༄༅། ། ཐིག་གི་ལག་ལེན་མདོར་བསྡུས་བཞུགས།
ན་མོ་མཉྫུ་ཤྲི་ཡེ། གང་འདོད་གཞི་ཡི་དབུས་སུ་ནི། ། གྱེན་དུ་ཚངས་ཐིག་དང་པོ་གདབ། ། དེ་ཡི་དབུས་ནས་བསྐོར་སྤྱད་ཀྱིས། ། ཚངས་ཐིག་སྟེང་འོག་མཚན་མའམ། ། ཡང་ན་ཟླུམ་བསྐོར་བྱས་ཀྱང་རུང༌། ། རྒྱ་གྲམ་མཚན་མ་གཉིས་སྟེང་ནས། ། བསྐོར་ཆ་ཅུང་ཟད་སྔ་མའི་ཚད་ལས་བར་བསྐྱེད་ལ། ། གཡས་དང་གཡོན་དུ་བྱ་རྗེས་བྱ། ། དེ་སྟེང་འཕྲེད་ཀྱི་ཚངས་ཐིག་བཏབ། ། ཚངས་ཐིག་དང་པོའི་དབུས་ནས་བཟུང་སྟེ་ཅི་ཙམ་འདོད་པའི་ཟླུམ་སྐོར་རམ། བྱ་རྗེས་བྱས་ནས་སྟེང་འོག་གི་རྒྱ་གྲམ་གཉིས་པོའི་སྟེང་ནས་གཡས་གཡོན་དུ་རྒྱ་གྲམ་གྱི་མཚན་མ་ཕོག་པའི་བར་དུ་འཕྲེད་ཀྱི་ཚངས་ཐིག་གཉིས་པ་བཏབ་དགོས་ལ། དེ་ཡང་ཟླུམ་སྐོར་རམ་སྟེང་འོག་གི་བྱ་རྗེས་བྱེད་པའི་སྐོར་ཆའི་བར་ཚད་དེ་ལས་ཅུང་རིང་བར་མ་བྱས་ན་བྱ་རྗེས་སམ་རྒྱ་གྲམ་གྱི་མཚན་མ་མི་ཕོག་པས། ཟླུམ་སྐོར་བྱེད་པའི་ཤིང་བུས་བར་ཚད་དེ་ཟླུམ་པོའི་ཕྱེད་ཚད་ཡིན་པས། དེའི་བར་ཚད་ཀྱི་སུམ་ཆ་ཙམ་ཕྱིར་བསྐྱེད་ནས་བསྐོར་ན་བྱ་རྗེས་ཟླུམ་པོའི་ནང་དུ་འོང༌། ཟླུམ་ཐིག་གི་སྟེང་འོག་ཚངས་ཐིག་འཕྲད་མཚམས་ཟླུམ་པོའི་དཀྱིལ་ཚད་དང༌། ལྡེ་མིག་གམ་སྐོར་ཆའི་བར་ཚད་བྱས་ནས་བསྐོར་ན། ཟླུམ་པོའི་ཕྱི་རོལ་ཏུ་བྱ་རྗེས་འབབ། ཟླུམ་པོར་བསྐོར་ན་ཉ་ལྟོ་འབབ། དེ་ལས་ཇེ་རིང་བརྒྱང་ན་ཉ་ལྟོ་ལ་ཡོ་བཟུར་མི་འོང་ཡང༌། ཉ་ལྟོ་ཕྱིར་རིང་དུ་བསྐྱེད་པ་ལ་དགོས་པ་མེད་དེ། བྱ་རྗེས་སམ་ཉ་ལྟོ་དེ་འཕྲེད་ཐིག་བཙལ་བ་ཙམ་གྱི་ཆེད་ཡིན་པའི་ཕྱིར། མཚམས་ཚད་དུ་འབབ་པར་བྱའོ། ། སླར་ཡང་འཕྲེད་ཐིག་གི་མཚན་མ་བཙལ་བའི་ཚད་དེ་ཁོ་ན་ཡིན། ། གཡས་གཡོན་སྟེང་འོག་གི་རྒྱ་གྲམ་བཞི་སྟེང་ནས་གཡས་གཡོན་དུ། ། བྱ་རྗེས་བྱས་པས་མཚམས་བཞིའི་ཟུར་ཐིག་གཉིས་པོ་འབྱུང༌། ། ཟུར་ཐིག་མཐའ་བཞིའི་རྒྱ་གྲམ་སྟེང༌། ། གྲུ་བཞིར་ཐིག་གདབ་ལོགས་ཐིག་བཞི་སྟེ། ། དེ་ལྟར་ཐིག་ཆེན་བརྒྱད་
