས་བདག་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཨོཾ་གུ་རུ་དེ་བ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ས་མ་ཡེ་སྭཱ་ཧཱ། ཞེས་ཕུལ། དེ་ནས་གཏོར་མ་དང་ནང་མཆོད་ལྷན་ཅིག་ཏུ་སོ་སོར་དམིགས་པས་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་ཨཱཿཧཱུྃ་ཧྲ་ཕཊཿ ཅེས་ནང་མཆོད་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རྃ་ལས་མེ་ཡི་དཀྱིལ་འཁོར་དམར་པོ་གྲུ་གསུམ་མེ་འབར་བ། དེའི་སྟེང་དུ་ཨཱཿལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨོཾ་ཡོངས་སུ་གྱུར་པ་ལས་ཐོད་པ་དུམ་བུ་གཅིག་པ་ཡངས་ཤིང་རྒྱ་ཆེ་བ་དཔྲལ་བ་རང་ལ་བསྟན་པའི་ནང་དུ། དབུས་སུ་ཨ་ལས་བྱང་སེམས། ཤར་དུ་ཨི་ལས་རྐང་མར། ལྷོར་རྀ་ལས་རཀྟ། བྱང་དུ་ཨུ་ལས་དྲི་ཆུ། ནུབ་ཏུ་ལྀ་ལས་དྲི་ཆེན། རླུང་མཚམས་སུ་ལཱྀ་ལས་གླང་པོ་ཆེའི་ཤ །དབང་ལྡན་དུ་ཨཱུ་ལས་བ་ལང་གི་ཤ །སྲིན་པོར་རཱྀ་ལས་རྟའི་ཤ །མེར་ཨཱི་ལས་ཁྱིའི་ཤ །དབུས་ཀྱི་སྟེང་དུ་ཨཱ་ལས་མིའི་ཤ་རྣམས་གནས་པ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་བསྐུལ་བས་རླུང་གཡོས། མེ་སྦར་བས་རྫས་རྣམས་ཞུ་བ། ཧཱུྃ་ལས་བྱུང་བའི་རྡོ་རྗེས་དཀྲུགས་ཤིང་རྡོ་རྗེ་དང་བཅས་པའི་རྫས་རྣམས་རོ་གཅིག་ཟླ་བ་ཞུ་བའི་གཟུགས་སུ་གྱུར། རང་གི་ལག་པ་གཡོན་པའི་མཐིལ་དུ་ཟླ་བ་ལ་གནས་པ་སྐུ་
རྡོ་རྗེའི་ངོ་བོ་ཨོཾ་དཀར་པོའི་འོད་ཀྱིས་རྫས་རྣམས་ཀྱི་མ་དག་པ་སྦྱང་། ལག་པ་གཡས་པའི་མཐིལ་དུ་ཉི་མ་ལ་གནས་པ་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོའི་འོད་ཀྱིས་དག་པའི་རྫས་རྣམས་མང་དུ་སྤེལ། ལག་གཉིས་ཁ་སྦྱར་བའི་དབུས་སུ་སྒྲ་གཅན་གྱི་དཀྱིལ་འཁོར་ལ་གནས་པ་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་སྔོན་པོའི་འོད་ཀྱིས་རྫས་རྣམས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། མཁའ་ལྡིང་གི་ཕྱག་རྒྱའི་དབུས་སུ་དུས་མེ་ལ་གནས་པའི་ཡེ་ཤེས་རྡོ་རྗེའི་ངོ་བོ་ཧོ་ཡིག་སེར་པོའི་འོད་ཀྱིས་ཟག་མེད་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར། ཅེས་བསམས་ལ་ལག་པ་སོ་སོ་དང་ཁ་སྦྱར་ཏེ་ཕྱག་རྒྱ་བཅའ་བ་སྟབས་གཅིག ཨོཾ་ཨཱཿཧཱུཾ་ཧོཿ ཞེས་པས་བྱིན་གྱིས་བརླབས་ནས། དང་པོ་གཏོར་མ་འབུལ་བ་ནི། ལྷ་ཚོགས་ཐམས་ཅད་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་ཡོངས་སུ་མཉེས་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ཧོ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། བ་ཐཻ་བྃ། ཡ་ཐཻཥྚྃ། བྷཱུ་ཛ་ཐ། ཛི་གྷ་ཐ། པི་པ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦཱ་ཀཱ་ར་ཏཱ་ཡ། སད་སུ་ཁ་བི་ཤུདྡྷ། ས་ཧ་ཡི་ཀཾ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ། ནང་མཆོད་ལག་པ་གཡོན་པའི་མཐེབ་སྲིན་གྱིས་འཐོར་ཏེ། བདུད་རྩི་ལྔ་དང་སྒྲོན་མེ་ལྔ། །ཤེས་རབ་རང་བཞིན་མྱོས་བྱེད་ལྡན། །ཟག་མེད་བདེ་བ་རྒྱས་པའི་རྒྱུར། །དམིགས་
མེད་ཚུལ་གྱིས་བཞེས་སུ་གསོལ། །ཞེས་དང་། ན་མོ་དཀོན་མཆོག་གསུམ་གྱི་ངོ་བོ། དཀྱིལ་འཁོར་ཡོངས་ཀྱི་བདག་པོ། ལྷར་བཅས་འགྲོ་བའི་སྐྱབས་མཆོག །དྲིན་ཆེན་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེ་གེ་མོའམ། ཆེན་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། དཔལ་ལྡན་རྡོ་རྗེ་འཆང་དམ་པ་དང་པོའི་སངས་རྒྱས་དང་། ཆོས་རྒྱལ་བརྒྱད། རིགས་ལྡན་ཉེར་ལྔ། སྲས་ཚངས་པ་དང་ལྷ་དབང་། འོད་སྲུང་སོགས་དུམ་བུ་སྐྱོང་བ་བརྒྱད་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཙི་ལུ་པ་དང་དུས་ཞབས་ཆེ་ཆུང་ནཱ་ལེནྡྲ་པ། ཟླ་བ་མགོན་པོ་འབྲོ་སྟོན་ལོ་ཙཱ་བ་སོགས་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དཔལ་ལྡན་དུས་ཀྱི་འཁོར་ལོ་ཡབ་ཡུམ་ནུས་མ་བཅུ། རིགས་དྲུག་གི་བདེ་གཤེགས་ཡབ་ཡུམ་བཅུ་གཉིས། སེམས་དཔའ་སེམས་མ་བཅུ་གཉིས། སྒོ་སྐྱོང་ཁྲོ་བཅུ་ཡབ་ཡུམ། རྣལ་འབྱོར་མ་བརྒྱད་ཐབས་དང་བཅས་ཤིང་དྲུག་ཅུ་རྩ་བཞིའི་འཁོར་དང་བཅས་པ། ལྷ་ཆེན་པོ་བཅུ་གཉིས་ཡབ་ཡུམ་སོགས་ཚེས་ལྷ་སུམ་བརྒྱ་དྲུག་ཅུའི་ཚོགས་དང་། ཀླུ་བཅུ་ཡབ་ཡུམ། རབ་གཏུམ་མ་བཅུ་ཐབས་དང་བཅས་པ། དུར་ཁྲོད་ཀྱི་གཞི་དང་རླུང་དཀྱིལ་ལ་གནས་པའི་གྲུབ་པ་དང་། འབྱུང་པོའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སྡེ་དྲུག་སྲུང་མ་དྲུག་ཅུ་སོགས་རྡོ་རྗེ་ཆོས་སྐྱོང་བའི་སྲུང་མའི་ཚོགས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་རྒྱུད་སྡེ་
བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། བརྒྱུད་པའི་བླ་མ་དམ་པ། གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོ་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། བོད་ཡུལ་སྐྱོང་བའི་བརྟན་མ་བཅུ་གཉིས་སོགས་གནས་བདག་ཡུལ་བདག་གྲོང་བདག་གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རིགས་དྲུག་གི་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ངོ་བོར་རྣམ་པར་དག་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་འབུལ་ཞིང་རང་གིས་ཀྱང་མྱང་བས་ལུས་ཁམས་ཀྱི་ལྷ་ཐམས་ཅད་བདེ་སྟོང་གིས་ཚིམ་པར་བསམ་ལ། མཐར་གསང་མཆོད་འབུལ་བ་ནི། གསང་བའི་ཕྱག་རྒྱ་གང་ཡིན་པ། །མཆོག་གི་ཕྱག་རྒྱར་རབ་ཏུ་སྦྱོར། །ལས་དང་ཆོས་ཀྱི་ཕྱག་རྒྱར་ལྡན། །རྡོ་རྗེའི་མཆོད་པས་རྟག་ཏུ་མཆོད། །ཅེས་བརྗོད་དེ་ལྷ་ཐམས་ཅད་མཉམ་པར་སྦྱོར་བའི་བདེ་བ་ཆེན་པོས་མཉེས་པར་བསམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་འཁྱུད་རྒྱ་བཅས་དེ་ལྟར་ང་རྒྱལ་བཟུང་ངོ་། །དེ་ནས་རྡོ་རྗེ་དྲིལ་བུ་ཐོགས་ལ་བསྟོད་པ་བྱ་སྟེ། འདུད་ཉི་ཤུ་དང་། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཕྲ་རབ་རྡུལ་གྱི་ཆོས་ལས་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་
མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །སངས་རྒྱས་ཀུན་གྱི་སྐྱེད་མཛད་མ། །སྐྱེ་བ་དང་ནི་འཇིག་པ་སྤངས། །ཀུན་ཏུ་བཟང་པོའི་སྤྱོད་པ་ཅན། །སྣ་ཚོགས་ཡུམ་དེ་ལ་ཕྱག་འཚལ། །རྣམ་རྟོག་སྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །གཟུང་དང་འཛིན་པ་དབྱིབས་དག་དང་། །རྟོག་དང་བརྗོད་པ་རྣམ་པར་སྤངས། །དྲི་ཟའི་གྲོང་ཁྱེར་རྣམ་པ་དང་། །པྲ་ཕབ་པ་ཡི་རང་བཞིན་ཅན། །ཐབས་དང་ཤེས་རབ་བདག་ཉིད་སྦྱོར། །ཨེ་ཝཾ་ཡི་གེ་དེ་ལ་འདུད། །ཤེས་རབ་ཐབས་ཀྱི་བདག་ཉིད་སྦྱོར། །དབྱིབས་སྐུ་རྫུ་འཕྲུལ་བགྲོད་པ་ཅན། །དེ་བཞིན་གཤེགས་པའི་རྡོ་རྗེ་སེམས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །དམ་ཚིག་སེམས་དཔར་གསུངས་པ་གང་། །དངོས་དང་དངོས་མེད་ཟད་པའི་གཙོ། །ཐོག་མཐའ་མེད་ཅིང་ཞི་བ་ཡི། །བྱང་ཆུབ་སེམས་དེ་ལ་ཕྱག་འཚལ། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །གང་ལ་རྒྱུ་དང་མཚན་ཉིད་མེད། །གཡོ་དང་དེ་བཞིན་རིམ་མེད་པས། །ཀཱ་ལ་ཙ་ཀྲས་མངོན་བརྗོད་པ། །གཉིས་མེད་དེ་ལ་གུས་ཕྱག་འཚལ། །ཨཱ་ལི་ཀཱ་ལི་སྙོམས་འཇུག་དང་། །ཧཱུྃ་ཕཊ་ཡི་གེ་སོགས་སྤངས་ཀྱང་། །འགྱུར་བ་མེད་ལས་འཁྲུངས་པའི་སྐུ། །དུས་ཀྱི་འཁོར་ལོ་དེ་ལ་འདུད། །ཞབས་གཅིག་རྡོ་རྗེ་ནོར་བུ་རྡུལ་དང་ཉི་མ་དང་། །
གཉིས་པ་གཙུག་ཏོར་ཁུ་བ་རི་བོང་ཅན་ལ་ནི། །རྟག་ཏུ་མེ་ཆོད་དབྱེར་མེད་འདོད་པར་བཀོད་གྱུར་པ། །འཇིག་རྟེན་གསུམ་གྱིས་མཆོད་པའི་གཙོ་ལ་སྤྱི་བོས་འདུད། །རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པདྨ་དང་། །ཟླ་ཉི་དུས་མེའི་སྟེང་དུ་དབང་ཕྱུག་དང་ནི་བདུད་ཀྱི་མགོར། །ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་དང་ལྷན་ཅིག་བཀོད་གྱུར་པ། །ལྷ་ཡི་དབང་པོས་བཏུད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ལོ། །སངས་རྒྱས་སེང་གེའི་ཁྲིར་བཞུགས་རྡོ་རྗེའི་རྣལ་འབྱོར་རྣམ་པར་དག་པ་སྲིད་པ་གསུམ་གྱིས་མཆོད། །དེ་ཉིད་གཅིག་པུ་སྐུ་ཡི་རབ་ཏུ་དབྱེ་བས་རྣམ་པ་བཅུ་དྲུག་སྲིད་མེད་སྲིད་པར་གནས། །ཤེས་དང་ཤེས་བྱ་གཅིག་གྱུར་རྒྱལ་བ་མཆོག་གི་དམ་ཚིག་ཡན་ལག་རྣམ་པ་བཅུ་གཉིས་ཀྱི། །བདེན་དོན་བྱང་ཆུབ་སེམས་ནི་རྒྱལ་བའི་རྡོ་རྗེའི་ཚིག་གྱུར་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །ཀུན་མཁྱེན་ཡེ་ཤེས་སྐུ་ནི་རྒྱལ་བའི་བདག་པོའི་ལྷན་ཅིག་སྐྱེས་དང་དེ་བཞིན་ཆོས་ཀྱི་སྐུ། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ་ཡང་ཉིན་བྱེད་སྐུ་དང་པདྨའི་འདབ་མ་རྒྱས་པའི་སྤྱན། །རྣམ་པར་ཐར་དང་སྐུ་གསུང་ཐུགས་ཆགས་སྲིད་འདས་འབྱོར་བ་རྣལ་འབྱོར་དག་པ་ཤེས་རབ་དང་། །ཐབས་ནི་གཉིས་མེད་གང་ཞིག་ལྷ་མི་ལྷ་མིན་གྱིས་བསྟོད་དང་པོའི་སངས་རྒྱས་དེ་ལ་འདུད། །རྣམ་པར་བཅས་ཀྱང་རྣམ་མེད་བཅོམ་ལྡན་འདས་མ་ཤེས་རབ་མ་སྟེ་དེ་ཡིས་འཁྱུད། །སྐྱེ་འཇིག་སྤངས་
པའི་འགྱུར་མེད་བདེ་བ་དང་ལྡན་བཞད་པ་ལ་སོགས་བདེ་བ་སྤངས། །སངས་རྒྱས་རྣམས་ཀྱི་སྐྱེད་མཛད་སྐུ་གསུམ་རྣམས་དང་ལྡན་ཞིང་དུས་གསུམ་ཡང་དག་རིག །ཀུན་མཁྱེན་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་གཉིས་མེད་དེ་ཉིད་ལ་ཕྱག་འཚལ། །ཚངས་པ་ཁྱབ་འཇུག་དྲག་པོ་དག་ཀྱང་གང་གི་ཞབས་ཀྱི་ཆུ་སྐྱེས་དྲུང་དུ་ལྷག་པར་སྐྱབས་འགྲོ་བ། །དུས་ཀྱི་འཁོར་ལོ་རྒྱལ་བ་མཆོག་སྐྱེད་ཡོན་ཏན་མེད་ཅིང་རྣམ་རྟོག་མེད་པ་དེ་ལ་ཕྱག་འཚལ་ལོ། །གང་ལ་ཐོག་མཐའ་དབུས་༿༡༾ མེད་གནས་དང་ཝཾ་ཡིག་མི་འགྱུར་བདེ་བ་སྟོང་ཆེན་ཡིག་ལྔའི་རང་བཞིན་གྱི་བསྟོད་པ། བདེ་བ་ཉིད་ཀྱི་རང་བཞིན་མེད། འཆི་དང་སྲིད་པ་དང་ནི་སྒྲ་དང་དྲི་དང་རོ་དག་དང་། །རེག་བྱ་གཟུགས་དང་སེམས་མེད་རང་བཞིན་དང་ནི་སྐྱེས་བུ་མེད་ཅིང་འཆིང་དང་གྲོལ་དང་བྱེད་པོ་མེད། །ས་བོན་དང་ནི་གསལ་བའི་དུས་མེད་མཐའ་དག་སྲིད་པར་སྡུག་བསྔལ་བདེ་བ་ཉིད་ཀྱི་རང་བཞིན་མེད། མྱ་ངན་འདས་པ་མཚན་མ་མེད་ཅིང་བྱེད་པ་རྣམ་བྲལ་ཡོན་ཏན་མེད་པ་དེ་ལ་ཕྱག་འཚལ་ལོ། །དུས་དང་༢༽སྣ་ཚོགས་ལ་སོགས་རྡོ་རྗེ་སྐྱེས་བུ་དཔེ་ཟླ་མེད་ཅིང་ཐམས་ཅད་དུ་འགྲོ་སྤྲོས་པ་མེད། །བརྩེགས་པ་ལ་གནས་རྣ་བ་སྣ་དང་ཁ་དང་མིག་དང་མགོ་སྟེ་ཐམས་ཅད་ནས་ནི་ཕྱག་དང་ཞབས། འབྱུང་བའི་མཐའ་སྟེ་འབྱུང་པོའི་མགོན་པོ་སྲིད་པ་གསུམ་པོ་མཆོག་འཛིན་རྒྱུ་རྣམས་དག་གི་རྒྱུར་གྱུར་པ། །རིག་པ་ལ་སོགས་རྣལ་འབྱོར་དག་གིས་བགྲོད་བྱ་མཆོག་བདེའི་གོ་འཕང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ།
སྤྲོ་བྱེད་༣༽ནུས་པ་ངོ་བོ་གློག་གི་མེ་དང་མཚུངས་ཤིང་ཉི་མ་བཅུ་གཉིས་དག་གི་གཟི་བྱིན་ཅན། །ཡེ་ཤེས་རྡོ་རྗེའི་སྣང་བ་མཆོག་གི་གོ་འཕང་བགྲོད་བྱེད་རྣམ་པར་བཅད་པ་དེ་ལ་ཕྱག་འཚལ་ལོ། །༤༽དཀར་པོ་འཇིག་རྟེན་གསུམ་གྱི་མགོན་པོ་རི་བོང་འཛིན་པ་ལས་འཛགས་འཇིག་རྟེན་སྤྱི་བོར་ཡང་དག་གནས། །བདུད་རྩི་འཆི་བ་སེལ་ཞིང་སྲིད་པའི་འཇིགས་པ་འཇོམས་པར་བྱེད་པ་ཐིག་ལེའི་གཟུགས་ལ་ཕྱག་འཚལ་ལོ། །སེམས་༥༽ཙམ་སྔགས་ཀྱི་ངོ་བོ་ལྷ་ཡིས་ཡོངས་སུ་བསྐོར་བ་སྡུག་བསྔལ་དང་ནི་བདེ་བའི་རང་བཞིན་ཏེ། །དམ་པ་རྣམས་ལ་ཞི་བའི་གཟུགས་ནི་རང་གིས་བྱས་པའི་ཉམས་མྱོང་མི་བཟད་རྣམས་ལ་མི་བཟད་པ། །གང་གིས་ལས་གང་རབ་བྱས་རང་གི་སེམས་ལ་ཆོ་ག་བཞིན་དུ་དེ་ཡི་འབྲས་བུ་དེ་སྐྱེད་པ། །འཇིག་རྟེན་དབང་པོ་སྣ་ཚོགས་གཟུགས་ཅན་སྲིད་གསུམ་སྐྱེད་མཛད་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། །ཐིག་སྟོང་ཡིག་དྲུག་གི་རང་བཞིན་ཨེ་ཡིག་རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཀྱི་ངོས་ནས་བསྟོད་པ་ནི། གཅིག་དང་དུ་མ་དག་ཀྱང་གཅིག་ཅིང་མཉམ་དང་མི་མཉམ་མཉམ་པ་གཡས་དང་གཡོན་དང་མདུན་དང་རྒྱབ། །སྟེང་འོག་ཀུན་ནས་དཀར་ལྗང་སྣ་ཚོགས་ཁ་དོག་ཆེན་པོ་གཅིག་གི་གཟུགས་ཏེ་ཐུང་ངུ་རིང་པོ་དང་། །ཤིན་ཏུ་རིང་པོ་ཡོན་ཏན་མེད་ཅེས་ཡོན་ཏན་དང་བཅས་བུད་མེད་སྐྱེས་པའང་སྐྱེས་པ་བུད་མེད་མིན། །གང་ཞིག་ཀུན་གྱི་རྟེན་གཅིག་བྷ་ག་བཟང་མོ་མཆོག་གི་བྷ་ག་ཁྱོད་ལ་འདུད་
དེ་ཁྱོད་ལ་འདུད། །ཅེས་པས་བསྟོད་ནས། གསོལ་བ་བཏབ་བ་ནི། ཧོ། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབས་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མཆོག་གི་གོ་འཕང་དམ་པ་མ་ཐོབ་པའི་བར་དུ་སྐྱེ་བ་ཀུན་ཏུ་རྗེས་སུ་འཛིན་པ་དང་། བྱིན་གྱིས་བརླབས་ནས་དངོས་གྲུབ་རྣམ་པ་གཉིས་ཡིད་བཞིན་དུ་ཐོབ་པར་མཛད་དུ་གསོལ། །བདག་ཅག་སྐྱེ་བ་ཐམས་ཅད་དུ་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་ཞིང་། དད་སོགས་དབང་པོ་ལྔ་ཁྱད་པར་འཕགས་པས། རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་ཏེ་དམ་ཚིག་རྣམ་པར་དག་པ་དང་། སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་སྐྱོ་བ་མེད་པ་སོགས་ཡོན་ཏན་ཀུན་གྱི་སྟོབས་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག སེམས་ཅན་ཐམས་ཅད་ཀྱང་སྡུག་བསྔལ་དང་རྒུད་པ་མཐའ་དག་ཞི་ནས་བདེ་དགེ་རྒྱ་མཚོའི་དཔལ་ལ་སྤྱོད་ཅིང་རྡོ་རྗེ་ཐེག་པའི་ལམ་ལ་འཇུག་པར་གྱུར་ཅིག །རྒྱལ་བའི་བསྟན་པ་སྤྱི་དང་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་དུ་གནས་པ་དང་། སྣོད་བཅུད་ཀྱི་རྒུད་པ་མཐའ་དག་ཞི་ནས་དཔལ་དང་སྐལ་པ་བཟང་པོ་མ་ལུས་པ་འཕེལ་བར་མཛད་དུ་གསོལ། བདག་ཅག་རྒྱལ་བ་སྲས་