ཅེས་བྱ། ། དཀྱིལ་འཁོར་སོགས་ཀྱི་གཞི་ཐིག་གོ ། ༈ འདི་ལ་འདབ་མ་གཅོད་འདོད་ན། ། གཉིས་བཞི་བརྒྱད་རྣམས་གོང་གིས་འགྲུབ། ། ཟླུམ་པོའི་བྱེད་ཚད་གང་ཡིན། ། ཟླུམ་པོ་དེ་བསྐོར་བའི་མཐོང་སྐོར་གྱི་ཚད་དེ་ག་རང་ཡིན་ངེས། ཚངས་ཐིག་དབུས་མ་དང་ཟླུམ་པོ་འཕྲད་པའི་རྒྱ་གྲམ་གཉིས་ནས་གཡས་གཡོན་དུ། ། ཟླུམ་པོའི་སྟེང་དུ་མཚན་མ་བྱ། ། དབུས་ནས་དེར་སྦྲེལ་འདབ་དྲུག་ལ། ། གཡས་གསུམ་གཡོན་གསུམ་མཉམ་པར་འབྱུང༌། ། དེ་འདྲའི་མཚན་མ་དྲུག་པོ་ཡི། ། རེ་རེ་བར་བཞག་སུམ་ཚོམ་གདབ། ། གྲུ་གསུམ་ཐིག་ཡིན་པར་བཞག་རྣམས། ། སྦྲེལ་ན་ཆོས་འབྱུང་བསྣོལ་མ་སྟེ། ། ལྟེ་བ་ནས་ཆོས་འབྱུང༌། དེ་ཡི་རྩེར་ཐིག་འཐེན་ཟུང་དྲུག་ལ། ། ཆོས་འབྱུང་འདི་བསྣོལ་མཚམས་བཅས་དུ་ཐིག་གདབ་བཅུ་གཉིས་གདབ། ། གྲུ་གསུམ་ཐིག་གི་ཕྱོགས་གསུམ་པོ། ། གསུམ་རེར་བགོས་ན་དགུ་ཐིག་འབྱུང༌། ། ཟླུམ་པོ་གྲུ་བཞི་ཟླ་གམ་དང༌། ། གྲུ་གསུམ་ཟུར་བརྒྱད་ལ་སོགས་པ། ། ཕྱི་ནས་ནང་དུ་ཚད་གང་གིས། ། བསྐུམ་མམ་ནང་ནས་ཕྱིར་བསྐྱེད་དེ། ། ཟླུམ་པོ་ཡིན་ན་བསྐོར་རམ་གཞན་ལ་ཐིག་གདབ་པ་ཡིས་ནི། ། རིམ་པ་དུ་དགོས་ཡོ་མེད་རྟོགས། ། གཉིས་བཞི་བརྒྱད་སོགས་ཟུང་རྣམས་ཆ་བགོ་སླ། ། གསུམ་ལྔ་བདུན་སོགས་ཉེས་འགྱུར་སུམ་འགྱུར་སོགས། ། གང་འགྲིགས་དགུ་མཐའི་གྲངས་བཞིན་ཅི་འོས་བགོ ། དེ་དག་གང་ལའང་བསྒྲིག་རྒྱུ་མེད་པ་ཡི། ། བཅུ་གཅིག་བཅུ་གསུམ་བཅུ་བདུན་བཅུ་དགུ་དང༌། ། ཉེར་གསུམ་ཉེར་དགུ་སོ་གཅིག་ལ་སོགས་པ། ། གང་འོག་གང་རུང་དག་ལས་
སྤར་འཕྲི་བྱ། ། འདི་ཡན་ཆད་མཐའ་རྫོགས་པར་ཐིག་བཏབ་སྟེ་ཞིབ་ཆ་འགྲིགས་ངེས་སླར་དགོས། དཔེར་ན་བཅུ་གཅིག་འདབ་མ་བྱེད་འདོད་ན། ། དང་པོ་བཅུ་འདབ་བྱས་པའི་ཆ་གཅིག་དེ། ། ཆ་ཕྲན་བཅུ་གཅིག་བྱས་པའི་ཆ་ཕྲན་བཅུས། ། ཟླུམ་པོའི་མཐའ་ནས་རིམ་བསྐོར་བཅུ་གཅིག་འགྲུབ། ། ཡང་ན་དང་པོར་བཅུ་གཉིས་ཆར་བྱས་ལ། ། དེ་ཡི་ཆ་གཅིག་ཆ་ཕྲན་བཅུ་གཅིག་བགོས། ། སྔར་གྱི་བཅུ་གཉིས་ཚད་ལས་ཆ་ཕྲན་དེས། ། དམན་པས་རིམ་བསྐོར་བཅུ་གཅིག་འདབ་འགྲུབ་སོགས། ། གོང་འོག་དག་ལས་འཕྲུལ་ཏེ་ཤེས་པར་བྱ། ། དེ་ཕྱིར་ཇི་ཙམ་འདོད་པའི་མུ་ཁྱུད་དང༌། ། ཚད་མཉམ་གཞན་བྲིས་དེ་ཡི་མུ་ཁྱུད་དག། གྲི་ཡིས་དྲས་ནས་གཉིས་གསུམ་བཞི་ལྔ་དྲུག་བདུན་བགོ ། བཞི་གཉིས་བརྒྱད་དེ་གསུམ་གསུམ་དགུ་ལ་སོགས། ། ཇི་ལྟར་འོས་པ་དེ་བཞིན་རིགས་པས་དཔྱད། ། ཁང་པ་ལ་སོགས་ས་ཁྱོན་ཆེ་ཆུང་རྣམས། ། ཁྲུ་དང་འདོམ་དང་རྒྱང་གྲགས་ལ་སོགས་པ། ། སྲད་བུ་སོགས་ཀྱིས་ཤིང་འདོམ་ཚད་སོགས་ཀྱང་ངོ༌། ། དེ་བཞིན་མ་ནོར་གཞལ། ། འདི་དག་ཚད་ཀྱི་རིམ་པ་ཡང༌། ། དཔལ་ལྡན་དུས་ཀྱི་འཁོར་ལོ་ལས། ། ཕྲ་རབ་རྡུལ་བརྒྱད་རྡུལ་ཕྲ་མོ། ། དེ་བརྒྱད་སྐྲ་ཡི་རྩེ་མོ་སྟེ། ། སྐྲ་རྩེ་བརྒྱད་ནི་སྐེ་ཚེའི་འབྲུ། ། དེ་བརྒྱད་ཤིག་དང་དེ་བརྒྱད་ནས། ། ནས་བརྒྱད་སོར་མོ་ཞེས་བྱའོ། ། སོར་མོ་ཉེར་བཞི་ཁྲུ་གང་ལ། ། ཁྲུ་བཞི་ལ་ནི་གཞུ་འདོམ་གཅིག། གཞུ་འདོམ་ཉིས་སྟོང་རྒྱང་གྲགས་ལ། ། རྒྱང་གྲགས་བཞི་ནི་དཔག་ཚད་དོ། ། ཞེས་གསུངས་དེ་ལྟར་བརྩི་བར་བྱ། ། མངོན་པའི་གཞུང་ལས་གཞུ་
འདོམ་ནི། ། ལྔ་བརྒྱར་རྒྱང་གྲགས་ཞེས་བྱ་སྟེ། ། རྒྱང་གྲགས་བརྒྱད་ལ་དཔག་ཚད་བཞེད། ། བརྒྱ་སོགས་འདབ་གྲངས་མང་པོ་གཅོད་འདོད་ན། ། ཕྱེད་ཆ་སུམ་ཆ་སོགས་བགོས་རིམ་པར་བྱ། ། དཔེར་ན་བརྒྱ་འདབ་གཅོད་ན། དང་པོ་མུ་ཁྱུད་ཀྱིཕྱེད་ལྔ་བཅུའི་ས་ཁྱོན། དེའི་ཕྱེད་ཉེར་ལྔའི་ས། དེ་ལྔར་བྱས་ན་ལྔའི་ས་ཁྱོན། དེ་ལྔར་བགོས་པ་འདབ་མ་རེ་རེའི་ས་ཁྱོན་ཡིན་པས་དེ་ཁོ་ནའི་ཚད་ཀྱིས་ཟླུམ་བསྐོར་མཐའ་ནས་རིམ་པར་འཇལ་བས་འགྲུབ། བརྒྱ་དང་གཅིག་ལྟ་བུ་ལ་བརྒྱ་ཐིག་གིས་ཁོག་བྱས། མཐར་རྫོགས་ཉེ་ཚེ་འདབ་མ་འགའ་ཞིག་གི་ཁང་ནས་གཅིག་ལྷག་པོར་འོང་བའི་ལག་ཚོད་བྱའོ། ། འདབ་གཅིག་ཚད་བྱས་རིམ་པར་བསྐོར་བ་ལའང༌། ། པད་འདབ་འཁོར་ལོ་རྩེ་རྣོན་རྩེ་སྦོམ་སོགས། ། གང་འདོད་ཤོག་ཚད་གཅིག་ལས་རིམ་བསྐོར་འགྲུབ། ། ༈ དེ་ལྟའི་ངལ་བ་མི་དགོས་པར། ། འདབ་གྲངས་བདེ་བླག་གཅོད་འདོད་ན། ། ཡུངས་ཀར་ཙམ་ནས་མཐོ་སོགས་བར། ། གང་འདོད་འདབ་མའི་ཆ་རེའི་ཚད། ། ཤིང་བུ་རྩེ་གཉིས་ལྟ་བུ་ཡིས། ། ཐིག་ལམ་དྲང་པོར་འདབ་མའིགྲངས། ། ཅི་ཙམ་འདོད་པའི་མཚན་མ་བྱ། ། འདབ་གྲངས་དུ་འདོད་དེ་ཉིད་ཀྱི། ། བར་ཚད་ཆ་དྲུག་མཉམ་པར་བགོས། ། དེ་ཡི་ཆ་གཅིག་ཚད་དེ་ཡིན། ། མཐོང་སྒོར་བར་ཚད་བྱས་པ་ཡིན། ། ཟླུམ་སྐོར་བསྐོར་ལ་དེའི་མཐའ་ནས། ། སྔར་གྱི་འདབ་གྲངས་ཆ་གཅིག་གིས། ། མཐོང་སྐོར་བར་ཆ་བརྒྱད་བྱས་ལ། ། རིམ་བསྐོར་འདབ་གྲངས་དུ་འདོད་འགྲུབ། ། མཐོང་སྐོར་བར་ཚད་གང་ཡིན་པ། ། ཟླུམ་པོའི་མཐའ་རུ་དྲུག་འགྱུར་ཏེ། ། ཟླུམ་པོའི་དཀྱིལ་ཚད་གང་ཡིན་པ། ། མཐའ་ལ་སུམ་འགྱུར་ཡིན་པས་ན། ། ཚད་འདིའི་ཀུན་ལ་དཔག་སྟེ་
ཤེས། ། དེའི་ཕྱིར་སྔོན་དུ་ཟླུམ་སྐོར་བྱས་ནས་དེ་འདབ་གྲངས་གང་འདོད་དུ་གཅོད་ན། ཟླུམ་སྐོར་བྱེད་པའི་མཐོང་སྐོར་གྱི་བར་ཚད་དེ་མཉམ་ཤོག་བུ་གཞན་འདབ་གྲངས་གང་བྱེད་འདོད་པའི་གྲངས་སུ་ཆ་མཉམ་པར་བགོས་ལ། དེའི་ཆ་དྲུག་བསྡོམ་པའི་ཚད་ཀྱི་མཐོང་སྐོར་བར་ཆ་བྱས་པས་ཟླུམ་པོའི་མཐའ་ནས་རིམ་པར་བསྐོར་བས་འདབ་མ་དུ་འདོད་ཡོ་མེད་འབྱུང་ངོ༌། ། ཡང་ན་ཟླུམ་པོའི་དཀྱིལ་ཚད་འདབ་གྲངས་དུ་འདོད་བགོས་པའི་ཆ་གསུམ་བསྡོམ་པས་མཐའ་ནས་བསྐོར་བས་འགྲུབ། ཟླུམ་པོའི་དཀྱིལ་ཚད་སུམ་འགྱུར་ནི་མཐའ་ཚད་ཡིན་པས་དེ་འདབ་མ་དུ་འདོད་བགོས་པའི་ཆ་རེས་འཇལ་ཀྱང་འདྲའོ། ། ལག་གོམས་དམན་ལ་ཕན་ཕྱིར་དུ། ། ལྕགས་སྟག་དབོ་ཟླའི་ཉེར་དྲུག་ལ། ། ཐུན་གསེང་ཞིག་ཏུ་དྷཱིས་བཀོད་པས། ། བཟོ་གནས་ཤེས་རབ་འཕེལ་བར་ཤོག། མངྒ་ལཾ། ། ། །