དང་བཅས་པའི་རྣམ་ཐར་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་ནས། མཐའ་ཡས་པའི་སེམས་ཅན་ཐམས་ཅད་དཔལ་ལྡན་དམ་པ་དང་པོའི་སངས་རྒྱས་ཀུན་བཟང་དུས་ཀྱི་འཁོར་ལོའི་གོ་འཕང་ལ་འགོད་པར་གྱུར་ཅིག །ཅེས་རང་གི་ཡིད་ལ་གང་འདོད་པའི་དོན་དེ་ཉིད་ཀྱི་ཆེད་དུ་གསོལ་བ་གདབ་པ་སོགས་ཀྱང་མོས་པ་ལྟར་བྱའོ། །གཞན་ཡང་། ཁྱོད་ནི་སྲིད་པ་གསུམ་ལས་འདས་ཀྱང་སྲིད་པ་གསུམ་གྱི་རྣམ་པ་ཅན། །ཕྲ་རབ་རྡུལ་གྱི་ཆོས་དང་བྲལ་ཡང་བརྟན་དང་གཡོ་བ་ཀུན་གྱི་གཟུགས། །ལུས་དང་དབང་པོའི་སྦྱོར་བ་སྤངས་ཀྱང་རྟག་ཏུ་འདོད་ཆགས་ཆེ་ལ་རོལ། །བསམ་གྱིས་མི་ཁྱབ་བརྟག་པར་དཀའ་བ་དུས་ཀྱི་འཁོར་ལོས་བདག་སྐྱོངས་ཤིག །ལྷ་མིའི་བླ་མ་ཁྱེད་ནི་མཐོ་རིས་འཇིག་རྟེན་དག་ཏུ་དབང་པོ་ས་སྟེང་དུ་ནི་འཁོར་ལོས་སྒྱུར། །ས་འོག་དག་ཏུ་ཀླུ་ཡི་རྒྱལ་པོ་གདེངས་ཅན་རིགས་ཀྱིས་བཏུད་དང་ཀུན་ཏུ་འགྲོ་དང་མཆོག་ཁྱེད་དེ། །ཡེ་ཤེས་སངས་རྒྱས་ཐུབ་དབང་འགྱུར་མེད་མཆོག་དང་ཁྱབ་བདག་རྣལ་འབྱོར་རྣམས་ཀྱི་རྡོ་རྗེ་རྣལ་འབྱོར་དང་། །རིག་བྱེད་ཨོཾ་གྱི་ཡི་གེ་གཙང་མ་དག་སྟེ་བདག་ཅག་དངོས་པོ་ཀུན་གྱིས་ཁྱེད་ལ་སྐྱབས་སུ་མཆི། །ཁྱོད་ནི་མ་དང་ཁྱོད་ནི་ཕ་སྟེ་ཁྱོད་ནི་འགྲོ་བའི་བླ་མ་ཁྱོད་ནི་གཉེན་དང་གྲོགས་བཟང་ཡང་། །ཁྱོད་ནི་མགོན་པོ་ཁྱོད་ནི་བྱེད་པོ་ཕན་དང་སྡིག་འཕྲོག་ཁྱོད་ནི་གོ་འཕང་ཕུན་སུམ་ཚོགས་པ་ཡང་། །ཁྱོད་ནི་འབའ་ཞིག་གནས་དང་ཁྱོད་ནི་ཡོན་ཏན་མཆོག་གི་
གནས་ཏེ་སྐྱོན་རྣམས་བཅོམ་པ་ཁྱོད་ཉིད་དོ། །ཁྱོད་ནི་དམན་པ་རྣམས་ཀྱི་མགོན་དང་ཡིད་བཞིན་ནོར་བུ་རྒྱལ་བའི་དབང་པོ་ཁྱོད་ལ་བདག་སྐྱབས་མཆི། །བསོད་ནམས་འདི་ཡིས་འགྲོ་རྣམས་དུ་བ་ལ་སོགས་ལམ་གྱིས་ལྷན་སྐྱེས་བདེ་བ་མཆོག་བསྒོམ་སྟེ། །འགྲོ་བའི་བླ་མ་སུམ་ཅུ་རྩ་གཉིས་མཚན་ལྡན་སྐུ་འདི་ཆོས་ཀྱི་འཁོར་ལོར་ཡང་དག་གནས། །ལྷ་རྣམས་མགོ་ཡི་གཙུག་གི་ནོར་བུའི་འོད་ཟེར་ཚོགས་ཀྱིས་ཞབས་ཀྱི་པདྨ་ལ་གཏུགས་ཤིང་། །དམ་པའི་ལམ་སྟོན་ཉིན་བྱེད་བཞིན་དུ་མུན་པ་ཀུན་འཇོམས་དུས་ཀྱི་འཁོར་ལོ་ཉིད་གྱུར་ཅིག །ཇི་ལྟར་ཉི་མ་དང་བཅས་ཐུབ་པའི་རིགས་རྣམས་ཤེས་རབ་ཡེ་ཤེས་ཐོབ་པར་གྱུར་དེ་ཇི་ལྟ་བར། །རྣམ་གསུམ་སྲིད་པར་གནས་པའི་སེམས་ཅན་རྣམས་ནི་དུས་ཀྱི་འཁོར་ལོའི་དྲིན་ལས་དེ་བཞིན་འགྱུར་བར་ཤོག །བསོད་ནམས་འདི་ཡིས་སེམས་ཅན་ཐམས་ཅད་འགྱུར་མེད་མཆོག་གི་བདེ་བར་གྱུར་ཅིག་དེ་ལ་འདུད་གྱུར་ཅིག །བསོད་ནམས་འདི་ཡིས་རྣམ་གསུམ་སྲིད་པ་ལ་གནས་སེམས་ཅན་རྣམས་ནི་བླ་མེད་བྱང་ཆུབ་ཐོབ་པར་ཤོག །སྐྱེས་བུ་གང་དག་བདུད་ཀྱི་གྲོགས་ཀྱིས་རྟག་ཏུ་མི་བདེན་མུན་པར་སོང་ཞིང་ལམ་ཉམས་པ། །དེ་རྣམས་ལམ་འདི་ཐོབ་ནས་རྡོ་རྗེ་ནོར་བུའི་ཁྱིམ་འདིར་རིང་བ་མིན་པར་འོང་གྱུར་ཅིག །རྣལ་འབྱོར་བདག་ཅག་རྣལ་འབྱོར་མ་ཐོབ་རབ་ཏུ་གཡོ་བའི་ཡིད་ཀྱིས་གལ་ཏེ་ཤི་བར་གྱུར་ན་ཡང་། །དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་སུ་རྣལ་
འབྱོར་ལྡན་པར་སྐྱེ་བ་དང་། །སྔོན་གྱི་གོམས་པ་དེ་ཡིས་སླར་ཡང་ཡེ་ཤེས་རྣལ་འབྱོར་ཡངས་པ་དག་ནི་ཀུན་ཏུ་འཛིན་པ་དང་། །ཡེ་ཤེས་ཐོབ་ནས་མི་ཟད་མཆོག་གི་གནས་སུ་རབ་བགྲོད་སླར་ཡང་གང་དུའང་སྐྱེ་ལྡན་མིན་གྱུར་ཅིག །དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོ་འཕྱེའི་བདག་པོ་ཆོམ་རྐུན་ཞགས་པས་འཆིང་བ་དང་། །ཆུ་གཏེར་འཁྲུགས་པ་དང་ནི་ཤ་ཟས་འཆི་བའི་འཇིགས་བྱེད་ནད་དང་དབང་པོས་ཉེ་བར་འཚེ་བ་དང་། །དབུལ་དང་བུད་མེད་བྲལ་དང་མི་བདག་འཁྲུགས་པས་འཇིགས་པ་དང་ནི་རྡོ་རྗེ་ལྷུང་དང་དོན་ཉམས་པ། །གང་ཞིག་རྣལ་འབྱོར་མ་རྣམས་ཞབས་ནི་བདག་གིས་གསལ་བར་དྲན་པའི་མཐུ་ལས་རབ་ཏུ་ཉམས་གྱུར་ཅིག །སྟེང་ན་བྱང་ཆུབ་སེམས་དཔའ་གང་དག་བདུད་ཀྱི་ཕྱོགས་གནས་ལྷ་མ་ཡིན་རྣམས་མཆོག་ཏུ་འཇིགས་བྱེད་དང་། །མི་ཡི་འཇིག་རྟེན་དག་ན་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཁྲོ་བོའི་རྒྱལ་པོ་བཙུན་མོར་བཅས་རྣམས་དང་། །ས་འོག་དག་ན་གདེངས་ཅན་དབང་པོ་གང་དག་གདོན་ཚོགས་མི་དགེ་དུས་ཀུན་ཏུ་ནི་འཆིང་བྱེད་པ། །དེ་དག་ཐམས་ཅད་ཉིན་ཞག་སོ་སོའི་དུས་སུ་མི་ཤེས་འཇིག་རྟེན་ཀུན་ནས་སྐྱོང་བར་བྱེད་གྱུར་ཅིག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པ་ཉིད་གྱུར་ཅིག །ཚེ་རབས་ཀུན་ཏུ་རིགས་བདག་མི་
འཆོལ་ཞིང་། །དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་འཛིན་བཞིན་དུ། །ཤེས་རབ་པདྨའི་བདུད་རྩི་འཐུང་བྱེད་ཅིང་། །བྱང་ཆུབ་སྙིང་པོར་སྲིད་པ་དག་བགྱིད་ཤོག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དུས་ཀྱི་འཁོར་ལོའི་དམ་ཚིག་ལ་གནས་ཤོག །ཅེས་སོགས་སྨོན་ལམ་བཏབ་ལ། སླར་ཡང་། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པཱ་རི་ཝཱ་རཱ་བཛྲ་གནྡྷཾ་སོགས་ཀྱིས་མཆོད། སྟོང་ཉིད་སྙིང་རྗེའི་ཚིགས་བཅད་གཅིག་དང་། བསྟོད་པར་འོས་པ་སོགས་ཚིགས་བཅད་གཅིག་གིས་བསྟོད་ནས། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ་ཞིང་ཡི་གེ་བརྒྱ་པ་ལན་གསུམ་བཟླས་ཏེ། ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །སོགས་དང་། བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། །དམ་ཚིག་གི་དཀྱིལ་འཁོར་རྣམས་རང་ཉིད་དུས་ཀྱི་འཁོར་ལོའི་གཙུག་ཏོར་དུ། རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་བདེ་ཆེན་གྱི་འཁོར་ལོ་རྣམས་གཤེགས། སྙིང་གར་རྡོ་རྗེ་རྩེ་མོ་དགུ་པའི་ལྟེ་བར་ནུས་མ་རྣམས་གཤེགས། དཔྲལ་བར་རྡོ་རྗེ་རྩེ་མོ་བཅུ་བདུན་པའི་ལྟེ་བར་བདེ་གཤེགས་ཡབ་ཡུམ་རྣམས་གཤེགས། མགྲིན་པར་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་པའི་ལྟེ་བར་སེམས་དཔའ་སེམས་མ་ཐུགས་ཀྱི་སྒོ་བ་དང་བཅས་པ་གཤེགས། ལྟེ་བར་རྡོ་རྗེ་རྩེ་མོ་དྲུག་ཅུ་རྩ་ལྔ་པའི་ལྟེ་བར་གསུང་གི་རྣལ་འབྱོར་མ་རྣམས་གཤེགས། གསང་བར་རྡོ་
རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་པའི་ལྟེ་བར་སྐུའི་སྒོ་བ་རྣམས་གཤེགས། ལས་ཀྱི་འཁོར་ལོ་ཚིགས་ཆེན་བཅུ་གཉིས་རྣམས་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གཅིག་པའི་ལྟེ་བར་སྐུའི་ལྷ་ཆེན་བཅུ་གཉིས་འཁོར་བཅས་རྣམས་གཤེགས། བྱ་བའི་འཁོར་ལོ་རྐང་ལག་གི་སོར་ཚིགས་རྣམས་རྡོ་རྗེ་རྩེ་མོ་བདུན་པར་བྱས་པའི་ལྟེ་བར་ཀླུ་དང་རབ་གཏུམ་མ་རྣམས་གཤེགས་སུ་གསོལ་ཞིང་གཞལ་ཡས་ཁང་རྟེན་གཞི་དང་བཅས་པ་རང་ལ་ཐིམ། རང་གི་ལྟེ་བར་ཧྲླཱྀ། སྙིང་གར་ཧཱུྃ། མགྲིན་པར་ཧྲྼཱྀ། དཔྲལ་བར་ཧྲཱིཾ། གཙུག་ཏོར་དུ་ཧྲཱཾ། གསང་གནས་སུ་ཧྲཱཿ བཀོད་པའི་གོ་ཆ་བགོས་ནས་དཀྱིལ་འཁོར་གཙོ་བོའི་ང་རྒྱལ་ལ་གནས་པས། དགེ་བ་འདི་ཡིས་མྱུར་དུ་བདག །དུས་ཀྱི་འཁོར་ལོ་འགྲུབ་གྱུར་ནས། །སོགས་དང་། རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་དུས་ཀྱི་འཁོར་ལོ་སྟོན། །བླ་མ་ལ་གུས་སྙིང་བརྩེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གིས་ལམ་གྱིས་འགྲོ་འགྱུར་བ། །དེ་ཡིས་སངས་རྒྱས་ཉིད་ཐོབ་ཤོག །ཅེས་སོགས་སྨོན་ལམ་དང་། ཡེ་དྷ་རྨ་བརྗོད་ལ། གསར་བརྩམ་བཀྲ་ཤིས་རྣམ་རྒྱལ་སྒྲ་དབྱངས་ནི། ཨོཾ་
སྭ་སྟི་ཤྲཱི་མངྒ་ལ་བི་ཛ་ཡནྟུ། རྣམ་དག་མཁའ་དབྱིངས་ཀུན་ནས་འགེངས་པ་ཡི། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོ་རྣམས། །དེང་འདིར་དགེ་ལེགས་བཀྲ་ཤིས་ཆར་འབེབས་མཛོད། །མི་བསྐྱོད་པ་དང་རིགས་འདུས་རྡོ་རྗེ་སེམས། །དབྱེར་མེད་མཆོག་ཏུ་མི་འགྱུར་བདེབའི་དངོས། །ཐབས་ཀྱི་རང་བཞིན་དཀྱིལ་འཁོར་ཀུན་གྱི་གཙོ། །ཁྱབ་བདག་དུས་ཀྱི་འཁོར་ལོའི་བཀྲ་ཤིས་ཤོག །རྡོ་རྗེ་དབྱིངས་ཕྱུག་ཤེས་རབ་ཕར་ཕྱིན་མ། །དབྱེར་མེད་རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །ཤེས་རབ་རང་བཞིན་དཀྱིལ་འཁོར་གཙོ་མོ་མཆོག །ཆོས་དབྱིངས་སྣ་ཚོགས་ཡུམ་གྱི་བཀྲ་ཤིས་ཤོག །སྙིང་གའི་འཁོར་ལོའི་རྩ་འདབ་རྣམ་དག་པ། །འཕགས་ལམ་བཀྲ་ཤིས་རྫས་རྟགས་བརྒྱད་ཀྱི་གྲངས། །རྡོ་རྗེའི་གཟུངས་མ་བདེ་བ་ཆེན་པོ་ཡི། །གཏེར་གྱུར་ནུས་མ་རྣམས་ཀྱི་བཀྲ་ཤིས་ཤོག །རིགས་མཆོག་བཞི་ལྡན་ཡུམ་དང་བཅས་པ་བརྒྱད། །རྣམ་པའི་ཚུལ་གྱི་དེ་ཉིད་བཅུ་དྲུག་གྲངས། །དཔྲལ་བའི་འཁོར་ལོའི་འདབ་མ་རྣམ་དག་པའི། །བདེ་གཤེགས་ཡབ་ཡུམ་རྣམས་ཀྱི་བཀྲ་ཤིས་ཤོག །སེམས་དཔའ་ཡབ་ཡུམ་བཅུ་གཉིས་ཉེར་བཞིའི་ཚུལ། །ཁྲོ་བོ་ཡབ་ཡུམ་བརྒྱད་བཅས་མཚན་བཟང་གྲངས། །མགྲིན་པའི་འཁོར་ལོའི་རྩ་འདབ་རྣམ་དག་པའི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །རྣལ་འབྱོར་མ་བརྒྱད་
ཐབས་དང་བཅས་པ་ལ། །དྲུག་ཅུ་རྩ་བཞི་ལྟེ་བའི་འཁོར་ལོ་ཡི། །རྩ་འདབ་རྣམ་དག་ལྷ་མོས་ཡོངས་བསྐོར་བ། །དཔེ་བྱད་གྲངས་ལྡན་ལྷ་ཡི་བཀྲ་ཤིས་ཤོག །ལྷ་ཆེན་བཅུ་གཉིས་ཤེས་རབ་མ་དང་བཅས། །ཚེས་ཀྱི་ལྷ་མོ་རྣམས་ཀྱིས་ཡོངས་བསྐོར་བ། །དགེ་མཚན་བཟང་ལྡན་ཉི་མ་སུམ་བརྒྱ་དང་། །དྲུག་ཅུའི་གྲངས་ལྡན་ལྷ་ཡི་བཀྲ་ཤིས་ཤོག །སྒོ་སྐྱོང་ཁྲོ་དྲུག་ཡབ་ཡུམ་བདེན་དོན་གྲངས། །ཀླུ་དང་གཏུམ་མོ་བཅུ་བཅུ་ཟུང་འཇུག་པ། །ས་དང་ཕར་ཕྱིན་སྟོབས་དང་དབང་བཅུའི་གྲངས། །ལྔ་བཅུ་རྩ་གཉིས་ལྷ་ཡི་བཀྲ་ཤིས་ཤོག །གཟུངས་མ་བཅུ་གཉིས་འདོད་དང་ཕྱིར་འདོད་མ། །དོན་གཉིས་མི་ཟད་བཀྲ་ཤིས་རི་མོ་དང་། །སྡེ་བཞིའི་གྲངས་ལྡན་མཆོད་པའི་ལྷ་མོ་ནི། །བརྒྱད་ཅུ་རྩ་བཞིའི་ལྷ་ཡི་བཀྲ་ཤིས་ཤོག །གཙུག་གསང་འདབ་བཞི་སོ་གཉིས་རྣམ་དག་པ། །བདེ་ཆེན་འཁོར་ལོ་སྐུ་ཡི་སྒོ་བའི་ལྷ། །ལས་བྱ་ཚིགས་སོགས་རྣམ་དག་སྐུའི་ལྷ་རྣམས། །གཏུམ་མོ་སོགས་དང་བཅས་པའི་བཀྲ་ཤིས་ཤོག །ཆོས་དུང་གཎྜི་ནོར་བུ་དཔག་བསམ་ཤིང་། །བུམ་པ་བཅུ་དང་འབྱུང་ལྔ་རི་རབ་དང་། །གདན་གསུམ་གཞལ་ཡས་ཁང་དང་སྲུང་གུར་སོགས། །ཡེ་ཤེས་རྣམ་རོལ་བཀོད་པའི་བཀྲ་ཤིས་ཤོག །གཞན་ཡང་སྲུང་མ་དྲུག་ཅུའི་ཚོགས་རྣམས་དང་། །གཟའ་དང་རྒྱུ་སྐར་དྲང་སྲོང་གྲུབ་པ་སོགས། །འབྱུང་པོའི་ཚོགས་ཀྱིས་
ཕྱོགས་བཅུར་དུས་དྲུག་ཏུ། །བྱམས་བཅས་ཀུན་ནས་སྲུང་བའི་བཀྲ་ཤིས་ཤོག །ཕྱི་རུ་བརྟན་གཡོའི་སྣང་བ་ཇི་སྙེད་དང་། །ནང་ལུས་རྩ་རླུང་ཐིག་ལེའི་བྱེད་པ་རྣམས། །རྣམ་དག་དཀྱིལ་འཁོར་འཁོར་ལོར་ལེགས་ཤར་བས། །ཕྱོགས་དུས་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག །ཅེས་དང་། བསྡུ་ན། ཨེ་ཝཾ་ཟུང་འཇུག་རྣམ་བཅུའི་དབང་ལྡན་པ། །སྟོབས་བཅུ་དབང་བཅུ་མི་སློབ་ཆོས་བཅུར་ལྡན། །སྲིད་ཞིའི་ཁྱབ་བདག་བདེ་ཆེན་རྡོ་རྗེའི་དབྱིངས། །ཡེ་ཤེས་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག །ཕུང་ལྔ་འབྱུང་ལྔ་དབང་དྲུག་ཡུལ་དྲུག་དང་། །ལས་དབང་ལྔ་དང་བྱ་བ་ལྔ་རྣམ་དག །བདེག་ཤེགས་སེམས་དཔའ་ཁྲོ་བོ་ཡབ་ཡུམ་སྟེ། །ཐུགས་ཀྱི་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག །ཐུན་ཆེན་བརྒྱད་དང་འཕོ་བ་བཅུ་དྲུག་ཆ། །དྲུག་ཅུ་རྩ་བཞིའི་དབྱུག་གུ་རྣམ་དག་པ། །རྣལ་འབྱོར་མ་བརྒྱད་དྲུག་ཅུ་རྩ་བཞིའི་འཁོར། །གསུང་གི་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག །ཕྱི་ནང་ཁམས་ལྔ་ཟླ་བ་ཞག་གི་ཆ། །ཚིགས་དང་ཚིགས་ཕྲན་བ་སྤུའི་མཐར་ཐུག་པ། །རྣམ་དག་ལྷ་ཆེན་ཡབ་ཡུམ་སྒོ་སྐྱོང་སོགས། །སྐུ་ཡི་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག །རགས་ལུས་འཕོ་རླུང་ཀུན་རྟོག་རྣམ་དག་པའི། །དཀྱིལ་འཁོར་གསུམ་ཉིད་དབྱེར་མེད་རྡོ་རྗེའི་དུས། །སྲིད་ཞིའི་འཁོར་ལོ་ཀུན་འགྲོ་ཁྱབ་བདག་ཆེས། །དགེ་མཚན་བཀྲ་ཤིས་རྟག་ཁྱབ་དཔལ་སྩོལ་ཅིག །བཀྲ་ཤིས་གོང་འོག་འདི་གཉིས་ལ་
རྟེན་འབྲེལ་ལེགས་པོ་ཡོད་དོ། །ཅེས་དང་གཞན་ཡང་སྤྲོ་ན་བཀྲ་ཤིས་ཀྱི་ཚིགས་བཅད་ཇི་ལྟར་རིགས་པ་བརྗོད་པས་དགེ་ལེགས་སྤེལ་བར་བྱའོ། །དེ་ལྟར་དུས་འཁོར་ལྷ་ཚོགས་ཀྱི་མཆོད་ཆོ་ག་བསོད་ནམས་གཏེར་མཛོད་ཅེས་བྱ་བ་འདི་ནི་མི་ཕམ་པ་འགྱུར་མེད་མི་བསྐྱོད་རྡོ་རྗེས་རབ་ཚེས་མེ་རྟ་ཁྲུམས་ཟླའི་ཚེས་ཉེར་གཅིག་ལ་འཕྲལ་བྲིས་དགེ་ལེགས་འཕེལ། ༈ །དུས་ཀྱི་འཁོར་ལོའི་ཚོགས་མཆོད་བྱ་ན། མཆོད་ཆོག་གི་གཞུང་ཇི་ལྟ་བ་བཞིན་བསྲིངས་ལ། མཎྜལ་ཕུལ་བའི་རྗེས་སུ་བྱ་སྟེ། དེ་ཡང་བདེ་སྐྱོང་གི་སྣོད་དུ་མ་ད་ན་བླུགས་པ་ལ་སྔར་གྱི་ནང་མཆོད་ནས་ཐིགས་པ་གཅིག་བླུག་པ་དང་། བ་ལ་གཙོ་བོར་གྱུར་པའི་བཟའ་བཅའ་བཏུང་བ་ཅི་འབྱོར་བ་བཤམས་ལ། དེ་རྣམས་ནང་མཆོད་ལྟར་བྱིན་གྱིས་བརླབས་ནས། ཧོཿ བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ། །དམ་ཚིག་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །རྩ་བརྒྱུད་བླ་མ་དམ་པ་རྣམས། །ཐུགས་རྗེའི་གཟི་བྱིན་ཡ་ལ་ལ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཡེ་ཤེས་ཆེན་པོས་བྱིན་གྱི་རློབས། །ཡི་དམ་དུས་འཁོར་ལྷ་ཚོགས་རྣམས། །བདེ་ཆེན་བྱིན་དྲོད་ཐིབས་སེ་ཐིབས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གནས་གསུམ་དཔའ་བོ་རྣལ་འབྱོར་མ། །རྡོ་རྗེའི་གར་སྟབས་ཁྱུགས་སེ་ཁྱུགས།
འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཕྱི་ནང་གསང་བའི་བར་ཆད་སོལ། །དམ་ཅན་ཆོས་སྲུང་རྒྱ་མཚོའི་ཚོགས། །དགྱེས་པའི་གད་རྒྱང་འུ་རུ་རུ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ལས་བཞིའི་ཕྲིན་ལས་ཐོགས་མེད་སྒྲུབས། །ཕྱི་ཡི་མཆོད་པ་རྡོ་རྗེའི་ལྷ་མོ་དྲུག །ནང་གི་མཆོད་པ་དམ་ཚིག་གཉན་པོའི་རྫས། །གསང་བའི་མཆོད་པ་ཡབ་ཡུམ་མཉམ་པར་སྦྱོར། །ཐམས་ཅད་མཉམ་ཉིད་དེ་བཞིན་ཉིད་ཀྱི་དབྱིངས། །བདེ་ཆེན་ཚོགས་ཀྱི་འཁོར་ལོའི་མཆོད་པ་འདིས། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །གནས་གསུམ་མཁའ་འགྲོ་དམ་ཅན་རྒྱ་མཚོར་བཅས། །ཐུགས་དམ་དགྱེས་བསྐང་མཆོག་ཏུ་མཉེས་གྱུར་ཅིག །རྡོ་རྗེའི་མཆེད་ལྕམ་རིགས་དྲུག་སེམས་ཅན་རྣམས། །སྒོ་གསུམ་རྣམ་དག་རྡོ་རྗེའི་གྲོང་ཁྱེར་དུ། །བདེ་ཆེན་ཚོགས་ཀྱི་འཁོར་ལོས་ལེགས་མཆོད་པས། །མཉམ་ཉིད་བྱང་ཆུབ་སེམས་སུ་དགྱེས་གྱུར་ཅིག །ཨོཾ་མ་ཧཱ་སུ་ཁ་ག་ཎ་ཙཀྲ་པཱུ་ཛ་ཧོཿ ཞེས་བརྗོད་ལ་ཆང་གིས་བྲན་པའི་ཕུད་རྣམས་ཡར་མཆོད། གཏོར་མ་དང་ནང་མཆོད་ནི། མཆོད་ཆོག་གི་སྐབས་སུ་ཕུལ་བའི་ཚིག་རྣམས་འདིར་བརྗོད་ཅིང་ཕུལ། དེ་ནས་ལས་ཀྱི་རྡོ་རྗེས་ཐོད་ཆང་གཡས་དང་། གཡོན་པའི་མཐེབ་སྲིན་གྱིས་ཤ་ཅུང་ཟད་བཟུང་བས་དེའི་སྟེང་ནས་བཀབ་ལ། ཀྱེ། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །ས་པཎ་འགྱུར། འདུ་བ་རྣམས་ལ་ཐེ་ཚོམ་མེད། །
བྲམ་ཟེ་ཁྱི་དང་གདོལ་བ་ཡང་། །རང་བཞིན་གཅིག་པ་ཉིད་དུ་རོལ། །ཞེས་བརྗོད་ལ་པདྨའི་ཕྱག་རྒྱས་འབུལ། ལེན་པ་པོས་ཀྱང་པད་བསྐོར་བཅས་པདྨའི་ཕྱག་རྒྱས་ལེན་ཞིང་། ཧོ། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་སྤངས། །གཟུངས་དང་འཛིན་པ་དང་བྲལ་བ། །དེ་བཞིན་ཉིད་ལ་གུས་ཕྱག་འཚལ། །ཞེས་བརྗོད་དེ་གཙང་དམེ་བླང་དོར་མེད་པ་མཉམ་པའི་དོན་དེ་བསམ་པར་བྱ། གཉིས་ཀས་ཨ་ཧོ་སུ་ཁ། ཞེས་བརྗོད་ལ་བླངས། ཚིགས་བཅད་འདི་གཉིས་སཾ་ཊའི་རྒྱུད་ན་བཞུགས། སློབ་མས་མ་ཐོབ་བར་དུ་སྣོད་དེ་གཞི་སྟེགས་ལས་ས་རྗེན་ལ་མི་བཞག །བླངས་ནས་འགྲོ་བའི་བར་དུ་སྣོད་ཁ་མི་སྦུབ། སྟོང་པར་མི་བཞག་བཟའ་བཏུང་ཅུང་ཟད་རེ་འཇོག་པ་རྟེན་འབྲེལ་ཡིན། ཚོགས་འཁོར་ནང་དུ་རྩོད་པ་ཤགས་འགྱེད་སོགས་ཐ་མལ་གཏམ་ངན་པ་མི་བྱ། སེམས་དགའ་བ་དང་ཆོས་གཏམ་བྱ། བླ་མ་དང་གྲོགས་པོ་ལ་མ་ཞུས་པར་ཕྱིར་མི་འགྲོ། རབ་ཏུ་མྱོས་པའི་ཆང་མི་འཐུང་། དམ་ལྡན་རྣམས་ལ་བཟང་ངན་གྱི་འདུ་ཤེས་དང་། བྱིན་གྱིས་བརླབས་པའི་རྫས་ལ་གཙང་དམེའི་འདུ་ཤེས་མི་བྱ། རང་ཐ་མལ་གྱི་འདུ་ཤེས་མི་བྱ་བར་ལྷ་ཡི་ང་རྒྱལ་དང་མ་བྲལ་བས། བཟའ་བཏུང་བྱས་ལ་ལྟེ་བའི་གཏུམ་མོ་འབར་བས་སྤྱི་བོའི་ཧཾ་ཡིག་ཞུ་བའི་བདུད་རྩི་བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས་ལུས་ཁམས་ཀྱི་ལྷ་ཐམས་ཅད་མཆོད་པར་བསམ། དེའི་ཚེ་སོ་ཐར་གྱི་སྡོམ་པས་རྒྱུད་བསྡམ་པ་སོགས་ཀྱིས་ཤ་ཆང་སོགས་དངོས་སུ་བཟའ་བཏུང་མ་འདོད་ན། དེ་དག་ཅུང་ཟད་རེ་ཁར་མྱང་ནས་གཞན་བཟའ་བཏུང་
འོས་པ་རྣམས་ལ་ནང་མཆོད་བྲན་ཏེ་ལྷར་སྣང་དང་ཤ་ལྔ་བདུད་རྩི་ལྔ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིར་བསམས་ཏེ་ཟོས་ན་སྔགས་དང་འགལ་བའི་ཉེས་པ་ཁེགས། རྒྱུད་ལ་ལར་སྣོད་གཅིག་ཏུ་བཟའ་བཏུང་ལོངས་སྤྱོད་པར་གསུངས། ལ་ལར་ཐ་དད་དུ་ལོངས་སྤྱོད་པར་གསུངས། སྣོད་གཅིག་ཏུ་ལོངས་སྤྱད་པར་གསུངས་པ་ལྟར་མ་གྲུབ་ཀྱང་ཡིད་ཀྱིས་གཅིག་ཏུ་ལོངས་སྤྱོད་པར་བསམ། ཚོགས་མཆོད་ཁྱད་པར་ཅན་དང་བརྟན་པ་ཐོབ་པས་ཡུལ་སྣ་ཚོགས་སུ་སྤྱོད་པ་བྱེད་ཚེ་བརྡའི་སྐད་ཀྱིས་མ་སྨྲས་ན་ཡེ་ཤེས་མཁའ་འགྲོའི་བྱིན་རླབས་མི་འཇུག །འཇིག་རྟེན་མཁའ་འགྲོས་བར་ཆད་འབྱུང་བས། ཤ་ལ་བ་ལ། ཆང་ལ་མ་ད་ན། ཟན་སོགས་བཟའ་བ་ལ་ཏྲི་པི་ཏ། ཐོད་པར་པདྨ་བྷཉྫ་སོགས་ཀྱིས་མིང་འབོད། ནུས་ཐོབ་ཀྱི་ཕོ་ཉའི་ལམ་དངོས་སྒོམ། མིན་ན་ཡང་གསང་མཆོད་མཆོད་ཆོག་ནང་ལྟར་ཕུལ་ནས་མར་དང་ཆང་ཅུང་ཟད་རང་གི་སྙིང་གར་གཏོར་ལ་མཉེས་ཏེ། ཧེ་རུ་ཀ་ཡབ་ཡུམ་སྤྱི་བོར་བླ་མ་སྣང་བ་ཐམས་ཅད་དེ་བཞིན་གཤེགས་པའི་རང་བཞིན་དུ་བལྟས་ལ་བདེ་སྟོང་གི་ཏིང་ངེ་འཛིན་ལ་ཅུང་ཟད་མཉམ་པར་བཞག ཚིམ་པར་ཟོས་པའི་ལྷག་མ། ཨ་ཀ་རོས་བརླབས་ནས། ཨོཾ་ཨུ་ཥྩི་ཊ་བྷཀྵ་སེ་སྭཱ་ཧཱ། ཞེས་པས་ལྷག་མགྲོན་ལ་བསྔོ། གྲིབ་གནོན་གྱི་གདོན་སྲུང་ཕྱིར་ལྷག་གཏོར་ལ་དཔལ་འབར་བཙུགས། ལྷག་མ་ལ་ཁ་ཕྲུས་བཏབ་པའང་ཡོད་ཅེས་ས་པཎ་སོགས་གསུངས། སྣོད་ནི་དུང་དང་ཉ་ཕྱིས་སོགས་ལས་ཐོད་པ་དང་། རྫས་གཞན་ལས་ཤ་སོགས་མཁའ་འགྲོ་འདུ་བའི་རྫས་ཡིན་པས་གལ་ཆེ། དུས་ཀྱང་ཚེས་བཅུ་སོགས་ཀྱི་མཚན་མོར་བཟང་། གླུ་གར་བྱེད་ན།
གླུ་ལེན་ཚེ་ཕོ་སྣང་མཐའ། མོ་གོས་དཀར་མོ། གར་བྱེད་ཚེ་ཕོ་རྣམ་སྣང་། མོ་སངས་རྒྱས་སྤྱན་དུ་བསྒོམས་ནས་སངས་རྒྱས་ཀྱིས་རྒྱུད་སོགས་ལས་གསུངས་པའི་སྔགས་དང་གླུ་དང་བཀྲ་ཤིས་བརྗོད། དེ་ནས་ཆོས་སྐྱོང་དང་འབྱུང་པོ་ལ་གཏོར་མ་སྤྱི་ལྟར་བཏང་། མཆོད་བསྟོད་སྨོན་ལམ་སོགས་གོང་ལྟར་བྱས་ལ་གཤེགས་གསོལ་བསྡུ་ལྡང་སྨོན་ལམ་བཀྲ་ཤིས་བྱའོ། །ཅེས་པའང་མི་ཕམ་འགྱུར་མེད་མི་བསྐྱོད་རྡོ་རྗེས་བྲིས་པ་དགེ་ལེགས་འཕེལ།། །།༈ །སྡེ་དྲུག་སྲུང་མ་དྲུག་ཅུའི་གཏོར་འབུལ་བཞུགས། འདིར་སྣོད་གཙང་མས་གཙོ་བོའི་ཟླུམ་གཏོར་དཀར་པོ་ལ། འཁོར་མཁའ་འགྲོ་རྣམས་ཀྱི་གཏོར་ཆུང་ལྔའམ་བཞིས་མཐའ་བསྐོར། སྲུང་མ་དྲུག་ཅུར་གཏོར་མ་ཟུར་གསུམ་རེ་རེ་བཤམས། དེ་མཐར་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་། ནང་མཆོད་རྣམས་བཤམས། མཆོད་པ་བྱིན་རླབས་དང་། ནང་མཆོད་གཏོར་མ་བྱིན་རླབས་རྒྱས་བསྡུས་གང་རིགས་བྱ། དེ་ནས་རྒྱས་པར་རང་རྡོ་རྗེ་ཤུགས་སུ་བསྒོམ་ཞིང་། དེའི་ཐུགས་ཀ་ནས་སྲུང་མ་དྲུག་་ཅུ་བསྐྱེད་ཅིང་སྤྱན་དྲངས་པ་རྣམས་སྒྲུབ་ཐབས་དཀྱིལ་འཁོར་གྱི་སྐབས་ནས་བྱུང་བ་བཞིན་དང་། ཐོག་མར་རྡོ་རྗེ་ཤུགས་དང་། དེ་ནས་སྲུང་མ་དྲུག་ཅུ་པོའི་སྔགས་ཀྱི་སྡེ་ཚན་རེ་རེའི་མཐར། གཏོར་སྔགས་རྒྱ་གར་སྐད་ལྟར་བཏགས་པ་རེ་རེས་གཏོར་མ་འབུལ། སོ་སོའི་སྔགས་སྡེ་ཚན་གྱི་མཐར། ན་མཿ སྦྱར་བས་བསྟོད། ཨོཾ་བཛྲ་བྷེ་ར་ཝཿ ཧ་ཡ་ར་ཝ་ལ། ང་ཉ་ཎ་མ་ན། གྷ་ཛྷ་ཌྷ་བྷ་དྷ། ཁ་ཚ་ཋ་ཕ་ཐ། ཀ་ཙ་ཊ་པ་ཏ། ཨོཾ་ཨཱཿཧཱུྃ། ཞེས་པས་གཙོ་
འཁོར་ཐམས་ཅད་ལ་ནང་མཆོད་ཕུལ། བསྟོད་པ་ནི། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །དུས་ཀྱི་འཁོར་ལོ་ཐོད་པ་ཅན། །ཁམས་གསུམ་རྣམ་རྒྱལ་ལ་ཕྱག་འཚལ། །རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན། །ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་གཙོ། །དུས་མཐའི་སྤྲིན་མཚུངས་ཧེ་རུ་ཀ །རྡོ་རྗེ་ཤུགས་ལ་ཕྱག་འཚལ་བསྟོད། །ཅེས་དང་། འཁོར་རྣམས་ལ། བསྟོད་པར་འོས་པ་སོགས་ཀྱིས་བསྟོད་ཅིང་ཕྲིན་ལས་ཇི་ལྟར་རིགས་པ་བཅོལ། ཀླུ་དང་འབྱུང་པོས་ལུས་ཀྱི་ཁམས་སྲུང་ཞིང་། །གཟའ་དང་ཕྱོགས་སྐྱོང་ངག་གི་ཁམས་བསྲུང་སྟེ། །ཟད་པར་ཁྲོ་བོས་སེམས་ཀྱི་ཁམས་བསྲུང་ཞིང་། །ཁམས་དྲུག་ལྡན་པའི་ཁམས་ཀུན་རབ་བསྲུང་ནས། །འཁོར་ལོ་དྲུག་ཏུ་རླུང་སེམས་རབ་འཆིང་སྟེ། །རྒྱལ་བ་རིགས་དྲུག་གོ་འཕང་མྱུར་ཐོབ་ཤོག །ཅེས་སྨོན་ལམ་བཏབ་ལ་གཤེགས་གསོལ་ནི། རང་གི་གསང་བར་ཧཾ་ལ་ཁྲོ་བོའི་དཀྱིལ་འཁོར། གཙུག་ཏོར་ཨཾ་ལ་ཟད་པར། དཔྲལ་བར་ཨི་ལ་ཕྱོགས་སྐྱོང་། མགྲིན་པའི་རྀ་ལ་གཟའ། སྙིང་གའི་སུ་ལ་ཀླུ། ལྟེ་བར་ལྀ་ལ་འབྱུང་པོའི་འཁོར་ལོ་གཤེགས་གསོལ་བྱ་ཞིང་སྨོན་ལམ་བཀྲ་ཤིས་བྱའོ། །གཏོར་མ་གཙང་སར་ཕུལ། སོ་སོར་བྱེད་ན་གཟའ་གཏོར་ལྷོ། ཀླུ་གཏོར་བྱང་། འབྱུང་པོ་ནུབ། ཕྱོགས་སྐྱོང་ཤར། ཟད་པར་སྟེང་། ཁྲོ་བཅུའི་གཏོར་མ་འོག་ཏུ་གཏོང་བར་བཤད་པ་ལྟར་བྱའོ།། ༈ །གཏོར་ཆོག་འབྲིང་པོར་བྱེད་ན།
སྐྱབས་སེམས་སོགས་ཀྱི་རྗེས་སུ། རང་ཉིད་དུས་འཁོར་རམ་རྡོ་རྗེ་ཤུགས་ཀྱི་བདག་བསྐྱེད་མདོར་བསྡུས་ཀྱི་སྒོ་ནས་ལྷར་བསྐྱེད་ལ། མཆོད་པ་གཏོར་མ་ནང་མཆོད་རྣམས་བྱིན་བརླབས་བྱས་ནས། རང་གི་ཐུགས་ཀའི་འོད་ཀྱིས་རང་བཞིན་གྱི་གནས་ནས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ཤུགས། རྡོ་རྗེ་མཁའ་འགྲོ་མ་རྣམས་དང་། སྡེ་དྲུག་སྲུང་མ་དྲུག་ཅུའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། པདྨ་ཀ་མ་ལ་ཡེ་སྟྭཱཾ་གྱིས་གདན་དབུལ། དབུས་ཁྲོ་བཅུ། སྟེང་དུ་ཟད་པར། ཤར་དུ་ཕྱོགས་སྐྱོང་། ལྷོར་གཟའ། ནུབ་ཏུ་འབྱུང་པོ། བྱང་དུ་ཀླུ་བསྒོམ་ན་རུང་སྙམ་མོ། །ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམ་ལ། ཐོག་མར། ཨོཾ་ཨཱཿཧཱུྃ་ཧོ། ཤྲཱི་ཀཱ་ལ་ཙ་ཀྲ་བཛྲ་བྷཻ་ར་ཝ་བྷི་སྐ་ར་ཡ་ས་པ་རི་ཝཱ་རེ་བྷྱཿ ཞེས་པ་ལ་རྒྱས་པར། ཨེ་དཾ་བ་ལིཾ་གནྡྷཾ་སོགས་གཏོར་སྔགས་རྒྱས་པར་བཏགས་པའམ། བསྡུ་ན། ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། པཱུ་ཛ་ན་མཿ ཞེས་ལན་གསུམ་གྱིས་འབུལ་དེ་ནས། ཨོཾ་ཨཱཿཧཱུྃ་ཧོཿ བཛྲ་ཌཱ་ཀི་ནི་ས་པ་རི་ཝཱ་རེ་བྷྱཿ ཞེས་པར་གོང་བཞིན་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ་ནས། གོང་གི རྡོ་རྗེ་འཇིགས་བྱེད་སོགས་ཚིགས་བཅད་གཅིག་དང་། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབས་ལ་
ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བར་རབ་འཇུག་པ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ཞེས་པས་བསྟོད། དེ་ནས་སྲུང་མ་དྲུག་ཅུ་ལ། ཨོཾ་ཨཱཿཧཱུྃ་ཧོ། ད་ཤ་ཀྲོ་དྷ་ས་ རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས། པ་རཱི་ཝཱ་རེ་བྷྱཿ ཞེས་པར་གཏོར་སྔགས་རྒྱས་བསྡུས་གོང་བཞིན་སྦྱར། དེ་བཞིན་དུ་ཐོག་མཐའ་འདྲ་ལ་སོ་སོའི་རང་སྔགས། ད་ཤ་ཀྲྀཏ་སྣཱ་གྲི་གུག སཱ་དྷ། ཟད་པར་གྲུབ་པ། ད་ཤ་དིག་ལོ་ཀ་པཱ་ལ། ཕྱོགས་སྐྱོང་། རིན་པོ་ཆེ། ད་ཤ་གྲ་ཧ། གཟའ། པདྨ། ད་ཤ་ནཱ་ག་ཀླུ། འཁོར་ལོའི་ཕྱག་རྒྱས། ད་ཤ་བྷཱུ་ཏ། འབྱུང་པོ་བཅུ་སྟེ། དེ་དག་གི་མཐར་གཏོར་སྔགས་རྒྱས་བསྡུས་གང་འདོད་སྦྱར་བ་ལན་གཅིག་གམ་གསུམ་བྱས་སམ། རལ་གྲི། ཨོཾ་ཨཱཿཧཱུྃ་ཧོ། ཁྲོ་བཅུ་ནི། ཨུཥྞི་ཥ། གཙུག་ཏོར་གནོད་སུམ་བྷ་མཛེས། ནི་སུམ་བྷ། ངེས་གནོད་མཛེས། བིགྷྣཱནྟ་ཀ་བགེགས་མཐར་བྱེད་དང་ནཱི་ལ་དཎྚ་དབྱུག་པ་སྔོ། །པྲཛྙཱནྟ་ཀ་ཤེས་རབ་མཐར་བྱེད་འདོད་པའི་ཊཱ་ཀི་རཱ་ཛོ རྒྱལ། །པདྨཱ་ནྟ་ཀ་པདྨ་མཐར་བྱེད་མི་གཡོ་བ། །ཨ་ཙ་ལ། ཡ་མཱནྟ་ཀ་གཤིན་རྗེ་མཐར། ཟང་པར་ནམ་མཁའ་ཨཱ་ཀཱ་ཤཾ མ་ཧཱ་བ་ལེ་བྱེད་སྟོབས་ཆེན། རླུང་དང་བཱ་ཡུ། བྷྱཿ རྣམས མེ་དང་ཏེ་ཛ་ཆུ། ཨུ་ད་ཀ །ས་ཡི་པྲི་ཐི་པཱི། ཟད་པར་ཀྲྀཏྶྣ། གྲུབ་པ་སཱདྷི་ རྣམས། བྷྱཿ
ཕྱོགས་སྐྱོང་ བྲཧྨ་ ཚངས་པ་བིཥྞུ་ཁྱབ་འཇུག་ནཻ་ཪྼྀ་ཏྱ་བདེན་བྲལ་བཱ་ཡུ་ང་། །ཡ་མ་གཤིན་རྗེ་ཨགྣི་མེ་དང་ས་མུ་དྲི་རྒྱ་མཚོ་དང་། །ཨཱི་ཤྭ་ར་དབང་ཕྱུག་ཨིནྡྲ་དབང་པོ་ཡཀྵེ་གནོད་སྦྱིན་རྣམས་བྷྱཿ གཟའ་རཱ་ཧུ་སྒྲ་གཅན་ཀཱ་ཡ་ཨ་གྣི་དུས་ཙནྡྲ་མེ་ཟླ་སཱུ་ཪྻ་ཉི་མ། །བུདྷ་ལྷག་པ་མངྒལ་བཀྲ་ཤིས་ཁུ་བ་ཤུ་ཀྲ་དང་། །པྲི་ཧསྦ་ཏི་ཕུར་བུ་ཀེ་ཏུ་མཇུག་རིངས་ཤ་ནི ཤྩ་ར་དལ་འགྲོ་རྣམས། བྷྱཿ ཀླུ་ཛ་ཡ་རྒྱལ་བ་བི་ཛ་ཡ་རྣམ་རྒྱལ་པདྨ་པད་སྟོབས་ཀརྐོ་ཊ་རྒྱུ། །བཱ་སུ་ཀི་ནོར་རྒྱས་དུང་ཤཾ་ཁ་པཱ་ལ་སྐྱོང་རིགས་ལྡན་ཀུ་ལི་ཀ་དང་། །ཨཱ་ནནྟ་མཐའ་ཡས་ཏཀྵ་ཀཾ་འཇོག་པོ་མ་ཧཱ་པདྨ་བདེ་ཆེན་རྣམས་བྷྱཿ འབྱུང་པོ་བེ་ཏཱ་ཌ་རོ་ལངས་རྣམ་བི་ཀྲྀ་ཏ་པར་མུ་ཁ་འགྱུར་ཞལ་ཁྱི་ཤྭ། །ཀཱ་ཀ་བྱ་རོག་སཱུ་ཀ་ར་ཕག་དང་གྲི་དྷྲ་བྱ་རྒོད་བྱཱ་གྷྲ་སྟག །ཨུ་ལཱུ་ཀ་འུག་པ་ཛམྦུ་ཀ་ཅེ་སྤྱང་ག་རུ་ཊ་ཁྱུང་གདོང་རྣམས་བྷྱཿ ས་པ་རི་ཝཱ་རེ་འཁོར་བཅས་རྣམས་བྷྱཿཨི་དཾ་འདི་ལ་བ་ལིཾ་ཏ་གཏོར་མ་དྲི་གནྡྷཾ། །པུཥྤཾ་མེ་ཏོག་དྷཱུ་པཾ་བདུག་པ་སྒྲོན་དཱི་པཾ་མེ་དང་། །ཨཀྵ་ཏཾ་མ་ཉམས་པ་འབྲས་བུ་ཡིན། སྐད་དོད་གོང་དུ་སོང་། འདི་བདག་འབུལ་ད་དཱ་མ་ཧེ་གྱིས། །ཏེ་ཛ་ཨ་ཧྱ་ས་པ་རི་ཝཱ་རཱ།
འཁོར་བཅས་དེ་རྣམས་ཀྱང་བྱོན་ལ། །ཤཱི་གྷྲཾ་མྱུར་དུ་ཨི་དཾ་བ་ལིཾ་གཏོར་མ་འདི་ཟུངས་གྲིཧྣ་ནྟུ་ཤིག །ཁ་དནྟུ་གསོལ་བར་མཛོད་ཅིག་བཏུང་པི་ཝནྟུ་པར་མཛོད། །ཛཿཧཱུྃ་བྃ་ཧོཿཛཿཧཱུྃ་བཾ་ཧོཿ ཡང་དག་ཚིམ་སྃ་ཏྲིཔྟ། །སརྦ་སཏྭཱ་ནཱཾ་སེམས་ཅན་ཀུན་ལ་ཞི་བ་ཤཱནྟིཾ་དང་། །པུཥྚིཾ་རྒྱས་དང་རཀྵ་བསྲུང་དང་བསྐྱབ་ཨཱ་བ་ར་ཎ་པ་དང་། །གུཔྟིཾ་སྦ་བར་ཀུརྦ་ནྟུ་མཛོད་ཅིག་ཧཱུྃ་ཧཱུྃ་ཕཊ་ཧཱུྃ་ཧཱུྃ་ཕཊ། །བཛྲ་དྷཱ་ར་རྡོ་རྗེ་འཆང་གི་ཨཱཛྙཱ་བཀའ་བསྒོམ་པ་ཡ་ཏི་མཛོད་སྭཱ་ཧཱ་སྭཱ་ཧཱ། །ཞེས་གཏོར་སྔགས་བོད་སྐད་དུ་བསྒྱུར་བ་བརྗོད་ཀྱང་དོན་འདྲ་བས་དེས་ཆོག་ཅེས་བླ་མ་གོང་མ་དག་གིས་གསུངས་པ་འཇུག་པ་བདེ། དེ་ལས་བསྡུ་ན། ཁྲོ་བོ་བཅུ་དང་ཟད་པར་ཕྱོགས་སྐྱོང་བཅུ། །གཟའ་དང་ཀླུ་བཅུ་འབྱུང་པོ་བཅུ་རྣམས་ཏེ། །སྡེ་དྲུག་སྲུང་མ་དྲུག་ཅུ་འཁོར་བཅས་རྣམས། །མཆོད་གཏོར་འདི་དང་དྲི་དང་མེ་ཏོག་དང་། །བདུག་སྤོས་སྒྲོན་མེ་མ་ཉམས་བདག་འབུལ་གྱིས། །འཁོར་དང་བཅས་པ་མྱུར་དུ་ཚུར་བྱོན་ལ། །ཛཿཧཱུྃ་བྃ་ཧོ་གཏོར་མ་འདི་ཟུངས་ཤིག །བཟའ་བར་མཛོད་ལ་བཏུང་བར་མཛད་དུ་གསོལ། །འཁོར་དང་བཅས་པས་སེམས་ཅན་རྣམས་ལ་ནི། །ཞི་རྒྱས་བསྲུང་བསྐྱབ་སྦ་བར་མཛད་དུ་གསོལ་ཧཱུྃ་ཧཱུྃ་ཕཊ། །རྡོ་རྗེ་འཛིན་པའི་བཀའ་བཞིན་མཛོད་སྭཱ་ཧཱ། །ཞེས་བྱ།
དེ་ནས། ཨོཾ་ཨཱཿཧཱུྃ། གིས་ནང་མཆོད་ཕུལ་ནས། ཀྵཿ ཞེས་བརྗོད་ཅིང་། ལག་པའི་རྒྱབ་བསྟན་པའི་སེ་གོལ་གྱི་སྒྲས་འཁོར་དང་བཅས་པ་རང་གནས་སུ་གཤེགས་སུ་གསོལ་ཞིང་། རང་གི་གནས་གསུམ་བསྲུང་ནས་སྨོན་ལམ་ཤིས་བརྗོད་བྱའོ། །གཏོར་ཆོག་བསྡུས་པ་འདོད་ན། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་ལ་གནས་པ་ཀ་པཱ་ལའི་ནང་དུ་ཤ་ལྔ་དང་བདུད་རྩི་ལྔ་ཁོལ་བ་ཞུ་ཞིང་འདྲེས་པས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་བྱིན་རླབས་བྱ། རང་ཉིད་དུས་ཀྱི་འཁོར་ལོར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་ཁྲོ་བོ་རྡོ་རྗེ་ཤུགས་མཁའ་འགྲོ་མ་རྣམས་དང་སྡེ་དྲུག་སྲུང་མ་དྲུག་ཅུས་བསྐོར་བ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། པདྨ་ཀ་མ་ལ་ཡེ་སཏྭཾ། གྱིས་གདན་ཕུལ། དེ་རྣམས་ཀྱི་ལྗགས་རྡོ་རྗེ་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་གྱུར་པར་དམིགས། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ཤུགས། །རྡོ་རྗེ་མཁའ་འགྲོ་མ་དང་བཅས། །སྡེ་དྲུག་སྲུང་མ་དྲུག་ཅུའི་ཚོགས། །འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །ནད་མེད་ཚེ་དང་དབང་ཕྱུག་དང་། །སོགས། ཡིད་ལ་
འདོད་པ་ཀུན་འགྲུབ་མཛོད། །ཞེས་པའི་བར་གྱིས་ཕྲིན་ལས་བཅོལ། ཀྵཿ དང་སེ་གོལ་གྱི་སྒྲས་གཤེགས་སུ་གསོལ་ནས། སྨོན་ལམ་དང་བཀྲ་ཤིས་བརྗོད་པར་བྱའོ། །འདི་དག་དགོས་དབང་གིས་མི་ཕམ་འགྱུར་མེད་མི་བསྐྱོད་རྡོ་རྗེས་འཕྲལ་དུ་བཀོད་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ། ༈ །རྣལ་འབྱོར་མ་སོ་བདུན་མཆོད་པ་དང་། རྣལ་འབྱོར་མ་རེ་བཞི་མཆོད་པ། དེ་གཉིས་བསྡོམ་ན་རྣལ་འབྱོར་མ་རིགས་བརྒྱ་མཆོད་པ་ཞེས་གྲགས་པ་རྣམས་གཞན་ལས་ཤེས་པར་བྱའོ། །རྣལ་འབྱོར་མའི་མཆོད་ཆོག་སྙིང་པོ་བཞུགས། ཚོགས་ཀྱི་དམ་རྫས་རྣམས་ཚུལ་བཞིན་བཤམས་ཤིང་བྱིན་རླབས་སོགས་གཞུང་ལྟར་བྱས་ལ། ཧོ། རྣལ་འབྱོར་མ་ཡི་དཀྱིལ་འཁོར་འདིར། །ཟླུམ་སྐོར་དང་པོ་ལ་གནས་པའི། །དབུས་ཀྱི་ཞིང་ལྤགས་གདན་གྱི་སྟེང་། །བདེ་ཆེན་ཡབ་དང་གཉིས་མེད་པའི། །གཙོ་མོ་སྟོང་ཉིད་སྣ་ཚོགས་ཡུམ། །ཐུགས་རྗེས་རོལ་པར་བསྟན་པ་ནི། །འཇིག་རྟེན་གདོལ་པ་མོ་ཡི་ཚུལ། །དཔལ་ལྡན་ཚོགས་ཀྱི་གཙོ་མོ་ཉིད། །དེ་ཡི་ཕྱོགས་བཞིར་བཞུགས་པ་ནི། །ཤར་དུ་ཀུ་ཀུའི་པགས་པའི་སྟེང་། །སྒྲོལ་མ་དམངས་རིགས་མོ་ཡི་ཚུལ། །ལྷོ་རུ་རྟ་ཡི་པགས་པའི་སྟེང་། །གོས་དཀར་མོ་ནི་རྒྱལ་རིགས་མ། །བྱང་དུ་བ་ལང་པགས་པའི་སྟེང་། །མཱ་མ་ཀཱི་ནི་བྲམ་ཟེ་མོ། །ནུབ་ཏུ་གླང་ཆེན་པགས་པའི་སྟེང་། །སངས་རྒྱས་སྤྱན་མ་རྗེ་རིགས་མོ། །དེ་ཡི་མཚམས་བཞི་དག་ཏུ་ནི། །དབང་ལྡན་དུ་ནི་
གཅི་བའི་སྣོད། །རླུང་དུ་བཤང་བ་བདེན་བྲལ་ཁྲག །མེ་མཚམས་སུ་ནི་རྐང་གི་སྣོད། །ཕྱི་ཡི་ཟླུམ་སྐོར་གཉིས་པ་ལ། །ཐུགས་དཀྱིལ་རྣལ་འབྱོར་མ་བརྒྱད་ནི། །ཤར་དུ་ལུག་གི་པགས་པའི་སྟེང་། །སྒྲ་ཡི་རྡོ་རྗེ་འཁར་མཁན་མ། །ལྷོ་རུ་སྤྱང་ཀུའི་པགས་པའི་སྟེང་། །ཤིན་སྔོན་འོད་མའི་གར་མཁན་མ། །བྱང་དུ་རྔ་མོའི་པགས་པ་ལ། །ཆོས་ཁམས་རྡོ་རྗེ་ནོར་བུ་མཁན། །ནུབ་ཏུ་འདམ་སེང་པགས་པ་ལ། །དྲག་སྤྱན་ཁྲོན་པ་མཁན་མ་དང་། །མེ་མཚམས་ར་ཡི་པགས་པ་ལ། །རེག་བྱ་རྡོ་རྗེ་ཐགས་མཁན་མ། །བདེན་བྲལ་རི་དྭགས་པགས་པའི་སྟེང་། །རོ་ཡི་རྡོ་རྗེ་ཆང་འཚོང་མ། །དབང་ལྡན་བོང་བུའི་པགས་པ་ལ། །གཟུགས་ཀྱི་རྡོ་རྗེ་གསེར་མཁན་མ། །རླུང་དུ་ཕག་གི་པགས་པའི་སྟེང་། །དྲི་ཡི་རྡོ་རྗེ་ཕྲེང་མཁན་མ། །དེའི་ཕྱིར་ཟླུམ་སྐོར་གསུམ་པ་ལ། །གསུང་གི་འཁོར་ལོའི་རྣལ་འབྱོར་མ། །ཤར་དུ་ཀུམ་བྷི་རའི་པགས་པར། །ཙ་རྩི་ཀཱ་ནི་ཤ་འཚོང་མ། །མེ་རུ་འགྲོན་བུའི་ཕུང་པོའི་སྟེང་། །ཁྱབ་འཇུག་མ་ནི་རྫ་མཁན་མ། །ལྷོ་རུ་སྦལ་པའི་རུས་པའི་སྟེང་། །ཕག་མོ་འཁུར་བ་མཁན་མའི་ཚུལ། །བདེན་བྲལ་ཉ་སྐམ་ཕུང་པོ་ལ། །གདོང་དྲུག་མ་ནི་སྨད་འཚོང་མ། །ནུབ་ཏུ་མ་ཀ་རའི་པགས་པར། །དབང་མོ་ཚེམ་བུ་མ་ཡི་ཚུལ། །རླུང་དུ་སྦལ་པའི་པགས་པ་ལ། །ཚངས་མ་ཉ་བ་མོ་ཡི་
ཚུལ། །བྱང་དུ་རུས་སྦལ་ཁོག་པ་ལ། །དབང་ཕྱུག་མ་ནི་གར་མཁན་མ། །དབང་ལྡན་དུ་ནི་དུང་གི་སྟེང་། །དཔལ་མོ་ཉིད་ནི་ཚོས་མཁན་མ། །དེའི་ཕྱིར་ཟླུམ་སྐོར་བཞི་པ་ལ། །སྐུ་ཡི་འཁོར་ལོའི་རྣལ་འབྱོར་མ། །ཤར་དུ་བསེ་ཡི་པགས་པ་ལ། །ཤིན་སྟོབས་མ་ནི་ལྕགས་མགར་མོ། །ལྷོ་རུ་སྟག་གི་པགས་པ་ལ། །རྨུགས་བྱེད་མ་ནི་སྐེག་མཁན་མ། །ནུབ་ཏུ་དོམ་གྱི་པགས་པ་ལ། །རེངས་བྱེད་མ་ནི་སྲིན་བལ་མཁན། །བྱང་དུ་ནེའུ་ལེའི་པགས་པའི་སྟེང་། །ཁེངས་བྱེད་མ་ནི་ཏིལ་མར་མཁན། །མེར་ནི་འབྲི་ཡི་པགས་པ་ལ། །ལྕགས་སྒྲོག་མ་ནི་སྨྱུག་མཁན་མོ། །བདེན་བྲལ་ཅེ་སྤྱང་པགས་པ་ལ། །ཁྲོ་གཉེར་ཅན་ནི་ཤིང་མཁན་མ། །རླུང་དུ་སྲམ་གྱི་པགས་པ་ལ། །འོད་ཟེར་ཅན་མ་ཀོ་ལྤགས་མཁན། །དབང་ལྡན་བྱི་ལའི་པགས་པ་ལ། །ཙུནྡཱ་འབྲེག་མཁན་མོ་ཡི་ཚུལ། །དེའི་ཕྱིར་ཟླུམ་སྐོར་ལྔ་པ་ལ། །དུར་ཁྲོད་གཏུམ་མོ་བརྒྱད་རྣམས་ཏེ། །ཤར་དུ་གོདྷའི་པགས་པའི་སྟེང་། །ཁྱི་གདོང་མ་ནི་ཀླ་ཀློ་མ། །ལྷོ་རུ་བྱི་བའི་པགས་པ་ལ། །ཕག་གདོང་མ་ནི་འཕྱག་པ་མོ། །ནུབ་ཏུ་རྨིག་བུའི་པགས་པ་ལ། །ཅེ་སྤྱང་གདོང་མ་གདོལ་པ་མོ། །བྱང་དུ་སྤྲེའུའི་པགས་པའི་སྟེང་། །སྟག་གདོང་མ་ནི་སྟག་གཟིག་མ། །ཤར་ལྷོ་རི་བོང་པགས་པའི་སྟེང་། །བྱ་རོག་གདོང་མ་བསྙོན་ཐབས་མ། །ལྷོ་ནུབ་གཟུགས་མོའི་པགས་པ་ལ། །བྱ་རྒོད་གདོང་མ་རོ་སྲེག་
མ། །ནུབ་བྱང་ཨཱི་ཤུའི་པགས་པའི་སྟེང་། །མཁའ་ལྡིང་གདོང་མ་མི་རྒོད་མ། །བྱང་ཤར་རྩངས་པའི་པགས་པའི་སྟེང་། །འུག་གདོང་མ་ནི་རི་ཁྲོད་མ། །འདི་ལྟར་བྱང་ཕྱོགས་སོ་བདུན་གྱི། །ངོ་བོ་སྒྲིབ་བྲལ་རྣལ་འབྱོར་མ། །ཐུགས་རྗེས་འགྲོ་བ་གདུལ་བའི་ཕྱིར། །རང་རང་རིགས་དང་རྗེས་མཐུན་པའི། །མི་མོའི་ཚུལ་གྱིས་གང་གནས་པ། །རྣལ་འབྱོར་ཅན་ལ་མཆོག་སྟེར་ཞིང་། །དྲན་པས་བར་ཆད་ཀུན་སེལ་བ། །ཚོགས་ཀྱི་འདུ་བར་གནས་པ་རྣམས། །ཉི་ལས་འོད་ཟེར་ཇི་བཞིན་དུ། །དྲུག་ཅུ་རྩ་བཞིའི་རྣལ་འབྱོར་མ། །འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས། །ཐུགས་དམ་ཆེན་པོའི་དམ་ཚིག་གིས། །དཀྱིལ་འཁོར་འདིར་ནི་སྤྱན་འདྲེན་གྱིས། །མ་ཐོགས་མྱུར་བར་འདིར་གཤེགས་ལ། །སོ་སོའི་གདན་ལ་བཞུགས་ནས་ཀྱང་། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །སོ་སོའི་གདན་གྱི་སྡེར་མའི་ནང་། །ཤ་སོགས་བཟའ་བའི་དམ་ཚིག་རྫས། །ཡེ་ཤེས་བདུད་རྩིར་བྱིན་རླབས་པས། །རྣལ་འབྱོར་མ་ཡི་འཁོར་ལོའི་ཚོགས། །མཆོག་ཏུ་དགྱེས་པ་སྐྱེད་གྱུར་ཅིག །དབུས་སུ་ཤིང་གི་སྣོད་དང་ནི། །ཤར་དང་མེ་རུ་ཉ་ཕྱིས་སྣོད། །ལྷོ་དང་བདེན་བྲལ་ནཱ་རི་ཀེ། ནུབ་དང་ང་དུ་སའི་ཁམ་ཕོར། །བྱང་དང་དབང་ལྡན་མི་ཐོད་ཀྱི། །སྣོད་དུ་འབྲས་ཆང་རྒུན་ཆང་སོགས། །བཏུང་བར་འོས་པ་སྣ་ཚོགས་ཀྱིས། །རྣལ་
འབྱོར་མ་ཡི་འཁོར་ལོར་མཆོད། །མ་སྲིང་ཚ་མོ་སོགས་ཀྱི་ཚུལ། །རྣལ་འབྱོར་མ་ཡི་འཁོར་ལོ་ནི། །རབ་མཆོག་ཞི་བའི་གྲོང་ཁྱེར་དང་། །ཚངས་པའི་ཡུལ་ས་འདོད་པའི་ལྷ། །ཡི་དྭགས་དང་ནི་མིའི་འཇིག་རྟེན། །ས་འོག་ཀླུ་ཡི་སྲིད་པར་ནི། །གཅེར་བུ་གྲི་ཐོད་འཛིན་པ་སོགས། །སྣ་ཚོགས་གཟུགས་ཀྱིས་རྣམ་པར་རྒྱུ། །འཇིགས་ཤིང་རབ་ཏུ་ཁྲོས་པའི་ཞལ། །དྲག་པོའི་ལས་ནི་སྣ་ཚོགས་པས། །དམ་ཚིག་དྲལ་བའི་སྐྱེ་བོ་རྣམས། །བསྡིགས་ཤིང་ལུས་སེམས་སྡུད་པར་བྱེད། །དམ་ཚིག་ལྡན་པའི་རྣལ་འབྱོར་ལ། །དགྱེས་ཤིང་རྗེས་སུ་ཆགས་ཚུལ་གྱིས། །ཞི་དང་རྒྱས་སོགས་ལས་ཀྱིས་ནི། །ཕུན་ཚོགས་ཀུན་སྟེར་རྗེས་སུ་སྐྱོང་། །འདི་ལྟར་རྣལ་འབྱོར་མ་རྣམས་ཀྱི། །དཀྱིལ་འཁོར་འཁོར་ལོ་མངོན་སུམ་དུ། །དྲང་བའི་ཡིད་ཀྱིས་དམིགས་བྱས་ནས། །དགྱེས་པའི་མཆོད་པ་འབུལ་བ་ནི། །ཆུ་གཙང་མཆོད་ཡོན་དྲི་དང་སྤོས། །མེ་ཏོག་དང་ནི་འབྲས་བུ་འབྲུ། །མར་མེ་ལྷ་བཤོས་ན་བཟར་བཅས། །རྣམ་པ་བཅུ་ཡི་མཆོད་པ་འདི། །རྣལ་འབྱོར་མ་ཚོགས་རྣམས་ལ་འབུལ། །རྡོ་རྗེ་ལུས་ལས་བྱུང་བ་ཡི། །ཁུ་བ་གཅིན་དང་རྐང་བཤང་བ། །ཤ་དང་མཆིན་པ་མཁྲིས་པ་དང་། །ཁྲག་དང་རྒྱུ་མ་པགས་པ་བཅས། །རྣམ་པ་བཅུ་ཡི་དམ་རྫས་རྣམས། །རྣལ་འབྱོར་པ་ཡི་འཁོར་ལོར་འབུལ། །རིན་ཆེན་གསེར་ཟླའི་མེ་ཏོག་ཚོགས། །རྣམ་མང་བ་དན་རྔ་
ཡབ་གདུགས། །མེ་ལོང་དྲིལ་བུ་བླ་རེ་སོགས། །རྣམ་བཀྲ་གླུ་གར་རོལ་མོས་མཆོད། །ཁྱད་པར་སོ་སོའི་དམ་ཚིག་རྫས། །ཁུ་བ་བཤང་གཅི་ཁྲག་དང་ཤ །དབུས་ཀྱི་གཙོ་མོ་རྣམ་ལྔ་ལ། །མཆོད་པར་འབུལ་ལོ་མཉེས་གྱུར་ཅིག །རྣ་བ་སྣ་དང་མིག་དང་ལྕེ། །བཤང་ལམ་རྟགས་ཀྱི་དབང་པོ་དྲུག །རྡོ་རྗེའི་ལྷ་མོ་དྲུག་རྣམས་ལ། །མཆོད་པར་འབུལ་ལོ་མཉེས་གྱུར་ཅིག །རྣག་དང་བད་ཀན་ཤིག་སྲིན་བུ། །ཆུ་སེར་ཞག་དང་བ་སྤུ་སྐྲ། །འབྱུང་སྐྱེས་རྣལ་འབྱོར་མ་བརྒྱད་ལ། །མཆོད་པར་འབུལ་ལོ་མཉེས་གྱུར་ཅིག །རྒྱུ་མ་མཁྲིས་པ་རུས་པ་རྐང་། །མཆིན་གློ་རྩ་ལྤགས་སྙིང་ཚིལ་བཅས། །ཁྲོ་སྐྱེས་ལྷ་མོ་བཅུ་རྣམས་ལ། །མཆོད་པར་འབུལ་ལོ་མཉེས་གྱུར་ཅིག །རྣ་བ་སྣ་མིག་ཁ་བཤང་ལམ། །བྷ་ག་རྟགས་དང་མཆན་ཁུང་དྲི། །ལྷ་མིན་རབ་གཏུམ་མ་བརྒྱད་ལ། །མཆོད་པར་འབུལ་ལོ་མཉེས་གྱུར་ཅིག །སེན་མོ་ཉི་ཤུ་སོ་སོ་གཉིས། །བཅུ་གཉིས་ཐོང་བའི་རུས་པ་ནི། །དྲུག་ཅུ་རྩ་བཞིའི་རྣལ་འབྱོར་མར། །མཆོད་པར་འབུལ་ལོ་མཉེས་གྱུར་ཅིག །དེ་ལྟར་མཆོད་པ་ཕུལ་བ་ཡིས། །གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་དེ་བཞིན། །ཚན་དོ་ཉེ་བའི་ཚན་དོ་ཧ། །འདུས་པ་ཉེ་བའི་འདུས་པ་དང་། །དུར་ཁྲོད་ཉེ་བའི་དུར་ཁྲོད་དེ། །ཕྱི་རོལ་གནས་འདི་ལ་གནས་པའི། །དཔའ་བོ་དང་ནི་རྣལ་འབྱོར་མ། །
ཐམས་ཅད་ཀུན་ནས་དགྱེས་གྱུར་ཅིག །ནང་དུ་གནས་ཀྱི་མིང་ཅན་གྱི། །ས་དང་ལམ་རྣམས་མྱུར་བགྲོད་ཅིང་། །ཕྱི་དང་ནང་གི་འཇིགས་པ་དང་། །བར་ཆད་ཉེ་བར་འཚེ་བ་རྣམས། །གཏན་དུ་ཞི་ཞིང་བདེ་ལེགས་མཛོད། །སུམ་ཅུ་རྩ་དྲུག་རྣལ་འབྱོར་མའི། །དམ་ཚིག་རྫས་ཀྱི་མཆོད་པ་ནི། །སོ་སྐྲ་པགས་པ་ཤ་ཆུ་རྒྱུས། །རུས་པ་སྙིང་དང་སྐྱེ་གནས་དང་། །ཤིག་དང་བ་སྤུ་སྲིན་བུ་དང་། །གློ་བ་རྒྱུ་མ་ཆུ་སོར་བཅས། །བད་ཀན་མཁྲིས་པ་ཆུ་དང་རྣག །ཁྲག་རྔུལ་ཚིལ་བུ་མཆི་མ་དང་། །མཆིལ་མ་སྣབས་དང་དྲི་ཆུ་དང་། །ཆུ་སེར་ཞག་དང་ལུས་ཀྱི་ནི། །སྣ་ཚོགས་ཁམས་ལ་གནས་པ་ཡི། །ཁ་དོག་སྣ་ཚོགས་དྲི་སྣ་ཚོགས། །བཤང་བ་ལྕེ་མིག་རྣ་བ་སྣ། །ཁུ་བ་རྡུལ་དང་བཅས་པ་ཡིས། །རྣལ་འབྱོར་མ་ཡི་འཁོར་ལོར་མཆོད། །ཁྱི་རྟ་བ་ལང་གླང་ཆེན་ལུག །ར་དང་རི་དྭགས་བོང་བུ་སོགས། །ས་དང་ཆུ་ལ་སྤྱོད་པ་ཡི། །སྲོག་ཆགས་སུམ་ཅུ་རྩ་དྲུག་དང་། །ཙ་ཏ་ཀ་དང་ནེ་ཙོ་དང་། །ཁུ་བྱུག་རི་སྐེག་ལ་སོགས་པ། །མཁའ་ལ་སྤྱོད་པའི་འདབ་ཆགས་རིགས། །སུམ་ཅུ་རྩ་དྲུག་དང་བཅས་པའི། །དམ་ཚིག་བདུན་ཅུ་རྩ་གཉིས་ཤ །རྣལ་འབྱོར་མ་ཡི་འཁོར་ལོར་འབུལ། །གཞན་ཡང་མཆོད་པར་འོས་པའི་རྫས། །འདོད་ཡོན་དྲུག་དང་རྒྱལ་སྲིད་བདུན། །བཀྲ་ཤིས་རྫས་རྟགས་རིན་ཆེན་སོགས། །ལྷ་མིའི་འདོད་ཡོན་རྒྱ་མཚོ་དང་། །ཕྱི་ནང་གསང་བའི་དམ་ཚིག་རྫས། །
ངོ་བོ་ཡེ་ཤེས་རང་བཞིན་ལ། །རྣམ་པ་འདོད་དགུའི་གཏེར་ཆེན་པོ། །མི་ཟད་ནམ་མཁའ་མཛོད་ཀྱི་སྤྲིན། །ཟག་མེད་བདེ་བ་ཆེན་པོ་ཡིས། །ཧེ་རུ་ཀ་དང་རྣལ་འབྱོར་མའི། །དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག །ཨོཾ་ཨ་ནུ་ཏ་ར་སརྦ་པཱུ་ཛ་མེ་གྷ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ཧཱུྃ་ཕཊ་སྭཱ་ཧཱ། སྐབས་འདིར་ནང་མཆོད་བྱིན་རླབས་བྱས་ནས། ཨོཾ་ཨཱཿཧཱུྃ། རིགས་ཀུན་གྱི་ཁྱབ་བདག་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་ལྷ་ཚོགས་རྣམས་དང་། ཁྱད་པར་དུ་དཔལ་ལྡན་ཚོགས་ཀྱི་གཙོ་མོ་སྣ་ཚོགས་ཡུམ་དང་། རིགས་ཀྱི་ཡུམ་ཆེན་བཞི། རྡོ་རྗེ་མ་དྲུག ཁྲོ་མོ་ཆེན་མོ་བཅུ། ཙ་རྩི་ཀཱ་སོགས་རྣལ་འབྱོར་མ་བརྒྱད། ཁྱི་གདོང་མ་སོགས་གཏུམ་མོ་བརྒྱད་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། འཇིགས་མ་ལ་སོགས་པའི་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི། གཞན་ཡང་གནས་དང་ཉེ་བའི་གནས་ལ་སོགས་པ་བཅུ་གཉིས་དང་། གནས་ཉེར་བཞི་དང་ཞེ་བརྒྱད། ཡུལ་སོ་གཉིས་ལ་སོགས་པ་མཁའ་སྤྱོད་ས་སྤྱོད་ས་འོག་ན་སྤྱོད་པ་དཔའ་བོ་དང་མཁའ་འགྲོ་མ་རྣམས་མ་ལུས་ལུས་པ་མེད་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྣལ་འབྱོར་མ་བདག་ཅག་རྣམས་ཀྱིས་དཔལ་དང་པོའི་སངས་རྒྱས་ཀྱི་རྒྱུད་ཆེན་པོ་འཆད་ཉན་དང་ལམ་སྒོམ་སྒྲུབ་བྱེད་པ་སོགས་ཆོས་དང་མཐུན་པའི་བསམ་སྦྱོར་མཐའ་དག་ལ་ཕྱི་དང་ནང་གི་ཉེ་བར་འཚེ་ཞིང་བར་དུ་གཅོད་པ་ཐམས་ཅད་མིང་ཙམ་ཡང་མེད་པར་ཞི་བ་དང་མཆོག་དང་ཐུན་
མོང་གི་དངོས་གྲུབ་མ་ལུས་པ་སྩལ་བར་མཛད་དུ་གསོལ། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། ཨོཾ་སརྦ་ཌཱ་ཀཱི་མ་མ་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་བསྔོས་ནས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །རྣལ་འབྱོར་མ་ཡི་ཚོགས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། དེ་ནས་རང་ཉིད་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པའི་རྣམ་པ་གྲངས་མེད་པར་གྱུར་བས་རྣལ་འབྱོར་མ་རྣམས་ལ་མཉམ་པར་སྦྱོར་བའི་གསང་མཆོད་ཕུལ་ཏེ། གསང་བའི་ཕྱག་རྒྱ་གང་ཡིན་པ། །མཆོག་གི་ཕྱག་རྒྱར་རབ་ཏུ་སྦྱོར། །ལས་དང་ཆོས་ཀྱི་ཕྱག་རྒྱར་ལྡན། །རྡོ་རྗེའི་མཆོད་པས་རྟག་ཏུ་མཆོད། །ཨོཾ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ་ཤིན་ཏུ་མཉེས་པར་བསམ། དེ་ནས། ཨོཾ་བཛྲ་གནྡྷྃ། པུཥྤྃ། དྷུ་པྃ། དཱི་པྃ། ནེ་ཝི་དྱྃ། ཨཀྵ་ཏྃ། ལཱ་སྱྃ། ཧཱ་སྱྃ། ཝཱ་དྱྃ། ནྲྀ་ཏྱྃ། གཱི་ཏྱྃ། ཀཱ་མྃ་པྲ་ཏཱིཙྪ་ན་མཿ ཞེས་ལྷ་མོ་བཅུ་གཉིས་ཀྱིས་མཆོད་ནས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་བཞི་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བར་རབ་འཇུག་པ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་དང་མཁའ་འགྲོ་རྒྱ་མཚོ་ལས་གསུངས་པའི་རྡོ་རྗེའི་གླུ། འགྲོ་ཀུན་མཆོག་ཏུ་དགའ་བའི་རང་བཞིན་ཏེ། །རྣལ་འབྱོར་མ་ཡི་འཁོར་ལོའི་
རང་བཞིན་གནས། །ཨ་རེ་གཏི་མུག་ཕྱུགས་ཀྱིས་མི་ཤེས་སོ། །ལྷན་སྐྱེས་གཉུག་མ་བླངས་ནས་བདེ་ཆེན་མནོས། །ས་གསུམ་འགྲོ་ཀུན་སངས་རྒྱས་ཀྱི་རང་བཞིན། །སྙིང་རྗེའི་གཞོན་ནུ་མ་དང་ལྷན་ཅིག་རོལ། །གང་གིས་དོན་དམ་ལ་ནི་མ་བསྒོམས་པ། །དེ་ཡིས་སངས་རྒྱས་ཉིད་ནི་ཐོབ་མ་ཡིན། །ནང་དང་ཕྱི་ནི་དབྱེར་མེད་ཤེས་པར་གྱིས། །འཇིག་རྟེན་ཐམས་ཅད་བསྒྲལ་བར་ནུས་པའོ། །མཁའ་འགྲོ་མ་རྣམས་འདུས་ལ་མཆོད་པ་དང་། །དཔའ་བོ་རྣམས་ལ་བཟའ་བཏུང་ཁྱོད་ཀྱིས་དྲངས། །ཁྱོད་ལ་རྟག་ཏུ་སྲུང་དང་འབྱོར་མཆོག་དང་། །ཡིད་ལ་འདོད་པ་ཕུན་སུམ་ཚོགས་པར་ཤོག །སྐྱེ་བ་ཀུན་ཏུ་མཆོག་ཏུ་བདེ་གཤེགས་ཀྱི། །གྲུབ་པའི་འཇིག་རྟེན་དབུས་སུ་འགྲོ་བར་ཤོག །དཔའ་བོ་གཉིས་མེད་མཆོད་པས་སྐྱེ་བ་འདིར། །སྡིག་ཟད་ཕྱག་རྒྱའི་དངོས་གྲུབ་འགྱུར་བར་ཤོག །ཅེས་དང་། རྡོ་རྗེ་གླུའི་སྔགས། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུྃ་བྃ་ཧོ་སུ་བ་ཏ་སྟྭཱཾཿ ཞེས་བརྗོད་པར་བྱའོ། །དེ་ནས་ལག་པའི་རྒྱབ་བསྟན་པའི་སེ་གོལ་བརྡབ་ཅིང་། ཀྵཿ ཞེས་བརྗོད་པས་ལྷ་རྣམས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ་ལ་དགེ་བསྔོ་ཤིས་བརྗོད་བྱའོ། །ཅེས་པ་འདི་ནི་དགོས་དབང་གིས་ལྕགས་ཁྱི་ཟླ་བ་༣༽པའི་ཚེས་༡༤༽ལ་རྒྱུད་ལས་བཏུས་ཏེ་མི་ཕམ་པ་འགྱུར་མེད་མི་བསྐྱོད་རྡོ་རྗེས་སྦྱར་བ་དགེ་ལེགས་འཕེལ། །མངྒ་ལཾ། །སྤར་འདི་དགེ་འདུན་རྒྱལ་མཚན་པས་བསྒྲུབས་པ་དགེ། །